Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཕག་མོ་ནག་མོའི་ཟབ་ཐིག་གི་དབང་བཤད།
   
   
   
   
   
   
   
   
   
  expand section
  expand section
   
  expand section
   
  expand section


 
previousཕག་མོ་ནག་མོའི་ཟབ་ཐིག་གི་དབང་བཤད།next

ཕག་མོ་ནག་མོའི་ཟབ་ཐིག་གི་དབང་བཤད།

ཕག་མོ་ནག་མོའི་ཟབ་ཐིག་གི་དབང་བཤད་བཞུགས། །འོ་ན་ད་ལམ་ཁྱེད་རྣམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ་བའི་ཕྱིར་དུ་བཅོམ་ལྡན་འདས་མ་ཕག་གདོང་བདེ་ཆེན་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོའི་དབང་ཞུ་སྙམ་པའི་མོས་འདུན་རྩེ་གཅིག་གི་སྒོ་ནས་ལེགས་པར་གསན་པར་ཞུ་ལགས། དེ་ལ་དང་པོ་འཁོར་བ་དང་མྱ་ངན་ལས་འདས་པ་རྒྱ་མ་བྲལ་བའི་སྔོན་རོལ་དུ། མངའ་དབང་རྫོགས་པའི་རྒྱལ་བ་ཀུན་ཏུ་བཟང་པོ་ཉིད་དབྱིངས་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་གདོད་མའི་གཞི་ལས་གཞི་སྣང་དུ་ཤར་ཏེ། གཞི་ལས་འཕགས་པའི་སྐད་ཅིག་ལ་རང་སྣང་དུ་ངོ་ཤེས་པས་རང་བྱུང་གི་ཆོས་གསུམ་གྱིས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གདོད་མའི་ཟད་ས་ཀ་དག་ཆེན་པོ་གཞོན་ནུ་བུམ་པའི་སྐུའི་ཞིང་ལ་བཙན་ས་ཟིན་ཏེ་སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་ནས་ཆོས་ཀྱི་སྐུའི་རང་བཞིན་དུ་སངས་རྒྱས་ནས་ནང་གསལ་ཕྲ་བའི་ཡེ་ཤེས་སུ་བཞུགས་པའོ། དེའི་རྩལ་ལམ་བྱིན་རླབས་ལས་ཡེ་ཤེས་ལྔས་བརྡལ་བའི་ཞིང་ཁམས་རང་སྣང་ལྷུན་གྲུབ་སྟུག་པོ་བཀོད་པའི་དཀྱིལ་འཁོར་ནམ་མཁའི་མཐའ་ཀླས་པར་རིགས་ལྔ་སོ་སོའི་རང་སྣང་དུ་བཀོད་དེ་གདུལ་བྱའི་ཡུལ་ལས་འདས་པར་བཞུགས་སོ། །དེ་ནས་རིང་ཞིག་ན་གདོད་མའི་གཞི་ལས་གཞི་སྣང་ཤར་བའི་རྩལ་ལས་འགྲོ་བ་རྨི་ལམ་དང་འདྲ་བའི་འཁྲུལ་རྒྱུ་མེད་བཞིན་དུ་འཁྲུལ་པ་རྣམས་གཡོ་བར་གཟིགས་ནས་བརྩེ་བའི་ཐུགས་རྗེ་བཀྱེས་ཏེ་འགྲོ་བའི་དོན་དུ་ཞིང་ཁམས་རྣམ་པར་བཀོད་པ་ནི། རང་སྣང་ལོངས་སྤྱོད་རྫོགས་སྐུའི་སྣང་ཆ་ལས་རིགས་ལྔའི་རྒྱལ་བ་གངས་ཆེན་མཚོའི་སྐུ་ནམ་མཁའི་མཐའ་ཀླས་པར་བཀོད་པ་རྣམས་ཀྱི་ཕྱག་ན་རིགས་ལྔའི་ཕྱག་མཚན་དུ་སྣང་བའི་ཁོང་གསེང་ལས་པདྨ་འཁྲུངས་པའི་ལྟེ་བའི་ཆ་ལ་ཞིང་ཁམས་ཉི་ཤུ་རྩ་ལྔ་དང་། བ་སྤུའི་ཁུང་བུ་རྣམས་ལས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པའི་དབྱིངས་ན། འབྱུང་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པའི་གོ་ཐམས་ཅད་སངས་རྒྱས་ཀྱི་བྱིན་རླབས་དང་འགྲོ་བའི་ལས་ཀྱིས་ཞིང་ཁམས་ཐ་དད་སྣ་ཚོགས་པའི་གཟུགས་དང་བཀོད་པ་བསམ་གྱིས་མི་ཁྱབ་པར་སྣང་བར་མཛད་པ་ནི། ནམ་མཁས་གང་དུ་ཁྱབ་པ་དེ་ཙམ་དུ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སོགས་ལས་ཤར་བའི་ཞིང་ཁམས་ཀྱིས་ཁྱབ་པར་མཛད་ནས་རྟག་པ་རྒྱུན་ཀྱི་འཁོར་ལོར་འགྲོ་བའི་དོན་མཛད་པ་ནི་ཐོག་མའི་ཀུན་ཏུ་བཟང་པོ་གཅིག་གི་གདུལ་ཞིང་དང་མཛད་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁམས་ནི་རྒྱ་ཆེ་ཞིང་ཐོག་མའི་དུས་འདི་ཙམ་ཞིག་ནས་བྱུང་ཞེས་ལོ་དང་བསྐལ་པ་ཞིང་གི་རྡུལ་རྒྱ་མཚོས་ཀྱང་དཔག་པར་མི་ནུས་ཤིང་མཐར་གྱི་མཛད་པ་འདི་ཙམ་ན་རྫོགས་ཞེས་ཕྱི་མའི་མཐར་གཞལ་བར་མི་ནུས་པས་མི་གཡོ་ལྷུན་གྲུབ་ཆེན་པོའི་ཞིང་ཁམས་རྒྱ་མཚོའི་སྙིང་པོ་ཅན་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་འཁོར་འདས་ཀུན་གྱི་བླ་མར་ཐོག་མ་མེད་པའི་དུས་སུ་བྱོན་ནས་སྐུ་གསུམ་གྱི་སྣང་བ་ལ་ཞིང་ཁམས་མི་འདྲ་བ་གསུམ་བཀོད་པ་ནི། ཆོས་ཀྱི་སྐུའི་དུས་ན་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཞེས་བྱ། རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་དུས་ན་ཚངས་པ་རྔ་སྒྲའི་ཞིང་ཁམས་ཞེས་བྱ། རང་བཞིན་སྤྲུལ་པའི་སྐུའི་དུས་ན་ཚངས་ཆེན་གྱི་བསྐལ་པ་ཆེན་པོའི་ཞིང་ཁམས་ཞེས་བྱའོ། །འདིའི་གོང་ན་ཀུན་ཏུ་བཟང་པོ་ཉིད་ཀྱིས་སྤྲུལ་པའི་སངས་རྒྱས་དང་དེས་བྱིན་གྱིས་བརླབས་པའི་སངས་རྒྱས་པའི་སྟོན་པ། དུས་གསུམ་བདེ་བར་གཤེགས་པ་རྣམས་དང་སེམས་ཅན་གྱི་ཁམས་རྣམས་ཐམས་ཅད་ཡོད་དེ་གདུལ་ཞིང་ཤིན་ཏུ་རྒྱ་ཆེ་བ་ཉིད་དོ། །དེ་ཡང་ས་ཆུ་མེ་རླུང་གིས་གར་ཁྱབ་ཚངས་ཆེན་གྱི་བསྐལ་པའི་ཁོངས་སུ་འདུ་ལ། དེ་ལྟར་རྡུལ་ཕྲན་རེ་རེའི་གོ་ནའང་རི་དང་གླིང་དང་ཞིང་ཁམས་ཆེན་པོར་སྣང་བས་བདེ་སྡུག་སྣ་ཚོགས་སུ་སྤྱོད་པ་ནི་མེད་བཞིན་དུ་སྣང་བ་རྨི་ལམ་གྱི་འཁྲུལ་པ་ལྟ་བུ་སྟེ། ཏིང་འཛིན་རྒྱལ་པོ་ལས། སྐྲ་རྩེའི་ཁྱོན་ལ་སངས་རྒྱས་མང་པོ་ནི། །གང་གཱའི་ཀླུང་གི་བྱེ་མ་ཅི་ཡོད་སྙེད། །རྒྱལ་བ་དེ་དག་ཞིང་ཡང་དེ་སྙེད་དེ། །དེ་དག་མཚན་ཉིད་མི་འདྲ་སྐལ་མི་མཉམ། །སྐྲ་ཡི་ཁྱོན་ལ་འགྲོ་བ་ལྔ་རྣམས་ཏེ། །སེམས་ཅན་དམྱལ་དང་དུད་འགྲོའི་འགྲོ་བ་དང་། །གཤིན་རྗེའི་འཇིག་རྟེན་ལྷ་དང་མི་རྣམས་བཞུགས། །འདྲེས་པ་མེད་ཅིང་གནོད་པར་གྱུར་པ་མེད། །དེ་དག་རྣམས་སུ་མཚོ་དང་རྒྱ་མཚོར་བཅས། །ཆུ་ཀླུང་དེ་བཞིན་མཚོ་དང་ལྟེང་ཀ་རྣམས། །འདྲེས་པ་མེད་ཅིང་གནོད་པར་འགྱུར་མེད་དོ། །དེ་ལྟར་རྒྱལ་བའི་ཆོས་ནི་བསམ་མི་ཁྱབ། །དེ་ཡི་གནས་སུ་རི་བོ་དུ་མ་སྟེ། ཁོར་ར་ཁོར་ཡུག་ལྷུན་པོ་རབ་ལྷུན་དང་། །བཏང་བཟུང་དང་ནི་བཏང་བཟུང་ཆེན་པོ་དང་། །འབིགས་བྱེད་བྱ་རྒོད་ཕུང་པོ་གངས་ཀྱི་རི། །གནས་དེར་སེམས་ཅན་དམྱལ་བ་མི་བཟད་པ། །ཚ་བ་རབ་ཏུ་ཚ་བ་ཉམས་མི་དགའ། །དེ་ན་སེམས་ཅན་དམྱལ་བའི་ཚོར་བ་ནི། །སྡུག་བསྔལ་དེ་དག་རྗེས་སུ་མྱོང་བར་བྱེད། །དེ་ཡི་གནས་ན་ལྷ་ཡི་གཞལ་མེད་ཁང་། །དེ་དག་དཔག་ཚད་བཅུ་གཉིས་ཉམས་དགའ་བ། །ལྷ་རྣམས་སྟོང་ཕྲག་མང་པོ་དག་གིས་ཀྱང་། །ལྷ་ཡི་དགའ་བས་ཤིན་ཏུ་བདེ་བ་མྱོང་། །དེ་ཡི་གནས་སུ་སངས་རྒྱས་རྣམས་བཀྱེ་ཞིང་། །འཇིག་རྟེན་རིག་པའི་བསྟན་པ་འབར་བ་སྣང་། །དེ་ཡི་གནས་ཉིད་ནའང་ཆོས་ནུབ་ཅིང་། །འདྲེན་པ་མྱ་ངན་འདས་པའི་སྒྲ་ཡང་ཐོས། །མི་དག་བདག་གི་ཁྱིམ་ན་རྨི་ལམ་བཞིན། །འདོད་པའི་ཡོན་ཏན་དག་ལ་དགའ་མྱོས་ནས། །ཕྱིར་སད་ནས་ཀྱང་དེ་ཡི་འདོད་མ་མཐོང་། །དེ་ནི་རྨི་ལམ་ཡིན་པ་དེ་ཡིས་ཤེས། །དེ་བཞིན་མཐོང་ཐོས་རིགས་དང་བྱེ་བྲག་ཕྱེད། །འདི་དག་ཐམས་ཅད་མི་བདེན་རྨི་ལམ་བཞིན། ཞེས་དང་། སངས་རྒྱས་ཀྱི་ཡུལ་དང་ཡེ་ཤེས་བསམ་གྱིས་མི་ཁྱབ་པར་འཇུག་པའི་མདོ་ལས། སྟོང་གསུམ་གྱི་ལྷ་དང་མི་ནི་ཆེས་ཉུང་གི། ཕྱི་རོལ་པའི་དྲང་སྲོང་མངོན་པར་ཤེས་པ་དང་ལྡན་པ་ཞིག་གིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་སེམས་ཅན་མཐོང་བ་ནི་དེ་བས་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ཉན་ཐོས་རྣམ་པར་ཐར་པ་བརྒྱད་ཀྱི་བསམ་གཏན་པའི་གང་ཟག་གཅིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་སྟོང་གསུམ་དུ་མཐོང་བས་ནི་བྱང་ཆུབ་སེམས་དཔའ་རྣམ་པར་ཐར་བ་བརྒྱད་ལས་བསམ་གཏན་པ་ཞིག་གིས་ཤིང་རྟའི་འཕང་ལོ་ཙམ་ལ་མཐོང་བ་ཆེས་མང་ངོ་། །དེ་དག་གིས་་སྟོང་གསུམ་དུ་མཐོང་བས་ནི་དེ་བཞིན་གཤེགས་པའི་སྤྱན་གྱིས་ཤིང་རྟའི་འཕང་ལོ་ཙམ་གྱི་སའི་ཁྱོན་ལ་གཟིགས་པ་ཆེས་མང་ངོ་། །ཞེས་གསུངས་པའི་འཇིག་རྟེན་གྱི་ཁམས་མཐའ་ཡས་ཤིང་མུ་མེད་པ་དེ་དག་རྣམས་དང་། ཞིང་འདིའི་ཐུབ་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་སྤོས་ཆུའི་རྒྱ་མཚོ་ལས་འཁྲུངས་པའི་སྟོང་གསུམ་ཉི་ཤུ་རྩ་ལྔ་ནམ་མཁའི་མཐར་ཁྱབ་དང་བཅས་པ་ཐམས་ཅད་དུ། མངའ་དབང་རྫོགས་པའི་མགོན་པོ་ཀུན་ཏུ་བཟང་པོའི་ཤེས་རབ་རྣམ་པར་དག་པའི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགགས་པའི་རོལ་བ་ལས་སྐུ་གསུམ་གྱི་མཁའ་འགྲོ་མ་བསམ་གྱིས་མི་ཁྱབ་པར་རང་ཤར་ཞིང་བསྟན་འགྲོའི་དོན་རྒྱ་ཆེན་པོ་མཛད་པའི་ནང་ནས་གདམས་པ་ཟབ་མོ་འདི་ནི། ནང་གསང་བ་སྔགས་ལྟར་གྱི་རྡོ་རྗེ་གདན་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་དྷ་ན་ཀོ་ཤའི་མཚོ་ལས་སྐུ་འཁྲུངས་ཤིང་འཛམ་གླིང་ལས་ཀྱི་ས་པ་འདིར་འགྲོ་དོན་མཐར་ཕྱིན་དུ་མཛད་པའི་ནང་ནས། ཁྱད་པར་དུ་འཕགས་པའི་གནས་མཆོག་ཆེན་པོ་ཀནྩི་ཧི་མར་རམ་ཕག་གདོང་ནག་མོའི་ཐུགས་ཀྱི་གནས་མཆོག་ཙྭ་རི་ཊའི་སྒྲུབ་གནས་སུ་བཞུགས་པའི་དུས་སུ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སློབ་དཔོན་ཆེན་པོ་ལ་གནས་ཆེན་པོ་འདི་དང་འདྲ་བ་འཇིག་རྟེན་གཞན་དུ་ཡོད་དམ་མེད་ལགས་ཞུས་པས། གུ་རུ་རིན་པོ་ཆེའི་ཞལ་ནས་གནས་ཆེན་པོ་འདི་ལས་ཁྱད་པར་འཕགས་པ་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་བྱེད་པ་ཞིག་འདི་ནས་བྱང་ཕྱོགས་ཀྱི་ཕ་རོལ་དུ་ཡོད་གསུངས་པས། འོ་ན་གནས་མཆོག་དེར་ཕེབས་ཤིང་མ་འོངས་པའི་འགྲོ་བ་རྣམས་ཀྱི་དོན་དུ་གནས་ཀྱི་གཟིགས་སྣང་གཏན་ལ་འབེབས་པ་དང་། བྱིན་གྱིས་བརླབས་པར་ཞུ་ཞུས་པས་རྟེན་འབྲེལ་གྱི་དུས་ལ་བབས་གསུངས་ཏེ། གངས་ཀྱི་སེང་གེ་དཀར་མོ་ཞིག་ལ་ཆིབས་ནས་གནས་ཆེན་པོ་ཁམས་ཀྱི་སྲིང་མོ་རྫོང་དུ་ཕྱག་ཕེབས་ནས་ཕྱི་ནང་གི་སྲུང་མ་ཐམས་ཅད་དམ་ལ་བཏགས། རྡོ་རྗེ་སྙིང་རྫོང་གིས་གཙོས་པའི་སྒྲུབ་གནས་ཐམས་ཅད་ཞབས་ཀྱིས་བཅགས་གནས་ཀྱི་རྟེན་འབྲེལ་དང་མཐུན་པའི་སྒྲུབ་པ་མཛད་ཅིང་རྒྱུད་དང་གདམས་པ་མང་པོ་གཏེར་དུ་སྦས་པའི་དུས་སུ་སློབ་དཔོན་ཆེན་པོའི་ཞལ་ནས་མ་འོངས་རྩོད་ལྡན་གྱི་སྙིགས་མ་ལ། གནས་མཆོག་ཆེན་པོ་ཙྭ་རི་ཊ་ནས་དམ་ཚིག་ལ་སེལ་ཞུགས་པའི་འཁྲུག་པ་ལན་བདུན་གྱི་ཐ་མ་ལ་དཔའ་བོ་མཁའ་འགྲོ་རྣམས་ཀྱང་མི་དགྱེས་ཤིང་དམ་བཅའ་གཏོང་སྟེ་ཨོ་རྒྱན་གྱི་ཡུལ་དང་མཁའ་སྤྱོད་རི་རབ་ཀྱི་ཟོམ་སོགས་ལ་ཕལ་ཆེར་འབྲོས། ཁྱད་པར་གཙོ་མོ་ཕག་གདོང་ནག་མོ་འཁོར་འབུམ་ཕྲག་དང་བཅས་པ་གནས་འདིར་འཕོ་ཞིང་འགྲོ་བའི་དོན་མཛད་པའི་དུས་སུ། དག་པ་ཤེལ་རིའི་ཤར་ཕྱོགས་ནས༔ གངས་ཀྱི་འུ་རུད་ཡང་ཡང་འཆད༔ དག་པ་ཤེལ་རིའི་ལྷོ་ཕྱོགས་ནས༔ སྒྲུབ་མཚོ་ཞིག་རལ་གངས་སྟོངས་འབྱུང་༔ དག་པ་ཤེལ་རིའི་ནུབ་ཕྱོགས་སུ༔ གནམ་ནས་ལྕེ་འབེབས་སྒྲུབ་ཕུག་འཇིག༔ དག་པ་ཤེལ་རིའི་བྱང་ཕྱོགས་སུ༔ དམག་འཁྲུགས་མི་གསོད་ཤིང་རྣམས་སྲེག༔ འདྲེ་འབོད་མཚན་མོ་སྐལ་ངན་འབྱུང་༔ དེ་ཚེ་དཔའ་བོ་དཔའ་མོ་རྣམས༔ ལ་ལ་མཁའ་སྤྱོད་གནས་སུ་གཤེགས༔ ལ་ལ་རི་རབ་ཟོམ་ལ་འབྲོས༔ ལ་ལ་ཨོ་རྒྱན་གནས་སུ་འགྲོ༔ ཁྱད་པར་དཔའ་བོ་དཔའ་མོ་རྣམས༔ གནས་མཆོག་འདི་ལ་འགྲོ་དོན་འཕོ༔ དེ་ཚེ་གནས་འདིའི་འགྲོ་དོན་དར༔ དད་མོས་ལྡན་རྣམས་ཐར་པ་འཐོབ༔ རོ་སྦྱངས་མེ་མཆེད་ཁག་མཚོ་སྐྱོལ༔ ཤ་སྐམ་ལ་ལ་ཤིང་ལྡེམ་འཕེན༔ པུ་རིར་བདེ་མཆོག་རང་བྱོན་འོང་༔ སྦས་པ་གཡུ་མཚོ་རུས་སྦལ་འདྲ༔ རོང་གསུམ་ཁྲག་མཚོར་བསྐྱིལ་བའི་དུས༔ གནས་འདིའི་འགྲོ་དོན་དུས་ལ་བབས༔ དད་མོས་ལྡན་རྣམས་ཐར་པ་འཐོབ༔ ཅེས་གསུངས་པ་ལྟར་ཁམས་པ་ཉི་མ་གྲགས་པས་ཁམས་ཀྱི་སྲིང་མོ་རྫོང་གི་ཕག་གདོང་ནག་མོའི་ཐུགས་ཀྱི་སྒྲུབ་གནས་ཆགས་རི་ཕུག་ནག་གི་ཆོས་འབྱུང་གསང་མཚན་ཕུག་ནས་ས་ཕོ་རྟ་ལོ་ཧོར་ཟླ་བརྒྱད་པའི་ཉེར་ལྔའི་སྔ་དྲོ་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའི་དབང་ཟབ་མོ་ཞུ་སྙམས་པས་འདིའི་རྗེས་ཟློས་གནང་བར་ཞུ། ཞེས་པ་ནས་དབང་བསྐུར་བར་བྱའོ། ཅེས་པ་འདི་ཡང་གུ་རུ་བསྟན་འཛིན་གྲགས་པ་ཆོས་ཀྱི་རྒྱ་མཚོ་ལ་དགོས་པར་སེམས་ཏེ་ཤར་སྟག་མོ་སྒང་དུ་རིག་འཛིན་པས་བྲིས་པའོ། །མངྒ་ལཾ།། །།


previousཕག་མོ་ནག་མོའི་ཟབ་ཐིག་གི་དབང་བཤད།next