Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
གཅོད་ཀྱི་དམིགས་རྐང་གི་ཟིན་བྲིས།
  expand section
   
  expand section


 
previousགཅོད་ཀྱི་དམིགས་རྐང་གི་ཟིན་བྲིས།next

གཅོད་ཀྱི་དམིགས་རྐང་གི་ཟིན་བྲིས།

དོན་གྲུབ་སེར་མོའི་གཅོད་ཀྱི་དམིགས་རྐང་གི་ཟིན་བྲིས་བཞུགས། །ན་མོ་གུ་རུ། འདིར་དོན་གྲུབ་སེར་མོའི་གཅོད་ཀྱི་དམིགས་རིམ་གྱི་ཉམས་ལེན་ལྟ་བུར་ཐོག་མར་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་འཇིགས་པ་ལས་སྐྱོབས་པའི་ཆེད་དུ་བླ་མ་དཀོན་མཆོག་གསུམ་སྐུ་གསུམ་གྱི་སྟོན་པ་ཕྱོགས་བཅུའི་དུས་གསུམ་རྒྱལ་བ་སྲས་དང་བཅས་པ་རྣམས་དང་། ཁྱད་པར་རྩ་གསུམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོའི་ཡིད་ཁྱེད་ཤེས་བློ་ཡིས་ཁ་ཙམ་ཚིག་ཙམ་མ་ཡིན་པར་རྩེ་གཅིག་ཏུ་མཁའ་མཉམ་འགྲོ་བ་རྣམས་དང་ལྷན་གཅིག་ཏུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བ་དང་། ཁྱད་པར་རང་ལ་གནོད་ཅིང་འཚེ་བའི་ལྷ་འདྲེ་རྣམས་ཀྱི་གཙོས་བྱས་དགྲ་གདོན་གནོད་བྱེད་བགེགས་རིགས་སྣང་སྲིད་ཀྱི་ལྷ་འདྲེ་རིགས་དྲུག་གི་བསྡུས་པའི་སེམས་ཅན་ཐམས་ཅད་རང་གི་སེམས་ཉིད་སྐྱེ་མེད་ཆོས་ཀྱི་སྐུ་ལ་མ་རིག་པས་སྒྲིབ་པའི་བསླད་ནས་ང་མེད་པ་ལ་ང་དང་། །བདག་མེད་པ་ལ་བདག་ཏུ་བཟུང་། གཉིས་སུ་མེད་པ་ལ་གཉིས་སུ་འཛིན་པའི་འཁྲུལ་པ་སྡུག་བསྔལ་གྱི་རྒྱུ་ཡིན་པས་ད་རེས་བདག་གིས་ཟབ་དོན་གཅོད་ཀྱི་གདམས་པ་འདི་བཞིན་ཉམས་སུ་ལེན་ནས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་གཟུང་འཛིན་འཁྲུལ་པ་བཤིག་ནས། ལས་ཉོན་བག་ཆགས་ཀྱི་བསགས་པའི་སྒྲིབ་པ་ཐམས་ཅད་སྦྱང་ཤིང་བདག་གཞན་གཉིས་མེད་ཀྱི་དོན་རྟོགས་པ་ཞིག་བྱའོ་སྙམས་པའི་བསམ་པས་སེམས་བསྐྱེད་ཅིང་། དེ་ནས་སྐད་ཅིག་གིས་མདུན་གྱི་ནམ་མཁར་རྩ་བརྒྱུད་བླ་མ་ཐམས་ཅད་གསལ་གདབ་ནས་མོས་གུས་རྩེ་གཅིག་གིས་གསོལ་བ་གདབ་ཏེ་ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་རླབས་དུ་གསོལ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་པ་ལ་ཡིན་པར་མ་ཤེས་པས། གཟུང་འཛིན་གྱིས་བསྐྱེད་པས་ང་བདག་ཏུ་འཛིན་པ་ལས་གྲོལ་བ་དང་། འཁོར་བའི་སྡུག་བསྔལ་ཉེ་བར་ལེན་པའི་གཞི་འདུས་བྱས་ཤ་ཁྲག་གི་ཕུང་པོ་འདི་ཉིད་ལྟོས་པ་མེད་པར་གཅེས་འཛིན་གྱི་བློ་སྤང་ནས། སྣང་སྲིད་ཀྱི་ལྷ་འདྲེ་རྣམས་ལ་སྟེར་ནས་ཞེན་པ་མེད་པ་གཟན་ཏུ་འཁྱོལ་བས་ང་བདག་གིས་བསྐྱེད་པའི་རྣམ་སྨིན་དག་ནས་བདག་མེད་ཆོས་ཀྱི་སྐུ་ཡི་གོ་འཕང་ཐོབ་ནས་གཏན་སྲིད་ཐོབ་པར་བྱིན་གྱིས་རློབས་ཤིག་སྙམ་ནས། གསོལ་འདེབས་འདོན་ནས་མཐར་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་རང་ལ་ཐིམ་པར་བསྒོམ་པ་ཚིག་དོན་གོ་སླ་བར་སྣང་བས་དེ་བཞིན་ཉམས་ལེན་དང་བསྲེ། དེ་ནས་སླར་ཡང་སེམས་བསྐྱེད་གསལ་གདབ་སྟེ་འདི་ལྟར་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་ཐ་མ་ད་ལ་ཐུག་གི་བར་དུ་འཁོར་བར་འཁྱམས་པ་འདི་ཅིས་ལན་ན་མ་རིག་པའི་དབང་གིས་ང་དང་བདག་ཏུ་འཛིན་པ་འདིས་ལན་འདུག །ད་ནི་བདག་འཛིན་གྱི་འཁྲུལ་པ་དག་ཕྱིར་རྣམ་སྨིན་འདུས་བྱས་ཤ་ཁྲག་གི་ཕུང་པོ་འདི་ཚེ་རབས་ཐོག་མེད་ནས་བསགས་པའི་ལན་ཆགས་བུ་ལོན་ཐམས་ཅད་བྱང་ཞིང་དག་པའི་ཆེད་དུ་སྣང་སྲིད་ཀྱི་ལྷ་འདྲེའི་གཙོས་པའི་རིགས་དྲུག་གི་སེམས་ཅན་ཐམས་ཅད་ལ་སྦྱིན་པ་དང་། ཡར་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས་ལ་མཆོད་པ་ཕུལ་ནས་ལས་ཉོན་གྱིས་བསྐྱེད་པའི་སྒྲིབ་པ་ཐམས་ཅད་རྒྱུན་ཆོད་པར་བྱའོ་སྙམས་ནས། སྐད་ཅིག་དེ་ཉིད་ལ་རང་གི་སྤྱི་བོར་བདེ་ཆེན་གྱི་འཁོར་ལོ་དབུ་མའི་ཡར་སྣེར་ཕ་ལས་ཐོབ་པའི་རུས་པའི་དྭངས་མ་ཡི་གེ་ཧཾ་ཡིག་མགོ་ཐུར་བསྟན་ཏུ་ཡོད་པ་དེ་དབུ་མའི་ལམ་ནས་མར་བྱུང་། ལྟེ་འཁོར་གྱི་དབུ་མའི་མར་སྣེ་མ་ལས་ཐོབ་པའི་ཤ་ཁྲག་གི་དྭངས་མ་ཡི་གེ་ཨ་ཐུང་གི་རྣམ་པ་ཅན་དེ་ཡར་བྱུང་ཏེ། སྙིང་གི་དབུས་སུ་ཁམས་དཀར་དམར་གཉིས་ཁ་སྦྱར་བའི་བར་དུ་རང་གི་རྣམ་ཤེས་འཐུམ་གྱིས་བསྟིམས་ཤིང་ཐིམ་པས་རིག་པ་གཉུགས་མ་མི་ཤིག་པའི་རང་བཞིན་དེ་ཉིད་ཡི་གེ་རི་སེར་པོ་ཞིག་ཏུ་གྱུར་ནས་དབུ་མའི་ལམ་རྒྱུད་དེ་སོང་ནས་སྤྱི་བོར་ཚངས་པའི་བུ་ག་ནས་ཐོན་ཏེ་ནམ་མཁར་གནས་པ་ལས་འོད་ཟེར་འཕྲོ་འདུས་རང་ཉིད་མཁའ་འགྲོ་དོན་གྲུབ་སེར་མོ་སྒོམ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་མགྲོན་རིགས་ཐམས་ཅད་གསལ་གདབ་ཅིང་རང་དང་མགྲོན་རིགས་རྣམས་ཀྱི་གནས་གསུམ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་དང་འཇིག་རྟེན་གྱི་མགྲོན་ཐམས་ཅད་སྤྱན་དྲངས་ནས་དབྱེར་མེད་དུ་རྒྱས་གདབ་པ་སོགས་གཞུང་ཁ་གསལ་བས་བཀྲོལ་མ་དགོས། དེ་ནས་རང་ཉིད་དོན་གྲུབ་སེར་མོའི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་དཀར་སེར་དམར་མཐིང་ལྗང་མོ་སོགས་དཔག་ཏུ་མེད་པར་བྱུང་ནས་རང་གི་ལུས་བེམ་པོ་ཆེ་ཞིང་ཚོ་ལ་སྟོང་གསུམ་གང་བར་བསྒོམ་པ་དེ་ཉིད་ལས་བྱེད་མཁའ་འགྲོ་རྣམས་ཀྱིས་བཤས་ཤིང་ཤ་ཁྲག་ནང་རོལ་དབང་པོ་དོན་སྣོད་སོ་སོར་རི་བོ་བས་དཔང་མཐོ་བ། རྒྱ་མཚོ་བས་གཏིང་ཟབ་རྩི་ཤིང་ལས་གྲངས་མང་བར་བསམ་སྟེ། དེ་ཡང་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ཁར་རེག་པ་དང་དྲི་ཚོར་པ་ཙམ་གྱིས་ཀྱང་ན་བ་ཕན་ཤི་བ་སོས་ནུས་པའི་རང་བཞིན་ཅན་དུ་གྱུར་པ་བསམ་ཤིང་མདོར་ན་མགྲོན་རིགས་མཆོག་དམན་སོ་སོར་གང་ལ་གང་འདོད་འདོད་ཡོན་ཀུན་བཟང་མཆོད་སྤྲིན་ཏུ་གྱུར་བར་བསམ་ཤིང་བྱིན་གྱིས་རླབས། དེ་ནས་ལས་བྱེད་ཀྱི་མཁའ་འགྲོ་དེ་དག་མཆོད་པའི་ལྷ་མོར་སྤྲུལ་ནས་མཆོད། ཡུལ་གོང་མ་རྣམས་ལ་མཆོད་ཅིང་ཁྱད་པར་ཡི་དམ་གྱི་ལྷ་རྣམས་ཕྱི་ནང་གསང་མཆོད་དཔའ་བོ་མཁའ་འགྲོ་རྣམས་ལ་དགྱེས་པའི་མཐུན་རྫས་དང་ཆོས་སྐྱོང་བསྲུང་མ་རྣམས་ལ་ཤ་ཁྲག་རུས་པ་སོགས་དེ་དག་ཀྱང་ངོ་བོ་ཟག་མེད་ཀྱི་བདུད་རྩི་ལ་རྣམ་པ་གང་ལ་གང་འདོད་དུ་བསྔོ་ཞིང་ཚིམས་ཏེ་མགུ་ནས། མཆོད་གནས་རྣམས་དགྱེས་པས་བྱིན་རླབས་དངོས་གྲུབ་ཐོབ། དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཉམས་ཆགས་བྱང་ཆོས་སྐྱོང་སྲུང་མ་རྣམས་དགྱེས་པས་ཕྲིན་ལས་གང་དགོས་སྒྲུབས། རིགས་དྲུག་གི་འགྲོ་བ་རྣམས་ཚིམས་ཤིང་བུ་ལོན་འཁོར། གནོད་བྱེད་བགེགས་རིགས་རྣམས་ཀྱང་ལན་ཆགས་བྱང་ཤ་འཁོན་དག་པར་བསམ་ཤིང་བྱང་ཆུབ་ཀྱི་སེམས་བསྒོམ་ཤིང་སྙིང་རྗེ་ཆེན་པོའི་དམིགས་པ་རྣམས་སྐྱོང་ཞིང་ཚིག་དོན་ལ་བློ་གཞོལ་བར་བྱ། མཐར་མགྲོན་གཤེགས་ནས་བསྡུ་རིམ་དང་དམིགས་མེད་ཀྱི་ལྟ་བས་རྒྱས་གདབ་ནས་བསྔོ་སྨོན་སོགས་བྱའོ། དམིགས་པ་གསལ་ན་རང་དང་ནད་པ་སོགས་ལུས་བརྒྱ་ཕྲག་སྟོང་ཕྲག་སོགས་བསྒོམ་ནས་ལུས་སྦྱིན་ཚར་གཅིག་གི་ལུས་སྦྱིན་བརྒྱ་ཕྲག་སྟོང་ཕྲག་ཏུ་གྱུར་པ་ཡིན་ཞེས་མཁས་མཆོག་ཀརྨ་ཆགས་མེད་ཀྱི་གསུངས་ལས་བྱུང་ངོ་། ཞེས་པ་འདི་རྒྱ་རོང་མཆོག་སྤྲུལ་ནམ་མཁའི་གསུང་ཆོས། ཡང་དེ་ཉིད་ནས་རིགས་འཛིན་ཉི་གྲགས་གསུམ་པ་ལ་གདམས་པར། རྗེ་རིན་པོ་ཆེ་ལྟ་བུའི་ཐུགས་དམ་རྒྱུན་ཁྱེར་ཙམ་ལས་གཉན་ས་གཅོད་པ་ཡུལ་དུས་གནས་སྐབས་དང་སྐུ་གཡེང་ཆེ་བའི་སྟབས་ཀྱིས་ཨེ་འགྲིགས་མི་ཤེས་ཤིང་དགོས་རྒྱ་ཡང་ཆུང་བ་འདྲ་སྟེ། གཉན་ས་གཅོད་དོན་ནི་ཕྱག་རྫོགས་ཀྱི་ཁྲིད་དང་གཅོད་ཁྲིད་ཚད་ལྡན་ཐོབ་ནས་ཉམས་ལེན་ལ་དྲོད་ཐོབ་པ་ཙམ་ཡོད་པ་དེ་འདྲ་ལྟ་སྒོམས་ཀྱི་བོག་འདོན་པའི་ཆེད་དུ་གཉན་ཁྲོད་རྣམས་སུ་འགྲོ་བ་ལས་རང་བཞིན་འགྲོ་བ་མ་མཆིས་ཤིང་། གཉན་ཁྲོད་དུ་སོང་ནས་ཀྱང་ཚར་ཚད་སོགས་ཡིད་ཆེས་མ་བྱུང་ན་སླད་ལྷ་འདྲེའི་བར་ཆད་བརྩམས་པར་འགྱུར་བ་སོགས་ལག་ལེན་ཁེལ་དཀའ་བར་སྣང་། གཞན་ཏུ་གྲོང་ཆོག་པ་རྣམས་གཉན་ས་གཅོད་པ་སོགས་ལྟར་སྣང་ཟག་ཟོག་གི་འགྲོ་བ་བསླུ་བྲིད་ལ་ངེས་པ་ཅི་ཡོད་ལགས་གོང་ལྟར་ཡང་གཅོད་ཐུན་གྱི་རྗེས་སུ་བདག་གཞན་བརྗེ་བའི་དམིགས་པ་བསྒོམས་པར་གསུངས་པ་བཞིན་བློ་སྦྱངས་དགེ་སྡིག་གཏོང་ལེན་གྱི་དམིགས་པ་ཐུན་རེ་བསྒོམས་ནས་འཁོར་གསུམ་ཡོངས་དག་གི་ལྟ་བས་རྒྱས་ཐེབ་པའི་བསྔོ་སྨོན་སོགས་བྱ་བར་གསུངས་སོ། གལ་སྲིད་གཉན་ས་སོགས་ཕེབས་ཐུབ་པ་བྱུང་ན་དབོན་རིན་པོ་ཆེས་མཛད་པའི་གཅོད་དམིགས་འདི་ལས་ལྷག་པ་མི་འདུག་པས་ཐུགས་མཁོ་ཡོད་པའང་སྲིད་སྙམས་ནས་དཔེ་ཆ་ཕུལ་ཡོད་ལགས། །དགེའོ། དགེའོ། དགེའོ།


previousགཅོད་ཀྱི་དམིགས་རྐང་གི་ཟིན་བྲིས།next