Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅུ་གསུམ་པ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
  expand section
   
  expand section
   
ཕག་དམར་དབང་ཆོག་ཆོག་སྒྲིག
  expand section


 
previousཕག་དམར་དབང་ཆོག་ཆོག་སྒྲིགnext

ཕག་དམར་དབང་ཆོག་ཆོག་སྒྲིག

ཕག་མོ་དམར་མོ་སྒྲ་སྒྲོགས་ཀྱི་དབང་ཆོག་སྒྲིགས་མར་བགྱིས་པ་གསང་ཆེན་མྱུར་ལམ་ཞེས་བྱ་བ་བཞུགས། །སྟོང་ཉིད་རྣམ་པ་ཀུན་ལྡན་ཆོས་འབྱུང་དུ། །མཆོག་ཏུ་མི་འགྱུར་བདེ་ཆེན་ལྷན་སྐྱེས་མ། ཟུང་འཇུག་བདེ་སྟོང་གར་གྱི་རོལ་པ་ཅན། །དམར་མོ་སྒྲ་སྒྲོགས་དབྱིངས་ཀྱི་མཁའ་འགྲོས་སྐྱོངས། །ཟབ་ཁྱད་གདམས་པའི་ཉེ་ལམ་ལ་ཞུགས་ནས། །དགའ་བཞིའི་འགྲོས་ཀྱི་བདེ་སྟོང་ཡེ་ཤེས་ཆེ། །ལྷན་སྐྱེས་གཉུག་མའི་རང་ཞལ་མངོན་བྱེད་ཕྱིར། །སྨིན་བྱེད་གསང་ཆེན་མྱུར་ལམ་འདི་ན་འབྲི། །འདི་དང་བཅོམ་ལྡན་འདས་མ་དམར་མོ་སྒྲ་སྒྲོགས་ཀྱི་དབང་ཀྱི་ཆ་ོག་བཀའ་རྒྱ་མ་དམ་ཚིག་དང་ལྡན་པའི་སློབ་མ་ཉུང་ཤས་ལ་སྐབས་ཐོག་འོས་པར་བསྐུར་བ་ལས་གང་བྱུང་དུ་བསྐུར་དུ་རུང་བར་མ་ཡིན་ཞིང་། དེ་ཡང་ཇི་ལྟར་བྱ་བའི་ཚུལ་ཁྲིགས་སུ་སྡེབས་པ་ལ། སྦྱོར་བ་ཡོ་བྱད་ཀྱི་བཤམས་དང་། དངོས་གཞི་དབང་བསྐུར་བ་གཉིས་ལས། དང་པོ་ནི། དབེན་པའི་གནས་སུ་རྡུལ་མཚོན་ནམ་ཡང་ན་སྟེགས་བུ་ཁེབ་ལྡན་གྱི་ཁར་རས་བྲིས་བཀྲམ་པའམ་དཀྱིལ་འཁོར་གང་ལ་བརྟེན་ཀྱང་། དབུས་སུ་མཉྫིའི་རྟེང་དུ་བྷནྡྷ་བཅུད་ལྡན། དེའི་སྟེང་དུ་མེ་ལོང་སིན་དྷུ་རས་རླན་ཆོས་འབྱུང་ཟུར་དྲུག་ལ་ཧ་རི་ནི་ས། དབུས་སུ་པདྨ་དྷཱཀྐི་ནི་བྷ་ར་ཧི་སརྦ་སིདྡྷི་ཕ་ལ་ཧཱུྃ་སྭཱ་ཧཱཿ དེ་སྟེང་རིགས་ཙག་གམ་ཕག་དམར་སྐུ། དེ་སྟེང་དར་དམར་གྱི་གུར་ཕུབ། ཕྱི་ནང་གི་མཆོད་པ་གཏོར་མ་བཀའ་གཏེར་ཚོགས་འཁོར་སོགས་ལེགས་པར་བཀོད་ལ། གཞན་ཡང་། མིག་དར། མེ་ཏོག། སློབ་དཔོན་མདུན་དུ་ལས་བུམ། མཎྜལ། སྤོས། ཐུན། ཌཱ་དྲིལ་སོགས་དགོས་ཆས་ཐམས་ཅད་ཚོགས་པར་བྱའོ། གཉིས་པ་ནི། གཞུང་ལས་གསོལ་འདེབས་སོགས་སྔོན་ནས་བྱ་ཞིང་། དེ་ནས་དབང་བཤམས་སྒྲུབ་བྱེད་པར་གསུངས་ཀྱང་རེ་ཞིག་འཇུག་པ་བདེ་བའི་ཕྱིར་བཤམས་བཀོད་གྲུབ་ནས་ལས་ཀྱི་གཞུང་བསྲང་བསྙེན་དམིགས་ལྡན་པས་འཛབ་བསྙེན་ནུས་ལྡན་དུ་སྒྲུབ། བདག་འཇུག་ཏིང་ངེ་འཛིན་གསལ་བས་བླངས། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་བདུད་རྩི་འཁྱིལ་པ་ལྗང་སྔོན་ཕྱག་གཉིས་གཡས་རྡོ་རྗེའི་དབྱུགས་པ་དང་གཡོན་སྡིག་མཛུབ་མཛད་པ་ཁྲོ་བོའི་ཆ་ལུགས་རྫོགས་པའི་གནས་གསུམ་ཨཱོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས་པ་ལས་ཡེ་ཤེས་པ་སྤྱན་དྲངས་དམ་ཡེ་དབྱེར་མེད་དུ་གྱུར་པའི་ཐུགས་ཀར་ཧཱུྃ་ལ་སྔགས་ཀྱིས་བསྐོར་བར་དམིགས་ནས། ཨཱོཾ་བིག་ནན་ཏ་ཀྲི་ཏ་ཧཱུྃ་ཕཊཿ ཅེས་བཟླས་པ་བརྒྱ་རྩ་ལ་སོགས་པའི་མཐར་བདུད་རྩིར་ཞུ་བར་བསམ། བཀའ་གཏེར་ཚོགས་མཆོད་བཅས་ལེགས་པར་གྲུབ་ནས། སློབ་བུ་རྣམས་ཕོ་བྲང་གི་སྒོ་འམ་ཡོལ་བའི་ཕྱི་ནས་གཞུང་ལྟར་རིགས་མ་འབུལ་ཞིང་གསོལ་བ། སོགས་བྱ་སྟེ། དེ་ཡང་གཏེར་གཞུང་རྩ་བའི་དབང་ནི། ཕག་མོ་དམར་མོའི་ཟབ་ཐིག་ལས༔ དབང་བཞིའི་གདམས་པ་མཁའ་འགྲོའི་སྙིང་ཁྲག་བཀའ་རྒྱ་མ་བཞུགས༔ ཡེ་ཤེས་མཁའ་འགྲོའི་ལྷ་ཚོགས་རྣམས་ལ་འདུད༔ དུར་ཁྲོད་ལུང་སྟོང་དབེན་པའི་བས་མཐའ་ན༔ ཚེ་འདི་བློས་བཏང་ཕྱི་མ་ཡང་དག་བསྒྲུབ༔ དད་བརྩོན་ཤེས་རབ་སྙིང་རྗེས་ཀུན་ནས་ཟིན༔ མཚན་ཉིད་ལྡན་པའི་སློབ་མས་བླ་མ་ལ༔ པདྨའི་མུ་དྲ་གསེར་གྱི་མཎྜལ་བཅས༔ ཀྱེ་ཧོདགོངས་ཤིག་བདེ་ཆེན་རྒྱལ་པོའི་སྐུ༔ བདེ་བའི་འབྱུང་གནས་བདེ་བའི་དབང་མོ་ཆེ༔ ལྷ་མོའི་སྒྱུ་འཕྲུལ་བཞིན་མཛེས་ལྟ་ན་སྡུག༔ མཆོད་པར་བཞེས་ལ་བྱང་ཆུབ་བདེ་བའི་ཁམས༔ ཡོངས་སུ་སྤེལ་ཏེ་བདག་ཉིད་སྨིན་པར་ཞུ༔ བླ་མ་ཡབ་ཡུམ་ཆོ་ག་བཞིན་དུ་སྤྱད༔ སྙོམས་པར་འཇུག་ཅིང་བྱང་སེམས་མཁའ་ལ་བསྐྱིལ༔ ཐབས་ཀྱིས་བླངས་ཤིང་པཉྩ་སུ་རར་སྦྱར༔ བྷནྡྷར་བླུག་ཅིང་དཀྱིལ་འཁོར་དབུས་སུ་འགོད༔ མེ་ལོང་སིནྡྷུ་རས་གླན་ཆོས་འབྱུང་འདྲི༔ ཧ་རི་ནི་ས་བསྙེན་སྔགས་ཡི་གེ་བཀོད༔ ཐོད་པའི་ཁ་བཀབ་སྟེང་ན་ཙག་ལི་བཞག༔ དར་དམར་གུར་ཕུབ་བསྐྱེད་རྫོགས་ཏིང་འཛིན་གསལ༔ སྔགས་དམིགས་གནད་བསྣུན་བསྙེན་པའི་ཁ་གསོ་ཞིང་༔ ལས་བུམ་བསྐྱེད་བསྟིམ་སློབ་མ་ཁྲུས་ནས་ཕྱུངས༔ བགེགས་བསྐྲད་བསྲུང་འཁོར་བསྒོམ་ཞིང་མིག་དར་བཅིངས༔ གསེར་གྱི་མཎྜལ་ཐོག་སྟེ་འདི་སྐད་ཞུ༔ ཞེས་སོགས་གསུངས་པ་ལྟར། དེ་ནས་སློབ་མ་རྣམས་ཁྲུས་ནས་ཕྱུངས། གྲལ་དུ་འཁོད། མེ་ཏོག་བཀྱེ་བསྡུ་དང་། བགེགས་གཏོར་བཏང་ཞིང་གུ་གུལ་གྱི་བདུག་ཐུན་བྲབ་བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམ་ལ། སློབདཔོན་གྱིས་ཉན་པར་བསྐུལ་ཞིང་ཆོས་བཤད་རྒྱས་བསྡུས་ཇི་ལྟར་རིག་པ་དང་ཁྱད་པར་ཆོས་བཀའ་འདིའི་ལོ་རྒྱུས་བརྗོད་པ་སོགས་འོས་ཤིང་མཚམས་པ་བཤད་དུ་རུང་ལ། མདོར་བསྡུས་གཏེར་ཆེན་གྱི་མཛད་པའི་དབང་བཤད་ཙམ་གྱིས་འཐུས་བས༔ འོ་ན་ད་ལམ་ཁྱེད་རྣམས་ལ་བཅོམ་ལྡན་འདས་མ་དམར་མོ་སྒྲ་སྒྲོགས་ཀྱི་དབང་འབུལ་བའི་ཐོག་མར་ལོ་རྒྱུས་ཀྱི་རྣམ་པ་མདོ་ཙམ་ཞིག་བརྗོད་པར་བྱ་སྟེ། །ངོ་བོ་ཀ་ནས་དག་པའི་ཆོས་དབྱིངས་ཆེན་པོ་ནས་བཅོམ་ལྡན་འདས་མ་དཔལ་ཀུན་ཏུ་བཟང་མོའི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རང་མདངས་གོ་མ་འགག་པ་ལས་ཕག་གདོང་ཆེན་མོ་དམར་མོ་སྒྲ་སྒྲོགས་མ་འདི་རང་ཤར་ཞིང་དབྱིངས་རང་བཞིན་གྱི་རྣམ་པར་དག་པའི་མཁའ་སྤྱོད་དུ་དུས་གསུམ་རྟག་པ་རྒྱུན་གྱི་འཁོར་ལོར་རང་འོད་འབར་བཞིན་བཞུགས་པའི་རོལ་པ་ལས་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་སུ་རྒྱལ་བ་རྡོ་རྗེ་འཆང་གིས་གསང་སྔགས་བླ་མེད་ཀྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཚེ། པདྨ་རིགས་ཀྱི་མཁའ་འགྲོ་མ་འབུམ་ཕྲག་མང་པོ་སྟོན་པ་དེའི་འཁོར་དུ་རང་ཤར་ཞིང་བླ་ན་མེད་པའི་བཀའི་འཁོར་ལོ་རྣམས་ཉན་ཞིང་འཆང་ནས་ཚངས་ཆེན་གྱི་བསྐལ་པ་ཆེན་པོའི་ཞིང་འདི་དང་། འདི་མ་ཡིན་པའི་ཡང་ནམ་མཁའི་མཐའ་ཁྱབ་ཏུ་ལས་དང་སྐལ་པར་ལྡན་པ་རྣམས་ཀྱི་སྣང་ངོར་སྤྲུལ་པ་ཡང་སྤྲུལ་ཉིང་སྤྲུལ་བསམ་གྱིས་མི་ཁྱབ་པས་དུས་གསུམ་ཀུན་ཏུ་སྐལ་ལྡན་མང་པོ་གྲོལ་ལམ་ལ་ཐབས་དང་གདམས་པ་མང་པོས་ཡོངས་སུ་གྲོལ་བར་མཛད་ནས་རིམ་གྱིས་བརྒྱུད་པ་ལས་རྩོད་ལྡན་ཚེ་ལོར་རྒྱ་པའི་སྐབས་སུ་ཤཱཀྱའི་བསྟན་པ་ལ་མདོ་སྔགས་ཟུང་གཅིག་གི་ཉི་ཟླ་ཤར་བའི་ཚེ། ཨོ་རྒྱན་གྱི་སློབ་དཔོན་དཔལ་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱིས་འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་རྣམས་ལ་དབང་བསྒྱུར་ཞིང་མཁའ་འགྲོའི་གསང་མཛོད་ཐམས་ཅད་བརྟོལ་ཏེ་འཛམ་གླིང་སྤྱི་དང་རྒྱ་བོད་ཀུན་ཏུ་བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པ་མཛད་པའི་ནང་ནས། གནས་མཆོག་ཆེན་པོ་ཁམས་ཀྱི་སྲིང་མོ་རྫོང་གི་ཆགས་རུ་ཕུག་དམར་དབང་གི་གཞལ་ཡས་སུ་ཕྱག་ཕེབས་ནས་ཕག་གདོང་དམར་མོ་སྒྲ་སྒྲོགས་ཀྱི་སྒྲུབ་པ་མཛད་ཅིང་དམར་མོ་གསུང་གི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པའི་དུས་སུ་དབང་སྒྲུབ་ཐབས་གདམས་པ་དང་བཅས་པ་འདི་རྣམས་མ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བཀའ་སྩལ་ཞིང་གདམས་པ་མཁའ་འགྲོའི་ཡི་གེར་བཏབ་སྟེ་ཕྱི་མའི་བསྟན་འགྲོའི་དོན་དུ་མཁའ་འགྲོའི་གསང་མཛོད་དུ་རྒྱས་བཏབ་ནས་བཞུགས་སུ་གསོལ་བ། འགྲོ་བ་འདུལ་བའི་ལུང་བསྟན་དུས་བབས་བཞིན་དུ་ཁམས་པ་ཉི་མ་གྲགས་པས་ཤིང་སྟག་ཧོར་ཟླ་གསུམ་པའི་ཚེས་བརྒྱད་ཀྱི་ཉིན་གུང་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའི་གདམས་པ་རིན་པོ་ཆེ་འདིའི་དབང་ཐོབ་པ་ལ་ཡོན་ཏན་དུ་མ་དང་ལྡན་ཏེ། རྒྱུད་ལས། དབང་ཐོབ་རིགས་ཀྱི་བུ་དེ་ཉིད༔ ཚེ་འདིར་བསམ་པ་ཀུན་འགྲུབ་ཅིང་༔ ཕྱི་མ་མངོན་པར་རྫོགས་འཚང་རྒྱ༔ ཅེས་དང་། དེ་བཞིན་དུ། བྱང་ཆུབ་དམ་པ་དབང་ལས་བྱུང་། །མ་སྨིན་པ་ནི་སྨིན་བྱེད་ལ། །ལུས་ངག་ཡིད་ཀྱི་སྒྲིབ་པ་འདག །དབང་གི་རབ་ཏུ་སྦྱངས་བྱས་ན། །དཔལ་མཆོག་དང་པོ་ཐོབ་པར་འགྱུར། །ཅེས་དང་དེ་ཉེད་ལས། དབང་མེད་འཁོར་བའི་མཐའ་སྙོག་སྟེ། ཕྱི་མའི་བདེ་བ་ཐོབ་པ་མེད། །དབང་མ་བསྐུར་བས་སྔགས་ལམ་བསྒོམ། །དེ་ནི་ངན་འགྲོར་སྐྱེ་བའི་རྒྱུ། །ཅེས་གསུངས་པའི་དོན་དང་ལྡན་པར་བྱ་བའི་ཕྱིར་སྨིན་བྱེད་ཀྱི་དབང་བསྐུར་བ་སྐབས་སུ་བབས་པ་ཡིན། །དེ་ལ་སྔོན་དུ་འགྲོ་བ་རྡོ་རྗེ་སློབ་དཔོན་གྱི་བྱ་བ་དང་། སློབ་མའི་བྱ་བ་གཉིས། འདི་ཡན་གཏེར་ཆེན་གྱིས་མཛད་པ་ལས། །སློབ་དཔོན་གྱི་བྱ་བ་དཀྱིལ་འཁོར་བཞེངས་བསྒྲུབས་མཆོད་བསྟོད་བཟླས་པ་བདག་འཇུག་གི་དབང་ཏིང་ངེ་འཛིན་གྱིས་བླང་བ་རྣམས་གྲུབ། ད་ཁྱེད་རང་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་དབང་བསྐུར་ཟབ་མོའི་ཐོག་མར་མཎྜལ་ཞིག་འབུལ་བར་མཛོད། །ཞེས་བརྡའ་སྤྲད་དེ། དཀྱིལལ་འཁོར་དུ་འཇུག་པའི་ཕྱིར་ཆས་སུ་འཇུག །སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་ལྡོངས་ཏེ་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་འདི་ཉིད་མ་མཇལ་བའི་མཚོན་བྱེད་དུ་རས་ཡུག་དམར་པོ་རེས་གདོང་པ་བཅིངས་པའི་མོས་པ་མཛོད་ཅིག །ཨཱོཾ་ཨཱཿཧཱུྃ། ཞེས་མིག་དར་བཅིངས། ཡང་ཁྱོད་དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་མི་རུང་བས་ཕྱག་རྟེན་གྱི་སླད་དུ་ཨུ་དུམ་ཝ་རའི་མེ་ཏོག་གི་ཕྲེང་བ་རེ་བྱིན་པའི་མོས་པ་མཛད་འཚལ། ཨ་ཁཾ་བི་ར་ཧཱུྃ༔ ཞེས་མེ་ཏོག་གཏད་དེ། དེའང་ཁྱེད་རང་རྣམས་མི་ཕྱེད་པའི་གདུང་ཤུགས་དང་བཅས་ཏེ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་བཅོམ་ལྡན་འདས་མ་དབྱེར་མི་ཕྱེད་པར་མོས་ནས་གསོལ་བ་གདབ་པ་འདིའི་རྗེས་བཟློས་གྱིས། ཧཱུྃ༔ མ་ལུས་འདྲེན་པའི་བདག་ཉིད་རྡོ་རྗེ་འཆང་༔ བདག་ཅག་འདིར་ཚོགས་རིགས་ཀྱི་བུ་རྣམས་ལ༔ གསང་བའི་དབང་གི་སྨིན་གྲོལ་དངོས་གྲུབ་སྩོལ༔ གསུམ་ཞུ། ཧོ༔ ཁྱེད་ཅག་བཀའ་བཞིན་བསྒྲུབ་པའི་བུ༔ དམ་ཚིག་ཚུལ་བཞིན་སྲུང་ནུས་པའི༔ རིགས་ལྡན་ཡིན་ན་ནང་དུ་ཤོག༔ ལོག་པར་ལྟ་བ་ཕྱིར་དེངས་ཤིག༔ ཅེས་བརྗོད་བདེ་སྟོང་ལོ་རྒྱུས་བྱཿགསོལ་བ་གདབ་པའི་རིམ་པ་སོང་ནས་དམིགས་པ་འདི་བཞིན་དུ་གྱིས། ས་ཕྱོགས་འདི་ཉིད་ཀྱང་ཐ་མལ་གྱི་སྣང་བ་འདི་ལྟ་བུ་མ་ཡིན་པར་དྭངས་གསལ་གཉིས་སུ་མེད་པའི་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་ཀྱི་དབུས་སུ་དཀྱིལ་འཁོར་གྱི་གཙོ་མོ་བཅོམ་ལྡན་འདས་མ་ལ་ཕྱོགས་དུས་ཀྱི་རྒྱལ་བ་སྲས་བཅས་སྐྱབས་ཡུལ་ཐམས་ཅད་ཀྱིས་བསྐོར་བ་མངོན་སུམ་ལྟ་བུར་བཞུགས་པ་གསལ་བཏབ་ནས་དེ་དག་གི་སྤྱན་སྔར་རང་གཞན་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་བར་དུ་སྐྱབས་སུ་མཆིའོ་སྙམས་པས་འདིའི་རྗེས་བཟློས་གྱིས། ན་མོ༔ བླ་མ་ཡི་དམ་མཁའ་འགྲོ་སྟེ༔ རྩ་བ་གསུམ་ལ་སྐྱབས་སུ་མཆི༔ གསུམ༔ ཞེས་ཐེག་པ་ཐུན་མོང་གི་རྨིང་རྡོ་སྐྱབས་སུ་འགྲོ་བའི་རིམ་པ་སོང་ནས། ཐེག་ཆེན་རྩ་བ་གཞན་ཕན་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་གལ་ཆེ་སྟེ། མཁའ་མཉམས་གྱི་སེམས་ཅན་སྡུག་བསྔལ་གྱི་འབྲས་བུ་ལ་རྟག་ཏུ་སྤྱོད་པ་འདི་རྣམས་སྡུག་བསྔལ་ལས་བསྒྲལ་ཏེ་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བྱ། དེའི་ཕྱིར་དུ་ཐེག་པ་ཆེན་པོའི་སེམས་བསྐྱེད་བླང་ནས་ཚུལ་བཞིན་དུ་བགྱིའོ་སྙམས་པས་འདིའི་རྗེས་བཟློས་གྱིས། འགྲོ་བ་སེམས་ཅན་དོན་སླད་དུ༔ མཁའ་འགྲོའི་བསྐྱེད་རྫོགས་བསྒོམ་བཟླས་བསྒྲུབ༔ གསུམ། དེ་ལྟར་ཚོགས་ཞིང་ཁྱད་པར་ཅན་དེ་དག་གི་སྤྱན་སྔར་ཚོགས་བསགས་པ་ནི། རང་གཞན་སེམས་ཅན་ཐམས་ཅད་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་ཕྱག་འཚལ་བ། མཆོད་སྤྲིན་སྤྲོ་བ། སྡིག་པ་བཤགས་པ། དགེ་བ་ལ་རྗེས་སུ་ཡི་རངས་བ། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་གདབ་པ། དགེ་བ་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་བསྔོ་བ་སོགས་ཡན་ལག་བདུན་པའམ་བཅུ་པའི་ཚིག་ཕྱིར་སེམས་གཞོལ་བས་འདིའི་རྗེས་བཟློས་གྱིས། །ཧཱུྃ། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ ཉམས་ཆགས་སྡིག་སྒྲིབ་མཐོལ་ལོ་བཤགས༔ གསང་སྔགས་སྒྲུབ་ལ་རྗེས་ཡི་རངས༔ སྨིན་གྲོལ་ཆོས་འཁོར་བསྐོར་དུ་གསོལ༔ མྱ་ངན་མི་འདར་གསོལ་བ་འདེབས༔ དགེ་བ་བྱང་ཆུབ་ཆེན་པོར་བསྔོ༔ ཐམས་ཅད་སངས་རྒྱས་ཐོབ་པར་ཤོག༔ ཞེས་དང་། དེ་ནས་མེ་ཏོག་དོར་བ་ནི། མེ་ཏོག་བླ་མའི་སྐུ་ལ་དོར་ཞིང་ཚིག་འདིའི་རྗེས་བཟློས་མཛོད། །བླ་མ་ཡབ་ཡུམ་དཀྱིལ་འཁོར་ལ༔ བྱང་ཆུབ་སེམས་ཀྱི་མེ་ཏོག་འབུལ༔ སྔོན་ནས་འབྲེལ་བའི་ལྷ་ལ་ཕོབ༔ ཚེ་རབས་ལྷ་དང་མཇལ་བར་ཤོག༔ ཞེས་དོར། དེ་ནས་གསང་མཚན་སྦྱིན་ཏེ་གཞུང་ལས། སྤྱི་བོར་བབས་ན་འཁོར་ལོའི་ཤུགས་འཆང་མ༔ མགྲིན་པར་བབས་ན་དགའ་བའི་རྒྱལ་མོ་རྩལ༔ ཐུགས་ཀར་བབས་ན་མཆོག་གི་དབང་མོ་ཆེ༔ ལྟེ་བར་བབས་ན་དགའ་བྲལ་བདེ་ཆེན་མ༔ གསང་བར་བབས་ན་ལྷན་སྐྱེས་བདེ་སྟོང་མ༔ གསང་མཚན་བཏགས་ཤིང་གདང་བས་ཡི་དམ་ལྷ༔ གསེར་ཐུར་མིག་དབྱེ་ཙཀྵུ་པྲ་ཝེ་ཤ་ཡ་ཧོ༔ བསྐྱེད་རིམ་གཏད་ཅིང་ཡེ་ཤེས་སེམས་དཔའ་བསྟིམ༔ རིགས་མ་ཐོགས་ཤིང་སློབ་བུའི་སྤྱི་བོར་བསྐུར༔ ཞེས་སོགས་གསུངས་པའི་དོན་གསང་མཚན་བཏགས་ཤིང་ལྷ་ངོ་སྤྲད། དེ་ནས་གསེར་ཐུར་གྱི་མིག་དབྱེ་བ་དང་བཅས། མིག་དར་བསལ་ལ། ཙཀྵུ་པྲ་ཝེ་ཤ་ཡ་ཧོ༔ ཞེས་དང་། དེ་ལྟར་མ་རིག་པའི་ལིང་ཐོག་མིག་དར་གྱིས་མཚོན་པ་དེ་ཉིད་བསལ་བའི་ཤུལ་ནས་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པའི་མོས་པ་གནང་ནས་འདི་ན་ཕྱི་མཚན་མའི་དཀྱིལ་འཁོར་བརྡའ་སྤྲད་པ་ལ་བརྟེན་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷ་ཚོགས་ཐམས་ཅད་མངོན་སུམ་ལྟ་བུར་མཇལ་བའི་མོས་པ་དང་། དེ་དག་ཀྱང་ཕྱི་རོལ་ནས་གཞན་ཞིག་བཙལ་དུ་ཡོད་པ་མ་ཡིན་ཞིང་རང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་ཡེ་གདོད་མ་ནས་ལྷུན་གྱིས་གྲུབ་པ་ཉིད་དོ། །ད་ནང་འཇུག་གི་དངོས་གཞི་ཡེ་ཤེས་དབབ་པའི་སླད་དུ་ཁྱོད་རང་རྣམས་ལུས་གནད་དྲང་པོར་བསྲང་ལ་དམིགས་པ་འདི་བཞིན་དུ་མཛོད་ཅིག། ཨཱོཾ་མ་ཧཱ་ཤུ་ནྱ་ཏ་ཛྙ་ན་བཛྲ་སྭཱ་བྷ་ཝ་ཨཏྨ་ཀོ྅་ཧཾ། ལས་བུམ་ཁ་རྒྱན་གྱིས་ཆུ་འཐོར། སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཆོས་ཀྱི་དབྱིངས་རྣམ་པ་ཀུན་ལྡན་མཚོན་པའི་ཆོས་ཀྱི་འབྱུང་གནས་དམར་པོ་ཟུར་གསུམ་པ་རྩེ་མོ་ཕྲ་བ་མཐུར་དང་གདེངས་ཀ་རྒྱས་པ་གྱེན་དུ་བསྟན་པའི་ནང་གི་ནམ་མཁར་གདན་པདྨ་དང་ཉི་ཟླ་བམ་རོ་བརྩིགས་པའི་ཁར་སེམས་ཉིད་ཀྱི་ངོ་བོ་ཡི་གེ་ནི་དམར་པོ་ཞིག་བསམ། དེ་ལས་འོད་ཟེར་འཕྲོ་འདུས་སྦྱོར་བས་ཡོངས་སུ་གྱུར་པ་ལས་ཁྱེད་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་མ་དམར་མོ་སྒྲ་སྒྲོགས་ཆོས་སྐུ་ཡེ་ཤེས་ཀྱི་མཁའ་འགྲོ་རྡོ་རྗེ་རྣལ་འབྱོར་མའི་སྐུ་ཡི་རྣམ་པར་གྱུར་པ་ནི་སྐུ་མདོག་དམར་པོ་ཨོཏ་ཡན་ག་ཛ་ན་ཡི་སིནྡྷུ་རའི་ཁ་དོག་གམ་པད་རག་གི་ལྷུན་པོར་ཉི་མ་གཞོན་ནུའི་འོད་ཀྱིས་འཁྱུད་པ་ལྟ་བུ་ཞི་མ་ཁྲོ་ཆགས་པའི་ཉམས་ཅན་བཞད་ཞལ་ཚེམས་འཕྲེང་དཀར་ཞིང་མཆེ་བའི་སྨྱུ་གུ་བཞི་གཙིགས་པ་སྤྱན་གསུམ་ནམ་མཁར་ཧྲིག་གེར་གཟིགས་ཤིང་གཞོན་ནུ་བཅུ་དྲུག་ལང་ཚོ་རབ་ཏུ་རྒྱས་པའི་ཉམས་ཅན་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་ནུ་མ་འབུར་ཞིང་གསང་གནས་རྒྱས་པ། ཕྱག་གཉིས་གཡས་རྡོ་རྗེའི་ཡུ་བ་བྱས་པའི་གྲིི་གུག་ངོ་མ་ཐབས་སུ་འཕྱར་བ། གཡོན་བྷནྡྷ་ཁྲག་གིས་བཀང་བ་ཐུགས་ཀར་འཛིན་ཅིང་ཞལ་དུ་གསོལ་བ། །ཡབ་ཧེ་རུ་ཀ་སྦས་པའི་ངོ་བོ་རྡོ་རྗེ་ཁ་ཊྲཱཾ་ཀ་མཆན་གཡོན་དུ་འཆང་བ། ཞབས་གར་སྟབས་གཡས་བསྐུམ་པའི་རྟིང་པ་བྷ་ག་ལ་གཏད་པ། གཡོན་བརྐྱང་པས་བདག་མེད་པ་མཚོན་པའི་རོ་ཡི་སྙིང་གར་བརྫིས་པ། དབུ་སྐྲ་རལ་པ་གྱེན་དུ་བརྫེས་པའི་དབུས་སུ་ཕག་ཞལ་ནག་པོ་རྔམ་ལ་བརྗིད་པ། ཐོད་སྐམ་ལྔས་དབུ་བརྒྱན་དང། ཐོད་རློན་ལྔ་བཅུའི་དོ་ཤལ་དང་། ཕྱག་རྒྱ་ལྔས་མཛེས་ཤིང་། དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། སྙན་ཆ་གསེར་གྱི་འཁོར་ལོ་དྲིལ་བུས་མཚན་པ་དང་། ཕྱག་ཞབས་གསེར་གྱི་གདུབ་བུ་གཡེར་ཁ་ཁྲོལ་བ། བལྟ་བར་མི་བཟོད་པའི་ཡེ་ཤེས་ཀྱི་འོད་ལྔ་འཁྲིགས་པའི་ཀློང་ན་བཞུགས་པར་གསལ་བའི་གནས་གསུམ་དུ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་བདག་ཉིད་ཡི་གེ་གསུམ་གྱིས་རྣམ་པས་མཚན་པར་གསལ་ཞིང་། དེ་ལྟར་གསལ་བའི་སྐུ་དང་ཐུགས་སྲོག་ས་བོན་ནི་ཡིག་དང་། །བླ་མ་དང་མདུན་བསྐྱེད་ཀྱི་བཅོམ་ལྡན་འདས་རྡོ་རྗེ་རྣལ་འབྱོར་མའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལས་ཀྱང་། འོད་ཟེར་བསམ་གྱིས་མི་ཁྱབ་པ་འཕྲོས་པས་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དང་མཁའ་སྤྱོད་གནས་ཡུལ་དག་པའི་ཞིང་ཁམས་དང་། ཁྱད་པར་དུ་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་ནས་ཡེ་ཤེས་ཀྱི་མཁའ་འགྲོའི་ཚོགས་དཔག་ཏུ་མེད་པ་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་གི་སྒོ་གསུམ་ལ་རྡོ་ཚན་ལ་ཁ་བ་བབ་པའམ་རྒྱ་མཚོ་ལ་ཆར་གྱི་རྒྱུན་དྲག་པོ་འབབ་པ་ལྟར་གཉིས་མེད་དུ་སིབ་སིབ་ཐིམ་བྱུང་སྙམ་པའི་མོས་པ་རྩེ་གཅིག་པར་དྲག་ཏུ་སྒོམས་ཤིག །ཞེས་བརྡའ་སྤྲད། རོལ་མོ་འཁྲོལ། ཅེ་སོག་སྦྱར་བའི་བདུག་པ་དང་། བྱིན་འབེབས་ཀྱི་རྫས་གཞན་སོགས་ཀྱིས་བདུག་ཅིང་། ཧཱུྃ༔ དམ་ཚིག་སེམས་དཔའ་བསྐྱེད་པའི་ལྷ༔ ཕག་མོ་དམར་མོ་སྒྲ་སྒྲོགས་མ༔ འོད་ཟེར་འཕྲོ་འདུའི་ཏིང་འཛིན་གྱིས༔ མཁའ་སྤྱོད་གནས་ཡུལ་ཞིང་ཁམས་དང་༔ ནུབ་ཕྱོགས་ཨོ་རྒྱན་དུར་ཁྲོད་ནས༔ མ་མོ་མཁའ་འགྲོ་ཀུན་གྱི་རྗེ༔ རྡོ་རྗེ་ཕག་མོ་མཁའ་འགྲོ་འབུམ༔ དངོས་གྲུབ་སྩོལ་ཕྱིར་གཤེགས་སུ་གསོལ༔ བདེ་བ་ཆེན་པོ་རཱ་གའི་མ༔ སྐུ་ནི་གར་སྟབས་ལིངས་སེ་ལིང་༔ གསུང་ནི་བརྡ་སྐད་དིར་རི་རི༔ ཐུགས་ནི་ཏིང་འཛིན་ཡ་ལ་ལ༔ མཁའ་འགྲོ་མ་ཚོགས་སྤུངས་སེ་སྤུང་༔ ཐུགས་རྗེའི་དབང་གི་གཤེགས་ནས་ཀྱང་༔ གཉིས་སུ་མེད་པའི་དངོས་གྲུབ་སྩོལ༔ དྷ་ཀ་དྷཱཀྐི་ནི་ས་མ་ཡཱ་ཧྲཱིང་ཧྲཱིང་ཕེམ་ཕེམ་ཛཿཛཿཨ་ཝེ་ཤ་ཡ་ཨ་ཨཱ༔ ཞེས་ཡེ་ཤེས་དབབ་པའི་དམིགས་པ་ནན་ཏན་དུ་བྱ་ཞིང་སྔགས་དྲག་ཏུ་བརྗོད་དོ། །དེ་ནས་མེ་ཏོག་འཐོར་ཞིང་རྡོ་རྗེ་སྤྱི་བོར་བཞག་ལ། སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་བརྟན་པར་བཞུགས་སུ་གསོལ༴༔ ཨཱོཾ་སུ་པྲ་ཏིཏྠ་བཛྲ་ཡེ་སྭཱ་ཧཱ༔ དེ་ལྟར་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་སོང་ནས། ཞུགས་པ་ལ་དབང་བསྐུར་བ་ལ། དེ་འང་དབང་གི་ངོ་བོ། ངེས་ཚིག །དབྱེ་བ། ཇི་ལྟར་བསྐུལ་བའི་ཚུལ་བཞི་ལས། དང་པོ་ནི་རྒྱུ་རྐྱེན་གཉིས་ལས། རྒྱུ་རླུང་སེམས་རྩ་དང་ཐིག་ལེར་དབང་རྣམས་གདོད་མ་ནས་རང་ལ་རང་ཆས་སུ་ལྡན་པ་ཡིན་ཏེ། དབང་བསྐུར་རྒྱལ་པོའི་རྒྱུད་ལས། དབང་མཆོག་རང་ལ་མེད་གྱུར་ན། །བསྐུར་བས་ཐོབ་པར་ག་ལ་འགྱུར། །བྲ་སྲན་འབྲས་སུ་དབང་བསྐུར་ཀྱང་། །དེ་ལ་འབྲས་ཀྱི་དངོས་སྣང་མེད། །ཅེས་དང་། རྐྱེན་ནི་བཞི་ལས། དབང་བསྐུར་དུ་རུང་བ་སློབ་བུའི་རྒྱུ་རྐྱེན། བསྐུར་ནུས་ཀྱི་སློབ་དཔོན་བདག་པོའི་རྐྱེན་རྫས་སྔགས་ཏིང་ངེ་འཛིན་འཛོམ་པའི་ནུས་པ་ཁྱད་པར་ཅན་དམིགས་པའི་རྐྱེན། དབང་སྔ་མ་སྔ་མས་གོ་ཕྱེ་ནས། ཕྱི་མ་ཕྱི་མ་འབྱུང་བ་དེ་མ་ཐག་པའི་རྐྱེན་ནོ། །གཉིས་པ་ནི། ཨ་བྷི་ཥིཉྩ་ཞེས་པའི་སྒྲ་ལས་དྲངས་ན། མངོན་པར་གཏོར་བའམ་བླུགས་པ་སྟེ། དབང་བཞིས་རང་སྐལ་གྱི་དྲི་མ་འཁྲུད་ཅིང་། །སྐུ་བཞིའི་ས་བོན་གྱི་གསོས་ཐེབ་པའོ། །གསུམ་པ་ནི། བསྐུར་བྱའི་དབང་ལ་དབྱེ་ན། བུམ་གསང་ཤེར་ཡེ་ཚིག་དབང་བཞིའམ། དེ་དག་གི་དོན་གྱི་གནད་འགག་འདུས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་སོགས་པའི་དབང་ངོ་། །བཞི་པ་ནི། །སློབ་དཔོན་དང་དབང་རྫས་རྣམས་བཅོམ་ལྡན་འདས་མ་དམར་མོ་སྒྲ་སྒྲོགས་ཀྱི་སྐུར་བསྐྱེད་ནས་དབང་རྫས་དེ་དག་བསྐུར་གནས་སོ་སོར་བསྐུར་བའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ཤེས་བྱའི་སྒྲིབ་ཚོགས་དག་ནས་དབང་བཞིའི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། །རིགས་མའམ་ཕག་མོའི་སྐུ་ཙག་ཐོགས་ལ༔ ཧཱུྃ༔ བཅོམ་ལྡན་འདས་མ་ཡེ་ཤེས་མཁའ་འགྲོ་མ༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ་ཆེན་མོ༔ ལྷ་མོའི་དབང་ཕྱུག་བདེ་བའི་རྒྱ་མཚོ་མས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་སྐུ་ཡི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་ཀཱ་ཡ་ཨབྷི་ཥིཉྩ་ཧཱུྃ༔ བྷནྫ་མགྲིན་པར་བཞག༔ ཧཱུཾ་གསང་བའི་མཁའ་ལས་ཕྱུངས་བའི་ཀུནྡ་དང་༔ རྩ་བརྒྱད་སྟོང་སྦྱར་བཉྩ་ཨ་མྲྀ་ཏ༔ སུ་ར་ཏ་ཡི་བཅུད་ཀྱིས་སྦྲན་པ་འདི༔ དུམ་གཅིག་སྣོད་དུ་བསྐྱིལ་ཏེ་མགྲིན་པར་བཞག༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་གསུང་གི་དབང་ཐོབ་ཤོག༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧ་མུ་དྲ་ཝཱཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ལོང་སྙིང་ཁར་བཞག །ཧཱུྃ༔ གདོད་ནས་དག་པའི་རང་བྱུང་འོད་པོ་ཆེ༔ བདེ་སྟོང་གཉིས་མེད་སྨྲ་བསམ་བརྗོད་ལས་འདས༔ ངོ་བོ་ཉིད་སྐུ་ཡེ་ཤེས་མཁའ་འགྲོའི་ཐུགས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཡུམ་གྱི་མཁའ་བསྟན༔ ཧཱུྃ༔ ལྟོས་ཤིག་མཁའ་དབྱིངས་རྣམ་དག་བདེ་བ་ཆེ༔ རྡོ་རྗེ་བཙུན་མོའི་བྷ་ག་ཨེ་ཡི་ཆ༔ སངས་རྒྱས་ཡེ་ཤེས་མི་ཟད་ཟ་མ་ཏོག༔ ཆོས་ཀྱི་དབྱིངས་དང་འདུ་འབྲལ་སྐད་ཅིག་མེད༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ མཁའ་འགྲོ་རྒྱ་མཚོའི་ཡོན་ཏན་དབང་ཐོབ་ཤོག༔ ཨཱོཾ་ཨཱ་ཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་རཏྣ་ཨ་བྷིཥིཉྩ་ཧཱུྃ༔ རིགས་མ་སློབ་མར་སྦྱིན་ཞིང་༔ ཧཱུྃ༔ བདེ་བ་ཆེན་པོ་དྲུག་པ་རྡོ་རྗེ་འཆང་༔ གསང་ཆེན་ལམ་གྱི་ཐེག་པའི་དམ་ཚིག་ལྟར༔ ཡང་དག་སྤྱོད་ལ་བདེ་སྟོང་རང་ཞལ་ལྟོས༔ སྲོག་གི་ཕྱིར་དུའང་ཀུནྡ་འཛིན་པ་དང་༔ མ་ཆེན་མཁའ་འགྲོའི་ཚོགས་རྣམས་བརྟེན་ཅིང་སྒྲུབས༔ ཨཱོཾ་ཨཱཿཧཱུྃ་ནི་བཛྲ་བྷ་ར་ཧི་མ་ཧཱ་མུ་དྲ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཡོལ་བའི་ཕྱི་ན་ཆོ་ག་བཞིན་དུ་སྤྱད༔ བླ་མས་བདེ་སྟོང་ངོ་སྤྲོད་གཞུང་ལྟར་བརྗོད༔ སློབ་བུའི་དགའ་བཞིའི་ཏིང་འཛིན་དབབ་བསྐྱིལ་བཟློག༔ འདྲེན་དང་དགྲམ་པའི་འཁྲུལ་འཁོར་བརྩོན་པར་བྱ༔ ཞེས་གསུངས་པའི་དབང་དོན་ཡེ་ཤེས་ངོ་སྤྲོད་གདབ་པ་ནི། སློབ་མ་དཔལ་རྟ་མཆོག་ཧེ་རུ་ཀ༔ དམར་པོ་གྲི་ཐོད་འཛིན་པར་གསལ་བའི་གསང་གནས་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ནོར་བུར་ཨཱོོཾ། ཕྱག་རྒྱ་རྡོ་རྗེ་རྣལ་འབྱོར་མ་དམར་མོ་གྲི་ཐོད་འཛིན་པར་གསལ་བའི་མཁའ་ཨ་ལས་པདྨ་ཨས་མཚན་པ་ཡབ་ཀྱི་རྡོ་རྗེ་ནོར་བུའི་རྩ་བར་རྩ་གསུམ་འདུས་པའི་གཡས་ལ་ཨཱོཾ་དཀར་པོ། གཡོན་དུ་ཨཱཿདམར་པོ། དབུས་སུ་ཧཱུྃ་མཐིང་ཁ། རྩེ་མོར་ཕཊ་ཡིག་སེར་པོ་སྒོམ། སྙོམ་པར་ཞུགས་པས་ཁམས་ཀྱི་དྭངས་མ་རྣམས་འཁོར་ལོ་བཞིར་རིམ་པ་བཞིན། དགའ་བ། མཆོག་དགའ། ཁྱད་དགའ། ལྷན་སྐྱེས་ཀྱི་དགའ་བ་རྣམས་རྒྱུད་ལ་སྐྱེས་ནས་སླར་ཡང་རླུང་འཕོ་བ་མེད་པས་མས་བརྟན་གྱི་དགའ་བ་བཞི་ངོ་སྤྲོད་དོ། །ཡོལ་བ་བསལ་དེ་ནས་མེ་ཏོག་འཐོར་ཞིང་ཤིས་བརྗོད་ནི། ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཕོ་བྲང་ནས༔ ཕག་མོ་ཆོས་སྐུའི་བཀྲ་ཤིས་ཤོག༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་ནས༔ ཕག་མོ་ལོངས་སྐུའི་བཀྲ་ཤིས་ཤོག༔ མཁའ་སྤྱོད་གནས་ཡུལ་དུར་ཁྲོད་ནས༔ ཕག་མོ་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ བཀའ་ཡི་འཕྲིན་ལས་དཀྱིལ་འཁོར་ནས༔ སྤྲུལ་པ་འབུམ་སྡེའི་བཀྲ་ཤིས་ཤོག༔ ཞེས་དང་གཞན་ཡང་ཇི་ལྟར་རིག་པར་བརྗོད་ཅིང་མེ་ཏོག་གི་ཆར་དུ་སྙིལ་བར་བྱའོ། །དམ་ཚིག་ལ་གཅེས་སྤྲས་སུ་བྱ་བའི་ཕྱིར། དེ་ལྟར་བཅོམ་ལྡན་འདས་མ་རྡོ་རྗེ་རྣལ་འབྱོར་མའི་དབང་བསྐུར་ཟབ་མོ་ཐོབ་པ་ཡིན་པས་གནས་སྐབས་དེ་དག་ཏུ་ཁས་བླངས་པའི་དམ་ཚིག་དང་སྡོམ་པའི་རིམ་པ་ཚུལ་བཞིན་བསྲུང་བར་བགྱིད་སྙམས་པས་འདིའི་རྗེས་བཟློས་གྱིས། །གཙོ་བོའི་ཇི་ལྟར་སོགས། གཏང་རག་གི་མཎྜལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་གྱི་དགེ་ཚོགས་དང་བཅས་པ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་འབྱོར་པ་ལྟར་སྤྲུལ་ཏེ་འབུལ་སྙམས་པས་འདིའི་རྗེས་བཟློས་གྱིས། དེ་ནས་བརྩམས་ཏེ་སོགས། དེ་ལྟར་དབང་བསྐུར་ཐོབ་པའི་དགེ་རྩ་སེམས་ཅན་གྱི་དོན་དུ་བསྔོ་བར་གྱིས། བསོད་རྣམས་འདི་ཡིས་སོགས། རིན་ཆེན་དགེ་ཚོགས་འདི་ཡིས་འགྲོ་བ་ཀུན། །རྟག་ཏུ་དམ་པའི་ཆོས་དང་མི་འབྲལ་ཞིང་། །རང་གཞན་དོན་གཉིས་རྫོགས་པའི་མཐར་ཕྱིན་པ། །ཆོས་རྔ་སྒྲོགས་པས་འཇིག་རྟེན་མཛེས་པར་ཤོག །དེ་ནས་ཚོགས་ལ་རོལ་སློབ་བུ་རྣམས་རང་གནས་བཏང་༔ ལྷག་མ་བཏང་ཞིང་དཀའ་གཏེར་བསྐུལ་བ་སོགས་ལས་ཀྱི་རྗེས་སྐྱོང་བ་གསང་བ་སྤྱི་འགྲོས་བཞིན་ཤེས་པར་བྱའོ། །དེ་ལྟར་གཏེར་གཞུང་རྩ་བར། དེ་ནི་དམ་ཚིག་ལྡན་པའི་བུ་བདུན་ལས༔ མང་བར་མི་བྱ་ཤིན་ཏུ་ཕག་དུ་སྦོས༔ འཆལ་ན་མཁའ་འགྲོའི་བཀའ་ཆད་འོང་བས་བཟབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ དམ་རྒྱ༔ སོ་ཕག་ཤིན་རྒྱ༔ ན་ར་ཀན་རྒྱ༔ རིགས་འཛིན་ཆེན་པོ་ཉི་མ་གྲགས་པས་ཆགས་རུ་ཕུག་དམར་ནས་ཤིང་པོ་སྟག་ལ་སྤྱན་དྲངས་ཤིང་ཆགས་རུ་ཕུག་ནག་བདེ་བར་ཆེན་པོར་ཤོག་སེར་ལས་བསྒྱུར་བའོ། །སྨྲས་པ། གསང་ཆེན་མཁའ་འགྲོའི་ཉེ་ལམ་འདི་ལྟ་བུ། །འཛམ་གླིང་འདི་ན་ཟབ་ཅིང་གཉེན་པའི་ཆོས། དེས་ན་ཁྲིགས་སུ་སྡེབས་སོགས་འོས་མིན་ཡང་། །ལྡོག་མེད་བླ་མའི་བཀའ་བཙན་ལམ་དུ་བཏང་། །འོན་ཀྱང་བྱིན་རླབས་གཏེར་གཞུང་རྩ་བའི་ཚིག །ཟུར་རྩམ་མ་ཉམས་བླ་མས་ལེགས་སྩལ་བའི། །མཚམས་སྦྱོར་གྱིས་བརྒྱན་ཕྱག་ལེན་ཇི་བཞིན་པར། །རང་བཟོའི་ལྷད་ཀྱི་མ་གོས་འཇུག་བདེར་བགྱིས། རང་བློ་དམན་པས་ནོང་པར་གྱུར་སྲིད་ན། །ཚེ་རབས་སྡིག་དང་ལྷན་གཅིག་སྙིང་ནས་བཤགས། །འདི་བྱས་ཕྲ་མོའི་བསོད་ནམས་ཐོབ་སྲིད་ན། །གསང་ཆེན་བསྟན་པ་རྒྱས་པའི་རྒྱུ་རུ་བསྔོ། །དེ་ལྟར་བཅོམ་ལྡན་འདས་མ་ཕག་གདོང་དམར་མོའི་དབང་ཆོག་བཀའ་རྒྱ་མ་ཇི་ལྟར་བྱ་བའི་ཚུལ་ཀླགས་ཆོག་ཏུ་བྱས་པ་འདི། བླ་མ་འགྱུར་མེད་བློ་ལྡན་དང་འཁོར་ལོའི་མགོན་པོ་གྲུབ་དབང་བསྟན་འཛིན་སྙིང་པོ་ཟུང་གིས་བཀའ་སྩལ་ལྡོག་མེད་ལ་གཡར་དམ་བགྱིས་ཏེ་སྙིགས་མཐའི་བན་ཆུང་ངག་དབང་བློ་གྲོས་ཀྱིས་གཏེར་གཞུང་ཉམས་མེད་སོར་བཞག་བླ་མའི་ཕྱག་བཞེས་བཞིན་མཚམས་སྦྱོར་རྣམས་ཀྱང་བླ་མའི་གསུངས་དང་ཡེ་ཤེས་དབབ་དམིགས་གསར་བཀོད་དང་བཅས་གཞན་ཡང་རིགས་མཐུན་ནས་ཁ་འགེངས་འོས་རྣམས་ཅུང་ཟད་བླངས་པས་བརྒྱན་ཏེ་བཀོད་པ་ལ། ཀུན་ཏུ་རྨོངས་པ་ཤས་ཆེ་བའི་དབང་གིས་མ་རྟོགས་པ་དང་ལོག་པར་རྟོགས་པ་དང་གསང་སྔགས་ཟབ་མོར་འཆོལ་སྤྱོད་གསང་སྒྲོགས་སོགས་རས་ཆོད་བགྱིས་པའི་ཉེས་གྱུར་རྣམས་བླ་མ་དང་ཡེ་ཤེས་ཀྱི་མཁའ་འགྲོ་ཆོས་བདག་དམ་ཅན་སྲུང་མའི་ཚོགས་དང་བཅས་པའི་སྤྱན་སྔར་ཚེ་རབ་དུ་མ་ནས་བསགས་པའི་སྡིག་ལྟུང་དང་ལྷན་གཅིག་སྙིང་ནས་མཐོལ་ཞིང་བཤགས་སོ། །འདི་ཕྱིར་སྒྲིབ་མེད་ཚངས་པའི་དངོས་གྲུབ་དམ་པ་སྩལ་དུ་གསོལ། །


previousཕག་དམར་དབང་ཆོག་ཆོག་སྒྲིགnext