མངའ་གསོལ་ཡིད་བཞིན་ནོར་བུ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ མངའ་གསོལ་ཡིད་བཞིན་ནོར་བུ་བཞུགས༔ རྦོད་གཏོང་མཁའ་འགྲོའི་ཚོགས་ལ་འདུད༔ བཤོས་བུ་ཟུར་གསུམ་ལྷ་གྲངས་ལ༔ ཤ་སྣ་སྙིང་སྣ་ལིང་གས་བརྒྱན༔ འབྲུ་སྣ་དར་ཟབ་རིན་ཆེན་བཏབ༔ སྨན་རག་སྦྲེང་ཞིང་རོལ་མོ་འཁྲོལ༔ གདུང་བའི་ཡིད་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ བཞེངས་ཤིག་བཞེངས་ཤིག་མ་གཅིག་དཔལ་ལྷ་མོ༔ བདག་གིས་མཆོད་ཅིང་བསྟོད་པའི་གནས་འདི་རུ༔ མ་ལུས་འཁོར་བཅས་མདུན་གྱི་མཁའ་ལ་སྤྱོན༔ འབྲུ་སྣ་རྣམས་མཆོད་ཅིང་༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཆོས་སྐུའི་ལྷ་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ ཐུགས་ནི་མ་བཅོས་དྲི་མེད་ཆོས་ཀྱི་སྐུ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ལོངས་སྐུའི་ལྷ་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ ཚངས་པའིི་གསུང་དབྱངས་དྲག་སྔགས་སྒྲ་སྒྲོགས་མ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ སྤྲུལ་སྐུའི་སངས་རྒྱས་རྣམས་ཀྱིས་མངའ་གསོལ་བ༔ རྔམ་བརྗིད་སྟོབས་ལྡན་གཟི་བརྗིད་ཕྱོགས་བཅུར་འཕྲོ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ དུས་གསུམ་བདེ་བཤེགས་རྣམས་ཀྱིས་མངའ་གསོལ་བ༔ མི་བསྐྱོད་རྡོ་རྗེས་གཙུག་གི་ནོར་བུར་བརྒྱན༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་མངའ་གསོལ་བ༔ ཡེ་ཤེས་སྤྱན་གྱིས་དུས་གསུམ་གསལ་ལེར་གཟིགས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ དཔལ་ཆེན་ཧེ་རུ་ཀཿཡིས་མངའ་གསོལ་བ༔ ཐོད་སྐམ་འབར་བའི་པྲོག་ཞུས་དབུ་ལ་བརྒྱན༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ འཁོར་འདས་གཉིས་ཀྱི་ཁམས་ཀྱིས་མངའ་གསོལ་བ༔ ཐབས་དང་ཤེས་རབ་སྤྱན་གྱིས་ལེགས་ཉེས་གཟིགས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཁྲག་འཐུང་ལྷ་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ ཐོད་པའི་ཕྲེང་བ་སྐུ་ཡི་རྒྱན་དུ་སྤྲས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ལྷ་ཆེན་དྲག་པོ་རྣམས་ཀྱིས་མངའ་གསོལ་བ༔ ཐལ་ཆེན་ཁྲག་ཐིག་ཞག་གི་སོར་རིས་ཅན༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཆོས་སྐུའི་མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་བ༔ ཆོས་ཉིད་འགྱུར་མེད་སྐུ་མདོག་མཐིང་འོད་འབར༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ལོངས་སྐུའི་མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་བ༔ མཐིང་ནག་དར་གྱི་ཅོད་པན་པུ་རུ་རུ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ སྤྲུལ་སྐུའི་མཁའ་འགྲོ་རྣམས་ཀྱིས་མངའ་གསོལ་བ༔ ཟངས་གྲི་ཟངས་ཡག་འབར་བའི་ཕྱག་རྒྱ་ཅན༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཕོ་རྒྱུད་མགོན་པོའི་ཚོགས་ཀྱིས་མངའ་གསོལ་བ༔ གནམ་ལྕགས་རལ་གྲི་འབར་བས་དགྲ་སྲོག་གཅོད༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ མོ་རྒྱུད་མ་མོའི་ཚོགས་ཀྱིས་མངའ་གསོལ་བ༔ ཐོད་ཁྲག་སྐོམ་དུ་འཐུང་བའི་དཔལ་འབར་མ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཆེ་བཙན་དྲག་ཤུལ་ཅན་གྱིས་མངའ་གསོལ་བ༔ རྩེ་གསུམ་འབར་བའི་གཡབ་མོས་སྲིད་གསུམ་གཡོ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ སྟེང་གི་ལྷ་ཁམས་རྣམས་ཀྱིས་མངའ་གསོལ་བ༔ ཕྱག་ཞབས་མགུལ་ཆུན་གདུ་བུ་སྙན་རྒྱན་འཁྲོལ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ འོག་གི་ཀླུ་ཁམས་རྣམས་ཀྱིས་མངའ་གསོལ་བ༔ སྦྲུལ་རིགས་རྣམ་ལྔ་སྐུ་ཡི་རྒྱན་དུ་སྤྲས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ བར་གྱི་གཉན་ཁམས་རྣམས་ཀྱིས་མངའ་གསོལ་བ༔ རེ་ལྡེ་མི་རྩིབ་མཛེས་པའི་རྒྱན་ལྡན་མ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ རྒྱལ་པོ་ཆེན་པོ་སྡེ་བཞིས་མངའ་གསོལ་བ༔ མདུང་དར་དམར་ནག་ཕྱག་རྒྱའི་འཁོར་ལོ་ཅན༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཟ་བྱེད་ཕོ་ཉའི་ཚོགས་ཀྱིས་མངའ་གསོལ་བ༔ བམ་ཆེན་ཞལ་དུ་སྒྲིལ་ཞིང་བཞད་མདངས་འབར༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ གསོད་བྱེད་ཕོ་ཉའི་ཚོགས་ཀྱིས་མངའ་གསོལ་བ༔ ཞལ་གྱི་མཆེ་བ་རྣམ་བཞི་གངས་ལྟར་གཙིགས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ འགུགས་བྱེད་ཕོ་ཉའི་ཚོགས་ཀྱི་མངའ་གསོལ་བ༔ ཁྲག་གི་ཞགས་པ་དམར་པོ་ཡ་ལ་ལ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ནད་གཏོང་མ་མོའི་ཚོགས་ཀྱིས་མངའ་གསོལ་བ༔ ནད་ཀྱི་རྐྱལ་པ་མང་པོ་ཕྱུ་རུ་རུ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ མིང་པོ་ལས་ཀྱི་གཤིན་རྗེས་མངའ་གསོལ་བ༔ སྙིང་རྗེ་བྲལ་བའི་ཞེ་སྡང་མེ་ལྟར་འབར༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ དྲེགས་ཆེན་བདུད་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ སྲིད་གསུམ་ཟིལ་གནོན་ང་རྒྱལ་རི་ལྟར་ཉིལ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ རྒྱལ་པོ་འབུམ་སྡེའི་ཚོགས་ཀྱིས་མངའ་གསོལ་བ༔ ཁམས་གསུམ་དབང་སྡུད་ཕྲག་དོག་རླུང་ལྟར་འཚུབ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ སྨན་མོ་བསྟན་མ་རྣམས་ཀྱིས་མངའ་གསོལ་བ༔ འདོད་ཆགས་འབར་བའི་ཁྲག་མཚོ་ཕྱུར་རུ་རུ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ རིགས་དྲུག་སེམས་ཅན་རྣམས་ཀྱིས་མངའ་གསོལ་བ༔ དུག་ལྔའི་རྒྱ་མཚོ་གཏི་མུག་མུན་ལྟར་གཏིབ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཡམ་ཤུད་བཙན་ཁམས་རྣམས་ཀྱིས་མངའ་གསོལ་བ༔ སྨ་ར་ཁ་སྤུ་མེ་ལྟར་ཡ་ལ་ལ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཁྲག་འཐུང་མཁའ་འགྲོའི་ཚོགས་ཀྱིས་མངའ་གསོལ་བ༔ ཁྲག་ལྕེ་དམར་པོ་གློག་ལྟར་ཁྱུགས་སེ་ཁྱུག༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ རཀྴ་སྲིན་པོ་རྣམས་ཀྱིས་མངའ་གསོལ་བ༔ མི་ལྤགས་གཡང་གཞི་ཁྲག་ཏུ་ཙ་ར་ར༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ དམ་ཅན་ཐེའུ་རང་རྣམས་ཀྱིས་མངའ་གསོལ་བ༔ ཤོ་ཡི་རྡེའུ་སྐྱེ་འགྲོའི་ཚེ་ལ་འདེབས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཕྲ་མེན་བདུད་མོ་རྣམས་ཀྱིས་མངའ་གསོལ་བ༔ མཚོན་གྱི་དྲུ་གུ་ཆར་ལྟར་སི་ལི་ལི༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཆོས་ཀྱི་རྒྱལ་པོ་འཁོར་བཅས་མངའ་གསོལ་བ༔ ཁྲམ་ཤིང་དམར་པོས་སྲིད་གསུམ་ཁྲམ་ལ་འདེབས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ བྱང་ཕྱོགས་གནོད་སྦྱིན་རྣམས་ཀྱིས་མངའ་གསོལ་བ༔ རིན་ཆེན་སྣ་ཚོགས་སྐུ་ཡི་རྒྱན་དུ་སྤྲས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ འགོང་པོའི་སྡེ་ཚོགས་རྣམས་ཀྱིས་མངའ་གསོལ་བ༔ རྒྱ་བོང་དམར་གའི་ཆིབས་ལ་ཕྱེད་སྐྱིལ་ཅན༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ གཟའ་དང་རྒྱུ་སྐར་རྣམས་ཀྱིས་མངའ་གསོལ་བ༔ ལྕགས་ཀྱི་སེར་འབེབས་ཐོག་གི་བུ་ཡུག་འཚུབ༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཕྱོགས་སྐྱོང་དྲག་པོ་རྣམས་ཀྱིས་མངའ་གསོལ་བ༔ སྲིད་པའི་རླུང་འཚུབ་བསྐལ་པའི་མེ་ཆེན་མཆེད༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ སྡེར་ཆགས་གཅན་གཟན་རྣམས་ཀྱིས་མངའ་གསོལ་བ༔ དཔའ་བོ་སྟག་གི་ཤམ་ཐབས་འབར་བས་དཀྲིས༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ མཆེ་ཅན་གཅན་གཟན་རྣམས་ཀྱིས་མངའ་གསོལ་བ༔ དུང་གི་སེང་གེ་འབུམ་འབུམ་སྤྲུལ་པར་འགྱེད༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ ཁམས་གསུམ་སྐྱེ་འགྲོ་རྣམས་ཀྱིས་མངའ་གསོལ་བ༔ ཉི་ཟླ་འབར་བའི་ཅོད་པན་སྐུ་ལ་བརྒྱན༔ དེ་བཞིན་རྣལ་འབྱོར་བདག་གིས་མངའ་གསོལ་ལོ༔ ཧཱུྃ་བྷྱོ༔ དཔལ་ལྡན་སྔགས་ཀྱི་སྲུང་མ་ཆེན་མོ་ལ༔ དམ་ལྡན་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒྲུབ་པའི་དམ་རྫས་བཤམས་ཏེ་མངའ་གསོལ་ལོ༔ འབོད་པའི་རོལ་མོའི་ཚོགས་ཀྱིས་མངའ་གསོལ་ལོ༔ བརྟེན་པའི་བླ་རྡོ་བཅང་སྟེ་མངའ་གསོལ་ལོ༔ མཆོད་པའི་ཡོ་བྱེད་བཤམས་ཏེ་མངའ་གསོལ་ལོ༔ བསྐང་བའི་ཀ་ཆ་དཀོར་ཆས་མངའ་གསོལ་ལོ༔ གདུང་བའི་ཡིད་ཀྱིས་འདུད་དེ་མངའ་གསོལ་ལོ༔ སྙན་པའི་ཚིག་གིས་བསྟོད་དེ་མངའ་གསོལ་ལོ༔ གུས་པའི་ལུས་ཀྱིས་ཐལ་སྦྱར་མངའ་གསོལ་ལོ༔ མངའ་གསོལ་བཞེས་ལ་ལྷ་མོ་གཟི་མདངས་བསྐྱེད༔ མངའ་གསོལ་བཞེས་ལ་ལྷ་མོ་སྟོབས་རྩལ་བསྐྱེད༔ མངའ་གསོལ་བཞེས་ལ་ལྷ་མོས་ཐ་ཚིག་དགོངས༔ མངའ་གསོལ་བཞེས་ལ་ལྷ་མོས་འཕྲིན་ལས་སྒྲུབས༔ མ་གཅིག་ཁྱོད་དང་གཡར་དམ་གཅིག་བསྲེས་ཀྱང་༔ རྩོད་ལྡན་དུས་ཀྱི་བསྐལ་པ་ངན་པ་འདིར༔ བདག་ཅག་སྒོ་གསུམ་དུག་གསུམ་དབང་གྱུར་ཏེ༔ བཀའ་དང་དམ་ལས་འགལ་བ་ཅི་མཆིས་པ༔ ཡེ་ཤེས་ལྷ་མོ་ཁྱེད་ཀྱིས་བརྩེར་དགོངས་ལ༔ རྟོག་མེད་ཆོས་ཀྱི་དབྱིངས་སུ་བཟོད་པར་བཞེས༔ བཀའ་འཁོར་སྲུང་མའི་བཀའ་ཆད་དབྱིངས་ནས་སོལ༔ མི་མཐུན་བགེགས་ཀྱི་བར་ཆད་མ་ལུས་ཟློག༔ རེ་བའི་ལྷ་ཁྱོད་བདག་གིས་སྐྱབས་བྱས་པས༔ ཉིན་མཚན་དུས་དྲུག་ཀུན་ཏུ་བདག་ཅག་སྲུངས༔ གཞི་བྱེས་ཀུན་ཏུ་ཁྱོད་ཀྱིས་སྟོངས་གྲོགས་མཛོད༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱེས་བུ་དང་༔ ཁྱད་པར་དཔལ་ལྡན་བླ་མའི་སྐུ་ཚེ་བསྲིངས༔ བཤད་སྒྲུབ་ཆོས་ཀྱི་སྡེ་སྐྱོངས་དར་རྒྱས་མཛོད༔ བསྟན་པའི་རྩ་ལག་ཆོས་ཀྱི་སྦྱིན་བདག་སྲུངས༔ འཇིག་རྟེན་རྒྱལ་ཁམས་ཀུན་ཏུ་བདེ་སྐྱིད་སྤེལ༔ ནད་མཚོན་མུ་གེ་མཐའ་དམག་ཞི་བར་མཛོད༔ རྣལ་འབྱོར་བསམ་པ་ཡིད་བཞིན་བསྒྲུབ་ཏུ་གསོལ༔ ཅེས་བརྗོད་གཏོར་མ་མཆོད་ཅིང་མངའ་གསོལ་ལོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་གནས་མཆོག་ཆེན་པོ་ཧ་ཙོ་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ།། །།