འཕེན་པ་ཟོར་གྱི་ལས་མཐའ།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ འཕེན་པ་ཟོར་གྱི་ལས་མཐའ་བཞུགས་སོ༔ སྔགས་བདག་མཁའ་འགྲོའི་ཚོགས་ལ་འདུད༔ ཁྲག་ཟོར་དམར་པོ་འཕེན་པའི་ཚེ༔ སྔགས་པ་བདུད་ཀྱི་ཆས་ཀྱིས་བརྒྱན༔ བསྐྱེད་རིམ་གསལ་གདབ་ཟོར་རྣམས་ཐོགས༔ བུད་མེད་ནག་མོ་བདུད་མོ་བཞི༔ བནྡྷེ་བཀའ་ལོག་ཤན་པ་གྲི་བོ་གསུམ༔ གཡས་ནས་འཕུང་རེའི་གཡབ་མོ་ཐོགས༔ གཡོན་ན་རྫས་ངན་ཐུན་སྣ་ཐོགས༔ དགྲ་གདོན་གང་ལ་དམིགས་པའི་ཕྱོགས༔ ཁྲག་ཟོར་དམར་པོ་འཕེན་པར་བྱ༔ མ་མོ་མཁའ་འགྲོ་འཁོར་བཅས་ཀྱིས༔ ནད་མཚོན་དུག་གསུམ་ཆར་ཕབ་པས༔ དགྲ་གདོན་ཐམས་ཅད་བཟློག་གམ་བརླགས༔ ཐལ་བ་རླུང་ལ་བཤོར་ལྟར་བསྒོམ༔ བརྔམ་པའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ་བྷྱོ༔ ང་ནི་ཁྲག་འཐུང་ཡང་དག་ཧེ་རུ་ཀ༔ ང་ནི་སྔགས་སྲུང་ལྷ་མོ་རེ་མ་ཏཱི༔ འཁོར་འདས་ཐམས་ཅད་ང་ཡི་བཀའ་ལ་ཉོན༔ བཞེངས་ཤིག་བཞེངས་ཤིག་རབ་འཇིགས་གནས་ནས་བཞེངས༔ བསྐུལ་ལོ་བསྐུལ་ལོ་འགྲོ་བའི་དོན་དུ་བསྐུལ༔ སྲིད་གསུམ་བདག་མོ་བདུད་དང་གཤིན་རྗེའི་ལྕམ༔ བདུད་མོ་འབུམ་གྱི་ཚོགས་ནི་འཁོར་དུ་བསྐོར༔ ཟོར་གྱི་བདག་མོ་བྱེ་བ་ས་ཡ་འགྱེད༔ ཟོར་བདག་ཆེན་མོ་དབྱིངས་ནས་ད་སྐྱོད་ཅིག༔ སེར་ནག་འཁྲུག་པའི་ད་ལ་ཆེན་པོ་ནས༔ སྲིད་གསུམ་ཟོར་ལ་དབང་བའི་མཐུ་མོ་ཆེ༔ ཕྱག་ན་མི་ལྤགས་གཡབ་མོ་ལིངས་སེ་ལིང་༔ སྐུ་གསུང་ཐུགས་སྤྲུལ་མཚོན་ཟོར་འབུམ་འབུམ་འཕྲོ༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ མཐིང་ནག་བརྔམ་པའི་ད་ལ་ཆེན་པོ་ནས༔ སྲིད་གསུམ་ཟོར་ལ་དབང་བའི་མཐུ་མོ་ཆེ༔ ཕྱག་ན་མི་རྐང་གླིང་བུ་ཙེ་རེ་རེ༔ རཀྴ་སྲིན་འདུལ་ནག་མོ་འབུམ་འབུམ་འགྱེད༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ དམར་ནག་འབར་བའི་ད་ལ་ཆེན་པོ་ནས༔ སྲིད་གསུམ་ཟོར་ལ་དབང་བའི་མཐུ་མོ་ཆེ༔ གཡས་ན་ཁྲག་ཟོར་དམར་པོ་ཤ་ར་ར༔ གཡོན་པ་མི་རྐང་གླིང་བུ་ཙེ་རེ་རེ༔ ཁྲག་ཟོར་ནད་གཏོང་དམར་མོ་འབུམ་འབུམ་འཕྲོ༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ ལྗང་ནག་འཚུབ་པའི་ད་ལ་ཆེན་པོ་ནས༔ སྲིད་གསུམ་ཟོར་ལ་དབང་བའི་མཐུ་མོ་ཆེ༔ གཡས་ན་མི་མགོའི་ཁྲག་ཟོར་ཡ་ལ་ལ༔ གཡོན་ན་ཁྲག་གི་ཞགས་པ་ཀྱི་ལི་ལི༔ ཁྲག་གི་རལ་བས་ཁྲག་གི་ཆར་པ་འབེབས༔ ནད་རིགས་བཞི་བརྒྱ་རྩ་བཞི་སྐུ་ལས་འཕྲོ༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེ་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ ཧཱུྃ་བྷྱོ༔ ཤར་ཕྱོགས་ནམ་མཁའ་ཡངས་པའི་ད་ལ་ནས༔ སྲིད་གསུམ་ཟོར་ལ་དབང་བའི་མ་ཆེན་མོ༔ དཀར་མོ་སྒེག་མོ་སྲོག་བདག་འབུམ་འབུམ་འགྱེད༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ ལྷོ་ཕྱོགས་ནམ་མཁའ་ཡངས་པའི་ད་ལ་ནས༔ སྲིད་གསུམ་ཟོར་ལ་དབང་བའི་མཐུ་མོ་ཆེ༔ སྔོན་མོ་སྒེག་མོ་ཆུ་སྲིན་འབུམ་འབུམ་འཕྲོ༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ ནུབ་ཕྱོགས་ནམ་མཁའ་ཡངས་པའི་ད་ལ་ནས༔ རཀྟ་ཁྲག་ལ་དབང་བའི་མ་ཆེན་མོ༔ དམར་མོ་སྒེག་མོ་ཁྲག་ནད་བུ་ཡུག་འཐིབ༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ བྱང་ཕྱོགས་ནམ་མཁའ་ཡངས་པའི་ད་ལ་ནས༔ སྲིད་གསུམ་ཟོར་ལ་དབང་བའི་མ་ཆེན་མོ༔ ཧ་ནུ་རཀྴ་སྲོག་གཅོད་འབུམ་འབུམ་འཕྲོ༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་ད་ལ་ནས༔ ཁམས་གསུམ་ཟོར་ལ་དབང་བའི་མ་ཆེན་མོ༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཚོགས་ཉི་ལི་ལི༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ འོག་ཕྱོགས་ནམ་མཁའ་ཡངས་པའི་ད་ལ་ནས༔ སྟོང་གསུམ་ཟོར་ལ་དབང་བའི་མ་ཆེན་མོ༔ ཁྲག་འཐུང་ཆེན་མོ་ཀླུ་གདོན་འབུམ་འབུམ་འཕྲོ༔ དམ་ཉམས་དགྲ་བོ་ཐམས་ཅད་མཱ་ར་ཡ༔ གནོད་བྱེད་གདོན་བགེགས་ཐམས་ཅད་ཧུར་ཐུམས་རྦད༔ ཧཱུྃ་བྷྱོ༔ ཐོད་ཆེན་འབར་བའི་གཞལ་ཡས་ཆེན་པོ་ནས༔ ལྷ་མོ་ཟོར་གྱི་བདག་མོ་ད་གཤེགས་ཤིག༔ མ་ལུས་འཁོར་དང་བཅས་པ་དྲག་ཏུ་སྐྱོད༔ ཀུན་ཀྱང་ཕྱག་ན་ཐོད་གཞུ་ནག་པོ་འགེངས༔ ཐོད་གཞུ་ནག་པོ་འོད་དུ་ཀྱི་ལི་ལི༔ ཐོད་ཁྲག་དམར་པོའི་མདའ་ནི་ཟངས་སེ་ཟང་༔ ཐུན་སྣ་མང་པོའི་མདེའུ་ཐུང་ཤ་ར་ར༔ ད་ནི་ཟོར་འཕེན་དམ་ཉམས་དགྲ་ལ་འཕེན༔ ད་ནི་ཟོར་འཕེན་གནོད་བྱེད་བགེགས་ལ་འཕེན༔ དགྲ་བགེགས་སྙིང་གི་དཀྱིལ་དུ་ཁྲག་ཟོར་ཡཱ༔ སྲོག་རྩ་ཆོད་ལ་སྙིང་ཁྲག་ཐང་ལ་ཕོས༔ དགྲ་བགེགས་ཀླད་པའི་དཀྱིལ་དུ་ཁྲག་ཟོར་ཡཱ༔ ཀླད་ཁྲག་དམར་པོ་ཞོ་ལྟར་ད་དཀྲུགས་ཤིག༔ དགྲ་བགེགས་ལྟ་བའི་མིག་ལ་ཁྲག་ཟོར་ཡ༔ མིག་འབྲས་ཁྲག་ཏུ་བསྐྱུར་ལ་ཐང་ལ་ཕྱུངས༔ དགྲ་བགེགས་ཉན་པའི་རྣ་བར་ཁྲག་ཟོར་ཡ༔ རྣ་བའི་དབང་པོ་ཁྲག་ཏུ་ད་གཡོས་ཤིག༔ དགྲ་བགེགས་སྣོམས་པའི་སྣ་ལ་ཁྲག་ཟོར་ཡ༔ སྣ་ཡི་དབང་པོ་ཁྲག་ཏུ་ད་གཡོས་ཤིག༔ དགྲ་བགེགས་སྨྲ་བྱེད་ལྕེ་ལ་ཁྲག་ཟོར་ཡ༔ ལྕེ་ཡི་དབང་པོ་ཁྲག་ཏུ་ད་གཡོས་ཤིག༔ དགྲ་བགེགས་མགྲིན་པའི་དཀྱིལ་དུ་ཁྲག་ཟོར་ཡ༔ ཁྱབ་བྱེད་ངག་གི་འཁོར་ལོ་ཁྲག་ཏུ་གཡོས༔ དགྲ་བགེགས་རྒྱུ་ལོང་དཀྱིལ་དུ་ཁྲག་ཟོར་ཡ༔ དོན་སྙིང་ནང་རོལ་ཁྲག་ཏུ་ཟགས་སུ་ཆུག༔ དགྲ་བགེགས་ལྟེ་བའི་དཀྱིལ་དུ་ཁྲག་ཟོར་ཡ༔ སྲིད་པའི་རྩ་འཁོར་ཁྲག་ཏུ་གཡོས་ལ་ཆོད༔ དགྲ་བགེགས་གསང་བའི་གནས་ལ་ཁྲག་ཟོར་ཡ༔ སྐྱེ་རྒྱུན་རིགས་བརྒྱུད་རྩད་ནས་ད་ཆོད་ཤིག༔ དགྲ་བགེགས་ཡན་ལག་བཞི་ལ་ཁྲག་ཟོར་ཡ༔ ཡན་ལག་རྩ་འཁོར་ཁྲག་ཏུ་གཡོས་ལ་གཏུབས༔ དགྲ་བགེགས་སྐྱོབས་པའི་ལྷ་ལ་ཁྲག་ཟོར་ཡཱ༔ ཁྲག་ཟོར་དམར་པོས་ལྷ་དང་སོར་སོར་ཕྱེ༔ གཅེས་པ་མཆན་གྱི་བུ་ལ་ཁྲག་ཟོར་ཡ༔ བརྩེ་བ་འོག་གི་ཆུང་མར་ཁྲག་ཟོར་ཡ༔ ཉེ་བ་ཕ་ཚན་སྡེ་ལ་ཁྲག་ཟོར་ཡ༔ འདུས་པ་བྱམས་པའི་གཉན་ལ་ཁྲག་ཟོར་ཡ༔ ཡུལ་གཞིས་ཁང་ཁྱིམ་ནོར་ལ་ཁྲག་ཟོར་ཡ༔ ཁྲག་ཟོར་བརྒྱབས་པས་དམུགས་བརྗེད་འཐིབ་གསུམ་ཐོང་༔ ཁྲག་ཟོར་བརྒྱབ་པས་བརྒྱལ་ནད་སྨྱོ་འབོག་ཐོང་༔ ཁྲག་ཟོར་བརྒྱབས་པས་ཐལ་བའི་རྡུལ་དུ་རློགས༔ ཁྲག་ཟོར་བརྒྱབ་པས་མི་མཁར་རྩད་ནས་ཆོད༔ ཁྲག་ཟོར་བརྒྱབ་པས་ས་མཁར་རྨང་ནས་སྒྱེལ༔ ཁྲག་ཟོར་བརྒྱབ་པས་ནོར་ཕྱུག་ཕྱགས་མས་དེད༔ ཁྲག་གི་ཟོར་མདའ་དམར་པོ་འདི་འཕངས་པས༔ དགྲ་བགེགས་ཐམས་ཅད་ཐལ་བའི་རྡུལ་དུ་རློགས༔ ཞེས་བརྗོད་གཡབ་མོ་དྲག་སྔགས་བཞེས་གདབ་བོ༔ མ་འོངས་དུས་ཀྱི་བསྐལ་པའི་འོག་རོལ་དུ༔ སེམས་ཅན་མི་དགེའི་ལས་ལ་སྤྱོད་སྟབས་ཀྱིས༔ ནད་རིམས་བར་ཆད་རླུང་ལྟར་འཚུབས་པའི་ཚེ༔ ཆོས་ལྡན་བྱང་སེམས་རྣམས་ཀྱི་རྐྱེན་སེལ་ཤོག༔ ཤིན་ཏུ་གཉན་པས་གབ་ཏུ་སྦ་བར་བྱ༔ འཆལ་ན་རང་ལ་གནོད་པས་ཐབས་མཁས་སྤྱོད༔ ལས་འཕྲོ་ཅན་གྱི་བུ་དང་འཕྲད་པར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ དམ་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཆེན་པོ་ཉི་མ་གྲགས་པས་ཧ་ཙོ་ནས་གདན་དྲངས་ཤིང་ཤོག་སེར་ལས་བསྒྱུར་བའོ། །མངྒ་ལཾ།། །།