བཀའ་ཡི་སྲུང་མ་མཆོད་ཐབས།

སྔགས་བདག་འབར་མའི་ཐུགས་ཐིག་ལས༔ བཀའ་ཡི་སྲུང་མ་མཆོད་ཐབས་བཞུགས༔ རྦོད་གཏོང་མ་མོའི་ཚོགས་ལ་འདུད༔ དམར་གྱི་གཏོར་མར་ཤ་ཁྲག་བརྒྱན༔ རང་ཉིད་ལྷར་གསལ་འདི་སྐད་དོ༔ ཧཱུྃ་བྷྱོ༔ མ་མོ་ཆེན་མོ་སྔགས་ཀྱི་སྲུང་མ་ནི༔ ནམ་མཁའ་ཡངས་པའི་ཁམས་ལ་དབང་བསྒྱུར་ཞིང་༔ སྲིད་པ་གསུམ་གྱི་སྲོག་གི་བདག་མོ་བྱེད༔ ཟས་སུ་ཤ་ཟ་སྐོམ་དུ་ཁྲག་ལ་འཐུང་༔ ལས་སུ་གསོད་དང་གཅོད་པའི་འཕྲིན་ལས་བསྒྱུར༔ ཁྲག་འཐུང་ལས་ཀྱི་མ་མོ་མཐུ་མོ་ཆེ༔ གཡར་དམ་དགོངས་ལ་བོད་པའི་གནས་འདིར་བྱོན༔ ཞིང་བཅུ་ཚང་བའི་ཤ་ཁྲག་བྷ་ལིངྟ༔ མཆོད་པར་འབུལ་ལོ་དགྱེས་པར་འདི་བཞེས་ལ༔ སྔོན་ཚེ་རྒྱལ་བ་རྣམས་ཀྱི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་བཞིན་དུ་འཕྲིན་ལས་མཛོད༔ འཛམ་གླིང་རྒྱལ་ཁམས་འགྲོ་ལ་བདེ་སྐྱིད་སྤེལ༔ བཤད་སྒྲུབ་སྡེ་སྐྱོངས་ཐོས་བསམ་ཉམས་རྟོགས་བསྐྱེད༔ ལྷ་མོ་དམར་མོས་སྣ་ཚོགས་སྤྲུལ་པ་འགྱེད༔ གཡས་པས་ཙིཏྟ་གཡོན་པས་བམ་རོ་འདྲད༔ འཇིགས་གཟུགས་ལྡན་པའི་མ་ཁྱོད་དགྲ་བོ་སྒྲོལ༔ སྒྲུབ་ལ་རྟགས་མེད་ལས་ལ་མཐུ་མེད་ན༔ སྲུང་མ་ཁྱོད་ཀྱང་དམ་ལ་མི་འགལ་ལམ༔ སྐུ་ཡི་ཤུགས་ཕྱུངས་ནུས་པའི་རྩལ་བསྐྱེད་ལ༔ མཐུ་སྟོབས་དྲག་པོས་དམ་ཉམས་དགྲ་བགེགས་སྒྲོལ༔ རྣལ་འབྱོར་བཅོལ་བའི་འཕྲིན་ལས་གྲུབ་པར་མཛོད༔ ཅེས་བརྗོད་གཏོར་མ་འབུལ་ཞིང་བསྲུང་མ་མཆོད༔ བཅོལ་བའི་ལས་བྱེད་འཁོར་དང་བསྟན་པ་སྐྱོང་༔ དེ་ཡི་ཕྱིར་ན་གཅེས་པར་སྙིང་ལ་ཆོངས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ རིག་འཛིན་ཉི་མ་གྲགས་པས་སྤྱན་དྲངས་པའོ།། །།མངྒ་ལཾ།། །།