Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།


   
   
   
   
རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོ་ཟབ་དོན་འདུས་པ།
   
   
   
   
   
   
   
   
   
   


 
previousརྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོ་ཟབ་དོན་འདུས་པ།next

རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོ་ཟབ་དོན་འདུས་པ།

རྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོ་ཟབ་དོན་འདུས་པ་བཞུགས། ཨཱོཾ་ན་མོ་ཧཱུྃ། དག་པའི་མཁའ་དབྱིངས་ཁྱབ་པར་བཞུགས་པ་ཡི། །དཀོན་མཆོག་རྩ་བ་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་བྱང་ཆུབ་ལ་འགོད་སེམས་བསྐྱེད་དོ། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔ་རུ། །ཕྱག་འཚལ་མཆོད་པ་འབུལ་ཞིང་སྡིག་པ་བཤགས། །དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ། །བསྐལ་བརྒྱར་བཞུགས་གསོལ་དགེ་ཚོགས་འགྲོ་ལ་བསྔོ། །སྤྱི་གཙུག་རྡོ་རྗེ་སེམས་གསལ་ལྷ་སྔགས་ལས། །བདུད་རྩིའི་རྒྱུན་བབས་སྡིག་སྒྲིབ་ཀུན་སྦྱང་གྱུར། །ཨཱོཾ་བཛྲ་སཏྭ་ཧཱུྃ། ཕྱི་ནང་གསང་བའི་མཎྜལ་མཆོད་སྤྲིན་གྱིས། །རྩ་གསུམ་དཀོན་མཆོག་རྒྱལ་བ་རྒྱ་མཚོ་མཆོད། །རང་ལུས་ཡི་དམ་སྤྱི་བོར་བླ་མ་བཞུགས། ན་མོ་ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སེང་། །པད་འབྱུང་མཚོ་རྒྱལ་ཀླུ་དབང་ཉི་མ་གྲགས། །ཨོ་རྒྱན་བསྟན་འཛིན་དབང་རྒྱལ་རྒྱ་མཚོའི་སྡེ། །རིགས་ཀུན་ཁྱབ་བདག་བསྟན་པའི་རྒྱལ་མཚན་ཞབས། །ཐུགས་སྲས་རྒྱལ་ཚབ་ཆོས་དབྱིངས་དྲི་མེད་རྩལ། །སྨིན་གྲོལ་བརྒྱུད་འཛིན་རྩ་བརྒྱུད་བླ་མ་དང་། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོངས་ལ། །བཅོས་མིན་དད་པས་སྙིང་ནས་གསོལ་བ་འདེབས། །ཆོས་ཉིད་མངོན་སུམ་རྟོགས་པར་བྱིན་གྱིས་རློབས། ༈འཁོར་རྣམས་བླ་མ་ལ་ཐིམ་བླ་མ་ཡང་། །འོད་ཞུ་བདག་དང་དབྱེར་མེད་སྤྲོས་བྲལ་ངང་། །དགེ་བ་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ། །ཅེས་པའི་སྔོན་འགྲོ་བསྡུས་པ་འདི་ཡང་བླ་མ་ནམ་མཁའི་གསུང་གིས་བསྐུལ་ངོར་ལས་རབ་རྩལ་གྱིས་རྒྱ་རོང་དབེན་གནས་སུ་སྦྱར་བ་དགེ་བར་གྱུར་ཅིག །དངོས་གཞིའི་སྐབས། ཀུན་བཟང་བཀའ་བརྒྱུད་ཀྱི་ངོ་བོ། །ཡོངས་འདུས་ཡིད་བཞིན་གྱི་ནོར་བུ། །རྩ་བའི་བླ་མ་དེ་མཁྱེན་ནོ། །མཆོག་ཐུན་དངོས་གྲུབ་ཀུན་སྩོལ་ཞིག །༈སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཅན་མཚོ་སྐྱེས་རྡོ་རྗེར། །སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་དབྱེར་མེད་ཐུགས་རྗེས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །རྫོགས་སྤྲུལ་གསུམ་པས་སོ། །དགེའོ། དགེའོ། དགེའོ།། །།


previousརྩ་གསུམ་གསང་བ་སྙིང་ཐིགས་ཀྱི་སྔོན་འགྲོ་ཟབ་དོན་འདུས་པ།next