Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
   
   
གཏེར་ཆེན་ཉི་མ་གྲགས་པའི་གཏེར་ཆོས་སྐོར་གྱི་བསྙེན་ཡིག་གཅིག་ཤེས་ཀུན་གསལ།
   
   
   
   
   


 
previousགཏེར་ཆེན་ཉི་མ་གྲགས་པའི་གཏེར་ཆོས་སྐོར་གྱི་བསྙེན་ཡིག་གཅིག་ཤེས་ཀུན་གསལ།next

གཏེར་ཆེན་ཉི་མ་གྲགས་པའི་གཏེར་ཆོས་སྐོར་གྱི་བསྙེན་ཡིག་གཅིག་ཤེས་ཀུན་གསལ།

གཏེར་ཆེན་ཉི་མ་གྲགས་པའི་གཏེར་ཆོས་སྐོར་གྱི་བསྙེན་ཡིག་གཅིག་ཤེས་ཀུན་གསལ་བཞུགས་སོ། །རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདིར་གཏེར་སྟོན་ཆེན་པོ་ཉི་མ་གྲགས་པའི་གཏེར་ཆོས་སྐོར་གྱི་བསྙེན་བསྒྲུབ་བྱེད་པར་འདོད་པས། ལྷ་གང་ཡིན་གྱི་དབང་ལུང་ཐོབ་ཅིང་། དམ་ཚིག་དང་ལྡན་པས་དགྲ་རྐུན་སོགས་འཚེ་བ་མེད་པའི་གནས་སུ་ལྷ་རང་རང་གི་གཞུང་ནས་བཤད་པ་ལྟར་གྱི་མཆོད་པ་གཏོར་མ་སྒྲུབ་རྫས་སོགས་གཞུང་མཐུན་ལྟར་ཚོགས་པར་བྱེད་ཅིང་། ལྷ་སོ་སོའི་སྒྲུབ་ཐབས་གཏེར་གཞུང་རང་ལ་གསལ་བ་དང་། གཏེར་སྟོན་ཉིད་ཀྱིས་མཛད་པ་ཡང་ཡོད་པ་དེ་བཞིན་ལ་ཁྱད་པར་བསྙེན་བསྒྲུབ་སྤྱི་འགྲོས་ལྟ་བུར་གོ་བདེ་ཁྱད་ཉེ་བར་འཁོ་བ་ལ། དང་པོ་བསྙེན་པ་གང་བྱེད་ཀྱི་གོང་དུ་བྱེད་པའམ་མཚམས་ཐོ་སོགས་བརྩུགས་ནས་བྱེད་པ། །སྟབས་གང་བདེར་ཐུན་མོང་གི་སྔོན་འགྲོ་རྣམས་བྱེད་དགོས་ཤིང་། ལོ་ཟླ་གང་རུང་གི་གཟའ་ཚེས་ལེགས་པར། དགོང་ཐུན་ནས་མགོ་བཙུགས་པའི་གཞུང་གང་ཡིན་གྱི་གཙོ་བོའམ་ལས་ཀྱི་ལྷ་གང་རུང་སྐད་ཅིག་གི། དཀྲོང་བསྐྱེད་ཀྱི་དཀར་གཏོར་གྱི་དཀར་ཕྱོགས་རྣམས་ལ་འཕྲིན་ལས་བཅོལ་བ་དང་། གསང་སྔགས་ཀྱི་བལྟ་སྤྱོད་ལ་མི་དབང་བ་རྣམས་ལ་བགེགས་གཏོར་བྱིན་ནས་བསྐྲད། གུ་གུལ་བདུག་ཡུངས་ཀར་ལ་སོགས་ཐུན་གང་རུང་གིས་བྲབ། རོལ་མོའི་ཚམ་རྔམ་དང་བཅས་པ་བྱེད་ཅིང་། རྒྱལ་ཐོ་འཛུགས་ནའང་འདིར་དགོས་པ་ཡིན་ཞིང་། གཞུང་གང་ཡིན་ལྟར་གྱིས་བསྲུང་འཁོར་རྒྱ་ཆེ་བ་བསྒོམས་ཤིང་། སྲུང་འཁོར་འདི་ཉིད་ད་ལྟ་ནས་བཟུང་མཚམས་གྲོལ་ཉིན་གྱི་ཐུན་ཐ་མ་མ་གཏོགས་མི་བསྡུ་ཞིང་། ཐུན་ཐམས་ཅད་ཀྱི་འགོར་ཡང་གསལ་འདེབས་བྱེད་པ་ནི་བར་ཆད་མི་འཇུག་པའི་དགོས་པ་ཆེན་པོ་ཡོད་ཅིང་། དེ་ནས་གོང་དུ་བསྒྲུབ་པ་འམ་འདིར་བྱེད་ན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ལས་འབྲས་བསླུ་མེད། སྐྱབས་སེམས། རྡོར་སེམས་བསྒོམ་བཟླས། མཎྜལ། དབང་བཞི་ལེན་པ་དང་བཅས་པ་ལ་ཚིག་རྩམ་མ་ཡིན་པར་རྒྱུད་དང་འགྲོ་ངེས་པར་བྱེད། ཕྲེང་བ་བྱིན་རླབས་བྱས་ན་འགྱུར་ཆེ་བ་དེ་བཞིན་ལ། གཞུང་ལས་ཕྲིང་བ་བྱིན་རླབས་དམིགས་གསལ་མི་འདུག་ཅིང་། མདོར་བསྡུས། ཨཱོཾ་རུ་ཙི་རཱ་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊཿཿ ཅེས་མང་ཉུང་རན་པ་དང་། དབྱངས་གསལ་བྱེད་ལན་གསུམ་བརྗོད་ནས་ཕྲེང་བ་ལ་ཕུ་འདེབས། ངག་བྱིན་རླབས་དགོངས་འདུས་ཀྱི་བཟླས་བརྗོད་ནུས་པ་སྟོབ་འབྱིན་སོགས་གསུང་ཀྱང་གྲུབས་དཀའ་བས། བདེ་མཆོག་ལས་གསུང་པ་བཞིན་དཀྱིལ་འཁོར་ཐུན་གྱི་འགོ་འམ། ཡང་ན་ཐུན་འགོ་ཐམས་ཅད་དུ། ཨཱ་ལི་ཀཱ་ལི་ཉེར་གཅིིག་གམ། ཡང་ན་བཅུ་བཞི་བདུན་སོགས། སྐབས་ལྟར་བརྗོད་ཅིང་ཡེ་དྷརྨས༔ ངག་ལ་རབ་གནས་བྱེད་པ་གནད། འདི་མེད་བསྙེན་བསྒྲུབ་བརྩམ་པ་རྣམས་འདབ་གཤོག་མེད་པའི་བྱ་དང་འདྲ། གསུང་པ་བཞིན་ཐོར་ཐུན་གྱི་འགོ་འམ་ཡང་ན་ཐུན་ཐམས་ཅད་ཀྱི་འགོ་ལ་གང་འགྲུབ་རེ་བྱེད་ཅིང་། ཧྲཱིཿཿ སྔོན་གྱི་བསྐལ་པའི་དང་པོ་ནས་བཟུང་། སྔོན་འགྲོ་ནས་རིམ་པར་ལྷ་གང་ཡིན་གྱི་གཞུང་བསྲང་ཞིང་བསྙན་འཚམས་སུ་བསྐྱལ། ཐུན་བསྡུ་ཁར་བསྙེན་འཇུག་ཏུ་དབྱངས་གསལ་ཡིག་བརྒྱ་ལེན་གསུམ་བཟླ་ཞིང་། གཞུང་གང་ཡིན་ལྟར་གྱི་བསྐྱེད་རིམ་བསྡུ་ཆོག་ཡོད་པ་རྣམས་བྱེད་ཅིང་། མེད་པ་རྣམས་ལ་ཡང་བསྐྱེད་རིམ་བསྡུས་ནས་རྫོགས་རིམ་གྱི་ངང་ལ་མཉམ་པར་བཞག །དེ་ནས་ཐུན་མཚམས་ཀྱི་ལྷ་གང་ཡིན་གྱི་བསྐྱེད་རིམ་གྱི་སྐུར་ལྡང་ཞིང་གཞུང་ཚིག་ནས་གསལ་བའི་བསྔོ་བ་སྨོན་ལམ་བཀྲ་ཤིས་དང་བཅས་པ་བརྗོད། གཞུང་ནས་ཚིག་གསལ་མེད་པ་རྣམས་ལ་བསྔོ་བ་སྨོན་ལམ་ཤིས་བརྗོད་གཞན་གྱིས་རྒྱས་འདེབས་བྱེད་ཅིང་། དེ་ནས་སྲོད་ཐུན་ལ་ལས་བྱང་གང་ཡིན་གྱི་འགོ་ནས་གཟུང་བྱིན་འབེབས་སོགས། བསྙེན་འཚམས་སུ་བསྐྱེལ་ཞིང་བསྙེན་པའི་མཇུག་ཏུ་ཆོས་སྐྱོང་རྣམས་ཀྱི་གཏོར་འབུལ་ཚོགས་མཆོད་སོགས་བྱེད་པ་འམ་བསྐྱེད་རིམ་བསྡུ་ནས་སླར་ལྷར་ལྡང་ཞིང་ཆོས་སྐྱོང་གི་གཏོར་མ་འབུལ་ཚོགས་ལྷག་མ་ཆད་ཐོ་བསྟན་སྐྱོང་འོད་གསལ་དུ་འཇུག་པ་བསྔོ་བ་སྨོན་ལམ་ཤིས་བརྗོད་བྱེད་པ་རྣམས་སྟབས་གང་བདེར་བྱེད་ཅིང་། མཚན་མོ་ཉལ་ཚེ་ལྷ་གང་ཡིན་གྱི་ཐུགས་ཀའི་ས་བོན་ལ་དམིགས་རྟེན་བྱེད་ནས་གཞན་དུ་མ་ཡེངས་པར་ཉལ་བ་འམ། ཕྱག་རྒྱ་ཆེན་པོའི་ངང་དུ་མཉམ་པར་ཅི་གནས་སུ་བཞག་ལ་དྲན་དང་ལྡན་པའི་ངང་དུ་ཉོལ། དེ་ནས་ཐོ་རང་གི་ཐུན་ལ་ཆོས་ཉིད་སྟོང་པ་ཉིད་ཀྱི་ངང་ལས་སྐད་གཅིག་གི་ལྷ་གང་ཡིན་གྱི་སྐུར་ལམ་གྱི་ལངས་ནས་ཐུན་མོང་གི་རྒྱུད་སྦྱང་བ་དང་། སྔོན་ནས་རིམ་བཞིན་བསྲུང་འཁོར་གཞུང་གང་ཡིན་ལྟར་གྱི་བསྒོམ་བཟླས་ཐུན་འཚམས་ལ་ཐུག་གི་བར་སྔོན་གྱི་དགོང་ཐུན་བཞིན་བྱེད་ཅིང་། ཐུན་འདིར་ཆུ་གཏོར་ལ་སོགས་དགེ་སྦྱོར་ཆག་མེད་ཀྱི་རིགས་ཡོད་ན་བྱེད་ཅིང་བཟའ་བཏུང་ལ་ལོངས་སྤྱོད་པ་སོགས་བྱེད། སྔ་ཐུན་ནི་ལས་བྱང་གཞུང་གང་ཡིན་ལྟར་གྱི་འགོ་ནས་བཟུང་། བསྙེན་པ་དང་ཤིས་བརྗོད་སོགས་གོང་བཞིན་བྱེད། དགོང་ཐུན་ནི་སྔ་ཐུན་ཇི་ལྟ་བ་བཞིན་བྱེད་དགོས། སྲོད་ཐུན་ནི་གོང་གི་སྲོད་ཐུན་ལྟར་ཆོས་སྐྱོང་སྤྱི་དགོས་རྣམས་ཀྱི་གཏོར་ཚོགས་ཆད་ཐོ་བཟུང་ཤིས་བརྗོད་དང་ཉལ་བའི་རྣལ་འབྱོར་བཅས་གོང་བཞིན་ནོ། ཉིན་གཅིག་གི་ཐུན་བཞིའི་ཁྲིགས་ཆགས་འདི་བཞིན་དུ་རིམ་པར་ཞག་གྲངས་ལ་དཔགས་པ་ལྟར་བྱེད་ཅིང་། དེ་ལྟར་དུ་རྟགས་གྲངས་ལ་སོགས་པ་གཞུང་གང་ཡིན་གྱི་བསྙེན་པ་སོང་ནས་ནང་པར་གྲོལ་རྒྱུའི། དེ་རིང་གི་དགོངས་ཐུན་ནས་བཟུང་། སླར་ཡང་མཆོད་གཏོར་གསར་པ་ལ་སོགས་མང་དུ་བཤམས་པ་དང་། རྙིང་པ་རྣམས་ཀྱང་ཁ་གསོ་བ་སོགས་བྱེད་ཅིང་ཐུན་བཞིའི་བབས་རྣམས་སྤྱིར་སྔར་དང་འདྲ་བ་ལ་ཁྱད་པར་རང་གི་མདུན་གྱི་སྒྲུབ་རྫས་གཏོར་མ་ལ་སོགས་གང་འདྲ་ཞིག་ཡོད་ཀྱང་སྔ་སོར་ནས་ལྷ་བསྒོམ་བཞིན་ཡིན་ནའང་ཡང་གསལ་དུ་གདབས་པ་དང་། ཇི་ལྟར་ཡང་བདག་བསྐྱེད་བསྒོམ་པ་དང་མཉམས་དུ་མདུན་བསྐྱེད་ཀྱང་འཇུག་ས་གཅིག་གི་བསྒྲུབ་ཅིང་དམིགས་རིིམ་གྱི་སྤྲོ་བསྡུ་བཟང་པོ་དང་བཅས་ལྷ་གང་ཡིན་གྱི་བསྙེན་སྔགས་ཀྱི་མཇུག་ཏུ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཕ་ལ་ཧཱུྃ་ཞེས་བཏགས་པ་བཟླ་ཞིང་། གཞུང་ལ་དངོས་གྲུབ་ལེན་ཆོག་གི་ཚིག་ཡོད་ནའང་འདོན་ཞིང་རྫོགས་རིམ་སོགས་སྔར་གྱི་ཐུན་བཞི་ལྟ་བུར་བྱེད་ཅིང་། ༧དེ་ནས་གྲོལ་རྒྱུའི་སྔ་ཐུན་གྱི་སྐབས་མཆོད་གཏོར་གསར་བ་རྒྱ་ཆེ་ཆུང་གང་འབྱོར་བཤམས། ལས་བྱང་ལ་སོགས་རྒྱས་པར་བཏང་། ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་འབུལ་གང་བྱེད་རྣམས་དང་། ཚོགས་མཆོད་དང་བསྐང་བ་ཆད་ཐོ་བསྟན་སྐྱོང་རྣམས་གཞུང་གང་ཡིན་ལྟར་སོང་རྗེས་སྒྲུབ་རྫས་གཏོར་མ་སོགས་གང་ཡོད་ལྷར་གསལ་བ་དང་མཆོད་པ་དང་སྨན་རག་མཆོད་ཅིང་བསྟོད། ༧སླར་ཡང་དངོས་གྲུབ་ལེན་པ་ལ་བར་དུ་གཅོད་ཅིང་བལྟ་བ་དང་ཉན་པ་ལ་མི་དབང་བའི་འབྱུང་པོ་རྣམས་ཚར་གཅོད་པའི་ཕྱིར་ལྷ་གང་ཡིན་གྱི་དྲག་སྔགས་ཀྱིས་བགེགས་བསྐྲད་ཅིང་གཞུང་ལྟར་གྱི་བསྲུང་འཁོར་ཡོད་པ་རྣམས་ལ་སྒོམ་ཞིང་མེད་པ་རྣམས་ལ་འང་དམིགས་པའི་སྤྲོ་བསྡུ་བྱེད། ཡེ་ཤེས་ཀྱི་ལྷ་དང་ཆག་ཉམས་ཀྱི་འཁོན་བཅུགས་སྦྱང་བའི་ཕྱིར་ཡི་གེ་བརྒྱ་པ་དང་བཤགས་པ་ལ་སོགས་བྱེད། འགྲོ་དོན་མཐའ་རུ་འཁྱོལ་བའི་ཕྱིར་གཞུང་ཚིག་ལ་དམ་བཅའ་བརྟན་པོ་བྱེད། རང་ཉིད་རྣམས་གཟི་བྱིན་བསྐྱེད་པའི་ཕྱིར་བྱིན་འབེབ་ཡོད་རིག་ལ་བྱིན་འབེབ་འདོན་མདུན་བསྐྱེད་ཡེ་ཤེས་པ་ངོ་བོར་མདུན་གྱི་ནམ་མཁར་བྱོན་ཞིང་། །བདག་དམ་ཚིག་པའི་རང་བཞིན་དུ་དངོས་གྲུབ་ལེན་པ་སོགས་བྱས་ཏེ་སྒྲུབ་རྫས་ཡེ་ཤེས་ཀྱི་ལྷར་གསལ་བའི། སྤྱི་བོ་མགྲིན་པ་སྙིང་ག་གསུམ་ནས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་རང་གི་སྤྱི་བོར་མགྲིན་པ་སྙིང་ག་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ། གཞུང་སོ་སོར་དངོས་གྲུབ་ལེན་པའི་འདོན་ཆོག་ཡོད་པ་རྣམས་ཀྱང་འདོན་ཞིང་། མཐར་སྒྲུབ་རྫས་རྣམས་ཀྱི་ལྷ་འོད་དུ་ལྟེམ་གྱི་ཞུ་ནས་རང་ལྷར་གསལ་བ་ལ་ཐིམ་པས་དམ་ཚིག་དང་ཡེ་ཤེས་གཉིས་སུ་མེད་པའི་ཆུ་ལ་ཆུ་བཞག་པ་ལྟ་བུའི་མོས་པ་བྱེད་ཅིང་སྒྲུབ་རྫས་རྣམས་གནས་གསུམ་དུ་འཇོག༧། ལྷ་འོད་དུ་ཞུ་རྗེས་སྒྲུབ་རྫས་རྣམས་བདུད་རྩིར་མོས་ནས་ལྕེ་ཐོག་ཏུ་མྱང་སྟེ་མགྲིན་པར་སོང་བས་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་ཆེས་ཆེར་འཕེལ་ཏེ་ལུས་ཀྱི་རྩ་ཁམས་ཐམས་ཅད་ཁྱབ་པས་བདེ་བ་ཆེན་པོའི་ཡེ་ཤེས་རང་རྒྱུད་ལ་འབར་ཞིང་སྐྱེས་པར་བསམ་ལ། དོན་དམ་སྟོང་པ་ཉིད་ཀྱི་ངང་ལ་མཉམ་པར་བཞགས། མཇུག་གི་ཆོ་ག་དང་ཤིས་བརྗོད་ལ་སོགས་པ་ནི་རང་རང་གི་གཞུང་ནས་ཇི་ལྟར་བཤད་པ་བཞིན་བྱ། དེའི་ཉིན་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་། སྤྱི་དང་བྱེ་བྲག་གི་གཏོར་ཚོགས་ལ་སོགས་རྒྱས་པར་བྱ་དགོས་ཞིང་། གང་ལྟར་ཀྱང་རྟེན་རྡུལ་ཚོན་ཡིན་ན། ཡེ་ཤེས་པ་གཤེགས་སུ་གསོལ་བ་འམ་ཡང་ན་བྲིས་སྐུ་ལ་བསྟིམ། རས་བྲིས་ལྟ་བུ་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་བཅས་བསྡུ་བ་དང་། ལྷ་ལངས་ཏེ་ལུས་བསྲུང་བ་སོགས་བྱེད་པ་དང་། བསྙེན་པའི་ཁ་བསྐོང་གི་སྦྱིན་བསྲེགས་བསྙེན་པའི་བཅུ་ཆའི་གྲངས་ལ་སོགས་པ་འདེབས་པར་བྱེད་པ་ནི་ལེགས་པའི་ཡན་ལགས་དམ་པའོ། ༧གཏེར་གསར་གྱི་སྐོར་འདི་ལ་ཚོགས་མཆོད་སོགས་མེད་པའི་རིག་སྨན་བླའི་ཆོས་སྐོར་དང་། རྡོ་རྗེ་སེམས་དཔའ་འཇམ་དབྱངས་ལ་སོགས་པ་ལ་ཡང་སྨད་ལས་ཀྱི་ཚོགས་ཆད་ཐོ་ཙམ་མ་གཏོག་གཞན་མ་རིགས་འགྲེས་སུ་མཛད་ན་མི་མཐུས་པ་མེད་པ་འང་དེ་བཞིན་དང་གཏེར་ཁ་འདི་ཀའི་ཚེ་སྒྲུབ་ཀྱི་བསྙེན་ཡིག་ཉུང་ངུ་ཞིག་རང་འདྲ་བློ་དམན་པ་རྣམས་ལ་ཕན་པའི་ཕྱིར་བརྗེད་གསོས་སུ་བྲིས་ཡོད་པ་དང་། གཏེར་ཁ་མང་མ་སྤྱི་འགྲོས་སུ་བྲིས་པ་འདི་བཞིན་དང་། གཞན་བསྙེན་བསྒྲུབ་སྤྱིའི་བསྲུང་བྱ་དང་མཚམས་བྱེད་ལུག་སོགས་ཉུང་ངུ་ཞིག་གཞན་དུ་བྲིས་པ་ལ་བལྟས་ན་ཤེས་རབ་ཡོད་པ་དང་། བླ་མ་གོང་མའི་ཞལ་རྒྱུན་ཕྱག་ལེན་དང་མཐོང་རྒྱ་ཆེ་བ་ལ་མི་དགོས་ཀྱང་བློ་ཆུང་གི་རིག་ལ་ཕན་པ་འདྲ་ཨེ་ཡོང་བསམ་པ་ཡོད་པས་དེ་བཞིན་དང་བསྙེན་པའི་ཆད་ལྷག་ཁ་བསྐོང་གི་སྦྱིན་བསྲེགས་ཀྱང་འདེབས་དགོས་ནི། འདེབས་པའི་ཕྱག་ལེན་ཀྱང་གཞན་ལ་གསལ་ཡོད་པ་ལྟར་ཡིན་པ་དང་། འདི་ནང་དུ་མ་གསལ་བའི་རིགས་སོ་སོའི་སྒྲུབ་ཁོག་དང་བསྒྲུབ་ཐབས་ཕྱག་ལེན་མཐོང་རྒྱུད་ཞི་དྲག་གི་དབྱེ་བ་སོགས་ཕྲ་ཞིབ་ཏུ་བྱེད་པ་དང་། །བླ་མ་སློབ་དཔོན་ཕྱག་ལེན་དང་ལྡན་པའི་གསུང་རྒྱུན་ལས་ཤེས་པར་བྱ་དགོས་པ་སོགས་ལག་ལེན་གཞུང་མཐུན་དུ་བྱ་བར་རིགས་སོ། དེ་ལྟར་མ་ཡིན་པའི་འོལ་ཚོད་བྱས་ན་ལུང་ལས། །སློབ་དཔོན་མ་བརྟེན་ཡོན་ཏན་དེ། །ངོམ་དུ་རུང་བ་གཅིག་ཀྱང་མེད། །ཅེས་གསུང་པ་བཞིན་ནོ། འདི་བྲིས་དགེ་བས་གསང་སྔགས་བསྟན་པའི་བཙས་སུ་འགྱུར་ནས་རྣམ་མཁྱེན་རྫོགས་པའི་རྒྱུ་རུ་བསྔོ། གྲུབ་པའི་དབང་ཕྱུག་སྐལ་བཟང་དབང་ལྡན་རིན་པོ་ཆེའི་མཛད་པའོ།། །།


previousགཏེར་ཆེན་ཉི་མ་གྲགས་པའི་གཏེར་ཆོས་སྐོར་གྱི་བསྙེན་ཡིག་གཅིག་ཤེས་ཀུན་གསལ།next