Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
   
   
   
   
དྲེགས་ཟིལ་བསྙེན་བསྒྲུབ་ལ་མཁོ་བའི་ཡི་གེ་སྒྲོན་མེའི་སྣང་བ།
   
   
   


 
previousདྲེགས་ཟིལ་བསྙེན་བསྒྲུབ་ལ་མཁོ་བའི་ཡི་གེ་སྒྲོན་མེའི་སྣང་བ།next

དྲེགས་ཟིལ་བསྙེན་བསྒྲུབ་ལ་མཁོ་བའི་ཡི་གེ་སྒྲོན་མེའི་སྣང་བ།

དབང་ཆེན་དྲེགས་པ་ཟིལ་གནོན་གྱི་བསྙེན་བསྒྲུབ་ལ་མཁོ་བའི་ཡི་གེ་སྒྲོན་མེའི་སྣང་བ་ཞེས་བྱ་བ་བཞུགས་སོ། །བླ་མ་དང་དབང་ཆེན་རྟ་མགྲིན་དབྱེར་མ་མཆིས་པའི་ཞབས་ལ་གུས་པས་ཕྱག་འཚལ་ལོ། །འདི་ཉིད་བསྒྲུབ་པར་བྱ་བ་ལ། དང་པོ་དབང་ཐོབ་ཅིང་དམ་ཚིག་དང་ལྡན་པའི་རྣལ་འབྱོར་པས་དབེན་པའི་གནས་སུ་སྒྲུབ་པའི་དཀྱིལ་འཁོར་རྡུལ་ཚོན་རས་བྲིས་གང་ཡང་རུང་ཞིང་སྒྲུབ་གཏོར་བླ་རྡོ་རྫས་ལྡན་དར་གུར་ཕུབ་པ། སྨན་རཀ་མཆོད་པ་ཕྱི་ནང་སོགས་དཔེའུ་རིས་དང་མཐོང་བ་བརྒྱུད་པའི་ལག་ལེན་རྣམ་པར་དག་པ་ལས་ཤེས་དགོས། བསྐྱེད་རིམ་རྣམ་པ་གསལ་ཕྱིར་རྟ་མགྲིན་གཙོ་འཁོར་གྱི་བྲིས་སྐུ་ཆ་ཚད་རབ་གནས་ལྡན་པ་ཡོད་ན་བཀྲམ། བསྐང་བའི་རྫས་དངོས་སམ་བྲིས་འབུར་གང་རུང་བཤམས། མི་འབྱོར་བ་ངེས་པ་ཅན་མིན་ཕྱིར་བཅའ་གཞི་ཕྲ་མོ་ཙམ་ཡང་གཞུང་བཤད་ལྟར་བྱ་དགོས་ཤིང་། དེ་དག་ལ་དགོས་ཆེད་དུ་མ་ཡོད་པའི་ཕྱིར་རོ། །དེ་ཡང་རྒྱུད་ལས། དབང་དྲག་ལས་ཀྱི་སྣོད་ལྡན་གྱི༔ སྐལ་པར་ལྡན་པ་གང་དག་གིས༔ རབ་ཏུ་འཇིགས་པའི་དུར་ཁྲོད་དང་༔ ཚང་ཚིང་འཁྲིག་ཤིང་རྩུབ་པའི་ལུང་༔ ཞེས་སོགས་དང་། ཡང་ན་དབང་གི་དཔལ་གྱིས་བརྒྱན༔ གནམ་ས་ཟླ་གམ་དབྱིབས་ཅན་དང་༔ ཆུ་བོ་དབང་གི་རྒྱུན་ལམ་ལྡན༔ ཤིན་ཏུ་དབེན་པའི་བས་མཐའ་ན༔ ཁྲོ་བོ་ཆེན་པོའི་ཏིང་འཛིན་གྱིས༔ གཉུག་མར་གནས་ལས་ས་བླངས་ཏེ༔ སྟེགས་བུ་འདོམ་གང་གྲུ་བཞི་བཅད༔ ཞེས་དཀྱིལ་འཁོར་གྱི་རྒྱ་དང་། འདོམ་ཕྱེད་དབང་ཆེན་ས་ལས་འཐོན༔ ཞེས་དཔང་གི་ཚད་དོ། དེ་ལྟར་བཅའ་གཞི་རྣམས་ལེགས་པར་གྲུབ་ནས། བསྙེན་ཡིག་སྤྱི་འགྲོས་ལྟར་ཤེས་པའི་དབང་དུ་བྱས་ནས། ལས་བྱང་གཞུང་བསྲང་ཞིང་། རང་དང་དཀྱིལ་འཁོར་སྒྲུབ་རྫས་གཏོར་མ་སོགས་གྱེར་ཚིག་གཅིག་གིས་སོ་སོར་གསལ། དེའང་ཕྱི་གཟུང་བའི་ཡུལ་དང་། ནང་འཛིན་པའི་སེམས་གཉིས་བསྡུས་ཀྱི་ཆོས་རྣམས་རང་བཞིན་རྣམ་པར་དག་པའི་ངང་ལས། དེ་ལྟར་མ་རྟོགས་པའི་འཁྲུལ་པའི་འགྲོ་བ་རྣམས་ལ་རྒྱུའི་སེམས་ཉིད་གནམ་ལྕགས་ཀྱི་གྲི་ཁུག་ཧཱུྃ་ཡིག་དམར་པོའི་མཚན་པར་བསྒོམ་པའི་ཧཱུྃ་ལས་ཨེ་མཐིང་ནག་ལས་ནམ་མཁའ། ཡཾ་ལྗང་གུ་ལས་རླུང་དཀྱིལ་བཾ་དཀར་པོ་ལས་ཁྲག་ཞག་གི་རྒྱ་མཚོ། ལཾ་སེར་པོ་ལས་ཤ་ཆེན་གྱི་ས་གཞི། ཀེཾ་དཀར་པོ་ལས་གནམ་ལྕགས་ཨུརྨོའི་གཞལ་ཡས་གྲུ་བཞི་སྒོ་བཞི་པ། ཕྱི་མཆོད་རྟེན་ལྟ་བུ་བང་རིམ་དགུ་པ། ནང་ཡངས་ཤིང་རྒྱ་ཆེ་བར་རཾ་ཡིག་དམར་ནག་རབ་ཏུ་འཁྲུགས་པ་ལས་བསྐལ་པ་འཇིགས་དུས་ཀྱི་མེ་ལྟར་འབར་བའི་ཀློང་དུ། བྷྲཱུྃ་ལས་ཆོས་ཀྱི་དབྱིངས་ཆེན་པོར་ལྷ་གནས་འཁོར་ལོ་རྩིབས་བརྒྱད་པའི་དབུས་ཆོས་འབྱུང་ཟུར་གསུམ་པ་ཟླ་གམ་དམར་པོའི་སྟེང་པདྨ་ཉི་ཟླ་དྲེགས་པ་ཕོ་མོ་བསྒྲལ་བའི་གདན་གྱི་སྟེང་དུ་རྒྱུ་ཡི་ས་བོན་སེམས་ཉིད་རྡོ་རྗེ་ཧཱུྃ་ཡིག་གིས་མཚན་པ་དེ་ཉིད་སྐར་མདའ་ལྷུང་བའམ་ཁྲ་གཟན་ལ་འཇུག་པ་ལྟར་བབ་པ་ལས་འོད་ཟེར་དཀར་དམར་མཐིང་གསུམ་གྱི་འཕྲོ་འདུའི་རིམ་བཞིན་སངས་རྒྱས་དང་བྱང་སེམས་རྒྱལ་བ་ཞི་ཁྲོ་སྤྲུལ་འཁོར་དང་བཅས་པར་མཉེས་མཆོད་ཕུལ། བྱིན་བརླབས་ནུས་སྟོབས་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་འགྲོ་བ་སེམས་ཅན་རྣམས་ཀྱི་ལས་ཉོན་བག་ཆགས་སྦྱངས། དགྲ་བགེགས་ཐམས་ཅད་ཚར་བཅད་ཐམས་ཅད་དཔལ་ཆེན་པོའི་གོ་འཕང་ལ་བཀོད། ནུས་སྟོབས་དང་བཅུད་ཐམས་ཅད་འོད་ཀྱི་རྣམ་པར་བསྡུས་ཏེ་རྡོ་རྗེ་ཧཱུྃ་དང་བཅས་པ་ལ་ཐིམ་པས་རང་གི་སྒོ་གསུམ་གྱི་སྒྲིབ་པ་བག་ཆགས་སྦྱངས་བུམ་པ་གསང་བ་ཤེས་རབ་ཡེ་ཤེས་སྟེ་དབང་བཞིའི་རྟོགས་པ་མངོན་དུ་གྱུར་ནས། སྲིད་ཞིའི་ཡོན་ཏན་སྟོབས་རྩལ་ནུས་པ་རབ་ཏུ་རྒྱས་ནས་སྐད་ཅིག་གིས་གནས་འགྱུར་བ་ལས་དབང་ཆེན་ཁྲོ་བོའི་རྒྱལ་པོ་དྲེགས་པ་ཟིལ་གནོན་ཡབ་ཡུམ། གནས་ལྔའི་རྟ་ཕག་རིགས་ལྔ་ཡབ་ཡུམ་རིགས་བདག་དང་ཁྱུང་ཆེན་འབར་བ། ཡབ་ཡུམ་སྲས་གསུམ་ཕྱག་རྡོར་འཁོར་ལོའི་རྩིབས་སྟེང་སྡེ་བརྒྱད་དྲེགས་པའི་ཚོགས་གནམ་ལྕགས་པུ་རི་འབར་བའི་སྒོ་སྲུང་རྒྱལ་ཆེན་སྡེ་བཞི། དཔལ་མགོན་བདུན་བཅུ་དྲེགས་ཚོགས་སྤྲུལ་འཁོར་ཉི་རྡུལ་འཚུབས་པ་བཞིན་གསལ་ཞིང་དབྱིངས་ནས་གཟུགས་སྐུར་བཞེངས་པ་དབང་དྲག་འབར་བའི་ལྷ་ཚོགས་ཡེ་ཤེས་པ་སྤྱན་དྲངས། བདག་མདུན་རྣམས་ལ་ཐིམ། ཕྱག་མཆོད་བསྟོད་པ་དང་བཅས་ཚིག་ཕྱིར་སེམས་གཞོལ་བས་གསལ་བཏབ། དེ་ཡང་རྒྱུད་ལས། རྒྱུ་རྐྱེན་དམིགས་མེད་ངོ་བོའི་སྟོང་༔ དམིགས་པའི་དབྱིངས་ཟད་འཛིན་མེད་གྲོལ༔ རང་གྲོལ་རང་ཤར་རང་གསལ་ལྡན༔ ཞེས་དང་། ནམ་མཁའི་ཁམས་ནས་འཇའ་ཤར་ལྟར༔ གསལ་བའི་ཕྱག་རྒྱའི་འཁོར་ལོ་བསྒྱུར༔ རྒྱ་མཚོ་ཆེན་པོའི་ཟླ་བ་བཞིན༔ རྟོག་པ་བྲལ་བའི་དབྱིངས་སུ་བསྟིམ༔ མེ་ལོང་གཟུགས་ཀྱི་སྣང་བ་ལྟར༔ ཡི་དམ་ལྷ་སྐུ་ཕྱག་རྒྱ་ཆེ༔ ཞེས་དང་། སྟོང་ཞིང་སྙིང་རྗེའི་ཆོ་འཕྲུལ་ལས༔ ལྷག་པའི་ལྷ་མཆོག་ལྷ་ཡི་ལྷ༔ ཉོན་མོངས་རྒོལ་བ་འཇོམས་པ་པོ༔ ཡེ་ཤེས་མེ་ཡིས་མུན་པ་བསལ༔ གཅིག་ཏུ་མ་ངེས་དུ་མ་དང་༔ དུ་མ་ཐིག་ལེ་གཅིག་གི་ངང་༔ རྣམ་པར་བསྐྱེད་ཅིང་རྣམ་པར་གསལ༔ རྣམ་དག་སྒྱུ་མ་དམིགས་སུ་མེད༔ ང་མེད་ངར་འཛིན་རང་གྲོལ་འབར༔ དག་པ་རང་གྲོལ་དག་པའི་མཆོག༔ ཅེས་སོ། །མི་རྟོག་པའི་ཤེས་རབ་ཀྱིས་དངོས་པོར་འཛིན་པའི་རྟོགས་པ་འཇོམས་ཞིང་འཆིང་བ་ཀུན་དངབྲལ་ཞིང་། དྲེགས་པ་ཆེན་པོ་རྣམས་འདུལ་བའི་ཕྱིར་ཕྱག་རྒྱ་ཆེན་པོ་ཁྲོ་བོ་སྟེ་སྐུ་གསུམ་དབྱེར་མེད་པ༔ སྟོབས་བཅུ་དང་ལྡན་པ་ནི་གནས་དང་གནས་མ་ཡིན་པ་མཁྱེན་པའི་སྟོབས༔ ལས་བདག་གི་བྱ་བ་དང་། བསམ་གཏན་དང་༔ སྙོམས་འཇུག་དང་༔ ཉོན་མོངས་པ་ཅན་དང་༔ དབང་པོ་མཆོག་དམན་དང་༔ མོས་པ་སྣ་ཚོགས་དང་༔ ཁམས་སྣ་ཚོགས་དང་༔ ཐམས་ཅད་དུ་འགྲོ་བའི་ལམ་དང་༔ སྔོན་གནས་རྗེས་དྲན་དང་༔ འཆི་འཕོ་སྐྱེ་བ་དང་༔ ཟག་པ་ཟད་པའི་སྟོབས་དང་བཅུའོ༔ ཕ་རོལ་ཏུ་ཕྱིན་པ་དྲུག་རྫོགས་པས་དབང་བཅུ་དང་ལྡན་པ་ནི། ཚེ་དང་། སེམས་དང་། ཡོ་བྱད་དང་། ལས་དང་། སྐྱེ་བ་དང་། མོས་པ་དང་། སྨོན་ལམ་དང་། རྫུ་འཕྲུལ་དང་། ཡེ་ཤེས་དང་། ཆོས་ལ་དབང་བ་སྟེ། མདོར་ན་སངས་རྒྱས་རྣམས་ཀྱི་ཆེ་བའི་ཡོན་ཏན་དུ་མ་ཡོངས་སུ་རྫོགས་པས་གང་འདུལ་འཕྲིན་ལས་བསམ་གྱིས་མི་ཁྱབ་པའི་རང་བཞིན་ཅན་ནོ། །དེ་ལྟར་རྣམ་པ་གསལ་བ། རྣམ་དག་དྲན་པ། ང་རྒྱལ་བརྟན་པ། བསྐྱེད་རྫོགས་ཟུང་དུ་འཇུག་པ་གལ་ཆེ་ཞིང་། བློ་རབ་ཀྱིས་ནི་སྣང་བའི་ངོ་བོ་བསྐྱེད་རིམ་གྱི་ཆ། སེམས་སྟོང་པའི་རང་མདངས་ཡེ་རྫོགས་རྟོགས་པས། སྣང་སྟོང་ཡ་བྲལ་དུ་མ་གྱུར་ན། བསྐྱེད་རྫོགས་ལྷན་གཅིག་པའི་ཕྱིར་བསྐྱེད་ནི་བསྐྱེད་རྒྱུ་མེད་པ་ལ་སྐྱེས་པའི་ཡེ་ཤེས་ཡེ་གསལ་ཆེན་པོ། རྫོགས་ནི་རྫོགས་རྒྱུ་མེད་དོ་ངོ་བོ་ཆོས་ཉིད་ཡེ་སྟོང་གདལ་ཁྱབ། གཉིས་མེད་ལྷུན་གྲུབ་ཏུ་རྟོགས་པས་ཡེ་རྫོགས་ཆེན་པོའོ། །བློ་འབྲིང་གིས་ནི་གོང་གི་ཡེ་རྫོགས་ཀྱི་རྩལ་མ་འབྱོངས་ནའང་ཡིན་ལུགས་ཕྱོགས་རྟོགས་ཙམ་གྱིས་ནི། སྣང་སྟོང་སྒྱུ་མ་ལྟ་བུའི་ངང་ནས་སྣང་སྟོང་སྒྱུ་མ་ལྟ་བུའི་ལྷར་གསལ་བ་དེའང་རང་གི་རྣམ་པར་རྟོགས་པའི་འཕྲོ་འདུ་ཁོ་ན་སྟེ། དེའང་སེམས་ཀྱི་ཆོ་འཕྲུལ་ལས་བྱུང་ཞིང་། སེམས་ཉིད་སྐྱེ་འགགས་གནས་གསུམ་འགྲོ་འོང་གི་མཐའ་ཐམས་ཅད་བྲལ་བ་བསམ་བརྗོད་ཀྱི་ཡུལ་ལས་འདས་པར་ཐག་ཆོད་པས། བསྐྱེད་རྫོགས་ཟུང་འབྲེལ་དུ་འགྱུར་ཞིང་། སྒྲུབ་ཐབས་ལས། གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་དང་༔ ཁྱད་པར་རང་རང་སྲོག་སྙིང་ས་བོན་རྣམས༔ ཉི་དཀྱིལ་སྟེང་འཁོད་སྔགས་འབྲུའི་འཁོར་ལོ་འཁོར༔ སོགས། སྒྲུབ་ཐབས་ཀྱི་དམིགས་པའི་འཕྲོ་འདུ་གསལ་སྣང་ལ་ནན་ཏན་བསླབ་ཅིང་སྣང་བ་སྐུ། གྲགས་པ་གསུང་། དྲན་རྟོགས་ཐུགས་རྡོ་རྗེ་གསུམ་དབང་ཆེན་ལྷའི་དཀྱིལ་འཁོར་དུ་ཡུལ་གསུམ་གསལ་བར་མ་གྱུར་བར་དུ་འབད་དགོས་པ་ནི། སྒྲུབ་པའི་དངོས་གཞི་ཏིང་འཛིན་ཁོ་ན་གཙོ་ཆེ་བའོ། །དང་པོ་འཇུག་དུས་དགོངས་ཐུན་ནས་དབུ་འཛུག །དེ་ནས་ཉིན་གཉིས་པ་ནས་བཟུང་སྟེ་མཐར་མ་ཐོན་གྱི་བར་དུ་ཐུན་གྲངས་གང་ལ་བཞག་པ་དེ་མ་གཏོགས་བྲེལ་གཡེང་དང་བསྟུན་པའི་ཐུན་གྲངས་མང་ཉུང་སྣ་ཚོགས་མི་བྱེད། ཐུན་དྲུག་གམ། བཞིའམ། གཉིས་གང་མོས་བསྒྲིགས་མ་བབས། སྒྲུབ་ཐབས་རིམ་པ་གསུམ་པའི་ཟིན་བྲིས་ལ་ལྟ་རྟོག་ཞིབ་ཏུ་བྱའོ། དགོང་ཐུན་ནམ་སྲོད་ཐུན་གྱི་མཐར་བཀའ་གཏེར་སྲུང་མཆོད། ཚོགས་དང་བསྐང་བ་ལྷག་མ་ཆད་མདོ་བརྟན་སྐྱོང་བྲོ་བརྡུང་རྫོགས་རིམ་བསྔོ་སྨོན་ཤིས་བརྗོད་མཐའ་རྒྱས་བྱའོ། །ཐེ་ཚོམ་དང་བྲལ་བར་བྱ་ཞིང་བརྩོན་འགྲུས་ཀྱི་རྩལ་འདོན་ཞིང་འབད་ན་ངེས་པར་འགྲུབ་བོ། ཐུན་མཐའ་རྣམས་སུ། ཧཱུྃ་ཧྲཱི༔ དགོངས་ཤིག་ཐུགས་རྗེ་ཆེ་མངའ་བཅོམ་ལྡན་འདས༔ སོགས། དངོས་གྲུབ་བསྐུལ་ཚིག་དང་ཡིད་ཀྱིས་དངོས་གྲུབ་བླངས་པའི་དམིགས་པ་བྱེད། དེ་ནས་སྒྲུབ་ཐབས་ནས་གསུངས་པའི། འབུམ་ཚོ་དགུ་ལ་ཁ་བསྐང་བའི་ཕྱིར་འབུམ་ཚོ་གཅིག་བཅས་ཁྱོན་བསྡོམས་འབུམ་ཚོ་བཅུ་ནི་ངེས་པར་མ་ཚང་ན་བསྙེན་གྲངས་མི་ཐེམ། རྟགས་ནི་དངོས་སམ་རྨི་ལམ་དུ་ཞལ་མཇལ་གསུང་ཐོས་རྣམ་དག་ཡིན་ངེས་དང་། བྱུང་ན་དང་། གཞན་ཡང་དགེ་བའི་ལྟས་སྣ་ཚོགས་པ་འབྱུང་ངོ་། གང་ལའང་རེ་དོགས་མ་ཞུགས་པ་གལ་ཆེ། བསྙེན་པ་གོང་མ་ཐེམས་ནས་ཡབ་ཡུམ་སྲས་གསུམ་གྱི་བསྙེན་པ་ལ་འཇུག་སྟེ་ཐུན་འགོ་རྣམས་སུ་སྒྲུབ་གཞུང་གོང་བསྙེན་བརྒྱ་རྩ་དམིགས་པ་དང་བཅས། དེ་ནས་མཆོད་བསྟོད་བྱས་ནས་ཡབ་ཡུམ་སྲས་གསུམ་བསྙེན་པ་གྲངས་གཞུང་ལས་ཉིས་འགྱུར་ཙམ་ལེགས། དེ་ལས་མང་ཡང་བཟང་ངོ་། །དེ་ནས་བཀའ་འཁོར་སྡེ་བརྒྱད་རྣམས་བསྙེན་པར་བྱའོ། །རང་རང་གི་སྲོག་ཡིག །ཚང་པ་ལ་ཨ། ཀླུ་ལ་ན། གཤིན་རྗེ་ལ་ཡ། གཟའ་ལ་ཤ །།བཙན་ལ་ཙ། ཐེའུ་རང་ལ་རུ། བདུད་ལ་དུ། མ་མོ་ལ་མ། དམིགས་པའི་འཕྲོ་འདུ་རང་གཞུང་ལྟར། གྲངས་ཀྱི་རིམ་པ་གཞུང་ལྷག་ཙམ་མོ། །དེ་དག་གི་རྟགས་མངོན་དུ་གྱུར་ན་བསྙེན་སྒྲུབ་ཐེམས་ཤིང་། གང་ཡང་ལས་སུ་རུང་བའི་བསྙེན་པ་ནི་དེ་ཙམ་མོ། །སྒྲུབ་པ་གོང་འོག་བར་གསུམ་རྟག་ཐོན་དུས་སྒྲུབ་གཏོར་བླ་རྡོ་དང་བཅས་པ་དབང་བཞི་ལེན་པ་ཐོ་རེངས་ཀྱི་དུས་ལ་སྦྱར། ལར་སྒྲུབ་པའི་གཙོ་བོ་ནི་ཏིང་ངེ་འཛིན་ཀློང་དུ་གྱུར་ན་གྲུབ་བོ། །དེ་ནས་ཐང་ལྷོད་དང་བྲལ་བས་བསྙེན་སྒྲུབ་སྤྱིའི་དམ་ཚིག་ལས་མ་འགལ་བར་དགོས། སྒྲུབ་པ་གསུམ་ཀ་ལ་ལས་བཞིའི་སྔགས་ཤམ་འོད་ཟེར་སྤྲོ་བསྡུ་ཟིན་བྲིས་ལྟར་གནད་དུ་བསྣུན། །བསྙེན་པའི་གྲངས་དབང་པོ་ཡང་རབས་དང་ལས་རུང་ཙམ་ལ་དགོངས་པ་ནི་གཏེར་གཞུང་ལྟར་ཡིན་ལ། དེ་ཡང་སྤྱི་ཁྱབ་ལ་གཞུང་གི་རྩ་བསྙེན་བྱེ་བ་གསུམ་སོང་ནས་རྩ་བསྙེན་ཐུན་ཆུང་རེའི་མཐར་ཡབ་ཡུམ་སྲས་གསུམ་བསྙེན་པ་བཏང་བ་ལན་གསུམ་བསྐྱལ་དགོས་གསུངས་ཤིང་། དེ་ཡང་ལེགས་པ་ཡིན་ཏེ་གསང་སྔགས་སྤྱི་འགྲོས་བསྙེན་བསྒྲུབ་སྤྱིའི་མཚན་ཉིད་དེ་བསྐལ་པ་རྫོགས་ལྡན་ནས་གཉིས་ལྡན་སོགས་རིམ་བཞིན་གཉིས་འགྱུར་དུ་གསུངས་བ་དེར་ཡང་མ་ཟད། ཡིག་འབྲུ་ཉི་ཤུ་སུམ་ཅུ་ལ༔ བྱེ་བ་ལ་སོགས་བཟླས་པ་བྱ༔ ལྔ་བཅུ་བདུན་ཅུའི་ཡིག་འབྲུ་ལ༔ བདུན་འབུམ་ལ་སོགས་བཟླས་པ་བྱ༔ ཡིག་འབྲུ་བརྒྱ་ལ་སོགས་པ་ལ༔ སུམ་འབུམ་ལ་སོགས་བཟླས་པ་བྱ༔ ཞེས་གསུངས་པ་ལྟར། གྲངས་བསྙེན་མང་ཉུང་རང་གི་བློ་ཡི་ཟོལ་བྲལ་རྟགས་ངེས་ན་དེ་ཀའོ། རྗེས་སྒྲུབ་པའི་ཤུལ་མི་མངོན་པར་བྱ༔ མཚན་རྟགས་བཟང་པོ་མི་བཤད༔ གསང་བར་འོས་པ་རྣམས་ཕྱར་གཡེང་མི་བྱ༔ སྒྲུབ་རྟེན་བླ་རྡོ་སྐུ་ཙཀ་ལི་སྙིང་པོ་གསེར་ཡིག་ཅན་རྩེ་སོར་བཞི་པ་ཕོ་རྒྱུད་སྲུང་རྫས་སྟག་ཐོད་མ་རྙེད་ན་སྲེ་མོང་། ཀླུ་གཉེན་སྲུང་རྫས་ལྟོ་འཕྱེ་ཞེས་པ་མ་རྙེད་ན་བྱི་བ་སྔོན་མོའི་ལྤགས་པ། མོ་རྒྱུད་སྲུང་རྫས་དར་ལེ་བརྒན་གྱིས་དྲིལ། སྡེ་བརྒྱད་སྲུང་རྫས་ཞིང་ལྤགས་ཀྱི་ཁུག་མ་ཟུར་གསུམ་པའི་ནང་དུ་བཅུག་ལ། སྒྲུབ་དུས་གཏོར་མ་ལ་འཛུགས་ཤིང་སྒྲུབ་པ་ཐོན་ནས་རང་གི་ལུས་ལ་བཅང་། རྒྱུད་ལས༔ ལྟ་བ་གྱབ་ཀྱི་རྟོགས་པ་ཡི༔ མན་ངག་སྒོམ་པའི་འཕྲང་བསལ་ནས༔ སྤྱོད་པ་ཤན་འབྱེད་རོ་སྙོམས་ཀྱིས༔ མཐར་ཕྱིན་དོན་ལ་རྩེ་གཅིག་སྤྱོད༔ ཅེས་མན་ངག་གསང་ཆེན་སྙིང་པོ་རྫོགས་རིམ་སངས་རྒྱས་སྣང་བ་མཐའ་ཡས་གར་གྱི་དབང་པོའི་དགོངས་པ༔ ལྟ་བའི་ཁྲིད་རིམ་བླ་ན་མེད་པ་ཡང་། རྒྱུད་ལྡན་བླ་མའི་ཞལ་ནས་ཐོས་པར་བྱ་ཞིང་། ཞི་ལྷག་ཟུང་འཇུག་གི་ངང་ནས་སྔོན་འགྲོའི་རྒྱུད་སྦྱངས་ཤིང་དངོས་གཞི་དུག་ལྔ་རང་གྲོལ་རྣམ་དགཚོགས་བརྒྱད་ཕུང་པོ་ལྔ་རྣམས་དག་པའི་རང་བཞིན་དུ་སྦྱངས་ཕྱིར་ལྷ་བསྐྱེད་པ་ནས་བཟླས་པ་བྱ་བ་རྗེས་ནས་སྤྱོད་པ་སྤངས་བླང་འཛིན་མེད་ཚོགས་དྲུག་རང་གྲོལ་དུ་སྤྱད་པར་བྱ་བ་ནི་མཆོག་གི་གོ་འཕང་སྒྲུབ་པ་བླ་ན་མེད་པ་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོ་ལས་ཀྱང་ཆེས་ཆེར་འཕགས་པའི་ཟབ་གསང་དམ་པའོ། །ཞེས་དབང་ཆེན་རྟ་མགྲིན་དྲེགས་པ་ཟིལ་གནོན་གྱི་བསྙེན་སྒྲུབ་ཀྱི་ཡི་གེ་ཞིག་དགོས་ཞེས་མདོ་སྨད་ཕྱོགས་རྒྱ་ཕག་དགོན་བཀྲ་ཤིས་གནས་རྫོངས་ནས། ཕྲིན་ལས་རྒྱ་མཚོས་ནན་གྱིས་བསྐུལ་བའི་ངོར་མ་ལྡོག་ཙམ་དུ། པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱིས་བྲིས་པའོ།། །།


previousདྲེགས་ཟིལ་བསྙེན་བསྒྲུབ་ལ་མཁོ་བའི་ཡི་གེ་སྒྲོན་མེའི་སྣང་བ།next