Nitartha Digital Library
Tibetan
རིག་འཛིན་ཉི་མ་གྲགས་པའི་ཟབ་གཏེར་ཆོས་སྐོར་གླེགས་བམ་བཅོ་ལྔ་པ།


   
   
   
   
   
   
   
   
   
   
   
   
   
   
གསང་སྔགས་སྤྱི་འགྲོའི་རེག་ཟིག་བླུན་པོའི་གདུང་སེལ།


 
previousགསང་སྔགས་སྤྱི་འགྲོའི་རེག་ཟིག་བླུན་པོའི་གདུང་སེལ།no next

གསང་སྔགས་སྤྱི་འགྲོའི་རེག་ཟིག་བླུན་པོའི་གདུང་སེལ།

གསང་སྔགས་སྤྱི་འགྲོའི་རེག་ཟིག་བླུན་པོའི་གདུང་སེལ་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་དང་པོའི་སངས་རྒྱས་དང་། །དབྱེར་མེད་བླ་མ་མཆོག་དེར་འདུད། །དེར་ཡང་བློ་ལྡན་གང་ཁྱོད་ནས། །སྤྲེང་པའི་ལེན་དུ་བླུན་པོ་ཡིས། །གོ་ཡུལ་ཕྲན་བུའི་བརྗོད་བྱ་ཞིག །མགྲིན་བཟང་སྐད་དུ་འདི་ལྟར་སྨྲ། །གསང་སྔགས་ཟབ་མོའི་འཇུག་སྒོ་ནི། །དེ་བཞིན་འཕྲིན་ལས་གང་དག་གི། ཚུལ་ལས་འཕྲོ་བའི་རེག་ཟེག་འདི། །རྨོང་པ་དག་གི་གདུང་སེལ་ཙམ། །ཐུན་མོང་ལམ་གྱི་སྔོན་འགྲོ་དང་། །བཤད་ལུང་ལ་སོགས་ཞུ་བའི་ཚེ། །སྤྱིར་ནི་བླ་མ་སངས་རྒྱས་ཉིད། །ཐར་པའི་ལམ་སྟོན་ཡིན་བཞིན་དུ། །ཡིན་པའི་འདུ་ཤེས་ཉེར་བཞགས་ནས། །བླ་མ་སྨན་པ་ཆོས་སྨན་དང་། །རང་ཉིད་ནད་པ་ཆོས་དེ་ཉིད། །ནན་ཏན་ཉམས་བླང་ནད་གསོས་པའི། །འདུ་ཤེས་དང་བཅས་ཉན་པར་བཤད། ༢། ཐུན་མོང་མ་ཡིན་གསང་སྔགས་ཀྱི། །དབང་དང་གདམས་པ་ལ་སོགས་པ། །ཞུ་ཚེ་བླ་མ་དེ་ཉིད་ནི། །དཀྱིལ་འཁོར་མངའ་བདག་ཡིན་པར་མོས། །རང་ཡང་ལྷ་དེའི་སྐུར་སྒོམ་པས། །དབང་བཞི་རྫོགས་པར་ནོད་པ་ལས། །ཐ་མལ་སློབ་དཔོན་བླ་མ་གཉིས། །དཀྱིལ་འཁོར་དུ་ནི་འཇུག་པར་བཤད། །དེ་དག་བརྫུས་སྐྱེས་ཚུལ་དུ་ནི། །སྐད་ཅིག་ཀྲོང་བསྐྱེད་ཁོ་ན་རུ། །ཡིན་སྙམ་གསང་སྔགས་དཀྱིལ་འཁོར་ཆེ། །ཞི་དྲག་གང་གི་སྒོར་འཇུག་ཚེ། །སྔོན་འགྲོ་ཐུན་མོང་པ་ཡི་ལུགས། །ཚོགས་ཞིང་གསལ་བཏབ་སྐྱབས་སེམས་དང་། །ཡན་ལག་བདུན་འབུལ་རྡོར་སེམས་བསྒོམ། །བཟླས་དང་ཚོགས་བསགས་མཎྜལ་འབུལ། །བླ་མའི་རྣལ་འབྱོར་གསོལ་འདེབས་ཀྱིས། །ཐུགས་རྒྱུད་བསྐུལ་ཞིང་དབང་བླང་སྟེ། །དེ་ལ་དང་པོ་ཚོགས་ཞིང་ནི། །ཕྱག་ཆེན་མ་རིག་མུན་སེལ་ལྟར། །མདུན་གྱི་ནམ་མཁར་གསལ་བཏབ་ལ། །རྩ་བའི་བླ་མ་པད་འབྱུང་གི། རྣམ་པ་རྒྱུད་པའི་བླ་མ་རྣམས། །མཐོ་བརྩེགས་སུ་ནི་བཞུགས་པར་བསྒོམ། །མདུན་དུ་ཤཱཀྱ་ཐུབ་པ་ལ། །ཕྱོགས་བཅུའི་དུས་གསུམ་སངས་རྒྱས་བསྐོར། །གཡས་སུ་སྤྱན་རས་གཟིགས་དབང་ཕྱུག །བྱང་སེམས་ཚོགས་དང་གཡོན་དུ་ནི། །ཉན་ཐོས་མཆོག་ཟུང་དགྲ་བཅོམ་པ། །རྒྱབ་དུ་ཡུམ་ཆེན་ཤེར་ཕྱིན་མར། །དམ་ཆོས་དཀོན་མཆོག་དང་བཅས་པ། །ཕྱི་རོལ་སྲུང་མ་ཡེ་ཤེས་པ། །བཅས་པས་བསྐོར་བ་དེའི་མདུན་དུ། །བདག་དང་མཁའ་མཉམ་སེམས་ཅན་ཀུན། །ཕ་མ་དགྲ་ཟླར་མ་གྱུར་མེད། །འདས་པ་དང་ནི་ད་ལྟ་བར། །གང་ཡིན་ཀྱང་ནི་འཁོར་བ་འདིར། །སྡུག་བསྔལ་རང་བཞིན་ཉིད་ཡིན་ཕྱིར། །འདི་ལས་ཐར་པའི་ཐབས་བླ་མེད། །དཀོན་མཆོག་སྐྱབས་འགྲོ་བྱེད་པ་སྟེ། །དེ་ཡང་ཁ་རྩམ་མ་ཡིན་པའི། །དཀོན་མཆོག་ཡོན་ཏན་དྲན་བཞིན་དུ། །སེམས་ཅན་རྣམས་ལ་སྙིང་རྗེ་དང་། །རང་ཉིད་རྣམ་མཁྱེན་ཐོབ་བྱའི་ཕྱིར། །སྐྱབས་འགྲོ་དང་ནི་བྱམས་སེམས་ཀྱིས། །བསླབ་པ་མཁའ་མཉམ་སེམས་ཅན་རྣམས། །སྒྲོལ་བའི་སེམས་བསྐྱེད་སྨོན་དང་འཇུག །བདག་བས་གཞན་གཅེས་བློ་ཡི་ནི། །འགྲོ་རྣམས་སྒྲོལ་བའི་སེམས་བསྐྱེད་བྱ། ༈ །ཡན་ལག་བདུན་འབུལ་སྐྱབ་བྱ་དང་། །སྐྱོབ་བྱེད་གཉིས་མེད་ངང་མཉམ་པར། །བཞག་དང་སྐྱབས་ཡུལ་ལྷ་ཚོགས་རྣམས། །རང་སེམས་རྩལ་དུ་ཤེས་པར་བྱ། །བདག་གཞན་ཐམས་ཅད་སྐྱབས་གནས་ལ། །ཐིམ་ཞིང་དེ་ཡང་གཙོ་ལ་ཐིམ། །དེ་ཡང་ཆོས་དབྱིངས་སྤྲོས་བྲལ་བ། །གདོད་མའི་ངང་ཐིམ་གནས་ལུགས་ཀྱི། །དོན་ལ་མཉམ་བཞག་མཐར་ཐུག་གི། སྐྱབས་སུ་འགྲོ་དང་སྐྱབས་ཡུལ་གྱི། །ཐུགས་རྒྱུད་ལ་གནས་བྱང་སེམས་ནི། །རང་གི་རྒྱུད་སྐྱེས་བསམ་པ་ཡི། །དོན་དམ་སེམས་གསལ་མཉམ་བཞག་སོགས། །སྐྱབས་སེམས་སྒོམ་རིམ་མདོ་ཙམ་ཏེ། ༈གཉེན་པོ་སྟོབ་བཞིའི་སྒོ་ནས་ནི། །སྡིག་སྒྲིབ་སྦྱངས་ཕྱིར་རྟེན་གྱི་སྟོབས། །རང་ཉིད་ཐ་མལ་སྤྱི་བོ་རུ། །རྡོར་སེམས་སྐུ་དང་གཟུངས་ཟླ་དཀྱིལ། །བསྒོམ་པས་མི་དགེའི་ལས་བསགས་ཀུན། །གནོང་འགྱོད་དྲག་པོས་བཤགས་པ་ནི། །རྣམས་པར་སུན་འབྱིན་སྟོབས་ཞེས་སོ། །ཕྱིན་ཆད་མི་བགྱིད་སྙམ་པ་ཡིས། །ཉེས་བྱས་ལྡོག་པའི་སྟོབས་དང་བཅས། །ཡིག་བརྒྱ་བཟླས་པའི་སྔགས་འཁོར་ལོ། །བསྐོར་བ་སྐུ་དང་གཟུངས་སྔགས་ལས། །བདུད་རྩིའི་རྒྱུན་བབ་ལུས་གང་བབས། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། །སྡིག་སྒྲིབ་མ་ལུས་དུད་ཁུ་དང་། །སྡིག་པ་རྭ་ཅན་རྣམ་པ་རུ། །འོག་སྒོ་ནས་ཐོན་ས་གཞིར་ཐིམ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་འཐོབ། །རྡོར་སེམས་དགྱེས་ཞལ་འཛུམ་བསྟན་ནས། །རིགས་ཀྱི་བུ་ཁྱོད་སྡིག་སྒྲིབ་ཀུན། །བྱང་ཞིང་དག་པར་གྱུར་ཞེས་པས། །གསུང་གི་གནང་བ་བྱིན་ལྷན་ཅིག །འོད་དུ་ཞུ་ནས་རང་ཐིམ་བསམ། ༈སླར་ཡང་ཚོགས་ཞིང་གསལ་བཏབ་པས། །སྒྲུབ་པའི་མཎྜལ་དང་བཅས་ཏེ། །ཕྱི་སྣོད་འཇིག་རྟེན་གསེར་རི་བདུན། །གླིང་བཞི་གླིང་ཕྲན་ལྷ་མི་ཡི། །དཔལ་འབྱོར་གང་ཡོད་མཆོད་པ་དང་། །རང་ལུས་དབང་པོ་ཁམས་སྐྱེ་མཆེད། །རང་རིག་སེམས་ཀྱི་མཎྜལ་སོགས། །ཕྱི་ནང་གསང་བའི་ཚུལ་དུ་ནི། །སྐུ་གསུམ་ཞིང་ལ་འབུལ་བ་ཡིས། །ཚོགས་གཉིས་ཡོངས་རྫོགས་དགེ་བ་ཀུན། །མཁའ་མཉམ་སེམས་ཅན་ཐམས་ཅད་ཀུན། །རྣམ་མཁྱེན་ཐོབ་པའི་རྒྱུར་བསྔོའོ། ༈དེ་ནས་རང་ཉིད་ལྷར་བསྐྱེད་དང་། །སྤྱི་བོར་བླ་མ་བསྒོམ་པ་སོགས། །འདོན་དང་བསམ་པའི་གསོལ་འདེབས་ཀྱི། །ཐུགས་བརྒྱུད་བསྐུལ་བའི་ཐུན་མཐར་ནི། །བླ་མའི་སྐུ་ཡི་གནས་གསུམ་ལས། །འོད་འཕྲོས་ལུས་ངག་ཡིད་ལ་ཐིམ། །མི་རྟོག་ཡེ་ཤེས་ལ་སོགས་པའི། །དབང་བླང་ཐུགས་དང་རང་གི་སེམས། །དབྱེར་མེད་འདྲེས་པའི་ཚུལ་དུ་བཞག༈། ད་ནི་ཆོ་ག་དངོས་འཇུག་པར། །སྔོན་འགྲོའི་གཏོར་མ་ཆ་གཉིས་ཀྱི། །དང་པོའི་སྐབས་སུ་སྤྱན་རས་གཟིགས། །ཕྱག་བཞི་བསྐྱེད་པའི་ཐུགས་ཀ་ཡི། །འོད་ཀྱི་ཕྱོགས་སྐྱོང་བཅུ་ལ་སོགས། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་དང་། །སྲིན་པོ་ཚོགས་དང་ཡུལ་གཞིའི་བདག །མ་ལུས་སྐད་ཅིག་ཉིད་ལ་ནི། །མཆོད་སྦྱིན་གཏོར་མ་བཞེས་སླད་དུ། །ཤ་རུལ་ལ་ནི་སྦྲང་འདུས་ལྟར། །མཆོད་སྦྱིན་གཏོར་མ་བདུད་རྩི་ཡི། །རྒྱ་མཚོར་དམིགས་སྟེ་ཕུལ་བ་ལས། །བཞེས་སྟེ་འདོད་པའི་དོན་སྒྲུབ་བསམ། །རང་རང་གནས་སུ་གཤེགས་པར་བསམ། ༈ །གཉིས་པ་བགེགས་ཞེས་མ་རུང་པ། །བར་ཆད་བྱེད་པའི་འབྱུང་པོ་རྣམས། །བསྐྲད་པའི་ཕྱིར་ནི་རང་ཉིད་ནི། །སྐད་ཅིིག་གནས་འགྱུར་དབང་གི་རྒྱལ། །རྟ་མཆོག་རོལ་པ་ཞལ་གཅིག་པ། །ཕྱག་གཉིས་བེ་ཅོན་སྡིག་མཛུབ་ཅན། །ཁྲོ་བོའི་ཆ་ལུགས་རྫོགས་པར་སྒོམ། །གཏོར་མ་འདོད་ཡོན་ཟད་མི་ཤེས། །ཅི་འདོད་ལོངས་སྤྱོད་དུ་དམིགས་ཏེ། །བསྔོས་པས་ཚིམ་པར་གྱུར་པ་རྣམས། །ཞི་བའི་སེམས་ཀྱིས་འགྲོ་བ་དང་། །གདུག་ཅིང་རྩུབ་པའི་རིགས་རྣམས་ནི། །དཔེར་ན་གཡོ་རྒྱུའི་སེམས་འཆང་བཞིན། །ཕ་རོལ་པོ་ཡི་ལོངས་སྤྱོད་ལ། །བརྔམ་པས་རྙེད་ཚོལ་མཁན་ལྟ་བུར། །བརྔམ་པ་མགུ་བར་བགྱིས་ཀྱང་རུང་། །སླར་ཡང་འཁོར་བར་བྱེད་ལྟ་བུར། །དབང་ཆེན་འབར་བའི་ཏིང་འཛིན་གྱིས། །རྡོ་རྗེ་མཚོན་ཆར་རབ་སྤྲོས་ཏེ། །ཧཱུྃ་བཞིའི་སྔགས་ཀྱི་གཟེར་བ་ཡིས། །མཐའ་ཡི་ཕ་མཐར་སྤྲད་པར་མོས། ༈ །བཀའ་བསྒོ་འདོན་དང་མཚམས་བཅད་ཚེ། །རང་ཉིད་ལྷར་གསལ་དེའི་ཐུགས་ཀ་ལས། །རྡོ་རྗེ་མཚོན་ཆ་མེ་རི་གུར། །ལ་སོགས་དཀྱིལ་འཁོར་གང་ཡིན་དེའི། །བསྲུང་འཁོར་ཚིགས་དང་བསྟུན་ཏེ་བསྒོམ། །གདོན་བགེགས་འབྱུང་པོ་མཚམས་བཅད་བསམ། །ལར་ནི་ལྷ་དང་འདྲེ་ཞེས་པ། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ལས། །དངོས་པོར་སྣང་བ་མེད་པ་ཡི། །བློ་འདས་ངང་ལ་མཉམ་བཞག་པ། །གལ་པོ་ཆེ་ཡིན་མཁས་རྣམས་གསུངས། །དེ་ལྟར་མ་རྟོག་ཨ་འཐས་འཁྲུལ། །རང་གི་སེམས་ལ་རེ་དོག་སྐྱེས། །སྤྲོས་པ་ཁོ་ན་བྱས་གྱུར་ན། །འདྲེ་ཡང་ལོག་ནས་བཙལ་མི་དགོས། །རང་སེམས་དུག་ལྔའི་རང་བཞིན་ལ། །དངོས་པོར་འཛིན་པའི་བློ་བདུད་ཞུགས། །རང་སྣང་དགྲ་རུ་ལང་པ་ཡིས། །དགྲ་དང་བགེགས་ལ་ཟད་པ་མེད། །དེ་ཕྱིར་ནང་གི་མཚམས་གཅོད་གཟབ། ༈ །སྐྱབས་འགྲོ་སེམས་བསྐྱེད་སྐབས་སུ་ནི། །མདུན་གྱི་ནམ་མཁར་དཀྱིལ་འཁོར་ལྷ། །གང་ཡིན་གཙོ་དེར་རྩ་རྒྱུད་ཀྱི། །བླ་མ་རྣམས་སོགས་སྐྱབས་ཡུལ་གསལ། །དེ་ལ་སྐྱབས་འགྲོ་སེམས་བསྐྱེད་བྱ། །ཡན་ལག་བདུན་དང་བཅུ་པ་བཅས། །ཡོད་མེད་སྣ་ཚོགས་འདུག་ན་དང་། ༈ །ང་རྒྱལ་གཉེན་པོ་ཕྱག་འཚལ་བ། །འདོད་ཆགས་གཉེན་པོ་མཆོད་པ་འབུལ། །ཞེ་སྡང་གཉེན་པོ་སྡིག་པ་བཤགས། །གཞན་གྱི་དགེ་ལ་དགྱེས་ཡི་རང་། །ཕྲག་དོག་གཉེན་དང་གཏི་མུག་གི། གཉེན་པོ་ཆོས་འཁོར་བསྐོར་བར་བསྐུལ། ལོག་ལྟའི་གཉེན་པོ་མྱ་ངན་ལ། །མི་འདའ་གསོལ་འདེབས་ཐེ་ཚོམ་གྱི། །གཉེན་པོར་བདག་གཞན་ཐམས་ཅད་ཀྱིས། །དགེ་བ་ཅི་བགྱིས་རྣམས་མཁྱེན་རྒྱུར། །བསྔོས་པས་ཡན་ལག་བདུན་པ་ཚང་། ༈ །མཆོད་པ་ཕྱི་ནང་གསང་མཆོད་རྣམས། །མ་དག་འབག་རྩོག་དྲི་མ་ཀུན། །སྦྱང་ཕྱིར་ཡེ་ཤེས་མེ་རླུང་ཆུས། །ཡིག་འབྲུ་གསུམ་གྱིས་བསྐྱེད་པ་ཡིས། །བསྲེག་གཏོར་སྦྱང་བཀྲུས་བདུད་རྩིར་གྱུར། །སྐུ་གསུང་ཐུགས་ཀྱི་ས་བོན་ལས། །བྱུང་བའི་མཆོད་སྤྲིན་ཟད་མི་ཤེས། །ནམ་མཁའ་མཛོད་དུ་བསྒྱུར་བ་དང་། །དམ་ཚིག་རྫས་མཆོག་སུ་ར་ཏ། །ཡེ་ཤེས་བདུད་རྩིར་བྱིན་རླབས་དང་། །རཀྟ་ཁྲག་གི་རྒྱ་མཚོ་ཆེ། །ཟུང་ལ་སོ་སོའི་ལྷ་མོར་བཅས། །བསྐྱེད་སྟིམས་ཚིགས་དུ་གསལ་བ་ནས། །བཀའ་བརྒྱད་ཕུར་པ་རྟ་མགྲིན་ལྟར། །མ་གསལ་པ་ལ་དེ་བཞིན་སྒོམ། །གཏོར་མ་ལས་རྣམས་ཀུན་གྱི་བདག །དམ་རྫས་ཤ་ལྔ་བདུད་རྩི་ལྔའི། །རང་བཞིན་ཟག་མེད་ཡེ་ཤེས་ཀྱི། །དཔལ་དང་ལོངས་སྤྱོད་རྒྱ་ཆེན་པོར། །མིང་དང་སྒྲུབ་དབང་ཟོར་ལ་སོགས། །ལྷར་གསལ་བ་དང་གནས་སྐབས་དག །སོ་སོའི་དོན་ལ་སྤྱད་བྱའོ། ༈ །བྱིན་འབེབས་ཡོད་མེད་སྣ་ཚོགས་ཀྱི། །འདི་ནས་དཀྱིལ་འཁོར་སྒྲུབ་རྫས་དང་། །སྒྲུབ་པོར་གཟི་བྱིན་བསྐྱེད་ཕྱིར་དུ། །སྒྲུབ་དཀྱིལ་སྟེང་གི་ནམ་མཁའ་རུ། །བྱིན་འབེབས་ཐུགས་དམ་རྒྱུད་བསྐུལ་ཚེ། །དཀྱིལ་འཁོར་གང་དེས་ལྷ་ཚོགས་དང་། །རྩ་རྒྱུད་བླ་མ་ཕྱོགས་བཅུ་ཡི། །སངས་རྒྱས་བྱང་སེམས་ཐམས་ཅད་ཀུན། །སྐུ་ཡི་གར་སྟབས་ལིངས་སེ་ལིང་། །གསུང་གི་འཛབ་དབྱངས་དི་རི་རི། ཐུགས་ཀྱི་ཏིང་འཛིན་ཏ་ལ་ལ། །བྱ་རྒོད་ཟས་ལ་རུབ་པ་བཞིན། །འོག་མིན་ཞིང་ནས་སྐད་ཅིག་གི། ཆར་སྤྲིན་གཏིབ་ལྟར་བྱོན་བཞུགས་མོས། །མཐར་ནི་བདག་དང་བསྒྲུབ་རྫས་ལ། །སིབ་སིབ་ཐིམ་པར་མོས་པའོ། ༈ །བསྐྱེད་རིམ་ཕྱག་རྒྱ་བསྒོམ་པ་ཡིས། །ཐ་མར་ལུས་ཀྱི་མངོན་ཞེན་ལྡོག །སེམས་ཉིད་ཡུལ་ལ་འཕྲོ་བ་འགོག །དེ་ཕྱིར་ཏིང་འཛིན་སྒོམ་པ་ནི། །དང་པོ་དངོས་པོ་ཆོས་རྣམས་ཀུན། །སྟོང་པ་ཆེན་པོ་བསམ་པ་ཏེ། །ཆོས་ཉིད་དེ་བཞིན་ཉིད་ཏིང་འཛིན། །རྟག་པར་ལྟ་བ་འགོག་པའི་དོན། །གཟུགས་མེད་ཁམས་དག་འཆི་སྲིད་ནི། །ཆོས་སྐུར་སྦྱོངས་བའི་ཐབས་ཡིན་འདྲ། །སྐྱེ་བ་མེད་པ་དེས་ངང་ལས། །འགག་མེད་སྙིང་རྗེ་ཆེན་པོ་ནི། །ཀུན་ཁྱབ་སྣང་བའི་ཆོས་ཅན་དེ། །དཔེར་ན་ནམ་མཁའ་སྟོང་པ་ལ། །ཟླ་བའི་དཀྱིལ་འཁོར་ཤར་བ་བཞིན། །ཏིང་འཛིན་དེ་ནི་ཆད་ལྟ་དང་། །གཟུགས་ཁམས་ལས་ལྡོག་སྲིད་པ་ཡི། །བར་དོ་ལོངས་སྤྱོད་རྫོགས་པའི་གཞི། །དེ་ལས་རྒྱུ་ཡི་ཡི་གེ་ནི། །ཞི་དང་ཁྲོ་བོ་གང་ཡིན་དེའི། །ཕྱག་མཚན་ཐུགས་སྲོག་ས་བོན་གྱིས། །མཚན་མར་གནས་པ་དེ་ཉིད་དག །རང་རིག་སེམས་ཉིད་ངོ་བོ་སྟེ། །སྐྱེ་གནས་བར་དོའི་འདོད་ཁམས་སྦྱངས། །སྐྱེ་བ་སྤྲུལ་སྐུར་སྨིན་བྱེད་དེ། །ཏིང་འཛིན་རྣམས་པ་གསུམ་ཡིན་ནོ། །རྒྱུ་ཡི་ཕྱག་མཚན་ས་བོན་ལས། །ཨེ་ཡཾ་ར་སུཾ་ཀེཾ་ལ་སོགས། །འབྱུང་ལྔའི་ས་བོན་སྤྲོས་པ་ལས། །ནམ་མཁའ་རླུང་ཆུ་ས་རི་རབ། །ཡེ་ཤེས་ལྔ་ཡི་རང་རྩལ་ལས། །ཤར་བ་དུག་ལྔའི་ངོ་བོ་ནི། །མ་དག་ས་ཆུ་མེ་རླུང་མཁའ། །འབྱུང་འདུས་ཕུང་པོའི་ཞེན་པ་ཉིད། །སྦྱང་ཕྱིར་དག་པའི་འབྱུང་བ་ལྔ། །ཡུམ་ལྔའི་ཀློང་ནས་གཞལ་ཡས་ཁང་། །སྒོ་གྲུ་རྟ་བབ་ཡོངས་རྫོགས་པ། །ཞི་དང་ཁྲོ་བོ་རང་རང་གི། །ཆོ་གའི་ཚིགས་དང་བསྟུན་ཏེ་བསྒོམ། ༈ །བདག་བསྐྱེད་དང་ནི་མདུན་བསྐྱེད་གཉིས། །དང་པོ་རང་ལུས་གཞལ་ཡས་ཁང་། །དེའི་དབུས་པད་ཉི་ཟླ་གདན་བཅས། །སྒོམ་པ་མངལ་གྱི་པདྨ་རུ། །དངས་མ་དཀར་དམར་ཉི་ཟླའི་ཚུལ། །མ་དག་འཁོར་བའི་བག་ཆགས་ཀྱི། །ཞེན་པ་སྦྱོང་ཕྱིར་ཆགས་མེད་དང་། །ཐབས་ཤེས་ཟུང་འཇུག་མཚོན་པ་སྟེ། །དེ་སྟེང་ཕྱག་མཚན་ས་བོན་དེ་ཉིད་ལས། །འོད་འཕྲོས་རྒྱལ་བ་སྲས་མཆོད་འགྲོ་བའི་སྒྲིབ་སྦྱངས་སོགས། །དོན་གཉིས་བྱས་ཏེ་ཚུར་འདུས་གནས་འགྱུར་པའི། །ལྷ་དེ་ཞི་ཁྲོའི་རྣམ་པར་གསལ་བར་བསྒོམ། །འཁོར་རྣམས་ཉི་མ་ལས་ནི་འོད་ཟེར་བཞིན། །རང་རྩལ་ཉིད་དུ་སྤྲུལ་པའི་ལྷ་མོ་གསལ། །གཉིས་པ་མདུན་བསྐྱེད་དཀྱིལ་འཁོར་སྒྲུབ་རྫས་སོགས། །གཞལ་ཡས་ཕོ་བྲང་ལྷ་ཚོགས་དེ་མཉམ་དུ། །བསྐྱེད་ལ་ཡེ་ཤེས་སྤྱན་དྲངས་བཞུགས་གསོལ་བསྟིམ། །དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད། །ངང་དུ་འབྲལ་བ་མེད་པས་ཕྱག་འཚལ་ཞིང་། །རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་ཡིས། །ཕྱི་མཆོད་རྣམས་ལྔས་མཆོད་ཅིང་གནས་སོ་སོར། །ཐིམ་དང་ནང་མཆོད་སྨན་རག་གཏོར་གསུམ་པོ། །དུག་གསུམ་སྐུ་གསུམ་ཡེ་ཤེས་མངོན་གྱུར་ཕྱིར། །འབུལ་དང་གསང་མཆོད་བདེ་སྟོང་དགའ་བཞི་དང་། །སྦྱོར་སྒྲོལ་མཆོད་པ་ལ་སོགས་ཡོད་མེད་སྣང་། །ཡོད་ཚེ་དེ་དོན་ཚིག་དང་བསྟུན་སྟེ་འབུལ། །དཀྱིལ་འཁོར་རོལ་པ་གང་དེའི་སྐུ་གསུང་ཐུགས། །རྒྱན་དང་ཆ་ལུགས་རྣལ་འགྱུར་ཡོན་ཏན་ལ། །ངོ་མཚར་དད་པས་བསྟོད་པ་བྱ་བ་དང་། ༈ །འཛབ་བཟླས་སྔགས་ཀྱི་འཁོར་ལོ་བསྐོར་ཚུལ་ནི། །རང་རང་གཞུང་ལས་གསལ་བས་འདིར་མ་སྨྲོས། །ལར་ནི་རང་ལུས་ལྷ་སྐུར་སྒོམ་པ་ཡིས། །སྐུ་ཡི་རྡོ་རྗེ་འགྲུབ་དང་ངག་ས་བོན། །སྔགས་འཁོར་བསྒོམ་པས་ངག་གསུང་རྡོ་རྗེ་འགྲུབ། །ཡིད་ཀྱི་ཏིང་འཛིན་གསལ་བར་བསྒོམ་པ་ནི། །ཐུགས་ཀྱི་རྡོ་རྗེ་འགྲུབ་པས་དག་རྫོགས་སྨིན། །གསུམ་ཞེས་གསང་སྔགས་ཐབས་ཀྱི་གོ་ཆ་སྟེ། །ཐུན་མཐར་དབང་ལེན་བདག་བསྐྱེད་ལས་འོད་འཕྲོས། །མདུན་བསྐྱེད་ལ་ཕོག་འོད་ཟེར་སྤྲོ་བསྡུ་ཡིས། །ཐུགས་དམ་རྒྱུད་བསྐུལ་སྐུ་གསུང་ཐུགས་ཡོན་ཏན། །འཕྲིན་ལས་ལྔའི་དངོས་གྲུབ་ཐོབ་པར་དམིགས། ༈ཚོགས་ཀྱི་མཆོད་པ་བྱིན་རླབས་ཡར་གནས་མགྲོན། །སྤྱན་དྲངས་ཚོགས་ཕུད་རིམ་གསུམ་སྤྲོས་པ་དང་། །ཐུགས་དམ་བསྐང་བ་བར་པ་བཤགས་པའི་ཚོགས། །འབུལ་དང་ཐ་མ་བསྒྲལ་ལྷག་གཉིས་སྐར་འདོད། །བསྒྲལ་བ་བདག་ཉིད་ལྷ་ཡི་ཐུགས་ཀ་ནས། །སྤྲུལ་པའི་ལས་བྱེད་ཕོ་ཉ་ཕྱག་བརྙེན་བཞི། །ལ་སོགས་སྤྲུལ་སྟེ་ཉམས་པ་འགུགས་བསྟིམ་རྗེས། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་སྲས་མཆོག་གི། ཕུར་པའམ་ནི་ལས་བྱེད་ཕོ་ཉས་བསྒྲལ། །རྣམ་ཤེས་རྒྱལ་བའི་སྲས་སུ་དབང་བསྐུར་དང་། །རྣམ་སྨིན་ཤ་ཁྲག་རུས་གསུམ་དུག་གསུམ་ཀྱི། །ངོ་བོ་ཡེ་ཤེས་བདུད་རྩིར་དམིགས་ཏེ་རོལ། །ལར་ནི་བདག་འཛིན་རུ་ཊ་མཐུ་བོ་ཆེ། །བདག་མེད་སྟོང་པ་ཆེན་པོའི་ཧོམ་ཁུང་དུ། །བདག་ཉིད་རིག་རྩལ་སྐྱེ་མེད་ཕུར་བུ་ཡིས། །རྣམ་རྟོག་དུག་གསུམ་སྲོག་དང་ཕྲལ་བ་ཡིས། །ཡང་ཡང་འཁོར་བའི་བག་ཆགས་རྒྱུན་བཅད་སྟེ། །གདོད་མའི་ཧེ་རུ་ཀ་ཡི་གོ་འཕང་དུ། །འགོད་པའི་ཐབས་ནི་སྙིང་རྗེ་ཆེན་པོ་ཡིས། །མ་ཟིན་འདུལ་བྱ་འདུལ་བྱེད་གཉིས་ཀ་ནི། །ཉོན་མོངས་རང་རྒྱུད་དྲག་པོའི་དགྲ་བོ་ཞེས། །འཇིག་རྟེན་སྐྱོངས་བར་བྱ་བའི་དོན་མཚུངས་པས། །ཐུལ་རེ་བྱས་ཀྱང་དགྲ་ནི་མི་ཐུལ་བས། །རང་ཉིད་རཱུ་ཊར་སྐྱེ་བའི་རྒྱུ་བསོགས་མོད། ༈ །ལྷག་མའི་མགྲོན་ལ་དབང་བའི་དྲེགས་པ་རྣམས། །སྐད་གཅིག་དཀྱིལ་འཁོར་མུ་རན་ལ་འཁོད་ནས། །ལྷག་མའི་ཆོ་ག་ཇི་བཞིན་བསྔོས་པ་དང་། །དམ་ཚིག་བསྒྲགས་པའི་ཆད་ཐོ་བསྟན་སྐྱོང་སོགས། །འདིར་གཤེགས་གྱིས་བསྐུལ་གཏོར་མ་འབུལ་བར་དམིགས། ༈ །གཏོར་གཞོང་རི་རབ་བང་རིམ་ཀྱི། །འོག་དུ་གྲུབས་ཁུང་གཏིང་རིང་ནང་། །རྒབ་འདྲེ་དམ་སྲི་མནན་པར་བསམ། །དེ་སྟེང་དཔལ་གྱི་གྲོ་བརྡུང་བས། །གནོད་བྱེད་རྒྱུན་ལམ་བཅད་པར་བསམ། ༈ །ལྷག་ཆད་ཁ་བསྐང་བསྡུ་རིམ་ནི། །མདུན་བསྐྱེད་དམ་དབྱེ་སོ་སོ་རུ། །ཕྲལ་ཏེ་ཡེ་ཤེས་ལྷ་ཚོགས་རྣམས། །རྟེན་ལ་བསྟིམས་སམ་ཆོས་སྐྱོང་གཤེགས། །གཞལ་ཡས་ཁང་ནི་འཁོར་ལ་ཐིམ། །འཁོར་རྣམས་གཙོ་བོ་ལ་ཐིམ་ཞིང་། །གཙོ་བོ་ཕྱག་མཚན་ཐུགས་སྲོག་ལ། །དེ་ཡང་བདག་བསྐྱེད་གཙོ་བོ་ཡི། །ཐུགས་སྲོག་ལ་ཐིམ་བདག་བསྐྱེད་ཀྱང་། །བསྲུང་བའི་གུར་ནི་གཞལ་ཡས་ཁང་། །གཞལ་ཡས་ཁང་ཡང་འཁོར་རྣམས་ལ། །འཁོར་ཡང་གཅིག་ནས་གཉིས་སུ་ཐིམ། །གཙོ་བོར་འདུས་སྟེ་གཙོ་བོ་ཡང་། །ཕྱག་མཚན་ས་བོན་ལ་ཐིམ་ཞིང་། །དེ་ཡང་ཞབས་ཀྱུ་ཧ་ཁོག་དང་། །ཟླ་ཚེས་ཐིག་ལེའི་བར་སོང་ཏེ། །ཧཱུྃ་ཡིག་ལྟ་བུར་མཚོན་པ་ཡིན། །ཐིག་ལེ་ནཱ་ད་ཚིག་གྲག་ཞེས། །སྤོས་དུད་ཡར་ལྟར་མི་དམིགས་ངང་། །སྟོང་ཉིད་ཆོས་སྐུ་མངོན་གྱུར་བསམ། །རྟག་པར་ལྟ་བའི་ཞེན་པ་འགོགས། །རྫོགས་རིམ་བསྒོམ་པའི་ཚུལ་དུའོ། ༈ །སླར་ཡང་གསལ་སྣང་རྒྱུ་མའི་སྐུ། །ཚེས་གསུམ་ཟླ་བ་ཤར་བ་བཞིན། །ལྷ་དེའི་སྐུ་རུ་ལམ་གྱིས་གསལ། །ཆད་པར་ལྟ་བའི་ཞེན་པ་ལྡོག །དེ་ནི་རྒྱུན་སྤྱོད་ཞེས་གྲགས་མོད། །ལར་ནི་སྣང་བའི་ཆ་ལས་ནི། །བསྐྱེད་པར་དཔེར་ན་ཚེས་གསུམ་ནས། །རིམ་གྱིས་ཟླ་བ་ཉ་གང་བར། །འཕེལ་བ་གཞལ་ཡས་ལྷ་བསྐྱེད་ནས། །སྣང་ཆ་གསལ་བར་རྫོགས་བསྒོམ་མཚུངས། ༈ །དེ་ནས་བསྡུ་རིམ་རྫོགས་རིམ་བར། །ཟླ་བ་མར་ངོའི་ཇི་བཞིན་དུ། །རིམ་གྱིས་འགྲིབ་སྟེ་གནམ་གང་དུ། །ནམ་མཁའི་དབྱིངས་སུ་ནུབ་དང་འདྲ། །དེ་ཡང་འགོགས་པ་མེད་པ་བཞིན། །ཚེས་གསུམ་ནས་ནི་འཆར་བའི་ཚུལ། །རྒྱུན་སྤྱོད་ལྟ་བུར་ངེས་དགོས་སོ། །དེ་ལྟར་རྩ་གསུམ་གང་སྒྲུབ་པའི། །མཆོད་བསྟོད་འཕྲིན་ལས་དགེ་བ་དང་། །དུས་གསུམ་དགེ་རྩ་ཅི་མཆིས་ཀུན། །རྣམ་མཁྱེན་རྒྱུ་རུ་བསྔོ་བ་དང་། །སྨོན་ལམ་བཅས་སྟེ་བཀྲ་ཤིས་ཚེ། །མདུན་གྱི་ནམ་མཁར་ཡི་དམ་ལྷ། །སངས་རྒྱས་བྱང་སེམས་ཚོགས་བཅས་ལ། །བྱོན་སྟེ་བཀྲ་ཤིས་མེ་ཏོག་ཆར། །འབེབས་དང་ཚིགས་སུ་བརྗོད་པ་བསྒོམ། ༈ །གཞན་ཡང་ལས་བཞིའི་འཕྲིན་ལས་ཀྱི། །ཆོ་ག་གང་ཞིག་བརྩམ་ནའང་། །དཀྱིལ་འཁོར་ལྷ་སོགས་བསྐྱེད་དང་རྫོགས། །གོང་གི་བསྒོམ་ཐབས་ཕྱོགས་རྩམ་དུ། །སྤྱི་འགྲོས་འདི་ལྟར་ཡིན་ནམ་སྙམ། ༈དྲག་པོའི་ལས་ལ་འཇུག་པ་ཡི། །བཟློག་བསད་མནན་བསྲེགས་ལ་སོགས་པ། །རང་རང་གཞུང་དང་ལས་ཚོགས་ལ། །བསྟུན་པ་གནད་སྟེ་ཕྱོགས་འགྲོས་རྩམ། །གཏུམ་པོ་མེ་འབར་སྒྲུབ་ཐབས་ལས། །ལྟ་བ་གྱད་ཀྱི་ལྷ་མེད་ན། །གསང་སྔགས་ལམ་དུ་མི་འགྲོ་ཞིང་། །དངོས་འཛིན་བདུད་ལས་ཡོང་མི་ཐར། །གཉེན་པོ་ཡེ་ཤེས་ལྷ་མེད་ན། །དྲེགས་ཅན་དབང་དུ་མི་འདུ་བས། །གང་གནོད་གཉེན་པོའི་ཚུལ་དུ་བསྒོམ། །གཉེན་པོའི་སྟོབས་ཀྱི་གཟིར་མནན་བྱ། །དེ་ལྟར་གནད་དོན་མ་ཤེས་ན། །ཡེ་ཤེས་ལྷ་ཡང་ལས་སུ་འཆོལ། །རང་རྒྱུད་རྟོག་པ་གོལ་བའི་ས། །གཉེན་པོའི་ཚུལ་ནི་ཀླུ་ལ་ཁྱུང་། །རྒྱལ་པོའི་གནོད་ན་རྟ་མགྲིན་ཏེ། །བདུད་ལ་གཤིན་རྗེ་གནོད་སྦྱིན་ལ། །ཕྱག་ན་རྡོ་རྗེ་རབ་དུ་བསྔགས། །ཅེས་དང་སྲིད་པའི་གཏེར་ཁྱིམས་ནས། །ལྟ་བ་གྱབ་ཀྱི་ལྷ་ཡི་ནི། །ཡ་གི་བཅོམ་ལྡན་འདས་ནས་དང་། །མ་གི་ཐེའུ་རང་སྤུན་དགུ་ཡན་ཆད་ནས། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱང་། །སེམས་ཉིད་ངང་དུ་མཉམ་ཉིད་ཆེན་པོའི་ཆོས་ཀྱི་སྐུ། །ཡེ་ཤེས་པ་འཇིག་རྟེན་པ། །སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀྱང་། །རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན། །ལོག་ནས་བྱུང་བ་གཅིག་ཀྱང་མེད། །ལྟ་བ་གྱབ་ཀྱི་མན་ངག་ཡིན། །གཉེན་པོ་སྟོབས་ཀྱི་ལྷ་དེ་ནི། །ཕོ་རྒྱུད་རྣམས་ལ་གཤིན་རྗེ་བསྒོམ། །མོ་རྒྱུད་རྣམས་ལ་དཔལ་ཆེན་པོ་ཧེ་རུ་ཀ་བསྒོམ། །དེ་ལྟར་བསྒོམ་པས་དབང་དུ་འདུ། །གཉེན་པོ་སྟོབས་ཀྱི་མན་ངག་གོ༈། བསད་པ་ལས་ཀྱི་ལྷ་ནི། །རང་གང་སྒྲུབ་དེས་འབྲུབ་ཁུང་བསྒོམ་ལ། །རྦད་པའི་དུས་སུ་དགྲ་ལ་ཁྱི་ལྟར་རྦད། །དེས་ནི་དགྲ་བོ་མྱུར་དུ་སོད། །མངག་པ་ལས་ཀྱི་ལྷའི་མན་ངག་གོ། ཅེས་གསུངས་པ་ལྟར་དུ། །ཡི་དམ་གང་ཡིན་དེ་ཡི་རྣམ་པ་གསལ། །བསྙེན་པ་འདི་ནི་གལ་ཆེ་ལ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་རྫས། །འཛོམ་པའི་ལས་ལ་གཞོལ་བའི་ཚེ། །གཏོར་ཟོར་དེ་ཡང་དགྲ་བགེགས་ཀྱི། །ཤ་ཁྲག་རུས་པར་དམིགས་པ་དང་། །རྣམ་པ་གནས་སྐབས་སོ་སོ་རུ། །དམིགས་པའི་བྱེ་བྲག་བསྒྲུབ་དགོས་ན། ༈དང་པོ་བསྒྲུབ་པའི་ཚེ་ན་ནི། །ལྷ་རུ་ཤེས་པས་མཆོད་བསྟོད་འབུལ། །བར་དུ་མཆོད་རྫས་དུས་ཤེས་པས། །ཐུགས་དམ་བསྐང་བའི་རིམ་པ་དང་། །ཐ་མར་འཕེན་པའི་དུས་སླེབ་ཚེ། །དྲག་པོའི་མཚོན་ཆར་བསམ་པ་ཡིས། །དམ་ཚིག་དེ་ནི་རང་ལ་བསྡུ། །ཡེ་ཤེས་སྤྲུལ་པའི་ལྷ་ཚོགས་རྣམས། །བཀའ་བསྒོས་བསྲུང་མ་རྒྱ་མཚོར་བཅས། །དམ་ཉམས་དགྲ་བོའི་སྟེང་དུ་ནི། །དམགས་ཆེན་གཡོས་ཏེ་དམིགས་བྱ་དེའི། །ཡུལ་མི་ནོར་མཁར་ཐལ་བ་ཡི། །རྡུལ་ཕྲན་བཞིན་དུ་བརླག་པར་བསམ། ༈ །བསད་པ་ལས་ཀྱི་འཁོར་ལོའི་ཚེ། །གསལ་བ་གསུམ་ཞེས་རང་ཉིད་ནི། །དཔལ་ཆེན་ཁྲོ་རྒྱལ་འབར་བ་རུ། །ཕུར་བུ་སྲས་མཆོག་འབར་བའི་སྐུ། །གྱི་ལྟར་བསྐྱེད་དང་སོར་མོ་བཅུ། །རིགས་ལྔ་ཡབ་ཡུམ་བཅུ་རུ་གསལ། །སྦྱོར་བ་མཛད་པའི་སྦྱོར་མཚམས་ནས། །ལྟེ་བ་མན་ཆད་ཆུ་སྲིན་གྱི། །ཁ་ནས་གནམ་ལྕགས་ཁྲོ་ཆུའི་དབལ། །ཟུར་གསུམ་པ་ཡི་ཁོང་སེང་དུ། །ལྷ་ཡི་ཕོ་བྲང་རྟེན་བཅས་ཤིང་། །རྩེ་མོར་དྲེགས་པའི་དམག་ཚོགས་རྣམས། །ལས་ལ་རྔམ་པར་བསམ་པ་དང་། །ཕུར་བུ་ལས་བྱུང་འོད་ཟེར་གྱིས། །རྒྱལ་བ་སྲས་བཅས་མཆོད་ནས་ཀྱང་། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས། །མཐུ་སྟོབས་ཐམས་ཅད་འོད་ཟེར་གྱིས། །རྣམས་པར་སྤྱན་དྲངས་ཕུར་བུར་ཐིམས། །སྐུ་ནི་འགྱིང་ཞིང་གསུང་བསྒྲགས་པར། །ཐུགས་གཡོས་རྩལ་གྱིས་སྲིད་པ་གསུམ། །དུས་གཅིག་ལ་སྒྲོལ་ནུས་པ་ཡི། །དབང་ཐོབ་མོས་ལ་མི་ལྡོག་ཕྱིར། །རང་ལྷར་བསྐྱེད་དང་མི་སྡུག་ཕྱིར། །ཕུར་བུ་སྲས་མཆོག་རུ་བསྐྱེད་ཅིང་། །མི་འབྱམས་ཕྱིར་ནི་ལིངྒ་ནི། །དམིགས་པའི་དགྲ་བོ་དངོས་སུ་བསམ། །དེ་ཡང་རང་ལྷར་མ་གསལ་ན། །ཉམས་ཆུང་གིས་ནི་གཞན་གཡོག་ཏུ། །བསྐོལ་མི་ནུས་འདྲའི་ཕུར་བུར་ནི། །སྲས་མཆོག་དུ་ནི་མ་གསལ་ན། །ཤིང་གི་རྟ་གྲིས་གཞན་མི་ཆོད། །མཚུངས་ཤིང་ལིངྒ་གཟས་པོ་ལ། །མ་གསལ་འབན་མེད་མཚོན་སྡིག་འདྲ། །གནད་གསུམ་འདི་ནི་ཤིན་ཏུ་གཅེས། །ཇི་ལྟར་བཏབ་པའི་ཚུལ་ལ་ནི། །ཕུར་བུ་དེ་ལས་འོད་ཟེར་འཕྲོས། །ཁོ་ལ་རེག་པས་གཟུགས་ཕུང་གི། །འབྱུང་ལྔའི་དྭངས་མ་ཐམས་ཅད་ཀུན། །རིམ་བཞིན་སྙིང་གར་འདུས་པ་ལས། །ཚེ་རྟེན་ཨ་ཡིག་དཀར་པོ་དེ། །འོད་ཀྱི་རང་བཞིན་དུ་གནས་པ། །ཕུར་རྩེ་ཧཱུྃ་གི་རྡོ་ཁབ་ལེན། །གྱིས་ལྕགས་བླང་པ་ཇི་བཞིན་དུ། །བླང་ཏེ་རང་གི་སྙིང་ཁ་རུ། །ཕུར་རྩེས་རེག་པས་ཁོ་ཡི་ཚེ། །རང་གི་ཚེ་ཡི་སྣོད་མ་རུ། །གྱུར་པར་བསམ་པ་ཚེ་ལུང་ངོ་། ༈ །སླར་ཡང་ཕུར་བུ་སྙིང་དཀར་ནག །མཚམས་སུ་བཏབ་པས་ཁོས་རྣམ་ཤེས། །ནྲི་ཡིག་དུད་ཁ་མར་མེའི་འོད། །ལྟ་བུར་གནས་པ་རླུང་གིས་བསད། །ལྟར་དུ་ནག་ཐུམ་གྱིས་སོང་བས། །དྭངས་མ་ཐིག་ལེ་དཀར་པོ་ཡི། །རྣམ་པར་ཕུར་རྩེ་ནས་རྒྱུད་པས། །ལས་ཉོན་སྡིག་སྒྲིབ་དག་པར་བྱ། །ཕཊཿཅེས་རྒྱ་མདུད་མགོར་ཧཱུྃ་ནི། །རྣམ་པས་སྐར་མདའ་འཕང་པ་བཞིན། །ཡེ་ཤེས་ལྷ་ཡི་ཐུགས་ཀར་བསྟིམ། ཁྲུས་ལུང་ཅེས་བྱ་དེ་ལྟ་བུའི། །དགོངས་པ་གཉིས་དང་ལྡན་པས་བསྒྲལ། དོན་གཉིས་ལྷུན་གྲུབ་རྒྱུ་ཡིན་ཏེ། །སླར་ཡང་འཁོར་བའི་སྐྱེ་སྒོ་ཉིད། །གཅོད་ཕྱིར་མཚོན་ཆ་སྣ་ཚོགས་དང་། །འཁོར་ཚོགས་སྤྲུལ་པའི་མཚོན་འདེབས་སོ། ༈ །ཕུང་པོ་ཞལ་དུ་བསྟབ་པ་ནི། །དུག་གསུམ་ཤ་ཁྲག་རུས་པའི་ཚོགས། །ཡེ་ཤེས་ལྷ་ལ་ཕུལ་བ་ཡིས། །འཁོར་བའི་རྒྱུན་བཅད་ཚོགས་གཉིས་རྫོགས། །བྱང་ཆུབ་ཐོབ་པའི་རྒྱུར་བསྔོ་དམིགས། ༈མདོས་གླུད་རང་གཞུང་དང་བསྟུན་པས། །དམིགས་བྱ་མགྲོན་དུ་འགུགས་པའི་ཚུལ། །དེ་ལ་སྟོན་མོ་སྦྱིན་དང་མཚུང་། །ཆར་འབེབས་སད་སེར་ཆར་གཅོད་སོགས། །སོ་སོ་རང་རང་སྐབས་མཐུན་གྱི། །འདོན་དང་དམིགས་པ་སྤྲད་པ་ལས། །འདི་དང་དེ་ཞེས་བརྗོད་ཡུལ་འདས། ༈ཟབ་ལམ་འཕོ་བའི་རིམ་པ་ནི། །དང་པོ་སྐྱབས་ཡུལ་གསལ་བ་ནི། །ཚོགས་ཞིང་གོང་མ་ལྟར་གཞན་རྣམས། །གཙོ་བོ་རྩ་བའི་བླ་མ་དེ། །རྣམ་པ་འོད་དཔག་མེད་དུ་གསལ། །སྐྱབས་འགྲོ་སེམས་བསྐྱེད་གཞུང་བཞིན་བྱ། །དེ་ནས་གཤིན་པོའི་དོན་ཡིན་ཚེ། །རང་ཉིད་སྐད་ཅིག་སྤྱན་རས་གཟིགས། །ཕྱག་བཞི་པར་བསྐྱེད་སྐྱབས་ཡུལ་རྣམས། །དཔང་པོར་དམིགས་ཏེ་ཐུགས་རྒྱུད་བསྐུལ། །ཕུང་པོ་རྣམ་ཤེས་འགུགས་བསྟིམ་ནི། །རང་གི་ཐུགས་ཀའི་ཧྲཱིཿཡིག་ལས། །འོད་ཟེར་གྲངས་མེད་སྤྲོས་པ་ཡི། །རིགས་དྲུག་གནས་དང་བར་དོའི་གནས། །གང་དུ་མཆིས་ཀྱང་སྐད་ཅིག་གིས། །བཀུག་སྟེ་རང་ཉིད་འཕགས་པ་ཡི། །ཐུགས་ཀའི་ཧྲཱིཿཡིག་དམར་པོ་ལས། །གཅིག་རྒྱུད་གཉིས་རྒྱུད་ཧྲཱིཿདགུ་འཕྲོས། །འཁོར་བའི་སྒོ་དགུ་ཞེས་གྲགས་པ། །ཀློང་གསལ་འབར་མ་ལྟར་སྨྲ་ན། །སྣ་བུག་གཡས་གཡོན་རྣ་བ་གཉིས། །མིག་ཟུང་ལམ་དང་གཤང་ཆུ་ལམ། །ཡིན་གསུང་ནག་མོ་མངོན་བྱུང་ལས། །དམྱལ་བའི་སྒོ་ལམ་གཤང་བར་སྒོམ། །དེ་ནས་ཡི་དྭགས་ལམ་གྱི་སྒོ། །མཚན་མའི་གནས་སུ་བསྒོམ་པར་བྱ། །དེས་ནས་བྱོལ་སོང་ལམ་གྱི་སྒོ། །ལྟེ་བའི་གནས་སུ་བསྒོམ་པར་བྱ། །དེ་ནས་མི་ཡི་ལམ་གྱི་སྒོ། །ཁ་ཡི་གནས་སུ་བསྒོམ་པར་བྱ། །དེ་ནས་ལྷ་དང་ལྷ་མིན་སྒོ། །མིག་དང་རྣ་བར་བསྒོམ་པར་བྱ། །ཅེས་གསུང་དེ་ནི་སྒོ་དྲུག་སྟེ། །དཔྲལ་བར་གཟུགས་མེད་སྣ་དྲི་ཟ། །སྤྱི་བོར་སྤུ་འཁྱིལ་གཟུགས་མེད་ཁམས། །སྒོ་དགུར་འདོད་པ་ཧྲཱིཿརེ་ཡིས། །བགགས་པར་བསམ་ལ་གཤེད་ཕྲལ་བ། །རང་ཉིད་ཐུགས་ཆེན་སྐད་གཅིག་གི། གནས་འགྱུར་རྟ་མགྲིན་དམར་པོ་ནི། །ཐུགས་ཆེན་ནང་ལྟར་བསྒོམ་པ་ཡིས། །ཁྲོ་བོའི་སྡང་མིག་ཕྱོགས་བཅུར་གཟིགས། །བ་སྤུའི་བུ་ག་ཐམས་ཅད་ནས། །ཁྲོ་སྤྲིན་རབ་འབྱམས་འཁྲིག་པ་ལས། །ཕྱག་ན་སྣ་ཚོགས་མཚོན་ཐུན་འཕྲོས། །ཟ་འདྲེ་ཤི་གཤེད་སྲོག་གཅོད་དང་། །དབུག་ལེན་ཐར་ལམ་གེགས་བྱེད་ཚོགས། །དམིགས་མེད་ཀློང་དུ་བསྐྲད་པར་བསམ། །དྲག་སྔགས་བཟླ་ཞིང་ཐུན་གྱིས་བྲབ། །མཐར་ནི་ཁྲོ་ཆུང་རང་ལ་བསྡུ། ༈ལྷར་ཡང་ཞི་བར་གནས་འགྱུར་ནས། །ཚེ་འདས་མིང་ནས་འབོད་པ་སོགས། །ངོ་སྤྲོད་རྒྱས་བསྡུས་གང་རུང་གདབས། །དབང་པོའི་རིམ་པ་ལྟར་དུ་ནི། །ངོ་སྤྲོད་སེམས་ལ་སྨིན་པར་བསམ། །མདུན་མཁར་སྐྱབས་ཡུལ་ལྷ་ཚོགས་ལ། །ཕྱག་འཚལ་མོས་པས་མཚན་ཡང་བསྒྲག །དངོས་གཞིའི་རིམ་པ་ཚེ་འདས་དེའི། །འབྱུང་འདུས་ཕུང་པོ་ཤ་རུས་ཁྲག །ནང་རོལ་ལ་སོགས་མ་དག་པའི། །དངོས་པོ་ཀུན་བྲལ་སྣང་སྟོང་སྐུ། །མནྡྷ་ར་བ་གསལ་བ་ཡི། །ལུས་དེས་དབུས་སུ་བྱང་ཆུབ་རྩ། །ཆུ་ཤིང་ལྡེམ་བུ་ལྟར་དྲང་བ། །པདྨའི་འདབས་མ་ལྟར་སྲབ་པ། །ནམ་མཁའ་སྤྲིན་བྲལ་ལྟར་སྔོ་བ། །ཏིལ་ཞུན་མར་མེ་ལྟར་གསལ་བ། །ཁྲག་དང་ཆུ་སེར་གྱིས་མ་གོས། །ཡར་སྣེ་སྤྱི་བོའི་ཚང་བུག་ནི། །མཁའ་སྤྱོད་ལམ་སྟེ་རྒྱ་མཐོང་གི། ཁ་ཕྱེ་ལྟར་དང་མར་སྣེ་རུ། །ལྟེ་འོག་སོར་བཞིའི་འོག་ཁ་ཟླུམ། །སྙིང་ཐད་སྨྱུག་མ་ཚིག་ཆོད་ལྟར། །ཁྱད་ཆོས་བཞི་ལྡན་དེའི་དབུས་སུ། །ཉི་དཀྱིལ་སྲན་མ་ཕྱེད་ཙམ་སྟེང་། །རྣམ་ཤེས་ངོ་བོ་འོད་ལྔའི་མདངས། །ཡུངས་འབྲུ་ཙམ་ཞིག་འཕར་ལིང་ངེར། །གསལ་བ་དང་བཅས་སྤྱི་རྩུགས་གི། སྟེང་ཕྱོགས་འདོམ་གང་ཙམ་གྱི་ནི། །ནམ་མཁར་སིང་ཁྲི་པད་ཟླའི་སྟེང་། །མགོན་པོ་འོད་དཔག་མེད་པ་ཉིད། །མཚན་དཔེ་གཟི་བྱིན་དཔལ་འབར་བར། །ཕྱག་རྫོགས་བརྒྱུད་པའི་བླ་མ་རྣམས། །སྤྲིན་ཕུང་གཏིབ་ལྟར་བསྐོར་བར་དམིགས། །བཅོས་མིན་མོས་གུས་དྲག་པོ་དང་། །ཚེ་འདས་དེ་ལ་སྙིང་རྗེ་བཅས། །གསོལ་འདེབས་བྱ་ཞིང་དཀྱིལ་དཀྲུང་གི། སོར་མོ་བསྐུམ་ལ་ཉ་བཞི་བསྒྲིམ། །ལག་པ་རྡོ་རྗེའི་ཁུ་ཚུར་བསྡམ། །མགྲིན་པ་བཀུགས་ལ་ལྕེ་ཡ་ཀན། །ལ་སྦྱར་མིག་གཉིས་གྱེན་ལ་ལྡོག །བསྲུས་པ་སྟོད་དང་ཡར་སྤུག་སྟེ། །རླུང་དམིགས་སེམས་གསུམ་གྱེན་ལ་གཏོད། །ངག་དུ་ཧིག་ཞེས་བརྗོད་པ་དང་། །ལྷན་གཅིག་རང་སེམས་ཚེ་འདས་ཀྱི། །རྣམ་ཤེས་དང་བསྲེས་དབུ་མ་ཡི། །ལམ་རྒྱུད་འོད་དཔག་མེད་པ་ཡི། །ཐུགས་དཀར་དབྱེར་མེད་འཕོས་པར་བསམ། །ཡང་ཡང་དམིགས་སྐོར་གསལ་འདེབས་ཀྱི། །དེའི་ངང་ལ་མཉམ་པར་བཞག །འཁོར་བར་སླར་ཡང་མི་ལྡོག་པའི། །ཕཊཿགསུམ་བརྗོད་པ་སྐུ་གསུམ་གྱི། །གོ་འཕང་ཉིད་ལ་གཡོ་མེད་མོས། །བསྔོ་བ་སྨོན་ལམ་རྒྱ་ཡིས་གདབས། །རང་ཉིད་སྦྱངས་བའི་དུས་སུ་ནི། །སྐྱབས་སེམས་ཚར་རྗེས་རང་ལུས་ནི། །གོང་བཞིན་བསྒོམ་དང་གསོལ་འདེབས་མཐར། །ཧིག་ཅིག་རང་སེམས་ངོ་བོ་དེ། །འོད་དཔག་མེད་ཀྱི་ཞབ་མཐིལ་ལ། །རེག་ཙམ་དང་ནི་ཀཱ་ཞེས་པས། །སྐར་མདའ་ས་ལ་ལྷུང་བ་ལྟར། །མར་འབེབ་བཅས་པ་ཡང་ཡང་བསྒོམ། །ཐུན་མཐར་འོད་དཔག་མེད་གནས་འགྱུར། །ཚེ་དཔག་མེད་གསལ་སྙིང་པོ་བསྒྲང་། །དུས་མིན་འཆི་བའི་འཇིག་སྐྱབས་ཕྱིར། །བདུད་རྩི་རྒྱུན་བབ་རང་ལུས་ནི། །མེར་གྱིས་གང་ཏེ་མཐར་ཚེ་ལྷ། །རང་ལ་ཐིམ་དང་དབུ་མའི་ལམ། །གསེར་རྡོར་རྒྱ་གྲམ་གྱིས་བཀགས་མོས། །འབྱུང་བའི་རྟག་ནི་སྤྱི་བོར་སྐྲང་། །ཆུ་སེར་རྡོལ་དང་རླངས་པ་འཕྱོ། །རྔུལ་ཞིང་རྩ་རྒྱས་སྐྲ་ཉག་མ། །འཐེན་ན་ལི་བ་འཇག་མ་ནི། །ལྟེམ་གྱི་འཛུགས་སོགས་འབྱུང་བའོ། ༈འཕོ་བའི་དུས་ནི་ཕྱི་དབུགས་ཆད། །ནང་དབུགས་མ་ཆད་དུས་སུ་མཆོག །དེ་ནི་འཕོ་བའི་རིམ་པའོ། ༈ཟབ་མོ་གཅོད་ཡུལ་ཞེས་གྲགས་པ། །ཌཱ་རུ་འུར་སྒྲ་ཅི་ཆེ་དང་། །རྐང་དུང་ཚག་སྒྲ་གང་ཆེ་དང་། །ཁ་ན་ཕཊཿསྒྲ་གང་ཐོན་དང་། །མགོ་ལ་རལ་སྐྱོག་སུ་སྦོམ་རྣམས། །དེང་སང་གཅོད་པར་གྲགས་ཆེ་མོད། ༧། ཕྱི་ཡི་འདུ་འཛི་གཅོད་པ་དང་། །ནང་གི་བདག་འཛིན་གཅོད་པ་དང་། །གསང་བ་འཁོར་འདས་རོ་སྙོམ་གཅོད། །ཡང་གསང་ཀ་དག་ངང་དུ་ནི། །སྣང་སེམས་འཛིན་པའི་གཅོད་པ་སོགས། །རྣལ་འབྱོར་གཅོད་པ་ཞེས་བྱ་བ། །དེ་ལ་ཟེར་རམ་སྙམ་པ་ལགས། །རང་ལུས་ཤ་ཁྲག་ཕུང་པོ་ནི། །ཞེན་ཆགས་བྲལ་བའི་ཚོགས་སུ་བཤམས། །ཨཱོཾ་ཨཱཾཿཧཱུྃ་གིས་བདུད་རྩིར་བསྒྱུར། །ཡར་གྱི་དཀོན་མཆོག་རྩ་གསུམ་མཆོད། །བར་གྱི་དཔལ་མགོན་བསྲུང་མ་མཆོད། །ཐ་མ་ལན་ཆགས་བགེགས་རིགས་ཚིམ། །དམིགས་པ་མེད་པའི་མཆོད་སྦྱིན་གྱིས། །ཕུང་པོ་གཟན་སྐྱུར་ཞེས་བྱ་བ། །ཡིན་ནམ་སྙམ་མོ་གཞན་ཡང་ནི། ༈སེམས་ཞེས་བྱ་བ་བཟང་ངན་གྱིས། །འདེགས་འཇོག་མཁན་པོ་འདི་ག་ཉིད། །སངས་རྒྱས་རྒྱུ་རུ་འགྱུར་བའི་ཐབས། །སྔོན་འགྲོ་ཚོགས་བསགས་རིམ་པ་དང་། །ལས་འབྲས་བླང་དོར་ཡིད་ཆེས་བྱ། །དལ་འབྱོར་རྙེད་པར་དཀའ་བ་དང་། །མི་རྟག་འཆི་བ་དྲན་པ་ཡི། །བློ་སྣ་བསྟུང་ལ་དགེ་ལ་འབུང་། །དངོས་པོ་ཡོད་ཞེས་གཟུགས་མེད་དེ། །མེད་ཞེས་སྟོང་པ་ཁོ་ནའང་མིན། །ད་ལྟ་འགྱུ་དྲན་རིག་རྟོག་ནི། །རིག་རིག་ཏུར་ཏུར་འགྲོ་བ་ནི། །སེམས་ལས་ལོགས་སུ་མ་དམིགས་ཏེ། །སྣང་བ་ཞེས་བྱ་གསལ་བའི་ཆ། །སྟོང་པ་ཞེས་བྱ་རིག་པའི་ཀློང་། །དཔེར་ན་ནམ་མཁའ་ཞེས་བྱ་འདི། །ད་ལྟ་མིག་གི་མཐོང་རྒྱུན་ཆོས། །དངོས་པོ་ཡོད་པ་ལྟར་སྣང་བ། །དོན་ལ་དངོས་པོ་གདོས་བཅས་ཉིད། མེད་པ་སྟོང་པའི་ཆ་ཡིན་ཏེ། །སེམས་ནི་སྟོང་པ་ཁོ་ནའོ། །ཞེ་ན་རྒྱུ་འབྲས་ཅི་ལ་ཡོད། །དངོས་པོ་ཅན་དུ་འདོད་གྱུར་ན། །འདི་ལ་འཆི་བའི་སྐབས་མེད་དེ། །ཞི་བ་མྱ་ངན་འདས་པའི་ཆོས། །འཁོར་བ་ལུ་གུ་རྒྱུད་དུ་འབྲེལ། །དེ་ཕྱིར་རིག་པ་ཀ་དག་གི། ཀློང་དུ་མ་རིག་མུན་པ་སངས྄༵། །ཡ྄ེ༵་ནས་ཤེས྄༵་བྱའི་དཀྱིལ་འཁོར་ཉིད། །རྒྱས྄༵་པའི་ཐབ་ལ་བརྩོན་པ་གནད། ༈དེ་ལྟར་བློ་ལྡན་ནིརྦྷ་ཤྲཱི་བྷན་ནས། །ནན་ཏན་དབྱུག་གུའི་བསྐུལ་བའི་མོད་ཉིད་ལས། །ཤེས་རབ་གསུམ་གྱི་དྲི་མ་རྡུལ་ཙམ་མེད། །གྲོག་སྐམ་ལུང་སྟོང་ཉ་རྒྱའི་ངང་ཚུལ་གྱིས། །ངུར་སྨྲིག་གསོབ་ཏུ་རྒྱང་པའི་ཚོན་རིས་ཅན། །ལྷག་བསམ་འཇམ་སྙན་སྤགས་པས་གཡོག་ཅན་གྱི། །རྔ་བོ་ཆེའི་སྐད་ལས་དེ་སྐད་ཐོན། །མཁྱེན་སྤྱོད་མཁའ་ལྟར་ཡངས་པའི་མཁས་རྣམས་ཀྱིས། །ཐུགས་ཁྲེལ་སྙན་གྱི་བུ་ག་སུན་གྱི་རུང་། །འདོད་ལྡན་ཐོས་ཆུང་ཚོ་ལ་ཕན་པ་ཡི། །གྲོང་ཆོག་རྔ་རྡུང་གྲལ་དུ་ཅིས་མི་ཚུད། །དེ་ཕྱིར་སྲིང་རྫོང་ཨོ་རྒྱན་ཆོས་གླིང་དུ། །རཏྣ་བིརྦྷ་དྷ་ར་ཞེས་བྱ་ཡིས། །སོར་མོའི་འཕྲུལ་གྱིས་སྲིན་བུས་འགྲོས་བཀོད་པའི། །དགེ་བ་གང་མཆིས་འགྲོ་ཀུན་སངས་རྒྱས་ཀྱི། །ས་རུ་འགོད་པའི་རྒྱུར་གྱུར་བཀྲ་ཤིས་ཤོག །སརྦ་མངྒ་ལཾ།། །


previousགསང་སྔགས་སྤྱི་འགྲོའི་རེག་ཟིག་བླུན་པོའི་གདུང་སེལ།no next