cover

གསུང་འབུམ་པོད་བཅུ་གཅིག་པ། རྣམ་ཐར།

དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དཔེ་ཚོགས།

དགེ་བཤེས་དངོས་གྲུབ་དཔལ།

གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་རྩོམ་སྒྲིག་སྡེ་ཚན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་ཐར་འདོད་འཇོའི་བུམ་བཟང༌དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་།

མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་བཞུགས་སོ། །

རྩོམ་པ་པོ་འབྲས་རབ་འབྱམས་པ་དངོས་གྲུབ་དཔལ། ན་མོ་གུ་རུ་བཛྲ་དྷ་ར་ཝ་ཀིཎྡྲྲ་བིརྻཱ་ཡ། སྟོབས་བཅུའི་གསང་བའི་མཛོ༷ད་འཛི༷ན་སྟོན་པ་རྫོགས་སངས་རྒྱས། །ཞི་བསིལ་ཆོས་ཀྱི་མཛོ༷ད་འཛི༷ན་ལུང་རྟོགས་དམ་པའི་ཆོས། །རྒྱལ་བསྟན་རིན་ཆེན་མཛོ༷ད་འཛི༷ན་རིག་གྲོལ་དགེ་འདུན་ཚོགས། །ཤུགས་དྲག་དད་བརྒྱས་ཚེ་རབས་ཕྲེང་བར་སྐྱབས་སུ་འཛིན། །ཐུབ་བསྟན་ལུང་རྟོགས་རྫོ༷གས་ལྡ༷ན་དམ་ཆོས་དཔྱིད། །འཆད་རྩོད་རྩོམ་པའི་རྫོ༷གས་ལྡ༷ན་རྗེས་འགྲོ་བ། །ཡོན་ཏན་མཚམས་སྤྲིན་རྫོ༷གས་ལྡ༷ན་མཛེས་སྡུག་ལས། །བརྩེ་ཆེན་གདམས་ངག་རྫོ༷གས་ལྡ༷ན་ཆོས་ཆར་འཇོ། །རྒྱལ་ཀུན་བརྩེ་ཆེན་ངུར་སྨྲིག་འཛིན་པའི་གར། །གཞུང་བརྒྱ་སྨྲ་བའི་ང༷ག་གི་དབ༷ང་ཕྱུག་དཔལ། །གུས་རྟག་བརྩོ༷ན་འགྲུ༷ས་ཆུ་བོའི་དཔལ་མངའ་བ། །མཚུངས་མེད་དཔལ་ལྡན་བླ་མས་རྣམ་ཀུན་སྐྱོངས། །ང༷ག་གི་དབ༷ང་ཕྱུག་ཆོས་སྦྱིན་བརྩོ༷ན་པའི་གཏེར། །ངང་བའི་བུ་མོ་སྒྱུ་མའི་གར་མཁན་འགྲུ༷ས། །སྨྲ་བའི་འབབ་སྟེགས་དྲི་ཟའི་དགའ་ཚལ་ནས། །མདོ་སྔགས་ཆོས་ཀྱི་རྒྱུད་མང་ཅིར་ཡང་རྩེན། །ཚོགས་གཉིས་ཆུ་གཏེར་ལན་བརྒྱར་བསྲུབས་པ་ལས། །སྨྲ་བའི་ཟླ་བ་མཁས་གྲུབ་གཙུག་གི་རྒྱན། །འགྲོ་བློའི་མུན་པ་སེལ་བའི་སྒྲོན་མེ་མཆོག །བྱམས་བརྩེའི་འོད་སྣང་རྩེ་དགའ་ཡང་ཡང་འགྱེད། །རྒྱལ་ཀུན་ཐུགས་གསང་གཞན་སྟོང་སྙིང་པོ་ཡི། །ལྟ་གྲུབ་རྣམ་དག་གསེར་རིའི་ཕྲེང་བ་ལས། །བརྒྱུད་པའི་བཤད་སྲོལ་ཐང་མལ་བརྡལ་བའི་གཏེར། །ངེས་དོན་བསྟན་པའི་རྩ་ལག་སྤྱི་བོའི་རྒྱན། །རྗེ་བཙུན་བླ་མའི་སྒྱུ་འཕྲུལ་དྲྭ་བའི་ཆུ་གཏེར་ལས། །ཆུ་ཐིགས་ཙམ་ཞིག་བརྗོད་པའི་བསོད་ནམས་དཔག་མེད་འབྲས། །ཐོབ་པར་འགྱུར་ཅེས་དུས་གསུམ་རྒྱལ་དང་རྒྱལ་སྲས་ཀྱིས། །ཡང་ཡང་བསྔགས་པའི་ཆུ་འཛིན་གླལ་བའི་སྒྲ་དབྱངས་སྙན། །དེ་སླད་སྐ༷ལ་བཟ༷ང་ད༷ད་པ༷འི་འཇུ༷ག་ངོ༷གས་མཐོང་ཐོས་རྣམས། །མཆོག་ཐུན་དངོས་གྲུབ་སྟེར་བའི་འདོ༷ད་འཇོ༷འི་བུ༷མ་བཟ༷ང་བཞིན། །རྗེ་བཙུན་བླ་མའི་མཛད་བཟང་རྡུལ་གྲངས་འདས་པ་ལས། །རྡུལ་ཕྲན་ཙམ་ཞིག་སྐལ་བཟང་དད་པའི་གསོས་སུ་སྤེལ། ། རྣམ་གྲོལ་ཐར་འདོད་དད་པ་རབ་ཡངས་དག ། མཆོག་ཐུན་དངོས་གྲུབ་གཏེར་ཁ་འབྱེད་པའི་ཕྱིར། །རབ་སྙན་རིན་ཆེན་གཏམ་གྱི་ཕྲེང་བ་འདི། །གཞན་ཕན་སེམས་ཀྱིས་ལེགས་པར་བསྙད་པར་བྱ། །ཡིད་ཆེས་དད་པའི་ལུས་སྟོབས་རྩལ་རྫོགས་པའི། །བློ་ལྡན་དོན་གཉེར་སྐལ་བཟང་ཚོགས་རྣམས་ཀྱེ། །ཨེ་མ་ངོ་མཚར་གཏམ་ཚོགས་དགའ་བའི་ཚལ། །རྐང་དྲུག་ཡིད་ཀྱི་རྒྱན་དུ་འདི་ལོངས་ཤིག །དེ་ལ་འདིར་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་རྗེས་སུ་འབྲང་བའི་རང་ལུགས་པ་ཆེན་པོ། ལྷ་དང་བཅས་པའི་འགྲོ་བ་མཐའ་དག་ལ་ཕན་པ་དང་བདེ་བའི་གཞིར་གྱུར་པ། ངེས་དོན་བསྟན་པའི་རྩ་ལག་མཐའ་བྲལ་དབུ་མ་ཆེན་པོའི་ཚུལ་ལས་བརྩམས་ཏེ་འཇིགས་མེད་སྨྲ་བའི་གད་རྒྱངས་མངོན་པར་བསྒྲགས་པས་ཕས་ཀྱི་རྒོལ་བ་ཝ་སྐྱེས་ཚོགས་རྣམས་སྐྲག་པར་མཛད་པའི་སྨྲ་བའི་སེང་གེ་ཐུབ་བསྟན་ཕྱོགས་བཅུར་སྤེལ་པའི་བཤད་སྒྲུབ་ཀྱི་གསོས་སྨན། སྡེ་སྣོད་རྒྱུད་སྡེ་རྒྱ་མཚོའི་མངའ་བདག ངུར་སྨྲིག་རིན་པོ་ཆེའི་རྒྱལ་མཚན་འཛིན་པ་རྣམས་ཀྱི་མཛེས་རྒྱན། བསླབ་གསུམ་ནོར་གྱི་དབང་ཕྱུག འཇིག་རྟེན་ཆོས་བརྒྱད་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་དོར་བའི་རྗེ་བཙུན་མི་ལ་རས་པ་དང་གཉིས་སུ་མ་མཆིས་པའི་ཀུན་སྤངས་བྱ་བྲལ་བ་ཆེན་པོ། རིམ་གཉིས་ལམ་གྱི་ཉམས་རྟོགས་ཀྱི་འབྲས་བཟང་སྨིན་པའི་སྲིད་ཞིའི་ཁམས་ན་ཉི་ཟླ་ལྟར་གསལ་བའི་མཁས་གྲུབ་བྱེ་བའི་གཙུག་རྒྱན། འགྲོ་བ་རྣམས་ལ་ཆོས་དང་ཟང་ཟིང་གི་སྦྱིན་པས་ཚིམ་པར་མཛད་པའི་དགོས་འདོད་མ་ལུས་པ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ། མདོ་སྔགས་གཞུང་ལུགས་མཐའ་དག་ལ་རྣམ་དཔྱོད་ཀྱི་ལོ་འདབ་རབ་ཏུ་རྒྱས་པའི་ཕན་བདེའི་དྲི་ངད་ལྡང་བའི་དཔག་བསམ་གྱི་ལྗོན་པ། འགྲོ་བ་རྣམས་ཀྱི་མ་རིག་པའི་མུན་པ་སེལ་ཞིང་བློ་གྲོས་ཀྱི་པད་མོ་རྣམ་པར་འབྱེད་པའི་ཉིན་བྱེད་འོད་སྟོང་འབར་བའི་ཉི་མ། སྐལ་བཟང་གདུལ་བྱའི་ཞིང་སར་ཐར་བའི་ལམ་བཟང་གི་འབྲས་བུ་སྨིན་པར་བྱེད་པའི་ཐེག་གསུམ་ཆོས་ཀྱི་སྦྲང་ཆར་འཇོ་བའི་ལྷ་ཡི་རྒྱལ་པོ། བྱམས་དང་སྙིང་རྗེས་རྒྱུད་བརླན་ཞིང་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བའི་འཇིག་རྟེན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ་པའི་འཕྲིན་ལས་ཀྱི་རྣམ་པར་ངོ་མཚར་མཚན་དཔེའི་ཟ་མ་ཏོག་སྤུངས་པའི་ཚོམ་བུ། རང་ཅག་རྣམས་ལ་བཀའ་དྲིན་འཁོར་མཐའ་དང་བྲལ་བ་རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག བཀའ་དྲིན་གསུམ་ལྡན་གྱི་མཚུངས་མེད་དགེ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་མཚུངས་མེད་མཁན་རིན་པོ་ཆེ་རྗེ་བཙུན་བླ་མ་དམ་པ་༧ ངག་དབང་བརྩོན་འགྲུས་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་གི་ཕྱི་ནང་གསང་གསུམ་གྱི་རྣམ་པར་ཐར་བ་ཀུན་གསལ་གྱི་མཐའ་དང་མཉམ་པ་རྣམས་བདག་ལྟ་བུའི་ཚུར་མཐོང་གི་སོ་སོའི་སྐྱེ་བོ་ཕལ་བ་ཞིག་གིས་བརྗོད་པར་ག་ལ་སྤོབས་ཏེ། ཇི་སྐད་དུ། དེ་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི། །ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམ། །ཞེས་གསུངས་པ་ལྟར་ཡིན་ལ། དེས་ན་དམ་པ་གང་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་རྒྱ་མཚོ་ལྟ་བུ་ལས་སྐྲ་རྩེས་བླངས་བའི་ཆ་ཤས་ཙམ་ཞིག་རང་གཞན་རྣམ་གྲོལ་ཞི་བ་དོན་གཉེར་རྣམས་ཀྱི་དད་པའི་གསོས་སུ་བརྗོད་པ་ལ་ཀུན་ནས་སྤྲོ་བས་བརྗོད་པར་བྱའོ། །དེ་ཡང་རྣམ་པར་ཐར་བ་འདོད་འཇོའི་བུམ་བཟང་ལྟ་བུའི་རྟོགས་པ་བརྗོད་པ་ལ་ཐོག་མར་དཔལ་ལྡན་བླ་མ་དག་གི་མཚན་ཉིད་སོགས་མདོ་ཙམ་བཤད་པའི་སྒོ་ནས་གླེང་བསླངས་བ་དང༌།

སྔོན་གྱི་སྐྱེ་རབས་ཀྱིས་སྐབས་ཕྱེ་བ།

སྔོན་གྱི་སྐྱེ་རབས་ཀྱིས་སྐབས་ཕྱེ་བ།

སྔོན་གྱི་སྐྱེ་རབས་ཀྱིས་སྐབས་ཕྱེ་བ་དང༌། ད་ལྟར་བྱུང་བའི་སྤྲུལ་བའི་རྟོགས་པ་བརྗོད་པ་དང༌། དཔལ་ལྡན་བླ་མའི་རྣམ་ཐར་བརྗོད་པའི་ཕན་ཡོན་བཤད་པའི་སྒོ་ནས་མཇུག་བསྡུ་བ་དང་བཞི། དང་པོ་ནི། དེ་ལ་སྤྱིར་རྗེ་བཙུན་དཔལ་ལྡན་བླ་མ་སོགས་ཀྱི་རྣམ་པར་ཐར་བ་ཞེས་པ་ནི་སྐྱེ་རབས་ཀྱི་ཕྲེང་བ་སྔོན་མའམ། སྐུའི་སྐྱེ་བ་འདི་ཉིད་གང་ཡིན་ཡང་རུང་སོ་སྐྱེ་ཕལ་བ་ཞིག་ལས་ཁྱད་པར་དུ་འཕགས་པའི་མཛད་བཟང་ངོ་མཚར་བའི་སྐུ་གསུང་ཐུགས་གསུམ་གྱི་ཡོན་ཏན་སྤྱི་དང༌། ཁྱད་པར་དུ་མདོ་རྒྱུད་རབ་འབྱམས་ལ་ཐོས་བསམ་སྒོམ་གསུམ་རྣམ་པར་དག་པ་མཛད་པའི་ཚུལ་དང༌། དེས་ལེགས་འབྲས་མཁས་པའི་ཡོན་ཏན་འཆད་རྩོད་རྩོམ་གསུམ་དང༌། བཙུན་པའི་ཡོན་ཏན་སྡོམ་གསུམ་གྱི་བསླབ་བྱ་རྣམས་མིག་འབྲས་བཞིན་དུ་བསྲུངས་ནས་བཅས་པའི་མཚམས་ལས་མི་འདའ་བ་དང༌། གྲུབ་པའི་ཡོན་ཏན་བསླབ་པ་གསུམ་སོགས་ས་ལམ་གྱི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་ཚུལ་དང༌། བཟང་པོའི་ཡོན་ཏན་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་དང་འགྲོ་བ་ཀུན་ལ་སྨན་པའི་མཛད་བཟང་རླབས་པོ་ཆེ་རྣམས་ངག་ཚིག་གི་རི་མོ་སྤེལ་བ་ལ་བརྟེན་ནས། མཐོང་ཐོས་ཀྱི་གདུལ་བྱ་གང་གི་རྒྱུད་ལ་བཅོས་མིན་གྱི་དད་གུས་སྐྱེ་བ་དང༌། དེ་ལ་བརྟེན་ནས་རྣམ་གྲོལ་ཐར་བའི་ལམ་བཟང་བསྐྲུན་པའི་ཐབས་སུ་གྱུར་བའི་ལེགས་པར་བཤད་པ་ཞིག་ལ་རྗོད་བྱེད་ཀྱི་རྣམ་པར་ཐར་བ་ཞེས་བརྗོད་རིགས་པ་ཡིན་གྱི། དེ་ལས་གཞན་སོ་སྐྱེ་རང་ག་བ་ཞིག་གིས་དགྲ་འདུལ་གཉེན་སྐྱོང་ཚོང་ཁེ་སྤོགས་སོགས་ཀྱིས་ཟས་ནོར་སྒྲུབ་པ་དང༌། དགེ་བ་ལྟར་སྣང་འགའ་ཙམ་བྱས་ཚུལ་སོགས་ལ་རབ་བཏགས་ཀྱི་ངག་ཚིག་གིས་བརྒྱན་ནས་འཇིག་རྟེན་པ་རྣམས་ཡ་མཚན་ཙམ་སྐྱེ་བའི་ཐབས་སུ་སྤེལ་བ་དག་ནི་གཏམ་རྒྱུད་ཀྱི་གྲངས་སུ་གཏོགས་པ་ལས་སྐྱེས་བུ་དམ་པའི་རྣམ་ཐར་གྱི་གྲངས་སུ་མི་འགྲོའོ། །ཡང་འདི་ནས་འདིར་ཕེབས་དང༌། འདི་ནས་འདིར་བཞུགས། མཇལ་ཁ་འདི་གནང༌། ནོར་གྱི་འབུལ་བ་འདི་བྱུང་ཞེས་བརྗོད་པ་ནི་སྐལ་བཟང་གདུལ་བྱའི་རྒྱུད་ལ་དད་གུས་བསྐྱེད་པའི་ཐབས་སུ་མི་འགྱུར་རོ། །དེས་ན་རྣམ་པར་ཐར་བ་དེ་ལ་བརྟེན་ནས་མཐོང་ཐོས་ཀྱི་གདུལ་བྱ་རྣམས་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བ་ཞིག་དགོས་པས་རྣམ་པར་ཐར་བ་འབྲི་འདོད་པ་རྣམས་ཀྱིས་ཀྱང་དེ་ལྟར་བསླབ་པར་བྱའོ། །དེ་ལྟར་རྣམ་པར་ཐར་བ་འབྲི་ཡུལ་གྱི་སྐྱེས་བུ་ནི་མདོ་རྒྱུད་སོགས་ལས་བསྟན་པའི་བླ་མའི་མཚན་ཉིད་ཚང་བ་ཞིག་དགོས་པས་དེའི་མཚན་ཉིད་མདོ་ཙམ་བརྗོད་པར་བྱའོ། །དེ་ཡང་ཐེག་པ་ཆེ་ཆུང་གི་སྐབས་སུ། སུམ་བརྒྱ་པ་ལས། ཁྲིམས་དང་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཞེས་གསུངས་པ་ལྟར་དང༌། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་དང༌། དུས་འཁོར་རྩ་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་ཏེ། །དང་བའི་བདག་ཉིད་དབང་བོ་དུལ། །ཞེས་བླ་མའི་མཚན་ཉིད་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་སྐབས་སོ་སོར་གསུངས་སོ། །དེ་ལྟ་བུའི་མཚན་ཉིད་དང་ལྡན་པའི་བླ་མ་ནི་ཡོན་ཏན་ཚད་མེད་པ་དང་ལྡན་ཞིང་ཉེས་སྐྱོན་མཐའ་དག་ལས་གྲོལ་བ། རྒྱལ་ཀུན་མ་ལུས་པ་འདུས་པའི་བདག་ཉིད། ཞི་བསིལ་ཆོས་ཀྱི་འབྱུང་གནས། འཕགས་ཚོགས་དགེ་འདུན་རྒྱ་མཚོའི་མངའ་བདག་ནི་རྗེ་བཙུན་དཔལ་ལྡན་བླ་མ་ཉིད་ཡིན་ཏེ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། སློབ་དཔོན་དེ་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་གཞིའི་སྟེང་ན་ཆོས་ནི་དེ་ཡིས་སྟོན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །ཞེས་དང༌། ཡེ་ཤེས་གྲུབ་པའི་རྒྱུད་ལས། བླ་མ་སངས་རྒྱས་ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་སྙེད་དེ། །དེ་འདྲ་ཉིད་ཀྱི་ཤེས་གྱུར་བས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །ཞེས་དང༌། སྡོམ་པ་འབྱུང་བའི་རྒྱུད་ལས། བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་དགེ་འདུན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་དང༌། མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །ཞེས་དང༌། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་དང༌། དུས་འཁོར་བསྡུས་པའི་རྒྱུད་ལས། མི་ཡི་འཇིག་རྟེན་རྣམས་སུ་ཉོན་མོངས་རྣམ་བྲལ་བླ་མ་གང་དག་རྡོ་རྗེ་འཛིན་བདག་ཉིད། །སེམས་ཅན་རྣམས་ལ་དེ་ཡི་བདེ་མཉམ་འབྲས་བུ་ཐར་བ་སྟེར་བས་ཕྱག་བྱ་མཆོད་བྱ་སྲས་རྣམས་ཀྱིས། །ཞེས་གསུངས་པ་དང༌། བཤད་རྒྱུད་རྡོ་རྗེའི་འཕྲེང་བ་ལས། བླ་མ་དང་ནི་རྡོ་རྗེ་འཆང༌། །ཐ་དད་པར་ནི་མི་བརྟག་གོ །ཞེས་དང༌། རྡོ་རྗེ་གུར་ལས། ཇི་ལྟར་ནམ་མཁའ་མཛོད་ཆེན་དུ། །ཐུབ་པ་རྡོ་རྗེ་ཆོས་འཛིན་བཞིན། །མགོན་པོ་རྟ་བདུན་རྒྱལ་པོ་ལྟར། །དེ་བཞིན་སློབ་དཔོན་རབ་ཏུ་གྲགས། །ཞེས་དང༌། བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་མིག་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལ་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །ཅེས་དང༌། ཡེ་ཤེས་ཐིག་ལེའི་རྒྱུད་ལས། བླ་མ་མཐོ་རིས་ཐར་བའི་བླ། །བླ་མ་ཡེ་ཤེས་བླ་ན་མེད། །བླ་མ་ཡོན་ཏན་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །ཅེས་དང༌། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བ་མིང་ཡང་མེད། །འདས་དང་མ་འོངས་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་བྱུང༌། ཞེས་དང༌། རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། དེ་ཡི་མན་ངག་མ་ཐོབ་པར། །འཁོར་བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མའི་ཡོན་ཏན་དཔག་ཏུ་མེད་པ་རྒྱུད་སྡེ་དུ་མར་གསུངས་སོ། །དེ་ལྟར་སྐུའི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་ཡང་གསུངས་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་བོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་ཡིན། །ཞེས་སོགས་དང༌། བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་ལ་ནི་མངོན་ཕྱག་འཚལ། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་ཉིད་ཡིན་ལ་ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་རྣམས་འདུས་ཏེ་ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་འཚལ་བར་གསུངས་སོ། །དེས་ན་འཕགས་པའི་དགེ་འདུན་རྒྱ་མཚོའི་མངའ་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ལ་ཐམས་ཅད་ཀྱི་སྔོན་དུ་དད་པ་བྱ་དགོས་ཏེ། ཏ་ལ་ལའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། །མི་དགེ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པའི་རྟོགས་པ་སེལ་ཞིང་སེམས་དད་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་བའི་མཆོག །ལག་པ་བཞིན་དུ་དགེ་བའི་སྡུད་རྩ་ཡིན། །དད་པའི་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པའི་རྒྱལ་བའི་ཆོས་ལ་རབ་དགའ་བྱེད། །དད་པའི་ཡོན་ཏན་ཡེ་ཤེས་ཁྱད་པར་འཕགས། །སངས་རྒྱས་གོ་འཕང་ཐོབ་ཅིང་ཐོབ་པར་བྱེད། །ཅེས་དང༌། ཆོས་བཅུ་བའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེས་ནི་འདྲེན་པ་ངེས་པར་འབྱུང༌། །དེ་ཕྱིར་བློ་དང་ལྡན་པའི་མི། །དད་པའི་རྗེས་སུ་འབྲང་ལ་བརྟེན། །དད་པ་མེད་པའི་མི་དག་ལ། །དཀར་བོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང༌། མདོ་སྡེ་རྒྱ་ཆེར་རོལ་བ་ལས། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག ཅེས་དང༌། སེང་གེས་ཞུས་པའི་མདོ་ལས། དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་དང༌། འོད་དཔག་མེད་ཞིང་གི་བཀོད་པའི་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་དང་སློབ་དཔོན་དང་མཁན་པོ་དང་དགེ་བའི་བཤེས་གཉེན་ལ་གུས་པ་དང་བཅས་པ་སྔོན་དུ་འགྲོའོ། །ཞེས་དང༌། འཕགས་པ་སྡོང་བོ་བཀོད་པའི་མདོ་ལས། དད་པ་ཡིད་བཞིན་ནོར་བུ་བུམ་པ་བཟང༌། །འདོད་དགུ་འཇོ་བའི་བཞོན་མཚུངས་པ། །བླ་མ་དང་ནི་སངས་རྒྱས་ལ། །དེ་ལྟ་བས་ན་མགུ་བར་བྱ། །སངས་རྒྱས་དད་པས་བསོད་ནམས་གང༌། །སངས་རྒྱས་ཞིང་དུ་སྐྱེ་བར་འགྱུར། །ཞེས་དང༌། འཕགས་པ་ཡན་ལག་མེ་ཏོག་མཆོག་གི་མདོར། སངས་རྒྱས་འཕྲད་ན་ཤིན་ཏུ་དད། །དད་ནས་ཤིན་ཏུ་གུས་པར་འགྱུར། །གུས་པས་ནན་ཏན་བྱེད་པས་ན། །མྱུར་ཏུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་བའི་ཕྱིར་རོ། །ད་ནི་བླ་མ་ལ་མོས་གུས་ཇི་ལྟར་བསྒོམ་པའི་ཚུལ་ནི། དངོས་པོའི་མཚན་ཉིད་ཀྱི་དབང་དུ་བྱས་ན། བླ་མ་དེ་སངས་རྒྱས་བྱང་སེམས་ཀྱི་རྣམ་སྤྲུལ་ཡིན་པ་ཡང་སྲིད། དེ་མ་ཡིན་པར་ཐ་མལ་པ་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་སློབ་དཔོན་དེའི་སྐུ་གསུང་ཐུགས་ལ་ཡི་དམ་གྱི་ལྷ་རྣམས་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་ལྟ་བུ་ཡིན་ལ། དེ་མཉེས་ན་སངས་རྒྱས་མཉེས། དེ་ལ་སྡིག་བསགས་ན་སངས་རྒྱས་ལ་སྡིག་བསགས་པར་འགྲོ་ལ། དེ་ལ་མཆོད་པ་ཕུལ་བས་སངས་རྒྱས་ཐམས་ཅད་ལ་མཆོད་པའི་ཕྱིར་སློབ་མའི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། དེ་ལ་བརྙས་བྱེད་སེམས་ཅན་གང༌། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང༌། །ཞེས་དང༌། འདི་ཡི་དོན་ལྡན་དགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །དཔལ་ལྡན་བླ་མ་ལ་མོས་གུས་བསྒོམ་པའི་ཚུལ་ནི་བླ་མ་དེ་ཉིད་དོན་དངོས་པོ་ལ་སུ་གང་ཡིན་རུང་སོ་སོའི་སྐྱེ་བོའམ་འཕགས་པ་སློབ་པ་ལྟ་བུ་དང༌། དགེ་བའི་བཤེས་གཉེན་ཕལ་བ་སོགས་སུ་བལྟ་བ་མ་ཡིན་པར་སངས་རྒྱས་དངོས་སུ་བསྒོམ་དགོས་དོན་ལ་སངས་རྒྱས་གཅིག་དང་མང་བོ་ཁྱད་མེད་ཀྱང༌། མོས་གུས་འཇུག་ཚུལ་ཁྱད་ཡོད་པས་ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེས་ན་ཆོས་དང་དགེ་འདུན་ཀུན་ཀྱང་ཡིན་པས། བདག་གི་བླ་མ་འདི་ཉིད་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན། སངས་རྒྱས་ཡི་དམ་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས། དངོས་སུ་བྱོན་ཡང་རུང༌། བདག་ལ་དཔལ་ལྡན་བླ་མའི་མཛད་པ་ལས། ལྷག་པོ་མཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མའི་མཛད་པ་ཡིན་པས་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པས་དད་པ་དང༌། བཀའ་དྲིན་ཤིན་ཏུ་ཆེ་བར་ཤེས་པ་གཉིས་འཛོམ་ན་མོས་གུས་ཚུལ་བཞིན་བསྒོམ་ལུགས་ཡིན་ནོ། །བཀའ་དྲིན་དྲན་པ་མེད་ན་སྤྱིར་བྱས་པ་མི་གཟོ་ཞིང༌། ངོ་ཚ་ཁྲེལ་མེད་དེ་བྱུར་ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་དགེ་ལེགས་ཐམས་ཅད་ཕྱག་མ་བཏབ་པ་བཞིན་ཉམས་འགྲོའོ། །དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟར་བྱས་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན་ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་མོས་གུས་སོགས་བྱས་ན་ཕན་ཡོན་དུ་མ་འབྱུང་བར་གསུངས་ཏེ། དགྱེས་པ་རྡོ་རྗེའི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། སྒྱུ་འཕྲུལ་དྲྭ་བ་ལས། སློབ་དཔོན་ཇི་ལྟར་ལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་དང༌། རྡོ་རྗེ་གུར་ལས། སློབ་དཔོན་སྟོན་པར་གྱུར་བ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་དང༌། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་དང༌། དཔལ་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཞེས་དང༌། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིངས་ལས་སྒྲོལ་བར་འགྱུར། །ཞེས་དང༌། །དཔལ་ས་ར་ཧའི་ཞལ་ནས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་དང༌། ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡི་ཕ་རོལ་འགྲོ་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་དང༌། མཐུ་སྟོབས་དབང་ཕྱུག་བིརྺ་པས་ཀྱང༌། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པའི། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་སྟེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པར་གསུངས་པས་ལུང་ཁུངས་མཐའ་ཡས་སོ། །ད་ལྟ་མངོན་སུམ་གྱིས་གྲུབ་པ་ཡང་རྩ་བའི་བླ་མ་ལ་དད་པ་མེད་པ་རྣམས་ལ་མི་འདོད་པ་དུ་མ་ཐོག་ཏུ་འབབ་པ་དང༌། བླ་མ་གུས་པས་བསྟེན་པ་རྣམས་ལ་བདེ་སྐྱིད་སྙན་གསུམ་རང་ཤུགས་ཀྱིས་འབྱུང་བ་མཐོང་ངོ། །གཞན་ཡང་བླ་མ་དམ་པ་རྣམས་ཀྱི་གསུང་ལས་འདི་སྐད་ཅེས། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག །བྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་དུ་མཐོང་ན་དེ་དང་མཐུན་པར་བྱིན་རླབས་འཇུག་སྟེ། མོས་གུས་མེད་ན་བྱིན་རླབས་ཡེ་མི་འཇུག་པར་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་ཀྱིས་གསུངས་སོ། །དེ་ལྟར་དད་པའི་ཞིང་ནི་དཔལ་ལྡན་བླ་མ་དམ་པ་ཉིད་དུ་ངེས་པས། སློབ་དཔོན་གྱི་རྣམ་པར་ཐར་བ་བཤད་པར་བྱ་ཞེས་མདོ་རྒྱུད་དུ་མ་ནས་གསུངས་ཏེ། དྲི་མེད་གྲགས་པའི་ཞུས་པའི་མདོ་ལས། རབ་འབྱོར་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་དམ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་བ། རབ་འབྱོར་གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་བའི་ཕྱེད་ཙམ་སྟོན་ན་དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་དང༌། གཞོན་ནུ་ལུང་བསྟན་པའི་མདོ་ལས། གཞོན་ནུ་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཅིག ཅེས་དང༌། འཕགས་པ་གཎྜི་རྒྱས་པའི་མདོ་ལས། སློབ་དཔོན་མཚན་ཉིད་སུས་བཤད་པ། །བསོད་ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡི་བསྲུང་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་གུས་ཤིག །ཅེས་དང༌། ཚུལ་ཁྲིམས་དྲི་མེད་བསལ་བའི་མདོ་ལས། ཀུན་དགའ་བོ་ཚུལ་ཁྲིམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་མའི་མཚན་ཉིད་ལ་རྟོགས་པར་བྱའོ། །མོས་པར་བྱའོ། །ཞེས་སོགས་མདོ་དུ་མ་དང༌། རྒྱུད་ཡང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་མེད་པར་གྱུར་ནས་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་དང༌། ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པའི་བསོད་ནམས་ཆེ། །ཞེས་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་བའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམས་པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་དུ། སློབ་དཔོན་བླ་མ་མཚན་ཉིད་ལྡན། །སློབ་མས་སློབ་དཔོན་མཐོང་བར་སྤྲོ། །དེ་ལྟ་བུ་ཡིས་རྟག་ཏུ་ནི། །དངོས་གྲུབ་ཡང་དག་འབྱོར་བ་ཉིད། །ཅེས་སོགས་མདོ་རྒྱུད་དུ་མ་ནས་བླ་མ་ལ་དད་མོས་དང་རྣམ་ཐར་བརྗོད་ཅིང་རྗེས་སུ་དྲན་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་གསུངས་པས་འདི་རྩོམ་པ་ལ་སྤྲོ་བ་སྐྱེས་པས་ཅུང་ཟད་འབྲི་བར་འཚལ་ལོ། །སྨྲས་པ། བླ་མའི་མཚན་ཉིད་མདོར་བསྡུས་ན། །ཁྲིམས་ལྡན་འདུལ་ཞིང་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག ། ཆོས་དང་ཟང་ཟིང་ཕན་འདོགས་བརྩོན། ། དུས་སུ་འདོམས་པ་ལ་སོགས་པ། །བླ་མའི་མཚན་ཉིད་དུ་མར་གསུངས། །སྐུ་གསུང་ཐུགས་ཀྱི་གསང་བའི་མཚོ་ཆེན་ལ། །སྐལ་ལྡན་འཇུག་ངོགས་ཀླུ་དབང་རོལ་བའི་གནས། ། དཔག་ཡས་ཡོན་ཏན་རིན་ཆེན་གཏེར་དུ་གྲུབ། །དེ་ཡི་རྣམ་ཐར་ཚིགས་བཅད་གཅིག་བརྗོད་པའི། །བསོད་ནམས་ཀུན་གསལ་མཐའ་ལ་འགྲན་བཟོད་པར། །དུས་གསུམ་རྒྱལ་རྣམས་མགྲིན་པའི་རྫ་རྔ་ཁྲོལ། ། ཞེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་དཔལ་ལྡན་བླ་མ་དག་གི་མཚན་ཉིད་སོགས་མདོ་ཙམ་བཤད་པའི་སྒོ་ནས་གླེང་བསླངས་བའི་སྐབས་རྣམ་པར་བཤད་ཟིན་ཏོ།། །། ༈ ཐུགས་རྗེའི་རྣམ་སྤྲུལ་བྱེ་བ་ཕྲག་བརྒྱ་ཡི། །ཞིང་ཁམས་རབ་འབྱམས་ཆུ་ཀླུང་ཟླ་བརྙན་བཞིན། །གང་ལ་གང་འདུལ་སྤྲུལ་བའི་འོད་སྟོང་འབར། །བསྟན་འགྲོའི་དོན་ཆེན་མཛད་རྣམས་གུས་ཕྱག་འཚལ། །གཉིས་པ་སྔོན་གྱི་སྐྱེ་རབས་ཀྱི་སྐབས་ཕྱེ་བ་ལ། རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་ཉིད་ལ་ཞབས་དཀར་གྱི་དགོན་པའི་ཁྲི་རབས་བཞི་བ་རྒྱལ་བོ་རིགས་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ཡང་སྤྲུལ་བླ་མ་ཤེས་རབ་ཀྱིས་རྗེ་འདི་ནི་བདག་གི་བླ་མ་ཞབས་དཀར་བའི་ཡང་སྤྲུལ་འཁྲུལ་མེད་རེད་ཅེས་གསུངས་པ་དང༌། ཞབས་དཀར་གྱི་ལུང་བསྟན་ལ་མ་འོངས་པ་ཤིང་སྡོང་འདི་ལ་རྒྱབ་ཀྱི་ས་འདི་ཐུག་ཚེ་ཁོང་སླར་ས་འདིར་ཕེབས་ཞེས་གསུངས་པ་སོགས་རྟེན་འབྲེལ་གྱི་སྒོ་ཆེན་མང་པོ་འགྲིགས་པས་དམ་པ་འདི་ཉིད་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྐྱེ་ཕྲེང་དུ་གྲགས་པ་ལྟར་བརྗོད་པར་བྱ་སྟེ། དེ་ཡང་དམ་པ་འདིའི་སྐྱེ་རབས་གསེར་གྱི་ཕྲེང་བ་རིམ་པར་བྱོན་པ་བགྲང་ལས་འདས་ཀྱང་སྐབས་འདིར་རྗེ་མི་ལ་བཞད་པ་རྡོ་རྗེ་དང༌། ཞབས་དཀར་ཚོགས་དྲུག་རང་གྲོལ་གཉིས་ཀྱི་སྐྱེས་པའི་རབས་ཏེ་མདོར་བསྡུས་པ་ཙམ་བརྗོད་ན། གྲུབ་ཐོབ་འཁོར་ལོའི་བསྒྱུར་བའི་གཙུག་རྒྱན་རྗེ་བཙུན་མི་ལ་རས་པ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ན་ཆེས་ཆེར་གཡོ་བ་དེ་ཉིད་ཐོག་མར་སྐུ་འཁྲུངས་བའི་མཛད་པ་ནི། གདུང་ཁྱུང་པོ། རིགས་ཇོ་སྲས་ཡབ་མི་ལ་ཤེས་རབ་རྒྱལ་མཚན་དང༌། ཡུམ་མྱང་ཚ་དཀར་རྒྱན་དུ་གྲགས་པ་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་གི་སྟོན་ཟླ་ར་བའི་ཚེས་ཉེར་ལྔ་སྐར་མ་རྒྱལ་ལ་བབ་པའི་དུས་བཟང་ལ་སྐུ་འཁྲུངས། མཚན་ལ་ཐོས་པ་དགའ་ཞེས་གསོལ། དགུང་ལོ་བདུན་པ་སླེབས་ཚེ་ཡབ་མྱ་ངན་ལས་འདས་ནས་ཨ་ཁུ་དང་ཨ་ནེ་གཉིས་ཀྱི་ཞིང་ནོར་རྣམས་འཕྲོག མ་བུ་རྣམས་ལྟོ་སྐྱ་གོས་ཧྲུལ་བ་ཉམ་ཐག་པ་ཡིད་འཕམ་པ་བྱུང༌། དེ་ནས་བླ་མ་གཡུང་སྟོན་ཁྲོ་རྒྱལ་གྱི་བཀའ་ལྟར་བླ་མ་ཁུ་ལུང་བ་ཡོན་ཏན་རྒྱ་མཚོའི་དྲུང་ནས་མཐུའི་གདམས་ངག་ཞུས་ནས་མཐུ་བྱས་ནས་མི་སུམ་ཅུ་སོ་ལྔ་བསད། བླ་མ་གཡུང་སྟོན་ཁྲོ་རྒྱལ་ལས་སེར་བ་མཛུབ་ཁྲིད་ཀྱི་གདམས་པ་ཞུས་ནས་སེར་བ་གྱང་རིམ་གསུམ་ཙམ་བབས་པར་བྱས་ནས་དགྲ་འཐབ་ཚར་གཅོད་དེ་སྡིག་མང་པོ་བསགས། དེ་དག་ཐུན་མོང་འཇིག་རྟེན་གྱི་མཛད་པའོ། །དེ་ནས་མཆོག་གྱུར་ཞི་བ་མྱ་ངན་ལས་འདས་པའི་མཛད་པ་ལའང་སྐྱོ་ཤས་དང་ངེས་འབྱུང་གི་སྒོ་ནས་མཚན་ལྡན་གྱི་བླ་མ་བཙལ་བའི་མཛད་པ་ནི། སྡིག་བསགས་པ་ལ་འགྱོད་པ་སྐྱེས། འཁོར་བ་ལ་སྐྱོ་ཤས་ཚད་མེད་སྐྱེས་ནས་བླ་མ་གཡུང་སྟོན་ཁྲོ་རྒྱལ་གྱི་གསུང་ལྟར་བླ་མ་རོང་སྟོན་ལྷ་དགའི་མདུན་དུ་སོང་ནས་རྫོགས་ཆེན་གྱི་ཆོས་ཞུས། དེ་ནས་བླ་མས་ངས་ཁྱོད་མི་འདྲོངས་པར་འདུག་པས། ལྷོ་ཕྱོགས་གྲོ་བོ་ལུང་ན་རྒྱ་གར་གྱི་གྲུབ་ཆེན་ནཱ་རོ་པའི་དངོས་སློབ། སྐྱེས་མཆོག་སྒྲ་བསྒྱུར་གྱི་རྒྱལ་པོ་མར་བ་ལོ་ཙཱ་ཞེས་བྱ་བ་བཞུགས་པས་དེར་སོང་ལ་ཆོས་ཞུ་བར་གྱིས་གསུངས། དེའི་ཚེ་རྗེ་བཙུན་ལ་སྒྲ་བསྒྱུར་སྨྲ་བའི་མཚན་ཐོས་པ་ཙམ་གྱིས་སེམས་ལ་སྨྲ་མི་ཤེས་པའི་དགའ་བ་དང༌། དད་གུས་ཚད་མེད་པ་ཞིག་སྐྱེས་ནས་སྒྲ་བསྒྱུར་མར་བའི་མདུན་དུ་བྱོན། བླ་མ་དང་མཇལ་ནས་མཁར་ལས་སོགས་དཀའ་སྤྱད་སྡུག་རུས་ཀྱི་སྒོ་ནས་སྡུག་བསྔལ་ཡི་ཆད་ཆེན་པོ་བརྒྱད་དང་གནང་ཆུང་མང་བོའི་སྒོ་ནས་སྡིག་སྒྲིབ་སྦྱང་པའི་མཛད་པ་མཛད་པའོ། །དེ་ནས་བླ་མས་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་སོ་ཐར་དང་བྱང་སྡོམ་གཉིས་གནང༌། དེ་ནས་དཔལ་འཁོར་ལོ་བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྒྱས་པ་བཞེངས་ནས་དབང་བསྐུར། དཀྱིལ་འཁོར་གྱི་རྟེན་བརྟེན་པའི་ལྷ་ཚོགས་ཀུན་ཁྲ་ལམ་མེར་དངོས་སུ་མཐོང༌། དེའི་ཚེ་བླ་མ་དང་ཡི་དམ་ལྷས་མགྲིན་གཅིག་ཏུ་གསང་མཚན་དཔལ་བཞད་པ་རྡོ་རྗེར་གསོལ། དེ་ནས་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་མཛད། དེའི་སྐབས་སུ་སྒྲ་བསྒྱུར་མར་བ་རྒྱ་གར་དུ་བྱོན་ཚེ་པཎ་ཆེན་ནཱ་རོ་པའི་ཕྱག་གཉིས་སྤྱི་བོར་ཐལ་མོ་སྦྱར་ནས། བྱང་ཕྱོགས་མུན་པའི་སྨག་རུམ་ན། །གངས་ལ་ཉི་མ་ཤར་འདྲ་བའི། །ཐོས་པ་དགའ་ཞེས་བྱ་བ་ཡི། །སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་སོ། །ཡང་རྗེ་འདི་ཉིད་ལ་རྗེ་མར་བས་རྨི་ལམ་བརྡ་གྲོལ་གྱི་ལུང་བསྟན་གནང་བ་ནི། ཇི་སྐད་དུ། འདིར་ཚོགས་གྲྭ་བ་བུ་སློབ་ཀུན། །བྱང་དུ་ཀ་ཆེན་བཙུགས་པ་དེ། །གུང་ཐང་གི་མི་ལ་རས་པ་ཡིན། །ཀ་ཐོག་ཏུ་རྒོད་པོ་ལྡིང་བ་དེ། །ཁོ་མི་བཞི་རྒོད་དང་འདྲ་བ་སྟེ། །རྒོད་རྩེ་སྒྲོ་མཐའ་ནས་རྒྱས་པ་དེ། །སྙན་བརྒྱུད་ཀྱི་གདམས་ངག་ཐེབས་པ་ཡིན། །རྒོད་ཚང་བྲག་ལ་བཅས་པ་སྟེ། །ཚེ་སྲོག་བྲག་ལས་སྲ་བ་ཡིན། །རྒོད་དེ་ལ་བུ་གཅིག་བྱུང་བ་དེ། །འགྲན་གྱི་དོ་མེད་ཅིག་ཡོང་བ་ཡིན། །བྱ་བྲན་གྱིས་ནམ་མཁའ་གང་བ་དེ། །བཀའ་བརྒྱུད་ཀྱི་བསྟན་པ་དར་བ་ཡིན། །སྤྱན་མིག་གྱེན་དུ་གཟིགས་པ་དེ། །འཁོར་བ་ལ་ཕྱི་ཕྱག་འཚལ་བ་ཡིན། །རྒོད་ནམ་མཁའི་མཐོངས་སུ་འཕུར་བ་དེ། །ཐར་བའི་གླིང་དུ་གཤེགས་པ་ཡིན། །བྱང་རྨི་ལམ་མི་ངན་རྨི་ལམ་བཟང༌། །ཁྱེད་འདིར་ཚོགས་རྣམས་ལ་བཤད་པ་ཡིན། ། ཞེས་གསུངས་སོ། །དེ་ནས་བླ་མས་བུ་ཆེན་རྣམས་ལ་ཆོས་དང་གདམས་ངག་གི་དཀོར་མཛོད་རྣམས་ཁ་ཕྱེ་སྟེ། ཉིན་འཆད་ཅིང༌། མཚན་སྒོམ་དུ་བཅུག་ནས་ཉམས་རྟོགས་ཀྱི་མྱུ་གུ་འཁྲུངས། རྗེ་མར་བས་མི་ལ་རས་པ་གཏུམ་མོ་བཀའ་བབ་དང་འཕྲིན་ལས་ཡོད་པར་མཁྱེན་ནས་རྗེ་མི་ལ་རས་པ་ལ་གཏུམ་མོའི་ཁྱད་ཆོས་ཤིང་ལ་མེ་སྦར་བ་ལྟ་བུ་དང༌། མཻ་ཏྲི་པའི་དབུ་ཞྭ། ནཱ་རོའི་ན་བཟའ་རྣམས་གནང་ནས། གཡའ་ཁྲོད་དང་གངས་ཁྲོད་འགྲིམས་ལ་ལྟ་བསྒོམ་ཉམས་སུ་ལོངས་ཤིག་གསུངས། དེ་ནས་གདམས་ངག་ལ་རང་བྱན་ཚུད་ནས་མནལ་ལམ་གྱི་བརྡས་བསྐུལ་བས་ཚིག་བརྒྱུད་ཀྱི་གདམས་ངག་ཐོབ་སྟེ་བླ་མའི་དྲུང་ནས་བྱིན་པའི་མཛད་པ་མཛད། དེ་ནས་སླར་ཡང་རྐྱེན་གྱིས་འཁོར་བ་ལ་སྙིང་པོ་མེད་པར་གསལ་ཐེབས་པས་སྒྲུབ་པ་ལ་ཡིད་ཀྱིས་དམ་བཅའ་མཛད་ནས་བླ་མའི་བཀའ་སྒྲུབ་ཕྱིར་ཚེ་འདི་བློས་བཏང་སྟེ་སྙིང་རུས་དཀའ་སྤྱད་དྲག་པོས་གཡེང་མེད་དུ་རི་ལ་བསྒོམ་པར་མཛད་པ་དང༌། དེ་ལྟར་བསྒོམས་པས་ཉམས་རྟོགས་གོང་འཕེལ་དུ་སོང་ནས་མཐར་ཕྱིན་ཏེ་སྒྲུབ་འབྲས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་གདགས་པའོ། །དེ་ཡང་རྗེ་བཙུན་མི་ལ་རས་པའི་སྒྲུབ་པ་ཉམས་ལེན་བྱེད་པའི་དབེན་གནས་རྣམས་འདི་ལྟ་སྟེ། ཡོངས་སུ་གྲགས་པ་ཕྱིའི་རྫོང་དྲུག་ནི། བྲག་དཀར་རྟ་སོ་དབུ་མ་རྫོང༌། སྨིན་ཁྱུགས་གྲིབ་མ་རྫོང༌། ལིང་བ་བྲག་དམར་རྫོང༌། རག་མ་བྱང་ཆུབ་རྫོང༌། སྐྱང་ཕན་ནམ་མཁའ་རྫོང༌། བྲག་སྐྱ་རྡོ་རྗེ་རྫོང་རྣམས་སོ། །མ་གྲགས་པ་ནང་གི་རྫོང་དྲུག་ནི། མཆོང་ལུང་ཁྱུང་གི་རྫོང༌། སྐྱིད་པ་ཉི་མ་རྫོང༌། ཁུ་བྱུག་དབེན་པ་རྫོང༌། ཤེལ་ཕུག་ཆུ་ཤིང་རྫོང༌། བེ་རྩེ་འདོད་ཡོན་རྫོང༌། རྩིག་པ་རྐང་མཐིལ་རྫོང་རྣམས་སོ། །གསང་བའི་རྫོང་དྲུག་ནི། རྒྱ་བྲག་ནམ་མཁའ་རྫོང༌། སྟག་ཕུག་སེང་གེ་རྫོང༌། སྦས་ཕུག་མ་མོ་རྫོང༌། ལ་ཕུག་པད་མ་རྫོང༌། གླང་སྒོ་ཀླུ་བདུད་རྫོང༌། ཁྲོ་རྒྱལ་རྡོ་རྗེ་རྫོང་རྣམས་སོ། །ཡང་རྫོང་གཉིས་ནི་སྐྱིད་ཕུག་ཉི་མ་རྫོང་དང༌། སྤོ་མཐོ་ནམ་མཁའ་རྫོང་གཉིས་སོ། །ཡོངས་སུ་གྲགས་པའི་ཕུག་ཆེན་བཞི་ནི། གཉའ་ནང་གི་གྲོད་པ་ཕུག ལ་ཕྱིའི་བདུད་འདུལ་ཕུག བྲིན་གྱི་འབྲི་ལྕེ་ཕུག ཏི་སེའི་རྫུ་འཕྲུལ་ཕུག་རྣམས་སོ། །མ་གྲགས་པ་བཞི་ནི། རྩའི་རྐང་ཙུགས་ཕུག རོན་གྱི་འོད་གསལ་ཕུག ར་ལའི་ཟ་འོག་ཕུག ཀུ་ཐང་གི་ཕུག་རུན་ཕུག་རྣམས་སོ། །དེ་རྣམས་སུ་བསྒོམ་པ་བྱུང་ན་དབེན་ལ་མཐུན་རྐྱེན་འཛོམ་པ་ཡང་ཡོད་ཅིང་བརྒྱུད་པའི་བྱིན་རླབས་འཇུག་པ་ཡིན་པས་རྗེ་བཙུན་མི་ལ་ངས་ཀྱང་ཉམས་ལེན་སྒོམ་སྒྲུབ་མཛད་ལ། སྐལ་ལྡན་གྱི་གདུལ་བྱ་ཁྱེད་རྣམས་ཀྱིས་སྒོམ་སྒྲུབ་ཀྱིས་ཤིག་གསུངས། དེ་ནས་ས་གསུམ་ན་འགྲན་ཟླ་དང་བྲལ་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་མི་ལ་བཞད་པ་རྡོ་རྗེ་མཆོག་ཉིད་དགུང་ལོ་བརྒྱད་ཅུ་རྩ་བཞིར་ཕེབས་པ། ཤིང་མོ་ཡོས་ཀྱི་ལོའི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་བཞྀ་ལ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏོ། ། རྗེ་བཙུན་མི་ལའི་དངོས་སློབ་ནི། ཉི་མ་ལྟ་བུའི་མཉམ་མེད་དྭགས་པོ་རིན་པོ་ཆེ། ཟླ་བ་ལྟ་བུའི་གོང་ཐང་གི་རས་ཆུང་རྡོ་རྗེ་གྲགས་པ། རྒྱུ་སྐར་ལྟ་བུའི་གཤེན་ལུང་གི་ངན་རྫོང་སྟོན་པ་བྱང་ཆུབ་རྒྱལ་པོ། རྒྱལ་ཁྲུམ་སྨད་ཀྱི་རས་པ་ཞི་བ་འོད། འདོ་བཀྲའི་སེ་བན་རས་པ། གཉི་ཤང་གི་ཁྱི་ར་རས་པ། མུས་ཀྱི་འབྲི་སྒོམ་རས་པ། རག་མའི་རས་པ་སངས་རྒྱས་སྐྱབས་ཏེ་ཐུགས་ཀྱི་སྲས་བརྒྱད། གཤེན་སྒོམ་རས་པ། གླན་སྒོམ་རས་པ། མེས་སྒོམ་རས་པ། རྩ་ཕུ་རས་པ། མཁར་ཆུང་རས་པ། རོང་ཆུང་རས་པ། སྟག་སྒོམ་རས་པ་རྡོ་རྗེ་དབང་ཕྱུག ཇོ་སྒོམ་རས་པ་དར་མ་དབང་ཕྱུག དམ་པ་རྒྱགས་ཕུ་བ། ལི་སྐོར་ཆ་རུ་པ། ལོ་སྟོན་དགེ་འདུན། སྐྱོ་སྟོན་ཤཱཀྱ་གུ་ན། འདྲེ་སྟོན་བཀྲ་ཤིས་འབར་ཏེ་ཉེ་བའི་སྲས་བཅུ་གསུམ། ཐུགས་སྲས་དྭགས་པོ་རིན་པོ་ཆེ་དང༌། ཉེ་བའི་སྲས་ཕྱི་མ་ལྔ་ནི་སྟོན་སྒོམ་སོ་ཐར་གྱི་ཆ་ལུགས་ཅན་ཡིན་ནོ། །མཚོ་ལྔའི་རས་ཆུང་མ། གཉའ་ནང་གི་ས་ལེ་འོད། གཅུང་གི་དཔལ་དར་འབུམ། ལྕམ་མོ་པེ་ཏ་མགོན་སྐྱིད་རྣམས་ནི་སྲས་རྣམས་ཀྱི་སྲིང་བཞི་སྟེ། ས་ལམ་མཐར་ཕྱིན་པའི་རྣལ་འབྱོར་ཕོ་མོ་ཉེར་ལྔ། རྫི་བོ་རས་པ་ལ་སོགས་ཏེ་སྐར་ཕྲན་ལྟ་བུའི་གནས་ལུགས་རང་བཞིན་མཐོང་བའི་རྟོགས་ལྡན་ཕྱིར་མི་ལྡོག་པ་བརྒྱ། རང་བྱུང་གི་སྒོམ་ཉམས་བཟང་པོ་འཁྲུངས་པ་གོང་འཕེལ་དུ་གྱུར་ཅིང༌། ལམ་ལ་དྲོད་ཐོབ་པའི་སྐྱེས་ཆེན་བརྒྱ་རྩ་བརྒྱད། འཇིག་རྟེན་འདིའི་བྱ་བ་བཏང་བའི་ཆོས་དང་མཐུན་ངེས་ཀྱི་སྒོམ་ཆེན་ཕོ་མོ་ལམ་སྣ་ཟིན་པ་སྟོང་རྩ་གཅིག ཆོས་འབྲེལ་ཐོབ་པས་ངན་སོང་གི་ལམ་རྒྱུན་ཆད་པའི་གདུལ་བྱ་སྐལ་ལྡན་སྐྱེ་བོ་ཕལ་བ་རྩིས་ལས་འདས་པ་མིའི་བུ་སློབ་རྣམས་དང༌། ཚེ་རིང་མཆེད་ལྔ་དང༌། ལིང་བ་བྲག་སྲིན་མ་ལ་སོགས་ཏེ་དཀར་ཕྱོགས་སྐྱོང་བའི་མི་མ་ཡིན་གྱི་བུ་སློབ་དཔག་གིས་མི་ལང་བ་རྣམས་བྱུང་བ་ཡིན་ནོ། །དེ་ལྟར་ཡ་མཚན་ཞིང་ངོ་མཚར་བའི་མཛད་པ་མཛད་པའི་སྒོ་ནས་ཚེ་གཅིག་དང་ལུས་གཅིག་གིས་སྐུ་བཞིའི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་བརྙེས་ཏེ་སངས་རྒྱས་ཀྱི་ཞིང་གི་ཚོགས་བསགས་ཤིང་དག་པ་དང༌། སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པའི་སྐྱེས་བུ་མཆོག་རབ་དམ་པ་མི་ལ་བཞད་པ་རྡོ་རྗེའི་རྣམ་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་སྲིད་ཞིའི་དཔལ་འབྱོར་རྒྱུན་མི་ཆད་དུ་སྩོལ་བར་མཛད་པའི་དགེ་ལེགས་ཀྱི་དགའ་སྟོན་ཆེན་པོ་འདི་ཉིད་དགེ་ཞིང་བཀྲ་ཤིས་པ་དགེ་ལེགས་འཕེལ་བར་གྱུར་ཏོ། ། རྗེ་བཙུན་དམ་པ་གང་གི་སྐྱེ་ཕྲེང་དུ་གྱུར་བ་སྐྱབས་མགོན་ཞབས་དཀར་རྡོ་རྗེ་འཆང་ཆེན་པོ་གང་ཉིད་སྐུ་འཁྲུངས་བའི་ཡུལ་མདོ་སྨད་གཉན་རྒྱ་ཞེས་བྱ་བའི་གྲོང་སྡེ་དེར། ཡུམ་བཀྲ་ཤིས་བརྩེགས་དང༌། ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་གཉིས་ཀྱི་སྲས་སུ་ལྕགས་མོ་གླིང་གི་ལོ་ལ་ངོ་མཚར་བའི་དགེ་མཚན་དང་བཅས་ཏེ་སྐུ་བལྟམས། ལྕགས་མོ་བྱའི་ལོ་སྣྲོན་ཟླའི་དཀར་ཕྱོགས་ཀྱི་ཚེས་བརྒྱད་ཀྱི་སྔ་དྲོའི་ཆ་ལ། གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་པོས་མཁན་པོ་མཛད་དེ་བསྟན་པའི་གོ་རིམ་དང་མཐུན་པར་རབ་བྱུང་དགེ་ཚུལ་བསྙེན་རྫོགས་ཀྱི་སྡོམ་པ་ཡང་དག་པར་ནོས། མཚན་ལ་བྱམས་པ་ཆོས་དར་གསོལ། དེ་ནས་ཕ་ཡུལ་རྒྱབ་ཏུ་སྤངས་ནས་ཆོས་རྒྱལ་ངག་གི་དབང་པོའི་ཞབས་པད་བསྟེན་ཚུལ་ནི། ཆོས་རྒྱལ་ངག་གི་དབང་པོ་བསམ་སྦྱོར་གཉིས་ཀས་ཚུལ་བཞིན་དུ་བསྟེན། ཆོས་རྒྱལ་ངག་གི་དབང་པོའི་ཐུགས་བརྩེ་བས་རྗེས་སུ་བཟུང་ནས་སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་དུ་བློ་སྦྱང་བར་བྱས། དེ་ནས་བཅོམ་ལྡན་འདས་རྟ་ཕག་ཡིད་བཞིན་ནོར་བུའི་དབང་གནང་ནས་དམ་པ་འདི་ཉིད་ཀྱི་མཚན་ལ་ཚོགས་དྲུག་རང་གྲོལ་ཞེས་བཏགས། དེ་ནས་ཉིན་རེ་བཞིན་བུམ་དབང་དང་འབྲེལ་བ་བསྐྱེད་རིམ་ལྷའི་ཁྲིད། གསང་དབང་དང་འབྲེལ་བ་རྩ་རླུང་གཏུམ་མོའི་ཁྲིད། ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བ་བདེ་སྟོང་ཕྱག་རྒྱའི་ཁྲིད། ཚིག་དབང་དང་འབྲེལ་བ་ཁྲེགས་གཅོད་ཐོད་རྒལ་གྱི་ཁྲིད་དང་དེའི་བཀའ་སྲུང་རྣམས་ཀྱི་རྗེས་གནང་ཡོངས་རྫོགས་གནང་བ་དང༌། ཕྱག་རྡོར་བདུད་རྩི་ཐིག་པའི་དབང་དང༌། ཕྱག་ཆེན་གྱི་ཁྲིད། རྫོགས་ཆེན་ཡེ་ཤེས་བླ་མ། ཉི་མ་གྲགས་པའི་རྫོགས་ཆེན། མཁའ་འགྲོའི་སྙིང་ཐིག་ལ་སོགས་པའི་སྨིན་བྱེད་ཀྱི་དབང་དང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་བསྩལ་ནས་ཉམས་བཞེས་གནད་དུ་བསྣུན་པ་བྱས། དེ་ནས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་མཛོད་བདུན་སོགས་གཞུང་ཆེན་རྣམས་ལ་དཔེ་གཟིགས་གནང༌། དཀའ་གནད་རྣམས་ཆོས་རྒྱལ་རིན་པོ་ཆེ་ལ་ཞུས་ཤིང་གནད་ལ་ཕབ། དེ་ནས་རྩེ་གཞུང་དབེན་པའི་དགའ་ཚལ་དུ་ཟབ་མོའི་སྒྲུབ་པ་ལ་གཞོལ་བར་མཛད། དེ་ནས་དབེན་ནས་སྟག་མོ་རྫོང་དང༌། རྒོད་པོ་རྫོང་དང༌། མཚོ་སྙིང་མ་ཧཱ་དེ་ཝ་དང་རྨ་ཆེན་སྤོམ་ར་བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས་སོགས་མདོ་སྨད་ཀྱི་དབེན་པའི་རི་ཁྲོད་དུ་མར་སྒྲུབ་པ་ཚུལ་བཞིན་དུ་བྱས། དེ་ནས་དབུས་གཙང་ཕྱོགས་སུ་ཕེབས་ནས་གནས་མཆོག་ཙཱ་རི་ཕག་གདོང་མ་ནག་མོའི་ཐུགས་ཀྱི་གནས་ལ་རིང་སྐོར་བརྒྱབ་ནས་སྒྲུབ་པ་བྱས། དེ་ནས་གངས་དཀར་ཏེ་སེ་གདོང་མ་དཀར་མོའི་སྐུ་ཡི་གནས་ནས་ཉམས་ལེན་བྱས། དེ་ནས་བལ་ཡུལ་མཆོད་རྟེན་རྣམ་གཉིས་ལ་མཇལ་ནས་མཆོད་འབུལ་རྒྱ་ཆེར་བྱས། དེ་ནས་ལ་ཕྱི་སྟག་གདོང་མ་ཁྲ་མོ་གསུང་གི་གནས་ནས་སྒྲུབ་པ་བྱས། དེ་ནས་དབུསུ་གཙང་གི་ཞིང་དུ་ཚུལ་བྱོན་ནས་ཕྱོགས་མེད་འགྲོ་དོན་མཛད། དེ་ནས་མདོ་ཁམས་སྨད་འདིར་འོངས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་བསྒྲུབས་པར་བྱས་པའོ། །དེ་ཡང་མདོར་བསྡུས་སྔོན་བསགས་བསོད་ནམས་ཀྱི་མཐུས་ཚེ་འདིར་དལ་འབྱོར་གྱི་མི་ལུས་གཙང་མ་ཐོབ། ཆུང་ནས་ད་ལྟའི་བར་དུ། བླ་མ་དགེ་བའི་བཤེས་གཉེན་བརྒྱ་ཕྲག་དུ་མའི་ཞབས་རྡུལ་སྤྱི་བོར་བསྟེན་ནས། མདོ་སྔགས་ཟུང་དུ་འབྲེལ་བའི་ཟབ་ཅིང་རྒྱ་ཆེ་བའི་གདམས་པ་མང་པོ་ཡང་དང་ཡང་དུ་ཞུས། སྟོད་ཀྱི་གངས་དཀར་ཏེ་སེ་མན་ཆད་ནས་སྨད་ཀྱི་མཚོ་སྙིང་མ་ཧཱ་དེ་ཝ་ཡན་ཆད་ཀྱི་རི་ཁྲོད་དབེན་པ་བརྒྱ་ཕྲག་དུ་མ་འགྲིམས་ནས་མདོ་སྔགས་གཉིས་ཀྱི་སྙིང་པོ་བྱང་ཆུབ་སེམས་གཉིས། གསང་སྔགས་ཀྱི་རིམ་གཉིས། འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ཐོད་རྒལ་གཉིས་ལ་ལོ་དུ་མའི་བར་ཏུ་ཉམས་ལེན་བྱས་པས། དེ་དག་དང་མཐུན་པའི་ཡོན་ཏན་མང་བོ་རྒྱུད་ལ་སྐྱེས་པ་བྱུང༌། བྱ་བ་ལས་ཀྱི་འཁོར་ལོ་ལ་སྒྲུབ་འབྲས་ཀྱིས་བསྟན་འགྲོ་ཡོངས་ལ་ཕན་ཕྱིར་དུ་སྐུ་རྟེན་དུ་སྔར་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས་བའི་ཁར། གསུང་རྟེན་ལ་དགོན་པ་གྲོང་ཡུལ་ཆུ་ཁ་རྣམས་སུ་མ་ཎི་ཆོས་འཁོར་ལན་གཅིག་བསྐོར་ན་མ་ཎི་དུང་ཕྱུར་རེ་འགྲོ་བ་དང༌། ལན་ལྔ་དང་བཅུ་བསྐོར་ན་མ་ཎི་དུང་ཕྱུར་ལོངས་པས་ཆོས་འཁོར་ཆེ་ཆུང་བརྒྱ་ཕྲག ཐུགས་རྟེན་དུ་རྡོ་དང་གྱོ་མོག་གིས་བརྩིགས་པའི་མཆོད་རྟེན་ཆེན་པོ་རྨང་གཞི་ལ་ཕྱོགས་རེར་འདོམ་པ་བཅུ་དང་བརྒྱད་ཡོད་པ་དང༌། ལྔ་ཡན་ཆད་ལོངས་པའི་མཆོད་རྟེན་བརྒྱ་ཕྲག་དང༌། རང་དང་གྲྭ་བཙུན་ཡོན་བདག་རྣམས་ལ་སྐུ་འདྲ་དང་ས་ཚ་འདེབས་སུ་བཅུག་ནས་འབུམ་ཁང་ཁོ་ན་སྟོང་ཕྲག་གཅིག་དང༌། རྒྱལ་བའི་གསུང་རབ་ཀྱི་གནད་རྣམས་བསྡུས་པའི་ལེགས་བཤད་གླེགས་བམ་པོ་ཏི་བཅོ་ལྔ་བརྩམས་པ་སོགས་བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བྱས། གཞན་ཡང་རང་གི་སྔོན་གྱི་སེམས་བསྐྱེད་དང་སྨོན་ལམ། དེ་ནས་གྲོང་དགོན་བརྒྱ་ཕྲག་དུ་མར་སོང་ནས། བསྟན་པ་དང་འགྲོ་བ་ཡོངས་ལ་གང་ཕན་བྱས་ཏེ། དེ་ཡང་ལོ་ཉི་ཤུ་རྩ་གཅིག་ནས་བཞི་བཅུའི་བར་ཏུ་གུང་ཚིགས་འཆག་མེད་བྱས། སྨྱུང་གནས་སུམ་བརྒྱ་ལྷག་ཙམ་བསྲུང༌། ཡིག་བརྒྱ་བྱེ་བ་གཅིག་དང༌། མ་ཎི་ས་ཡ་གཅིག་གིས་གཙོ་བྱས་ཁ་ཏོན་བཟླས་བརྗོད་ཀྱང་མང་པོ་བཏོན། ལོ་ཉི་ཤུ་ནས་སུམ་བཅུའི་བར་དུ་རང་དོན་སྒྲུབ་པ་གཙོ་བོ་བྱས། སུམ་ཅུ་ནས་ལྔ་བཅུའི་བར་དུ་གཞན་དོན་གཙོ་བོར་བྱས། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་གསུམ་ནས། མི་ལོ་དགུ་རེ་ཙམ་བསྡད་ནས་སྐྱོ་ངལ་མེད་པར་འགྲོ་དོན་བྱས། དུས་རྒྱུན་དུ་སྡོམ་གསུམ་གཙང་མ་བྱས་ནས་བསྲུངས། ཤ་ཆང་སྒོག་ཙོང་དུ་བ་རྣམས་གཏན་དུ་སྤངས། ཟས་དཀར་གསུམ་མངར་གསུམ་ཇ་མར་རྩམ་གསུམ་ལ་བརྟེན་ནས། སྟོད་སྨད་བར་གསུམ་ལ་སོང་ཚེ་སྐྱེས་པ་ཕོ་མོ་ཐམས་ཅད་ལ་ནམ་འཆི་ཆ་མེད་ཡིན། དོ་ནུབ་སང་གནངས་ཙམ་ལ་ཡང་ཤི་འགྲོ་ནའང་ཐང་མོད། ལས་རྒྱུུ་འབྲས་རྩི་དགོས། མ་བརྩིས་པར་གློ་བུར་དུ་ཤི་ན་སྡིག་ཅན་རྣམས་དམྱལ་བར་སྐྱེ་ཞིང༌། དགེ་བ་བྱས་པ་རྣམས་མཐོ་རིས་སུ་སྐྱེ་བས་ན། དེའི་ཕྱིར་སྡིག་ལ་འཛེམས་ཤིང་དགེ་ལ་འབད་དགོས་གསུངས། ཁྱད་པར་དུས་དང་རྣམ་པ་ཐམས་ཅད་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱོང་དགོས། སྡིག་ཟས་ཕ་མ་སེམས་ཅན་གྱི་ཤ་འདི་ཟོས་ན་ཉེས་པ་ཆེ་བས་སྤོང་དགོས་གསུངས། གལ་ཏེ་སྤོང་མ་ཐུབ་ན་རྣམ་གསུམ་དག་པའི་ཤ་མ་གཏོགས། ཤའི་ཆེད་དུ་སྲོག་གཅོད་གཏན་ནས་བྱེད་མི་རུང༌། སྡོམ་པ་དང་དམ་ཚིག་གཙང་མ་ཚུལ་བཞིན་དུ་བསྲུངས་ནས་མདོ་སྔགས་ཟུང་དུ་འབྲེལ་བའི་ཟབ་རྒྱས་ཆོས་ལ་ཐོས་བསམ་སྒོམ་གསུམ་ཚུལ་བཞིན་བྱེད་དགོས་ཞེས་ནན་ཏན་གྱིས་བཤད་པས་ལག་རྗེས་སུ། ཡུལ་སྟོད་སྨད་བར་གསུམ་ནས་ལས་འབྲས་བརྩི་ཞིང་ཚུལ་ཁྲིམས་དང་ལྡན་པ། བསམ་པ་བཟང་ཞིང་གནས་ལུགས་ཀྱི་དོན་རྟོགས་པ། བསྐྱེད་རྫོགས་ཀྱི་ཉམས་ལེན་ལ་རང་བྱན་ཚུད་ཅིང་ཡི་དམ་ལྷའི་ཞལ་མཐོང་བ། གཞན་གྱི་སྐྱིད་སྡུག་ལེགས་ཉེས་ཤེས་ཤིང༌། ཚེ་འདིར་ཐབས་མཁས་བསྡུ་བཞིའི་སྒོ་ནས་འགྲོ་བའི་དོན་བྱས་པས། འཁོར་སྐལ་བཟང་གདུལ་བྱ་མཆོག་དམན་འབྲིང་གསུམ་འདུས་པའི་གྲངས་ལ་བསྟན་འགྲོའི་དོན་ཡོང་བའི་སློབ་མ་བུ་ཆེན་མཁས་ཤིང་གྲུབ་པ་བརྙེས་པ་བརྒྱ་ཕྲག་ལྷག་དང༌། སྔོན་སྦྱངས་ལས་འཕྲོ་ཅན་གྱི་བླ་མ་སྐུ་སྐྱེས་བུ་ཆེན་སློབ་མ་རང་དོན་ཚགས་སུ་ཆུད་ནས། གཞན་བསྟན་འགྲོ་ཡོངས་ལ་ཕན་ཐོགས་པ་བརྒྱ་ཕྲག་དང༌། ནམ་ཡང་ཤ་མི་ཟ་བའི་ཆོས་པ་སྙིང་རྗེ་ཅན་བདག་པས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་ལ་བློ་འབྱུང་པ་སུམ་བརྒྱ་ལྷག་དང༌། ཕ་ཡུལ་མི་གཅིག་པ་ཕྱོགས་ཕྱོགས་ནས་འདུས་པའི་ཚེ་བློས་བཏང་གི་སློབ་མ་གྲྭ་བཙུན་རི་ཁྲོད་ཟིན་པ་སྡོམ་པ་དམ་ཚིག་གཙང་བ་སྟོང་དང་བརྒྱད་བརྒྱ་བྱུང༌། གཞན་ཡང་ཕྱག་མཆོད་སྐོར་བ་བཟླས་བརྗོད་ལ་བརྩོན་པའི་དགོན་པའི་དགེ་འདུན་པ་དང༌། ཡི་དམ་ལྷའི་དངོས་གྲུབ་ལ་བརྩོན་པའི་གྲོང་སྔགས་དང༌། བསྙེན་གནས་སྨྱུང་གནས་བསྲུང་ཞིང་མ་ཎི་འདོན་པའི་ཁྱིམ་པ་ཕོ་མོ་བགྲང་ལས་འདས་པ་བྱུང༌། ར་ལུག་གཡག་དང་བྱ་རི་དྭགས་ཁྲི་ཕྲག་འབུམ་ཕྲག་མང་པོ་ཚེ་ཐར་བཏང་བ་དང༌། སྤྲང་སློང་དང་གནས་སྐོར་བ་བཤུལ་རིང་མགྲོན་པོ། ཡུན་རིང་ནད་པ། ནག་ཅན་བཙོན་དུ་བཟུང་བ། ཕན་ཚུན་འཐབ་ནས་གསོད་པ་སོགས། འཆི་ལ་ཉེ་བ་ལྔ་བརྒྱ་ལྷག་ཙམ་གྱི་མི་ཡི་སྲོག་སྐྱོབ་རྒྱུའི་སྐལ་བ་བྱུང༌། མདོ་སྨད་འདིར་འོངས་ནས་ཀྱང༌། ཆོས་འཇིག་རྟེན་རྒྱུ་ནོམ་པ་ཐབས་དུ་མའི་སྒོ་ནས་མི་མང་པོ་གསོད་པའི་སྡེ་འཁྲུག་ཆེན་པོ་བཅོ་བརྒྱད་ཀྱི་དམྱལ་བའི་བང་ཁ་གཏན་པ་སོགས། མདོར་ན་དངོས་སམ་བརྒྱུད་ནས་བསྟན་འགྲོ་ལ་ཕན་ཐོགས་རྒྱ་ཆེན་པོ་བྱུང༌། འགྲོ་དོན་ལ་གང་དུ་འགྲོ་ཡང་ཡིད་ཀྱིས་ཡུལ་ཕྱོགས་མཐོང་ཚད་ལ་བཀྲ་ཤིས་བྱས། རི་ཁྲོད་མཐོང་ཚད་ལ་བྱིན་ཕེབས་བྱས། རྟེན་མཐོང་ཚད་ལ་རབ་གནས་བྱས། མི་མཐོང་ཚད་ལ་དབང་བསྐུར་བྱས། སེམས་ཅན་ཤི་ཚད་ལ་སྨོན་ལམ་བཏབ། གཞན་ཡང་སེམས་ཅན་བདེ་བ་མེད་པ་མཐོང་ན་བྱམས་པ། སྡུག་བསྔལ་ཅན་མཐོང་ན་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་མཐོང་ན་དགའ་བ། ཉེ་རིང་ཆགས་སྡང་ཅན་མཐོང་ན་བཏང་སྙོམས་བསྒོམས་ནས་ངག་ཏུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག ཅེས་བརྗོད་བཞིན་དུ་བྱོན། ཆོས་ལྡན་གྱི་བྱ་བ་གང་བྱས་རྣམས་ཀྱི་མཇུག་ཏུ། ཕན་བདེ་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ཉི་མ་བཞིན་དུ་འཆར་བའི་བསྔོ་བ་སྨོན་ལམ་བཏབ་པའི་མཐུ་ལས། སྤྱྀར་རྒྱལ་ཁམས་ཐམས་ཅད་སྒོས་རང་ཉིད་སོང་བའི་ཡུལ་ཁམས་ཀུན་ལ་ཆར་ཆུ་དུས་སུ་བབས། ལོ་ཕྱུག་རྟག་ཏུ་ལེགས། མི་ནད་ཕྱུགས་ནད་ཆད། ཚེ་དང་བསོད་ནམས་རྒྱས། གནས་སྐབས་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་ལ། ནམ་ཕུག་དག་པའི་ཞིང་ནས་མཇལ་ཏེ། སངས་ཡང་མཉམ་པོར་རྒྱ་བའི་སྐལ་བ་བཟང་པོ་བྱུང་བ་ལེགས་སོ། །དེ་ནས་དམ་པ་འདི་ཉིད་དགུང་གྲངས་དོན་གཅིག་པ་རབ་ཡིད་ལྕགས་ཕག་ལོའི་དཔལ་ལྡན་དུས་ཀྱི་འཁོར་ལོའི་ལུགས་ཀྱི་ས་ག་ཟླ་བའི་མར་ངོ་ལ་སྐུ་ལ་སྐྱེ་འཆི་མེད་ན་ཡང་ཐུན་མོང་སྣང་ངོར་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་མཛད་དེ་ཆོས་དབྱིངས་གདོད་མའི་ཀློང་དུ་མནལ་བར་གྱུར་ཏོ། །སྨྲས་པ། སྐྱེས་བུ་མཆོག་རབ་ཕུལ་བྱུང་གང་རྣམས་ཀྱི། །རྟོགས་བརྗོད་ནོར་བུའི་འཕྲིན་ལས་འོད་འཕྲོ་བས། །སངས་རྒྱས་ཀུན་གྱི་བསྟན་པ་ཉིན་མོར་མཛད། །འགྲོ་བ་ཀུན་གྱི་དགོས་འདོད་རེ་བ་བསྐངས། །རྒྱལ་དང་རྒྱལ་སྲས་མཉེས་པའི་ཀུན་བཟང་གི ། མཆོད་སྤྲིན་འདི་ཉིད་དད་ལྡན་སྒྲ་འཛིན་ཡུལ། །ཐོས་པས་སྐལ་ལྡན་དད་གུས་སྤུ་ལོང་གཡོ། །རྣམ་གྲོལ་ཐར་འདོད་དགའ་བའི་གཟིགས་མོར་མཛོད། །བྱ་བཏང་དབེན་པའི་གནས་ལ་ཟབ་ལམ་སྒྲུབ། །ངོ་མཚར་ཚེ་གཅིག་སྐུ་བཞི་རྫོགས་པ་ཡི། །རྣམ་ཐར་ཐོས་པས་བྱ་བཏང་རི་སུལ་ལ། །ཀུན་མཁྱེན་ཚེ་འདིར་བསྒྲུབ་པའི་དགའ་སྟོན་མཛོད། །ཅེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་སྔོན་གྱི་སྐྱེ་རབས་ཀྱི་སྐབས་རྣམ་པར་བཤད་པ་རྫོགས་སོ།། །། ༈ ཕུལ་བྱུང་ཐུགས་བསྐྱེད་དུས་ལས་ཡོལ་མེད་པར། །གང་ལ་གང་འདུལ་བྱེ་བ་ཕྲག་བརྒྱའི་ཞིང༌། །སྤྲུལ་བའི་ཟློས་གར་རྒྱུན་མི་ཆད་པ་ཡི། །བརྩེ་ཆེན་དཔལ་ལྡན་བླ་མས་རྣམ་ཀུན་སྐྱོངས། །

གསུམ་པ་ད་ལྟར་བྱུང་བའི་སྤྲུལ་བའི་རྟོགས་པ་བརྗོད་པ།

གསུམ་པ་ད་ལྟར་བྱུང་བའི་སྤྲུལ་བའི་རྟོགས་པ་བརྗོད་པ་ལ་ལྔ།

གསུམ་པ་ད་ལྟར་བྱུང་བའི་སྤྲུལ་བའི་རྟོགས་པ་བརྗོད་པ་ལ། །དམ་པ་འདི་ཉིད་གཟུགས་སྐུའི་སྐྱེ་བ་མངོན་པར་བཞེས་པའི་ཚུལ། ཤེས་བྱ་ཡོན་ཏན་རྒྱ་མཚོའི་མིང་གཞི་བཙུགས་ཏེ་རབ་ཏུ་བྱུང་ཚུལ། མདོ་སྔགས་རབ་འབྱམས་ལ་ཐོས་བསམ་བྱས་ཏེ་ཐོས་དོན་ཉམས་བཞེས་མཛད་པ། གནས་ངེས་མེད་ལ་སྒྲུབ་པ་གཙོ་བོར་མཛད་ཅིང་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་བཟུང་བའི་སྐབས། རྣམ་བྱང་གི་མཛད་འཕྲིན་རྣམས་རྫོགས་ནས་འགྲོ་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚུལ་བཤད་པ་དང་ལྔ། དང་པོ་དམ་པ་འདི་ཉིད་གཟུགས་སྐུའི་སྐྱེ་བ་མངོན་པར་བཞེས་པའི་ཚུལ་ནི། བསྟན་བཅོས་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་བ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང༌། ཇི་ལྟར་བཻ་ཌཱུར་ས་གཞི་གཙང་མ་ལ། །ལྷ་དབང་ལུས་ཀྱི་གཟུགས་བརྙན་སྣང་བ་ལྟར། །དེ་བཞིན་འགྲོ་སེམས་ས་གཞི་གཙང་མ་ལ། །ཐུབ་པའི་དབང་པོའི་སྐུ་ཡི་གཟུགས་བརྙན་སྣང༌། །ཞེས་དང༌། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་ཏུ་འཇིག་རྟེན་འབྱོར་སླད་རྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་གསུངས་པ་ལྟར་དག་པ་དང་མ་དག་པའི་ཞིང་ཁམས་རབ་འབྱམས་སུ་གཟུགས་སྐུའི་བཀོད་པ་སྒྱུ་མ་དང་མིག་འཕྲུལ་བཞིན་གང་ལ་གང་འདུལ་གྱི་རོལ་གར་ཞིང་ཁམས་ཀྱི་རྡུལ་གྲངས་ལས་འདས་པའི་རྣམ་པར་ཐར་བ་བསམ་གྱིས་མི་ཁྱབ་པ་ཡོད་མོད་ཀྱང༌། སྐབས་འདིར་མི་མཇེད་ཀྱི་ཞིང་འདིར་རྗེ་བཙུན་བླ་མ་དམ་པ་གང་གི་འཕྲིན་ལས་ཀྱི་རོལ་བ་ཚུར་མཐོང་གི་མཐོང་ཐོས་སུ་གྱུར་བ་དག་བརྗོད་པར་བྱ་བའོ། །དེ་ཡང་ཨོ་རྒྱན་འགྲོ་འདུལ་གླིང་བའི་ཞལ་ནས། ཚུལ་ཁྲིམས་ཀྱི་ལྗོན་པའི་ཡལ་འདབ་རྒྱས། །མདོ་སྔགས་ཀྱི་ཆོས་ལ་སྦྱངས་བ་ཐོབ། །ལས་སྤྱོད་པ་མི་དམན་འགྲོ་དོན་འབྱུང༌། །ཚེའི་ཚད་ཀྱང་བརྒྱད་ཅུ་མཐོང་ཙམ་འདུས། །རྫ་རྨ་རྒྱལ་སྒང་དུ་རིག་འཛིན་འགྱུར། །ལས་དབང་བཞི་འཁྱུད་ལ་ཅི་ཆ་ཡོད། །ཅེས་གསུངས་པ་ལྟར་བདག་ཅག་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱིས་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ ༧ རྗེ་བཙུན་བླ་མ་དམ་པ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་ཆོས་ཀྱི་དབྱིངས་ཀྱི་སྐུ་ལས་མ་གཡོས་པར་སྤྲུལ་པའི་ཟློས་གར་འགག་མེད་དུ་གདུལ་བྱ་འདྲེན་པའི་དཔལ་དུ་གཟུགས་སྐུ་མཚན་དཔེའི་ཟླ་བ་མི་ཡི་རྣམ་རོལ་ཏུ་སྒྱུ་འཕྲུལ་དྲྭ་བའི་སྐྱེ་བ་བཞེས་པའི་ཡུལ་ཕུན་སུམ་ཚོགས་པ་ནི། མི་མཇེད་འཇིག་རྟེན་གྱི་ཞིང་ཁམས། འཛམ་གླིང་ཆེན་པོ་དང་ཆུང་ངུ་གཉིས་ལས་ལྷོ་འཛམ་བུ་གླིང༌། སྐལ་བ་བཟང་པོའི་སངས་རྒྱས་སྟོང་གི་ཞབས་ཀྱིས་བཅགས་པའི་གནས་མཆོག་རྡོ་རྗེ་གདན་གྱི་བྱང་ཕྱོགས། བསིལ་ལྗོངས་ནོར་འཛིན་མཆོག་གི་ཐིག་ལེ་རབ་དཀར་ཁ་བ་འཁྲིགས་པའི་ཀེ་ལ་ཤའི་ས་འཛིན་གྱི་ཕྲེང་བ་ཆུ་ཤེལ་ཞུན་མའི་གངས་རིའི་ར་བས་ཀུན་ནས་བསྐོར་བ། འཕགས་མཆོག་ཕྱག་ན་པད་མོའི་གདུལ་ཞིང༌། མདོ་ཁམས་སྨད་ཀྱི་ཆར་གཏོགས། མགོ་ལོག་ཨ་སྐྱོང་འབུམ་གྱི་ས་ཆ། ད་ལྟ་དགའ་བདེ་རྫོང་གི་ཆར་གཏོགས། ཨ་མྱེ་རྨ་རྒྱལ་སྤོམ་རའི་ཤར་ཕྱོགས། གཉན་པོ་གཡུ་རྩེའི་ནུབ་བྱང༌། རྨ་ཀླུང་དལ་གྱིས་འབབ་པའི་བྱང་གི་ཕྱོགས། གླིང་རྗེ་གེ་སར་རྒྱལ་བོའི་སའི་ཆར་གཏོགས་པ། ཨ་ཁུ་ཁྲོ་ཐུང་གི་མཁར་དུ་གྲགས་པའི་ཉེ་བའི་སར་ཁོ་ཁོག་ར་གཉིས་བྲག་དཀར་ཞེས་པའི་དགེ་བཅུ་མ་ལུས་པར་ཚང་བ། དེའི་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དགའ་ཞིང་ཉམས་དགའི་སྐྱེད་མོའི་ཚལ་དང༌། མེ་ཏོག་དང་སྤང་ལྗོངས་སྣ་ཚོགས་པའི་ཁ་དོག་གི་བྱེ་བྲག་རྣམ་པར་བཀྲ་བའི་མཛེས་ལྗོངས། ཉེ་བར་གནས་པའི་འདབ་ཆགས་སྣ་ཚོགས་ཀྱིས་གྲེ་འགྱུར་སྙན་དབྱངས་ཀྱི་རོལ་མོ་བར་མེད་དུ་འཁྲོལ་བ། ཁྲུས་ཀྱི་རྫིང་བུ་དང༌། མཚོ་དང༌། མཚེའུ་སོགས་ཡན་ལག་བརྒྱད་ལྡན་གྱི་ཆུས་ཕྱོགས་དང་ཕྱོགས་མཚམས་རྣམས་སུ་ཉེ་བར་མཛེས་པ། དེར་གནས་པའི་སྐྱེ་འགྲོ་རྣམས་སྡེ་བཞིའི་དཔལ་གྱི་ཡོན་ཏན་གྱི་རྩེ་དགའ་ལ་རོལ་བའི་གནས་མཆོག་དེར། རིགས་རུས་ཕུན་སུམ་ཚོགས་པ་ནི། སྤྱིར་ནང་བ་སངས་རྒྱས་པ་ལ་རིགས་རུས་མི་གཙོ་བར་བསླབ་པ་རིན་པོ་ཆེ་གཙོ་བ་ཡིན་ལ། འོན་ཀྱང་བསྟན་བཅོས་མངོན་རྟོགས་རྒྱན་ལས། མངལ་དུ་འཇུག་པ་མཆོག་དང་ནི། །རིགས་དང་རུས་དང་ཆོ་འབྲང་དང༌། །འཁོར་དང་སྐྱེ་བ་དག་དང་ནི། །ངེས་འབྱུང་བྱང་ཆུབ་ཤིང་རྣམས་དང༌། །ཡོན་ཏན་ཕུན་སུམ་ཚོགས་པ་ཡིན། །ཞེས་གསུངས་པ་བཞིན་བདག་ཅག་སྟོན་པ་མཉམ་མེད་ཐུབ་པའི་དབང་པོ་ཡང་རིགས་རུས་ཕུན་སུམ་ཚོགས་པར་སྐྱེ་བ་བཞེས་པ་བཞིན་རྗེ་བཙུན་བླ་མ་འདི་ཉིད་ཨ་སྐྱོང་གོང་མའི་བློན་ཀ་བཞི་གདོང་བརྒྱད་ཡོད་པའི་ནང་ཚན་ཨ་ལྕགས་འབྲིའི་རིགས་བརྒྱུད་ལས་ཆད་པའི་སྒང་བའི་རིགས་རྒྱུད་དུ་གཏོགས་པ། དཔའ་མཛངས་སྟོབས་རྩལ་རྫོགས་པ། མི་ཆོས་ལ་བློ་མིག་རྒྱས་པ། ལྷ་ཆོས་ལ་གུས་འདུད་ཆེ་བའི་ཡབ་སྒང་བ་ཀར་དགེ་ཞེས་པ་དང༌། ཡུམ་གཡོ་སྒྱུ་སོགས་བུད་མེད་ཀྱི་སྐྱོན་ལས་གྲོལ་བ། དད་པ་དང་བྱམས་བརྩེ་ལྡན་པའི་རྣམ་དཀར་དགེ་བའི་ལས་ལ་གཞོལ་བའི་རྒྱུག་ཟ་མཛེས་དགའ་ཞེས་པ་གཉིས་ལ་སྲས་ཁྱད་པར་དུ་འཕགས་པ་གསུམ་འཁྲུངས་པའི་ཆེ་བ་ཉིད་དུུ༌། རབ་རྒྱལ་མེ་ཡོས་ལོ། སྤྱི་ལོ་༡༩༢༧ ལོ། ཕུག་ལུགས་ལྟར་ན་རིགས་ལྡན་ཉེར་གཅིག་པ་མ་འགགས་པ་ཁྲིར་འགོད་པའི་ལོ། གཟའ་སྐར་ཕུན་སུམ་ཚོགས་པའི་ཉིན་ལ། འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ་ཀུན་སྤངས་བྱ་བཏང་བ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་བརྗོད་ན་ ༧ རྗེ་བཙུན་བླ་མ་བློ་བཟང་ཐུབ་བསྟན་ཉི་མའམ་ངག་དབང་བརྩོན་འགྲུས་འཇིགས་བྲལ་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་དཔལ་བཟང་པོ་མཆོག་ཉིད་གཟུགས་སྐུ་མཚན་དཔེའི་མྱུ་གུ་གསར་བ་དགེ་ལེགས་ཀྱི་མཚན་མ་དང་བཅས་ཏེ་མངོན་པར་བཞད་ལ། དེའི་ཚེ་སྐལ་བ་དང་ལྡན་པའི་གདུལ་བྱ་རྣམས་ཀྱི་ཐར་བའི་ལམ་བཟང་གསལ་བའི་སྒྲོན་མེའི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པའི་འོད་སྣང་གིས་དཀར་བོའི་ཕྱོགས་ལ་གནས་པའི་ལྷ་རྣམས་ཀྱིས་མེ་ཏོག་སིལ་མའི་ཆར་བསྙིལ་ཞིང་བསྔགས་བརྗོད་ཀྱི་རོལ་མོ་འབུམ་དུ་ཁྲོལ་ཏེ་དེ་དག་གི་ཡིད་ལ་བདེ་བ་སྟེར་བའི་སྨན་མཆོག་བདུད་རྩིའི་གཟི་འོད་རྒྱས་པར་གྱུར། དམ་པ་འདི་ཉིད་སྐུ་འཁྲུངས་བ་ལ་ཉེ་བའི་ཆར་ཡུམ་གྱི་གཟིམ་ལམ་དུ་མཛེས་སྡུག་དང་ལྡན་པའི་རི་བོ་ཆེན་པོ་ཞིག་གི་རྩེ་མོ་ལས་འོད་སྟོང་དང་ལྡན་པའི་ཉི་མ་གསུམ་རིམ་གྱིས་ཤར་བ་སོགས་རྨི་ལམ་གྱི་མཚན་ལྟས་ཡ་མཚན་དུ་མ་བྱུང་ལ། དེ་ཡང་རྨི་ལྟས་འདི་ནི་སྲས་ཆེ་བ་རྗེ་བཙུན་བླ་མ་འདི་ཉིད་དང༌། འབྲིང་བ་རྣལ་འབྱོར་བ་རིན་ཆེན་གྲགས་དང༌། ཆུང་བ་ཀུན་སྤངས་བ་འདྲེན་མཆོག་གསུམ་གྱི་སྐྱེ་བའི་ལང་ཚོ་མངོན་པར་བཞད་པའི་དགེ་ལེགས་ཀྱི་མཚན་མ་ཡིན་པར་སྣང་ངོ༌། །རྗེ་བཙུན་བླ་མ་འདི་ཉིད་ནི། ཇི་སྐད་དུ། ཆོས་བཅུ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང༌། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བྱིས་པ་གཞན་ལས་ཁྱད་པར་དུ་འཕགས་པ། མཆོག་གསུམ་ལ་དད་གུས་དང༌། ཉམ་ཆུང་ལ་བྱམས་བརྩེ་དང༌། འགྲོ་བ་སྡུག་བསྔལ་ཅན་མཐོང་ཚེ་སྤྱན་ཆབ་བསིལ་བ། བླ་མ་དང་དགེ་འདུན་ལ་ལྷག་པར་དགའ་དད་ལྡན་པ་སོགས་བྱང་ཆུབ་སེམས་དཔའི་རྟགས་མཚན་ཁྱད་པར་ཅན་དང་ལྡན་པ་ཀུན་ལ་ཐུན་མོང་དུ་གྲགས་ཤིང་གྲུབ་པའི་སྐྱེས་བུ་ཞིག་ལགས་སོ། །སྨྲས་པ།མི་མཇེད་འཇིག་རྟེན་འཛམ་གླིང་ཆུང་ངུ་ཡི། །སྐལ་བཟང་སངས་རྒྱས་བྱོན་པའི་བྱང་གི་ཕྱོགས། །འཕགས་མཆོག་མིག་མི་འཛུམ་གྱི་གདུལ་བྱའི་ཞིང༌། །མདོ་སྨད་གསེར་ལྡན་འཛིན་མའི་ཡིད་དགའི་གནས། ། རིགས་རུས་ཕུན་སུམ་ཚོགས་པའི་མངལ་བཟུང་ནས། །སྲིད་པའི་རྟེན་བཟང་ལྷ་ལས་ཕུལ་བྱུང་བའི། །ངོ་མཚར་མཚན་དཔེའི་ལང་ཚོའི་གཟི་དཔལ་བཞད། །སྤྲུལ་བའི་ཟློས་གར་རོལ་བ་བགྲང་ལས་འདས། ། དཀར་ཕྱོགས་ལྷ་རྣམས་ཡིད་ཀྱི་དགའ་བའི་ཚལ། །སྐལ་བཟང་སྙིང་གི་ཚ་གདུང་འཇོམས་པའི་གཉེན། །བློ་ལྡན་རིགས་བཟང་མཐོང་ན་དགའ་བ་ཡི། །སྒྱུ་འཕྲུལ་ཕ་མཐའ་སུ་ཡིས་གཞལ་བར་ནུས། །ཞེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་གཟུགས་སྐུ་སྐྱེ་བའི་སྐབས་རྣམ་པར་བཤད་པ་རྫོགས་སོ།། །། ༈ སྒོ་གསུམ་ཉེས་སྤྱོད་སྡོམ་པའི་ཁྲིམས་ལྡན་ཞིང༌། །ཕ་རོལ་ཕྱིན་དྲུག་བདུད་རྩིའི་ཆུ་གཏེར་ལ། །འགྲོ་རྣམས་ཚ་གདུང་ཞི་ཕྱིར་རབ་འཇུག་པའི། །རྒྱལ་སྲས་སྙིང་སྟོབས་ལྡན་པ་ཕྱག་གི་ཡུལ། །གཉིས་པ་ཤེས་བྱ་ཡོན་ཏན་རྒྱ་མཚོའི་རྨང་གཞི་བཙུགས་ཏེ་རབ་ཏུ་བྱུང་ཚུལ་བཤད་པ། དེ་ནས་དགུང་ལོ་བརྒྱད་པར་སྤྱི་ལོ༡༩༣༤ལོ། རབ་རྒྱལ་དངོས་པོ་ཞེས་པ་ཤིང་ཁྱི་ལོར་རྣམ་དཀར་དགེ་ལེགས་ཐམས་ཅད་ཀྱི་དབུ་ཚུགས་པའི་རྟེན་འབྲེལ་གྱི་ཐོག་མ་ལ། མ་ཧཱ་གུ་རུའི་ཐུགས་སྤྲུལ་དུ་གྲགས་པ་གཙང་སྐོར་གྲུབ་ཐོབ་བྱམས་པ་ཆོས་འཛིན་གྱི་དངོས་སློབ་རྗེ་བཙུན་དམ་པ་འདི་ཉིད་ཀྱི་ཁུ་བོ་སྒང་བ་བླ་མ་བསོད་ནམས་རིག་འཛིན་མཆོག་གི་སྐུ་དྲུང་ནས་བློ་གྲོས་ཡོན་ཏན་ཀུན་གྱི་གཞི་རྟེན་དབྱངས་དང་གསལ་བྱེད་སྦྱོར་ཀློག་དང་རང་ཡུལ་གྱི་སྲོལ་དང་མཐུན་པར་འདོན་ཆ་དུ་མ་དང༌། སྒྲ་སྙན་ངག་སོགས་ལ་དཀའ་ཚེགས་མེད་པར་ཐུགས་ལ་བྱང་ཆུབ་པར་མཛད་དེ་བྱིས་པ་སློབ་གྲོགས་གཞན་རྣམས་ལས་ཁྱད་པར་དུ་འཕགས་པའི་རྣམ་དཔྱོད་དང་ལྡན་པར་རྩོད་མེད་དུ་གྲགས་པ་བྱུང༌། དེ་ཡང་དཔེར་ན་ཨ་སྐྱོང་གོང་མ་ཚང་གི་སྤྱིའི་རིམ་གྲོ་ཚོགས་དུས་སུ་བྱང་འདྲེན་པ་པད་ནག་མགར་སྐོར་རྐང་དོན་གྱིས་བཀའ་བརྒྱད་གསང་བ་ཡོངས་རྫོགས་ཀྱི་ཆོ་གའི་འདོན་རིམ་ནོར་ནས་འདོན་པ་ཆད་ཚེ་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་གསུང་གདངས་མཐོན་པོས་ཏིང་འཛིན་རྒྱལ་པོ་རྣམ་གསུམ་རོལ་བ་ལས། ཞེས་གཞལ་ཡས་ཁང་བསྟོད་པ་ཐུགས་ཐོག་ནས་ཤར་མར་གསུངས་པས་གཞོན་ནུ་སྐྱེས་སྟོབས་ཀྱི་ཤེས་རབ་ཕུལ་བྱུང་དང་ལྡན་ཞེས་ཀུན་གྱིས་བསྔགས་བརྗོད་ཀྱི་རོལ་མོ་འཁྲོལ། དེ་ནས་དགུང་ལོ་བཅུ་བཞི་པ་ལ་འཁོར་བ་ལ་ངེས་པར་འབྱུང་བའི་བསམ་པ་དང༌། གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ། ཁྲག་འཐུང་བདུདའཇོམས་རྡོ་རྗེའི་དངོས་སློབ་རྟོགས་པའི་དབང་ཕྱུག་ཝ་ཤུལ་བསོད་ནམས་མཁས་གྲུབ་ནོར་བུ་མཆོག་གི་ཞབས་ཀྱི་པད་མོ་སྤྱི་བོའི་མཛེས་རྒྱན་དུ་བཀོད་ནས། འོད་གསལ་རྫོགས་པ་ཆེན་པོའི་སྔོན་འགྲོ་སྐྱབས་འགྲོ་འབུམ་དང༌། སེམས་བསྐྱེད། ཡིག་བརྒྱ་འབུམ་དང༌། མཎྜལ། བླ་མའི་རྣལ་འབྱོར་སོགས་ལ་ལོ་གཅིག་ཉམས་བཞེས་མཛད། དེ་ནས་དགུང་ལོ་བཅོ་ལྔ་བ་ལ་ཟབ་ཆོས་ཞི་ཁྲོ་དགོངས་པ་རང་གྲོལ་ལས་རྫོགས་རིམ་བར་དོ་དྲུག་ཁྲིད་ལ་ཉམས་ལེན་གནད་སྨིན་མཛད་ལ། དེའི་བརྒྱུད་རིམ་ནི། ཐོག་མའི་མགོན་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས། བཀའ་བབས་བདུན་ལྡན་པད་མ་མདོ་སྔགས་གླིང༌། ངག་གི་དབང་བོ་པད་མ་བསྟན་འཛིན་དང༌། རྟོགས་པའི་དབང་ཕྱུག་ཝ་ཤུལ་བསོད་ནམས་མཁས་གྲུབ་ནོར་བུ་མཆོག་གི་བར་དང༌། དེས་རྗེ་བཙུན་བླ་མ་འདི་ཉིད་ལ་གནང་བའོ། །དེ་ནས་ལོ་བཅུ་དྲུག་པ་ལ། རྫོགས་ཆེན་རྩ་རླུང་རྒྱབ་ཆོས་བཅས་གསན་ནས་ཐུན་བཞིའི་སྒོ་ནས་རིག་པ་སྐྱེ་མེད་ཀྱི་དོན་ལ་མཉམ་པར་བཞག་སྟེ་བསྒོམས་ནས་ཉམས་རྟོགས་ཀྱིས་ཀློང་བརྡོལ་བར་གྱུར་ཏོ། །དཔལ་ལྡན་བླ་མ་དམ་པ་ཝ་ཤུལ་བསོད་ནམས་མཁས་གྲུབ་མཆོག་གིས་བུ་ཆུང་འདི་བློ་གྲོས་ཆེ་ཞིང་བརྩོན་འགྲུས་དང་ལྡན་པས་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པས་གྲྭ་ས་ཆེན་པོ་ཞིག་ལ་སོང་ན་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་ངེས་ཞིག་འདུག་ཅེས་གསུངས་པ་ལྟར་རྗེ་ཉིད་ཀྱི་ཁུ་བོ་བླ་མ་བསོད་ནམས་རིག་འཛིན་གྱི་ཐུགས་བཞེད་ལྟར། སྤྱི་ལོ༡༩༤༣། རབ་རྒྱལ་ཆུ་ལུག་ལོ། དམ་པ་འདི་ཉིད་དགུང་ལོ་བཅུ་བདུན་པ་ལ་འབྲང་ངམ་རྡོ་ཀར་མའི་མདར་མཚམས་པ་བ་སྨོན་ལམ་དཔལ་བཟང་པོ་མཆོག་གི་ཆོས་སྡེ་ཆེན་པོ་དེར་བྱོན་ནས་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་མཚམས་པ་བ་སྨོན་ལམ་བཟང་པོ་དང་མཇལ་ཏེ་བླ་མ་དམ་པ་དེས་ཐུགས་དགྱེས་པའི་སྒོ་ནས་སྐལ་ལྡན་གྱི་སློབ་མར་དགོངས་ཏེ་རྗེས་སུ་བཟུང་བར་མཛད། དེ་ནས་ཇི་སྐད་དུ། མདོ་ལས། གང་དག་ཁྱིམ་ན་གནས་པར་བྱེད་བཞིན་དུ། །བྱང་ཆུབ་དམ་པ་མཆོག་ནི་ཐོབ་པ་ཡི། །སངས་རྒྱས་གང་ཡང་སྔོན་ཆད་མ་བྱུང་སྟེ། །མ་འོངས་པ་ན་མི་འབྱུང་གནས་པ་མེད། །ཞེས་དང༌། ཇི་སྐད་དུ། བཤེས་སྤྲིང་ལས། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང༌། ཇི་སྐད་དུ། ཚུལ་གནས་ཐོས་དང་བསམ་ལྡན་པའི། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་དང༌། ཆོ་འཕྲུལ་ཆེན་པོའི་མདོ་ལས། ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་འདི་རྙེད་མི་དཀའ། །ཞེས་དང༌། སྐྱེས་རབས་ལས། གལ་ཏེ་ཆོས་སྤྱོད་ཁྱིམ་པའི་བསོད་ནམས་འཆོར། །ཁྱིམ་ལ་ཕྱོགས་པ་ཆོས་ཀྱང་ག་ལ་འགྲུབ། །དེ་བས་ཆོས་དང་འགལ་བའི་སྐྱོན་མེད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཞེས་དང༌། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཅེས་གསུངས་པ་ལྟར་རྒྱལ་བ་སྲས་དང་བཅས་པའི་བསྟོད་བསྔགས་པད་མ་དཀར་བོ་རྣམ་པར་འཐོར་བའི་གཞི་རྟེན། ཡོན་ཏན་མ་ལུས་པའི་གཞི་རྟེན་དུ་གྱུར་བ། རྒྱལ་བསྟན་ལ་འཇུག་པའི་འཇུག་ངོགས་དམ་པ་ནི་སོ་སོར་ཐར་བའི་ཚུལ་ཁྲིམས་ཀྱི་སྡོམ་པ་ཉིད་ཡིན་ལ། དེ་ཡང་ཇི་སྐད་དུ། འདུལ་བ་མདོ་རྩ་ལས། ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ། ཞེས་གསུངས་པ་བཞིན་དུ་འཁོར་བའི་བཙོན་རར་འཆང་བའི་ཁྱིམ་གྱི་བདེ་བ་སོགས་ལ་མེ་མ་མུར་གྱི་འོབས་ལྟར་མཐོང་ནས་དེ་ལས་ཐར་འདོད་ཀྱི་ངེས་འབྱུང་གི་བསམ་པས་ཟིན་པར་བྱས་ནས། ཇི་སྐད་དུ། སུམ་བརྒྱ་པ་ལས། ཁྲིམས་དང་ལྡན་ཞིང་འདུལ་བའི་ཆོ་ག་ཤེས། །ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་ལ་བརྩོན་པ། །དུས་སུ་འདོམས་པ་དེ་ལྟར་བླ་མར་བསྔགས། །ཞེས་གསུངས་པ་ལྟར་ཆོས་འདུལ་བ་ལས་བླ་མའི་མཚན་ཉིད་བསྟན་པ་ལྟར་བརྟན་མཁས་ཀྱི་ཡོན་ཏན་གཉིས་དང་ལྡན་པ་སོགས་ཡོན་ཏན་རིན་པོ་ཆེས་ཐུགས་རྒྱུད་ཕྱུར་བུར་གཏམས་པ། འཕགས་པ་ཉེ་བར་འཁོར་དང་གཉིས་སུ་མ་མཆིས་པ་མཚམས་པ་བ་སྨོན་ལམ་དཔལ་བཟང་པོ་མཆོག་གི་མདུན་ནས་མཐུན་རྐྱེན་སྡོམ་པ་སྐྱེ་གནས་མཛེས་པ་སོགས་ཀྱི་བར་ཆད་དང་བྲལ་ཞིང༌། བསམ་པ་ཕུན་ཚོགས་སྡོམ་པ་ལེན་འདོད་དང་ངེས་འབྱུང་གི་བསམ་པ་དང་ངེས་པ་ལྔ་དང་བྲལ་བའི་སྒོ་ནས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས་ནས་ཆོས་འདུལ་བའི་བགོ་སྐལ་དུ་ཐོབ་པའི་སྐལ་བ་དང་ལྡན་པ་ཅན་དུ་གྱུར་ཏོ། །མཚན་ལ་ངག་དབང་བརྩོན་འགྲུས་ཞེས་གསོལ། དེ་ནས་ཇི་སྐད་དུ། ཁམས་གསུམ་ཀུན་ཏུ་ཡིད་འོང་དྲི་བསུང་སྟེ། །རབ་ཏུ་བྱུང་དང་མི་འགལ་བྱུག་པ་ཡིན། །ཆ་ལུགས་མཐུན་ཡང་ཚུལ་ཁྲིམས་ལྡན་གྱུར་ན། །མི་ཡི་ནང་ན་དེ་ནི་འཕགས་པར་འགྱུར། །ཞེས་དང༌། ཇི་སྐད་དུ། ཚུལ་ཁྲིམས་ཉེས་སྐྱོན་དྲི་མ་འཁྲུད་པའི་ཆུ། །ཉོན་མོངས་ཚ་གདུང་སེལ་བའི་ཟླ་བའི་འོད། །སྐྱེ་དགུའི་དབུས་ན་ལྷུན་པོ་ལྟ་བུར་བརྗིད། །སྟོབས་ཀྱིས་སྡིག་པ་མེད་ཅིང་འགྲོ་ཀུན་འདུད། །དེ་ལྟར་ཤེས་ནས་ཡང་དག་བླང་བའི་ཁྲིམས། །དམ་པ་རྣམས་ཀྱི་མིག་བཞིན་སྲུང་བར་མཛད། །ཅེས་གསུངས་པ་ལྟར་ཚུལ་ཁྲིམས་སྲུང་བའི་ཕན་ཡོན་ཐུགས་ལ་འཆང་སྟེ་ཕྱིའི་རྐྱེན་གནས་ཀྱི་བླ་མ་ཚུལ་བཞིན་དུ་བསྟེན་ནས་ཆོས་འདུལ་བའི་བསླབ་བྱ་རྣམས་ཞིབ་པར་དྲིས་ཏེ་ཚུལ་བཞིན་དུ་སྲུང་བ་དང༌། ཆོས་འདུལ་བའི་བསླབ་བྱ་རྣམས་དྲན་ཤེས་བག་ཡོད་ཀྱི་ནང་གི་རྐྱེན་བསམ་པ་ཕུན་སུམ་ཚོགས་པ་ལ་བརྟེན་ནས་སྲུང་བ་དང༌། མི་མཐུན་ཕྱོགས་ངོ་ཤེས་པས་སྒོ་ནས་སྡོམ་པ་མིག་འབྲས་བཞིན་སྲུང་བར་བྱས་སོ། །སྨྲས་པ། སྐྱེས་སྟོབས་མི་དམན་བློ་གྲོས་འདབ་གཤོག་གིས། །མིང་ཚིག་སྦྱོར་བ་སྒྲ་སྙན་སྡེབ་སྦྱོར་སོགས། །ཀུན་གསལ་མཐའ་ལ་བགྲོད་པའི་རྩལ་རྫོགས་ནས། །ཀུན་གྱིས་བསྔགས་བརྗོད་རོལ་མོ་བྱེ་བས་མཛེས། ། ཀུན་ཏུ་བཟང་པོའི་དགོངས་བའི་སྙིང་པོ་མཆོག ། སྔ་འགྱུར་ཐེག་པ་རིམ་དགུ་ཨ་ཏི་ལས། །རྫོགས་པ་ཆེན་པོའི་དལ་འབབ་ཆུ་ཀླུང་ཆེ། །མ་ལུས་ཧུབ་ཀྱིས་འཐུང་བའི་འདྲེན་པ་མཆོག ། ངེས་འབྱུང་བྱང་ཆུབ་སེམས་ཀྱི་རླུང་གཡོས་ནས། །རྣམ་གྲོལ་བ་དན་སྲིད་པའི་རྩེ་མོར་བསྒྲེངས། །རྣམ་དག་ཚུལ་ཁྲིམས་ཙན་དན་ལྗོན་པ་ཡི། །དྲི་ངད་ལྡང་བའི་ངུར་སྨྲིག་འཛིན་པའི་རྒྱན། ། ཞེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་ཤེས་བྱ་ཡོན་ཏན་རྒྱ་མཚོའི་རྨང་གཞི་བཙུགས་ཏེ་རབ་ཏུ་བྱུང་ཚུལ་བཤད་པའི་སྐབས་རྣམ་པར་བཤད་པ་རྫོགས་སོ།། །། ༈ རྒྱུད་ཀྱི་མཐར་ཐུག་གཉིས་མེད་རྒྱུད་རྒྱལ་མཆོག ། དེ་ཡི་དགོངས་དོན་རིམ་གཉིས་རྣལ་འབྱོར་ལམ། །ལེགས་པར་འདོམས་མཛད་བཤེས་གཉེན་དམ་པ་ལ། །བྱང་ཆུབ་བར་དུ་འབྲལ་མེད་གཙུག་ན་རྒྱལ། །གསུམ་པ་མདོ་སྔགས་རབ་འབྱམས་ལ་ཐོས་བསམ་བྱས་ཏེ་ཐོས་དོན་ཉམས་བཞེས་མཛད་པ་ལ། རྡོ་རྗེ་ཐེག་པའི་ཚུལ་སོགས་ལ་སློབ་པ་དང༌། བསྙེན་པར་རྫོགས་པ་དགེ་སློང་གི་དངོས་པོ་ལེགས་པར་བཞེས་ཤིང༌། དམ་པ་རྣམས་ལས་ཟབ་རྒྱས་ཆོས་ཀྱི་བདུད་རྩི་མནོས་ཏེ་ཐོས་པའི་དོན་རྣམས་རང་གིས་རྩེ་གཅིག་ཉམས་སུ་བཞེས་ཤིང་གདུལ་བྱ་གཞན་དག་ལ་ཡང་འདོམས་པར་མཛད་ཚུལ་སོགས་ལས་བརྩམས་ཏེ་བརྗོད་པ་ལ་ཐོག་མར་སྤྱི་ལོ༡༩༤༣། རབ་རྒྱལ་ཆུ་ལུག་ལོ། དམ་པ་འདི་ཉིད་དགུང་ལོ་བཅུ་བདུན་པའི་ལོ་དེར་དཔལ་ལྡན་བླ་མ་དེ་ཉིད་ཀྱིས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དང་བོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ཟབ་མོའི་ཉེ་ལམ་མཐར་ཐུག་པའི་གསང་ཆེན་ཆོས་ཀྱི་མཛོད་ཀློང་གི་སྒོ་ཕར་ཕྱེ་བར་དགོངས་ཏེ་སྐལ་བ་དང་ལྡན་པའི་སློབ་མར་གཟིགས་ནས་ཐོག་མར་སེམས་རྒྱུད་སྦྱོང་བའི་ཐབས་སྔོན་དུ་འགྲོ་བའི་ཆོས་རྣམ་པ་ལྔའི་དམིགས་ཁྲིད་ལེགས་པར་གསུངས་ཏེ། རྗེ་བཙུན་བླ་མ་འདི་ཉིད་ཀྱིས་གསན་བསམ་ཚུལ་བཞིན་དུ་བྱས་ལ། དེ་ཡང་དང་པོར་སྐྱབས་འགྲོ་ནི་ནང་བ་སངས་རྒྱས་པའི་བསྟན་པ་ལ་འཇུག་པའི་སྒོ་གཅིག་པུར་གྱུར་པ་ཡིན་པས། དེ་རྒྱུད་ལ་སྐྱེས་ན་ནང་བ་སངས་རྒྱས་པའི་བསྟན་པའི་སྒོར་ཆུད་པ་དང༌། དེ་རྒྱུད་ལ་མ་སྐྱེས་ན་བསྟན་པའི་སྒོར་མི་ཆུད་པར་དགོངས་ནས་སྐྱབས་འགྲོ་ལ་ཚུལ་བཞིན་དུ་འཇུག་ལ། དེ་ཡང་ཇི་སྐད་དུ། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །བདག་ཉིད་ལྷག་པར་འཇིགས་པ་དང༌། །དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །ཅེས་གསུངས་པ་ལྟར་རང་གཞན་གྱི་འཁོར་བའི་སྡུག་བསྔལ་ལ་འཇིཊ་པ་དང༌། སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྐྱབས་འགྲོའི་རྒྱུ་གཉིས་སྔོན་དུ་སོང་བར་བྱས་ནས། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་པ་ལྟར་འཇིག་རྟེན་པའི་ལྷ་སོགས་ནི་རང་ཉིད་འཁོར་བའི་འཆིང་བ་ལས་མ་གྲོལ་བས་གཞན་འཁོར་བའི་འཇིགས་པ་ལས་ག་ལ་སྐྱོབ་ནུས། དེས་ན་ཐར་བ་འདོད་པ་རྣམས་ཀྱི་སྐྱབས་ནི་མཆོག་གསུམ་ཉིད་དུ་ངེས་པས་སྐྱབས་འགྲོའི་ངག་ཚིག་དང་ལུས་ཀྱི་ཕྱག་རེ་སྦྲགས་ནས་ཕྱག་གྲངས་འབུམ་ལྷག་བཅས་དཀའ་ངལ་སོགས་ཁྱད་དུ་བསད་ནས་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་རྩ་སྐྱབས་འགྲོ་རྣམ་དག་གིས་རྒྱུད་ལེགས་པར་སྦྱང་བར་བྱས་པའོ། །དེ་ནས་ཐེག་པ་ཆེན་པོའི་འཇུག་སྒོ་བྱང་ཆུབ་སེམས་བསྐྱེད་རང་རྒྱུད་ལ་ཡོད་ན་རང་ཉིད་ཐེག་པ་ཆེན་པོ་པ་ཡིན་པ་དང༌། དེས་ཟིན་པའི་དགེ་རྩ་རྣམས་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྲོ་ལ། སེམས་དེ་མེད་ན་དེ་དག་ལས་ལྡོག་པར་འགྱུར་བར་གཟིགས་ནས་སེམས་བསྐྱེད་བསྒོམ་བཟླས་ལ་འཇུག་པར་བྱས་ལ། དེ་ཡང་ཇི་སྐད་དུ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། །སེམས་པ་འདུན་དང་བཅས་པ་སྟེ། །ཞེས་གསུངས་པ་ལྟར་རྒྱལ་བོ་ལྟ་བུའི་སེམས་བསྐྱེདསེམས་ཅན་གཞན་དོན་དུ་བླ་མེད་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་བཅོས་མིན་བསྐྱེད་པ་དང༌། སེམས་བསྐྱེད་དེ་ལ་ཡང་རྒྱལ་སྲས་ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པའི་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སྨོན་འཇུག་གི་སེམས་ལ་མྱོང་བ་ཐོན་པར་བྱས་ལ། དེ་ཡང་མདོ་སྡེ་རྒྱན་ལས། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང༌། །ཞེས་པ་ལྟར་སེམས་བསྐྱེད་མ་སྐྱེས་པ་སྐྱེ་བའི་རྒྱུ་དང་སྐྱེས་པ་བརྟན་པར་བྱེད་པ་དང༌། འཕེལ་བར་བྱེད་པའི་ཐབས་ལ་ཚད་མེད་བཞི་སེམས་བསྐྱེད་དང་སྦྲགས་ནས་དམ་པ་གོང་མའི་ཕྱག་བཞེས་ལྟར་ལེགས་པར་བསྒོམ་པར་མཛད་དོ། །དེ་ཕན་ཆད་དུ་ཇི་སྐད་དུ། སྐྱེས་བུ་དམ་པ་ཁུར་ལྗི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་སྲིད། །ཅེས་གསུངས་པ་བཞིན་གཞན་དོན་ཁོ་ན་སྒྲུབ་པ་ལ་གཞོལ་བ་ཡིན་ནོ། །དེ་ནས་རིམ་གཉིས་ཀྱི་རྣལ་འབྱོར་གྱི་ལམ་རྒྱུད་ལ་སྐྱེ་བ་ལ་གེགས་སུ་གྱུར་བའི་སྡིག་སྒྲིབ་ཉེས་ལྟུང་གི་དྲི་མ་རྣམས་སྦྱོང་བའི་ཐབས་དཔལ་ཧེ་རུ་ཀ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བའི་བསྒོམ་བཟླས་རྣམས་དཔལ་ལྡན་བླ་མ་ལས་ལེགས་པར་གསན་ནས་དམིགས་ཁྲིད་ལེགས་པར་བྱང་ཆུབ་པར་བྱས་ཏེ། རིགས་ཀུན་འདུས་པའི་ངོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའ་སྤྱི་བོར་མོས་གུས་དང་བཅས་པའི་སྒོ་ནས་བསྒོམ་ཞིང་ཡི་གེ་བརྒྱ་བའི་སྔགས་བཟླས་པ་དང་བདུད་རྩི་འབེབས་སྦྱོང་དང་མཐོལ་བཤགས་ཚུལ་བཞིན་བྱས་ལ། མཐོལ་བཤགས་དེ་ཡང༌། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་བྱས་ཤིང་བསཊ་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན། འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར་སྔར་བྱས་ཀྱི་སྡིག་སྡུག་ལ་དུག་འཐུང་བ་ལྟ་བུའི་འགྱོད་སེམས་དྲག་པོ་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བགྱིད་པའི་སྡོམ་སེམས་དྲག་པོ་སླར་ལྡོག་པའི་སྟོབས་དང༌། སྐྱབས་སུ་འགྲོ་བ་དང༌། སེམས་བསྐྱེད་པ་རང་རྒྱུད་ཀྱི་རྟེན་དང༌། ཕྱག་ཡུལ་གྱི་རྟེན་གཉིས་རྟེན་གྱི་སྟོབས་དང༌། སྡིག་པའི་ལས་བྱས་པ་དེ་དང་དེའི་གཉེན་པོར་ཆེད་དུ་དམིགས་ནས་སྒྲུབ་པའི་དགེ་བ་རྣམས་གཉེན་པོ་ཀུན་ཏུ་སྤྱོད་པ་ཡིན་ལ། དེ་ལྟ་བུའི་སྟོབས་བཞི་ཚང་བའི་སྒོ་ནས་ཧེ་རུ་ཀའི་ཡིག་བརྒྱ་འབུམ་ལྷག་གིས་སྒྲིབ་པ་སྦྱོང་བའི་ཐབས་སྒོ་དུ་མ་ནས་འབད་པར་བྱས་ལ། རྟགས་མཚན་ཡང་ཁྲུས་བྱས་པ་དང་ཆུ་བོ་ཆེན་པོ་ལས་བརྒལ་བ་དང་ལུས་ལས་རྣག་ཁྲག་ཟག་པ་སོགས་ཉམས་ཀྱི་ཚུལ་དུ་བྱུང་བའོ། །དེ་ནས་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་གསུངས་པ་ལྟར་རྒྱུ་ཚོགས་མ་ཚང་ན་འབྲས་བུ་མི་སྐྱེ་ལ། ཚང་ན་སྐྱེ་བས་རིམ་གཉིས་ཀྱི་རྣལ་འབྱོར་སྐྱེ་བས་ན། རྒྱུ་ཚོགས་ཚང་བ་ལ་ཚོགས་བསགས་དགོས་པར་གཟིགས་ནས་རིམ་གཉིས་ཀྱི་ཡེ་ཤེས་སྐྱེ་བའི་རྒྱུ་མཎྜལ་གྱི་ཚོགས་བསགས་ཏེ། དེ་ཡང་རྣམ་དཀར་དགེ་ཚོགས་ཉེ་བར་བསྐྲུན་ཆེད་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་སྟོན་པའི་འཇིག་རྟེན་ཁམས་ཀྱི་རྣམ་བཞག་རྣམས་ལ་མཁས་པར་བྱས་ནས་རི་རབ་གླིང་བཞི་སོགས་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པའི་ཡིད་སྤྲུལ་དང༌། འབྲུ་སྣ་སོགས་དངོས་སུ་འབྱོར་བའི་མཆོད་པ་སོགས་ཀུན་ཏུ་བཟང་བོའི་མཆོད་པ་དེ་ཉིད་མཆོད་ཡུལ་བླ་མ་ཡི་དམ་སངས་རྒྱས་ཆོས་ཚོགས་སོགས་ལ་འབུལ་བ་སོགས་མདོར་ན། མདོ་སྡེ་རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་ནི་འཁོར་བར་མངོན་མཐོ་བྱེད། །གཞན་གྱི་ཉོན་མོངས་མེད་པར་འཁོར། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །རྒྱུན་དུ་བསྒོམ་པ་ཐོབ་ནས་ནི། །དགེ་བ་ཡང་ནས་ཡང་དུ་སྒྲུབ། །བསྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་པར་བྱེད་པའང་ཡིན། །ཞེས་གསུངས་པ་ལྟར་སྒོ་དུ་མ་ནས་ཚོགས་བསགས་ཏེ་ཐུགས་དགྱེས་པ་བསྐྱེད་པའི་ལེགས་བྱས་མི་དམན་པའི་བསོད་ནམས་ཀྱི་ཚོགས་ཆེན་བསགས་པའི་མཆོད་ཚིག་ངག་འདོན་དམིགས་གནད་དང་བཅས་དེང་དུས་ཕྱག་ལེན་ལྟར་ཞག་བདུན་ཕྲག་གསུམ་ལྷག་ལ་གསང་ཆེན་ལམ་གྱི་མངོན་རྟོགས་ལེགས་པར་འཁྲུང་བྱེད་ཀྱི་དགེ་རྩ་བསྐྲུན་པར་བྱས་སོ། །དེ་ནས་བྱིན་བརླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་ཉིད་ལམ་རིམ་གཉིས་ཀྱི་ཡེ་ཤེས་ཉེ་བར་སྐྱེད་བྱེད་ཡིན་པར་ཐུགས་ལ་དགོངས་ནས་བླ་མའི་རྣལ་འབྱོར་གྱི་དམིགས་པའི་རིམ་པ་ཚུལ་བཞིན་དུ་བསླབས་ཏེ། ཇི་སྐད་དུ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་སློབ་མ་དམ་ཚིག་དང་ལྡན་པའི་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང༌། གསོལ་བ་བཏབ་ན་ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་བཞིན་བཀའ་དྲིན་གསུམ་ལྡན་གྱི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཉིད་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་ཚོགས་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི་བདག་ཉིད་དུ་མོས་ནས་བྱིན་རླབས་དངོས་སུ་འབེབ་བྱེད་དབང་བཞི་བླངས། སྒྲིབ་བཞི་དག་པར་བྱེད་པ་དང༌། འབྲས་བུ་སྐུ་བཞི་ཐོབ་པར་བྱེད་པས་དམིགས་པའི་གནད་དང་མ་བྲལ་བར་བླ་མ་སངས་རྒྱས་དངོས་མཐོང་གི་གུས་འདུན་ཉམས་པ་མེད་པའི་ཟབ་ལམ་བླ་མའི་རྣལ་འབྱོར་འདོན་བསྒོམ་སྦྲགས་མའི་སྒོ་ནས་དེང་སང་གི་དམ་པ་གོང་མའི་ཕྱག་བཞེས་ལྟར་ཞག་བདུན་གསུམ་ལྷག་ལ་ལག་ལེན་གནད་མིན་བགྱིས་ཏེ། ཐུན་མོང་གི་སྔོན་འགྲོ་འབུམ་ལྔ་དམ་པ་གོང་མའི་ཕྱག་བཞེས་ལྟར་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱི་ཉམས་ལེན་གནད་དུ་འགྲོ་བར་མཛད་གྲུབ་འབྲས་ཀྱང་ཉམས་དང་རྨི་ལམ་གྱི་རྟགས་མཚན་དུ་མ་ཤར་བ་ཡིན་ནོ། །དེ་ནས་དབང་གོང་མ་གསུམ་གྱིས་སེམས་རྒྱུད་ལ་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་རུང་གི་ས་བོན་ལེགས་པར་བཞག་ཀྱང་བསྐྱེད་རིམ་གྱིས་ཀྱང་རྫོགས་རིམ་སྐྱེ་རུང་གི་ནུས་པ་གསོས་བཏབ་ནས་ནུས་པ་མཐུ་ཅན་དུ་མ་བྱས་པར་རྫོགས་རིམ་གྱི་ལམ་དངོས་སྐྱེ་བ་མེད་པས་ན་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་མོས་སྒོམ་བསྐྱེད་རིམ་གྱི་ལྷའི་རྣལ་འབྱོར་བསྡུས་པ་དཔལ་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་ཀྱི་དམིགས་ཁྲིད་བླ་མའི་ཚུལ་ཇི་ལྟར་གདམས་པ་དེའི་དོན་ངེས་པར་བྱས་ནས་བསྐྱེད་རིམ་གྱི་སྤང་བྱའི་གཙོ་བོ་ཡང་རྡོ་རྗེ་གུར་གྱི་རྒྱུད་ལས། ཐ་མལ་རྣམ་པ་གཞོམ་དོན་དུ། །ཡང་དག་བསྒོམ་པ་རབ་བསྒྲགས་བགྱི། །ཞེས་གསུངས་པ་ལྟར་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་སྟོང་བའི་དབྱིངས་སུ་སྦྱངས་ཏེ་རང་གི་ལུས་ངག་ཡིད་གསུམ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་བསྐྱེད་ནས་དུས་འཁོར་གྱི་རྟེན་དང་བརྟེན་པའི་སྙིང་པོ་རྣམ་བཅུ་དབང་ལྡན་གྱི་སྔགས་བྱེ་བ་བཟླས་ནས་མོས་བསྒོམ་དག་པ་ལྷའི་གསལ་སྣང་སྔགས་བླ་མེད་ཀྱི་དག་རྫོགས་སྨིན་གསུམ་གྱི་གནད་ཚང་བའི་སྒོ་ནས་རྫོགས་རིམ་གྱི་ལམ་སྐྱེ་བའི་གཞི་རྟེན་བསྐྱེད་པའི་རིམ་པའི་རྣལ་འབྱོར་ལ་བརྩོན་པའི་དག་གསལ་ལྷའི་ང་རྒྱལ་གསུམ་ལ་ཆེས་བརྟན་པ་ཐོབ་ཅིང་ལྷའི་གསལ་སྣང་ལ་ཐུགས་ངེས་ཆེན་པོ་སྐྱེས་ཏེ། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་ནུས་པ་ཁྱད་པར་ཅན་བཞག་པར་བྱས་སོ། །དེ་ནས་རྗེ་བཙུན་དཔལ་ལྡན་བླ་མ་མཚམས་པ་སྨོན་ལམ་བཟང་པོ་མཆོག་གི་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉེ་བར་བཞེངས་ཏེ་སློབ་མ་དམ་པ་གང་ལ་རྫོགས་རིམ་གྱི་ཡེ་ཤེས་སྨིན་བྱེད་ཀྱི་ཐབས་མཆོག་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བྱིན་རླབས་འབེབས་པ་དང་བཅས་ཏེ། མཆོག་དབང་གོང་མ་བཞི་ཡོངས་རྫོགས་བསྐུར་བ་ལ་བརྟེན་ནས་རྡོ་རྗེ་བཞི་ཡི་ཡེ་ཤེས་བསྐྱེད་པའི་བག་ཆགས་ཁྱད་པར་ཅན་བཞག དེ་ནས་སྤྲོས་བྲལ་རྣམ་པར་མི་རྟོག་པའི་གནས་ལུགས་བསྒོམ་པའི་མན་ངག་བྱིན་རླབས་འབེབས་པས་སློབ་མའི་རྒྱུད་བྱིན་གྱིས་བརླབས་ཏེ། ཇི་སྐད་དུ། ལས་དང་པོ་བའི་གང་ཟག་གིས། །ལུས་དབེན་པ་ལ་མ་བརྟེན་པར། །སེམས་དབེན་རྙེད་པར་མི་འགྱུར་བས། །འདྲེས་སྤངས་དབེན་པར་གནས་པར་བྱ། །ཞེས་པ་ལྟར་མུན་ཁང་ལ་ལུས་བྱེད་བཅིངས་དམ་པོའི་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་ཉེར་བསྡོགས་དབེན་པ་གསུམ་སྟེ་ལུས་ངག་ཡིད་གསུམ་ཐ་མལ་གྱི་རྣམ་པར་རྟོག་པའི་དབེན་པའམ། ལུས་བྱ་བྱེད་ཀྱིས་དབེན་པ། ངག་སྨྲ་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གིས་དབེན་པའི་རྣལ་འབྱོར་ལ་ཉམས་ལེན་གནད་དུ་བསྣུན་ངེས་ཀྱི་སྒོ་ནས་ཞག་བརྒྱ་ཙམ་གྱིས་དུས་འདའ་བར་མཛད་ལ། འོད་གསལ་སེམས་ཀྱི་རང་ངོ་ཇི་བཞིན་འཕྲོད་ཅིང་སྣང་བའི་འཆར་སྒོ་ལ་སྟོང་གཟུགས་ཀྱི་སྣང་བརྙན་སྣ་ཚོགས་པ་དང་བཅས་ཏེ་གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་རྣམས་རིམ་གྱིས་མངོན་དུ་བྱས་ནས་མི་རྟོག་ཡེ་ཤེས་ཀྱི་རང་མདངས་ཀྱི་ཆ་མངོན་དུ་བྱས་སོ། །དེ་ནས་རྫོགས་རིམ་གྱི་དངོས་གཞི་ལ་དུས་འཁོར་རྩ་རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ལྟར་སྦྱོར་བ་ཡན་ལག་དྲུག་ལས་སོར་སྡུད་ཀྱི་རྣལ་འབྱོར་བསྒོམ་པའི་མན་ངག་ལེགས་པར་གསན་ཏེ། རྒྱུད་ལས། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་དང༌། ཇི་སྐད་དུ། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་བཅུར་འབྱུང༌། །སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་གསུངས་པ་བཞིན་ལུས་གནད་དང་སེམས་གནད་རྒྱུད་ལས་བསྟན་པ་བཞིན་དུ་བསམ་མེད་ཀྱི་རྣལ་འབྱོར་དང༌། རྩེ་གཅིག་པའི་རྣལ་འབྱོར་དང༌། རང་གྲོལ་གྱི་རྣལ་འབྱོར་དང༌། རྩོད་བྲལ་གྱི་རྣལ་འབྱོར་སོགས་ཉིན་མཚན་གྱི་རྣལ་འབྱོར་ཟླ་བ་ལྔའི་ཡུན་ཚད་དུ་བསྒོམ་པ་ལ་བརྟེན་ནས། རྒྱུད་ཕྱི་མ་ལས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་བ་ལ་སོགས་ཀྱང༌། །ཞེས་དང༌། བསྡུས་རྒྱུད་ལས། སྟོང་བ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམ་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་རྒྱུད་ལས་བསྟན་པ་ལྟར་སྟོང་གཟུགས་འོད་གསལ་གྱི་རྟགས་བཅུ་ནུས་མ་བཅུའི་ངོ་བོར་ཤར་ཏེ་ཉམས་དང་འོད་གསལ་གྱི་རྟོགས་པ་དབྱར་མཚོ་ལྟར་རྒྱས་པར་གྱུར་ཏོ། །འདི་ཡས་མས་ཤིག་ལ་བདེ་ར་གོང་མའི་མདོ་ནས་སྐྱབས་རྗེ་མཚམས་པ་བ་སྨོན་ལམ་བཟང་པོས་ཀློང་གསལ་སྙིང་པོའི་སྐུ་གསུམ་ཆོ་ག ཀར་གླིང་ཞི་ཁྲོ་འཕྲད་ཚད་རང་གྲོལ། རཏྣ་གླིང་བའི་ཕུར་བ་དང༌། ཚེ་སྒྲུབ་སྟེ་སྔ་འགྱུར་རྙིང་མའི་གཏེར་མའི་ཕྱོགས་འགའ་རེ་དང༌། དཔལ་དུས་ཀྱི་འཁོར་ལོའི་ལྷ་དགུ་དང༌། མི་འཁྲུགས་པའི་དབང་སོགས་གནང་བ་དམ་པ་འདི་ཉིད་ཀྱིས་ལེགས་པར་ཞུས་སོ། །དེ་ནས་བསམ་གཏན་གྱི་རྣལ་འབྱོར་ཉམས་སུ་ལེན་པའི་གདམས་པ་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་ལས་ལེགས་པར་གསན་ནས། སྤྱན་རས་གཟིགས་ཀྱི་འགྲེལ་ཆེན་དྲི་མེད་འོད་ལས། ཡུལ་དང་ཡུལ་ཅན་བཅུ་བོ་རྣམས་ནི་གཅིག་ཉིད་དུ་ནི་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་པ་ལྟར་སྔར་སོར་སྡུད་ཀྱི་སྐབས་རང་བྱུང་འོད་གསལ་གྱི་འཆར་སྒོ་སྟོང་གཟུགས་རྣམས་སེམས་འོད་གསལ་བའི་སེམས་དང་དབྱེར་མེད་ཀྱི་དོན་ལ་སྤྲོས་བྲལ་དུ་རྩེ་གཅིག་ཏུ་མཉམ་པར་བཞག དེ་ཡང་བསྡུས་རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་དཔའ་འོ། །ཞེས་གསུངས་པ་བཞིན་བསམ་གཏན་གྱི་ཡན་ལག་རྣམས་སེམས་རྒྱུད་ལ་ལེགས་པར་འཁྲུངས་ནས་སྔར་ལས་ལྷག་པའི་གཟུགས་སྣང་གི་འཆར་སྒོ་ཡང་མཐའ་ཀླས་ཤིང་སྤྲོས་བྲལ་གྱི་གནས་ལུགས་ལ་ཐུགས་ངེས་ཀྱི་དགེ་ལེགས་དབྱར་མཚོ་ལྟར་རབ་ཏུ་རྒྱས་པ་ཡིན་ལ། དུས་ཡུན་ཡང་དེང་སྐབས་ཀྱི་ལག་ལེན་བཞིན་ཟླ་བ་ལྔ་ལ་ཉམས་བཞེས་ཚུལ་བཞིན་དུ་མཛད་པ་ཡིན་ནོ། །དེའི་རྗེས་ནས་སྔར་སྟོང་གཟུགས་སེམས་དང་འདྲེས་པར་བྱས་པ་དེ་ཉིད་སྲོག་གམ་རླུང་བསྲེ་བའི་སྲོག་རྩོལ་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དཔལ་ལྡན་བླ་མ་དམ་པ་ལས་ལེགས་པར་གདམས་པ་བཞིན་རླུང་སེམས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྡོར་བཟླས་བུམ་ཅན་ལུས་སྦྱོང་འཁྲུལ་འཁོར་ལག་ལེན་བཅས་ཀྱིས་གཡས་གཡོན་རོ་རྐྱང་གི་རྒྱུ་བ་བཙན་ཐབས་ཀྱིས་དབུ་མར་དགག་སྟེ་སྲོག་ཐུར་གོང་བུ་གཅིག་ཏུ་བསྲེ་བའི་མན་ངག་གི་བོགས་འདོན་སྤོགས་ཆོག་དང་བཅས་པ་དམ་པ་གོང་མའི་ཕྱག་བཞེས་བཞིན་ཟླ་བ་དགུ་དང་ཞག་ཉེར་དྲུག་ལ་ཉམས་ལེན་གནད་དུ་བསྣུན་པར་མཛད་པ་ཡིན་ནོ། །དེ་ནས་སྟོང་གཟུགས་དང་འདྲེས་པ་ཐིག་ལེ་བསྲེས་ཏེ་འབར་སྣང་གི་སྐུ་སྒྲུབ་པར་བྱེད་པ་འཛིན་པའི་ཡན་ལག་གི་རྣལ་འབྱོར་གྱི་ཉམས་ལེན་ཕ་གཅིག་བླ་མའི་ལེགས་པར་གདམས་པ་བཞིན་རླུང་སེམས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་རླུང་སྦྱོར་གནས་དྲུག་གི་བུམ་ཅན་ཚན་པ་སྔ་ཕྱིའི་སྦྱོར་བས། རླུང་སེམས་མཐའ་དག་མི་ཤིགས་པའི་ཐིག་ལེ་དྲུག་ལ་རོ་གཅིག་ཏུ་བསྟིམ་ཞིང་འབྱུང་འཇུག་མེད་པར་བརྟན་བྱེད་ཀྱི་ཐབས་ཚུལ་རླུང་གི་སྤོགས་ཆོག འཁྲུལ་འཁོར་གྱི་སྤོགས་ཆོག རྩའི་སྤོགས་ཆོག་ཐིག་ལེའི་སྤོགས་ཆོག་སོགས་སྔོན་བྱོན་རང་རེས་དམ་པ་དག་གི་ཕྱག་སྲོལ་བཞིན་ཟླ་བ་གཉིས་ཀྱི་ཡུན་དུ་གནད་བསྣུན་གྱིས་འབད་པ་རྒྱ་ཆེར་བྱས་སོ། །དེ་ནས་རྗེས་དྲན་བསྒོམ་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གཏུམ་མོའི་སྣང་བར་གང་ཞིག་གྱུར་བ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཞེས་གསུངས་པ་བཞིན་དུ་འབར་སྣང་གི་སྐུ་སྒྲུབ་པའི་ཕྱག་ཆེན་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པར་བྱེད་པ་རྗེས་དྲན་གྱི་ཡན་ལག་གི་རྣལ་འབྱོར་བསྒོམ་ཚུལ་རྗེ་བཙུན་དམ་པ་གང་གི་ལེགས་པར་སྣང་བ་ལྟར་ཞུ་བདེ་ཁྱད་པར་ཅན་འདྲེན་པའི་ཐབས་སྐུ་གསུམ་འདུག་སྟངས་ཀྱི་རླུང་སྦྱོར་རྣམས་དང༌། དབྱེ་སྡུད་སྒོ་གླེག་ཀུན་འདུས་སོགས་རླུང་སྦྱོར་ལྔ་ཚན་བཅས་འཁྲུལ་འཁོར་ཉི་ཤུའི་ལག་ལེན་སྔོན་འགྲོ་དང་རང་ལུས་འདོད་ལྷ་ཡབ་ཡུམ་རྗེས་ཆགས་དགའ་བཞིའི་རྣམ་པ་དང་བཅས། སླར་ཡང་འཁྲུལ་འཁོར་ཉི་ཤུའི་དངོས་གཞིའི་ལག་ལེན་ཚད་དང་ལྡན་པ་དམ་པའི་བཞེད་སྲོལ་ཇི་བཞིན་ཉམས་ལེན་ལ་སྒོ་གང་ཐད་ནས་བརྩོན་ཏེ་ལུས་བཅུད་ཀྱི་དྭངས་མ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དབབ་བཟློག་དགྲམ་སོགས་ལ་བརྟན་པ་ཐོབ་པའི་ཐབས་སྣ་ཚོགས་ཀྱིས་སྦྱང་བ་མི་དམན་པར་བྱས་ཏེ་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་བར་བྱས་ཏེ་དམ་པ་གོང་མའི་ཕྱག་བཞེས་བཞིན་ཟླ་བ་ལྔ་དང་ཉིན་བཅོ་བརྒྱད་ལ་བསྒོམ་པ་ཡིན་ནོ། །དེ་ནས་རྒྱུད་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་གསུངས་པ་ལྟར་ཕྱག་ཆེན་ལ་བརྟེན་ནས་མཆོག་མི་འགྱུར་གྱི་བདེ་བའི་ཆ་ཉི་ཁྲི་ཅིག་སྟོང་དྲུག་བརྒྱ་འགྲུབ་པར་བྱེད་པ་ཏིང་ངེ་འཛིན་གྱི་རྣལ་འབྱོར་མཆོག་ཉམས་སུ་ལེན་ཚུལ་མཆོག་དམན་ཐམས་ཅད་ལ་གདམས་པའི་སྲོལ་ཇི་ལྟ་བ་བཞིན་ཁྱབ་བདག་འདྲེན་པ་མཆོག་གིས་བརྩེ་ཆེན་མཁྱེན་པའི་དགོངས་ཀློང་ནས་ལེགས་པར་བསྩལ་བ་ལྟར་རྗེ་བཙུན་དམ་པ་གང་གིས་རང་ལུས་ལྷ་ཡི་དག་སྣང་སྟོང་གཟུགས་དབྱེར་མེད་ཀྱི་སྣང་བ་ལས། མི་འགྱུར་བདེ་ཆེན་གྱིས་ལུས་ནང་གི་འཁོར་ལོ་དྲུག་ཏུ་མས་རིམ་ནས་ཕྱེད་རེ་གང་བ་དང་ཏིང་ངེ་འཛིན་གྱི་ས་རེ་ཐོབ་པའི་ཚུལ་གྱིས་ས་བཅུ་གཉིས་ཐོབ་པའི་མོས་འདུན་དང་རྣམ་པ་ཡིད་བྱེད་ཀྱིས་རྨད་དུ་བྱུང་བའི་གསང་ཆེན་ཐེག་པའི་སྦྱོར་བ་ཡན་ལག་དྲུག་པའི་འབྲས་བུའི་རྣལ་འབྱོར་ཉམས་ལེན་གྱི་སྨོན་པ་བཟང་པོ་ངེས་དོན་སྒྲུབ་རྒྱུད་ཀྱི་རྗེས་འཇུག་དག་གི་ཕྱག་བཞེས་མ་ཉམས་པའི་རྒྱུན་ལེགས་པར་བསྐྱངས་ཏེ་ཉམས་བཞེས་ལེགས་པར་མཛད་ལ། དེ་ནས་ཟབ་ལམ་འཕོ་བའི་གདམས་པ་ལེགས་པར་གསན་ནས་འཕོ་བའི་མན་ངག་བཅས། ལས་དང་བོ་བའི་ཚུལ་གྱིས་ཐུགས་ཉམས་ལེན་ལ་ཞག་གྲངས་བདུན་དུ་བརྩོན་ཞིང་སྤྱིར་ལོ་གསུམ་གྱི་རིང་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པ་ཉམས་ལེན་ལ་གཞོལ་བར་བྱས་ནས་ཉམས་རྟོགས་ཀྱི་གཏེར་བརྡོལ། གྲུབ་རྟགས་དང་མངོན་ཤེས་སོགས་ཀྱི་འབྲས་བཟང་སྨིན་ཏེ་རྗེ་བཙུན་དཔལ་ལྡན་བླ་མའི་ཐུགས་ཟིན་གྱི་སྐྱེས་བུ་དང༌། མཆེད་གྲོགས་རྡོ་རྗེ་སྤུན་གྲོགས་རྣམས་ལ་དད་པ་དང་ཡིད་ཆེས་སྐྱེ་བར་གྱུར་པ་སྟེ། སྐྱབས་གནས་དམ་པ་འདི་ཉིད་ཀྱི་མཆེད་གྲོགས་རྟོགས་པའི་དབང་ཕྱུག་བླ་མ་གསལ་ལྡན་གྱི་ཞལ་སྔ་ནས། ངེད་གཉིས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ལ་བརྩོན་སྐབས་རྗེ་བཙུན་བླ་མ་ངག་བརྩོན་ལ་ནི། ཀུན་ལས་ཁྱད་པར་དུ་འཕགས་པའི་བླ་མ་ལ་དད་པ་དང་མོས་གུས་ཁྱད་པར་བ་ཞིག་ཡོད་དེ། སྐྱབས་གནས་དམ་པ་བླ་མ་རིན་པོ་ཆེ་ནས་ཆོས་ཁྲིད་གནང་བའི་སྐབས་རྣམས་སུ་ཁོང་ཕྱག་ཐལ་མོ་སྦྱར། རྡོ་རྗེ་འཆང་བླ་མ་བཀའ་དྲིན་ཅན་ཞེས་བླ་མའི་མཚན་ནས་བརྗོད་དེ་སྤྱན་ཆབ་བསིལ་བར་བྱེད་ལ། དེ་ཡང་ལན་གཅིག་ཙམ་མ་ཡིན་པར་སྐུ་ཚེ་གང་བོར་དེ་ལྟར་མཛད་དོ། །དེ་ལྟར་རྗེ་འདི་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་རྣམས་ལ་གུས་འདུད་ཞེ་ས་དང་བཅས་པའི་སྒོ་ནས་མོས་གུས་ཚད་མེད་དང་ལྡན་པ་བཀའ་གདམས་པ་གོང་མའི་རྣམ་པར་ཐར་བ་བཞིན་ཡིན་པ་དང༌། དཀའ་སྤྱད་དང་སྙིང་རུས་འགྲན་ཟླ་དང་བྲལ་བ་ཞིག་ཡིན་ལ། རླུང་བུམ་པ་ཅན་གྲུབ་པའི་ཚད་ཀྱང་རབ་ཀྱི་ཚད་དུ་གྱུར། བླ་མས་རྗེས་དྲན་གྱི་འཁྲུལ་འཁོར་ཁྲིད་གསུངས་པའི་སྐབས་སུ་ཡེ་ཤེས་ཕེབས་ཏེ་བླ་མ་ངག་བརྩོན་གྱི་ཉམས་སྣང་ལ་བྱང་ཤམྦྷ་ལར་གསང་སྔགས་འཛིན་པའི་རྣལ་འབྱོར་བ་འགའ་ཞིག་གིས་འཁྲུལ་འཁོར་སྦྱང་བའི་གཟིགས་སྣང་འབྱུང་བར་གྲགས། བླ་མ་ངག་བརྩོན་གྱིས་ཕྱག་རྒྱ་དེང་དུས་དང་མི་འདྲ་བ་ཡུན་རིང་པོའི་བར་དུ་མཛད་ལ། མཆེད་གྲོགས་རྣམས་ཀྱིས་རླུང་མ་ཟིན་ཀྱང་ཁོང་གིས་རླུང་བཟུང་བ་བདེ་ལེགས་སུ་ཟིན་པ་དང༌། འཕོ་བ་སྦྱང་སྐབས་དམ་པ་འདི་ལ་སྤྱི་གཙུག་འབུལ་ཏེ་རྡོལ་བ་སོགས་འཕོ་རྟགས་རྣམས་ཇི་བཞིན་དུ་འབྱུང་བར་གསུངས་སོ། །རབ་རྒྱལ་ཤིང་བྱ་ལོར་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་ལག་ལེན་དེང་དུས་ལྟར་ལོ་གསུམ་ལེགས་པར་རྫོགས་པའོ། །རབ་རྒྱལ་ཤིང་བྱ་ལོ་འདིར་དམ་པ་འདི་ཉིད་མངལ་བཤོལ་དང་བཅས་ན་ལོ་ཉི་ཤུ་དང་རང་ལོ་བཅུ་དགུ་ལ་སླེབས་པ་ཡིན་ལ། ཇི་སྐད་དུ། འདུལ་བསྟོད་ལས། ཇི་ལྟར་ས་ནི་སྐྱེ་དགུ་རྣམས་ཀྱི་གཞི། །དེ་ལས་འབྲས་རྣམས་སྐྱེ་བར་འགྱུར་བ་ལྟར། །དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་ཡོན་ཏན་རྣམས་ཀྱང་སྐྱེ། །ཞེས་དང༌། འཇམ་མགོན་བླ་མ་བློ་བཟང་གྲགས་པའི་ཞལ་སྔ་ནས། གང་ལ་བརྟེན་ན་བདེ་བླག་ཏུ། །ཐར་བའི་གྲོང་དུ་བགྲོད་པའི་ཐབས། །བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །སོ་སོར་ཐར་ཅེས་གྲགས་པ་གང༌། །ཞེས་དང༌། སོ་སོར་ཐར་བའི་མདོ་ལས། དང་པོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱིས་ནས་མྱ་ངན་འདས་པ་ཐོབ་སྙམ་མམ། །ཞེས་དང༌། དཔུང་བཟང་གི་ཞུས་པའི་མདོ་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་བ་ཡི། །ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པའི་རྟགས་དང་ཆོ་ག་སྤང། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་དང༌། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཞལ་སྔ་ནས། སོ་སོར་ཐར་བ་རིགས་བདུན་དུ། །དེ་བཞིན་གཤེགས་པས་གསུངས་པ་ལས། །ཚངས་སྤྱོད་དཔལ་ནི་མཆོག་ཡིན་ཏེ། །དགེ་སློང་སྡོམ་པ་དག་ཏུ་བཞེད། །ཅེས་གསུངས་པ་ལྟར། བསྟན་པའི་ནང་མཛོད་སོ་སོར་ཐར་བ་རིགས་བདུན་གྱི་ནང་ནས་ཆེས་མཆོག་ཏུ་གྱུར་བ། རྒྱལ་མཚན་གྱི་ཏོག་ལྟར་མངོན་པར་འཕགས་པ་ནི། དགེ་སློང་གི་སྡོམ་པ་ཉིད་དུ་གཟིགས་ཤིང༌། སྡོམ་པ་ཕྱི་མ་གཉིས་ཀྱི་རྟེན་དུའང་འདི་ཉིད་ཁྱད་པར་དུ་འཕགས་པ་དང༌། འཇིག་རྟེན་གྱི་ཁམས་སུ་བསྟན་པ་གནས་པའི་གཙོ་བོའང་འདི་ཁོ་ནར་རག་ལས་པ་ཉིད་དུ་དགོངས་ནས་ཐང་སྐྱ་རུ་རྡོ་རྗེ་འཆང་འཕགས་པ་ཉེ་བར་འཁོར་ལྟ་བུ་མཚམས་པ་བ་སྨོན་ལམ་བཟང་པོའི་མཁན་པོ་མཛད་ནས་དགེ་འདུན་གྲངས་ཚང་གི་དབུས་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ཡང་དག་པར་བཞེས་ཏེ། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ཡོངས་སུ་རྫོགས་པའི་ལྷའི་ཆུ་བོས་ཐུགས་རྒྱུད་ཀྱི་བུམ་བཟང་ཡོངས་སུ་བཀང་སྟེ། ལྷ་དང་བཅས་པའི་འཇིག་རྟེན་གྱི་ཡོན་གནས་ཟླ་མེད་པ་ཉིད་དུ་མངོན་པར་བཞེངས་ཤིང༌། དེ་ཡང་ཇི་སྐད་དུ། དམ་པ་རྣམས་ཀྱིས་ཁས་འཆེ་མི་བྱེད་ལ། །གལ་ཏེ་དཀའ་བའི་ཁས་ནི་བླང་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པ་ལྟར་སྡོམ་པ་བཞེས་པ་ལ་དཔའ་བ་ཙམ་མ་ཡིན་པར་དེ་ནས་བཟུང་སྟེ་དགེ་སློང་གི་གནང་བཀག་སྒྲུབ་གསུམ་གྱི་བཅས་པ་རྣམས་ཕྲ་ཞིང་ཕྲ་བ་ཚུན་ཆོད་མིག་འབྲས་ལྟར་སྲུང་བ་ལ་བརྩོན་པར་མཛད་པས་སྐུ་ཚེའི་མཐའ་བརྟེན་པ་སྟེ་ལེགས་པར་བསྲུང་བར་བྱས་སོ། །དེ་ནས་དམ་པ་འདི་ཉིད་དགུང་གྲངས་ཉི་ཤུ་པ། སྤྱི་ལོ་༡༩༤༦ལོ། རབ་རྒྱལ་མི་ཟད་ཅེས་པ་མེ་ཁྱི་ལོར་གཙང་བ་མཆོག་སྤྲུལ་བློ་གྲོས་རྣམ་རྒྱལ་སོགས་བླ་གྲྭ་སུམ་ཅུ་ལྷག་དང་མཉམ་དུ་སླར་ཡང་དཔལ་དུས་ཀྱི་འཁོར་ལོའི་ལམ་རིམ་གཉིས་ལ་ལོ་གསུམ་ཉམས་བཞེས་མཛད་ལ། དམ་པ་འདི་ཉིད་དགུང་གྲངས་ཉེར་གཅིག་པ་སྤྱི་ལོ་༡༩༤༧ལོ། རབ་རྒྱལ་མེ་ཕག་གི་ལོ་ལ་མགར་བ་བླ་མ་འཇམ་དབྱངས་དང༌། ལམ་ཁོའི་མཁན་རིན་པོ་ཆེ་གསང་སྔགས་བསྟན་འཛིན་རྣམ་གཉིས་ཀྱི་ཞུས་ངོར་སྐྱབས་རྗེ་དམ་པ་མཚམས་པ་བ་སྨོན་ལམ་བཟང་པོ་མཆོག་གི་ཐུགས་ཆོས་ཀྱི་མཛོད་ཀློང་ནས་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྨིན་བྱེད་དབང་གི་རིམ་པ་ལེགས་པར་རྗེས་སུ་གནང་བའི་རིམ་པ་འདི་ལྟ་སྟེ། ཐོག་མར་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ལྡན་དང་བོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ་རྡོ་རྗེའི་སློབ་མ་དག་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ། དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ། སློབ་མ་རྗེས་འཛིན། སྟ་གོན། བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་བཞི། མཆོག་དབང་ཁྱད་པར་ཅན་ཏེ་རྡོ་རྗེ་སློབ་མའི་དབང་རྣམས་དང༌། བདག་པོ་དང་བདག་པོ་ཆེན་པོའི་དབང་སྟེ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་ཡོངས་སུ་རྫོགས་པ་བཀའ་དྲིན་དུ་བསྩལ། སྐབས་དེར་སློབ་མ་ལྷ་འབུལ་གྱི་སྔོན་དུ་རྡོ་རྗེ་སློབ་དཔོན་གྱིས་སློབ་མ་ཡོངས་རྫོགས་ཁྲིད་པའི་ཚུལ་གྱིས་དཀྱིལ་འཁོར་ལ་བསྐོར་བ་གསུམ་བྱས། དེ་ནས་གསུང་གསེང་མཐོན་པོའི་སྒོ་ནས་སློབ་ཚོགས་ལ་བརྡ་སྦྱར་ཏེ་འགྲོ་བའི་འདུན་པ་དང་བཅས་དད་མོས་དྲག་པོའི་ངང་ནས། སྨོན་ལམ་ཁྱད་པར་ཅན་གངས་རིའི་ཕྲེང་བ་ཐོན་ལ་ངས་རྗེས་སུ་ཕེབས་དང༌། རང་རེ་དག་བྱང་ཤམྦྷ་ལར་འགྲོའོ། །ཞེས་གསུངས་ནས་རྒྱང་རིང་པོ་ཞིག་ཏུ་དཔོན་སློབ་སེར་ཕྲེང་བྱས་ཏེ་བྱོན་དུ་བཅུག དེ་ནས་ཕྱིར་ཕེབས་ཏེ་དཀྱིལ་འཁོར་དང་ཉེ་བའི་སར། དགའ་འཁྱིལ་གྱི་རྣམ་པས་བསྐོར་ནས་དཀྱིལ་འཁོར་གྱི་དྲུང་དེར་འབྱོར་མ་ཐག་སློབ་མ་ལྷ་འབུལ་གནང་སྟེ་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པར་མོས་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་པར་གྱིས་ཤིག་དང༌། མ་འོངས་པ་ན་རིགས་ལྡན་དྲག་པོའི་འཁོར་ལོ་ཅན་གྱི་གདུལ་བྱར་སྐྱེ་མི་སྐྱེ་ཐེ་ཚོམ་མེད་ཅེས་དབུགས་དབྱུང་གནང་བས། སློབ་མ་ཐམས་ཅད་དད་གདུང་དྲག་པོའི་ངང་ནས་ངུ་བ་དང་དགོད་པ། ཕཊ་དང་ཕེམ་ཞེས་ཡེ་ཤེས་འབེབས་པའི་གར་སྟབས་ཀྱི་ངང་ལ་དལ་གཅིག་གནས་སོ། །དེའི་རྗེས་ཐོག་ལ་ཕྱོགས་ཡས་མས་ནས་དད་ལྡན་སྐྱེ་བོ་ཕོ་མོ་སྟོང་ཕྲག་འགའ་ཞིག་འདུས་པས། དེ་དག་དང་མཉམ་དུ་མི་འཁྲུགས་པ་དང༌། ལྟུང་བཤགས་ལྷ་སོ་ལྔའི་དབང་ལེགས་པར་ཞུས། དགུང་གྲངས་ཉེར་གསུམ་པ་ལ་རྒྱ་བླ་པད་མ་རྣམ་རྒྱལ་སོགས་མཉམ་དུ་གདན་ཐོག་གཅིག་མའི་སྒྲུབ་པ་ལེགས་པར་མཛད་དོ། །དམ་པ་འདི་ཉིད་དགུང་གྲངས་ཉེར་བཞི་པ། སྤྱི་ལོ་༡༩༥༠ལོ། རབ་རྒྱལ་རྣམ་འགྱུར་ཅེས་པ་ལྕགས་སྟག་གི་ལོར་སླར་ཡང་དམ་པ་འདི་དང༌། བསྟན་བཟང༌། ཁེར་ཁང་ཆོས་གྲགས་སོགས་བླ་གྲྭ་སུམ་ཅུ་ལྷག་དང་མཉམ་དུ་སྦྱོར་བ་ཡན་ལག་དྲུག་ཉམས་བཞེས་གནད་དུ་བསྣུན་པ་མཛད་ལ། རླུང་སེམས་ལ་རང་དབང་ཐོབ་ཅིང་ཆེས་ངོ་མཚར་བའི་ཉམས་དང་རྟོགས་པ་དང་གྲུབ་པའི་དབང་ཕྱུག་ཏུ་གྱུར། སྐབས་དེར་རྒྱ་བླ་རབ་གསལ་ཉི་མ་ཐུན་དཔོན་མཛད་པའི་སྐབས་སུ། ཉིན་གཅིག་དམ་པ་འདི་ཉིད་ཀྱི་བཟོ་བྱེད་པའི་ཁབ་ཞིག་མིད་དུ་ཤོར་བ་ཉིན་ཞག་བཞི་ཙམ་གྱི་ཕྱི་དྲོས་ཆ་ལ་ཉམས་འུར་ནས་ཕཊ་ཤར་ཞིག་བརྗོད་པ་དང་མཉམ་དུ་རླུང་རོ་ཕྲ་ལ་སངས་བ་ཞིག་བསལ་ནས་ཁབ་དེ་ཁྲག་ཤ་ཞིག་དང་བཅས་ཕྱིར་འཕངས་པ་ཆོས་མཆེད་བླ་མ་ཁེར་ཁང་ཆོས་གྲགས་སོགས་ལ་གསལ་བ་ཡིན་ནོ། །རྗེ་བཙུན་དམ་པ་འདི་དགུང་གྲངས་ཉེར་བརྒྱད་པ། སྤྱི་ལོ་༡༩༥༤ལོ། རབ་རྒྱལ་ཤིང་རྟ་ལོར་གཅུང་བྱ་བྲལ་བ་འདྲེན་མཆོག་དང་མཉམ་དུ་མཚུངས་མེད་མཁན་རིན་པོ་ཆེ་གསང་སྔགས་བསྟན་འཛིན་དཔལ་བཟང་པོ་མཆོག་གི་ཐུགས་གདམས་ངག་ཆོས་ཀྱི་མཛོད་ཀློང་ནས་སྦྱོར་དྲུག་ཁྲིད་ལུང་རེ་གནང་པར་མཛད་ལ། གཙོ་བོར་འབའ་མདའ་བ་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་དང༌། དེའི་ཟུར་དཔྱད་ཉིད་བྱེད་སྣང་བ་དང༌། བསྡུས་ཞིབ་བཅས་དང༌། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མན་ངག་གི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་བ་ཡུམ་དོན་གསལ་བའི་མེ་ལོང་དང༌། བསླབ་བྱ་གནམ་རྩེད་ལྡང་མ། ཏྲཻ་བོའི་སྡོམ་གསུམ་མམ་སོ་ཐར་བྱང་སེམས་གསང་སྔགས་གསུམ་གྱི་སྡོམ་གསུམ་གྱི་བསླབ་བྱ་འོད་འཕྲེང་དང༌། འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ལམ་རིམ་དང༌། དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྤྱི་དོན་རྡོ་རྗེ་བདུད་རྩིའི་ཆུ་གཏེར་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་རྒྱ་ཆེན་པོ་ལ་གསན་བསམ་མཛད་ནས་ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར། ཤེས་རབ་དང་བརྩོན་འགྲུས་དབྱར་མཚོ་ལྟར་རྒྱས། མཁན་ཆེན་རིན་པོ་ཆེ་དེས་ཀྱང་ཨ་སྐྱོང་བསྟན་འཛིན་རྒྱ་མཚོ་ལ་བདག་གི་སློབ་མ་སྒང་བ་བླ་མའི་ཚ་བོ་ངག་དབང་བརྩོན་འགྲུས་ནི་ཤེས་རབ་དང་བརྩོན་འགྲུས་གཉིས་ཀ་ཕུལ་དུ་བྱུང་ཞིང༌། གཞན་ལས་ཁྱད་པར་འཕགས་པ་ཞིག་ཡོད་ཅེས་བསྔགས་བརྗོད་མཛད། མཁན་ཆེན་དམ་པ་གསང་སྔགས་བསྟན་འཛིན་ལས། མི་འཁྲུགས་པའི་དབང་དང༌། རྟ་ཕྱག་ཁྱུང་གསུམ་གྱི་རྗེ་གནང་དང༌། རྡོར་ཤུགས་ཀྱི་རྗེས་གནང༌། མགོན་པོ་གུར་གྱི་རྗེས་གནང༌། ལྟུང་བཤགས་ལྷ་སོ་ལྔའི་རྗེས་གནང་སོགས་ལེགས་པར་ཐོབ་པའི་སྐལ་ལྡན་གྱི་སློབ་མ་ཡིན་ནོ། །ཡང་ཉིན་ཞིག་ལ་རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་འདི་ཉིད་རྡོ་རྗེ་འཆང་མཚམས་པ་བ་སྨོན་ལམ་བཟང་པོའི་མདུན་དུ་བྱོན་དུས་ཞིག་ལ་བླ་མའི་ཞལ་འདོན་གསུང་བཞིན་པའི་སྐབས་དང་འཕྲད། ཞལ་འདོན་གྱི་དཔེ་ཆ་ལས་ལྡེབ་ཤར་ཞིག་བླངས་ནས་འདི་ཐོན་དང་གསུངས། དེ་ནི་རྒྱལ་སྲས་ལག་ལེན་སོ་བདུན་མའི་ནང་གི་ལྡེབ་ཤར་ཞིག་ལགས། དེ་ནས་བླ་མས་གསུང་རྒྱུར་ཆོས་པ་བཟང་བོ་ཞིག་འོངས་དགོས་ཕྱིན་འདི་ལྟར་ངེས་པར་ཉམས་སུ་ལེན་དགོས་པ་རེད། དེ་མ་གཏོགས་ཆོས་པ་བཟང་པོ་ཞིག་འོང་ཚུལ་མེད་ཅེས་གསུངས། བླ་མ་ལ་རྒྱལ་སྲས་ལག་ལེན་གྱི་ལུང་ཞུས་པས་དགྱེས་བཞིན་དུ་གསུང་བ་མ་ཟད་རི་ཁྲོད་ཅོག་ཞུ་ཞིག་ཀྱང་གནང་བས་རྟེན་འབྲེལ་ཕུན་སུམ་ཚོགས་པ་ཞིག་བྱུང༌། རྟེན་འབྲེལ་གྱི་སྒོ་དེ་ལ་བརྟེན་ནས་རྗེ་འདི་ཉིད་བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་བྲག་ལ་གཏད། བྲག་ཕུག་ཤི་ལ་གཏད་ནས་ལྟོ་གོས་གཏམ་གསུམ་ཁྱད་དུ་བསད་ནས། གྲོགས་བྱ་དང་བྱེའུ་རི་དྭགས་སོགས་ལ་བཅོལ་བའི་རི་ཁྲོད་ཉུལ་བའི་བཀྲ་ཤིས་རྟེན་འབྲེལ་དེ་འདི་ནས་འགྲིགས་པའོ། །གཞན་ཡང་རྗེ་བཀའ་དྲིན་གྱི་བླ་མ་རིན་པོ་ཆེས་རྗེས་ནས་ཁྱོད་རང་ཡུལ་དུ་ཐོན་སྐབས་འཇིག་རྟེན་པ་རྣམས་ཀྱི་ཁ་དཔེར། ཕ་ཤུལ་བུ་དང་གཡག་ཤུལ་གོ་བས་འཛིན་དགོས་ཟེར་བའི་སྲོལ་བཞིན་ཕའི་དཔོན་ཐོབ་འཛིན་དགོས་ལུགས་བཤད་པ་སོགས་ལ་གཏན་ནས་ཉན་མི་རུང་སོགས་ཀྱིས་ཞལ་གདམས་རིན་ཐང་བྲལ་བ་མང་དུ་གསུངས་སོ། །དེ་བཞིན་དུ་ཁོང་གིས་ཀྱང་རྒྱལ་སྲས་ལག་ལེན་ལ་སྐུ་ཚེ་གང་གི་ཉམས་ལེན་མཛད་ནས་འཇིག་རྟེན་ཆོས་བརྒྱད་བློས་བཏང་བ་ལགས་སོ། །འདི་སྐད་བདག་གི་ཐོས་པ་གཅིག་ཏུ་ན། ཀྱ་པུ་བླ་མ་ངག་དབང་རིན་ཆེན་བཟང་པོ་མཆོག་གི་ཞལ་གྱི་བུམ་བཟང་ལས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ལེགས་པར་ཐོབ་པའི་སྐལ་བ་དང་ལྡན་པ་ཡིན་ནོ། །གཞན་ཡང་སྐབས་འདི་ཡས་མས་སུ་གདོང་ཡང་བླ་མའི་ཆོས་སྡེ་ལ། གསང་བདག་རྣམ་སྤྲུལ་རྡོ་རྗེ་དགྲ་འདུལ་གྱིས་བདེ་ཆེན་ཞིང་དབང་གསུངས་པ་དམ་པ་འདི་ཉིད་ཀྱིས་ལེགས་པར་ཞུས། ཀཿཐོག་སྨོག་ཚ་སྤྲུལ་སྐུ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ལས། རིག་འཛིན་བདུད་འདུལ་རྡོ་རྗེའི་གསུང་ཆོས་ཡོངས་རྫོགས་ཀྱི་དབང་ལུང་དང༌། རིག་འཛིན་ཀློང་གསལ་སྙིང་པོའི་གཏེར་ཆོས་ཀྱི་དབང་ལུང་ཡོངས་རྫོགས་གསན་པར་མཛད་དོ། །ཁྲ་དགེ་སློང་གིས་དམ་པ་འདི་ཉིད་ལ་གནས་ཆུང་གི་སྲོག་གཏད་དང་ལུང་ལེགས་པར་གནང༌། མཚན་ལ་ཀུན་བཟང་ཆོས་ཉིད་ཅེས་གསོལ་བའོ། །དེ་ཡང་བྱང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རབ་བྱུང་ངུར་སྨྲིག་འཆང་བ་སྟོང་ཕྲག་གསུམ་ལས་བྱང་རི་རྫ་དམར་ཀྱི་རྗེ་བཙུན་མི་ལ་གཉིས་པར་གྲགས་པ་འཛམ་གླིང་ལ་ལྡིར་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་དམ་ཆོས་རྒྱ་མཚོ་ལས་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མས་རྒྱ་གར་ཕ་དམ་པ་ལ་གནང་ནས་ཉམས་སུ་བླངས་བས་སྐུ་ཚེ་ལོ་ལྔ་བརྒྱ་དང་བདུན་ཅུ་དོན་གཉིས་ཐུབ་ཅིང་གྲུབ་པ་མཉེས། དེ་ནས་རིམ་གྱིས་མི་ཉག་རིན་རྒྱལ་དང་དེས་རས་སྟོན་བློ་གྲོས་མཚུངས་མེད། དེས་བླ་མ་ཚེ་དབང༌། དེས་གནས་རྙིང་བ་ཆོས་ཀྱི་རྒྱལ་མཚན། དེས་སྲས་ཀུན་དགའ་བདེ་ལེགས་རིན་ཆེན་རྒྱལ་མཚན་དཔལ་བཟང་པོ་སོགས་ལ་གནང་ནས་རྒྱུད་པའི་མེ་ཏོག་བཅུད་ལེན་གྱི་གདམས་པ་གསན་པ་སོགས་དམ་ཆོས་ཟབ་ཁྱད་ཅན་མང་དུ་མནོས། འཇམ་དབྱངས་བཞད་པ་བསྟན་པའི་རྒྱལ་མཚན་མཆོག་གི་ཡོངས་འཛིན་རིན་པོ་ཆེ་ཀླུ་ཤོད་དཀོན་མཆོག་རྒྱ་མཚོ་ལས། རྗེའི་ཐུན་མོང་མ་ཡིན་པའི་དབུ་མའི་ལྟ་ཁྲིད་དང༌། བློ་སྦྱོང་སྙན་རྒྱུད་ཆེན་མོའི་གདམས་པ། ཕྱག་ཆེན་ཚང་བ་རྒྱལ་བའི་གཞུང་ལམ། དེའི་འགྲེལ་བ་ཡང་གསལ་སྒྲོན་མེ། རྗེའི་ལམ་རིམ་ཆེན་མོ་དང༌། རྡོ་བཅུད་ལེན། ཆུ་བཅུད་ལེན་སོགས་ཟབ་ཆོས་མང་དུ་གསན། མདོར་ན་མཚན་ཉིད་དང་ལྡན་པའི་བླ་མ་དགེ་བའི་བཤེས་གཉེན་མང་བོ་བསམ་སྦྱོར་གཉིས་ཀྱིས་ཁོང་གི་སྙིང་དང་དཔྲལ་བའི་མིག་བཞིན་དུ་ལེགས་པར་བསྟེན་ནས་མདོ་སྔགས་དམ་པའི་ཆོས་ལ་གསན་བསམ་རྒྱ་ཆེན་པོ་མཛད་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྗེས་སུ་བསྙེག་པར་མཛད་དོ། །དམ་པ་འདི་ཉིད་དགུང་གྲངས་སོ་གཉིས་པ་སྤྱི་ལོ་༡༩༥༨ པ། རབ་རྒྱལ་རྣམ་འཕྱང་ཞེས་ས་ཕོ་ཁྱིའི་ལོ་ལ་བོད་ལྗོངས་སྤྱིའི་བསྟན་སྲིད་ལ་ཉམས་རྒུད་ཆེན་པོ་བྱུང་དུས་ཡིན་ལ། སྤྱི་ལོ་༡༩༥༨་དང་༡༩༥༩་ལ་བོད་ཕལ་ཆེར་རྒྱ་ནག་གི་གཡོ་འོག་ཏུ་གྱུར། དེ་དུས་སུ་རྗེ་བཙུན་བླ་མ་དམ་པ་འདི་ཉིད་དགུང་གྲངས་སོ་དྲུག་པ། སྤྱི་ལོ་༡༩༦༢ ལོ། རབ་རྒྱལ་དགེ་བྱེད་ཅེས་པ་ཆུ་སྟག་ལོར་བླ་གྲྭ་རྣམས་ཀྱིས་ཨ་བྲ་གསོད་དགོས་པའི་ཁྲིམས་ལས་བཤོལ་ཏེ། ཇི་སྐད་དུ། རྐྱེན་ངན་དགེ་བའི་བཤེས་གཉེན་ཡིན། །ཞེས་སོགས་གསུངས་པ་ལྟར་རྐྱེན་དེ་ལ་བརྟེན་ནས་གནས་ངེས་མེད་དུ་རི་ཁྲོད་འགྲིམ་པར་བྱས་སོ།། །། སྨྲས་པ། བསླབ་གསུམ་ངུར་སྨྲིག་འཛིན་པའི་རྒྱན་གྱི་མཆོག ། གང་ཐུགས་གསེར་ལྡན་འཛིན་མའི་ཞིང་ས་རུ། །བསྟན་པའི་ནང་མཛོད་སོ་སོར་ཐར་བ་ཡི། །དགེ་སློང་སྡོམ་པའི་ལྷ་ཡི་ལྗོན་ཤིང་བཞད། །དང་བོའི་སངས་རྒྱས་དཔལ་ལྡན་དུས་འཁོར་གྱི། །གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ལམ། །མཐར་ཐུག་གསང་ཆེན་ཆོས་ཀྱི་མཛོད་ཀློང་ནས། །སྒོ་ཕར་ཕྱེ་སྟེ་སྐལ་ལྡན་སློབ་མར་གཟིགས། །ཐོག་མར་སེམས་རྒྱུད་སྦྱོང་བའི་ཐབས་དམ་པ། །སྔོན་འགྲོ་ཆོས་རྣམ་ལྔ་ཡི་བསྒོམ་བཟླས་དང༌། །བསྐྱེད་རིམ་དབང་བཞི་ཐབས་ཀྱིས་རྒྱུད་སྦྱངས་ནས། །རྫོགས་རིམ་ཡེ་ཤེས་སྐྱེ་བའི་རྒྱུད་སྨིན་པ། །བླ་མེད་རྒྱུད་རྒྱལ་དཔལ་ལྡན་དུས་འཁོར་གྱི། །རྒྱུད་ཀྱི་ཡང་སྙིང་ཟབ་ལམ་རྣལ་འབྱོར་གྱི། །རྫོགས་རིམ་སྦྱོར་བ་དྲུག་གི་དབང་ལུང་དང༌། །བྱིན་བརླབ་དོན་བརྒྱུད་མན་ངག་ཆུ་བོ་ཀུན། །ལེགས་པར་མནོས་ནས་ཉམས་ལེན་གནད་བསྣུན་མཛད། །བསྒོམ་པའི་འབྲས་བུ་ཉམས་དང་རྟོགས་པ་སོགས། །ཡོན་ཏན་ལོ་འབྲས་ཁུར་གྱིས་རབ་བརྗིད་ཅིང༌། །འཇིག་རྟེན་མིག་གཅིག་རྣལ་འབྱོར་དབང་ཕྱུག་གྱུར། །ཅེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་མདོ་སྔགས་རབ་འབྱམས་ལ་ཐོས་བསམ་བྱས་ཏེ་ཐོས་དོན་ཉམས་བཞེས་མཛད་པའི་སྐབས་རྣམ་པར་བཤད་པ་རྫོགས་སོ།། །། ༈ དུས་གསུམ་རྒྱལ་དང་རྒྱལ་སྲས་ཐམས་ཅད་ལ། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་སོ་སོར་བཤགས། །རྣམ་ཐར་འདི་ཉིད་མཐོང་ཐོས་སྐྱེ་བོ་ཀུན། །རྣམ་གྲོལ་ལམ་བཟང་འཇུག་པར་བྱིན་གྱིས་རློབས། །༈ བཞི་བ་གནས་ངེས་མེད་ལ་སྒྲུབ་པ་གཙོ་བོར་མཛད་ཅིང་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་བཟུང་བའི་སྐབས་རྣམ་པར་བཤད་པ་ལ།

རྗེ་བཙུན་བླ་མ་དམ་པ་རྗེ་ངག་དབང་བརྩོན་འགྲུས་མཆོག་མཁས་བཙུན་བཟང་གསུམ་གྱི་བླ་མ་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་ཡང་དག་པར་བརྟེན་ནས་གཞུང་ལུགས་རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་བཞེས་ཤིང་སྦྱངས་པའི་རྩལ་ཐོན། མཚན་ལྡན་གྱི་བླ་མ་གང་མང་གི་མདུན་ནས་དབང་ལུང་ཁྲིད་གསུམ་གསན་པ་དང༌། མཁས་པའི་ཕྱག་བཞེས་བཞིན་ཆད་ལྷག་མེད་པར་སྦྱངས་བ་མཐར་ཕྱིན་པ་བྱས་པའི་ཚུལ་བཤད་ཟིན་པ་དེ་བཞིན་ནོ། །དེ་ནས་སྤྱི་ལོ་༡༩༦༢ལོ། རབ་རྒྱལ་དགེ་བྱེད་ཅེས་པ་ཆུ་སྟག་ལོ། དམ་པ་འདི་ཉིད་དགུང་གྲངས་སོ་དྲུག་པ་ལ། རྒྱལ་ཁབ་ཀྱིས་ཨ་བྲ་གསོད་དགོས་པའི་ཁྲིམས་བཅས་པ་ལས་བཤོལ་ཏེ་འཇིག་རྟེན་ཆོས་བརྒྱད་ལ་ཞེན་པ་ལོག་སྟེ་རང་ཡུལ་ཕ་མ་ཉེ་དུ་རྣམས་རིང་དུ་སྤངས་ནས་བྱ་དང་རི་དྭགས་ལས་གྲོགས་གཞན་མེད་པའི་དབེན་པའི་རི་ཁྲོད་དུ་རྒྱལ་སྲས་ཀྱི་སྤྱོད་པ་ཉམས་བཞེས་ལ་གཞོལ་བར་ཕེབས་པ་ཡིན་ལ། དེ་ཡང་རང་ཡུལ་དང་ཕ་མ་ཉེ་དུ་སོགས་རིང་དུ་སྤངས་ནས་གྲོགས་བྱ་དང་རི་དྭགས་ལས་གཞན་མེད་པའི་གནས་རྣམས་སུ་ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱར་ནས་ཚེ་གཅིག་ལ་སྒྲུབ་པ་ཉམས་སུ་ལེན་པའི་དམ་བཅའ་ཐུགས་ལ་དགོངས་ནས། དེ་ཡང་ཇི་སྐད་དུ། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མར་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །ཀུན་ཀྱང་བསྟན་པ་རྒྱས་པའི་དོན་དུ་བསྔོས། །ཞེས་རྗེ་བདག་ཉིད་ཆེན་པོས་གསུངས་པ་ལྟར་མདོ་སྔགས་ཀྱི་ཉམས་ལེན་ཟུང་དུ་དྲིལ་བའི་ཉམས་ལེན་གྱི་ཕྱག་སྲོལ་དྲི་མ་མེད་པའི་རྣམ་ཐར་བསྐྱངས། །ཕྱི་འདུལ་ཁྲིམས་དག་པའི་ཀུན་སྤྱོད་བཀའ་གདམས་རྣམ་ཐར་གཙང་མའི་བརྟུལ་ཞུགས་ཀྱིས་བསྡམས་ཤིང༌། ནང་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་དང་རིམ་གཉིས་ཟབ་མོའི་རྣལ་འབྱོར་ལ་ཐུན་བཞི་ཆད་མེད་མཛད་པ་དང༌། ཚེ་སྲོག་བློས་བཏང་ནས་ཉིན་མཚན་ཀུན་ཏུ་སྒྲུབ་པ་སྙིང་པོར་མཛད། རྒྱུན་དུ་ལོ་གཅིག་ནང་ནད་སོགས་གློ་བུར་གྱི་རྐྱེན་གཞན་མེད་ཚེ་མང་ནའང་མཚམས་ཐེངས་གཉིས་ལས་ལྷག་གྲོལ་མ་མྱོང༌། དགོན་པའམ་གྲོང་བའི་ནང་དུ་གདུལ་བྱའི་དོན་དུ་ཕེབས་དགོས་བྱུང་ནའང་ཉི་མ་བཞི་དང་ལྔ་ལས་ལྷག་པ་མི་བཞུགས་པར་དབེན་གནས་སུ་ཕེབས། དབེན་པའི་གནས་སུ་འཚོ་བ་སྦྱོར་མཁན་མེད་པས་ཚེ་ཡུན་རིང་པོར་མེ་ཏོག་བཅུད་ལེན་དང༌། རྡོ་བཅུད་ལེན། ཏིང་ངེ་འཛིན་གྱི་ཟས་བཞེས་ནས་ཉིན་མཚན་ཀུན་ཏུ་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་གཞོལ་བས་ན། ཉམས་རྟོགས་ཡོན་ཏན་གྱི་ཀློང་བརྡོལ་ཞིང་གྲུབ་པའི་དབང་ཕྱུག་ཏུ་གྱུར། རྒྱལ་ཁབ་ཀྱི་ཆོས་ལུགས་བཅོས་བསྒྱུར་ཏེ་དགོན་པ་རྣམས་གཏོར་བཤིགས་བཏང་སྟེ་བླ་གྲྭ་མཁས་བཙུན་བཟང་གསུམ་འཛོམས་པ་རྣམས་བཙོན་དུ་ཁྲིད་པ་དང༌། དེའི་ལྷག་མ་རྣམས་སྐྱ་སར་ཕབ་པའི་ལོ་རབས་དང༌། རིག་གནས་གསར་རྗེ་ཞེས་པ་ཡ་རབས་ཀྱི་ལུགས་སྲོལ་བསྣུབས་པ་དང༌། དམ་པ་རྣམས་ལྷ་འདྲེ་གདོན་བགེགས་སུ་མིང་བཏགས་ནས་སྡུག་ལ་སྦྱོར་བའི་དུས་སུའང་ཉམས་དགའི་དབེན་པའི་གནས་སུ་བཞུགས་ཤིང༌། སྤྱིར་མཆོག་གསུམ་དང་ཁྱད་པར་མགོན་པོ། ཆོས་རྒྱལ། གནས་ཆུང་རྣམས་ཀྱིས་སྲུང་སྐྱོབ་མཛད་པའི་མཐུས། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་འཇིགས་པ་མཐོང་མ་མྱོང་ཞིང༌། རི་དྭགས་བཞིན་དུ་མི་མེད་ཀྱི་ལུང་སྟོང་འགྲིམས་ནས་བཞུགས་ཤིང༌། དམ་པ་འདི་ཉིད་ནི་ནང་བ་སངས་རྒྱས་པའི་གྲུབ་མཐའ་ཇོ་འབྲུག་བཀའ་གསུམ། ས་དགེ་རྙིང་གསུམ་ཀུན་ལའང་ཆགས་སྡང་དང་ཕྱོགས་རིས་ཅུང་ཟད་ཙམ་ཡང་མི་མཛད་པར་གཞན་སློབ་ཚོགས་ལ་གྲུབ་མཐའ་ཕྱོགས་རིས་བྱེད་མི་རུང་སྟེ། གངས་ཅན་གྱི་གྲུབ་མཐའ་ཀུན་འབྱེད་པའི་མཁས་དབང་རྣམས་སངས་རྒྱས་ཀྱིས་ཡང་ཡང་ལུང་བསྟན་པ་དང༌། དེ་དག་གི་གྲུབ་མཐའ་ཀུན་གདུལ་བྱ་སོ་སོར་གསུངས་བའི་ནང་བ་སངས་རྒྱས་པ་ཁོ་ན་ཡིན་པས་ཀུན་ལ་དག་སྣང་སྦྱང་དགོས་ཏེ། དཔེར་ན་གངས་རིའི་ལྗོངས་འདིར་གཞན་སྟོང་དབུ་མའི་ཤིང་རྟའི་སྲོལ་འབྱེད་ཀུན་མཁྱེན་ཇོ་ནང་བ་དོལ་པོ་ཤེས་རབ་རྒྱལ་མཚན་རྒྱལ་བའི་ལུང་གིས་བསྔགས་པ་ཚུལ་འདི་ལྟ་སྟེ། གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདས་འོག་ནས། །ལོ་ནི་སྟོང་དང་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོན་ཤིང་འཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུགས། །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། །ཞེས་དང༌། ཨ་དྲ་ཤི་ལ་བཀོད་པའི་མདོ་ལས། ཨ་དྲ་ཤི་ལས་བཅོམ་ལྡན་འདས་ལ་ཞུས་ནས། ཆོས་ཀྱི་རྒྱལ་པོས་གསོལ་པ། རྟག་ཏུ་གཟིགས་པ་སྤྱན་རས་གཟིགས། །མ་འོངས་དུས་ཀྱི་ཐ་མ་ལ། །སྙིགས་དུས་སེམས་ཅན་སྐྱོབ་པའི་ཕྱིར། །མ་ཧཱ་སུ་རའི་བྱང་ཕྱོགས་སུ། །ཁ་བ་ཅན་གྱི་ཡུལ་དབུས་ན། །གྲོང་ཁྱེར་ཆེན་པོ་ཀ་ཡོ་རི། །རྣམ་པར་གྲགས་པའི་ས་བདག་ནི། །ཡེ་ཤེས་དབང་ཕྱུག་ཡབ་སྨོས་པ། །དེ་ཡི་སྲས་སུ་བལྟམས་པར་མཐོང༌། །དེ་ལ་གང་འབྲེལ་སེམས་ཅན་ཀྱང༌། །འཕགས་པའི་གང་ཟག་ཤ་སྟག་གོ །ཞེས་སོགས་མདོ་རྒྱུད་ཀྱི་ལུང་བརྒྱ་ཕྲག་དུ་མར་རྣམ་ཐར་གསལ་སྒྲོན་ན་གསལ་བ་ལྟར་ཡིན་ལ། དེ་བཞིན་དུ་དགེ་ལྡན་པའི་བསྟན་པ་གསེར་བཙོ་མ་ལྟ་བུ་འདི་ཉིད་སྲོལ་འབྱེད་པའི་རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་ལུང་དུ་བསྟན་པ་ནི། འཇམ་དཔལ་རྩ་རྒྱུད་ལས། འཇིག་རྟེན་ང་ནི་མྱ་ངན་འདས། །ས་ཡི་སྟེང་འདི་སྟོངས་གྱུར་ན། །ཁྱོད་ཉིད་བྱིས་པའི་གཟུགས་ཀྱིས་ནི། །སངས་རྒྱས་མཛད་པ་བྱེད་པར་འགྱུར། །དེ་ཚེ་དགོན་ཆེན་རབ་དགའ་བ། །ཁ་བ་ཅན་ན་ཡོད་པ་ཡིན། །ཞེས་དང༌། མཁའ་འགྲོ་གསང་བའི་རྒྱུད་ལས། འཇམ་དཔལ་སྤྲུལ་བ་བློ་བཟང་གྲགས། །བསྟན་པ་རྒྱས་བྱེད་ངོ་མཚར་ཅན། །ཞེས་སོགས་གསུངས་པ་ལྟར་དང༌། དེ་ལྟར་ཆེ་བ་དྲུག་ལྡན་གྱི་སྔ་འགྱུར་རྙིང་མའི་བསྟན་པའི་མངའ་བདག་སློབ་དཔོན་པད་མ་འབྱུང་གནས་ལུང་བསྟན་པའི་ཚུལ་འདི་ལྟ་སྟེ། དབུས་གྱུར་ཚལ་ལུང་བསྟན་པའི་མདོ་ལས། འདི་ནས་ལོ་ནི་བཞི་གཉིས་ན། །དྷ་ན་ཀོ་ཤའི་མཚོ་གླིང་ན། །རང་འཁྲུངས་པདྨའི་སྟེང་དུ་ནི། །པདྨ་འབྱུང་ནས་ཞེས་བྱ་བ། །གསང་སྔགས་བསྟན་པའི་བདག་པོ་འབྱུང༌། །ཞེས་དང༌། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལས། འདི་ནས་མྱ་ངན་འདས་འོག་ཏུ། །ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་ལས་རྒྱལ་བའི་མཆོག །ཨུ་རྒྱན་ཡུལ་དུ་ང་ཉིད་འབྱུང༌། །པདྨ་འབྱུང་གནས་ཞེས་བྱ་བ། །གསང་སྔགས་བསྟན་པ་ལུང་དུ་སྟོན། །ཞེས་གསུངས་པ་ལྟར་ཡིན་པས་དག་སྣང་ལས་ཕྱོགས་རིས་མི་བྱེད་པ་གལ་ཆེ། དེ་ལྟར་བོད་འདིར་དར་བའི་ནང་བ་བའི་ཕྱག་རྫོགས་དབུ་གསུམ་གྱི་བསྟན་པ་ཐམས་ཅད་བཟང་ངན་མེད་པར་ཐམས་ཅད་ཀྱི་རང་རང་གི་ལྟ་གྲུབ་ལ་བརྟེན་ནས་གྲུབ་པའི་སར་གཤེགས་པ་ཤ་སྟག་བྱུང་བ་དང༌། རྣལ་འབྱོར་ཉམས་མྱོང་ཅན་གྱིས་དཔྱད་ན་དགོངས་པ་གཅིག་ཏུ་འདུས་པ་ཡིན་ཏེ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལས། ལྷན་གཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང༌། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང༌། །ངེས་དོན་ལུང་རིགས་ལ་མཁས་ཤིང༌། །ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། །ཅེས་དང༌། ཤར་སྐལ་ལྡན་རྒྱ་མཚོའི་གསུང་སྒྲོས་ལས། གཞན་གྲུབ་མཐའ་ཆོས་ལུགས་སྣ་ཚོགས་ལ། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ནའང་དག་སྣང་སྦྱོང་བ་དང༌། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། །ཞེས་པ་དང༌། ཆོས་རང་རང་མོས་པའི་ངོ་ན་ཟབ། །མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །ཅེས་དང༌། རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མའི་ལྟ་མགུར་མུན་སེལ་ལས། ལར་རྫོགས་ཆེན་བློ་འདས་རིག་པ་དང༌། །དཔལ་དུས་འཁོར་རྒྱུད་སྡེའི་རིང་ལུགས་ཀྱི། །ལམ་མི་འགྱུར་བདེ་བའི་བསྒྲུབ་གཞི་གཉིས། །མིང་འདོགས་ཚུལ་ཙམ་ལས་སོ་སོར་མེད། །ཅེས་སོགས་ཀྱི་ལུང་དྲངས་ནས་ལྟ་བ་དང་རང་ལུགས་གང་ལྟར་ཡིན་ཀྱང་རང་ཕྱོགས་ཀྱི་གྲུབ་མཐའི་ཕྱོགས་ཞེན་མེད་པར་བསྟན་པ་ཐམས་ཅད་འགལ་མེད་དུ་འཛིན་པའི་སྐྱེས་བུ་དམ་པའི་རྣམ་ཐར་སྐྱོང་བ་ལས་གཞན་གྲུབ་མཐའ་ལ་སྨོད་ན་གསང་བ་སྔགས་ནས་བཤད་པའི་རྩ་ལྟུང་བཅུ་བཞི་ལས་གྲུབ་མཐའ་སྨོད་པའི་རྩ་ལྟུང་འབྱུང་བར་འགྱུར་བས་གྲུབ་མཐའི་ཆགས་སྡང་ལ་བདག་ལེགས་སུ་འདོད་པ་རྣམས་ཀྱིས་དོགས་ཟོན་གྱིས། དེ་ཡང་སྔར་བོད་ཀྱི་བསྟན་སྲིད་ལ་ཆོས་ལུགས་ཀྱི་ཆགས་སྡང་རྩོད་ནས་ཉམས་ཆག་ཆེན་པོ་བྱུང་ཡོད་པ་འདས་པའི་ལོ་རྒྱུས་ན་གསལ་བ་ལྟར་ཡིན་པས་ཀུན་ལ་དག་སྣང་སྦྱོང་བ་གལ། གལ་ཏེ་དག་སྣང་སྦྱང་མ་ནུས་ན་རང་གི་གྲུབ་མཐའ་ལ་འབད་བརྩོན་བྱས་ཏེ་གཞན་ལ་ཞེ་སྡང་བྱེད་མི་རུང༌། དེ་ལྟ་མིན་ན་ཆོས་སྤངས་ཀྱི་ལས་བསགས་པ་ལ་ཉེ་བའོ། །ཞེས་སོགས་ཞལ་གདམས་ཡང་ཡང་གསུངས་ལ། དེས་ན་དམ་པ་འདི་ཉིད་ཀྱིས་གདུལ་བྱ་དགེ་ལྡན་པ་ཞིག་ཡིན་ན་དགེ་ལྡན་པའི་རང་ལུགས་གཙོ་བོར་བྱས་ནས་ཆོས་འཆད། དེ་བཞིན་དུ་རྙིང་མ་པ་དང༌། ཇོ་ནང་པ་དང༌། བཀའ་བརྒྱུད་པ་སོགས་གདུལ་བྱའི་བློ་དང་དབང་བོ་འཚམས་པར་དམ་པའི་ཆོས་ཀྱི་གྲུ་ཆར་འཇོ་བར་མཛད་པ་ཡིན་ནོ། །དེ་ཡང་ཇི་སྐད་དུ།¿སྤྱོད་འཇུག་ལས། སྐལ་ལྡན་ཟླ་འོད་ཙནྡན་གྱིས་བསིལ་བའི། །ཡངས་བའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་ཀླུང་གཡོབ་པ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང༌། །ཡོངས་འཛིན་བསྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པའི་བག་ཡངས་སྤྱོད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། །གང་དུ་ཡང་ནི་འབྲེལ་མེད་པའི། །ཆོག་ཤེས་བདེ་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་དེ་རྙེད་དཀའ། །དེ་ལ་སོགས་པ་རྣམ་པ་ཡིས། །དབེན་པའི་ཡོན་ཏན་བསམ་བྱས་ནས། །ཞེས་སོགས་གསུངས་པ་ལྟར་གྱི་དབེན་པའི་ཡོན་ཏན་ཀུན་ཚང་བ་གནས་ཆེན་པད་མ་རི་མཐོ་སོགས་སུ་བྱོན་ནས། སྤྱོད་འཇུག་ལས། རྣམ་རྟོག་ཉེ་བར་ཞི་བ་དང༌། །བྱང་ཆུབ་སེམས་ནི་བསྒོམ་པར་བྱ། །བདག་དང་གཞན་དུ་མཉམ་པ་ནི། །དང་པོ་ཉིད་དུ་འབད་དེ་བསྒོམ། །བདེ་དང་སྡུག་བསྔལ་མཉམ་པས་ན། །ཐམས་ཅད་བདག་བཞིན་བསྲུང་བར་བྱ། །ཞེས་སོགས་གསུངས་བ་ལྟར་གྱི་མན་ངག་ལ་ལྷག་པར་ཉམས་ལེན་གྱི་མཐིལ་མཛད། མཁས་བཙུན་བཟང་གསུམ་གྱི་སྒོ་ནས་རྒྱལ་བའི་བསྟན་པ་རིན་པོ་ཆེ། །རང་གི་སྲོག་ལས་ཀྱང་གཅེས་པའི་སྒོ་ནས་རྒྱལ་བསྟན་གྱི་ཁུར་མཐའ་དག་གཅིག་ཏུ་བཞེས། གཞན་ཡང༌། གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་བའི་གནས་ཀྱི་མདོ་བྱང་ལས། དེ་ལ་གནས་ཀྱི་ཕུན་ཚོགས་ནི༔ ཐོག་མ་ཉིད་དུ་རྒྱལ་བས་གསུངས༔ སྒྲུབ་པའི་གནས་དེ་མ་ལེགས་ན༔ སྒྲུབ་པ་ཐམས་ཅད་དོན་མེད་འགྱུར༔ སྒྲུབ་པའི་གནས་ཀྱི་མཆོག་རྣམས་ལ༔ བསྒྲུབ་ན་དངོས་གྲུབ་འབད་མེད་འགྲུབ། །ས་ཕྱོགས་ཕལ་ལ་སྒྲུབ་པ་བས༔ ཕུན་ཚོགས་གནས་སུ་འབུམ་གྱིས་ལྷག༔ ཕུན་སུམ་ཚོགས་པའི་གནས་དེ་ནི༔ ཨུ་དུམ་ཝ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ལ་ནི་རེ་རེ་ཙམ༔ ཞེས་གསུངས་པའི་གནས་ཀྱི་ཡོན་ཏན་རྣམས་ཐུགས་ལ་དགོངས་ནས་སྔ་གཞུག་ཏུ་རྒྱ་ནག་རི་བོ་རྩེ་ལྔ། གླང་ཆེན་འགྱིང་རི། རི་བོ་བྱ་རྐང༌། གཤགས་རལ་གནས་ཆེན། དགྲ་བཅོམ་ལྔ་བརྒྱ་དང༌། རི་བོ་གྲུ་འཛིན་སོགས་རྒྱ་ནག་གི་གནས་རི་གྲགས་ཆེ་བ་རྣམས་དང༌། གནས་ཆེན་པདྨ་རི་མཐོ། ཟ་ལུང་རི་ཁྲོད། རྒྱལ་སྲས་རི་ཁྲོད། རྒྱང་རྩེའི་རི་ཁྲོད། གནམ་ཆ་རི་ཁྲོད། བྲག་དཀར་སྤྲེལ་རྫོང་ཐུགས་རྗེ་ཆེན་པོའི་གནས། བྲག་སྐྱ་ལྷུན་གྲུབ་རྫོང༌། གནས་དཀར་མོ་རྫོང༌། ལྭ་ནག་སྒྲུབ་ཕུག ཤུགས་པ་ར་ཡས། རྗེ་བླ་མ་མཉམ་མེད་ཙོང་ཁ་བ་བློ་བཟང་གྲགས་པའི་སྒྲུབ་ཕུག རས་ཆུང་ཕུག་པ། སྲག་མང་དང༌། དཀར་མདོང༌། སྨན་ལུང་བྲག་དཀར་དང༌། འཛི་སྟོད་དར་ལྔའི་རི་ཁྲོད། སེ་རའི་ཉི་མ་རི་ཁྲོད། ས་བཅུའི་དབང་ཕྱུག་རྨ་ཆེན་སྦོམ་ར་སོགས་གནས་ཆེན་རྣམས་སུ་འགྲིམས་ནས་སྒྲུབ་པ་སྙིང་པོར་བྱས་ཏེ། སྔ་གཞུག་ཏུ་མི་ལོ་བཞི་བཅུ་ལྷག་ལ་བོད་ཀྱི་བྱང་ཤར་གྱི་གནས་ཆེན་ཁག་དང༌། སི་ཁྲོན་དང་དབུས་གཙང་གི་གནས་ཆེན་དང༌། མཚོ་སྙིང་མ་ཧཱ་དེ་ཝ་སོགས་མཚོ་སྔོན་ཕྱོགས་ཀྱི་གནས་འགང་ཆེན་སོགས་གནས་བརྒྱ་དང་ལྔ་བཅུ་ལྷག་གི་བྲག་ཕུག་ཏུ་ཐོས་དོན་ཇི་བཞིན་རྒྱུད་ལ་སྦྱོར་བའི་ཉམས་བཞེས་ལ་གཞོལ་བའི་སྒྲུབ་པའི་རྒྱལ་མཚན་མཁའ་ལ་བསྒྲེངས། ལྷག་པར་དུ། ཇི་སྐད་དུ། མདོར་ན་དངོས་དང་བརྒྱུད་པ་ཡིས། །ཕན་བདེ་མ་རྣམས་ཀུན་ལ་འབུལ། །མ་ཡི་གནོད་དང་སྡུག་བསྔལ་ཀུན། །གསང་བའི་བདག་ལ་ལེན་པར་ཤོག །དེ་དག་ཀུན་ཀྱང་ཆོས་བརྒྱད་ཀྱི། །རྟོག་པའི་དྲི་མས་མ་སྤགས་ཤིང༌། །ཆོས་ཀུན་སྒྱུ་མར་ཤེས་པའི་བློས། །ཞེན་མེད་འཆིང་བ་ལས་གྲོལ་ཤོག །ཞེས་གསུངས་པ་ལྟར་རིན་ཆེན་བྱང་ཆུབ་ཀྱི་སེམས་བདག་བས་གཞན་གཅེས་དང༌། བདེ་སྡུག་གཏོང་ལེན་བསྒོམ་པ་དང༌། བློ་སྦྱོང་མཚོན་ཆ་མ་ལས། ལུས་ལ་མི་བཟད་ན་ཚ་བྱུང་བའི་ཚེ། །འགྲོ་བའི་ལུས་ལ་གནོད་པ་བསྐྱལ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་དུཿཁ་མ་ལུས་རང་ལ་བླང༌། །དབང་མེད་གཞན་གྱིས་འཁོལ་ཞིང་མནར་བའི་ཚེ། །དམན་ལ་སྡང་ཞིང་བྲན་དུ་བཀོལ་བ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ལུས་སྲོག་གཞན་དུ་བཀོལ་བར་བྱ། །མི་སྙན་ཚིག་རྣམས་རྣ་བར་བྱུང་བ་ན། །ཕྲ་མ་ལ་སོགས་ངག་གི་ཉེས་པ་ཡི། །ལས་ངན་མཚོན་ཆ་རང་ལ་འཁོར་བ་ཡིན། །ད་ནི་ངག་གི་སྐྱོན་ལ་སྨད་པར་བྱ། །ཞེས་སོགས་གསུངས་པ་ལྟར་སྡུག་བསྔལ་ལམ་ཁྱེར་གྱི་གདམས་པ་སོགས་ལ་ཉམས་ལེན་མཐར་ཕྱིན་པར་མཛད་ལ། རིག་གནས་གསར་བརྗེ་ཆེན་མོ་ཞེས་ཆོས་པ་ཐམས་ཅད་ལྷ་འདྲེ་གདོན་བགེགས་ལ་བརྩིས་ནས་ཐུབ་ཚོད་བཏང་བའི་སྐབས་སུ་ཡང་མི་མེད་དབེན་པའི་ནགས་ཁྲོད་རྣམས་སུ་མེ་ཏོག་བཅུད་ལེན་གྱི་གདམས་པ་ལ་བརྟེན་ནས། ཇི་སྐད་དུ། སྙིང་པོ་མེད་པའི་ཚེ་འདིའི་བྱ་བ་དོར། །ཕུན་ཚོགས་དབེན་པའི་གནས་སུ་བག་ཕབ་སྟེ། །ཉམས་ལེན་དམ་ཆོས་སྒྲུབ་པའི་ཆ་རྐྱེན་དུ། །ཟབ་མོའི་བཅུད་ལེན་གདམས་པ་བདག་གིས་སྦྱིན། །ཞེས་གསུངས་པ་ལྟར་རྡོ་བཅུད་ལེན་དང༌། ཆུ་བཅུད་ལེན་དང༌། མེ་ཏོག་བཅུད་ལེན་སོགས་ལ་བརྟེན་ནས་དབེན་པའི་གནས་སྒྲུབ་པ་ལ་གཞོལ། དེ་ཡང་བཅུད་ལེན་བསྒོམ་བཟླས་མདོར་བསྡུས་ནི། མཆོག་གསུམ་ལ་ཡིད་ཁྱེད་ཤེས་ཀྱི་སྐྱབས་འགྲོ་དང༌། སེམས་བསྐྱེད་ཚད་མེད་བཞི་སྔོན་དུ་འགྲོ་བའི་སྒོ་ནས། སྟོང་སྦྱངས་དང་བཅས་ཏེ་རང་ཉིད་རྡོ་རྗེ་རྣལ་འབྱོར་མར་བསྐྱེད་ནས་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་སྤྲིན་གྱི་ཕུང་བོ་བཞིན་དུ་སྤྱན་དྲངས། དེ་དག་གི་བྱིན་རླབས་དང་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔའི་དྭངས་བཅུད་ཐམས་ཅད་དང༌། འཇིག་རྟེན་ཁམས་ཀྱི་དཔལ་དང་ཕུན་སུམ་ཚོགས་པ་ཐམས་ཅད་འོད་དང་འོད་ཟེར་གྱི་རྣམ་པར་བཀུག་ནས་མེ་ཏོག་སྣ་ཚོགས་ཀྱི་ཕྱེ་མ་རིལ་བུར་བྱས་པ་ལ་ཐིམ་པར་བསམ་ནས། དེ་དག་ཟག་མེད་ཀྱི་བདུད་རྩིར་དམིགས་ཏེ། ཨོཾ་སརྦ་བུདྡྷ་ཌཱཀྐི་ནི་རི་ནི་ས་ཨ་མྲི་ཏ་སིདྷི་ཧཱུཾ ཞེས་བརྒྱ་སྟོང་ཁྲི་འབུམ་བཟླས་ནས་རིལ་བུ་དེ་མིད་པས་ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་ཟག་པ་མེད་པའི་བདེ་བས་སྟོང་ཉིད་ཡུལ་དུ་བྱས་པའི་བདེ་སྟོང་གི་ཏིང་ངེ་འཛིན་སྐྱེས་པར་བསམ་ཞིང་གསོལ་བར་བྱའོ། །ཕན་ཡོན་ནི་ནད་ཀུན་ལ་ཕན། ཚེ་རིང༌། ལུས་མདངས་ལེགས། རྒས་ཁ་སྲ། སྐྲ་དཀར་གཉེར་མ་ཉུང༌། ནད་ཡམས་ཀྱིས་མི་ཚུགས། ལུས་ལ་ཤིག་སྲོ་མི་འབྱུང༌། ཤེས་རབ་ཆེ། རིག་པ་དྭངས། དད་ཟས་དང་ལོག་འཚོས་མ་གོས་པས་ས་དང་ལམ་གྱི་རྟོགས་པ་སྐྱེ་སླ། ཉིན་པར་མི་འདུ། མཚན་མོ་མཁའ་འགྲོ་འདུ། དུས་རྒྱུན་དུ་ཟས་འདུ་བ་སོགས་བཅུད་ལེན་གྱི་མན་ངག་ནས་བསྟན་པའི་ཕན་ཡོན་རྣམས་མངོན་དུ་གྱུར་བ་ཡང་བསམ་གྱིས་མི་ཁྱབ་པའི་སྐྱེས་བུ་ཆེན་པོ་ཞིག་གིས་མཛད་པ་ལགས་སོ། །དེ་ཡང་དཔལ་འཁོར་ལོ་སྡོམ་པའི་ཕོ་བྲང་གནས་མཆོག་བྲག་དཀར་གྱི་དབེན་གནས་སུ་སྦྱར་བའི་མདོ་སྔགས་ལམ་གྱི་བསླབ་བྱ་མགུར་མ་ནི། མགོན་རྗེ་བཙུན་འཇམ་དབྱངས་མི་ཡི་གར། །རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས། །དེང་སྙིགས་དུས་བཤེས་གཉེན་ཚུལ་བཟུང་བའི། །ཕ་བླ་མའི་ཞབས་རྡུལ་སྤྱི་བོས་མཆོད། །སྔོན་ལས་སྨོན་མཐུན་པའི་སློབ་བུ་ཡི། །ཡིད་མགུ་ཕྱིར་བསླབ་བྱའི་གླུ་འདི་སྤེལ། །མགོན་མཚན་ལྡན་བཤེས་གཉེན་བསམ་སྦྱོར་གཉིས། །ཡང་དག་པའི་སྒོ་ནས་ཚུལ་བཞིན་བསྟེན། །ཐུགས་མཉེས་པར་གྱིས་ལ་བཀའ་བཞིན་སྒྲུབས། །འདི་མདོ་སྔགས་ལམ་གྱི་རྩ་བ་ཡིན། །རྟེན་དལ་བ་བརྒྱད་དང་འབྱོར་བ་བཅུ། །རྙེད་དཀའ་ཞིང་དོན་ཡང་ཆེ་བས་ན། །དེ་ཆུད་ཟོས་མ་བྱེད་སྙིང་པོ་ལོངས། །འདི་རང་བློ་ཆོས་ལ་སྐུལ་བྱེད་ཡིན། །རྟེན་འདི་ཡང་མྱུར་ཏུ་འཇིག་པར་སླ། །སྤྱིར་རྩ་བ་གསུམ་དང་རྒྱུ་མཚན་དགུ། །ཐག་བཅད་པ་གསུམ་གྱི་འཆི་བ་སྒོམས། །འདི་ཚེ་འདི་བློ་ཡི་གཏོང་བྱེད་ཡིན༌། །གནས་འཇིགས་རུང་ངན་སོང་གསུམ་པོ་དེར། །ཚ་གྲང་དང་བཀྲེས་སྐོམ་བླུན་རྨོངས་སོགས། །བཟོད་དཀའ་བའི་སྡུག་བསྔལ་བསམ་མི་ཁྱབ། །དེར་མི་འགྲོའི་ཐབས་ལ་འབད་པར་འཚལ། །ཚེ་འདི་ཕྱི་ཀུན་གྱི་སྐྱབས་གནས་མཆོག །སྐྱབས་བསླུ་མེད་དཀོན་མཆོག་རིན་ཆེན་གསུམ། །འདི་དེང་ནས་བྱང་ཆུབ་མ་ཐོབ་བར། །ཁ་ཙམ་མིན་སྙིང་ནས་སྐྱབས་སུ་བསྟེན། །ལས་ངེས་དང་འཕེལ་ཆེ་མ་བྱས་པར། །འཕྲད་མི་སྲིད་བྱས་པ་ཆུད་མི་ཟ། །ཚུལ་འདི་ལ་ངེས་པ་རྙེད་བྱས་ནས། །ལས་དགེ་སྡིག་བླང་དོར་བྱེད་པར་གྱིས། །ལྷ་འཕོ་ལྟུང་ལྷ་མིན་འཐབ་རྩོད་དང༌། །མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སོགས། །ཡུལ་མཐོ་རིས་གསུམ་ཡང་སྡུག་བསྔལ་གནས། །འདི་སོམས་ལ་ཐར་འདོད་ངེས་འབྱུང་སྐྱེད། །ཚུལ་ཁྲིམས་དང་ཏིང་འཛིན་ཤེས་རབ་རྣམས། །རང་རྒྱུད་ཀྱི་ཉོན་མོངས་སུན་འབྱིན་དང༌། །མགོ་གནོན་དང་རྩད་ནས་སྤོང་བྱེད་ཐབས། །བསླབ་གསུམ་གྱི་ཉམས་ལེན་འདི་ལ་འབུངས། །མར་ཤེས་དང་དྲིན་དྲན་དྲིན་གཟོ་དང༌། །བྱམས་སྙིང་རྗེ་ལྷག་བསམ་བྱང་ཆུབ་སེམས། །འདི་ཐེག་ཆེན་ལམ་གྱི་སྲོག་ཤིང་ཡིན། །དུས་རྒྱུན་མའི་ཉམས་ལེན་གནད་དུ་ཟུངས། །ལུས་ལོངས་སྤྱོད་དུས་གསུམ་དགེ་རྩ་སོགས། །གཏོང་སྙམ་པའི་སེམས་པ་ཡང་ཡང་སྦྱོངས། །རྒྱུད་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། །སྤོང་སྙམ་པའི་སེམས་པ་ནན་གྱིས་སྐྱེད། །སྤྱད་དཀའ་བའི་གནས་དང་གནོད་བྱེད་ལ། །ཁོང་འཁྲུགས་པ་མེད་པའི་བཟོད་པ་སྒོམས། །ལམ་ཐེག་པ་ཆེན་པོའི་ཉམས་ལེན་ལ། །ཡིད་སྙིང་ནས་སྤྲོ་བའི་བརྩོན་འགྲུས་སྐྱེད། །སེམས་གཡེང་བ་མེད་པར་དགེ་བ་ལ། །བློ་རྩེ་གཅིག་གནས་པའི་བསམ་གཏན་སྒོམས། །ཆོས་བདེན་གཉིས་ཟབ་མོའི་ཡིན་ལུགས་རྣམས། །བློས་ཚུལ་བཞིན་འབྱེད་པའི་ཤེས་རབ་སྐྱེད། །རྒྱུ་ཟང་ཟིང་སྦྱིན་ལ་གདུལ་བྱ་བསྡུས། །གཏམ་སྙན་པོ་བརྗོད་ལ་གདམས་ངག་སྦྱིན། །གང་བསྟན་པའི་དོན་དེ་སྤྱོད་དུ་ཆུག །རང་དེ་དང་མཐུན་པའི་ཉམས་ལེན་གྱིས། །སྤྱོད་ཕར་ཕྱིན་དྲུག་དང་བསྡུ་དངོས་བཞི། །བྱ་དཀའ་ཞིང་རྒྱ་ཆེ་གྲངས་མང་བའི། །བོང་རྒྱལ་སྲས་སྤྱོད་པའི་གནད་སྡོམ་ཡིན། །མཆོག་སངས་རྒྱས་འདོད་རྣམས་འདི་ལ་བརྩོན། །ཤིན་སྦྱངས་ཀྱི་བདེ་བའི་ཟིན་པ་ཡི། །བྱིང་རྒོད་དང་བྲལ་བའི་ཞི་གནས་སྐྱོངས། །གཟུང་འཛིན་གྱིས་བསྡུས་པའི་ཆོས་ཀུན་གྱི། །གནས་ལུགས་ལ་དཔྱོད་པའི་ལྷག་མཐོང་སྐྱེད། །དཔལ་ཀླུ་སྒྲུབ་ཡབ་སྲས་དགོངས་པའི་དོན། །སྟོང་རྟེན་འབྱུང་ཕན་ཚུན་འགལ་མེད་པའི། །དོན་མཐའ་བྲལ་དབུ་མའི་ལྟ་བ་ཡི། །གནད་རིགས་པ་དུ་མས་བཙལ་བར་བྱ། །ཆོས་ཐམས་ཅད་མིང་བརྡས་ཕར་བཏགས་ལས། །ཚུལ་ཡུལ་སྟེང་གྲུབ་པ་མེད་པ་ཡི། །དོན་སྐྱེ་མེད་སྟོང་བའི་དབྱིངས་དེ་རུ། །སེམས་མཉམ་པར་ཞོག་དང་སྙིང་གི་བུ། །ཡུལ་གང་སྣང་སྒྱུ་མའི་འཁྲུལ་འཁོར་དང༌། །རྨི་ལམ་དང་གཟུགས་བརྙན་ཇི་བཞིན་དུ། །ཚུལ་སྣང་ཡང་བདེན་པར་མེད་སྙམ་པའི། །རྗེས་ཐོབ་ཀྱི་སྒྱུ་མའི་རྣལ་འབྱོར་སྐྱོངས། །དབང་ཟབ་མོའི་རང་རྒྱུད་སྨིན་པ་དང༌། །སྡོམ་དམ་ཚིག་མིག་གི་འབྲས་བཞིན་སྲུངས། །གཞི་སྐྱེ་ཤི་བར་དོ་སྦྱོང་བྱེད་ཀྱི། །ལམ་ཟབ་གསལ་ལྷ་ཡི་རྣལ་འབྱོར་སྒོམས། །རླུང་དབུ་མར་ཞུགས་གནས་ཐིམ་བྱེད་ཀྱི། །ལུས་རྩ་ཐིག་རླུང་གསུམ་གནད་དུ་སྣུན། །ཐབས་བདེ་ཆེན་ཡེ་ཤེས་རྡོ་རྗེ་དེ། །དབྱིངས་ཤེས་རབ་ཡུམ་གྱི་པད་མར་སྦྱོར། །ལམ་རིམ་པ་ལྔ་ཡི་ཉམས་ལེན་གྱིས། །མཆོག་ཁ་སྦྱོར་བདུན་ལྡན་ཐོབ་ལ་རེམས། །ཚེ་འདི་སྣང་འཁྲི་བ་ཀུན་བཅད་དེ། །གནས་རི་ཁྲོད་གུ་ཡངས་བློ་བདེ་རུ། །ཆོས་མདོ་སྔགས་ཟུང་འཇུག་ཉམས་ལེན་ལ། ཡིད་སྐུལ་ཅིག་བློ་གསལ་སྙིང་གི་བུ། །གནས་ཡིད་འོང་དབེན་པའི་དགའ་ཚལ་དུ། །གྲོགས་རི་དྭགས་རྩེ་ཞིང་བྱ་བྱེའུ་ཡིས། །སྐད་སྙན་པའི་ཡ་མཚན་གཏམ་མང་སྒྲོགས། །མདངས་ཁ་དོག་བཀྲ་བའི་པད་ཚལ་དུ། །རྐང་དྲུག་ལྡན་བུང་བས་གླུ་དབྱངས་ལེན། །མདོག་སྔོ་ལྗང་གཡུ་ལོ་འབོལ་བ་ཡི། །ཤིང་ལྗོན་པའི་ཚོགས་རྣམས་གར་སྟབས་འགྱེད། །ཉམས་དགའ་བའི་ལྟད་མོ་སྣ་ཚོགས་ཀྱིས། །སེམས་སྐྱིད་པའི་སྣང་བ་འཆར་དུ་བཅུག །ཟས་ཚོད་མ་སྣ་ཚོགས་དེ་རུ་ཡོད། །གོས་མལ་སྟན་ཤིང་ལོ་ཤུག་ཤུན་ཡོད། །ནང་རང་སེམས་ཆོས་ལ་སྐུལ་བྱེད་ཀྱི། །ཡ་མཚན་པའི་རྐྱེན་མང་དེ་ན་མཆིས། །ལར་བྱ་སྤྱོད་ཉུང་བའི་རང་ལུས་བདེ། །རྒྱུད་དཀྲུགས་མཁན་མེད་པས་རང་སེམས་བདེ། །སེམས་ཆོས་དང་བསྟུན་ན་ཤིན་ཏུུ་བདེ། །བློ་རྣམ་རིག་དབང་པོ་ཆེས་ཆེར་གསལ། །སྔར་མེད་པའི་ངེས་ཤེས་མང་དུ་འཁྲུངས། །སེམས་རྣམ་གཡེང་ལེ་ལོ་དེ་རུ་ཉུང༌། །རྒྱུད་ཆགས་སྡང་སློང་བའི་གཏམ་ཡང་མེད། །ལམ་ཉམས་རྟོགས་ཉིན་བཞིན་གོང་འཕེལ་འགྲོ །དོན་དེ་ཕྱིར་དམ་པས་ཆེར་བསྔགས་པའི། །གནས་མི་མེད་དབེན་པའི་རི་སུལ་དུ། །དུག་སྨན་དུ་བསྒྱུར་བའི་གདམས་ངག་མཆོག །ལམ་ཐེག་ཆེན་བློ་སྦྱོང་ཉམས་ལེན་ལ། །དེང་བརྩོན་ཅིག་ཤེས་ལྡན་སྙིང་གི་བུ། །མདོ་ཧྲིལ་གྱིས་དྲིལ་ན་རང་གི་རྒྱུད། །ཆོས་བཞིན་དུ་འདུལ་ལ་འབད་པར་གྱིས། །ལམ་ཡོངས་སུ་རྫོགས་པའི་གླུ་འདི་ཡིས། །མ་འགྲོ་ཀུན་སྐུ་གསུམ་ཐོབ་པར་ཤོག །ཆོས་མདོ་སྔགས་གཉིས་ཀྱི་ལམ་རིམ་གྱི། །གནད་ཡོངས་སུ་དུས་པའི་གླུ་དབྱངས་འདི། །ཕྱོགས་ངེས་མེད་འཁྱམས་པའི་རི་ཁྲོད་པས། །སྙིང་བརྩེ་བའི་བུ་ལ་ཕན་ཕྱིར་བྲིས། །ཞེས་གཞན་ཕན་བྱང་ཆུབ་སེམས་ཀྱིས་ཀུན་ནས་བསླངས་ཏེ་མགུར་དབྱངས་འདི་གསུངས་སོ། །ཡང་གནས་མི་མེད་དབེན་པའི་རི་ཁྲོད་ནས་རང་སེམས་འདུལ་བའི་བསླབ་བྱ་མགུར་མ་གསུངས་པ་འདི་ལྟ་སྟེ། སྐྱབས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང༌། །རྗེ་ཐམས་ཅད་མཁྱེན་པ་བློ་བཟང་གྲགས། །མགོན་མཉམ་མེད་དྲིན་ཅན་བླ་མ་ལ། །བདག་གསོལ་བ་འདེབས་སོ་ཐུགས་རྗེས་ཟུངས། །དུས་ཡུན་རིང་འགྲོགས་པའི་སློབ་བུ་ལ། །ཤ་ཚ་བའི་གཏམ་གྱི་གྲོས་ཞིག་གླེང༌། །ཚེ་འདི་ཕྱིའི་ལེགས་ཚོགས་འབྱུང་བའི་གནས། །ལམ་སྟོན་པའི་མཚན་ལྡན་བླ་མ་བསྟེན། །རྟེན་རྙེད་དཀའི་དལ་འབྱོར་ཐོབ་དུས་འདིར། །དོན་མེད་པར་མ་གཏོང་སྙིང་པོ་ལོངས། །དགྲ་འཆི་བདག་ནམ་འོང་ཆ་མེད་པས། །དུས་མྱུར་ཏུ་དམ་ཆོས་རྣམ་དག་སྒྲུབས། །མར་ངན་སོང་གསུམ་ན་སྡུག་བསྔལ་ཆེ། །དེར་མི་སྐྱེས་ཐབས་ལ་འབད་པར་འཚལ། །འཇིགས་དེ་ལས་སྐྱོབ་པའི་དཀོན་མཆོག་གསུམ། །སེམས་དད་པའི་སྙིང་ནས་སྐྱབས་སུ་བསྟེན། །ལས་དགེ་སྡིག་བསགས་པའི་བདེ་སྡུག་འབྱུང༌། ད་སྡིག་སྤོང་དགེ་བ་སྒྲུབས་པར་གྱིས། །གནས་ཁམས་གསུམ་འཁོར་བའི་སྡུག་བསྔལ་ལ། །ཡིད་སུན་པར་གྱིས་ལ་ཐར་ལམ་སྙོགས། །ལམ་བསླབ་གསུམ་བདེན་བཞིའི་ཉམས་ལེན་གྱིས། །མཆོག་ཐར་བའི་གོ་འཕང་ཐོབ་ལ་རེམ། །ལམ་བསླབ་པ་གསུམ་གྱི་གཞི་རྩ་ཉིད། །རྒྱུད་ཚུལ་ཁྲིམས་སྲོག་དང་བསྡོས་ལ་སྲུངས། །རྒྱུད་སྡོམ་གསུམ་བཅས་མཚམས་ཆེས་རལ་བའི། །ཚེ་འདི་ཕྱིའི་སྡུག་བསྔལ་དཔག་མེད་སྟེར། །ཁྲིམས་ཕྲ་མོ་ཅུང་ཟད་ཉམས་པས་ཀྱང༌། །གནས་ངན་འགྲོ་ཨེ་ལེའི་འདབ་ཀླུ་བཞིན། །ཕན་འདོགས་པའི་ཚུལ་གྱིས་ཕམ་སྟེར་བའི། །བདུད་མཛེས་མའི་ཚུལ་བཟུང་གཡོ་སྒྱུ་མཁན། །འདིའི་བསླུ་བྲིད་ཐབས་ངན་སྣ་ཚོགས་ལ། །སེམས་དོགས་ཟོན་གྱིས་ཤིག་སྙིང་གི་བུ། །ཚེ་འདི་ཕྱིའི་སྡུག་བསྔལ་སྟེར་མཁན་མོ། །ལམ་ཐར་བའི་སྲོག་གཅོད་ཤན་པ་མོ། །རྒྱུད་ཚུལ་ཁྲིམས་འཕྲོག་པའི་ཆོམ་རྐུན་མོ། །དགྲ་བུད་མེད་དབང་དུ་མ་གཏོང་བུ། །གཏམ་མི་ཁ་ངན་པའི་སྣ་འདྲེན་མོ། །ལུས་བཀྲག་མདངས་འཇོམས་པའི་ནད་བདག་མོ། །གུས་ངུར་སྨྲིག་འཕྲོག་པའི་ཇག་པ་མོ། །འདི་དགྲ་ཡི་དྭངས་མར་ཟུངས་ཤིག་བུ། །ཡར་མཐོ་རིས་ལམ་འགོག་བྱེད་མཁན་མོ། །མར་ངན་སོང་ཁྲིད་པའི་ས་མཁན་མོ། །གནས་འཁོར་བར་འཆིང་བའི་ཕུང་བྱེད་མོ། །འདི་སྙིང་ནས་བདུད་མོར་སོམས་ཤིག་བུ། །མིག་འཛུམ་པའི་ཚུལ་གྱིས་བསླུ་མཁན་མ། །ཁ་ཡག་པའི་ཚིག་གིས་བྲིད་མཁན་མ། །མངལ་མི་གཙང་འདམ་དུ་འཕེན་མཁན་མ། །གྲོགས་ངན་པའི་བདུད་མོ་སྤོངས་ཤིག་ཀྱེ། །ཚོགས་གྲྭ་སར་འགྲོ་བའི་ལམ་འགོག་མ། །གྲོང་ཁྱིམ་གྱི་བཙུན་དུ་འཛིན་མཁན་མ། །སྡུག་སྣ་དགུར་གཏོད་བའི་དགྲ་བོ་མ། །སེམས་དགེ་བའི་བར་ཆད་བྱེད་མཁན་མ། །རྒྱུད་ཆགས་སྡང་སྐྱེད་པའི་བདུད་མོ་མ། །འདིའི་དྲུང་དུ་མ་བཏུད་སྙིང་གི་བུ། །འདི་འོན་ཀྱང་སྐྱེ་སྔོན་རང་གི་མར། །ལན་དུ་མར་གྱུར་བའི་ངང་ཚུལ་ལ། །ལུང་རིགས་པ་གཉིས་ཀྱིས་ངེས་ཤེས་སྐྱེད། །བྱམས་སྙིང་རྗེ་ལྷག་བསམ་དག་པས་སྐྱོངས། །སེམས་ཆགས་པའི་གདོན་གྱིས་སྨྱོས་པ་ཡིས། །ཚེ་འདི་ཕྱི་ཀུན་གྱི་དཔལ་འཕྲོག་པའི། །དགྲ་བུད་མེད་མཛེས་པར་སྣང་ན་ཡང༌། །དཔེ་ཕྱེ་ལེབ་མིག་ལ་མར་མེ་བཞིན། །རང་ཆགས་མཁན་ངོ་བོ་ཉིད་ཀྱིས་སྟོང༌། །ཡུལ་བུད་མེད་དེ་ཡང་གང་དུ་ཡང༌། །དོན་བདེན་པར་གྲུབ་པ་རྡུལ་ཙམ་མེད། །དཔེ་གློག་བརྙན་ནང་གི་བུད་མེད་བཞིན། །ཕྱི་ལྤགས་པ་ཤ་ཁྲག་རུས་པ་དང༌། །ནང་ཀླད་པ་བཤང་གཅི་སྣབས་ཡིན་པའི། །གཞོན་ན་ཆུང་མཛེས་པར་སྣང་བ་འདི། །དཔེ་ཁྱི་ཕག་མིག་ལ་བཤང་སྐྱུགས་བཞིན། །དོན་དེ་ཕྱིར་འདི་ལ་ཞེན་པ་ལོག །རང་དབང་མེད་གཤིན་རྗེས་ཁྲིད་པའི་ཚེ། །གྲོགས་བརྩེ་གདུང་ཆེ་བའི་མཛའ་ན་མོ། །གདོང་མཆི་མས་གང་བཞིན་ཤུལ་དུ་སྐྱུར། །དུས་དེ་འདྲ་ནམ་འོང་ཆ་མེད་པས། །ཁྱོད་བུད་མེད་དོན་གཉེར་བསམ་པ་སྤོངས། །དགྲ་མ་རུང་འདོད་ཆགས་མགོ་བོ་ལ། །ཆོས་སྟོང་ཉིད་ལྟ་བའི་ངར་ལྡན་པའི། །མཚོན་མི་སྡུག་པ་ཡི་རལ་གྲི་སྣུན། །ཁྲིམས་ཡིད་བཞིན་དབང་གི་རྒྱལ་བོའི་དགྲ། །སེམས་འདོད་ཆགས་ཆོམ་རྐུན་འབྱུང་བའི་གནས། །ངག་ཆགས་གཏམ་སྣ་ཚོགས་སྨྲ་བའི་སྒོར། །དྲན་ཤེས་བཞིན་བག་ཡོད་ལྕགས་གཟེར་ཐོབས། །ལྷ་བླ་མའི་དབྱིངས་ནས་མི་ཁྲེལ་ཡང༌། །ཁྲིམས་གཙང་མའི་རང་སེམས་མི་ཁྲེལ་བ། །མི་ཀུན་གྱིས་སྙིང་ནས་མི་ཁྲེལ་བའི། །ཁྱོད་ངོ་ཚ་ཁྲེལ་ཡོད་ཀྱིས་དང་བུ། །ཁྲིམས་རྣམ་དག་སྲུངས་བའི་སྐྱེས་བུ་དེ། །མི་ཀུན་གྱིས་བཀུར་ཞིང་ལྷས་ཀྱང་བསྲུང༌། །ལྷ་བླ་མ་ཡི་དམ་དེ་ལ་དགྱེས། །ཚེ་འདི་ཕྱི་ཀུན་ཏུ་བདེ་ཞིང་སྐྱིད། །སྔོན་བསགས་པའི་སྡིག་ལྟུང་འདག་པ་སོགས། །ཁྲིམས་བསྲུངས་བའི་ཕན་ཡོན་མཐའ་ཡས་སོ། །སྙིང་གཏིང་ནས་བརྩེ་བའི་ཆོས་མཐུན་བུ། །སྤྲང་བདག་གི་ངག་ལ་ཉན་འདོད་ན། །ཚུལ་འདི་དག་སོམ་ལ་རང་རྒྱུད་ཀྱི། །སྡོམ་དམ་ཚིག་དཔྲལ་བའི་མིག་བཞིན་སྲུངས། །ཆོས་ཐེག་པ་ཆེན་པོའི་ལམ་གྱི་གནད། །མ་འགྲོ་ལ་བྱམས་དང་སྙིང་རྗེ་དང༌། ལམ་ལྷག་བསམ་བྱང་ཆུབ་སེམས་མཆོག་སྐྱེད། །ཆོས་བདག་གཞན་རྗེ་བའི་རྣལ་འབྱོར་སྒོམས། །ལར་རྒྱལ་སྲས་སྤྱོད་པ་མཐའ་དག་དང༌། །དགོས་ཕྱིན་དྲུག་བསྡུ་བཞིའི་ལམ་ལ་སློབས། །རྗེ་ཐམས་ཅད་མཁྱེན་པའི་བཞེད་པའི་སྲོལ། །ལམ་ཟབ་མོ་དབུ་མའི་ལྟ་བ་ཚོལ། །མིང་རྟོག་པའི་བཏགས་ཙམ་མ་གཏོགས་པར། །ཡུལ་རང་ངོས་གྲུབ་པ་མེད་པའི་དོན། །གཞི་སྟོང་བ་ཉིད་ལ་དམིགས་པ་ཡི། །སྐྱོན་བྱིང་རྒོད་བྲལ་བའི་ཏིང་འཛིན་སྒོམས། །དབང་ལེགས་པར་ཞུས་ལ་དམ་སྡོམ་སྲུངས། །བཀའ་རྒྱུད་སྡེའི་དོན་ལ་ཐོས་བསམ་གྱིས། །གཞི་སྦྱང་བྱ་སྐྱེ་ཤི་བར་དོ་གསུམ། །ལམ་སྦྱོང་བྱེད་རིམ་གཉིས་རྣལ་འབྱོར་གྱིས། །མཆོག་སྦྱང་འབྲས་སྐུ་གསུམ་བསྒྲུབ་པ་ལ། །དུས་ད་ལན་བག་ཆགས་ཅི་ཐེབ་ཀྱིས། །ད་མདོར་ན་རྒྱུན་དུ་སེམས་ལ་རྟོག །དགྲ་ཉོན་མོངས་ཚོགས་ལ་བག་ཡོད་སྒྲིམས། །རང་ནམ་འཆི་ངེས་མེད་བསམ་པ་དང༌། །ལར་ཅིས་ཀྱང་དགོས་མེད་བསམ་པ་གཉིས། །ཆོས་རྣམ་དག་འགྲུབ་པའི་མན་ངག་ལགས། །འདི་རྒྱུན་དུ་སྒོམས་ཤིག་སྙིང་གི་བུ། །གྲོགས་ངན་པ་འགའ་དང་འགྲོགས་པ་ཡི། །སྙིང་མཐུན་པའི་བུ་ལ་ཕན་པའི་ཕྱིར། །ཆོས་མདོ་སྔགས་གཉིས་ཀྱི་གནད་བསྡུས་ཏེ། །ཚིག་གོ་སླའི་ངག་གིས་གླུ་འདི་བླངས། །འདིའི་དགེ་བས་བདག་གཞན་འགྲོ་བ་ཀུན། །མཆོག་ཟུང་འཇུག་རྡོ་རྗེ་འཆང་ཐོབ་ཤོག །ཅེས་པ་འདི་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་དབེན་པའི་གནས་ནས་ལྷག་བསམ་གྱིས་མགུར་གླུ་འདི་གསུངས་སོ། ། དེ་ཡང་ཐུན་མོང་མ་ཡིན་པའི་གྲུབ་པའི་རྟགས་ལ་མངའ་བརྙེས་པའི་ཚུལ་ཡོད་དེ། གནས་ཆེན་པདྨ་རི་མཐོར་བླ་མ་ཤེས་རབ་ཚང་དང་མཉམ་དུ་བཞུགས་པའི་སྐབས་སུ་ཁོང་གིས་ཉིན་གུང་ཇ་ཕུད་བཤམས་ནས་དགོང་མོ་གསོལ་ག་གསུངས་ནས་ཕྱེད་ཙམ་ལ་ཆང་དྲི་བྲོ་བ་ཅི་ཡིན་སྙམ་ནས་གཟིགས་པས་ཇ་ཕུད་ཆང་དུ་གྱུར་བ་དང༌། དགའ་དགྱེས་བྲག་དཀར་དུ་བཞུགས་སྐབས་ཧོར་ཚང་དམག་མི་རྣམས་ཀྱིས་བཟུང་ནས་ཁྲིད་འོང་སྐབས་སུ་གློ་བུར་དུ་འཇའ་ལྟར་ཡལ་ནས་མི་སྣང་བར་གྱུར། ཡང་དཀར་ལྷ་དགོན་གྱི་དགོན་བདག་བློ་བཟང་འཕྲིན་ལས་རྒྱ་མཚོས་ཁོང་ལ་བཞེས་བ་ཞིག་འབུལ་འགྲོ་དུས་དམ་པ་འདི་ཉིད་བསུ་རུ་ཕེབས་པ་ལ་སྒ་ཕྱར་ཞིག་ཕྱག་ཏུ་བཟུང་བ་འཕྲིན་ལས་རྒྱ་མཚོས་ཕྱག་ནས་བླངས་ནས་སར་འཕང༌། དམ་པ་འདི་ཉིད་སྔོན་དུ་བྱོན་ཏེ་བློ་བཟང་འཕྲིན་ལས་རྒྱ་མཚོ་རྗེས་ནས་སྒྲུབ་ཕུག་ནང་དུ་བྱོན་ཚེ་སྒ་ཕྱར་སྒྲུབ་ཕུག་ནང་དུ་ཐོན་འདུག འདི་སུས་ཁྱེར་འོང་ཞེས་དྲིས་ཚེ་བཞད་ནས་ཅི་ཡང་མ་གསུངས་སོ། །ཡང་འདས་ལོག་མཛད་པའི་བླ་མ་དུ་མས་ཧ་དའི་དགེ་བཤེས་ཟེར་བའི་རི་ཁྲོད་པ་ཞིག་གིས་ངན་སོང་གི་སེམས་ཅན་མང་པོ་ཉིན་རེ་བཞིན་ཐར་ལམ་ལ་བཀོད་འདུག་ཅེས་གསུངས་པ་བཞིན་སེམས་ཅན་དུ་མ་ཐར་བའི་ལམ་བཟང་ལ་འདྲེན་པར་མཛད་དོ། །ཡང་ཆུ་མགོ་ཤར་ཞེས་པའི་ཡུལ་གྱི་དགེ་འདུན་ཞིག་གི་སྲིང་མོའི་རྨི་ལམ་ལ་བྱ་བྲལ་བ་བྱོན་ནས་ད་ཁྱོད་ཞག་གསུམ་ལས་ཚེ་མེད་ཅེས་རྨིས་པས་བུད་མེད་དེ་ཉིན་གསུམ་གྱི་རྗེས་སུ་ཚེ་ལས་འདས་པ་དང༌། ཐང་དཀར་རྩ་ཞེས་པར་ཆུའི་འཇིགས་པ་བྱུང་ཚེ་དམ་པ་འདི་ཉིད་ཀྱིས་གཟུངས་སྔགས་གསུངས་ནས་ནས་འཐོར་བ་ཙམ་གྱིས་ཆུས་འཇིགས་པ་ལས་སྐྱབས་པ་དང༌། མཛོ་གྲྭ་སྡེ་བ་ལྷ་ནག་གི་ནད་ཡམས་ལས་སྐྱབས་པ་དང༌། མཛོད་དྲིའི་བྲག་དམར་ལ་བཞུགས་ཚེ་སྒྲོལ་མ་ཟེར་བའི་བུད་མེད་དད་པ་ཅན་ཞིག་ཡོད་པ་དེའི་མཚམས་གྲོ་བསྐྱལ་བ་ལ་ཆས་ཚེ་མིག་རྒྱང་གང་གི་རི་ཉག་ཞིག་ནས་ལྟས་ཚེ་བྱ་བྲལ་བ་བཞུགས་པའི་ཉེ་འདབས་སུ་ཆོས་པ་ལ་ཞེ་སྡང་བའི་དམག་མི་འགའ་ཡོད་པ་དམ་པ་གང་ཉིད་བཞུགས་པའི་གནས་ནས་ཕྱིར་འོང་བས་བུད་མེད་དེའི་སེམས་ལ་སྐྲག་འཇིགས་ཚད་མེད་པ་སྐྱེས་ཚེ་མིག་འབྱེད་འཛུམ་གཅིག་གི་ཡུན་ལ་དད་ཅན་གྱི་ཡོན་བདག་མ་དེའི་ཐག་ཉེ་བའི་སར་ཤིང་སྡོང་ཞིག་ཡོད་པའི་རྩར་ཕེབས་ནས་བཞད་ཅིང་བཞུགས་པ་ལགས་ན་དེ་ནི་རླུང་སེམས་ལ་དབང་ཐོབ་པའི་རྟགས་མཚན་ཞིག་ཏུ་མངོན། སྨན་ལོང་བྲག་དཀར་དང༌།བྲག་སྐྱ་ལྷུན་གྲུབ་རྫོང་ནས་གཙོ་འདུས་སོགས་ཀྱིས་མཚམས་ལ་བཞུགས་པའི་སྐབས་སུ་བུམ་པ་དང་ནང་མཆོད་སྒྲུབ་སྐབས་བུམ་ཆུ་དང་ནང་མཆོད་ཁོལ་ཏེ་ཕྱིར་འཕྱུར་བ་ཉེ་གནས་གྲྭ་བ་དུ་མས་མངོན་སུམ་ཚད་མས་གྲུབ་པས་ན་ཡ་མཚན་པར་གྱུར། །ཡི་དམ་གྱི་ཞལ་གཟིགས་ཤིང༌། ཆོས་སྐྱོང་བྲན་བཞིན་དུ་འཁོར་བ། གྲུབ་པའི་རྟགས་མཚན་སོགས་གསང་བའི་རྣམ་ཐར་ཤིན་ཏུ་མང་ངོ། །གཞན་ཡང་བྱ་དང་བྱེའུ་སོགས་སྲོག་ཆགས་དུད་འགྲོའི་རིགས་མི་འདྲ་བ་བརྒྱ་ལྷག་རྣམས་མི་གཞན་ཞིག་མཐོང་ཚེ་སྐྲག་འཇིགས་ཡོད་པ་དང༌། རྣལ་འབྱོར་གྱི་དབང་ཕྱུག་འདི་དང་འཚོ་བ་མཉམ་དུ་རོལ་བ་དང༌། ཇི་ལྟར་བགོ་བ་ལྟར་བྱེད་པ་དང༌། དམ་པ་འདི་བཞུགས་པའི་སྒྲུབ་ཕུག་དང་ཉེ་བར་བྱ་ཚང་ཞིག་ཡོད་པ་དེའི་ནང་ལ་བྱ་གཉིས་ཡོད༌། དེ་གཉིས་ཀྱི་མིང་བྱང་ཆུབ་དང་རྣམ་གྲོལ་ཞེས་བཏགས། བྱ་དེ་གཉིས་ཀྱིས་སྐད་གོ དེ་ནས་དེ་གཉིས་ཤི་དུས་སུ་འཕོ་བ་གསུངས། རྗེས་ནས་རྗེ་བཙུན་འདི་ཉིད་བྱོན་པའི་ལམ་ན་ཁྱིམ་ཚང་ཞིག་ལ་གྲྭ་བ་བྱང་ཆུབ་དང་རྣམ་གྲོལ་ཞེས་པ་ཡོད། སྔར་གྱི་བྱ་གཉིས་ཤི་དུས་ནས་བརྩིས་པས་ལོ་འགྲིགས་པས་བྱ་གཉིས་གྲྭ་བ་གཉིས་ཀྱི་ལུས་བླངས་པ་སོགས་ནི་སེམས་ཅན་རྣམས་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམས་པའི་འབྲས་རྟགས་ཁྱད་པར་ཅན་དང་ལྡན་པས་སྐྱེ་བོ་སུ་འདྲ་ཞིག་ཡིན་ཀྱང་སེམས་རྣལ་དུ་གནས་པ་ཞིག་ཡིན་ཕྱིན་དམ་པ་འདི་ལ་རང་དབང་མེད་པར་ཡིད་ཆེས་པའོ། །རྗེ་བཙུན་བླ་མ་དམ་པ་འདི་ཉིད་ཤིང་བཟའ་སྨན་པ་ཡོད་སར་བཞུགས་ཡོད་སྐབས་མཚན་མོ་རྒྱལ་ཁབ་ཀྱི་ཉེན་རྟོག་པ་འགའ་ཡོང་ནས་སྔོག་གཤེར་བྱེད་པའི་ཚེ་སྨན་པ་ལ་སྔངས་སྐྲག་ཆེན་པོ་སྐྱེས། ཉེན་རྟོག་པས་སྔོག་གཤེར་ཅི་འདྲ་བྱས་ཀྱང་དམ་པ་གང་ཉིད་མ་རྙེད། སྨན་པའི་ལྟས་ཚེ་ཁོང་ཉེན་རྟོག་པའི་ལམ་ན་བག་ཕེབས་ཏེ་བཞུགས་ཡོད་པར་མཐོང༌། དེ་ཡང་རྗེ་ས་པཎ་གྱིས་བློ་དང་ལྡན་ན་མ་སྨྲས་ཀྱང༌། །རྣམ་འགྱུར་ཉིད་ལས་བསམ་པ་གོ །བལ་བོའི་ཟེའུ་མ་ཟོས་ཀྱང༌། །ཁ་དོག་ཉིད་ལས་བྲོ་བ་ཤེས། །ཞེས་གསུངས་པ་ལྟར་ལམ་གྱི་གནད་ཤེས་པ་ཞིག་གིས་བལྟས་ན་མཛད་སྒོའི་བབས་ཤིན་ཏུ་ལེགས་པར་ངེས། བསྟན་པ་ཡང་དར་གྱི་དུས་འདིར་ལམ་རིམ་དང་རིམ་གཉིས་ཀྱི་ཉམས་བཞེས་ལ་ཁོང་དང་འདྲ་བ་མདོ་སྨད་ཀྱི་ལྗོངས་འདི་ན་ཧ་ཅང་ཉུང་བའོ། །དེང་དུས་ཀྱི་རྗེ་མི་ལ་རས་པ་ཞེས་ཞྭ་དམར་སྐུ་ཕྱོགས་རིན་པོ་ཆེའི་ཡོངས་འཛིན་ཨ་ཁུ་ཞོ་འོང་རིན་པོ་ཆེ་དང༌། མཁས་གྲུབ་གཉིས་ལྡན་གྱི་བླ་མ་ཡོན་ཏན་བཟང་པོ་སོགས་ཀྱིས་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར། དེ་ལྟར་ཁོང་རིན་པོ་ཆེ་འདི་ཉིད་ཀྱི་དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ་ནས་བར་དུ་གཞུང་ལུགས་མཐའ་དག་གདམས་པར་ཤར་ཏེ་ཐ་མར་དབེན་པའི་རི་ཁྲོད་དུ་ཟས་མེ་ཏོག་བཅུད་ལེན་དང༌། རྡོ་བཅུད་ལེན། གྲོགས་མི་མིན་ལྷ་འདྲེ་ལ་བཅོལ་ནས་སྒྲུབ་པ་ཉམས་སུ་བླངས་ནས་ཉམས་དང་རྟོགས་པའི་འབྲས་བུ་སྨིན། གྲུབ་རྟགས་དང་མངོན་ཤེས་ཀྱི་གཏེར་བརྡོལ་ནས་གཞན་དོན་མཛད་པའི་ཚུལ་ཡང་མདོར་བསྡུས་ཙམ་ཞིག་བརྗོད་པར་བྱ་བ་ལ། གཡའ་མ་བཀྲ་ཤིས་འཁྱིལ་ཞེས་རྗེ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གདན་ས་རུ་བྱོན། དགོན་དེའི་ཁྲི་རབས་བཞི་བ་རྒྱལ་བོ་རིགས་འཛིན་དཔལ་ལྡན་བཀྲ་ཤིས་ཀྱི་ཡང་སྤྲུལ་བླ་མ་ཤེས་རབ་དང་མཇལ། བླ་མ་དེ་དགའ་སྤྲོ་དཔག་ཏུ་མེད་པ་སྐྱེས་ནས་སྤྱན་ཆབ་བསིལ་བཞིན་རྗེ་འདི་ནི་བདག་གི་བླ་མ་ཞབས་དཀར་བའི་ཡང་སྤྲུལ་འཁྲུལ་མེད་རེད། བདེ་བ་ཅན་གྱི་ལྷ་ཁང་བཞེང་བ་ལེགས་པར་གྲུབ་པའི་རབ་གནས་ལ་བྱོན་པ་ཡིན་ཞེས་ལྷ་ཁང་དེ་དང༌། ཞབས་དཀར་བའི་སྐུ་བརྙན་སོགས་རྟེན་བརྟེན་པ་ཡོངས་རྫོགས་ལ་རབ་གནས་ཀྱི་མེ་ཏོག་འཐོར་དགོས་ཞེས་གནས་དེར་རབ་གནས་རྒྱས་སྤྲོས་མཛད། ས་དེར་གནས་པའི་གྲྭ་བཙུན་པ་དང༌། སྔགས་པའི་རིགས་རྣམས་ལ་སྤྱོད་འཇུག་གི་ལུང་དང༌། རྒྱལ་སྲས་ལག་ལེན་སོ་བདུན་མའི་ཁྲིད་དང༌། བླ་མཆོད་ཀྱི་ཁྲིད་ལུང་དང༌། བསྟན་པའི་གཞི་མ་དགེ་འདུན་པ་རྣམས་ལ་བསྙེན་རྫོགས་ཀྱི་སྡོམ་པ་གནང༌། ཞོ་འོང་ལ་བྱོན་ནས་ཁྱིམ་པ་ཕོ་མོ་རྣམས་ལ་བསྙེན་ནས་དུས་ཁྲིམས་ཡན་ལག་བརྒྱད་པའི་སྡོམ་ལུང་དང༌། རྒྱལ་སྲས་ལག་ལེན་སོ་བདུན་མའི་ཁྲིད་ལུང་གནང་བ་དང༌། དགེ་སྡིག་བླང་དོར་ཇི་བཞིན་བྱེད་ཚུལ་གྱི་བསླབ་བྱ་སོགས་ཟབ་ཆོས་ཀྱི་སྒོ་ཐང་མར་བརྡལ་བར་མཛད། བར་སྐབས་སུ་མཚོ་སྔོན་ཕྱོགས་ཀྱི་གདུལ་བྱ་སེར་སྐྱ་ཕོ་མོ་རྗེས་སུ་འཛིན་པའི་ཕྱིར་དཔལ་ལྡན་བླ་མ་དམ་པ་འདི་ཉིད་དགུང་གྲངས་ང་གསུམ་པ་སྤྱི་ལོ ༡༩༧༩ ལོ། རབ་རྒྱལ་དོན་གྲུབ་ཞེས་པ་ས་ལུག་ལོར་མདོ་སྨད་གཡེར་མོ་ཐང་དུ་ཞབས་ཀྱི་པདྨོ་ཐོག་མར་བསྐྱོད་སྐབས། བློ་བཟང་འཕྲིན་ལས་རྒྱ་མཚོ་མཆོག་གིས་ངོ་ཤེས་ཤིང་ཡོན་ཏན་མཐོང་བས་མི་ཕྱེད་པའི་དད་པ་སྐྱེས་སོ། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་ཉིད་ཐོག་མར་མཚོ་རྔའི་ཧ་ཏ་ལུང་བའི་བྲག་སྐྱ་ལྷུན་གྲུབ་རྫོང་དུ་བཞུགས་པའི་ཐུགས་དགོངས་བཏང་ཚེ། ས་དེའི་བླ་རྒན་སྔགས་རྒན་བསམ་པ་དཀར་པོ་ཅན་དུ་མས། དམ་པ་ཁྱེད་གནས་དེར་གཏན་ནས་བཞུགས་མི་ཉན་སྔོན་ཆད་མཚམས་པ་བ་མང་པོ་ཞིག་སྲོག་ཤོར་བ་མ་ཟད་གནས་དེར་འགྲིམས་པའི་སྐྱེ་བོ་ཕོ་མོ་རྒན་གཞོན་མང་པོ་ཞིག་ཤི་ཆད་དང་ན་ཚ་བྱུང་ཞེས་རྒྱུ་མཚན་ཞུས་ཏེ་བཤོལ་བཏབ་ཀྱང་ཁར་མ་ཉན་པར་དེ་ནས་མཚམས་ལ་བཞུགས། རྗེས་སུ་མི་མང་པོས་ཁོང་ལ་ཁྱེད་ལྷ་འདྲེས་གནོད་པ་བྱེད་པར་མི་སྐྲག་གམ་ཅེས་ཞུས་པ་ལ། ང་མི་སྐྲག་ཅེས་ལན་བཏབ། ཆོས་ཐམས་ཅད་བདེན་མེད་དུ་གཟིགས་ཤིང་སྟོང་ཉིད་ཀྱི་ལྟ་བ་རྟོགས་པས། རྗེ་མི་ལ་རས་པའི་རྣམ་ཐར་དུ། ལམ་བསྐྱེད་རྫོགས་བརྟན་པར་བསྒོམ་པའི་མཐུས། །ནང་རྩ་གནད་རྟེན་འབྲེལ་ཤེས་པའི་ཕྱིར། །ཕྱི་འཁྲུལ་སྣང་གི་དྲན་པ་དབྱིངས་སུ་ཡལ། །གནོད་བྱ་དང་གནོད་བྱེད་ངས་མ་མཐོང༌། །ཆོས་སྡེ་སྣོད་ཀྱི་གསུང་རབ་ཞལ་ཕྱེ་ཡང༌། །དོན་དེ་ལས་མེད་པ་བློ་ཐག་ཆོད། །ཅེས་གསུངས་པ་ལྟར་གནོད་བྱ་དང་གནོད་བྱེད་མེད་པའི་གནས་ལུགས་རྟོགས་པས་གནས་འཇིགས་རུང་གང་དུ་བཞུགས་ཀྱང་འཇིགས་ཞུམ་གཏན་ནས་མེད། གནས་དེར་སྔོན་ཁ་རག་སྒོམ་ཆེན་དང༌། ཞབས་དཀར་ཚོགས་དྲུག་རང་གྲོལ། ཨ་རིག་དགེ་བཤེས་ཆེན་མོ། སེ་རའི་རིན་ཕྲེང། རྗེ་གསེར་ཁང་བ། གྲུབ་ཆེན་ཤར་སྐལ་ལྡན་རྒྱ་མཚོ། སྐུ་ཕྱོགས་རྒྱ་ལི་སོགས་མཁས་གྲུབ་དམ་པ་མང་པོས་སྒོམ་སྒྲུབ་མཛད་མྱོང་བས་གནས་བྱིན་ཅན་ཞིག་ཡིན་ཞིང༌། སྐབས་ཤིག་ལ་གནས་རྒོད་དུ་ཤོར་ཏེ་མཁར་ནང་བླ་མ་བྲག་ལ་ལྕེབས། དེའི་རྗེས་སུ་གནས་དེར་ཕེབས་པའི་སྒོམ་སྒྲུབ་པ་མང་པོར་ལྷ་འདྲེས་གནོད་པ་བཏང་བ་དང༌། གནས་བཙན་པོ་དེ་བརྒྱུད་མྱོང་བའི་ཁྱིམ་པ་ཕོ་མོ་རྒན་གཞོན་མང་པོར་ལྷ་འདྲེས་གནོད་པ་བཏང་ནས་མི་བཅུ་གསུམ་ཤི་ལྕེབས་བྱས་ལ། གནས་དེ་ནས་བར་སྐབས་ཤིག་ལ་མཚམས་པ་འདུག་མི་མེད་པར་གྱུར། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཁོང་བཞུགས་ནས་གནས་རྒོད་དེ་བཏུལ་ནས་གཉུག་མར་གནས་པ་ལྷ་འདྲེ་རྣམས་ཀྱིས་ཆོས་སྒྲུབ་པ་པོ་རྣམས་ལ་གྲོགས་བྱེད་པ་དང༌། སེམས་ཅན་ལ་གནོད་འཚེ་མི་བྱེད་པར་དམ་ལ་གནས་པར་བྱས། མཚན་མོའི་དུས་སུ་མེ་འབུད་པ་དང༌། ཧབ་ཆ་རྒྱག་པ། གླུ་ལེན་པ། དགུན་གྱི་དུས་སུ་སྦྲུལ་ཆེན་པོ་མཐོང་བ་སོགས་བྱུང་ཀྱང༌། དམ་པ་འདི་ཉིད་ཕེབས་པའི་དུས་མཚམས་དེ་ནས་བཟུང་ད་བར་དུ་ས་དེ་ནས་མི་སུ་ཡིན་གྲི་ཤི་ལ་སོང་བ་དང༌། གཟའ་དང་བཙན་ཕོག་པ་སོགས་ཀྱི་གཏམ་ཐོས་རྒྱུ་མེད་པར་གྱུར་བ་དང༌། གནས་དེར་དུང་འབུད་པ་དང༌། གཎྜི་རྡུང་བ། རྔ་རྡུང་པ། སྐབས་འགར་ཁ་བ་མེ་ཏོག་གི་དབྱིབས་ཅན་འདབ་མ་དྲུག་ལྡན་དང༌། འཁོར་ལོ་རྩིབས་དྲུག་པའི་དབྱིབས་ཅན་བབས་པ་སློབ་མ་རྣམས་ཀྱིས་མཐོང་གསལ་ལྟར་ལགས། གཞན་ཡང་གནས་དེར་རི་དྭགས་ཤྭ་ཤེའུ་སོགས་ཀྱིས་རྩེ་བྲོ་བྱེད་པ་སོགས་ཡ་མཚན་པའི་རྣམ་འགྱུར་མང་པོ་སྟོན་པ་དང༌། གླ་བ་རྨས་མ་ཞིག་གིས་ལྕགས་རྙི་དྲུད་ནས་དམ་པ་འདི་ཉིད་ཀྱི་དྲུང་དུ་འོང་ནས་ཕྱག་འོག་ནས་འོ་མ་འཐུང་བ་དང༌། ཡང་གནས་དེར་བྱེའུ་ཞིག་གིས་དྲ་མའི་ཐད་དུ་འོང་ནས་སྐྱིད་ད་སྐྱིད་ད་ཟེར་བ་དང༌། བྱེའུ་གཞན་པས་ཇོ་བོ་རྗེ་ཇོ་བོ་རྗེ་ཟེར་བ་དང༌། བྱ་དང་རི་དྭགས་སོགས་ཀྱིས་སྐད་རིགས་སྣ་ཚོགས་བསྒྲགས་པ་སོགས་ཡ་མཚན་པའི་གནས་སུ་མཆིས་སོ། །དམ་པ་འདི་ཉིད་ཧ་ད་ལ་ཐོག་དང་པོ་ཕེབས་ནས་བཞུགས་སྐབས་མཚོ་ལྷོ་ཁུལ་གྱི་རྫོང་དཔོན་ཞིག་གིས་ཁ་ད་ལུང་བའི་ནང་ན་ཆོས་ལུགས་པ་ཞིག་ཡོད་ཟེར་བའི་བདེན་རྫུན་ལྟ་རུ་སོང་ཚེ་ཧ་ད་ནང་ལ་འགྲོ་ལམ་ཡོད་མེད་མི་ཞིག་ལ་དྲིས་པས་ལམ་ཡོད་ཟེར་བ་ལྟར་སོང་ནས་ལྟས་ཚེ་ལུང་བའི་ཁ་བྲག་གིས་བཅད་ཡོད་པ་མཐོང་ནས་འགྲོ་ས་མ་རྙེད་ནས་ཕྱིར་ལོག དེ་ཡང་དམ་པ་འདི་ཉིད་ཀྱི་ནུས་མཐུ་ཡིན་ནོ། །བློ་བཟང་འཕྲིན་ལས་རྒྱ་མཚོས་མཚོ་སྔོན་ཀིརྟི་དགོན་དཀར་ལྷ་དགོན་བཏབ་པ་ནས་ད་ལྟའི་བར་དུ་དགོན་སྡེ་འདི་ལ་ཆོས་དང་ཟང་ཟིང་སོགས་བྱ་བ་གང་གི་སྒོ་ནས་ཀྱང་དྲིན་གྱིས་བསྐྱངས་པས་བཀའ་དྲིན་ལ་འཁོར་བ་མེད། དམ་པ་འདི་ཉིད་དགུང་གྲངས་ང་བཞི་བ་རབ་རྒྱལ་ལྕགས་སྤྲེལ་༡༩༨༠ ལོར་ཁོང་གི་སྐུ་མཆེད་ཡོན་ཏན་རྒྱ་མཚོའམ་འདྲེན་མཆོག་མཚོ་སྔོན་པོ་ཕྱོགས་སུ་ཕེབས་པས། ཁོང་ཉིད་དང་འཕྲད་པས་དགའ་སྤྲོ་ཚད་ལས་འདས་པ་སྐྱེ། དེ་ནས་ཁོང་གིས་སྐུ་གཡོག་ཞབས་ཕྱི་བསྒྲུབས་ཏེ་ཁོང་དང་མཉམ་དུ་སྒྲུབ་པ་ཉམས་ལེན་ལ་བརྩོན་པར་མཛད། ཁོང་དགོན་པར་ཕེབས་ནས་དབང་གནང་བའི་སྐབས་སུ། དབང་སྒྲུབ་གྲོགས་དང༌། བསྙེན་རྫོགས་སོགས་སྒྲུབ་པའི་སྐབས་རྣམས་སུ་གསང་སྟོན་མཛད་པ་དང༌། སྐབས་འགར་ཆོས་སྐྱོང་གི་བསྐང་གསོལ་གསུངས་པ་སོགས་དགོན་པར་ཐུགས་བསམ་ཤིན་ཏུ་དཀར་བས་བཀའ་དྲིན་ཤིན་ཏུ་ཆེ། དགོན་འདི་ཐོག་མར་འདེབས་པའི་སྐབས་སུ། དམ་པ་འདི་ཉིད་ཀྱིས་ཆོས་སྡེ་འདིའི་མཚན་ལ་བཤད་སྒྲུབ་བཀྲ་ཤིས་གླིང་ཞེས་གསོལ། དེ་ནས་བཟུང་གྲྭ་བ་རྣམས་ལ་རབ་བྱུང་དང༌། དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་རྗེ་བཙུན་དམ་པ་ཉིད་ཀྱིས་གནང་ཞིང༌། རབ་བྱུང་དང་བསྙེན་རྫོགས་ཀྱི་མཁན་པོ་དམ་པ་གང་གིས་མཛད་ཅིང༌། ཁོང་དང་ཁོང་གི་སྐུ་མཆེད་དགེ་སློང་འདྲེན་མཆོག་གམ་ཡོན་ཏན་རྒྱ་མཚོ་དང༌། རྔ་བ་ཀིརྟིའི་དགེ་རྒན་ལྷ་རམས་པ་ཚུལ་ཁྲིམས་རྣམ་གསུམ་གྱིས་ཆོས་འདུལ་བའི་གཞི་གསུམ་གྱི་ཕྱག་ལེན་ཇི་ལྟ་བ་བཞིན་ལེགས་པར་བཙུགས། ས་དེའི་སེར་སྐྱ་མཆོག་དམན་མཐའ་དག་ལ་སེམས་བསྐྱེད་པ་དང༌། འཕགས་པ་ཐུགས་རྗེ་ཆེན་པོའི་དབང་དང༌། སྒྲོལ་མའི་དབང༌། ཀླུ་གདོན་གྱི་གནོད་པ་ཞི་བའི་ཆེད་དུ་ཚེ་དབང་ལན་བཞི་གནང་བ་དང༌། དགོན་པའི་གྲྭ་མང་ལ་རྒྱལ་པོ་སྐུ་ལྔའི་ཆོ་ག་རྡོ་རྗེ་སྒྲ་དབྱངས་དང༌། ཀུན་ཕན་སྤྲིན་གྱི་སྒྲ་དབྱངས་ཀྱི་རྗེས་གནང་བསྩལ་བ་དང༌། སེར་སྐྱ་ཁྲི་འབུམ་མང་པོར་བླ་མཆོད་དང༌། གཅོད་སྟན་ཐོག་གཅིག་མ་དང༌། བཟང་སྤྱོད་སྨོན་ལམ། མདོ་གདུགས་སྒྲོལ་གསུམ་དང་མ་ཎི། དམིགས་བརྩེ་མ་སོགས་གང་ལ་གང་འདོད་ཀྱི་ཆོས་ཀྱི་དབང་ལུང་གནང་བས་མ་རིག་པའི་སྨག་ཏུ་སྡུག་བསྔལ་གྱི་ཉམ་ཐག་པའི་མཚོ་སྔོན་པོ་གཡས་རུ་གཡོན་རུ་སོགས་ས་ཆ་གཞན་དང་གཞན་གྱི་དད་ལྡན་མང་ཚོགས་ཁྲི་འབུམ་མང་པོ་སྨིན་ཅིང་གྲོལ་བར་མཛད་པ་དང༌། མཐོ་རིས་དང༌། ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྣ་ཟིན་པར་བྱས། དམ་པ་འདི་ཉིད་ཀྱིས་འཁྱམས་རི་དགོན་པ་དང༌། ཇོ་སྐོར་དགོན་པ་སོགས་དགོན་པ་གཞན་རྣམས་ཀྱི་གྲྭ་བ་མང་པོའི་རབ་བྱུང་དང༌། དགེ་ཚུལ་དང༌། བསྙེན་རྫོགས་ཀྱི་མཁན་པོ་དང་སློབ་དཔོན་མཛད་དེ་ངུར་སྨྲིག་གི་རྒྱལ་མཚན་གསོལ་བར་མཛད། ཁྱིམ་པ་ཕོ་མོ་སྟོང་ཕྲག་དུ་མར་དགེ་བསྙེན་གྱི་སྡོམ་པ་གནང་བ་དང༌། མི་ཁྲི་ཕྲག་མང་པོར་བསྙེན་གནས་ཀྱི་སྡོམ་པ་གནང༌། མཚོ་སྔོན་པོའི་ཉེ་འགྲམ་གྱི་སེར་སྐྱ་ཕལ་ཆེ་བ་རྗེ་བཙུན་དཔལ་ལྡན་བླ་མ་འདི་ཉིད་ཀྱི་སློབ་མར་གྱུར་པས་སྙན་གྲགས་ཀྱི་བ་དན་དཀར་པོ་སྲིད་གསུམ་མཁའ་རུ་འཕྱར་ཞིང༌། ཟབ་རྒྱས་ཀྱི་འཕྲིན་ལས་ཕྱོགས་བཅུར་རྒྱས་པས་བསྟན་འགྲོའི་དཔུང་གཉེན་དུ་གྱུར། ལོ་ནས་ལོར་མཐུད་ཅིང་བསྙེན་སྒྲུབ་མཚམས་སུ་བཞུགས་པས་ཁོམ་ལོང་མེད་ན་ཡང༌། ཀིརྟི་དགོན་དཀར་ལྷ་དགོན་པ་འདིའི་གྲྭ་བ་རྣམས་ལ་སྐྱབས་འགྲོའི་ཁྲིད་རྒྱས་པ་དང༌། པཎ་ཆེན་བདེ་ལམ་དང༌། བླ་མཆོད་ཀྱི་ཁྲིད་དང༌། བློ་སྦྱོང་ཚིག་བརྒྱད་མ་སོགས་བློ་སྦྱོང་སྐོར་དང༌། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་དང༌། སྤྱོད་འཇུག་དར་ཊཱིཀ་དང༌། རྒྱལ་མཁན་པོའི་ཊཱི་ཀའི་སྟེང་ནས་རྒྱས་ཁྲིད་དང༌། རྒྱལ་སྲས་ལག་ལེན་རྩ་འགྲེལ་སོགས་བཤད་ཁྲིད་གནང༌། ཆོས་སྐྱོང་གི་སྲོག་གཏད་མཛད་པ་དང༌། རྒྱལ་བའི་སྐུ་གསུང་ཐུགས་ཀྱི་རྟེན་གསུམ་རྣམས་ལ་རབ་གནས་ལེགས་པར་བྱས་ནས་བྱིན་རླབས་ཀྱི་གཟི་འོད་དང་ལྡན་པར་གྱུར། དགོན་པའི་བཤད་སྒྲུབ་སོགས་ཆོས་སྲིད་ཀྱི་བྱ་བ་གལ་ཆེན་རྣམས་དམ་པ་གང་གིས་ལུང་བསྟན་གནང་བ་ལྟར་སྒྲུབ་པའོ། །གནས་ལ་ཆགས་ཞེན་སྤང་ཕྱིར་རྒྱུན་དུ་གནས་བཅས་ནས་ཟླ་བ་འགའ་རེ་དང༌། མང་ན་ཡང་ལོ་གཉིས་ལས་མང་བཞུགས་མ་མྱོང་མོད། དམ་པ་འདི་ཉིད་མཚོ་སྔོན་པོར་ཕེབས་ནས་ལོ་དྲུག་ཙམ་བཞུགས་པས་ད་ནི་གནས་གཞན་ལ་སྤོར་དགོས་སྙམ་ནས་ཡུལ་གཞན་བསྙེག་པའི་སྟ་གོན་བྱས་པ་ལ། དད་ལྡན་སེར་སྐྱའི་སློབ་མ་དང༌། མང་ཚོགས་མང་པོ་དང༌། ཐ་ན་བྱིས་པ་ལོ་ལྔ་དྲུག་ཡན་ཆད་ཀྱིས་ཁོང་གཞན་དུ་ཕེབས་རྒྱུའི་གཏམ་ཐོས་པའི་མོད་ལ། ད་ནི་ཅི་བྱ་སྙམ་ནས་སྨྲེ་སྔགས་འདོན་པ་དང༌། གནས་འདིར་ཉི་ཟླའི་འོད་ནུབ་པ་འདྲ་བས་སྡུག་བསྔལ་དྲག་པོས་ནོན། ཀུན་གྱིས་དམ་པ་ཁྱེད་བཞུགས་ནས་ས་འདིའི་སྐྱེ་འགྲོ་རྣམས་རྗེས་སུ་འཛིན་དགོས་པའི་བཤོལ་བཏབ་ནས་བཀག་པ་དང༌། མང་ཚོགས་ཀྱིས་གོང་ཧོ་རྫོང་སྲིད་གཞུང་ལ་ཁོང་བཞུགས་དགོས་པའི་རེ་བ་ཞུས། རྫོང་དཔོན་ལྷ་མཁར་བྱམས་ཟེར་བའི་གོང་ཧོ་རྫོང་གི་མང་ཚོགས་འབུམ་ཕྲག་ལྷག་གི་ཚབ་བྱས་ཏེ། ཁོང་ལ་བཞུགས་དགོས་པའི་ཞུ་བ་ནན་ཏན་ཕུལ་བ་ལ། དམ་པ་འདི་ཉིད་ཀྱིས་གནས་གཅིག་ཏུ་བཞུགས་ན་དགེ་སྦྱོར་ལ་མི་ཕན་པས་རྒྱུ་མཚན་ལ། རྗེ་རེད་མདའ་བའི་གསུང་ལས། གང་དུ་གནས་ན་སྣང་ཤེས་འཕེལ་འགྱུར་ཞིང༌། །རང་རྒྱུད་རྙེད་བསྐུར་ཞགས་པའི་འཆིང་བྱེད་ལ། །གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་གདུང་བའི། །ཡུལ་དེར་སྐད་ཅིག་ཙམ་ཡང་མི་གནས་སོ། །ཞེས་གསུངས་པ་དང༌། མཁས་བཙུན་གཞོན་ནུ་གྲུབ་ཀྱིས། གནས་གཅིག་ཡུན་རིང་ཆགས་སྡང་སྐྱེ་བའི་རྒྱུ། །འདྲེས་བྱས་མང་ན་ཕྱོགས་རིས་ཞེན་པ་འཕེལ། །གསོག་རུམ་མང་པོས་ལུས་ངག་དགེ་སྦྱོར་གཅོག །རྒྱུས་མེད་ཡུལ་དུ་འཁྱམ་ན་མི་འཐད་དམ། །ཞེས་གསུངས་པ་སོགས་ལུང་དུ་མས་སྒོ་ནས་ཞུ་བ་བཟློག་ཐབས་བྱས་ཀྱང༌། སེར་སྐྱ་རྣམས་ཀྱིས་བྱང་ཆུབ་སེམས་དཔའ་ཐམས་ཅད་བསྟན་འགྲོའི་དོན་དུ་བྱོན་པ་ཡིན་པས་གནས་འདིའི་སེམས་ཅན་ལ་སྙིང་རྗེ་དགོངས་ནས་ཅིས་ཀྱང་བཞུགས་པར་མཁྱེན་མཁྱེན་ཞུས་ནས། དམ་པ་ཁྱེད་ལ་དོན་ཅི་ཞིག་སྒྲུབ་དགོས་ཀྱང་ང་ཚོའི་སྒྲུབ་ངེས་ཡིན་ཞེས་ནན་གྱིས་བཀག་པ་དང༌། ཁོང་གིས་མ་གྱུར་སེམས་ཅན་ཐམས་ཅད་ལ་སྙིང་རེ་རྗེ༌། ང་ཡི་ཚེ་སྲོག་བློས་བཏང་ནས་སྒྲུབ་པ་བྱེད་པའི་དམ་བཅའ་ནི་འཁོར་བའི་འདམ་ལ་བྱིང་བའི་སེམས་ཅན་ཐམས་ཅད་སྐྱོབ་རྒྱུ་དེ་ཡིན། ཞེས་གསུངས་ནས་བསྟན་འགྲོའི་དོན་དུ་བཞུགས་ཞེས་ཞལ་གྱིས་བཞེས། དམ་པ་འདི་ཉིད་ཀྱི་སྐྱ་སེར་ཐམས་ཅད་དགེ་བར་བསྐུལ་ནས་ཡུལ་དེའི་གཉེན་སྒྲིག་བྱེད་པ་དང༌། བྱིས་པའི་བཙས་སྟོན་རྣམས་ལ་ནོར་ལུག་མང་པོ་བཤས་ནས་དམར་སྟོན་བྱེད་པའི་སྲོལ་དེ་མེད་པར་བྱས་ཏེ། ཀ་ར་སིལ་ཏོག་སོགས་དཀར་སྟོན་དུ་བསྒྱུར། མི་དགེ་བ་བཅུའི་ལས་ལ་ཞེན་པའི་མི་རྣམས་ལ་ཆང་དང་དུ་བ། འཕྲོག་རྐུ་སོགས་མི་དགེ་བའི་ལས་སྤང་དུ་བཅུག་ནས་དགེ་བ་བཅུ་ལ་གནས་པར་བྱས། སྲིད་འབྱོར་ཐམས་ཅད་ཆུ་ཤིང་ལྟར་གཟིགས་ཏེ་རྒྱུ་འབྱོར་གང་ཕུལ་ཀྱང་མི་ལེན་པར་ཆོས་སྡེ་སོ་སོ་ལ་ཕུལ་བའོ། །གནས་གང་དུ་ཕེབས་ཀྱང་དཔེ་ཆ་སོགས་ཡོ་བྱད་རྒྱབ་གང་བོ་ལས་མེད། དབང་ལུང་གསུང་ཐེངས་རེར་ཁོང་ལ་འབུལ་ནོར་སྒོར་ཁྲི་ཕྲག་དང༌། ཇ་མར་གོས། ཕྲུག་ཅི་མང་འདུས་པ་གཅིག་ཀྱང་མ་ལུས་པར་ཉེ་ལོགས་འགྲམ་གྱི་དགོན་སྡེ་རྣམས་ཀྱི་རྟེན་བཞེངས་ཀྱི་ཆ་རྐྱེན་དུ་ཕུལ། ཀིརྟི་དགོན་དཀར་ལྷ་དགོན་པ་ལ་གནས་བརྟན་བཅུ་དྲུག་བཞེངས་བྱེད་དང༌། མ་ཎི་དུང་འཁོར་གྱི་ཆ་རྐྱེན་དུ་ཕུལ་བ་སོགས་སྔ་ཕྱིར་སྒོར་ཁྲི་ཕྲག་དུ་མ་ཕུལ་ནས་དགོན་སྡེ་འདི་ཉིད་ཟང་ཟིང་གིས་བསྐྱངས། ཅོས་སྐོར་དགོན་པ་དང༌། འཁྱམས་རུ་དགོན་པ་སོགས་ལའང་འབུལ་ནོར་གང་བྱུང་ཐམས་ཅད་རྟེན་བཞེངས་ཀྱི་ཆ་རྐྱེན་དུ་ཕུལ། དམ་པ་འདི་ཉིད་མཚམས་ཁང་དུ་ཕྱིར་ཕེབས་དུས་བཞེས་བ་བྲོ་ཁུག་མ་གང་ལས་ཁྱེར་རྒྱུ་མེད་ལ། གཞན་ཡང་ལོ་རེར་གྲོང་བའི་ནང་གི་དབུལ་ཕོངས་ཅན་དང༌། དཀའ་ཁག་ཅན་གང་ཡིན་རྩར་བཅད་ནས་སྒོར་མོ་དང་ཕྱེ་རྩམ་སོགས་འགྱེད་དེ། དེ་ཚོའི་དབུལ་ཕོངས་ཀྱི་སྡུག་བསྔལ་བསལ་ནས་དགེ་བར་བསྐུལ། དད་འབུལ་གྱི་དངོས་རྫས་སྒོར་ཅུང་ཙམ་ཡང་ཆུད་ཟོས་སུ་བཏང་བ་མེད་པར་བྱས་སོ། ། རྗེ་བཙུན་བླ་མ་དམ་པ་འདི་ཉིད་དབུས་གཙང་ཆོས་ཀྱི་ཞིང་ཁམས་སུ་ལན་དུ་མར་ཆིབས་བསྒྱུར་མཛད། ལྷ་སའི་ཇོ་བོ་རིན་པོ་ཆེ་ཤཱཀྱ་མུ་ནེ་ལ་གསེར་ཆབ་སྔ་ཕྱི་དུ་མར་ཕུལ། སེར་འབྲས་དགེ་གསུམ་དང༌། པོ་ཏ་ལ་དང༌། ནོར་བུ་གླིང་ག་དང༌། བསམ་ཡས་དང༌། བསམ་ཡས་མཆིམས་ཕུ་དང༌། ཁྲ་འབྲུག་སྒྲོལ་མ་སོགས་དང༌། བཀྲ་ཤིས་ལྷུན་པོ་དང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་མཆོད་རྟེན་དང༌། ས་སྐྱ་སོགས་ལ་མཆོད་མཇལ་བྱས་ནས་བསྟན་པ་དང་འགྲོ་བའི་དོན་དུ་ཐུགས་སྨོན་རྒྱ་ཆེར་མཛད། རྒྱ་ནག་གི་གནས་ཆེན་རི་བོ་རྩེ་ལྔ་སོགས་སུ་ཕེབས་ནས་བསྟན་འགྲོའི་དོན་བླ་ན་མེད་པ་མཛད། ཡང་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་འདི་འདོད་ཆུང་ཆོག་ཤེས་ལ་གནས་ཤིང༌། དམ་པ་འདི་ཉིད་དགུང་གྲངས་ང་བརྒྱད་པ། སྤྱི་ལོ་༡༩༨༤ལོ། རབ་རྒྱལ་ཤིང་བྱི་ལོའི་རྗེ་བཙུན་དམ་པ་འདི་ཉིད་མཚོ་སྙིང་ལ་ཕེབས་ནས་བསང་གསོལ་མང་བོ་བྱས། དེ་རྗེས་མཚོ་གཏེར་འབུལ་སྐབས་མཚོ་དར་ཕྱེས་ནས་མཚོ་གཏེར་ཕུལ། ཕྱིར་ཉིན་ཁོང་ཕྱིར་ཕེབས་དུས་མཚོ་དར་གློ་བུར་ཁ་ཟུམ་ནས་སེར་ཁ་གཅིག་ཀྱང་མེད་པ་ཞབས་ཕྱི་བ་དབང་དྲག རྡི་ཁོ། སོགས་ཀྱིས་མཐོང་ནས་ཡ་མཚན་པར་གྱུར། དམ་པ་འདི་ཉིད་དགུང་གྲངས་ང་བརྒྱད་པ། སྤྱི་ལོ་༡༩༨༤ལོ། རབ་རྒྱལ་ཤིང་བྱི་ལོར་རྗེ་བཙུན་དམ་པ་འདི་ཉིད་རྩ་བའི་གདན་ས་ལུང་སྐྱ་དགོན་མི་འགྱུར་བདེ་ཆེན་གླིང་དུ་བྱོན་ནས་བློ་སྦྱོང་དང་མི་འཁྲུགས་པའི་དབང་དང༌། གྲྭ་བ་བརྒྱ་ལྷག་ལ་བསྙེན་རྫོགས་ཀྱི་སྡོམ་པའི་མཁན་པོ་མཛད་ནས་ཆོས་འདུལ་བའི་ཕྱག་ལེན་བཞིན་དགེ་སློང་གི་སྡོམ་པ་ཡང་དག་པར་གནང་བར་མཛད་དོ། །དམ་པ་འདི་ཉིད་དགུང་གྲངས་ང་དགུ་བ། སྤྱི་ལོ་༡༩༨༥ལོ། རབ་རྒྱལ་ཤིང་གླང་གི་ལོར་ལུང་སྐྱ་དགོན་མི་འགྱུར་བདེ་ཆེན་གླིང་དུ་བྱོན་ནས་རྒྱལ་སྲས་ལག་ལེན་སོགས་ཟབ་ཆོས་དུ་མ་གསུངས་བར་མཛད། སྐབས་སྔ་ཕྱི་གང་རུང་ལ་ཆུ་གཏོར་བརྒྱ་རྩ། བླ་མ་མཆོད་པ། བླ་མའི་རྣལ་འབྱོར་དངོས་གྲུབ་འགུགས་པའི་ལྕགས་གྱུ་མ་སོགས་ཀྱིས་ཁྲིད་ལུང་གི་ཆོས་ཆར་འཇོ་བར་བྱས་སོ། །རྗེ་བཙུན་བླ་མ་འདི་ཉིད་སྤྱི་ལོ་༡༩༨༩ ལོ་བླ་མ་གསལ་ལྡན་གྱི་མདུན་དུ་ཕེབས་ནས་རྣམ་པ་གཉིས་ཡུན་རིང་ངོ་མ་ཐུག་པ་ལ་ཞལ་མཇལ་བ་ཕན་ཚུན་ཐུགས་དགྱེས་པའི་སྒོ་ནས་ཞལ་གསུངས་གནང་སྟེ་ཉིན་བདུན་ལ་བཞུགས། དེ་དུས་སུ་བླ་མ་གསལ་ལྡན་གྱི་དབོན་རིག་པའི་རྡོ་རྗེ་སོགས་གྲྭ་བ་དུ་མ་ལ་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོའི་བཤད་ཁྲིད་ལེགས་པར་གནང་བའོ། །མཚུངས་མེད་བླ་མ་དམ་པ་གང་ཉིད་དགུང་གྲངས་རེ་བདུན་པ། སྤྱི་ལོ་༡༩༩༣ ལོ། རབ་གནས་དཔལ་གདོང་ཞེས་པ་ཆུ་བྱ་ལོར་གཙང་ཆེན་རྡོ་རྗེ་སློབ་དཔོན་ངག་དབང་ཡོན་ཏན་བཟང་པོའི་མཛད་པའི་གཞན་སྟོང་གི་དཔེ་ཆ་མཇལ་བས་ཡིད་ལ་དགའ་དད་ལྷག་པར་སྐྱེས་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བྱོན་ཏེ་བླ་མ་ཡོན་ཏན་བཟང་དང་མཇལ། ཕན་ཚུན་ཐུགས་ཡིད་དགའ་སྤྲོས་ངང་གསུང་གླེང་ཞིབ་རྒྱས་མཛད། སྐབས་དེ་དུས་སུ་གཞན་སྟོང་ཡང་གསན་ཡོད་པར་སྣང་ངོ༌། །དེ་ནས་ཆུ་བྱ་ལོར་ལྷ་དབང་ཐང་དུ་བྱོན། རྣལ་འབྱོར་གྱི་དབང་ཕྱུག་མང་དགེ་བླ་མ་སྐལ་ལྡན་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་སྦྱོར་དྲུག་དངོས་གཞིའི་ཉམས་ཁྲིད་དང༌། རིམ་གཉིས་སྨོན་ལམ་བསྩལ་བ་སོགས་ཆོས་ཀྱི་བཀའ་དྲིན་ཆེན་པོས་བསྐྱངས། དམ་པ་འདི་ཉིད་དགུང་གྲངས་དོན་གཅིག་པ། སྤྱི་ལོ་༡༩༩༧ལོ། རབ་གནས་མེ་གླང་གི་ལོར་ལུང་སྐྱ་དགོན་མི་འགྱུར་བདེ་ཆེན་གླིང་དུ་སླར་བྱོན་ནས་གཙང་སྤྲུལ་བློ་གྲོས་རྣམ་རྒྱལ་སོགས་བླ་གྲྭ་དུ་མ་ལ། དབུ་མ་ཆེན་པོ་གཞན་སྟོང་གདོང་ལྔའི་ང་རོའི་བཤད་པ་རྒྱ་ཆེར་གསུངས། ཀུན་ཀྱང་རྟག་ཆད་ཀྱི་སྤྲོས་པ་དང་བྲལ་བའི་དབུ་མའི་ལམ་བཟང་འགོད་པར་མཛད་དོ། །ཆོས་སྡེ་དེར་ཐེབས་འཇོག་ནི། ཁྲ་དགེ་སློང་གི་སྐུ་གདུང་དང༌། སྐྱབས་རྗེ་དམ་པ་མཚམས་པ་བ་སྨོན་ལམ་བཟང་པོའི་དབུ་ཞྭ་དང༌། རོལ་མོ་དང༌། ཕར་ཕྱིན་དཔེ་ཆ། བསྡུས་གྲྭའི་སྐོར་གྱི་དཔེ་ཆ། འདུལ་བའི་དཔེ་ཆའི་སྐོར། ཟླ་གམ་གྱི་མཐུན་རྐྱེན་ལ་སྒོར་ཁྲི་ལྷག་དང༌། སྐོང་བུ་བརྒྱ། མཆོད་མེ་ཁྲི་མཆོད་ཀྱི་ཐེབས་རྩ་བཞག་ལ། མཚམས་པ་བ་སྨོན་ལམ་བཟང་པོའི་དབུ་ཞྭ་བྱམས་ཆེན་གྱི་གཟུངས་འཇུག་ཏུ་བཞུགས་ཡོད། ལོ་དེར་མདོ་ལུའི་རྡོ་ཁ་དགོན་ངེས་དོན་ཆོས་འཁོར་གླིང་དུ་བྱོན། ཉིན་བཅུ་ཡས་མས་སུ་མཁྱེན་དཔྱོད་མཆོག་ཏུ་ཡངས་བ་མཁན་རྡོར་འཛིན་སོགས་སློབ་ཚོགས་དུ་མ་ལ་སྐྱབས་འགྲོའི་ཁྲིད་དང༌། རྒྱལ་སྲས་ལག་ལེན་དང༌། གངས་ཅན་མཁས་གྲུབ་ཀུན་གྱི་གཙུག་རྒྱན་རྗེ་ཏཱ་ར་ནཱ་ཐའི་རྒྱལ་བའི་བསྟན་པ་ལ་འཇུག་པའི་རིམ་པ་སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་བདུད་རྩིའི་ཉིང་ཁུ་བཤད་ཁྲིད་གནང་ནས་བཀའ་གདམས་གོང་མའི་རྣམ་ཐར་ལ་འཇུག་པར་མཛད། རྗེས་སུ་ཤར་འཛམ་ཐང་དུ་བླ་མ་གསལ་ལྡན་ཕེབས་སྐབས་བླ་མ་གསལ་ལྡན་དང་རྗེ་བཙུན་དམ་པ་འདི་གཉིས་ཞལ་མཇལ་གསུང་གླེང་མང་དུ་གནང༌། སྐྱེ་བ་དང་ཚེ་རབས་ཀུན་ཏུ་མི་འབྲལ་བའི་སྨོན་ལམ་བཏབ། དེ་དུས་སུ་མཁན་སྤྲུལ་རིག་པའི་རྡོ་རྗེས་རྗེས་ནས་སྐུ་ཉིད་རང་ཡུལ་དུ་ལན་གཅིག་ཕེབས་དགོས་ཞེས་ཞུས་ཚེ། དམ་པ་འདི་ཉིད་ཀྱི་ཞལ་ནས། ད་ཕྱིན་ཆད་ང་རང་ཡུལ་དུ་མི་འོང༌། དེའི་རྒྱུ་མཚན་ནི་བླ་མ་རྡོ་རྗེ་འཆང་གི་བཀའ་དྲིན་ལས་ཐོག་མར་རི་ཁྲོད་ཞིག་ཏུ་འགྲོ་ཐུབ་སོང༌། བར་དུ་རི་ཁྲོད་བརྒྱ་དང་ལྔ་བཅུ་ལྷག་ལ་སྒྲུབ་པ་ཉམས་ལེན་རེ་བྱེད་རྒྱུའི་སྐལ་བ་བྱུང༌། ད་ཚེ་མཇུག་འདིར་གནས་དབེན་པ་དང་གྲོང་བ་གང་ཡིན་ཀྱང་དགེ་སྦྱོར་འཕེལ་བའི་གནས་གཅིག་ཏུ་བཞུགས་ངེས་ཡིན། ཁྱེད་ལ་སྔར་བདག་གིས་ཆོས་ཁྲིད་མང་དུ་བཏབ། རྗེས་ནས་ཁྱེད་ཀྱིས་གཞུང་ལུགས་དུ་མ་ལ་གཟིགས་རྟོགས་བྱེད་པ་ནས་ཐོས་དོན་རྒྱུད་ལ་སྦྱོར་བའི་ཉམས་ལེན་རེ་ངེས་པར་བྱེད་པ་གལ་ཆེ་ཚུལ་སོགས་ཞལ་གདམས་དུ་མ་གསུངས་སོ། །དམ་པ་འདི་ཉིད་དགུང་གྲངས་དོན་གཅིག་པ། སྤྱི་ལོ་༡༩༩༧ལོ། རབ་གནས་མེ་གླང་གི་ལོའི་ཧོར་ཟླ་དྲུག་པ་ལ། མདོ་སྨད་ཀྱི་གནས་རྣམས་ལས་དབུས་ན་ཉི་ཟླ་ལྟར་ཁྱད་པར་དུ་འཕགས་པའི་གནས་མཆོག་རྨ་ཆེན་མཚམས་ལུང་དུ་བཞུགས་ནས་སྒྲུབ་པ་ཉམས་ལེན་ལ་གཞོལ་བར་མཛད་དོ། །སྐབས་དེར་རྨ་ཆེན་མཚམས་ལུང་དུ་དམ་པ་འདི་ཉིད་ཀྱི་གཟིགས་སྣང་ལ་ཤེལ་གྱི་མཆོད་རྟེན་ཆེ་ཆུང་གསུམ་ཡོད་པར་གཟིགས་པས་ཉེ་གནས་སོགས་ལ་འདི་ན་མཆོད་རྟེན་གསུམ་ཡོད་གཏེར་བདག་གཉན་པོ་གཡུ་རྩེ་རེད་ཅེས་གསུངས། གནས་དེར་སྒྲུབ་པ་མཛད་པའི་སྐབས་སུ་དམ་པ་འདི་ཉིད་ཀྱི་གཟིམ་མའི་སྟེང་ན་དངོས་གྲུབ་མཉེས་པའི་རིལ་བུ་ཡུང་འབྲུ་ཆུང་ངུ་དུ་མ་བབས་པ་ཁོང་གི་སྐུའི་ཚ་བོ་སོགས་ཀྱིས་མངོན་སུམ་དུ་གྲུབ་པའོ། །དམ་པ་འདི་ཉིད་དགུང་གྲངས་དོན་གསུམ་པའི་བར་ལོ་གཉིས་ལྷག་ལ་གནས་དེར་བཞུགས་པའོ། །སྤྱིར་འཛམ་ཐང་ལ་ཐེངས་དུ་མར་ཞབས་ཀྱིས་བཅག སྐབས་དེ་དག་ཏུ་རྗེ་བླ་མ་ངག་དབང་ཡོན་ཏན་བཟང་པོའི་ཞལ་སྔ་ནས། དུས་འཁོར་སྡོམ་ཆེན་དང༌། ཕུར་བའི་དབང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་སོགས་ལེགས་པར་ཞུས། བླ་མ་ཚོགས་གཉིས་སོགས་ཀྱིས་ཞུས་པའི་ངོར་གཙང་ཆེན་བླ་མའི་མགོན་ཁང་ནས། འཛམ་ཐང་གཙང་བ་དགོན་གྱི་བླ་གྲྭ་ཡོངས་ལ་བཀའ་བབ་དྲུག་ལྡན་བླ་ཆེན་ཡེ་ཤེས་རྒྱ་མཚོའི་ཟིན་བྲིས་ཀྱི་ཁྲིད་ལུང་དང༌། རྗེ་ཏཱ་ར་ནཱ་ཐས་མཛད་པའི་མཐོང་དོན་གྱི་ཁྲིད་ལུང་དང་བཅས་གསུངས། སྐབས་དེ་དུས་ཀྱི་ཞལ་གདམས་ཉུང་བསྡུས་གསུངས་བ་ནི། སྐྱབས་འགྲོ་བསྒོམ་པའི་སྐབས་སུ་དྲིན་ཅན་ཕ་མ་སོགས་མཁའ་ཁྱབ་ཀྱི་འགྲོ་བ་རྣམས་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་སྐྱབས་གནས་བླ་མ་དཀོན་མཆོག་གསུམ་རྒྱུན་དུ་བརྟེན་ནས་ཡིད་ཆེས་ཀྱི་དད་པ་འབྲལ་མེད་དུ་བྱེད་དགོས། སེམས་བསྐྱེད་བསྒོམ་པའི་དུས་སུ་དྲིན་ཅན་ཕ་མ་རྣམས་ལ་སྡུག་བསྔལ་ཕྲ་རགས་ལས་བྲལ་བ་བདག་གིས་བྱའོ་སྙམ་པའི་གཞན་དོན་ཁུར་དུ་འཁྱེར་བའི་སྙིང་རྗེ་ཆེན་པོ་དང༌། དེ་དག་ལ་བླ་མེད་བྱང་ཆུབ་ཐོབ་པར་འདོད་པ་རྟག་ཏུ་གལ་ཆེ་བ་དང༌། བཤགས་པའི་སྐབས་རྣམས་སུ་གཉེན་པོ་སྟོབས་བཞི་ཚང་བའི་བཤགས་སྡོམ་གལ་ཆེ། དེ་ཡང་སྔར་བྱས་ཀྱི་སྡིག་ལྟུང་ལ་དུག་ཁོང་དུ་སོང་བ་ལྟ་བུའི་འགྱོད་པ་དང༌། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་དང༌། རང་རྒྱུད་ཀྱི་སྐྱབས་འགྲོ་སོགས་དང༌། རྡོར་སེམས་སོགས་རྟེན་གྱི་སྟོབས་དང༌། སྡིག་པ་མི་དགེ་བའི་ལས་དེ་དང་དེའི་གཉེན་པོ་ཆེད་དུ་བསྒོམ་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཏེ་དེ་བཞིའི་སྒོ་ནས་བཤགས་པ་ལ་འབད་དགོས། མཎྜལ་སོགས་མཆོད་པའི་སྐབས་སུ་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ལ་འབད་དགོས། བླ་མའི་རྣལ་འབྱོར་གྱི་སྐབས་སུ་བླ་མ་སངས་རྒྱས་དངོས་མཐོང་དང་མོས་གུས་ཚད་མེད་པ་དང༌། བླ་མའི་བཀའ་ཚུལ་བཞིན་དུ་སྒྲུབ་པ་ནི་མདོ་སྔགས་གང་གི་སྐབས་སུ་གལ་ཆེ། བསྐྱེད་རིམ་གྱི་སྐབས་སུ་གཟུང་འཛིན་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་མེད་སྒྱུ་མ་ལྟ་བུར་ངེས་ཤེས་ཡང་ཡང་དྲན་པར་བྱས་ནས་ལྷ་སྐུ་སྣང་ལ་རང་བཞིན་མེད་པས་ཟབ་མོ་སྟོང་ཉིད་ཀྱིས་རྒྱས་བཏབ་པ་དང༌། ལྷའི་གསལ་སྣང་སྐུ་དང་ཕྱག་མཚན་སྤྱན་དཀར་ནག་སོགས་ལེགས་པར་གསལ་བའི་ཟབ་གསལ་གཉིས་མེད་ཀྱི་རྣལ་འབྱོར་ཞིག་དགོས། རྫོགས་རིམ་སྔོན་འགྲོའི་སྐབས་ལུས་གནད་སོགས་ལེགས་པར་བྱས་ནས་བླ་མའི་མན་ངག་ལྟར་བསྒོམ་དགོས་པ་དང༌། དངོས་གཞིའི་སྐབས་སུ་གཟུང་འཛིན་སོགས་སྤྲོས་པ་ཐམས་ཅད་བྲལ་བའི་གཉིས་མེད་ཀྱི་ཡེ་ཤེས་རྟོག་མེད་སྤྲོས་བྲལ་དུ་མཉམ་པར་བཞག་དགོས་པ་དང༌། རྗེས་བསྔོ་བའི་སྐབས་སུ་དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཞེས་སོགས་གསུངས་པ་ལྟར་དུས་གསུམ་གྱི་སངས་རྒྱས་རྣམས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཀུན་མ་རྒན་འགྲོ་བ་ཀུན་གྱི་དོན་དུ་བླ་མེད་རྫོགས་བྱང་ཐོབ་པའི་ཆེད་དུ་བསྔོ་བ་དང༌། ཡང་ན་འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང༌། ཞེས་སོགས་གསུངས་པ་ལྟར་བྱང་ཆུབ་སེམས་དཔའ་འཇམ་དཔལ་སོགས་ཀྱིས་ཇི་ལྟར་བསྔོས་པ་ལྟར་བདག་གིས་ཀྱང་དེ་ལྟར་བསྔོ་བར་བྱ་དགོས་པར་གསུངས་སོ། །ཡང་འགའ་རེ་ལ་དུས་འཁོར་ལྷན་སྐྱེས་ཀྱི་ཁྲིད་གནང༌། རྗེ་ངག་དབང་ཡོན་ཏན་བཟང་པོ་སོགས་ལ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྤྱི་དོན་རྡོ་རྗེ་བདུད་རྩིའི་ཆུ་གཏེར་གྱི་ཟབ་ཁྲིད་དང༌། བློ་སྦྱོང་ཚིགས་བརྒྱད་མ་དང༌། ཇོ་བོ་རྗེ་དང་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་གཉིས་ཀྱི་རྣམ་ཐར་གནང༌། གཞལ་ཡས་ཁང་གི་ནང་ནས་དཔོན་སློབ་བརྒྱ་ལྷག་ལ་སྔོན་འགྲོའི་ལུང་དང་རྒྱལ་སྲས་ལག་ལེན་ས་བཅད་དང་བཅས་པའི་ཁྲིད་ལུང་གནང༌། ངག་དབང་རྣམ་རྒྱལ་གྱི་ཁང་བའི་ནང་ནས་མཁན་འོད་རབ་གཙོས་བླ་སྤྲུལ་བཅུ་ཕྲག་ལྷག་ལ་ལམ་རིམ་དང་རྗེ་མི་ལས་རྣམ་ཐར་མདོར་བསྡུས་ཉིན་གསུམ་ལ་གསུངས། རྐ་མདའི་སྨན་ཁང་དུ་བཞུགས་སྐབས་བློ་སྦྱོང་དང༌། སྤྱི་དོན་མཐོང་དོན་སོགས་ཀྱི་ཁྲིད་དང༌། དགེ་སློང་གི་སྡོམ་རྒྱུན་གནང༌། མགོན་ཁང་དུ་ངེས་དོན་བསྟན་པའི་རྩ་ལག་སྤྲུལ་འཇིགས་མེད་རྡོ་རྗེ་དང༌། ཐུན་པ་བ་ཆོས་ཚན་གསུམ་དཔེ་ཆ་བ་སོགས་ལ་སེམས་ཁྲིད་དང་ལྷན་སྐྱེས་ཀྱི་ཁྲིད་དང༌། མཚམས་པ་བ་སྨོན་ལམ་བཟང་པོའི་རྣམ་ཐར་གསུངས། མཚམས་ཐར་གི་ཁང་བའི་ནང་ནས་སྟོང་ཆེན་དང༌། ཤེས་རབ་རྒྱ་མཚོ་སོགས་ལ་བློ་སྦྱོང་ཚིག་བརྒྱད་མ་དང༌། ཇོ་བོ་རྗེའི་རྣམ་ཐར་གསུངས་པ་སོགས་བཀའ་ཆོས་མང་དུ་བསྩལ། སྐབས་དེ་དུས་སུ་གསུངས་བའི་བླ་མ་ཡོན་ཏན་བཟང་པོའི་ཞབས་བརྟན་གསོལ་འདེབས་འདི་ལྟ་སྟཻ། རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མའི་གར། །ངུར་སྨྲིག་ཚུལ་འཆང་གསུམ་ལྡན་རྡོ་རྗེ་འཛིན། །མཚུངས་མེད་སྤྲུལ་བའི་སྐུ་ལ་གསོལ་བ་འདེབས། །བདག་ཅག་རྣམས་ཀྱི་བློ་སྣ་ཆོས་ལ་བསྒྱུར། །བསྟན་དང་འགྲོ་བའི་དོན་དུ་བསྐལ་བརྒྱའི་བར། །མི་གཡོ་ཞབས་པད་བརྟན་པར་མཛད་དུ་གསོལ། །སྐྱབས་གཅིག་ཏཱ་རེས་རྗེས་བཟུང་འགྲོ་བའི་མགོན། །མཚུངས་མེད་གུ་ཎའི་མཚན་ཅན་ཁྱེད་ཉིད་ལ། །གསོལ་བ་སྙིང་ནས་འདེབས་སོ་བྱིན་གྱིས་རློབས། །བདག་ཅག་མགོན་མེད་ཉམ་ཐག་སློབ་འབངས་རྣམས། །ཐུགས་རྗེས་མ་དོར་བསྐལ་བརྒྱར་ཞབས་བརྟན་ཤོག །ཅེས་པ་འདི་ནི་སྟོང་ཆེན་དང་གྲགས་པ་རྡོ་རྗེ། ཤེས་རབ་རྒྱ་མཚོ། ཕུན་ཚོགས་རྒྱ་མཚོ་རྣམས་ཀྱིས་སྐུལ་ངོར་དམ་པ་འདི་ཉིད་ཀྱིས་སྦྱར་བ་དང༌། ངག་གི་དབང་ཕྱུག་འཇམ་དཔལ་གཞོན་ནུ་མཆོག །སྙིང་རྗེའི་ཡོན་ཏན་གཏེར་མཛོད་པད་དཀར་འཆང༌། །མཐུ་སྟོབས་འཕྲིན་ལས་མཛད་བཟང་རྡོ་རྗེ་འཛིན། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཁྱེད་སྐུ་མི་འཇིགས་གདོང་ལྔས་བཏེགས་པའི་ཁྲིར། །མི་གཡོ་བསྐལ་བ་རྒྱ་མཚོར་ཞབས་བརྟན་ཤོག །བདག་ཅག་དེང་ནས་ཚེ་རབས་ཐམས་ཅད་དུ། །འབྲལ་བ་མེད་པར་རྗེས་སུ་འཛིན་གྱུར་ཅིག །ཅེས་རིགས་ལྡན་གྱིས་སྐུལ་ངོར་དམ་པ་འདི་ཉིད་ཀྱིས་བླ་མ་ཡོན་ཏན་བཟང་གི་ཞབས་བརྟན་གསོལ་འདེབས་སུ་གསུངས་སོ། །ཡང་དམ་པ་གང་གི་ཕྱག་བྲིས་ཤོག་དྲིལ་ལས། རང་སྟོང་པས་ནི། ཀུན་རྫོབ་དང་དོན་དམ་པའི་ཆོས་ཐམས་ཅད་རང༷་གི་ངོ་བོས་སྟོ༷ང་ཞིང་བདེན་པར་མེད་པའི་ཕྱིར་ན་ཆོས་ཐམས་ཅད་རང་སྟོང་ཡིན་ཞེས་འདོད། གཞན་སྟོང་པས་ནི། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་བདེན་པར་མེད་པ་རང་གི་ངོ་བོས་སྟོང་བ་ཡིན་པ་དང༌། དོན་དམ་གྱི་དབྱིངས་ནི་བདེན་པར་གྲུབ་པའི་ཕྱིར་ན་རང་གི་ངོ་བོས་མི་སྟོང་ལ། འོན་ཀྱང་དེ་སྟོང་ཉིད་ཡིན་ཏེ། གཞ༷ན་གཟུང་འཛིན་སོགས་ཀུན་རྫོབ་ཀྱི་སྤྲོས་པ་ཐམས་ཅད་ཀྱིས་སྟོ༷ང་བའི་ཕྱིར་ན་དོན་དམ་ནི་གཞན་སྟོང་ཡིན་ཞེས་འདོད། ཀུན་རྫོབ་རང་སྟོང་ཡིན་པ་ལ་གཉིས་ཀ་མཐུན་ཡང༌། དོན་དམ་རང་སྟོང་དུ་བཞེད་མི་བཞེད་ཀྱི་ཁྱད་པར་ཡོད་དོ། །རང་སྟོང་བས་སྟོང་ཉིད་ནི་སྤྲོས་པ་བྲལ་བ་ཙམ་གྱི་མེད་དགག་སྟོང་རྐྱང་ཙམ་ལ་འཇོག་གོ གཞན་སྟོང་པས་སྟོང་ཉིད་ནི། སྤྲོས་པ་བྲལ་ཙམ་ལ་མི་འཇོག་པར་གཟུང་འཛིན་སོགས་ཀུན་རྫོབ་ཀྱི་སྤྲོས་པ་ཐམས་ཅད་ཀྱིས་སྟོང་བའི་སྤྲོས་བྲལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཕྲ་མོ་སྒྲིབ་བྲལ་འཕགས་པའི་སོ་སོར་རང་རིག་པའི་ཡེ་ཤེས་ལ་འཇོག་གོ །དེ་ལ་དོན་དམ་ཆོས་དབྱིངས་ནི། འགོག་བདེན་ཆེན་པོ་དང་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོགས་མཐར་ཐུག་གི་སྐུ་དང་ཡེ་ཤེས་སོགས་ཀྱི་རྣམ་པ་ཐམས་ཅད་པ་ཡིན་པ་དང༌། འཁོར་འདས་ཀུན་ལ་ཁྱབ་པ་དང༌། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་གཅིག་པའི་དབྱིངས་ཆོས་སྐུ་སྟེ། མཐར་ཐུག་ངེས་དོན་དབུ་མ་ཆེན་པོ་ནི། རྒྱལ་བའི་བཀའ་འཁོར་ལོ་གསུམ་པའི་མཐར་ཐུག་གི་དགོངས་དོན་རྒྱུད་ཐམས་ཅད་ཀྱི་གཙོ་བོ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་དང་གཉིས་སུ་མེད་པ་དེ། བྱམས་འཇམ་དབྱངས་གཉིས་དང༌། བྱང་ཤམྦྷ་ལའི་ཆོས་རྒྱལ་རྣམ་གསུམ། ཀླུ་སྒྲུབ། ཐོགས་མེད། དབྱིག་གཉེན། ཕྱོགས་གླང༌། ས་ར་ཧ། ཞི་བ་ལྷ་སོགས་རྫོགས་ལྡན་སྐབས་ཀྱི་འཕགས་ཡུལ་གྱི་པཎ་གྲུབ་རྣམས་ཀྱི་གཞུང་ལུགས་དང་མཐུན་པར་རིགས་པ་བརྒྱ་ཕྲག་གི་སྒོ་ནས་མདོ་སྔགས་གཞུང་བརྒྱའི་དགོངས་དོན་གཅིག་ཏུ་དྲིལ་ནས་གངས་ཅན་གྱི་ལྗོངས་འདིར་ཤིང་རྟའི་སྲོལ་འབྱེད་པ་པོ་ནི། རྒྱལ་བའི་ལུང་ཟིན་གྱི་སྐྱེས་མཆོག་ཆེན་པོ་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་ཇོ་ནང་པ་ཆེན་པོ་ཉིད་ཡིན་ལ། མདོ་དོན་མཐར་ཐུག་གཞན་སྟོང་དབུ་མ་དང༌། །རྒྱུད་དོན་མཐར་ཐུག་རྡོ་རྗེའི་རྣལ་འབྱོར་གྱི། །ལྟ་སྒོམ་འབྲེལ་བའི་ལམ་གྱི་གནད་བཟུང་སྟེ། །ཞེས་གསུངས་པ་ལྟར་རོ། །ཞེས་ཇོ་ནང་རང་ལུགས་ལྟར་དང༌། ཡང་ཤོག་དྲིལ་ཞིག་ལས། ཆོས་དང་གང་ཟག་ཐམས་ཅད་བདེན་མེད་ཏུ་སྒྲུབ་བྱེད་གཅིག་དུ་བྲལ་གྱི་རིགས་པའམ་གནད་བཞིའི་རིགས་པ་ནི། དང་པོ་དགག་བྱ་ངེས་པའི་གནད་ནི། དེ་ཡང་ངར་འཛིན་གྱིས་བཟུང་བའི་ང་ནི་རང་གི་ཕུང་པོ་ལྔ་དང་ལུས་སེམས་གཉིས་ལས་དོན་གཞན་དུ་མ་ཡིན་ཞིང༌། ཕུང་པོ་ལྔ་པོ་རེ་རེ་བ་དང་ལུས་སེམས་གཉིས་རེ་རེ་བའི་སྟེང་དུ་ཡང་མ་ཡིན་ཀྱང༌། ང་ཕུང་པོ་ལྔ་པོ་ཚོགས་ཙམ་པའམ་ལུས་སེམས་གཉིས་ཚོགས་ཙམ་པའི་བམ་མེ་བ་དེའི་སྟེང་དུ་རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཡེ་ནས་ཚུགས་ཐུབ་ཏུ་གྲུབ་པ་རང་ངོས་ནས་ཡོད་པ་ལྟ་བུ་ཞིག་སྣང་རྒྱུ་དེ་འགོག་རྒྱུའི་བདག་གམ་ང་ཡིན་ལ། དེ་ནི་དགག་བྱ་ངེས་པའི་གནད་དོ། །གཉིས་པ་ཁྱབ་པ་ངེས་པའི་གནད་ནི། དེ་ལྟ་བུའི་ང་དེ་ཕུང་པོ་ལྔའི་སྟེང་དུ་ཡོད་ན་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་ཡོད་དམ་ཐ་དད་དུ་ཡོད། ཡོད་ཚུལ་དེ་གཉིས་ལས་གཞན་མེད་དེ། ཆོས་གང་ཡིན་ཀྱང་ཡང་ན་གཅིག་གི་རྣམ་པར་ཡོད་དགོས་ཡང་ན་དུ་མའི་རྣམ་པར་ཡོད་དགོས་ལ། དེ་ལས་གཞན་པའི་ཡོད་ཚུལ་མེད་པས་ཕྱིར་རོ། །དེ་ནི་ཁྱབ་བ་ངེས་པའི་གནད་དོ། །གསུམ་པ་བདེན་པའི་གཅིག་དུ་བྲལ་ངེས་པའི་གནད་ནི། དེ་ལྟར་བཟུང་བའི་ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་ཡོད་དོ་སྙམ་ན་གང་ཟག་གཅིག་ལ་ཕུང་པོ་ལྔ་ཡོད་པ་བཞིན་དུ་ང་ཡང་རྒྱུད་ཐ་དད་པ་ལྔ་ཡོད་པར་འགྱུར་བ་དང༌། ཡང་ན་ང་གཅིག་ཡིན་པ་བཞིན་དུ་ཕུང་པོ་ལྔ་ཡང་ཆ་མེད་གཅིག་ཏུ་འགྱུར་པ་སོགས་ཀྱི་ཉེས་པ་དུ་མ་ཡོད་པས་ང་དེ་ཕུང་པོ་དང་བདེན་པའི་གཅིག་ཏུ་མ་གྲུབ་པོ། །དེ་ནི་གཅིག་བྲལ་ངེས་པའི་གནད་དོ། །བཞི་བ་བདེན་པའི་དུ་བྲལ་ངེས་པའི་གནད་ནི། ང་དེ་ཕུང་པོ་ལྔ་དང་གཅིག་ཏུ་མ་གྲུབ་ཀྱང༌། ཕུང་པོ་ལྔའི་སྟེང་དུ་ཐ་དད་དུ་གྲུབ་སྙམ་ན་ཕུང་པོ་ལྔ་ཡང་གཟུགས་ཀྱི་ཕུང་པོ་ལ་སོགས་པ་རེ་རེ་ནས་བསལ་བའི་ཤུལ་དུ་འདི་རྣམ་ཤེས་ཀྱི་ཕུང་པོའོ། །ཞེས་ལོགས་སུ་ངོས་འཛིན་རྒྱུ་ཡོད་པ་བཞིན་དུ། གཟུགས་ཕུང་སོགས་ཕུང་པོ་ལྔ་པོ་རེ་རེ་ནས་བསལ་བའི་ཤུལ་དུ་ང་དེ་ཡང་འདི་འོ་ཞེས་ལོགས་སུ་ཐ་དད་དུ་འཛིན་རྒྱུ་དང༌། སྟོན་རྒྱུ་ཞིག་ཡོད་དགོས་པ་ལ་དེ་ལྟར་མི་འདུག་པས་ང་དེ་ཕུང་པོ་ལྔ་དང་ཐ་དད་དུ་མ་གྲུབ་པོ། །དེ་ནི་དུ་བྲལ་ངེས་པའི་གནད་དོ། །དེ་ཡང་འདི་ལྟར་ང་ཆོས་ཅན། བདེན་པར་མེད་དེ། བདེན་པའི་གཅིག་དང་དུ་མ་གང་དུ་ཡང་མེད་པའི་ཕྱིར། ཞེས་པའོ། །ཆོས་ཀྱི་བདག་མེད་གཏན་ལ་འབེབ་པ་དེས་འགྲེས་སྦྱར་རོ། །དེ་ལྟར་ཆོས་དང་གང་ཟག་ཐམས་ཅད་བདེན་མེད་དུ་ངེས་པ་དེའི་ཚེ་ངེས་ངོར་རང་བཞིན་མེད་པར་ངེས་པའི་ངེས་ཤེས་དམ་སྤྲིང་བ་དང༌། སྣང་ངོར་བདེན་གྲུབ་བཀག་ཙམ་གྱི་མེད་དགག་སྟོང་སེང་བའི་ཁྱད་པར་གཉིས་ལྡན་དུ་བྱས་ནས་སྐྱོང་བ་ནི་མཉམ་བཞག་ནམ་མཁའ་ལྟ་བུའོ། །རིགས་པའི་རྒྱལ་པོ་རྟེན་འབྲེལ་ནི། མྱུ་གུ་ཆོས་ཅན། བདེན་པར་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་ཞེས་པའོ། །དེ་ཡང་མྱུ་གུ་རྟེན་འབྲེལ་ཡིན་ཏེ། རང་གི་རྒྱུ་ཉེར་ལེན་དང་བྱེད་རྐྱེན་སོགས་ལ་ལྟོས་ཤིང་བརྟེན་ལ། རྒྱུ་ལོག་ན་འབྲས་བུ་ཡང་ལོག་ངེས་ཀྱི་འབྲེལ་བ་གྲུབ་པའི་ཆོས་ཡིན་པའི་ཕྱིར། རྟེན་འབྲེལ་ཡིན་ན་བདེན་མེད་ཡིན་ཏེ། བདེན་གྲུབ་ནི་རྒྱུ་རྐྱེན་ལ་མ་ལྟོས་ཤིང་གང་ལའང་མ་འབྲེལ་བའི་ཚུགས་ཐུབ་ཀྱི་དངོས་པོ་འགྱུར་བ་མེད་པ་ཞིག་ཡིན་དགོས་ལ། རྟེན་འབྲེལ་གྱི་ཆོས་ཐམས་ཅད་དེ་ལྟ་བུ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ངེས་པའི་ཚེ་ངེས་ངོར་བདེན་གྲུབ་བཀག་པའི་མེད་དགག་སྟོང་སང་ངེ་བ་དང༌། སྣང་ངོར་སྒྱུ་མ་ལྟ་བུའི་མྱུ་གུ་མ་འགག་པར་འཆར་བས་ན་མཐའ་གཉིས་ཅིག་ཆར་སེལ་ལོ། །ཞེས་རང་སྟོང་བའི་ལུགས་བཞིན་ཕྱག་བྲིས་ཤོག་དྲིལ་གྱི་ཚིག་ཇི་བཞིན་བཀོད་པའོ། །འཛི་སྟོད་ཀྱི་དར་ལྔའི་རི་ཁྲོད་སྤྲོས་བྲལ་ཆོས་རྫོང་དུ་ཟླ་བ་གཉིས་ཙམ་སྒོམ་སྒྲུབ་མཛད་དེ་བཞུགས། དམ་པ་འདི་ཉིད་ཀྱི་གསུང་ཆོས་སྐབས་སུ་སེམས་ཅན་གྱི་སྡུག་བསྔལ་ཕྲ་རགས་རྣམས་དང༌། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང༌། མཆོག་གསུམ་གྱི་ཡོན་ཏན་དང༌། ཁྱད་པར་དུ་མཚམས་པ་བ་སྨོན་ལམ་བཟང་པོའི་མཚན་རེ་བརྗོད་པ་ཙམ་ཀྱིས་སྤྱན་ཆབ་བསིལ་བ་དང༌། འདོད་ཆུང་ཆོག་ཤེས། ཚེ་འདི་བློས་བཏང་ནས་བཀའ་གདམས་གོང་མའི་རྣམ་ཐར་བཞིན་སྐྱེས་བུ་དམ་པའི་རྣམ་ཐར་གྱི་མཚན་སྙན་གྲགས་པའི་བ་དན་དཀར་བོ་སྲིད་གསུམ་གྱི་མཁའ་རུ་འཕྱར་ཞིང༌། འགྲོ་བ་སེམས་ཅན་གྱི་དོན་མཛད་པ་ལ་མཐུ་སྟོབས་ཕུན་སུམ་ཚོགས་པའི་བདག་ཉིད་དོ། །དེ་ནས་སླར་ཡང༌། དཔལ་ལྡན་བླ་མ་རིན་པོ་ཆེ་དགུང་གྲངས་དོན་གསུམ་པ། སྤྱི་ལོ་༡༩༩༩ལོ། རབ་གནས་མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོའི་ཟླ་བ་བརྒྱད་པའི་ནང་ཇོ་ནང་བསྟན་པའི་གནས་གཞི་ཆེན་མོ་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བྱོན་ནས་ཇོ་ནང་གི་བསྟན་པ་ལ་ལྷག་བསམ་གྱི་གདུགས་དཀར་ས་གསུམ་ན་ཁྱབ་པའི་དཔལ་ལྡན་བླ་མ་རིན་པོ་ཆེ་ངག་དབང་ཡོན་ཏན་བཟང་པོ་མཆོག་གིས་ཐུགས་བསྐྱེད་ལས། ཀུན་མཁྱེན་ཇོ་ནང་བ་ཆེན་པོ་དོལ་བོ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་བཀའ་འབུམ་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་དང༌། སྐྱབས་རྗེ་བློ་གྲོས་གྲགས་པའི་གསུང་འབུམ་དང་གསུམ་པར་བསྐྲུན་ལེགས་པར་གྲུབ་པའི་དགའ་སྟོན་གངས་ཅན་དགེ་བའི་ཟླ་བ་ཐེངས་གཉིས་པ་ཚོགས་སྐབས་སུ་བྱོན། རབ་གནས་དགའ་སྟོན་ལ་པར་ཤིང་གི་ཆ་རྐྱེན་དུ་དམིགས་ནས་དམངས་སྒོར་ཉིས་ཁྲི་ལྷག་འབུལ་བ་བྱས་ནས་བསྟན་འགྲོའི་དོན་དུ་ཐུགས་སྨོན་རྒྱ་ཆེར་མཛད། ལྕམ་མདའ་དགོན་གྱི་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་གྱིས་ཕྱུག་པའི་མཁན་བློ་ཆོས་སོགས་ལ་བློ་སྦྱོང་ཚིགས་བརྒྱད་མ་དང༌། བློ་སྦྱོང་དོན་བདུན་མ་བཅས་གསུངས་པའོ། །དཔལ་ལྡན་བླ་མ་རིན་པོ་ཆེ་དགུང་གྲངས་དོན་གསུམ་པ། སྤྱི་ལོ་༡༩༩༩ལོ། རབ་གནས་མྱོས་ལྡན་ཞེས་པ་ས་མོ་ཡོས་ཀྱི་ལོའི་ཟླ་བ་དགུ་བའི་ནང་རྒྱ་ནག་ཁྲི་ཏུའི་རུ་ཕེབས། ཏི་ཡིན་དགོན་དུ་བཞུགས། དེ་ནས་དམ་པ་འདི་ཉིད་དགུང་གྲངས་དོན་བཞི་པ། སྤྱི་ལོ་༢༠༠༠ལོ། རབ་གནས་རྣམ་གནོན་ཞེས་པ་ལྕགས་འབྲུག་གི་ལོ་ཟླ་བ་གཉིས་པ་ལ། དམ་པ་འདི་ཉིད་སྙུང་གཞི་དྲག་པོས་ཟིན་པའི་ཚུལ་གནང༌། སྨན་ཁང་དུ་མི་འགྲོ་གསུངས་ནས་ཉིན་བཅུ་བཞི་ཙམ་ལ་མ་སོང༌། སྐུ་ཉིད་ཀྱི་ཚ་བོ་སོགས་ཀྱིས་ནན་ཞུས་བྱས་ནས་དམག་གི་སྨན་ཁང་དུ་སོང་ནས་ནད་གཞི་ལས་སངས་བའི་མཛད་ཚུལ་གནང༌། ཁྲི་ཏུའི་ནས་རྒྱལ་སྲས་ལག་ལེན་སོགས་དང༌། སྐྱབས་སྡོམ་དང༌། དགེ་བསྙེན་གྱི་སྡོམ་པ་གནང་བར་མཛད། དམ་པ་འདི་ཉིད་ཀྱི་གཟིམ་ཁྲི་སོགས་གྱི་སྟེང་དུ་རིལ་བུ་དྲི་བཟང་གིས་ཁྱབ་པ་དུ་མ་སྐབས་སྐབས་སུ་འབབ་པ་སློབ་ཚོགས་དུ་མས་མངོན་སུམ་དུ་མཐོང་བ་ལྟར་སྐབས་འདི་དུས་སུ་རིལ་བུ་དྲི་བཟང་གིས་ཁྱབ་པ་དུ་མ་བབས་སོ། །དམ་པ་འདི་ཉིད་དགུང་གྲངས་དོན་ལྔ་བ། སྤྱི་ལོ༢༠༠༡ལོ། རབ་གནས་ལྕགས་མོ་སྦྲུལ་གྱི་ལོ་ཟླ་བཅུ་གཉིས་པ་རྒྱ་ནག་དུང་པེ་ལ་ཞབས་ཀྱིས་བཅག་ནས་ཉིན་ཉི་ཤུ་ཙམ་ལ་བཞུགས། དེ་ནས་སླར་ཁྲི་ཏུའི་ལ་བྱོན་ཏེ་དགེ་སྦྱོར་རེ་བྱས་ནས་བཞུགས། དེ་ནས་དམ་པ་འདི་ཉིད་དགུང་གྲངས་དོན་དྲུག་པ། སྤྱི་ལོ་༢༠༠༢ལོ། རབ་གནས་སྣ་ཚོགས་ཞེས་པ་ཆུ་ཕོ་རྟའི་ལོའི་ཟླ་བ་གསུམ་པ་ལ་རྒྱ་ནག་གི་ཤར་ཕྱོགས་ཀྱི་དུང་པེ་ལ་བྱོན་ནས་བཞུགས། དེ་ནས་སིན་ཡང་སོགས་སུ་ཕེབས་ཏེ་དད་ལྡན་མང་ཚོགས་ལ་འཕོ་བ་དང༌། ཚེ་དབང་གསུངས། དེ་ནས་བཟུང་ཟླ་བ་རེ་རེ་ཉ་སྲོག་བླུ་བྱེད་རྒྱུ་ཞལ་གྱི་བཞེས་ནས་ཟླ་བ་རེ་རེ་ལ་ཉུང་ཚེ་སྒོར་ཁྲི་གསུམ་ཡས་མས་དང༌། མང་ཚེ་ཁྲི་དགུ་ཡས་མས་ཀྱིས་སྲོག་བླུ་བྱས་ཏེ་བསྟན་པ་དང་འགྲོ་བའི་དོན་དུ་ཐུགས་སྨོན་རྒྱ་ཆེར་གནང་བར་བྱས་ལ། དེ་ནས་སིན་ཡང་ཕེབས་ནས་ཟླ་བ་གཅིག་ཙམ་བཞུགས། དེ་དུས་སུ་ཚེ་དབང་དང་འཕོ་བ་གསུངས་ཏེ་དད་ཅན་གྱི་གང་ཟག་དག་དུས་མིན་གྱི་འཆི་བ་ལས་བཟློག་པ་དང༌། ཐར་བའི་ལམ་སྣ་ཟིན་པར་བྱས་སོ། །ཟླ་བ་བཞི་བའི་ནང་ཧར་ཕིན་བྱོན་ནས་དད་ལྡན་མི་སེར་ལ་སྐྱབས་སྡོམ་དང་ཉ་སོགས་སྲོག་བསླུ་དུ་མ་བྱས་ཏེ་ཐུགས་སྨོན་རྒྱ་ཆེར་གནང༌། དམ་པ་འདི་ཉིད་དགུང་གྲངས་དོན་བདུན་པ། སྤྱི་ལོ་༢༠༠༣ལོ། རབ་གནས་ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོའི་ཟླ་བ་བདུན་པའི་ནང་ནན་ཧྲན་སིར་བྱོན་ནས་ཟླ་བ་གཅིག་ཙམ་བཞུགས་ནས་འགྲོ་བའི་དོན་མཛད། དེ་ནས་སླར་དུང་པེ་བྱོན་ནས་དད་ལྡན་དུ་མ་ལ་ཆོས་འབྲེལ་གསུངས་པ་སོགས་བསྟན་འགྲོའི་དོན་མཛད་ནས་བཞུགས། དེ་དུས་ཉིན་གཅིག་ལ་འཕོ་བ་གསུང་འདུག་པས་ཉེ་གནས་ཀྱི་རྒྱུ་མཚན་དྲིས་ཚེ་ཡོན་བདག་དཀར་མོ་མཚོ་ཤི་སོང་འདུག་པས་དེའི་དོན་ཡིན་གསུངས། དེའི་ཕྱི་ཉིན་ཡོན་བདག་དེ་ཤི་སོང་ཞེས་ཉེ་གནས་ལ་ཁ་པར་བསླེབས་པ་དང༌། ཡང་ཉིན་གཅིག་ལ་ཉེ་གནས་ལ་ལམ་ཆེན་ཞིག་ནས་འཕྲུལ་རྟས་རྒྱབ་ཚེ་དམ་པ་འདི་ཉིད་ཁང་བའི་ནང་དུ་བཞུགས་ཀྱང་མཁྱེན་པ་སོགས་ལྐོག་གྱུར་གྱི་གནས་ལ་མཁྱེན་པ་ཐོགས་པ་མེད་པའི་མཁྱེན་པ་མངའ་བའོ། །དེ་ནས་དམ་པ་འདི་ཉིད་དགུང་གྲངས་དོན་བརྒྱད་པ། སྤྱི་ལོ་༢༠༠༤ལོ། རབ་གནས་ཤིང་ཕོ་སྤྲེལ་གྱི་ལོ་ལ་ཟི་ལིང་དུ་བྱོན། དེ་ནས་འཁྱམས་རི་དགོན་པར་བྱོན་ནས་སློབ་ཚོགས་རྣམས་ལ་རྒྱལ་སྲས་ལག་ལེན་དང་བློ་སྦྱོང་དོན་བདུན་མ་སོགས་བཀའ་སློབ་དུ་མ་གསུངས། དེ་ནས་སློབ་ཚོགས་རྣམས་ཀྱིས་དགོན་དེར་བཞུགས་དགོས་ཞེས་ཞུ་བ་ནན་གྱིས་ཕུལ་ཀྱང་ལྡོག་མ་ནུས་ཏེ་རྒྱ་ནག་དུང་པེ་ལ་བྱོན་ནས་བཞུགས། དེ་ནས་དམ་པ་འདི་ཉིད་དགུང་གྲངས་དོན་དགུ་པ། སྤྱི་ལོ་༢༠༠༥ལོ། རབ་གནས་ས་སྐྱོང་ཞེས་པ་ཤིང་མོ་བྱའི་ལོ་ལ་དམ་པ་འདི་ཉིད་ཀྱིས་ཐུགས་བྱམས་བརྩེས་ཉེ་བར་བསྐུལ་ནས་ཤ་བཅད་ནས་སྨོན་ལམ་རྒྱ་ཆེར་བཏབ་པ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད། དམ་པ་འདིའི་ལྗགས་བསྙེན་ལ་མ་ཎི་དུང་ཕྱུར་སོགས་བཟླས་པ་མཛད། དགེ་སྦྱོར་ཡང་སྨྱུང་གནས་སྟོང་སོགས་དགེ་བ་རླབས་ཆེན་བསགས། དམ་པ་འདི་ཉིད་ཀྱི་ལྗགས་རྩོམ་ཡང༌། བློ་སྦྱོང་ཡིད་ཀྱི་མུན་སེལ་གྱི་ཟུར་འདེབས་དང༌། ལམ་རིམ་ཉེར་མཁོ་དང༌། སྐྱེས་བུ་གསུམ་གྱི་མན་ངག་གི་ཁྲིད་ཡིག་རྒྱས་འགྲེལ་ཡིད་ཀྱི་མུན་སེལ་གྱི་ས་བཅད་ཤེལ་དཀར་མེ་ལོང་དང༌། ཐེག་པ་ཆེན་པོའི་བློ་སྦྱོང་ཡིད་ཀྱི་མུན་སེལ་ཞེས་བྱ་བའི་ས་བཅད་ཕྱོགས་བསྡུས་དང༌། ལམ་རིམ་དམར་ཁྲིད་བདེ་ལམ་གྱི་ས་བཅད་དང༌། བདེ་ལམ་གྱི་མཚན་དོན་སོགས་བཤད་པ་དང༌། དཔེ་དོན་སྦྱོར་ཚུལ་ཉུང་བསྡུས་དང༌། བླ་མ་མཆོད་པའི་ཆོ་གའི་ས་བཅད་ཉུང་བསྡུས་གཞུང་ཚིག་དང་སྦྱོར་ཚུལ་ཙམ་བཀོད་པ་དང༌། མདོ་སྔགས་ལམ་གྱི་བསླབ་བྱ་མགུར་མ་དང༌། རང་སེམས་འདུལ་བའི་བསླབ་བྱ་མགུར་མ་དང༌། ཆོས་དང་གང་ཟག་ཐམས་ཅད་བདེན་མེད་དུ་སྒྲུབ་བྱེད་གཅིག་དུ་བྲལ་གྱི་རིགས་པའམ་གནད་བཞིའི་རིགས་པ་སོགས་གཞུང་ལུགས་དུ་མ་མཛད་པའོ། །མདོར་ན་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་དང༌། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་རྒྱལ་བའི་སྲས་ཀྱི་སྤྱོད་པ་རླབས་པོ་ཆེ་མཐའ་དག་ལ་གོམས་པ་ཀློང་དུ་གྱུར་བས་སྐུ་གསུང་ཐུགས་ཀྱི་མཛད་པ་ཕྲ་རགས་ཇི་ལྟར་ཡང་བསྟན་འགྲོའི་གསོས་སྨན་དུ་མི་འགྱུར་བ་གཅིག་ཀྱང་མ་མཆིས་ཤིང༌། སྒོ་གསུམ་གྱི་བགྱི་བ་གང་ལའང་རང་དོན་ཡིད་བྱེད་ཀྱིས་བསླད་པ་ཕྲ་མོ་ཙམ་ཡང་མེད་པར་རྣམ་པར་དཀར་བའི་དངོས་པོ་གང་བསྒྲུབས་ཐམས་ཅད་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་སོགས་ལས་འབྱུང་བ་ལྟར་གཞན་དོན་འབའ་ཞིག་ཏུ་བསྔོ་བར་མཛད་པའི་རྒྱུ་མཚན་གྱིས་ཇི་སྲིད་གཟུགས་སྐུའི་འཁྲུལ་འཁོར་ཞིག་པའི་ཚུལ་བསྟན་པ་དེ་སྲིད་དུ་ཚོགས་གཉིས་ཀྱི་སྤྱོད་པ་ལས་སྐད་ཅིག་ལས་ཀྱང་ཉམས་པ་མེད་ལ། འགྲོ་བ་མ་ལུས་པའི་མགོན་སྐྱབས་དཔུང་གཉེན་དང༌། གསང་གསུམ་ཡོན་ཏན་མི་ཟད་པའི་གཏེར་ཆེན་པོར་གྱུར་བ་སྟེ། མདོ་སྡེ་རྒྱན་ལས། ཐབས་མཆོག་ཤེས་པ་གང་ཞིག་བསོད་ནམས་ཡང་དག་བསྡུས་པ་ཤིན་ཏུ་རྒྱ་ཆེན་ཀུན། །གཞན་དང་ཐུན་མོང་བྱས་ནས་ཉིན་གཅིག་བཞིན་དུ་རྫོགས་པའི་བྱང་ཆུབ་ཡོངས་བསྔོ་ཞིང༌། །བཟང་པོའི་གནས་སུ་སྐྱེས་པས་རྟག་ཏུ་དགེ་བྱེད་མངོན་ཤེས་ཡོན་ཏན་རྣམས་ཀྱིས་རྩེན། །སངས་རྒྱས་སྲས་དེ་ཀུན་གྱི་བླ་ན་འདུག་པ་ཡོན་ཏན་གཏེར་དུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་མངོན་དུ་གྱུར་བའི་སྐྱེས་བུ་དམ་པའོ། །སྨྲས་པ། རྨད་བྱུང་དབེན་པའི་རི་ལ་དཀའ་སྤྱད་ནས། །རིམ་གཉིས་ལམ་གྱི་ཉམས་ལེན་ཚུལ་བཞིན་དུ། །བསྒོམས་པས་ཉམས་རྟོགས་ལྷ་ཡི་པད་ཚལ་བཞད། །རྣལ་འབྱོར་རྣམས་ཀྱི་གཙུག་གི་ནོར་བུར་གྱུར། །སྟོང་གསུམ་རིན་ཆེན་རྒྱན་གྱིས་གང་བ་ཡིས། །བ་སྤུའི་རྩེ་ཡང་སྒུལ་བར་མི་ནུས་མོད། །ཉམ་ཐག་འགྲོ་ལ་བརྩེ་བས་གཡོ་བ་ནི། །རྒྱལ་སྲས་སེམས་དཔའ་རྣམས་ཀྱི་རང་གཤིས་ལགས། །སྐལ་བཟང་གདུལ་བྱའི་ཆོས་ཀྱི་ཞིང་ས་ལ། །བྱམས་དང་སྙིང་རྗེའི་ཆུ་འཛིན་བ་གམ་ལས། །ཟབ་གསང་གདམས་ངག་ཆོས་ཀྱི་སྦྲང་ཆར་འབེབས། །རྣམ་གྲོལ་ལམ་བཟང་འབྲས་བུ་ལེགས་པར་སྨིན། །མཆོག་ཐུན་དངོས་གྲུབ་ཐོབ་པའི་དགེ་མཚན་དང༌། །གྲུབ་པའི་དབང་ཕྱུག་དཔལ་ལྡན་བླ་མ་ཡི། །སྐུ་གསུང་ཐུགས་ཀྱི་གསང་བ་བསམ་མི་ཁྱབ། །བསྔགས་པའི་བ་དན་སྲིད་ན་ལྷག་པར་མཛེས། །ཞེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་གནས་ངེས་མེད་ལ་སྒྲུབ་པ་གཙོ་བོར་མཛད་ཅིང་སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་བཟུང་བའི་སྐབས་རྣམ་པར་བཤད་ཟིན་ཏོ།། །།

༈ དུས་གསུམ་རྒྱལ་རྣམས་འཁོར་བའི་ཕྱི་མཐའི་བར། །མྱ་ངན་མི་འདའ་རྟག་པར་བཞུགས་གྱུར་ཀྱང༌། །གདུལ་བྱའི་བསམ་ངོར་མྱ་ངན་འདའ་ཚུལ་བསྟན། །གང་ལ་གང་འདུལ་མཛད་པ་སྟོན་རྣམས་གུས། །ལྔ་བ་རྣམ་བྱང་གི་མཛད་འཕྲིན་རྣམས་རྫོགས་ནས་འགྲོ་རྣམས་ཆོས་ལ་བསྐུལ་ཕྱིར་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་ཚུལ་ནི།

དེ་ལྟར་སྒོམ་སྒྲུབ་དང་བསྟན་འགྲོའི་དོན་རྒྱ་ཆེར་བྱས་ནས་དམ་པ་འདི་ཉིད་དགུང་གྲངས་བརྒྱད་ཅུ་པ། སྤྱི་ལོ་༢༠༠༦ལོ། རབ་གནས་མི་ཟད་པ་མེ་ཕོ་ཁྱིའི་ལོ་ཟླ་བ་བརྒྱད་པ་ནས་ཟས་མ་བཞེས་ནས་ཅུང་ཟད་སྙུང་ཚུལ་བཞེས། དེ་ནས་ཟི་ལིང་ལ་བྱོན་ནས་ཉིན་བརྒྱད་ཙམ་གྱི་རྗེས། གྲོ་བཞིན་ཟླ་བ་ཧོར་ཟླ་བདུན་པའི་ཚེས་ཉེར་དགུའི་མཚན་མོ་པེ་ཅིང་ཆུ་ཚོད་དགུའི་ཆ་ལ། རེ་ཞིག་མི་མཇེད་འཇིག་རྟེན་གྱི་ཞིང་འདིའི་གདུལ་བྱ་རྫོགས་ནས་རྟག་འཛིན་ཅན་རྣམས་ཀྱི་ཞེན་པ་ལྡོག་པའི་ཕྱིར་དང༌། ཞིང་གཞན་གྱི་སྐལ་ལྡན་གྱི་གདུལ་བྱ་རྣམས་སྨིན་ཅིང་གྲོལ་བར་མཛད་པའི་སླད་དུ། བདེ་གཤེགས་རྒྱལ་བ་རྣམས་སྐུ་མྱ་ངན་ལས་འདས་པའི་ཚེ་སེང་གེ་ཉལ་སྟབས་ཀྱིས་བདུད་བཞི་ཟིལ་གྱིས་མནན་པའི་རྣམ་ཐར་ལྟར་གདུལ་བྱ་ཐུན་མོང་གི་ངོར་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུས་པའི་ཚུལ་བསྟན་པའོ། །ཁྲུམས་སྟོད་ཟླ་བ་ཧོར་ཟླ་བརྒྱད་པའི་ཚེས་གསུམ་ལ་རྟོགས་པའི་དབང་ཕྱུག་རྒྱ་བླ་པད་མ་རྣམ་རྒྱལ་བྱོན་ནས་ཐུགས་འོད་གསལ་ལས་བསླངས་བར་མཛད། ཚེས་བརྒྱད་ལ་ཨ་ཁུ་བཟང་པོ་སོགས་སྐྱེས་ཆེན་དུ་མ་བཅས་དད་ཅན་སློབ་མ་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེ་ཟི་ལིང་ནས་སྤྱན་དྲངས་ནས་སྔར་དམ་པ་འདི་ཉིད་ལོ་དུ་མར་སྒྲུབ་པ་ཉམས་ལེན་མཛད་པའི་གནས་མཆོག་དཔལ་དུས་ཀྱི་འཁོར་ལོ་དང༌། འཁོར་ལོ་བདེ་མཆོག་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་སོགས་ཀྱི་བསྐྱེད་རྫོགས་ཉམས་བཞེས་མཛད་པའི་གནས་དེའི་མཚམས་ཁང་དུ་སྤྱན་དྲངས་ནས་གདུང་མཆོད་དང༌། དད་ལྡན་སློབ་མ་སོགས་ལ་སྐུ་གདུང་རིན་པོ་ཆེར་མཇལ་དུ་བཅུག ཚེས་བཅུ་གཉིས་ཉིན་བྱ་ཁྱུང་དགོན་པའི་དགེ་བཤེས་རྡོ་ཕུང་རིན་པོ་ཆེས་སྦྱིན་སྲེག་གི་བླ་མ་བྱས་ཏེ་སྐུ་གདུང་བཞུགས་འབུལ་བྱས། གདུང་གི་དུ་བ་སྔོ་ལྗང་དར་ཡུག་ལྟ་བུའི་རྣམ་པ་དང༌། འོད་དཀར་གྱི་འཇའ་སྤྲིན་འཐིབས་ནས་མཁའ་དབྱིངས་སུ་ཡལ་བ་དང༌། ངོ་མཚར་བའི་འོད་ཀྱི་ཐིག་ལེ་སྣ་ཚོགས་དང༌། ཐིག་ལེ་ཞིག་གི་དབུས་སུ་རྗེ་བཙུན་མི་ལའི་སྐུ་བརྙན་དང༌། རྒྱུད་སྡེ་སྣ་ཚོགས་ཀྱི་དཀྱིལ་འཁོར་དང༌། རྗེ་བཙུན་སྒྲོལ་མའི་སྐུ་བརྙན་སོགས་ལྷ་སྐུ་སྣ་ཚོགས་འདྲེན་བྱེད་ཀྱི་ཡུལ་དུ་གསལ་བར་སྣང་བ་སོགས་མདོར་ན་དད་པ་ཅན་རྣམས་ལ་ཡིད་ཆེས་ཀྱི་དང་བ་འདྲེན་ནུས་པའི་རྨད་བྱུང་གྲུབ་པའི་རྟགས་ཀྱིས་ཞིང་འདིར་རྫོགས་ལྡན་ཆོས་ཀྱི་བྱིན་རླབས་ཀྱི་འོད་སྣང་དཀར་བོས་ཁྱབ་པར་མཛད་ལ། དད་སློབ་འདུས་སྡེ་རྣམས་ཀྱིས་སྐྱོ་གདུང་ཡིད་ཕམ་གྱི་ངང་མིག་ཆུ་འཐོར་བཞིན་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་སྨོན་ལམ་ཡང་ཡང་བཏབ། །དེ་ནས་ཧོར་ཟླ་དགུ་བའི་ཚེས་གཉིས་ལ་གདུང་ཁང་སྒོ་ཕྱེས་ཚེ་དབུ་ཐོད་ཀྱི་ནང་དུ་རྗེ་བཙུན་མི་ལ་རས་པ་དང༌། རྡོ་རྗེ་སེམས་དཔའི་སྐུ་བརྙན་གྱི་རི་མོ་དང༌། གདུང་ཐལ་གྱི་ནང་དུ་གདུང་རུས་རིལ་བུ་སུམ་བརྒྱ་དྲུག་ཅུ་མདོག་སྔོ་ནག་དང༌། ཚིགས་ཆེན་གྱི་རུས་པ་རྣམས་རིལ་བུ་ཡུང་འབྲུ་ཙམ་ཁ་དོག་དཀར་པོ་དུ་མ་འབབས་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་ཡོད་པར་གསུངས་སོ། །གདུང་མཆོད་ཡང་དཀར་ལྷ་དགོན་པ་དང༌། འཁྱམས་རི་དགོན་པ་སོགས་ཀྱི་གྲྭ་བཙུན་པ་རྣམས་ཀྱིས་ཉིན་མཚན་བར་མ་ཆད་པར་རྒྱུན་བཟུང་ནས་ཐ་སྐར་ཟླ་བའི་བཅུ་དགུ་ལ་གདུང་མཆོད་མཇུག་དྲིལ་བར་བྱས། དེ་ནས་གཅུང་བྱ་བཏང་འདྲེན་མཆོག་གམ་ཡོན་ཏན་གྱིས་དམ་པ་འདི་ཉིད་ཀྱི་སྐུ་གདུང་གི་རྟེན་ཁྲུ་དྲུག་གི་ཆེ་ཚད་དང་ལྡན་པ་གསེར་དངུལ་རིན་པོ་ཆེ་དང༌། གཡུ་བྱུར་སོགས་རིན་པོ་ཆེ་དུ་མའི་ཕྲ་རྒྱན་དང་བཅས་པའི་བྱང་ཆུབ་མཆོད་རྟེན་བཟོ་བཀོད་ལེགས་པ་དང༌། སྐུའི་ཚ་བོ་ཀུན་རྣམ་གྱིས་སྐུ་གདུང་ཆེ་ཚད་སོགས་སྔ་མ་བཞིན་བཞེངས་པ་དང༌། ཞོ་འོང་སྡེ་བས་དད་རྟེན་དུ་སྐུ་གདུང་བཞེངས་བ་རྣམས་ཕྱི་རབས་ཀྱི་དད་ལྡན་གྱི་སྐྱེ་བོ་རྣམས་ཀྱིས་བསོད་ནམས་བསགས་པའི་ཞིང་དུ་ལེགས་པར་བསྐྲུན་པའོ། །སྨྲས་པ། སྐྱེ་འཆི་འཕོ་འགྱུར་བྲལ་བའི་རྡོ་རྗེའི་སྐུ། །གདུལ་བྱ་རྟག་པར་འཛིན་པ་འདུལ་སླད་དུ། །ཐུན་མོང་སྣང་ངོར་ཤར་བའི་གཟུགས་ཀྱི་སྐུ། །ཞི་བའི་དབྱིངས་སུ་རེ་ཞིག་བསྡུ་ཚུལ་མཛད། །ས་གསུམ་འགྲོ་ལ་ལེགས་པར་སྟོན་མཛད་པའི། །ཐུབ་བསྟན་ཀུ་མུད་མཛེས་པའི་གཉེན་གཅིག་པུ། །གློ་བུར་ཉིད་དུ་ཞི་བའི་དབྱིངས་སུ་ནུབ། །མི་མཇེད་ཞིང་འདིར་གློ་བུར་མུན་པས་ཁྱབ། །སྐུ་གདུང་ཞུགས་འབུལ་མཛད་ཚེ་དགེ་མཚན་གྱི། །འོད་ཀྱི་ཐིག་ལེ་རྣམ་པ་དུ་མའི་གཟུགས། །རྣམ་བཀྲ་འཇའ་ཚོན་རི་མོས་ཡོངས་སུ་མཛེས། །མེ་ཏོག་སིལ་མའི་གྲུ་ཆར་འབེབས་པ་སོགས། །ལྟས་བཟང་མཆོད་པའི་ས་དང་བར་སྣང་བཀང༌། །གང་ལ་དད་པའི་སྐྱེ་བོའི་ཚོགས་རྣམས་ལ། །མགོན་དང་བྲལ་བའི་མྱ་ངན་གྱིས་གདུང་ཀྱང༌། །རྨད་བྱུང་ངོ་མཚར་དགེ་ལེགས་མཚན་མ་དེས། །ཡིད་ཀྱི་ངལ་གསོའང་ཅི་ཡང་དལ་ཅིག་ཐོབ། །འདྲེན་མཆོག་གང་གི་མཛེས་པའི་ཞལ་རས་ལ། །རེ་ཞིག་མཇལ་བའི་སྐལ་བ་དམན་ན་ཡང༌། །གང་གསུང་ཉམས་སུ་མྱོང་ཞིང་རྣམ་ཐར་ཉིད། །མཐོང་ཐོས་དྲན་པའི་དོན་ལྡན་སྐལ་བཟང་ཐོབ། །ཅེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་ལས་གཟུགས་སྐུ་ཞི་བའི་དབྱིངས་སུ་བསྡུ་བའི་མཛད་པའི་སྐབས་རྣམ་པར་བཤད་ཟིན་ཏོ།། །།

༈ དུས་གསུམ་རྒྱལ་རྣམས་འཁོར་བའི་ཕྱི་མཐའི་བར། །སྐུ་གསུང་ཐུགས་ཀྱི་མཛད་པ་ལེགས་སྟོན་པར། །ཞལ་བཞེས་དམ་བཅའ་ཁུར་ལྕི་ཁུར་བ་ཡི། །རྒྱལ་སྲས་བྱང་ཆུབ་རྣམས་ལ་གུས་ཕྱག་འཚལ། །

བཞི་བ་དཔལ་ལྡན་བླ་མའི་རྣམ་ཐར་བརྗོད་པའི་ཕན་ཡོན་བཤད་པའི་སྒོ་ནས་མཇུག་བསྡུ་བའི་ཚུལ།

བཞི་བ་དཔལ་ལྡན་བླ་མའི་རྣམ་ཐར་བརྗོད་པའི་ཕན་ཡོན་བཤད་པའི་སྒོ་ནས་མཇུག་བསྡུ་བའི་ཚུལ་ནི།

དེ་ལྟར་མཚུངས་མེད་དཔལ་ལྡན་བླ་མ་རིན་པོ་ཆེ་ངག་བརྩོན་གྱི་རྣམ་པར་ཐར་བ་རྣམས་ནི་ངོ་མཚར་བའི་མཛད་པ་ལགས་ན་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་ཀྱི་དད་པའི་ཞིང་ས་ཞིག་ཏུ་ངེས་སོ། །དེ་ལ་དད་པ་དང་འདུན་པ་བསྐྱེད་པའི་ཕྱིར་དུ་རྟོགས་པ་བརྗོད་པ་ཡིན་ཏེ། ཇི་སྐད་དུ། དད་པའི་ཞིང་ནི་སློབ་དཔོན་ཡིན་པས་བླ་མའི་རྣམ་ཐར་བཤད་པར་བྱའོ། །ཞེས་གསུངས་པ་ལྟར་དད་པ་རྣམ་དག་ཞིག་བསྐྱེད་པ་ནི་དཔལ་ལྡན་བླ་མའི་གསང་གསུམ་གྱི་རྣམ་ཐར་ཇི་བཞིན་ཤེས་པ་ལ་རག་ལས་པ་ཡིན་ལ། དེ་ཡང་མདོ་སྔགས་ཐམས་ཅད་ཀྱི་སྐབས་སུ་ལམ་ཡོངས་རྫོགས་ཀྱི་བྱིན་རླབས་ཀྱི་སྒོ་ལེགས་པར་ཕྱེ་བའི་སྒོ་གཅིག་པུ་གྱུར་བ་ནི། གང་ཟག་རང་རང་ལ་མདོ་སྔགས་གང་གི་ལམ་གྱི་ཆོས་ཚུལ་ལེགས་པར་འདོམས་པའི་དགེ་བའི་བཤེས་གཉེན་མཆོག་ཁོ་ན་ཡིན་ལ། དེ་ལ་དད་པ་རྣམ་དག་ཞིག་ཡོད་ན་ལམ་གྱི་ཡོན་ཏན་རྣམས་རིམ་གྱིས་རྒྱུད་ལ་སྐྱེས་ནས་མཐར་ཐུག་བྱང་ཆུབ་མངོན་དུ་གྱུར་བ་ཉིད་ཡིན་ཏེ། ཇི་སྐད་དུ། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་དང༌། རྗེ་ཏཱ་ར་ནཱ་ཐའི་ཞལ་ནས། བླ་མ་སངས་རྒྱས་སུ་མཐོང་ན། །སྒོམ་མི་སྐྱེ་རང་དབང་ག་ལ་ཡོད། །ཅེས་སོགས་གསུངས་པ་ལྟར་རོ། །དེས་ན་ཡོན་ཏན་གང་སྐྱེ་བ་ཐམས་ཅད་ནི་བླ་མ་ལ་དད་གུས་བྱས་པ་ལས་བྱུང་ལ། དད་གུས་དེ་ཡང་རྩ་བ་དཔལ་ལྡན་བླ་མའི་རྣམ་ཐར་ལས་བྱུང་བས་ན། ཡོན་ཏན་གང་སྐྱེ་བ་ཐམས་ཅད་དཔལ་ལྡན་བླ་མའི་རྣམ་ཐར་བརྗོད་པའི་ཕན་ཡོན་ཡིན་ནོ། །གཞན་ཡང་མདོ་སྡེ་དུ་མ་ལས་རྗེ་བཙུན་དཔལ་ལྡན་བླ་མའི་རྣམ་ཐར་བརྗོད་པའི་ཕན་ཡོན་མཐའ་ཡས་པ་གསུངས་ཏེ། །མདོ་ལས། གཞོན་ནུ་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཤིག ཅེས་དང༌། བྱང་ཆུབ་ཤིང་དྲུང་དུ་འཇུག་པའི་མདོ་ལས། འོད་སྲུང་བླ་མའི་རྣམ་ཐར་ལ་རྟོག་ཅིང་བཤད་པར་གྱིས་ཤིག མཁན་པོའི་མཚན་ཉིད་ལ་ནན་ཏན་གྱིས་ཤིག ཅེས་དང༌། དྲི་མེད་འོད་ཟེར་བརྒྱ་བའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན། །མོས་གུས་དྲག་པོ་འབྱུང་བའི་གཞི། །བླ་མའི་རྣམ་ཐར་རྒྱས་བསྡུས་རྣམས། །ཡིད་བཞིན་ནོར་བུ་ལྟ་བུ་ཅན། །ཡང་ཡང་བལྟ་བར་བརྩོན་གྱུར་ན། །དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད། །ཅེས་སོགས་མདོ་སྡེ་དུ་མ་ནས་བླ་མའི་རྣམ་ཐར་ཇི་བཞིན་རྟོགས་པ་དང༌། གཞན་ལ་བརྗོད་པའི་ཕན་ཡོན་མཐའ་ཡས་པར་གསུངས་སོ། །དེ་རྟོགས་པ་དང་བརྗོད་པའི་ཕན་ཡོན་ནི་གང་ལ་དད་པ་སྐྱེ་བ་དེ་ཡིན་ལ། སྤྱིར་དད་པ་ནི་དཀར་ཆོས་ཀུན་གྱི་སྔོན་འགྲོ་མེད་དུ་མི་རུང་བ་ཡོན་ཏན་ཀུན་གྱི་སྐྱེད་བྱེད་ཉེས་སྐྱོན་མཐའ་དག་ལས་སྒྲོལ་བྱེད་ཡིན་པའི་ཚུལ་མདོ་དང་བསྟན་བཅོས་དག་ལས་རྒྱས་པར་བཀའ་སྩལ་བ་ལྟར་ཡིན་པས། དད་པ་དཀར་ཆོས་ཐམས་ཅད་ཀྱི་སྔོན་དུ་བསྐྱེད་པར་བྱའོ། །རྗེ་བཙུན་བླ་མ་དམ་པ་རྣམས་ཀྱི་རྣམ་པར་ཐར་བ་རྣམས་རང་གི་ཉམས་ལེན་དུ་འཁྱེར་དགོས་པ་ནི་གནད་དམ་པ་ཡིན་ཏེ། རྒྱུད་ལས། སློབ་མས་བླ་མའི་རྣམ་ཐར་སྙེགས་པར་འགྱུར། །ཞེས་དང༌། རྗེ་བདག་ཉིད་ཆེན་པོའི་ཞལ་སྔ་ནས། རྣལ་འབྱོར་ངས་ཀྱང་ཉམས་ལེན་དེ་ལྟར་མཛད། །ཐར་འདོད་ཁྱེད་རྣམས་དེ་ལྟར་བསྐྱང་འཚལ་ལོ། །ཞེས་གསུངས་པ་བཞིན་རྗེ་བཙུན་དཔལ་ལྡན་བླ་མ་རྣམས་ཀྱི་རྣམ་པར་ཐར་བ་རྣམས་རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་ཉམས་ལེན་བྱེད་པ་དང༌། དད་པ་དང་མོས་གུས་ཚད་མེད་ཞིག་སྐྱེ་བ་ནི་རྣམ་པར་ཐར་བ་བརྗོད་པའི་དགོས་པ་ཡིན་ནོ། ། རྗེ་བཙུན་དམ་པ་འདི་ཉིད་ཀྱི་ཡོན་ཏན་མཐའ་དག་བུམ་ནང་གི་མར་མེ་ལྟར་སྦས་པས་བཀའ་གདམས་གོང་མའི་རྣམ་ཐར་གཙང་མའི་བརྟུལ་བཞུགས་བདག་གིར་མཛད་པའི་དབང་གིས་ཁོང་གི་ཡོན་ཏན་དང་རྣམ་ཐར་གཞན་ལ་མི་གསུངས་བས་དེ་ཙམ་ལས་སྤྲོ་མ་ནུས་མོད་རྣམ་ཐར་གྱི་ས་བོན་འདི་ཙམ་ལ་བརྟེན་ནས་ཐམས་ཅད་མཐོ་རིས་དང་ཐར་བའི་ལམ་སྣ་ཟིན་པར་བྱིན་གྱིས་རླབས་ཏུ་གསོལ། སེམས་ཅན་རྣམས་སྨིན་ཅིང་གྲོལ་བར་མཛད་པའི་སྐྱེས་བུ་མཆོག་རབ་དམ་པ་རྗེ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་སྟོན་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་སྲིད་ཞིའི་དཔལ་འབྱོར་རྒྱུན་མི་ཆད་དུ་སྩོལ་བར་མཛད་པའི་དགེ་ལེགས་ཀྱི་དགའ་སྟོན་ཆེན་པོ་འདི་ཉིད་དགེ་ཞིང་བཀྲ་ཤིས་པ་དགེ་ལེགས་འཕེལ་བར་གྱུར་ཏོ། ། སླར་སྨྲས་པ། མགོན་ཁྱོད་རྒྱལ་བ་ཉིད་ཀྱང་ངུར་སྨྲིག་གར། །སྲིད་པ་སྤངས་ཀྱང་སྲིད་པའི་ཚུལ་འཛིན་པ། །མི་སློབ་ཉིད་ཀྱང་སློབ་པའི་ངང་ཚུལ་འཛིན། །སྲིད་མཐའ་བྲལ་བ་སྲིད་མཐའ་ཅན་དུ་མཛད། །རྨད་བྱུང་ཤེས་བརྩོན་ཟླ་འོད་དཀར་བོ་ཡིས། །ཐོས་བསམ་གསེར་གྱི་ཀུ་མུད་འཛུམ་པ་ལས། །ལེགས་བཤད་དྲི་བསུང་ཕྱོགས་མཐར་སྤྲོ་བ་ཡི། །ངོ་མཚར་རྐང་དྲུག་དབང་པོས་སྤྱོད་ཡུལ་ངེས། །བྱ་བཏང་ཀུན་སྤངས་རྣམ་པར་རྒྱལ་བའི་དར། །ནམ་ཡང་འགྱེལ་མེད་སྲིད་པའི་རྩེ་མོར་བསྒྲེངས། །ཐུགས་བསྐྱེད་རྟ་བདུན་ཤིང་རྟས་ཉེར་དྲངས་ནས། །གདམས་ངག་ཆོས་ཀྱི་ལི་ཁྲིའི་ཟེར་ཕྲེང་བརྡལ། །གྲགས་སྙན་ཀུན་གསལ་མཐའ་དང་འགྲན་བཟོད་གང༌། །འགྱུར་མེད་རྡོ་རྗེའི་གསང་གསུམ་རྒྱ་མཚོ་ལས། །འོད་དཀར་ཟེགས་མ་འཐུལ་བས་སྲིད་ཞི་ཡི། །ཕན་བདེ་མ་ལུས་སྟེར་བའི་ཡིད་བཞིན་ནོར། །རྟོགས་བརྗོད་ཕུལ་བྱུང་གཏམ་ཀྱི་རོལ་མོ་འདི། །ལྷག་བསམ་རྨད་བྱུང་ཆུ་འཛིན་བ་གམ་ནས། །སྙན་ཚིག་ཚངས་པའི་རྒྱུད་མངས་བརྡུངས་བ་ཡིས། །སྐལ་ལྡན་གདུལ་བྱའི་དད་པའི་གསོས་སུ་སྨིན། །འཇིག་རྟེན་སྐྱོན་གྱི་དུག་ཚེར་གྲ་མའི་ནགས། །ཡོན་ཏན་ལྷ་ཡི་ལྗོན་པ་ཞེས་བྱས་ནས། །སྒྲོ་བཏགས་ཆགས་ཞེན་གཏམ་ངན་ཆེར་སྒྲོགས་ནས། །ས་གསུམ་འུར་གྱིས་སྤེལ་དང་འདི་མི་འདྲ། །རྣམ་ཐར་འདོད་འཇོའི་བུམ་བཟང་འདི་ཉིད་ནི། །བདག་ཐོས་རྣམ་ཐར་ས་བོན་ལས་བཤད་བཞིན། །བཤད་ལས་ཕྲ་ཞིབ་རིགས་པས་ཚོལ་ཁོམ་བྲལ། །དེ་ཕྱིར་ཆད་ལྷག་ནོར་བའི་ཉེས་ཚོགས་ཀུན། །དུས་གསུམ་རྒྱལ་བ་ཀུན་ལ་སྙིང་ནས་བཤགས། །འདིར་འབད་རྣམ་དཀར་དགེ་ལེགས་འབུམ་གཡོ་བས། །རྗེ་བཙུན་བླ་མའི་རྣམ་པར་ཐར་བ་ལ། །དད་མོས་རྣམ་དག་འབྲས་བུ་རབ་སྨིན་ནས། །རྗེ་བཙུན་བླ་མས་ཚེ་རབས་རྗེས་འཛིན་ཤོག ། ཅེས་མཚུངས་མེད་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་མཆོག་གི་རྣམ་པར་ཐར་བ་སྐལ་བཟང་དད་པའི་འཇུག་ངོགས་འདོད་འཇོའི་བུམ་བཟང་ཞེས་བྱ་བ་འདི་ནི་དམ་པ་གང་གི་གཅུང་བྱ་བྲལ་བ་འདྲེན་མཆོག་གིས་སྒོར་སྟོང་དང་དར་བཅས་བསྐུལ་བ་དང༌། བླ་མ་རབ་དགའ་དང༌། བླ་མ་གསུང་དབྱངས་དང༌། ཆོས་དོན་དང༌། བླ་མ་ཚོགས་གཉིས་རྣམས་ཀྱིས་དངོས་རྫས་དར་དང་བཅས་ཏེ་རྗེ་བཙུན་དམ་པ་ངག་དབང་བརྩོན་འགྲུས་ཀྱི་རྣམ་པར་ཐར་བ་ཞིག་འབྲི་དགོས་ཞེས་ནན་གྱིས་བསྐུལ་བ་ལ་བརྟེན་ནས་རབ་གནས་ཐམས་ཅད་འདུལ་ཞེས་པ་མེ་ཕག་ལོའི་མགོ་ཟླ་བའི་ཡར་ཚེས་ལ་དབུ་མ་དང་སྡོམ་གསུམ་དང་བསྡུས་གྲྭའི་དཔེ་ཁྲིད་སོགས་བྱ་བ་དུ་མས་ཞར་ལ་ཉིན་བདུན་ཙམ་གྱི་རིང་ཨ་སྐྱོང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་འཕགས་བོད་ཀུན་ལ་ཉུལ་བའི་སྤྲང་འཁྱམས་པ་ངག་དབང་དངོས་གྲུབ་དཔལ་གྱིས་རྫོགས་པར་བྲིས་པའོ། །འདི་ཉིད་ཐུབ་པའི་བསྟན་པ་རིན་པོ་ཆེ་འཛིན་མའི་ཁྱོན་ཀུན་ཏུ་ཁྱབ་པའི་རྒྱུར་གྱུར་ཅིག ། །།སརྦ་མངྒ་ལམ། །ཛ་ཡནྟུ།

མཚུངས་མེད་ངག་དབང་བརྩོན་འགྲུས་ཀྱི་རྣལ་འབྱོར་ཡིད་བཞིན་དབང་གི་རྒྱལ་པོ།

མཚུངས་མེད་ངག་དབང་བརྩོན་འགྲུས་ཀྱི་རྣལ་འབྱོར་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །

དཔལ་ལྡན་བླ་མ་དམ་པ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དཔལ་ལྡན་བླ་མ་རྒྱལ་བ་ཀུན་འདུས་པའི། །བདག་ཉིད་མཐོང་བའི་དད་དང་མོས་གུས་ཀྱིས། །ཉམས་རྟོགས་ཡོན་ཏན་མ་ལུས་འབྱུང་བར་འགྱུར། །དེ་སླད་བླ་མའི་རྣལ་འབྱོར་བསྒོམ་པའི་ཚུལ། །མདོར་བསྡུས་ཙམ་ཞིག་ངག་གིས་བརྗོད་པ་འདི། །ཟབ་ལམ་རིམ་གཉིས་ཡེ་ཤེས་ཉམས་རྟོགས་རྣམས། །སྐྱེ་བར་འདོད་པ་རྣམས་ཀྱིས་རབ་བསྒོམས་ནས། །དངོས་གྲུབ་མ་ལུས་གཏེར་ཁ་འབྱེད་པར་གྱིས། །དེ་ལ་འདིར་སྔོན་འགྲོ། དངོས་གཞི། རྗེས་ཀྱི་བྱ་བ་གསུམ་ལས། དང་པོ་ནི། རྒྱལ་བ་ཀུན་འདུས་རྗེ་བཙུན་རིན་པོ་ཆེ། །བླ་མེད་བྱང་ཆུབ་སྙིང་པོ་མ་ཐོབ་བར། །འགྲོ་རྣམས་འཁོར་བའི་མཚོ་ལས་སྒྲོལ་བའི་ཕྱིར། །སྐྱབས་སུ་བསྟེན་ནོ་ཐུགས་རྗེས་བཟུང་དུ་གསོལ། །ཞེས་སྐྱབས་འགྲོ་ལན་གསུམ་བྱ། དེ་ནས། འགྲོ་རྣམས་སྡུག་བསྔལ་ཕྲ་རགས་ཐམས་ཅད་ལས། །བསྒྲལ་ནས་སྐུ་བཞི་མངོན་དུ་གྱུར་བའི་ཕྱིར། །མཚུངས་མེད་དཔལ་ལྡན་བླ་མ་དམ་པ་ཡི། །རྣལ་འབྱོར་རྩེ་གཅིག་ཉིད་དུ་བསྒོམ་པར་བྱ། །ཞེས་སེམས་བསྐྱེད་ལན་གསུམ་བྱའོ། །གཉིས་པ་དངོས་གཞི་ནི། སྟོང་པའི་ངང་ལས་མདུན་གྱི་ནམ་མཁའ་ལ། །གཞལ་མེད་ཁང་དབུས་སེང་ཁྲི་པད་ཟླའི་སྟེང༌། །སྐྱབས་གནས་རྒྱལ་ཀུན་ངོ་བོ་དབྱེར་མེད་པ། །མཚན་དཔེ་གསལ་རྫོགས་ངུར་སྨྲིག་རོལ་བ་ཡི། །རྡོ་རྗེ་འཆང་དངོས་ངག་དབང་བརྩོན་འགྲུས་ཉིད། །སྐུ་མདོག་དཀར་དམར་གཟི་འོད་རབ་འབར་བ། །བདག་ལ་དགྱེས་པའི་ཞལ་རས་འཛུམ་དཀར་གཡོ། །སྐུ་ལ་བདེ་སྟོང་ཉམས་ཀྱིས་མདངས་ཆགས་པ། །ཕྱག་གཉིས་མཉམ་པར་བཞག་པའི་ཕྱག་རྒྱ་མཛད། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ། །ཆོས་གོས་རྣམ་གསུམ་འོད་མཚན་སྟོང་འབར་བ། །གསུང་ནི་ཡན་ལག་དྲུག་ཅུའི་སྒྲ་དབྱངས་ལྡན། །ཐུགས་ནི་བདེ་སྟོང་ཡེ་ཤེས་གཡོ་བ་མེད། རྡོ་རྗེའི་སྐུ་ལ་ལྷ་ཡི་ཚོགས་བཅས་པ། །དུས་འཁོར་ལ་སོགས་དཀྱིལ་འཁོར་ཀུན་གྱི་བདག །སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེའི། །སྐུ་ཡི་མཐའ་སྐོར་ཕྱོགས་རྣམས་ཐམས་ཅད་དུ། །རྩ་བརྒྱུད་བླ་མ་ཡི་དམ་ལྷ་རྣམས་དང༌། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས། །སྤྲིན་བཞིན་འཁྲིགས་ཤིང་བྱིན་རླབས་འོད་ཕུང་འཁྲིགས། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ལ། །སྐུ་བཞིའི་བདག་ཉིད་ཡིག་འབྲུ་བཞི་མཚན་གྱུར། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ལ། །བརྩེ་བས་ཉེར་དགོངས་ལེགས་པར་བཞུགས་སུ་གསོལ། །ཞེས་བརྗོད་དེ་བླ་མ་སངས་རྒྱས་ཀུན་འདུས་སུ་བསྒོམ་པར་བྱའོ། །དེ་ནས་ཡན་ལག་བདུན་པ་འབུལ་བ་ནི། དཀོན་མཆོག་ཀུན་འདུས་བླ་མ་དམ་པ་ལ། །ཕྱི་ནང་གསང་བའི་མཆོད་པ་ལ་སོགས་པ། །ཀུན་ཏུ་བཟང་པོའི་མཆོད་སྤྲིན་རྒྱ་མཚོས་མཆོད། །སྡིག་ལྟུང་ཇི་སྙེད་མཆིས་པ་མཐོལ་ཞིང་བཤགས། །རྗེ་བཙུན་བླ་མའི་གསང་གསུམ་ལ་སོགས་པ། །དུས་གསུམ་བསགས་པའི་དགེ་ལ་རྗེས་ཡི་རང༌། །ཟབ་གསང་རིམ་གཉིས་ལམ་ལ་སོགས་པ་ཡི། །ཆོས་འཁོར་རྒྱུན་མི་ཆད་པར་སྐོར་དུ་གསོལ། །བདག་དང་སེམས་ཅན་བྱམས་བརྩེས་ཉེར་དགོངས་ནས། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །རབ་དཀར་དགེ་འདིས་བྱང་ཆུབ་མྱུར་ཐོབ་ཤོག །དེ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ནི། རིགས་ཀྱི་དཀྱིལ་འཁོར་ཐམས་ཅད་ཀྱི་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །བླ་མ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །དགེ་འདུན་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །བདེ་ཆེན་ཡེ་ཤེས་རྡོ་རྗེའི་ངོ་བོ་རྡོ་རྗེ་འཆང་ཆེན་པོ་ངག་དབང་བརྩོན་འགྲུས་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། གཞན་དོན་ཁུར་དུ་ཁྱེར་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཟབ་མོ་མཐའ་བྲལ་དབུ་མ་ཆེན་པོའི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལས་རླུང་མཐའ་དག་དབུ་མར་ཐིམ་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཉམས་རྟོགས་ཀྱི་འབྲས་བུ་དབྱར་མཚོ་ལྟར་རྒྱས་པར་བྱིན་གྱིས་བརླབ་ཏུ་གསོལ། །མཆོག་མི་འགྱུར་གྱི་བདེ་བ་ཆེན་པོའི་ཆ་ཤས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། དཔལ་ལྡན་སྐུ་བཞིའི་འབྲས་བུ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། །དེ་མ་ཐོབ་ཀྱི་བར་དུ་ཡང་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལེགས་པར་ཐོབ་ཅིང་རྗེ་བཙུན་བླ་མ་དམ་པ་ཁྱེད་ཀྱིས་རྗེས་སུ་བཟུང་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྒོམ་པ་ལ་ཕྱི་ནང་གི་བར་ཆད་གང་ཡང་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ཚུལ་བཞིན་དུ་སྒོམ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་འདེབས་པར་བྱ། དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །བདག་ལ་བརྩེ་བའི་སྤྱན་གྱིས་ལྷག་པར་གཟིགས། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ཡི། །ཡི་གེ་བཞི་ལས་འོད་ཟེར་རྣམ་བཞི་འཕྲོས། །བདག་གི་གནས་ཞིར་ཐིམ་པས་སེམས་རྒྱུད་ལ། །མཚན་ལྡན་བླ་མའི་གསང་གསུམ་བྱིན་རླབས་ཞུགས། །ལུས་ལ་བདེ་བ་ཆེན་པོས་རྟག་ཏུ་ཁྱབ། །ངག་ལ་གཞོམ་མེད་རིག་སྔགས་ནུས་པ་འབར། །སེམས་ལ་བདེ་སྟོང་ཡེ་ཤེས་ཆེས་ཆེར་རྒྱས། །འཁོར་འདས་ཆོས་ཀུན་འོད་གསལ་འཁོར་ལོར་ཤར། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་གྱུར། །དེ་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་ངང་ནས་མཚན་སྔགས་བཟླ། ཨོཾ་གུ་རུ་བཛྲ་དྷ་ར་ཝ་གིནྡྲ་བིརྻཱ་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཡང་ན་ཨོཾ་གུ་རུ་བཛྲ་དྷ་ར་མཱ་ཏི་བྷ་ཏྲ་ཤཱ་ས་ན་སུརྱ་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཞེས་ཅི་ནུས་བཟླས་ནས། བླ་མས་སྐུ་ལས་བདུད་རྩིའི་རྒྱུན་འབབ་པས། །སྡིག་ལྟུང་སྦྱང་ཞིང་སེམས་རྒྱུད་དྲི་མ་དག །ལྷ་ཚོགས་རྣམས་ནི་བླ་མའི་སྐུ་ལ་ཐིམ། །བླ་མའི་སྐུ་ལ་བདེ་སྟོང་གཟི་མདངས་རྒྱས། །བླ་མ་འོད་ཞུ་རང་ལ་ཐིམ་པར་གྱུར། །བླ་མ་རང་སེམས་དབྱེར་མེད་ཆོས་ཀྱི་སྐུ། །གནས་ལུགས་སྤྲོས་བྲལ་ངང་དུ་མཉམ་བཞག་ནས། །བདག་གི་སེམས་རྒྱུད་བྱིན་གྱིས་བརླབ་པར་གྱུར། ། ཞེས་རང་སེམས་བྱིན་གྱིས་རླབ་པར་མོས་ལ། གསུམ་པ་རྗེས་ཀྱི་སྨོན་ལམ་ནི། རྒྱལ་ཀུན་བརྩེ་ཆེན་ངུར་སྨྲིག་འཛིན་པའི་གར། །གཞུང་བརྒྱ་སྨྲ་བའི་ང༷ག་གི་དབ༷ང་ཕྱུག་དཔལ། །གུས་རྟག་བརྩོ༷ན་འགྲུ༷ས་ཆུ་བོའི་དཔལ་མངའ་བ། །མཚུངས་མེད་དཔལ་ལྡན་བླ་མས་ཐུགས་རྗེས་ཟུངས། ། ང༷ག་གི་དབ༷ང་ཕྱུག་ཆོས་སྦྱིན་བརྩོ༷ན་པའི་གཏེར། །ངང་བའི་བུ་མོ་སྒྱུ་མའི་གར་མཁན་འགྲུ༷ས། །སྨྲ་བའི་འབབ་སྟེགས་དྲི་ཟའི་དགའ་ཚལ་ནས། །མདོ་སྔགས་རྒྱུད་མང་ཆོས་ཀྱིས་སྨིན་པར་ཤོག །བདག་ནི་སྐྱེ་བ་འདི་དང་ཚེ་རབས་ཀུན། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་ནས། །རིམ་གཉིས་ལམ་གྱི་ཉམས་དང་རྟོགས་པ་རྣམས། །མྱུར་ཏུ་རྫོགས་ནས་རྡོ་རྗེ་འཆང་ཐོབ་ཤོག ། དགེ་བ་འདི་ཡི་མྱུར་ཏུ་བདག །རྗེ་བཙུན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་མཚུངས་མེད་ངག་དབང་བརྩོན་འགྲུས་ཀྱི་རྣལ་འབྱོར་ཡིད་བཞིན་དབང་གི་རྒྱལ་པོ་ཞེས་བྱ་བ་འདི་ནི་འབྲས་རབ་འབྱམས་པའི་མིང་ཙམ་འཛིན་པ་ངག་དབང་དངོས་གྲུབ་དཔལ་ནས་བྲིས་པའོ། ། འདིས་ཀྱང་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་བླ་མའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག ། །།སརྦ་མངྒ་ལམ། ། ཛ་ཡནྟུ།

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བཤད་སྒྲུབ་དཔལ་གྱི་རྣམ་པར་ཐར་བ་ཐར་འདོད་དད་པའི་འཇུག་ངོགས།

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བཤད་སྒྲུབ་དཔལ་གྱི་རྣམ་པར་ཐར་བ་ཐར་འདོད་དད་པའི་འཇུག་ངོགས་ཞེས་བྱ་བ་བཞུགས་སོ། །

མཛད་པ་པོ་འབྲས་རབ་འབྱམས་པ་དངོས་གྲུབ་དཔལ། ན་མོ་གུ་རུ་བྷྱཿ རྨད་བྱུང་ཚོགས་གཉིས་རྡུལ་མང་བརྩེགས་པ་ཡི། །སྐུ་བཞི་ལྷུན་པོ་སྲིད་ཞིའི་ཁམས་ན་བརྗིད། །འགྲོ་བའི་བླ་མ་ཐམས་ཅད་མཁྱེན་པ་མཆོག ། མི་འབྲལ་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །ཚངས་དབྱངས་སྙན་པའི་ང༷ག་ལ་དབ༷ང་འབྱོར་བའི། །མདོ་སྔགས་ཟུང་འབྲེལ་བཤ༷ད་སྒྲུ༷བ་བསྟན་པའི་དཔ༷ལ། །འཆད་མཁས་ཡོངས་འཛིན་ཉི་མ་གཞོན་ནུ་ཡིས། །བདག་སྙིང་མུན་པ་སེལ་བར་མཛད་དུ་གསོལ། །རྒྱལ་ཀུན་བྱམས་བརྩེའི་སྙིང་པོ་མལླི་ཀ །ངོ་མཚར་མཚན་དཔེའི་འདབ་བརྒྱ་གྲོལ་བའི་དཔྱིད། །ངེས་གསང་ཟབ་མོའི་ལེགས་བཤད་སྦྲང་རྩིའི་བཅུད། །སྤྲོ་མཛད་དཔལ་ལྡན་བླ་མས་རྣམ་ཀུན་སྐྱོངས། །ཐུགས་ཀློང་བཤ༷ད་མཛོད་ཆེན་པོའི་རྒྱ་མཚོ་འཁྱིལ། །སྒྲུ༷བ་པའི་ཉམས་རྟོགས་ཁོ་ལག་འཕེལ་ཞིང་རྒྱས། །དཔ༷ལ་ལྡན་སྐུ་བཞིའི་འབྲས་བུ་ཆེར་སྨིན་པས། །གང་གི་མཛད་བཟང་འཆད་པའི་དགེ་ལེགས་སྩོལ། །གསང་གསུམ་སྒྱུ་འཕྲུལ་ཟླ་བ་གཅིག་ཉིད་ལས། །རང་འདྲའི་ཆུ་ཟླས་རྣམ་ཀུན་དོན་ཡོད་ཀྱི། །མཛད་པའི་དགེ་ལེགས་རྩེ་དགའ་འགྱེད་པ་དག །སྐལ་བཟང་ཀུན་དགའི་གར་གྱི་རི་མོར་འགོད། །དེ་ལ་འདིར་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་མཐུ་གཅིག་ཏུ་བསྡུས་པ། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་ཤེས་བྱའི་དཀྱིལ་འཁོར་མཐའ་དག་གཟིགས་པའི་མཁྱེན་སྤྱན་ཡངས་ཤིང་མདོ་སྔགས་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བཀའ་དྲིན་མཚུངས་པ་མེད་པའི་ཆོས་རྗེ་དམ་པ་གང་གི་དོན་གྱི་སླད་དུ་མཚན་ནས་སྨོས་ན༧ངག་དབང་བཤད་སྒྲུབ་དཔལ་བཟང་བོ་མཆོག་གི་རྣམ་པར་ཐར་བ་ཐར་འདོད་དད་པའི་འཇུག་ངོགས་ཞེས་བྱ་བ་བྲི་བར་བྱ་བ་ལ། ཐོག་མར་དགེ་བ་སྔོན་བྱོན་དམ་པའི་སྐྱེས་རབས་ཀྱི་སྐབས་ཕྱེ་བ་དང༌། བར་དུ་དགེ་བ་ད་ལྟར་བྱུང་བའི་སྤྲུལ་བའི་ཟློས་གར་གྱི་མཛད་ཚུལ་དང༌། ཐ་མར་དགེ་བ་ཕྱི་མཐར་འཕྲིན་ལས་ཀྱི་འཇུག་པ་འགོག་མེད་དུ་ཤར་ཚུལ་དང་གསུམ། དང་པོ་སྤྱིར་དཔལ་ལྡན་བླ་མ་དག་གི་མཚན་ཉིད་སོགས་ཅུང་ཟད་བཤད་པ་དང༌། སྔོན་གྱི་འཁྲུངས་རབས་དངོས་བཤད་པ་དང་གཉིས། དང་པོ་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོ་བ་སྤངས་ལ་སྟེན། །ཞེས་དང༌། དཔལ་དུས་ཀྱི་འཁོར་ལོའི་རྩ་རྒྱུད་ལས། བརྟན་ཞིང་དུལ་ལ་བློ་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་རྒྱུ་མེད། །སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་བྲི་བའི་ལས་ལ་མཁས། །གསང་སྔགས་འཆད་བྱེད་སློབ་དཔོན་སྟེ། །དང་བའི་བདག་ཉིད་དབང་བོ་དུལ། །ཞེས་གསུངས་པ་ལྟར་ཡོན་ཏན་ཚད་མེད་པ་ཐམས་ཅད་དང་ལྡན་ཞིང་སྐྱོན་ཐམས་ཅད་དང་བྲལ་བ་སངས་རྒྱས་མ་ལུས་པ་འདུས་པའི་ངོ་བོ། དམ་ཆོས་ཐམས་ཅད་ཀྱི་འབྱུང་གནས། འཕགས་པའི་དགེ་འདུན་རྒྱ་མཚོའི་གཙུག་རྒྱན་ནི་དཔལ་ལྡན་བླ་མ་དམ་པ་ཡིན་ནོ། །དེ་ཡང་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་ལས། སློབ་དཔོན་དེ་ནི་སངས་རྒྱས་ཉིད་དེ་རབ་མཆོག་ས་གཞིའི་སྟེང་ན་ཆོས་ནི་དེ་ཡིས་སྟོན་པའོ། །དགེ་འདུན་གང་ཞིག་དེར་གནས་རབ་ཏུ་དགའ་བའི་ཐུགས་ལྡན་སེམས་ཅན་ཀུན་ལ་རྗེས་སུ་བརྩེ་བ་སྟེ། །ཞེས་དང༌། ཡེ་ཤེས་གྲུབ་པའི་རྒྱུད་ལས། བླ་མ་སངས་རྒྱས་ཆོས་འགྱུར་ཞིང༌། །དགེ་འདུན་ཡང་ནི་དེ་སྙེད་དེ། །དེ་འདྲ་ཉིད་ཀྱི་ཤེས་གྱུར་བས། །དེ་བས་དཀོན་མཆོག་གསུམ་ཡིན་ནོ། །ཞེས་དང༌། སྡོམ་པ་འབྱུང་བའི་རྒྱུད་ལས། །བླ་མ་སངས་རྒྱས་བླ་མ་ཆོས། །བླ་མ་དེ་བཞིན་དགེ་འདུན་ཏེ། །སངས་རྒྱས་ཀུན་དང་མཉམ་སྦྱོར་བའི། །མཁའ་འགྲོ་མ་ཡི་དྲྭ་བ་སྡོམ། །ཞེས་དང༌། བདེ་མཆོག་རྩ་རྒྱུད་ལས། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་དང༌། མཁའ་འགྲོ་ཀུན་སྤྱོད་ཀྱི་རྒྱུད་ལས། གང་གི་དྲིན་གྱི་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང༌། །བླ་མ་རིན་ཆེན་ལྟ་བུའི་སྐུ། །ཞེས་དང༌། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །ཞེས་དང༌། དུས་འཁོར་བསྡུས་པའི་རྒྱུད་ལས། མི་ཡི་འཇིག་རྟེན་རྣམས་སུ་ཉོན་མོངས་རྣམས་བྲལ་བླ་མ་གང་དག་རྡོ་རྗེ་འཛིན་བདག་ཉིད། །སེམས་ཅན་རྣམས་ལ་དེ་ཡིས་བདེ་མཉམ་འབྲས་བུ་ཐར་བ་སྟེར་བས་ཕྱག་བྱ་མཆོད་བྱ་སྲས་རྣམས་ཀྱིས། །ཞེས་གསུངས་པ་དང༌། བཤད་རྒྱུད་རྡོ་རྗེའི་འཕྲེང་བ་ལས། བླ་མ་དང་ནི་རྡོ་རྗེ་འཆང༌། །ཐ་དད་པར་ནི་མི་བརྟག་གོ །ཞེས་དང༌། རྡོ་རྗེ་གུར་ལས། ཇི་ལྟར་ནམ་མཁའ་མཛོད་ཆེན་དུ། །ཐུབ་པ་རྡོ་རྗེ་ཆོས་འཛིན་བཞིན། །མགོན་པོ་རྟ་བདུན་རྒྱལ་པོ་ལྟར། །དེ་བཞིན་སློབ་དཔོན་རབ་ཏུ་གྲགས། །ཞེས་དང༌། བྲམ་ཟེ་བསོད་སྙོམས་པའི་རྒྱུད་ལས། དབང་བསྐུར་བླ་མ་མིག་དང་འདྲ། །མན་ངག་སྟོན་པ་སྙིང་དང་འདྲ། །རྒྱུད་སྟོན་པ་ནི་ལུས་དང་འདྲ། །དེ་ལ་དམ་ཚིག་མ་ཉམས་ན། །འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་དང༌། །བྱང་སེམས་སྡོམ་པ་ཉི་ཤུ་སོགས། །ཉམས་ཀྱང་རྡོ་རྗེ་འཛིན་པ་ཐོབ། །ཅེས་དང༌། ཡེ་ཤེས་ཐིག་ལེའི་རྒྱུད་ལས། བླ་མ་མཐོ་རིས་ཐར་བའི་བླ། །བླ་མ་ཡེ་ཤེས་བླ་ན་མེད། །བླ་མ་ཡོན་ཏན་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །ཅེས་དང༌། ཡོན་ཏན་ཡོངས་བཟུང་གི་རྒྱུད་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བ་མིང་ཡང་མེད། །འདས་དང་མ་འོངས་སངས་རྒྱས་རྣམས། །བླ་མ་དག་ལ་བརྟེན་ནས་འབྱུང༌། །ཞེས་དང༌། རྩ་རྒྱུད་ལས། བླ་མའི་ཞལ་ལ་མ་བརྟེན་དང༌། །དེ་ཡི་མན་ངག་མ་ཐོབ་པར། །འཁོར་བ་རྒྱ་ཆེ་རྒྱ་མཚོ་ལས། །ཕ་རོལ་ཕྱིན་པར་མི་འགྱུར་རོ། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མའི་ཡོན་ཏན་དཔག་ཏུ་མེད་པ་རྒྱུད་སྡེ་དུ་མར་གསུངས་སོ། །སྐུའི་ཆ་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་པར་ཡང་གསུངས་ཏེ། དཔལ་གསང་བ་འདུས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དེ་ཡི་གཟུགས་ཀྱི་ཕུང་བོ་ནི། །སངས་རྒྱས་རྣམ་པར་སྣང་མཛད་ཡིན། །ཞེས་སོགས་དང༌། བླ་མ་ལྔ་བཅུ་པ་ལས། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་རྣམས། །དུས་གསུམ་ལ་ནི་མངོན་ཕྱག་འཚལ། །ཞེས་གསུངས་པ་ལྟར་བླ་མ་སངས་རྒྱས་ཉིད་ཡྀན་ལ། ཕྱོགས་བཅུའི་འཇིག་རྟེན་ཁམས་ཀྱི་སངས་རྒྱས་རྣམས་འདུས་ཏེ། ཉིན་ལན་གསུམ་མཚན་ལན་གསུམ་དུ་ཕྱག་འཚལ་བར་གསུངས་སོ། །དེས་ན་འཕགས་པའི་དགེ་འདུན་རྒྱ་མཚོའི་མངའ་བདག་ནི་རྡོ་རྗེ་སློབ་དཔོན་ཡིན་ལ་ཐམས་ཅད་ཀྱི་སྔོན་དུ་དད་པ་བྱ་དགོས་ཏེ། ཏ་ལ་ལའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྲུང་ཞིང་འཕེལ་བར་བྱེད། ། མི་དགེ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་བའི་གྲོང་ཁྱེར་མཚོན་པ་ཡིན། །དད་པས་རྟོག་པ་སེལ་ཞིང་སེམས་དད་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་གཏེར་དང་ནོར་དང་རྐང་བའི་མཆོག །ལག་པ་བཞིན་དུ་དགེ་བའི་སྡུད་རྩ་ཡིན། །དད་པས་ཡོངས་སུ་གཏོང་ལ་དགའ་བར་བྱེད། །དད་པས་རྒྱལ་བའི་ཆོས་ལ་རབ་དགའ་བྱེད། །དད་པས་ཡོན་ཏན་ཡེ་ཤེས་ཁྱད་པར་འཕགས། །སངས་རྒྱས་གོ་འཕང་ཐོབ་ཅིང་ཐོབ་པར་བྱེད། །ཅེས་དང༌། ཆོས་བཅུ་བའི་མདོ་ལས། དད་པ་ཐེག་པའི་མཆོག་ཡིན་ཏེ། །དེས་ནི་འདྲེན་པ་ངེས་པར་འབྱུང༌། །དེ་ཕྱིར་བློ་དང་ལྡན་པའི་མི། །དད་པའི་རྗེས་སུ་འབྲང་ལ་བརྟེན། །དད་པ་མེད་པའི་མི་དག་ལ། །དཀར་བོའི་ཆོས་རྣམས་མི་སྐྱེ་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང༌། མདོ་སྡེ་རྒྱ་ཆེར་རོལ་བ་ལས། ཀུན་དགའ་བོ་དད་པ་ལ་བརྩོན་པར་གྱིས་ཤིག ཅེས་དང༌། སེང་གེས་ཞུས་པའི་མདོ་ལས། དད་པས་མི་ཁོམ་སྤོང་བར་འགྱུར། །ཞེས་དང༌། འོད་དཔག་མེད་ཞིང་གི་བཀོད་པའི་མདོ་ལས། སངས་རྒྱས་དང་ཆོས་དང་དགེ་འདུན་དང༌། སློབ་དཔོན་དང་མཁན་པོ་དང༌། དགེ་བའི་བཤེས་གཉེན་ལ་གུས་པ་དང་བཅས་པ་སྔོན་དུ་འགྲོའོ། །ཞེས་དང༌། འཕགས་པ་སྡོང་བོ་བཀོད་པའི་མདོ་ལས། དད་པ་ཡྀད་བཞིན་ནོར་བུ་བུམ་པ་བཟང༌། །འདོད་དགུ་འཇོ་བའི་བཞོན་མཚུངས་པ། །བླ་མ་དང་ནི་སངས་རྒྱས་ལ། །དེ་ལྟ་བས་ན་མགུ་བར་བྱ། །སངས་རྒྱས་དད་པས་བསོད་ནམས་གང༌། །སངས་རྒྱས་ཞིང་དུ་སྐྱེ་བར་འགྱུར། །ཞེས་དང༌། འཕགས་པ་ཡན་ལག་མེ་ཏོག་མཆོག་གི་མདོར། སངས་རྒྱས་འཕྲད་ན་ཤིན་ཏུ་དད། །དད་ནས་ཤིན་ཏུ་གུས་པར་འགྱུར། །གུས་པས་ནན་ཏན་བྱེད་པས་ན། །མྱུར་དུ་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་མང་དུ་གསུངས་བའི་ཕྱིར་རོ། །ད་ནི་མོས་གུས་ཇི་ལྟར་བསྒོམ་པའི་ཚུལ་ནི། དངོས་པོའི་མཚན་ཉིད་ཀྱི་དབང་དུ་བྱས་ན། བླ་མ་དེ་སངས་རྒྱས་བྱང་སེམས་ཀྱི་རྣམ་སྤྲུལ་ཡིན་པ་ཡང་སྲིད། དེ་མ་ཡིན་པར་ཐ་མལ་པ་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་སློབ་དཔོན་དེའི་སྐུ་གསུང་ཐུགས་ལ་ཡི་དམ་གྱི་ལྷ་རྣམས་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་ལྟ་བུ་ཡིན་ལ། དེ་མཉེས་ན་སངས་རྒྱས་མཉེས། དེ་ལ་སྡིག་བསགས་ན་སངས་རྒྱས་ལ་སྡིག་བསགས་པར་འགྲོ་ལ། དེ་ལ་མཆོད་པ་ཕུལ་བས་སངས་རྒྱས་ཐམས་ཅད་ལ་མཆོད་པའི་ཕྱིར་སློབ་མའི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། དེ་ལ་བརྙས་བྱེད་སེམས་ཅན་གང༌། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང༌། །ཞེས་དང༌། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས་པའི་ཕྱིར། མོས་གུས་བསྒོམ་པའི་ཚུལ་ནི་བླ་མ་དེ་ཉིད་དོན་དངོས་པོ་ལ་སུ་གང་ཡིན་རུང་སོ་སོའི་སྐྱེ་བོའམ། འཕགས་པ་སློབ་པ་ལྟ་བུ་དང༌། དགེ་བའི་བཤེས་གཉེན་ཕལ་བ་སོགས་སུ་བལྟ་བ་མ་ཡིན་པར་སངས་རྒྱས་དངོས་སུ་བསྒོམ་དགོས་དོན་ལ་སངས་རྒྱས་གཅིག་དང་མང་བོ་ཁྱད་མེད་ཀྱང༌། མོས་གུས་འཇུག་ཚུལ་ཁྱད་ཡོད་པས་ཕྱོགས་བཅུ་དུས་གསུམ་ཀྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེས་ན་ཆོས་དང་དགེ་འདུན་ཀུན་ཀྱང་ཡིན་པས། བདག་གི་བླ་མ་འདི་ཉིད་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན། སངས་རྒྱས་ཡི་དམ་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་དངོས་སུ་བྱོན་ཀྱང་རུང༌། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོ་མཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་པས་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པའི་དད་པ་དང༌། བཀའ་དྲིན་ཤིན་ཏུ་ཆེ་བར་ཤེས་པ་གཉིས་འཛོམ་ན་མོས་གུས་ཚུལ་བཞིན་སྒོམ་ལུགས་ཡིན་ནོ། །བཀའ་དྲིན་དྲན་པ་མེད་ན་སྤྱིར་བྱས་པ་མི་གཟོ་ཞིང༌། ངོ་ཚ་ཁྲེལ་མེད་དེ་བྱུར་ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་དགེ་ལེགས་ཐམས་ཅད་ཕྱགས་མ་བཏབ་པ་བཞིན་ཉམས་འགྲོའོ། །དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ་སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟར་བྱས་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན་ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་རོ། །དེ་ལྟར་མོས་གུས་སོགས་བྱས་ན་ཕན་ཡོན་དུ་མ་འབྱུང་བར་གསུངས་ཏེ། དགྱེས་པ་རྡོ་རྗེའི་རྒྱུད་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟེན་པ་དང༌། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང༌། སྒྱུ་འཕྲུལ་དྲྭ་བ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་བཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་བཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་དང༌། རྡོ་རྗེ་གུར་ལས། སློབ་དཔོན་སྟོན་པར་གྱུར་བ་ནི། །སངས་རྒྱས་ཀུན་གྱིས་ཕྱག་མཛད་པ། །བདག་ཅག་རྣམས་ཀྱི་ཕ་དང་མ། །འདི་ཉིད་ཡིད་ལ་བསམ་པར་བྱ། །ཞེས་དང༌། རྡོ་རྗེ་སེམས་དཔའ་ཇི་ལྟ་བུས། །དེ་ལྟར་སློབ་དཔོན་གཟུགས་འཛིན་ཏེ། །སེམས་ཅན་རྗེས་སུ་གཟུང་དམིགས་ནས། །ཕལ་བའི་གཟུགས་སུ་གནས་པའོ། །ཞེས་དང༌། དཔལ་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང་དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ་ཐར་བ་དོན་དུ་གཉེར་བ་རྣམས་ཀྱིས་ལྟ་བར་བྱའོ། །ཞེས་དང༌། སློབ་དཔོན་ཀླུ་སྒྲུབ་ཀྱི་རིམ་ལྔ་ལས། བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འདོད་ཀྱང་ནི་གྲོལ་བར་འགྱུར། །ཞེས་དང༌། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་ཀྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིངས་ལས་སྒྲོལ་བར་འགྱུར། །ཞེས་དང༌། དཔལ་ས་ར་ཧའི་ཞལ་ནས། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་དང༌། ཡེ་ཤེས་གྲུབ་པ་ལས། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་འགྲོ་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། །བླ་མ་མེད་པར་སྲིད་མཐར་མིན། །ཞེས་དང༌། མཐུ་སྟོབས་དབང་ཕྱུག་བིརྺ་པས་ཀྱང༌། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་སྟེ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན་པར་གསུང་པའི་ལུང་ཁུངས་མཐའ་ཡས་སོ། །ད་ལྟ་མངོན་སུམ་གྱིས་གྲུབ་པ་ཡང༌། རྩ་བའི་བླ་མ་ལ་དད་པ་མེད་པ་རྣམས་མི་འདོད་པ་དུ་མ་ཐོག་ཏུ་འབབ་པ་དང༌། བླ་མ་གུས་པར་བསྟེན་པ་རྣམས་ལ་བདེ་སྐྱིད་སྙན་གསུམ་རང་ཤུགས་ཀྱིས་འབྱུང་བ་མཐོང་ངོ༌། །གཞན་ཡང་བླ་མ་དམ་པ་རྣམས་ཀྱི་གསུང་ལས་འདི་སྐད་ཅེས། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག བྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སོའི་སྐྱེ་བོའི་དགེ་བའི་བཤེས་གཉེན་དུ་མཐོང་ན་དེ་དང་མཐུན་པར་བྱིན་རླབས་འཇུག་སྟེ། མོས་གུས་མེད་ན་བྱིན་རླབས་ཡེ་མི་འཇུག་པར་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐ་སོགས་ཀྱིས་གསུངས་སོ། །དེ་ལྟར་དད་པའི་ཞིང་ནི་དཔལ་ལྡན་བླ་མ་དམ་པ་ཉིད་དུ་ངེས་པས་སློབ་དཔོན་གྱི་རྣམ་པར་ཐར་བ་བཤད་པར་བྱ་ཞེས་མདོ་རྒྱུད་དུ་མ་ནས་གསུངས་ཏེ། དྲི་མེད་གྲགས་པའི་ཞུས་པའི་མདོ་ལས། རབ་འབྱོར་གང་ལ་ལ་ཞིག་གིས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར། རིན་པོ་ཆེ་སྣ་བདུན་གྱིས་རབ་ཏུ་གང་བར་བྱས་ཏེ། སྦྱིན་པ་བྱིན་ན་བསོད་ནམས་མང་དུ་བསྐྱེད་དམ་རབ་འབྱོར་གྱིས་གསོལ་པ། བཅོམ་ལྡན་འདས་མང་ལགས་སོ། །བདེ་བར་གཤེགས་པ་མང་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་བ། རབ་འབྱོར་གང་ལ་ལ་ཞིག་གིས་བླ་མའི་རྣམ་ཐར་གྱི་ཚིག་བཞི་ཕྱེད་ཙམ་སྟོན་ན་དེ་བས་བསོད་ནམས་མང་དུ་བསྐྱེད་པར་འགྱུར་རོ། །ཞེས་དང༌། གཞོན་ནུ་ལུང་བསྟན་པའི་མདོ་ལས། གཞོན་ནུ་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཅིག །ཅེས་དང༌། འཕགས་པ་གཎྜི་རྒྱས་པའི་མདོ་ལས། སློབ་དཔོན་མཚན་ཉིད་སུས་བཤད་པ། བསོད་ནམས་མཐའ་ཡས་དཔག་མེད་ཐོབ། །ལྷ་ཡི་བསྲུང་ལ་བར་ཆད་མེད། །དེ་ཕྱིར་བླ་མ་ལ་གུས་ཤིག །ཅེས་དང༌། ཚུལ་ཁྲིམས་དྲི་མེད་བསལ་བའི་མདོ་ལས། ཀུན་དགའ་བོ་ཚུལ་ཁྲིམས་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ནི་བླ་མའི་མཚན་ཉིད་ལ་རྟོགས་པར་བྱའོ། །མོས་པར་བྱའོ། །ཞེས་སོགས་མདོ་དུ་མ་དང༌། རྒྱུད་ཡང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་མེད་པར་གྱུར་ནས་ནི། །དངོས་གྲུབ་ཐོབ་པར་མི་འགྱུར་བས། །སློབ་དཔོན་མཚན་ཉིད་བཤད་པར་བྱ། །ཞེས་དང༌། ཡེ་ཤེས་གསལ་བའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་སྟོང་དུ་བསྒོམས་པ་བས། །བླ་མ་དྲན་པའི་བསོད་ནམས་ཆེ། །ཞེས་དང༌། དམ་ཚིག་བཀོད་པའི་རྒྱུད་ལས། རྫོགས་པའི་རིམ་པ་བསྐལ་བའི་བར་དུ་ནི། །འདུ་འཛི་གཡེང་བ་སྤངས་ནས་བསྒོམས་པ་བས། །བླ་མ་སེམས་ཀྱི་དཀྱིལ་དུ་དར་ཅིག་ཤར་བ་ཙམ། །འབུམ་ཕྲག་ཉི་ཤུའི་ཆར་ཡང་མི་ཕོད་དོ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་དུ། སློབ་དཔོན་བླ་མ་མཚན་ཉིད་ལྡན། །སློབ་མས་སློབ་དཔོན་མཐོང་བར་སྤྲོ། །དེ་ལྟ་བུ་ཡིས་རྟག་ཏུ་ནི། །དངོས་གྲུབ་ཡང་དག་འབྱོར་བ་ཉིད། །ཅེས་སོགས་མདོ་རྒྱུད་དུ་མ་ནས་བླ་མ་ལ་དད་མོས་དང་རྣམ་ཐར་བརྗོད་ཅིང་རྗེས་སུ་དྲན་པར་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་ཡོད་པར་གསུངས་པས་འདི་རྩོམ་པ་ལ་སྤྲོ་བ་སྐྱེས་པས་ཅུང་ཟད་འབྲི་བར་འཚལ་ལོ། །སྨྲས་པ། རྒྱལ་ཀུན་ཡེ་ཤེས་ཟླ་བའི་ཆ་ཀུན་རྫོགས། །མཚན་ཙམ་དྲན་པས་དངོས་གྲུབ་མཆོག་སྩོལ་བ། །སློབ་དཔོན་ཉིད་ཅེས་མདོ་རྒྱུད་ཐམས་ཅད་ཀྱིས། །ངོ་མཚར་གཏམ་ཚོགས་སྤྲིན་གྱི་རོལ་མོ་སྙན། །བར་སྐབས་ཀྱི་ངལ་གསོ་བའི་ཚིགས་སུ་བཅད་པའོ། །

གཉིས་པ་སྔོན་གྱི་འཁྲུངས་རབས་དངོས་བཤད་པ།

གཉིས་པ་སྔོན་གྱི་འཁྲུངས་རབས་དངོས་བཤད་པ་ནི།

ཇི་སྐད་དུ་རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་བ་དང༌། ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོ་གཤེགས་པ་དང༌། །བདུད་སྡེ་འཇོམས་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདས་པར་གཤེགས་མཛད་རྣམས༌། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧ངག་དབང་བཤད་སྒྲུབ་དཔལ་ནི་བསྐལ་བ་དཔག་ཏུ་མེད་པའི་སྔ་རོལ་ནས་འོག་མིན་སྡུག་པོ་བཀོད་པའི་ཞིང་དུ་ཆོས་སྐུའི་ངོ་བོར་སངས་རྒྱས་ཟིན་ཀྱང་དག་མ་དག་གི་ཞིང་ཁམས་རབ་འབྱམས་སུ་སྤྲུལ་བའི་ཕྲེང་བ་རྡུལ་གྲངས་ལས་འདས་པ་ཡོད་མོད་ཀྱང་བདག་ལྟ་བུའི་ཚུལ་མཐོང་གི་སོ་སོའི་སྐྱེ་བོའི་བརྗོད་བྱའི་ཡུལ་ལས་འདས་ལ། འོན་ཀྱང་ཐུན་མོང་སྣང་ཚོད་ལྟར་ཡོངས་སུ་གྲགས་ཆེ་བ་ལྟར་སྔོན་གྱི་སྐྱེ་བའི་རྣམ་པར་ཐར་བ་ཅུང་ཟད་བརྗོད་ན། དེ་ཡང་རྗེ་བཙུན་བླ་མ་དམ་པ་རང་གིས་འོག་ནས་འབྱུང་བ་བཞིན་མཆོག་གི་སྤྲུལ་སྐུ་རྣམ་གསུམ་གྱི་ཡ་གྱལ་གཏེར་སྟོན་རིག་འཛིན་རྒོད་ལྡེམ་ཅན་གྱི་སྤྲུལ་བ་ཡིན་པར་ཡང་ཡང་གསུངས་བ་དང༌། གཏེར་སྟོན་ལས་རབ་གླིང་བའམ་ཉག་བླ་བསོད་རྒྱལ་གྱིས་རང་ཉིད་ཀྱི་ཡང་སྲིད་དུ་ལུང་བསྟན་པ་ལྟར་བརྗོད་པ་ལ། དང་བོ་རྗེ་བཙུན་དམ་པ་འདི་ཉིད་འོག་མིན་ཆེན་པོ་སྟོན་པ་ཀུན་ཏུ་བཟང་པོའི་ངེས་གསང་ཟབ་མོའི་ཆོས་འཁོར་བསྐོར་བའི་དུས་སུ། དེའི་བཀའ་བསྡུ་མཛད་པ་པོ་སེམས་དཔའ་རྡོ་རྗེ་སྙིང་པོར་འཁྲུངས་བ་དང༌། འོད་སྣང་སྤྲུལ་བའི་ཞིང་ཁམས་སུ་སྤྲུལ་སྐུའི་འཁོར་ལ་གསང་སྔགས་ཀྱི་ཆོས་གསུངས་པའི་སྟོན་པ་གཞོན་ནུ་ཁྱེའུ་ཆུང་ཤེད་ལ་རོལ་བ་ཞེས་བྱ་བར་གྱུར་པ་དང༌། ལྷ་ཡུལ་སྣང་བ་དམ་པའི་ཞིང་དུ་རྫོགས་ཆེན་གྱི་བསྟན་པའི་བདག་པོ་ལྷ་དབང་གི་སྲས་དྭེ་ཝ་བཟང་སྐྱོངས་སུ་འཁྲུངས་པ་དང༌། རྡོ་རྗེ་འཆང་གི་སྤྱན་སྔར་གསང་སྔགས་ཀྱི་བཀའི་བསྡུ་བ་བྱེད་པོ་བྱང་སེམས་ཡེ་ཤེས་སྙིང་པོའི་སྐུར་བཞེངས་པ་དང༌། བདེ་གཤེགས་སྟོན་པ་བཅུ་གཉིས་ཀྱི་སྤྱན་སྔར་ནང་རྒྱུད་ཀྱི་བཀའ་བསྡུ་མཛད་པ་པོ་སེམས་དཔའ་རྡོ་རྗེ་སྙིང་པོ་གཉིས་པའི་སྐུར་སྟོན་པ་དང༌། འཛམ་གླིང་དུ་བདག་ཅག་གི་སྟོན་པ་མཉམ་མེད་ཤྭཀྱའི་དབང་བོའི་དུས་སུ་གཞོན་ནུ་དོན་གྲུབ་ཀྱི་རིམ་གྲོ་བའི་མ་མ་སྐྱེ་དགུའི་བདག་མོར་གྱུར་བ་དང༌། རྒྱལ་སྲས་དགའ་རབ་རྡོ་རྗེ་བྱོན་ཚེ་དེའི་མ་ཡུམ་མཁའ་འགྲོ་བདེ་ལྡན་མའི་སྐུར་འཁྲུངས་པ་དང༌། གཞན་ཡང་རིག་འཛིན་སློབ་དཔོན་དུ་མ་སྐྱེད་པའི་ཡུམ་དུར་ཁྲོད་དུ་རྒྱུ་བའི་ཁྲོ་མོ་རིག་བྱེད་བདེ་མའི་སྐུར་བཞེངས་པ་དང༌། སློབ་དཔོན་འཇམ་དཔལ་བཤེས་གཉེན་གྱི་འཁོར་གྱི་ཐོག་མ་བྲམ་ཟེ་ཡིད་བཞིན་དཔལ་ཞེས་བྱར་གྱུར་ཏེ་སྟོན་འཁོར་མཉེས་པའི་རིམ་གྲོ་བ་མཛད་པ་དང༌། རྒྱལ་བོ་ཨིནྟྲ་བྷོ་དྷི་བྱོན་སྐབས་དེའི་ཆོས་བློན་མཆོག་གི་སྐུར་གྱུར་པ་དང༌། རང་བྱུང་གུ་རུ་པདྨ་དྷ་ན་ཀོ་ཤའི་མཚོ་རུ་འཁྲུངས་ཚེ་ལྷ་ཡུལ་གྱི་བྱང་སེམས་ནམ་མཁའི་སྙིང་པོའི་སྐུར་བཞེངས་ཏེ་ནམ་མཁའི་སྤྲིན་གསེབ་ནས་འཁོར་གྱི་ལྷ་ཚོགས་དུ་མ་བཅས་སྐུ་ཁྲུས་གསོལ་བར་མཛད་པ་དང༌། གུ་རུས་ཨོ་རྒྱན་གྱི་རྒྱལ་སྲིད་བསྐྱངས་ཚེ་དེའི་སྦས་པའི་ནང་འཁོར་བཻ་ཌཱུརྱའི་མདོག་ཅན་ནོར་བུ་འཛིན་པའི་ཆས་ཞུགས་ཀྱི་སེམས་དཔར་གྱུར་པ་དང༌། གུ་རུས་བསིལ་བའི་ཚལ་དུ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་ཚེ་ལས་བྱེད་ཆོས་འཆད་བདེ་བའི་རྡོ་རྗེ་ཞེས་བྱར་གྱུར་བ་དང༌། གུ་རུ་མ་ལ་ཡ་རུ་བྱོན་སྐབས་གུ་རུས་ཐུགས་རྒྱུད་བསྐུལ་བའི་སྡེ་བརྒྱད་ཀྱི་གཙོ་བོ་ཁྲོ་བོ་དྲག་པོ་གཏུམ་པོའི་སྐུར་བཞེངས་བ་དང༌། གུ་རུས་དུར་ཁྲོད་བརྒྱད་དུ་གསང་སྔགས་ཀྱི་ཆོས་གསུངས་ཚེ་ཆོས་ཀྱི་སྲས་ཤྭཀྱ་མི་ཏྲ་ཞེས་བྱར་གྱུར་བ་དང༌། གུ་རུས་བྲག་དམར་བྱ་ཁྱུང་ཚལ་དུ་ཀུན་དགའ་བོ་ལ་ཆོས་ཞུས་ཚེ་དེ་དང་ལྷན་གཅིག་པའི་གྲོགས་མདོ་སྡེ་ཁོང་ཆུབ་ཉན་ཐོས་ཞི་བའི་སྙིང་བོར་གྱུར་པ་དང༌། གུ་རུས་མ་ར་ཏེ་ཀར་ཉེ་རྒྱུའི་སྤྱོད་པ་མཛད་པའི་ཚེ་ཡིད་འཛིན་ལྷ་མོ་མནྡ་རར་གྱུར་བ་དང༌། གུ་རུས་ཚོགས་སྤྱོད་ཀྱི་བདེ་ཆེན་སྤོར་བའི་ཚུལ་བསྟན་ཚེ་བདུད་རྩི་མ་ད་ནའི་བསྙེན་བསྐུར་འབུལ་བའི་ཆང་ཚོང་མ་བཱི་ན་མོར་གྱུར་བ་དང༌། རྒྱལ་བོ་གཙུག་ལག་འཛིན་གྱིས་ལུགས་གཉིས་དང་མདོ་སྔགས་ཀྱི་གཙུག་ལག་ཟུང་གི་བསྟན་པའི་གཞི་རྩ་འཛུགས་ཚེ་ཡིག་རིས་འདུ་བྱེད་ཀྱི་ཆོས་བློན་ཡེ་ཤེས་གསལ་དུ་གྱུར་བ་དང༌། གཞན་ཡང་གུ་རུ་པདྨའི་ཐུགས་ཟིན་གྱི་ཡུམ་བཙུན་མོ་འོད་འཆང་མར་གྱུར་ནས་གུ་རུའི་ཐུགས་མཉེས་པར་མཛད་པ་དང༌། གུ་རུས་ཨོ་རྒྱན་གྱི་ཡུལ་གྲུ་བཅུ་དྲུག་ཆོས་ཀྱིས་སྐྱོངས་ཚེ་དེའི་ཆོས་བསྐུལ་ཞུ་བ་པོ་དང་བཀའི་བསྡུ་བའི་བྱེད་པོ་རྒྱལ་པོ་བདེ་བའི་འབྱུང་གནས་ཞེས་བྱར་གྱུར་པ་དང༌། རྡོ་རྗེ་གདན་དུ་མུ་སྟེགས་པའི་སྡེ་ཚོགས་བཟློག་པའི་གུ་རུ་སེང་གེ་སྒྲ་སྒྲོགས་ཀྱི་སྐུར་བཞེངས་ཚེ་ངན་སྔགས་ཀྱི་གཏེར་སྒྲོམ་འབུལ་བའི་ཌཱ་ཀི་བདེ་འབྱུང་གཉིས་པར་གྱུར་བ་དང༌། གཞན་ཡང་རྡོ་རྗེ་གདན་གྱི་གནྡྷོ་ལའི་ཞབས་ཏོག་ཞུ་མཁན་གྱི་དེད་དཔོན་ཀ་ཁ་འཛིན་པ་རུ་གྱུར་བ་དང༌། གུ་རུས་བལ་ཡུལ་ཡང་ལེ་ཤོད་དུ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཚེ་བར་ཆད་བཟློག་པའི་ཕུར་བའི་རྒྱུད་རྒྱ་གར་ཨོ་རྒྱན་ཡུལ་ནས་སྤྱན་འདྲེན་པ་པོ་བལ་བོ་ཛི་ན་མི་ཏྲ་ཞེས་བྱར་གྱུར་བ་དང༌། གུ་རུ་བོད་ཡུལ་དུ་བྱོན་སྐབས་སུ་ཞང་སྣ་ནམ་པ་རྡོ་རྗེ་བདུད་འཇོམས་ཀྱི་སྐུར་འཁྲུངས་པ་ཡིན་ལ། དེ་ཡང་རུས་སྣ་ནམ་པའི་རིགས་སུ་གཏོགས་པ་སྐུ་གཞོན་ནུའི་དུས་སུ་རྒྱལ་བོ་ཁྲི་སྲོང་གི་ཆོས་བློན་དུ་གྱུར། ཕྱིས་སུ་གུ་རུའི་དངོས་སློབ་དུ་གྱུར། གུ་རུ་པདྨས་གསང་སྔགས་ཀྱི་སྨིན་དབང་རྗེ་འབངས་རྣམས་ལ་གནང་ཚེ་ཇོ་མོ་མཚོ་རྒྱལ་དང་མཉམ་དུ་བྱང་ཕུར་བའི་དཀྱིལ་འཁོར་དུ་རིགས་ཀྱི་མེ་ཏོག་ཕོག་པས་ལས་རིགས་ཀྱི་མཆོག་གི་དངོས་གྲུབ་བརྙེས། གྲུབ་པའི་རྟགས་མཚན་ལ་བསམ་ཡས་ལས་ཡུལ་ཐག་རིང་བའི་སྒྲུབ་གནས་སུ་བཞུགས་ཡོད་པའི་སྐབས་སུ་བསམ་ཡས་རབ་གནས་མཛད་པའི་དུས་ལ་བབས་པར་མཁྱེན་ནས་ཕུར་བུ་བྲག་ལ་གཟིར་བས་བྲག་གས་པའི་སྲུབ་གསང་ཆུང་ངུ་ནས་ཟང་ཐལ་དུ་བསམ་ཡས་སུ་ཕེབས་པ་དང༌། ཧས་པོ་རི་ལ་མེ་ཤོར་སྐབས་ཧས་པོ་རིའི་ཡང་གོང་དུ་བྲག་ལ་ཕུར་བ་འདམ་ལྟར་བཏབ་ནས་མེ་བཟློག་པར་མཛད་པ་དང༌། དུས་ཡུན་ཐུང་ངུ་ནས་གླིང་བཞི་བསྐོར་ནུས་པའི་རྫུ་འཕྲུལ་མངའ་བས་ཆོས་རྒྱལ་དབང་བོ་སྡེས་རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་མེད་ཅེས་བསྔགས་པ་ལྟར་ཡོངས་སུ་གྲགས་པའོ། །གུ་རུ་པདྨ་ལས་སྤྱིར་སྔ་འགྱུར་གསང་སྔགས་བཀའ་མའི་སྨིན་གྲོལ་གྱི་གདམས་དོན་མངོན་གྱུར་མཛད་པ་དང༌། བྱེ་བྲག་རང་གི་སྤྲུལ་པ་རིམ་བྱོན་གྱི་ཟབ་གཏེར་དང༌། སྤྲུལ་བ་དུས་མཉམ་པའི་ཟབ་གཏེར་སོ་སོ་བ་དག་གི་སྨིན་བྱེད་དབང་དང་གྲོལ་བྱེད་ཀྱི་གདམས་པ་རྣམས་ཀྱི་ཚིག་ལྷག་ཆད་དང༌། དོན་ནོར་འཁྲུལ་མེད་པར་རང་དུས་ལས་མི་ཡོལ་བར་སད་པའི་དགོངས་སྨོན་དང་གཏད་རྒྱས་ཐུགས་ཀྱི་དབྱིངས་ཀུན་ཏུ་གཏམ་པར་མཛད་པ་ལགས། བོད་དུ་བསྟན་པ་ཕྱི་དར་གྱི་དུས་སུ་ཁ་ཆེའི་པནྚིཏ་ཤཱཀྱ་ཤྲཱི་བྱོན་ནས་བསྟན་པའི་མེ་རོ་སྟོད་ནས་སློངས་བའི་སྐབས་སུ་ཁྲོ་ཕུ་ལོ་ཙ་བ་བྱམས་པ་དཔལ་ཞེས་མཁས་བཙུན་ཡོན་ཏན་གྱི་དབང་ཕྱུག་ཁ་ཆེ་པཎ་ཆེན་གྱི་དངོས་སློབ་ཏུ་གྱུར་ནས་བསྟན་པའི་བྱ་བ་རྒྱས་པར་མཛད་པ་དང༌། དེའི་ཕྱིས་སུ་གུ་རུའི་ཐུགས་གཏེར་གྱི་མངའ་བདག་རྒྱལ་བོ་ལྟ་བུའི་གཏེར་སྟོན་ལྔའི་ནང་ཚན་རྩོད་མེད་མཆོག་གི་སྤྲུལ་བའི་སྐུ་རྣམ་པ་གསུམ་གྱི་ཡ་གྱལ་ཡིད་བཞིན་ནོར་བུ་ལྟ་བུའི་གཏེར་སྟོན་དུ་གྲགས་པ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་དུ་སྐུའི་སྐྱེ་བ་བཞེས། འདི་ཉིད་རྗེ་བཙུན་དམ་པ་ངག་དབང་བཤད་སྒྲུབ་དཔལ་རང་གིས་གསལ་བར་དྲན་ཞིང༌། གྱང་སྤྲུལ་གྱིས་རྗེ་འདི་ཉིད་ལ་ཁྱེད་སུའི་སྤྲུལ་སྐུ་ཡིན་ཞེས་དྲིས་ཚེ་བདག་རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་ཡིན་ནོ་གསུངས་ལ། གྱང་སྤྲུལ་གྱིས་དེ་དེ་བཞིན་ནོ་ཞེས་གསུངས་པ་དང༌། རྒྱལ་སྲས་པདྨ་རྣམ་རྒྱལ་ལ་དེ་ལྟར་གསུངས་བ་སོགས་རྩོད་མེད་དུ་གྲགས་ཤིང་གྲུབ་ལ། དེས་ན་རིག་འཛིན་རྒོད་ལྡེམ་ཅན་ནམ་རིག་འཛིན་ཆེན་པོ་དངོས་གྲུབ་རྒྱལ་མཚན་ནི། རི་བོ་བཀྲ་བཟང་གི་ཤར་མདུན་བྱང་ཐོ་ཡོལ་ནག་པོའི་ཡུལ་བརྒྱུད་སྣ་མོ་ལུང་གི་གཟིམ་ཁང་དུ་སློབ་དཔོན་བདུད་འདུལ་གྱི་སྲས་སུ་མེ་མོ་གླང་གི་ཟླ་བའི་ཚེས་བཅུ་ལ་མཚན་རྟགས་ཁྱད་པར་ཅན་དང་བཅས་ཏེ་སྐུ་བལྟམས། ལུང་དོན་ལྟར་དགུང་ལོ་བཅུ་གཉིས་པའི་དུས་དབུ་གཙུག་ཏུ་རྒོད་སྒྲོ་གསུམ་དང་ཉེར་བཞིའི་དུས་རྒོད་སྒྲོ་ལྔ་སྐྱེས་པས་རིག་འཛིན་རྒོད་ལྡེམ་ཅན་ཞེས་ཡོངས་སུ་གྲགས། སྐུ་ལ་རྟགས་བཅུ་གསུམ་རྫོགས་པ། སྤྱིར་གཏེར་གནས་གསུམ་ནས་ཁྱད་པར་དུ་འཕགས་པའི་གཏེར་མཛོད་གསུམ་དང༌། གཏེར་ཕྲན་བརྒྱ་རྩའི་ལྡེ་མིག་ཡོད་པ་སྤྱན་དྲངས་ནས་གཏེར་ཚབ་སྦས། བྱེ་བྲག་ཏུ་གཉན་ཡུལ་བྲག་རི་དུག་སྦྲུལ་སྤུངས་འདྲའི་ཟད་ཟད་ལྷ་བྲག་གི་ཕུག་པ་ནས་གཏེར་སྒྲོམ་སྔོན་པོ་གྲུ་བཞི་ནང་ཆོད་སོ་སོར་ཡོད་པ་ནས་མཛོད་ལྔ་འདུས་པའི་ཟབ་གཏེར་བརྡ་རྟགས་བཅོ་བརྒྱད་དམ་མཛོད་ལྔ་རེ་རེ་ལ་ཆོས་ཚན་བརྒྱ་རྩ་རེ་བཞུགས་པས་ཡོངས་དྲིལ་ལྔ་བརྒྱ་ཡན་ལག་བཅས་ཤོག་སེར་གཏན་ལ་ཕབ་ནས་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་སྤེལ་ནས་སྲས་བརྒྱུད་ཡུམ་བརྒྱུད་སློབ་བརྒྱུད་གསུམ་ལས་བྱོན་པའི་ཆོས་རྒྱུད་དེང་སང་བར་དུ་གནས། ཁྱད་པར་བྱང་གཏེར་འདི་ཉིད་བསྟན་པ་སྤེལ་བ། མཐའ་དམག་བཟློག་པ། རིམས་ནད་གཅོད་པ་སོགས་མ་ཚང་བ་མེད་པ་ཡིན་པར་གསུངས་སོ། །དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་ལོ་བདུན་ཅུ་རྩ་གཉིས་པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་ཏེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་ཡིན་ནོ། །དེ་ནས་རིག་འཛིན་ཆེན་པོ་དེའི་སྤྲུལ་བ་ཉེར་ལྔ་སྟོན་པའི་ནང་ཚན་རིག་འཛིན་སྐུ་ཕྲེང་གཉིས་པར་བགྲང་བ་མངའ་རིས་མཆོག་སྤྲུལ་ལེགས་ལྡན་རྡོ་རྗེར་འཁྲུངས་ཏེ། གསང་སྔགས་སྔ་འགྱུར་གྱི་བཀའ་གཏེར་སྤྱིའི་བསྟན་པའི་བདག་པོ་དང༌། ཁྱད་པར་དུ་རང་གཏེར་གྱི་གནས་བསམ་ཡས་འོན་བུ་སྟག་ཚངས་སོགས་ནས་བླ་རྫོགས་ཐུགས་གསུམ་སོགས་ཀྱི་ཟབ་གཏེར་དུ་མ་སྤྱན་དྲངས། གཏེར་ཆེན་རིག་འཛིན་ཆེན་པོ་ཞེས་ཡོངས་སུ་གྲགས་ཏེ་ཨེ་ཝཾ་ལྕོག་སྒར་བསྐྱངས་ནས་བསྟན་པ་ལ་བྱ་བ་རྒྱ་ཆེན་སྒྲུབ་པར་མཛད་པ་ལགས་སོ། །དེའི་རྗེས་རིག་འཛིན་སྐུ་ཕྲེང་གསུམ་པ་རིག་འཛིན་ངག་གི་དབང་བོ་འཁྲུངས་ཏེ་རང་སྣང་དབང་དུ་འདུ་ཞིང་གཞན་སྣང་ཟིལ་གྱིས་གནོན་པའི་མཐུ་སྟོབས་ནུས་པའི་རྩལ་འཆང་སྔ་འགྱུར་བཀའ་གཏེར་ཡོངས་ཀྱི་བསྟན་པའི་བདག་པོར་གྱུར། ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་སྡེ་གསར་འདེབས་བྱས་ནས་གཟུགས་སྐུའི་བཀོད་པ་བསྡུས་སོ། །དེ་ནས་རིག་འཛིན་ཆེན་པོ་སྐུ་ཕྲེང་བཞི་བ་ལྷ་རིགས་གསུམ་ལྡན་རྡོ་རྗེ་འཛིན་དབང་རིག་འཛིན་པདྨ་འཕྲིན་ལས་སུ་སྐྱེ་བ་བཞེས་ནས་ཡོན་ཏན་དུ་མས་བརྒྱན་ཏེ། སྔ་འགྱུར་བསྟན་པ་བཤད་སྒྲུབ་ཟུང་འབྲེལ་གྱི་འཕྲིན་ལས་ཕྱོགས་བཅུར་སྤེལ་ནས་དྲན་དབང་དུ་མའི་གཙུག་རྒྱན་དུ་གྱུར། དམ་པའི་སྐྱེས་མཆོག་རིག་འཛིན་ཆེན་པོ་དེ་ཉིད་ཀྱི་སྐྱེས་སྤྲུལ་གྱི་ཟློས་གར་སླར་ཡང་ལྕགས་མདུད་ཉག་ཡུལ་དུ་སྐྱེ་སྤྲུལ་དང་བོ་སྐལ་བཟང་པདྨ་དབང་ཕྱུག་ཅེས་པ་ཐུབ་བསྟན་རྡོ་རྗེ་བྲག་གི་ཆོས་ཁྲིར་ཕེབས་ནས་རྙིང་བསྟན་སྤྱི་དང་བྱེ་བྲག་རིག་འཛིན་བླ་མའི་བཀའ་གཏེར་གྱི་བསྟན་པ་སྤེལ་བ་དང༌། ཁྱད་པར་དགོངས་གཏེར་ཟབ་མོའི་ཀློང་རྡོལ་ཏེ་བླ་རྫོགས་ཐུགས་གསུམ་གྱི་ཟབ་གཏེར་རྒྱ་མཚོ་ལྟ་བུ་ལ་དབང་སྒྱུར་མཛད་པ་ལགས་སོ། །སྐྱེ་སྤྲུལ་གཉིས་པ་སྙིགས་དུས་ཀྱི་བསྟན་འགྲོའི་གསོ་སྨན་ཆེན་པོ་རིག་འཛིན་ལས་རབ་གླིང་བ་འཕྲིན་ལས་རྩལ་ལམ་ཉག་བླ་བསོད་རྒྱལ་ནི། ཉག་སྟོད་སའི་ཐིག་ལེ་ཞི་བ་ཟེར་བའི་ཡུལ་གྲོང་དེར། ཡབ་ཞི་བ་དར་རྒྱས་ཞེས་པ་དང༌། ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མི་མོའི་གཟུགས་སུ་བྱོན་པ་ཨོ་རྒྱན་སྒྲོལ་མ་ཞེས་པ་གཉིས་ཀྱི་སྲས་སུ་མེ་འབྲུག་ལོར་སྐུ་འཁྲུངས་པ་ལགས་ཏེ། རང་གཏེར་ཁ་བྱང་གསལ་བའི་ལྡེ་མིག་ལས། རྡོ་རྗེ་བདུད་འཇོམས་སྤྲུལ་བ་མེ་འབྲུག་ལོ༔ ཤེས་རབ་སྙིང་རྗེ་ཆེ་ཞིང་ལས་འཕྲོ་ཅན༔ སྨོན་ལམ་དབང་གིས་མདོ་ཁམས་ཉག་སྟོད་དུ༔ ཕ་མ་འབྲུག་སྤྲེལ་ལོ་བའི་བུ་རུ་འབྱུང༔ ཞེས་དང༌། རྡོ་གྲུབ་ལུང་བསྟན་ལས། སྣ་ནམ་ནམ་སྙིང་སྤྲུལ་བ་ཉག་གི་ཕྱོགས་ནས་འབྱུང༌། །ཞེས་གསུངས་སོ། །དེ་ནས་རེ་ཞིག་ཕའི་བསམ་པ་ལྟར་ཁྱིམ་དུ་བཞུགས། དེ་ནས་རི་ཁྲོད་སྒར་བྱོན་ནས་དེ་ཀའི་སྒྲུབ་བསྟན་གྱི་སྲོག་ཤིང་བླ་མ་མཐའ་ཡས་སམ་བཅོམ་ལྡན་རྡོ་རྗེ་ཞུ་བ་དེའི་ཞབས་སྤྱི་བོར་བླངས་ཏེ་ཐོག་མར་ཀློང་གསལ་རྡོ་རྗེ་སྙིང་པོའི་གཏེར་བྱོན་གྱི་སྔོན་འགྲོའི་ཆོས་ཁྲིད་སོགས་སྨིན་གྲོལ་གྱི་གདམས་པ་དུ་མ་གསན་བསམ་ལྷུར་བཞེས་མཛད། ས་སྦྲུལ་ལོ་ནས་ཤིང་ཁྱིའི་བར་ལོ་ལྔ་དབེན་གནས་དེར་བཞུགས་ནས་སྒྲུབ་པ་ཁོ་ན་ལ་བརྩོན་པར་མཛད། ཤིང་ཁྱིའི་ལོ་དེར་པདྨ་འོད་ཀྱི་རྟེན་བརྟེན་པའི་ལྷ་ཚོགས་གསལ་བར་མཇལ། རྡོ་སྒྲོམ་ལས་ཞི་ཁྲོའི་སྐོར་དུ་མ་ཕབ། དེ་ནས་ཀ༔ཐོག་རྡོ་རྗེ་གདན་དུ་བྱོན་ནས་པདྨ་ཚངས་པའི་དྲ་བ་རིགས་ཀྱི་བདག་པོར་བསྟེན་ནས། བདུད་ཀློང་གི་ཟབ་གཏེར་གྱི་སྨིན་དབང་ལེགས་ཐོབ་དང༌། དགེ་རྩེ་སྤྲུལ་སྐུའི་མདུན་ནས་ལུང་རྣམས་གསན། ཁྱི་ནས་སྟག་ཡོས་བར་ལོ་ལྔར་གཏེར་སྒྲུབ་ཁོ་ན་ལ་བརྩོན། དེའི་རྗེས་ནས་དཔལ་སྤྲུལ་གྱི་མདུན་ནས་ཟབ་ཆོས་དུ་མ་ཞུས་སོ། །མེ་ཁྱིའི་ལོར་དཔལ་བཀྲ་ཤིས་ལྷ་རྩེར་འཇམ་དབྱངས་མཁྱེན་བརྩེའི་དབང་བོའི་མདུན་ནས་ཟབ་ཆོས་དུ་མ་གསན་བསམ་མཛད་དོ། །དགུང་གྲངས་སོ་གཉིས་པར་གུ་རུ་པདྨའི་ཞལ་ལུང་དོན་གྱི་རྣམ་གྲངས་ཉེར་གཅིག་གཏན་ལ་ཕབ་པར་མཛད་ལ། ས་ཕོ་བྱི་བའི་ལོར་རྒྱལ་དབང་ཐུབ་བསྟན་རྒྱ་མཚོའི་བཀའ་གསུང་ལྟར་དབུས་གཙང་དུ་བྱོན་ནས་༧གོང་ས་རྒྱལ་དབང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་དང་ཕན་ཚུན་ཟབ་ཆོས་དུ་མ་གསུངས་བ་སོགས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་དང༌། མདོར་ན་སྐུ་ཚེ་ཐམས་ཅད་དུ་གྲུབ་མཉེས་ཀྱི་སྐྱེས་བུ་དུ་མ་ལས་དབང་ལུང་མན་ངག་མཐའ་ཡས་པ་གསན་ནས་བོད་ཆོལ་ག་གསུམ་གྱི་གནས་མཆོག་རྣམས་སུ་ཟབ་གཏེར་སྣ་ཚོགས་སྤྱན་དྲངས་པ། ཟབ་མོའི་ཆོས་སྣ་ཚོགས་གསུངས་ནས་གདུལ་བྱ་རྣམས་ཐར་བའི་ལམ་བཟང་ལ་བཀོད་དོ། །སྐབས་འདི་ཡས་མས་སུ་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཕེབས་ནས། ཁྱབ་བདག་རྡོ་རྗེ་འཆང་དགེ་སྐོར་བླ་མ་བསྟན་འཛིན་གྲགས་པའི་དྲུང་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས་ལམ་ཁོའི་མཁན་ཆེན་གསང་སྔགས་བསྟན་འཛིན་སོགས་དང་མཉམ་པོར་ནོད། དེ་ནས་གུ་རུ་དྲག་པོའི་དབང་ཆེན་དང༌། སྦྱོར་དྲུག་པ་རྣམས་ལ་སྨིན་ཁྲིད་སོགས་ཉག་བླ་བསོད་རྒྱལ་གྱིས་གནང༌། རོང་བ་བླ་མ་ཀུན་དགའ་རབ་ལྡན་སོགས་ཀྱིས་རྟོགས་འབུལ་བྱས་ནས་ཐུགས་དགྱེས་ཏེ་ཇོ་ནང་གི་ཆོས་བརྒྱུད་འདིའི་བྱིན་རླབས་ལ་སེལ་མ་ཞུགས་ཤིང་བླ་སློབ་ཀྱི་བསྟེན་ཚུལ་མ་ལོག་པས་རྟོགས་པ་མཆོག་ལྡན་གྱི་རྣལ་འབྱོར་བ་ཤ་སྟག་རེད་འདུག་ཅེས་བསྔགས་བརྗོད་གནང་བ་སོགས་ཞིབ་པར་ཆོས་འབྱུང་ཟླ་བའི་སྒྲོན་མེ་ལ་སྤྱན་རས་གཡོ་བར་ཞུ། དགུང་གྲངས་དོན་གཅིག་པ་ཤིང་གླང་ལོར་མགོ་ལོག་གི་གཉན་པོ་གཡུ་རྩེར་གནས་སྒོ་ཞིག་ཕྱེ་བའི་ཆེད་དུ་བྱོན་ནས་ཟླ་བ་གཅིག་ལ་མཚམས་བཞུཊ། ཨ་སྐྱོང་ཀར་མཐུའི་སྲས་མོ་གནས་སྒོ་ཕྱེ་བའི་གྲོགས་ཡིན་པར་གསུངས་ཀྱང་རྟེན་འབྲེལ་མ་འགྲིག དེའི་སྐབས་སུ་ཨ་སྐྱོང་ཡར་ཐང་དགོན་དུ་བྱོན་ནས་རྒྱ་སྤྲུལ་ངག་དབང་བསྟན་འཛིན་ལ་ཁྱེད་ཀྱིས་ཡུམ་བཞེས་ན་བསྟན་འགྲོའི་དོན་ཆེན་གྲུབ་པ་དང༌། བདག་ཀྱང་ལོ་རྗེས་མ་འདིར་བྱོན་ནས་གཏན་བཞུགས་གནང་བར་ཞལ་བཞེས་མཛད། དེ་ནས་རང་ཡུལ་དུ་བྱོན་ནས་གཏེར་འཇུག་མ་རྫོགས་པ་རྣམས་ཀྱང་སླད་མར་སྤྱོད་པའི་དགོངས་སྨོན་དང་འབྲེལ་བར་གཏེར་གནས་སོ་སོར་གཏེར་སྲུང་རྣམས་ལ་གཉེར་བཅོལ་མཛད། དེ་ནས་ཟད་པ་མེ་སྟག་ལོའི་ཧོར་ཟླ་དང་བོ་དཔྱིད་ཟླ་ར་བ་དབོ་ཟླའི་ཚེས་བཅུའི་སྲོད་འཁོར་ལ་ངོ་མཚར་བའི་ལྟས་དང་བཅས་མཛད་པ་ཐ་མའི་གདུལ་བྱ་རྣམས་འདུལ་བའི་སླད་དུ་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ་པདྨ་འོད་ཀྱི་ཞིང་གི་གཙོ་བོ་སྤྲུལ་གཞིའི་ཐུགས་ཀ་རུ་ཐིམ་པས་མྱ་ངན་ལས་འདས་པའི་ཚུལ་གྱི་མཛད་པ་བསྟན་ཏོ། །སྨྲས་པ། ཨེ་མ་དུས་གསུམ་རྒྱལ་བའི་བརྩེ་ཆེན་ལས། སྤྲུལ་བ་ཡང་སྤྲུལ་བྱེ་བའི་རོལ་གར་གྱི། །སྒྱུ་འཕྲུལ་ཕ་མཐའ་བདག་འདྲའི་བློ་ལས་འདས། །མཚན་ཙམ་བརྗོད་པའི་བསོད་ནམས་ཆུ་འཛིན་འཁྲིགས། །སྐལ་ལྡན་གདུལ་བྱའི་སྐྱེད་ཚལ་རབ་ཡངས་པར། །བྱམས་བརྩེའི་དཔྱིད་ཀྱི་ཕོ་ཉས་ཉེར་དྲངས་བའི། །མཁས་གྲུབ་རིག་འཛིན་པད་དཀར་ཚར་དུ་དངར། །བསྟན་འགྲོ་རྐང་དྲུག་གསོས་སུ་གྱུར་འདི་རྨད། །ཞེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

གཉིས་པ་ད་ལྟར་བྱུང་བའི་སྤྲུལ་བའི་ཟློས་གར་མཛད་ཚུལ།

གཉིས་པ་ད་ལྟར་བྱུང་བའི་སྤྲུལ་བའི་ཟློས་གར་མཛད་ཚུལ་ལ།

དམ་པ་གང་ཉིད་གཟུགས་སྐུའི་མྱུ་གུ་ཇི་ལྟར་འཁྲུངས་བའི་ཚུལ་དང༌། མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་བསྟེན་ནས་ཉམས་རྟོགས་ཀྱི་འབྲས་བཟང་སྨིན་ཚུལ། སྐལ་བཟང་གདུལ་བྱའི་ཚོགས་ལ་ཟབ་ཆོས་ཀྱིས་ཚིམ་པར་མཛད་ནས་བསྟན་འགྲོའི་དོན་སྒྲུབ་པ་དང༌། རེ་ཞིག་ཞིང་འདིར་གདུལ་བྱ་རྫོགས་ནས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་རྣམ་པར་ཐར་བ་དང་བཞི།

དང་པོ་ནི་དམ་པ་གང་ཉིད་གཟུགས་སྐུའི་སྨྱུ་གུ་ཇི་ལྟར་འཁྲུངས་བའི་ཚུལ།

དང་པོ་ནི་དམ་པ་གང་ཉིད་གཟུགས་སྐུའི་སྨྱུ་གུ་ཇི་ལྟར་འཁྲུངས་བའི་ཚུལ་ནི།

རྗེ་བཙུན་བྱམས་མགོན་གྱི་བསྟན་བཅོས་རྒྱུད་བླ་མ་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང༌། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་བཞིན་སྲིད་པའི་བར། །འབད་མེད་གཞན་དོན་མཛད་དེ་རྣལ་འབྱོར་རིག །ཅེས་དང༌། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། །འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །ཞེས་པ་ནས། སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་གསུངས་པ་ལྟར་རྗེ་བཙུན་དམ་པ་གང་ཉིད་ཐུགས་ཆོས་ཀྱི་དབྱིངས་ལས་མ་གཡོས་པར་བརྩེ་བ་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ནས་སྤྲུལ་བའི་ཟློས་གར་གྱི་རྣམ་འཕྲུལ་མ་འགག་པར་གདུལ་བྱ་འདྲེན་པའི་དཔལ་དུ་ཤར་བ་གཟུགས་སྐུ་མིའི་ཤ་ཚུགས་ཀྱི་རྣམ་པར་སྒྱུ་འཕྲུལ་དྲྭ་བའི་སྐྱེ་བ་བཟུང་བའི་ཡུལ་ནི། གངས་ལྗོངས་ནོར་འཛིན་མཆོག་གི་ཐིག་ལེ་རབ་དཀར་ཀེ་ལ་ཤའི་ས་འཛིན་གྱི་ཕྲེང་བ་ཆུ་ཤེལ་ཞུན་མའི་གངས་རིའི་ར་བས་ཀུན་ནས་འཁྱུད་པ། འཕགས་མཆོག་མིག་མི་འཛུམ་གྱི་གདུལ་ཞིང༌། མདོ་ཁམས་སྨད་ཀྱི་ཆར་གཏོགས་ཨ་མྱེ་རྨ་རྒྱལ་སྤོམ་རའི་ཤར་ཕྱོགས། གཉན་པོ་གཡུ་རྩེའི་ལྷོ་ཕྱོགས། རྡོ་འཛི་སྨྲ་གསུམ་གྱི་ནང་ཚན་སྨྲ་ཀླུང་དལ་གྱིས་འབབ་པའི་སྨྲ་ཁོག་སྟོད་ཀྱི་སར་ཨ་སྐྱོང་ཡར་ཐང་ཞེས་པ་སའི་དགེ་མཚན་བཀྲ་ཤིས་རྟགས་བརྒྱད་ཀྱིས་ཉེ་བར་བརྒྱན་པ། དཔལ་ཨརྱ་ཏཱ་རའི་བྱིན་གྱིས་བརླབས་པའི་གནས། དམ་ཅན་ཆོས་སྐྱོང་སྲུང་མ་ངང་གིས་འདུ་བའི་གནས་མཆོག་དེར། ཡབ་མི་ཆོས་ལ་བློ་མིག་རྒྱས་པ། ལྷ་ཆོས་ལ་གུས་འདུད་ཆེ་བ། ལོངས་སྤྱོད་ཀྱི་འབྱོར་སྒོ་ཡངས་བ། དཔའ་འཛངས་ཀྱི་སྟོབས་རྩལ་རྫོགས་པ། ཞི་རྒྱས་དབང་དྲག་གི་ལས་ལ་དབང་བའི་རིག་པ་འཛིན་པ། རྒྱ་བླ་མ་ངག་དབང་དཀོན་མཆོག་གི་ཡང་སྤྲུལ་ངག་དབང་བསྟན་འཛིན་དང༌། ཡུམ་བུད་མེད་ཀྱི་སྐྱོན་དང་བྲལ་ཞིང་དད་པ་དང་བྱམས་བརྩེ་དང་ལྡན་པའི་ཕྱིར་སྐ་བཟའ་པན་སྒྲོན་གཉིས་ལ་སྲས་སྤྲུལ་སྐུ་ལྔ་འཁྲུངས་བའི་སྲས་ཆེ་བ་ཉིད་དུ། རབ་རྒྱལ་མེ་མོ་ཡོས་ཞེས་པ། སྤྱི་ལོ་༡༩༢༧ལོ། ཕུག་ལུགས་ལྟར་ན་རིགས་ལྡན་མ་འགགས་པ་ཁྲིར་འཁོད་པའི་ལོ་ནག་པ་ཟླ་བའི་ཚེས་བཅོ་ལྔ་ལ་རྗེ་བཙུན་དམ་པ་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་མཆོག་གཟུགས་སྐུ་སྒྱུ་འཕྲུལ་གྱི་རོལ་གར་མྱུ་གུ་གསར་བ་མངོན་པར་བཞད་ལ། གང་གི་སྐལ་བཟང་གི་གདུལ་བྱ་རྣམས་སྙིང་གི་མུན་པ་སངས་བྱེད་ཀྱི་མཚན་དཔེའི་ལང་ཚོ་རབ་ཏུ་རྒྱས་པའི་གཟི་འོད་ཀྱིས་དཀར་ཕྱོགས་ཀྱི་ལྷ་སྲུང་རྣམས་ཀྱི་ཡིད་ལ་སིམ་པ་སྟེར་བའི་བདུད་རྩིའི་སྨན་མཆོག་ལེགས་པར་སོན་པར་གྱུར། དམ་པ་དེ་ཡང༌། ཇི་སྐད་དུ། ཆོས་བཅུ་བའི་མདོ་ལས། བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། །ཞེས་དང༌། མདོ་སྡེ་རྒྱན་ལས། སྦྱོར་བའི་སྔོན་དུ་སྙིང་རྗེ་དང༌། །མོས་པ་དང་ནི་བཟོད་པ་དང༌། །དགེ་བ་ཡང་དག་སྤྱོད་པ་ནི། །རིགས་ཀྱི་རྟགས་སུ་ཤེས་པར་བྱ། །ཞེས་གསུངས་པ་ལྟར་བྱིས་པ་གཞན་དང་མི་འདྲ་པར་མཆོག་གསུམ་ལ་དད་གུས་ལྡན་པ། འབུ་སྲིན་ཕྲ་མོ་ཚུན་ཆད་ལ་བྱམས་བརྩེ་དང་ལྡན་པ། ཉམ་ཐག་མཐོང་བ་ན་སྙིང་རྗེས་སྤྱན་ཆབ་བསིལ་བ། ཆགས་སྡང་མེད་པ། ཟམ་མོའི་ཆོས་ཐོས་པ་ན་མིག་ནས་མཆི་མ་ལྡང་བ། ལུས་ཀྱི་བ་སྤུ་གཡོ་བའི་རྟགས་མཚན་ཁྱད་པར་ཅན་དང་ལྡན་པ་ཞིག་ཡིན་པ་ནི་ཀུན་ལ་རྩོད་མེད་དུ་གྲགས་ཤིང་གྲུབ་ལ། ཆུང་དུས་སུ་གྲུབ་པའི་རྟགས་མཚན་དུ་མ་ཡོད་པར་གྲགས་ཀྱང་ད་ལྟ་ཆ་རྒྱུས་ཇི་བཞིན་ཡོད་པའི་མི་མེད་པས་ན་དེ་ཙམ་ལས་སྤྲོས་པའི་ཁུངས་མ་རྙེད་དོ།། །། སྨྲས་པ། སྲིད་ལས་འདས་ཀྱང་སྔོན་གྱི་སྨོན་ལམ་གྱིས། ། སྲིད་པའི་ཞིང་འདིར་ངོ་མཚར་སྒྱུ་མའི་སྐུ། །སྲིད་པའི་རྟེན་བཟང་ལྷ་ལས་ཕུལ་བྱུང་བ། །སྲིད་འདིར་མཛེས་པའི་གཞོན་ནུའི་མེ་ཏོག་བཞད། །ཅེས་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གཉིས་པ་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་བསྟེན་ནས་ཉམས་རྟོགས་ཀྱི་འབྲས་བཟང་སྨིན་ཚུལ།

གཉིས་པ་མཁས་གྲུབ་ཀྱི་སྐྱེས་བུ་དུ་མ་བསྟེན་ནས་ཉམས་རྟོགས་ཀྱི་འབྲས་བཟང་སྨིན་ཚུལ་ནི།

དེ་ནས་དམ་པ་འདི་ཉིད་དགུང་གྲངས་བདུན་པ་བཞེས་ཚེ་རྣམ་དཀར་ལེགས་པའི་དབུ་ཚུགས་པའི་ཚུལ་གྱིས་གསུང་རབ་ཀྱི་སྒྲ་ཚིག་ལ་མི་རྨོངས་པའི་བློ་གྲོས་ཉེ་བར་འཁྲུངས་ཆེད་རང་གི་ཡབ་སྤྲུལ་ངག་དབང་བསྟན་འཛིན་སོགས་ཀྱི་དྲུང་ནས་དབྱངས་དང་གསལ་བྱེད་ཀྱི་འཇུག་པ་ལ་བརྟེན་ནས་ཡི་གེ་བཀླག་ཅིང་རང་ཡུལ་གྱི་སྲོལ་དང་མཐུན་པར་འདོན་ཆ་དུ་མ་ལ་དཀའ་ཚེག་ཆེར་མ་དགོས་པར་མཁྱེན། དེ་ནས། ཇི་སྐད་དུ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་དང༌། ཚུལ་གནས་ཐོས་དང་བསམ་ལྡན་པའི། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་དགུང་གྲངས་བརྒྱད་པ་ཤིང་ཁྱི་ལོར་གླང་འབུད་དགོན་མདོ་སྔགས་བཤད་སྒྲུབ་གླིང་གི་མཁས་པའི་དབང་ཕྱུག་མཁན་ཆེན་ངག་དབང་བསྟན་འཛིན་བཟང་བོ་མཆོག་གི་དྲུང་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་ཏེ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་བཞེས་ནས་དགེ་ཚུལ་གྱི་བསླབ་བྱ་རྣམས་གསན་སྦྱང་བྱས། དེ་ནས་བཟུང༌། ཇི་སྐད་དུ། དམ་པས་ཁས་ཆེ་མང་པོ་མི་བྱེད་ཅིང༌། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་བྱེད་པར་མི་འགྱུར་རོ། །ཞེས་པ་ལྟར་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་སྡོམ་པ་མིག་འབྲས་ལྟར་བསྲུངས་བས་ཚུལ་ཁྲིམས་ཀྱི་དྲི་ངད་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར། དེ་ནས་དམ་པ་གང་ཉིད་དགུང་གྲངས་བཅོ་ལྔ་བ་བཞེས་ཚེ་རང་གི་ཡབ་རྒྱ་སྤྲུལ་སྐུ་སྙུང་གཞི་དྲག་པོས་ཟིན་ནས་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་བྱོན་པ་དང་མཉམ་དུ་གཅུང་བསྟན་ནོར་དང་དམ་པ་གང་ཉིད་དང་བཅས་འཛི་ཀར་ཕེབས། དེ་ནས་འཛི་ཀའི་ལྷ་མོ་དར་ཐང་དང་ཉེ་བར་བྱ་ཡུར་ཛམ་ལྷའི་ཆོས་སྡེར་སྐུ་སྤུན་བརྟན་ནོར་དང་རྗེ་བཙུན་དམ་པ་གང་ཉིད་བཅས་བྱོན། ཆོས་སྡེ་དེ་ཉིད་ཀྱི་རྡོ་རྗེ་སློབ་དཔོན་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་དངོས་ངག་དབང་བསྟན་པ་རབ་རྒྱས་མཆོག་གིས་མདང་དགོང་རྨི་ལམ་བཟང་བོ་བྱུང་བས་རྟེན་འབྲེལ་ལེགས་གསུངས་ནས་ཐུགས་བརྩེ་བས་རྗེས་སུ་བཟུང༌། དམ་པ་འདི་མ་འོངས་པ་ན་བསྟན་འགྲོའི་དོན་ཆེན་སྒྲུབ་པའི་སྐྱེས་བུ་ཞིག་གྱུར་ངེས་ཀྱི་བཀའ་ལུང་གནང༌། དེ་ནས་གནས་དེར་རྗེ་བཙུན་དམ་པ་ངག་དབང་བསྟན་པ་རབ་རྒྱས་མཆོག་གིས་ཐུགས་བརྩེ་བས་དགྱེས་བཞིན་ལེགས་པར་རྗེས་སུ་བཟུང་བའི་མཛད་ཆེན་གནང་སྟེ་རང་རེ་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དང་བོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་གསང་ཆེན་རྡོ་རྗེ་ཐེག་པའི་རིམ་གཉིས་ཟབ་མོའི་ཉེ་ལམ་མཐར་ཐུག་པའི་གསང་ཆེན་ཆོས་ཀྱི་མཛོད་ཀློང་གི་སྒོ་འཕར་ཕྱེ་བར་དགོངས་ཏེ། སྐལ་བ་དང་ལྡན་པའི་སློབ་མར་གཟིགས་ནས། ཐོག་མར་སེམས་རྒྱུད་སྦྱོང་བའི་ཐབས་སྔོན་དུ་འགྲོ་བའི་ཆོས་རྣམ་པ་ལྔའི་དམིགས་ཁྲིད་ལེགས་པར་གསུངས་ཏེ་དམ་པ་གང་གིས་གསན་བསམ་སོགས་བྱས། དེ་ཡང་ཐོག་མར་སྐྱབས་འགྲོ་ནི་ནང་བ་སངས་རྒྱས་པའི་བསྟན་པའི་འཇུག་སྒོ་ཡིན་པས་དེ་རྒྱུད་ལ་སྐྱེས་ན་ནང་བ་སངས་རྒྱས་པའི་གྲལ་དུ་ཆུད་པ་དང་མ་སྐྱེས་ན་ནང་བ་སངས་རྒྱས་པའི་གྲལ་དུ་མི་ཆུད་པར་དགོངས་ནས་སྐྱབས་འགྲོ་ལ་འཇུག དེ་ཡང་ཇི་སྐད་དུ། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །བདག་ཉིད་ལྷག་པར་འཇིགས་པ་དང༌། །དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །ཅེས་གསུངས་པ་ལྟར་རང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང༌། སྡུག་བསྔལ་དེ་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་སྐྱབས་འགྲོའི་རྒྱུ་གཉིས་སྔོན་དུ་སོང་བར་བྱས་ནས། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་པ་ལྟར་འཇིག་རྟེན་པའི་ལྷ་སོགས་ནི་རང་ཉིད་འཁོར་བའི་འཆིང་བ་ལས་མ་གྲོལ་བས་གཞན་ག་ལ་སྐྱཽབ་ནུས། དེས་ན་ཐར་བ་འདོད་པ་རྣམས་ཀྱི་སྐྱབས་ནི་མཆོག་གསུམ་ཉིད་དུ་ངེས་པ་དང༌། དེ་ཡང་མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ་སྐྱབས་གནས་གཞན་མི་འཚོལ་བའི་ཆོས་བཞི་ཚང་བའི་སྐྱབས་འགྲོ་རྣམ་དག་སྐྱེ་བར་བྱས་ཏེ། སྐྱབས་འགྲོའི་ངག་ཚིག་དང་ལུས་ཀྱི་ཕྱག་རེ་སྦྲགས་ནས། ཕྱག་གྲངས་འབུམ་ལྷག་དང་བཅས་དཀའ་ངལ་ཁྱད་དུ་བསད་པའི་སྒོ་ནས་ལམ་གྱི་ཡོན་ཏན་ཐམས་ཅད་སྐྱེ་བའི་གཞི་རྩ་ཚུགས་པའི་སྐྱབས་འགྲོ་རྣམ་དག་གིས་རྒྱུད་སྦྱངས་སོ། །དེ་ནས་ཐེག་པ་ཆེན་པོའི་འཇུག་སྒོ་བྱང་ཆུབ་སེམས་བསྐྱེད་རང་རྒྱུད་ལ་ཡོད་ན་རང་ཉིད་ཐེག་ཆེན་པ་དང༌། དེས་ཟིན་པའི་དགེ་རྩ་རྣམས་བླ་མེད་བྱང་ཆུབ་ཀྱི་རྒྱུར་འགྲོ་ལ། སེམས་དེ་མེད་ན་དེ་དག་ལས་ལྡོག་པར་འགྱུར་བར་གཟིགས་ནས་སེམས་བསྐྱེད་བསྒོམ་བཟླས་ལ་འཇུག དེ་ཡང༌། ཇི་སྐད་དུ། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་དང༌། ཐེག་པ་ཆེན་པོ་མདོ་སྡེ་རྒྱན་ལས། བརྟན་པ་རྣམས་ཀྱི་སྨོན་ལམ་ནི། སེམས་པ་འདུན་དང་བཅས་པ་སྟེ། །ཞེས་གསུངས་པ་ལྟར་རྒྱལ་བོ་ལྟ་བུའི་སེམས་བསྐྱེད་སེམས་ཅན་གཞན་དོན་དུ་བླ་མེད་བྱང་ཆུབ་ཐོབ་འདོད་ཀྱི་འདུན་པ་བཅོས་མིན་བསྐྱེད་པ་དང༌། སེམས་བསྐྱེད་དེ་ལ་ཡང༌། རྒྱལ་སྲས་ཞི་བ་ལྷས། བྱང་ཆུབ་སེམས་དེ་མདོར་བསྡུ་ན། །རྣམ་པ་གཉིས་སུ་ཤེས་པར་བྱ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །འགྲོ་པར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེས་པར་བྱ། །ཞེས་གསུངས་པ་ལྟར་སྨོན་འཇུག་གི་སེམས་ལ་མྱོང་བ་ཐོན་པ་དང༌། མདོ་སྡེ་རྒྱན་ལས། ཉེས་པ་འདི་ཀུན་བྱམས་སོགས་ལ། །ལེགས་པར་གནས་ལ་མི་འབྱུང་སྟེ། །ཉོན་མོངས་ཅན་མིན་སེམས་ཅན་གྱི། །དོན་དུ་འཁོར་བ་ཡོངས་མི་གཏོང༌། །ཞེས་པ་ལྟར་སེམས་བསྐྱེད་མ་སྐྱེས་པ་སྐྱེ་བའི་རྒྱུ་དང༌། སྐྱེས་པ་བརྟན་པར་བྱེད་པ་དང༌། འཕེལ་བར་བྱེད་པའི་ཐབས་ལ་ཚད་མེད་བཞི་སེམས་བསྐྱེད་དང་སྦྲགས་ནས་དམ་པ་གོང་མའི་ཕྱག་བཞེས་ལྟར་བསྒོམས། དེ་ཕན་ཆད་དུ། ཇི་སྐད་དུ། སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་སྲིད། །ཅེས་གསུངས་པ་བཞིན་གཞན་དོན་ཁོ་ན་སྒྲུབ་པ་ལ་གཞོལ་བ་ཡིན་ནོ། །དེ་ནས་རིམ་གཉིས་ཀྱི་རྣལ་འབྱོར་གྱི་ལམ་རྒྱུད་ལ་སྐྱེ་བ་ལ་གེགས་སུ་གྱུར་བའི་ཉེས་ལྟུང་གི་དྲི་མ་དག་སྦྱོང་བའི་ཐབས་དཔལ་ཧེ་རུ་ཀ་རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་བའི་བསྒོམ་བཟླས་ཀྱི་དམིགས་ཁྲིད་ལེགས་པར་བྱང་ཆུབ་པར་བྱས་ཏེ། རིགས་ཀུན་འདུས་པའི་ངོ་བོ་རྡོ་རྗེ་སེམས་དཔའ་སྤྱི་བོར་བསྒོམས་ཞིང༌། ཡི་གེ་བརྒྱ་བའི་སྔགས་བཟླས་པ་དང༌། བདུད་རྩི་འབེབས་སྦྱོང་དང༌། མཐོལ་བཤགས་བྱས་ལ། མཐོལ་བཤགས་དེ་ཡང་གཉེན་པོ་སྟོབས་བཞི་ཚང་བ་ཞིག་དགོས་ཏེ། ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་གནོན་པར་འགྱུར་རོ། །བཞི་གང་ཞེ་ན་འདི་ལྟ་སྟེ། རྣམ་པར་སུན་འབྱིན་པ་ཀུན་ཏུ་སྤྱོད་པ་དང༌། གཉེན་པོ་ཀུན་ཏུ་སྤྱོད་པ་དང༌། ཉེས་པ་ལས་ལྡོག་པའི་སྟོབས་དང༌། རྟེན་གྱི་སྟོབས་སོ། །ཞེས་གསུངས་པ་ལྟར་སྔར་བྱས་ཀྱི་སྡིག་པ་ལ་དུག་འཐུང་བ་ལྟ་བུའི་འགྱོད་སེམས་དྲག་པོ་སུན་འབྱིན་པའི་སྟོབས་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བགྱིད་པའི་སྡོམ་སེམས་དྲག་པོ་སླར་ལྡོག་པའི་སྟོབས་དང༌། སྐྱབས་སུ་འགྲོ་བ་སེམས་བསྐྱེད་པ་རང་རྒྱུད་ཀྱི་རྟེན་དང༌། བཤགས་ཡུལ་གྱི་རྟེན་གཉིས་རྟེན་གྱི་སྟོབས་དང་སྡིག་པའི་ལས་བྱས་པ་དེ་དང་དེའི་གཉེན་པོར་ཆེད་དུ་དམིགས་ནས་སྒྲུབ་པའི་དགེ་བ་རྣམས་གཉེན་པོ་ཀུན་ཏུ་སྤྱོད་པ་ཡིན་ལ། དེ་ལྟ་བུའི་སྟོབས་བཞི་ཚང་བའི་སྒོ་ནས་ཧེ་རུ་ཀའི་ཡིག་བརྒྱ་འབུམ་ལྷག་གིས་སྒྲིབ་པ་སྦྱོང་བའི་ཐབས་སྒོ་དུ་མ་ནས་འབད་པར་བྱས། རྟགས་མཚན་ཡང་ཁྲུས་བྱས་པ་དང༌། ཆུ་བོ་ཆེན་པོ་ལས་བརྒལ་བ་དང༌། ལུས་ལས་རྣག་ཁྲག་ཟག་པ་སོགས་ཉམས་ཀྱི་ཚུལ་དུ་ཤར་བ་བྱུང་ངོ། །དེ་ནས་དཔལ་ཆོས་ཀྱི་གྲགས་པའི་ཚད་མ་རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །ཞེས་གསུངས་པ་ལྟར་རྒྱུ་ཚོགས་མ་ཚང་ན་འབྲས་བུ་མི་སྐྱེ་ལ་ཚང་ན་སྐྱེ་བས་རིམ་གཉིས་ཀྱི་རྣམ་འབྱོར་སྐྱེ་བའི་རྒྱུ་ཚོགས་ཚང་བ་ལ་ཚོགས་བསགས་དགོས་པར་གཟིགས་ནས་རིམ་གཉིས་ཀྱི་ཡེ་ཤེས་སྐྱེ་བའི་རྒྱུ་མཎྜལ་གྱི་ཚོགས་བསགས་ཏེ། དེ་ཡང་རྣམ་དཀར་དགེ་ཚོགས་ཉེ་བར་བསྐྲུན་ཆེད་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པའི་འཇིག་རྟེན་ཁམས་ཀྱི་རྣམས་བཞག་རྣམས་ལ་མཁས་པར་བྱས་ནས་རི་རབ་གླིང་བཞི་སོགས་ལྷ་མིའི་དཔལ་འབྱོར་མ་ཚང་བ་མེད་པའི་ཡིད་སྤྲུལ་དང༌། འབྲུ་སྣ་སོགས་དངོས་སུ་འབྱོར་བའི་མཆོད་པ་སོགས་ཀུན་ཏུ་བཟང་བོའི་མཆོད་པ་དེ་ཉིད་མཆོད་ཡུལ་བླ་མ་ཡི་དམ་སངས་རྒྱས་ཆོས་ཚོགས་སོགས་ལ་འབུལ་བ་སོགས་མདོར་ན། རྒྱན་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས། །བསོད་ནམས་ཡེ་ཤེས་མཚུངས་པ་མེད། །གཅིག་གིས་འཁོར་བར་མངོན་མཐོ་བྱེད། །གཞན་གྱི་ཉོན་མོངས་མེད་པར་འཁོར། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །རྒྱུན་དུ་སྒོམ་པ་ཐོབ་ནས་ནི། །དགེ་བ་ཡང་ནས་ཡང་དུ་སྒྲུབ། །བསྟན་པའི་ཚོགས་གང་ཡིན་པ་དེ། །དོན་ཀུན་སྒྲུབ་པར་བྱེད་པའང་ཡིན། །ཞེས་གསུངས་པ་ལྟར་སྒོ་དུ་མ་ནས་ཚོགས་བསགས་ཏེ་ཐུགས་དགྱེས་པ་བསྐྱེད་པའི་ལེགས་བྱས་མི་དམན་པའི་བསོད་ནམས་ཀྱི་ཚོགས་ཆེན་བསགས་པའི་མཆོད་ཚིག་ངག་འདོན་དམིགས་གནད་དང་བཅས་དེང་དུས་ཕྱག་ལེན་ལྟར་ཞག་བདུན་ཕྲག་གསུམ་ལྷག་ལ་གསང་ཆེན་ལམ་གྱི་མངོན་རྟོགས་ལེགས་པར་འཁྲུང་བྱེད་ཀྱི་དགེ་རྩ་བསྐྲུན་པར་བྱས་སོ། །དེ་ནས་བྱིན་རླབས་ཀྱི་རྩ་བ་བླ་མའི་རྣལ་འབྱོར་ཉིད་ལམ་རིམ་གཉིས་ཀྱི་ཡེ་ཤེས་ཉེ་བར་སྐྱེད་བྱེད་ཡིན་པར་ཐུགས་ལ་དགོངས་ནས་བླ་མའི་རྣལ་འབྱོར་གྱི་དམིགས་པའི་རིམ་པ་ཚུལ་བཞིན་དུ་བསླབས་ཏེ། ཇི་སྐད་དུ། རྗེ་བཙུན་ཏཱ་ར་ནཱ་ཐའི་ཞལ་སྔ་ནས། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན་ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པ་བཞིན་བཀའ་དྲིན་གསུམ་ལྡན་གྱི་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཉིད། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་ཚོགས་མཁའ་འགྲོ་ཆོས་སྐྱོང་ཀུན་འདུས་པའི་བདག་ཉིད་དུ་མོས་ནས་བྱིན་རླབས་དངོས་སུ་འབེབས་བྱེད་དབང་བཞི་བླངས། སྒྲིབ་བཞི་དག་པར་བྱེད་པ་དང༌། འབྲས་བུ་སྐུ་བཞི་ཐོབ་པར་བྱེད་པའི་དམིགས་པའི་གནད་དང་མ་བྲལ་བར། བླ་མ་སངས་རྒྱས་དངོས་མཐོང་གི་གུས་འདུན་ཉམས་པ་མེད་པའི་ཟབ་ལམ་བླ་མའི་རྣལ་འབྱོར་འདོན་སྒོམ་སྦྲགས་མའི་སྒོ་ནས་དེང་སང་དམ་པ་གོང་མའི་ཕྱག་བཞེས་ལྟར་ཞག་བདུན་ཕྲག་གསུམ་ལྷག་ལ་ལག་ལེན་གནད་སྨིན་བགྱིས་ཏེ། ཐུན་མོང་གི་སྔོན་འགྲོ་འབུམ་ལྔ་དམ་པ་གོང་མའི་ཕྱག་བཞེས་ལྟར་གུས་སྦྱོར་དང་རྟག་སྦྱོར་གྱི་བརྩོན་འགྲུས་ཀྱིས་ཉམས་ལེན་གནད་དུ་འགྲོ་བར་མཛད། གྲུབ་འབྲས་ཀྱང་ཉམས་དང་རྨི་ལམ་གྱི་རྟགས་མཚན་དུ་མ་ཤར་བ་ཡིན་ནོ། །དེ་ནས་དབང་གོང་མ་གསུམ་གྱིས་སེམས་རྒྱུད་ལ་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་རུང་གི་ས་བོན་ལེགས་པར་བཞག་ཀྱང་བསྐྱེད་རིམ་གྱིས་ཀྱང་རྫོགས་རིམ་སྐྱེ་རུང་གི་ནུས་པ་གསོས་བཏབ་ནས་ནུས་པ་མཐུ་ཅན་དུ་མ་བྱས་པར་རྫོགས་རིམ་གྱི་ལམ་དངོས་སྐྱེ་བ་མེད་པས་ན། རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལ་མོས་སྒོམ་བསྐྱེད་རིམ་གྱི་ལྷའི་རྣལ་འབྱོར་བསྡུས་པ་དཔལ་དུས་ཀྱི་འཁོར་ལོ་ལྷན་སྐྱེས་ཀྱི་རྣལ་འབྱོར་བཟླས་པ་དང་བཅས་ཀྱི་དམིགས་ཁྲིད་བླ་མས་ཚུལ་ཇི་ལྟར་གདམས་པ་དེའི་དོན་ངེས་པར་བྱས་ནས། བསྐྱེད་རིམ་གྱི་སྤང་བྱའི་གཙོ་བོ་ཡང༌། རྡོ་རྗེ་གུར་གྱི་རྒྱུད་ལས། ཐ་མལ་རྣམ་པ་གཞོམ་དོན་དུ། །ཡང་དག་བསྒོམ་པ་རབ་བསྒྲགས་བགྱི། །ཞེས་གསུངས་པ་ལྟར་སྣོད་བཅུད་ཐ་མལ་གྱི་སྣང་ཞེན་སྟོང་བའི་དབྱིངས་སུ་སྦྱངས་ཏེ་རང་གི་ལུས་ངག་ཡིད་གསུམ་དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་ཀྱི་རྣམ་པར་བསྐྱེད་ནས་དུས་འཁོར་གྱི་རྟེན་དང་བརྟེན་པའི་སྙིང་པོ་རྣམ་བཅུ་དབང་ལྡན་གྱི་སྔགས་བྱེ་བ་བཟླས་ནས། མོས་སྒོམ་དག་པ་ལྷའི་གསལ་སྣང་སྔགས་བླ་མེད་ཀྱི་དག་རྫོགས་སྨིན་གསུམ་གྱིས་གནད་ཚང་བའི་སྒོ་ནས་རྫོགས་རིམ་གྱི་ལམ་སྐྱེ་བའི་གཞི་རྟེན་བསྐྱེད་པའི་རིམ་པའི་རྣམ་འབྱོར་ལ་བརྩོན་པས་དག་གསལ་ལྷའི་ང་རྒྱལ་གསུམ་ལ་ཆེས་བརྟན་པ་ཐོབ་ཅིང་ལྷའི་གསལ་སྣང་ལ་ཐུགས་ངེས་ཆེན་པོ་སྐྱེས་ཏེ་རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བའི་ནུས་པ་ཁྱད་པར་ཅན་བཞག་པར་བྱས་སོ། །དེ་ནས་རྗེ་བཙུན་དཔལ་ལྡན་བླ་མ་ངག་དབང་བསྟན་པ་རབ་རྒྱས་མཆོག་གིས་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉེ་བར་བཞེངས་ཏེ་སློབ་མ་དམ་པ་གང་ལ་རྫོགས་རིམ་གྱི་ཡེ་ཤེས་སྨིན་བྱེད་ཀྱི་ཐབས་མཆོག་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་བྱིན་རླབས་འབེབས་པ་དང་བཅས་ཏེ་མཆོག་དབང་གོང་མ་བཞི་ཡོངས་རྫོགས་བསྐུར་བས་རྡོ་རྗེ་བཞིའི་ཡེ་ཤེས་བསྐྱེད་པའི་བག་ཆགས་ཁྱད་པར་ཅན་བཞག དེ་ནས་སྤྲོས་བྲལ་རྣམ་པར་མི་རྟོག་པའི་གནས་ལུགས་སྒོམ་པའི་མན་ངག་བྱིན་རླབས་འབེབས་པས་སློབ་མའི་རྒྱུད་བྱིན་གྱིས་བརླབས་ཏེ། ཇི་སྐད་དུ། ལས་དང་པོ་ཡི་གང་ཟག་གིས། །ལུས་དབེན་པ་ལ་མ་བརྟེན་པར། །སེམས་དབེན་རྙེད་པར་མི་འགྱུར་བས། །འདྲིས་སྤངས་དབེན་པར་གནས་པར་བྱ། །ཞེས་པ་ལྟར་མུན་ཁང་ལ་ལུས་བྱེད་བཅིངས་དམ་པོ་རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་ཉེར་བསྡོགས་དབེན་པ་གསུམ་སྟེ་ལུས་ངག་ཡིད་གསུམ་ཐ་མལ་གྱི་རྣམ་པར་རྟོག་པས་དབེན་པའམ་ལུས་བྱ་བྱེད་ཀྱིས་དབེན་པ། ངག་སྨྲ་བརྗོད་ཀྱིས་དབེན་པ། སེམས་རྣམ་རྟོག་གིས་དབེན་པའི་རྣམ་འབྱོར་ལ་ཉམས་ལེན་གནད་དུ་བསྣུན་ངེས་ཀྱི་སྒོ་ནས་ཞག་བདུན་ཅུ་ཙམ་གྱི་དུས་འདའ་བར་མཛད་ལ། འོད་གསལ་སེམས་ཀྱི་རང་ངོ་ཇི་བཞིན་འཕྲོད་ཅིང་སྣང་བའི་འཆར་སྒོ་ལ་སྟོང་གཟུགས་ཀྱི་སྣང་བརྙན་སྣ་ཚོགས་པ་དང་བཅས་ཏེ་གཡོ་བའི་ཉམས། ཐོབ་པའི་ཉམས། གོམས་པའི་ཉམས། བརྟན་པའི་ཉམས། མཐར་ཕྱིན་པའི་ཉམས་རྣམས་རིམ་གྱིས་མངོན་དུ་བྱས་ནས་མི་རྟོག་ཡེ་ཤེས་ཀྱི་རང་མདངས་ཀྱི་ཆ་མངོན་དུ་བྱས་སོ། །དེ་ནས་རྫོགས་རིམ་གྱི་དངོས་གཞི་ལ། དུས་འཁོར་རྩ་རྒྱུད་ལས། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་པ་ལྟར་སྦྱོར་བ་ཡན་ལག་དྲུག་ལས་སོར་སྡུད་ཀྱི་རྣལ་འབྱོར་སྒོམ་པའི་མན་ངག་ལེགས་པར་གསན་ཏེ། རྒྱུད་ལས༌། སོ་སོར་སྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་དང༌། ཇི་སྐད་དུ། མི་གཡོ་བ་ནི་གསུམ་ལྡན་གྱིས། །དྷཱུ་ཏཱིར་རླུང་བཅུ་ཆུད་གྱུར་པས། །ཕྱི་ནང་རྟོག་འགགས་རྟགས་བཅུ་འབྱུང༌། །སོ་སོར་གཅོད་པའི་ཡན་ལག་ཡིན། །ཞེས་གསུངས་པ་བཞིན་ལུས་གནད་དང་སེམས་གནད་རྒྱུད་ལས་བསྟན་པ་བཞིན་དུ་བསམ་མེད་ཀྱི་རྣལ་འབྱོར་དང༌། རྩེ་གཅིག་པའི་རྣལ་འབྱོར་དང༌། རང་གྲོལ་གྱི་རྣལ་འབྱོར་དང༌། རྩོལ་བྲལ་གྱི་རྣལ་འབྱོར་སོགས་ཉིན་མཚན་གྱི་རྣལ་འབྱོར་ཟླ་བ་ལྔའི་ཡུན་ཚད་དུ་བསྒོམ་པ་ལ་བརྟེན་ནས། རྒྱུད་ཕྱི་མ་ལས། མཚན་མོ་དུ་བ་ལ་སོགས་རྣལ་འབྱོར་སླར་ཡང་ཉིན་མོ་ནམ་མཁའ་ལ་ནི་འབར་བ་ལ་སོགས་ཀྱང༌། །ཞེས་དང༌། བསྡུས་རྒྱུད་ལས། སྟོང་བ་ལ་ནི་དུ་བ་སྨིག་རྒྱུ་རབ་གསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང༌། །འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་རྒྱུད་ལས་བསྟན་པ་ལྟར་སྟོང་གཟུགས་འོད་གསལ་གྱི་རྟགས་བཅུ་ནུས་མ་བཅུའི་ངོ་བོར་ཤར་ཏེ་ཉམས་དང་འོད་གསལ་གྱི་རྟོགས་པ་དབྱར་མཚོ་ལྟར་རྒྱས། དེ་དུས་སུ་ཉིན་ཞིག་ལ་ཉམ་ཐག་གི་སེམས་ཅན་ཞིག་མཐོང་བའི་རྐྱེན་བྱས་ནས་རྗེ་བཙུན་བླ་མ་དམ་པ་འདི་ལ་འགྲོ་བ་རྣམས་མས་བུ་ལ་བརྩེ་བ་ལྟར་སྙིང་རྗེ་ཚད་མེད་ཞིག་སྐྱེས་ནས་སྤྱན་ཆབ་ཡུན་རིང་དུ་བསིལ། དེ་དཔལ་ལྡན་བླ་མ་ངག་དབང་བསྟན་པ་རབ་རྒྱས་ཀྱིས་གཟིགས་ནས་སློབ་ཚོགས་རྣམས་ལ། དཔལ་ལྡན་དུས་ཀྱི་འཁོར་ལོའི་རྒྱུད་ལས། སྟོང་ཉིད་སྙིང་རྗེའི་བདག་ཉིད་ཅན། ཞེས་གསུངས་པ་ལྟར་དོན་དམ་རང་བྱུང་འོད་གསལ་བའི་རྣམ་ཀུན་མཆོག་ལྡན་གྱི་ཤེས་རབ་སྟོང་བ་ཉིད་དང་ཐབས་བདེ་བ་ཆེན་པོའི་སྙིང་རྗེ་གཉིས་དབྱེར་མེད་ཟུང་འཇུག་སྟོང་ཉིད་རྗེའི་སྙིང་བོ་ཅན་སོགས་ཡིན་པར་གསལ་བར་གསུངས་སོ། །ཡང་དམ་པ་གང་ཉིད་ཐུན་གྱི་སྐབས་སུ་མུན་ཆུང་ནང་དུ་ཉིན་དུ་མ་ལ་འོད་གསལ་ཉམས་ཀྱི་སྣང་བ་ལ་བུད་མེད་མཛེས་མ་ཞིག་ཤར་འདུག་པས་རིགས་བདག་ངག་དབང་བསྟན་པ་རབ་རྒྱས་ལ་ཞུས་པས་ཁོང་གི་ཞལ་ནས་དེ་ནི་ཚེ་རིང་མ་ཡིན་པས་ཉིད་ཀྱིས་མཆོད་གསོལ་གྱིས་དང་རྗེ་བཙུན་མི་ལ་རས་པ་བཞིན་ཆོས་མཐུན་བྱང་ཆུབ་སྒྲུབ་པའི་གྲོགས་མཛད་པར་འགྱུར་ཞེས་བཀའ་ལུང་གསུངས་པས། དམ་པ་གང་གིས་ཚེ་རིང་མའི་གསོལ་མཆོད་བསྡུས་པ་ཞིག་རྒྱུན་དུ་གསུངས་བ་ཡིན་ནོ། །དམ་པ་གང་གི་ཡབ་སྙུང་གཞི་ལས་མ་ཐར་བས་རྐྱེན་གྱིས་སོར་སྡུད་གྱི་རྗེས་ནས་རང་ཡུལ་དུ་བྱོན་དགོས་བྱུང༌། རྗེ་བཙུན་དམ་པ་གང་ཉིད་རང་ཡུལ་བྱོན་ཁར་ཆོས་རྣམས་བདེན་སྟོང་སྒྱུ་མ་ལྟ་བུར་རྟོགས་པ་སོགས་འོད་གསལ་ཉམས་ཀྱི་རྟོགས་པ་བླ་མ་དམ་པ་གང་ཉིད་ལ་ཞུས་པས་བླ་མའི་ཐུགས་མཉེས་པའི་མཆོད་སྤྲིན་དུ་གྱུར། དམ་པ་འདི་ཉིད་ཀྱིས་རྗེ་བཙུན་ངག་དབང་བསྟན་པ་རབ་རྒྱས་ཀྱི་ཞབས་སྤྱི་བོར་བཀོད་དེ་གསོལ་བ་ལན་བརྒྱར་བཏབ་ནས་བསྟན་འགྲོའི་དོན་གསུང་གླེང་དུ་མ་གནང་ནས་རང་ཡུལ་ལ་ཕེབས་སོ། །དེ་ནས་རབ་རྒྱལ་ཆུ་རྟ་ལོར་ཡབ་རྒྱ་སྤྲུལ་སྐུ་ངག་དབང་བསྟན་འཛིན་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་ཡིན་ལ། ལོ་དེའི་སྟོན་ཁར་རྩ་བའི་གདན་ས་ཨ་སྐྱོང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་སྒྲུབ་གྲྭ་བསམ་གཏན་གླིང་དུ་རྟོགས་པའི་དབང་ཕྱུག་མདོས་དབོན་པོ་༧སངས་རྒྱས་རྡོ་རྗེ་རིགས་ཀྱི་ཅོད་པན་དུ་བསྟེན་ལ། དེ་ཡང་དབུ་མ་བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་དང༌། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པས་འདུད་དེ་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་སླར་ཡང་དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་ལམ་སྔོན་འགྲོ་དང་བཅས་པ་ཉམས་བཞེས་མཛད་ལ། དེ་ཡང་ཐུན་མོང་གི་སྔོན་འགྲོ་འབུམ་ལྔ་དང༌། རྫོགས་རིམ་གྱི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དུས་འཁོར་ལྷན་སྐྱེས་དང༌། དབེན་པ་གསུམ་ལྡན་དང༌། དངོས་གཞི་སོར་སྡུད་ཡན་ཆད་སྔར་བཤད་པ་ལྟར་ཉམས་བཞེས་གནད་དུ་སྨིན་པར་མཛད་པ་ཡིན་ནོ། །རབ་རྒྱལ་ཤིང་སྤྲེལ་གྱི་ལོ་འདིར་སྨྲ་ཁོག་སེ་ལེ་ཐང་དུ། ཁྲག་འཐུང་བདུད་འཇོམས་གླིང་བའི་གདུང་འཛིན་རིག་འཛིན་ཆེན་པོ་ཀུན་བཟང་ཉི་མ་བྱོན་སྐབས་དེར་ཆོས་ཞུ་བ་ལ་མདོས་དབོན་པོ་སངས་རྒྱས་རྡོ་རྗེ་དང་རྗེ་བཙུན་དམ་པ་ངག་དབང་བཤད་སྒྲུབ་དཔལ་སོགས་སྦྱོར་དྲུག་པ་ཐམས་ཅད་བྱོན། ཀུན་བཟང་ཉི་མ་ཁྲི་ཐོག་ལས་བཞེངས་ནས་གུས་འདུད་བྱས། དེ་ཡང་ཀུན་བཟང་ཉི་མའི་གཏེར་ལུང་ལས། མེ་སྤྲེལ་ལོ་ལ་ཁྲག་གི་མཚོ་མོ་འཁྱིལ། །ཞེས་པའི་བསྟན་པའི་རྐྱེན་ངན་སེལ་ཆེད་དུ། རང་གི་གཏེར་ཆོས་པོད་བཞི་བཅུ་ཞེ་གསུམ་ཡོངས་རྫོགས་ཀྱི་དབང་ལུང་དང་སྲོག་གཏད་དང་བཅས་གསུངས་པས་དེ་ཐམས་ཅད་ལེགས་པར་ཞུས་པ་ཡིན་ནོ། །དེ་ནས་བསམ་གཏན་གྱི་རྣམ་འབྱོར་ཉམས་སུ་ལེན་པའི་གདམས་པ་རྗེ་བཙུན་བླ་མ་དམ་པ་ལས་ལེགས་པར་གསན་ནས། སྤྱན་རས་གཟིགས་ཀྱི་དྲི་མེད་འོད་ལས། ཡུལ་དང་ཡུལ་ཅན་བཅུ་བོ་རྣམས་གཅིག་ཉིད་དུ་སྣ་ཚོགས་གཟུགས་ལ་བསམ་གཏན་པའོ། །ཞེས་པ་ལྟར་སྔར་སོར་སྡུད་ཀྱི་སྐབས་ཀྱི་རང་བྱུང་འོད་གསལ་གྱི་འཆར་སྒོ་སྟོང་གཟུགས་རྣམས་རང་སེམས་འོད་གསལ་བའི་སེམས་དང་དབྱེར་མེད་ཀྱི་དོན་ལ་སྤྲོས་བྲལ་དུ་རྩེ་གཅིག་ཏུ་མཉམ་པར་བཞག དེ་ཡང་བསྡུས་རྒྱུད་ལས། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་མེད་བདེ་བ་རྩེ་གཅིག་སེམས་དཔའ་འོ། །ཞེས་གསུངས་པ་བཞིན་བསམ་གཏན་གྱི་ཡན་ལག་རྣམས་སེམས་རྒྱུད་ལ་ལེགས་པར་འཁྲུངས་ནས་སྔར་ལས་ལྷག་པའི་གཟུགས་སྣང་གི་འཆར་སྒོ་ཡང་མཐའ་ཀླས་ཤིང་སྤྲོས་བྲལ་གྱི་གནས་ལུགས་ལ་ཐུགས་ངེས་ཀྱི་དགེ་ལེགས་དབྱར་མཚོ་ལྟར་རབ་ཏུ་རྒྱས་པ་ཡིན་ལ། དུས་ཡུན་ཡང་དེང་སྐབས་ཀྱི་ལག་ལེན་བཞིན་ཟླ་བ་ལྔ་ལ་ཉམས་བཞེས་མཛད་པ་ཡིན་ནོ། །དེའི་རྗེས་ནས་སྔར་སྟོང་གཟུགས་སེམས་དང་འདྲེས་པར་བྱས་པ་དེ་སྲོག་གམ་རླུང་དང་བསྲེ་བའི་སྲོག་རྩོལ་གྱི་རྣལ་འབྱོར་ཉམས་སུ་ལེན་ཚུལ་དཔལ་ལྡན་བླ་མ་དམ་པ་ལ་ལེགས་པར་གདམས་པ་བཞིན་རླུང་སེམས་དབྱེར་མེད་ཀྱི་རྣལ་འབྱོར་ལ་བརྟེན་ནས་རྡོར་བཟླས་བུམ་ཅན་ལུས་སྦྱོང་འཁྲུལ་འཁོར་ལག་ལེན་བཅས་ཀྱིས། གཡས་གཡོན་རོ་རྐྱང་གི་རྒྱུ་བ་བཙན་ཐབས་ཀྱིས་དབུ་མར་དགག་སྟེ་སྲོག་ཐུར་གོང་བུ་གཅིག་ཏུ་བསྲེ་བའི་མན་ངག་གི་བོགས་འདོན་སྤོགས་ཆོག་དང་བཅས་པ་ཕྱག་བཞེས་ཟླ་བ་དགུ་དང་ཞག་ཉེར་དྲུག་ལ་ཉམས་ལེན་གནད་བསྣུན་དང་ལྡན་པར་མཛད་པ་ཡིན་ནོ། །དེ་ནས་སྟོང་གཟུགས་སྲོག་དང་འདྲེས་པ་ཐིག་ལེར་བསྲེས་ཏེ་འབར་སྣང་གི་སྐུ་སྒྲུབ་པར་བྱེད་པ་འཛིན་པའི་ཡན་ལག་གི་རྣལ་འབྱོར་གྱི་ཉམས་ལེན་ཕ་གཅིག་བླ་མས་ལེགས་པར་གདམས་པ་བཞིན་རླུང་སེམས་དབྱེར་མེད་ཀྱི་རྣམ་འབྱོར་ལ་བརྟེན་ནས་རླུང་སྦྱོར་གནས་དྲུག་བུམ་ཅན་ཚན་པ་སྔ་ཕྱིའི་སྦྱོར་བས། རླུང་སེམས་མཐའ་དག་མི་ཤིགས་པའི་ཐིག་ལེ་དྲུག་ལ་རོ་གཅིག་ཏུ་བསྟིམ་ཞིང་འབྱུང་འཇུག་མེད་པར་བརྟན་བྱེད་ཀྱི་ཐབས་ཚུལ་རླུང་གི་སྤོགས་ཆོག འཁྲུལ་འཁོར་གྱི་སྤོགས་ཆོག རྩའི་སྤོགས་ཆོག ཐིག་ལེའི་སྤོགས་ཆོག སྣ་ཚོགས་སྔོན་བྱོན་རང་རེས་དམ་པ་དག་གི་ཕྱག་སྲོལ་བཞིན་ཟླ་བ་གཉིས་ཀྱི་ཡུན་དུ་གནད་བསྣུན་གྱིས་འབད་པ་རྒྱ་ཆེར་བྱས་སོ། །དེ་ནས་རྗེས་དྲན་སྒོམ་པ་ནི། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ལས། གཏུམ་མོའི་སྣང་བར་གང་ཞིག་གྱུར་བ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར། །ཞེས་པ་བཞིན་དུ་འབར་སྣང་གི་སྐུ་སྒྲུབ་པའི་ཕྱག་ཆེན་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་དངོས་སུ་སྒྲུབ་པར་བྱེད་པ་རྗེས་དྲན་གྱི་ཡན་ལག་གི་རྣལ་འབྱོར་སྒོམ་ཚུལ་རྗེ་བཙུན་དམ་པ་གང་གིས་ལེགས་པར་གནང་བ་ལྟར་ཞུ་བདེ་ཁྱད་པར་ཅན་འདྲེན་པའི་ཐབས་སྐུ་གསུམ་འདུག་སྟངས་ཀྱི་རླུང་སྦྱོར་རྣམས་དང༌། དབྱེ་སྡུག་སྒོ་གླེག་ཀུན་འདུས་སོགས་རླུང་སྦྱོར་ལྔ་ཚན་བཅས་འཁྲུལ་འཁོར་ཉི་ཤུའི་ལག་ལེན་སྔོན་འགྲོ་དང་རང་ལུས་འདོད་ལྷ་ཡབ་ཡུམ་རྗེས་ཆགས་དགའ་བཞིའི་རྣམ་པ་དང་བཅས། སླར་ཡང་འཁྲུལ་འཁོར་ཉི་ཤུའི་དངོས་གཞིའི་ལག་ལེན་ཚད་དང་ལྡན་པ་དམ་པའི་བཞེད་སྲོལ་ཇི་བཞིན་ཉམས་ལེན་ལ་སྒོ་གང་ཐད་ནས་བརྩོན་ཏེ་ལུས་བཅུད་ཀྱི་དྭངས་མ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དབབ་བཟློག་བཀྲམ་གསུམ་ལ་བརྟན་པ་ཐོབ་པའི་ཐབས་སྣ་ཚོགས་ཀྱིས་སྦྱངས་བ་མི་དམན་པར་བྱས་ནས་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས་བར་བྱས་ཏེ་དམ་པ་གོང་མའི་ཕྱག་བཞེས་བཞིན་ཟླ་བ་ལྔ་དང་ཉིན་བཅོ་བརྒྱད་ལ་བསྒོམས་པ་ཡིན་ནོ། །དེ་ནས་རྒྱུད་ལས། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་གསུངས་པ་ལྟར་ཕྱག་ཆེན་ལ་བརྟེན་ནས་མཆོག་མི་འགྱུར་གྱི་བདེ་བའི་ཆ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགྲུབ་པར་བྱེད་པ་ཏིང་ངེ་འཛིན་གྱི་རྣལ་འབྱོར་མཆོག་ཉམས་སུ་ལེན་ཚུལ་མཆོག་དམན་ཐམས་ཅད་ལ་གདམས་པའི་སྲོལ་ཇི་ལྟ་བ་བཞིན་ཁྱབ་བདག་འདྲེན་པ་མཆོག་གིས་བརྩེ་ཆེན་མཁྱེན་པའི་དགོངས་ཀློང་ནས་ལེགས་པར་བསྩལ་བ་ལྟར་རྗཻ་བཙུན་དམ་པ་གང་གིས་རང་ལུས་ལྷ་ཡི་དག་སྣང་སྟོང་གཟུགས་དབྱེར་མེད་ཀྱི་སྣང་བ་ལས། མི་འགྱུར་བདེ་ཆེན་གྱིས་ལུས་ནང་གི་འཁོར་ལོ་དྲུག་ཏུ་མས་རིམ་ནས་ཕྱེད་རེ་གང་བ་དང་ཏིང་ངེ་འཛིན་གྱི་ས་རེ་ཐོབ་པའི་ཚུལ་གྱིས་ས་བཅུ་གཉིས་ཐོབ་པའི་མོས་འདུན་དང་རྣམ་པ་ཡིད་བྱེད་ཀྱིས་རྨད་དུ་བྱུང་བའི་གསང་ཆེན་ཐེག་པའི་ཡན་ལག་དྲུག་པའི་འབྲས་བུའི་རྣལ་འབྱོར་ཉམས་ལེན་གྱི་སྨོན་པ་བཟང་བོ་ངེས་དོན་སྒྲུབ་བརྒྱུད་ཀྱི་རྗེས་འཇུག་དག་གི་ཕྱག་བཞེས་མ་ཉམས་པའི་རྒྱུན་ལེགས་པར་བསྐྱངས་ཏེ་ཉམས་བཞེས་མཛད་ལ། དེ་ནས་ཟབ་ལམ་འཕོ་བའི་གདམས་པ་ལེགས་པར་གསན་ནས་འཕོ་བའི་མན་ངག་བཅས། ལས་དང་བོ་བའི་ཚུལ་གྱིས་ཐུགས་ཉམས་ལེན་ལ་ཞག་བདུན་དུ་བརྩོན་ཞིང༌། སྤྱིར་ལོ་གསུམ་གྱི་རིང་སྦྱོར་བ་ཡན་ལག་དྲུག་གི་སྒྲུབ་པ་ཉམས་ལེན་ལ་གཞོལ་བར་མཛད་དོ། །དེ་ནས་རབ་རྒྱལ་ཤིང་བྱ་ལོའི་ཁྲུམས་སྟོད་ཟླ་བ་ལ་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་མཐར་ཕྱིན། དེ་ནས་རྗེ་བཙུན་དམ་པ་གང་ཉིད་དགུང་གྲངས་ཉི་ཤུ་པ་རབ་རྒྱལ་མེ་ཁྱི་ལོར་སྔར་གྱི་རྒྱུན་བསྐྱངས་ནས་ལོ་གཅིག་ཙམ་ལ་སྐུ་མཚམས་དམ་པོ་བཅད་ནས་སྒྲུབ་པ་ཉམས་ལེན་ལ་གནད་དུ་སྨིན་པར་རྩེ་གཅིག་ཏུ་གཞོལ་བར་མཛད་ནས་འོད་གསལ་ཉམས་ཀྱི་རྟོགས་པ་ཡང་མཐའ་ཀླས་པ་བྱུང་བ་ཡིན་ནོ། །དེའི་དགུན་སྟོད་ཞིག་ལ་རྗེ་བཙུན་དམ་པ་འདི་ཉིད་ཐུགས་ཆེན་དུ་བྱོན་ནས་ཐུགས་ཆེན་གྱི་གནས་ཐམས་ཅད་དག་པའི་ལྷ་ཚོགས་དུ་མར་གཟིགས་པ་སོགས་བྱུང༌། དེ་ནས་བཀའ་དྲིན་གསུམ་ལྡན་གྱི་རྗེ་བཙུན་དམ་པ་དགུང་གྲངས་ཉེར་གཅིག་པ་སྤྱི་ལོ་༡༩༤༧བསྐལ་བ་མེ་ཕག་ལོར་ངེས་དོན་བསྟན་པའི་གནས་གཞི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་ཕེབས་ཏེ། གཙང་ཆེན་དགོན་དུ་སྒྲུབ་གྲྭར་བཞུགས་ནས་གཙང་ཆེན་གྱི་རྡོ་རྗེ་སློབ་དཔོན་ཁྱབ་བདག་རྡོ་རྗེ་འཆང་དངོས་ངག་དབང་རྡོ་རྗེ་བཟང་བོ་མཆོག་གི་ཞབས་ལ་གཏུག་སྟེ། ཕྱག་རྡོར་དང༌། རྟ་མགྲིན་དང༌། ཕུར་བ་རྣམས་ཀྱི་དབང་དང༌། བསྐྱེད་རིམ་གྱི་དམིགས་ཁྲིད་རྣམས་ལེགས་པར་གསན་ནས། སྔགས་བླ་མེད་ཀྱི་དག་རྫོགས་སྨིན་གསུམ་ལེགས་པར་སྦྱར་ནས་བསྐྱེད་རིམ་ལྷའི་རྣལ་འབྱོར་གྱི་ཉམས་ལེན་ཚུལ་བཞིན་དུ་གནང་བ་ལ་བརྟེན་ནས། གང་གི་ཐུགས་ཀློང་ལ་བསྐྱེད་རིམ་ལྷའི་གསལ་སྣང་དང་ང་རྒྱལ་ལ་བརྟན་པ་རབ་རྒྱས་མཐར་ཐུག་པས་ཉེ་བར་གཏམས་པ་ཡིན་ནོ། །རྗེ་བཙུན་དམ་པ་འདི་ལ་རྡོ་རྗེ་འཆང་ངག་དབང་རྡོ་རྗེ་བཟང་པོའི་ཞལ་སྔ་ནས་ཁྱེད་ཀྱིས་མ་འོངས་པ་ན་རྡོ་རྗེ་སློབ་དཔོན་ངེས་པར་མཛད་དགོས་པས་ན་ཁོང་གིས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཞིག་བསྐུར་གསུངས་ནས་གཙོ་བོར་དམ་པ་འདི་གཅིག་པུའི་ཆེད་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་དུས་འཁོར་དབང་ཆེན་ཡོངས་རྫོགས་ཤིག་ལེགས་པར་གནང་ནས་རིམ་གཉིས་ཀྱི་ལམ་སྨིན་རུང་གི་ནུས་པ་ཁྱད་པར་ཅན་བཞག་པ་ཡིན་ནོ། །དེ་ནས་ཀཿཐོག་ཕྱག་ཚ་པདྨ་འཕྲིན་ལས་རྒྱ་མཚོའི་མདུན་ནས་མདོ་སྒྱུ་སེམས་གསུམ་དང༌། འཁོར་བ་དུང་སྤྲུག་གི་སྒོ་ནས་ཐུགས་ཀློང་ཆོས་ཀྱི་མཛོད་དུ་གཏམ་པར་མཛད་པ་ཡིན་ནོ། །དེ་ནས་ཀ༔ཐོག་རྨོག་ཚ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱི་གདམས་ངག་གསུང་གི་གྲལ་ནས་བདུད་འདུལ་དང༌། ཀློང་གསལ་སྙིང་པོའི་དབང་ལུང་ཡོངས་རྫོགས་ཀྱི་ཆོས་ཀྱི་སྐལ་བ་ལེགས་པར་ཐོབ་པ་ཡིན་ནོ། །སྐབས་དེ་དུས་ཞིག་ནས་ལོ་གཉིས་ཡས་མས་སུ་རྡོ་རྗེ་ཕུར་བའི་གར་འཆམ་གྱི་འཆམ་དཔོན་མཛད་ནས་བསྟན་འགྲོའི་གནོད་པ་མཐའ་དག་ཡུན་རིང་དུ་ཞི་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བའི་སྐལ་བ་བྱུང༌། དེ་ནས་དམ་པ་གང་ཉིད་དགུང་གྲངས་ཉེར་གཉིས་དང་ཉེར་གསུམ་གྱི་སྐབས་སུ་རྗེ་བཙུན་དམ་པ་གང་གིས་ལྷ་བཟོ་བ་མཛད་འཕྲིན་དང༌། མུ་ར་ལྷ་བཟོ་གཏེར་སྒར་ཕེབས་སྐབས་ཆོས་སྡེ་འདིར་བྱོན་པར་བསྐུལ་ནས། སྔར་ཧུས་རིགས་མཱ་ཆི་ཚང་གིས་སྒྲོལ་མའི་མཆོད་རྟེན་དང༌། རྣམ་རྒྱལ་མཆོད་རྟེན་དང༌།ཕུར་བའི་མཆོད་རྟེན་རྣམས་གཏོར་བཤིག་ཚད་མེད་བཏང་བ་ལས་སྒྲོལ་མའི་མཆོད་རྟེན་ནང་གི་སྨན་ལྷ་མཆེད་བརྒྱད་སོགས་དང༌། རྣམ་རྒྱལ་མཆོད་རྟེན་ནང་གི་གུ་རུ་མཚན་བརྒྱད་སོགས་དང༌། ཕུར་བའི་མཆོད་རྟེན་གྱི་ལྷ་སྐུ་དུ་མ་སྐྱེ་དགུ་རྣམས་ཀྱི་བསོད་ནམས་ཞིང་དུ་ཉམས་གསོ་ལེགས་པར་མཛད་པ་དང༌། ལོ་དེར་དམ་པ་གང་ཉིད་ཀྱིས་ས་ཟླའི་སྐབས་ལ་སྔར་རྒྱ་བླ་མ་ངག་དབང་དཀོན་མཆོག་གི་སྨྱུང་གནས་མཆོག་བརྒྱད་དགོན་འདིར་བཙུགས་ཡོད་པ་དེ་རྒྱུན་བསྐྱངས་བྱས་ཏེ་སྤྱི་ལོ་༡༩༥༧རབ་རྒྱལ་མེ་བྱ་བར་ལ་སྨྱུང་གནས་མཆོག་བརྒྱད་ཆོ་ཁ་དང་ཕྱག་རིང་ཕྱག་ཐུང་དང་བཅས་པ་ལེགས་པར་བསྒྲུབས་ལ། དེ་དག་གི་སྐབས་སུ་བདེ་བ་ཅན་གྱི་རྒྱུ་བཞི་དང་བློ་ལྡོག་རྣམ་བཞི་སོགས་གསུངས་ནས་གདུལ་བྱ་རྣམས་ལ་ཐར་བའི་ལམ་བཟང་བསྐྲུན་པའི་ས་བོན་གྱི་མྱུ་གུ་བསྐྱེད་པར་བྱས་པ་ཡིན་ནོ། །སྐབས་དེ་ཡས་མས་ཞིག་ལ་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་དབང་ཆོག་ཞིག་གསུངས་བའི་དུས་སུ་མདོག་ཐལ་སྐྱ་ལྟ་བུ་ཡོད་པའི་སེམས་ཅན་ཞིག་མཐོང་བས་སྐྱབས་རྗེ་མདོས་དབོན་པོ་ལ་ཞུས་པས་དེ་ནི་བར་དོ་བ་རེད་ཅེས་གསུངས་པ་སོགས་རྒྱལ་གདོན་དྲི་ཟ་སོགས་མཐོང་བ་གྲངས་ལས་འདས་ཀྱང་འདིར་བཤད་པ་ལ་དགོས་པ་ཆེར་མ་མཐོང་བས་མ་སྤྲོས་པའོ། །དེའི་རྗེས་ཞིག་ལ་ཀཿཐོག་དབོན་སྤྲུལ་ཚུལ་ཁྲིམས་ཡོན་ཏན་རྒྱ་མཚོའི་ཐུགས་བརྩེ་ཆེན་དགོངས་པའི་ཀློང་ནས་བསྐལ་བ་ས་བྱི་ལ་གདམས་ངག་མཛོད་དང༌། ས་གླིང་ལ་རྙིང་ཐིག་ཡ་བཞི་དང༌། ཐོས་གྲོལ་བསྐྱེད་རྫོགས་བཅས་ལེགས་གནང་བྱས་པ་རྗེ་བཙུན་དམ་པ་གང་ཉིད་ཀྱིས་གསན་པ་ཡིན་ནོ། །སྐབས་འདི་ཡས་མས་སུ་འབེ་ཚ་བླ་མ་ཚུལ་ཁྲིམས་འོད་ཟེར་གྱི་གསུང་ཚངས་པའི་དབྱངས་ནས་འཇིགས་མེད་གླིང་བའི་བདེ་ཆེན་ཞིང་ཁྲིད་དང༌། ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་དབང་གི་སྐལ་བ་བསྩལ་ཏེ་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ་བདེ་ཆེན་ཞིང་ཁྲིད་ཀྱི་སྒོ་ནས་བདེ་བ་ཅན་གྱི་རྒྱུ་བཞི་རྟག་ཏུ་གསུངས་དགོས་ཞེས་བཀས་བསྐུལ་མ་གནང་བ་ཡིན་ནོ། །ལོ་དེ་དག་གི་སྐབས་ཞིག་ཏུ་དམ་པ་གང་ཉིད་སྐུ་མཚམས་བཅད་དེ་བདེ་བ་ཅན་དུ་སྐྱེ་བ་འཛིན་པའི་ཆོ་ག་མདོར་བསྡུས་པ་ཞིང་མཆོག་བགྲོད་པའི་བདེ་ལམ་ཞེས་པའི་བདེ་ལྡན་གྱི་ཞིང་དེར་སྐྱེ་བའི་ཐུགས་སྨོན་རྒྱ་ཆེར་ཡང་ཡང་གནང༌། དེའི་སྐབས་ནས་བཟུང་སྟེ་མཚན་ཙམ་འཛིན་པ་ཙམ་གྱིས་ཐར་བའི་ལམ་བཟང་ལ་འཁོད་པར་མཛད་པའི་འདྲེན་པ་འོད་དཔག་མེད་ཀྱི་ཞལ་གཟིགས་ཡང་ཡང་བྱུང་ནས་འབྲེལ་ཚད་བདེ་ཆེན་ཞིང་དུ་སྐྱེ་བའི་ལུང་བསྟན་ལེགས་པར་ཐོབ་པ་ཡིན་ནོ། །འདི་སྐད་རྗེ་བཙུན་དམ་པ་གང་གིས་ཐོས་པ་དུས་གཅིག་ན། རིགས་བདག་དམ་པ་མདོས་དབོན་པོ་སངས་རྒྱས་རྡོ་རྗེའི་ཞལ་གསུང་བདུད་རྩིའི་བུམ་བཟང་ལས་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་གི་སྒོམ་རིམ་གྲུབ་པའི་ལམ་བཟང་སྐུ་བཞིའི་རྒྱལ་སར་བགྲོད་པའི་ཤིང་རྟ་ཞེས་བྱ་བའི་གཞུང་ལ་གཏེར་སྟོན་ཀ་བྱང་དང་མཉམ་དུ་ཡུན་རིང་དུ་སྦྱང་བ་མི་དམན་པར་མཛད་ནས་ཐུགས་ལ་བྱང་ཆུབ་པར་མཛད། རྗེས་ནས་རང་ཅག་ལ་སྒོམ་རིམ་གྱི་བཤད་ཁྲིད་གསུངས་བའི་སྐབས་རྣམས་སུ་གཞུང་ཚིག་འདི་དང་འདི་ལ་དཔལ་ལྡན་བླ་མས་འདི་ལྟར་གསུངས་ཞེས་ཚིག་གཅིག་ཀྱང་མ་ལུས་པ་དྲན་ཤེས་ཀྱིས་མི་བརྗེད་པའི་གཟུངས་སུ་བཟུང་ཡོད་པ་བདག་ཅག་གུས་སློབ་རྣམས་ཀྱིས་སྐལ་བ་ཐོབ་པར་བྱུང་བ་ཡིན་ནོ། །དེ་ནས་རྗེ་བཙུན་དམ་པ་གང་ཉིད་དགུང་གྲངས་ཉེར་བཞི་པ་རབ་རྒྱལ་རྣམ་འགྱུར་ཞེས་པ་ལྕགས་སྟག་སྤྱི་ལོ་༡༩༥༠ལོའི་ས་གའི་ཟླ་བ་ལ། མདོས་དབོན་པོ་སངས་རྒྱས་རྡོ་རྗེ་དང་དམ་པ་འདི་ཉིད་སོགས་ཀྱི་ཐུགས་བཞེད་བཞིན་འབྲོག་དགེ་སྤྲུལ་སྐུ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་མཆོག་ཨ་སྐྱོང་ཡར་ཐང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་གནང་ནས་ས་ཟླའི་ཚེས་ཉེར་གཅིག་ལ། སྐལ་བཟང་གི་གདུལ་བྱ་དབང་བོ་རབ་དང་མཆོག་ཏུ་གྱུར་བ་རྗེ་བཙུན་དམ་པ་ངག་དབང་བཤད་སྒྲུབ་དཔལ་འདི་ཉིད་དང༌། མདོས་དབོན་པོ་སངས་རྒྱས་རྡོ་རྗེ་དང༌། ཨ་མཁར་སྤྲུལ་སྐུ་འགྲོ་ཕན་རྒྱ་མཚོ་དང༌། རྫ་ནང་བླ་མ་མཁྱེན་ལྡན་དང༌། རྒྱལ་སྲས་པད་ལོ་དང༌། འབེ་ཚའི་མཁན་སྤྲུལ་དང༌། ཀ་བཞི་གཏེར་སྟོན་དང༌། ཁང་སར་གྱི་སྤྲུལ་བསྟན་པོ་དང༌། སྐྱ་བླ་མ་གར་དབང་སོགས་འཁོར་འདུས་པ་རྒྱ་མཚོ་ལ་ཐུགས་ཆོས་ཀྱི་མཛོད་ཀློང་ནས་རྫོགས་རིམ་སྨིན་བྱེད་དབང་གི་རིམ་པ་ལེགས་པར་རྗེས་སུ་གནང་བའི་རིམ་པ་འདི་ལྟ་སྟེ། ཐོག་མར་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ལྡན་དང་བོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ་རྡོ་རྗེའི་སློབ་མ་དག་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ། དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ། སློབ་མ་རྗེས་འཛིན། སྟ་གོན། བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་བཞི། མཆོག་དབང་ཁྱད་པར་ཅན་ཏེ་རྡོ་རྗེ་སློབ་མའི་དབང་རྣམས་དང༌། བདག་པོ་དང་བདག་པོ་ཆེན་པོའི་དབང་སྟེ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་ཡོངས་སུ་རྫོགས་པ་བཀའ་དྲིན་དུ་མཛད། དེ་ནས་རིན་འབྱུང་བརྒྱ་རྩ་དང༌། བ་རི་བརྒྱ་རྩ་དང༌། རྒྱུད་སྡེ་རབ་འབྱམས་ཀྱི་ནང་ནས། བཅོམ་ལྡན་འདས་གཤིན་རྗེ་གཤེད་དམར་བོ་ལྷ་བཅུ་གསུམ་གྱི་དབང་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་འཇིགས་བྱེད་རྭ་ལུགས་ལྷ་བཅུ་གསུམ་གྱི་དབང་གི་བར་གཤིན་རྗེ་རབ་འབྱམས་ཀྱི་དབང་བདུན་དང༌། བདེ་མཆོག་ལུ་དྲིལ་ནག་གསུམ་དང༌། བཅོམ་ལྡན་འདས་དཔལ་འཁོར་ལོ་སྡོམ་པ་བསྡུས་རྒྱུད་རྩ་བའི་དབང་ནས་བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག་ཁ་སྦྱོར་རྡོར་སེམས་ལྷ་སོ་བདུན་གྱི་དབང་གི་བར་བདེ་མཆོག་རབ་འབྱམས་དབང་ཆེན་བཅོ་བརྒྱད་དང༌། གྲུབ་ཆེན་ཤ་བ་རི་བའི་ལུགས་ཀྱི་མ་རྒྱུད་སངས་རྒྱས་ཐོད་པ་ཉེར་ལྔ་དང༌། མ་རྒྱུད་ཕག་མོ་རབ་འབྱམས་དང༌། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ལུགས་ཀྱི་ཕུར་བ་དང༌། ཐམས་ཅད་རིགས་པ་དང༌། མི་འཁྲུགས་པ་དང༌། ཚེ་དཔག་མེད་ལྷ་དགུ་དང༌། ལྷ་གཅིག་བུམ་གཅིག་དང༌། དུས་འཁོར་སྡོམ་ཆེན་དང༌། དུས་འཁོར་ལྷ་དགུའི་དབང་རྣམས་ཟླ་བ་གསུམ་ལ་ལེགས་པར་བསྩལ་བ་རྣམས་ལེགས་པར་ཞུས་ནས་སྐལ་བ་དང་ལྡན་པའི་གདུལ་བྱར་གྱུར་བ་ཡིན་ནོ། །དེ་དུས་སུ་རྗེ་བཙུན་དམ་པ་འདི་ཉིད་ཀྱིས། འདུལ་བསྟོད་ལས། ཇི་ལྟར་ས་ནི་སྐྱེ་དགུ་རྣམས་ཀྱི་གཞི། །དེ་ལས་འབྲས་རྣམས་སྐྱེ་བར་འགྱུར་བ་ལྟར། དེ་བཞིན་འདུལ་བའང་སྡོམ་བརྩོན་རྣམས་ཀྱི་གཞི། །དེ་བཞིན་དེ་ལས་ཡོན་ཏན་རྣམས་ཀྱང་སྐྱེ། །ཞེས་དང༌། འཇམ་མགོན་བླ་མས། གང་ལ་བརྟེན་ན་བདེ་བླག་ཏུ། །ཐར་བའི་གྲོང་དུ་བགྲོད་པའི་ཐབས། །བདེ་གཤེགས་བསྟན་པའི་སྙིང་པོ་མཆོག །སོ་སོར་ཐར་ཅེས་གྲགས་པ་གང༌། །ཞེས་དང༌། སོ་སོར་ཐར་བའི་མདོ་ལས། དང་བོ་ཚུལ་ཁྲིམས་མེད་པར་གྱུར་པ་དེ། །ཕྱིས་ནས་མྱ་ངན་འདས་པ་འཐོབ་སྙམ་མམ། །ཞེས་དང༌། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་གིས། །སྔགས་སྒྲུབ་པར་ནི་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དག་ཕྱོགས་ཀྱང་མ་ཡིན་ནོ། །ཞེས་དང༌། དཔུང་བཟང་གི་ཞུས་པ་ལས། རྒྱལ་བ་ངས་གསུངས་སོ་སོར་ཐར་བ་ཡི། ཚུལ་ཁྲིམས་རྣམ་དག་འདུལ་བ་མ་ལུས་ལས། །སྔགས་པ་ཁྱིམ་པའི་རྟགས་དང་ཆོ་ག་སྤང༌། །ལྷག་མ་རྣམས་ནི་ཉམས་སུ་བླང་བར་བྱ། །ཞེས་སོགས་བཀའ་དང་བསྟན་བཅོས་དུ་མ་ལས་སོ་སོར་ཐར་བའི་སྡོམ་པ་བསྟན་པའི་རྩ་བ་ཡིན་པར་ཡང་ཡང་ལུང་རིགས་ཀྱི་སྒོ་ནས་གསུངས་པ་དག་ལ་ངེས་པ་ཡང་དག་རྙེད་ནས། རྗེ་བཙུན་དམ་པ་འབྲོག་དགེ་སྤྲུལ་སྐུ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ་སོགས་དགེ་འདུན་གྲངས་ཚང་གི་སྐུ་མདུན་ནས་གསོལ་བཞི་ལས་ཀྱི་ཆོ་ག་ལ་བརྟེན་ནས་ངེས་འབྱུང་གི་བསམ་པ་རྣམ་པར་དག་པས་ཀུན་ནས་བསླངས་ཏེ་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་མནོས་པར་བྱས་ལ། དེ་ནས་བཟུང་སོ་སོར་ཐར་བའི་བསྙེན་རྫོགས་ཀྱི་སྡོམ་པའི་མི་མཐུན་ཕྱོགས་མཐའ་དག་བསྲུངས་ཤིང་མཐུན་ཕྱོགས་མཐའ་དག་ལེགས་པར་བསྒྲུབས་ཏེ་ཀུན་ནས་ཉོན་མོངས་པ་དང་རྣམ་བྱང་ཕྱོགས་ཀྱི་བླང་དོར་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་སྒྲུབ་པ་ཡིན་ནོ། །ལོ་དེའི་སྟོན་ཁར་རྗེ་བཙུན་དམ་པ་གང་ཉིད་མི་འཁྲུགས་པ་སོགས་གྱི་མཚམས་ཟླ་བ་དྲུག་ཡས་མས་སུ་རྩེ་གཅིག་ཏུ་བསྒྲུབ་པ་ལ་གཞོལ་བར་བྱས་ནས་གྲུབ་པའི་རྟགས་མཚན་ཡང་གཏོར་མ་ལས་མེ་ཏོག་ཡ་མཚན་དུ་མ་བྱུང་བ་སྐྱེ་བོ་དུ་མས་མཐོང་ཐོས་སུ་གྱུར་བ་ཡིན་ནོ། །ཡང་སྐབས་དུ་མར་གྱང་སྤྲུལ་དོན་གྲུབ་རྡོ་རྗེའི་མདུན་ནས་བདེ་སྨོན་འགྲེལ་ཆེན་སོགས་བདེ་ཆེན་ཞིང་ཁྲིད་ལན་དུ་མར་གསན་བསམ་མཛད་པ་ཡིན་ནོ། །དེ་ནས་རྗེ་བཙུན་དམ་པ་གང་ཉིད་དགུང་གྲངས་ཉེར་ལྔ་བ་རབ་རྒྱལ་ལྕགས་ཡོས་ལོར་དམ་པ་འདི་ཉིད་དང༌། བྱ་བཏང་བ་བླ་མ་ཚུལ་རྒྱམ་དང༌། ཚུལ་བཟང་རྣམས་ཀྱི་དད་པས་གུས་ཕྱག་དང་བཅས་ཏེ་གསོལ་བ་བཏབ་པའི་ངོར། རིགས་བདག་སངས་རྒྱས་རྡོ་རྗེའི་གསུང་གི་མཚམས་སྤྲིན་གསར་བ་ལས་བྱང་ཆུབ་ལམ་རིམ་ཆེན་པོའི་ཆོས་ཀྱི་གྲུ་ཆར་འཇོ་བ་གང་ཐུགས་གསེར་ལྡན་འཛིན་མའི་གཞི་ལ་ཡོངས་སུ་འཁྱིལ་ཏེ། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་དང༌། གསུང་རབ་ཐམས་ཅད་གདམས་ངག་ཏུ་འཆར་བའི་ཆེ་བ་དང༌། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ་དང༌། ཉེས་སྤྱོད་ཐམས་ཅད་རང་འགགས་སུ་འགྲོ་བའི་ཆེ་བ་བཞི་ལྡན་གྱི་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་དག་རང་རྒྱུད་ལ་ལེགས་པར་འཁྲུངས་བར་བྱས་པ་ཡིན་ནོ། །ཡང་མདོས་དབོན་པོའི་མདུན་ནས་དཔལ་སྤྲུལ་སྔོན་འགྲོ་གསན་བསམ་མཛད་པ་ཡིན་ནོ། །སྐབས་དེ་དང་ཉེ་བའི་ཆར་རྗེ་བཙུན་དམ་པ་གང་གི་སྐུ་སྤུན་རྣམས་ཉ་དགེ་དང་རི་ཤུལ་སོགས་ལ་གྱོད་ཐུག་ནས་གཙང་བ་བསེ་སྤྲུལ་སྐུ་སོགས་ཀྱིས་གྱོད་བཤད་སྐབས་གྱོད་ཡ་འགའ་ཞིག་གིས་བཤད་སྒྲུབ་དཔལ་ནི་བྱང་ཆུབ་སེམས་དཔའ་ཡིན་པས་ཆགས་སྡང་མེད་ཅེས་ཟེར་འདུག་པས་ང་ཚོས་ཇི་ལྟར་འདུག་ཅེས་བལྟ་ཟེར་ནས་རྗེ་བཙུན་དམ་པ་གང་ལ་བདག་ཅག་རྣམས་ལ་ཚྭ་ཞིག་སྦྱིན་པར་ཞུས་པས། ཇི་སྐད་དུ། བདག་ལ་དེ་དག་སྡུག་སྨིན་ཞིང༌། །བདག་དགེ་མ་ལུས་དེར་སྨིན་ཤོག །ཅེས་དང༌། ཀུན་མཁྱེན་ཇོ་ནང་བའི་ཞལ་ནས། བདག་ལ་བརྟེན་ནས་ནམ་དུ་ཡང༌། །གཞན་ལ་གནོད་པར་མ་གྱུར་ཅིག །སྒོ་གསུམ་གང་དང་གང་བརྩོན་པ། །གཞན་ལ་ཕན་པ་འགྱུར་བར་ཤོག །ཅེས་གསུངས་པ་ལྟར་ཐུགས་བྱམས་བརྩེ་དང་ལྡན་པའི་སྒོ་ནས་གནང་བས་ཀུན་ལ་དད་པ་སྐྱེས་ནས་ད་ནི་རང་ཅག་རྣམས་ཕམ་ཉེས་ཞིག་བྱུང་ཡང་གྱོད་ངེས་པར་འགྲིག་པར་བྱ་ཞེས་ཐམས་ཅད་ཀྱིས་དམ་བཅས་ནས་གྱོད་ལེགས་པར་འགྲིགས་པ་ཡིན་ནོ། །ཡང་རྗེ་བཙུན་དམ་པ་འདི་ཉིད་ལ་གཟའི་རྟེན་ཐང་ཞིག་ཡོད་པ་དེར་གཟའ་རྒོད་ཁྱབ་འཇུག་ཆེན་པོ་དངོས་སུ་བཞུགས་ཡོད་པ་ཀུན་དགའ་སོགས་སློབ་ཚོགས་དུ་མས་ལན་དུ་མར་མངོན་སུམ་དུ་མཐོང་ལ། དམ་པ་འདི་ཉིད་ཀྱིས་ཁྲིམས་ཁང་བྱོན་སྐབས་སོགས་རྒྱུན་དུ་ཆག་མེད་དུ་གཟའ་མཆོག་ཆེན་པོའི་གཏོར་ཆོག་ཞལ་འདོན་མཛད་ལ། དེ་ནས་ལོ་དེར་རྗེ་བཙུན་དམ་པ་གང་ཉིད་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཉམས་ལེན་ལ་གནད་དུ་བསྣུན་པ་ཉིན་མཚན་ཀུན་ལ་བརྩོན་པར་མཛད་ནས་བཞུགས་སྐབས་སུ། ཇི་སྐད་དུ། རྩ་རྒྱུད་ལས། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གྱིས། །རྡོ་རྗེ་འབེབས་པས་བྱིན་གྱིས་བརླབས། །ཞེས་གསུངས་པ་བཞིན་ཉིན་ཞིག་ལ་ཡེ་ཤེས་ཡུན་རིང་འབེབ་པ་སོགས་བྱུང༌། དེ་དུས་སུ་ཡང་གྲུབ་པའི་གཏེར་ཆེན་སྒྲིབ་བྲལ་རིག་པའི་རྡོ་རྗེའི་ལུང་བསྟན་ལས། སྙིང་རླུང་སྐབས་སུ་ལྡང་ཡང་སྲིད། །བདེ་སྟོང་རྡོ་རྗེའི་རླུང་གིས་སྦྱོང༌། །འབྲེལ་ཚད་གྲོལ་བའི་རྣལ་འབྱོར་འོང༌། །ཞེས་ལུང་དུ་བསྟན་པ་ལྟར་རླུང་ཅུང་ཟད་ལྡང་ནས་མདོས་དབོན་པོ་སངས་རྒྱས་རྡོ་རྗེའི་སྐུ་དྲུང་དུ་བྱོན་ནས་འོད་གསལ་ཉམས་ཀྱི་རྟོགས་པའྀ་འཆར་སྒོ་སྣ་ཚོགས་པ་དག་ཞུས། རྗེ་སངས་རྒྱས་རྡོ་རྗེའི་ཞལ་ནས་མདང་དགོང་ཁོང་གི་རྨི་ལམ་འོད་གསལ་ཉམས་ཀྱི་སྣང་བ་ལ། དཔལ་དུས་ཀྱི་འཁོར་ལོའི་ཐུགས་གསུང་སྐུའི་དཀྱིལ་འཁོར་ཡོངས་རྫོགས་ཞིག་འཆར་བས་དམ་པ་ཁྱེད་ཉིད་ཟུང་འཇུག་གདོད་མའི་ཐར་བའི་ལམ་བཟང་ལ་ཞུགས་པར་གྱུར་ལ། དེ་འདྲའི་དཀྱིལ་འཁོར་གྱི་ཕྱོགས་བཞིར་འབྲུག་དུ་མ་བབས་ཡོད་པས་དམ་པ་གང་ཉིད་ཀྱི་མཚན་གྱི་སྙན་པ་ཕྱོགས་བཅུར་ཁྱབ་པར་འགྱུར་རོ་ཞེས་བཀས་ལུང་བསྟན་གནང༌། དམ་པ་གང་ཉིད་ཀྱི་སྐུ་ཚེ་མི་འགྱུར་ཚེ་མཐའ་ཡས་པའི་ངོ་བོར་བཞུགས་ཕྱིར་ཞབས་བརྟན་རིམ་གྲོ་དུ་མ་བསྒྲུབ་པར་བྱས། དེ་ནས་ཉིན་ཞིག་ཁོང་ཐུགས་སངས་ལ་བྱོན་སྐབས་གཅུང་བསྟན་ནོར་ལ་དེ་རིང་བདག་ཕ་བཟང་བུ་རྟ་ཐོག་འབུད་པ་བཞིན་དོན་དམ་རང་བྱུང་འོད་གསལ་བའི་ཡེ་ཤེས་ཀྱི་རང་ཞལ་མཇལ་བས་བདེ་གསལ་མི་རྟོག་ཁྱད་པར་ཅན་སྐྱེས་བྱུང་གསུངས་ནས་ཐུགས་དགྱེས་ཉམས་མཛད། དེ་ནས་རླུང་ཇེ་དགའ་རུ་སོང༌། འོན་ཀྱང་འོད་གསལ་ཉམས་ཀྱི་འཆར་སྒོ་ལུས་ཉམས། སེམས་ཉམས། ངག་ཉམས། མཐོང་ཉམས་རྣམས་ཇི་བཞིན་ངོ་སྤྲད་དཀའ་བས་གེགས་ཐམས་ཅད་སེལ་མ་ཐུབ་པ་ཡིན་ནོ། །དེ་ནས་རྗེ་བཙུན་དམ་པ་གང་ཉིད་དགུང་གྲངས་ཉེར་དྲུག་པ། རབ་རྒྱལ་དགའ་བ་ཞེས་པ་ཆུ་ཕོ་འབྲུག་སྤྱི་ལོ་༡༩༥༢ལོར། རིགས་བརྒྱའི་ཁྱབ་བདག་སངས་རྒྱས་རྡོ་རྗེའི་བཀའ་གསུངས་ལྟར་རྡོ་རྗེ་འཆང་དངོས་མཚམས་པ་བ་སྨོན་ལམ་བཟང་བོའི་སྐུ་དྲུང་དུ་བྱོན། བླ་མ་དེ་ཉིད་ཀྱིས་ཐུགས་བརྩེ་བས་རྗེས་སུ་བཟུང༌། རྗེ་བཙུན་བླ་མ་དམ་པ་ངག་དབང་བཤད་སྒྲུབ་དཔལ་གྱིས་རང་གི་འོད་གསལ་གྱི་འཆར་སྒོ་རྣམས་དང༌། རྩ་རླུང་ཐིག་ལེའི་གེགས་རྣམས་ལེགས་པར་ཞུས་ཏེ། རིགས་ཀྱི་ཅོད་པན་སྨོན་ལམ་བཟང་བོ་དེ་ཉིད་ཀྱིས་རྩའི་གེགས་སེལ་འཁྲུལ་འཁོར་དང༌། རླུང་གི་གེགས་སེལ་རླུང་སྦྱོར། ཐིག་ལེའི་གེགས་སེལ་དེ་གཉིས་འཛོམ་པའི་བཞུ་བཏུལ། སེམས་གེགས་ལ་དམིགས་པའི་གནད་སྣ་ཚོགས་སུ་འཕོ་བ་རྣམས་ཀྱིས་སེལ་བར་བྱས་ལ། གཙོ་བོ་ཡེ་ཤེས་ཕེབས་པའི་ཉམས་ཡིན་པས་གཞན་སྨན་བཅོས་སོགས་གང་ཡང་མ་བྱས་པར་ཉམས་ངོ་སྤྲད་དེ་ཉམས་བྱུང་རྒྱལ་དུ་བསྐྱངས་པས་གེགས་སེལ་ཞིང་ཡོན་ཏན་གོང་འཕེལ་དུ་གྱུར་ནས་ཆོས་སྡེ་དེར་ཡུན་རིང་དུ་སྒྲུབ་པ་ལ་གཞོལ་བར་མཛད་པ་ཡིན་ནོ། །དེའི་སྐབས་སུ་ལམ་ཁོའི་མཁན་པོ་ངག་དབང་གསང་སྔགས་བསྟན་འཛིན་གྱི་མདུན་ནས་སྒོམ་རིམ་དང་ཞིང་ཁྲིད་ཞུས་པར་བཤད་སྲོལ་ཙམ་ཡོད་ཀྱང་ཁུངས་ཇི་བཞིན་མ་རྙེད་དོ། །དེ་ནས་དམ་པ་གང་ཉིད་དགུང་གྲངས་ཉེར་བདུན་པ། སྤྱི་ལོ་༡༩༥༣རབ་རྒྱལ་རྣམ་རྒྱལ་ཞེས་པ་ཆུ་སྦྲུལ་ལོ་ལ་རང་དགོན་ནས་བདེ་ཆེན་ཞིང་སྒྲུབ་ཀྱི་མཚམས་བཞུགས་ཏེ་ཞག་ཉིས་བརྒྱའི་རིང་ལ་བདེ་བར་གཤེགས་པའི་སྣང་བརྙན་དང༌། འོད་མདོའི་གླེགས་བམ་སོགས་རྟེན་གསུམ་གྱི་མདུན་དུ་མཆོད་པ་བཀོད་ལེགས་ཡིད་འོང་དུ་མ་མཛེས་པར་བཀྲམ་སྟེ། བདེ་བ་ཅན་དུ་བགྲཽད་པའི་ཆོ་ག་དཔག་མེད་མྱུར་ལམ་ཞེས་པའི་སྒོ་ནས་བདེ་བ་ཅན་གྱི་རྒྱུ་བཞི་ཚང་བར་བཟང་སྤྱོད་ཚར་ལྔ་བཅུ་དང་ཨ་མི་ཏ་བྷ་ལྔ་སྟོང་རེ་ཉི་མ་རེ་རེར་བཟླས་ནས་འགྲོ་ཀུན་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་རྒྱ་ཆེར་གནང༌། དེའི་དུས་སུ་ཡང་མགོན་པོ་འོད་དཔག་མེད་ཀྱི་སྐུ་པདྨ་ར་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུའི་གཟི་མདངས་དང་བཅས་མངོན་སུམ་དུ་མཇལ་བས་བདེ་སྟོང་མི་འགྱུར་བའི་དགའ་བ་ཁྱད་པར་ཅན་ཐུགས་ལ་འཁྲུངས་ནས་འབྲེལ་ཚད་དོན་ལྡན་དུ་གྱུར། དུས་སྐབས་ཞིག་ལ་རྗེ་བཙུན་དམ་པ་འདི་ཉིད་འབྲོས་སྐོར་ལ་བྱོན་སྐབས་མཚན་དུས་ཞིག་ལ་སེར་དྲག་བབས་ནས་རྟ་རྣམས་གར་སོང་ཆ་མེད་དུ་གྱུར༌། དེ་དུས་སུ་གྲྭ་བ་རྣམས་རྟ་བཙལ་བ་ལ་འགྲོ་རྩིས་བྱེད་སྐབས་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་འགྲོ་མི་དགོས་གསུངས། དེའི་ཕྱིར་ཉིན་རྟ་རྣམས་སྒོ་དྲུང་ལ་སླེབས་འདུག་དེར་གནས་པའི་མི་དུ་མས་རྟ་རྣམས་དང་མཉམ་དུ་གཟའ་ཡོད་པར་མཐོང་བས་ཐམས་ཅད་དད་པ་སྐྱེས་ནས་ཚེ་འདི་ཕྱིའི་སྐྱབས་འཇུག་ཡང་ཡང་ཞུས་པ་ཡིན་ནོ། །དུས་སྐབས་ཞིག་ལ་ཨ་འཛོམས་འབྲུག་པའི་སློབ་མ་པུ་རུ་སློབ་མ་གུས་གུས་སམ་ཀུན་བཟང་རྒྱལ་སྲས་པད་མ་རྣམ་རྒྱལ་དྲུང་དུ་བྱོན་སྐབས་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་རྟོགས་འབུལ་བྱས་ལ། དེ་དུས་སུ་པུ་རུ་བླ་མ་ཀུན་བཟང་གིས་གྲྭ་བ་གཞོན་ནུ་དེ་སུ་ཞིག་རེད་ཅེས་རྒྱལ་སྲས་ལ་དྲིས། རྒྱལ་སྲས་ཀྱིས་དེ་ནི་རྒྱ་སྤྲུལ་སྐུའི་སྲས་བཤད་སྒྲུབ་དཔལ་ཟེར་བ་དེ་རེད་ཅེས་གསུངས་ཚེ་གང་གི་ཞལ་ནས་གཞོན་ནུ་འདི་ལྟ་བུ་ལ་ཉམས་རྟོགས་ངོ་མཚར་བ་འདུག་གསུངས་ནས་ཕྱག་གཉིས་ཐལ་མོ་སྦྱར་བར་མཛད་དོ། །ཡང་སྐབས་འདི་སྐོར་ཞིག་ལ་དམ་པ་འདི་ཉིད་ཀྱིས་ལོ་གཉིས་ཙམ་ལ་ཕུར་བ་རྡོ་རྗེ་གཞོན་ནུའི་སྒྲུབ་དཔོན་མཛད། སྤྱན་འདྲེན་སྐབས་སུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཞལ་མངོན་སུམ་དུ་གཟིགས་ནས་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་དབང་བའི་དངོས་གྲུབ་ཐོབ། སློབ་མ་ལས་སྣང་དག་པ་རྣམས་ཀྱིས་ཕུར་བའི་དཀྱིལ་འཁོར་གྱི་མཐར་ཕུར་སྲུང་མངོན་སུམ་དུ་གཟིགས་པ་སོགས་བྱུང་བའོ། །སླར་སྨྲས་པ། རྣམ་མང་རྒྱུད་སྡེའི་མན་ངག་ཆུ་བོ་དལ་འབབ་ཀླུང༌། །དབང་འབྱོར་བཤད་སྒྲུབ་རླབས་ཀྱིས་འཁྲི་ཤིང་གཡོ་བཞིན་པར། །དཔལ་ལྡན་གསང་གསུམ་ཀུན་འདུས་ཟབ་རྒྱས་རྒྱ་མཚོ་ཆེར། །གཞོལ་ཞིང་འབབ་པའི་གསང་མཛོད་ཇི་བཞིན་དཔག་པར་དཀའ། །ངེས་གསང་རྒྱུད་སྡེ་གྲུབ་ཆེན་བྱེ་བའི་ཐུགས་ཀྱི་བཅུད། །བྱིན་རླབས་སྙན་བརྒྱུད་མན་ངག་ཕྱག་བཞེས་ཕྲ་མོ་ནས། །གེགས་སེལ་བོགས་འདོན་ཉམས་མྱོང་འབྲས་བུ་ཚད་མར་བཅས། །ཐང་མར་བརྡལ་བའི་ངོ་མཚར་མཛད་བཟང་སུ་ཡིས་དཔོག །བསྐལ་མང་བསགས་པའི་བསོད་ནམས་བྱེ་བའི་ཆུ་གཏེར་ལས། །ཉེར་བར་ཐོན་པའི་མཁས་དང་གྲུབ་པའི་ཉི་ཟླ་ཟུང༌། །རྨད་བྱུང་ངེས་གསང་སྙིང་པོའི་བསྟན་པའི་གླིང་འདིར་ཤར། །རྒྱལ་བསྟན་འགྲོ་བའི་གཉེན་གཅིག་ཁྱེད་མིན་གཞན་ན་སུ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

གསུམ་པ་སྐལ་བཟང་གདུལ་བྱའི་ཚོགས་ལ་ཟབ་ཆོས་ཀྱིས་ཚིམ་པར་མཛད་ནས་བསྟན་འགྲོའི་དོན་སྒྲུབ་པ།

གསུམ་པ་སྐལ་བཟང་གདུལ་བྱའི་ཚོགས་ལ་ཟབ་ཆོས་ཀྱིས་ཚིམ་པར་མཛད་ནས་བསྟན་འགྲོའི་དོན་སྒྲུབ་པ་ནི།

དེ་ནས་དམ་པ་གང་ཉིད་དགུང་གྲངས་ཉེར་བརྒྱད་པ་སྤྱི་ལོ༡༩༥༤རབ་རྒྱལ་རྒྱལ་བ་ཞེས་པ་ཤིང་ཕོ་རྟ་ལ་སྐྱབས་རྗེ་མདོས་དབོན་པོ་སངས་རྒྱས་རྡོ་རྗེ་ནས་རྗེ་བཙུན་དཔལ་ལྡན་བླ་མ་༧ངག་དབང་བཤད་སྒྲུབ་དཔལ་རང་གི་རྒྱལ་ཚབ་དུ་རྡོ་རྗེ་སློབ་དཔོན་གྱི་གདན་རབས་ལྔ་བ་རུ་མངའ་གསོལ་མཛད། དེ་ཡང་གང་གི་རྩ་བའི་གདན་ས་འདིའི་རྡོ་རྗེ་སློབ་དཔོན་གདན་རབས་དང་བོ་གྲུབ་པའི་དབང་ཕྱུག་རྒྱ་བླ་མ་ངག་དབང་དཀོན་མཆོག་དང༌། གཉིས་པ་རྣམ་འབྱོར་གྱི་དབང་ཕྱུག་དབོན་པོ་བསྟན་གསལ་མཆོག་དང༌། གསུམ་པ་མཐུ་སྟོབས་ཀྱི་དབང་ཕྱུག་རྒྱ་སྤྲུལ་སྐུ་ངག་དབང་བསྟན་འཛིན་མཆོག་དང༌། བཞི་བ་རྗེ་བཙུན་བྱམས་མགོན་གྱི་རྣམ་འཕྲུལ་མདོས་དབོན་པོ་སངས་རྒྱས་རྡོ་རྗེ་དང༌། གདན་རབས་ལྔ་བ་ནི། རྒྱན་ལས། དེ་ལྟར་བློ་བཟང་སྐྱོ་བ་མེད་ལྡན་བརྩེ་བ་ཅན། །སྙན་པར་རབ་གྲགས་ཆོ་ག་བཟང་ཤེས་ལྡན་པ་ཡི། །བྱང་ཆུབ་སེམས་དཔའ་ལེགས་པར་སྨྲ་བ་ཡིན་པ་སྟེ། །བཤད་པས་སྐྱེ་བོའི་ནང་ན་ཉི་མ་བཞིན་དུ་ལྷམ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། ཆོག་ཤེས་འདོད་ཆུང་སྙིང་རྗེར་ལྡན། །ཉོན་མོངས་སྤངས་བའི་ཤེས་རབ་ཅན། །ཞེས་གསུངས་པ་ལྟར་ཚེ་འདིའི་སྣང་བ་ཐམས་ཅད་མཆིལ་མའི་ཐལ་བ་བཞིན་དུ་རིང་དུ་དོར་ཞིང༌། སྲིད་གསུམ་མེ་འོབས་ཀྱི་གནས་ལྟ་བུར་གཟིགས་ནས་འཁོར་བ་ལ་རྒྱབ་ཀྱིས་ཕྱོགས་པ། གཞན་དོན་རླབས་ཆེན་སྒྲུབ་པའི་དམ་བཅའི་ཁུར་བཞེས་ཏེ་ཐེག་པ་ཆེན་པོའི་ལམ་སྤྱི་དང༌། ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་ཟབ་མོའི་ལམ་གྱི་རིམ་པ་ལ་ཐུགས་ཅུང་ཟད་ཀྱང་ལྷོད་པ་མེད་པར་རྩེ་གཅིག་ཏུ་བསྒྲུབས་པར་བྱས་ནས་ས་ལམ་གྱི་རྟོགས་པ་མཆོག་གི་གོ་འཕང་མངོན་དུ་མཛད་ནས། །བསྟན་པ་དང་སེམས་ཅན་གྱི་དོན་ལ་ལྷག་པའི་བསམ་པ་གངས་ཀྱི་རི་བོ་ལས་ཀྱང་རྣམ་པར་དཀར་བའི་སྒོ་ནས་སྐྱེ་དགུ་ཡོངས་ལ་བླང་དོར་གྱི་གནས་དང༌། སེམས་ཅན་རང་རང་གི་མོས་པ་དང་མཐུན་པའི་ལམ་གྱི་རིམ་པ་རྣམས་དང༌། རིགས་དང་དཀྱིལ་འཁོར་ཀུན་གྱི་མངའ་བདག་ཏུ་བཞུགས་ཏེ་རིམ་གཉིས་ཀྱི་ལམ་གདུལ་བྱའི་རྒྱུད་ལ་བསྐྱེད་ཅིང༌། སངས་རྒྱས་ཀྱི་བསྟན་པ་སྤྱི་དང༌། ཁྱད་པར་ངེས་གསང་གཞན་སྟོང་དབུ་མ་ཆེན་པོའི་རིང་ལུགས་ཉམས་མེད་དུ་འཛིན་ཅིང་སྤེལ་བའི་བཤེས་གཉེན་ཆེན་པོ་མཚན་བརྗོད་པར་དཀའ་བ། དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་འདི་ཉིད་ཡིན་ནོ། །ལོ་དེར་སྦྱོར་དྲུག་གསར་བཞུགས་པ་འཇིགས་སངས་སོགས་ལྔ་ཡོད་ལ། དེ་རྣམས་ལ་མདོས་དབོན་པོ་སངས་རྒྱས་རྡོ་རྗེ་དང་རྗེ་བཙུན་དམ་པ་འདི་གཉིས་ཀྱིས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བྱིན་རླབས་དོན་བརྒྱུད་ཀྱི་ཉམས་མྱོང་ཟབ་ཁྲིད་ལག་ལེན་གྱི་སྒོ་ནས་བྱམས་བརྩེའི་ཆུ་འཛིན་དྲྭ་བ་ལས་གདམས་ངག་ཟབ་རྒྱས་ཆོས་ཀྱི་སྦྲང་ཆར་དུས་དུས་སུ་འཇོ་བར་མཛད་པ་ཡིན་ནོ། །སྐབས་འདི་ཡས་མས་སུ། སྔོན་ཆོས་སྡེ་འདིར་ཚེ་བསྙེན་དུང་འཁོར་ཞིག་ཡོད་པ་དེ་རྒྱ་མཱ་ཆི་ཚང་གིས་གཏོར་བཤིག་བཏང་བ་དེ་དམ་པ་འདི་ཉིད་ཀྱིས་དེའི་ཤུལ་དུ་ཡིག་བརྒྱའི་དུང་འཁོར་ཆེ་བ་བྱིན་རླབས་དང་ལྡན་པ་ཞིག་གསར་བཞེངས་བྱས་ནས་བསྟན་འགྲོའི་དོན་དུ་ཐུགས་སྨོན་རྒྱ་ཆེར་གནང༌། དེ་ནས་རྗེ་བཙུན་དམ་པ་དགུང་གྲངས་ཉེར་དགུ་བ་སྤྱི་ལོ་༡༩༥༥རབ་རྒྱལ་མྱོས་བྱེད་ཅེས་པ་ཤིང་མོ་ལུག་གི་ལོར་སྦྱོར་དྲུག་པ་གསར་བཞུགས་སངས་ཕུན་དང༌། ལུང་རིགས་སོགས་དྲུག་ཡོད་དོ། །ལོ་དེར་སྦྱོར་དྲུག་པ་རྣམས་ལ་ཁྲིད་སྐབས་དང༌། མྱུང་གནས་མཆོག་བརྒྱད་སྐབས་མ་གཏོགས་དམ་པ་འདི་ཉིད་ཀྱིས་ཡི་དམ་དུ་མས་དམ་མཚམས་བཞུགས་ནས་སྒྲུབ་པ་ཉམས་ལེན་ལ་རྟག་ཏུ་བརྩོན་པར་མཛད་དོ། །དེ་ནས་དམ་པ་གང་ཉིད་དགུང་གྲངས་སུམ་བཅུ་བ་སྤྱི་ལོ་༡༩༥༦རབ་རྒྱལ་མེ་སྤྲེལ་ལོ་ལ་སྦྱོར་དྲུག་པ་སྤྲུལ་ཤེར་གྲགས་དང༌། སངས་རྒྱམ་སོགས་བཞི་ཡོད་ལ། ལོ་དེར་རྩི་ནང་བླ་མ་མཚན་བཟང་མཆོག་ཆོས་སྡེ་འདིར་ཆིབས་བསྒྱུར་བསྐྱངས་ནས་སྨིན་བྱེད་དབང་གི་རིམ་པ་སྩལ་བ་འདི་ལྟ་སྟེ། ཐོག་མར་སློབ་དཔོན་འཇིགས་མེད་འབྱུང་གནས་ཀྱིས་བསྡུས་པར་མཛད་པའི་དཔལ་གསང་བ་འདུས་པ་འཇམ་པའི་རྡོ་རྗེ་ལྷ་དགུའི་དབང་ནས། རྣམ་རྒྱལ་མའི་དབང་གི་བར་དབང་བཞི་བཅུ་ཞེ་དགུ་སྟེ་དཔལ་རྡོ་རྗེ་ཕྲེང་བའི་དབང་ཡོངས་རྫོགས་ས་བཟང་མ་ཏི་པཎ་ཆེན་གྱིས་མཛད་པའི་སྒྲུབ་ཐབས་དང༌། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་རྡོ་རྗེ་ཕྲེང་བའི་དབང་ཆོག་གཉིས་ལ་བརྟེན་ནས་གསུངས་བ་དང༌། རྒྱུད་སྡེ་བཞིའི་དཀྱིལ་འཁོར་བརྒྱ་རྩའི་དབང་དང༌། ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་གི་དབང་དང༌། ཁྲོས་མ་ལྷ་དགུའི་དབང་དང༌། གཅོད་དབང་ནམ་མཁའ་སྒོ་འབྱེད་ཀྱི་དབང་དང༌། མགོན་པོ་བྲག་རྫོང་མའི་རྗེས་གནང་དང༌། རྣམ་འཇོམས་ཁྲོ་ནག་གི་དབང་རྣམས་ལེགས་པར་ཐོབ་པའི་སྐལ་བ་བཟང་བོར་བྱས་པ་ཡིན་ནོ། །དེ་ནས་དམ་པ་གང་ཉིད་དགུང་གྲངས་སོ་གཅིག་སྤྱི་ལོ་༡༩༥༧རབ་རྒྱལ་གསེར་འཕྱང་ཞེས་པ་མེ་བྱ་ལོར་སྦྱོར་དྲུག་པ་པད་ཚུལ་བླ་མ་རྟ་མགྲིན་སོགས་བརྒྱད་གསར་བཞུགས་ཡོད། དེ་རྣམས་ལ་སྔོན་འགྲོ་འབུམ་ལྔ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོ་དུས་འཁོར་ལྷན་སྐྱ྄ེས་ཀྱི་བར་མདོས་དབོན་པོ་སངས་རྒྱས་རྡོ་རྗེ་དང་རྗེ་བཙུན་དམ་པ་འདི་གཉིས་ཀྱིས་ཟབ་ཁྲིད་ཀྱིས་ལེགས་པར་བསྐྱངས་བ་ཡིན་ནོ། །དེ་ནས་དམ་པ་འདི་ཉིད་དགུང་གྲངས་སོ་གཉིས་པ་སྤྱི་ལོ་༡༩༥༨རབ་རྒྱལ་རྣམ་འཕྱང་ཞེས་པ་ས་ཕོ་ཁྱིའི་ལོ་ལ་བོད་ལྗོངས་སྤྱིའི་བསྟན་སྲིད་ལ་ཉམས་རྒུད་ཆེན་པོ་བྱུང་དུས་ཡིན་པས། དམ་པ་འདི་ཉིད་ལོ་དེའི་དབྱར་མགོ་མའི་དུས་སྐབས་ནས་རྒྱ་དམག་ལ་བྱོལ་ནས་རི་མགོར་བྲོས། དེའི་སྐབས་ནགས་རྫིག་མ་ནས་བླ་མ་དབུ་བཞུགས་བྱས་ནས་བསྐང་གསོལ་སོགས་ཚོགས། དེ་ནས་དམ་པ་གང་ཉིད་དགུང་གྲངས་སོ་གསུམ་པ་སྤྱི་ལོ་༡༩༥༩རབ་རྒྱལ་སྒྱུར་བྱེད་ཅེས་པ་ས་མོ་ཕག་གི་ལོར་མཛེ་གཞུང་དུ་བྲོས་ནས་བཞུགས། དེ་དུས་དམ་པ་འདི་ཉིད་ཀྱིས་མ་ཎི་ཉིན་དུ་མར་ཚོགས་ནས་སྐྱེ་དགུའི་དོན་དུ་བསྔོ་སྨོན་མཛད། མཛེ་གཞུང་དང་འཛི་ཆེན་སོགས་སུ་བཙན་བྱོལ་དུ་བཞུགས། ལྔ་བརྒྱད་དང་ང་དགུ་ལོར་མགོ་ལོག་ཕལ་ཆེར་རྒྱ་ནག་གི་བཙན་འོག་ཏུ་གྱུར། དེ་ནས། ཇི་སྐད་དུ། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང༌། །རང་གི་ནུས་པ་ལྷོད་པར་མི་བྱེད་ལ། །ཞེས་གསུངས་པ་ལྟར་རྗེ་བཙུན་དམ་པ་འདི་ཉིད་ཀྱི་ཞལ་ནས་གསུངས་པ་འདི་ལྟ་སྟེ། དབུ་མ་བཞི་བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་དང༌། རྒྱལ་སྲས་ཞི་བ་ལྷས། འགྲོ་མང་རྡོག་པས་བདག་གི་སྤྱིར་འཚོག་གམ། །འགུམ་ཡང་མི་བསྡོ་འཇིག་རྟེན་མགོན་དགྱེས་མཛོད། །ཅེས་གསུངས་པ་ལྟར་བདག་ནི་རང་ལ་སྡུག་བསྔལ་དང་དཀའ་ཚེགས་ཇི་ལྟར་མྱོང་ཡང་མགོ་སྒུར་རྒྱུ་ཡིན། ང་ཚོ་འདི་ལྟར་འདུག་ན་སེམས་ཅན་གྱི་ཤ་ཁྲག་ལ་རྟེན་དགོས་པས་སེམས་ཅན་དུ་མས་སྲོག་ལ་འཚེ་པར་འགྱུར་ལ། དེ་ལས་བདག་ཤི་ན་དགའ་གསུངས་ནས་སྟོན་དུས་སུ་རང་ཡུལ་དུ་བྱོན་ནས་རྒྱ་ནག་ལ་མགོ་སྒུར། དེ་ནས་བོད་སྤྱི་མཐུན་གྱི་ལས་དབང་གིས་དམ་ཉམས་རྣམས་སེང་གེ་ལྟར་འགྱིང་དམ་ལྡན་རྣམས་ཁྱི་ལྟར་སྡང་བའི་སྐབས་ཡིན་པས། རྗེ་བཙུན་དམ་པ་འདི་ཉིད་སྨྲ་ཁོག་སེ་ལེ་ཐང་ཁྲིམས་ཁང་དུ་བཟུང༌། དེའི་སྐབས་སུ་རྫུ་འཕྲུལ་གྱིས་རང་གི་ལག་ལྕགས་བླངས་ནས་ཟུར་དུ་བཞག་ནས་ཁྲིམས་སྲུང་བ་རྣམས་ཡོང་སྐབས་སླར་ཡང་མི་མངོན་པར་ལག་པར་བརྒྱབ་པ་དང༌། ཟང་ཐལ་དུ་བྱོན་པ་སོགས་རྟགས་མཚན་ཁྱད་འཕགས་དུ་མ་བསྟན་ལ། དེ་ནས་དམ་པ་གང་ཉིད་རྒྱུ་མདའ་ལ་ཁྱེར། དེ་ནས་ཟི་ལིང་གྲ་བ་ཁྲང་ངམ་བླ་མ་ཏིས་ལ་ཁྱེར་ནས་ལོ་བཞི་ཙམ་ལ་བཟུང༌། སྐབས་དེ་དག་ཏུ་རྗེ་བཙུན་དམ་པ་གང་ཉིད་ཀྱིས། ཇི་སྐད་དུ། བདག་ལ་དེ་དག་སྡུག་སྨིན་ཞིང༌། །བདག་དགེ་མ་ལུས་དེ་སྨིན་ཤོག །ཅེས་དང༌། ལེ་ལན་ཐམས་ཅད་གཅིག་ལ་གདའ། །ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་གསུངས་པ་བཞིན་བདག་ལ་སྡུག་བསྔལ་གང་འབྱུང་བ་ཐམས་ཅད་རང་གཅེས་འཛིན་འདི་ཁོ་ན་ལན་པ་ཡིན་ལ། བདག་ལ་རྡེག་རྡུང་བྱེད་པའི་སེམས་ཅན་རྣམས་བདག་གི་ལས་སྒྲིབ་སྦྱོང་མཁན་ཡིན་པས་བཀའ་དྲིན་ཆེ་སྙམ་པ་དང༌། བདག་གི་སྡུག་བསྔལ་འདིས་མཚོན་ནས་མ་རྒན་འགྲོ་བ་རྣམས་ཀྱི་སྡུག་བསྔལ་མ་ལུས་པ་ཐམས་ཅད་བདག་ལ་སྨིན་པར་གྱུར་ཅིག རང་ལ་བདེ་བ་དང་དགེ་བ་ཇི་སྙེད་ཡོད་པ་ཐམས་ཅད་གཞན་སེམས་ཅན་ཐམས་ཅད་ལ་སྨིན་པར་ཤོག་ཅིག་སྙམ་པའི་བདག་གཞན་མཉམ་རྗེའི་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་མཛེས་པར་གཏམས་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་མཐའ་ཀླས་པ་མཛད། ཁྲིམས་ཁང་དེར་བཞུགས་སྐབས་བཀའ་བབ་རིག་འཛིན་ཆེན་མོའི་མདུན་ནས་ཟབ་ཆོས་འགའ་རེ་གསང་བ་བྱས་ནས་ཞུས་པ་དང༌། སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་མཆོག །ཅེས་སོགས་ཀྱི་མདོས་དབོན་པོ་སངས་རྒྱས་རྡོ་རྗེའི་གསོལ་འདེབས་འདི་ཡང་དམ་པ་འདི་ཉིད་ཀྱིས་ཞུས་ནས་བཀའ་བབ་རིག་འཛིན་ཆེན་མོས་གསུངས་པ་ཡིན་ནོ། །ཁྲིམས་ཁང་དེར་མཁན་བླ་སྤྲུལ་ཆིག་སྟོང་ལ་ཉེ་བ་ཙམ་ཡོད་ཀྱང་སྐྱེས་བུ་དམ་པ་འདི་ཉིད་ཀྱི་མཛད་བཟང་གི་རྣམ་པར་ཐར་བས་ཀུན་གྱི་ཡིད་དབང་འཕྲོག་ནས་རྒྱ་སྤྲུལ་སྐུ་བཤད་སྒྲུབ་དཔལ་ཞེས་མཚན་གྱི་སྙན་པའི་གདུགས་དཀར་གཅིག་གིས་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་བ་ཡིན་ནོ། །དམ་པ་གང་ཉིད་ཁྲིམས་ཁང་དེར་སྐུ་རྣམ་སྣང་ཆོས་བདུན་བཞུགས་ནས་མྱ་ངན་ལས་འདའ་བར་བརྩམ་པ་ན་རྒྱལ་སྲས་པད་ལོས་བརྟན་བཞུགས་ཕུལ་ནས་གང་སྐུ་ཚེ་མཐའ་ཡས་པའི་ངོ་བོར་བརྟན་པ་ཡིན་ནོ། །དེ་ནས་དམ་པ་གང་ཉིད་དགུང་གྲངས་སོ་དྲུག་པ་སྤྱི་ལོ་༡༩༦༢རབ་རྒྱལ་དགེ་བྱེད་ཅེས་པ་ཆུ་སྟག་ལོའི་གྲོ་བཞིན་ཟླ་བའི་དུས་ཞིག་ལ་དམ་པ་འདི་ཉིད་དང༌། སྤྲུལ་བཀྲ་ཤིས་རྒྱ་མཚོ་དང༌། སྙན་དགོན་གྱི་སྤྲུལ་འཇམ་དབྱངས་ཉི་མ། ཤར་འོད་སྤྲུལ་བློ་བཟང་ཐབས་མཁས་དང༌། གོང་མའི་བློན་ར་པོ་བཞི་མཉམ་དུ་གནས་ཡོད་པའི་ཉིན་ཞིག་ལ་སྔར་ས་ཆ་དེར་བྱ་ཕོ་རོག་མེད་ཀྱང་དེའི་ཉིན་ཁྲིམས་ཁང་དེར་ཕོ་རོག་དུ་མ་གྲགས་པས་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་ཁྱེད་རྣམས་ཀྱིས་ཧ་ཨེ་གོ་ངེད་རྣམས་འགྲོ་ཟེར་གྱི་འདུག་གསུངས་པས་ཐམས་ཅད་ཀྱིས་དམ་པ་འདིའི་གསུང་ལ་བསླུ་བ་མི་སྲིད་བསམ་ནས་རེ་སྒུག་ངང་དུ་གནས། དེ་ནས་ཉིན་གསུམ་ཙམ་ནས་གོང་དུ་སྨྲས་པའི་སྤྲུལ་གསུམ་མངག་བྱུང༌། དེའི་ཕྱིར་ཉིན་ཉེས་མེད་རྗེ་བཙུན་དམ་པ་འདི་ཉིད་མུན་ནག་ཁྲིམས་ཁང་གི་གླིང་ལས་གྲོལ། དེ་དུས་སུ་གློག་ཞགས་དང་སེར་བ་དྲག་པོ་འབབ་པས་ཀུན་གྱིས་ང་ཚོ་ས་འདིར་ལོ་བཞི་ལྔ་ཙམ་གནས་ཀྱང་སེར་ར་འབབ་མ་མྱོང་དེ་རིང་ཇི་ཡིན་ཞེས་གླེང་མོར་བྱེད་སྐབས། བཀའ་བབ་རིག་འཛིན་ཆེན་པོའི་ཞལ་སྔ་ནས། ཁྱེད་རྣམས་ཀྱི་འདྲ་འདྲ་ཡིན་ཟེར་མོད་ཀྱང་དེ་རིང་ཨ་སྐྱོང་རྒྱ་སྤྲུལ་སྐུ་༧ངག་དབང་བཤད་སྒྲུབ་དཔལ་མགོན་པོ་བེར་ནག་ཅན་གྱིས་བསུས་སོང་བས་ཁྱེད་རྣམས་ཀྱི་དགོངས་སམ་ཞེས་གསུངས་སོ། །དེའི་སྐབས་སུ་བློན་ར་པོའི་རྗེ་བཙུན་དམ་པ་བཤད་སྒྲུབ་དཔལ་གྱིས་མཉམ་དུ་འགྲོ་ཞེས་སྔར་གསུངས་ཡོད་པས་ཇི་ཡིན་སྙམ་ཐེ་ཚོམ་ཟོས་ནས་གནས་པའི་སྐབས་སུ་ཕྱིར་ཉིན་ར་པོ་ཡང་མངག་ནས་འོང༌། དེ་ནས་སྤྲུལ་རྣམས་ཀྱིས་ཚོང་ཁང་ཞིག་ཏུ་ཤིང་ཏོག་རེ་བཟུང་ནས་བཞུགས་ཡོད་པ་དང་མཇལ། རྗེ་བཙུན་དམ་པ་གང་གིས་ངེད་རྣམས་ཀྱིས་ར་པོ་ཁྱོད་བསྒུགས་ནས་འདུག་ཡོད་གསུངས་སོ། །དེ་ནས་དམ་པ་འདི་ཉིད་ལོ་དེའི་ཁྲུམས་སྟོད་ཟླ་བ་ལ་རང་ཡུལ་དགའ་བའི་ཚལ་ལ་ཕེབས། དེ་ནས་རྒྱལ་སྲས་པད་ལོའི་སྐུ་མདུན་བྱོན་ནས་བསྟན་འགྲོའི་དོན་ལ་གསུང་གླེང་ཞིབ་རྒྱས་ཉིན་གཅིག་ལ་མཛད། དེ་ནས་ཡང་དུས་ཀྱི་འཕོ་འགྱུར་གྱི་དབང་གིས་མཉམ་ལས་ཀྱི་ལས་དཀའ་སོགས་ལ་འབད་པ་བྱེད་དགོས་བྱུང༌། འོན་ཀྱང་དམ་པ་གང་ཉིད་ཉིན་དུས་སུ་ལས་དཀའ་སྣ་ཚོགས་བྱེད་དགོས་བྱུང་ཀྱང་མཚན་མོར་རྒྱུན་དུ་ཚོགས་བསགས་དང་སྒྲིབ་སྦྱང་དང་སྤྲོས་བྲལ་མི་རྟོག་པའི་ཡེ་ཤེས་ལ་རྩེ་གཅིག་གཅིག་ཏུ་གཞོལ་བ་དང༌། ཆོས་མིན་ལོག་ལམ་ལ་ཞུགས་པའི་སྐྱེ་བོའི་ཚོགས་ལ་གསང་ནས་གདུལ་བྱ་རྣམས་ལ་ཐུགས་གཡོ་མེད་ཆོས་ཀྱི་མཛོད་ཀློང་ནས་ཟབ་རྒྱས་གདམས་ངག་གིས་ཚིམ་པར་མཛད་པ་ཡིན་ནོ། །ཡང་དམ་པ་གང་ཉིད་དགུང་གྲངས་བཞི་བཅུ་ཞེ་གཅིག་པ་སྤྱི་ལོ༡༩༦༧རབ་རྒྱལ་མེ་ལུག་ལོ་ནས་བཟུང་ཉེས་མེད་དམ་ལྡན་གྱི་སྐྱེས་བུ་དུ་མ་རིག་གནས་གསར་བརྗེ་ཞེས་པའི་མིང་བཏགས་པའི་ཟིང་འཚུབ་བསམ་བཞིན་དུ་སྔར་བསླངས་བའི་རྐྱེན་གྱིས་ལྕགས་རི་ཐང་དུ་ཟླ་གཉིས་ཙམ་ལ་འཛིན་གྲྭ་ཞེས་པ་བཀག ལོ་དེ་ནས་བཟུང་སྤྱི་ལོ་༡༩༧༡རབ་རྒྱལ་མེ་ཕག་ལོ་བར་ལོ་རེ་བཞིན་ཟླ་བ་གཅིག་གཉིས་བཀག འོན་ཀྱང་དམ་པ་འདི་ཉིད་སྐབས་འགའ་རེ་མ་གཏོགས་ལས་བྱེད་དད་འདུན་པ་ཞིག་གི་ཐབས་ཀྱི་སྒོ་ནས་འགྲོ་མ་དགོས་པ་ཡང་བྱུང༌། ལྕགས་རི་ཐང་དུ་བཀག་པའི་སྐབས་ཞིག་ལ་མཚན་དཀྱིལ་ཞིག་ལ་རྗེ་བཙུན་དམ་པ་འདི་ཉིད་ཀྱི་ཞལ་ནས། རྐྱེན་ངན་ཞིག་ཡོད་པས་ང་ཚོ་ད་ལྟ་ནས་མྱུར་དུ་ལང་དགོས་གསུངས། དེ་ནས་ཐམས་ཅད་ཡར་བཞེངས་ནས་བལྟས་པས་ལྕགས་རིའི་ཇོའི་ཁང་གི་ཕྱོགས་གཅིག་མེ་འབར་གྱིན་འདུག་པ་སོགས་འབྱུང་འགྱུར་གྱི་ལུང་བསྟན་མང་བོ་གསང་བ་བྱས་ནས་གསུངས། ཐམས་ཅད་ཀྱིས་དམ་པ་འདི་ལ་དད་འདུན་གྱི་སྒོ་ནས་བསྟོད་བསྔགས་ཀྱི་ཕྲེང་བ་ཚར་དུ་དངར་བ་ཡིན་ནོ། །སྤྱི་ལོ་༡༩༦༨རབ་རྒྱལ་ཕུར་བུ་ཞེས་པ་ས་ཕོ་སྤྲེལ་གྱི་ལོར་རྗེ་བཙུན་དམ་པ་གང་ཉིད་ཕག་འཚོ་རུ་བཞག དེ་ནས་དམ་པ་གང་ཉིད་ཀྱིས་ཕག་འཚོ་སྐྱོང་བྱས་ནས་བཞུགས། ཕག་རྣམས་ལ་རྟེན་འདུས་དང་ཁ་ཟས་སོགས་སྦྱིན། སངས་རྒྱས་ཀྱི་མཚན་རྣ་ལམ་དུ་བརྗོད་པ་སོགས་ཀྱི་སྒོ་ནས་ཐུགས་བརྩེ་བས་རྗེས་སུ་བཟུང༌། རྗེ་བཙུན་དམ་པ་གང་གི་སྨྲས་པའི་དོན་རྣམས་ཕག་རྣམས་ཀྱིས་གོ་བ་ཐམས་ཅད་ཀྱིས་མཐུན་སྣང་དུ་གྲུབ་པ་ཞིག་བྱུང་བ་ཡིན་ནོ། ། སྐབས་དེ་དག་ཏུ་དམ་པ་གང་ཉིད་ཀྱིས་ཕག་འཚོ་ཞོར་ལ་ཉིན་དུས་སུ་དཔེ་གཟིགས་དང་འོད་དཔག་མེད་ཀྱི་མཚན་བཟླས་བ་སོགས་མཛད་བཟང་གནང་ནས་བཞུགས། མཚན་མོར་དུས་རྟག་ཏུ་ཀུན་ཁྱབ་ཆོས་དབྱིངས་སྤྲོས་བྲལ་སྟོང་བ་ཉིད་ལ་མཉམ་པར་བཞག་སྟེ་ཐུན་བཞུགས་ཏེ་གནས་ཡོད་པ། དེ་དུས་སུ་ཕག་འཚོ་རོགས་བརྩོན་འགྲུས་དང་བསམ་གཏན་སོགས་ཀྱིས་མཐོང་ཐོས་སུ་གྱུར་བ་ཡིན་ནོ། །འདི་དུས་ཞིག་ལ་བརྩོན་འགྲུས་དང་དྭངས་རིས་ཞེས་པའི་བྱིས་པ་གཉིས་ཀྱིས་ལྐོག་ཏུ་དམ་པ་གང་ལ་ཁྱེད་བླ་མ་བཟང་བས་ཕག་ཟས་མགྱོགས་པར་སྦྱིན་རྒྱུ་ཡིན་ནམ་ཞེས་བཤད་ན་ཕག་ཟས་མགྱོགས་པར་སྦྱིན་པར་འགྱུར་བས་ངེད་གཉིས་ཁྱིམ་ལ་འགྲོ་ཞེས་གྲོས་བྱས་ནས་དམ་པ་གང་གི་མདུན་སར་འབྱོར་བ་ན་རྗེ་བཙུན་དམ་པ་བཞད་གད་ཞིག་བྱས་ནས་གྲོས་བྱས་པ་ཐམས་ཅད་གཅིག་ཀྱང་མ་ལུས་པ་གསུངས་བྱུང་བས་སྐྲག་འཇིགས་སྐྱེས་ནས་ཅི་ཡང་ཟེར་རྒྱུ་མ་རྙེད། དེའི་རྗེས་ནས་དམ་པ་གང་གི་མདུན་ནས་རྣམ་རྟོག་འདྲ་མིན་འཕྲོ་ཚེ་འཇིགས་སྣང་སྐྱེ་བ་ཞིག་ཏུ་གྱུར། འདི་དག་གི་སྐབས་སུ་བྱ་བྲལ་བ་ཆོས་དབྱིངས་དང༌། མུག་བླ་བསོད་ནམས་དང༌། རིག་གསལ་དང༌། གླིང་བླ་གསལ་བཟང་དང༌། ཕིས་འཛི་བླ་མ་ཚུལ་རྒྱམ་སོགས་སྐྱེས་ཆེན་དུ་མ་སྔ་ཕྱི་དུ་མར་ཁོང་གི་སྐུ་མདུན་དུ་ལྐོག་དུ་ཕེབས་ནས་ཁོང་གིས་ཟབ་ཆོས་ཀྱིས་ཐུགས་ཚིམ་པར་མཛད་དོ། །དམ་པ་གང་ཉིད་དགུང་གྲངས་ཞེ་བདུན་པ་སྤྱི་ལོ་༡༩༧༣རབ་རྒྱལ་ཆུ་གླང་གི་ལོར་དམ་པ་གང་གི་རིགས་བདག་མདོས་དབོན་པོ་སངས་རྒྱས་རྡོ་རྗེ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་དུས་དམ་པ་གང་གི་ཞལ་ནས། མདོས་དབོན་པོ་སངས་རྒྱས་རྡོ་རྗེ་ནི་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་སུ་བྱོན་པ་བདག་གིས་མངོན་སུམ་དུ་གསལ་བར་མཐོང་ཞེས་བཀའ་བསྩལ་བ་ཡིན་ནོ། །དབྱར་དུས་ཞིག་ལ་གད་ཐོག་གི་གྲོང་སྡེ་རྣམས་ཀྱི་མདོ་ནང་དུ་གློག་རྒྱབ་དུས་སུ་གློག་ཞགས་འཁྱུགས་ནས་འབྲུག་གྲགས་སེར་དྲག་བབས་ནས་གྲོང་སྡེའི་མི་རྣམས་བླ་མའི་གཟིམ་ཁང་གི་བྱ་འདབ་བམ་དྲབ་སྣེའི་འོག་ཏུ་གནས་སྐབས་སུ་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་ཕྱག་ལ་ཤིང་ཞིག་བཟུང་སྟེ་གཟིམ་ཁང་གི་ར་སྐོར་ནང་ནས་མི་ལ་བཀའ་བཅོམ་པ་བཞིན་དུ་བཀའ་བཅོམ་ནས་བཞུགས་ཡོད་དུས་ཐོག་དྲུག་ཙམ་གཟིམ་ཁང་གི་མདུན་དང་གཡས་གཡོན་ལ་འཕངས་ཀྱང་དམ་པ་གང་གི་སྐུ་ལ་ཅུང་ཟད་གནོད་མ་ནུས་པ་ཀུན་གྱིས་མཐོང་སྣང་དུ་གྲུབ་པ་ཡིན་ནོ། །སྤྱི་ལོ༡༩༧༧རབ་རྒྱལ་མེ་སྦྲུལ་ཡས་མས་ཀྱི་སྐབས་སུ་རྗེ་བཙུན་དམ་པ་འདི་ཉིད་ཡར་ཐང་གྲོང་མང་གི་སློབ་ཁང་དུ་ཉིན་གསུམ་ཙམ་འཛིན་བཟུང་བྱས་ནས་མངགས། དེ་ནས་ཉིན་གཉིས་ཙམ་གྱི་རྗེས་སུ་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་གྲྭ་བསམ་གཏན་ལ་ཁོང་གི་བཅའ་ལག་རྣམས་བདག་གཉེར་གྱིས་བདག་ཁྲིམས་ཁང་ལ་འགྲོ་དགོས་འདུག་ཅེས་ལུང་བསྟན་གསུངས། བཀའ་ལུང་ལྟར་སླར་ཡང་སེ་ལེ་ཐང་གི་ཁྲིམས་ཁང་ལ་བཟུང་དང་པོ་ཁྲིམས་ཁང་སྒོ་ནང་ནས་བྱོན་སྐབས་ཆོས་མཆོག་ཅེས་པ་དེ་སྒོ་སྲུང་ཡིན། སྒོ་སྲུང་དེས་དམ་པ་གང་ཉིད་སུ་ཡིན་མི་ཤེས་ཀྱང་ཐག་ཉེ་ཐོན་དུས་གཟི་བརྗིད་མ་བཟོད་ནས་མེ་མདའ་དེ་ས་ལ་བཞག་ནས་མགོ་སྒུར་ནས་འདུག་དགོས་བྱུང་ཞེས་སྒོ་སྲུང་བ་རང་ཉིད་ཀྱིས་བཤད་དོ། །དེ་ནས་ཁྲིམས་ཁང་གི་ལས་མཁན་རྣམས་ཀྱིས་ལྕག་གིས་རྡུང་བ་སོགས་ཇི་ལྟར་བྱས་ཀྱང་གཡོ་མེད་ཏིང་ངེ་འཛིན་གྱི་ངང་དུ་བཞུགས་ནས་མིག་འབྱེད་འཛུམ་ཙམ་ཡང་མ་བྱས་པར་བཞུགས་པ་དང༌། གྲང་ངར་ཆེ་བའི་སྐབས་གོས་མེད་སྐུ་རྗེན་དུ་བཞག་ཀྱང་གཏུམ་མོའི་བདེ་དྲོད་ལ་བརྟེན་ནས་ཅུང་ཟད་གནོད་མ་ནུས་པས་ཁྲིམས་སྲུང་ལས་མཁན་རྣམས་ཀྱིས་འདི་ལ་རྡུང་རྡེག་བྱས་ན་རྒྱ་སྐད་དུ་མི་ཡོས་ཙོ་ཡོང་ཞེས་དོན་འབྲས་མེད་ཅེས་བཤད་པ་ཁྲིམས་སྲུང་བ་དང་ཁྲིམས་གྲོགས་རྣམས་ཀྱིས་ཐོས། དེ་དུས་སུ་བདེ་སྲུང་བ་ཤེས་རབ་ཅེས་པ་དེས་ང་རང་ཚོས་ཟླ་ཕོག་བྱ་བ་འདི་ལྟ་བུ་ལ་བརྟེན་ནས་ལེན་གྱི་ཡོད་པས་རྡེག་རྡུང་བྱེད་དགོས་པ་རེད་ཅེས་བཤད་ཚེ་དམ་པ་འདི་ཉིད་ཀྱིས་བདག་ལ་རྡེག་རྡུང་གྱིས་གསུངས་ནས་བྱམས་བརྩེ་ཡང་ཡང་བསྒོམ་པ་བཤད་སྲོལ་ཙམ་མ་ཡིན་པར་དོན་ལ་གནས་པ་ཡིན་ལ། དེ་ནས་ཟླ་བ་བཞི་ཡས་མས་ཙམ་ནས་ཉེས་མེད་རྗེ་བཙུན་དམ་པ་གང་ཉིད་ཁྲིམས་ལས་གྲོལ་བ་ཡིན་ནོ། །ཡང་སྐབས་ཞིག་ལ་འཇའ་བླ་ཚུལ་རྒྱམ་གྱིས་རྗེ་བཙུན་དམ་པ་གང་ལ་བདག་གི་མ་ཤི་ནས་བདག་གིས་རུས་སྦྱོང་ཡུན་རིང་བྱས་ནས་རུས་པའི་མདོག་ཐེངས་གསུམ་ཙམ་ལ་འགྱུར་ཡང་བདག་གིས་ནི་མ་རྒན་དེ་གར་སྐྱེས་རྨི་ལམ་ཙམ་ཡང་རྨིས་མ་མྱོང་བས་དམ་པ་ཁྱེད་ཀྱིས་བདག་ལ་མ་གསང་བར་གསུང་བར་ཡང་ཡང་ནན་གྱིས་ཞུས་པའི་ངོར་རྗེ་བཙུན་དམ་པའི་ཞལ་ནས་ཁྱེད་ཀྱི་མ་ནི་བྱང་ཕྱོགས་སུ་ཧུས་ཧུས་ཞིག་གི་བུ་རུ་མི་ལུས་ཙམ་པོ་བ་ཞིག་བླངས་འདུག དེ་ནས་ཚེ་འཕོས་ཐུབ་ན་བདེ་འགྲོའི་རྟེན་བཟང་ཐོབ་པར་འགྱུར་བས་ཁྱོད་ཀྱིས་བརྩོན་དང་ཁོང་གིས་ཀྱང་འབད་པར་བྱའོ་ཞེས་གསུངས་སོ། །དེ་ནས་རྗེ་བཙུན་དམ་པ་གང་ཉིད་དགུང་གྲངས་ང་བཞི་བ་སྤྱི་ལོ་༡༩༨༠རབ་རྒྱལ་དྲག་པོ་ཞེས་པ་ལྕགས་སྤྲེལ་ལོ་ལ་དཀར་ཕྱོགས་ཆོས་ཀྱི་དབུ་འཕང་ཅུང་མགོ་མཐོ་བའི་དབུ་ཚུགས་པ་ཡིན་ལ། རྗེ་བཙུན་དམ་པ་འདི་ཉིད་ཀྱིས་དགོན་གོང་མའི་སྒྲུབ་གྲྭའི་ཚོགས་ཁང་སོགས་ཉམས་གསོ་བྱས། ལོ་དེའི་ས་ག་ཟླ་བའི་དུས་སུ་སྦྱོར་དྲུག་པ་གསར་བཞུགས་བསམ་གཏན་དང༌། ཚུལ་ཁྲིམས་བཟང་དང༌། ཚུལ་ཁྲིམས་དཔལ་དང་གསུམ་ཡོད་ལ། དེ་དག་གིས་གད་དམར་ཞེས་པའི་གྲོང་དེར་སྦྱོར་དྲུག་གི་དབུ་བཟུང་ནས་དབེན་གསུམ་གྱི་སྐབས་དགོན་གོང་མའི་སྒྲུབ་གྲྭ་ལ་གནས་སྤོར་བྱས་ནས་བཞུགས། ཡང་དེའི་དུས་སྐབས་ཞིག་ལ་རྗེ་བཙུན་དམ་པ་གང་གི་སྔར་ཡིག་བརྒྱའི་དུང་འཁོར་བཞེངས་བ་དེ་རིག་གནས་གསར་བརྗེ་ཞེས་པའི་ཟིང་འཚུབ་ཀྱི་སྐབས་སུ་གཏོར་བཤིག་བཏང་བ་དེ་སླར་ཡང་ཡིག་བརྒྱའི་དུང་འཁོར་སྔར་ལས་ཆེ་བ་དང༌། འཁོར་ཁང་ནང་གི་ལྷ་དང་བཅས་པ་ལེགས་པར་བཞེངས། འཁོར་ལོ་འདི་རང་འཁོར་བྱེད་པར་གྲགས་ཤིང་གྲུབ་པ་ཡིན་ཏེ། ནམ་ལང་བའི་དུས་ཁ་བ་ཆེར་བབས་པའི་སྐབས་ལ་མི་གཅིག་ཀྱང་མ་སོང་བ་རྐང་རྗེས་ཡོད་མེད་ཀྱིས་ཤེས་ཐུབ་པས་མི་གཅིག་ཀྱང་མ་སོང་ཡང་འཁོར་ལོ་འདི་ཉིད་རང་འཁོར་བྱེད་བཞིན་ཡོད་པ་མི་དུ་མས་མཐུན་སྣང་དུ་གྲུབ་པ་ཡིན་ནོ། །དེ་ནས་དམ་པ་གང་ཉིད་དགུང་གྲངས་ང་བཅུ་རྩ་ལྔ་བ་སྤྱི་ལོ༡༩༨༡རབ་རྒྱལ་ལྕགས་བྱ་ལོར་སྦྱོར་དྲུག་པ་གསར་འདུག་བླ་མ་ཀ་དག རྡོར་བཟང༌། ཆོས་ཀུན་དཔལ། ཆོས་མཆོག བརྩོན་འགྲུས། རིན་ཆེན་དཔལ་སོགས་བརྒྱད་དང༌། ལོ་དེར་རྗེ་བཙུན་དམ་པ་གང་ཉིད་འབྲ་ལོ་དགོན་དུ་ཆིབས་བསྒྱུར་བསྐྱངས་ནས་གདུལ་བྱ་པད་ཚལ་བཀྲ་བའི་གཉེན་དུ་བཞུགས་ཏེ། མདོ་ལས། སྟོང་བ་ཞི་བ་སྐྱེ་མེད་པའི་ཚུལ། །མི་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་ཏེ། །དེ་དག་ཐུགས་རྗེ་མང་བས་ཐབས་ཚུལ་དང༌། །རིགས་པ་བརྒྱ་དག་གིས་ནི་འཛུགས་པར་མཛད། །ཅེས་དང༌། ཇི་སྐད་དུ། འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་འཕོ་མིན་ཏེ། །ཆོས་ཉིད་བདེན་པ་བསྟན་པས་གྲོལ་བར་མཛད། །ཅེས་གསུངས་པ་ལྟར་འཁོར་འདུས་ཚོགས་སྟོང་ཕྲག་དུ་མ་བདེ་ཆེན་ཞིང་དབང་དང༌། ཞིང་ཁྲིད་བཅས་ཉི་མ་བདུན་ལ་གསུངས་ནས་སྐྱེ་དགུ་རྣམས་ལ་རྣམ་དཀར་ཐར་བའི་ལམ་བཟང་ལ་འགོད་པར་མཛད། དེ་དུས་སུ་གསེར་བྱེ་ནམ་མཁའ་ནས་འབབ་པས་གོས་དང་ས་གཞི་སེར་པོ་གྱུར་བ་བཤད་སྲོལ་ཙམ་མ་ཡིན་པར་ཀུན་གྱིས་མཐོང་སྣང་དུ་གྲགས་ཤིང་གྲུབ་པ་ཡིན་ནོ། །དེ་ནས་དམ་པ་གང་ཉིད་དགུང་གྲངས་ལྔ་དྲུག་པ་སྤྱི་ལོ༡༩༨༢རབ་རྒྱལ་རྔ་ཆེན་ཞེས་པ་ཆུ་ཁྱི་ལོར་རྗེ་བཙུན་དམ་པ་གང་ཉིད་སྐུ་འཁོར་བཞི་བཅུ་ཡས་མས་དང་བཅས་ནས་དབུས་གཙང་ཆོས་ཀྱི་ཞིང་དུ་ཆིབས་བསྒྱུར་མཛད། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེ་ལ་གསེར་ཆབ་ཕུལ་བ་སོགས་དང༌། སེར་འབྲས་དགེ་གསུམ་དང༌། པོ་ཏ་ལ་དང༌། ནོར་བུ་གླིང་ག་དང༌། བསམ་ཡས་དང༌། བསམ་ཡས་མཆིམས་ཕུ་དང༌། ཁྲ་འབྲུག་སྒྲོལ་མ་སོགས་དང༌། བཀྲ་ཤིས་ལྷུན་པོ་དང༌། རྒྱལ་རྩེ་དཔལ་འཁོར་ཆོས་སྡེའི་མཆོད་རྟེན་དང༌། ས་སྐྱ་སོགས་དང༌། སྐུ་འབུམ་དང་བཅས་པ་ལ་མཆོད་མཇལ་དང་ཕྱག་སྐོར་དུ་མ་བྱས་ནས་བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེར་མཛད་པ་ཡིན་ནོ། །ལོ་དེར་སྦྱོར་དྲུག་པ་བླ་མ་སེངྒ་དང༌། རིགས་སྨྲ་བ་ཡེ་ཤེས་དཔལ་དང༌། ཐུབ་དབང་དང༌། རང་བྱུང་དང༌། ངག་དབང་བློ་གྲོས་སོགས་བཅུ་དང༌། ལོ་དེར་དམ་པ་གང་ཉིད་ཀྱིས་དགེ་འདུན་གྱི་འདུས་ཚོགས་ཡོངས་ལ་ཇོ་ཕུར་གྱི་རྒྱུད་འདེབས་ནས་བཟུང་དཔལ་ཆེན་ཐུགས་ཐིག་དང༌། སྦས་པ་མིག་འབྱེད་དང་བཅས་པ་དང༌། སྒྲོལ་མ་དམར་མོ་དང༌། མཎྜལ་བཞི་བ་རྣམས་ཀྱི་བཀླག་ལུང་བསྩལ་བ་ཡིན་ནོ། །ལོ་དེར་ཡང་རྩ་བའི་གདན་ས་ཨ་སྐྱོང་ཡར་ཐང་གི་ཆོས་སྡེ་འདི་དང༌། འབྲ་ལོ་དང༌། གྱི་ལུང་སོགས་སུ་ཕེབས་ནས། དད་ལྡན་གྱི་གདུལ་བྱ་རྒྱུ་སྐར་གྱི་ཕྲེང་བ་ཚར་དུ་དངར་བའི་གཉེན་དུ་བཞུགས་ནས་བདེ་ཆེན་ཞིང་དབང་དང༌། བདེ་ཆེན་ཞིང་ཁྲིད་ཀྱི་གདམས་ངག་ཆོས་ཀྱི་བདུད་རྩིས་ཚིམ་པར་མཛད་པ་ཡིན་ནོ། །དེ་ནས་རྗེ་བཙུན་དམ་པ་དགུང་གྲངས་ང་བདུན་པ་སྤྱི་ལོ་༡༩༨༣རབ་རྒྱལ་ཆུ་མོ་ཕག་གི་ལོར་སྦྱོར་དྲུག་པ་གསར་བཞུགས་རབ་འབྱོར། དགའ་རབ་རྡོ་རྗེ། འོད་དྲི། འཇམ་དབྱངས། ཨ་དོན་སོགས་བརྒྱད་དང༌། དེའི་དུས་སྐབས་ཞིག་ལ་རྗེ་བཙུན་དམ་པ་འདི་ཉིད་དང་སྦྱོར་དྲུག་པ་རྣམས་དང་མཉམ་དུ་རྗེ་བཙུན་དམ་པས་དབུ་མཛད་བྱས་ནས་ཚངས་སྒྲ་གསུང་བའི་སྐབས་སློབ་མ་ཞིག་གི་བསམ་པ་ལ་རྔ་རོལ་རྡུང་ཚུལ་ཅུང་ཟད་མི་འདྲ་སྙམ་པ་ལ་དམ་པ་གང་ཉིད་ཀྱིས་མཁྱེན་ནས་རྔ་རོལ་རྡུང་ཚུལ་འདི་སྔོན་རྒྱ་སྤྲུལ་སྐུའི་ཕྱག་སྲོལ་ཡིན་ཚུལ་སྐབས་དེར་ཞིབ་རྒྱས་སུ་གསུངས་ལ། ལོ་དེར་པུང་ཡིས་དང༌། འབྲ་ལོ་དགོན་དང༌། གྱི་ལུང་སོགས་ལ་ཞབས་ཀྱིས་བཅགས་ནས་བདེ་བ་ཅན་གྱི་རྒྱུ་བཞི་སོགས་ཟབ་ཆོས་དུ་མ་དང༌། བདེ་ཆེན་ཞིང་དབང་རྣམས་སྐལ་བཟང་གདུལ་བྱའི་ཚོགས་ལ་བགོ་སྐལ་དུ་འགྱེད་པའོ། །དེ་ནས་དམ་པ་འདི་ཉིད་དགུང་གྲངས་ང་བརྒྱད་པ་སྤྱི་ལོ༡༩༨༤རབ་རྒྱལ་མིག་དམར་ཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་སྦྱོར་དྲུག་པ་གསར་བཞུགས་དགེ་ལེགས་དང༌། ཤེར་སྒྲིགས། ཆོས་རྡོར། ཕྲན་ཐ་ཤལ་བ་ང་རང་དང༌། རིན་ཚུལ། ཆོས་འཕགས། སོགས་བརྒྱད་དང༌། ལོ་དེར་ཆོས་སྡེ་འདི་དང༌། སྨྲ་ཤོད་ཀྱི་སྒོ་མང་དགོན་པ་དང༌། འབྲ་ལོ་དགོན། པུང་ཡུས། གྱི་ལུང་སོགས་ལ་ཐུགས་བྱམས་བརྩེའི་སྒོ་ནས་ཞབས་ཀྱིས་བཅགས་ཏེ་ཉིན་བདུན་རེ་བདུན་རེ་བདེ་ཆེན་ཞིང་སྒྲུབ་ཀྱི་སྒོ་ནས་སྔ་ཕྱི་ཀུན་དུ་མཆོད་མེ་སོགས་མཆོད་པ་ཁྲི་ཕྲག་དུ་མ་དང༌། གདུལ་བྱའི་ཚོགས་ལ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བདེ་སྨོན་གྱི་ཁྲིད་དང༌། སྟོང་ཟ་སིདྡྷིའི་ཞིང་ཁྲིད་སོགས་ཀྱི་སྒོ་ནས་བདེ་བ་ཅན་གྱི་རྒྱུ་བཞི་དང༌། བདེ་ཆེན་ཞིང་དབང་བཅས་སེམས་རྒྱུད་ལ་ཕན་ངེས་ཀྱི་ཟབ་ཆོས་ལེགས་པར་གནང་བ་ཡིན་ནོ། །དེ་ནས་རྗེ་བཙུན་བླ་མ་དམ་པ་འདི་ཉིད་དགུང་གྲངས་ང་བཅུ་རྩ་དགུ་བ་སྤྱི་ལོ་༡༩༨༥རབ་རྒྱལ་ཁྲོ་བོ་ཞེས་པ་ཤིང་གླང་ལོའི་དཔྱིད་དུས་སུ་ལྷ་སྡེ་རྣམས་ཀྱིས་སྒྲོལ་མའི་མཆོད་རྟེན་བཞེངས་བའི་མགོ་རྩོམ། དེ་དུས་སུ་དམ་པ་འདི་ཉིད་ཀྱིས་སྒྲོལ་མའི་མཆོད་རྟེན་གྱི་ཐོག་བརྩེགས་དགུ་བོ་ཡོངས་སུ་གྲུབ་ནས་མཆོད་རྟེན་གྱི་ཉི་ཟླ་དང་བཅས་པ་མདང་དགོང་རྨི་ལམ་འོད་གསལ་གྱི་སྐབས་སུ་ཤར་བས་མཆོད་རྟེན་འདི་ལེགས་འགྲུབ་ཡོང་ཞེས་ལུང་བསྟན་གནང༌། དམ་པ་འདི་ཉིད་ཀྱིས་མཆོད་རྟེན་འདི་བཞེངས་བའི་ཆ་རྐྱེན་དུ་རྒྱུ་རྫས་དུ་མ་སྦྱིན། ལོ་དེར་བར་རོད་བློ་འཕེལ་སོགས་ཀྱིས་ཞུས་ནས་སྒ་མདའ་ལ་ཆིབས་བསྒྱུར་གནང་ནས་ཉིན་བདུན་ཙམ་ལ་བདེ་ཆེན་ཞིང་དབང་དང༌། བདེ་བ་ཅན་གྱི་རྒྱུ་བཞིའི་སྒོ་ནས་ཞིང་ཁྲིད་རྒྱས་པར་གསུངས་ནས་ཐུགས་བརྩེ་བའི་བཀའ་དྲིན་བསྩལ་བ་ཡིན་ནོ། །དེའི་སྐབས་སུ་བདེ་བ་ཅན་གྱི་རྒྱུ་བཞི་གསུངས་པ་སྒྲ་ཐག་ལས་བཤུས་ཏེ། དོན་བསྡུས་སུ་ཅུང་ཟད་བཀོད་ན་འདི་ལྟ་སྟེ། འོ་ད་ལན་སྐབས་སུ་བབས་པ་བདེ་བ་ཅན་གྱི་རྒྱུ་བཞི་མདོར་བསྡུས་ཙམ་བཤད་ན། དེ་ཡང་བདག་ཅག་གི་སྟོན་པ་ཐུགས་བརྩེ་བ་དང་ལྡན་པ་དེ་ཉིད་ཀྱི་འོད་མདོ་ལས། བཅོམ་ལྡན་འདས་གལ་ཏེ་བདག་བྱང་ཆུབ་འཐོབ་པའི་ཚེ་སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས་དཔག་ཏུ་མ་མཆིས་པ་དག་ན་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་ནས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སེམས་གཏོང་ཞིང༌། དགེ་བའི་རྩ་བ་རྣམས་ཀྱང་ཡོངས་སུ་བསྔོ་བར་བགྱིད་ན་མཚམས་མ་མཆིས་པ་བགྱིད་པ་དང༌། དམ་པའི་ཆོས་སྤོང་བའི་སྒྲིབ་པས་བསྒྲིབས་པའི་སེམས་ཅན་རྣམས་མ་གཏོགས་པར་དེ་དག་ཐ་ན་སེམས་བསྐྱེད་པའི་འགྱུར་བ་བཅུས་སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་མ་གྱུར་པ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཞེས་གསུངས་པ་ལྟར་བདེ་བ་ཅན་སྐྱེ་བའི་རྒྱུ་བཞི་ལས། དང་པོ་དད་པ་དང་འདུན་པ་བསྐྱེད་པ་ནི། སྟོན་པ་ཐུགས་རྗེ་དང་ལྡན་པའི་ཐུགས་རྣམ་པ་ཐམས་ཅད་མཁྱེན་པས་བདེ་བ་ཅན་གྱི་ཞིང་བཀོད་དང་ཡོན་ཏན་རྣམས་མངོན་སུམ་དུ་མཁྱེན་ནས་གསུངས་པ་ཡིན་པས་འཆི་མེད་རྔ་སྒྲ་དང་འོད་མདོ་སོགས་ལས་བསྟན་པའི་ཞིང་ཁམས་གཙོ་འཁོར་དང་བཅས་པའི་རྣམ་པ་ཐམས་ཅད་སྤྱི་དང་བྱེ་བྲག་རྣམས་ངེས་པར་བདེན་ནོ་སྙམ་དུ་ཡིད་ཆེས་པའི་སྒོ་ནས་བདེ་བ་ཅན་གྱི་ཞིང་གི་སྣོད་བཅུད་ཀྱི་བཀོད་པ་དང༌། དེར་སྐྱེ་བའི་རྒྱུ་ཚོགས་བསྒྲུབ་ན་འགྲུབ་པ་དང༌། ཞིང་དེར་སྐྱེས་ནས་ས་ལམ་གྱི་ཡོན་ཏན་རྣམས་བདེ་བླག་ཚེགས་མེད་དུ་འབྱུང་བ་ལ་སོགས་པའི་ཚུལ། དང་འདོད་ཡིད་ཆེས་པའི་དད་པ་སྒོ་དུ་མ་ནས་བསྐྱེད། དེ་ནས་ཐབས་ཅི་ཡོད་ཀྱི་ཞིང་ཁམས་དེར་ངེས་པར་སྐྱེ་བར་བྱའོ། །དེ་ཡང་རྒྱུ་ཚོགས་མ་ཚང་ན་མི་སྐྱེ་བས་རྒྱུ་ཚོགས་མདོ་ལས་གསུངས་པ་རྣམས་སྒྲུབ་པར་བགྱིའོ་སྙམ་དུ་ཞིང་དེར་སྐྱེ་བར་བྱ་སྟེ། འོད་མདོ་ལས། གང་དག་རྒྱལ་བའི་བཀའ་དང་ཤེས་རབ་ཅན། །དེ་དག་དེ་བས་བསོད་ནམས་མང་དུ་འགྱུར། །དོན་དམ་ཐོབ་ཕྱིར་དད་པ་རྩ་བ་སྟེ། །དེ་ལྟ་བས་ན་ཐོས་པས་ཡིད་གཉིས་སོལ། །ཞེས་དང༌། དེ་ལྟ་བས་ན་དེ་བཞིན་གཤེགས་བསྟན་ཐོས་ནས་མགུ་དང་དད་བསྐྱེད་ལ། བདེ་བ་ཅན་གྱི་འཇིག་རྟེན་ཁམས་མཆོག་ཏུ། །འགྲོ་བར་བྱ་ཕྱིར་མོས་པ་དྲག་པོ་བསྐྱེད། །ཅེས་དང༌། བརྒྱ་ལམ་ན་ནི་མི་ཡི་ལུས་རྙེད་ལ། །བརྒྱ་ལམ་ན་ནི་སངས་རྒྱས་འབྱུང་བར་འགྱུར། །དད་དང་ཤེས་རབ་ཡུན་རིང་རྙེད་པར་འགྱུར། །དེ་བས་དོན་ཐོབ་བྱ་ཕྱིར་བརྩོན་འགྲུས་བསྐྱེད། །ཅེས་དང༌། འཆི་མེད་རྔ་སྒྲ་ལས་ཀྱང༌། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་མོས་པ་དང་དང་བ་དང་གུས་པ་མང་བ་དེར་སྐྱེ་བར་འགྱུར་ཏེ། ཞེས་གསུངས་པ་ལྟར་རོ། །བདེ་བ་ཅན་སྐྱེ་བའི་རྒྱུ་ཚོགས་གཉིས་པ་བདེ་བ་ཅན་གྱི་ཞིང་ཁམས་དང༌། དེ་བཞིན་གཤེགས་པ་འོད་དཔག་མེད་འཁོར་བཅས་ཡིད་ལ་བྱེད་པའི་ཚུལ་ནི། གནས་ཁང་བྱི་དོར་དང༌། རྟེན་དང་མཆོད་པ་ལེགས་པར་བཤམས་ནས། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་སངས་རྒྱས་ཀྱི་ཞིང་གི་ཡོན་ཏན་གྱི་རྒྱན་བཀོད་པ་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པ། བེམ་ཆོས་མ་ཡིན་པར་སངས་རྒྱས་འོད་དཔག་མེད་ཀྱི་ཡེ་ཤེས་ཀྱི་སྣང་ཆ་ལས་གྲུབ་པ། གསེར་གྱི་ས་གཞི། རིན་པོ་ཆེ་དུ་མའི་ཚལ་དང༌། མེ་ཏོག་གི་ཚལ་དང༌། མཛེས་སྡུག་གི་ཆུ་མཚོ་དང༌། རིན་པོ་ཆེ་སྣ་ཚོགས་ཀྱི་རི་བོ་དང༌། བྱ་སྣ་ཚོགས་དང༌། གཞལ་མེད་ཁང་སོགས་རྒྱན་བཀོད་ཡོངས་སུ་རྫོགས་པའི་ཞིང་ཁམས་དེར་བཅོམ་ལྡན་འདས་འོད་དཔག་མེད་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་དང༌། བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་སོགས་འཁོར་ཐེག་པ་གསུམ་གྱི་དགེ་འདུན་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་སོགས་དཔྱད་འཇོག་ཅི་རིགས་ཀྱི་སྒོ་ནས་ཡང་ནས་ཡང་དུ་བསྒོམ་པར་བྱ་སྟེ། འོད་མདོ་ལས། ཀུན་དགའ་བོ་འཇིག་རྟེན་གྱི་ཁམས་བདེ་བ་ཅན་གྱི་ཡོན་ཏན་དང༌། བསྔགས་པ་དེ་ལྟར་དཔག་ཏུ་མེད་དོ། །ཞེས་པ་ནས། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པའི་རྣམ་པས་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང༌། ཞེས་སོགས་རྒྱ་ཆེར་གསུངས་སོ། །གསུམ་པ་བདེ་བ་ཅན་གྱི་རྒྱུ་སྒོ་དུ་མ་ནས་ཚོགས་བསགས་པ་ནི། བདེ་བ་ཅན་དེར་སྐྱེ་བའི་རྒྱུ་དམིགས་ཏེ། འོད་དཔག་མེད་མངོན་སུམ་དུ་མཐོང་བར་འདོད་པའི་སྒོ་ནས་ཡང་ནས་ཡང་དུ་ཡིད་ལ་བྱེད་པ། འོད་དཔག་མེད་ཀྱི་མཚན་བརྗོད་པ། བློ་ལྡོག་རྣམ་བཞི་སྒོམ་པ། ཡན་ལག་བདུན་པ་དང༌། སྐྱབས་འགྲོ། བདེན་བཞིའི་འཇུག་ལྡོག་སོགས་ཅི་ནུས་སུ་བསྒོམ་པར་བྱ་བ་ཡིན་ཏེ། བདེ་བ་ཅན་གྱི་བཀོད་པའི་མདོ་ལས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས། ཞེས་དང༌། འཆི་མེད་རྔ་སྒྲ་ལས། དགེ་བའི་རྩ་བ་ཐམས་ཅད་ཀྱང༌། །ཞེས་དང༌། འོད་མདོ་ལས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བགྱི་བའི་སླད་དུ་སེམས་གཏོང་ཞིང་དགེ་བའི་རྩ་བ་རྣམས་ཀྱང་བསྔོ་བར་བགྱིད་ན། ཞེས་སོགས་གསུངས་སོ། །བདེ་བ་ཅན་གྱི་རྒྱུ་བཞི་བ་དགེ་རྩ་རྣམས་ཞིང་དེར་སྐྱེ་བའི་རྒྱུར་བསྔོ་བའི་སྨོན་ལམ་ནི། སངས་རྒྱས་འོད་དཔག་མེད་ཡིད་བྱེད་ཀྱི་དགེ་བའི་རྩ་བ་དེས་མཚོན་པའི་རང་གཞན་དུས་གསུམ་གྱི་དགེ་ཚོགས་ཐམས་ཅད་ཀྱི་མཐུ་ལ་བརྟེན་ནས་བདེ་བ་ཅན་དེར་སྐྱེས་ནས་འོད་དཔག་མེད་འཁོར་བཅས་ཞལ་མངོན་སུམ་དུ་མཐོང་ནས་ཞིང་དེར་སྐྱེས་སྦྱང་གི་ཡོན་ཏན་མ་ལུས་པ་ཐམས་ཅད་ཐོབ་པར་གྱུར་བར་སྨོན་པ་ཡིན་ཏེ། འཕགས་པ་བདེ་བ་ཅན་གྱི་མདོ་ལས། སངས་རྒྱས་ཀྱི་ཞིང་དེར་སྐྱེ་བར་བྱ་བའི་ཕྱིར་དགེ་བའི་རྩ་བ་རྣམས་གུས་པར་ཡོངས་སུ་བསྔོ་བར་བྱའོ། །ཞེས་དང༌། འོད་མདོ་ལས། དགེ་བའི་རྩ་བ་རྣམས་གུས་པར་ཡོངས་སུ་བསྔོ་བར་བགྱིད་ན། ཞེས་སོགས་མང་དུ་གསུངས་སོ། །ཡང་ཞིང་དེའི་བྱང་ཆུབ་སེམས་དཔའི་རིགས་སུ་སྐྱེ་བའི་རྒྱུ་ཚོགས་ལ་ནི། བྱང་ཆུབ་ཀྱི་སེམས་བསྐྱེད་སོགས་ཚང་དགོས་ཏེ། འོད་མདོ་ལས། ཀུན་དགའ་བོ་སེམས་ཅན་གང་དག་ཁ་ཅིག་ནི་དེ་བཞིན་གཤེགས་པའི་རྣམ་པའི་ཡང་དང་ཡང་དུ་ཡིད་ལ་བྱེད་པ་དང༌། དགེ་བའི་རྩ་བ་དཔག་ཏུ་མེད་པ་བསྐྱེད་པ་དང༌། བྱང་ཆུབ་ཏུ་སེམས་ཡོངས་སུ་བསྔོས་ཏེ། འཇིག་རྟེན་གྱི་ཁམས་དེར་སྐྱེ་བར་སྨོན་ལམ་འདེབས་པ་དེ་དག་འཆི་བའི་དུས་ཉེ་བར་གནས་པ་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་དེ་དགེ་སློང་གི་ཚོགས་དུ་མས་ཡོངས་སུ་བསྐོར་ཅིང་མདུན་གྱི་བལྟས་ནས་བཞུགས་པར་འགྱུར་ཏེ། དེ་དག་གིས་བཅོམ་ལྡན་འདས་འོད་དཔག་མེད་དེ་མཐོང་ནས་རབ་ཏུ་དང་བའི་སེམས་ཀྱིས་ཤི་འཕོས་ཏེ། འཇིག་རྟེན་གྱི་ཁམས་བདེ་བ་ཅན་དེ་ཉིད་དུ་སྐྱེ་བར་འགྱུར་རོ། །ཞེས་སོགས་གསུངས་སོ། །ཡང་བདེ་བ་ཅན་གྱི་རྒྱུ་བཞི་ནི། ཞིང་ཁམས་ཀྱི་རྣམ་པ་ཡིད་ལ་ཡང་ནས་ཡང་དུ་བྱ་བ། བསོད་ནམས་ཀྱི་ཚོགས་བསགས་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། དགེ་བའི་རྩ་བ་ཐམས་ཅད་རང་གཞན་བདེ་བ་ཅན་དུ་སྐྱེ་བའི་རྒྱུར་བསྔོ་བ་ལ་བཤད་པའི་མཁས་པའང་ཡོད་དོ། །ཞེས་དམ་པ་གང་གི་གསུངས་ཟིན་མདོར་བསྡུས་ཏེ་བཀོད་པའོ། ། རྗེ་བཙུན་དམ་པ་གང་ཉིད་ལོ་དེའི་ས་ཟླའི་ཚེས་ཉེར་གཉིས་ལ་ཨ་པང་གཏེར་སྟོན་གྱི་སྲས་མོ་མཁའ་འགྲོ་མ་ཏཱ་རེ་ལྷ་མོའི་མདུན་ནས་དབང་ལུང་དུ་མ་ཞུས། ལོ་དེའི་ཆུ་སྟོད་ཟླ་བའི་ཚེས་བཅུ་བཞི་ལ་ལོ་དེར་སྦྱོར་དྲུག་མཐར་ཕྱིན་པ་རྣམས་ཀྱི་དགའ་སྟོན་ལ་དཔལ་དུས་ཀྱི་འཁོར་ལོའི་ཚོགས་མཆོད་ལ་དམ་པ་གང་ཉིད་ཕེབས་པ་ཡིན་ནོ། །དེ་ནས་སྒྲོལ་མའི་མཆོད་རྟེན་ལེགས་གྲུབ་བྱུང་ནས་ལོ་དེའི་ཐ་སྐར་ཟླ་བའི་ཚེས་བཞི་ལ་རྗེ་བཙུན་དམ་པ་འདི་ཉིད་དང༌། དགེ་འདུན་འདུས་པ་རྒྱ་མཚོས་རབ་གནས་བསྔོ་སྨོན་དང་བཅས་ཏེ་བཀྲ་ཤིས་དགའ་སྟོན་རྒྱ་ཆེར་བྱས་པ་ཡིན་ནོ། །ཟླ་དེར་སྦྱོར་དྲུག་པ་ཀླུ་སྒྲུབ། རིན་ཆེན། ཆོས་རྣམ་སོགས་མི་བཅུ་དགུ་གསར་འདུག་བྱས་པ་ཡིན་ལ། སྐབས་ཞིག་ལ་དམ་པ་འདི་ཉིད་ལ་དད་འདུན་ཆེ་བའི་ཚེ་པོ་ཞེས་པའི་རྒད་པོ་ཞིག་ཡོད་པ་དེ་མཚན་གཅིག་ལ་ཆར་བའི་ནང་དུ་ལྷག་ཀྱང་རློན་ཐིགས་ཙམ་ཡང་མ་བྱུང་བས་ཀུན་གྱིས་ཁྱོད་ལ་རློན་ཐིགས་ཙམ་ཡང་མི་བྱུང་བ་ཅི་ཡིན་ཞེས་དྲིས་ཚེ་བདག་གིས་བླ་མ་བཤད་སྒྲུབ་དཔལ་ལ་གསོལ་བ་བཏབ་པས་ཡིན་ཞེས་བཤད་པས་བླ་མའི་བྱིན་རླབས་དང་སློབ་མའི་དད་པ་གཉིས་ཚོགས་བྱུང་ན་དེ་ལྟར་འབྱུང་བར་ངེས་པ་ཡིན་ནོ། །ལོ་དེར་སྤྲུལ་སྐུ་ངག་དབང་བསྟན་འཛིན་སོགས་དགེ་འདུན་བརྒྱ་ཕྲག་ཙམ་ལ་དམ་པ་གང་གིས་འོད་མདོའི་བཀླག་ལུང་གསུངས། དེ་ནས་ལོ་དེའི་སྨིན་དྲུག་ཟླ་བའི་ཚེས་གཅིག་ལ་མཁས་ཤིང་གྲུབ་པའི་དབང་ཕྱུག་༧རྗེ་བཙུན་དམ་པ་མཁན་ཆེན་བློ་བཟང་འཕྲིན་ལས་ཀྱིས། སྐལ་བཟང་གི་གདུལ་བྱ་རྗེ་བཙུན་དམ་པ་འདི་ཉིད་དང༌། བྱ་བྲལ་བ་ཆོས་དབྱིངས་དང༌། དགོན་སྡེ་འདིར་བཀའ་དྲིན་མཚུངས་ཟླ་མ་མཆིས་པ་བླ་མ་ཨེ་མགོན་དང༌། མཁན་ཆེན་ཤེས་རབ་དཔལ་དང༌། ཚུལ་རྒྱམ་དང༌། གླང་འབུད་དགོན་གྱི་མཁན་སྤྲུལ་སོགས་འདུས་པ་ཁྲི་ཕྲག་གསུམ་ལྷག་ལ་ས་ཆོག་ཐིག་རྡུལ་མཚོན་བཅས་པ་སྔོན་དུ་འགྲོ་བའི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་ལྷ་དྲུག་བརྒྱ་སོ་དྲུག་གི་ཡེ་ཤེས་སྒྱུ་མའི་སྐུར་བཞེངས་ཏེ་རྒྱུད་ཐམས་ཅད་ཀྱི་རྩེ་མོར་གྱུར་བ་དཔལ་དུས་ཀྱི་འཁོར་ལོའི་སྨིན་བྱེད་དབང་གི་རིམ་པ་སྩལ་བ་འདི་ལྟ་སྟེ། སློབ་མ་རྗེས་འཛིན་དང༌། སྟ་གོན་དང༌། བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་བཞི། མཆོག་དབང་ཁྱད་པར་ཅན་ཏེ་རྡོ་རྗེ་སློབ་མའི་དབང་རྣམས་དང༌། བདག་པོ་དང་བདག་པོ་ཆེན་པོའི་དབང་སྟེ་རྡོ་རྗེ་སློབ་དཔོན་གྱི་དབང་དང༌། དཔལ་དུས་ཀྱི་འཁོར་ལོའི་ལྷ་དགུའི་དབང་དང་བཅས་པ་ཡོངས་སུ་རྫོགས་པ་བཀའ་དྲིན་དུ་གནང་བས་སྐལ་བ་དང་ལྡན་པའི་རྡོ་རྗེའི་སློབ་མ་དམ་པ་གང་ཉིད་ཀྱི་ཐུགས་མཚོ་རྡོ་རྗེ་བཞིའི་རྣལ་འབྱོར་སྔར་མ་སྐྱེས་པ་བསྐྱེད་པ་དང༌། སྐྱེས་ཟིན་གང་དག་མི་ཉམས་པར་གོང་འཕེལ་དུ་བྱེད་པའི་ལེགས་ཚོགས་རྒྱ་ཆེར་བསྐྲུན་པར་མཛད་པ་ཡིན་ནོ། །དེའི་རྗེས་སུ་རྡོ་རྗེ་མི་འཁྲུགས་པའི་དབང་དང༌། རྟ་ཕྱག་ཁྱུང་གསུམ་གྱི་རྗེས་གནང་དག་བསྩལ་བ་ཡིན་ནོ། །ཟླ་དེའི་ཚེས་བཅུ་གསུམ་གྱི་ཉིན་ལ་རྗེ་བཙུན་དམ་པ་འདི་ཉིད་པུང་ཡུས་དང་སྡེ་ཚོ་གཉིས་ལ་བདེ་ཆེན་ཞིང་ཁྲིད་དང་ཞིང་དབང་ཉིན་བདུན་བདུན་གསུངས་ནས་ཚེས་ཉེར་དྲུག་ལ་རང་དགོན་དུ་ཞབས་སོར་འཁོད་པ་ཡིན་ནོ། །ཡང་སྔ་ཕྱི་ཐེངས་གཉིས་སུ་བྱ་བྲལ་བ་ཆོས་དབྱིངས་བྱོན་ནས་རྗེ་བཙུན་དམ་པ་འདི་ཉིད་ཀྱིས་རྣམ་ཆོས་ཞིང་དབང་ལན་གཉིས་ཡང་དག་པར་གནང་བ་ཡིན་ནོ། །མགོ་ཟླ་བའི་ཚེས་བརྒྱད་ནས་རང་དགོན་ངེས་དོན་རྟག་བརྟན་བཤད་སྒྲུབ་འཕེལ་རྒྱས་གླིང་ནས་སྐལ་བཟང་གི་གདུལ་བྱ་བླ་མ་ངག་བསྟན་སོགས་འཁོར་འདུས་པ་སྟོང་ཕྲག་དུ་མ་ལ་བདེ་ཆེན་ཞིང་སྒྲུབ་གསུངས་ལ། སྔ་དྲོ་རྣམས་ལ་དམ་པ་གང་ཉིད་དབུ་བཞུགས་བྱས་ནས་དགེ་འདུན་གྱི་འདུས་ཚོགས་དུ་མས་བདེ་བ་ཅན་དུ་བགྲོད་པའི་ཆོ་ག་དཔག་མེད་མྱུར་ལམ་དང་བཟང་སྤྱོད་སོགས་གསུངས། ཕྱི་དྲོའི་དུས་སུ་བདེ་ཆེན་ཞིང་ཁྲིད་དང་བདེ་སྨོན་གསུངས། ཚེས་བཅོ་ལྔའི་ཉིན་བདེ་ཆེན་ཞིང་དབང་གསུངས། ཚེས་བཅུ་དྲུག་ལ་བདེ་ཆེན་ཞིང་ཁྲིད་ཡོངས་རྫོགས་ནས་དགེ་བའི་རྩ་བ་ཇི་སྙེད་མཆིས་པ་ཀུན་བླ་མེད་རྫོགས་བྱང་དུ་བསྔོས་ནས་སྨོན་ལམ་རྒྱ་ཆེར་གནང༌། ཚེས་བཅུ་བདུན་ལ་ཞིང་ཁྲིད་ཡོངས་སུ་རྫོགས་པའི་དགའ་སྟོན་རྟེན་འབྲེལ་གྱི་ཚུལ་དུ་སྐུ་གསུམ་ཆོ་གའི་སྒོ་ནས་ཚོགས་མཆོད་ཀྱི་དགའ་སྟོན་གྱི་དུས་འདའ་བར་མཛད་པ་ཡིན་ལ། དེ་དུས་སུ་དམ་པ་འདི་ཉིད་ཀྱིས་བླ་མ་ངག་བསྟན་ལ་ཁྱེད་ཀྱིས་གདུལ་བྱ་རྣམས་ལ་བདེ་ཆེན་ཞིང་སྒྲུབ་རེ་གསུངས་དགོས་ཞེས་བཀས་བསྐུལ་བ་ལ་བརྟེན་ནས། ངག་བསྟན་གྱིས་རྡི་མདའ་དགོན། པན་ཆེན་དགོན། མུག་ཡང་རྣམས་ལ་ལོ་རེ་རེ་བཞིན་ཕེབས་ནས་མཆོད་མེ་ཁྲི་མཆོད་དུ་མ་དང་བཅས་ཏེ་ཞིང་སྒྲུབ་གསུངས་ནས་བཀའ་དྲིན་བསྐྱངས་ཏེ་ལོ་ཉི་ཤུ་ཙམ་གྱི་རིང་ལ་རྗེ་བཙུན་དམ་པ་གང་གི་འཕྲིན་ལས་ཀྱི་རྒྱུན་བསྐྱངས་བར་མཛད་པའོ། །དགུན་ཐ་ཆུང་ལ་རྗེ་བཙུན་དམ་པ་འདི་ཉིད་དགོན་སྡེ་འདིར་ཕུར་བ་ཁྲོ་བཅུའི་གར་འཆམ་ལ་ཆིབས་བསྒྱུར་གནང་ནས་སངས་རྒྱས་རྗེས་སུ་དྲན་པའི་སྒོ་ནས་གཟིགས་མོར་མཛད། དེ་ནས་དམ་པ་གང་ཉིད་དགུང་གྲངས་དྲུག་ཅུ་བ་སྤྱི་ལོ་༡༩༨༦རབ་རྒྱལ་ཟད་པ་ཞེས་པ་མེ་ཕོ་སྟག་གི་ལོའི་མཆུ་ཟླ་བའི་ཚེས་བརྒྱད་ཀྱི་དུས་སུ་དམ་པ་འདི་ཉིད་དང་འདུས་ཚོགས་དུ་མས་སྒྲོལ་མའི་མཎྜལ་བཞི་བ་ཟབ་རྒྱས་ཞིག་གསུངས་པ་ཡིན་ནོ། །དེའི་ཚེས་བཅུ་ལ་དམ་པ་གང་ཉིད་དང་སྦྱོར་དྲུག་པ་ཆོས་ཚན་སྔ་ཕྱི་རྣམས་དང་བཅས་པས་སྐུ་གསུམ་ཆོ་གའི་སྒོ་ནས་ཚོགས་མཆོད་རྒྱ་ཆེར་མཛད་པ་ཡིན་ནོ། །དེ་ནས་སྔོན་རྡོ་རྗེ་འཆང་ངག་དབང་རྡོ་རྗེ་བཟང་པོའི་བཀའ་གསུང་ལ་རྗེ་བཙུན་དམ་པ་ངག་དབང་བཤད་སྒྲུབ་དཔལ་ཁྱེད་ཀྱིས་རྗེས་ནས་དུས་འཁོར་གསར་བའི་སྒྲུབ་མཆོད་ཞིག་འཛུགས་དང་བསྟན་འགྲོའི་དོན་རྒྱ་ཆེར་འབྱུང་ཞེས་ལུང་བསྟན་པ་ལྟར་དགོན་སྡེ་འདིར་དུས་འཁོར་ལྷ་དགུའི་སྒྲུབ་མཆོད་ཞིག་ཡོད་པ་དེ་ལོ་འདིར་དམ་པ་གང་ཉིད་ཀྱིས་སྐྱི་གདན་བཞག་སྟེ་དུས་འཁོར་གསར་བའི་སྒྲུབ་མཆོད་དུ་བསྒྱུར་ལ། དེ་ཡང་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་ནས་མཆོད་དཔོན་དང་དབུ་མཛད་སོགས་ཀྱི་དགེ་རྒན་གདན་འདྲེན་བྱས་ནས་དམ་པ་གོང་མའི་ཕྱག་ལེན་ཇི་ལྟ་བ་བཞིན་དཔལ་དུས་ཀྱི་འཁོར་ལོའི་ཐུགས་གསུང་སྐུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་ས་ཆོག་ཐིག་རྡུལ་མཚོན་དང་བཅས་དུས་འཁོར་གསར་བའི་སྒྲུབ་མཆོད་འཛུགས་པར་བྱས་ནས་དད་ལྡན་སྐྱེ་བོའི་བསོད་ནམས་ཀྱི་ཞིང་མཆོག་ཏུ་བསྐྲུན་པ་ཡིན་ནོ། །ལོ་དེའི་ཁྲུམས་སྟོད་ཟླ་བའི་ཚེས་བཞི་ལ་དམ་པ་གང་ཉིད་ཀྱི་མ་ཡུམ་འདས། དེ་དུས་སུ་དམ་པ་འདི་ཉིད་ཀྱིས་ཞལ་ནས་ཁོང་གི་མ་དེ་འོད་དཔག་མེད་ཀྱི་ཞིང་དུ་སྐྱེ་སྟེ། ཁོང་གིས་ཐུན་གྱི་འོད་གསལ་ལ་བདེ་བ་ཅན་ན་མེ་ཏོག་དམར་བོ་གསར་དུ་སྐྱེ་བ་དེར་པན་སྒྲོན་སྐྱེ་བའི་ཉམས་སྣང་ཤར་ཞེས་གསུངས། ཡང་སྐབས་ཞིག་ལ་གྲྭ་བཙུན་པ་ཕུན་ཚོགས་ཀྱིས་བདག་གི་མ་གང་དུ་སྐྱེས་འདུག་ཅེས་ཡང་ཡང་ཞུས་པས་ཁོང་སྐབས་རེ་ཧ་གོ་བ་རེ་ཡོད་པས་གོ་ན་རྗེས་ནས་བཤད་གསུངས། དེའི་རྗེས་ནས་ཉིན་ཞིག་ལ་ཕུན་ཚོགས་ཁྱེད་ཀྱི་མ་སྡུག་བསྔལ་མེད་པའི་བདེ་དང་ལྡན་པར་བདག་གི་ཉམས་སྣང་ལ་ཤར་བས་ཐར་བའི་ལམ་སྣ་ཟིན་པར་ལུང་བསྟན་གནང༌། དེ་དུས་སུ་མགར་དགེ་ཞེས་པ་ནི་ཡར་འགྲོ་གཡུ་མཚོའི་ནང་དུ་ཉ་ཞིག་གི་སྐྱེ་བ་བླངས་ནས་སྡུག་བསྔལ་མྱོང་གི་འདུག་ཅེས་གསུངས་པ་དང༌། ཡང་ཉིན་ཞིག་ལ་ཡུལ་འདིའི་ཚེ་ལས་འདས་མ་ཞིག་ཡུལ་དུས་འདི་ལྟ་བུ་ལ་རྟ་རྒོད་མ་ཞིག་གི་སྐྱེ་བ་བླངས་ཞེས་གསལ་བར་གསུངས་སོ། །ཡང་དེ་དུས་ཞིག་ལ། དཔལ་ལྡན་ཟླ་བ་གྲགས་པའི་ཞལ་ནས། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་བ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང༌། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་བ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ནོ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་དང༌། འཕགས་པ་ཐོགས་མེད་ཀྱི་ས་སྡེ་ལས། སྙིང་བརྩེ་བ་དང༌། སྙན་པར་སྨྲ་བ་དང༌། སྤར་བ་མ་འཆུམ་པ་དང༌། ཟབ་མོའི་དོན་གྱི་དགོངས་པ་ངེས་པར་འགྲེལ་བ་ལས། བྱང་ཆུབ་སེམས་དཔའ་དང༌། ཞེས་གསུངས་པ་ལྟར་རང་ཡུལ་གྱི་མི་ཞིག་ཤི་བའི་དུས་འཕོ་བ་གསུང་བཞིན་པའི་སྐབས་གྲྭ་བ་ཞིག་ཅུང་ཟད་བགད་པས། དམ་པ་འདི་ཉིད་སྤྱན་ཆབ་ཡུན་རིང་བསིལ་བ་སོགས་སེམས་ཅན་ཉམ་ཐག་མཐོང་ཐོས་སྐབས་རྣམས་སུ་བཅོས་མིན་གྱི་སྙིང་རྗེས་དབང་གིས་སྤྱན་ཆབ་བསིལ་བ་དང༌། བླ་མའི་རྣལ་འབྱོར་ཁྲིད་པའི་སྐབས་སོགས་དང༌། ཟབ་མོས་ཆོས་བཤད་པ་སོགས་ཀྱི་སྐབས་སུ་དད་པ་དང་མོས་གུས་བཅོས་མིན་གྱིས་སྤྱན་ཆབ་བསིལ་བ་གྲངས་ལས་འདས། དེ་ལྟ་བུའི་རྟགས་མཚན་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་ཡིན་པར་འཁྲུལ་མེད་དུ་གྲུབ་པའི་ཕྱིར་རོ། །ལོ་དེའི་ཐ་སྐར་ཟླ་བའི་ཚེས་བདུན་ལ་སྦྱོར་དྲུག་པ་གསར་ཞུགས་བུ་ལོ། ཚུལ་ཁྲིམས་སོགས་བཅུ་བཞི་ཡོད། ཟླ་དེའི་ཚེས་བཅུ་གསུམ་ལ་པོང་ཡུས་དགོན་པ་དང་སྡེ་ཚོ་དགོན་པ་གཉིས་ལ་རིམ་བཞིན་ཕེབས་ནས་བདེ་ཆེན་ཞིང་ཁྲིད་དང་ཞིང་དབང་བཅས་ཉིན་བཅོ་ལྔ་ལ་གསུངས། དེའི་སྐབས་སུ་མཆོད་མེ་ཁྲི་མཆོད་ཙམ་དང་རི་དྭགས་མི་གསོད་པར་དམ་བཅས་མཁན་དུ་མ་དང༌། ཆང་དུ་བ་སོགས་གཅོད་མི་དུ་མ་བྱུང་བ་སོགས་རྣམ་དཀར་ཆོས་ལྡན་གྱི་བྱ་བ་མཐའ་ཀླས་པ་མཛད་ནས་སྐྱེ་བོ་དུ་མ་ལ་ཐར་བའི་ལམ་བཟང་གི་ས་བོན་བསྐྲུན་པར་མཛད། དེ་དུས་སུ་ཉིན་ཐ་མ་ལ། བདག་གིས་བཤད་པ་རྣམས་སེམས་ལ་མ་བརྗེད་པར་བཟུང་ནས་དལ་འབྱོར་དོན་ཡོད་རེ་ངེས་པར་བྱེད་པ་བདག་གི་རེ་བ་ཡིན། སྤྱིར་འདུས་བྱས་ཐམས་ཅད་མི་རྟག་པ་ཡིན། འདུས་པའི་ཐ་མ་བྲལ་དགོས་པ་དང༌། སྐྱེས་པའི་ཐ་མ་འཆི་དགོས་པ་ཡིན་པས་ད་ལོ་མ་གཏོགས་རྗེས་ནས་ཞིང་སྒྲུབ་གསུང་བའི་དུས་སྐབས་འཛོམ་མིན་མི་ཤེས་ལ། ཁྱེད་རྣམས་ཀྱིས་གསོལ་བ་རྩེ་གཅིག་ཏུ་ཐོབ་དང༌། བདག་གིས་ཡང་དུས་ནམ་ཡང་མི་བརྗེད་པར་དཀོན་མཆོག་གསུམ་ལ་སྐྱབས་འཇུག་ཞུ་ཞེས་གསུངས་ནས་བུ་སློབ་རྣམས་ཐུགས་བརྩེ་བས་དགོངས་ནས་སྤྱན་ཆབ་བསིལ། སློབ་འབངས་རྣམས་ཀྱིས་དད་གུས་ཀྱི་སྒོ་ནས་མིག་ཆུ་ཐོར་བཞིན་ལྷ་ཕྱག་ཡང་ཡང་འཚལ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ། དེ་ནས་རང་དགོན་དུ་ལོ་རེའི་སྨིན་དྲུག་ཟླ་བའི་ཚེས་གཅིག་ནས་བཟུང་ཉིན་བཅུའི་རིང་ལ་སྐལ་ལྡན་གདུལ་བྱའི་ཚོགས་ལ་བདེ་ཆེན་ཞིང་ཁྲིད་དང་བདེ་ཆེན་ཞིང་དབང་རྣམས་ལེགས་པར་བསྩལ་ཏེ་མཆོད་མེ་ཁྲི་མཆོད་དུ་མ་སོགས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་མ་ཚང་བ་མེད་པའི་རྣམ་དཀར་བསོད་ནམས་ཀྱི་མཆོད་སྤྲིན་རྒྱ་ཆེར་བསྐྲུན་པར་བྱས་པ་ཡིན་ལ། བདེ་ཆེན་ཞིང་དབང་མཇུག་རྫོགས་དུས་སུ་དམ་པ་འདི་ཉིད་ཀྱི་གསུང་བཤད་གནང་བ་འདི་ལྟ་སྟེ། འོ་ད་ཁྱེད་རྣམས་ཀྱིས་དགའ་བ་སྒོམ་དང་བདེ་ཆེན་ཞིང་དབང་བསྐུར་ཟིན་པ་རེད། བསྔོ་བ་དང་སྨོན་ལམ་དང་བཅས་བཀྲ་ཤིས་ཀྱིས་མཐར་བརྒྱན་ཟིན་པ་རེད། དེ་ཁྱེད་རྣམས་ཀྱིས་སེམས་ལ་བཟུང་རྒྱུ་ལ་སྔོན་བྱོན་མཁས་གྲུབ་དམ་པས་ཡང་ཡང་གསུངས་པ་བདག་གིས་ཚིག་གཅིག་གཉིས་ཙམ་བཤད་ན། སྔར་ཆོས་སྒྲ་རྣ་བའི་གོ་མ་མྱོང་བའི་རྒ་རྒས་ལྟ་བུ་ཞིག་ཡིན་ཡང་བདེ་སྨོན་ཚར་གཅིག་ཁྲིད་སྦྱང་བྱས་ན་བདེ་བ་ཅན་སྐྱེ་བའི་རྒྱུ་བཞི་ཁ་ཚང་བས། སང་ནངས་མོ་ཤི་འགྲོ་བ་ཞིག་ཡིན་ན་བདེ་བ་ཅན་སྐྱེ་ངེས་པ་ཅན་ཡིན་པས་ཆེ་ཐོབ་ཆེ་ཚང་བ་ཡིན། དེ་མིན་ཡང་སངས་རྒྱས་འོད་དཔག་མེད་ལ་དད་པའི་སྒོ་ནས་མཚན་ལན་གཅིག་བརྗོད། ཐལ་མོ་ལན་གཅིག་སྦྱར་བ་དེས་ཀྱང་ནམ་ཞིག་བདེ་བ་ཅན་སྐྱེ་བས་ན་ཆུང་ཐོབ་ཆུང་ཚང་བ་ཡིན། དེས་ན་མདོ་ཡི་ཉེ་ལམ་རྨད་དུ་བྱུང་བ་ཡིན་པ་རེད། དེ་ལྟ་བུའི་སྒོ་ནས་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ཚུལ་ནི་མདོའི་དགོངས་དོན་རེད། སངས་རྒྱས་རང་ཉིད་ཀྱིས་སྔོན་སེམས་ཅན་གྱི་དོན་དུ་ཐུགས་བསྐྱེད་ཚེ་བདག་གི་མིང་ཙམ་འཛིན་པའི་སེམས་ཅན་རྣམས་བདེ་བ་ཅན་དུ་འདྲེན་ནུས་པ་ཞིག་ཁོང་མ་འོང་བར་བདག་སེམས་ཅན་གྱི་དོན་དུ་སྡོད་དེ་རང་དོན་སངས་རྒྱས་པར་མི་བྱའོ། །ཞེས་གསུངས་ནས་ཐུགས་དམ་ཞལ་གྱིས་བཞེས་པ་བཞིན་ད་ལྟ་སེམས་ཅན་རྣམས་འདྲེན་པའི་དཔལ་དུ་གྱུར་ནས། སངས་རྒྱས་པའི་སྟོབས་ཀྱིས་ད་ལྟ་སེམས་ཅན་སུ་ཞིག་གིས་ནུབ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ཚོགས་སྒྲུབ་ཅིང་སངས་རྒྱས་ཀྱི་མཚན་བཟུང་ན། ཞིང་ཁམས་བདེ་བ་ཅན་དུ་སྐྱེ་མི་སྐྱེ་ཐེ་ཚོམ་ཙམ་ཡང་མི་དགོས་ཤིང༌། ངེས་པར་སྐྱེ་བ་སངས་རྒྱས་ཀྱི་བཀས་གྲུབ་མོད་བདེན་པའི་གསུང་ལ་ཡིད་གཉིས་བྱ་བའི་གནས་མེད་དོ། །བདེ་བ་ཅན་དུ་སྐྱེ་ངེས་པ་ཅན་ནི་རེད། ཡང་སེམས་ལ་བཟུང་རྒྱུ་མཁས་གྲུབ་རིག་འཛིན་དུ་མས་འདི་ལྟར་གསུངས་ཏེ། རྒྱུ་བཞི་སྒྲུབ་བཞིན་སངས་རྒྱས་འོད་དཔག་མེད་ཀྱི་མཚན་བྱེ་བ་ཞིག་འདོན་ན་ཞིང་ཁམས་བདེ་བ་ཅན་དུ་མ་སྐྱེས་ཚེ་ཁོང་རྣམས་ཀྱིས་བསླུས་ནི་ཡིན་ཞེས་གསུངས་ཚད་མ་ཡོད་པས། ཐམས་ཅད་ཀྱིས་དགའ་སྤྲོ་བཅས། དང་འདོད་ཡིད་ཆེས་དང་ལྡན་པའི་སྒོ་ནས་བདེ་བ་ཅན་གྱི་རྒྱུ་བཞི་དང་བསྒྲགས་ནས་མཚན་བྱེ་བ་རེ་འདོན་ན་བདེ་བ་ཅན་དུ་སྐྱེ་མི་སྐྱེ་ཐེ་ཚོམ་ཙམ་ཡང་མི་དགོས་པ་རེད། དད་འདུན་རབ་གཅིག་ཡོད་པ་གལ་ཆེ་བ་ཡིན་ལ། དད་པ་ཡོད་ན་དབུས་རྡོ་ལམ་རྡོའི་བཤད་སྲོལ་ལྟར་ཡིན། དད་པ་མེད་ན་དགེ་སློང་ལེགས་སྐར་བཞིན་རེད། དེས་ན་དད་པ་ཡོད་ན། མོས་གུས་ཕྱག་ལ་ཉེ་རིང་ཁྱད་མེད་ཕྱིར། །ཞེས་གསུངས་པ་བཞིན་དད་པ་དང་མོས་གུས་ཡོད་ན་སངས་རྒྱས་འོད་དཔག་མེད་ཀྱི་སྐུ་མདུན་ནས་ཕྱག་འཚལ་བ་དང་ཐག་རིང་བ་འདི་ནས་ཕྱག་འཚལ་བ་གཉིས་ལ་ཁྱད་ཅུང་ཟད་ཙམ་ཡང་མེད་པ་རེད། ཇི་སྐད་དུ། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །བློ་ཐེ་ཚོམ་དང་བྲལ་ན་ཅི་བསམ་འགྲུབ། །ཅེས་དང༌། གང་ཞིག་མོས་པ་ཡིད་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །ཞེས་གསུངས་བ་རེད། དཀོན་མཆོག་གསུམ་དད་པ་རབ་གཅིག་ཡོད་ན་བྱིན་རླབས་རབ་ཞིག་དང༌། དད་པ་འབྲིང་ཞིག་ལས་མེད་ན་བྱིན་རླབས་འབྲིང་དང༌། དད་པ་ཐ་ན་ཞིག་ལས་མེད་ན་བྱིན་རླབས་ཐ་ན་ཞིག་དང༌། དད་པ་གཏན་ནས་མེད་ན་བྱིན་རླབས་གཏན་ནས་ཞུགས་ཐུབ་པ་མ་རེད། དེའི་རྒྱུ་མཚན་ཡང༌། ཇི་སྐད་དུ། དད་པ་མེད་པའི་མི་རྣམས་ལ། །དཀར་བོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡི་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་གསུངས་བ་རེད། ཅེས་པ་འདི་ནི་ཚིག་སྦྱོར་གྱིས་མ་བརྒྱན་པར་སྒྲ་ཐག་ལས་ཚིག་ཟིན་ཇི་བཞིན་དུ་བཤུས་ཏེ་བཀོད་པ་ཡིན་ནོ། །དེ་ལྟར་དམ་པ་འདི་ཉིད་ཀྱིས་རང་གི་བུ་སློབ་སྦྱོར་དྲུག་པ་རྣམས་ལ་དཔག་མེད་མྱུར་ལམ་གྱི་སྒོ་ནས་འོད་དཔག་མེད་ཀྱི་མཚན་བྱེ་བ་རེ་ངེས་པར་མཚམས་བཅད་ནས་འདུག་དགོས་ཞེས་བཀའ་སྩལ་བ་ལྟར་ཐམས་ཅད་བཞུགས་པའི་ལུགས་སྲོལ་བཟང་པོ་ཡོད་པ་ཡིན་ལ། རྗེ་བཙུན་དམ་པ་གང་ཉིད་ལས་སྣང་དག་པ་མང་པོས་སངས་རྒྱས་འོད་དཔག་མེད་དངོས་སུ་ལན་དུ་མར་མཐོང་བ་ཡིན་ལ། དེ་ཡང་ཡིད་ཆེས་པའི་སྐྱེས་བུ་དུ་མ་ལས་ཐོས་པས་ཡིད་ཆེས་ཀྱི་རྟགས་ཡང་དག་གིས་གྲུབ་པའོ། །དེ་ནས་ཟླ་དེའི་ཚེས་བཅུ་གསུམ་ལ་དབང་རུས་སོགས་སུ་ཆིབས་བསྒྱུར་གནང་ནས་བདེ་ཆེན་ཞིང་སྒྲུབ་ཀྱི་ཁྲིད་དང༌། ཞིང་དབང་དང༌། ཚོགས་མཆོད་བཅས་ཉིན་བཅུ་ལ་བཀའ་དྲིན་བསྐྱངས་ནས་འབྲེལ་ཚད་དོན་ལྡན་དུ་བྱས་པ་ཡིན་ནོ། །མགོ་ཟླ་བའི་ཚེས་བཅུ་གསུམ་ནས་དམ་པ་འདི་ཉིད་ཀྱི་ཐབས་འཕྲུལ་གྱིས་བསྐུལ་ནས་རང་དགོན་དུ་བཤད་གྲྭ་གསར་འཛུགས་བྱས་ནས་མཁན་ཆེན་ཤེས་རབ་དཔལ་གྱིས་བཀའ་དྲིན་བསྐྱངས་བ་ཡིན་ནོ། །དེ་ནས་རྗེ་བཙུན་དམ་པ་བླ་མ་རིན་པོ་ཆེ་དགུང་གྲངས་རེ་གཅིག་པ་སྤྱི་ལོ༡༩༨༧རབ་བྱུང་བཅུ་བདུན་པ་མེ་ཡོས་ལོའི་མཆུ་ཟླ་བའི་ཚེས་བརྒྱད་ཀྱི་ཉིན་ལ་རྗེ་བཙུན་དམ་པ་གང་ཉིད་དང་སྦྱོར་དྲུག་པ་རྣམས་ཀྱིས་མཎྜལ་བཞི་བ་གསུངས། དེའི་ཚེས་བཅུ་ལ་སྐུ་གསུམ་ཆོ་གའི་སྒོ་ནས་ཚོགས་མཆོད་གསུངས་པ་ཡིན་ལ། དེ་བཞིན་དུ་དམ་པ་འདི་ཉིད་ཀྱིས་༡༩༨༡རབ་རྒྱལ་ལྕགས་བྱ་ལོ་ནས་བཟུང་གཟུགས་སྐུ་མྱ་ངན་ལས་འདའ་ཚུལ་མཛད་པའི་བར་ཚེས་བཅུ་རྣམས་ལ་སྐུ་གསུམ་ཆོ་གའི་ཚོགས་མཆོད་དང༌། ཚེས་ཉེར་ལྔ་རྣམས་ལ་སྒྲོལ་མ་དམར་མོའི་ཚོགས་མཆོད་ཆག་མེད་དུ་བླ་མ་རིན་པོ་ཆེ་དང་སྦྱོར་དྲུག་པ་ཆོས་ཚན་སྔ་ཕྱི་དང་བཅས་བླ་གྲྭ་ཡོངས་ཀྱི་གསུངས་གནང་མཛད་པ་ལགས་སོ། །དེ་ནས་དབོ་ཟླ་བའི་ཚེས་དྲུག་ལ་རྒྱ་སྤྲུལ་སྐུ་སྐྱེ་ཕྲེང་གསུམ་པས་རྣམ་རྒྱལ་མཆོད་རྟེན་བཞེངས་པའི་དབུ་བརྩམས། དེ་དུས་སུ་བླ་མ་དམ་པ་འདི་ཉིད་ཀྱི་རྣམ་རྒྱལ་མཆོད་རྟེན་བུམ་པ་མན་ཆད་ལས་རྨི་ལམ་འོད་གསལ་དུ་ཁོང་གིས་མ་མཐོང་བས་ཁོང་གི་ཚེ་ལ་གེགས་རེ་ཡོད་སྲིད་གསུངས། ལོ་དེའི་དཔྱིད་དུས་ཞིག་ལ་རྗེ་བཙུན་དམ་པ་གང་གིས་ང་ཚོའི་ཆོས་ཚན་ལ་སྒོམ་རིམ་ཁྲིད་བཞིན་པའི་སྐབས་སུ་དམ་པ་གང་གིས་དཀོན་མཆོག་གསུམ་མཁྱེན་གསུངས་ནས་དལ་གཅིག་ཉམས་པར་བཞག་སྟེ་བཞུགས། དེ་ནས་ཁོང་གི་ཞལ་ནས་དེ་རིང་ཁྱེད་རང་རྣམས་ཀྱིས་འཁྲུལ་འཁོར་ཁང་བ་འདེགས་ཀྱི་ཡོད་པ་ཡིན་ནམ་གསུངས་ནས་ལྷག་མའི་ཚིག་དོན་གསུངས་བཞིན་བཞུགས། དེ་ནས་དཔེ་ཁྲིད་གྲོལ་རྗེས་སུ་བདག་ཅག་རྣམས་དགོན་གོང་མར་ཡོང༌། དེའི་ཉིན་འཁྲུལ་འཁོར་ཁང་བ་བཀྱགས་སྐབས་གྱང་ལོག་ནས་ཐམས་ཅད་བསད་ལ་ཁད་བྱས་ཏེ་སྐྲག་འཇིགས་སྐྱེ་དགོས་བྱུང་ཀྱང་ཕ་བླ་མའི་ཐུགས་རྗེ་འོད་རླབས་ཀྱིས་རྐྱེན་ངན་གྱི་མུན་པ་སེལ་བར་མཛད་པ་ཐེ་ཚོམ་ཙམ་ཡང་མེད་དོ། །དམ་པ་འདི་ཉིད་ཆུང་དུས་ནས་བཟུང་མཁྱེན་ཚུལ་གནང་བ་མཐའ་ལས་འདས་ཀྱང་ཚིག་ཚོགས་མང་དོགས་ནས་མ་སྤྲོས་སོ། །ཡང་ལྕགས་རི་ཐང་ལ་རྨོག་སྤྲུལ་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་བྱོན་སྐབས་ཟླ་དེའི་ཚེས་བཅོ་བརྒྱད་ནས་ཉེར་བདུན་བར་དམ་པ་འདི་ཉིད་བྱོན་ནས་དབང་ལུང་དུ་མ་ཞུས། ཟླ་དེའི་ཚེས་བཅུ་གསུམ་ལ་སྦྱོར་དྲུག་གི་དབེན་གསུམ་པ་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་མཆོག་དབང་གསུངས་ལ། དེ་ལྟར་ལོ་རེ་རེ་བཞིན་སྦྱོར་དྲུག་གི་དབེན་གསུམ་པ་རྣམས་ལ་དཔལ་དུས་ཀྱི་འཁོར་ལོའི་མཆོག་དབང་ལེགས་པར་གནང་ནས་རྫོགས་རིམ་གྱི་རྣལ་འབྱོར་རྒྱུད་ལ་སྨིན་རུང་དུ་བྱས་པ་ཡིན་ནོ། །དེ་ནས་ནག་པ་ཟླ་བའི་ཚེས་བཅུ་གསུམ་སྐར་མ་རྒྱལ་གྱིས་ཉིན་ལ་དམ་པ་ཉིད་གྲུབ་ཆེན་དུ་མས་ཞབས་ཀྱིས་བཅགས་ནས་གདུལ་བྱ་རིགས་ཅན་གསུམ་ལ་རང་རང་གི་བློ་དང་འཚམས་པའི་སྒོ་ནས་བདེ་ཆེན་ཞིང་ཁྲིད་དང༌། ཞིང་དབང་སོགས་ཟབ་ཆོས་ཀྱི་ཐང་མར་བརྡལ་བ་ལ་བརྟེན་ནས་སྐྱེ་དགུའི་ཡོང་ལ་ཕན་པའི་ཞི་བསིལ་ཆོས་ཀྱི་སྨན་མཆོག་དམ་པ་ཐོབ་པར་བྱས་པ་ཡིན་ནོ། །ཡང་རྗེ་བཙུན་དམ་པ་འདི་ཉིད་ནི། སྤྱི་ལོ༡༩༨༠རབ་རྒྱལ་ལྕགས་སྤྲེལ་ལོ་ནས་བཟུང་སྤྱི་ལོ་༡༩༨༧རབ་བྱུང་བཅུུ་བདུན་པའི་མེ་ཡོས་བར་དུ་དབང་ལུང་ཁྲིད་གསུམ་གསུངས་བའི་སྐབས་མ་གཏོགས་ཉིན་མ་རེ་རེ་བཞིན་ཐུན་བཞི་ཆག་མེད་དུ་ཐུགས་སྤྲོས་བྲལ་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་གཞོལ་བ་ཡིན་ལ། སྦྱོར་དྲུག་པ་རྣམས་ལ་ཉིན་ཕྱེད་ཀྱི་དུས་ལ་དུས་དང་འཚམས་པའི་སྒོ་ནས་དཔལ་ལྡན་རྒྱལ་བ་ཇོ་ནང་བའི་བྱིན་རླབས་དོན་བརྒྱུད་ཀྱི་ཉམས་མྱོང་ཟབ་ཁྲིད་ལག་ལེན་གྱི་སྒོ་ནས་ཐུན་མོང་གི་སྔོན་འགྲོ་འབུམ་ལྔ་དང༌། དཔལ་དུས་ཀྱི་འཁོར་ལོའི་ཐུན་མོང་མ་ཡིན་པའི་སྔོན་འགྲོ་དུས་འཁོར་ལྷན་སྐྱེས་དང༌། དབེན་པ་གསུམ་ལྡན་དང༌། དངོས་གཞི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སོར་སྡུད་དང༌། བསམ་གཏན་དང༌། སྲོག་རྩོལ་དང༌། འཛིན་པ་དང༌། རྗེས་དྲན་དང༌། ཏིང་ངེ་འཛིན་ཏེ་སྦྱོར་བ་ཡན་ལག་དྲུག་གི་དབང་ལུང་ཁྲིད་གསུམ་ཡོངས་རྫོགས་རྒྱ་མཚོའི་རླབས་ལྟར་དུས་ལས་ཡོལ་བ་མེད་པར་ཆུ་རྒྱུན་བཞིན་ལེགས་བར་བསྩལ་བ་ཡིན་ལ། ལོ་དེར་རང་ཅག་རྣམས་སྦྱོར་དྲུག་མཇུག་རྫོགས་པའི་སྐབས་སུ་བུ་སློབ་རྒྱུ་སྐར་གྱི་ཕྲེང་བ་ཚར་དུ་དངར་བ་ལ་ཐུགས་བྱམས་བརྩེའི་ཆུ་འཛིན་འཁྲིགས་པ་ལས་ཞལ་ཆེམས་ཀྱི་ཚུལ་དུ་བསླབ་བྱ་འདི་ལྟར་གསུངས་ཏེ། གང་གི་ཞལ་ནས། ཁྱེད་རྣམས་ལ་བླ་རྒན་གྱིས་ཡ་རབས་སྤྱོད་བཟང་ལ་འབད་ཚུལ་ཅུང་ཟད་བཤད་ན། ཇི་སྐད་དུ། སྒོ་གསུམ་དགེ་བ་སྦྱར་ཕྱིར་མིང་དང་དོན། །མཐུན་པའི་བཤེས་ཤིག་རང་གི་དགེ་རྒན་དུ། །བསྟེན་ནས་ཆོས་ཀྱི་བྱ་བ་མ་ལུས་པའི། །རྩ་བར་མཐོང་སྟེ་བཀའ་བཞིན་བསྒྲུབས་པ་ཡིས། །རྟེན་འབྲེལ་མགོ་ནས་འགྲིགས་པར་གྱིས་ཤིག་ཨང༌། །ཞེས་དང༌། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། ཡོན་ཏན་ཀུན་གྱི་གཞིར་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས། ཞེས་དང༌། རྗེ་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས། བླ་མ་སངས་རྒྱས་སུ་མཐོང་ན་སྒོམ་མི་སྐྱེ་རང་དབང་ག་ལ་ཡོད། ཅེས་གསུངས་པ་ལྟར་དང་པོ་བླ་མ་བརྟགས་ནས་ཚུལ་བཞིན་དུ་བསྟེན་དགོས། བསྟེན་ཚུལ་ཡང་བསམ་སྦྱོར་གཉིས་ཏེ། དང་པོ་བླ་མ་སངས་རྒྱས་དངོས་མཐོང་གི་དད་གུས་བྱ་བ་ཡིན་ལ། གཉིས་པ་སྦྱོར་བས་བསྟེན་ཚུལ་ནི་སྒོ་གསུམ་གྱིས་མཉེས་པ་དང༌། ཁྱད་པར་ཅི་གསུངས་བཀའ་བཞིན་སྒྲུབ་པའོ། །དེ་ཡང་ཆོས་ཚིགས་བཅད་གཅིག་ཙམ་ཞུས་ན་ཡང་བླ་མར་བཟུང་དགོས་ཏེ། ཇི་སྐད་དུ། ཚིགས་བཅད་གཅིག་ཙམ་ཐོས་པ་ལའང༌། །གལ་ཏེ་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་ལ། ཡང་བླ་མ་མ་བརྟགས་དུག་ཐུང་འདྲ། །སློབ་མ་མ་བརྟགས་གཡང་མཆོང་འདྲ། །ཞེས་གསུངས་པ་ལྟར་བཤེས་གཉེན་བསྟེན་ཚུལ་ལེགས་པ་ཞིག་མ་བྱུང་ན་ངན་སོང་ལས་གཞན་འགྲོ་ས་མེད་པས་ན་མདོ་སྔགས་ཐམས་ཅད་ཀྱི་རྩ་བ་བླ་མ་ཚུལ་བཞིན་དུ་བསྟེན་དགོས། ཡང་ཇི་སྐད་དུ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལེགས་པར་གསུངས། །ཞེས་གསུངས་པ་ལྟར་ཚུལ་ཁྲིམས་བསྲུང་ན་ཕན་ཡོན་ཆེ་བ་དང༌། མ་བསྲུངས་ན་རྣམ་སྨིན་ཆེ་བ་སོགས་གསུངས་ནས། ཚུལ་ཁྲིམས་རྣམ་པར་དག་པའི་གཞི་བཟུང་ན་བདག་གི་བཀའ་བཞིན་སྒྲུབ་པ་ཡིན། ཚུལ་ཁྲིམས་མ་བསྲུངས་ན་བདག་གི་བཀའ་དང་འགལ་བ་ཡིན། དེ་ཐམས་ཅད་ཀྱི་སེམས་ལ་བཟུང་དགོས། ཚུལ་ཁྲིམས་ལེགས་པ་ཞིག་བསྲུངས་ན་ཆོས་ལ་ཇོ་འབྲུག་བཀའ་གསུམ། ས་དགེ་རྙིང་གསུམ་སོགས་ཀྱི་ཆོས་གང་བསྒྲུབ་ན་བདག་ལ་ཁྱད་པར་མེད། དེས་རྒྱུ་མཚན་ཡང་ཆོས་བརྒྱུད་དེ་དག་གི་སྔོན་བྱོན་སྐྱེས་བུ་དམ་པ་རྣམས་ཀྱིས་རང་རང་གི་ལྟ་གྲུབ་ཉམས་སུ་བླངས་བ་ལ་བརྟེན་ནས་མཐར་ཐུག་གི་ཟུང་འཇུག་གོ་འཕང་མངོན་དུ་བྱས་པ་ཡིན་པས་ཆོས་ཀྱི་དངོས་ནས་ཁྱད་མ་མཆིས་ཀྱང་གང་ཟག་རང་དངོས་ནས་དབང་བོ་དང་མོས་པ་དང་སྦྱང་བརྩོན་སོགས་མི་འདྲ་བའི་དབང་གིས་འབྲས་བུ་ཐོབ་དཀའ་སླ་བྱུང་བ་ཡིན་ནོ། །ཇི་སྐད་དུ། མ་ཤེས་འཁོར་བ་བདེན་པར་བཟུང༌། །དགྲ་འདུལ་གཉེན་སྐྱོང་བྱེད་པ་དེ། །གདུག་རྩུབ་ཚེར་མའི་གདན་དང་འདྲ། །དེ་ནི་ནམ་ཡང་བདེ་དུས་མེད། །ཐར་བ་ཐོབ་པ་ག་ལ་སྲིད། །ཅེས་གསུངས་པ་ལྟར་ཁྱེད་རྣམས་ཀྱིས་རྒྱུན་དུ་དགྲ་འདུལ་གཉེན་སྐྱོང་སོགས་བྱས་ན་དུས་ནམ་ཡང་བདེ་དུས་མེད་པས། དེ་དོར་ནས་ཐོས་བསམ་སྒོམ་གསུམ་མཚམས་བསྙེན་སྒྲུབ་དང༌། ཚུལ་ཁྲིམས་དང༌། བྱང་ཆུབ་ཀྱི་སེམས་དང༌། སྟོང་ཉིད་ཀྱི་ལྟ་བ་དང༌། ཚོགས་བསགས་སྒྲིབ་སྦྱོང་ལ་འབད་དེ་དཔལ་འབྱོར་སྙན་གྲགས་སོགས་ལ་མི་ཞེན་པར་ཁ་ཙམ་ཚིག་ཙམ་མ་ཡིན་པར་འདོད་ཆུང་ཆོག་ཤེས་ཀྱིས་ལྟོ་སྐྱ་གོས་ཧྲུལ་གྱི་སྤྱོད་པ་སོགས་ལ་འབད་ནས་དལ་འབྱོར་དོན་ཡོད་རེ་ངེས་པར་བྱེད་དགོས་ཀྱི། ལམ་གང་ཡང་མི་སློབ་པར་རྒྱུ་མེད་རྐྱེན་མེད་ལས་སངས་རྒྱས་པ་ཞིག་མི་སྲིད་ལ། དེས་ན་བདག་གིས་ནི་ཁྱེད་རྣམས་ལ་ཐར་བའི་ལམ་བཟང་བསྟན་པ་ཡིན། དེ་ལས་ལྷག་པ་ཞིག་བཤད་རྒྱུ་མེད་ཐར་བ་ཐོབ་མི་ཐོབ་ཁྱེད་རང་རྣམས་ལ་རག་ལས་པ་ཡིན་ཏེ། རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས། ངས་ནི་ཁྱོད་ལ་ཐར་བའི་ལམ་བསྟན་ནོ། །ཐར་བ་རང་ལ་རག་ལས་མཁྱེན་པར་མཛོད། །ཅེས་གསུངས་པ་སོགས་ལས་འབྲས་དང་མཆོག་གསུམ་ཡིད་ཆེས་ཀྱི་སྒོ་ནས་བླང་དོར་ལ་རྒྱུན་དུ་འབད་པར་གྱིས་ཤིག་ཅེས་བུ་སློབ་རྣམས་ལ་ཕན་པའི་གྲོས་འདེབས་ཡང་ཡང་གསུངས་ནས། བླ་རྒན་ནི་ད་ལོ་ལས་ཚེ་ཨེ་ཡོད་མི་ཤེས་པས་ཁྱེད་རྣམས་ཀྱིས་སེམས་ལ་མ་བརྗེད་པར་གྱིས་ཤིག་ཅེས་གསུངས་སོ། །ཡང་དམ་པ་གང་ཉིད་ཀྱིས་ཉིན་མ་རེ་རེ་བཞིན་ཆད་མེད་དུ་འགྲོ་བའི་མ་རིག་པའི་མུན་པ་སེལ་ཕྱིར་དུ་མཆོད་མེ་བཅོ་ལྔ་ཡས་མས་རྒྱུན་དུ་མཆོད་པས་མཆོད་མེ་ཁྲི་མཆོད་དུ་མ་དང༌། གང་གིས་རྒྱུན་དུ་ཕྱག་འཚལ་བས་ཕྱག་འཚལ་སའི་ཤིང་ཧ་ཅང་ཟད་སོང་ཡོད་པ་དེ་འདྲ་བདག་གིས་ད་སྔ་མཐོང་ཐོས་སུ་གྱུར་མ་མྱོང༌། སྦྱོར་དྲུག་པ་སོགས་སློབ་ཚོགས་ལ་རྒྱུན་དུ་ཁ་ཟས་དང༌། གཟན་ཤམ་ཐབས་སོགས་གྲངས་ལས་འདས་པ་གནང་བར་མཛད་པ་ཡིན་ལ། དེའི་སྐབས་ཀྱི་སློབ་ཚོགས་དགའ་རེའི་བརྗེད་ཡོད་པ་སྲིད་པས་མ་བརྗེད་པར་བླ་མའི་ཐུགས་མཉེས་ཕྱིར་དགྲ་འདུལ་གཉེན་སྐྱོང་སོགས་འཇིག་རྟེན་པའི་བྱ་བཞག་དོར་ནས་དམ་པའི་ལྷ་ཆོས་ལ་འབད་པར་རིགས་སོ། །དམ་པ་འདི་ཉིད་ཀྱི་བཟླས་པའི་གྲངས་ལ་གཞིགས་ན་འོད་དཔག་མེད་ཀྱི་མཚན་བྱེ་བ་བཅུ་བདུན་དང༌། མ་ཎི་བྱེ་བ་ལྔ་སོགས་ཡི་དམ་གྱི་ལྗགས་བསྙེན་བཟླས་པ་དུང་ཕྱིར་དུ་མ་ཡོད་པར་གྲགས་ཤིང་གྲུབ་པ་ཡིན་ནོ། །རྗེ་བཙུན་བླ་མ་འདི་ཉིད་ཀྱི་ཐོས་བསམ་སྒོམ་གསུམ་དང༌། ཚོགས་བསགས་སྒྲིབ་སྦྱང་དང༌། ངེས་འབྱུང་བྱང་སེམས་སྟོང་ཉིད་ཀྱི་ལྟ་བ་ལ་ཉིན་མཚན་ཀུན་ལ་འབད་པ་དང༌། འདོད་ཆུང་ཆོག་ཤེས་ཀྱི་ངང་བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་བྲག་ལ་གཏད་པའི་རྣམ་པར་ཐར་བ་འདི་ལྟ་བུ་ལ་བསམ་ན། དེང་དུས་ཀྱི་འཇིག་རྟེན་ཆོས་བརྒྱད་ཁོ་ན་ལ་གཡེང་བའི་ཐོས་བསམ་སྒོམ་གསུམ་གྱིས་དབེན་པ། བསྟན་འགྲོའི་དོན་ཁ་ལ་བཏགས་ནས་དཔལ་འབྱོར་སྙན་གྲགས་ཀྱིས་མི་ཚེ་སྐྱལ་བའི་བླ་མ་མཁན་པོ་སྤྲུལ་སྐུ་རྣམས་ལ་དོགས་པ་ཞིག་སྐྱེས་བྱུང༌། བདག་གི་ལས་སྣང་མ་དག་པ་ཡིན་ན་ཡིན་པར་གྱུར་ཅིག གལ་ཏེ་ལས་སྣང་མ་དག་པ་མིན་པར་བསོད་ནམས་ཟད་པའི་སྙིགས་མ་ལྔ་བདོའི་ཐན་རྟགས་ཞིག་ཡིན་ན་དེ་ལས་ལྡོག་ནས་དམ་པ་འདི་འདྲའི་རྣམ་ཐར་ལ་འཇུག་པར་ཞུ། ཡང་ན་ཐོས་བསམ་སྒོམ་གསུམ་སོགས་ཡལ་བར་དོར་ནས་སངས་རྒྱས་པའི་གདམས་པ་གཞན་ཞིག་ཡོད་པ་ཡིན་ན་བདག་ལ་མྱུར་དུ་བསྟན་དུ་གསོལ། །སྨྲས་པ།ངེས་དོན་སྙིང་པོའི་ཟབ་གསང་ཆོས་ཀྱི་རྒྱ་མཚོ་ལས། །མན་ངག་དབང་ཁྲིད་ལུང་གི་ཆོས་རྒྱུན་དལ་འབབ་ཀླུང༌། །དད་བརྩོན་ཤེས་རབ་ཡུར་བའི་ལམ་ནས་ཉེར་དྲངས་པ། །གང་ཐུགས་ས་འཛིན་པདྨའི་རྫིང་བུར་ཡོངས་སུ་བསྐྱིལ། །ལེགས་བྱས་བསོད་ནམས་འོ་མའི་རྒྱ་མཚོ་འཕྱུར་བ་ལས། །བརྩེ་ཆེན་བདག་ཉིད་ཤེས་རབ་ནོར་བུའི་གཏེར་བརྡོལ་བས། །རྒྱལ་བསྟན་བཤད་སྒྲུབ་རྒྱ་མཚོའི་གསང་མཛོད་འཛིན་པའི་དཔལ། །གཞན་དྲིང་མི་འཇོག་རང་དབང་ཉིད་དུ་སྤྱོད་པའི་མཆོག །རྒྱལ་ཀུན་གསང་གསུམ་སྙིང་པོ་དུས་འཁོར་གྱི། །དགོངས་བཅུད་ཟབ་མོའི་རྣལ་འབྱོར་ངེས་གསང་མཆོག །གང་ཐུགས་ཀློང་དུ་བརྡོལ་བའི་ངོ་མཚར་གཏམ། །སྐལ་བཟང་རྐང་དྲུག་ཡིད་ཀྱི་གསོས་སྨན་མཆོག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།

བཞི་བ་རེ་ཞིག་ཞིང་འདིར་གདུལ་བྱ་རྫོགས་ནས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་རྣམ་པར་ཐར་བ།

བཞི་བ་རེ་ཞིག་ཞིང་འདིར་གདུལ་བྱ་རྫོགས་ནས་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བའི་རྣམ་པར་ཐར་བ་ནི།

དེ་ནས་རྗེ་བཙུན་དམ་པ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་༧ངག་དབང་བཤད་སྒྲུབ་དཔལ་བཟང་བོ་མཆོག་དགུང་གྲངས་རེ་གཅིག་པ་སྤྱི་ལོ་༡༩༨༧རབ་བྱུང་བཅུ་བདུན་པ་མེ་ཡོས་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བཅུ་དགུའི་ཉིན་ཕྱེད་ཀྱི་དུས་སུ་དམ་པ་ཉིད་ཅུང་ཙམ་སྙུང་བའི་ཚུལ་བསྟན། དམ་པ་གང་ཉིད་དགུང་གྲངས་རེ་གཅིག་པ་བཞེས་པའི་བར་མདུན་གཡོག་པ་མི་གཅིག་ཀྱང་མ་བཞག་པ་ཡིན་ལ། དེའི་དགུང་མོར་མི་གཅིག་ཀྱང་མེད་མོད། དམ་པ་གང་ཉིད་ཅུང་ཟད་སྙུང་གི་ཡོད་པས་དགོང་མོར་ཚུལ་ཁྲིམས་བཟང་འོང་ནས་བལྟ་བ་དེའི་ཚེ་དམ་པ་གང་ཉིད་ཀྱིས་མཆོད་པ་མཛེས་བཀོད་ལེགས་པ་ཞིག་བཤམས་ནས་བླ་མཆོད་ཞིག་གསུང་བཞིན་བཞུགས། དམ་པ་གང་ཉིད་སྔར་ལས་གཟི་མདངས་རྒྱས་ནས་འདུག །དེ་ནས་བླ་མ་དམ་པའི་ཞལ་ནས་ཁྱོད་ཡར་སོང་དང་ཁོང་ལ་སྐྱོན་མི་འདུག་གསུངས་ཀྱང་ཚུལ་ཁྲིམས་བཟང་མ་སོང༌། དེ་ནས་བླ་མའི་ཞལ་ནས་ཡན་ལག་བདུན་པ་ཞིག་འདོན་རོགས་ཀྱིས་གསུངས་ནས་ཡན་ལག་བདུན་པ་སོགས་གསུངས། དེ་ནས་དམ་པ་འདི་ཉིད་ཞབས་རྡོ་རྗེ་སྐྱིལ་ཀྲུང་ཕྱག་ཐུགས་ཀར་རྡོར་འཆང་གི་ཕྱག་རྒྱ་མཛད་དེ་སྐུ་རྣམ་སྣང་ཆོས་བདུན་བཅས་ཐུགས་ཆོས་ཉིད་དེ་བཞིན་ཉིད་ལ་མཉམ་པར་བཞག་ནས་བཞུགས། དེ་ནས་ཚུལ་ཁྲིམས་བཟང་གི་སྐད་འབོད་བྱས་ནས་བཞུགས་བཞེས་གསོལ། དེ་ནས་ཇི་སྐད་དུ། འདི་དག་ལ་སོགས་ཚིག་གིས་ནི། །དེ་དག་བྱིན་གྱིས་བརླབས་པར་བསྟན། །དེ་ནི་བདུད་གཉིས་བཅོམ་པ་ཡི། །གདུལ་བ་ལ་ནི་ཐུགས་བརྩེའི་ཕྱིར། །ཞེས་པ་བཞིན་ཉིན་གསུམ་ལ་སློབ་ཚོགས་རྣམས་ཀྱི་ངོ་མི་ལྡོག་ཙམ་དུ་བཞུགས། དེ་ནས་མཛད་པ་ཐ་མའི་གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་ཟླ་དེའི་ཚེས་ཉེར་གཅིག་གི་དགོང་མོར་གང་སྐུ་རྣམ་སྣང་ཆོས་བདུན་བཞུགས་པ་དེ་ལས་གཡོ་བ་མེད་པ་ཕཊ་སྒྲ་ཆེ་ཆུང་གསུམ་དང་བཅས་ཏེ་ཐུགས་འོད་གསལ་ཆོས་ཀྱི་དབྱིངས་སུ་གཡོ་མེད་དུ་སྙོམས་པར་བཞུགས་ནས་གཟུགས་སྐུ་ལ་དྲོད་ཅུང་ཟད་མ་ལྡོག་པར་དྲི་བཟང་སྣ་ཚོགས་ཀྱིས་ཕྱི་ནང་ཀུན་ཏུ་ཁྱབ། སྔར་ལས་བཀྲག་མདངས་ཆེས་ཆེར་རྒྱས་ཏེ་ཞག་བརྒྱད་ཀྱི་རིང་ལ་འོད་གསལ་ཆོས་ཀྱི་དབྱིངས་ལ་ཐུགས་དམ་དུ་བཞུགས་ལ། དེ་ནས་དེའི་མཐར་ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་ཞལ་སྔ་ནས། ནོར་བུའི་རྩེ་མོར་ཉི་རྡུལ་བརྟན། །གཙུག་ཏོར་བྱང་སེམས་ཟླ་བ་ཉ། །ཞེས་གསུངས་པ་ལྟར་གྱི་ཏིང་ངེ་འཛིན་མཆོག་བརྙེས་པའི་སྒོ་ནས་ཟུང་འཇུག་མཐར་ཐུག་པ་མྱུར་དུ་མངོན་དུ་གྱུར་བའི་སྔ་ལྟས། དབང་མདོར་བསྟན་གྱི་རྒྱུད་ལས་གསུངས་པ་ཇི་བཞིན་གྱི་རྟགས་མཚན་ཁྱད་པར་ཅན་དཀར་ཆ་སྟེང་གི་ཤངས་བུག་ནས་ལུད་ཅིང་དམར་ཆ་ནོར་བུའི་རྩེ་མོར་ཆེས་གསལ་བར་བྱུང་བ་ནས་ཐུགས་དམ་གྲོལ། །དེ་ནས་གཙང་ཆེན་དགོན་གྱི་གཙང་བ་སྐུ་འབྲིང་བྱོན་ནས་སློབ་དཔོན་ཀུན་སྙིང་ལུགས་ཀྱི་ཀུན་རིག་གནས་ཡིག་དང༌། སློབ་དཔོན་སངས་རྒྱས་གསང་བའི་ལུགས་ཀྱི་ཀུན་རིག་གནས་ཡིག་དང༌། རྡོ་རྗེ་མི་འཁྲུགས་པའི་གནས་ཡིག་དང༌། དཔལ་དུས་ཀྱི་འཁོར་ལོའི་གནས་ཡིག་སོགས་ལེགས་འབུལ་བྱས་ནས་ཆོས་གོས་རྣམ་གསུམ་དང་ལོངས་སྐུའི་ཆས་སུ་གཞུག་པར་གདུང་ཆོས་ལེགས་པར་བྱས། དེ་ནས་ཚེས་ཉེར་དགུ་ནས་བཟུང་ཐ་སྐར་ཟླ་བའི་ཚེས་བཞི་བར་དད་ལྡན་གྱི་འདུས་པ་རྒྱ་མཚོ་ལྟ་བུ་ལ་སྐུ་གདུང་རིན་པོ་ཆེ་ལ་མཇལ་ཕྱག་བྱེད་དུ་འཇུག་པ་ཡིན་ལ། གཟུགས་སྐུ་མྱ་ངན་ལས་འདས་པ་ནས་མཆོད་སྤྲིན་རྒྱ་ཆེན་པོ་དང༌། དཔལ་དུས་ཀྱི་འཁོར་ལོའི་ལྷ་དགུ་སོགས་རྒྱུད་སྡེ་དུ་མའི་སྒོ་ནས་གདུང་མཆོད་ལེགས་བསྐྲུན་བྱས་པ་ཡིན་ལ། དེ་ནས་ཚེས་ལྔའི་ཉིན་སྐུ་གདུང་ཞུགས་འབུལ་གྱི་ཉིན་གཙང་བའི་གསེར་ཁྲི་བདུན་པ་སྐུ་འབྲིང་ངག་དབང་བསོད་ནམས་དཔལ་ལྡན་མཆོག་དང༌། རྒྱ་སྤྲུལ་སྐུ་ཕྲེང་གསུམ་པ་ངག་དབང་བསྟན་འཛིན་སོགས་ཀྱིས་རྡོ་རྗེ་མི་འཁྲུགས་པའི་སྦྱིན་སྲེག་དང༌། སྐུ་གསུམ་ཆོ་གའི་སྦྱིན་སྲེག་དང༌། རྡོར་སེམས་ཀྱི་སྦྱིན་སྲེག་རྣམས་ཀྱིས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་གྱི་ཆོ་ག་བྱས། དེ་དུས་བྱ་ཐང་དཀར་རྒོད་གཅིག་གདུང་ཁང་གི་གཡོན་ཟུར་དུ་བབས་ཏེ་དར་གཅིག་འདུག དེ་ནས་གདུང་ཁང་ལ་གཡས་སྐོར་ལན་འགའ་བྱས་ནས་ཕུར་སོང་བ་དང༌། མཁའ་ལ་འཇའ་སྤྲིན་སྣ་ཚོགས་ཤར་བ་སོགས་ངོ་མཚར་བའི་དགེ་ལེགས་ཀྱི་མཚན་ལེགས་དུ་མ་བྱུང་བ་ཡིན་ནོ། །དེ་དུས་སུ་རང་ཅག་བུ་སློབ་རྣམས་ཀྱིས་སྐྱོ་གདུང་ཡིད་ཕམ་གྱི་ངང་མིག་ཆུ་འཐོར་བཞིན་ཚེ་རབས་ཐམས་ཅད་དུ་རྗེས་སུ་འཛིན་པའི་གསོལ་བ་ཡང་ཡང་བཏབ། གདུང་ཁང་ལ་ཞག་བདུན་ཕྲག་གཅིག་ལ་སློབ་ཚོགས་དག་གིས་ཕྱག་མཆོད་བྱས་ནས་ཚེས་བཅུ་བཞིའི་ཉིན་གདུང་ཁང་སྒོ་ཕྱེས། དེ་དུས་སུ་ཐུགས་ལྗགས་སྤྱན་གསུམ་མ་ཚིག་པ་གནས་པ་དང༌། གདུང་རུས་ཞིག་ལ་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་འབུར་དོད་དུ་གསལ་བར་ཡོད་པ་ཀུན་གྱིས་མཐོང་ཐོས་སུ་གྱུར་ཡོད་ཀྱང་ཉིན་གཉིས་གསུམ་གྱི་རྗེས་སུ་དེ་འདྲའི་གདུང་རུས་དེ་རང་ཅག་རྣམས་ཀྱིས་སྐལ་བར་མ་གྱུར་ནས་འཇའ་ལྟར་ཡལ་སོང་བ་ཡིན་ནོ། །གདུང་རུས་རྣམས་སྤྱན་དྲངས་ནས་ཅི་འབྱོར་གྱི་མཆོད་པ་དུ་མའི་མཆོད་པ་ཡིན་ནོ། །དེ་ནས་གདུང་ཁང་གི་ཤུལ་དུ་དད་ལྡན་བསོད་ནམས་བསགས་པའི་ཞིང་དུ་བྱང་ཆུབ་མཆོད་རྟེན་ལེགས་བཞེངས་མཛད། དེ་ནས་ཚེས་ཉེར་གསུམ་ལ་གདུང་རུས་ཀྱི་འདྲ་སྐུ་སྣ་ཚོགས་བཞེངས། དེ་ནས་སྨིན་དྲུག་ཟླ་བའི་ཚེས་བཅུ་གཅིག་ལ་གདུང་མཆོད་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ནས་རྗེ་བཙུན་དམ་པ་གང་གི་འཕྲིན་ལས་ཀྱི་རྒྱུན་ནི་ཆོས་སྡེ་འདིར་བཀའ་དྲིན་གཞལ་མཐའ་དང་བྲལ་བ་གང་གི་རྒྱལ་ཚབ་དམ་པ་བླ་མ་ཨེ་མགོན་གྱིས་ལེགས་བསྐྱངས་བྱས་ནས་ལོ་བཅུ་དགུ་སོང་ཟིན་པ་དེའོ། །དེ་ནས་གང་གི་སྐུ་སྤུན་བྱང་ཆུབ་དཔལ་སོགས་ཀྱིས། རྗེ་བཙུན་དམ་པ་གང་གི་སྐུ་གདུང་གི་རྟེན་གསེར་དངུལ་དང་རིན་པོ་ཆེ་སྣ་ཚོགས་ཀྱིས་ཕྲ་རྒྱན་དང་བཅས་པའི་ཐོག་བརྩེགས་གཉིས་ཀྱི་མཐོ་ཚད་དང་ལྡན་པའི་བྱང་ཆུབ་མཆོད་རྟེན་རབ་མཛེས་དང་ལྡན་པ་ཞིག་དང༌། ཆོས་ཀུན་དཔལ་སོགས་ཀྱིས་དམ་པ་གང་གི་སྐུ་གདུང་ལ་དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན་ཐོག་བརྩེགས་ལྔ་དང་ལྡན་པ་དང༌། འོད་ཟེར་སོགས་ཀྱིས་ཟངས་གསེར་ལས་གྲུབ་པའི་སྐུ་གདུང་མིའི་ལུས་ཚད་དང་ལྡན་པ་རྣམས་ཕྱི་རབས་ཀྱི་དད་ལྡན་གྱི་སྐྱེ་བོ་དག་གིས་བསོད་ནམས་བསགས་པའི་ཞིང་དུ་ལེགས་བསྐྲུན་བྱས་པ་ཡིན་ལ། རྗེ་བཙུན་དམ་པ་གང་གི་གསོལ་འདེབས་ཡང་མཁས་པའི་གཙུག་རྒྱན་མཁན་ཆེན་དམ་པ་བློ་བཟང་འཕྲིན་ལས་ཀྱིས་འདི་ལྟར་གསུངས་ཏེ། དཔག་ཡས་བསོད་ནམས་ཀྱིས་བསྐྲུན་ཞིང་གི་མཆོག །མི་ཕྱེད་དད་རྒྱས་སྤྱི་བོར་བསྟེན་བྱས་ན། །དངོས་གྲུབ་འབྱུང་ནས་ཡིད་བཞིན་དབང་གི་རྒྱལ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་གསུངས་པ་དང༌། སྟོང་ཉིད་སྙིང་རྗེས་ཐུགས་རྒྱུད་ཉེ་བར་གཏམ་པ་བླ་མ་ཨེ་མགོན་གྱིས་མཛད་པའི་གང་གི་གསོལ་འདེབས་ནི། ཨེ་མ་ཧོ། རྒྱལ་ཀུན་མཁྱེན་བརྩེའི་རང་གཟུགས་བླ་མ་རྗེ། །བཤད་དང་སྒྲུབ་པའི་དགོངས་ཀློང་ཡངས་པ་ན། །བདག་སོགས་འགྲོ་ལ་ལེགས་དགོས་དཔལ་སྟེར་བའི། །རང་རིག་བླ་མ་མཇལ་བར་བྱིན་གྱིས་རློབས། །ཞེས་གསུངས་པ་དང༌། སྤྲུལ་ལྷ་མཚམས་ཀྱིས་མཛད་པའི་རྗེ་བཙུན་དམ་པ་གང་གི་གསོལ་འདེབས་ཐུགས་རྗེའི་ཆུ་རྒྱུན་ཞེས་བྱ་བ་ནི། ཨེ་མ་ཧོ༔ ཀ་དག་ཆོས་དབྱིངས་ཀློང་ལས་གཟུགས་ཀྱི་སྐུར༔ ཡོངས་བཞེངས་བདེ་ལྡན་མགོན་པོ་འོད་མཐའ་ཡས༔ གདུལ་བྱའི་དཔལ་ཤར་མཚུངས་མེད་མཁྱེན་བརྩེའི་གཏེར༔ བཤད་དང་སྒྲུབ་པའི་དཔལ་མངའ་རིན་པོ་ཆེར༔ སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་ཀུན་ཞི་ཞིང་༔ ས་ལམ་ཡོན་ཏན་སྤངས་རྟོགས་མཐར་ཕྱིན་ནས༔ མཐའ་ཡས་འགྲོ་ཀུན་འདྲེན་པའི་དཔལ་ཐོབ་ཤོག༔ ཅེས་གསུངས་པ་དེ་ཡིན་པའི་ཕྱིར་རོ། །སླར་སྨྲས་པ།སྤྲོས་བྲལ་ཆོས་སྐུའི་མཁའ་དབྱིངས་གཟུགས་སྐུའི་ཟླ་བ་ལས། །སྐལ་བཟང་གདུལ་བྱའི་མོས་ངོར་འོ་མའི་མཚོ་ཆེན་ལ། །ཟླ་ཤར་ཇི་བཞིན་སྣང་འདི་ཐུགས་བསྐྱེད་རྟེན་འབྲེལ་ལས། །ལེགས་པར་ཤར་འདི་རྐྱེན་གཞན་གང་གིས་འགོག་པར་བྲལ། །འོན་ཀྱང་ཆེར་སྙིགས་དུས་ཀྱི་བསྐལ་བའི་མེ་དཔུང་གིས། །དད་འདུན་མོས་པའི་རྫིང་བུའི་ཀླུང་ཆེན་སྐེམས་གྱུར་ན། །སྤྲུལ་ཟླའི་གཟུགས་བརྙན་སྣང་བའི་གོ་སྐབས་ཅི་ཡིས་འབྱེད། །དེ་ལྟའང་སྙིགས་མའི་རང་མདངས་ཆོས་ཉིད་རྗེས་འགྲོ་ལགས། །ཨེ་མ་བསྐལ་བ་དུ་མར་བྱམས་བརྩེ་ཉེར་གོམས་ལས། །ཆེར་སྙིགས་འགྲོ་རྣམས་སྲིད་པའི་མཚོ་ཆེན་ལས་སྒྲོལ་ཞེས། །སྲས་བཅས་རྒྱལ་བའི་མདུན་སར་ཞལ་བཞེས་མ་ལགས་སམ། །ཉམ་ཐག་བདག་འདྲའི་སྐྱབས་མེད་རྣམས་ལ་ཅིའི་མི་དགོངས། །རྗེ་བཙུན་གང་གིས་མགོན་སྐྱབས་མི་མཛད་ན། །ཀྱེ་ཧུད་བདག་ཅག་མགོན་སྐྱབས་སུ་ལ་འཚོལ། །ཐུགས་ཀློང་བརྩེ་བའི་སྤྱན་རས་ཉེར་དགོངས་ནས། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །

གསུམ་པ་ཕྱི་མཐའ་འཕྲིན་ལས་ཀྱིས་འཇུག་པ་འགོག་མེད་དུ་ཤར་ཚུལ།

གསུམ་པ་ཕྱི་མཐའ་འཕྲིན་ལས་ཀྱིས་འཇུག་པ་འགོག་མེད་དུ་ཤར་ཚུལ་ནི།

རྗེ་བཙུན་བྱམས་མགོན་གྱི་ཞལ་སྔ་ནས། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་བའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །ཞེས་པ་ནས། སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་དང༌། གང་གི་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། །ཅེས་གསུངས་པ་ལྟར་རྗེ་བཙུན་དམ་པ་གང་གི་སྤྲུལ་བའི་ཟློས་གར་གྱི་ཟླ་བ་གང་ཉིད་དག་དང་མ་དག་པའི་ཞིང་ཁམས་རབ་འབྱམས་ཀྱི་ཆུ་ཀླུང་མཐའ་ཡས་པ་ལ་ཆུ་ཟླའི་གཟུགས་བརྙན་ལྟར་ཤར་བ་ལས། ཡང་སྤྲུལ་གཞོན་ནུ་གསར་བའི་ཉིན་བྱེད་དབང་བོ་ཞིག་སྤྱི་ལོ་༡༩༩༢རབ་གནས་ཆུ་སྤྲེལ་ལོ་ལ་སྐལ་བཟང་རྣམ་འདྲེན་སྟོང་གི་ཞབས་ཀྱིས་བཅགས་པའི་གནས་མཆོག་རྒྱ་གར་རྡོ་རྗེ་གདན་གྱི་ཤར་ཕྱོགས་སུ་སྐུ་འཁྲུངས། མེ་གླང་ལ༧སྐྱབས་མགོན་ཐམས་ཅད་མཁྱེན་པ་རྒྱལ་དབང་བསྟན་འཛིན་རྒྱ་མཚོས་རྗེ་བཙུན་དམ་པ་ངག་དབང་བཤད་སྒྲུབ་དཔལ་གྱི་སྤྲུལ་སྐུ་ཡིན་པར་ཐུགས་ཐག་བཅད་པར་གྲགས་ལ། ད་ལྟ་རྒྱ་གར་འཕགས་པའི་ཡུལ་གྱི་ཇོ་ནང་མ་དགོན་རྟག་བརྟན་ཕུན་ཚོགས་ཆོས་གླིང་དུ་དཔལ་དུས་ཀྱི་འཁོར་ལོའི་རིམ་གཉིས་ཀྱི་རྣལ་འབྱོར་ལ་བརྩོན་བཞིན་དུ་སྐུ་ཚེ་མི་འགྱུར་རྟག་བརྟན་གྱི་ངོ་བོར་བཞུགས་པ་ཡིན་ནོ། །ཚུལ་དེ་ལྟར་གྱི་རྗེ་བཙུན་དམ་པ་གང་གི་རྣམ་པར་ཐར་བ་དེ་ལ་དད་པ་རྣམ་དག་ཞིག་ངེས་པར་དགོས་པས། དེའི་ཕྱིར་དུ། ཇི་སྐད་དུ། དད་པའི་ཞིང་ནི་སློབ་དཔོན་ཡིན་པས་བླ་མའི་རྣམ་ཐར་བཤད་པར་བྱའོ། །ཞེས་གསུངས་པ་ལྟར་མདོ་སྔགས་ཐམས་ཅད་ཀྱི་སྐབས་སུ་ལམ་ཡོངས་རྫོགས་ཀྱི་བྱིན་རླབས་ཀྱི་སྒོ་ལེགས་ཕྱེ་མཛད་པའི་གཞི་གཅིག་པུ་ཉིད་དུ་ངེས་པ་ནི། གང་ཟག་རང་རང་ལ་མདོ་སྔགས་གང་གི་ཆོས་ཚུལ་ལེགས་པར་འདོམས་པའི་དགེ་བའི་བཤེས་གཉེན་མཆོག་ཉིད་ལ། ཡིད་གཏིང་ནས་དད་པའི་རྩ་བ་བརྟན་པོ་ཡོད་པ་ལ་ཐུག་ཕྱིར། དད་པ་དེ་འདྲ་སྒོ་ཀུན་ནས་བསྐྱེད་པའི་ཐབས་ཀྱི་གཙོ་བོ་ནི། དཔལ་ལྡན་བླ་མ་དག་གི་གསང་གསུམ་གྱི་རྣམ་པར་ཐར་བ་ཅི་བཞིན་ཤེས་པ་དེ་ཡིན་ལ། དད་པ་རྣམ་དག་ཞིག་ཡོད་ན་མདོ་སྔགས་ཀྱི་ལམ་གང་སྐབས་སུ་བབས་པ་དེ་སེམས་རྒྱུད་ལ་སྐྱེ་བ་ནས་བཟུང་མཐར་ཐུག་གི་བྱང་ཆུབ་མཆོག་མངོན་དུ་གྱུར་བའི་བར་དུ་ངེས་པར་འབྱུང་བས་ན། ཡོན་ཏན་གང་སྐྱེ་བ་ཐམས་ཅད་གང་ལས་བྱུང་ན་བླ་མའི་གསང་གསུམ་གྱི་ཡོན་ཏན་ཤེས་ནས་མི་ཕྱེད་པའི་དད་པ་འཁྲུངས་བ་ལ་བརྟེན་ནས་བྱུང་བ་ཤ་སྟག་ཡིན་པས། དེ་ལྟར་ཡོན་ཏན་མ་ལུས་བྱུང་བ་ནི་རྗེ་བཙུན་དཔལ་ལྡན་བླ་མའི་རྣམ་ཐར་ལེགས་པར་བརྗོད་པའི་ཕན་ཡོན་དངོས་ཡིན་ནོ། །གཞན་ཡང་མདོ་སྡེ་དུ་མ་ནས་བླ་མའི་རྣམ་ཐར་བརྗོད་པ་སོགས་ལ་ཕན་ཡོན་དུ་མ་གསུངས་ཏེ། མདོ་ལས། གཞོན་ནུ་སློབ་དཔོན་གྱི་མཚན་ཉིད་བཤད་པར་བྱའོ། །མཁན་པོའི་ཡོན་ཏན་གྱི་བཤད་པ་ལ་བརྩོན་ཤིག ཅེས་དང༌། བྱང་ཆུབ་ཤིང་དྲུང་དུ་འཇུག་པའི་མདོ་ལས། འོད་སྲུང་བླ་མའི་རྣམ་ཐར་ལ་རྟོག་ཅིང་བཤད་པར་གྱིས་ཤིག མཁན་པོའི་མཚན་ཉིད་ལ་ནན་ཏན་གྱིས་ཤིག ཅེས་དང༌། དྲི་མེད་འོད་ཟེར་རྒྱས་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ཐམས་ཅད་མཁྱེན། །ཀུན་མཁྱེན་ཡེ་ཤེས་དབང་གི་རྒྱལ། །མོས་གུས་དྲག་པོ་འབྱུང་བའི་གཞི། །བླ་མའི་རྣམ་ཐར་རྒྱས་བསྡུས་རྣམས། །ཡིད་བཞིན་ནོར་བུ་ལྟ་བུ་ཅན། །ཡང་ཡང་བལྟ་བར་བརྩོན་གྱུར་ན། །དངོས་གྲུབ་ཐོབ་པར་ཐེ་ཚོམ་མེད། །ཅེས་གསུངས་པ་ལ་སོགས་པ་མདོ་སྡེ་དུ་མར་བླ་མའི་རྣམ་ཐར་ཇི་བཞིན་རྟོགས་པ་དང༌། གཞན་ལ་བརྗོད་པའི་ཕན་ཡོན་མཐའ་ཀླས་པར་གསུངས་སོ། །དེ་ལྟར་རྟོགས་པ་དང༌། བརྗོད་པའི་ཕན་ཡོན་གང་ལ་དད་པ་སྐྱེ་བ་ཡིན་ལ། སྤྱིར་དད་པ་ནི་ཆོས་ཀུན་གྱི་སྔོན་འགྲོ་མེད་མི་རུང་བ་ཡོན་ཏན་ཐམས་ཅད་སྐྱེད་བྱེད་ཉེས་སྐྱོན་དག་ལས་སྒྲོལ་བྱེད་ཡིན་པའི་ཚུལ་རྒྱལ་བའི་བཀའ་ལས་ལུང་དུ་མ་སྔར་དྲང་ཟིན་པ་ལྟར་དད་པ་ཡོན་ཏན་ཀུན་གྱི་གཞི་རྟེན་ཡིན་ཚུལ་ཤེས་པར་བྱའོ། །རྗེ་བཙུན་དམ་པ་འདི་ལྟ་བུའི་རྣམ་པར་ཐར་བ་ལ་ཐུགས་བསམ་ལེགས་བཞེས་གནང་ནས་རང་གི་དེ་ལྟ་བུ་ཞིག་འབད་དགོས་ཏེ། རྒྱུད་ལས། སློབ་མས་བླ་མའི་རྣམ་ཐར་སྙེགས་པར་འགྱུར། །ཞེས་གསུངས་པ་ལྟར་དཔལ་ལྡན་བླ་མའི་རྣམ་པར་ཐར་བ་དག་རྗེས་འཇུག་སློབ་མའི་ཉམས་ལེན་དུ་ཤེས་པ་དང༌། དད་མོས་རྣམ་དག་ཞིག་སྐྱེ་བ་ནི་རྣམ་ཐར་རྩོམ་པའི་དགོས་པ་ཡིན་པའི་ཕྱིར་རོ། །སླར་སྨྲས་པ། སྲས་བཅས་རྒྱལ་བའི་རྣམ་ཐར་དབང་འབྱོར་ཞིང༌། །མགོན་ཁྱོད་སྒྱུ་འཕྲུལ་རོལ་གར་ཅིར་ཡང་རྩེན། །ལེགས་བཤད་སྣང་བའི་མཛོད་འཛིན་དམ་པ་ཡིས། །གང་གི་ཡོན་ཏན་མཐོང་བའི་དགེ་ལེགས་སྩོལ། །དང་པོར་གདམས་ངག་གསན་བསམ་སྒྲོ་འདོགས་བཅད། །བར་དུ་བསྒོམས་པས་རྟོགས་པའི་དབང་ཕྱུག་གྱུར། །ཐ་མར་ངེས་གསང་བཤད་སྒྲུབ་བསྟན་པའི་དཔལ། །རྒྱལ་བ་ཀུན་དངོས་བརྩེ་བས་ལེགས་སྐྱོངས་ཤིག །བདག་འདྲའི་ཚུར་མཐོང་བློ་ཡི་ཡུལ་ལས་རབ་འདས་ཤིང༌། །ཉམས་རྟོགས་ཡོན་ཏན་རིན་ཆེན་རྡུལ་མང་རབ་བརྩེགས་པ། །འཕྲིན་ལས་འོད་དཀར་མཁའ་མཐའ་མཉམ་པའི་དགེ་ལེགས་ཀྱིས། །ངེས་གསང་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས་མཛད་སུ། །ཕྲག་དོག་རྡུལ་མར་བརྩེགས་པའི་རི་རྒྱལ་ལ། །སངས་རྒྱས་བྱོན་ཡང་དོན་དུ་འགྱུར་དཀའ་མོད། །ཕྱོགས་འཛིན་ཚིག་དང་མ་འདྲེས་ངོ་མཚར་གཏམ། །གཟུར་གནས་མཁས་པ་རྣམས་ཀྱིས་གཟིགས་མོར་མཛོད། །གང་གི་གསང་གསུམ་མཐའ་ཀླས་མཚོ་ཆེན་ལས། །བདག་བློའི་སྐྲ་རྩེའི་ཆུ་ཐིགས་ཙམ་བླངས་ནས། །རྟོགས་བརྗོད་ཐར་འདོད་དད་པའི་འཇུག་ངོགས་ཀྱི། །སྙན་ཚིག་དབྱར་སྐྱེས་སྒྲ་དབྱངས་རོལ་མོར་འཁྲོལ། །ཚུལ་འདི་བརྗོད་པའི་ལེགས་ཆ་གང་མཆིས་རྣམས། །བླ་མ་མཉེས་པའི་ཀུན་བཟང་མཆོད་སྤྲིན་དུ། །གྱུར་ནས་ཉེས་ཆ་ཐམས་ཅད་ཡོངས་དག་སྟེ། ། ཚེ་རབས་ཀུན་ཏུ་བླ་མའི་ཐུགས་ཟིན་ཤོག །འདིར་འབད་རྣམ་དཀར་མ་དྲོས་ཀླུང་ཆེན་དགེ་ལེགས་རླབས་ཕྲེང་འབུམ་གཡོ་བ། །འདས་དང་མ་འོངས་བསོད་ནམས་མཐའ་ཡས་རྒྱ་མཚོའི་ཀློང་དུ་སིམ་པ་ལས། །རྒྱལ་བསྟན་དཔག་བསམ་ལྗོན་ཤིང་རབ་རྒྱས་བཤད་སྒྲུབ་དཔལ་ཡོན་སྙེ་མ་འབུམ། །ལྷུན་གྲུབ་རྩོལ་མེད་ཅིར་ཡང་སྨིན་པས་སྐྱེ་དགུའི་རེ་བ་སྐོང་བར་ཤོག །དེང་དུས་ནས་བཟུང་བྱང་ཆེན་མ་བརྙེས་བར། །དམ་པ་ཁྱེད་ཀྱི་བརྩེ་བས་རྗེས་བཟུང་སྟེ། །ཡང་དག་ལམ་བཟང་མཆོག་ལ་རབ་བསྒྲོད་ནས། །ཕུན་ཚོགས་དགེ་ལེགས་རླབས་ཕྲེང་མཛེས་གྱུར་ཅིག །ཅེས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བཤད་སྒྲུབ་དཔལ་གྱི་རྣམ་པར་ཐར་བ་ཐར་འདོད་དད་པའི་འཇུག་ངོགས་ཞེས་བྱ་བ་འདི་ནི། རྗེ་བཙུན་དམ་པ་འདི་ཉིད་བདག་ལ་རྒྱལ་བ་ཀུན་ལས་བཀའ་དྲིན་ལྕི་བས་ན། སྔར་ནས་རྣམ་ཐར་ཞིག་འབྲི་འདུན་ཡོད་ཀྱང་བྱ་བ་དུ་མས་བྲེལ་ནས་གོ་སྐབས་མ་བྱུང༌། ད་ལན་ངེས་དོན་བསྟན་པའི་གཉེན་གཅིག་བླ་མ་ཨེ་མགོན་མཆོག་གིས་ལྷ་རྫས་ཀྱི་དར་དཀར་སྲིད་དུ་རིང་བ་དང་བཅས་བཀའ་སྩལ་གསེར་གྱི་སྦྲམ་བུ་ལྟར་ལྕི་བ་སྙིང་གི་པདྨོ་མངོན་པར་བཞད་པའི་ཟེའུ་འབྲུར་ཕེབས་པ་དང༌། རྗེ་བཙུན་དམ་པ་གང་གི་སློབ་བུ་དམ་པ་རྡོར་བཟང་དང༌། རང་བྱུང་གཉིས་ཀྱིས་དཀའ་ངལ་འཛེམ་མེད་ཀྱི་སྒོ་ནས་ས་བོན་འཚོལ་སྡུད་བྱས་ནས་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གསེར་སྐུ་དང༌། སངས་རྒྱས་འོད་དཔག་མེད་ཀྱི་སྣང་བརྙན་བཀྲ་ཤིས་ཀྱི་ལྷ་དར་དང་བཅས་བསྐུལ་བ་ལ་བརྟེན་ནས། རྗེ་བཙུན་དམ་པ་ངག་དབང་བཤད་སྒྲུབ་དཔལ་གྱི་ཞབས་རྡུལ་པད་མོ་དྲི་མ་མེད་པ་སྤྱི་བོར་ལེན་པ་བཙུན་གཟུགས་རྨོངས་རྟུལ་ཆོས་མེད་ཆོས་རྫུ་མཁན་ངག་དབང་དངོས་གྲུབ་དཔལ་ལམ་དབྱངས་ཅན་ངག་གི་རོལ་མཚོ་ཞེས་འབོད་པས། རབ་གནས་ས་སྐྱོང་ཞེས་པ་ཤིང་བྱ་ལོའི་ཁྲུམས་སྟོད་ཟླ་བའི་ཚེས་བཅོ་བརྒྱད་ནས་དཔེ་ཁྲིད་དུ་མའི་ཞར་ལ་བརྩམས་ཏེ། ཐ་སྐར་ཟླ་བའི་ཚེས་གཅིག་གི་བར་ཉིན་བཅུ་བཞིའི་རིང་ལ་དད་གུས་ཆེན་པོས་རྫོགས་པར་སྦྱར་བ་ཡིན་ནོ། །འདིས་ཀྱང་དཔལ་ལྡན་བླ་མའི་རྣམ་པར་ཐར་བ་ལ་མི་ལྡོག་པའི་དད་མོས་ཚུལ་བཞིན་དུ་སྐྱེས་ནས་ཚེ་རབས་ཐམས་ཅད་དུ་རྗེ་བཙུན་བླ་མ་དམ་པས་རྗེས་སུ་འཛིན་པར་གྱུར་ཅིག སརྦ་མངྒ་ལཾ། ཛ་ཡནྟུ། ཐུགས་ཀློང་བཤད་མཛོད་ཆེན་པོའི་རྒྱ་མཚོ་འཁྱིལ། །སྒྲུབ་པའི་ཉམས་རྟོགས་འཕེལ་བའི་ལོ་འདབ་རྒྱས། །དཔལ་ལྡན་སྐུ་བཞིའི་འབྲས་བུ་ཆེར་སྨིན་པས། །ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་ཤོག །ཅེས་པ་འདི་ནི་ངག་དབང་རབ་འབྱོར་གྱི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ།

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བཤད་སྒྲུབ་དཔལ་གྱི་བླ་མའི་རྣལ་འབྱོར་དཔག་བསམ་ལྗོན་ཤིང་།

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་བཤད་སྒྲུབ་དཔལ་གྱི་བླ་མའི་རྣལ་འབྱོར་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྗེ་བཙུན་བླ་མ་སངས་རྒྱས་ཀུན་འདུས་སུ། །མཐོང་བའི་མོས་གུས་ཉིད་ཀྱིས་ཟབ་ལམ་གྱི། །ས་ལམ་ཉམས་རྟོགས་འབྲས་བུ་སྐྱེ་བས་ན། །གསང་སྔགས་རིམ་གཉིས་ལམ་གྱི་ཡེ་ཤེས་ཀུན། །རྟེན་གཞི་བླ་མ་སངས་རྒྱས་དངོས་ཉིད་དུ། །མཐོང་བའི་མོས་གུས་བསྐྱེད་ཕྱིར་བླ་མ་ཡི། །རྣལ་འབྱོར་སྒོམ་ཚུལ་མདོར་བསྡུས་འབྲི་བར་བྱ། །དེ་ལ་འདིར་སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བ་དང་གསུམ། དང་པོ་ནི། དཀོན་མཆོག་ཀུན་འདུས་བླ་མ་རིན་པོ་ཆེ། །དེང་དུས་ནས་བཟུང་བྱང་ཆུབ་སྙིང་བོའི་བར། །འགྲོ་རྣམས་སྲིད་ཞིའི་སྡུག་བསྔལ་མཚོ་ཆེན་ལས། །སྐྱོབས་པའི་སྐྱབས་སུ་བསྟེན་ནོ་ཐུགས་རྗེས་ཟུངས། །ཞེས་སྐྱབས་འགྲོ་ལན་གསུམ་བྱ། མ་རྒན་སེམས་ཅན་སྡུག་བསྔལ་ཕྲ་རགས་ལས། །བསྒྲལ་ནས་ཐམས་ཅད་མཁྱེན་པའི་སར་འགོད་ཕྱིར། །བཀའ་དྲིན་གསུམ་ལྡན་དཔལ་ལྡན་བླ་མ་ཡི། །རྣལ་འབྱོར་རྩེ་གཅིག་ཉིད་ལ་བསྒོམ་པར་བྱ། །ཞེས་སེམས་བསྐྱེད་ལན་གསུམ་བྱའོ། །གཉིས་པ་དངོས་གཞི་ནི། སྟོང་པའི་ངང་ལས་རང་མདུན་ནམ་མཁའ་ལ། །གཞལ་མེད་ཁང་གི་དབུས་སུ་སེང་ཁྲི་དང༌། །པད་ཟླ་ཉི་མ་སྒྲ་གཅན་བརྩེགས་པའི་སྟེང༌། །སྐྱབས་གནས་རྒྱལ་ཀུན་ངོ་བོ་དབྱེར་མེད་པ། །ངུར་སྨྲིག་གར་གྱི་སྒྱུ་འཕྲུལ་རོལ་བ་ཡི། །རྡོ་རྗེ་འཆང་དངོས་ངག་དབང་བཤད་སྒྲུབ་དཔལ། །སྐུ་མདོག་དཀར་དམར་བྱི་རུའི་མདངས་ལྡན་པ། །འགྲོ་ལ་དགྱེས་པའི་ཞལ་རས་འཛུམ་དཀར་གཡོ། །སྐུ་ལ་བདེ་སྟོང་ཉམས་ཀྱིས་གཟི་འོད་འབར། །ཕྱག་གཉིས་ས་གནོན་ཕྱག་རྒྱ་རྣམ་པར་མཛད། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། །མཚན་དཔེ་གསར་རྫོགས་འོད་མཚན་སྟོང་འབར་བ། །ཆོས་གོས་རྣམ་གསུམ་ངུར་སྨྲིག་རྒྱན་གྱིས་མཛེས། །གསུང་ནི་གཞོམ་མེད་རྡོ་རྗེའི་སྒྲ་དབྱངས་ལྡན། །ཐུགས་ནི་གསལ་སྟོང་སྤྲོས་བྲལ་གཡོ་བ་མེད། །རྡོ་རྗེའི་སྐུ་ལ་ལྷ་ཡི་ཚོགས་བཅས་པ། །དུས་འཁོར་ལ་སོགས་དཀྱིལ་འཁོར་ཀུན་གྱི་བདག །དཀོན་མཆོག་ཀུན་འདུས་ངོ་བོ་བླ་མ་ཡི། །སྐུ་ཡི་མཐའ་བསྐོར་ཕྱོགས་རྣམས་ཐམས་ཅད་དུ། །རྩ་རྒྱུད་བླ་མ་ཡི་དམ་ལྷ་ཚོགས་དང༌། །སངས་རྒྱས་བྱང་སེམས་མཁའ་འགྲོ་ཆོས་སྐྱོང་རྣམས། །སྤྲིན་བཞིན་འཁྲིགས་ནས་བདག་དང་སེམས་ཅན་ལ། །བརྩེ་བ་ཆེན་པོས་དགོངས་ཏེ་བཞུགས་པར་གྱུར། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ལ། །སྐུ་བཞིའི་ས་བོན་ཡིག་འབྲུ་བཞིས་མཚན་གྱུར། །སྐབས་འདིར་ནི་བླ་མ་ཉིད་དཀོན་མཆོག་ཀུན་འདུས་སུ་སྒོམ་པ་ཡིན་གྱི་སྤྱན་འདྲེན་སོགས་མི་དགོས་པར་གསུངས་སོ། །དེ་ནས་ཡན་ལག་བདུན་པ་འབུལ་བ་ནི། སྐུ་བཞིའི་མངའ་བདག་གཞོམ་མེད་རྡོ་རྗེའི་གསུང༌། །བདེ་ཆེན་སྤྲོས་བྲལ་འགྱུར་མེད་རྡོ་རྗེའི་ཐུགས། །རྡོ་རྗེ་འཆང་ཆེན་ངགདབང་བཤད་སྒྲུབ་དཔལ། །དཀོན་མཆོག་ཀུན་འདུས་ཞབས་ལ་ཕྱག་འཚལ་ལོ། །ཕྱི་མཆོད་ཉེར་སྤྱོད་བདུན་སོགས་མཁའ་དབྱིངས་ཁྱབ། །བདུད་རྩི་ལྔ་སོགས་ནང་གི་དམ་རྫས་དང༌། །བདེ་སྟོང་ཡེ་ཤེས་བསྐྱེད་པའི་གསང་ཡུམ་སོགས། །ཀུན་བཟང་མཆོད་པས་དཔལ་ལྡན་བླ་མ་མཆོད། །སྡོམ་པ་གསུམ་དང་འགལ་བ་ལ་སོགས་པ། །ཐོག་མེད་ནས་བསགས་སྡིག་ལྟུང་སོ་སོར་བཤགས། །རྗེ་བཙུན་དམ་པའི་གསང་གསུམ་ཡོན་ཏན་དང༌། །རང་གཞན་དུས་གསུམ་དགེ་ལ་རྗེས་ཡི་རང༌། །གསང་ཆེན་རིམ་གཉིས་ལམ་ལ་སོགས་པ་ཡི། །གང་འདུལ་ཆོས་འཁོར་བསྐོར་བར་མཛད་དུ་གསོལ། །སྐལ་དམན་བདག་སོགས་འགྲོ་ལ་ཉེར་དགོངས་ནས། །རྡོ་རྗེའི་སྐུ་ནི་བརྟན་པར་བཞུགས་སུ་གསོལ། །རབ་དཀར་དགེ་འདིས་ཁ་སྦྱོར་བདུན་ལྡན་གྱི། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་པར་ཤོག །དེ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པར་བྱ་སྟེ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་ལ་གསོལ་བ་འདེབས་སོ། །བླ་མ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་ལ་གསོལ་བ་འདེབས་སོ། །དགེ་འདུན་འདུན་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་ལ་གསོལ་བ་འདེབས་སོ། །བདེ་ཆེན་ཡེ་ཤེས་རྡོ་རྗེའི་བདག་ཉིད་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་བཟང་བོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབས་པར་མཛད་དུ་གསོལ། འཁོར་བ་ལ་ཞེན་པ་ལོག་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་དོན་ཁུར་དུ་ཁྱེར་བའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་མོ་སྤྲོས་བྲལ་སྟོང་ཉིད་ཀྱི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལས་རླུང་མཐའ་དག་དབུ་མར་ཞུགས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཉམས་རྟོགས་ཀྱི་འབྲས་བུ་མཁའ་ལྟར་ཁྱབ་པར་བྱིན་གྱིས་བརླབ་ཏུ་གསོལ། མཆོག་མི་འགྱུར་གྱི་བདེ་བ་ཆེན་པོའི་ཆ་ཤས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་བརྟེན་ནས་དཔལ་ལྡན་སྐུ་བཞིའི་འབྲས་བུ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་མ་ཐོབ་ཀྱི་བར་དུ་ཡང་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལེགས་པར་ཐོབ་ཅིང་རྗེ་བཙུན་བླ་མ་དམ་པ་ཁྱེད་ཀྱིས་རྗེས་སུ་བཟུང་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྒོམ་པ་ལ་ཕྱི་ནང་གི་བར་ཆད་གང་ཡང་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ཚུལ་བཞིན་དུ་སྒོམ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལེགས་པར་འདེབས། དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །བདག་ལ་བརྩེ་བའི་སྤྱན་གྱིས་ལྷག་པར་གཟིགས། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ཡི། །ཡི་གེ་བཞི་ལས་འོད་ཟེར་རྣམ་བཞི་འཕྲོས། །བདག་གི་གནས་བཞིར་ཐིམ་པས་སེམས་རྒྱུད་ལ། །མཚན་ལྡན་བླ་མའི་གསང་གསུམ་བྱིན་རླབས་ཞུགས། །ལུས་ལ་བདེ་བ་ཆེན་པོས་རྟག་ཏུ་ཁྱབ། །ངག་ལ་གཞོམ་མེད་རིག་སྔགས་ནུས་པ་འབར། །སེམས་ལ་བདེ་སྟོང་ཡེ་ཤེས་ཆེས་ཆེར་རྒྱས། །འཁོར་འདས་ཆོས་ཀུན་འོད་གསལ་འཁོར་ལོ་ཤར། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་གྱུར། །ཞེས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་ངང་ནས་མཚན་སྔགས་བཟླ། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཝ་གིནྡྲ་བི་སྨྲྀ་ཏ་སཱ་དྷྱ་ཤྲཱི་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཅི་ནུས་སུ་བཟླ། འདི་ལ་དབང་བཞི་ཚང་ཕྱིར་ལོགས་སུ་ལེན་མི་དགོས། བླ་མའི་སྐུ་ལས་འོད་ཟེར་ཚོགས་སྤྲོས་པས། །འགྲོ་བའི་སྒྲིབ་སྦྱངས་བདེ་ཆེན་ས་ལ་བཀོད། །འཁོར་རྣམས་འོད་ཞུ་བླ་མིའི་སྐུ་ལ་ཐིམ། །བླ་མའི་སྐུ་ལ་བདེ་སྟོང་གཟི་མདངས་རྒྱས། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། ། བླ་མ་རང་སེམས་དབྱེར་མེད་ཆོས་ཀྱི་སྐུ། །གནས་ལུགས་སྤྲོས་བྲལ་ངང་དུ་ཉམས་བཞག་ནས། །བདག་གི་སེམས་རྒྱུད་བྱིན་གྱིས་བརླབ་པར་གྱུར། །ཞེས་མོས་ལ། གསུམ་པ་རྗེས་ཀྱི་བྱ་བ་ནི། ཐེག་མཆོག་གདམས་ངག་སྟོན་ལ་དབང་འབྱོར་ཞིང༌། །ཟབ་རྒྱས་ཆོས་ཀྱི་བཤད་སྒྲུབ་དགའ་སྟོན་སྤེལ། །སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །བྱང་ཆུབ་སྙིང་པོའི་བར་དུ་གསོལ་བ་འདེབས། །བདག་ནི་སྐྱེ་བ་འདི་དང་ཚེ་རབས་ཀུན། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །གསང་ཆེན་ལམ་གྱི་ཉམས་དང་རྟོགས་པ་ཀུན། །མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཞེས་དགེ་བ་བསྔོའོ། །ཞེས་རྡོ་རྗེ་འཆང་ཆེན་པོ་ངག་དབང་བཤད་སྒྲུབ་དཔལ་གྱི་བླ་མའི་རྣལ་འབྱོར་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ཡང་གང་གི་སློབ་བུ་རིན་ཆེན་དཔལ་གྱིས་འཇམ་པའི་དབྱངས་ཀྱི་གསེར་སྐུ་དང་དར་བཅས་བསྐུལ་བ་སོགས་བློ་ལྡན་དུ་མའི་ངོར་མཚན་ལྡན་བླ་མ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པ་བཙུན་གཟུགས་སིདྡྷི་ཤྲཱི་ནས་དམ་པ་རྣམས་ཀྱི་གསུང་རྗེས་བཟློས་བྱས་ནས་སྦྱར་བའོ། །འདིས་ཀྱང་རྗེ་བཙུན་བླ་མས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །

ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཡབ་སྲས་བཅོ་ལྔའི་རྣམ་པར་ཐར་བ་ཚིགས་སུ་བཅད་པ་མདོར་བསྡུས་པ་ངོ་མཚར་རབ་གསལ།

ཆོས་རྗེ་ཀུན་མཁྱེན་ཆེན་པོ་ཡབ་སྲས་བཅོ་ལྔའི་རྣམ་པར་ཐར་བ་ཚིགས་སུ་བཅད་པ་མདོར་བསྡུས་པ་ངོ་མཚར་རབ་གསལ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ཀ་ཡ་རཏྣ་བྷྱཿ ཆོས་རྗེ་དཔལ་ལྡན་བླ་མ་ཀུན་མཁྱེན་ཡབ་སྲས་ཀྱི་རྣམ་ཐར་ཚིགས་སུ་བཅད་པ་ངོ་མཚར་རབ་གསལ་ཞེས་བྱ་བ། སྤྲུལ་སྐུ་ཆེན་པོ་ཆོས་རྗེ་མཚུངས་མེད་ཡབ་སྲས་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོས་དུས་ཀུན་ཏུ་རྗེས་སུ་བཟུང་དུ་གསོལ།རྒྱལ་བའི་རྣམ་འཕྲུལ་འཛམ་གླིང་རྒྱན་མཆོག་དཔལ། ། པད་མོའི་ཚལ་ལ་དམ་ཆོས་དགའ་སྟོན་འགྱེད། ། སྐལ་ལྡན་རྐང་དྲུག་ཚོགས་ཀུན་སྨིན་མཛད་པ། ། ཆོས་རྗེ་ཡབ་སྲས་བརྒྱུད་པའི་ཚོགས་ལ་འདུད། ། ཀུན་མཁྱེན་ཆོས་གྲགས་ལོ་ཙཱ་པནྚི་ཏ། ། ཕྱོགས་རྒྱལ་འབྲི་གུང་ཞིང་སྟོན་ཉ་དབོན་པ། ། ཐང་སྟོན་སྨན་ཆུ་རིན་ཚུལ་གྷ་རུང་བ། ། ཕུན་ཚོགས་བློ་གྲོས་བསོད་ནམས་བཟང་ལ་འདུད། །དད་ལྡན་རྐང་དྲུག་སྙན་པའི་གླུས་བསྐུལ་ནས། །དམ་ཆོས་སྦྲང་རྩིའི་དགའ་སྟོན་སྐུ་དྲིན་ཅན། ། ཆོས་རྗེ་ཡབ་སྲས་བཅོ་ལྔའི་རྣམ་པར་ཐར། ། ངོ་མཚར་རབ་གསལ་ཚིགས་སུ་བཅད་པར་བྱ། །འདྲེན་མཆོག་མཚུངས་མེད་རྒྱལ་བའི་ལུང་བསྟན་པ། །མཉམ་མེད་ཆོས་རྗེ་ཀུན་མཁྱེན་ཡབ་སྲས་ཀྱི། །ཁྱད་འཕགས་བཅོ་ལྔའི་རྣམ་ཐར་དཔག་མེད་ལས། །སོར་སྟེང་རྡུལ་ཙམ་བརྗོད་ལ་བདག་ཡིད་སྤྲོ།

ཆོས་རྗེ་ཀུན་མཁྱེན་ཆེན་པོའི་རྣམ་པར་ཐར་བ་མདོར་བསྡུས་པ།།

ཆོས་རྗེ་ཀུན་མཁྱེན་ཆེན་པོའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་ལོ་ཀེ་ཤྭ་ར་པྲཛྙཱ་དྷྭ་ཛ་སྭ་སྟི་སིདྡྷི་ཕ་ལ། དང་པོ་ཆོས་རྗེ་ཀུན་མཁྱེན་ཇོ་ནང་བ། །སྤྱན་རས་གཟིགས་མགོན་སྒྱུ་འཕྲུལ་རོལ་བའི་གར། །ཡུལ་ནི་མངའ་རིས་ཀ་ཡོ་རི་ཡི་གྲོང༌། །ཡེ་ཤེས་དབང་ཕྱུག་ལྷ་མོ་ཚུལ་ཁྲིམས་རྒྱན། །རྣམ་གཉིས་སྲས་སུ་ཆུ་ཕོ་འབྲུག་ལ་བལྟམས། །དེ་ལྟར་གཙུག་ཏོར་རྣམ་རྒྱལ་མ་ཡི་རྒྱུད། །བདེ་གཤེགས་མྱ་ངན་འདས་འོག་ཅེས་སོགས་ལྟར། །མདོ་རྒྱུད་དུ་མར་ཡང་ཡང་ལུང་བསྟན་པའི། །ཆོས་རྗེ་དགུང་ལོ་ལྔ་ནས་བཅུ་ཡི་བར། །སྐུ་ཞང་བྱང་ཆུབ་སེངྒེ་སོགས་བསྟེན་ནས། །གསང་སྔགས་རྙིང་མའི་ཆོས་ཀུན་ལེགས་བསླབ་ནས། །མཁས་པར་མཛད་དེ་གློ་བུ་སྟེང་ཤོད་དུ། །བྱོན་ནས་སྐྱི་སྟོན་འཇམ་དབྱངས་གྲགས་པ་ཡི། །དྲུང་དུ་བྱོན་ཏེ་ཟླ་གཅིག་ཙམ་ཉིད་ནས། །གོ་རྟོགས་བགྲོ་གླེང་མཁས་པའི་ཚད་ཕུལ་ཕྱིན། །མཁན་པོ་ཚུལ་ཁྲིམས་སྙིང་པོ་སོགས་ཀྱི་དྲུང༌། །དགུང་ལོ་བཅུ་གཅིག་དགེ་ཚུལ་སྡོམ་པ་བླངས། །མཚན་ནི་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ། །གསོལ་ནས་ཀ་རི་ཀ་དང་གཞུང་འགྲེལ་སོགས། །བསླབ་ནས་སོ་ཐར་སྡོམ་ལྡན་མཆོག་ཏུ་གྱུར། །སྐྱི་སྟོན་ལ་སོགས་མཁས་མཆོག་དུ་མ་ལས། །ཕར་ཚད་མངོན་གསུམ་སོགས་ལ་མཁས་པར་གྱུར། །དགུང་ལོ་ཉེར་གཅིག་ས་སྐྱའི་ཆོས་གྲྭར་བྱོན། །སློབ་གཉེར་དཔག་མེད་མཛད་ནས་མཐར་ཕྱིན་གྱུར། །བླ་མ་བདག་ཆེན་པ་ལས་ཐོས་པ་མཛད། །བླ་མ་སེང་གེ་རིན་ཆེན་ཡེ་ཤེས་དང༌། །གླིང་སྟོན་ཤཱཀྱ་གཞོན་ནུ་གུང་ཐང་པ། །དོན་གྲུབ་བླ་མ་བསོད་ནམས་རིན་ཆེན་དང༌། །གནས་རྙིང་དཀའ་བཞི་ཞ་ལུ་བྱང་སྟོན་དང༌། །ཁྲོ་ཕུ་རིན་ཐིགས་བླ་མ་ཆོས་པ་དང༌། །ཟུར་ཆོས་བ་སོགས་མཁས་པ་བརྒྱ་ཕྲག་དང༌། །བགྲོ་གླེང་མཛད་པས་ཁོང་ཚོས་སྔ་རྒོལ་དང༌། །ཕྱི་རྒོལ་གང་བྱས་ཆོས་རྗེ་རིན་པོ་ཆེས། །ལུང་རིགས་ཆོས་སྐད་རྒྱ་མཚོ་རབ་ཕྱེ་བས། །བློ་གསལ་དེ་དག་ཐམས་ཅད་ཟིལ་མནན་ནས། །མཁས་པའི་གྲགས་སྙན་སྲིད་ཞིའི་ཕྱོགས་ཀུན་ཁྱབ། །དགུང་ལོ་ཉེར་ལྔར་ས་སྐྱར་ཆོས་ཁྲིར་བཞུགས། །དགེ་འདུན་སྟོང་ཕྲག་ཕར་ཚད་མངོན་འདུལ་བཞིའི། །བཤད་པ་ཕུན་སུམ་ཚོགས་པ་དུས་གཅིག་མཛད། །སྔོན་ཆད་བཤད་པ་འདི་འདྲ་མ་བྱུང་བས། །སྤྲུལ་བའི་སྐུ་གཅིག་ཡིན་ཞེས་ངོ་མཚར་གྱུར། །ཉེར་བཞིར་མཁན་ཆེན་བསོད་ནམས་གྲགས་པ་སོགས། །དགེ་སློང་བཞི་བཅུ་ཙམ་གྱི་སྐུ་དྲུང་དུ། །བསྙེན་རྫོགས་མཛད་ནས་འདུལ་བ་སྡེ་བཞི་གསན། །མཁས་པར་མཛད་ནས་དགུང་ལོ་ཉེར་བརྒྱད་ལ། །ཀྱཻ་རྡོར་བསྒྲུབ་པ་མཛད་པས་བུམ་ཆུ་ཁོལ། །ནམ་མཁར་ཀྱཻ་རྡོར་ལྷ་དགུའི་ཞལ་གཟིགས་ནས། །བསྒྲུབ་པ་མཛད་པས་ངོ་མཚར་ལྟས་བཟང་བྱུང༌། །དགུང་ལོ་ཉེར་དགུར་ས་སྐྱའི་གདན་ས་མཛད། །དབྱར་ཆོས་དགུན་ཆོས་བཙུགས་ནས་ཆོས་མང་གསུངས། །དེ་དུས་ཉམས་མྱོང་ཁྱད་པར་ཅན་ཡང་མཛད། །དེ་རྗེས་ཇོ་ནང་སྒོམ་ཆེན་མཆོག་རྣམས་ཀྱི། །ཉམས་མྱོང་ཁྱད་འཕགས་སྐྱེ་ཚུལ་གླེང་གསན་པས། །སྤྱན་ཆབ་འཁྲིགས་ནས་དགུང་ལོ་སོ་གཅིག་དུས། །ཇོ་ནང་དཔལ་དུ་རྟེན་འབྲེལ་ལེགས་པའི་ངང༌། །ཆོས་རྗེ་ཡོན་ཏན་རྒྱ་མཚོའི་དྲུང་དུ་ཕེབས། །སྦྱོར་དྲུག་ལ་སོགས་ཟབ་ཁྲིད་སྣ་ཚོགས་ཀྱི། །ཟབ་མོའི་ཆོས་སྐོར་ཐམས་ཅད་ལེགས་གསན་ནས། །ཉམས་མྱོང་ཁྱད་ཅན་ཐད་ཀར་རྒྱུད་ལ་འཁྲུངས། །རྒྱུད་འགྲེལ་ལ་སོགས་བཀའ་ཆོས་མཐའ་ཡས་གསན། །རྡོ་རྗེ་ཚིག་གི་མདུད་གྲོལ་དཀར་རྩིས་དང༌། །ལྷ་བྲི་ལ་སོགས་ཞོར་ལ་སྦྱང་བ་མཛད། །སྐྱིད་ཕུག་བཞུགས་ནས་ཆོས་གྲགས་དཔལ་གྱིས་ནི། །རྒྱུད་འགྲེལ་མཁྱེན་མཛད་དགུང་ལོ་སོ་གསུམ་ནས། །སོ་བཞིའི་བར་དུ་ཇོ་ནང་ཚོགས་པ་ལ། །དབྱར་ཆོས་དགུན་ཆོས་དབང་བཀའ་སྣ་ཚོགས་གསུངས། །དགུང་ལོ་སོ་ལྔར་གདན་ས་མཛད་ནས་ནི། །གདུལ་བྱ་ཐམས་ཅད་སྨིན་གྲོལ་ལམ་ལ་སྦྱར། །ལོ་གཉིས་རྗེས་ནས་ཆོས་རྗེ་རིན་པོ་ཆེ། །ཡོན་ཏན་རྒྱ་མཚོ་ཞི་བར་གཤེགས་རྫོངས་སུ། །སྐུ་འབུམ་ཆེན་པོ་འཛམ་གླིང་རྒྱན་བཞེངས་ཚེ། །རྡོ་གཏེར་ཤིང་གཏེར་རིན་པོ་ཆེ་ལ་སོགས། །དཔག་མེད་འདུས་ནས་ཉིན་མོ་ལྷ་མི་དང༌། །མཚན་མོར་ཀླུ་དང་མི་མ་ཡིན་རྣམས་ཀྱིས། །མིག་འཕྲུལ་ལྟ་བུར་བཞེངས་ཏེ་དེ་སྐབས་སུ། །ཆོས་རྗེ་ཉིད་ཀྱིས་སྐུ་ཡི་བཀོད་པ་ནི། །དུས་གཅིག་དཔག་མེད་ངོ་མཚར་མཛད་པ་བསྟན། །རབ་གནས་མཛད་ཚེ་དགེ་ལེགས་བཀྲ་ཤིས་ཀྱི། །ངོ་མཚར་དཔག་མེད་བྱུང་བ་བསམ་བརྗོད་བྲལ། །བྲེ་ནང་ཙནྡན་བདེ་མཆོག་ཀྱེ་རྡོར་དང༌། །དུས་འཁོར་རྟ་མགྲིན་སྐུ་དང་གདོང་འདེགས་ཀྱི། །པདྨའི་ནང་དུ་དུས་འཁོར་གཞལ་ཡས་ཁང༌། །གསེར་གྱི་རྒྱུད་སྡེ་ལ་སོགས་སྐུ་གསུང་ཐུགས། །བྱིན་རྟེན་རླབས་ཅན་མང་པོ་བཞེངས་པར་མཛད། །དེ་ནས་དུས་འཁོར་ཆ་ལག་བཅོ་བརྒྱད་དང༌། །ངེས་དོན་རྒྱ་མཚོ་ལ་སོགས་གྲུབ་མཐའ་ཡི། །ཆོས་སྐོར་བཅུ་དྲུག་ཡུམ་གྱི་མཆན་བུ་དང༌། །གསོལ་འདེབས་ཉེར་ལྔ་ཐུགས་རྗེ་ཆེན་པོ་ཡི། །ཆོས་སྐོར་ཉེར་གསུམ་བསྟོད་བསྐོར་བཅུ་བཞི་དང༌། །སྐུ་འབུམ་ཆེན་པོའི་ཆོས་སྐོར་ལྔ་དང་ནི། །རྡོར་ཕྲེང་དབང་སྐོར་གསུམ་དང་སྤྲིང་ཡིག་བརྒྱད། །སྨོན་ལམ་གསུམ་དང་བཀྲ་ཤིས་བཞི་རྣམས་ཏེ། །ཆོས་ཚན་དོན་ལྔས་ཐུབ་བསྟན་གསལ་བར་མཛད། །དེ་ནས་ལོ་ཙཱ་བློ་གྲོས་དཔལ་ལ་ནི། །གདན་ས་གཏད་ཅིང་འཕྲིན་ལས་རྒྱས་པར་མཛད། །ཆོས་རྗེས་སྐུ་མཚམས་གཙོར་མཛད་མཚན་སྙན་གྱིས། །ཕྱོགས་ཀུན་ཁྱབ་པས་དགུང་ལོ་ང་གསུམ་པར། །རྒྱ་ནག་རྒྱལ་པོས་གདན་འདྲེན་ཞུ་རུ་འོང༌། །རྟ་མགྲིན་བསྒྲུབ་པས་རྟ་སྐད་ལན་གསུམ་གྲགས། །གཟིམ་གཡོག་པས་ནི་ཐེངས་རེ་སྤྱན་རས་གཟིགས། །དུས་འཁོར་ལ་སོགས་མཐོང་སྣང་སྣ་ཚོགས་བྱུང༌། །ཐུགས་ཤེས་མཁྱེན་པ་ཆགས་ཐོགས་མེད་པར་མཛད། །ཆོས་རྗེ་དགུང་ལོ་རེ་གསུམ་ལོ་ཙཱ་བ། །ཞི་བར་གཤེགས་ནས་ཕྱོགས་ལས་རྣམ་རྒྱལ་ལ། །གདན་ས་གཏད་ཅིང་དགུང་ལོ་རེ་བདུན་ནས། །གྲྭ་མང་བཅས་ཏེ་ཁྱི་ལོར་ལྷ་སར་བྱོན། །ལམ་བར་དགེ་འདུན་མང་པོས་གདན་དྲངས་ནས། །རོལ་ཆ་སེར་འཕྲེང་ལེགས་པར་བསུས་བ་བྱས། །འགྲོ་དོན་རིམ་མཛད་ལྷ་སར་ལེགས་བྱོན་ནས། །རྟེན་ལ་མཆོད་པ་ཕུན་སུམ་ཚོགས་པར་མཛད། །ལོ་ངོ་གཉིས་ནས་སྨོན་ལམ་དཔལ་ལ་སོགས། །གདན་འདྲེན་འོངས་ནས་བྱི་བའི་ལོར་བྱོན་ཏེ། །སྟོན་ཁར་ཇོ་ནང་དཔལ་དུ་ཆགས་ཕེབས་ནས། །གཞི་བྱེས་དགེ་འདུན་ཐམས་ཅད་ཐུགས་དགྱེས་ཤིང༌། །ཆོས་དང་ཟང་ཟིང་གིས་ནི་ཐུགས་མཉེས་མཛད། །རྫུ་འཕྲུལ་གྲུབ་རྟགས་མཛད་པ་བརྗོད་མཐའ་བྲལ། །དེ་ནས་དགུང་ལོ་བདུན་ཅུར་ཐུགས་དགོངས་ཀྱི། །བཞེད་དོན་མཐའ་དག་རྫོགས་ནས་ལྕགས་གླང་ལོར། །ཞི་བར་གཤེགས་ཚུལ་བསྟན་ཚེ་ས་གཡོས་པ། །འཇའ་འོད་མེ་ཏོག་ཆར་བ་ལ་སོགས་ཀྱི། །ངོ་མཚར་དགེ་བའི་མཚན་ལེགས་དཔག་མེད་བྱུང༌། །དེ་ནས་ཚེས་བདུན་སྤུར་གྱི་དུས་མཆོད་སྐབས། །སངས་རྒྱས་ཀུན་གྱི་མཛོད་སྤུ་ཞེས་སོགས་ལྟར། །རྟགས་མཚན་ཁྱད་འཕགས་བྱུང་ནས་སྤུར་བཞུས་ཚེ། །དུ་བ་ཐམས་ཅད་འཇའ་འོད་ཁྱབ་པ་དང༌། །འོད་གསལ་རྫ་མ་ལྟ་བུའི་ཕྲེང་བ་ཡི། །ནམ་མཁར་ཁྱབ་པ་གཙང་པོའི་ཆུ་བོ་ནི། །གྱེན་དུ་བཟློག་དང་ནམ་མཁར་རོལ་མོ་སོགས། །སྙན་པའི་སྒྲ་དབྱངས་བྱུང་ནས་བར་སྣང་ལ། །མེ་ཏོག་སྣ་ཚོགས་ཆར་ཟིམ་དྲི་བཟང་སོགས། །ངོ་མཚར་ཁྱད་འཕགས་མཚན་ལེགས་དཔག་མེད་བྱུང༌། །གདུང་ཁང་ཕྱེ་ཚེ་སྒལ་ཚིགས་དུས་འཁོར་གྱི། །ཕྱག་མང་ཡབ་ཡུམ་དཔྲལ་བར་རྟ་མགྲིན་གྱི། །ཡང་གསང་འཁྲོས་པ་དཔུང་གཡས་མི་གཡོ་བ། །ལྟག་པར་སངས་རྒྱས་ཐོད་པ་ཡབ་ཡུམ་བྱུང༌། །ཕྱག་མཛུབ་སྤྱན་རས་གཟིགས་སོགས་སྐུ་དུ་མ། །སྟོང་ཆེན་ལྔ་དང་ཧྲཱིཿཡིག་ཨ་ལ་སོགས། །གསུང་རྟེན་མང་བྱོན་དུང་དཀར་གཡས་འཁྱིལ་དང༌། །རིང་བསྲེལ་མང་པོ་ཐུགས་རྟེན་དཔག་མེད་བྱུང༌། །དེ་ནས་གདུང་ཐལ་སྐུ་འདྲ་བཞེངས་པ་དང༌། །དུས་མཆོད་སྐབས་ཀུན་ངོ་མཚར་དཔག་མེད་བྱུང༌། །འགྲོ་མགོན་བཻཌཱུར་ས་གཞི་གཙང་མ་ལ། །ཆོས་རྗེ་ཐུབ་དབང་མིག་སྟོང་རྣམ་པར་ཤར། །དབྱིངས་ནས་གཟིགས་ཤིག་ཚད་མེད་ཐུགས་རྗེ་ཅན། །ཁྱེད་ཀྱི་ཞབས་དྲུང་འབྲལ་མེད་སྐྱེ་བར་ཤོག །ཅེས་ཆོས་རྗེ་ཀུན་མཁྱེན་ཆེན་པོའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་དང་པོའོ། །

བྱང་ཆུབ་སེམས་དཔའ་ཆོས་གྲགས་དཔལ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

བྱང་ཆུབ་སེམས་དཔའ་ཆོས་གྲགས་དཔལ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་དྷརྨ་ཀིརྟི་ཤྲཱི སྭ་སྟི་སིདྡྷི་ཕ་ལ། དེ་ནས་རང་འདྲའི་བུ་ཆེན་བཅུ་གསུམ་གྱི། །རྣམ་ཐར་མདོར་བསྡུས་ཙམ་དུ་བརྗོད་པ་ལ། ། དཔལ་ལྡན་སྒྱུ་འཕྲུལ་དྲ་བའི་རྒྱུད་ལས་ནི། །རེ་ཞིག་དང་པོར་དངོས་གྲུབ་ཞེས་སོགས་ནས། །སློབ་དཔོན་མཚན་ཉིད་བཤད་པར་བྱ་ཞེས་ལྟར། །བྱང་སེམས་ནམ་མཁའི་སྙིང་པོའི་སྤྲུལ་པ་ནི། །ཀུན་སྤངས་ཆོས་གྲགས་དཔལ་བཟང་དེའི་འཁྲུངས་ཡུལ། །ར་ལུང་ཞེས་བྱ་ཡབ་ནི་བལ་པོ་ཡི། ། རཏྣ་མ་ཏི་ཞེས་བྱ་གཙང་ཉང་སྟོད། །ལྷ་བཟོར་བོས་ནས་སྲས་མོ་ཡེ་ཤེས་སྒྲོན། །བསྡེབ་ནས་ནོར་ཕྱུགས་མང་ཀྱང་བུ་མེད་པས། །ལོགས་སུ་བག་མ་ལེན་ཆས་བྱེད་པའི་ཚེ། །ཡེ་ཤེས་སྒྲོན་ལ་སྡུག་བསྔལ་མི་བཟོད་པས། །གཟིར་བ་རྒྱ་གར་ཞི་བ་བཟང་པོས་མཁྱེན། །དེ་ལ་བརྩེ་བས་གཤེགས་ནས་ར་ལུང་དུ། །ལྷུམས་སུ་ཞུགས་ནས་ཆུ་མོ་ལུག་ལ་ནི། །ངོ་མཚར་ལྟས་བཟང་དུ་མ་བཅས་པ་ཡི། །སྐུ་བལྟམས་དེའི་ཚེ་ཕ་མ་ཉེ་འབྲེལ་བཅས། །དགའ་ཚོར་སྐྱེས་ནས་བཙས་སྟོན་རྒྱ་ཆེར་བྱས། །ཕྱི་དུས་མིང་སྲིང་བདུན་སྐྱེས་དགའ་སྐྱིད་ཅིང༌། །དམ་པ་འདི་ནི་དགུང་ལོ་ལྔ་ལོན་ནས། །ལྷ་བཟོ་ཡིག་འབྲི་བླུག་མགར་ལ་སོགས་པའི། །ཤེས་བྱའི་གནས་ལ་བསླབས་པས་མཁས་པར་གྱུར། །གཟུགས་བཟང་བ་དང་ངག་སྙན་རིགས་བཙུན་པ། །ཤེས་རབ་ཆེ་བ་འདོད་ཆུང་ཡི་གེ་མཁས། །དགུང་ལོ་བདུན་ལོན་བྱང་ཆུབ་འོད་ཟེར་གྱི། །དྲུང་དུ་བྱོན་ནས་དགེ་བསྙེན་ཡང་དག་མཛད། ། བསླབ་པ་ཡང་དག་བསྲུངས་ཞིང་བྱམས་ཆོས་ལྔ། །བློ་ལ་ཟིན་ཅིང་བགྲོ་གླེང་ཆོས་མང་མཁྱེན། །དགུང་ལོ་བརྒྱད་པར་གུང་ཐང་ཞབས་བཅག་ནས། །མཁན་ཆེན་དོན་གྲུབ་དཔལ་སོགས་དགེ་འདུན་གྱི། །དྲུང་དུ་དགེ་ཚུལ་སྡོམ་བླངས་མཚན་ལ་ནི། །ཆོས་གྲགས་དཔལ་བཟང་ཞེས་གསོལ་ཐུགས་དགྱེས་མཛད། །མཁན་ཆེན་དེ་ལས་ཀ་རི་ཀ་ལྔ་བཅུ། །ཡུམ་བརྒྱའི་གཞུང་འགྲེལ་གསན་ནས་ཐུགས་སུ་ཆུད། །དགུང་ལོ་བཅུ་གཉིས་བར་དུ་རྣམ་འགྲེལ་དང༌། །རིགས་གཏེར་རྣམ་ངེས་མངོན་པ་རྣམས་གསན་ཅིང༌། །མཁས་པའི་གྲགས་སྙན་ཐོབ་ཅིང་ས་སྐྱར་བྱོན། །འདྲེན་མཆོག་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལས། །ཕར་ཕྱིན་ཚད་མ་མངོན་པ་སྤྱོད་འཇུག་ཀུན། །གསན་བསམ་མཛད་ནས་བློ་གསལ་མང་པོ་ལ། །ཚད་མའི་གཞུང་བཤད་མཛད་པས་སྙན་གྲགས་ཀྱིས། །ཕྱོགས་ཀུན་ཁྱབ་ནས་དགུང་ལོ་ཉེར་གཅིག་པར། །དབུས་གཙང་དགོན་སྡེ་དུ་མར་གྲྭ་སྐོར་མཛད། །མཁས་པའི་སྐྱེས་བུ་མང་དུ་ལེགས་བསྟེན་ནས། །ཕྱི་ནང་ཆོས་སྐོར་གསན་བསམ་རྒྱ་ཆེན་མཛད། །ཞ་ལུར་བྱོན་ནས་བུ་སྟོན་ཁ་ཆེའི་དྲུང༌། །དབང་ནི་བརྒྱ་རྩ་མི་ཏྲ་བརྒྱ་རྩ་དང༌། །རྡོར་ཕྲེང་བརྟག་གཉིས་ཁྲིད་རིགས་མང་ཐོས་མཛད། །གསང་ཕུ་ནེའུ་ཐོག་ཐར་པ་ལོཙྪ་བ། །ཉི་མ་རྒྱལ་མཚན་དྲུང་དུ་སྒྲ་བསླབ་ཅིང༌། །ལཉྩའི་ཡི་གེ་སོགས་ལ་མཁས་པར་མཛད། །གསང་བ་སྤྱི་རྒྱུད་ཟླ་གསང་ཐིག་ལེ་དང༌། །འཇམ་དཔལ་རྩ་རྒྱུད་བདེ་མཆོག་འབུམ་ལྔ་གསན། །དགུང་ལོ་ཉེར་གསུམ་ཇོ་ནང་དཔལ་དུ་བྱོན། །ཆོས་རྗེ་ཡོན་ཏན་རྒྱ་མཚོ་སོགས་ཀྱི་དྲུང༌། །བསྙེན་རྫོགས་མཛད་ཅིང་འདུལ་ལུང་སྡེ་བཞི་ཡི། །ཆོས་སྐོར་ཞུས་ནས་ལེགས་པར་མཁྱེན་པ་ཡིས། །དགེ་སློང་རྡོ་རྗེ་འཛིན་པའི་མཆོག་ཏུ་གྱུར། །དེ་ནས་དུས་ཀྱི་འཁོར་ལོའི་དབང་རྒྱུད་འགྲེལ། །ཁྲིད་སྐོར་མང་གསན་ཉམས་རྟོགས་ཁྱད་པར་ཅན། །རྒྱུད་ལ་འཁྲུངས་ནས་འཛུམ་ཆོས་ལུང་དུ་བྱོན། །ཆོས་རྗེ་འཛུམ་པའི་དྲུང་དུ་དཔལ་མཁའ་འགྲོ །རྒྱ་མཚོའི་རྒྱུད་དང་སྦྱོང་རྒྱུད་བཅུ་གཉིས་དང༌། །དུས་ཞབས་མཚན་བརྗོད་འགྲེལ་བ་ནཱ་རོ་པའི། །དབང་མདོར་བཤད་པ་རྣམས་ལ་གསན་བསམ་མཛད། །དགུང་ལོ་ཉེར་ལྔར་ཆོས་རྗེ་ཀུན་མཁྱེན་དང༌། །ཞལ་མཇལ་ཆོས་ཀྱི་གསུང་གླེང་མཛད་པ་ཡིས། །མཁྱེན་པའི་ཡོན་ཏན་དཔག་མེད་མངའ་བ་ཡི། །སྐྱེས་བུ་དམ་པར་གཟིགས་ནས་སྐྱེ་མང་ལ། །པཎ་གྲུབ་ཡོན་ཏན་བཟང་པོ་ཡིན་པར་མཁྱེན། །སྤྱན་ཆབ་འཁྲིགས་ཤིང་ཆོས་གནང་གསོལ་བ་གདབས། །ཆོས་རྗེའི་ཞལ་ནས་ངེད་ནི་བྱ་བྲལ་བ། །ཡིན་པས་ཁྱེད་ཀྱི་བླ་མར་འོངས་བ་ཡི། །ལུགས་མེད་ཐོས་པ་ཤིན་ཏུ་རྒྱ་ཆེན་པོར། །སྣང་བས་ཐུགས་ལ་བཏགས་ཞེས་ཞལ་གསུངས་མཛད། །སླར་ཡང་ཕྱག་འཚལ་དབུས་གཙང་གང་ཕྱིན་ཀྱང༌། །ཁྱོད་ལྟའི་ཡོན་ཏན་ཆེ་བ་མ་མཐོང་བས། །དེ་རིང་ཕྱིན་ཆད་འབྲལ་མེད་ཆོས་སློབ་གསོལ། །ཞེས་ཞུས་ཆོས་རྗེས་འོ་ན་དུས་འཁོར་གྱི། །མཛུབ་ཁྲིད་འབུལ་གསུངས་གཞན་གྱིས་མ་ཚོར་བར། །སྐྱིད་ཕུག་ཆོས་ཀྱི་ཕོ་བྲང་བྱོན་ནས་ནི། །ལོ་གྲངས་བཅུ་གཉིས་འབྲལ་མེད་ལེགས་བསྟེན་ནས། །ལོ་གཅིག་རྒྱུད་འགྲེལ་གསན་ནས་མྱུར་མཁྱེན་ལ། །རྩིས་ཀྱི་རྒྱུ་མཚན་རྩིས་དཔེ་ཆེན་མོ་དང༌། །བསྟན་རྩིས་གཟའ་ལྔ་ལྔ་བསྡུས་ནམ་མཁའ་ལ། །གོ་ལ་འཁོར་ཚུལ་ཁྱིམ་ནི་བཅུ་གཉིས་ཀྱི། །བགྲོད་པའི་ངེས་པ་ས་གླིང་བཅུ་གཉིས་དང༌། །ཟླ་བ་བཅུ་གཉིས་འཆར་ཚུལ་ལ་སོགས་ལ། །ལེགས་པར་བསླབ་ཅིང་ཐུགས་ཆུད་སེམས་འགྲེལ་གྱི། །སྐོར་གསུམ་རྡོ་རྗེ་ཕྲེང་བ་ཕར་ཚད་མངོན། །འདུལ་བ་རྒྱུད་འབུམ་ཡུམ་སྐོར་ཁྲིད་རིགས་དང༌། །དབང་དང་སྦྱིན་སྲེག་ནཱ་རོ་ཆོས་དྲུག་དང༌། །དམར་ཁྲིད་ཕྱག་དྲུག་ཆོས་སྐོར་རྣམ་སྲས་ཀྱི། །ལས་ཚོགས་ལ་སོགས་མདོར་ན་ཆོས་རྗེ་ལ། །མངའ་བའི་ཕྱི་ནང་ཆོས་ཀུན་ལེགས་པར་ཞུས། །ལག་ལེན་དམར་ཁྲིད་བཞིན་དུ་ཡང་དག་པར། །གསན་ཅིང་ཆོས་རྗེས་རྟེན་བཞེངས་ཆ་རྐྱེན་ལ། །ནས་ཁལ་སུམ་བརྒྱ་གསེར་སྲང་དགུ་ཕུལ་ནས། །ཕྱི་ནང་ལས་ཀའི་དཔོན་མཛད་དེ་ནས་ནི། །འཇིག་རྟེན་བྱ་སྤངས་ཕ་ཞིང་བགོ་སྐལ་གྱི། །ཐོག་ཤས་ལུག་གསུམ་མ་གཏོགས་དད་ཟས་སྤངས། །སྐུ་མཚམས་གཙོར་མཛད་སྟོན་པ་ཡེ་ཤེས་ཀྱིས། །གདན་དྲངས་ཆུ་བཟང་དགོན་ཕུལ་ཐོག་མར་ལ། །ཚད་མ་རྣམ་ངེས་ལོ་གསུམ་འཆད་ཉན་བཙུགས། །རྒྱུད་འགྲེལ་ཆེན་མོ་དབྱར་དགུན་བཞིར་གསུངས་ལ། །དེ་ཡི་སྟོན་ལ་གསེར་འགྱུར་མཛད་གྱུར་ནས། །དགུན་སྟོད་ཆོས་རྗེ་ཆུ་བཟང་སྤྱན་དྲངས་ནས། །རྟེན་གསུམ་རབ་གནས་མཛད་ཚེ་ཁང་སྟེང་དུ། །འོད་ཟེར་དཀར་པོ་ཟུག་པ་ཀུན་གྱིས་མཐོང༌། །དེ་ནས་དབྱར་དགུན་སྐུ་མཚམས་བཞུགས་པའི་ཚེ། །ནུབ་ཕྱོགས་སྣང་བ་མཐའ་ཡས་སྐུ་དང་ཞིང༌། །མངོན་སུམ་གཟིགས་ནས་རང་ལུས་རྩ་འཁོར་ལ། །ཐིག་ལེ་འབར་འཛག་བྱེད་པ་མཐོང་བ་དང༌། །རླུང་ལྔའི་ཁ་དོག་གསལ་ཞིང་བདེ་ཉམས་ཀྱི། །ཉམས་རྟོགས་འཁྲུངས་ཤིང་སྤྱན་ལྔ་མངོན་ཤེས་དང༌། །ཡོན་ཏན་སྣ་ཚོགས་བརྟན་པར་ཐོབ་པ་དང༌། །བདེན་ཚིག་གྲུབ་ནས་འཛིན་པ་ཐོབ་པ་དང༌། །རྫུ་འཕྲུལ་ལ་སོགས་དཔལ་ལ་མངའ་དབང་བསྒྱུར། །ཆོས་རྗེ་རིན་པོ་ཆེ་ཡི་སྐུ་ཚབ་ཏུ། །རྒྱ་ནག་གིས་ནི་གདན་དྲངས་ཞབས་རྗེས་ཀུན། །ཙམ་པ་ཀ་ཡི་མེ་ཏོག་རེ་རེ་སྐྱེས། །ཕོ་བྲང་བྱོན་ནས་སྐུ་ཡི་འོད་ཟེར་གྱིས། །རིན་པོ་ཆེ་ཡི་ཁང་པ་འོད་འཚེར་སོགས། །ཐམས་ཅད་མོག་མོག་རྒྱལ་པོ་འཁོར་བཅས་ཀྱི། །ཇི་ལྟར་བསམ་པ་ཐམས་ཅད་ལེགས་ཤེས་པ། །མཁྱེན་པ་ཆགས་ཐོགས་མེད་པར་མཛད་ལ་གུས། །དེ་ནས་རྒྱ་ནག་ཟླ་བདུན་ཆོས་བསྟན་ནས། །རྒྱལ་པོས་ཆོས་རྗེའི་སྐུ་གདུང་ལ་བྱོན་པའི། །སངས་རྒྱས་ཐོད་པ་གནང་པའི་ཞུ་བ་ཕུལ། །ཆོས་རྗེ་ལོ་རྒྱུས་ཞུས་པས་སྐྱེ་རབས་ལྔ། །བརྒྱ་ཅུའི་སྡེ་བ་མཛད་དེ་སླར་བྱོན་ནས། །བྱང་ཕྱོགས་བར་དུ་སུ་གའི་དམག་ཟློག་ཅིང༌། །ཁྱི་ལོར་དབུས་གཙང་ཕེབས་ནས་རྒྱུད་འགྲེལ་བཙུགས། །དེ་ནས་འབྲི་གུང་སྟག་ལུང་ཚུན་ཆད་དང༌། །ཡར་ལུང་ཡན་ཆད་གདན་དྲངས་སེར་ཕྲེང་དང༌། །རོལ་ཆས་བསུས་ནས་འདོད་ཆོས་སྣ་ཚོགས་གསུངས། །དེའི་ཚེ་ནམ་མཁར་འཇའ་དང་མེ་ཏོག་ཆར། །གསུང་ཆོས་གཞི་ལམ་འབྲས་གསུམ་རྣམ་བཞག་དང༌། །རྒྱུད་སྡེའི་དབྱེ་བ་རྩིས་དཔེའི་རྒྱུ་མཚན་དང༌། །ཕྱག་དྲུག་ཆོས་སྐོར་རྣམ་སྲས་ཆོས་སྐོར་སོགས། །གསུང་རབ་དུ་མ་བསྟན་པའི་མཛེས་རྒྱན་བཀོད། །དེ་ནས་སྟོད་ལུང་མཚུར་ཕུའི་གནས་སུ་བྱོན། །རྟེན་ལ་ཕྱག་ནས་གཏོར་བས་འབྲུ་ཚུགས་མཛད། །ཕྱིན་ཆད་མར་མེ་འཛིན་པ་བྱུང་བ་དང༌། །མཁས་པ་སྟོང་ཕྲག་མང་པོར་ལུང་རིགས་ཀྱི། །བགྲོ་གླེང་མཛད་པས་རྣམ་པར་རྒྱལ་གྱུར་ནས། །ཆུ་བཟང་བྱོན་ཏེ་བཤད་སྒྲུབ་རྟག་ཏུ་བརྩོན། །དགུང་ལོ་གྱ་གཅིག་བཞེས་དུས་དཔལ་སྟེང་གི །དགོན་པར་བཤད་སྟོན་གདན་འདྲེན་འོང་བའི་ཚེ། །སྲོག་གི་བར་ཆད་འོང་བ་སྲིད་གྱུར་ཀྱང༌། །བསྟན་དང་འགྲོ་ལ་ཕན་པར་གྱུར་ནའང༌། །སྒྱུ་མའི་སྲོག་ལ་མི་ལྟ་ཞེས་གསུངས་ནས། །བྱོན་པའི་ལམ་གར་སྡིག་ཅན་གླང་དར་མའི། ། སྤྲུལ་བ་བྱང་པ་སིད་དྷི་དང་ཕྲད་པས། །རལ་གྲི་ངར་མ་ཤུབ་ནས་ཕྱུང་ནས་ནི། །བྱང་སེམས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན། །བཞུགས་ནས་ཇི་ལྟར་བརྒྱབ་ཀྱང་ཆོད་མ་ནུས། །གྲྭ་བ་ཀུན་བྲོས་གསོད་ཐབས་མ་རྙེད་ཚེ། །བྱང་ཆུབ་སེམས་དཔས་སྒྱུ་མའི་སྲོག་འདི་ནི། །ཅི་བྱ་ཁོང་གི་བསམ་པ་བཞིན་དུ་བགྱི། །སྙམ་ནས་སྒྱུ་མ་ལྟ་བུའི་ཏིང་འཛིན་ལ། །མཉམ་པར་བཞག་ནས་རལ་གྲིས་རྒྱོབ་ཅིག་གསུངས། ། མཆན་ཁུང་བརྒྱབ་པའི་ཁྲག་ནི་འོ་མར་གྱུར། །ལན་གསུམ་བརྒྱབ་པས་བྱང་སེམས་ཤངས་ཁུང་ནས། །དཀར་ལ་དྭངས་བ་ཤར་ཤར་བབ་པ་དང༌། །ས་གཞི་མི་བཟད་བཞིན་དུ་གཡོས་པ་ན། །སྡིག་ཅན་མ་དགའ་བྲོས་ནས་སོང་བའི་ཚེ། །གྲྭ་བ་ཐམས་ཅད་ངུ་འབོད་བཞིན་དུ་འདུས། །བལྟས་ཚེ་གསང་བའི་རྩེ་མོར་དམར་ཆ་བབ། །ནམ་མཁའི་ཁམས་སུ་འཇའ་ཚོན་སྣ་ཚོགས་ཀྱིས། །ཁྱབ་སྟེ་བར་སྣང་ཐམས་ཅད་ལྷའི་མེ་ཏོག །ཆུ་ཤོག་ཙམ་གྱིས་བུ་ཡུག་བབ་པ་དང༌། །ས་གཞིའི་ཁམས་སུ་དྲི་བཟང་ཁྱད་འཕགས་ལྡང༌། །སྐུ་གདུང་ཆུ་བཟང་གདན་དྲངས་ཕྱོགས་རྒྱལ་དང༌། །མ་ཏི་པཎ་ཆེན་ལ་སོགས་ཡོངས་འཛིན་དག །འདུས་ནས་སྤུར་སྦྱངས་གདུང་ཁང་ཞལ་ཕྱེ་བས། །དཔྲལ་བར་ཚེ་དཔག་མེད་དང་ཕྱག་ངར་གཉིས། །ཛཾ་ལྷ་སེར་ནག་དུང་དཀར་འབྲུ་ཙམ་གསུམ། །གྲུ་མོ་གཉིས་ལ་འཇམ་དཔལ་ཡིད་བཞིན་གྱི། །འཁོར་ལོ་རྣམས་བྱོན་རིང་བསྲེལ་ཁྱད་པར་ཅན། །དཔག་མེད་བྱུང་ནས་གཤེགས་རྫོགས་དུས་མཆོད་སྐབས། །གཤེགས་དང་གཤེགས་པའི་དུས་ཀུན་ནམ་མཁའ་ལ། །སྒྲ་ཆེན་འཇའ་འོད་རོལ་མོ་ལ་སོགས་པའི། །ངོ་མཚར་དཔག་མེད་དགེ་མཚན་རབ་འབར་བ། །འཕགས་པ་ནམ་མཁའི་སྙིང་པོའི་སྤྲུལ་པའི་སྐུ། །རྒྱལ་སྲས་ཚོགས་གཉིས་རྒྱ་མཚོའི་བསྡུས་ཙམ་ནས། །མ་དྲོས་ཀླུ་ཡི་རྟེན་གནས་གང་ལ་བགྱི། །མ་རུང་སྐྱེ་དགུ་འདྲེན་པར་བྱིན་གྱིས་རློབས། །ཞེས་བྱང་ཆུབ་སེམས་དཔའ་ཆོས་གྲགས་དཔལ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་གཉིས་པའོ།།

ལོ་ཙཱ་བ་ཆོས་ཀྱི་སྤྱན་ཅན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ལོ་ཙཱ་བ་ཆོས་ཀྱི་སྤྱན་ཅན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་མ་ཏི་ཤྲཱི་སྭ་སྟི་སིདྡྷི་ཕ་ལ། འཕགས་པ་སྒྲིབ་པ་རྣམ་སེལ་སྤྲུལ་པ་ནི། །སྒྲ་བསྒྱུར་ཆོས་ཀྱི་རྒྱལ་པོ་བློ་གྲོས་དཔལ། །མདོ་སྨད་ཡབ་ནི་ཡེ་ཤེས་བཟང་པོ་དང༌། །ཡུམ་ནི་ལྷ་མོ་སྦྱིན་དགའ་གཉིས་ཀྱི་སྲས། །ཆུ་ཕོ་རྟ་ཡི་ལོ་ལ་སྐུ་འཁྲུངས་བ། །དེ་ཚེ་མཁའ་ལ་འཇའ་འོད་མེ་ཏོག་དང༌། །རོལ་མོ་ལ་སོགས་ངོ་མཚར་དཔག་མེད་བྱུང༌། །སྐུ་གཟུགས་མཚན་ལེགས་མཛེས་པ་ངག་སྙན་དང༌། །བློ་གསལ་སྙིང་རྗེ་ཡོན་ཏན་དཔག་ཏུ་མེད། །དགུང་ལོ་གཅིག་ནས་ལྔ་བར་མ་ཡི་ནི། །ནུ་ཞོ་མི་གསོལ་མ་ཎི་ཆོས་སྒྲ་གསུངས། །དགུང་ལོ་བདུན་ནས་བླ་མ་དབང་རྫོང་བའི། །མདུན་དུ་གདན་དྲངས་ཀློག་མཁས་སྡུད་པ་ནི། །བློ་ལ་ཟིན་ནས་བརྟག་གཉིས་གཤེད་སྐོར་ལ། །གོ་རྟོགས་བཟང་ཚན་སྐྱེ་བས་སྤྲུལ་སྐུར་གྲགས། །དགུང་ལོ་བརྒྱད་ནས་གུར་སཾ་པུ་ཊི་དང༌། །སྤྱོད་འཇུག་ཀ་རི་ཀ་ཡི་གཞུང་འགྲེལ་གསན། །མཁས་པ་ཐོས་མཆོག་པ་ཞེས་གྲགས་པར་གྱུར། །དགུང་ལོ་དགུ་ནས་རྟ་ནག་ཏུ་བྱོན་ནས། །མཁན་ཆེན་དྲུང་དུ་དགེ་ཚུལ་སྡོམ་པ་བཞེས། །བློ་གྲོས་དཔལ་བཟང་ཞེས་བྱ་མཚན་གསོལ་ཏེ། །སོ་ཐར་བསླབ་བྱ་གསན་ནས་སྡོམ་ལྡན་གྲགས། །གསང་ཕུར་བྱོན་ནས་མཁན་ཆེན་ཚུལ་ཁྲིམས་བཟང༌། །མདུན་དུ་ཕར་ཚད་མངོན་གསུམ་ཆོས་དྲིལ་བས། །དགུང་ལོ་བཅོ་ལྔར་མཁས་པའི་གྲགས་སྙན་བྱུང༌། །ས་སྐྱར་སྟོན་པ་ནམ་མཁའ་ཡེ་ཤེས་ཀྱི། །དྲུང་དུ་ཕེབས་ནས་འདུལ་བ་ལུང་སྡེ་བཞི། །ཆ་ལག་བཅས་པ་གསན་ཅིང་དགོངས་དོན་ནི། །ལེགས་པར་ཐུགས་ཆུད་མདོ་རྒྱུད་ཡུམ་སྐོར་གསན། །ཐོས་པ་རྒྱ་ཆེན་མཛད་ནས་ཆོས་སྤྱན་མངའ། །དབུས་གཙང་གྲྭ་སྐོར་མཛད་པས་རིགས་པའི་རྩལ། །སྦྱངས་པས་གཞོན་ནུ་ལོ་ཆུང་དེ་ཙམ་ལ། །མཁས་པ་ངོ་མཚར་གླེང་བ་མང་དུ་བྱུང༌། །མཁས་པ་བློ་གསལ་ཐམས་ཅད་སྐུ་དྲུང་དུ། །ཆོས་གཏམ་མི་ནུས་རང་བཞིན་སྐྲག་པར་གྱུར། །དགུང་ལོ་ཉེར་ལྔ་ལོན་ནས་བྲག་རམ་དུ། །བྱོན་ནས་དཔང་ལོ་ཙཱ་བ་བློ་བརྟན་ལས། །སྒྲ་དང་བརྡ་རིག་ལཉྩའི་ཡི་གེ་བསླབ། །མྱུར་མཁས་དཔང་གིས་ཁྱོད་ནི་ཐོས་པ་ལ། །རྒྱ་ཆེན་མཛད་པ་ལགས་ན་ད་ནས་བཟུང༌། །ཟབ་མོ་ནང་གི་ཆོས་སྐོར་འཇུག་དགོས་གསུངས། །དེ་ལྟའི་ཆོས་མཆོག་སུ་ལ་ཡོད་གསུངས་ནས། །དཔང་གིས་ཇོ་ནང་ཀུན་མཁྱེན་ལྟ་བུ་ནི། །རྒྱ་གར་དཀའ་བ་ཞེས་སོགས་སྐུའི་སྙན་པ། །རྒྱ་ཆེར་གསུངས་པ་གསན་ནས་ཨ་གར་གྱི། །ཡལ་ག་རླུང་གིས་བསྐྱོད་ལྟར་ཐུགས་གཡོ་ཞིང༌། །བ་སྤུ་ཟང་ཟིང་མཛད་ནས་དུང་དཀར་སོགས། །ཕྱག་རྟེན་མང་ཐོགས་ཇོ་ནང་དཔལ་དུ་བྱོན། །ཆོས་རྗེས་མཁས་མཆོག་བརྒྱ་ཕྲག་རྒྱུད་འགྲེལ་གསུང༌། །དུས་སུ་མཇལ་བས་སྐུ་མདུན་གདན་དྲངས་ནས། །གསུང་གླེང་མཛད་པས་ཁོང་ཀྱང་ལྷུན་པོ་ཡི། །སྔོན་ནས་མན་ར་ལྟ་བུར་གྱུར་བར་བཞེད། །དེ་ནས་བཟུང་སྟེ་ཆོས་རྗེ་ལེགས་བསྟེན་ནས། །དབང་ལུང་མན་ངག་ཐོག་མར་གསན་བསམ་མཛད། །ཉམས་མྱོང་ངོ་མཚར་རྨད་བྱུང་དུ་མ་སྐྱེས། །དེ་ནས་སེམས་འགྲེལ་སྐོར་གསུམ་རྒྱུད་བཀའ་དང༌། །དབང་བཀའ་བསྒྲུབ་བཀའ་ཕར་ཚད་མངོན་འདུལ་སོགས། །བོད་འགྱུར་གཞུང་འགྲེལ་ཆ་ལག་ལེགས་པར་ཞུས། །དགུང་ལོ་ཉེར་བདུན་ཆོས་རྗེ་རིན་པོ་ཆེའི། །དྲུང་དུ་བསྙེན་རྫོགས་མཛད་དེ་འདུལ་བ་ཡི། ། ལུང་སྡེ་བཞི་ཡི་དོན་ཀུན་ཚུལ་བཞིན་བསྒྲུབ། །སྐུ་དང་ན་བཟའ་ཚུལ་ཁྲིམས་ཕུན་སུམ་ཚོགས། །དྲི་བཟང་ཕྱོགས་ཀུན་ཐུལ་བའི་དཔལ་མངའ་བ། །དགེ་སློང་རྡོ་རྗེ་འཛིན་པ་མཆོག་ཏུ་གྱུར། །དེ་དུས་ཆོས་རྗེས་གསེར་གྱི་མཎྜལ་དང༌། །ཉིད་ཀྱི་ཆོས་དུང་རྒྱང་གྲགས་དར་འབོལ་གསུམ། །སྣ་དྲངས་དགུ་ཚན་གཅིག་གནང་སྨོན་ལམ་མཛད། །ཚོགས་ཆོས་གསུངས་པའི་ཞུ་བ་ནན་ཕུལ་བས། །ཇོ་ནང་དཔལ་དུ་མཁས་པ་སྟོང་ཕྲག་ལ། །ཕར་ཚད་མངོན་འདུལ་རྒྱུད་འགྲེལ་ཟབ་ཁྲིད་གསུངས། །དེ་ནས་དགུང་ལོ་ཞེ་གཅིག་བཞེས་པའི་ཚེ། །བཀའ་རྒྱུད་གོང་མའི་ཕྱག་དཔེ་ལྷ་ཆ་དང༌། །ལྷ་རྟེན་བཅས་ཕུལ་གདན་ས་དབང་བསྐུར་བས། །ལོ་ངོ་བཅུ་བདུན་ཆོས་ཀྱི་འཁོར་ལོ་བསྐོར། །ཕྲིན་ལས་དར་ཞིང་རྒྱས་པར་ཡང་དག་མཛད། །སྐུ་འབུམ་ཀླུ་ཁང་གནས་བརྟན་བཅུ་དྲུག་བཞེངས། ། བུམ་པར་མཚན་བཟང་སོ་གཉིས་ངོ་བོ་ལ། །ཀ་རིང་སོ་གཉིས་བྲེ་དང་གདུང་འདེགས་དང༌། །པདྨར་དཔེ་བྱད་བརྒྱད་ཅུའི་ངོ་བོ་ལ། །ཀ་ཐུང་བརྒྱད་ཅུས་བཏེགས་པར་མཛད་པའི་ཚེ། །ཆོས་རྗེའི་ཐུགས་དགྱེས་བསྔོ་བ་སྨོན་ལམ་མཛད། །འཇམ་དཔལ་ཤེས་རབ་བློ་འཕེལ་རབ་བསྒྲུབས་པས། །རྒྱ་སྲན་ལྗགས་ཞབས་བཅུག་པའི་མྱུ་གུ་ནི། །ཞལ་སྒོའི་གྲ་གཉིས་ཐོན་ཏེ་དབུས་རྒྱབ་ཏུ། །བསྣོལ་ནས་སླར་ལོག་དཔྲལ་བ་ནས་བསྣོལ་ནས། །སྤྱི་བོར་བསྣོལ་ཏེ་རྩེ་མོར་མེ་ཏོག་གཉིས། །དམར་པོ་ཁ་ཀྱེས་ལྟེ་བར་འཇམ་དཔལ་དང༌། །དབྱངས་ཅན་མ་གཉིས་བཞུགས་པར་གྱུར་བ་ལ། །རིལ་བུ་གང་བྱིན་རིགས་ཡང་བློ་རྣོ་ཞིང༌། །གཞུང་ལུགས་མཁས་པར་བྱེད་པར་གྱུར་བ་ཡིན། །ངོ་སྤྲོད་རྡོ་རྗེ་ཕྲེང་བའི་ཐིག་སྐོར་དང༌། །བཀའ་འགྲེལ་གཟའ་ཟིན་རྩིས་སོགས་སྐབས་སྐབས་གསུངས། །རྒྱུད་འབུམ་དག་ཐེར་མཛད་ནས་གླེགས་བམ་དུ། །བསྒྲིགས་ཤིང་ཟླ་བཞིར་བཤད་སྦྱར་རྒྱས་པར་གསུངས། །དགུང་ལོ་ལྔ་བཅུ་རྩ་ལྔ་བཞེས་པའི་ཚེ། །ཤིང་ཕོ་རྟ་ལོ་རྒྱལ་ཟླའི་ཚེས་བརྒྱད་ཀྱི། །ནམ་གྱི་གོང་ཡོལ་ཙམ་ན་ཞི་བར་གཤེགས། །ཞག་གསུམ་འོད་གསལ་མ་བུ་འཕྲོད་སྟོབས་ཀྱིས། །ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་ལ་བཞུགས། །ས་ཡི་དཀྱིལ་འཁོར་གཞི་ཡི་ཁྱོན་སོགས་ལྟར། །དཀར་པོ་སྟེང་དང་དམར་པོ་ཆུ་ལམ་བྱུང༌། ། སྤུར་སྦྱངས་སྐབས་སུ་སྤུར་ཁང་མཐའ་སྐོར་དུ། །མཆོད་རྫས་དུ་མས་བསྐོར་ཞིང་དགེ་འདུན་པ། །སྟོང་ཕྲག་དུ་མ་འདུས་ཚེ་སྤྲིན་གྱིས་ནི། །ས་གཞི་ཁེངས་ནས་གཅིག་གིས་གཅིག་མི་མཐོང༌། །སྤུར་ལ་མེ་སྦར་སྤྲིན་ཀུན་དུས་གཅིག་ཏུ། །སངས་ཀྱིས་སོང་ནས་ནམ་མཁའ་གཡའ་དག་པའི། །དཀྱིལ་དུ་འཇའ་འོད་སྣ་ལྔ་དར་ཡུག་བརྐྱངས། །ཤར་ནུབ་གང་ཞིང་ལྷ་ཡི་མེ་ཏོག་ལ། །དཀར་དམར་སྔོ་ལྗང་མང་པོ་ཆུ་ཤོག་ཙམ། །སྤུར་ཁང་སྟེང་དུ་གཅིག་རྒྱབ་གཅིག་ནོན་བབ། །སྤྲིན་མེད་འཇམ་པའི་ངང་ནས་དྲི་བཟང་གི །ངད་ལྡང་ནམ་མཁར་རོལ་མོ་གྲགས་པ་དང༌། །ས་གཡོས་སྤུར་སྦྱངས་ཚར་ནས་ནམ་མཁའ་ཡི། །འཇའ་འོད་ཡལ་ནས་ལྷོ་བྱང་མཁའ་ཡི་བར། །འོད་ཟེར་ཟླུམ་པོའི་ཕྲེང་བས་ཁྱབ་པར་གྱུར། །ཞག་བདུན་སྤུར་ཁང་ཞལ་ཕྱེ་ཕྱག་ངར་ལ། །ཁ་སར་པ་ཎི་དཔྲལ་བར་བཅོམ་ལྡན་འདས། །མགྲིན་པར་འཇམ་དཔལ་དུང་དཀར་ལྔ་རིང་བསྲེལ། །དཔག་མེད་ཁྱད་འཕགས་བྱོན་པ་ངོ་མཚར་གནས། །ལོ་ཙཱ་ཞི་བར་གཤེགས་ནས་ཆོས་རྗེ་ཡིས། །མཁན་ཆེན་ཕྱོགས་ལས་རྣམ་རྒྱལ་ལྷ་རྟེན་ཀུན། །གནང་ཞིང་རྒྱལ་ཚབ་གཏད་ནས་འཕྲིན་ལས་བསྐྱངས། །གང་སྐུ་འོད་ཀྱིས་འཇིག་རྟེན་མུན་པའི་ཚོགས། །འཇོམས་མཛད་དཔལ་ལྡན་བླ་མ་མཆོག་ལ་རྒྱལ། ། སྒྲིབ་པ་རྣམ་སེལ་བློ་གྲོས་དཔལ་འབྱོར་ཅན། །ཞབས་དྲུང་སྐྱེས་ནས་ཆོས་ལ་སྤྱོད་པར་ཤོག །ཅེས་ལོ་ཙཱ་བ་ཆོས་ཀྱི་སྤྱན་ཅན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་གསུམ་པའོ།།

ས་བཟང་མ་ཏི་པཎ་ཆེན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ས་བཟང་མ་ཏི་པཎ་ཆེན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་མ་ཏི་དྷྭ་ཛ་ སྭ་སྟི་སིདྡྷི་ཕ་ལ། རྒྱལ་བ་བྱམས་པ་མགོན་པོའི་རྣམ་འཕྲུལ་ནི། །ས་བཟང་མ་ཏི་པཎ་ཆེན་ཞེས་བྱ་བའི། །འཁྲུངས་ཡུལ་མངའ་རིས་ཡབ་ནི་བཟོད་པ་དཔལ། །ཡུམ་ནི་པདྨ་བཙུན་ཞེས་བྱ་བ་ཡི། །རིགས་རུས་བཟང་བའི་བསོད་ནམས་ཆེ་བའི་སྲས། །ངོ་མཚར་མཚན་ལྟས་བཅས་ཏེ་ཤིང་ཕོ་རྟའི། །ལོ་ལ་སྐུ་བལྟམས་བཙས་མ་ཐག་ཏུ་ནི། །གོམ་པ་གསུམ་བོར་བཞེངས་ཏེ་དགའ་ལྡན་གྱི། །ལྷ་དག་གིས་ཀྱང་ཁྲུས་ཆབ་ལེགས་གསོལ་ནས། །སྐུ་ལ་འཇའ་འོད་བསྐོར་ནས་ཚིག་འདི་སྨྲས། །དགའ་ལྡན་བྱམས་པའི་ཏིང་འཛིན་ངད་བསིལ་བས། །ཉོན་མོངས་ཚ་གདུང་འགྲོ་བ་ཀུན་སྐྱོབ་ཅིང༌། །མི་ལོ་བརྒྱ་ཕྲག་ལྷག་པར་བོད་ཁམས་སྐྱོང༌། །དེ་ནས་འཆི་ཚེ་དགའ་ལྡན་གནས་སུ་འགྲོ། །ཞེས་གསུངས་ཕྱོགས་བཅུའི་སངས་རྒྱས་ཞིང་ཐམས་ཅད། །གྲགས་ནས་བྱང་སེམས་ཀུན་གྱིས་མེ་ཏོག་གཏོར། །ཡུམ་གྱིས་པང་དུ་ལེན་ནས་གསང་ཐབས་སྐྱེད། །གཟུགས་བཟང་རིག་གསལ་བྱམས་ཆེན་དྲི་བཟང་གིས། །ཁང་ཁྱིམ་གང་བ་ཆོས་སྒྲ་གསུང་བ་སོགས། །ངོ་མཚར་བྱུང་བ་གྲུབ་ཐོབ་བྱ་རིན་པས། །བྱམས་པར་གཟིགས་ནས་བྱམས་པ་ཉིད་དུ་མཁྱེན། །ཞབས་རྡུལ་སྤྱི་བོར་གཏུགས་ཏེ་རྗེ་འདི་ཉིད། །རྗེས་ནས་ང་ལ་འབུལ་དགོས་གསུང་ནས་ནི། །ཐུགས་དགྱེས་རང་གནས་གཤེགས་ཤིང་ལོ་བཞིའི་ཚེ། །བྱམས་པའི་ཆོས་ལྔ་ཞལ་འདོན་མཛད་པར་བྱེད། །དགུང་ལོ་བདུན་ལོན་གྲུབ་ཐོབ་བྱ་རིན་པས། །ཡབ་ཡུམ་གཉིས་ལ་མཛོ་མོ་གཅིག་བྱིན་ཏེ། །རི་ཁྲོད་གདན་དྲངས་ཁྲིད་ལུང་མན་ངག་སོགས། །ཟབ་ཆོས་གསན་ཞིང་ཉམས་རྟོགས་རྒྱུད་ལ་སྐྱེས། །དགུང་ལོ་དགུ་ལོན་རྡོ་ར་དགོན་པར་བྱོན། །བླ་མ་རིན་བཟང་མདུན་དུ་བགྲོ་གླེང་དང༌། །ཕར་ཚད་ལོ་གཅིག་གསན་ནས་མཁྱེན་པར་གྱུར། །དགུང་ལོ་བཅོ་ལྔར་སྙེ་ཐང་དུ་བྱོན་ནས། །མཁན་ཆེན་བཀྲ་ཤིས་སེངྒེའི་སྐུ་དྲུང་དུ། །དགེ་ཚུལ་བསླབ་པ་བླངས་ནས་མཚན་ལ་ནི། །བློ་གྲོས་རྒྱལ་མཚན་དཔལ་བཟང་ཞེས་གསོལ་ནས། །ཀ་རི་ཀ་སོགས་སྡོམ་ཚིག་ཆ་ལག་བཅས། །གསན་ནས་ཐུགས་ཆུད་འདུལ་བ་མདོ་རྩ་སོགས། །ཆོས་སྣ་མང་པོ་གསན་ནས་མཁས་པར་གྲགས། །དེ་ནས་ར་ལུང་གནས་སུ་ཞབས་ཀྱིས་བཅག །བླ་མ་ཡེ་ཤེས་རྒྱལ་མཚན་ལེགས་བསྟེན་ཏེ། །འདུལ་བ་མངོན་པ་ཚད་མ་སྤྱོད་འཇུག་སོགས། །དཔག་མེད་སློབ་གཉེར་མཛད་ཅིང་ཚིག་དོན་ཀུན། །ཐུགས་ཆུད་སྟོན་པ་བཟང་བོའི་ཚད་རྡོར་གྱུར། །ས་སྐྱར་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལས། །ཕར་ཚད་མངོན་གསུམ་གུར་སཾ་པུུ་ཊི་དང༌། །བརྟགས་གཉིས་སོགས་ལ་སློབ་གཉེར་དྲིལ་བས་ན། །མཁས་སྙན་ཐོབ་ཅིང་དགུང་ལོ་ཉེར་གཅིག་ཏུ། །སྐྱི་སྟོན་ཉི་མ་རྒྱལ་མཚན་མདུན་དྲུང་ནས། །དབང་ལུང་མན་ངག་གསན་ཅིང་བྲག་རམ་ལ། །གཤེགས་ཏེ་བླ་མ་བསོད་ནམས་བཟང་བོ་ལ། །འཇམ་དཔལ་རྩ་རྒྱུད་གཤེད་སྐོར་ཞི་བྱེད་དང༌། །ནཱ་རོ་ཆོས་དྲུག་དམར་ཁྲིད་སོགས་གསན་ནས། །ཐོས་པ་ཕུལ་བྱུང་དེ་ནས་བྱང་དགོན་དུ། །བྱོན་ཏེ་སྟོན་པ་སངས་རྒྱས་བཟང་པོ་ལས། །བདེ་ མཆོག་འབུམ་ལྔ་ལ་སོགས་ཆོས་མང་གསན། །སྟག་ལུང་བླ་མ་རིན་ཆེན་བཟང་པོ་ལས། །ཡུམ་སྐོར་སོགས་གསན་དཀའ་བཅུའི་གྲགས་པ་བྱུང༌། །དགུང་ལོ་ཉེར་ལྔར་ཞ་ལུར་བྱོན་ནས་ནི། །མཁན་ཆེན་རིན་ཆེན་གྲགས་པའི་སྐུ་དྲུང་ནས། །བསྙེན་རྫོགས་མཛད་ནས་ཚངས་སྤྱོད་དཔལ་གནས་ཏེ། །དགེ་སློང་རྡོ་རྗེ་འཛིན་པའི་མཆོག་ཏུ་གྱུར། །དབྱར་ཆོས་མཁའ་འགྲོ་རྒྱ་མཚོའི་རྒྱུད་གསུངས་པའི། །ཆོས་གྲྭར་ཆོས་རྗེ་ཀུན་མཁྱེན་རྣམ་ཐར་གསན། །དད་པས་སྤྱན་ཆབ་བབས་ནས་ཐལ་སྦྱར་ནས། །གང་སྐུ་མཇལ་བའི་སྨོན་ལམ་ཡང་ཡང་གདབ། །གྲྭ་བ་གཅིག་བཅས་ཇོ་ནང་དཔལ་དུ་བྱོན། །སྔ་དྲོ་ཞིག་སླེབས་ཆོས་རྗེ་ཐུགས་དམ་གྲོལ། །ཆོས་དུང་འབུད་དུས་ཕྲད་པའི་རྟེན་འབྲེལ་བཟང༌། །དགེ་འདུན་འདུས་པ་ཉིས་བརྒྱ་ལྷག་ཙམ་ལ། །རྒྱུད་འགྲེལ་གཞུང་བཤད་གྲྭ་ཟུར་མ་ཉམས་པར། །ཕར་ཚད་མངོན་འདུལ་སྦྲག་ནས་ཆོས་སྟོན་པ། །སྔོན་ཆད་གང་དུ་ཕྱིན་ཀྱང་འདི་ལྟ་བུའི། །བླ་མ་མ་རྙེད་ཐུགས་དགྱེས་ཆེན་པོའི་ངང༌། །སྤྱན་ཆབ་ཤོར་ནས་གྲལ་མཐར་བཞུགས་པའི་ཚེ། །ཆོས་རྗེས་མཁྱེན་ནས་ཆོས་སྟོན་ཕྱི་ཡོལ་གྲོལ། །སྐུ་མདུན་གདན་དྲངས་བསུ་བ་སྤོས་དང་ནི། །གདུགས་དང་འཁར་རྔ་བརྡུང་ནས་ནང་བྱོན་ཚེ། །ཆོས་རྗེས་དབུ་ཞྭ་བླང་ཞིང་ལྡང་བ་མཛད། །ཁོང་གིས་ཕྱག་ཕུལ་ཕྱག་རྟེན་ཅི་རིགས་ཕུལ། །ཇ་ཞུས་ལ་སོགས་ཞབས་ཏོག་ཕུན་ཚོགས་མཛད། །གསུང་གླེང་མཛད་པ་འབྱམས་ནས་མུན་རུབ་ཀྱང༌། །བྱོན་པར་མི་གནང་ཐུགས་རྩིས་ཆེན་པོ་མཛད། །དེ་ནས་བཟུང་སྟེ་ཆོས་རྗེའི་ཞབས་དྲུང་དུ། །འབྲལ་མེད་བཞུགས་པས་ཕྱི་ནང་ཆོས་སྐོར་སོགས། །ཆོས་རྗེ་མངའ་བ་ཀུན་ཞུས་མཁས་པར་གྱུར། །རྩ་བའི་བུ་ཆེན་གྱུར་ཏེ་དེའི་རྗེས་ནས། །ཀུན་སྤངས་ཆོས་གྲགས་དཔལ་དང་ལོ་ཙཱ་བའི། །སྐུ་མདུན་རྩིས་ཀྱི་རྒྱུ་མཚན་དབང་མདོར་སོགས། །ཟབ་ཆོས་མང་ཞུས་དགུང་ལོ་ཞེ་བརྒྱད་དུ། །ལོ་ཙཱ་བློ་གྲོས་བརྟན་ལས་སྒྲ་དོན་དང༌། །བརྡ་དང་བརྡ་ལན་མཆོད་གར་ལ་སོགས་གསན། །དེ་ནས་བླ་མ་ཟླ་བ་རྒྱལ་མཚན་གྱིས། །ས་བཟང་དགའ་ལྡན་འཚོགས་དཔོན་གདན་དྲངས་ནས། །ལོ་གཅིག་དབྱར་ཆོས་དགུན་ཆོས་གསུངས་པ་ཡིས། །རྒྱུད་འགྲེལ་ཤེས་པ་མང་དུ་བྱུང་བར་གྱུར། །དེ་ནས་དགོན་གནས་གཞི་རྟེན་ལེགས་ཕུལ་ནས། །དེར་བཞུགས་སྣར་ཐང་ནག་ཕུག་ཞ་ལུ་དང༌། ། རྭ་ལུང་སྙེ་ཐང་ས་སྐྱ་གསང་ཕུ་སོགས། །དབུས་གཙང་བླ་གྲྭ་མང་པོ་ཉན་པར་འདུས། །བྱམས་པ་གླིང་དུ་སྡེ་བ་དོལ་པ་བསྐུལ། །ཇོ་ནང་དཔལ་གྱི་མཆོད་རྟེན་ཚད་ལྡན་བཞེངས། ཚད་ནི་ལན་གསུམ་བཅད་ཀྱང་དེ་བཞིན་བྱུང༌། །པཎ་ཆེན་ཞུས་པས་རིགས་ལྡན་སྤྲུལ་བའི་སྐུ། །འགྲན་མི་ནུས་པས་གང་ནུས་ཀྱིས་ཤིག་གསུངས། །རྟེན་ཆེན་ཡོངས་སུ་རྫོགས་པ་ལེགས་བཞེངས་མཛད། །བུམ་ནང་པཎ་ཆེན་གསེར་སྐུ་དུས་འཁོར་གྱི། །ཕྱག་མང་མི་བགྲེང་ཚད་མཉམ་ལེགས་བཞེངས་ནས། །རབ་གནས་མཛད་པར་འབྲས་བུའི་མེ་ཏོག་གཏོར། །རྟེན་ལ་ཕོགས་པ་འབྲུ་ཚུགས་མིས་མངོན་སུམ། །ལོ་ཙཱ་བྱམས་པ་ང་ཉིད་ཡིན་གསུངས་ནས། །ཁྲོ་ཕུར་ང་ཡིས་རྒྱ་གར་ནས་འོངས་བའི། །ལྕགས་ཀྱི་སྤར་ཁྲི་ཀླུ་སྒྲུབ་སྒོམ་ཐག་དང༌། །ས་ར་ཧ་པའི་ཕྱག་འཁར་ཡོད་ཅེས་སོགས། །ངོས་བཟུང་ཐུགས་ཤེས་རྨད་བྱུང་མང་དུ་མཛད། །ཁྱད་པར་སྐུ་མཚམས་དམ་པོར་བཞུགས་པ་ཡི། །ནུབ་གཅིག་ཐོ་རེངས་ཙམ་ནས་བརྡ་མཛད་པས། །བྱང་ཆུབ་བཟང་པོ་ཞེས་བྱའི་སྐུ་གཡོག་གང༌། །སྐུ་མདུན་ཕྱིན་ནས་ཅི་ལགས་ཞུས་པ་ཡིས། །དལ་མོ་སོང་ལ་ཕ་རི་གཉའ་ཆད་ན། །ཡོད་པའི་འོབས་ནང་ཅིག་གིས་ནལ་ཕྲུག་ཞིག །བསྒྱུར་ནས་ཡོད་པ་ཁྱེར་ནས་འདིར་ཤོག་གསུངས། །ས་ཐག་རིང་བས་ཉི་མ་ཤར་ཙམ་སླེབས། ནལ་ཕྲུག་ཆོས་རྗེའི་ཐུགས་རྗེས་མ་ཤི་བས། །སྲོག་དང་མ་བྲལ་འགུལ་ནུས་བླང་ནས་འོང༌། ། ཆོས་རྗེའི་ཞལ་ནས་སྐྱེས་བུ་དམ་པ་འོང༌། །ཆོས་རྗེའི་སྲིང་མོ་བུ་རྒྱུད་མང་ལྡན་པ། །བཙན་ཕྱུག་ཡོད་པ་མཛོ་མོ་གསེར་སྲང་གཉིས༌། །བཅས་ནས་གཏད་དེ་ལོ་བདུན་ལོན་དུས་སུ། །བྱིན་ཆད་བྱས་ནས་ལོ་བདུན་ལོན་པའི་དུས། །ཆོས་རྗེའི་མདུན་དུ་གཏད་པས་ཆོས་སློབ་པ། །ད་ལྟ་ས་བཟང་བསོད་ནམས་དཔལ་བ་ཉིད། །གསུང་ཆོས་བཟང་ཞིང་གྱ་ནོམ་མང་དུ་མཆིས། །དེ་ནས་དགུང་ལོ་གྱ་གསུམ་བཞེས་དུས་སུ། །མེ་འབྲུག་ཐ་སྐར་ཟླ་བའི་ཚེས་བཅོ་ལྔར། །ངོ་མཚར་དུ་མ་བཅས་ཏེ་ཞི་བར་གཤེགས། །ཞག་བདུན་དཀར་པོ་སྟེང་དང་དམར་པོ་ནི། །འོག་ཏུ་བབས་ཤིང་སྤུར་སྦྱངས་མཛད་པའི་ཚེ། །ས་གཡོས་ནམ་མཁར་འཇའ་འོད་མེ་ཏོག་གི །ཆར་དང་རོལ་མོ་བཅས་ཏེ་དགའ་ལྡན་གྱི། །ལྷ་ཡིས་བསུས་ནས་དགའ་ལྡན་གནས་སུ་གཤེགས། ། གདུང་ཁང་ཕྱེ་ཚེ་དཔྲལ་བར་རྡོ་རྗེ་འཆང༌། །རྣ་ལྟག་གཉིས་སུ་མི་གཡོ་ཕག་མོ་དང༌། །རྗེ་ངར་གཉིས་ལ་ལྷ་མོ་མགོན་དཀར་དང༌། །དུང་དཀར་གཡས་འཁྱིལ་ལྔ་དང་རིང་བསྲེལ་ནི། །མང་དུ་བྱོན་པའི་ཕུལ་བྱུང་མཛད་ཆེན་གནས། །འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་བརྙེས་ཀྱང༌། །ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར། །ལྷ་ཡིས་བསུས་ནས་དགའ་ལྡན་གནས་སུ་གཤེགས། །ད་དུང་འདི་འབྲལ་མེད་པར་བྱིན་གྱིས་རློབས། ། ཞེས་པ་ས་བཟང་མ་ཏི་པཎ་ཆེན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བཞི་པའོ། །

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཕྱོགས་རྒྱལ་བའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཕྱོགས་རྒྱལ་བའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་ཨནྟཿཛ་ཡཿསྭ་སྟི་སིདྡྷི་ཕ་ལ། འཕགས་པ་ས་ཡི་སྙིང་པོའི་སྤྲུལ་པ་དངོས། །ཕྱོགས་ལས་རྣམ་རྒྱལ་འཁྲུངས་ཡུལ་མངའ་རིས་དང༌། །ཡབ་ནི་སྦྱིན་པ་དཔལ་དང་ཡུམ་ཏིང་འཛིན། །སྒྲོལ་མ་ཞེས་བྱ་དབེན་པ་ཉམས་དགའ་བའི། །ནགས་ཚུལ་མེ་རྟའི་ས་གར་སྐུ་བལྟམས་ཚེ། །བྱ་ཚོགས་དུ་མས་བསུས་ནས་སྐད་སྙན་སྒྲོགས། །འཇའ་འོད་ས་གཡོས་ངོ་མཚར་དུ་མའི་གནས། །དགུང་ལོ་བཞི་ནས་རིན་ཆེན་རྡོ་རྗེ་ལས། །ཡི་གེ་སློབ་པས་ཀློག་ལ་མཁས་པར་གྱུར། ། སྤྱོད་འཇུག་གཟིགས་པས་གོ་དོན་ཡང་དག་སྐྱེས། །མཚོ་ཆེན་ཕང་འགྲམ་རི་བའི་བླ་མ་ལས། །པྲ་འབེབས་བརྒྱད་བསླབ་རཏྣ་བྷོ་ངྷི་ལས། །རྡོར་ཕྲེང་དབང་ཞུས་དེ་ནས་པཎྜི་ཏ། །ཨུ་མ་པ་ཏི་ལས་ནི་ལེགས་སྦྱར་གྱི། །སྒྲ་དང་སཾ་ཀྲི་ཏ་ཡི་སྐད་ལ་བསླབས། །དགུང་ལོ་བརྒྱད་ནས་ཆུ་མོ་གླང་གི་ལོར། །བླ་མ་བྱང་ཆུབ་དཔལ་གྱི་ཞབས་ཏོག་ཏུ། །གཙང་ཡུལ་གློ་བུ་སྟོང་ཆེན་དུ་བྱོན་ནས། །མཁས་པ་གཙང་ནག་ལས་ནི་རྩ་ཤེས་དང༌། །དེ་ཡི་འགྲེལ་བ་ཟླ་གྲགས་མཛད་པ་གསན། །དགུང་ལོ་བཅུ་གསུམ་ལོན་པའི་དུས་སུ་ནི། །རྩ་ཤེས་འགྲེལ་བ་ནག་འབྱམ་ཐུགས་ལ་འཆད། །སློབ་དཔོན་རིན་ཆེན་དཔལ་གྱིས་མཁན་པོ་མཛད། །བྱང་ཆུབ་དཔལ་གྱིས་ལས་ཀྱི་སློབ་དཔོན་མཛད། །དགེ་ཚུལ་བསླབ་བླངས་ཆོས་ཀྱི་རྒྱལ་པོ་གསོལ། །རྒྱ་རས་པ་ལས་བདེ་མཆོག་དྲིལ་བུའི་དབང༌། །སྒྲོལ་མ་ས་ལུགས་བདེ་མཆོག་སྙན་རྒྱུད་གསན། །བླ་མ་དང་ཤོད་རྣལ་འབྱོར་མ་ཡི་དབང༌། །སྒྲོལ་ཁྲིད་ཞུས་ནས་འཕན་ཡུལ་གྲགས་པ་ལས། །ཚད་མ་ཕར་ཕྱིན་བསླབ་ནས་མཁས་པར་གྲགས། །ཆུ་ཕུག་དགོན་པར་བླ་མ་བྱང་ཆུབ་དཔལ། །དེ་ཡི་གདན་ས་མཛད་ལ་ལོ་ངོ་གཉིས། །དབུ་མ་རྩ་ཤེས་འཆད་ནས་བསྟན་དོན་མཛད། །ཕར་ཚད་མངོན་འདུལ་སློབ་གཉེར་མཛད་ཕྱིར་དུ། །གུང་ཐང་སྐྱིད་རུང་ལ་སྟོད་ཐོལ་བུ་དང༌། །ཕག་སྐོར་སོགས་ལ་མཁས་པ་མང་པོའི་དྲུང༌། །ཐོས་པ་རྒྱ་ཆེན་མཛད་ནས་ཆུ་གླང་ལོར། །ས་སྐྱར་ཕེབས་ནས་བླ་མ་ཀུན་བློ་ལས། །ཕར་ཚད་གསན་ལ་སྟོན་ཁར་བྲག་རམ་དུ། །སློབ་དཔོན་དཀོན་བཟང་ཕར་ཚད་མངོན་གསུམ་གསན། །མཁས་པར་གྲགས་ལ་དེ་དུས་རང་སྟོང་ལ། །ཞེན་པ་མཛད་ནས་དགུང་ལོ་ཉེར་གཅིག་ནས། །གུང་ཐང་ཆོས་སྐོར་གླིང་དུ་ཞབས་བཅག་ནས། །མཁན་ཆེན་དོན་གྲུབ་དཔལ་ལས་བསྙེན་རྫོགས་མཛད། །དེ་ནས་གསང་ཕུ་ཞྭ་ལུ་སྣར་ཐང་དང༌། །དཔལ་སྟེང་ཁྲོ་ཕུ་ལ་སོགས་དགོན་སྡེ་ཀུན། །གྲྭ་སྐོར་མཛད་དེ་ཀུན་ལས་རྒྱལ་བས་ན། །ཕྱོགས་ལས་རྣམ་རྒྱལ་ཞེས་བྱའི་མཁས་སྙན་གྱིས། །གྲགས་པའི་རྔ་གསང་ཕྱོགས་བཅུར་ཁྱབ་པར་གྱུར། །ས་སྐྱར་བྱོན་ནས་འོད་ཟེར་སེངྒེ་ཡིས། །བླ་མ་ཀུན་དགའ་རྒྱལ་མཚན་ལ་གསོལ་བ། །གུང་ཐང་ཕྱོགས་ལས་རྣམ་རྒྱལ་ཞེས་བྱ་བའི། །ཐུགས་རྒྱལ་ཅན་གཅིག་གྲྭ་སྐོར་འོང་གི་ཞུས། །བླ་མ་མཉེས་ཏེ་ནང་བར་བྱང་ཆུབ་དཔལ། །སོགས་དང་བགྲོ་གླེང་མཛད་པས་རྒྱལ་བར་གྱུར། །ཞྭ་ལུར་བུ་སྟོན་ཕར་ཕྱིན་གསན་བསམ་མཛད། །འོན་ཀྱང་ཐུགས་བསྐྱེད་ལྷག་པོ་མ་བྱུང་གསུངས། །དེ་ནས་འཕན་ཡུལ་བཀྲ་ཤིས་སེངྒེ་ལས། །དབུ་མ་རྩ་ཤེར་ཤེར་འཇུག་བསྟོད་ཚོགས་དང༌། །རིགས་ཚོགས་རྣམས་གསན་ཡར་བོ་གྲ་ཐང་དུ། །བླ་མ་ར་ཀ་བ་ཞེས་གྲགས་པའི་མདུན། །དྲིལ་བུ་སྐོར་གསུམ་རྒྱུད་རྟོགས་བདུན་ལ་སོགས། །གཤེད་སྐོར་ཀྱཻ་རྡོར་ས་ལུགས་རྔོག་ལུགས་སོགས། །དབང་བཀའ་ཐམས་ཅད་ཞུས་ནས་གཙང་ལ་བྱོན། །བྲག་རམ་བཞུགས་དུས་ཆོས་རྗེ་ཀུན་མཁྱེན་གྱི། །གྲགས་པ་ཁྱད་ཅན་གཞན་དང་མི་འདྲ་བའི། །མཆོད་རྟེན་ཆེན་པོ་ངོ་མཚར་བཞེངས་བ་ཐོས། །ལུང་རིགས་བགྲོ་གླེང་གཏན་ལ་དབབ་དགོས་སྙམ། །ཇོ་ནང་ཀུན་མཁྱེན་སྔ་རབས་གྲུབ་མཐའ་དང༌། །མི་མཐུན་སྲོལ་གཏོད་དེ་ལ་ལུང་རིགས་ཀྱི། །བགྲོ་གླེང་བྱེད་པར་ཞག་འགའ་འགྲོ་དགོས་གསུངས། །དཀོན་བཟང་པས་ནི་མཚུངས་པ་མེད་པ་ཡི། ། སྐྱེས་ཆེན་དམ་པ་གངས་ཅན་ཁམས་ན་མེད། །དེར་བྱོན་བློ་སྐྱེད་འབྱུང་བ་སྲིད་པར་བཤད། །ཇོ་ནང་ཕྱིན་ནས་དགེ་འདུན་རྒྱ་མཚོ་ལ། །ཆོས་སྟོན་ཚར་ནས་སླེབས་པ་སྐུ་གཉེར་ལ། །འཕྲིན་བཅུག་སྐུ་དྲུང་ཞུས་ནས་ནང་ཕེབས་གསུངས། །གདན་དྲངས་ཡོལ་བ་ཕྱེས་ནས་སྐུ་ཡི་ནི། །གཟི་བརྗིད་མ་བཟོད་ཕྱག་འཚལ་ལུས་འདར་ཏེ། །ཚུལ་ཁྲིམས་དྲི་བཟང་ཕུན་སུམ་ཚོགས་པ་བྲོ། །མཚན་དཔེ་འབར་བ་མཐོང་ནས་དེ་བཞིན་དུ། །དེ་བཞིན་གཤེགས་པ་དངོས་ཀྱི་འདུ་ཤེས་བྱུང༌། །ཕྱག་རྟེན་ཕུལ་ནས་ཆོས་རྗེ་རིན་པོ་ཆེས། །མཁྱེན་བཞིན་སྟོན་པ་གང་ནས་རིགས་སུ་ཡིན། །གསུངས་པས་རང་དབང་མེད་པར་སྐད་འདར་ནས། །ཞུས་པ་ཁོ་བོ་མངའ་རིས་པ་ཞིག་ལགས། །དབུས་གཙང་གཉིས་སུ་སློབ་གཉེར་བྱེད་དུ་འོང༌། །སློབ་གཉེར་འཕེལ་བ་བྱུང་ལགས་ཞུས་པ་དང༌། །དེ་ནས་ཕན་ཚུན་གསུང་གླེང་ཞིབ་རྒྱས་མཛད། །དེ་ནས་ཆོས་རྗེ་ཕར་ཚད་མངོན་འདུལ་ཀྱི། །གཤག་རལ་མཛད་པས་སྔོན་ཐོས་མ་མྱོང་བའི། །གསུང་རབ་ལུང་འདྲེན་དཔག་མེད་གསུང་བ་ན། །ཁོང་ནི་གང་གཱའི་འགྲམ་དུ་བ་རྗེས་ཆུ། །གྱུར་བས་ཁོ་བོ་ཆོས་གོ་མ་རེད་སྙམ། །དུས་འཁོར་སློབ་གཉེར་བྱེད་པའི་ཞུ་བ་ཕུལ། །དུས་དང་བསྟུན་ནས་ཆུ་ཕོ་བྱི་བའི་ལོ། །ནག་པ་ཟླ་བར་དུས་འཁོར་དབང་ཆེན་གནང༌། །དེ་ནས་སྦྱོར་དྲུག་རྒྱུད་འགྲེལ་ཚར་གཅིག་གསན། །དེ་ལ་གོ་རྟོགས་སྐྱེ་དཀའ་གཅིག་བྱུང་བ། །དབྱར་ངོས་ཀུན་སྤངས་ཆོས་གྲགས་དཔལ་གྱི་དྲུང༌། །རྒྱུད་འགྲེལ་གསན་ཅིང་གྲུབ་མཐའི་གནད་འགག་བསླབ། །གོ་རྟོགས་དགའ་རབ་ཆགས་ནས་ཐུགས་མཉེས་མཛད། །ས་བཟང་མ་ཏིའི་མདུན་དུ་ཀཱ་ལཱ་པའི། །ལེའུ་དང་པོ་སྙན་ངག་མེ་ལོང་གི །རྒྱུད་འགྲེལ་གསན་ནས་ཆོས་རྗེ་རིན་པོ་ཆེའི། །སྐུ་མདུན་ཕྱི་ནང་ཆོས་སྐོར་ཐམས་ཅད་ཞུས། །དགུང་ལོ་ཉེར་བདུན་ཇོ་ནང་དཔལ་དུ་ཕེབས། །དགུང་ལོ་སོ་བཞིར་ལྷ་སར་ཇོ་ཤཱཀ་གཉིས། །གསེར་ཆབ་ཕུལ་ཞིང་སྨོན་ལམ་གསོལ་གདབ་གནང༌། །དེ་ནས་དགོན་སྡེ་མང་པོར་བཤད་སྟོན་དུ། །གདན་དྲངས་མ་བྱོན་ཇོ་ནང་ཉིད་དུ་བྱོན། །ཆོས་རྗེ་རིན་པོ་ཆེ་ཡི་ཞབས་དྲུང་ཕེབས། །ཆོས་གྲགས་དཔལ་བའི་དྲུང་དུ་འབུལ་ཆེན་བཀྱག །ལོ་ཙཱ་བ་ལས་ཨེ་ཝཾ་སྒྲ་སྒྲུབ་སོགས། །ཆོས་མང་ཞུས་ལ་དེ་ནས་ངམ་རིང་དུ། །གདན་དྲངས་རྒྱུད་འགྲེལ་བཙུགས་ནས་སོ་དགུ་ལ། །ངམ་རིང་གདན་ས་མཛད་དེ་བཀའ་འགྱུར་ནི། །ཆུ་མོ་སྦྲུལ་ལོ་བྱ་ཟླའི་ཚེས་གཅིག་ལ། །དབུ་བཙུགས་ཤིང་ཕོ་རྟ་ལ་ལེགས་གྲུབ་ནས། །ཆོས་རྗེ་ཉིད་ཀྱིས་ཇོ་ནང་ཕུག་ནས་ནི། །རབ་གནས་མཛད་པའི་ཉིན་བར་ངམ་རིང་དུ། །ཡི་གེ་རྣམས་ཀྱི་དབུ་ཕྱེས་དེར་ཡོད་པ། །ཀུན་གྱི་མིག་སྔར་ཕྱག་ནས་ཡི་གེའི་སྟེང༌། །བབས་པ་མཁའ་ལ་འཇའ་འོད་མེ་ཏོག་གི །ཆར་བབས་ངོ་མཚར་མཛད་པ་རྨད་བྱུང་བ། །ལོ་ཙཱ་གཤེགས་ནས་ཆོས་རྗེ་ཕྱོགས་རྒྱལ་བ། །གསོལ་འདེབས་བྱོན་ནས་ཇོ་ནང་གདན་ས་མཛད། །དབྱར་དུས་ངམ་རིང་བྱོན་ནས་གདན་ས་བ། །མཁན་ཆེན་འཕགས་པ་བཞག་ནས་ཇོ་ནང་བྱོན། །ལོ་བཞིར་གདན་ས་མཛད་ནས་སེ་མཁར་བཞུགས། །ཆོས་ཀྱིས་དུས་ཚོད་འདའ་བར་མཛད་པ་ལགས། །ཆོས་རྗེ་ཞི་བར་གཤེགས་ནས་ཇོ་ནང་བྱོན། །དུས་མཆོད་བཙུགས་ཏེ་དགུང་ལོ་དྲུག་ཅུ་ལ། །ཇོ་ནང་རྒྱུད་འགྲེལ་གསུངས་ནས་རྫོགས་ལྡན་བཞད། །དགུང་ལོ་དོན་གཉིས་ལྷ་སར་རྟེན་གསུམ་ལ། །མཆོད་པ་རྒྱ་ཆེར་ཕུལ་ཏེ་ལམ་བར་ནས། །དགོན་སྡེ་མང་པོས་སེར་ཕྲེང་རོལ་ཆས་བསུས། །སེམས་ཅན་རྣམས་ལ་ཆོས་ཀྱིས་ཆར་བ་ཕབ། །ཇོ་ནང་ཕྱག་འབབ་སུམ་ཆ་བསྒྲུབ་པ་བ། །རྣམས་ལ་བསྙེན་བཀུར་མཛད་ནས་ལྷ་རྩེ་དང༌། །བདེ་ཆེན་ས་སྐྱ་སོགས་ལ་མང་ཇ་བསྐོལ། །དེ་ཡི་ལྷག་མ་ཇ་སིག་སོ་གཉིས་དང༌། །ཐེར་འཕྲུག་གོས་དར་གསེར་དངུལ་རིན་ཆེན་སོགས། །ཆོས་རྗེའི་དུས་མཆོད་རྒྱུ་རུ་བཞག་པར་མཛད། །དེ་ནས་འཇམ་དབྱངས་ཤཱཀྱ་རྒྱལ་མཚན་གྱིས། །གདན་དྲངས་སེ་མཁར་ཆུང་དུ་བྱོན་ལམ་བར། །ཕེབས་ནས་མུན་རུབ་ཞབས་ཏོག་རྣམས་ན་རེ། །དོ་ནུབ་ཆུ་ལ་མི་ཐོན་བཞུགས་དགོས་ཟེར། །བདུད་བྱང་སིད་དྷིས་ལམ་སྒུག་ཡོད་པས་ན། །ད་ལྟ་ཕ་རོལ་ཐོན་དགོས་གསུངས་པའི་ཚེ། །གྲུ་མཁན་འབོད་ཟེར་ཆོས་རྗེས་དེ་མ་འབོད། །ཆུ་འགྲམ་ཚོལ་དང་གྲུ་རྙེད་གསུངས་པ་ལྟར། །གོ་བ་རྙེད་དེ་དཔོན་སློབ་ཕ་རོལ་ཐོན། །མཁར་ཆུང་སླེབས་ནས་ནམ་ལངས་ཆུ་འགྲམ་དུ། །དམག་གིས་གང་འདུག་ཐུགས་ཤེས་ཐོགས་པ་མེད། །ཕར་ཊཱིཀ་ལ་སོགས་གསུང་ཆོས་དཔག་མེད་མཛད། །དེ་ནས་དགུང་ལོ་གྱ་གཅིག་བཞེས་པའི་ཚེ། །ས་ཟླའི་ཚེས་ནི་བཅུ་གཅིག་ཉི་འོད་ཤར། །ཞི་བར་གཤེགས་ལ་འོད་ཟེར་དཀར་པོ་ཡི། །དར་ཡུག་བརྐྱངས་པ་ལྟ་བུ་ནམ་མཁའ་ནས། །གཟིམ་ཁང་སྟེང་དུ་ཚུགས་པ་ལ་སོགས་པ། །ནམ་མཁར་འཇའ་འོད་སྣ་ཚོགས་ཁྱབ་པར་གྱུར། །ཞག་བཞི་ལོན་ནས་ཁམས་དཀར་སྟེང་དང་ནི། །དམར་པོ་ཆུ་ལམ་ནས་འོངས་ཚེས་བཅུ་དྲུག །ཉིན་པར་སྤུར་སྦྱངས་ཉེར་ལྔ་གདུང་ཁང་བསིལ། །ལྟག་པར་རྡོ་རྗེ་འཇིག་བྱེད་ཕྱག་མང་དང༌། །ཕྱག་ངར་སྒྲོལ་མ་དཔྲལ་བར་དུས་འཁོར་དང༌། །ཐུགས་ལྗགས་སྤྱན་གསུམ་དུང་དཀར་ནས་འབྲུ་ཙམ། །དྲུག་དང་རིང་བསྲེལ་དཔག་མེད་དད་པའི་རྟེན། །དེ་ནས་གཤེགས་རྫོངས་ཡང་དག་གྲུབ་པར་བྱས། །དུས་གསུམ་མཁྱེན་པའི་རྣམ་ཐར་འདི་དག་ལ། །མཐོང་ཐོས་དད་པའི་སྤུ་ལོང་གྱུར་པ་རྣམས། །རྟག་པར་ཆོས་རྗེའི་ཞབས་དྲུང་སྐྱེ་བ་དང༌། །ལུང་རིགས་ཟབ་མོའི་ཆོས་ལ་དབང་འབྱོར་ཤོག །ཅེས་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཕྱོགས་རྒྱལ་བའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་ལྔ་པའོ། །

མ་ཎི་ཀ་ཤྲཱི་ཛྙ་ནའི་རྣམ་པར་ཐར་བ་མདོར་བསྡུས་པ།།

མ་ཎི་ཀ་ཤྲཱི་ཛྙ་ནའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་མ་ཎི་ཀ་ཤྲཱི་ཛྙཱ་ན་སྭ་སྟི་སིདྡྷི་ཕ་ལ། འཕགས་པ་ཀུན་ཏུ་བཟང་པོའི་སྤྲུལ་པ་ནི། །འབྲི་གུང་ལོ་ཙྪ་འཁྲུངས་ཡུལ་གྱེར་ཕུ་དང༌། །ཡབ་ནི་ཕུ་རང་རྡོ་རྗེ་བློ་གྲོས་དང༌། །ཡུམ་ལྷ་བཙུན་མ་གཉིས་ཀྱི་སྲས་སུ་ནི། །ས་མོ་གླང་ལ་ངོ་མཚར་བཅས་ཏེ་འཁྲུངས། །དགུང་ལོ་གསུམ་ནས་བྱིས་པའི་ཚོགས་རྣམས་ལ། །སཾ་ཀྲི་ཏ་ཡིས་བཟང་སྤྱོད་ཐུགས་ལ་འཆད། །ཡུལ་མི་དག་གིས་མ་གོ་འཕགས་ཡུལ་གྱི། །ཡེ་ཤེས་བཟང་བོས་གསན་ལ་དགུང་ལོ་ནི། །བདུན་གྱི་བར་དུ་ཡབ་ཀྱི་ཡི་གེ་བསླབ། །ཀློག་མཁས་དགུང་ལོ་བཅུ་གཅིག་གསང་ཕུར་བྱོན། །བླ་མ་ཡེ་ཤེས་བཟང་ལས་དགེ་ཚུལ་གྱི། །སྡོམ་པ་བཞེས་ནས་མཚན་ལ་ནོར་བུ་དཔལ། །ཡེ་ཤེས་བཏགས་ནས་ཀ་རི་ཀ་གཞུང་འགྲེལ། །ཁོང་དུ་ཆུད་ནས་འཕན་ཡུལ་བྱོན་ནས་སུ། །ཡེ་ཤེས་སེང་གེར་ཚད་མ་རིག་རྒྱན་གསན། །ཟླ་གཉིས་བགྲོ་གླེང་ཐོག་གི་ཚྭལ་པར་གྱུར། །དེ་ནས་ཡར་ལུང་གྲ་ཐང་ལྷ་ས་དང༌། །བསམ་ཡས་ལ་སོགས་དབུས་ཀྱི་དགོན་སྡེར་བྱོན། །སློབ་གཉེར་རྒྱ་ཆེན་མཛད་ནས་གཙང་ལ་བྱོན། །ས་སྐྱར་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་ལས། །ཕར་ཚད་མངོན་གསུམ་གསན་པས་མཁས་པར་གྲགས། །དེ་ནས་བྲག་རམ་མཁན་ཆེན་དཀོན་མཆོག་བཟང༌། །ལ་སོགས་དགེ་འདུན་དྲུང་ལས་བསྙེན་རྫོགས་མཛད། །འདུལ་ལུང་སྡེ་བཞི་གསན་པས་འདུལ་བ་ཡི། །ཆོས་སྐོར་མངའ་བརྙེས་ཞྭ་ལུར་བུ་སྟོན་ལས། །སྒྲ་དང་ལེགས་སྦྱར་སྙན་ངག་བསླབ་པ་དང༌། །དགུང་ལོ་བཅོ་ལྔར་འབྲི་གུང་ཡུལ་དུ་བྱོན། །མཁས་པ་དྭ་ཥྟ་ན་ཀ་ར་ལས་ནི། །རྒྱ་སྐད་སཾ་ཀྲི་ཏ་དང་ལེགས་སྦྱར་གྱི། །སྒྲ་དང་ལཉྩའི་ཡི་གེ་ཡང་དག་བསླབ། །འབྲི་གུང་ལོ་ཙྪ་བ་ཞེས་གྲགས་པ་ལ། །ཝ་ཏི་ཀ་ར་ལས་ནི་རྒྱ་གར་གྱི། །ཤར་ནུབ་ཡུལ་སྐད་སློབ་པས་སྐད་གཉིས་ཀྱི། །སྨྲ་བའི་མཆོག་གྱུར་འབྲི་གུང་གདན་ས་ལ། །ནཻ་གུ་ནཱ་རོ་ཕྱག་ཆེན་གཏུམ་མོ་ཡི། །ཞག་བདུན་སྦྱོང་རྒྱུད་དབང་དང་བཅས་པ་ཞུས། །བདེ་མཆོག་དྲིལ་བུ་ཆོས་གསུམ་འབུམ་ལྔ་དང༌། ། མཁའ་འགྲོ་རྒྱ་མཚོའི་རྒྱུད་སོགས་དཔག་མེད་གསན། །མཁས་པར་གྲགས་པས་དེ་ཡི་གདན་ས་གཏད། །གོང་མའི་ཕྱག་དཔེ་ལྷ་རྟེན་ཆོས་དུང་ཀུན། །ཕྱག་ཏུ་ཕུལ་ནས་ལོ་ངོ་ལྔ་ཡི་བར། །ཤར་གླིང་དགའ་ལྡན་གཟིམ་ཁང་བཞུགས་ནས་སུ། །ཚོགས་ཆོས་སྐྱེས་རབས་བྱམས་ཆོས་སྡེ་ལྔ་དང༌། །དབུ་མ་རྩ་ཤེས་ཚད་བསྡུས་ཕར་ཕྱིན་སོགས། །འདོད་ཆོས་དཔག་མེད་གསུངས་བའི་ནུབ་གཅིག་ལ། །ལྷོ་གླིང་དགེ་རྒན་གཅིག་གིས་ར་ཤད་གཅིག །བཤས་པ་གཟིགས་པས་དེ་ཡི་གྲི་ཆུང་ནི། །རྫུ་འཕྲུལ་གྱིས་བླངས་དབུ་སྔས་བཞག་ནས་སུ། །ནམ་ལངས་བོས་ནས་ཇ་དྲངས་མདང་གྲི་ཆུང༌། །མ་རྙེད་ཨི་ཡིན་གསུངས་ནས་དེའི་སྔོན་དུ། །གྲི་ཆུང་འཕང་ཞིང་ཞལ་ཏ་མཛད་པ་ཡིས། །ཕྱིན་ཆད་དགོན་དེར་ངན་སྤྱོད་ཁྲིམས་ངན་ཀུན། །བྱེད་པ་མི་སྲིད་ཆོས་རྗེ་ཀུན་མཁྱེན་པ། །སྒར་དང་བཅས་པ་སྙེ་ཐང་བྱོན་པ་གསན། །དགུང་ལོ་ཉེར་གཅིག་དེར་བྱོན་མཁས་དབང་དང༌། །དབུས་གཙང་དགེ་འདུན་རྣམས་འདུས་ཕྱག་རྡོར་གྱི། །དབང་བསྐུར་རྒྱུད་གསུངས་དུས་སུ་ཞལ་མཇལ་ནས། ། གསུང་གླེང་མཛད་པས་ཉིན་བྱེད་འོད་རབ་འབར། །དེ་དུས་ནས་བཟུང་ཆོས་རྗེ་རིན་པོ་ཆེ། །འབྲལ་མེད་འགྲོགས་ནས་དུས་ཀྱི་འཁོར་ལོའི་དབང༌། །སྦྱོར་དྲུག་ཅི་རིགས་གསན་ནས་རྒྱུད་འགྲེལ་ནི། །ཚར་གྲངས་བཅུ་དྲུག་ལ་སོགས་ཕྱི་ནང་གི །ཆོས་སྐོར་མ་ལུས་ལག་ལེན་དམར་ཁྲིད་སོགས། །ཐུགས་ནི་དགྱེས་པར་བརྩེ་བས་རྗེས་སུ་གནང༌། །དེ་ཡི་རྩ་བའི་བུ་ཆེན་གྱུར་བ་ལ། །དགུང་ལོ་རེ་གསུམ་བཞེས་ཚེ་ཆོས་རྗེ་ནི། །ཞི་བར་གཤེགས་ནས་བྲག་དཀར་ཆོས་སྟེང་བྱོན། །ཐུགས་དམ་གཙོ་ཆེར་མཛད་ཚེ་ནངས་བར་ཞིག །བྱ་རིགས་སྣ་ཚོགས་ཅ་ཅོའི་སྐད་འདོན་པས། །ཁྱེད་རྣམས་ང་ལ་མ་འཚེར་གསུངས་མ་ཐག །ཉན་པར་མཛད་སོགས་རྣམ་ཐར་རྨད་དུ་བྱུང༌། །ལོ་གསུམ་གནས་དེར་ཚད་མ་རྒྱུད་འགྲེལ་སོགས། །ཆོས་འཆད་མཁས་པའི་སློབ་མ་མང་རབ་བྱུང༌། །སེངྒེ་རྩེ་བའི་བསྐུལ་ནས་དགེ་འདུན་པ། །བརྒྱ་ཕྲག་གསུམ་ཙམ་དུས་འཁོར་འབྲོ་ལུགས་ཀྱི། །དབང་བསྐུར་ཚེ་ན་ནམ་མཁར་འཇའ་འོད་དང༌། །མེ་ཏོག་ཆར་བབས་རྡོར་དྲིལ་ནམ་མཁར་བཞག །ཞབས་གཉིས་ས་ལ་མ་རེག་ཀུན་གྱིས་མཐོང༌། །དེ་ནས་ཉང་སྟོད་ཆོས་གོང་གདན་དྲངས་ཏེ། །སེར་ཕྲེང་སྐྱ་བ་སྟོང་ཕྲག་རོལ་ཆས་བསུས། །བདེ་མཆོག་དབང་སྐུར་བདེ་མཆོག་སྒྲུབ་ཐབས་ཀྱི། །ཆེ་ཆུང་མང་མཛད་ཆོས་རྗེ་ཉ་དབོན་པས། །རྩེ་ཆེན་གདན་དྲངས་སེར་འཕྲེང་རོལ་ཆས་བསུས། །འབུལ་ནོད་བཀྱག་སྟེ་རྣམ་གཉིས་དབུ་གཏུགས་མཛད། །གསུང་གླེང་ཕན་ཚུན་མཉེས་མཉེས་ཞག་ལྔར་མཛད། །དེ་ནས་རྒྱ་མཁར་རྩེ་བས་གདན་དྲངས་ཚེ། །ཉ་དབོན་སྐྱེལ་ཐུང་མཛད་དེ་གཅིག་ལ་གཅིག །ཕྱག་འཇུས་མཛད་ནས་སྐུ་རིམ་ལ་འབད་པའི། །ཕན་ཚུན་ཞལ་ཏ་མཛད་དེ་འབྲལ་མི་ཕོད། །ཕྱི་ལྟས་གཉིས་ཀས་མཛད་ནས་ཕོ་བྲང་དུ། །སེར་ཕྲེང་རོལ་ཆས་བསུས་ནས་དགོན་དེར་ཕེབས། །སྐུ་འབུམ་མཐོང་གྲོལ་བཞེངས་པར་བསྐུལ་བའི་ཚེ། །ཉིད་ཀྱིས་རབ་གནས་མཛད་ན་བཞེང་ཞེས་གསུངས། །ལོ་ཙཱས་ཆོས་རྗེ་ཉ་དབོན་པས་མཛད་པའི། །ཞལ་ཏ་གནང་སྟེ་ཟླ་གཅིག་འདོད་ཆོས་གསུངས། །མཐར་ནི་མཁས་པར་གྲགས་པའི་རབ་བྱམས་པ། །ཉེར་ལྔ་ཙམ་དང་ཉིན་བཞིར་རྩོད་པ་མཛད། །ལུང་རིགས་བགྲོ་གླེང་གཏན་དབབ་རྩོད་ལས་རྒྱལ། །གཞན་སྟོང་བསྟན་པ་སྤེལ་ཞིང་ཇོ་ནང་དུ། །གདན་འདྲེན་འོངས་ནས་མཁས་པ་དེ་དག་གིས། །ལ་ཁའི་བར་དུ་བསྐྱེལ་ཐུང་བྱས་ནས་སུ། །ཇོ་ནང་དཔལ་དུ་བྱོན་ནས་བསུ་བ་བྱས། །ཀུན་དགའ་རྭ་བའི་ཁང་པར་སྤྱན་དྲངས་ཏེ། །ཆོས་རྗེ་རིན་པོ་ཆེ་ཉིད་རྗེས་སུ་དྲན། །སྤྱན་ཆབ་མཛད་ནས་དེ་ཡི་མཆོད་རྟེན་ལ། །དངོས་སུ་ཕྱག་སྟོང་སྤྱན་སྟོང་གསལ་བར་གཟིགས། །ཐུགས་ནི་ཏིང་ངེ་འཛིན་ལ་འབྱམས་ཀླས་ཏེ། །ལོ་བརྒྱད་བཞུགས་ནས་བླ་མ་གདན་ས་བའི། །སྔ་ཆོས་བཏང་ནས་མ་ཎི་ཀ་ཤྲཱི་ནས། །ཕྱི་ཆོས་རྒྱུད་འགྲེལ་ཚོགས་ཆོས་ལེགས་པར་གསུངས། །དགུང་ལོ་དོན་གཉིས་བཞེས་དུས་སྐུ་བགྲེས་ནས། །འགྲོ་འདུག་དཀའ་ཚེ་མཁའ་ལྡིང་ཕུང་པོ་ཡི། །རི་ཁྲོད་གདན་འདྲེན་ཞུས་ཚེ་བསྟན་པ་ལ། །དགོངས་ནས་དེར་བྱོན་དགེ་འདུན་མང་པོ་ལ། །རྒྱུད་འགྲེལ་ལོ་གཉིས་བཙུགས་ནས་མཚན་བརྗོད་ཀྱི། །འགྲེལ་བ་ལ་སོགས་གསུང་ཆོས་མང་དུ་མཛད། །དགུང་ལོ་དོན་ལྔ་བཞེས་ཚེ་བསྟན་པ་དང༌། །སེམས་ཅན་ཕན་ཐབས་ཞལ་ཏ་སྣ་ཚོགས་གནང༌། །ལྷ་ཆ་ཐམས་ཅད་ཇོ་ནང་དཔལ་དུ་ནི། །སྐུ་འབུམ་འཛམ་གླིང་རྒྱན་དུ་བསྐུར་ནས་སུ། །མེ་ཡོས་དཔྱིད་ཟླ་ར་བའི་ཚེས་བཅུ་ལ། །ཞི་བར་གཤེགས་ནས་ཞག་པོ་ཉེར་གཅིག་ཏུ། །རྣམ་སྣང་ཆོས་བདུན་ཚང་བར་མཛད་པ་ལ། །གཟི་མདངས་ཚུར་ཚུར་གསལ་ནས་ནངས་བར་དུ། །ཁམས་དཀར་ཤངས་ནས་འབབ་པའི་སར་འོད་ཀྱི། །པད་དཀར་ལག་མཐིལ་ཙམ་གཉིས་འབྱུང་བར་འདུག །དམར་པོ་གསང་བར་བྱོན་ནས་རྗེ་བཙུན་མ། །དམར་མོ་ཞལ་གཅིག་ཕྱག་གཉིས་མ་སྲ་ཞིང༌། །སྐྱེ་མཆེད་ཤིན་ཏུ་གསལ་བར་བྱོན་གྱུར་ལ། །སྤུར་སྦྱངས་དུ་བ་འཇའ་འོད་བཀྲ་ལེགས་གྱུར། །མངོན་དགའི་ཕྱོགས་སུ་སོང་ནས་དེར་བཞུགས་པའི། །དེ་བཞིན་གཤེགས་པ་འཁོར་བཅས་ཀྱིས་བསུས་ནས། །གནས་དེར་གཤེགས་ལ་སྤུར་ཁང་ཞལ་ཕྱེ་བས། །སྤྱི་བོར་ཤཱཀ་ཐུབ་དཔྲལ་བར་ཡུམ་ཆེན་མོ། །ཕྱག་ངར་བདེ་མཆོག་ཕྱག་མང་དུང་དཀར་གྱི། །ཆེ་ཆུང་གཉིས་དང་རིང་བསྲེལ་དཀར་འཇམ་པ། །མང་བྱོན་ཐམས་ཅད་ཇོ་ནང་གདན་དྲངས་ནས། །རྒྱལ་སྲས་ཚོགས་གཉིས་སྤེལ་བའི་གྲུ་གཟིང་གིས། །མར་གྱུར་འགྲོ་བའི་མཚོ་ལས་བདག་སྒྲོལ་ནས། །རྣམ་གྲོལ་ཐར་བའི་གླིང་དུ་ཕྱིན་པ་དང༌། །ཀུན་བཟང་བླ་མ་མཆོག་དང་མཇལ་བར་ཤོག །ཅེས་མ་ཎི་ཀ་ཤྲཱི་ཛྙ་ནའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་དྲུག་པའོ། །

ཞང་སྟོན་རིན་པོ་ཆེའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཞང་སྟོན་རིན་པོ་ཆེའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་པུཎྱ་ཀིརྟི་སྭ་སྟི་སིདྡྷི་ཕ་ལ། གསང་བའི་བདག་པོའི་རྣམ་འཕྲུལ་ཞང་སྟོན་པ། །ཡབ་ནི་ཆོས་རྒྱལ་དཔལ་དང་ཡུམ་ཆོས་སྒྲོན། །འཁྲུངས་ཡུལ་སྐྱི་ཤོད་ལྷུམས་སུ་ཞུགས་མ་ཐག །ཡུམ་གྱི་མཛེ་ནད་འཕྲོག་ཅིང་ལུས་མཛེས་ཤིང༌། །སེམས་ཀྱི་བདེ་སྟེར་ལྕགས་ཕོ་འབྲུག་གི་ལོ། །ས་ཀའི་བཅོ་ལྔར་སྐུ་བལྟམས་གཟུགས་སྤྱད་མཛེས། །སྟོབས་ཆེ་གསུང་སྙན་ཁམས་རིགས་བཙུན་པ་བྱུང༌། །དགུང་ལོ་དྲུག་ལོན་ཡར་པོ་གྲ་ཐང་ཕྱིན། །རྡོ་རྗེ་རྒྱལ་མཚན་ལས་ནི་ཆོས་བསླབ་པས། །ཟླ་བ་གཉིས་ནས་ཡོན་ཏན་འགའ་རབ་ཆགས། །དེ་ནས་རི་བོ་དགའ་ལྡན་ཕྱིན་ནས་ནི། །ཀུན་སེང་ལ་སོགས་རྩོད་ངར་ཆེ་བ་ཀུན། །མཉམ་དུ་ལུང་རིགས་བགྲོ་གླེང་བྱེད་པ་ལ། །ལན་མེད་ཕམ་པར་མཛད་ནས་ཁོང་ཚོ་ལ། །བཙུན་ཆུང་གཅིག་ལས་འཁོར་གསུམ་ཁུར་དུ་བཅུག །དེ་ནས་ལྷ་སར་བྱོན་ནས་ར་ས་ཡི། །བཅོམ་ལྡན་འདས་དྲུང་མཁན་ཆེན་གཞོན་ནུ་དཔལ། །མདུན་ལས་དགེ་ཚུལ་སྡོམ་པ་ནོད་པར་མཛད། །བསོད་ནམས་གྲགས་པ་དཔལ་བཟང་མཚན་གསོལ་ནས། །ཀ་རི་ཀ་སོགས་གསན་ཅིང་ཐུགས་སུ་ཆུད། །དེ་ལ་སྤྱོད་འཇུག་རྣམ་ངེས་རྣམ་འགྲེལ་གསན། །དེ་ནས་མཚལ་གྱི་གུང་ཐང་དུ་བྱོན་ནས། །བླ་མ་བཀྲ་ཤིས་སེང་གེའི་སྐུ་དྲུང་ནས། །ཕར་ཚད་མངོན་པ་གོང་འོག་ཀུན་ལ་བསླབ། །དགུང་ལོ་བཅུ་བཞིར་ལྕགས་པོ་རི་ལ་བྱོན། །མཚམས་སྦྱོར་ལྔ་བ་སྙན་ངག་མེ་ལོང་དང༌། །ཀླུུ་ཡི་ཟློས་གར་པྲ་འབེབས་ཨ་ཙ་ར། །ནག་པོ་ལས་ནི་གསན་སྦྱང་ལེགས་པར་བྱས། །ཁམས་དབུས་ཆོས་སྡེ་ཀུན་ལ་ཕྱོགས་མེད་འགྲིམས། །ཐོས་བསམ་མཛད་ནས་དགུང་ལོ་ཉེར་གཉིས་ལ། །གཙང་ཕྱོགས་བྱོན་ཏེ་ས་སྐྱའི་ཆོས་གྲྭར་ཕེབས། །མཁན་ཆེན་འཇིགས་མེད་གྲགས་པའི་སྐུ་དྲུང་དུ། །བསྙེན་རྫོགས་མཛད་ཅིང་འདུལ་བའི་ཆོས་སྐོར་བསླབ། །དགེ་སློང་རྡོ་རྗེ་འཛིན་པའི་མངའ་བདག་གྱུར། །དེ་ཉིད་ཕར་ཚད་མངོན་གསུམ་མཛོད་རང་འགྲེལ། །གསན་ནས་གློ་བུ་སྟོང་ཆེན་ལ་སྟོད་དང༌། །བྲག་རམ་ཞ་ལུ་སྣར་ཐང་སྟོད་ལུང་སོགས། །གྲྭ་བསྐོར་མཛད་ནས་མཚུར་ཕུའི་གནས་མཆོག་ཏུ། །རང་བྱུང་རྡོ་རྗེས་ཆོས་རྗེའི་མཛད་སྤྱོད་ཐོས། །སྐུ་ཡི་བ་སྤུ་གཡོས་ནས་སྐུ་དྲུང་དུ། །གདན་དྲངས་གསུང་གླེང་མཛད་པས་ལྷག་པར་གུས། །དེ་ནས་ཆོས་རྗེའི་མདུན་དུ་རྭ་འབྲོ་ཡི། །ལུགས་ཀྱི་དུས་འཁོར་དབང་ཆེན་རྡོར་ཕྲེང་དང༌། །མི་ཏྲ་བརྒྱ་རྩ་བདེ་མཆོག་དྲིལ་བུའི་དབང༌། །ཕྱག་རྡོར་འཁོར་ཆེན་རྟ་མགྲིན་ཡང་གསང་འཁྲོས། །འཇིགས་བྱེད་རྭ་ལུགས་ལ་སོགས་དབང་གསན་ཅིང༌། །སྦྱོར་དྲུག་རྣལ་འབྱོར་གསུམ་གྱི་སྙིང་བོ་དང༌། །ནེ་གུ་ནཱ་རོ་སྒྲུབ་ཐབས་རྒྱ་མཚོ་སོགས། །བཀའ་ཁྲིད་གསན་བསམ་ཉམས་རྟོགས་ཁྱད་འཕགས་སྐྱེས། །སེམས་འགྲེལ་སྐོར་གསུམ་གུར་བརྟག་སཾ་གསུམ་དང༌། །བདེ་མཆོག་འབུམ་ལྔ་གསང་འདུས་སྒྱུ་ཏྲ་དང༌། །མངོན་པ་ཀུན་བཏུས་ཚད་མ་རྣམ་འགྲེལ་སོགས། །ཟབ་མོ་བཀའ་ཆོས་ཐམས་ཅད་ཡང་དག་ཞུས། །མཁས་པའི་གཙུག་རྒྱན་སྐྱེས་བུ་དམ་པར་གྱུར། །དགུང་ལོ་སོ་ལྔར་ཆོས་རྗེ་རིན་པོ་ཆེ། །ཞལ་མཇལ་ནས་བཟུང་རེ་གསུམ་བར་དུ་བསྟེན། །དགུང་ལོ་རེ་བཞིར་མཁན་ཆེན་ལྷ་དབང་གིས། །གདན་དྲངས་དཔལ་སྟེང་དགོན་གཞི་བཅས་པ་ཕུལ། །གཙུག་ལག་ཁང་དང་ཆོས་རྗེ་ཀུན་མཁྱེན་པའི། །གསེར་སྐུ་མི་ཡི་ཚད་ཙམ་རྒྱུད་འབུམ་སོགས། །རྟེན་གསུམ་བཞེངས་ནས་བྱང་སེམས་ཆོས་གྲགས་དཔལ། །རབ་གནས་མཁན་པོར་གདན་དྲངས་ནམ་མཁའ་རུ། །འཇའ་རིས་སྣ་ཚོགས་གུར་ཕུབ་བར་སྣང་ལ། །མེ་ཏོག་དཀར་པོ་ལག་མཐིལ་ཚད་ཙམ་འབབ། །མཁན་ཆེན་ཆོས་གྲགས་དཔལ་བྱོན་སྐྱེལ་ཐུང་མཛད། །གཅིག་ལ་གཅིག་གིས་གུས་ཕྱག་ཡང་ཡང་འཚལ། །དཔལ་སྟེང་ལོ་གྲངས་བཅོ་ལྔར་རྒྱུད་འགྲེལ་ནི། །དབྱར་ཆོས་དགུན་ཆོས་མཛད་ནས་མཁས་མང་བྱུང༌། །དཀའ་འགྲེལ་ལ་སོགས་གསུང་ཆོས་དུ་མ་གསུངས། །ཐུགས་དམ་ངང་ནས་སངས་རྒྱས་སྐུ་དང་ནི། །ཞིང་ཁམས་དཔག་མེད་གཟིགས་པའི་ཐུགས་རྟོགས་སྐྱེས། །དེ་ལྟར་རྣམ་དཀར་ཐོས་བསམ་སྒོམ་གསུམ་སོགས། །ཡོངས་སུ་རྫོགས་ནས་དགུང་གྲངས་དོན་དགུ་ཚེ། །ཆུ་ལུག་དབྱར་ཟླ་ར་བའི་བཅོ་བརྒྱད་དུ། །བསྙུང་བ་མེད་པའི་རྣམ་པར་འདྲེན་པ་མཆོག །དམ་པ་གང་ཉིད་ཞི་བར་གཤེགས་མ་ཐག །ས་གཡོས་ནམ་མཁར་སྒྲ་དང་འཇའ་འོད་ཁྱབ། །སྤུར་གྱི་ལུས་གནད་ལྟ་སྟངས་ཡ་ཡོ་མེད། །ཞག་ལྔར་བཞུགས་ནས་དཀར་ཆ་སྟེང་དང་ནི། །དམར་ཆ་སྨད་ནས་ཅུང་ཟད་འབབ་པ་དང༌། །གདུང་བསྒུལ་ས་གཡོས་སྤུར་སྦྱངས་དུ་བ་ནི། །འཇའ་འོད་སྣ་ཚོགས་བཅས་ཏེ་གྲུ་འཛིན་གྱི། །གནས་སུ་མངོན་པར་འཕགས་པའི་མཛད་བཟང་ངོམ། །སྤྲིན་མེད་མཁའ་ལ་ཉིན་མོར་འཇའ་འོད་འཁྱིལ། །མཚན་མོར་འོད་གསལ་རྫ་མ་ལྟ་བུས་ཁྱབ། །ལྷ་ཡི་མེ་ཏོག་དཀར་དམར་ཆར་ཆེན་འཁྲིགས། །རོལ་མོ་སྤོས་བཟང་མཆོད་སྤྲིན་ཀུན་ནས་གཡོ། །གདུང་ཁང་ཞལ་ཕྱེ་དཔྲལ་བར་དུང་དཀར་དང༌། །ཨུ་ཙརྱ་དང་གཏུམ་ཆུང་རྡོ་རྗེ་འཆང༌། །རིང་བསྲེལ་ཁྱད་འཕགས་དཔག་མེད་བཞག་པ་རྣམས། །དད་ལྡན་མཆོད་པའི་ཞིང་དུ་སོ་སོར་དྲངས། །ཤེས་བྱ་ཀུན་གཟིགས་མཁན་ཆེན་བསོད་ནམས་གྲགས། །ཐུགས་རྗེས་ཚད་མེད་འགྲོ་ཀུན་རབ་གཟིགས་ནས། །ཇི་སྲིད་འཁོར་བའི་རྒྱ་མཚོ་མ་སྟོང་བར། །དེ་སྲིད་འགྲོ་དོན་འཕྲིན་ལས་འཇུག་པར་ཤོག །ཅེས་ཞང་སྟོན་རིན་པོ་ཆེའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བདུན་པའོ། །

ཚད་མའི་སྐྱེས་ཆེན་ཉ་དབོན་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཚད་མའི་སྐྱེས་ཆེན་ཉ་དབོན་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་ཨཱ་ནནྡ་ཤྲཱི་བྷ་དྲ་སྭ་སྟི་སིདྡྷི་ཕ་ལ། འཇམ་དཔལ་རྣམ་འཕྲུལ་ཆོས་རྗེ་ཉ་དབོན་པའི། །འཁྲུངས་ཡུལ་ཉང་པོ་ཡབ་ནི་རྣམ་རྒྱལ་དང༌། །ཡུམ་ནི་པདྨ་སྒྲོན་དང་ཤིང་མོ་བྱའི། །ཐ་སྐར་ཟླ་བའི་ཚེས་བརྒྱད་གཟུགས་སྐུ་འཁྲུངས། །འཁྲུངས་མ་ཐག་ཏུ་ཨ་ར་པ་ཙ་ནའི། །སྒྲ་སྒྲོགས་ས་གཡོས་འཇའ་དང་རོལ་མོའི་སྒྲ། །དེ་ནས་བཟུང་སྟེ་ཡུལ་དུ་ལོ་ལེགས་བྱུང༌། །དུས་འཁྲུགས་ཆད་ཅིང་ནད་ཡམས་ཞི་བ་སོགས། །ངོ་མཚར་དཔག་མེད་སྐྱེས་བུ་དམ་པའི་ཚུལ། །ལོ་གསུམ་ལོན་ནས་མཚན་བརྗོད་འདོན་པ་དང༌། །ཡུལ་མི་རྣམས་ཀྱིས་རིགས་བཟང་ཡིན་ཞེས་གླེང༌། །ལོ་བཞི་ལོན་ནས་ཇོ་ནང་དཔལ་དུ་བྱོན། །ཆོས་རྗེ་ཡོན་ཏན་རྒྱ་མཚོའི་མདུན་ས་རུ། །མི་སྡེ་ལྷ་སྡེ་འཚོགས་སྐབས་ཆོས་གྲྭ་ལ། །མ་བུ་གཉིས་ཕྱིན་ཆོས་རྗེས་སྤྱན་གྱིས་གཟིགས། །ཕྱག་འཛུབ་བསྟན་ནས་བཞད་ཅིང་ལུང་བསྟན་པ། །འཇམ་དབྱངས་གསར་མའི་སྐུ་སྐྱེས་ཡིན་ཞེས་གསུངས། །ས་སྐྱར་བྱོན་ནས་ཡི་གེའི་གྲྭར་འཇུག་ཅིང༌། །ཤེས་རབ་ཕུལ་ཕྱིན་ཡ་མཚན་ཆེ་བའི་གནས། །དགུང་ལོ་བདུན་ནས་ཚད་མ་རིག་པའི་རྒྱན། །ཁོང་དུ་ཆུད་དེ་དགོངས་དོན་ཞོར་ལ་མཁྱེན། །མངོན་པ་ལན་གཅིག་ཉན་པས་ཚིག་དོན་ཀུན། །ལེགས་པར་བློ་ཟིན་ལོ་ལྔའི་བར་དུ་ནི། །ཕར་ཚད་མངོན་འདུལ་གཞུང་འགྲེལ་སློབ་གཉེར་དྲིལ། །ཤིན་ཏུ་མཁས་པའི་གྲགས་སྙན་འོད་དཀར་བྱུང༌། །དགུང་ལོ་བཅུ་གཉིས་མཁན་ཆེན་དམ་པ་གང༌། །ཉི་མ་རྒྱལ་མཚན་ལས་ནི་དགེ་ཚུལ་མཛད། །མཚན་ནི་ཀུན་དགའ་དཔལ་བཟང་ཞེས་གསོལ་ཏེ། །དེ་ལས་དགེ་ཚུལ་སོ་ཐར་རིགས་བདུན་གྱི། །ཆོས་སྐོར་ལེགས་པར་གསན་ཅིང་མཁྱེན་པ་རྒྱས། །དེ་ནས་སྟག་ལུང་རིན་ཆེན་བཟང་པོ་ལས། །ཕར་ཚད་མངོན་འདུལ་གསན་ནས་སྣར་ཐང་དུ། །སློབ་དཔོན་བློ་བཟང་གྲགས་པར་མཛོད་འགྲེལ་དང༌། །སྤྱོད་འཇུག་རྡོར་ཕྲེང་བདེ་མཆོག་རྩ་རྒྱུད་དང༌། །མཁའ་འགྲོ་རྒྱ་མཚོའི་རྒྱུད་དང་རྒྱུད་ཕྱི་མ། །ཟླ་གསང་ཐིག་ལེ་སྤྱན་གཟིགས་པདྨ་ཅན། །འཕགས་པ་ཀླུ་སྒྲུབ་རིགས་ཚོགས་བསྟོད་ཚོགས་གསན། །ནག་ཕུག་བྱོན་ནས་མཁན་ཆེན་ཆོས་གྲགས་ལ། །སྦྱོང་རྒྱུད་དབང་དང་ཁྲག་འཐུང་མངོན་འབྱུང་དང༌། །ནཻ་གུ་ནཱ་རོ་རྟོགས་བདུན་ཡུམ་སྐོར་ལུང༌། ། གཤེད་དམར་དགྲ་ནག་གདོང་དྲུག་རྒྱུད་སྡེ་དང༌། །མཁའ་འགྲོ་ཀུན་སྤྱོད་རྒྱུད་སོགས་མང་པོ་གསན། །དགུང་ལོ་བཅུ་དགུར་སྙེ་ཐང་སྐུ་བྱོན་ནས། །མཁན་ཆེན་བཀྲ་ཤིས་སེང་གེའི་མདུན་དུ་ནི། །བསྙེན་རྫོགས་མཛད་པས་དགེ་སློང་རྡོ་རྗེ་ཡི། །འཛིན་པར་གྱུར་ནས་སྐུ་ལ་ཚུལ་ཁྲིམས་ཀྱི། །དྲི་བཟང་སྣོམ་པར་མངོན་ལ་ཞྭ་ལུ་དང༌། །གསང་ཕུ་གདན་ས་མཚུར་ཕུ་འབྲི་གུང་དང༌། །ལྷ་ས་བསམ་ཡས་འཆིང་ཕུག་ལ་སོགས་ཀྱི། །དབུས་གཙང་ཀུན་ལ་གྲྭ་སྐོར་མཛད་པའི་ཚེ། །འགྲན་ཟླ་བྲལ་བའི་རྩོད་རྒྱལ་བ་ཞེས་གྲགས། །ཆོས་རྗེ་ཀུན་མཁྱེན་ཆེན་པོ་བྱ་རྒོད་གཤོང༌། །བྱོན་པའི་དུས་སུ་ཞལ་མཇལ་གསུང་གླེང་པས། །ཆོས་རྗེ་མཉེས་ནས་གནང་སྦྱིན་དུ་མ་མཛད། །ཁོང་ཀྱང་ཆོས་རྗེའི་གསུང་ཐོས་ཙམ་གྱིས་ནི། །བློ་གྲོས་པད་མོའི་ཁ་ཕྱེས་མི་ཕྱེད་པའི། །དད་པ་སྐྱེས་ཏེ་ཇོ་ནང་དཔལ་དུ་བྱོན། །ཞབས་ཏོག་མཛད་ནས་དུས་ཀྱི་འཁོར་ལོའི་དབང༌། །རྡོར་ཕྲེང་ཞེ་བཞི་བཞི་བཅུར་ཕྱེ་བ་དང༌། །ཉེར་བརྒྱད་ཕྱེ་བ་གཤེད་དམར་ལྷ་ལྔ་དང༌། །སྒྲོལ་མ་རྔོག་ལུགས་རྟ་མགྲིན་ཕྱག་རྡོར་དང༌། །ཚེ་དཔག་མེད་པའི་ལྷ་དགུ་དེ་དག་གི །དབང་ལུང་ལམ་འབྲས་ས་ལུགས་ཞ་ལུགས་དང༌། །ཡེ་ཤེས་སྤྱན་སྒྲུབ་སྦས་པ་མིག་འབྱེད་དང༌། །སྦྱོར་དྲུག་ལ་སོགས་ཁྲིད་རིགས་ཐམས་ཅད་གསན། །སེམས་འགྲེལ་སྐོར་གསུམ་གུར་བརྟག་སཾ་གསུམ་དང༌། །ངེས་དོན་མདོ་བཅུ་ལ་སོགས་བོད་འགྱུར་ཀུན། །ལེགས་པར་ཞུས་ཏེ་དགུང་ལོ་ང་དྲུག་གི །བར་དུ་ཆོས་རྗེའི་ཞབས་དྲུང་ཉེ་བར་སྟེན། །ཉང་སྟོད་དཀའ་བཅུས་གདན་འདྲེན་ལེགས་མཛད་ནས། །རྩེ་ཆེན་དགོན་གཞི་ཕྱག་དཔེ་ལྷ་རྟེན་བཅས། །ཕུལ་ནས་དེར་བཞུགས་ཚད་མ་རྒྱུད་འགྲེལ་སོགས། །འཆད་ཉན་མཛད་པས་མཁས་པའི་སྐྱེས་ཐོབ་མང༌། །བློ་གསལ་དུ་མ་འདུས་ནས་དགོན་སྡེ་རྒྱས། །བསྟན་པ་སྤེལ་ཏེ་གསེར་འབུམ་གཙུག་ལག་ཁང༌། །རྒྱུད་འགྲེལ་བཞེངས་བའི་རབ་གནས་མཁན་པོ་ནི། །ས་བཟང་པཎ་ཆེན་གདན་དྲངས་ཆོ་ག་མཛད། །དེ་ཚེ་ནམ་མཁའ་སྒྲ་དང་འཇའ་འོད་དང༌། །མེ་ཏོག་ཆར་བབ་ས་གཡོས་ངོ་མཚར་ལྟས། །མ་ཏི་པཎ་ཆེན་བྱོན་དུས་སྐྱེལ་ཐུང་མཛད། །ཆོས་རྗེ་རིན་པོ་ཆེ་ཡི་སྐུ་རིམ་ལ། །བརྩོན་པའི་ཞལ་ཏ་སྦྲན་ཅིང་ཕྱི་མིག་བལྟས། །ཕྱི་དུས་རྟེན་འོག་མེ་ཤོར་རྟེན་མ་ཚིག །སྟོན་ཁར་སྟེང་དུ་ཆར་ཆུ་དྲག་ཏུ་བབས། །མ་རློན་བར་དུ་ས་རྡུལ་གྱིས་མ་གོས། །དཀར་མེ་འཛིན་ནུས་སློབ་མ་མཁས་མང་ནང༌། །རེད་མདའ་བ་ལ་དགའ་རབ་དབང་ཕྱུག་གིས། །བར་ཆད་མཁྱེན་ནས་ཉིན་མོར་མ་གཉིད་གསུངས། །རྟག་ཏུ་འཛེམ་ནས་ལན་གཅིག་གཉིད་ཤོར་བས། །ཉ་དབོན་ཆེན་པོ་ཏིང་འཛིན་བཞུགས་པའི་ངང༌། །རྒྱ་གར་ནས་འོངས་མི་ནག་རྭ་མཆུ་ཅན། །རྐང་ལག་བྱ་སྡེར་ཅན་གཅིག་ཚུར་འོངས་ནས། །རེད་མདའི་ཁང་པར་བསྐོར་པ་གཟིགས་པ་དང༌། །ཏིང་ངེ་འཛིན་ལས་ལངས་ཏེ་ཕྱག་རྡོར་སྤྲུལ། །ཁོང་ནི་སྦྲང་བུ་ཞིག་གྱུར་སྣ་སྒོར་འདུག །རྩེ་ཆེན་ནས་ནི་རེད་མདའ་ཕྱག་བརྐྱངས་ནས། །འཕྲེང་ལྕག་གདོང་ལ་བརྒྱབ་ཚེ་སྦྲང་བུ་ནང༌། །སོང་མ་ཐག་ནས་བསྟན་པའི་དགྲར་ལངས་ལ། །དུས་ཕྱིས་ཉ་དབོན་པ་ལ་མཇལ་འཕྲད་འོང༌། །ཀུན་མཁྱེན་འདས་ཁར་ཁོང་ལ་ལུང་བསྟན་ནི། །ངན་པ་མཛད་པས་ཞལ་འཇལ་མ་གནང་ལ། །དེ་ནས་མཁན་ཆེན་གཡག་དང་རྩོད་པ་མཛད། །མཇུག་མཐར་རང་སྟོང་གཞན་སྟོང་བགྲོ་གླེང་ནི། །ཉིན་གསུམ་མཛད་ཀྱང་ཤན་ཕྱེ་སུ་ཡང་མེད། །གང་སུས་རྫུན་གྱུར་དེ་ནི་འཆི་བའི་ཚེ། །གྲིར་ཤི་ས་རྡོ་ཆར་འབབ་བདེན་ཚིག་ཏུ། །གྱུར་པ་དེ་ནི་འཆི་ཚེ་རྡོ་རྗེ་འཆང༌། །ཕྱག་རྒྱ་བྱས་ནས་ཡུལ་འཇམ་འཇའ་འོད་དང༌། །མེ་ཏོག་གང་བར་ཤོག་ཅིག་སྨོན་ལམ་བཏབ། །རེ་ཞིག་དུས་ན་མཁན་ཆེན་གཡག་ཞོན་དེ། །གཡག་དང་བཅས་པ་འདྲིལ་ནས་ཤ་རུས་ནི། །སོ་སོར་འཐོར་ཞིང་རླུང་གཡུག་རྡོ་ཆར་འབབ། །ཆོས་རྗེ་འདིས་ཀྱང་བསྔོ་བ་ཡང་ཡང་མཛད། །བར་དོར་འདྲེན་པར་མཛད་པའི་ཐུགས་རྗེ་མངའ། །ཚད་མའི་འགྲེལ་ཆེན་ལ་སོགས་གསུང་ཆོས་ནི། །ཁྱད་པར་ཅན་ཡང་མང་དུ་བརྩམས་པར་མཛད། །ལྟ་སྒོམ་སྤྱོད་གསུམ་དགོངས་པ་རྫོགས་པའི་ཚེ། །དགུང་ལོ་གོ་ལྔ་ས་མོ་ལུག་གི་ལོ། །ཆུ་སྟོད་ཟླ་བའི་ཚེས་དྲུག་གཤེགས་པའི་ཚེ། །སྔོན་ཆད་གྲོགས་མཆེད་ཚིག་ཆེན་བཞགས་ཡོད་གསུངས། །ཆོས་གོས་ཤམ་ཐབས་ལེགས་པར་གསོལ་ནས་ནི། །ཞབས་གཉིས་སྐྱིལ་ཀྲུང་བཅས་པས་རྡོར་འཆང་གི །ཕྱག་རྒྱ་མཛད་དེ་གཡོ་མེད་ལྟ་སྟངས་ངང༌། །རེ་ཞིག་གཟུགས་སྐུ་བསྡུ་བའི་ཚུལ་བཅས་གཤེགས། །དེ་བཞིན་ཞག་བརྒྱད་ཆོས་ཉིད་འོད་གསལ་ངང༌། །བཞུགས་ནས་སྤུར་ལ་འོད་ཟེར་དུ་མ་འཕྲོ། །དྲི་བཟང་ངད་ལྡང་རྡུལ་གྱིས་མི་གོས་པ། །ལ་སོགས་ངོ་མཚར་མཚན་མ་མང་དུ་བྱུང༌། །དཀར་ཚེས་བཅུ་བཞིར་ཁམས་དཀར་སྟེང་ནས་འབབ། །ཤངས་སྒོར་ཐུགས་རྗེ་ཆེན་པོ་ནས་འབྲུ་ཙམ། །དཀར་ལ་འཁྲིགས་པ་སྐྱེ་མཆེད་གསལ་བ་བྱོན། །ནོར་བུའི་རྩེ་ནས་དམར་ཆ་ཅུང་ཟད་བྱུང༌། །པདྨ་མཁའ་འགྲོ་དམར་ནག་གྲི་ཐོད་ཅན། །བྱོན་ནས་སྤུར་བསྒུལ་ས་གཡོས་སྤུར་སྦྱངས་ཚེ། །ཡུལ་འཇམ་ནམ་མཁའ་གཡའ་དག་དཀྱིལ་དུ་ནི། །འཇའ་འོད་དྲ་བ་མིག་མང་རིས་སུ་ཁྱབ། །དྲྭ་མིག་ཐམས་ཅད་མཆོད་པའི་ལྷ་མོ་རེ། །རོལ་མོ་སྣ་ཚོགས་དཀྲོལ་ཏེ་མེ་ཏོག་ནི། །སྣ་ཚོགས་ཆར་འབེབ་ས་ལ་མི་རེག་གནས། །སྤུར་ཁང་ཞལ་ཕྱེ་དཔྲལ་བར་འཇམ་དཔལ་གྱི། །ཡེ་ཤེས་སེམས་དཔའ་རྣ་ལྟག་གཉིས་ལ་ནི། །སྒྲོལ་མ་ཚེ་དཔག་མེད་དང་སྤྱི་བོར་ནི། །རྡོར་འཆང་དཔུང་པར་ཧཱུཾ་མཛད་དེ་དག་ཀུན། །འབུར་དོད་སྐྱེ་མཆེད་གསལ་བའི་རི་མོ་བཀྲ །བྱམས་པའི་ཐུགས་དང་བདེན་པར་གསུངས་པའི་ལྗགས། །རིང་གཟིགས་སྤྱན་དང་ལྟག་པ་ཕྱག་ངར་གསུམ། །དུང་དཀར་རེ་རེར་རིང་བསྲེལ་རྐྱེན་ཐུབ་ཅན། །དཔག་མེད་བྱོན་ནས་དད་པའི་གསོས་སྨན་མཆོག །ཉིན་བྱེད་དཔལ་འཕྲོག་གསུང་གི་འོད་སྟོང་གིས། །ལྟ་ངན་མུན་སེལ་ཕན་བདེའི་ལམ་སྟོན་པ། །གསུང་རབ་མཛོད་འཛིན་དཔལ་ལྡན་ཀུན་དགའ་དཔལ། །ཞབས་དྲུང་བདག་སྐྱེས་གསུང་ཆོས་སྤྱོད་པར་ཤོག །ཅེས་ཚད་མའི་སྐྱེས་ཆེན་ཉ་དབོན་པ་ཀུན་དགའ་དཔལ་བཟང་པོའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བརྒྱད་པའོ། །

ཐང་པོ་ཆེ་བ་ཀུན་དགའ་འབུམ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཐང་པོ་ཆེ་བ་ཀུན་དགའ་འབུམ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་ཨཱ་ནནྡ་ལཀྵ་སྭ་སྟི་སིདྡྷི་ཕ་ལ། ལོ་ཙཱ་རིན་ཆེན་བཟང་པོའི་རྣམ་འཕྲུལ་ནི། །ཐང་པོ་ཆེ་བའི་འཁྲུངས་ཡུལ་གླིང་སྟོད་ཅེས། །ཡབ་ནི་ཚུལ་ཁྲིམས་རྒྱལ་དང་ཡུམ་ལྷ་ཟ། །འོད་ལྕམ་ལྕགས་མོ་ལུག་ལོར་སྐུ་བལྟམས་ནས། ། སྒྲ་དང་འཇའ་འོད་མེ་ཏོག་ཆར་བབས་ནས། །གཟུགས་བཟང་ཡན་ལག་མཛེས་པ་ཞབས་འཁོར་ལོ། །མཚན་པས་བརྒྱན་པ་གསུང་སྙན་ཡུལ་མི་ཀུན། །དགའ་དད་གནས་ལ་སྐྱབས་མཆོག་མཚུངས་མེད་སྐུ། །མཐོང་བ་ཙམ་གྱིས་ནད་དང་དབུལ་བ་ཀུན། །མེད་པར་གྱུར་བའི་མཐོང་ཐོས་དྲན་རགས་ཀུན། །ལོ་བདུན་ལོན་ནས་གསང་ཕུ་ཕྱིན་གྱུར་ཏེ། །བླ་མ་བཀྲ་ཤིས་བཟང་པོའི་སྐུ་དྲུང་ནས། །རབ་ཏུ་བྱུང་ནས་ཀུན་དགའ་འབུམ་ཞེས་མཚན། །གསོལ་ནས་བསྟན་གཞི་ཀ་རི་ཀ་ལྔ་བཅུ། །སུམ་བརྒྱ་བ་དང་དེ་ཡི་འགྲེལ་བ་བཅས། །གསན་ནས་འདུལ་བ་རྒྱ་མཚོའི་མངའ་བདག་གྱུར། །བགྲོ་གླེང་ཡང་དག་དགའ་རབ་ཆགས་པ་ཡི། །སྟོན་པ་བཟང་པོའི་ཚད་རྡོར་གྱུར་བ་ལ། །ཡབ་ཡུམ་གཉིས་དང་སྤུན་ཡ་ཕུ་ནུ་རྣམས། །དགའ་ཚོར་བྱེད་ནས་དགུང་ལོ་བཅུ་གཉིས་སུ། །གུང་ཐང་ཆོས་འཁོར་གླིང་དུ་དོན་གྲུབ་དཔལ། །ཕར་ཚད་གཉིས་ལ་ལོ་བཞིར་གསན་མཛད་ནས། །ཚིག་དོན་མ་ལུས་ཐུགས་སུ་ཆུད་པར་གྱུར། །ས་སྐྱར་ཕེབས་ནས་འཇམ་དབྱངས་གྲགས་པ་ལས། །ཕར་ཚད་མངོན་འདུལ་ལེགས་པར་ཞུ་བྱས་ལ། །རྩོད་པའི་ཕྱོགས་ལས་རྣམ་པར་རྒྱལ་བར་གྲགས། །ཁ་འུར་བྱོན་ནས་བླ་མ་ཡེ་ཤེས་དཔལ། །གུར་སཾ་བུ་ཊི་ལ་སོགས་མང་དུ་གསན། །ཞལ་བཞིའི་ཆོས་སྐོར་ནཻ་གུ་ནཱ་རོ་ཡི། །ཆོས་དྲུག་ར་ཁྲིད་དམར་ཁྲིད་ཚེ་ཁྲིད་དང༌། །སྒྲོལ་ཁྲིད་ལ་སོགས་མང་དུ་ཞུས་བྱས་ནས། །འཛུམ་ཆོས་ལུང་བྱོན་ཆོས་རྗེ་འཛུམ་པའི་དྲུང༌། །ཡུམ་གསུམ་འགྲེལ་དང་ཤེས་རབ་ཁྲི་པ་སོགས། །ཡུམ་སྐོར་མཛོད་འགྲེལ་ལ་སོགས་མང་དུ་གསན། །དཀའ་བཅུ་ཚད་ལྡན་མཁས་པའི་གོ་འཕང་མཉེས། །དེ་ཚེ་བསྟན་པ་སྤྱི་འགྲེལ་གསོལ་འདེབས་ཀྱི། །ཡི་གེར་གཟིགས་པས་པནྚི་ཏ་ཆེན་པོ། །ཡིན་པའི་མོས་གུས་ཆེན་པོ་སྐྱེས་ནས་སུ། །དགུང་ལོ་ཉེར་གཉིས་ཇོ་ནང་དཔལ་དུ་བྱོན། །ཆོས་རྗེ་རིན་པོ་ཆེ་ཡི་མདུན་དུ་མཇལ། །གསུང་གླེང་རིམ་པར་མཛད་པས་ཆོས་ཀྱི་གཏེར། །སྒོ་བརྒྱ་ཕྱེ་མཛད་རི་རྒྱལ་ལྷུན་པོ་བརྗིད། །ང་ཡང་ཆོས་མ་ཤེས་སྙམ་འབྲལ་མེད་དུ། །བཞུགས་པ་དང་བོར་སྨིན་བྱེད་རྒྱུའི་དབང་ལ། །ས་ལུག་ནག་ཟླར་དུས་འཁོར་དབང་མོ་ཆེ། །རྒྱུད་ཀྱི་དབང་དང་ཀྱཻ་རྡོར་ས་ལུགས་དང༌། །འཇིགས་བྱེད་རྭ་ལུགས་དབང་དང་རྡོར་ཕྲེང་དང༌། །མི་ཏྲ་བརྒྱ་རྩ་ལ་སོགས་དབང་ཀུན་ཞུས། །སྦྱོར་བ་ཡན་ལག་དྲུག་སོགས་ཁྲིད་མ་ལུས། །ཞུས་ནས་ཉམས་མྱོང་འབྲས་བུའི་ཡལ་ག་རྒྱས། །དེ་བཞིན་གཤེགས་པ་བརྒྱད་ཀྱི་སྐུ་དང་ཞིང༌། །ཡང་དག་གཟིགས་པ་ལ་སོགས་ལྷའི་ཞལ་གཟིགས། །གཞན་ཡང་རྡོ་རྗེ་འཇིགས་བྱེད་ལ་སོགས་པའི། །ཡི་དམ་དུ་མའི་ཞལ་གཟིགས་རི་ལུང་གི །དབྱིབས་ཀྱི་སྟོང་གཟུགས་རྣམ་ཀུན་མཆོག་ལྡན་ལ། །མཉམ་བཞག་ཐུགས་ནི་ཞག་ལྔར་འབྱམས་པར་གྱུར། །སེམས་འགྲེལ་སྐོར་གསུམ་གུར་བརྟག་སཾ་གསུམ་དང༌། །ཕར་ཚད་མངོན་གསུམ་སྡེ་སྣོད་སྐོར་གསུམ་སོགས། །གསུང་རབ་མཐའ་ཡས་ལག་ལེན་གནད་བསྣོན་གསན། །དགུང་ལོ་ཞེ་བརྒྱད་རྟ་ནག་གདན་དྲངས་ཏེ། །སློབ་དཔོན་རིན་ཆེན་བཟང་པོས་རྒྱལ་ཚབ་གཏད། །ལྷ་རྟེན་ཕྱག་དཔེ་འབུལ་ནོར་རྒྱ་ཆེར་བཀྱག །ལོ་དྲུག་རྒྱུད་འགྲེལ་ལ་སོགས་ཟབ་ཆོས་གསུངས། །གནས་དེར་སློབ་མ་མང་བྱུང་བསྟན་གཞི་བཙུག །དེ་ནས་དགུང་ལོ་ང་བདུན་བཞེས་དུས་སུ། །ཡར་ལུང་གདན་དྲངས་སློབ་དཔོན་ཡེ་ཤེས་དཔལ། །ཉིད་ཀྱིས་དགོན་པ་གཏད་ནས་རྟེན་གསུམ་བཞེངས། །རྒྱུད་འགྲེལ་རྟག་ཏུ་འཆད་ཉན་སྤེལ་མཛད་ནས། །རྡོ་རྗེ་ཕྲེང་པའི་ཐིག་རྩ་ལ་སོགས་གསུངས། །དགུང་ལོ་དོན་གཉིས་མེ་རྟ་ཟླ་བ་ལྔའི། །ཚེས་བརྒྱད་ཞི་བར་གཤེགས་ཚེ་ནམ་མཁའ་ལ། །སྒྲ་དང་རོལ་མོ་འཇའ་འོད་ཀྱིས་ཁྱབ་ཅིང༌། །ས་གཡོས་ངོ་མཚར་དགེ་མཚན་དུ་མ་བྱུང༌། །ཞག་ལྔར་གཟུགས་སྐུ་ཡ་ཡོ་མེད་པ་ལ། །འཆི་བ་འོད་གསལ་ངང་དུ་གཉིས་མེད་བཞུགས། །དཀར་ཆ་སྟེང་དང་དམར་ཆ་འོག་ཏུ་འབབ། །སྤུར་སྦྱངས་ཚེ་ན་དུ་བ་འཇའ་འོད་བཅས། །ནུབ་ཀྱི་ཕྱོགས་སུ་འཕགས་ནས་སོང་བར་གྱུར། །མེ་ཏོག་ལག་མཐིལ་ཙམ་ལ་འདབ་མ་དཀར། །ལྟེ་བ་དམར་པོ་འདབ་མ་དམར་པོ་ལ། །ལྟེ་བ་དཀར་པོ་སོགས་ཀྱི་ཆར་བ་བབས། །སྤུར་ཁང་ཞལ་ཕྱེ་ཚེ་ན་མི་གཡོ་བ། །མ་ཧཱ་མ་ཡ་དུས་འཁོར་ཨ་ཡིག་དང༌། །དུང་དཀར་རིང་བསྲེལ་རྟེན་གྱི་ཕུང་པོར་གྱུར། །ནམ་མཁའ་དྲྭ་ཅན་མུན་པའི་བོད་ཁམས་འདིར། །རྒྱལ་སྲས་རྟ་བདུན་དབང་པོའི་འོད་སྟོང་གིས། །གསལ་མཛད་ཐང་སྟོན་ཆོས་རྗེའི་ཞབས་དྲུང་དུ། ། སྐྱེས་ནས་ལུང་རིགས་ཆོས་ལ་བདག་སྤྱོད་ཤོག །ཅེས་ཐང་པོ་ཆེ་བ་ཀུན་དགའ་འབུམ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་དགུ་བའོ།།

ཆོས་རྗེ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཆོས་རྗེ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་མ་ཏི་དྷྭ་ཛ་སྭ་སྟི་སིདྡྷི་ཕ་ལ། འཇམ་དཔལ་རྣམ་འཕྲུལ་སྨན་ཆུ་ཁ་བ་ཡི། །འཁྲུངས་ཡུལ་སྐྱི་ཤོད་སྟོད་ལུང་ཞེས་བྱ་བ། །ཡབ་ཞང་ཀུན་བཟང་ཡུམ་ནི་ལུ་གུ་འཛུམ། །གཉིས་ཀྱི་སྲས་སུ་ས་ཕོ་སྟག་གི་ལོར། །ངོ་མཚར་དགེ་མཚན་བཅས་ཏེ་སྐུ་བལྟམས་ནས། །གཟུགས་བཟང་མཛེས་པ་རིག་གསལ་ཤེས་རབ་ཆེ། །དགུང་ལོ་ལྔ་ལ་ཟློས་གར་བཟོ་རིགས་དང༌། །སྒྱུ་རྩལ་མཁས་པའི་སྐྱེས་མཆོག་ཕུལ་བྱུང་བ། །དགུང་ལོ་བརྒྱད་དུ་ལྷ་བཟོ་ཡིག་བྲིས་དང༌། །ཀློག་ལ་མཁས་པར་མཛད་པ་ལེགས་པར་སྟོན། །དགུང་ལོ་བཅུ་གསུམ་ས་ཕོ་སྟག་གི་ལོར། །གསང་ཕུར་བྱོན་ནས་གླིང་སྨད་ཕྱོགས་རྒྱལ་གྱིས། །མཁན་པོ་མཛད་དེ་གཞོན་ནུ་སེངྒེ་ཡིས། །སློབ་དཔོན་མཛད་དེ་དགེ་ཚུལ་སྡོམ་པ་བླངས། །མཚན་ལ་བློ་གྲོས་རྒྱལ་མཚན་ཞེས་གསོལ་ནས། །དགེ་ཚུལ་ལེའུ་ལྔ་པ་སུམ་བརྒྱ་པ། །འདུལ་ལུང་སྡེ་བཞི་ལ་སོགས་གསན་པར་མཛད། །དགུང་ལོ་བཅུ་གསུམ་ཚད་མ་རྣམ་ངེས་ཀྱི། །ཚིག་དོན་མ་ལུས་ཐུགས་ཆུད་ཤེས་རབ་རྒྱས། །རྩོད་པའི་ཕྱོགས་ལས་རྒྱལ་བ་ཞེས་པ་བྱུང༌། །གླིང་སྟོད་ཤེས་རབ་བཟང་པོ་གླིང་སྨད་པ། །བློ་གྲོས་རྒྱལ་མཚན་གཉིས་ལ་རྩོད་ཟླ་མེད། །ཅེས་གྲགས་འོན་ཀྱང་གླིང་སྟོད་ཞན་འདུག་ཟེར། །ཕར་ཕྱིན་འོད་ཟེར་མགོན་པོའི་ཊཱི་ཀ་གསན། །ཐུགས་ཆུད་དགུང་ལོ་བཅུ་དགུ་ཤིང་སྤྲེལ་ལོར། །མཁན་ཆེན་བཟང་པོའི་དྲུང་ནས་བསྙེན་རྫོགས་མཛད། །དགེ་སློང་རྡོ་རྗེ་འཛིན་པའི་བདག་ཉིད་གྱུར། །དགུང་ལོ་ཉི་ཤུར་འདུལ་བ་མདོ་རྩ་དང༌། །སོ་ཐར་མདོ་དང་ལམ་རིམ་ཆོས་རྣམས་ཞུས། །དབུས་ཁམས་ལུང་དང་རིགས་པའི་གྲྭ་སྐོར་མཛད། །ས་སྐྱར་ཕེབས་ནས་འཇིགས་མེད་གྲགས་པའི་མདུན། །མཚམས་སྦྱོར་ལྔ་པ་སྙན་ངག་མེ་ལོང་དང༌། །སྡེབ་སྦྱོར་རིན་ཆེན་ཕྲེང་བ་ཀླུ་ཀུན་ཏུ། །དགའ་བའི་ཟློས་གར་ཚད་མ་རྣམ་འགྲེལ་དང༌། །མངོན་པ་གོང་འོག་མཛོད་ཀྱི་རང་འགྲེལ་དང༌། །འདུལ་བ་ཀརྨ་ཤ་ཏམ་བརྟག་གཉིས་དང༌། །གཤེད་དམར་ལ་སོགས་ཆོས་བཀའ་མང་དུ་གསན། །ལོ་ལྔར་བཞུགས་ནས་མཁས་པའི་དབང་པོར་གྱུར། །ཀུན་མཁྱེན་ཆེན་པོ་འཇམ་དབྱངས་གཞི་ཐོག་པས། །ས་སྐྱར་གདན་དྲངས་འོད་གསལ་རྨི་ལམ་དུ། །ནུབ་ཕྱོགས་ནམ་མཁར་འཇའ་འོད་འཁྱིལ་བའི་དཀྱིལ། །རྡོ་རྗེ་ཕག་མོ་བྱོན་ནས་རྔ་ཡི་སྒྲ །ཡུན་རིང་མཛད་ནས་དེ་ཡི་ སྒྲ་ཐོས་པ། །ཙམ་གྱིས་སྙིང་ལ་དགའ་བདེས་གང་བར་གྱུར། །དེ་ཡི་ཞལ་ནས་འདི་སྐད་དབྱངས་སུ་གསུངས། །རིགས་ལྡན་རྣམ་འཕྲུལ་དཔལ་ལྡན་ཇོ་ནང་བ། །ཚེ་རབས་དུ་མའི་བླ་མ་ཀུན་མཁྱེན་པ། །སང་ནས་ཕེབས་པའི་བུ་ཁྱོད་དེ་ལ་ཡང༌། །ཆོས་གསན་མཛོད་ཅིག་བློ་གྲོས་རྒྱལ་མཚན་དཔལ། །ཞེས་སོགས་ལུང་བསྟན་མཛད་ནས་སད་པའི་ཚེ། །ནམ་ལངས་འདུག་པ་སྔ་དྲོ་ཙམ་ནས་ནི། །མི་རྟ་ཁྲི་ཕྲག་དུ་མ་ཚོགས་པ་ལ། །སེར་ཕྲེང་སྟོང་ཕྲག་དུ་མ་བཅས་པ་ཡིས། །གདུགས་དང་རྒྱལ་མཚན་རོལ་ཆས་ཚུལ་བཞིན་དུ། །ཀུན་མཁྱེན་ཆོས་རྗེ་ལེགས་པར་བསུ་བྱས་ནས། །དགའ་ལྡན་ལྷ་ཁང་བཞུགས་ནས་ཆོས་རྗེ་མདུན། །དུས་འཁོར་སྒྱུ་འཕྲུལ་དྲ་བ་རིགས་གསུམ་དབང༌། །གསང་འདུས་རིགས་དྲུག་འཁོར་ལོ་སྡོམ་པའི་དབང༌། །སྦྱོར་དྲུག་ཐོག་མཐའ་བར་གསུམ་སེམས་འགྲེལ་གྱི། །སྐོར་གསུམ་ངེས་དོན་མདོ་བཅུ་རྒྱུད་ཕྱི་མ། །འཇམ་དཔལ་ལྟ་འདོད་དོན་དམ་བསྙེན་པ་དང༌། །མཚན་བརྗོད་ཚད་མ་རྣམ་འགྲེལ་དབང་མདོར་བསྟན། །ཨ་ནུ་རཀྴའི་ཏི་ཡྀ་སྦྱོར་དྲུག་དང༌། །གྱི་ཅོ་ཟླ་བའི་འོད་ཟེར་སྦྱོར་དྲུག་དང༌། །ཙ་མིའི་སྦྱོར་དྲུག་འབྲོ་ལོའི་སྦྱོར་དྲུག་དང༌། ཡུ་མོའི་སྦྱོར་དྲུག་འཇམ་དབྱངས་གསར་མ་ཡི། །སྦྱོར་དྲུག་རྗེ་བཙུན་རྒ་ལོའི་སྦྱོར་དྲུག་དང༌། །ཞང་གཡུ་བྲག་པའི་སྦྱོར་དྲུག་རྭ་ལོ་ཙཱའི། །སྦྱོར་དྲུག་གསང་འདུས་སྦྱོར་དྲུག་ཀྱཻ་རྡོ་རྗེའི། །སྦྱོར་དྲུག་གཉོས་ཁུང་སྦྱོར་དྲུག་རྣམས་ཞུས་ཚེ། །རྒྱུད་ལས་གསུང་བཞིན་ཉམས་རྟོགས་ཁྱད་པར་ཅན། །རྒྱུད་ལ་སྐྱེས་ནས་ཨ་མོའི་ཟིན་བྲིས་དང༌། །འབུམ་པ་ལ་སོགས་ཡུམ་སྐོར་བསྟོད་ཚོགས་དང༌། །རིགས་ཚོགས་གཏམ་ཚོགས་མདོ་མང་གཅོད་སྐོར་དང༌། །དོ་ཧ་ལ་སོགས་ཆོས་རྣམས་ལེགས་པར་ཞུས། །དགུང་ལོ་ཞེ་བརྒྱད་ཀུན་སྤངས་ཆོས་གྲགས་དཔལ། །མདུན་དུ་ཀྱཻ་རྡོར་ལྷ་མོ་བཅོ་ལྔའི་དབང༌། །རྩིས་ཀྱི་རྒྱུ་མཚན་བསྟན་རྩིས་ཆེན་མོ་དང༌། །ལམ་འབྲས་རྡོ་རྗེ་རྒྱུད་གསུམ་དྲི་མེད་འོད། །ལ་སོགས་ཟབ་ཆོས་མང་གསན་ཉམས་བཞེས་གནང༌། །དེ་ནས་ལོ་ཙཱ་ཆེན་པོའི་སྐུ་དྲུང་དུ། །འཕྲེང་བ་སྐོར་གསུམ་སེམས་འགྲེལ་སྐོར་གསུམ་དང༌། ། སྐྱེས་རབས་སོ་བཞི་དཔག་བསམ་འཁྲི་ཤིང་དང༌། །སྒྲོལ་མ་ཉེར་གཅིག་ཚེ་དཔག་མེད་ལྷ་དགུ །རྣམ་རྒྱལ་མ་ལ་སོགས་པའི་ཆོས་མང་ཞུས། །ཆོས་རྗེ་ཕྱོགས་རྒྱལ་དྲུང་ནས་གསང་འདུས་ཀྱི། །ཡེ་ཤེས་ཞབས་ལུགས་འཕགས་ལུགས་ཇོ་བོའི་ལུགས། །དབང་དང་བདེ་མཆོག་ལུ་ཧི་པ་ཡི་ལུགས། །དྲིལ་བུའི་ལུགས་དང་མེ་དྲི་པ་ཡི་ལུགས། །ཇོ་བོའི་ལུགས་ཀྱི་དབང་དང་རྒྱུད་འབུམ་དང༌། །རྣམ་བཤད་རིགས་པ་ལ་སོགས་མང་དུ་གསན། །ས་ཁྱིའི་ཟླ་ལྔར་ཆོས་རྗེ་ཕྱོགས་རྒྱལ་དང༌། །ལྷན་གཅིག་ལྷ་སར་བྱོན་ནས་བསྟན་པ་དང༌། །སེམས་ཅན་དོན་དུ་སྨོན་ལམ་རྒྱ་ཆེན་མཛད། །ས་མོ་བྱ་ཡི་ཟླ་བ་གཉིས་པ་ལ། །གཙང་ལ་བྱོན་པའི་དུས་སུ་དཔོན་ལྷུན་གྲུབ། །དཔལ་གྱིས་སྨན་ཆུའི་རི་ཁྲོད་ཕུལ་ནས་ཀྱང༌། །ཆོས་རྗེ་ཕྱོགས་རྒྱལ་ཞལ་ནས་ཐོས་པ་ཡི། །བྱ་བ་ལེགས་པར་རྫོགས་ནས་དབུས་ཕྱོགས་འདིར། །བཞུགས་ལ་འགྲོ་དོན་མཛོད་གསུངས་སྐྱེལ་ཐུང་མཛད། །ཕན་ཚུན་ཐུགས་སྣང་བརྩེ་བའི་མཛད་ཚུལ་གནང༌། །དེ་ནས་བཀྲ་ཤིས་སྨན་ཆུའི་རི་ཁྲོད་བཟུང༌། །འཆད་ཉན་བྱ་བས་བསྟན་པ་རྒྱས་མཛད་ཅིང༌། །ཐུགས་དམ་གཙོ་བོར་བསྐྱང་བའི་ནུབ་གཅིག་གི །རྨི་ལམ་སེང་དཀར་སྟེང་དུ་བྱམས་པ་དང༌། །གནས་བརྟན་བཅུ་དྲུག་བཅས་ལ་བྱམས་ཆོས་ལྔ། །གསན་པ་རྨིས་ནས་སད་ཚེ་འོད་གསལ་གྱི། །འཆར་སྣང་སྣ་ཚོགས་འགག་མེད་སྤྲོས་པ་བྲལ། །སྔ་དྲོའི་དུས་སུ་ལུང་ཕུག་དུང་སྒྲ་གཅིག །གྲགས་པས་ས་བཟང་མ་ཏི་པཎ་ཆེན་གྱིས། །མཛོ་དཀར་ཆིབས་ཏེ་དགེ་སློང་བཅུ་དྲུག་བཅས། །བྱོན་པ་སེར་ཕྲེང་རོལ་ཆས་བསུས་ནས་སུ། །སྨན་ཆུའི་རི་ཁྲོད་གདན་དྲངས་འབུལ་ནོར་ནི། །བཀྱག་ནས་རྨི་ལམ་ཇི་བཞིན་རྟེན་འབྲེལ་བཟང༌། །བྱམས་པ་དངོས་ཉིད་ཡིན་པའི་མོས་གུས་ནི། །བརྟན་པོར་སྐྱེས་ནས་བྱམས་ཆོས་ཞུ་བ་ཡི། །གསུང་བྱོན་པཎ་ཆེན་ཞལ་ནས་སྔར་གྱི་ཆོག །ཅེས་གསུངས་ཞུ་བ་སླར་བསྐྱར་ཟླ་གཅིག་ཏུ། །དགེ་འདུན་སྟོང་ཕྲག་ཙམ་ལ་བྱམས་ཆོས་ལྔ། །བཤད་སྦྱར་རྒྱས་པར་གསུངས་ནས་རྗེས་སུ་བཟུང༌། །གཞུང་དོན་རྟོགས་ཤིང་ཉམས་རྟོགས་མང་དུ་སྐྱེས། །གཟུངས་རྗཻ་ལྔ་དང་སྙིང་པོའི་མདོ་ལྔ་དང༌། །གསང་འདུས་རིམ་ལྔ་བདེ་མཆོག་རིམ་ལྔ་སོགས། །མང་ཐོས་གསན་པའི་རྒྱུད་ལ་ལེགས་པར་ཕྱུག །དེ་ནས་བྱ་ལོར་བསོད་ནམས་རྒྱལ་མཚན་པས། །སྙེ་ཐང་བྱོན་ནས་སེ་ར་ཆོས་སྟེང་སོགས། །རང་སྟོང་ལས་ལྷག་སྟོང་ཉིད་མེད་པར་གསུངས། །གཤིས་ལུགས་ཅང་མེད་འདོད་པ་བསྒྲགས་པར་བྱེད། །དེར་བྱོན་གསུང་རབ་ཚད་མ་དཔང་བཞག་ནས། །ལུང་རིགས་བགྲོ་གླེང་ཆེན་པོ་ཉིན་བདུན་དུ། །རྩོད་པ་མཛད་པས་ཐམས་ཅད་སྤོབས་པ་གཞོམ། །དེ་དག་གིས་ནི་འཇམ་དབྱངས་དངོས་ཡིན་ཟེར། །དེ་ནས་བླ་མ་བསོད་ནམས་རྒྱལ་མཚན་དང༌། །བཀྲ་ཤིས་སེངྒེ་གཡག་སྡེ་པཎ་ཆེན་སོགས། །གྲགས་ཅན་མང་པོས་དགྱེས་ཚོར་མཛད་ནས་སུ། །འབུལ་ནོར་རྒྱ་ཆེན་མཛད་ནས་གསོལ་བ་བཏབ། །ལྕགས་ཁྱི་ལོ་ལ་འབབ་རིམ་བྱོན་ནས་སུ། །རྒྱུད་འགྲེལ་ལ་སོགས་ཟབ་ཆོས་མང་དུ་གསུངས། །འགྲོ་མང་ཐོས་བསམ་བསྒོམ་གསུམ་ལ་བཀོད་དེ། །ཕག་ལོ་ཟླ་བ་དགུ་པར་སྨན་ཆུར་བྱོན། །དེ་བཞིན་འབྲི་གུང་རྫ་ར་རྒྱ་མ་དག །གདན་དྲངས་གང་འདུལ་ཆོས་འཁོར་བསྐོར་བར་མཛད། །སྨན་ཆུར་རྟེན་གསུམ་བཞེངས་ནས་བརྟག་གཉིས་ཀྱི། །འགྲེལ་བ་ལ་སོགས་ལེགས་བཤད་དུ་མ་མཛད། །ས་ཕོ་རྟ་ལོར་ཆོས་རྗེ་ཕྱོགས་རྒྱལ་པ། །གུང་ཐང་བྱོན་པ་གསན་ནས་དགྱེས་ཚོར་མཛད། །དེར་བྱོན་ཆོས་རྗེ་རྣམ་གཉིས་དབུ་གཏུགས་མཛད། །དགྱེས་པའི་གསུང་གླེང་མཉེས་མཉེས་ཡང་ཡང་མཛད། །སེར་གྲྭ་སྟོང་ཕྲག་ཚོགས་པར་མང་ཇ་བསྐོལ། །ཉིན་དེར་ཀུན་མཁྱེན་ཕྱོགས་ལས་རྣམ་རྒྱལ་གྱིས། །གྲུབ་མཐའི་གཤག་རལ་མཛོད་ཅེས་གསུང་པ་ལྟར། །གནས་དེར་བསྟན་པའི་གྲུབ་མཐའི་གཤག་རལ་གྱི། །བརྗོད་པ་གཙང་བ་སྙན་པས་ཕ་རོལ་གྱི། །ཡིད་འཕྲོག་གཞན་སྣང་ཟིལ་གྱིས་གནོན་པར་གྱུར། །བསྟན་འཛིན་ཐམས་ཅད་དགྱེས་པ་ཆེན་པོ་མཛད། །ཆོས་རྗེ་ཕྱོགས་རྒྱལ་གཙང་ལ་བྱོན་ཁར་ཡང༌། །ཡར་ལུང་སྣེའུ་ཐུང་བར་དུ་སྐྱེལ་ཐུང་མཛད། །ཆོས་རྗེ་ཕྱོགས་པས་རུས་རྒྱན་གཅིག་གིས་ནི། །སྣ་དྲངས་དགུ་ཚན་གཅིག་ཕུལ་སྐུ་རིམ་ལ། །འབད་པའི་ཞལ་ཏ་གནང་ནས་ཟླ་དགུ་པའི། །ཉེར་ལྔར་སྨན་ཆུར་ཕེབས་ནས་ཐུགས་དམ་མཛད། །གང་འདུལ་ཆོས་སྟོན་དུས་ལས་འདའ་བར་མཛད། །དེ་ནས་དགུང་ལོ་དོན་དྲུག་ཤིང་མོ་བྱའི། །ཚེས་བཅུའི་སྔ་དྲོ་ཞི་བར་གཤེགས་མ་ཐག །གཟིམ་ཁང་འཇའ་འོད་ཟུག་ཅིང་མེ་ཏོག་གི །ཆར་འབབ་ཞག་བདུན་དཀར་ཆ་སྟེང་དུ་བབས། །དམར་ཆ་གསང་ལམ་ནས་བྱོན་གདུང་བསྒུལ་ཚེ། །ས་གཡོས་ནམ་མཁར་སྒྲ་སྒྲོགས་སྤུར་སྦྱངས་ཚེ། །ནམ་མཁའ་གཡའ་དག་འཇའ་འོད་སྣ་ལྔའི་གུར། །དྲི་བཟང་རོལ་མོ་སྣ་ཚོགས་མེ་ཏོག་གི །ཆར་གཡོས་ སྤུར་ཁང་ཞལ་ཕྱེ་གདུང་རུས་ལ། །དཔྲལ་བར་འཇམ་དཔལ་འགྲམ་པ་གཡས་ཡོན་དུ། །མི་གཡོ་རྗེ་བཙུན་རྡོ་རྗེ་ཕག་མོ་དང༌། །གྲུ་མོར་ཨཱ་ཡིག་རྣ་ལྟག་གཉིས་སུ་ནི། །སྒྲོལ་མ་མི་གཡོ་སྔོན་པོ་དུང་དཀར་ནི། །ནས་འབྲུ་ཙམ་གསུམ་རིང་བསྲེལ་དཔག་མེད་དང༌། །ཨ་དང་རྡོ་རྗེ་རྗེ་ངར་ཕྱག་ངར་ལ། །ངོ་མཚར་དད་པའི་རྟེན་དུ་བྱོན་པར་གྱུར། །དཔལ་ལྡན་བླ་མ་འཇམ་དབྱངས་སྤྲུལ་བའི་སྐུ། །ཞབས་དྲུང་པད་མོའི་ཚལ་དུ་བདག་སྐྱེས་ཏེ། །གསུང་གི་བདུད་རྩིས་ཐོག་མར་རོ་མྱང་ནས། །ཁྱོད་བཞིན་འགྲོ་བ་མ་ལུས་འདྲེན་པར་ཤོག །ཅེས་ཆོས་རྗེ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བཅུ་པའོ།།

ཆོས་རྗེ་རིན་ཚུལ་བའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཆོས་རྗེ་རིན་ཚུལ་བའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་རཏྣ་ཤཱི་ལ་སྭ་སྟི་སིདྡྷི་ཕ་ལ། འཕགས་པ་ཐོགས་མེད་རྣམ་འཕྲུལ་རིན་ཚུལ་བའི། །འཁྲུངས་ཡུལ་བྱང་རྫིང་ཡབ་ནི་ལྷ་བཟང་དང༌། །ཡུམ་ནི་ལྷ་བཙུན་གཉིས་ཀྱི་སྲས་སུ་ནི། །ཤིང་མོ་བྱ་ཡི་ལོ་ལ་སྐུ་བལྟམས་ལ། །བལྟམས་མ་ཐག་ཏུ་ནམ་མཁར་སྒྲ་འདི་ལྟར། །ལྷ་བཟང་བུ་ནི་ཐོགས་མེད་དེ་འབྲེལ་གང༌། །འཁོར་བའི་གནས་གྲོལ་ཡེ་ཤེས་མཆོག་རྙེད་པ། །མི་གནས་ཞི་བའི་གནས་སུ་འགྲོ་བ་ཡིན། །ཞེས་སོགས་འཇའ་འོད་མེ་ཏོག་ཆར་བབས་ནས། །གཟུགས་བཟང་གསུང་སྙན་རིག་གསལ་སྐྱེས་མཆོག་བྱུང༌། །ཡི་གེ་ཀློག་འདོན་པ་ཡང་མཁས་པར་གྱུར། །དགུང་ལོ་བརྒྱད་པར་གནས་རྙིང་བྱོན་ནས་སུ། །མཁན་ཆེན་དཀའ་བཞི་བ་ལས་རབ་ཏུ་བྱུང༌། །མཚན་ལ་རིན་ཆེན་ཚུལ་ཁྲིམས་དཔལ་བཟང་པོ། །ཞེས་གསོལ་དེ་ལས་ཀ་རི་ཀ་ལྔ་བཅུ། །སུམ་བརྒྱ་པ་རྣམས་གསན་པས་མཁས་པར་གྱུར། །ཕར་ཚད་མངོན་གསུམ་ལ་སོགས་གཞུང་འགྲེལ་ཀུན། །སློབ་གཉེར་རྒྱ་ཆེར་མཛད་པའི་རྣམ་ཐར་བསྐྱང༌། ། ཞྭ་ལུར་བྱོན་ནས་བསོད་ནམས་བཟང་པོ་ལས། །ཕར་ཚད་མངོན་འདུལ་བདེ་མཆོག་འབུམ་ལྔ་དང༌། །ཡུམ་སྐོར་གསན་ལ་མཁས་པ་བྱང་གཞོན་ལས། །ཚད་མ་རིག་རྒྱན་མངོན་པ་གོང་འོག་སོགས། །མང་དུ་གསན་ནས་ཆོས་རྗེ་བུ་སྟོན་ལས། །བརྟག་གཉིས་སྤྱོད་འཇུག་རྡོར་ཕྲེང་བསླབ་བསྡུས་གསན། །གསང་ཕུར་བྱོན་ནས་བསོད་ནམས་བཟང་པོ་ལས། །ཕར་ཚད་མངོན་འདུལ་བདེ་མཆོག་འབུམ་ལྔ་དང༌། །ཡུམ་སྐོར་མདོ་མང་རྒྱུད་འབུམ་ལ་སོགས་པ། །གསན་བསམ་སྒོམ་པས་རང་རྒྱུད་སྨིན་པར་གྱུར། །དེ་ནས་ལྷ་ས་བསམ་ཡས་ལ་སོགས་པའི། །དབུས་ཀྱི་ཆོས་ སྡེ་ཐམས་ཅད་བྱོན་ནས་སུ། །མཁས་པའི་སྐྱེས་བུ་དུ་མའི་སྐུ་མདུན་དུ། །སློབ་གཉེར་རྒྱ་ཆེན་མཛད་པའི་ལག་རྗེས་ལ། །མཁས་པའི་གྲགས་སྙན་བ་དན་མཁའ་ལ་བསྒྲེངས། །དེ་ནས་རྟ་ནག་བྱོན་ནས་སློབ་དཔོན་ནི། །རིན་ཆེན་བཟང་ལས་མ་ཧཱ་མ་ཡའི་རྒྱུད། །བཤད་རྒྱུད་རྩ་རྒྱུད་ལེའུ་བཅུ་བདུན་མ། །ཕྱི་རྒྱུད་ལ་སོགས་གསང་འདུས་ཆོས་སྐོར་གསན། །དེ་ནས་སྟོད་ལུང་མཚུར་ཕུར་བྱོན་ནས་སུ། །རྟོགས་ལྡན་གྲགས་སེང་ལས་ནི་སངས་རྒྱས་ཀྱི། །ཐོད་པའི་རྒྱུད་དང་ན་རོ་ཆོས་དྲུག་དང༌། །དོ་ཧ་སྙན་རྒྱུད་དམར་ཁྲིད་ལ་སོགས་ཞུས། །རང་བྱུང་རྡོ་རྗེར་བརྟག་གཉིས་གཞུང་འགྲེལ་དང༌། །འཇིགས་བྱེད་རྭ་ལུགས་མཁའ་འགྲོ་རྒྱ་མཚོའི་རྒྱུད། །བདེ་མཆོག་དྲིལ་བུའི་དབང་ལ་སོགས་པ་ཞུས། །ཀརྨ་པ་ཡིས་འཕགས་པ་ཐོགས་མེད་ཡིན། །ལུང་བསྟན་མཛད་དེ་ཐུགས་དགྱེས་ཐུབ་པ་ཡི། །གསེར་སྐུ་བྱིན་ཅན་གནང་སྦྱིན་མཛད་ནས་སུ། །ཇོ་ནང་དཔལ་དུ་ཆོས་རྗེ་ཀུན་མཁྱེན་པའི། །མདུན་དུ་སོངས་དང་བསྟན་ལ་ཕན་ཐོགས་འོངས། །གསུངས་པས་བྱོན་པའི་ཞོར་ལ་སྣར་ཐང་དང༌། །ནག་ཕུག་ར་ལུང་སྙི་ཐང་ཉང་སྟོད་དང༌། །ཁྲོ་ཕུ་ནས་ནི་ས་སྐྱར་ཕེབས་པར་མཛད། །འཇིགས་མེད་གྲགས་པ་ལ་སོགས་མཁས་པ་ཡི། ། སྐྱེས་བུ་ཀུན་ལ་གུར་བརྟག་སཾ་གསུམ་དང༌། །ཕར་ཚད་མངོན་གསུམ་མདོ་རྒྱུད་ལེགས་པར་ཞུས། །ས་སྐྱར་ཆོས་སྟོན་མཛད་པའི་ཞུ་འབུལ་ཀྱང༌། །མ་གསན་འཛུམ་ཆོས་བྱོན་ནས་གྲུབ་ཐོབ་པ། །བྱ་རིན་པ་ཡིས་སེར་ཕྲེང་རོལ་ཆས་བསུས། །འཕགས་པ་ཐོགས་མེད་ཡིན་པར་ལུང་བསྟན་གནང༌། ། སྒྲོལ་ཁྲིད་ཚེ་ཁྲིད་ར་ཁྲིད་ངོ་སྤྲོད་སོགས། །གསན་ནས་ཇོ་ནང་དཔལ་དུ་བྱོན་ནས་སུ། །དགེ་འདུན་ཉིས་བརྒྱ་རྒྱུད་འགྲེལ་གསུངས་དུས་མཇལ། །དགུང་ལོ་ང་བརྒྱད་བར་དུ་ལེགས་པར་བསྟེན། །རྭ་འབྲོའི་ལུགས་ཀྱི་དུས་འཁོར་དབང་མོ་ཆེ། །དཔལ་ལྡན་རྒྱུ་སྐར་རྡོ་རྗེ་ཕྲེང་བ་དང༌། །མི་ཏྲ་བརྒྱ་རྩ་བདེ་མཆོག་སྙན་རྒྱུད་དང༌། །རྣལ་འབྱོར་གསུམ་གྱི་སྙིང་པོ་ཟབ་ཆོས་གསན། །ངོ་མཚར་ཁྱད་འཕགས་ཉམས་རྟོགས་ཕུལ་དུ་བྱུང༌། །དགུང་ལོ་སོ་བརྒྱད་ཆོས་རྗེ་རིན་པོ་ཆེའི། །མདུན་དུ་བསྙེན་རྫོགས་མཛད་ནས་སྐུ་ལུས་ལ། །ཚུལ་ཁྲིམས་དྲི་ངད་བྱུང་བ་ངུར་སྨྲིག་རྒྱན། །སེམས་འགྲེལ་སྐོར་གསུམ་ངེས་དོན་མདོ་བཅུ་དང༌། །ཀླུ་སྒྲུབ་ཆོས་སྡེ་ཉི་ཤུ་བྱམས་ཆོས་ལྔ། །བཤད་སྦྱར་མཛད་དེ་གུར་བརྟག་སཾ་གསུམ་དང༌། །གསང་བ་འདུས་པའི་རྒྱུད་དང་རྒྱུད་ཕྱི་མ། །ཕར་ཚད་མངོན་འདུལ་ལ་སོགས་ཕྱི་ནང་གི །ཆོས་སྐོར་ཐམས་ཅད་དགྱེས་བཞིན་གསན་བསམ་མཛད། །མཁས་པའི་དབང་པོར་གྱུར་ནས་ཀུན་སྤངས་བ། །ཆོས་གྲགས་དྲུང་དུ་རྒྱུད་འགྲེལ་ལ་སོགས་པའི། །ཆོས་མང་ཞུས་ལ་ཆོས་རྗེ་ལོ་ཙཱའི་དྲུང༌། །གསང་རྒྱུད་དོན་དམ་བསྙེན་པ་དབང་མདོར་བསྟན། །རྩིས་སྐོར་སྒྲ་སོགས་ཆོས་བཀའ་དུ་མ་ཞུས། །མ་ཏི་པནྚི་ཏ་ལས་འཇམ་དཔལ་གྱི། །ལྟ་འདོད་རྒྱུད་འགྲེལ་སྦྱོར་དྲུག་ཆོས་རྣམས་གསན། །ཆོས་རྗེ་ཕྱོགས་རྒྱལ་རྒྱུད་འགྲེལ་སེམས་ཁྲིད་དང༌། །རྣམ་བཤད་རིགས་པ་སྒྱུ་དྲྭ་འཕགས་སྐོར་གསན། །དགུང་ལོ་ང་བརྒྱད་མཁན་ཆེན་ནོར་བཟང་གིས། །སྟོད་ལུང་རྣམ་རྒྱལ་གདན་དྲངས་དགོན་གཞི་དང༌། །རྟེན་བཅས་ཕུལ་ནས་དབང་པོ་རབ་རྣམས་ལ། །རྒྱུད་འགྲེལ་དབྱར་ཆོས་དགུན་ཆོས་བཙུགས་ཏེ་གསུངས། །དབང་འབྲིང་རྣམས་ལ་དབང་ལུང་དུ་མ་གནང༌། །ཐ་མ་རྣམས་ལ་རྒྱུ་འབྲས་བློ་སྦྱོང་སྐོར། །གསུངས་ནས་སེམས་ཅན་མང་པོ་སྨིན་གྲོལ་བཀོད། །རྟེན་གསུམ་ཁྱད་འཕགས་བྱམས་མགོན་གསེར་སྐུ་བཞེངས། །མ་ཏི་པཎ་ཆེན་གདན་དྲངས་རབ་གནས་མཛད། །འདོད་གཟུགས་ལྷ་རྣམས་ནམ་མཁར་འཇའ་འོད་དང༌། །བར་སྣང་མེ་ཏོག་ཆར་ཕབས་དགེ་མཚན་བྱུང༌། །བྱོན་ཁར་སྐྱེལ་ཐུང་ཕན་ཚུན་སྐུ་རིམ་ལ། །འབད་པའི་ཞལ་ཏ་མཛད་ནས་གུང་ཐང་དུ། །གདན་དྲངས་སྦྱོར་དྲུག་ལ་སོགས་འདོད་ཆོས་ནི། །སྣ་ཚོགས་བསྟན་མཐར་མཚན་ཉིད་མཁས་པ་ཡི། །ཕར་ཚད་བགྲོ་གླེང་ཉིན་ལྔར་མཛད་ནས་སུ། །ཐམས་ཅད་ལན་མེད་ཕམ་པར་མཛད་པའི་ཚེ། །བློ་གསལ་དག་གིས་ཞབས་རྡུལ་སྤྱི་བོར་ལེན། །སྟོད་ལུང་རྣམ་རྒྱལ་རྒྱུད་འགྲེལ་ལོ་གསུམ་གསུངས། །ཚོགས་གཉིས་ལམ་འཇུག་བཤད་པ་ཆེ་ཆུང་གཉིས། །ལ་སོགས་གསུང་ཆོས་རྣམ་དག་མང་དུ་མཛད། །ཐོས་བསམ་སྒོམ་གསུམ་མཛད་སྤྱོད་ཡོངས་རྫོགས་ཚེ། །དགུང་ལོ་དོན་གཉིས་ལྕགས་ཕོ་འབྲུག་གི་ལོ། །ཟླ་བ་ལྔ་པའི་བཅུ་དྲུག་ཞི་བར་གཤེགས། །དེའི་ཚེ་ངོ་མཚར་བྱུང་བ་འདི་ལྟ་སྟེ། །སྤྲིན་བྲལ་ཆོས་སྐུའི་མཁའ་དབྱིངས་དག་པ་ལ། །ཡིད་འཕྲོག་འཇའ་འོད་སྣ་ཚོགས་གུར་ཆེན་བསྐོར། །འོད་གསལ་རྫ་མའི་ཕྲེང་བ་མཚན་མར་བྱུང༌། །ལྷ་ཡི་མེ་ཏོག་སྣ་ཚོགས་ལག་མཐིལ་ཙམ། །ཆར་བ་བཞིན་དུ་བུ་ཡུག་འཚུབས་པར་བབས། །ཞག་གསུམ་འོད་གསལ་ངང་དུ་མཉམ་པར་བཞག །དེ་ནས་དཀར་ཆ་སྟེང་དང་དམར་པོ་འོག །སྤུར་སྦྱངས་མེ་ལྕེ་དུ་བ་འཇའ་འོད་བཅས། །དགའ་ལྡན་ལྷ་ཡི་གནས་སུ་མངོན་པར་འཕགས། །དེར་བཞུགས་ལྷ་ཡིས་བསུ་བ་སྣ་ཚོགས་མཛད། །རྣམ་དག་རོལ་བའི་དྲི་བཟང་ས་གཞིར་ཁྱབ། །ལྷ་ཡི་རོལ་མོ་སྣ་ཚོགས་མཁའ་ལ་སྒྲོགས། །ས་གཡོས་འཇའ་འོད་མེ་ཏོག་སྣ་ཚོགས་ཆར། །དུས་རྣམས་ཀུན་ཏུ་བབས་ནས་དགེ་མཚན་བཀྲ །སྤུར་ཁང་ཞལ་ཕྱེ་རྟ་མགྲིན་རྗེ་བཙུན་མ། །འཇིགས་བྱེད་དཔའ་ཅིག་དུང་དཀར་གཡས་འཁྱིལ་དང༌། །ཨ་ཡིག་རིང་བསྲེལ་རྟེན་མཆོག་དཔག་མེད་བྱུང༌། །འཕགས་པ་ཐོགས་མེད་རྣམ་འཕྲུལ་ཆོས་ཀྱི་རྗེ། །མཚན་མཆོག་དོན་ལྡན་མཚུངས་མེད་རིན་ཚུལ་བའི། །ཞབས་དྲུང་བདག་སྐྱེས་སྒོ་གསུམ་གུས་པ་ཡིས། །མཉེས་པ་སྟོང་གིས་རྟག་ཏུ་སྤྱོད་པར་ཤོག །ཅེས་ཆོས་རྗེ་རིན་ཚུལ་བའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བཅུ་གཅིག་པའོ།། །།

གྷ་རུང་བ་ལྷའི་རྒྱལ་མཚན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

གྷ་རུང་བ་ལྷའི་རྒྱལ་མཚན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་དེ་ཝ་ཏི་དྷྭ་ཛ་སྭ་སྟི་སིདྡྷི་ཕ་ལ། ཨརྱ་དེ་ཝའི་སྤྲུལ་པ་གྷ་རུང་བ། །ལྷ་ཡི་རྒྱལ་མཚན་འཁྲུངས་ཡུལ་སྡེ་ཐང་དུ། །ཡབ་ནི་ཡེ་ཤེས་བཟང་དང་ཡུམ་མཆོག་ནི། །དཔལ་བཙུན་མ་ཡི་སྲས་སུ་ས་ལུག་གི །ལོར་འཁྲུངས་གཟུགས་མཛེས་རིག་པ་རྣོ་བ་དང༌། ལུས་ལ་དྲི་བཟང་མཚན་བཟང་སྐྱེས་བུ་མཆོག །དེ་ནས་གྲུབ་ཐོབ་ཨ་ཙ་ལ་ན་ཐས། །དེ་རིང་སྡེ་ཐང་ཨརྱ་དེ་ཝ་བ་ནི། །བྱོན་ཡོད་གསུངས་ལ་དགུང་ལོ་ལྔ་བ་ཡི། །ཆུ་ཕག་སྐུ་འབུམ་ཐང་བྱོན་ངེས་འབྱུང་ལས། །བླ་མ་དོན་གྲུབ་དཔལ་ནས་རབ་ཏུ་བྱུང༌། །མཚན་ནི་ལྷ་ཡི་རྒྱལ་མཚན་དཔལ་བཟང་གསོལ། །འདུལ་བ་ཀ་རི་ཀ་ལ་སོགས་པ་གསན། །ཚིག་དོན་མ་ལུས་ཐུགས་ཆུད་ལོ་ངོ་གཉིས། །བགྲོ་གླེང་སྦྱངས་ནས་ཕར་ཚད་མངོན་གསུམ་དང༌། །ལེགས་པར་བསླབ་ནས་གསང་ཕུར་གླིང་སྟོད་སྨད། །མཚན་ཡང་དགོན་དང་གུང་ཐང་ལ་སོགས་ལ། །དབུས་ཀྱི་དགོན་གནས་དུ་མར་ཞབས་ཀྱིས་བཅག །མཁས་པའི་སྐྱེས་བུ་དམ་པ་རྣམས་ལས་ནི། །ཕར་ཚད་མངོན་འདུལ་སྤྱོད་འཇུག་བྱམས་ཆོས་དང༌། །རྡོར་ཕྲེང་ལ་སོགས་གསུང་རབ་དུ་མ་ལ། །ཐོས་པ་རྒྱ་ཆེར་མཛད་ནས་རྟ་ནག་དང༌། ། ཞྭ་ལུ་སྟོད་ལུང་མཚུར་ཕུར་དག་ལ་བྱོན། །རྟོགས་ལྡན་གྲགས་སེང་ཞེས་བྱ་མངོན་ཤེས་ཅན། །གང་གིས་ཨརྱ་དེ་ཝར་ལུང་བསྟན་ནས། །བདེ་མཆོག་འབུམ་ལྔ་འཇམ་དཔལ་རྩ་རྒྱུད་དང༌། །སྤྱོད་རྒྱུད་ཕྱི་མ་རྒྱུད་སོགས་མང་དུ་གསན། །དགུང་ལོ་ཉི་ཤུར་གཙང་བྱོན་བྲག་རམ་པ། །སློབ་དཔོན་ཀུན་བཟང་ཕར་ཚད་མངོན་འདུལ་གྱི། །འགྲེལ་བ་དང་བཅས་གསན་ནས་མཁས་པ་ཡི། །ཐུགས་རྒྱལ་སྐྱེས་ནས་གུང་ཐང་དུ་བྱོན་ནས། །མཁས་པ་དུ་མར་རྩོད་པ་མཛད་པ་ཡིས། །ཉིན་གསུམ་ལུང་རིགས་བགྲོ་གླེང་བྱས་པ་ཡིས། །འགྲན་ཟླ་ཐམས་ཅད་ཟིལ་གྱིས་གནོན་པར་མཛད། །ཐམས་ཅད་ཀྱིས་ནི་སློབ་དཔོན་འཛིན་པ་ལ། །ཚད་མ་རིགས་པའི་བཤད་སྦྱར་ཚར་གཅིག་གསུངས། །དེ་ནས་སྟག་ལུང་ཁྲོ་ཕུ་བདེ་ཆེན་དང༌། །རྩེ་ཆེན་ཆོས་ལུང་སོགས་ལ་སློབ་གཉེར་མཛད། །དེ་ནས་ས་སྐྱར་ཆོས་གྲྭ་ཕེབས་ནས་སུ། །འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་སྐུ་དྲུང་ནས། །ཕར་ཚད་མངོན་གསུམ་གུར་བརྟག་སཾ་གསུམ་དང༌། །སེམས་འགྲེལ་ཆ་ལག་བཅས་པ་གསན་བྱས་ནས། །དཔལ་སྟེང་བྱོན་ནས་རིན་ཆེན་བཟང་པོ་ལས། །ཆོས་སྐྱོང་སྐོར་དང་རྣམ་བཤད་རིགས་པ་དང༌། །དབུ་མ་རྩ་ཤེར་ཤེར་འཇུག་བདེ་མཆོག་གི །དྲིལ་བུ་སྐོར་དང་མདོ་མང་ཡུམ་རྣམས་གསན། །ར་ལུང་བྱོན་ནས་ཡེ་ཤེས་རྒྱལ་མཚན་ལས། །འཇིགས་བྱེད་དབང་བཀའ་ལུང་བཀའ་ཐམས་ཅད་དང༌། །ཀྱཻ་རྡོར་ས་ལུགས་རྔོག་ལུགས་དབང་དག་དང༌། །རྒྱུད་འབུམ་དོ་ཧ་སྐོར་གསུམ་དམར་ཁྲིད་སོགས། །ཆོས་མང་ལེགས་པར་གསན་བསམ་ལེགས་པར་མཛད། །དེའི་ཚེ་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི། །སྙན་པའི་གྲགས་པ་གསན་པས་ཨུདྤ་ལའི། །འདབ་མ་རླུང་གིས་བསྐྱོད་ལྟར་བ་སྤུ་གཡོས། །དད་པ་སྐྱེས་ནས་དགུང་ལོ་སོ་གཉིས་སུ། །ཇོ་ནང་དཔལ་དུ་ཆོས་རྗེ་ཞལ་མཇལ་ཞིང༌། །དུང་དཀར་ལ་སོགས་ཕྱག་རྟེན་ཕུལ་ནས་སུ། །དུས་དང་བསྟུན་ནས་དཔལ་ལྡན་དུས་འཁོར་དབང༌། །གསང་འདུས་རིགས་དྲུག་སྒྱུ་འཕྲུལ་རིགས་གསུམ་དང༌། །སྡོམ་པ་ཆེ་ཆུང་རྡོ་རྗེ་ཕྲེང་བ་དང༌། །མི་ཊ་བརྒྱ་རྩ་རྟ་མགྲིན་ཡང་གསང་དབང༌། །སྤྱོར་བ་ཡན་ལག་དྲུག་པ་ལ་སོགས་པའི། །ཁྲིད་རིགས་དུ་མ་གསན་ནས་ཉམས་མྱོང་གི །རྟགས་མཚན་ཁྱད་པར་བྱུང་བ་དེ་ཡི་ཚེ། །སྦྱན་རས་གཟིགས་ཀྱི་སྐུ་དང་ཞིང་ཁམས་གཟིགས། །རང་ཉིད་དེ་བཞིན་གཤེགས་པའི་སྐུར་གྱུར་པའི། །འོད་ཀྱིས་ཁམས་གསུམ་སྣང་བར་བྱས་པ་སོགས། །དག་སྣང་དཔག་མེད་བྱུང་ནས་གནས་འགྱུར་ཐོབ། །སེམས་འགྲེལ་སྐོར་གསུམ་ངེས་དོན་མདོ་བཅུ་དང༌། །ཡེ་ཤེས་སྤྱན་སྒྲུབ་ལ་སོགས་ལོ་དུ་མར། །ཟབ་ཆོས་མང་དུ་གསན་ནས་སྒོམ་སྒྲུབ་བྱས། །དེ་ནས་ཀུན་སྤངས་ཆོས་གྲགས་དཔལ་ལས་ནི། །ཕར་ཚད་མངོན་འདུལ་རྒྱུད་འགྲེལ་ཚར་བདུན་དང༌། །སྦྱོར་དྲུག་དབང་ཁྲིད་དུ་མ་དབང་མདོར་བསྟན། །ནཱ་རོའི་འགྲེལ་པ་དོན་དམ་བསྙེན་པ་སོགས། །མང་པོ་གསན་ནས་ལོ་ཙཱ་བ་ཡི་མདུན། །སྒྲོལ་མ་བརྒྱ་རྩ་ཕྱག་ན་རྡོ་རྗེའི་དབང༌། །མཁའ་འགྲོ་ཀུན་སྤྱོད་རྒྱུད་འགྲེལ་བསྟན་རྩིས་སོགས། །གསན་ལ་མ་ཏི་པཎ་ཆེན་སྐུ་དྲུང་ནས། །བྱམས་ཆོས་སྡེ་ལྔ་གཤེད་དམར་ལྷ་ལྔ་དང༌། །ལམ་འབྲས་སྙན་ངག་མེ་ལོང་ལ་སོགས་ཞུས། །ཆོས་རྗེ་ཕྱོགས་རྒྱལ་ཉ་དབོན་རྣམ་གཉིས་ལས། ། ལམ་འབྲས་ས་ལུགས་ཞ་ལུགས་གཉིས་ཀ་ཡི། །བསྡུས་བཤད་སེམས་འགྲེལ་ལ་སོགས་མང་དུ་གསན། །དེ་ནས་གྷ་རུང་ཆོས་སྡེར་བྱོན་ནས་སུ། །སློབ་དཔོན་ཆོས་གྲགས་དཔལ་གྱིས་གདན་ས་གཏད། །བཀའ་རྒྱུད་གོང་མ་རྣམས་ཀྱི་ཕྱག་དཔེ་དང༌། །ལྷ་རྟེན་ཐམས་ཅད་ཕུལ་ནས་ལོ་དུ་མར། །འཆད་ཉན་དར་རྒྱས་མཛད་དེ་གདན་ས་བསྐྱངས། །མཁན་ཆེན་བྱང་ཆུབ་བཟང་པོས་གདན་དྲངས་ནས། །གནས་ཆེན་ནམ་མཁའ་མཛོད་ཀྱི་དགོན་གཞི་བཅས། །ཕུལ་ནས་དེར་བཞུགས་ལྷ་ཁང་སྐུ་རྟེན་དང༌། །གསུང་རབ་བཅས་པ་བཞེངས་ནས་རྒྱུད་འགྲེལ་སོགས། །ཆོས་ཀྱི་ཆར་ཕབ་སེམས་ཅན་སྨིན་གྲོལ་སྦྱོར། །སྦྱོར་དྲུག་ཐོག་མཐའ་བར་གསུམ་ལ་སོགས་གསུངས། །ཆོས་ཟབ་མང་དུ་མཛད་ནས་ཐུགས་དགོངས་རྫོགས། །དགུང་ལོ་གྱ་གསུམ་བཞེས་དུས་མེ་ལུག་ལོའི། །ཟླ་བ་དྲུག་པའི་ཚེས་བརྒྱད་ཞི་བར་གཤེགས། །ནམ་མཁར་སྒྲ་དང་བར་སྣང་འཇའ་འོད་བཅས། །སྣ་ཚོགས་གཟིམ་ཁང་སྟེང་དུ་ཟུག་པ་དང༌། །ས་གཡོས་མེ་ཏོག་ཆར་བབས་དགེ་མཚན་བྱུང༌། །ཞག་ནི་བཅུ་དྲུག་རང་བཞིན་འགྱུར་མེད་ཀྱི། །བདེ་ཆེན་འོད་གསལ་ངང་ལ་གཡོ་མེད་བཞུགས། །སྤུར་ནི་རྣམ་སྣང་ཆོས་བདུན་ཚང་བར་མཛད། །གཟི་མདངས་ཆེ་བ་འོད་ཟེར་དུ་མ་འཕྲོ། །དྲི་བཟང་ངད་ལྡང་ཉེར་བཞིའི་སྔ་དྲོ་ལ། །དཀར་ཆ་སྟེང་དང་དམར་པོ་ཆུ་ལམ་ན། །སྤུར་ནི་བྲག་དུང་རྩ་བར་སྦྱངས་པའི་ཚེ། །ནམ་མཁའ་གཡའ་དག་འཇའ་འོད་སྣ་ཚོགས་ཁྱབ། །རི་རྩེ་ནས་ནི་སྤུར་ཁང་བར་དུ་ནི། །ལྷ་ཡི་མེ་ཏོག་དཀར་དམར་སྣ་ཚོགས་ཀྱིས། །ཆུ་ཤོག་ཙམ་ཞིག་བར་མ་ཆད་པར་བབས། །རོལ་མོ་སྣ་ཚོགས་སྤོས་ཀྱི་དྲི་བཟང་ཁྱབ། །སྤུར་ཁང་ཞལ་ཕྱེ་འདོད་མ་གཅིག་མ་གཏོགས། །དུས་འཁོར་ཡོངས་རྫོགས་ལྷ་ཚོགས་འཁོར་བཅས་བྱོན། །དུང་དཀར་ལྔ་དང་རིང་བསྲེལ་མཐའ་ཡས་བཞག །དགོན་སྡེ་དུ་མར་མང་ཇ་འབུལ་འགྱེད་དང༌། །ཆོ་ག་དང་བཅས་གཤེགས་རྫོགས་ཡང་དག་སྒྲུབ། །རྒྱལ་ཚབ་བསྟན་པའི་རྒྱལ་མཚན་མངའ་གསོལ་མཛད། །དཔལ་ལྡན་ཨརྱ་དེ་ཝའི་རྣམ་འཕྲུལ་གྱིས། །མ་དག་ཞིང་འདིར་འགྲོ་བ་འདྲེན་པའི་དཔལ། །ལྷ་ཡི་རྒྱལ་མཚན་ཆོས་ཀྱི་འོད་སྟོང་འབར། །ལྟ་ངན་མུན་པའི་གནས་ངན་བསལ་དུ་གསོལ། །ཞེས་གྷ་རུང་བ་ལྷའི་རྒྱལ་མཚན་གྱི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བཅུ་གཉིས་པའོ། །

ཕུན་ཚོགས་དཔལ་བཟང་པོའི་རྣམ་པར་ཐར་བ་མདོར་བསྡུས་པ།།

ཕུན་ཚོགས་དཔལ་བཟང་པོའི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་ལཀྵྨི་ཤྲཱི་བྷ་དྲ་སྭ་སྟི་སིདྡྷི་ཕ་ལ། ཤཱཀྱ་བཤེས་གཉེན་སྤྲུལ་པ་ཆོས་ཀྱི་རྗེ། ། ཕུན་ཚོགས་དཔལབཟང་འཁྲུངས་ཡུལ་འཕན་ཡུལ་ཡིན། །ཡབ་ནི་སྟོན་པ་དཔལ་དང་ཡུམ་དཔལ་འདྲེན། །གཉིས་ལ་སྲས་བཞི་ཡོད་པའི་ཐ་ཆུང་ཡིན། །ལྷུམས་སུ་ཞུགས་དང་བལྟམས་པའི་དུས་སྐབས་སུ། །དགེ་བའི་ལྟས་བཟང་སྣ་ཚོགས་བྱུང་བ་དང༌། །བྱིས་པའི་དུས་སུ་བྱམས་དང་སྙིང་རྗེ་དང༌། །སྔགས་དང་ཕར་ཕྱིན་མོས་ལ་ཆོས་མཛད་ཀུན། །གདུང་སེམས་ཆེ་བའི་མཛད་སྤྱོད་དཔལ་མངའ་བ། །དགུང་ལོ་བཅུ་བདུན་ལོན་ནས་སྟག་ལུང་བྱོན། །མཁན་ཆེན་རིན་ཆེན་བཟང་པོའི་སྐུ་མདུན་ནས། །དགེ་ཚུལ་སྡོམ་པ་བླངས་ནས་ངུར་སྨྲིག་བགོས། །མཚན་ལ་ཕུན་ཚོགས་དཔལ་བཟང་ཞེས་གསོལ་ཏེ། །ཀ་རི་ཀ་ཡི་གཞུང་འགྲེལ་ཡང་དག་གསན། །ཡི་གེ་རི་མོ་ལྷ་བྲིས་སོགས་ལ་མཁས། །སྟག་ལུང་སློབ་དཔོན་རཏྣ་གུ་རུ་དང༌། །རཏྣ་ཀ་རའི་དྲུང་དུ་ཕར་ཚད་དང༌། །མངོན་འདུལ་དམར་ཁྲིད་དབང་རིགས་དུ་མ་ཞུས། །བདེ་བ་ཅན་དུ་བཀྲ་ཤིས་སེངྒེ་ལ། །བྱམས་ཆོས་སྡེ་ལྔ་ཚད་མ་རིགས་རྒྱན་གསན། །བགྲོ་གླེང་བརྒལ་བརྟག་ལུང་རིགས་མཁས་པར་གྲགས། །སྟོད་ལུང་མཚུར་ཕུར་བྱོན་ནས་ཀརྨ་པ། །རང་བྱུང་རྡོ་རྗེར་གུར་བརྟག་སཾ་གསུམ་དང༌། །རྡོར་ཕྲེང་གཤེད་སྐོར་ལ་སོགས་མང་དུ་གསན། །རྟོགས་ལྡན་གྲགས་སེང་ལས་ནི་ནཻ་གུ་དང༌། །ནཱ་རོ་ཕག་སྐོར་བདེ་མཆོག་དྲིལ་བུ་པ། །ལུ་ཧི་པ་དང་ཏེ་ལོ་ནཱ་རོའི་ལུགས། །གསང་འདུས་འཕགས་ལུགས་ལ་སོགས་མང་དུ་གསན། །དེའི་ཚེ་ངེས་དོན་རྒྱ་མཚོའི་དཔེ་ཆ་གཟིགས། །དད་པས་སྤུ་ལོང་གདོང་ལ་སྤྱན་ཆབ་འཁྲིགས། །ཀྱེ་མ་བདག་ནི་སྐལ་པ་རབ་ཏུ་བཟང༌། །ཚེ་རབས་ཀུན་ཏུ་དམ་ཆོས་འདི་འདྲ་དང༌། །མཇལ་ནས་རྟོགས་ཤིང་གཞན་ལ་སྟོན་པར་ཤོག །ཅེས་སོགས་གསོལ་བཏབ་ སྣར་ཐང་བྱོན་པ་ན། །སེར་འཚོགས་སྟོང་ཕྲག་ཙམ་ལ་ཆོས་གསུངས་པའི། །དུས་སུ་མཇལ་ནས་དུས་འཁོར་དབང་དག་ཞུས། །སྦྱོར་དྲུག་གསན་པའི་དུས་སྐབས་ཉམས་མྱོང་ནི། །ཁྱད་འཕགས་བྱུང་བའི་ངང་ལས་སྐུའི་སྐྱེ་བ། །དྲན་པ་སྔོན་རོལ་སྐྱེ་བ་མང་པོའི་གོང༌། །ཡིད་འོང་རྒྱ་གར་ཤར་ཕྱོགས་གཙུག་ལག་ཁང༌། །དྷེ་ཝེའི་གནས་མཆོག་བྲམ་ཟེ་ཆེན་པོ་ཡི། །ས་ར་ཧ་ཡི་སྲས་ཀྱི་ཐུ་བོ་མཆོག །ད་ན་ཤཱི་ལ་བདེ་མཆོག་ལ་སོགས་ཀྱི། །ཡི་དམ་ཡིན་ལ་སྐྱེ་བ་འདི་སྔོན་དུ། །བཅུ་དྲུག་རྒྱ་གར་ཟངས་གླིང་གནས་མཆོག་ཏུ། །དྲི་མེད་འོད་ཅེས་སྙིང་པོའི་དོན་ཟབ་ཀྱི། །ལམ་དག་འབད་པ་ལ་སྟོད་སྙེ་ནམ་གྱི། །སེ་ཕུགས་མི་ལའི་སློབ་མ་འོད་ཟེར་དཔལ། །བྱམས་བརྩེ་ཟབ་མོ་ལམ་གྱིས་དབང་ཕྱུག་དཔལ། །བལ་ཡུལ་ཐང་གི་ཧ་ར་ན་ཞེས་པའི། །རྒྱལ་པོ་འོད་ཟེར་གོ་ཆའི་སྐུ་དྲུང་དུ། །ཤཱཀྱ་བཤེས་གཉེན་ཞེས་བྱ་ཡོངས་སུ་གྲགས། །རྡོ་རྗེ་ཐེག་པས་གཞན་ཕན་དུ་མ་བསྒྲུབས། །གཞན་ཡང་ཡུལ་ཕྱོགས་སྣ་ཚོགས་ཟབ་ལམ་གྱི། །བག་ཆགས་བཞག་ལ་སྒོ་སྐྱེས་དར་གྱི་བུ། །གསུམ་གྱི་ཆུང་ཤོས་དགེ་བཤེས་རིན་སེང་ཞེས། །ཀུན་སྤངས་དྲུང་དུ་ཟབ་ལམ་ཞུ་བ་སོགས། །ཇོ་ནང་ཉིད་དུ་ཡང་ཡང་དྲན་པ་བྱུང༌། །ད་ལྟ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག །གཉིས་མེད་ཆོས་རྗེ་སྤྲུལ་པའི་སྐུ་མཆོག་གིས། །རྗེས་བཟུང་བདག་གི་ཆོས་ཀྱི་མགུར་གླུ་ཡིན། །ཞེས་གསུངས་ཆོས་རྗེ་རིན་པོ་ཆེ་ཡི་མདུན། །རྒྱུད་འགྲེལ་གསང་འདུས་མཁའ་འགྲོ་རྒྱ་མཚོའི་རྒྱུད། །དབུ་མ་བསྟོད་ཚོགས་སོགས་དང་གསུང་འབུམ་དང༌། །རྒྱུད་འབུམ་ངེས་དོན་མདོ་བཅུ་ལ་སོགས་ཀྱི། །གསུང་རབ་ཚད་མ་མཐའ་དག་ལེགས་པར་ཞུས། །གསང་ཕུར་གདན་དྲངས་ཚེ་ན་ཆོས་ཀྱི་རྗེ། །རིན་པོ་ཆེ་ཡིས་ཞལ་ཏ་འདི་ལྟར་གནང༌། །སྔོན་ཚེ་འོད་སྲུང་སྤྲུལ་པས་ཤེས་རབ་ཀྱི། །ཕར་ཕྱིན་གླིང་དང་གླིང་ཕྲན་རྣམས་སུ་བསྟན། །ནུབ་ཕྱོགས་རྒྱལ་པོ་ས་བྷུ་དྲ་ཞེས་པས། །སྤྲུལ་བའི་ཞིང་མཆོག་བྱང་ཕྱོགས་ཤམ་བྷ་ལར། །ངྷརྨ་ཨརྱ་བྲམ་ཟེ་ཙན་དྲ་པས། །དེས་ཀྱང་རྒྱུད་འགྲེལ་རྒྱས་པར་བྱས་པ་ཡིན། །ཁྱེད་ཀྱང་ཟབ་ལམ་རྒྱ་མཚོའི་རྣལ་འབྱོར་ལ། །ཟབ་མོའི་ཆུ་རྒྱུན་ཡང་ཡང་འཐུང་བ་ཡིས། །ང་དང་མཇལ་ཏེ་རྫོགས་ལྡན་བསྟན་པ་ནི། །ཉམས་དམའི་དུས་སྐབས་གཅིག་གཉིས་བརྒྱ་སྟོང་སོགས། །སྐལ་ལྡན་ཀུན་ལ་རྒྱ་ཆེར་སྤེལ་བར་གྱིས། །སྐུ་བཞི་རིགས་ལྡན་བྱིན་རླབས་ལུས་ངག་དང༌། །སེམས་ཀྱི་ཉམས་བཟང་གནས་ལུགས་ཇི་བཞིན་ཤེས། །མ་བཀག་མ་བསྐྱིལ་རྒྱ་ཡན་ཐོངས་བར་གྱིས། །བཀག་ན་རིགས་ལྡན་ཐུགས་དང་འགལ་བས་ན། །རྣལ་འབྱོར་བར་ཆད་བདུད་ཀྱིས་ཁྱེར་བ་དང༌། །འགྲོ་མང་ལམ་གྱིས་གེགས་བྱེད་ཡིན་པས་ན། །ཁྱེད་ལ་ཇི་ལྟར་གདམས་པ་གོ་བར་མཛོད། །ཅེས་སོགས་གསུངས་ནས་བསྙེན་རྫོགས་སྡོམ་པ་གནང༌། །ལམ་ཞོར་ཞྭ་ལུར་བྱོན་ནས་བུ་སྟོན་ལ། །སྦྱོང་རྒྱུད་རྡོར་དབྱིངས་ཀ་ལ་ཙནྚ་ཡི། །སྙིང་པོ་བསླབས་ནས་རིམ་བྱོན་ཕྱོགས་རྒྱལ་དང༌། །བླ་མ་བློ་ལྡན་འོད་ཟེར་བླ་མ་དང༌། །ཆོས་རྗེ་བྱ་ཡུལ་ཚུལ་ཁྲིམས་རྒྱལ་པོ་སོགས། །རྡོ་རྗེ་ཕྲེང་བ་རྒྱུད་བླ་ལ་སོགས་གསན། །གསང་ཕུར་བྱོན་ནས་གླིང་སྟོད་གླིང་སྨད་དུ། །ཆོས་ཀྱིས་ཆར་ཕབ་དེ་ནས་རྭ་སྒྲེང་དང༌། ། ལུང་ཀར་ཐང་ཀ་དགོན་སྡེ་དུ་མ་ལ། །དབང་དང་སྦྱོར་དྲུག་ལ་སོགས་རྒྱ་ཆེར་གསུངས། །ཆུ་ཡོས་འབབ་རིམ་རྒྱུད་འགྲེལ་དུས་འཁོར་དབང༌། །སྦྱོར་དྲུག་ངེས་དོན་རྒྱ་མཚོ་ལ་སོགས་ཀྱི། །ཆོས་མང་གསུངས་ནས་ཤིང་སྦྲུལ་ལྷ་སར་བྱོན། །རྟེན་རྣམས་དྲུང་དུ་མཆོད་པ་རྒྱ་ཆེར་མཛད། །འདུས་ཚོགས་མང་པོར་བློ་སྦྱོང་གསུངས་དུས་སུ། །སེ་ར་འབྲས་སྤུངས་རང་སྟོང་ལྟ་བ་འཛིན། །དགེ་འདུན་བརྒྱ་སྟོང་མང་པོར་རྩོད་པ་མཛད། །ཐམས་ཅད་གུས་འདུད་དེ་ནས་འཕན་ཡུལ་དུ། །ཀ་ལ་པ་ཞེས་དབེན་པའི་རི་ཁྲོད་བཏབ། །རྟེན་གསུམ་བཞེངས་ནས་དབང་པོ་རབ་རྣམས་ལ། །སྦྱོར་དྲུག་རྒྱུད་འགྲེལ་རྡོ་རྗེའི་ཐེག་པ་ཡི། །ཆོས་སྐོར་གསུངས་ལ་དབང་འབྲིང་རྣམས་ལ་ནི། །ཡུམ་སྲས་བཅུ་བདུན་བཤད་སྦྱར་རྒྱས་པར་གནང༌། །དམན་པ་རྣམས་ལ་སྤྱོད་འཇུག་སྐྱེས་རབས་སོགས། །བསྟན་ནས་སྨིན་ཅིང་གྲོལ་བའི་ལམ་ལ་བཀོད། །རྣམ་འཇོམས་གཟུངས་ཀྱི་ཊཱི་ཀ་ལ་སོགས་པའི། །གསུང་ཆོས་མཛད་ནས་དགུང་ལོ་དོན་བཞི་པ། །མེ་སྦྲུལ་ཟླ་བ་དྲུག་པའི་ཚེས་དྲུག་ལ། །ཞི་བར་གཤེགས་ལ་མཁའ་འགྲོ་ཀུན་སྤྱོད་ལས། །རྣལ་འབྱོར་པ་ནི་ཚེ་འཕོས་ཞེས་སོགས་ནས། །མཁའ་སྤྱོད་གནས་སུ་ཁྲིད་ཅེས་གསུངས་པ་ལྟར། །ངོ་མཚར་དགེ་ལེགས་མཚན་མ་རྣམ་པར་བཀྲ །ཞག་བདུན་རང་བཞིན་འོད་གསལ་ཉིད་ལ་གནས། །དེ་ནས་དཀར་ཆ་སྟེང་དུ་གཤེགས་པ་དང༌། །ཉི་རྡུལ་ཆུ་ལམ་གནས་སུ་བྱོན་གྱུར་ཅིང༌། །སྤུར་སྦྱངས་དག་ལ་འཇའ་དང་འོད་སྣ་ཚོགས། །ས་གཡོས་ལ་སོགས་མཚན་ལེགས་དཔག་མེད་བྱུང༌། །སྤུར་ཁང་ཞལ་ཕྱེས་སངས་རྒྱས་བཅོམ་ལྡན་འདས།།རྡོ་རྗེ་འཇིགས་བྱེད་གསང་བ་འདུས་པ་དང༌།།རྟ་མགྲིན་རྣམ་རྒྱལ་དུང་དཀར་གཡས་འཁྱིལ་བཅས། །ཨ་ཡིག་ལ་སོགས་རིང་བསྲེལ་བསམ་མི་ཁྱབ། །དུས་མཆོད་གཤེགས་རྫོགས་རྒྱ་ཆེར་ལེགས་གྲུབ་བྱས། །ལུང་རིགས་འོད་སྟོང་ཕུན་སུམ་ཚོགས་པ་ཡིས། །བོད་ཁམས་བདེ་བའི་དགེ་ལེགས་དཔལ་ཀུན་སྟེར། །འགྲོ་ཀུན་མ་ལུས་དཔལ་ལྡན་བླ་མ་ཡི། །བརྩེ་བས་རྗེས་སུ་ཡང་དག་འཛིན་པར་ཤོག །ཅེས་ཕུན་ཚོགས་དཔལ་བཟང་པོའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བཅུ་གསུམ་པའོ།།

ཐང་སྟོན་ཆུང་བ་བློ་གྲོས་དཔལ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཐང་སྟོན་ཆུང་བ་བློ་གྲོས་དཔལ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ།

ཨེ་མ་ཧོ་མ་ཏི་ཤྲཱི་སྭ་སྟི་སིདྡྷི་ཕ་ལ། གྲུབ་ཆེན་ཡུ་མོའི་སྤྲུལ་པ་ཐང་ཆུང་བའི། །འཁྲུངས་ཡུལ་དབུས་དང་ཡབ་ནི་རྡོ་རྗེ་རྒྱལ། །ཡུམ་ནི་ཆོས་བཟང་མ་ཡི་སྲས་མཆོག་ཏུ། །ཆུ་མོ་གླང་གི་ལོ་ལ་སྐུ་བལྟམས་ལ། །དེའི་ཚེ་གོམ་པ་གཅིག་བོར་ཁར་བཞེངས་ནས། །ལྷ་རྣམས་ཁྲུས་ཆབ་མེ་ཏོག་ཆར་གཏོར་བ། །ས་གཡོས་པཉྩ་ལི་ཀའི་ལྷ་ཡི་གོས། །གསོལ་བ་ལ་སོགས་ངོ་མཚར་སྣ་ཚོགས་བྱུང༌། །འདི་སྐད་གསོལ་ཏེ་ང་ནི་སྔོན་གྱི་དུས། །ཡུ་མོར་གྲགས་ལ་དེང་དུས་དོན་དགུའི་བར། །བོད་ཡུལ་གནས་སུ་འགྲོ་དོན་བྱེད་པར་གྱུར། །དེ་ནས་དགའ་ལྡན་ལྷ་ཡི་གནས་སུ་འགྲོ །ཞེས་གསུངས་ལོ་དྲུག་ལོན་ཚེ་སྟོད་ལུང་གི །རྣམ་རྒྱལ་གོང་མའི་མཁན་ཆེན་ཀུན་དགའ་འབུམ། །དེ་ལས་རབ་བྱུང་མཚན་ལ་བློ་གྲོས་དཔལ། །ཞེས་གསོལ་ཀ་རི་ཀ་ཡི་གཞུང་འགྲེལ་དང༌། །སྤྱོད་འཇུག་ཚད་བསྡུས་རྣམ་ངེས་ལ་སོགས་པ། །གསན་ཅིང་བགྲོ་གླེང་ཆོས་ཀྱི་གྲགས་པ་བྱུང༌། །དེ་ནས་ཞྭ་ལུ་གསང་ཕུ་གླིང་སྟོད་སྨད། །ཀུན་ལ་སྙན་གྲགས་མཛད་པ་འོད་དཀར་རྒྱས། །མཁས་པའི་གོ་འཕང་ཐོབ་ནས་མཚུར་ཕུ་ལ། །རང་བྱུང་རྡོ་རྗེར་གུར་བརྟག་སཾ་གསུམ་དང༌། །དོ་ཧ་ལ་སོགས་མང་གསན་གཙང་དུ་བྱོན། །བྲག་རམ་སྙི་ཐང་ཁྲོ་ཕུ་གུང་ཐང་དང༌། །ར་ལུང་རྣམས་སུ་ཕར་ཚད་མངོན་འདུལ་སོགས། །དྲིལ་བུ་སྐོར་གསུམ་དབང་ལུང་མན་ངག་ཀུན། །ལེགས་པར་ཞུས་ནས་ས་སྐྱར་ཞབས་ཀྱིས་བཅག །འཇིགས་མེད་གྲགས་པའི་དྲུང་དུ་ཐོས་པ་མཛད། །དོན་ཡོད་རྒྱལ་མཚན་དཔོན་སློབ་ཇོ་ནང་དུ། །ཆོས་རྗེ་ཀུན་མཁྱེན་པ་ལ་ཆོས་ཉན་དུ། །འགྲོ་བའི་རྒྱབ་ཏུ་ཇོ་ནང་དཔལ་བྱོན་ནས། །རིན་པོ་ཆེ་ཡིས་དགྱེས་སྙམ་མཛད་པ་གནང༌། །ས་མོ་གླང་ལོའི་ནག་པ་ཟླ་བའི་ཉ། །དུས་ཀྱི་འཁོར་ལོའི་དབང་དང་སྦྱོར་དྲུག་སོགས། །ཞུས་ནས་བདེ་སྟོང་ཉམས་རྟོགས་ཁྱད་འཕགས་བྱུང༌། །ཆོས་རྗེ་རིན་པོ་ཆེ་ལ་སྔོན་ཡུ་མོའི། །སྒོམ་ཐག་ཡོད་པ་ངོས་བཟུང་མཛད་པ་གནང༌། །ཆོས་རྗེ་རིན་པོ་ཆེ་ཡིས་ཡུ་མོ་དངོས། །ཡིན་པའི་ལུང་བསྟན་སེམས་འགྲེལ་སྐོར་གསུམ་སོགས། །ནང་གི་ཆོས་སྐོར་ཐམས་ཅད་ལེགས་པར་ཞུས། །བྱི་བ་ལོ་ཡི་སྟོན་དུ་ཆོས་ཀྱི་རྗེ། །རིན་པོ་ཆེ་དྲུང་བསྙེན་རྫོགས་སྡོམ་པ་བླངས། །དེ་ནས་ཀུན་སྤངས་ཆོས་གྲགས་ལོ་ཙཱ་བ། །མ་ཏི་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་སོགས། །ཡོངས་འཛིན་རྣམས་ལ་ཟབ་ཆོས་མང་དུ་ཞུས། །སྟོད་ལུང་རྣམ་རྒྱལ་གོང་མའི་རྒྱལ་ཚབ་བཟུང༌། །རྒྱུད་འགྲེལ་ལ་སོགས་ཕྱི་ནང་ཆོས་ཆར་ཕབས། །འཕྲིན་ལས་དར་རྒྱས་ཡང་དག་མཛད་པ་བསྟན། །དགུང་ལོ་དོན་དགུ་མེ་ཕོ་སྟག་གི་ལོ། །ཟླ་བ་གཉིས་པའི་ཚེས་བརྒྱད་ཞི་བར་གཤེགས། །ཞག་ནི་བཞི་བཅུ་ཞེ་དགུར་འོད་གསལ་དུ། །བཞུགས་ནས་དཀར་ཆ་སྟེང་དང་དམར་པོ་ནི། །གསང་བར་བྱོན་ལ་སྐུ་གཤེགས་སྤུར་སྦྱངས་དང༌། །དུས་མཆོད་ཟླ་མཆོད་དུས་སུ་ནམ་མཁའ་ལ། །འཇའ་འོད་སྣ་ཚོགས་སྒྲ་དབྱངས་རོལ་མོ་དང༌། །མེ་ཏོག་ཆར་དང་ས་གཡོས་ལ་སོགས་པ། །ངོ་མཚར་བསམ་གྱིས་མི་ཁྱབ་རྫོགས་ལྡན་དཔལ། །སྤུར་ཁང་ཞལ་ཕྱེ་ཚེ་ན་དཔྲལ་བ་ལ། །བདེ་མཆོག་ཕྱག་མང་སྒྲོལ་མ་རྟ་མགྲིན་དང༌། །ཕྱག་རྡོར་ཐུགས་རྗེ་ཆེན་པོ་ཕྱག་སྟོང་དང༌། །དུང་དཀར་རིང་བསྲེལ་དཔག་མེད་བྱོན་ལ་གུས། །རྡོ་རྗེ་འཆང་དངོས་ཡུ་མོའི་རྣམ་འཕྲུལ་ཉིད། །ཡེ་ཤེས་སྤྱན་ལྡན་ཐང་སྟོན་བློ་གྲོས་དཔལ། །མཚུངས་མེད་ཆོས་རྗེའི་ཡོན་ཏན་ཇི་སྙེད་ཀུན། །བདག་གིས་རབ་ཐོབ་འགྲོ་ཀུན་འདྲེན་པར་ཤོག །ཅེས་ཐང་སྟོན་ཆུང་བ་བློ་གྲོས་དཔལ་གྱི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བཅུ་བཞི་པའོ།། །།

རྣམ་ཐར་ཚིགས་སུ་བཅད་པ་ཉེ་བར་བསྡུས་པ་ངོ་མཚར་རབ་གསལ།

རྣམ་ཐར་ཚིགས་སུ་བཅད་པ་ཉེ་བར་བསྡུས་པ་ངོ་མཚར་རབ་གསལ།

ཨེ་མ་ཧོ་པུཎེ་བྷ་དྲ་སྭ་སྟི་སིདྡྷི་ཕ་ལ། ཡབ་སྲས་དེ་དག་སློབ་མ་དམ་པ་མཆོག །དཔལ་ལྡན་བླ་མ་རྡོ་རྗེ་འཆང་ཆེན་པོ། །གནས་བརྟན་བ་ཀུ་ལ་ཡི་སྤྲུལ་བ་ནི། །མཚལ་མིན་འཁྲུངས་ཡུལ་ཀྱེར་ཕུ་ཡབ་ཐར་པ། །བཟང་བོ་ཡུམ་ནི་དཀོན་མཆོག་སྒྲོན་གཉིས་ཀྱི། །སྲས་སུ་ལྕགས་མོ་སྦྲུལ་གྱི་ལོ་ལ་བལྟམས། །དགུང་ལོ་ལྔ་ལ་རབ་བྱུང་མཚན་བསོད་ནམས། །བཟང་པོ་ཞེས་གསོལ་ཆོས་རྗེ་སངས་རྒྱས་བཟང༌། །འཇམ་དབྱངས་དོན་འགྲུབ་དཔལ་ལ་སོགས་པ་ལས། །མདོ་རྩའི་གཞུང་འགྲེལ་ཀརྨ་ཤ་དམ་སོགས། །དཔག་མེད་གསན་ནས་བྱང་སེང་བ་ལས་ནི། །འདུལ་ལུང་སྡེ་བཞི་གསན་བསམ་བྱང་ཆུབ་བྱས། །ལྷ་ས་པོ་ཏ་རི་ལ་ས་ཕོ་ཁྱིར། །མཁན་ཆེན་ཡོན་ཏན་རྒྱ་མཚོར་བསྙེན་རྫོགས་མཛད། །མཚན་ནི་ཀུན་དགའ་བསོད་ནམས་བཟང་པོ་གསོལ། །ཀུན་མཁྱེན་ཆོས་རྗེའི་ཞབས་རྡུལ་སྤྱི་བོས་བླང༌། །དགུང་ལོ་བཅུ་བདུན་སོ་དགུ་བར་དུ་ནི། །ཆོས་རྗེ་རིན་པོ་ཆེ་ཡི་ཉེ་གནས་མཛད། །སློབ་འབངས་གྲགས་ལ་ཆོས་རྗེ་ལ་མངའ་བའི། །ཆོས་རྣམས་ཉམས་སུ་བླངས་ནས་རྟོགས་པ་སྐྱེས། །ཆོས་རྗེ་རིན་པོ་ཆེ་ལས་གཞན་དོན་ལ། །བྱོན་དུས་འབྲལ་མེད་ཉེ་གནས་སང་རིན་དང༌། །མཉམ་པོར་གནས་ནས་ཆོས་རྗེ་ཞི་བར་གཤེགས། །ཉ་དབོན་བུ་སྟོན་རྒྱལ་སྲས་ཐོགས་མེད་དང༌། །མ་ཏི་པཎ་ཆེན་ཆོས་རྗེ་ཕྱོགས་རྒྱལ་སོགས། །ཡོངས་འཛིན་དམ་པ་རྣམས་ལས་བཀའ་མདོ་རྒྱུད། །བསྟན་ཆོས་མན་ངག་བཅས་པ་གསན་བསམ་མཛད། ། བཟང་ལྡན་དགེ་འཕེལ་གནས་སུ་འཆད་ཉན་མཛད། །དགུང་ལོ་ང་གསུམ་ལྕགས་ཕོ་སྤྲེའུའི་ལོར། །ལྷ་སྒང་གདན་དྲངས་ལོ་ནི་བཅུ་གཅིག་བར། །བཤད་སྟོན་མཛད་ནས་དགུང་ལོ་རེ་གསུམ་ལ། །ཆུ་ལུག་ཀརྨ་ཆོས་དཔལ་བཟང་པོ་ལས། །མཚལ་མིན་དགོན་ཕུལ་བཀའ་རྒྱུད་གོང་མ་ཡི། །བཤད་སྲོལ་བཙུག་ནས་དགུང་ལོ་དོན་ལྔ་ལ། །ཆོས་གསུངས་སྐབས་སུ་སྐུ་ཁམས་མི་བདེ་ཚེ། །ནོར་བཟང་ན་རེ་སྐུ་སྙུན་འོངས་དྲག་པས། །འཆད་ཉན་ཞོག་ལ་ཐུགས་དམ་མཛོད་ཞུས་པ། །ཁོ་བོས་དམ་ཆོས་ནམ་ཡང་མི་འདོར་གསུངས། །དགུང་ལོ་གྱ་གསུམ་ས་ཕོ་སྤྲེལ་ལོ་ལ། །སྐུ་ཁམས་ཤིན་ཏུ་དུབ་པ་གཅིག་བྱུང་ནས། །ཟླ་གཅིག་ཐུགས་དམ་བཞུགས་པའི་སྐུ་ཁམས་དྭངས། །དགུང་ལོ་དགུ་བཅུར་ཕར་ཕྱིན་ཊཱི་ཀ་མཛད། །གོ་གཉིས་ལོ་ལ་དུས་འཁོར་འགྲེལ་ཆེན་གསུངས། །བདེ་གླིང་རྡོ་རྗེ་ཕག་མོས་ཞལ་གཟིགས་ནས། །ཀརྨ་མྱ་ངན་འདས་ནས་ཀརྨ་པ། །མཐོང་བ་དོན་ལྡན་འཁྲུངས་མ་ཐག་ཏུ་ནི། །འདི་སྐད་ང་ཡི་མཁན་པོ་གནས་བརྟན་པ། །བ་ཀུ་ལི་ནི་མཚལ་མིན་བཞུགས་ཡོད་གསུངས། །བཅིབས་རྟ་གྲོ་སེར་ཤི་ནས་བདེ་བ་ཅན། །སྐྱེ་བར་ལུང་བསྟན་བླ་མ་རྗེ་ལ་ནི། །ང་ནི་བ་ཀུ་ལ་ཡིན་དུས་རེ་ཞིག །ཤྭ་རྒལ་བྱུང་བ་གཟིགས་པས་ཞི་བར་མཛད། །དགུང་ལོ་གོ་གསུམ་ཆུ་མོ་གླང་གི་ལོར། །ཧོར་ཟླ་དང་པོའི་ཚེས་བཅུར་ངའི་སྣམ་སྦྱར། །ཁྱེར་ཤོག་མཆོད་པ་གཙང་དག་ཤོམ་གྱིས་གསུངས། །རྣམ་སྣང་ཆོས་བདུན་མཛད་ནས་བདག་འདི་ནས། །སྐྱེ་བ་འདི་འོག་སྔགས་ཆས་བཟུང་བ་ཞིག །འགྲོ་དོན་མང་པོ་འོང་ནས་རྟག་བརྟན་གྱི། །ཆོས་གླིང་བཻ་རོ་ཆོས་བདུན་གྲགས་པ་ཡི། །ཆོས་བཤད་ལྷོ་ཕྱོགས་པདྨས་རྗེས་སུ་བཟུང༌། །དེ་འོག་ཐམས་ཅད་བཙུན་པའི་ལུས་གསུམ་སྟོན། །དེ་ནས་ཕལ་བ་བཙུན་པའི་ཚོགས་གཉིས་བསགས། །སྐྱེ་ཀུན་གཞན་དུ་ཐ་ཤལ་ཚུལ་བཟུང་བྱོན། །ཞེས་གསུངས་རྟག་འཛིན་འདུལ་ཕྱིར་ཞི་བར་གཤེགས། །དེ་མ་ཐག་ཏུ་འཇའ་འོད་གཟིམ་ཁང་གི །སྟེང་དུ་ཟུག་ནས་ལག་སོར་བཀྲམ་པ་བཞིན། །གདུགས་བསྐོར་བ་ལྟར་གྱུར་ནས་ཞག་གསུམ་པར། །སྤུར་གྱི་དཀར་ཆ་སྟེང་དང་དམར་པོ་ནི། །གསང་ལམ་དུ་འོངས་སྤུར་སྦྱངས་མེ་རང་འབར། །བྱུང་ནས་ཁ་ཏོག་ལྔ་ལྔ་རབ་གསལ་འབར། །འཇའ་དང་རོལ་མོ་མེ་ཏོག་ཆར་འབབ་པ། །དེ་སོགས་ངོ་མཚར་ཟླ་བ་བརྒྱད་བར་བྱུང༌། །སྤུར་ཁང་སྒོ་ཕྱེ་དཔྲལ་བར་བསྟན་པའི་གཙོ། །ཕྱག་ངར་རྡོ་རྗེ་ཕག་དཀར་སྤྱི་བོར་ནི། །རྡོ་རྗེ་འཆང་ཆེན་ལུང་བུར་ཆོས་སྐྱོང་ནི། །ཕྱག་དྲུག་མགོན་པོ་རྒལ་ཚིག་རྟ་མགྲིན་དང༌། །ལྟག་པར་དུས་འཁོར་ཨ་དང་དུང་དཀར་གསུམ། །རྟེན་ཀུན་འབུར་དོད་དངུལ་མདོག་རིང་བསྲེལ་བྱོན། །ངོ་མཚར་དད་པའི་ཆུ་གཏེར་རྒྱ་མཚོ་ལས། །བྱིན་རླབས་ཆུ་སྐྱེས་འོད་དཀར་ཕྲེང་བ་ཅན། །པདྨོ་ལེགས་བཤད་རེ་ཞིག་ཟུམ་ན་ཡང༌། །ཕྱི་ནས་མཇལ་བར་བྱིན་གྱིས་རླབས་ཏུ་གསོལ། །ཞེས་ཆོས་རྗེ་པུ་ཎེ་བྷ་ཏྲའི་རྣམ་པར་ཐར་བ་མདོར་བསྡུས་པ་སྟེ་བཅོ་ལྔ་པའོ། །རྒྱལ་དང་རྒྱས་སྲས་རྣམ་འཕྲུལ་ཆོས་ཀྱི་རྗེ། །མཁས་གྲུབ་ཀུན་མཁྱེན་ཡབ་སྲས་བཅོ་ལྔ་ཡི། །རྣམ་ཐར་ཆུ་གཏེར་གང་གཱའི་རྡུལ་ལས་འདས། །ལྕེ་བརྒྱ་ལྡན་པས་བསྐལ་པ་ཐེར་འབུམ་བརྒྱར། །དག་པར་བརྗོད་ཀྱང་ཡོན་ཏན་གྲངས་མི་ཆོད། །བདག་འདྲ་བླུན་པོས་ཆ་ཙམ་བརྗོད་པ་འདིར། །མ་འབྲེལ་འགལ་བའི་ཉེས་པའི་ཚོགས་མཆིས་ན། །མཁས་གྲུབ་བླ་མ་བརྒྱུད་པར་བཅས་ལ་བཤགས། །ལེགས་པའི་དགེ་བས་བདག་གིས་ཚེ་རབས་ཀུན། །དལ་འབྱོར་ལུས་ཐོབ་གཞོན་ནུར་རབ་བྱུང་ནས། །ཆོས་རྗེ་ཡབ་སྲས་དག་གི་ཞབས་བསྟེན་ཅིང༌། །ཐོས་བསམ་སྒོམ་གསུམ་རིགས་པའི་རྒྱུད་སྦྱངས་ནས། །དོན་གཉིས་མཐར་ཕྱིན་འགྲོ་བའི་དཔལ་གྱུར་ཅིག །ཅེས་ཆོས་ཀྱི་རྗེ་ཀུན་མཁྱེན་ཆེན་པོ་ཡབ་སྲས་བཅོ་ལྔའི་རྣམ་ཐར་ཚིགས་སུ་བཅད་པ་ཉེ་བར་བསྡུས་པ་ངོ་མཚར་རབ་གསལ་ཞེས་བྱ་བ་འདི་ནི་གཙང་བའི་དབུ་ཆོས་ངེས་ཕུན་དང་བསྟན་སྲུང་གཉིས་ཀྱིས་དངོས་རྫས་དར་བཅས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་རིགས་ལྡན་རྒྱལ་བ་ཇོ་བཟང་པས་མཛད་པའི་ཆོས་རྗེ་ཡབ་སྲས་བཅོ་ལྔའི་རྣམ་ཐར་གྱི་ཚིག་ཕལ་ཆེར་རང་སོར་བཞག་ནས་ཚིགས་བཅད་དུ་སྡེབ་པའོ། །དགེ་བ་འདི་ཡིས་འགྲོ་རྣམས་མ་ལུས་པ། །དལ་འབྱོར་ལུས་ཐོབ་བླ་མ་ལ་གུས་པས། །བླ་མའི་བྱིན་རླབས་ས་ལམ་རབ་རྫོགས་ནས། །ཚེ་གཅིག་རྡོ་རྗེ་འཆང་ཆེན་ཐོབ་པར་ཤོག །སརྦ་མངྒ་ལཾ།

དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཆོས་འབྱུང་དང་བརྒྱུད་རིམ་བླ་མའི་རྣམ་ཐར་མདོར་བསྡུས་དད་གསུམ་ཀུནྡ་འབྱེད་པའི་ཟླ་ཟེར།

དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཆོས་འབྱུང་དང་བརྒྱུད་རིམ་བླ་མའི་རྣམ་ཐར་མདོར་བསྡུས་དད་གསུམ་ཀུནྡ་འབྱེད་པའི་ཟླ་ཟེར་ཞེས་བྱ་བ་བཞུགས་སོ། །

ཨོཾ་བདེ་ལེགས་སུ་གྱུར་ཅིག གང་འདུལ་འགྲོ་བའི་ཁམས་དབང་རྗེས་འགྲོའི་དཔལ། །ངོ་མཚར་ལྷུན་གྲུབ་གསང་གསུམ་མཛད་པའི་འཕྲུལ། །མ་ལུས་ཞིང་དུ་རྟག་པར་ཡོངས་བཀྱེ་བ། །བདེ་གཤེགས་ཐུབ་དབང་སྲས་བཅས་རྒྱལ་གྱུར་ཅིག །སྟོབས་བཅུ་མངའ་བའི་དགོངས་ཟབ་ཟབ་མོའི་གནས་ལུགས་མཐར་ཐུག་མཆོག ། མཆོག་གྱུར་སྐལ་བཟང་རིགས་ཀུན་ཀུན་ནས་རྣམ་གྲོལ་ཞི་བསིལ་སྦྱིན། །སྦྱིན་བདག་རྫོགས་ལྡན་ཆོས་ལེགས་ལེགས་པའི་ཕྱིར་ལྡོག་མི་མངའི་གཏམ། །གཏམ་གྱི་སྙིང་པོ་ཇི་སྙེད་དོན་ཀུན་གསལ་མཛད་མི་ཕམ་མགོན། །རབ་དཀར་བསིལ་ལྗོངས་ནོར་འཛིན་ཡངས་བའི་གཞིར། །ནགས་རྒྱལ་རྡོ་རྗེ་ལྷ་མོས་བསྟེན་པའི་གནས། །གང་དེར་རྫོགས་ལྡན་ཆོས་མཛོད་ལེགས་ཕྱེ་བའི། །ཆོས་རྗེ་ཇོ་ནང་པ་ལ་གུས་པས་མཆོད། །གང་དེའི་ཆོས་ཚུལ་ངེས་དོན་དབུ་མའི་ལུགས། །མདོ་དང་སྔགས་ཀྱི་དགོངས་དོན་མཐར་ཐུག་པ། །འཕགས་པའི་ཡུལ་དང་གངས་ཅན་བོད་ལྗོངས་སུ། །ཇི་ལྟར་འབྱུང་བའི་རིམ་པ་མདོ་ཙམ་བརྗོད། །དེ་ལ་འདིར་འོ་སྐོལ་གྱི་རྣམ་འདྲེན་བཞི་བ་གང་གིས་རིང་མོའི་དུས་ནས་འགྲོ་བ་མཐའ་དག་སྡུག་བསྔལ་ལས་བསྒྲལ་བའི་ཁུར་ཆེན་པོ་ཉེ་བར་ལྷུར་བླངས་ཏེ། རླབས་པོ་ཆེའི་ཐུགས་བསྐྱེད་རྒྱ་ཆེ་བའི་ཕུལ་བྱུང་ཡ་མཚན་པའི་དམ་བཅའ་ཀུན་མཐར་ལེགས་པར་ཕྱིན་ཏེ། བླ་མེད་བྱང་ཆུབ་ཀྱི་གོ་འཕང་བདག་གིར་བཞེས་ནས། ངེས་པ་ལྔ་ལྡན་གྱི་ཞིང་གི་གཙོ་བོ་ལོངས་སྤྱོད་རྫོགས་པའི་སྒྱུ་འཕྲུལ་གྱི་བཀོད་པ་ཆེན་པོ། རབ་འབྱམས་འཇིག་རྟེན་གྱི་ཁམས་ནམ་མཁའི་མཐའ་ཀླས་པ་ཀུན་ཏུ་ཅིག་ཆར་བའི་གང་འདུལ་གྱི་མཛད་པ་མཐའ་ཡས་པ་ལས་མི་མཇེད་འཇིག་རྟེན་འདིར་མཆོག་གི་སྤྲུལ་སྐུའི་མཛད་པ་ལ་རོལ་ཏེ། རྒྱ་གར་འཕགས་ཡུལ་དུ་མཉམ་མེད་ཤཱཀྱའི་རྒྱལ་བོ་ཟས་གཙང་གི་སྲས་སུ་འཁྲུངས་ཏེ། གདུལ་བྱ་ཐུན་མོང་གི་ངོར། སྲིད་པ་ཐ་མ་བའི་བྱང་སེམས་ཚོགས་ལམ་ཆེན་པོ་པའི་ཚུལ་གྱིས་ཐོག་མར་རྒྱལ་སྲིད་བསྐྱངས།དེ་ནས་རབ་ཏུ་བྱུང་ཞིང་དཀའ་བ་སྤྱད་དེ། མཐར་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག་པས་སྦྱོར་ལམ་དྲོད་ནས་མི་སློབ་ལམ་གྱི་བར་མཚན་མོ་གཅིག་གིས་བསྒྲོད་པའི་ཚུལ་བསྟན་ནས་ཐོ་རེངས་རྒྱལ་རྔ་བརྡུང་བའི་སྐབས་སུ། རང་སྟོབས་ཀྱིས། ཟད་མི་སྐྱེ་མཁྱེན་པའི་ཡེ་ཤེས་མངོན་དུ་བྱས་ཚུལ་གནང་སྟེ་བླ་ན་མེད་པའི་བྱང་ཆུབ་ཆེན་པོ་ལ་དབང་བའི་ཚུལ་གྱིས། གདུལ་བྱ་རིགས་ཅན་གསུམ་རིམ་གྱིས་བསྟན་པ་ལ་ཉེ་བར་གཞུག་པའི་ཆེད་དུ་བཀའ་འཁོར་ལོ་རིམ་པ་གསུམ་ལེགས་པར་བསྐོར་བ་སྟེ། དེ་ལས་འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པ་བོད་དུ་བྱུང་བ་དཔལ་ལྡན་ནགས་རྒྱལ་གྱི་སྒྲུབ་གནས་སུ་ཆོས་སྡེ་བཏབ་པ་ལས་བྱུང་བའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་པའི་སྡེ་གང་དག་ནི། དཔལ་ལྡན་ཇོ་ནང་བ་སྟེ་བོད་འདིར་ཕྱག་རྫོགས་དབུ་གསུམ་དུ་གྲགས་པ་ལས་དབུ་མ་པ་ལ་རང་སྟོང་གཞན་སྟོང་གཉིས་སུ་ཡོད་པའི་ནང་གི་ཕྱི་མ་ཉིད་དོ། ། དེ་ལྟ་བུའི་འཁོར་ལོ་ཐ་མའི་རྗེས་འབྲང་གི་དཔལ་ལྡན་ཇོ་ནང་བའི་རང་ལུགས། འཕགས་ཡུལ་དུ་ཇི་ལྟར་བྱུང་ཚུལ་དང༌། བོད་དུ་ཇི་ལྟར་བྱུང་བའི་ཚུལ་བཤད་པ་གཉིས་ལས། དང་པོ་འཕགས་ཡུལ་དུ་ཇི་ལྟར་བྱུང་བའི་ཚུལ་ལ། མདོ་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་དང༌། སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་གཉིས་ལས། དང་པོ་མདོ་ཕྱོགས་ནས་རིམ་པར་བརྒྱུད་པའི་ཚུལ་ནི། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད་ཀྱིས་གདུལ་བྱ་རྣམས་ཀྱི་ཁམས་དབང་དང་མཐུན་པར་ཆོས་ཀྱི་འཁོར་ལོ་རིམ་གསུམ་ཇི་ལྟར་བསྐོར་བའི་ཚུལ་ཡང༌། མདོ་ལང་ཀར་གཤེགས་པ་ལས། ཇི་ལྟར་ནད་པ་ནད་པ་ལ། །སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །སེམས་ཙམ་དུ་ཡང་སྟོན་པར་མཛད། །ཅེས་དང༌། དབུ་མ་རིན་ཆེན་འཕྲེང་བར་ཡང༌། བརྡ་སྤྲོད་པ་དག་ཇི་ལྟ་བར། །ཡི་གེ་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། ། ཞེས་གསུངས་པ་ལྟར། འཇིག་རྟེན་ན་སྨན་པ་མཁས་པས་ནད་པ་དག་གི་ཁམས་བརྟགས་ནས་རང་རང་ལ་འཕྲོད་པའི་སྨན་སྟེར་བ་ལྟར་ཐམས་ཅད་མཁྱེན་པས་གདུལ་བྱ་ཐ་འབྲིང་རབ་ཀྱི་དབང་པོ་དང་འཚམ་པར་སྣོད་བཅུད་སེམས་ཀྱི་དབང་གིས་བྱུང་ཚུལ་དེ་ལུགས་ཀྱི་རིམ་པ་ལྟར་བསྟན་པས་གདུལ་བྱ་དེ་དག་རིམ་གྱིས་བསྟན་པ་ལ་འཛུད་པར་མཛད་པ་དང༌། དེ་བཞིན་དུ་གཞན་ཡང་བརྡ་སྤྲོད་པའི་སློབ་དཔོན་གྱིས་སློབ་མ་དག་ཡི་གེ་ཀུན་ལ་རིམ་གྱིས་སློབ་ཆེད་ཐོག་མར་ཡི་གེ་ཕྱི་མོ་ཀློག་ཏུ་འཇུག་པ་བཞིན་སངས་རྒྱས་ཀྱིས་གདུལ་བྱ་དག་གི་ཁམས་དང་དབང་པོས་ཇི་ཙམ་རྟོགས་ནུས་པའི་ཆོས་ཀྱི་གནས་ལུགས་བསྟན་ནས་གདུལ་བྱ་རྣམས་རིམ་པས་ལམ་དུ་དཀྲི་བའི་སྒོ་ནས་ཡང་དག་པའི་གོ་འཕང་ལ་སྙེགས་པར་བྱེད་དོ། །དེ་དག་གི་ཚུལ་མདོ་ཙམ་སྨོས་ན་སྤྱིར་སྟོན་པས་ཐེག་དམན་རིགས་ཅན་གྱི་གདུལ་བྱ་དབང་པོ་ཐ་མ་རྣམས་དང༌། ཐེག་ཆེན་རིགས་ཀྱི་གདུལ་བྱ་དབང་པོ་ཞན་པ་དང་འབྲིང་དང་རབ་ཀྱི་རིམ་པ་རྣམས་ལ་ཁམས་དབང་བཞིན་སྣོད་བཅུད་གང་དག་ལས་ཉོན་གྱིས་བསྐྱེད་པ་ཙམ་དང་སེམས་ཀྱི་བག་ཆགས་བརྟན་པོའི་དབང་གིས་བྱུང་བ་དང་ཆོས་ཀུན་རྟེན་འབྲེལ་མིང་རྐྱང་བཏགས་ཡོད་ཙམ་དང་ཁྱད་པར་ཀུན་རྫོབ་ཀྱི་ཆོས་ཁོ་ན་བདེན་པར་མེད་པའི་ཚུལ་གྱིས་གསུངས་ཤིང༌། ཆོས་ཀུན་གྱི་གནས་ལུགས་ཡང་གདུལ་བྱ་དེ་དག་གི་རིམ་པས་གང་ཟག་དང་ཆོས་གང་དག་རྟག་གཅིག་རང་དབང་བ་དང་རང་རྐྱ་ཐུབ་པའི་རྫས་མེད་པ་དང༌། གཟུགས་སོགས་ཕྱི་དོན་དང་སྒྲ་རྟོག་གི་འཇུག་ཞེན་གྱི་གཞིར་རང་མཚན་གྱིས་མ་གྲུབ་པ་དང༌། ཆོས་ཀུན་བདེན་པར་མེད་ཅིང་གནས་་ལུགས་སྟོང་བ་ནམ་མཁའ་ལྟ་བུ་དང༌། དོན་དམ་པའི་ཡོངས་གྲུབ་ཆོས་ཉིད་རྣམ་པ་ཐམས་ཅད་པ་ནམ་ཡང་འགྱུར་བ་མེད་པའི་ཚུལ་གྱིས་ལེགས་པར་བསྟན་པས་གདུལ་བྱ་རང་རང་གི་བློ་ཚོད་ཀྱིས་ཇི་ལྟར་ཁོང་དུ་ཆུད་ནུས་པ་དེ་ལྟར་བདེན་པ་གཉིས་ཀྱི་རྣམ་བཞག་བཀའ་འཁོར་ལོ་གསུམ་གྱིས་རིམ་པར་གསུངས་པ་སྟེ། དེ་ཡང་ཐོག་མར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་སྨྲ་བ་རི་དྭགས་ཀྱི་ནགས་སུ་ཐེག་དམན་གྱི་རིགས་ཅན་ལ་གཙོ་བོར་དགོངས་ཏེ་བཀའ་དང་པོ་བདེན་པ་བཞི་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་སོ་ཐར་གྱི་མདོ། འདུལ་ལུང་སྡེ་བཞི། ལས་བརྒྱ་པ། རྟེན་འབྲེལ་གྱི་མདོ། ཆོས་འཁོར་གྱི་མདོ། དོན་རྣམ་པར་ངེས་པའི་མདོ་སོགས་ཆེ་ཆུང་སྡོམ་པ་ལྔ་བཅུ་ཙམ་གྱིས་མཚོན་ཐེག་དམན་གྱི་སྡེ་སྣོད་དཔག་ཏུ་མེད་པའི་ཆོས་འཁོར་བསྐོར་བ་དེ་དག་ནི་བླ་ན་མཆིས་པ། སྐབས་མཆིས་པ། དྲང་བའི་དོན། རྩོད་པའི་གཞིའི་གནས་སུ་གྱུར་པ་ཡིན་པར་དགོངས་འགྲེལ་ལས་གསུངས་སོ། ། ཁྱད་པར་ཐེག་པ་ཆེན་པོའི་ཆོས་ཀྱི་ཚུལ་རྒྱ་གར་དུ་སྟོན་པས་ཇི་ལྟར་གསུངས་ཚུལ་དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ་རྒྱུ་ཕར་ཕྱིན་ཐེག་པ་བཀའ་བར་ཐ་གཉིས་སུ་གསུངས་པ་ཡང་ཡུལ་བྱ་རྒོད་སྤུངས་རི་སོགས་སུ་གདུལ་བྱ་ཐེག་ཆེན་དབང་འབྲིང་གི་རིགས་ཅན་རྗེས་སུ་བཟུང་ཆེད་བཀའ་བར་བ་མཚན་ཉིད་མེད་པ་གནས་ལུགས་སྤྲོས་བྲལ་གྱི་ཚུལ་སྟོན་པའི་ཆོས་ཀྱི་འཁོར་ལོ་ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་གྲངས་བཅུ་བདུན་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཡས་པའི་ཆོས་འཁོར་བསྐོར་བ་དེ་ཡང་བླ་ན་མཆིས་པ་སོགས་རྩོད་གཞིར་གྱུར་པའི་བར་གོང་ལྟར་གསུངས་ཤིང༌། ཡུལ་ཡངས་པ་ཅན་སོགས་སུ་གདུལ་བྱ་དབང་པོ་རབ་ཀྱི་ཐེག་ཆེན་རིགས་ཅན་དག་གི་ཆེད་དུ་གཙོ་བོར་དགོངས་ནས་བཀའ་ཐ་མ་དོན་དམ་རྣམ་པར་ཕྱེ་བ་ཆོས་རྣམས་ཀྱི་གནས་ལུགས་མཐར་ཐུག་ཆོས་ཉིད་འོད་གསལ་བདེ་གཤེགས་སྙིང་པོ་ལེགས་པར་གསལ་བྱེད་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་སྟོན་བྱེད་ཀྱི་ཆོས་ཀྱི་འཁོར་ལོ། གཤེགས་སྙིང་གི་མདོ། དཔལ་འཕྲེང་གིས་ཞུས་མདོ། སོར་འཕྲེང་ལ་ཕན་པའི་མདོ་སོགས་ཐུན་མོང་མ་ཡིན་པའི་མདོ་སྡེ་མང་པོ་དང༌། དགོངས་འགྲེལ། ལང་གཤེགས་སོགས་ཐུན་མོང་གི་མདོ་སྡེ་གྲངས་ཉི་ཤུ་ཙམ་གྱིས་མཚོན་སྡེ་སྣོད་མཐའ་ཀླས་པ་གསུངས་པའི་ཆོས་འཁོར་བསྐོར་བ་གང་དེ་བླ་ན་མ་མཆིས་པ། སྐབས་མ་མཆིས་པ། ངེས་པའི་དོན་ལགས་ཏེ་རྩོད་པའི་གཞིར་མ་གྱུར་པའི་ཚུལ་སྟོན་པ་ཉིད་ཀྱིས་རང་གི་དགོངས་པ་ལེགས་པར་འགྲེལ་ཚུལ་གྱིས་དཔལ་གྱི་མགུར་ནས་བཀའ་སྩལ་པའོ། ། དེ་འདྲའི་ཐེག་པ་ཆེན་པོའི་ཆོས་ཚུལ་ཡང༌། ལང་ཀར་གཤེགས་པ་ལས། །སེམས་ཙམ་ལ་ནི་བརྟེན་ནས་སུ། །ཕྱི་རོལ་དོན་དུ་མི་བརྟག་གོ །སྣང་བ་མེད་པ་ལ་བརྟེན་ནས། །སེམས་ཙམ་ལས་ནི་འདའ་བར་བྱ། །ཡང་དག་དམིགས་པ་ལ་བརྟེན་ནས། །སྣང་བ་མེད་ལས་འདའ་བར་བྱ། །རྣལ་འབྱོར་སྣང་བ་མེད་གནས་ན། །ཐེག་པ་ཆེན་པོ་མི་མཐོང་ངོ༌། ། ཞེས་གསུངས་པ་ལྟར་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཀྱིས་ཆོས་ཀུན་སེམས་ཀྱི་སྣང་ཆ་ཙམ་དུ་ཤེས་ནས་ཕྱི་དོན་མེད་པར་གཏན་ལ་ཕབས། དེ་ནས་ཆོས་ཐམས་ཅད་བདེན་མེད་དུ་གཏན་ལ་ཕབ་སྟེ། སེམས་ཙམ་གསལ་བའི་ངོ་བོ་གཞན་དབང་ཀུན་རྫོབ་པ་འདི་ཀུན་ལའང་བདེན་ཞེན་བཟློག་ནས་དངོས་སྨྲའི་སེམས་ཙམ་ལུགས་ལས་འདའ་བར་བྱས་ཏེ་བདེན་མེད་སྤྲོས་བྲལ་རང་བཞིན་གནས་ལུགས་སུ་གཏན་ལ་དབབ། དེ་ནས་གནས་ལུགས་མཐར་ཐུག་དོན་དམ་པའི་རྣམ་པ་ཐམས་ཅད་པ་ཡང་དག་པའི་ཆོས་ཉིད་བདེ་གཤེགས་སྙིང་པོ་དམིགས་པ་ལ་བརྟེན་ནས་བདེན་མེད་སྤྲོས་བྲལ་གྱི་ཆ་འབའ་ཞིག་པའི་སྣང་མེད་དབུ་མའི་ཚུལ་ལས་ཀྱང་འདའ་བར་མ་བྱས་ན་རིགས་ཁམས་མཐར་ཐུག་གི་ངེས་པ་དོན་གྱི་ཐེག་པ་ཆེན་པོ་ཡོན་ཏན་མཐའ་ཡས་པའི་ཀློང་དུ་གྱུར་པའི་གཞི་གཅིག་པུ་ཉིད་ནམ་ཡང་མཐོང་ཚུལ་མེད་པ་དེ་བས་ན། འཁོར་ལོ་ཐ་མའི་དགོངས་དོན། རྒྱན་སྡུག་པོ་བཀོད་པའི་མདོ་ལས། །ཉི་མ་ཟླ་བའི་ནོར་བུ་དག །ཡོངས་སུ་དག་པའི་མཚན་ཉིད་ཅན། །ཉི་ཟླའི་ཟེར་གྱིས་ཕོག་པ་དང༌། །དེ་དག་རང་གི་ཡོན་ཏན་འབྱིན། །དེ་བཞིན་ཀུན་གཞིའི་ཤེས་པ་རབ། །དེ་བཞིན་གཤེགས་པའི་སྙིང་པོ་དགེ། །ཟག་མེད་ལེགས་དང་ལྡན་གྱུར་ཏེ། །གཞན་དུ་གྱུར་ན་རབ་ཏུ་འབྱིན། ། ཞེས་གསུངས་པ་ལྟར་ཉི་ཟླའི་རིགས་ཀྱི་ནོར་བུ་ལ་ཉི་ཟླའི་འོད་ཀྱིས་ཕོག་པས་རང་འོད་ཆེར་འབྱིན་པ་ལྟར་ཐབས་མཁས་ལམ་གྱི་བྱེད་པ་ལ་བརྟེན་ནས་རིགས་ཁམས་བདེ་གཤེགས་སྙིང་པོ་ཀུན་གཞིའི་རྣམ་ཤེས་ལས་གཞན་པ་གང་ལས་ཟག་མེད་ཡེ་ཤེས་ཀྱི་ཆོས་མཐའ་དག་འབྱུང་སྟེ་མངོན་དུ་གྱུར་པའི་ཚུལ་འདི་རྒྱལ་བའི་དགོངས་པ་མཐར་ཐུག་ཏུ་ལེགས་པར་གྲུབ་ཕྱིར་ངེས་དོན་དབུ་མ་ཆེན་པོའི་ཆོས་ཀྱི་ཁུངས་ཆུ་མགོ་གང་ལ་ཐུག་པ་ལྟ་བུ་འདི་གའོ། ། སྤྱིར་ནི་བཀའ་བར་བར་གཙོ་བོར་རང་སྟོང་བསྟན་ཞིང་བཀའ་ཐ་མར་ངེས་དོན་གཞན་སྟོང་གཙོ་བོར་བསྟན་པས་དེ་གཉིས་ཀྱི་ཁྱད་པར་ཀུན་རྫོབ་དོན་དམ་གྱིས་བསྡུས་པའི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པས་སྟོང་པས་རང་སྟོང་དང༌། ཀུན་རྫོབ་རྣམས་རང་ངོས་ནས་གྲུབ་པས་སྟོང་ཡང་དོན་དམ་པའི་ཆོས་ཉིད་ནི་ནམ་ཡང་རང་ངོས་ནས་མི་སྟོང་བར་གནས་ལུགས་མཐར་ཐུག་ཏུ་ཡེ་ནས་འགྱུར་བ་མེད་པའི་རང་མདངས་ལ་གཞན་ཀུན་རྫོབ་གཟུང་འཛིན་གྱི་སྤྲོས་པས་སྟོང་བས་ན་གཞན་སྟོང་ཞེས་བརྗོད་ཅིང༌། ཀུན་རྫོབ་བདེན་པར་མེད་ཀྱང་དོན་དམ་གནས་ལུགས་མཐར་ཐུག་ཏུ་བདེན་པས་མཐའ་གཉིས་སྤངས་པའི་ངེས་དོན་དབུ་མའི་ལམ་བཟང་ཆེན་མོ་དེ་ཡང་གཙོ་བོར་འཁོར་ལོ་ཐ་མའི་སྡེ་སྣོད་དུ་བསྟན་ཀྱང་སྤྱིར་ནི་འཁོར་ལོ་དང་པོ་དང་བར་བ་གཉིས་ཀྱིའང་དགོངས་པ་མཐར་ཐུག་ཏུ་ངེས་དོན་གྱི་ལུགས་སུ་བསྟན་པར་གསུངས་སོ། ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་ཚུལ་ནི་སྟོན་པས་ཆོས་འཁོར་གསུམ་པོ་བསྐོར་ཟིན་མི་རིང་བ་ན་ཐུན་མོང་ངོར་ཐེག་ཆེན་གྱི་སྡེ་སྣོད་རྣམས་ནི་ལྷ་ཀླུ་སོགས་ཀྱིས་རང་རང་གི་གནས་སུ་སྤྱན་དྲངས་ཏེ་རེ་ཞིག་མི་ཡུལ་དུ་མི་བཞུགས་ལ་ཐེག་དམན་གྱི་མདོ་སྡེ་ལ་བརྟེན་ནས་དགེ་སྤྱོང་གི་འབྲས་བུ་བཞི་པོ་མངོན་དུ་བྱེད་པའི་འཕགས་ཚོགས་ཀྱི་འདུས་སྡེ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། རྒྱལ་བ་མྱ་ངན་ལས་འདས་རྗེས་སུ་དགྲ་བཅོམ་འོད་སྲུངས་ཆེན་པོས་༡ཐེག་དམན་གྱི་བཀའ་བསྡུ་དང་པོ་མཛད་ནས་བསྟན་པ་ཀུན་དགའ་བོ་༢ལ་གཏད་པ་ནས་བཟུང་སྟེ་རིམ་བཞིན། ཤ་ནའི་གོས་ཅན་༣དང༌། ཉེ་སྦས་༤དང༌། དྷཱི་ཏི་ཀ་༥གསུམ་གྱིས་བསྟན་པ་བསྐྱངས་ཏེ་འཕགས་པ་དྷཱི་ཏི་ཀ་འདིའི་སྐུ་དུས་ཞིག་ན་ཡངས་པ་ཅན་པའི་དགེ་སློང་དག་གིས་མི་རུང་བའི་གཞི་བཅུ་སྤྱོད་བཞིན་གཞི་དེ་དག་སྟོན་པའི་བསྟན་པ་ཡིན་པར་སྒྲགས་སྐབས་དགྲ་བཅོམ་གྲགས་པ་སོགས་དགྲ་བཅོམ་པ་བདུན་བརྒྱས་དེ་སུན་ཕྱུང་སྟེ་བཀའ་བསྡུ་གཉིས་པ་མཛད། དེ་ནས་གཏད་རབས་ནག་པོ་པ་༦དང༌། ། ལེགས་མཐོང་༧གཉིས་ཀྱིས་བསྟན་པ་རིམ་བཞིན་བསྐྱངས་རྗེས་རིང་ཞིག་ལོན་སྐབས། ཡུལ་ཨོ་ཊི་བི་ཤའི་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཇམ་དཔལ་གྱིས་སྤྲུལ་པའི་དགེ་སློང་གིས་ཐེག་ཆེན་གྱི་ཆོས་བསྟན། གླེགས་བམ་ཞིག་ཀྱང་བཞག་གོ་ཞེས་བྱུང་བ་མདོ་ལུགས་པས་ཤེར་ཕྱིན་བརྒྱད་སྟོང་པ་དང༌། སྔགས་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བསྡུས་པ་ཡིན་ཟེར་ཏེ། འདི་སྐབས་སྔར་སྟོན་པས་གསུངས་པའི་ཐེག་ཆེན་གྱི་སྡེ་སྣོད་རྣམས་གནས་གཞན་ན་བཞུགས་པ་ལས་ཅི་རིགས་མི་ཡུལ་དུ་སླར་ཡང་དར་བའི་ཐོག་མ་ཡིན་པར་གསུངས་ལ། དུས་འདི་སྐོར་གྱི་སྔ་ཕྱི་ཅི་རིགས་སུ་དགེ་སློང་ལྷ་ཆེན་པོ་དང༌། བཟང་པོ་གཉིས་རིམ་པར་བྱུང་སྟེ། དེ་གཉིས་ཀྱི་ལོག་པའི་གཞི་ལྔ་སོགས་བསྒྲགས་ནས་བསྟན་པ་ལ་རྩོད་གཞི་བཞག དེ་རྗེས་དགེ་སློང་ཀླུ་དང༌། ཡིད་བརྟན་པ་གཉིས་ཀྱང་རིམ་བཞིན་བྱུང་ནས་ལོག་པའི་རྗེས་སུ་ཞུགས་ཤིང་བསྟན་པ་དཀྲུགས་ཏེ་རྩོད་པ་བྱུང་པ་ནས་རིམ་པ་བཞིན་ཐེག་དམན་གྱི་སྡེ་བཞི་དང་བཅོ་བརྒྱད་སོ་སོར་གྱེས་ཤིང་དགེ་སློང་རྣམས་ཀྱང་འབྲས་བུ་ཐོབ་པའང་ཤིན་ཏུ་ཉུང་བའི་སྐབས་ན་དགྲ་བཅོམ་པ་དང༌། སྡེ་སྣོད་འཛིན་པའི་བཙུན་པ་མང་པོ་ཞིག་གིས་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་ཏེ་ཉན་ཐོས་སྡེ་བཅོ་བརྒྱད་ཀྱི་བསྟན་པ་རྣམ་དག་ཏུ་བསྒྲུབས་ཤིང༌། མདོ་དང་མངོན་པ་སྔར་ཡི་གེ་མ་འཁོད་པ་རྣམས་ཡི་གེར་བཀོད་ཅིང་འཁོད་པ་རྣམས་ལ་དག་ཐེར་བྱས་སོ། ། འདིའི་གོང་ཞིག་ཏུ་ཁ་ཆེའི་བཙུན་པ་ཆེན་པོ་གནས་བརྟན་འཁོར་དགེ་སློང་ལྔ་སྟོང་དང་བཅས་བྱོན་པའང་མདོ་སྡེ་བའི་ཐོག་མའོ། ། དེ་ལྟར་ཐེག་དམན་གྱི་བཀའ་བསྡུ་གསུམ་པ་བྱས་པའི་འོག་ཞིག་ན་སླར་ཡང་ཐེག་ཆེན་གྱི་ཆོས་སྨྲ་བའི་བཙུན་པ་ཆེན་པོ་ཨ་བི་ཏརྐ་སོགས་ཆོས་སྟོན་པ་ལྔ་བརྒྱ་ཙམ་བྱོན་ཏེ། གནས་ཐ་དད་པ་ནས་ཐེག་ཆེན་གྱི་སྡེ་སྣོད། ལང་གཤེགས་དང༌། རྒྱན་སྡུག་པོ་བཀོད་པའི་མདོ་སོགས་ཐེག་ཆེན་གྱི་མདོ་སྡེ་མང་པོ་ཞིག་སླར་ཡང་སྤྱན་དྲངས་པའི་ཚུལ་གྱིས་དར་བར་མཛད་ཅིང༌། ཐེག་ཆེན་སྡེ་བ་དངོས་སྨྲའི་སེམས་ཙམ་ལུགས་ཀྱང་འདི་ནས་བྱུང༌། དེ་རྗེས་ཞིག་ནས་དཔལ་ས་ར་ཧ་ཆེན་པོ་བྱོན་ནས་དབུ་མའི་ཚུལ་ལུགས་དར་བར་མཛད། དེའི་འོག་ཏུ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པ་བསྐྱངས་ཏེ་དབུ་མ་ལྷག་པར་དར་བར་མཛད་པ་ནས་བཟུང་བསྟན་པ་འཛིན་པའི་སྐྱེས་ཆེན་དུ་མ་འཕགས་ཡུལ་དུ་རིམ་པར་བྱོན་པའི་རེ་ཞིག་ན། རྒྱལ་བའི་དགོངས་པ་མཐར་ཐུག་གི་ངེས་གསང་རྙེད་ཅིང་ཐེག་ཆེན་གྱི་མདོ་སྡེའི་དྲང་ངེས་འབྱེད་པ་ལ་མཆོག་ཏུ་བསྔགས་པ་ངེས་དོན་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེ་བའི་ས་གསུམ་བརྙེས་པ་འཕགས་པ་ཐོགས་མེད་ཞབས་པ་ཡང་བྱོན་པ་སྟེ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་བྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡིས་རིག་པ་གྲུབ་པ་ནི། །སཱ་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེས་པར་གྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་སྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུ་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཐོབ་པར་འགྱུར་བ་ཡིན། ། ཞེས་པའི་ལུང་གིས་བསྔགས་པ་འཕགས་པ་ཐོགས་མེད་ནི། ཡི་དམ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་བ་བྲམ་ཟེ་མོ་གསལ་བའི་ངང་ཚུལ་མ་ཞེས་པའི་སྲས་སུ་འཁྲུངས་ཏེ་རྒྱལ་རིགས་སུ་གྱུར་པའི་སྐྱེས་བུ་རིག་གནས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མདོ་སྡེའི་དོན་ཕལ་ཆེར་ཐུགས་སུ་ཆུད་པར་བྱས་ནས་ཤེར་ཕྱིན་གྱི་དགོངས་དོན་རྟོགས་དཀའ་བར་དགོངས་ཏེ། དེའི་དོན་དུ་ལྷག་པའི་ལྷ་ཞལ་མཐོང་ཆེད་སློབ་དཔོན་ཨརྷ་ཏ་ལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་དུ་དབང་བསྐུར་བ་མནོས་པས་མེ་ཏོག་རྒྱལ་བ་མི་ཕམ་པ་ལ་ཕོག་གོ ། དེ་ནས་རི་བོ་བྱ་རྐང་ཅན་དུ་གྲགས་པའི་ཕུག་ཅིག་ཏུ་ལོ་བཅུ་གཉིས་སུ་འཕགས་པ་བྱམས་པ་བསྒྲུབས་ཏེ་བྱམས་པའི་ཞལ་དངོས་སུ་མཐོང་ནས་དུས་དེ་ཉིད་དུ་སློབ་དཔོན་གྱིས་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ། ཅི་འདོད་གསུངས་པ་ལ། ཐེག་པ་ཆེན་པོ་དར་བར་ཞུ་ཞེས་ཞུས་པས། ངའི་གོས་ཀྱི་མཐའ་ལ་འཇུས་ཤིག་གསུངས་པ་ལྟར་འཇུས་པས་དེ་མ་ཐག་དགའ་ལྡན་དུ་སླེབས་ནས་མི་ལོ་ཕྱེད་ལྔ་བཅུའམ་ལོ་ཆ་ཚང་ཉེར་ལྔ་ཙམ་བཞུགས་ཏེ་ཐེག་པ་ཆེན་པོའི་ཆོས་མཐའ་དག་གསན་ཏེ་མདོ་སྡེའི་དོན་ཀུན་ཐུགས་སུ་ཆུད། ཁྱད་པར་རྒྱལ་ཚབ་བྱམས་པས་འཁོར་ལོ་ཐ་མའི་དགོངས་དོན་གཙོ་བོར་བྱས་ཏེ་ཐེག་ཆེན་མདོ་སྡེ་སྤྱིའི་དགོངས་འགྲེལ་གྱི་ཚུལ་དུ་རྒྱུད་བླ་མ། འབྱེད་རྣམ་གཉིས། རྒྱན་རྣམ་གཉིས་ཏེ་བྱམས་ཆོས་ལྔ་མཛད་པ་དེ་སློབ་དཔོན་གྱིས་གསན་ཚེ་དོན་ཚན་རེ་རེ་གསན་ཙམ་གྱིས་ཏིང་ངེ་འཛིན་གྱི་སྒོ་མི་འདྲ་བ་རེ་རེ་ཐོབ་ཅིང༌། བྱམས་ཆོས་འདི་དག་གིས་རྒྱལ་བའི་དགོངས་པ་མཐར་ཐུག་ངེས་དོན་ཕྱིར་མི་ལྡོག་པའི་གཏམ་ལས་བརྩམས་ཏེ་གཞན་སྟོང་དབུ་མ་ཆེན་པོའི་ལྟ་སྒོམ་ཆེས་གསལ་བར་བྱས་པ་ཇི་ལྟ་བ་བཞིན་དུ་སློབ་དཔོན་ཐོགས་མེད་ཀྱི་ཀྱང་དགོངས་དོན་དེ་ལྟར་ཐུགས་སུ་བྱང་ཆུབ་པའི་ཚུལ་གྱིས་སླར་ཡང་མི་ཡུལ་དུ་བྱོན་ནས་ངེས་དོན་དབུ་མ་ཆེན་པོའི་ཤིང་རྟའི་སྲོལ་ལེགས་པར་ཕྱེས་པ་ལགས་སོ། ། སློབ་དཔོན་འདིའི་གཅུང་དབྱིག་གཉེན་ཡང་བྲམ་ཟེའི་རིགས་ལས་བྱུང་བའི་ཡུམ་གཅིག་པའི་སྐུ་མཆེད་ཡིན་ལ། འདིས་ཀྱང་ཐོག་མར་ཉན་ཐོས་ཀྱི་སྡེ་སྣོད་མཐའ་དག་བྱང་ཆུབ་པར་བྱས་པས་ཐེག་ཆེན་ལ་མི་མོས་པའི་ཚུལ་གྱིས་བཞུགས་ན་རེ་ཞིག་གི་ཚེ། གཅེན་འཕགས་པ་ཐོགས་མེད་ཀྱི་དངོས་སློབ་ཐེག་ཆེན་སྨྲ་བའི་དགེ་སློང་གཉིས་ཀྱིས་མདོ་སྡེ་བློ་གྲོས་མི་བཟད་པ་དང༌། ས་བཅུ་པ་གཉིས་གསུང་སྒྲོགས་བྱེད་པ་ཐོས་པའི་རྐྱེན་གྱིས་ཐེག་ཆེན་ལ་མོས་པའི་ཐུགས་བློ་གཏིང་ནས་བྱུང་སྟེ་འཕགས་པ་མཆོག་གི་དྲུང་ནས་ཐེག་པ་ཆེན་པོའི་མདོ་སྡེ་མཐའ་དག་ཚར་གཅིག་གསན་པ་ཙམ་གྱིས་ཐུགས་སུ་ཆུད་དེ་ཐེག་ཆེན་སྤྱི་དང་ཁྱད་པར་འཁོར་ལོ་ཐ་མའི་དགོངས་དོན་འཕགས་པའི་བཞེད་སྲོལ་བཞིན་རྒྱ་ཆེར་དར་བར་མཛད། དེ་ནས་རིམ་པར་བརྒྱུད་དེ། ཕྲ་ཞིང་རྟོགས་དཀའ་བ་དྲང་སྲོང་ཆེན་པོའི་ལམ་བཟང་བདེ་གཤེགས་སྙིང་པོའི་ལེགས་བཤད་སེང་གེའི་སྒྲ་ཆེན་རིང་ནས་ནུབ་པ་སླར་ཡང་གསལ་བར་མཛད་པ་གངྒ་མཻ་དྲིའི་ཞབས་དང༌། རྒྱལ་བ་མི་ཕམ་པའི་ཞལ་གཟིགས་ཏེ། གཉིས་འཛིན་འཁྲུལ་བའི་དྲི་མ་གཏན་ནས་སྤངས་ཤིང་བརྟུལ་ཞུགས་སྤྱོད་མཛད་ཨ་ཝ་དྷཱུ་ཏཱི་པ་ཆེན་པོ་དགའ་བ་གྲགས་པའི་དཔལ་དང༌། ཐེག་མཆོག་གཞུང་ལུགས་རྒྱ་མཚོའི་ཕ་རོལ་སོན་ཅིང་ཚངས་སྤྱོད་དཔལ་གྱིས་བརྒྱན་པའི་དགེ་སློང་ཆེན་པོ་གནས་ལུགས་ཟབ་མོའི་དོན་གཟིགས་པའི་ཁ་ཆེ་བ་འབྱུང་གནས་ཞི་བའི་ཞབས་དང༌། དབུས་ཀྱི་ཀ་ཆེན་དང་པོ་བྲམ་ཟེ་རིན་ཆེན་རྡོ་རྗེའི་གདུང་བརྒྱུད་དུ་འཁྲུངས་པ་ཡི་དམ་ལྷག་པའི་ལྷའི་བྱིན་གྱིས་བརླབས་ཤིང་གསུང་རབ་མཐའ་ཡས་པ་མཁྱེན་པའི་རྣལ་འབྱོར་གྱི་དབང་ཕྱུག་བྲམ་ཟེ་སཛྫ་ན་ཞེས་བྱ་བའི་བར་གྱི་སྐྱེས་ཆེན་དམ་པ་དེ་དག་གིས་འཁོར་ལོ་ཐ་མའི་དགོངས་དོན་ངེས་བ་དོན་གྱི་དབུ་མའི་ལུགས་སྲོལ་ལེགས་པར་བཟུང་ནས་འཕགས་ཡུལ་དུ་སྤེལ་ཞིང༌། དེ་ནས་བོད་གངས་རིའི་ལྗོངས་སུ་ཡང༌། དཔལ་འཁོར་ལོ་སྡོམ་པའི་ཞལ་གཟིགས་ཤིང་མཁས་དབང་དུ་མའི་གཙུག་གི་ནོར་བུ་གངས་ལྗོངས་འདིར་གཞན་སྟོང་དབུ་མའི་སྒྲ་ཆེན་བསྒྲགས་ཤིང་དཔེ་མེད་གྲོང་དུ་རྡོ་རྗེའི་སྐུ་བརྙེས་པའི་གཟི་ལོ་ཙཱ་བ་དགའ་བའི་རྡོ་རྗེ་ནས་བཟུང་རིམ་པར། མི་ཕམ་གཞུང་ལ་མཁས་ཤིང་ངེས་དོན་དབུ་མའི་ལམ་བཟང་ཐུགས་སུ་ཆུད་པའི་སྡོམ་བརྩོན་དམ་པ་བཙན་རིགས་ཁ་བཽ་ཆེ་དྲི་མེད་ཤེས་རབ། ཟབ་མོའི་གནས་དང་རྒྱུད་སྡེ་དུ་མ་མཁྱེན་པ་བྱམས་པས་རྗེས་སུ་བཟུང་བ་ལ་སྟོད་པ་དར་མ་བརྩོན་འགྲུས། སྙིང་པོའི་བསྟན་པ་གསལ་མཛད་དོལ་པ་གཉན་ཡེ་ཤེས་འབྱུང་གནས། འཕགས་མཆོག་གཉིས་ཀྱི་དགོངས་པ་གཅིག་གཟིགས་འཇང་སྟོན་སྐུ་མཆེད་ཟུང་སྟེ་བྱང་ཆུབ་སྐྱབས་དང༌། གཞོན་ནུ་བྱང་ཆུབ། ཕྱག་རྡོར་ཞལ་གཟིགས་ཆོས་སྐྱོང་བྲན་དུ་འཁོལ་བ་སྐྱོ་སྟོན་པ་སྨོན་ལམ་ཚུལ་ཁྲིམས། མི་གཡོ་མགོན་པོའི་བྱིན་གྱིས་རླབས་ཤིང་བཀའ་བསྟན་དགོངས་རྟོགས་རིག་པའི་རལ་གྲི། ངེས་དོན་སྙིང་པོ་ཉན་བཤད་ཀྱིས་སྤེལ་མཛད་སྐྱི་སྟོན་པ་སྟེ། ཀུན་མཁྱེན་ཇོ་ནང་བའི་བར་དུ་བརྒྱུད་པ་བར་མ་ཆད་ཅིང་བརྒྱུད་ཚུལ་འདིར་གཅིག་ཏུ་མ་ཟད་གཞན་དུ་མའི་སྒོ་ནས་ཀྱང་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་ངེས་དོན་ཟབ་མོའི་ལུགས་བཟང་འཕགས་བོད་དུ་ཇི་ལྟར་བྱུང་བའི་ཚུལ་མང་ངོ༌། །སྨྲས་པ། བདེ་གཤེགས་ངེས་དོན་དགོངས་བཅུད་འདབ་སྟོང་ཚལ། །དུས་ཀྱི་དབང་གིས་རེ་ཞིག་ཟུམ་པའི་མོད། །མི་ཕམ་ལེགས་གསུང་རྟ་ལྗང་ཚ་ཟེར་གྱིས། །སྐལ་བཟང་རྐང་དྲུག་བསོད་ནམས་དཔལ་དུ་བཞད། །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་སྔགས་ཕྱོགས་ནས་རིམ་པར་བརྒྱུད་ཚུལ་ལ། སྟོན་པས་ཇི་ལྟར་གསུངས་ཚུལ་དང༌། རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་གཉིས་ལས། དང་པོ་ནི། དུས་འཁོར་རྩ་རྒྱུད་ལས།སྟོན་པས་བྱ་རྒོད་ཕུང་པོའི་རིར། །ཤེས་རབ་ཕ་རོལ་ཕྱིན་ཚུལ་བཞིན། །ཆོས་བསྟན་དཔལ་ལྡན་འབྲས་སྤུངས་སུ། །དེ་བཞིན་གསང་སྔགས་ཚུལ་རབ་བསྟན། ། ཞེས་གསུངས་པ་ལྟར་སྟོན་པས་གདུལ་བྱ་ཐུན་མོང་གི་ངོར་བྱ་རྒོད་སྤུངས་རིར་ཤེར་ཕྱིན་གསུངས་པ་དང་མཉམ་དུ་དཔལ་ལྡན་འབྲས་སྤུངས་སུ་གསང་སྔགས་འཁོར་ཐུན་མིན་གྱི་ངོར་གསུངས་པ་ཡིན་ལ། དེ་ཡང་དུས་འཁོར་རྩ་རྒྱུད་གཙོ་བོར་གྱུར་པའི་གསང་བསྔགས་ཀྱི་རྒྱུད་སྡེ་མཐའ་དག་གསུངས་པ་སྟེ་བསྡུས་རྒྱུད་ཕྱི་མ་ལས། དཔལ་ལྡན་འབྲས་སྤུངས་མཆོད་རྟེན་ཆེན་པོར་སྟོབས་བཅུ་པ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་མཐའ་དག་རབ་ཏུ་བསྟན། །ཞེས་པ་ལྟར་རོ། ། དེའི་ཚུལ་རྒྱ་གར་ལྷོ་ཕྱོགས་དཔལ་གྱི་རི་དང་ཉེ་བར་དྷ་ན་ཤྲཱིའི་གླིང་དུ་སྔོན་གྱི་སངས་རྒྱས་གསེར་ཐུབ་དང་འོད་སྲུངས་གང་རུང་ཞིག་གི་དུས་ནས་འབྲས་སོ་བའི་ཆར་གྱི་རྒྱུ་ལས་ལྷ་ཆེན་རྣམས་ཀྱིས་བཞེངས་པར་གྲགས་པ་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་གྱི་བུམ་པའི་ནང་གི་སྟེང་འོག་ཏུ་སྟོན་པའི་ཉིད་ཀྱིས་རྩ་རྒྱུད་ནས་བསྟན་པའི་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ལྷ་སྟོང་དང་དྲུག་བརྒྱ་ཉི་ཤུ་ཅན་དང༌། བསྡུས་རྒྱུད་ལས་བསྟན་པའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གམ་དུས་ཀྱི་འཁོར་ལོ་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་ལྷ་བདུན་བརྒྱ་ཉེར་གཉིས་ཀྱི་རྣམ་པ་མངོན་པར་སྤྲུལ་ཏེ་གཙོ་བོར་དུས་ཀྱི་འཁོར་ལོའི་མདུན་ཞལ་ཐུགས་རྡོ་རྗེ་ལས་རྩ་རྒྱུད་སོགས་བླ་མེད་མ་རྒྱུད་རྣམས་དང༌། ཞལ་ལྷག་མ་རྡོ་རྗེ་གསུམ་ལས་རྒྱུད་་གཞན་རྣམས་གསུངས་པ་སྟེ། སྐབས་ཀྱི་ཆེད་དུ་བྱ་བའི་གདུལ་བྱ་རྒྱུད་ཞུ་བ་པོ་ཆོས་རྒྱལ་ཟླ་བ་བཟང་པོ་སོགས་ཤམྦྷ་ལའི་གྲོང་བྱེ་བ་ཕྲག་དགུ་བཅུ་རྩ་དྲུག་གི་མིའི་འགྲོ་བ་སྐལ་ལྡན་དཔག་ཏུ་མེད་པ་དང༌། ལྷ་ཀླུ་གནོད་སྦྱིན་འབྱུང་པོ་སོགས་མི་མིན་གྱི་འགྲོ་པ་བགྲང་ལས་འདས་པའོ། ། གསང་སྔགས་ཀྱི་སྡེ་སྣོད་གཙོ་ཆེར་བོད་དུ་འགྱུར་བ་ཡང༌། བྱ་རྒྱུད་ལ། དམ་ཚིག་གསུམ་བཀོད། འཇམ་དཔལ་རྩ་རྒྱུད་སོགས་དེ་བཞིན་གཤེགས་པའི་རིགས།དོན་ཞགས་ཆོ་ག་ཞིབ་མོ། ཞལ་བཅུ་གཅིག་པའི་གཟུངས་སོགས་པདྨའི་རིགས། ཕྱག་རྡོར་རིག་པ་མཆོག་གི་རྒྱུད་སོགས་རྡོ་རྗེའི་རིགས། ནོར་རྒྱུན་མ། ཛམྦྷ་ལའི་གཟུངས་སོགས་ནོར་བུའི་རིགས། མེ་ཁ་ལེའི་གཟུངས་སོགས་ལྔ་རྩེན་གྱི་རིགས། ལྷ་ཀླུ་འབྱུང་པོ་ཕལ་བས་ཕུལ་བའི་གཟུངས་རྣམས་འཇིག་རྟེན་ཕལ་བའི་རིགས་དང་དྲུག་ཡོད། སྤྱོད་རྒྱུད་ལ། རྣམ་སྣང་མངོན་བྱང༌། མི་གཡོ་བརྟུལ་ཕོད་སོགས་སྐུའི་རིགས། གསུང་གི་རིགས་བོད་དུ་མ་འགྱུར། ཕྱག་རྡོར་དབང་བསྐུར་བའི་རྒྱུད་སོགས་ཐུགས་ཀྱི་རིགས་དང་གསུམ་མོ། ། རྣལ་འབྱོར་རྒྱུད་ལ། དེ་ཉིད་བསྡུས་པ། རྡོ་རྗེ་རྩེ་མོ་སོགས་ཕ་རྒྱུད། དཔལ་མཆོག་དང་པོ། རྡོ་རྗེ་སྙིང་རྒྱན་སོགས་མ་རྒྱུད་དང་གཉིས་སོ། ། བླ་མེད་ལ། ཕ་མའི་རྒྱུད་གཉིས། ཕ་རྒྱུད་ལ། གསང་འདུས། གཤིན་རྗེ་གཤེད་དམར་ནག རྣམ་སྣང༌། སྒྱུ་དྲྭ་སོགས་ཆགས་ཅན་རྗེས་འཛིན་གྱི་རྒྱུད་དང༌། འཇིགས་བྱེད་རྟོག་བདུན་སོགས་ཞེ་སྡང་ཅན་ཚར་གཅོད་ཀྱི་རྒྱུད་དང༌། འཇམ་དཔལ་སྒྱུ་དྲྭ་སོགས་གཏི་མུག་ཅན་རྗེས་འཛིན་གྱི་རྒྱུད་དང་གསུམ་མོ། ། མ་རྒྱུད་ལ། བདེ་མཆོག དགྱེས་རྡོར། མ་ཧཱ་མ་ཡ། སངས་རྒྱས་ཐོད་པ་སོགས་ཧེ་རུ་ཀའི་རིགས། གདན་བཞི་རྣམ་སྣང་གི་རིགས། རིགས་ཀྱི་འཇིག་རྟེན་མགོན་པོ་པདྨའི་རིགས།རྡོ་རྗེ་བདུད་རྩི་རིན་འབྱུང་གི་རིགས། སྒྲོལ་མ་བླ་མེད་སོགས་རྟའི་རྒྱལ་པོའི་རིགས། སངས་རྒྱས་མཉམ་སྦྱོར། ཟླ་གསང་ཐིག་ལེ་རྡོར་སེམས་ཀྱི་རིགས་དང་དྲུག་ཡོད་ལ། དུས་འཁོར་ཡང་ཧེ་རུ་ཀ་དང་རྡོར་སེམས་གཉིས་ཀའི་རིགས་ལ་བརྟེན་པ་ལྟར་ཡོད་ཀྱང་འདིར་རྡོར་སེམས་ཀྱི་རིགས་སུ་འཇོག བླ་མེད་ལ་གསུམ་དུ་འབྱེད་ན་གཉིས་མེད་ཀྱི་རྒྱུད་དུ་བཞག་ཀྱང་ཆོག དེ་ལྟར་རྒྱུད་མཐའ་དག་གསུངས་ནས་ཟླ་བ་བཟང་པོ་ལ་གཏད་ཅིང་མི་དང་མི་མིན་བགྲང་བ་ལས་འདས་པ་འདོད་པའི་དངོས་གྲུབ་ཐོབ། རེ་ཞིག་མིའི་འཇིག་རྟེན་གཞན་དུ་མ་དར། ཤམྦྷ་ལར་ཟླ་བ་བཟང་པོས་རྒྱུད་མཐའ་དག་གླེགས་བམ་ལ་བྲིས། དུས་འཁོར་རྩ་རྒྱུད་ཀྱི་འགྲེལ་བཤད་མཛད་པ་སོགས་ཀྱི་སྒོ་ནས་གསང་སྔགས་རྒྱ་ཆེར་དར་བར་བྱས་པ་ནས་བཟུང༌། ཆོས་རྒྱལ་བདུན། རིགས་ལྡན་ཉེར་ལྔ། འཁོར་ལོ་ཅན་གྱི་རྒྱལ་བརྒྱུད་བཅུ་གཅིག་སྟེ་དུས་འཁོར་རྩ་རྒྱུད་ནས་ལུང་བསྟན་པའི་ཆོས་ཀྱི་རྒྱལ་བོ་བཞི་བཅུ་རྩ་གསུམ་གྱི་བར་དུ་སྔགས་ཀྱི་ཞིང་མཆོག་དེར་བསྟན་པ་ཆེས་དར་ཞིང་ཀུན་ཀྱང་རྫོགས་ལྡན་ཆོས་མཆོག་ངེས་དོན་དབུ་མ་ཆེན་པོ་ཐུགས་ཀྱི་དགོངས་བཅུད་དུ་བྱས་ཏེ་གནས་ལུགས་མཐར་ཐུག་གཅིག་ཏུ་གཞོལ་བ་ཤ་སྟག་གོ ། གཉིས་པ་རྗེས་ནས་ཇི་ལྟར་བྱུང་བའི་ཚུལ་ནི། སྤྱིར་རྒྱ་གར་དུ་རྒྱལ་པོ་པདྨ་ཆེན་པོ་དང་དུས་མཉམ་པ་ལས་ཅུང་ཟད་འཕྱི་བ་ཙམ་ན། ཡུལ་ཨོ་ཊི་བི་ཤར་རྒྱལ་པོ་ཟླ་བ་བསྲུང་གི་ཁྱིམ་དུ་འཇམ་དཔལ་དགེ་སློང་གི་ཚུལ་གྱིས་བྱོན་ཏེ་དེ་ཁོ་ན་ཉིད་བསྡུས་པའི་གླེགས་བམ་གནང༌།དེ་ནས་རེ་ཞིག་གི་དུས་རྒྱལ་པོ་ཧ་རི་ཙནྡྲ་བྱ་བ་ཙནྡྲའི་རིགས་གྱི་ཐོག་མ་བྱུང་བ་དེ་སྔགས་ལམ་ལ་བརྟེན་ནས་དངོས་གྲུབ་ཐོབ། ལོངས་སྤྱོད་ལྷ་དང་མཉམ་པ་མཐར་འཁོར་སྟོང་དང་བཅས་རིག་འཛིན་གྱི་གནས་ཐོབ། དུས་དེ་ཙམ་ན་དཔལ་ས་ར་ཧའམ་བྲམ་ཟེ་སྒྲ་གཅན་འཛིན་ཆེན་པོ་བྱོན་ནས་རྡོ་རྗེ་རྣལ་འབྱོར་མའི་ཞལ་དངོས་སུ་མཇལ་ཏེ་གདོད་མ་ཆོས་ཉིད་ཀྱི་དོན་རྟོགས་ནས་དོ་ཧ་རྡོ་རྗེའི་གླུ་མང་དུ་བླངས་བས་རྒྱལ་པོ་ལ་སོགས་པ་སྟོང་ཕྲག་ལྔས་གནས་ལུགས་ཀྱི་དོན་མངོན་སུམ་དུ་མཐོང༌། ལུས་ཀྱང་རིག་པ་འཛིན་པར་གྱུར་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འགྲོ་ཞིང་མཐར་གྱིས་མི་སྣང་བར་གྱུར་སྐད། གཞན་ཡང་ཕྱག་རྒྱ་ཆེན་པོ་སེམས་རྣལ་དུ་མཚོན་པ་ནི་བརྒྱ་སྟོང་དུ་མ་ཞིག་བྱུང་བས་ཕྱོགས་ཐམས་ཅད་དུ་གྲགས་པས་ཁྱབ་ཅིང༌། འགྲོ་བ་མང་བོའི་དོན་མཛད་ནས་སྐུ་ལུས་དེ་ཉིད་ཀྱིས་སངས་རྒྱས་ཀྱི་ཞིང་གཞན་དུ་བཞུད་དོ། །དེ་ནས་འཕགས་པ་ཀླུ་སྒྲུབ་བྲམ་ཟེའི་རིགས་སུ་ལྷོ་ཕྱོགས་བཻ་དརྦྷར་སྐུ་འཁྲུངས་པ་དེ་ནི་འདིའི་སློབ་མ་སྟེ། དེ་ཡང་ཆུང་ངུ་ལོ་བདུན་ལ་སླེབས་སུ་ཉེ་བའི་སྐབས་ན་སྐུ་ཚེའི་གེགས་ཤིན་ཏུ་ཆེ་སྟབས་ཕ་མས་དེ་མ་བཟོད་ནས་གཡོག་དང་བཅས་ཡུལ་གཞན་དུ་འཁྱམ་དུ་བཏང་བས་མཐར་ནཱ་ལེན་དྲར་སླེབས། དེར་མཁན་པོ་སྒྲ་གཅན་འཛིན་བཞུགས་པའི་དེས་སྐུ་ཚེའི་གེགས་བསལ་དེར་རབ་ཏུ་བྱུང༌།ཐེག་པ་ཆེ་ཆུང་གི་སྡེ་སྣོད་མཐའ་དག་དང༌། རིག་པའི་གནས་གང་ཡང་མི་མཁྱེན་པ་མེད་པར་བྱས།དེ་ནས་རྨ་བྱ་ཆེན་མོ་སོགས་ཀྱི་རིག་སྔགས་བསྒྲུབས་པས།རི་ལུ་མིག་སྨན་སོགས་ཀྱི་དངོས་གྲུབ་མང་པོ་དང༌། ཚར་གཅོད་སླར་གསོ་ལ་སོགས་པའི་ནུས་པ་ཐམས་ཅད་གྲུབ། མི་མ་ཡིན་ཐམས་ཅད་མངག་གཞུག་ཏུ་སོང༌། ཁྱད་པར་བཅུད་ལེན་གྲུབ་པའི་རྡོ་རྗེའི་སྐུར་གྱུར། རྫུ་འཕྲུལ་དང་མངོན་ཤེས་ཆེན་པོར་གྱུར་སྐད། དེ་ནས་རིག་སྔགས་ཀྱི་མཐུ་སོགས་ཀྱིས་སྔགས་ཀྱི་ཞིང་གཞན་དུ་བྱོན་ནས་ཡེ་ཤེས་ཀྱི་མཁའ་འགྲོ་རྣམས་ལས་གདམས་པ་ཐོབ། རྒྱུད་དང་སྒྲུབ་ཐབས་མང་པོ་སྤྱན་དྲངས། ཀླུ་དང་མིའི་དོན་རྒྱ་ཆེ་བ་ལ་དགོངས་ནས་རེ་ཞིག་ཀླུ་ཡུལ་དུ་བྱོན་ནས་ཤེར་ཕྱིན་འབུམ་པ་སོགས་སྤྱན་དྲངས། དེ་ནས་བཀའ་བར་ཐའི་དགོངས་པ་གཙོ་བོར་འགྲེལ་བྱེད་ཀྱི་བསྟན་བཅོས་དབུ་མ་རིག་ཚོགས་དང་བསྟོད་ཚོགས་སོགས་ཀྱང་བརྩམས་པས་གནས་ལུགས་མཐར་ཐུག་དོན་དམ་པའི་ཡེ་ཤེས་ཆོས་སྐུར་གཏན་ལ་ཕབས། དེ་སོགས་བསྟན་པ་ལ་བྱ་བ་རྒྱ་ཆེར་བྱས། ཕྱིས་དཔལ་གྱི་རིར་ལོ་ཉིས་བརྒྱ་ཙམ་གནོད་སྦྱིན་མོ་རྣམས་ཀྱི་འཁོར་དང་བཅས་ཏེ་སྔགས་ཀྱི་སྤྱོད་པས་བཞུགས། མཚན་བཟང་གཉིས་སྐུ་ལ་འགྲུབ། མཐར་དབུ་སྦྱིན་པ་བཏང་རྐྱེན་གྱིས་ཕྱེད་ལོ་དྲུག་བརྒྱར་དོན་གཅིག་གིས་མ་ཚང་སྐད།༣ དེའི་སློབ་མ་གྲུབ་ཆེན་ཤཱ་བཱ་རི་གར་མཁན་གྱི་རིགས་སུ་འཁྲུངས་ཏེ་སློབ་དཔོན་ལ་བདེ་མཆོག་གི་དབང་བསྐུར་ཞུས་ནས་བསྒོམས་པས་སྙིང་པོའི་དོན་མངོན་དུ་གྱུར་བྱང་སེམས་བློ་གྲོས་རིན་ཆེན་གྱི་ཞལ་མཐོང་མཐར་ཟུང་འཇུག་གྲུབ་ནས་ལྷོ་ཕྱོགས་ཀྱི་རི་ལ་རི་དྭགས་བཤོར་བ་ལྟར་གྱིས་འགྲོ་དོན་མཛད་དོ། ། དེ་ནས་རིམ་པར་གསང་སྔགས་ཀྱི་ལམ་ལ་སྤྱོད་པའི་གྲུབ་དབང་དུ་མས་ཀྱང་རང་བྱུང་ལྷན་སྐྱེས་ཡེ་ཤེས་མངོན་དུ་བྱས་པ་ཡིན་ལ། གཞན་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་དུས་སྔ་ཕྱི་ཅི་རིགས་སུ་གསང་སྔགས་ཀྱི་ལམ་ལ་བརྟེན་ནས་སྐྱེ་བོ་སྟོང་ཕྲག་ཏུ་བཅད་པ་བརྒྱས་རིག་པ་འཛིན་པ་གྲུབ་ཅིང༌། དེ་འདྲའི་རིགས་མང་པོ་ཡོད་པ་དག་ཀྱང་ཤིན་ཏུ་སྒམ་ཞིང་གསང་བ་བསྲུང་བ་ཡིན་ཕྱིར་རིག་པ་འཛིན་པ་མ་གྲུབ་ཀྱི་བར་དུ་སུས་ཀྱང་མི་ཤེས་པས་སློབ་དཔོན་གྱིས་སློབ་མ་ལ་བརྒྱུད་རིམ་གྱིས་འདོམས་པའང་ཅུང་ཟད་ལས་མེད་ལ། རྒྱུད་སྡེ་གང་གི་སྒོ་ནས་ཀྱང་ལས་དང་དངོས་གྲུབ་ཐོགས་མེད་དུ་འགྲུབ་པ་མང་ངོ༌། ། ཁྱད་པར་དུས་འཁོར་གྱི་རྒྱུད་སོགས་འགའ་ཞིག་ནི། རྒྱ་གར་རྒྱལ་པོ་མ་ཧི་བཱ་ལའི་དུས་སུ་བྱོན་པའི་སློབ་དཔོན་པི་ཟོ་བ་སྟེ་བསོད་སྙོམས་པ་བྱ་བ་ཞིག་ལ་ཕྱག་ན་རྡོ་རྗེས་ལུང་བསྟན་ཏེ་རྫུ་འཕྲུལ་གྱིས་ཤམྦྷ་ལར་བྱོན་རྒྱུད་མང་པོ་སྤྱན་དྲངས་རཏྣ་གི་རིར་སློབ་མ་མང་པོ་ལ་བཤད། མཐར་མི་སྣང་བའི་དངོས་གྲུབ་བརྙེས་སོ། ། དེ་སོགས་དུས་འཁོར་འཕགས་བོད་དུ་དར་ལུགས་ལ་རྒྱ་བོད་དུ་ལུགས་འདྲ་མིན་མང་ཡང༌། མཆོག་ཏུ་གྱུར་པ་འབྲོ་ལུགས་ལྟར་ན། ཤམྦྷ་ལའི་རིགས་ལྡན་རྒྱལ་དཀའི་དུས་ཙམ་ན།འཕགས་ཡུལ་དུ་གཤིན་རྗེ་གཤེད་ཀྱི་རྣལ་འབྱོར་བ་ཞིག་གི་སྲས་དུས་ཞབས་ཆེན་པོ་འཇམ་པའི་རྡོ་རྗེ་མདོ་སྔགས་ཀུན་ལ་མཁས་ཤིང་འཇམ་དཔལ་གྱི་ཞལ་གཟིགས་པ་ཞིག་ལ་ཡི་དམ་གྱིས་ལུང་བསྟན་ནས་བྱང་ཕྱོགས་སུ་གཤེགས་པས། ལམ་དུ་རིགས་ལྡན་གྱི་སྤྲུལ་པ་དང་མཇལ།དབང་བསྐུར་ཞིང་ཟབ་མོའི་རྣལ་འབྱོར་ཟླ་བ་དྲུག་ལ་བསྒོམས་པས་རྫུ་འཕྲུལ་ཐོབ་སྟེ་ཤམྦྷ་ལར་བྱོན།རིགས་ལྡན་དངོས་དང་མཇལ། དུས་འཁོར་སོགས་རྒྱུད་སྡེ་མང་པོ་དང༌། སེམས་འགྲེལ་སྐོར་གསུམ་སོགས་ཟབ་བཀའ་མང་པོ་གསན། དེ་དག་ལས་འགའ་ཞིག་ཐུགས་ལ་བཟུང༌། འགའ་ཞིག་གླེགས་བམ་སྤྱན་དྲངས་ཏེ་འཕགས་ཡུལ་དུ་བྱོན། ཕལ་ཆེར་སྒོམ་པ་གཙོ་བོར་མཛད། མུ་སྟེགས་ཀྱི་དཔུང་ལྟ་སྟངས་ཀྱིས་གནོན་པ་སོགས་རྫུ་འཕྲུལ་མང་དུ་བསྟན།མཐར་འཇའ་ལུས་སུ་གཤེགས། དེའི་སློབ་མ་དུས་ཞབས་ཆུང་བ་ཤྲི་བྷ་དྲ་མཁས་ཤིང་མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་ཅིང༌། ཕ་རོལ་སྨྲ་བ་ཟིལ་གྱིས་གནོན་པ་དེས་ཆོས་འདིས་ས་སྟེང་ཁྱབ་པར་བྱས། དེའི་སྲས་བྱང་ཆུབ་བཟང་པོ། ནཱ་ལེནྡྲའི་གནས་གཞིའི་བདག་པོ་ལས་བཞི་གང་བསྒྲུབས་ཀྱང་རླུང་གི་རྣལ་འབྱོར་ཁོ་ནས་འགྲུབ་པར་ངེས་སོ། །དེའི་སློབ་མ་ཁ་ཆེའི་པཎ་ཆེན་ཟླ་མགོན། དབུགས་ཐེངས་རེ་ལ་ཤླཽ་ཀ་བཅུ་དྲུག་ཙམ་ཟིན་པ། དུས་འཁོར་སོགས་སྔགས་ཀྱི་ཟབ་དོན་བསྒོམས་པས་སྲོག་འཛིན་མཐར་ཕྱིན་སྐུ་ལ་བཤང་གཅིའི་རྒྱུ་བ་ཆད། ཆོམ་རྐུན་ལ་སྡིགས་མཛུབ་མཛད་པས་རེངས་པ་སོགས་ནུས་མཐུ་ཆེ། བོད་དུ་ལན་གསུམ་བྱོན། སྒྲོན་གསལ། རིགས་ཚོགས། ས་སྡེ་སོགས་ཆོས་མང་གསུངས། ཁྱད་པར་དུས་འཁོར་ཤིན་ཏུ་དར་བར་མཛད་དོ། །དེ་ནས་བོད་དུ་བརྒྱུད་རིམ་མདོ་ཙམ་ལ། འབྲོ་ལོ་ཙཱ་བ་ཤེས་རབ་གྲགས་ཀྱིས་པཎ་ཆེན་ཟླ་མགོན་གྱི་མདུན་ནས་ཆོས་འདི་ཡོངས་རྫོགས་གསན་ནས་བླ་མ་མཆོག་ཏུ་འཁུར། བླ་མ་ལྷ་རྗེ་སྒོམ་པ་དཀོན་མཆོག་བསྲུང་གིས་ཀྱང་པཎ་ཆེན་ལས་དབང་རྒྱུད་བཤད་མན་ངག་མཐའ་དག་གསན། བླ་མ་སྒྲོ་སྟོན་གནམ་བརྩེགས་ཀྱིས་པཎ་ཆེན་ལས་དབང་དང་རྒྱུད་བཤད་རྫོགས་པར་ཐོབ། གྲུབ་ཆེན་ཡུ་མོ་མི་བསྐྱོད་རྡོ་རྗེས་ཆོས་འབྲེལ་ཙམ་ལས་མ་ཐོབ་ཀྱང༌། བླ་མ་སྒྲོ་སྟོན་ལོ་ལྔའི་བར་དུ་བསྟེན་ནས་ཁོང་ལ་བཞུགས་པའི་དབང་རྒྱུད་མན་ངག་མཐའ་དག་ཐོབ། ཕྱིས་འུ་ཡིག་གི་རྒྱལ་གནས་སུ་བཞུགས། བསྟན་བཅོས་མང་དུ་མཛད། སྔགས་ཀྱི་གཞན་སྟོང་གྲུབ་མཐའི་སྲོལ་ཕྱེས། དེ་སྲས་ཆོས་ཀྱི་དབང་ཕྱུག་གིས། གྲུབ་ཆེན་ལ་མངའ་བའི་གདམས་ངག་ཐམས་ཅད་དགུང་ལོ་ཉི་ཤུ་ཚུན་ལ་ཐུགས་སུ་ཆུད། དེའི་བུ་ཆེན་ནམ་མཁའ་འོད་ཟེར་མདོ་སྔགས་ལ་མཁས་ཤིང་འོད་ཟེར་ཕྲེང་བ་སོགས་བསྟན་བཅོས་ཀྱང་མང་དུ་མཛད། ཆོས་ཀྱི་དབང་ཕྱུག་གི་སྲས་ལྕམ་སྲིང་གསུམ་ལས་ཆོས་བརྒྱུད་ལ་ཕན་པའི་འགྲོ་དོན་ཅན་གཉིས་ཏེ། ཨིནྡྲ་བོ་དྷིའི་ལྕམ་ལི་ཀྵཾཀ་རའི་སྤྲུལ་སྐུ་ཇོ་འབུམ་གྱིས་དུས་འཁོར་རྒྱུད་འགྲེལ་ཡོངས་རྫོགས་ཐུགས་ལ་བཞུགས། ཡབ་ལ་གསན་པའི་སྦྱོར་བ་ཡན་ལག་དྲུག་བསྒོམས་པས་ཞག་གཅིག་ལ་རྟགས་བཅུ་རྫོགས། བདུན་ལ་རླུང་དབུ་མར་ཐིམ། གྲུབ་ཐོབ་ཆེན་མོར་གྱུར་པས་ཆོས་འདི་ལ་ཕན་པ་ཆེར་བྱུང༌། དེ་ཉིད་ཀྱི་མིང་པོ་སེ་མོ་ཆེ་བ་ནམ་མཁའ་རྒྱལ་མཚན་ཡང་ཡན་ལག་དྲུག་བསྒོམས་པས་ཉམས་རྟོགས་དང་མཁྱེན་རབ་ནང་ནས་རྡོལ། ནམ་མཁའ་འོད་ཟེར་ལས་རྒྱུད་འགྲེལ་དང༌། ཇོ་འབུམ་ལས་དབང་མདོར་བསྟན་བཀའ་འགྲེལ་པདྨ་ཅན་གསན་གྲུབ་ཐོབ་ཀྱི་མཚན་གྲགས་ཆེ་སྐུ་ཚེའི་སྨད་ལ་གཙང་འོ་ལུང་སེ་མོ་ཆེའི་དགོན་པ་བཏབ། འཇམ་གསར་བ་ཤེས་རབ་འོད་ཟེར་གྱིས་འཇམ་དབྱངས་ཀྱིས་ལུང་བསྟན་པ་ལྟར་སེ་མོ་ཆེ་བ་ལས་དུས་འཁོར་གྱི་དབང་གསན་སྒོམ་པས་ཉམས་རྟོགས་མཐར་ཕྱིན། རྐྱང་འདུར་གྱི་འཆད་ཉན་མཛད། བཤད་སྒྲུབ་སྤེལ་མའི་ངང་ལ་བཞུགས། འདི་མན་ལ་དུས་འཁོར་ཅུང་ཟད་བཀའ་ཡངས་སུ་སོང༌། ཀུན་མཁྱེན་ཆོས་སྐུ་འོད་ཟེར་གྱིས་ཆོས་རྗེ་འཇམ་གསར་བ་ལ་དུས་འཁོར་གྱི་དབང་རྒྱུད་མན་ངག་རྫོགས་པར་གསན་པས་ཉམས་རྟོགས་བརྒྱ་འགྱུར་དུ་འཕེལ། དབང་གི་ཡེ་ཤེས་སྐབས་བླ་མ་རྡོར་ཤུགས་སུ་གཟིགས། ཡེ་ཤེས་ཕེབ་པ་ཉིན་ཕྱེད་ཙམ་མ་བཏང༌། འདུས་པའི་རྒྱུད་ཡོངས་རྫོགས་རྒྱ་སྐད་དུ་སངས་ཀྱིས་བཏོན། མནལ་ཐམས་ཅད་འོད་གསལ་དུ་སོང་བའི་ངང་ནས་སྒོམ་བཟླས་སོགས་བྱེད་ཅིང་སྐུའི་བཀོད་པ་ཡང་ཅིག་ཆར་མང་དུ་བསྟན། འདིའི་སློབ་མ་ཀུན་སྤངས་པ་ནས་ཇོ་ནང་བ་ཆེན་པོའི་བར་དུ་གསང་ཆེན་སྔགས་ཀྱི་དབུ་མ་གཞན་སྟོང་གི་ལྟ་གྲུབ་ཀྱི་བརྒྱུད་པ་ཆུ་བོའི་གཞུང་ལྟར་བྱུང་ཞིང་བོད་ནས་བརྒྱུད་རིམ་འདི་ཡན་མདོ་ཙམ་སྟེ་རྒྱས་པར་དུས་འཁོར་ཆོས་འབྱུང་ལྟར་རོ། །སྨྲས་པ། གསང་ཆེན་ཆོས་ཉིད་འོད་གསལ་དྭངས་བའི་དབྱིངས། །སྐུ་དང་ཡེ་ཤེས་རྒྱ་མཚོའི་རྩལ་རབ་རྫོགས། །རྣམ་ཀུན་སྤྲོས་བྲལ་སྣང་བ་མཆོག་ལྡན་པ། །གང་འདི་སོ་སོ་རང་རིག་ཁོ་ནའི་ཡུལ། །ཞེས་པ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། །གཉིས་པ་བོད་དུ་ཇི་ལྟར་བྱུང་བའི་ཚུལ་ལ། སྟོད་དབུས་གཙང་དུ་ཐོག་མར་ཇི་ལྟར་བྱུང་ཚུལ་དང༌།

སྨད་མདོ་ཁམས་སུ་རྗེས་ནས་བྱུང་ཚུལ་གཉིས་ལས་ཕྱི་མ་ནི་དགོན་སྡེ་སོ་སོའི་ལོ་རྒྱུས། སྨད་མདོ་ཁམས་སུ་རྗེས་ནས་བྱུང་ཚུལ་གཉིས་ལས་ཕྱི་མ་ནི་དགོན་སྡེ་སོ་སོའི་ལོ་རྒྱུས་ན་གསལ་བའོ། ། དང་པོ་ལ་དཔལ་ཇོ་ནང་པའི་སྒྲུབ་གནས་ཀྱི་ཆེ་བ་དང༌། དེར་རང་ལུགས་འཛིན་པ་ཇི་ལྟར་བྱུང་ཚུལ་གཉིས་ལས། དང་པོ་ནི། གངས་ཅན་ལྗོངས་འདིའི་ལྟེ་བ་སའི་ཐིག་ལེ། རི་བོ་སྟོང་ཕྲག་དུ་མའི་དབུས་ན་མངོན་པར་འཕགས་པ། ས་འཛིན་དབང་པོ་ནགས་རྒྱལ་དཔལ་གྱི་རི། རུ་ལག་གཡས་རུའི་སོ་མཚམས་ཕྱི་ལྟར་གནས་མཆོག་བྱ་རྒོད་སྤུངས་རི། ནང་ལྟར་ཕོ་བྲང་རི་བོ་པོ་ཊ་ལ། གསང་བ་ལྟར་ན་བྱང་ཕྱོགས་ཤམྦྷ་ལ། དེ་ཁོ་ན་ཉིད་ལྟར་ན་དཔལ་ལྡན་འབྲས་སྤུངས་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་དཀྱིལ་འཁོར། དོན་དམ་ཡེ་ཤེས་སངས་རྒྱས་སེང་གེའི་ཁྲིར་བཞུགས་ཨེ་ཝཾ་ཟུང་འཇུག་གི་ངོ་བོ་སྒྲུབ་གནས་བྱེ་བ་ཕྲག་བརྒྱའི་དབུས་ན་ལྷུན་པོ་ལྟར་མངོན་པར་མཐོ་ཞིང༌། གྲགས་པ་ཉི་ཟླ་ལྟར་གསལ་བ་རི་ཁྲོད་ཆེན་པོ་ཇོ་ནང་ཞེས་ཡོངས་སུ་གྲགས་པ་འདིའི་གནས་ཀྱི་ཆེ་བ། ས་གཞི་ལ་རང་བཞིན་གྱིས་གྲུབ་པའི་ཡོན་ཏན་ཡང་ལྷ་དང་དྲང་སྲོང་རིག་འཛིན་རྣམས་ཀྱིས་ཉེར་བསྟེན་རིའི་རྒྱལ་པོའི་དཔལ་ཡོན་འདུས་པ། རྩ་བརྟན་དབྱིབས་ལེགས་སྨན་ལྗོངས་ནགས་ཚལ་གྱིས་བརྒྱན་པ། ཡིད་དུ་འོང་བའི་འབྲས་བུ་གཡུར་ཟ་བའི་ལྗོན་པ་དང༌། དྲི་ངད་ཀྱིས་ཕྱོགས་ཀུན་འགེངས་ཤིང༌། ཆར་སྤྲིན་དང་འབབ་ཆུ་ཡིད་དུ་འོང་བ། རི་དྭགས་དང་འདབ་ཆགས་སྣ་ཚོགས་ཀྱིས་མཛེས་པ་ཕྱོགས་མཚམས་ཁོར་ཡུག་ཏུ་སྒྲུབ་གནས་དང་ཆོས་གྲྭ་རྒྱས་པ་ཕྱི་རྡོ་རྗེ་རྩེ་ལྔའི་དབྱིབས་ནང་འཁོར་བསྒྱུར་གདན་ལ་བཞུགས་འདྲ། ལོགས་རྣམས་ལ་རྒྱལ་སྲིད་སྣ་བདུན་དང་བཀྲ་ཤིས་རྟགས་རྫས་ཀྱིས་རྣམ་པ་གསལ་བ་སོགས་ངོ་མཚར་བའི་ཁྱད་པར་ཡོངས་སུ་རྫོགས་པ། གནས་ཀྱི་སྐྱོང་མ་ཆེན་མོ་སྔོན་གྱི་དུས་རྒྱལ་བའི་ཞལ་མཐོང་གྲུབ་པའི་དམ་ལ་གནས་ཤིང་འདྲེན་པའི་བསྟན་པ་གཅེས་པར་སྐྱོང་བའི་ལྷ་མོ་མཐུ་ལྡན་ནགས་སྨན་རྒྱལ་མོ་ལྷ་སྨན་འབུམ་གྱི་ཚོགས་དང་ལྷན་ཅིག་ཏུ་དགའ་བས་རོལ་ཞིང༌། ལྷ་སྲིན་སྡེ་བརྒྱད་ལ་དབང་བསྒྱུར་བཞིན་རྫུ་འཕྲུལ་ཆེན་པོས་སྒྲུབ་གནས་སྐྱོང་བ་ལ་ནམ་ཡང་གཡེལ་བ་མི་མངའ་བས་གནས་མཆོག་དཔལ་གྱི་ཇོ་ནང་ཞེས་གྲགས་པ་དེར་སྔོན་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞབས་ཀྱིས་བཅགས་ས། དེ་རྗེས་སྣུབ་ཆེན་ནམ་མཁའི་སྙིང་པོ། ངམ་འབྲེ་ཀླུའི་རྒྱལ་མཚན། སྣ་ནམ་པ་ཚུལ་ཁྲིམས་འབྱུང་གནས་སོགས་ཀྱིས་སྒྲུབ་གནས་མཛད་ཅིང༌། དེ་ནས་འབྲོག་མི་ལོ་ཙཱ་བའི་སློབ་མ་རྣལ་འབྱོར་མ་ཆེན་མོ་དཀོན་མཆོག་ཞེས་བྱ་བ་གནས་འདིར་ཡུན་རིང་བཞུགས་ཤིང་མཐར་འཇའ་ལུས་གྲུབ། དེ་རྗེས་ལོ་བརྒྱད་ཅུ་སྐོར་ན། མ་ཅིག་སངས་རྒྱས་རི་མ་གནས་འདིར་ཕེབས་ཏེ་ཡུན་རིང་བཞུགས་ནས་བཀའ་གདམས་དག་རྫོགས་ཆེན་གྱི་སྒྲུབ་གྲྭ་བསྐྱངས། དེ་ནས་མི་རིང་བར་གྲུབ་ཐོབ་འདར་ཕྱར་རིན་ཆེན་བཟང་བོ་བྱོན་ནས་ཐོག་མར་སྒྲུབ་པ་མཛད་སྐབས།ཕུག་ཆེན་འོག་མར་བདག་མེད་ལྷ་མོ་བཅོ་ལྔ་དང་བདེ་མཆོགས་སོགས་ཀྱི་ཞལ་གཟིགས། ཕུག་ཆེན་གོང་མར་པད་འབྱུང་གི་ཞལ་དངོས་སུ་མཇལ་ཏེ། པད་མ་དབང་གི་ཆོས་བདག་ཏུ་བསྐོས།ནུས་མཐུ་ཐོགས་མེད་མངའ་ཞིང་གསང་འདུས་རིམ་ལྔ་གཙོར་གྱུར་གསར་རྙིང་གཉིས་འདུས་ཀྱི་སྒྲུབ་གྲྭ་མཛད། གྲུབ་ཐོབ་ཉིད་ཀྱིས་མིའི་བླ་མ་གཞན་ལ་མ་གསན་ཡང༌། སེམས་འགྲཻལ་སྐོར་གསུམ་གཟིགས་ཀྱིན་དོན་ཐུགས་ཉམས་སུ་བཞེས་པས་སྦྱོར་བ་ཡན་ལག་དྲུག་པའི་ཉམས་རྟོགས་མཐར་ཕྱིན་པ་ཞིག་གོ ། དེ་ལྟ་བུའི་སྐྱེས་ཆེན་དམ་པ་རྣམས་ཀྱི་བྱིན་གྱིས་བརླབས་པའི་གནས་དེར་འདི་ཡན་ལ་རང་རེའི་ཆོས་བརྒྱུད་འཛིན་པ་མ་བྱུང་ཡང་སྤྱིར་ནི་བོད་ལྗོངས་སུ་སྒྲུབ་གནས་དུ་མ་ཡོད་པ་ལས་འགྲན་ཟླ་དང་བྲལ་བའི་གནས་ཁྱད་དུ་འཕགས་པ་ཞིག་ཡིན་ནོ། ། གཉིས་པ་དེར་རང་ལུགས་འཛིན་པ་ཇི་ལྟར་བྱུང་ཚུལ་ནི། སྔར་གྱི་སྒྲུབ་གྲྭའི་རྒྱུན་མ་སྟོངས་ཙམ་གྱི་རེ་ཞིག་གི་དུས་སྐབས་ན། ཐོག་མར་རིགས་ལྡན་སྤྲུལ་བའི་སྐུ་མཁས་བཙུན་བཟང་བའི་མཐར་ཐུག་རྟགས་མངོན་གྱུར་གྱི་གྲུབ་ཐོབ་ཆེན་པོ་ཞང་ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས་མཚན་གྱི་ཁྱད་པར་གཞན་ཀུན་སྤངས་ཆེན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཕེབས་པ་ཡིན་ཏེ།དེ་ཡང་མདོག་གི་དང་བ་ཕྱར་དུ་ཆུ་ཡོས་ལོར་སྐུ་འཁྲུངས། ས་སྐྱ་དང་མདར་སོགས་དབུས་གཙང་གི་གྲྭ་ས་ཕལ་ཆེར་དུ་ཕེབས། མདོ་སྔགས་ཐམས་ཅད་ལ་མཁྱེན་པ་ཤིན་ཏུ་རྒྱས། ཆུ་མིག་པ་སེང་གེ་དཔལ་སོགས་མཁས་མཆོག་ཐམས་ཅད་ཟིལ་གྱིས་མནན། མདར་དང་དོན་མོ་རིར་ཟུར་ཆོས་ཀྱང་མཛད། དེ་ནས་འཇམ་གསར་གྱི་གདན་ས་རྐྱང་འདུར་གྱི་ཆོས་དཔོན་མཛད་ཅིང༌། ཀུན་མཁྱེན་ཆོས་སྐུ་བ་ལ་མངའ་བའི་གཞུང་གདམས་ངག་ཐམས་ཅད་གསན། ཁྱད་པར་དུས་འཁོར་རྭ་ལུགས་སྔར་ནས་མཁྱེན་ཅིང༌། ཀུན་མཁྱེན་ཆོས་སྐུ་བ་ལ་འབྲོ་ལུགས་ཀྱི་དབང་རྒྱུད་བཤད་དང་སྦྱོར་དྲུག་ཉམས་ཁྲིད་དུ་གསན་པས་ཉམས་རྟོགས་ཀྱི་ཀློང་བརྡོལ། སྤྱིར་སྦྱོར་བ་ཡན་ལག་དྲུག་པའི་གདམས་པ་མི་འདྲ་བ་བཅུ་བདུན་ཙམ་གསན་ཅིང་ཉམས་སུ་མྱོང་བར་མཛད། སྲོག་རྩོལ་བསྒོམས་པས་འབྱུང་ལྔའི་རླུང་སྟོབས་སུ་གྱུར་ཏེ་ཐུགས་ཉམས་འུར་ལངས་ཕྱག་ཡ་རེ་མི་བཅུ་བཅུས་མི་ཐུབ་པ་དང༌། གཟིམས་ཁང་ན་ཡོད་པ་རྣམས་རེས་འགའ་འཁྱགས་ཏེ་མི་ཚུགས་པ་དང༌། རེས་འགའ་ཚ་བས་གདུངས་ཏེ་མི་ཚུགས་པ་དང༌། གཟིམས་ཁང་ཡོམ་ཡོམ་དུ་གཡོ་བ་དང༌། བུག་སྒོ་རྩིག་པ་ལ་ཐོགས་མེད་དུ་གཤེགས་པ་རྣམས་བྱུང༌།ལན་ཅིག་སྲོག་གེགས་ཅུང་ཟད་བྱུང་བ་ཀུན་མཁྱེན་ཆོས་སྐུ་བས་མངོན་ཤེས་ཀྱིས་མཁྱེན་ནས་ཕེབས་ཏེ་བསལ། དེར་ཉམས་རྟོགས་མཐར་ཕྱིན་ནས་སྤྱན་རས་གཟིགས་ཞལ་བཅུ་གཅིག་པ་སོགས་ཡི་དམ་དཔག་ཏུ་མེད་པས་ཞལ་གཟིགས། དེ་ནས་འཆད་ཉན་བོར་ཏེ་ཀུན་སྤངས་མཛད་རི་ཁྲོད་ངེས་མེད་ལ་སྙཻགས། ལྷ་སའི་ཇོ་བོ་བཅུ་གཅིག་ཞལ་ལ་གསོལ་བ་ཡུན་རིང་དུ་བཏབ་པས་སྤྱན་རས་གཟིགས་ཀྱི་དམར་ཁྲིད་ཀྱི་བཀའ་བརྒྱ་གྲོལ་བའི་ལུང་བསྟན་བྱུང༌། སེ་མཁར་ཆུང་དུ་བཞུགས་པའི་ཚེ། གྲུབ་ཐོབ་སེ་སྟོན་ཀུན་རིག་གི་སྐུའི་སྐྱེ་བ་ཡིན་པར་ཡང་ཐུགས་ཀྱིས་དྲན། གཞི་བདག་རྙིང་བ་རྣམས་ཀྱིས་ཀྱང་ངོ་ཤེས། རྒྱུད་ཀྱི་སྙིང་པོ་མཛད་པའི་ཐོག་མར་དགེ་བའི་གཟིགས་ལྟས་ཀྱང་བྱུང་སྟེ། དུས་ཀྱི་འཁོར་ལོའི་རྒྱུད་ཀྱི་སྙིང་བོ་བསྡུ་བར་དགོངས་ནས་གསོལ་བ་བཏབ་པས་ཆོས་རྒྱལ་རིགས་ལྡན་རྣམས་དུས་གཅིག་ཏུ་ཞལ་གཟིགས་ནས་བཀས་གནང༌། འདི་ལ་དགེ་མཚན་ལན་གསུམ་བྱུང༌། དེ་དུས་བརྟན་མ་བཅུ་གཉིས་ཀྱི་གཙོ་མོ་ནགས་སྨན་རྒྱལ་མོས་ཇོ་ནང་དུ་སྤྱན་འདྲེན་པའི་ཞུ་བ་ཡང་ཡང་ཕུལ། དེ་ལ་ད་ལྟ་དུས་ལ་ཅུང་ཟད་མ་བབ་པས་ད་རེས་མི་འཚལ། ལོ་གསུམ་ནས་འོང་ཞེས་ཞལ་གྱིས་བཞེས།དེ་བར་དུ་ལྷ་ས་ཡེར་བ་སོགས་དབུས་ཕྱོགས་སུ་འགྲོ་དོན་ཆེར་མཛད། སྔར་གྱི་ཕྱི་ནང་གི་རྟེན་འབྲེལ་འཛོམས་པ་ལས་ལོ་གསུམ་གྱི་མཚམས་དེ་ནས་སྤྱི་བྲག་ནགས་གསུམ་གྱི་མཁན་སློབ་དགེ་འདུན་ཐམས་ཅད་མགྲིན་གཅིག་པས་ནན་ཏན་དུ་གསོལ་བ་བཏབ་པར་བརྟེན་ནས་གནས་མཆོག་དམ་པ་འདིར་ཆགས་ཕབ། དེ་ཙ་ན་གནས་འདིའི་རྒྱུན་བཞུགས་སྒྲུབ་པ་པོ་སུམ་ཅུ་ཙམ་ཡོད་པར་གྲགས། ཐོག་མ་ལོ་གཅིག་སེང་རྫོང་དུ་བཞུགས།དེ་ནས་འཁྱོག་པོའི་བཙན་གྱིས་གདན་དྲངས། འཁྱོག་པོར་གཟིམས་ཁང་མཁའ་སྤྱོད་བདེ་ལྡན་དུ་ཐོག་མཐའ་བར་གསུམ་དུ་དགེ་བའི་མཚན་མ་བརྙེས་ནས་རྒྱུད་ཀྱི་སྙིང་བོ་རྩ་འགྲེལ་ཚང་བར་མཛད། །རྣལ་འབྱོར་ཡན་ལག་དྲུག་པའི་མན་ངག་སྙན་བརྒྱུད་དུ་བཞུགས་པ་ཡི་གེར་འགོད་པར་མཛད་པ་ན་དུས་ཀྱི་འཁོར་ལོ་ཉིད་ཞལ་གཟིགས་ལུང་བསྟན་ཐོབ། འདིར་སྦྱོར་དྲུག་གི་ཁྲིད་ཡིག་རྒྱས་པ་བོད་དུ་བྱུང་བའི་སྔ་ཤོས་ཡིན། ཕྱིས་སྐྱིད་ཕུག་བདེ་ལྡན་དུ་ཕེབས་རྣལ་འབྱོར་དབང་ཕྱུག་བིརྺ་པའི་ཞལ་གཟིགས། ལམ་འབྲས་ལ་འཁྲུགས་སྡེབས་ཀྱི་ཡིག་ཆ་མཛད། གསང་སྔགས་གསར་སྙིང་སྒོ་མཐའ་དག་ནས་ཆོས་ཀྱི་སྒོ་སྤེལ། ཕྱོགས་རིས་མེད་པ་ནས་འདུས་པའི་སྒོམ་ཆེན་དྲུག་བརྒྱ་རེ་རྟག་ཏུ་འཚོགས། ཉམས་རྟོགས་བཟང་པོ་མ་སྐྱེས་པ་གཅིག་ཀྱང་མེད། སྔགས་ཀྱི་གཞན་སྟོང་དབུ་མ་ཆེན་པོ་བདེ་སྟོང་ཟུང་འཇུག་གི་ངོ་བོར་མངོན་དུ་བྱ་བའི་ཐབས་མཆོག་རྣལ་འབྱོར་ཡན་ལག་དྲུག་ལ་ཉམས་ལེན་གྱི་མཐིལ་དུ་མཛད། རྒྱུད་འགྲེལ་ཆེན་མོ་ཡང་ལན་མང་དུ་གསུངས། རྒྱུད་སྙིང་ལོ་རེ་བཞིན་ལན་གཉིས་གཉིས་གསུངས། སྐུ་ཚེའི་སྨད་ལ་སྐྱིད་ཕུག་བདེ་ལྡན་དུ་གདན་ཕབ་སྟེ་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་གདན་ས་ལོ་ཉེར་གཅིག་ཙམ་མཛད། དེ་ནས་བཟུང་རང་རེའི་ཆོས་བརྒྱུད་ལ་དཔལ་ཇོ་ནང་བའི་མཚན་ཆགས། བྱང་སེམས་ཆེན་པོ་གདན་སར་སྐོས་ནས་ཞིང་འདི་ན་གདུལ་བྱ་མེད་པས་གཞན་དུ་འགྲོ་ཞེས་སྐུ་འདའ་བར་དགོངས་པ་ན་བྱང་སེམས་ཆེན་པོ་བསྙུང་བས་ཟླ་ཤས་ཤིག་སྐུ་ཚེ་བསྲིངས། ཡང་གཤེགས་པར་བཞེད་པ་ལ་སློབ་མ་རྣམས་ཀྱིས་གསོལ་བ་བཏབ་བས་ཟླ་བ་ཕྱེད་བཞུགས། དེ་ནས་སྐུ་བསྙུང་བ་མེད་པར་དགུང་གྲངས་དོན་གཅིག་བཞེས་པ་ཆུ་མོ་གླང་གི་ལོར་དཔྱིད་འབྲིང་པོའི་ཉེར་ལྔའི་ཐོ་རེངས་ལ་དགའ་ལྡན་དུ་བདེ་བར་གཤེགས་སོ། ། དེ་ནས་རིམ་པར་རྗེ་ཀུན་སྤངས་པའི་བརྒྱུད་འཛིན་བྱང་སེམས་རྒྱལ་བ་ཡེ་ཤེས་ནི། མེ་སྤྲུལ་ལོར་ཡུལ་མདོ་ཁམས་སུ་འཁྲུངས། ཆུང་ངུའི་དུས་ཀརྨ་བ་པག་ཀྵའི་གྲྭ་བ་ཡིན། བླ་མ་ཐུགས་གཏུམ་པས་ཤིན་ཏུ་འཇིགས་ནའང་བླ་མས་དེ་ལྟར་མ་བྱེད་གསུངས་པས་འཇིགས་པ་སངས་ཏེ་ལོ་མང་དུ་བསྟེན། ཁོང་ལ་མངའ་བའི་གདམས་ངག་ཐམས་ཅད་གསན་ཅིང་བསྒོམས། འོན་ཀྱང་ཉམས་མྱོང་རྩལ་ཆེ་བ་ཙམ་མ་བྱུང༌། དེ་ནས་བླ་མའི་ཞལ་ནས། རི་ཁྲོད་ངེས་མེད་འགྲིམས། ཆོས་ལ་ཕྱོགས་རིས་མ་བྱེད། བླ་མ་བཟང་པོ་གཅིག་དང་མཇལ་བར་འདུག་གི་གསུངས་བས་དེ་བཞིན་མཛད།ཤར་བ་འཇམ་དབྱངས་ཆེན་པོའི་སྐུ་གཞོགས་སུ་ཡུན་རིང་བཞུགས། མདོ་སྔགས་ཀྱི་ཆོས་མང་དུ་གསན། ཆོས་རྗེ་ཀུན་སྤངས་ཆེན་པོ་དང་མཇལ་ནས་ཤིན་ཏུ་དད་པ་ཐོབ། རྣལ་འབྱོར་ཡན་ལག་དྲུག་གསན་པས་ཉམས་རྟོགས་མཐར་ཕྱིན། གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོར་གནང༌། གནས་ངེས་མེད་དུ་གཤེགས་པར་བཞེད་པ་ལ། འཇམ་དབྱངས་ཆེན་པོའི་བཀའ་མ་ཆོག་སྟེ་བདེ་ཆེན་གྱི་དགོན་པ་བཏབ། སྒྲུབ་པའི་ངང་ནས་ཆོས་ཀྱང་མང་དུ་གསུངས།ཐུགས་སྙིང་རྗེ་ཆེན་པོའི་རང་བཞིན་དུ་བཞུགས་པས་བྱང་སེམས་ཆེན་པོའི་མཚན་ཐོགས། ཀུན་སྤངས་ཆེན་པོའི་བཀའ་གནང་ལ་བརྟེན་ཇོ་ནང་གི་གདན་སར་ཕེབས། དགོ་ན་གཉིས་ཀར་དུ་སྒྲུབ་གྲྭ་རྒྱ་ཆེར་བསྐྱངས། ཞབས་ལ་གཏུགས་ཚད་གནས་ལུགས་ཀྱི་རང་ཞལ་ལྟ་ཤེས་པ་ཁོ་ན་བྱུང༌། ཆོས་རྗེ་ཀུན་སྤངས་པའི་གདན་སར་ལོ་བརྒྱད་བཞུགས་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ལ་གདན་ས་གཏད་ནས་དགུང་ལོ་རེ་བཞི་ལྕགས་ཕོ་སྤྲེལ་ལོའི་དཔྱིད་འབྲིང་ཚེའི་བཅུའི་ཉི་དྲོས་ལ་ཕུག་མོ་ཆོས་རྫོང་གི་རི་ཁྲོད་དུ་སྐུ་གཤེགས་སོ། །

དེ་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ།

དེ་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི།

བྱང་སེམས་ཆེན་པོ་ཉིད་ཀྱི་མཆེད་གྲོགས་སློབ་མ་རྒྱལ་ཚབ། དེ་ནས་མཁས་བཙུན་ཡོན་ཏན་རྒྱ་མཚོ་ནི། བྱང་སེམས་ཆེན་པོ་ཉིད་ཀྱི་མཆེད་གྲོགས་སློབ་མ་རྒྱལ་ཚབ་གསུམ་ཀ་ཡིན། མདོག་གི་མཁར་རྙིང་དུ་སྔགས་རྙིང་མ་བའི་རྒྱུད་དུ་ལྕགས་སྤྲེལ་ལ་འཁྲུངས།གྲྭ་ས་མང་དུ་བསྟེན་པ་ལས་གཙོ་བོར་མདར་དུ་སྦྱངས་བ་མཛད། གསང་སྔགས་ཕྱོགས་ཀྱི་བླ་མ་མང་དུ་བསྟེན། ཁྱད་པར་ཤར་བ་འཇམ་དབྱངས་ཆེན་པོའི་བུ་ཆེན་དང་ཟུར་ཆོས་པའི་གཙོ་བོ་ཡིན། ཁོང་བའི་བཀའ་ནན་གྱིས་ཐུགས་བློས་མི་ལོངས་བཞིན་དུ་རྒྱུ་ནག་དུ་ཕེབས་དགོས་བྱུང༌། ཆོས་རྗེ་ཡབ་སྲས་གཉིས་དང་སྔར་ནས་དཔོན་སློབ་ཏུ་གྱུར་པ་ཡིན་ཅིང༌། དེ་སྐབས་ཇོ་ནང་དུ་ཕེབས་ཀུན་སྤངས་ཆེན་པོ་ལ་ཟབ་ལམ་གྱི་ཁྲིད་གསན། མཚན་མོའི་རྣལ་འབྱོར་ཞག་ཉེར་གཅིག་ལ་རྟགས་བཅུ་རྫོགས་པར་མཐར་ཕྱིན། ཉིན་མོའི་རྣལ་འབྱོར་གྱི་སྐབས་འཕར་གཡོའི་ཉམས་ཆེར་བྱུང་སྟེ་མདའ་རྒྱང་ཙམ་དང་རྡོ་རྒྱང་ཙམ་དུ་འཕར་བའི་འཕར་གཡོས་ཇོ་ནང་གི་རི་ཀླུང་མེད་པར་བྱོན་པ་ཞག་བདུན་གྱི་བར་དུ་བྱུང༌། དེ་སངས་ནས་མཉམ་ཉིད་ཆེན་པོ་གཅིག་གི་ངང་དུ་གྱུར། མངོན་མཁྱེན་ཐོགས་མེད་མངའ། ཆོས་འདི་མ་གསན་དང་འདི་མི་མཁྱེན་མེད་པ་ཙམ་ཡིན། སྐུ་བཙུན་པ་རབ་ཀྱི་མཐར་ཐུག་པས་ཚུལ་ཁྲིམས་ཀྱི་དྲི་བསུང་རྒྱ་ཆེར་འཕྲོ་བ་ཞིག་སྟེ། དང་པོ་ཀུན་སྤངས་ཆོས་རྗེ་བླ་མ་བསྟེན་ཚུལ་རྒྱུད་ནས་བཤད་པ་ལྟར་བསྟེན། དེ་རྗེས་བྱང་སེམས་ཆེན་པོ་གདན་སར་ཕེབས་པ་ལའང་ཀུན་སྤངས་ཆེན་པོ་དང་ཁྱད་མེད་དུ་བསྟེན། བྱང་སེམས་ཆེན་པོ་སྐུ་འདས་ནས་ཇོ་ནང་གི་གདན་སར་ཕེབས་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་བསྐྱངས་ཏེ་ལོ་བདུན་ལྷག་ཙམ་ནས་ཀུན་མཁྱེན་ཆེན་པོ་གདན་སར་བསྐོས། དེ་རྗེས་ལོ་གཉིས་ཙམ་ནས་དགུང་ལོ་རེ་བརྒྱད་མེ་མོ་ཡོས་ཀྱི་ལོའི་སྟོན་ཟླ་འབྲིང་པོའི་ཚེས་ལྔ་ལ་དག་ཞིང་དུ་གཤེགས་སོ། ། དེ་ལྟར་མདོ་སྔགས་ཟུང་འབྲེལ་གྱི་གནས་ལུགས་མཐར་ཐུག་དབུ་མ་ཆེན་མོ་ཉག་གཅིག་གི་རང་བཞིན་ཕར་ཕྱིན་ཐེག་པའི་སྐབས་བདེ་གཤེགས་སྙིང་པོ་དང༌། གསང་སྔགས་ཐེག་པ་མཆོག་གི་དུས་སུ་དང་པོའི་སངས་རྒྱས་སོགས་ཀྱིས་བསྟན་པའི་ངེས་དོན་ཟབ་མོའི་དགོངས་པ་དབྱིངས་གཅིག་པའི་ཡེ་ཤེས་དམ་པའི་བདག་ཉིད་ཇི་བཞིན་མངོན་བྱེད་ཀྱི་ཐབས་རྒྱུ་དང་འབྲས་བུའི་ཐེགས་པ་སོ་སོའི་མཛོད་ཆེན་པོ་ཉེ་བར་བཟུང་སྟེ་གཞན་དྲིང་མི་འཇོག་པའི་ལུང་རིགས་དྲི་མ་མེད་པའི་ལམ་ནས་ངེས་དོན་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བཟང་པོས་བོད་གངས་རིའི་ལྗོངས་འདིར་རྫོགས་ལྡན་ཆོས་ཀྱི་གནས་ཚུལ་རྒྱ་ཆེར་སྤེལ་བས་སྔགས་ཀྱི་ཞིང་མཆོག་ཤམྦྷ་ལ་གཉིས་པ་ལྟ་བུའི་སྔོན་མེད་ཀྱི་དགེ་མཚན་གསར་པའི་དཔལ་ཡོན་ལེགས་སྦྱིན་གྱི་བྱེད་པོ་ཐུབ་དབང་གཉིས་པའི་མཛད་པ་དང་འཕྲིན་ལས་ཀྱིས་དབང་བསྒྱུར་བའི་ཆོས་ཀྱི་རྒྱལ་པོ་ཆེན་པོ་ངེས་དོན་དབུ་མའི་ཤིང་རྟའི་སྲོལ་ཕྱེ་བ་རིགས་ལྡན་སྤྲུལ་པའི་སྐུ་ཐམས་ཅད་མཁྱེན་པ་རྗེ་ཇོ་ནང་པ་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཚན་བརྗོད་པར་དཀའ་བ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་གང་དེ་ཉིད་རང་ཅག་གི་བསོད་ནམས་ཀྱིས་བླ་མའི་སྐལ་བར་ཐོབ་པ་འདི་ནི་ཤིན་ཏུ་ཡ་མཚན་པའི་གནས་ལགས་ཏེ། དེ་ཡང་རྔ་བོ་ཆེའི་མདོ་སྡེ་སོགས་ལས་ལུང་བསྟན་པ་ནི། ལི་ཙ་བཱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་མ་འོངས་པའི་དུས་ན་ཀ་ཡོ་རིའི་རྒྱུད་དུ་ངའི་མིང་འཆང་བའི་དགེ་སློང་དུ་གྱུར་ཏེ། ཞེས་སོགས་གསལ་བར་གསུངས་བ་དང༌།གཙུག་ཏོར་རྣམ་པར་རྒྱལ་མའི་རྒྱུད་ལས། བདེ་གཤེགས་མྱ་ངན་འདའ་འོག་ནས། །ལོ་ནི་སྟོང་ཕྲག་ཕྱེད་རིང་ཚེ། །གདོང་དམར་ཡུལ་དུ་ང་འདྲ་བའི། །བསྟན་པ་འཛིན་པའི་དགེ་སློང་ཞིག །ཆུ་བོ་ལྗོན་ཤིང་འཕྲེང་མཛེས་སུ། །ཀ་ཡོ་རི་ཡི་གྲོང་ཁྱེར་དུ། །ཡབ་ནི་ཡེ་ཤེས་དབང་ཕྱུག་ཆེ། །ཡུམ་ནི་ཚུལ་ཁྲིམས་རྒྱན་ཞེས་གྲགས། །སྲས་ནི་སངས་རྒྱས་མིང་ཅན་འབྱུང༌། །ང་ཡི་བསྟན་པའི་རྒྱལ་མཚན་འཛུག །ཆོས་ཀྱི་དུང་འབུད་དར་ཕྱར་འགྱུར། ། ཞེས་སོགས་མདོ་རྒྱུད་དུ་མ་ནས་ཡང་ཡང་ལུང་བསྟན་པའི་ཀུན་མཁྱེན་དོལ་པོ་སངས་རྒྱས་ཉིད་ཀྱི་སྐུ་ཕྲེང་གི་མཛད་ཚུལ་གྱིས་གདུལ་བྱ་ལེགས་པར་སྐྱོང་བ་དོན་དམ་པར་ན་མཁའ་མཉམ་གྱི་ཞིང་དུ་མཐའ་ཀླས་ཤིང་རིང་མོའི་དུས་ནས་བླ་མེད་བྱང་ཆུབ་བརྙེས་ཟིན་ཀྱང་སླར་ཡང་ཞིང་འདིར་ཐབས་ཚུལ་མཆོག་གི་ངོ་མཚར་གྱིས་ཀུན་མཁྱེན་ཇོ་ནང་བ་ཆེན་པོ་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་མཛད་པ་ལེགས་པར་བསྟན་པའི་ཚུལ་ཉུང་བསྡུས་སུ་བཀོད་པ་ལ། ཐོག་མར་རང་དོན་གྱི་མཛད་ཚུལ།བར་དུ་བསྟན་འགྲོའི་དོན་མཛད་ཚུལ། ཐ་མར་མཛད་པ་རྫོགས་ཚུལ་གསུམ་ལས། དང་པོ།རང་དོན་གྱི་མཛད་ཚུལ་ནི། ཡུལ་མངའ་རིས་དོལ་པོ་པན་ཚང་ཀ་ཡོ་རིའི་གྲོང་ཁྱེར་དུ་ཡབ་ཡེ་ཤེས་དབང་ཕྱུག་དང་ཡུམ་ལྷ་མོ་ཚུལ་ཁྲིམས་རྒྱན་གཉིས་ཀྱི་སྲས་སུ་ཆུ་ཕོ་འབྲུག་ལ་རྒྱལ་སྲས་དོན་གྲུབ་གཉིས་པ་ལྟ་བུའི་ཆེས་ངོ་མཚར་བའི་མཛད་ཚུལ་དང་བཅས་སྐུ་བལྟམས། རུས་སྔགས་རྙིང་མ་ཡིན། ཡུལ་དུ་བླ་མ་སྐྱི་སྟེངས་པ་སོགས་བླ་མ་མང་རབ་བསྟེན། ཆོས་ཀྱང་རྙིང་མ་དང་དབུ་མ་རིག་ཚོགས་སོགས་དང༌། རིག་གནས་བཟོ་གནས་ཕྲ་མོ་མང་པོ་ཆུང་ངུའི་དུས་ནས་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་གཅིག་ལ་མཁན་པོ་ཚུལ་ཁྲིམས་སྙིང་པོ་སོགས་ལས་དགེ་ཚུལ་གྱི་སྡོམ་པ་བླངས་ནས་མཚན་ཤེས་རབ་རྒྱལ་མཚན་བཏགས་ཤིང་ཀ་རི་ཀ་དང་གཞུང་འགྲེལ་སོགས་གསན། དགུང་ལོ་བཅུ་བཞི་བཅོ་ལྔ་ཙམ་ལ་དགོན་པའི་བྱ་བ་ཐན་ཐུན་མཛད་དགོས་བྱུང༌། དགུང་ལོ་བཅུ་དྲུག་ལ་སྐྱི་སྟོན་འཇམ་དབྱངས་གྲགས་པ་ཡ་རྩེར་ཕེབས་པའི་ཞོར་ལ་གློ་བོ་སྟོད་དུ་མཇལ་ནས་འཕྲེང་བ་སྐོར་གསུམ་སོགས་ཀྱི་ལག་ལེན་དང་ཆོས་མང་དུ་གསན། དེ་རྗེས་མར་ཕེབས་དང་ཡང་མཇལ་ནས་སྔགས་ཆོས་མང་པོ་དང༌། ཚད་བསྡུས་མཁྱེན་པར་མཛད། དགུང་ལོ་ཉེར་གཅིག་པ་ལ་གཅིག་པུར་བྲོས་ཏེ་བླ་མ་སྐྱི་སྟོན་པའི་དྲུང་དུ་ཕེབས་ནས་ཕར་ཚད་མངོན་གསུམ་དང༌། སྤྱོད་འཇུག སྔགས་ཆོས་འགའ་དང་བཅས་ལོ་ཕྱེད་གཉིས་སུ་དུས་གཅིག་ཏུ་བསླབས་པས་གཞུང་བཞི་ཆར་འགྲེལ་བ་དང་བཅས་པའི་ཚིག་དོན་མཐའ་དག་ཐུགས་སུ་ཆུད་ནས་བཤད་གསར་མཛད་པའི་ཆས་སྒྲུབ་པ་ལ་རྟ་ནག་ཏུ་ཕེབས་སློབ་དཔོན་རིན་ཡེའི་དྲུང་དུ་ཟླ་གསུམ་ཙམ་བཞུགས། རྡེའུའི་བཅུད་ལེན་སོགས་སྦྱོང་བཞིན་བྱམས་ཆོས་ཀྱི་བཤད་པ་ཚར་གཅིག་གསན། དེ་རྗེས་བཤད་གསར་མཛད། ཡུམ་རྒྱས་འབྲིང་བསྡུས་གསུམ་སོགས་ཤེར་ཕྱིན་གྱི་མདོ་རྣམས་ཡུད་ཙམ་གསན་པས་ཐམས་ཅད་ཐུགས་སུ་ཆུད། དབུས་གཙང་གི་སྡེ་ཕལ་ཆེར་དུ་གྲྭ་སྐོར་ལ་ཕེབས་པས་མཁྱེན་རབ་ཀྱི་རྩལ་དང༌། རིག་པའི་རྣམ་འགྱུར་བཟང་ཞིང༌། ཤེར་ཕྱིན་འབུམ་པ་སོགས་མདོ་སྡེ་དུ་མའི་ཚིག་མཐའ་དག་ཐུགས་ལ་བྱང་བར་བཞུགས་པ་དང༌། གཞུང་ཆེ་ཆུང་གང་ལ་ཡང་ཐོགས་པ་མེད་པར་མཁྱེན་པ་རྒྱས་པས་ཐམས་ཅད་ཀྱིས་ཀྱང་ཀུན་མཁྱེན་རང་དུ་འདུག་ཅེས་བསྔགས་པས་ཀུན་མཁྱེན་གྱི་མཚན་དེ་དུས་ནས་ཀྱང་ཐོགས། སྤྱིར་མདོ་སྔགས་ཀྱི་ཆོས་གསན་པའི་བླ་མ་སུམ་ཅུ་ལྷག་མངའ་བ་ལས་མཆོག་ཏུ་གྱུར་པ་སྐྱི་སྟོན་འཇམ་དབྱངས་ལ། མདོ་སྔགས་ཀྱི་གཞུང་ཆེ་ཆུང་དཔག་མེད་དང༌། དབང་བསྐུར་ཡང་ཟུར་བཀའ་བདུན་ཅུ་ཙམ་གསན། དུས་འཁོར་གྱི་ཕྱོགས་ལ་ཡང་དང་བོར་བླ་མ་འདིའི་དྲུང་དུ་དབང་རྒྱུད་མན་ངག་ཐམས་ཅད་ལ་ཤིན་ཏུ་མཁས་པར་མཛད། འཆད་ཉན་ཟུར་ཆོས་པ་ཡང་ལོ་ཤས་མཛད་ནས་ཆོས་ལུང་ཚོགས་པའི་མཁན་ཆེན་བསོད་ནམས་གྲགས་ལ་བསྙེན་རྫོགས་ཞུས་ཤིང༌། འདུལ་བ་མདོ་རྩ་གཞུང་འགྲེལ་བཅས་མ་ལུས་པ་གསན་ཅིང་མཁྱེན། སྐུ་བཙུན་པའི་མཐར་ཐུག་པར་བཞུགས། དགུང་ལོ་སུམ་ཅུ་པ་ལ་ཇོ་ནང་དུ་དོན་གཅོད་ལ་ཕེབས་པས་སྒྲུབ་ཚུགས་ལ་ཐུགས་དད་སོང༌། དེ་ནས་ལྷ་ས་དང་འཚུར་ཕུ་སོགས་སུ་ཕེབས་ཆོས་རྗེ་རང་བྱུང་བ་དང༌། ཆོས་ཀྱི་གསུང་གླེང་མང་དུ་མཛད། རང་བྱུང་བས་རྗེ་འདིའི་ལུང་རིགས་ཀྱི་ཞལ་ཡ་མ་ཐེགས་ཀྱང་མངོན་ཤེས་བཟང་པོ་མངའ་བས་ཁྱེད་ལ་ལྟ་གྲུབ་དང་ཆོས་སྐད་ད་ལྟའི་འདི་བས་ཀྱང་ཆེས་བཟང་བ་ཅིག་མྱུར་དུ་འོང༌། ཞེས་ལུང་བསྟན། དགུང་ལོ་སོ་གཅིག་པ་ལ་ཇོ་ནང་དུ་ཕེབས་མཁས་བཙུན་ཆེན་པོ་ལ་སྤྱིར་དབང་དང་གདམས་པ་མང་དུ་གསན། སྦྱོར་དྲུག་ལ་ཉམས་ཁྲིད་མཛད། དམིགས་པ་ཞུ་སྐབས་མ་གཏོགས་སུ་དང་ཡང་མི་འཕྲད་པར་མཁའ་སྤྱོད་བདེ་ལྡན་དུ་བཞུགས། སོར་བསམ་གྱི་ཉམས་རྟོགས་མཐར་ཕྱིན་པས་བླ་མས་མགྱོགས་འཁྲིད་བྱ་གསུང་བ་ལས། གོལ་ལེ་སྐྱོང་བར་ཞུས་ཏེ་སྒོམ་པར་མཛད་པས་སྲོག་རྩོལ་མཐར་ཕྱིན་པའི་རྟགས་རྒྱུད་ནས་བཤད་པ་བཞིན་མངའ། དེ་ནས་ལྷ་སར་སྨོན་ལམ་མཛད་ཅིང་ཡེར་བར་ཐོག་གཅིག་ཐུགས་དམ་ལ་བཞུགས། ཡང་ཡར་ཕེབས་ཏེ་སྐྱིད་ཕུག་ཏུ་བླ་མ་ཀུན་སྤངས་ཆོས་གྲགས་དཔལ་ལ་འགྲེལ་ཆེན་ཚར་གཅིག་གསང་ནས་གསུངས། མཁས་བཙུན་ཆེན་པོའི་གསུང་གནང་བས་དགེ་བཤེས་ལྔ་བཅུ་ཙམ་ལ་རྒྱུད་འགྲེལ་གྱི་བཤད་པ་རྒྱས་པ་ཚར་གཅིག་གསུངས་སོ། །

གཉིས་པ་བར་དུ་བསྟན་འགྲོའི་དོན་མཛད་ཚུལ།

གཉིས་པ་བར་དུ་བསྟན་འགྲོའི་དོན་མཛད་ཚུལ་ནི།

འདི་ནས་རིམ་གྱིས་བྱུང་བ་སྟེ། དེ་ཡང་བླ་མའི་བཀའ་ནན་ཆེན་པོས་དགུང་ལོ་སོ་ལྔ་པར་གདན་སར་ཕེབས། མཁས་བཙུན་ཆེན་པོ་ཤིན་ཏུ་དགྱེས་ནས་ལོ་གཉིས་སུ་ཉེ་བ་ཞིག་ཉིན་མཚན་མེད་པར་དབང་ལུང་ཁྲིད་བཤད་པ་སོགས་བླ་མ་ཉིད་ལ་མངའ་བའི་ཆོས་ཐམས་ཅད་བསྩལ། སྤྱིར་སྐྱི་སྟོན་འཇམ་དབྱངས་དང་མཁས་བཙུན་ཆེན་པོ་ལ་ཆོས་གསན་པ་ནི་མཐའ་ཡས་ཏེ་མིང་ཙམ་འཛིན་པ་དཀའོ། ། གཞན་ཡང་བཀའ་དང་བསྟན་བཅོས་འགྱུར་རོ་འཚལ་རྫོགས་པར་ནན་ཏན་དང་བཅས་པས་ཚར་གཅིག་གཟིགས།དེ་གས་དོན་ཐམས་ཅད་མ་འདྲེས་པར་ཐུགས་སུ་ཆུད། གཞན་སྟོང་གི་ལྟ་སྒོམ་ཁྱད་པར་ཅན་ནི་མཁའ་སྤྱོད་བདེ་ལྡན་དུ་བཞུགས་པའི་ཚེ་ཐུགས་ལ་འཁྲུངས་པ་ཡིན་ཀྱང་ལོ་ཤས་ཤིག་གཞན་ལ་མ་གསུངས། སྔོན་ཆོས་རྗེ་ཀུན་སྤངས་ཆེན་པོས། གནས་འདིར་ཕ་ལས་བུ་ལྷག་བུ་ལས་ཚ་བུ་ལྷག་ཚ་ལས་ཡང་ཚ་ལྷག་པ་འབྱུང༌། ད་ལྟ་བཟང་ལྡན་གོང་མར་ཆོས་འཆད། མ་འོངས་པ་ན་བར་མར་མཆོད་རྟེན་བཞེངས་ཞེས་ལུང་བསྟན་པ་ལྟར། གདན་སར་ཕེབས་ནས་ལོ་ཤས་ནས་སྐུ་འབུམ་ཆེན་མོའི་རྨང་འདིངས་པ་དང་བཟང་ལྡན་གོང་གི་ཆོས་ཁྲིར་བཞུགས།བཤེས་གཉེན་དམ་པ་བཅུ་ལྷག་ལ་སྙིང་པོའི་མདོ་བཅུའི་བཤད་པ་རང་བཞེད་རྩལ་དུ་བཏོན་ནས་རྒྱས་པར་གསུངས། གཞན་སྟོང་སྟོན་པའི་གསུང་རབ་ཐན་ཐུན་ཀྱང་མང་དུ་མཛད་དཔེ་རྣམས་དང་ཆོས་སྐད་ཕྱོགས་ཐམས་ཅད་དུ་ཁྱབ་པས་མཁས་པ་ཕལ་གྱི་བློར་མ་ཤོང་དངོས་སུ་འབེལ་གཏམ་རྩོད་པ་ཞུས་པ་རྣམས་རྒྱ་མཚོ་ལ་ཁ་བ་བབ་པ་བཞིན་དུ་སོང་བས་དངོས་སུ་མཇལ་བ་རྣམས་གྲུབ་མཐའ་ལ་ངེས་ཤེས་དང་བླ་མ་ལ་དད་པ་ཐོབ་པ་ཤ་སྟག་བྱུང༌། རིང་ནས་ངག་ལོན་དང་རྩོད་ཡིག་བསྐུར་བ་རྣམས་ལ་ཆོས་དང་མཐུན་པའི་ལན་མཛད་པས་ངེས་པ་རྙེད།ཕྱིས་གྲུབ་མཐའ་དེ་རྩོད་བྲལ་དུ་སོང་ནས་ཕྱོགས་བཞིའི་དགེ་བཤེས་དུ་མས་བསྐུལ་ནས་ངེས་དོན་རྒྱ་མཚོ་སོགས་གྲུབ་མཐའི་ཆོས་བཅུ་དྲུག དུས་འཁོར་ས་བཅད་སོགས་དུས་འཁོར་ཆ་ལག་བཅོ་བརྒྱད། ཡུམ་གྱི་མཆན་བུ། གསོལ་འདེབས་ཉེར་ལྔ། ཐུགས་རྗེ་ཆེན་པོའི་ཆོས་སྐོར་ཉེར་གསུམ། བསྟོད་སྐོར་བཅུ་བཞི། སྐུ་འབུམ་ཆེན་པོའི་ཆོས་སྐོར་ལྔ། རྡོ་རྗེ་འཕྲེང་བ་དབང་སྐོར་གསུམ། སྤྲིང་ཡིག་བརྒྱད། སྨོན་ལམ་གསུམ། བཀྲ་ཤིས་བཞི་སོགས་སྔ་ཕྱི་ཀུན་ཏུ་གསུང་རབ་ཀྱི་ཡིག་ཆ་མང་པོ་མཛད་པས་ཐུབ་བསྟན་སྤྱི་དང་ངེས་དོན་དབུ་མ་ཆེན་མོ་མདོ་སྔགས་ཀྱི་གནས་ལུགས་མཐར་ཐུག་ཏུ་ལུང་རིགས་དྲི་མ་མེད་པས་གཏན་ལ་ཕབས་ཏེ་རྒྱུ་དང་འབྲས་བུའི་ཐེག་པའི་ཆོས་སྒོ་མཐའ་དག་གསལ་བར་བྱས། མཆོད་རྟེན་ཆེན་མོ་བཞེངས་པའི་ཚེ་སྲོག་ཆགས་ཤིན་ཏུ་མང་པ་ལ་ལྗགས་སྔགས་མཛད་སེ་གོལ་གཏོགས་པས་སྲོག་ཆགས་ཅིག་ཀྱང་མེད་པར་སོང་ཞིང༌། ནམ་མཁའ་ལ་འཇའ་འོད་ཀྱིས་ཁེངས། ཆུ་མེད་པ་ལ་བཅའ་ལུང་གི་ཕུ་ཆུ་ནར་གྱིས་ཐོན། གཞལ་ཡས་ཁང་གི་ཐོག་ཕིབས་དང་གདུགས་ཀྱི་ཐོག་ཕིབས་ཀྱང་ཉི་མ་རེ་རེ་ཁོ་ན་ལ་ཁེལ། རླུང་ཤིན་ཏུ་ཆེ་བ་དང་ཆར་ཞོད་ཆེ་བ་བྱུང་རེས་ལ་བདེན་སྟོབས་བརྗོད་པས་འཕྲལ་ཉིད་དུ་ཞི་བ་ཁོ་ན་བྱུང༌། ཆོས་ཁྲིའི་ཁར་ཆོས་གསུང་པ་དང་བཟོ་བོ་རྣམས་ཀྱི་སར་བཀོད་པ་མཛད་པ་དང་གཟིམས་ཆུང་དུ་ཐུགས་དམ་ལ་བཞུགས་པ་སོགས་སྐུ་ལུས་ཀྱི་བཀོད་པ་གསུམ་གསུམ་དུས་གཅིག་ཏུ་བྱུང་པ་ནི་མང་པོས་ཡང་ཡང་མཐོང༌། སྐུའི་བཀོད་པ་བརྒྱད་དུས་གཅིག་ཏུ་བྱུང་བ་ཡང་འགའ་རེས་མཐོང༌། མི་དང་མི་མ་ཡིན་གྱིས་མཆོད་རྟེན་ཆེན་མོ་བཞེངས་པའི་ཆ་རྐྱེན་འབུལ་ཞིང་ལས་ཀ་ལ་རེམ་པས་ངོ་མཚར་འཕྲུལ་གྱིས་ཕྱི་ནང་གི་བཀོད་པ་ཡོངས་རྫོགས་དཀའ་ངལ་མེད་པས་གྲུབ་ཅིང་དགེ་མཚན་ལེགས་པའི་ལྟས་བཟང་ཀུན་གྱི་མངོན་གྱུར་མཐའ་ཡས་པ་དང་བཅས་རབ་གནས་མཐའ་རྒྱས་དགའ་སྟོན་གྱི་སྒོ་ནས་བསོད་ནམས་ཀྱི་ཞིང་དམ་པ་ཉེ་བར་བཞེངས་ཏེ། སྔ་ཕྱི་ཇོ་ནང་དང༌། ཕུག་མོ་ཆོས་རྫོང་དང༌། སྤྱི་བར་ཕུག་གི་བྲག་ངོས་མི་ཡེ་མི་ཐར་པ་མང་པོར་ཡུད་ཀྱིས་ཕེབས་ནས་མཆོད་རྟེན་མང་པོ་བཞེངས། ལ་ལ་ད་ལྟ་ཡང་སྣང༌། ཐོག་མ་ཇོ་ནང་དུ་ཕེབས་པའི་སྐབས་ཉིད་ཇོ་མདའ་ནས་ཡར་ཕེབས་པས་ནམ་མཁའ་ལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་ཡོངས་རྫོགས་གཟིགས། དེ་ནས་བཟུང་ཡི་དམ་ཞལ་གཟིགས་པ་ནི་གྲངས་ལས་འདས་ཏེ་ཆེས་ཆེར་ཡང་མི་མཛད། འཕགས་པ་སྤྱན་རས་གཟིགས་དང་མི་ལབ་པ་བཞིན་ཡོད་ལ། གུར་མགོན་དང་རྣམ་སྲས་བྲན་བཞིན་འཁོལ། ཕྱག་མཆོད་ཐུགས་དམ་མཛད་རེས་ཀྱི་རིགས་གསུམ་མགོན་པོ་དང༌། འཕགས་མ་སྒྲོལ་མ་དང༌། སྨན་བླ། བྱམས་པ་རྣམས་རེས་མོས་ཀྱིས་བྱོན། མཁའ་འགྲོ་རྒྱ་མཚོ། སྒྱུ་འཕྲུལ་དྲྭ་བ། སྡོམ་པ་ཆེ་ཆུང༌། རྡོ་རྗེ་ཕག་མོ། རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་གཟིགས་པ་ཡང་གྲངས་ལས་འདས། བདེ་བ་ཅན་གྱི་སྨོན་ལམ་མཛད་ཚེ་བདེ་ཆེན་ཞིང་དངོས་སུ་གཟིགས་པ་དང༌། གཟིམས་ཁང་བདེ་བ་ཅན་དུ་གུ་རུའི་ཚེས་བཅུའི་མཆོད་པ་མཛད་པའི་ཚེ། སློབ་དཔོན་པདྨ་མཁའ་འགྲོའི་ཚོགས་དང་བཅས་མངོན་སུམ་དུ་བྱོན་ནས་ཤིས་བརྗོད་མཛད་པ་དང༌། མཆོད་རྟེན་བཞེངས་པའི་ལས་ལ་ཞུགས་ཚད་བདེ་བ་ཅན་དུ་འགྲོ་བའི་མཚན་མ་གཟིགས། སྤུན་གསུམ་དུ་བཞུགས་སྐབས་ཐུགས་དམ་གྱི་ལྷ་ཇོ་བོ་བྷུགྨ་ལ་རབ་གནས་མཛད་པའི་ཚེ་འཇའ་འོད་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་གཟུགས་ཤིན་ཏུ་གསལ་བ་ནུབ་ཕྱོགས་ནས་བྱུང་བ་དང༌། མེ་ཏོག་གི་ཚོགས་ཁ་དོག་སྣ་ཚོགས་པ་མང་པོ་སྙོན་མེད་དུ་བབས། ནམ་ཕྱེད་སྐུ་འབུམ་ནང་དུ་ཆུ་ཤོར་བ་སོགས་འཕྲན་བུ་རྣམས་ཀྱང་འཕྲལ་འཕྲལ་མཁྱེན་ཅིང༌། གོང་མ་ཡོན་མཆོད་ཀྱི་མངའ་ཐང་འགྱུར་ལྡོག་དང༌། རྒྱལ་ཁམས་ཀྱི་འགྱུར་ལྡོག་རྣམས་ཀྱང་ཇི་སྐད་གསུངས་པ་བཞིན་ཐོག་ཏུ་ཁེལ། ཧོར་གྱི་སྤྱན་འདྲེན་འབྱུང་བ་ཡང་སྔ་མོ་ནས་དགོངས། སྤྱན་འདྲེན་བྱུང་བའི་ཚེ། ཉིང་རོ་དང༌། བར་ཕུག་དང༌། ན་དུམ་སོགས་སུ་དབེན་པ་ཁོ་ན་བརྟེན་པ་ལོ་བཞི་ཙམ་མཛད། ཕྱིས་རྒྱལ་པོས་ལུང་བཟང་པོ་གནང་ནས་ཕེབས་མི་དགོས་པར་བྱུང་ནས་ཤིན་ཏུ་དགྱེས་ཏེ་དགོན་པར་ཕེབས། དེ་ལ་རྗེ་འདིས་ཇོ་ནང་གི་གདན་ས་ལོ་བཅུ་བདུན་མཛད་རིང་གཙོ་བོར་ཇོ་ནང་ཉིད་དུ་བཞུགས་ཤིང་སྒྲུབ་བརྒྱུད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སྐུ་འབུམ་བཞེངས་པ་དང༌། གསུང་སྒྲོགས་དང༌། མཆོད་པ་འབུལ་བ་དང༌། མཁས་པ་དུ་མ་འདུས་པ་ལ་མདོ་སྔགས་ཀྱི་དབང་དང་གཞུང་བཤད་རྒྱ་ཆེར་བསྩལ། ཚོགས་པ་ཡང་སྒྲུབ་པ་སྙིང་བོར་བྱེད་པ་ཁོ་ན་རང་ཡང་ཉུང་དུས་སུ་སྟོང་ཙམ་རེ་འཚོགས་ཤིང༌། སྤྱིར་ཚོགས་པ་ཉུང་དུས་སུ་ཡང་ཉིས་སྟོང་ཙམ་རེ་འདུ་བ་བྱུང༌། མང་བ་ལ་ཚད་མེད། ཆོས་རྗེ་འདི་ལ་ཟབ་ལམ་གྱི་འཁྲིད་ཞུས་པ་ལ་དགེ་སྦྱོར་གྱི་སྣེ་མ་ཟིན་པ་ནི་གཅིག་ཀྱང་མེད། མུ་གེ་བྱུང་སྐབས་སློབ་མ་ཀུན་ལ་དཀའ་ཐུབ་རིགས་མང་དུ་གནང་དཔོན་སློབ་ཀུན་གྱིས་མི་ཟས་སྤངས༌། གསོལ་ཆས་ཐམས་ཅད་འཕོངས་པ་རྣམས་ལ་གནང༌། ཕྱིས་ཆོས་རྗེའི་ཐུགས་སྲས་ཀླུབས་ལོ་ཙཱ་བ་དང༌། རྗེ་ཕྱོགས་ལས་རྣམ་རྒྱལ་པས་གདན་ས་མཛད་རིང་དབེན་གནས་ངེས་མེད་ཀྱི་རི་ཁྲོད་མང་པོར་ཕེབས་ཤིང༌། ཕལ་ཆེར་ནི་ཐུགས་དམ་ལ་བཞུགས་པ་དང་ཟབ་ལམ་གྱི་འཁྲིད་འདེབས་པའི་འགྲོ་དོན་ཉིད་གཙོ་བོར་མཛད་པར་བར་དུ་ཆོས་གསུངས་པ་དང༌། རྟེན་བཞེངས་པ་ཡུལ་སོ་སོའི་ལྷ་ཁང་ལ་ཞིག་གསོས་མཛད་པ་ཡང་ཤིན་ཏུ་མང༌། ངམ་རིངས་སུ་ཆོས་སྡེ་བཏབ་ནས་འཆད་ཉན་གྱི་གྲྭ་བཙུགས། དེར་སྙུང་བ་ཞིག་གིས་རྐྱེན་བྱས་ཞག་བཅུ་གཉིས་ཀྱི་རིང་སངས་རྒྱས་ཀྱི་ཞིང་ཁམས་དང༌། ཡི་དམ་གྱི་ལྷ་བགྲང་བར་མི་དཔྱོད་པ་ཞལ་གཟིགས། རིན་སྡིང་གི་ལྕགས་ཟམ་འདྲེ་གདུག་པ་ཞུགས་པ་ཞིག་ཐུགས་རྟོག་མི་མཛད་ན་བསྣོམས་པར་ཞུ་ཞེས་བདག་པོས་ཕུལ་བ་ལ། འདྲེན་ཐག་བཏང་མཚམས་ལྕགས་ཀྱི་ཚུར་ཁ་ནས་བཀའ་ཤོག་བསྒྲགས་པ་ཙམ་གྱིས་ཕར་ཕྱོགས་ཀྱི་ལྕགས་ཐག་རང་ཆད་ལ་སོང་སྟེ། ཚུར་ཕྱོགས་ཀྱི་ཟམ་བརྡུར་དུ་ཕུང་གིས་བྱུང་བ་སོགས་ཡ་མཚན་པའི་ལྟས་མང༌། དབུས་དམག་ཡོང་བའི་སྐབས་ཤིག་ཞག་ཤས་བློ་སྦྱོང་ཁོ་ནའི་ཆོས་གསུངས་ཤིང་བཟོད་པའི་བསྔགས་པ་འབའ་ཞིག་མཛད་ཆོས་རར་བཞུགས་ཏོག་དམག་བརྒྱ་ཙམ་སླེབས། སྐུ་ལ་མདའ་རྡོ་མཚོན་ཆ་སྣ་ཚོགས་འཕངས་ཀྱང་ཅུང་ཟད་ཀྱང་མ་སྐྱོན་ཅིང་གཡོ་མེད་དུ་བཞུགས་དེ་ནས་དད་པ་སྐྱེས་ཏེ་བཤགས་པ་ཕུལ། ཡང་ས་སྐྱའི་སྒོ་རར་དབང་བསྐུར་མཛད་པའི་ཡེ་ཤེས་དབབ་པའི་རོལ་མོ་ཕྱི་རོལ་གྱང་འཆག་པའི་མིས་ཚོར་བ་ལ་ཡང་ཡེ་ཤེས་ཕེབས་པ་དང་དབང་བསྐུར་མཛད་ཚད་ལ་ཡེ་ཤེས་ཕེབས་པ་དང༌། ཤ་གྲགས་སེང་སོགས་སྐྱེས་བུ་དམ་པ་དུ་མ་ཞལ་མཐུན་པར་རིགས་ལྡན་གྱི་སྤྲུལ་པར་ལུང་བསྟན་པ་དང༌། མཆིམས་བློ་བཟང་གྲགས་པས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་དངོས་སུ་གཟིགས་པ་ཡང་ཡང་བྱུང་བ་དང༌། ཉེ་གནས་ནམ་མཁའ་བྱང་ཆུབ་ཀྱིས་འཇམ་དབྱངས་དངོས་སུ་མཐོང་བ་དང༌། བཅོམ་ལྡན་རྡོ་རྗེ་སྙིང་པོ་དང༌། སྣང་བ་དག་པའི་སྒྲུབ་པ་ཕོ་མོ་མང་པོས་སྐུ་ལ་མཚན་དཔེ་རྫོགས་པར་མཐོང་བ་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་མངོན་གྱུར་དུ་མངའ། དོན་དུ་ནི་འཕགས་པ་སྤྱན་རས་གཟིགས་ཀྱི་རྣམ་པར་འཕྲུལ་བ་ཡིན་པས་རིགས་ལྡན་པདྨ་དཀར་པོ་དང་གཉིས་སུ་མེད་པའི་ངོ་བོ་ཉིད་ཡིན་ཕྱིར་རྗེ་ཐམས་ཅད་མཁྱེན་པ་འདི་ལ་རིགས་ལྡན་གྱི་སྤྲུལ་པའི་སྙན་གྲགས་ཆེ་བ་དང༌། དཔལ་དུས་ཀྱི་འཁོར་ལོའི་ཆོས་ཀྱི་མངའ་བདག་ཆེན་པོར་མངོན་སུམ་དུ་བཞུགས་པ་ལ་བརྟེན་དུས་མཉམ་གྱི་དགེ་བཤེས་ཕལ་མོ་ཆེ་ཞིག་གིས། ཆོས་འདི་དང་འབྲེལ་བའི་མན་ངག་ཅི་རིགས་པ་མ་གསན་པ་མེད་པ་ལྟ་བུ་ཡིན། དབང་རྒྱུད་མན་ངག་རྫོགས་པར་གསན་པ་ཡང་སྟོང་ཕྲག་མང་པོ་དང༌། དབང་དང་ཁྲིད་ཆ་ཚང་ཐོབ་པ་ཁྲི་ཕྲག་བརྒལ་བ་དང༌། མཆོག་དབང་གོང་མ་དང་སོ་སོར་སྡུད་པའི་ཁྲིད་གསན་ཅིང་ཉམས་མྱོང་སྐྱེས་པ་ནི་བགྲང་བར་མི་དཔོག་པ་ཙམ་ཡོད་པར་གྲགས་ཤིང༌། སྤྱིར་བསྟན་པ་སྒོ་ཐམས་ཅད་ནས་རྒྱས་པར་མཛད། སྒོས་སུ་བོད་ཀྱི་རི་སུལ་ཐམས་ཅད་རྡོ་རྗེའི་རྣམ་འབྱོར་གྱི་སྒྲུབ་པ་པོས་ཁྱབ་པ་དང༌། བཤད་ཉན་གྱི་གྲྭ་ཐམས་ཅད་དུ་སྙིང་པོའི་མདོ་དང་རྒྱུད་བླ་མའི་བསྟན་བཅོས་ལས་བརྩམས་ཕྱིར་མི་ལྡོག་པ་འཁོར་ལོའི་གཏམ་བདེ་གཤེགས་སྙིང་པོ་སེང་གེའི་སྒྲས་ཁྱབ་པར་མཛད་དེ། རྔ་བོ་ཆེའི་མདོར་ལུང་བསྟན་པ་བཞིན་དུ་ལོ་བརྒྱད་ཅུ་ལྷག་གི་བར་དེ་ལྟ་བུའི་རྒྱུན་གནས་པར་གྱུར་ལ། དེ་རྗེས་ལྟ་བ་མཐོ་རུ་རེ་ཞིང་དྲང་དོན་ཀུན་རྫོབ་ལ་ལྷག་པར་ཞེན་པའི་ངང་ཚུལ་ཅན་མང་དུ་བྱོན་པ་ལ་བརྟེན་སྔོན་བཞིན་གསལ་བར་མ་གྱུར་ཀྱང་དུས་ཀྱི་ཐ་མ་འདི་ལྟ་བུ་ལའང་རྡོ་རྗེའི་རྣལ་འབྱོར་སྒོམ་པ་དང༌། དེ་བཞིན་གཤེགས་པའི་སྙིང་པོའི་གཏམ་སྲོལ་ཁ་མ་ནུབ་ཙམ་ཡོད་ཅིང༌། བར་སྐབས་སུ་མང་དུ་བྱུང་བ་ནི་དམ་པ་འདི་ཁོ་ནའི་དྲིན་ནོ། ། ཡང་དམ་པ་འདིས་དང་པོ་ས་སྐྱར་འཆད་ཉན་ལ་ཐུགས་གཞོལ་སྐབས། ཀ་ཆེན་བཞི་དང༌། རིགས་ཚོགས་ལྔ། དབུ་མ་འཇུག་པ། བྱམས་ཆོས་ཕྱི་མ་བཞི་རྣམས་ལན་མང་དུ་གསུངས། སྔ་ཕྱིར་གཞུང་ཕྲན་མི་གཅིག་པ་ཡང་བཅུ་ཙམ་གསུངས། ཕྱིས་སྒྲུབ་པ་ལ་ཐེགས་ནས་མཐར་ཆགས་སུ་སྐྱོང་བའི་འཆད་ཉན་གྱི་གྲྭ་འཛུགས་པ་ནི་ཡེ་མ་མཛད། དོན་གཉེར་མཁས་པ་མང་པོ་འདུས་པ་ལ་བྱམས་ཆོས་སྡེ་ལྔ། དབུ་མ་བསྟོད་ཚོགས། འབུམ། སྙིང་པོའི་མདོ་རྣམས་དང༌། སེམས་འགྲེལ་སྐོར་གསུམ། དབང་མདོར་སྟན། ཀྱཻ་རྡོར་ནཱ་རོའི་འགྲེལ་ཆེན་རྣམས་ཡང་ཡང་གསུངས། དབུ་མ་རྩ་བ། སྤྱོད་འཇུག བསླབ་བཏུས། ཀྱཻ་རྡོར་རྒྱུད་གསུམ། མཁའ་འགྲོ་རྒྱ་མཚོ། རྡོ་རྗེ་འཕྲེང་བ། གསང་འདུས་སྒྲོན་གསལ། དམར་ནག་འཇིག་གསུམ་སོགས་ཀྱང་ལན་རེ་རེ་གཉིས་གཉིས་གསུངས། སོ་སོའི་འདོད་པ་དང་མཐུན་པར་དཀྱིལ་ཆོག་རྡོར་འཕྲེང་གི་དབང་རྣམས་དང༌། བདེ་དགྱེས་གསང་གསུམ། གཤིན་རྗེ་གཤེད། རྡོར་དབྱིངས།རྟ་མགྲིན། ཕུར་པ་སོགས་གསང་སྔགས་གསར་རྙིང་གི་དབང་ཟུར་བཀའ་ཡང་མང་དུ་གནང༌།གདམས་ངག་འཁྲིད་ཚུལ་ཐ་དད་པ་ཡང་མང་དུ་གསུངས་མོད་ཀྱི། གཙོ་བོར་ཤེར་ཕྱིན་གྱི་མདོ་དང༌། མངོན་རྟོགས་རྒྱན། སྙིང་པོའི་མདོ་དང༌། རྒྱུད་བླ་མ། དུས་འཁོར་གྱི་དབང་ཁྲིད།སེམས་འགྲེལ་སྐོར་གསུམ་གྱི་བཤད་པ་དང་བཅས་པ་རྣམས་རྟག་ཏུ་གསུངས་པ་ལྟ་བུ་ཡིན་ཅིང་ཐེག་པ་མཐའ་དག་གི་ངེས་པའི་དོན་ཡང་དེ་དག་ལས་བརྩམས་ཏེ་གསུང་ངོ༌། ། འོན་ཀྱང་རེས་འགའ་ནི་སྒྲུབ་པ་ཁོ་ན་ལ་ཐུགས་གཞོལ་བ་ཡང་མཛད། ཆོས་གསུང་བའི་དུས་ན་ཡང་གཟིགས་རྟོག་བཤར་སྦྱང་ཐུགས་བསམ་སོགས་མཛད་མི་དགོས་ཏེ། ཆོས་གྲྭར་ཕེབས་པའི་དུས་དང༌། ཞལ་བཀོད་སོགས་གང་དགོས་པའི་དུས་དེ་ག་མ་གཏོགས་ཟབ་མོའི་རྣལ་འབྱོར་ཁོ་ན་ལ་བཞུགས་སོ། ། སྐུ་འཁོར་འགའ་ཞིག་གིས། བླ་མའི་མཁྱེན་རབ་འདི་ལ་མཁན་ཆེན་བུ་སྟོན་པའི་གཟིགས་རྟོག་གི་ཐུགས་རྩོལ་དང༌། འཆད་ཉན་ལ་ཐུགས་གཞོལ་བ་འདི་ཡོད་ན་སངས་རྒྱས་འཇིག་རྟེན་དུ་བྱོན་པ་ལྟ་བུ་ཅིག་ཡོང་བ་གདའ་ཞུས་པས། སྤྱིར་ཆོས་འདི་རྣམས་བསླབ་པས་གོ་བ་ཁོ་ན་རང་ཡང་མིན་ཚོགས་སྒོ་དུ་མ་ནས་གསོག་ཅིག་བསྒོམས་ན་གོ་བ་ལགས། ད་ལྟ་སྙིང་པོ་བསྡུ་བའི་སྐབས་འདིར་སྒྲུབ་པ་ཁོ་ན་ཕན་ཡོན་ཆེ་བ་ཡིན་མོད་གསུང་ངོ༌། ། སྐུ་ཚེའི་སྨད་ལ་ནུབ་ཆོས་ལུང༌། འུ་ཡུག་སྙེ་མོ། གནམ་སྟོད་ལུང་སོགས་རིམ་པས་བརྒྱུད་ནས་ཁྱད་པར་ལྷ་སར་ཕེབས་ནས་ཟླ་བ་བཅུ་གཅིག་བཞུགས། དབུས་ཕྱོགས་ཀྱི་བླ་མ་སློབ་དཔོན་དགེ་བཤེས་དཔོན་སྐྱ། སྐྱེ་བོ་ཐམས་ཅད་ཀྱིས་ཞབས་ལ་གཏུགས། གང་ཕེབས་ཐམས་ཅད་དུ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི་འཁྲིད་དང༌། སྐྱེ་བོའི་ཚོགས་ལ་སེམས་བསྐྱེད་དང༌། ཡིག་དྲུག་གི་ཆོས་ཁོ་ན་གནང༌། ལྷ་སར་བཞུགས་རིང་གདོན་གྱི་གནོད་པ་ལ་བཀའ་ཤོག་བསྒྲགས་པ་ཙམ་གྱིས་ཕན་པས་བཀའ་ཤོག་ཞུ་བ་ཉིན་རེ་བཞིན་ཤིན་ཏུ་མང་སྟེ་མང་དུས་བརྒྱ་བརྒྱ་ཙམ་བྱུང་སྐད། ཟབ་ལམ་གྱི་འཁྲིད་ལན་བདུན་གནང་བ་ལ་འཁྲིད་གྲྭ་སྔ་མ་རྣམས་ལ་ཉིས་བརྒྱ་ཙམ། ལྔ་བཅུ་ཙམ་ཅི་རིགས་པ་ཡོད་ཅིང༌། འཁྲིད་རྟིང་མ་འཁྲིད་མོ་ཆེར་གྲགས་པ་ལ་དམ་པོ་འདེབས་པ་སྟོང་དང་བརྒྱད་བརྒྱ་ལྷག་ཙམ་བྱུང༌། གྲངས་སུ་མ་བཅད་པ་ལ་ཟབ་ལམ་སྒོམ་མཁན་དཔག་ཏུ་མེད་དེ། སྤྲང་བོ་ཚུན་ཆད་ཀྱང་ཆོས་ལ་དད་པ་སྐྱེས་ནས་ལམ་སྲང་རྣམས་སུ་དབེན་གསུམ་སྒོམ་པ་དང༌། སྐྱེ་བོ་སྟོང་ཕྲག་མང་པོ་ལ་མཆོག་དབང་གོང་མ་གནང་བས་མི་རྣམས་ལ་ལྟ་ཅི་སྨོས། སྲང་ཁའི་ཁྱི་ཚུན་ཆད་ལ་ཡེ་ཤེས་ཕེབས་པའི་རྣམ་འགྱུར་མང་དུ་བྱུང༌། གཞན་ཡང་དུས་འཁོར་གྱི་རྒྱུད་འགྲེལ་ཚར་གཅིག འབུམ་གྱི་བཤད་པ་ཚར་གཅིག་དབང་མདོར་བསྟན་ཚར་གཉིས། ནཱ་རོའི་འགྲེལ་ཆེན་དང༌། སེམས་འགྲེལ་ཆུང་བ་ཚར་གཉིས། དབུ་མ་བསྟོད་ཚོགས་ཚར་གསུམ། སྙིང་པོའི་མདོ་བཅུ་དང༌། ངེས་དོན་རྒྱ་མཚོ་སོགས་མང་དུ་གསུངས། སྙེ་མོ་ནས་འདིའི་བར་ལ་སྲོག་རྩོལ་གནང་བས་ཉམས་རྟོགས་ཚད་དུ་ཕྱིན་པ་ཡང་ཉིས་བརྒྱ་ལྷག་ཙམ་བྱུང༌། ཕྱིར་ཕེབས་པའི་ཚེ་ཕྱག་འབུལ་བར་འོང་བའི་རྟ་ཁྲོམ་མི་ཁྲོམ་སྐྱང་ཐང་སྒང་ལ་མི་ཤོང་བ་ཙམ་བྱུང༌། དེ་ནས་ཀྱི་སྨད་དང༌། ཡར་འབྲོག་དང༌།ཉང་སྟོད་སོགས་སུ་རིམ་གྱིས་ཕེབས་ནས་དེ་ཀུན་ཏུ་ཡང་ཟབ་ལམ་གྱི་འཁྲིད་མང་དུ་གསུངས།ཤམ་པོ་རྩེ་ལྔ་ལ་བདེ་གཤེགས་སྙིང་པོའི་དོན་རྟོགས་པ་མང་དུ་འབྱུང་ཞེས་ལུང་བསྟན། ཐམས་ཅད་མཁྱེན་པ་གཉིས་པ་བུ་སྟོན་ཆེན་པོ་དང་འབེལ་གཏམ་མཛད་པར་བཞེད་ནའང་བུ་སྟོན་ཆེན་པོས་རྩོད་པ་མཛད་མ་ནུས་ཞེས་གྲགས་པ་ཡང་དོན་ལ་གནས། སྔ་དུས་སུ་བུ་སྟོན་ཆེན་པོས་ཇོ་ནང་གི་སྐུ་འབུམ་གཟིགས་པར་བཞེད་ནས་མནལ་ལམ་བཟུང་སྟེ་ཕེབས་པས་ཇོ་མདར་ཕེབས་པ་ན། ཀུན་མཁྱེན་ཆེན་པོས་ཕཊ་ཅེས་གསུངས་པས་མནལ་སད་དེ་གཟིགས་མ་ཐུབ་པ་སོགས་ཀྱི་ལོ་རྒྱུས་ཡོད། གང་ཕེབས་ཐམས་ཅད་དུ་སེམས་བསྐྱེད་དང༌། ཡིག་དྲུག་གི་ལུང་ཞུ་བ། དགེ་བསྙེན་ཕོ་མོ་ཞུ་བ། རབ་བྱུང་བསྙེན་རྫོགས་ཞུ་བ་སོགས་ཀྱང་རྒྱུན་མི་འཆད་པ་བྱུང༌། སྐུ་མི་འདའ་བའི་སྔོན་ལོ་ལྔ་ཙམ་ནས་བཤང་གཅིའི་རྒྱུན་ཆད་པ་དང༌། སྔ་མོ་ནས་གཏུམ་མོའི་བདེ་དྲོད་ཀྱི་འུར་ལངས་པ་ཉིན་མཚན་དང་ཐུན་ཐུན་མཚམས་མེད། མ་ཟོས་བཀྲེས་མེད་ཟོས་ཀྱང་འཇུ། ། ཞེས་པའི་ཚུལ་གྱིས་རེས་འགའ་ཞག་གྲངས་མང་བོར་ཟས་མ་གསོལ་ཀྱང་བཀྲེས་པ་མེད་ཅིང་སྟོབས་དང་ལྡན་པ་དང་རེས་འགར་ཉིན་ཞག་རེར་མི་ཟས་མང་པོ་གསོལ་ཡང་མི་འཇུ་བ་མེད་ཅིང་ལེགས་པར་འབྱོངས་པའི་བདག་ཉིད་ཅན་མི་ཕལ་བ་གཞན་དང་ཡེ་མི་འདྲ་བའི་གསང་བདག་སེམས་དཔའ་ཆེན་པོའི་ངང་ཚུལ་ཅན་ནོ། །

གསུམ་པ་ཐ་མར་མཛད་པ་རྫོགས་ཚུལ།

གསུམ་པ་ཐ་མར་མཛད་པ་རྫོགས་ཚུལ་ནི།

དེ་ནས་ཇོ་ནང་དུ་ཕྱག་ཕེབས་ནས་ལོ་གཉིས་ཙམ་ཉེ་བ་ན།འཚོགས་པ་ཆེན་པའི་དབུ་ནས་བཞུགས་ཏེ་དེ་རྣམས་ལ། ངེས་དོན་རྒྱ་མཚོ་ཁྱེད་རྣམས་ཀྱི་ཆོས་སྐལ་ཡིན་གསུངས་ནས་སྐུའི་གཟི་མདངས་གསལ་བ་ནམ་མཁའ་སྒྲ་དང་མེ་ཏོག་གི་ཆར་འཇའ་འོད་ཀྱིས་ཁེངས་སོ། ། ཞལ་ནས། བོད་ཡུལ་འདིར་དབྱར་དྲོ་དགུན་འཁྱགས་པས་ངའི་བག་མི་སྤྲོ། ད་ལོ་ན་དྲོ་ས་ཞིག་སྙེགས་དགོས་གསུངས༌། ཉེ་གནས་དངོས་གྲུབ་དཔལ་ན་རེ། དྲོ་ས་གང་དུ་གཤེགས་ཞུས་པས། བདེ་བ་ཅན་དུ་འགྲོ་གསུངས། གཟིམས་ཁང་བདེ་བ་ཅན་དུ་ཆེ་བགྲེས་རྣམས་བོས་གསང་གྲོས་ཤིག་བྱེད་གསུངས། དེ་དག་སྐུ་དྲུང་དུ་འདུས་པ་ལ་གསུང་གླེང་ཞལ་ཏ་སོགས་གནང་ནས། འདི་སྐད་ཅེས། སྐྲ་དཀར་ལྕགས་ཀྱུས་བདག་གི་མགོ་ལ་བཏབས། །གཉེར་མའི་ཞགས་པས་ལུས་ནི་དམ་པོར་བཅིངས། །རྟ་བདུན་རྒྱལ་བོ་ནུབ་ཀྱི་ལ་ཁར་སླེབས། །དེ་ཕྱིར་ད་ལོ་འདི་ནས་བདག་ནི་འགྲོ། །གནས་འདི་སྤྲེ་འདྲ་ཉ་འདྲ་རྨ་བྱ་འདྲ། །སྤྲེ་འདྲའི་དུས་སུ་བུ་ཆེན་ཁྱེད་རྣམས་ཀྱང༌། །ང་ལྟར་ལྟ་སྒོམ་སྤྱོད་འབྲས་ཡང་དག་སྤྱོད། །བསྟན་པ་འཛིན་པའི་དགེ་སློང་མང་དུ་འབྱུང༌། །དམ་ཆོས་མ་ལུས་རྒྱས་པར་རབ་ཏུ་སྟོན། ། ཞེས་སོགས་ལུང་བསྟན་བསམ་གྱིས་མི་ཁྱབ་པ་གནང་སྟེ། དགུང་ལོ་བདུན་ཅུ་སོན་པ་ལྕགས་མོ་གླང་གི་ལོའི་དགུན་ཟླ་ར་བ་ཡར་ངོའི་ཚེས་དྲུག་གི་སྲོད་ཐུན་དང་བོའི་དུས་སུ་གཟུགས་སྐུ་ཆོས་དབྱིངས་སུ་བསྡུ་བར་མཛད་དོ། །རྗེ་ཇོ་ནང་པ་ཆེན་པོ་གང་གི་དངོས་སློབ་སངས་རྒྱས་བྱང་སེམས་ཀྱི་རྣམའཕྲུལ་ཐུགས་སྲས་བཅུ་གསུམ་དང་དེ་དག་གི་སློབ་མ་གཅིག་སྟེ་བཅུ་བཞི་པོ་མདོ་ཙམ་སྨྲོས་ན་དང་པོ་ནམ་སྙིང་སྤྲུལ་པ་ཀུན་སྤངས་ཆོས་གྲགས་དཔལ་འཁྲུངས་ཡུལ་རྭ་ལུང་དུ་ཆུ་མོ་ལུག་ལ་ངོ་མཚར་ལྟས་བཅས་སྐུ་འཁྲུངས། དགུང་ལོ་ལྔ་ལ་རིག་གནས་སྣ་ཚོགས་ལ་མཁས་པར་བྱས། བདུན་ལ་ཆོས་སྒོར་ཞུགས་ཏེ་འདུལ་མངོན་ཚད་མ་སྒྲ་རིག་སོགས་ལ་མཁས་པའི་གནས་ཐོབ། ཉེར་གཅིག་ལ་དབུས་གཙང་གཉིས་སུ་གྲྭ་སྐོར་མཛད་ཅིང་མཁས་མང་ལ་ཆོས་གསན། ཉེར་གསུམ་སྐོར་ནས་ཇོ་ནང་དུ་ཡོན་ཏན་རྒྱ་མཚོའི་དྲུང་ནས་བསྙེན་རྫོགས་མཛད་ཉེར་ལྔ་ལ་ཀུན་མཁྱེན་ཆེན་པོ་དང་མཇལ་ནས་གདམས་ངག་མཐའ་དག་གནང༌། སྟོན་པ་ཡེ་དཔལ་གྱིས་ཆུ་བཟང་གི་དགོན་པ་ཕུལ་དེར་འཆད་ཉན་བཙུགས།ཆོས་རྗེའི་སྐུ་ཚབ་རྒྱ་ནག་ཏུ་ཕེབས། གསུང་ཆོས་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་རྒྱུད་སྡེའི་དབྱེ་བ། རྩིས་སོགས་མང་པོ་མཛད། འདིས་ཀྱང་ལོ་ཙཱ་མཁྱེན་པས་འཇམ་དཔལ་ལྟ་འདོད་སོགས་བསྒྱུར། ཆུ་ཡོས་ལོར་དགུང་ལོ་གྱ་གཅིག་ཏུ་སྡིག་ཅན་བྱང་བ་སིདྡྷིས་བགྲོངས་ནས་ངོ་མཚར་བའི་ལྟས་བཅས་འདས་སོ། །གཉིས་པ་སྒྲིབ་སེལ་སྤྲུལ་བ་ལོ་ཙཱ་བློ་གྲོས་དཔལ་ས་མོ་ཕག་ལོར་མདོ་སྨད་དུ་འཁྲུངས། དགུང་ལོ་ལྔའི་བར་མའི་ནུ་ཞོ་མ་གསོལ་མ་ཎི་དང་ཆོས་སྒྲ་མང་པོ་རང་ཤེས་ཀྱིས་གསུངས། ལོ་བཅོ་ལྔ་མན་ལ་ཕར་ཚད་མངོན་འདུལ་སོགས་ལ་མཁས་པའི་གྲགས་པ་ཐོབ་པས་དབུས་གཙང་དུ་གྲྭ་སྐོར་མཛད། ཉེར་ལྔ་ལ་བྲག་རམ་དུ་དཔང་ལོ་ལ་བརྡ་རིག་སོགས་གསན། དེས་ཀུན་མཁྱེན་པོའི་མཚན་སྙན་གསུང་བ་ལ་བརྟེན་ཇོ་ནང་དུ་ཆོས་རྗེའི་དྲུང་ནས་བོད་དུ་འགྱུར་ཚད་ཀྱི་བཀའ་འགྲེལ་ཞུས་མཐར་དགུང་ལོ་ཞེ་གཅིག་སྐབས་ཇོ་ནང་གི་གདན་སར་བསྐོས་ཏེ་འཕྲིན་ལས་དར་ཞིང་རྒྱས། གསུང་ཆོས་བཀའ་འགྲེལ། ངོ་སྤྲོད། འཕྲེང་བའི་ཐིག་སྐོར། རྩིས་སོགས་མང༌། དགུང་ལོ་ང་ལྔ་ཆུ་སྦྲུལ་ལོའི་རྒྱལ་ཟླའི་ཚེས་བརྒྱད་ལ་ངོ་མཚར་ལྟས་བཅས་ཞི་བར་གཤེགས་སོ། །གསུམ་པ་བྱམས་པའི་སྤྲུལ་པ་ས་བཟང་མ་ཏི་པཎ་ཆེན་ཤིང་ཕོ་རྟ་ལ་མངའ་རིས་སུ་འཁྲུངས། བཙས་མ་ཐག་གོམ་གསུམ་བཞེངས་ནས་བྱམས་པའི་སྤྲུལ་པས་འགྲོ་དོན་མཛད་ཚུལ་གྱི་ཚིགས་བཅད་གསུངས། དགུང་ལོ་བཞི་ནས་བྱམས་པའི་ཆོས་ལྔ་ཁ་ཏོན་མཛད། ལོ་བཅོ་ལྔ་སྐོར་ནས་མཁས་པའི་གྲགས་པ་ཆེན་པོ་ཐོབ་ཅིང་དབང་ལུང་མན་ངག་མང་བོ་གསན། ལོ་ཉེར་ལྔར་ཞྭ་ལུར་བྱོན་ནས་མཁན་ཆེན་དྲུང་ནས་བསྙེན་རྫོགས་མཛད། དེར་དབྱར་ཆོས་མཁའ་འགྲོ་རྒྱ་མཚོའི་རྒྱུད་གསུངས་པའི་ཆོས་གྲར་ཀུན་མཁྱེན་ཆེན་པོའི་རྣམ་ཐར་གསན་པས་དད་པས་དབང་མེད་དུ་ཇོ་ནང་ལ་བྱོན་ཏེ་ཆོས་རྗེ་ཉིད་ལ་མངའ་བའི་ཆོས་ཡོངས་རྫོགས་ཞུས་ཏེ་ཀུན་ལ་མཁས་པའི་ཐུགས་སྲས་མཆོག་ཏུ་གྱུར། གཞན་ཀུན་སྤངས་ཆོས་གྲགས་དཔལ་དང་ལོ་ཙཱ་བློ་བརྟན་གཉིས་ལའང་ཆོས་བཀའ་རིག་གནས་མང་བོ་ཞུས། བླ་མ་ཟླ་བ་རྒྱལ་མཚན་གྱིས་ས་བཟང་དགའ་ལྡན་དགོན་གཞི་རྟེན་བཅས་ཕུལ་ནས་དེར་ཆོས་མང་གསུངས། བྱམས་གླིང་དུ་སྡེ་བ་དོལ་བས་བསྐུལ་ནས་ཇོ་ནང་དཔལ་གྱི་མཆོད་རྟེན་ཚད་ལྡན་བཞེངས། གསུང་ཆོས། སྒྲ་ཊཱིཀསྤྱོད་འགྲེལ། བླང་དོར་རབ་གསལ། རྩིས་ཐིག་རྩ་སོགས་མང༌། དགུང་ལོ་གྱ་གསུམ་མེ་འབྲུག་ལོའི་ཐ་སྐར་ཟླ་བའི་ཚེས་བཅོ་ལྔ་ལ་ངོ་མཚར་དུ་མ་བཅས་སྐུ་གཤེགས་སོ། །བཞི་པ་ཀུན་བཟང་སྤྲུལ་པ་འབྲི་གུང་ལོ་ཙཱ་བ་མ་ཎི་ཀ་ཤྲི་ས་མོ་ཕག་ལ་ཡུལ་སྐྱེར་ཕུར་འཁྲུངས། ལོ་གསུམ་ན་བཟང་སྤྱོད་སཾ་སྐྲི་ཏའི་སྐད་ཀྱིས་བཏོན། ལོ་བཅོ་ལྔ་མན་ཕར་ཚད་མངོན་འདུལ་སོགས་ལ་མཁས་པར་བྱས། ཁྱད་པར་ལེགས་སྦྱར་གྱི་སྒྲ་ལ་བསླབ་པས་ལོ་ཙཱ་མཆོག་ཏུ་གྱུར།འབྲི་གུང་གདན་ས་མཛད་པས་དགོན་གྱི་འགྲིག་ལམ་བཟང་པོར་སོང༌། ལོ་ཉེར་གཅིག་སྐབས་ཀུན་མཁྱེན་ཆེན་པོ་སྙི་ཐང་དུ་བྱོན་པ་དང་མཇལ། དུས་ཀྱི་འཁོར་ལོའི་དབང་ལུང་སོགས་ཟབ་ཆོས་དཔག་མེད་གསན་པས་རྩ་བའི་བུ་ཆེན་དུ་གྱུར། རབ་འབྱམས་པ་ཉེར་ལྔ་ལ་བརྩད་པས་རྒྱལ་ཏེ་ལུང་རིགས་ཀྱིས་གཞན་སྟོང་གཏན་ལ་ཕབས། ཇོ་ནང་དུ་ལོ་བརྒྱད་བཞུགས་ནས་རྒྱུད་འགྲེལ་གསུངས། དགུང་ལོ་དོན་ལྔ་མཁའ་ལྡིང་ཕུང་པོའི་རི་ཁྲོད་དུ་ཆུ་ཡོས་ལོའི་དཔྱིད་ཟླ་ར་བའི་ཚེས་བཅུ་ལ་ངོ་མཚར་དང་བཅས་གཤེགས་སོ། །ལྔ་པ་གསང་བདག་སྤྲུལ་བ་ཞང་སྟོན་རྒྱལ་བོ་བསོད་ནམས་གྲགས་ལྕགས་ཕོ་འབྲུག་ལོར་ཡུལ་སྐྱིད་ཤོད་དུ་འཁྲུངས་དགུང་ལོ་དྲུག་ནས་བསླབ་སྦྱངས་ཀྱི་མཁས་གནས་ཐོབ། ལོ་བཅུ་བཞི་སྐོར་ནས་ཕར་ཚད་སོགས་དང༌། སྒྲ་རིག་སོགས་བྱང་ཆུབ་པས་ལ་སྟོད་ཞྭ་ལུ་སོགས་ལ་གྲྭ་སྐོར་མཛད་དུས་རྗེ་རང་བྱུང་བས་ཀུན་མཁྱེན་ཆེན་པོའི་མཛད་སྤྱོད་གསུངས་པས་དད་པ་འཁྲུངས་ཏེ་ཆོས་རྗེའི་དྲུང་ནས་རྭ་འབྲོའི་དུས་འཁོར་དབང་སོགས་ཟབ་ཁྲིད་དཔག་མེད་གསན་ཉམས་རྟོགས་ཕུན་སུམ་ཚོགས་པ་སྐྱེས། གཞན་ཡང་སེམས་འགྲེལ་སོགས་ཟབ་བཀའ་མང་པོ་ཞུས། རེ་བཞི་ལ་ལྷ་དབང་བས་དཔལ་སྟེང་གི་དགོན་གཞི་ཕུལ་དེར་གཙུག་ལག་ཁང་དང་རྟེན་གསུམ་བཞེངས། ལོ་བཅོ་ལྔར་རྒྱུད་འགྲེལ་གསུངས་པས་བུ་སློབ་མཁས་པ་མང་པོ་བྱུང༌། དཀའ་འགྲེལ་སོགས་གསུང་ཆོས་ཀྱང་ཡོད། དགུང་ལོ་དོན་དགུ་ས་ཁྱི་ལོའི་དབྱར་ཟླ་ར་བའི་ཚེས་བཅོ་བརྒྱད་ལ་ཕུལ་བྱུང་མཛད་པས་འདས་སོ། །དྲུག་པ་ལོ་ཙཱ་རིན་ཆེན་བཟང་པོའི་རྣམ་འཕྲུལ་ཐང་བོ་ཆེ་ཀུན་དགའ་འབུམ་ལྕགས་མོ་ལུག་ལོར་ཡུལ་གླིང་སྟོད་དུ་འཁྲུངས། དགུང་ལོ་བཅུ་གཉིས་སུ་ཕར་ཚད་མངོན་འདུལ་སོགས་ཀྱི་དོན་ཐུགས་སུ་ཆུད་དེ་རྩོད་རྒྱལ་དུ་གྲགས་ཤིང་རྗེས་དབང་ཁྲིད་གཞུང་འགྲེལ་སོགས་མང་དུ་གསན་པས་དཀའ་བཅུ་ཚད་ལྡན་དུ་གྲགས། དེ་ཚེ་བསྟན་པ་སྤྱི་འགྲེལ་གསོལ་འདེབས་ཀྱི་ཡི་གེ་གཟིགས་པས་ཀུན་མཁྱེན་ཆེན་པོ་ལ་མོས་གུས་སྐྱེས་ནས་ཇོ་ནང་དུ་ཆོས་རྗེའི་དྲུང་ནས་དབང་བཀའ་ཟབ་ཁྲིད་མང་པོ་ཞུས་ནས་ཉམས་མྱོང་ཁྱད་པར་ཅན་བྱུང༌། མདོ་སྔགས་ཀྱི་གཞུང་ལུགས་མང་པོ་གསན། དགུང་ལོ་ཞེ་བརྒྱད་རྟ་ནག་ཏུ་སློབ་དཔོན་རིན་ཆེན་བཟང་བོའི་རྒྱལ་ཚབ་ལ་བཞུགས། ལོ་དྲུག་གི་རིང་རྒྱུད་འགྲེལ་སོགས་ཟབ་ཆོས་རྒྱ་ཆེར་གསུངས་པས་དེར་སློབ་མ་མང་པོ་བྱུང༌། ལོ་ང་བདུན་སྟེང་ཡར་ལུང་དུ་གདན་དྲངས་ནས་སློབ་དཔོན་ཡེ་དཔལ་གྱིས་དགོན་པ་གཏད། དེར་རྟེན་གསུམ་བཞེངས། རྒྱུད་འགྲེལ་འཆད་ཉན་མཛད། རྡོར་ཕྲེང་གི་ཐིག་རྩ་སོགས་གསུང་ཆོས་མཛད་ནས་ཡོད། དགུང་ལོ་དོན་གཉིས་ཆུ་རྟ་ལོའི་ལྔ་པའི་ཚེས་བརྒྱད་ལ་ཡ་མཚན་དང་བཅས་དབྱིངས་སུ་ཐིམ་མོ། །བདུན་པ་འཇམ་དཔལ་གྱི་སྤྲུལ་བ་སྨན་ཆུ་ཁ་བ་བློ་གྲོས་རྒྱལ་མཚན་ས་ཕོ་སྟག་གི་ལོར་ཡུལ་སྐྱིད་ཤོད་སྟོད་ལུང་དུ་འཁྲུངས།དགུང་ལོ་བཅུ་གསུམ་མན་ཆད་དུ་ཐུན་མོང་རིག་གནས་དང་འདུལ་ལུང་སྡེ་བཞི་ལ་མཁས་པར་མཛད། ལོ་སོ་གསུམ་དུ་ཚད་མ་རྣམ་ངེས་ཀྱི་ཚིག་དོན་ཀུན་ཐུགས་སུ་ཆུད་དེ་རྩོད་རྒྱལ་དུ་གྲགས། དེ་རྗེས་ཀུན་མཁྱེན་ཆེན་པོ་ས་སྐྱར་གདན་དྲངས་ཏེ་ཕེབས་སྐབས་རྨི་ལམ་དུ་རྡོ་རྗེ་ཕག་མོས་ལུང་བསྟན་པ་ལྟར་མཇལ་ཏེ་དབང་ལུང་བཀའ་འགྲེལ་མཐའ་དག་གསན། ལོ་ཞེ་བརྒྱད་དུ་ཆོས་གྲགས་དཔལ་གྱི་མདུན་དུ་དབང་བཀའ་མང་པོ་ཞུས། ལོ་ཙཱ་བློ་གྲོས་དཔལ་དྲུང་ནས་འཕྲེང་བ་སྐོར་གསུམ་སོགས་གསན། ཆོས་རྗེ་ཕྱོགས་པ་ལ་དབང་རྒྱུད་བཤད་སོགས་ཞུས་དེ་དང་ལྷན་དུ་འགྲོ་དོན་ཆེར་མཛད། དབོན་ལྷུན་དཔལ་གྱིས་བཀྲ་ཤིས་སྨན་ཆུའི་རི་ཁྲོད་ཕུལ་ཏེ་རྗེས་སུ་དེར་བཞུགས་འཆད་ཉན་རྒྱས་པར་མཛད། རྨི་ལམ་གྱི་ལྟས་བཟང་དང་བསྟུན་ས་བཟང་པཎ་ཆེན་ཉིད་རི་ཁྲོད་དུ་གདན་དྲངས་ནས་བྱམས་ཆོས་སོགས་ཞུས། གཤིས་ལུགས་ཅང་མེད་དུ་འདོད་པ་དག་ལ་གསུང་རབ་ཚད་མ་དཔང་བཞག་བྱས་ཏེ་ལུང་རིགས་ཀྱི་རྩོད་པ་ལས་རྒྱལ། སྨན་ཆུར་རྟེན་གསུམ་བཞེངས་བརྟགས་གཉིས་ཀྱི་འགྲེལ་བ་སོགས་མཛད། དགུང་ལོ་དོན་དྲུག་ཆུ་སྦྲུལ་ལོའི་ཚེས་བཅུའི་སྔ་དྲོ་ལ་ངོ་མཚར་དང་བཅས་ཞི་བར་གཤེགས་སོ། །བརྒྱད་པ་ཐོགས་མེད་སྤྲུལ་བ་ཆོས་རྗེ་རིན་ཚུལ་བ་མེ་མོ་བྱ་ཡི་ལོར་ཡུལ་བྱ་རྗིང་དུ་འཁྲུངས།དགུང་ལོ་བརྒྱད་ནས་བསྟན་པ་ལ་ཞུགས་ཏེ་སྐྱེས་བུ་དམ་པ་མང་པོ་བསྟེན་ནས་མདོ་སྔགས་ཀྱི་གཞུང་ལུགས་ལ་མཁས་པར་སྦྱངས༌། དབང་ལུང་མན་ངག་རྒྱ་ཆེར་གསན། ཁྱད་པར་རྗེ་རང་བྱུང་བས་ལུང་བསྟན་ལྟར་ཇོ་ནང་དུ་ཀུན་མཁྱེན་ཆེན་པོར་མཇལ་ནས་མདོ་རྒྱུད་མཐའ་དག་གསན་ཅིང་ཉམས་རྟོགས་ཁྱད་པར་ཅན་བྱུང༌། ཀུན་སྤངས་ཆོས་གྲགས། ལོ་ཙཱ་བ་བློ་གྲོས་དཔལ།ས་བཟང་གསུམ་ལ་ཆོས་མང་ཞུས། ལོ་ང་བརྒྱད་དུ་མཁན་ནོར་བཟང་གིས་སྟོད་ལུང་རྣམ་རྒྱལ་དགོན་ཕུལ་ནས་དེར་རྟེན་གསུམ་བཞེངས། གུང་ཐང་དུ་སྦྱོར་དྲུག་སོགས་ཆོས་མང་གསུངས། མཚན་ཉིད་པ་མང་པོ་ཕར་ཚད་ཀྱི་འགྲོ་གླེང་གིས་ཕམ་པར་མཛད། སླར་རྣམ་རྒྱལ་དགོན་དུ་རྒྱུད་འགྲེལ་སོགས་གསུངས་ཤིང༌། ཚོགས་གཉིས་ལམ་འཇུག་གི་བཤད་པ་ཆེ་ཆུང་སོགས་ཀྱང་མཛད། ཆོས་རྗེ་རྒྱ་ནག་གིས་གདན་འདྲེན་སྐབས་ལྷ་སའི་ཇོ་ཁང་དུ་ཆོས་རྗེའི་སྐུ་འདྲ་ཉིད་ཀྱིས་བཞེངས། དགུང་ལོ་དོན་གཉིས་ས་ཕོ་སྤྲེལ་ལོའི་ལྔ་པའི་བཅུ་དྲུག་ལ་རྟགས་དང་བཅས་སྐུ་གཤེགས་སོ། །དགུ་བ་ཨཱརྱ་དེ་ཝའི་སྤྲུལ་པ་གྷ་རུང་བ་ལྷའི་རྒྱལ་མཚན་ས་མོ་ལུག་གི་ལོར་ཡུལ་སྡེ་ཐང་དུ་འཁྲུངས། ཆུང་ངུ་ནས་སྐྱེས་ཆེན་མང་པོ་བསྟེན་ནས་ཕར་ཚད་མངོན་འདུལ་སོགས་གཞུང་ལུགས་ལ་མཁས་པར་སྦྱངས་ནས་དགུང་ལོ་ཉི་ཤུ་སྐོར་ནས་དོན་ཀུན་ཁོང་དུ་ཆུད། དེ་ནས་གུང་ཐང་དུ་མཁས་པ་མང་པོ་དང་རྩོད་པ་མཛད་པས་ཕ་རོལ་སྨྲ་བ་ཟིལ་གྱིས་མནན། གཞན་ཡང་མཁས་གྲུབ་མང་པོ་ལ་ཆོས་གསན་མཐར་ཀུན་མཁྱེན་ཆེན་པོའི་སྙན་གྲགས་གསན་པས་དེར་གུས་པས་ཞབས་ལ་གཏུགས་ནས་མདོ་སྔགས་ཀྱི་ཆོས་མང་པོ་ཞུས་པས་དག་སྣང་དཔག་མེད་འཕེལ། ཆོས་གྲགས་དཔལ། ལོ་ཙཱ་བ་བློ་གྲོས་དཔལ།ས་བཟང༌། ཆོས་རྗེ་ཕྱོགས་པ། ཉ་དབོན་པ་རྣམས་ལའང་ཆོས་མང་གསན། གྷ་རུང་ཆོས་སྡེར་སློབ་དཔོན་ཆོས་གྲགས་ཀྱིས་གདན་ས་གཏད་དེར་ལོ་མང་འཆད་ཉན་མཛད། དེ་ནས་མཁན་བྱང་ཆུབ་བཟང་པོས་གནས་ཆེན་ནམ་མཁའ་མཛོད་ཀྱི་དགོན་པ་ཕུལ་ནས་དེར་བཞུགས་ཏེ་རྟེན་གསུམ་བཞེངས་རྒྱུད་འགྲེལ་སོགས་ཆོས་མང་གསུངས། དགུང་ལོ་གྱ་གསུམ་ལྕགས་སྦྲུལ་ལོའི་དྲུག་པའི་ཚེས་བརྒྱད་དུ་རྟགས་དང་བཅས་གཤེགས་སོ། །བཅུ་པ་ཤཱཀྱ་བཤེས་གཉེན་གྱི་སྤྲུལ་པ་ཆོས་རྗེ་ཕུན་ཚོགས་དཔལ་ཤིང་འབྲུག་ལོར་ཡུལ་འཕན་ཡུལ་དུ་འཁྲུངས། དགུང་ལོ་བཅུ་དྲུག་ནས་བཟུང་སྟེ་སྐྱེས་བུ་དམ་པ་དུ་མའི་མདུན་ནས་ཕར་ཚད་མངོན་འདུལ་སོགས་གཞུང་ལུགས་ལ་མཁས་པར་བྱས། རྗེ་རང་བྱུང་བ་དང༌། རྟོགས་ལྡན་གྲགས་སེང་གི་དྲུང་ནས་དབང་བཀའ་སོགས་མང་པོ་གསན། དེ་སྐབས་ངེས་དོན་རྒྱ་མཚོའི་དཔེ་ཆ་གཟིགས་པས་ཀུན་མཁྱེན་ཆེན་པོ་ལ་དད་པ་སྐྱེས་ཏེ། ཆོས་རྗེ་སྣར་ཐང་དུ་བྱོན་པ་དང་མཇལ། དུས་ཀྱི་འཁོར་ལོའི་དབང་དང་སྦྱོར་དྲུག་གསན་པས་ཉམས་མྱོང་ཁྱད་པར་ཅན་བྱུང་བའི་ངང་ནས་སྐུའི་སྐྱེ་བ་དྲན་པའི་མགུར་གླུ་གསུངས་ཤིང༌། ཆོས་རྗེའི་མདུན་རྒྱུད་འགྲེལ་སོགས་ཟབ་བཀའ་མང་པོ་ཞུས་ཏེ་གསང་ཕུར་གདན་དྲང་བའི་ཚེ་ཆོས་རྗེས་ཞལ་ཏ་གསུང་མགུར་དང་བཅས་གནང༌། བུ་སྟོན་སོགས་བླ་མ་མང་པོར་ཆོས་ཞུས། དེ་ནས་གསང་ཕུ་སོགས་ཆོས་སྡེ་མང་པོ་ལ་ཆོས་མང་དུ་གསུངས། ལྷ་སར་སེ་འབྲས་ཀྱི་འདུས་སྡེ་མང་བོ་དང་རྩོད་པ་བྱས་པས་ཐམས་ཅད་གུས་པར་མཛད། འཕན་ཡུལ་དུ་ཀ་ལ་པ་ཞེས་པའི་རི་ཁྲོད་བཏབ་ཅིང་རྟེན་གསུམ་བཞེངས། དེར་ཁམས་དབང་དང་མཐུན་པའི་ཆོས་མང་གསུངས། རྣམ་འཇོམས་གཟུངས་ཀྱི་ཊཱི་ཀ་སོགས་གསུང་ཆོས་ཀྱང་མཛད། དགུང་ལོ་དོན་བཞི་མེ་སྦྲུལ་ལོའི་དྲུག་པའི་ནང་རྟགས་བཅས་ཞི་བར་གཤེགས་སོ། །བཅུ་གཅིག་པ་གྲུབ་ཆེན་ཡུ་མོའི་སྤྲུལ་པ་ཐང་སྟོན་ཆུང་བ་བློ་གྲོས་དཔལ་ཆུ་མོ་གླང་གི་ལོར་ཡུལ་དབུས་སུ་འཁྲུངས་ལྷ་རྣམས་ཀྱིས་ཁྲུས་གསོལ་བ་སོགས་ངོ་མཚར་བའི་ལྟས་བཅས་བཙས་མ་ཐག་གོམ་གཅིག་བོར་བའི་ཁར་བཞེངས་ནས་སྔོན་གནས་ཕྱི་མཐའ་སོགས་ཀྱི་ཚིགས་བཅད་གསུང༌། དགུང་ལོ་དྲུག་ནས་རབ་ཏུ་བྱུང་སྟེ་དམ་པ་དུ་མའི་མདུན་ནས་ཕར་ཚད་མངོན་འདུལ་སོགས་གཞུང་ལུགས་ལ་སྦྱངས་ཤིང༌། དབང་ལུང་མན་ངག་མཐའ་ཡས་པ་གསན་པས་མཁས་པའི་གྲགས་པ་ཐོབ། བླ་མ་དོན་ཡོད་རྒྱལ་མཚན་དཔོན་སློབ་ཇོ་ནང་དུ་ཀུན་མཁྱེན་ཆེན་པོའི་དྲུང་དུ་ཆོས་ཉན་དུ་ཕེབས། རྗེས་སུ་ཇོ་ནང་དུ་བྱོན་ཏེ་ཀུན་མཁྱེན་ཆེན་པོའི་མདུན་ནས་དུས་འཁོར་དབང་དང་སྦྱོར་དྲུག་སོགས་གསན་པས་ཉམས་རྟོགས་ཁྱད་པར་ཅན་བྱུང༌། ཆོས་རྗེ་ལ་སྔོན་ཡུ་མོའི་སྒོམ་ཐག་གཅིག་ཡོད་པ་ངོས་བཟུང༌། ཡུ་མོ་དངོས་ཡིན་པའི་ལུང་བསྟན་ཡང་མཛད། ཕྱི་ནང་གི་ཆོས་སྐོར་ཐམས་ཅད་ལེགས་པར་ཞུས། ཆོས་གྲགས། ལོ་ཙཱ། ས་བཟང༌། ཕྱོགས་པ་སོགས་ལའང་ཆོས་མང་གསན། སྟོད་ལུང་རྣམ་རྒྱལ་དུ་གོང་མའི་རྒྱལ་ཚབ་མཛད་ནས་རྒྱུད་འགྲེལ་སོགས་ཀྱི་ཆོས་ཆར་ཕབས་ནས་འཕྲིན་ལས་དར་རྒྱས་སུ་མཛད།དགུང་ལོ་དོན་དགུ་ལྕགས་ལུག་ཟླ་བ་གཉིས་པའི་ཚེས་བརྒྱད་ལ་ཞིང་བརྗེས་ནས་ངོ་མཚར་བའི་རྟགས་བྱུང་ངོ༌། །བཅུ་གཉིས་པ་ཀུན་མཁྱེན་ཆེན་པོའི་གདན་ས་འཛིན་པའི་མངའ་བདག་ས་སྙིང་སྤྲུལ་པ་ཕྱོགས་ལས་རྣམ་རྒྱལ་མེ་ཕོ་རྟ་ཡི་ལོར་མངའ་རིས་ཡ་ཚ་རྒྱལ་པོའི་བླ་མཆོད་བླ་ཆེན་ཞིག་གི་སྲས་སུ་འཁྲུངས། ལོ་ཤས་གསང་ཚུལ་དུ་བཞུགས། དེ་རྗེས་གློ་བོར་བྱོན་ཡབ་ཁུ་བོ་སོགས་ལས་སྔགས་ཆོས་མང་པོ་དང་དབུ་མ་རྩ་འཇུག་སྤྱོད་འཇུག་མཁས་པར་སྦྱངས༌། གཞོན་དུས་ཉིད་ནས་འཚོགས་བཤད་བྱས་པས་ཀུན་ངོ་མཚར། དེ་ནས་དབུས་གཙང་དུ་འབྱོན་པར་བཞེད་ནས་གཅིག་པུར་བྲོས་ཏེ། གུང་ཐང་དང༌། ས་སྐྱར་བརྒྱུད་ནས་བྲག་རམ་དུ་བྱོན། ལོ་གཅིག་ཕར་ཚད་དབུ་གསུམ་སྦྱངས་པས་མཁས་པར་མཁྱེན། དེ་ནས་གུང་ཐང་དུ་ལོ་གཉིས་རིང་སྦྱང་བ་ཆེར་མཛད་པས་གཞུང་ལུགས་ཐམས་ཅད་ལ་མཁྱེན་པ་རྒྱས། དགུང་ལོ་ཉེར་གཅིག་ལ་དབུས་གཙང་ཀུན་དུ་གྲྭ་སྐོར་མཛད། དེ་ནས་སྐུ་གཞོན་ནུ་གཞུང་ལུགས་ཀུན་ལ་མཁྱེན་པ་རྒྱས་ཤིང༌། ཐུགས་གསལ་བརྗོད་གཙང་རྩོད་པ་ལ་འགྲན་གྱི་དོ་མེད་དུ་གྲགས། འཚལ་དཔོན་དགའ་བདེས། ཕྱོགས་ལས་རྣམ་རྒྱལ་དུ་མཚན་གསོལ། འཚལ་གུང་ཐང་གི་ཟུར་ཆོས་ཀྱང་མཛད་སླར་བྲག་རམ་དུ་བྱོན་པ་ཞིག་ལ། ཀུན་མཁྱེན་ཆེན་པོའི་གཞན་སྟོང་གི་གྲུབ་མཐའ་ལ་བརྟགས་དཔྱད་བྱེད་དགོས་དགོངས་ཏེ། ཇོ་ནང་དུ་ཕེབས། ཆོས་རྗེས་སྐུ་འབུམ་ལ་བསྐོར་བ་བྱེད་པ་དང་མཇལ་ཏེ་བླ་བྲང་དུ་ཞག་བདུན་ལ་འབེལ་གཏམ་ཤིན་ཏུ་འཕེལ་བར་མཛད་པས་གཞན་སྟོང་གི་གྲུབ་མཐའ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དུ་ངེས་པ་རྙེད། གཞན་སྟོང་འགོག་བྱེད་ཀྱི་རྩོད་པ་རྣམས་ནི་རྣམ་པར་རྟོག་པའི་རི་མོ་ཙམ་ལས་དོན་ལ་མི་གནས་པར་མཁྱེན། ཀུན་མཁྱེན་ཆེན་པོ་ལ་མི་ཕྱེད་པའི་དད་པ་འཁྲུངས། དེ་སྐབས་ཆོས་འབྲེལ་ཅི་རིགས་གསན། སླར་དུས་འཁོར་གྱི་རྒྱུད་སོགས་ཐུགས་ལ་བཟུང་ནས་ཇོ་ནང་དུ་ཕེབས། དུས་ཀྱི་འཁོར་ལོའི་དབང་ཞུས་ཟབ་ལམ་གྱི་ཁྲིད་བསྐྱངས་པས་ཉམས་རྟོགས་ཕུན་སུམ་འཚོགས་པར་འཁྲུངས། རྒྱུད་འགྲེལ་སྦྱངས་པས་ཚེགས་མེད་མཁྱེན། ཆོས་རྗེ་ལ་དབང་དང་མདོ་སྔགས་ཀྱི་བཤད་པ་དཔག་མེད་གསན། ལོ་མང་མཆོད་གཡོག་ཀྱང་མཛད། བུ་སྟོན་ལ་ཕར་ཕྱིན་མཚན་བརྗོད་གསན། ཤུག་ཕུག་ཏུ་བཤད་སྒྲུབ་ཀྱི་གྲྭ་ཆུང་ངུ་སྐྱོང་ཞིང་ལོ་ཤས་བཞུགས། ངམ་རིང་གི་ཆོས་དཔོན་མཛད་ནས་ཕར་ཚད་ལ་བསྟན་བཅོས་མང་དུ་མཛད།འཆད་ཉན་འཕེལ་བར་བཞུགས་སྐབས། ལོ་ཙཱ་བློ་གྲོས་དཔལ་སྐུ་འདས་ནས་ཇོ་ནང་གི་གདན་ས་ལོ་དྲུག་མཛད། ངམ་རིང་གི་ཆོས་དཔོན་དང་ཇོ་ནང་གི་གདན་ས་ལྷན་ཅིག་བཞག་ནས་སེ་མཁར་ཆུང་དུ་གཙོ་བོར་ཐུགས་དམ་ལ་བཞུགས། ལོ་འགའ་ནས་ཀུན་མཁྱེན་ཆེན་པོ་གཤེགས།དེ་རྗེས་མི་རིང་བར་འཚལ་གུང་ཐང་སོགས་སུ་དུས་འཁོར་གྱི་ཆོས་རྒྱ་ཆེར་སྤེལ། སྐུ་ཚེའི་སྨད་དུ་སླར་ཇོ་ནང་གི་གདན་ས་མཛད། མངོན་ཤེས་ཐོགས་མེད་དུ་མངའ་བའི་ལོ་རྒྱུས་མང༌། དགུང་ལོ་དོན་གསུམ་པ་ལ་སྐུ་དོགས་ཆེ་ཟེར་སྐབས་ཁམས་བསྙུང་ལ་རིམ་གྲོ་མཛད་པར་ཞུས་པས།རུང་སྟེ་གྱ་གཅིག་གི་བར་བསྡད་ཆོག་གསུང༌། ལོ་དོན་དགུ་ལ་ཁམས་ཤིན་ཏུ་བསྙེལ་སྐབས་ད་ལོ་མི་འཆི་བའི་རང་དབང་ཡོད་གསུངས། བརྒྱད་ཅུ་པ་ལ་སྐུ་ཁམས་བཟང་ཡང་ད་གཟོད་ངེས་པར་འགྲོ་དགོས་པ་ཡིན་གསུང༌། ཐམས་ཅད་ཐོག་ཏུ་ཁེལ། ཕར་ཕྱིན་ཊཱི་ཀ་སོགས་གསུང་ཆོས་མང་པོ་མཛད་ནས་དགུང་ལོ་གྱ་གཅིག་མེ་སྟག་ལོའི་ས་ཟླའི་བཅུ་གཅིག་ཉི་ཤར་ལ་བདེ་བ་ཅན་དུ་ཕེབས་སོ། །བཅུ་གསུམ་པ་འཇམ་དཔལ་སྤྲུལ་པ་ཉ་དཔོན་ཀུན་དགའ་དཔལ་ཤིང་མོ་བྱའི་ལོར་ཐ་སྐར་ཟླ་བའི་ཚེས་བརྒྱད་ལ་ཡུལ་ཉང་པོར་འཁྲུངས། ཁམས་པའི་དགེ་བཤེས་ཉ་དར་མ་རིན་ཆེན་གྱི་དབོན་པོ་ཡིན། ཆུང་ངུ་ནས་མཁྱེན་རབ་ཤིན་ཏུ་ཆེ། ཀུན་མཁྱེན་ཆེན་པོ་དང་ཡང་ཡང་མཇལ། དགོངས་དོན་ཐུགས་སུ་ཆུད་ཅིང་མོས་གུས་ཆེན་པོ་ཅན་ཞིག་ཡིན།དགུང་ལོ་ཉི་ཤུ་སྐོར་ལ་ཕྱག་ཞབས་གོད་དེ་འབྱོན་མ་ཐུབ། ཀླུ་གདོན་གྱི་རྟོག་པ་བྱུང༌། ཀུན་མཁྱེན་ཆེན་པོ་ས་སྐྱར་ཕེབས་སྐབས་གྲོགས་ཀྱིས་ཁུར་ནས་བྱིན་རླབས་ཞུ་རུ་བྱོན། བྱིན་རླབས་གནང་ལྗགས་མཆིལ་བཏབ་ཙམ་གྱིས་བསྙུང་གཞི་ལས་འཕྲལ་དུ་གྲོལ། ཕྱིས་མདོ་སྔགས་ཀྱི་གཞུང་ཐམས་ཅད་ལ་མཁྱེན་པ་རྒྱས་ཤིང་རིག་པའི་དབང་ཕྱུག་ཆེན་པོར་གྱུར། ཕྱོགས་ལས་རྣམ་རྒྱལ་ཡུན་རིང་བསྟེན་ཉམས་རྟོགས་ཀྱང་མཐར་ཕྱིན། དུས་འཁོར་སོགས་མདོ་སྔགས་ཀྱི་ཆོས་མང་གསན། ས་སྐྱར་འཆད་ཉན་ཡུན་རིང་མཛད་སྐུ་ཚེའི་སྨད་ལ་བློ་གསལ་དྲུག་བརྒྱ་ཙམ་གྱིས་བསྐོར་ནས་བརྩེ་ཆེན་གྱི་ཆོས་སྡེ་བཏབ། བཤད་སྒྲུབ་གཉིས་ཀ་འཕེལ་བར་མཛད། གཙུག་ལག་ཁང་དང་གསེར་འབུམ་རྒྱུད་འགྲེལ་དོལ་པོའི་འདྲ་སྐུ་གསེར་ཟངས་ལས་བསྐྲུན་པ་ཆེ་ཆུང་མང་པོ་བཞེངས། ཚད་མ་དང་ཕར་ཕྱིན་གྱི་ཊཱིཀ་ཆེན་སོགས་གསུང་ཆོས་མང༌། བརྒྱུད་འཛིན་གྱི་སློབ་མ་མང་ཞིང༌། རྗེ་ཙོང་ཁ་བ་བློ་བཟང་གྲགས་པ་སོགས་བརྒྱུད་འཛིན་གཞན་གྱི་བདག་ཉིད་ཆེན་པོ་ཡང་མང་པོ་སློབ་མར་གྱུར་བའོ། ། དགུང་ལོ་གོ་ལྔ་ས་ལུག་གི་ལོའི་ཆུ་སྟོད་ཟླ་བའི་ཚེས་དྲུག་ལ་ངོ་མཚར་དུ་མའི་ལྟས་བཅས་སྐུ་ཞི་བའི་དབྱིངས་སུ་གཤེགས་སོ། །དེ་དག་ནི་ཀུན་མཁྱེན་པོའི་དངོས་སློབ་བཅུ་གསུམ་མོ། །བཅུ་བཞི་པ་ཡབ་སྲས་དེ་དག་གི་སློབ་མ་གནས་བརྟན་བྷ་ཀུ་ལིའི་སྤྲུལ་པ་མཚལ་མིན་པ་བསོད་ནམས་བཟང་ལྕགས་མོ་སྤྲུལ་ལོར་ཡུལ་སྐྱེད་ཕུར་འཁྲུངས། དགུང་ལོ་ལྔ་ནས་རབ་ཏུ་བྱུང༌། ཀུན་མཁྱེན་ཆེན་པོའི་ཞབས་སྤྱི་བོས་བླངས་ནས་དགུང་ལོ་བཅུ་བདུན་ནས་སོ་དགུའི་བར་ཉེ་གནས་མཛད་དེ་ཆོས་མང་གསན་པས་ཉམས་མྱོང་སྐྱེས། ཆོས་རྗེ་སྐུ་འདས་རྗེས། ཕྱོགས་རྒྱལ་བ། ས་བཟང༌། ཉ་དབོན་པ་སོགས་ལས་བཀའ་མདོ་རྒྱུད་བསྟན་བཅོས་མན་ངག་དང་བཅས་པ་གསན། ལྷ་སྒང་དུ་ལོ་བཅུ་གཅིག་བཤད་སྟོན་མཛད། ཆོས་དཔལ་བཟང་བོས་མཚལ་ཆེན་གྱི་དགོན་པ་ཕུལ་ནས་དེར་བཀའ་བརྒྱུད་གོང་མའི་བཤད་སྲོལ་བཙུགས། དགུང་ལོ་དགུ་བཅུར་ཕར་ཕྱིན་གྱི་ཊཱི་ཀ་མཛད། གོ་གཉིས་སུ་དུས་འཁོར་འགྲེལ་ཆེན་གསུངས། ཆུ་གླང་ལོའི་དང་པོའི་ཚེས་བཅུར་ཞི་བར་གཤེགས་པའང་ངོ་མཚར་བ་མང་བོ་བཅས་ནས་སོ། ། འདིའི་སློབ་མ་རྒྱལ་བ་ཇོ་བཟང་བའོ། ། ཡང་ཀུན་མཁྱེན་ཆེན་པོའི་དངོས་སློབ་བྱམས་པ་ཁ་བོ་ཆེའམ་མི་ཉག་བློ་གྲོས་གྲགས་པ་ཞེས་པ་དང་པོ་ཇོ་ནང་དུ་འོང་ནས་སྐུ་འབུམ་ལ་བསྐོར་བ་བྱེད་སྐབས་འོད་ཟེར་ཆེན་པོའི་ནང་དུ་ཀུན་མཁྱེན་བཞུགས་པ་མཐོང་ནས་དད་པ་མི་ཕྱེད་པས་དར་ཡུག་གཅིག་གསེར་སྲང་གཉིས་ཆོས་གོས་ཤིག་ཕུལ་ཏེ་མཇལ་ནས་ཆོས་རྗེ་ཁོང་གི་དྲུང་དུ་ལོ་དྲུག་ལ་ཕྱི་ནང་གི་ཆོས་སྐོར་མང་བོ་ཞུས་ནས་ཆོས་རྗེས་ལུང་བསྟན་པ་ལྟར་མདོ་ཁམས་རྡོ་རྗེ་མཆེད་དྲུག་གི་གནས་འོབ་གངས་དཀར་རྩ་བར་ངེས་དོན་གྱི་ཆོས་གཞི་བཏབས་ནས་བསྟན་པ་སྤེལ་བར་ཡང་གསུངས་སོ། ། དེ་དག་ཆོས་རྗེ་ཡབ་སྲས་ཀྱི་རྣམ་ཐར་མདོ་ཙམ་མོ། །དེ་ནས་ཀུན་མཁྱེན་ཆེན་པོས་ལུང་བསྟན་པ་ལྟར་དཔལ་ཇོ་ནང་བའི་གདན་རབས་ཀྱང་རིམ་བྱོན་གྱི་ཚུལ་ཡོད་ནའང་འདིར་བྱིན་རླབས་ཀྱི་བརྒྱུད་རིམ་ས་བོན་ཙམ་ཉུང་བསྡུས་སུ་འགོད་པ་སྟེ། དེ་ཡང་ཉ་དབོན་པའི་ཐུགས་སྲས་གྲུབ་ཆེན་ཀུན་བློ་ཤར་ཁ་བའི་སྐུ་རུས་སུ་འཁྲུངས། ཕར་ཚད་མངོན་འདུལ་དབུ་མ་སོགས་མདོ་ཕྱོགས་རྣམས་དང༌། དུས་འཁོར་གྱི་བཤད་སྒྲུབ་ཉ་དབོན་པ་ལ་གསན། བླ་མ་གཞན་མང་བོ་ལ་དབང་གདམས་ངག་རྒྱ་ཆེར་ཞུས། རྒྱལ་རིགས་སུ་འཁྲུངས་ཀྱང་སྲིད་ལ་མ་ཆགས་པར་བས་མཐའ་རྣམས་སུ་སྒྲུབ་པ་ཁོ་ན་ལ་གཞོལ། རང་རེའི་ཆོས་བརྒྱུད་འཛིན་སྤེལ་བཅས། སྐུ་ཚེའི་སྨད་ལ་འཁྲུལ་ཞིག་ཆེན་པོར་བཞུགས་ཤིང༌། བུ་སྟོན་གྱི་སྐྱེ་བར་གྲགས་སོ། །འཇམ་དབྱངས་དཀོན་མཆོག་བཟང་པོ་འཁྲུངས་ཡུལ་ལ་སྟོད་བྱང་པ། རྩ་བའི་གྲྭ་ས་བཟང་ལྡན། ས་སྐྱ་སོགས་གྲྭ་ས་ཕལ་ཆེར་དུ་བྱོན་ནས་མཁན་འཇམ་དབྱངས་རིན་རྒྱལ་བ་ལ། ས་སྐྱའི་ཆོས་རྣམས་གསན། གྲུབ་ཆེན་ཀུན་བློ་ལ་དུས་འཁོར་སོགས་ཟབ་དོན་མཐའ་དག་ཞུས། སི་ཏུ་ཀུན་བཟང་རབ་བརྟན་འཕགས་ཀྱིས་བླ་མར་བཀུར། ཉིང་སྟོད་ཀྱི་ཆོས་སྡེ་གསར་བའི་ཆོས་དཔོན་མཛད། ཇོ་ནང་བའི་གྲྭ་ཚང་གསར་དུ་བཙུགས། ཕྱིས་རྩེ་ཤར་ནུབ་ཀྱིས་གུས་པས་བཏུད། ཆོས་སྡེ་གཉིས་ཆར་དང་ཇོ་ནང་གི་གདན་ས་མཛད། མཁས་གྲུབ་རྗེ་དཔོན་སློབ་ཀྱིས་བྱད་ཁ་བྱས་པ་ཡང་བྱང་སེམས་དང་རྡོར་བཟླས་སྤེལ་བས་ཕྱིར་ལོག་ཏུ་སོང༌། བླ་མ་ས་སྐྱ་བའི་སྤྲུལ་པར་གྲགས། ནམ་མཁའ་ཆོས་སྐྱོང༌། ཀུན་མཁྱེན་བསོད་ཆེན་ལ་མཚན་ཉིད་ཀྱི་གཞུང་རྣམས་མཁས་པར་སྦྱང༌། སླར་འཇམ་དབྱངས་དཀོན་བཟང་གི་ཆོས་གྲྭར་བྱོན། ཆོས་དང་གང་ཟག་ལ་དད་དེ་མཚན་ཉིད་ཀྱི་གཞུང་རྣམས་མཁས་ཉན་མཛད། གཞན་སྟོང་ལ་ངེས་པ་ཚུགས། སྦྱོར་དྲུག་ཞུས་ཏེ་ཉམས་རྟོགས་ཀྱང་ཤིན་ཏུ་བཟང༌། དུས་འཁོར་གྱི་རྒྱུད་ལ་མཁས་པར་བྱས། ངམ་རིང་སོགས་འཆད་ཉན་འགའ་རེའི་སར་ཕེབས། རྩེ་ཤར་ནུབ་དང་ཁྱད་པར་སེང་གེ་རྩེ་བས་ཡོན་བདག་བྱས། རྩེ་ཆེན་དང་ཇོ་ནང་གི་གདན་ས་ཡུན་རིང་མཛད་བཤད་སྒྲུབ་གཉིས་ཀར་བཟུང༌། སྐུ་འབུམ་ཆེན་མོའི་ཆོས་འཁོར་གསེར་ཟངས་ཀྱིས་གཡོགས་པར་མཛད་དོ། ༢༤ ནམ་མཁའ་དཔལ་བཟང་གྲུབ་མཐའ་རྩ་བ་ས་སྐྱ། མུས་པ་རབ་འབྱམས་ཐུགས་རྗེ་དཔལ་བཟང་གི་གྲྭ་སར་སློབ་གཉེར་མཛད། ལྷུན་སྡིངས་བདག་ཆེན་བའི་སློབ་མ་ཤངས་སྟོན་བྱ་བ་ལ་དུས་འཁོར་བྱང་ལུགས་ཞུས་ཏེ་དེ་ལ་མཁས་པར་སྦྱངས། རྒྱལ་བ་ནམ་མཁའི་མཚན་ཅན་ལ་སྦྱོར་དྲུག་མན་ངག་ཇོ་ནང་ལུགས་འདི་སྔ་དུས་ཅིག་ནས་གསན་པས་ཉམས་རྟོགས་བཟང་པོ་འཁྲུངས། འབྲས་སྤུངས་དགོན་པ་བཏབས་ནས་འགྲོ་དོན་ཅུང་ཟད་མཛད་དོ། །དེ་ནས་ལོ་ཆེན་རཏྣ་བྷ་དྲ། འཁྲུངས་ཡུལ་འབྲོག་པ། གྲྭ་ས་གཞད་ཀྱི་གྲྭ་ཚང༌། ཨོ་རྒྱན་རྫོགས་པ་སོགས་བླ་མ་མང་པོ་བསྟེན། གསང་སྔགས་གསར་རྙིང་སོགས་ཀུན་ལ་མཁས།ཁྱད་པར་པཎ་ཆེན་ནམ་མཁའ་དཔལ་བཟང་ལ་དུས་འཁོར་གྱི་ཆོས་སྐོར་གསན་པས་ཉམས་རྟོགས་རྒྱས། སྤྱན་རས་གཟིགས་སོགས་ཡི་དམ་མང་བོའི་ཞལ་གཟིགས། མདོག་གི་སྨན་སྡེང་དང༌། གཞད་རི་བོ་གྲུ་འཛིན་སོགས་དགོན་གནས་མང་དུ་བཏབས། ཐུགས་རྗེ་ཆེན་པོའི་དམར་ཁྲིད་དང༌། སྦྱོར་དྲུག་ཁྲིད་ཡིག་སོགས་ཀྱང་མཛད་དོ། །དེ་ནས་རྗེ་ཀུན་དགའ་གྲོལ་མཆོག་མངའ་རིས་སྨད་ཀྱི་གློ་བོ་སྨན་ཐང་ཞེས་བར་གཉག་སྟོན་ཤཱཀྱ་མུ་ནེའི་རིགས་རྒྱུད་དུ་ཡབ་དཔོན་དྲུང་ཚེ་དབང་བཟང་པོ་ལོ་ང་བརྒྱད་དང༌། ཡུམ་བཙུན་མོ་སྔ་ཕྱི་གཉིས་ལས་ཕྱི་མ་ལོ་ཉེར་གཉིས་པ་གཉིས་ཀྱི་སྲས་སུ་མེ་ཡོས་ལོར་འཁྲུངས། རྭ་སྟོན་ཆོས་རྗེར་མིང་ཞུས་པས་སྒྲོལ་མ་འབུམ་དུ་གསོལ། བཙུན་པའི་བག་ཆགས་བཟང་པོར་འདུག་པས་ཆོས་སྒོར་ཆུག་ཅེས་ལུང་བསྟན། དགུང་ལོ་བཞི་པར་དྲུང་བ་ཆོས་རྗེ་ལ་སྐྱབས་སྡོམ་དང་དགེ་བསྙེན་རིམ་གྱིས་ཞུས་ཏེ་མདོ་སྡེ་སྐྱེས་རབས་ཀློག་པས་ཕལ་ཆེར་ཐུགས་སུ་ཆུད། དགུང་ལོ་བདུན་པར་དྲུང་པ་ཆོས་རྗེ་ལ་གཤེད་དམར་ལྷ་ལྔའི་དབང་ཞུས་གསང་མཚན་ཞེ་སྡང་རྣམ་དག་རྡོ་རྗེ་གསོལ། དེ་ལོར་ཞེན་པ་གཞི་བྲལ་གྱི་ཁྲིད་གསན་པས་ཉམས་རྟོགས་ཁྱད་པར་ཅན་འཁྲུངས། རྗེ་དྲུང་བཙུན་པ་ལ་བསྡུས་རྩིས་དང་གཞུང་ཆེན་རྣམས་ཐུགས་ལ་བཟུང་ནས་རྒྱུགས་ཕུལ། གཞན་ཡང་ཕར་ཚད་འདུལ་མངོན་བྱམས་ཆོས་ལྷག་མ་བཞི། སྤྱོད་འཇུག བཤེས་སྤྲིངས་སོགས་ཐུགས་སུ་ཆུད་དེ་དྲུང་བ་ཆོས་རྗེ་ལ་རྒྱུགས་སྣོན་ཕུལ། བྱམས་གླིང་བ་དང༌། དྲུང་བ་གཉིས་ལ་རྗེས་གནང་མང་པོ་ཞུས་ཏེ་ལྗགས་བསྙེན་ཡང་གྲུབ་པར་མཛད། དགུང་ལོ་བཅུ་པར་དྲུང་བ་ལ་དགེ་ཚུལ་གྱི་སྡོམ་པ་གསན། ཀུན་དགའ་གྲོལ་མཆོག་ཏུ་མཚན་གསོལ། དགེ་བསྙེན་སྡོམ་བརྒྱད་ཀ་རི་ཀ་སོགས་ཀྱི་རྩ་འགྲེལ་བཅས་ཀྱི་ལུང་གསན། མཁན་སུ་བྷ་ག་ཏ་སོགས་ལ། མདོ་སྐོར། རྒྱ་གཞུང་སྐོར། བཀའ་གདམས་པའི་གསུང་བགྲོས་མང་པོ། ཟུར་བཀའི་རྗེས་གནང་མང་པོ་གསན། ལམ་འབྲས་ལ་སྦྱང་བ་མཐར་ཕྱིན་མཛད། དགུང་ལོ་བཅུ་གསུམ་པར་དབུས་གཙང་དུ་བྱོན་ལམ་ས་སྐྱར་ཕེབས། ཁའུའི་བྲག་རྫོང་དུ་ཀུན་སྤངས་རིན་པོ་ཆེ་ལ་དཔལ་མགོན་ཐིམ་པའི་བྲག་སྒོ་ཉིད་དུ་ཞལ་བཞི་བའི་རྗེས་གནང་གསན། རྟགས་མཚན་ངོ་མཚར་བ་བྱུང༌། དེ་ནས་གསེར་མདོག་ཅན་དུ་ཕེབས་ཨ་མོ་གྷ་སིདྡྷིའི་ཞལ་སྔ་ནས་མཚན་ཉིད་ཕྱོགས་ལ་གསན་སྦྱངས་ཀྱིས་མཁས་པའི་ཕུལ་ཕྱིན་མཛད། གཞན་ཡོངས་འཛིན་དུ་མ་ལ་སྔགས་ཕྱོགས་ཀྱི་དབང་བཀའ་སོགས་གསན་སྦྱང་མཛད་དེ་སླར་རང་ཡུལ་དུ་ལོག པཎ་ཆེན་བྱམས་གླིང་པ་དང་དྲུང་བ་ཆོས་རྗེ་མཇལ་འཛོམས་གནང་སྟེ་དགྱེས་ཆེན་མཛད། དེ་ནས་ངོར་ཆེན་ཡབ་སྲས་དང་དྲུང་བ་ཆོས་རྗེ་རྣམས་ཀྱིས་མཁན་སློབ་སོགས་མཛད་ནས་བསྙེན་རྫོགས་ཞུས། དྲུང་ཆོས་རྗེའི་གདན་སར་མངའ་གསོལ་ཆོས་རྗེ་རྣམ་གསུམ་(བྱམས་གླིང་བ། ངོར་ཆེན་པ། དྲུང་པ།)གྱི་ཕྱག་ནས་གནང༌། ཇོ་ཤཱཀྱ་རྣམ་གཉིས་མཇལ། གསེར་མདོག་ཅན་དུ་ཕེབས་འགྱེད་སོགས་རྒྱས་པར་གནང༌། མཁའ་འགྲོ་ནཻ་གུ་མའི་ཞལ་གཟིགས་ཏེ་ཆོས་དྲུག་གི་བཀའ་རྣམས་ཞུས། བྲག་སྟངས་རྡོ་རྗེ་རྫོང་དུ་རྣམ་སྲས་རྟ་བདག་བརྒྱད་ཀྱི་ཞལ་གཟིགས། མནལ་ལམ་དུ་མི་རྟ་ཛོ་གིས་སྙིང་པོ་དོན་གསུམ་གནང་ཞིང་ནཻ་གུ་མ་སོགས་མཁའ་འགྲོ་མང་པོའི་ཚོགས་འཁོར་དུ་ཡང་ཡང་ཕེབས། ཤ་བ་རིས་ཀྱང་བྱིན་རླབས་དབང་བསྐུར་བ་སོགས་དག་སྣང་དུ་ལྷ་དང་བླ་མ་ལས་ཟབ་ཆོས་དུ་མ་གསན་ཏེ་ལྷ་དང་མཁའ་འགྲོས་སྦྱིན་པའི་མིང་འཇམ་མགོན་གྲུབ་པའི་དཔའ་བོ་ཞེས་བྱ་ལ། དངོས་ཀྱི་བླ་མ་མཁས་གྲུབ་བཞི་བཅུ་ཙམ་བསྟེན་ནས་མདོ་སྔགས་མཐའ་ཡས་པ་གསན་པ་ལས་རྗེ་སྤྱང་ལུང་བས་བློ་གསལ་རྒྱ་མཚོའི་སྡེ་ཞེས་མིང་སྩལ། རྒྱ་སྒོམ་ལེགས་རྒྱལ་ལ་མགོན་པོའི་སྤྲུལ་བས་ཆོས་བདག་པོའི་ལག་ཏུ་སྤྲོད་གསུངས་པའི་ལུང་བསྟན་ལྟར་ནཻ་གུའི་ལུགས་སྲོལ་བཅུ་གཉིས་ཀྱི་ཆོས་སྐོར་མ་ཚང་བ་མེད་པར་གསན། ཁྱད་པར་ལོ་ཆེན་རིན་ཆེན་བཟང་པོ་ལ་ནམ་མཁའ་དཔལ་བཟང་ནས་བརྒྱུད་པའི་དུས་ཀྱི་འཁོར་ལོའི་ཆོས་སྐོར་ཡོངས་རྫོགས་ཞུས། བཀྲ་ཤིས་ལྷུན་པོར་ཕེབས། པཎ་ཆེན་བློ་བཟང་བསྟན་པས་བསྙེན་བཀུར་མཛད། སྔ་ཕྱི་གཉིས་ཀར་ངམ་རིང་དུ་ཕེབས་དེར་བླ་མ་འགའ་ཞིག་ལས་ཆོས་གསན། གཞན་ཡང་དབུས་གཙང་མངའ་རིས་སོགས་ཡུལ་ཕྱོགས་མང་པོར་ཕེབས་སེར་སྐྱ་མཆོག་དམན་མཐའ་དག་ལ་ཆོས་ཆར་འཛད་མེད་ཕབས་པས་བྱང་བདག་ངག་དབང་རྣམ་རྒྱལ་བཀྲ་ཤིས་སྟོབས་རྒྱས། རིན་སྤུངས་ཆོས་རྒྱལ་ངག་གི་དབང་ཕྱུག འཇིག་རྟེན་མགོན་པོ་གྲགས་པ་རྡོ་རྗེ། རྒྱལ་པོ་ལྷ་སྲས་ཉིན་བྱེད་དབང་པོ། རྡོ་རྗེ་གདན་གྱི་ཁུ་དབོན་རྣམས་དང༌།ཡར་འབྲོག་ཁྲི་དཔོན་བསྟན་འཛིན། སྡེ་བ་ཀུན་སྤངས་དྲུང༌། རྒྱལ་རྩེའི་ཡུམ་མངའ་བདག་རྒྱལ་མོ་སོགས་བོད་ཀྱི་ཆེ་རྒུ་མཐའ་དག་གིས་དབུ་བླར་བསྟེན། དབང་བཀའ་མན་ངག་སྐོར་ཐུགས་ལ་བཞུགས་རིམ། སྒྲོལ་མ་མགོན་པོའི་སྐོར། སྙན་རྒྱུད་ཚད་མ་བཞི་ལྡན་གྱི་ཆོས་སྐོར། སྒོམ་རིམ་པ་ནས་བརྒྱུད་པའི་གྲོལ་མཆོག་ཁྲིད་བརྒྱའི་སྐོར། བློ་སྦྱོང་སྐོར། སྙིང་པོ་དོན་གསུམ།སེམས་ཉིད་ངལ་གསོ། ཐིག་ལེ་བཅུ་དྲུག ཤེར་ཕྱིན་བཀའ་བབ་དྲུག་པ། ཞི་བྱེད་ལམ་ལྔ།བྱམས་ཆོས་སྡེ་ལྔ། ཀྱཻ་རྡོར་འཁོར་ཆེན་བསྐྱེད་རྫོགས། དུས་འཁོར་མན་ངག སྦྱོར་དྲུག ལམ་འབྲས། གསང་འདུས་རིམ་ལྔ། བདེ་མཆོག རྡོ་རྗེ་གདན་བཞི། ནཱ་རོ་ཆོས་དྲུག ནཻ་གུ་ཕྱག་ཆེན་གའུ་མ་སོགས་དབང་ལུང་མན་ངག་བརྒྱ་རྩ་བརྒྱད་ཀྱིས་མཚོན་ཇོ་ནང་ཤངས་བ། ས་སྐྱ་སོགས་ཀྱི་དབང་བཀའ་མང་པོ་དང༌། ཚེ་དབང་འཆི་མེད་དཔལ་སྟེར་སོགས་རྙིང་ཕྱོགས་ཀྱི་ཆོས་སྐོར་དང་བཅས་ཟབ་ཆོས་ཀྱི་མཛོད་ཆེན་པོར་བཞུགས་ལ། རྒྱལ་བ་དགེ་འདུན་རྒྱ་མཚོ་དང་ལན་གཉིས་མཇལ་བས་དང་པོའི་སྐབས་འབེལ་གཏམ་དང་ཕན་ཚུན་ཐུགས་མཉེས་མཛད།རྗེས་མཇལ་དུས་ཆོས་འབྲེལ་བཀའ་གདམས་ནོར་ཕྲེང་གི་རྩ་བའི་ལུང་ཞུས། མདོར་ན་རྗེ་འདིས་མདོ་སྔགས་ལམ་གྱིས་མཆོག་བརྙེས་ཤིང་རྣམ་དཀར་མཛད་པས་འགྲོ་དོན་ལྷག་པར་ཆེ་བ་མཛད་ལགས་སོ། ། ཁྱད་པར་གསེར་མདོག་ཅན། དཔལ་འཁོར་བདེ་ཆེན། རྩེ་ཆེན།ངམ་རིང་སོགས་དགོན་སྡེ་མང་བོའི་ཆོས་ཁྲིད་འཁོད་ཀྱང་བྱ་བ་བཏང་ཡན་པ་བློ་བདེ་བྱས་ནས་དགོན་སྡེའི་ཞལ་འཛིན་ཆེར་མ་མཛད་དེ་རྣལ་འབྱོར་རང་ས་འཛིན་དུས་སེམས་ཀྱི་མདུད་གྲོལ་ཞེས་བའི་མཚན་ཐོགས། བར་སྐབས་རེར་ཇོ་ནང་གི་གདན་ས་མཛད། སྐུ་ཚེའི་སྨད་དུ་ཆོས་ལུང་བྱང་རྩེ་བཏབ་ནས་སྒྲུབ་སྡེ་ལ་གཙོ་བོར་མཛད། བུ་སློབ་ཀྱི་གཙོ་བོ། རྡོ་རིང་ཀུན་དགའ་རྒྱལ་མཚན། ཆོས་སྐུ་ལྷ་དབང་གྲགས་པ། མཁས་དབང་བྱམས་པ་ལྷུན་གྲུབ། མཁན་ལུང་རིག་རྒྱ་མཚོ། རྗེ་དྲུང་ཀུན་དགའ་དཔལ་བཟང་རྣམས་སོ། །དེ་ནས་སྔོན་གྱི་སྐྱེ་རབས་དང་རྗེས་ནས་ཡང་སྲིད་ངོས་འཛིན་སོགས་ཀྱི་ལུང་བསྟན་གསལ་བར་མཛད་དེ་བསྟན་འགྲོའི་དོན་རེ་ཞིག་རྫོགས་ཚུལ་གྱིས་དགུང་ལོ་དྲུག་ཅུ་མེ་སྟག་ལོའི་ཟླ་བ་དང་པོའི་ཚེས་བརྒྱད་ལ་གཟུགས་སྐུ་ཆོས་དབྱིངས་སུ་ཐིམ་པའོ། ། དེའི་དངོས་སློབ་མཁན་ཆེན་ལུང་རིག་རྒྱ་མཚོ། ཉིང་སྟོད་དུ་སྡེ་བ་གཙང་ཁང་བའི་སྐུ་རུས་སུ་འཁྲུངས། གསེར་མདོག་ཅན་དུ་མདོ་སྔགས་ལ་གསན་སྦྱངས་རྒྱ་ཆེར་མཛད། ཁྱད་པར་རྗེ་ཀུན་དགའ་གྲོལ་མཆོག་ལ་དུས་འཁོར་གྱི་དབང་རྒྱུད་མན་ངག་མཐའ་དག་གསན། མ་འོངས་ལུང་བསྟན་ཡང་སྲིད་ངོས་འཛིན་སོགས་ཀྱི་ཞལ་བཀོད་དང༌།རྒྱལ་རྩེའི་མཁན་པོར་མངའ་གསོལ། གཞན་སྤོང་ཁང་ཚོགས་པ་སོགས་ཀྱི་མཁན་པོར་ཡུན་རིང་བཞུགས། རྗེ་དམ་པའི་ཡང་སྤྲུལ་ཁྲི་འདོན་མཛད་ནས་བཀའ་ཆོས་ཐམས་ཅད་ཕུལ་གྲུབ་སྟེ་ཐུགས་དགོངས་རྫོགས་ནས་འདས་ཚུལ་བསྟན་ཏོ། །རྗེ་བཙུན་ཀུན་དགའ་སྙིང་པོའམ་ཏཱ་ར་ནཱ་ཐ་སྟེ། དེ་ཡང་བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་ཀྱི་ནང་ནས་རྡོ་རྗེ་གཡུ་སྒྲོན་མའི་གནས་ཁ་རག་འབྲིང་གི་ཕུ། སྔོན་རྭ་ལོ་ཙཱ་བ་ཆེན་པོའི་བརྒྱུད་པ་རིམ་པར་བྱོན་པའི་བསྟི་གནས་ད་ལྟ་ཆོས་འཁོར་སྡིངས་སུ་གྲགས་པ་རྭ་ཤར་ནུབ་གཉིས་ལས་ཤར་བ་ཀུན་དགའ་སེང་གེས་བཏབ་བའི་དགོན་གཞི་དེར། དེའི་གདུང་རྒྱུད་སྔགས་འཆང་ཚུལ་ཁྲིམས་རྒྱ་མཚོ་ལ་སྲས་བཞི་བྱུང་བའི་ཆེ་ཤོས་རྣམ་རྒྱལ་ཕུན་ཚོགས་དང་ཡུམ་རྡོ་རྗེ་བུ་དགའ་ལྷ་མོ་གཉིས་ཀྱི་སྲས་སུ་(སྤྱི་ལོ་༡༥༧༥-རབ་ལོ༡༠.༠༩)ཤིང་མོ་ཕག་ལོ་ཆུ་སྟོད་ཟླ་བའི་ཚེས་བརྒྱད་ལ་གྲོད་པུ་འཇའ་ཚོན་ཁ་དོག་ལྔ་ལྡན་གྱི་ནང་དུ་འཁྲུངས། དེ་ཡང་ཁ་འབྱེད་མ་ཐག་ཁྱེའུ་སྐུ་ལ་ཤ་མཚན་ཁྲག་ཞག་གི་ཐིག་ལེ་ལི་ཁྲིའི་ཚངས་སྐུད་ཀྱི་རྣམ་པ་ཅན། ཕྱག་ཞབས་ལ་འཁོར་ལོ་དང་སྐུ་ལ་གུར་གུམ་གྱི་དྲི་ངད་ལྡན་པ་སྤྱན་གྱིས་ཕྱོགས་ཐམས་ཅད་ལ་གཟིགས་བཞིན་ཞལ་ནས་སུམ་བྷ་ནིའི་སྔགས་ལན་གསུམ་བརྗོད་པ་ཞིག་བལྟམས་སོ། ། དེ་སྐབས་མེས་པོས་པད་མ་སྲི་གཅོད་རྡོ་རྗེ་ཞེས་པའི་མཚན་གསོལ། ངོ་མཚར་བའི་ལྟས་ཀྱང་ཉེ་སྐོར་གྱི་ལྡུམ་ར་ན་མེ་ཏོག་མང་པོའི་ཁ་འབུས། ནམ་མཁའ་ནས་མེ་ཏོག་གི་ཆར་ཞག་བདུན་བབས། བྱ་བྱེའུ་རྣམས་ཀྱང་སྐད་སྙན་སྒྲོགས་ཤིང༌། རི་དྭགས་རྣམས་རྩེ་དགའ་བྱེད། མི་ནད་ཕྱུགས་ནད་ཆད་ཅིང་མི་རྒན་རྣམས་ཚེ་འཕེལ་ནས་གཞོན་ཤ་ཅན་དུ་གྱུར་པ་སོགས་ཡ་མཚན་པ་ཆེས་མང་ངོ༌། ། ཟླ་བ་བརྒྱད་ནས་ཐམས་ཅད་ལ་འབྱོན་ཐུབ་ཅིང༌། དགུང་ལོ་གཅིག་ལོན་ཙམ་ནས་སྨྲ་ཤེས་ཤིང༌།སྨྲ་ཤེས་ཙམ་ནས་ང་བླ་མ་ཀུན་དགའ་གྲོལ་མཆོག་ཡིན་ཞེས་ཡང་ཡང་གསུངས། སྐུ་ཚེ་སྔོན་མའི་སྦྱིན་བདག་གྲྭ་རིགས་ལྷ་ཆ་རྟེན་གསུམ། ཉེ་གནས་དཔལ་འབྱོར་གྱིས་ཞབས་བགྱིས་པ་སོགས་གསལ་བར་སྨྲས་པས་ཀུན་ངོ་མཚར་སྐྱེས། ཀུན་གྱིས་གསང་ཐབས་སུ་བསྐྱེད་བསྲིངས།ནམ་ཞིག་ན་ཞལ་ངོ་འཁོར་བཅས་ནང་དུ་གསོལ་བ་མཛད་སྐབས་གང་བྱུང་ཆ་མེད་པར་རྣལ་འབྱོར་པ་སྐུ་ཤ་སྔོ་སང་ངེ་བ་སྐུ་ལ་རས་དང་སྟག་ལྤགས་ཀྱི་ན་བཟའ་གསོལ་བ་ལག་ན་མི་ཐོད་རློན་པ་ཐོགས་པ་རལ་བའི་ཐོད་བཅིངས་ཅན་ཞིག་བྱོན་པས་གཞན་ཀུན་སྐྲག་ཀྱང་སྐུ་སྐྱེས་གཞོན་ནུ་དགྱེས་ཤིང་དེ་ལ་ཕྱག་འཚལ་ཏེ་གསུང་གླེང་མང་དུ་མཛད། དེས་ཀྱང་རྣམ་འཇོམས་ཀྱི་ཁྲུས་དང༌། ལྕགས་ཕུར་ཞིག་གནང༌། ཕུར་བུ་འདི་སྔོན་པད་འབྱུང་གིས་མཚོ་རྒྱལ་ལ་གནང༌། དེས་སྣ་ནམ་བདུད་འཇོམས་ལ་གནང༌། དེས་བསམ་ཡས་སུ་གཏེར་དུ་སྦས་པ་ཕྱིས་བླ་མ་གཡུང་སྟོན་པས་བཏོན་པ་ཡིན་ཚུལ་རྒྱས་པར་གསུངས། དེ་ནས་གསོལ་བཞེས་མཛད་ཐེགས་སོང༌། གཞན་ཡང་ན་ཆུང་ངུ་ནས་དག་སྣང་མང་བོ་གཟིགས་པ་དང༌། གཞན་རྒན་གཞོན་བར་གསུམ་ལ་རང་རང་དང་འཚམས་པར་ཆོས་གསུངས་ཤིང་རྟེན་གསུམ་མཐོང་ན་དད་པ་དང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་སོགས་རང་ཤུགས་ཀྱིས་མངའ། ཡི་གེ་འབྲི་ཀློག་ཕལ་ཆེར་དང༌། ཁྱད་པར་ཡི་དམ་ཆོས་སྐྱོང་གི་མངོན་རྟོགས་རྩ་སྔགས་གཏོར་ཆོག་རྣམས་སུས་ཀྱང་མ་བསླབ་པར་རང་ཤེས་སུ་མཁྱེན་པ་ཡིན་ལ། དགུང་ལོ་གསུམ་དང་ཟླ་བ་ཕྱེད་དྲུག་ལོན་སྐབས་ཆོས་རྗེ་བསྟན་འཛིན་པ་སྤྲུལ་སྐུ་ངོས་འཛིན་མཇལ་ཁ་ཞུ་ཆེད་ལ་བྱོན་ཀྱང་སྐུ་སྐྱེས་མཆོག་ནས་བྱང་སྟག་རྩེའི་ཊཱ་མ་རུ་གསལ་བོར་ངོས་བཟུང་བ་ཙམ་མ་གཏོགས་བཀའ་ལུང་ཆེར་མ་གནང་བ་སོགས་ཀྱིས་རེ་ཞིག་འགྱངས། དེ་ནས་མཁན་ཆེན་ལུང་རིག་རྒྱ་མཚོ་ཕོ་བྲང་དཀར་པོ་ན་བཞུགས་སྐབས་སྟག་ལོའི་ཧོར་ཟླ་བརྒྱད་པའི་ཚེས་བཅོ་ལྔའི་ནུབ་མཁའ་འགྲོས་ལུང་བསྟན་དང་རྗེས་ནས་སྡེ་བ་སྣ་དཀར་རྩེ་བས་བསྐུལ་ཞིང་ལོ་རྒྱུས་རྣམས་དང་མཁན་རང་ལ་སྔར་རྗེ་གོང་མས་གནང་བའི་ལུང་བསྟན་ཤོག་ཁྲ་སོགས་དང་ཆེས་མཐུན་པས་ཐུགས་ཡིད་ཆེས་ཏེ་རྟེན་འབྲེལ་ལེགས་པའི་འབྱོར་བ་དང་བསྟུན་ནས་འདི་སྐབས་དགུང་ལོ་བཞིའི་སྟེང་སྤྲུལ་སྐུ་སྤྱན་འདྲེན་བྱེད་མཁན་ལུང་རིག་རྒྱ་མཚོས་རྒྱལ་རྩེ་ནས་བྱང་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་དབང་བོའི་བར་གྱི་མི་སྣ་དྲག་བསྡུས་རྟ་པ་བརྒྱ་དང་དྲུག་ཅུ་རྩ་ལྔ་འཁོར་གཡོག་བཅས་མང་པོ་བསྡུས་ཏེ། མཁན་རང་ཉིད་སྤྲུལ་བའི་སྐུ་བླུ་ཞིང་མངའ་གསོལ་བའི་ཆེད་བྱོན་ཏེ་ཁོང་གཉིས་མཇལ་འཕྲད་སྐབས་སྔོན་གྱི་འདུ་ཤེས་གསལ་བོས་ཕན་ཚུན་ཐུགས་དགྱེས་ཚོར་ཆེན་པོ་མཛད། མཁན་རང་དང་སྡེ་བ་སྣ་དཀར་རྩེ་བས་སྤྲུལ་སྐུ་དང་ཡབ་ཡུམ་བཅས་ལ་འབུལ་བ་ལེགས་པ་བགྱིས་ཏེ་ཟླ་བ་བཅུ་པའི་ཚེས་བཞི་ལ་མཆོག་གི་སྤྲུལ་སྐུའི་ཆིབས་ཁ་བསྒྱུར། དེ་ནས་རིམ་གྱིས་གཙང་ཕྱོགས་སུ་བྱོན་ཏེ། སྡེ་བདག་ཞལ་ངོ་དགོན་པ་སོགས་རིམ་བཞིན་ངོས་འཛིན་དང་ཞལ་འཕྲོས་གོང་མའི་དུས་ཇི་བཞིན་མཛད། ཆོས་ལུང་བྱང་རྩེར་ཁྲི་སྟོན་མཛད་སྐབས་རྗེ་གོང་མའི་བུ་སློབ་རྡོ་རིང་ཀུན་དགའ་རྒྱལ་མཚན། ཐུགས་སྲས་ལྷ་དབང་གྲགས་པ།མཁན་ཆེན་ལུང་རིག་རྒྱ་མཚོ། མཁས་དབང་བྱམས་པ་ལྷུན་གྲུབ། རྗེ་དྲུང་ཀུན་དགའ་དཔལ་བཟང་སོགས་བུ་སློབ་ཡོངས་རྫོགས་ཞལ་འཛོམས་ཤིང་དགའ་སྟོན་ཕུན་སུམ་ཚོགས་པར་མཛད། དེ་ནས་དགུང་ལོ་བརྒྱད་པར་དཔོན་སློབ་རྣམས་ཀྱི་གྲོས་སྟེང་ནས་དཔལ་སྟག་ལུང་པ་ཆེན་པོ་ཀུན་དགའ་རྒྱལ་མཚན་གདན་དྲངས་ནས་རབ་ཏུ་བྱུང་སྟེ། མཚན་ཀུན་དགའ་སྙིང་པོ་བཀྲ་ཤིས་རྒྱལ་མཚན་དུ་གསོལ་ཞིང༌། དག་སྣང་དུ་སྤྲུལ་པའི་བཤེས་གཉེན་རྒྱ་གར་བ་ཛྭ་ལ་ནཱ་ཐས། ཏཱ་ར་ནཱ་ཐ་ཞེས་པའི་མིང་བསྩལ། མཁས་མཆོག་བྱམས་པ་ལྷུན་གྲུབ་གནས་ཀྱི་བླ་མར་བསྟེན་ནས་མདོ་རྒྱུད་ལ་གསན་སྦྱངས་མཛད་དེ་མཁས་པའི་གནས་ཐོབ། རྗེ་རྡོ་རིང་བ་ལས་ལམ་འབྲས་གཙོ་བོར་གྱུར་པའི་དབང་གདམས་པ་བསམ་གྱིས་མི་ཁྱབ་པ་གསན།རྗེ་བྲག་སྟོད་པ་ཆོས་སྐུ་ལྷ་དབང་གྲགས་པའི་དྲུང་ནས་ཆོས་དྲུག་ཕྱག་ཆེན་རྣམས་ཀྱིས་གཙོས་མན་ངག་མཐའ་ཡས་པ་ལེགས་པར་གསན་པས་ནང་ཟབ་ལམ་གྱི་མངོན་པར་རྟོགས་པའི་ཀློང་རྡོལ་ཏེ་རྡོ་རྗེའི་གནས་པ་བཅུ་གཉིས་ཀྱི་ཡེ་ཤེས་མཆོག་རིམ་གྱིས་བརྙེས་ཏེ་གྲུབ་པའི་དབང་ཕྱུག་གི་གོ་འཕང་ཐོབ་བོ། ། རྗེ་དྲུང་ཀུན་དགའ་དཔལ་བཟང་ནས་དུས་འཁོར་དང་མགོན་བཀའ་རྣམས་གནང་ཞིང་ཇོ་ནང་གི་གདན་ས་གཏད། མཁན་ལུང་རིག་རྒྱ་མཚོས་དུས་ཀྱི་འཁོར་ལོའི་དབང་དང་རྒྱུད་བཤད་སྦྱོར་བ་ཡན་ལག་དྲུག་པའི་བྱིན་རླབས་དོན་བརྒྱུད་བཅས་བསྩལ་ཞིང་ཉམས་སུ་བླངས་པས་ཉམས་རྟོགས་མཐར་ཕྱིན་ཇོ་ལུགས་ཁྲིད་གྲོལ་ནས་བུ་ལུགས་ལ་མགྱོགས་ཁྲིད་དང༌། ཇོ་ཞལ་བླ་མ་དམ་པའི་ཡིག་ཆ་རྣམས་དང༌། རྒྱ་གཞུང་ཡིག་རྙིང་ཕལ་ཆེར། ཀུན་མཁྱེན་ཆེན་པོའི་གསུང་འབུམ། བཀའ་དང་བསྟན་བཅོས་མང་བོའི་ལུང་གསན།མཁས་གྲུབ་སངས་རྒྱས་ཡེ་ཤེས། རྡོ་རྗེ་འཛིན་པ་ཡེ་ཤེས་དབང་པོ་སོགས་ལས། ས་སྐྱ་ཇོ་ནང་ཤངས་པ་ཞྭ་ལུ་འབྲུག་པ་ཀཾ་ཚང༌། སྟག་ལུང་སོགས་ཀྱི་ཆོས་སྐོར་མང་པོ་དང༌། རྒྱུད་སྡེ་བཞིའི་དབང་ཁྲིད་མན་ངག་མ་ལུས་པ་གསན། རྒྱ་གར་གྲུབ་ཆེན་གུ་རུ་ལྷོ་ཕྱོགས་པ་སངས་རྒྱས་སྦས་པའི་མགོན་པོ་ལ་གསང་སྔགས་རྒྱུད་སྡེའི་དབང་བསྐྱེད་རྫོགས་མཐའ་ཡས་པ་གསན་པ་སྟེ།བླ་མེད་སྔགས་ཀྱི་གཞུང་ལུགས་ལ་བོད་འདིར་སྔོན་མེད་ཀྱི་བློ་བསྐྱེད་གྲངས་སུ་བཏབ་པའང་ལྔ་བརྒྱ་ཙམ་བྱུང་བར་ཉིད་ཀྱིས་གསུངས་པ་སོགས་ཀྱིས་མཚོན་ཆེ་བའི་རྣམ་ཐར་མང་ལ། གཞན་ཡང་སྔ་ཕྱི་ཀུན་ཏུ་རྒྱ་གར་གྱི་རྣལ་འབྱོར་བ་འགའ་ལ་ཟབ་ཆོས་དང་ཕྱི་ནང་གི་རིག་གནས་སྒྲ་སོགས་ཞུས་པས་དགོངས་དོན་ཀུན་མངོན་པར་བྱང་ཆུབ་པའོ། །དེ་ནས་སྔ་གོང་དགུང་ལོ་ཉི་ཤུ་ཉེ་བའི་སྐོར་ལ། འདུལ་འཛིན་ཀུན་དགའ་རྒྱལ་མཚན་གྱིས་མཁན་པོ། བྱམས་པ་ལྷུན་གྲུབ་པས་སློབ་དཔོན། རྗེ་དྲུང་ཀུན་དགའ་སོགས་ལས་ཁ་སྐོང་དང་བཅས་པ་ལས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཤིང་ཕྱི་ལྟར་ཉན་ཐོས་ཀྱི་སྤྱོད་པ་ནང་ལྟར་རྒྱལ་སྲས་བྱང་སེམས་གསང་སྔགས་འཛིན་པ་ཆེན་པོར་གྱུར་ཏོ། ། བླ་མ་དེ་རྣམས་ལ་ཆོས་ཞུ་བའི་དུས་སྔ་ཕྱི་ཅི་རིགས་ཡོད། གཉིས་པ་བར་གྱི་མཛད་ཚུལ་ནི། དེ་ནས་དགུང་ལོ་ཉེར་གཅིག་སྐབས་ཤིག་ནས་བླ་མ་དམ་པ་ཀུན་དགའི་མཚན་ཅན་དང༌། སློབ་དཔོན་རིན་པོ་ཆེའི་བཀའ་བཀོད་ལ་གདན་ས་འཛིན་པ་ཇོ་ནང་དུ་ཕེབས་དགོས་གསུངས་པ་ལྟར་རི་ཁྲོད་ཇོ་ནང་དུ་(སྤྱི་ལོ་༡༥༩༥-རབ་ལོ༡༠.༠༩)ཤིང་མོ་ཕག་ཧོར་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་གཟའ་སྐར་བཟང་བ་ལ་གདན་སར་འཁོད་ཅིང་གསོལ་ཇ་ཕུལ། བྱང་ནས་རྩིས་སྤྲོད་གནང་བ་སོགས་མཐུན་རྐྱེན་ལེགས་པར་བྱུང༌། དེ་ནས་སྐྱིད་ཕུག་ཏུ་མཚམས་ལ་བཞུགས། ལོ་དུས་འཆག་མེད་ཇོ་ནང་དུས་ཁྲིད་ཆེན་མོ་བཙུགས་པས་ཁྲིད་མ་ཐེབས་པ་གཅིག་ཀྱང་མེད་ཧོར་ཟླ་དང་བོའི་ཚེས་དགུ་ལ་ཁྲིད་གཏོར་བྱས་ཐོག་མར་དགེ་བའི་ཁྲིད་ངོ་སྤྲོད་བཅས་རྒྱས་པར་གནང༌། རྒྱ་གར་སློབ་དཔོན་སུ་ནིརྦཱ་ཎ་ཤྲཱི་དང་པུརྞ་བཛྲ་སོགས་ལས་ཟབ་བཀའ་མང་བོའི་གདམས་པ་ནོད་དེ་ཐུགས་བཅུད་རྒྱས། སླར་ཇོ་ནང་སྒྲུབ་མཆོག་སྐབས་དུས་འཁོར་རྡུལ་ཚོན་བཞེངས་སྟེང་ནས་སྒྲུབ་སྡེ་གང་ཡོད་ཡོངས་སྒྲིལ་བདུན་བརྒྱ་ཙམ་ལ་དབང་བཅུ་གཅིག་རྫོགས་པར་བསྐུར། དགུང་གྲངས་ཉེར་དྲུག་སྐོར། རྭ་བསྒྲེང་སོགས་སུ་ཕེབས་སྐབས་འཚོགས་སུ་ཆོས་འབྲེལ་དང་ཁྱད་པར་བྲག་སེང་གེའི་ཞོལ་རྗེ་ཙོང་ཁ་པའི་བཞུགས་ཁྲིའི་སྟེང་ནས་ལམ་རིམ་གསུངས་ཤིང༌། རྒྱ་དཔེ་མེ་ཐུབ་མ་རྣམས་མཇལ་ཚེ་དགྲ་ནག་གི་རྒྱུད་སྐད་གཉིས་ཀྱིས་སྨྲ་བའི་སྤོབས་པ་ཆེ་ཞིང་ཤུགས་མྱུར་བས་རྭ་བསྒྲེང་བ་རྣམས་ངོ་མཚར་བས་བསྔགས་པ་སོགས་བསྟན་འགྲོ་ལ་ཕན་པ་རྒྱ་ཆེར་བྱས་སོ། ། སློབ་དཔོན་རིན་པོ་ཆེ་བྱམས་པའི་ཞལ་བཀོད་དང་བསྟུན་པ་སྐུ་འབུམ་ཞིག་གསོས་གྲུབ་སྐབས་ཉམས་སྣང་ལ། ལུང་བ་གྲུ་གསུམ་དམར་པོ་ཞིག་གི་དབུས་ན་ཤེལ་གྱི་རི་བློས་མི་འགྱུར་འཁྱུད་པ་དེ་ཉིད་མཆོད་རྟེན་བཟང་བོ་དབྱིབས་ཆེ་ཆུང་མ་ངེས་པས་གོ་མཚམས་མེད་པར་གཏམས། མཆོད་རྟེན་རེ་རེ་ལས་སངས་རྒྱས་བྱང་སེམས་དཔག་ཏུ་མེད་པས་ཞུ་བ་ཞུ་ལན་སོགས་ཆོས་སྒྲ་དི་རི་རི་འདུག ནམ་མཁའ་ནས་མེ་ཏོག་གི་ཆར་དང་ཕྱོགས་བཅུ་ནས་སེམས་ཅན་གྲངས་མེད་པས་མཆོད་པ་བྱེད་ཀྱིན་ཐབས་ཅད་ཀྱང་མགྲིན་གཅིག་ཏུ། ཨེ་ཡིག་ལ་ནི་ཝཾ་གནས་ཏེ། །རྒྱལ་བ་ཀུན་གྱི་ཕོ་བྲང་ལ། སངས་རྒྱས་གྲངས་མེད་བདུན་ཅུ་གཉིས། །འཁོར་ནི་བྱེ་བ་བྱེ་བས་བསྐོར། །བདེ་ཆེན་འོད་དཔག་མེད་པའི་ཞིང༌། ། ཞེས་སོགས་གསུངས་ཤིང༌། རི་འདི་ཅི་ཡིན་དྲིས་པས་མཆོད་རྟེན་དཔལ་ཡོན་ཟེར་བའི་སྣང་བ་ཤར་བས་རང་རེ་ཇོ་ནང་བ་རྣམས་རྣམ་དཀར་གྱི་ལེགས་ཚོགས་འཕེལ་བ་ལ་སྐུ་འབུམ་ཆེན་པོ་ཞབས་ཏོག་བྱེད་པ་ལ་རག་ལས་སོ་གསུངས། ལོ་བསྟར་གྱི་དུས་ཁྲིད་མཐར་ཁྲིད་གཏོར་བཅས་མ་འཆག་པར་གནང༌།དགུང་ལོ་ཉེར་དགུ་པའི་དཔྱིད་ལ་ཇོ་ནང་དུ་ཡོད་སྐབས་ཐོ་རེངས་ཤིག་སྤྲིན་གསེབ་ནས་རྗེ་བཙུན་བྱམས་པ་བྱོན་ནས་མཐར་རང་ལ་ཐིམ་སྙམ་པ་ངེད་རང་གིས་ལྷ་ཀླུ་འདྲེ་སྲིན་མང་པོ་ལ་ཆོས་འཆད་ཀྱིན་འདུག་ཉམས་དེ་ཡལ་བ་ན་གཞན་སྟོང་དབུ་མའི་གྲུབ་མཐའ་ལ་ངེས་ཤེས་གཏིང་ནས་རྙེད། ཀུན་མཁྱེན་ཆེན་པོའི་ཞལ་གཟིགས་ཤིང་སྔ་ཕྱིའི་ལུང་བསྟན་མང་དུ་མཛད་པ་དང༌། རྨི་ལམ་གྱི་ངང་ནས་ཤམྦྷ་ལར་ཡང་ཕྱིན་པས་ཡུལ་གྱི་བཀོད་པ་གསལ་བར་མཐོང་བ་དང༌། ཕོ་བྲང་ཀ་ལ་པར་ཕྱིན་པས་ས་བཅུའི་བྱང་ཆུབ་སེམས་དཔའི་སྐུ་རིགས་ལྡན་དང་མཇལ་ཏེ་གསུང་གི་སྣང་བ་བྱུང༌། དེ་ནས་བཟང་ལྡན་ཆོས་སྡེར་ལམ་འབྲས་སོགས་ཟབ་བཀའ་རྒྱ་ཆེ་བ་དང༌། ཇོ་ནང་གི་དུས་ཁྲིད་སྔར་ལས་ལྷག་པ་མཛད་ཅིང༌། འཁོར་ལོ་སྡོམ་པའི་གསང་གསུམ་གྱི་རོལ་པ་མཇལ་བའི་ཉམས་བཟང་དང་བཅས་བསམ་རྩེའི་རྒྱལ་བུའི་སྐུ་གེགས་བསལ་ཏེ་འགྲོ་ཕན་སྤེལ་ཞིང༌། ཉིད་ཀྱི་བླ་མ་བྲག་སྟོད་པའི་གདུང་ཆོག་སོགས་རྣམ་དཀར་གྱི་མཛད་ཆེན་གནང༌། དེ་ནས་དགུང་ལོ་སོ་དྲུག་སྐོར་དུས་ཁྲིད་ཀྱང་བཙུགས་སྐབས་འཛམ་ཐང་པའི་གྲྭ་བ་སོག་པོའི་བླ་མ་སངས་རྒྱས་དཔལ་ཟེར་བ་དཔོན་སློབ་རྣམས་ཕེབས་ནས་ཇོ་ནང་སྒྲུབ་སྡེ་ལ་མང་ཇ་འགྱེད་སོགས་བསྒྲུབས་པ་ལ་དབང་བཀའ་དང༌། ཕུག་གསུམ་པ་རྣམས་ལ་གྲྭ་ཁྲལ་བྱས། ཀུན་མཁྱེན་ཆེན་པོ་ལ་ཟླ་མཆོད་དང༌། གོང་མ་ཡབ་སྲས་གསུམ་ལ་ལོ་མཆོད་བཙུགས། ཕག་ལོའི་དུས་ཁྲིད་སྐབས་བཙུན་གསར་བྱེད་པ་མང་དུ་བྱུང༌། ཁམས་པ་མི་ཉག་པ་ཆོས་ཞུ་བར་གསར་སླེབས་དང༌། འཛམ་ཐང་གི་གྲྭ་རིགས་འགའ་ལ་སྦྱོར་དྲུག་ཅིག་བཙུགས། བཀྲ་ཤིས་འཛོམས་ཀྱི་གྲྭ་གསར་རྣམས་ལ་སྐྲ་བཅད་བྱས། དགུང་གྲངས་སོ་དགུ་ཙམ་དུས་ན་མདོ་ཁམས་བྱང་ངོས་ཕྱོགས་ཀྱི་དགོན་པ་ཉུག་རྗེ་ནས་ཀ་བཞི་རྒྱལ་མཚན་སེང་གེའི་སྐུ་སྐྱེ། ཀ་བཞི་བའི་དབོན་པོ་གཉིས་དང༌། ཁམས་དགོན་པ་བ་དབོན་པོ་ལྷུན་གྲུབ་སོགས་མང་རབ་ལ་ལམ་འབྲས་སྦྱོར་དྲུག་སོགས་དང༌། དབོན་པོ་ལྷུན་གྲུབ་ཀྱིས་བསྐུལ་ནས་སྦྱོར་དྲུག་གི་ཁྲིད་ཡིག་མཐོང་བ་དོན་ལྡན་བརྩམས། ཁོང་ཚོས་ནན་གྱིས་བསྐུལ་ནས་ལུང་རིགས་རྒྱ་མཚོ་དཔོན་གཡོག་རྣམས་ཁམས་ཕྱོགས་སུ་འགྲོ་དོན་ལ་ཕེབས། གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ཀྱིས་ཆོས་གཞིས་དང་ལྷ་འབངས་སོགས་རྒྱ་ཆེར་ཕུལ་ཏེ་ངེས་དོན་གྱི་ཆོས་གཞི་དགོན་གནས་འདེབས་པའི་མཐུན་རྐྱེན་སྒྲུབ་པར་ཞུས་པ་དང༌། ཕྱི་ནང་གི་ས་དཔྱད་སོགས་དགེ་མཚན་དུ་མ་ཚང་བའི་རྫོང་མདུན་དུ་དཔལ་རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་གནས་གཞི་གསར་བཞེངས་བྱེད་པར་རྟེན་འབྲེལ་ལེགས་ཚོགས་དུ་མ་བྱུང་བ་ནས་དགུང་ལོ་ཞེ་གཅིག་ཤིང་མོ་ཡོས་ཀྱི་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུ་གཅིག་ལ་ས་སྦྱངས་བཟུང་རྒྱས་པར་བྱས། གསུམ་པའི་ཚེས་བརྒྱད་ལ་ཐིག་འདེབས་ས་ཆོག་དངོས་གཞི་རྒྱས་པར་དགེ་མཚན་དཔག་ཏུ་མེད་པ་བྱུང༌། དེ་ནས་ལས་གྲྭ་བཙུགས་ཏེ་གཙུག་ལག་ཁང་ཉི་ཤུ་རྩ་གྲངས་གྲྭ་ཁང་བརྒྱ་ཕྲག་ལྕགས་རི་དང་བཅས་པ། ནང་གི་རྟེན་གསུམ་སངས་རྒྱས་རབས་བདུན་སྐུ་ཚད་ཤིན་ཏུ་ཆེ་བ་གསེར་ཟངས་ལས་གྲུབ་པ། ཚེ་དཔག་མེད། སྒྲོལ་མ། ཡུམ་ཆེན་མོ། ཛམ་བྷ་ལ་སོགས་གསེར་ཟངས་ལས་གྲུབ་པ་ཆེ་ཚད་ཕྲ་རྒྱན་སྣ་ཚོགས་ཅན་དང༌། གསེར་ལས་གྲུབ་པའི་འཁོར་ལོ་སྡོམ་པའི་སྐུ་ཞལ་ཕྱག་ཡོངས་རྫོགས་ཚད་ཤིན་ཏུ་ཆེ་བ་དང༌། བདེ་གཤེགས་མཆོད་རྟེན་བརྒྱད་དང༌། རེག་པ་མེད་པའམ་དུས་འཁོར་ནས་བཤད་པའི་མཆོད་རྟེན་རྣམས་གསེར་ཟངས་ཕྲ་ཚོམ་བཟོ་བཀོད་ཁྱད་མཚར་ཅན་དང༌། འོད་དཔག་མེད་པའི་གསེར་སྐུ་ཐོག་ཚད་ཕྱེད་གཉིས་ཅན་རྣམས་དང༌། ཇོ་ནང་དུ་ལྷ་ཁང་གསར་བཞེངས་གསུམ་གྱི་ནང་རྟེན་བྱམས་ཆེན་ཐོག་ཚད་གཉིས་པའི་གཙོས་གསེར་ཟངས་ཀྱི་སྐུ་གཟུགས་དང་སྨན་འདམ་དང་སྤོས་སྐུ་མང་པོ། བཀའ་འབུམ་པོ་ཏི་བཞི་བཅུ་སོགས་སྤར་མང་པོ། བཀའ་བསྟན་བཅོས་འགྱུར་རོ་ཅོག་ཡོངས་རྫོགས་ཚར་གྲངས་མང་པོ་དང༌། གོས་སྐུ་ལེགས་པ་བཅོ་བརྒྱད་ཙམ་སོགས་ངོ་མཚར་པའི་རྟེན་གསུམ་རྣམས་ལ་ཟབ་ཆེན་གནམ་རྒྱན་དང་བུམ་གདན་སོགས་ཆེས་བཟང་བའི་མཆོད་རྫས་རྣམས་ཀྱིས་དྲལ་ཕྱམས་སོགས་མི་མཐོང་ཞིང་མཆོད་རྫས་དང་མཆོད་ཆ་བྱེ་བྲག་དཔག་མེད་གར་འཆམས་ཀྱི་ཆ་ལག་རྒྱན་གོས་དང་གཏོར་འཆམས་ཀྱི་གདོང་བརྙན་སྣ་ཚོགས་རོལ་མོའི་ཚོགས་བརྒྱ་ཕྲག་མང་པོ་དང་བཅས་པ་ལོ་བཅུ་གསུམ་གྱི་ཁོངས་སུ་སྔོན་ཀུན་མཁྱེན་ཆེན་པོས་སྐུ་འབུམ་བཞེངས་སྐབས་ལྟར་ངོ་མཚར་བའི་རྟགས་ཀྱི་མཛད་པ་དང་བཅས་པའི་སྒོ་ནས་ལེགས་པར་གྲུབ་པས་སོ་སྐྱེས་སྤྱོད་ཡུལ་ལས་འདས་པ་ཞིག་གོ ། དེ་མཚམས་སུ་དགུང་གྲངས་ཞེ་གསུམ་སྐོར་སྔར་འཛམ་ཐང་རྒྱལ་བ་སེང་གེའི་སྐུ་སྐྱེ་གཉིས་པའི་ཚུལ་ཏེ་བོན་པོ་ཞུ་ཚང༌། རེ་ཤིང་བའི་ཞལ་ངོ་དྲང་སྲོང་འདི་ཡིན་ཟེར་འདུག་ཅིང་འཁྲུལ་མེད་རང་ཡིན་མིན་ཁོང་ལ་ཐུགས་གསལ་བརྟག་པས་ཡིན་དུ་རུང་ཡང་འཛམ་ཐང་དུ་ཕན་ཐོགས་མི་ཡོང་བའི་ཚུལ་བཀའ་ལུང་གསལ་བས་ལུང་བསྟན་ཀྱང༌། འདིར་མ་ཉན་པར་སྤྱན་འདྲེན་པར་ཨརྒེ་སྐུ་སྐྱེ་དང་གཉེར་པ་རྒྱལ་བ་དཔལ་སོགས་བྱུང་བ་དང༌། ཁམས་པ་ཁྲོམ་ཚུགས་སྐུ་སྐྱེ། སྒང་བ་དབོན་པོ་སྡོམ་ཙ་དབོན་པོ་སོགས་ཁམས་པ་ཉི་ཤུ་རྩ་གྲངས་ལ་སྦྱོར་དྲུག་དང་ཁྲིད་བརྒྱ་སོགས་བཀའ་ཆོས་མང་དུ་གནང༌། སླར་དུས་ཁྲིད་ཀྱང་སྔར་ལྟར་བཙུགས། རེ་ཤིང་བའི་སྐྱེས་ཁམས་ཕྱོགས་སུ་ཕེབས་ཀྱང་སྔར་གྱི་ལུང་བསྟན་ལྟར་སྐྱིད་ཤོད་བྲག་དཀར་དུ་གཤེགས་འདུག སྔར་རྟག་བརྟན་གཙུག་ལག་ཁང་དུ་སངས་རྒྱས་རབས་བདུན་གྱི་སྐུ་གཟུགས་ལེགས་གྲུབ་རབ་གནས་ཐོག་མའི་དགའ་སྟོན་སྐབས་སྡེ་སྲིད་དབུས་ནས་བསམ་འགྲུབ་རྩེར་ཕེབས་ཏེ་ཁོང་ལ་གཡང་ཁྲེའུའི་ཐམ་ཁ་དང༌། མཛོད་པ་ཀུན་དགའ་དཔལ་བཟང་ལ་ཡང་ཙན་དན་དམར་པོའི་རྒྱ་རྟགས་སོགས་གནང༌། དེ་ནས་རིམ་པར་བསྟན་འགྲོའི་དོན་རྒྱ་ཆེར་མཛད་དེ་དགུང་ལོ་ང་བཞི་སྐོར་རྗེ་ཡེ་ཤེས་རྒྱ་མཚོ་ལ་འཁོར་ལོ་སྡོམ་པའི་རྒྱུད་བཤད་ཐུན་མོང་མ་ཡིན་པ་ཞིབ་བཤད་མཛད་དེ་ཟིན་འགྲེལ་ལེགས་པར་བྲིས། གཞན་ཡང་མདོ་སྔགས་ཀྱི་གཞུང་བཤད་དབང་བཀའ་སོགས་ཆོས་ཀྱི་སྒོ་རིམ་གྱིས་ཐང་མར་བརྡལ་བས་གདུལ་བྱ་རྣམས་སྨིན་གྲོལ་ལ་བཀོད། དགུང་ལོ་ང་དགུ་བྱ་ལོའི་ཟླ་བ་གཉིས་པའི་ཉེར་བཞི་ལ་ཕྱག་མཛོད་ཀུན་དགའ་དཔལ་བཟང་སྐུ་མ་འཚོ་སྟབས་ཐུགས་ཁུར་ཆེར་བཞེས་ཡོད་པས་རྗེ་བཙུན་འཕྲིན་ལས་དབང་མོ་ལ་ཞལ་འཕྲོས་དང་བཀོད་པ་མང་དུ་གནང༌། ཁོང་གི་སྔ་སོར་འཐུང་ཕོར་ཤིང་ཀ་བ་གཅིག་ལ་གཤིན་རྗེའི་སྐུ་རང་བྱོན་ཅིག་བྱུང༌། དེ་ཚོའི་རྗེས་ཅིག་ལ་ཆོས་རྒྱལ་ལས་ཀྱི་གཤིན་རྗེའི་མན་ངག་ཐམས་ཅད་ནག་པོ་འགྲོ་ཤེས་སུ་བྱས་ཤིང་མཇུག་ཏུ་ཆོས་ཀྱི་རྒྱལ་པོའི་རྟོག་པ་ལ་ཡང་དཀའ་འགྲེལ་གོ་བདེ་ངང་བཅས་པ་ཅིག་བརྩམས། འདི་སྐབས་གསལ་སྣང་ལ་དམ་ཅན་ཆོས་ཀྱི་རྒྱལ་པོ་ད་ལྟ་རང་འདི་ན་ཕེབས་ཡོད། ཡུམ་ཨེན་ཙམ་ཕེབས་མ་བྱུང་ཟེར་བས་ལྕམ་དྲལ་གཉིས་ལ་ཇ་གྲལ་དང་མགྲོན་གཏོང་རྒྱུའི་ཁུངས་བྱེད་པ་གསལ་བོར་བྱུང༌། འདི་སྐོར་ཞིག་ལ་མདོ་སྨད་པ་དཔོན་པོ་ལྷུན་གྲུབ་རྒྱ་མཚོ་ལ་གུར་མགོན་ཁྲོ་བཅུའི་བསྲུང་འཁོར་རྡོ་རྗེ་བྲག་རྫོང་མའི་ཁྲིད་ཡིག་འདུས་གསལ་ཚང་བ་དང་ཕྱག་ལེན་བཅས་གནང་བ་ཡིན་ལ། སྤྱིར་རྗེ་བཙུན་རིན་པོ་ཆེས་སྟོན་པའི་མཛད་བརྒྱ། རྒྱ་གར་ཆོས་འབྱུང་སོགས་པཎ་གྲུབ་མང་པོའི་རྣམ་ཐར་དང༌། ཤེར་སྙིང༌། བཟང་སྤྱོད་ཀྱི་འགྲེལ་བ་སོགས་མདོ་ཕྱོགས་སྤྱིའི་རྣམ་བཤད་དུ་མ་དང༌། ཁྱད་པར་ཐེག་མཆོག་རྒྱས་པའི་དབུ་མ་སོགས་གཞན་སྟོང་གི་ལྟ་གྲུབ་སྐོར་དང༌། དུས་འཁོར་བདེ་གསང་འཇིགས་གསུམ་སོགས་གསང་སྔགས་རྒྱུད་སྡེའི་ཆོ་ག་མང་པོ་དང༌། དུས་འཁོར་བདེ་གསང་གི་བསྐྱེད་རྫོགས་ཀྱི་རྣམ་བཤད་སོགས་སྔགས་ཀྱི་གཞུང་འགྲེལ་མང་བོ་དང་ཐ་ན་བསྟོད་ཚོགས་སྨོན་ལམ་སོགས་ཀྱིས་མཚོན་གྲངས་ཡོངས་སྡོམ་པོ་ཏི་བཅུ་ཕྲག་བཞི་ལྷག་གི་གསུང་རབ་མཛད་པའི་སྒོ་ནས་མདོ་སྔགས་སྤྱི་དང་ཁྱད་པར་ངེས་དོན་དབུ་མ་ཆེན་མོ་རྗེ་རྒྱལ་བ་གཉིས་པ་ཇོ་ནང་པའི་དགོངས་བཞེད་ལྟར་ལེགས་པར་གསལ་བར་བྱས་ཏེ་དར་རྒྱས་སུ་མཛད། ཉིད་ཀྱི་སྐུ་འཕྲེང་རིམ་བྱོན་ལ་འཕྲིན་ལས་ཀྱི་མཛད་སྒོ་བྲན་ལྟར་བྱེད་པའི་ཆོས་སྐྱོང་དཔལ་མགོན་དྲཀྴད་དང༌། གནོད་སྦྱིན་ཀྵེ་དྲ་པ་ལ། བྲག་རམ་པ་བག་ཙེ་ལྕམ་སྲིང༌། མ་ཅིག་ནགས་སྨན་རྒྱལ་མོ། ཆེ་བཙན་བྲག་རྗེ། མདངས་དཀར་བྲག་བཙན། རྩེ་ཆེན་བཟང་ར་ལ་སོགས་པས་བཀའ་ཚུལ་བཞིན་བསྒྲུབ་ཅིང༌། དཔལ་འཁོར་བདེ་ཆེན། རྩེ་ཆེན་ཤུག་ཁྲོད། འཇག བསམ་སྡིངས། ཐར་པ་གླིང༌། རྟག་བརྟན་ཆོས་འཕེལ་སོགས་སྡེའི་ཞལ་བདག་དང༌། དབུས་གཙང་གི་གྲུབ་མཐའ་རིས་མེད་ཀྱི་ཆོས་སྡེ་ཕལ་ཆེར་འཛིན་སྐྱོང་ལེགས་པར་མཛད། གཙང་སྡེ་སྲིད་ཀུན་དགའ་རབ་བརྟན་དབང་གི་རྒྱལ་པོའི་བཀའ་བཀོད་གནང་བ།ཕྱག་མཛོད་ལ་ཁོང་གི་སྐུ་དབོན་རྭ་བ་ཀུན་དགའ་བསྟན་པ་བསྐོ་བཞག་མཛད་དོ། ། གསུམ་པ་ཐ་མའི་མཛད་ཚུལ་ནི། རྗེ་བཙུན་རིན་པོ་ཆེ་གང་ཉིད་ཀྱིས། རྗེ་བཙུན་འཕྲིན་ལས་དབང་མོ་དང་བུ་སློབ་རྣམས་ལ་མ་འོངས་ལུང་བསྟན་དང་བསྟན་པའི་འཕེལ་འགྲིབ་རྒྱལ་ཁམས་འགྱུར་ལྡོག་སོགས་གསུངས་ཤིང༌། རྟག་བརྟན་དམ་ཆོས་གླིང་ངེས་དོན་དགའ་བའི་ཚལ་གྱི་གདན་ས་འཇམ་དབྱངས་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་ལ་གཏད་ནས་ཆོས་ལུང་རྩེའི་སྒྲུབ་སྡེར་བཀའ་ཆོས་དང་ཇོ་ནང་དུ་བཀའ་ཆོས་ད་རེས་མ་གཏོགས་མི་འཆད་གསུངས་པ་སོགས་ཇོ་ནང་དུས་ཁྲིད་ཕྱག་ལེན་ལྟར་གནང་སྟེ། ད་བློ་བདེ་སྤྲུལ་སྐུ་སངས་རྒྱས་རྒྱ་མཚོ་རིན་པོ་ཆེ་རྟག་བརྟན་གདན་ས་ལ་བཀོད་ཟིན་ཀྱང་རང་རེ་འདས་ནས་ཟར་ཟིར་ཞིག་ཡོང་འདུག སྤྱིར་ཐུགས་རབ་རྒྱ་ཆེ་བ་དང་སྤྱི་མ་མཐུན་རུང་རྩེ་ནས་དགོངས་པ་མེད་འདུག་རང་དང་གཙང་སྡེ་སྲིད་གཉིས་བློ་རྩེ་གཅིག་པ་འདི་ཁ་ཡིན་པས་ད་ཁུར་ཡང་དུ་སོང་བས་ད་ལོ་མ་གཏོགས་དུས་ཁྲིད་ཀྱང་མ་བྱས་པས་ཡོང་འདུག་ད་ནི་རྩོམ་པ་འདི་འདྲ་ཡང་བསྐུལ་བ་པོའི་ངོ་མ་ཆོག་པ་ཙམ་ལས་གང་ཡང་མི་བྱེད་པར་སྡོད་པ་འདི་དགའ་འམ་བསམ། ཞེས་པ་ལྟ་བུའི་གསུངས་ཟུར་བྱུང༌། འཕྲིན་ལས་དབང་མོ་ནས། སྤྱིར་བསྟན་པ་དང་སྒོས་སུ་ངེས་དོན་གྱི་བསྟན་པ་ལ་དགོངས་ཏེ་སྐུ་ཚེ་བརྟན་པ་དང་སླར་ཡང་སྐུ་སྐྱེ་ཡང་འདི་རང་གི་བསྟན་པ་ལ་ཕན་པ་ཅིག་རང་ཐུགས་རྗེས་འཛིན་དགོས་ཞུས་ཀྱང༌། བཀའ་ལས། ཐམས་ཅད་བློ་རྩེ་གཅིག་པས་གསོལ་བ་འདེབས་ནུས་ཤིང་རྟེན་འབྲེལ་བསྒྱུར་ཕྱོགས་ཤེས་ན་ད་དུང་འདིའི་བསྟན་པ་ལ་ཕན་པའང་སྲིད་གསུངས། དེ་ལྟར་བསྟན་འགྲོའི་དོན་རྒྱ་ཆེར་གྲུབ་ནས་དགུང་གྲངས་རེ་གཅིག་བཞེས་པ་(སྤྱི་ལོ་༡༦༣༥-རབ་ལོ༡༡.༠༩)ཤིང་མོ་ཕག་ལོའི་ནག་པ་ཟླ་བའི་ཉེར་བརྒྱད་ལ་གཞན་དོན་དུ་དགོངས་ནས་སྨན་པའི་རྒྱལ་པོའི་ཞིང་དུ་གཤེགས། ཆོས་སྡེ་དང་སྒྲུབ་སྡེའི་བུ་སློབ་རྣམས་དང༌། སྡེ་བདག་དད་ལྡན་སོ་སོ་ནས་མཆོད་པ་དང་བསགས་སྦྱངས་ལ་དམིགས་པའི་ཚོགས་རྒྱ་ཆེན་པོ་བསགས། འཕྲིན་ལས་ཀྱི་རྒྱུན་སྐྱོང་བུ་སློབ་བསམ་མི་ཁྱབ་པ་ལས་རང་ལུགས་འཛིན་པ་སྤྲུལ་སངས་རྒྱས་རྒྱ་མཚོ། མཁས་དབང་ཡེ་ཤེས་རྒྱ་མཚོ། མཁན་ཆེན་རིན་ཆེན་རྒྱ་མཚོ། མཁས་གྲུབ་བློ་གྲོས་རྣམ་རྒྱལ་རྣམས་དང༌། གཞན་ཡང་སྒམ་པོ་སྤྲུལ་སྐུ། ཆོས་རྗེ་ངག་དབང་པ། བླ་མ་ཆུ་བོ་ཆུང་བའི་སྐུ་སྐྱེས། རྗེ་ཉིད་ཀྱི་མཁན་ཀུན་དགའ་བཀྲ་ཤིས་རྒྱལ་མཚན། སྤྲུལ་སྐུ་ངག་གི་དབང་པོ། དྲེ་བོ་སྤྲུལ་སྐུ། ཞབས་དྲུང་བླ་མའི་དྲུང༌། ཆོས་རྗེ་རིན་སྟེངས་པ། དུས་འཁོར་ཤར་ཆེན་པ། ཆོས་རྗེ་ལྷ་འོ་པ་སོགས་དང༌། དགེ་སློང་སྙིང་པོ་མཐའ་ཡས། བྱམས་པ་ཡོན་ཏན་མགོན་པོ། ངག་དབང་ཀུན་དགའ་བསོད་ནམས།ཀུན་དགའ་འཕྲིན་ལས་དབང་མོ། གཙང་གི་རྒྱལ་སྲས་ཀུན་དགའ་བསྟན་པའི་རྒྱལ་མཚན་སོགས་མཐའ་ཡས་པའི་ནང་གི་འདིར་སྨོས་ལས་གོང་འོག་རྣམས་རང་ལུགས་གཙོ་བོར་འཛིན་པའོ། ། བསྟན་པའི་སྦྱིན་བདག་ཡང་གཙང་སྡེ་སྲིད་ཕུན་ཚོགས་རྣམ་རྒྱལ་ཡབ་སྲས།བྱང་བདག་བཀྲ་ཤིས་སྟོབས་རྒྱས། ཡར་འབྲོག་བསྟན་འཛིན་མི་འགྱུར་དབང་གི་རྒྱལ་བོ་སོགས་མངའ་ཐང་ལས་ཤུགས་བསམ་གྱིས་མི་ཁྱབ་པ་མང་པོས་གུས་འདུད་བྱེད་པའོ། ། དེ་དག་གིས་རྗེ་བཙུན་གྱི་རྣམ་མཐར་མདོ་ཙམ་སོང་ཟིན་ཏོ། །སྨྲས་པ། ཆུ་འཛིན་དང་བྲལ་མཐོ་རིས་ལམ་བཟང་དུ། །སྣང་བརྒྱའི་འཁོར་ཡུག་ཕྱོགས་བརྒྱར་བཀྲ་བ་ལྟར། །ཆེར་སྙིགས་མིག་སྨན་བཞིན་མདངས་གནག་ངོམས་ཚེ། །ངེས་གསང་སྣང་བའི་འཛུམ་སྟོང་བཞད་འདི་མཚར། །འཇམ་མགོན་དགོངས་བཟང་ཀུན་གསལ་དོ་ར་ནས། །ལེགས་བཤད་བཅུ་གཉིས་བདག་པོའི་གཟི་འོད་ཀྱིས། །ཀུན་མཁྱེན་དགོངས་བཞེད་འདབ་སྟོང་བཀྲོལ་མཛད་པ། །སྨྲ་དབང་བསྟན་པའི་གསལ་བྱེད་ཁྱོད་དུ་ངེས། །ཐེག་མཆོག་དགོས་འདོད་ཀུན་འབྱུང་ཡིད་བཞིན་དབང༌། །བཤད་སྒྲུབ་རྒྱལ་མཚན་ཏོག་ཏུ་ལེགས་མཆོད་དེ། །སྐལ་བཟང་སྐྱེ་དགུའི་རེ་སྐོང་དབང་གི་རྒྱལ། །ཀུན་དགའ་སྙིང་པོ་སྲས་བཅས་རྒྱལ་གྱུར་ཅིག །ཅེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།ཞེས་བརྒྱུད་པའི་བླ་མ་སོགས་ཀྱི་རྣམ་ཐར་འདི་ནི་དངོས་གྲུབ་དཔལ་གྱིས་དཔལ་ལྡན་ཇོ་ནང་བའི་ཆོས་འབྱུང་ཟླ་བའི་སྒྲོན་མེ་ལས་ཁོལ་དུ་བྱུང་བའོ། །

ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་གྱི་གསོལ་འདེབས་དཔག་བསམ་ལྗོན་ཤིང་།

ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་གྱི་གསོལ་འདེབས་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

ཐེག་མཆོག་གདམས་ངག་སྟོན་ལ་དབང་འབྱོར་ཞིང༌། །ཟབ་རྒྱས་ཆོས་ཀྱི་བཤད་སྒྲུབ་དགའ་སྟོན་སྤེལ། །སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །བྱང་ཆུབ་སྙིང་པོའི་བར་དུ་གསོལ་བ་འདེབས། །བདག་ནི་སྐྱེ་བ་འདི་དང་ཚེ་རབས་ཀུན། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །གསང་ཆེན་ལམ་གྱི་ཉམས་དང་རྟོགས་པ་ཀུན། །མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཐོབ་ཤོག །དགེ་བ་འདི་ཡིས་མྱུར་དུ་བདག །རྗེ་བཙུན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་ཁྱབ་བདག་རྡོ་རྗེ་འཆང་ངག་དབང་བཤད་སྒྲུབ་དཔལ་གྱི་གསོལ་འདེབས་འདི་ནི་འདྲེན་པ་གང་གི་སློབ་བུ་དངོས་གྲུབ་དཔལ་གྱི་དད་གུས་ཀྱིས་སྦྱར་བའོ། །

ཞབས་བརྟན་ཕྱོགས་ལས་རྣམ་རྒྱལ།

ཞབས་བརྟན་ཕྱོགས་ལས་རྣམ་རྒྱལ་ཞེས་བྱ་བ་བཞུགས་སོ། །

ང༷ག་གི་དབ༷ང་ཕྱུག་ངུར་སྨྲིག་རོལ་བའི་གར། །ས༷ངས་རྒྱས༷་ཀུན་འདུས་མཚུངས་མེད་རིན་པོ་ཆེ། །འགྲོ་བའི་བདེ་སྐྱིད་བསོད་ནམས་དཔལ་གྱི་ཞིང༌། །ཚེ་ཡི་མི་མཐུན་ཀུན་ལས་རྣམ་རྒྱལ་ཤོག །ཅེས་པ་འདི་ནི་དཔལ་ལྡན་རྒྱ་མཚོ་དང་འོད་གསལ་གཉིས་ཀྱིས་བསྐུལ་ངོར་དངོས་གྲུབ་དཔལ་ནས་བྲིས་པའོ། །

ཞབས་བརྟན་འགྱུར་མེད་བདེ་ཆེན།

ཞབས་བརྟན་འགྱུར་མེད་བདེ་ཆེན་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །ཞི་བསིལ་དམ་ཆོས་ལུང་རྟོགས་རྀན་པོ་ཆེ། །རིག་གྲོལ་གཉིས་ལྡན་འཕགས་པའི་ཚོགས་རྣམས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ། །ངོ་མཚར་སྒྱུ་འཕྲུལ་དྲ་བའི་རོལ་གར་ལས། །དེང་འདིར་མཆོག་གསུམ་འདུས་པའི་རྡོ་རྗེ་འཛིན། །ཟབ་གསང་ཆོས་ཀྱི་བདུད་རྩིའི་དགའ་སྟོན་འགྱེད། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པར་ཤོག །དགེ་ལེགས་འདོད་དགུར་འཇོ་བའི་ནོར་བུ་ཡི། །མི་ཤིགས་རླུང་སེམས་འགྱུར་མེད་བདེ་སྟོང་ལས། །རྣམ་གྲོལ་ཡང་དག་ཆོས་ཀྱི་གཏེར་བརྒྱ་བརྡོལ། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པར་ཤོག །ལྷ་དང་བླ་མས་དངོས་སུ་རྗེས་བཟུང་ཞིང༌། །ཉམས་རྟོགས་ཀློང་དུ་བརྡོལ་བའི་ངོ་མཚར་གཏམ། །སྦས་པའི་གསང་བ་ཟད་མེད་རིན་ཆེན་གཏེར། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པར་ཤོག །མི་ཟད་གདམས་ང༷ག་དཔལ་ལ་དབ༷ང་འབྱོར་བ། །རྨད་བྱུང་བསོ༷ད་ན༷མས་དཔལ་ལས་ལེགས་འཁྲུངས་པའི། །སྐལ་བ་བཟ༷ང་པོ༷་རྫོགས་ལྡན་གསར་བའི་དཔྱིད། །རྗེ་བཙུན་བླ་མའི་ཞབས་པད་བརྟན་པར་ཤོག །དེ་ལྟར་སྨོན་པས་རྗེ་བཙུན་བླ་མ་ཡི། །མཛད་འཕྲིན་འོད་སྣང་ཕྱོགས་བཅུར་རྒྱས་པ་དང༌། །བཤེས་གཉེན་ཁྱེད་དང་སྐད་ཅིག་མི་འབྲལ་བར། །གསུང་གི་དམ་ཆོས་དཔལ་ལ་སྤྱོད་པར་ཤོག །ཅེས་ཞབས་བརྟན་འགྱུར་མེད་བདེ་ཆེན་ཞེས་བྱ་བ་འདི་ཉིད་གྲྭ་བཙུན་པ་ངག་དབང་རྒྱ་མཚོ་ནས་དར་བཅས་སྐུལ་ངོར་སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་ཟླ་ཚེས་བཟང་པོ་ལ་བྲིས་པའོ། །སརྦ་མངྒ་ལམ། །

ཞབས་བརྟན་གསོལ་འདེབས་བདུད་རྩིའི་ཆུ་གཏེར།

ཞབས་བརྟན་གསོལ་འདེབས་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། ཕུལ་བྱུང་འཆི་མེད་ཚེ་ཡི་ལྷ་མཆོག་གི །གསང་གསུམ་སྒྱུ་འཕྲུལ་འདོད་འབྱུང་དཔག་བསམ་ལས། །རྗེ་བཙུན་བླ་མའི་སྐུ་ཚེ་བསྐལ་བརྒྱའི་བར། །མི་འཇིག་ཚེ་ཡི་དངོས་གྲུབ་སྩལ་ཏུ་གསོལ། །འཇི༷གས་མེ༷ད་རྒྱལ་བསྟན་དཔལ་ལ་ལོངས་སྤྱོད་པའི། །གསང་བདག་རྡོ༷་རྗེ༷་འཛིན་པ་ངུར་སྨྲིག་གར། །ངེས་དོན་བསྟན་པ་འཛིན་པའི་དབང་པོ་མཆོག །ཞབས་པད་སྲིད་མཐའི་བར་དུ་བརྟན་དུ་གསོལ། །གདམས་ང༵ག་ངེས་གསང་ཆོས་ལ་དབ༵ང་བསྒྱུར་བ། །འཇི༵གས་མེ༵ད་བདེན་གསུང་དམ་ཆོས་ཚངས་པའི་དབྱངས། །གསང་གསུམ་མི་འགྱུར་རྡོ༵་རྗེ༵འི་ཁམས་བརྟན་ཞིང༌། །མཛད་འཕྲིན་འོད་སྣང་ཕྱོགས་ཀུན་ཁྱབ་པར་ཤོག །ཅེས་ཞབས་བརྟན་གསོལ་འདེབས་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་འདི་ཏཱ་རེ་སྐྱབས་ཀྱིས་སྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། ། མངྒ་ལམ། །

ཞབས་བརྟན་ཡིད་བཞིན་འདོད་འབྱུང་།

ཞབས་བརྟན་ཡིད་བཞིན་འདོད་འབྱུང་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། དངོས་གྲུབ་ཀུན་འབྱུང་དཔ༵ལ་ལྡན་བླ་མ་མཆོག །བདག་གི་སྤྱི་གཙུག་རྟག་པར་ལེགས་བཞུགས་ནས། །བྱིན་རླབས་རྒྱུན་མི་འཆད་པའི་ཐུགས་རྗེ་ཅན། །ཉམས་རྟོགས་ཡོན་ཏན་འཕེ༵ལ་བའི་དངོས་གྲུབ་སྩོལ། །ཅེས་པ་འདི་ནི་རྒྱལ་རོང་བ་འགྲོ་བཟང་སྐྱབས་ཀྱིས་བྱ་བྲལ་བ་དཔལ་འཕེལ་གྱི་གསོལ་འདེབས་ཞིག་དགོས་ཞེས་དར་བཅས་སྐུལ་ངོར་སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

རྗེས་དྲན་ཟབ་གསང་ཆོས་ཀྱི་མཛོད་འཛིན།

རྗེས་དྲན་ཟབ་གསང་ཆོས་ཀྱི་མཛོད་འཛིན་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། ང༷ག་གི་དབ༷ང་ཕྱུག་སྐལ་བཟང་གདུལ་བྱའི་གཉེན། །མདོ་སྔགས་ཆོ༷ས་ཀྱི༷་ཟབ་གསང་མཛོ༷ད་འཛི༷ན་པ། །རྒྱལ་ཀུན་རང་གཟུགས་ངུར་སྨྲིག་རྣམ་རོལ་བའི། །ངེས་དོན་བསྟན་པ་མཛེས་པའི་དཔལ་དུ་གྲུབ། །རྨད་བྱུང་ལྷག་བསམ་ཐུགས་བསྐྱེད་འོ་མཚོ་ལས། །རྨད་བྱུང་ཟབ་ཆོས་ལེགས་བཤད་སྐྱེད་མོའི་ཚལ། །རྨད་བྱུང་ཉམས་རྟོགས་ཡོན་ཏན་འབྲས་བཟང་བཞད། །རྨད་བྱུང་ཆོ༷ས་ཀྱི༷་མཛོ༷ད་འཛི༷ན་དྲིན་ཅན་རྗེ། །ཆོས་སྐུ་དོན་དམ་དབྱིངས་ཀྱི་ཡེ་ཤེས་སུ། །གཟུགས་སྐུ་རེ་ཞིག་བསྡུ་བའི་ཚུལ་བསྟན་ཀྱང༌། །སླར་ཡང་ཐུགས་བསྐྱེད་དུས་ལས་ཡོལ་མེད་པར། །སྤྲུལ་བའི་སྒྱུ་འཕྲུལ་རྒྱུན་མི་འཆད་པར་སྨོན། །བདག་ཅག་དེང་ནས་ཚེ་རབས་ཀུན་ཏུ་ཡང༌། །མཚུངས་མེད་ཁྱེད་ཀྱིས་རྟག་ཏུ་རྗེས་བཟུང་སྟེ། །ཟབ་ལམ་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང༌། །གཞི་དབྱིངས་བདེ་གཤེགས་སྙིང་པོ་མངོན་གྱུར་ཤོག །ཅེས་བྱ་བ་འདི་ཡང་བྱ་ཡུལ་དགོན་གྱི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་མཛོད་འཛིན་གྱི་རྗེས་དྲན་དུ་འབྲས་རབ་འབྱམས་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

རྗེས་དྲན་དད་པའི་རང་མདངས།

རྗེས་དྲན་དད་པའི་རང་མདངས་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་གུ་ཎ་བྷ་དྲ་ཡ། །གདོད་མའི་དུས་ནས་མངོན་རྫོགས་བྱང་ཆུབ་ཀྱང༌། །སྐལ་བཟང་འགྲོ་བའི་རེ་བ་སྐོང་བའི་ཕྱིར། །བསླབ་གསུམ་རྒྱན་གྱིས་མཛེས་པའི་རྣམ་རོལ་བ། །མཚུངས་མེད་ཡོན་ཏན་བཟང་བོས་དཔལ་འདི་སྐྱོངས། །སྡེ་སྣོད་གསུམ་གྱི་ངག་ལ་དབང་འབྱོར་ཞིང༌། །ལུང་རྟོགས་ཡོན་ཏན་བཟང་པོའི་ནོར་གྱིས་ཕྱུག །བསླབ་གསུམ་རྒྱན་གྱིས་མཛེས་པའི་ངུར་སྨྲིག་གར། །མགོན་གང་མཁས་གྲུབ་བྱེ་བའི་གཙུག་ན་མཛེས། །ངེས་གསང་ཐུབ་བསྟན་རིན་ཆེན་བཅུད་ལྡན་མ། །སྙིགས་དུས་རྒྱ་མཚོའི་ཀླུང་དུ་སིམ་པའི་ཚེ། །ཐབས་མཁས་ཁྱབ་འཇུག་སྒྱུ་འཕྲུལ་སྣ་ཚོགས་ཀྱིས། །ལེགས་པར་འདེགས་མཁས་ངེས་དོན་བསྟན་པའི་གཉེན། །ངེས་དོན་སྙིང་པོའི་ཆོས་སྒྲ་སྒྲོགས་པའི་དགོན། །གདུལ་བྱ་པད་དཀར་བཀྲ་བའི་ནགས་ཀློང་ན། །འཁྲུལ་བྲལ་ལུང་རིགས་སྙན་པའི་གསུང་དབྱངས་ཀྱིས། །ངེས་དོན་མདོ་ཡི་དགོངས་དོན་ཕྱོགས་བརྒྱར་སྤེལ། །རིང་ནས་ཐུགས་བསྐྱེད་རླབས་འཕྲེང་ཡོལ་མེད་པར། །ཐུབ་བསྟན་སྙིང་བོ་གསལ་བའི་ཁྲི་གདུགས་མཆོག །སླར་ཡང་ཐུབ་བསྟན་སྤེལ་ལ་ཟླ་བྲལ་ཞིག །རིང་མིན་བསྟན་འགྲོའི་མགོན་དུ་བརྩེ་བས་དགོངས། །དེ་ལྟར་གསོལ་བཏབ་དགེ་བའི་རྣམ་དཀར་ལས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །འདྲེན་མཆོག་གང་གི་བྱམས་དང་བརྩེ་བ་ཡིས། །རྗེས་བཟུང་དོན་དམ་བྱང་ཆུབ་མྱུར་མངོན་ཤོག །ཅེས་པ་འདི་ནི་ངེས་དོན་དགའ་ཚལ་གྱི་དེབ་བསྐྲུན་སྐབས་རྗེ་བླ་མ་ཡོན་ཏན་བཟང་པོའི་རྗེས་དྲན་དུ་ཕྲན་ཐ་ཤལ་བ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

སྤྲུལ་སྐུ་མྱུར་བྱོན་འཕྲིན་ལས་འོད་སྣང་།

སྤྲུལ་སྐུ་མྱུར་བྱོན་འཕྲིན་ལས་འོད་སྣང་ཞེས་བྱ་བ་བཞུགས་སོ། །

ན་མོ་ཨཱརྱ་ཏཱ་རེ་ཡ། དུས་གསུམ་རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་ཡི། །ཕྱི་ནང་གསང་གསུམ་ཐུགས་རྗེའི་ནུས་མཐུ་ཡིས། །རྒྱལ་ཀུན་འདུས་པའི་དཔལ་ལྡན་བླ་མ་ཡི། །མཛད་འཕྲིན་འོད་སྣང་གསལ་བའི་དགེ་ལེགས་སྩོལ། །རྨད་བྱུང་ཐུགས་བསྐྱེད་དུས་ལས་ཡོལ་མེད་པར། །སྤྲུལ་བའི་སྒྱུ་འཕྲུལ་ངུར་སྨྲིག་རོལ་བའི་གར། །སྐྱེས་སྦྱང་ཡོན་ཏན་མཆོག་ལ་ཟླ་བྲལ་བ། །དེང་འདིར་མངོན་པར་འཆར་བའི་དགེ་ལེགས་སྩོལ། །ངེས་དོན་སྙིང་པོའི་རྒྱལ་བསྟན་པད་མའི་ཚལ། །དར་ཞིང་རྒྱས་ལ་ཡུན་རིང་གནས་སླད་དུ། །སྐྱེ་སྤྲུལ་གཞོན་ནུ་གསར་བ་པད་མའི་གཉེན། །དེང་འདིར་མངོན་པར་འཆར་བའི་དགེ་ལེགས་སྩོལ། །བསོད་ནམས་ལེགས་བྱས་ཆུ་གཏེར་ལས་འཁྲུངས་པའི། །རྣམ་གྲོལ་ལམ་བཟང་གསལ་བའི་སྒྲོན་མེ་མཆོག །ལེགས་བཤད་འོད་ཀྱིས་འགྲོ་ཀུན་མུན་སེལ་བའི། །སྤྲུལ་བའི་འོད་སྟོང་རྒྱུན་མི་འཆད་པར་སྨོན། །ཀུན་ལ་སྙོམས་པའི་ཐུགས་རྗེའི་འོད་དཀར་ཆ། །ཡོངས་སུ་རྫོགས་པའི་མཚུངས་མེད་རིན་པོ་ཆེ། །བསྟན་འགྲོའི་དོན་ཆེན་སྒྲུབ་ལ་ཉེར་དགོངས་ནས། །སྤྲུལ་བའི་ཟློས་གར་མྱུར་དུ་མཇལ་བར་སྨོན། །གཞོན་ནུ་གཟུགས་བཟང་མཚན་དཔེས་རབ་བརྒྱན་པའི། །བློ་གསལ་རིགས་བཟང་མཐུ་སྟོབས་ནུས་པའི་བདག །བསླབ་གསུམ་རྒྱན་གྱི་མཆོག་ཏུ་རོལ་བ་ཡི། །སྤྲུལ་བའི་ཐུགས་རྗེའི་གྲུ་ཆར་འཇོ་བར་ཤོག །ལེགས་བྱས་དགེ་ཚོགས་ཇི་སྙེད་མཆིས་པ་ཡིས། །མཚན་ལྡན་བླ་མའི་མཛད་འཕྲིན་རྒྱས་པ་དང༌། །བུ་སློབ་ཚོགས་ཀྱི་དམ་ཚིག་རབ་བརྟན་ཅིང༌། །ངེས་དོན་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་སྤྲུལ་སྐུ་མྱུར་བྱོན་འཕྲིན་ལས་འོད་སྣང་ཞེས་བྱ་བ་འདི་ནི་འཛམ་ཐང་བ་གྲྭ་བཙུན་པ་ཤེས་རབ་སོགས་ཀྱིས་དར་བཅས་སྐུལ་ངོར་སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །ཛ་ཡནྟུ།

ཞབས་བརྟན་གསོལ་འདེབས་འཆི་མེད་རྟག་བརྟན།

ཞབས་བརྟན་གསོལ་འདེབས་འཆི་མེད་རྟག་བརྟན་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། རྨད་བྱུང་སྐུ་བཞིའི་མི་འཇིགས་ལྷུན་པོ་ལ། །འཆི་མེད་ཚེ་ཡི་དཔལ་ན་མངོན་མཐོ་བའི། །ཚེ་ཡི་ལྷ་མཆོག་རྣམས་ཀྱི་དགེ་ལེགས་ཀྱིས། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །གསང་བདག་སྒྱུ་འཕྲུལ་མར་མེ་གཅིག་ཉིད་ལས། །རང་འདྲ་ཆད་པའི་ངུར་སྨྲིག་རྣམ་རོལ་བའི། །དམ་ཆོས་བདུད་རྩིའི་རྩེ་དགའ་འགྱེད་པ་ཡི། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །བསོད་ནམས་འོ་མའི་རྒྱ་མཚོ་འཕྱུར་བ་ལས། །རྒྱལ་བསྟན་རྒྱ་མཚོའི་གསང་མཛོད་འཛིན་པ་ལ། །རླབས་ཆེན་མཛད་པའི་ནོར་བུའི་གཏེར་བརྡོལ་བའི། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །འཇི༵གས་མེ༵ད་བདེན་གསུང་དམ་ཆོས་ནཱ་དའི་གླུ། །སྙན་དགུར་ལེན་པས་རྒྱལ་བ་རྒྱ་མཚོ་ཡི། །ཟབ་ལམ་རྡོ༵་རྗེ༵འི་སྙིང་པོ་ཐང་མལ་བརྡལ། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། །དབང་ལུང་མན་ངག་བདུད་རྩིའི་ཆུ་རྒྱུན་གྱིས། །སྐལ་བཟང་གདུལ་བྱའི་རེ་སྐོང་དཔག་བསམ་ཤིང༌། །དགོས་འདོད་ཀུན་འབྱུང་རྗེ་བཙུན་བླ་མ་ཡི། །སྐུ་ཚེ་མི་འགྱུར་བསྐལ་བརྒྱར་ཞབས་བརྟན་ཤོག །གདམས་ང༵ག་ཆོས་ཀྱི་དཔལ་ལ་དབ༵ང་བསྒྱུར་བ། །འཇི༵གས་མེ༵ད་རྒྱལ་བསྟན་འཛིན་པའི་མངའ་བདག་མཆོག །གསང་གསུམ་མི་འགྱུར་རྡོ༵་རྗེ༵འི་ཁམས་བརྟན་ནས། །མཛད་འཕྲིན་འོད་སྣང་ཕྱོགས་བཅུར་རྒྱས་པར་ཤོག །ཅེས་ཞབས་བརྟན་གསོལ་འདེབས་འཆི་མེད་རྟག་བརྟན་ཞེས་པ་འདི་ནི་ངག་དབང་ཀུན་དགའ་རྒྱལ་མཚན་གྱིས་དར་བཅས་སྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །རྒྱལ་བར་གྱུར་ཅིག །

ཞབས་བརྟན་གསོལ་འདེབས་འཆི་མེད་གཏེར་མཛོད།

ཞབས་བརྟན་གསོལ་འདེབས་འཆི་མེད་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། ། རྨད་བྱུང་ཐུགས་བསྐྱེད་དུས་ལས་ཡོལ་མེད་པར། །གང་གི་མཚན་ཙམ་བསྙེན་པའི་འོད་རླབས་ཀྱིས། །དུས་མིན་འཆི་བ་མ་ལུས་འཇོམས་མཛད་པའི། །ཚེ་ཡི་ལྷ་མཆོག་རྣམས་ཀྱིས་དགེ་ལེགས་སྩོལ། །ཀུ༵ན་མཁྱེན་རྒྱལ་བསྟན་པད་ཚལ་དག༵འ་བའི་གཉེན། །ཤེ༵ས་བྱའི་གནས་ལ་མཁྱེན་ར༵བ་འོད་གསལ་བའི། །རྨོངས་པའི་མུན་པ་སེལ་བྱེད་སྒྲོན་མེ་མཆོག །རྗེ་བཙུན་དཔལ་ལྡན་བླ་མའི་ཞབས་བརྟན་གསོལ། །རྒྱལ་བའི་གསུང་དབྱངས་ངེས་གསང་པད་མོ་ཡི། །ཟབ་དོན་མ་འདྲེས་མ་ནོར་སྟོན་པ་ཡི། །ཐར་བའི་ལམ་བཟང་འཁྲིད་པའི་བཤེས་གཉེན་མཆོག །ཚེ་མཐའ་ཡས་པའི་ངོ་བོར་ཞབས་བརྟན་གསོལ། །སྐྱེ་ཞིང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །བཤེས་གཉེན་ཁྱེད་དང་སྐད་ཅིག་མི་འབྲལ་བར། །གསུང་གི་དམ་ཆོས་དཔལ་ལ་རོལ་བ་ཡིས། །ས་ལམ་རྟོགས་པ་མཐའ་དག་མཐར་ཕྱིན་ཤོག །ཅེས་ཞབས་བརྟན་གསོལ་འདེབས་འདི་ནི་ངང་བ་རཏྣས་སྐུལ་ངོར་སྤྲང་འཁྱམས་པ་དངོས་གྲུབ་དཔལ་ནས་དད་གུས་ཀྱིས་སྦྱར་བའོ། །

ཞབས་བརྟན་ཚེ་ཡི་དཔལ་སྟེར།

ཞབས་བརྟན་ཚེ་ཡི་དཔལ་སྟེར་ཞེས་བྱ་བ་བཞུགས་སོ། ། སྐྱབས་གནས་བསླུ་མེད་བླ་མ་ཡི་དམ་ལྷ། །སངས་རྒྱས་ཆོས་ཚོགས་ཆོས་སྐྱོང་སྲུང་མ་ཡི། །གསང་གསུམ་བདེན་པའི་བྱིན་རླབས་ནུས་མཐུ་ཡིས། །ཞབས་བརྟན་བདེན་ཚིག་འགྲུབ་པའི་དགེ་ལེགས་སྩོལ། །ཟབ་གསང་མདོ་སྔགས་བསྟན་པ་སྤེལ་བའི་གཉེན། །མཁས་གྲུབ་བྱེ་བའི་གཙུག་གི་རྒྱན་གྱུར་བ། །སྐལ་བཟང་སྐྱེ་དགུའི་བསོད་ནམས་ཞིང་གི་རྟེན། །པད་མ་རྣམ་རྒྱལ་ཞབས་པད་བརྟན་དུ་གསོལ། །ཞབས་པ༵ད་མི་འཇིག་ཁྲི་ལ་ལེགས་བཞུགས་ནས། །རྒྱལ་བསྟན་སྙིང་པོ་ཀུན་མཁྱེན་ཇོ་ནང་བའི། །ངེས་གསང་བསྟན་པ་མ༷་ལུས་དར་རྒྱས་ཕྱིར། །ཚེ་ཡི་མི་མཐུན་ཕྱོགས་ལས་རྣ༵མ་རྒྱ༵ལ་ཤོག །བདག་ཅག་བུ་སློབ་འདུས་སྡེ་རྒྱ་མཚོ་ཡི། །རྣམ་དཀར་ཐོས་བསམ་སྒོམ་པའི་བསོད་ནམས་ཀྱིས། །རྗེ་བཙུན་བླ་མའི་ཞབས་པད་བསྐལ་བརྒྱའི་བར། །རྟག་བརྟན་མི་འགྱུར་བཞུགས་པའི་མཐུ་གྲུབ་ཤོག །འཆི་བདག་འཇོམས་པའི་ཚེ་ལྷ་རྣམ་གསུམ་གྱིས། །སྐུ་ཚེ་མི་འཇིག་གདོང་ལྔས་རབ་བཏེགས་པའི། །རྡོ་རྗེའི་ཁྲི་འཕང་ཞབས་པད་ལེགས་བཀོད་དེ། །གཡོ་མེད་བསྐལ་བརྒྱའི་བར་དུ་བརྟན་དུ་གསོལ། །ཆོས་ཉིད་བདེ་གཤེགས་སྙིང་པོའི་བདེན་པ་དང༌། །ཆོས་ཅན་རྟེན་འབྲེལ་བསླུ་བ་མེད་པ་ཡིས། །དཔལ་ལྡན་བླ་མའི་གསང་གསུམ་སྲིད་མཐའི་བར། །འགྱུར་མེད་རྡོ་རྗེའི་ཁམས་ལྟར་བརྟན་པར་ཤོག །དེ་ལྟར་གསོལ་བཏབ་སྨོན་པའི་རྣམ་དཀར་གྱིས། །སྐྱེ་བ་འདི་དང་ཚེ་རབས་ཐམས་ཅད་དུ། །མཚན་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང༌། །གདམས་ངག་ཆོས་ཀྱི་དཔལ་ལ་སྤྱོད་པར་ཤོག །ཅེས་ཞབས་བརྟན་ཚེ་ཡི་དཔལ་སྟེར་ཞེས་བྱ་བ་འདི་ཡང་གང་གི་སློབ་བུ་ཞིག་གིས་སྐུལ་ངོར་འབྲས་རབ་འབྱམས་པ་དངོས་གྲུབ་དཔལ་ནས་དད་གུས་ཀྱིས་སྦྱར་བའོ། །སརྦ་མངྒ་ལམ། །

ཞབས་བརྟན་གསོལ་འདེབས་དད་པའི་རང་མདངས།

ཞབས་བརྟན་གསོལ་འདེབས་དད་པའི་རང་མདངས་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭ་སྟི། མཁྱེན་དང་བརྩེ་བའི་སྟོན་པ་རྫོགས་སངས་རྒྱས། །སྲིད་ཞིའི་གདུང་བ་སེལ་བའི་ལུང་རྟོགས་ཆོས། །རིག་གྲོལ་ཡོན་ཏན་ལྡན་པའི་འཕགས་ཚོགས་ཀྱིས། །འཆི་མེད་ཚེ་ཡི་དངོས་གྲུབ་སྩལ་དུ་གསོལ། །བྱམས་བརྩེའི་འགྲོ་རྣམས་ངག་གིས་དབང་བསྒྱུར་ཞིང༌། །བདེ་གསལ་ཡེ་ཤེས་ལྡན་པ་དགའ་བཞིའི་གཏེར། །བསྟན་པ་རྒྱ་མཚོའི་མངའ་བདག་དྲིན་ཅན་རྗེ། །ཚེ་མཐའ་ཡས་པའི་ངོ་བོར་ཞབས་བརྟན་གསོལ། །ངུར་སྨྲིག་རྒྱན་དུ་འཆང་བ་ཆོས་ཀྱི་རྗེ། །མི་འཇིག་རྡོ་རྗེའི་ཁྲི་འཕངས་ཡངས་བའི་རྩེར། །གསང་གསུམ་མི་འགྱུར་རྡོ་རྗེའི་ཁམས་བརྟན་ཞིང༌། །ཞབས་པད་བསྐལ་བརྒྱའི་བར་དུ་བཞུགས་གསོལ་འདེབས། །དེ་ལྟར་གསོལ་བཏབ་མཆོག་གསུམ་བདེན་མཐུ་ཡིས། །ཇི་སྲིད་བླ་མེད་བྱང་ཆུབ་མ་ཐོབ་བར། །དྲིན་ཅན་བླ་མ་མཆོག་དང་མི་འབྲལ་ཞིང༌། །གདམས་ངག་ཆོས་ཀྱི་དཔལ་ལ་སྤྱོད་པར་ཤོག །ཅེས་པ་འདི་ཡང་ཁྲི་འཛིན་པ་མུན་སེལ་གྱིས་སྐུལ་ངོར་འབྲས་རབ་འབྱམས་པ་དངོས་གྲུབ་དཔལ་གྱིས་བྲིས་པའོ། །

སྤྲུལ་སྐུ་མྱུར་བྱོན་འཕྲིན་ལས་མཁའ་ཁྱབ་སྣང་བའི་སྒྲོན་མེ།

སྤྲུལ་སྐུ་མྱུར་བྱོན་འཕྲིན་ལས་མཁའ་ཁྱབ་སྣང་བའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། ། ཨོཾ་སྭ་སྟི། མཆོག་ཏུ་མི་འགྱུར་བདེ་ཆེན་ཡེ་ཤེས་ཀྱི། ། རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཤེས་རབ་ཉིད། ། དཔལ་ལྡན་དུས་ཀྱི་འཁོར་ལོའི་དགེ་ལེགས་ཀྱིས། ། དཔལ་ལྡན་བླ་མའི་མཛད་འཕྲིན་རབ་གསལ་ཤོག ། ཐུགས་བསྐྱེད་ཟབ་མོ་དུས་ལས་ཡོལ་མེད་པར། ། པདྨ་རྣམ་རྒྱལ་སླར་ཡང་བསྟན་འགྲོའི་དཔལ། ། སྤྲུལ་བའི་སྒྱུ་འཕྲུལ་ངུར་སྨྲིག་རོལ་བའི་གར། ། རིང་མིན་མྱུར་དུ་འཆར་བའི་དགེ་ལེགས་སྩོལ། ། ངེས་གསང་གཞན་སྟོང་དབུ་མའི་རྒྱལ་བའི་བསྟན། ། མི་ནུབ་དར་རྒྱས་ཡུན་རིང་གནས་སླད་དུ། ། ངོ་མཚར་ཁྱད་འཕགས་སྐྱེས་སྦྱང་ཡོན་ཏན་ལྡན། ། སྤྲུལ་བའི་སྐུ་མཆོག་འཁྲུལ་བྲལ་མངོན་པར་ཤར། ། བསོད་ནམས་ཚོགས་གཉིས་ཆུ་གཏེར་ལས་འཁྲུངས་པའི། ། རྣམ་གྲོལ་ལམ་བཟང་གསལ་བའི་སྒྲོན་མེ་མཆོག ། ལེགས་གསུང་འོད་ཀྱིས་འགྲོ་བློའི་མུན་སེལ་བའི། ། སྤྲུལ་བའི་འཕྲིན་ལས་རྒྱུན་མི་ཆད་པར་སྨོན། ། འགྲོ་ལ་བརྩེ་བའི་ཐུགས་རྗེའི་འོད་དཀར་གྱི། ། ཆ་ཀུན་རྫོགས་པའི་མཚུངས་མེད་རིན་པོ་ཆེ། ། བདག་སོགས་བུ་སློབ་ཚོགས་ལ་ཉེར་དགོངས་ནས། ། ཡང་སྤྲུལ་མྱུར་དུ་འཆར་བར་གསོལ་བ་འདེབས། ། གཞོན་ནུ་རབ་བྱུང་གཟུགས་བཟང་ལང་ཚོའི་དཔལ། ། བློ་གསལ་རིགས་བཟང་ཀུན་ལ་ཉེར་བྱམས་པ། ། བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ལེགས་འཛུགས་པའི། ། སྤྲུལ་བའི་མཛད་འཕྲིན་རྒྱུན་ཆད་མེད་པར་ཤོག ། ལེགས་བྱས་རྣམ་དཀར་ཇི་སྙེད་མཆིས་པ་ཡིས། ། དཔལ་ལྡན་བླ་མའི་མཛད་འཕྲིན་རྒྱས་པ་དང༌། ། བུ་སློབ་ཚོགས་ཀྱི་དམ་ཚིག་རབ་བརྟན་ཅིང༌། ། ངེས་དོན་བསྟན་པ་རྒྱས་པའི་བཀྲ་ཤིས་ཤོག །ཅེས་རྗེ་བཙུན་དམ་པ་པདྨ་རྣམ་རྒྱལ་གྱི་སྤྲུལ་སྐུ་མྱུར་བྱོན་ཞེས་བྱ་བ་འདི་ནི་གང་སློབ་བུ་སྤྲུལ་བསྟན་པའི་རྒྱལ་མཚན་སོགས་ཀྱིས་བསྐུལ་ངོར་སྤྲང་འཁྱམས་པ་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །སརྦ་མངྒ་ལཾ། དཀོ༵ན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད། ། ངེས་དོན་བསྟན་པ་གས༵ལ་བྱེད་རི༵ན་ཆེ༵ན་སྒྲོན། ། གུས་རྟག་བརྩོ༵ན་འགྲུ༵ས་ཆུ་བོའི་དཔལ་མངའ་བ། ། མཚུངས་མེད་བླ་མ་རྣམ་གཉིས་རྒྱལ་གྱུར་ཅིག ། བླ་མེད་གས༵ང་བ་ཟབ་མོའི་མངའ་བད༵ག་སྤྲུལ། །ཆེར་སྙིགས་དུས་ཀྱི་རྒུད་པ་གསོ་བའི་སྨན། །འཇི༵གས་མེ༷ད་སྟོབས་བཅུ་མངའ་བ་རྡོ༵་རྗེ༵འི་མཚན། །སྐུ་ཚེ་མི་འགྱུར་འཆི་མེད་ལྷ་ཡིས་སྐྱོངས། །

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བླ་མ་སྐལ་ལྡན་རྒྱ་མཚོའི་རྣལ་འབྱོར་བྱིན་རླབས་སྤྲིན་དཔུང་དངོས་གྲུབ་ཆར་འབེབས།

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བླ་མ་སྐལ་ལྡན་རྒྱ་མཚོའི་རྣལ་འབྱོར་བྱིན་རླབས་སྤྲིན་དཔུང་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྗེ་བཙུན་བླ་མ་སངས་རྒྱས་ཀུན་འདུས་སུ། ། མཐོང་བའི་མོས་གུས་ཉིད་ཀྱིས་ཟབ་ལམ་གྱི། །ས་ལམ་ཉམས་རྟོགས་འབྲས་བུ་སྐྱེ་བར་གསུངས། །གསང་སྔགས་རིམ་གཉིས་ལམ་གྱི་ཡེ་ཤེས་ཀུན། །རྟེན་གཞི་བླ་མ་སངས་རྒྱས་དངོས་ཉིད་དུ། ། མཐོང་བའི་མོས་གུས་བསྐྱེད་ཕྱིར་བླ་མ་ཡི། ། རྣལ་འབྱོར་སྒོམ་ཚུལ་མདོར་བསྡུས་བྲི་བར་བྱ། །དེ་ལ་འདིར་སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བ་དང་གསུམ། དང་པོ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འགྲོ་རྣམས་སྲིད་ཞིའི་སྡུག་བསྔལ་མཚོ་ཆེན་ལས། །སྐྱོབས་པའི་སྐྱབས་སུ་བསྟེན་ནོ་ཐུགས་རྗེས་ཟུངས། །ཞེས་སྐྱབས་འགྲོ་ལན་གསུམ་བྱ། མ་རྒན་སེམས་ཅན་སྡུག་བསྔལ་ཕྲ་རགས་ལས། །བསྒྲལ་ནས་ཐམས་ཅད་མཁྱེན་པའི་སར་འགོད་ཕྱིར། །བཀའ་དྲིན་གསུམ་ལྡན་དཔལ་ལྡན་བླ་མ་ཡི། །རྣལ་འབྱོར་རྩེ་གཅིག་ཉིད་ལ་བསྒོམ་པར་བྱ། །ཞེས་སེམས་བསྐྱེད་ལན་གསུམ་བྱའོ། །གཉིས་པ་དངོས་གཞི་ནི། སྟོང་པའི་ངང་ལས་རང་མདུན་ནམ་མཁའ་ལ། །གཞལ་མེད་ཁང་གི་དབུས་སུ་སེང་ཁྲི་དང༌། །པད་ཟླ་ཉི་མ་སྒྲ་གཅན་བརྩེགས་པའི་སྟེང༌། ། སྐྱབས་གནས་རྒྱལ་ཀུན་ངོ་བོ་དབྱེར་མེད་པ། །ངུར་སྨྲིག་གར་གྱི་སྒྱུ་འཕྲུལ་རོལ་བ་ཡི། །རྡོ་རྗེ་འཆང་དངོས་ངག་དབང་སྐལ་ལྡན་གང༌། །སྐུ་མདོག་དཀར་དམར་བྱུ་རུའི་མདངས་ལྡན་པ། །འགྲོ་ལ་དགྱེས་པའི་ཞལ་རས་འཛུམ་དཀར་གཡོ། །སྐུ་ལ་བདེ་སྟོང་ཉམས་ཀྱིས་གཟི་འོད་འབར། །ཕྱག་གཉིས་ས་གནོན་ཕྱག་རྒྱ་རྣམ་པར་མཛད། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། །མཚན་དཔེ་གསལ་རྫོགས་འོད་མཚན་སྟོང་འབར་བ། །ཆོས་རབ་དཀར་དགེ་འདིས་ཁ་སྦྱོར་བདུན་ལྡན་གྱི། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་པར་ཤོག །དེ་ནས་གསོལ་བ་རྩེ་གཅིག་ཏུ་འདེབས་པར་བྱ་སྟེ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །བླ་མ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །དགེ་འདུན་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །བདེ་ཆེན་ཡེ་ཤེས་རྡོ་རྗེའི་བདག་ཉིད་རྡོ་རྗེ་འཆང་ངག་དབང་སྐལ་ལྡན་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འཁོར་བ་ལ་ཞེན་པ་ལོག་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་དོན་ཁུར་དུ་ཁྱེར་བའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་མོ་སྤྲོས་བྲལ་སྟོང་ཉིད་ཀྱི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལས་རླུང་མཐའ་དག་དབུ་མར་ཞུགས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཉམས་རྟོགས་ཀྱི་འབྲས་བུ་མཁའ་ལྟར་ཁྱབ་པར་བྱིན་གྱིས་བརླབ་ཏུ་གསོལ། མཆོག་མི་འགྱུར་གྱི་བདེ་བ་ཆེན་པོའི་ཆ་ཤས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་བརྟེན་ནས་དཔལ་ལྡན་སྐུ་བཞིའི་འབྲས་བུ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་མ་ཐོབ་ཀྱི་བར་དུ་ཡང་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལེགས་པར་ཐོབ་ཅིང་རྗེ་བཙུན་བླ་མ་དམ་པ་ཁྱེད་ཀྱིས་རྗེས་སུ་བཟུང་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྒོམ་པ་ལ་ཕྱི་ནང་གི་བར་ཆད་གང་ཡང་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ཚུལ་བཞིན་དུ་སྒོམ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལེགས་པར་འདེབས། དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །བདག་ལ་བརྩེ་བའི་སྤྱན་གྱིས་ལྷག་པར་གཟིགས། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ཡི། །ཡི་གེ་བཞི་ལས་འོད་ཟེར་རྣམ་བཞི་འཕྲོས། །བདག་གི་གནས་བཞིར་ཐིམ་པས་སེམས་རྒྱུད་ལ། །མཚན་ལྡན་བླ་མའི་གསང་གསུམ་བྱིན་རླབས་ཞུགས། །ལུས་ལ་བདེ་བ་ཆེན་པོས་རྟག་ཏུ་ཁྱབ། །ངག་ལ་གཞོམ་མེད་རིག་སྔགས་ནུས་པ་འབར། །སེམས་ལ་བདེ་སྟོང་ཡེ་ཤེས་ཆེས་ཆེར་རྒྱས། །འཁོར་འདས་ཆོས་ཀུན་འོད་གསལ་འཁོར་ལོར་ཤར། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་གྱུར། །ཅེས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་ངང་ནས་མཚན་སྔགས་བཟླ། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཝ་གིནྡྲ་བྷ་ག་བཱཾ་ས་མུ་དྲ་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཅི་ནུས་སུ་བཟླ། འདི་ལ་དབང་བཞི་ཚང་ཕྱིར་ལོགས་སུ་ལེན་མི་དགོས། བླ་མའི་སྐུ་ལས་འོད་ཟེར་ཚོགས་སྤྲོས་པས། །འགྲོ་བའི་སྒྲིབ་སྦྱངས་བདེ་ཆེན་ས་ལ་བཀོད། །འཁོར་རྣམས་འོད་ཞུ་བླ་མའི་སྐུ་ལ་ཐིམ། །བླ་མའི་སྐུ་ལ་བདེ་སྟོང་གཟི་མདངས་རྒྱས། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །བླ་མ་རང་སེམས་དབྱེར་མེད་ཆོས་ཀྱི་སྐུ། །གནས་ལུགས་སྤྲོས་བྲལ་ངང་དུ་མཉམ་བཞག་ནས། །བདག་གི་སེམས་རྒྱུད་བྱིན་གྱིས་བརླབ་པར་གྱུར། །ཞེས་མོས་ལ། གསུམ་པ་རྗེས་ཀྱི་བྱ་བ་ནི། ང༷ག་གི་དབ༷ང་ཕྱུག་སྐ༷ལ་ལྡ༷ན་གདུལ་བྱའི་གཉེན། །ལུང་རྟོགས་རྒྱ༷་མཚོ༷འི་དཔལ་མངའ་གསང་ཆེན་བདག །སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །བྱང་ཆུབ་སྙིང་པོའི་བར་དུ་གསོལ་བ་འདེབས། །བདག་ནི་སྐྱེ་བ་འདི་དང་ཚེ་རབས་ཀུན། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །གསང་ཆེན་ལམ་གྱི་ཉམས་དང་རྟོགས་པ་ཀུན། །མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཐོབ་ཤོག །དགེ་འདིས་མཚན་ལྡན་བླ་མ་རིན་པོ་ཆེས། །ཚེ་རབས་ཀུན་ཏུ་བརྩེ་བས་རྗེས་བཟུང་ནས། །གསང་ཆེན་རིམ་གཉིས་མངོན་རྟོགས་མྱུར་བསྒྲོད་ནས། །འགྲོ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་དགེ་བ་བསྔོའོ། །ཞེས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་བླ་མ་སྐལ་ལྡན་རྒྱ་མཚོའི་རྣལ་འབྱོར་བྱིན་རླབས་སྤྲིན་དཔུང་དངོས་གྲུབ་ཆར་འབེབས་ཞེས་བྱ་བ་འདི་ནི་གཙང་བའི་བླ་མ་ཚུལ་ཁྲིམས་རྒྱན་དང༌། བསྟན་འཛིན་བཟང༌། ཐུབ་བསྟན་རྣམས་ཀྱིས་བསྐུལ་ངོར་དཔལ་ལྡན་བླ་མ་གང་ལས་ཆོས་འབྲེལ་གྱི་སྐལ་བ་ཐོབ་པའི་ངག་དབང་དངོས་གྲུབ་དཔལ་གྱིས་སྦྱར་བའོ། །

རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་རྒྱང་འབོད་དངོས་གྲུབ་གཏེར་མཛོད།

རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་རྒྱང་འབོད་དངོས་གྲུབ་གཏེར་མཛོད་ཅཻས་བྱ་བ་བཞུགས་སོ། །

རྒྱལ་ཀུན་ཐུགས་རྗེ་གཅིག་བསྡུས་ངོ་བོ། །དམ་ཆོས་ལེགས་བཤད་རིན་ཆེན་གཏེར་མཛོད། །རྗེ་བཙུན་ངག་དབང་སྐལ་ལྡན་རྒྱ་མཚོ། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་ཆེན། །སྐྱབས་ཀུན་འདུས་པ་རྗེ་བཙུན་བླ་མ། །དངོས་གྲུབ་སྩོལ་མཛད་ཡི་དམ་དུས་འཁོར། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །དོན་གཉིས་མཐར་ཕྱིན་སངས་རྒྱས་ངོ་བོ། །དམ་ཆོས་ཀུན་འདུས་འགོག་ལམ་དམ་པ། །རིག་གྲོལ་གཉིས་ལྡན་དགེ་འདུན་རིན་ཆེན། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །གཞི་འབྲས་དབྱེར་མེད་གཉུག་མའི་ཡེ་ཤེས། །དོན་དམ་ཆོས་དབྱིངས་གདོད་ནས་བཞུགས་པ། །ཇི་བཞིན་གཟིགས་ནས་མ་ནོར་སྟོན་མཛད། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །སྙིགས་མའི་དུས་འདིར་ཟབ་ལམ་རྣལ་འབྱོར། །ལམ་བཟང་བརྒྱུད་པའི་ཆུ་བོ་མ་ལུས། །རང་གིས་སྒྲུབ་དང་གཞན་ལ་སྤེལ་མཛད། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །དང་པོ་སྨིན་བྱེད་དབང་གིས་སྒོ་ཕྱེས། །བར་དུ་ཟབ་ལམ་ཆོས་ཆར་ཕབ་ནས། །ཐ་མར་ཉམས་རྟོགས་འོད་གསལ་སྨིན་མཛད། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩཽལ་ཅིག །རང་བཞིན་འོད་གསལ་བདེ་གཤེགས་སྙིང་པོ། །རང་ངོ་མ་ཤེས་འཁྲུལ་བས་བསླད་པར། །ཐབས་མཆོག་མན་ངག་གནད་གསང་སྟོན་པའི། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །མི་གཡོ་གསུམ་ལྡན་སྤྲོས་བྲལ་སྒོམ་པས། །ཉམས་རྟོགས་འོད་གསལ་རྟགས་བཅུ་རྫོགས་ནས། །ཟབ་ལམ་སོར་སྡུད་ཡེ་ཤེས་རྩལ་རྫོགས། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །ཤེས་རབ་རྟོག་དཔྱོད་དགའ་བདེའི་ཉམས་རྟོགས། །སྟོང་གཟུགས་སྣང་བ་འོད་ལྔའི་ཡེ་ཤེས། །རྩེ་གཅིག་སྒོམ་པའི་བསམ་གཏན་མངའ་བརྙེས། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །གཡས་གཡོན་ཉི་ཟླའི་རླུང་བཅུ་འགགས་ནས། །གཏུམ་མོ་འབར་བས་བྱང་སེམས་ཞུ་བའི། །སྲོག་རྩོལ་ཡེ་ཤེས་རྣལ་འབྱོར་དབང་ཕྱུག །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །གནས་དྲུག་སྲོག་ནི་རབ་ཏུ་བཟུང་ནས། །ཀུན་དའི་ཐིག་ལེ་དཔྲལ་བར་བརྟན་ནས། །ཞུ་བདེ་འགྱུར་མེད་ཉམས་རྟོགས་མཐར་ཕྱིན། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །ཕྱག་རྒྱ་གསུམ་བརྟེན་བདེ་ཆེན་མངའ་བརྙེས། །རྣམ་ཀུན་མཆོག་ལྡན་ཕྱག་རྒྱ་ཆེན་མོ། །རང་ལུས་འདོད་ལྷའི་སྣང་བ་བརྙེས་པའི། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །འདོད་པའི་ལྷ་ལ་རྗེས་སུ་ཆགས་པས། །འགྱུར་མེད་བདེ་ཆེན་ཆ་ཀུན་རྫོགས་ནས། །འོད་གསལ་སྤྲོས་བྲལ་ཏིང་འཛིན་མཐར་ཕྱིན། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །ཉམས་ལེན་ཟབ་ལམ་རྡོ་རྗེའི་རྣལ་འབྱོར། །རྫོགས་རིམ་ལམ་བཟང་བགྲོད་པ་མཐར་ཕྱིན། །ཁ་སྦྱོར་བདུན་ལྡན་བདེ་སྟོང་ཟུང་འཇུག །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །ཐར་མེད་འཁོར་བའི་སྲིད་མཚོར་འཁྱམ་པའི། །འགྲོ་རྣམས་ཐར་བའི་ལམ་ལ་འདྲེན་མཛད། །དུས་རྣམ་ཀུན་ལ་ཐུགས་རྗེས་གཟིགས་པའི། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །ནམ་ཞིག་དབུགས་ཀྱི་རྒྱུ་བ་ཆད་ཚེ། །བདག་གི་ལག་པའི་མཁྲིག་མར་བཟུང་ནས། །དག་པའི་ཞིང་མཆོག་འདྲེན་པར་མཛོད་ཅིག །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །སྐྱེ་བ་འདི་ནས་ཚེ་རབས་ཀུན་ཏུ། །འབྲལ་མེད་བརྩེ་བས་རྗེས་སུ་བཟུང་སྟེ། །དམ་ཆོས་ཆོས་ཀྱི་དགའ་སྟོན་ཕོབས་ཤིག །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །དཔལ་ལྡན་བླ་མའི་རྣམ་པར་ཐར་བ། །སྐད་ཅིག་ཉིད་ལ་ལོག་ལྟ་མེད་པར། །འབྲལ་མེད་རྣམ་གྲོལ་ལམ་བཟང་ཁྲིད་མཛོད། །ངེས་གསང་རྒྱལ་བསྟན་འཛིན་པའི་བླ་མ། །སྐལ་མེད་བདག་ལ་རེ་ས་གཞན་མེད། །ནམ་ཀུན་བྱམས་བརྩེས་ཉེ་བར་དགོངས་ནས། །བྱིན་རླབས་སྤྲིན་དཔུང་ཀུན་བཟང་ཀློང་ནས། །མཆོག་ཐུན་དངོས་གྲུབ་མ་ལུས་སྩོལ་ཅིག །འཁོར་ལོ་ཐ་མའི་དགོངས་དོན་མཐར་ཐུག །ངེས་གསང་སྤྲོས་བྲལ་གཞན་སྟོང་དབུ་མ། །མི་ནུབ་ཕྱོགས་བཅུར་དར་ཞིང་རྒྱས་པའི། །འཕྲིན་ལས་ས་གསུམ་ཁྱབ་པར་ཤོག་ཅིག །རྗེ་བླ་མ་སྐལ་ལྡན་རྒྱ་མཚོའི་རྒྱང་འབོད་དངོས་གྲུབ་གཏེར་མཛོད་ཅཻས་བྱ་བ་འདི་ནི་གང་གི་སློབ་བུ་དམ་པ་ཚུལ་ཁྲིམས་རྒྱན་དང༌། བསྟན་འཛིན་བཟང༌། ཐུབ་བསྟན་རྣམས་ཀྱིས་བསྐུལ་་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་དད་གུས་ཀྱི་སྒོ་ནས་བྲིས་པའོ། །སརྦ་མངྒ་ལཾ།

གཙང་ཆེན་དགོན་པའི་གསེར་ཁྲི་རིམ་བྱོན་གྱི་རྣམ་པར་ཐར་བ་གསེར་རིའི་ཕྲེང་བ།

གཙང་ཆེན་དགོན་པའི་གསེར་ཁྲི་རིམ་བྱོན་གྱི་རྣམ་པར་ཐར་བ་གསེར་རིའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་དཔལ་བཟང་པོ་ལ་ཕྱག་འཚལ་ལོ། །དྲང་སྲོང་ཁྱབ་འཇུག་ཆེན་པོ་གཟའ་བདུད་ལ་ཕྱག་འཚལ་ལོ། །དེ་ལ་འདིར་གཙང་ཆེན་དགོན་པའི་གསེར་ཁྲི་རིམ་བྱོན་གྱི་རྣམ་པར་ཐར་བ་ཅུང་ཟད་བརྗོད་པ་ལ། དེ་ཡང་མདོ་ཁམས་ཤར་འཛམ་ཐང་དུ་ཆོས་རྗེ་ལྷོ་ཁ་བའི་སྐུ་རིང་ལ་ཇོ་ནང་རྗེ་བཙུན་རིན་པོ་ཆེའི་དངོས་སློབ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་ཆགས་ཕེབས་མཛད་ནས་ཁམས་ཕྱོགས་སུ་ལོ་ངོ་བཅུ་གཉིས་ཙམ་ལ་རང་ལུགས་ཀྱི་ཆོས་བཀའ་རྒྱ་ཆེར་སྤེལ་ལ། དེ་རྗེས་སུ་ཆོས་རྗེ་གོ་རྒྱལ་གྱིས་བློ་གྲོས་རྣམ་རྒྱལ་གྱི་ཡང་སྤྲུལ་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་གདན་འདྲེན་ཞུས་ནས་ཁོང་གིས་རང་ཉིད་ཀྱི་ཕོ་བྲང་བཞུགས་གནས་སུ་ཕུལ་ཏེ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་འཇིགས་མེད་རྡོ་རྗེའི་ཆོས་ཀྱི་ཁྲི་ལ་རྟག་བཞུགས་སུ་གསོལ་ནས་རང་ལུགས་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པའི་དབུ་འཕང་དགུང་དུ་འདེགས་པར་མཛད་པ་ནས་བཟུང་འཛམ་ཐང་གི་སྒར་ཁག་གསུམ་པ་གཙང་བ་ཞེས་གྲགས་པ་དེ་ཉིད་བྱུང་ཞིང༌། འདིར་བརྗོད་པར་བྱ་བ་ནི། གོང་སྨོས་ལྟར་ཤར་འཛམ་ཐང་གཙང་ཆེན་དགོན་གྱི་བསྟན་པའི་མངའ་བདག་ཆོས་ཀྱི་རྒྱལ་པོ་ཆེན་པོ་གསེར་ཁྲི་རིམ་བྱོན་གྱི་རྣམ་པར་ཐར་བ་མདོ་ཙམ་བརྗོད་པ་ལ། ཐོག་མར་ངག་དབང་བསྟན་འཛིན་རྣམ་རྒྱལ་གང་ཉིད་གཙང་ཆེན་དགོན་གྱི་གསེར་ཁྲི་དང་པོ་ཡིན་ལ། ཇོ་ནང་ཆོས་འབྱུང་ཟླ་བའི་སྒྲོན་མེའི་ལྷན་ཐབས་ལས། གཙང་བའི་གདན་རབས་ཐོག་མ་ངག་དབང་རྣམ་རྒྱལ་གང༌། ཞེས་གསུངས་པ་ལྟར་ཡིན་ལ། དེ་ཡང་ཐོག་མར་སྔོན་གྱི་དུས་ན་རྒྱ་གར་འཕགས་པའི་ཡུལ་དུ་རྒྱལ་བ་ཤཱཀྱ་སེང་གེས་འབྲས་སྤུངས་མཆོད་རྟེན་ཆེན་མོར་དུས་ཀྱི་འཁོར་ལོའི་རྒྱུད་སོགས་གསུངས་སྐབས་ཀྱི་གསང་ཆེན་རྒྱུད་སྡེ་མཐའ་དག་ཞུ་བ་པོ་གསང་བདག་རྡོ་རྗེ་འཛིན་པའི་རྣམ་འཕྲུལ་ཆོས་རྒྱལ་ཟླ་བ་བཟང་པོ། བཅོམ་ལྡན་འདས་ཉིད་ཀྱི་ཉེ་གནས་ཉན་ཐོས་ཆེན་པོ་ཀུན་དགའ་བོ། གངས་ལྗོངས་སུ་སློབ་དཔོན་པདྨ་འབྱུང་གནས་ཀྱི་སྐུ་དུས་ལོ་ཙཱ་བཻ་རོ་ཙ་ན། རྗེ་ཇོ་ནང་པ་ཆེན་པོའི་བུ་ཆེན་ཞང་སྟོན་བསོད་ནམས་གྲགས་པ། འཇམ་མགོན་ཀུན་དགའ་སྙིང་པོའི་དངོས་སློབ་མཁས་གྲུབ་བློ་གྲོས་རྣམ་རྒྱལ་རྣམས་ཀྱི་སྐུའི་རྣམ་པར་རོལ་པ་རིམ་པས་ལེགས་པར་བཟུང་སྟེ་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེར་མཛད་རྗེས་སུ་སླར་ཡང་སྤྲུལ་བའི་སྐུའི་རྣམ་པར་དུས་མཐར་སྙིགས་འགྲོའི་བསོད་ནམས་ཀྱི་ཞིང་དུ་ལེགས་པར་བྱོན་ཏེ་རང་རེའི་ངེས་དོན་སྒྲུབ་བརྒྱུད་ཀྱི་བསྟན་པ་མདོ་སྨད་དུ་སླར་ཆེར་སྤེལ་དར་རྒྱས་མཛད་པ་ནི་གཙང་ཆེན་དགོན་གྱི་གསེར་ཁྲི་དང་པོ་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་མཆོག་ནི། བློ་གྲོས་རྣམ་རྒྱལ། ངག་དབང་འཕྲིན་ལས་ཀྱི་དབོན་རྒྱུད་དུ་སྤྱི་ལོ་༡༦༩༡རབ་ལོ༡༢-༠༥ ལྕགས་མོ་ལུག་གི་ལོར་བཞད་འཆོས་པ་རྭ་བར་མའི་ཕ་སྐྱབས་གྲོལ་དང་མ་དཔོན་མོ་བུ་ཁྲིད་ཀྱི་བུར་སྐྱེ་བ་བླངས། དགུང་ལོ་བརྒྱད་ལ་ངག་དབང་འཕྲིན་ལས་དྲུང་ནས་ཀློག་ཡིག་བསླབས། དགུང་ལོ་བཅུ་པར་རྡོ་རྗེ་འཆང་ཆ་ལུང་བ་ཆེན་པོའི་དྲུང་ནས་རྡོ་རྗེའི་རྣལ་འབྱོར་གྱི་དབང་མན་ངག་ཆ་ཚང་ཐོབ། གོང་མའི་ཕྱག་བཞེས་བཞིན་ཞག་བདུན་ཕྲག་གཉིས་ལ་བཅད་རྒྱ་བྱས་ནས་བསྒོམས། དེ་ནས་བཟུང་ཉམས་ལེན་གྱི་རྒྱུན་མ་ཆད་ཙམ་དུ་བསྐྱང་བ་ཡིན་གསུང༌། ལོ་བཅུ་དྲུག་པར་སྐྲ་ཕུད་ཕུལ་སྐབས། ཆ་ལུང་བའི་གསུང་ལས་བླ་མ་རྣམ་གཉིས་ཀྱི་འཕྲིན་ལས་ལ་དབང་དགོས་པས་མིང་ངག་དབང་རྣམ་རྒྱལ་དུ་གསོལ། རབ་བྱུང་མཁན་ཕུན་ཚོགས་དར་རྒྱས་ལ་ཞུས། བསྙེན་རྫོགས་སློབ་དཔོན་ངག་དབང་བློ་གྲོས་ཀྱིས་གནང༌། དེ་ནས་ལོ་བཅུ་དྲུག་ནས་ཉི་ཤུ་མན་ལ་རྡོ་རྗེ་འཇིགས་མཛད་སོགས་ཡི་དམ་མང་པོའི་བསྙེན་སྒྲུབ་ལ་བཅད་རྒྱ་བཞུགས། སློབ་དཔོན་ངག་དབང་བློ་གྲོས་ལས་སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་སོགས་ཐོབ། པཎ་ཆེན་བློ་བཟང་ཡེ་ཤེས་ནས་སྒྲུབ་ཐབས་རྒྱ་མཚོའི་དབང་སོགས་འགའ་ཞིག་ཐོབ། ཆོས་རྗེ་ཀུན་བཟང་དབང་པོའི་དྲུང་དུ་སྦྱོར་དྲུག་གི་མན་ངག་ལུས་སྦྱོང་སྐོར་དང༌། རྩ་ཐིག་རླུང་ཁྲིད་ཀྱི་སྐོར་དང༌། ངེས་དོན་མདོ་དུམ་པ་སུམ་ཅུ་སོ་ལྔས་གཙོར་བྱས་གཞུང་གདམས་ངག་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་ཐོབ། དེ་ནས་གོང་མ་ཆ་ལུང་བའི་བཀའ་གསུང་ལྟར་ཡི་དམ་འབྱུང་འདུལ་དང་ཆོས་སྐྱོང་མྱུར་མཛད་མགོན་པོས་བྱས་ཏེ་བསྐང་བ་དགེ་ལུགས་པའི་རང་ལུགས་དེ་བློར་བཟུང༌། ཕྱིས་སུ་སོག་པོའི་རྒྱལ་པོའི་འབོད་མི་བྱུང་བར་བརྟེན་དགུང་ལོ་ཉེར་བཞི་ཤིང་རྟའི་ལོའི་ནག་ཟླའི་ཡར་ཚེས་ལ་གོང་མའི་ཞབས་ཕྱིར་འབྲང་བར་བྱོན་ཏེ་སོག་ཡུལ་དུ་གོང་མའི་ཞབས་ཕྱི་བའི་ཚུལ་དུ་ཡུན་རིང་བཞུགས་ཀྱང་ཡོན་བདག་ཀུན་དད་གུས་ཆེ་བར་བྱེད། དེའི་ཕྱོགས་ཀྱི་ཆོ་ག་སོགས་འདོན་ཆོས་ཐམས་ཅད་དང་སོག་སྐད་ཚུན་ཆད་ལེགས་པར་ཤེས། གོང་མའི་གསུང་ལས་ངེས་དོན་གྱི་བསྟན་པ་འདི་ལ་སྒོ་གང་ཐད་ནས་ནན་ཏན་དགོས་ཚུལ་མང་པོ་གསུང༌། དེ་ནས་མི་རིང་བར་ཚ་ཀོ་ནང་སོ་དང་འཛམ་ཐང་ཆོས་རྗེ་རྒྱལ་བ་ལྷུན་གྲུབ་གྲགས་པ་གཉིས་ཀྱི་བཀའ་གྲོས་ཀྱིས་ཕོ་ཉ་བཏང་སྟེ་རབ་ན་གཙང་བ་སྐུ་ཆེ་བ་དང་དེ་མིན་སྐུ་ཚ་དབོན་པོ་ཉིད་གདན་ཕེབས་ཞུ་རུ་འོང་བས་གོང་མ་ཕེབས་ཀར་མ་འཛོམ་པས་དབོན་པོ་ཉིད་ཕེབས་པར་ཆས་པ་ལ་གོང་མའི་གསུང་ལས་ངག་དབང་བསྟན་འཛིན་རྣམ་རྒྱལ་ཞེས་པའི་མཚན་སྣོན་མཛད་དེ་ཡོན་བདག་ཀུན་གྱིས་བདག་རྐྱེན་གང་དགོས་བགྱིས་ཏེ་ཚྭ་མཚོ་དཀར་མོ་ན་སླེབས་ཚེ་གོང་མས་ལོ་གསུམ་ནས་ཡར་འོང་དགོས་ངེས་ཀྱི་བཀའ་ནན་ཡང་ཡང་ཕེབས་ཏེ། ཁོང་དབུས་གཙང་དུ་ཕྱིར་ཕེབས་སོ་སོར་གྱེས་ནས་གཙང་བ་ངག་དབང་བསྟན་འཛིན་རྣམ་རྒྱལ་དཔོན་གཡོག་བཅས་ཁམས་ཕྱོགས་སུ་སྟོང་ཁོག་བརྒྱུད་ནས་མར་རིམ་གྱིས་ཕེབས་པས་སྟོང་གི་ཁས་ཀར་ཐོན་ཚེ་ལྷ་གཉན་གཡུ་རྩེ་འཁོར་བཅས་བསུ་མར་སླེབ། ཁོང་གིས་གྲྭ་སློབ་རྣམས་ལ་ཡུལ་ལྷ་གཞི་བདག་རྣམས་དགའ་སྤྲོ་བཅས་རང་རེ་བསུ་མར་ཐོན་གསུང༌། དེར་གཙང་བའི་བླ་བརྒྱུད་སློབ་འབངས་བཅས་ལ་རྒྱུན་དུ་ཁ་འཛིན་དང་སྡོང་གྲོགས་མཛད་པའི་འཕྲིན་ལས་བཅོལ་ཚེ་ཞལ་བཞེས་ཀྱི་སྣང་བ་གསལ་བོར་བྱུང༌། རིམ་པར་འོང་ཏེ་སྨྲ་ལ་བདེ་མོར་ཐོན་ཚེ་ཏོམ་ཙ་བླ་མ་ཀུན་དགའ་བཀྲ་ཤིས་དང༌། ཨ་སྐྱོང་མི་དབང་བསྟན་འཛིན་གཉིས་ཀྱིས་གཙོས་མཆོག་དམན་ཀུན་གྱིས་གུས་འདུད་ཆེ་བས་བསུ་བ་དང་སྣེ་ལེན་ཡང་དག་མཛད། དེར་ཞག་བཅོ་ལྔ་ཙམ་བཞུགས་ཏེ། རྡོ་རྗེ་འཇིགས་མཛད་དང༌། ཚེ་ཆོག་སོགས་དབང་བཀའ་རྗེས་གནང་མང་དུ་མཛད། རྒྱུ་འབྲས་ཀྱི་ཆོས་ཀྱང་བཤད་དེ་མི་ནག་པ་མང་པོ་དད་སྒོར་བཙུད། དགེ་སྡིག་སྤང་བླང་མཛད་པ་མང་དུ་བྱུང༌། ཏོམ་ཙ་བླ་མས་དགོན་པ་བྲག་དཀར་མགོ་ཕུལ་མིང་ལ་སྨྲ་མདོ་སྔགས་བཤད་སྒྲུབ་གླིང་བཏགས། རྗེ་བོ་བསྟན་འཛིན་པས་ཨ་སྐྱོང་ཆུ་ཉིན་མའི་བླ་སེར་རྣམས་དང༌། ཡང་སྒོས་སུ་འཛི་ཀའི་ཏ་ཙེ་ཡན་ཆད་ཀྱི་སེར་སྡེར་གཏོགས་ཚད་གྲྭ་རྒྱུན་ལ་ཕུལ་དེ་ཡུལ་ལྷས་མཐུན་རྐྱེན་སྒྲུབ་པའི་རྟགས་སུ་ཐུགས་ཀྱིས་མཁྱེན། མི་དབང་བསྟན་འཛིན་གྱི་མགོར་ཁོང་གིས་ཕྱག་བཞག་སྟེ་ཨ་སྐྱོང་ལ་ཆོས་སྐྱོང་ཞེས་གསོལ། མཆོད་ཡོན་གཉིས་ཀྱི་འདི་ཕྱིའི་ལེགས་ཚོགས་གོང་འཕེལ་དུ་འགྲོ་བའི་ཐུགས་སྨོན་དང་ཤིས་བརྗོད་རྒྱ་ཆེར་མཛད། ཇོ་ནང་བའི་ཆོས་བརྒྱུད་འདི་བཟུང་ན་ཡོན་བདག་ལ་དགེ་བའི་ལུང་བསྟན་ཡང་གནང༌། ཁོང་གི་གསུང་ལས། ཡ་ཀི་རྒྱབ་རི་འདི་ལ་མི་དཀར་དར་གྱི་རལ་གུ་གྱོན་ཞིང་གཡག་དཀར་པོ་ལ་ཞོན་པ་ཞིག་ཡོད་སྣང་ཡིན་པ་ནི་སྲིད་པ་ལྷ་ཡི་གཙོ་བོ་ཡིན་ལས་ཆེ་ནའང་ཡུལ་ལྷ་བཀྲ་ཤིས་དཀར་འཛོམས་ཞེས་མིང་དུ་བཏགས་ཡིན་གསུངས། དེ་ཉིན་འཇིགས་བྱེད་དབང་གི་དུས་ཕ་ཀི་ཆུ་མིག་ནས་བུད་མེད་དཀར་མོ་གཅིག་གིས་ཁོང་ལ་ནོར་བུ་ཞིག་ཕུལ་བའི་གསལ་སྣང་བྱུང༌། དེ་ནི་ཀླུ་མི་མགོན་དཀར་པོ་ཡིན་པ་འདྲ། ཆུ་མིག་དེ་ལ་དཀར་མོ་འབེབས་དང་གྲོང་འདི་ལ་ཡར་ཐང་ཞེས་རྟེན་འབྲེལ་བསྒྲིགས་པ་ཡིན་གསུངས། དེ་ནས་རིམ་པར་འཛམ་ཐང་ལ་ཕེབས་སྐབས་ཀྱང་གཞི་བདག་ཐམས་ཅད་ཀྱིས་མཐུན་རྐྱེན་སྒྲུབ་པའི་རྟགས་དང་བསྟན་འགྲོའི་དོན་དང་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་རྟགས་དང་རྨི་ལྟས་བཟང་པོ་ཡང་མང་དུ་བྱུང༌། སྤྱི་ལོ་༡༧༡༧ རབ་ལོ༡༢༴༣༣མེ་མོ་བྱ་ལོའི་ཧོར་ཟླ་དགུ་པ་ལ་དཔལ་འཛམ་ཐང་བའི་སྤྲུལ་དབོན་རྣམས་དང་སེར་སྡེས་བསུ་བ་རྒྱ་ཆེར་བྱས་ཏེ་དགོན་དུ་སླེབས། ཆོས་རྗེ་གོ་རྒྱལ་བ་ལྷུན་གྲུབ་གྲགས་པས་ཁྱེད་བྱོན་པ་སྐུ་དྲིན་ཆེ་བསྟན་པ་ལ་ཐུགས་རྗེ་ཆུང་མི་ཉན། ཁྱེད་ལ་བཞུགས་གནས་ཁོ་བོའི་གཟིམས་ཁང་འདི་འབུལ་བས་ཁྱེད་འདིར་བཞུགས། རང་གིས་ཁང་གསར་ཞིག་བྱ་ཆོག་གསུངས་ནས་དབུ་བླར་བསྐོས། དེའི་ཕྱི་ལོ་ས་ཟླའི་ཚེས་གསུམ་ནས་ཆོས་ཀྱི་དབུ་བརྩམ་སྟེ། འཛམ་ཐང་སྐུ་དབོན་ནོར་བུ་སོགས་འདུས་སྡེ་མང་པོ་ལ་དུས་འཁོར་གྱི་དབང་མོ་ཆེ་ཡོངས་རྫོགས་དང་སྒྲུབ་ཐབས་བརྒྱ་རྩ་སོགས་ཟབ་བཀའ་མང་པོ་ཟླ་བ་གསུམ་ལྷག་ཙམ་གནང༌། དེའི་ཕྱིར་ལོ་ཕག་ལོའི་བཅུ་པའི་ནང་ལ་ཚ་ཀོ་ས་ར་དགོན་པའི་བླ་མ་ཡེ་ཤེས་རྒྱ་མཚོའི་དྲུང་ནས་སྒྲུབ་ཐབས་རིན་འབྱུང་ལས་སྔར་ཁོང་ལ་མ་ཐོབ་པའི་དབང་བཀའ་ཐམས་ཅད་ཀྱིས་ཁ་བཀང་སྟེ་ཡེ་ཤེས་ལྷའི་སྒྲུབ་ཐབས་ཆ་ཚང་ཞུས་ཁོ་རང་ལ་མ་ཐོབ་པ་མང་པོ་ཕུལ། དེར་འཆད་ཉན་གྱི་གྲྭ་ཟླ་བ་གཉིས་གསུམ་ལ་བསྐྱངས། སླར་འཛམ་ཐང་དུ་ཆོས་རྗེ་ལྷུན་གྲུབ་གྲགས་པ་སོགས་འདུས་སྡེ་མང་པོར་སྒྲུབ་ཐབས་རིན་འབྱུང་ཡོངས་རྫོགས་དང་དབང་ཁྲིད་མང་དུ་གནང༌། དེ་ནས་རྔ་ཁོག་གི་སེ་བླ་ལྷ་དབང་རྒྱལ་མཚན་སོགས་སྟོད་སྨད་ཀྱི་གདན་འདྲེན་མཁན་བྱུང་བར་བརྟེན་ཆུ་ཡོས་ལོའི་དང་པོའི་ཚེས་གཅིག་ལ་རྔ་ཁོག་ཏུ་ཕེབས། མ་ཉེས་ཐར་མོ་ཡན་དང་རྡོར་ཞར་རྩི་ནང་མན་གྱི་མཆོག་དམན་ཐམས་ཅད་ལ་སོ་སོའི་འདོད་པ་བཞིན་དབང་ལུང་མན་ངག་རྗེས་གནང་བཅས་མང་པོ་གསུངས་ཤིང༌། ཁོ་རང་རྣམས་ནས་ཡོན་འབུལ་རྒྱ་ཆེར་གང་བྱས་ཐམས་ཅད་སོ་སོའི་དགོན་ལ་སྤྱི་ཐེབས་སུ་བཞག་སྟེ་སླར་འཛམ་ཐང་དུ་ཕེབས། དེ་ནས་ཚ་ཀོའི་ནང་སོའི་བཀའ་ནན་གྱིས་གདན་དྲངས་འོང་བར་བརྟེན་ཆུ་ཡོས་ལོའི་བཅུ་པའི་ཚེས་ལ་རྒྱལ་ས་རྣམ་དག་དགོན་དུ་ཕེབས་དེར་དབང་ལུང་མན་ངག་རང་རང་གི་འདོད་པ་བཞིན་གསུངས། འདི་སྐབས་ནང་སོའི་བདག་རྐྱེན་ལ་བརྟེན་མཁས་བཙུན་ཡོན་ཏན་ལྷུན་གྲུབ་ཀྱི་དྲུང་ནས་རྡོར་ཕྲེང་དབང་ཡོངས་རྫོགས་གསན། ཏ་ཀུ་ལུར་ཕེབས་གྲྭ་ཚང་ལ་རང་རང་གི་ཐུགས་འདོད་དང་མཐུན་པའི་ཆོས་མང་གསུངས། སླར་འཛམ་ཐང་དུ་ཕེབས་ཕྱོགས་ནས་འདུས་པའི་འདུས་སྡེ་མང་པོ་ལ་སྦྱོར་དྲུག་ཁྲིད་མོ་ཆེ་དང་གཞན་དབང་ལུང་མན་ངག་མང་པོ་གནང་བས་བཤད་ཚོད་དང་མཐུན་པའི་ཉམས་རྟོགས་སྐྱེས་པ་ཀུན་མཁྱེན་ཆེན་པོའི་དུས་དང་མཚུངས་ཞེས་གྲགས། གང་རྙེད་ཐམས་ཅད་དབུས་གཙང་དུ་འབུལ་སྐྱེལ་ལན་གསུམ་དང༌། སྨྲ་མདོ་སྔགས་བཤད་སྒྲུབ་གླིང་ཞིག་གསོས། འཛམ་ཐང་དུ་རྒྱུད་སྡེའི་ལྷ་ཁང་དང༌། འོད་དཔག་མེད་ཀྱི་གོས་སྐུ་བཞེངས་ཤིང་སློབ་དཔོན་ཉེར་ལྔས་རྒྱུད་སྡེ་སོ་སོའི་སྒོ་ནས་རབ་གནས་བྱས་པས་ནུབ་ཕྱོགས་ནས་འོད་དམར་ཐིམ་པ་སོགས་འབྲེལ་ཚད་བདེ་ཆེན་དུ་ཁྲིད་པའི་དགེ་མཚན་རྙེད། མགོན་ཁང་ལོགས་བྲིས་ཡི་དམ་ཆོས་སྐྱོང་གི་སྐུ་འབག་ནང་གཞུག་བྲིས་སྒྲུབ་རྒྱལ་བའི་བཀའ་འགྱུར་དངུལ་བྲིས་མ་རྣམས་དང༌། རྒྱལ་ཁབ་ཕུན་ཚོགས་རྫོང་གི་མངའ་ཞབས་ན་མཆོད་རྟེན་མང་པོ་ཞིག་གསོས་མཛད། དེ་མཚམས་གསེར་གྱི་བླ་དབོན་རྣམས་བཀའ་གྲོས་ཀྱིས་གདན་འདྲེན་བྱུང་བར་བརྟེན་ཤིང་སྦྲུལ་བཅུ་པའི་ནང་གསེར་ལྗགས་མདའ་དགོན་དུ་ཕེབས་ནས་འདུས་སྡེ་ལ་སྦྱོར་དྲུག་སོགས་རང་རང་འདོད་ཆོས་མང་དུ་གསུངས་སོ་སོར་ཉམས་རྟོགས་དང་མཐུན་པའི་ངོ་སྤྲོད་བཏབ། སླར་འཛམ་ཐང་དུ་ཕེབས་ནས་ལྕགས་ཁྱིའི་ལྔ་པའི་ཡར་ཚེས་ལ་ཆོས་རྗེ་གོ་རྒྱལ་གྱི་བཀའ་ནན་ལ་བརྟེན་འདུས་པ་རྒྱ་མཚོ་ལྟ་བུ་ལ་རྡོར་ཕྲེང་གི་དབང་ཡོངས་རྫོགས་དང་སྦྱོར་དྲུག་ཁྲིད་ལུང་ཆ་ཚང༌། གཞན་དབང་བཀའ་ཁྲིད་ལུང་ཟླ་གསུམ་ཙམ་གནང་བའི་དབང་ཡོན་སོགས་ཀྱིས་ཆ་རྐྱེན་བྱས་ལྷ་ཁང་ཀ་བ་བཅུ་དྲུག་ཅན་ཕྱི་ནང་དང་བཅས་པ་བཞེངས། ཡང་ནང་སོའི་བཀའ་ནན་གྱིས་དགུ་པའི་ནང་རྒྱལ་ས་རྣམ་དག་ཏུ་ཕེབས་འདུས་པ་སྟོང་ཕྲག་ལྷག་ལ་སྦྱོར་དྲུག་ཁྲིད་ལུང་སོགས་སོ་སོའི་འདོད་ཆོས་ཟླ་གཉིས་ཙམ་གནང༌། བཀྲ་ཤིས་སྒང་དུ་ཕེབས་ནས་འདུས་སྡེ་མང་པོར་ཟབ་བཀའ་རྒྱ་ཆེར་གསུང་ནས་འཛམ་ཐང་དུ་ཆོས་རྗེ་གོ་རྒྱལ་ལ་ཡར་ཕེབས་པའི་གནང་བ་ཞུས་ཚེ་མ་གནང་ཡང་འབྱོན་གྲབ་མཛད་ནས་སྒར་གཞི་ཀ་ཞབས་ལྷ་མོའི་དར་ཐང་དུ་ཕེབས་པ་ལ་ཆོས་སྐྱོང་རྣམས་ཀྱིས་མ་མངགས་སོ། །དེ་ནས་འཛམ་ཐང་འཚོགས་ཁང་གོང་མའི་ནང་དུས་འཁོར་སྒྲུབ་མཆོད་མཛད་པས་བུམ་ཆུ་ཁོལ་བ་སོགས་ཕྱི་རྟགས་ཡ་མཚན་པ་ཀུན་གྱི་མཐོང་སྣང་དུ་གྱུར། མགོ་ལོག་ཏུ་གདན་འདྲེན་ཞུས་ཏེ་སྦྱོར་དྲུག་ཁྲིད་ལུང་གནང༌།ལྷར་ཡག་དགོན་པའི་བླ་མ་ཀུན་རིན་སོགས་ལ་དབང་བཀའ་མང་པོ་ཡང་གསུངས། ཆུ་བྱིའི་ནག་ཟླའི་ནང་སླར་འཛམ་ཐང་དུ་ཕེབས། ཕུན་ཚོགས་རྫོང་རྒྱལ་གྱིས་གདན་འདྲེན་ལན་གསུམ་འོང་བར་བརྟེན་དེར་བྱོན་ཐ་སྐར་ཟླ་བའི་ནང་དེར་འབྱོར་རྒྱལ་པོ་བནྡྷ་རྒྱལ་སྔོན་ནས་ནད་ཀྱིས་ཐེབས་པ་ལ་རིམ་གྲོ་གང་གིས་མ་ཕན་པར་འདས་པའི་གཤེགས་རྫོགས་ལེགས་པར་མཛད། དེའི་སྲས་ཚེ་དབང་དྲག་རྒྱལ་རྒྱལ་སར་བཀོད་དེ་ཐུགས་བཞེད་ལྟར་གྱི་དབང་བཀའ་སོགས་མཛད། ས་ར་དགོན་ཞིང་དང་བཅས། གཞན་རྒྱལ་ཁབ་འདིའི་དགོན་སྡེ་གྲྭ་ཚང་ཡོད་ཚད་གཙང་བ་ལ་གྲྭ་འབུལ་བཀྱག་སྟེ་ད་ཕན་ལོ་དུས་སུ་ཕེབས་ངེས་ཀྱི་བཀའ་གསུང་གི་ཆད་མདོ་བྱས་ཏེ་རང་གནས་འཛམ་ཐང་དུ་ཕེབས་ཏེ་ཕྱོགས་ནས་འདུས་པ་རྣམས་ལ་སྒྲུབ་ཐབས་བརྒྱ་རྩ་སོགས་དབང་ལུང་ཁྲིད་གསུམ་ཟླ་གསུམ་ཙམ་དུ་གསུངས། དེ་ནས་ཤིང་སྟག་ལོར་ཆོས་རྒྱལ་ཚེ་དབང་དྲག་རྒྱལ་གྱི་སྐུ་རིམ་དུ་གདན་འདྲེན་འོང་བས་བྱོན་ཏེ་འཇིགས་བྱེད་ལྕགས་མཁར་གྱི་གཏོར་སྒྲུབ་ཞག་གྲངས་མང་པོར་བསྒྲུབ་ནས་ཟོར་འཕེན་སྐབས་ཟོར་རྩེ་ནས་མེ་འབར་བ་དགྲ་ཕྱོགས་ཀྱི་རི་བསྙིལ་བ་སོགས་མཚན་ལྟས་སྣ་ཚོགས་བྱུང་བས་རྒྱལ་པོ་འཁོར་བཅས་ལྷག་པར་དད་པ་སྐྱེས་ཏེ། འཇིགས་མཛད་དང་ཚེ་ཆོག་གི་དབང་དང༌། ཐུགས་འདོད་བཞིན་ཚེ་དབང་སྟོང་མཆོད་ཀྱི་སྐབས་ཚེ་དབང་ཚིགས་བཅད་མ་བརྩམས་ཏེ་ཕུལ་བས་བར་ཆད་ཞི་བ་སོགས་ཀྱི་མཚན་ལྟས་ཀྱང་ལེགས། རྒྱལ་བོས་དབུ་བླར་ཡང་ཡང་མངའ་གསོལ། སླར་འཛམ་ཐང་དུ་འབྱོར་ནས་ཤིང་ཡོས་ལོར་ས་ར་བའི་བཀའ་ནན་ལྟར་དེར་ཕེབས་ཆོས་བཀའ་མང་དུ་གསུངས་ནས་འཛམ་ཐང་དུ་ཕེབས་མེ་འབྲུག་ལོར་རྔ་ཁོག་ཏུ་གདན་དྲངས་སྒྲུབ་ཐབས་རིན་འབྱུང་སོགས་ཟླ་བ་བཞི་ཙམ་ལ་གནང༌། དེ་ནས་སླར་ཡང་དཔལ་འཛམ་ཐང་དུ་ཕེབས་མེ་སྦྲུལ་ལོར་གཟིམས་ཁང་དུ་བསྙེན་སྒྲུབ་རེ་ལ་བཞུགས་བཞིན་སྔར་གྱི་སྐུ་གསུང་ཐུགས་རྟེན་བཞེངས་འཕྲོས་རྣམས་ལེགས་པར་གྲུབ་ནས་བར་སྐབས་དབང་ལུང་ཁྲིད་གསུམ་སོ་སོའི་བློ་དང་མཐུན་པར་གནང་བའི་རེ་ཞིག་གི་སྐབས། མགོ་ལོག་ཝ་ཤུལ་གཉིས་འཁོན་འཛང་བསྡུམས་པའི་གྱོད་གཏམ་གྱི་གཟི་དཔང་ལ་མི་འདོད་བཞིན་འདུག་དགོས་བྱུང་བས་ཕན་ཚུན་བདེན་རྫུན་དྲང་བོར་མཛད་ཀྱང་ཝ་ཤུལ་རྣམ་རྒྱལ་བཀྲ་ཤིས་ཀྱི་སྙིང་བདུད་སྡིག་ཏོས་བསྐུལ་ནས་ངན་སེམས་ཀྱིས་དུག་དྲངས། ཁོང་གིས་གནས་ཚུལ་ཇི་བཞིན་མཁྱེན་ཀྱང་རེ་ཞིག་འདིར་གདུལ་བྱ་རྫོགས་ནས་ཞིང་གཞན་དུ་འབྱོན་པར་དགོངས་ནས་སྡིག་ཅན་གྱི་བསམ་པ་འགྲུབ་ཕྱིར་གྱི་ཚུལ་དུ་དུག་གསོལ་བས་བསྙུང་ཚུལ་བསྟན་ཏེ། གཟིམས་ཁང་དུ་གྲྭ་སློབ་རྣམས་ལ་ལས་འབྲས་ཀྱི་ཆོས་མང་དུ་གསུང་ནས་སློབ་བུ་མང་དགེ་མཁས་བཙུན་དར་རྒྱས་དང༌། ཕུར་རྩ་ཆོས་འཕེལ་གཉིས་རྒྱལ་ཚབ་ཏུ་བསྐོས་ཁྲིད་ལུང་མཐའ་དག་གཏད་དེ་དགུང་ལོ་ཞེ་བརྒྱད་སྤྱི་ལོ་༡༧༣༨ རབ་ལོ༡༢.༥༢ས་རྟའི་ལོར་སྐུ་ཆོས་དབྱིངས་སུ་གཤེགས། འདི་གཙང་བ་གོང་མའི་སྐུ་ཐོག་མའོ།། གཙང་ཆེན་དགོན་གྱི་གསེར་ཁྲི་གཉིས་པ་ཀུན་བཟང་འཕྲིན་ལས་རྣམ་རྒྱལ་ནི། གཙང་བའི་སྐུ་ཐོག་མ་གང་གི་ཡང་སྤྲུལ་སྐུ་འཕྲེང་གཉིས་པའི་ཚུལ་ནི་སྤྲུལ་སྐུ་ཀུན་བཟང་འཕྲིན་ལས་རྣམ་རྒྱལ་ཏེ་རང་གི་སྐུ་གོང་མའི་རྩ་བའི་བླ་མ་ཀུན་བཟང་དབང་པོ་དང་ཁུ་བོ་ངག་དབང་འཕྲིན་ལས་དང་གོང་མ་ངག་དབང་རྣམ་རྒྱལ་གསུམ་གྱི་མཚན་གྲས་ནས་མིང་གསོལ་བ་ཡིན་ཞིང༌། དེ་ཡང་རྒྱལ་རོང་བག་ཀོ་ཞེས་པར་ཡབ་ཟ་ལ་བོན་སྐྱབས་དང་ཡུམ་ལུག་གུ་ཐར་གཉིས་ཀྱི་སྲས་སུ་སྤྱི་ལོ་༡༧༤༠ རབ་ལོ༡༢ ༥༤ལྕགས་སྤྲེལ་ལོར་ཁང་སྟེང་དུ་ཁ་བ་མི་འཇོག་པ་སོགས་ཀྱི་ལྟས་དང་བཅས་སྐུ་བལྟམས་ཤིང་ཞག་འགར་སོང་རྗེས་སྐུ་སྐྱེས་ན་ཕྲ་དེ་ཞག་གསུམ་བོར་ནས་མི་མཐོང་བར་གྱུར་སླར་མལ་དུ་བཞུགས་ནས་ཉིད་ཀྱི་ཕྱག་ཏུ་རྒྱ་གར་འབྲས་ཀྱི་སྙེ་མ་གསར་བ་ཞིག་བཟུང་བཞིན་ཞལ་ནས་ང་ནི་གཙང་བ་ཡིན་ཞེས་ཟེར། དེ་ནས་དགུང་ལོ་གསུམ་ཙམ་ལ་འཛམ་ཐང་སྒར་གོང་འོག་གིས་རང་རང་གི་སྤྲུལ་པའི་སྐུ་སྐྱེས་སུ་ཁ་མ་འཆམ་པ་ལ་རྟེན་དཔང་དུ་བྱས་ཏེ་བདེན་བརྗོད་བཅས་རྫོང་འགག་རྒྱལ་པོས་སྐུ་སྐྱེས་ལ་རང་གི་གསོལ་ཀར་རྡོ་བཅལ་སྟེང་ལ་འཕང་དུ་བཅུག་སྟེ་ཀར་ཡོལ་བཅག་ན་འཛམ་ཐང་སྒར་འོག་མ་དང་མ་བཅག་ན་གོང་མའི་སྐུ་སྐྱེས་སུ་ཐག་བཅད་དེ་ཚུལ་དེ་ལྟར་བྱས་ཚེ་གསོལ་ཀར་ཆག་སེལ་མེད་པར་ཁ་གྱེན་ལ་བསྟན་པ་དང་གཙང་བ་སྐུ་གོང་མའི་རྟེན་ལྷ་ཆ་སོགས་ཇི་བཞིན་ངོས་འཛིན་བྱས་པས་ཀུན་གྱིས་དེ་ལུགས་ལྟར་ཐག་ཆོད་བྱུང་ནས་འཛམ་ཐང་གཙང་བའི་སྐུ་སྐྱེས་སུ་ཁྲི་འདོན་བྱས་ཏེ་རིམ་པས་སློབ་དཔོན་ཀུན་དགའ་དར་རྒྱས་ཀྱི་དྲུང་ནས་ཀློག་སོགས་བསླབ་སྦྱང་གིས་ཚེགས་མེད་དུ་མཁྱེན་ཞིང༌། སྐུ་དབོན་དོན་གྲུབ་རྒྱ་མཚོ་དགེ་སློང་ཆོས་འཕེལ་སོགས་དགེ་བའི་བཤེས་གཉེན་དུ་མའི་མདུན་ནས་རྡོ་རྗེ་འཇིགས་བྱེད་ཀྱི་དབང་དང་སྦྱོར་དྲུག་གི་ཆོས་སྐོར་མཚན་གསོལ་གོང་སྨོས་བཞིན་དང་སློབ་དཔོན་ཀུན་དགའ་དར་རྒྱས་ཀྱི་དྲུང་ནས་རིན་འབྱུང་གི་དབང་བཀའ་རྣམས་ལེགས་གསན་མཛད། དགུང་ལོ་བཅུ་སྐོར་དུ་ཚ་ཀོ་ནས་ཆ་ལུང་བའི་ཡང་སྤྲུལ་ཕེབས་པ་འདས་པའི་གཤེགས་མཆོད་དང་ཁོང་གིས་རབ་ཀའི་ཐང་དུ་དུས་འཁོར་གྱི་དབང་སོག་ཟབ་བཀའ་དུ་མ་འདུས་སྡེ་ཆེ་བ་ལ་གསུངས་པས་འཇའ་སྤྲིན་སོགས་ཀྱི་ལྟས་བཟང་བཅས་གཞན་ཡང་ཆོས་བཀའ་ཅི་རིགས་འཛམ་ཐང་དུའང་གསུངས། དགུང་ལོ་ཉེར་གསུམ་སྐོར་ནས་ཡར་ཐང་ནས་བརྒྱུད་རྔ་ཡུལ་ཕྱོགས་སུ་ཕེབས་ལམ་ཀུན་ཏུ་རང་རང་གི་མོས་འདུན་བཞིན་གྱི་ཟབ་ཆོས་ལེགས་ཕྱེ་མཛད་སྐབས་མཁའ་ལམ་ནས་འཇའ་སྤྲིན་དང་ཆོས་ཉན་མིག་ཧར་ལོང་སོང་བ་འགའ་ཞིག་གི་མིག་ཐོན་པ་སོགས་ངོ་མཚར་བའི་དགེ་མཚན་བྱུང༌། དེ་ནས་འབྲོག་དགེ་དབོན་ཀུན་དགའ་ལྷུན་གྲུབ་པའི་མདུན་ནས་སྦྱོང་རྒྱུད་ཀྱི་དབང་དང་ཀུན་དགའ་བཀྲ་ཤིས་ཀྱི་དྲུང་ནས་རྡོར་འཕྲེང་གི་དབང་རེས་མོས་མཉམ་ཞུ་དང་གཞན་ཡང་དུས་ཀྱི་འཁོར་ལོའི་བདག་པོ་བདག་ཆེན་གྱི་དབང་དང་དྲུག་ཅུ་དམར་ཆེན་རྩང་མདོས་ལས་ཚོགས་བཅས་དང་སྒྲ་མཚམས་སྦྱོར་ལྔ་བ་དང་ས་རིས་སོགས་ལའང་གསན་སྦྱང་མཛད་བཞིན་དེ་ཕྱོགས་སུ་འགྲོ་དོན་ཅི་རིགས་ཀྱི་མཐར་སླར་འཛམ་ཐང་དུ་ཕེབས་ནས་དགུན་མཚམས་དང་གཟིམས་ཁང་ཞིག་གསོས་མཛད། དེ་ནས་རི་ཁྲོད་དུ་སྦྱོར་དྲུག་ལ་ལོ་མཚམས་སུ་བཞུགས་སྐབས་རྟོགས་པའི་ཀློང་རྡོལ་ཏེ་རྣལ་འབྱོར་ཡན་ལག་དྲུག་སྲོག་འཛིན་མན་ཆད་ཀྱི་ཉམས་མྱོང་མཚན་ཉིད་པ་སྐྱེས་ཤིང་རང་སྣང་སྟོང་པའི་གཟུགས་ཀྱི་འཆར་སྒོ་ཆེས་ཆེར་མཆེད་དེ་དག་མ་དག་གི་སྣང་བ་རབ་འབྱམས་དང་རྨི་ལམ་འོད་གསལ་གྱི་འཆར་ཚུལ་མཐའ་ཀླས་པ་དང་དུས་དུས་སུ་དག་སྣང་གི་ངོར་རྡོ་རྗེ་འཆང༌། དུས་ཀྱི་འཁོར་ལོ། སྒྲོལ་མ་དཀར་ལྗང༌། ཐུགས་རྗེ་ཆེན་པོ། ཐུབ་དབང༌། གནས་བཅུ། ཀུན་མཁྱེན་རྗེ་བཙུན། ས་པཎ། གུ་རུ་མཚན་བརྒྱད། ལྟུང་བཤགས་ཀྱི་ལྷ། སངས་རྒྱས་རབས་བདུན། སྨན་བླ་བདེ་གཤེགས་བརྒྱད་སོགས་ལྷ་ཚོགས་ཀྱི་སྣང་བ་རབ་འབྱམས་དང༌། ཧ་ཀྵཱ། ཡིག་དྲུག་སོགས་ཡི་གེའི་གཟུགས་སྣང་དུ་མ་དང༌། ཤམྦྷ་ལ་སོགས་ཞིང་ཁམས་ཀྱི་བཀོད་པ་དུ་མ་དང༌། གུར། ཞལ། རྣམ་སྲས་སོགས་ཆོས་སྐྱོང་གི་རིགས་དུ་མ་དང༌། ཕ་ཅིག་དམ་པ། མ་ཅིག་ལབ་སྒྲོན། བཀའ་བརྒྱད་ཆེ་མཆོག གཤིན་རྗེ་ཀེང་ཀ པདྨ་དབང་ཆེན། སེང་གདོང་དམར་མོ། ལྷ་མགོན་ཚོགས་བདག སངས་རྒྱས་སྟོང་རྩ་སོགས་ཁྲ་ལམ་མེར་མཐོང་བའི་དག་སྣང་རྒྱན་གྱི་འཁོར་ལོ་ལ་མངའ་དབང་འབྱོར་ཞིང༌། འདི་སྐོར་ཁོང་ཉིད་བྱམས་པ་འབུམ་གླིང་དུ་བྱོན་ལམ་རྔ་ཡུལ་སྟོད་སྨད་སོགས་སུ་འགྲོ་དོན་རྒྱ་ཆེར་བཅས་བྱང་མཇལ་དུ་བྱོན་སྐབས་ཀིརྡྷི་ཐོགས་མེད་ཞབས་ཀྱིས་ཆེ་བཀུར་རྟ་དང་དར་གོས་ཕྱག་རྡོར་གྱི་གསེར་སྐུ་ཁྱད་མཚར་བ་སོགས་ཀྱི་གནང་སྦྱིན་དང༌། དེ་ཕྱོགས་ཀྱི་གོང་གྲས་རྒྱ་རིགས་མི་སྣ་དག་གིས་བཀའ་ཡིག་ལེགས་པ་སོགས་དང་བཅས་དེ་ཕན་བྱང་མཇལ་གནས་ལམ་ཕྱེ་བའི་སྒོ་ནས་སྐབས་དོན་ལེགས་གྲུབ་དང་ཁྱད་པར་དེ་དུས་སུ་ཕ་མཐའ་རིན་པོ་ཆེས་གཙང་སྤྲུལ་འདི་ཉིད་གསང་བདག་རྡོ་རྗེ་འཛིན་པའི་བྱིན་གྱིས་རླབས་ཤིང་བསྟན་འགྲོའི་དོན་ཆེན་འོང་བའི་སྐྱེས་ཆེན་དུ་ལུང་བསྟན་ཡང་ཡང་མཛད། དེ་ནས་སླར་རྔ་ཡུལ་དུ་ཕེབས་ཏེ་སྐོར་མདའ་ཐང་དུ་འདུས་པ་ཆེས་མང་པོ་ལ་དུས་འཁོར་གྱི་དབང་བསྐུར་མཛད་སྐབས་ཁྱབ་འཇུག་ཆེན་པོ་ར་ཧུ་ལ་བཀའ་ཡི་ཐ་ཚིག་གིས་དམ་ལ་བཞག་ནས་ཆོས་སྐྱོང་དུ་བཀོལ། དེ་ཕན་ཆད་ནས་གཙང་བའི་བརྒྱུད་འཛིན་དག་གིས་དྲང་སྲོང་གཟའ་མཆོག་ཆེན་པོ་སྒྲུབ་པའི་ཆོས་སྐྱོང་གི་གཙོ་བོ་ཉིད་དུ་ད་ལྟའི་བར་གསོལ་མཆོད་བྱེད་པ་ཡིན་ཞིང༌། དེ་ནས་ཚུར་རང་གནས་སུ་ཕེབས་ནས་དངོས་རྫས་གང་དག་གིས་རྣམ་དཀར་བགྱི་བ་དོན་ལྡན་ཁོ་ནར་བཅས་ཐུགས་དམ་ལ་གཙོ་བོར་མཛད། འདི་སྐོར་ཞིག་ཏུ་ཀརྨ་ཞྭ་ནག་བདུད་འདུལ་རྡོ་རྗེ་ཚབ་ཚར་བྱོན་སྐབས་དེར་གཙང་བ་ཕེབས་ནས་འཁར་རྔ་རྒོད་མ་བརྒྱ་རིན་སོགས་སྣེ་གྲངས་བརྒྱ་འབུལ་དང་བཅས་རྟོགས་འབུལ་བཀྱགས་ཚེ་ཀརྨ་པའི་ཞལ་ནས། ཆེ་བསྔགས་ཀྱིས་མདོ་སྨད་བླ་སྒར་སྟོང་ཕྲག་གི་གཙུག་གི་ནོར་བུ་མཆོག་ཏུ་མངའ་གསོལ་མཛད་ཅིང་ཀརྨ་ང་འདྲ་མའི་སྐུ་བརྙན། ཕྱག་དྲིལ་སོགས་གནང་སྦྱིན་རྒྱ་ཆེ་བས་བརྩི་བཀུར་བླ་མེད་བྱས་པ་སོགས་ཀྱིས་རང་གནས་སུ་ཕེབས། དགུང་ལོ་སོ་ལྔ་སྐོར་རྡོ་རྗེ་གཡུ་བྲག་ཏུ་གནས་མཇལ་ལ་ཕེབས་སྐབས་ལམ་ནས་འབྲི་ཆུ་སོགས་རྫ་དཀར་ནག་གི་ཆུ་རྣམས་ལ་དར་གང་ནས་མེད་པ་འཕྲལ་དུ་དར་ཆགས་བའི་སྟེང་ནས་ཕེབས་ལམ་མཛད་རྗེས་སླར་ཡང་ཆད་པའི་སྒོ་ནས་འབྲི་གུང་ཡེར་བ། ལྷ་ས་སོགས་ལ་རིམ་པས་མཇལ་ནས་མཚུར་ཕུར་ཀརྨ་པ་བཞུགས་པའི་དྲུང་དུ་སྔར་གྱི་རྟོགས་འབུལ་གྱི་འཕྲོ་ལེགས་ཞུ་མཛད་པས་ཀརྨ་པ་ཉིད་ཀྱི་ཞལ་སྔ་ནས། ཆེད་བརྗོད་གནང་བ།བླ་མའི་ཐུགས་སུ་རྟགས་བཅུའི་ཡོན་ཏན་སོགས། །གསལ་བར་འཆར་འདི་ཤིན་དུ་ལེགས་ཚོགས་ཆེ། །སླད་མའང་རྣམ་ཀུན་མཆོག་ལྡན་གོང་འཕེལ་ཆེར། །གེགས་མེད་ཡོངས་སུ་སྤྱོད་པས་སྨིན་གྱུར་ཅིག །ཅེས་སོགས་གཟེངས་བསྟོད་རྒྱ་ཆེ་བ་མཛད་ཅིང༌། བཀྲ་ཤིས་ལྷུན་པོ། ཇོ་ནང་སྐུ་འབུམ་སོགས་ལ་མཇལ་མཆོད་དང༌། རྟག་བརྟན་ནས་སྤར་ཡིག་རྒྱབ་ཁལ་བླུས་ནས་སླར་རིམ་པས་ལྷ་སའི་བར་ཕེབས་ཏེ་ཇོ་བོ་ཤཱཀྱ་མུ་ནེ་སོགས་ལ་གསེར་ཆབ་ཕུལ་ནས་ཁོང་གིས་ཙན་དན་གྱི་བཅུ་གཅིག་ཞལ། པད་འབྱུང་གཙོ་འཁོར། ཁ་སར་པ་ཎི། རྣམ་སྲས་སོགས་ཀྱི་འདྲ་སྐུ་བླུས་ཏེ་སྔ་ཕྱི་ཅི་རིགས་སུ་འབྲི་གུང་སྤྲུལ་སྐུ། རྒྱལ་བ་རིན་པོ་ཆེ། ཞྭ་དམར་བཅུ་པ་ཆོས་གྲུབ་རྒྱ་མཚོ་སོགས་ལ་ལེགས་མཇལ་གྱི་སྒོ་ནས་མར་ཕེབས་ལམ་ངམ་ཆུ་ཁར་གཏེར་སྟོན་མི་འགྱུར་རྡོ་རྗེ་དང་རྟོགས་འབུལ་ཡི་གེ་བསྐུར་རེས་ཀྱིས་ཕན་ཚུན་ཐུགས་ནང་གཅིག་འདྲེས་སུ་གྱུར། སྡེ་དགེ་ནས་རྒྱལ་བའི་བཀའ་ཆོས་ཆེན་མོའི་གསུང་རབ་ཀྱི་ཡི་གེ་ལེགས་བླུ་བཅས་རང་གནས་འཛམ་ཐང་དུ་འབྱོར་ཞིང་རབ་གནས་དགའ་སྟོན་རྒྱ་ཆེ་བ་དང་འགྲོ་ཕན་གཞན་ཡང་མང་དག་མཛད། གཙང་བ་སྤྲུལ་བའི་སྐུ་འདི་ཉིད་ཀྱི་ཕྱག་ཏུ་དཔལ་ལྡན་ལྷ་མོའི་རལ་གྲི་བདུད་སྡེ་མ་རུངས་པ་ཚར་གཅོད་བྱེད་ཀྱི་ཕྱག་མཚན་དེ་ཡང་ལེགས་འབྱོར་གྱི་ཚུལ་དུ་རྟེན་གྱི་སྐལ་བ་མཆོག་ཏུ་ཐོབ་བམ་སྙམ་ལ། དགུང་ལོ་ཞེ་གསུམ་སྐབས་ཆུ་ཆེན་མཁན་པོས་གོང་མའི་གསེར་ཡིག་གིས་འཛམ་ཐང་ཆོས་ལུགས་བརྗེ་དགོས་པའི་བཀའ་ནན་བྱུང་བ་ན་གཙང་བ་ཁོང་དང་ཕུན་ཚོགས་རྫོང་རྒྱལ་གཉིས་ཆུ་ཆེན་དུ་བྱོན་ཏེ་ཡིན་ལུགས་ལེགས་ཞུས་ཀྱིས་ཇི་བཞིན་གོ་བརྡ་འཕྲོད་ནས་ཞྭ་སེར་ཁ་བསྒྱུར་ཙམ་ལས་ཆོས་ལུགས་སྔར་བཞིན་ཆོག་པའི་བཀའ་གནང་དང་བཀའ་རྟགས་བཟང་པོའི་སྐྱེས་བཅས་རང་རེའི་བསྟན་ལ་ཕན་ཐོགས་བྱུང༌། དགུང་ལོ་ཞེ་དྲུག་ཏུ་མ་ཡུམ་འདས་པའི་དགོངས་རྫོགས་སུ་འཁོར་ལོ་དྲུག་ཅུ་ལྷག་སོགས་རྣམ་དཀར་བསགས་སྒོ་རྒྱ་ཆེར་མཛད། དེ་ནས་ཉིད་ཀྱི་དགུང་གྲངས་ཞེ་བདུན་ནས་ཞེ་དགུའི་བར་ལོ་གསུམ་གྱི་རིང་ལ་སྐུ་མཚམས་དམ་པོ་མཛད་ནས་བཞུགས་ཤིང་དགུང་ལོ་ལྔ་བཅུར་སླེབས་པ་ཙམ་ན་ཁོང་ཉིད་ཚ་ཁའི་འབྲོག་སྡེ་ལ་དཀར་བསོད་དུ་ཕེབས་སྐབས་མི་ནག་གི་སེར་སྡེས་ཞུས་ངོར་གྲུབ་ཆེན་བརྒྱད་ཅུའི་རྗེས་གནང་གསུངས་པའི་ཚེ་འཕྲལ་དུ་ས་དྲོད་དང་མཁའ་ལམ་ནས་འཇའ་སྤྲིན་དང་མཚན་མོ་སྤྲིན་མེད་པར་ཆར་ཟིལ་དང་ཉིན་མོ་ཁ་བ་མེ་ཏོག་ལྟར་འབབ་པ་སོགས་ཀྱི་ལྟས་བྱུང་ཚེ་ཁོང་གི་ཞལ་ནས། ད་ནི་ང་རང་ལ་སྐུ་གོང་མའི་ཚེ་གེགས་ལས་ལྷག་ལོ་གཉིས་ཙམ་སོང་བས་གང་གིས་ཕན་པ་མེད་པར་འཆི་བའི་དུས་ལ་བབས་པ་ཡིན། ཞེས་གསུངས་ནས་སྤྱི་ལོ་༡༧༨༩ རབ་ལོ༡༤ ༣༡ས་མོ་བྱ་ལོ་དེའི་ཐ་སྐར་ཟླ་བའི་བཅོ་ལྔར་ཟླ་བ་སྒྲ་གཅན་གྱིས་སྒྲིབ་ཅིང་ཚེས་དེའི་ཉེར་བརྒྱད་ནམ་གུང་དུ་གཟུགས་སྐུའི་བཀོད་པ་འཕྲལ་དུ་བསྡུས་ནུབ་རྭ་རྫོང་དུ་གདུང་ཤུལ་ས་མཐོ་གང་ཙམ་སྐྱ་མོར་སོང་བའི་ཤུལ་དོད་ཅིང་དེའི་ནུབ་གདར་ཚང་དུ་རོལ་མོའི་སྒྲ་ལྡིར་བ་དང་དེའི་ཟླ་བ་ཕྱི་མའི་ཚེས་གཅིག་ཏུ་ཉི་མ་ཡང་བཟུང་བའི་སྒོ་ནས་ཚེས་བཞིའི་ནམ་གུང་ས་གཡོ་བ་དང་བཅས་སྐུ་གདུང་བཞུ་སྐབས་བུད་ཤིང་ཆེར་མེད་པར་རང་འབར་དུ་སོང་ཞིང་ཞེ་དགུའི་རིང་འཇའ་སྤྲིན་རྒྱུན་མ་ཆད་པ་དང་གདུང་རུས་ལ་ཚེ་དཔག་མེད་ཀྱི་སྐུ་སོགས་དང་རིང་བསྲེལ་ཆེ་ཆུང་དུ་མ་སྐུ་ཤ་ཚིག་པའི་ཐལ་བ་འགར་ཁུང་ཚྭ་ལ་ལྟ་བུའི་སྲ་མཁྲེགས་དང་ལྡན་པ་སོགས་ངོ་མཚར་བའི་རྟགས་མང་པོ་བཅས་དགོངས་མཆོད་གདུང་རྟེན་སོགས་རྒྱས་པར་རྣམ་ཐར་ལོགས་ན་ཡོད་པ་ལྟར་རོ། །གང་གི་ཐུགས་སློབ་གྲུབ་ཆེན་དུས་ཞབས་པའི་བྱིན་གྱིས་རླབས་པའི་སྤྲུལ་སྐུར་གྲགས་པ་ནང་ཉམས་རྟོགས་ཀྱི་ཀློང་རྡོལ་ཞིང་གཏུམ་མོའི་བདེ་དྲོད་ཀྱིས་དགུན་ཁར་གཟིམས་ཁང་སྟེང་ལ་ཁ་བ་འཇོག་མི་ཐུབ་པ་སོགས་གྲུབ་པའི་རྟགས་དང་མངོན་མཁྱེན་ཐོགས་མེད་མངའ་བ་ལྷ་ཚེ་བླ་མ་ངག་དབང་རྒྱལ་མཚན་ཞབས་པ་དང༌། ཉིད་ཀྱི་སྐུ་དབོན་ལྷུན་གྲུབ་རྒྱ་མཚོ་སྟེ། དེ་ཡང་མཐུ་ནུས་ཀྱིས་བསྟན་སྲུང་བྲན་དུ་བཀོལ་ཞིང་དྲག་པོ་མངོན་སྤྱོད་ཀྱི་ལས་ཚབས་ཆེན་གྲུབ་པས་སྡང་དགྲ་གདུག་ཅན་ཆོམ་ལ་འབེབས་ནུས་པའི་སྔགས་རིག་འཛིན་པ་ཆེན་པོ་ཞིག་ཡིན་ཕྱིར་སྐབས་ཤིག་ཏུ་ཁོང་ཉིད་སྨྲ་ཡུལ་ཕྱོགས་ཀྱི་འབྲོག་སྡེར་བཞུགས་སྐབས་ཉིན་ཅིག་རི་ངོས་ནས་འབྲོང་གཡག་རྒོད་པོ་ཆེས་སྟོབས་དང་ལྡན་པ་ཞིག་ངར་ཤེད་ཀྱིས་འབྲོག་པའི་རི་ཐོག་ཏུ་རྒྱུག་བྱུང་བ་ན་དེར་གནས་མི་ཐམས་ཅད་ཀྱིས་ཅི་བྱ་གཏོལ་མེད་འཇིགས་སྐྲག་གིས་བྱ་ཐབས་ཟད་ཚེ། དབོན་ཉིད་ཀྱིས་སྐད་ཅིག་ལ། ཆོས་སྐྱོང་བསྐུལ་རྦད་ཀྱིས་དམོད་བཅོལ་དང་བཅས་སྐུ་གཟན་ས་ལ་བརྡབས་པས་དེ་མ་ཐག་འབྲོང་རྒོད་ངར་བ་དེ་འཕྲལ་དུ་སྐེད་པ་དྲལ་ནས་ཁ་སྦུབ་ཏུ་ཤི་སོང་བས་ཀུན་ཧ་ལས་པར་གྱུར་པ་སོགས་ནུས་མཐུ་ཆེ་བའི་ལོ་རྒྱུས་མང་པོ་ཅན་ཞིག་གོ དེ་ལ་སོགས་པའི་ཐུགས་སྲས་བུ་ཆེན་མང་དུ་བྱོན་པའོ། །

གཙང་ཆེན་དགོན་གྱི་གསེར་ཁྲི་གསུམ་པ་གཙང་བའི་སྐུ་འཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ།

གཙང་ཆེན་དགོན་གྱི་གསེར་ཁྲི་གསུམ་པ་གཙང་བའི་སྐུ་འཕྲེང་གསུམ་པ་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་ནི།

ཡོ་སྟག་ཏུ་ཡབ་མགོ་ལོག་སྙིང་རྒྱ་འབུམ་དང་ཡུམ་སྡོང་ཟ་ལུག་མཚོ་གཉིས་ཀྱི་སྲས་རིགས་སུ་ལྷུམས་ན་བཞུགས་སྐབས་ཡུམ་གྱི་རྨི་ལམ་དུ་ཟླ་བ་ཁང་སྟེང་དུ་བབས་པ་དང༌། འཛམ་ཐང་ནས་འོང་ཟེར་བའི་བླ་སྒར་སྒོ་དྲུང་དུ་སླེབས་པ་དང༌། ནམ་མཁའ་ནས་གསེར་གྱི་རྡོ་རྗེ་སྙན་པའི་སྒྲ་ལྡན་ཞིག་རང་གི་པང་དུ་ལྷུང་བ་སོགས་རྨིས་ཤིང༌། ཡབ་ཀྱིའང་མནལ་ལམ་དུ་དུང་དཀར་འབུད་པའི་སྒྲ་གདངས་ཀྱིས་ཡུལ་གྲུ་ཆེན་པོ་ཀུན་ཡོམ་ཡོམ་བྱེད་པའི་སྣང་བ་སོགས་དང༌། ཁྱད་པར་ཁྱིམ་གྱི་དུ་བ་གནམ་དུ་སོང་བའི་དབུས་སུ་ལྷ་སྐུ་དཀར་པོ་རྒྱན་ལྡན་བཞུགས་པ་དང༌། བླ་མ་དཔོན་གཡོག་དྲུག་རེ་གཙང་བ་ཡིན་ཟེར་བཞིན་ཁང་ཐོག་ཏུ་ཐོན་པ་དང༌། ཞིང་རྭ་རྣམས་སུ་མེ་ཏོག་སྣ་ཚོགས་འོད་འབར་བས་ཁྲིག་མེར་གང་བ་དང༌། གྲོང་ཁྱེར་ཀུན་ཏུ་དྲི་བཟང་གིས་ཁྱབ་པ་དང༌། ཁང་སྟེང་དུ་གུར་གྱི་ཤུལ་ཙམ་ལ་དགུན་ཁར་ཁ་བ་མི་འཇོག་པ་དང༌། སྐུ་གོང་མ་རྔ་ཁོག་ཏུ་ཕེབས་དུས་མཆོད་སྐོང་ཞིག་སྟོར་སོང་བ་བྱ་རོག་གིས་ཁྱེར་ནས་འདིར་ཁང་ཐོག་ཏུ་བཞག་པ་དང༌། ཆོས་སྐྱོང་ཁྱབ་འཇུག་ཆེན་པོས་གཟུགས་ཆེ་ཆུང་སྣ་ཚོགས་པའི་སྒོ་ནས་དུས་དང་དུས་སུ་མེལ་ཙེ་བྱེད་པ་སོགས་ངོ་མཚར་བའི་རྟགས་མཚན་ཆེས་མང་ཞིང༌། དེ་ནས་སྐུ་སྔ་མ་གཤེགས་ནས་ཟླ་བ་དྲུག་དང་ཞག་བཅུ་དགུ་སོང་མཚམས་སྤྱི་ལོ་༡༧༩༠ རབ་ལོ༡༣ ༤༤ལྕགས་ཁྱིའི་ལོའི་ཟླ་བ་བཞི་པའི་ཚེས་བཅུ་བདུན་གྱི་ཉིན་སྐུ་ལྷུམས་ནས་བལྟམས་མ་ཐག་ཞལ་ནས། ཧཱུཾ་ཧཱུཾ་ཞེས་པའི་སྒྲ་གསལ་བོ་སྒྲོགས་ཅིང་མཁའ་ལམ་ནས་རྔ་སྒྲ་ལྟ་བུ་བྱུང་བའི་རྐྱེན་གྱིས་འཛུམ་མཛད་དང་བཅས་པའི་རྒོད་བག་ངོམ་པ་ཞིག་སྟེ་སྔོན་སྐུ་གོང་མའི་པུས་མོའི་མཚམས་སུ་སེང་གེའི་གཟུགས་འདྲའི་རི་མོ་སྔོ་བཀྲའི་ཤ་མཚན་ཡོད་ཅིང་དེ་འདྲའི་ཤ་མཚན་དེ་སྐུ་བར་བའི་དཔྱི་མིག་མཚམས་དང་སྤྲུལ་སྐུ་འདི་ཉིད་ཀྱི་མཁལ་ཁུང་གཡས་པར་ཡོད་པའི་ལེགས་མཚན་གྱི་རྟེན་འབྲེལ་ཇི་བཞིན་མངོན་ལ། དགུང་གྲངས་བཞིར་སོན་ཚེ་འཛམ་ཐང་གཙང་བ་སྒར་གྱིས་ཁྲི་འདོན་དང་བཅས་རིམ་པས་ཀློག་སོགས་བསླབ་སྦྱང་དང་དགུང་ལོ་བཅུ་སྐོར་ནས་བཟུང་དབོན་ལྷུན་གྲུབ་རྒྱ་མཚོའི་དྲུང་ནས་དགེ་བསྙེན་སྡོམ་པ་ཞུས་ནས་མཚན་དཀོན་མཆོག་འཇིགས་མེད་རྣམ་རྒྱལ་དུ་གསོལ་ཞིང་གཞན་ཡང་དུས་འཁོར་དབང་སོགས་ཟབ་བཀའ་ཅི་རིགས་དང༌། སློབ་དཔོན་ཆོས་འབྱོར་ཞབས་པའི་མདུན་ནས་སྦྱོར་དྲུག་གི་ཟབ་བཀའ་ཞུས་ནས་ཉམས་ལེན་གྱིས་རྟོགས་པའི་རྩལ་ཡང་རབ་ཏུ་གྱུར་ཅིང༌། འདི་སྐོར་གཞན་ལའང་དབང་བསྐུར་མཛད་ཐུབ་ཅིང༌། དགུང་ལོ་བཅུ་བཞི་པར་སི་ཏུ་པདྨ་ཉིན་བྱེད་དབང་བོའི་དྲུང་ནས་རབ་བྱུང་བསྒྲུབས་ཏེ། མཚན་ཀརྨ་ཆོས་མཆོག་བསྟན་གསལ་ཞེས་གསོལ་ཞིང༌། དེ་སྐབས་སུ་སྐུ་དབོན་སངས་རྒྱས་རྒྱ་མཚོའི་དྲུང་ནས་ཀྱང་རིན་འབྱུང་སོགས་དང༌། ཀུན་དགའ་ཆོས་དབྱིངས་ཀྱི་མདུན་ནས། ཀུན་མཁྱེན་གསུང་འབུམ།བླང་དོར་ཁྲིད་ལུང༌། རྩིས་དཀར་ནག་སོགས་ཕྱི་ནང་གི་རིག་གནས་དུ་མ་ལ་གསན་སྦྱང་ཕུལ་ཕྱིན་མཛད་སྐུ་དབོན་ལྷུན་གྲུབ་པའི་དྲུང་ནས་སྦྱོང་རྒྱུད་ཀྱི་དབང་སོགས་ཟབ་བཀའ་དུ་མ་གསན་ཞིང་ལྷར་ཡག་རི་ཁྲོད་པ་སོགས་ལ་དབང་ལུང་ཁྲིད་གསུམ་ཅི་རིགས་ཀྱང་མཛད།འདི་སྐོར་གཟིམས་ཁང་དུ་སྟོན་པའི་སྐྱེས་རབས་ཀྱི་གྱང་རིས་གསར་བཞེངས་དང༌། སངས་རྒྱས་རྒྱ་མཚོའི་དྲུང་ནས་མི་འཁྲུགས་པའི་དབང་ཁྲིད་ཞུས་ནས་བསྙེན་སྒྲུབ་ཁ་སྐོང་བཅས་དང༌། དུས་འཁོར་ལྷ་དགུའི་སྒྲུབ་ཐབས་ཀྱི་སྟེང་ནས་དབང་ཁྲིད་ཀྱང་ཞུས་ཏེ་ལྷ་བསྙེན་བྱེ་བ་ཁ་སྐོང་བཅས་ཀྱི་མཚམས་སྒྲུབ་དང༌། རྡོ་རྗེ་འཆང་ངག་དབང་རྒྱལ་མཚན་གྱི་མདུན་ནས་སླར་ཡང་ཡན་ལག་དྲུག་གི་ཟབ་ཁྲིད་ཞུས་ཏེ་ཟླ་བ་ཞེ་བཞིའི་བར་ཉམས་ལེན་གནད་སྨིན་མཛད་པས་རྟོགས་པ་གཤིས་ནས་མངོན་དུ་གྱུར་ཏེ་འོད་གསལ་དོན་དམ་པའི་འཆར་སྒོ་མཐའ་ཀླས་པ་དང་བཅས་ནང་དབྱིངས་གདོད་མ་ཉིད་ཀྱི་གནས་ལུགས་ལ་ཇི་བཞིན་ཐུགས་ངེས་ཆེན་པོ་འཁྲུངས་ཤིང༌། དགུང་ལོ་ཉི་ཤུའི་སྐོར་དུ་དབོན་སངས་རྒྱས་རྒྱ་མཚོའི་དྲུང་ནས་གྲུབ་ཐོབ་བརྒྱད་ཅུ། རྗེས་གནང་བརྒྱ་རྩ་སོགས་དང༌། སློབ་དཔོན་དྲི་མེད་ཀྱི་མདུན་ནས་བཀའ་བབས་དྲུག་ལྡན་གྱི་ཟབ་ཁྲིད་ཞུས་ཏེ་ཟླ་བ་བཅུ་བཞིའི་བར་ཉམས་ལེན་གནད་ཁེལ་བཅས་ཀྱིས་མཚམས་སྒྲུབ་དང༌། ལྷར་ཡག་བློ་གྲོས་རྒྱ་མཚོ་སོགས་ལ་མི་འཁྲུགས་པ་དང་དུས་འཁོར་སོགས་ཀྱི་དབང་བསྐུར་ཀྱང་མཛད། དགུང་ལོ་ཉེར་བདུན་སྟེང་ཁོང་ཉིད་འཁོར་ཚོགས་རྒྱ་ཆེར་བཅས་དབུས་གཙང་དུ་ཕེབས་ཏེ། གཞུང་དགའ་ལྡན་པ་སོགས་ལ་འབུལ་རྐྱེན། ཇོ་བོ་སོགས་རྟེན་ཁྱད་འཕགས་ལ་གསེར་ཆབ་བཅས་པཎ་ཆེན་རིན་པོ་ཆེའི་མདུན་དུ་དངོས་འབུལ་གཟབ་ལྡན་གྱི་སྒོས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཤིང༌། ཁོང་གིས་གཙང་བ་ལ་གནང་སྦྱིན། རྗེའི་གསུང་འབུམ། བྱམས་མགོན་སྐུ་བརྙན། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ། ན་བཟའ་ཆ་ཚང་སོགས་དང༌། ཁྱད་པར་རྗེ་བཙུན་ང་འདྲ་མའི་གསེར་སྐུ། རྗེ་བཙུན་གྱི་དབུ་ཞྭ། རྗེ་བཙུན་ཉིད་ཀྱི་སྐུ་འདྲའི་སྤར་ཤིང་ཕྱག་བཟོ་མ་སོགས་ལེགས་སྐྱེས་ཀྱི་མཛད་སྒོ་རྒྱ་ཆེར་བྱས་ཤིང་ཇོ་ནང་རྟག་བརྟན་གྱི་སློབ་དཔོན་སྐུ་ཕྱོགས་སྤོ་ར་བ་བློ་བཟང་མཐུ་སྟོབས་ཀྱི་དྲུང་ནས་ཟབ་ལམ་ནཻ་གུའི་ཆོས་བཀའ་ཡོངས་རྫོགས་ཞུས་ནས་ཡོན་འབུལ་དགོན་ལ་སྤྱི་ཐེབས་གྱ་ནོམ་དང་ས་སྐྱ་སོགས་གྲུབ་སྡེ་སོ་སོར་མཆོད་འབུལ་མི་དམན་པའི་སྒོ་ནས་རང་གནས་སུ་འབྱོར་ཞིང་མཚོ་སྔོན་ཕྱོགས་ཀྱི་གཙང་སྒར་དུའང་ཕེབས་ནས་ཆོས་བཀས་འགྲོ་དོན་ཅི་རིགས་མཛད། དགུང་ལོ་སུམ་བཅུ་སྐོར་ལ་ཐུགས་ཆེན་དུ་གནས་མཇལ་དང་ནཻ་གུའི་ཟབ་ཆོས་ལ་ཉམས་ལེན་ཡུན་རིང་མཛད་པས་སྔར་ལས་ཉམས་དང་རྟོགས་པའི་རྩལ་འབར་ཏེ་ཕྱག་རྒྱ་ཆེན་པོའི་དོན་ལ་དབང་འབྱོར། འདི་སྐོར་དུ་བསེར་རྣི་ཟོག་དགོན་ལ་རྒྱལ་གདོན་གྱི་གནོད་པ་ཆེ་སྟབས་གཙང་བ་བསྲུང་རིམ་དུ་བྱོན་དགོས་བྱུང་བས་ལམ་བར་དུ་སེ་དམར་ཞེས་པའི་གཞི་བདག་གདུག་ཅན་ཁོང་ཉིད་གཤིན་རྗེ་གཤེད་ཀྱི་རྣམ་པར་བཞེངས་ཏེ་སྟོབས་ནུས་ཀྱིས་ཅི་དགར་ལས་ལ་བཀོལ་ནས་བཀའ་དམ་དུ་ལེགས་བཞག་མཛད་ཅིང་གནོད་པ་ཅན་གྱི་དགོན་དེར་ཁམས་གསུམ་ཟིལ་གནོན་གྱི་གཏོར་སྒྲུབ་ཟབ་མོའི་བསྲུང་རིམ་སྐབས་དཀྱིལ་འཁོར་དུ་མཚོན་ཆའི་ཕུར་བུ་འཁྲབ་པ་དང་ཟོར་ཆ་ཕལ་ཆེར་དགུང་རྩེད་བྱེད་པ་སོགས་ཆེས་རྔམ་ཞིང་འཇིགས་པའི་ཟིལ་བཟོད་དཀའ་བའི་རྟགས་མཚན་དུས་སུ་ངོམ་བཞིན་དགོན་དེ་ལ་འཚེ་བའི་རྒྱལ་གདོན་ཚར་བཅད་ནས་ཞི་འཇགས་བདེ་སྐབས་སུ་བཏང་ཞིང༌། རྣམ་པར་དཀར་བའི་བྱ་བ་ཁོང་གིས་དངུལ་རྡོ་ཚད་བཅུ་གཅིག་གིས་ཡོན་སྦྱིན་མཛད་དེ་སོ་མང་རྒྱལ་ཁབ་ནས་འཁོར་ལོ་བརྒྱ་ཕྲག་ལྷག་དང༌།ཡང་དངུལ་རྡོ་ཚད་བཅུ་གཉིས་ལྷག་ཙམ་གྱིས་ར་རྒྱ་ཤིང་ཟའི་སྒར་ནས་རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་ཡི་གེ་ཡོངས་རྫོགས་གདན་འདྲེན་ལེགས་བླུས་མཛད་སྒོ་དང༌། འདི་སྐོར་བྱམས་གླིང་དུ་ཕེབས་ཏེ་སྒོ་མང་འཇམ་དབྱངས་བཞད་པ་དང་མཇལ་འཕྲད་བཅས་འབུལ་བ་གཟབ་ལྡན་གྲྭ་ཚང་ལ་མང་ཇ་སོགས་དང་འཇིགས་མེད་དབང་པོའི་གསུང་འབུམ་ཞིག་ཀྱང་བླུས།སྤྱིར་གཙང་བ་འདི་ཉིད་ཀྱིས་འཛི་ཀ་སྟོད་སྨད་ཀྱི་འདུས་སྡེ་ཡོངས་ལ་ཟབ་མོའི་ཆོས་ཆར་ཕབས་པ་སོགས་མགོ་ལོག རྔ་བ། ཝ་ཤུལ། ཚ་ཀོའི་ཕྱོགས་ཁག་སོ་སོར་ཟབ་ཆོས་ཀྱིས་རྗེས་སུ་བཟུང་བའི་སློབ་མ་ཆེས་མང་ཞིང་ཁྱད་པར་གང་ཉིད་ཀྱི་ཐུགས་སྲས་བུ་ཆེན་དུ་གྱུར་པ་རྡོ་རྗེ་སློབ་དཔོན་གྱི་གནས་སུ་འོས་པ་བརྒྱ་ཕྲག་དུ་མ་ཡོད་ལ། བསྟན་པའི་སྦྱིན་བདག་ཡང་གོང་སྨོས་ཀྱི་ཡུལ་གྲུ་སོ་སོར་སྐྱོང་བའི་མི་དབང་སྡེ་བཅས་གང་དག་དང་གདུལ་བྱ་བསྟན་འགྲོའི་དོན་དེ་ཕྱོགས་ཀུན་དུ་སྔ་ཕྱི་ཅི་རིགས་མང་པོར་བྱོན་ཞིང༌། ཁོང་ཉིད་རི་ཁྲོད་གདར་ཚང་དུ་འཇིགས་བྱེད་བསྙེན་མཚམས་ལ་བཞུགས་སྐབས་རྟགས་མཚན་ཁྱད་པར་བའི་ལོ་རྒྱུས་ཀྱང་མང༌། འདི་སྐབས་ཅི་རིགས་ལ་བྱ་བྲལ་ཀླུ་སྒྲུབ་རྒྱ་མཚོའི་མདུན་ནས་རྗེ་བཙུན་ཏཱ་ར་ན་ཐའི་གསུང་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་གསན། དགུང་ལོ་བཞི་བཅུ་སྐོར་རྗེ་ཀླུ་སྒྲུབ་ཞབས་པ་དེ་ཉིད་ཀྱི་དྲུང་ནས་འཛི་སྒར་དགོངས་གཏེར་སྒྲོལ་མའི་གསང་སྒྲུབ་ཀྱི་ཟབ་བཀའ་ཞུས་ཏེ་ཟླ་བ་བདུན་གྱི་བར་བསྙེན་མཚམས་ཁ་སྐོང་བཅས་གྲུབ་ཅིང༌། དེ་རྗེས་སུ་འཇིགས་མཛད་སྙན་བརྒྱུད་ཀྱི་རིམ་པའང་མཐའ་རྒྱས་མཛད་ནས་དེ་མཚམས་ཞིག་ཏུ་མ་བླ་མ་ཆོས་མཆོག་གིས་ཞུས་ངོར་འདུས་པ་མང་པོ་ལ་འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གྱི་དབང་དང་ཆོས་སྐྱོང་འགའི་རྗེས་གནང་བཅས་གསུངས་ཤིང༌། ཁྱད་པར་དྲཀྴད་གཉོས་ལུགས་ཀྱི་རྗེས་གནང་བཀའ་གཏད་བཅས་ནང་སློབ་དམ་ཚིག་དག་པ་འགའ་ལ་གནང་སྐབས་གློག་འོད་འཁྱུག་ཅིང་འབྲུག་སྐད་དྲག་པོ་ལྡིར་བཞིན་ལྕེ་འབབས་དབལ་ངར་མོས་འཇིགས་སྣང་བསྐུལ་བ་སོགས་གཉན་ཆ་ཆེ་བའི་རྟགས་མཚན་བྱུང་ལ། སྐུ་འདི་དང་གོང་མ་ཅི་རིགས་ཀྱིས་དཀོར་བདག་རྣམ་སྲས་མཆོད་སྒྲུབ་དང་གཞན་རྒྱལ་པོའི་རིགས་བཀོལ་བའང་མཛད། དེ་ནས་བླ་མ་དྲི་མེད་ཀྱི་མདུན་ནས་མགོན་པོ་བྲག་རྫོང་མའི་དབང་ཁྲིད་གསན་ནས་བསྙེན་མཚམས་དམ་རྒྱ་བཅས་ཀྱིས་འགྲུབ་རྟགས་ཐོན་ངེས་དང་ཡག་མདོའི་གཟིམས་ཁང་གོང་མའང་བཞེངས། མཆོག་རྩེ་དང་རྫོང་འགག་གི་རྒྱལ་པོ་གཉིས་ཀྱིས་གཙང་བ་གདན་འདྲེན་ཞུས་སྐབས་རིམ་པས་བཀྲ་ཤིས་སྒང༌། རྒྱལ་ས་སྣ་དག ལྷར་ཡག་དགོན་སོགས་ལ་བརྒྱུད་ནས་རྒྱལ་ས་རྣམ་གཉིས་སུ་ཕེབས་ལམ་ཐམས་ཅད་དུ་ཆིབས་བསུ་རྒྱ་ཆེ་བས་འཁར་རྔ་སྒྲ་ལྡན་སོགས་དངོས་རྫས་ཀྱི་འབྱོར་བ་གྱ་ནོམ་པས་ཆེ་འབུལ་བཅས་དེ་ཕྱོགས་དཔོན་སྡེ་མཐའ་དག་གི་དད་གུས་བླ་ལྷག་པས་བླ་མར་ལེགས་བཀུར་བྱེད་སྐབས་སུ་ཁོང་གིས་གསོན་པོ་ལ་ཕོ་ལུང་གིས་རྣམ་ཤེས་དབྱིངས་སུ་སྤར་བ་དང་འཇམ་དཔལ་ཁྲོས་པའི་ང་རྒྱལ་ངང་མེ་ཞགས་ཀྱིས་གདོན་བགེགས་རིང་དུ་བསྐྲད་ཚུལ་འདྲེ་ཁོག་ཞུགས་དག་གིས་ལབ་པ་སོགས་ཡོན་ཏན་མཐུ་ནུས་ཀྱི་སྙན་པ་ཀུན་ནས་ལྡིར་བཞིན་བསྲུང་རིམ་དབང་བཀའ་རྒྱ་ཆེ་བས་འགྲོ་དོན་དང་དེ་ཕྱོགས་དགོན་སྡེ་ལ་ཟབ་ཆོས་རེ་འདོད་བཞིན་གྱིས་ཡིད་ཚིམ་མཛད་པས་དངོས་འབུལ་ཀྱང་དེ་ལུགས་ལྟར་སྒོ་ཀུན་ནས་སྤྲིན་དཔུང་བཞིན་གང་འདུས་ཚད་རྣམ་དཀར་ཆོས་ལྡན་གྱི་བགྱི་བ་འབའ་ཞིག་ཏུ་གཙང་དག་མཛད། དགུང་ལོ་ཞེ་བཞིའི་སྐོར་ཡག་མདོ་གྲྭ་ཚང་གི་འདུ་ཁང་ཆེན་མོའི་རྨང་གཞི་འདེངས་བ་ནས་བཟུང་རིམ་པས་ཕྱི་བཀོད་ཡོངས་རྫོགས་དང་ནང་དུའང་སྟོན་པའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ཆོ་འཕྲུལ་ཆེན་པོའི་བཀོད་པ། རྒྱུད་སྡེའི་བླ་བརྒྱུད་སྣ་ཚོགས་གྲངས་བརྒྱ་ཕྲག་གཅིག་དང་བདུན་ཅུ་རྩ་གསུམ། རྒྱུད་སྡེ་ལྔའི་ལྷ་གྲངས་བརྒྱ་ཕྲག་གཅིག་དང་ཉེར་གསུམ་ལྷག ཆོས་སྐྱོང་སྐོར་ཆ་ཚང༌། བདེ་ཆེན། མངོན་དགའ། སྨན་བླའི་ཞིང་རྣམས་ཀྱི་བཀོད་པ། སྒོ་དྲུང་དུ་རྒྱལ་ཆེན་སྡེ་བཞིའི་བྲིས་ཐང༌། །ཀ་ཚོན་ཤིང་ཚོན་སོགས་རྣམ་པ་ཀུན་ནས་ཁྱད་མཚར་བའི་ལེགས་བཀོད་མཐའ་དག་ཇི་བཞིན་གྲུབ་པའི་ཡོན་ཐང་དངུལ་སྲང་བརྒྱ་ཕྲག་དྲུག་ལྷག་གི་དངོས་རྫས་གྱ་ནོམ་པས་འགྲོ་དགོས་གཏོང་ཕོད་དང༌། འདུ་ཁང་གྲུབ་ཟིན་ལོའི་ཟླ་བ་བཞི་པའི་ཚེས་གཅིག་ནས་གནམ་གང་བར་ཟླ་འཚོགས་དང༌། དེ་ཕྱིན་ལོ་བསྟར་གྱི་ས་ག་ཟླ་བའི་ཚེས་བརྒྱད་ནས་ཉེར་གཅིག་བར་དུས་འཁོར་རྡུལ་ཚོན་སྟེང་ནས་སྒྲུབ་མཆོད་དང༌། ཆོ་འཕྲུལ་ཟླ་བའི་ཚེས་བརྒྱད་ནས་བཅོ་བརྒྱད་བར་སྨོན་ལམ་ཆེན་མོ་སྟེ་དེ་དག་ཏུ་ཚོགས་གྲྭ་བརྒྱ་ཕྲག་ལས་མི་ཉུང་བ་ཙམ་ཡོད་ཅིང༌། དེ་མཚམས་དགུང་གྲངས་ཞེ་དྲུག་སྐོར་ཞིག་ནས་ཉིད་སྐུ་བསྙུང་བའི་ཚུལ་བསྟན་པ་ནས་བཟུང་གང་གི་ཞབས་བརྟན་དུ་བཀའ་ཆོས་ཀློག་འདོན་ཚར་གསུམ། དུས་འཁོར་ཆོ་ག་སྟོང་ཕྲག་གསུམ། ཀུན་རིག་ཆོ་ག་སྟོང་ཕྲག་བཞི་ལྷག བསྙེན་པའི་རིགས་སྣ་ཚོགས་དུང་ཕྱུར་ལྔ་ཙམ་དང༌། གསུང་རབ་ལེགས་བླུས་ཀྱི་མཛད་སྒོ། རྒྱལ་བའི་ཡུམ་བཀའ་ཡོངས་རྫོགས། སྐལ་བཟང་མདོ་སྡེ་དང༌། རྒྱལ་ཁབ་ཅོ་ནེ་ནས་བཀའ་ཆོས་ཆེན་མོ་གདན་འདྲེན་སོགས་རྣམ་དཀར་གྱི་བསོད་ནམས་རླབས་པོ་ཆེ་ཡུན་རིང་བར་བསགས་སྒོ་ཀུན་ནས་རྒྱ་བསྐྱེད་ནའང་གཙང་བ་ཁོང་ཉིད་དགུང་ལོ་ཞེ་བརྒྱད་(སྤྱི་ལོ་༡༨༣༧-རབ་ལོ༡༤.༣༡)མེ་བྱའི་ལོའི་ཟླ་བ་བཅུ་གཅིག་བའི་ཚེས་བཅུ་དགུའི་ཉིན་སྔ་དྲོར་ཉིད་མདུན་དུ་ཐུགས་སྲས་བུ་ཆེན་ངག་དབང་ཆོས་འཕེལ།སྐུ་དབོན་བདེ་གཤེགས། མཛོད་པ་དཔལ་འབྱོར་སོགས་བོས་ཏེ། ཁོང་གི་ཞལ་སྔ་ནས། ཉིད་ཀྱི་རྒྱལ་ཚབ་ཏུ་ངག་དབང་ཆོས་འཕེལ་བསྐོ་བཞག་དང་ཁྱེད་རྣམས་ནས་ད་ཕན་བསྟན་པ་ལེགས་སྐྱོང་དང་དགོན་གཞིའི་སྒྲུབ་མཆོད་རྣམས་མ་འཆགས་པར་མཛད་ཐབས་དང་རྟེན་གསུམ་འཕྲོ་འོས་ཅི་རིགས་སུ་སྒྲུབ་པ་ལ་རེམ་མཛོད། ཁོང་གི་སྣང་ངོར་ད་ནངས་ཐོ་རེངས་ཁར་སློབ་དཔོན་ཆོས་འབྱོར་ཡིན་ཟེར་བ་ཞིག་གིས་བུམ་ཆུ་དཀར་པོའི་རྒྱུན་བླུགས་པས་མཚོ་ཆེན་ཞིག་ཏུ་གྱུར་ནས་དེའི་ཁར་ཁོ་བོ་བདེ་སྟོང་གི་ཉམས་ཆེས་འཐུག་པོ་རང་བཞིན་བརྗོད་མི་ཤེས་པ་དག་སྣང་འབའ་ཞིག་གིས་དུས་འདའ་བཞིན་དགའ་བདེ་ཟླ་དང་བྲལ་བས་ཀུན་ནས་མྱོས་ཏེ་ཆུ་བྱ་ལྟར་རོལ་པར་གནས་པ་སོགས་ལྟས་མང་པོ་རྨི་ཉམས་ལྟ་བུ་ཞིག་མ་ཡིན་པར་དངོས་གནས་ཀྱི་སྣང་བ་ཆེས་གསལ་པོ་བྱུང་འདུག་པས་ད་ལྟ་རང་ཉིད་དབྱིངས་ཀྱི་སྣང་བ་དེ་དག་དང་དབྱེར་མེད་རོ་མཉམ་དུ་འགྲོ་བར་ཆས་ཕྱིར་ཁྱོད་ཅག་གིས་མྱ་ངན་མ་བྱེད་དང་རྗེས་སོར་ལོ་གཅིག་ཙམ་ལས་མི་འགྱངས་པར་སློབ་འབངས་ཀྱི་གྲྭ་ངོ་ཤེས་པའི་བསྟན་པ་ལ་སྒོ་ཀུན་ནས་ཕན་འདོགས་ནུས་པ་ཞིག་ཏུ་རྟེན་འབྲེལ་ལེགས་པར་སྨོན་འདུན་བྱེད་པ་ཡིན། ཞེས་གསུངས་ནས་ཚེས་དེའི་ཉི་ནུབ་ཀྱི་དུས་ཚོད་ཙམ་ན་གཟུགས་སྐུ་ཆོས་ཀྱི་དབྱིངས་སུ་ཟུམ་པར་མཛད་པའི་མོད་མཁའ་དབྱིངས་ཀུན་ཏུ་འཇའ་སྤྲིན་གྱིས་གོ་མཚམས་མེད་པར་གང་ཞིང་དེ་དག་ཀྱང་གླེགས་བམ་བརྩེགས་པ་དང་ཡིག་གཟུགས་བྲིས་མ་ལྟ་བུ་སོགས་སྣ་ཚོགས་པའི་ཁྱད་བཀོད་འདྲ་མིན་མང་པོ་དང༌། བྱ་རྒོད་དུ་མ་འཕུར་ལྡིང་བྱེད་ཅིང་དུས་ཚིགས་ཤིན་ཏུ་ལྷོད་པ་སོགས་ཀྱི་ལྟས་དང༌། གདུང་ལ་ཞུགས་མཆོད་ཀྱི་སྐབས་སུ་མེ་ལྕེ་འོད་ལྔའི་མདངས་ཅན་གྱི་དབུས་སུ་ལྷ་སྔགས་ཀྱི་རྣམ་པ་འཁྱུག་འཁྱུག་བྱེད་པ་ཐུགས་ཀའི་ཐད་དུ་རྩ་གསུམ་གྱི་རྩེ་མོ་པི་ཝང་གི་རྒྱུད་ལྟར་དྲང་ཤད་དུ་ཇ་སྦྱོར་ཕྱེད་ཙམ་མེས་མ་ཚིག་ཅིང་དབུ་ཐོད་ཡར་བའི་ནང་ལོགས་སུ་ཧཱུྃ་ཡིག་ལྗང་སྔོན་དང་ཕྱི་ངོས་སུ་ཐིག་ལེ་ལྔ་ལྡན་རེ་ཁ་ཟླུམ་པོའི་གཟུགས་སོགས་བྱུང་ཞིང་དེ་འདྲའི་ངོ་མཚར་བའི་ལྟས་བཅས་དགོངས་མཆོད་ལེགས་སྒྲུབ་དང་གདུང་རྟེན་སོགས་ཀྱི་ཚུལ་ཉིད་ཀྱི་རྣམ་ཐར་ལོ་རྒྱུས་ལོགས་སུ་ཡོད་པ་ལས་ཇི་སྐད་བྱུང་བ་ལྟར་ཏེ། གཙང་ཆེན་སྤྲུལ་པའི་སྐུ་འདི་ཉིད་ཀྱི་ཐུགས་སློབ་སྐྱེས་ཆེན་དམ་པ་སྤྱིར་ན་མང་ཞིང་ཁྱད་པར་སྐུ་འཁོར་དགེ་སློང་ཆོས་འཕེལ་སོགས་ཉེ་གནས་རྣམས་ཀྱང་འགྲན་ཟླ་དང་བྲལ་བའི་བཤེས་གཉེན་རྡོ་རྗེ་འཛིན་པ་དུ་མ་དང་ཡང་སྒོས་ཁོང་གི་སྐུ་དབོན་བསོད་རྒྱམ་ཞེས་པ་ཚུར་མཐོང་འདྲིས་འགྲོགས་པ་དག་གིས་གླེན་བླུན་ཐ་ཤལ་པ་ཞིག་ཏུ་བརྩི་བ་ལས་ཅི་ཡང་གུས་བཀུར་མི་བྱེད་ཀྱང་དབོན་ཉིད་ནི་དོན་གྱི་ཡིན་ལུགས་ལ་གཙང་བའི་ཐུགས་སྲས་མཆོག་གྱུར་སྦས་པའི་རྣལ་འབྱོར་རྟོགས་པའི་ཉམས་མྱོང་ནང་ནས་ཆེར་རྡོལ་བས་སྐྱེ་འཆི་ལ་རང་དབང་ཐོབ་པ་ཞིག་སྟེ། དེ་ཡང་གཙང་ཆེན་མཆོག་གིས་དག་ཞིང་གཟིགས་པས་སློབ་འབངས་རྣམས་མྱ་ངན་གྱིས་གདུང་སྐབས། སྐུ་དབོན་ཉིད་ནས། ཁྱེད་རྣམས་མྱ་ངན་མ་བྱེད། ཁོ་བོ་ཤུལ་དུ་ལུས་པས་མི་ཆོག་གམ། ཞེས་སྨྲས་པ་ན། དེ་ལ་ཀུན་གྱིས་རྩིས་མེད་བྱས་ནས་གཤེ་ཞིང༌། ཁྱེད་ཀྱིས་ཅི་ཞིག་འོང༌། ཁྱོད་གར་འགྲོ་ན་སོང་ཞིག ཅེས་སྨྲས་ཚེ། དབོན་ཉིད་ཀྱི་ཞལ་ན་རེ། འོ་ན་ང་རང་ཡང་ནམ་འགྲོ་བསམ་ན་རང་དབང་ཡོད་ཅིང༌། ཡི་དམ་རྡོ་རྗེ་འཇིགས་མཛད་དང༌། ཕུ་བོ་གཙང་ཆེན་བླ་མ་ཡང་ལྷན་དུ་འགྲོ་གསུངས་པས་ད་ནི་འགྲོ་བ་ཡིན། ཞེས་གསུངས་པའི་ཚེ། ཉེ་འཁོར་བ་དག་གིས་དེ་ལ་ཡིད་ཆེས་མ་ཟད་སྤྱི་བརྡོལ་ངེས་མེད་ཀྱི་གཏམ་ལབ་ཏུ་བརྩིས་ནས་ཅི་ཡང་ཡིད་འཇོག་མ་བྱས་སྟབས་སང་ནངས་སྔ་མོ་ཙམ་ན་གཙང་བ་སྐུ་ཐུགས་དམ་དུ་བཞུགས་པའི་ཟུར་དུ་སྐུ་དབོན་བསོད་རྒྱམ་ཉིད་ཀྱང་སྐུ་རྣམ་སྣང་ཆོས་བདུན་གྱི་ངང་ནས་མཉམ་བཞག་ཟབ་མོའི་རྣལ་འབྱོར་གྱི་དབྱིངས་སུ་སྐད་ཅིག་ལ་འཕོས་ཏེ་དག་ཞིང་བརྗེ་སོང་བ་སོགས་ངོ་མཚར་བའི་རྟགས་མཚན་སྟོན་ནུས་པའང་ཡོད་སྐད་དོ།། དེ་འདྲའི་མཛད་སྒོ་ཁྱད་མཚར་ཅན་གཙང་བ་སྐུ་འཕྲེང་གསུམ་པོ་འདི་དག་ནི་གདན་རབས་དང་སྒྲུབ་བརྒྱུད་འཛིན་པའི་རྡོ་རྗེ་སློབ་དཔོན་གཉིས་ཀ་ཡིན་ཞིང་སྤྱིར་ན་ཁམས་ཕྱོགས་སུ་རང་རེའི་བསྟན་པ་སྔར་དར་བ་ཉམས་དམའ་བའི་དུས་སུ་ངེས་དོན་ཟབ་མོའི་རང་ལུགས་སླར་ཡང་ཆེར་སྤེལ་གྱིས་བསྟན་འགྲོ་ལ་ཕན་པ་རླབས་ཆེན་མཛད་པ་ལས་ད་ལྟ་ཡན་དུ་མདོ་སྨད་འདི་ཕྱོགས་སུ་ཇོ་ནང་བའི་ཆོས་བརྒྱུད་འཛིན་སྐྱོང་སྤེལ་མཛད་ཀྱི་སྐྱེས་ཆེན་ཕལ་མོ་ཆེ་གང་དག་བྱོན་པ་ནི་གཙང་བ་སྐུ་གོང་འོག་གསུམ་པོའི་དངོས་བརྒྱུད་ཅི་རིགས་ཀྱི་སློབ་བརྒྱུད་ལས་བྱུང་བ་ཤ་སྟག་ཏུ་ངེས་ལ། ཚུལ་དེ་ལུགས་ལྟར་གྱི་བཀའ་དྲིན་ཆེ་ཞིང་མཛད་སྒོ་རབ་ཏུ་ཡངས་པ་ཡིན་ནོ། །གཙང་ཆེན་སྐུ་འཕྲེང་གསུམ་པ་ཉིད་ཀྱི་དངོས་སློབ་རྒྱལ་ཚབ་ངག་དབང་ཆོས་འཕེལ་ནས་བཟུང་གཟིམ་ཁང་ཕོ་བྲང་དུ་རིམ་བྱོན་གྱི་རྡོ་རྗེ་སློབ་དཔོན་རྣམས་དང༌། སྐྱབས་རྗེ་ངག་དབང་བསམ་གཏན་སོགས་འཛི་སྟོད་སྨད་ཀྱི་དགོན་གནས་སོ་སོའི་གདན་ས་བ་སྐྱེས་ཆེན་རིམ་པར་བྱོན་པ་གང་དག་ནི་གཙང་བ་གང་ཉིད་ཀྱི་དངོས་དང་བརྒྱུད་པ་གང་ཡང་རུང་བའི་སློབ་ཚོགས་སུ་གྱུར་པའི་རང་རེའི་ཆོས་བརྒྱུད་འཛིན་པ་འབའ་ཞིག་ཏུ་གཏོགས་པའོ། ། གཙང་ཆེན་དགོན་པའི་གསེར་ཁྲི་བཞི་བ་གཙང་བ་སྐུ་ཆེན་དུ་གྲགས་པ་ངག་དབང་འཇམ་དཔལ་མཐུ་སྟོབས་རྣམ་རྒྱལ་ལམ་ངག་དབང་རིག་པ་མཆོག་གི་རྣམ་པར་རྒྱལ་བའི་སྡེ་ནི། དོན་ལ་གཞན་ཞིག་གི་སྤྲུལ་སྐུ་ཡིན་པར་གྲགས་མོད་ཀྱང་གཙང་ཆེན་སྐུ་འཕྲེང་ལྔ་པར་མཚན་གསོལ་བ་སྟེ། དེ་ཡང་གཙང་བའི་ལྷ་འབངས་གང་དག་གི་འབྲོག་སྡེའི་དགུན་ས་སྐུ་ནང་དུ་ཡབ་ཨ་རིགས་ལྷ་སྐྱབས་དང་ཡུམ་རི་ཟ་གཉིས་ཀྱི་སྲས་སུ་ཉིད་སྐུ་ལེགས་འཁྲུངས་ཀྱི་སྐབས་ཐོག་མར་མའི་ལྷུམས་སུ་བཞུགས་དུས་ན་མ་ཡུམ་གྱི་སྣང་ངོར་པོ་ལའི་ནགས་སུ་མི་རྒན་དུང་གི་འཕྲེང་བ་ཅན་མཐོང་བ་སོགས་སྔར་ལས་གནས་འགྱུར་གྱི་སྣང་བ་བྱུང་བ་ལ་སོགས་པ་གཞན་ཕལ་ལས་ཕྱི་ནང་གི་རྟགས་མཚན་ཁྱད་པར་བ་མང་པོ་ཡོད་པ་ཡིན་ལ། དེ་ནས་སྐུ་བསྐྱེད་བསྲིངས་ཏེ་རིམ་པས་ཆེར་སྐྱེས་སྐབས་སྐུ་ཞང་རི་འཕོངས་དགེ་འཕེལ་སོགས་ཀྱི་དྲུང་དུ་ཀློག་ཡིག་སློབ་པས་ཡིག་འདོན་ཇི་བཞིན་ཤེས་པ་དང་གཞན་ཕལ་བ་རྣམས་ལས་འཕགས་པའི་མཐོང་སྣང་སྣ་ཚོགས་པ་ཐུགས་ལ་ཤར་བ་དང་ཆོས་སྐྱོང་ཁྱབ་འཇུག་ཆེན་པོས་སྐུ་བདག་བར་བར་བྱེད་པ་སོགས་མཛད་སྒོ་ཁྱད་པར་བའི་སྐུ་སྐྱེས་རིགས་བཟང་ཕུན་སུམ་ཚོགས་པ་ཞིག་ཡིན་སྟབས་འདི་སྐོར་གཙང་བའི་ཐོབ་བདག་མེད་པས་གྲྭ་ཚང་གི་དབུ་ཆོས་དྲག་བསྡུས་དག་གིས་གཙང་བ་དངོས་ཀྱི་སྐུ་སྐྱེས་མ་བྱོན་བར་དུ་ཨ་རིགས་སྐུ་སྐྱེས་གཞོན་ནུ་ལ་གཙང་བའི་མཚན་གསོལ་ནས་རེ་ཞིག་བར་གཙང་བ་སྒར་དུ་འཛིན་བདག་བྱེད་པོ་ཉིད་དུ་བསྐོ་བཞག་བྱས་པ་ནས་བཟུང་གཙང་ཆེན་སྤྲུལ་པའི་སྐུ་རུ་མཚན་སྙན་ཀྱི་གྲགས་པ་ཇེ་རྒྱས་སུ་རིམ་པས་སོང་བ་ཡིན། དེ་མཚམས་རེ་ཞིག་ཏུ་གཙང་བ་དགེ་སློང་རྡོ་རྗེ་འཛིན་པ་ཆེན་པོ་ངག་དབང་ཆོས་འཕེལ་རྒྱ་མཚོ་གང་དྲུང་དུ་སྤྲུལ་པའི་སྐུ་སྐྱེས་གཞོན་པ་དེས་འདུས་པ་བརྒྱ་ཕྲག་ལྷག་ཙམ་དང་མཉམ་དུ་ཐོག་མར་ཆོས་ཀྱི་སྒོ་མི་འཁྲུགས་པའི་དབང་བསྐུར་སྟ་གོན་དངོས་གཞི་གཉིས་དང༌། སྤྱན་རས་གཟིགས་འཇིག་རྟེན་དབང་ཕྱུག་གི་རྗེས་གནང་རྣམས་ལེགས་པར་གསན་ཞིང༌། དེ་རྗེས་མི་རིང་བ་ན་རྗེ་བླ་མ་དེ་ཉིད་ཀྱི་དྲུང་དུ་སྐུ་སྐྱེས་ཁོང་གིས་འདུས་པ་ལྔ་བཅུ་ཙམ་དང་ལྷན་དུ། རྡོ་རྗེ་འཆང༌། རྡོར་སེམས། འཇམ་དབྱངས་དམར་སེར་རྣམས་ཀྱི་བཟླས་ལུང་དང༌། གཅོད་ཀྱི་དབང་སྡུད་ཟིལ་གནོན། ཀོང་སྤྲུལ་གཅོད་ཁྲིད། པཎ་ཆེན་གཅོད་ཀྱི་ལུང་ཁྲིད་རྣམས་ལེགས་མནོས་མཛད། ཁྱད་པར་བླ་མ་གང་གི་མདུན་ནས། སྐུ་སྐྱེས་ཉིད་ཀྱིས་གྲྭ་གསར་འགའ་དང་ཆབས་ཅིག་ཞང་སྟོན་འདུལ་ཆོག་གི་སྟེང་ནས་དགེ་བསྙེན་རབ་བྱུང་དགེ་ཚུལ་སོགས་ཀྱི་སྡོམ་ལུང་ནོད་སྐབས་མཚན་ངག་དབང་རིག་པ་མཆོག་གི་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། འདི་སྐོར་ཞིག་ནས་རྗེ་དགེ་སློང་རིན་པོ་ཆེ་ཉིད་ཀྱིས་དག་ཞིང་གཟིགས་རྗེས་ཙམ་ན་འཛི་སྟོད་འབྲིམ་ཤར་རི་ཁྲོད་དུ་སྐྱབས་རྗེ་མཁར་བ་རྡོ་རྗེ་འཆང་ངག་དབང་བསམ་གཏན་དཔལ་བཟང་པོ་ཞིག་བཞུགས་པའི་སྐུ་ཚེ་སྨད་ཀྱི་ཆ་དགུང་གྲངས་གྱ་ལྔ་བཞེས་སྐབས་སུ་རྗེ་གང་གི་མདུན་དུ། སྤྲུལ་པའི་སྐུ་སྐྱེས་གྲྭ་འཁོར་འགའ་བཅས་ཕེབས་ནས་ཉིད་ཀྱིས་སྦྱོར་བ་ཡན་ལག་དྲུག་གི་ཟབ་ཁྲིད་དབང་ལུང་བཅས་ཡོངས་སུ་རྫོགས་པ་རིམ་པས་ཞུས་ཏེ་ཉམས་ལེན་གནད་ཁེལ་གྱིས་རྟོགས་པ་བོགས་བསྐྱེད་ཐོན་པ་བྱུང་ཞིང༌། གཞན་ཡང་ཆོས་བཀའ་མང་ཙམ་ལེགས་གསན་མཛད། སྦྱོར་དྲུག་ཁོང་གིས་ཞུ་དུས་སུ་བླ་མས་བཏགས་པའི་མཚན་ངག་དབང་འཇམ་དཔལ་མཐུ་སྟོབས་རྣམ་རྒྱལ་ཡིན་ནམ་སྙམ། དེ་རྗེས་ལོ་གཉིས་ཙམ་ནས་སྐྱབས་རྗེ་མཁར་བ་རིན་པོ་ཆེའི་གཟུགས་སྐུ་ཆོས་དབྱིངས་སུ་བསྡུས་རྗེས་སུ་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་ཀྱི་འཕགས་པའི་སྐུ་མདུན་དུ། སྤྲུལ་བའི་སྐུ་ཉིད་ཀྱིས་འདུས་པ་མང་ཙམ་དང་མཉམ་དུ་ཀུན་མཁྱེན་དོལ་པོའི་བཀའ་བོད་དྲུག་རྣམ་ཐར་བཅས་དང་རྗེ་བཙུན་ཏཱ་ར་ནཱ་ཐའི་གསུང་འབུམ་ཡོངས་སུ་རྫོགས་པའི་བཀླག་ལུང་མ་ལུས་པ་གསན་ལ།ཡང་རྗེས་ནས་བླ་མ་ཆོས་འཕགས་པའི་སྐུ་དྲུང་ནས། ཉིད་ཀྱིས་གྲྭ་སྡེ་ཤིན་དུ་མང་པོ་དང་ལྷན་ཅིག་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ། བདེ་གསང་འཇིགས་གསུམ་སོགས་རྗེ་བཙུན་གྱི་བཀའ་འབུམ་ལས་བྱུང་བའི་རྒྱུད་སྡེ་བཞིའི་དཀྱིལ་འཁོར་རྣམས་ཀྱི་དབང་བཀའ་ཡོངས་རྫོགས། ཕུར་བ་ས་ལུགས་ཀྱི་དབང་བསྐུར་ཆ་ལག་བཅས་སོགས་ཆོས་བཀའ་མང་པོ་ཞིག་ལེགས་ནོད་མཛད། དེ་ནས་ཡང་མི་རིང་བ་ན་རྗེ་བླ་མ་མཆོག་དེ་ཉིད་གཙང་བའི་རྡོ་རྗེ་སློབ་དཔོན་ཡིན་སྐབས་ཡར་ཐང་རྒྱ་བླ་མ་དང་ལྷ་ཚེ་གཅོད་པ་གཉིས་ཀྱིས་རྐྱེན་སྦྱར་ལ་བརྟེན་ནས་གཙང་བའི་གྲྭ་ཚང་འདུ་ཁང་སྟེང་དུ་སྦྱོར་དྲུག་སྒྲུབ་གྲྭ་ལེགས་འཛུགས་སྐབས་ཀྱི་སྒྲུབ་སྡེ་བ་ཐོག་མའི་གྲལ་དུ་སྤྲུལ་སྐུ་འདི་ཉིད་ཀྱིས་རྣལ་འབྱོར་ཡན་ལག་དྲུག་ཉམས་བཞེས་སྐབས་རྗེ་ཆོས་ཀྱི་འཕགས་པ་གཙོར་གྱུར་སྐྱེས་ཆེན་དུ་མའི་དྲུང་ནས་ཆོས་བཀའ་ཅི་དགོས་ཞུས་ནས་སྒྲུབ་པ་ལྷུར་བཞེས་ལ་ནན་ཏན་དང་རྗེ་དམ་པ་གང་དག་ཉམས་ལེན་འདྲི་གཏུགས་ཞིབ་ཏིག་སོགས་ཀྱིས་ཟབ་ཆོས་སྒོམ་སྒྲུབ་ལོ་གསུམ་དུ་བྱས་པས་ནང་རྟོགས་ཀྱི་འཕེལ་ཁ་སྔར་ལས་ཆེས་ཆེར་འཕེལ་བ་བྱུང་ཞིང༌། དེ་མཚམས་རེ་ཞིག་ནས་རྗེ་ཆོས་འཕགས་སྐུ་གཤེགས་ཏེ་རྒྱལ་ཚབ་ལྷ་བ་བླ་མ་ཀུན་དགའ་དཔལ་ལྡན་ཞབས་པས་གཙང་བའི་གཟིམས་ཁང་དུ་རྡོ་རྗེ་སློབ་དཔོན་མཛད་སྐབས་སུ་སློབ་དཔོན་དེ་ཉིད་ཀྱི་དྲུང་ནས་ཀྱང་སྤྲུལ་པའི་སྐུ་གང་གིས་གསང་ཆེན་རྡོ་རྗེ་ཐེག་པའི་ཆོས་སྒོ་གཙོ་བོར་གྱུར་པའི་ཟབ་མོའི་ཆོས་ཀྱི་བཀའ་རྒྱ་ཆེ་བ་ཡང་ཡང་ཞུས་ནས་དེ་ལུགས་ཀྱི་ཉམས་བཞེས་གནད་སྨིན་ཅི་རིགས་པ་རེའང་མཛད་པའོ། །དེ་ལྟ་བུའི་ཟབ་ཆོས་ཉན་བསམ་གྱི་མཛད་པ་སྒོ་གང་ཐད་ལ་མི་དམན་པའི་ངང་ནས་སྤྲུལ་པའི་སྐུ་ཉིད་གཙང་ཆེན་སྒར་གྱི་དབང་ཆ་འཛིན་བདག་ཏུ་གྱུར་ཏེ་སྐུ་ཞང་དགེ་འཕེལ་དང་སྐུ་དབོན་ལུང་རིགས་སོགས་གྲྭ་འཁོར་དྲག་བསྡུས་མང་ཞིང་རླབས་ཆེ་བ་འཛི་ཀའི་གྲྭ་ཚང་མང་ཕྱོགས་ཀྱི་ཀླད་ཀུན་གྱི་གཙུག་ནོར་དུ་གྱུར་པ་སྤྲུལ་པའི་སྐུ་གང་ཉིད་ལ་སྔོན་གྱི་ལས་ཤུགས་བཀའ་ཐ་ཚིག་དམ་པོའི་དབང་གིས་ཆེད་དུ་མ་བསྒྲུབས་ཀྱང་ཁྱབ་འཇུག་རཱ་ཧུ་ལ་བཀའ་ཡི་བསྲུང་མའི་ཚུལ་དུ་བྲན་བཞིན་བཀོལ་བ་ཁོང་ཉིད་ཡི་དམ་ལ་མངའ་བརྙེས་ཤིང་རྟོགས་པའི་ནང་བཅུད་རྒྱས་པས་ནམ་མཁོ་བའི་ཚེ་འཕྲིན་ལས་ཉེར་བསྐུལ་བཀའ་ཐ་ཚིག་བསྒྲག་ཙམ་གྱིས་ཕ་རོལ་གང་ལའང་རྟགས་མཚན་རྣོ་མྱུར་དུས་སུ་ཐོན་ནུས་ཕྱིར་མགོ་ལོག་ཨ་སྐྱོང་དཔོན་སོགས་ཕྱོགས་ཀྱི་སྡེ་དཔོན་དབང་ཆེ་བར་དུ་མས་རྗེ་གཙང་བ་ལ་གུས་འདུད་ཆེ་བ་བཅས་ཀྱིས་བར་བར་སྐྱེས་འབུལ་དང་བསྟན་པའི་སྦྱིན་བདག་ཞབས་འདེགས་ཅི་དགོས་ཐམས་ཅད་ངེས་པར་སྒྲུབ་པ་སོགས་མཛད་སྒོ་གང་ཐད་ནས་ཟླ་དང་བྲལ་ཞིང་ཁོང་ཉིད་ལུགས་གཉིས་གང་ཐད་ལ་ཐུགས་དཔྱོད་རབ་ཏུ་ཡངས་པ་འདུས་པ་གྲྭ་ཚང་སྤྱི་དང་ལྷ་འབངས་མི་སྡེ་བཅས་ཀུན་ལ་སྐྱོང་ལུགས་ཀྱི་ཐབས་ཉེ་བར་མཁས་པ་ཞིག་སྟེ། མཚམས་ཤིག་ནས་ཁོང་དཔོན་སློབ་སྒར་གཞི་ཆ་ཚང་གིས་བོད་ལྗོངས་ཆོས་ཀྱི་གནས་ཡུལ་ལྷ་ལྡན་སྤྲུལ་པའི་གཙུག་ལག་ཁང་ཇོ་ཤཱཀ་རྣམ་གསུམ་སོགས་དང་རང་གི་མ་དགོན་ཇོ་ནང་རྟག་བརྟན་རྣམས་སུ་ལེགས་ཕེབས་ཀྱིས་གནས་མཇལ་ཕྱག་མཆོད་ཐུགས་སྨོན་གཟབ་ལྡན་བཅས་ཀྱིས་རང་ཡུལ་དུ་ཕེབ་ཀར་ཇོ་ནང་ནས་རྗེ་བཙུན་རིན་པོ་ཆེའི་གསུང་འབུམ་ཆ་ཚང་གི་གླེགས་བམ་གང་དག་བླུས་ཏེ་སྤྲུལ་སྐུ་འདིས་རང་ཡུལ་གཙང་ཆེན་ཕོ་བྲང་དུ་སྤྱན་དྲངས་པར་མཛད་ལ། འདི་སྐོར་ཅི་རིགས་སུ་རྗེ་སྤྲུལ་པའི་སྐུ་གང་གིས་ཕྱིས་སུ་རྡོར་སློབ་ཀྱི་གོ་སར་བཞུགས་པ་ཁྱི་ལོ་མའི་བླ་མ་ངག་དབང་ཆོས་འབྱོར་ཞབས་པ་སོགས་བླ་གྲྭ་འདུས་པ་ཆེས་མང་པོ་ལ་དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ་སྟ་གོན། བྱིས་འཇུག མཆོག་དབང༌། མཆོག་དབང་ཁྱད་པར་ཅན། བདག་པོ་བདག་ཆེན་བཅས་དང༌། ཐམས་ཅད་རིག་པའི་དབང་སྟ་གོན་དང་དངོས་གཞི་གཉིས། བདེ་མཆོག་ལྷ་ལྔ། མི་འཁྲུགས་པ། འཇིགས་བྱེད་རོ་ལངས་བརྒྱད་བསྐོར་གསུམ་ལ་སྟ་གོན་དང་དངོས་གཞི་གཉིས་རེ། གཞན་ཡང་རྗེས་གནང་སྣ་ཚོགས་པ་འགའ་རེ་བཅས་ལེགས་པར་གསུངས་ཤིང༌། དེ་རྗེས་གནས་སྐབས་ཅི་རིགས་སུ་སྤྲུལ་སྐུ་ཉིད་ཀྱིས་འདུས་པ་མང་འཚོགས་ལ་ངན་སོང་སྦྱོང་བའི་རྒྱུད་ལས་བསྟན་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང་བསྐུར་རྒྱས་པ་ཆ་ཚང་གནང་བ་དང༌། གཙང་གྲྭའི་ལོ་བསྟར་གྱི་ས་ཟླའི་དུས་འཁོར་སྒྲུབ་མཆོད་ཀྱི་ཇ་སྐབས་རྣམས་སུ་དགེ་འདུན་མང་དུ་འཕེལ་བའི་རྟེན་འབྲེལ་དུ་དགོངས་ཏེ་སླར་ནང་དུ་འདུས་ནས་གསུང་བསྒྲག་བྱེད་རྩོལ་དེ་དམ་པ་འདིས་མཛད་པར་གྲགས་པ་སོགས་གདུལ་བྱ་རྗེས་འཛིན་གྱི་མཛད་སྒོ་དེ་འདྲ་མང་ཚོད་དུ་འདུག་ཀྱང་ཇི་བཞིན་གྱི་ཁུངས་མ་རྙེད་ལ། སྤྱིར་ནི་ལྷ་ལུགས་དང་མི་ལུགས་གཉིས་ཐད་ལ་ཐམས་ཅད་ཀྱི་ཡིད་ཀུན་མཐུན་ཞིག་གང་ནས་འོང་ཐབས་དཀའ་བས་དུས་སྐབས་འདིར་ཡང་སྤྲུལ་པའི་སྐུ་འདི་ཉིད་ཀྱིས་སྒྲུབ་གྲྭར་མཚམས་སྒྲུབ་མཛད་རྗེས་ཙམ་ན་གཙང་བ་འགབ་མའི་དབོན་རིག་རྩལ་གྱིས་འཁུ་ལྡོག་གིས་ཁོང་ཉིད་གཙང་པནྚི་ཏའི་ཕྱོགས་སུ་འཕྲལ་ཕེབ་མཛད་དགོས་རེ་བྱུང་ཡང་སླར་ཡང་རང་རེའི་བསྟན་པའི་འཛིན་བདག་ཏུ་མི་རིང་བར་བྱོན་སྐབས་འགྲིགས་པས་རྗེ་མཆོག་སྤྲུལ་ཉིད་རང་ཅག་ལ་སྒོ་ཀུན་ནས་བཀའ་དྲིན་ལྷག་པར་ཆེ་བ་ཞིག་སྟེ། དེ་ཡང་སྐབས་གོང་འོག་ཅི་རིགས་པར་གཙང་བའི་དགོན་ལག་རྔ་ཡུལ་གྱི་རྩི་ནང་དགོན་པའི་དོན་ལ་གཙང་བ་དང་བྱང་བླ་བྲང་གཉིས་འཁོན་པ་བྱུང་བ་སླར་བསྡུམས་ཀྱི་དུས་སུ་གཙང་ཆེན་སྤྲུལ་པའི་སྐུ་འདི་ཉིད་ཀྱིས་ཆོས་སྐྱོང་ཁྱབ་འཇུག་ཆེན་པོ་དངོས་བསྐུལ་མཛད་པས་སྐད་ཅིག་དེ་ཉིད་ལ་ཆོས་སྐྱོང་དེའི་རང་གཟུགས་མེ་སྟག་འཚུབས་མ་ཆེར་འཁྲུགས་ཀྱི་ངོས་ནས་མུ་ཟིའི་གཡའ་དུག་མི་བཟད་པ་ཀུན་ནས་འཁྱུག་པས་ཁག་ཕན་ཚུན་བར་གྱི་གཟི་བཞག་མི་དྲང་བ་རྣམས་དང་ཕ་རོལ་དགྲ་ཟླ་གནག་སེམས་ཅན་གང་དག་དེ་འཕྲལ་དུག་གྲིབ་ཀྱིས་ཟིན་པས་སྒོ་གསུམ་མྱོས་ཤིང་བརྒྱལ་བ་དང་ཕ་རོལ་དཔུང་ཁག་གི་སྒར་གྱི་སྟེང་དུ་གློ་བུར་གནམ་ལྕགས་ངར་མའི་མེ་ཆར་དང་སེར་དྲག་བཟོད་པར་དཀའ་བའི་འཇིགས་རྔམ་ཟིལ་ཆེན་པོས་ཕ་རོལ་གྱི་དྲེགས་པ་གཞི་ནས་ངེས་པར་བཅོམ་སྟེ་རང་ཕྱོགས་ཀྱི་རྒྱལ་ཁ་ཆེན་པོའི་ངང་ནས་མཚན་སྙན་ཡོངས་ལ་ཁྱབ་པ་བྱུང་ཞིང་དེ་འདྲའི་ཚུལ་གཞན་དུ་མས་ཀྱང་རང་རེའི་གཙང་བ་སྒར་གྱི་བསྟན་པའི་སྒོ་ཀུན་ནས་རྒྱས་བྱེད་ཀྱི་ལྷ་བླ་མ་མཆོག་གྱུར་ཆེ་བའི་མཛད་སྒོ་ལེགས་པར་མངའ་བ་ཞིག་ཡིན་ལ། མཚམས་རེ་ཞིག་ནས་སྨད་ཚ་རོང་ཕྱོགས་སུ་གཙང་ཆེན་སྐུ་འཕྲེང་ལྔ་པའི་སྐུ་སྐྱེས་རྟགས་མཚན་ཅན་ཞིག་ལེགས་པར་འཁྲུངས་བ་གདན་འདྲེན་གྱི་དུས་སུ་བབས་ན་གཙང་གྲྭ་ཡོངས་ཀྱི་རྗེ་མཆོག་སྤྲུལ་འདི་འཕྲིན་ལས་དང་མཚན་སྙན་ཀུན་ནས་རྒྱས་སྟབས་ཁོང་ཉིད་གཙང་བའི་སྐུ་འཕྲེང་ལྔ་བར་གཞིར་བཞག་གི་སྟེང་ནས་ཚ་ཡུལ་དུ་འཁྲུངས་པའི་སྐུ་སྐྱེས་ཉིད་དོན་ལ་གཙང་བའི་ཐུགས་སྤྲུལ་དུ་རེ་ཡུལ་བྱས་ཏེ་ཕྱི་ངོར་ཙམ་ལ་གཙང་བ་དགེ་སློང་གི་ཡང་སྤྲུལ་གྱི་མཚན་ཉེ་བར་གསོལ་བཞིན་དུས་མི་རིང་བར་འཛམ་ཐང་གཙང་ཆེན་ཕོ་བྲང་དུ་ཁྲི་འདོན་སོགས་ཀྱི་ལེགས་སྒོ་བྱས་ཤིང༌། དེ་སྐབས་སུ་ཁོང་གིས་ཐུགས་ལེགས་དགྱེས་ཀྱི་ངང་སྐུ་སྐྱེས་གཞོན་པ་བླུས་ཡོན་གྱི་དངོས་རྫས་གང་དགོས་སོགས་ཐམས་ཅད་ཐུགས་ཁུར་བཞེས་ཏེ་མཛད་སྒོ་ཀུན་མཐུན་གྱི་སྤྱོད་པ་རླབས་ཆེ་བ་ཉེ་བར་གནང་ལ།དེ་ནས་བཟུང་རིམ་པས་རྗེ་མཆོག་སྤྲུལ་གོང་མ་ཉིད་ལ་གཙང་སྐུ་ཆེན་ཞེས་པའི་མཚན་ཆགས། འདི་སྐོར་ཁོང་ཉིད་ནང་ཐུགས་ཀྱི་མངོན་པར་རྟོགས་པ་ཆེ་རབ་བྱུང་ཞིང་རྩ་རླུང་ཐིག་ལེ་ལ་དབང་ཆེར་སོན་པ་ཐུགས་དམིགས་ལ་ནུས་པ་ཉེ་བར་ཆེ་བ་ཞིག་ཏུ་གྱུར་ཏེ་ཉིན་གཅིག་རྗེ་མཆོག་གི་སྤྲུལ་པའི་སྐུ་གང་གི་དྲུང་དུ་ཨ་སྐྱོང་དཔོན་རིན་ཆེན་བྱམས་ཀྱི་མ་རྒན་ལོ་ལོན་ནད་ཀྱིས་གཟིར་བ་འཕོ་ལུང་ཞུ་བར་འོང་བ་ལ་རྗེ་ཉིད་ཀྱིས་འཕོ་བ་བཏབ་པས་གསོན་པོའི་རྣམ་པར་ཤེས་པ་སྐད་ཅིག་དེ་ཉིད་ལ་གནས་དངོས་སུ་སྤར་བར་མཛད་པ་སོགས་རླབས་ཆེ་བའི་ནུས་མཐུ་མངའ་ཞིང་གཟིམས་ཁང་དུ་ཕུར་བའི་དུང་འཁོར་སོགས་དུང་འཁོར་འགའ་རེ་ཉིད་ཀྱིས་ལེགས་བཞེངས་མཛད་ཅིང༌། དེ་ཕྱིས་བར་བར་རྣམས་སུ་སྡེ་དགོན་རྟེན་གསུམ་ཆེ་བ་གང་དག་ལ་ཕྱག་མཆོད་རེ་དང་བསྟན་འགྲོའི་དོན་ལ་མགོ་ལོག་སོགས་ཕྱོགས་ཕྱོགས་རྣམས་ལ་ཁོང་གྲྭ་འཁོར་བཅས་གདུལ་བྱར་ཕེབས་ཏེ་སྐབས་ཤིག་ཏུ་ལྷ་སྤྲུལ་གྱིས་དགོན་གསར་འདེབས་སྐབས་མི་དཔོན་འགས་གེགས་བྱས་སྐབས་གཙང་སྐུ་ཆེན་ལ་ཁྱེད་ཀྱིས་བདག་ལ་དགོན་གསར་འདེབས་ཀྱི་མཐུན་རྐྱེན་སྦྱར་ན་དགོན་གྱི་བདག་པོ་གཙང་བ་ལས་གཞན་མེད་ཚུལ་གྱི་ཆད་མདོ་བྱས་ནས་དེ་ལུགས་ལྟར་ཨ་སྐྱོང་དཔོན་ཁག་རྣམས་ལ་དགོངས་ཞུ་བྱས་ཏེ། པེ་ཡུལ་དགོན་གསར་འདེབས་བྱུང་བ་ནི་དམ་པ་འདི་ཁོ་ནའི་དྲིན་དང་དབང་ཆེན་སྟོད་པའི་ཡུལ་སྡེ་ལ་ཁོང་གི་མགོན་པོ་ཚོགས་བདག་གི་སྒོ་ནས་དམག་མདོས་མཛད་སྐབས་ལས་མཐའ་གཏོར་ཟོར་གྱི་དུས་སུ་མདོའི་གཏོར་ལ་མེ་དཔུང་རང་འབར་བྱུང་བ་དང༌། ཡང་བར་འགར་སྐུ་ཚེ་སྨད་ལ་ཉེ་སྐབས་རྣམས་སུ་རྗེ་སྤྲུལ་སྐུ་འདི་ཉིད་ཀྱིས་གྲུབ་དབང་དཔའ་པོའི་བརྟུལ་ཞུགས་བཟུང་སྟེ་ཁོང་གིས་མེ་མདས་ནད་གཞི་ཆེ་བའི་མི་འགའ་ཞིག་དང་སྨྱོ་ནད་ཀྱིས་བཏབ་པ་གང་དག་ལ་དངོས་སུ་ལེགས་བསྣུན་གྱིས་ནད་དང་སྨྱོ་བ་སངས་དྲག་ཏུ་བྱེད་པ་དང༌། ཉིན་གཅིག་མགོ་ལོག་ཕྱོགས་ཀྱི་ཨ་བོ་ཚང་ཟེར་བའི་མི་ཁྱིམ་ཞིག་ལ་ཕྱུགས་ལ་གོད་ནད་བྱུང་སྐབས་ཁོང་གིས་རྒྱང་རིང་པོ་ནས་མེ་མདའ་འཕངས་པས་ཁྱིམ་ཚང་དེའི་ནོར་ཕྱུགས་ཡོད་སར་མེ་མདའ་སྒྲ་དང་བཅས་ཐོན་ནས་བགེགས་བསལ་གྱི་མཛད་སྒོས་ནོར་ནད་དེ་མཚམས་ནས་རྒྱུན་བཅད་པ་སོགས་དེ་འདྲའི་མཛད་པ་ཅི་རིགས་པ་བར་བར་གནང་ཞིང༌། ཡང་ཨ་སྐྱོང་དཔོན་ལྷ་སར་གནས་བསྐོར་གྱི་ཆེད་ཕེབས་པའི་དུས་སུ་རང་ཡུལ་གྱི་སྡེ་དག་གིས་རིང་ཞིག་འགྱངས་པ་སོགས་ལ་དཔག་ནས་དཔོན་སྐུ་དངོས་ཕྱིར་ཐོན་མེད་ངེས་ཀྱི་གླེང་མོལ་དིར་དིར་སྒྲོག་སྐབས་རྗེ་སྐུ་ཆེན་འདི་ཉིད་ཀྱིས་ཐུགས་བརྟག་གསལ་བོས་དཔོན་འཁོར་བཅས་ད་ལན་མྱུར་ནས་རང་ཡུལ་དུ་ཇི་ལྟར་འབྱོར་ཚུལ་ཞིབ་རྒྱས་གསུང་གླེང་གིས་བཀའ་ཕེབས་གང་བྱུང་ལྟར་རྗེས་སོར་ཇི་བཞིན་ཐོག་ཁེལ་བྱུང་ལ། འདི་སྐོར་གོང་འོག་ཅི་རིགས་པར་རྗེ་ཉིད་སྐུ་འཁོར་ཉུང་ཤས་བཅས་རྫོགས་ཆེན་གངས་ཁྲོད་དུ་ཕེབས་ནས་ཁོང་གིས་དེར་ཟླ་བ་གསུམ་ཙམ་གྱི་རིང་ལ་སྒྲུབ་པ་ཉམས་ལེན་ལྷུར་བཞེས་ཀྱིས་སྔགས་ཀྱི་རྟོགས་པ་ན་འཕར་ཏེ་རྩ་རླུང་ཐིག་ལེ་ལ་དབང་ཐོབ་པའི་ཚད་དུ་སླེབས་སྐབས་ནས་རྫ་ར་ཉག་སྐུ་རྒོད་ཀྱི་སྲས་མོ་བུད་མེད་མཚན་ལྡན་ཆོས་སྨན་ཟེར་བ་རིག་མར་བསྟེན་པའི་སྔགས་འཆང་གི་མཛད་སྒོ་གནང་ཞིང་དེ་སྐོར་སྔ་ཕྱི་གང་ཡང་རུང་བར་དཔལ་བཀའ་བརྒྱུད་ཕྱག་ཆེན་ཕྱོགས་ནས་སྐྱེས་ཆེན་འགའི་དྲུང་ནས་གསང་ཆེན་གྱི་ཆོས་བཀའ་ཅི་རིགས་སྤྲུལ་སྐུ་ཉིད་ཀྱིས་ལེགས་གསན་མཛད་དུས་ཤིག་ན་ཁོང་ལ་ཀརྨ་ཞེས་པའི་མཚན་བསྣོན་གྱི་སྐལ་བ་ཐོབ་བམ་སྙམ་མོ། །གཙང་སྤྲུལ་འདིས་སྐུ་ཚེ་སྨད་ཕྱོགས་ལ་ཉེ་བ་ཙམ་ནས་བཟུང་རིམ་པས་འཛམ་ཐང་གཙང་ཆེན་ཕོ་བྲང་གི་ཐུགས་འགན་དེ་ཙམ་དུ་བཞག་པའི་ཚུལ་གྱིས་ཕྱོགས་ངེས་མེད་རྣམས་སུ་ཕེབས་པ་མཛད་ཅིང་ཁྱད་པར་སྐུ་ཚེ་སྨད་ཀྱི་དུས་མགོ་ལོག་ཕྱོགས་ལ་བཞུགས་སྐབས་ཨ་སྐྱོང་གོང་མའི་དཔོན་གྲོངས་རྗེས་སུ་ཁོང་གིས་ཨ་སྐྱོང་དཔོན་སྲས་ཁྲི་སྟོན་བྱས་སྐབས་ཉིད་ཀྱི་མཚན་ལ་གྲས་ཏེ་ཀརྨ་མཐུ་སྟོབས་རྣམ་རྒྱལ་ཞེས་པའི་མཚན་གསོལ་བ་དང༌། སྤྲུལ་སྐུ་གང་གིས་ད་ལན་མགོ་ལོག་ཡུལ་སྡེ་དང་ཟི་ལང་གི་རྒྱ་གཉིས་བར་འཁོན་ལེགས་བསྡུམ་མ་བྱས་ན་རྗེས་སོར་མི་རིང་བར་དུས་འཁྲུགས་ཀྱིས་མགོ་ལོག་ཕྱོགས་ལ་ཆག་གོད་ཆེ་ཚུལ་ཞིབ་རྒྱས་ཀྱི་བཀའ་ལུང་ཡང་ཡང་བྱུང་ནའང་དེ་ལུགས་གང་ཐད་ནས་མ་འཛོམས་སྟབས་ཕྱིས་སུ་དེ་ཇི་ལྟ་བ་བཞིན་གྱི་དུས་ཟིང་མངོན་གསལ་དུས་སུ་བྱུང་ལ། དེ་ནས་རེ་ཞིག་གི་ཚེ་ཁོང་ཉིད་དག་པ་མཁའ་སྤྱོད་དུ་ཕེབ་ལ་ཉེ་པའི་སྐབས་ཀྱི་ཐུགས་སྣང་སྔར་དང་ཡེ་མི་འདྲ་བ་བྱུང་པར་བརྟེན་དེ་མཚམས་ཤིག་ནས་ཁོང་གིས་འཛི་ཡུལ་ཡན་གྱི་སེར་སྐྱ་ཕོ་མོ་མང་ཙམ་ཁྲིད་ནས་གནས་ཆེན་པདྨ་བཀོད་དུ་ལེགས་ཕེབས་ཀྱི་ཚུལ་མཛད་དེ་སྟོད་རྫ་ར་ཉག་ཕྱོགས་སུ་ཐོན་ཙམ་ན་ཡིན་ལུགས་དེ་ཀ་ལས་སྐབས་མ་བྱུང་བར་དེ་ཕྱོགས་སུ་རེ་ཞིག་བར་བཞུགས་དགོས་བྱུང་ཞིང་དེ་རྗེས་ཚོད་ཅིག་ནས་ཁོང་ཉིད་ཀྱིས་ཡུམ་ཡང་རང་ཁྱིམ་དུ་གཏད་ཅིང་ཉིན་གཅིག་ཏུ་ཞལ་གསུང་ལས། ཉེ་འཁོར་དག་ལ། ད་ནི་རང་ཡང་འཆི་བའི་དུས་སུ་བབས་འདུག རང་གི་ཤུལ་དུ་ཡོད་པའི་དངོས་རྫས་དག་གིས་ཀུན་མཁྱེན་ཇོ་ནང་བ་ཆེན་པོའི་སྐུ་བརྙན་ལེགས་པ་ཞིག་ཁྱེད་ཅག་གིས་ངེས་པར་བཞེངས་དགོས་ནམ་ཞིག་དེའི་བདག་པོ་བྱེད་མཁན་ཞིག་ཐོན་འོང་བས་དེ་དུས་སུ་དེའི་ལག་ཏུ་སྤྲོད་ཅིག ཅེས་གསུངས་ནས་ཁོང་ཉིད་གཟིམས་གུར་ལོགས་པ་ཞིག་གི་ནང་དུ་གཅིག་པུར་བཞུགས་ཏེ་སྐུ་བཞུགས་སྟངས་ཁྱད་པར་བའི་སྒོ་ནས་ངོ་མཚར་བའི་མཛད་པ་ཡ་མཚན་པ་དང་བཅས་དགོངས་པ་དབྱིངས་སུ་ཐིམ་ཞིང་དེ་ནས་གྲྭ་འཁོར་གང་དག་གིས་གདུང་མཆོད་ལེགས་སྒྲུབ་བཅས་ཀྱིས་གང་གི་ཞལ་བཀོད་ལྟར་དངུལ་ལས་དོལ་པོའི་འདྲ་སྐུ་ཡང་ཁྱད་མཚར་ཅན་ཞིག་བཞེངས་གྲུབ་ཀྱི་མཇུག་མི་རིང་བ་ན་འཛམ་ཐང་ཕྱོགས་ནས་སྐུ་བརྙན་གདན་འདྲེན་ལ་ཐོན་ཏེ་རིམ་པས་དེ་དག་གིས་གདན་དྲངས་ནས་གཙང་ཆེན་ཕོ་བྲང་གི་གསེར་ཁང་དུ་མཆོད་གནས་སུ་བཞུགས་སུ་གསོལ་བ་སོགས་ཀྱིས་གཙང་སྤྲུལ་འདི་ཉིད་ཀྱི་མཛད་པ་ཡོངས་སུ་རྫོགས་པའོ། །

གཙང་ཆེན་དགོན་གྱི་གསེར་ཁྲི་ལྔ་བ་གཙང་ཆེན་སྐུ་འཕྲེང་ལྔ་པར་དངོས་སུ་གྲགས་པ་གཙང་བ་སྐུ་འབྲིང་ངམ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ།

གཙང་ཆེན་དགོན་གྱི་གསེར་ཁྲི་ལྔ་བ་གཙང་ཆེན་སྐུ་འཕྲེང་ལྔ་པར་དངོས་སུ་གྲགས་པ་གཙང་བ་སྐུ་འབྲིང་ངམ་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ནི།

སྔོན་གཙང་བ་གོང་མའི་ཡང་སྤྲུལ་འཕྲིན་ལས་རྣམ་རྒྱལ་དང་གཙང་བ་འགབ་མའི་ལྕགས་མདུད་སྤྲུལ་པའི་སྐུ་ཟུང་གི་འཁྲུངས་ཡུལ་དུ་གྱུར་པ་རྒྱལ་རོང་ཕྱོགས་ཀྱི་ཆར་གཏོགས་ཡུལ་བག་ཀོས་ཤོག་ཅེས་པར་ཡབ་ཡོན་ཏན་དང་ཡུམ་སྙི་འབུ་ཐར་གཉིས་ཀྱི་སྲས་སུ་ཤིང་ཁྱིའི་ལོར་ཡང་སྤྲུལ་འདི་ཉིད་ཐོག་མར་མའི་ལྷུམས་སུ་ཡོད་སྐབས་མ་ཡུམ་གྱི་སྣང་བ་སྔར་དང་འདྲ་མིན་གྱི་འཆར་སྒོ་དང་བར་སྣང་ནས་ཊཱ་དྲིལ་གྱི་སྒྲ་ཐོས་པ་རང་ཁྱིམ་ཐོག་ཏུ་འཇའ་འོད་ཟུག་པ་སོགས་ཀྱི་ལེགས་མཚན་མཐུན་སྣང་དུ་བྱུང་ཞིང་སྐུ་བལྟམས་པའི་དུས་སུ་གྲོད་པུ་ལྟ་བུའི་ནང་ནས་ལྟེ་གཟན་དང་བཅས་མགོ་མཇུག་མ་ལོག་པར་ཞབས་སེམས་སྐྱིལ་ཕྱག་གཉིས་རྡོར་བསྡམས་དང་བཅས་ཇི་བཞིན་ལེགས་བཞུགས་མཛད་ཅེས་གྲགས་སྐད། དེ་ནས་རིམ་པས་སྐུ་ན་བསྐྱེད་སྐབས་སྐུ་ལུས་ངོས་སུ་སྔོན་གྱི་གཙང་བ་གོང་མ་དག་གི་ཤ་མཚན་གསལ་བོ་དོད་ཅིང་སྐུ་སྐྱེས་ན་ཕྲའི་དུས་སུ་སྟེང་ལ་འོད་དཀར་པོ་རྒྱུན་པར་འཁོར་ཞིང་ལྷ་ཆེན་ཁྱབ་འཇུག་གིས་སྐུ་བདག་ཡང་ཡང་བྱེད་པ་མངོན་གསལ་དུ་ཡོད་ལ། ཆུང་ངུ་སྨྲ་ཤེས་ཙམ་ན་ཞལ་གསུང་ལས། ཡི་གེ་དྲུག་མ་ཡོངས་རྫོགས་གསལ་བོར་གསུངས་ཤིང་བར་བར་དུ། ང་ནི་བླ་མ་གཙང་བ་ཡིན། ཞེས་པའང་རང་ཤུགས་ཀྱིས་ཡང་ཡང་སྨྲ་བ་བྱུང་ཞིང་ཚུལ་དེ་ལུགས་ཀྱིས་ཡུལ་ཕྱོགས་དེའི་དཔོན་སྡེ་མཐའ་དག་གིས་བརྩི་བཀུར་གྱི་སྙན་པ་ཕྱོགས་སུ་ཁྱབ་པ་འཛམ་ཐང་གཙང་བའི་སྒར་གྱིས་ལེགས་གསན་མཛད་པས་སྐུ་བདག་ཀྱང་བྱས། དེ་སྔོན་སྐུ་སྐྱེས་འདི་དེ་འདྲའི་རྟགས་མཚན་ཆེ་བ་བསྙོན་དུ་མེད་པ་ཡིན་ཀྱང་རྩོག་མནོལ་སོགས་རྐྱེན་ཞིག་གི་བྱེད་པས་ཀློག་སློབ་པ་སོགས་ཀྱི་ཚེ་མཛད་ཁྱད་དེ་འདྲ་དངོས་ཙམ་མ་བྱུང་ཡང་གང་ཐད་ནས་རིགས་ཁྱད་དུ་འཕགས་པ་ཞིག་ནི་ངེས་པར་ཡིན་ལ། དེ་ནས་དགུང་ལོ་བཅུ་ལ་སླེབ་སྐོར་སོགས་སུ་འཛམ་ཐང་གཙང་བའི་དབུ་ཆོས་རྒན་པ་བསེར་བ་ཆོས་དབྱིངས་སོགས་དྲག་བསྡུས་འགའ་ཞིག་གིས་སྐུ་ཡོན་རྒྱ་ཆེ་བ་དང་བཅས་སྤྲུལ་པའི་སྐུ་སྐྱེས་ལེགས་བླུས་ཀྱི་བྱ་བ་ལ་འོང་སྐབས་སང་ཐོན་པའི་སྔ་ནུབ་ནས་སྐུ་སྐྱེས་རང་གིས་ཇི་བཞིན་མཁྱེན་ཏེ་ལ་སྨྲས་པ། དེ་རིང་ཁྱོད་ཀྱིས་སྔ་མོ་ནས་ཁྱིམ་ཕྱག་བདར་དང་ཟས་གཡོས་སོགས་ལེགས་པར་མཛོད་ཅིག ང་རང་གི་བདག་པོ་ཐོན་ལ་ཁད་དུ་ཡོད། ཅེས་གསུངས་པ་ལྟར་འཛམ་ཐང་ནས་གཙང་བའི་སྐུ་བདག་དེའི་ཉིན་ལེགས་པར་བྱུང་ནས་སྐུ་སྐྱེས་དང་ཕན་ཚུན་བཀའ་མོལ་ཀྱི་སྐབས་གཙང་ཆེན་གོང་མ་འཇིགས་མེད་རྣམ་རྒྱལ་གྱི་བཞུགས་གདན་དང་རྡོར་དྲིལ་སྐུ་སྐྱེས་ཉིད་ནས་ངོས་འཛིན་མཛད་པས་ཀུན་ཡིད་ལྷག་པར་ཆེས་ཏེ་དགའ་སྤྲོའི་ངང་སྐུ་བདག་གང་དག་གིས་བླུ་ཡོན་གྱི་ཡབ་ཡུམ་མགུ་བར་བྱས་ནས་སྤྲུལ་པའི་སྐུ་སྐྱེས་གང་ཉིད་འཛམ་ཐང་དུ་གདན་འདྲེན་མཛད་སྐབས་རིམ་པས་དགོན་དེའི་ཉེ་འདབས་ལ་སླེབས་དུས་སྦྱངས་པ་བླ་མ་ཀུན་དགའ་ངེས་དོན་ཞབས་པ་འཛམ་ཐང་ཕ་རིའི་སྒྲུབ་ཁང་དུ་བཞུགས་པའི་གཟིགས་ངོར་སྤྲུལ་པའི་སྐུ་སྐྱེས་གདན་དྲངས་པ་འཕགས་མཆོག་འཇིག་རྟེན་དབང་ཕྱུག་གི་རྣམ་པ་འོད་ཟེར་གྱི་ལྗོངས་འདིར་ཁྱབ་པ་ལེགས་གཟིགས་མཛད་ཅིང་སྐུ་སྐྱེས་འཁོར་བཅས་འཛམ་ཐང་དུ་སླེབས་པ་དང་གྲོང་སྡེ་དག་གིས་གནག་ཕྱུགས་ཀྱི་ཁྱུ་ཆེན་པོ་མདུན་དུ་དེད་འོང་བ་དང་འཕྲད་དེ་གདུལ་བྱ་དར་ཞིང་རྒྱས་པའི་རྟེན་འབྲེལ་གྱི་ལེགས་སྒོ་དང་བཅས་གཙང་ཆེན་ཕོ་བྲང་དུ་འཇིགས་མེད་རྡོ་རྗེའི་ཁྲི་ལ་མངའ་གསོལ་གྱིས་ཁྲི་འདོན་དགའ་སྟོན་རྒྱ་ཆེར་བྱས་ཤིང་དེ་སྐབས་མཁའ་འགྲོ་ཐུགས་མངོན་རྟོགས་ཉེ་བར་མཐོ་བ་ཞིག་གིས་སྐུ་སྐྱེས་འདི་ཉིད་གཙང་ཆེན་གོང་མའི་སྤྲུལ་སྐུ་དངོས་གནས་སུ་བཀའ་ལུང་གསལ་བོས་ལུང་བསྟན་དང༌། རྗེ་རྡོ་རྗེ་འཆང་ངག་དབང་ཆོས་འཛིན་ཞབས་པས་གཟིམས་ཁང་ཕོ་བྲང་དུ་རྒྱུད་སྡེ་རབ་འབྱམས་ཀྱི་དབང་བསྐུར་རྒྱས་པ་མཛད་པའི་དུས་དང་ཐུག་ཕྱིར་རྗེ་གང་ཉིད་ཀྱིས་སྐུ་སྐྱེས་མཆོག་ལ་མངའ་གསོལ་སོགས་ཀྱི་མཛད་སྒོ་གནང་བ་དང༌། དེ་དག་གི་སྐབས་དགེ་ལྟས་ཁྱད་པར་བ་སྤྲུལ་སྐུ་ཉིད་ཀྱི་བཞུགས་ཁྲིའི་འོག་ཏུ་མེ་ཏོག་མདོག་སྣ་མི་འདྲ་བ་གསུམ་ཀུན་གྱི་མཐུན་སྣང་དུ་བྱུང་ཞིང་གཞན་ཡང་བླ་ཆེན་དུ་མའི་གཟིགས་སྣང་དུ་སྐུ་སྐྱེས་ཉིད་སངས་རྒྱས་བྱང་སེམས་ཀྱི་རྣམ་པར་མཐོང་སྣང་འདྲ་མིན་སྣ་ཚོགས་ཀྱི་ཚུལ་ཀྱང་ཅི་རིགས་པའི་ལོ་རྒྱུས་དང༌། གཙང་བ་གོང་མའི་ཡང་སྤྲུལ་ཡིན་ཚུལ་གྱི་གསུང་སྒོ་ཡང་འགའ་རེ་ཡོད་ལ། དེ་ནས་རིམ་པ་བཞིན་དུ་སྐུ་སྐྱེས་ཉིད་ལ་བསེར་བ་ཆོས་དབྱིངས་དང་ཁྱི་ལོ་མའི་བླ་མ་སོགས་ཀྱིས་ཀློག་ཡིག་ཀྱང་ལེགས་བསླབ་མཛད་རྗེས་དེ་མཚམས་ཤིག་ན་གཙང་པའི་རྡོ་རྗེ་སློབ་དཔོན་ཀུན་དགའ་དཔལ་ལྡན་ཞབས་པས་བླ་མཆན་གྱི་མཛད་སྒོ་དང་བཅས་སྤྲུལ་སྐུ་གཞོན་པ་ཉིད་གཙག་སྡེའི་དགེ་སྐོར་ཟོན་ཐར་ཤི་བའི་གཤིན་ཆོག་ཏུ་ཕེབས་དགོས་བྱུང་སྐབས་བླ་མ་དེ་ཉིད་ཀྱི་བྱིན་རླབས་དང་སྐུ་སྐྱེས་རང་གི་སྔོན་ལས་ཟབ་མོའི་བྱེད་པས་ལས་དང་པོ་པའི་དུས་སུ་མི་འཁྲུགས་པའི་དབང་ཆོག་ལྷོ་སྒོའི་སྐབས་སུ་སྐུ་སྐྱེས་དམ་པའི་ཐུགས་ཉམས་སུ་གཤིན་པོ་ལྭ་བ་དཀར་པོ་གྱོན་པའི་རྣམ་པར་གསལ་བོར་མཐོང་ནུས་པའི་བར་སྲིད་གཟིགས་པའི་མཁྱེན་པ་མངའ་ཞིང༌། དེ་དུས་ནས་མཚན་སྙན་ཀྱང་ཡོངས་ལ་རྒྱས་པ་ཞིག་སྟེ་དེ་ནས་མི་རིང་བར་གཙང་ཆེན་ཕོ་བྲང་དེ་ཉིད་དུ་རྗེ་བླ་མ་རྡོ་རྗེ་འཆང་ཀུན་དགའ་དཔལ་ལྡན་གྱི་མདུན་ནས་སྤྲུལ་སྐུ་ཉིད་ཀྱིས་ཆོས་གྲོགས་རྡོ་རྗེའི་སྤུན་བླ་མ་བསྟན་དར། བླ་མ་མཆོག་འཕེལ་སོགས་དོན་གཉིས་མཆོག་མངའ་དུ་མ་དང་ལྷན་ཅིག་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ནས་བཟུང་དངོས་གཞི་ཡན་ལག་གསུམ་པ་སྲོག་རྩོལ་ཡན་ཆད་ཀྱི་དབང་ཁྲིད་མཐའ་དག་ཞུས་ཏེ་ཉམས་ལེན་མཛད་སྐབས་རྗེ་བླ་མས་སྐུ་སྐྱེས་ཁོང་ལ་མཚན་ངག་དབང་འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ་ཞིང༌། ཁོང་གིས་དངོས་གཞི་ཉམས་ལེན་སྐབས་ནང་རྟོགས་ཀྱི་འཆར་སྒོ་ཡང་བཟང་ཞིང་འཁྲུལ་འཁོར་དུས་མཉམ་བཞག་ངོར་ལྐོག་གྱུར་གྱི་གནས་འགའ་ཞིག་ཇི་བཞིན་མངོན་གསལ་གྱི་མངོན་ཤེས་བྱུང་བ་སོགས་སྒོ་གང་ཐད་དུ་ཡོན་ཏན་གྱི་ཆ་ཀུན་ནས་འཕེལ་པའི་ངང་ཚུལ་གྱི་ལོ་གཉིས་རིང་ཙམ་ལ་སྦྱོར་དྲུག་ཡན་ལག་གསུམ་ཡན་ཉམས་སུ་བླངས་པས་ལམ་རྟགས་རང་རང་གི་ཐད་དུ་མྱོང་བ་དུས་སུ་ཐོན་ལ། དེ་ནས་བཟུང་བདག་བསྐྱེད་གཏོར་ཆོག་གང་འོས་རྒྱུན་ཁྱེར་གྱི་ཞལ་འདོན་སོགས་དང་བཅས་མཚམས་དེ་སྐོར་དུ་གཙང་བའི་ཡུལ་ལྷ་སྟོང་དཔོན་གསོལ་མཆོད་ཀྱི་ཆེད་སྤྲུལ་སྐུ་གྲྭ་འཁོར་བཅས་ཕེབས་དུས་སུ་ཁོང་ཉིད་ཆིབས་རྟ་ཆིབས་བཞིན་ཡོབ་གཡས་པ་ནས་འཇའ་འོད་དེར་གནས་ཀུན་གྱི་མཐུན་སྣང་དུ་བྱུང་པ་ཡུལ་ལྷའི་དཔའ་མཁར་དུ་གསོལ་མཆོད་མ་ཟིན་པར་ཟུག་བཞིན་གནས་ཤིང་དེ་ནས་ཕྱིར་ལ་ཕེབས་ཏེ་ལྷ་འབངས་ཀྱི་འབྲོག་སྡེ་དག་ནས་ཁོང་དག་གིས་དཀར་བསོད་མཛད་སྐབས་འོད་ཟེར་སྔར་ལྟར་གྱིས་མི་ཁྱིམ་འགའ་ལ་ཟུག་པ་སོགས་ཀྱི་ལེགས་མཚན་བྱུང་ཞིང་འདི་སྐོར་ཞིག་ལ་མགོ་ལོག་ཏུ་ཨ་སྐྱོང་རྗེ་རྒན་མ་དུས་ལས་འདས་པའི་གཤིན་པོ་རྗེས་འཛིན་གྱི་ཆེད་དུ་རྗེ་རྡོ་རྗེ་འཆང་གིས་བླ་མཆན་མཛད་བཞིན་སྤྲུལ་སྐུ་འཁོར་བཅས་ཕེབས་དགོས་བྱུང་ཞིང་དེ་ལུགས་ཀྱིས་འགྲོ་དོན་ཡང་མཛད། དེ་རྗེས་ཙམ་ན་སྤྲུལ་པའི་སྐུ་ཉིད་མཆེད་གྲོགས་འགའ་བཅས་ཀྱིས་སྔར་སྦྱོར་དྲུག་གི་མཇུག་ཡན་ལག་ལྷག་མ་རྣམས་ཇི་བཞིན་ཉམས་ལེན་གྱི་ཆེད་གཙང་བའི་སྒྲུབ་གྲྭ་གོང་དུ་ལོ་གཅིག་རྡོ་རྗེའི་རྣལ་འབྱོར་ལེགས་བསྒོམ་མཛད་ཅིང་དེ་དུས་སུ་མཆོག་སྤྲུལ་ཉིད་ལ་ཐུགས་ཉམས་སྔར་ལས་རྒྱས་ཤིང་བླ་མ་དང་ཡི་དམ་གྱི་ཞལ་གཟིགས་ཀྱི་སྣང་བ་ཅི་རིགས་ཀྱང་བྱུང་ལ། སྤྱིར་ན་སྤྲུལ་སྐུ་འདི་ཉིད་ཀྱིས་ཡི་དམ་གཙོ་བོ་ཐུགས་རྗེ་ཆེན་པོ་ལ་སྐུ་ཚེ་གང་བོར་མཛད་ནས་ཡི་གེ་དྲུག་མའི་གཟུངས་སྔགས་དུང་ཕྱུར་དུ་མ་ཞིག་སྔ་ཕྱི་ཅི་རིགས་ལ་ལྗགས་བཟླས་ཀྱི་སྒོ་ནས་འཕགས་པ་མཆོག་གི་ཞལ་རས་ལན་ཡང་ཡང་མཇལ་ཞེས་གྲགས་ཤིང་དེ་མཚམས་ཤིག་ཏུ་སྤྲུལ་སྐུ་ཁོང་གིས་སྤྲོས་མེད་ཀྱི་སྤྱོད་པས་རྒྱ་ནག་གླང་ཆེན་དང་ལྷ་ས་སོགས་གནས་ཆེན་དུ་མ་ལ་བྱོན་ནས་མཇལ་ཕྱག་ཐུགས་སྨོན་གཟབ་རྒྱས་ཇི་ལྟར་འཚམ་པ་རེ་ཡང་མཛད། དེ་ནས་བར་སྐབས་ཤིག་ཏུ་མཁས་པའི་དབང་ཕྱུག་ཏུུ་ཐུབ་བསྟན་དགེ་ལེགས་རྒྱ་མཚོ་གང་ལ་ཆོས་སྐྱོང་ཁྱབ་འཇུག་ཆེན་པོའི་ལས་ཚོགས་བྱང་གཏེར་མན་ངག་འབོད་རྦད་བསད་པའི་སྲོག་སྒྲུབ་ཆོག་བསྒྲིག་གི་རྩོམ་བསྐུལ་ཀྱང་སྤྲུལ་པའི་སྐུ་འདི་ཉིད་ཀྱིས་ཆེད་གཉེར་བཅས་ཀྱིས་ལེགས་པར་མཛད་ལ། ཡང་ཁོང་ཉིད་ཀྱི་བླ་མཆན་འཛོང་པོ་སྐྱབས་མགོན་གྱིས་མཛད་བཞིན་མགོ་ལོག་ཏུ་ཨ་སྐྱོང་དཔོན་ནོར་དགྲ་སྐུ་གཤེགས་པའི་དགོངས་ཆོག་ཏུ་ཕེབས་སྐབས་ཁྲུས་ཆོག་གི་འཕོ་བའི་དུས་སུ་སྤྲུལ་སྐུ་འདི་ཉིད་སྐད་ཅིག་ལ་ནམ་མཁར་འཕགས་ཏེ་བར་སྣང་དུ་མི་གཡོ་སྐྱིལ་མོ་ཀྲུང་གིས་བཞུགས་བཞིན་འཕོ་ལུང་ཆོས་སྐུ་སྣང་མཐའ་མ་ཚར་གསུམ་གྱི་རིང་དུ་དེར་གནས་ཀུན་གྱི་མཐུན་སྣང་དུ་ཡ་མཚན་ཆེ་བའི་རྟགས་མཚན་དེ་ཉིད་ཀྱིས་དུས་འདའ་བ་བྱུང་ཞེས་གྲགས་སྐད། དེ་སྐབས་སུ་ཁོང་གིས་དཔོན་འདས་པ་ལ་ཕན་ཇི་ལྟར་ཐོགས་ཚུལ་ནམ་ཞིག་རང་སྐད་འདོན་པ་སོགས་ཀྱི་ཡིན་ལུགས་གང་གསུང་མཐའ་དག་རྗེས་སོར་དེ་ལུགས་བཞིན་བྲོས་ལྷ་ཞེས་པ་ལ་ལྷ་འབེབས་པའི་སྒོ་ནས་སྔོན་གཙང་བས་གསུང་མཛད་ཇི་བཞིན་ཐོག་ཏུ་ཁེལ་བས་ཡུལ་སྡེ་དེ་ཕྱོགས་སུ་སྤྲུལ་སྐུ་འདི་ཉིད་མཚན་སྙན་གྱི་གྲགས་པ་རྒྱ་ཤིན་ཏུ་ཆེ་ཞིང་དཔོན་སྡེ་ཀུན་གྱིས་གཞན་སུ་ལས་དབུ་བླ་མཆོག་ཏུ་གཙུག་གིས་གུས་བཀུར་བྱེད་པ་ཡིན་ལ་ཡང་སྤྲུལ་སྐུ་འདི་ཉིད་ཀྱིས་གཙང་ཆེན་ཕོ་བྲང་དུ་ལྷ་ཁང་ཀ་དགུ་མ་ཞིག་གསོས་ལེགས་པ་མཛད་ནས་ཉིད་རྒྱལ་རོང་ཐུགས་རྗེ་ཆེན་པོའི་གནས་མཇལ་ལ་ཕེབས་སྐབས་དེའི་ཕྱོགས་ཀྱི་ཡུལ་མི་ཞིག་ཤི་བའི་གཤིན་ཆོག་ལ་བྱོན་དུས་སུ་མི་རོ་དེ་བམ་ཆེན་ལངས་ལ་ཁད་དུ་སོང་ནས་འཇིགས་ཟིལ་བཟོད་དཀའ་བའི་གནས་སུ་རེད་ཚེ་སྤྲུལ་སྐུ་མཆོག་གིས་གཅོད་དང་བཀའ་བསྒོ་འཕོ་ལུང་མཛད་པས་མི་རོ་དེ་ཉིད་རང་ཞིར་སོང་བས་དེར་གནས་ཀུན་ཆེས་དད་པར་གྱུར་ནས་གདུལ་བྱ་དར་རྒྱས་ཆེ་བ་བྱུང་ལ་དེའི་ཕྱོགས་སུ་ཡིག་དྲུག་གཙོ་བོར་གྱུར་པའི་རྡོ་འབུམ་བཅུ་གསུམ་བསྐོ་བཞེངས་ཀྱི་བདག་རྐྱེན་ཁོང་ནས་ལེགས་གནང་མཛད་པ་སོགས་བསྟན་འགྲོ་ལ་མཛད་སྒོ་མི་དམན་པ་བྱས་མཚམས་ཤིག་ནས་ཁོང་གིས་གཙང་ཆེན་ཕོ་བྲང་གི་བདག་བྱེད་མཁན་རྔ་བའི་སེ་བླ་བྱང་ཆུབ་ཀྱི་ཡང་སྤྲུལ་དུ་གྲགས་པའི་སྐུ་སྐྱེས་དེས་བྱེད་དུ་བཅུག་ནས་སྤྲུལ་སྐུ་རང་གི་སྒར་འཛི་སྟོད་དར་ལྔའི་རི་ཁྲོད་དུ་རྒྱུན་བཞུགས་ཀྱི་ཚུལ་དུ་བར་བར་ཉིད་ཀྱིས་གདུལ་བྱ་ཕྱོགས་མེད་བསྐྱང་བཞིན་བཞུགས་སྐབས་སུ་སྔ་ཕྱི་ཅི་རིགས་པར་ཡིག་དྲུག་བསྐོས་མའི་རྡོ་འབུམ་དུ་མ་ཡོན་བཅོས་ཀྱིས་མཛད་སྒོ་དང་འཛམ་ཐང་དུ་འཁོར་ཁང་ལེགས་མཛེས་ཀྱི་ནང་དུ་དུང་འཁོར་བྱིན་ལྡན་ཟུང་དང༌། གྱང་རིས་ཀྱི་ལྷ་སྣ་ཚོགས་གསེར་ཚོན་གྱིས་མཛེས་ཆ་རྫོགས་པར་བསྐྲུན་ཏེ། འོག་ཏུ་རྡོ་བཅལ་དང་སྟེང་དུ་ཟབ་གོས་སྣ་ཚོགས་ཀྱིས་མཆོད་རྫས་བྱས་པ་དྲིལ་སྙན་གྱིས་སྒྲ་མཆོད་རྒྱུན་མར་གྲགས་པ་ཅན་དེ་རྗེས་སུ་དུང་འཁོར་ལས་རིང་བསྲེལ་རྒྱུན་མར་བྱུང་བ་འགྲོ་ཀུན་གྱི་བསོད་ནམས་ཞིང་མཆོག་ཏུ་ཐུགས་བསྐྱེད་གནང་ནས་བསྐྲུན་པ་དང༌། བར་བར་རྣམས་སུ་ཚ་རོང་དང་མགོ་ལོག་སོགས་ཡུལ་ཕྱོགས་སོ་སོར་ཁོང་གྲྭ་འཁོར་བཅས་གདུལ་བྱ་ཡང་ཡང་ཕེབས་པ་དང་འཛི་ཡུལ་འདི་ཕྱོགས་སུ་སྒར་ཁག་སུ་ལས་མང་ཕྱོགས་ལ་དད་མོས་ཆེ་ཞིང་ཁོང་གིས་དུས་དུས་སུ་གཤིན་པོའི་རྣམ་ཤེས་ཀྱི་འགྲོ་ལུགས་གསོན་པོ་དག་ལ་ལེགས་ཉེས་ཇི་ལྟར་ཡོང་དང་བླ་འབོད་ཀྱི་སྔ་རྟགས་སོགས་ལྐོག་གྱུར་གྱི་གནས་མང་པོ་ཇི་བཞིན་ཐུགས་ཀྱིས་མཁྱེན་ནས་དེ་ལུགས་ཀྱི་ཞལ་གསུང་ཡང་ཡང་མཛད་པའི་ལོ་རྒྱུས་ཀྱང་མང༌། གོང་འོག་ཅི་རིགས་སུ་འཛམ་ཐང་དུ་ཡུལ་སྡེ་ཕན་ཚུན་དམེ་འཁོན་གྱིས་ན་གྲོལ་ཞེས་པའི་མི་ཞིག་གྲི་རུ་ཤི་བ་ལ་སྤྲུལ་སྐུ་འདི་ཉིད་ཀྱིས་གཤིན་ཆོག་མཛད་སྐབས་རོ་དེ་ཉིད་ལ་གདོན་ཞུགས་ཏེ་ཆུ་སེར་གྱིས་ཧ་ཅང་གང་བས་བམ་རོས་ཡན་ལག་ལྔ་ཀུན་ནས་བསྐྱོད་དེ་རོ་ལངས་ཀྱིས་འཇིགས་གཟུགས་ཆེར་ངོམས་པའི་དུས་སུ་ཁོང་གིས་ཟབ་མོ་གཅོད་ཀྱི་དབང་སྡུད་སྟོབས་དང་ལྡན་པས་སྐད་ཅིག་ཟིལ་གྱིས་མནན་ནས་རོའི་ཕུང་པོ་ལས་ཆུ་སེར་ཀུན་ནས་རྡོལ་ཏེ་དབུགས་ཤུབ་པ་ལྟ་བུའི་བརྗིད་ཆུང་པར་གྱུར་ནས་དེར་གནས་ཕལ་བ་དག་ལ་འཇིགས་སྐྲག་གི་སྣང་བ་ལེགས་བསལ་མཛད། སྤྲུལ་སྐུ་གང་གིས་ཨ་སྐྱོང་གོང་མའི་དཔོན་སོགས་དད་ཅན་འགའ་ལ་བསྲུང་མདུད་གནང་བ་གང་དག་ཀྱང་ཕྱག་མདུད་དེ་སེམས་ཅན་གང་གི་ལུས་ལ་ཡོད་པ་དེ་ཚོར་མེ་མདའ་ངར་མས་ཁ་གཏད་ཀྱིས་བརྒྱབ་ཀྱང་ཅུང་ཙམ་མ་བསྣད་པའི་ལོ་རྒྱུས་དུ་མ་ཡོད་པ་དང་ཁོང་གིས་ན་བཟའ་གཞན་ལ་གནང་བ་དག་ཀྱང་འགོ་བའི་ཡམས་ནད་ཀྱིས་མི་ཚུགས་པ་སོགས་ཀྱི་བྱིན་ཆེ་ཞིང༌། ཉིན་གཅིག་རོང་ཕྱོགས་སུ་ཉིད་གདུལ་བྱ་ལ་ཕེབས་དུས་ཤིག་ཏུ་ཁོང་ཆིབས་རྟ་ལས་གཡང་ས་ཆེས་མཐོ་བར་ལྷུང་ཡང་ཐུགས་མཉམ་བཞག་གི་ངང་དུ་ཅི་དགར་བཞུགས་པ་ལས་སྐུ་གྲོངས་རྐྱེན་དུ་མ་སོང་བས་ཀུན་སྣང་བ་ཧ་ལས་པའི་ངོ་མཚར་སྐྱེས་ཤིང་ཁོང་གྲྭ་འཁོར་བཅས་དུས་ལན་ཅིག་མགོ་ལོག་ཕྱོགས་སུ་གདུལ་བྱར་བྱོན་ལམ་དབུ་རྒྱན་ཡར་གསང་ལ་སྒར་བཏབས་ནས་བཞུགས་སྐབས་ནག་ཕྱོགས་མི་མིན་གྱིས་འཚེ་བས་གནམ་ལྕགས་ཕབས་ཀྱང་ཉིད་སྐུ་ལ་གནོད་པ་སྤུ་ཙམ་མ་བྱུང་བ་མ་ཟད་གནམ་ལྕགས་མེ་ཞགས་ཟིལ་ཤུགས་ཆེ་བ་དེ་ཉིད་སྐུ་གཟན་གྱིས་བཏུམས་ནས་བཟུང་སྟེ་ཅི་དགར་རང་དབང་གིས་བཀོལ་དུ་བྱས་པ་སོགས་ཀྱི་མཛད་སྒོ་ཁྱད་མཚར་ཅན་དུ་མ་སྤྲུལ་སྐུ་འདི་ཉིད་ཀྱིས་ཡང་ཡང་གནང་བའི་ལོ་རྒྱུས་བཤད་དུ་ཡོད་ལ། སྤྱིར་སྤྲུལ་སྐུ་འདི་ཉིད་སྔོན་རིགས་ཕུན་སུམ་ཚོགས་པའི་དབང་གིས་སྐུ་ན་ཆུང་བྱིས་པའི་དུས་ནས་ཀྱང་ལྷ་མོ་སྐུ་མདོག་སྔོ་སངས་མ་ཟུང་གིས་དུས་དུས་སུ་ཐུགས་འདོད་ཉེ་བར་སྒྲུབ་ཅིང་ལེགས་ཉེས་གང་བྱུང་གི་བསྐུལ་བརྡ་བར་བར་མཛད་པ་ཡོད་ཅིང་ཕྱིས་ཁྲོ་སྐྱབས་ཐུགས་རྗེ་ཆེན་པོའི་གནས་ན་གང་ཉིད་བཞུགས་སྐབས་སྔོན་གྱི་དུས་ནས་ཡང་ཡང་བརྩེ་གཟིགས་མཛད་པའི་ལྷ་མོ་གང་ཉིད་ཅིག་གིས་ཁོང་ལ་དགུང་གྲངས་ཀྱི་ཚེ་ཚད་གསལ་བོར་ལུང་བསྟན་པ་དང༌། འདི་སྐབས་གོང་འོག་ཅི་རིགས་པར་ཉིད་ཀྱི་ཐུགས་སྣང་ངོར་ཕྱོགས་གཞན་གྱི་གནས་ཆེན་རྣམས་དང་རང་ཡུལ་ཕྱོགས་ཀྱི་གནས་སོ་སོར་མི་མ་ཡིན་གྱི་བཀོད་པ་སྣ་ཚོགས་ཀྱི་ཚུལ་དང་བྱམས་སྐུ་གསེར་གྱི་རྡོ་རྗེ་ངོ་མཚར་བ་སོགས་མི་ལས་འདས་པའི་གཏེར་རྫས་ཁྱད་པར་ཅན་དུ་མ་བར་བར་སྒྲིབ་མེད་དུ་གཟིགས་ཤིང་སྤྲུལ་སྐུ་ཉིད་ཀྱིས་སྔ་ཕྱི་ཅི་རིགས་པར་འཛི་སྟོད་དགོན་ལེབ་ཏུ་གཙང་བའི་དགོན་ལག་འཛིན་བདག་བྱེད་པའི་རྡོ་རྗེ་སློབ་དཔོན་བསྐོ་བཞག་དང་བཅས་དེར་རྡོར་སློབ་བཞུགས་གནས་ཀྱི་མཚམས་ཁང་གསར་བཞེངས་དང་ཐུགས་ཆེན་ལམ་གྱི་ཆུ་བོ་ཆེན་པོའི་ལྕགས་ཟམ་ཞིག་གསོས་སོགས་ཀྱི་མཛད་སྒོ་གནང་ལ། སྔོན་གཙང་ཆེན་ཕོ་བྲང་འཛིན་བདག་གཙང་བ་སྐུ་ཆེན་གྱི་རྗེས་ནས་སྤྲུལ་སྐུ་ཁོང་ནས་ཐུགས་འགན་རེབ་ཙམ་གྱི་རིང་ཉེ་བར་མཛད་ཅིང་དེ་ནས་སེ་སྤྲུལ་གདན་སར་བསྐོ་བཞག་གི་མཚམས་ནས་སྤྲུལ་པའི་སྐུ་ཉིད་ལ་གཙང་བ་སྐུ་འབྲིང་ཞེས་པའི་མཚན་ཡོངས་ལ་གྲགས་པ་ནས་བཟུང་ད་བར་མཛད་སྒོ་གོང་སྨོས་བཞིན་གྱི་ངང་སྐུ་ཚེའི་སྨད་ཙམ་ན་རི་ཁྲོད་དར་ལྔའི་རི་བརྒྱུད་དུ་གཏོགས་པའི་འཛི་ཆུ་དང་ཉེ་བའི་ཉིན་ངོས་ཕྱོགས་ཀྱི་རི་ངོར་ཁོང་ཉིད་ཀྱིས་གཟིམ་སྤྱིལ་འོག་མ་ཞིག་གསར་བསྐྲུན་མཛད་ནས་དེར་སྐུ་ཚེ་སྨད་དུ་གཙོ་བོར་རྒྱུན་བཞུགས་ཀྱི་གནས་མཛད་བཞིན་སྔར་ཁོང་གིས་ཨ་སྐྱོང་གོང་མའི་ནང་དུ་གཙང་བའི་བླ་ཚབ་ཀྱི་སྒར་གཞིའི་ཆ་རྐྱེན་གསར་བསྒྲིག་ཀྱང་བྱས་ཤིང་འདི་སྐོར་ཅི་རིགས་སུ་སྨེ་བའི་འབྲོག་སྡེའི་ཕྱོགས་སུ་ཁོང་གྲྭ་འཁོར་གདུལ་བྱ་ལ་ཕེབས་སྐབས་མི་ཁྱིམ་ཞིག་གི་བྱིས་པ་བོར་སོང་པ་གར་སོང་ཆ་མ་ཕྱེད་པའི་དུས་སུ་གཙང་བ་འདི་ཉིད་ཀྱི་ཐུགས་སྣང་ངོར་བྱིས་པ་དེ་ཉིད་ཆུས་ཁྱེར་བ་ཇི་བཞིན་གཟིགས་པ་མ་ཟད་དེའི་སྐེ་རྒྱན་ཆུ་ཁར་ལྷག་ཡོད་ཚུལ་ཚུན་གྱི་ཐུགས་ལ་གསལ་སྣང་བྱུང་ཞིང་རང་ཡུལ་འཛི་སྨད་རབ་ཁ་ནས་མི་ཞིག་ཆུ་བོར་ནུབ་ནས་ཞག་རིང་ཞིག་ཏུ་རོ་མ་རྙེད་སྐབས་གཙང་སྤྲུལ་འདི་ཉིད་དེར་ཕེབས་ཏེ་ཁོང་གིས་གཅོད་དང་འཕོ་ལུང་མཛད་ཙམ་གྱིས་སྐད་ཅིག་ལ་མི་རོ་དེ་ཉིད་ཆུ་ཁར་ཐོན་ནས་རྙེད་པས་དེར་གནས་དག་གིས་ཡིད་ངོ་མཚར་དང་བཅས་བསྟོད་བསྔགས་སྒྲོག་པར་བྱེད་བཞིན་སྔར་ལས་དད་གུས་ཀྱང་ཆེ་རབ་འཕེལ་ཀྱི་འདུག སྔོན་ཞིག་ཏུ་གཙང་བ་གང་འདི་ཉིད་ཀྱིས་འབྲོག་སྡེའི་མི་ཁྱིམ་ཞིག་ཏུ་གཤིན་ཆོག་སོགས་འགྲོ་ཕན་གང་ཡང་རུང་བ་མཛད་སྐབས་ཤིག་ལ་སྐྱེས་ཆེན་རྟོགས་པ་ཙམ་གཞན་འགའི་ཐུགས་སྣང་ངོར་རྒྱ་གར་གྱི་གྲུབ་ཆེན་མཆོག་གི་སྐུའི་རྣམ་པར་བར་བར་གཟིགས་སྣང་བྱུང་བའི་ལོ་རྒྱུས་ཀྱང་ཡོད། གཞན་ཡང་ཁོང་དཔོན་སློབ་མགོ་ལོག་ཏུ་ཨ་སྐྱོང་གོང་མའི་དཔོན་ཀར་མཐུ་འདས་པའི་དགོངས་རྫོགས་གནས་འདྲེན་གྱི་ཆེད་དུ་ཉེ་བར་ཕེབས་པ་སོགས་གདུལ་བྱ་ཕྱོགས་མེད་ཀྱི་མཛད་པ་རྒྱ་ངེས་པར་ཆེ་ཞིང་འཛམ་ངོས་བླ་མ་ཀུན་དགའ་ངག་གི་དབང་པོའི་མ་ཡུམ་གྱི་དགོངས་རྫོགས་སུ་གཙང་བ་འདི་ཉིད་བྱོན་ནས་ཁོང་གིས་དེར་དགོངས་ཆོག་མཛད་སྐབས་གཤིན་པོའི་རྣམ་ཤེས་བདེ་བ་ཅན་དུ་སྐྱེ་བའི་མཚན་མ་གསལ་བོར་གཟིགས་པ་སོགས་ཉིད་གཤིན་ཆོག་གར་ཕེབས་རྣམས་སུ་ཚེ་འདས་ཀྱི་རྣམ་ཤེས་བཟང་ངན་ཅིར་འགྱུར་གྱི་ལྐོག་གྱུར་དག་ཀྱང་གཞན་དག་ལས་མཁྱེན་རྒྱ་ངེས་པར་ཆེ་བ་ཙམ་དུ་འདུག་ཅིང་ཁོང་ཉིད་སྐུ་ཚེ་སྨད་དུ་ཕྱི་ཚུལ་ངོར་ཐུགས་དམ་ཞག་འགའ་ལས་མི་མཛད་པར་རྒྱུན་དུ་གདུལ་བྱ་གཙོ་བོར་སྐྱོང་བ་ལྟ་བུ་ཞིག་ཡིན་ཀྱང་ནང་ཐུགས་རྟོགས་ཀྱི་རིམ་པ་ནི་སྒོ་ཀུན་ནས་མངོན་པར་མཐོ་བ་ལ་ཚེགས་མི་དགོས་པའི་རིགས་མཐོན་ཞིག་ཡིན་ནམ་སྙམ་མོ། །དེ་ནས་ཁོང་གིས་མཚམས་ཤིག་ཏུ་གཙང་སྡེའི་ན་མོ་ཆེའི་ཉེ་འདབས་སུ་མཆོད་རྟེན་བཞེངས་སྐབས་ཆ་རྐྱེན་ཅི་དགོས་ཉིད་ནས་ཐུགས་འགན་བཅས་ཀྱིས་ཡུལ་ཕྱོགས་དེར་རྡོ་དཀོན་པ་ལ་རྡོ་གཏེར་བླང་སྟེ་མཆོད་རྟེན་ཆ་ཚང་གི་ཞབས་ཕྱི་ལེགས་སྒྲུབ་ཀྱི་བགྱི་བ་ཟླ་བྲལ་གྱི་མཛད་སྒོ་ཁྱད་འཕགས་གནང་ཞིང་གཙང་སྤྲུལ་ཉིད་དགུང་གྲངས་དྲུག་ཅུ་རེ་གསུམ་དུ་སླེབས་སྐབས་དམར་དམག་དུས་འཁྲུགས་ཀྱི་ཟིང་ཆ་ཕྱོགས་འདིར་ཆེ་བའི་དུས་ནའང་ཁོང་དང་མཉམ་དུ་ཡོད་པའི་ཡུལ་སྡེ་གང་དག་ལ་ཉེ་ཞོས་གོས་པ་མེད་པར་བདེ་སྐབས་འབའ་ཞིག་ཏུ་གནས་ལ་འདི་སྐོར་སྔ་ཕྱི་གང་རུང་ཁོང་གི་མདུན་དུ་ཨ་གཏེར་དཔའ་བོ་ཆོས་དབྱིངས་རྡོ་རྗེ་ཕེབས་ནས་ཚེ་སྒྲུབ་དབང་བཀའ་བཅས་ཀྱིས་ཞབས་བརྟན་ལེགས་འབུལ་གྱི་སྒོ་ནས་གཏེར་སྟོན་མཆོག་གིས་ཚེ་མདའ་འཕེལ་བསྐྱེད་དང་མཁའ་དབྱིངས་ནས་གཏེར་སྒྲོམ་ནོར་བུའི་རིགས་བླངས་ཏེ་གཙང་བ་ཁོང་ལ་ལེགས་གནང་མཛད་པ་དང་སྔ་ཕྱི་ཅི་རིགས་ལ་ཁོང་གི་སྐུ་མདུན་དུ་གཙང་བའི་རྡོ་རྗེ་སློབ་དཔོན་ཨ་མགོན་བླ་མ་ངག་དབང་བསྟན་པ་གསལ་བྱེད་དང་ངག་དབང་རྡོ་རྗེ་བཟང་པོ་རྣམ་གཉིས་སོགས་སྐྱེས་ཆེན་དུ་མ་བྱོན་བཞུད་ཀྱིས་ཕན་ཚུན་ཐུགས་མཉེས་བཀའ་མོལ་གཟབ་རྒྱས་བཅས་ཐུགས་ཀྱི་ཉམས་ལེན་ལ་འདྲི་གཏུགས་བགྲོ་གླེང་དུས་དུས་སུ་མཛད་པ་དང༌། སྔར་རི་ཁྲོད་གོང་མར་ཁོང་ཉིད་བཞུགས་དུས་ཕྱག་ན་རྡོ་རྗེའི་གྱང་རིས་སྒོ་ཕྱོགས་མཇུག་ཏུ་ཡོད་པ་དབུ་སྔས་ཕྱོགས་སུ་ཐུགས་འདུན་ཙམ་གྱིས་གདན་འདྲེན་མཛད་ཅེས་གྲག་སྐད།སྐབས་འགར་འདི་སྐོར་དུ་ཁོང་ཉིད་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་བསྙེན་མཚམས་ལའང་བཞུགས་ཤིང་དགུང་ལོ་རེ་བརྒྱད་སྐོར་ཞིག་ནས་ཁོང་ལ་སྐུ་བསྙུན་ཐེབས་ནས་རང་གི་བཞུགས་ཡུལ་རི་ཁྲོད་འོག་མའི་གཟིམ་སྤྱིལ་དུ་རྒྱུན་བཞུགས་ཀྱི་ཚུལ་མཛད་དེ་དགུང་ལོ་རེ་དགུ་ཆུ་ཕོ་རྟ་ལ་སླེབས་དུས་སུ་སྐུ་འཁོར་དག་གིས་ཞབས་བརྟན་ལ་གསུང་སྒྲོག་སྨན་སྒྲུབ་ཅི་རིགས་རེ་བྱས་ཀྱང་ཕན་པ་མ་བྱུང་བར་ཁོང་གི་ཞལ་ནས། སྐུ་འཁོར་བ་གྲྭ་བཙུན་དག་ལ་རང་རང་དང་འཚམ་པའི་ཞལ་ཏ་སྣ་ཚོགས་ཀྱི་བཀའ་འཕྲོས་དང༌། རང་དང་གཙང་བ་སྒར་ཁག་གི་བཅའ་ལག་དབྱེ་བསལ་དང༌། འཛམ་ཐང་གཙང་ཆེན་ཕོ་བྲང་གི་མགོན་པོ་སོགས་ཆོས་སྐྱོང་ལ་སྙན་དར་ལེགས་བསྐུར་གྱིས་འདོད་དོན་གསོལ་བ་སོགས་བགྱི་བ་གང་དགོས་མཐའ་དག་མཛད་ནས་ལོ་དེའི་དབྱར་ཟླའི་ནང་སྐོར་ཙམ་ན་སྐུ་གཤེགས་པར་མཛད་དོ། །དེ་ནས་ཤུལ་འདུག་སྐུ་འཁོར་གང་དག་གིས་དགོངས་མཆོད་གཟབ་ལྡན་གྱིས་གདུང་བཞུ་ལེགས་བྱེད་དང་རྗེས་སོར་གདུང་རྟེན་དངུལ་གྱིས་བྱང་ཆུབ་མཆོད་རྟེན་བཞེངས་པ་སོགས་དེ་ལུགས་ཀྱིས་གཙང་སྤྲུལ་འདིའི་མཛད་པ་གྲུབ་ལ། དེ་རྗེས་མི་རིང་བར་ཁོང་གི་ཡང་སྲིད་སྐུ་སྐྱེས་སུ་སླར་བྱོན་ལ་མཚན་གསོལ་བ་གཙང་སེ་སྤྲུལ་གྱི་སྐུ་ཚ་ངག་དབང་འཇིགས་མེད་རྡོ་རྗེ་དང༌། འཛི་རོང་སྐུ་སྐྱེས་ངག་དབང་བསོད་ནམས་དཔལ་ལྡན་ཕྱོགས་ལས་རྣམ་རྒྱལ་གཉིས་ཡིན་ནོ། །

གཙང་ཆེན་དགོན་ཕོ་བྲང་གི་གསེར་ཁྲི་དྲུག་པ་གཙང་བ་སེ་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་ཕུན་ཚོགས་སམ་མཚན་གཞན་སྔགས་འཆང་པདྨ་དབང་དྲག

གཙང་ཆེན་དགོན་ཕོ་བྲང་གི་གསེར་ཁྲི་དྲུག་པ་གཙང་བ་སེ་སྤྲུལ་པའི་སྐུ་ངག་དབང་ཀུན་དགའ་ཕུན་ཚོགས་སམ་མཚན་གཞན་སྔགས་འཆང་པདྨ་དབང་དྲག་རྩལ་ནི།

འཁྲུངས་གནས་རྔ་ཡུལ་ཕྱོགས་ཡིན་ཞིང་དེ་ཡང་ཐོག་མར་ཝ་ཤུལ་རིགས་ལ་མེ་སྦྲུལ་ལོར་སྐུ་འཁྲུངས་པ་ནས་བཟུང་བྱིས་པ་ཕལ་དང་མི་འདྲ་བའི་རིགས་ཁྱད་པར་ཅན་རྟགས་མཚན་ཅི་རིགས་དང་བཅས་པ་ཞིག་སྟེ་སྐུ་ཆུང་ངུ་ན་བསྐྱེད་དེ་རང་མགོ་ཐོན་ཙམ་ཉིད་ནས་སྤྱིར་ཆོས་ལ་ཐུགས་མོས་ཆེ་བ་ཁྱད་པར་རྔ་བའི་བསེ་དགོན་གྱི་བླ་གྲྭ་རྣམས་ལ་ཐུགས་བློ་ལྷག་པར་སྤྲོ་བ་སོགས་ཚུལ་དེ་འདྲ་དུ་མའི་རྐྱེན་གྱིས་བྱིས་པ་ཆུང་སྐྱེས་འདི་ཉིད་སེ་བླ་བྱང་ཆུབ་ཟེར་བའི་མཁས་བཙུན་བཟང་པོའི་མངའ་བདག་ཅིག་ཡོད་པ་དེའི་ཡང་སྤྲུལ་དུ་གྲག་གོ །དེ་ནས་མི་རིང་བར་ཉིན་ཅིག་ཆོས་སྐྱོང་ཁྱི་གཟུགས་ཀྱི་རྣམ་པས་བྱིས་པ་དེ་ཉིད་ཁྲིད་དེ་སེ་དགོན་གྱི་མགོན་ཁང་སྒོར་ཐོན་སོང་བ་ལ་བརྟེན་སེ་དགོན་བླ་གྲྭ་ཡོངས་ཀྱིས་སྐུ་བདག་བྱས་ཤིང་དེ་ནས་བཟུང་དགོན་དེར་ཆོས་གྲྭར་ལེགས་ཞུགས་ཀྱིས་ཀློག་ཡིག་སོགས་སློབ་པའི་སྒོ་ནས་རེ་ཞིག་གི་བར་བསྡད་མཐར་སྐུ་སྐྱེས་འདིའི་ཁུ་བོས་ཁོང་ཉིད་ཁྲིད་དེ་པད་ནག་དགོན་དུ་མགར་ཀློང་གཏེར་ཆེན་བཞུགས་པའི་མདུན་དུ་ཕྱིན་ཏེ་ཐུགས་བརྟག་ལུང་བསྟན་ཞུས་པ་ན་གཏེར་སྟོན་ཉིད་ཀྱི་ཞལ་སྔ་ནས། སྐུ་སྐྱེས་འདི་འཛམ་ཐང་གཙང་བའི་སྒར་དུ་ཐོན་ཐབས་མཛད་ན་ནམ་ཞིག་འགྲོ་དོན་འོང་ངོ༌། །ཞེས་གསུང་པ་ལྟར་ཁུ་བོ་དེ་ཉིད་ཀྱིས་རང་གི་ཚ་བོ་སྐུ་སྐྱེས་འདི་ཁྲིད་ནས་འཛམ་ཐང་ཕྱོགས་སུ་འོང་སྐབས་འཛི་སྲིབས་ལ་ཐོན་པ་ན་སྐུ་སྐྱེས་རང་གི་སྣང་ངོར་དྲེའུ་དཀར་པོ་ཞིག་གིས་ལམ་སྣ་བྱེད་པར་མཐོང་ཞིང་དེ་ནས་རིམ་པས་གཙང་བའི་གཟིམས་ཁང་དུ་སླེབས་ཚེ་གཙང་བའི་རྡོ་རྗེ་སློབ་དཔོན་ངག་དབང་ཆོས་འབྱོར་ཞབས་པ་བཞུགས་བཞིན་གྱི་སྐབས་ཡིན་པས་དེར་བླ་མ་ཁོང་དང་ཐུགས་སློབ་རྟོགས་པ་ཅན་འགའི་སྣང་ངོར་རང་རེའི་རྗེ་བླ་མ་གོང་མ་སྐྱབས་རྗེ་མཁར་བའི་ཡང་སྤྲུལ་ཡིན་ཆོག་པ་ཞིག་སང་ནངས་མོར་གཟིམས་ཁང་འདིར་བྱོན་འོང་བའི་ཐུགས་ཉམས་བྱུང་བ་ལྟར་ཕྱི་ཉིན་མོ་སྐུ་སྐྱེས་འདི་དང་ཁུ་བོ་བཅས་དེར་སླེབས་བྱུང་བ་རྗེ་བླ་མ་ངག་དབང་ཆོས་འབྱོར་ཞབས་པ་གང་ཉིད་ཀྱིས་ཐུགས་བརྩེ་བའི་སྒོ་ནས་སྐུ་སྐྱེས་འདི་དགུང་ལོ་བཅུ་གསུམ་གྱི་སྟེང་ཙམ་ན་རྡོ་རྗེའི་སློབ་མ་མཆོག་ཏུ་རྗེས་སུ་བཟུང་སྟེ་སྦྱོར་དྲུག་གི་སྔོན་འགྲོའི་ཟབ་ཁྲིད་ལེགས་པར་གདམས་ཤིང་ལྟོ་གོས་ཆོས་གསུམ་གང་ཐད་ནས་རྗེ་བླ་མ་གང་ཉིད་ཀྱིས་ཐུགས་འགན་བཞེས་ཏེ་མཚམས་གྲྭ་པ་གང་དག་དང་མཉམ་དུ་སྐུ་སྐྱེས་ཉིད་ཆོས་སྒོར་ལེགས་ཞུགས་བྱེད་དུ་བཅུག་ནས་རིམ་པ་བཞིན་དུ་སྦྱོར་བ་ཡན་ལག་དྲུག་གི་སྔོན་འགྲོ་ནས་བཟུང་ཟབ་ཆོས་སྐབས་ཀྱི་ཉེ་བར་མཁོ་བ་མཐའ་དག་སྐུ་སྐྱེས་ཉིད་ཀྱིས་ཞུས་ཏེ་ཉམས་ལེན་དམ་པ་གོང་མའི་ཕྱག་སྲོལ་ཇི་བཞིན་གྱི་རྗེས་སུ་ཞུགས་ནས་ཆོས་གསན་སྒོམ་གནད་སྨིན་མཛད་སྐབས་སྡོམ་པ་དང་དབང་ཐོབ་པའི་དུས་ཀྱི་མཚན་ནི་ངག་དབང་ཀུན་དགའ་ཕུན་ཚོགས་ཞེས་བྱ་བ་ཡིན་ལ། དེ་ལྟར་བླ་མས་ཇི་སྐད་གདམས་པ་བཞིན་སྐུ་སྐྱེས་རང་གིས་སྔོན་འགྲོ་འབུམ་ལྔ་ཆ་ཚང༌། བར་གྱི་སྔོན་འགྲོ་རྣམ་གཉིས། དངོས་གཞི་སྦྱོར་བ་ཡན་ལག་དྲུག་པོ་རྣམས་ལོ་གསུམ་གྱི་རིང་ཉམས་བཞེས་མཛད་པའི་སྐབས་སུ་ལམ་རང་རང་གི་དུས་རྣམས་སུ་སྐུ་སྐྱེས་འདི་རྩ་ཁམས་ཤིན་ཏུ་དྭངས་ཤིང་ལམ་རྟགས་རྨི་ཉམས་སྣ་ཚོགས་དང་མཐོང་ཉམས་སྟོང་གཟུགས་ཀྱི་སྣང་བ་མཐའ་ཀླས་པ་ཆེས་མཆེད་པ་ཞུ་བདེ་ཁྱད་པར་བ་དུས་དུས་སུ་མྱོང་བའི་སྒོ་ནས་སྔོན་གོམས་ཕུན་སུམ་ཚོགས་པའི་ཤུགས་ཉེ་བར་མངོན་པ་ཁྱད་པར་འཕོ་བ་སྦྱང་སྐབས་སུ་སྐུ་སྐྱེས་རང་གི་ཐུགས་སྣང་ནམ་མཁའི་དབྱིངས་ནས་ཐིག་ལེ་དཀར་པོ་འོད་ཀོར་བ་ཤར་བ་དེའི་དབྱིངས་སུ་ཐུགས་རོ་མཉམ་དུ་ཞུགས་ཏེ་དབྱེར་མེད་དུ་ཐིམ་སོང་སྟེ་དབྱིངས་རིག་འདྲེས་པའི་ངང་དེ་ཀ་ནས་ཐུགས་དབྱིངས་སུ་འཕོ་ཚད་པ་ཡང་ཡང་བྱུང་རྐྱེན་འཕོ་བ་སྦྱང་བའི་མཚམས་རེ་ཞིག་བཞག་དགོས་བྱུང་ལ་འདི་སྐོར་ཁོང་ལ་འཕོ་ཉམས་ཐོན་ཚབས་ཆེ་བས་རང་གིས་འཕོ་བ་སྦྱང་བ་བཞག་ཀྱང་གཞན་དག་གིས་འཕོ་བའི་ངག་འདོན་སྒྲ་དང་ཕཊ་སྒྲ་རྣ་ལམ་དུ་ཐོས་པ་ཙམ་གྱིས་སྐུ་སྐྱེས་ཁོང་རང་དབྱིངས་རིག་གཉིས་མེད་དུ་ཐིམ་ལ་ཁད་དུ་འགྲོ་བ་སོགས་ཐུགས་ཀྱི་ཉམས་མྱོང་སྒོ་གང་ཐད་ནས་རང་དང་ན་མཉམ་དག་ལས་ཟླ་དང་བྲལ་བའི་མཚན་སྙན་ཅིར་ཡང་བྱུང་ལ། དེ་སྐོར་རྣམས་སུ་རྗེ་བླ་མ་རྡོ་རྗེ་འཆང་མཆོག་གི་དྲུང་ནས་སྐུ་སྐྱེས་ཉིད་ལ་སྦྱོར་དྲུག་ཁོག་གི་ཆོས་བཀའ་གང་དགོས་ཐམས་ཅད་གཞིར་བཞག་གི་སྟེང་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་བཀའ་འབུམ་ལས་བྱུང་བའི་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ཡོངས་རྫོགས་ཀྱི་དབང་བཀའ་མཐའ་དག་ལེགས་པར་ཐོབ་ཅིང༌། གཞན་ཡང་དེ་དུས་སུ་རྟོགས་པའི་དབང་ཕྱུག་རབ་ཁ་བླ་མ་དོན་ལྡན་ཞབས་པ་དང་ཡལ་འགོའི་བླ་མ་རིན་ཆེན་བཟང་རྣམ་གཉིས་ཀྱི་མདུན་ནས་ཡང་སྐུ་སྐྱེས་འདི་ཉིད་ཀྱིས་ཉམས་ལེན་འདྲི་གཏུགས་ཞིབ་ཏིག་ལེགས་མཛད་ཀྱིས་ཉིད་ལ་ནང་གི་ཉམས་རྟོགས་ན་ཆེར་འཕར་ཏེ་བོགས་བསྐྱེད་ཧ་ཅང་ཐོན་པའི་རྐྱེན་ཆེ་བར་གྱུར་ཏོ། །དེ་དག་ལས་སྐུ་སྐྱེས་འདིས་སྦྱོར་དྲུག་ཉམས་ལེན་གྱི་མཇུག་མ་རྫོགས་པའི་མཚམས་ཤིག་ནས་རྗེ་བླ་མ་ངག་དབང་ཆོས་འབྱོར་ཞབས་པ་སྐུ་དག་ཞིང་དུ་ཕེབས་པར་ཆས་ཚེ་ཁོང་གིས་ཆོས་ཁྲིད་ཀྱི་མཇུག་རྫོགས་པར་བྱས་ཏེ་སྐུ་སྐྱེས་འདི་ལ་ནམ་ཞིག་གཙང་བའི་ཕོ་བྲང་དུ་ཁྱོད་ཡུན་རིང་དུ་འདུག་ནས་བསྟན་འགྲོ་ལ་ཕན་པ་འོང་ཚུལ་གྱི་བཀའ་ལུང་གསལ་བོ་བཅས་ནབ་འགགས་སོགས་ཀྱི་གནང་སྦྱིན་ཡང་མཛད་ནས་དེ་རྗེས་བླ་མ་རྡོ་རྗེ་འཆང་ཉིད་སྒྲུབ་གྲྭར་ཕེབས་ཏེ་མི་རིང་བར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་མོད་སྐུ་སྐྱེས་ཉིད་ལ་འཕར་གཡོ་རྒྱུན་དུ་ཐུན་མཚམས་མེད་པར་འོང་ཞིང་ཐུགས་སྣང་ལ་བླ་མ་རྡོ་རྗེ་འཆང་དེ་ཉིད་ཤར་ཕྱོགས་མངོན་དགའི་ཞིང་དུ་བྱོན་བཞུགས་ཀྱི་སྣང་བ་གསལ་བོ་དང་ཞིང་དེའི་གཙོ་བོ་རྒྱལ་བ་མི་འཁྲུགས་པའི་སྐུའི་སྣང་ཆ་ཆེས་གསལ་བའི་ངང་ནས་མི་བསྐྱོད་པའི་སྐུ་མདོག་ཕྱག་མཚན་སོགས་ཀྱི་དག་པ་རྡོ་རྗེའི་གླུའི་ཚུལ་དུ་རང་ཤུགས་སུ་ངག་ནས་ཉམས་མགུར་སྣ་ཚོགས་པ་དབྱངས་སུ་འཐེན་པ་དང་ཞིང་ཁམས་དེར་དངོས་སུ་སོང་ནས་བླ་མ་མཆོག་གི་ཞལ་ནས་གདམས་ངག་གི་གསུང་ཚིག་མང་པོ་ཐོས་ཤིང་དེ་དོན་ཐུགས་ཉམས་སུ་བསྟར་བ་སོགས་རྗེ་བླ་མ་གང་གི་བྱིན་རླབས་ཞུགས་པའི་ཉམས་མྱོང་གི་རྟགས་མཚན་ཆེས་མཐའ་ཀླས་པ་ཞིག་ངེས་པར་བྱུང་བའོ། །དེ་ནས་དགུང་ལོ་བཅུ་དྲུག་སྐོར་སོགས་སུ་གཙང་བའི་སྒྲུབ་གྲྭར་སྐུ་སྐྱེས་ཉིད་བཞུགས་སྐབས་རྗེ་བླ་མ་དོན་ལྡན་ཞབས་པས་རྡོ་རྗེ་སློབ་དཔོན་མཛད་པའི་སྐབས་ཡིན་ཞིང་འདི་སྐོར་ཐུགས་སྣང་དུ་མཁའ་འགྲོའི་རྣམ་པའི་ལྷ་མོ་གཉིས་མཁའ་དབྱིངས་ནས་འོང་བ་དེ་གཉིས་ཀྱིས་འབྱུང་འགྱུར་སོགས་ལྐོག་གྱུར་གྱི་གནས་མང་པོ་ཇི་སྐད་ལུང་བསྟན་པ་རྣམས་དོན་ལ་ཐོག་ཁེལ་དུ་སོང་བ་མང་རབ་ཅིག་རྒྱུན་པར་བྱུང་བ་ཡོད་ཀྱང་བར་མཚམས་ཤིག་ནས་ཅུང་མི་ལེགས་པའི་བར་ཆད་ཀྱི་རྣམ་པ་རེ་ཡང་འོང་གིན་འདུག་ཅིང་ཉིན་ཅིག་ཏུ་མཉམ་བཞག་ལ་ཁོང་ཉིད་བཞུགས་སྐབས་ཁོང་གི་ངག་ནས་མ་བཅོས་གཞི་དབྱིངས་སྟོང་ཆེན་དབུ་མའི་སྦུབས། ཞེས་སོགས་ལྟ་བའི་ཚིགས་བཅད་འགའ་རང་ཤུགས་ཀྱིས་མགུར་དབྱངས་ཀྱི་ཚུལ་དུ་བརྗོད་རྗེས་ཙམ་ན་རང་སྣང་གནས་འགྱུར་ཏེ་གཡའ་དག་ནམ་མཁའི་མདངས་ཀུན་ནས་གསལ་བ་ལྟ་བུའི་རང་བཞིན་དེ་ཉིད་ཀྱི་གཤིས་ཤིག་མངོན་དུ་གྱུར་ནས་དེའི་ངང་དུ་སྤྲོས་མེད་མཉམ་བཞག་གཅིག་གིས་ཞག་བདུན་ཕྲག་གཅིག་ཙམ་འདའ་བར་གྱུར་པ་ན་རྗེ་རྡོ་རྗེ་འཆང་གཉིས་པ་དོན་ལྡན་ཞབས་པ་ཕེབས་ནས་ཁོང་གིས་གསུང་མགུར་གྱིས་སྐུ་སྐྱེས་མཉམ་བཞག་ལས་བཞེངས་བསྐུལ་མཛད་པས་རེ་ཞིག་གི་ཚེ་སྐུ་སྐྱེས་སློབ་བུ་དེ་ཉིད་འཕར་གཡོ་དང་བཅས་པའི་ངང་ནས་སླར་མཉམ་བཞག་ཟབ་མོ་ལས་ཉེ་བར་ལྡང་བ་དང༌། ཡང་ཉིན་གཅིག་ཐུན་བར་དུ་སྐུ་སྐྱེས་ཉིད་ཀྱིས་ནུ་མ་འཕྲལ་དུ་ཆད་པ་ཞིག་སྐད་ཅིག་ལ་སླར་འབྱོར་བར་མཛད་པའི་ལོ་རྒྱུས་གསལ་བོ་བཤད་དུ་ཡོད་ལ། རབ་ཁ་བླ་མའི་དྲུང་དུ་སྔ་ཕྱི་ཅི་རིགས་སུ་སྐུ་སྐྱེས་ཉིད་ཀྱིས་རྒྱུད་སྡེའི་ཟབ་དབང་སོགས་ཆོས་བཀའ་དུ་མ་གསན། དེ་སྐབས་ཅི་རིགས་པར་ཉིད་ཀྱིས་རྟ་མགྲིན་བསྙེན་མཚམས་མཛད་སྐབས་སུ་ཐུགས་སྣང་ངོར་ཕྱོགས་ཤིག་ནས་རྒྱལ་གདོན་ཆེ་བས་ཆོ་འཕྲུལ་འགྱེད་དེ་སྒར་ཆེན་གྱི་གཙོ་བོ་གསེར་ཞྭ་བེར་གོས་རྟ་དྲིལ་ཁྲོལ་སྡིང་སོགས་ཀྱི་ཆས་དང་བཅས་པ་ཅན་ཆེས་བཟོད་དཀའི་འཇིགས་གཟུགས་ངོམས་བཞིན་པའི་ཚེ་འཚེ་བྱེད་དེའི་ལག་པ་ཡ་གཅིག་གི་མགོ་སྤྲུལ་སྐུ་ཁོང་ཉིད་ཀྱི་ཁར་བཅུག་པའི་མོད་དེ་མ་ཐག་ཡི་དམ་དབང་ཆེན་གྱི་སྐུ་རི་རབ་ཙམ་གྱི་ང་རྒྱལ་ལ་གནས་ཏེ་ཞལ་གྱི་སོ་དག་གིས་ཕ་རོལ་གནོད་བྱེད་ཀྱི་ལག་པ་ཆེས་བསྡམས་པས་དེ་ཉིད་དུ་ལག་མགོ་ཆད་ནས་ལུས་ནང་དུ་སོང་བའི་ཉམས་སྣང་ཤར་བ་བཞིན་དེ་མཚམས་ནས་བཟུང་ཞག་ཤས་ལ་སྐུ་སྐྱེས་རང་ཉིད་ཁམས་ཅུང་མི་བདེ་བ་ཙམ་བྱུང་ཡང་ཉིན་ཅིག་ཁ་ནས་ཁྲག་ཤ་དུམ་བུ་ཞིག་སྐྱུགས་ཕན་ཆད་ནས་ཁམས་ཡར་དྭངས་སུ་སོང་བས་བར་ཆད་བྱེད་མཁན་དེས་གླགས་མ་རྙེད་པ་སོགས་དེ་ལྟར་གྱི་རྟགས་མཚན་ཁྱད་པར་བ་ཕྱི་ནང་གང་ཐད་ལ་རང་དང་མཉམ་པའི་མཆེད་གྲོགས་གང་དག་གི་མཐུན་སྣང་དུ་མངོན་པའི་ཆོས་སུ་གྱུར་པ་ཅི་རིགས་སྔ་ཕྱི་དུ་མར་ཡང་ཡང་བསྙོན་དུ་མེད་པ་སྟེ། འདི་སྐོར་ནས་བཟུང་དཔལ་རྟ་མཆོག་རོལ་པ་ཉིད་ཀྱིས་ཡི་དམ་གྱི་མཐིལ་དུ་མཛད་དེ་སྐུ་ཚེ་གང་བོར་བསྙེན་བཟླས་མཛད་པས་ཁྱོན་ཡོངས་སྡོམ་ལྷ་འདིའི་བསྙེན་པ་དུང་ཕྱུར་དུ་མ་ཞིག་སོང་ཞིང་འདིའི་སྒོ་ནས་མཐུ་ནུས་མཆོག་བརྙེས་ལ་ཁོང་ཉིད་སྐུ་ན་གཞོན་སྐབས་དགུང་ལོ་ཉི་ཤུ་སྐོར་མན་ཆད་དང་འདི་ཡན་དུ་ལོ་འགའ་ཞིག་གི་རིང་སྒྲུབ་པ་ཉམས་ལེན་ལ་རྩེ་གཅིག་ཏུ་ནན་ཏན་སྙིང་པོ་བྱེད་པའི་སྐལ་བ་འགྲིག་ན་དེང་དུས་ལ་ལྟོས་ནས་རྟོགས་པ་མཐར་ཕྱིན་ཅིག་འོང་ཐང་བ་ལ་འདི་སྐོར་མཚམས་ཅི་རིགས་ནས་ཁོང་གིས་གཙང་བའི་སྒར་བདག་བཟུང་གིས་གཡེང་རྐྱེན་མང་བས་དེ་འདྲ་ཇི་བཞིན་ཞིག་མ་བྱུང་ཞིང༌། དགུང་ལོ་ཉེར་གསུམ་སྐོར་ཞིག་ནས་ཉིད་ཀྱི་ཐུགས་སྣང་དུ་བར་བར་རྣམས་སུ་གུ་རུ་པདྨ་འབྱུང་གནས་ཀྱི་ཞལ་གཟིགས་ཀྱི་སྣང་བ་གསལ་པོ་དང༌། མ་མོ་ཨེ་ཀ་ཛ་ཏིའི་དངོས་ཞལ་གྱི་སྣང་བ་དེ་ལུགས་བཞིན་གྱིས་སྐུ་སྐྱེས་ཉིད་ལ་ཚེ་སྔོན་རྡོའི་སྐུ་བར་གྱི་སྐྱེ་བ་ཡིན་ཚུལ་གྱི་བཀའ་ལུང་དེ་ཡང་དུས་དུས་སུ་བྱུང་བ་ཡོད་ལ། དེ་ནས་དགུང་ལོ་ཉེར་ལྔ་སོགས་ནས་སྐུ་སྐྱེས་གང་ཉིད་ཀྱིས་གཙང་བའི་འགན་ཁུར་ལེགས་བཞེས་ཀྱི་ཕྱོགས་ཕྱོགས་སུ་གདུལ་བྱ་ལའང་ཕེབས་ཅིང་རང་ཡུལ་སྟོད་སྨད་ཀུན་ཏུ་གཤིན་ཆོག་སོགས་མཛད་སྒོ་གང་ཐད་ལ་རེམ་པ་ལྷུར་ལེན་པའི་སྐབས་ཐམས་ཅད་དུ་གཙོ་བོར་ཀླུ་དུང་སྐྱོང་དང་ཡུལ་ལྷ་སྟོང་དཔོན་གཉིས་ཀྱིས་སྡོང་གྲོགས་མཛད་པ་ལ་བརྟེན་ནས་གང་གིས་ཐོག་མར་གཙང་བའི་ཕོ་བྲང་དུ་རྟེན་གསུམ་བཞུགས་པའི་གནས་ཀྱི་གསེར་ཁང་ཕྱིའི་བཀོད་པ་ནང་གི་ཀ་ཅ་ལ་གསེར་ཚོན་དང་ནང་རྟེན་སྐུ་གསུང་ཐུགས་རྟེན་སྔར་མེད་གསར་བ་གྲངས་མང་ཞིག་བཞེངས་བླུས་ཅི་རིགས་ཀྱི་སྒོ་ནས་བསོད་ནམས་བསགས་སྒོ་རྒྱ་ཆེར་ལོ་སྔ་ཕྱི་དུ་མའི་རིང་དུ་ཉེར་བསྐྲུན་ཀྱང་མཛད། འདི་སྐོར་དུ་ས་དམར་བླ་མ་སྙན་གྲགས་ཀྱི་དྲུང་དུ་སྤྲུལ་པའི་སྐུ་ཉིད་ཀྱིས་རང་གི་ཉམས་རྟོགས་བསམ་གཏན་་་གཟུགས་སེམས་དབྱེར་མེད་རང་མདངས་སྟོང་གཟུགས་རང་ཤར་དགའ་བ་དང་གཡོ་མེད་བདེ་བ་ཁྱད་པར་བའི་ཚུལ་དང་རྩ་རླུང་ཐིག་ལེ་ལ་གནད་དུ་ཐེབས་པའི་སྟོབས་ཀྱིས་འབར་འཛག་གི་དགའ་བཞི་ཡང་ཡང་འདྲེན་པ་སོགས་ཞིབ་རྒྱས་རྟོགས་འབུལ་བྱས་པས་བླ་མ་དེ་ཉིད་ཀྱིས་ཐུགས་མགུ་རྒྱ་ཆེ་བས་བསྔགས་བརྗོད་ཀྱི་མེ་ཏོག་དུས་སུ་འཐོར་བར་མཛད་ལ། སྔ་ཕྱིར་ཨ་མགོན་བླ་མའི་མདུན་ནས། ཉིད་ཀྱིས་ཀུན་མཁྱེན་དོལ་པོའི་བཀའ་འབུམ་གྱི་ལུང་སོགས་ཟབ་ཆོས་ཅི་རིགས་མནོས། དགུང་ལོ་ཉི་ཤུའི་སྟོད་སྐོར་ནས་བཟུང་དེ་མཚམས་སྔ་ཕྱི་ཅི་རིགས་པར་གཙང་བའི་གྲྭ་ཚང་ཡོངས་ཀྱི་འདུ་ཁང་ཆེན་མོ་ཡང་སྔར་འདུ་ཁང་དམན་ཙམ་ཡིན་ན་གཙང་བ་སེ་སྤྲུལ་འདིས་འདུ་ཁང་མ་གཞི་ཡོངས་རྫོགས་ནས་གསར་བཞེངས་ཀྱི་སྒོ་ནས་ཕྱི་ནང་ཡོངས་སུ་རྫོགས་པའི་བཀོད་པ་མཐའ་དག་ཤིང་ཚོན་དང་བཅས་ལེགས་གྲུབ་ཀྱི་བཀའ་དྲིན་མཛད་ལ། དགུང་ལོ་སུམ་ཅུ་ལ་ཉེ་སྐབས་སོགས་སུ་མགར་ཀློང་གཏེར་ཆེན་དང༌། ཨ་གཏེར་སོགས་འགྲོ་འདུལ་དུས་བབས་ཀྱི་སྐྱེས་ཆེན་དུ་མས་སྔ་ཕྱི་ཅི་རིགས་པར་སྤྲུལ་སྐུ་འདི་ཉིད་ལ་དབང་ཆེན་ཧེ་རུ་ཀས་བྱིན་གྱིས་བརླབས་པ་གླིང་གི་རྗེ་བོ་ཁྲོ་ཐུང་དང་རྡོ་བླའི་སྐུ་འཕྲེང་དུ་བྱོན་པ་སྐུ་བར་ཕུན་ཚོགས་འབྱུང་གནས་སོགས་སྔོན་བྱོན་སྐྱེས་ཆེན་མང་དག་གི་སྐུ་འཕྲེང་རིམ་པ་དུ་མའི་ཆེ་བསྔགས་མཛད་པ་དང་དཔའ་བོ་ཆེན་པོའི་སྔགས་རིག་འཆང་བ་གང་དག་གི་དྲུང་ནས་ཟབ་མོའི་གསང་བཀའ་ཅི་རིགས་པའང་སྤྲུལ་སྐུ་འདིས་ལེགས་གསན་མཛད་པའི་ཚེ་གསང་མཚན་ལ་པདྨ་དབང་དྲག་རྩལ་ཏུ་མེ་ཏོག་ཉེ་བར་ཕོག་པ་ཡིན་ལ། འདི་སྐོར་སྔ་ཕྱི་ཅི་རིགས་ཤིག་ནས་ནང་རྩ་ཐིག་གི་མཐུ་ཤུགས་སྔར་ལས་རྒྱས་ཤིང་ཐིག་ལེ་ཡར་འདྲེན་དང་གསང་བ་སྦུབས་སུ་ནུབ་པ་སོགས་བར་བར་བྱུང་བར་བརྟེན་ལས་རྒྱའི་ཀུན་སྤྱོད་རེ་ཡང་ཉིད་ནས་མཛད་པས་སྤྱོད་པ་མི་མཛེས་པ་སོགས་ཀྱིས་གཞན་དག་གིས་རྨ་འབེབས་པའང་བྱུང་བས་དེ་ལུགས་ཀྱི་ཕྱི་ནང་གི་ཀུན་སྤྱོད་ཡིན་ལུགས་མཐའ་དག་སྦ་གསང་མེད་པར་རྗེ་ལུང་རྟོགས་བསྟན་པའི་མངའ་བདག་རྡོ་རྗེ་འཆང་ངག་དབང་ཚོགས་གཉིས་རྒྱ་མཚོའི་སྐུ་མདུན་དུ་སྤྲུལ་སྐུ་ཉིད་ཀྱིས་ཇི་བཞིན་དྲང་བོར་ལེགས་ཞུ་མཛད་བཞིན་རང་གིས་བྱ་བ་ག་འདྲ་དགོས་ཚུལ་བཀའ་ཕེབ་དགོས་པར་ནན་ཞུ་དང་བཅས་རྗེ་ཉིད་སྤྲུལ་སྐུ་རང་གིས་སྤྱི་བོའི་གཙུག་ཏུ་ལེགས་བཀུར་གྱི་སྒོ་ནས་གསོལ་བ་བཏབ་ཚེ་རྗེ་བླ་མ་མཆོག་གིས། ད་ལན་ཁྱོད་ཀྱི་རྟོགས་པའི་ཚད་འདི་ལ་སྤྱོད་པ་རང་སར་སྐྱོང་བ་ལས་བཀག་འགོག་མི་བྱེད་ཅེས་གསུང་བ་ལྟར་རེ་ཞིག་དེ་ལྟར་བསྐྱང་བཞིན་གཙང་བ་སེ་སྤྲུལ་གང་ཉིད་གཟིམས་ཁང་དུ་བཞུགས་པའི་དྲུང་དུ་རྔ་ཡུལ་ནས་གོས་བླ་མ་འོད་ཟེར་ཕེབས་པ་ལ་སྤྲུལ་སྐུ་ཁོང་གིས་ཆོས་སྐྱོང་ཁྱབ་འཇུག་ཆེན་པོའི་གཟུགས་མངོན་སུམ་དུ་གསལ་བར་བསྟན་ཞིང༌། འདི་སྐོར་འཛི་སྟོད་ཕྱོགས་ཀྱི་བ་གཡག་མཚོ་ནང་དུ་དུས་ཀྱི་འཁོར་ལོའི་ཆོས་སྐོར་ཡོད་པའི་གཏེར་སྒྲོམ་ཞིག་དང་རྗེ་བཙུན་སྒྲོལ་མའི་སྐུ་བརྙན་ཁྱད་མཚར་ཅན་གྱི་གཏེར་ཁ་ཡོད་པའི་ཁ་བྱང་སྤྲུལ་སྐུ་ཉིད་ལ་བབ་ནས་དེ་ལུགས་ཀྱི་བསྟན་འགྲོའི་དོན་ཞིག་འོང་ཉེ་ཡང་དགུན་དུས་སུ་ཁོང་མཚོ་ཁར་ཕེབས་ནས་བུམ་གཏེར་ཞིག་འཇོག་པའི་ཚེ་མཚོ་དར་རང་ཞོགས་ལ་སོང་ཞིང་བུམ་གཏེར་བཞག་ཟིན་རྗེས་ནས་སླར་མཚོ་དར་རང་ཞབས་དེ་གར་བསྡད་པ་སོགས་ཀྱི་ལེགས་མཚན་དེ་བྱུང་བ་མ་གཏོགས་དེ་ཕན་བྱ་བ་གང་ཡང་མ་འགྲིགས་པས་འགྲོ་དོན་དེ་ལུགས་བཞིན་གྱི་མཛད་སྒོ་མ་བྱུང་ཞིང་འདི་སྐབས་དགུང་ལོ་སུམ་ཅུའི་ནང་སྐོར་ཞིག་ནས་གདུང་ཡངས་བླ་མ་སྨོན་ལམ་བཟང་པོས་སྤྲུལ་སྐུ་ཉིད་ལ་རྟེན་དགེ་སློང་དགོས་པའི་བཀའ་ཕེབས་བྱུང་བར་བརྟེན་ཚུལ་དེ་མཐུན་གྱི་བཀའ་ཉིད་ཀྱིས་ལེགས་སྒྲུབ་བཅས་བསྙེན་རྫོགས་ཀྱི་སྡོམ་པ་ཞུས་ཏེ་ལོ་འགའ་ཞིག་གི་རིང་རྟེན་དགེ་སློང་ཁོ་ནའི་སྤྱོད་པ་ལ་གནས་བཞིན་བར་བར་གདུལ་བྱ་རེ་མཛད་པ་མ་གཏོགས་གཙོ་བོར་རང་གནས་གཟིམས་ཁང་དང་གཙང་བ་སྐུ་འབྲིང་གི་རི་ཁྲོད་འོག་མ་སོགས་སུ་རྒྱུན་བཞུགས་ལྟ་བུ་མཛད་ནས་སྒྲུབ་པ་ལ་རྩེ་གཅིག་ལྷུར་ལེན་གྱིས་བཞུགས་དུས་སུ་བར་བར་མཉམ་བཞག་ལ་ཡུན་རིང་འབྱམས་ནས་སྐུ་ལུས་གཡོ་འགུལ་དང་བྲལ་བར་རིང་དུ་སོན་པ་སོགས་ལ་སྐུ་མདུན་པས་བསྐུལ་བརྡ་བྱེད་དགོས་ཡང་ཡང་བྱུང་ཞིང་འདི་སྐབས་རྣམས་སུ་བར་བར་རང་གིས་ཉམས་རྟོགས་འདྲི་གཏུག་གི་ཆེད་རི་ཁྲོད་གོང་མར་རྗེ་རྡོ་རྗེ་འཆང་འཛམ་ངོས་བླ་མ་ཀུན་དགའ་ངག་གི་དབང་པོ་བཞུགས་པའི་མདུན་དུ་གཙང་བ་སྤྲུལ་པའི་སྐུ་འདི་ཉིད་ཡང་ཡང་ཕེབས་པའི་སྒོ་ནས་ཕན་ཚུན་བཀའ་མོལ་མཛད་དེ་ཐུགས་ཀྱི་ཉམས་ལེན་ལ་རྩལ་སྦྱང་དུས་དུས་སུ་ཞིབ་པར་ཐུགས་ཉམས་ལེགས་སྤེལ་དང་གོལ་ས་གཅོད་པ་སོགས་མཛད་སྒོ་མཐའ་དག་ལ་ཁོང་གིས་འདྲེས་ཡུན་བཏང་བས་རྟོགས་པ་སྔར་ལས་འཕེལ་ངོས་ནས་རྩ་རླུང་ཐིག་ལེ་ལའང་བརྟན་པ་དེ་ཙམ་ཞིག་བྱུང་བ་དང༌། འདི་སྐོར་ནམ་ཡིན་རུང་བྱོན་འདུག་གང་གི་སྐབས་ཐམས་ཅད་ཉིད་ཀྱིས་དུས་བབས་ཀྱི་ལས་དོན་ཅི་དགོས་མཛད་པ་མ་གཏོགས་རང་དགར་ལོང་སྐབས་གང་ཡོད་དུས་ཐུན་བཞིའི་མཚམས་བསྙེན་མི་བཅད་པར་སྒྲུབ་པ་ལ་རྒྱུན་དུ་བརྩོན་པ་ནམ་ཡང་མི་ལྷོད་པའི་ངང་ནས་ལེགས་བཞུགས་མཛད་ཅིང་བར་སྐབས་ཁོང་གྲྭ་སློབ་བཅས་མགོ་ལོག་ཕྱོགས་སུ་གདུལ་བྱར་ཕེབས་པའི་དུས་སུ་ཉིན་ཅིག་ཁོང་རྣམས་ཀྱི་སྟེང་དུ་ཕ་བོང་ཞིག་འགྲིལ་འོང་བ་སྤྲུལ་སྐུས་ཕྱག་གཏོད་ཙམ་གྱིས་རྦབ་རྡོའི་གནོད་པ་བཟློག་པར་མཛད་པ་སོགས་ཀྱི་མཐུ་ནུས་བཅས་དགུང་ལོ་སོ་སྟོད་སྐོར་ཙམ་ན་རང་གནས་སུ་བཞུགས་སྐབས་ས་དམར་དགོན་གྱི་རྡོ་རྗེ་སློབ་དཔོན་ཀུན་དགའ་སྙན་གྲགས་དག་ཞིང་དུ་ཕེབ་སྐབས་ཁོང་གྲྭ་འཁོར་བཅས་དེར་བྱོན་ནས་དགོངས་མཆོད་ཀྱི་དུས་སུ་ཁོང་གིས་ཐུགས་སྣང་ངང་བླ་མའི་བྱིན་རླབས་འབེབས་པའི་མཚན་མ་དང་བཅས་དེ་འཕྲལ་དུ་འཛི་ཉིན་ཕྱོགས་ཀྱི་རྒྱལ་གདོན་མ་དགའ་བས་འཚེ་ངོ་ཤར་བ་དབང་ཆེན་ཧེ་རུ་ཀའི་ང་རྒྱལ་གྱིས་ཚར་བཅད་ནས་རིང་དུ་བསྐྲད་དེ་ཐུགས་སྨོན་རྣམ་དག་གི་མཐར་ཉིད་གྲྭ་འཁོར་བཅས་ཚུར་རང་གནས་འཛམ་ཐང་དུ་ཕེབས་ལམ་རྒྱལ་གདོན་དེས་འཁུ་ལྡོག་གིས་ཁོང་ཉིད་ཆིབས་རྟ་ལས་འཕྲལ་དུ་ལྷུང་བར་བྱེད་སྐབས་སུ་སྐད་ཅིག་ལ་སྔོན་གླིང་རྗེ་ཁྲོ་ཐུང་གིས་ཨ་བྲའི་རིལ་མར་སྤྲུལ་ནས་གནོད་བྱེད་ཀྱི་འཚེ་བ་ལས་ཐར་པ་ལྟར་འདིར་ཡང་ཉིད་ཀྱིས་སྤྲུལ་བསྒྱུར་དེ་ལྟར་མཛད་པས་གནོད་པར་རྩོམ་པའི་འདྲེ་བགེགས་ཀྱིས་གླགས་མ་རྙེད་ཅིང་འཚེ་བས་བར་ཆད་ལས་ལེགས་རྒྱལ་ཐོབ་ལ། འདི་ཡན་ཞིག་ལ་ཁོང་དཔོན་སློབ་རྡོའི་གྲུབ་ཆེན་དགོན་ལ་ཕེབས་ཏེ་སྐྱེ་སྒང་རྟ་མགྲིན་གྱི་སྒྲུབ་པ་དང༌། སྤྲུལ་སྐུ་པདྨ་རྡོ་རྗེ་དང་བླ་སྤྲུལ་ཡོངས་རྫོགས་ལ་སྐྱེས་སྒང་རྟ་མགྲིན་གྱི་དབང་ལུང་བཅས་གནང་བའི་བཀའ་དྲིན་མཛད། དགུང་ལོ་བཞི་བཅུ་སྐོར་ཁོང་གི་ཐུགས་སྣང་ངོར་འཛམ་ཐང་གི་ཕ་ཀི་རི་ངོར་གློ་བུར་དུ་ཤོ་རྒལ་རྒྱུགས་པས་ཡུལ་ཁམས་འདིར་སྐད་ཅིག་ལ་གང་སོང་ཡང་དེ་འཕྲལ་ཡུན་མི་རིང་བར་ཞི་འཇགས་བདེ་སྐབས་སུ་གྱུར་ཏེ་གཞི་དེར་མེ་ཏོག་གིས་ཁྱབ་པའི་མཚན་མ་བྱུང་བ་སོགས་དེ་འདྲ་འགའ་རེའི་སྔོན་རྟགས་དུས་སུ་བྱུང་བ་རྣམས་རང་གཞན་གང་ཐད་ནས་ཇི་བཞིན་མ་དཔྱོད་པས་དུས་ཀྱི་དམར་དམག་རྒྱང་བསྐྱོད་ཀྱིས་འཚེ་བ་ལ་གཙང་བ་སེ་སྤྲུལ་གྱི་ཐུགས་བརྟག་ཇི་བཞིན་མ་ཁེལ་བའི་རྨ་འབེབས་ཀྱི་གླེང་མོ་ཕལ་འགས་དེ་དུས་སུ་ཆེར་སྒྲོག་བྱེད་པ་བྱུང་ཞིང༌། མེ་བྱའི་ལོར་དུས་ཀྱི་དམར་དམག་རྒྱང་བསྐྱོད་ཀྱིས་ཟིང་ཆ་བྱུང་བས་ངག་དབང་ཚོགས་གཉིས་རྒྱ་མཚོ་དང་མཉམ་དུ་མགོ་ལོག་ཏུ་ཕེབས་ཏེ་གཙང་པན་ཆེན་སྐུ་འཕྲེང་དགུ་པ་དང་འཇལ་ཏེ་ཐོ་ཡིག་གི་བཀའ་ཤོག་ཀྱང་གནང༌། དགུང་ལོ་ཞེ་གཉིས་སོགས་སྐོར་ནས་གསང་སྔགས་རྟུལ་ཞུགས་མཆོག་གྲུབ་པའི་མཉམ་མེད་གུ་རུ་པད་འབྱུང་གིས་ནང་གསང་ཆེན་བདེ་བའི་ཡེ་ཤེས་ཆེར་སྤེལ་གྱི་རྐྱེན་མཁའ་འགྲོའི་ལས་རྒྱ་གཟུངས་མ་ཉེར་བསྟེན་གྱི་ངང་ནས་ཕྱི་ཚུལ་ངུར་སྨྲིག་རྟགས་མཚན་ཉེ་བར་འཆང་བའི་མཛད་སྒོ་གནང་བ་ལྟར་དེང་དུས་ལ་ལྟོས་ན་ནང་རྟོགས་རྩ་ཐིག་རླུང་གསུམ་ལ་དབང་ཐོབ་ཅིང་ཕྱི་ཡུལ་འདྲེ་སོགས་ཀྱི་གནོད་སེམས་དབང་བསྒྱུར་ཏེ་ཤ་ཟའི་རིགས་ཀྱི་གཙོ་མོ་ལ་ལས་རྒྱའི་གདུལ་ཞིང་དུ་གཟིགས་པ་ལ་སོགས་པའི་རྐྱེན་ལ་ཉེ་བར་བརྟེན་ནས་སེ་སྤྲུལ་ཞེས་པའི་མཚན་འཆང་བ་གང་གིས་ཕྱི་ངུར་སྨྲིག་གི་རྟགས་དང་བཅས་ནང་གསང་ཆེན་བདེ་བའི་ཡེ་ཤེས་ཆེར་སྤེལ་གྱི་བྱེད་རྐྱེན་རང་གི་ལྷ་འབངས་ཉེ་བ་ན་གཏོགས་པའི་མི་མོ་ཡུལ་དེ་གང་དག་གིས་ཆེས་འདྲེ་སྲིན་ཤ་ཟ་མོའི་རིགས་ངན་པར་བརྩི་བའི་བུད་མེད་རིག་སྐྱིད་ཅེས་པ་སྔ་ཕྱི་ཀུན་ལ་ཡུམ་དུ་བཞེས་ཤིང་ཕྱི་སོ་ཐར་གྱི་སྡོམ་པ་ཉམས་མེད་ཟིལ་གྱིས་གནོན་བཞིན་ནང་གསང་ཆེན་དགའ་བཞིའི་བདེ་བ་ལ་རིག་མ་མཚན་ལྡན་དང་སྙོམས་པར་འཇུག་པའི་སྒོ་ནས་བླ་མེད་སྔགས་ཀྱི་དམ་ཚིག་ལས་མི་འདའ་བའི་གསང་ལམ་ཉེར་བགྲོད་གྲུབ་དབང་གོང་མ་དག་གི་རྗེས་སུ་བསྙེགས་ཚུལ་དང༌། ད་ལན་མཚོ་གཏེར་སོགས་གཏེར་ཁ་འགའ་འདིར་ལས་འཕྲོ་མེད་ཀྱང་ནམ་ཞེས་སྐྱེ་བ་གསུམ་ནས་སྐལ་བ་ཡོད་ཚུལ་སོགས་ཀྱི་གསང་བའི་རྣམ་པར་ཐར་པ་ཉུང་གསལ་སྔགས་འཆང་སྤྲུལ་སྐུ་ཉིད་ཀྱིས་གསུང་རྩོམ་གནང་བ་དུས་བར་ཙམ་ན་ཆ་ཚང་བཞུགས་མོད་རེ་ཞིག་ནས་དཔེ་རྒྱུན་ཆད་སོང་བ་སོགས་ཚུལ་དེ་འདྲའི་སྒོ་ནས་དགུང་ལོ་བཞི་བཅུའི་སྐོར་ཁ་ཚང་གི་རིང་ལ་ཁོང་གིས་གཙང་བའི་གདན་ས་ལེགས་པར་སྐྱོང་བཞིན་སྔ་ཕྱི་ཅི་རིགས་པར་གཙང་བའི་གཟིམས་ཁང་ཕོ་བྲང་གི་ཕྱོགས་གཅིག་གཞི་ནས་གསར་བཞེངས་དང་དགེ་འདུན་འདུག་གནས་ལྷ་ཁང་ཀ་དགུ་མའི་ནང་རིས་ཤིང་ཚོན་སོགས་མཁོ་འོས་དུས་སུ་གང་བབས་དག་བྱ་བ་ལས་ཀྱི་བགྱི་བ་སྒོ་ཀུན་ནས་མི་དམན་པ་དང་བཅས་ལེགས་བཞུགས་མཛད་སྐབས་སྔར་ཡུམ་དེ་ཉིད་ཀུན་ལ་གནོད་པའི་མོ་འདྲེ་ཆེར་གྲགས་ཀྱང་རྗེས་འདི་སྐོར་ནས་བཟུང་མཁའ་འགྲོའི་རིགས་ཙམ་ལས་མི་སྙན་པའི་གྲགས་པ་ཞི་བ་ལ་སོགས་པའི་མཛད་སྒོའི་དགོས་པ་འགའ་རེ་ཡང་བསྙོན་མེད་དུ་ཀུན་ལ་མཐོང་ཆོས་སུ་གྱུར་ཅིང་གཙང་སྤྲུལ་འདི་ཉིད་ལ་སྔོན་སྐྱེས་རབས་ཁྲོ་ཐུང་གི་ལོ་རྒྱུས་ལྟར་འདིར་ཡང་བར་འགའ་མཐོ་ཞིང་བར་འགའ་དམའ་བ་སོགས་ཕྱི་ནང་ཐམས་ཅད་ཀྱིས་བསྟོད་སྨད་རེས་མོས་ཀྱི་གནས་སུ་ཡང་ཡང་གྱུར་པ་ལགས་ཀྱང་དོན་གྱི་གནས་ཚོད་དུ་སྐྱེ་བ་དང་ནང་རྟོགས་གཞན་རང་ག་སུ་ལས་མངོན་པར་མཐོ་ཚུལ་ཁོང་གི་རྩ་བའི་བླ་མ་རྣམ་གཉིས་དང་རྗེ་ངག་དབང་ཚོགས་གཉིས་རྒྱ་མཚོ་སོགས་རང་རེའི་དམ་པ་མང་པོ་དང་མགར་ཀློང་གཏེར་སྟོན་དང་ཨ་གཏེར་དཔའ་བོ་ཆོས་དབྱིངས་རྡོ་རྗེ་སོགས་གཞན་རྙིང་ཕྱོགས་ཀྱི་སྐྱེས་ཆེན་རྡོ་རྗེའི་མངོན་ཤེས་མངའ་བ་དུ་མས་མགྲིན་གཅིག་ཏུ་ཞལ་མཐུན་སྒོ་ནས་ཡང་ཡང་གསུངས་པ་མ་ཟད་རྗེ་སྤྲུལ་པའི་སྐུ་རང་གི་ཉེ་འཁོར་དུ་བཅར་སྡོད་དག་གིས་ཡང་མྱོང་བས་གྲུབ་ནུས་ཀྱི་ཡིད་ཆེས་ཕེར་བའི་ཡོན་ཏན་གྱི་མཛད་སྒོ་མང་ཙམ་ཞིག་ཀྱང་ངེས་པར་མངའ་བའོ། །དེ་ནས་དགུང་ལོ་ལྔ་བཅུ་སྐོར་དུ་སྤྱིར་ན་གཙང་སྤྲུལ་འདིའི་སྐུ་ཆས་གཟིམས་གནས་སོགས་ལ་ཆོས་སྐྱོང་གཟའ་རྒོད་མེ་སྟག་གི་རྣམ་པ་དུས་དུས་སུ་རང་གཞན་རྣམས་ཀྱི་མཐུན་སྣང་དུ་རྒྱུན་མི་ཆད་པ་ངེས་པར་བྱུང་བ་སོགས་ཀྱི་མཛད་སྒོ་གཞིར་བཞག་གི་སྟེང་ནས་འཕྲིན་ལས་ཀྱི་མཛད་ཚུལ་གཞན་པ་ཡང་འདི་ལྟ་སྟེ། ཉིན་གཅིག་འཛི་ཀའི་སྟོད་ཕྱོགས་ཚ་ཁའི་བྲག་དམར་དགོན་ནས་བླ་མ་ནུས་ལྡན་ཞིག་གློ་བུར་བོར་སོང་བའི་དོན་ལ་གཞན་བླ་སྤྲུལ་དུ་མ་གདན་འདྲེན་དེའི་ཁྱིམ་ཚང་གིས་བྱས་ནས་ཐུགས་བརྟག་ཞུས་ན་ཐམས་ཅད་ཀྱིས་བླ་རྒན་བོར་བ་དེ་ཉིད་གསོན་པོ་ཡིན་ཆོག་ཚུལ་ཙམ་ལས་གསལ་བར་ཐུགས་ཐག་གང་ཡང་མ་ཆོད་པའི་སྐབས་སུ་གཙང་སྤྲུལ་འདི་ཉིད་དྲངས་ནས་ཁོང་གིས་དེ་ལུགས་ཀྱི་ཐུགས་བརྟག་མཛད་པ་ན་བྱ་སྤུ་འགེབ་ཅིག་གི་འོག་ན་བླ་རྒན་དཔྱང་ཡོད་ཚུལ་གསལ་བོར་ཤི་ཐག་བཅད་ནས་དེ་ལུགས་གཤིན་ཆོག་མཛད་ཅིང་ཡོན་འབུལ་བག་ཚ་བ་མེད་པར་བླངས་ནས་དེ་ལྟར་ཐུགས་ཐག་བཅད་པ་ཇི་བཞིན་རྗེས་སོར་ཐོག་ཏུ་ཁེལ་ཏེ་ནགས་ཤིག་གི་འོག་ནས་བླ་རྒན་གྱི་རོ་རང་གིས་སྐེ་འགེགས་བཞིན་པ་མངོན་གསལ་དུ་རྙེད་པ་དང༌། ཡང་བར་སྐབས་ཤིག་ཏུ་གཙང་བ་འདི་གྲྭ་འཁོར་བཅས་ལི་ལྔ་བའི་ཚོ་སྡེའི་འབྲོག་རི་ཞིག་ཏུ་གདུལ་བྱར་ཕེབས་སྐབས་དེར་མི་ཁྱིམ་ཞིག་གི་བཟའ་མི་ཨ་ལྕོ་ཟེར་བ་ཁོ་རང་ཡུལ་དུ་སོང་ནས་རིང་ཞིག་འགོར་སོང་བ་ཅི་ཡིན་ཆ་མ་ཕྱེད་པའི་སྐབས་གཙང་བ་གྲྭ་འཁོར་མི་ཁྱིམ་དེས་གདན་འདྲེན་བྱས་ཏེ་ཐུགས་བརྟག་ཞུས་ཚེ་ཁོང་གིས་ཤོག་འགུགས་མཛད་སྐབས་ཀྱི་ཐུགས་སྣང་ངོར་ལུང་པ་ཞིག་གི་ནང་དུ་ཨ་ལྕོ་དེ་ཉིད་ཁ་ཁྱིམ་ཕྱོགས་སུ་འཁོར་ནས་ལྭ་བ་དཀར་པོ་ཞིག་གོན་བཞིན་ཉལ་བའི་ངང་ནས་ཤི་སོང་བ་ཞག་མང་ལོན་ཏེ་ད་ལན་རོ་དེ་བྱ་ཁྱིས་མ་ཟོས་ཀྱང་འབུ་མང་པོ་ལུས་ལ་ཞུགས་ནས་ནང་ཁོང་སྟོང་བ་ཙམ་དུ་སོང་ཡོད་པ་སོགས་དེའི་གནས་ཚུལ་ཇི་བཞིན་པ་ཐུགས་ཉམས་གསལ་སྣང་དུ་མངོན་སུམ་མཐོང་བ་བཞིན་བྱུང་བ་དེ་ལུགས་ལྟར་ཉིད་ཀྱིས་མི་ཁྱིམ་དེ་ལ་ཞིབ་རྒྱས་སུ་གསུང་བའི་སྒོ་ནས་སླར་ཡང་གཤིན་ཆོག་ཀྱང་གཟབ་ལྡན་མཛད་དེ་ཡོན་འབུལ་དོགས་པ་མེད་པར་ལེགས་བཞེས་བྱེད་པ་དེ་ཇི་ལྟ་བ་བཞིན་ཕྱིས་སུ་མི་རོ་ལེགས་པར་རྙེད་བྱུང་བས་ཡུལ་སྡེ་དེ་ཕྱོགས་སུ་མཚན་སྙན་སྔར་ལས་ཆེར་རྒྱས་སུ་སོང༌། གཞན་ཡང་བུད་མེད་ཁོག་ཏུ་བྱིས་པ་ཡོད་བཞིན་ཤི་སོང་བ་འགའི་སྔས་མགོར་གཙང་བ་འདི་ཕེབས་སྐབས་རྣམས་སུའང་རྣམ་ཤེས་མ་བུ་གཉིས་ཀྱི་རྣམ་པ་གསལ་བོ་ཐུགས་སྣང་དུ་བྱུང་བས་མི་ཁྱིམ་སྦྱིན་བདག་གིས་གནས་ཚུལ་གསང་བར་བྱས་ཀྱང་སྤྲུལ་སྐུ་ཁོང་གིས་ཇི་བཞིན་མངོན་ཤེས་ཀྱིས་གཟིགས་པས་གསང་ཐབས་མེད་པ་ཡང་ཡང་བྱུང་བ་སོགས་དེ་འདྲ་ཆེས་མང་གི་ལོ་རྒྱུས་ཡོད། འདིའི་སྐོར་ནས་བཟུང་ཁོང་གིས་སྔགས་འཆང་མཆོག་གི་བརྟུལ་ཞུགས་སྤྱོད་བཞིན་དབང་ཆེན་ཧེ་རུ་ཀ་དང་གཉིས་སུ་མེད་པའི་ཚུལ་གྱིས་འགྲོ་ཕན་སྤྱི་དང་ཁྱད་པར་ས་བདག་གཏད་སྤྲུག་གི་གཏོ་སྒྲུབ་སོགས་ཀྱི་སྒོ་ནས་དྲག་པོ་མངོན་སྤྱོད་ཀྱི་རྣམ་པ་གཙོ་བོ་དང་གཤིན་པོ་རྗེས་འཛིན་གྱི་མཛད་སྒོ་སོགས་གང་ལ་གང་འདུལ་གྱི་བསྟན་འགྲོའི་དོན་གྱི་ཕན་པ་རླབས་པོ་ཆེ་སྒོ་ཀུན་ནས་རྒྱ་ཆེ་བ་མཛད་པ་ལས་རང་རེའི་དགོན་ལག་རྔ་ཡུལ་གྱི་བསེ་དགོན་པའི་ཆོས་སྡེ་ལ་སྲུང་རིམ་ཆེད་གཙང་བ་ཁོང་གྲྭ་འཁོར་བཅས་ལེགས་ཕེབས་མཛད་དེ་དགོན་དེར་གཙང་བ་འཁོར་བཅས་ཀྱིས་ས་བདག་གཏད་སྤྲུག་གི་གཏོ་སྒྲུབ་ཞག་བདུན་ཕྲག་ཏུ་མཛད་སྐབས་ཉིན་གསུམ་པའི་དུས་ན་སྤྱིར་དེ་སྐབས་ཆར་ཆུ་དཀོན་ཞིང་གནམ་ཐང་གི་དུས་ཡིན་ན་གློ་བུར་དུ་དགོང་མོ་ཙམ་ནས་ནམ་མཁར་སྐད་ཅིག་ལ་སྤྲིན་ནག་ཆེས་རྔམ་ཞིང་ཟིལ་ཆེ་བ་འབྲུག་སྒྲ་གློག་ཞགས་ཀྱི་སྣང་བས་ཡིད་གཟེངས་པར་བྱེད་བཞིན་པའི་ངང་ནས་དྲག་པོའི་སེར་རྒོད་རྦ་ཀླུང་གི་རྣམ་པས་ས་གཞི་རི་ལུང་ཀུན་ཤུགས་ཆེན་པོས་མཉམ་པར་བརྡལ་བ་དང་ཆབས་གཅིག་གནམ་ལྕགས་ཞུན་མའི་མེ་ཆར་དབལ་ཟུར་རྣོ་བ་མི་བཟད་པ་བདུན་ཕྲག་ཙམ་སྐད་ཅིག་ལ་ལྷུང་བས་བསེ་དགོན་ཕ་རོལ་གྱིས་གཏད་དུ་བཅུག་པའི་ས་གནད་རྟེན་སོགས་གཏིང་ནས་དཀྲུགས་ཤིང་བརླག་པར་མཛད་པའི་མཚན་རྟགས་གྲགས་ཆེ་བ་དེར་གནས་ཀུན་གྱི་མཐུན་སྣང་དུ་བསྙོན་མེད་བྱུང་ལ། དེ་འདྲའི་ཚུལ་གྱིས་ཉིད་དགུང་གྲངས་ང་གསུམ་སྐོར་ནས་བཟུང་ལོ་དུ་མ་ཞིག་གི་རིང་གཙང་བ་འདི་ཉིད་ཀྱིས་ཕྱོགས་རྣམས་སུ་ཕེབས་བཞུད་ཀྱི་སྒོ་ནས་མཛད་ཆེན་གཞན་གྱི་གནང་སྒོས་ཡང་སྐབས་ཤིག་ཏུ་གཙང་བ་དཔོན་སློབ་རྔ་ཡུལ་འབྲོག་དགེ་དགོན་དུ་ཕེབས་ནས་དེར་འབྲོག་སྤྲུལ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོའི་ཞབས་བརྟན་ལ་ཁོང་གིས་ཡི་དམ་རྟ་མགྲིན་གྱི་གཏོ་ཞག་གསུམ་མར་མཛད་པས་ཕ་རོལ་བོན་ཕྱོགས་ཀྱི་གཞི་བདག་གི་འོག་ན་མནན་གཏད་ཡོད་པ་མེ་དཔུང་ཆེན་པོས་གཞི་བདག་དེ་ཉིད་གཞོབ་ཏུ་བཏང་བའི་སྒོ་ནས་མནན་གཏད་དེ་ཉིད་གཏིང་ནས་དཀྲུགས་བཞིན་མཐིལ་འདོན་དུ་མཛད། དེ་ནས་རྔ་བའི་རྩི་ནང་དགོན་དུ་གཙང་བ་དཔོན་སློབ་ཀྱིས་གཏད་སྤྲུག་མཛད་པས་དགོན་དེ་ལ་གནོད་པའི་ཀླུ་གཏད་ཅིག་ལེགས་པར་ལོན་ངེས་ཀྱི་དགེ་མཚན་བྱུང་ཞིང་དེ་རྗེས་ཨ་དཔའ་དགོན་གྱི་བསྲུང་རིམ་ལ་གཙང་བ་གྲྭ་འཁོར་གྱིས་ཡི་དམ་རྟ་མགྲིན་གྱི་སྒོ་ནས་ལེགས་ཕན་མཛད་སྐབས་ཉིན་གཅིག་ཁོང་གི་ཞལ་སྔ་ནས། རང་གི་སྔོན་གྱི་སྐྱེས་རབས་ཁ་བ་ཅན་དུ་བོད་རྒྱལ་གྱི་ཐོག་མ་གཉའ་ཁྲི་བཙན་པོ། གུ་རུ་པདྨའི་ཞལ་ཟིན་ལྷ་སྲས་མི་ཁྲི་བཙན་པོ། ཁྲ་མོ་གླིང་དུ་སྟག་རོང་ཁྲོ་ཐུང་རྒྱལ་པོ་སྟེ་བསྟན་ལ་ཕན་པའི་རྒྱལ་པོ་གསུམ་དང༌། རྒྱ་ནག་ཡུལ་དུ་སྡིག་གཟུགས་ཏ་སི། སྐོང་ཡུལ་སྟོད་དུ་ཤན་པ་བཟང་ལྡན། ལྷ་ལྡན་ཕྱོགས་སུ་ཤན་པ་ཀུན་རྒྱལ་ཏེ་བསད་པ་འདྲེན་ནུས་གསུམ་དང༌། རྒྱལ་རོང་དཔོན་བླ་སྙིང་པོ་སྣང་མཛད། རྡོ་ཡུལ་གྱི་གྲུབ་ཆེན་ཀུན་བཟང་གཞན་ཕན། སྙིང་ཐིག་གི་བསྟན་པའི་སྲོག་འཛིན་ཕུན་ཚོགས་འབྱུང་གནས་ཏེ་བསྟན་འཛིན་སྐྱེས་བུ་གསུམ་སོགས་སྔོན་བྱུང་སྐུ་འཕྲེང་བཞི་བཅུ་ཙམ་དྲན་ཚུལ་དང་དེ་ལུགས་ལྟར་ལས་རགས་རིམ་ཙམ་གྱི་སྐུ་འཕྲེང་གསོལ་འདེབས་རེ་ཡང་གསུང་རྩོམ་ཡང་མཛད། དེ་སྐབས་རྟ་མགྲིན་སྦྱིན་སྲེག་གི་ལས་སྦྱོར་གྱི་དུས་ན་དེར་གནས་དག་གི་མཐུན་སྣང་དུ་ཧོམ་ལ་མེ་དཔུང་རང་འབར་མངོན་གསལ་གྱིས་བྱུང་བས་ཀུན་སྣང་བ་ཧ་ལས་པའི་ངོ་མཚར་སྐྱེས་ཤིང་ཡུལ་དེ་ཕྱོགས་ཀྱི་གཙང་བ་ལ་མཚན་སྙན་སྔར་ལས་ལྡིར་བཞིན་དགེ་མཚན་གྱི་གྲགས་པ་རྒྱ་ཆེར་སོང༌། དེ་ནས་ཕྱིས་ཤིག་ཏུ་ཡལ་འགོའི་སང་ལ་གཙང་བ་འཁོར་བཅས་ཀྱིས་གཏད་སྤྲུག་མཛད་པས་དེ་དག་ལ་ཕ་རོལ་གྱིས་མནན་གཏན་བྱས་པའི་མགོན་ཁང་གཉན་ཆ་ཅན་ཞིག་མེ་དཔུང་གིས་གཞོབ་ཏུ་བཏང༌། ཡང་དེའི་ཕྱིས་སུ་རྔ་ཡུལ་གྱི་འབྲོག་དགེ་གོང་མ་ལ་བསྲུང་རིམ་དུ་གཙང་བས་གཏད་སྤྲུག་མཛད་པས་གཞན་གང་དག་གིས་མནན་གཏད་ཀྱི་གཞིའི་ས་ཁྱོན་ཞིག་འཕྲལ་དུ་ཆུ་ལོག་རྦ་ཀླུང་གི་ཤུགས་ཆེ་བ་བྱུང་པས་ས་ཁྱོན་དེ་ཉིད་ཕྱགས་ཤིང་མནན་གཏད་གཏིང་ནས་སྤྲུགས་པར་མཛད་ལ། དེ་རྗེས་ཙམ་ན་གཙང་བ་འཁོར་བཅས་ཨ་བསེ་བ་སོགས་ཀྱི་འབྲོག་སྡེར་བྱོན་སྐབས་རྒད་པོ་ཞིག་ཤི་བའི་སྔས་མགོར་ཁོང་རྣམས་ཀྱིས་འཕོ་ལུང་མཛད་པས་རོ་མགོའི་སྐྲ་རྣམས་ཕཊ་སྒྲ་དང་མཉམ་དུ་དངོས་སུ་ཕྱོགས་ལ་འཐོར་ཞིང་ནག་ཚུབ་ཀྱིས་འཕེན་འགྲོ་བ་དེར་གནས་དག་གི་མཐོང་ཆོས་སུ་གྱུར་ཅིང་ཨ་བསེ་བ་ལ་ཁོང་དག་གིས་གཏད་སྤྲུག་མཛད་པས་མནན་གཏད་ཡོད་པའི་ས་ཕྱོགས་རྟེན་བཅས་འཕྲལ་དུ་གནམ་ལྕགས་མེ་ཆར་གྱིས་བསྲེག་བསྣུན་དང༌། ཆུ་ལོག་ཤུགས་བཙན་པོའི་ཀླུང་རྦབ་ཀྱིས་གཏན་བཤིག་གི་སྒོ་ནས་དེ་དག་ལ་གནོད་པའི་མནན་གཏད་གཞི་ནས་སྤྲུགས་པ་དང༌། བར་མཚམས་ཤིག་ཏུ་གཙང་བ་གྲྭ་འཁོར་བཅས་ཤུགས་ཆུང་མཁའ་འགྲོ་ཀུན་བཟང་ཆོས་ཀྱི་སྒྲོལ་མའི་སྐུ་མདུན་དུ་ཕེབས་ལམ་ནུབ་ཅིག་ཏུ་གཙང་ཆེན་སྔགས་འཆང་ཉིད་ཀྱི་ཐུགས་སྣང་དུ་ཡེ་ཤེས་ཀྱི་མཁའ་འགྲོ་མ་བུད་མེད་རྒྱན་ལྡན་ཞིག་གི་རྣམ་པར་བྱུང་བ་དེའི་ཕྱག་ནས་འཕྱོངས་ཀྱི་སྒྲོམ་བུ་མཛེས་པ་ནོར་བུའི་དབྱིབས་ཆེ་ཆུང་མཐེ་བོང་ཙམ་པའི་ནང་དུ་དབང་ཆེན་གྱི་ལས་ཚོགས་ཡོད་པ་དེའི་མིང་ལ་དཀར་ཁྲ་མིན་ནོར་གྱི་བང་མཛོད་ཅེས་ཟེར་བའི་གཏེར་རྫས་ཁྱད་མཚར་ཅན་ཞིག་གཙང་བ་ཉིད་ལ་དངོས་སུ་འབུལ་བ་བྱུང་ཞིང་དེ་རྗེས་ཤུག་ཆུང་མཁའ་འགྲོ་དང་མཇལ་ཕྲད་ཀྱི་སྐབས་རྣལ་འབྱོར་མ་དེ་ཉིད་ཀྱིས་ཐུགས་ལེགས་དགྱེས་ཀྱི་ངང་ནས་ཞལ་གསུང་མགུར་མ་རང་ཤུགས་ཀྱིས་བྱུང་བ་ལས་གཙང་བ་འདི་ཉིད་ཀྱིས་སྔོན་དང་ཕྱི་མཐའ་ཀུན་ཏུ་རླབས་ཆེན་འགྲོ་བ་འདྲེན་པའི་ཚུལ་ལས་བརྩམས་ཏེ་སྔོན་རབས་ཁྱད་འཕགས་ཀྱི་སྐུ་འཕྲེང་དུ་མ་བཅས་ཀྱི་བཀའ་ལུང་གསལ་བོ་ཡང་ཡང་བསྩལ་ཅིང་དེ་ནས་རིམ་པར་ཁོང་དཔོན་སློབ་ཀྱིས་མཛོ་མོའི་གནས་ཆེན་དུ་དཔའ་བོའི་དགའ་སྟོན་ཚོགས་ཀྱིས་འཁོར་ལོ་རྒྱ་ཆེ་བ་ཞིག་ལེགས་པར་འཛོམས་ན་དེ་དུས་སུ་སྔར་གྱི་གཏེར་སྒྲོམ་ལས་ཧེ་རུ་ཀའི་ཆོས་སྐོར་གྱི་ལས་ཚོགས་མང་པོ་བཏོན་ཆོག་པ་ཞིག་གིས་དེང་དུས་སུ་བསྟན་འགྲོ་ལ་ལེགས་སྒོ་འབྱུང་བའི་རྟེན་འབྲེལ་ཞིག་ཡོད་ནའང་དུས་ངན་གྱི་རང་མཚང་ངར་བའི་རང་རྟགས་དར་ལ་བདོ་དྲག་པ་དང་དེང་དུས་ཀྱི་སེམས་ཅན་ཚོའི་ལས་བཟང་བོའི་ལྷག་མ་ཙམ་ཡང་བགོ་སྐལ་དུ་མེད་པའི་རྐྱེན་གྱིས་གང་ཐད་ནས་སྟབས་ལེགས་ཀྱི་གོ་སྐབས་ཀུན་ནས་མ་འགྲིག་ལ། དེ་མ་ཟད་སྔོན་གཙང་བ་འཁོར་བཅས་མགོ་ལོག་གཙང་སྐོར་ཕྱོགས་སུ་གདུལ་བྱར་ཕེབས་དུས་ཤིག་ནས་ཀྱང་ལྡིར་གནས་ཞེས་པའི་བྲག་དཀར་ངོས་སུ་གཏེར་སྒྲོམ་སྡེར་གང་ཟབ་ཆོས་ཀྱི་སྒོ་སྣ་ཚོགས་པའི་ཕུང་བོ་ཞིག་གི་སྐལ་བ་དུས་སུ་བབས་ཀྱང་དེ་ཡང་སྐུ་གཉེར་སོགས་ཀྱི་དབང་གིས་དུས་སུ་ལག་ཏུ་མ་ལོང་བ་སོགས་མཛད་སྒོ་དེ་འདྲའི་གནས་འགའ་རེ་མཆིས་མོད་སྙིགས་དུས་ལ་ཕན་པའི་བྱ་ཐབས་གང་ནས་བྲལ་སོང་བའོ། །ཡང་དུས་སྐབས་སྔ་ཕྱི་ཅི་རིགས་པར་གཙང་བ་དཔོན་སློབ་མགོ་ལོག་ཕྱོགས་སུ་ཨ་མཆོད་སང་ལ་བསྲུང་རིམ་གཏད་སྤྲུག་གི་ཆེད་དུ་ལེགས་ཕེབས་ཀྱི་དུས་སུ་ཚོ་སྡེ་དེ་དག་ལ་གནོད་པའི་མནན་གཏད་དེ་ཕྱོགས་ཀྱི་དགོན་པ་ཞིག་གི་འདུ་ཁང་སྒོ་འབྱོར་འོག་ཏུ་ཡོད་པ་འཕྲལ་དུ་གནམ་ལྕགས་ལྷུང་བས་གཏིང་ལེན་བྱས་ཤིང་ཨ་སྐྱོང་གོང་མ་སང་ལ་གཏད་སྤྲུག་གཏོ་སྒྲུབ་དཔོན་སྡེ་དག་ལ་ཕན་ཐོགས་བྱུང་ངེས་ཀྱི་བསྲུང་རིམ་ཡང་དེ་དུས་སུ་མཛད། མགོ་ལོག་ཕྱོགས་ན་ཡོད་པའི་ཏོ་ཙའི་བདེན་སྟོབས་ཀྱི་མ་རྒན་ཤི་གསོན་ཆ་མ་ཕྱེད་པའི་སྐབས་ཉིད་ལ་ཐུགས་བརྟག་ཞུས་ཚེ་ཁོང་གིས་ཤོག་འགུགས་མཛད་སྐབས་ཀྱི་ཐུགས་སྣང་ངོར་མ་རྒན་ཤི་བའི་གཤིན་ཆོག་ཏུ་སྤྱན་གཟིགས་ཀྱི་སྤྲུལ་བས་རྣམ་ཤེས་ཐིག་ལེ་དཀར་པོའི་རྣམ་པར་བཀུགས་པ་ཇི་བཞིན་ཐུགས་ཉམས་གསལ་སྣང་དུ་མངོན་སུམ་མཐོང་བ་བཞིན་དེ་ལུགས་བུ་ལ་ཞིབ་རྒྱས་སུ་གསུངས་པའི་སྒོ་ནས་སླར་གཤིན་ཆོག་གཟབ་ལྡན་མཛད་པས་ཡོན་འབུལ་ཡང་བཞེས་པའི་ཕྱིའི་དེ་ལུགས་ཐོག་ཁེལ་དུ་སོང་བས་སྔར་གྱི་རྒན་མོའི་སྔས་པ་དེ་ཚེས་བཅུའི་སྐུ་རིན་ཆེན་གྲགས་པ་ཡིན་ནོ། །དེ་དག་གི་རྗེས་གཙང་བ་དཔོན་གཡོག་རང་ཡུལ་དུ་བྱོན་པའི་དུས་རྨ་ཆུ་ལ་དར་ཆགས་མེད་ཀྱང་ཁོང་རྣམས་ཀྱིས་བསང་གསོལ་ཞིག་བྱས་པའི་མོད་ཕྱི་ཉིན་དར་འགྲོ་ལམ་ཙམ་ཆགས་སོང་བ་དེའི་སྟེང་ནས་ཁོང་དཔོན་སློབ་བྱོན་རྗེས་ཙམ་ནས་སླར་དར་ཟམ་དེ་ཉིད་རང་ཆད་ལ་སོང་སྐད། དེ་རྗེས་ཕྱིས་ཤིག་ན་རྔ་ཡུལ་བསེ་དགོན་པའི་ཆོས་སྡེ་ལ་མཛེ་ནད་བྱུང་པ་མང་རྐྱེན་དེ་དག་གི་ཆེད་དུ་དགོན་དེས་གཙང་བ་གྲྭ་འཁོར་གདན་འདྲེན་ཞུས་སྐབས་སུ་ཁོང་དཔོན་སློབ་ཀྱིས་གཏད་སྤྲུག་གཏོ་ཆོག་བསྡུས་པ་ཙམ་མཛད་པས་ས་གཡོ་པ་སོགས་ས་བདག་དགའ་བས་དང་བླང་གིས་ཀླུ་གཏད་ལེགས་སྦྱིན་གྱི་རྟགས་མཚན་ཆེར་བྱུང་ཞིང་གཏེར་སྒྲུབ་དང་རྟ་མགྲིན་སྒྲུབ་ཆེན་ལེགས་མཛད་ཀྱི་དུས་སུ་སྦྱིན་སྲེག་སྐབས་ཀྱི་འགུགས་པའི་དུས་རླུང་འཚུབས་འཇིགས་སུ་རུང་བ་མེ་ཧོམ་ལ་ཡང་ཡང་ཐིམ་པ་དེར་གནས་དག་གི་མཐུན་སྣང་དུ་བྱུང་ཞིང་གཏོར་ཟོར་སྐབས་བསེ་དགོན་ལ་ངོ་ལོག་པའི་མི་བློན་ཞིག་གི་བུ་ལ་མེ་མདས་ཕོག་པས་ཤི་ལ་ཁད་དུ་གྱུར་པ་གཙང་བ་ལ་སྐྱབས་པས་སླར་སྲོག་རྙེད་ཀྱི་བདེ་སྐབས་ཐོབ་པས་བློན་དེ་ཉིད་ཀྱིས་བསེ་དགོན་ལ་དེ་ཕན་གཙུགས་གི་བཀུར་བར་བྱས་ཤིང༌། དེ་ཕྱོགས་སུ་མི་ཁྱིམ་ཞིག་གི་བུ་རྗེས་སོར་གཉན་ནད་ཀྱིས་ཐེབས་པར་འགྱུར་བ་སྔོན་ནས་མཁྱེན་པའི་གསུང་ཟུར་དང༌། བསེ་དགོན་ལ་ད་ཕན་རིམ་གྲོ་རྟ་ཕྱག་ཁྱུང་གསུམ་གྱི་དུང་འཁོར་དང༌། རྟ་མགྲིན་སྐུ་བརྙན་ལུག་མ་གསར་བཞེངས་སོགས་ཀྱི་རྐྱེན་སེལ་སྒྲུབ་ན་མཛེ་ནད་རྒྱུན་ཆད་པའི་བཀའ་ལུང་གསལ་བོ་བྱུང་བ་ལྟར་རྗེས་སོར་དེ་ཁོ་ན་བཞིན་ཐོག་ཁེལ་དུ་སོང་བ་སོགས་མཛད་སྒོ་དེ་འདྲ་གཞན་ཡང་མང་ཙམ་བདོག་པ་ལ་སོགས་པས་མཚོན་གཙང་སྤྲུལ་འདི་ཉིད་ལ་རླབས་ཆེན་གྱི་མཛད་པ་འཕྲིན་ལས་ཆེས་ཁྱད་འཕགས་ཤིན་ཏུ་མང་པའོ། །དེ་རྗེས་མི་རིང་བ་ན་རང་གནས་སུ་བཞུགས་སྐབས་ཤིག་ལ་ཉིན་གཅིག་ཁོང་གྲྭ་སློབ་འབྲོག་རི་འགའ་ཞིག་ཏུ་ཕེབས་དུས་དགེ་སློང་བཙུན་པ་ལྔའི་གཟུགས་འཛིན་པ་གསེར་ཞྭ་ཆོས་གོས་སོགས་ཀྱི་ཆས་ལྡན་དེ་དག་གིས་ཕན་ཚུན་གནས་གཞི་ཞིག་ལ་སྐོར་བ་བྱེད་པ་ཁོང་ལ་མཐོང་སྣང་བྱུང་བས་དེ་དག་ལ་ཐུགས་ཅུང་ཙམ་གཡེང་རྐྱེན་གྱིས་གླགས་རྙེད་དེ་མཚམས་དེ་རྗེས་སུ་ཁོང་གྲྭ་འཁོར་འཛི་རོང་ལ་ཕེབས་སྐབས་ཆིབས་རྟས་འཕངས་རྐྱེན་དེ་མ་ཐག་གསོལ་ཆང་བཞེས་པས་ཅི་ཡང་མ་ཉེས་པ་ལྟ་བུ་ཡིན་ཀྱང་དེ་ནས་རང་གནས་གཟིམས་ཁང་དུ་སླེབས་ཟིན་ནས་བཟུང་རྐྱེན་དེ་ཉིད་ལ་བརྟེན་སྐུ་ཧ་ཅང་བསྙུང་དྲག་པས་ཐུགས་འཆི་བ་འོད་གསལ་གཉུག་མའི་དབྱིངས་སུ་རང་གཤིས་བདེ་ཆེན་དང་རོ་མཉམ་དུ་ཞུགས་ཏེ་ཐུགས་དགོངས་དེའི་དབྱིངས་སུ་གཤེགས་ལ་ཁད་དུ་གྱུར་པ་ན་ཡུམ་གྱིས་བསྐུལ་མ་དྲག་པོས་སླར་འོད་གསལ་དེ་ཉིད་ལས་བཞེངས་པར་མཛད་ལ། དེ་ནས་ཁོང་གིས་སྐུ་ལུས་བཀོད་པ་གསུམ་སྤྲུལ་ཏེ་ངེས་མེད་ཀྱི་གནས་རྣམས་སུ་གབ་ཚུལ་གྱིས་བཞུགས་པ་ལས་སྤྲུལ་གཞི་དངོས་དེ་རོང་ཡུལ་ཕྱོགས་ཀྱི་སྒྲོལ་མའི་གནས་བྲག་ཅིག་ཡོད་པ་དེ་དང་ཧ་ཅང་མི་རིང་བར་ཕ་བོང་ཞིག་གི་ཁར་བཞུགས་ཏེ་ཁོང་གིས་སྒྲོལ་མའི་མནྚལ་བཞི་པའི་མཆོད་ཆོག་གསུངས་པ་ལས་འཕགས་མའི་མནྚལ་ཐ་མའི་དུས་ཀྱི། སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབ། ཅེས་པའི་སྐབས་སུ་གནས་བྲག་གི་གྲུབ་ཆུ་རྒྱང་རིང་པོ་ནས་ཁོང་ཉིད་ཀྱི་ཐོག་ཏུ་ལུད་པས་སྐུ་ལུས་བཀྲུས་པས་དེ་མ་ཐག་སྔར་གྱི་མི་བདེ་བའི་བསྙུང་ནད་ཀྱི་རྣམ་པ་གང་ཡོད་ཐམས་ཅད་གཞི་ནས་སངས་དྲག་ཏུ་སོང་སྟེ་ཕན་ལོ་ཁ་ཤས་ཀྱི་རིང་དུ་སྤྲུལ་པའི་སྐུ་ཉིད་མགོན་མེད་པའི་འགྲོ་བ་སྙིགས་དུས་ཀྱིས་མནར་བ་རྣམས་ཀྱི་མགོན་དུ་ལེགས་བཞུགས་མཛད་ངོས་ནས་བསྟན་དང་འགྲོ་བ་གང་དག་ལ་ལེགས་ཚོགས་ཀྱི་སྒོ་ཅིར་ཡང་སྤེལ་བཞིན་བཞུགས་ལ། དེ་ནས་སྐབས་ཅི་རིགས་པར་གཙང་བའི་གྲྭ་ཚང་གི་འདུ་ཁང་ཡང་བཞེངས་ཀྱི་སྐབས་སུ་དེའི་ཆ་རྐྱེན་ཐད་ལ་རྗེ་གཙང་སྤྲུལ་གང་ཉིད་ཀྱིས་ཐུགས་འགན་གནང་སྟེ་ཁོང་དཔོན་སློབ་སྒར་གྱི་རྣམ་པ་ཆེ་བ་དང་བཅས་མགོ་ལོག་ཕྱོགས་སུ་གདུལ་བྱ་ལ་ཕེབས་དགོས་བྱུང་བས་དེ་དུས་སུ་ཐོག་མར་རྨ་ཉིན་ལ་ཞབས་ཀྱིས་བཅགས་སྐབས་ཀ་བཞི་ཚང་མི་ཁྱིམ་ཞིག་གི་རྒན་མོ་ཁྱི་སྨྱོན་གྱིས་རྨུགས་པས་སྨྱོ་ནད་ཀྱི་གཞི་བཞག་པ་ལ་ཆེས་འཇིགས་པའི་སྒོ་ནས་རྒན་མོ་དེ་ཉིད་ཀྱིས་གཙང་བ་ལ་སྐྱབས་ཞུས་པས་ཁོང་གིས་སྔོན་དགུང་ལོ་བཞི་བཅུའི་སྟོད་ཅིག་ནས་རྒྱུན་ལྡན་དུ་སྦྱིན་སྲེག་ཚོགས་འཁོར་གྱི་ཚུལ་དུད་ཆང་གསོལ་བཞེས་མཛད་པ་ལགས་ན་འདིར་དེ་ལུགས་ལྟར་ཁོང་གིས་རྒན་མོ་དེ་ལ་གསོལ་དུད་ཀྱི་ཚག་རོ་གནང་སྟེ་ཟར་བཅུག་པས་དེ་མ་ཐག་ཁ་ནས་ཁྱིའུའི་གཟུགས་སྐྱུག་ནས་སྨྱོ་ནད་གཏིང་སྤྲུགས་བྱས་པས་དེར་གནས་རྣམས་ཧ་ལས་པའི་ངོ་མཚར་སྐྱེས་སྐད། དེ་རྗེས་སུ་ཆོས་སྐོར་ཚོ་སྡེ་ལ་འགོ་བའི་ཡམས་ནད་ཆེ་བ་བྱུང་བས་མི་མང་ཙམ་ཁ་དག་སོང་བའི་ཚེ་གཙང་བ་དཔོན་སློབ་དེར་ཚོ་སྡེ་གང་དག་གིས་གདན་འདྲེན་མཛད་ནས་ཁོང་རྣམས་ཀྱིས་གསོན་པོ་དག་ལ་ཁྲོ་རྒྱལ་རྨེ་བརྩེགས་ཀྱི་རྗེས་གནང་དང་གཤིན་པོ་རྣམས་ལ་ཁྲུས་ཆོག་འཕོ་ལུང་མཛད་པས་དེ་ཕན་ཡམས་ནད་གཏན་ཆད་དུ་སོང༌། ཡང་རི་མང་ཚང་ནས་སྨན་པ་བློས་ཕུན་ཟེར་བ་ཚོང་ལ་སོང་ལམ་ཇག་པས་བསད་པ་ལ་གཙང་བས་རྟེན་འགུགས་གསུར་འཕོ་མཛད་པས་གཤིན་པོ་དེ་ཉིད་ཡི་དྭགས་འདྲེ་རིགས་སུ་སྐྱེས་པ་མི་ལོ་གསུམ་ཙམ་ལས་འདུག་མི་དགོས་པའི་ཕན་ཐོགས་ངེས་པར་བྱུང་ལ། ཡང་ཨ་མཆོད་སང་ལ་ཤར་བ་ཟེར་བའི་དུད་ཚང་ཞིག་ཡོད་པའི་རྒད་པོ་ཁྱི་སྨྱོན་གྱིས་བཟུང་བ་སྔགས་དང་ལྷ་བ་སོགས་ཀྱིས་རིམ་གྲོ་རྒྱ་ཆེར་མཛད་རྗེས་གཙང་བའི་མདུན་ནས་ཐུགས་བརྟག་ཞུས་ཚེ་ཁོང་གིས་དེ་མི་འཚོ་བའི་ཐུགས་ཐག་བཅད་པ་ལྟར་ཕྱིས་སུ་རྒད་པོ་དེ་ཉིད་སྨྱོས་ཏེ་རང་ཁྱིམ་གྱིས་གཟའ་མི་དག་ལ་རྨུགས་པ་སོགས་དང་བཅས་ཤི་སོང་རྗེས་སུ་གཙང་བ་འཁོར་བཅས་མི་ཁྱིམ་དེས་གདན་འདྲེན་བྱས་ནས་ཁོང་དག་གིས་གསོན་ལ་སྐྱབས་འཇུག་དང་གཤིན་ལ་ཁྲུས་ཆོག་མཛད་ནས་ད་ཕན་ཤུལ་འདུག་གཟའ་མི་དག་ལ་སྨྱོ་ནད་ཀྱི་དོགས་མི་དགོས་པའི་ཐག་བཅད་པ་ཇི་ལྟ་བ་བཞིན་རྗེས་སོར་དེ་ལུགས་བཞིན་དུ་གྱུར་པ་སོགས་དེ་འདྲའི་མཛད་ཁྱད་འདྲ་མིན་གྱི་སྒོ་ནས་མགོ་ལོག་དེའི་ཕྱོགས་ཀྱིས་དངོས་རྫས་ཀྱི་འབྱོར་བ་ཆེས་མང་བདོག་པ་ཐམས་ཅད་གྲྭ་ཚང་འདུ་ཁང་བཞེངས་པའི་ཆ་རྐྱེན་དུ་ཁོང་གིས་ལེགས་འབུལ་མཛད་ཅིང་སྤྱིར་ན་ཡམས་ནད་ངན་པ་དང་གདོན་གྱི་འཚེ་བ་གང་ཆེ་ལ་བག་ཚ་བ་དང་ཉམས་ང་གང་ཡང་མེད་པ་མ་ཟད་གནད་དེ་འདྲ་ལ་གཙང་བ་འདི་ཉིད་ནམ་ཐུག་ཚེ་སྐུ་གཟི་བརྗིད་དང་བཀྲག་མདངས་སྔར་ལས་བཟོད་པར་དཀའ་བའི་གནས་སུ་ངེས་པར་འགྱུར་འགྲོ་བ་བསྙོན་དུ་མེད་པ་སོགས་ཀྱི་ཆེ་བའི་མཛད་ཁྱད་དུས་དུས་སུ་ངོམ་པ་དང་གཞན་སྐྱེས་ཆེན་རིགས་མཐོ་དང་དམ་པ་ཉེར་ཞིར་གཟིགས་པ་སོགས་ཀྱི་ཚེ་གཙང་བ་ཁོང་ལ་ཐུགས་སྣང་དག་པ་ངེས་པར་བྱུང་བའི་ལོ་རྒྱུས་མང་ཙམ་བཤད་དུ་ཡོད་ཅིང་གཙང་བ་གང་ཉིད་ཀྱིས་གཞན་ཡང་གཙང་གྲྭའི་འཚོགས་ཟངས་ཆེ་བ་གཉིས་ལེགས་བླུས་དང་གཙང་བ་སྒར་ཁག་གི་ནང་རྟེན་གྱི་རིང་བསྲེལ་ཁྱད་འཕགས་རྣམས་དང་གསེར་ཁང་དུ་སྐུ་གསུང་ཐུགས་རྟེན་སྔར་མེད་ཆེས་མང་པོ་བཞེངས་བླུས་ཅི་རིགས་དང་གོང་མའི་གདུང་རྟེན་རྣམས་ལ་ཞིག་གསོས་དང་སིལ་སྙན་དང་གྱང་སྒང་རོལ་ཆ་སྐད་གྲགས་ཅན་དང་གཏོར་འཆམ་གྱི་འདྲ་འབག་གོས་ལྭ་སོགས་སྒོ་གང་ཐད་ནས་གཙང་བ་གྲྭ་ཚང་བཅས་ལ་མཛད་སྒོ་དེ་འདྲ་ཆེ་བའི་ཕན་པ་རླབས་ཆེན་སྒྲུབ་པའི་བཀའ་དྲིན་ངེས་པར་ཆེ་བ་ནི་ཆེས་དཀོན་པ་ལྟ་བུ་ཞིག་ཡིན་ལ༌། ཁོང་ཉིད་དགུང་ལོ་དྲུག་ཅུ་ལ་ཉེ་སྐོར་ཙམ་ན་གཙང་བ་ཁོང་ཉིད་ཀྱིས་དབུར་བཞུགས་མཛད་ནས་གྲྭ་ཚང་ཡོངས་ཀྱི་བླ་ཆེན་མང་འདུས་བཅས་ཀྱིས་བསྲུང་རིམ་སྤྱིའི་དབང་དུ་བྱས་ཏེ་ས་བདག་གཏད་སྤྲུག་གི་གཏོ་སྒྲུབ་ཆེ་བ་ཞག་བདུན་ཕྲག་ཙམ་ལ་ལེགས་མཛད་ཀྱི་དུས་སུ་གཙང་བ་བླ་འཁོར་བཅས་ཀྱི་ཐུགས་སྣང་དུ་མཚོ་གཏད་སོགས་མནན་གཏད་ཆེར་དཀྲུག་གི་ནང་རྟགས་མཚན་མ་ཆེས་མང་པོ་བྱུང་མོད་ཕྱི་རྟགས་མཐུན་སྣང་དུ་གསལ་བོའི་འདི་ཡིན་གྱི་ངོས་འཛིན་ཆེར་མ་བྱུང་ལ། གཙང་བ་འདི་ཉིད་ཕྱོགས་སུ་བྱོན་སྐབས་རྣམས་ལ་མཚན་མོར་སྐུ་གཟིམས་པའི་དུས་སུའང་བར་བར་སྐུ་འཁོར་དག་གིས་བྱ་བ་གང་བྱས་གསལ་བོར་གཟིགས་ཤིང་སྤྱིར་ན་ཁོང་གི་སྐུ་ཚེ་སྨད་ཀྱི་དུས་སུ་བར་བར་ལ་ཉིད་ཀྱིས་མྱོས་བྱེད་བཅུད་ལྡན་རྭ་སྣོད་དུ་མའི་གང་དུས་གཅིག་ལ་ཚོགས་འབུམ་གྱི་ཚུལ་ལྷག་མེད་དུ་གསོལ་ཡང་མྱོས་ཆ་ཅུང་ཙམ་གྱིས་མ་གོས་པ་དང་མི་བདེ་བ་གང་ཡང་མེད་པར་སྐུ་བདེ་བའི་ངང་ཐུགས་མཁྱེན་པའི་ཀློང་རྡོལ་བ་དང༌། གསོལ་དུད་ཀྱང་ཆེས་མང་པོ་དུས་སྐབས་རེ་ལ་སྦྱིན་སྲེག་གི་ཚུལ་ལེགས་བཞེས་ཚབས་ཆེན་རང་ག་ཕལ་ལས་འདས་པ་ཇི་ལྟར་མཛད་ཀྱང་སྐུ་ལ་མི་བདེ་བ་སྤུ་ཙམ་མེད་པ་དང༌། ཁོང་ལ་བརྟེན་ནས་གཞན་དག་གིས་སྲོག་བཅད་བྱས་ཀྱང་ཉིད་ལ་དེ་དག་འདྲེན་པའི་དཔའ་གདེང་ཡོད་ཡོད་ཀྱིས་བཞུགས་པ་ལ་ཉམ་མི་ང་བ་དང༌། གཞན་ཡང་སྐུའི་སྤྱོད་ཚུལ་ཀྱང་བར་བར་སྐུ་ལ་ཕུ་དུང་ཅན་གྱོན་པ་དང་ཕྱག་གཡོན་ལ་གདུབ་གོར་གྱིས་བརྒྱན་ཞིང་དབུ་རལ་པའི་སྐྲ་ཕུད་ཀྱིས་མཛེས་པ་སོགས་གྲུབ་པའི་བརྟུལ་ཞུགས་དཔའ་བོའི་ཆས་དང་བཅས་ཁོང་གིས་བར་བར་མེ་མདས་མི་ཕྱུགས་སོགས་ལ་གདོན་ནད་གཅོད་པར་མཛད་པ་ལ་སོགས་པ་སྣ་ཚོགས་པའི་མཛད་སྒོ་དུ་མ་ཞིག་འཕྲིན་ལས་ལ་ངེས་པར་བྱུང་བ་སྟེ་གཙང་སྤྲུལ་འདི་ཉིད་ཀྱིས་གསུང་རྩོམ་གནང་རིམ་ཡང་རང་གི་ཡི་དམ་རྟ་མགྲིན་གྱི་སྒོ་ནས་དབལ་ཆུ་སྒྲུབ་ཚུལ་དང༌། ཆོས་སྐྱོང་གཟའི་སྒྲུབ་ཐབས། མངལ་གསོལ། རླུང་རྟ་ཀ་འཛུགས། དགྲ་མནན་བཅས་དང༌། གཞན་ཡང་གསོལ་འདེབས། གཡང་འབོད་སོགས་ཅི་རིགས་རེ་ཡང་ཡོད་པ་སོགས་མཛད་སྒོ་དེ་འདྲའི་ཚུལ་གྱིས་བཞུགས་པ་ལ་ལ་ལས་བསྟོད་བསྔགས་དང་ལ་ལས་སྨད་ར་དམའ་འབེབས་ཇི་ལྟར་བྱས་ཀྱང་དོན་རང་གི་སྡོད་ལུགས་ནི་གསང་ཆེན་སྦྱོར་སྒྲོལ་གྱི་རྟོགས་ཚད་མཆོག་མངའ་བའི་བརྟུལ་ཞུགས་གྲུབ་པ་མཆོག་གི་མཛད་ཁྱད་ལེགས་པར་ངོམས་པ་ཞིག་གོ །དེ་ནས་དགུང་ལོ་དྲུག་ཅུ་རྩ་གཅིག་སྐོར་ནས་གཟིམས་ཁང་དུ་ཁོང་ཉིད་ཆེར་མ་བཞུགས་པར་འཛི་ཉིན་ཕྱོགས་སུ་འབྲོག་སྒར་དང་ས་དམར་དགོན་གྱི་ཡང་དབེན་སོགས་སུ་མཚམས་སྒྲུབ་གདུལ་བྱ་སྤེལ་མའི་ངང་རྒྱུན་བཞུགས་ལྟ་བུ་ཉིད་ཀྱིས་མཛད་ངོས་ནས་དགུང་ལོ་རེ་གཉིས་མེ་མོ་བྱའི་ལོར་ཁོང་ཉིད་གཟིམས་ཁང་དུ་ཕེབས་ཏེ་ཞལ་ནས། ད་ནི་རང་ལ་ཚེ་ཇི་ལྟར་ཡོད་མི་ཤེས་པས་རང་དང་སྐུ་ཚ་བཅས་ཀྱི་རྒྱུ་རྫས་སོ་སོར་དབྱེ་བསལ་བྱ་དགོས། གསུངས་པ་ལྟར་བྱས་ཤིང་དེ་རྗེས་ཅི་རིགས་པར་བར་བར་རྣམས་སུ་ཁོང་གིས། ནམ་ཞིག་ཞིང་ཁམས་གང་དུ་འགྲོ་ཚུལ་དང་བསྟན་འགྲོའི་དོན་ལ་སྐུ་སྤྲུལ་ཇི་ལྟར་འོང་སོགས་་་་་ཀྱི་བཀའ་འཕྲོས་སྣ་ཚོགས་པ་རེ་ཡང་ཡང་བྱུང་ལ། དེ་ནས་ལོ་དེའི་ཟླ་བ་ལྔ་པའི་ནང་དུ་ཁོང་གྲྭ་འཁོར་བཅས་འཛི་སྟོད་དུ་ཕུར་དགྲ་ཤི་བའི་གཤིན་ཆོག་ཏུ་ཕེབས་སྐབས་རང་དང་འཕྲད་དེ་ཁོང་གིས་ཐུགས་དགྱེས་པའི་སྒོ་ནས་ཕྱིས་འབྱུང་གི་ཚུལ་འགའ་རེའི་ལོ་རྒྱུས་དང་ཁོང་མི་རིང་བར་གཙང་ཆེན་ཕོ་བྲང་དུ་འོང་ངེས་ཀྱི་བཀའ་མོལ་ཞིག་གི་རྟེན་འབྲེལ་རེ་ཡང་ལེགས་གནང་མཛད། ལོ་དེའི་ཧོར་ཟླ་དྲུག་པའི་ནང་ཙམ་ན་རྡོའི་གྲུབ་ཆེན་དགོན་དུ་ཁོང་དཔོན་སློབ་བསྲུང་རིམ་གཏད་སྤྲུག་གི་དབུ་བླར་ཕེབས་དགོས་བྱུང་ནས་དེའི་ཚུར་ལམ་མི་ཁྱིམ་ཞིག་གིས་ཇ་གདན་བྱས་པས་དེ་ནས་ཁོང་ལ་ཁམས་མི་སྙོམས་པ་འཕྲལ་དུ་བྱུང་བ་ན་ཁོང་དཔོན་སློབ་གཙང་བ་རང་གི་འབྲོག་སྒར་འཛི་ཉིན་ཕྱོགས་ཀྱི་ལུང་ལག་ཉུག་ལོ་ཟེར་བ་ན་ཡོད་པ་དེར་ཕེབས་ནས་བཞུགས་སྐབས་སྐུ་བསྙུན་སྔར་ལྟར་གྱིས་ཉིན་ཞག་བཞི་བཅུ་ཙམ་སོང་རྗེས་སུ་ཁོང་གི་ཞལ་ནས། རང་གི་ཚེ་འདིར་འབྲེལ་བ་ཐོགས་ཚད་དུང་ཕྱུར་ལ་ལོང་ཙམ་དུ་འདུག དེ་དག་ལས་ད་ལན་ཕན་མ་ཐོགས་པ་རྒན་མོ་གཉིས་ཙམ་ལས་མེད་པས་དེ་གཉིས་ཀྱི་ཆེད་དུ་འདོད་ཡོན་བསུར་བསྔོ་རྒྱས་པ་ཞིག་བྱེད་དགོས་གསུངས་པ་ལྟར་ལེགས་པར་བྱས་ཤིང༌། རང་ཤི་དུས་དབང་ཡོད་ན་འབྱུང་བ་ཁད་འཇམ་པོ་ཞིག་ཕབ་འདོད་ཡོད་ཚུལ་དང༌། ཤི་ཟིན་ནས་དེ་མ་ཐག་རིམ་པས་སེམས་གཞི་དབྱིངས་དང་རོ་མཉམ་ཡིན་པས་ཐུགས་དམ་ལོགས་ཀྱི་འདུག་རྒྱུ་མེད་ཚུལ་ཀྱང་གསུང༌། དེ་ནས་ཁོང་གིས་ཆོས་སྐྱོང་ལ་གཏང་རག་གི་ཚུལ་དུ་གསོལ་ཁ་རྒྱས་པ་ཞིག་མཛད་ནས་ཡེ་ཤེས་ཀྱི་ཆོས་སྐྱོང་གང་དག་དང་དགོངས་ཀློང་དབྱེར་མེད་ཀྱི་མཛད་སྒོ་དང་འཇིག་རྟེན་པའི་སྡེ་རིགས་གང་དག་གཤེགས་གསོལ་མཐའ་རྒྱས་ཀྱང་མཛད། དེ་སྐབས་སུ་གཙོ་ཆེར་སྐུ་དྲང་པོར་བསྲང་ནས་ཐུགས་མཉམ་བཞག་གི་རྣམ་པའི་གཡོ་མེད་དུ་བཞུགས་ཤིང་བར་འགའ་རེར་ཞལ་ནས། ཕྱིས་འབྱུང་གི་གསུང་གླེང་ཕྲན་བུ་རེ་གསུང་བཞིན་དེ་ལུགས་ཀྱི་ཕྱག་ཡིག་རེ་ཡང་བཞག་མཚམས་ནས་ཁོང་ཉིད་ཀྱིས་གསུང་ངག་བཅད་དེ་གང་ཞུས་ཀྱི་ལན་དུ་བརྡ་ཙམ་རེ་མཛད་ཀྱིན་བཞུགས། དེ་འདྲའི་ཚུལ་ས་ཕྱི་ཉིན་ཞག་ལྔ་པ་ཟླ་བ་དེའི་ཚེས་ཉེར་གཉིས་ཀྱི་མུན་རུབ་ཙམ་ན་སྐུ་རྣམ་སྣང་ཆོས་བདུན་གྱིས་བཞུགས་བཞིན་གསུང་གིས་ཕཊ་སྒྲ་ཞིག་མཛད་པ་དང་ཆབས་ཅིག་དགོངས་པ་དབྱིངས་སུ་ཐིམ། དེའི་ཕྱི་ཉིན་ནས་གདུང་ཆོས་སྲོལ་བསྟུན་གྱི་སྒོ་ནས་བླ་གྲྭ་མང་འཚོགས་ཀྱིས་དགོངས་མཆོད་ཞག་བདུན་ཕྲག་ཏུ་བསྒྲུབས་ནས་དེ་དག་གི་སྐབས་རྣམས་སུ་འབྱུང་བ་ཁད་སྙོམས་ཤིང་མཁའ་ལ་འཇའ་སྤྲིན་སྣ་ཚོགས་བར་བར་བྱུང་ཞིང༌། སྐུ་གདུང་ལ་དྲི་བཟང་གི་ངད་ཀྱང་ཡང་ཡང་བྱུང་ལ། དེ་ནས་གདུང་ལ་ཞུགས་འབུལ་གྱི་སྐབས་ནུབ་ཕྱོགས་ནས་སྤྲིན་དཀར་པོ་དར་དཀར་བརྐྱང་འདྲ་ཞིག་དང་བྱ་རྒོད་ཅིག་འཕྲལ་དུ་ཐོན་ནས་སྤྲིན་དཀར་དེ་ཉིད་མར་བབས་པའི་ཚུལ་གྱིས་གདུང་དུད་དང་འདྲེས་ཙམ་ཉིད་ནས་ཡར་ནམ་མཁའ་ལ་འཕགས་ཏེ་གཡས་བསྐོར་གྱི་རྣམ་པས་འཛམ་ཐང་ཕྱོགས་ཀྱི་སྟེང་གི་ནམ་མཁར་ཤར་བསྡད་ཅིང་དེ་དང་མཉམ་དུ་ནམ་མཁའ་གཡའ་དག་ལ་འཇའ་ཟེར་སྣ་ཚོགས་པས་གང་བ་ཙམ་བྱུང་ཞིང་འབྱུང་བའི་ཁད་ཀྱང་ཆེས་ལེགས་པ་སོགས་ཀྱི་རྟགས་མཚན་དང་གདུང་ཁང་ཞག་བདུན་ཕྲག་གསུམ་དུ་བླ་གྲྭ་མང་དག་གིས་ཕྱག་མཆོད་ཀྱི་མཐར་གདུང་རུས་བསྡུ་སྐབས་ཐུགས་ལྗགས་སྤྱན་གསུམ་མ་ཚིག་པ་དང་དྲི་བཟང་བྱུང་བ་སོགས་ཀྱི་ལེགས་མཚན་དུས་སུ་བྱུང་སྟེ་ཤུལ་འདུག་དག་གིས་ཚུལ་དེ་ལུགས་ཀྱིས་དགོངས་མཆོད་གཞན་ཡང་ལེགས་བགྱིས་དང་གདུང་རྟེན་དངུལ་ལས་བྱང་ཆུབ་མཆོད་རྟེན་ཉེར་བར་བསྐྲུན་པ་རབ་གནས་དགའ་སྟོན་གཙང་གྲྭ་ཡོངས་ཀྱིས་ལེགས་མཛད་ཀྱི་སྒོ་ནས་གདུང་རྟེན་དེ་ཉིད་གཙང་ཆེན་ཕོ་བྲང་དུ་བཞུགས་སུ་གསོལ་ཏེ་མཛད་པ་ལེགས་པར་རྫོགས་སོ།།

གཙང་ཆེན་དགོན་གྱི་གསེར་ཁྲི་བདུན་པ་ངག་དབང་བསོད་ནམས་དཔལ་ལྡན།

གཙང་ཆེན་དགོན་གྱི་གསེར་ཁྲི་བདུན་པ་ངག་དབང་བསོད་ནམས་དཔལ་ལྡན་ནི།

འཛི་རོང་དུ་སྐུ་འཁྲུངས། གཙང་བ་སྐུ་འབྲིང་གི་ཡང་སྲིད་དུ་ངོས་འཛིན་མཛད། ངུར་སྨྲིག་གི་རྒྱལ་མཚན་གསོལ། གཙང་བའི་གསེར་ཁྲི་བདུན་པར་མངའ་གསོལ་མཛད། མཁན་ཆེན་དམ་པ་བློ་བཟང་ཕྲིན་ལས་ཀྱི་སྐུ་མདུན་ནས་ཚད་མ་ཕར་ཕྱིན་སོགས་གཞུང་ལུགས་དུ་མ་ལ་ཐོས་བསམ་མི་དམན་པ་མཛད། རྒྱལ་རོང་གྱང་སྒང་དགོན་སོགས་གཙང་བའི་དགོན་ལག་དུ་མ་ལ་རྒྱབ་སྐྱོར་རོགས་རམ་དུ་མ་བྱས། དཔེ་རྙིང་དུ་མ་ཚོལ་སྡུད་བྱས་ནས་ཡི་གེར་བཀོད་པ་སོགས་མཛད་པ་མཐའ་ཡས་ཀྱང་ས་བོན་མེད་པའི་དབང་གིས་སྐབས་འདིར་དེ་ཙམ་མོ། །

གཙང་ཆེན་དགོན་གྱི་གསེར་ཁྲི་བརྒྱད་པ་སྤྲུལ་འཇིགས་མེད་རྡོ་རྗེའི་རྣམ་ཐར་མདོར་བསྡུས།

གཙང་ཆེན་དགོན་གྱི་གསེར་ཁྲི་བརྒྱད་པ་སྤྲུལ་འཇིགས་མེད་རྡོ་རྗེའི་རྣམ་ཐར་མདོར་བསྡུས་ནི།

འཇི༵གས་མེ༵ད་བདེན་གསུངས་དམ་ཆོས་ནཱ་དའི་གླུ། །སྙན་དགུར་ལེན་པས་རྒྱལ་བ་རྒྱ་མཚོ་ཡི། །ཟབ་ལམ་རྡོ༵་རྗེ༵འི་སྙིང་པོ་ཐང་མལ་བརྡལ། །དཔལ་ལྡན་བླ་མའི་ཞབས་པད་བརྟན་དུ་གསོལ། ། འདིར་སྐབས་སུ་བབས་པ་ནི། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་མེ་ཏོག་གི་ཆུན་པོ། སྐུ་གསུང་ཐུགས་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པའི་རང་བསྲེལ་ངོ་མཚར་མཚན་དཔེའི་ཟ་མ་ཏོག་ཏུ་སྤུངས་བའི་ཚོམ་བུ། སྲིད་ཞིའི་དབྱིངས་ན་ཉི་ཟླ་དཔག་བསམ་བུམ་བཟང་ཡིད་བཞིན་གྱི་ནོར་བུའི་མཆེད་ཟླར་འབར་ཞིང་ལྷ་དང་མི་དང་ལྷ་མ་ཡིན་གྱི་གཙོ་བོ་བྱེ་བ་ཕྲག་བརྒྱའི་ཅོད་པན་གྱིས་མངོན་པར་བཏུད་པ། རྗེ་བཙུན་བླ་མ་དམ་པ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་སྐྱབས་རྗེ་མཚུངས་མེད་གཙང་ཆེན་སྤྲུལ་བའི་སྐུ་རིན་པོ་ཆེ་༧་འཇིགས་མེད་རྡོ་རྗེ་དཔལ་བཟང་པོ་མཆོག་ནི། རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་གྱི་ལོར་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་དཔལ་དུ་གཟུགས་སྐུའི་མེ་ཏོག་ལྗོངས་འདིར་གསར་དུ་བཞད། དེ་ནས་བསེ་དགོན་ཕྱོགས་ལས་རྣམ་རྒྱལ་གླིང་གི་བླ་སྤྲུལ་རྣམས་ཀྱིས་རྗེ་འདི་ནི་སྤྲུལ་བའི་སྐུ་དམ་པ་ཞིག་ཡིན་ཞེས་མཚན་གསོལ་ཏེ་གསེར་ཁྲི་མངའ་གསོལ་མཛད། དེ་ནས་འཛམ་ཐང་གཙང་ཆེན་དགོན་པར་ཆིབས་ཁ་བསྒྱུར་ཏེ་ཕེབས་པ་ན། བསེ་སྤྲུལ་པདྨ་དབང་དྲག་རྩལ་གྱིས་སྐུ་འབྲིང་གི་སྤྲུལ་སྐུ་འཁྲུལ་མེད་ཡིན་ཞེས་ལུང་བསྟན་གནང༌། དེ་སྐབས་རྡོ་རྗེ་འཛིན་པ་ཤུ་ནང་བླ་མ་ངག་དཔལ་དང་བྱ་ཡུལ་བླ་མ་བསྟན་པ་རབ་རྒྱས་རྣམ་གཉིས་ཀྱིས་ཕྱག་ན་རྡོ་རྗེའི་རྣམ་སྤྲུལ་གཙང་བ་སྐུ་འབྲང་གི་ཡང་སྤྲུལ་དུ་ལུང་གིས་བསྔགས། དེ་ནས་འཕྲལ་ཕུག་གི་དགེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ནས་རིམ་བཞིན་ཡི་གེ་འབྲི་ཀློག་སུམ་རྟགས་དག་གསུམ་སོགས་ལ་སློབ་གཉེར་རྒྱ་ཆེར་བྱས། འབྲོག་དགེ་བློ་གྲོས་རྣམ་རྒྱལ་ལས་དགེ་ཚུལ་གྱི་སྡོམ་པ་བཞེས། ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ངག་དབང་དཀོན་མཆོག་དར་རྒྱས་དང་ངག་དབང་བློ་གྲོས་གྲགས་པ་རྣམ་གཉིས་ཀྱི་མདུན་ནས་ཟབ་ལམ་རྡོ་རྗེའི་སྦྱོར་བ་ཡན་ལག་དྲུག་གི་རྣལ་འབྱོར་གྱི་གདམས་པ་གསན་ནས་རྣལ་འབྱོར་ལ་རྩེ་གཅིག་ཏུ་བརྩོན་ནས་ཉམས་རྟོགས་ཀྱི་འབྲས་བཟང་རབ་ཏུ་སྨིན་ཏེ་ངེས་གསང་བསྟན་པའི་མཛོད་ལ་མངའ་མཉེས་པར་གྱུར། དུས་ཀྱི་འཕོ་འགྱུར་གྱི་དབང་གིས་རྒྱལ་བསྟན་ཉམས་ཆུང་བའི་སྐབས་སུ་རྗེ་འདི་ཉིད་དབེན་གནས་རྣམས་སུ་སྒྲུབ་པ་ཉམས་ལེན་མཛད་དེ་གྲུབ་པའི་གཙུག་རྒྱན་དུ་གྱུར། དགུང་གྲངས་ཉི་ཤུའི་སྐབས་སུ་བསེ་དགོན་པའི་རྡོ་རྗེ་སློབ་དཔོན་ཆེན་པོ་བླ་མ་ཐུགས་རྗེ་དཔལ་སོགས་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་བཞེས་མཛད། སྐབས་དུ་མར་རྩི་ནང་བླ་མ་མཁས་བཟང་དང༌། བླ་མ་ཐུགས་རྗེ་དཔལ་དང༌། འཁར་བླ་བསྟན་པ་ཆོས་འཕེལ་དང༌། འབྲོག་དགེ་སྤྲུལ་སྐུ་བློ་གྲོས་རྣམ་རྒྱལ། རྡོ་རྗེ་འཛིན་པ་བླ་མ་ཡོན་ཏན་བཟང་པོ་སོགས་སྐྱེས་ཆེན་དམ་པ་རྣམས་ཀྱི་ཞབས་ལ་གཏུགས་ཏེ། གཤིན་རྗེ་རབ་འབྱམས། བདེ་མཆོག་རབ་འབྱམས། རྡོ་རྗེ་འཕྲེང་བ། རིན་འབྱུང༌། མི་ཌ་བརྒྱ་རྩ། རྗེ་སྒྲོལ་མགོན་ཞབས་ཀྱི་རྒྱུད་སྡེ་ཐོར་བུ་སོགས་གནས་ཏེ། ཆོས་བཀའ་དབང་ལུང་མན་ངག་གི་མཛོད་ཀློང་དུ་གྱུར། གཞན་ཡང་མཁས་གྲུབ་གཉིས་ལྡན་གྱི་བཤེས་གཉེན་བཅུ་ཕྲག་དུ་མའི་ཞབས་རྡུལ་ནོར་བུའི་རེ་ཁ་སྤྱི་གཙུག་བདེ་ཆེན་འཁོར་ལོའི་མཛེས་རྒྱན་དུ་བཀོད་དེ། གངས་ལྗོངས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ལས་བརྒྱུད་པའི་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་སྤྱི་དང༌། ཁྱད་པར་རྒྱལ་བ་ཇོ་ནང་བ་ཆེན་པོའི་ཟབ་བཀའ་ཡོངས་རྫོགས་ཀྱི་སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་བཅས་ལྷག་ལུས་མེད་པར་གསན་བསམ་མཛད་པར་མ་ཟད། སྒོམ་སྒྲུབ་ཀྱང་ཚད་དང་ལྡན་པར་མཛད་པས་རྟོགས་པའི་རང་རྒྱུད་གྲོལ་ནས་གསང་གསུམ་གྱི་ཡོན་ཏན་ཟད་མི་ཤེས་པ་ལ་མངའ་དབང་འབྱོར་བར་གྱུར་ལ། མདོར་ན་དམ་པ་འདི་ཉིད་ཀྱིས་བསླབ་གསུམ་ལུང་རྟོགས་ཀྱི་བང་མཛོད་ཐེག་པ་མཆོག་གི་ཡོངས་འཛིན་དགེ་བའི་བཤེས་གཉེན་དུ་མ་ལས་འདུལ་བ་ཀཱ་རི་ཀཱ་ལྔ་བཅུ་བ་ནས་རྒྱུད་ཀྱི་རྒྱལ་པོ་དཔལ་དུས་ཀྱི་འཁོར་ལོའི་བར་གྱི་དམ་ཆོས་བདུད་རྩིས་བགོ་སྐལ་མཐའ་དག་བུམ་པ་གང་བྱོས་ཀྱི་རྣམ་པར་ལྷག་མེད་དུ་བཞེས་ཏེ། མཚན་སྙན་གྱི་འབྲུག་སྟོང་མཁའ་ལ་ལྡིར་ཞིང་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་བ་དན་སྲིད་རྩེར་བསྒྲེངས། གཞན་ཡང་མཛད་ཕྲིན་གྱིས་གཞན་རྒྱུད་སྨིན་པར་བྱས་ཚུལ་ཡང༌། མཁས་ཤིང་གྲུབ་པའི་དབང་ཕྱུག་ངག་དབང་དཀོན་མཆོག་དར་རྒྱས་སོགས་སྐྱེས་ཆེན་དུ་མའི་བཀའ་ལུང་ལྟར་གཙང་ཆེན་དགོན་པའི་རྡོ་རྗེ་སློབ་དཔོན་བཅུ་བ་ཆེན་པོ་བླ་མ་ཡོན་ཏན་བཟང་གིས་རྡོར་དྲིལ་དང་ཁྲིད་ཡིག་མཐོང་བ་དོན་ལྡན་སོགས་རྗེ་འདི་ཉིད་ལ་ཕུལ་ནས་གཙང་ཆེན་དགོན་པའི་རྡོ་རྗེ་སློབ་དཔོན་བཅུ་གཅིག་པ་ཆེན་པོའི་མཚན་གསོལ། དེ་ནས་བཟུང་གཙང་ཆེན་དགོན་དང༌། རྩི་ནང་དགོན་དང༌། བྱ་ཡུལ་དགོན། ཆོས་སྒར་སོགས་ཀྱི་རྡོ་རྗེ་སློབ་དཔོན་མཛད་ནས་སྒྲུབ་རྒྱུད་བསྟན་པའི་མངའ་བདག་ཆེན་པོར་གྱུར། རབ་རྒྱན་ཤིང་བྱ་ལོར་སྒྲུབ་བརྒྱུད་བསྟན་པའི་གནས་གཞི་ཤར་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་རྒྱལ་བ་ཇོ་ནང་བའི་དགོན་ཁག་ལྔ་བཅུ་ལྷག་གི་བླ་སྤྲུལ་བསྟན་བདག་དང་སྐུ་ཚབ་མཉམ་འཛོམས་ཀྱི་སྒོ་ནས་ཇོ་ནང་བསྟན་འགྲོ་ཀུན་ཕན་ལྷན་ཚོགས་ཀྱི་བློ་འདྲི་ལྷན་ཚོགས་ཀྱི་ཚོགས་གཙོར་མངའ་གསོལ་མཛད། རབ་གནས་ཀུན་འཛིན་ཞེས་པ་ས་བྱིའི་ལོ་ལ་ཇོ་ནང་སྤྱིའི་བཤད་གྲྭ་མདོ་སྔགས་མཐོ་སློབ་བློ་གསལ་དགའ་ཚལ་གླིང་འདི་ཉིད་ཀྱི་ཐུགས་འགན་རྒྱ་ཆེན་པོ་བཞེས་པ་དང༌། ས་གླང་གི་ལོ་འདིར་མཁན་རིན་པོ་ཆེ་ཤེས་རབ་གསལ་བྱེད་ཕུན་ཚོགས་འབྱུང་གནས་མཆོག་དང༌། བསེ་སྤྲུལ་འཇིགས་མེད་ཕུན་ཚོགས་དང༌། དགེ་བཤེས་བདེ་ལེགས་རབ་རྒྱས་སོགས་འཁོར་འདུས་པ་རྒྱ་མཚོ་ལ་ཐུགས་ཆོས་ཀྱི་མཛོད་ཀློང་ནས་རྫོགས་རིམ་སྨིན་བྱེད་དབང་གི་རིམ་པ་ལེགས་པར་རྗེས་སུ་གནང་བ་ལ། དཀྱིལ་འཁོར་གྱི་གཙོ་བོ་དཔལ་ལྡན་དང་བོའི་སངས་རྒྱས་དཔལ་དུས་ཀྱི་འཁོར་ལོའི་ཡེ་ཤེས་ཀྱི་སྐུར་བཞེངས་ཏེ་རྡོ་རྗེའི་སློབ་མ་དག་ཐུགས་བརྩེ་བས་རྗེས་སུ་བཟུང་སྟེ། དཔལ་དུས་ཀྱི་འཁོར་ལོའི་དབང་མོ་ཆེ། སློབ་མ་རྗེས་འཛིན། སྟ་གོན། བྱིས་པ་འཇུག་པའི་དབང་བདུན། མཆོག་དབང་གོང་མ་བཞི། མཆོག་དབང་ཁྱད་པར་ཅན་ཏེ་རྡོ་རྗེ་སློབ་མའི་དབང་རྣམས་དང༌། བདག་པོ་དང་བདག་པོ་ཆེན་པོའི་དབང་སྟེ་རྡོ་རྗེ་སློབ་དཔོན་གྱི་དབང་དང་བཅས་ཡོངས་སུ་རྫོགས་པ་ཐུགས་བརྩེ་བས་ལེགས་པར་གནང་བ་སོགས་བཤད་སྒྲུབ་ཀྱི་བསྟན་པ་མཐར་རྒྱས་སུ་མཛད་པ་དང༌། སྤྱི་ལོ༢༠༡༣ ལོར་ཇོ་ནང་བསྟན་པའི་མངའ་བདག་ཏུ་མངའ་གསོལ་ནས་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་གྱུར་ཏེ་ད་ལྟ་སྐུ་འཚོ་ཞིང་བཞུགས་པ་ལགས་ལ། དེ་སོགས་ངོ་མཚར་བའི་རྣམ་ཐར་རྒྱ་ཆེར་མངའ་ཞིང་ད་ལྟར་གྱི་དུས་སུ་སའི་སྟེང་མ་ལུས་པ་འཕྲིན་ལས་ཀྱི་གདུགས་དཀར་གཅིག་གིས་ལྷམ་མེར་གཡོག་པ་སོགས་ཡ་མཚན་པའི་རྣམ་ཐར་མཐོང་ཐོས་དྲན་རེག་དོན་ལྡན་གྱི་གནས་སུ་ཆེའོ། །སླར་སྨས་པ། དབང་ལུང་མན་ངག་བདུད་རྩིའི་ཆུ་རྒྱུན་གྱིས། །སྐལ་བཟང་གདུལ་བྱའི་རེ་བསྐོང་དཔག་བསམ་ཤིང༌། །དགོས་འདོད་ཀུན་འབྱུང་རྗེ་བཙུན་བླ་མ་ཡི། །སྐུ་ཚེ་མི་འགྱུར་བསྐལ་བརྒྱར་ཞབས་བརྟན་ཤོག །གདམས་ང༵ག་ཆོས་ཀྱི་དཔལ་ལ་དབ༵ང་བསྒྱུར་བ། །འཇི༵གས་མེ༵ད་རྒྱལ་བསྟན་འཛིན་པའི་མངའ་བདག་མཆོག །གསང་གསུམ་མི་འགྱུར་རྡོ༵་རྗེ༵འི་ཁམས་བརྟན་ནས། །མཛད་འཕྲིན་འོད་སྣང་ཕྱོགས་བཅུར་རྒྱས་པར་ཤོག ། གཙང་ཆེན་དགོན་གྱི་གསེར་ཁྲི་དགུ་པ་གཙང་བ་བསེ་སྤྲུལ་ཀུན་དགའ་ཕུན་ཚོགས་ཀྱི་ཡང་སྲིད་དམ་པ་༧ངག་དབང་འཇིགས་མེད་ཕུན་ཚོགས་མཆོག་གི་ལོ་རྒྱུས་མདོར་བསྡུས་ནི།༡དང་པོ། སྐུ་ཉིད་གང་དུ་བལྟམས་པའི་གནས། སྐུ་བལྟམས་པའི་ཚུལ་དངོས་ལ་གང་དུ་སྐྱེ་བ་བཞེས་པའི་ཡུལ་ནི། པུར་རྒྱལ་བོད་ཀྱི་ཞིང་ཁམས་དེ་ལ་ཆོལ་ཁ་གསུམ་དུ་ཕྱེ་ན། མངའ་རིས་གུང་ཐང་ནས་སོག་ལ་སྐྱ་བོ་ཡན་དབུས་གཙང་ཆོས་ཀྱི་ཆོལ་ཁ། དེ་ནས་རྨ་ཆུའི་ཁུག་པ་ཡན་མདོ་སྟོད་མིའི་ཆོལ་ཁ། དེ་ནས་རྒྱའི་མཆོད་རྟེན་དཀར་བོ་ཡན་མདོ་སྨད་རྟའི་ཆོལ་ཁ། ཕྱི་མ་མདོ་སྨད་རྟའི་ཆོལ་ཁ་ལ་འདི་ལ་རྨ་ཆུས་བགོས་ཏེ་མདོ་སྨད་ལྷོ་རྒྱུད་དང་བྱང་རྒྱུད་གཉིས་ཡོད་པ་ལས། དམ་པ་འདི་འཁྲུངས་བའི་ཡུལ་ནི་མདོ་སྨད་ལྷོ་རྒྱུད་ཡིན་ལ། མདོ་ཁམས་གཉིས་ཀའི་འདབ་འབྲེལ་གསེར་སྟོད་འབྲོང་རི་སྨུག་པོའི་གནས་རིའི་ཤར་ཕྱོགས་ཆུ་ཆེན་མོ་འབྲི་ཆུའི་ཡན་ལག་ཏུ་གྱུར་པ་གསེར་ཀླུང་གཙང་པོ་དལ་གྱིས་འབབ་པའི་ཉེ་འགྲམ། གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་གདན་སའི་ཤར་ཕྱོགས། གསེར་ཡེ་ཤེས་སེང་གེའི་གདན་ས་ལྷ་རྩེ་དགོན་པའི་ཉེ་འདབས་སུ། ཡབ་ཀྱི་རིགས་ནི་ལྷ་རྩེ་སྟེ་སྔོན་གྱང་ཁང་སྐྱབས་མགོན་སངས་རྒྱས་དཔལ་ལྡན་གྱི་སློབ་ཆེན་ཆུ་ཕྱར་བླ་མ་རིག་འཛིན་སོགས་བྱོན་མྱོང་བའི་ཁྱིམ་ཚང་ཞིག་སྟེ་ཆུ་ཕྱར་བླ་མའི་ཚ་བོ་སྟེ་གཡུ་ཁོག་བྱ་བྲལ་བ་ཆོས་དབྱིངས་རང་གྲོལ་གྱི་སློབ་ཆེན་བླ་མ་རིག་འཛིན་གྱི་དངོས་སློབ་རིག་སྔགས་འཆང་བ་ལྷ་རྩེ་འཇིགས་བྲལ་རྡོ་རྗེ་དང་མ་ཡུམ་ནི་བློ་དཀར་ཞིང་མ་ཎི་བླ་མ་པདྨ་བདེ་ཆེན་དང་དུང་དཀར་སྤྲུལ་སྐུ་ངེས་དོན་རྒྱ་མཚོ་སོགས་ལས་དམ་ཆོས་མནོས་པའི་ཐུཊ་རྒྱུད་རབ་ཏུ་ཕྱུག་པའི་བྱམས་སྙིང་རྗེ་དང་ལྡན་པའི་བླ་སྐོར་བཟའ་ཆོས་དབྱིངས་སྒྲོལ་མ་གཉིས་ཀྱི་སྲས་སུ་བོད་རབ་བྱུང་བཅུ་དྲུག་པའི་ནང་ཚན་མཛེས་བྱེད་ཅེས་པ་ཆུ་མོ་ཡོས་ཀྱི་ལོ༡༩༦༣ཆུ་སྟོད་ཟླ་བའི་དཀར་ཕྱོགས་དུས་ཡུམ་ལ་གནོད་པ་མེད་པར་སྐུ་འཁྲུངས། དེ་ཡང་འཁྲུངས་སྐབས་ཁྱིམ་ནང་འོད་ཀྱིས་ཁྱབ་པ། ཁང་ཐོག་ཏུ་འཇའ་ཤར་བ། ཆོས་སྐྱོང་གཟའ་ཡིས་བསྲུང་བསྐོར་བྱས་པ། ཡུལ་སྡེ་གཞན་ཚོས་ཀྱང་མཐོང་བ། ཁང་པར་དྲི་བཟང་གིས་ཁྱབ་པ་སོགས་ཀྱི་ངོ་མཚར་བའི་ལྟས་དུ་མ་ཡང་ཤར་རོ། །དེ་ཡང་ཆུང་ངུའི་དུས་ནས། ཇི་སྐད་དུ། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །བྱང་ཆུབ་སེམས་དཔའ་བློ་ལྡན་གྱི། །རིགས་ནི་མཚན་མ་དག་ལས་ཤེས། ཞེས་གསུངས་པ་ལྟར། བྱིས་པ་ཕལ་གྱི་སྤྱོད་ལམ་དང་ཡེ་མི་འདྲ་བར་དམ་པའི་རང་རྟགས་འགོག་མེད་དུ་ངོམ་པ་ཞིག་ཡིན། ཆུང་མིང་ལ་ངག་དབང་རྒྱ་མཚོ་ཞེས་བཏགས། ཡང་ཡ་མཚར་བ་ཞིག་ནི། སྐྲ་རིང་པོ་ཉག་མ་བདུན་དབུ་རྒྱབ་ལ་སྐྱེས་ཡོད་པ་སྟེ་ཁ་དོག་ལྗང་ཁུ་ཅན་གྱི་རིང་ཚད་ལ་ཉིད་ཀྱི་ཕྲག་པར་ཐུག་པ་ཙམ་ཡོད། དེ་ནི་སེ་སྤྲུལ་སྐུ་ཕྲེང་གོང་མའི་འདའ་ཁའི་ཞལ་ཆེམ་ལ་འཛམ་ཐང་གི་ལྷོ་ནུབ་མཚམས་ཀྱི་གསེར་ལྷ་རྩེ་དགོན་གྱི་ཉེ་འདབས་སུ་སྐུ་འཁྲུངས་ཚུལ་དང་མགོའི་གཡུ་རལ་མེད་ན་སེ་སྤྲུལ་མིན་གསུངས་བ་ནང་བཞིན་དུ་མགོ་རྒྱབ་ལ་སྐྲ་རིང་པོ་སྐྱེས་ཡོད་པ་སོགས་གསུངས་པ་ནང་བཞིན་ལུང་དོན་མཐུན། ཡང་ཆུང་བྱིས་པ་ལྕོགས་རའི་ནང་གཟིམ་དུས་མ་ཡུམ་ངལ་རྩོལ་དུ་སོང་རྗེས། ཁང་པའི་སྟེང་ཤོད་ཕྱི་ནང་ཀུན་ལ་ཟངས་ཐལ་དུ་ཐོགས་མེད་ཀྱི་བྱོན། མ་ཡུམ་ངལ་རྩོལ་ལས་ཚུར་འོང་སྐབས་ཡུལ་མི་ཁྱིམ་མཚེས་དུ་མས་མངོན་སུམ་དུ་མཐོང་ནས་ཚང་མ་ངོ་མཚར་སྐྱེས། ཉིན་ཞིག་རྒན་མོ་ཞིག་གིས་སྐྲ་འཁྲུད་པའི་ཆུ་དེ་སྤྲུལ་སྐུའི་ཞལ་དུ་སོང་སྟབས་མནོལ་ནས་རྒྱབ་ཀྱི་སྐྲ་རིང་པོ་དེ་རྣམས་ལྷུང་ཞིང་བསྙུན་པའི་འོ་བརྒྱལ་ཆེན་པོ་བཞེས་ནས་ལྷ་རྩེའི་ཀླ་རི་བླ་མ་པདྨས་ལྐོག་ཏུ་ཁྲུས་དང་ཚེ་དབང་གནང་བས་བར་ཆད་དེས་ཆེར་གནོད་པ་མ་ཐུབ། ད་སྐབས་ཡང་ཁོང་ལ་སྐད་འདར་བ་དང་དྲན་ལྐུག་ཡོད་པ་སོགས་དུས་རྐྱེན་གྱིས་ཡིན་ནོ། །གཉིས་པ། སྐྱེས་ཆེན་དུ་མས་ལུང་གིས་ཟིན་ནས་དཔལ་གྱི་འཛམ་ཐང་དུ་འཁོད་ཚུལ། ངེས་དོན་བསྟན་པའི་དབང་ཕྱུག༧ངག་དབང་ཡོན་ཏན་བཟང་པོའི་བཀའ་གསུངས་ལྟར་ཛ་འགོ་བླ་མ་ཏིང་འཛིན་ཉིད་འཛི་ཁོག་ནས་གསེར་ལྷ་རྩེར་སྤྲུལ་སྐུའི་གཟིམ་ཤག་ཏུ་ཕེབས་ཤིང་སྤྲུལ་སྐུའི་མ་ཡུམ་ལ་བླ་མ་མཆོག་གི་མངགས་ཚུལ་དང་སེ་སྤྲུལ་སྐུ་གོང་མའི་ལུང་བསྟན་སྟེ་སྐུ་སྐྱེས་ཕྱི་མ་གསེར་ཁོག་ཏུ་འཁྲུངས་པ་མ་ཟད་ཁང་ཁྱིམ་ས་ཆའི་ཆག་སྟངས། མདུན་ལ་བྲག་རི་ཡོད་པ་དང་ཆུའི་ཉེ་འགྲམ་བཅས་གནས་ཀྱི་བཀོད་པ་དང་བཅས་གསུངས་ཤིང་ཁ་བཏཊ་ཉིན་མོ་བདེ་ལེགས་ན་བཟའ་བཟོ་བའི་གོས་ཆེན་དང་དྲིལ་བུ་སོགས་ཕུལ་བ་དང་སྔ་ཕྱིར་ཐེངས་བཞི་ཙམ་བླ་མས་བཀའ་ལྟར་སྤྲུལ་སྐུ་གདན་འདྲེན་པར་སླེབ། སྐབས་དེར་རིག་གནས་གསར་བརྗེར་ཁེལ་བ་དང་གཞན་ཡང་རྡོ་གྲུབ་དགོན་གྱིས་ཡང་ཁོང་གི་སྤྲུལ་སྐུ་ཡིན་ཞེས་ངོས་འཛིན་མཛད་དེ་འགྲོ་དགོས་ཚུལ་ཡང་བཤད་མོད་འོན་ཀྱང་ཁོང་གི་ཞང་བོས་ཡང་ཡང་གཙང་བ་ལ་འགྲོ་དགོས་ཚུལ་དང་མ་འགྲོ་ན་གཙང་བ་ལྷ་བཙན་རྗེས་སུ་མི་ཉན་ཚུལ་ནན་ཞུ་དང༌། གཞན་ལྷ་རྩེ་ཀླ་རི་བླ་མ། ཁྲ་བླ་མ་རིག་རྡོར་མཁའ་འགྲོ་མ་ཏཱ་རེ་ལྷ་མོ་སྲས་མཁར་བླ་མ་འཇིགས་མེད་འོད་གསལ་ལྕགས་ཁུང་བླ་མ་སེང་གེ་སོགས་ཀྱི་གཙང་བ་བསེ་སང་ཡང་སྤྲུལ་འཁྲུལ་མེད་ཡིན་ཚུལ་དང་མ་འོངས་པར་དཔལ་རྒྱལ་བ་ཇོ་ནང་བའི་བསྟན་པ་ལ་ཕན་ཆེན་པོ་ཡོང་བ་དང་དེ་བཞིན་འགྲུབ་པའི་སྨོན་ལམ་བཅས་གསུངས། ཡང་ཁོང་གི་ཁུ་བོ་མགོ་གྱོད་ཟེར་བ་དེ་ལ་ནད་གཞི་ལྕི་མོ་ཞིག་ཕོག་ནས་ཛ་འགོ་བླ་མ་པདྨ་ཚང་སར་འགྲོ་སྐབས། སྔར་ནུབ་ཛ་བླ་པདྨ་ཁོང་གིས་རྨི་ལམ་བཞིན་སང་ཉིན་ང་ལ་མགྲོན་པོ་གལ་ཆེན་ཞིག་ཐོན་རྒྱུ་ཡོད་ཚུལ་གསུངས། ཕྱི་ཉིན་སྔ་ཚེའི་ཁོང་གི་ཁུ་བོ་དང་མཉམ་དུ་ཛ་འགོ་བླ་མའི་མདུན་དུ་གཅར། ཛ་བླ་ཁོང་གིས་ཁ་བཏགས་དང་ཀར་ཡོལ་བཀྲ་ཤིས་རྟགས་བརྒྱད་གོས་སྣ་སོགས་ཕུལ་ནས། སང་ཕོད་ང་གཉིས་འཛམ་ཐང་ལ་འགྲོ། འཛམ་ཐང་ལ་ཁྱེད་ཀྱི་འགྲོ་དོན་ཡོད་ཚུལ་སོགས་གསུངས་སོ། །རྡོ་སྨད་རྐ་མདའི་རྟ་འགབ་ཐང་བརྒྱུད་རྐ་ཁའི་རུ་བ་ཡོད་སར་སླེབ་དུས་འཛམ་ཐང་ཕྱོཊ་ནས་སྤྲིན་འཇའ་ཤར་བ། ཐང་དཀར་རྒོད་པོ་བཞི་ཡིས་བསུ་མའི་ཚུལ་དུ་ཐག་ཉེའི་ནམ་མཁའ་ནས་གཡས་བསྐོར་བྱས་པ། ལམ་བར་སྡེ་བ་དང་རུ་བ་ཚོས་ཀྱང་ཆོས་སྐྱོང་གཟའ་ཡིས་སྲུང་བ་སྟེ་མཚན་མོར་འོད་ཀྱིས་བསྐོར་བ་སོགས་ཀྱི་མཚན་མ་བྱུང༌། དཔལ་འཛམ་ཐང་བསམ་འགྲུབ་ནོར་བུའི་གླིང་དུ་སླེབ་དུས་ཀུན་མཁྱེན་མཆོད་ཆོག་འཚོགས་པའི་སྐབས་དང་འཁེལ་ཞིང་བླ་སེར་རེ་རེས་ཕྱག་ལ་སྤོས་རེ་བསྣམས་ཡོད་པས་རྟེན་འབྲེལ་ཤིན་ཏུ་ལེགས་འགྲིགས་བྱུང༌། སྐྱབས་རྗེ་བླ་མ་ངག་དབང་ཡོན་ཏན་བཟང་པོའི་ཐུགས་རབ་ཏུ་དགྱེས། གཙང་བ་སྐུ་ཕྲེང་དྲུག་པ་སྐུ་འབྲིང་ངག་དབང་བསོད་ནམས་དཔལ་ལྡན་གྱིས་ཁ་བཏགས་བཀྲ་ཤིས་བདེ་ལེགས་དང་ན་བཟའ་གསོལ། སྐུ་གོང་མའི་ཚ་བོ་གཙང་བའི་རྒྱལ་ཚབ་ཆེན་པོ་མཆོག་སྤྲུལ་འཇིགས་མེད་རྡོ་རྗེས་ཀྱང་ན་བཟའ་ཆ་ཚང་ཕུལ། གཙང་སྡེའི་དཔོན་རིན་ཆེན་འབུམ་གྱིས་དགའ་བསུ་ཚད་མེད་གནང༌། འདུལ་འཛིན་དགེ་སློང་མང་དགེ་བླ་མ་སྐལ་ལྡན་མཆོག་ནས་མ་འོངས་འགྲོ་དོན་ལེགས་འགྲུབ་ཡོང་བའི་སྨོན་འདུན་རྒྱ་ཆེར་གནང་ངོ༌།གསུམ་པ། ཀློག་པ་ཐོས་བསམ་གྱི་འཁོར་ལོ་བསྐོར་ཚུལ། སྐྱབས་རྗེ་བླ་མ་ངག་དབང་ཡོན་ཏན་བཟང་པོའི་བཀའ་ལྟར་བླ་མ་སངས་རྒྱས་རིན་ཆེན་ཀློག་གི་ཡོངས་འཛིན་དུ་བཞག་ཅིང་ཡུན་རིང་མ་འགོར་བར་ཀློག་ཚེགས་མེད་དུ་མཁྱེན། སྐྱབས་རྗེ་བླ་མ་ངག་དབང་ཡོན་ཏན་བཟང་པོའི་མདུན་ནས་དཔལ་རྒྱལ་བ་ཇོ་ནང་བའི་ལུགས་ཀྱི་སྔོན་འགྲོ་ནས་བཟུང༌། དབེན་གསུམ། སྦྱོར་བ་ཡན་ལག་དྲུག་པ་རྩ་རླུང་འཁྲུལ་འཁོར་དང་བཅས་པའི་དབང་ལུང་ཁྲིད་བཀའ་མན་ངག་དང་བཅས་མནོས། དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་ཚུལ་གྱི་སྡོམ་པ་གནང་ནས་མཚན་ལ་ངག་དབང་འཇིགས་མེད་ཕུན་ཚོགས་ཞེས་གསོལ། སླར་ཡང་སྐྱབས་རྗེ་བླ་མ་ལས་ཕུར་པ། འབྱུང་འདུལ། སྐྱེར་སྒང་རྟ་མགྲིན་སོགས་ཀྱི་སྒྲུབ་བསྙེན་ཤིན་ཏུ་དམ་མཚམས་སུ་ལོ་གསུམ་གྱི་རིང་ལ་བཞུགས། དེ་ནས་སྐྱབས་རྗེ་བླ་མ་སོགས་དགེ་འདུན་གྲངས་ཚང་བའི་དབུས་སུ་དགེ་སློང་གི་སྡོམ་པ་མནོས་ཤིང་བསླབ་པ་ཁག་ལ་ཉིད་ནས་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་གཅེས་སྤྲས་མཛད། རྡོའི་གཡུ་ཐོག་རྣམ་རྒྱལ་གྲྭ་ཚང་གི་ཆོས་རྗེའི་དབོན་སྤྲུལ་ཀརྨ་བསོད་ནམས་ལས་ཟབ་མོ་གཅོད་དང་ཉེ་ལམ་འཕོ་བ་དང་ཀར་ལུགས་ཀྱི་ཆོས་བཀའ་དུ་མ་ཞུས། སྙིགས་དུས་ཇོ་ནང་བསྟན་པའི་གཞི་ཤིང་མཁན་ཆེན་ངག་དབང་བློ་བཟང་ཕྲིན་ལས་ཀྱི་ཞལ་སྔ་ནས་ཟབ་ལམ་སྦྱོར་དྲུག་གི་དཀའ་གནད་སྐོར། ཀུན་མཁྱེན་ཆེན་མོའི་གསུངས་རི་ཆོས་ངེས་དོན་རྒྱ་མཚོ་དང་སྨོན་ལམ་རྒྱལ་བ་རྒྱ་མཚོའི་འབྲུ་འགྲེལ་གྱི་མན་ངག་ཆོས་བཀའ་མང་དུ་གསན། སླར་ཡང་སྐྱབས་རྗེ་བླ་མ་མཆོག་ལས་རི་ཆོས་ངེས་དོན་རྒྱ་མཚོའི་ཟབ་ཁྲིད། རིན་འབྱུང་བརྒྱའི་དབང་ཁྲིད། ངེས་དོན་དབུ་མ་གཞན་སྟོང་ཆེན་མོའི་དོན་ཁྲིད། གཉིས་མེད་རྒྱུད་རྒྱལ་དུས་ཀྱི་འཁོར་ལོའི་དབང་ཆེན་སོགས། མདོར་ན་དཔལ་རྒྱལ་བ་ཇོ་ནང་བའི་ཟབ་ཆོས་ཡོངས་རྫོགས་སྟེ་རྗེ་བླ་མ་མཆོག་ལ་དགེ་བའི་བཤེས་གཉེན་བཅུ་ཕྲག་དུ་མ་ལས་བརྒྱུད་པའི་གདམས་པ་ཡོངས་རྫོགས་བུམ་པ་གང་བྱོའི་ཚུལ་གྱིས་གནང༌། མཁན་རིན་པོ་ཆེ་སངས་རྒྱས་རིན་ཆེན་གྱི་མདུན་ནས་བསྡུས་གྲྭའི་སྤྱི་དོན་རིན་ཆེན་སྒྲོན་མེ་དང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་རྩ་བ་དང་ཊཱི་ཀ་ཡུམ་དོན་གསལ་བའི་མེ་ལོང་སོགས་ལ་བགྲང་བྱ་མི་ལོ་གཉིས་ཙམ་ལ་གསན་བསམ་ཁོ་ན་མཛད། ༡༩༩༨ལོའི་ཟླ་དགུ་པའི་ནང་ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་དུ་ཤིང་ཟ་པནྚི་ཏ་སྐལ་བཟང་ཁྲོ་རུ་མཁན་པོ་ཚེ་རྣམ་གུང་ཐང་བསྟན་པའི་དབང་ཕྱུག་བསེ་ཚང་བློ་བཟང་དཔལ་ལྡན་སོགས་གནས་ལྔ་རིག་པའི་པནྚི་ཏ་དུ་མ་ལས་ཕྱི་ནང་གི་གྲུབ་མཐའི་རྣམ་བཞག ནང་དོན་རིག་པའི་སྤྱི་བཤད། སུམ་རྟགས་དག་གསུམ། ལོ་རྒྱུས་དང་སྐར་རྩིས། སྙན་ངག་དང་རྒྱ་ཡིག་སོགས་ལ་ལོ་གསུམ་གྱི་རིང་དཀའ་བ་དང་དུ་བླངས། ངལ་བ་ཁྱད་དུ་བསད་ནས་ཐོས་པའི་སྒྲོ་འདོགས་བཅད་པོ་གཞོལ། མདོར་ན་སྔ་ཕྱིར་སྲས་མཁར་བླ་མ་འཇིགས་མེད་འོད་གསལ་བླ་མ་ཀུན་དགའ་ཐུགས་རྗེ་དཔལ་སྒང་བ་བླ་མ་ངག་བརྩོན། ལྕགས་ཁུང་བླ་མ་སེང་གེ ཀླ་རི་བླ་མ་པདྨ། ལྷ་རྩེ་བླ་མ་སྣང་གསལ་ཀླ་རི་རིགས་སྔགས་འཆང་བ་བསོད་ནམས་བསྟན་འཛིན། མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ་ལྷུན་གྲུབ་ཛ་འགོའི་བླ་མ་རྒྱལ་མཚན། སྨན་པ་བསྟན་ཁོ། དགེ་མཐོང་བླ་མ་ཆོས་སྟོབས། གཟན་དཀར་རིན་པོ་ཆེ་ཐུབ་བསྟན་ཉི་མ། སེ་ར་ཡང་སྤྲུལ། ཀ་ཐོག་བླ་མ་འོད་རབ། རིག་སྔགས་འཆང་བ་གྲོ་ཚང་སོགས་སྨན་རྩིས་དང་རྣམ་ཐར། གསུང་འབུམ་བཀླགས་ལུང་སོགས་མནོས་ནས་ཐུགས་རྒྱུད་རབ་ཏུ་གཏམས།བཞི་པ་ངོས་འཛིན་མཛད་པ་དང་རྟགས་མཚན་གྱི་སྐོར་ཉུང་བསྡུས། ཉིན་ཞིག་སྐུ་སྔོན་མའི་སྐུ་སྲས་ཟ་ཆོས་འཛོམས་ཚང་སར་ཕེབས་སྐབས་སྐུ་སྔོན་མའི་རྔ་དང་ཞལ་འདོན་སོགས་ངོས་འཛིན་བྱས། ཞལ་འདོན་ནང་གི་མི་འཁྲུགས་པའི་ཡི་གེ་དེ་ཁོང་ལ་གསང་ནས་མ་སྦྱིན། མི་འཁྲུགས་པའི་ཡི་གེ་འདི་སྐུ་སྔོན་མ་ལ་(ཁྱི་ལོ་མའི་བླ་མས་)གནང་ནི་ཡིན། དེ་ནས་ཁོང་ཕྱིར་འཛམ་ཐང་ལ་ཡོང་བའི་ལམ་ཁར་ཀ་ཐོག་ལ་ཐོན་དུས་ངས་ཞལ་འདོན་ཚང་གི་མི་འདུག་ཕྱིར་ལ་ལེན་འགྲོ་དགོས་གསུང་ངོ༌། །ཡང་ཡུལ་བའི་བསྟན་འཛིན་ཚང་བྱིས་པ་ཆུང་ཆུང་ལོ་བཞི་ལྔ་ཅན་ཞིག་བོར་ནས་ཁོང་ལ་ཞུས་ཚེ་ཁོང་གིས་ཡང་རྨི་ལམ་བརྟག་ནས་བྱིས་པ་ཤི་བོ་ཡིན་ཚུལ་དང་བེམ་པོ་ཡོད་སའི་ས་རྟགས་སོགས་མངོན་སུམ་དུ་མཐོང་བ་བཞིན་གསུངས་སོ། ། [文川] བུན་ཁྲན་ས་འགུལ་གྱི་སྐབས་སུ། ནུབ་མོ་ཁོང་གི་རྨི་ལྟས་མ་ལེགས་པའི་རྐྱེན་གྱིས་ས་འགུལ་ཡོང་ཉིན་ཞོགས་ཁ་སྔ་མོ་གོན་པ་དང་བཅའ་ལག་རེ་འགའ་བཟུང་ནས་སྒོ་ལ་ཡོང་སྐབས་སྒོ་སྲུང་གིས་གང་དུ་འགྲོ་ཟེར། ཁོང་གིས་དེ་རིང་ཁྱིམ་དུ་སྡོད་མི་ཉན་ཚུལ་བཤད་ཅིང་ཁོང་ཚོར་ཡིད་མ་ཆེས། དགོང་མོ་ས་འགུལ་རྗེས་ཕྱིར་ནང་ལ་འོང་སྐབས་སྒོ་སྲུང་གཟའ་མི་དང་དེ་མ་ཡིན་པའི་རྭ་སྐོར་ན་སྡོད་ཡོད་པའི་མི་མངས་གིས་ཁྱེད་ཀྱི་ངོ་མ་གོ་སོང་ཁྱེད་ཀྱི་ཇི་ལྟར་ཤེས་སོང་ད་ས་འགུལ་རྒྱུ་འེ་རེད་ཅེས་དངང་སྐྲག་གི་མཆུ་མ་འདོན་བཞིན་དྲིས་ཚེ་ངས་ཧ་གོ་རྒྱུ་མ་རེད་ཞེས་ལན་བཏབ། རྗེས་སུ་རྭ་སྐོར་ནང་གི་མི་རྣམས་ཀྱིས་ཀྱང་བོད་ཀྱི་སྤྲུལ་སྐུ་དེ་དངོས་ནས་ཡ་མཚན་རེད་ཅེས་གྲགས་སོ། ། ཡང་ཀ་ཐོག་ཚོ་བ་གཏད་དཀྲུགས་གིས་དབུ་བླ་ཁོང་གིས་མཛད་ནས་གཏད་དཀྲུགས་སྐབས།གཏད་དཀྲུགས་གི་ཀླུའི་དཀྱིལ་འཁོར་འོག་ཏུ་སྦལ་བ་དཀར་པོ་དང་དམར་ཁྲ་སེར་ཁྲ་གསུམ་ཉིན་གསུམ་གྱིས་རིང་ཡོད་པ་མཆོད་དཔོན་དང་བླ་སེར་ཀུན་གྱིས་མཐོང༌། དེ་ནི་ཀླུ་སྤྱན་དྲངས་པའི་རྟགས་ཡིན་ཚུལ་ཚེས་བཅུ་སྤྲུལ་བསོད་ནམས་བཟང་སོགས་ཀྱིས་གསུང༌། ཉིན་རྗེས་སུ་གནམ་ས་རུབ་པ་ལྟ་བའི་གནམ་ངོ་འཁྲུགས་ཤིང་གནམ་ལྕགས་ཐོག་མདའ་བརྒྱད་ཙམ་གྱིས་གཏད་དཀྲུགས་ནས་ལོན་ཡོད་པ་བཤད། དེའི་ལོ་འགའི་སྔོན་ལ་ཡང་ཀ་ཐོག་ཚོ་བར་ལད་པ་དགུ་བཅོས་ཀྱི་དབུ་བླ་བྱས་ནས་ཉིན་རྗེས་མའི་ཀླུ་བསང་སྐབས་སེར་དྲག་གིས་ལུང་ཆུ་རྣམས་ཆུ་ཆེན་དང་ཆུ་ཆེན་ལ་སྐྱ་རབ་ཆད་ཀྱང་ཀླུ་བསང་ལ་དྲག་ཆར་གང་གིས་ཀྱང་མི་ནོན་པར་རང་འབར་དུ་སོང་བའི་རྟགས་མཚན་བྱུང་ངོ༌། ། རྡོ་སྨད་དགུ་རོང་ཞེས་པའི་གྲོང་ཚོ་དེ་ལ་ཁོང་གིས་མ་ཎི་དང་ཟབ་ལམ་འཕོ་བའི་གདམ་པ་བསྩལ། སྐབས་དེར་དམེ་རྒྱལ་ཟེར་བའི་རྒན་པོ་དེ་ལ་ཟབ་ལམ་འཕོ་བ་ཐེབས་པས་ལུས་ལ་སྐྱིད་སྣང་དང་བདེ་ཉམས་རབ་ཏུ་རྒྱས་དེ་ཚེ་ལས་འདས། ཡང་ན་མདའི་ཁང་ཤོག་ཚང་གི་རྒན་མོ་ཞིག་ཚེ་འདས་ནས་ཁོང་གིས་འཕོ་བ་ཐེབས་པས་ཚེ་འདས་ཀྱི་སྐྲ་དེ་མདུན་གྱི་ཚེ་འབར་གྱི་རྩར་ལྷུང༌། དེ་འདྲ་མང་པོ་རེ་བཤད་རྒྱུ་ཡོད་ཅིང་ཉོག་འགྲོར་དོགས་ནས་འབྲི་མ་སྤོབས།ལྔ་པ་བསྟན་དོན་དུ་བྱ་བ་ལས་ཀྱི་འཁོར་ལོ་བསྐོར་བཞིན་བཞུགས་ཚུལ་ནི། སྐྱབས་རྗེ་བླ་མ་མཆོག་གི་བཀའ་ལུང་རྡོ་རྗེ་ཅོད་པན་སྤྱི་བོར་བླངས་ཏེ་གཙང་བའི་འདུ་ཁང་ཆེན་མོའི་ཤིང་བཟོའི་སྐོར་གྱི་ཞབས་འདེགས་འགན་ལོ་གཉིས་རིང་བཞེས་ཤིང་བཟོ་བཀོད་སྒྱུ་རྩལ་སྤུས་ཀ་དང་བཅས་ལེགས་འགྲུབ་བྱུང༌། སྐྱབས་རྗེ་བླ་མ་མཆོག་རེ་ཞིག་དགོངས་པ་ཆོས་སྐུའི་ཀློང་དུ་ཐིམ་རྗེས། འདས་རྗེས་ཀྱི་བྱ་བའི་དགེ་སྒྲུབ་དགོངས་རྫོགས་བསྔོ་སྨོན་རྒྱ་ཆེར་གནང༌། སླད་མར་ཡང་བླ་མ་རྡོ་རྗེ་འཆང་གི་འདས་ཁའི་ཞལ་ཆེམ་ལྟར་གཙང་བ་དགོན་གྱི་བསྟན་པའི་བྱ་གཞག་ལ་ཧུར་ལེན་གྱི་ཐུགས་ཁུར་དང་ལྷག་པར་ཡང་འདུ་ཁང་ཆེན་མོ་བསྐྱར་བཞེངས་ཀྱི་འགན་ཁྲི་ཕྲག་དུ་ཁུར། ༢༠༠༨ལོར་བྱིན་རླབས་དོན་བརྒྱུད་ཀྱི་རིམ་པ་ཞེ་བདུན་པ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་ཆེན་མོ་གསེར་ཁྲི་བརྒྱད་པ་མཆོག་སྤྲུལ་༧འཇིགས་མེད་རྡོ་རྗེ་མཆོག་གིས་གོས་དར་དཀར་པོ་དྲི་མ་མེད་པ་དང་མཎྜལ་རྒྱལ་སྲིད་རྣ་བདུན་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱིས་སྣ་དྲངས་ནས་གསེར་ཁྲི་དགུ་པ་གཏད་དེ་ཞལ་གསུངས་རྡོ་རྗེའི་མགུར་མ་སྤྱི་བོར་ལྷུང་དེ་ཞལ་ངོ་མ་ལྡོག་བཞིན་དུ་གསེར་ཁྲི་དགུ་པའི་བསྟན་སྲིད་ཀྱི་འགན་ཡོངས་རྫོགས་བཞེས་ནས་ཆོས་སྲིད་ཀྱི་དགེ་མཚན་བླ་ན་མེད་པ་བྱུང་སྟེ་ད་ལྟ་འཚོ་ཞིང་བཞུགས་པའོ། །སྨྲས་པ། རྨད་བྱུང་སྲིད་ཞིའི་དགེ་ལེགས་འབྱུང་བའི་གཞི། །ཐུབ་བསྟན་སྙིང་པོ་གསལ་བར་སྐྱོང་མཛད་པའི། །བསྟན་འཛིན་སྐྱེས་བུ་ཚོགས་ཀུན་གངས་རིའི་ཕྲེང༌། །ཕྱི་ནང་གསང་བའི་མཛད་རྒྱ་བསམ་མི་ཁྱབ། །ཅེས་གཙང་ཆེན་དགོན་པའི་གསེར་ཁྲི་རིམ་བྱོན་གྱི་རྣམ་པར་ཐར་བ་གསེར་རིའི་ཕྲེང་བ་འདི་ནི་བསེ་སྤྲུལ་ངག་དབང་འཇིགས་མེད་ཕུན་ཚོགས་མཆོག་གིས་བསྐུལ་བ་ལ་བརྟེན་ནས་གཡར་ཁྲལ་དུ་རྒྱལ་ཁམས་པ་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །