cover

གསུང་འབུམ་པོད་བཅུ་གཉིས་པ། འདུལ་སྔགས།

དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དཔེ་ཚོགས།

དགེ་བཤེས་དངོས་གྲུབ་དཔལ།

གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་རྩོམ་སྒྲིག་སྡེ་ཚན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ།

བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་རཏྣ་ཏྲ་ཡཱ་ཡ། དོན་གཉིས་མཐར་ཕྱིན་སྟོན་པ་རྫོགས་སངས་རྒྱས། །ལུང་རྟོགས་ཞི་བསིལ་དམ་ཆོས་རིན་པོ་ཆེ། །རིག་གྲོལ་མངའ་བདག་ཚོགས་ཀྱི་མཆོག་རྣམས་ལ། །བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་ཕྱག་འཚལ། །གང་ལ་བརྟེན་ན་འཁོར་བ་ལས་སྒྲོལ་ཏེ། །གཏན་བདེའི་གྲོང་ཁྱེར་གནས་ལ་འདྲེན་བྱེད་པའི། །ནམ་ཡང་མི་བསླུ་མཆོག་གསུམ་དབང་གི་རྒྱལ། །གཏན་བདེའི་གྲུ་ཆར་འབེབས་ལ་ཐེ་ཚོམ་བྲལ། །དེ་སླད་ཐར་འདོད་སྲིད་མཚོ་ལས་བརྒལ་ནས། །ཕན་བདེའི་ལམ་བཟང་འཇུག་ངོགས་རྟོགས་པའི་ཕྱིར། །གོང་མའི་གསུང་བཞིན་སྐྱབས་འགྲོའི་རྣམ་བཞག་གི །ལེགས་བཤད་གཏམ་གྱི་སྒྲོན་མེ་སྦར་བར་བྱ། །དེ་ལའང་རྒྱལ་སྲས་ཞི་བ་ལྷའི་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པར་ཤིན་ཏུ་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །ཞེས་དང༌། ས་བཟང་གི་བླང་དོར་རབ་གསལ་ལས། ཕྱག་དར་ཁྲོད་ན་ནོར་བུ་རྙེད་པ་ལྟར། །རྙེད་དཀའི་མི་ལུས་རིན་ཆེན་ཐོབ་དུས་འདིར། །གཏན་གྱི་བདེ་བ་ཐོབ་ཕྱིར་མ་འབད་ན། །ཕྱི་ནས་རྙེད་པར་དཀའ་བའང་མཁྱེན་པར་འཚལ། །འདུས་བྱས་མི་རྟག་རྟག་པར་འཛིན་པས་འཁྲུལ། །ངེས་པར་འཆི་ཞིང་འཆི་རྐྱེན་ཤིན་ཏུ་མང༌། །ནམ་འཆི་ངེས་མེད་མྱུར་བ་ཉིད་དུ་འཆི། །བྱུང་ཚེ་མི་བཟློག་དེ་ཕྱིར་དགེ་ལ་འབད། །ཅེས་གསུངས་པ་ལྟར་དལ་འབྱོར་གྱི་རྟེན་བཟང་འདི་ལྟ་བུ་ནི་རྒྱུ་དཔེ་ངོ་བོ་གང་གི་སྒོ་ནས་ལེགས་པར་བསམས་ཀྱང་རྙེད་པ་མི་སྲིད་པ་ལྟ་བུ་ཡིན་ལ། དེ་རྙེད་ན་དོན་ཤིན་ཏུ་ཆེ་སྟེ་དགོས་འདོད་འབྱུང་བའི་ཡིད་བཞིན་གྱི་ནོར་བུས་ཀྱང་ཚེ་འདིར་དབུལ་བ་སེལ་བ་ཙམ་མ་གཏོགས་ཚེ་ཕྱི་མར་ཕན་པ་ཅུང་ཟད་སྒྲུབ་མི་ནུས་ལ། རྟེན་བཟང་འདིའི་སྟེང་ནས་རང་གིས་འབད་བརྩོན་ཐུབ་ན་ཚེ་གཅིག་ལ་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་འགྲུབ་པ་སོགས་གཏན་གྱི་བདེ་བ་རྣམས་སྒྲུབ་ནུས་པ་ཡིན་ལ། རྙེད་དཀའ་དོན་ཆེ་བའི་མི་ལུས་ཀྱི་རྟེན་བཟང་ལན་གཅིག་བླ་མ་མཆོག་གསུམ་གྱི་ཐུགས་རྗེས་ཐོབ་པ་འདིའང་རླུང་དམར་ནང་གི་མར་མེ་བཞིན་འགལ་རྐྱེན་རུ་འཛིང་བས་ནམ་འཆི་ཆ་མེད་པ་ཡིན་ལ། དེས་ན་མྱུར་ཏུ་འཆི་ངེས་པས་མྱུར་ཏུ་གཏན་དུ་ཕན་པའི་དམ་ཆོས་ཞིག་བསྒྲུབས་ནས་སྙིང་པོ་ལེན་དགོས་ལ། ཚེ་འདིའི་ཟས་ནོར་ལོངས་སྤྱོད་མངའ་ཐང་སྙན་གྲགས་སོགས་ཅི་ཙམ་རྒྱས་ཀྱང་འཆི་བའི་ཚེ་རྨི་ལམ་གྱི་དགའ་སྟོན་ལྟར་དྲན་པའི་ཡུལ་དུ་བཞག་ནས་འགྲོ་བ་ལས་ཕན་པའི་སྙིང་པོ་ཅིའང་མེད་པ་དཔེར་ན་སྦུན་པ་ལོ་བརྒྱར་ཕྱར་ཡང་དེའི་ནང་ན་སྙིང་པོ་ལེན་རྒྱུ་འབྲུ་གཅིག་ཙམ་མེད་པ་བཞིན་ཡིན་ནོ། །འཆི་ཚེ་ཕན་པ་ངེས་པར་ཡོད་པ་ནི། སྤྱོད་འཇུག་ལས། བསྐལ་བ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་གསུངས་པ་ལྟར། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་དེས་རང་ཅག་གི་དོན་དུ་དང་པོར་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་སྐུ་བཞིའི་གོ་འཕང་མངོན་དུ་མཛད་དེ་མ་བུ་གཅིག་པ་ལྟ་བུའི་བརྩེ་བ་ཆེན་པོའི་སྒོ་ནས་སྟོན་པར་མཛད་པའི་བསྟན་པ་ནི་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འདི་གཉིས་མ་གཏོགས་གཞན་མེད་པས་དེ་ལ་ངེས་པར་འཇུག་དགོས། དེར་འཇུག་ཚུལ་ཡང་རང་གིས་གང་འདོད་བྱས་པས་མི་ཆོག་པར་ཆོས་ཀྱི་གོ་རིམ་མ་ནོར་བ་དགོས་ལ། དེ་ལའང་དང་པོ་འཇུག་སྒོ་མ་ནོར་བ་ཞིག་ནས་ཚུལ་བཞིན་དུ་འཇུག་དགོས། དེའང་བསྟན་པ་སྤྱིའི་འཇུག་པའི་སྒོ་སྐྱབས་འགྲོ ཐེག་ཆེན་ཐུན་མོང་གི་འཇུག་སྒོ་བྱང་ཆུབ་ཀྱི་སེམས་བསྐྱེད། སྔགས་ཀྱི་ཐུན་མོང་མ་ཡིན་པའི་འཇུག་སྒོ་དབང་ལེགས་པར་ཐོབ་པ་ཡིན་པར་གསུངས་པས། ཐོག་མར་རྒྱལ་བསྟན་ལ་འཇུག་པའི་སྒོ་གཅིག་པུ་གྱུར་པ་ཕན་བདེ་ལེགས་ཚོགས་མ་ལུས་པའི་འབྱུང་གནས་སྐྱབས་འགྲོ་རྣམ་པར་དག་པའི་རྨང་གཞི་བརྟན་པོ་ཞིག་གལ་ཆེ་བས་དེ་ལྟར་བྱེད་དགོས་སོ། །

དེས་ན་འདིར་སྐྱབས་འགྲོ་བཤད་པ་ལ། སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན་དང༌། སྐྱབས་འགྲོ་དངོས་བཤད་པ་དང་གཉིས།

དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན།

དང་པོ་སྐྱབས་སུ་འགྲོ་དགོས་པའི་རྒྱུ་མཚན།

དང་པོ་ནི། རང་ཅག་རྣམས་འཁོར་བའི་གནས་འདིར་སྐྱེ་བ་སྔ་ཕྱི་བར་དོ་ཐམས་ཅད་དུ་འཇིགས་པའི་རྣམ་གྲངས་དཔག་ཏུ་མེད་པ་ཞིག་ཡོད་ལ། འཇིགས་པ་རང་སྟོབས་ཀྱིས་ཟློག་མི་ནུས་པས་ན། དེ་ལས་སྐྱོབ་པའི་སྐྱབས་ཞིག་ངེས་པར་འཚོལ་དགོས། དེ་ཡང་འཇིག་རྟེན་འདིའི་ཕ་མ་ལ་སོགས་པའི་ཉེ་དུ་དང༌། ཡར་གྱི་དཔོན། མར་གྱི་གཡོག ཐད་ཀར་རང་དང་མཉམ་པའི་གྲོགས་པོ་སོགས་སུ་ལའང་སྐྱོབ་པའི་ནུས་པ་མི་འདུག་སྟེ། ཇི་སྐད་དུ། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང༌། །སྲོག་འཆད་པ་ཡི་ཚོར་བ་ནི། །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་པ་བཞིན་དེ་དག་གིས་ཤི་བ་ཕན་ཆད་མཐོང་ཐོས་ཙམ་ཡང་མེད་ན། ཕན་ཐོགས་པ་ག་ལ་ཡོད། ཚེ་འདིར་ཡང་སྐྱོབ་ནུས་པ་ཙམ་མེད་པར་མ་ཟད་གནོད་ཚབ་ཆེན་པོ་ཁོ་ན་ཡིན། དེར་མ་ཟད་ཁྱབ་འཇུག་དབང་ཕྱུག་ལ་སོགས་པ་ལྷ་དབང་མཐུ་བོ་ཆེ་གྲགས་པ་རྣམས་དང༌། འཁོར་ལོས་བསྒྱུར་རྒྱལ་ལ་སོགས་པ་མི་རྫུ་འཕྲུལ་ཆེ་བ་རྣམས་ཀྱིས་ཀྱང༌། ཚེ་འདིའི་གནོད་པ་ཅུང་ཟད་ལས་སྐྱོབ་ནུས་པ་སྲིད་མོད། མི་སྐྱོབ་པ་ཆེས་མང་ཞིང༌། སྒོས་སུ་རང་ཉིད་འཁོར་བའི་སྡུག་བསྔལ་གྱི་མནར་བཞིན་དུ་གཞན་འཁོར་བ་ལས་འདྲེན་པའི་ནུས་པ་ནམ་ཡང་མེད་དེ། དེ་རྣམས་ཁོ་རང་འཁོར་བར་འཁྱམས། ཉོན་མོངས་ཀྱིས་སེམས་དཀྲུག་པས་རང་དབང་མ་ཐོབ་པའི་ཕྱིར་རོ། །དེས་ན་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱིས་འདི་ཕྱི་བར་དོ་གསུམ་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་ནུས། དཀོན་མཆོག་གསུམ་མ་གཏོགས་གཞན་སུས་ཀྱང་འཁོར་བའི་སྡུག་བསྔལ་ལས་སྐྱོབ་ནུས་པ་མེད་པས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ། །གཞན་ཡང་མ་རྒན་སེམས་ཅན་དེ་དག་ཐམས་ཅད་དུས་ཐོག་མ་མེད་པ་ཞིག་ནས་ད་ལྟའི་བར་དུ་སྤྱིར་འཁོར་བ་དང༌། བྱེ་བྲག་ཏུ་ངན་སོང་གི་གནས་སྡོད་གནས་སུ་བྱས་ཏེ་དུས་རིང་ལ་སྡུག་བསྔལ་ཤུགས་དྲག་པ་བསམ་ཡུལ་ལས་འདས་པ་ཞིག་མྱངས་དང་མྱོང་བཞིན་པ་ཡིན་ལ། སླད་ནས་ཀྱང་གཉེན་པོས་བཙན་ཆོད་ཅིག་མ་བྱུང་ན། སྡུག་བསྔལ་གྱི་གཏིང་མཐར་ཐོན་པ་ཞིག་མི་སྲིད་པ་ཡིན། ད་རེས་ཆོས་སྒྲུབ་པའི་རྟེན་འབྲེལ་ ཕུན་སུམ་ཚོགས་པའི་དུས་འདིར་རང་གིས་རང་མ་བསླུས་པ་བྱས་ཏེ། འཁོར་བའི་སྡུག་བསྔལ་ཐམས་ཅད་སྤངས་པའི་ཐར་བ་མཆོག་བླ་མ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་མ་བྱས་ན། ད་འདི་ནས་རྡོག་སྣ་ཞིག་འགྲེད་དེ་སླར་ངན་སོང་གི་གཏིང་དུ་ལྷུང་ཕྱིན་ཆད་དེ་ནས་ཐར་བ་དང་ཐམས་ཅད་མཁྱེན་པ་མི་ཐོབ་པ་མ་ཟད་བདེ་འགྲོའི་སྒྲ་ཙམ་ཡང་བསྐལ་བ་མུ་མཐའ་ཡས་པར་ཐོས་དཀའ་བའི་སྡུག་བསྔལ་གྱི་གཡང་ས་བརྒྱུད་མར་ལྟུང་བར་ངེས་སོ། །རང་ཅག་རྣམས་ཀྱིས་དགེ་བ་བྱས་པ་ཤུགས་ཆུང་ལ། སྡིག་པ་བྱས་པ་ཤུགས་ཆེ་བ་ཡན་ལག་མ་ཚང་བ་མེད་པ་དང༌། གྲངས་ཀྱང་ཤིན་ཏུ་མང་བ་ཡིན་པས། རྒྱུ་དེ་དག་ལ་གཞིག་ན་ཕྱི་མའི་འགྲོ་ས་ངན་སོང་ལས་མ་འདས་པ་ཡིན་ཏེ། འཕགས་པ་ལྷས། ཇི་སྐད་དུ། ཕལ་མོ་ཆེར་ན་མི་རྣམས་ནི། །དམ་པ་མ་ཡིན་ཕྱོགས་ཡོངས་འཛིན། །དེས་ན་སོ་སོ་སྐྱེ་བོ་རྣམས། །ཕལ་ཆེར་ངེས་པར་ངན་འགྲོར་འགྲོ །ཞེས་གསུངས་པ་ལྟར་རོ། །ངན་སོང་དུ་སོང་ཟིན་པ་དེའི་ཚེ་སངས་རྒྱས་བྱང་སེམས་རྣམས་ཀྱི་ཐུགས་བརྩེ་བས་གཟིགས་ཀྱང་རང་གི་ལས་བསྒྲིབས་ཀྱི་དབང་གིས་སྐྱོབ་ཐབས་དང་བྲལ་བ་ཡིན་པའོ། །དེས་ན་ད་ལྟ་བདེ་འགྲོ་ངན་འགྲོ་གཉིས་ཀྱི་ས་མཚམས། ཁེ་ཉེན་སྐྱིད་སྡུག་ཀུན་གྱི་འདམ་ཁ་རང་གི་ལག་ན་ཡོད་པའི་སྐབས་འདིར་བློ་བདེ་བའི་གདེང་ཐོབ་པ་ཞིག་བྱེད་དགོས། དེའང་རང་སྟོབས་ཀྱིས་མི་ནུས་པས་ལྷ་དཀོན་མཆོག་གསུམ་གྱི་ཞབས་ལ་འཇུས་ནས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་ཁྱེད་མཁྱེན་སྙམ་དུ་བློ་འགེལ་ཏེ་སྐྱབས་སུ་འགྲོ་དགོས་སོ། །

གཉིས་པ་སྐྱབས་འགྲོ་དངོས་བཤད་པ།

གཉིས་པ་སྐྱབས་འགྲོ་དངོས་བཤད་པ་ནི།

ཇི་སྐད་དུ། རྒྱུ་དང་ཡུལ་དང་ངོ་བོ་དང༌། བསླབ་བྱ་དང་ནི་ཕན་ཡོན་ནོ། །ཞེས་པ་ལྟར་སྐྱབས་འགྲོའི་རྒྱུ་བཤད་པ། ཡུལ་བཤད་པ། ངོ་བོ་བཤད་པ། བསླབ་བྱ་བཤད་པ། ཕན་ཡོན་བཤད་པ་དང་ལྔ། དང་པོ་སྐྱབས་འགྲོའི་རྒྱུ་བཤད་པ་ནི། མདོ་ལས། སྐྱབས་དེ་ལ་ནི་བརྟེན་ནས་ཀྱང༌། །སྡུག་བསྔལ་ཀུན་ལས་གྲོལ་བར་འགྱུར། །ཞེས་དང༌། ཇི་སྐད་དུ། སྐྱབས་འགྲོའི་ངོ་བོ་ཨི་ཐི་བ། །བདག་ཉིད་ལྷག་པར་འཇིགས་པ་དང༌། །དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ལས་བྱུང་བའི་སྐྱབས་འགྲོ་ལ། །ཐམས་ཅད་མཁྱེན་པ་ཁྱོད་ཉིད་བཞེད། །ཅེས་གསུངས་པ་ལྟར་སྐྱབས་འགྲོའི་རྒྱུ་ནི། རང་ངན་སོང་སོགས་ཀྱི་སྡུག་བསྔལ་ལ་འཇིགས་པ་དང༌། འཇིགས་པ་དེ་ལས་སྐྱོབ་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པ་གཉིས་ནི་སྐྱབས་འགྲོའི་རྒྱུ་ཡིན་ཏེ། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། སྡུག་བསྔལ་གྱིས་འཇིགས་པ་དང༌། དཀོན་མཆོག་གི་ཡོན་ཏན་ལ་དད་སོགས་ཅི་རིགས་པ། ཞེས་གསུངས་སོ། །སྤྱིར་སྐྱབས་སུ་འགྲོ་བ་ཞེས་བྱ་བ་སྐྱབས་ཞུ་བ་ལ་ཟེར། སྐྱབས་སུ་སོང་ཞེས་འདས་པའི་སྒྲ་བྱུང་ན་སྐྱབས་ཞུས་གྲུབ་པའི་དོན་ཡིན། དེ་ཡང་རང་ལ་འཇིགས་སྐྲག་གང་ཡང་མེད་ཅིང་རང་དབང་ཐོབ་པར་ཡོད་ན་སུ་ལའང་སྐྱབས་འཚོལ་མི་དགོས་པས། གང་སྐྱབས་འཚོལ་བ་དེ་ ནི་འཇིགས་པ་ཡོད་ཅིང༌། དེ་ལས་སྐྱོབ་པའི་སྐྱབས་དོན་དུ་གཉེར་བ་ཡིན་པས། སྐྱབས་སུ་འགྲོ་རྒྱུ་འཇིགས་པས་ཉེན་པ་ཡིན་པར་འཇམ་མགོན་ཏཱ་ར་ནཱ་ཐས་གསུངས་སོ། །གཉིས་པ་སྐྱབས་ཡུལ་བཤད་པ་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་དང༌། ས་བཟང་་གི་ཀུན་བཏུས་འགྲེལ་བ་ལས། ཡུལ་ནི་དཀོན་མཆོག་གསུམ་ཡིན་ལ། ཞེས་པ་ལྟར་སྐྱབས་ཡུལ་དཀོན་མཆོག་གསུམ་ཡིན་ལ། དེའང་རང་ཅག་ཐར་བའི་བྱང་ཆུབ་འཚོལ་བ་ལ་སྟོན་པ་སངས་རྒྱས་སམ་བླ་མ་ལ་སྟོན་པ་ཞུ་སྟེ་བླང་དོར་གྱི་གནས་མི་ཤེས་པ་སྟོན་མཁན་དུ་ཞུ་བ་དང༌། དེའི་བསྟན་པའི་ཆོས་ནི་སྐྱབས་སུ་དངོས་སུ་བསྟེན་དགོས་ཏེ། སངས་རྒྱས་ཀྱིས་འགོག་ལམ་བསྟན་པ་དེ་ཀ་ཆོས་ཡིན་པས། ཆོས་ཀྱི་ནང་ནས་བླང་དོར་བསྟན་པ་བཞིན་དུ་ལག་ལེན་དུ་བཏབ་པས་འཇིགས་པ་ཀུན་ལས་ཐར་ནས་བདེ་བ་མ་ལུས་པ་ཐོབ་པའི་ཕྱིར་རོ། །དེ་སྒྲུབ་པའི་གྲོགས་དགེ་འདུན་རྣམས་ལ་སྐྱབས་སུ་འགྲོ་དགོས་ཏེ། དཔེར་ན་རྒྱུས་མེད་ཀྱི་ལམ་དུ་འགྲོ་བ་ལ་ལམ་སྣ་བ་འཚོལ་དགོས་པ་ལྟ་བུ་ཡིན་པར་རྗེ་སྒྲོལ་མགོན་ཞབས་ཀྱིས་གསུངས་སོ། །དེ་ཡང་དཔེར་ན་ནད་གསོ་བ་ལ་སྨན་དང་སྨན་པ་ནད་གཡོག་གསུམ་གང་རུང་རེ་ཡོད་པས་མི་ཆོག་པར་གསུམ་ག་ཚང་དགོས་པ་ལྟར། ཉོན་མོངས་པའི་ནད་ཞི་བའི་ཐར་བའི་གོ་འཕང་འཐོབ་པ་ལ། ཐབས་སྟོན་པའི་སངས་རྒྱས། ཐབས་དངོས་དམ་པའི་ཆོས། དེ་སྒྲུབ་པའི་གྲོགས་དགེ་འདུན་གསུམ་ག་ཚང་དགོས་སོ། །སྐྱབས་གསུམ་སོ་སོའི་ངོ་བོ་ནི། དོན་གཉིས་མཐར་ཕྱིན་པའི་སྐྱབས་གནས་མཐར་ཐུག་དེ། སངས་རྒྱས་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། བསྟན་བཅོས་རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་པ་ལྟར་རྒྱུ་རྐྱེན་གྱིས་མ་བསྐྱེད་པས་འདུས་མ་བྱས་ཤིང༌། འགྱུར་བ་མེད་པའི་ཡོན་ཏན་དང་འབད་རྩོལ་མེད་པས་ལྷུན་གྱིས་གྲུབ་པའི་ཡོན་ཏན་དང༌། རང་གི་རིག་པས་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་ཡོན་ཏན་དང༌། དེ་གསུམ་དང་ལྡན་པ་མཁྱེན་པའི་ཡོན་ཏན་དང༌། གཞན་ཡང་དེ་ལ་འགོད་པས་ཐུགས་བརྩེ་བའི་ཡོན་ཏན་དང༌། གཞན་གྱི་སྡུག་བསྔལ་རྒྱུ་འབྲས་སྤོང་བས་ནུས་པར་ལྡན་པའི་ཡོན་ཏན་དེ་ལྡོག་པའི་ཕྱེ་ན་སྔ་མ་གསུམ་རང་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་དང༌། ཕྱི་མ་གསུམ་གཞན་དོན་ཕུན་སུམ་ཚོགས་པའི་ཡོན་ཏན་གཉིས་ཏེ་ཐམས་ཅད་བསྡུ་ན་ཡོན་ཏན་བརྒྱད་དང་ལྡན་པའི་སངས་རྒྱས་ཉིད་དོ། །འགོག་ལམ་གྱིས་བསྡུས་པའི་རྣམ་བྱང་བདེན་པ། ཆོས་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ།།བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་ཐ་སྙད་པའི་ཤེས་པས་ཇི་ལྟ་བ་བཞིན་བསམ་དུ་མེད་པའི་ཡོན་ཏན་དང༌། ལས་དང་ཉོན་མོངས་པ་གཉིས་སུ་མེད་པའི་ཡོན་ཏན་དང༌། དེ་དག་གི་རྒྱུ་ཚུལ་བཞིན་མ་ཡིན་པའི་རྣམ་པར་རྟོག་པ་མེད་པའི་ཡོན་ཏན་དང༌། ཉོན་མོངས་པའི་དྲི་མ་རྣམ་པར་དག་པའི་ཡོན་ཏན་དང༌། ཡེ་ཤེས་ཀྱི་སྣང་བ་གསལ་བའི་ཡོན་ཏན་དང༌། དུག་གསུམ་གྱི་མུན་པ་འཇོམས་པ་གཉེན་པོའི་ཕྱོགས་ཀྱི་ཡོན་ཏན་ཏེ་ལྡོག་པའི་ཕྱེ་ན་སྔ་མ་གསུམ་འབྲས་བུ་གང་ཞིག་འདོད་ཆགས་བྲལ་བ་འགོག་པའི་བདེན་པ་དང༌། ཕྱི་མ་གསུམ་རྒྱུ་གང་གིས་འདོད་ཆགས་དང་བྲལ་བར་བྱེད་པ་ལམ་གྱི་བདེན་པ་སྟེ་རྣམ་པར་བྱང་བའི་བདེན་པ་གཉིས་ཀྱི་མཚན་ཉིད་ཅན་དང་བཅས་པའི་ཡོན་ཏན་བརྒྱད་དང་ལྡན་པ་དེ་ནི་དམ་པའི་ཆོས་སོ། །རིག་གྲོལ་གྱི་ཡོན་ཏན་གཉིས་དང་ལྡན་པའི་འཕགས་པ། དགེ་འདུན་དཀོན་མཆོག་གི་མཚན་ཉིད། དེ་འདྲའི་ཐེག་ཆེན་འཕགས་པ། ཐེག་ཆེན་དགེ་འདུན་དཀོན་མཆོག་གི་མཚན་ཉིད་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་ཆོས་ཉིད་སྤྲོས་པ་ཞི་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟོགས་པའི་སྒོ་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། ཆོས་ཅན་སེམས་ཅན་ཐམས་ཅད་ལ་ཆོས་ཉིད་རྫོགས་པའི་སངས་རྒྱས་ཀྱི་ཆོས་སྐུ་ཁྱབ་པར་རྗེས་སུ་ཞུགས་པར་གཟིགས་པའི་སྒོ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཏེ། དེ་དག་ཀྱང་རིམ་པ་ལྟར་ཡུལ་ལ་ཆགས་པ་དང་ཐོགས་པའི་སྒྲིབ་པ་མེད་པའི་བློ་ལྡན་བྱང་ཆུབ་སེམས་དཔའ་རྫོགས་པའི་བྱང་ཆུབ་ཆེན་པོ་ལས་ཕྱིར་མི་ལྡོག་པའི་ཚོགས་དགེ་འདུན་དཀོན་མཆོག་རྣམས་ཉན་རང་ལས་མཆོག་ཏུ་གྱུར་པས་བླ་ན་མེད་པའི་ཡེ་ཤེས་ཀྱི་ཡོན་ཏན་དང་ལྡན་པ་ཉིད་དོ། །རྒྱུད་བླའི་དངོས་བསྟན་ནི་ཐེག་པ་ཆེན་པོའི་མཆོག་གསུམ་ཡིན་ནོ། །རྒྱས་པར་རྒྱུད་བླ་རྩ་འགྲེལ་ལས་ཤེས་པར་བྱའོ། །མདོ་ལས། མདུན་དུ་བཞག་པའི་སངས་རྒྱས་ཞེས་སོགས་གསུངས་པའི་མདུན་བཞག་གི་སངས་རྒྱས་ནི། སྐུ་གཟུགས་དང་མཆོད་རྟེན་ལྟ་བུ། མདུན་བཞག་གི་ཆོས་ནི་བཀའི་གླེགས་བམ་དང༌། སྔགས་ཀྱི་ཡི་གེའི་གཟུགས་སོགས་དང༌། མདུན་བཞག་གི་དགེ་འདུན་ནི་སོ་སོ་སྐྱེ་བོའི་དགེ་འདུན་ཚུལ་ཁྲིམས་དང་ལྡན་པ་རྣམས་ཡིན་ནོ། །སྐུ་གཟུགས་གླེགས་བམ་ལ་སོགས་པ་ནི་གུས་པ་བྱེད་དགོས་པར་གྲུབ་མོད་ཀྱང༌། སེམས་མེད་བེམ་པོའི་བཀོད་པ་ཙམ་ཡིན་པས་སྐྱབས་ཡུལ་གྱི་ཁོངས་སུ་མི་བསྡུ་སྙམ་ན། གྲུབ་མཐའ་རྣམ་པར་འཇོག་པའི་སྐབས་སུ་སྐྱབས་དངོས་ཡིན་མིན་སོགས་ཤེས་དགོས་མོད། ཉམས་ལེན་གྱི་སྐབས་འདིར་མོས་གུས་ཀྱི་སྒོ་ནས་དམིགས་ཡུལ་དུ་བྱེད་པ་ཉིད་གཙོ་ཆེ་བས། མདུན་བཞག་གི་དཀོན་མཆོག་གསུམ་དཀོན་མཆོག་དངོས་ཡིན་པར་མོས་ཏེ་སྐྱབས་སུ་འགྲོ་དགོས་བའི་ཕྱིར་རོ། །བེམ་ཆོས་དང་སོ་སོ་སྐྱེ་བོ་ལ་སྐྱབས་འགྲོ་བྱས་པར་མི་འགྲོའོ། །

གསུམ་པ་སྐྱབས་འགྲོའི་ངོ་བོ་དངོས།

གསུམ་པ་སྐྱབས་འགྲོའི་ངོ་བོ་དངོས།

གསུམ་པ་སྐྱབས་འགྲོའི་ངོ་བོ་ལ་དངོས་དང༌། སྐྱབས་སུ་འགྲོ་བའི་ལག་ལེན་བྱེད་ཚུལ་དང་གཉིས། དང་པོ་ནི། རང་ངམ་གཞན་འཇིགས་པ་ཅི་རིགས་ལས་སྒྲོལ་བའི་དཔུང་གཉེན་དུ་མཆོག་གསུམ་གང་རུང་འཛིན་པའི་ཁྱད་པར་བཞི་ལྡན་གྱི་བློ་དེ། སྐྱབས་འགྲོའི་མཚན་ཉིད་ཡིན་ཏེ། ཕར་ཕྱིན་སྣང་བའི་རྒྱན་ལས། རང་གཞན་ཅི་རིགས་སྡུག་བསྔལ་ཕྲ་རགས་ཅི་རིགས་ཀྱི་འཇིགས་པ་ལས་སྐྱོབས་པའི་ནུས་པ་དཀོན་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པའི་དད་པ་ལས་བྱུང་ཞིང་དེ་གསུམ་གྱི་ཁྱད་པར་ཡང་ཤེས་ནས་མཐའ་གཅིག་ཏུ་མཆོག་གསུམ་གང་རུང་ལ་འཇིགས་པ་ཅི་རིགས་ལས་སྐྱོབ་པའི་དཔུང་གཉེན་དུ་འཛིན་པའི་ཤེས་རབ་གཙོ་འཁོར་ཅི་རིགས་ཀྱིས་བསྡུས་པ་དེ་སྐྱབས་འགྲོའི་མཚན་ཉིད། ཅེས་དང༌། ས་བཟང་གི་ཀུན་བཏུས་ཀྱི་འགྲེལ་བ་ལས། ངོ་བོ་ནི། ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་དང༌། ཁས་བླངས་པ་དང༌། གཞན་དུ་མི་སྨྲ་བའི་ཁྱད་པར་བཞི་དང་ལྡན་པས་ཡུལ་དམ་པ་ལ་བརྟེན་པར་ཁས་ལེན་ཞིང་བློ་གཏོད་པའོ། །ཞེས་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་ལས། ཐེག་པ་སྤྱིའི་ལུགས་ལ། མཚན་ཉིད་ནི། རང་རང་གི་སེམས་ཀྱིས་དམིགས་པའི་འཇིགས་པ་སྤང་བའི་ཕྱིར་དུ་མཆོག་གསུམ་ལ་བརྟེན་པར་ཁས་ལེན་པའི་རིག་བྱེད་དོ། །ཞེས་གསུངས་ལ། ཐེག་ཆེན་སྐྱབས་འགྲོའི་མཚན་ཉིད་ནི། དེ་ལས། ཐེག་ཆེན་སྐྱབས་འགྲོའི་མཚན་ཉིད། སེམས་ཅན་སྡུག་བསྔལ་ལས་སྒྲོལ་བར་བཞེད་པའི་སྙིང་རྗེས་བསླངས་ནས་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པས་དཀོན་མཆོག་ལ་སྐྱབས་སུ་ཁས་ལེན་པའི་སེམས་སམ་ངག་གི་རིག་བྱེད་གང་རུང་ངོ༌། །ཞེས་གསུངས་སོ། །དེ་ཡང་སྐྱབས་སུ་སོང་བའི་ཚད་ནི། ལྷན་ཐབས་འོད་བརྒྱ་འབར་བ་ལས། སྐྱབས་སུ་སོང་བའི་ཚད་ནི། ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། སྐྱབས་གནས་གཞན་མ་འཚོལ་བ་སྟེ་ཁྱད་ཆོས་བཞི་ཚང་ན། སྐྱབས་འགྲོ་རྣམ་དག་ཏུ་འགྱུར་བའོ། །དེ་ལ་ཡོན་ཏན་ཤེས་པ་ནི། དཀོན་མཆོག་གསུམ་པོ་ཉིད་ཀྱི་ཡོན་ཏན་རགས་པ་རྣམས་ཤེས་པ་སྟེ། དཀོན་མཆོག་རྗེས་དྲན་གྱི་མདོ་ལྟ་བུའམ། རྒྱན་རྣམ་གཉིས་སོགས་གཞུང་རྣམས་ལས་བཤད་པ་ཇི་ལྟར་རིགས་པ་གོ་ཞིང་ཡིད་ཆེས་པའོ། །ཁྱད་པར་ཤེས་པ་ནི། སྤྱིར་སངས་རྒྱས་ལ་སྐྱབས་སུ་སོང་བས། གཞན་གཉིས་ཞོར་ལ་འབྱུང་བ་སོགས་གསུམ་པོ་ཕན་ཚུན་ནམ་ཡང་འབྲལ་བ་མེད་པའི་ཕྱིར། སྐྱབས་གཅིག་ཁོ་ནས་ཆོག་པ་ལྟར་འདུག་ཀྱང༌། ཇི་སྐད་དུ། ཐེག་པ་གསུམ་དང་བྱེད་གསུམ་ལ། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པ་ལྟར་དགོས་པ་ལ་བལྟོས་ནས་གསུམ་དུ་གྲངས་ངེས་བྱེད་པ་དང༌། གནས་སྐབས་གཙོ་ཆེ་བའི་དབང་དུ་བྱས་ནས། སྐྱབས་གནས་གསུམ་པོ་ཉིད་ཀྱི་སོ་སོའི་ཁྱད་པར་དང༌། དགོས་པ་དང༌། སྐྱོབ་ཚུལ་རྣམས་ཤེས་པ་དང༌། སྟོན་པ་གཞན་ལས་སངས་རྒྱས་ལྷག་ཚུལ་དང༌། ལམ་ལོག་པ་ལས་དམ་པའི་ཆོས་ཆེས་ཁྱད་པར་དུ་འཕགས་ཚུལ་དང༌། མུ་སྟེགས་བྱེད་ཀྱི་ཚོགས་པ་སོགས་ལས་དགེ་འདུན་ཆེས་ཁྱད་པར་དུ་འཕགས་ཚུལ་རྣམས་ལེགས་པར་ཤེས་ཤིང་ཡིད་ཆེས་རྙེད་པའོ། །ཁས་ལེན་པ་ནི། ཡོན་ཏན་ཤེས་པའི་རྒྱུ་མཚན་གྱིས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བར་དམ་བཅས་པའོ། །སྐྱབས་གཞན་མི་འཚོལ་བ་ནི། ཁྱད་པར་ཤེས་པ་ལ་བརྟེན་ནས། དཀོན་མཆོག་གསུམ་ལས་གཞན་གཅིག་ཡིན་ན་ཆེ་བ་ཆེ་བར་གྲགས་པ་གང་ལའང་ཡིད་མི་བརྟོན་ན། འདྲེ་གདོན་སོགས་ལ་སྐྱབས་སུ་འགྲོ་བ་ལྟ་ག་ལ་ཞིག སྐྱབས་གནས་གཞན་མི་འཚོལ་པ་འདི་མེད་ན། དཀོན་མཆོག་གསུམ་གྱི་ཡོན་ཏན་མཐོང་བས་སྐྱབས་སུ་ཁས་བླངས་པ་ཙམ་གྱིས་སྐྱབས་འགྲོ་རྣམ་དག་ཏུ་མི་འགྱུར་ཏེ། བློ་རྩེ་གཉིས་དང་མ་བྲལ་བའི་ཕྱིར་རོ། །ཡོན་ཏན་ཤེས་པ་དང༌། ཁྱད་པར་ཤེས་པ་མེད་ན་ནི། ཁས་བླངས་པ་དང་སྐྱབས་གཞན་མི་འཚོལ་བ་ཙམ་ཡོད་དུ་ཆུག་ཀྱང༌། བླུན་དད་ཁོ་ནས་ཞུགས་པ་ཙམ་ཡིན་པས་ལམ་དུ་འགྱུར་བ་ཤིན་ཏུ་དཀའོ། །དེས་ན་ཁྱད་པར་བཞི་ཅར་ཚང་བ་དགོས་སོ། །ཞེས་གསུངས་པ་ལྟར་ཡིན་པའོ། །ཐེག་པ་ཆེ་ཆུང་གི་སྐྱབས་འགྲོའི་ཁྱད་པར་ནི། ཐུན་མོང་བ་ཐེག་དམན་པའི་ལུགས་ ལ་དུས་ཇི་སྲིད་འཚོའི་བར་དང༌། ཁྱད་པར་ཅན་ཐེག་ཆེན་གྱི་ལུགས་ལ་ཇི་སྲིད་བྱང་ཆུབ་སྙིང་པོའི་བར་རོ། །བསམ་པའི་ཁྱད་པར་ཡང༌། ཐེག་དམན་ནི་གཙོ་བོར་རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་འདོད་ཙམ་དང༌། ཐེག་ཆེན་ནི་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་སྐྱོབ་པའི་ཕྱིར་རོ། །སྨོན་ལམ་གྱི་ཁྱད་པར་ཡང༌། སོ་སོའི་བྱང་ཆུབ་ཏུ་སྨོན་ལམ་འདེབས་པའོ། །སྐྱབས་ཡུལ་དང༌། ཆོ་ག་དང་བྱེད་ལས་སོགས་རྒྱ་ཆེ་ཆུང་གི་ཁྱད་པར་ཙམ་ཡོད་ཀྱང༌། གོང་མའི་ནང་དུ་འོག་མ་འདུ་བའི་ཕྱིར་འགལ་བ་མ་ཡིན་ནོ། ཁྱད་པར་གསང་སྔགས་ཀྱི་སྐབས་སུ། དུས་ཀྱི་ཁྱད་པར་མཐའ་མེད་པ་དང་བསམ་པའི་ཁྱད་པར་སེམས་ཅན་རྣམས་མྱུར་དུ་སྐྱོབ་པར་འདོད་པ་དང༌། སྨོན་ལམ་གྱི་ཁྱད་པར་ལམ་འཇུག་པ་བདེ་བས་འབྲས་བུ་ལྷན་སྐྱེས་ཀྱི་སྐུ་ཐོབ་པར་འདོད་པ་རྣམས། ལྷག་པོར་བསྣན་ནས་དོན་འགྲུབ་པ་ཡིན་པར་རྗེ་སྒྲོལ་མགོན་གྱིས་གསུངས་སོ། །

གཉིས་པ་སྐྱབས་སུ་འགྲོ་བའི་ལག་ལེན་བྱེད་ཚུལ།

གཉིས་པ་སྐྱབས་སུ་འགྲོ་བའི་ལག་ལེན་བྱེད་ཚུལ་ནི།

ཇོ་བོ་གསེར་གླིང་པའི་རྣམ་ཐར་ལས་འབྱུང་བ་ལྟར་གནས་ཁང་བྱི་དོར་ལེགས་པར་བྱས། ས་གཞི་མེ་ཏོག་སིལ་མ་བཀྲམ། དྲི་ཞིམ་པོའི་ཆུས་ཆག་ཆག་གདབ། སྟེགས་བཟང་པོ་ལ་བསྟན་པའི་བདག་པོའི་གཙོས་སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་བྲིས་འབུར་ཅི་རིགས་སོགས་སྐུ་གསུང་ཐུགས་ཀྱི་རྟེན་གང་འབྱོར་བཤམས། དེ་དག་གི་མདུན་དུ་ཇི་ལྟར་འབྱོར་བའི་མཆོད་པ་རྣམས་གཡོ་མེད་ཅིང་བཀོད་པ་ལེགས་པས་མཛེས་པ་གཙང་སྦྲ་བྱས་ནས་བཤམ། བདེ་བའི་སྟན་ལ་སྤྱོད་ལམ་ཚུལ་མཐུན་གྱིས་འཁོད་དེ་རང་གི་རྒྱུད་ལ་བརྟགས་ནས། ད་རེས་མི་ལུས་ཐོབ་ཀྱང་བློ་བདེ་བའི་གདེང་ཚད་སེམས་ལ་འཛིན་རྒྱུ་ཅིའང་མ་བྱས། ཉེས་ལྟུང་སྒོ་དུ་མ་ནས་བསགས་པ་ནི་མཐའ་ཡས་པས་ནམ་དབུགས་ཀྱི་རྒྱུ་བ་འདི་འགགས་མ་ཐག་ངན་སོང་དུ་ལྟུང་བ་ལས་འོས་མི་འདུག་ཅིང༌། དེར་སྐྱེས་ན་སྡུག་བསྔལ་བཟོད་གླག་མེད་པའི་ཚུལ་བསམ་སྟེ་ཤིན་ཏུ་འཇིགས་ཤིང་སྐྲག་པར་བྱ། དེ་ནས་སྐྱབས་ཡུལ་གསལ་གདབ་པ་ནི། རང་ཉིད་གང་དུ་འདུག་པའི་གནས་ནི། དག་པའི་ཞིང་ཁམས་ཀྱི་དབུས་སུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་པ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ། དཔག་བསམ་གྱི་ལྗོན་ཤིང་ཡལ་ག་ལོ་འདབ་འབྲས་བུ་རབ་ཏུ་རྒྱས་པའི་རྩེ་མོར་སེང་ཁྲི་པད་ཟླ་ཉི་མ་སྒྲ་གཅན་དུས་མེའི་གདན་ལ་ངོ་བོ་རང་གི་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་རྡོ་རྗེ་འཆང་གི་སྐུའི་རྣམ་པ་ཅན། དེའི་མཐའ་བསྐོར་དུ་ཡལ་ག་རྣམས་ཀྱི་སྟེང་དུ་གདན་སོ་སོ་ལ་དུས་ཀྱི་འཁོར་ལོ། ཤཀྱ་ཐུབ་པ། ཉམས་ལེན་བྱིན་རླབས་ཀྱི་རྒྱུད་པ་དང༌། རྒྱ་ཆེན་སྤྱོད་རྒྱུད་དང༌། ཟབ་མོ་ལྟ་རྒྱུད་ཀྱི་བླ་མ་རྣམས་ཀྱིས་སྐོར་ནས་བཞུགས་པ། དེའི་འོག་གི་ཡལ་འདབ་རྣམས་སུ་རང་རང་སོ་སོའི་གདན་ལ་མདུན་དུ་དཔལ་དུས་ཀྱི་འཁོར་ལོ། དེ་ནས་གཡས་བསྐོར་གྱི་གསང་བ་འདུས་པ། ཀྱཻའི་རྡོ་རྗེ། མ་ཧཱ་མ་ཡ། འཁོར་ལོ་བདེ་མཆོག རྡོ་རྗེ་འཇིགས་བྱེད་ལ་སོགས་པ་བླ་མེད་ཀྱི་ལྷ་ཚོགས་ཐམས་ཅད་དང༌། དེ་དག་གི་ཅུང་འོག་གི་ཡལ་འདབ་རྣམས་ལ་ཀུན་རིག་རྣམ་སྣང་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དང༌། རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་པའི་རྒྱུད་དང༌། ཚེ་དཔག་མེད་དང་མི་འཁྲུགས་པ་ལ་སོགས་པ་བྱ་བའི་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་བཞུགས་པ་སྟེ། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང༌། དེའི་འོག་གི་ཡལ་འདབ་རྣམས་ལ་མདུན་དངོས་སུ་སེང་ཁྲི་པདྨ་ཉི་ཟླའི་གདན་སོ་སོ་བ་རྣམས་ལ་དབུས་སུ་རང་ཅག་གི་སྟོན་པ་སངས་རྒྱས་ལ་སོགས་པ་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང༌། རྒྱབ་ཀྱི་ཡལ་འདབ་རྣམས་ཀྱི་སྟེང་དུ་པད་ཟླའི་གདན་ལ་ཡུམ་ཆེན་མོ། དེའི་རྒྱབ་ཏུ་སེང་ཁྲི་པད་ཟླའི་གདན་ལ་ལུང་རྟོགས་ཀྱི་ཆོས་རྣམས་གླེགས་བམ་གྱི་རྣམ་པར་ཡོད་པ། གཡས་ཕྱོགས་ཀྱི་ཡལ་འདབ་རྣམས་ཀྱི་པད་ཟླའི་གདན་ལ་བྱང་ཆུབ་སེམས་དཔའ་འཇམ་དཔལ་དང༌། སྤྱན་རས་གཟིགས་ལ་སོགས་པ་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་དང༌། གཡོན་གྱི་ཡལ་འདབ་ ལ་འབོལ་ལ་སོགས་པའི་གདན་ལ་ཤཱ་རིའི་བུ་དང་རབ་འབྱོར་སོགས་ཉན་རང་གི་དགེ་འདུན་དཔག་ཏུ་མེད་པ་དང༌། ཤིང་གི་རྩ་བར་ཅུང་མ་ཐུག་པའི་སྡོང་པོའི་ངོས་སུ་རྡོ་རྗེ་ཤུགས་འཁོར་སྲུང་མ་དྲུག་ཅུ་དང་བཅས་པ་དང༌། ཤིང་གི་རྩ་བར་དཔལ་ལྡན་གུར་མགོན་དང་ཕྱག་དྲུག་མགོན་པོ་དང་དྲཀྴད་སོགས་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་རྣམས་བཞུགས་པར་བསྒོམ་པར་བྱ། དེ་ནས་རང་གི་གཡས་སུ་ཕ། གཡོན་དུ་མ། མཐའ་སྐོར་དུ་རིགས་དྲུག་གི་སེམས་ཅན་མཐའ་ཡས་པས་བསྐོར་བ། དེ་ཐམས་ཅད་སྐྱབས་ཞུ་ལ་འཁོད་པར་མོས་ལ། དེ་རྣམས་ཀྱང་དྲིན་ཅན་གྱི་མ་ཤ་སྟག་ཡིན་ཚུལ་དང༌། རང་ཉམས་ལ་དཔག་པའི་སྙིང་རྗེ་ཤུགས་དྲག་པོ་བསྐྱེད་དེ། དེ་དག་གི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་འདོད་པའི་དགེ་སེམས་ཁྱད་པར་ཅན་དེའི་ངང་ནས་རང་དང་སེམས་ཅན་ཐམས་ཅད་ཀྱང་འཁོར་བའི་སྡུག་བསྔལ་ལ་འཇིགས་པ་དང་དཀོན་མཆོག་གི་ཡོན་ཏན་མཐོང་བའི་སྒོ་ནས་མགྲིན་གཅིག་ཏུ་སྐྱབས་འགྲོ་བྱེད་པར་བསམས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག། དྲིན་ཅན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་དང༌། བླ་མ་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་པས་བླ་མ་རྣམས་ལས་འོད་ཟེར་རམ་བདུད་རྩི་བབས། རང་གཞན་སེམས་ཅན་རྣམས་ལ་ཞུགས་པས་ཉེས་ལྟུང་སྡིག་སྒྲིབ་དག ཁྱད་པར་དུ་བླ་མའི་སྐུ་ལ་བསྡོ་བ་དང་བཀའ་བཅགས་པ་སོགས་བླ་མའི་སྐུ་གསུང་ཐུགས་དང་འགལ་བའི་ཉེས་པ་རྣམས་དག་ནས་བླ་མའི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཞུགས་ནས་བླ་མའི་སྐྱབས་འོག་ཏུ་ཆུད་པར་བསྒོམ། དེ་ནས་སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་པས་སྔར་ལྟར་འོད་ཟེར་རམ་བདུད་རྩི་བབས་པས། སྡིག་སྒྲིབ་དག ཁྱད་པར་དུ་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་སོགས་སངས་རྒྱས་ལ་བརྟེན་ནས་བསགས་པའི་ཉེས་པ་རྣམས་དག སངས་རྒྱས་ཀྱི་བྱིན་རླབས་ཞུགས་པས་སྐྱབས་འོག་ཏུ་ཆུད་པར་བསམ། ཆོས་ལ་སྐྱབས་སུ་མཆིའོ། །ཞེས་པས་དེ་ལས་འོད་ཟེར་རམ་བདུད་རྩི་བབས། སྡིག་སྒྲིབ་སྤྱི་དང་ཁྱད་པར་དུ་ཆོས་དང་ཆོས་སྨྲ་བ་ལ་སྨད་པ་སོགས་ཆོས་སྤོང་གི་ལས་ངན་སྡིག་སྒྲིབ་དག་སྟེ་དེའི་སྐྱབས་འོག་ཏུ་ཆུད་པར་དམིགས། དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་གསོལ་བ་བཏབ་པས། འོད་ཟེར་རམ་བདུད་རྩི་བབས། དགེ་འདུན་གྱི་དབྱེན་བྱས་པ་སོགས་དགེ་འདུན་ལ་བརྟེན་ནས་བསགས་པའི་སྡིག་སྒྲིབ་རྣམས་དག དེའི་སྐྱབས་འོག་ཏུ་ཆུད་པར་བསམ། སྐྱབས་འགྲོ་དྲུག་སྐོར་བྱེད་ནའང་དེས་རིགས་འདྲིས་ཏེ་ཤེས་པར་བྱ། །དེ་ལྟར་ཤུགས་དྲག་པོའི་སྒོ་ནས་སྐྱབས་འགྲོ་ཡང་ཡང་བྱེད། ཐུན་འཇོག་ཁར་སྐྱབས་ཡུལ་རྣམས་སྟབས་གཅིག་ཏུ་འོད་དུ་ཞུ་ནས་རང་ལ་ཐིམ་པར་མོས་པ་བྱ་བར་གསུངས་སོ། །དེ་ནས་དགེ་བ་འདི་ཡི་སྐྱེ་བོ་ཀུན། །ཞེས་སོགས་ཀྱིས་དགེ་བ་བསྔོ་བ་སོགས་བྱའོ། །

བཞི་བ་སྐྱབས་འགྲོའི་བསླབ་བྱ་བཤད་པ།

བཞི་བ་སྐྱབས་འགྲོའི་བསླབ་བྱ་བཤད་པ་ལ།

སོ་སོའི་བསླབ་བྱ་དང༌། ཐུན་མོང་གི་བསླབ་བྱའོ། །དང་པོ་ལ་དགག་བྱའི་བསླབ་བྱ་དང་བསྒྲུབ་བྱའི་བསླབ་བྱའོ། །དང་པོ་དགག་བྱའི་བསླབ་བྱ། དང་པོ་ནི། མྱ་ངན་ལས་འདས་པ་ཆེན་པོའི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་པ་ལྟར་སངས་རྒྱས་ལ་སྐྱབས་སུ་སོང་བས་འཇིག་རྟེན་པའི་ལྷ་དང༌། ཡི་དྭགས་ཀྱི་རིགས་ལྷ་འདྲེ་ལ་ལ་གཏན་གྱི་སྐྱབས་མི་འཚོལ། གཞི་བདག་སོགས་ལ་གཏོར་མ་གཏོང་བའི་ཚེ་སྙིང་རྗེའི་བསམ་པ་དང་གནས་སྐབས་ཀྱི་གྲོགས་བཅོལ་བའི་བསམ་པས་གཏོང་ཞིང་ཕུགས་ཀྱི་རེ་ལྟོས་མི་འཆའ་བ་གལ་ཆེའོ། །ཆོས་ལ་སྐྱབས་སུ་སོང་ན་ཆོས་དང་མཐུན་དགོས་ལ། དེའང་དབུ་མ་བཞི་བརྒྱ་བ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་ཆོས་ཀྱི་ངོ་བོ་མི་འཚེ་བར་གསུངས་པས། དེའི་བསླབ་བྱ་ཡང་སེམས་ཅན་ལ་གནོད་ཚེ་སྤོང་ཞིང་མུ་སྟེགས་ཅན་གྱི་གཞུང་སོགས་ལོག་པའི་ཆོས་ལ་ཡིད་བརྟན་མི་འཆའ་བའོ། །དགེ་འདུན་ལ་སྐྱབས་སུ་སོང་བའི་གྲོགས་མུ་སྟེགས་ཅན་དང་མི་འགྲོགས་ཤིང༌། ལས་འབྲས་ལ་ཡིད་མི་ཆེས་ཤིང་ཆོས་ལ་སྐུར་བ་འདེབས་པའི་མི་དང་མཛའ་གྲོགས་མི་བྱེད་དེ། དམ་ཚིག་ཉམས་པ་དང་འགྲོགས་ན་དེའི་ཉམས་གྲིབ་ཀྱིས་ཡོན་ཏན་ཐམས་ཅད་འགྲིབ་ཅིང་དངོས་གྲུབ་ཀྱི་སྒོ་འགག་པར་གསུངས་སོ། །འདིའི་ཐོག་མཐའ་གཉིས་པོ་ཅུང་སླ་ཡང་བར་བ་ནི་ཤིན་ཏུ་དཀའ་ལ། འདི་ལ་ཁ་དང་ལག་ལེན་མཐུན་པར་བྱུང་ན་ནི་ངོ་མཚར་ཆེ་ཞེས་འཇམ་མགོན་ཏཱ་ར་ནཱ་ཐས་གསུངས་སོ། །

གཉིས་པ་བསྒྲུབ་བྱའི་བསླབ་བྱ།

གཉིས་པ་བསྒྲུབ་བྱའི་བསླབ་བྱ་ནི།

སངས་རྒྱས་ཀྱི་སྐུ་གཟུགས་སོགས་ཀྱི་བཟང་ངན་ལེགས་ཉེས་སོགས་ཀྱི་སྐྱོན་མི་གདགས་པར་སྟོན་པའི་འདུ་ཤེས་ཀྱི་སྒོ་ནས་ཕྱག་མཆོད་བྱ་བ་ཡིན་ཏེ། བཤེས་སྤྲིང་ལས། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང༌། །བགྱིས་པ་ཅི་འདྲ་ཡིན་རུང་མཁས་པས་མཆོད། །ཅེས་གསུངས་སོ། །དམ་པའི་ཆོས་ཚིག་བཞི་བ་ཡན་ཆད་ལ་འགོམ་ཡུག་དང་ས་སྒྲེ་བོ་ལ་འཇོག་པ་དང་བཟང་ངན་གྱི་སྐྱོན་རྟོག་སོགས་སྤོང་ཞིང༌། བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་སྐྱབས་དངོས་དེ་འདིའོ་སྙམ་དུ་གུས་པ་སྐྱེད་ཅིང་ཕྱག་དང་མཆོད་པ་སོགས་བྱ། ལམ་ལ་མ་ཞུགས་པའི་གང་ཟག་གིས་ལུང་གི་ཆོས་དེ་སྐྱབས་དངོས་བརྟེན་པ་ལས་འགོག་ལམ་དངོས་གནས་སྐབས་རང་རྒྱུད་ལ་བསྐྱེད་མི་ནུས་སོ། །དགེ་སློང་བཞི་སྡེ་ཡན་ཆད་ལ་བདག་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་སྒྲོལ་བར་བྱེད་པའི་གྲོགས་དགེ་འདུན་དེ་འདི་ཡིན་སྙམ་དུ་གུས་པ་སྐྱེད་ཅིང་བསྙེན་བཀུར་ལ་བརྩོན་པར་བྱ་སྟེ། གོས་པ་མེད་བཞིན་དུ་ཚུལ་འཆལ་དགེ་སྦྱོང་གི་རྟགས་འཆང་པའང་བརྙས་སྨོད་བརྡེག་འཚོག་སོགས་བྱས་ན་སྟོན་པ་དང་བསྟན་པ་ལ་མ་གུས་པའི་ཉེས་པ་ཆེན་པོར་འགྱུར་བའི་ཚུལ་ནམ་མཁའི་སྙིང་པོའི་མདོ་དང༌། སའི་སྙིང་པོའི་མདོ་སོགས་ལས་གསུངས་སོ། །དགེ་བཤེས་སྟོན་པ་དང་རྣལ་འབྱོར་པ་ཆེན་པོས་ལྷན་པ་སེར་པོ་རེ་འགོམ་པའི་སར་ཡོད་པའང་མི་འགོམས་པར་སྤྲུགས་ནས་གཙང་སར་སྐྱེལ་བའི་ཕྱག་ལེན་ལྟར་བསླབ་པར་བྱའོ། །ལྷག་པར་ད་ལྟ་ཆགས་སྡང་གི་དབང་གིས་བསྟན་པའི་བྱ་བར་སྒྲོ་བཏགས་ཏེ་ཁྱེད་ཚོ་དང་ངེད་ཚོ་ཞེས་རིས་སུ་བཅད་ནས་འཁྲུགས་པ་བྱེད་པ་ལེགས་ཚོགས་ཀྱི་རྩ་བ་གཅོད་པའི་ཉེས་དམིགས་ཤིན་ཏུ་ཆེ་བས་བདག་ལེགས་སུ་འདོད་པ་རྣམས་ཀྱིས་གནས་འདི་ལ་གཟབ་པར་བྱའོ། །

གཉིས་པ་ཐུན་མོང་གི་བསླབ་བྱ།

གཉིས་པ་ཐུན་མོང་གི་བསླབ་བྱ་ནི།

ལྷན་ཐབས་འོད་བརྒྱ་འབར་བ་ལས། སྐྱེས་བུ་དམ་པ་ལ་བསྟེན་པ། དམ་པའི་ཆོས་ཉན་པ། ཚུལ་བཞིན་ཡིད་ལ་བྱེད་པ། ཆོས་ཀྱི་རྗེས་སུ་འབྲང་བའི་ཆོས་བསྒྲུབས་སྟེ་བཞི་ཚན་དང་པོ་དང༌། དབང་པོ་མི་རྒོད་པ་དང༌། སྡོམ་པ་ཅི་ནུས་སུ་ལེན་པ་དང༌། སེམས་ཅན་ལ་སྙིང་རྗེ་ཆེ་བ་དང༌། དཀོན་མཆོག་མཆོད་པ་ལ་བརྩོན་པ་ལ་བསླབ་ཅེས་བཞི་ཚན་ཕྱི་མ་སྟེ་བརྒྱད་འཕགས་པ་ཐོགས་མེད་ཀྱིས་གསུངས་པ་ལྟར་བཤད་ཀྱང་རུང༌། མཆོག་གསུམ་གྱི་ཡོན་ཏན་དྲན་པས་རྟག་ཏུ་དད་པ་བསྒོམས་ཅིང་གསོལ་བ་འདེབས་པ་དང༌། བཀའ་དྲིན་དྲན་པས་རྟག་ཏུ་མཆོད་པ་དང༌། སྙིང་རྗེ་དྲན་པས་སྐྱེ་བོ་གཞན་རྣམས་སྐྱབས་འགྲོ་ལ་འགོད་པ་དང༌། སྐྱབས་འགྲོའི་ཕན་ཡོན་དྲན་པས་ཉིན་མཚན་དུས་དྲུག་ཏུ་སྐྱབས་འགྲོ་བསྒོམ་པ་དང༌། སྐྱབས་སུ་མ་སོང་བའམ་སྐྱབས་འགྲོ་བཏང་བའི་ཉེས་དམིགས་དྲན་པས་སྲོག་དང་བདོས་ཀྱང་སྐྱབས་ཡུལ་མི་སྤོང་བ་དང༌། ཡིད་ཆེས་དྲན་པས་བདེ་སྡུག་མཐོ་དམན་གནས་སྐབས་ཅི་བྱུང་ཡང་དཀོན་མཆོག་ལ་མི་འཁང་ཞིང་གཞན་ལ་བློ་མི་གཏོད་པ་སྟེ་དོན་ཚན་དྲུག་གི་སྒོ་ནས་བཤད་ཀྱང་རུང་ལ། ཡང་མདོར་བསྡུས་ན་དང་པོ་ཉིད་ནས་ཉེ་བར་མཁོ་ཞིང་གལ་ཆེ་བའི་བསླབ་བྱ་ནི། བླ་མ་དཀོན་མཆོག་ལ་དད་པ་སྒོམ། སྐུར་འདེབས་སོགས་སྡིག་མ་གསོག སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད་ཕྱག་འཚལ་བ་དང་བསྟོད་ པ་སོགས་གུས་པའི་སྤྱོད་ལམ་ལ་བསླབ། དཀོན་མཆོག་གསུམ་གྱི་རྟེན་ལ་དཀོན་མཆོག་དངོས་སུ་འདུ་ཤེས་པའི་སྒོ་ནས་མཆོད་པ་ཅི་འགྲུབ་བྱེད། འཁོར་རྣམ་བཞི་ལ་གུས་པ་བསྐྱེད། རྟེན་གསུམ་ས་རྗེན་ལ་འཇོག་པ་དང༌། འོ་བརྒྱལ་བའི་གནས་སུ་འཇོག་པ་དང༌། འགོམ་ཡུགས་གཏོང་བ་དང༌། བཙོངས་ཏེ་སྐུ་བླུད་ཟ་བ་དང༌། གཏེང་པར་འཇོག་པ་སོགས་རྣམ་པ་ཀུན་ཏུ་སྤོང་བ་གལ་ཆེ། ཞེས་གསུངས་པའོ། །ན་བའི་ཚེ་དཀོན་མཆོག་ལ་བློ་གཏད་ནས་སྨན་འཐུང་ན་སྐྱབས་འགྲོ་དང་མི་འགལ་ཏེ། སྨན་དེའང་སངས་རྒྱས་ཀྱི་ཐུགས་རྗེ་དང་འཕྲིན་ལས་ཀྱི་ཆ་ཤས་སུ་གོ་ནས་བསྟེན་དུ་རུང་བར་གསུངས་སོ། །

ལྔ་བ་སྐྱབས་སུ་སོང་བའི་ཕན་ཡོན།

ལྔ་བ་སྐྱབས་སུ་སོང་བའི་ཕན་ཡོན་ནི།

ལྷན་ཐབས་འོད་བརྒྱ་འབར་བ་ལས། ཕན་ཡོན་ནི། སྐྱབས་སུ་སོང་མ་ཐག་རྒྱུད་འགྱུར་བའི་ཁྱད་པར་ནང་པ་སངས་རྒྱས་པའི་གྲར་དུ་ཆུད་པའོ། །སྡོམ་པ་གསུམ་གྱི་རྟེན་དུ་གྱུར་བ་སྟེ། སྐྱབས་སུ་མ་སོང་བ་ལ་ཆོ་གས་བླངས་པའི་སྡོམ་པ་གསུམ་སྐྱེ་བ་མེད་པའི་ཕྱིར་རོ། །སྔར་བྱས་ཀྱི་སྡིག་པ་ཟད་པ་དང་བསོད་ནམས་ཆེན་པོ་དང་ལྡན་པར་འགྱུར་བ་ནི། སྐྱབས་སུ་སོང་བ་ལ་བརྟེན་ནས་ཕྱིས་སྡིག་སྦྱོང་དང་དགེ་བ་གསར་བ་སྒྲུབ་པ་སོགས་དཔག་ཏུ་མེད་པར་འཕེལ་བ་རྣམས་ཕར་བཞག སྐྱབས་འགྲོ་བྱས་པ་ཉིད་ཀྱིས་སྡིག་པ་མང་པོ་བྱང་བ་དང༌། སྦྱིན་སོགས་ཕལ་བ་ལས་ཆེས་ལྷག་པའི་ཕན་ཡོན་ཡོད་པའོ། །བཞི་བོ་དེ་སྐྱབས་སུ་སོང་མ་ཐག་ནས་འབྱུང་སྟེ། སྐྱེས་བུ་དམ་པའི་གྲངས་སུ་ཆུད། སྔར་རྒྱུད་ངན་པ་ཡིན་པ་ལས་བཟང་པོར་གྱུར་པའི་དོན་ཡིན་ནོ། །ཚེ་འདིར་འབྱུང་བའི་ཕན་ཡོན་ནི་འཇིགས་པ་བཅུ་དྲུག་དང༌། དུས་མ་ཡིན་པའི་འཆི་བ་བརྒྱད་སོགས་ཕྱི་ནང་གི་བར་ཆད་གང་གིས་ཀྱང་མི་ཚུགས་པ་དང༌། བསམ་པའི་དོན་ཆོས་དང་མི་འགལ་བ་རྣམས་ཡིད་བཞིན་དུ་འགྲུབ་པ་གཉིས་སོ། །ཚེ་ཕྱི་མའི་འབྲས་བུ་ནི། ངན་སོང་དུ་མི་ལྷུང་བའམ་སྐྱེས་ཀྱང་མྱུར་དུ་ཐོན་པ་དང༌། མཐོ་རིས་སུ་ཡང་བདེ་བ་ཐོབ་པ་དང༌། དེར་ཡང་དཀོན་མཆོག་གསུམ་སྐྱབས་སུ་འཛིན་པ་སྟེ་གསུམ་མོ། །མཐར་ཐུག་གི་ཕན་ཡོན་ནི་སངས་རྒྱས་མྱུར་ཏུ་ཐོབ་པར་འགྱུར་བ་སྟེ། ཕན་ཡོན་རྣམ་པ་བཅུ་པོ་དེ་དག་ཇི་ལྟར་འོས་པ་བརྗོད་དོ། །སྒོས་སུ་ཐེག་ཆེན་གྱི་སྐྱབས་འགྲོ་ལ་ནི། མདོ་རྒྱན་ལས། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེ་སྟེ། །དེས་ནི་ཚད་མེད་ཡོན་ཏན་འཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེའི་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་གསུངས་པ་ལྟར་དང༌། ཐེག་དམན་ལས་སྐྱབས་ཏེ་བླ་ན་མེད་པའི་སངས་རྒྱས་ཉིད་མྱུར་དུ་ཐོབ་པར་འགྱུར་བའི་ངེས་པ་ཐོབ་པ་ཡིན་ནོ། །ཞེས་དང༌། ས་བཟང་གི་མངོན་པ་ཀུན་བཏུས་འགྲེལ་བ་ལས། ཕན་ཡོན་ནི། འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་སྒྲོལ་ཏེ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་གསུངས་སོ། །

སྐྱབས་འགྲོའི་སྡོམ་ཆོག

སྐྱབས་འགྲོའི་སྡོམ་ཆོག་ནི།

སྟོན་པའི་སྣང་བརྙན་སོགས་རྟེན་བཤམས། སྒྲུབ་བྱ་མང་པོའམ་གཅིག་གང་ཡིན་ཡང་རུང་སྟེ། ཐལ་མོ་སྙིང་ཀར་སྦྱར་སྟེ་ཙོག་པུར་འདུག་དུ་བཅུག་ལ། འོ་ད་ལན་ཁྱེད་རྣམས་དམ་པའི་ཆོས་ཀྱི་འཇུག་སྒོ་སྐྱབས་སྡོམ་ཞུ་བ་ནི་ཤིན་ཏུ་ལེགས་སྟེ། དེའི་རྒྱུ་མཚན་ནི། རྒྱལ་སྲས་ཞི་བ་ལྷས་ཞལ་སྔ་ནས། དལ་འབྱོར་འདི་ནི་རྙེད་པ་ཤིན་ཏུ་དཀའ། །ཞེས་སོགས་ནས། སྐྱབས་འགྲོ་རྣམ་པར་དག་པའི་རྨང་གཞི་བརྟན་པོ་ཞིག་གལ་ཆེ་བས་དེ་ལྟར་བྱེད་དགོས་༼ཞེས་པའི་བར་སྔར་ལྟར༽པ་ཡིན་པས་ན། སྐབས་འདིར་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་དེ་འབོག་པར་བྱེད་པ་ལ། མདུན་གྱི་སྐུ་རྟེན་འདི་དག་དང་དབྱེར་མེད་དུ་སེང་ཁྲི་པད་མ་དང་ཟླ་བའི་གདན་ལ་བསྟན་པའི་བདག་པོ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་བཙོ་མ་ལ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ་སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་རྡོ་རྗེ་སྐྱིལ་དཀྲུང་གིས་བཞུགས་པ། ཕྱག་གཡས་ས་གནོན་དང༌། གཡོན་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ་འོད་དང་འོད་ཟེར་འཕྲོ་བ། འཁོར་གནས་བརྟེན་བཅུ་དྲུག་སོགས་ཐེག་པ་ཆེ་ཆུང་གི་དགེ་འདུན་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ་མངོན་སུམ་དུ་བཞུགས་པར་མོས་ཤིག རང་ཉིད་ཀྱི་ཐལ་མོ་སྙིང་ཀར་སྦྱར་སྟེ། མ་ལུས་སེམས་ཅན་ཀུན་གྱི་མགོན་གྱུར་ཅིང༌། །ཞེས་པ་ནས། གཤེགས་སུ་གསོལ། །ཞེས་སྤྱན་འདྲེན་དང༌། ཡན་ལག་བདུན་པ་བྱ་ལ། དེ་ནས་སློབ་དཔོན་གྱིས། ད་ཁྱེད་རང་རྣམས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འཁོར་དང་བཅས་པ་དང༌། སློབ་དཔོན་དང་བཅས་པའི་དྲུང་ནས་དུས་ད་ནས་བཟུང་སྟེ་ཇི་སྲིད་༼བྱང་ཆུབ་མ་ཐོབ་ཀྱི་༼ཐེག་དམན་གྱི་སྐབས་འཚོའི་༽བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ཞུས་སྟེ་བདག་དང་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཐམས་ཅད་ལས་སྐྱོབ་པར་བྱ་སྙམ་པའི་འདུན་པ་རྩེ་གཅིག་གི་སྒོ་ནས། སྟོན་པ་དང་སློབ་དཔོན་ལ་ཕྱག་གསུམ་འཚོལ་ཅིག ཕྱག་གསུམ་འཚལ་དུ་བཅུགའོ་སྐྱབས་འགྲོ་ནི་སྡོམ་པ་ཐམས་ཅད་ཀྱི་སྒོ་ཡིན་པས། སྐྱབས་སུ་འགྲོ་ཚུལ་དུས་ད་ནས་བཟུང་སྟེ་སངས་རྒྱས་བཅོམ་ལྡན་འདས་ལ་སྐྱབས་སྟོན་པ་པོ་དང༌། ཞི་བ་དམ་པའི་ཆོས་ལ་སྐྱབས་དངོས་དང༌། དགེ་འདུན་དཀོན་མཆོག་ལ་སྐྱབས་སྒྲུབ་པའི་ཟླ་གྲོགས་སུ་བྱེད་སྙམ་པའི་སྒོ་ནས་འདི་རྗེས་ཟློས་མཛད་ཅིག སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། བཙུན་པ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ་དུས་འདི་ནས་བཟུང་སྟེ་ཇི་སྲིད་༼བྱང་ཆུབ་མ་ཐོབ་ཀྱི་༼འཚོའི་༽བར་དུ་རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་ཇི་སྲིད་༼བྱང་ཆུབ་མ་ཐོབ་ཀྱི་༼འཚོའི་༽བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་བཙུན་པའི་བཟུང་དུ་གསོལ། དེ་ལྟར་རྗེས་ཟློས་ལན་གཅིག་སོང་ད་ལན་གཉིས་པའི་རྗེས་ཟློས་མཛོད། སྔར་ལྟར་རྗེས་ཟློས་བྱ། གཉིས་པ་སོང་བའི་རྗེས་སུ་གསུམ་པ་འདི་ལ་སྐྱབས་བརྗོད་བདག་བརྗོད་གཞན་བརྗོད་གསུམ་དུ་ཡོད་ཅིང༌། དགེ་འདུན་ལ་སྐྱབས་སུ་མཆིའོ་ཡན་ཆད་སྐྱབས་བརྗོད། བདག་ཇི་སྲིད་འཚོའི་བར་དུ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་ཞེས་པ་བདག་བརྗོད་པ་ཡིན་ལ། བདག་བརྗོད་དགེ་བསྙེན་དུ་ཞེས་པའི་རྗེས་ཟློས་རྫོགས་པ་དང་ཁྱེད་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་སྐྱེ། ངེད་ཁྱེད་ཀྱི་སློབ་དཔོན་དུ་གྱུར་པ་ཡིན་བས་དེ་དུས་སྡོམ་པ་ཐོབ་པར་ཤེས་པ་དང༌། བཙུན་པ་ལས་གཞན་སློབ་དཔོན་གྱིས་བཟུང་དུ་གསོལ། ཞེས་བརྗོད་དགོས་པས་དེ་ཡིད་ལ་ཞོག་ལ་ལན་གསུམ་པའི་རྗེས་ཟློས་མཛོད། བཙུན་པ་དགོངས་སུ་གསོལ། ནས། དགེ་བསྙེན་དུ་སློབ་དཔོན་གྱིས་བཟུང་དུ་གསོལ། དེ་ནས་སློབ་དཔོན་གྱིས། ཐབས་ཡིན་ནོ། །ཞེས་བརྗོད། སློབ་མས། ལེགས་སོ། །བརྗོད། ད་ཁྱེད་རྣམས་ལ་སྐྱབས་གསུམ་འཛིན་པའི་དགེ་བསྙེན་གྱི་སྡོམ་པ་ལེགས་པར་ཐོབ་པ་ཡིན་པས། དེང་ཕྱིན་ཆད་སྐྱབས་འགྲོའི་བསླབ་པ་རྣམས་ཚུལ་བཞིན་དུ་བསྲུང་དགོས་པ་ཡིན་ནོ། །དེ་ནས་བསླབ་བྱ་དང་ཕན་ཡོན་རྣམས་སྔར་ལྟར་བརྗོད་པར་བྱའོ། །

སྨྲས་པ། སྐྱབས་གནས་ཀུན་འདུས་སངས་རྒྱས་ངོ་བོ་ཉིད། །འགྲོ་རྣམས་བརྩེ་བའི་བདག་ཉིད་ཟླ་བྲལ་བ། །བཀའ་དྲིན་གསུམ་ལྡན་བླ་མ་རིན་པོ་ཆེས། །ད་དུང་བྱང་ཆུབ་བར་དུ་བརྩེ་བས་སྐྱོངས། །གང་ཐུགས་བྱམས་བརྩེའི་ག་བུར་གཟེགས་མ་ཡིས། །སྲིད་པའི་ཚ་གདུང་རྒུད་པ་ཞི་བྱེད་པའི། །སྐྱབས་གནས་དམ་པ་རྗེ་བཙུན་ཀུནྡའི་གཉེན། །ལུས་ཅན་སྤྱི་བོའི་གཙུགས་ན་མཛེས་གྱུར་ཅིག །མི་ཟད་འཁོར་བའི་འཇིགས་པའི་ནགས་ཀླུང་དུ། །ལས་ཉོན་གཅན་གཟན་གདུག་པས་གཟིར་བ་རྣམས། །དཀོན་མཆོག་གསུམ་གྱི་ཐུགས་རྗེའི་མཛེས་ལྗོངས་སུ། །འཇུག་པའི་ལམ་བཟང་ལེགས་པར་བསྟེན་པ་གཅེས། །འདིར་འབད་རྣམ་དཀར་དགེ་ཚོགས་ཇི་སྙེད་ཀྱིས། །མ་རྒན་འགྲོ་རྣམས་དཀོན་མཆོག་རྗེས་འཛིན་ཅིང༌། །རྒྱལ་བསྟན་སྙིང་པོ་ཚུལ་བཞིན་སྒྲུབ་པ་ཡིས། །སྟོན་པ་མཆོག་དེའི་གོ་འཕང་མྱུར་ཐོབ་ཤོག །ཅེས་བསྟན་པའི་འཇུག་སྒོ་སྐྱབས་འགྲོའི་རྣམ་བཤད་མ་ནོར་ལམ་བཟང་གསལ་བའི་ཉི་མ་ཞེས་བྱ་བ་འདི་ནི་ལས་དང་བོ་བ་འགའ་ཞིག་ལ་ཕན་སྲིད་སྙམ་དུ་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །འདིས་ཀྱང་འགྲོ་རྣམས་བསྟན་པ་ལ་འཇུག་སྟེ་ཐར་བའི་ལམ་བཟང་རྙེད་པར་གྱུར་ཅིག ། སརྦ་མངྒ་ལམ།། །།

སྡོམ་གསུམ་གྱི་བསླབ་བྱ་དྭངས་གསལ་བདུད་རྩིའི་ཆུ་གཏེར།

སྡོམ་གསུམ་གྱི་བསླབ་བྱ་དྭངས་གསལ་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །

ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །རྗེ་བཙུན་བླ་མ་དབྱེར་མེད་ཟས་གཙང་སྲས། །འདུལ་བ་རྒྱ་མཚོའི་མངའ་བདག་པཎ་གྲུབ་སོགས། །དངོས་བརྒྱུད་བླ་མ་རྣམས་ལ་ཕྱག་བྱས་ཏེ། །སྡོམ་གསུམ་བསླབ་བྱ་མདོར་བསྡུས་འབྲི་བར་བྱ། །དེ་ལ་འདིར་ཐོག་མར་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོའི་བསླབ་བྱ་དང༌། བསྟན་ལ་ཞུགས་ནས་སྡོམ་གསུམ་གྱི་བསླབ་བྱ་ལ་སློབ་ཚུལ་དང་གཉིས།

བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ།

བསྟན་པ་ལ་འཇུག་པའི་སྒོ་སྐྱབས་འགྲོ།

དང་པོ་ལ། ཇི་སྐད་དུ། རྒྱུ་དང་ཡུལ་དང་ངོ་བོ་དང༌། །བསླབ་བྱ་དང་ནི་ཕན་ཡོན་ནོ། །ཞེས་གསུངས་པ་ལྟར་ལྔ་ལས། དང་པོ་རྒྱུ་ནི། སྐྱབས་སུ་འགྲོ་བའི་རྒྱུ་ངན་སོང་གི་སྡུག་བསྔལ་ལ་འཇིགས་ཤིང་སྐྲག་པ་དང༌། དེ་ལས་སྐྱོབ་པའི་ནུས་པ་མཆོག་གསུམ་ལ་ཡོད་པར་ཡིད་ཆེས་པ་གཉིས་སོ། །དེ་གཉིས་མེད་ན་སྐྱབས་འགྲོ་ཚིག་ཙམ་དུ་འགྲོ་བས། རྒྱུ་དེ་གཉིས་སྔོན་དུ་འགྲོ་དགོས་སོ། །གཉིས་པ་སྐྱབས་སུ་འགྲོ་བའི་ཡུལ་ནི་དཀོན་མཆོག་གསུམ་ཡིན་ལ། དེ་ལ་སངས་རྒྱས་དཀོན་མཆོག་ནི་ཆོས་དབྱིངས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་སོ་སོར་རང་རིག་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་པས་རང་དོན་ཕུན་སུམ་ཚོགས་པར་གྲུབ་ཅིང༌། དེ་ཉིད་སེམས་ཅན་ཐམས་ཅད་ལ་ཡོད་པར་མཁྱེན་ནས་ཐུགས་རྗེ་ཆེན་པོས་ལམ་སྟོན་ཞིང་སྡུག་བསྔལ་དང་ཉོན་མོངས་པ་སྤོང་བར་ནུས་པ་གཞན་དོན་ཕུན་སུམ་ཚོགས་པའང་གྲུབ་པས་དོན་གཉིས་མཐར་ཕྱིན་པའི་ཡོན་ཏན་དང་ལྡན་པ་སྟེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པ་ལྟར་རོ། །ཆོས་དཀོན་མཆོག་ནི་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་པའི་བདེན་པ་བསམ་གྱིས་མི་ཁྱབ་ཅིང་ལས་དང་ཉོན་མོངས་པ་དང་རྣམ་པར་རྟོག་པ་ཞི་བ་དང༌། གང་གིས་འདོད་ཆགས་དང་བྲལ་བ་ལམ་གྱི་བདེན་པ་དྲི་མས་དག་ཅིང་ཡེ་ཤེས་ཀྱི་སྣང་བ་གསལ་ལ་ཀུན་ནས་ཉོན་མོངས་པའི་གཉེན་པོར་གྱུར་པ་སྟེ། རྒྱུད་བླ་མ་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ ཅན་དེཆོས། །ཞེས་པ་ལྟར་རོ། །དགེ་འདུན་དཀོན་མཆོག་ནི་ཆོས་ཀྱི་དབྱིངས་མངོན་སུམ་དུ་རྟོགས་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང༌། དེ་སེམས་ཅན་ཐམས་ཅད་ལ་ཁྱབ་པར་གཟིགས་པ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཉིས་དང་ལྡན་པས་ཐེག་ཆེན་འཕགས་པ་ཕྱིར་མི་ལྡོག་པར་གྱུར་བ་ཡིན་ཏེ། རྒྱུད་བླ་མ་ལས། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པས་ན། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་པ་ལྟར་རོ། སྐྱབས་འགྲོ་བདུན་ཅུ་པ་ལས། ཐུབ་པའི་དབང་པོའི་སྐུ་གཉིས་དང༌། །མྱ་ངན་འདས་དང་གང་ཟག་བརྒྱད། །དེ་ལ་གུས་པས་སྐྱབས་འགྲོ་གང༌། །གསུམ་ལ་སྐྱབས་སུ་སོང་བ་ཡིན། །ཞེས་གསུངས་ལ། གནས་སྐབས་སུ་གཟུགས་ཀྱི་སྐུ་དང་དེའི་རྟེན་གཟུགས་བརྙན་གྱི་ སྐུ་དང༌། ཆོས་གསུང་རབ་དང་དེའི་གཞི་གླེགས་བམ་དང༌། དགེ་འདུན་བཞི་སྡེའི་དགེ་སློང་གི་དགེ་འདུན་ལ་སོགས་པའོ། །གསུམ་པ་སྐྱབས་འགྲོའི་ངོ་བོ་ནི། མཆོག་གསུམ་གྱི་ཡོན་ཏན་ཤེས་པ། ཁྱད་པར་ཤེས་པ། ཁས་བླངས་པ། གཞན་དུ་མི་སྨྲ་བའི་ཁྱད་པར་བཞི་དང་ལྡན་པས་ཡུལ་དམ་པ་ལ་བརྟེན་པར་ཁས་ལེན་ཞིང་བློ་གཏོད་པའོ། །ཡང་ན་རང་ངམ་གཞན་འཇིགས་པ་ཅི་རིགས་ལས་སྒྲོལ་བའི་དཔུང་གཉེན་དུ་མཆོག་གསུམ་གང་རུང་འཛིན་པའི་ཁྱད་པར་བཞི་ལྡན་གྱི་བློ་དེ་སྐྱབས་འགྲོའི་མཚན་ཉིད་དུ་ཕར་ཕྱིན་སྣང་བའི་རྒྱན་དུ་གསུངས་སོ། །བཞི་བ་སྐྱབས་འགྲོའི་བསླབ་བྱ་ནི། བསྡུ་བར། སྦྱོར་བས་དགེ་བའི་རྟེན་གཞི་དང༌། དབང་པོ་མི་རྒོད་པ་དང༌། བསླབ་པའི་གཞི་བླང་བ་དང༌། སེམས་ཅན་ལ་སྙིང་རྗེ་བ་དང༌། དུས་དུས་སུ་དཀོན་མཆོག་མཆོད་པར་བྱ་བ་ལ་བསླབ་པར་གསུངས་ཤིང༌། ཁྱད་པར་དུ་མྱང་འདས་ཀྱི་མདོ་ལས། གང་ཞིག་སངས་རྒྱས་སྐྱབས་སོང་བ། །དེ་ ནི་ཡང་དག་དགེ་བསྙེན་ཏེ། །ནམ་དུ་ཡང་ནི་ལྷ་གཞན་ལ། །སྐྱབས་སུ་སོང་བ་མ་ཡིན་ནོ། །དམ་པའི་ཆོས་ལ་སྐྱབས་སོང་བ། །འཚེ་ཞིང་གནོད་པའི་སེམས་དང་བྲལ། །དགེ་འདུན་ལ་ཡང་སྐྱབས་སོང་བ། །མུ་སྟེགས་ཅན་ལ་ཕྱག་མི་བྱ། །ཞེས་གསུངས་པ་ལྟར་རོ། །ལྔ་བ་སྐྱབས་སུ་སོང་བའི་ཕན་ཡོན་ནི་འཁོར་བ་དང་ངན་སོང་གི་འཇིགས་པ་ཐམས་ཅད་ལས་སྒྲོལ་བ་སྟེ། སངས་རྒྱས་ཆོས་དང་དགེ་འདུན་རྣམས། །སྐྱབས་ཀྱི་མཆོག་ཏུ་གྱུར་ པ་སྟེ། །སྐྱབས་དེ་དག་ལ་བརྟེན་ནས་ནི། །སྲིད་པའི་འཇིགས་པ་ཆེ་ལས་སྒྲོལ། །ཞེས་གསུངས་པ་ལྟར་རོ། །སྐྱབས་སྡོམ་བླང་བའི་ཡུལ་ནི། བསྡུ་བ་ལས། ཁྱིམ་པའི་སྡོམ་པ་རང་གཞན་གང་རུང་ལས་ལེན་ཞིང༌། རབ་བྱུང་གི་སྡོམ་པ་གཞན་ཁོ་ན་ལས་ལེན་ཏེ། དེ་ལྟ་མིན་ན་རབ་ཏུ་བྱུང་བར་མི་འོས་པའང་རང་དགར་འཇུག་པས་བསྟན་པ་མི་བརྟན་པར་འགྱུར། ཞེས་གསུངས་སོ། །འདི་དག་ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལྟར་བཀོད་པའོ། །སྐྱབས་འགྲོ་ཅུང་ཟད་རྒྱས་པ་ཞིག་གཞན་དུ་འབྲི་འདུན་ཡོད་པས་དེ་བཞིན་དུ་འགྲུབ་པར་གྱུར་ཅིག

གཉིས་པ་བསྟན་པ་ལ་ཞུགས་ནས་སྡོམ་གསུམ་གྱི་བསླབ་བྱ་ལ་སློབ་ཚུལ།

གཉིས་པ་བསྟན་པ་ལ་ཞུགས་ནས་སྡོམ་གསུམ་གྱི་བསླབ་བྱ་ལ་སློབ་ཚུལ་ལ།

བླང་དོར་རབ་གསལ་ལས། སྡོམ་པ་གསུམ་ནི་སོ་སོར་ཐར་བ་དང༌། །བྱང་སེམས་སྡོམ་པ་གསང་སྔགས་སྡོམ་པ་སྟེ། །ཞེས་པ་ལྟར་སོར་བྱང་སྔགས་གསུམ་ལས། དང་པོ་སོ་ཐར་ལ་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པའི་ཚུལ། བསྲུང་བའི་ཕན་ཡོན་དང་བཞི། དང་པོ་ནི། དེ་ལ་ཐོག་མར་སྡོམ་པའི་ངོ་བོ་ནི། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། ངོ་བོ་ནི་བྱེ་བྲག་སྨྲ་བས། རྣམ་རིག་མིན་རྣམ་གསུམ་ཞེས་བྱ། །སྡོམ་དང་སྡོམ་པ་མིན་དང་གཞན། །ཞེས་རྣམ་པར་རིག་བྱེད་མིན་པའི་གཟུགས་སུ་འདོད་མོད། དེ་ལྟར་ཀུན་བརྟགས་པ་ཡིན་གྱི། དོན་ལ་གཟུགས་སུ་གྲུབ་པ་ནི་མེད་དོ། །དེས་ན་སྡོམ་པ་ནི་བསྡུ་བར། སྤོང་བའི་སེམས་པ་སྟེ་སྤོང་བ་དེ་ལ་དབང་པོ་ལྔ་དང་ལྡན་པ་གང་ཡིན་པ་དེ་སྡོམ་པའོ་ཞེས་པ་ལྟར། མི་མཐུན་ཕྱོགས་སྤོང་བའི་སེམས་པ་ཡིན་ལ། ཁྱད་པར་སོ་སོར་ཐར་བ་ནི་ཆོ་གས་བླངས་ཤིང་ལུས་ངག་གི་ལས་བཀག་པ་རྣམས་སྡོམ་པའི་སེམས་པ་དེས་ཕྱིས་རིགས་འདྲ་འབྱུང་བའི་ས་བོན་ཀུན་གཞི་ལ་བཏབ་སྟེ་དེ་ནས་སྲོག་གཅོད་ལ་སོགས་པ་སྤངས་པའོ་བླངས་པ་དྲན་པས་འཛེམ་ཞིང་བསླབ་པ་ མི་འདྲལ་བའོ། །ཞེས་བྱེ་བཤད་དུ་འབྱུང་བ་ལྟར་ཡིན་ཞིང༌། ཞེས་གསུངས་པ་ལྟར་རོ། །སྡོམ་པ་ལེན་མཁན་ལ་འགལ་རྐྱེན་དང་བྲལ་ཞིང་མཐུན་རྐྱེན་ཚང་བ་དགོས་ལ། དེ་ཡང་སོ་ཐར་གྱི་སྡོམ་པ་གནས་པའི་བར་ཆད་རྒྱལ་ བོའི་དབང་དུ་སོང་བ་དང་ཕ་མས་མ་གནང་བ་བྲན་དང་བུ་ལོན་ཅན་སོགས་དང༌། སྡོམ་པ་ཁྱད་པར་དུ་འགྱུར་བའི་བར་ཆད་མཛེ་སོགས་ནད་ཀྱི་རིགས་རྣམས་ཡིན་པ་དང༌། མཛེས་པའི་བར་ཆད་ལག་རྡུམ་སོགས་རིགས་དང་ལུས་དང་མདོག་དབྱིབས་སྐྱོན་ཆགས་པ་རྣམས་ཡིན་ལ། དེ་དག་ལ་སྡོམ་པ་མི་སྐྱེ་བ་མིན་ནོ། །སྡོམ་པ་སྐྱེ་པའི་བར་ཆད་མཚམས་མེད་ལྔ་བྱས་པ་དང༌། ཕམ་པ་འཆབ་བཅས་བྱུང་བ། སྒྲ་མི་སྙན་པ། མི་མ་ཡིན། མུ་སྟེགས་ཅན། བླང་དོར་གཏན་མི་ཤེས་པའི་གླེག་ལྐུག་དང༌། ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་མ་ལོན་པར་ཤེས་པའམ་ཐེ་ཚོམ་ཟ་བ་རྣམས་སོ།། མཚན་དོན་བྱེད་མི་ནུས་པ་ཟ་མ་མ་ནིང་མཚན་གཉིས་པ་སོགས་ལ་རབ་བྱུང་གི་སྡོམ་པ་གང་ཡང་མི་སྐྱེ་བར་འདུལ་བ་བདུད་རྩིའི་ཉིང་ཁུ་ལས་གསུངས་སོ། ། བར་མ་རབ་བྱུང་མངལ་ཤོལ་བཅས་པའི་ལོ་བདུན་མ་ལོན་པ་ལ་ཡང་མི་སྐྱེའོ། །དེང་དུས་སུ་ངེས་པར་ཤེས་དགོས་པ་ཕམ་པ་འཆབ་བཅས་བྱུང་བ་ལ་སླར་ ཚེ་དེར་སྡོམ་པ་བླང་ཀྱང་མི་སྐྱེ་བར་འདུལ་གཞུང་རྒྱ་མཚོ་ལྟ་བུ་ལས་ཡང་ཡང་གསུངས་ཏེ། སོ་སོ་ཐར་བ་ལས། དགེ་སློང་དག་གིས་དེ་དག་ལས་ལྟུང་བ་གང་ཡང་རུང་བ་ཞིག་བྱས་ན་ཐོག་མ་ཇི་ལྟ་བར་ཕྱིས་ཀྱང་དེ་བཞིན་ཕམ་པར་འགྱུར་བ་ཡིན་ཏེ། དགེ་སློང་རྣམས་དང་ལྷན་ཅིག་གནས་དང་ ལོངས་སྤྱོད་དུ་མི་དབང་བས་གནས་པར་མི་བྱའོ། །ཞེས་དང༌། འདུལ་བ་འོད་ལྡན་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་འགྱུར་དང༌། །དགེ་སློང་བཞིན་དུ་དགེ་ཚུལ་ཡང༌། །ཕྱི་ནས་སྡོམ་སྐྱེས་སྐལ་བ་མེད། །ཅེས་དང༌། བླང་དོར་རབ་གསལ་འགྲེལ་བ་ལས། དགེ་སློང་སོ་སོར་ཐར་བའི་ཕམ་པར་གྱུར་ན་སླར་ལེན་པ་མེད་པ་བཞིན། ཞེས་དང༌། སྡོམ་གསུམ་དྭངས་གསལ་མེ་ལོང་ལས། ཕམ་པ་དང་ཕམ་འདྲ་འཆབ་བཅས་བྱུང་བས་དགེ་འདུན་གྱི་གནས་མལ་སོགས་ལ་སྤྱད་ན་ངན་སོང་གི་རྒྱུ་ཁོ་ནར་འགྱུར་བས། དགེ་འདུན་གྱི་གནས་ནས་བསྐྲད་དེ་རང་གིས་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ལྟུང་བཤགས་དང་ཡིག་བརྒྱ་སོགས་ལའང་འབད་ནས་རྣམ་སྨིན་དག་པའི་ཐབས་ཙམ་བྱ་བ་ལས་སླར་སྐྱེས་པའི་སྐལ་བ་མེད་དོ། །ཞེས་དང༌། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཞལ་སྔ་ནས། ཇི་སྐད་དུ། ཕམ་པ་འཆབ་བཅས་བྱུང་བ་དེ་བསྐྲད་ལས་ཀྱི་སྒོ་ནས་དགེ་འདུན་གྱི་གནས་ནས་བསྐྲད། དེས་ཀྱང་ལྟུང་བཤགས་སོགས་སྟོབས་བཞིས་བཤགས། ཕམ་པ་འཆབ་མེད་བྱུང་བའི་དགེ་སློང་དེས་དགེ་འདུན་ལས་བསླབ་པ་བྱིན་རླབས་པ་ནོད་དེ་ཇི་སྲིད་འཚོའི་བར་དུ་ཁྱད་པར་གྱི་སྤྱོད་པ་ལྔ་སྤངས། དམན་སྤྱོད་ལྔ་དང་དུ་བླངས་པའི་སྒོ་ནས་བཤགས། ཞེས་དང༌། མངའ་རིས་པཎྚིཏ་པདྨ་དབང་གི་རྒྱལ་པོའི་སྡོམ་གསུམ་རྣམ་པར་ངེས་པ་ལས། ཕམ་པ་འཆབ་བཅས་ཚེ་འདིར་གསོ་མི་ རུང༌། །ཞེས་དང༌། ལོ་ཆེན་དྷརྨ་ཤྲཱིའི་ལེགས་བཤད་ངོ་མཚར་དཔག་བསམ་སྙེ་མ་ལས། འཆབ་བཅས་བྱུང་ན་གསོར་མི་རུང་བའང་དགེ་སློང་དང་འདྲ་སྟེ། སུམ་བརྒྱ་པ་ལས། མི་གསོད་ལ་སོགས་བཞི་རྣམས་ཀྱིས། །དགེ་ཚུལ་ལས་ནི་ཉམས་བྱུང་ན། །དགེ་སློང་བཞིན་དུ་དགེ་ཚུལ་ཡང༌། །ཕྱི་ནས་སྡོམ་སྐྱེས་སྐལ་བ་མེད། །ཅེས་དང༌། ཡང་དེ་ལས། བསླབ་པ་མ་ཕུལ་བར་ཕམ་པ་བཞི་གང་རུང་བྱུང་ནས་སྐད་ཅིག་བཅབས་ཀྱང་ཚེ་འདིར་ལྟུང་བ་ཕྱིར་བཅོས་སུ་ཡོད་པ་མ་ཡིན་ཏེ། རྒྱུད་གསོ་མི་རུང་དུ་སོང་བའི་ཕྱིར། ཞེས་གསུངས་སོ། །གཞན་ཕམ་པ་འཆབ་བཅས་བྱུང་བ་ལ་སླར་སྡོམ་པ་ལེན་རྒྱུ་གཏན་ནས་མེད་པར་གསུངས་པ་མ་གཏོགས་སྡོམ་པ་ལེན་པ་ཡོད་པར་གསུངས་པའི་གཞུང་གཅིག་ཀྱང་མེད་ན་འདུལ་བའི་བཅས་མཚམས་ཐམས་ཅད་བྱམས་འཇམ་དབྱངས་ལ་མི་དབང་བར་སངས་རྒྱས་ཁོ་ན་ལ་དབང་བ་ཡིན་པས་རང་བཟོ་ཁོ་ནས་འདུལ་བ་བརྩམས་ན་བསྟན་པ་དཀྲུག་པའི་རྒྱུར་འགྱུར་རོ། །དེས་ན་བསྟན་དོན་ལ་སེམས་པ་རྣམས་ཀྱིས་གནས་འདི་ལ་གཟབ་དགོས་སོ། །མཐུན་རྐྱེན་ལུས་ཕུན་སུམ་ཚོགས་པ། བར་ཆད་དེ་དག་དང་བྲལ་བ། བསམ་པ་ཕུན་ཚོགས་སྡོམ་པ་དེ་ལེན་འདོད་དང་ཐོབ་འདོད་དང་ཐོབ་པར་ཤེས་པ། ངེས་འབྱུང་གི་བསམ་པ་སྟེ་ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་དེ་ལས་ཐར་འདོད་ཀྱི་བློ་བཅོས་མ་མ་ཡིན་པ་ཞིག་དང༌། རབ་ན་ཁམས་གསུམ་འཁོར་བ་མཐའ་དག་སྡུག་བསྔལ་ཁོ་ན་ལས་མ་འདས་པར་ཤེས་ནས་སེམས་ཅན་རྣམས་དེ་ལས་ཐར་བའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བའི་ཆེད་དུ་སྡོམ་པ་ལེན་སྙམ་པ་དགོས་སོ། །ངེས་པ་ལྔ་དང་བྲལ་བ་ནི། སེམས་ཅན་ངེས་པ་ལུག་ལས་གཞན་མི་གསོད་སྙམ་པ་ལྟ་བུ་དང༌། ཡན་ལག་ངེས་པ་ཆང་འཐུང་བ་ལས་གཞན་བསྲུང་སྙམ་པ་ལྟ་བུ་དང༌། ཡུལ་ངེས་པ་ཕ་ཡུལ་ལྟ་བུ་མ་གཏོགས་པར་གཞན་ནས་བསྲུང་སྙམ་པ་དང༌། དུས་ངེས་པ་ཉི་མ་བདུན་ཙམ་བསྲུང་སྙམ་པ་ལྟ་བུ་དང༌། ཚེ་ངེས་པ་དམག་འཁྲུག་གི་ཚེ་མ་གཏོགས་བསྲུང་སྙམ་པ་ལྟ་བུའི་བསམ་པ་ངེས་ ཅན་ཡོད་ན་སྡོམ་པ་མི་སྐྱེ་བར་གསུངས་ལ། ད་ལྟ་འགའ་ཞིག་གིས་སྡོམ་པ་བླངས་ནས་ཉི་མ་བདུན་ལ་གུང་ཚིགས་བྱེད་ཅིང་ཚོང་སོགས་མི་བྱེད་ལ། དེ་ཕན་ཆད་མི་ནུས་སྙམ་ནས་སྡོམ་པ་ལེན་པ་ལ་མི་སྐྱེའོ། །དེས་ན་བསམ་པ་ཕུན་ཚོགས་འདི་གལ་ཆེ་བས་ན། མདོར་ན་ཁམས་གསུམ་གྱི་འཁོར་བ་ན་ཡིད་གཏད་བྱ་ཐུབ་པ་གཅིག་ཀྱང་མེད་པས་འཁོར་བ་མཐའ་དག་ལས་ཐར་བའི་མྱང་འདས་སམ་རྫོགས་བྱང་ཐོབ་པར་བྱ་དགོས། དེ་ཐོབ་ཆེད་དུ་སྡོམ་པ་རང་རང་གི་མི་མཐུན་ཕྱོགས་མཐའ་དག་མ་ཤི་ཚུན་ ཆད་ཡུལ་དུས་གནས་སྐབས་ཐམས་ཅད་དུ་ཡན་ལག་རྣམས་མ་ཚང་བ་མེད་པར་བསྲུང་ངོ་སྙམ་པའི་བསམ་པ་བསྐྱེད་ནས་སྡོམ་པ་ལེན་དགོས། བསྙེན་གནས་མ་གཏོགས་པ་གཞན་རྣམས་ལ་འདྲའོ། །རྟགས་ཕུན་སུམ་ཚོགས་པ་ཁྱིམ་པའི་སྡོམ་པ་དག་ལ་རྒྱན་གསར་བས་མི་བརྒྱན་པ་སོགས་དགོས། བར་མ་རབ་བྱུང་ཡན་ཆད་ལ་ཕུ་ཐུང་གྱོན་པ་སྐྲ་རིང་བོ་འཇོག་པ་སོགས་ཁྱིམ་པའི་རྟགས་སྤང་ཞིང་རབ་བྱུང་གི་རྟགས་ཆ་ལུགས་དང་ལྡན་པ་དགོས་སོ། །ལེན་ཡུལ་བསྙེན་གནས་དགེ་བསྙེན་ཡན་ཆད་ཆོ་ག་ཤེས་པ་དགོས། དགེ་ཚུལ་སོགས་ལ་བརྟན་མཁས་ཀྱི་ཡོན་ཏན་གཉིས་ལྡན་གྱི་དགེ་སློང་ཆོ་ག་བློ་ནས་མ་འཁྲུལ་བར་ཐོན་པ་དགོས་ཀྱི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པ་ཙམ་གྱིས་མི་ཆོག་གོ །ཁྱད་པར་དུ་བསྙེན་རྫོགས་ལ་དགེ་འདུན་གྲངས་ཚང་བ་དང་དག་པ་གལ་ཆེ་བས་སྔོན་དུ་གསོ་སྦྱོང་གི་སྐབས་ལྟར་ཕྱིར་བཅོས་བྱས་ཏེ་ལས་རྫོགས་ཀྱི་བར་དུ་བསྡམ་བྱའི་ཉེས་བྱས་ཡན་ཆད་ཀྱིས་མ་གོས་པ་ལ་འབད་དགོས་ཏེ། འཁྲུལ་བཅས་ལ་ལས་མི་ཆགས་པས་ལས་མ་ཆགས་ན་སྡོམ་པ་མི་སྐྱེ་བར་འདུལ་ལུང་དུ་མ་ནས་གསུངས་སོ། །ལྟུང་བཤགས་སྤྱི་བཤགས་ཙམ་གྱིས་མི་ཆོག་པར་གསུངས་སོ། །

གཉིས་པ་མི་ཉམས་པར་བསྲུང་ཚུལ་ལ་ལྔ་ལས།

གཉིས་པ་མི་ཉམས་པར་བསྲུང་ཚུལ་ལ་ལྔ་ལས།

དང་པོ་ཕྱིའི་རྐྱེན་གཞན་ལ་བརྟེན་ནས་བསྲུང་ཚུལ་ནི། གནས་ཀྱི་བླ་མ་མཚན་ཉིད་དང་ལྡན་པ་སོགས་ལས་སྡོམ་པའི་མི་མཐུན་ཕྱོགས་སོགས་བླང་དོར་གྱི་གནས་རྣམས་ཞིབ་ཏུ་དྲིས་ནས་ཚུལ་བཞིན་དུ་བསྲུང་བའོ། །གཉིས་པ་ནང་གི་བསམ་པ་ཕུན་ཚོགས་ལ་བརྟེན་ནས་བསྲུང་ཚུལ་ནི། འདུལ་བའི་བསླབ་བྱ་རྣམས་དྲན་ཤེས་བག་ཡོད་ཀྱི་སྒོ་ནས་བསམ་པ་བརྟན་པོས་རྒྱུན་མི་ཆད་པར་བསྲུང་བའོ། །གསུམ་པ་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་ཚུལ་བཤད་པ་ལ། ཁྱིམ་པའི་ཕྱོགས་ཀྱི་སྡོམ་པའི་མི་མཐུན་ཕྱོགས་དང༌། རབ་བྱུང་གི་སྡོམ་པའི་མི་མཐུན་ཕྱོགས་གཉིས། དང་པོ་ནི། བླང་དོར་རབ་གསལ་ལས། ཉིན་ཞག་གཅིག་གི་བར་དུ་སྲོག་གཅོད་དང༌། །མ་བྱིན་ལེན་དང་འཁྲིག་པ་རྫུན་དང་ནི། །ཆང་དང་ཕྱི་དྲོའི་ཁ་ཟས་མལ་ཆེ་མཐོ། །གླུ་གར་ལ་སོགས་སྤོང་བ་བསྙེན་གནས་ལགས། །ཞེས་པ་ལྟར་བསྙེན་གནས་གྱི་སྡོམ་པའི་མི་མཐུན་ཕྱོགས་ནི་རྩ་བ་བཞི་དང་ཡན་ལག་བཞི་དང་བརྒྱད་དོ། །བླང་དོར་རབ་གསལ་ལས། ཇི་སྲིད་འཚོ་ཡི་བར་དུ་སྲོག་གཅོད་དང༌། །མ་བྱིན་ལེན་དང་ལོག་པར་གཡེམ་པ་དང༌། རྫུན་དུ་སྨྲ་དང་མྱོས་པར་འགྱུར་བའི་ཆང༌། །སྤོང་བ་ཡོངས་རྫོགས་དགེ་བསྙེན་སྡོམ་པར་གསུངས། །ཞེས་པ་ལྟར་དགེ་བསྙེན་གྱི་སྡོམ་པའི་མི་མཐུན་ཕྱོགས་ལ་ལྔ་ལས། རྩ་བ་བཞི་དང༌། ཆང་དང་ལྔའོ། །ཆང་ནི་ཕབས་བཏབ་པའི་འབྲུའི་ཆང་དང༌། དེའི་སྦང་མ་དང༌། ཕབས་མ་བཏབ་པ་རྒུན་ཆང་དང༌། བུར་ཆང་དང༌། དེའི་སྙིགས་མ་དང༌། མེ་ཏོག་གི་ཆང་སོགས་བཅོས་པའི་ཆང་དེ་དག་ཤེས་བཞིན་དུ་འཐུང་ན་མིད་ཐེབས་རེ་རེ་ལ་ལྟུང་བ་རེ་རེའོ། །སྐབས་གཞན་ཐམས་ཅད་དུ་དེ་ལྟར་ཤེས་པར་བྱའོ། །དེ་ལྔ་ཙམ་ཇི་སྲིད་འཚོའི་བར་དུ་སྲུང་བར་ཁས་ལེན་པ་ཡིན་པའི་ཆ་ནས་དགེ་བསྙེན་དུ་བཞག་སྟེ། ཇི་སྐད་དུ་མངོན་པ་མཛོད་ལས། སྤང་བྱ་ལྔ་བརྒྱད་བཅུ་དང་ནི། །ཐམས་ཅད་སྤོང་བ་མནོས་པ་ལས། །དགེ་བསྙེན་དང་ནི་བསྙེན་གནས་དང༌། །དགེ་ཚུལ་དང་ནི་དགེ་སློང་ཉིད། །ཅེས་པ་ལྟར་རོ། །དགེ་བསྙེན་ལ་དབྱེ་བ་ནི། མཚལ་མིན་པའི་འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དགེ་བསྙེན་ལ་སྐྱབས་འགྲོའི་དགེ་བསྙེན། སྣ་གཅིག་སྤང་བ། སྣ་འགའ་སྤང་བ། ཕལ་ཆེར་སྤང་བ། ཡོངས་སུ་རྫོགས་པ། ཚངས་སྤྱོད་ཀྱི་དགེ་བསྙེན། ཡན་ལག་བརྒྱད་ཇི་སྲིད་འཚོའི་བར་བསྲུང་བ་གོ་མིའི་དགེ་བསྙེན་དང་བདུན་ལ་ཕ་མ་གཉིས་སོ། །འོ་ན་དགེ་བསྙེན་གྱི་བསླབ་གཞི་ལྔ་ལས་ཕྱོགས་གཅིག་སོགས་སྤང་བ་སོགས་ལ་དགེ་བསྙེན་གྱི་སྡོམ་པ་དང་ལྡན་ནམ་ཞེ་ན། ས་བཟང་གི་མངོན་པ་ཀུན་བཏུས་ཀྱི་འགྲེལ་བ་ལས། དགེ་བསྙེན་གྱི་བསླབ་པའི་གཞི་ལྔ་ལས་ཕྱོགས་གཅིག་སྲོག་གཅོད་སྤང་པ་ལྟ་བུ་ལ་སློབ་ན་དགེ་བསྙེན་གྱི་སྡོམ་པ་དང་ལྡན་ཞེས་བྱའམ་ལྡན་པ་མ་ཡིན་པ་ཞེས་བྱ་ཞེ་ན། མིང་ཆེན་གྱི་མདོར། བཙུན་པ་ཇི་ཙམ་གྱིས་ན་སྣ་གཅིག་སྤྱོད་པའི་དགེ་བསྙེན་དུ་འགྱུར་བ་ལགས་ཞེས་སོགས་ཞུས་པའི་ ལན་དུ། བསླབ་པ་སྣ་གཅིག་སྲུང་ན་སྣ་གཅིག་སྤྱོད་དང༌། གཉིས་སྲུང་ན་ཕྱོགས་གཅིག་སྤྱོད་པ་དང༌། གསུམ་མམ་བཞི་སྲུང་ན་ཕལ་ཆེར་སྤྱོད་པ་དང༌། ལྔ་ཅར་སྲུང་ན་ཡོངས་སུ་རྫོགས་པར་སྤྱོད་པའི་དགེ་བསྙེན་དུ་གསུངས་པས། གང་བླངས་པ་སྲུང་བའི་ཆ་ནས་སྡོམ་པ་དང་ལྡན་པ་ཞེས་བྱ་སྟེ། ལྷག་མི་སྲུང་བའི་ཆ་ནས་ཚུལ་ཁྲིམས་འཆལ་བ་ཞེས་ཀྱང་བྱའོ། །བསླབ་བྱ་གཞན་མི་སྲུང་ཡང་གསུམ་ལ་སྐྱབས་སུ་སོང་ན། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ་གསུངས། ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །

གཉིས་པ་རབ་བྱུང་གི་སྡོམ་པའི་མི་མཐུན་ཕྱོགས་གསུམ་ལས།

གཉིས་པ་རབ་བྱུང་གི་སྡོམ་པའི་མི་མཐུན་ཕྱོགས་གསུམ་ལས།

དང་པོ་དགེ་ཚུལ་གྱི་སྡོམ་པའི་མི་མཐུན་ཕྱོགས་ལ། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། སྤང་བྱ་བཅུ་ཇི་སྲིད་འཚོ་བར་བསྲུང་བའི་དགེ་ཚུལ་ཕ་མའི་སྡོམ་པ་གཉིས། ཞེས་དང༌། བླང་དོར་རབ་གསལ་ལས། སྲོག་གཅོད་མ་བྱིན་ལེན་དང་འཁྲིག་པ་རྫུན། །ཆང་དང་གར་སོགས་ཕྲེང་སོགས་མལ་ཆེན་མཐོ། །དུས་མིན་ཟས་དང་གསེར་དངུལ་ལེན་པ་རྣམས། །ཇི་སྲིད་འཚོ་བར་སྤོང་བ་དགེ་ཚུལ་ལོ། །ཞེས་པ་ལྟར་སློབ་དཔོན་ལས་བླངས་བ་ལས་འདས་པ་བཅུ་དང༌། མཁན་པོ་ལས་བླངས་པ་ལས་འདས་པ་གསུམ་དང་བཅུ་གསུམ་ཡོད་དེ། དང་པོ་སློབ་དཔོན་ལས་བླངས་པའམ་དངོས་བླངས་པ་ལས་འདས་པ་ལ་བཅུ་ལས། དང་པོ་སྲོག་གཅོད་པ་ལ་བཞི་ལས། ༡མི་གསོད་པའི་ཕམ་འདྲའི་ཉེས་བྱས། ༢དུད་འགྲོ་འདེབས་པ། ༣སྲོག་ཆགས་དང་བཅས་པ་ ལ་སྤྱོད་པ། ༤དུད་འགྲོ་གསོད་པའོ། །གཉིས་པ་༥མ་བྱིན་ལེན་གྱི་ཕམ་འདྲའོ། །གསུམ་པ་༦མི་ཚངས་སྤྱོད་ཀྱི་ཕམ་འདྲའོ། །བཞི་བ་རྫུན་སྨྲ་བ་ཡིན་ལ། དེ་ལ་དབྱེ་ན་བཅུ་གསུམ། ༧རྫུན་སྨྲའི་ཕམ་འདྲ། ༨གཞི་མེད་ཕམ་པའི་སྐུར་འདེབས། ༩བག་ཙམ་སྐུར་འདེབས། ༡༠དབྱེན་བྱེད་པ། ༡༡དེ་རྗེས་ཕྱོགས། ༡༢ཁྱིམ་སུན་འབྱིན། ༡༣ཤེས་བཞིན་གྱི་རྫུན། ༡༤བཤེས་ངོར་བྱེད་པ། ༡༥འཕྱ་བ། ༡༦ཟས་ཅུང་ཟད་ཙམ་གྱི་ཕྱིར་སྟོན་པའི་སྐུར་འདེབས་དང༌། ༡༧ལྷག་མ་སོགས་ཀྱི་སྐུར་འདེབས། ༡༨བསླབ་པ་སྤོང་བ། ༡༩འབྲས་ཆན་འགེབས་པ་དང་བཅུ་གསུམ། རྫུན་སྨྲ་འདི་རྣམས་ཡུལ་དུ་མ་ལ་སྨྲས་ན་དེ་སྙེད་ཀྱི་ལྟུང་བར་འགྱུར་བར་གསུངས་སོ། །ལྔ་བ་༢༠ཆང་འཐུང་བའོ། དྲུག་པ་གླུ་གར་ཡིན་ལ། དེ་ལ་གསུམ་༢༡གླུ་ལེན་པ། ༢༢བྲོ་གར་བྱེད་པ། ༢༣དགོས་མེད་དུ་རོལ་མོའི་སྒྲ་འབྱིན་པ་དང་གསུམ་མོ། །བདུན་པ་ཕྲེང་སོགས་ཡིན་ལ། དེ་ལ་བཞི་སྟེ་༢༤རང་དགར་མེ་ཏོག་སོགས་མཛེས་བྱེད་ཀྱི་ཕྲེང་བ་འཆང་བ། ༢༥ལུས་ལ་དྲི་ཞིམ་བྱུག་པ། ༢༦རྣ་རྒྱན་སོགས་རྒྱན་འདོགས་པ། ༢༧ ཚོན་གྱིས་མཆུ་སོགས་ཁ་དོག་བསྒྱུར་བ་དང་བཞིའོ། །བརྒྱད་པ་ཁྲི་སྟན་ཆེ་མཐོའོ། །དེ་ལ་བཞི། ༢༨རིན་ཐང་ཆེ་བའི་ཁྲི་བསྟན་ལ་རང་དགར་འདུག་པའམ་༢༩ཉལ་བ་གཉིས་དང༌། ༣༠ཁྲི་སྟན་ཁྲུ་གང་ལས་མཐོ་བ་ལ་རང་དགར་འདུག་པ་དང་༣༡ཉལ་བ་གཉིས་ཏེ་བཞིའོ། །དགུ་བ་༣༢ཕྱི་དྲོའི་ཁ་ཟས་ཡིན་ནོ། །བཅུ་པ་༣༣གསེར་དངུལ་ལེན་པའོ། །གཉིས་པ་གསུམ་ནི། ༣༤མཁན་པོར་གསོལ་བ་བཏབ་པ་ཉམས་པ་ནི། མཁན་པོར་མ་གུས་པ་དང༌། ཆོས་ལྡན་གྱི་བཀའ་བསྒོས་པ་སྒྲུབ་ནུས་བཞིན་དུ་མི་སྒྲུབ་པ་སོགས་སོ། ། ཕྱོགས་མཐུན་གནས་ཀྱི་བླ་མ་མ་བསྟེན་ པ་སོགས་སོ། །༣༥ཁྱིམ་པའི་རྟགས་སྤོང་བ་ཉམས་པ་ནི། ཕུ་ཐུང་སོགས་ཡན་ལག་སྦུབས་ཅན་ཁྱིམ་པའི་གོས་རིགས་དང༌། གོས་དཀར་བོ་དང༌། ནག་པོ་དང༌། ཁ་ཚར་ཅན་སོགས་གྱོན་པ་སོགས་ལ་བགོ་ཐེབས་རེ་ལ་བླངས་འདས་དང༌། སྐྲ་དང་ཁ་སྤུ་སོར་གཉིས་ལས་ལྷག་འཇོག་པ་ལ་གྲངས་ཇི་སྙེད་ཀྱི་བླངས་འདས་བྱུང་ལ། དེའི་ཕྱོགས་མཐུན་ཚོན་ཆེན་གྱིས་ཁ་བསྒྱུར་བའི་གོས་གྱོན་པ་སོགས་སོ། ། ༦རབ་བྱུང་གི་རྟགས་ཉམས་པ་ནི། བླ་གོས་མཐང་གོས་སོགས་སྒྲུབ་ནུས་བཞིན་དུ་མི་སྒྲུབ་ཅིང་མི་བགོ་བ་དང༌། འུག་སྒྲོ་སོགས་ལས་བྱས་པའི་གོས་གྱོན་པ་སོགས་སྟེ་བླངས་འདས་སོ་དྲུག་གོ །དེ་དག་རྒྱས་པར་དགེ་སློང་གི་མི་མཐུན་ཕྱོགས་བཤད་སྐབས་སུ་གསུངས་པ་ཕལ་ཆེར་དགེ་ཚུལ་ལ་ཕམ་འདྲའི་ཉེས་བྱས་དང་བཤགས་བྱའི་ཉེས་བྱས་དང་བསྡམ་བྱའི་ཉེས་བྱས་ཡིན་པས་སྐབས་དེ་དང་དེར་ཤེས་པར་བྱའོ། །དགེ་སློང་གི་སྡོམ་པའི་མི་མཐུན་ཕྱོགས་དེ་དག་ལས་དགེ་ཚུལ་ལ་ལྟུང་མེད་ཕྱེད་དང་བཅུ་བདུན་ཡོད་དེ། དེའི་སྡོམ་ནི། བྱེ་བྲག་བཤད་མཛོད་ལས། འཆང་༡བ་༢དང་ནི་འབྲལ་བ་༣དང༌། །དེ་བཞིན་ས་ནི་བརྐོ་བ་༤དང༌། །རིན་ཆེན་རེག་༥དང་མེ་ལ་རེག༦ །སྤངས་ནས་ཟ་བར་བྱེད་པ་༧ དང༌། བྱིན་ལེན་མ་བྱས་ཟ་བ་༨དང༌། དེ་བཞིན་གསོག་འཇོག་ཟ་བ་༩དང༌། །ལྗོན་ཤིང་འཛེག་༡༠དང་ཤིང་གཅོད་༡༡དང༌། རྩྭ་སྔོན་མི་གཙང་འདོར་བ་༡༢དང༌། ས་བོན་འཇོམས་༡༡དང་བསླབ་པའི་གཞི །ཞེས་དང༌། ཟླ་འཇོག་༡༣དགོན་པའི་འབྲལ་བ་༡༤དང༌། །གསོག་འཇོག་བྱེད་༡༥དང་དགེ་ཚུལ་ཉལ༡༦། །མི་སྨྲ་འགྲོ་༡༧དང་བཅོ་བརྒྱད་དོ། །ཞེས་གསུངས་ལ། བོད་ན་གྲགས་པའི་སྡོམ་ལྟར་གོས་དང་ལྷུང་བཟེད་ཞག་བཅུ་འཆང་བ་གཉིས་དང༌། ཤིང་གཅོད་ པ་དང་ས་བོན་འཇོམས་པ་དགེ་སློབ་མ་ལ་རིམ་བཞིན་བཤགས་བྱ་དང་ལྟུང་མེད་ཡིན་པས་གཉིས་སུ་བྱས་ནས་བཅོ་བརྒྱད་དང༌། དགེ་སློང་ལ་དེ་གཉིས་བསླབ་གཞི་གཅིག་གིས་བསྡུས་ཤིང༌། ནུབ་ལྷག་དགེ་ཚུལ་དང་ལྷན་ཅིག་ཉལ་བ་ལྟུང་མེད་དང༌། ཁྱིམ་པ་དང་ལྷན་ཅིག་ཉལ་བ་ཕྱོགས་མཐུན་ཡིན་པས་ཕྱེད་དང་བཅུ་བདུན་ཡིན་ནོ། །སྲོག་གཅོད་བཞི། ཕམ་འདྲ་གཉིས། རྫུན་སྨྲ་བཅུ་གསུམ། ཆང༌། ཕྱི་དྲོའི་ཁ་ཟས། ཁ་མ་བསྒྱུར་བའི་གོས་གྱོན་པ་སྟེ་ཉེར་གཉིས་བླངས་འདས་དང༌། དེའི་ལྷག་མ་ཕའི་སྡོམ་བསྡུས་ཉིས་བརྒྱ་ཕྱེད་དང་བཅོ་ལྔ་ལ་ཕྱོགས་མཐུན་བསྡམ་བྱའི་ཉེས་བྱས་འབྱུང་བར་གསུངས་སོ། །དགེ་ཚུལ་མའི་སྡོམ་པའི་མི་མཐུན་ཕྱོགས་ཕར་ཆེར་དེ་དང་འདྲ་བ་ཡིན་ཏེ། བླང་དོར་རབ་གསལ་འགྲེལ་བ་ལས། འདིས་དགེ་ཚུལ་མའི་སྡོམ་པ་ལ་ཡང་ཤེས་པར་བྱ་སྟེ་བུད་མེད་ལ་བརྟེན་པ་མ་གཏོགས་པའི་ཁྱད་པར་གཞན་རྣམས་མཚུངས་པའི་ཕྱིར། ཞེས་གསུངས་སོ། །

གཉིས་པ་དགེ་སློབ་མའི་སྡོམ་པའི་མི་མཐུན་ཕྱོགས།

གཉིས་པ་དགེ་སློབ་མའི་སྡོམ་པའི་མི་མཐུན་ཕྱོགས་ནི།

བླངས་འདས་ཉེར་གཉིས་སམ་ཞེ་བརྒྱད་ཡོད་དེ། དགེ་ཚུལ་སྐབས་དང་འདྲ་བ་བླངས་འདས་སོ་དྲུག་དང་མི་འདྲ་བ་རྩ་བའི་ཆོས་དྲུག་དང་རྗེས་མཐུན་ཆོས་དྲུག་སྟེ་ཞེ་བརྒྱད་དོ། །དེ་ལ་རྩ་བའི་ཆོས་དྲུག་ནི། ཁྲིམས་གྲོགས་མེད་པར་གཅིག་པུ་འགྲོ་བ་དང༌། གཅིག་པུ་ཆུ་བོའི་ཕ་རོལ་ཏུ་བརྒལ་བ་དང༌། སྐྱེས་པ་ལ་རེག་པ་དང༌། སྐྱེས་པ་དང་ལྷན་དུ་ཁྲིམས་གྲོགས་མེད་པར་འདུག་པ་དང༌། སྨྱན་བྱེད་པ་དང༌། ཟླ་མོ་དགེ་སློང་མའི་ཁ་ན་མ་ཐོ་བ་འཆབ་པ་དང་དྲུག་གོ །རྗེས་མཐུན་ཆོས་དྲུག་ནི། རང་གི་རིན་པོ་ཆེ་ལ་རུང་བ་མ་བྱས་པར་རེག་པ་དང༌། འདོམས་ཀྱི་སྤུ་བྲེག་པ་དང༌། ས་རྐོ་བ་དང༌། རྩྭ་སོགས་སྐྱེས་པ་གཅོད་པ་དང༌། བྱིན་ལེན་མ་བྱས་པར་ཟ་བ་དང༌། གསོག་འཇོག་བྱས་པ་ཟ་བ་དང་དྲུག་གོ །

གསུམ་པ་དགེ་སློང་ཕའི་སྡོམ་པའི་མི་མཐུན་ཕྱོགས་བཤད་པ།

གསུམ་པ་དགེ་སློང་ཕའི་སྡོམ་པའི་མི་མཐུན་ཕྱོགས་བཤད་པ་ལ།

ལྟུང་བ་སྡེ་ལྔའི་ཐུན་མོང་གི་ཡན་ལག་བཤད་པ་དང༌། ཐུན་མོང་མ་ཡིན་པ་རང་རང་གི་ངོ་བོ་དང་ལྷན་ཅིག་བཤད་པ་དང་གཉིས། དང་པོ་ནི། བསླབ་པའི་ཡན་ལག་ལ། བསྙེན་རྫོགས་ཀྱི་སྡོམ་པ་གསོ་རུང་ཡན་ཆད་ཞིག་དང༌། བསླབ་ཚིགས་གཅིག་པ་དང༌། བསླབ་རྒྱུན་གཅིག་པ་དང༌། ལས་དང་པོ་བ་མ་ཡིན་པ་བཞི་ཚང་དགོས། བསམ་པའི་ཡན་ལག་ལ། ཤེས་པ་རང་བཞིན་དུ་གནས་པ། སྨྱོ་བ། སེམས་འཁྲུགས་པ། སྡུག་བསྔལ་གྱིས་གཟིར་བ། སྤྲུལ་ཚེ་འདུ་ཤེས་མེད་པ་སྟེ་རང་བཞིན་དུ་མི་གནས་པ་གཙོ་བོ་བཞི་གང་རུང་མ་ཡིན་པ་དགོས་སོ། །

གཉིས་པ་ལྟུང་བ་སྡེ་ལྔའི་ཐུན་མོང་མ་ཡིན་པའི་ཡན་ལག་རང་རང་གི་ངོ་བོ་དང་ལྷན་ཅིག་བཤད་པ།

གཉིས་པ་ལྟུང་བ་སྡེ་ལྔའི་ཐུན་མོང་མ་ཡིན་པའི་ཡན་ལག་རང་རང་གི་ངོ་བོ་དང་ལྷན་ཅིག་བཤད་པ་ལ།

བླང་དོར་རབ་གསལ་ལས། ཕམ་པ་བཞི་དང་ལྷག་མ་བཅུ་གསུམ་དང༌། །སྤང་ལྟུང་སུམ་ཅུ་འབའ་ཞིག་དགུ་བཅུ་དང༌། །སོར་བཤགས་བཞི་དང་ཉེས་བྱས་བརྒྱ་བཅུ་གཉིས། །ལ་སོགས་སྤོང་བ་དགེ་སློང་སྡོམ་པར་གསུངས། །ཞེས་པ་ལྟར་ཕམ་པའི་སྡེ་བཤད་པ། ལྷག་མའི་སྡེ་བཤད་པ། སྤང་ལྟུང་གི་སྡེ་བཤད་པ། སོར་བཤགས་བཤད་པ། བཤགས་བྱའི་ཉེས་བྱས་བཤད་པ་དང་ལྔ། དང་པོ་ཕམ་པའི་སྡེ་ལ་བཞི་ལས། དང་པོ་མི་ཚངས་སྤྱོད་ཀྱི་ཕམ་པའི་སྡེ་ནི། གླེང་གཞི་ནི། བཅོམ་ལྡན་འདས་ཟག་མེད་ཀྱི་ཡེ་ཤེས་ཐུགས་སུ་ཆུད་ནས་དགུང་ལོ་བཅུ་གསུམ་པ་ལ་བབ་པའི་ཚེ་ཡུལ་སྤོང་བྱེད་དུ་དགེ་སློང་བཟང་བྱིན་གྱིས་སྔར་གྱི་ཁྱིམ་ཐབ་ལ་མི་ཚངས་པར་སྤྱད་པ་ལ་བརྟེན་ནས་མི་ཚངས་སྤྱོད་ཀྱི་ཕམ་པ་བཅས་ལ། གཞིའི་ཡན་ལག་ཐུན་མོང་མ་ཡིན་པ་ནི་རང་གི་རྨ་སྒོ་གཉིས་དང༌། གཞན་བུད་མེད་དང་སྐྱེས་པ་དང་དུད་འགྲོ་སོགས་ཀྱི་ ལུས་སྟོད་སྨད་གང་རུང་ཕྱེད་ཡན་ཆད་ཚང་བ་ཤི་བའྀ་རོ་སོགས་ཀྱི་རྨ་སྒོ་གསུམ་གང་རུང་ནད་སོགས་ཀྱིས་མ་ཉམས་པར་དང་པོའི་མཚམས་ལས་འདས་པར་རང་གི་ནོར་བུ་བཅུག་པ་དང༌། རང་གི་ཁ་དང་བཤང་ལམ་དུ་གཞན་གྱི་ནོར་བུ་བཅུག་ནས་རྩོལ་བ་ན་མཐར་ཐུག་རེག་པ་དེ་ལས་བྱུང་བའི་བདེ་བ་ལུས་ཤེས་ཀྱིས་མྱོང་ཞིང་ཡིད་ཀྱིས་བདག་གིར་བྱས་ནའོ། །དེ་ཡང་ཕོ་མོ་སོགས་ཀྱི་ཁྱད་པར་མེད་པར་རང་གི་རྨ་སྒོ་གཉིས་དང་གཞན་ཕོའི་རྨ་སྒོ་གཉིས་དང་མོའི་རྨ་སྒོ་གསུམ་གང་ལ་མི་ཚངས་པར་སྤྱོད་ན་ཕམ་པ་འབྱུང་སྟེ། སྡོམ་གསུམ་དྭངས་གསལ་མེ་ལོང་ལས། རང་གི་རྨ་སྒོ་གཉིས་དང༌། གཞན་དུད་འགྲོ་སོགས་ཀྱི་ལུས་སྟོད་སྨད་གང་རུང་ཕྱེད་ཡན་ཆད་ཚང་བ་ཤི་བའི་རོ་སོགས་ཀྱི་རྨ་སྒོ་གསུམ། ཞེས་སོགས་དང༌། འདུལ་མཛོད་རྒྱ་མཚོའི་བདག་ཉིད་ཀུན་མཁྱེན་མཚོ་སྣ་བས་མཛད་པའི་འདུལ་ཊཱིཀ་ཉི་ཟེར་ལས། ལམ་གསུམ་ལས་གང་ཡང་རུང་བ་ནི་དེར་རོ་ཁའམ་གཤང་བའི་ལམ་དུའོ། །ཞེས་དང༌། རྣམ་ཤེས་ལེན་མྱོང་ཡན་ཆད་ཡིན་པ་སྟེ། སྐྱེས་པ་ཉིད་དང༌། མ་ནིང་ཉིད་དང༌། རོ་ཉིད་དང༌། ཞེས་ཕོའི་རྨ་སྒོ་མ་ཟད་མ་ནིང་དང་རོའི་རྨ་སྒོ་ལ་སྤྱོད་ན་ཕམ་པ་འབྱུང་བར་གསུངས་སོ། །ཡང་འདུལ་བ་མདོ་རྩའི་རྣམ་བཤད་ཟླ་ཟེར་ལས། དགེ་སློང་གི་རང་བསྟེན་པར་བྱ་བ་སྟེ་རང་གི་ཁའམ་བཤང་ལམ་དུ་རང་གི་ཟག་བྱེད་བཅུག་ན་ཡང་ན་སྨད་པ་མེད་དོ་ཞེས་སྦྱར་ཏེ་ཕམ་པར་འགྱུར་རོ། །ཞེས་དང༌། འདུལ་བ་བདུད་རྩིའི་ཉིང་ཁུ་ལས།ལས་དང་པོ་མ་ཡིན་པའི་དགེ་སློང་གིས་མི་དང་མི་མ་ཡིན་པ་དང༌། སྐྱེས་པ་དང༌། བུད་མེད་དང༌། མ་ནིང་དང༌། རང་གཞན་གང་རུང་གི་ཁའམ་གཤང་ལམ་མམ། མོའི་དབང་བོ་སྟེ་རྨའི་སྒོ་གསུམ་གང་རུང་ནད་ལ་སོགས་པས་མ་ཉམས་པར་རང་གི་དབང་པོ་མ་ཉམས་པས་བཅུག་རེག་བདེ་བ་ཉམས་སུ་མྱོང་བར་བྱས་ན་དངོས་གཞིའོ། །ཞེས་རང་གཞན་གྱི་རྨའི་སྒོ་གང་ལ་མི་ཚང་བར་སྤྱོད་ན་ཕམ་པ་འབྱུང་བར་གསུངས་སོ། །ཧ་ཅང་སྙིགས་མའི་དུས་སུ་འདི་ཡང་ཤེས་པར་བྱ་དགོས་སོ། །གཉིས་པ་མ་བྱིན་ལེན་ནི། གླེང་གཞི་རྒྱལ་བོའི་ཁབ་ཏུ་དགེ་སློང་ནོར་ཅན་གྱིས་མ་བྱིན་པར་བླངས་པ་ལ་བརྟེན་ནས་ཕམ་པ་འདི་བཅས་ལ། གཞིའི་ཡན་ལག་ཡུལ་དུས་དེ་བརྐུ་ཡུལ་རྐུ་མཁན་གཉིས་ཀ་ལ་ལྟོས་པའི་དངུལ་ཞོ་གང་ཡན་གྱི་རིན་ཐང་ཚང་བ། གཡོས་སུ་བྱས་པའི་ཁ་ཟས་དང་དུར་ཁྲོད་ཀྱི་རྫས་སོགས་ལྟ་བུ་དམན་པ་མ་ཡིན་པ། བདག་པོ་རང་ལས་ནོར་ཐ་དད་པས་བདག་ཏུ་བཟུང་བ། བསམ་པའི་ཡན་ལག་དེ་ལྟར་ཤེས་བཞིན་དུ་བདག་པོ་དང་གཏན་དུ་འབྲལ་ཏེ་བདག་གིར་བྱེད་འདོད་ཀྱིས། སྦྱོར་བའི་ཡན་ལག་རང་ངམ་བསྐོས་པས་སྦྱོར་བ་གཅིག་གི་ནང་དུ་ཆད་པ་འཇོག་པ་སོགས་མཐུས་དང་རྫས་བཅོལ་བ་དང་བསྐྱིས་ པ་དང་གྲུ་བཙས་གླ་རྔན་སོགས་སྒྱུ་ཐབས་ཀྱིས་མི་སྟེར་བར། མཐར་ཐུག་ གི་ཡན་ལག་རང་ངམ་བཅོལ་ཡུལ་ལ་ཐོབ་བློ་སྐྱེས་པ་ནའོ། །འདིའི་མཐུས་རྐུ་བ་བླ་དཔོན་སོགས་དབང་ཆེ་བ་རྣམས་དང༌། ཕྱི་མ་ཐམས་ཅད་ལ་འབྱུང་ཉེ་ཞིང༌། རང་གི་རྫས་གཞན་གྱིས་བརྐུས་པའང་རང་གི་བློས་བཏང་ཞིང་རྐུན་མས་བདག་ཏུ་བཟུང་བའི་རྗེས་སུ་སླར་བླངས་ནའང་ཕམ་པ་འབྱུང་བའི་གནས་ཡོད་པར་གསུངས་པས་འདི་ལ་ཡང་གཟབ་པར་བྱའོ། །གསུམ་པ་སྲོག་གཅོད་ཀྱི་ཕམ་པ་ནི། གླེང་གཞི་ཡུལ་སྤོང་བྱེད་དུ་ཆུ་ཀླུང་ཡིད་འོང་ལྡན་གྱི་འགྲམ་དུ་དགེ་སློང་རབ་ཏུ་མང་པོས་དགེ་སློང་གསོད་པར་བྱེད་པ་ལ་བརྟེན་ནས་ཕམ་པ་འདི་བཅས་ལ། གཞི་རྒྱུད་ཐ་དད་པའི་མི་དང་མིར་ཆགས་པ་གང་རུང་བསམ་པ་འདུ་ཤེས་མ་འཁྲུལ་བའི་སྒོ་ནས། བསམ་བཞིན་དུ་སྦྱོར་བ་དུག་མཚོན་ངན་སྔགས་སོགས་ཀྱིས་རང་ངམ་གཞན་གསོད་དུ་བཅུག་པ།མཐར་ཐུག་བསད་བྱ་དེ་རང་གི་སྔར་གསོད་སེམས་མ་ལོག་གོང་དུ་ཤི་བ་ནའོ། །བཞི་བ་མི་ཆོས་བླ་མ་སྨྲ་བའི་ཕམ་པ་ནི། གླེང་གཞི་ཉ་བའི་གྲོང་དུ་དགེ་སློང་ལྔ་བརྒྱས་མི་ཆོས་བླ་མ་རྫུན་དུ་སྨྲས་ནས་འོད་མ་ཅན་གྱི་གྲོང་དུ་ཕམ་པ་འདི་བཅས་ལ། གཞི་སྨྲ་ཡུལ་ཆོས་བདུན་ལྡན་ལ་རང་དོན་དུ་ཞི་གནས་ཡན་ཆད་ཀྱི་ཡོན་ཏན་མངོན་ཤེས་སོགས་བསམ་པ་དེ་དག་མ་ཐོབ་པར་ཤེས་བཞིན་དུ་འདུ་ཤེས་བསྒྱུར་འདོད་ཀྱིས། སྦྱོར་བ་དེ་དག་ཐོབ་པོ་ཞེས་པའམ་མངོན་ཤེས་ཀྱི་འབྲས་བུ་ལྷ་དང་ཡི་དྭགས་སོགས་བདག་གིས་མཐོང་ངོ་དེ་དང་གཏམ་བྱས་སོ། །ཞེས་སོགས་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲ་བ་དང༌། གཞན་གྱིས་ཁྱོད་ཀྱིས་དེ་དག་ཐོབ་པའམ་མཐོང་ངམ་ཟེར་བ་ངག་གིས་དང་དུ་བླངས་པ། མཐར་ཐུག་གཞན་གྱིས་དོན་གོ་བ་ནའོ། །དེ་ལྟར་ན་གཞི་བསམ་པ་སྤྱོར་བ་མཐར་ཐུག་གི་ཡན་ལག་ནི་སོར་བཤགས་ཡན་སྦྱོར་དགོས་པར་ཤེས་པར་བྱའོ། །ཡུལ་གྱི་ཆོས་བདུན་ལྡན་ནི། མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་དང་མཚན་གཉིས་མ་ཡིན་པ་སྟེ་ཐ་སྙད་ལྔ་དང་ལྡན་པ། ལུས་ཐ་མལ་དུ་གནས་པ། རང་ལས་རྒྱུད་ཐ་དད་པའོ། །ངག་མཚན་ཉིད་ལྔ་ལྡན་ནི། ངག་ཡིན་པ། རང་གི་ཡིན་པ། བདག་ཉིད་དང་འབྲེལ་བ། མ་ནོར་བ། གསལ་བར་སྨྲ་བ་ ལྔ་དང་ལྡན་པའོ། །ཕ་རོལ་བོའི་མངོན་སུམ་དུ་སྨྲ་བ་བསྣན་ན་དྲུག་ལྡན་ཟེར་རོ། །འདི་བཞི་དགེ་ཚུལ་ལ་ཕམ་འདྲའི་ཉེས་བྱས་ཡིན་ཏེ། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དགེ་ཚུལ་ལ་ཕམ་པ་དང་འདྲ་བའི་ཉེས་བྱས་སོ། །ཞེས་གསུངས་སོ། །

གཉིས་པ་ལྷག་མའི་སྡེ་ལ་བཅུ་གསུམ་ལས།

གཉིས་པ་ལྷག་མའི་སྡེ་ལ་བཅུ་གསུམ་ལས།

ཁུ་བ་འབྱིན་པའི་ལྷག་མ་ནི། རྨ་སྒོ་གསུམ་ལས་གཞན་པའི་རང་གཞན་གྱི་ལུས་ཀྱི་ཡན་ལག་གང་གི་ཤ་རུས་སུ་ངོ་ཤེས་པ་ཡན་ཆད་ལ་རང་གི་ནོར་བུ་རྩལ་དྲུད་བྱས་ཏེ། བསམ་བཞིན་དུ་ཁུ་བ་འབྱིན་སེམས་ཀྱིས་རང་གི་ཁུ་བ་དང་པོའི་གནས་ནས་ཕྱུང་བ་ན་ཁུ་བ་འབྱིན་པའི་ལྷག་མའོ། །དགག་བྱ་ནི་ས་བོན་གྱིས་བསྐྱེད་པའི་འདོད་ཆགས་འཕེལ་བའོ། ། ༢ བུད་མེད་མཚན་དོན་བྱེད་ནུས་པ་བརྟེན་རུང་ཐ་མལ་དུ་གནས་པའི་རྨ་སྒོ་གསུམ་ལས་གཞན་པའི་ལུས་དངོས་མ་ཉམས་པའམ་སྐྲའམ་དེ་དང་འབྲེལ་བའི་གོས་སོགས་ལ་རང་གི་ནོར་བུ་ལས་གཞན་པའི་ལུས་མ་ཉམས་པས། འདུ་ཤེས་མ་འཁྲུལ་ཞིང་ཆགས་སེམས་ཀྱིས། རེག་གམ་གཞན་གྱི་རེག་པ་དང་དུ་ལེན་པའི་སྒོ་ནས། རེག་པའི་བདེ་བ་བདག་གིར་བྱེད་པ་ན་རེག་པའི་ལྷག་མའོ། ། ༣ གཞི་བུད་མེད་སྔ་མ་ལྟ་བུ་དོན་གོ་བ་རྫུ་འཕྲུལ་ཅན་མ་ཡིན་པ་ལ་ཡུལ་དུས་དེར་འཁྲིག་པར་གྲགས་པ་འཁྲིག་པའི་སྨྲ་བའི་བདེ་བ་མྱོང་འདོད་ཀྱིས་འདུ་ཤེས་མ་འཁྲུལ་བའི་སྒོ་ནས་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲས་པ་ཡུལ་དེས་དོན་གོ་བ་ན་འཁྲིག་ཚིག་སྨྲ་བའི་ལྷག་མའོ། །༤ བཅས་ལྡན་དགེ་སློང་གིས་བུད་མེད་སྔ་མ་ལྟ་བུ་ལ་བདག་ལ་འཁྲིག་པའི་བསྙེན་བཀུར་ན་བསྙེན་བཀུར་མཆོག་གོ་ཞེས་ངག་མཚན་ཉིད་ལྔ་ལྡན་གྱིས་སྨྲས་པའམ། གཞན་གྱིས་སྨྲས་པ་ངག་གིས་དང་དུ་ལེན་པ་ན་ཡུལ་གྱིས་དོན་གོ་བ་ན་བསྙེན་བཀུར་བསྔགས་པའི་ལྷག་མའོ། །༥ ཡུལ་སྐྱེས་པ་བུད་མེད་རང་ལས་རྒྱུད་ཐ་དད་པ་མཚན་རྟེན་དུ་རུང་བ་སྨྱན་ནམ་གཉེན་བསྒྲིགས་པའམ་མི་མཐུན་པ་མཐུན་པར་བསམ་བཞིན་དུ་བྱེད་འདོད་ཀྱིས་འཕྲིན་ཕར་ཚུར་ལན་གསུམ་སྤྲིང་ཡིག་སོགས་ཀྱིས་སྐྱེལ་བས་བསྟེན་བྱ་སྟེན་བྱེད་སྤྲད་པ་ན་སྨྱན་བྱེད་པའི་ལྷག་མའོ། །༦ གནས་རང་གཞན་གང་རུང་གིས་བཙལ་བ། སྲོག་ཆགས་དང་གཞན་དང་རྩོད་པ་དང་ཆུ་སོགས་ཀྱིས་མི་བརྟན་པའི་མ་དག་པ་གསུམ་དང་དགེ་འདུན་ལ་མ་བསྟན་༼དགེ་འདུན་ལས་གནང་བ་མ་ཐོབ་པར༽པར་འདུ་ཤེས་མ་འཁྲུལ་ཞིང་དཀོན་མཆོག་མིན་པ་བདག་པོ་གཅིག་གི་དོན་དུ་སྲིད་དུ་ཁྲུ་བཅོ་བརྒྱད་ཞེང་དུ་ཁྲུ་ཕྱེད་དང་བཅུ་གཅིག་གི་ཚད་ལས་ཁྲུ་ཕྱེད་ཀྱིས་ལྷག་པའི་ཁང་བ་རང་ངམ་བསྐོས་པས་བརྩིགས་སྟེ་ཕལ་ཆེར་གྲུབ་ཟིན་པ་ན་ཁང་བའི་ལྷག་མའོ། །༧ གཞི་མ་དག་པ་དགེ་འདུན་ལ་མ་བསྟན་པར་དཀོན་མཆོག་གམ་བདག་པོ་བཞིར་ལོངས་ཀྱི་དོན་དུ་སྤྱོད་ལམ་བཞི་ཤོང་བ་ཡན་ཆད་ཀྱི་ཁང་བ་བརྩིགས་སྟེ་ཕལ་ཆེར་གྲུབ་ཟིན་པ་ན་ཁང་ཆེན་གྱི་ལྷག་མའོ། །འདུལ་བ་བདུད་རྩིའི་ཉིང་ཁུ་ལས་ཁང་ཆེན་ཚད་མེད་ཅེས་བཤད་དོ། །༨ དགེ་སློང་མཚན་ཉིད་དང་ལྟ་བ་མཐུན་པ་བསྙེན་རྫོགས་ཀྱི་སྡོམ་པ་གསོར་རུང་དང་ལྡན་པའམ་མི་མཐུན་པ་སྡོམ་པ་རྣམ་དག་དང་ལྡན་པ་ཐ་སྙད་གསུམ་༼སྨྲ་ཤེས་པ་དོན་གོ་བ་ཤེས་པ་རང་བཞིན་དུ་གནས་པ།༽ལྡན་ལུས་ཐ་མལ་དུ་གནས་པ་ལ་ཉམས་འདོད་ཀྱི་བསམ་པས་གོ་ཡུལ་ཐ་སྙད་ལྔ་ལྡན་ལ་ངག་མཚན་ཉིད་ལྔ་ལྡན་གྱིས་བྱེད་པ་པོ་དང་བྱ་བ་སྦྱར་ཏེ་ཕམ་པ་བྱུང་བ་གསལ་བར་སྨྲས་པ་ཡུལ་གྱིས་དོན་གོ་བ་ན་གཞི་མེད་སྐུར་འདེབས་ཀྱི་ལྷག་མའོ། །༩ ཡན་ལག་གཞན་སྔ་མ་དང་འདྲ་བ་ལ་བྱེད་པ་ པོ་དང་མ་སྦྱར་བར་སྨྲ་བ་ན་དོན་གོ་བ་ན་བག་ཙམ་གྱི་ལྷག་མའོ། །༡༠ཆོས་ཕྱོགས་ལས་ཆོས་མིན་པའི་ཕྱོགས་སུ་འབྱེད་པ་ལ་དགེ་འདུན་གྱི་བཞམས་བསྒོ་དང་གསོལ་བཞིའི་ལས་ཏེ་བཟློག་པ་ལྔས་བཟློག་པ་ན་ཤེས་བཞིན་དུ་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་དགེ་འདུན་དབྱེན་གྱི་ལྷག་མའོ། །༡༡ དབྱེན་བྱེད་པ་དེའི་གྲོགས་བྱེད་པའི་དགེ་སློང་ལ་བཟློག་པ་ལྔས་བཟློག་པ་ན་བརྗོད་པ་གསུམ་པའི་མཐའ་ལ་མི་གཏོང་ན་རྗེས་སུ་ཕྱོགས་པའི་ལྷག་མའོ། །༡༢ དགེ་སློང་ཚུལ་ཁྲིམས་དང་འགལ་བར་ཞུགས་ཏེ་ཁྱིམ་པ་སུན་འབྱིན་པ་ལ་དགེ་འདུན་གྱིས་བསྐྲད་པ་ནན་ཏུར་བྱས་པ་ན་འགྲོ་བ་བཞིས་སྐུར་བ་བཏབ་པ་རྐྱེན་ལྔས་བཟློག་ཀྱང་སྔར་ལྟར་མི་གཏོང་བ་ཁྱིམ་སུན་འབྱིན་པའི་ལྷག་མའོ། །འགྲོ་བ་བཞི་ནི། འདུན་པ་སྟེ་བསྙེན་བཀུར་ལ་ཆགས་པ་དང༌། ཞེ་སྡང་གི་འགྲོ་བ་ཞེ་སྡང་ཆེ་བ་དང༌། གཏི་མུག་གི་འགྲོ་བ་དོན་མི་ཤེས་པ་དང༌། འཇིགས་པའི་འགྲོ་བ་རྒྱལ་པོ་སོགས་ཀྱི་ཆད་པས་འཇིགས་པའོ། །༡༣ དགེ་སློང་གིས་དགེ་སློང་གཞན་ལ་བསླབ་པའི་གཞི་གླེང་བ་ན་ཤེས་བཞིན་དུ་བདག་ལ་མ་གླེང་ཞེས་སོགས་མི་འདོད་པའི་ཚིག་སྨྲས་པ་བཟློག་པ་ལྔས་བཟློག་ཀྱང་མི་གཏོང་ན་བཀའ་བློ་མི་བདེ་བའི་ལྷག་མའོ། །ཕམ་ ལྷག་འདི་དག་གི་ཡན་ལག་གཅིག་མ་ཚང་བ་སོགས་ཡིན་ན་རང་རང་གི་སྡེར་གཏོགས་པའི་སྦོམ་པོ་ཡིན་ནོ། །སྐབས་འདིར་འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དབེན་པ་སྐྱབས་ཡོད་འདུག་པའོ། །ཞེས་པས་མ་ངེས་པའི་སྡེ་གཉིས་བཤད་ཅེས་གསུངས་སོ། །

གསུམ་པ་ལྟུང་བྱེད་ལ་གཉིས་ལས་སྤང་ལྟུང་།

གསུམ་པ་ལྟུང་བྱེད་ལ་གཉིས་ལས་སྤང་ལྟུང་ལ།

༡ དགེ་སློང་སྲ་བརྐྱང་མ་བཏང་བས་ཤེས་བཞིན་དུ་ཁ་སྐོང་གི་རེ་བ་མེད་པའི་གོས་ཁྲུ་གང་ཡན་ལོངས་པ་བྱིན་རླབས་སོགས་མ་བྱས་པ་རང་ངམ་བྱིན་རླབས་བྱས་ཀྱང་ཤན་སྟོབས་གང་རུང་གིས་ཞག་བཅུར་འཆང་སྟེ་ཞག་བཅུ་གཅིག་སྐྱ་རེངས་ཤར་ན་ཞག་བཅུ་འཆང་སྤང་གི་ལྟུང་བའོ། །སྐབས་འདིའི་སྐྱ་རེངས་ཤར་ཚད་ནི། ཇི་སྐད་དུ། ཐུན་གསུམ་ཐ་མའི་དང་པོའི་མཇུག །ཅེས་སོ། །སྐབས་འདིར་གོས་བྱིན་རླབས་བྱེད་ཚུལ་ནི། སྣམ་སྦྱར་ལྟ་བུ་ལ་ཡུལ་བསླབ་པ་རྒན་ན་ཕྱག་གསུམ་འཚལ་ཏེ་བསྟན་པ་རིན་པོ་ཆེ་གསལ་བྱེད་དམ་པར་གྱུར་པ་གནས་བརྟན་འདུལ་བ་འཛིན་པ་གོས་བྱིན་རླབས་ཀྱི་ཆོ་ག་ལ་ཐུགས་གཏད་པར་ཞུ། ཞེས་སྙན་གསན་ཞུ། དེས་ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ། ཞེས་བརྗོད། དེ་ནས་གཉིས་ཀས་སྣམ་སྦྱར་གྱི་སྣེ་ནས་ལག་པ་གཡས་སྟེང་དང་གཡོན་འོག་མ་བྱས་ནས་བཟུང་སྟེ། གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་ཆོས་གོས་བགྱིས་ལེགས་པ་རུང་བ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་པོ། །ཞེས་ལན་གསུམ། ཐབས་ལེགས་བྱ། གཏང་རག་གི་ཕྱག་གསུམ་འཚལ་ཏེ། བསྟན་པ་རིན་པོ་ཆེ་ནས། ཐུགས་གཏད་པ་བཀའ་དྲིན་ཆེ་ལགས་ཞེས་བརྗོད་པ་ན། ཡུལ་གྱིས་ཆོས་བཞིན། ནས། མཛད་པ་ངོ་མཚར་ཆེ་སོགས་བརྗོད། གཞོན་ན་ཕྱག་མི་བྱ་བར་ཐང་ཤད་གསུམ་བྱ། འཚོ་བའི་ཡོ་བྱད་གཞན་བླ་གོས། མཐང་གོས། ཤམ་ཐབས། ཤམ་ཐབས་ཀྱི་གཟན། རྔུལ་གཟན། རྔུལ་གཟན་གྱི་གཟན། གདོང་ཕྱིས། རྣག་གཟན། གཡན་པ་དགབ་པ། སྐྲ་བཟེད། གདིང་བ། དབྱར་གྱི་རས་ཆེན་སོགས་ལའང་མིང་སྤོ་བ་མ་གཏོགས་འདྲའོ། །རྒྱུའི་བྱིན་རླབས་ཆགས་པ་ལ་ཁ་སྐོང་གི་རེ་བ་མེད་ན་མི་ཆགས་པས་རྐྱེན་དབང་གིས་མ་འཛོམས་པ་ལྟ་བུ་ལ་རྐྱེན་གྱིས་བྱིན་རླབས་བྱས་ན་ལེགས་པ་ཡིན་པར་གསུངས་པས་དེའི་ཚུལ་ནི། ཆོས་གོས་འདི་ནི་སྣམ་སྦྱར་དུ་བྱིན་གྱིས་བརླབས་པོ་ཞེས་སོགས་བརྗོད་དོ། །ཆོས་གོས་དངོས་དེ་ཡོད་བཞིན་དུ་རྒྱུ་དང་རྐྱེན་གྱིས་བྱིན་རླབས་བྱས་ན་མི་ཆགས་སོ། །ལྷག་པ་དང༌། མཁོ་བའི་ཡོ་བྱད་ལ་རིམ་བཞིན་གཞན་དང་རང་གཞན་གཉིས་ཀའི་བསམ་པ་དགོས་པས་དེ་དཀའ་ལ། དེས་ན་རང་ལ་ཡོ་བྱད་ཅི་བྱུང་ཡང་རང་རྒྱུད་ཀྱི་ལུང་གི་ཆོས་སམ་དཀོན་མཆོག་ལ་ཕུལ་ཏེ། ལོངས་སྤྱོད་ཚེ་སེམས་ཅན་གྱི་དོན་སྒྲུབ་པའི་ཕྱིར་དུ་སྤྱོད་སྙམ་པ་སོགས་བྱས་ན་སྤང་ལྟུང་ཕལ་ཆེར་མི་འབྱུང་བས་ཤིན་ཏུ་ལེགས་སོ། །བྱིན་རླབས་དབྱུང་ཚུལ་ནི། གཞན་སྔར་ལྟར་ལ་བདག་དགེ་སློང་མིང་འདི་ཞེས་བགྱི་བས་གོས་བགྱིས་ལེགས་པ་རུང་པ་སྤྱད་པར་འོས་པ་འདི་ཆོས་གོས་སྣམ་སྦྱར་དུ་བྱིན་གྱིས་བརླབས་པ་ལས་དེ་ལྟ་བས་ན་དངོས་པོ་དེ་སླར་དབྱུང་བར་བགྱིའོ། །ཞེས་ལན་གསུམ་བརྗོད་དོ། །རྐྱེན་དབང་གིས་ཆོས་གོས་དང་བྲལ་ཏེ་གནས་སུ་ཕྱིན་མ་ནུས་པ་ལྟ་བུའི་ཚེ་ལྷ་དགོངས་སུ་གསོལ་བྱས་ཏེ་དབྱུང་འཇུག་བྱས་ན་ཆོག་མོད་གཞན་གྱི་དུས་སུ་དབྱུང་འཇུག་ཐམས་ཅད་དགེ་སློང་གི་མདུན་དུ་བྱ་དགོས་སོ། །༢ དགེ་སློང་གིས་ཆོས་གོས་གསུམ་གང་རུང་གི་བྱིན་རླབས་ཅན་འཇིགས་བཅས་དང་སྲ་བརྐྱང་བཏིང་བ་མ་ཡིན་པར་ཤེས་བཞིན་དུ་མཚམས་ཐ་དད་དུ་གནས་ཏེ་ཞག་གཅིག་གི་སྐྱ་རེངས་ཤར་བ་ན་འབྲལ་བའི་སྤང་ལྟུང་ཡིན་ནོ། །༣ སྲ་བརྐྱང་མ་བཏིང་བ་དང་གོས་མ་ཚང་བས་ཁ་སྐོང་གི་རེ་བ་དང་བཅས་པའི་གོས་ཁྲུ་གང་ལོངས་ཤིང་འཁོར་གསུམ་མི་ཁེབས་པ་བྱིན་གྱིས་མ་བརླབས་པའམ་བརླབས་ཀྱང་འདུ་ཤེས་མ་འཁྲུལ་བས་རང་ངམ་ཤན་སྟོབས་ཀྱིས་ཞག་སུམ་ཅུ་བར་མ་ཆད་དུ་བཞག་སྟེ་ཞག་སོ་གཅིག་གི་སྐྱ་རེངས་ཤར་བ་ན་ཟླ་འཇོག་གི་སྤང་བའོ། །༤ དགེ་སློང་གིས་རང་གི་གོས་རྙིང་བ་གང་ཡང་རུང་བ་དགེ་སློང་མ་ཐ་སྙད་བདུན་ལྡན་ལ་དེར་ཤེས་བཞིན་དུ་འཁྲུ་འཚེད་འཆག་གསུམ་གང་རུང་བྱེད་བཅུག་པ་ན་དེས་ཕྱོགས་གཅིག་ཙམ་མན་ཆད་བྱས་ཟིན་པ་ན་འཁྲུར་འཇུག་གི་སྤང་བའོ། །ཐ་སྙད་བདུན་ལྡན་ནི། བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ། མཚན་བསྟེན་དུ་རུང་བ། ལུས་ཐ་མལ་དུ་གནས་པ། ཐ་སྙད་གསུམ་ལྡན། ཉེ་དུ་མིན་པ། རྫུ་འཕྲུལ་གྱིས་ཆོས་ཅན་མིན་པའོ། །ལུས་བསྟེན་རུང་བསྣན་ན་བརྒྱད་དོ། །༥ དགེ་སློང་མ་སྔ་མ་ལྟ་བུ་ལ་གོས་རུང་བ་ཚད་ལྡན་བསླངས་ཏེ་ཐོབ་པ་ན་དགེ་སློང་མ་ལས་གོས་ལེན་པའི་སྤང་པའོ། །༦ དགེ་སློང་རང་ལ་ཆོས་གོས་རྣམས་ཚང་བཞིན་དུ་ཁྱིམ་པ་ཆོས་དྲུག་ལྡན་ལ་གོས་རུང་བ་ཚད་ལྡན་ཤེས་བཞིན་དུ་ངག་མཚན་ཉིད་ལྔ་ལྡན་གྱིས་བསླངས་པ་རིན་ཐང་ཁ་དོག་ཁྲུ་ཚད་གང་བསླངས་པ་ལྟར་ཐོབ་པ་ན་ཁྱིམ་པ་ལས་གོས་སློང་བའི་སྤང་བའོ། །ཆོས་དྲུག་ལྡན་ནི། ཁྱིམ་པ་ཡིན་པ། ཐ་སྙད་ལྔ་ལྡན། ལུས་ཐ་མལ་དུ་གནས་པ། རང་ལས་ནོར་ཐ་དད་པ། ཉེ་དུ་མིན་པ། མ་བསླང་བར་མི་སྟེར་བའོ། །༧ འཚོ་བའི་ཡོ་བྱད་ཀྱི་གོས་གསུམ་ཡན་ཆད་མ་ཚང་བའི་དགེ་སློང་གིས་ཁྱིམ་པ་ཆོས་དྲུག་ལྡན་ལ་གོས་ཟུང་ལས་ལྷག་བསླང་བའམ་མ་བསླང་ཀྱང་ཁྲུ་གང་ལས་ལྷག་པ་ཕྱིར་སྦྱིན་མི་འདོད་པས་སྦྱོར་བ་སྔར་ལྟར་ལ་ལྷག་པ་ཐོབ་པའམ་མི་སྦྱིན་པར་ཐག་བཅད་པ་ན་སློང་རིགས་པའི་སྤོང་པའོ། །༨ གོས་དེ་ཡོད་པའི་དགེ་སློང་གིས་ཁྱིམ་པ་ཆོས་དྲུག་ལྡན་གྱིས་རང་ལ་བསྔོས་པ་ལས་ལྷག་པ་འདུ་ཤེས་ མ་འཁྲུལ་བས། སྦྱོར་བ་སྔར་ལྟ་བུའི་འབུལ་ལོང་མེད་པར་བསླང་སྟེ་ཐོབ་པ་ན་སྦགས་པ་སློང་བའི་སྤང་བའོ། །༩ གཞན་འདྲ་བ་ལ་ཁྱིམ་པ་ཕོ་མོ་སོ་སོ་ནས་གོས་རེ་རེ་བསྔོས་པ་དེ་ལས་ལྷག་པ་ཐོབ་པ་ན་སོ་སོ་ནས་སྦགས་པ་སློང་བའི་སྤང་བའོ། །༡༠ སྦྱིན་བདག་ཁྱིམ་པས་ཕོ་ཉ་བ་ཁྱིམ་པ་ལ་དགེ་སློང་གི་ཆོས་གོས་ཀྱི་རིན་བསྐུར་བ་ཞལ་ཏ་བ་ཁྱིམ་པ་ལ་སྤྲད་པ་དགེ་སློང་གིས་ཞལ་ཏ་བ་དེ་ལ་བསྐུལ་བསྡད་དྲུག་ལས་ལྷག་པའམ་མ་ལྷག་ཀྱང་སྦྱིན་བདག་གི་སེམས་བསྡུས་པ་ཁས་མ་བླངས་པར་རིན་གྱིས་ཉོས་པའི་གོས་ཐོབ་པ་ན་བསྐུར་བའི་སྤང་བའོ། །འདིའི་ཁྱིམ་པ་གསུམ་ག་ཆོས་དྲུག་ལྡན་ནོ། །སློང་སོགས་ལྔ་ལ་སྲ་བརྐྱང་མ་བཏིང་བ་དགོས་སོ། །༡༡ དཀོན་ཞིང་རིན་ཆེ་བའི་སྲིན་བལ་རུང་བ་ཚད་ལྡན་གྱིས་སྟན་གླིངས་པ་དང་ནང་ཚངས་ཅན་གང་རུང་རང་ངམ་བསྐོས་པས་གསར་དུ་བྱས་པ་བཀྲམ་པ་རྫོགས་པ་ན་སྲིན་བལ་གྱི་སྤང་བའོ། །༡༢ གཞན་འདྲ་བ་ལ་བལ་ནག་འབའ་ཞིག་གིས་སྟན་གླིངས་པ་བྱས་ཟིན་པ་ན་བལ་ནག་འབའ་ཞིག་གི་སྤང་བའོ། །༡༣ གཞན་འདྲ་ལ་བལ་ནག་ཕྱེད་ལས་སྲང་ཕྱེད་ལས་ལྷག་བྱས་པ་ཆ་གཉིས་བསྲེས་པའི་སྤང་བའོ། །༡༤ སྟན་སྔ་མ་བྱས་ནས་ལོ་དྲུག་མ་ལོན་པར་སྔ་མ་ཡོད་བཞིན་དུ་གནང་བ་མ་ཐོབ་པར་སྟན་གཉིས་པ་བྱས་ཟིན་པ་ན་ལོ་དྲུག་སྟན་གྱི་སྤང་བའོ། །སྟན་རྣམས་ཀྱི་ཚད་ནི་ཆེ་བ་སྲིད་དུ་ཁྲུ་ཕྱེད་དང་ལྔ། ཆུང་བ་ཕྱེད་དང་གསུམ། དེའི་བར་འབྲིང༌། ཞེང་ཁྲུ་དོ་སོར་དྲུག་གོ །༡༥ དགེ་སློང་གིས་གདིང་བ་གསར་བ་ལ་རྙིང་བ་ཡོད་ན་བདེ་གཤེགས་མཐོ་གང་མ་སྦྱར་བར་ལོངས་སྤྱོད་ན་སྤྱོད་ཐེབས་རེ་ལ་མཐོ་གང་གི་སྤང་པའོ། །༡༦ བལ་གང་ཡང་རུང་བ་མངོན་ཞེན་གྱིས་ཁྱིམ་པའི་ཁུར་ཕྱེད་ལས་ལྷག་པ་ཁུར་བ་གྲོགས་ཡོད་ན་རྒྱང་གྲགས་རེ་རེའམ་གྲོགས་མེད་ན་དཔག་ཚད་གསུམ་ལས་ལྷག་པར་རྒྱང་གྲགས་རེ་རེ་འདས་པར་ཁུར་ན་བལ་ཐོག་པའི་སྤང་པའོ། །འདི་ལ་ཁྱིམ་པའི་ཁུར་ཕྱེད་ཡོད་ན་རྒྱང་གྲགས་གཅིག་མེད་ན་དཔག་ཚད་གསུམ་དང་རྒྱང་གྲགས་གཅིག་ཅེས་ཉི་ཟེར་དུ་གསུངས་སོ། །༡༧ བལ་གང་ཡང་རུང་བ་བདལ་བ་གཅིག་རྨེལ་དུ་འཇུག་པའམ་གོས་ཁྲུ་གང་གི་རྒྱུའི་ཚད་ཀྱི་ཕྱོགས་གཅིག་འཁྲུ་བ་དང་འཚེད་པ་གང་རུང་དགེ་སློང་མ་ཐ་སྙད་བདུན་ལྡན་ལ་བྱེད་དུ་འཇུག་པ་ན་རྨེལ་འཇུག་གི་སྤང་བའོ། །༡༨ རིན་པོ་ཆེ་ཉོ་ཚོང་སོགས་ཀྱི་ཐ་སྙད་གདགས་རུང་བ་རང་གི་ཡིན་པ་ཐོབ་པར་ལྕོགས་པ་སྟེ་ཐག་ཉེ་བར་མངོན་སུམ་དུ་གྱུར་པ་ཉིད་ན་བདག་གིར་བྱ་བ་རྫོགས་པ་ཡིན་ལ་དེའི་ཚེ་ན་གནས་པ་རུང་བ་མ་བྱས་པ་ཆུད་འཛའ་བའི་རྐྱེན་མེད་པར་རེག་འདོད་ཀྱིས་རང་ངམ་བསྐོས་པས་མངོན་སུམ་དུ་རེག་གམ་རེག་ཏུ་བཅུག་ན་རིན་པོ་ཆེ་ལ་རེག་པའི་སྤང་བའོ། །བྱིན་གྱིས་བརླབས་པའི་རུང་བ་ནི། ཕྱག་སོགས་སྦྱོར་མཇུག་གོས་བྱིན་རླབས་དང་འདྲ་ལ་རིན་པོ་ཆེ་མདུན་དུ་བཞག ཡུལ་རྟེན་གཉིས་བགྲེང་སྟེ་ལག་པས་སྟེང་བཀབ་ནས་གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བས་དངོས་པོ་རུང་བ་མ་ལགས་པ་འདི་རྙེད་དེ། བདག་དགེ་སློང་མིང་འདི་ཞེས་བགྱིས་པའི་དངོས་པོ་རུང་བ་མ་ལགས་པ་འདི་བྱིན་གྱིས་བརླབས་སོ། །དངོས་པོ་རུང་བ་མ་ལགས་པ་འདི་དངོས་པོ་རུང་བར་བསྒྲུབ་པར་བགྱིའོ། །ལན་གསུམ་བྱ་ལ། གློ་བུར་དུ་རེག་དགོས་ཚེ་སྦྱིན་བདག་བདག་པོ་ཉིད་དུ་མོས་པ་བྱས་ན་ལེགས་སོ། །༡༩ རང་དབང་བའི་རྫས་ཁྱིམ་པ་ཆོས་དྲུག་ལྡན་ལ་འདུ་ཤེས་མ་འཁྲུལ་བས་ངག་ལྔ་ལྡན་གྱིས་བསྐྱེད་དུ་བཏང་བ་ཡུལ་དུས་དེའི་སྐྱེད་ཐོབ་ན་མངོན་ཚན་གྱི་སྤང་བའོ། །༢༠ རྫས་དང་ཡུལ་འདྲ་བ་ལ་ངག་ལྔ་ལྡན་གྱིས་ཉོ་ཚོང་བྱས་ཏེ་སྐྱེད་ཐོབ་ན་ཉོ་ཚོང་གི་སྤང་པའོ། །མདོ་རྩ་རིན་པོ་ཆེ་ཡིན་མིན་གྱིས་བཞག་པ་མཚོན་ཙམ་ཡིན་ནོ། །༢༡ རང་གི་ལྷུང་བཟེད་རུང་བ་ཚད་ལྡན་བྱིན་གྱིས་མ་རླབས་པའམ་བརླབས་ཀྱང་རང་ངམ་ཤན་སྟོབས་ཀྱིས་ཞག་བཅུ་འདས་ཏེ་བཅུ་གཅིག་པའི་སྐྱ་རེངས་ཤར་བ་ན་ལྷུང་བཟེད་འཆང་བའི་སྤང་བའོ། །ལྷུང་བཟེད་བྱིན་གྱིས་བརླབས་ཚུལ་ནི། སྦྱོར་མཇུག་གོས་དང་འདྲ་ལ། གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྷུང་བཟེད་ཟས་ལ་སྤྱད་པར་འོས་ལ་དྲང་སྲོང་གི་སྣོད་འདི་བསླང་བའི་སྣོད་དུ་བྱིན་གྱིས་བརླབ་པོ། །ཞེས་ལན་གསུམ་བྱ།༢༢ རང་ལ་ལྷུང་བཟེད་སྤྱད་བཟོད་ཡོད་བཞིན་དུ་ཁྱིམ་པ་ཆོས་དྲུག་ལྡན་ལ་ལྷུང་བཟེད་རུང་བ་ཚད་ལྡན་འདོད་ཞེན་གྱིས་ངག་ལྔ་ལྡན་གྱིས་བསླངས་ཏེ་ཐོབ་ན་ལྷུང་བཟེད་འཚོལ་བའི་སྤང་བའོ། །ཚད་ནི་ཕུལ་དགུ་ཙམ་ཤོང་བ་ཆུང་ཚད་བཅོ་བརྒྱད་ཤོང་བ་ཆེ་ཚད་བར་འབྲིང་ཡིན་ལ་ཕུལ་ནི་ཡ་ཁྱོར་ཉེར་གཅིག་ལ་བྲེ་གང་བྱས་པའི་དྲུག་ཆ་ཡིན་ནོ། །༢༣ ཐ་ག་བ་གླ་སྟོབས་པ་པོ་མིན་པ་བསྣན་པའི་ཁྱིམ་པ་ཆོས་དྲུག་ལྡན་ལ་གོས་རུང་བ་ཚད་ལོངས་རང་ངམ་ཁྱིམ་པ་ཆོས་ལྔ་ལྡན་གྱིས་ངག་ལྔ་ལྡན་གྱིས་རང་དོན་དུ་འཐག་ཏུ་བཅུག་སྟེ་གོས་ཐོབ་ནས་གླ་མི་སྟེར་བར་ཐག་བཅད་པ་ན་འཐག་ཏུ་འཇུག་པའི་སྤང་བའོ། །༢༤ ཁྱིམ་པ་ཆོས་དང་པོ་ལྔ་དང་ལྡན་པས་རང་ལ་བསྔོས་པའི་དོག་པ་བསྐྱེད་པའི་གནང་བ་མ་ཐོབ་པར་རང་ངམ་བསྐོས་པས་ངག་ལྔ་ལྡན་གྱིས་ཐག་པ་ཆོས་ལྔ་ལྡན་ལ་འཐག་པ་བསྐྱེད་དུ་བཅུག་༼ཞེང་ཀྱུས་བསྐྱེད་པའམ་ཐགས་བཟང་དུ་བསྐྱེད་པའོ་༽སྟེ་ཐོབ་པ་ན་གོས་ཁྲུ་གང་གི་རྒྱུའི་དོག༼རྒྱུ་སྤེན་༽པ་ཟད་པའམ་རྔན་པ་མི་སྦྱིན་པ་ཐག་བཅད་པ་ན་འཐག་པ་བསྐྱེད་པའི་སྤང་བའོ། །༢༥ རང་ངམ་དགེ་སློང་གཞན་གྱིས་དགེ་སློང་ལ་བྱིན་པའི་ཡོ་བྱད་རྐུ་སེམས་མེད་པར་རང་ངམ་བསྐོས་པས་འཕྲོག་སྟེ་ཐོབ་པ་ན་བྱིན་འཕྲོག་གི་སྤང་བའོ། །༢༦ དགོན་པ་བས་རང་དགོན་པར་གནས་ནས་རང་གི་སྤྱོད་ཡུལ་གྱི་གྲོང་དུ་ཆོས་གོས་གསུམ་གང་རུང་བཞག་པ་འཇིགས་པ་དང་མ་བྲལ་བར་དུ་ཉེས་པ་མེད་ལ་དེར་བཞག་ནས་རང་གྲོང་གཞན་དུ་བར་ཆད་གྱི་དབང་མིན་པར་ཞག་བདུན་པའི་སྐྱ་རེངས་ཤར་ན་དགོན་པ་བའི་འབྲལ་སྤང་ངོ། །༢༧ ཁྱིམ་པ་ཆོས་དྲུག་ལྡན་ལ་རས་ཆེན་རུང་བ་ཚད་ལྡན་དུས་ཚིགས་སུ་མ་སྤྱད་པ་ངག་ལྔ་ལྡན་གྱིས་སློང་སྟེ་དབྱར་གང་ཁས་བླངས་པའི་ཟླ་བ་གཅིག་གི་སྔོན་ཐོབ་པ་བཙལ་སྔ་དང་དེ་དགག་དབྱེའི་རྗེས་སུ་སྦེད་པ་པོ་ལ་མ་གཏད་པར་ཟླ་ཕྱེད་བཅང་སྟེ་ཐ་མའི་སྐྱ་རེངས་ཤར་ན་བཞག་ཕྱིས་པའི་སྤང་བའོ། །༢༨ དབྱར་གྱི་རྙེད་པ་བརྟད་པ་སྟེ་གློ་བུར་བའི་དབང་མ་གཏོགས་པར་དབྱར་ནང་དུ་སྤྱིའི་ཚོམ་གྱིས་བདག་གིར་བྱེད་པའམ་དེ་སྦེད་པ་པོ་མ་བསྐོས་པར་དབྱར་ནང་དུ་བགོས་པ་དང་བར་ཆད་མེད་ན་སྲ་བརྐྱང་མ་བཏིང་པས་དགག་དབྱེའི་ཕྱི་ཉིན་དང་བཏིང་ན་སྲ་བརྐྱང་དབྱུང་བའི་ཉིན་དེར་མ་བགོས་ན་ཕྱི་ཉིན་སྐྱ་རེངས་ཤར་ཚེ་དུས་སུ་མ་བགོས་པའི་སྤང་བའོ། །༢༩ ཁྱིམ་པ་ཆོས་ལྔ་ལྡན་གྱིས་ཟས་ལས་གཞན་པའི་རྙེད་པ་དགེ་སློང་གཞན་ནམ་དགེ་འདུན་ལ་བསྔོས་པ་རང་ལ་བསྒྱུར་འདོད་ཀྱི་བསམ་པས་ངག་ལྔ་ལྡན་གྱིས་ང་ལ་ཕུལ་ཅིག་བརྗོད་པས་རང་ལ་བསྒྱུར་ཞིང་ཐོབ་ན་བསྔོས་བསྒྱུར་གྱི་སྤང་བའོ། །༣༠ སྨན་བཞི་བྱིན་ལེན་བྱས་ཤིང་བྱིན་རླབས་མེད་པ་གུང་ཡོལ་བ་སྟོད་དང་མཚན་མཐའ་དང་བྱིན་རླབས་ཅན་རང་རང་གི་མཐའ་འདས་པ་ན་གསོག་འཇོག་གི་སྤང་པ་སྟེ་སྤང་ལྟུང་སུམ་ཅུའོ། །དེ་ཡང་དུས་རུང་གི་ཟས་བཟའ་བ་དང་བཅའ་བ་ཤིང་ཐོག་སོགས་དང་བཏུང་བ་འོ་མ་དང་ཞོ་སོགས་སྔ་དྲོ་བྱིན་ལེན་བྱས་པ་ན་གུང་ཚིགས་འདས་ན་དང༌། ཕྱི་དྲོ་བྱིན་ལེན་བྱས་ན་སྲོད་འདས་པ་དང་བྱིན་རླབས་ཅན་ཐུན་ཚོད་དང་ཞག་བདུན་པ་དང་ནད་འཚོ་བཅང་རྣམས་རིམ་བཞིན་སྲོད་འདས་པ་དང་ཞག་བརྒྱད་པའི་སྐྱ་རེངས་ཤར་བ་དང་ནད་ལས་གྲོལ་བའི་ཐུན་ཚོད་འདས་ན་གསོག་འཇོག་གི་སྤང་པའོ། །

གཉིས་པ་ལྟུང་བྱེད་འབའ་ཞིག་པ།

གཉིས་པ་ལྟུང་བྱེད་འབའ་ཞིག་པ་ལ།

༡ ཡུལ་ཐ་སྙད་ལྔ་ལྡན་ལ་ཕམ་ལྷག་སྦོམ་པོ་ཉེས་བྱས་ཀྱི་རྫུན་བཞི་ལས་གཞན་པའི་རྫུན་ངག་ལྔ་ལྡན་གྱིས་སྨྲས་པ་ཡུལ་དེའི་དོན་གོ་བ་ན་རྫུན་སྨྲའི་ལྟུང་བྱེད། ༢ དགེ་སློང་ལ་སྐྱོན་ནས་སྨྲས་པ་ཡུལ་དེའི་དོན་གོ་ན་སྐྱོན་སྨྲ་བའི་ལྟུང་བྱེད། ༣ དགེ་སློང་ཕན་ཚུན་དབྱེ་བའི་བསམ་པས་ཕྲ་མའི་ཚིག་སྨྲས་པ་ཡུལ་དེའི་དོན་གོ་ན་ཕྲ་མ་བྱེད་པའི་ལྟུང་བྱེད། ༤ རང་ཞི་བ་པོའི་ཁོངས་སུ་གཏོགས་ཤིང་དགེ་སློང་གཉིས་ཡན་ཆད་ཀྱི་རྩོད་པ་བཞི་པོ་གང་རུང་དགེ་འདུན་གྱིས་ཆོས་ཕྱོགས་སུ་ཞི་བར་བྱས་པ་ཤེས་བཞིན་དུ་སླར་སློང་བ་ཡུལ་གྱིས་དོན་གོ་ན་སྐྱོ་སྔོགས་བྱེད་པའི་ལྟུང་བྱེད།རྩོད་པ་བཞི་ནི་ལྟུང་ཕྱིར་རྩོད་པ། འགྱེད་ཕྱིར་རྩོད་པ། མི་གདམས་ཕྱིར་རྩོད་པ། བྱ་བ་ལས་ཕྱིར་རྩོད་པའོ། ། ༥ ཁྲིམས་གྲོགས་མེད་པར་ཁྱིམ་པ་མོ་ཐ་སྙད་བཞི་ལྡན་༼ཁྲིགས་ཚིག་སྐབས་སུ་༽ལ་སངས་རྒྱས་ཀྱི་བཀའི་ཚིག་ལྔའམ་དྲུག་ལས་ལྷག་པར་སྟོན་པ་ན་ཡུལ་དེའི་ཚིག་གོ་ན་ཁྱིམ་པ་མོ་ལ་ཆོས་སྟོན་པའི་ལྟུང་བྱེད། ༦ བསྙེན་པར་མ་རྫོགས་པ་ཐ་སྙད་ལྔ་ལྡན་ནམ་བསླབ་བྱིན་དང་ཅིག་ཆར་རམ་རྗེས་སུ་དེའི་མི་ཤེས་པའི་བཀའི་ཚིག་དང་ཡི་གེ་གང་ རུང་འདོན་པ་རྫོགས་ན་འདོན་པའི་ལྟུང་བྱེད། ༧ བསྙེན་པར་མ་རྫོགས་ པ་ཐ་སྙད་ལྔ་ལྡན་ཕམ་ལྷག་མི་ཤེས་པ་ལ་དགེ་སློང་ཆོས་དྲུག་ལྡན་གྱིས་ཕམ་ལྷག་གང་རུང་བརྗོད་པར་མ་བསྐོས་པ་དང་བརྗོད་པའི་ཁོངས་སུ་མ་གཏོགས་པས་ངག་ལྔ་ལྡན་གྱིས་བརྗོད་པ་ཡུལ་དེའི་དོན་གོ་ན་གནས་ངན་ལེན་བརྗོད་པའི་ལྟུང་བྱེད། ༨ རང་གི་མི་ཆོས་བླ་མ་ཐོབ་པ་དགོས་པ་མེད་པར་བསྙེན་པར་མ་རྫོགས་པ་ཐ་སྙད་ལྔ་ལྡན་འཕགས་པ་མིན་པ་ལ་ངག་ལྔ་ལྡན་གྱིས་སྨྲས་པ་དེའི་དོན་གོ་ན་མི་ཆོས་བླ་མ་བདེན་སྨྲའི་ལྟུང་བྱེད། ༩ དགེ་འདུན་གྱི་ཟས་ལས་གཞན་པའི་རྙེད་པ་དེ་སྦྱིན་པའི་ལས་ལ་འདུན་པ་ཕུལ་ བ་ཡན་ཆད་ཀྱིས་བློ་མཐུན་བྱས་པའི་དགེ་སློང་གིས་དགེ་སློང་ལོག་པར་བསྔོ་བ་པོ་མིན་པ་ལ་ཤེས་བཞིན་དུ་ལོག་པར་བསྔོས་སོ་ཞེས་ངག་ལྔ་ལྡན་གྱིས་ཐ་སྙད་ལྔ་ལྡན་ཞིག་ལ་སྨྲས་པ་ན་དེའི་དོན་གོ་ན་བཤེས་ངོར་བྱས་ཞེས་བསྐུར་བ་འདེབས་པའི་ལྟུང་བྱེད། ༡༠ འདུལ་བའི་ཚིག་དང་མདོ་སྡེ་ལས་ཀྱང་ཕྱི་དྲོའི་ཟས་བཀག་པ་ལྟ་བུའི་ཚིག་ལ་ཁྱད་དུ་གསོད་པ་ངག་ལྔ་ལྡན་གྱིས་དགེ་སློང་ཆོས་དྲུག་ལྡན་ལ་སྨྲས་པ་དེའི་དོན་གོ་ན་ཁྱད་དུ་གསོད་པའི་ལྟུང་བྱེད། ༈ ༡༡ ས་བོན་མ་ཉམས་པ་དང་ཕྱི་རོལ་གྱི་སྐྱེ་པ་ཤིང་སོགས་གང་རུང་རུང་བ་མ་བྱས་པ་ཤེས་བཞིན་དུ་རང་ངམ་བསྐོས་པས་མངོན་སུམ་དུ་ཉམས་པར་བྱས་ན་ས་བོན་དང་སྐྱེ་བ་འཇོམས་པའི་ལྟུང་བྱེད། རུང་བ་བྱེད་ཚུལ་དགུ་ལས་མེས་རུང་བ་བྱེད་ཚུལ་ནི་ནས་ལྟ་བུ་སྤུངས་པ་ལ་བསྙེན་པར་མ་རྫོགས་པས་ཕྱོགས་བཞི་ནས་མེ་རེག་ཙམ་བྱེད་པ་མེས་རུང་བའོ། །རུང་བ་གཞན་རྣམས་འབྲུ་རེ་རེ་བྱ་དགོས་ལ། ལ་ཕུག་ལྟ་བུར་མཚོན་གྱི་རུང་བ་དང༌། སྟར་ཁ་ལྟ་བུ་བཀས་པའི་རུང་བ་བྱེད་ཚུལ་སོགས་ཡོད་དོ། ། ༡༢ དགེ་སློང་ཆོས་དྲུག་ལྡན་ལས་སུ་བསྐོས་མ་བསྐོས་གང་རུང་བསམ་བཞིན་དུ་དམན་པ་སྟོབས་པ་མིན་པ་ལ་དགེ་སློང་དམན་པའི་གྲངས་སུ་བགྲང་པས་བདག་ལ་དམན་པ་སྟོབས་པས་ཉེ་རིང་བྱས་སོ་ཞེས་ངག་ལྔ་ལྡན་གྱིས་མིང་གསལ་པོའམ་ཟུར་གྱིས་འཕྱ་བ་ཡུལ་དེས་ཐོས་ཏེ་དོན་གོ་བ་ ན་འཕྱ་བའི་ལྟུང་བྱེད། ༡༣ གྲངས་སུ་གཞུག་པའི་དགེ་སློང་གིས་རང་ལ་ཆོས་བདུན་ལྡན་གྱི་བསྒོ་བ་བྱེད་པའི་དགེ་སློང་ལ་ལན་ལོག་པ་སྨྲ་བ་དེའི་དོན་གོ་བ་ན་བསྒོ་བ་རྣ་ལ་གཟོན་པའི་ལྟུང་བྱེད། ༡༤ དགེ་འདུན་གྱི་གནས་མལ་མ་བསྡུས་མ་བཅོལ་བར་ཕན་ཕུན་དུ་འགྱུར་བའི་ཕྱོགས་སུ་བཞག་སྟེ་ཕན་ཕུན་དུ་གྱུར་བ༼རླུང་དང་ཆར་བ་སྲིན་སོགས༽འམ་གནས་དེ་ལས་འདོམས་བཞི་ཅུ་རྩ་དགུ་འདས་པ་ན་གནས་མལ་ཕན་ཕུན་དུ་གྱུར་བའི་ལྟུང་བྱེད། ༡༥ དགེ་འདུན་གྱི་གཙུག་ལག་ཁང་དུ་སྲོག་ཆགས་ཕྲ་མོ་སྐྱེ་བའི་སར་མཆན་ཁུང་གང་བས་རྩྭ་དང་ལོ་མའི་གདིང་བ་མ་བསྡུས་མ་བཅོལ་བར་ཕན་ཕུན་དུ་གྱུར་བའམ་འདོམས་ཞེ་དགུ་འདས་ན་གདིང་བ་མ་བསྡུས་ པར་འགྲོ་བའི་ལྟུང་བྱེད། ༡༦ དགེ་འདུན་གྱི་གཙུག་ལག་ཁང་ནས་བསྐྲད་བྱ་དགེ་སློང་རྣམ་དག་༼དགེ་འདུན་འཁྲུག་པ་སྐྱེ་བ་སོགས་༽རྐྱེན་མེད་པར་རང་ངམ་བསྐོས་པས་མངོན་སུམ་དུ་བསྐྲད་དེ་གནས་ཉེ་འཁོར་འདས་ན་སྐྲོད་པའི་ལྟུང་བྱེད། ༡༧ དགེ་འདུན་གྱི་གནས་སུ་སྔར་ཞུགས་པའི་དགེ་སློང་ལ་མཐོ་འཚམས་པའི་ལུས་ངག་གང་རུང་གིས་ཕྱིས་གནོན་བྱེད་པ་ན་ཕྱིས་གནོན་བྱེད་པའི་ལྟུང་བྱེད། ༡༨ མཐོ་འཚམས་པའི་སེམས་ཀྱིས་དགེ་འདུན་གྱི་གཙུག་ལག་ཁང་ཐོག་ཕྱིན་གྱིས་གཞོལ་བ་མིན་པར་ཁྲི་རྐང་པ་ཕུར་བུ་ལྟ་བུ་བཀན་པ་སོགས་༼རྐང་རྟེན་བཙུགས་པ༽མིན་པ་སྟེང་དབྱུང་རུང་བཙུགས་ཏེ་གནོན་པ་ན་འདུག་པ་རྫོགས་ཚེ་རྩ་བ་འབྱུང་བ་ལ་འདུག་པའི་ལྟུང་བྱེད། ༡༩ གསོད་སེམས་ཀྱིས་གཞན་དོན་དུ་རང་ངམ་བསྐོས་པས་ ཆུ་སོགས་༼ཤིང་ས༽སྲོག་ཆགས་དང་བཅས་པ་ལ་སྤྱོད་པའི་ཞར་ལ་ཐ་མལ་བའི་མིག་ཏུ་སྣང་བའི་དུད་འགྲོ་བསད་ན་དུད་འགྲོ་འདེབས་པའི་ལྟུང་བྱེད། ༢༠ རྨང་འཛུགས་སོགས་བཞི་བྱས་ནས་ཉིན་དེ་ཉིད་ལ་ཕ་གུ་སོགས་སྲ་བ་མིན་པ་རིམ་པ་བཞི་འཁོར་བ་དང༌། དེ་དག་མ་བྱས་ན་ཉིན་དེའམ་ཉིན་གཞན་གྱི་དུས་སུ་རྨང་གི་རྩ་འཛུགས་པ་དང༌། ཆུ་ཁུང་བཏོད་བ་དང༌། འཇིམ་པ་དང༌། སྒོ་ཆ་གོང་མ་གཞུག་པ་བཞི་གའམ་གང་ཡང་རུང་བ་མ་བྱས་ན་གང་ཡང་མ་བྱས་པ་ཡན་ཆད་ནས་ཉིན་གཞན་ལ་རིམ་པ་བཞི་པ་འཁོར་བ་ན་ཆར་ཆུ་བསྐྱབ་པའི་གཡོགས་པ་བྱས་པ་དང་རྡོ་སོགས་སྲ་བ་ལས་བྱས་ཀྱང་རིམ་པ་གསུམ་ལས་ལྷག་པ་བརྩིགས་པའི་ལྟུང་བྱེད། ༢༡ དགེ་སློང་མའི་སྟོན་པར་མ་བསྐོས་པའམ་བསྐོས་ཀྱང་བསྙེན་པར་རྫོགས་ནས་ཉི་ཤུ་མ་ལོན་པའམ་མཚན་ཉིད་དང་མི་ལྡན་པ་དགེ་སློང་མ་ཉེ་དུ་མིན་པ་ལ་ཆོས་བསྟན་པ་དེའི་དོན་གོ་བ་ན་དགེ་སློང་མ་ལ་སྟོན་པའི་ལྟུང་བྱེད། ༢༢ གནས་འཇིགས་པའི་ཉེན་དང་བཅས་པར་མཚན་ཐོག་ཐག་སྟོན་པ་མིན་པར་ཉི་མ་ནུབ་ནས་སྐྱ་རེངས་མ་ཤར་བའི་བར་དགེ་སློང་མ་ལ་ཆོས་སྟོན་ན་ཉི་མ་ནུབ་ཀྱི་བར་དུ་ཆོས་སྟོན་པའི་ལྟུང་བྱེད། ༢༣ ངག་ལྔ་ལྡན་གྱིས་དགེ་སློང་མ་ལ་ཟས་གོས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཏོ་ཞེས་དགེ་སློང་དེ་ལྟར་གྱུར་བ་མིན་པ་ལ་སྐུར་བ་འདེབས་པ་ན་ཕ་རོལ་བོའི་དོན་གོ་བ་ན་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཆོས་སྟོན་ཞེས་སྐུར་བའི་ལྟུང་བྱེད། ༢༤ བཅས་ལྡན་དགེ་སློང་གིས་དགེ་སློང་མ་ཆོས་བདུན་ལྡན་ལ་གོས་འཁོར་གསུམ་ཁེབས་པ་ཡན་ཆད་བཟོ་གསར་དུ་བྱས་ཏེ་ཟིན་པ་ན་གོས་བྱེད་པའི་ལྟུང་བྱེད། ༢༥ གོས་བརྗེས་པ་སོགས་ཀྱི་ཕྱིར་མིན་པར་བཅས་ལྡན་དགེ་སློང་གིས་རང་གི་ཉེ་དུ་མ་ཡིན་པ་དགེ་སློང་མ་ལ་གོས་ཁྲུ་གང་ཡན་ཆད་བྱིན་ཏེ་ཐོབ་པ་ན་གོས་སྦྱིན་པའི་ལྟུང་བྱེད། ༢༦ དགེ་སློང་མ་ཕན་ཚུན་ཕན་འདོགས་པ་མིན་ཞིང་ངོ་མ་སྤོས་པར་སའི་ལམ་ཉིན་གཅིག་ལ་འཇིགས་བཅས་མིན་པར་སོང་སྟེ་རྒྱང་གྲགས་གཅིག་འདས་པ་ན་དགེ་སློང་མ་དང་ལམ་དུ་འགྲོ་བའི་ལྟུང་བྱེད། ༢༧ ཡན་ལག་གཞན་སྔ་མ་དང་འདྲ་བ་ལ་འགྲམ་གཉིས་འཇིགས་པ་ཅན་དང་རྦ་ཀླུང་ལ་བཟུར་བ་མིན་པར་ཆུའི་ནང་དུ་གྲུར་ཞུགས་ཏེ་རྒྱུན་ནམ་རྒྱུན་ལས་ཟློག་ཕྱོགས་སུ་རྒྱང་གྲགས་འདས་པར་ཕྱིན་ན་གྲུར་ཞུགས་པའི་ལྟུང་བྱེད། ༢༨ ཁྲིམས་གྲོགས་མེད་པར་དབེན་པ་སྐྱབས་ཡོད་དུ་བུད་མེད་དང་ལྷན་ ཅིག་འདོམས་གང་གི་ནང་དུ་འདུག་པ་རྫོགས་ན་ཉེ་དུ་མ་ཡིན་པའི་བུད་མེད་གཅིག་དང་འདུག་པའི་ལྟུང་བྱེད། ༢༩ གནས་དེར་ཁྲིམས་གྲོགས་མེད་ པར་དགེ་སློང་མ་དང་ལྷན་ཅིག་འགྲེང་ན་དགེ་སློང་མ་དང་ལྷན་ཅིག་འགྲེང་བའི་ལྟུང་བྱེད། ༣༠ དགེ་སློང་མས་དགེ་སློང་རང་ཉིད་ཀྱི་ཡང་དག་པ་མིན་པའི་ཡོན་ཏན་ཁྱིམ་པ་ལ་བརྗོད་དེ་ཟས་སྦྱོར་དུ་བཅུག་པའམ་མགྲོན་དུ་བོས་པ་ལས་སྔར་ལས་ལྷག་པར་ཤེས་བཞིན་དུ་ཟོས་ཏེ་མགུལ་དུ་མིད་པ་ན་སྦྱོར་བཅུག་ཟ་བའི་ལྟུང་བྱེད། ༈ ༣༡ དགེ་སློང་ནད་པ་མིན་པ་དང་ལས་མ་བྱས་པ་ལམ་དུ་མ་ཞུགས་པ་སྲ་བརྐྱང་མ་བཏིང་བ་མུ་གེའི་དུས་མིན་པར་ཉིན་གཅིག་ལ་ཁྱིམ་པས་མགྲོན་དུ་ལན་གཉིས་ཡན་ཆད་བོས་པ་ནར་མའི་ཟས་མིན་པ་རུང་ཞིང་ཟས་གཅིག་གི་ཟ་ཚད་ལོངས་པའི་ཟས་ལ་འབོད་པ་ཕྱི་མ་ལ་གོས་སམ་དེའི་རིན་གྱིས་རྙེད་པ་མེད་པར་གཉིས་པ་དེ་ཟོས་ན་ཡང་ཡང་ཟ་བའི་ལྟུང་བྱེད། ༣༢ ཁྱིམ་པ་མུ་སྟེགས་ཅན་ཁོ་ནའི་སྦྱིན་བདག་གནས་བཞིན་པར་ཕྱི་བའི་རབ་བྱུང་རྣམས་ཀྱང་གནས་བཞིན་པའི་གནས་སུ་དགེ་སློང་མི་ན་བས་ཞག་གཅིག་གནས་ཏེ་ཟས་གཅིག་གི་ཚད་ལོངས་གཉིས་ངག་གིས་བསླངས་ཏེ་ཟས་གཉིས་པ་མགུལ་དུ་མིད་ན་འདུག་གནས་སུ་ཟ་བའི་ལྟུང་བྱེད། ༣༣ ཁྱིམ་པ་ཆོས་ལྔ་ལྡན་ཅི་བདེར་སྟོབས་པ་མིན་པ་ལས་ཟས་གཡོས་སུ་བྱས་པ་ལྷུང་བཟེད་འབྲིང་ ཚད་གསུམ་ལས་ལྷག་པ་བྲེ་ཕྱེད་ཡན་ཆད་ངག་ལྔ་ལྡན་གྱིས་བསླངས་ནས་གནས་དེ་ལས་གཞན་དུ་ཟོས་ཏེ་མགུལ་དུ་མིད་པ་ན་ལྷུང་བཟེད་དོ་གསུམ་ལས་ལྷག་ལེན་པའི་ལྟུང་བྱེད། ༣༤ བཟའ་བ་མགུལ་དུ་མིད་པར་མངོན་ པ་ཐུག་པ་མིན་པ་རང་ངམ་རང་འདྲས་ལྷག་པོར་མ་བྱས་པ་མུ་གེ་དུས་མིན་པར་སྔ་དྲོའི་དུས་སུ་དགེ་སློང་མི་ན་བས་ཉིན་དེར་ཟས་ངག་གིས་སྤངས་པ་ཕ་རོལ་པོས་དོན་གོ་ཞིང་ལུས་ཀྱི་ཟས་ཟ་ཞིང་འདུག་པའི་ཉེ་འཁོར་འདོམས་གང་འདས་པའི་དགེ་སློང་གིས་ཟས་དེ་མགུལ་དུ་མིད་པ་ན་སྤངས་པ་ཟ་བའི་ལྟུང་བྱེད། ལྷག་པོར་གྱི་ཆོས་ནི། རང་གི་ལག་པ་བཀྲུས་ཏེ་བྱིན་ལེན་ བྱས་དགེ་སློང་གི་མདུན་དུ་ཙོག་པུར་འདུག་སྟེ། གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འཚལ་མ་འཚལ་ལགས་ཏེ་སྤངས་ཤིང་འཚལ་བ་བགྱིས་པ་ལས་བཟའ་པ་དང་བཅའ་བ་རྙེད་ནས་འཚལ་བར་འཚལ་ན་བཙུན་པས་ལྷག་པོར་བགྱིས་ཏེ་བདག་ལ་སྩལ་ཏུ་གསོལ་ཞེས་ལན་གཅིག་བརྗོད། ཡུལ་གྱིས་བླངས་ཏེ་ཟས་མ་སྤངས་ན་ཁམ་གཉིས་སམ་གསུམ་ཙམ་ཟོས་ནས་ཁྱོད་ཀྱིས་ཅི་བདེར་གསོལ་ཅིག་ཅེས་ཕྱིར་གཏད། སྤངས་ན་མི་ཟའོ། །འཇིག་རྒྱུ་བྱིན་ལེན་དང་འདྲའོ། །༣༥ ཟས་དང་དུས་སྔ་མ་ལྟ་བུར་དགེ་སློང་ཟས་སྤངས་པ་ལ་ཤེས་བཞིན་དུ་ཟས་དེ་དག་གིས་སྟོབས་པ་ཡུལ་གྱིས་གོ་ན་སྤངས་པ་སྟོབས་པའི་ལྟུང་བྱེད། ༣༦ མཚམས་ནང་གཅིག་ཏུ་དགེ་འདུན་དང་ལྷན་གཅིག་ཟ་དགོས་པའི་ཟས་གཅིག་གི་ཚད་ལོངས་པ་དུས་རུང་གི་ཟས་དགེ་སློང་ནད་པ་སོགས་མ་ཡིན་པས་མུ་གེའི་དུས་མིན་པར་ཤེས་བཞིན་དུ་དགེ་འདུན་དང་ལྷན་ཅིག་མིན་པར་རང་གྲོགས་དགེ་སློང་གསུམ་སོགས་དང་ལྷན་ཅིག་དུས་ཅིག་ཅར་ཟོས་ཏེ་མགུལ་དུ་མིད་པ་ན་འདུས་ཤིང་ཟ་བའི་ལྟུང་བྱེད། ༣༧ དགེ་སློང་ཟས་ཀྱིས་ཕན་པའི་ནད་པ་དང་ཟས་ཀྱིས་ཕོངས་པ་མིན་པ་རང་གནས་པའི་གླིང་དང་ལྷ་ཡུལ་དུ་རང་སྐྱེས་པའི་གླིང་གི་ཉི་མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་པའི་དུས་སུ་དུས་རུང་གི་ཟས་མིད་པར་མངོན་པ་ཟོས་ཏེ་མགུལ་དུ་མིད་ན་དུས་མིན་པར་ཟ་བའི་ལྟུང་བྱེད། ༣༨ སྨན་བཞི་གང་རུང་རང་ངམ་རང་འདྲས་གསོག་འཇོག་བྱས་པ་མིད་པའི་ཚད་དང་ལྡན་པ་དགེ་སློང་མི་ན་པས་མུ་གེའི་དུས་མིན་པར་ཟོས་ཏེ་མགུལ་དུ་མིད་པ་ན་གསོག་འཇོག་ཟ་བའི་ལྟུང་བྱེད། ༣༩ ཟས་རང་ངམ་རང་འདྲས་བྱིན་ལེན་མ་བྱས་པ་མིད་པར་མངོན་པ་གནས་སྒྲ་མི་སྙན་དང་མུ་གེའི་དུས་མིན་པར་དགེ་སློང་རྐྱེན་མེད་པར་ཤེས་བཞིན་དུ་ཟས་དེ་མགུལ་དུ་མིད་པ་ན་བྱིན་ལེན་མ་བྱས་པར་ཟ་བའི་ལྟུང་བྱེད། ༤༠ ཁྱིམ་པ་ཐ་སྙད་ལྔ་ལྡན་ཅི་བདེར་སྟོབས་པ་པོ་མིན་པ་ལ་ཟས་རུང་བ་ཚད་ལྡན་ཡུལ་དུས་དེར་ཟས་བསོད་པར་གྲགས་པ་ངག་གིས་བསླངས་ཏེ་མགུལ་དུ་མིད་ན་བསོད་པ་སློང་བའི་ལྟུང་བྱེད། འདིར་ཆ་ལ་བརྟེན་པའི་ཉེས་པ་བརྒྱད་ནི། རང་ངམ་རང་འདྲ་བ་དབང་པའི་ཟས་ཉེ་བའི་སྟ་གོན་དུ་གནས་པ་རུང་བ་ཚད་ལྡན་གཞི་བརྟན་པ་དང་མ་འབྲེལ་ལ་བྱིན་ལེན་སྟོབས་པ་དང་མ་འབྲེལ་བས་ཆུད་ཟའི་རྐྱེན་མེད་པའི་ཚེ་བྱིན་ལེན་མ་བྱས་པར་ཟ་འདོད་ལས་གཞན་པས་རང་ངམ་རང་འདྲས་རེག་ན་ལག་ ཉ་དང༌། ཚད་ལྡན་ཡན་འདྲ་ལ་རྗེན་པ་ཆུད་ཟའི་རྐྱེན་སོགས་མེད་ཚེ་རང་ངམ་རང་འདྲས་དབང་ཞིང་རུང་ཁང་དུ་མ་བྱས་པའི་གནས་སུ་བཙོས་པ་མཚམས་བཙོས་དང༌། གནས་སྔ་མ་ལྟར་དགེ་སློང་དབང་བའི་རུང་ཁང་མིན་པའི་གནས་སུ་རང་ངམ་རང་འདྲས་ཟས་སམ་འབྲུ་སོགས་ཉེ་བའི་སྟ་གོན་དུ་གནས་པ་ཆུད་ཟ་སོགས་ཀྱི་རྐྱེན་མེད་པར་ཞག་ལོན་ན་ཞག་ལོན་དང༌། རང་ངམ་རང་འདྲ་དབང་བའི་ཟས་སམ་ཉེ་བའི་སྟ་གོན་དུ་གནས་ཤིང་རུང་བ་ཚད་ལྡན་རྗེན་པ་ཞིག་གནས་གང་ཡང་རུང་བར་དགེ་སློང་གིས་མེའི་རླངས་ པ་ཡན་ཆད་ཀྱིས་འཚེད་ན་རྗེན་བཙོས་ཀྱི་ཉེས་བྱས་ཏེ་བཞི་དང༌། དེ་བཞི་ཟོས་པའི་ཉེས་བྱས་བཞི་དང་བརྒྱད་དོ། །མཚམས་བཅོས་དང་ཞག་ལོན་སོགས་ཀྱི་ཉེས་པ་མི་འབྱུང་བའི་ཆེད་དུ་རུང་ཁང་གཅོད་དགོས་པས་རུང་ཁང་དྲུག་ལས་རྡོ་བཏེགས་པའི་མཐའ་ལས་བྱུང་བའི་རུང་ཁང་ནི། རྨང་གི་རྡོ་གསར་འཇོག་གི་ཚེ་དགེ་སློང་ལག་གི་བླས་འདུག་སྟེ་རྡོ་སོགས་ལ་རེག་ནས་གནས་འདི་ནི་དགེ་འདུན་གྱི་རུང་བའི་ཁང་བར་འགྱུར་རོ་ཞེས་བརྗོད་པའམ་ཡང་ན་གཞི་གསུམ་ཆོ་ག་ལྟར་ལས་ཀྱིས་བྱ་སྟེ་འདི་མ་ཞིག་གི་བར་དུ་འཇིག་རྒྱུ་མེད་ལ་གཞན་རྣམས་གནས་དེར་དགེ་སློང་མེད་པར་སྐྱ་རེངས་ཤར་ན་འཇིག་གོ །གང་ཟག་རང་གི་རུང་ཁང་ཤེས་པ་ཆུང་ངུའི་རུང་ཁང་དུ་བྱིན་གྱིས་བརླབ་ཚུལ་ནི། རུང་ཁང་གི་གནས་དེར་འདུག་ནས་བདག་ནི་བསླབ་པ་རྣམས་ལ་མི་གུས་པ་མ་ལགས་སོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་མཁྱེན་པ་དང་གཟིགས་པ་དང་ལྡན་པ་དེ་དག་གིས་རུང་བའི་ཁང་བདག་ཟས་ཀྱི་ཁང་བར་ཡོངས་སུ་ལོངས་སྤྱོད་པར་མཁྱེན་ཅིང་བཟོད་པ་དེ་ལྟར་ན་འདི་བདག་གི་ཕྱིར་དྲན་པ་ཉེ་བར་འཇོག་གོ །དེ་བདག་གི་ཚངས་པར་སྤྱོད་པ་རྗེས་སུ་འཛིན་པར་གྱུར་ཅིག་ཅེས་ལན་གསུམ་བརྗོད་པའོ། །གནས་དེར་དགེ་སློང་མེད་པར་སྐྱ་རེངས་ཤར་ན་སླར་ཡང་བྱའོ། །བྱིན་ལེན་བྱ་ཚུལ་ནི། མཐོ་བའི་ཕྱོགས་མིན་པའི་མདུན་དྲང་པོ་ནས་རགས་པ་སོགས་ཀྱིས་བར་མ་ཆོད་པའི་བསྙེན་པར་མ་རྫོགས་པའམ་དེ་དང་འདྲ་བས་ཟས་གྱེན་དུ་འདེགས་ནུས་ཤིང་བསམ་པ་ཐག་པས་སྦྱིན་པར་འདོད་པས་ལག་པའམ་དེ་དང་འབྲེལ་བར་བསྟབས་པ་ན། ལེན་པ་པོས་ལག་པ་གཉིས་བཀན་པས་ལུས་སམ་དེ་དང་འབྲེལ་བའི་སྣོད་ལ་སོགས་པར་བླངས་པའོ། །བྱིན་ལེན་འཇིག་རྒྱུ་ནི། རྣམ་འབྱེད་ལས། འཕྲོག་༡དང་འདྲིལ༢་དང་རེག་པ༣་དང༌། །བསྔོས་༤དང་དགེ་སློང་མིན་གྱུར་༥དང༌། །ངོ་བོ་གྱུར་༦དང་སྐྱེ་བ་གྱུར༧། །འདོར་བ་ཡིས་ནི་བྱིན་ལེན་འཇིག །ཅེས་པ་ལྟར་རོ། །འདི་དག་ཁམ་རེ་རེ་ལ་ལྟུང་བྱེད་རེ་རེའོ། །༤༡ རང་ཁོ་ནའི་ལུས་སམ་ཡོ་བྱད་ཀྱི་དོན་དུ་ཡིད་གཉིས་ཡན་གྱིས་རང་ངམ་བསྐོས་པས་ཆུ་སོགས་ལ་མ་བརྟག་པར་སྤྱོད་པའི་ཞར་ལ་དུད་འགྲོ་ཤི་ན་དུད་འགྲོ་སྤྱོད་པའི་ལྟུང་བྱེད། ཆུ་བརྟག་ཚུལ་ཆུ་དྭངས་པ་མི་གཡོ་བར་དགེ་སློང་སྙིང་རྗེ་ཅན་གྱིས་ཐ་མལ་བའི་མིག་གིས་ཆུའི་སྲོག་ཆགས་མེད་པ་ཡིད་ཆེས་ཀྱི་བར་བརྟག་གོ །ཆུ་ཚགས་ནི། ཆུ་ཚགས་པའི་བྱ་བ་བྱེད་རུང་ཙམ་པས་ཆེ་ཆུང་ངེས་པ་མེད་དོ། །༤༢ ཁྱིམ་པ་ཕོ་མོ་ཉལ་བོ་བྱེད་པར་ཤོམ་པའི་ཁྱིམ་གནས་གཅིག་པ་འདོམས་གང་གི་ནང་དུ་སྐྱབས་མེད་པར་དགེ་སློང་འཇིགས་ པའི་དབང་མ་གཏོགས་པར་མངོན་སུམ་དུ་ཚོར་བྱ་ཚོར་བྱེད་དག་གིས་ཚོར་བར་འདུག་པ་རྫོགས་པ་ན་ཉལ་པོ་བྱེད་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད། ༤༣ ཡན་ལག་གཞན་འདྲ་བ་ལ་མངོན་སུམ་མིན་པར་སྐྱབས་ཡོད་པར་འགྲེང་བ་རྫོགས་པ་ན་འགྲེང་བའི་ལྟུང་བྱེད། ༤༤ མུ་སྟེགས་ཀྱི་རབ་བྱུང་ནད་པ་དང་ཉེ་དུ་མིན་པ་ལ་དགོས་མེད་དུ་ཟས་ཡུལ་རྟེན་གཉིས་ཀ་ལ་རུང་བ་ཚད་ལྡན་ཤེས་བཞིན་དུ་རང་གི་ལག་པས་བྱིན་པ་དེའི་ལག་ཏུ་ཐོབ་ན་གཅེར་བུ་ལ་ཟས་སྦྱིན་པའི་ལྟུང་བྱེད། ༤༥ ཁྱིམ་པ་སྐྱེས་པའི་དམག་བཞི་ཡན་ཆད་འཐབ་པའམ་འཐབ་པའི་སྟ་གོན་དུ་གནས་པ་རྟེན་རྒྱལ་བོས་བོས་པ་སོགས་མིན་པར་བལྟ་བའི་ཕྱིར་རང་གི་གནས་ཉེ་འཁོར་དང་བཅས་པ་ནས་འཕགས་ཏེ་མཐོང་བ་ན་དམག་ལ་བལྟ་བའི་ལྟུང་བྱེད། ༤༦ འཐབ་པའམ་སྟ་གོན་དུ་གནས་པ་མ་གཏོགས་དམག་སྔ་མ་ལྟ་བུའི་ནང་དུ་དགོས་པ་མེད་པར་ཞག་གཅིག་གནས་ཏེ་སྐྱ་རེངས་ཤར་ན་དམག་གི་ནང་ན་གནས་པའི་ལྟུང་བྱེད། ༤༧ རྒྱལ་བོ་སོགས་ཀྱིས་བོས་ཀྱང་རུང་སྟེ་དགོས་པ་མེད་པར་སྟ་གོན་དུ་གནས་པ་ལ་རེག་པ་དང༌། དེ་བཤམས་པར་དཀྲུགས་པ་དང༌། རྒྱལ་བོས་བོས་ཀྱང་དགོས་མེད་དུ་རང་འདུག་པའི་གནས་ནས་འཕགས་ཏེ་མཐོང་བ་གསུམ་ནི་དཔུང་གི་ཡན་ལག་ཉམས་སུ་མྱོང་བའི་ལྟུང་བྱེད། ༤༨ རྙོག་པ་ཅན་ཏེ་ཞེ་སྡང་གི་སེམས་ཀྱིས་དགེ་སློང་ལ་བརྡེག་སྟེ་དེའི་ལུས་ལ་ཕོག་པ་ན་བརྡེག་པའི་ལྟུང་བྱེད། ༤༩ སེམས་དེས་དགེ་སློང་གཞན་ལ་བརྡེག་པར་གཟས་ན་གཟས་པའི་ལྟུང་བྱེད། གཟས་པའི་དོན་ནི་བརྡེག་ཚུལ་བྱེད་པའོ། །༥༠ མཐོལ་ཡུལ་མཚན་ཉིད་དང་ལྡན་པ་ཡོད་པའི་གནས་སུ་དགེ་སློང་གཞན་གྱི་ཕམ་ལྷག་གང་རུང་དགེ་འདུན་འཁྲུག་ཏུ་དོགས་ པ་སོགས་ཀྱི་དབང་མ་གཏོགས་པར་ཤེས་བཞིན་དུ་འཆབ་སྟེ་སྐྱ་རེངས་ཤར་ན་གནས་ངན་ལེན་འཆབ་པའི་ལྟུང་བྱེད། ༈ ༥༡ དགེ་སློང་གཞན་ལ་ཁྱིམ་པས་བསྔོས་པའི་དུས་རུང་གི་ཟས་སྔ་དྲོའི་དུས་སུ་ཕན་སེམས་མེད་པར་ངག་གིས་ཟན་གཅོད་པའི་ཚིག་སྨྲ་བ་ཡུལ་དེའམ་སྦྱིན་བདག་གིས་དོན་གོ་ན་ཟན་གཅོད་པའི་ལྟུང་བྱེད། ༥༢ དགེ་སློང་དུས་དྲན་བྱས་པ་དང་ནད་པ་མིན་པས་མེ་མ་མུར་དང་མེ་ལྕེ་ལས་གཞན་པའི་མེ་ཡོངས་སུ་རྫོགས་པ་ལ་རེག་གམ་རེག་ཏུ་བཅུག་ན་མེ་ལ་རེག་པའི་ལྟུང་བྱེད། དུས་དྲན་ནི། བྱ་བ་དེ་ལ་མ་ཞུགས་པའི་ནང་དུས་ལྟ་བུ་ལ། དེ་ཆོས་ལྡན་གྱི་ཆེད་དུ་དུས་དྲན་བསྟེན་རུང་གི་ལྟུང་བ་གང་གི་གཞི་ལ་ཐུགས་ཀྱང་གནང་བ་མཛད་དུ་གསོལ་སྙམ་དུ་དུས་དྲན་བྱས་ན། ཉིན་མཚན་དེ་འདས་ཀྱི་བར་དུ་འཆགས་ལ། དེ་སྐབས་དགེ་ཚུལ་ལྟ་བུ་མེ་ལ་རེག་མཁན་ཡོད་ན་གོ་མི་ཆོད་དོ། །བུད་མེད་ཆུས་འཁྱེར་བ་འཛིན་པ་ན་མ་དང་སྲིང་མོའི་འདུ་ཤེས་དང༌། རིན་པོ་ཆེ་ཁྲི་ལ་མི་རྟག་པའི་འདུ་ཤེས་ཀྱིས་ཆགས་པ་འགོག་ལ། ལྟུང་བ་གླེང་དྲན་བྱེད་ཚེ་ཕན་པའི་འདུ་ཤེས་ཀྱིས་ཞེ་སྡང་འགོག་པ་སོགས་ཆགས་སྡང་འགོག་པ་གལ་ཆེའོ། །༥༣ དགེ་སློང་གི་ཆེད་དུ་དགེ་འདུན་གྱིས་ལས་ཆོས་ལྡན་བྱས་པ་ཆགས་པའི་རྗེས་སུ་དེ་ལ་སྔར་འདུན་པ་ཕུལ་བའི་དགེ་སློང་གིས་ད་དེ་ཕུལ་བ་ཕྱིར་བྱིན་ཅིག ཅེས་ངག་གིས་ལས་དེར་གཏོགས་པའི་དགེ་སློང་ལ་སྨྲ་བ་དེའི་དོན་གོ་བ་ན་འདུན་པ་ཕྱིར་བསྒྱུར་བའི་ལྟུང་བྱེད། ༥༤ ཡུལ་བསྙེན་པར་མ་རྫོགས་པའམ་ཕམ་པ་བྱུང་བ་དང་ངོ་སྤོས་ཀྱང་རུང་གནས་ཕལ་ཆེར་གཡོགས་པ་དང་སྐོར་བ་གནས་གཅིག་པར་འདོམས་གང་གི་ནང་དུ་དགོས་མེད་དུ་གཉིད་ལོག་འདོད་ཀྱིས་ཞག་བར་མ་ཆད་དུ་ཉལ་ཞིང་ཞག་གསུམ་པའི་སྐྱ་རེངས་ཤར་ན་ནུབ་ལྷག་ཉལ་གྱི་ལྟུང་བྱེད། ༥༥ དགེ་སློང་གིས་ཁྱིམ་ན་གནས་པས་ཐར་བ་ལ་བར་དུ་མི་གཅོད་དོ། །ཞེས་པ་ལྟ་བུ་ཕྱོགས་འགའ་ཞིག་ལ་སྡིག་ལྟ་སྐྱེས་པ་དེ་ཟློག་པ་ལྔས་བཟློག་ཀྱང་བརྗོད་པ་གསུམ་པའི་མཐར་མི་གཏོང་ན་སྡིག་ལྟ་མི་གཏོང་བའི་ལྟུང་བྱེད། ༥༦ དགེ་སློང་གནས་ནས་ཕྱུང་ཞིང་བཟོད་གསོལ་གྱི་ལས་མ་བྱས་པ་དེར་ཤེས་བཞིན་དུ་དགེ་སློང་གནས་ཕྱུང་མིན་པས་ཆོས་དང་ཟང་ཟིང་གི་ལོངས་སྤྱོད་ལྷན་ཅིག་མྱོང་བའམ་གནས་གཅིག་ཏུ་གནས་ཏེ་སྐྱ་རེངས་ཤར་ན་སྤངས་བ་རྗེས་ཕྱོགས་ཀྱི་ལྟུང་བྱེད། ༥༧ དགེ་ཚུལ་སྡིག་ལྟ་ཅན་ཟློག་པ་ལྔས་མཐར་མི་གཏོང་བ་གསོལ་བཞིའི་ལས་ཀྱིས་གནས་དབྱུང་བྱས་པ་ལ་སྔར་ལྟར་བྱས་ན་བསྙིལ་བ་བསྡུད་པའི་ལྟུང་བྱེད། ༥༨ ཁ་མ་བསྒྱུར་བའི་གོས་དཀར་པོ་རང་གི་ཡིན་པ་ཆུ་ཚགས་ལས་གཞན་ལ་དགོས་མེད་དུ་ལོངས་སྤྱད་པ་རྫོགས་ན་ཁ་མ་བསྒྱུར་བའི་གོས་ཀྱོན་པའི་ལྟུང་བྱེད། ༥༩ རིན་པོ་ཆེ་རང་གི་མིན་པའམ་རང་གཞན་གང་རུང་གི་རིན་པོ་ཆེར་སྨོས་པ་དགོས་པའི་ཕྱིར་རུང་བར་མ་གྱུར་པ་ཐོབ་པར་ལྕོགས་པ་ན་གནས་པ་ལ་རྐྱེན་མེད་པར་རེག་འདོད་ཀྱིས་རང་ངམ་བསྐོས་པས་མངོན་སུམ་དུ་རེག་པ་རྫོགས་པ་ན་ལོངས་པ་གཞིར་གཏོགས་ཀྱི་ལྟུང་བྱེད། ༦༠ འཇིག་རྟེན་ན་གྲགས་པའི་ཆུས་དུས་ལྔ་བའི་ཚེས་གཅིག་ནས་བདུན་པའི་བཅོ་ལྔའི་བར་དང་ཟླ་ཕྱེད་སོང་བའི་དུས་མིན་པར་དགེ་སློང་ནད་པ་དང་རླུང་གིས་གོས་ཀྱི་གྲ་བསྐྱོད་པ་དང་ཆར་ཐིགས་པ་གཉིས་ལུས་ལ་ཕོག་པ་དང་སྐྲ་བྲེགས་པ་སོགས་མིན་པས་ཚ་བའི་གནས་མིན་པར་ཁྲུས་བྱེད་འདོད་ཀྱིས་ལུས་ཕྱེད་ཁྱབ་པ་ན་ཁྲུས་བྱེད་པའི་ལྟུང་བྱེད། ༈ ༦༡ རང་ངམ་བསྐོས་པས་གསོད་སེམས་ཀྱིས་དུད་འགྲོ་གཞི་མའི་ཞར་ལ་མ་ཡིན་པར་བསད་པ་ན་དུད་འགྲོ་གསོད་པའི་ལྟུང་བྱེད། ༦༢ དགེ་སློང་ཆོས་དྲུག་ལྡན་ལ་བཞད་གད་ཡན་ཆད་ཀྱིས་སྡོམ་པ་མ་ཆགས་པའམ་ཕམ་པ་བྱུང་བ་སོགས་དགེ་སློང་མིན་པའི་ཚིག་ངག་ལྔ་ལྡན་གྱིས་སྨྲས་པའི་དོན་གོ་བ་ན་འགྱོད་པ་བསྐྱེད་པའི་ལྟུང་བྱེད། ༦༣ དགེ་སློང་གི་རྨ་སྒོ་ལས་གཞན་པའི་ལུས་མ་ཉམས་པར་རང་གི་ལུས་མ་ཉམས་པས་སྐྱི་གཡའ་པར་འདོད་པས་རེག་པ་རྫོགས་པ་ན་ག་ག་ཚིལ་བྱེད་པའི་ལྟུང་བྱེད། ༦༤ ཆུ་ལྟེ་བར་སླེབ་པའི་ཚད་ལ་རྩེ་འདོད་ཀྱིས་རང་ངམ་བསྐོས་པས་དེར་ཞུགས་ཏེ་རྒྱུན་ཕྱོགས་སོགས་སུ་རྩོལ་བ་སོགས་བྱས་ཏེ་རྩེ་བ་རྫོགས་པ་ན་ཆུ་ལ་རྩེ་བའི་ལྟུང་བྱེད། ༦༥ བུད་མེད་ཆོས་དྲུག་ལྡན་སྲུང་མ་དང་མི་ལྡན་པ་དང་གནས་ཀྱི་ངོ་བོར་གྲུབ་པར་བར་དུ་མཚམས་ཆོད་ན་འདོམས་གང་དང་མཚམས་མ་ཆོད་ན་འདོམས་དགུའི་ནང་དུ་གནས་གཅིག་པར་ཁྲིམས་གྲོགས་མེད་པར་མཚན་མོ་ཡུལ་རྟེན་གཉིས་ཀ་ཉལ་ཞིང་གཉིད་ལོག་སྟེ་སྐྱ་རེངས་ཤར་ན་བུད་མེད་དང་ལྷན་ཅིག་ཉལ་བའི་ལྟུང་བྱེད། ༦༦ དགེ་སློང་ལ་སྔངས་པར་འདོད་པས་གཟུགས་སྒྲ་སོགས་ཡིད་མི་འོང་བ་ཉེ་བ་བསྒྲུབ་པ་རང་ངམ་བསྐོས་པས་ངག་གི་རིག་བྱེད་ཀྱིས་སྨྲ་བ་འཇིགས་པ་མ་སྐྱེས་ཀྱང་དོན་གོ་ན་སྔངས་པའི་ལྟུང་བྱེད། ༦༧ རབ་བྱུང་སྡེ་ལྔ་གང་རུང་གི་ཡོ་བྱེད་གང་ཡང་རུང་བ་རྐུ་སེམས་དང་ཕན་སེམས་མེད་པར་རང་ངམ་བསྐོས་པས་མངོན་སུམ་དུ་སྦེད་པ་རྫོགས་པ་ན་སྦེད་པའི་ལྟུང་བྱེད། ༦༨ དགེ་སློང་རང་གིས་དགེ་སློང་གཞན་ལ་བྱིན་པའི་གོས་དེས་མ་གནང་ཞིང་རྐུ་སེམས་དང་ཡིད་གཅུགས་ཁྱད་པར་ཅན་མ་ཡིན་པར་མི་དགའ་བར་ཤེས་བཞིན་དུ་བསྲི་བ་མེད་པར་ལོངས་སྤྱོད་པ་རྫོགས་པ་ན་གདེང་མེད་དུ་སྤྱོད་པའི་ལྟུང་བྱེད། རང་འགྲེལ་སོགས་ལས་ལྷུང་བཟེད་ཀྱིས་ཀྱང་བསྐྱེད་གསུངས་སོ། །༦༩ ཡུལ་མཚན་དང་ལྟ་བ་མཐུན་པ་གསོ་རུང་དང་མི་མཐུན་པ་རྣམ་དག་ལ་བསམ་བཞིན་དུ་སྐུར་བ་འདེབས་འདོད་ཀྱིས་ལྷག་མའི་སྐུར་བ་ངག་ལྔ་ལྡན་གྱིས་གསལ་པོའམ་བག་ཙམ་གང་རུང་གིས་སྨྲས་པ་ཡུལ་ཐ་སྙད་ལྔ་ལྡན་གྱིས་དོན་གོ་བ་ན་ལྷག་མའི་སྐུར་འདེབས་ཀྱི་ལྟུང་བྱེད། ༧༠ ཁྱིམ་པ་མོ་ཆོས་དྲུག་ལྡན་ངོ་མ་སྤོས་པ་ལམ་སེལ་༼ཕན་འདོགས་བྱ་འདོགས་བྱེད་མ་ཡིན་པ༽བྱེད་པ་སོ༼ལམ་ནོར་བ་བུད་མེད་ཀྱི་ལམ་དུ་ཞུགས་པ། འགྲོ་མི་ནུས་པར་བུད་མེད་ཀྱིས་ཁྲིད་པ༽གས་མིན་པ་དང་ས་ལ་བརྟེན་པའི་ལམ་དུ་ཁྲིམས་གྲོགས་མེད་པར་སྦྱོར་བ་གཅིག་གིས་ལྷན་ཅིག་སོང་སྟེ་རྒྱང་གྲགས་འདས་ན་བུད་མེད་དང་ལྷན་ཅིག་ལམ་དུ་འགྲོ་བའི་ལྟུང་བྱེད། ཉི་ཟེར་ལས། གྲུ་ཡང་ས་ལ་བརྟེན་པའི་ལམ་ཡིན་པར་བསྡུའོ། །ཞེས་གསུངས་སོ། །༈ ༧༡ གྲོང་འཇོམས་པའི་ཆོམ་རྐུན་པའམ་ཤོ་གམ་འདྲལ་བའི་ཚོང་བ་གང་རུང་སྐྱེས་པའི་མཚན་ལྡན་ངོ་མ་སྤོས་པ་དང་རྐྱེན་མེད་པར་དུས་དང་ལམ་སོགས་སྔ་མ་ལྟ་བུ་ནི་རྐུན་མ་དང་ལྷན་ཅིག་འགྲོ་བའི་ལྟུང་བྱེད། ༧༢ མངལ་ཤོལ་དང་བཅས་ཏེ་ལོ་ཉི་ཤུ་མ་ལོན་པ་སྡོམ་པ་སྐྱེ་བའི་བར་ཆད་གཞན་དང་མི་ལྡན་པ་ཡིད་གཉིས་ཡན་གྱིས་བསྙེན་རྫོགས་ཀྱི་མཁན་པོ་བྱས་ཏེ་བསྙེན་པར་རྫོགས་པ་ན་ཉི་ཤུ་མ་ལོན་པ་བསྙེན་པར་རྫོགས་པའི་ལྟུང་བྱེད།གཞན་ཡང་སྐྱེས་ནས་ཉི་ཤུ་མ་ལོན་པ་ཞེས་སྐབས་འགར་གསུངས་སོ། ། ༧༣ འཇིག་རྟེན་ན་གྲགས་པའི་ས་འོག་གཞི་དང་འབྲེལ་བ་མ་ཉམས་པ་འཐས་པར་གནས་པ་ཤེས་བཞིན་དུ་དགོས་པ་མེད་པར་རང་ངམ་བསྐོས་པས་མངོན་སུམ་དུ་སོར་བཞི་ཡན་རྐོས་ན་བརྐོ་བའི་ལྟུང་བྱེད། ༧༤ ཞག་བདུན་ལྟ་བུའི་དུས་ཚིགས་སུ་བོས་ན་དེ་ལས་ལྷག་ པ་དང་མ་ཤི་བར་མགྲོན་དུ་བོས་པ་ལྟ་བུ་མ་ཡིན་པར་ཞག་དང་ཟླ་བ་ལོ་ཅི་ཙམ་ཐེག་ཚད་ཟེར་ནས་ཚིགས་རྣམ་པར་བཞག་པ་མེད་ན་ཟླ་བ་བཞི་ལས་ལྷག་པར་ཁྱིམ་པ་ཉེ་དུ་མིན་པ་ལས་དུས་རུང་གི་ཟས་ཟས་གཅིག་གི་ཚད་ཟོས་ཏེ་མིད་ན་མགྲོན་གཉེར་རིང་འདུག་གི་ལྟུང་བྱེད། འདི་ལ་འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ཟླ་བ་བཞི་མགྲོན་དུ་བོས་པ་ལྟ་བུ་ལ་ཟླ་བ་བཞི་ལས་ལྷག་འདུག་ནས་ཟས་ཟོས་ན་དེའི་ལྟུང་བ་འབྱུང་བར་གསུངས་སོ། །༧༥ དགེ་སློང་ཆོས་དྲུག་ལྡན་འདུལ་བ་ཤེས་པས་འདུལ་བར་གཏོགས་པའི་རང་གི་བསླབ་པ་ལ་སློབས་ཤིག ཅེས་བསྒོ་བ་ན་ཤེས་བཞིན་དུ་ཁྱོད་མི་ཤེས་པས་གཞན་ལ་མ་དྲིས་པར་མི་སློབ་ཅེས་པ་ལྟ་བུ་ངག་ལྔ་ལྡན་གྱིས་སྨྲས་པ་དེས་དོན་གོ་ན་བསླབ་པ་ཉེ་བར་འཇོག་པ་སྤང་བའི་ལྟུང་བྱེད། ༧༦ རང་ལ་རྩོད་པ་བཞི་གང་རུང་བྱེད་པའི་དགེ་སློང་གཉིས་ཡན་ཆད་དེའི་ཕྱིར་གྲོས་བྱེད་པ་ལ་དེ་སྤེལ་བའི་ཕྱིར་ཉན་ནས་དོན་གོ་བ་ན་ཉན་རྣ་བྱེད་པའི་ལྟུང་བྱེད། ༧༧ དགེ་འདུན་གྱིས་ཆོས་ལྡན་གྱི་ལས་རང་ལ་མི་མཐུན་པ་མིན་པའི་ལས་བྱེད་པ་མཚམས་ཀྱི་གནས་ནས་དགེ་སློང་ཁ་སྐོང་འོས་པ་གྲལ་ལ་འཁོད་པ་རྐྱེན་མེད་པར་ལས་དེའི་གསོལ་བ་མ་བྱས་པའི་དུས་སུ་ཤེས་བཞིན་དུ་ལྟག་༼སྔ་ཕྱི༽འོག་གི་དགེ་སློང་ལ་མ་སྨྲས་པར་འགྲོ་བ་ཐོས་པའི་ཉེ་འཁོར་འདས་པ་ན་ལས་ཀྱི་གནས་ནས་མ་སྨྲས་པར་འགྲོ་བའི་ལྟུང་བྱེད། ༧༨ སངས་རྒྱས་ཞལ་དངོས་སུ་བཞུགས་པ་དང་དགེ་སློང་གི་དགེ་འདུན་དང་དེའི་ཞལ་ཏ་བ་གང་རུང་གིས་རང་ལ་ཆོས་ལྡན་གྱི་བསྒོ་བ་ཤེས་བཞིན་དུ་མ་གུས་ཤིང་ཤད་སྦྱངས་མེད་པར་ངག་ལྔ་ལྡན་གྱིས་འགལ་བར་བྱེད་པ་ཕ་རོལ་བོས་དོན་གོ་ན་མ་གུས་པའི་ལྟུང་བྱེད། ༧༩ ཆང་མིད་པར་མངོན་པའི་ཚད་དང་ལྡན་པ་མགུལ་དུ་མིད་པ་ན་མྱོས་འགྱུར་འཐུང་བའི་ལྟུང་བྱེད། ༨༠ གླིང་དེའི་ཉིན་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བའི་དུས་སུ་རབ་བྱུང་སྡེ་ལྔ་གང་རུང་ཡོད་བཞིན་དུ་དེ་ལ་མ་སྨྲས་པར་ཁྱིམ་པ་མཚན་ཉིད་པའི་གནས་སུ་རྐྱེན་མེད་པར་སོང་སྟེ་བསྐོར་བ་ལ་སྒོ་ནང་དང་མ་བསྐོར་བ་ལ་ཉེ་འཁོར་འདོམས་གང་གི་ནང་དུ་ཞུགས་པ་ན་དུས་མ་ཡིན་པར་འགྲོ་བའི་ལྟུང་བྱེད། རབ་བྱུང་སྡེ་ལྔ་ནི། དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ། དགེ་སློང་ཕ་མ་གཉིས་ཏེ་ལྔའོ། ། ༈ ༨༡ གླིང་དེའི་ཉིན་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་བར་དགོས་མེད་དུ་ཁྱིམ་བཞི་པ་ལ་སོང་བའམ་དགེ་སློང་རང་གི་ངོ་བོར་དགེ་འདུན་དུས་རུང་གི་ཟས་ལ་སྤྱན་དྲངས་པའི་སྦྱིན་བདག་ལ་ཟས་བྲིམ་པ་ཡོལ་བར་མ་བྱེད་ཅིག ཅེས་མ་སྨྲས་པར་སྔ་དྲོ་ཁྱིམ་གསུམ་པའི་སྒོའི་གཏན་པའམ་ཉེ་འཁོར་འདས་པ་ན་གྲོང་དུ་རྒྱུ་བའི་ལྟུང་བྱེད། ༨༢ རང་གླིང་གི་ནུབ་ཀྱི་འོད་དམར་འདས་པ་ནས་ཉི་མ་མ་ཤར་བར་ལ་དགོས་པ་མེད་པར་བཙུན་མོའི་འཁོར་རམ་རྒྱལ་བོའི་ཕོ་བྲང་དུ་སོང་སྟེ་བསྐོར་བ་མེད་ན་ཉེ་འཁོར་དང༌། བསྐོར་ཀྱང་སྒོ་མེད་པ་དང་སྒོ་བཅད་པ་ལ་ནང་དང་མ་བཅད་པ་གཏན་པའི་རྩེ་རྩིགས་པའི་ནང་དུ་སོན་པ་འདས་པ་ན་དང༌། ཉིན་པར་སོང་སྟེ་འདུག་པ་འོད་དམར་འདས་པ་ན་རྒྱལ་པོའི་ཕོ་བྲང་དུ་འགྲོ་བའི་ལྟུང་བྱེད། ༨༣ དགེ་སློང་སྔར་སོ་ཐར་གྱི་མདོ་ལན་གཉིས་ཐོས་ཤིང་ཡིད་རྨོངས་པ་མིན་པས་གསོ་སྦྱོང་གི་དུས་སུ་མདོ་འདོན་པའི་ཚེ་དགེ་སློང་ལ་བདག་གིས་བསླབ་པའི་ཆོས་འདི་མདོར་གཏོགས་པ་ད་གདོད་ཤེས་སོ། །ཞེས་ངག་གིས་སྨྲས་པ་ཕ་རོལ་བོས་དོན་གོ་བ་ན་བསླབ་གཞི་ ཁྱད་དུ་གསོད་པའི་ལྟུང་བྱེད། ༨༤ རང་དོན་དུ་བ་སོ་རུས་པ་རྭ་གང་རུང་གི་ཁབ་རལ་སོར་བཞི་ཡན་ཆད་བྱས་སམ་བྱེད་དུ་བཅུག་སྟེ་ཟིན་པ་ན་ཁབ་རལ་འཆོས་པའི་ལྟུང་བྱེད། །༨༥ དགེ་འདུན་གྱི་ཁྲིའམ་ཁྲིའུ་རྐང་བ་བུ་གར་གཞུག་པ་མ་གཏོགས་པ་ཁྲུ་གང་ལས་ལྷག་པ་ཤེས་བཞིན་དུ་རང་ངམ་བསྐོས་པས་ བྱེད་དུ་བཅུག་སྟེ་ཟིན་པ་ན་ཁྲི་རྐང་འཆོས་པའི་ལྟུང་བྱེད། ༨༦ དགེ་འདུན་གྱི་གནས་མལ་ལ་ཞེ་སྡང་གིས་ཤིང་བལ་སྤར་གང་ཡན་གྱིས་གོས་ཕྱིར་བདལ་བ་རྫོགས་པ་ན་ཤིང་བལ་གྱི་གོས་པར་བྱས་པའི་ལྟུང་བྱེད། ༨༧རང་གི་གདིང་བ་སྲིད་དུ་རྡུལ་ཁྲུ་གསུམ་མམ་ཕྱེད་དང་ལྔ་ཞེང་དུ་ཁྲུ་དོ་དང་སོར་དྲུག་ལས་སོར་ཕྱེད་ཡན་ཆད་ཀྱི་ལྷག་པ་བྱས་ཟིན་པ་ན་གདིང་བ་ཚད་ལྷག་བྱེད་པའི་ལྟུང་བྱེད། ༨༨ གཞན་འདྲ་བ་ལ་གཡན་པ་དགབ་པ་སྲིད་དུ་ཁྲུ་དྲུག་ཞེང་དུ་གསུམ་ལས་ལྷག་པ་བྱས་སམ་བྱེད་བཅུག་ན་གཡན་པ་དགབ་པ་ཚད་ལྷག་པའི་ལྟུང་བྱེད། ༨༩ གཞན་འདྲ་བ་ལ་རས་ཆེན་སྲིད་དུ་ཁྲུ་དགུ་ཞེང་དུ་གསུམ་དང་སོར་བཅོ་བརྒྱད་ལས་ལྷག་པ་བྱས་ན་རས་ཆེན་ཚད་ལྷག་བྱེད་པའི་ལྟུང་བྱེད། ༩༠ རང་གི་ལུས་སྟོན་པའི་སྐུ་ཚད་མེད་པར་སྲིད་དུ་ཕལ་བའི་ཁྲུ་བཅོ་ལྔ་དང༌། ཞེང་དུ་དགུ་ལས་ལྷག་པའི་དང༌། དེའི་སྐུ་ཚད་ཡོད་པས་རང་གི་ཁྲུ་ལྔ་དང་གསུམ་ལས་སུམ་འགྱུར་གྱི་ཆོས་གོས་གསུམ་གང་རུང་བྱས་སམ་བྱེད་བཅུག་ན་བདེ་གཤེགས་ཆོས་གོས་ཀྱི་ཚད་ལས་གྱུར་བའི་ལྟུང་བྱེད་དེ་ལྟུང་བྱེད་འབའ་ཞིག་པ་དགུ་བཅུ་ཡིན་ནོ། །འདུལ་བ་བདུད་རྩིའི་ཉིང་ཁུ་ལས། ཁྲི་རྐང་དང་གཏིང་བ་གཡན་པ་དགབ་པ་རས་ཆེན་བཞི་ཚད་ལས་ལྷག་པའི་ལྟུང་བ་བཤགས་པའི་ཚེ་ལྷག་པོ་བཅད་ནས་བཤགས་དགོས། ཞེས་གསུངས་སོ། །

བཞི་བ་སོར་བཤགས་བཞི།

བཞི་བ་སོར་བཤགས་བཞི་ནི།

༡དགེ་སློང་མ་གྲོང་དང་ལམ་པོ་ཆེ་དང་དེ་གཉིས་ཀྱི་ཉེ་འཁོར་གང་རུང་ན་འདུག་པ་ལ། དགེ་སློང་དེ་བཞི་གང་རུང་ན་ཕྱིན་ནས་མུ་གེ་དུས་མིན་པར་དུས་རུང་གི་ཟས་བླངས་ཏེ་གནས་གཞན་དུ་ཟོས་ཏེ་མིད་པ་ན་དགེ་སློང་མ་ལས་ཟས་ལེན་པའི་སོར་བཤགས། ༢ ཁྱིམ་པ་གང་གི་ཡང་ཉེ་དུ་མིན་པས་མགྲོན་དུ་བོས་པས་དུས་རུང་གི་ཟས་དགེ་སློང་མས་བསྒོ་བཤམས་ལོག་པར་བྱེད་པ་རང་ངམ་རང་འདྲས་མ་བཟློག་པར་ཤེས་བཞིན་དུ་ཟོས་ཏེ་མིད་ན་གྲྭལ་རིམ་དུ་མ་ཕེབས་པར་འབྲིམ་དུ་བཅུག་པ་མ་བཟློག་པར་ཟ་བའི་སོར་བཤགས། ༣ ཁྱིམ་གྱི་བསླབ་པའི་སྡོམ་པ་བྱིན་པའི་ཁོངས་སུ་གཏོགས་པའི་དགེ་སློང་གིས་དེ་འདྲའི་ཁྱིམ་ནས་ལྡམ་ལྡུམ་སོགས་མོད་པ་མིན་པའི་དུས་རུང་གི་ཟས་བསླངས་ཏེ་ཟོས་པ་ན་བསླབ་པ་དྲས་ཏེ་ཁྱིམ་དུ་འཇུག་པའི་སོར་བཤགས། ཞུ་བར་ལུས་ཀྱིས་སློང་ན་ཉེས་བྱས་སུ་གསུངས་སོ། །༤ ཁྱིམ་པ་ཆོས་ལྔ་ལྡན་དགེ་འདུན་ལ་ཟས་བསྔོ་བ་པོ་ལས་དུས་རུང་གི་ཟ་ཚད་ལོངས་པ་སྤྲིང་ཡིག་སོགས་ཀྱིས་བསླངས་ཏེ། ནགས་ཉུལ་བ་སོགས་འཇིགས་བཅས་མ་བསལ་བར་ཤེས་བཞིན་དུ་གྲོང་དང་གཙུག་ལག་ཁང་དག་གི་ཕྱི་རོལ་རྒྱང་གྲགས་ཕན་ཆད་འཇིགས་པའི་སར་ཁྱེར་ཏེ་ཟོས་ན་ནགས་མ་བརྟགས་པའི་སོར་བཤགས་ཏེ་སོར་བཤགས་བཞིའོ། །

ལྔ་བ་ཉེས་བྱས་ཀྱི་སྡེ་ཚན་ལ་དགུ་ལས།

ལྔ་བ་ཉེས་བྱས་ཀྱི་སྡེ་ཚན་ལ་དགུ་ལས།

དང་པོ་གོས་བགོ་བའི་སྡེ་ལ། ༡ མཐང་གོས་དང་ཤམ་ཐབས་གང་རུང་ལ་མཐའ་མཉམ་པར་མ་བགོས་པ། ༢ པུས་མོ་མ་ཁེབས་པས་བརྩེངས་པ་དང༌། ༣ ལོང་བུ་བཀབ་པས་ཧ་ཅང་འཇོལ་བ་དང༌།དེའི་རིང་ཐུང་གི་ཚད་ནི་ལོང་བུའི་སྟེང་ནས་སོར་བཞི་འཁོར་བར་འདུལ་བསྡུས་སུ་གསུངས་སོ། ། ༤ ཕྱོགས་གཅིག་གླང་བོ་ཆེའི་སྣ་ལྟར་ནར་བ་དང༌། ༥ ལྟེ་གོང་དུ་མགོ་ལྟེ་བ་ནས་སྟེང་དུ་སྐ་རགས་བཅིང་བ་དང༌། ༦ སྐ་རགས་ཀྱི་སྟེང་ནས་སྦྲུལ་མགོའི་གདེངས་ཀ་ལྟར་ལྟེབ་པ་དང༌། ༧ སྐ་རགས་ཀྱི་བར་བར་ནས་འབྲུའི་ཕུར་མ་ལྟར་འདུག་པ་དང༌། ༨ སྟོད་གཡོགས་བླ་གོས་དང་སྣམ་སྦྱར་གང་རུང་ཟླུམ་པོར་མ་བགོས་པ་དང༌། ༩ པུས་མོ་ལས་བརྩེངས་པ་དང༌། ༡༠ ལོང་བུ་ལས་འཇོལ་བ་སྟེ་ཉེས་བྱས་ཀྱི་སྡེ་ཚན་དང་པོའོ། ། ༡༡ ཁྱིམ་དུ་འགྲོ་བའི་སྡེ་ལ་རྐང་ལག་དྲན་ཤེས་ཀྱིས་མ་བསྡམས་པར་ཁྱིམ་དུ་འགྲོ་བ་སྤྱི་དང༌། ༡༢ དེའི་བྱེ་བྲག་གོས་ལེགས་པར་མ་བགོས་པར་འགྲོ་བ་དང༌། ༡༣ ཅ་ཅོའི་སྒྲ་མ་བསྐྱུངས་ཏེ་འགྲོ་བ་དང༌། ༡༤ མིག་གཡེངས་བག་ཏུ་ལྟ་ཞིང་འགྲོ་བ་དང༌། ༡༥ གཉའ་ཤིང་གང་སྟེ་འདོམ་གང་ནང་དུ་མི་ལྟ་བར་འགྲོ་བ་དང༌། ༡༦ ཞྭ་མ་ཡིན་པའི་གོས་ཀྱིས་མགོ་གཡོགས་ཏེ་འགྲོ་བ་དང༌། ༡༧ གོས་འདོམས་སྣང་བར་བརྫེས་ཏེ་འགྲོ་བ་དང༌། ༡༨ གོས་ཕྲག་པ་གཉིས་ཀར་གཟར་ཏེ་འགྲོ་བ་དང༌། ༡༩ ལག་པ་མདུན་ནས་གཉའ་བ་སྟེ་ཕྲག་པ་གཉིས་སུ་བསྣོལ་ཏེ་འགྲོ་བ་དང༌། ༢༠ ལྟག་གོང་དུ་སོར་མོ་བསྣོལ་ཞིང་འགྲོ་བ་དང༌། ༢༡ མཆོངས་སྟེ་འགྲོ་བ། ༢༢ སྒྱིད་པ་བརྐྱངས་བསྐུམས་བྱེད་སྟེ་འགྲོ་བ་དང༌། ༢༣ ཙོག་པུས་འགྲོ་བ་དང༌། ༢༤ རྟིང་བ་བཏེག་སྟེ་བྲང་བས་འགྲོ་བ་དང༌། ༢༥ ལག་པ་གཉིས་རྐེད་པ་ལ་བརྟེན་ནས་གྲུ་མོ་ཕྱིར་བརྐྱངས་ཏེ་འགྲོ་བ་དང༌། ༢༦ མགོ་བསྒྱུར་ཞིང་འགྲོ་བ་དང༌། ༢༧ ལུས་གཅུ་སྟེ་འགྲོ་བ་དང༌། ༢༨ ལག་པ་གཡུག་ཅིང་འགྲོ་བ་དང༌། ༢༩ དཔུང་བ་སྤྲད་དེ་འགྲོ་བ་དང༌། ༣༠ ལག་པ་སྤྲེལ་ཏེ་འགྲོ་བ་སྟེ་ཉེས་བྱས་ཀྱི་སྡེ་ཚན་གཉིས་པའོ། །

འདུག་པའི་སྡེ་ལ།

འདུག་པའི་སྡེ་ལ།

༣༡ ཁྱིམ་དུ་མ་བསྒོ་བར་སྟན་ལ་འདུག་པ། ༣༢ མ་བརྟགས་པར་སྟན་ ལ་འདུག་པ། ༣༣ ལྕིད་ཕབ་སྟེ་འདུག་པ། ༣༤ སྐྱིལ་ཀྲུང་མ་བྱས་པར་པུས་མོ་མན་ཆད་ཀྱི་རྐང་བ་བསྣོལ་བའི་འདུག་པ། ༣༥ དེ་ལྟར་བརླ་བསྣོལ་བའི་འདུག་པ། ༣༦ དེ་ལྟར་ལོང་སྟེང་ལོང་བུ་བཞག་སྟེ་འདུག་པ། ༣༧ ཁྲི་འོག་རྐང་བ་བཅུག་སྟེ་འདུག་པ། ༣༨ རྐང་བ་སོ་སོར་བརྐྱངས་སྟེ་འདུག་པ། ༣༩ འདོམས་སྣང་བར་བྱས་ཏེ་འདུག་པའི་ཉེས་བྱས་ཀྱི་སྡེ་ཚན་གསུམ་པའོ། །

ཟས་ལེན་པའི་སྡེ་ལ།

ཟས་ལེན་པའི་སྡེ་ལ།

༤༠ ཟས་ལེགས་པར་མ་བླངས་པ་སྤྱི་དང༌། ༤༡ བྱེ་བྲག་ལྷུང་བཟེད་ཀྱི་མུ་སྟེ་ཁ་དང་མཉམ་པར་བསླངས་པ། ༤༢ འབྲས་ཆན་དང་ཚོད་མ་ཤ་སོགས་མཉམ་པར་བསླངས་པ། ༤༣ གྲལ་མཐར་ཆགས་སུ་མ་བསླངས་པ། ༤༤ ལྷུང་བཟེད་ལ་ཡིད་མ་གཏད་ པར་བླངས་པ། ༤༥ བཟའ་བཅའ་མ་འོངས་གོང་ནས་ལྷུང་བཟེད་བཟེད་པ། ༤༦འབྲས་ཆན་དང་ཚོད་མ་ཅི་རིགས་ལྷག་པར་ལེན་འདོད་ཀྱིས་ཕན་ཚུན་འགེབས་པ། ༤༧ ཟས་སྟེང་དུ་ལྷུང་བཟེད་བཟེད་པ་སྟེ་ཉེས་བྱས་ཀྱི་སྡེ་ཚན་བཞི་བའོ། །

ཟས་ཟ་བའི་སྡེ་ལ།

ཟས་ཟ་བའི་སྡེ་ལ།

༤༨ ཟས་ཚུལ་མཐུན་མ་ཟོས་པ་སྤྱི་དང༌། ༤༩ བྱེ་བྲག་ཁམ་རན་པ་ལས་ཧ་ཅང་ཁམ་ཆུང་བ་ཟ་བ། ༥༠ ཧ་ཅང་ཁམ་ཆེ་བ་ཟ་བ། ༥༡ ཁམ་རན་པར་མ་ཟོས་པ། ༥༢ ཟས་མ་འོངས་གོང་ནས་ཁ་གདངས་པ། ༥༣ ཁ་ཁམ་གྱིས་བཀང་སྟེ་གཏམ་སྨྲ་བ། ༥༤ སྐྱུར་བ་ཙུག་ཙུག་གི་སྒྲ་དང་བཅས་ཏེ་ཟ་བ། ༥༥ མངར་བ་ཅག་ ཅག་དང་བཅས་ཏེ་ཟ་བ། ༥༦ གྲང་བ་ཧུ་ཧུ་དང་བཅས་ཏེ་ཟ་བ། ༥༧ ཚ་བ་ཕུ་ཕུ་དང་བཅས་ཏེ་ཟ་བ། ༥༨ ལྕེས་རེག་སྟེ་ལྟ་ཞིང་ཟ་བ། ༥༩ འབྲུ་རེ་རེ་ནས་ཟ་བ། ༦༠ ཟས་ལ་ཧ་ཅང་བསྔགས་པ་དང་སྐྱོན་གདགས་ཏེ་ཟ་བ། ༦༡ མཁུར་བ་གཡས་གཡོན་སྤོ་ཞིང་ཟ་བ། ༦༢ སྐན་སྒྲ་གཏོག་ཅིང་ཟ་བ། ༦༣ ཁམ་འཕྲོ་སོས་བཅད་དེ་ཟ་བ། ༦༤ ལག་པ་ལ་ཟས་ཆགས་པ་ལྕེས་བལྡག་པ། ༦༥ ཟས་སྣོད་ལ་ཟས་ཆགས་པ་སོར་མོ་དང་ལྕེས་བལྡག་པ། ༦༦ ལག་པར་ཟས་ཆགས་པ་ལྕེ་སྟེང་སོགས་སུ་སྤྲུག་པ། ༦༧ ལྷུང་བཟེད་ནང་གི་ཟས་སོགས་བསྐོར་ཏེ་གཡོ་བར་བྱེད་པའམ་ནང་དུ་ཟས་བླུགས་ཏེ་ལྕི་ཡང་ལག་སྲང་ལ་འཇལ་བ། ༦༨ ཟས་ལ་མཆོད་རྟེན་འདྲ་བ་བྱས་ཏེ་གཞོམ་པ་སྟེ་ཉེས་བྱས་ཀྱི་སྡེ་ཚན་ལྔ་བའོ། །

ལྷུང་བཟེད་སྤྱད་པའི་སྡེ།

ལྷུང་བཟེད་སྤྱད་པའི་སྡེ་ནི།

༦༩ གཞན་གྱི་ལྷུང་བཟེད་ལ་འཕྱ་བ། ༧༠ ལག་པ་ ཟས་དང་འབགས་པས་ཆུ་སྣོད་ལ་རེག་པ། ༧༡ དགེ་སློང་ལ་ཟས་དང་འབགས་པའི་ཆུས་གཏོར་བ། ༧༢ ཁྱིམ་པའི་ཁྱིམ་དུ་དེ་ལ་མ་དྲིས་པར་ཟས་དང་འབོགས་པའི་ཆུས་དབོ་བ། ༧༣ ཟས་ལྷག་ལྷུང་བཟེད་དུ་བླུགས་པ། ༧༤ ལྷུང་བཟེད་འོག་གཞི་མེད་པ། ༧༥ གད་ཁ། ༧༦ གཡང་ས། ༧༧ དཀན་གཟར་རྣམས་སུ་བཞག་པ། ༧༨ འགྲེང་བ། ༧༩ གད་ཁ། ༨༠ གཡང་ས། ༨༡ དཀན་གཟར་རྣམས་སུ་བཀྲུ་བ། ༨༢ འབབ་ཆུ་དྲག་པོའི་རྒྱུན་ལས་བཟློག་སྟེ་ཆུ་བཅུ་བ་སྟེ་ཉེས་བྱས་ཀྱི་སྡེ་ཚན་དྲུག་པའོ། །

ཆོས་སྟོན་པའི་སྡེ་ལ།

ཆོས་སྟོན་པའི་སྡེ་ལ།

མི་ན་པར་ཞེས་པ་ཐམས་ཅད་ལ་སྦྱར་ལ། ༨༣ འདུག་པ་ལ་འགྲེང་སྟེ་ཆོས་སྟོན་པ། ༼འགྲེང་པ་ལ་འདུག་སྟེ་ཆོས་སྟོན་པ།འདི་གཅིག་ཏུ་བགྲང་ནས་༡༠༡མ་བགྲང་ངོ། །༽༨༤ དེ་བཞིན་དུ་ཉལ་བ་ལ་འདུག་སྟེ། ༨༥ སྟན་དང་ས་ཕྱོགས་མཐོན་པོ་ལ་འདུག་པ་ལ་སྟན་སོགས་དམའ་བར་འདུག་སྟེ། ༨༦ སྟན་བཟང་པོར་འདུག་པ་ལ་ངན་པར་འདུག་སྟེ། ༨༧ མདུན་ནས་འགྲོ་བ་ལ་རྗེས་ནས་འགྲོ་སྟེ། ༨༨ ལམ་གྱི་དབུས་ནས་འགྲོ་བ་ལ་ལམ་གྱི་འགྲམ་ནས་འགྲོ་བ་སྟེ། ༨༩ མགོ་གོས་སོགས་ཀྱིས་གཡོགས་པ་དང༌། ༩༠ གོས་འདོམས་སྣང་བར་བརྫེས་པ། ༩༡ གོས་ཕྲག་པ་གཉིས་ཀར་གཟར་བ། ༩༢ ལག་གཉིས་གཉའ་བར་བསྣོལ་བ། ༩༣ ལག་པ་གཉིས་ལྟག་པར་བསྣོལ་བ། ༩༤ དོ་ཀར་ཅན་ཏེ་ཐོར་ཅོག་ཅན་ལ། ༩༥ ཞྭ་གྱོན་པ་ལ། ༩༦ མགོར་རིན་པོ་ཆེ་དང་དར་གྱི་ཅོད་པཎ་ཅན་ལ། ༩༧ མགོ་ལ་རིན་པོ་ཆེ་དང་མེ་ཏོག་གི་ཕྲེང་བ་ཅན་ལ། ༩༨རས་སོགས་ཀྱིས་ཐོད་དཀྲིས་པ་ལ། ༩༩ རྟ་དང་གླང་ཆེན་སོགས་ཞོན་པ་ལ། ༡༠༠ མདོ་ལི་ཁྱོགས་པ་ལ། ༡༠༡ དེ་དག་ལས་གཞན་པའི་བཞོན་པའི་སྟེང་ན་འདུག་པ་ལ། ༡༠༢ ལྷམ་གྱོན་པ་ལ། ༡༠༣ ལག་ན་གདུགས་དང༌། ༡༠༤ མཁར་བ་དང༌།༡༠༥མདུང་དང་འཕང་མདུང་སོགས་མཚོན་ཆ། ༡༠༦ རལ་གྲི། ༡༠༧ མདའ་གཞུ་སོགས་དགྲ་ཆ་ཐོགས་པ་ལ། ༡༠༨ ཁྲབ་སོགས་གོ་ཆ་གྱོན་པ་ལ་ཆོས་སྟོན་པ་སྟེ་སྡེ་ཚན་བདུན་པ་ལ་ཉེར་དྲུག་གོ །

སྒྲུབ་པའི་སྡེ་ལ།

སྒྲུབ་པའི་སྡེ་ལ།

༡༠༩ མི་ན་བར་འགྲེང་སྟེ་བཤང་གཅི་བྱེད་པ། ༡༡༠ ཐམས་ཅད་ཆུས་གང་བ་མ་ཡིན་པར་ཆུའི་ནང་དུ་གཤང་གཅི་མཆིལ་སྣབས་སོགས་འདོར་བ། ༡༡༡ ཐམས་ཅད་རྩྭ་སྔོན་པོས་ཁྱབ་པ་མ་ཡིན་པར་རྩྭ་སྔོན་ལ་བཤང་གཅི་མཆིལ་སྣབས་འདོར་བ་དང་གསུམ་སྟེ་སྡེ་ཚན་བརྒྱད་པའོ། །རྩ་བ་ལྟར་རོ། །

རྒྱུ་བའི་སྡེ་ལ།

རྒྱུ་བའི་སྡེ་ལ།

༡༡༢ གནོད་པ་འབྱུང་བ་མ་གཏོགས་པར་ཤིང་ལ་མི་གང་ལས་མཐོ་བར་འཛེག་པ་གཅིག་སྟེ་ཉེས་བྱས་ཀྱི་སྡེ་ཚན་དགུ་པའོ། །སྡོམ་ན་ཉེས་བྱས་བརྒྱ་དང་བཅུ་གཉིས་དང་ལྟུང་བ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ཡོད་པ་དེ་རྣམས་ངོ་ལེགས་པར་ཤེས་པར་བྱས་ནས་དེ་དག་ལས་རང་རྒྱུད་ལ་སྔར་སྐྱེས་ཟིན་ པ་ཡོད་ན་དེ་ལ་འགྱོད་སེམས་དྲག་པོའི་སྒོ་ནས་བཤགས་པ་དང༌། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་སྐྱེ་བ་ལ་འབད་པར་བྱ་དགོས་སྟེ། འདུལ་བ་བདུད་རྩིའི་ཉིང་ཁུ་ལས། དེ་དག་ནི་མི་མཐུན་ཕྱོགས་ངོ་ཤེས་པའི་སྒོ་ནས་བསྲུང་བའི་ཐབས་སོ། །ཞེས་གསུངས་སོ། ། དགེ་སློང་མའི་ལྟུང་བ་སྡེ་ལྔ་ལ། ཕམ་པ་བརྒྱད། ལྷག་མ་ཉི་ཤུ། སྤང་ལྟུང་སུམ་ཅུ་རྩ་གསུམ། ལྟུང་བྱེད་འབའ་ཞིག་པ་བརྒྱ་དང་བརྒྱད་ཅུ། ཉེས་བྱས་བརྒྱ་དང་བཅུ་གཉིས་ཡོད་མོད་ཀྱང་དེང་སྐབས་སུ་བཤད་པ་ལ་དགོས་པ་ཆེར་མ་མཐོང་བས་འདིར་མ་སྤྲོས་པ་ཡིན་པས་ཤེས་པར་འདོད་པ་རྣམས་ཀྱིས་གཞན་ལས་ཤེས་པར་བྱའོ། །

བཞི་བ་བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་ལ།

བཞི་བ་བསླབ་པ་ཡོངས་སུ་སྦྱོང་བའི་སྒོ་ནས་བསྲུང་བ་ལ།

གསོ་སྦྱོང་གི་གཞི་དང༌། དབྱར་གྱི་གཞི་དང༌། དགག་དབྱེའི་གཞི་དང་གསུམ་ལས། དང་པོ་གསོ་སྦྱོང་གི་གཞི་ལ། གཞི་གནས་ཀྱི་གསོ་སྦྱོང༌། མཐུན་པའི་གསོ་སྦྱོང་དང་གཉིས་ལས། དང་པོ་གཞི་གནས་ཀྱི་གསོ་སྦྱོང་ནི། སྤོང་ཁང་བརྩིགས་ཏེ་དེའི་ནང་ནས་སྟན་བདེ་བ་ལ་འདུག་སྟེ་ལུས་གནད་བཅོས་ཏེ་བྱང་རྒོད་སོགས་སྤང་བྱ་ལྔ་སྤངས་གཉེན་པོ་འདུ་བྱེད་བརྒྱད་བརྟེན་པའི་སྒོ་ནས་སེམས་དམིགས་པ་ལ་རྩེ་གཅིག་ཏུ་གནས་པའི་ངང་ནས། དཔྱད་འཇོག་གཉིས་ཀྱིས་ཞི་གནས་དང་ལྷག་མཐོང་སྒྲུབ་ཚུལ་ཡིན་པས། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་བསླབ་པ་གཉིས་གསོ་ཞིང་དེ་དག་གི་མི་མཐུན་ཕྱོགས་སྦྱོང་བར་བྱེད་དོ། །མཐུན་པའི་གསོ་སྦྱོང་གིས་ནི་ཚུལ་ཁྲིམས་ཀྱི་བསླབ་པ་གསོ་ཞིང༌། དེའི་མི་མཐུན་ཕྱོགས་སྦྱོང་བས་གསོ་སྤྱོང་བཅུ་བཞི་པ་དྲུག་དང༌། བཅོ་ལྔ་བ་བཅོ་བརྒྱད་དེ། ལོ་གཅིག་ལ་དུས་འབྲེལ་གྱི་གསོ་སྦྱོང་ཉེར་བཞི་དང༌། བཀྲ་ཤིས་དང་གནོད་པ་ཕྱིར་བཟློག་གི་གསོ་སྦྱོང་ཚེས་གྲངས་ངེས་མེད་དུ་བྱས་ཆོག་པས་དེར་འདུས་ཏེ་བསླབ་པ་སྦྱོང་བ་དང༌། མཚམས་ནང་དེ་ནས་ན་བ་སོགས་ཀྱིས་འདུ་མ་ནུས་ན་འདུན་པ་དང༌། གསོ་སྦྱོང་འབུལ་བ་དང༌། བཞི་མ་ཚང་ན་བྱིན་གྱིས་བརླབ་པ་སོགས་བྱའོ། ། གསོ་སྦྱོང་བཅུ་བཞི་པ་ནི། ཇི་སྐད་དུ། རྒྱལ་དང་དབོ་དང་ས་ག་དང༌། ཆུ་སྟོད་ཁྲུམས་སྨད་སྨིན་དྲུག་བཅས། །འདི་རྣམས་ཀྱི་ནི་ནག་པོའི་ཕྱོགས། །ཟླ་ཕྱེད་གསོ་སྦྱོང་བཅུ་བཞི་པའོ། །ཞེས་པ་ལྟར་ཧོར་ཟླ་དང་པོ། གསུམ་པ། ལྔ་བ། བདུན་པ། དགུ་བ། བཅུ་གཅིག་པ་སྟེ་དྲུག་གི་ཚེས་ཉེར་དགུ་ལ་བྱའོ། །

འདུན་པ་འབུལ་ཚུལ།

འདུན་པ་འབུལ་ཚུལ་ནི།

གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུནགྱི་གསོ་སྦྱོང་བཅོ་ལྔ་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་གསོ་སྦྱོང་བཅོ་ལྔ་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཡོངས་སུ་དག་གོ་ཞེས་བདག་མཆིའོ། །དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །བདག་གི་གསོ་སྦྱོང་ཡང་ཡོངས་སུ་དག་གོ །འདུན་པ་དང་ཡོངས་སུ་དག་པ་ཡང་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ་བརྗོད། ནད་ པ་ཡིན་ན་བདག་དགེ་སློང་བྲོ་འཚལ་བ། སྡུག་བསྔལ་བ། བྲོ་ཚབས་ཆེ་བ་མིང་འདི་ཞེས་སྦྱོར་རོ། །གཉིས་པ་དབྱར་ཁས་ལེན་ཚུལ་ནི། ཧོར་ཟླ་དྲུག་པའམ་བདུན་པའི་ཚེས་བཅོ་ལྔ་ལ་སྦྱོར་བའི་རིམ་པ་རྣམས་བྱས་ནས་བཅུ་དྲུག་གི་སྐྱ་རེངས་ཤར་བ་ན་ཟླ་བ་གསུམ་དབྱར་གནས་པར་ཁས་ལེན་པའམ། མ་གྲུབ་ན་ཡིད་ཀྱི་དམ་བཅས་ཁས་བླངས་སོ། །དབྱར་ཁས་ལེན་གྱི་ཆོ་ག་ནི། གནས་བརྟན་གྱི་མདུན་དུ་ཕྱག་གསུམ་འཚལ་ཏེ། སྙན་གསན་ཞུས་ནས། གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་དང་བཅས་པའི་གནས་འདིར་འདི་ལྟ་སྟེ་གནས་རལ་བ་དང་གྲུམས་པ་འཆོས་པའི་སླད་དུ། སྦྱིན་བདག་མིང་འདི་ཞེས་བགྱི་ བ་དང༌། ཞལ་ཏ་བ་མིང་འདི་ཞེས་བགྱི་བ་དང༌། སྤྱོད་ཡུལ་གྱི་གྲོང་མིང་འདི་ཞེས་བགྱི་བ་དང༌། བྲོ་གཡོག་པ་མིང་འདི་ཞེས་བགྱི་བས་དབྱར་སྔ་མ་ཟླ་བ་གསུམ་གནས་པར་ཁས་བླང་ངོ༌། །བདག་དབྱར་འདི་ན་མཆིས་ཞིང་བདག་གི་དབྱར་གྱི་གནས་ནི་འདི་ལགས་སོ། །ཞེས་ལན་གསུམ་བརྗོད། ཐབས་ལགས་དང༌། གཏང་རག་གི་ཕྱག་གསུམ་བྱ། སྦྱིན་བདག་དང༌། ཞལ་ཏ་བ་སོགས་མེད་ན་དེའི་མིང་བརྗོད་མི་དགོས་སོ། །དབྱར་ཕྱི་མ་ཡིན་ན་ཕྱི་མ་ཞེས་ཁ་བསྒྱུར་དགོས་སོ། །དབྱར་གྱི་དམ་ཚིག་དྲུག་ནི། ཆུ་མགོར་ཟག་པ་མི་འདོར་བ། མཁོ་ཞིང་སྦྱང་བའི་ཡོ་བྱད་གཡར་བོ་མྱུར་དུ་ཕྱིར་བསྐྱལ་བ། དགེ་བའི་བྱ་བ་ལ་བརྩོན་པ། ཉེ་འཁོར་སྔོ་འཐོག་པ་སོགས་ཀྱིས་གཙང་བར་བྱ་བ། ཞིང་ནང་དུ་མི་འགྲོ་བ། སེར་བ་བྱུང་ན་བཟློག་པར་བྱ་བ་སྟེ། དེ་དྲུག་ལ་བསླབ་པར་བྱ་ཞིང༌། འཁྲུག་ལོངས་དང་ཆད་ལས་སོགས་མི་བྱའོ། །གསུམ་པ་དགག་དབྱེ་ནི། ཧོར་ཟླ་དགུ་བའམ་བཅུ་བའི་བཅོ་ལྔ་ལ། གསོ་སྦྱོང་གི་དོད་དུ་དགག་དབྱེ་བྱ་ལ། གློ་བུར་དགག་དབྱེ་ནི་རྐྱེན་བྱུང་ན། དབྱར་ཁས་བླངས་ནས་གསོ་སྦྱོང་གཉིས་སོང་ནས་དེ་ཕན་ཆད་གསོ་སྦྱོང་ཞིག་དང་སྦྱར་ནས་བྱ་ལ། དམག་འཁྲུག་སོགས་ཀྱི་དབང་གིས་དེ་ཙམ་མ་ནུས་པར་གློ་བུར་དུ་འགྲོ་དགོས་བྱུང་ན། ཚོགས་ཀྱི་དགག་དབྱེའི་ཆོ་ག་འདོན་པའམ་དེ་ཙམ་གྱི་ཁོམ་ལོང་མེད་ན་ལག་བརྡ་བྱས་ནས་ཚོགས་ཀྱི་དགག་དབྱེ་བྱས་ཏེ་འགྲོ་དགོས་སོ། །དགག་དབྱེའི་ཆོ་ག་ནི། ཕྱག་གསུམ་འཚལ། སྙན་གསན་ཞུས་ནས། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་བདག་ལ་མཐོང་བ་དང༌། ཐོས་པ་དང༌། དོགས་པའི་གནས་གསུམ་གྱིས་དབྱར་གནས་པའི་དགེ་འདུན་ལ་དགག་དབྱེ་བགྱིད་ཀྱི་ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་གདམས་སུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བསྟན་དུ་གསོལ། ཚེ་དང་ལྡན་པ་རྣམས་ཀྱིས་བདག་ལ་རྗེས་སུ་བཟུང་དུ་གསོལ། ཐུགས་བརྩེ་བ་ཅན། ཚེ་དང་ལྡན་པ་རྣམས་ཀྱིས་ཐུགས་བརྩེ་བའི་སླད་དུ། བདག་ལ་ཐུགས་བརྩེ་བར་མཛད་དུ་གསོལ། ལྟུང་བ་ཤེས་ཤིང་མཐོང་ན་ཆོས་བཞིན་འདུལ་བ་བཞིན་སླར་བགྱིའོ། །ཞེས་ལན་གསུམ། ཐབས་ལེགས་བྱ། ལྟུང་བའི་དགག་དབྱེ་ནི། དབྱར་ནང་ལྟུང་བ་གླེང་དྲན་བྱ་མི་རུང་ཞིང༌། དགག་དབྱེའི་ཚེ་གླེངས་དྲན་བྱས་ནས་ཕྱིར་བཅོས་སོགས་ཀྱི་སྒོ་ ནས་དག་པར་བྱེད་པའོ། །རྫས་ཀྱི་དགག་དབྱེ་ནི། དབྱར་ནང་བཟའ་བཏུང་ལས་གཞན་པའི་དགེ་འདུན་གྱི་རྙེད་པ་རྣམས་བགོ་མི་རུང་ཞིང༌། དགག་དབྱེའི་ཚེ་བགོ་བར་བྱེད་པའོ། །གལ་ཏེ་དགག་དབྱེ་ལ་འགྲོ་མ་ནུས་ན་འདུན་པ་འབུལ་དགོས་པས་དེའི་ཚུལ་ནི། གནས་བརྟན་དགོངས་སུ་གསོལ། དེང་དགེ་འདུན་གྱི་དགག་དབྱེ་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དགག་དབྱེ་བཅོ་ལྔ་པའམ་བཅུ་བཞི་པ་ལགས་ཏེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་ཆོས་བཞིན་དུ་མཛད་པ་ལ་འདུན་པ་འབུལ་ལོ། །མཐོང་བ་དང༌། ཐོས་ པ་དང༌། དོགས་པའི་གནས་གསུམ་གྱིས་དགེ་འདུན་ལ་དགག་དབྱེ་བགྱིད་དོ། །འདུན་པ་དང་དགག་དབྱེ་བརྗོད་དོ། །བརྗོད་པ་ཡང་རིག་པར་བགྱིད་དོ། །ཞེས་ལན་གསུམ། ཐབས་ལེགས་བྱ། ནད་པ་ཡིན་ན། བདག་དགེ་སློང་བྲོ་འཚལ་བ་སྡུག་བསྔལ་བ། བྲོ་ཆེ་བ་མིང་འདི་ཞེས་སྦྱོར་རོ། །ཉིན་དེར་ལྟུང་བའི་དགག་དབྱེ་དང་རྫས་ཀྱི་དགག་དབྱེ། སྲ་བརྐྱངས་མ་བཏང་ན་རྙེད་པ་བགོ་བ་སོགས་བྱས་ནས། ཕྱི་ཉིན་བར་ཆད་མེད་ན་གནས་དེ་ནས་རྒྱང་གྲགས་ཕན་ཆད་དུ་ལྗོངས་རྒྱུར་འགྲོ་བ་སོགས་ལ་བསླབ་པར་བྱའོ། །

ལྔ་བ་བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བ།

ལྔ་བ་བདེ་བར་གནས་པའི་རྐྱེན་བསྟེན་པའི་སྒོ་ནས་བསྲུང་བ་ལ།

སྲ་བརྐྱངས་ཀྱི་གཞི། གོས་ཀྱི་གཞི། ཀོ་པགས་ཀྱི་གཞི། སྨན་གྱི་གཞི། གནས་མལ་གྱི་གཞི་དང་ལྔ། དང་པོ་སྲ་བརྐྱངས་ནི། དབྱར་ཟླ་བ་གསུམ་གནས་པའི་མཐར་དགེ་འདུན་རྣམས་ཀྱི་ཆོས་གོས་རྣམ་གསུམ་གྱི་བྱིན་རླབས་སོ་སོ་བ་དབྱུང་ནས། སྣམ་སྦྱར་གཅིག བླ་གོས་གཅིག མཐང་གོས་གཅིག་སྟེ་གསུམ་ལ་བྱིན་རླབས་རྒྱབ་སྟེ་ ཟླ་བ་ལྔར་འཆང་འབྲལ་གྱི་ ལྟུང་བ་སོགས་མེད་པར་བག་ཡངས་གནང་བ་ཡིན་ཀྱང་བོད་འདིར་མ་དར་བར་གསུངས་སོ། །གཉིས་པ་གོས་ཀྱི་གཞི་ནི། འཚོ་བའི་ཡོ་བྱད་བཅུ་གསུམ་ལས། སྣམ་སྦྱར། བླ་གོས། རྔུལ་གཟན། རྔུལ་གཟན་གྱི་གཟན། མཐང་གོས། ཤམ་ཐབས་ཀྱི་གཟན་རྣམས་ནི། ཆེ་ཚད་སྲིད་དུ་ཁྲུ་ལྔ། ཞེང་དུ་ཁྲུ་གསུམ། ཆུང་ཚད་སྲིད་དུ་ཁྲུ་ཕྱེད་དང་ལྔ། ཞེང་དུ་ཁྲུ་ཕྱེད་དང་གསུམ། འབྲིང་ཚད་དེ་གཉིས་ཀྱི་བར་རོ། །ཕྱི་མ་གསུམ་ལ་དེར་མ་ཟད་ཞེང་དུ་ཁྲུ་དོ་དང་སྲིད་དུ་ཁྲུ་ལྔ་དང་བཞི་དང༌། ཆུང་ངུ་རྒྱབ་ནས་གཡོགས་པའི་པུས་མོ་གཉིས་ལྟོ་བ་དང་གསུམ་ཁེབ་པའི་འཁོར་གསུམ་ཁེབ་པ་ཡང་རུང་ལ། གདོང་ཕྱིས་སྲིད་ཞེང་གཉིས་ཀ་ཁྲུ་རེ། རྣག་གཟན་དང་གཡན་པ་དགབ་པ་གཉིས་སྲིད་དུ་ཁྲུ་དྲུག ཞེང་དུ་ཁྲུ་གསུམ། སྐྲ་བཟེད་སྲིད་དུ་ཁྲུ་གསུམ། ཞེང་དུ་ཁྲུ་ཕྱེད་དང་དོ། གདིང་བ་སྲིད་དུ་ཁྲུ་གསུམ། མི་ཆོག་ན་ཕྱེད་དང་ལྔ། ཞེང་དུ་ཁྲུ་དོ་དང་སོར་དྲུག རས་ཆེན་སྲིད་དུ་ཁྲུ་དགུ ཞེང་དུ་ཁྲུ་གསུམ་དང་སོར་བཅོ་བརྒྱད་ཡོད། སྣམ་སྦྱར་ཆེ་ཚད་ལ། སྣམ་ཕྲན་ཉེར་ལྔ། ཉེར་གསུམ། ཉེར་གཅིག་པ་གསུམ་ཡོད་པས། དེ་དག་གླེགས་བུ་ཕྱེད་དང་ལྔ་བ་ཡིན་ལ། འབྲིང་གསུམ་ནི་སྣམ་ཕྲན་བཅུ་དགུ། བཅུ་བདུན། བཅོ་ལྔ་དང་གླེགས་བུ་ཕྱེད་དང་བཞི་བ་ཡིན་ལ། ཆུང་ངུ་གསུམ་ནི་བཅུ་གསུམ། བཅུ་གཅིག དགུ་བ་དང༌། གླེགས་བུ་ཕྱེད་དང་གསུམ་པ་ཡིན་ནོ། །བླ་གོས་གསུམ་ནི། སྣམ་ཕྲན་བདུན་པ་དང༌། གླེགས་བུ་ཕྱེད་དང་གསུམ་པ་ཡིན་ནོ། །མཐང་གོས་ཐམས་ཅད་ལ་སྣམ་ཕྲན་ལྔ་དང༌། གླེགས་བུ་ཕྱེད་དང་གཉིས་པ་ཡིན་ནོ། །ཁེབས་པར་མ་གཡོགས་ན་རལ་ག་དཔུང་ཆད་བྱ་བ་ནི་མཐང་གོས་ཀྱི་ཕྱེད་ལས་ཆེ་བ་མི་རུང་བས་དེ་ཚད་ལྡན་ལོགས་སུ་བྱིན་གྱིས་རླབས་དགོས་ལ། དེ་ནས་སྒྲོ་གུའམ་གཟུངས་ཀྱི་འཐུད་དགོས་པས་ལྕགས་རི་སོགས་ཟུར་དུ་བྱའོ། །ཚལ་བུ་ཆེ་ཚད་སོར་བཞི་དང༌། ཆུང་ཚད་སོར་ ཕྱེད་དང་གསུམ་ནས་ཐེབ་སོར་གཅིག་གི་བར་དང༌། འབྲིང་དེ་གཉིས་ཀྱི་བར་ཡིན་ལ། ལྕགས་རི་འགྲེལ་ཆུང་ལས་སོར་བཞི་བར་གསུངས་པ་མ་གཏོགས་ཚད་ལུང་ན་མེད་པར་གསུངས་སོ། །དེས་ན་ལྕགས་རི་མ་རྩིས་པའི་ཆ་དེ་དུམ་པུར་བཅད་ནས་སྣམ་ཕྲན་དང་གླེགས་བུ་སོགས་གཅོད་དགོས་ལ། འཐུད་ཚེ་སྣམ་ཕྲན་རྣམས་ཕྱོགས་ཕྱོགས་སུ་ལྟ་བ་དང་གླེགས་བུ་རྣམས་བྱ་སྤུ་ནོན་ལྟར་ཕྱོགས་གཅིག་ལ་ལྟ་བར་བྱ། འཇལ་བྱེད་གདིང་བ། གཡན་པ་དགབ་པ། རས་ཆེན་གསུམ་རྡུལ་ཁྲུས་ཆོག་ལ། གཞན་རྣམས་ལུས་ཁྲུས་འཇལ་དགོས་པས། ལུས་ཁྲུ་ནི་རང་གི་སྤྱི་བོ་ནས་རྐང་མཐིལ་གྱི་བར་ཆ་བདུན་བྱས་པའི་ཆ་གཉིས་སོ། །གདིང་བ་དང་སྣམ་སྦྱར་གསར་བ་བྱེད་ཚེ་ནང་མ་དང་བཅས་ཉིས་རིམ་བྱས་ཆོག་མོད་ངེས་པར་བྱ་དགོས་པ་ནི་མ་ཡིན་ནོ། །ཞེས་འདུལ་བ་རིན་ཕྲེང་ལས་གསུངས་སོ། །གདིང་བ་གླེགས་བུ་ ཕྱེད་དང་གཉིས་ཡིན་ལ། འདུག་ཚེ་ཕྱེད་པ་རང་གི་མདུན་དང༌། ཕྱག་འཚལ་བ་དང་ཉལ་ཚེ་ཚར་མ་ཅན་སྔས་སུ་སྟོན་དགོས་སོ། །གོས་གཞན་དགུ་ལ་གླེགས་བུ་སོགས་མེད་དོ། །དེ་དག་དང༌། འཚོ་བའི་ཡོ་བྱད་ཕྲན་ཚེགས་ཞྭ་དང་སྐ་རགས་ལྷམ་ལྷུང་བཟེད་གྱི་ཤུབ་ཁ་གཡོགས་ལ་སོགས་པ་རུང་བའི་ཚོན་གྱི་ཁ་བསྒྱུར་ཏེ་རང་རང་གི་བྱིན་རླབས་བྱའོ། །དེ་ཡུལ་དགེ་སློང་ཡོད་ན་དེ་དང༌། མེད་ན་ཤཱ་རིའི་བུ་མདུན་དུ་དམིགས་ལ། ལྷ་དགོངས་གསོལ་བྱས་ནས་བྱིན་རླབས་བྱ་དགོས་པར་གསུངས་སོ། །རྒྱུན་དུ་འཆང་དགོས་པའི་ཡོ་བྱད་དྲུག་ནི། ཆོས་གོས་རྣམ་གསུམ། གདིང་བ། ཆུ་ཚགས། ལྷུང་བཟེད་དང་དྲུག་གོ །ལྷག་པའི་ཡོ་བྱད་གཞན་གྱིས་དང༌། མཁོ་བའི་ཡོ་བྱད་རང་གཞན་གཉིས་ཀའི་ཡིན་སྙམ་པའི་བསམ་པས་བཅང་དགོས་པས། བསམ་པ་དེ་སྐྱེས་ན་རང་རང་གི་བྱིན་རླབས་བྱའོ། །གསུམ་པ་ཀོ་པགས་ཀྱི་གཞི་ནི། སྤྱིར་དགེ་སློང་རྣམས་ཀྱིས་ཀོ་པགས་ལ་ལོངས་སྤྱོད་དུ་མི་རུང་བར་གསུངས་ཀྱང༌། མཐའ་འཁོབ་ཏུ་གྲང་ཚེ་ཤ་ཟ་རུང་བའི་ཀོ་པགས་ཀྱི་ལྷམ་དང༌། མིག་ནད་ཅན་ལ་དོམ་ལྤགས་གནང་བ་སོགས་ཤེས་པར་བྱའོ། །བཞི་བ་སྨན་གྱི་གཞི་ལ་བཞི་ལས། དང་པོ་དུས་རུང་གི་སྨན་ནི། བཟའ་བ་ཤ་སོགས་དང༌། བཅའ་བ་ཤིང་ཐོག་རྣམས་དང༌། བཏུང་བ་ཞོ་དང་འོ་མ་སོགས་རབ་བྱུང་རྣམས་ཀྱིས་གུང་ཚིགས་དུས་ཚུན་ཆད་ཁོ་ནར་སྤྱད་དུ་རུང་བར་གནང་བ་རྣམས་སོ། །གཉིས་པ་ཐུན་ཚོད་དུ་རུང་བའི་སྨན་ནི། རུས་ཐང་བུར་ཁུ་ཇ་སོགས་ནད་པས་སྲོད་ཐུན་ཚུན་ཆད་དུ་བྱིན་རླབས་དང་བྱིན་ལེན་གང་རུང་བྱས་ནས་སྤྱད་རུང་བའི་རིགས་ རྣམས་སོ། །གསུམ་པ་ཞག་བདུན་པའི་སྨན་ནི། བུ་རམ། མར། སྦྲང་རྩི། ཞག་སོགས་ནད་པས་ཞག་བདུན་བྱིན་གྱི་རླབས་ནས་སྤྱད་དུ་རུང་བ་སོགས་སོ། །བཞི་བ་འཚོ་བཅང་གི་སྨན་ནི། ཚིལ་དང་ཞག་སོགས་ནད་གསོས་ཀྱི་བར་དུ་བྱིན་རླབས་བྱས་ཏེ་སྤྱད་རུང་བ་དང༌། ཨ་རུ་ར་སོགས་རྙེད་དཀའ་བ་དང་བཅང་སླ་བའི་བྱིན་གྱིས་མ་རླབས་པར་མ་ཤི་བར་བཟུང་ཆོག་པ་རྣམས་སོ། །ཕྱི་མ་གསུམ་དུས་མ་ཡིན་པར་སྤྱོད་ཚེ་བསྙེན་པར་མ་རྫོགས་པ་ཡོད་ན་རུང་ཆུ་འདེབས་དགོས། མེད་ན་དུས་དྲན་བསྟེན་པ་ལས་རང་གིས་བཏབ་མི་ཆོག་གོ །འདི་དག་གསོག་འཇོག་མི་འབྱུང་བའི་ཆེད་དུ། བསྙེན་པར་མ་རྫོགས་པ་ལ་རེག་ཏུ་འཇུག་པ་སོགས་ཀྱིས་བྱིན་ལེན་འཇིག་པའི་ཆོ་ག་བྱ་དགོས་སོ། །ལྔ་བ་གནས་མལ་གྱི་གཞི་མ་སྤྲོས་སོ། །

གསུམ་པ་ཉམས་ན་ཕྱིར་བཅོས་པ།

གསུམ་པ་ཉམས་ན་ཕྱིར་བཅོས་པ་ལ།

ལྟུང་བ་ཕྱིར་བཅོས་དང༌། རྩོད་པ་ཕྱིར་བཅོས་གཉིས་ལས། དང་པོ་ནི། ཕམ་པ་དང་ཕམ་འདྲ་འཆབ་བཅས་བྱུང་བ་དག་གིས་དགེ་འདུན་གྱི་གནས་མལ་སོགས་ལ་ལོངས་སྤྱོད་ན་ངན་སོང་གི་རྒྱུ་ཁོ་ནར་འགྱུར་བས། དགེ་འདུན་གྱི་གནས་ནས་བསྐྲད་དེ་རང་གིས་གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་ལྟུང་བཤགས་དང་ཡིག་བརྒྱ་སོགས་ལའང་འབད་ནས་རྣམ་སྨིན་དག་པའི་ཐབས་ཙམ་བྱ་བ་ལས་ཚེ་དེར་སླར་སྡོམ་པ་སྐྱེ་བའི་སྐལ་བ་མེད་པར་འདུལ་གཞུང་རྒྱ་མཚོ་ལྟ་བུ་ལས་ཡང་ཡང་གསུངས་པས་དེ་བཞིན་དུ་གནས་པ་ལས་རང་བཟོས་འདུལ་བ་རྩོམ་པ་ནི་ཡ་མཚན་པའི་གནས་སུ་སྣང་སྟེ། འདུལ་བའི་བཅས་མཚམས་ཐམས་ ཅད་སངས་རྒྱས་ཁོ་ན་ལ་དབང་བ་ཡིན་ནོ། །ཕམ་པ་དང་ཕམ་འདྲ་རྣམས་ལ་ཆབ་སེམས་སྐད་ཅིག་ཀྱང་མ་བྱུང་ན། དགེ་འདུན་ལས་སྡོམ་པ་དང་བསླབ་པ་ནོད་ནས་ཇི་སྲིད་འཚོའི་བར་དུ་ཁྱད་པར་ཅན་གྱི་སྤྱོད་པ་ལྔ་སྤོང་ཞིང༌། དམན་སྤྱོད་ལྔ་དང་དུ་བླངས་ནས་སྟོབས་བཞིས་བཤགས་པར་བྱའོ། །ལྷག་མ་ནི་དགེ་འདུན་ལས་སྤོ་མགུ་དབྱུང་གསུམ་ནོད་སྤྱོད་སོགས་བྱ་ཞིང་སྟོབས་བཞིས་བཤགས་པར་བྱ་ལ། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱ་སྙམ་པའི་སྡོམ་སེམས་ཁྱད་པར་བ་དང་ལྡན་པའི་གསོ་སྦྱོང་གི་སྐབས་ཀྱི་ཕྱིར་བཅོས་ལྟ་བུས་ཀྱང་འདག་ལ། དེ་སྐབས་སྟོབས་བཞི་ཚང་ན་རྣམ་སྨིན་དག་པས་དེ་ལ་འབད་པར་བྱའོ། །སྤང་ལྟུང་ནི། སྤང་ལྟུང་བྱུང་བའི་གཞིའི་རྫས་དང་ལྟུང་བ་དེ་བྱུང་བའི་ཕྱིས་རྙེད་པའི་ཡོ་བྱད་རྣམས་དགེ་སློང་གཞན་ལ་གནས་ཐ་དད་དུ་ཞག་གཅིག་སྤང་བྲལ་སྔོན་དུ་བཏང་ནས་གསོ་སྦྱོང་ལྟ་བུའི་ཚེ་ན་དེ་སྐབས་ཀྱི་དེས་ཆོག་ལ། མིན་ན་ཞག་བཅུ་འཆང་སྤང་ལྟ་བུ་ལ་སྤང་ལྟུང་དེས་མ་གོས་པའི་དགེ་སློང་ཞིག་གི་མདུན་དུ་ལྷམ་ཕུད་ཕྱག་གསུམ་འཚལ། སྙན་གསན་ཕུལ། སྟོབས་བཞི་ཚང་བའི་སྒོ་ནས། གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ལྟུང་བ་ཉེས་བྱས་ཀྱི་སྡེ་ཚན་ལས་གོས་ཞག་བཅུ་འཆང་སྤང་གི་ལྟུང་བ་བྱུང་བ་དགུང་ ཞག་དུ་མར་བཅབས་པའི་ཉེས་པ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཉེས་པ་དེ་གནས་བརྟན་གྱི་མདུན་དུ་མཐོལ་ལོ། །མི་འཆབ་པོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ་བཟླས། མཐོང་སྡོམ་འདྲི། ཐབས་ལེགས་བྱས་པས་བཅབས་ཉེས་བཤགས། འདི་བཅབས་ཉེས་མེད་ན་མི་དགོས། དེ་ནས་གནས་བརྟན་དགོངས་སུ་གསོལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ། ལྟུང་བ་ལྟུང་བྱེད་ཀྱི་སྡེ་ཚན་ལས། གོས་ཞག་བཅུ་འཆང་སྤང་གི་ལྟུང་བ་བྱུང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ལྟུང་བ་དེ་གནས་བརྟན་གྱི་མདུན་དུ་མཐོལ་ལོ།མི་འཆབ་པོ། །འཆགས་སོ། །མཐོལ་ཞིང་བཤགས་ན་བདག་བདེ་བ་ལ་རེག་པར་གནས་པར་འགྱུར་གྱི། མ་མཐོལ་མ་བཤགས་ན་ནི་མི་འགྱུར་རོ། །ཞེས་ལན་གསུམ། མཐོང་སྡོམ་འདྲི། ཐབས་ལེགས་བྱ། འདི་ནི་དངོས་གཞིའི་ཕྱིར་བཅོས་སོ། །འདིས་སྤང་ལྟུང་གཞན་རྣམས་ཕྱིར་བཅོས་ཚུལ་ཤེས་པར་བྱའོ། །ལྟུང་བྱེད་འབའ་ཞིག་པ། སོར་བཤགས། ཉེས་བྱས། མ་རྫོགས་པ་རྣམས་ཀྱི་རྩ་ལྟུང་མ་གཏོགས་པའི་ཉེས་བྱས་རྣམས་ཕྱིར་བཅོས་ཚུལ་ནི། སྤང་བྲལ་སྔོན་དུ་གཏོང་མི་དགོས་ཤིང་ལྟུང་བའི་མིང་རིགས་བརྗེ་བ་མ་གཏོགས་འདི་དང་འདྲ་བ་ཡིན་ལ། བྱིན་འཕྲོག་ལ་གཞི་དེ་འཕྲོག་ཡུལ་ལ་ཕྱིར་སྟེར་བ་དང༌། ཁབ་རལ་ལ་ཁབ་རལ་དེ་བཅགས་པ་དང༌། ཁྲི་རྐང་སོགས་ཚད་ལྷག་རྣམས་ལ་ལྷག་པ་བཅད་པ་སྔོན་དུ་འགྲོ་དགོས་པ་དང༌། སོར་བཤགས་ལ་དགེ་འདུན་ལ་མཐོལ་བ་སྔོན་དུ་འགྲོ་དགོས་པ་སོགས་ཁྱད་པར་རོ། །བཤགས་ཡུལ། རབ་ལྟུང་བྱེད་ལྟ་བུའི་སྡེ་ཚན་དང༌། མ་མཐའ་ཞག་བཅུ་འཆང་སྤང་ལྟ་བུའི་ལྟུང་བ་མིང་མཐུན་པས་མ་གོས་པ་དགོས་ལ། བཤགས་མཁན་གྱི་རྟེན་ཡང་ལྟུང་བ་སྔ་མ་ལ་འགྱོད་སེམས་དང་ཕྱིན་ཆད་མི་བྱེད་སྙམ་པའི་སྡོམ་སེམས་མེད་པར་ལྟུང་བ་ལས་ལྡང་མི་ནུས་པས། མཐོང་སྡོམ་དྲིས་པ་ཡིན་ལ། དེས་ན་བཤགས་པ་ཚིག་ཙམ་དུ་མ་སོང་བ་གལ་ཆེའོ། །བཤགས་ཡུལ་གཏན་མེད་ན་ནི། རྩ་བར། གཞན་ལས་ནི་དེ་དང་བཅས་པའི་བཤགས་པའོ། །ཞེས་པ་ལྟར། ཡིད་ཀྱིས་འགྱོད་སེམས་དང་སྡོམ་སེམས་དྲག་པོ་བྱས་ན། བསྡམ་བྱའི་ཉེས་བྱས་ལྟར་ལྟུང་བ་ལས་ལྡང་ལ། མཐོལ་བ་བྱས་ན་བཅབས་ཉེས་མི་བྱུང་ཞིང་ལྟུང་བའི་འཕེལ་ཁ་ཆད་འགྲོ་བས་ཤིན་ཏུ་ལེགས་ལ། དེ་ལྟར་མ་བྱས་ན་ཞག་རེ་བཞིན་བཅབས་ཉེས་དང་དངོས་གཞི་རྣམས་ཉིས་འགྱུར་བཞི་འགྱུར་དུ་འཕེལ་བས། ལྟུང་བ་བྱུང་བ་ན་དེ་མ་ཐག་ཏུ་མཐོལ་བ་དང་བཤགས་པ་ལ་འབད་པར་བྱ་བ་གལ་ཆེའོ། །

གཉིས་པ་རྩོད་པ་ཕྱིར་བཅོས།

གཉིས་པ་རྩོད་པ་ཕྱིར་བཅོས་ནི།

རྩོད་པ་བཞི་སོགས་དགེ་འདུན་གྱི་རྩོད་པའི་རིགས་རྣམས་ཞི་བྱེད་ཀྱི་ཆོས་བདུན་ནི། ལོ་དྲི་ལས། མངོན་སུམ་༡དྲན་པ་༢མ་མྱོས་༣དང༌། །དེ་བཞིན་གང་མང་༤ངོ་བོ་ཉིད༥། །རྩ་རྣམས་བཀྲམ་པ་༦ལྟ་བུ་དང༌། །ཁས་བླངས་པར་༧ཡང་བྱ་བའོ། །ཞེས་པའི་རྩོད་པ་ཞི་བྱེད་ཀྱི་ཆོས་བདུན་གང་རུང་གིས་ཆོས་ཕྱོགས་སུ་ཞི་བར་བྱེད་པའོ། །དེ་ཡང་མདོར་བསྡུ་ན། དང་པོར་ཟས་གོས་སོགས་ཚེ་འདིའི་བདེ་ཐབས་ཙམ་གྱིས་ཆེད་དུ་སྡོམ་པ་བླངས་ན་མི་སྐྱེ་ཞིང༌། བླངས་ནས་ཀྱང་ལྟུང་བ་འབྱུང་བའི་རྒྱུ། བག་མེད། མ་གུས་པ། མི་ཤེས་པ། ཉོན་མོངས་མང་བ་བཞིས་དབང་དུ་སོང་སྟེ་བཅས་མཚམས་ཡལ་བར་དོར་ནས་ཁེ་ཚོང་སོགས་གཡོ་ཐབས་སྣ་ཚོགས་ཀྱིས་ནོར་བསྡུ་བ་དང༌། བླ་གཟུགས་འཆང་བ་འགའ་ཞིག་གིས་རང་དོན་དུ་ཚོང་ཟོང་དབང་བསྐུར་སོགས་བྱས་ཏེ། དཀོར་བསྡུ་བ་དང༌། མཁས་རློམ་ཅན་ལ་ལས། ཚུལ་འཆོས་ཁ་གསགས་སོགས་ཀྱིས་རྫས་བསྡུས་ཏེ། རང་ཉིད་ཉེས་ལྟུང་གི་གོང་བུར་བྱས་པ་དང༌། དེ་དག་གིས་དགེ་འདུན་ལ་ཇ་ཐུགས་འགྱེད་སོགས་བཏང་སྟེ། དགེ་འདུན་ལོག་འཚོ་ལ་སྦྱར་ན་ཕན་ཡོན་མེད་པར་མ་ཟད་རང་གཞན་གཉིས་ཀ་ཕོངས་པའི་རྒྱུར་འགྱུར་བར་གསུངས་ལ། དེ་ལྟར་ལེགས་པར་མ་བསྲུང་བའི་ཉེས་དམིགས་ནི། གཞུང་དམ་པ་ལས། ཚུལ་ཁྲིམས་ཉམས་པ་ཉེས་དམིགས་བཅུ་སྟེ། ཚུལ་ཁྲིམས་ཀྱིས་བདག་སྨད་པ་དང༌། གཞན་ལྷ་དང་སྟོན་པས་སྨད་པ་དང༌། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ཀྱིས་སྨད་པ་དང༌། ཆོས་ཉིད་ཀྱིས་སྨད་པ་དང༌། ཕྱོགས་དང་ཕྱོགས་མཚམས་སུ་སྡིག་པ་མི་སྙན་པའི་སྒྲ་གྲགས་པར་འགྱུར་བ་དང༌། མ་རྟོགས་པའི་ཆོས་རྣམས་རྟོགས་པར་མི་འགྱུར་བ་དང༌། རྟོགས་པའི་ཆོས་རྣམས་ཉམས་པར་འགྱུར་བ་དང༌། སྔོན་ཐོས་པའི་ཆོས་རྣམས་བརྗེད་པར་འགྱུར་བ་དང༌། རྣམ་པར་འགྱོད་བཞིན་དུ་ཚེ་དུས་བྱེད་པ་དང༌། ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བས་དམྱལ་བར་སྐྱེའོ། །ཞེས་གསུངས་པས། སང་དང་ངན་སོང་གི་སྡུག་བསྔལ་གཉིས་གང་སྔར་འོང་མི་ཤེས་སྙམ་པའི་སྒོ་ནས་འདོད་ཆུང་ཆོག་ཤེས་ལ་གནས་ནས་ཚེ་འདིའི་བྱ་བཞག་རྦད་ཀྱིས་བཅད་དེ་བསླབ་པ་བསྲུང་བ་ལ་འབད་པར་བྱའོ། །དེ་ཡང་བག་མེད་ཀྱི་གཉེན་པོར་རྒྱུན་དུ་དྲན་ཤེས་བག་ཡོད་བསྟེན་ཏེ། མ་གུས་པའི་གཉེན་པོར་བསླབ་པའི་གནས་སོགས་ལ་གུས་པར་བྱ། མི་ཤེས་པའི་གཉེན་པོར་རང་རང་གི་སྡོམ་པ་གང་བླངས་མ་ཐག་པ་ནས་སློབ་དཔོན་མཁས་པ་བསྟེན་ཏེ་བསླབ་བྱ་མཐའ་དག་ཤེས་པར་བྱ་ཡི། འདི་དང་སྔགས་ཀྱི་བསླབ་བྱ་སྡོམ་པ་མ་ཐོབ་པས་བལྟ་མི་རུང་བར་གསུངས་སོ། །མ་མཐའ་རང་རང་གི་བསྲུང་བྱའི་གྲངས་ཙམ་བར་སྡོམ་ལྟ་བུའི་སྟེང་ནས་ངེས་པར་བྱེད། ཉོན་མོངས་པ་མང་བའི་གཉེན་པོར་རང་ལ་ཉོན་མོངས་གང་ཤས་ཆེ་བ་རྩལ་ཏུ་བཏོན་ནས་འབུར་འཇོམས་བྱས་ན་ལེགས་ཚོགས་ཐམས་ཅད་ཀྱི་རྩ་བ་ཚུགས་པར་འགྱུར་ལ།

བཞི་བ་དེ་ལྟར་བསྲུང་བའི་ཕན་ཡོན།

བཞི་བ་དེ་ལྟར་བསྲུང་བའི་ཕན་ཡོན་ནི།

དམ་པའི་ཆོས་ཐོས་པར་འགྱུར་བ། ཐོས་པ་རྣམས་མི་བརྗེད་པ། ཕྱོགས་ཕྱོགས་སུ་སྙན་གྲགས་ཀྱིས་ཁྱབ་པ། བདེ་བར་གཉིད་ལོག་པ། གཉིད་ལོག་ཚེ་ལྷ་རྣམས་ཀྱིས་བསྲུང་བ། སྡིག་པས་འཇིགས་པ་མེད་པ། དགྲ་བོ་དང་མི་མ་ཡིན་རྣམས་ཀྱིས་མི་གནོད་ཅིང་ཕན་འདོགས་པར་འགྱུར་བ། ཆོས་གོས་སོགས་ཡོ་བྱད་རྣམས་ཚེགས་ཆུང་ངུས་འཐོབ་པར་འགྱུར་བ། སྨོན་ལམ་ཡང་དག་པར་འགྲུབ་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་སོ། །

གཉིས་པ་བྱང་སེམས་ཀྱི་སྡོམ་པའི་བསླབ་བྱ།

གཉིས་པ་བྱང་སེམས་ཀྱི་སྡོམ་པའི་བསླབ་བྱ་ལ།

བྱང་སྡོམ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པ་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པའི་ཚུལ། བསྲུང་བའི་ཕན་ཡོན་དང་བཞི། དང་པོ་ནི། སྡོམ་པ་ཉི་ཤུ་པ་ལྟར། སངས་རྒྱས་སྲས་བཅས་ལ་གུས་པས་ཕྱག་འཚལ་བ་དང༌། མཆོད་པ་ཅི་ནུས་བྱས་ནས་སྨོན་པའི་སེམས་བསྐྱེད། དེ་ལ་བླ་མས་བྱང་སེམས་ཀྱི་བསླབ་པའི་གཞི་རྣམས་བསྟན་ཏེ་ནུས་སམ་མི་ནུས་བརྟགས་ནས་ལེན་པ་ལ་སྤྲོ་བར་གྱུར་ན། བྱང་སེམས་ཀྱི་སྡོམ་པ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ལེན་ཡུལ་བླ་མ་བྱང་སེམས་ཀྱི་སྡོམ་པ་ལ་གནས་ཤིང་བྱང་སེམས་ཀྱི་སྡེ་སྣོད་ལ་མཁས་པ། སློབ་མ་སྐྱོང་བའི་ནུས་པ་དང་ལྡན་པ་ལ་གསོལ་བ་ནན་གྱིས་བཏབ་སྟེ། བྱང་ས་སོགས་ལས་གསུངས་བའི་ཆོ་ག་རྒྱས་པའམ། ཡང་ན་སྤྱོད་འཇུག་ལས། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །ཞེས་སོགས་ཀྱིས་བླ་མ་ཡོད་ན་དེའི་དྲུང་དང༌། བླ་མ་མ་རྙེད་ན་རྟེན་གྱི་མདུན་དུ་བླང་བར་བྱའོ། །བྱང་སྡོམ་གྱི་ཆོ་ག་རྗེ་སྒྲོལ་མགོན་གྱིས་མཛད་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་བདུད་རྩིའི་སྙིང་ཁུ་དང༌། ཉ་ཊཱིཀ་ཡིད་ཀྱི་མུན་སེལ་སོགས་ལས་ཤེས་པར་བྱའོ། །

གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ

གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་བའི་ཚུལ་ནི།

བྱང་སེམས་ཀྱི་སྡེ་སྣོད་ལ་མཁས་པའི་བཤེས་གཉེན་དམ་པ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་ནས་བྱང་ཆུབ་སེམས་དཔའི་བསླབ་པའི་གནས་རྣམས་ཤེས་པར་བྱ་ཞིང༌། ཁྱད་པར་དུ་མི་མཐུན་ཕྱོགས་རྩ་ལྟུང་དང་ཉེས་བྱས་རྣམས་ཤེས་དགོས་པས། དེ་ལ་ཐུན་མོང་གི་ཡན་ལག་བྱང་སྡོམ་ཐོབ་ལ་མ་བཏང་བ་དང༌། བསམ་པ་རྣལ་དུ་གནས་པ་གཉིས་ཀུན་ལ་དགོས་ཏེ། བླང་དོར་རབ་གསལ་འགྲེལ་བ་ལས། རྟེན་བྱང་ཆུབ་སེམས་དཔའི་སྡོམ་པ་ཐོབ་པ་དང༌། ཤེས་པ་རང་བཞིན་དུ་གནས་པ་སྟེ་ཐུན་མོང་གི་ཡན་ལག་གཉིས་དང༌། ཞེས་གསུངས་སོ། །ཐུན་མོང་མ་ཡིན་པ་སོ་སོར་བཤད་པ་ལ། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཁྱད་པར་དུ་འཇུག་སྡོམ་ལ་རྩ་བ་བཞི་དང་སྦོམ་པོ་ཞེ་དྲུག་སྤོང་བ་སོགས་དང་ནམ་མཁའི་སྙིང་པོའི་མདོ་ལས་རྩ་ལྟུང་བཅུ་བཞི་གསུངས་པ། ཞེས་གསུངས་པ་ལྟར་ཕམ་པའམ་རྩ་ལྟུང་གི་སྡེ་ཚན་དང༌། སྦོམ་པོའམ་ཉེས་བྱས་ཀྱི་སྡེ་ཚན་གཉིས་ལས། དང་པོ་ལ་ལྔ་ལས། དང་པོ་རྩ་ལྟུང་སོ་སོའི་རང་བཞིན་ནི། ༡ དཀོན་མཆོག་མཆོད་པ་སོགས་ཀྱི་ཕྱིར་མིན་པར་རྙེད་པ་ཟས་གོས་སོགས་དང༌། བཀུར་སྟི་ཁྲི་སྟན་སོགས་ཀྱིས་རྙེད་བཀུར་གང་རུང་ལ་ཆགས་པས་ཀུན་ནས་བསླངས་ཏེ་ཡུལ་སྨྲ་ཤེས་དོན་གོ་བ་རང་དང་རིགས་མཐུན་པའི་འགྲོ་བ་ལ། རང་གི་ཡོན་ཏན་དང་གཞན་གྱི་སྐྱོན་ལས་བརྩམས་ཏེ་བདག་བསྟོད་གཞན་སྨོད་པ་གཉིས་ཀའམ་གང་རུང་བརྗོད་པ་ཕ་རོལ་བོས་དོན་གོ་བ་ན། བདག་བསྟོད་གཞན་སྨོད་ཀྱི་རྩ་ལྟུང༌། འདི་ལ་བདག་བསྟོད་དང་གཞན་སྨོད་ཀྱི་རྩ་ལྟུང་གཉིས་སོ། །༢ སློང་པ་པོ་ཆོས་དང་ནོར་དེ་དག་སྟེར་བའི་མགོན་གཞན་མེད་པ་རང་གི་དྲུང་དུ་སློང་དུ་འོངས་པ་ལ་དེ་ལ་མི་གནོད་པའི་ཆོས་དང་ནོར་སོགས་རང་ལ་ཡོད་བཞིན་དུ་སེར་སྣས་ནོན་ནས་མི་སྟེར་བར་ཐག་བཅད་པ་ན། སེར་སྣས་ཆོས་ནོར་མི་སྟེར་བའི་རྩ་ལྟུང༌། དབྱེ་ན། ཆོས་དང་ནོར་མི་སྟེར་བའི་རྩ་ལྟུང་གཉིས་སོ། །༣ རང་དང་རིས་མཐུན་པའི་འགྲོ་བ་དོན་གོ་བ་ལ། ཁྲོས་ནས་ཚིག་རྩུབ་སྨྲ་ཞིང་ལུས་སེམས་དེ་དང་འབྲེལ་བས་བརྡེགས་པ་དང་གོ་རར་འཇུག་པ་སོགས་མཐོ་འཚམས་པའམ། སྔར་རང་ལ་གནོད་པ་བྱས་པ་ད་ལྟ་བསམ་པ་ཐག་པས་ཤད་སྦྱང་དུས་དང་མཐུན་པ་དང་ཆོས་དང་མཐུན་པར་བཟོད་གསོལ་བྱས་པ། འཁོན་འཛིན་གྱིས་མི་ཉན་ཞིང་བཟོད་པ་ཁས་མི་ལེན་ན། བཤགས་ཀྱང་མི་ཉན་པར་གཞན་ལ་འཚོགས་པའི་རྩ་ལྟུང༌། དབྱེ་ན། འཚོགས་པ་དང་ཤད་སྦྱང་མི་ལེན་པའི་རྩ་ལྟུང་གཉིས་སོ། །༤ ཟབ་རྒྱས་གཉིས་ཀ་སྟོན་པའི་ཐེག་ཆེན་གྱི་སྡེ་སྣོད་སྤྱི་ལ་འདི་སངས་རྒྱས་ཀྱིས་གསུངས་པ་མིན་ནོ། །ཞེས་སྐུར་བ་འདེབས་པའམ། ཆོས་ལྟར་སྣང་ཕྱི་རོལ་བའི་བསྟན་བཅོས་ལ་རང་ཉིད་དགའ་བཞིན་གཞན་ལ་སྟོན་པ་ན། ཐེག་ཆེན་སྤོང་ཞིང་དམ་ཆོས་ལྟར་སྣང་སྟོན་པའི་རྩ་ལྟུང༌། དབྱེ་ན། ཐེག་ཆེན་སྤོང་བ་དང་དམ་ཆོས་ལྟར་སྣང་སྟོན་པའི་རྩ་ལྟུང་གཉིས་སོ། །འདི་བཞི་བྱང་ས་ལྟར་སྡོམ་པ་ཉི་ཤུ་བ་ལས། ཉེས་པ་བཞི་བོ་དེ་དག་ཀྱང་གང་ཞེ་ན། རྙེད་དང་བཀུར་སྟིར་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང༌། །སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་ཆོས་ནོར་མི་སྟེར་དང༌། གཞན་གྱི་བཤགས་ཀྱང་མི་ཉན་པར། །ཁྲོས་པས་གཞན་ལ་འཚོག་པ་དང༌། །ཐེག་པ་ཆེན་པོ་སྤོང་བྱེད་ཅིང༌། །དམ་ཆོས་འདྲར་སྣང་སྟོན་པའོ། །ཞེས་གསུངས་སོ། །༥ སངས་རྒྱས་དངོས་སམ་སྐུ་གཟུགས་དང་ལུང་རྟོགས་ཀྱི་ཆོས། དགེ་འདུན་སོ་སྐྱེ་དགེ་སློང་བཞི་ཡན་འཕགས་པའི་གང་ཟག་རེ་རེ་སྟེ། དཀོན་མཆོག་གང་རུང་ལ་ཕུལ་བའི་རྫས་མ་བྱིན་པར་ལེན་པའི་ལས་ལམ་དུ་འགྱུར་བའི་མཐའ་ཚད། ཀུན་སློང་ཉོན་མོངས་ཅན་གྱིས་རང་མི་དབང་ཡང་གཏན་དུ་འབྲལ་འདོད་ཀྱིས་རང་དགེ་འདུན་དེའི་ནང་དུ་མི་གཏོགས་པས། སྦྱོར་བ་འཕྲོག་གམ་འཕྲོག་ཏུ་བཅུག་པས་རང་གཞན་གང་རུང་གི་ཆེད་དུ་བླངས་ཏེ་ཐོབ་བློ་སྐྱེས་ན། དཀོན་མཆོག་གི་དཀོར་འཕྲོག་པའི་རྩ་ལྟུང༌། དབྱེ་ན། དཀོན་མཆོག་གསུམ་གྱི་དཀོར་འཕྲོག་པའི་རྩ་ལྟུང་གསུམ་ཡོད་དོ། །༦ ཐེག་པ་གསུམ་རང་རང་གི་ལམ་ཡོངས་རྫོགས་སྟོན་པའི་ཐེག་པ་གསུམ་གྱི་སྡེ་སྣོད་གང་རུང་ལ། འདི་སངས་རྒྱས་ཀྱིས་གསུངས་པ་མ་ཡིན་ནོ་ཞེས་སྐུར་བ་བཏབ་ན་དམ་ཆོས་སྤོང་བའི་རྩ་ལྟུང༌། དབྱེ་ན། ཐེག་ཆེན་གྱི་ཟབ་རྒྱས་གཉིས་དང་ཉན་ཐོས་ཀྱི་བདེན་བཞི་དང༌། རང་རྒྱལ་གྱི་རྟེན་འབྲེལ་བཅུ་གཉིས་སྟོན་པའི་སྡེ་སྣོད་གསུམ་སྤངས་པའི་རྩ་ལྟུང་གསུམ། ༧ ནང་པའི་རབ་བྱུང་བསླབ་པའི་གཞི་བཟུང་མ་བཟུང་དང་ཚུལ་འཆལ་དང་ཚུལ་ལྡན་གང་རུང་དགེ་སློང་བཞིར་མ་ཚང་བ་ལ། གནོད་ཅིང་འཚེ་བའི་བསམ་པས། གོས་ངུར་སྨྲིག་འཕྲོག་པ་དང་རབ་བྱུང་ལས་ ཕབ་སྟེ་ཁྱིམ་ན་གནས་པར་བྱེད་པ་གང་རུང་བྱས་ན། ངུར་སྨྲིག་འཕྲོག་པ་དང་རབ་བྱུང་ལས་ཕབ་པའི་རྩ་ལྟུང༌། དབྱེ་ན། ངུར་སྨྲིག་འཕྲོག་པ་དང༌། རབ་བྱུང་ལས་ཕབ་པའི་རྩ་ལྟུང་གཉིས་སོ། །༨ ཕ་དང་མ་དང་དགྲ་བཅོམ་པ་བསད་པ་དང་དགེ་འདུན་གྱི་དབྱེན་བྱས་པ་དང་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ་ལྔ་བོ་གང་རུང་བྱས་ན་མཚམས་མེད་བྱེད་པའི་རྩ་ལྟུང༌། དབྱེ་ན། མཚམས་མེད་ལྔའི་རྩ་ལྟུང་ལྔ་ཡོད་དོ། །༩ ལས་འབྲས་དང་སྐྱེ་བ་སྔ་ཕྱི་མེད་དོ་ཞེས་ཞེ་ནས་སྐུར་བ་འདེབས་ན་ལོག་ལྟའི་རྩ་ལྟུང༌། ༡༠ གྲོང་དང་གྲོང་ཁྱེར་དང་ལྗོངས་དང་ཡུལ་འཁོར་གང་རུང་གཞིག་པའི་བསམ་པ་ཉོན་མོངས་ཅན་གྱིས་ཀུན་ནས་བསླང་སྟེ་ཐབས་གང་ཡང་རུང་བས་བཤིག་ན། གྲོང་གི་གནས་སོགས་འཇོམས་པའི་རྩ་ལྟུང༌། དབྱེ་ན། གྲོང་གྲོང་ཁྱེར་ལྗོངས་ཡུལ་འཁོར་བཞི་འཇོམས་པའི་རྩ་ལྟུང་བཞིའོ། །༡༡ བློ་མ་སྦྱངས་པ་ལ་སྟོང་ཉིད་བསྟན་ན་སྐྲག་པར་འགྱུར་ཞིང་རྫོགས་བྱང་དུ་སེམས་བསྐྱེད་པ་དང་ལྡན་པའི་སེམས་ཅན་ལ་སྣོད་མ་བརྟགས་པར་སྟོང་ཉིད་བསྟན་པས་སྐྲག་ནས་སེམས་བསྐྱེད་ལས་ལོག་སྟེ་ཐེག་དམན་གྱི་སེམས་བསྐྱེད་ན་བློ་སྦྱངས་མ་བྱས་པ་ལ་སྟོང་ཉིད་བསྟན་པའི་རྩ་ལྟུང༌། ༡༢ སེམས་བསྐྱེད་ནས་ཐེག་ཆེན་ལ་ཞུགས་པའི་གང་ཟག་ལ་ཁྱོད་ཀྱིས་ཕྱིན་དྲུག་ལ་སྤྱད་པ་དང་འཚང་རྒྱ་བར་མི་ནུས་ཀྱི་ཉན་རང་གི་སེམས་བསྐྱེད་དང་འཁོར་བ་ལས་ཐར་བར་འགྱུར་རོ། །ཞེས་སྨྲས་པས་ཡུལ་དེ་རྫོགས་བྱང་ལས་ལོག་སྟེ་ཐེག་དམན་གྱི་སེམས་བསྐྱེད་ན་རྫོགས་བྱང་ལས་བཟློག་པའི་རྩ་ལྟུང༌། ༡༣ སོ་ཐར་གྱི་ཚུལ་ཁྲིམས་ལ་ཚུལ་བཞིན་དུ་གནས་པ་ལ་སོ་ཐར་གྱི་ཚུལ་ཁྲིམས་དག་པས་ཅི་ཞིག་བྱ་རྫོགས་བྱང་དུ་སེམས་བསྐྱེད་ལ་ཐེག་ཆེན་ལྷོགས་ཤིག་དེ་ཙམ་གྱིས་སྒོ་གསུམ་གྱི་ཉེས་སྤྱོད་ཐམས་ཅད་དག་པར་འགྱུར་རོ་ཞེས་སྨྲ་བས་ཡུལ་དེས་སོ་ཐར་གྱི་ཚུལ་ཁྲིམས་ལས་ལོག་ན་སོ་ཐར་སྤོང་བའི་རྩ་ལྟུང༌། ༡༤ ཉན་རང་གི་ཐེག་པ་གང་རུང་ལ་ཇི་ཙམ་བསླབས་ཀྱང་ཉོན་མོངས་མ་ལུས་པ་སྤོང་མི་ནུས་ཞེས་བསམ་པ་ཐག་པ་ནས་སྐུར་བ་བཏབ་ན་ཉན་རང་གི་རྟོགས་པའི་ཆོས་ལ་སྐུར་བའི་རྩ་ལྟུང༌།གཞན་གྱི་རྙེད་བཀུར་ལ་ཕྲག་དོག་གིས་རང་རྙེད་བཀུར་སོགས་ཀྱི་ཕྱིར་ཐེག་ཆེན་འདོན་པ་དང་ཀློག་པ་དང་སྟོན་པ་སོགས་བྱེད་བཞིན་དུ་བདག་ནི་རྙེད་བཀུར་སོགས་ལ་མི་བལྟ་བའི་ཐེག་ཆེན་པ་ཡིན་གྱི་གཞན་ནི་མིན་ནོ། །ཞེས་རྫུན་གྱིས་བསྟོད་སྨད་སོ་སོར་སྨྲས་ཏེ་དོན་གོ་ན་ཚིགས་བཅད་རྒྱུ་ཡིས་གཞན་སྨོད་པའི་རྩ་ལྟུང་ཡིན། འདི་རྩ་ལྟུང་དང་པོའི་བྱེ་བྲག་ཡིན་པས་ཟུར་དུ་མི་བགྲང་ངོ༌། །༡༥ ཕ་རོལ་པོས་དོན་གོ་བ་ལ་ཕྲག་དོག་ལས་གཞན་པའི་ཉོན་མོངས་ཅན་གྱི་བསམ་པས་སྟོང་ཉིད་བསྟན་ནས་འདི་ནི་ཁོ་བོས་མངོན་སུམ་དུ་བྱས་ནས་བསྟན་གྱི་ཁྱོད་ཀྱིས་ཀྱང་དེ་ལྟར་སྒོམས་ཤིག་དང་ཁོ་བོ་དང་འདྲ་བར་འགྱུར་རོ་ཞེས་རྫུན་སྨྲ་བ་ཕ་རོལ་བོས་དོན་གོ་ན་མི་ཆོས་བླ་མ་སྨྲ་བའི་རྩ་ལྟུང༌། ༡༦ རང་གི་དགེ་སྦྱོང་ལ་ཆད་པས་གཅོད་པ་ན་དགེ་སྦྱོང་དེས་དགེ་སློང་གཅིག་གམ་ཕྱོགས་བཞིའི་དགེ་འདུན་དང་དཀོན་མཆོག་ལ་ཕུལ་བའི་ཡོ་བྱད་རྐུས་སམ་རྐུར་བཅུག་ནས་གསུག་ཏུ་ཕུལ་བ་ཐོབ་པ་ན་དཀོན་མཆོག་གི་དཀོར་བྱིན་པ་ལེན་པའི་རྩ་ལྟུང༌། འདི་ནི་རྒྱལ་བློན་སོགས་ཀྱི་དཀོན་མཆོག་གི་དཀོར་རམ་དགེ་འདུན་དང་དགེ་སློང་ལ་ཆད་པ་བཅད་པའི་ཡོ་བྱད་དེ་རང་ལ་ཕུལ་བའི་ཚེ་བླངས་ནས་ཐོབ་པ་ན་འབྱུང་བར་འགའ་ཞིག་ན་གསུངས་སོ། །༡༧ ཆོས་སྤྱོད་པའི་དགེ་སློང་རྣམས་ལ་བརྩེ་བའི་བསམ་པས། ཞི་ལྷག་དང་མཐུན་པའི་ཡིད་བྱེད་འདོར་བ་དང་ཉོན་མོངས་འཕེལ་བའི་ཁྲིམས་བཅས་ཏེ་ཞི་གནས་འདོར་བར་བྱེད་པའམ། བསམ་གཏན་པ་ལ་སྡང་སེམས་ཀྱིས་སྤོང་བ་ལ་བརྩོན་པའི་དགེ་སློང་སོ་སྐྱེ་བཞི་མ་ལོངས་པའི་ལོངས་སྤྱོད་གང་ཡང་རུང་བ་མ་བྱིན་པར་བླངས་ནས་ཁ་ཏོན་པ་ལ་བྱིན་ན་ཁྲིམས་ངན་འཆའ་བ་སོགས་ཀྱི་རྩ་ལྟུང༌། རྩ་ལྟུང་ལྔ་བ་ནས་འདི་བར་བཅུ་གསུམ་མམ་བཅུ་བཞི་ནམ་སྙིང་གི་མདོ་ལྟར་བསླབ་བཏུས་སུ་གསུངས་སོ། །༡༨ བྱང་ཆུབ་ཀྱི་སེམས་གཏོང་ན་བྱང་ཆུབ་སེམས་འདོར་གྱི་རྩ་ལྟུང༌། འདི་ཐབས་ལ་མཁས་པའི་མདོ་ལས་སོ། །གཉིས་པ་བྱེད་པའམ་ཉེས་དམིགས་ནི། རྩ་ལྟུང་གཅིག་བྱུང་ན་ཡང་ཚེ་དེ་ལ་ས་དང་པོ་ཐོབ་མི་ནུས་པ་དང༌། དེ་དང་ཉེ་བའི་རྒྱུ་ཚོགས་རྒྱ་ཆེན་པོ་སྔར་ཡོད་འཕེལ་བ་དང༌། སྔར་མེད་སྐྱེད་པའི་སྐལ་བ་མེད་ལ། རྩ་ལྟུང་ཡང་ཡང་བྱུང་ན་ལྟ་ཅི་སྨོས། དེའི་ཕྱིར་ཕམ་པའམ་རྩ་ལྟུང་བྱུང་ཡང་བྱང་སེམས་ཀྱི་སྡོམ་པ་བླང་དུ་ཡོད་པས་སོ་སྙམ་དུ་མི་བསམ་པར་རྩ་ལྟུང་གིས་གཏན་ནས་མ་གོས་པ་སྲོག་བསྡོས་ཏེ་འབད་པར་བྱའོ། །གསུམ་པ་ཀུན་དཀྲིས་ཀྱི་དབྱེ་བ་ནི། རྩ་ལྟུང་དགུ་བ་དང་བཅོ་བརྒྱད་པ་གཉིས་སྐྱེས་ཙམ་ནས་རྩ་ལྟུང་དུ་འགྱུར་བས་ཀུན་དཀྲིས་ཆེན་པོ་ཚང་མི་དགོས་ལ། རྩ་ལྟུང་གཞན་རྣམས་བཅུ་དྲུག་ལ་ཐུན་མོང་གི་ཡན་ལག་ཀུན་དཀྲིས་ཆེན་པོ་ཚང་དགོས་པར་བླང་དོར་རབ་གསལ་ལས་ གསུངས་པས། དེའི་ཡན་ལག་བཞི་ནི། ལྟུང་བ་དེའི་ཀུན་སློང་བྱུང་བ་ནས་བརྩམས་ཏེ་དངོས་གཞི་རྫོགས་པའི་དེ་མ་ཐག་ཡན་ཆད་དུ་དགོས་པས། དང་པོ་རྒྱུན་མ་ཆད་པར་ཀུན་ཏུ་སྤྱོད་པ་ནི། དུས་དེ་དག་གི་བར་ལྟུང་བ་དེ་སྤྱོད་འདོད་མ་ལོག་པའོ། །གཉིས་པ་ངོ་ཚ་ཁྲེལ་ཡོད་ཆུང་ངུ་ཙམ་ཡང་མི་སྐྱེ་བ་ནི། འདི་ནི་བདག་གི་བྱ་བའི་ཆ་མ་ཡིན་ནོ་སྙམ་ནས་རང་རྒྱུ་མཚན་དུ་བྱས་ཏེ་འཛེམ་ན་ངོ་ཚ་ཤེས་པ་དང༌། གཞན་གྱིས་སྨོད་ན་མི་རུང་ངོ་ཞེས་གཞན་རྒྱུ་མཚན་དུ་བྱས་ཏེ་འཛེམ་པ་ཁྲེལ་ཡོད་པ་ཡིན་ལ། དུས་དེར་དེ་གཉིས་ཆུང་ངུ་ཙམ་ཡང་མི་སྐྱེས་པའོ། །གསུམ་པ་དེས་མགུ་བར་བྱེད་ཅིང་དེ་ལ་དགའ་བ་ནི། དུས་དེར་མགུ་བ་ཉེས་སྤྱོད་དེ་ལ་དགའ་བ་དང༌། དགའ་བ་ཉེས་སྤྱོད་དེ་སྒྲུབ་པའི་སྦྱོར་བ་ལ་དགའ་བ་སྐྱེས་པའོ། །བཞི་བ་དེ་ཉིད་ལ་ཡོན་ཏན་དུ་བལྟ་བ་ནི། དུས་དེར་ཉེས་སྤྱོད་དེ་ལ་ཉེས་དམིགས་སུ་མི་བལྟ་བར་འདོད་པའི་ཕྱོགས་སུ་བལྟ་བའོ། །དེ་བཞི་ག་ཚང་ན་ཀུན་དཀྲིས་ཆེན་པོ་སྟེ་རྩ་ལྟུང་དང༌། ཕྱི་མ་འདིའི་སྟེང་དུ་དང་པོ་གསུམ་ལས་གཉིས་ཙམ་དང༌། གཅིག་ཙམ་དང༌། ཕྱི་མ་གཅིག་པུ་ཙམ་ཟག་པ་འབྲིང་དང༌། ཕྱི་མ་མེད་ན་གཞན་གསུམ་ག་ཚང་ཡང་ཟག་པ་ཆུང་ངུ་ཡིན་པས། དེ་གཉིས་ཕམ་པའི་སྡེར་གཏོགས་པའི་ཉེས་བྱས་སོ། །ཉེས་དམིགས་སུ་བལྟ་བ་ངོ་ཚ་ཁྲེལ་ཡོད་ཀྱི་ རྒྱུ་ཡིན་པས། ངོ་ཚ་ཁྲེལ་ཡོད་བྱུང་ན་དེ་ཡོད་པས་ཁྱབ་ཀྱང༌། དེ་ཡོད་ན་ངོ་ཚ་ཁྲེལ་ཡོད་ཡོད་མི་དགོས་སོ། །བཞི་བ་སླར་གསོ་མི་རུང་བའི་ཁྱད་པར་ནི། ཉེ་བར་འཁོར་གྱིས་ཞུས་པའི་མདོ་དང༌། ཐབས་ལ་མཁས་པའི་མདོ་ལྟར་ཐེག་དམན་པ་ཉོན་མོངས་སྤོང་ཕྱིར་མགོ་ལ་མེ་ཤོར་བ་གསོད་པ་ལྟར་བརྩོན་ལ། ཕམ་པ་བྱུང་ན་དེ་ལྡོག་པས་ཕམ་པ་ཆབ་བཅས་སླར་མི་སྐྱེ་ལ། འཆབ་མེད་ཅན་ལ་རྣམ་དག་མི་སྐྱེའོ། །བྱང་སྡོམ་ནི་རྩ་ལྟུང་བྱུང་ཡང་དགོས་པའི་གཙོ་བོ་མི་ལྡོག་པས་སླར་རྣམ་དག་སྐྱེའོ། །

ལྔ་བ་གཏོང་རྐྱེན།

ལྔ་བ་གཏོང་རྐྱེན་ནི།

བྱང་སར་རྫོགས་བྱང་དུ་སྨོན་པ་བཏང་བ་དང༌། རྩ་ལྟུང་གི་ཆོས་ཀུན་དཀྲིས་ཆེན་པོ་སྤྱད་པ་གཉིས་གསུངས་ལ། གཏན་ལ་ཕབ་པ་བསྡུ་བས་ཐེག་དམན་དུ་སེམས་བསྐྱེད་པ་དང༌། མི་དོན་གོ་བའི་དྲུང་དུ་བྱང་སེམས་ཀྱི་བསླབ་པ་ཕུལ་བའི་ཚིག་བརྗོད་པ་དང༌། ཕམ་པའི་གནས་ལྟ་བུའི་ལྟུང་བ་སྤྱད་པ་དང༌། འདི་ལ་ཀུན་དཀྲིས་ཆེན་པོ་ཚང་བ་དང་བཞི་གསུངས་ཀྱང༌། དང་པོ་བྱང་སའི་དང་པོ་ཡིན་ལ། གཉིས་པའང་དེར་གཏོགས་སོ། །ཕྱི་མ་གཉིས་བྱང་སའི་གཉིས་པ་ཡིན་ནོ། །བསླབ་པ་ཕུལ་བ་ནི་ངན་སོང་དུ་ངེས་པར་ལྟུང་བའི་རྒྱུར་འགྱུར་བས་རྣམ་པ་ཐམས་ཅད་དུ་མི་བྱ་བར་གསུངས་སོ། །དེ་འདྲའི་གཏོང་རྒྱུ་དེ་དག་མ་བྱུང་བར་བྱང་སྡོམ་དང་ལྡན་ལ། དེ་ལྡན་བཞིན་དུ་ཚེ་འཕོས་ན་ཕྱི་མར་ཡང་བྱང་སེམས་ཀྱི་སྡོམ་པ་དང་ལྡན་ཞིང་བྱང་སེམས་དང་མི་འཚམས་པའི་ལས་ལ་མི་འཇུག་པར་གསུངས་པས། རྩ་ལྟུང་འདི་དག་གིས་མ་གོས་པ་ལ་འབད་པར་བྱའོ། །

གཉིས་པ་སྦོམ་པོའམ་ཉེས་བྱས་ཀྱི་སྡེ་ལ་གཉིས་ལས།

གཉིས་པ་སྦོམ་པོའམ་ཉེས་བྱས་ཀྱི་སྡེ་ལ་གཉིས་ལས།

དང་པོ་དགེ་བ་ཆོས་སྡུད་ཀྱི་ཕྱིན་དྲུག་གི་མི་མཐུན་ཕྱོགས་ལ་དྲུག དང་པོ་སྦྱིན་པའི་མི་མཐུན་ཕྱོགས་ལ་གསུམ་ལས། དང་པོ་ཟང་ཟིང་གི་སྦྱིན་པའི་གཙོ་བོ་ཉམས་པ་ནི། ༡ སངས་རྒྱས་དངོས་དང་སྐུ་གཟུགས། ཐེག་ཆེན་གྱི་ལུང་རྟོགས་གང་རུང་གི་ཆོས་དང༌། དགེ་འདུན་བྱང་སེམས་འཕགས་པ་གང་རུང་ལུས་ཀྱི་ཕྱག་ངག་གིས་བསྟོད་པ་ཡིད་ཀྱིས་དད་པ་སྟེ་སྒོ་གསུམ་གྱིས་མཆོད་པ་དང༌། ཐ་ན་མེ་ཏོག་ཙམ་ཡང་མ་ཕུལ་བར་ཞག་གཅིག་འདས་ན་དཀོན་མཆོག་གསུམ་ལ་སྒོ་གསུམ་གྱིས་མི་མཆོད་པའི་ཉེས་བྱས། འདི་མ་གུས་པ་དད་པ་མེད་པའི་སྙོམས་ལས་དང་ལེ་ལོ་བྱས་ན་ཉོན་མོངས་ཅན་དང༌། བརྗེད་པས་བྱས་ན་ཉོན་མོངས་ཅན་མིན་ནོ། །༢ སེར་སྣའི་གཉེན་པོ་ཉམས་པ་ནི། རང་ཉིད་འདོད་པ་ཆེ་བ་ཆོག་མི་ཤེས་པ་རྙེད་བཀུར་ལ་ཆགས་པ་དང་དུ་ལེན་ཅིང་འགོག་པར་མི་བྱེད་ན་འདོད་པའི་སེམས་ཀྱི་རྗེས་སུ་འཇུག་པའི་ཉེས་བྱས། འདི་འགོག་པའི་ཕྱིར་འབད་ཀྱང་མ་ལོག་ན་ཉེས་བྱས་འདི་མེད་དོ། །མི་འཇིགས་པའི་སྦྱིན་པའི་མི་མཐུན་ཕྱོགས་གཉིས་ནི། ༣ བྱང་སེམས་རང་ལས་བསླབ་པ་རྒན་ཞིང་ཡོན་ཏན་དང་ལྡན་པ་བཀུར་སྟི་བྱ་འོས་པ་ལ་བཀུར་སྟི་སོགས་གུས་པར་མ་བྱས་ན་རྒན་པ་རྣམས་ལ་གུས་པར་མི་བྱེད་པའི་ཉེས་བྱས། ༤ གཞན་གྱིས་རང་ལ་དྲང་པོར་སྨྲ་ཞིང་དགའ་བར་བྱེད་ཅིང་དོན་འདྲི་བ་ལ་ལན་མི་འདེབས་པ་ན་དྲིས་པ་ལ་ལན་མི་འདེབས་པའི་ཉེས་བྱས། འདི་གཉིས་ང་རྒྱལ་དང་ཁོང་ཁྲོས་བྱེད་ན་ཉོན་མོངས་ཅན་དང་སྙོམས་ལས་ལེ་ལོ་ལུང་མ་བསྟན་བརྗེད་ངེས་ཀྱིས་བྱས་ན་ཉོན་མོངས་ཅན་མིན་པ་དང༌། ཉེས་མེད་ནི་རྟེན་ནད་ཚབས་ཆེ་བ་སོགས་དང༌། གནས་སྐབས་སྒོས་གཞན་ལ་ཆོས་སྟོན་པ་སོགས་དང༌། དགོས་པ་མ་བཏབ་པའི་ཐབས་དེས་འདུལ་བ་སོགས་ཉེས་པ་མེད་དོ། ། གཞན་གྱི་སྦྱིན་པའི་རྐྱེན་མི་བྱེད་པ་གཉིས་ནི། ༥ གཞན་གྱི་ཟས་གོས་སོགས་ཀྱི་མགྲོན་དུ་བོས་པ་ལ། སྔར་གྱི་ཉོན་མོངས་ཅན་ཡིན་མིན་གྱི་སེམས་གཉིས་གང་རུང་གིས་མི་འགྲོ་ན་མགྲོན་པོ་བདག་གིར་མི་བྱེད་པའི་ཉེས་བྱས། རྟེན་ལམ་སྦྱིན་བདག་དགོས་པའི་སྒོ་ནས་ཉེས་མེད་བཞི། ༦ སྦྱིན་བདག་གིས་གསེར་དངུལ་ནོར་སྣ་ཚོགས་ཕུལ་བ་ན་སྔར་གྱི་སེམས་གཉིས་ཀྱིས་མི་ལེན་ན་གསེར་སོགས་མི་ལེན་པའི་ཉེས་བྱས། རང་དང༌། སྦྱིན་བདག རྫས་ཀྱི་སྒོ་ནས་ཉེས་མེད་གསུམ། ༧ ཆོས་ཀྱི་སྦྱིན་པ་དང་འགལ་བ་ནི། གཞན་ཆོས་འདོད་པ་ལ་སྔར་གྱི་སེམས་གཉིས་ཀྱིས་ཆོས་མི་སྦྱིན་ན་ཆོས་འདོད་པ་ལ་ཆོས་མི་སྦྱིན་པའི་ཉེས་བྱས། འདི་ལ་རྟེན། དགོས་པ། གདུལ་བྱའི་སྒོ་ནས་ཉེས་མེད་གསུམ། དེ་དག་ནི་སྦྱིན་པའི་མི་མཐུན་ཕྱོགས་བདུན་ཡིན་ནོ། །

གཉིས་པ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ལ།

གཉིས་པ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་ལ།

༨ མཚམས་མེད་བྱས་པ་དང་རྩ་ལྟུང་བྱུང་བ་ལ་དེ་རྒྱུ་མཚན་དུ་བྱས་ནས་སེམས་གཉིས་ཀྱིས་ཡལ་བར་དོར་ཞིང༌། ཁྱད་དུ་བསད་ན་ཚུལ་ཁྲིམས་འཆལ་བ་ཡལ་བར་དོར་བའི་ཉེས་བྱས། འདི་ལ་དགོས་པའི་སྒོ་ནས་ཉེས་མེད་ནང་ཁྲིམས་བསྲུང་བ་སོགས་སོ། །༩ ཁྱིམ་པ་སོགས་ཀྱི་སེམས་བསྲུང་བ་སྟེ་མ་དད་པ་རྣམས་དད་པ་སོགས་ཀྱི་ཕྱིར་ཆང་མི་འཐུང་བ་སོགས་སོ་ཐར་གྱི་བསླབ་པ་རྣམས་ལ་སེམས་གཉིས་ཀྱིས་ཉན་ཐོས་རྣམས་དང་འདྲ་བར་མི་བསླབ་ན་ཕ་རོལ་དད་ཕྱིར་མི་སློབ་པའི་ཉེས་བྱས། འདི་ལ་གཞུང་འགའ་ཞིག་ཏུ་རབ་བྱུང་གི་བྱང་སེམས་ལ་བཤད་པ་ལ། འོན་ཀྱང་བྱང་སེམས་ཁྱིམ་པ་ལའང་སོ་ཐར་དང་ཐུན་མོང་གི་བཅས་རྐྱང་མང་པོ་སྣང་བར་གསུངས་སོ། །༡༠ དོན་དང་བྱ་བ་ཉུང་བ་སྙིང་ལས་ཆུང་ངུར་གནས་པ་སྟེ་འཕགས་པའི་རིགས་བཞི་ལ་གནས་པའི་ཕྱིར། བཅས་པ་ཞག་བཅུ་འཆང་སྤང་སོགས་ལ་ཉན་ཐོས་དང་མཚུངས་པར་མི་སློབ་པར་དགོས་པ་ལས། སེམས་གཉིས་ཀྱིས་དེ་དང་མཚུངས་པར་སློབ་ན་སེམས་ཅན་དོན་ལ་བྱ་བ་ཆུང་བའི་ཉེས་བྱས། དེ་ཡང་གནང་བ་དེ་རྣམས་ཀྱང་གཞན་གྱི་དོན་མིན་པ་ལ་རང་དོན་ཁོ་ནའི་ཆེད་དུ་བྱས་ན་འདུལ་བ་ནས་བཤད་པའི་ཉེས་བྱས་ཇི་སྐད་བཤད་པ་བཞིན་འབྱུང་བས་ན་རང་སེམས་ལ་བརྟགས་ནས་བསྲུང་བར་བྱའོ། །༡༡ བྱང་སེམས་ཁྱིམ་པ་ལ་བདག་ལས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པས། གཞན་དོན་ཁྱད་པར་ཅན་དུ་འགྱུར་ན། ལུས་ངག་གི་ལས་བདུན་གནང་བའི་སྐབས་ཡོད་བཞིན་དུ། དེ་ལ་མ་ཞུགས་ན་སྙིང་བརྩེ་བཅས་པར་མ་བྱས་པའི་ཉེས་བྱས། དེ་ཡང་སེམས་ཅན་རེ་རེའི་དོན་བསྐལ་བ་དུ་མར་མནར་མེད་དུ་གནས་ན་ཅི་མ་རུང་སྙམ་པའི་བདག་གཞན་བརྗེ་བའི་སེམས་བཅོས་མིན་དགོས་ཀྱི། གཞན་དུ་རང་གི་ལས་ངན་སྡིག་པོ་ཆེར་བསགས་ཉེན་ཆེ་བས། སྙིགས་མའི་རང་མཚང་མི་ངོམས་པར་བྱའོ། །༡༢ ལོག་འཚོ་ལྔ་གང་རུང་བྱུང་བ་དང་དུ་ལེན་ཞིང་དེ་དག་གི་གཉེན་པོ་མི་བསྟེན་ན་འཚོ་བ་ལོག་པ་དང་དུ་ལེན་པའི་ཉོན་མོངས་ཅན་གྱི་ཉེས་བྱས།ལོག་འཚོ་ལྔའི་ཚུལ་འཆོས་ནི། རྙེད་བཀུར་གྱི་ཕྱིར་དབང་པོའི་སྒོ་སྡོམ་པ་སྟེ་སྤྱོད་ལམ་མཛེས་པར་བཅས་པ། ཁ་གསག་ནི་རྙེད་བཀུར་གྱི་ཆེད་དུ་ངེད་གཉིས་སྔར་ནས་ངོ་ཤེས་ཀྱི་མཐུན་གྲོགས་ཡིན་ཞེས་པ་ལྟ་བུ་ཡིད་བཅུག་པའི་ཚིག་སྨྲ་བ། གཞོགས་སློང་ནི་རྫས་དེ་ཐོབ་པའི་ཆེད་དུ་ཁྱོད་ཀྱི་རྫས་འདི་ཤིན་ཏུ་ལེགས་ཞེས་བསྔགས་པ་བརྗོད་པ། ཐོབ་ཀྱི་འཇལ་བ་ནི་རྙེད་པ་ཐོབ་ཕྱིར་ཁྱོད་ཀྱི་ཁྱིམ་དུ་ཡོན་གནས་ཁྱད་པར་ཅན་བྱུང་བ་ཁྱོད་བསོད་ནམས་ཆེ་ཞེས་བརྗོད་པ། རྙེད་པའི་རྙེད་པ་ནི་རྙེད་པའི་ཆེད་དུ་ཁྱོད་ཀྱིས་སྔར་བྱིན་པ་ཤིན་ཏུ་ལེགས་པ་ཞེས་སོགས་བརྗོད་པའོ། །༡༣ རྒོད་པ་དང་བརྗེད་པ་གང་རུང་གི་སེམས་ཀྱིས་རྒོད་པ་རྩེ་བ་ཅ་ཅོ་འདོན་པ་གཡེང་བ་གཞན་ལའང་རྒོད་དུ་གཞུག་པར་འདོད་ན། འཕྱ་ནས་རབ་ཏུ་རྒོད་པ་དང་བཅས་པའི་ཉེས་བྱས། རྟེན་དེ་བསལ་འདུན་ཅན་དང་དགོས་པའི་སྒོ་ནས་ཉེས་མེད་གཉིས། ༡༤ མདོ་ལས། བྱང་སེམས་འཁོར་བ་ལ་དགའ་བ་ལྟར་མྱ་ངན་ལས་འདས་པ་ལ་དེ་ལྟ་མ་ཡིན་ནོ། །ཞེས་སོགས་ལ་འཁྲུལ་ནས་བྱང་སེམས་ནི་མྱང་འདས་ལ་རྒྱབ་ཀྱིས་ཕྱོགས་ཤིང་ཉོན་མོངས་ལ་མི་འཇིགས་པར་འཁོར་བར་འཁོར་ཞིང་བྱང་ཆུབ་བསྒྲུབ་དགོས་སོ་ཞེས་བལྟ་ཞིང༌། དེ་སྐད་སྨྲས་ན་འཁོར་བར་གཅིག་བུ་བགྲོད་པར་སེམས་པའི་ཉོན་མོངས་ཅན་གྱི་ཉེས་བྱས། ༡༥རང་གི་ཚིག་མི་བཙུན་པའམ་མི་བཙུན་པར་གྱུར་བའི་དྲི་ངས་སྐྱོན་ཆེན་པོ་དང༌། མི་སྙན་པ་སྐྱོན་འབྲིང་དང༌། གཏམ་ངན་སྐྱོན་ཆུང་ངུ་འབྱུང་བའི་གཞི་རང་ལ་ཡོད་པའི་དངོས་པོ་མི་བསྲུང་བ། དང་པོར་འབྱུང་བ་མི་འགོག་པ་དང་མི་སེལ་བ། བྱུང་ཟིན་འཕྲོ་མི་གཅོད་ན་ཉོན་མོངས་ཅན་དང༌། དེ་འདྲའི་གཞི་མེད་པ་མི་བདེན་པ་མི་བསྲུང་ཞིང་མི་སེལ་ན་ཉོན་མོངས་ཅན་མིན་པ་ནི་གྲགས་པ་མ་ཡིན་པ་མི་སྤོང་བའི་ཉེས་བྱས། བརྗོད་མཁན་མུ་སྟེགས་པ་དང༌། ཡིད་མི་ཆེས་པ། ཁྲོ་བས་ནོན་པ་གསུམ་དང༌། བརྗོད་བྱ་རབ་བྱུང་དང་དགེ་བ་སྤྱོད་པ་སོགས་ལ་མི་སྙན་པ་བརྗོད་པ་མ་སེལ་ཀྱང་ཉེས་པ་མེད་དོ། །༡༦ ཕ་རོལ་བོའི་ལུས་ངག་གི་ཉེས་སྤྱོད་འདུལ་ཐབས་དྲག་པོའི་ཆད་པས་ཕྱིར་བཅོས་པར་མཐོང་བཞིན་དུ། གཞན་ལ་མི་དགའ་བ་ཙམ་བསྲུང་བའི་ཕྱིར་ཐབས་དེས་མི་འཆོས་ན་ཉོན་མོངས་བཅས་ཀྱང་མི་འཆོས་པའི་ཉེས་བྱས་ཉོན་མོངས་ཅན་ནོ། །ཕ་རོལ་ལ་དོན་ཆུང་ལ་ཡིད་མི་བདེ་ཆེན་པོར་འགྱུར་བ་དང༌། གཞན་དོན་ཆུང་ལ་རང་ལ་ཚེགས་ཆེ་བ་གཉིས་ལ་ཉེས་མེད་དོ། །དེ་དག་ནི་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་དགུའོ། །

གསུམ་པ་བཟོད་པའི་མི་མཐུན་ཕྱོགས་ལ།

གསུམ་པ་བཟོད་པའི་མི་མཐུན་ཕྱོགས་ལ།

༡༧ གཞན་གྱི་རང་ལ་གཤེ་བ་ཁྲོས་ནས་ངན་སྤྱོད་ཀྱི་ཚིག་སྨྲ་བ་སྟེ་སྤྱོ་བ་དང༌། ཁྲོ་བ་ཁྲོར་གཞུག་པའི་བསམ་པས་ངག་མི་སྡུག་པ་སྨྲ་བ་དང༌། བརྡེག་པ་སྡུག་བསྔལ་བསྐྱེད་ཕྱིར་བསྣུན་པ་དང༌། མཚང་འབྲུ་བ་ཉེས་པ་གླེང་བ་བཞི་ལ་ཕྱིར་དེ་དང་དེའི་ལན་བྱེད་པ་ན་དགེ་སྦྱོང་གི་ཆོས་བཞི་བྲལ་བའི་ཉེས་བྱས་ཉོན་མོངས་ཅན་ནོ། །དགེ་སྦྱོང་གི་ཆོས་བཞི་ནི། གཤེ་ཡང་སླར་མི་གཤེ ཁྲོ་ཡང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་བརྡེག མཚང་འབྲུ་ཀྱང་སླར་མི་འབྲུ་བའོ། །༡༨ རང་གིས་གཞན་ལ་ཉེས་པ་བྱས་སམ་གཞན་གྱིས་བྱས་པར་དོགས་པ་གང་རུང་ལ། མནར་སེམས་དང་ང་རྒྱལ་དང་ལེ་ལོ་དང་བག་མེད་ཀྱིས་ཚུལ་དང་མཐུན་པར་ཤད་སྦྱང་མི་བྱེད་ན་ཁྲོས་པ་ཡལ་བར་དོར་བའི་ཉེས་བྱས། ཉེས་མེད་ནི། དགོས་པ་དང་ཡུལ་གྱིས་གཉིས་ཡོད། ༡༩ རང་ལ་གཞན་གྱིས་ཉེས་པ་བྱས་པ་ཆོས་བཞིན་དུ་མཐུན་པར་ཤད་སྦྱང་བྱས་པ། འཁོན་འཛིན་མེད་པར་མནར་སེམས་དང་འཚེ་བའི་བསམ་པ་དང་ལེན་མི་འདོད་པ་ཙམ་གྱི་དབང་གིས་ཤད་སྦྱང་མི་ལེན་ན་ཕ་རོལ་ཤད་ཀྱིས་འཆགས་པ་སྤོང་བའི་ཉེས་བྱས། ཉེས་མེད་ནི་དགོས་པའི་སྒོ་ནས་དང༌། ཆོས་མ་ཡིན་པ་མི་རིགས་པ་དང༌། མཐུན་པ་མིན་པ་ཚིག་ཙམ་གྱིས་བྱེད་པ་གསུམ། ༢༠ གཞན་ལ་ཁྲོས་པའི་བསམ་པ་དང་པོར་བྱུང་ཞིང་རྒྱུན་མི་གཏོང་བས་འཛིན་པ་ལ། ཉེས་པར་མི་ལྟ་ཞིང་གཉེན་པོ་མི་བསྟེན་པས། བྱུང་བ་དང་དུ་ལེན་ན་ཁྲོས་པའི་སེམས་ཀྱི་རྗེས་སུ་འཇུག་པའི་ཉེས་བྱས་ཉོན་མོངས་ཅན་ནོ། །སྤང་བའི་ཕྱིར་འབད་ཀྱང་མ་ལོག་པ་ལ་ཉེས་མེད་དོ། །དེ་བཞི་ནི་བཟོད་པའི་མི་མཐུན་ཕྱོགས་ཡིན་ནོ། །

བཞི་བ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ།

བཞི་བ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་ལ།

༢༡ ཁྲུས་སོགས་རིམ་གྲོ་དང༌། ལས་སུ་མི་བསྐོ་བ་སོགས་བསྙེན་བཀུར། རྫས་འབུལ་དུ་རེ་བ་སོགས་ཟང་ཟིང་གི་སེམས་ཀྱིས་འཁོར་སྡུད་ན་བསྙེན་བཀུར་འདོད་ཕྱིར་འཁོར་བསྡུ་བའི་ཉེས་བྱས་ཉོན་མོངས་ཅན་ནོ། །ཟང་ཟིང་མེད་པའི་བསམ་པས་བསྡུས་ཏེ་རིམ་གྲོ་སོགས་བྱུང་ན་ཉེས་མེད་དོ། །༢༢ སྙོམས་ལས་དང་ལེ་ལོའི་དབང་གིས་ཉིན་མོ་དང་མཚན་གྱི་གུང་ཐུན་མ་གཏོགས་ནམ་ཆ་སྟོད་སྨད་ལ་གཉིད་ཀྱི་བདེ་བ་དང་གློས་འབེབས་པ་དང་མལ་དུ་ཉལ་བའི་བདེ་བ་སོགས་དང་དུ་ལེན་ཅིང་སེལ་བར་མི་བྱེད་ན་ལེ་ལོ་ལ་སོགས་མི་སེལ་བའི་ཉེས་བྱས་ཉོན་མོངས་ཅན་ནོ། །ཉེས་མེད་ན་སྟེ་མི་ནུས་པ། ལམ་གྱིས་དུབ་པ། དེ་སྤང་བའི་འདུན་པ་བསྐྱེད་པ་གསུམ། ༢༣ རྒྱལ་བློན་ཆོམ་རྐུན་བུད་མེད་འདོད་པ་ལ་སོགས་པའི་འདུ་འཛིའི་གཏམ་ལ། ཆགས་སེམས་དང་བརྗེད་པ་གང་རུང་གིས་ཉན་པ་དང་སྨྲ་བ་གང་རུང་གིས་དུས་ཡོལ་བ་སྔ་དྲོ་ལས་ཕྱི་དྲོ་དང་དེ་ལས་སྲོད་ཐལ་བ་སོགས་བྱེད་ན་ཆགས་པས་བྲེ་མོའི་གཏམ་ལ་བརྟེན་པའི་ཉེས་བྱས། ཉེས་མེད་དྲན་པ་ལ་གནས་བཞིན་དུ་ཕ་རོལ་པོའི་ངོར་སྐད་ཅིག་ཙམ་དང༌། མཚར་གཏམ་འདྲི་བ་དང་ཉན་པ་ཙམ་མོ། །འདི་གསུམ་ནི་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སོ། །

ལྔ་བ་བསམ་གཏན་གྱི་མི་མཐུན་ཕྱོགས་ལ།

ལྔ་བ་བསམ་གཏན་གྱི་མི་མཐུན་ཕྱོགས་ལ།

༢༤ སེམས་མཉམ་པར་འཇོག་པར་འདོད་པ་ལ། མནར་སེམས་དང་ང་རྒྱལ་གྱི་སེམས་སམ་སྙོམས་ལས་དང་ལེ་ལོའི་དབང་གིས། ཏིང་ངེ་འཛིན་གྱི་གདམས་ངག་གཞན་ལ་ནོད་དུ་མི་འགྲོ་ན་ཏིང་ངེ་འཛིན་གྱི་དོན་མི་འཚོལ་བའི་ཉེས་བྱས། ཉེས་མེད་ན་སྟེ་མི་ནུས་པ་དང༌། གདམས་ངག་ལོག་པ་འབྱུང་དོགས་པ་དང༌། མང་ཐོས་མི་དགོས་པ་གསུམ། ༢༥ བསམ་གཏན་ལ་གེགས་བྱེད་པའི་སྒྲིབ་པ་ལྔ་པོ་རྒོད་འགྱོད་གཉིས། གནོད་སེམས། གཉིད་རྨུགས་གཉིས། འདོད་པ་ལ་འདུན་པ། ཐེ་ཚོམ་ལྔ་བོ་གང་རུང་བྱུང་བ་དང་དུ་ལེན་ཞིང་སེལ་བར་མི་བྱེད་ན་བསམ་གཏན་གྱི་སྒྲིབ་པ་སྤོང་བར་མི་བྱེད་པའི་ཉེས་བྱས་ཉོན་མོངས་ཅན་ནོ། །དེ་སྤང་བའི་འདུན་པ་བསྐྱེད་པ་སོགས་ལ་ཉེས་མེད་དོ། ། དེ་དག་སྤྱོད་ཚུལ་ལ་གཉེན་པོས་སྦྱོང་ཚུལ་གསུམ་ལས་ཆོས་ཀྱི་དབང་དུ་བྱས་པའི་འདུན་པའི་གཉེན་པོར་མི་སྡུག་པ་སོགས་བསྒོམ་པ། བདག་གི་དབང་དུ་བྱས་ཏེ་ངོ་ཚ་ཤེས་པ་དང༌། འཇིག་རྟེན་གྱི་དབང་དུ་བྱས་ཏེ་ཁྲེལ་ཡོད་བསྒོམ་པ་དང་གསུམ། སྤྱོད་ལམ་གྱིས་སྦྱོང་བ་ནི། གཉིད་རྨུགས་ལ་ནི་ལངས་ཏེ་འཆག་པས་སྦྱོང་ལ། གཞན་བཞི་ནི་སྐྱིལ་ཀྲུང་བཅས་ཏེ་དྲན་པ་ཕྱོགས་པར་བྱས་པས་སོ། །༢༦བསམ་གཏན་རྒྱུད་ལ་སྐྱེས་ཚེ་དེའི་དགའ་བདེ་སོགས་ལ་སྲེད་ཅིང་རོ་མྱོང་བ་ལ་ཡོན་ཏན་དུ་བལྟ་ན་བསམ་གཏན་རོ་ལ་ཡོན་ཏན་དུ་བལྟ་བའི་ཉེས་བྱས་ཉོན་མོངས་ཅན་ནོ། །དེ་སྤང་ཕྱིར་འདུན་པ་བསྐྱེད་པ་སོགས་ལ་ཉེས་པ་མེད་དོ། །འདི་གསུམ་པོ་ནི་བསམ་གཏན་གྱི་མི་མཐུན་ཕྱོགས་ཡིན་པའོ། །

དྲུག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ།

དྲུག་པ་ཤེས་རབ་ཀྱི་མི་མཐུན་ཕྱོགས་ལ།

༢༧ ཉན་ཐོས་ཀྱི་སྡེ་སྣོད་ཉན་པ་ཚིག་དོན་བཟུང་བ་བསླབ་པ་སོགས། ཐེག་དམན་ལ་དགོས་ཀྱང་བྱང་སེམས་ལ་དགོས་པ་མེད་དོ་ཞེས་བལྟ་ཞིང་གཞན་ལ་དེ་སྐད་སྨྲ་ན་ཉན་ཐོས་ཐེག་པ་སྤོང་བར་བྱེད་པའི་ཉེས་བྱས་ཉོན་མོངས་ཅན་ནོ། །ཐེག་ཆེན་ཐེག་དམན་དུ་མི་ལྟུང་བ་དང༌། ཐེག་ཆེན་ལ་འདུན་པའི་ཕྱིར་སྨྲ་ན་ཉེས་མེད་དོ། །༢༨ བྱང་སེམས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱར་ཡོད་བཞིན་དུ་དེ་ཡལ་བར་དོར་ནས་ཉན་ཐོས་ཀྱི་སྡེ་སྣོད་ལ་བརྩོན་པར་བྱེད་ན་རང་ཚུལ་ཡོད་བཞིན་དེ་ལ་བརྩོན་པའི་ཉེས་བྱས་ཉོན་མོངས་ཅན་ནོ། །ཐེག་ཆེན་ལ་བརྩོན་པ་མ་བཏང་བས་དེ་ལ་སློབ་ན་ཉེས་པ་མེད་དོ། །༢༩ སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་པ་བྱར་ཡོད་བཞིན་དུ་དེ་མ་བྱས་པར་མུ་སྟེགས་ཀྱི་བསྟན་བཅོས་ལ་བརྩོན་པར་བྱེད་ན་བརྩོན་མིན་ཕྱི་རོལ་བའི་བསྟན་བཅོས་བརྩོན་པའི་ཉེས་བྱས་ཉོན་མོངས་ཅན་ནོ། །ཡིད་གཞུང་བ་སོགས་ཀྱིས་སངས་རྒྱས་ཀྱི་གསུང་རབ་ལ་བློ་མི་འགྱུར་ལ། ཕྱི་རོལ་བའི་བསྟན་བཅོས་ལས་ཉིས་འགྱུར་ཉིན་གཅིག་བཞིན་སངས་རྒྱས་ཀྱི་གསུང་རབ་ལ་བརྩོན་ན་ཕྱི་རོལ་བའི་གཞུང་ལ་བརྩོན་པ་ཉེས་མེད་ཡིན་ནོ། །༣༠ དགོས་དབང་གིས་མུ་སྟེགས་པའི་བསྟན་བཅོས་ལ་བརྩོན་དགོས་པ་ཡོད་ཀྱང༌། ཐོག་མཐའ་བར་གསུམ་དུ་དགའ་ཞིང་འཇུག་པར་བྱེད་ན་བརྩོན་པར་བྱས་ཀྱང་དེ་ལ་དགའ་བའི་ཉེས་བྱས་ཉོན་མོངས་ཅན་ནོ། །མི་འདོད་བཞིན་དགོས་དབང་གིས་འཇུག་ན་ཉེས་མེད་དོ། །༣༡ བྱང་སེམས་ཀྱི་སྡེ་སྣོད་ལས་ཟབ་རྒྱས་གང་རུང་སྟོན་པའི་ཕྱོགས་ལ། འདི་བརྗོད་བྱའམ་རྗོད་བྱེད་དམ་བྱེད་པ་པོ་དམན་ཞེས་པའམ། སེམས་ཅན་གྱི་དོན་དུ་མི་འགྱུར་ཞེས་ཚུལ་མིན་ཡིད་བྱེད་དམ། གཞན་གྱི་ཁ་ཕྱིར་རྗེས་སུ་ཞུགས་ནས་སྐུར་བ་བཏབ་ན་ཐེག་ཆེན་སྤོང་བའི་ཉེས་བྱས་ཉོན་མོངས་ཅན་ནོ། །དེ་ལས་སེམས་བསྲུང་ཚུལ་ནི། དེ་ལ་མོས་པ་མ་སྐྱེས་ཀྱང་བཏང་སྙོམས་སུ་བཞག་ན་ཉེས་མེད་དོ། །༣༢ ང་རྒྱལ་ལམ་ཁོང་ཁྲོས་བདག་བསྟོད་གཞན་སྨོད་གང་རུང་གཞན་ལ་བརྗོད་ན་བདག་བསྟོད་གཞན་སྨོད་ཀྱི་ཉེས་བྱས་ཉོན་མོངས་ཅན་ནོ། །ཉེས་མེད་ནི་བསྟན་པ་གནས་ཕྱིར་མུ་སྟེགས་ཅན་ཟིལ་གྱིས་གནོན་པ་དང༌། ཐབས་དེས་གཞན་འདུལ་འདོད་དང༌། གཞན་མ་དད་པ་དད་ཕྱིར་སོགས་གསུམ། ༣༣ ང་རྒྱལ་སོགས་དང་ལེ་ལོ་སོགས་ཀྱི་དབང་གིས་གཞན་ཆོས་འཆད་པ་དང་ཆོས་ཀྱི་འབེལ་གཏམ་སོགས་ལ་མི་འགྲོ་ན་ཆོས་ཀྱི་དོན་དུ་མི་འགྲོ་བའི་ཉེས་བྱས། ཉེས་མེད་མ་ཚོར་བ་དང༌། ལོག་པར་སྟོན་དགོས་པ་སོགས་དང༌། རྟག་ཏུ་ཏིང་ངེ་འཛིན་སྒྲུབ་པ་དང༌། ཤེས་རབ་ཞན་པ་སོགས་དང༌། རང་ལ་ཆོས་སྨྲ་བའི་བླ་མའི་སེམས་མི་དགའ་བ་བསྲུང་བའོ། །༣༤ རང་ལ་ཆོས་སྟོན་པའི་གང་ཟག་ལ་སྟོན་པའི་འདུ་ཤེས་མི་སྐྱེད་པ་དང༌། ཁྱད་གསོད་ཀྱིས་བཀུར་སྟི་མི་བྱེད་ལ། སྨ་འབེབས་པས་འཕྱ་ཞིང༌། ཚིག་རྩུབ་སོགས་སྨྲ་བས་བསྟིང་བར་བྱེད་པ་དང༌། ཚིག་ལེགས་པ་རྟོན་གྱི་དོན་ལ་མི་རྟོན་ན་དེ་ལ་སྨོད་དང་ཡི་གེ་རྟོན་པའི་ཉེས་བྱས་ཉོན་མོངས་ཅན་ནོ། །འདི་བརྒྱད་ནི་ཤེས་རབ་ཀྱི་མི་མཐུན་ཕྱོགས་བརྒྱད་ཡིན་ལ། དགེ་བ་ཆོས་སྡུད་ཀྱི་ཕྱིན་དྲུག་གི་མི་མཐུན་ཕྱོགས་ཀྱི་ཉེས་བྱས་སོ་བཞིའོ། །

གཉིས་པ་སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ལ།

གཉིས་པ་སེམས་ཅན་དོན་བྱེད་ཀྱི་མི་མཐུན་ཕྱོགས་ལ།

དོན་བྱ་བའི་ཡུལ་སྤྱི་དང༌། བྱེ་བྲག་དང་འབྲེལ་བ་གཉིས་ལས། ༣༥ དང་པོ་ལ་དོན་མི་སྒྲུབ་པ་ནི།བྱ་བ་ཡིན་མིན་སེམས་པ། བྱ་བའི་ཁུར་འཛིན་པ། ལམ་དུ་འགྲོ་བ། སྐད་སློབ་པ། ལས་མཐའ་བཟང་པོ་ལ་སྦྱོར་བ། ལོངས་སྤྱོད་བསྲུང་བ། མཁོན་སྤྱོང་པ། དགའ་སྟོན་དུས་ངེས་པའི་བསོད་ནམས་ཀྱི་ལས། བསོད་ནམས་བྱ་བ་དུས་མ་ངེས་པའི་བསོད་ནམས་བརྩོན་པ་སྟེ་གྲོགས་བྱེད་དགོས་པ་བརྒྱད་གང་རུང་ལ་གྲོགས་བྱེད་འོས་པའི་ཚེ་ཁོང་ཁྲོ་སོགས་དང་ལེ་ལོ་སོགས་ཀྱི་དབང་གིས་གྲོགས་སུ་མི་འགྲོ་ན་དགོས་པའི་གྲོགས་སུ་མི་འགྲོ་བའི་ཉེས་བྱས། རྟེན། བྱ་བ། ཡུལ། དགོས་པའི་སྒོ་ནས་ཉེས་མེད་བཞི། ༣༦ སྡུག་བསྔལ་གྱི་བྱེ་བྲག་མི་སེལ་བ་ནི། ནད་པ་ལ་ནད་གཡོག་སོགས་བྱེད་འོས་པའི་ཚེ་ཁོང་ཁྲོ་སོགས་དང་ལེ་ལོ་སོགས་ཀྱི་དབང་གིས་རིམ་གྲོ་དང་བསྙེན་བཀུར་མི་བྱེད་ན་ནད་པའི་རིམ་གྲོ་བྱ་བ་སྤོང་བའི་ཉེས་བྱས། ཉེས་མེད་ནི་རྟེན་དང༌། ཡུལ་དང༌། དགོས་པའི་སྒོ་ནས་གསུམ། ༣༧ སྡུག་བསྔལ་གྱི་སྤྱི་མི་སེལ་བ་ནི། ལོང་བ། འོན་པ། ཡན་ལག་མེད་པ། ལམ་གྱིས་ངལ་བ། སྒྲིབ་པ་ལྔའི་སྡུག་བསྔལ་བ། གནོད་སེམས་སོགས་རྣམ་རྟོག་གི་སྡུག་བསྔལ་བ། གཞན་གྱིས་དམའ་ཕབ་པའི་སྡུག་བསྔལ་བ་སྟེ་བདུན་པོ་གང་རུང་ཁོང་ཁྲོ་སོགས་དང་ལེ་ལོ་སོགས་ཀྱི་དབང་གིས་སེལ་བའི་ཐབས་མི་བྱེད་ན་སྡུག་བསྔལ་སེལ་བར་མི་བྱེད་པའི་ཉེས་བྱས། ཉེས་མེད་སྔ་མ་དང་འདྲའོ། །༣༨ སྡུག་བསྔལ་གྱི་རྒྱུ་མི་སེལ་བ་ནི། ཚེ་འདི་དང་ཕྱི་མའི་དོན་ལ་ཚུལ་བཞིན་མ་ཡིན་པར་ཞུགས་པའི་སེམས་ཅན་མཐོང་བ་ན་ཁོང་ཁྲོ་སོགས་དང་ལེ་ལོ་སོགས་ཀྱི་དབང་གིས་སྐྱོན་མེད་པའི་རིགས་པ་དང་ཇི་ལྟར་འཚམས་པ་ཚུལ་བཞིན་མི་སྟོན་ན་བག་མེད་པ་ལ་རིགས་པ་མི་སྟོན་པའི་ཉེས་བྱས། ཉེས་མེད་ནི་རྟེན་དང་ཡུལ་དང་དགོས་པའི་སྒོ་ནས་གསུམ། ༣༩ དོན་བྱ་བའི་ཡུལ་བྱེ་བྲག་དང་འབྲེལ་བ་གཉིས་ལས། དང་པོ་ཕན་མི་འདོགས་པ་ལ་ཕན་བཏགས་པ་ལ་ལོག་པར་སྒྲུབ་པ་ནི། རང་ལ་ཕན་བཏགས་པའི་གང་ཟག་ལ་མནར་སེམས་སམ་ལེ་ལོ་སོགས་ཀྱི་དབང་གིས་ཕན་ལན་ཆུང་ངུ་ཙམ་ཡང་མི་བྱེད་ན་བྱས་ལ་ལན་དུ་ཕན་མི་འདོགས་པའི་ཉེས་བྱས། ཉེས་མེད་རྟེན་དང༌། དགོས་པ་དང༌། ཡུལ་གྱིས་གསུམ། ༤༠ ཡིད་མི་བདེ་བ་ལ་ལོག་པར་སྒྲུབ་པ་ནི། གཞན་ཉེ་དུའམ་ལོངས་སྤྱོད་དང་བྲལ་བའི་མྱ་ངན་བྱུང་བའི་སེམས་ཅན་ལ་མནར་སེམས་དང་ལེ་ལོ་སོགས་ཀྱི་དབང་གིས་མྱ་ངན་དེ་སེལ་བའི་ཐབས་མི་བྱེད་ན་གཞན་གྱི་མྱ་ངན་སེལ་བར་མི་བྱེད་པའི་ཉེས་བྱས། ཉེས་མེད་སྔ་མ་དང་འདྲའོ། །༤༡ བཀྲེན་པ་ལ་ལོག་པར་སྒྲུབ་པ་ནི། ཟས་སྐོམ་སོགས་སློང་བ་པོ་ལ་སྟེར་འོས་བཞིན་དུ་མནར་སེམས་དང་ལེ་ལོ་སོགས་ཀྱི་དབང་གིས་མ་བྱིན་ན་ནོར་འདོད་པ་ལ་སྦྱིན་པར་མི་བྱེད་པའི་ཉེས་བྱས། རྟེན། དངོས་པོ། དགོས་པའི་སྒོ་ནས་ཉེས་མེད་གསུམ། ༤༢ རང་གི་འཁོར་ལ་ལོག་པར་སྒྲུབ་པ་ནི། རང་གི་འཁོར་བསྡུས་པ་ལ་གདམས་ངག་སྟོན་འོས་ཤིང༌། བྲམ་ཟེ་ཁྱིམ་བདག་དད་པ་ཅན་ལས་ཟས་གོས་སོགས་ཡོ་བྱད་རྣམས་ཆོས་བཞིན་དུ་འཚོལ་ནུས་བཞིན་དུ་མནར་སེམས་དང་ལེ་ལོ་སོགས་ཀྱི་དབང་གིས་མི་སྟོན་ཅིང༌། འཚོལ་བར་མི་བྱེད་ན་འཁོར་རྣམས་ཀྱི་དོན་མི་བྱེད་པའི་ཉེས་བྱས། རྟེན་དང༌། དགོས་པ་དང༌། ཡུལ་གྱིས་ཉེས་མེད་གསུམ། ༤༣ མཐུན་པར་བྱ་བ་ལ་ལོག་སྒྲུབ་ནི། གཞན་གྱི་སེམས་དང་མཐུན་པར་བྱས་ན་དོན་དུ་འགྱུར་བཞིན་དུ་མནར་སེམས་དང་ལེ་ལོ་སོགས་ཀྱི་དབང་གིས་སེམས་དང་མཐུན་པར་མི་བྱེད་ན་གཞན་གྱི་བློ་དང་མཐུན་པར་མི་འཇུག་པའི་ཉེས་བྱས། ཉེས་མེད་རྟེན་དང་དགོས་པས་གཉིས་སོ། །༤༤ ཡོན་ཏན་ཅན་ལ་ལོག་པར་སྒྲུབ་པ་ནི། གཞན་ཡོན་ཏན་ཅན་གྱི་ཡོན་ཏན་དང་དད་པ་སོགས་ཀྱི་བསྔགས་པ་བརྗོད་འོས་ཤིང༌། ལེགས་པར་སྨྲ་བ་ལ་ལེགས་སོ་སྟེར་ནུས་བཞིན་དུ། མནར་སེམས་དང་ལེ་ལོ་སོགས་ཀྱི་དབང་གིས་བསྔགས་པ་མི་བརྗོད་པ་དང༌། ལེགས་སོ་མི་སྟེར་ན་ཡོན་ཏན་བསྔགས་པ་བརྗོད་པར་མི་བྱེད་པའི་ཉེས་བྱས། ཉེས་མེད་རྟེན་ཡུལ་བརྗོད་བྱ་དགོས་པའི་སྒོ་ནས་བཞི། གཉིས་པ་ཚར་མི་གཅོད་པ་ལ། ༤༥ ཆོས་མིན་སྤྱོད་པ་དབང་དུ་མི་བྱེད་པ་ནི། སེམས་ཅན་དམའ་དབབ་པ་དང༌། ཆད་པས་བཅད་པ་དང༌། བསྐྲད་པར་རིགས་པ་རྣམས་ཉོན་མོངས་སམ་ལེ་ལོ་སོགས་ཀྱི་དབང་གིས་དེ་དང་དེ་མི་བྱེད་ན་རྐྱེན་དུ་འཚམ་བར་ཚར་མི་གཅོད་པའི་ཉེས་བྱས། ཉེས་མེད་རྟེན་དང་ཡུལ་དང་དགོས་པའི་སྒོ་ནས་གསུམ། ༤༦ བསྟན་པ་ལ་འགྲས་པ་སོགས་དབང་དུ་མི་བྱེད་པ་ནི། རང་ཉིད་རྫུ་འཕྲུལ་དང༌། མཐུ་སྣ་ཚོགས་དང་ལྡན་ན། སྐྲག་པར་དང༌། འདུན་པར་དང༌། སྡོམ་པ་དང་མི་ལྡན་པ་ལ་དད་པས་བྱིན་པ་སྤོང་བ་སོགས་བྱེད་རིགས་པ་ལ། སྐྲག་པ་སོགས་མི་བྱེད་ན་རྫུ་འཕྲུལ་བསྡིགས་པ་སོགས་མི་བྱེད་པའི་ཉེས་བྱས་ཉོན་མོངས་ཅན་མིན་པའོ། །རྫུ་འཕྲུལ་ལ་སྐུར་བའི་མུ་སྟེགས་ཅན་སོགས་ལ་མ་བསྟན་ཀྱང་ཉེས་མེད་དོ། །དེ་དག་ནི་སེམས་ཅན་དོན་བྱེད་ལས་ཉམས་པའི་ཉེས་བྱས་བཅུ་གཉིས་ཏེ་སྡོམ་ན་ཉེས་བྱས་ཞེ་དྲུག་ཡིན་པའོ། །

ཡང་ཉེས་བྱས་ཞེ་དྲུག་ལས་གཞན་པའི་སྨོན་སེམས་ཀྱི་བསླབ་བྱ་དང་འགལ་བའི་ཉེས་བྱས།

ཡང་ཉེས་བྱས་ཞེ་དྲུག་ལས་གཞན་པའི་སྨོན་སེམས་ཀྱི་བསླབ་བྱ་དང་འགལ་བའི་ཉེས་བྱས་ནི།

གཞན་ལ་ཆོས་དང་ཟང་ཟིང་གིས་སྐྱོང་འོས་པ་དག་མི་སྐྱོང་བ་དང༌། གཞན་གྱིས་གནོད་པ་བྱས་པ་ལ་འཁོན་དུ་འཛིན་ཅིང་རིས་སུ་བཅད་ནས་ཆགས་སྡང་བྱེད་པ་དང༌། དམ་པ་མི་བསྟེན་ཅིང་ཐོས་བསམ་བྱེད་པ་དོར་བ་དང༌། ཟས་གོས་སོགས་ལོངས་སྤྱོད་ཚེ་གཞན་དོན་གྱི་བསམ་པས་མ་ཟིན་པ་དང༌། དགེ་རྩ་ཀུན་ལ་སེམས་བསྐྱེད་ཀྱིས་ཟིན་པར་མ་བྱས་ན་ཉེས་བྱས་གསུངས་པས་དེ་རྣམས་བསྲུང་བར་བྱ་བའོ། །

སྨོན་སེམས་ཀྱི་བསླབ་བྱ་བརྒྱད།

སྨོན་སེམས་ཀྱི་བསླབ་བྱ་བརྒྱད་ལས།

ཚེ་འདིར་སེམས་བསྐྱེད་མི་ཉམས་ཤིང་འཕེལ་བའི་ཐབས་བཞི་ནི། སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་དང༌། ཉིན་མཚན་ལན་དྲུག་ཏུ་སེམས་བསྐྱེད་པ་དང༌། སེམས་ཅན་བློས་མི་སྤོང་བ་དང༌། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་དང་བཞིའོ། །སེམས་ཅན་བློས་མི་སྤོང་བ་ནི། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། སེམས་ཅན་བློས་མི་སྤོང་བ་ལ་གཉིས་ཡོད། ཁྱུ་རིལ་དུ་བློས་སྤོང་བ་དང༌། སྒོ་ཐད་དུ་བློས་སྤོང་བའོ། །དང་པོ་ནི་ཆོས་ལ་འཇུག་པའི་བློ་ལོག་པ་སྟེ་ངས་རང་དོན་གཞན་དོན་གང་ཡང་མི་ཡོང་འཇིག་རྟེན་ཕལ་བར་བྱ་སྙམ་པ་དང༌། ཐེག་ཆེན་ལ་བློ་ལོག་པ་སྟེ་སེམས་ཅན་གྱི་དོན་སྒྲུབ་མི་ནུས་པས་བདག་ཉན་རང་གི་ཐེག་པར་སེམས་བསྐྱེད་དགོས་སྙམ་པ་ལྟ་བུ་ཡིན། སྒོ་ཐད་དུ་བློས་སྤངས་པ་ནི། རང་དང་འགལ་བ་ཁ་ཅིག་ཁྱོད་ལ་ཕན་ཐོགས་པའི་དུས་བྱུང་ཀྱང་གནས་སྐབས་མཐར་ཐུག་གང་ལ་ལྟོས་ཀྱང་ཕན་མི་འདོགས་སྙམ་དུ་སྙིང་བརྩེ་ལྷན་གྱིས་བྲལ་བ་དེ་ཡིན། དེ་ལྟར་ཁྱུ་རིལ་གྱི་བློས་སྤངས་སམ་སྒོ་ཐད་ཀྱི་བློས་སྤངས་ཀྱང་རུང་སྟེ་གཉེན་པོས་མ་སླེབ་པར་ཐུན་ཚོད་གཅིག་འདས་ན་སེམས་བསྐྱེད་གཏོང་བ་ཡིན་པར་འདུག ཅེས་གསུངས་སོ། །སྐྱེ་བ་ཀུན་ཏུ་སེམས་བསྐྱེད་དང་མི་འབྲལ་བའི་རྒྱུ་བཞི་ནི། ལྷན་ཐབས་འོད་བརྒྱ་འབར་བ་ལས། གནས་སྐབས་སུ་སྐྱེ་བ་ཐམས་ཅད་དུ་བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་རྒྱུ་ནི། དཀར་ཆོས་བཞི་ལ་བསླབ། བརྗེད་པའི་རྒྱུ་ནག་པོའི་ཆོས་བཞི་སྤོང༌། དེ་ཡང་ནག་པོ་རེའི་གཉེན་པོར་དཀར་པོ་རེ་འབྱུང་སྟེ། ཟུང་བཞི་ཡ་བརྒྱད་ཀྱི་བསླབ་བྱ་ཟེར། དཀར་ཆོས་བཞི་ལ་བསླབས་ན། ནག་པོ་བཞི་སྤོང་བ་དེའི་ཁོངས་སུ་འདུས་པས་ལོགས་ན་མེད། ཅེས་གསུངས་པ་ལྟར་ནག་ཆོས་བཞི་སྤོང་ཞིང་དཀར་ཆོས་བཞི་ལ་བསླབ་ཚུལ། མཁན་པོ་སོགས་མཆོད་འོས་ལ་དེར་ཤེས་བཞིན་དུ་རྫུན་གྱིས་དབུ་བསྐོར་བ་ནག་ཆོས་ཀྱི་གཉེན་པོར། སེམས་ཅན་ཀུན་ལ་བཞད་གད་ཀྱི་ཕྱིར་སོགས་ཤེས་བཞིན་དུ་རྫུན་མི་སྨྲ་བའི་དཀར་ཆོས་ཏེ་ཟུང་གཅིག བྱང་སེམས་ལ་ཁོང་ཁྲོས་མི་སྙན་པར་བརྗོད་པ་ནག་ཆོས་ཀྱི་གཉེན་པོར། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་བསྟོད་པར་བྱེད་པ་དཀར་པོའི་ཆོས་ཏེ་ཟུང་གཉིས། གཞན་འགྱོད་པའི་གནས་མ་ཡིན་པ་དགེ་བ་བྱེད་པ་ལ་འགྱོད་པ་བསྐྱེད་པ་ནག་པོའི་ཆོས་ཀྱི་གཉེན་པོར། རང་གིས་ཅི་ནུས་ཅི་ལྕོགས་ཀྱིས་སེམས་ཅན་འབྲེལ་ཡོད་ཐམས་ཅད་ཐེག་པ་གསུམ་གྱི་དགེ་བ་ལ་འགོད་པ་དཀར་ཆོས་ཏེ་ཟུང་གསུམ། སེམས་ཅན་གང་ཡང་རུང་བ་ལ་ལྷག་བསམ་མིན་པའི་གཡོ་སྒྱུ་བྱེད་པ་ནག་ཆོས་ཀྱི་གཉེན་པོར། སེམས་ཅན་ཀུན་ལ་གཡོ་སྒྱུ་མེད་པར་ལྷག་པའི་བསམ་པས་གནས་པ་དཀར་ཆོས་ཏེ་ཟུང་བཞིའོ། །དེ་ལྟར་བསླབ་པ་བརྒྱད་འཇོག་རིགས་ཏེ། ལམ་རིམ་བདུད་རྩིའི་ཉིང་ཁུ་ལས། ཡང་སེམས་བསྐྱེད་པའི་ཕན་ཡོན་དྲན་པ་དང་ཉིན་མཚན་དུས་དྲུག་ཏུ་སེམས་བསྐྱེད་ལེན་པ་ཡང་བསླབ་བྱར་བསྡུས་ཏེ། སེམས་ཅན་མི་སྤོང་བ་དང༌། ཚོགས་གཉིས་ལ་བསླབ་པ། ཟུང་བཞི་རེ་རེ་སྟེ་བསླབ་བྱ་བརྒྱད་ཟེར་བའང་ཡོད་པས་ཇི་ལྟར་འོས་པར་སྦྱར་བར་བྱའོ། །ཞེས་གསུངས་སོ། །བསླབ་བྱ་འདི་རྣམས་ལ་སློབ་པར་འདོད་པའི་བསམ་པ་དང༌། བྱང་ཆུབ་འདོད་པའི་བསམ་པ་དང༌། སེམས་ཅན་གྱི་དོན་བྱ་བའི་བསམ་པ་ཕུན་སུམ་ཚོགས་པ་གསུམ་གྱིས་བསླབ་པ་ལ་སྙིང་ཐག་པ་ནས་གུས་པར་བྱས་ཏེ་ཇི་ལྟར་བཅས་པ་ལས་མི་འདའ་བར་བསླབ་པར་བྱའོ། །

གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ།

གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་ནི།

ཀུན་དཀྲིས་ཆེན་པོ་ཚང་བའི་རྩ་ལྟུང་དང༌། སེམས་འདོར་དང༌། ལོག་ལྟའི་རྩ་ལྟུང་གང་བྱུང་ན་སྡོམ་པ་སླར་བླངས་དགོས་ལ། ཟག་འབྲིང་ནི་གང་ཟག་གསུམ་དང༌། ཟག་པ་ཆུང་ངུ་དང་ཉེས་བྱས་ཞེ་དྲུག་སོགས་གང་ཟག་གཅིག་གི་མདུན་དུ་བཤགས་པར་བྱ་ལ། བཤགས་ཡུལ། སོ་ཐར་བྱང་སེམས་གང་རུང་གི་སྡོམ་པ་དང་ལྡན་པ། ངག་གི་རིག་བྱེད་ཀྱི་ཚིག་དོན་ཁོང་དུ་ཆུད་ཅིང་འཛིན་ནུས་པ། བྱང་སྡོམ་མི་ལྡན་པ་ལ་དགེ་སློང་ཕ་མ་དགོས་ཤིང༌། རྟེན་རབ་བྱུང་ཡིན་ན་བཤགས་ཡུལ་རབ་བྱུང་ཡོད་ན་བྱང་སེམས་ཁྱིམ་པ་མི་རུང་ངོ༌། །རྟེན་གྱིས་ཕྱག་བྱས་དམའ་བའི་ཕྱོགས་སུ་ཙོག་བུར་འདུག་སྟེ་ཐལ་མོ་སྦྱར་ནས་བྱའོ། །དེ་མིན་ན་རྒྱལ་བ་སྲས་བཅས་ཀྱི་མདུན་དུ་བཤགས་པར་མོས་ཏེ། རྟེན་གྱི་དྲུང་དུ་བཤགས་པར་བྱ་ལ། དེ་ཡང་སྐྱབས་འགྲོ། སེམས་བསྐྱེད། ལྟུང་བཤགས། སྤྱི་བཤགས། རྡོར་སེམས་བསྒོམ་བཟླས་སོགས་ཀྱི་སྒོ་ནས་བཤགས་པར་བྱའོ། །ཆོ་ག་ནི་གཞན་ལས་ཤེས་པར་བྱའོ། །

བཞི་བ་བསྲུང་བའི་ཕན་ཡོན་།

བཞི་བ་བསྲུང་བའི་ཕན་ཡོན་ནི།

གནས་སྐབས་ཀྱི་ཕན་ཡོན་འདི་ཕྱི་གཉིས་ཀར་རྒྱལ་བ་སྲས་བཅས་ཀྱིས་བུ་ལྟར་དགོངས་པས་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བ་དང༌། ཚེ་འདིར་མཆོག་ཏུ་དགའ་བ་དང་ལྡན་པའི་འཆི་བའི་དུས་བྱེད་པ་དང༌། ཚུལ་ཁྲིམས་ཀྱི་ཕུང་པོ་ཚད་མེད་པ་དང་ལྡན་པས་ངན་སོང་གི་འཇིགས་པ་མེད་ཅིང༌། རྒྱལ་བ་སྲས་བཅས་དང་འཕྲད་པ་ཡིད་ལ་བྱེད་པ་དང༌། ཕྱི་མར་རང་དང་ལྟ་སྤྱོད་མཚུངས་པའི་བྱང་སེམས་དང་དེ་ལས་ལྷག་པའི་དགེ་བའི་བཤེས་གཉེན་གནས་པའི་ཞིང་དུ་སྐྱེ་བ་དང༌། རང་འཁྲུངས་ཀྱི་ཚུལ་ཁྲིམས་དང་ལྡན་པར་འགྱུར་བ་སོགས་དང༌། མཐར་ཐུག་གི་ཕན་ཡོན་འདི་ལ་བརྟེན་ནས་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ཡོངས་སུ་རྫོགས་ཏེ་བླ་ན་མེད་པའི་བྱང་ཆུབ་ཏུ་འཚང་རྒྱ་བར་འགྱུར་རོ། །

གསུམ་པ་སྔགས་ཀྱི་སྡོམ་པའི་བསླབ་བྱ།

གསུམ་པ་སྔགས་ཀྱི་སྡོམ་པའི་བསླབ་བྱ་ལ།

གསང་སྔགས་ཀྱི་སྡོམ་པ་མ་ཐོབ་པ་ཐོབ་པར་བྱེད་པའི་ཐབས། ཐོབ་པ་མི་ཉམས་པ་བསྲུང་བའི་ཚུལ། ཉམས་ན་ཕྱིར་བཅོས་པའི་ཚུལ། སྡོམ་པ་བསྲུང་བའི་ཕན་ཡོན་དང་བཞི། དང་པོ་ནི། སྤྱིར་གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པ་ལ། ལམ་ཐུན་མོང་བ་དག་ལ་སྦྱངས་བ་སྔོན་དུ་སོང་བའི་སྒོ་ནས་རྒྱུད་ལེགས་པར་སྦྱངས་ཏེ། སྔགས་ལ་མོས་པ་བརྟན་པོ་དང་ལྡན་པའི་སློབ་མས། རྡོ་རྗེ་སློབ་དཔོན་དབང་བསྐུར་གྱི་ཆོ་ག་ལ་མཁས་པ། དམ་ཚིག་དང་སྡོམ་པ་ལ་གནས་པ། ལྷ་རང་རང་གི་བསྙེན་པ་སོང་བ་སྟེ་ཁྱད་པར་གསུམ་དང་ལྡན་པ་ལས། བྱ་རྒྱུད་ལ་ཆུ་དང་ཅོད་པན་གྱི་དབང་དང༌། སྦྱོང་རྒྱུད་ལ་རིག་པའི་དབང་ལྔ་ཙམ་བླངས་ནས་བྱང་སྡོམ་དང་དམ་ཚིག་རྣམས་བསྲུང་དགོས་ལ་སྔགས་སྡོམ་ལོགས་སུ་མེད། རྣལ་འབྱོར་རྒྱུད་ལའང་རིག་པའི་དབང་ཙམ་ལེན་ན་སྔགས་སྡོམ་མི་དགོས་མོད། རྡོ་རྗེ་སློབ་དཔོན་གྱི་དབང་ལེན་ན་བླ་མ་སྔགས་སྡོམ་ལ་གནས་པ་ལ། གསོལ་བ་རྩེ་གཅིག་ཏུ་བཏབ་ནས་སྔགས་ཀྱི་སྡོམ་པ་བླངས་དགོས་པ་བླ་མེད་ལའང་འདྲ་ལ། རིམ་གཉིས་ཡོངས་རྫོགས་ཉམས་སུ་ལེན་པ་དང༌། བག་ཆགས་འཇོག་ཕྱིར་དབང་བཞི་རྫོགས་པར་བླངས་པར་བྱའོ། །དེ་ཡང་སྔགས་ཀྱི་སྡོམ་པ་ནི། ངེས་པར་སློབ་དཔོན་གྱི་དབང་དང་འབྲེལ་བར་ལེན་དགོས་སོ། །སྔགས་ཀྱི་སྡོམ་པ་ནི། སློབ་དཔོན་གྱི་དབང་འབྲེལ་བའི་ཇི་ལྟར་ཁས་བླང་བའི་དམ་ཚིག་རྣམ་པར་དག་པ་རྟག་ཏུ་བསྲུང་བ་དེ་ཡིན་ཏེ། བླང་དོར་རབ་གསལ་ལས། གསང་སྔགས་སྡོམ་པ་ཇི་ལྟར་ཁས་བླང་བའི། །དམ་ཚིག་རྣམ་དག་རྟག་ཏུ་བསྲུང་བའོ། །ཞེས་སོ། །

གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་ཚུལ།

གཉིས་པ་ཐོབ་པ་མི་ཉམས་པར་བསྲུང་ཚུལ་ལ།

སྔགས་ཀྱི་རྩ་ལྟུང་བཤད་པ་དང༌། སྦོམ་པོ་བཤད་པ་དང་གཉིས། དང་པོ་སྔགས་ཀྱི་རྩ་ལྟུང་ལ། དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ནས་བསྟན་པའི་རྩ་ལྟུང་གཙོ་བོར་བཤད་ནས་ཞར་ལ་རྒྱུད་གཞན་དང་དངོས་ཟིན་མི་འདྲ་བ་རྣམས་ཞར་ལ་བཤད་པ་ནི། དཔལ་དུས་ཀྱི་འཁོར་ལོ་ལས་བསྟན་པའི་རྩ་ལྟུང་བཅུ་བཞི་རྒྱུད་ཚིག་དང་སྦྱར་ནས་རྗེ་སྒྲོལ་མགོན་གྱིས་མཛད་པའི་དཀྱིལ་ཆོག་གི་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལྟར་བཤད་པར་བྱ་སྟེ། ག༷ལ་ཏེ༷་གཡོ་སྒྱུའི་དབང་གིས་ཞེས་སོགས་གསུངས་ཏེ། གཡོ་སྒྱུའི་དབང་གིས་ཞེས་པ་འདི། དོན་གྱི་མདོ་ཆེན་པོ་འཛིན་པའི་ནུས་པ་ཅན་གྱི་ཚིག་སྟེ། དཀར་ནག་གི་ལས་འབྲས་དང་ལམ་དང་འབྲས་བུའི་ཆོས་ལ་ཡིད་ཆེས་མེད་པ་དག་ནི། སྔགས་ལ་ཞུགས་པར་རློམ་ཡང་གཡོ༷་སྒྱུ༷འི་དབ༷ང་གི༷ས་གཞན་གྱི་མཐོང་ངོར་དམ་ཚིག་སྲུང་བ་ལྟར་བྱེད་པའང་སྲིད་མོད། གཡོ་སྒྱུའི་རང་བཞིན་གྱིས་ལྐོག་ཏུ་མི་དགེ་བ་བཅུ་བྱེད་པ་སོགས་བག་མེད་དུ་སྤྱོད་པར་འགྱུར་པས། གང་གཡོ་སྒྱུ་དང་ལྡན་ པ་དེ་ལ་མ་གུས་པ་དང་བག་མེད་པ་གཉིས་ཀ་འབྱུང་ལ། དེ་གཉིས་ལས་གཙོ་བོ་མ་གུས་པ་ཡིན་པས་གསུང་རབ་ལས་ལྟུང་བ་དེ་དང་དེ་བཤད་པ་ཐོས་ཀྱང་སྐྱོན་དུ་མི་སེམས་པ་ནི་མ་གུས་པ་སྟེ་དེས་ཀུན་ནས་བསླངས་པའི་རྩ༷་བའི༷་ལྟུ༷ང་བ༷་བྱུང༷་ན༷་སྟོབས་ཆེ་ཆུང་ཇི་ལྟར་ཡིན་ཡང༌། ཤིན་ཏུ་ལྕི་བའི་ཕྱིར་དམྱ༷ལ་བ༷་བརྒྱད་པོ་གང་རུང་དུ་འགྲོ༷་བ་སྟེ༷་ཐེ་ཚོམ་མེད་དོ། །འདི༷་ད༷ག་ལ་དམྱལ་བ་གཞན་ལས་སྔགས་ཀྱི་དམ་ཚིག་ཉམས་པའི་དམྱལ་བ་པ་རྣམས་ལྷག་པར་ཤུགས་དྲགས་པའི་སྡུག༷་བསྔ༷ལ་ལོ༷། །༡ དཔ༷ལ་ལྡ༷ན་བླ༷་མ༷འི་ཐུག༷ས་དཀྲུག༷་པ༷་སྟེ་སློབ་དཔོན་དེ་སེམས་ཅན་ལ་ཕན་པར་མཛད་པའི་དོན་ཉམས་པར་བྱས་པའམ། བླ་མ་དམ་པ་མི་དགྱེས་པར་ཤེས་བཞིན་དུ་ལུས་ངག་གི་མི་དགེ་བ་ལ་ཞུགས་པ་སོགས་བྱ་བ་མ་ཡིན་པ་བྱས་པ་གང་རུང་གིས་ཐུགས་མི་མཉེས་པར་བྱས་པ་ལ༷ས་བུ༷་སྟེ་སློབ་མ་རྣ༷མས་ཀྱི༷་ནི༷་རྩ༷་བ༷འི་ལྟུ༷ང་བ༷་རི༷་བོ༷ང་འཛི༷ན་པ༷ར་འགྱུ༷ར་བ་སྟེ་དང་པོའོ། །འདི་ལ་བླང་དོར་རབ་གསལ་ལས། བླ་མའི་མངོན་སུམ་དུ་སྤྱད་པ་དགོས་ཏེ་གཞན་དུ་ན་དང་པོ་དང་གཉིས་ཁྱད་མེད་དུ་འགྱུར་བའི་ཕྱིར། ཞེས་གསུངས་སོ། །དེ་འདྲའི་ཐུགས་དཀྲུག་ཡུལ་གྱི་བླ་མ་ནི་སྔགས་ཀྱི་ཆོས་འབྲེལ་ཙམ་མ་ཡིན་པར་རང་ལ་ཆོས་འབྲེལ་དངོས་ཐོབ་ཀྱི་བླ་མ་ཐམས་ཅད་བཟུང་དགོས་ཏེ། ལྷན་ཐབས་འོད་རྒྱ་འབར་བ་ལས། མདོར་ན་སྡིག་གསོག་པ་པོ་སློབ་མ་ངན་པ་དེ། སྤྱིར་ནས་གསང་སྔགས་ཀྱི་དབང་བསྐུར་ཞུས་དམ་ཚིག་ཐོབ་པ་ཡིན་ན་ནི། དེས་སྔགས་ཆོས་ཞུས་པ་མ་ཡིན་ལ། མདོ་ལུགས་ཐེག་པ་ཆེ་ཆུང་གང་ཡིན་ཡང་རུང་སྟེ། དེ་ལྟ་བུ་ཞུས་པའི་བླ་མ་དེ་ལ་སྡིག་བསགས་ན། སྤྱིར་ཉེས་པ་ཆེ་བ་མ་ཟད་སྔགས་ཀྱི་དམ་ཚིག་ཀྱང་ཉམས་པ་ཡིན་ཏེ། རྒྱུད་རྣམས་ལས་ཀྱང་སློབ་དཔོན་མི་སྨོད། བླ་མའི་ཐུགས་མི་དཀྲུག་ཅེས་གསུངས་ཀྱི། རྩ་ལྟུང་དང་པའི་ཡུལ་དུ་རྡོ་རྗེ་སློབ་དཔོན་ཁོ་ནའི་ངེས་བཟུང་མ་མཛད་པ་མང་བའི་ཕྱིར་རོ། །ཞེས་པ་ནས། དེས་ན་རྩ་ལྟུང་གི་ཐ་སྙད་ཐོབ་པར་འགྱུར་བ་ལ་ལྟུང་བ་བྱེད་མཁན་རང་ཉིད་སྔགས་ལ་ཞུགས་པ་ཅིག་དགོས་ཀྱི་ལྟུང་བ་གསོག་པའི་ཡུལ་སྔགས་ཆོས་ཀྱིས་སྦྲེལ་བ་ཁོ་ན་མི་དགོས་པར་མ་ཟད་སྔགས་པ་ཡིན་ཡང་མི་དགོས་སོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །མཁས་པ་གཞན་གྱིས་རྒྱུད་གཞན་དུ། བླ་མ་དམ་པ་ལ་སྒོ་གསུམ་གུས་པས་བསྙེན་བཀུར་སོགས་ཀྱིས་ཅི་ཞིག་བྱ་སྙམ་དུ་ཞེ་ཐག་པ་ནས་བོར་བ། རྡོ་རྗེ་སློབ་དཔོན་སྨོད་པའི་རྩ་ལྟུང་ཡིན་པར་གསུངས་སོ། །མདོ་སྔགས་ཐམས་ཅད་དུ་བཤེས་གཉེན་བསྟེན་ཚུལ་ལེགས་ན་ལེགས་པའི་ཡོན་ཏན་ཐམས་ཅད་འབྱུང་ལ་མ་ལེགས་ན་མི་འདོད་པའི་རྐྱེན་ངན་ཐམས་ཅད་འབྱུང་བར་གསུངས་པས་ན། བཤེས་གཉེན་བསྟེན་ཚུལ་ཤེས་པ་གལ་ཆེ་བས་འདིར་མདོ་ཙམ་བརྗོད་ན། རང་ལ་དབང་བསྐུར་བའམ། རྒྱུད་བཤད་པའམ། མན་ངག་གནང་བ་སོགས་བཤེས་གཉེན་དུ་འདུ་ཤེས་པའི་སྒོ་ནས་ཆོས་ཚིགས་བཅད་གཅིག་ཡན་ཆད་གནང་བའི་བླ་མ་དེ་དངོས་གྲུབ་ཀུན་གྱི་འབྱུང་གནས་སུ་མཐོང་ནས། ཉིན་རེ་བཞིན་དུས་དྲུག་ཏུ་མཎྜལ་མེ་ཏོག་བཅས་ཕུལ་ནས་ཕྱག་འཚལ་བ། དང་པོར་བླ་སློབ་ཕན་ཚུན་བརྟགས་ནས་ཆོས་ཚུལ་བཞིན་དུ་ཉན་བཤད་བྱ་བ། གུས་ཤིང་བསྟོད་པ། བླ་མའི་ཐུགས་དགོངས་བཞིན་སྒྲུབ་པ། ཡིད་འོང་གི་ཡོན་ཕུལ་བ། རྟག་ཏུ་དམ་ཚིག་བསྲུང་བ། བདེ་གཤེགས་མཆོད་པ། བླ་མ་མཆོད་པ། བླ་མ་དང་རྡོ་རྗེ་འཆང་ངོ་བོ་དབྱེར་མེད་དུ་བལྟ་བ། བླ་མའི་གྲིབ་མ་ལྷམ་སྟན་སོགས་ལ་མི་འགོམས་པ། བཀའ་བཞིན་སྒྲུབ་པ། མི་ནུས་པ་ཤད་སྦྱང་འོས་པ་ལ་ཤད་སྦྱང་བྱ་བ། བླ་མའི་མདུན་དུ་ཡན་ལག་བག་ལྡན་བྱ་བ། བླ་མའི་འཁོར་ལ་གཉེན་བཞིན་དུ་བལྟ་བ། བླ་མའི་དྲུང་དུ་མལ་སྟན་ལ་མི་འདུག དགོས་མེད་དུ་བླ་མའི་སྔོན་དུ་མི་འགྲོ་བ། བླ་མའི་མདུན་དུ་ཡན་ལག་བག་ལྡན་བྱ་བ། བླ་མ་བཞེངས་ཚེ་འདུག་པ་དང༌། ཉལ་བར་མི་བྱ་བ། བླ་མའི་མདུན་དུ་མཆིལ་མ་སོགས་མི་འདོར་བ། རྐང་བ་རྐྱང་བ། ཁ་སྟོབས་འགྱེད་པ། ཡན་ལག་མཉེ་བ། གླུ་གར་རོལ་མོ་མི་བྱེད་པ། དྲེ་མོའི་གཏམ་སྨྲ་བ་རྣམས་སྤོང་བ། བླ་མའི་དྲུང་དུ་འདུག་ལྡང་གུས་པར་མི་བྱེད་པ། ལུས་གཅུ་བ། ཀྭ་སོགས་ལ་བརྟེན་པ། བླ་མའི་སྐུ་ལ་དྲིལ་ཕྱི་སྐུ་མཉེས་སོགས་བྱེད་པའི་ཚེ་ཐོག་མཐར་ཕྱག་བྱ་བ། གཞན་དག་གུས་པར་བྱ་བའི་ཕྱིར་བླ་མའི་མཚན་སྨོས་ཚེ་ཞལ་སྔ་ནས་ཞེས་སོགས་ཁྱད་པར་ཅན་གྱི་ཚིག་སྦྱར་བ། ཚིག་འཇམ་པོས་བརྡ་སྦྱར་བ། བླ་མའི་མདུན་དུ་ཞི་ཞིང་དུལ་བར་འདུག་པ། གོས་སོགས་ཚུལ་དང་མཐུན་པར་བགོ་བ། ཆོས་ཉན་ཚེ་པུས་གཙུགས་ཐལ་མོ་སྦྱར་ནས་གསོལ་བ་ལན་གསུམ་བཏབ་པ། ང་རྒྱལ་སྒེག་ཆོས་སོགས་སྤང་ནས་དུལ་ཞིང་བག་ཡོད་བྱེད་པ་སོགས་བླ་མ་ལྔ་བཅུ་པ་ལས་གསུངས་པ་ལྟར་ཚུལ་བཞིན་དུ་བསླབ་ན་བླ་མ་བསྟེན་ཚུལ་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་ལ། དེ་དག་དང་འགལ་བའི་ཉེས་པ་ཕར་ཆེར་ནི་རྩ་ལྟུང་དང་པོའི་ཕྱོགས་མཐུན་གྱི་ཉེས་པ་ཡིན་ནོ། །༢ སློབ་དཔོན་དེ༷འི༷་བཀ༷འ་ཆོས་དང་ལྡན་པ་བཅག་པ་སྟེ་བླ་མ་དམ་པས་རང་ལ་ཆེད་དུ་གཏད་པའི་ཆོས་ཀྱི་བསྒོ་བ་བཅག་ནས་བླ་མའི་ཐུགས་དཀྲུགས་པ་མེད་ཀྱང་ལུས་ངག་གང་རུང་གི་མི་དགེ་བ་ལ་ཞུགས་པའི་གསུངས་ལས་འགོ༷ངས་པ༷ས་ནི། དང་པོ་ལས་གཞ༷ན་དུ༷་འགྱུ༷ར་ཏེ༷་རྩ་ལྟུང་གཉིས་པའོ། །འདི་ནི་རྒྱུད་གཞན་ལས་གསུངས་པའི་བདེ་གཤེགས་བཀའ་འདས་དང་དོན་གཅིག་སྟེ། བླ་མའི་ཀྱང་སངས་རྒྱས་ཀྱི་གསུང་བཞིན་སྟོན་པའི་དོན་ནོ་ཞེས་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་སོ། །རྩ་ལྟུང་འདི་གཉིས་ཀྱི་ཁྱད་པར་ནི། ཕྱོགས་རྒྱལ་བའི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་ལས། དཔལ་ལྡན་བླ་མའི་མངོན་དུ་མི་དགེ་བ་བཅུ་སྤྱད་པས་ཐུགས་བཀྲུགས་པ་ནི་དང་པོའོ། །ལྐོག་ཏུ་མི་དགེ་བ་སྤྱད་པས་བཀའ་ལས་འགོངས་པ་ནི་གཉིས་པ། ཞེས་གསུངས་སོ། །མཁས་པ་གཞན་གྱིས་འདི་དང་བདེ་གཤེགས་བཀའ་འདས་གཉིས་མི་འདྲ་སྟེ། སངས་རྒྱས་ཀྱི་བཀའ་ལས་གསུངས་པའི་སྡོམ་གསུམ་གྱི་བཅས་པ་གང་རུང་ལ་ཤེས་བཞིན་དུ་ཁྱད་དུ་བསད་ནས་འགལ་བར་བྱས་པ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་ཡིན་པར་བཞེད་དོ། །༣ བླ་མ་གཅིག་པའི་སྤུན་ལ་ཁྲོས་པའི་སེམས་བསྐྱེད་ན། ཡིད་ཀྱིས་ཁྲོས་པ་ཁོ་ན་ལ་ཉིན་ཞག་གཅིག་གི་བཞི་ཆ་དང༌། ལུས་ངག་གི་རྣམ་འགྱུར་དུ་ཐོན་པ་ལ་ནི། དེ་དང་དེའི་བྱ་བ་བྱས་ཟིན་པ་ན་ངེས་པར་སྔ་མ་དེ༷་བཞི༷ན་དུ༷་རྡོ་རྗེའི་སྤུ༷ན་ལ༷་ཁྲོ༷ས་པ༷ས་རྩ་ལྟུང་གསུ༷མ་པ༷འོ༷། །སེམས་ཅན་རྣམས་ལ་བྱམ༷ས་པ༷་སྟེ། དེའི་ཁོངས་སུ་སྙིང་རྗེ་དང༌། ཀུན་རྫོབ་ཀྱི་བྱང་སེམས་ཀྱང་འདུས་པར་འགྱུར་ཏེ། བྱམས་པ་ཡོད་པ་ལ་དེ་དག་ཡོད་ཀྱི། དེ་མེད་ན་དེ་དག་ཀྱང་མེད་པས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་རྩ་བ་ནི་བྱམས་པ་ཡིན་པའི་ཕྱིར་རྩ་བ་ཡིན་པའི་ཆ་ནས་བྱམས་པ་སྨོས་པའོ། །དེ་བཏང་པ་ཆུང་ངུ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་དང༌། འབྲིང་བྱེ་མ་ལ་རི་མོ་བྲིས་པ་ལྟ་བུ་དང༌། ཆེན་པོ་བརྣག་ལ་རི་མོ་བྲིས་པ་ལྟ་བུ་སྟེ། གསུམ་པོ་ཉེས་པ་དང་བཅས་པ་ཡིན་ཡང་རྩ་ལྟུང་དུ་མི་འགྱུར་ལ། ཤིན་ཏུ་ཆེན་པོ་རྡོ་ལ་བརྐོས་པའི་རི་མོ་ལྟ་བུ་སེམས་ཅན་རྩ་བ་ནས་བློས་བཏ༷ང་བ༷ས་ནི། རྩ་བའི་ལྟུང་བ་བཞི༷་བ༷ར་འགྱུ༷ར་ཏེ༷། དེ་ལས་གཞན་ཡང་མི་འགྱུར་བའི་བདེ་བའི་རྒྱུར་ཀུནྡ་བྱང་ཆུབ་ཀྱི་སེམས་རགས་པའི་ཐེག་ལེ་རྟག་ཏུ་བསྲུང་དགོས་ཤིང༌། ཞུ་བདེ་འགྱུར་མེད་དེ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་རིམ་གྱིས་འགྲུབ་པར་འགྱུར་པ་ཡིན་པ་ལས་མི་འགྱུར་བའི་བདེ་བའི་རྒྱུ་ཐིག་ལེ་བསྲུང་བ་ལ་མ་དད་པའམ་བརྙས་པའམ་རྩིས་སུ་བྱེད་པའི་གུས་པ་མེད་པས་ཀུནྡ་བྱ༷ང་ཆུ༷བ་ཀྱི༷་སེམ༷ས་ནི༷་ཆེད་གཏད་ཀྱིས་རྩོལ་བས་ར༷བ་ཏུ༷་ཉམས་པར་བྱེད་ན། ཉ༷མས་པ༷་དེ་ལ༷ས་ཀྱ༷ང་རྩ་བའི་ལྟུང་བ་མད༷འ་རུ༷་འགྱུ༷ར་ཏེ་ལྔ་བ་ཡིན་ཏེ། ཕྱོགས་རྒྱལ་གྱི་གཞི་ལམ་འབྲས་གསུམ་ཡང་དག་དོན་གསལ་ལས། དབང་པོ་གཉིས་ཀྱི་བདེ་བ་ལམ་དུ་འདོད་པས་བྱང་སེམས་ཐིག་ལེ་ཉམས་པ་ནི་ལྔ་བ། ཞེས་གསུངས་སོ། །རྩ་ལྟུང་དངོས་ནི་དེ་ལྟར་ཡིན་ལ། སྤྱིར་གསང་དབང་ལ་སོགས་༼གཞན་དོན་དང་རི་ལུ་༽པ་དམིགས་བསལ་གསུངས་པའི་སྐབས་མ་གཏོགས། མ་དད་མ་གུས་བརྙས་པ་སོགས་མེད་ཀྱང་ཀུནྡ་ཆེད་ཀྱིས་ཉམས་པར་བྱས་པ་ཐམས་ཅད་འདིའི་ཕྱོགས་མཐུན་གྱི་ཉེས་བྱས་ཡིན་ནོ། །དེ་ཡང་དཀྱིལ་ཆོག་གི་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལས། འདིའི་འགྲེལ་བར་དེ་ཁོ་ན་ཉིད་མེད་པ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་བར་འགྱུར་རོ་ཞེས་འབྱུང་བས། འདི་རྩ་ལྟུང་དུ་འགྱུར་བའི་ཀུན་སློང་མི་འགྱུར་བའི་བདེ་བའི་ལམ་ལ་མ་གུས་པ་ཡིན་པ་གསལ་བར་བསྟན་ཏེ། ཞེས་སོགས་གསལ་བར་བསྟན་ཏོ། །འོན་ཀྱང་རྩ་ལྟུང་ལྔ་བ་འདི་དུས་འཁོར་དང་རྒྱུད་གཞན་གྱི་ལུགས་སོ་སོར་མཁས་པ་འགའ་ཞིག་གསུངས་ཏེ། རྒྱུད་གཞན་དུ་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་བསྒྲུབ་ག་ལ་ནུས་སྙམ་པའི་སྨོན་སེམས་བཏང་བ་བྱང་སེམས་ཉམས་བའི་རྩ་ལྟུང་དུ་བཞེད་དོ། །རྩ་ལྟུང་དྲུ༷ག་པ༷་ནི། མདོ་སྔགས་ཀྱིས་བསྡུས་པའི་སངས་རྒྱས་པའི་གྲུ༷བ་པའི༷་མཐ༷འ་ལ༷་ཕྲག་དོག་གི་སེམས་ཀྱིས་སྨོ༷ད་པར་བྱེད་པ༷་ཞེས་སྤྱིར་བཤད་པ་ལྟར་རམ། དེ་རྣམས་ཀྱི་ངེས་པའི་དོན་ལ་སྨོད་པ་སྟེ། གྲུབ་མཐའ་ནོར་བའི་ཆ་རྣམས་འགོག་པ་ནི་འདི་ལ་མི་གཏོགས་པར་གསུངས་སོ། །རི༷་བོ༷་ཞེས་པ་བདུན་པ་ད༷ག་ཀྱ༷ང་སྟེ་དེ་ནི། ཉན་ཐོས་ལ་སོགས་པ་རྒྱུད་མ༷་སྨི༷ན་པ་གསང་སྔགས་ཀྱི་ཆོས་ལ་མ་དད་པ་སྣོད་དུ་མ་གྱུར་པའི་མི༷་ལ༷་རྫོགས་རིམ་བདེ་བ་ཆེན་པོའི་ལམ་མམ་དབང་དང་བསྐྱེད་རིམ་ཡང་རུང་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཐབས་སམ་ལམ་དང་འབྲས་བུ་སྟེ་གས༷ང་བ༷་བྱི༷ན་པ༷་སྟེ་བསྟན་པ་ལ༷ས་དེས་ཀྱང་གོ་བས་སོ༷། །སྤྱི་ལ་གྲགས་པ་ལྟར་ན་དབང་བསྐུར་མ་ཐོབ་པ་ལ་སྔགས་ཀྱི་ཐུན་མོང་མ་ཡིན་པའི་གསང་བ་གང་བསྟན་ཀྱང་འདིར་འགྱུར་ཞེས་བྱ་ལ། བོད་ཡུལ་འདིར་དུས་ད་ལྟའི་ཆོ་ག་ཙམ་གྱིས་དབང་བསྐུར་བའི་མིང་ཅན་གྱི་གོ་རིམ་ཙམ་ཞིག་མིང་དུ་ཐོབ་ཀྱང་མི་ཕན་པ་དག་ཡོད་དེ། དུས་ཕྱིས་བོད་ཀྱི་གསུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པར་རློམ་པ་མང་པོ་ཞིག་ཀྱང་སློབ་དཔོན་དུ་འོས་པ་སྨོས་ཅི་འཚལ། དེ་ཁོ་ན་ཉིད་ཀྱི་སྣོད་ཙམ་ཡང་མིན་པར་སྣང་བའི་ཕྱིར་ཞེས་རྗེ་སྒྲོལ་མགོན་གྱིས་གསུངས་སོ། །གཞན་འདུལ་བའི་ཕྱིར་མ་ཡིན་པར་ཕུ༷ང་པོ༷་ལུས་ལ་ཉོ༷ན་མོ༷ངས་པ༷་སྟེ་སྨད་པའི་སེམས་ཀྱིས་གདུང་བ་རྩོམ་པར་བྱེད་པ་ལ༷ས། ཀླུ༷་རུ༷་འགྱུ༷ར་ཏེ༷་རྩ་ལྟུང་བརྒྱད་པའོ། །དེ་ཡང་ཕུང་པོ་ལྔ་སྡུག་བསྔལ་བ་མི་གཙང་བ་འདི་སངས་རྒྱས་སུ་བསྒོམ་མི་རུང་ཞེས་བརྙེས་པའམ། རང་གི་ཕུང་པོ་རྒུད་པར་བྱ་བའི་བསམ་པས་ཟས་བཅད་པ་སོགས་ཀྱིས་རྒུད་པར་བྱེད་པའོ། །སླ༷ར་ཡ༷ང་རྩ་ལྟུང་དགུ༷་པ༷་ནི། གདོད་ནས་རྣམ་པར་ད༷ག་པ༷འི་ཆོ༷ས་དོན་དམ་སྟོང་ཉིད་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་ལ༷་དྲང་དོན་ཡིན་ནོ་ཞེས་མ༷་ད༷ད་པར་བྱེད་པ་ག༷ང་དག་ཡིན་པའོ། །འདིའི་སྟོང་ཉིད་ནི་མདོ་རྒྱན་ལྟར་སྟོང་ཉིད་གསུམ་ག་ལ་ཀུན་མཁྱེན་གྱིས་བཞེད་ཅེས་བླང་དོར་རབ་གསལ་འགྲེལ་བར་གསུངས་སོ། །མཁས་པ་གཞན་གྱིས་གཞན་འདུལ་བའི་དོན་མིན་པར་ཆོས་ཀྱི་བདག་མེད་པའི་སྟོང་ཉིད་ཙམ་ལ་ཡིད་མ་ཆེས་ནས་སྤོང་ ན་སྟོང་ཉིད་སྤོང་བའི་རྩ་ལྟུང་དགུ་བ་ཡིན་ཞེས་བཞེད་དོ། །གཡོ་སྒྱུ༷འི༷་སྒོ་ནས་བྱ༷མས་པ༷་ལྟར་སྟོན་པ་ཁ་འཇམ་ཞེ་གདུག་བྱེད་པ་ད༷ང་ནི༷། རྩ་ལྟུང་ཕྱོ༷གས་ཏེ་བཅུ་བའོ། །དེ་ཡང་མཁས་པ་གཞན་གྱིས་རྒྱུད་གཞན་ལྟར་ན་དཀོན་མཆོག་དང་བླ་མ་ལ་སྨོད་པ། བསྟན་པ་བཤིག་པ། དམ་ཉམས་སོགས་མངོན་སྤྱོད་བྱ་འོས་པའི་གང་ཟག་ལ་ལུས་ངག་གིས་མཛའ་བར་ཏེ་ལུས་ངག་གིས་བྱམས་པར་བྱས་པ་དེ་ཡིན་པར་གསུངས་སོ། ། མི༷ང་སོ༷གས་མཚན་མ་ཐམས་ཅད་དང་བྲ༷ལ་བ༷་ཡི་དོན་དམ་བདེ༷་བ༷་ཆེན་པོ་སྟེ༷ར་བའི་ཐབས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ལམ་ལ༷་ཡང་དག་པའི་ལམ་ཡིན་མིན་ཐེ་ཚོམ་ཟ་ཞིང་རྟོ༷ག་པ༷་ནི། རྩ་ལྟུང་དྲ༷ག་པོ༷་བཅུ་གཅིག་པའོ༷། །སྟོང་གཟུགས་བདེ་གཤེགས་སྙིང་པོའི་རང་མདངས་ཡིན་པ་ལ་འཁྲུལ་སྣང་ངོ་ཞེས་སྐུར་བ་འདེབས་པ་ནི་རྩ་ལྟུང་འདིར་འགྱུར་བར་གསུངས་སོ། །ད༷ག་པ༷འི་སེམ༷ས་ཅ༷ན་ཞེས་པ་ནང་དུ་ཡང་ད༷ག་པའི་ཡེ་ཤེས་སྐྱེས་པའི་རྣལ་འབྱོར་པ་ལ༷་དེ་ལྟར་ཡིན་པ་ཤེས་བཞིན་དུའམ། ཡིན་མིན་ཐེ་ཚོམ་དང་བཅས་བཞིན་དུ་དེ་ལ་སྐྱོ༷ན་བརྗོ༷ད་ཅིང་སྨོད་པ༷་ལ༷ས་ནི། ཉི༷་མ༷་སྟེ་རྩ་ལྟུང་བཅུ་གཉིས་པར་འགྱུར་རོ། །ཚོགས་ཀྱི་འཁོར་ལོ་ལ་སོགས་པ་སྔགས་ཀྱི་སྤྱོད་པའི་དགའ་སྟོན་ལ་ཞུགས་པ་ན་གོ་ཀུ་ལ་སོགས་པ་དང༌། བི་མུ་ལ་སོགས་པ་རྣམས་ལ་མི་གཙང་བ་དང་སྨད་པའི་སེམས་ཀྱིས་བཟའ་བའི་ད༷མ་ཚི༷ག་དེ་དག་རང་གི་ལག་ཏུ་ཐོ༷བ་པ༷་སྤངས་ཤིང་གཏོ༷ང་བ༷་རུ་བྱེད་པ་ན། རྩ་ལྟུང་བཅུ་གཉིས་པ་ལ༷ས་ཀྱ༷ང་གཞ༷ན་བཅུ་གསུམ་པར་འགྱུར་རོ། །ཡུལ་བུ༷ད་མེ༷ད་ཀྱི་འགྲོ་བ་མིར་གྱུར་བའམ། ལྷར་གྱུར་པ་གཅིག་གམ་མང་བོའམ་ཀུན་ལ་ལྐོག་གམ་དངོས་སུ་སྨོད་པ་ཡིན་ཡང་རུང་སྟེ། ཇི་ལྟར་སྨོད་ལུགས་ནི། ཐ༷མས་ཅ༷ད་ལ༷་སྨོ༷ད་པར་འགྱུར་བ་དེ་ལྟ་བུས་སྨད་ན། ངེས་པར་རྩ་ལྟུང་མ༷་ནུ༷་འགྱུ༷ར་ཏེ༷་བཅུ་བཞི་པའོ། །དེ་ཐམས་ཅད་སྨོད་པར་འགྱུར་ཚུལ་ནི། གཙོ་བོ་ཐར་ལམ་གྱི་སྣོད་དུ་མི་རུང་ཞེས་སྨྲ་བ་ཡིན་ལ། གཞན་ཡང་དེ་དང་ཕྱོགས་མཚུངས་པར་འགྲོ་བ་མང་པོ་ལ་ཕན་འདོགས་པ་པོ་དང༌། མགོན་སྐྱབས་སུ་གྱུར་བ་མེད་ཅེས་དང༌། ཉོན་མོངས་མང་བ་དང༌། བློ་མི་བརྟན་པ་དང༌། གཡོ་སྒྱུ་ཆེ་བ་དང༌། འདོད་པ་ལ་བསྐམ་པ་དང༌། ཤེས་རབ་འཆལ་བ་དང༌། ཡིད་རྟོན་མེད་པ་དང༌། དབང་པོ་བརྟུལ་བ་དང༌། ཉམས་ཆུང་པ་ཡིན་ནོ་ཞེས་སོགས་བུད་མེད་ཀྱི་རིགས་ནི། སྐྱོན་དེ་དང་དེ་དག་བཅས་པའོ། །ཞེས་རིགས་དེ་དག་གིས་དངོས་སུ་གཅིག་ལ་སྨད་ཀྱང་དོན་གྱིས་ཐམས་ཅད་ལ་སྨད་པར་འགྱུར་བ་དེ་ལྟ་བུའོ། །དེ་ལྟར་ན་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་ནི། རྡོ་རྗེ་ཐེག་པའི་དམ་ཚིག་ཐོབ་པ་རྣམས་ལ་བྱུང་ན། དམ་ཚིག་ཉམས་པར་འགྱུར་བས་རྡོ༷་རྗེ༷་ཐེ༷ག་པ༷ར་གན༷ས་པ༷་རྣ༷མས་ཀྱིས་བསྲུང་བ་ལ༷་འབད་པར་བྱའོ༷། །རྩ་ལྟུང་དྲུག་པ་དང་བདུན་པ་བཅུ་གཉིས་པ་དང༌། བཅུ་བཞི་པ་ལ་ངེས་པར་ངག་གི་ལས་སུ་ཐོན་དགོས་ཤིང༌། བརྒྱད་ པ་དང་ལྔ་པ་ལ་ལུས་ཀྱི་ལས་སུ་གྲུབ་པ་དགོས། གཞན་རྣམས་ལ་ཡིད་ཁོ་ནས་ཀྱང་རྩ་ལྟུང་དུ་འགྱུར་བ་ཡོད་དེ། ཡིད་ཀྱི་དེ་རྣམས་ཐུན་ཐུན་མཚམས་གཅིག་གི་ནང་དུ་གཉེན་པོས་མ་སླེབ་ན་རྩ་ལྟུང་དུ་འགྱུར་ལ། ངག་དང་འབྲེལ་བ་རྣམས་ཕ་རོལ་པོ་གང་རུང་གཅིག་གིས་གོ་བ་དང༌། ལུས་དང་འབྲེལ་བ་རྣམས་བྱ་བ་དེ་བྱས་ཟིན་པ་ན་རྩ་ལྟུང་དུ་འགྱུར་རོ། །རྩ་ལྟུང་འདི་དག་ལ་ཐུན་མོང་གི་ཡན་ལག སྔགས་སྡོམ་ཐོབ་ལ་མ་བཏང་བ། ཤེས་པ་རང་བཞིན་དུ་གནས་པ་གཉིས་ཐམས་ཅད་ལ་དགོས་སོ། །མཁས་མཆོག་གཞན་གྱིས་ཕལ་ཆེར་ལ་བྱང་ས་ལྟར་ཀུན་དཀྲིས་ཚང་བའང་དགོས་པས་ཟག་པ་ཆུང་འབྲིང་ལ་སྦོམ་པོར་འགྱུར་བར་བཞེད་དོ། །དཔལ་ལྡན་བླ་མའི་ཐུགས་དཀྲུག་པ་སོགས་བྱས་ན་ཐུན་མཚམས་སམ་ཞག་གཅིག་གི་ཁོངས་སུ་བཤགས་དགོས་ཏེ། རྗེ་སྒྲོལ་མགོན་གྱིས་མཛད་པའི་དུས་འཁོར་དཀྱིལ་ཆོག་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལས། ཕྲག་དོག་གི་རྣམ་རྟོག་སྐད་ཅིག་ཙམ་སྐྱེས་པས་ཀྱང་ཡུལ་ཕྱོགས་ཉེ་བ་ན་ཡོད་ན་ཐུན་མཚམས་སམ་ཉིན་གཅིག་གི་ཁོངས་སུ་བཤགས་ཤིང་ཕྱིར་བཅོས་མ་བྱས་ན། དམྱལ་བ་བརྒྱད་པ་རྡོ་རྗེའི་དམྱལ་བར་འཇུག་པར་བཤད་པས། དེ་ལས་དཔག་སྟེ་རྩ་ལྟུང་དང་པོ་དང་གཉིས་པ་ཡན་ལག་ཚང་བར་སྤྱད་ན། དམྱལ་བ་བརྒྱད་ཀྱི་ནང་ན་རྡོ་རྗེའི་དམྱལ་བར་འཇུག་གོ །བླ་མ་ལ་བརྟེན་པའི་རྩ་ལྟུང་འདི་ནི་ཡུལ་ཁོ་ནས་ གཉིས་པ་སྦོམ་པོའི་ལྟུང་བ་ལ། ༡ རིག་མ་དབང་བསྐུར་བ། དམ་ཚིག་དང་སྡོམ་པ་བཀོད་པ་སྔགས་དང་རྒྱུད་ལེགས་པར་བསླབ་པ་སོགས་ཀྱིས་མ་སྦྱང་བར་རིག་མར་བསྟེན་པ་དང༌། དེ་ལྟར་སྨིན་པ་སོགས་བྱས་ཀྱང་ན་བ་དང༌། བརྟུལ་ཞུགས་ལ་གནས་པ་སོགས་བརྟེན་པ་བདག་གིར་མི་བྱེད་བཞིན་ནན་གྱིས་སྤྱོད་པ་དང༌། ཡན་ལག་སོགས་འཕྱ་ཞིང་དེའི་སེམས་ཞུམ་པར་འགྱུར་བའི་བཞད་གད་བྱེད་པ་གསུམ་ནི། ཤེས་རབ་སྟོབས་ཀྱིས་ལེན་པ་སོགས་ཀྱི་སྦོམ་པོ། ༢ ལྷའི་ང་རྒྱལ་མེད་པ། བྱིན་རླབས་མ་བྱས་པ། མ་དད་པའི་མདུན་དང༌། ཁྱད་པར་གྱི་དུས་མིན་པར་སྤྱད་པ་བདུད་རྩི་སྟོབས་ཀྱི་ལེན་པའི་སྦོམ་པོ། ༣ དབང་མ་ཐོབ་པའམ་ཐོབ་ཀྱང་སྔགས་ལ་མི་དད་པ་ལ་སྔགས་ཀྱི་བྲིས་སྐུ་གླེགས་བམ་སྦས་པའི་རྡོལ་དྲིལ་རྒྱན་དྲུག་སོགས་དང་ལག་པའི་ཕྱག་རྒྱ་རྐང་གདུབ་སོགས་བསྟན་ན་སྣོད་མིན་ལ་གསང་བ་སྟོན་པའི་སྦོམ་པོ། ༤ ཚོགས་འཁོར་དང་དཔའ་ བོ་དཔའ་མོའི་སྟོན་མོ་ཚུལ་བཞིན་བྱེད་པའི་ཚེ་ཁ་གཤགས་ཅུང་ཟད་དམ་ལུས་ཀྱིས་ཐལ་མོ་བརྡེགས་པ་ཙམ་ཡན་ཆད་ཀྱིས་རྩོད་ན་ཚོགས་ཀྱི་ནང་དུ་རྩོད་པའི་སྦོམ་པོ། ༥ སྣོད་ལྡན་གྱི་གང་ཟག་གིས་ཆོས་ཀྱི་དོན་འདྲི་བ་ན་ཤེས་བཞིན་དུ་ལན་ལོག་པར་འདེབས་ན་དད་ལྡན་ལ་གཞན་ཆོས་སྟོན་པའི་སྦོམ་པོ། ༦ གསང་སྔགས་ལ་སུན་འབྱིན་པའི་ཉན་ཐོས་ཐེག་པ་པའི་ནང་དུ་ཞག་དྲུག་གནང་བ་ལ་དགོས་པ་མེད་པར་ཞག་བདུན་གནས་ན་ཉན་ཐོས་ནང་དུ་ཞག་བདུན་གནས་པའི་སྦོམ་པོ། ༧ ལྷ་དང་སྔགས་ཀྱི་དེ་ཉིད་མི་ཤེས་པར་ལྷའི་སྒྲུབ་ཐབས་ཙམ་མམ་བསྐྱེད་རྫོགས་སུ་མིང་བཏགས་པ་རླུང་སྦྱོར་ལྟ་བུའི་དམིགས་པ་ཐུན་རེ་ཙམ་བསྒོམ་པས་ང་རྣལ་འབྱོར་བའོ་ཞེས་འཛིན་ཅིང་སྟོན་ན་རྫུན་གྱིས་རྣལ་འབྱོར་ང་རྒྱལ་བྱེད་པའི་སྦོམ་པོ། འདི་ནི་དེང་སང་འབྱུང་ཉེ་བར་གསུངས་སོ། །༨ དབང་གི་མ་སྨིན་པའི་སྔགས་ལ་མ་དད་པ་ལ་དབང་བསྐུར་བའམ་སྨིན་ཡང་སྔགས་ལ་མ་དད་པར་ཕྱིའི་ཆོས་ལ་མོས་པ་ ལ་སྔགས་ཀྱི་གསང་བ་བསྟན་ན་དད་པ་མེད་པ་ལ་ཆོས་སྟོན་པའི་སྦོམ་པོ་དང་བརྒྱད་སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་གསུངས་སོ། །རྒྱུད་སྡེ་གོང་མ་གཉིས་ལ་དཀྱིལ་འཁོར་དེའི་གཙོ་འཁོར་ཡོངས་སམ་འོག་མ་གཉིས་ལ་གཙོ་བོའི་གྲངས་བསྙེན་དུས་དང་མཚན་མ་གང་རུང་གི་བསྙེན་པ་དང༌། ཁ་སྐོང་གི་སྦྱིན་སྲེག་ལྷའི་རྣལ་འབྱོར་སོགས་དག་པར་མ་བྱས་པར་གཞན་ལ་དབང་བསྐུར་བ། བདག་འཇུག རབ་གནས། སྦྱིན་སྲེག་སོགས་བྱས་ན་བསྙེན་སོགས་དག་པར་མ་བྱས་པར་དཀྱིལ་འཁོར་གྱི་ལས་ལ་འཇུག་པའི་སྦོམ་པོ། དགེ་སློང་རྡོ་རྗེ་འཛིན་པས་སྦྱིན་སྲེག་གི་ཚེ་མེ་རེག་གི་དུས་དྲན་དང་འབྲུ་ལ་རུང་བ་མ་བྱས་པར་བསྲེག་པ་ལྟ་བུ་ནི་སྡོམ་པ་གཉིས་ཀྱི་བཅས་པ་ལས་དགོས་མེད་དུ་འདས་པའི་སྦོམ་པོ་སྟེ་དེ་ལྟར་ན་སྦོམ་པོ་བཅུ་གསུངས་སོ། །དེར་མ་ཟད་འཆད་འགྱུར་གྱི་དམ་ཚིག་རྣམས་ལས་འདས་པ་ལའང་སྦོམ་པོ་འབྱུང་བར་གསུངས་པས། དམ་ཚིག་ལ་རིགས་ལྔ་སོ་སོའི་དམ་ཚིག་དང༌། སྤྱིའི་དམ་ཚིག་གཉིས་ལས། དང་པོ་ནི། མི་དགེ་བཅུ་ནས་རིམ་གཉིས་ཀྱི་གེགས་ཐ་མལ་གྱི་སྣང་ཞེན་བར་སྡོམ་པའི་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་དང༌། དགེ་བཅུ་ནས་རིམ་གཉིས་ཀྱི་བར་བསྒོམ་པ་དགེ་བ་ཆོས་སྡུད་དང༌། ཞི་རྒྱས་དབང་དྲག་གི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་གསུམ་ལ་བསླབ་པ་གསུམ་དང༌། སངས་རྒྱས་ཡི་དམ། ཆོས་ལམ་རིམ་གཉིས་དང་ཟུང་འཇུག དགེ་འདུན་ལམ་དེ་བསྒྲུབ་པའི་དཔའ་བོ་མཁའ་འགྲོ་སོགས་ལ་འབྲས་བུ་ལམ་བྱེད་ཀྱི་སྐྱབས་སུ་འགྲོ་བ་གསུམ་སྟེ་དྲུག་རྣམ་སྣང་རིགས་ཀྱི་དམ་ཚིག རྡོ་རྗེ་དང་དྲིལ་བུ་ཚད་ལྡན་ནམ་བྲིས་པ་ཡན་ཆད་གསང་བར་འཆང་སྟེ་མཚོན་དོན་ཐབས་ཤེས་དྲན་པ། རང་ལྷར་བསྐྱེད་དེ་བསྒོམ་བཟླས་བྱེད་པའམ་ཡེ་ཤེས་ཀྱི་ཕྱག་རྒྱ་སོགས་བསྟེན་པ་སྟེ་རྡོར་དྲིལ་ཕྱག་རྒྱའི་དམ་ཚིག་གསུམ་དང༌། དེ་དག་གི་རྟེན་སློབ་དཔོན་ཚུལ་བཞིན་དུ་བསྟེན་པ་བཞི་མི་བསྐྱོད་པའི་དམ་ཚིག གཞན་ལ་ནོར་སོགས་སྦྱིན་པ། ཆོས་ཚིགས་བཅད་གཅིག་ཡན་ཆད་སྦྱིན་པ། བཏང་སྙོམས་ཚད་མེད་བསྒོམ་པ་སོགས་གཞན་ལ་མི་འཇིགས་པ་སྦྱིན་པ། སེམས་ཅན་ཐམས་ཅད་ལ་བྱམས་པ་བསྒོམས་སྟེ་ཟང་ཟིང་ཆོས་མི་འཇིགས་པ་བྱམས་པའི་སྦྱིན་པ་བཞི་ལ་བསླབ་པ་རིན་འབྱུང་གི་རིགས་ཀྱི་དམ་ཚིག འདི་དག་དངོས་སུ་བྱེད་པ་མ་བྱུང་ཚེ་རང་ལུས་སོགས་གཏོང་བའི་བསམ་པ་དང་གཞན་ལ་བསྔོ་བ་དང་གཏོང་སེམས་སྤེལ་བ་དང༌། བཏང་སྙོམས་དང་བྱམས་པ་བསྒོམ་པར་བྱའོ། །ཕྱི་བྱ་སྤྱོད། གསང་བ་རྣལ་འབྱོར་རྒྱུད་དང་བླ་མེད། ཉན་རང་ཐེག་ཆེན་གྱི་ཐེག་པ་གསུམ་གྱི་ལུང་རྟོགས་ཀྱི་ཆོས་གསུམ་མི་སྤོང་བར་འཛིན་པ། འོད་དཔག་མེད་ཀྱི་རིགས་ཀྱི་དམ་ཚིག སྔར་ཁས་བླངས་བའི་སྡོམ་པ་ན་སྦར་ནས་འཛིན་པ་དང༌། ཕྱི་ནང་གསང་བ་དེ་ཁོ་ན་ཉིད་ཀྱི་མཆོད་པ་བཞི་ཅི་ནུས་ཀྱིས་མཆོད་པ་གཉིས་དོན་གྲུབ་རིགས་ཀྱི་དམ་ཚིག་སྟེ་བཅུ་དགུ་བོ་དེ་དག་རིགས་ལྔ་གའི་སྒྲུབ་པ་པོ་ཐམས་ཅད་ཀྱིས་བསྲུང་དགོས་ཀྱང༌། རང་གི་རིགས་གང་ཡིན་པའི་དམ་ཚིག་ལ་ལྷག་པར་ནན་ཏན་བྱེད་དགོས་པས་སོ་སོའི་དམ་ཚིག་ཅེས་གསུངས་ལ། བསྲུང་ཚུལ་ནི་དེ་དག་ལ་ཉིན་མཚན་དུས་དྲུག་ཏུ་བསྔོ་བགྲང་བྱས་ནས་བསྲུང་སེམས་སྤེལ་བ་ཡིན་ལ། དེ་དག་དུས་གཅིག་མ་བསྐྱངས་ན་སྦོམ་པོ་རེ་འབྱུང་བས་དུས་དྲུག་ཏུ་དེ་དག་གི་སྒོ་ནས་སེམས་ཅན་ཉོན་སྒྲིབ་ལས་མ་གྲོལ་རྣམས་དཀྲོལ་བ་དང་ཤེས་སྒྲིབ་ལས་མ་བསྒྲལ་བ་རྣམས་བསྒྲལ་བ་དང༌། ངན་སོང་གསུམ་ལས་དབུགས་མ་ཕྱིན་པ་རྣམས་དབུགས་དབྱུང་ཞིང་སེམས་ཅན་ཀུན་མི་གནས་པའི་མྱང་འདས་ལ་འགོད་པར་བྱའོ་སྙམ་དུ་བསླབ་པ་ཡིན་ནོ། །གཉིས་པ་རིགས་ལྔ་སྤྱིའི་དམ་ཚིག་ལ་གཉིས་ལས། རྩ་བའི་དམ་ཚིག་བསྲུང་ཚུལ་ནི། སྔར་གྱི་རྩ་བའི་ལྟུང་བ་དང་སྦོམ་པོའི་ལྟུང་བ་རྣམས་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག་ཏུ་རང་རྒྱུད་ལ་བྱུང་མ་བྱུང་བརྟགས་ཏེ་བྱུང་ན་ཕྱིར་འཆོས་པ་དང་མ་བྱུང་ན་དགའ་བ་བསྒོམ་ཞིང་ཕྱིན་ཆད་སྲོག་ལ་བབས་ཀྱང་མི་བྱ་སྙམ་པའི་བསྲུང་སེམས་བསྟེན་པ་ཡིན་ནོ།

གཉིས་པ་ཡན་ལག་གི་དམ་ཚིག་གསུམ།

གཉིས་པ་ཡན་ལག་གི་དམ་ཚིག་གསུམ་ལས།

སྤོང་བའི་དམ་ཚིག་ནི། རྩ་བ་བཞི་ཆང་དང་བཅས་སྤོང་བ་དང་སེམས་ཅན་འདུལ་བའི་ཕྱིར་མ་གཏོགས་བྱ་བ་མ་ཡིན་པ་ཐམས་ཅད་སྤངས་པ་ལ་བརྩོན་པར་བྱ་བའོ། །གཉིས་པ་བསྟེན་པའི་དམ་ཚིག་ནི། བླ་མ་དམ་པ་ལ་བསྟེན་ཞིང༌། རྣལ་འབྱོར་བ་རྣམས་ལ་བསྙེན་བཀུར་བྱ་བ། དགེ་བའི་ལས་ལམ་བཅུ་ནུས་པ་ཅི་ཡོད་ཀྱིས་སྐྱོང་ཞིང་སྤེལ་བར་བྱེད་པའོ། །གསུམ་པ་སྤོང་བའི་དམ་ཚིག་གཞན་བསྟན་པ་ནི། ཐེག་དམན་གྱི་ལམ་གྱིས་བགྲོད་འདོད་མི་བྱ་ཞིང༌། དེའི་འབྲས་བུ་ཉན་རང་གི་མྱང་འདས་ལ་སྨོན་ཅིང་ཆགས་པར་མི་བྱ་ལ། སེམས་ཅན་གྱི་དོན་ལ་རྒྱབ་ཀྱིས་མི་ཕྱོགས་པར་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་གོ་ཆ་གྱོན་པ། ལྷ་དང་ལྷ་མིན་གསང་བ་སྟེ་གནོད་སྦྱིན་བཅས་ལ་བརྙས་པར་མི་བྱ་ཞིང༌། ལྷའི་གཟུགས་བྲིས་པའི་ཕྱག་རྒྱ་དང༌། ལྷའི་བཞོན་པའི་གཟུགས་བྲིས་པའམ་དངོས་དང་བླ་མའི་བཞོན་པ་མཚོན་ཆ་ལྷའི་ཕྱག་མཚན་རལ་གྲི་སོགས་དང༌། མཚན་མ་ལྷའི་ཕྱག་མཚན་འཁོར་ལོ་རྡོ་རྗེ་སོགས་འགོམ་པ་དང༌། དེ་འདྲའི་གཟུགས་བྱས་ཏེ་བཟའ་བར་མི་བྱ་ལ། དམན་མ་ལྷ་ལ་ཕུལ་བའི་མཆོད་རྫས་རྙིང་བ་རྣམས་རྐང་བས་བརྫི་བ་དང༌། ཡོ་བྱད་གཞན་དེའི་སྟེང་དུ་བཞག་པ། ལྷ་དང་བླ་མ་མཆོད་རྟེན་སོགས་ཀྱི་གྲིབ་མ་འགོམ་པར་མི་བྱ་ལ། གལ་སྲིད་འགོམ་དགོས་པ་བྱུང་ན། ཨོཾ་བཛྲ་བེ་གཱ་ཀྲ་མ་ཧཱུཾ། ཞེས་བརྗོད་ཅིང་རང་ཉིད་དེ་དག་གི་འོག་ནས་འཇུག་པའི་མོས་པ་བྱ། དེ་ལྟར་རིགས་ལྔ་སྤྱི་དང་སོ་སོའི་དམ་ཚིག་རྣམས་དུས་དྲུག་ཏུ་བསྔོ་བགྲང་བྱས་ཏེ་བསྲུང་བར་བྱའོ། །

བརྟུལ་ཞུགས་ཉི་ཤུ་རྩ་ལྔ།

བརྟུལ་ཞུགས་ཉི་ཤུ་རྩ་ལྔ།

གཞན་ཡང་དུས་ཀྱི་འཁོར་ལོའི་རྒྱུད་ལས་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་གསུངས་ཏེ། དུས་འཁོར་དཀྱིལ་ཆོག་གི་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལས། བཞི་བ་བརྟུལ་ཞུགས་ཉེར་ལྔ་སྦྱིན་པ་ནི། འཚེ་དང་སོགས་ཏེ་དེ་ཡང་རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ཞེས་བྱ་བ། ཡོད་པའི་སྡིག་པ་ལྔ། ཉེ་བའི་སྡིག་པ་ལྔ། གསོད་པ་ལྔ། འཁུ་བ་ལྔ། ཆགས་པ་ལྔ་སྟེ་ཉི་ཤུ་རྩ་ལྔ་པོ་འདི་རྣམས་ལས་ཟློག་པ་དཔལ་རྡོ་རྗེ་སེམས་དཔའི་དམ་ཚིག་གི་ཡན་ལག་ཡིན་ཕྱིར་བརྟུལ་ཞུགས་སུ་བསྲུང་དགོས་ལ། ཞེས་སོགས་གསུང་པ་ལྟར། ཡོད་པའི་སྡིག་པ་ལྔ་ནི། སྲོག་གཅོད་པ་འཚེ་བ་དང༌། མི་བདེན་པ་རྫུན་ཚིག་དང༌། གཞན་གྱི་བུད་མེད་བསྟེན་པ་སོགས་འདོད་པས་ལོག་པར་གཡེམས་པ་དང༌། གཞན་གྱི་ནོར་མ་བྱིན་པར་ལེན་པ་དང༌། ཆང་གི་བཏུང་བས་མྱོས་པར་བྱེད་པ་སྟེ། དེ་རྣམས་ཕྱོགས་མཐུན་ཆ་ལག་དང་བཅས་པ་སྤོང་དགོས་སོ། །ཉེ་བའི་སྡིག་པ་ལྔ་ནི། ཤོ་དང་མིག་མང་དང་དེ་དག་དང་འདྲ་བ་རྣམས་ནི་ཆོ་ལོ་རྩེ་བ་དང༌། བཟའ་བ་དང་རིན་གྱི་དོན་དུ་བསད་པ་སོགས་མཐོང་ཐོས་དོགས་པའི་ཤ་སོགས་སྡིག་དང་བཅས་པའི་ཟས་རྣམས་སོ། །ཆོས་མ་ཡིན་པ་ལ་ཆོས་སུ་ལོག་པར་རློམ་པ་ནི། མཚན་མ་སྟེ་མཚན་མའི་རྣམ་གཡེང་དང་ཉོན་མོངས་པ་འཕེལ་བྱེད་ཀྱི་བསྟན་བཅོས་ངན་པ་ཀློག་པ་དང༌། ཉོན་མོངས་ཅན་གྱིས་ཀུན་ནས་སླངས་བའི་ངག་འཁྱལ་སྣ་ཚོགས་དང༌། མཚུན་འཐོར་བ་མཆོད་སྦྱིན་རིག་བྱེད་རྣམས་དང་ལྔའོ། །གསོད་པ་ལྔ་ནི། བ་ལང་གསོད་པ། བྱིས་པ་གསོད་པ། བུད་མེད་གསོད་པ། སྐྱེས་པ་གསོད་པ་དང༌། ལྷ་མིའི་བླ་མ་གསོད་པ་དང་ལྔའོ། །འཁུ་བ་སྟེ་ཁྲོ་བ་ལྔ་ནི། ཆོས་དང་འཇིག་རྟེན་གང་རུང་དང་སྦྲེལ་ཡང་རུང་སྟེ་མཉམ་པར་འགྲོགས་པའི་གྲོགས་པོ་དང༌། བཀུར་བར་འོས་པའི་རྗེ་བོ་དང༌། ལྷ་དང་མིའི་བླ་མ་སངས་རྒྱས་དང༌། དགེ་སློང་གི་དགེ་འདུན་དང༌། ཡིད་བརྟན་པར་འོས་པའི་ཡུལ་མཁན་སློབ་སོགས་ལ་ཁྲོ་བའོ། །དེ་ལྟར་ཉི་ཤུ་ནི་འཕྲལ་སྤྱོད་ཀྱི་སྒོ་ནས་སྤངས་ཤིང་ཟློག་པ་ཞིག་དགོས་ལ། ཆགས་པ་ལྔ་ནི། མིག་གི་དབང་པོ་ཡུལ་གཟུགས་ལ་ཆགས་པ་སོགས། དབང་པོ་ལྔ་ཡུལ་ལྔ་ལ་ཆགས་པ་ཞེས་བྱ་ན། དབང་ཤེས་ཀྱི་རྗེས་སུ་འབྲང་བའི་རྣམ་རྟོག་ཡུལ་ལ་ཆགས་པའོ། །དེ་ནི་སོ་སོ་སྐྱེ་བོ་འདོད་ཁམས་པ་རྣམས་ཀྱིས་རྩ་བ་ནས་ཟློག་པར་མི་ནུས་ཀྱང༌། དེའི་གཉེན་པོ་ཉིན་རེ་བཞིན་དུ་ཐུན་གསུམ་སོགས་བསྒོམ་པའོ། །གཉེན་པོ་ཡང་བསྐྱེད་རིམ་ལ་ཡུལ་དབང་ལྷ་སྐུར་ང་རྒྱལ་བྱེད་པ་དང༌། རྫོགས་རིམ་ལ་སོ་སོར་སྡུད་པའི་རྣལ་འབྱོར་གྱིས་སོ། །བརྟུལ་ཞུགས་ཉེ་ལྔ་འདི་རྒྱས་པར་ཏཱ་ར་ནཱ་ཐས་མཛད་པའི་དུས་འཁོར་དཀྱིལ་ཆོག་རྣམ་བཤད་བདུད་རྩིའི་རྒྱ་མཚོ་སོགས་ལས་ཤེས་པར་བྱའོ། །

གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ།

གསུམ་པ་ཉམས་ན་ཕྱིར་བཅོས་པའི་ཚུལ་ནི།

བག་མེད་ལ་སོགས་པའི་དབང་གིས་བླ་མ་ལ་སྨོད་པ་སོགས་རྩ་ལྟུང་བཅུ་བཞི་གང་རུང་བྱུང་ན་འགྱོད་སེམས་དྲག་པོས་བླ་མ་ལ་ཅི་འབྱོར་བས་མཆོད་པ་སྔོན་དུ་འགྲོ་བས། སྐྱབས་འགྲོ་སེམས་བསྐྱེད་ནན་ཏན་བྱས་ནས་དབང་དང་འབྲེལ་བར་སྡོམ་པ་སླར་གསོ་བར་བྱ་ལ། སྟོབས་བཞི་ཚང་བའི་སྡིག་སྦྱོང་དགོས་སོ། །རྩ་ལྟུང་གི་ཡན་ལག་མ་ཚང་བ་ཕམ་པའི་སྡེར་གཏོགས་པའི་སྦོམ་པོ་རྣམས། ཡུལ་བླ་མའམ་སྔགས་ཀྱི་སྡོམ་ལྡན་ལ། རྒན་ན་ཕྱག་འཚལ་གཞོན་ན་འདུད་པ་ཙམ་བྱས་སྙན་གསན་ཕབ་ནས། ཙོག་པུར་འདུག་སྟེ་ཕམ་པའི་མིང་རིགས་ཀྱི་ཕྱིར་བཅོས་དང༌། སྦོམ་པོ་གཞན་རྣམས་སྦོམ་པོའི་མིང་རིགས་ཀྱི་ཕྱིར་བཅོས་བྱེད་ཚུལ་གྱི་ཆོ་ག་གཞན་ལས་ཤེས་པར་བྱའོ། །གཞན་ཡང་ཐམས་ཅད་མཁྱེན་པ་ཏཱ་ར་ནཱ་ཐས་དམ་ཚིག་ཉམས་ན་སླར་གསོ་བར་བྱེད་པའི་ཚུལ་འདི་ལྟར་གསུངས་ཏེ། དུས་འཁོར་དཀྱིལ་ཆོག་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལས། གལ་ཏེ་དམ་ཚིག་ཉམས་ན་སླར་གསོ་བར་བྱེད་པའི་ཚུལ་ནི། རྒྱུད་ལས། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིས་སོ། །བུམ་པ་གསང་བ་ལ་གནས་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། །རྩ་བའི་ལྟུང་བ་བྱུང་བ་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། །དེ་ལ་ཡོན་ཏན་ལྡན་པ་ཞེས་པ་ནི་ཕྱིས་མི་བྱེད་པའི་སྡོམ་པ་ལ་གནས་པ་ཡིན་ཏེ། །འདི་ནི་སྐབས་འདིའི་དོན་ཚན་རྣམ་གྲངས་གལ་ཆེ་ཤོས་གཅིག་ཏུ་སྦྱོར་རྒྱུ་ཡིན་ནོ། །དེ་ཡང་དབང་བདུན་ཐོབ་ལ་གོང་མ་མ་ཐོབ་པ་ནི། རྩ་ལྟུང་བྱུང་ན་སྡིག་པ་སྦྱང་བའི་ཐབས་རང་འདོད་པའི་ལྷའི་སྙིང་པོའམ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གི་བཟླས་པས་དག་པར་ནུས་པ་དང༌། བུམ་དབང་དང་གསང་བའི་དབང་བསྐུར་ཙམ་ཐོབ་པ་ལ་ནི། སློབ་དཔོན་གྱིས་ཇི་སྐད་བཀའ་སྩལ་བའི་བརྟུལ་ཞུགས་ངེས་པའི་ཆད་པ་དང་དུ་བླངས་པས་སྡིག་པ་དག་པར་འགྱུར་ཏེ། དེ་ཡང་བུམ་དབང་ཙམ་ཐོབ་པ་ལ་ཡོན་འབུལ་བ་དང་ཕྱག་ མཆོད་སོགས་བསོད་ནམས་ཀྱི་ཚོགས་ཆད་པ་ཙམ་དང༌། དེ་སྟེང་གསང་དབང་ཡང་ཐོབ་པ་ལ་ནི། བསོད་ནམས་ཀྱི་ཚོགས་ཀྱི་ཆད་པ་སྔོན་དུ་འགྲོ་བའི་དཀའ་ཐུབ་དཀའ་སྤྱད་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་ཆད་པ་ཉམས་སུ་བླང་དགོས་པ་ཡིན་ནོ། །གལ་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་ན། དེ་ལ་བྱུང་བའི་རྩ་ལྟུང་ནི། ཆད་པའི་ལས་ཙམ་གྱིས་དག་པར་མི་འགྱུར་བས་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཅི་ནུས་ཅི་ལྕོགས་སུ་བྱས་ནས་མཐོལ་བཤགས་རྒྱ་ཆེར་ཕུལ་ཏེ། བསྐྱེད་པའི་རིམ་པའམ་རྫོགས་པའི་རིམ་པའི་རྣལ་འབྱོར་ལ་ནན་ཏན་དུ་འབད་པས་རིམ་གྱིས་ལྟུང་བ་བྱང་བར་འགྱུར་རོ། །འདིའི་འགྲེལ་བར། སློབ་དཔོན་གྱིས་འདིའི་ཆད་པ་སྦྱིན་པར་མི་འགྱུར་རོ་ཞེས་པ་ནི། བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཆད་ལས་བྱིན་པ་ཙམ་ལས་ལྟུང་བ་དག་པར་སློབ་དཔོན་གྱིས་གནང་བ་མི་སྦྱིན་པ་ཁོ་ན་སྟེ། སྦྱིན་པར་མི་འགྱུར་རོའི་དོན་སྦྱིན་པ་ཙམ་གྱིས་དག་པར་མི་འགྱུར་ཅེས་པའོ། །སྤྱིར་སློབ་དཔོན་གྱིས་དགེ་བའི་ཆད་ལས་སྟེར་བ་བཀག་པའོ་སྙམ་དུ་སེམས་ཤིང་སྨྲ་བ་མ་ཡིན་གྱི། སྐབས་དེར་དགེ་བ་གང་བསྒྲུབ་ཀྱང་དེའི་ལྟུང་བའི་གཉེན་པོར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་རོ། །ཞེས་པ་ནས། རྩ་བའི་ལྟུང་བ་བྱུང་བ་ཀུན་ལ་སྡོམ་པ་ཞིག་པའམ་རྩ་བ་ནས་མ་ཞིག་ཀྱང་ཉམས་སྨད་པའི་ཕྱིར་རོ། །སླར་བླང་བའམ་གསོ་བའི་དོན་དུ་དཀྱིལ་འཁོར་ཆེན་པོ་འདིར་ཡོངས་སུ་ཞུགས་ཏེ་དབང་བླང་བར་བྱའོ། །དེའི་ཚེ་སྡོམ་པ་སོར་ཆུད་པས་སློབ་དཔོན་གྱི་བཀའི་གནང་བ་ཐོབ་པར་བྱས་ནས་ཚོགས་ཀྱི་འདུས་པར་འཇུག་ཏུ་རུང་ལ། སྔོན་ལྟུང་བ་མ་བྱུང་བའི་དུས་ན་གཞན་གྱི་གྲལ་སོགས་བཀུར་སྟི་དབང་བ་ཡིན་ཡང༌། སྐབས་དེར་དམ་ཚིག་གི་བསླབ་པ་གཞོན་པ་རྣམས་ཀྱང་གྲལ་གོང་དུ་བཏང་སྟེ། དམ་ཚིག་བསྐྱར་བ་དེ་ནི་གྲལ་གྱི་ཐ་མར་བཞག་པར་བྱའོ། །ཞེས་པ་ནས། དེ་ལྟར་དམ་ཚིག་གསོའི་ཟིན་ནས། གཟོད་བཟླས་བརྗོད་དང་ཆད་ལས་སོགས་བླང་བར་བྱ་བ་ཡིན་གྱི་དམ་ཚིག་མ་བསྐྱལ་པ་ལ་བཟླས་བརྗོད་བྱ་བར་མི་རིགས་སོ། །ཞེས་སོགས་གསུངས་སོ། །གཞན་རིམ་གཉིས་བསྒོམ་པ། གཟུངས་སྔགས་ཟབ་མོ་བཟླ་བ། ལྟུང་བཤགས་སྤྱི་བཤགས་སོགས་སྡིག་ལྟུང་སྦྱོང་བའི་ཐབས་མང་དུ་གསུངས་ལ། ཁྱད་པར་དུ་རང་གི་སྤྱི་བོར་རྡོར་སེམས་ཡབ་ཡུམ་བསྒོམས་ནས་བདུད་རྩི་འབེབ་སྦྱོང་གི་དམིགས་པ་དང་སྟོབས་བཞིས་ནན་ཏན་བྱས་ཏེ་ཉིན་རེ་བཞིན་ཡི་གེ་བརྒྱ་བ་ཉེར་གཅིག་རེ་མ་ཆག་པར་བཟླས་ན། ལྟུང་བ་ཞག་རེ་བཞིན་ཉིས་འགྱུར་དུ་འགྲོ་བའི་འཕེལ་ཁ་ཆད་ཅིང༌། འབུམ་ཕྲག་གཅིག་བཟླས་ན་རྩ་ལྟུང་ཡང་རྣམ་པར་དག་པར་གསུངས་སོ། །འདི་ནི་བྱ་སླ་ལ་དོན་ཆེ་པས་ན་བདག་ལེགས་སུ་འདོད་པ་རྣམས་ཀྱིས་འབད་པར་བྱའོ། །བཤགས་པའི་སྐབས་ཀུན་ཏུ་གཉེན་པོ་སྟོབས་བཞི་ཚང་དགོས། དེ་ལ་སྔ་མ་ལ་འགྱོད་སེམས་དྲག་པོ། ཕྱི་མ་ལ་སྡོམ་སེམས་གཉིས་ངེས་པར་དགོས་ཤིང༌། དེ་ལ་མ་བསྲུང་བའི་ཉེས་དམིགས་དང༌། བསྲུང་བའི་ཕན་ཡོན་བསམ་པ་དགོས་པས། ཚེ་འདིའི་ཉེས་དམིགས་རྩ་ལྟུང་སོགས་བྱུང་ན་བདུད་དང་ལོག་འདྲེན་སོགས་ཀྱིས་བཟུང་སྟེ། རིམས་ནད་སོགས་མི་འདོད་པ་སྣ་ཚོགས་འབྱུང་ཞིང༌། ཕྱི་མར་དམྱལ་བ་ཆེན་པོ་རྣམས་སུ་སྡུག་བསྔལ་ཚད་མེད་པ་མྱོང་བར་འགྱུར་རོ། །

བཞི་བ་བསྲུངས་པའི་ཕན་ཡོན།

བཞི་བ་བསྲུངས་པའི་ཕན་ཡོན་ནི།

རྩ་བ་དང་ཡན་ལག་གི་ཉེས་པས་མ་གོས་པའམ། གོས་ཀྱང་ཕྱིར་བཅོས་ཚུལ་བཞིན་དུ་བྱས་ནས་དམ་ཚིག་དང་སྡོམ་པ་དག་བསྲུང་ན། ཚེ་འདིར་མཆོག་སངས་རྒྱས་ཀྱི་གོ་འཕང་ངམ། ལས་རབ་འབྱམས་འགྲུབ་པ་དང༌། ལམ་སྒོམ་པའི་བརྩོན་པ་དང་ལྡན་པས་ཤི་འཕོས་ན་སྐྱེ་བ་བདུན་དང༌། ལམ་སྒོམ་པའི་བརྩོན་པ་དང་མི་ལྡན་ཡང་སྐྱེ་བ་བཅུ་དྲུག་ཚུན་ཆད་ལ་མཆོག་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་གསུངས་སོ། །ཡང་སྐབས་འདིར་ཤེས་དགོས་པ་ནི། ཇི་སྐད་དུ། མཚམས་ལ་གཅེས་པའི་སྤང་བླང་ནི། །བོད་ལ་མཚམས་སྒྲུབ་མང་ན་ཡང༌། །རྟགས་དང་ཡོན་ཏན་ཚུལ་བཞིན་དུ། །མི་འབྱུང་མཚམས་གསུམ་རལ་བའི་སྐྱོན། །སྐུ་མཚམས་མ་གྲོལ་གཞན་དང་ཕྲད། །གསུང་མཚམས་མ་གྲོལ་ངག་བཅད་ཤོར། །ཐུགས་མཚམས་མ་གྲོལ་ཉོན་མོངས་དྲག །དམ་ཚིག་ཉམས་པ་རྣམ་གསུམ་ནི། །བསྐྱེད་པའི་སྐུ་ནི་མི་གསལ་ཞིང༌། །བཟླས་པའི་ངག་ནི་མ་དག་དང༌། །བསྒོམས་པའི་ཏིང་འཛིན་བྱིང་བའོ། །བསྲུང་བྱ་རྣམ་གསུམ་ཉམས་པ་ནི། །ལུས་བཅུད་ཁམས་ཀྱི་དྭངས་མ་ཉམས། །ངག་བཅུད་ཁ་རླངས་མཆིལ་མ་དོར། །ཡིད་བཅུད་རྣམ་རྟོག་རྒྱུན་མ་བཅད། །དེ་དག་གསུམ་ཚན་གསུམ་པོ་ནི། །རྩ་བའི་ཉེས་པ་རྣམ་དགུའོ། །ཡན་ལག་ཉེས་པ་བཅུ་གསུམ་ནི། །སྒྲུབ་པ་པོ་ཡིས་བསྲུང་དགོས་པས། །མཚམས་མ་གྲོལ་བར་གནས་མི་སྤོ། །གདན་དང་གདིང་བ་མི་སྤྲུག་གོ །གཞན་དང་ཁ་ཕོར་མི་བསྲེ་ཞིང༌། །གཏོར་མ་དུས་ལས་མ་ཡོལ་འབུལ། །འཐབ་དང་འཁོན་འཛིན་མི་བྱ་ཞིང༌། །སྒྲུབ་ཁང་གཏོར་ཕུད་ཉམས་མི་འཇུག །ཁྱི་དང་མཛེ་བོ་ཤན་པ་གསུམ། །སྒྲུབ་ཁང་ནང་དུ་མི་འཇུག་ཅིང༌། །ཉམས་གྲིབ་ཅན་གྱི་ཟས་ལ་འཛེམ། །སྨ་ར་ཨག་ཚོམ་མི་བྲག་གོ །རང་གི་མལ་དུ་གཞན་མི་གཏང༌། །ཕྲེང་སོགས་གཞན་གྱི་ལག་མི་འགྲེམ། །མདའ་གཞུ་མཚོན་རྩེ་མི་རེག་ཅིང༌། །མཚོན་རྩེ་ཁ་ལ་མི་འཇུག་པ། །དེ་དག་བཅུ་བཞི་བསྲུང་དགོས་སོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །བསམ་པའི་ཁྱད་པར་ངེས་འབྱུང་གི་བསམ་པ་དང༌། བྱང་ཆུབ་སེམས་བསྐྱེད། ཡང་དག་པའི་ལྟ་བ་བཅོས་མ་ཚུད་ཆད་ཀྱིས་རྒྱུན་དུ་ཟིན་པ་གལ་ཆེ་བའོ། །

སྨྲས་པ། རྒྱལ་བསྟན་གཞིར་གྱུར་རྣ༷མ་ད༷ག་ཚུལ་ཁྲིམས་ཀྱི། །གཙོ་བོ་སྡོམ་གསུམ་རྣ༷མ་ད༷ག་ལེན་པའི་ཐབས། །བསྲུང་བའི་ཐབས་ཚུལ་རྣ༷མ་ད༷ག་ཕྲ་ཞིབ་དང༌། །ཉམས་ན་ཕྱིར་བཅོས་བྱེད་ཚུལ་ཕན་ཡོན་བཅས། །ཚངས་པའི་མགུར་ནས་ཇི་སྐད་བཀའ་བསྩལ་བཞིན། །མ་འདྲེས་གསལ་བའི་ངག་གིས་ལེགས་པར་བཀོད། །རྣམ་དཀར་ཆོས་ལྡན་བརྩོན་པའི་ཐར་འདོད་རྣམས། །གཞུང་འདིར་འཇུག་ནས་སྒོ་གསུམ་བྱི་དོར་གྱིས། །ཀྱེ་མ་ཚེ་འདིའི་སྣང་བས་རབ་བསླུས་ནས། །ཕྱི་མའི་སྡུག་བསྔལ་དྲག་པོའི་རྒྱུ་བསྒྲུབས་སྟེ། །སྐོམ་པ་སེལ་སླད་ལན་ཚ་འཐུང་བ་ལྟར། །འགྱུར་ཕྱིར་སྡོམ་གསུམ་རྒྱུན་དུ་བསྲུང་བར་གྱིས། །དེང་དུས་བཤད་སྒྲུབ་བསྟན་པ་ཡལ་བོར་ཏེ། །བྱ་བ་ལས་ཀྱི་འཁོར་ལོའི་མིང་བཏགས་ནས། །ཆགས་སྡང་སྙན་གྲགས་ཆོས་བརྒྱད་སྨག་རུམ་གྱིས། །སྡོམ་གསུམ་བསླབ་བྱ་མཚན་མོའི་གཟུགས་ཇི་བཞིན། །དེ་ཕྱིར་སྐྱབས་འགྲོ་སྡོམ་གསུམ་བསླབ་བྱ་རྣམས། །དྲན་ཤེས་བག་ཡོད་བརྟན་པོས་སྲུངས་ཤིག་དང༌། །གཏན་བདེའི་ཐར་བའི་ཡིད་བཞིན་དབང་གི་རྒྱལ། །མྱུར་དུ་ཐོབ་པར་འགྱུར་ཞེས་རྒྱལ་བས་གསུངས། །སྡོམ་གསུམ་བསླབ་བྱ་ཞིབ་ཅིང་ཕྲ་བ་རྣམས། །བདག་བློ་སྦྱང་བ་དམན་དང་བློ་གྲོས་ཕྲ། །དེ་བས་མ་བཤད་ལོག་བཤད་ཉེས་མཆིས་ན། །ཐམས་ཅད་མཁྱེན་པ་རྣམས་ལ་སྙིང་ནས་བཤགས། །འདིར་འབད་ལེགས་ཚོགས་བདུ༷ད་རྩི༷འི་ཆུ༷་གཏེ༷ར་ཆེ། །རྒྱལ་བའི་རྣམ་དཀར་མཚོ་ཆེན་དང་འདྲེས་ནས། །ལྷག་བསླབ་རིན་ཆེན་གཏེར་གྱི་སྒོ་འབྱེད་ཅིང༌། །ཁྲིམས་ལྡན་ཀླུ་དབང་ཚོགས་ཀྱིས་རོལ་བར་སྨོན། །ཞེས་སྡོམ་གསུམ་གྱི་བསླབ་བྱ་དྭངས་གསལ་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་འདི་ནི་སྤྲུལ་རྡོ་རྗེ་དགྲ་འདུལ་གྱི་འབྲི་གཞིའི་ཤོག་གུ་དང་དར་བཅས་བཀས་བསྐུལ་བ་དང༌། སློབ་བུ་འགའ་ཞིག་ལ་ཕན་ཕྱིར་དང་རང་གི་བློ་སྦྱང་བའི་ཆེད་དུ་བཙུན་པ་ངག་དབང་དངོས་གྲུབ་དཔལ་ནས་རབ་གནས་མེ་ཁྱི་ལོའི་རྒྱལ་ཟླའི་ཚེས་ཉེར་དྲུག་ལ་དབུ་བཟུང་ནས་མེ་ཕག་ལོའི་མཆུ་ཟླ་བའི་ཚེས་དྲུག་གི་བར་ཏེ་ཉིན་བཅུ་གཅིག་གི་རིང་ལ་རྫོགས་པར་བྲིས་པའོ། །འདིས་ཀྱང་རྒྱལ་བསྟན་ཕྱོགས་དུས་ཀུན་ཏུ་རྒྱས་པར་གྱུར་ཅིག ། །སརྦ་མངྒ་ལམ།།།།

བླ་མ་ལྔ་བཅུ་པའི་རྣམ་བཤད་རྡོ་རྗེ་འཆང་གི་ཞལ་ལུང་།

བླ་མ་ལྔ་བཅུ་པའི་རྣམ་བཤད་རྡོ་རྗེ་འཆང་གི་ཞལ་ལུང་ཞེས་བྱ་བ་བཞུགས་སོ། །

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་བླ་མ་དམ་པའི་ཞབས་ལ་ཕྱག་འཚལ་ལོ། །ཚེ་རབས་དུ་མར་བྱམས་བརྩེས་ཉེར་བསྐྱངས་བའི། །སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །བདག་ནི་རྡོ་རྗེ་འཆང་ཆེན་མ་འཐོབ་པར། །དཔལ་ལྡན་བླ་མ་ཁྱེད་ལ་སྐྱབས་སུ་མཆི། །གང་ལ་ཚུལ་བཞིན་བསྟེན་ན་མི་བསླུ་བའི། །བླ་སློབ་མཚན་ཉིད་བཤེས་གཉེན་བསྟེན་པའི་ཚུལ། །སྔོན་བྱོན་དམ་པས་གསུངས་པ་ཇི་བཞིན་དུ། །མ་འདྲེས་ཚིག་གིས་གསལ་བར་བཤད་པར་བྱ། །དེ་ལ་འདིར་བླ་མ་བསྟེན་པའི་ཚུལ་བླ་མ་ལྔ་བཅུ་པ་ཞེས་བྱ་བའི་བསྟན་བཅོས་འཆད་པར་བྱེད་པ་ལ། མཚན་དོན་སོགས་བཤད་པ་དང༌། གཞུང་དངོས་བཤད་པ་དང༌། མཇུག་བསྡུ་དང་གསུམ། དང་པོ་ལ། མཚན་དོན་དང་འགྱུར་ཕྱག་གཉིས། དང་པོ་ནི། རྒྱ་གར་སྐད་དུ། གུ་རུ་པཉྩ་བི་ཤི་ཀ བོད་སྐད་དུ། བླ་མ་ལྔ་བཅུ་བ། །ཞེས་རྒྱ་གར་གྱི་སྐད་རིགས་ཆེན་པོ་བཞིའམ་ལྔ་ལས་སཾ་སྐྲི་ཏའི་སྐ༷ད་དུ༷་གུ་རུ་པཉྩ་བི་ཤི་ཀ་ཞེས་པའི་གུ་རུ་ནི་ལྕི་བའི་དོན་དེ་ཐུགས་རྒྱུད་ཡོན་ཏན་གྱི་ཚོགས་ཀྱིས་གང་བས་གུ་རུ་ཞེས་པ་སྟེ། རང་ལ་དངོས་སུ་ཆོས་སྟོན་པ་ལ་སོགས་པ་སངས་རྒྱས་ཀྱི་མཛད་པ་བསྒྲུབས་པས་ཤིན་ཏུ་བཀའ་དྲིན་ལྕི་བས་ན་གུ་རུ་སྟེ། དེ་སྔོན་གྱི་བརྡ་རྙིང་དག་ལས་བླ་མ་ཞེས་བྱུང་ཞིང༌། མཚན་བརྒྱ་ལས། བླ་མ་ཞེས་པ་སྟེ། གོང་མ་ཞེས་རང་བས་མཐོ་བར་བཟུང་བར་བྱ་བ་མཆོད་ཅིང་བཀུར་བའི་གནས་སོ། །པཉྩ་བི་ཤི་ཀ་ཞེས་པ་ལྔ་བཅུ་པ་སྟེ། བསྟན་བཅོས་འདི་ལ་བསྔོ་བ་ལས་གཞན་བླ་མ་བསྟེན་ཚུལ་ཤོ་ལོ་ཀ་ལྔ་བཅུས་སྟོན་པས་བླ་མ་ལྔ་བཅུ་པ་ཞེས་བྱའོ། །དེས་ན་བརྗོད་བྱ་དང་གཞུང་ཚད་ཀྱིས་མིང་བཏགས་པ་ཡིན་ནོ། །

གཉིས་པ་འགྱུར་ཕྱག

གཉིས་པ་འགྱུར་ཕྱག་ནི།

བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །ཞེས་པའི་དོན་ནི། བདུད་བཞི་དང་སྒྲིབ་གཉིས་བཅོ༷མ་ཞིང་སྐལ་བ་དྲུག་གམ་གཉིས་མེད་ཀྱི་ཡེ་ཤེས་ལྡ༷ན་པའི་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པར་མྱ་ངན་ལས་འད༷ས་པའོ། །མི་ཤིགས་པ་གཞོམ་ཞིག་དང་བྲལ་བའི་ཆོས་སྐུའི་རྡོ༷་རྗེ༷་དང་དེ་ལས་བྱུང་བའི་གཟུགས་སྐུ་སེམས་དཔའ་ལ༷་སྒོ་གསུམ་གུས་པས་ཕྱ༷ག་འཚ༷ལ་ལོ༷་ཞེས་པའོ། །

གཉིས་པ་གཞུང་གི་དོན་དངོས་ལ་གསུམ།

གཉིས་པ་གཞུང་གི་དོན་དངོས་ལ་གསུམ་སྟེ།

བཤད་པ་ལ་འཇུག་པའི་ཡན་ལག བཤད་པ་ཉིད་ཉེ་བར་འགོད་པ། བཤད་པ་མཐར་ཕྱིན་པའི་བྱ་བའོ། །དང་པོ་ལ། ཕྱག་འཚལ་བའམ་མཆོད་པར་བརྗོད་པ་དང༌། བཤད་པར་དམ་བཅའ་བ་གཉིས། དང་པོ་ནི། དཔལ་ལྡན་རྡོ་རྗེ་སེམས་དཔའི་གནས་ཐོབ་རྒྱུར་གྱུར་པ། །བླ་མའི་ཞབས་ཀྱི་པདྨར་ཇི་བཞིན་བཏུད་བྱས་ཏེ། །ཞེས་དཔ༷ལ་ནི་ཀྱཻ་རྡོ་རྗེའི་རྒྱུད་ལས། ཤྲཱི་ནི་གཉིས་མེད་ཡེ་ཤེས་ཏེ། །ཞེས་གསུངས་པ་ལྟར་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ལྡ༷ན་པ་ནི་ཐུགས་རྒྱུད་ལ་མངོན་དུ་གྱུར་པའི་ཆོས་སྐུའི་ཡེ་ཤེས་ནི་རྡོ༷་རྗེ༷་ཡིན་ལ། དེ་ལས་བྱུང་བའི་གཟུགས་སྐུ་ནི་སེམ༷ས་དཔ༷འ་འམ་རྡོ་རྗེ་འཆང་ཡིན་ཏེ། ཇི་སྐད་དུ། ཅིའི་ཕྱིར་རྡོ་རྗེ་སེམས་དཔའ་ཡིན། །བྱང་ཆུབ་མཆོག་གི་ཡེ་ཤེས་གང༌། །དེ་ནི་རྡོ་རྗེ་ངེས་པར་བརྗོད། །ཡེ་ཤེས་རྡོ་རྗེ་ལས་བྱུང་བ། །དེ་ནི་རྡོ་རྗེ་སེམས་དཔར་བརྗོད། །ཅེས་གསུངས་པས་སོ། །དེ་འདྲའི་རྡོ་རྗེ་སེམས་དཔའི་གན༷ས་སམ་གོ་འཕང་ཐོ༷བ་པའི་རྒྱུ༷འི་གཙོ་བོར་གྱུ༷ར་པ༷་བླ༷་མ༷་ཡིན་ཞིང། དེ་ལ་གཞན་གུས་པས་འདུད་པ་ཧ་ཅང་ཆེ་མོད་སྐུའི་དམའ་ཤོས་ཞ༷བས་ཀྱི༷་པ༷དྨ༷ར་སྒོ་གསུམ་གུས་པའི་ཚུལ་ཇི༷་ལྟ་བ་བཞི༷ན་རང་གི་སྤྱི་བོ་ལ་སོགས་པ་ཡན་ལག་མཆོག་རྣམས་ཀྱིས་བཏུ༷ད་པར་བྱ༷ས་ནས་ཏེ༷་ཞེས་པ་ལྷག་བཅས་ཡིན་པས་བཏུད་ནས་ཅི་བྱེད་ན་ཚིག་རྐང་འོག་མར་བླ་མ་བསྟེན་ཚུལ་བཤད་པའི་མགོར་ཕྱག་འཚལ་བའམ་མཆོད་པར་བརྗོད་པའོ། །

གཉིས་པ་བཤད་པར་དམ་བཅའ་བ།

གཉིས་པ་བཤད་པར་དམ་བཅའ་བ་ནི།

དེ་བསྟན་པ་ནི་དྲི་མེད་རྒྱུད་མང་ལས་གསུངས་པ། །མདོར་བསྡུས་བཤད་པ་འདི་ནི་གུས་པས་མཉན་པར་གྱིས། །ཞེས་ཕན་ཡོན་ཆེན་པོ་དང་ལྡན་པའི་བླ་མ་དེ༷་བསྟེན་པ༷འི་ཚུལ་ནི༷་བྱ་བའི་རྒྱུད་གསང་བ་སྤྱི་རྒྱུད། འཇམ་དཔལ་རྩ་རྒྱུད། རྣལ་འབྱོར་རྒྱུད་ཀྱི་རྡོ་རྗེ་རྩེ་མོ། བླ་མེད་ཀྱི་གསང་འདུས་རྩ་རྒྱུད། རྣམ་སྣང་སྒྱུ་འཕྲུལ་དྲྭ་བ། གཤིན་རྗེ་གཤེད་དམར་པོ། དགྲ་ནག་གི་རྒྱུད། ཀྱཻ་རྡོ་རྗེ་བཤད་རྒྱུད་རྡོ་རྗེ་གུར། བདེ་མཆོག་རྩ་རྒྱུད། བཤད་རྒྱུད་རྡོ་རྗེ་མཁའ་འགྲོ་སྡོམ་པ་འབྱུང་བ་སོགས་དྲི༷་མ་མེ༷ད་པའི་རྒྱུ༷ད་རྣམ་པར་དག་པ་མ༷ང་པོ་ལ༷ས་གསུ༷ངས་པ༷འི་ཁུངས་སྨོས་པས་ནི་རང་བཟོ་སྤངས་བ་ཡིན་ལ། ཟློས་སྐྱོན་སྤང་བའི་ཕྱིར་རྒྱུད་ཐ་དད་པ་མང་པོ་རྣམས་ན་ཟུར་མི་གསལ་བ་དང༌། གོ་རིམ་འཁྲུགས་པ་དང་དོན་ཚན་སོ་སོར་འཐོར་བའི་ཚུལ་གྱིས་བཞུགས་པ་འདིར་ཕྱོགས་གཅིག་ཏུ་མདོ༷ར་བསྡུ༷ས་ཏེ་གོ་སླ་བར་བཤ༷ད་པ༷་ཡིན་པས་རྗེས་འཇུག་རྣམས་ཀྱིས་གཞུང་འདི༷་ནི༷་གུ༷ས་པ༷ས་མཉ༷ན་པ༷ར་གྱི༷ས་ཞེས་སྣོད་ལྡན་མཉན་པར་བསྐུལ་བའོ། །

གཉིས་པ་བཤད་པ་ཉིད་ཉེ་བར་འགོད་པ།

གཉིས་པ་བཤད་པ་ཉིད་ཉེ་བར་འགོད་པ་ལ།

བླ་མ་བསྟེན་པའི་ཚུལ་དང༌། བསྟེན་ཚུལ་བཤད་པའི་དུས་དང༌། བཤད་ནས་སྣོད་རུང་དུ་ཇི་ལྟར་བྱ་བ་དང་གསུམ། དང་པོ་ལ། བསྟེན་ཚུལ་སྤྱིར་བསྟན་པ་དང༌། དེའི་དམིགས་སེལ་དང༌། བསྟེན་ཚུལ་གྱི་དོན་བསྡུ་བའོ། །དང་པོ་ལ་དངོས་ཀྱི་དོན་དང་ཞར་བྱུང་གི་དོན་དང་གཉིས། དང་པོ་ལ་བླ་མ་བསྟེན་ཚུལ་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས། དང་པོ་ལ་བླ་མ་གུས་པར་བྱས་པས་འཐད་པ་དང༌། གུས་པ་སྒྲུབ་པའི་ཚུལ་དང༌། བླ་སློབ་གཉིས་ཀྱི་འབྲེལ་བརྟག་པ་དང་གསུམ། དང་པོ་ནི། དབང་བསྐུར་མཆོག་ཐོབ་རྡོ་རྗེ་ཡི། །སློབ་དཔོན་ལ་ནི་དེ་བཞིན་གཤེགས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཞུགས་པས། །དུས་གསུམ་དུ་ནི་མངོན་ཕྱག་འཚལ། །ཞེས་ཆོ་ག་སོགས་ལ་རང་བཟོའི་སྐྱོན་མེད་པས་དབ༷ང་བསྐུ༷ར་ཕྱིན་ཅི་མ་ལོག་པ་མཆོ༷ག་ཏུ་གྱུར་པ་ཐོ༷བ་པའི་རྡོ༷་རྗེ༷་ཡི༷་སློ༷བ་དཔོ༷ན་ནམ་བླ་མ་ལ༷་ནི༷། སྔར་བླ་མ་དེ་ཉིད་ཀྱང་སོ་སོ་སྐྱེ་བོ་ཡིན་ལ། སློབ་མ་ཡང་སོ་སོ་སྐྱེ་བོ་ཡིན་པས་དབང་ཐོབ་ནས་ལམ་སྒོམ་པ་ལ་བླ་མ་བས་སློབ་མ་བརྩོན་འགྲུས་ཆེ་བར་བརྩམས་པའི་རིགས་ཅན་སློབ་མ་སྔོན་ལ་སངས་རྒྱས་པ་ཡང་ཡོད་པས། དེ་ལྟར་སངས་རྒྱས་པའི་དེ༷་བཞི༷ན་གཤེ༷གས་པ་རྣམས་ཕྱོ༷གས་བཅུ༷འི་འཇི༷ག་རྟེ༷ན་གྱི་ཁ༷མས་གང་ན་བཞུ༷གས་པ༷ས་ཀྱང། སྔར་སློབ་པ་ལམ་གྱི་གནས་སྐབས་སུ་དབང་བསྐུར་བའི་བླ་མ་སོ་སོ་སྐྱེ་བོ་ལ་སྔ་དྲོའི་དུས་དང༌། ཉིན་གུང་གི་དུས་དང་ཕྱི་དྲོའི་དུ༷ས་གསུ༷མ་དུ༷་ནི༷་དྲིན་དྲན་པའི་ཚུལ་གྱིས་ཕྱིན་ཆད་ལྟོས་པ་ཡོད་པ་མིན་ནའང་མངོ༷ན་པར་གུས་པས་ཕྱ༷ག་འཚ༷ལ་བར་མཛད་ན་སོ་སོ་སྐྱེ་བོ་བླ་མ་ལ་ལྟོས་དགོས་པས་གུས་པ་དང་ཕྱག་དང་བསྙེན་བཀུར་སོགས་ལྟ་སྨོས་ཀྱང་ཅི་དགོས་ཞེས་སྟོན་པའོ། །གུས་པས་ཚུལ་བཞིན་དུ་བསྟེན་རིགས་ཏེ། ཕན་ཡོན་ཁྱད་པར་དུ་འཕགས་པ་ཐོབ་པའི་ཕྱིར་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐའི་ལྷན་ཐབས་འོད་བརྒྱ་འབར་བ་ལས། ཕན་ཡོན་ལུང་དང་སྦྱར་བ་ནི། དེ་ཡང་སྒྱུ་འཕྲུལ་དྲྭ་བ་ལས་ཀྱང༌། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །དེ་ཉིད་རྟག་ཏུ་རྡོ་རྗེ་འཆང༌། །དེ་བཞིན་གཤེགས་པ་རིན་ཆེན་ཏོག །དེ་ཉིད་ཡེ་ཤེས་རྒྱ་མཚོ་སྟེ། །ཡིད་བཞིན་ནོར་བུ་རིན་ཆེན་སྦྱིན། །སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ནོ། །ཡོན་ཏན་གཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །དེ་ཡི་གྲིབ་མའང་མི་འགོམ་སྟེ། །མཆོད་རྟེན་བཤིག་དང་འདྲ་བར་གསུངས། །ཞེས་དང༌། དཔལ་དྲི་མ་མེད་པའི་འོད་ལས། དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་པོ་རྡོ་རྗེ་སློབ་དཔོན་ནི་བཅོམ་ལྡན་འདས་འཇམ་དཔལ་ཇི་ལྟ་བ་དང༌། དུས་ཀྱི་འཁོར་ལོ་དང་པོའི་སངས་རྒྱས་ཇི་ལྟ་བ་བཞིན་དུ། ཐར་པ་དོན་དུ་གཉེར་བ་རྣམས་ཀྱིས་བལྟ་བར་བྱའོ། །ཞེས་པ་དང༌། སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོའི་འཇིངས་ལས་སྒྲོལ་བར་འགྱུར། །ཞེས་གསུངས་ཤིང༌། དཔལ་ས་ར་ཧས་ཀྱང༌། བླ་མས་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་ན་གནས་པའི་གཏེར་མཐོང་འདྲ། །ཞེས་དང༌། ཨིནྡྲ་བྷུ་ཏིའི་ཡེ་ཤེས་གྲུབ་པ་ལས་ཀྱང༌། སྐྱ་བ་འཛིན་པ་མེད་པར་ནི། །གྲུ་ཡིས་ཕ་རོལ་འགྲོ་མི་འགྱུར། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང༌། ། བླ་མ་མེད་པར་སྲིད་མཐར་མིན། །ཞེས་དང༌། མཐུ་སྟོབས་དབང་ཕྱུག་བིརྺ་བས་ཀྱང༌། བླ་མ་དང་ནི་རྡོ་རྗེ་སེམས། །ཐ་དད་པར་ནི་མི་བྱ་སྟེ། །བླ་མ་སངས་རྒྱས་ཆོས་དང་ནི། །དེ་བཞིན་དགེ་འདུན་བླ་མ་སྟེ། །དངོས་གྲུབ་གོ་འཕང་མཆོག་འདོད་པས། །ཀུན་ནས་བླ་མ་མཉེས་པར་བྱ། །སངས་རྒྱས་ཀུན་དངོས་རྡོ་རྗེ་འཆང༌། །རྩོད་པའི་དུས་འདིར་བདག་དོན་དུ། །ཀུན་དང་མཐུན་པར་སྟོན་མཛད་པ། །དེ་ལྟར་ཤེས་ནས་དངོས་ཀུན་གྱིས། །བསྟེན་བྱ་དུས་གསུམ་སངས་རྒྱས་ཀྱི། །དངོས་གྲུབ་བདེ་ཆེན་ཐོབ་པར་འགྱུར། །ཞེས་པ་ལ་སོགས་པ་སྟེ། མདོར་ན་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་བླ་མར་གསུངས་པའི་ལུང་ཁུངས་མཐའ་ཡས་སོ། །ད་ལྟ་མངོན་སུམ་གྱིས་གྲུབ་པ་ཡང༌། རྩ་བའི་བླ་མ་ལ་དད་པ་མེད་པ་རྣམས། མི་འདོད་པ་དུ་མ་ཐོག་ཏུ་འབབ་པ་དང༌། བླ་མ་གུས་པས་བསྟེན་པ་རྣམས་ལ། བདེ་སྐྱིད་སྙན་གསུམ་རང་ཤུགས་ཀྱིས་འབྱུང་བ་མཐོང་ངོ༌། །གཞན་ཡང༌། བླ་མ་དམ་པ་རྣམས་ཀྱི་གསུང་ལས་འདི་སྐད་ཅེས། བླ་མ་སངས་རྒྱས་སུ་མཐོང་ན་སངས་རྒྱས་ཀྱི་བྱིན་རླབས་འཇུགབྱང་ཆུབ་སེམས་དཔར་མཐོང་ན་བྱང་ཆུབ་སེམས་དཔའི་བྱིན་རླབས་དང༌། གྲུབ་ཐོབ་ཏུ་མཐོང་ན་གྲུབ་ཐོབ་ཀྱི་བྱིན་རླབས། སོ་སོ་སྐྱེ་བོའི་དགེ་བཤེས་བཟང་པོར་མཐོང་ན། དེ་དང་མཐུན་པར་བྱིན་རླབས་འཇུག་སྟེ། ལར་མོས་གུས་མེད་ན་བྱིན་རླབས་ཡེ་མི་འཇུག་གོ །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་མདོ་ལས། དད་པ་མེད་པའི་མི་རྣམས་ལ། །དཀར་བོའི་ཆོས་ནི་མི་འབྱུང་སྟེ། །ས་བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །ཞེས་དང༌། འབྲི་གོང་སྐྱོབས་པ་རིན་པོ་ཆེས། བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པའི་ཕྱིར་རོ། །གུས་པའི་སྤྱོད་ལམ་གྱི་སྒོ་ནས་ཆོས་ཉན་རིགས་ཏེ། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་དེ་རྩེ་གཅིག་བཏུད། །རབ་ཏུ་དང་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་དེ་ཆོས་ཉོན་ཅིག །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་མཉན་ནས་ཡིད་ལ་བཟུང་དགོས་ཏེ། མདོ་ལས། བཅོམ་ལྡན་འདས་ཀྱིས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག ཅེས་གསུངས་པས་སོ། །སྤྱིར་ཉན་པ་པོ་ནི་གཟུ་བོར་གནས་པ་དང༌། བློ་གྲོས་དང་ལྡན་པ་དང༌། དོན་གཉེར་དང་གསུམ་ལྡན་དགོས་ཏེ། བཞི་བརྒྱ་བ་ལས། གཟུར་གནས་བློ་ལྡན་དོན་གཉེར་བ། །ཉན་པོ་སྣོད་ཅེས་བྱ་བར་བརྗོད། །ཅེས་གསུངས་པའི་ཕྱིར་རོ། །སྤྱིར་ཆོས་ཉན་པའི་སྐབས་སུ་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་མི་འཛིན་པ་ལྔ་སྤངས་དགོས་པས་དེ་དག་ཤེས་པར་བྱ་དགོས་སོ། །

གཉིས་པ་གུས་པས་སྒྲུབ་པའི་ཚུལ།

གཉིས་པ་གུས་པས་སྒྲུབ་པའི་ཚུལ་ལ།

བསྙེན་བསྐུར་བྱ་བའི་ཚུལ་སྤྱིར་བསྟན་པ་དང༌། དམིགས་ཀྱིས་བསལ་བ་དང་གཉིས། དང་པོ་ནི། མཆོག་ཏུ་དད་པས་དུས་གསུམ་དུ། །དཀྱིལ་འཁོར་མེ་ཏོག་བཅས་ཐལ་མོས། །སྟོན་པ་བླ་མ་བསྙེན་བཀུར་ཞིང༌། །ཞབས་ལ་སྤྱི་བོས་ཕྱག་བྱའོ། །ཞེས་མཆོ༷ག་ཏུ༷་ད༷ད་པ༷ས་ཚུལ་འཆོས་དང་ཁ་གསག་ལ་བརྟེན་པའི་འཕྲལ་གྱི་ངོ་འཛིན་ཙམ་མ་ཡིན་པར་ཞེ་ནས་གུས་པ་ཡིན་ལ། དུས་གསུམ་ནི་ཉིན་ལན་གསུམ་དང་མཚན་ལན་གསུམ་ལས་འདིར་མཚན་དུས་ནི་ངེས་པར་བླ་མའི་བྱ་བ་ཡོད་ན་མ་གཏོགས་མི་དགོས་ལ་ཉིན་པར་སྔ་དྲོའི་དུས་དང། གུང་གི་དུས་དང་ཕྱི་དྲོ་ཉི་མ་ནུབ་པའི་དུ༷ས་གསུ༷མ་དུ༷་བླ་མའི་སྐུ་མདུན་དུ་འོང་ཞིང་ཕྱག་བྱ་བ་དང་སྙུན་དྲི་བ་དང་བྱ་བ་དགོས་པ་རྣམས་སྒྲུབ་པ་ཡིན་ལ། དེ་ཡང་དཀྱིལ་འཁོར་བྱ་བ་ནི་རྒྱ་གར་བ་རྣམས་ལ་བྲམ་ཟེའི་རིགས་ཀྱི་སློབ་དཔོན་ཁ་ཅིག་ལ་རིགས་ཀྱི་ཆོས་དང་མཐུན་པའི་བྱ་བ་གཙང་སྦྲ་ལ་གནས་པ་མཉེས་པའི་དོན་དུ་བླ་མའི་གནས་ཁང་དང༌། གང་དུ་བཞུགས་པའི་ས་ཕྱོགས་མཐོ་དམན་ཅན་དང༌། མི་གཙང་བ་དང་ས་རྡུལ་ཅན་རྣམས་མི་འབྱུང་བའི་དོན་དུ་བ་དམར་སེར་གྱི་ལྕི་བ་གསར་པས་ཞལ་བ་དཔང་ཅུང་ཟད་མཐོ་བ་ཟླུམ་པོ་ལ་སོགས་པའི་དབྱིབས་སུ་བྱས་པ་ལ་དཀྱི༷ལ་འཁོ༷ར་དང། དེའི་སྟེང་དུ་མེ༷་ཏོ༷ག་སྣ་ཚོགས་བཅ༷ས་པ་སིལ་བུར་བཀོད་དེ་བཀྲམ་ཞིང་མཛེས་པར་བྱས་གུར་གུམ་སོགས་དྲི་བཟང་གི་ཆུས་ཆག་ཆག་གདབ་པར་བྱས་ནས། དེ་ཟིན་པ་ན་ཐལ་མོ་མཉམ་པོར་སྦྱར་བའི་ཐ༷ལ་མོ༷ས་གུས་པའི་ཚུལ་གྱིས་འདི་ལྟར་བགྱིས་སོ་ཞེས་སྙན་དུ་གསོལ་ཞིང་དེར་བླ་མའི་བཞུགས་སའམ། བླ་མའི་རྟེན་མཆོད་དང་དཔེ་ལ་སོགས་པ་འཇོག་ས་བྱེད་པ་ལྟ་བུ་ཡིན་ལ། བོད་ལ་སོགས་པའི་ཡུལ་དུའང་དེ་དང་ཆ་མཐུན་པའི་བྱ་བ་མང་པོ་ཡོད་པ་རྣམས་ཡིན་ནོ། །དེ་ལྟར་བསྙེན་བཀུར་གྱི་ཡུལ་འདི་ནི་སྔར་དབང་བསྐུར་མ་ཐོབ་པ་ལ་ཡིན་ཅིང། སྟོ༷ན་པ༷་བླ༷་མ༷་ནི་སྐྱབས་འགྲོ་སོགས་ཆོས་ཐོབ་པའོ། །བསྙེ༷ན་པ་ནི་བླ་མའི་དྲུང་དུ་ཉེ་བར་འདུག་པའོ། །བཀུ༷ར་བ་ནི་མཆོག་ཏུ་ཤེས་པའི་སྒོ་ནས་ལུས་ངག་གི་སྤྱོད་ལམ་ཐམས་ཅད་གུས་པར་བྱ་ཞི༷ང༌། ཞ༷བས་ལ༷་སྤྱི༷་བོ༷ས་བཏུད་དེ་རང་ཉིད་རིགས་མཐོ་བ་དང༌། རྒན་པ་དང། ཡོན་གྱིས་ཕྱུག་པ། ལོངས་སྤྱོད་དང་ནོར་ཆེ་བ་སོགས་ཀྱི་ང་རྒྱལ་བོར་ཏེ་ཕྱ༷ག་བྱ༷འོ༷། །

གཉིས་པ་དམིགས་སེལ།

གཉིས་པ་དམིགས་སེལ་ནི།

ཁྱིམ་པའམ་ནི་གསར་བུ་ལ། །འཇིག་རྟེན་སྨོད་པ་སྤང་བའི་ཕྱིར། །དམ་ཆོས་ལ་སོགས་མདུན་བདར་ཏེ། །བརྟུལ་ཞུགས་འཛིན་པས་བློས་ཕྱག་བྱ། །གདན་བསྟབས་པ་དང་ལྡང་བ་དང༌། །དོན་གྱི་བྱ་བ་སོགས་བསྙེན་བཀུར། །བརྟུལ་ཞུགས་ཅན་གྱིས་ཀུན་བྱ་སྟེ། །ཕྱག་བྱ་དམ་པ་མིན་ལས་སྤང༌། །ཞེས་འོ་ན་བླ་མར་གྱུར་ཕྱིན་ཆད་དེ་ལྟར་བྱ་དགོས་ན་རང་དགེ་སློང་དགེ་ཚུལ་ཡིན་ཡང་ཁྱི༷མ་པ༷འ༷མ་ནི༷་བསླབ་པ་རང་ལས་གཞོན་པའི་གས༷ར་བུ༷་ལ༷་ཡང་ཆོས་ཉན་པ་ཐེག་ཆེན་གྱི་མདོ་དང་བསྟན་བཅོས་སུ་འབྱུང་བས་དེ་དག་གི་རིགས་ལ་བསྟན་པ་སྤྱིའི་བསླབ་བྱ་དང་མ་མཐུན་ན་ཇི་ལྟར་བྱ་ན་དགག་བྱ་ཚང་མ་ཚང་གིས་དབྱེ་བས། ཡུལ་ཁ་ཅིག་ཏུ་དགེ་སློང་གིས་ཁྱིམ་པ་ལ་ཕྱག་བྱས་ན་སྐྱེ་བོ་རྣམས་མ་དད་ཅིང་བསྟན་པ་ལ་གནོད་པ་ཡང་ཡོད་ཅིང། དེ་བཞིན་དུ་བསླབ་པ་གཞོན་པ་ལ་ཡང་ཕྱག་བྱས་ན་མི་མཛེས་པར་གྱུར་ནས། འཇི༷ག་རྟེ༷ན་པ་རྣམས་སྨོ༷ད་པ༷་སྤ༷ང་པའི༷་ཕྱི༷ར་དུ་ད༷མ་པའི་ཆོ༷ས་ཀྱི་པོ་ཏི་དང། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ༷་སོ༷གས་མདུ༷ན་དུ་བད༷ར་ཏེ༷། དགེ་སློང་ལ་སོགས་པའི་བརྟུ༷ལ་ཞུ༷གས་འཛི༷ན་པ༷ས་དངོས་སུ་པོ་ཏི་དང་སྐུ་ལྟ་བུ་ལ་ཕྱག་བྱ་ཞིང་བློ༷ས་བླ་མ་དེ་ཉིད་ལ་ཕྱ༷ག་བྱ༷། ཡིད་ཀྱིས་ཀྱང་མ་གུས་པར་བྱས་ན་ཉེས་པར་འགྱུར་བས། གཞན་རྣམས་ཀྱི་མཐོང་ཡུལ་དུ་གླེགས་བམ་ལ་ཕྱག་བྱེད་པ་ལྟར་མངོན་པའི་སྒོ་ནས་དོན་དུ་བླ་མ་ལ་ཕྱག་བྱེད་པའོ། །ད་ལྟ་འཇིག་རྟེན་གྱི་རྒྱལ་པོ་དང་ཆེ་བཙན་རྣམས་ལ་རབ་བྱུང་གིས་ཕྱག་བྱེད་པ་དང༌། སྔགས་འཆང་ཁྱིམ་པའི་རྟེན་ཅན་ཆེན་པོ་རྣམས་དང༌། བསླབ་པ་གཞན་ཡང་ཆེན་པོར་གྲགས་པ་རྣམས་ལ་ཡུལ་སྲོལ་བྱང་བས་འཇིག་རྟེན་པ་མ་དད་པའི་དགག་བྱ་མེད་པའི་སྟེང་དུ་བསྒྲུབ་བྱར་བྱེད་པས། དེ་ལྟ་བུ་ལ་ཆོས་དང་སྐུ་གཟུགས་མདུན་དུ་བཞག་པ་སོགས་མི་དགོས་པར་གསུངས་སོ། །ཆོས་འདུལ་བ་ལྟར་ན་ཕྱག་བྱ་བའི་ཡུལ་ནི་གཉིས་ཏེ་རང་ལས་བསླབ་པ་རྒན་པ་དང་སྟོན་པ་གཉིས་སོ། །གཞན་ཡང་སྔར་དབང་བསྐུར་སོགས་གསང་སྔགས་མ་ཐོབ་པའི་བླ་མ་ལ་གད༷ན་བསྟ༷བ་པ༷་དེ་རང་གི་ལག་གིས་འདིང་བ་ད༷ང༌། ལྡ༷ང་བ༷་བྱེད་པ་ད༷ང༌། དེའི་དོ༷ན་གྱི༷་ཆེ་ཆུང་གང་ཡིན་ཡང་བསྒྲུབ་པའི་བྱ༷་བ༷་བྱེད་པ་སོ༷གས་བསྙེ༷ན་བཀུ༷ར་དགེ་སློང་གི་བརྟུ༷ལ་ཞུ༷གས་ཅ༷ན་གྱི༷ས་ཀུ༷ན་བྱ༷་སྟེ༷། དགག་བྱ་ཡོད་ན་དངོས་སུ་ཕྱ༷ག་བྱ༷་བ་དང་ད༷མ་པ༷་མི༷ན་པའི་ལ༷ས་རྐང་བ་བཀྲུ་བ་དང་བཤང་ལྕི་ཕྱགས་པ་སོགས་ཆེས་དམན་པ་རྣམས་སྤ༷ངས་བར་བྱའོ། །

གསུམ་པ་བླ་སློབ་གཉིས་ཀྱི་འབྲེལ་བརྟག་པ།

གསུམ་པ་བླ་སློབ་གཉིས་ཀྱི་འབྲེལ་བརྟག་པ་ལ་གཉིས།

ཕན་ཚུན་བརྟག་དགོས་པའི་རྒྱུ་མཚན་དང༌། བརྟགས་ནས་སྤངས་བླང་བྱ་བའི་ཚུལ་དང་གཉིས། དང་པོ་ནི། བླ་མ་དང་ནི་སློབ་མ་དག །མཚུངས་པར་དམ་ཚིག་ཉམས་འགྱུར་བས། །དཔའ་བོས་དང་བོར་སློབ་དཔོན་དང༌། །སློབ་མའི་འབྲེལ་པ་བརྟག་པར་བྱ། །ཞེས་བླ༷་མས་སྣོད་མ༷་བརྟགས་པར་དབང་བསྐུར་བ་ད༷ང་ཆོས་ཟབ་མོ་བཤད་པ་ནི༷་ཉེས་བཅས་སུ་འགྱུར་སྲིད་ལ། སློ༷བ་མ༷་ད༷ག་ཀྱང་བླ་མའི་ཡོན་ཏན་དང་མཚན་ཉིད་མི་བརྟག་པར་དེ་ལ་བསྟེན་པ་ནི་ཁ་ན་མ་ཐོ་བ་ཉིད་དུ་མཚུ༷ངས་པ༷ར། ཕྱིས་སློབ་མ་ད༷མ་ཚི༷ག་ཉ༷མས་པར་འགྱུ༷ར་བ༷ས། བློ་གྲོས་ཆེན་པོ་དང་ལྡན་པའི་སློབ་མ་དཔ༷འ་བོ༷ས་ད༷ང་པོ༷ར་དབང་མ་ཞུས་གོང་དུ་སློ༷བ་དཔོ༷ན་ད༷ང་སློ༷བ་མ༷འི་མཚན་ཉིད་དང༌། བསྟེན་ནུས་མི་ནུས་ཀྱི་འབྲེ༷ལ་བ༷་བརྟ༷ག་པ༷ར་བྱ༷་ཞིང༌། བསྟེན་ནུས་ན་ཚུལ་བཞིན་དུ་བསྟེན་ལ། མི་ནུས་ན་མི་མཉེས་པ་མེད་པར་རང་ཉིད་དེར་མི་བསྟེན་པ་ཡིན་ནོ། །དེ་ལྟར་ལྷན་ཐབས་འོད་བརྒྱ་འབར་བ་ལས། འབྲེལ་བ་བརྟགས་ཚུལ་འཕྲོས་དོན་དང་བཅས་པ་སྟེ། དེ་ཡང་དཔོན་སློབ་ཕན་ཚུན་འབྲེལ་བ་བརྟག་པ་ནི། ཆོས་ཀྱིས་མ་སྦྲཻལ་གོང་དུ་བྱ་དགོས་ཀྱི། སྔར་བརྟགས་སམ་མ་བརྟགས་གང་ཡིན་ཡང༌། ཆོས་ཀྱི་འབྲེལ་བ་ཐོབ་ནས་སྐྱོན་མི་རྟོག་པར་གུས་པས་བསྟེན་དགོས་ཏེ། ཚིགས་བཅད་གཅིག་ཙམ་ཐོས་པ་ལའང༌། གལ་ཏེ་བླ་མར་མི་འཛིན་ན། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཏེ། །སྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས། དེས་ན་ཕྱིས་ཀྱི་སྐྱེ་བོ་མང་པོ་ཞིག་སྔགས་ཆོས་ལ་དམ་ཚིག་ཡོད་དོ་སྐད་པའི་ཁ་བཤད་བྱེད། སྲུང་ནི་དེ་ལའང་མི་སྲུང༌། མཚན་ཉིད་པ་ལ་དམ་ཚིག་མི་ཡོང་ཟེར་ཞིང༌། མདོ་ཆོས་མང་དུ་ཐོས་པའི་བླ་མ་ལའང་མ་གུས་པ་དང་བརྙས་པ་དང་བཀུར་སྟི་མ་ཡིན་པ་ཇི་ཙམ་བྱས་ཀྱང་ཉེས་པ་མེད་པ་སྐད་སྨྲ་བ་མང་དུ་སྣང་སྟེ། བདུད་ཀྱིས་བྱིན་གྱིས་བརླབས་པ་ཁོ་ནའོ། ། དེས་ན་སྔགས་ཆོས་ཀྱིས་མ་སྦྲེལ་བ་ལ་དམ་ཚིག་གི་མིང་འདོགས་མི་བྱེད་པ་ཙམ་ཡིན་གྱི། དོན་གྱི་སྟེང་ནས་ཕལ་ཆེར་འདྲ་ལ། ཐེག་པ་ཆེན་པོའི་མདོ་སྡེ་ཐོས་པའི་བླ་མ་དང༌། གསང་སྔགས་ཀྱི་རྒྱུད་ཐོས་པའི་བླ་མ་གཉིས་ནང་སེལ་དུ་འདོམས་ན། ཡུལ་གཉན་མི་གཉན་གྱི་ཁྱད་ཅུང་ཟད་ཙམ་ཡོད་མོད་ཀྱང༌། སྤྱིར་འགངས་ལ་ཁྱད་ཆེར་མེད། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སོ་སོར་ཐོས་པའི་བླ་མ་ལའང་དེས་རིགས་འགྲེ་སྟེ། མདོར་ན་སྡུག་གསོག་པ་པོ་སློབ་མ་ངན་པ་སྟེ། སྤྱིར་ནས་གསང་སྔགས་ཀྱི་དབང་བསྐུར་ཞུས་དམ་ཚིག་ཐོབ་པ་ཡིན་ན་ནི། དེས་༼བླ་མ་དེ་ལ་༽སྔགས་ཆོས་ཞུས་པ་མ་ཡིན་ལ། ༼བླ་མ་དེ་ལ་༽མདོ་ལུགས་ཐེག་པ་ཆེ་ཆུང་གང་ཡིན་ཡང་རུང་སྟེ། དེ་ལྟ་བུ་ཞུས་པའི་བླ་མ་དེ་ལ་སྡིག་བསགས་ན། སྤྱིར་ཉེས་པ་ཆེ་བར་མ་ཟད་སྔགས་ཀྱི་དམ་ཚིག་ཀྱང་ཉམས་པ་ཡིན་ཏེ། རྒྱུད་རྣམས་ལས་ཀྱང༌། སློབ་དཔོན་མི་སྨད། བླ་མའི་ཐུགས་མི་དཀྲུག་ཅེས་གསུངས་ཀྱི། རྩ་ལྟུང་དང་པོའི་ཡུལ་དུ་རྡོ་རྗེ་སློབ་དཔོན་ཁོ་ནའི་ངེས་གཟུང་མ་མཛད་པ་མང་པའི་ཕྱིར་རོ། །ཞེས་པ་ནས། རྩ་ལྟུང་གི་ཐ་སྙད་ཐོབ་པར་འགྱུར་བ་ལ་ལྟུང་བ་བྱེད་མཁན་རང་ཉིད་སྔགས་ལ་ཞུགས་པ་ཞིག་དགོས་ཀྱི། ལྟུང་བ་གསོག་པའི་ཡུལ་སྔགས་ཆོས་ཀྱིས་སྦྲེལ་བ་ཁོ་ན་མི་དགོས་པར་མ་ཟད་སྔགས་པ་ཡིན་ཡང་མི་དགོས་སོ། །གནད་འདི་མ་གོ་བས་དམ་ཚིག་ཉམས་པ་ནི། མཁས་པར་རློམ་པ་དང་ཆེན་པོར་རློམ་པ་ལ་ཡང་ཤིན་ཏུ་མང༌། ཞེས་པ་ནས། ཡང་རང་དང་དངོས་བརྒྱུད་གང་གི་སྒོ་ནས་ཀྱང་ཆོས་ཀྱི་འབྲེལ་བ་མེད་ན་རང་གིས་བླ་མར་མི་བགྲོང༌། བརྒྱུད་པའི་བླ་མ་ཡང་རྩ་ལྟུང་གི་ཡུལ་དུ་མི་འཇོག སྨད་ན་ལར་གྱིས་ཉེས་པ་ནི་ཆེ་མོད། རྩ་བརྒྱུད་ཀྱི་བླ་མ་མ་ཡིན་ཡང༌། སྤྱིར་སྐྱེས་བུ་དམ་པར་སྨད་པ་རང་ལ་ཉེས་པ་དཔག་ཏུ་མེད། སྒོས་སུ་བྱང་ཆུབ་སེམས་དཔའ་དང༌། ཡང་སྒོས་སུ་གསང་སྔགས་འཛིན་པ་ཡུལ་ཆེས་གཉན་ཏེ། ཞེས་གསུངས་པའི་ཕྱིར་རོ། །གོང་ལྟར་དང་པོ་བླ་མ་བརྟག་པ་གལ་ཆེ་སྟེ། ཨོ་རྒྱན་པདྨས། བླ་མ་མ་བརྟགས་དུག་འཐུང་འདྲ། །སློབ་མ་མ་བརྟགས་གཡང་མཆོངས་འདྲ། །ཞེས་གསུངས་སོ། །ཆོས་ཀྱི་མ་འབྲེལ་གོང་ནས་བླ་མ་བརྟག་དགོས་པ་ལས་ཆོས་ཀྱི་འབྲེལ་བ་ནས་དམ་ཚིག་ཉམས་ན་ཉེས་ཚབ་ཆེ་སྟེ། རྫ་དཔལ་སྤྲུལ་གྱི་ཀུན་བཟང་བླ་མའི་ཞལ་ལུང་ལས། དམ་ཚིག་ཉམས་པའི་སྐྱོན་མ་བྱུང་ཡང་གཞན་རྩ་བའི་དམ་ཚིག་ཉམས་པ་དག་དང་གཏམ་བསྲེ་བ་དང༌། སྤྱོད་ལམ་གྱིས་འབྲེལ་བ། ཐ་ན་ལུང་བ་གཅིག་གི་ཆུ་བཏུང་བས་ཀྱང་ཟླས་ཉམས་དང་ཞོར་ཉམས་ཀྱི་ཉེས་པ་སྐྱེད་པ་ཡིན་པས་བཤགས་སྦྱོང་ལ་འབད་དགོས་ཏེ། ཞེས་དང༌། ཚོགས་གྲལ་གཅིག་ན་དམ་ཚིག་ཉམས་པའི་མི་གཅིག་ཡོད་ཀྱང༌། དེའི་ཉམས་གྲིབ་ཀྱིས་ཕོག་སྟེ་དམ་ལྡན་བརྒྱ་སྟོང་ཡོད་ཀྱང་སྒྲུབ་པའི་འབྲས་བུ་ཅུང་ཟད་མི་འབྱིན་པ་འོ་མ་རུལ་བ་ཐིགས་པ་གཅིག་གིས་མ་རུལ་བ་ཟངས་གང་ཡང་རུལ་བར་བྱེད་པ་དང༌། སྦལ་བ་རྨ་ཅན་གཅིག་གིས་སྦལ་བ་ཐམས་ཅད་རྨ་ཅན་དུ་བྱེད་པ་ལྟ་བུ་ཡིན་ཏེ། ཞེས་པ་ནས། དེར་མ་ཟད་བླ་མ་སྐྱེས་བུ་དམ་པ་གྲུབ་པ་ཐོབ་པ་ཞིག་ཡིན་ཀྱང་ཉམས་གྲིབ་ཀྱིས་མི་གོས་པ་མེད་དེ། འགྲོ་མགོན་གླིང་རྗེ་རས་པ་ལྟ་བུ་ཡང༌། ཞེས་པ་ནས། སློབ་མ་དམ་ཚིག་ཉམས་པ་ཞིག་མདུན་དུ་བྱུང་བས་ཉམས་གྲིབ་ཀྱིས་ཐུགས་མྱོས་ཏེ་གསུང་སྨྲ་མི་ཤེས་པར་གྱུར་བའི་ལོ་རྒྱུས་ཡོད། དེ་བཞིན་དུ་གྲུབ་ཐོབ་ཨོ་རྒྱན་པའི་མགུར་ལས་ཀྱང༌། གངས་ཅན་གྱི་སྤྲངས་པོ་རིན་ཆེན་དཔལ། །དགྲ་ཉམས་གྲིབ་མིན་པས་ཐུབ་མ་མྱོང༌། །གྲོགས་བླ་མ་མིན་པས་སྐྱོབ་མ་མྱོང༌། །ཞེས་དང༌། རྗེ་བཙུན་མི་ལ་རས་པའི་རྣམ་མགུར་ལས། སྤྱིར་དམ་ཚིག་ཉམས་པའི་མི་དང་ལུང་བ་གཅིག་ནས་ཆུ་འཐུངས་ན་ཡང་ཉམས་གྲིབ་ཀྱིས་ཕོག་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་བརྟགས་ནས་སྤངས་བླང་བྱ་བའི་ཚུལ།

གཉིས་པ་བརྟགས་ནས་སྤངས་བླང་བྱ་བའི་ཚུལ་ནི།

སྤང་བྱའི་མཚན་ཉིད་དང༌། བསྟེན་བྱའི་མཚན་ཉིད་གཉིས། དང་པོ་ནི། བློ་ལྡན་སློབ་མས་བླ་མར་ནི། །སྙིང་རྗེ་མེད་ཅིང་ཁྲོ་ལ་གདུག །ཁེངས་ཤིང་ཆགས་ལ་མ་བསྡམས་དང༌། །སྤྱོམས་དང་བཅས་བར་མི་བྱའོ། །ཞེས་སློབ་མ་བློ༷་གྲོས་ཀྱི་རྣམ་དཔྱོད་བཟང་པོ་དང་ལྡ༷ན་པས་སློ༷བ་མས་ཆོས་ཀྱི་འབྲེལ་བ་མ་བཞག་པའི་སྔོན་དུ་བླ༷་མ༷ར་ནི༷། སེམས་ཅན་འགའ་ཟུང་ལ་སྙིང་རྗེ་མེད་པ་ནི་ཤིན་ཏུ་ཉུང་ལ། སེམས་ཅན་ཐམས་ཅད་ལ་ཕྱོགས་རིས་མེད་པའི་སྙིང་རྗེ་དགོས་པ་ལ། ཕྱོགས་རིས་ཆེ་ནས་སྙིང་རྗེ་ཤས་ཆུང་བས་སེམས་ཅན་མང་པོ་ལ་སྙི༷ང་རྗེ༷་མེ༷ད་ཅིང་གཏུམ་ཞིང་མགུ་བར་དཀའ་བས་མི་ལེགས་པ་ཕྲ་མོ་ལ་ཡང་མྱུར་དུ་འཁྲོ༷་ལ༷། ཞེ་ནག་ཆེ་བས་གཞན་ལ་གནོད་པ་ཆེན་པོ་བྱེད་པར་སེམས་པའི་གདུ༷༷ག་པ་དང༌། ཡུལ་ཁྱད་པར་ཅན་སྐྱེས་བུ་དམ་པ་གཞན་ལ་ཕྲག་དོག་གིས་སྡང་སེམས་བྱེད་པ་དེ། གདུག་པ་དམ་པའི་སྐྱེ་བོར་སྡང་ཞེས་པ་དང་མཐུན་པར་འདིའི་ཁོངས་སུ་ཤེས་པར་བྱའོ། །རང་གི་ཡོན་ཏན་ཕྲ་མོ་ལ་ཡང་ཁེ༷ངས་པ་ཆེ་ཞི༷ང་ང་རྒྱལ་ཆེ་བ་དང༌། རྫས་དང་ཡོ་བྱད་ལ་ཆ༷གས་པས་སེར་སྣས་ཡོ་བྱད་གཅེས་པར་འཛིན་ཅིང་གཏོང་མི་ཕོད་ལ༷། དབང་པོའི་སྒོ་མ༷་བསྡ༷མས་པས་བག་མེད་པའི་གཏམ་ད༷ང་བྱ་བ་སྣ་ཚོགས་དང་མི་དགེ་བ་ཕྲ་རགས་ལ་འཇུག་པ་དང༌། རང་གི་ཡོན་ཏན་ལ་རང་གིས་བསྟོད་ཅིང༌། གཞན་ལ་ངོམ་པའི་བདག་བསྟོད་བྱེད་པ་ནི་སྤྱོ༷མས་པ་ཞེས་བྱ་བ་ཡིན་ལ་དེ་ད༷ང་བཅ༷ས་པའི་བླ་མ་ལ། ་བསྟེན་པར་མི༷་བྱ༷འོ༷་ཞེས་པའི་དོན་ཡིན་ཞེས་པའོ། །

གཉིས་པ་བསྟེན་བྱའི་མཚན་ཉིད།

གཉིས་པ་བསྟེན་བྱའི་མཚན་ཉིད་ལ།

སྤྱིར་བླ་མའི་མཚན་ཉིད་དང་སློབ་མའི་མཚན་ཉིད་བསྟེན་ཚུལ་སོགས་མང་ཡང་འདིར་དམ་ཆོས་འདུལ་བ་ལས་བཤད་པའི་ཚུལ་དང༌། མདོ་ཕར་ཕྱིན་ཐེག་པའི་ཚུལ་དང༌། སྔགས་བླ་མེད་ཀྱི་ཚུལ་གསུམ་ལས། དང་པོ་ནི། ཆོས་འདུལ་བ་ལས་གནས་པ་སློབ་མའི་ཁྱད་པར་ནི། མཚོ་ཊཱིཀ་ལས། གནས་པ་སློབ་མའི་ཁྱད་པར་གྱི་ཡོན་ཏན་ནི། བླ་མ་ལ་གུས་ཚུལ་ཁྲིམས་ཡོངས་དག་དང༌། །བསམ་གཏན་དང་ནི་འདོན་ལ་རྟག་བརྩོན་དང༌། །གྲིམས་ཤིང་དུལ་ལ་བཟོད་དང་ལྡན་པ་ནི། །སྡོམ་བརྩོན་གནས་པའི་ཆོས་ལྡན་ཤེས་པར་བྱ། །ཞེས་གསུངས་སོ། །ཆོས་འདུལ་བ་ལས་བསྟན་པའི་གནས་ཀྱི་བླ་མའི་མཚན་ཉིད་ནི། མཚོ་ཊཱིཀ་ལས། གནས་ཀྱི་བླ་མའི་མཚན་ཉིད་ནི། རང་གི་གནས་པ་ལ་ལྟོས་ནས་དངོས་སུ་ཆོས་འབྲེལ་གྱི་ཡུལ་ཁྱད་པར་ཅན་ཉིད་དུ་གནས་པའོ། །གནས་ཀྱི་བླ་མ་ལ་གཉིས་ཏེ། མཁན་པོ་དང་གནས་ཀྱི་སློབ་དཔོན་ནོ། །དེ་ཡང་ཆོས་བཞི་དང་ལྡན་ན་མཁན་པོ་དང་གནས་ཀྱི་སློབ་དཔོན་བྱར་རུང་སྟེ། བཙུན་པ་དང༌། བརྟན་པ་དང༌། མཁས་པ་དང༌། ཕན་འདོགས་ཀྱི་ཡན་ལག་དང་ལྡན་པའོ། །དེ་ཡང་བཙུན་པའི་ཡན་ལག་ནི། ༼ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམས་པ་སྟེ་ཞེས་སྔ་མ་རྣམས་གསུང་ངོ༌། །དེ་ནི་དགེ་བསྙེན་ཁ་ཅིག་དང་དགེ་ཚུལ་ཁ་ཅིག་ལའང་ཡོད་པས་འདིར་ནི།༽ བསྙེན་རྫོགས་ཀྱི་སྡོམ་ལྡན་ཕམ་པས་མ་གོས་ཤིང་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་འཛེམ་པ་སྟེ། ལུང་རྣམ་འབྱེད་གཅིག་ལས་འཕྲོས་པ་དང་འོད་ལྡན་ལས། ཚུལ་ཁྲིམས་དང་ལྡན་པ་ཞེས་བྱ་བ་ནི་ཕམ་པའི་ལྟུང་བ་བཞི་པོ་རྣམས་ལས་གང་ཡང་རུང་བ་མ་བྱུང་བའོ་ཞེས་གསུངས་པ་དང༌། ཊཱི་ཀ་ལས། ཚུལ་ཁྲིམས་དང་ལྡན་པ་ནི་འཆལ་པའི་༼སྡིག་པ་མི་དགེ་བའི་སྐབས་མེད་པའི་ཕྱིར་ཞེས་ཏེ། མཛོད་ལས་འཆལ་བའི་ཚུལ་ཁྲིམས་མི་དགེའི་གཟུགས་ཞེས་གསུངས་པ་ལྟར་སྡིག་པ་མི་དགེ་བ་ལ་འཆལ་བའི་ཚུལ་ཁྲིམས་ཞེས་བྱའོ།།༽ ཚུལ་ཁྲིམས་ཀྱི་སྐབས་མེད་པའི་ཕྱིར་ཞེས་པ་གོ་རིམ་བཞིན་དུ་སྦྱར་རོ། །བརྟན་པའི་ཡན་ལག་ནི་༼བསྙེན་པར་རྫོགས་ནས་ལོ་བཅུ་ལོན་པའོ་ཞེས་སྔ་མ་རྣམས་གསུང་ངོ༌། །དེ་ནི་བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ཡང་བར་སྐབས་སུ་བབ་པ་དང༌། བསྙེན་པར་རྫོགས་ནས་དགེ་ཚུལ་དུ་ལོ་བཅུ་ལོན་ལའང་ཡོད་པས་འདིར་ནི།༽ བསྙེན་པར་རྫོགས་ནས་བར་མ་ཆད་པར་ལོ་བཅུ་ལོན་པའོ། །མཁས་པའི་ཡན་ལག་ནི་འདུལ་བ་ཤེས་པའོ། །ཕན་འདོགས་ཀྱི་ཡན་ལག་ནི་ཆོས་བཅུ་གཉིས་ཏེ། སྙིང་རྗེ་བཟོད་ལྡན་ནང་འཁོར་དག་པ་དང༌། །ཕན་འདོགས་གཉིས་བརྩོན་མཚན་མཐུན་ལྟ་བ་དག །སྨྲ་ཤེས་དོན་གོ་ཤེས་པ་རང་བཞིན་གནས། །ལུས་ནི་ཐ་མལ་ས་ནི་རང་བཞིན་གནས། །ཞེས་གཟུང་ངོ༌། །བཅུ་གཉིས་པོ་དེ་དག་ལས་དང་པོ་ལྔའི་སྒྲུབ་བྱེད་ནི། ནད་གཡོག་དང་ཞེས་པའི་ཊཱི་ཀ་ལས། ནད་གཡོག་ཅེས་བྱ་བ་འདིས་ནི་སྙིང་རྗེ་དང་ལྡན་པ་ཉིད་དང་སྡུག་བསྔལ་ལ་ཇི་མི་སྙམ་པའི་བཟོད་པ་ཉིད་བསྟན་ཞེས་པ་དང༌། སུམ་བརྒྱ་པ་ལས། ནད་པར་སྙིང་བརྩེ་འཁོར་ནི་དག་པ་དང༌། །ཆོས་དང་ཟང་ཟིང་ཕན་འདོགས་བརྩོན་པ་དང༌། །དུས་སུ་འདོམས་པ་དེ་དག་བླ་མར་བསྔགས། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡང་འདུལ་སྡོམ་ལས། ཁྲིམས་མེད་རོ་ལངས་བརྩེ་མེད་སེང་གེ་འདྲ། །འཁོར་ངན་སྦྲུལ་དཀྲིས་ཕན་མེད་ཤིང་སྐམ་བཞིན། །ཞེས་གསུངས་སོ། །ཆོས་འདུལ་བ་ལས་བླ་སློབ་གཉིས་ཀས་ཕན་ཚུན་བྱ་བ་བསྒྲུབ་པར་གསུངས་པ་ནི། མཚོ་ཊཱིཀ་ལས། སློབ་མས་བླ་མའི་བྱ་བ་བསྒྲུབ་པར་གསུངས་པ་ནི། བླ་མས་བྱ་བ་དེ་འགྲུབ་པར་ནུས་ཀྱང་སློབ་མས་བསྒྲུབ་པར་བྱ་བ་ཡིན་ལ། བླ་མས་སློབ་མའི་བྱ་བ་བསྒྲུབ་པར་གསུངས་པ་ནི་སློབ་མས་བྱ་བ་དེ་འགྲུབ་པར་མི་ནུས་ན་བླ་མས་བསྒྲུབ་པར་བྱ་བ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེང་དུས་སུ་བླ་མ་བརྟག་ཚེ། བླ་མ་ལ་མ་མཐའ་ཚུལ་ཁྲིམས་ལྡན་པ། སློབ་མ་ལས་ཡོན་ཏན་ལྷག་པ། སློབ་མ་ལ་བརྩེ་བ་དང་ལྡན་པ། སྐབས་ཀྱི་བཤད་བྱའི་ཆོས་ཡང་དག་པར་འཆད་ཤེས་པ་ཞིག་དགོས་པར་སྔོན་བྱོན་དམ་པ་རྣམས་ཀྱིས་གསུངས་སོ། །སློབ་དཔོན་ལ་རིགས་བཞི་ཡོད་དེ། ལུང་གཅིག་ལས་འཕྲོས་པ་ལས་ཆོས་ཁོ་ནས་སློབ་མ་སྡུད་པ་དང༌། ཟང་ཟིང་ཁོ་ནས་སློབ་མ་སྡུད་པ་དང༌། ཆོས་དང་ཟང་ཟིང་གཉིས་ཀའི་སྡུད་པ་དང་གཉིས་ཀའི་མི་སྡུད་པ་དང་བཞི་ལས་དང་པོ་ནི། ཤེས་པར་བྱས་ནས་གནས་པ་དང༌། གཉིས་པ་ནི་བལྟས་ཏེ་འགྲོ་བ་དང༌། གསུམ་པ་ནམ་མཚོའི་བར་ཏུ་སྡོད་ཅིང་གནས་པར་བྱ་བ་དང༌། བཞི་བ་བསྒོ་ཡང་མི་ལྟ་བར་འགྲོ་བར་བྱ་ཞེས་གསུངས་སོ། ། གཉིས་པ་མདོ་ཕར་ཕྱིན་ཐེག་པའི་ཚུལ་ལ་གསུམ། དང་པོ་ནང་གི་ཡོངས་འཛིན་ཐབས་མཁས་ནི། མདོར། བྱང་ཆེན་པོ་མི་འཇིགས་མི་དངང་སྐྲག་པར་མི་འགྱུར་རོ། ། ཞེས་སོགས་སོ། ། དེ་ཡང་མདོ་ལུགས་མ་ལས། དེས་ན་ཐབས་ལ་མཁས་པ་ཉིད་ཡོངས་འཛིན་ཡིན་ནོ། །འདི་ཉིད་ནི་རྣམ་པ་བཞི་སྟེ། སློབ་དཔོན་དབུ་མ་པ་ཆེན་པོ་དབྱིག་གཉེན་གྱི་ཞལ་སྔ་ནས།ཐབས་ལ་མཁས་པ་དེ་ཡང་རྣམ་བཞིར་བསྟན་ཏེ། ཆོས་ཐམས་ཅད་ལ་སོ་སོར་རྟོག་པའི་ཐབས་ལ་མཁས་པ་དང༌། ཕ་རོལ་ཕྱིན་དྲུག་ཡོངས་སུ་རྫོགས་པར་བྱ་བའི་ཐབས་ལ་མཁས་པ་དང༌། དགེ་བའི་བཤེས་གཉེན་ལ་བསྟེན་པའི་ཐབས་ལ་མཁས་པ་དང༌། སྡིག་པའི་གྲོགས་པོ་སྤོང་པའི་ཐབས་ལ་མཁས་པའོ། །ཞེས་གསུངས་སོ། །

གཉིས་པ་ཕྱིའི་ཡོངས་འཛིན།

གཉིས་པ་ཕྱིའི་ཡོངས་འཛིན་ནི།

བྱང་སེམས་སྦྱོར་ལམ་པ་ལ་ཐབས་ཤེས་ཁྱད་པར་ཅན་གྱི་ལམ་སྟོན་པའི་དགེ་བའི་བཤེས་གཉེན་དེ་ཡིན་ནོ། ། གསུམ་པ་མི་མཐུན་ཕྱོགས་ལ། མངོན་རྟོགས་རྒྱན་ལས། སེམས་མི་འགོང་པ་ཉིད་ལ་སོགས། །ངོ་བོ་ཉིད་མེད་སོགས་སྟོན་བྱེད། །དེ་ཡི་མི་མཐུན་ཕྱོགས་བོར་བ། །རྣམ་པ་ཀུན་ཏུ་ཡོངས་འཛིན་ཡིན། །ཞེས་པའི་དོན་ནི། སེ༷མས་མི༷་འགོ༷ང་པ༷་སྟེ་སྐྲག་པ་ཉི༷ད་དང་ལ༷་སོ༷གས་པའི་སྒྲས་དངང་བ་དང་ཤིན་ཏུ་དངང་བར་འགྱུར་བ་ནི་རིམ་པ་ལྟར་སྐྲག་པ་ཆུང་དང་འབྲིང་དང་ཆེན་པོའི་ངོ་བོར་གནོད་འཇོམས་ལས་གསུངས་སོ། །ཐབས་ལ་མི་མཁས་པ་སྐྲག་པ་ལ་སོགས་པར་འགྱུར་བའི་རྒྱུ་ནི་སྐབས་འདིར། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཤེར་ཕྱིན་ཟབ་མོའི་ཐེག་ཆེན་བསྟན་པ་འདི་ཐོས་པ་ཡིན་ནོ། །རྒྱུ་གཞན་ཡང་མེད་པ་ནི་མ་ཡིན་ཏེ། རིགས་མེད་པ་དང་གྲོགས་ངན་པ་དང༌། སྔོན་དགེ་བ་མ་བསགས་པ་དང༌། ཐེག་ཆེན་གྱི་ཆོས་ལ་བློ་གྲོས་མ་སྦྱངས་པ་སྟེ། བཞི་པོ་འདི་ཡང་ངོ༌། །ཉེས་དམིགས་ཡང་ཆེ་སྟེ། སྐྲག་མི་དགོས་པ་འདི་ལ་སྐྲག་པ་ནི། སྡིག་པའི་ཕུང་པོ་ཆེན་པོ་བསགས་པའི་ཕྱིར་དུས་ཡུན་རིང་དུ་ངན་སོང་དུ་གདུང་བར་བྱེད་པར་འགྱུར་རོ། །རང་བཞིན་སྟོང་པ་ཉིད་ཀྱི་ཤེར་ཕྱིན་བསྟན་པ་འདི་ཐོས་ན་སེམས་མི་འགོང་བ་ཉིད་ལ་སོགས་པའི་རྒྱུ་ཐབས་ལ་མཁས་པ་ནི་ཆོས་ཐམས་ཅད་ལ་ངོ༷་བོ༷་ཉི༷ད་མེ༷ད་པར་སོ་སོར་རྟོག་པའི་དང༌། སོ༷གས་པའི་སྒྲས་ཕར་ཕྱིན་དྲུག་རྫོགས་པར་བྱ་བའི་དང༌། ཐེག་ཆེན་ཕྱིན་ཅི་མ་ལོག་པར་སྟོ༷ན་བྱེ༷ད་ཀྱི་དགེ་བའི་བཤེས་གཉེན་ལ་བརྟེན་པའི་དང༌། བཤེས་གཉེན་དེ༷འི༷་མི༷་མཐུ༷ན་ཕྱོ༷གས། སྡིག་པའི་གྲོགས་པོ་བོ༷ར་བ༷འི་ཐབས་ལ་མཁས་པ་སྟེ། དུས་དང་རྣ༷མ་པ༷་ཀུ༷ན་ཏུ༷་ཡོ༷ངས་འཛི༷ན་གྱི་ངོ་བོར་གྱུར་པ་ནི་དེ་ཡི༷ན་ནོ། །དེས་ན་དགེ་བའི་བཤེས་གཉེན་གྱི་ངོ་བོ་ཡོངས་སུ་འཛིན་པ་པོ་ཐུན་མོང་པ་ཡིན་ཡང༌། ཉན་རང་ལས་ཁྱད་པར་དུ་འཕགས་པའི་ཡོངས་འཛིན་གྱི་ངོ་བོ་ནི་བྱང་ཆུབ་སེམས་དཔའི་ཐབས་ལ་མཁས་པ་གང་ཡིན་པ་དེ་ཡིན་པར་མདོ་ལུགས་མ་ལས་གསུངས་སོ། ། མདོ་སྡེ་རྒྱན་ལས་བླ་མའི་མཚན་ཉིད་བཅུ་གསུངས་ཏེ། རྒྱན་གྱི་ས་འགྲེལ་ལས། རྟེན་ནི། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བས་བདག་ཉིད་སྐྱོ་བ་སྤངས་ལ་བསྟེན། །ཞེས་དགེ་བའི་བཤེས་གཉེན་མཚན་ཉིད་བཅུ་དང་ལྡན་པ་སྟེ། ལྷག་པ་ཚུལ་ཁྲིམས་དང་ལྡན་པས་དབང་པོ་དུལ་བ་དང༌། ཏིང་ངེ་འཛིན་དང་ལྡན་པས་སེམས་ནང་དུ་ཞི་བར་གནས་ཤིང༌། ཤེས་རབ་དང་ལྡན་པས་ཉོན་མོངས་པ་ཉེ་བར་ཞི་བ་སྟེ་བསླབ་པ་རིན་པོ་ཆེ་གསུམ་ལ་གནས་པ་དང༌། སློབ་མ་བས་ཡོན་ཏན་ཆུང་བའམ་མཉམ་པ་མ་ཡིན་པས་ལུང་དང་རྟོགས་པའི་ཡོན་ཏན་ལྷག་པ་དང་ལྡན་པ་དང༌། ཡོན་ཏན་གྱིས་གཞན་ལ་ཕན་འདོགས་པ་ལ་གཡེལ་བ་མ་ཡིན་པར་རབ་ཏུ་བརྩོན་པ་དང་བཅས་པ་དང༌། ཐོས་པ་ཉུང་ངུ་མ་ཡིན་པར་རྒྱ་ཆེན་པོ་དང་ལྡན་པས་ལུང་གིས་ཕྱུག་པ་དང༌། ལུང་གི་ཚིག་ཙམ་ལ་མ་ཞེན་པར་ཟབ་མོའི་དོན་གྱི་དེ་ཁོ་ན་ཉིད་མངོན་སུམ་མམ་སྤྱིའི་ཚུལ་གྱིས་རབ་ཏུ་རྟོགས་པ་དང༌། རང་གིས་རྟོགས་པ་ལྟར་གདུལ་བྱ་དང་འཚམ་པར་སྨྲ་མཁས་པ་དང་ལྡན་པ་དང༌།དེའང་ཟང་ཟིང་ལ་མི་ལྟ་བར་བརྩེ་བའི་བདག་ཉིད་ཀྱིས་སྟོན་པ་དང༌།དེའང་ལན་རེ་ཙམ་མ་ཡིན་པར་རྟག་ཏུ་ཆོས་སྟོན་པས་སྐྱོ་བ་སྤངས་པ་སྟེ་དེ་ལྟ་བུའི་གང་ཟག་དམ་པ་ལ་བསྟེན་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ཙམ་ལས་མ་སྤྲོས་སོ། །

གསུམ་པ་སྔགས་ཀྱི་ཚུལ།

གསུམ་པ་སྔགས་ཀྱི་ཚུལ་ལ།

བླ་མ་དང་སློབ་མའི་ཐུན་མོང་གི་མཚན་ཉིད་དང༌། བླ་མའི་ཐུན་མོང་མ་ཡིན་པའི་མཚན་ཉིད་གཉིས། དང་པོ་ནི། བརྟན་ཞིང་དུལ་ལ་བློས་གྲོས་ལྡན། །བཟོད་ལྡན་དྲང་ལ་གཡོ་སྒྱུ་མེད། །ཅེས་སོ་སོ་ཐར་པ་རིགས་བདུན་ལས། རང་གིས་གང་བླངས་པའི་བསླབ་པ་དང༌། བྱང་ཆུབ་ཏུ་སེམས་སྐྱེད་པའི་བསླབ་བྱ་དང༌། མདོར་ན་རང་གིས་ཁས་བླངས་པའི་སྡམ་བྱ་མཐའ་དག་དང་སྲོག་དང་བརྡོས་ཏེ་བརྟ༷ན་པར་བསྲུངས་ཞི༷ང་གཞན་ཡང་རང་བཞིན་གྱི་ཤེས་རབ་དང་སྦྱངས་པ་མི་ཐུབ་པའི་ཡད་ཡུད་མ་ཡིན་པར་རྩེ་གཅིག་ཏུ་རྐང་ཚུགས་པ། དབང་པོའི་སྒོ་བསྡམས་པས་དུ༷ལ་ཞིང་བྱ་བ་མ་ཡིན་པ་ཕྲ་མོ་ལ་ཡང་མི་འཇུག་ལ༷། རང་བཞིན་གྱི་ཤེས་རབ་དང་སྦྱངས་པ་ཡང་ཆེ་བས་ཚིག་དོན་ཟབ་ཅིང་རྒྱ་ཆེ་བ་གོ་ཞིང་འཛིན་པར་ནུས་པའི་བློ༷་གྲོ༷ས་དང་ལྡ༷ན་པ། ཆོས་ཀྱི་ཆེད་དུ་དཀའ་སྤྱད་བཟོ༷ད་པ་དང་ལྡ༷ན་པ། དམ་ཚིག་དང་སྡོམ་པ་སོགས་ཕྲལ་ཡུན་གྱི་བསྒྲུབ་བྱ་རྣམས་ལ་ངོ་ལྐོག་བཟློག་ནས་བཅོས་མ་མི་བྱེད་པའི་རང་བཞིན་དྲ༷ང་ལ༷། རང་གི་ཉེས་པ་མི་མངོན་པར་བྱས་ནས་གཞན་ལ་སྒྱུར་བར་བྱེད་པའི་ངན་གཡོ༷་མེད་པ་དང༌། རང་ལ་ཡོན་ཏན་མེད་ཀྱང་ཡོད་པ་ལྟར་སྟོན་པའི་གཞན་མགོ་རྨོངས་པར་བྱེད་པའི་སྒྱུ༷་ཐབས་སོགས་ངན་པའི་སྤྱོད་པ་མེ༷ད་པའོ། ། དེ་ལྟར་ཐུན་མོང་གི་ཡོན་ཏན་དྲུག་པོ་ནི་སློབ་མ་ལ་ཡང་ཚང་དགོས་ཤིང༌། བླ་མ་ལ་ནི་དེ་དག་ལྷག་པར་ཚང་བའི་སྟེང་དུ་ཐུན་མོང་མ་ཡིན་པའི་མཚན་ཉིད་བདུན་ཡོད་པ་ནི། སློབ་མ་ལས་བླ་མ་ཡོན་ཏན་མང་པོས་ལྷག་པར་ཡོད་པ་ཞིག་དགོས་པའི་དབང་དུ་ཡིན་ནོ། །

གཉིས་པ་བླ་མའི་ཐུན་མོང་མ་ཡིན་པའི་མཚན་ཉིད།

གཉིས་པ་བླ་མའི་ཐུན་མོང་མ་ཡིན་པའི་མཚན་ཉིད་ནི།

སྔགས་དང་རྒྱུད་ཀྱི་སྦྱོར་བ་ཤེས། །སྙིང་བརྩེར་ལྡན་ཞིང་བསྟན་བཅོས་མཁས། །དེ་ཉིད་བཅུ་ནི་ཡོངས་སུ་ཤེས། །དཀྱིལ་འཁོར་འབྲི་བའི་ལས་ལ་མཁས། །སྔགས་བཤད་པ་ཡི་སྦྱོར་བ་ཤེས། །རབ་ཏུ་ཞི་ཞིང་དབང་པོ་དུལ། །ཞེས་རྩ་བའི་སྔ༷གས་ད༷ང་སྙིང་པོ་དང་ཉེ་སྙིང་དང་ལས་སྒྲུབ་པའི་སྔགས། དེ་དག་ཇི་ལྟར་སྒྲུབ་པའི་ཆོ་གའི་མངོན་པར་རྟོགས་པ་རྒྱུ༷ད་ནས་གསུངས་པ་རྣམས་ཀྱི༷་མན་ངག་གི་སྦྱོ༷ར་བ༷ས་མ་ནོར་བར་ཉམས་སུ་ལེན་ཤེ༷ས་པ།སྙིང་རྗེ་ནི་སྔར་བཤད་པ་ལྟར་ལས། སློབ་དཔོན་གྱི་ཐུན་མོང་མ་ཡིན་པའི་ཡོན་ཏན་ཡིན་པས། སྔ་མ་ལས་ཁྱད་པར་དུ་འཕགས་པ་རིགས་སུ་མ་ཆད་པ་ཅིག་དགོས་པའི་དོན་ཡིན་ལ། སྔ་ཕྱི་གཅིག་ཏུ་བཟློས་པ་ལྟ་བུ་ནི་རྒྱུད་སོ་སོ་ནས་བཤད་པའི་དོན་ཚན་བསྡུས་པའི་སྟོབས་ཀྱིས་ཡིན་ནོ། །གཞན་ལ་སྙི༷ང་བརྩེ༷ར་ལྡ༷ན་ཞི༷ང༌། བསྟ༷ན་བཅོ༷ས་ནི་ནང་རིག་གི་གནས་ལྔའི་གཞུང་ལུགས་རྣམས་ཡིན་ལ་དེ་རྣམས་ལ་མཁ༷ས་པ་དང༌། དེ་ཉིད་བཅུ་ནི་ཕྱི་ནང་གསང་བའི་དེ་ཉིད་བཅུ་ཡོད་པ་ལས། རབ་གནས་ཀྱི་རྒྱུད་དུ། ༼མདུན་སྐྱེད་༽དཀྱིལ་འཁོར་དང་ནི་༼བདག་སྐྱེད་༽ཏིང་འཛིན་མཆོག།༼དེ་དག་ལ་རྒྱས་འདེབས་པའི་ལས་ཀྱི་ཕྱག་རྒྱ་སོགས་༽ཕྱག་རྒྱ་སྟངས་སྟབས་གདན་༼དཀྱིལ་ཀྲུང་ལ་སོགས་པ་༽དང་ནི།།༼བསྙེན་པ་སོགས་༽བཟླས་བརྗོད་སྦྱིན་སྲེག་གཏོར་མ་དང། །༼སྡིག་པ་ཞི་བ་སོགས་༽ལས་ལ་སྦྱར་དང་༼གཤེགས་སུ་གསོལ་པ་སོགས་༽སླར་བསྡུ་བའོ། །རྒྱུད་སྡེ་འོག་མ་དང་ཐུན་མོང་ཕྱིའི་དེ་ཉིད་བཅུ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། ཕྱིར་ཟློག་གཉིས་ཀྱི་ཆོ་ག་དང། །གསང་དང་ཤེས་རབ་ཡེ་ཤེས་༼དབང་བསྐུར་བ་༽དང། །༼ཡེ་ཤེས་པ་གཤེགས་སུ་གསོལ་༽ཁ་སྦྱོར་འབྱེད་པའི་ཆོ་ག་དང༌། །༼འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་༽གཏོར་མ་རྡོ་རྗེའི་བཟླས་པ་དང༌། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང༌། །རབ་ཏུ་གནས་དང་༼ཕྱི་དང་ལུས་ཀྱི་༽དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་བཅུ་ཡིན་ནོ། །ཞེས་བླ་མེད་ནས་བཤད་པའི་ནང་ངམ་གསང་བའི་དེ༷་ཉི༷ད་བཅུ༷་འདི་རྣམས་ནི༷་མ་ཚང་བ་མེད་པ་ཡོ༷ངས་སུ༷་རྫོགས་པར་ཤེ༷ས་པ། དཀྱི༷ལ་འཁོ༷ར་ཐིག་གིས་བྲི་བ་དང་མཚོན་གྱིས་བྲི༷་བ༷འི་ལ༷ས་ལ༷་མཁ༷ས་པ། གསང་སྔ༷གས་ཀྱི་གཞུང་རྒྱུད་ཀྱི་ཚིག་དོན་གཞན་ལ་བཤ༷ད་པ༷་ཡི༷་ཚིག་སྦྱོ༷ར་བ་ལེགས་པར་ཤེ༷ས་པའི་སློབ་དཔོན་གྱི་འོས་སུ་གྱུར་པ་ནི་སྒོ་གསུམ་གྱི་ཉེས་པ་ཐམས་ཅད་སྤངས་ཞིང་སྐྱོན་དང་མ་འདྲེས་པས་ར༷བ་ཏུ༷་ད༷ང་ཞི༷ང་སླར་ཉེས་སྤྱོད་ཕྲ་མོ་ལ་ཡང་མི་འཇུག་པར་དབ༷ང་པོ༷་བསྡམས་ཏེ་དུ༷ལ་བར་གནས་པ་སྟེ། མཚན་ཉིད་ཐུན་མོང་མ་ཡིན་པ་བདུན་པོ་འདི་དག་དང༌། སྔར་སློབ་མ་དང་ཐུན་མོང་གི་མཚན་ཉིད་དྲུག་དང་བཅས་བཅུ་གསུམ་པོ་ཐམས་ཅད་ཚང་བ་ནི་བླ་མར་བྱ་བ་ཡིན་ལ། དེ་དག་ཐམས་ཅད་ཚང་བ་མ་རྙེད་ན་དཔལ་དོན་དམ་པའི་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་དཔྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་གྱུར་བའོ། །ཞེས་གསུངས་པ་ལྟར་ཡོན་ཏན་རྣམས་ཤས་ཆེ་བར་ཚང་བ་དང༌། གཙོ་ཆེ་བའི་ཡོན་ཏན་རྣམས་དང་ལྡན་ན་སྐྱོན་དུ་བཤད་པ་རྣམས་ལས་འགའ་ཞིག་ཡོད་ཀྱང་རང་ལ་ཕན་ཐོགས་ན་བསྟེན་པར་བྱ་བ་ཡིན་ཞིང༌། སྐྱོན་ཡོན་མཉམ་པ་ཡང་དེ་བཞིན་དུ་བསྟེན་པ་ཡིན་ལ། སྐྱོན་དེ་དག་ཤས་ཆེ་ཞིང་ཡོན་ཏན་གྱི་གཙོ་བོ་རྣམས་མེད་པ་ནི་སྤང་བར་བྱ་བ་ཡིན་ནོ། །དེ་ལྟར་ལྷན་ཐབས་ལས། དེ་ལྟར་སློབ་མ་དང་བླ་མའི་མཚན་ཉིད་རགས་པ་བསྟན་ཟིན་ནས། དུས་ཀྱི་སྐྱོན་གྱིས་སྐྱོན་ཀུན་སྤངས་ཡོན་ཏན་ཀུན་རྫོགས་ཚང་བའི་སློབ་དཔོན་རང་ཡང་རྙེད་དཀའ་བ་དང༌། རྙེད་དུ་ཟིན་ཀྱང་རང་གི་བློ་མ་དག་ན་ཡོན་ཏན་དང་ལྡན་པ་ལ་ཡོན་ཏན་ཡོད་པར་མི་མཐོང༌། སྐྱོན་མེད་པ་ལ་སྐྱོན་དུ་མཐོང༌། སྐྱོན་ཡིན་པ་སྐྱོན་དུ་མི་མཐོང༌། ཡོན་ཏན་མ་ཡིན་པ་ཡོན་ཏན་དུ་མཐོང༌། ཡོན་ཏན་མེད་ཅིང་སྐྱོན་དང་ལྡན་པ་རྣམས་སྐྱེས་བུ་མཆོག་ཏུ་མཐོང་བར་འགྱུར་ཏེ། སྐྱེ་བ་སྔ་མར་ལས་ངན་བསགས་ཤིང་སྐལ་བ་དམན་པའི་དབང་གིས་སོ། །དེ་ལྟར་ཡང༌། མཁས་རྣམས་ཡོན་ཏན་ལ་གུས་ཀྱི། །སངས་རྒྱས་དབང་ཕྱུག་སོགས་ལ་མིན། །ཡོན་ཏན་མེད་ལ་གང་གུས་པ། །དེ་བླུན་མི་དགེའི་ལས་ལས་སྐྱེས། །ཞེས་གསུངས། ཡོན་ཏན་རྫོགས་པ་མ་རྙེད་ན། གོང་དུ་སྨོས་པ་ལྟར་མེད་མི་རུང་གི་མཚན་ཉིད་ཚང་བ་འཚོལ་དགོས། ཞེས་གསུངས་པ་ལྟར་སྙིགས་དུས་འདིར་བླ་སློབ་གཉིས་ཀའི་ངོས་ནས་མཚན་ཉིད་ཡོངས་སུ་ཚང་བ་དཀའ་ལ། དེར་མ་ཟད་བླ་མ་ཡོན་ཏན་ཀུན་རྫོགས་ཡིན་ཡང་ལས་སྣང་མ་དག་པའི་དབང་གིས་སྐྱོན་ཀུན་ཟད་དང་ཡོན་ཏན་ཀུན་ལྡན་མཐོང་དཀའ་སྟེ། འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་མགོན་པོ་ལོ་བཅུ་གཉིས་སུ་བསྒྲུབས་ནས་ཁྱི་མོ་སྨད་ཁོག་འབུས་གཞིག་པའི་རྣམ་པ་ལས་མ་མཐོང་བའི་ཚུལ་མཛད་པའི་དགོས་དོན་གྲུབ་པའི་ཕྱིར་རོ། །

གཉིས་པ་བསྟེན་ཚུལ་དངོས་རྒྱས་པར་བཤད་པ།

གཉིས་པ་བསྟེན་ཚུལ་དངོས་རྒྱས་པར་བཤད་པ་ལ།

སྤྱི་དོན་དང་གཞུང་དོན་གཉིས། དང་པོ་ནི། མཚན་ལྡན་གྱི་བླ་མ་ཇི་ལྟར་བསྟེན་པའི་ཚུལ་ནི། ལྷན་ཐབས་འོད་བརྒྱ་འབར་བ་ལས། མཚན་ལྡན་གྱི་བླ་མ་ཇི་ལྟར་བསྟེན་པའི་ཚུལ་ནི། སྒྲོན་གསལ་ལས། རང་གི་བླ་མ་ལ་སྙིང་ཐག་པ་ནས་སྨོད་མཁན་དེ་དང༌། རང་ཡང་སྙིང་ཉེ་བར་བྱས་ན། སློབ་དཔོན་ལ་རང་གིས་དངོས་སུ་མ་སྨད་ཀྱང༌། སློབ་དཔོན་སྨད་པ་དང་ཁྱད་མེད་པར་བཤད་དོ། །ཡང་དེ་ཉིད་ལས། རིགས་ཀྱི་བུ་སངས་རྒྱས་བཅོམ་ལྡན་འདས་ཕྱོགས་བཅུ་ན་ཇི་སྙེད་བཞུགས་པ་དང༌། སངས་རྒྱས་བཅོམ་ལྡན་འདས་དེ་རྣམས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་བྱུང་བའི་བསོད་ནམས་ཀྱི་ཕུང་པོ་ཇི་སྙེད་པ་དེ་བས་ཀྱང༌། སློབ་དཔོན་གྱི་བ་སྤུའི་བུ་ག་གཅིག་གི་བསོད་ནམས་ཁྱད་པར་དུ་འཕགས་སོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཀྱི་སྙིང་པོར་གྱུར་པའོ། །ཞེས་གསུངས་ཤིང༌། གསང་འདུས་རིམ་ལྔ་ལས་ཀྱང༌། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་ནི་ཐོབ་པར་འགྱུར། །བླ་མེད་བྱེད་པ་སློབ་དཔོན་གྱི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡིས་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བསྟེན་གང་ཞིག་ཡོད། །དེ་ཉིད་མི་བཟང་འདོད་པ་ཡིས། །ཤིན་ཏུ་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་པ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །ཞེས་གསུངས་པ་དང༌། གཞན་ལས་ཀྱང༌། སློབ་དཔོན་གྱི་ནི་ཡོན་ཏན་གཟུང༌། །སྐྱོན་ནི་ནམ་ཡང་མ་ཡིན་ཉིད། །ཡོན་ཏན་གཟུང་བས་དངོས་གྲུབ་ཅིང༌། །སྐྱོན་རྣམས་ཀྱིས་ནི་དངོས་གྲུབ་ཉམས། །འདིར་མང་སྨྲས་པས་ཅི་ཞིག་བྱ། །བླ་མ་མཉེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་པ་ནི། །དེ་དང་དེ་ལ་འབད་པས་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་འབྲང་བར། །རྡོ་རྗེ་འཛིན་པ་ཉིད་གསུངས་ཕྱིར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། ། ཞེས་བྱུང་བ་རྣམས་གནད་ཀྱི་དམ་པ་ཡིན་ཏེ། མདོར་ན་བླ་མ་བསྟེན་ཚུལ་ཡང་བསམ་པ་དང་སྦྱོར་བ་གཉིས་ལས། དང་པོ་ལ། བསམ་པའི་རྩ་བ་ནི་གོང་དུ་བསྟན་པའི་བླ་མའི་མོས་གུས་ཉིད་ཡིན་ལ། དེ་ཡི་ཡན་ལག་ཏུ། བླ་མའི་སྐུ་གསུང་ཐུགས་ཀྱི་སྐྱོན་ལ་མི་བརྟག་སྟེ། སྐྱོན་གྱི་རྣམ་པ་མཐོང་ན། བློ་སྦྱོང་ཚུལ་གཉིས་ཡོད་དེ།

དང་པོ་ནི།

དང་པོ་ནི།

བླ་མ་འདི་ལྟ་བུའི་སྐྱོན་དང་མཛད་སྤྱོད་ག་ལ་མངའ། འདི་ནི་བདག་རང་གི་སེམས་མ་དག་པས་ལན། མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་བ་དང་འདྲ། སྔོན་བྱང་ཆུབ་སེམས་དཔའ་ནོར་བཟང་གི་བླ་མ་བྲམ་ཟེ་རྒྱལ་བའི་དྲོད་དང༌། གྲུབ་ཐོབ་མཚོ་སྐྱེས་ཀྱི་བླ་མ་ཕག་ཚང་བ་དང༌། སངས་རྒྱས་ཡེ་ཤེས་ཞབས་ཀྱིས་འཇམ་དཔལ་ཁྱིམ་བཙུན་དུ་གཟིགས་པ་སོགས་ཀྱིས་མཚོན་ཏེ། དེ་དག་གིས་ཀྱང་མ་དད་པ་མེད་པར། གུས་པ་ཕྱིར་ཞིང་འཕེལ་བས། དངོས་གྲུབ་ཐོབ་པ་དང༌། མ་དད་པའི་རྣམ་རྟོག་སྐད་ཅིག་རེ་རེས་ཀྱང་དངོས་གྲུབ་ལ་བར་ཆད་བྱུང་བ་ལྟར། བདག་ཀྱང་བླ་མའི་མཛད་པ་ཇི་ལྟ་བུ་མཐོང་ཡང་དད་པ་འཕེལ་བ་ཞིག་བྱེད་དགོས་སྙམ་དུ་བསམ།

བློ་སྦྱོང་ཚུལ་གཉིས་པ།

བློ་སྦྱོང་ཚུལ་གཉིས་པ་ནི།

བླ་མ་དེའི་སྐུ་གསུང་ཐུགས་ཀྱི་སྐྱོན་མཐོང་བའམ། མཛད་སྤྱོད་ཀྱི་སྒོ་ནས་མི་དགེ་བཅུ་མཛད་པར་མཐོང་ཡང༌། བླ་མས་མཛད་པ་འདི་ལྟ་བུ་མཛད་པ་ནི། གདུལ་བྱ་གང་ལ་གང་འདུལ་གྱི་དབང་ལས། སེམས་ཅན་དཔག་ཏུ་མེད་པ་སྨིན་གྲོལ་དུ་མཛད་པའི་འཕྲིན་ལས་ཡིན། དེད་དཔོན་སྙིང་རྗེ་ཆེན་པོ་དང༌། ཁྱེའུ་སྐར་མ་དང༌། བྱང་ཆུབ་སེམས་དཔའ་ཆོས་འཕགས་སོགས་ཀྱི་དཔེ་དང་མཚུངས། དཔེར་ན་བླ་མས་རྫུན་གསུང་པར་ཤེས་ན། ད་ལྟ་འདི་ན་སྐྱེ་བོ་མང་པོ་རྫུན་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པ་ཡོད་པ་ཡང༌། དགེ་བ་ངོ་མཚར་ཆེ་སྟེ། དེ་ཀུན་པས་བདག་གི་བླ་མས་དགོངས་པ་ཅན་གྱི་ཚིག་རྫུན་ལྟར་སྣང་བ་གསུང་པ་འདི་བརྒྱ་སྟོང་འབུམ་འགྱུར་གྱི་ངོ་མཚར་ཆེ། འདིས་སེམས་ཅན་དཔག་ཏུ་མེད་པ་མཐོ་རིས་དང་ཐར་པ་དང་ཐམས་ཅད་མཁྱེན་པ་ལ་འགོད་པར་མཛད་པ་ཞིག་ཡིན་པ་འདུག་སྙམ་དུ་བསམ་པ་ལྟ་བུ་སྟེ། དེས་ཐམས་ཅད་ལ་རིགས་འགྲེ། ཁྱད་པར་དུ་རང་ལ་བཀའ་བཀྱོན་པ་དང༌། མི་དགྱེས་པའི་རྣམ་འགྱུར་མཛད་ན། བཀའ་བཀྱོན་མི་ཐེག་དད་པ་ལོག ལོག་ལྟ་བྱེད་ན་དངོས་གྲུབ་དང་སྒོམ་གྱི་ཏ་རེ་བ་ཟད་དེ། དེ་བས་ཐུ་བ་དམ་ཚིག་ཉམས། རྡོ་རྗེ་དམྱལ་བའི་གཞི་ཐིངས་པ་ཡིན། བཀའ་བཀྱོན་བྱུང་ན་རང་གི་ལས་ངན་སྡིག་སྒྲིབ་འཛད། བགེགས་དང་ལོག་འདྲེན་རིང་དུ་བྲོས། ལྷག་པར་ཡང་བདག་ལ་ཐུགས་ཉེ་བས་གསོང་པོར་གསུངས་པ་ཡིན་ཏེ། ཕས་བུ་ལ་བྱ་བ་བཞིན་ཟོལ་འགྲོག་མི་མཛད་པ་བཀའ་དྲིན་རེ་ཆེ་སྙམ་དུ་བསམ། མི་དགྱེས་པ་ལྟར་སྣང་ན་རང་གི་ལས་སྒྲིབ་མ་དག་པ་ཡོད་པས་དེ་མཛུབ་བཙུགས་སུ་བརྡ་སྤྲོད་མཛད་པར་འདུག་སྙམ། སྤྱིར་སྒྲིབ་སྦྱོང་དང༌། སླར་ཡང་བླ་མ་དགྱེས་པར་བྱེད་པའི་ཐབས་ལ་འབད་དགོས་པ་ཡིན། ཕྱག་ཆེན་པ་འགའ་ཞིག་བླ་མའི་བཀའ་བཀྱོན་ཐེག་པར་བྱིན་གྱིས་བརླབ་ཏུ་གསོལ་ཞེས་ཟེར་བ་ཡང་མོས་གུས་ཀྱི་གནད་དང་ལྡན་པ་ཡིན། བོད་སྒོམ་འགའ་ཞིག་གི་ཞལ་ན་རེ། མཚན་ལྡན་བླ་མ་རིན་ཆེན་འདིས། །གང་མཛད་ཐམས་ཅད་ལེགས་པ་ཡིན། །ཅི་མཛད་ཐམས་ཅད་ཡོན་ཏན་ཡིན། །མི་གསོད་ཤན་པ་མཛད་ན་ཡང༌། དེ་ཁས་འཚེངས་ཤིང་དེ་ཁ་ལེགས། །སེམས་ཅན་ཐུགས་རྗེས་འཛིན་པར་ངེས། །ལོག་གཡེམ་འཆལ་བའི་ཚུལ་སྟོན་ཡང༌། །ཡོན་ཏན་འཕེལ་ཞིང་ཡོན་ཏན་འབྱུང༌། །ཐབས་ཤེས་ཟུང་དུ་འཇུག་པའི་བརྡ། ། རྫུན་གྱིས་གཞན་མགོ་བསྐོར་བ་ན། །བརྡ་ཐབས་རྣམ་པ་སྣ་ཚོགས་ཀྱིས། །འགྲོ་ཀུན་ཐར་བའི་ལམ་ལ་འདྲེན། །རྐུ་འཕྲོག་ཆོམ་པོ་མཛད་ན་ཡང༌། །གཞན་གྱི་ཡོ་བྱད་ཚོགས་སུ་བསྒྱུར། །སྐྱེ་བོ་འཕོངས་པ་ཞི་བ་ཡིན། །དོན་ལ་འདི་འདྲའི་བླ་མ་ཡིས། །བཀའ་བཀྱོན་མཛད་ན་དྲག་སྔགས་ཡིན། རྐྱེན་ངན་བར་ཆད་སེལ་བར་ངེས། །བརྡུངས་བརྡེགས་མཛད་ན་བྱིན་རླབས་ཡིན། །དངོས་གྲུབ་ཐམས་ཅད་དེ་ལས་འབྱུང༌། །མོས་གུས་ཅན་ཚོ་ཉམས་རེ་དགའ། །ཞེས་སྐད་དེ། བླ་མའི་མོས་གུས་ཀྱི་གནད་དེ་ལྟ་བུ་ཞིག་རང་ཡིན། རྗེ་གྲོལ་མཆོག་གིས་ཀྱང༌། དངོས་གྲུབ་ཀྱི་རྩ་བ་དེ་བླ་མ་སྐད། །བླ་མ་དེ་སངས་རྒྱས་དངོས་བྱོན་སྐད། །ཅི་མཛད་དེ་ལེགས་པར་བལྟ་དགོས་སྐད། །མཛེས་མཛེས་སུ་སྨྲ་ཀྱང་སྒྲ་སྐད་ལགས། །དངོས་གྲུབ་ལ་ཐོབ་རུང་མ་ཐོབ་རུང༌། །སངས་རྒྱས་དང་སེམས་ཅན་གང་ཡིན་ཡང༌། ། མཛད་པ་ཡང་ལེགས་ཉེས་ཅི་སྟོན་རུང༌། །མི་ང་ལ་སྙེམས་ཁྲིགས་རྡུལ་ཙམ་མེད། །ཅེས་འབྱུང་བ་ཐག་ཆོད་ཀྱི་མོས་གུས་དེ་ལྟ་བུ་ཞིག་དགོས། བླ་མ་རང་དེ་ཅུང་ཟད་ངན་པའི་སྐྱོན་ཡོད་པས་སངས་རྒྱས་སུ་བཏེག་སྟེ་ཡར་སྐྱེལ་མི་དགོས། བླ་མ་རང་གིས་གོ་ཆོད། མཛད་པ་ཉེས་པ་དེ་བསྒྱུར་ནས་ལེགས་པར་སྒོམ་མི་དགོས། གང་མཛད་དེ་ཀ་དོན་ཆེན་ཡིན་དེ་ཀས་ཆོག་མཛད་པ་ལེགས་ཉེས་ལ་ཁྱད་མི་གདོག །རང་ལ་དངོས་གྲུབ་རེ་ནས་མོས་གུས་སྒོམ་པ་མིན། བླ་མ་དང་མ་བྲལ་ན་དམྱལ་བར་གནས་དགོས་ཀྱང་འདོད་ཐོག་ཡིན། བླ་མ་དང་བྲལ་ན་དངོས་གྲུབ་སངས་རྒྱས་སམ་དེ་ཡོད་ནའང་ང་ལ་དགོས་ཆེད་མེད་དོ་གཞན་སྨོས་ཀྱང་ཅི་དགོས་སྙམ་པ་ཞིག་ཡིན་ནོ། །མདོར་ན་མོས་གུས་ལ་རེ་དོགས་སྤངས་པ་ཞིག་གལ་ཆེ། ཞེས་པ་ནས། ཁོ་བོ་ཅག་ནི་དོན་ལ་བརྟོན་པར་བྱེད་པའི་ཕྱིར་འདིར་ཡང་དེ་ཙམ་ཞིག་སྨོས་སོ། །གཞན་ཡང༌། དགེ་བའི་བཤེས་གཉེན་བླ་མ་དམ་པ་ལ་གཉེན་བཤིན་པ་ནི། དཔེར་ན་འཇིག་རྟེན་ན་གྲོགས་དང་ཉེ་དུ་སྙིང་ཉེ་བའམ། གཡོག་བཟང་པོ་དཔོན་ལ་གུས་པ་ཞིག་གིས། ལུས་ཀྱིས་བསྙེན་བཀུར་དང་ཞབས་ཏོག་བྱེད། ཞེ་ས་འབུལ། ཞིང་ལས་དང༌། ཚོང་དང༌། ཕོ་ཉ་དང༌། དགྲ་ལ་འཐབ་པ་སོགས་གང་དགོས་ཀྱི་བྱ་བ་ཐམས་ཅད་སྒྲུབ། ངག་གིས་སྙན་པའི་ཚིག་དང༌། བསྟོད་ར་དང་ཆེ་བ་བརྗོད། ཁ་འཛིན་ཤགས་འདེབས་སོགས་སྒོ་དུ་མ་ནས་སྨྲ། སེམས་ཀྱིས་ཀྱང༌། རང་གི་རྒྱལ་པོ་ལ་སོགས་པ་དེ་མངའ་ཐང་མཐོ་ན། ནོར་ཆེ་ན། ཚེ་རིང་ན། བྱུས་རྒྱལ་ན། གཞན་དང་མི་མཉམ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པར་བྱེད། ལས་བྱ་ཐབས་ཀྱིས་ཀྱང༌། ཕ་རོལ་པོ་གཞན་རྣམས་མངའ་འོག་ཏུ་འཇུག་ཨེ་ནུས་དང༌། མཐའ་ན་འབྲེལ་ཆགས་ཙམ་ཡང་འཇུག་པའི་ཐབས་བྱེད། རང་གིས་ཀྱང་བཟའ་བཏུང་ནོར་སོགས་གྱ་ནོམ་པ་འབུལ་ཁྲལ་འཇལ་ཐ་ན་ལུས་སྲོག་ཚུན་ཆོད་ཀྱང་དེ་དག་གི་དོན་དུ་གཏོང་ནུས་ཀྱིན་འདུག་ན། འཇིག་རྟེན་པ་དེ་དག་ལོ་ཟླ་ཞག་པོ་ཁ་ཤས་ཀྱི་མདུན་མ་ཙམ་འགྲུབ་པའི་ཕྱིར་དུ། གཉེན་གྲོགས་དཔོན་རྣམས་ལ་དེ་ཙམ་དུ་བྱེད་ནུས་ན། བླ་མ་ནི་སངས་རྒྱས་མ་ཐོབ་བར་དུ་གཏན་གྱི་གཉེན་ཡིན། གྲོགས་ཡིན། དཔོན་ཡིན། མགོན་ཡིན། སྐྱབས་ཡིན། རང་གི་ཚེ་འདིའི་བདེ་སྐྱིད་སྙན་གསུམ། ཚེ་རིང་ནད་མེད་ལོངས་སྤྱོད། མིས་མཐོང་སོགས་ལེགས་པ་གང་བྱུང་ཐམས་ཅད་ཀྱང་བླ་མའི་སྐུ་དྲིན་དང་བྱིན་རླབས་ཡིན། གཞན་ཡང་རང་ལ་ཐོས་བསམ་གྱི་ཤེས་རབ་བསྲུང་སྡོམ་གྱི་ཚུལ་ཁྲིམས་བཟླས་ནུས་བྱིན་རླབས་ཞི་རྒྱས་དབང་དྲག་གི་འཕྲིན་ལས་གང་བྱུང་ཐམས་ཅད་ཀྱང་བླ་མའི་དྲིན། མཐར་ཐུག་སངས་རྒྱས་ཀྱི་བར་དུ་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དང༌། འདི་ཕྱི་དུས་རྣམས་ཐམས་ཅད་དུ་བདེ་སྐྱིད་ཐམས་ཅད་བླ་མ་ལ་རག་ལས་པ་ཡིན་ན། གོང་དུ་སྨོས་པ་དེ་ལྟ་བུའི་ལུས་ངག་ཡིད་བྱ་བྱེད་ཐམས་ཅད་བླ་མའི་ཕྱོགས་སུ་འབུངས་དགོས་པའང་ཡིན། དེ་ལྟར་བྱ་སྙམ་དུ་བསམ་པ་ཡང་དགོས་སོ། །མདོར་ན་བླ་མའི་སྐུ་གསུང་འཕྲིན་ལས་མངོན་པར་མཐོ་བར་སྨོན་པ་ཚུན་ཆད་བྱེད་དགོས་པ་ཡིན། དེ་ལྟར་ན་སྐྱོན་ལ་མི་བརྟག་པ་དང༌། ཅི་མཛད་ཡོན་ཏན་དུ་ཤེས་པ་དང༌། རེ་དོགས་འགོག་པའི་ཐག་ཆོད་དང༌། གཉེན་བཤིན་པའི་བསམ་པ་སྟེ། བླ་མ་བསྟེན་ཚུལ་གྱི་བསམ་པ་བཞི་པོ་དེ་ཚང་ན། མོས་གུས་ལམ་དུ་འགྲོ་བར་ཐེ་ཚོམ་མེད་དོ། །

གཉིས་པ་སྦྱོར་བ།

གཉིས་པ་སྦྱོར་བ་ནི།

ལུས་ངག་ཡིད་ཀྱི་སྤྱོད་པ་ཐམས་ཅད་ཀྱིས་བླ་མ་མཉེས་པ་ཐམས་ཅད་བྱེད། མི་དགྱེས་པ་ཐམས་ཅད་སྤོང་བར་འདུས། དེ་ཡང་འགའ་ཞིག་བླ་མ་ནི་མན་ངག་ཞུ་བའི་སྒོ་ཙམ་ཡིན་གྱི། དངོས་གྲུབ་དང་བྱིན་རླབས་ཆེན་པོ་ཞིག་བླ་མ་ལས་བཟང་བའི་ཡི་དམ་མམ། མཁའ་འགྲོ་སོགས་ལ་ཞུ་སྙམ་པ་བྱེད་དེ། རྟེན་འབྲེལ་ཐམས་ཅད་རྩ་བ་ནས་འཆུག དངོས་གྲུབ་ཏ་ག་ལ་འོང༌། དེས་ན་མོས་གུས་དྲག་པོ་རྒྱུན་མ་ཆད་པར་བྱ། ལོག་ལྟ་སྐད་ཅིག་ཀྱང་མི་བྱ། གལ་ཏེ་བྱུར་ཆགས་ཀྱི་ལོག་ལྟ་རང་ཤུགས་ལ་དབང་མེད་དུ་སྐྱེས་ནའང་དེ་མ་ཐག་གཉེན་པོས་སླེབ་པར་བྱས་ཏེ། འཕྲལ་དུ་རྒྱུན་བཅད་ནས། ལུས་ངག་གི་རྣམ་འགྱུར་དུ་ཡེ་མ་ཐོན་པར་བྱས། ངག་གི་སྒོ་ནས་ཀྱང༌། དངོས་ལྐོག་གང་དུ་ཡང་སྐུར་འདེབས་དང་གཤེ་བ་སོགས་ཚིག་གཅིག་ཀྱང་མི་བྱེད། ཚིག་འཇམ་པ་དང་དྲང་པོ་བདེན་པ་ཕྱི་ནང་མེད་པར་སྨྲ། བླ་མའི་ཐུགས་སུ་འཐད་པ་དང༌། རང་ཡང་ཡིད་ཕེབས་པ་དང༌། ཚིག་གསལ་བས་གབ་གསང་མེད་པར་ནང་ཡན་བྱས་ཀྱིན་ཞུ། སྒོ་ཐམས་ཅད་ནས་སྙན་པ་དང༌། བསྟོད་པ་དང༌། ཆེ་བ་བརྗོད། བླ་མའི་ཅི་གསུང་བ་དེ་ཐམས་ཅད་ཚད་མར་གཟུང་དགོས། ལུས་ཀྱིས་ཀྱང་ཕྱག་འབུལ་སྐོར་བ་བྱེད། ཉེ་བ་དང་རིང་བའི་ཕྱག་གཡོག་དང་ལས་ཀྱི་མཐའ་དང༌། ཕོ་ཉ་རྐང་འགྲོ་སོགས་དགོས་པའི་བྱ་བ་ཐམས་ཅད་བྱེད་དེ། ཐ་ན་ཆུ་འཆུ་ཐལ་འཕྱག་ཚུན་ཆོད་ཀྱང་ངོ༌། །ཡོ་བྱད་ཀྱི་སྒོ་ནས་ཀྱང༌། ཤིན་ཏུ་ཁྱད་པར་གྱུར་པ་ཉིད་ཅེས་པ་ལྟར། དངོས་པོ་བཟང་བ་དང༌། དག་པ་དང༌། འཕངས་པ་དང༌། རང་ལ་གཅེས་པ་རྣམས་འབུལ། །ཅུང་ཟད་ཡིད་འོང་གང་དང་གང༌། །ཞེས་པ་ལྟར། གང་བླ་མ་དེ་ཉིད་ལ་མཁོ་བ་དང་གང་ལ་ཐུགས་དགྱེས་པ་དེ་འབུལ་ཏེ། དངོས་གནས་ལ་བཟང་ངན་གང་ཡིན་ཡང༌། གང་མཁོ་ཞིང་དགྱེས་པ་དེ་ཀ་མཆོད་པའི་མཆོག་ཏུ་གྱུར། ཐུགས་སུ་བྱོན་པ་དང་རྣམ་པར་དག་པའི་དངོས་པོ་འབུལ་མི་ནུས་པར། རང་ལ་གང་མི་མཁོ་ཚད་ཀྱི་གྱང་གྱོང་ངན་ངོན་ནོར་མ་ཉན་དག་འབུལ། ནས་སོགས་འབྲུ་ཡིན་ན་སད་ཁྱེར་ངན་ངོན་དང༌། བྲེ་ཚད་གང་ཆུང་བ་ནས་གཞལ་བའི་ཁལ་གྲངས་བྱེད་པ་སོགས་དངོས་པོ་གང་ཉུང་ཉུང་ལ་མིང་དང༌། གྲགས་གང་ཆེ་ཆེ་ནས་བྱེད་པ་དང༌། རྟ་ཕྱུགས་སོགས་གང་རྫུད་པ་དང་རྒན་པ་དང་ནད་ཁྱེར་དང༌། གོས་ཡིན་ན་རྙིང་པ་སོགས་ནོར་དུ་མ་བཏུབ་པ་རྣམས་ནས་བག་རེ་འབུལ་ཞིང༌། བཟང་པོ་ཐམས་ཅད་རང་གིས་ཚགས་བྱེད་པར་འདུག་སྟེ། རྟེན་འབྲེལ་གྱི་གནད་རྩ་བ་ནས་འཆུགས། དམ་ཚིག་གི་འགངས་ལ་སེལ་ཞུགས། བྱིན་རླབས་ཀྱི་དྲོད་ཡལ། འདོད་དོན་དང་དངོས་གྲུབ་ནམ་ཡང་འགྲུབ་པ་མེད། ངལ་བ་འབྲས་མེད་དང་བྱས་པ་དོན་མེད་ཀྱི་གསང་སྔགས་པ་སྐད་ཆོས་པའི་གཟུགས་བརྙན་རྣམས་སྙིང་རེ་རྗེའོ། །ཡང་བླ་མ་བསྟེན་ཚུལ་འདི་རྣམས། བླ་མའི་ངོ་བསྲུང་བ་དང༌། མི་གཞན་ངོར་ཆོས་བརྒྱད་ཀྱི་མཛེས་ཁྲིགས་དང༌། རང་གི་འདོད་དོན་འདྲ་སྒྲུབ་པའི་ཕྱིར་བྱེད་ན། ཁ་ཟས་བཟང་པོ་དུག་གིས་སྦགས་པ་འདྲ། ཆོས་སུ་ནི་མི་འགྲོ །འགའ་ཞིག་ནི་རང་གི་དོན་ཡིན་པ་མ་གོ་ནས་བླ་མ་ཉིད་རང་ལ་དགོས་པའི་དོན་གཅིག་ཡིན་པ་འདུག་སྙམ། ཡུས་དང་ངོ་སོ་ཁོ་ན་ལྷུར་བྱེད་དེ། བླ་མ་མཉེས་པར་བྱས་པ་སྟེ། སློབ་མ་རང་ཉིད་ཀྱི་དོན་དང་ཁེ་ཆེན་པོ་ཐོབ་པ་དེ་མ་ཤེས་པར་ཟད་དོ། ། དེ་ལྟར་བླ་མ་བསྟེན་ཚུལ་ཐམས་ཅད་ཀྱི་འགག་བསྡུ་ན་བཀའ་ཅི་གསུང་སྒྲུབ་པ་ལ་འདུས། དགོངས་པ་ལ་གང་ཡོད་བཞིན་བྱེད་པར་འདུས་པ་ལགས་སོ། །ཞེས་གསུངས་པ་ལྟར་ཡིན་ནོ། །

གཉིས་པ་གཞུང་དོན།

གཉིས་པ་གཞུང་དོན་ལ།

མ་གུས་པ་སྤང་བར་བསྟན་པ། གུས་པས་ཇི་ལྟར་གྲུབ་པ་དང་གཉིས། དང་པོ་ལ། བརྙས་པ་དང་སྨོད་པ་སྤང་བ། ཐུགས་དཀྲུག་པ་སྤང་བ། མ་མཐོང་བའི་ཉེས་དམིགས་བཤད་པ། དེ་དག་གི་དོན་བསྡུ་བ་དང་བཞི། དང་པོ་ལ་སྤྱིར་བསྟན་པ་དང་བྱེ་བྲག་ཏུ་བཤད་པ་གཉིས། དང་པོ་ནི། དེ་འདྲའི་མགོན་ལ་བསམས་བྱས་ནས། །སློབ་མར་གྱུར་ནས་བརྙས་ན་ནི། །སངས་རྒྱས་ཐམས་ཅད་བརྙས་བས་ན། །དེས་ནི་རྟག་ཏུ་སྡུག་བསྔལ་འཐོབ། །ཅེས་སྔར་བཤད་པའི་མཚན་ཉིད་རྣམས་དང་ལྡན་པ་དེ༷་འདྲ༷འི་བླ་མ་ལ་དབང་བསྐུར་སོགས་ཐོབ་ནས་རང་གི་མགོ༷ན་དུ་གྱུར་པ་ལ༷་ཆེད་དུ་བས༷མ་བཞིན་དུ་མ་དད་པར་བྱ༷ས་ན༷ས། སྔར་རང་ཉིད་བླ་མ་དེའི་སློ༷བ་མ༷ར་གྱུ༷ར་ཟིན་ན༷ས་ཚུལ་ཁྲིམས་དང་མི་ལྡན་པའམ། སྦྱངས་པ་མི་ཤེས་པའམ། ཕྲལ་གྱི་བྱ་བ་རྣམས་ལ་སྐྱོན་བཙལ་ཏེ་བརྙ༷ས་པ་བྱས་ན༷་ནི༷་ཕྱོགས་བཅུའི་ས༷ངས་རྒྱ༷ས་ཐ༷མས་ཅ༷ད་ལ་དེ་བཞིན་དུ་བརྙ༷ས་པ་བྱས་པར་འགྱུར་པ༷ས་ན༷། བྱེད་མཁན་གྱི་སློབ་མ་དེ༷ས་ནི༷་དུས་དེ་ནས་བཟུང་སྟེ་སྡིག་པ་མ་བྱང་གི་བར་རྟ༷ག་ཏུ༷་རྒྱུན་མི་ཆད་པར་སྡུ༷ག་བསྔ༷ལ་ཆེ་ཞིང་མང་བ་ཐོ༷བ་ཅིང་མྱོང་བར་འགྱུར་བ་ཡིན་ནོ། །

གཉིས་པ་བྱེ་བྲག་ཏུ་བཤད་པ།

གཉིས་པ་བྱེ་བྲག་ཏུ་བཤད་པ་ནི།

སློབ་དཔོན་ལ་ནི་སྨོད་པ་དེ། །ཡམས་དང་འཚེ་བའི་ནད་རྣམས་དང༌། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་བོ་མེ་དང་སྦྲུལ་གདུག་དང༌། །ཆུ་དང་མཁའ་འགྲོ་རྐུན་པོ་དང༌། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང༌། །བསད་ནས་སེམས་ཅན་དམྱལ་བར་འགྲོ །ཞེས་གསང་སྔགས་ཀྱི་དྲིན་ཐོབ་པའི་རྡོ་རྗེ་སློ༷བ་དཔོ༷ན་ལ༷་ནི༷་བསམས་བཞིན་དུ་མ་གུས་པས་སྐྱོན་བརྗོད་ཅིང་སྨོ༷ད་པ༷་བྱས་ན། བྱེད་པ་པོ་དེ༷་གནས་པའི་ས་ཕྱོགས་སུ་མི་རྣམས་ལ་ཡ༷མས་ད༷ང༌། ཉེ་བར་འཚེ༷་བ༷འི་གནོད་པ་དུ་མ་འབྱུང་ཞིང༌། སྐྱེས་བུ་དེ་ཡང་དེ་ལྟ་བུའི་ན༷ད་རྣ༷མས་ད༷ང༌། མི་མ་ཡིན་གྱི་གནོད་པའི་གདོ༷ན་རིགས་རྣམས་ད༷ང༌། ཉིན་གཅིག་པ་ལ་སོགས་པའི་རི༷མས་ནད་རྣམས་ད༷ང༌། སྦྱར་དུ༷ག་ལ་སོགས་པའི་དུག་རྣ༷མས་ཀྱི༷ས་སྲོག་བཅད་དེ་ཉེས་དམིགས་མི་ཤེས་པའི་རྨཽ༷ངས་པ་ཆེ༷ན་པོ་དེ༷་ནི༷་དུས་མ་ཡིན་པར་འཆི༷་བ༷ར་འགྱུ༷ར་རོ། །གཞན་ཡང་དེ་ལྟ་བུའི་སྐྱེས་བུ་ནི་བསོད་ནམས་དང་དབང་ཕྱུག་ཉམས་ཏེ་རྒྱ༷ལ་པོ༷འི་ཆད་པ་འབྱུང་བ་དང༌། དེ་ཉིད་གནས་པའི་ཁང་པ་དང༌། ཡུལ་ཕྱོགས་མེ༷ས་ཚིག་པ་ད༷ང༌། སྦྲུ༷༷ལ་གདུ༷ག་ཅན་གྱི་ཁ་རླངས་ཕོག་པ་དང་གཟུང་བ་ད༷ང༌། ཤ་ཟ་མཁ༷འ་འགྲོ༷་རྣམས་ཀྱིས་ཚར་གཅོད་པ་དང༌། ཆུ༷་ཆེན་པོའི་ནང་དུ་ནུབ་པ་ད༷ང་ཁྱེར་བ་དང༌། རྐུ༷ན་པོ༷་རྣམས་ཀྱིས་འཇོམས་པ་ད༷ང༌། གདོ༷ན་གྱི་གནོད་པ་ད༷ང༌། བི་ན་ཡཀྵ་ལ་སོགས་པའི་ལོ༷གས་འདྲེ༷ན་རྣ༷མས་ཀྱི༷ས་ཀྱ༷ང་མི་འདོད་པ་སྣ་ཚོགས་སྐྱེད་དེ། ཚེ་ལ་བར་ཆད་བྱས་ནས་བས༷ད་ན༷ས་སེ༷མས་ཅ༷ན་དམྱ༷ལ་བ༷་ལ་སོགས་པའི་ངན་སོང་དུ་འགྲོ༷འོ། །

གཉིས་པ་ཐུགས་དཀྲུག་པ་སྤང་བ།

གཉིས་པ་ཐུགས་དཀྲུག་པ་སྤང་བ་ནི།

ནམ་ཡང་སློབ་དཔོན་དག་གི་ནི། །ཀུན་དུ་སེམས་དཀྲུགས་མི་བྱ་སྟེ། །གལ་ཏེ་རྨོངས་བས་བྱས་གྱུར་ན། །དམྱལ་བར་ངེས་བར་འཚེད་པར་འགྱུར། །ཞེས་སློབ་མ་རྣམས་ཀྱིས་ན༷མ་ཀུན་ཏུ་ཡང་བྱ་བ་ཅུང་ཟད་ཙམ་ཡ༷ང་རང་གི་རྡོ་རྗེ་སློ༷བ་དཔོ༷ན་དུ་གྱུར་པ་ད༷ག་གི༷་ནི༷། རྣམ་པ་ཀུ༷ན་ཏུ༷་ཐུ༷གས་དཀྲུ༷ག་པ་དེ་མི་མཉེས་པར་གྱུར་བ་ཕྲ་མོ་ཙམ་ཡང་མི༷་བྱ༷་བ་ལ་ཞེ་སྒྲིམ་སྟེ༷་འབད་པར་བྱ་བ་ཡིན་ཏེ། ག༷ལ་ཏེ༷་ཉེས་པ་ཡོད་པ་དང་ཇི་ལྟར་བྱ་མ་ཤེས་པའི་རྨོ༷ངས་པ༷ས་སློབ་དཔོན་མི་མཉེས་པར་བྱ༷ས་གྱུ༷ར་ན༷་སྔར་བཤད་པའི་དམྱ༷ལ་བ༷ར་ཐེ་ཚོམ་མེད་པར་ངེ༷ས་པ༷ར་སྐྱེ་བ་དང༌། དེའི་ནང་ནས་ཀྱང་ཚ་བའི་དམྱལ་བར་སྐྱེ་ནས་འཚེ༷ད་པ༷ར་འགྱུ༷ར་རོ། །

གསུམ་པ་མ་མཐོང་བའི་ཉེས་དམིགས་བཤད་པ།

གསུམ་པ་མ་མཐོང་བའི་ཉེས་དམིགས་བཤད་པ་ནི།

མནར་མེད་ལ་སོགས་འཇིགས་རུང་བའི། །དམྱལ་བ་བསྟན་པ་གང་ཡིན་པ། །སློབ་དཔོན་ལ་ནི་སྨོད་པ་རྣམས། །དེར་ནི་གནས་པར་ཡང་དག་བཤད། །ཞེས་སྔར་བཤད་ལྟར་མན༷ར་མེ༷ད་པའི་དམྱལ་བ་དང༌། ངུ་འབོད་ཆེན་པོ་ལ༷་སོ༷གས་པའི་འཇི༷གས་སུ་རུ༷ང་ཞིང་བཟོད་པར་དཀའ་བ༷འི་དམྱ༷ལ་བ༷འི་གནས་བཅྭ་བརྒྱད་མདོ་སྡེ་རྣམས་སུ་བསྟ༷ན་ཅིང་བཤད་པ༷་ཚེ་ཚད་དང་བཅས་པ་ག༷ང་ཡི༷ན་པ༷་དེ་ནི་སློ༷བ་དཔོ༷ན་ལ༷་ནི༷་ངན་སེམས་ཀྱིས་སྨོ༷ད་པ༷་རྣ༷མས་དེ༷ར་ནི༷་བླ་མ་ལ་བརྙས་པའི་སྐྱེས་བུ་དེ་དག་སྡུག་བསྔལ་མྱོང་ནས་ངེས་པར་གན༷ས་དགོས་པ༷ར་ཡ༷ང་ད༷ག་པར་བཤ༷ད་པ་ཡིན་ནོ། །

བཞི་པ་དེ་དག་གི་དོན་བསྡུ་བ།

བཞི་པ་དེ་དག་གི་དོན་བསྡུ་བ་ནི།

དེ་བས་འབད་པ་ཐམས་ཅད་ཀྱིས། །རྡོ་རྗེ་སློབ་དཔོན་བློ་གྲོས་ཆེ། །དགེ་བ་རབ་ཏུ་མི་སྤྱོམས་པ། །ནམ་ཡང་སྨད་པར་མི་བྱའོ། །ཞེས་དེ༷་ལྟར་གནས་སྐབས་དང་མཐར་ཐུག་གི་ཉེས་དམིགས་རྣམས་འབྱུང་བར་འགྱུར་བ༷ས། དེ་དག་ལ་བསམས་ནས་ཉེས་དམིགས་མི་འབྱུང་བར་བྱ་བའི་ཆེད་དུ་ལུས་དང་སྲོག་ལ་མ་ལྟོས་པར་དཀའ་ལས་ཇི་ལྟར་གྱུར་ཀྱང་དང་དུ་བླངས་ཏེ་སྒྲུབ་པར་ནུས་པའི་འབ༷ད་པ༷་ཐ༷མས་ཅ༷ད་ཀྱི༷ས་མི་ལེགས་པ་སྤོང་བར་བྱེད་ཅིང་ཐབས་དུ་མའི་སྒོ་ནས་རང་གི་རྡོ༷་རྗེ༷འི་སློ༷བ་དཔོ༷ན་སྙིང་རྗེ་ཆེ་བ་སོགས་རྟོགས་པའི་བློ༷་གྲོ༷ས་ཆེ༷་ཞིང་སྐྱོན་རྣམས་སྤངས་པས་དགེ༷་བ༷་ཡོན་ཏན་གྱི་མཚན་ཉིད་རྣམས་དང་ལྡན་པ་ནི་ར༷བ་ཏུ༷་མི༷་སྤྱོ༷མས་པ༷་སྟེ་རང་ལ་བསྟོད་པར་མི་བྱེད་པས་མཚོན་ནས། དེ་ལྟ་བུ་ལ་རང་གི་ཚེ་འདིའི་འདོད་པ་ཕྲན་ཚེགས་མ་གྲུབ་པ་དང༌། བློ་དང་ཅུང་ཟད་མ་མཐུན་པ་ལ་སོགས་པའི་རྐྱེན་གྱིས་སློབ་དཔོན་ལ་ན༷མ་ཡ༷ང་སྨ༷ད་པ༷ར་འོས་པའི་སྐྱོན་བཙལ་ཏེ། འདི་དང་འདི་ལྟ་བུ་ཞེས་ཁ་ཟེར་བ་ནི་སྨད་པ་སྟེ། དེ་ལྟར་བྱས་ན་གོང་གི་ཉེས་པ་ཆེན་པོ་འགྱུར་བས་མི༷་བྱ༷འོ༷། །སློབ་དཔོན་སྨོད་པ་གྲོགས་སུ་བྱས་ན་སྔར་བཤད་ལྟར་ཉེས་པ་ཆེ་བ་ཡིན་ཏེ། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། སློབ་དཔོན་སྨོད་པར་བྱེད་པ་དག །རྨི་ལམ་དུ་ཡང་མཐོང་མི་བྱ། །སློབ་དཔོན་སྨོད་པ་གང་ཡིན་དེ། །བགེགས་དང་ལོག་འདྲེན་རྣམས་ཀྱིས་བཟུང༌། །ངན་པ་གཏུམ་པོའི་ལས་བྱེད་པ། །མཁས་པས་རྟག་ཏུ་སྤང་བར་བྱ། །ཞེས་གསུངས་པས་སོ། །

གཉིས་པ་གུས་པས་ཇི་ལྟར་གྲུབ་པ།

གཉིས་པ་གུས་པས་ཇི་ལྟར་གྲུབ་པ་ལ།

ཡོན་འབུལ་བ་དང༌། སངས་རྒྱས་སུ་ལྟ་བ་དང༌། བཀའ་སྒྲུབ་པ་དང༌། བླ་མའི་རྫས་དང་འཁོར་ལ་ཇི་ལྟར་བྱ་བ་དང༌། འཕྲལ་གྱི་ཀུན་སྤྱོད་དག་པར་བྱ་བ་དང༌། ལུས་ངག་གི་བསྙེན་བསྐུར་བའི་ཁྱད་པར་དང༌། ང་རྒྱལ་སྤང་བ་དང༌། རང་དབང་མི་འཇུག་པ་དང་བརྒྱད། དང་པོ་ལ་མ་གུས་པའི་དག་བྱེད་དུ་ཡོན་འབུལ་བ་དང༌། ཡོངས་སུ་བཟུང་བ་ཐམས་ཅད་འབུལ་བའི་ཚུལ་དང༌། དེ་ལྟར་བྱེད་པའི་འཐད་པ་དང༌། རྒྱུན་གྱི་དམ་ཚིག་གསུམ་བསྲུང་ཚུལ་དང་བཞི། དང་པོ་ནི། བླ་མ་ལ་ནི་གུས་བཅས་ཡོན། །རྗེས་སུ་མཐུན་པར་སྦྱིན་པར་བྱ། །དེས་ནི་རིམས་སོགས་གནོད་པ་རྣམས། །ཕྱིར་ཞིང་འབྱུང་བར་མི་འགྱུར་རོ། །ཞེས་རང་གི་བླ༷་མ༷་ལ༷་ནི༷་གུ༷ས་པ་དང་བཅ༷ས་པས་མི་ཆོས་ཀྱི་ངོ་ཟིན་ལ་རེ་བ་མ་ཡིན་པར་ཞེ་ཐག་པ་ནས་གུས་པ་དང་བཅས་པས་ནོར་ལོངས་སྤྱོད་ཟས་གོས་ལ་སོགས་པའི་ཡོ༷ན་བླ་མ་ཉིད་ལ་ཉེ་བར་མཁོ་ཞིང་སྐབས་སུ་བབས་པ། ཆ་ལུགས་མཛད་པ་འཕྲིན་ལས་དང་རྗེ༷ས་སུ་མཐུ༷ན་པ་ཁྱོ༷ད་ཀྱི༷ས་སྦྱིན་ཞིང་འབུལ་བ༷ར་བྱ༷་སྟེ༷། དེ༷ས་ཕན་ཡོན་ཅི་འབྱུང་བར་འགྱུར་སྙམ་ན་ནི༷། རི༷མས་ལ་སོ༷གས་པའི་ནད་དང་གདོན་ལ་སོགས་པའི་མི་མ་ཡིན་དང་གཞན་གྱི་གནོ༷ད་པ༷་རྣ༷མས་སྔར་བྱུང་ན་ཕྱི༷ར་ཟློག་པའི་ཚུལ་གྱིས་ཞི་ཞི༷ང༌། སླར་གསར་དུ་འབྱུ༷ང་བ༷ར་མི༷་འགྱུ༷ར་རོ༷། །

གཉིས་པ་ཡོངས་སུ་བཟུང་བ་ཐམས་ཅད་འབུལ་བའི་ཚུལ།

གཉིས་པ་ཡོངས་སུ་བཟུང་བ་ཐམས་ཅད་འབུལ་བའི་ཚུལ་ནི།

རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང༌། །རང་སྲོག་གིས་ཀྱང་བརྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་དེ་ལྟར་བླ་མ་བསྟེན་དགོས་པ་ལས་ཇི་ལྟ་བུ་ཞིག་བྱས་ན་བླ་མ་བསྟེན་པར་འགྱུར་སྙམ་ན་ར༷ང་གི༷་ད༷མ་ཚི༷ག་མཐའ་དག་ཚུལ་བཞིན་དུ་བསྲུང་བ་དང༌། གཙོ་བོར་རྡོ་རྗེ་སློ༷བ་དཔོ༷ན་ལ་ནི༷་འཇིག་རྟེན་པ་རྣམས་ལ་ཤིན་ཏུ་འཕངས་ཤིང་གཅེས་པར་བྱེད་པས་སྦྱི༷ན་བྱ་མི༷ན་པ་བུ༷་ད༷ང་ཆུ༷ང་མ༷་ད༷ང་ཡུལ་གཞིས་དང་ར༷ང་གི་སྲོ༷ག་གི༷ས་ཀྱང་བླ་མ་མཉེས་པའི་དོན་དུ་འཕངས་པ་མེད་པར་བཏང་སྟེ། རྟག་ཏུ་བསྙེན་བཀུར་ལ་བརྩོན་པས་བསྟེ༷ན་པར་བྱ༷་བ་ཡིན་ན༷། འཕྲལ་གྱི་ལོ༷ངས་སྤྱོ༷ད་ཟས་ནོར་ལྟ་བུ་རྣམས་སྔ་མ་རྣམས་ལ་ལྟོས་ཏེ་མི་བརྟན་པས་གཡོ༷་བ༷་རྣམས་བློས་བཏང་སླ་བ་ཡིན་པས། བླ་མ་ལ་འབུལ་ཞིང་ཞབས་ཏོག་གི་ཆེད་དུ་གཏོང་བ་ལྟ་སྨོ༷ས་ཀྱང་ཅི༷་དགོ༷ས་པ་དེ་ལ་འཕངས་པ་དང༌། བློས་མི་ཐོངས་པ་ཅུང་ཟད་ཙམ་ཡང་མེད་པ་ཞིག་བྱུང་ཚེ་བླ་མ་བསྟེན་པར་འགྱུར་བ་ཡིན་ནོ། །རང་སྲོག་དང་ལོངས་སྤྱོད་རྣམས་མཐར་མི་རྟག་པའི་ངོས་ནས་གཡོ་བར་མཚུངས་མོད་ཀྱང་དེ་གཉིས་ལ་ལྟོས་ཏེ། སྲོག་དང་བུ་དང་ཆུང་མ་དང༌། ཡུལ་གཞིས་རྣམས་སྲུང་བའི་དོན་དུ་ནོར་ལོངས་སྤྱོད་བཏང་དགོས་པ་ནི། རྟོགས་བརྗོད་ལས། ནོར་ནི་ཡང་རྙེད་སྲོག་རྣམས་མིན། །ཞེས་པ་ལྟར་ཡིན་ལ། གོང་དུ་བཏང་དཀའ་བ་བཤད་པ་དེ་དག་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ནི་སྦྱིན་བྱ་ཤིན་ཏུ་ཡིན་མོད་ཀྱི། རྟག་འཛིན་གྱི་སྲེད་པ་ཅན་རྣམས་ལྟོས་ཏེ་བཏང་དཀའ་སླའི་རྣམ་བཞག་མཛད་པ་ཡིན་ནོ། །

གསུམ་པ་དེ་ལྟར་བྱེད་པའི་འཐད་པ།

གསུམ་པ་དེ་ལྟར་བྱེད་པའི་འཐད་པ་ནི།

གང་ཕྱིར་བསྐལ་བ་བྱེ་བ་ནི། །གྲངས་མེད་པར་ཡང་རྙེད་དཀའ་བའི། །སངས་རྒྱས་ཉིད་ཀྱང་བརྩོན་ལྡན་ལ། །ཚེ་འདི་ཉིད་ལ་སྟེར་བར་བྱེད། །ཞེས་དེ་ལྟར་དཀའ་བ་དུ་མས་བསྟེན་དགོས་པའི་འཐད་པ་ནི་འབྲས་བུ་ག༷ང་གི་ཕྱི༷ར་དུ་ཡིན་ན། ཕ་རོལ་ཏུ་ཕྱིན་པའི་ལམ་དུ་བསྐ༷ལ་བ༷་བྱེ༷་བ༷་ནི༷་གྲ༷ངས་མེ༷ད་པ༷ར་འབད་ཀྱ༷ང་རྙེ༷ད་པར་དཀ༷འ་བ༷འི་ས༷ངས་རྒྱ༷ས་བཅོམ་ལྡན་འདས་ཀྱི་གོ་འཕང་དེ་ཉི༷ད་ཀྱ༷ང༌། དབང་ཐོབ་ནས་སྔགས་ཀྱི་ལམ་བསྒོམ་པ་ལ་བརྩོ༷ན་འགྲུས་དང་ལྡ༷ན་པའི་སློབ་མ་ལ༷་ཚེ༷་འདི༷་ཉི༷ད་ལ༷༷་སྟེ༷ར་བ༷ར་སྦྱིན་པ་ནི་རྡོ་རྗེ་སློབ་དཔོན་གྱི་བཀའ་དྲིན་གྱི་བྱེ༷ད་ལས་ཡིན་པས་སོ། །སྔགས་བླ་མེད་ལ་ཞུགས་པའི་སློབ་མ་རང་གི་དམ་ཚིག་མ་ཉམས་ན་རང་མཐའ་སྐྱེ་བ་བདུན་ནས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ཡིན་ཏེ། ཀུན་མཁྱེན་དོལ་པོ་པ་ཤེས་རབ་རྒྱལ་མཚན་གྱི་ཞལ་སྔ་ནས། ཅིས་ཀྱང་སྐྱེ་བ་བདུན་གྱི་བར། །རྡོ་རྗེ་འཆང་གི་གོ་འཕང་ཉིད། །གདོན་མི་ཟ་བར་འགྲུབ་གྱུར་ཅིག །དེ་ལས་གཞན་དུ་མ་གྱུར་ཅིག །ཅེས་གསུངས་པའི་ཕྱིར་རོ། །

བཞི་བ་རྒྱུན་གྱི་དམ་ཚིག་གསུམ་བསྲུང་ཚུལ།

བཞི་བ་རྒྱུན་གྱི་དམ་ཚིག་གསུམ་བསྲུང་ཚུལ་ནི།

རྟག་ཏུ་རང་གི་དམ་ཚིག་བསྲུང༌། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་ཡང་འབུལ། །འདི་ནི་སངས་རྒྱས་ཀུན་དང་འདྲ། །མི་ཟད་དེ་ནི་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང༌། །ཤིན་ཏུ་ཁྱད་པར་གྱུར་བ་ཉིད། །དེ་དང་དེ་ནི་བླ་མར་སྦྱིན། ། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་བྱིན་པ་ཉིད་དུ་འགྱུར། །དེ་བྱིན་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་དེ་ལྟ་བུ་འདོད་པའི་སློབ་མ་དེས། དུས་རྟ༷ག་ཏུ༷་ར༷ང་གི༷་ཁས་བླངས་པའི་ད༷མ་ཚི༷ག་རྩ་བ་ཡན་ལག་གིས་བསྡུས་པ་རྣམས་ཤེས་པར་བྱས་ནས་མ་ཉམས་པར་བསྲུ༷ང་བར་བྱའོ། ། ཉིན་ལན་གསུམ་མཚན་ལན་གསུམ་ལ་སོགས་པའི་དུས་རྟ༷ག་ཏུ༷་དེ༷་བཞི༷ན་གཤེ༷གས་པ༷་སྲས་དང་བཅས་པ་རྣམས་ལ་དམིགས་ནས་མཆོ༷ད་པ་བཟང་པོ་ཅི་ནུས་དུས་རྟ༷ག་ཏུ༷་རང་གི་ཇི་ལྟར་ནུས་པ་དང་འབྱོར་པའི་ཁྱད་པར་དང་བསྟུན་པའི་འབུལ་བ་ཅི་ནུས་བྱ་ཞིང༌། དེ་ལྟར་བླ༷་མ༷་ལ༷་ཡ༷ང་སྦྱིན་པ་སྟེ་ཕུ༷ལ་བས་བསོད་ནམས་ཀྱི་ཚོགས་རྫོགས་པར་འགྱུར་བ་ཡིན་ཏེ། དཔལ་ལྡན་བླ་མ་དམ་པ་འདི༷་ནི༷་རྫོགས་པའི་ས༷ངས་རྒྱ༷ས་ཀུ༷ན་ད༷ང་འདྲ༷་དེ་ལ་མཆོད་ན་བསོད་ནམས་མི་ཟད་པ་མཐའ་ཡས་པ་ཐོབ་པ་དེ་ནི་ཡིན་པས་རང་ལ་ཉེ་བར་མཁོ་བའི་འདོ༷ད་པ༷་ཡི༷ས་རང་ལ་ཅུ༷ང་ཟ༷ད་ཡི༷ད་དུ་འོ༷ང་བའི་དངོས་པོ་ག༷ང་ད༷ང་ག༷ང་ཡོད་པ་དང༌། ཤིན་ཏུ་ཁྱད་པར་གྱུར་བ་ཡིན་པའི་དངོས་རྫས་ཉིད་གང་ཡོད་པ་དེ་དང་དེ་ནི་བླ༷་མ༷ར་སྦྱི༷ན་པའམ་མཆོད་པ་ཡིན་ན་དེ༷་བྱི༷ན་པ་ལས་བྱུང་བའི་བསོད་ནམས་ས༷ངས་རྒྱ༷ས་ཐ༷མས་ཅ༷ད་ལ༷་རྟ༷ག་ཏུ༷་བྱི༷ན་པའམ་མཆོད་པ༷་དང་དགེ་བའི་རྩ་བའི་བསོད་ནམས་ཉམས་པ་ཉི༷ད་དུ༷་འགྱུ༷ར་ལ། དེ༷་བྱི༷ན་པ་ལས་བྱུང་བའི་དགེ་རྩ་ནི་བསོ༷ད་ན༷མས་ཀྱི་ཚོ༷གས་ཡི༷ན་པར་གྱུར་ཏེ༷། ཚོ༷གས་བསགས་པ་ལ༷ས་དངོ༷ས་གྲུ༷བ་མཆོ༷ག་ཏུ༷་ཐོབ་པར་འགྱུ༷ར་རོ། །

གཉིས་པ་སངས་རྒྱས་སུ་ལྟ་བ།

གཉིས་པ་སངས་རྒྱས་སུ་ལྟ་བ་ལ།

དངོས་ཀྱི་དོན་དང༌། གྲིབ་མ་སོགས་ལའང་མ་གུས་པར་དགག་པ་དང་གཉིས། དང་པོ་ནི། དེ་བས་སློབ་མ་སྙིང་རྗེ་གཏོང༌། །ཚུལ་ཁྲིམས་བཟོད་པའི་ཡོན་ཏན་ལྡན། །སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་བརྟག་གོ །ཞེས་རྒྱུ་མཚན་བླ་མ་དེ་ཉིད་ཚོགས་བསགས་པའི་ཞིང་དུ་སངས་རྒྱས་ཀུན་དང་མཉམ་པ་དེ༷་ལྟ་བ༷ས་ན་སློ༷བ་མ༷་རྣམས་ཀྱིས་གཞན་དོན་ཁུར་ཁྱེར་གྱི་སྙི༷ང་རྗེ༷་བསྒོམ་པ་དང༌། ཟས་གོས་སོགས་སྦྱིན་པ་གཏོ༷ང་བ་དང༌། ཚུ༷ལ་ཁྲི༷མས་བསྲུང་བ་དང༌། ཁོང་མི་འཁྲུག་པའི་བཟོ༷ད་པ༷འི་ཡོ༷ན་ཏ༷ན་ལྡ༷ན་པར་གྱུར་བའོ། །རྡོ་རྗེ་སློ༷བ་དཔོ༷ན་ད༷ང་ནི༷་རྡོ༷་རྗེ༷་འཛི༷ན་པའམ་རྡོ་རྗེ་འཆང་གཉིས་ནི་ཐ༷་ད༷ད་པ༷ར་ནི༷་རྣམ་པར་མི༷་བརྟ༷ག་པར་ལེགས་པར་གོ༷་དགོས་སོ། །དེ་ལྟར་ལྷན་ཐབས་འོད་བརྒྱ་འབར་བ་ལས། མོས་གུས་ཇི་ལྟར་བསྒོམ་པ་ནི། དངོས་པོའི་མཚན་ཉིད་ཀྱི་དབང་དུ་བྱས་ན། བླ་མ་སྟཻ་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཡིན་པ་ཡང་སྲིད། མ་ཡིན་ཐ་མལ་པ་ཡིན་དུ་ཆུག་ཀྱང༌། རྡོ་རྗེ་སློབ་དཔོན་དེའི་སྐུ་གསུང་ཐུགས་ལ་ཡི་དམ་གྱི་ལྷ་རྣམས་རྗེས་སུ་ཞུགས་པའི་ཚུལ་གྱིས་འགྲོ་དོན་མཛད་པ་ཡིན་པས་སངས་རྒྱས་དངོས་དང་ཁྱད་པར་མེད་པ་ལྟ་བུ་ནི་ཡིན། དེ་མཉེས་ན་སངས་རྒྱས་མཉེས། དེ་ལ་སྡིག་བསགས་ན་སངས་རྒྱས་ལ་སྡིག་བསགས་པར་འགྲོ །དེ་མཆོད་པས་སངས་རྒྱས་ཐམས་ཅད་མཆོད་པའི་ཕྱིར་སློབ་མའི་སྒྲིབ་པ་ཐམས་ཅད་ཟད་པར་འགྱུར་ཏེ། འཇམ་དཔལ་ཞལ་ལུང་ལས། མ་འོངས་རྡོ་རྗེ་འཆང་བ་སྟེ། །དེ་ལ་བརྙས་བྱེད་སེམས་ཅན་གང༌། །དེ་ཡིས་ང་ལ་བརྙས་བྱེད་པས། །ངས་ནི་དེ་ཀུན་དུས་སུ་སྤོང༌། །ཞེས་དང༌། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལ་མཆོད་པ་ལེན། །དེ་མཉེས་དེ་ཡིས་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་དོ། །ཞེས་གསུངས། འོན་ཀྱང་མོས་གུས་བསྒོམ་པའི་ཚུལ་ནི་རྩ་བའི་བླ་མ་དེ་ཉིད། དངོས་པོ་ལ་སུ་གང་ཡིན་རུང་སོ་སོ་སྐྱེ་བོའམ། འཕགས་པ་སློབ་པ་ལྟ་བུ་དང། དགེ་བའི་བཤེས་གཉེན་ཕལ་པ་སོགས་སུ་བལྟ་བ་མ་ཡིན། སངས་རྒྱས་དངོས་སུ་བསྒོམ་དགོས་དོན་ལ་སངས་རྒྱས་གཅིག་དང་མང་པོ་ལ་ཁྱད་མེད་ཀྱང༌། མོས་གུས་འཇུག་ཚུལ་ལ་ཁྱད་ཡོད་པས་སངས་རྒྱས་ཀྱང་གཅིག་གམ་གཉིས་ལྟ་བུ་མ་ཡིན། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཀུན་འདུས་པའི་ངོ་བོ་ཡིན། དེའི་ཕྱིར་ཆོས་དང་དགེ་འདུན་ཀུན་ཡང་འདུས། དེ་བས་ན་བདག་གི་བླ་མ་འདི་དངོས་གནས་ལ་དཀོན་མཆོག་ཀུན་འདུས། བླ་མ་ཉིད་དཀོན་མཆོག་གསུམ། དཀོན་མཆོག་གསུམ་ཉིད་བླ་མ་ཡིན། རང་རེའི་སྣང་ངོ་དང་བསྟུན་ན། དཀོན་མཆོག་གསུམ་པས་ཀྱང་བླ་མ་བཀའ་དྲིན་ཆེ། ཕྱོགས་བཅུའི་སངས་རྒྱས་རྣམས་སྤྱིར་ཏ་བཟང་སྟེ། བདག་ལ་ཞལ་མི་སྟོན་གསུང་མི་འབྱོན། སངས་རྒྱས་དང༌། ཡི་དམ་དང༌། བྱང་སེམས་མཁའ་འགྲོ་ཆོས་སྐྱོང་སོགས་དངོས་སུ་བྱོན་ཀྱང་རུང༌། བདག་ལ་དཔལ་ལྡན་བླ་མས་མཛད་པ་ལས་ལྷག་པོ་མཛད་རྒྱུ་དང་སྟོན་རྒྱུ་མེད། དེ་དག་དངོས་སུ་མཇལ་བའི་སྐལ་བ་མེད་དུས་འདིར། དེ་རྣམས་ཀྱི་མཛད་རྒྱུ་ཐམས་ཅད་བླ་མས་མཛད་པ་ཡིན་བཀའ་དྲིན་རང་ཆེའོ་སྙམ། བླ་མ་སངས་རྒྱས་ཀུན་འདུས་སུ་ཤེས་ནས་ཡོན་ཏན་མཐའ་མེད་པའི་དད་པ་དང༌། བཀའ་དྲིན་ཤིན་ཏུ་ཆེ་བར་ཤེས་པ་གཉིས་འཛོམ་ན་མོས་གུས་ཀྱི་ངོ་བོ་གོ་ལུགས་སྒོམ་ལུགས་བཟང་བ་ཡིན། གོ་ཡུལ་བཟང་པོ་དེ་འདྲ་ཞིག་ཡོད་པའི་ལུགས་བྱས་ཀྱང༌། སྐབས་སྐབས་སུ་མིན་པ་བླ་མ་མི་དྲན་པར་བརྗེད། ལན་རེ་དྲན་པའི་སྐབས་ཀྱང་བ་སྤུ་གཡོ་ནུས་པའི་གདུང་ཤུགས་མི་འབྱུང་ན། གོ་བ་ཙམ་ལ་ལུས་པ་ཡིན། ཉམས་རྟོགས་འཕྲལ་མར་སྐྱེད་ཐུབ་པ་དེ་མིན། གདུང་ཤུགས་དྲག་པོ་ཐ་མལ་གྱི་སྣང་བ་གཞན་འགོག་ནུས་པ། རིག་པ་བསྒྱུར་ཐུབ་པ་ཞིག་བྱུང་ན། བྱིན་རླབས་འཕྲལ་དུ་འཇུག་ཉོན་མོངས་གློ་བུར་དུ་འགག ཡེ་ཤེས་སྐད་ཅིག་གིས་འབེབས། དེ་ལྟ་བུ་ཡང་ཡང་དྲན་པས་རྟག་ཏུ་སྒོམས་པར་འགྲོ། གོམས་པ་ལས་སྐྱོན་ཐམས་ཅད་སྤོང་ཞིང་ཡོན་ཏན་ཐམས་ཅད་སྐྱེ་བ་ཡིན། སངས་རྒྱས་དངོས་སུ་མཐོང་བ་མེད་ན། ཕྱོགས་ཞེན་དང་ཕོ་རུས་དང༌། ཡིད་འོང་གི་གདུང་ཤུགས་ཡོད་ཀྱང༌། ཟག་བཅས་འཇིག་རྟེན་པའི་རྣམ་རྟོག་ཡིན་པས་གྲོལ་མི་ཐུབ། དགེ་བཤེས་ཕལ་པ་དང་གྲུབ་ཐོབ་ཕལ་པར་བརྩེ་བའི་དད་པ་ཡང་རྣམ་རྟོག་འཇིག་རྟེན་པ་ཀ་ཡིན། སྐྱེ་བོ་བླུན་པོས་བླ་མ་སངས་རྒྱས་ཟེར་བ་ཞིག་ཡོད་དེ། དེ་ཡང་མི་ཇོ་བཟང་གཅིག་གམ། སྨད་བུད་གཅིག་གམ། ཟས་ནོར་གྱིས་ཕན་འདོགས་བྱེད་པ་ཞིག་ལ་སངས་རྒྱས་ཟེར་རམ། སངས་རྒྱས་སངས་རྒྱས་ཞེས་པའི་ཚིག་ཙམ་མིན་པ་བློ་རྩེ་བརྟད་འཚམས་ཅི་ཡང་མེད། དེ་འདྲས་སེམས་རྒྱུད་གྲོལ་བ་ལ་ཕན་པ་ཞིག་ཀྱང་མེད་དེས་ན་སངས་རྒྱས་ཀྱི་ཡོན་ཏན་ཤེས་ནས། དེ་ཉིད་བླ་མ་ལ་ཚང་བའི་མོས་གུས་དགོས་པ་ཡིན། དེ་ལྟར་བླ་མ་སངས་རྒྱས་སུ་ཤེས་པ་སྟེ། དམིགས་ཡུལ་འཇིག་རྟེན་ལས་འདས་པའི་མཆོག སངས་རྒྱས་ལ་དམིགས་པ་ཡིན་པས་ལམ་སྒོམ་པ་ཐམས་ཅད་ཀྱི་སྙིང་པོ་ཡིན། སྤྱིར་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འཇུག སྒོས་སུ་རང་རེའི་བླ་མ་དེ་ལ་ཞུས་པའི་ཡི་དམ་རྣམས་ཀྱི་བྱིན་རླབས་འཕྲལ་རང་ལ་མྱུར་དུ་འཇུག བཀའ་དྲིན་དྲན་པ་མེད་ན། སྤྱིར་བྱས་པ་མི་གཟོ་ཞིང༌། ངོ་ཚ་ཁྲེལ་མེད་དེ་བྱུར་ཆགས་ཉེས་པ་ཐམས་ཅད་ཀྱི་རྩ་བ་ཡིན། བསོད་ནམས་དང་དཔལ་དང་གཡང་དང་དགེ་ལེགས་ཐམས་ཅད་ཕྱགས་མ་བཏབ་པ་བཞིན་ཉམས་འགྲོ། སྒོས་སུ་ཆོས་ཐོབ་པ་དྲིན་དུ་མི་སེམས་པ་དེ། ཆོས་ལ་ཡང་རྩིས་མེད་དད་པ་མེད་པ་ཡིན་པས། འབད་པ་བྱས་ཚད་དོན་མེད་དུ་འགྱུར། ཡང་སྒོས་སུ་རྩ་ལྟུང་དང་པོའི་ཞད་ཀྱིས་གོས་པ་ཡིན་ལ། བཀའ་དྲིན་དྲན་པས་དགེ་ལེགས་ཐམས་ཅད་ཀྱི་གཞིར་འགྱུར་ཞིང༌། གུས་པ་ཆེན་པོ་རང་ཤུགས་ཀྱིས་སྐྱེ་བ་ཡིན་ནོ། །དེ་ལྟར་ན་སངས་རྒྱས་སུ་ཤེས་པ། བཀའ་དྲིན་དྲན་ལ། གདུང་ཤུགས་དྲག་པ། ཡང་ཡང་མ་བརྗེད་པར་དྲན་པ་སྟེ་ཁྱད་པར་བཞི་དང་ལྡན་པའི་མོས་གུས་ཡོད་ན་མོས་གུས་ཚད་དུ་ཕྱིན་པ་ཞེས་བྱ། དེས་ན་རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་ལ། སློབ་མ་དམ་ཚིག་དང་ལྡན་པས་མོས་གུས་དེ་ལྟ་བུའི་སྒོ་ནས་བླ་མ་བསྒོམས་ཤིང་གསོལ་བ་བཏབ་ན། ཐབས་གཞན་མེད་ཀྱང༌། མཆོག་ཐུན་མོང་གི་འདོད་དོན་ཐམས་ཅད་འགྲུབ་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གྲིབ་མ་སོགས་ལའང་མ་གུས་པ་དགག་པ།

གཉིས་པ་གྲིབ་མ་སོགས་ལའང་མ་གུས་པ་དགག་པ་ནི།

མཆོད་རྟེན་བཤིགས་འདྲའི་སྡིག་འཇིགས་པས། །གྲིབ་མའང་བགོམ་པར་མི་བྱ་ན། །ལྷམ་དང་སྟན་དང་བཞོན་པ་སོགས། །བགོམ་མི་བྱ་བ་སྨོས་ཅི་དགོས། །ཞེས་ཉེ་བའི་མཚམས་མེད་ཀྱི་མཆོ༷ད་རྟེ༷ན་བཤི༷གས་པ་དང་འདྲ༷་བའི་སྡི༷ག་པ་ལ་འཇི༷གས་པར་བྱེད་པ༷འི་སྒོ་ནས་སྐུའི་གྲི༷བ་མ༷འ༷ང་བགོ༷མ་པ༷ར་མི༷་བྱ༷་བར་བྱེད་དགོས་ན༷་ལྷ༷མ་ད༷ང་སྟ༷ན་ད༷ང་བཞོ༷ན་པ༷་སོ༷གས་བགོ༷མ་པར་མི༷་བྱ༷་བ༷་ཡིན་པ་སྨོ༷ས་ཅི༷་དགོ༷ས་ཏེ་བཤད་མི་དགོས་སོ། །

གསུམ་པ་བཀའ་སྒྲུབ་པ།

གསུམ་པ་བཀའ་སྒྲུབ་པ་ནི།

བློ་གྲོས་ཆེན་པོ་དགའ་སེམས་ཀྱིས། །བླ་མའི་བཀའ་ནི་འབད་དེ་མཉན། །རིགས་པ་ཡིས་ནི་མི་ནུས་པ། །མི་ནུས་དེ་ལ་ཚིག་གིས་སྦྱང༌། །བླ་མ་ལས་ནི་དངོས་གྲུབ་དང༌། །མཐོ་རིས་དང་ནི་བདེ་བ་འཐོབ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མའི་བཀའ་ལས་འདའ་མི་བྱ། །ཞེས་ཆོས་རྣམ་འབྱེད་ཀྱི་བློ༷་གྲོ༷ས་ཆེ༷ན་པོ༷་དང་ལྡན་པ་རྣམས་ཀྱི་དག༷འ་བའི་སེ༷མས་ཀྱི༷ས་དཔལ་ལྡན་བླ༷་མ༷འི་བཀ༷འ་ནི༷་ཚུལ་བཞིན་དུ་འབ༷ད་དེ༷་ལེགས་པར་མཉ༷ན་པར་བྱའོ། །གུས་པ་དང་བཅས་པའི་སེམས་ཀྱིས་ཉན་ཞིང༌། དོན་དེ་ཡང་མྱུར་དུ་བསྒྲུབ་པར་བྱ་དགོས་ལ། གལ་ཏེ་བླ་མས་ཡང་ཆོས་དང་མི་མཐུན་པ་ཞིག་གསུང་སྲིད་ན། དེ་དག་རི༷གས་ཤིང་ཚུལ་དང་མཐུན་པ༷་ཡི༷ས་ནི༷་སྒྲུབ་པར་མི༷་ནུ༷ས་པ༷་དང༌། རང་ངོས་ནས་མི་བཅོགས་ན་མི་ནུས་བཞིན་དུ་མཐའ་མ་གསལ་ན་ཉེས་པ་སྐྱེད་པས་དེ་ལ་རང་གི་ཚིག་སྦྱངས་ཀྱི་མི་མཉེས་པར་མི་འགྱུར་བ་བྱས་ཏེ་བཀའ་ཁྲོལ་བར་བྱེད་དགོས་ཏེ་དཔེར་ན། བླ་མས་དགོན་པ་ལྟ་བུ་ཞིག་ལ་གནོད་པ་བགྱི་གསུང་བ་ལ་རང་གཞན་ལ་གནོད་པར་འགྱུར་ཚུལ་རྣམས་ཞིབ་པར་ཚི༷ག་གི༷་བཤད་སྦྱ༷ང་ཞུས་ནས་བྱ་མི་དགོས་པ་ཅིག་བཀའ་མ་ཁྲོལ་གྱི་བར་དུ་ཞུ་དགོས་ཞེས་བྱ་བྲལ་བ་བློ་གྲོས་རྒྱལ་མཚན་གྱིས་བླ་མ་ལྔ་བཅུ་པའི་འགྲེལ་བར་གསུངས་སོ། །བསླབ་བྱ་འདི་དག་སོ་སོ་སྐྱེ་བོས་སློབ་དཔོན་བསྟེན་པའི་དབང་དུ་བྱས་པ་ཡིན་ལ། མངོན་ཤེས་དང་རྫུ་འཕྲུལ་ཐོབ་པའི་གྲུབ་པ་མཆོག་རྣམས་ལ་ནི། འཕྲལ་དུ་དགེ་མི་དགེ་ཇི་ལྟར་གནང་ཡང་ཐེ་ཚོམ་མེད་པར་བསྒྲུབ་ན་ཡོན་ཏན་ཁྱད་པར་ཅན་སྐྱེ་བའི་རྒྱུར་འགྱུར་ཞིང༌། ཐེ་ཚོམ་སྐྱེས་ན་དངོས་གྲུབ་ཀྱི་གེགས་སུ་འགྱུར་བ་ཡང་ཡོད་ཅིང༌། འདིར་ནཱ་རོ་པས་གྲུབ་ཆེན་ཏེ་ལོ་པའི་བཀའ་སྒྲུབ་ཕྱིར་ཨོ་ཏན་ཏ་པཱུ་རིའི་གཙུག་ལག་ཁང་གི་རྩེ་མོ་ནས་མཆོང་བ་སོགས་དཀའ་བ་ཆེན་པོ་རྣམས་དང༌། ཉ་གསོན་པོར་བསྲེགས་ནས་ཟ་བ་ལ་མ་དད་པ་མ་བྱས་པར་གསུང་བཞིན་དུ་བསྒྲུབས་པས་གྲུབ་པ་ཐོབ་པའི་རྣམ་ཐར་གསུངས་སོ། །ཚུལ་དེ་བཞིན་དུ་བླ༷་མ༷་ལ་གུས་པས་བསྙེན་བཀུར་དང༌། དཀའ་ཞིང་སྒྲུབ་པ་ལས། དེའི་འབྲས་བུ་ནི་འཇིག་རྟེན་པའི་དངོས་གྲུབ། རལ་གྲི། མིག་སྨན། རིལ་བུ། ས་འོག་མཁའ་སྤྱོད་ལ་སོགས་པའི་གྲུབ་ཆེན་བརྒྱད། འཇིག་རྟེན་ལ༷ས་འདས་པའི་ལམ་གྱི་ཡོན་ཏན་ཁྱད་པར་ཅན་མཐོང་ལམ་སྐྱེ་བ་སོགས་མཆོག་གི་དངོ༷ས་གྲུ༷བ་མྱུར་དུ་ཐོབ་པ་ད༷ང༌། སྐྱེ་བ་ཕྱི་མ་མཐོ༷་རི༷ས་ཀྱི་རྟེན་ལྷ་ད༷ང་ནི༷་མིའི་ནང་དུ་སྐྱེས་ཏེ། དེ་དག་གི་ལོངས་སྤྱོད་དཔག་ཏུ་མེད་པ་ལ་སྤྱོད་ཅིང༌། དེར་ཡང་མི་འདོད་པའི་གནོད་པ་ཐམས་ཅད་མི་འབྱུང་བའི་བདེ༷་བ༷་ཕུན་སུམ་ཚོགས་པ་འཐོ༷བ་པ་ཡིན་པས། དེ༷་བ༷ས་ན་བཏང་སྙོམས་སུ་མི་བཞག་པར་འབ༷ད་པ༷་ཆེན་པོ་བྱས་ཏེ། ཇི་ལྟར་མཉེས་པའི་ཐབས་ཐ༷མས་ཅ༷ད་ཀྱི༷ས་བླ་མ་དམ་པ་མཉེས་པ་གསུམ་གྱི་ཡོངས་སུ་མཉེས་པར་བྱས་ནས་བླ༷་མ༷འི་བཀ༷༷འ་ལས་འད༷འ་བར་མི༷་བྱ༷་བ་ནི་ཅི་ནས་ཀྱང་འབད་པར་བྱའོ། །བླ་མ་མཉེས་པ་གསུམ་གྱིས་མཉེས་པར་བྱེད་དགོས་ཏེ། རྫ་དཔལ་སྤྲུལ་རིན་པོ་ཆེའི་ཀུན་བཟང་བླ་མའི་ཞལ་ལུང་ལས། ཞབས་ཏོག་རྣམ་པ་གསུམ་གྱི་སྒོ་ནས་མཉེས་པར་བྱ་བ་དང༌། རབ་སྒྲུབ་པའི་མཆོད་པ་ཞེས་བྱ་བ་སྟེ། བླ་མས་ཇི་ལྟར་བསྟན་པའི་ཆོས་ཐམས་ཅད་དཀའ་སྤྱད་དང་སྙིང་རུས་ཀྱི་སྒོ་ནས་ཉམས་སུ་ལེན་པ་ཡིན། འབྲིང་ལུས་ངག་གི་ཞབས་ཏོག་ཡིན་ཏེ། རང་གི་ལུས་ངག་ཡིད་གསུམ་བླ་མའི་བྲན་དུ་བཀོལ་ནས་ཞབས་ཕྱི་བྱེད་པ་ཡིན། ཐ་མ་ཟང་ཟིང་གི་འབུལ་བ་རྒྱུ་རྫས་ལོངས་སྤྱོད་ལ་སོགས་པའི་གཏོང་ཕོད་ཀྱི་སྒོ་ནས་བླ་མ་མཉེས་པར་བྱེད་པ་སྟེ། ཞེས་གསུངས་པས་སོ། །

བཞི་བ་བླ་མའི་རྫས་དང་འཁོར་ལ་ཇི་ལྟར་བྱ་བ།

བཞི་བ་བླ་མའི་རྫས་དང་འཁོར་ལ་ཇི་ལྟར་བྱ་བ་ནི།

བླ་མའི་རྫས་ནི་སྲོག་ཇི་བཞིན། །བླ་མའི་སྡུག་པའང་བླ་མ་བཞིན། །དེ་ཡི་འཁོར་ནི་གཉེན་བཞིན་དུ། །མཉམ་པར་བཞག་པས་རྟག་ཏུ་བསམ། །ཞེས་བླ༷་མ༷འི་ཕྱ༷ག་རྫ༷ས་དང་ཡོ་བྱད་ཀྱི་རིགས་ཐམས་ཅད་ལ་ཆུད་ཟོས་སུ་འགྱུར་བ་དང༌། གཞན་གྱིས་འཕྲོག་པ་དང༌། རྐུ་བ་ལྟ་བུའི་གནོད་པ་བྱུང་བ་རྣམས་བསྲུང་བའི་དོན་དུ་རང་གི་ནི༷་སྲོ༷ག་ཇི༷་བཞི༷ན་དུ་གཅེས་པར་འཛིན་པའི་སྒོ་ནས་ཞབས་ཏོག་ཏུ་འགྱུར་བ་བྱ་དགོས་ཤིང༌། བརྣབ་སེམས་ཀྱི་དབང་གིས་ནི་མ་ཡིན་ནོ། །བླ༷་མ༷་དེ་ཡི་སྡུག་པ་ནི་ཁྱིམ་པའི་རྟེན་ཅན་ལ་བཙུན་མོ་དང་སྲས་ལ་སོགས་པ་རྣམས་ལའང་གུས་པར་བྱ་བ་དང༌། རབ་བྱུང་གི་བརྟུལ་ཞུགས་འཛིན་པ་ལ། སྡུ༷ག་པ༷འིའ༷ང་ཐ་སྙད་མེད་ཟེར་པ་ཡོད་འདུག་ནའང༌། སྐུའི་ཉེ་རིས་དང༌། ཐུགས་ཀྱིས་གཅེས་པར་འཛིན་པ་རྣམས་ལ་བླ་མ་ཉིད་བཞིན་དུ་བསམས་ནས་གུས་པར་བྱེད་དགོས་ཞེས་གསུངས་སོ། །བླ་མའི་འཁོ༷ར་དུ་གནས་པའི་ཞབས་འབྲང་བ་རྣམས་ལ་ནི༷་དགའ་ཞིང་ཕན་ཐོགས་པའི་བསམ་པས་རང་གི་སྤུན་ཟླ་ལ་སོགས་པའི་གཉེན༷་བཞི༷ན་དུ༷།བསླབ་བྱ་འདི་རྣམས་མ་བརྗེད་པར་ཡིད་ལ་མཉ༷མ་པ༷ར་བཞ༷ག་ནས་དྲན་ཤེས་དང་ལྡན་པས།རང་གི་བློའི་མཐོ་དམན་དང་བསྟུན་པའི་རེས་འཇོག་མ་ཡིན་པར་ནམ་དགོས་སུ་རྒྱུན་ཆགས་པ༷ས་རྟ༷ག་ཏུ༷་བས༷མ་ཞིང་མ་བརྗེད་པའི་དོན་ཡིན་ནོ། །

ལྔ་བ་འཕྲལ་གྱི་ཀུན་སྤྱོད་དག་པར་བྱ་བ།

ལྔ་བ་འཕྲལ་གྱི་ཀུན་སྤྱོད་དག་པར་བྱ་བ་ལ།

མི་རིགས་པའི་ཀུན་སྤྱོད་དགག་པ་དང༌། རིགས་པའི་ཀུན་སྤྱོད་རྟེན་པ་དང༌། མི་རིགས་པའི་སྤྱོད་ལམ་གཞན་འགོག་ཚུལ་དང་གསུམ། དང་པོ་ལ་མཐོང་བ་ཉེ་འཁོར་གྱི་བསླབ་བྱ་དང༌། ཐོས་པའི་ཉེ་འཁོར་གྱི་བསླབ་བྱ་དང་གཉིས། །དང་པོ་ནི། མལ་སྟན་འདུག་དང་སྔོན་འགྲོ་དང༌། །གཙུག་ཏོར་དག་དང་དཔྱངས་པ་དང༌། །སྟན་ལ་རྐང་འཇོག་སྐྱེད་པར་ནི། །ལག་གཞག་སྙེ་བར་མི་བྱའོ། །བླ་མ་དག་ནི་ལངས་པ་ན། །ཉལ་དང་འདུག་པར་མི་བྱའོ། །རྟག་ཏུ་དེ་ཡི་བྱ་བ་ལ། །ལྡང་མཁས་ཕུན་སུམ་ཚོགས་པར་བྱ། །མཆིལ་མ་ལ་སོགས་འདོར་བ་དང༌། །སྟན་ལ་རྐང་འཇོག་སྐྱོང་བ་ནི། །འཆག་དང་རྩོད་པར་སྨྲ་བ་དག །བླ་མའི་མདུན་དུ་མི་བྱའོ། །ཡན་ལག་མཉེ་དང་གར་དག་དང༌། །གླུ་དང་རོལ་མོ་མི་བྱ་ཞིང༌། །ཞེས་བླ་མའི་མདུན་དུ་མ༷ལ་སྟ༷ན་ལ་འདུ༷ག་པར་མི་བྱ་བ་ད༷ང་འགྲོ་བའི་ཚེ་བླ་མའི་སྔོ༷ན་དུ་འགྲོ༷་བར་མི་བྱ་བ་དགོས་ལ། དེ་ཡང་དགོས་པའི་གཞི་འཕགས་པའི་ཡུལ་ནས་སྤྱོད་པ་ལ། པཎྜི་ཏ་ལ་སོགས་པ་སྐྱེས་བུ་མཆོག་དམན་དུ་མ་ལམ་དུ་ལྷན་ཅིག་འཇུག་པའི་ཚེ་གང་མཁས་པ་དེ་སྣ་དྲངས་ནས་སྔོན་ལ་འགྲོ་ཞིང༌། མི་མཁས་པ་དེས་འཇུག་བསྡུས་ནས་རྗེས་ལ་འགྲོ་བའི་ཚུལ་ཡོད་པས། དེ་ཡང་པཎྜི་ཏ་མཉམ་པོ་ཡིན་ན་ཅིག་གི་སུ་མགྱོགས་ཀྱི་ཚུལ་དུ་སྔོན་ལ་ཕྱིན་རང་མཁས་པར་ཁས་བླངས་པ་ཡིན་པས། དེ་ལ་བརྟེན་ནས་རྩོད་པ་ཡོང་བ་ཡོད་ཅིང༌། དེ་དག་དང་ཆ་མཐུན་པར་བོད་ཡུལ་ལ་སོགས་པའི་རྒྱལ་ཁམས་མང་པོ་ན། ད་ལྟ་མི་ཆོས་དང་བསྟུན་པའི་བླང་དོར་ལ་མི་ཆེ་བ་རྣམས་སྔོན་ལ་འགྲོ་ཞིང༌། དེ་བས་དམན་པ་རྣམས་རྗེས་སུ་འཇུག་པའི་རིམ་པ་སྒྲིགས་སུ་འཇུག་སྐབས་ལ་ལར་འདུག་པ་བཞིན་དོན་དུ་མཆོག་དམན་གྱི་དབྱེ་བས་ཡིན་པ་བཞིན། བླ་མའི་ཕྱག་ཕྱིར་འགྲོ་བ་རྣམས་ཀྱིས་དུས་རྒྱུན་དུ་སྟབས་གང་བདེའི་ཚུལ་གྱིས་སྔོན་ལ་འགྲོ་བ་མི་བྱེད་པར་ཕྱི་བཞིན་དུ་འབྲངས་ནས་གོ་རིམ་ད༷ང་བཅས་ཏེ་འགྲོ་བར་བྱའོ། ། བླ་མའི་མདུན་དུ་གཙུ༷ག་ཏོ༷ར་ད༷ག་སྟེ་ཐོར་ཅོག་བཅིང་བར་མི་བྱ་བ་ད༷ང༌། དར་སོགས་དཔྱ༷ངས་པ༷་ནི་མི་བྱ་བ་ད༷ང༌། བླ་མ་གདན་ལ་འཁོད་ཚེ་བླ་མ་ལས་སྔར་སྟ༷ན་ལ༷་རྐ༷ང་བ་འཇོ༷ག་པ་དང་བླ་མ་ས་སྒྲེ་བོ་ལ་གནས་ཚེ་རང་སྟན་ལ་གནས་པར་མི་བྱ་བ་དང༌། རྐེ༷ད་པ༷ར་ནི༷་ལ༷ག་པ་གཉིས་བཞ༷ག་ནས་སྙེ༷་བ༷ར་མི༷་བྱ༷འོ། །བླ་མ་དག་ནི་ལངས་པ་ན་སློབ་མ་རང་ཉིད་ཉལ་བ་དང་འདུག་པར་མི་བྱའོ། །དུས་རྟ༷ག་ཏུ༷་བླ་མ་དེ༷་ཡི༷་བསྙེན་བཀུར་བའི་བྱ༷་བ༷་ལ༷་ལྡ༷ང་མཁ༷ས་ཏེ་ལྡང་བ་ནི་ཡང་བ་དང་མཁས་པ་ནི་དེ་དག་སྒྲུབ་པ་ལ་མཁས་པ་ཕུ༷ན་སུ༷མ་ཚོ༷གས་པ༷ར་བྱ༷འོ། །མཆི༷ལ་མ༷་དང་སྣབས་ལ༷་སོ༷གས་འདོ༷ར་བ༷་ད༷ང༌། སྟ༷ན་ལ༷་འཁོད་པའི་ཚེ་རྐ༷ང་བ་འཇོ༷ག་ནས་རྐྱོ༷ང་བ༷་ད༷ང༌། ཕན་ཚུན་འཆ༷ག་པ་མི་བྱ་བ་ད༷ང༌། རྩོ༷ད་པ༷ར་སྨྲ༷་བ༷་སྟེ་ཁ་སྟོབས་འགྱེད་པ་ད༷ག་བླ༷་མ༷འི་མདུ༷ན་དུ༷་མི༷་བྱ༷འོ༷། །ཡ༷ན་ལ༷ག་ལག་པ་ལ་སོགས་མཉེ༷་བ་ད༷ང༌། ག༷ར་ད༷ག་ད༷ང༌། །གླུ༷་ད༷ང་རོ༷ལ་མོ༷་རྣམས་ཚོགས་འཁོར་གྱི་དུས་མ་གཏོགས་བླ་མའི་དྲུང་དུ་མི༷་བྱ༷་ཞི༷ང་བག་ཡོད་པར་བྱ་དགོས་སོ། །

གཉིས་པ་ཐོས་པའི་ཉེ་འཁོར་གྱི་བསླབ་བྱ།

གཉིས་པ་ཐོས་པའི་ཉེ་འཁོར་གྱི་བསླབ་བྱ་ནི།

གཏན་གྱི་སྦྱོར་བ་མང་པོ་རྣམས། །ཐོས་པའི་ཉེ་འཁོར་དུ་མི་བྱ། །ཞེས་བྲེ་མོའི་གཏ༷མ་གྱི༷་སྦྱོ༷ར་བ༷་མ༷ང་པོ༷་རྣ༷མས་བླ་མས་ཐོ༷ས་པ༷འི་ཉེ༷་འཁོ༷ར་དུ༷་མི༷་བྱ༷་བར་བྱེད་དགོས་སོ། །གཉིས་པ་རིགས་པའི་ཀུན་སྤྱོད་བསྟེན་པ་ནི། བཏུད་དེ་སྟན་ལས་ལྡང་བ་དང༌། །གུས་པ་ཡིས་ནི་འདུག་པར་བྱ། །མཚན་ཆུ་འཇིགས་བཅས་ལམ་དུ་ནི། །བསྒོ་བ་ཐོབ་ན་མདུན་འགྲོ་བྱ། །ཞེས་བླ་མ་བཞེངས་པའི་ཚེ་གུས་པས་བཏུ༷ད་དེ༷་སྟ༷ན་ལ༷ས་ལྡ༷ང་བ༷་ད༷ང༌། བླ་མ་བཞུགས་པའི་ཚེ་གུ༷ས་པ༷་ཡི༷ས་ནི༷་འདུ༷ག་པ༷ར་བྱ༷འོ། །དམིགས་བསལ་ལ་མཚ༷ན་མོའི་དུས་དང༌། ཆུ༷་བརྒལ་བ་དང། ཆོམ་རྐུན་ལྟ་བུའི་འཇི༷གས་པ་དང་བཅ༷ས། ལ༷མ་དུ་འགྲོ་ཚེ་ལམ་སེལ་གྱིས་ཚུལ་དུ༷་ནི༷་སྔོན་ལ་འགྲོ་བའི་གནང་བ་ཞུས་ཏེ། སོང་ཞེས་པའི་བསྒོ༷་བ༷་ཐོ༷བ་ན༷ས་མདུ༷ན་དུ་སྔོན་ལ་འགྲོ༷་བར་བྱ༷་བ་ཡིན་ནོ། །

གསུམ་པ་མི་རིགས་པའི་སྤྱོད་ལམ་དགག་པ་གཞན་བསྟན་པ།

གསུམ་པ་མི་རིགས་པའི་སྤྱོད་ལམ་དགག་པ་གཞན་བསྟན་པ་ནི།

སློབ་དཔོན་གྱིས་ནི་མཐོང་མདུན་དུ། །བློ་དང་ལྡན་པས་ལུས་གཅུ་དང༌། །ཀ་བ་ལ་སོགས་བརྟེན་མི་བྱ། །སོར་མོའི་ཚིགས་ནི་དྲང་མི་བྱ། །ཞེས་སློ༷བ་དཔོ༷ན་གྱི༷ས་མངོན་སུམ་དུ་མཐོ༷ང་བའི་སྐུའི་མདུ༷ན་དུ༷་ནི་སློབ་མ་བློ༷་ད༷ང་ལྡ༷ན་པ༷ས་ལུ༷ས་ཕན་ཚུན་གཅུ༷་བ་ད༷ང༌། ཀ༷་བ༷་དང་རྩིག་པ་སོ༷གས་ལ༷་རྒྱབ་བརྟེ༷ན་པར་མི༷་བྱ༷འོ། །དེ་བཞིན་དུ་སོ༷ར་མོ༷འི་ཚི༷གས་ནི༷་དྲ༷ང་བར་མི༷་བྱ༷འོ། །

དྲུག་པ་ལུས་ངག་གི་བསྙེན་བཀུར་བའི་ཁྱད་པ།

དྲུག་པ་ལུས་ངག་གི་བསྙེན་བཀུར་བའི་ཁྱད་པར་ལ།

ལུས་ཀྱིས་བསྙེན་བཀུར་བའི་ཁྱད་པར་དང༌། ངག་གིས་བསྙེན་བཀུར་བའི་ཁྱད་པར་དང་གཉིས། དང་པོ་ནི། རྐང་པ་བཀྲུ་དང་ལུས་བཀྲུ་དང༌། །དྲིལ་དང་མཉེ་བ་ལ་སོགས་པ། །ཕྱག་ནི་སྔོན་དུ་འགྲོ་བས་བྱ། །དེ་བཞིན་མཐར་ནི་ཅི་བདེར་བྱ། །ཞེས་བླ་མའི་རྐ༷ང་བ༷འམ་ཞབས་བཀྲུ༷་བ་ད༷ང༌། །སྐུ་ལུ༷ས་ལ་བཀྲུ༷་གསོལ་བ་ད༷ང། དེ་ནས་བྱུག་པ་བྱས་པའི་རྗེས་སུ་ཟན་གྱི་དྲི༷ལ་ཕྱིས་ད༷ང། ཕུར་ཞིང་མཉེ༷་བ༷་ལ༷་སོ༷གས་པ་བྱ་ལ། དེ་དག་ལ་ཕྱ༷ག་འཚལ་བ་ནི༷་སྔོ༷ན་དུ༷་འགྲོ༷་བ༷ས་བྱ༷་ཞིང༌། དེ༷་བཞི༷ན་དུ་ཟིན་པའི་མཐ༷ར་ནི༷་ཕྱག་འབུལ་བ་སོགས་ལོང་སྐབས་དང་བསྟུན་ནས་ཅི༷་བདེ༷ར་བྱའོ། །

གཉིས་པ་ངག་གིས་བསྙེན་བཀུར་བའི་ཁྱད་པ།

གཉིས་པ་ངག་གིས་བསྙེན་བཀུར་བའི་ཁྱད་པར་ནི།

དེ་ཡི་མཚན་སྨོས་བརྗོད་ན་ནི། །མིང་མཐར་ཞལ་སྔར་ལྡན་པས་བྱ། །གཞན་དག་གུས་པར་བྱ་བའི་ཕྱིར། །ཁྱད་པར་གྱི་ནི་ཚིག་ཀྱང་བརྗོད། །ཅེས་བླ་མ་དེ༷་ཡི༷་མཚ༷ན་ནས་སྨོ༷ས་ཏེ་བརྗོ༷ད་པའི་ཚེ་ན༷་ནི༷་མི༷ང་མཐ༷ར་ཞ༷ལ་སྔ་ནས་ཞེས་པ་ལྡ༷ན་པ༷ས་བརྗོད་པར་བྱ༷འོ། །བཀུར་བའི་ཚིག་གཞན་ཡང་བརྗོད་པར་བྱ་སྟེ། གཞ༷ན་ད༷ག་བླ་མ་ལ་གུ༷ས་པ༷ར་བྱ༷་བ༷འི་ཕྱི༷ར་ཁྱ༷ད་པ༷ར་གྱི༷་ནི༷་རྗེ་བཙུན་བླ་མ་དམ་པའམ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་རྗེ་སྒྲོལ་བའི་མགོན་པོ་ཞེས་པ་ལྟ་བུའི་ཚི༷ག་ཀྱ༷ང་བརྗོ༷ད་པར་བྱའོ། །

བདུན་པ་ང་རྒྱལ་སྤང་བ།

བདུན་པ་ང་རྒྱལ་སྤང་བ་ལ།

བསྒོ་བ་ཉན་པ་ལ་ང་རྒྱལ་སྤང་བ་དང༌། ཆོས་ཉན་པ་སོགས་ང་རྒྱལ་སྤང་བ་དང༌། ཀུན་སྤྱོད་སྤྱི་ལ་ང་རྒྱལ་སྤང་བར་བསྟན་པ་དང་གསུམ། དང་པོ་ནི། བླ་མ་ལ་ནི་བཀའ་བསྩལ་ཞུ། །བཀའ་བཞིན་བགྱིད་ཅེས་བརྗོད་བྱས་ལ། །ཐལ་མོ་སྦྱར་ཞིང་མ་ཡེངས་པར། །བླ་མས་བསྒོ་བ་མཉན་པར་བྱ། །དགོད་དང་ལུད་པ་ལ་སོགས་པ། །ལག་པས་ཁ་ནི་དགབ་པར་བྱ། །བྱ་བ་ཟིན་ནས་འཇམ་པ་ཡི། །ཚིག་དག་གིས་ནི་བཟླས་པར་བྱ། །ཞེས་བླ༷་མ༷་ལ་འཕྲལ་གྱི་བྱ་བ་ཕྲ་མོ་འགྲོ་འདུག་བྱེད་པ་རྣམས་ལ༷་ནི༷་བཀ༷འ་བསྩ༷ལ་ཏེ་གནང་བ་ཞུ༷་ཞིང་ཚུར་བསླབ་བྱ་སོགས་བཀའ་ཅི་བསྩལ་བ་རྣམས་ལ། དེ་བཞི༷ན་དུ་བགྱི༷ད་ཅེ༷ས་བརྗོ༷ད་པར་བྱ༷་ཞིང་ལན་མེད་དུ་འདུག་པ་མི་རུང༌། ལུས་ཐ༷ལ་མོ༷་སྦྱ༷ར་ཞི༷ང་སེམས་གཞན་དུ་མ༷་ཡེ༷ངས་པ༷ར་བླ༷་མ༷ས་བཀའ་གང་བསྒོ༷་བ༷་དེ་ལ་ཉ༷ན་པ༷ར་བྱ༷འོ།།གཞན་ཡང་བླ་མའི་དྲུང་དུ་དགོད་པ་ད༷ང་ལུ༷ད་པ༷་ལ༷་སོ༷གས་པ༷་བྱུང་བ་ལ་ལ༷ག་པ༷ས་ཁ༷་ནི༷་དག༷བ་པ༷ར་བྱ༷་ཞིང་ཁ་ཆེར་གདངས་ནས་བགད་པ་སོགས་མི་བྱེད།བླ་མའི་གཡོག་ལ་སོགས་པ་བྱ༷་བ༷་བསྒྲུབ་པ་རྣམས་ཟི༷ན་ན༷ས་ཡུས་པོ་མ་ཡིན་པ་འཇ༷མ་པོའི་ཞུ་མཁས་པ༷་ཡི༷་ཚི༷ག་ད༷ག་གི༷ས་ནི༷་སྙན་དུ་བཟླ༷ས་པ་སྟེ་གསོལ་བ༷ར་བྱ༷་བའོ། །

གཉིས་པ་ཆོས་ཉན་པ་སོགས་ང་རྒྱལ་སྤང་བ།

གཉིས་པ་ཆོས་ཉན་པ་སོགས་ང་རྒྱལ་སྤང་བ་ནི།

མདུན་དུ་དུལ་བར་འདུག་པ་དང༌། །གོས་སོགས་ཚུལ་བཞིན་བསྡམས་པ་དང༌། །པུས་བཙུགས་ཐལ་མོ་སྦྱར་བ་ཡིས། །མཉན་སོགས་འདོད་ལ་གསོལ་གསུམ་གདབ། །ཅེས་བླ་མའི་མདུ༷ན་དུ༷་ལུས་ངག་གི་སྤྱོད་པ་ཞི་ཞིང་དུ༷ལ་བ༷ར་འདུ༷ག་པ༷་ད༷ང་གོ༷ས་ལེགས་པར་བགོས་པ་སོགས་ཚུལ་མཐུན་བཞིན་བྱས་ནས་དབང་པོའི་སྒོ་བསྡ༷མས་པ༷་ད༷ང༌། པུ༷ས་མོ་ས་ལ་བཙུ༷གས་ནས་ལག་ཐ༷ལ་མོ༷་སྦྱ༷ར་བ༷་ཡི༷ས་ཆོས་མཉ༷ན་པ་དང་དབང་དང་སྡོམ་པ་ལ་སོ༷གས་པ་འདོད་པའི་སློབ་མ་དེས་བླ་མ་ལ༷་གསོ༷ལ་བ་ལན་གསུ༷མ་གད༷བ་པར་བྱས་ནས་ཆོས་མཉན་པ་སོགས་བྱའོ། །

གསུམ་པ་ཀུན་སྤྱོད་སྤྱི་ལ་ང་རྒྱལ་སྤང་བར་བསྟན་པ།

གསུམ་པ་ཀུན་སྤྱོད་སྤྱི་ལ་ང་རྒྱལ་སྤང་བར་བསྟན་པ་ནི།

བསྙེན་བཀུར་སྤྱོད་པ་ཐམ་ཅད་ལ། །ཡིད་ནི་ང་རྒྱལ་མེད་པར་བྱ། །ངོ་ཚ་འཇིགས་ཤིང་བསྡམས་པ་ཡིས། །བག་མ་གསར་པའི་ཚུལ་གནས་བྱ། །སྒེག་པ་ལ་སོགས་བྱ་བ་ཀུན། །སྟོན་པའི་མདུན་དུ་སྤང་བར་བྱ། ། གཞན་ཡང་དེ་འདྲའི་བྱ་བ་ནི། །རང་གིས་བརྟགས་ལ་དོར་བར་བྱ། །ཞེས་བསྙེ༷ན་བཀུ༷ར་སོགས་སྤྱོ༷ད་པ༷་ཐ༷མས་ཅ༷ད་བྱེད་པ་ལ༷་ཡི༷ད་ནི༷་ང༷་རྒྱ༷ལ་མེ༷ད་པ༷ར་གུས་པའི་སྒོ་ནས་བྱ་དགོས་སོ། །རྣམ་པ་ཀུན་ཏུ་ངོ༷་ཚ༷་ཞིང་བག་འཛེམ་དང་ལྡན་པས།ཚུལ་དང་མི་མཐུན་པ་ལ་ནི་འཇི༷གས་ཤི༷ང་སྒོ་གསུམ་ལེགས་པར་བསྡ༷མས་པ༷་ཡི༷ས་དཔེ་ནི་བ༷ག་མ༷་གས༷ར་པ༷འི་སྤྱོད་ལམ་མ་ཉམས་པའི་ཚུ༷ལ་བསྲུང་བ་བཞིན་དུ་གན༷ས་པར་བྱ༷་ཞིང་ཆས་འཆོར་པོ་སྣང་ཤས་ཅན་གྱིས་སྒེ༷ག་པ༷་ལྷུར་ལེན་པ་ལ༷་སོ༷གས་པའི་བྱ༷་བ༷་ཧ་ཅང་ངོ་སོ་མཐོ་བ་ཀུ༷ན་རང་ལ་ལམ་སྟོ༷ན་པར་གྱུར་པ༷འི་བླ་མའི་སྐུ་མདུ༷ན་དུ༷་སྤ༷ང་པ༷ར་བྱ༷་ཞིང་དེ་ལས་གཞ༷ན་ཡ༷ང་ང་རྒྱལ་དང་སྒེག་ཆོས་སུ་གྱུར་བ་དང་དེ༷་དང་འདྲ༷་བའི་ཀུན་སྤྱོད་མི་རིགས་པའི་བྱ༷་བ༷་ནི༷་ར༷ང་གི༷་བློ༷ས་བརྟ༷གས་ལ༷་མི་རུང་བ་ཐམས་ཅད་དོ༷ར་བ༷ར་བྱ༷་ཞེས་པའི་དོན་ཏོ། །

བརྒྱད་པ་རང་དབང་མི་འཇུག་པ།

བརྒྱད་པ་རང་དབང་མི་འཇུག་པ་ནི།

གཞན་དོན་ལ་འཇུག་པའི་ཚེ་གནང་བ་ནོད་པ་དང༌། ཞུགས་པ་ལས་བྱུང་བའི་རྙེད་པ་བསྟབ་པ་དང༌། བླ་མའི་སྤྱན་སྔར་གཞན་གྱི་བསྙེན་བཀུར་བདག་ཏུ་མི་བྱ་བ་དང༌། ལུས་ཀྱི་སྤྱོད་ལམ་ཆེས་གུས་པར་བྱེད་ཚུལ་དང་བཞི། དང་པོ་ནི།རབ་གནས་དཀྱིལ་འཁོར་སྦྱིན་སྲེག་དང༌། །སློབ་མ་སྡུད་དང་འཆད་པ་རྣམས། །ཡུལ་དེར་བླ་མ་གནས་པ་ན། །རྗེས་མ་གནང་བར་མི་བྱའོ། །ཞེས་རྟེན་ལ་ར༷བ་གན༷ས་བྱ་བ་དང་དཀྱི༷ལ་འཁོ༷ར་ཞལ་འབྱེད།དེ་དག་དང་འབྲེལ་བའི་སྦྱི༷ན་སྲེ༷ག་བཞི་སོ་སོ་ད༷ང༌།རང་གིས་འཁོར་དུ་སློ༷བ་མ༷་ཟང་ཟིང་གིས་སྡུ༷ད་པ་ད༷ང་ཆོས་འཆ༷ད་པ༷་རྣ༷མས་བླ་མས་མཛད་པའི་སྤྱོད་ཡུ༷ལ་ཞིག་གི་ས་ཁོངས་དེ༷ར་བླ༷་མ༷་གན༷ས་པ༷་ན༷་གྱིས་ཤིག་རྗེ༷ས་སུ་མ༷་གན༷ང་བ༷ར་མི༷་བྱ༷འོ། །

གཉིས་པ་ཞུགས་པ་ལས་བྱུང་བའི་རྙེད་པ་བསྟབ་པ།

གཉིས་པ་ཞུགས་པ་ལས་བྱུང་བའི་རྙེད་པ་བསྟབ་པ་ནི།

སྤྱན་འབྱེད་སོགས་ལས་ཅི་ཐོབ་པ། །དེ་ཀུན་བླ་མ་རྣམས་ལ་དབུལ། །དེ་ཡིས་བསྟབས་པ་བླངས་ནས་ནི། །གཞན་དག་ལ་ནི་ཅི་བདེར་བྱ། །ཞེས་བླ་མ་ཡུལ་མི་གཅིག་པའི་ཐག་རིང་བར་བཞུགས་པ་དང༌། ཐག་ཉེ་བའི་མི་ལྕོགས་རྣམས་ལ་གནང་བ་མ་ཐོབ་ཀྱང་རུང་གསུང༌། སྤྱ༷ན་འབྱེ༷ད་དེ་རབ་གནས་དང་སོ༷གས་ཁོངས་ནས་དབང་བསྐུར་དང་གོང་དུ་སྨོས་པ་དེ་རྣམས་རང་གིས་སྐབས་སུ་བབ་པར་བྱས་པ་ལ་ཡོན་གྱིས་རྙེད་པ་ཅི༷་ཐོ༷བ་པ༷་དེ༷་ཀུ༷ན་བླ༷་མ༷་རྣ༷མས་ལ༷་དབུ༷ལ་ཞིང༌།བླ་མ་དེ༷་ཡི༷ས་ཀྱང་རང་ལ་འདོད་པ་བླངས་ནས་ལྷག་མ་ཇི་ལྟར་རིགས་པ་སླར་ཚུར་སྟོ༷བས་པའམ་སྦྱིན་པ༷་དེ་རང་གིས་བླ༷ངས་ན༷ས་ནི༷། དབུལ་ཕོངས་པ་དང༌། ཡུལ་མཆོག་དམན་གཞ༷ན་ད༷ག་ལ༷་ནི༷་ཅི༷་བདེ༷ར་ཕན་པར་བྱ༷་བའམ་རང་གིས་འབུལ་བའི་བླ༷་མ་དེ་ཡི་སློབ་མས་ཆ་ཤས་ཙམ་བསྟབས་པ་སྟེ་ཕུལ་བ་བླངས་ནས་ནི། ལྷག་མ་གཞན་དག་ལ་ནི་སློབ་མ་རང་གིས་ཅི་བདེར་བྱ་ཞེས་པའོ། །

གསུམ་པ་བླ་མའི་སྤྱན་སྔར་གཞན་གྱི་བསྙེན་བཀུར་བདག་ཏུ་མི་བྱ་བ།

གསུམ་པ་བླ་མའི་སྤྱན་སྔར་གཞན་གྱི་བསྙེན་བཀུར་བདག་ཏུ་མི་བྱ་བ་ནི།

བླ་མའི་སློབ་མ་སློབ་མར་མིན། །སློབ་མའང་བླ་མའི་མདུན་དུ་མིན། །བསྙེན་བཀུར་དག་དང་ལྡང་བ་དང༌། །ཕྱག་སོགས་བྱེད་པ་བཟློག་པར་བྱ། །ཞེས་བླ༷་མ༷ས་སློ༷བ་མ༷་བཀའ་མ་གནང་བར་རང་གི་སློ༷བ་མ༷ར་བྱ་བ་མི༷ན་ཞིང་རང་གི་སློབ་མ་ལའང་བླ་མའི་མདུན་དུ་ཆོས་སྟོན་པ་སོགས་མིན་ཞིང༌། སློབ་མ་རྣམས་ཀྱིས་རང་གི་སློབ་དཔོན་ལ་བླ་མའི་མདུན་དུ་གདན་སྟོབས་སོགས་བསྙེ༷ན་བཀུ༷ར་བའི་རིགས་ད༷ག་བྱ་བ་ད༷ང༌། ལྡ༷ང་བ༷་བྱེད་པ་ད༷ང༌། ཕྱ༷ག་ལ་སོ༷གས་པ་བྱེ༷ད་པ༷་ལ། སློབ་དཔོན་དུ་གྱུར་པ་དེས་མ་བྱེད་ཅིག་ཅེས་བཟློ༷ག་པ༷ར་བྱ༷་ཞིང༌། སློབ་མ་ཁོ་རང་གི་ངོས་ནས་ནི་བྱེད་དགོས་ཤིང༌། བཟློག་ནས་མ་བྱས་པ་ནི་མཛེས་ཤིང་ཉེས་པ་མེད་དོ།།

བཞི་བ་ལུས་ཀྱི་སྤྱོད་ལམ་ཆེས་གུས་པར་བྱེད་ཚུལ།

བཞི་བ་ལུས་ཀྱི་སྤྱོད་ལམ་ཆེས་གུས་པར་བྱེད་ཚུལ་ནི།

སློབ་དཔོན་ལ་ནི་གང་འབུལ་དང༌། །བླ་མས་ཀྱང་ནི་གང་བསྩལ་པ། །དེ་ལ་བཏུད་དེ་ལག་གཉིས་ཀྱིས། །བློ་དང་ལྡན་པས་བླང་བར་བྱ། །ཞེས་སློ༷བ་དཔོ༷ན་ལ༷་ནི༷་ག༷ང་འབུ༷ལ་བ༷་དང༌། བསྙེན་བཀུར་གང་འབུལ་བ་དང༌། བླ༷་མ༷ས་ཀྱ༷ང་ནི༷་ཚུར་ཡོ་བྱད་ག༷ང་བསྩ༷ལ་པ༷་དེ༷་ལ༷༵་ལུས་ཅུང་ཟད་བཏུ༷ད་དེ༷་ལ༷ག་གཉི༷ས་ཀྱི༷ས་བག་ཡོད་ཀྱི་བློ༷་ད༷ང་ལྡ༷ན་པ༷ས་བླ༷ང་བ༷ར་བྱ༷་བའོ། །

གཉིས་པ་ཞར་བྱུང་གི་དོན།

གཉིས་པ་ཞར་བྱུང་གི་དོན་ནི།

དྲན་པ་བརྗེད་མེད་གྱུར་པ་དང༌། །རང་གི་ཀུན་སྤྱོད་ལ་བརྩོན་པས། །སྦུན་གྱི་རང་སྤྱོད་ལས་འདས་པ། །དགའ་བས་ཕན་ཚུན་བཟློག་པར་བྱ། །ཞེས་བསྙེན་བཀུར་བཟང་པོ་ཞུས་པ་དང༌།ཕྱག་གཡོག་བགྱིས་པ་སོགས་བླ་མའི་ཕྱོགས་སུ་ངལ་དུབ་ལོངས་སྤྱོད་ཟད་པ་རྣམས་ལ་ངས་འདི་ལྟ་བུ་བགྱིས་སྙམ་པ་དང༌། སྤྱོད་པ་ཇི་ལྟར་བྱ་བ་ཐམས་ཅད་ལ་ཡང་འདི་ནི་ང་རྒྱལ་མེད་པས་བགྱིར་འོས་སུ་སེམས་པར་བྱ། དེ་རྣམས་སུ་མ་ཟད་གཞན་ཡང༌། དེ་དག་དང་འདྲ་བའི་བྱ་བ་ཀུན་ལ། རང་གིས་བློས་བརྟགས་ལ་མི་རིགས་པ་རྣམས་ཡུལ་ཕྱོགས་སོ་སོའི་མིང་ཆོས་ཀྱི་ལུགས་དང་ཡང་སྦྱར་ལ་མི་མཉེས་པ་རྣམས་སྤང་ཞིང་འདོར་བར་བྱ། བསླབ་བྱ་རྣམས་ལ་དྲ༷ན་ཤེས་དང་ལྡན་པ༷་བླང་དོར་བརྗེ༷ད་མེ༷ད་དུ་གྱུ༷ར་པ་དང༌།ར༷ང་གི༷་ཀུ༷ན་སྤྱོ༷ད་སྡོམ་པ་ལ༷་བརྩོ༷ན་པ༷ས།རྡོ་རྗེ་སྤུ༷ན་གཞན་རྣམས་ཀྱི༷ས་ར༷ང་རང་གི་སྤྱོ༷ད་པ་ལ༷ས་འད༷ས་པ༷་མཐོང་བ་ལ།སྡང་སེམས་མེད་པར་དག༷འ་བ༷ས་ཕ༷ན་ཚུ༷ན་གཅིག་གི་གཅིག་མི་རིག་པར་བྱེད་པ་ལས་བཟློ༷ག་པ༷ར་བྱ༷་ཞིང༌། རང་ཚུལ་དང་མི་མཐུན་པས་གཞན་དེ་ལས་བཟློག་པར་མི་ནུས་པ་ནི། གཞན་ཆོས་སྒོར་འཇུག་པ་ལ། རང་བསླབ་པ་གཙང་བའི་འཇིག་རྟེན་གྱི་གཏམ་ཚད་མས་ངེས་པ་བསྐྱེད་པའོ།།

གཉིས་པ་དེའི་དམིགས་བསལ།

གཉིས་པ་དེའི་དམིགས་བསལ་ནི།

ན་བས་བླ་མའི་བྱ་བ་ལ། །བཏུད་དེ་རྗེས་མ་གནང་བར་ཡང༌། །བཀག་པ་རྣམས་ནི་སྤྱད་བྱས་ཀྱང༌། །དགེ་སེམས་ལྡན་ལ་སྡིག་མི་འགྱུར། །ཞེས་རང་ན༷་བ༷ས་བླ༷་མ༷འི་བྱ༷་བ༷་རྣམས་ལ༷་བཏུ༷ད་དེ༷་ཕྱག་འཚལ་བ་སྔོན་དུ་འགྲོ་དགོས་པ་ལས་མ་བྱས་པ་དང།རྗེ༷ས་སུ་གནང་བ་ནི་བདག་ན་བས་འདི་ལྟར་སྒྲུབ་མ༷་ནུས་སོ་ཞེས་གན༷ང་བ་ཞུས་ནས་བླ་མས་ཅི་བདེ་བ༷ར་བགྱིས་ཆོག་པའི་བཀའ་གནང་བའམ།དངོས་སུ་བཀའ་མ་གནང་བར་ཡང༌། སྔར་བཀ༷ག་པ༷་རྣ༷མས་ལས་ནི༷།ཐུགས་དཀྲུགས་པ་མ་གཏོགས་གཞན་རྣམས་རང་གིས་སྒྲུབ་མ་ནུས་ན་ཅི་བདེ་བར་སྤྱ༷ད་ནས་སྤངས་པར་བྱ༷ས་ཀྱ༷ང་མ་གུས་པའི་བློ་མེད་པར་རང་གིས་ནུས་ན་སྒྲུབ་པར་འདོད་པའི་དགེ༷་སེ༷མས་ཅན་ལ༷་བག་མེད་ལས་བྱུང་བའི་སྡི༷ག་པར་མི༷་འགྱུ༷ར་ཏེ། འདུལ་བ་ལས་ཀྱང༌།ནད་པ་ནི་བཅས་པ་མཐའ་དག་གིས་བསྐྱང་བར་བྱའོ། །ཞེས་པ་དང་འདྲ་བ་ཡིན་ནོ།།

གསུམ་པ་བསྟེན་ཚུལ་གྱི་དོན་བསྡུ་བ།

གསུམ་པ་བསྟེན་ཚུལ་གྱི་དོན་བསྡུ་བ་ནི།

འདིར་མང་སྨྲ་བ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤང་བར་ནི། །དེ་དང་དེ་ལ་འབད་དེ་སྤྱད། །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུང་བར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་བསྟན་བཅོས་འདི༷ར་དངོས་སུ་ཚིག་མ༷ང་དུ་སྨྲ༷་བ༷་ལ་དགོས་པ་ཆུང་བ་ཡིན་པས་ཅི༷་ཞི༷ག་དགོས་ཏེ་མི་དགོས་སོ། །དོན་དུ་བླ༷་མ༷་དེ་ཉིད་དགྱེ༷ས་པར་བྱེ༷༷ད་པའི་ཐབས་ཚུལ་དང་མཐུན་པ་ག༷ང་ཡི༷ན་པ་རྣམས་བྱ༷་ཞིང༌། མི༷་མཉེ༷ས་པར་བྱེ༷ད་པའི་བྱ་བ་ཀུ༷ན་སྤོ༷ང་བ༵༷་ནི༷། བློས་ཞིབ་ཏུ་བརྟགས་ལ་མཉེས་པ་སྒྲུབ་པའི་ཐབས་ཀྱི་རིགས་དེ༷་ད༷ང༌། མི་མཉེས་པ་སྤོང་བ་དེ༷་ལ༷་འབ༷ད་དེ༷་བླང་དོར་ཚུལ་བཞིན་དུ་སྤྱ༷ད་པར་བྱ། ཞེས་སོ། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོ༷ས་གྲུ༷བ་ཐམས་ཅད་འགྲུབ་པ་ནི་རྡོ་རྗེ་སློབ་དཔོན་མཉེས་པའི་རྗེ༷ས་སུ་འབྲ༷ང་ཞེ༷ས་པའི་དོན་དུ་བཅོམ་ལྡན་འདས་རྡོ༷་རྗེ༷་འཛི༷ན་པ༷་ཉི༷ད་གསུ༷ངས་པ༷ར་རྗེས་འཇུག་རྣམས་ཀྱིས་ཤེ༷ས་ན༷ས་ལུས་ལོངས་སྤྱོད་དུས་གསུམ་དགེ་བའི་དངོ༷ས་པོ༷་ཐ༷མས་ཅ༷ད་ཀྱི༷ས་བླ༷་མ༷་དམ་པ་ཡོ༷ངས་སུ༵༷་མཉེ༷ས་པ༷ར་བྱ་དགོས་སོ། །མདོར་ན་ང་རྒྱལ་དང་མ་དད་པ་སྤངས་ནས་མོས་གུས་གལ་ཆེ་བ་ཡིན་ཏེ། ལྷན་ཐབས་ལས། བླ་མའི་མོས་གུས་མེད་ན་དངོས་གྲུབ་ལྟ་ཅི་སྨོས། ཡོན་ཏན་ཀུན་གྱི་རེ་ཐག་ཆད་དམ་ཚིག་ཉམས་པར་མི་འགྱུར་ཙམ་གྱི་མོས་གུས་ཙམ་ཡོད་དུ་ཆུག་ཀྱང༌། མོས་གུས་ཁྱད་པར་ཅན་གྱིས་ལམ་འཁྲིད་པ་མེད་ན། མཆོག་སྒྲུབ་པར་བྱེད་པའི་ཐབས་གཞན་ཞིག་བཙལ་ནས། དེ་ལ་གེགས་སེལ་གཞན་དང་བོགས་འདོན་ཡང་གཞན་དང་གཞན་མང་པོ་དགོས་ཤིང༌། འདོད་དོན་གཞན་རྣམས་ལ་ཁ་ཐག་ཉེ་བའི་ཐབས་ཀྱང་མི་གཅིག་པ་མང་པོ་འཚོལ་དགོས་ཏེ། ཚེ་སྒྲུབ་ནོར་སྒྲུབ་དབང་བསྡུད་ལ་སོགས་པ་ཇི་སྙེད་ཅིག་བྱས་ན་ཡང་འགའ་ཞིག་ཡེ་མི་འགྲུབ། འགའ་ཞིག་འགྲུབ་ཀྱང་དཀའ་ཚེགས་ཆེན་པོ་དགོས་པས་ལམ་མི་ཟབ་པ་ཡིན། མོས་གུས་ཁྱད་པར་ཅན་གྱིས་ལམ་འཁྲིད་པ་འདི་ལ་ནི། མོས་གུས་ཁོ་ནས་མཆོག་ཀྱང་འགྲུབ། ལམ་གྱི་གེགས་སེལ་དང༌། བོགས་འདོན་དང༌། ཚེ་དང་ལོངས་སྤྱོད་དབང་ཐང་སོགས་འདོད་དོན་ཐམས་ཅད་མོས་གུས་གཅིག་པུས་དཀའ་ཚེགས་མེད་པར་འགྲུབ་པའི་ཕྱིར། གཅིག་ཆོག་ཡིན་པས་ན་ལམ་ཟབ་མོ་ཞེས་བྱའོ། །ཞེས་པ་ནས། གསོལ་འདེབས་ཀྱི་སྒོ་ནས་མོས་གུས་ལ་རིམ་གྱིས་སློབ་པ་ཡིན། རིམ་པས་བསྒོམས་པས། མཐར་མོས་གུས་བཅོས་མ་མ་ཡིན་པ་སྐྱེས་པ་ན། ལམ་གྱི་ཡོན་ཏན་རྣམས་ཀྱང་རིམ་པས་འབྱུང་བར་འགྱུར་རོ། །དེས་ན་མོས་གུས་རབ་ལ་དགེ་སྦྱོར་རབ། འབྲིང་ལ་འབྲིང་དང་ཐ་མ་ལ་ཐ་མ་འབྱུང༌། མོས་གུས་མེད་ན་དགེ་སྦྱོར་མེད། མ་གུས་པ་ནི་ངན་སོང་གི་རྒྱུ་ཞེས་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་བསྟེན་ཚུལ་བཤད་པའི་དུས།

གཉིས་པ་བསྟེན་ཚུལ་བཤད་པའི་དུས་ནི།

བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་ནི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །ཞེས་གནས་སྐབས་དང་མཐར་ཐུག་གི་རང་གཞན་གྱི་དོན་ཚུལ་བཞིན་དུ་སྒྲུབ་པའི་བས༷མ་པ༷་ད༷ག་པ༷འི་སློ༷བ་མ༷་ནི༷། སྔར་ཁྱིམ་པ་ལྟ་བུ་ཡིན་ན། དཀོ༷ན་མཆོ༷ག་གསུ༷མ་ལ༷་སྐྱ༷བས་སུ་སོ༷ང་ལ། དེ་ནས་སོ་ཐར་གྱི་སྡོམ་པ་གཞན་རྣམས་ཇི་ལྟར་རིགས་པ་དང༌། གཞན་ཡང་ཕ་རོལ་ཏུ་ཕྱིན་པའི་ལམ་མན་ཆད་ཀྱི་དོན་རྒྱས་བསྡུས་ཅི་རིགས་གོ་བར་བྱས་པའོ། །དེ་ནས་སྔགས་ལམ་སྟོན་པའི་བླ༷་མ༷འི་རྗེ༷ས་སུ༷་འཇུ༷ག་པ༷་ཤེས་པའི་གཞུང་ཤོ་ལོ་ཀ་ལྔ་བཅུ་པ་འདི་ཉན་ཞིང་ཁ༷་ཏོ༷ན་དུ་བྱ༷་བ༷་སྦྱི༷ན་པ༷ར་བྱ༷་ཞེས་སོ།།

གསུམ་པ་བཤད་ནས་སྣོད་རུང་དུ་ཇི་ལྟར་བྱ་བ།

གསུམ་པ་བཤད་ནས་སྣོད་རུང་དུ་ཇི་ལྟར་བྱ་བ་ནི།

དེ་ནས་སྔགས་སོགས་སྦྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཀླག་དང་འཛིན་པ་ཉིད་དུ་བྱ། །ཞེས་དེ༷་ན༷ས་ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཀྱི་རྩ་བ་དབང་བསྐུར་ཏེ་སྔ༷གས་སྡོམ་དང་སོ༷གས་ཁོངས་ནས།དེའི་ཡན་ལག་རྣམས་བྱིན་ནས་སྦྱི༷ན་པ༷་ཡི༷ས།སྔགས་ཀྱི་དངོས་གྲུབ་རབ་འབྲིང་དམན་གསུམ་སྒྲུབ་པ་དང༌། རྒྱུད་དང་མན་ངག་གི་ད༷མ་ཆོ༷ས་སྦྱིན་དུ་རུང་བའི་སྣོ༷ད་དུ༷་བྱ༷ས་ན༷ས་སུ༷།དེའི་བསླབ་བྱ་རྩ༷་བ༷འི་ལྟུ༷ང་བ༷་བཅུ༷་བཞི༷་སྟོན་པར་བྱེད་པའི་གཞུང་འདི་ཡང་ནི༷། ཀློ༷ག་པ་ད༷ང༌། ལྟུང་བའི་ས་མཚམས། ཉམས་ན་ཕྱིར་བཅོས་ཀྱི་རྣམ་བཞག་ཉན་ཅིང་མི་བརྗེད་པར་འཛི༷ན་པ༷་ཉི༷ད་དུ༷་བྱ༷་ཞེས་སོ། །འདི་ལ་ཁ་ཅིག་བླ་མ་དེ་ཉིད་མཉེས་ན་ལེགས་ཉེས་ཅི་ཡིན་ཀྱང་བྱ་དགོས་ཟེར།ཁ་ཅིག་འཕྲལ་དུ་མཉེས་ཀྱང་ཕུགས་བླ་མ་རང་ལ་གནོད་པའི་རིགས་མ་བྱས་པ་ལེགས་ཟེར།ཡང་བླ་མ་སྐུ་ཚེ་ཡུན་རིང་པོར་བཞུགས་ན་དེ་ལྟར་ལེགས་ཀྱང་ཡུན་རིང་པོ་མི་བཞུགས་ན་གནས་སྐབས་དེ་ཉིད་དུ་གང་མཉེས་པར་བྱ་དགོས་གསུངས་སོ། །དགོས་པ་གང་གི་ཆེད་དུ་བཤད་པ་ནི། འབྲོག་མི་རྗེས་འབྲང་དང་བཅས་པ་རྣམས་བླ་མ་དང་སློབ་མའི་འབྲེལ་པ་བརྟག་པའི་ཆེད་ཁོ་ནར་བཞེད། འགོས་ཁུག་པ་དཔོན་སློབ་རྣམས་བླ་མ་ལ་བརྙས་པ་སྤོང་བའི་ཆེད་དུ་འཆད། མར་པ་རྗེས་འབྲང་དང་བཅས་པ་རྣམས་བླ་མ་ལ་གུས་པའི་ཆེད་དུ་ཡིན་པར་བཞེད་རུང༌། དོན་ལ་གསུམ་ཀ་ཚང་དགོས་ཤིང། བླ་མ་བསྟེན་ཚུལ་མ་ལེགས་ན་ངན་སོང་གི་རྒྱུ་སོགས་ཉེས་དམིགས་ཤིན་ཏུ་ཆེ་ཞིང༌། ལེགས་ན་ཕན་ཡོན་ཆེས་ཆེ་བས་བསྟེན་ཚུལ་ཕྱིན་ཅི་མ་ལོག་པ་ཤེས་པའི་ཆེད་དུ་ཡིན་ནོ། །བླ་མ་བསྟེན་ཚུལ་ཤེས་ནས་བླ་མའི་རྣལ་འབྱོར་སྒོམ་པ་གལ་ཆེ་སྟེ། ལྷན་ཐབས་ལས། བླ་མའི་རྣལ་འབྱོར་ངོས་གཟུང་བ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ལ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་བྱ་བ་ཡོད་ཅིང༌། སྐལ་ལྡན་རྣམས་ཚེ་གཅིག་ལ་སངས་རྒྱས་ཐོབ་པའི་ཐབས་གལ་ཆེ་ཤོས་ཤིག་འདི་ཡིན་ནོ། །ཞེས་ཀུན་ལ་གྲགས་པ་ནི་དོན་ལ་གནས་ངེས་པ་ཞིག་ཡིན་པར་འདུག དེ་ཡང་བླ་མ་དམ་པ་ལ་གུས་པ་བྱེད་ཚུལ་དང༌། དྲིན་དྲན་པ་དང༌། རྙེད་བཀུར་རིམ་གྲོའི་བྱ་བ་སོགས་འཕྲལ་སྤྱོད་ཀྱི་སྒོ་ནས་བླ་མ་བསྟེན་ཚུལ་ལ་མདོ་སྔགས་ཐེག་པ་ཆེ་ཆུང་ལ་ཁྱད་ཙམ་མེད། ཆོས་འདུལ་བ་དང༌། ཐེག་ཆེན་གྱི་མདོ་སྡེ་རྣམས་ལས་གཟིགས་པས་གསལ། དགེ་བའི་བཤེས་གཉེན་བསྟེན་པ་ལས་ཡོན་ཏན་ཐམས་ཅད་འབྱུང་ཚུལ་ཡང་འདྲ། ཐ་ན་མུ་སྟེགས་དྲ་མ་ཚུན་ཆད་ཀྱང་ཕྱོགས་མཚུངས་ཏེ། ཁོང་རང་རྣམས་ཀྱི་ལས་ཚོགས་དངོས་གྲུབ་འགྲུབ་པ་ཡང་བླ་མ་གུས་པར་བསྟེན་པས་བྱིན་རླབས་ཞུགས་པ་ལས་འབྱུང་བ་ཡིན་པ་འདུག འོན་ཀྱང་ཁྱད་པར་འདི་ཡོད་དེ། བླ་མའི་རྣལ་འབྱོར་ཞེས་བྱ་བ་བླ་མ་སྒོམ་པའི་མིང་ཡིན། དེ་ཡང་བླ་མའི་སྐུ་གསུང་ཐུགས་ཀྱི་རྣམ་པ་ཡིད་ལ་བྱེད་ཅིང༌། དེ་ལ་དམིགས་ནས་མོས་གུས་རྒྱུན་མི་འཆད་པར་རྣལ་འབྱོར་དུ་བྱེད་པ་འདི་ལམ་དངོས་གཞིའི་ཉམས་ལེན་གྱི་རྩ་བ་ཅིག་ཏུ་འཇོག་པ་ནི་སྤྱིར་གསང་སྔགས་དང༌། སྒོས་སུ་རྣལ་འབྱོར་བླ་མེད་ལས་རྩལ་དུ་བཏོན་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །སྤྱིར་བླ་མ་བསྟེན་ཚུལ་ཤེས་དགོས་པའི་དགོས་པ་སློབ་མ་སོ་སོར་དམ་ཚིག་ལས་མི་ཉམས་པ་དང་རང་ལ་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་སོགས་ཀྱི་ཆེད་ལ། མདོར་ན་གནས་སྐབས་མཐར་ཐུག་གང་གི་དབང་དུ་བྱས་ཀྱང་བླ་མ་ལ་མ་བསྟེན་ན་ཡོན་ཏན་གང་ཡང་ཐོབ་མི་ཐུབ་པས་སོ། །དེས་ན་བླ་མ་བསྟེན་ཚུལ་ཤེས་པ་ནི་གཙོ་བོ་སློབ་མའི་ཆེད་ཡིན་པ་ཤེས་ནས་བླ་མ་རྣམས་ཀྱིས་སློབ་མ་རྣམས་ཀྱིས་བཤེས་གཉེན་བསྟེན་ཚུལ་གྱི་རྟེན་འབྲེལ་མགོ་ནས་མ་འཆུག་པར་འོང་བའི་ཆེད་དུ་བླ་མ་བསྟེན་ཚུལ་ཐོག་མར་ངེས་པར་འཆད་དགོས་སོ། །

གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ།

གསུམ་པ་བཤད་པ་མཐར་ཕྱིན་པའི་བྱ་བ་ནི།

དེ་ལྟར་བླ་མའི་རྗེས་འཇུག་སློབ་མ་ནི། །མ་ལུས་ཕན་བསྐྱེད་སྐྱོན་མེད་འདི་བྱས་པའི། །དགེ་བ་མཐའ་ཡས་བདག་གིས་ཅི་བསགས་པ། །དེས་ནི་འགྲོ་ཀུན་མྱུར་དུ་རྒྱལ་གྱུར་ཅིག །ཅེས་དེ༷་ལྟ༷ར་བླ༷་མ༷འི་རྗེ༷ས་སུ་སྙིང་ཐག་པ་ནས་འཇུ༷ག་པའི་སློ༷བ་མ༷་རྣམས་ནི༷། མ༷་ལུ༷ས་པ་ཐམས་ཅད་འཕྲལ་ཡུན་དུ་ཕ༷ན་པ་བསྐྱེ༷ད་པར་བྱེད་ཅིང༌།ལྷག་ཆད་ནོར་བ་དང༌། རང་བཟོའི་སྐྱོ༷ན་མེ༷ད་པ་འ༷དི་བྱ༷ས་པ༷འི་འབྲས་བུ་དགེ༷་བ༷་མཐ༷འ་ཡ༷ས་པ་མཛད་པ་པོ་བད༷ག་གི༷ས་ཅི༷་བས༷གས་པ༷་དེ༷ས་ནི༷་འགྲོ༷་བ་སེམ་ཅན་ཀུན༷་མྱུར༷་དུ༷།ཉན་ཐོས་དང་རང་རྒྱལ་ཡང་ཉེས་པའི་དགྲ་ལས་རྒྱ༷ལ་བས་རྒྱལ་བའི་ཐ་སྙད་ཡོད་ཀྱང༌། དེ་ལས་ཁྱད་པར་དུ་མས་ཁྱད་པར་དུ་འཕགས་པ་རབ་ཏུ་རྒྱལ་བ་སངས་རྒྱས་སུ་གྱུ༷ར་ཅི༷ག་ཅེས་བསྔོ་བའོ། །གཞུང་བརྩམ་པ་སོགས་དགེ་བ་སེམས་ཅན་ཀུན་ལ་བསྔོ་བ་བྱེད་པ་འདི་ནི་གཞན་ཕྱི་རོལ་བ་སོགས་ལ་མེད་པའི་ཐུབ་པའི་བསྟན་པའི་ཁྱད་ཆོས་སུ་གྱུར་བ་ཡིན་ཏེ། ཁྱད་པར་འཕགས་བསྟོད་ལས། བསོད་ནམས་བྱས་པའི་ཚོགས་དག་ནི། །སེམས་ཅན་རྣམས་ལ་ཡོངས་བསྔོ་བ། །བཅོམ་ལྡན་ཁྱེད་ཀྱིས་གང་གསུངས་པ། །དེ་གཞན་བསྟན་བཅོས་ལས་མ་བཤད། །ཅེས་གསུངས་པའི་ཕྱིར་རོ། །

གསུམ་པ་མཇུག་བསྡུ་བ།

གསུམ་པ་མཇུག་བསྡུ་བ་ནི།

བླ་མ་ལྔ་བཅུ་པ་སློབ་དཔོན་ཆེན་པོ་རྟ་དབྱངས་ཀྱིས་མཛད་པ་རྫོགས་སོ།།ཞེས་དེ་ལྟར་བླ༷་མ༷་ལྔ༷་བཅུ༷་པར་གྲགས་པ་བླ་མ་བསྟེན་ཚུལ་གྱི་བླང་དོར་དངོས་སུ་སྟོན་པ་ཤྭ་ལོ་ཀ་ལྔ་བཅུ་དང༌། བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ་ཤྭ་ལོ་ཀ་གཅིག་སྟེ་ལྔ་བཅུ་རྩ་གཅིག་གིས་བསྡུས་པའོ། །སློབ་དཔོན་གང་གིས་མཛད་པ་ནི། སློབ་དཔོན་ཆེན་པོ་བྷ་ཝི་ལ་དདྟ་ཞེས་བྱ་བ་སྐུ་ཆེ་བའི་ཡོན་ཏན་བསམ་གྱིས་མི་ཁྱབ་ཅིང༌། ཁྱད་པར་རྗེ་བཙུན་སྒྲོལ་མས་ལུང་བསྟན་ཐོབ་ཅིང་མཆོག་གི་དངོས་གྲུབ་བརྙེས་པ་དེས་མཛད་པ་ཡིན་ལ་སློབ་དཔོན་འདི་དང་སློབ་དཔོན་རྟ་དབྱངས་གཅིག་ཟེར་བ་འདུག་རུང་དེ་མིན་པར་གསལ་ཞེས་བྱ་བྲལ་བ་བློ་གྲོས་རྒྱལ་མཚན་གྱིས་བླ་མ་ལྔ་བཅུ་པའི་འགྲེལ་བར་གསུངས་སོ། །འོན་ཀྱང་ཇོ་ནང་ཕྱོགས་རྒྱལ་གྱིས་བསྟན་འགྱུར་དཀར་ཆག་ལས་བླ་མ་ལྔ་བཅུ་པ་སློ༷བ་དཔོ༷ན་རྟ༷་དབྱ༷ངས་མཛ༷ད་པ༷། ཞེས་གསུངས་ལ། དེ་ལྟར་མཇུག་བྱང་དུ་མར་གསུངས་སོ། །དེ་ཡན་གྱིས་རྫོ༷གས་སོ༷། །གང་གིས་བསྒྱུར་བ་ནི། རྒྱ་གར་གྱི་མཁན་པོ་པདྨ་ཀར་ཝརྨ་དང༌། །ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །ཞེས་པ་ལྟར་རོ། །དེང་དུས་སུ་བླ་མ་བསྟེན་ཚུལ་ཞན་པའི་དབང་གིས་ཆོས་ལ་བརྟེན་ནས་ངན་སོང་དུ་འགྲོ་བའི་སྡིག་པ་ཆེར་བསགས་པ་མང་པོ་མཐོང་ཐོས་སུ་གྱུར་པས་ངན་འགྲོ་ལོག་པར་ལྟུང་བ་འགོག་ཕྱིར་འདི་སྨྲས་པ་ཡིན་ལ། འདིར་གོ་སླ་བ་ཙམ་ལས་སྤྱིར་བླ་མ་ལྔ་བཅུ་བའི་གཞུང་ཚིག་དེ་དག་རྒྱུད་གང་དང་གང་ལས་བསྡུས་པ་ཡིན་པ་སོགས་འབྲི་དགོས་མང་ཀྱང་ཅུང་གོ་དཀའ་བར་འགྱུར་བར་དོགས་ནས་མ་སྤྲོས་སོ། །རྗེ་བླ་མས། ཡོན་ཏན་ཀུན་གྱི་གཞི་གྱུར་དྲིན་ཅན་རྗེ། །ཚུལ་བཞིན་བསྟེན་པ་ལམ་གྱི་རྩ་བ་རུ། །ལེགས་པར་མཐོང་ནས་འབད་པ་དུ་མ་ཡིས། །གུས་པས་ཚུལ་བཞིན་བསྟེན་པར་བྱིན་གྱིས་རློབས། །ཞེས་འདི་ཕྱིའི་ཡོན་ཏན་ཀུན་གྱི་གཞི་རྟེན་དཔལ་ལྡན་བླ་མ་དམ་པ་ཡིན་པས་དེ་བསམ་སྦྱོར་གཉིས་ཀའི་སྒོ་ནས་ལེགས་པར་བསྟེན་དགོས་པར་གྲུབ་པའོ།། །།

སྨྲས་པ། མདོ་རྒྱུད་ཀུན་ལས་ལམ་གྱི་རྩ་བ་རུ། །བཤེས་གཉེན་ཚུལ་བཞིན་བསྟེན་པར་རག་ལས་ཞེས། །ཡང་ཡང་གསུངས་པ་རྡོ་རྗེའི་ཚིག་ཡིན་པས། །དེ་ཕྱིར་དེ་ཚུལ་ཅུང་ཟད་གསལ་བར་སྤྲོས། །ཚུལ་འདི་འབད་པའི་རྣམ་དཀར་ལ་བརྟེན་ནས། །འགྲོ་ཀུན་མཚན་ལྡན་བླ་མས་རྗེས་བཟུང་སྟེ། །རིང་མིན་དོན་དམ་བླ་མའི་གོ་འཕང་མཆོག །ཐོབ་ནས་གཟུང་འཛིན་འཁྲུལ་སྣང་སྟོང་བར་ཤོག །བདག་ལ་ཆོས་ཀྱི་འབྲེལ་བའི་ལུས་ཅན་ཀུན། །དཔལ་ལྡན་བླ་མས་སྐྱེ་ཀུན་རྗེས་བཟུང་སྟེ། །དཔལ་ལྡན་བླ་མའི་དམ་ཚིག་ལེགས་པར་གནས། །དཔལ་ལྡན་བླ་མའི་གོ་འཕང་མྱུར་མངོན་ཤོག །

ཅེས་བླ་མ་ལྔ་བཅུ་པའི་རྣམ་བཤད་རྡོ་རྗེ་འཆང་གི་ཞལ་ལུང་ཞེས་བྱ་བ་འདི་ནི་སྔར་ནས་བཤེས་གཉེན་བསྟེན་ཚུལ་ཞིག་འབྲི་འདུན་ཡོད་ལ། ད་ལན་མདོ་ལིའི་རྡོ་ཁ་དགོན་གྱི་རྡོ་རྗེ་སློབ་དཔོན་རིག་པའི་རྡོ་རྗེས་ཚེ་དཔག་མེད་ཀྱི་སྐུ་བརྙན་དང་ས་གདན་དར་བཅས་བླ་མ་ལྔ་བཅུ་བའི་འགྲེལ་བ་ཞིག་དགོས་ཞེས་བསྐུལ་བ་ལ་བརྟེན་ཏེ་རྗེ་བཙུན་སྤྲུལ་པའི་སྐུ་འཇམ་མགོན་གྲུབ་པའི་དཔའ་བོ་ཀུན་དགའ་སྙིང་པོའི་སློབ་མ་བྱ་བྲལ་བ་བློ་གྲོས་རྒྱལ་མཚན་གྱི་བླ་མ་ལྔ་བཅུ་པའི་འགྲེལ་བ་ཁ་མི་ཚང་བ་ཞིག་འདུག་པ་དང༌། བླ་མ་གོང་མ་རྣམས་ཀྱི་གསུང་སྒྲོས་སོགས་ལ་བརྟེན་ནས་དཔལ་ལྡན་བླ་མ་ལ་དད་པ་ཅུང་ཟད་ཐོབ་པ་ངག་དབང་དངོས་གྲུབ་དཔལ་གྱིས་ས་ག་ཟླ་བའི་ཚེས་ཉེར་གསུམ་ལ་མཇུག་རྫོགས་པར་སྦྱར་བའོ། །འདིས་ཀྱང་ལུས་ཅན་ཀུན་གྱིས་དམ་ཚིག་མི་ཉམས་པར་དཔལ་ལྡན་བླ་མ་དམ་པ་རྣམས་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་དུ་བསྟེན་པའི་རྒྱུར་གྱུར་ཅིག། །། སརྦ་མངྒ་ལཾ།

རྒྱུད་སྡེ་སྤྱིའི་རྣམ་བཞག་ཕྱོགས་བསྒྲིགས་ཀུན་གསལ་ཉིན་བྱེད་སྣང་བ།

རྒྱུད་སྡེ་སྤྱིའི་རྣམ་བཞག་ཕྱོགས་བསྒྲིགས་ཀུན་གསལ་ཉིན་བྱེད་སྣང་བ་བཞུགས་སོ། །

ན་མོ་གུ་རུ་བྷྱཿ སྐྱབས་གསུམ་ཀུན་འདུས་རྩ་བའི་བླ་མ་དང༌། །དུས་གསུམ་སངས་རྒྱས་སྟོན་པ་བཅོམ་ལྡན་འདས། །ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ། །གསོལ་བ་འདེབས་སོ་དངོས་གྲུབ་སྩལ་ཏུ་གསོལ། །གདུལ་བྱ་དབང་རྣོན་སྐལ་བར་གནང་བ་ཡི། །གསང་ཆེན་སྔགས་ཀྱི་རྒྱ་ཆེན་རྒྱ་མཚོ་ལས། །རྒྱུད་སྡེ་བཞི་ཡི་ཁྱད་པར་མ་འདྲེས་པར། །སྔོན་བྱོན་དམ་པའི་གསུང་ལས་བསྡུ་བར་བྱ། །དེ་ལ་འདིར་ཐར་འདོད་རྣམས་ཀྱི་འཇུག་བྱ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡིན་པར་ངེས་ནས་འཇུག་དགོས་ཏེ། སྤེལ་མར་བསྟོད་པ་ལས། གཏིང་མཐའ་མེད་པའི་འཁོར་བ་ནི། །རྒྱ་མཚོའི་ནང་ན་རྣམ་པར་གནས། །འདོད་ཆགས་ལ་སོགས་མི་ཟད་པའི། །ཆུ་སྲིན་གྱིས་ནི་ལུས་ཟོས་ན། །དེ་རིང་གང་ལ་སྐྱབས་སུ་མཆི། །གང་ལ་ཉེས་པ་ཐམས་ཅད་ཀུན། །གཏན་ནས་ཡོང་ཡེ་མི་མངའ་ཞིང༌། །གང་ཞིག་ལ་ནི་ཡོན་ཏན་ཀུན། །རྣམ་པ་ཀུན་ཏུ་གནས་གྱུར་པ། །གལ་ཏེ་སེམས་ཤིག་ཡོད་ན་ནི། །དེ་ཉིད་ལ་ནི་སྐྱབས་འགྲོ་ཞིང༌། །དེ་བསྟོད་དེ་ནི་བཀུར་བ་དང༌། །དེའི་བསྟན་ལ་གནས་པའི་རིགས། །ཞེས་གསུངས་པའི་ཕྱིར་རོ། །འཇུག་བྱ་རྒྱལ་བའི་བསྟན་པ་ལ་བདག་ཅག་གི་སྟོན་པ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱ་རྣམས་ཀྱི་ཁམས་དབང་མོས་པ་སྣ་ཚོགས་པའི་དབང་གིས་ཆོས་ཀྱི་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་གསུངས་ལ། དེ་ཐམས་ཅད་ཀྱང་བསྡུས་ན་མདོ་དང་སྔགས་ཀྱི་ཐེག་པ་གཉིས་སུ་འདུ་བའོ། །

མདོ་དང་སྔགས་ཀྱི་ཐེག་པ་གཉིས་ལས། དང་པོ་མདོའི་ཐེག་པ་བཤད་པ།

མདོ་དང་སྔགས་ཀྱི་ཐེག་པ་གཉིས་ལས། དང་པོ་མདོའི་ཐེག་པ་བཤད་པ་ལ།

མདོ་ལུགས་ལ་ཐེག་པ་ཆེ་ཆུང་གཉིས་བཞག་པའི་རྒྱུ་མཚན་དང༌། མདོའི་ཐེག་པ་གསུམ་སོ་སོར་བཤད་པ་དང་གཉིས།དང་པོ་ནི། ཆེད་དུ་བྱ་བ་རང་ཉིད་གཅིག་པུའི་ཕྱིར་དུ་འཐོབ་བྱ་དམན་པ་འཁོར་བའི་སྡུག་བསྔལ་ཙམ་ཞི་བ་དོན་དུ་གཉེར་བའི་རིགས་ཅན་གཅིག་དང༌། ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་ཕྱིར་དུ་འཐོབ་བྱ་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བའི་རིགས་ཅན་གྱི་གདུལ་བྱ་གཉིས་ཡོད་པ་གང་ཞིག གདུལ་བྱ་དེ་གཉིས་ཀྱི་རང་རང་གི་བསམ་པའི་སྒོ་ནས་རང་རང་གི་ཐེག་པ་ལ་དམིགས་ནས། དེར་བགྲོད་པར་བྱེད་པའི་ལམ་གྱི་ཐེག་པ་ཡང་ཐེག་པ་དམན་པ་དང༌། ཐེག་པ་ཆེན་པོ་གཉིས་སུ་བཞག་པ་ཡིན་པའི་ཕྱིར་དང༌། གདུལ་བྱ་དེ་གཉིས་ཀྱི་དབང་དུ་བྱས་ནས་གསུངས་པའི་ཆོས་ལ་ཡང་ཐེག་པ་དམན་པའི་སྡེ་སྣོད་དང༌། ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་སུ་ཡོད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་པའི་ཕྱིར་ན་རྒྱུ་ནི་དགུར་འདོད་དོ། །ཞེས་གསུངས་པའི་ཕྱིར། ཐེག་པ་ལ་གཉིས་སུ་དབྱེ་བ་དང༌། ཐེག་པ་ལ་གསུམ་དུ་དབྱེ་བ་ལ་འགལ་བ་མེད་དེ། ཐེག་དམན་གྱི་གདུལ་བྱ་ལ་དབང་པོ་མཆོག་དམན་གྱི་དབང་གིས་ལམ་དང༌། འབྲས་བུ་ལ་མཆོག་དམན་གྱི་ཁྱད་པར་ཡོད་པས། ཉན་ཐོས་ཀྱི་ཐེག་པ་དང༌། རང་རྒྱལ་གྱི་ཐེག་པ་དང༌། དེ་གཉིས་ཀྱི་འབྲས་བུ་ལ་མཆོག་དམན་ཡོད་ཀྱང༌། ཉན་རང་གཉིས་ཤེས་རབ་ཀྱི་རྟོགས་རིགས་འདྲ་བའི་ལུགས་ལ་ལམ་གྱི་རྣམ་གཞག་ཕལ་ཆེར་མཚུངས་པར་སའི་དངོས་གཞིར་གསུངས་སོ། །གཉིས་པ་མདོའི་ཐེག་པ་གསུམ་སོ་སོར་བཤད་པ་ལ་གསུམ་ལས།

དང་པོ་ཉན་ཐོས་ཀྱི་ཐེག་པ།

དང་པོ་ཉན་ཐོས་ཀྱི་ཐེག་པ་ནི།

ཉན་ཐོས་ཀྱི་ལམ་ལ་སློབ་པ་ལ། ཐོག་མར་སྐྱེས་བུ་ཆུང་ངུའི་ཆོས་ཀྱིས་བློ་སྦྱོང་དགོས། དེ་ཡང་བྱང་ཆུབ་ལམ་སྒྲོན་ལས། གང་ཞིག་ཐབས་ནི་གང་དག་གིས། །འཁོར་བའི་བདེ་བ་ཙམ་དག་ལ། །རང་ཉིད་དོན་དུ་གཉེར་བྱེད་པ། །དེ་ནི་སྐྱེས་བུ་ཐ་མར་ཤེས། །ཞེས་གསུངས་པ་ལྟར་ངན་སོང་གསུམ་གྱི་སྡུག་བསྔལ་སོགས་སྡུག་བསྔལ་གྱི་སྡུག་བསྔལ་ལེགས་པར་ཤེས་ནས་དེ་ལ་སྐྱོ་བ་སྐྱེས་ནས་མངོན་མཐོ་ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་བློས་རྩིས་ཟིན་པའི་དགེ་བ་ནི་སྐྱེས་བུ་ཆུང་ངུའི་ལམ་ཡིན་ལ། ཐེག་པ་གསུམ་གྱི་ལམ་གང་དུ་ཞུགས་ན་སྐྱེས་བུ་ཆུང་ངུ་ལམ་དངོས་སུ་ཞུགས་མི་རུང་ཡང་སྡུག་བསྔལ་གྱི་སྡུག་བསྔལ་ལ་སྐྱོ་བ་སྐྱེས་ནས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་སོགས་སྐྱེས་བུ་ཆུང་ངུ་དང་ཐུན་མོང་གི་ལམ་ལ་སློབ་དགོས་སོ། །གཏམ་བྱ་རིན་ཆེན་ཕྲེང་བ་ལས། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མོའང་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། །ཇི་ཙམ་བཟོད་པའི་ཆོས་བསྟན་ཏོ། །ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་བསྟན་ཏོ། །ཁ་ཅིག་བསོད་ནམས་བསྒྲུབ་བྱའི་ཕྱིར། །ཁ་ཅིག་ལ་ནི་གཉིས་བརྟེན་པ། །ཁ་ཅིག་ལ་ནི་གཉིས་མི་བརྟེན། །ཟབ་མོ་འཁུ་འཁྲིག་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་པ་ལྟར། རེ་ཞིག་བྱང་ཆུབ་སྒྲུབ་པའི་སྐལ་བ་མེད་པ་རྣམས་ལ། ལས་འབྲས་ཀྱི་བླང་དོར་ཙམ་བསྟན་ནས་མཐོ་རིས་ལ་འཇོག་དགོས་ལ། རང་དོན་ཁོ་ན་ཡིད་ལ་བྱེད་ཅིང་ཚོགས་མང་དུ་གསོག་པར་ཡང་མི་འདོད་པའི་གདུལ་བྱ་ཉན་ཐོས་རིགས་ཅན་དག་ནི། གང་ཟག་གི་བདག་མེད་བསྒོམ་བྱའི་གཙོ་བོ་དང༌། རྣམ་པ་གཞན་རྣམས་དེའི་ཡན་ལག་ཏུ་བྱས་ཏེ་བདེན་བཞིའི་རྣམ་པ་བཅུ་དྲུག་ཙམ་བསྒོམས་པས་མྱུར་ན་སྲིད་པ་གསུམ་གྱིས་དགྲ་བཅོམ་ཐོབ་ནུས་པའི་ལམ་ནི་ཉན་ཐོས་ཐེག་པ་ཡིན་ཏེ། མཛོད་ལས། དྲི་མེད་བཅུ་དྲུག་གཞན་རྣམ་མེད། །ཅེས་དང༌། མྱུར་བ་སྲིད་པ་གསུམ་གྱིས་ཐར། །ཞེས་གསུངས་པའི་ཕྱིར་རོ། །ཐེག་པ་གསུམ་གྱི་ལམ་གང་དུ་ཞུགས་ཀྱང་ངེས་འབྱུང་གི་བསམ་པ་བསྐྱེད་དགོས་ཏེ། དབུ་མ་བཞི་བརྒྱ་བ་ལས། གང་ལ་འདི་སྐྱོ་ཡོད་མིན་པ། །དེ་ལ་ཞི་གུས་ག་ལ་ཡོད། །ཅེས་གསུངས་སོ། །དེས་ན་ངེས་འབྱུང་གི་བསམ་པ་ནི་ཐར་བ་ལ་འཇུག་པའི་སྒོ་ཡིན་པར་ཤེས་དགོས་སོ། །ཐེག་པ་དམན་པའི་ལམ་སྐྱེས་སུ་འབྲིང་གི་ལམ་ཡིན་པས་སྡུག་བསྔལ་ལ་སྐྱོ་བ་སྐྱེས་ནས་རང་ཁོ་ནའི་དོན་དུ་ཐར་བའམ་ཞི་བ་དོན་དུ་གཉེར་དགོས་ཏེ། ལམ་སྒྲོན་ལས། སྲིད་པའི་བདེ་ལ་རྒྱབ་ཕྱོགས་ཤིང༌། །སྡིག་པའི་ལས་ལས་ལྡོག་བདག་ཉིད། །གང་ཞིག་རང་ཞི་ཙམ་དོན་གཉེར། །སྐྱེས་བུ་དེ་ནི་འབྲིང་ཞེས་བྱ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུད་སྡེ་སྤྱིའི་རྣམ་བཞག་ཟིན་བྲིས་ལས། བསམ་པ་ཁམས་གསུམ་གྱི་སྡུག་བསྔལ་ཐམས་ཅད་ལས་དང་ཉོན་མོངས་པ་ལས་བྱུང་བར་ཤེས་ནས། དེ་ལས་ཐར་འདོད་ཀྱི་སེམས་བདེན་ཞེན་དང་བཅས་པས། ལམ་གྱི་འཇུག་སྒོ་ཐུན་མོང་གི་སྐྱབས་འགྲོ་དང༌། ཉེས་སྤྱོད་སྡོམ་པ་ལ་བརྟེན་ནས་ལྟ་བ་གང་ཟག་གི་བདག་མེད་དང༌། སྤྱོད་པ་གཞན་གནོད་གཞི་བཅས་ལས་བཟློག་པ་དང༌། སྒོམ་པ་ཞི་གནས་དང༌། ལྷག་མཐོང་ཉམས་སུ་བླངས་པས། འབྲས་བུ་ཁམས་གསུམ་གྱི་ཉོན་མོངས་པ་ལས་གྲོལ་བའི་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སྒྲུབ་པར་བྱེད་དོ། །དེ་ཡང་ཉན་ཐོས་རྣམས་ལ་ནི་ཡོན་ཏན་གྱི་ཁྱད་པར་མང་པོ་ཐོབ་པ་དང༌། སེམས་ཅན་གྱི་དོན་ཅི་རིགས་པར་སྤྱོད་པ་ཡོད་མོད་ཀྱི། །འོན་ཀྱང་ཉན་ཐོས་དགྲ་བཅོམ་པ་ལ་ཡོན་ཏན་གྱི་ཁྱད་པར་དེ་དག་ངེས་པར་དགོས་པ་ནི་མ་ཡིན་ཏེ། ཤེས་རབ་རྐྱང་གྲོལ་གྱི་དགྲ་བཅོམ་པ་ལ། མངོན་ཤེས་ལྔ་ལ་སོགས་པ་མེད་པ་དང༌། ཞེས་པ་ནས། ཉན་རང་དགྲ་བཅོམ་པ་གཉིས་ཆར་ཡང༌། ཁམས་གསུམ་གྱི་ཉོན་མོངས་པ་ས་བོན་དང་བཅས་པ་སྤངས་པ་ནི་ཡིན་མོད་ཀྱང༌། དེ་དག་གི་བག་ལ་ཉལ་དང་གནས་ངན་ལེན་སྤངས་པ་མ་ཡིན་ཞིང༌། ཤེས་བྱའི་སྒྲིབ་པ་ཡང་མ་སྤངས་པས་ན། སྤངས་པ་མཐའ་དག་མ་རྫོགས་པ་དང༌། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་གནས་ཚུལ་མ་ལུས་པ་མངོན་སུམ་དུ་མ་རྟོགས་པས། རྟོགས་པའི་ཡོན་ཏན་མཐའ་དག་མ་རྫོགས་པ་དང༌། སེམས་ཅན་རྣམས་ལ་ཚད་མེད་པའི་སྙིང་རྗེ་ཙམ་འཇུག་པ་ཡོད་ཀྱང༌། དེ་དག་བདག་ཉིད་ཀྱིས་འཁོར་བ་ལས་སྒྲོལ་བར་བརྩོན་པའི་ལྷག་པའི་བསམ་པ་མེད་པ་དང༌། སེམས་ཅན་ཉི་ཚེ་བ་ཙམ་མ་གཏོགས། ཕྱོགས་དུས་ཚད་མེད་པའི་སེམས་ཅན་འཁོར་བ་ལས་སྒྲོལ་བར་ནུས་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །ཉན་རང་སློབ་པ་གཉིས་ཀྱིས་འཁོར་བའི་རྩ་བ་བདག་འཛིན་གྱི་གཉེན་པོ་གང་ཟག་གི་བདག་མེད་རྟོགས་ནས་བསྒོམ་པ་ལ་ཁྱད་པར་མེད་པར་བྱེ་བྲག་ཏུ་སྨྲ་བ། མདོ་སྡེ་པ། སེམས་ཙམ་པ། མདོ་སྡེ་སྤྱོད་པའི་དབུ་མ་པ་རྣམས་ཀྱིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པ་གང་ཟག་གི་བདག་མེད་རྫོགས་པར་རྟོགས་པའི་དོན་དུ་འདོད་ལ། རང་སྡེ་སྔ་མ་གསུམ་གྱིས་ཉན་རང་གཉིས་ལ་དེ་ལས་ལྷག་པའི་བདག་མེད་བསྒོམ་རྒྱུ་མེད་པར་འདོད་ཅིང༌། ཉན་ཐོས་སྡེ་གཉིས་ཀྱིས་ཐེག་ཆེན་ལ་ཡང་བདག་མེད་དེ་ལས་ལྷག་པ་བསྒོམ་རྒྱུ་མེད་པར་འདོད་དོ། །རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་དང༌། ཇོ་ནང་རང་ལུགས་ལ་ཉན་ཐོས་ཀྱིས་གང་ཟག་བདག་མེད་རྟོགས། རང་རྒྱལ་གྱིས་ཕྱི་དོན་བཀག་པའི་གཟུང་འཛིན་གཉིས་སྟོང་ངམ་ཕྱི་དོན་གྱིས་སྟོང་བའི་སྟོང་ཉིད་རྟོགས། ཐེག་ཆེན་རྣམས་ཀྱིས་ནི་ཆོས་ཐམས་ཅད་བདེན་པར་གྲུབ་པས་སྟོང་པའི་སྟོང་ཉིད་རྟོགས་པའི་ཚུལ་གསུམ་དུ་འདོད་དོ། །སློབ་དཔོན་སངས་རྒྱས་བསྐྱངས། ཟླ་བ་གྲགས་པ་རྣམས་ནི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་པ་མ་རྟོགས་པ་དེ་སྲིད་དུ། གང་ཟག་གི་བདག་མེད་མཚན་ཉིད་ཚང་བ་རྟོགས་པ་འོང་ས་མེད་ལ། གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པར་རྟོགས་པ་དང༌། རྟག་གཅིག་རང་དབང་ཅན་གྱི་བདག་གིས་སྟོང་པར་རྟོགས་པ་དང༌། རྟོགས་ཟིན་ཇི་ལྟར་བསྒོམས་པས་འཁོར་བའི་རྩ་བ་བདག་འཛིན་གྱི་ས་བོན་ཅུང་ཟད་ཀྱང་སྤོང་མི་ནུས་པས། ཐེག་པ་གསུམ་གའི་འཕགས་པ་གསུམ་ག་ལ་ཆོས་ཀྱི་བདག་མེད་ཕྲ་མོ་མངོན་སུམ་དུ་རྟོགས་པས་ཁྱབ་པར་བཞེད་ལ། འདི་ལྟར་དགེ་ལྡན་པས་བཞེད་དོ། །འོན་ཀྱང་ཟླ་གྲགས་ཀྱིས་ཕྱིས་སུ་དེ་ལྟར་མི་འདོད་པ་འདྲའོ། །རང་ལུགས་ལ་གཞན་སྟོང་དབུ་མའི་རྒྱན་ལས། དེ་ཕྱིར་ཉན་རང་འཕགས་པའི་ཆོས་ཐམས་ཅད། །ཆོས་བདག་མེད་པར་རྟོགས་ཞེས་འདིར་མི་འཐད། །ཅེས་གསུངས་པ་ལྟར་ཉན་ཐོས་ཀྱི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་པར་མི་འདོད་ལ། དེའི་ཤེས་བྱེད་ནི། རྒྱན་སྟུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །བདག་མེད་གཉིས་ལ་མཁས་པ་ཡི། །རྒྱལ་བའི་སྲས་རྣམ་སྒོམ་པར་བྱེད། །ཅེས་དང༌། ལང་གཤེགས་ལས། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི། ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར། ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། བསམ་གྱི་མི་ཁྱབ་པར་གྱུར་བའི་ཤི་འཕོ་བ་མ་ཐོབ་པས། ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ་ཐེག་པ་གཅིག་ཏུ་མ་ཡིན་ནོ། །ཞེས་གསུངས་པ་དེའོ། །

གཉིས་པ་རང་རྒྱལ་གྱི་ཐེག་པ།

གཉིས་པ་རང་རྒྱལ་གྱི་ཐེག་པ་ནི།

རང་དོན་ཁོ་ན་ཡིད་ལ་བྱེད་ཀྱང་བསྐལ་བ་བརྒྱ་སོགས་ཚོགས་མང་དུ་བསག་པར་འདོད་པའི་རང་རྒྱལ་གྱི་རིགས་ཅན་དག་ལ་ཚོགས་ལམ་དུ་བསྐལ་པ་བརྒྱ་སོགས་ཚོགས་བསགས་པའི་ཚོགས་ཀྱི་ཁྱད་པར་མཁས་བྱའི་གནས་བདུན་ལ་སོགས་པ་དང༌། ལམ་གྱི་གཞུང་ཤིང་གང་ཟག་གི་བདག་མེད་གཙོ་བོར་བྱས་པའི་བདེན་བཞིའི་རྣམ་པ་བཅུ་དྲུག་དང༌། བཟུང་བ་བདེན་པར་མེད་པ་གཙོ་བོར་བསྒོམས་པས་བསྐལ་ཆེན་བརྒྱ་སོགས་ཀྱིས་སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལ་མི་བསྟེན་པར་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལྡོག་ཏུ་བསྒོམས་ནས་རང་རྒྱལ་གྱི་དགྲ་བཅོམ་ཐོབ་ལ། དེ་འདྲའི་ལམ་རང་རྒྱལ་གྱི་ཐེག་པ་ཡིན་ནོ། །མཛོད་ལས། བསེ་རུ་བསྐལ་བ་བརྒྱ་ཡི་རྒྱུས། །ཞེས་དང༌། མངོན་རྟོགས་རྒྱན་ལས། གཟུང་དོན་རྟོག་པ་སྤོང་ཕྱིར་དང༌། །འཛིན་པ་མི་སྤོང་ཕྱིར་དང་ནི། །རྟེན་གྱི་བསེ་རུ་ལྟ་བུའི་ལམ། །ཞེས་སོ། །ཉ་ཊཱིཀ་དང་གསེར་ཕྲེང་ལས་བསེ་རུ་ལྟ་བུ་དང་ཚོགས་སྤྱོད་ཆེ་ཆུང་གསུམ་གས་བསྐལ་བ་བརྒྱར་ཚོགས་བསག་དགོས་པར་གསུངས་ལ། ས་བཟང་མ་ཏི་པཎ་ཆེན་གྱི་ཀུན་བཏུས་འགྲེལ་བར་ཚོགས་སྤྱོད་ཆེ་ཆུང་གཉིས་ཀས་སྔ་མ་བསེ་རུ་རང་རྒྱལ་ལས་ཚོགས་ཉུང་བར་བསགས་པར་གསུངས། ཀུན་མཁྱེན་ཀློང་ཆེན་གྱི་གྲུབ་མཐའ་མཛོད་དུ་བསེ་རུ་རང་རྒྱལ་གྱིས་བསྐལ་བ་བརྒྱ་དང༌། ཚོགས་སྤྱོད་ཆེ་བས་མི་ཚེ་བརྒྱ་དང༌། ཚོགས་སྤྱོད་ཆུང་ངུས་མི་ཚེ་བཅུ་གསུམ་ཚོགས་བསགས་པར་གསུངས་སོ། །

གསུམ་པ་མདོ་ལམ་གྱི་ཐེག་ཆེན་པ།

གསུམ་པ་མདོ་ལམ་གྱི་ཐེག་ཆེན་པ་ནི།

བདག་གིས་སེམས་ཅན་མཐའ་དག་སྲིད་ཞིའི་འཇིགས་པ་མ་ལུས་པ་ལས་བསྒྲལ་ཏེ་སངས་རྒྱས་ཀྱི་སར་འགོད་པར་འདོད་པའི་མདོ་ལམ་ལ་གནས་པའི་བྱང་སེམས་ཀྱི་རིགས་ཅན་དག་ལ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་གཞི་ལ་ཕར་ཕྱིན་དྲུག་དང་མཁྱེན་གསུམ་གྱི་རྣམ་པ་བརྒྱ་དོན་གསུམ་བསྒོམས་ནས་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་མཐའ་ཡས་པ་བསགས་པ་སོགས་ཀྱི་ལམ་དེ། མདོ་ལམ་གྱི་ཐེག་ཆེན་གྱི་ཐེག་པའམ་ལམ་ཡིན་ནོ། །འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དུས་འཁོར་དབང་ཆེན་གྱི་ཆོ་ག་ལས། ས་བཅུ་པའི་རྒྱལ་ཚབ་ཆེན་པོ་ཐོབ་པའི་ལམ་མདོ་ལམ་པའི་བྱང་ཆུབ་སེམས་དཔའི་ཐེག་པ་ཡིན་ནོ། །ཞེས་ས་བཅུ་བའི་རྒྱལ་ཚབ་ཆེན་པོའི་ལམ་གྱི་བར་ལས་མ་བཞག་ལ། ལྷན་ཐབས་འོད་བརྒྱ་འབར་བ་ལས། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ལམ་འདི་བསྒོམས་པས་སངས་རྒྱས་པ་ཁོ་ན་ཡིན་ཞེས་པ་སྟེ། དེའི་རྒྱུ་མཚན་ཡང་བྱང་ཆུབ་སེམས་དཔའ་ཐོག་མ་ནས་སྔགས་ཀྱི་སྒོར་ཞུགས་པ་རྣམས་ལ་སྨོས་མ་དགོས། རེ་ཞིག་མདོ་ལམ་ཁོ་ན་ལ་ཞུགས་པ་རྣམས་ཀྱང་མཐར་རྫོགས་པའི་སངས་རྒྱས་ཐོབ་ཀར་སྔགས་ལ་མི་འཇུག་པའི་ཐབས་གཏན་ནས་མེད། དེ་ལྟ་བུའི་སྔགས་ལམ་དེ་ཡང་རྒྱུད་སྡེ་འོག་མ་གསུམ་ཀྱི་ལམ་ཙམ་མམ། རྣལ་འབྱོར་བླ་མེད་ཀྱི་ལམ་བསྐྱེད་རིམ་དང༌། ལས་རབ་འབྱམས་སོགས་ཀྱིས་མ་ཡིན་ཏེ། རྫོགས་པའི་རིམ་པ་མཐར་ཐུག་ལ་བརྟེན་ནས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་དགོས་པ་ལ། ཞེས་གསུངས་པ་ལ་གཞིག་ན་འཚང་རྒྱ་ཀར་སྔགས་བླ་མེད་ཀྱི་སྔགས་ཀྱིས་སྣོན་པ་བཏབ་ནས་འཚང་རྒྱ་དགོས་སོ། །དེ་ཡང་སྔགས་ལམ་ལ་ཞུགས་པ་ལ་རྒྱུ་འབྲས་མན་ངག་བདུན་ནམ་བདག་གཞན་མཉམ་བརྗེའི་སྒོ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པ་ཡིན་ཏེ། བསྟན་བཅོས་མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུངས་པ་ལྟར་ཆེད་དུ་བྱ་བ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བསམ་པ་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་ནས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་རྫོགས་པར་སློབ་པ་ཙམ་ཞིག་ནི། ཐེག་པ་ཆེན་པོ་པ་སྤྱིའི་ལམ་གྱི་གཞུང་ཤིང་ཡིན་ཏེ། རྡོ་རྗེ་ཐེག་པ་ལ་སློབ་པ་རྣམས་ཀྱིས་ཀྱང་དེ་ལ་འཇུག་དགོས་པས་རྒྱུད་སྡེ་རྣམས་ལས་ལན་མང་དུ་གསུངས་པའི་ཕྱིར་ཏེ། རྒྱུད་སྡེ་བཞི་པོ་གང་གི་སྒོ་ནས་འཇུག་ཀྱང༌། ལག་ན་རྡོ་རྗེ་དབང་ བསྐུར་བའི་རྒྱུད་ལས། བྱང་ཆུབ་ཀྱི་སེམས་སྒོམ་པ་རྫོགས་པར་གྱུར་པ་ན་དཀྱིལ་འཁོར་དུ་གཞུག་ཅིང་དབང་བསྐུར་བར་གསུངས་པ་ལྟར། ལམ་ཐུན་མོང་བས་རྒྱུད་སྦྱངས་པ་ཞིག་ངེས་པར་སྔོན་དུ་འགྲོ་དགོས་ཏེ། སྤྱོད་བསྡུས་ལེའུ་དང་པོ་ལས། སློབ་མས་ལམ་ལ་ཅིག་ཅར་སློབ་བམ་རིམ་གྱིས་བསླབ་དྲིས་པའི་ལན་དུ། རིམ་གྱིས་སློབ་པ་ཡིན་གྱི། ཅིག་ཅར་ནི་མ་ཡིན་ནོ། ། ཞེས་གསུངས་པའི་འོག་ཏུ། དེའི་རིམ་པ་ནི་འདི་ཡིན་ཏེ། ཐོག་མ་ཉིད་དུ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་བསླབ་བོ། །གང་གི་ཚེ་སངས་རྒྱས་ཀྱི་ཐེག་པའི་བསམ་པ་ལ་ལོབས་པར་གྱུར་པ་དེའི་ཚེ། ཐེག་པ་གསར་པ་དྲན་པ་གཅིག་པའི་ཏིང་ངེ་འཛིན་ལ་སློབ་བོ། །ཞེས་གསུངས་ཤིང༌། བརྟག་གཉིས་ལས་ཀྱང༌། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ཡི་རྗེས་སུ་དབུ་མ་བསྟན། ། སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་རྡོ་རྗེ་བསྟན། །ཞེས་གསུངས་པའི་ཕྱིར་རོ། །མདོ་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ལམ་སྤྱིའི་ལུས་ནི་དེ་ཙམ་དུ་ཟད་ལ། དེ་ལ་ཡང་ལྟ་བའི་སྒོ་ནས་དབུ་སེམས་གཉིས་སུ་ཡོད་ཀྱང་དེའི་དབང་གིས་ཐེག་པ་སོ་སོར་འཇོག་པ་མ་ཡིན་ནོ། །ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཆེད་དུ་བྱ་བའི་གདུལ་བྱའི་གཙོ་བོ་ནི་དབུ་མ་པའི་རིགས་ཅན་ཡིན་ནོ། །དེ་ལྟར་ཐེག་ཆེན་པ་ལ་ལྟ་བ་དབུ་སེམས་གཉིས་སུ་ཡོད་པ་ཡིན་གྱི། ལྟ་བ་དབུ་མ་འཛིན་ན་ཐེག་ཆེན་པ་ཡིན་པས་མ་ཁྱབ་སྟེ། ལམ་ཐེག་དམན་དུ་ཞུགས་ནས་གྲུབ་མཐའ་ཐེག་ཆེན་འཛིན་པ་ཡོད་དེ། གཞན་སྟོང་སྙིང་པོ་ལས། གྲུབ་མཐའ་ཐེག་ཆེན་འཛིན་ལ། ལམ་ཐེག་དམན་དུ་ཞུགས་པ་ཡང་ཡོད། གྲུབ་མཐའ་ཐེག་དམན་འཛིན་ལ་ལམ་ཐེག་ཆེན་དུ་ཞུགས་པ་ཡང་ཡོད། གཉིས་ཀ་ཐེག་ཆེན་པ་ཡང་ཡོད། གཉིས་ཀ་ཐེག་དམན་པ་ཡང་ཡོད། གྲུབ་མཐའ་འཛིན་ཅིང་ལམ་དུ་མ་ཞུགས་པ་ནི་ཤིན་ཏུ་ཡང་མང་ལ། ལམ་དུ་ཞུགས་པའི་གང་ཟག་ལ་གྲུབ་མཐའ་མེད་པ་ནི་ཡེ་མི་སྲིད་དོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་གྲུབ་མཐའ་སྨྲ་བ་བཞིའི་ཡ་གྱལ་གྱི་ཉན་ཐོས་དང༌། ཉན་རང་གཉིས་སུ་ཕྱེ་བའི་ཉན་ཐོས་མིང་འདྲ་ཡང་དོན་གཏན་ནས་མི་འདྲ་སྟེ། སྡེ་པ་བཅོ་བརྒྱད་པོ་རྣམས་ཀྱིས་ཐེག་པ་ཆེན་པོའི་མདོ་བཀར་མི་འདོད་ཅིང་ཉན་ཐོས་ཀྱི་ལམ་ལ་ཞུགས་ནས་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་ཕྱིར་དུ་བརྩོན་པར་བྱེད་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་ཉན་ཐོས་ཀྱི་སྡེ་སྣོད་ཙམ་ཞིག་བཀར་ཁས་བླངས་ནས་དེའི་རྗེས་སུ་འབྲངས་ཏེ། གྲུབ་མཐའ་སྨྲ་བར་བྱེད་པས། ཉན་ཐོས་ཞེས་བཏགས་པ་ཡིན་པའི་ཕྱིར། མཐར་ཐུག་ཐེག་པ་གཅིག་ཏུ་གྲུབ་སྟེ། སམྦྷུ་ཊ་ལས། གང་ཕྱིར་ཆོས་ནི་དུ་མས་ནི། །ཆུ་བོའི་རྒྱུན་གྱིས་རྒྱ་མཚོ་ལྟར། །ཐར་པ་ཉིད་ནི་གཅིག་པུ་སྟེ། །མང་པོ་དམིགས་པར་མི་འགྱུར་རོ། །ཞེས་དང༌། མཚན་ཡང་དག་པར་བརྗོད་པ་ལས། ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས། །ཞེས་གསུངས་པའི་ཕྱིར་རོ།། །།

གཉིས་པ་སྔགས་ཀྱི་ཐེག་པ་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་རྒྱུད་སྡེ་རྣམ་པ་བཞི་བཤད་པ།

གཉིས་པ་སྔགས་ཀྱི་ཐེག་པ་ལ། སྤྱིར་བསྟན་པ་དང༌། བྱེ་བྲག་རྒྱུད་སྡེ་རྣམ་པ་བཞི་བཤད་པ་དང་གཉིས། དང་པོ་ནི།

ཐེག་པ་ཆེན་པོ་གང་ཞིག་སངས་རྒྱས་ཀྱི་གཟུགས་{་དང་རྣམ་པ་མཐུན་པའི་ལམ་གཙོ་བོར་བསྒོམ་དུ་ཡོད་པས་རབ་ཏུ་ཕྱེ་བའི་རིགས་སུ་གནས་པ་དེ།སྔགས་ཀྱི་ཐེག་པའི་གོ་དོན་ཡིན་ཏེ། དེ་ལྟར་སྔགས་བླ་མེད་ཀྱི་གཞུང་རྣམས་ཀྱིས་ཀྱང་གྲུབ།རྒྱུད་སྡེ་འོག་མའི་གཞུང་གིས་ཀྱང་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། རྡོ་རྗེ་གུར་གྱི་རྒྱུད་ལས། གལ་ཏེ་སྟོང་པ་ཐབས་ཡིན་ན། །དེའི་ཚེ་སངས་རྒྱས་ཉིད་མི་འགྱུར། །རྒྱུ་ལས་འབྲས་བུ་གཞན་མེད་པས། །ཐབས་ནི་སྟོང་པ་ཉིད་མ་ཡིན། །ལྟ་བ་ཀུན་ལས་ལོག་པ་དང༌། །བདག་ཏུ་ལྟ་བ་འཚོལ་རྣམས་ཀྱི། །བདག་ཏུ་ཞེན་པ་བཟློག་པའི་ཕྱིར། །རྒྱལ་བ་རྣམས་ཀྱིས་སྟོང་པར་བསྟན། །དེ་ཕྱིར་དཀྱིལ་འཁོར་འཁོར་ལོ་ཞེས། །བདེ་བའི་ཐབས་ཀྱི་སྡོམ་པ་སྟེ། །སངས་རྒྱས་ང་རྒྱལ་རྣལ་འབྱོར་གྱིས། །སངས་རྒྱས་ཉིད་ཡུན་རིང་མི་འགྱུར། །སྟོན་པ་སུམ་ཅུ་རྩ་གཉིས་མཚན། །མངའ་བདག་དཔེ་བྱད་བརྒྱད་ཅུར་ལྡན། །དེ་ཕྱིར་ཐབས་དེས་བསྒྲུབ་བྱ་སྟེ། །ཐབས་ནི་སྟོན་པའི་གཟུགས་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བདག་བསྒྲུབ་པར་མདོ་སྡེ་རྒྱན་དང༌། སྡུད་པའི་ལུང་དྲངས་ནས། བདག་མེད་རྟོགས་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་སོགས་ཀྱི་ཐབས་རྣམས་གཟུགས་{་བསྒྲུབ་པའི་ཐབས་བླ་ན་མེད་པར་གསུངས་པའི་ཚུལ་བཀོད་ནས། དེའི་འོག་ཏུ་བདག་བསྒྲུབ་པ་ལས་དེ་ནི་དེ་ཁོ་ན་ལྟར་ཡང་མ་ཡིན་ཏེ། རྒྱུ་མི་འདྲ་བ་གོམས་པ་ལས། རྫོགས་པའི་བྱང་ཆུབ་མངོན་དུ་གྱུར་པ་དང་རྗེས་སུ་མཐུན་པའི་ལམ་སྒོམ་པ་མེད་པའི་ཕྱིར། ཞེས་གསུངས། དོན་ནི་ཕར་ཕྱིན་ཐེག་པར་གཟུགས་{་བསྒྲུབ་པའི་ཐབས་བླ་ན་མེད་པར་གསུངས་པ་དེ་ཉིད། སྔགས་ལ་ལྟོས་ན་གཟུགས་{་བསྒྲུབ་པའི་ཐབས་བླ་ན་མེད་པ་མ་ཡིན་ཏེ། དེ་ལ་འབྲས་བུའི་གཟུགས་{་དང་རྣམ་པ་མཐུན་པའི་ལམ་སྒོམ་པ་མེད་པའི་ཕྱིར། འོ་ན་གཟུགས་{་བསྒྲུབ་པའི་ཐབས་བླ་ན་མེད་པ་གང་ཞེ་ན། ཟབ་གསལ་གཉིས་སུ་མེད་པའི་ལྷའི་རྣལ་འབྱོར་ཡིན་ཞེས་སྟོན་པ་ལ། བདག་བསྒྲུབ་པར་དེ་ལྟ་བས་ན། བདག་མེད་པ་དང་འདྲ་བར་རྒྱ་ཆེ་བའི་རང་གི་ངོ་བོ་ཡང་ཐ་མི་དད་པར་བསྒོམ་པར་བྱའོ། ། ཞེས་གསུངས་ཤིང༌། སློབ་དཔོན་ཤཱནྟི་པས་བཞི་བརྒྱ་ལྔ་བཅུ་པར་དེ་དང་འདྲ་བར་གསུངས་པ་དང༌། མན་ངག་སྙེ་མར། སློབ་དཔོན་ཨབྷྱ་ཀ་རས་ཀྱང་ཚུལ་དེ་ལྟར་དུ་གསུངས་པའི་ཕྱིར་རོ། །རྩ་རྟགས་གཉིས་པ་གྲུབ་སྟེ། དེ་ཉིད་བསྡུས་པའི་དུམ་བུ་དང་པོ་ལས། ལུས་དང་ངག་སེམས་རྡོ་རྗེ་ཡི། །རང་གི་རྡུལ་ནི་ཕྲ་མོ་རྣམས། །སངས་རྒྱས་ཀྱི་ནི་སྐུར་བསྒོམས་ན། །རྫོགས་པའི་སངས་རྒྱས་ཉིད་དུ་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །

རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པ།

རྒྱུ་མཚན་ཉིད་དང་འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་ནི།

རྒྱུད་སྡེ་སྤྱིའི་རྣམ་བཞག་ཟིན་བྲིས་ལས། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་སྔགས་ཀྱི་ཐེག་པའི་ཁྱད་པར་ནི། ཚོགས་ལམ་གྱི་གཙོ་བོར་བྱེད་པ་དང་མི་བྱེད་པའི་ཁྱད་པར་རོ། །སྡོམ་གསུམ་རབ་དབྱེར་ཡང་མདོ་དང་རྒྱུད་ཀྱི་ཁྱད་པར་ནི། ཆོ་གའི་བྱ་བ་ཡོད་མེད་ཡིན། །ཞེས་པའི་དགོངས་པའང་དོན་དེ་བཞིན་བཤད་ན་སྐྱོན་མེད་པར་འགྱུར་རོ། །གཞན་ཡང་འབྲས་བུའི་རྣམ་པ་ལམ་དུ་བྱེད་པ་ཡོད་མེད་ཀྱི་ཁྱད་པར་གྱིས། རྒྱུ་དང་འབྲས་བུའི་ཐེག་པར་བཞག་པ་དང༌། སྔགས་དང་སྦྱོར་བ་གཙོ་བོར་སྟོན་མི་སྟོན་གྱི་སྒོ་ནས། མདོ་དང་སྔགས་ཀྱི་ཁྱད་པར་འཇོག་པའམ་རུང་སྟེ། དེ་དག་ནི་སྒྲ་དོན་གཙོ་བོར་གྱུར་པས་སོ། །ཞེས་གསུངས་ལ། དེ་གཉིས་ཀྱི་ཁྱད་པར་ཀུན་མཁྱེན་ཕྱོགས་རྒྱལ་བ་ཆེན་པོའི་དུས་འཁོར་རྒྱུད་འགྲེལ་བཤད་པ་ལ་འཇུག་པའི་ཡན་ལག་ལས། གདུལ་བྱ་དམན་པ་ལ་མོས་པ་ལ་ཉན་ཐོས་ཀྱི་སྡེ་སྣོད་དང༌། རྒྱ་ཆེ་བ་ལ་མོས་པ་ལ་ཐེག་པ་ཆེན་པོའི་སྡེ་སྣོད་གཉིས་ཡིན་ལ།ཐེག་ཆེན་ལ་ཡང་དབང་པོ་རྟུལ་པོ་རྒྱུ་ལ་མོས་པ་ལ་རྒྱུ་ལམ་དུ་བྱེད་ལ་རྒྱུ་མཚན་ཉིད་ཐེག་པ་དང༌། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པ་ལ་འབྲས་བུ་ལམ་དུ་བྱེད་པ་ལ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཡིན་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ལས། འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་པར་འགྱུར། །ཞེས་པ་དང༌། གསང་བ་ལུང་བསྟན་པའི་མདོ་ལས་ཀྱང༌། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །ཞེས་སོགས་སྔར་བཞིན་གསུངས་ཞེས་འཆད་ཀྱང༌། རྒྱུ་འབྲས་ཀྱི་ཐེག་པའི་དོན་ནི། རྒྱུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཙོ་ཆེར་སྟོན་པ་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། འབྲས་བུ་དམིགས་པ་མེད་པའི་སྙིང་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་བོར་སྟོན་པ། འབྲས་བུའི་མཚན་ཉིད་སྔགས་ཀྱི་ཐེག་པ་སྟེ། ནང་གི་ལེའུར།རིག་པ་ཞེས་པ་ནང་གི་འགྱུར་མེད་ཀྱང་སྟེ། ཞེས་པའི་འགྲེལ་པར་དེ་ལྟར་གསུངས་ཤིང༌། རྡོ་རྗེ་སྙིང་འགྲེལ་ལས། ཆོས་ཀུན་སྟོང་པ་ཉིད་དུ་ནི། །རྒྱལ་བས་གསུངས་པའི་གནས་གཞི་ལ། །དེ་བས་གཞི་དེ་རྒྱུ་ཡིན་ཕྱིར། །དེ་ནས་སྨོན་ལམ་དབང་གིས་ནི། །དམིགས་པ་མེད་པར་འགྱུར་ཡིན་ཡང༌། །སྙིང་རྗེའི་བདག་ཉིད་འབྲས་ཆེན་ཏེ། །ཞེས་གསུངས་པ་ལྟར། དེ་ལ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པའི་ཁྱད་པར་ནི། སློབ་དཔོན་ཏྲི་པི་ཊ་ཀ་མ་ལའི་ཚུལ་གསུམ་གྱི་སྒྲོན་མེ་ལས་ནི། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ཕྱིར་དང༌། །དབང་པོ་རྣོན་པོའི་དབང་བྱས་པས་སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས་འདི་ལྟར་གཉིས་སུ་མེད་པའི་རྣལ་འབྱོར་པ། །ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི། །སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལ་ཁྱད་པར་མེད་པ་ཡིན་མོད་ཀྱི། འོན་ཀྱང་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས། སྔགས་ཀྱི་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་མ་རྨོངས་པའི་ཁྱད་པར་བ་ནི། མགོ་བོ་ལ་སོགས་པ་སྦྱིན་པ་ཕྱིའི་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་མཆོག་མ་ཡིན་གྱི་ཐབས་ཤེས་རབ་དབྱེར་མེད་ཀྱི་ཏིང་ངེ་འཛིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ནི། ཕར་ཕྱིན་དྲུག་ལ་མ་རྨོངས་པའི་ཁྱད་པར་རོ། །ཐབས་མང་བ་ནི། དང་པོ་མེ་ཏོག་བབས་པ་ལ་སོགས་པའི་སྒོ་ནས་རིགས་ངེས་པར་བྱས་ནས། ཕྲ་བ་སེམས་དང་སེམས་བྱུང་ཐམས་ཅད། ལྷའི་རང་བཞིན་དུ་བསྒོམས་ནས་མཆོད་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དང༌། དེ་མི་ནུས་པ་ངག་གི་སྤྲོས་པ་ལ་མངོན་པར་ཞེན་པ་ལ་རགས་པ་སྔགས་ཀྱི་བཟླས་པ་སྟོན་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་དང༌། རགས་པའི་ཡུལ་ལ་མངོན་པར་ཞེན་པ་ཕྲ་བ་ལ་སྦྱོར་མི་ནུས་པ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྟོན་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་མཐའ་བྲལ་ཡང་དག་པའི་དོན་བསྒོམ་པར་བྱེད་པའོ། །ཞེས་དང༌། གཞི་ལམ་འབྲས་བུའི་ངོ་སྤྲོད་ཡང་དག་དོན་གསལ་ལས།

གཉིས་པ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གཉིས་ཀྱི་ཁྱད་པར་བཤད་པ།

གཉིས་པ་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གཉིས་ཀྱི་ཁྱད་པར་བཤད་པ་ནི།

ཐེག་པ་ཆེན་པོ་ལ་ཡང་གདུལ་བྱའི་དབང་གིས་རིང་བའི་ལམ་དང་ཉེ་བའི་ལམ་གཉིས་སུ་འབྱུང་སྟེ། གདུལ་བྱ་དབང་པོ་རྟུལ་པོ་རྒྱུ་ལ་མོས་པ་རྣམས་ལ་རྒྱུ་ལམ་དུ་བྱེད་པ་རྒྱུ་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། དབང་པོ་རྣོན་པོ་རྒྱུ་འབྲས་ལྷུན་གྲུབ་ལ་མོས་པ་ལ་འབྲས་བུ་ལམ་དུ་བྱེད་པ་འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཡིན་ཏེ། མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོར།འཇམ་དཔལ་གྱིས། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུངས་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང༌། །སངས་རྒྱས་གཞན་ནས་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པ་དང༌། རྒྱུ་ལ་མོས་པ་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་ན་འབྱུང་བར་འགྱུར། །ཞེས་གསུངས་སོ། །ཡང་ན་རྒྱུ་འབྲས་བུའི་ཐེག་པའི་དོན་ནི། རྒྱུ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་གཙོ་ཆེར་སྟོན་པའི་རྒྱུའི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌།འབྲས་བུ་དམིགས་པ་མེད་པའི་སྙིང་རྗེ་མི་འགྱུར་བའི་བདེ་བ་ཆེན་པོ་གཙོ་ཆེར་སྟོན་པ་འབྲས་བུའི་མཚན་ཉིད་སྔགས་ཀྱི་ཐེག་པ་སྟེ། རྩ་བའི་རྒྱུད་དམ་བྱང་ཆུབ་སེམས་འགྲེལ་གྱི་དགོངས་པའོ། །རྒྱུ་དང་འབྲས་བུ་འདི་གཉིས་དབྱེར་མེད་རོ་མཉམ་པ་སྟེ་དེ་ཉིད་ལ་སྤྱོད་པ་ནི་རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་པ་ཞེས་བྱའོ། །གསང་བ་ལུང་བསྟན་པའི་མདོ་ལས། རྒྱུ་ལ་སྦྱོར་བ་རྒྱུ་ཡི་ཆོས། །འཁོར་ལོ་ཤིན་ཏུ་བསྐོར་བྱས་ནས། །ཞེས་སོགས་སྔར་བཞིན་དུ་གསུངས་ཏེ། རྣམ་བཞག་སྔ་ཕྱི་གཉིས་ནི་འདྲ་བ་ཉིད་དོ། །དེ་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པར་གསུངས་པའི་ལམ་ནི། བདེ་བར་གཤེགས་པའི་རིང་ལུགས་ཞེས་བྱ་སྟེ་བསྐལ་པ་གྲངས་མེད་པ་དུ་མ་རྣམས་སུ་ཚོགས་བསགས་པ་ལས་འབྲས་བུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་བའོ། །བསྐལ་པ་གྲངས་མེད་ཅི་ཙམ་གྱིས་ཚོགས་རྫོགས་ན་རྒྱ་ཆེ་རོལ་པའི་མདོར་ནི་བསྐལ་པ་གྲངས་མེད་བདུན་ཡིན་པར་གསུངས་ལ། མདོ་གཞན་མང་པོ་ནས་བསྐལ་པ་གྲངས་མེད་གསུམ་ཡིན་པར་གསུངས་ཤིང༌། བྱམས་པ་དང་ཀླུ་སྒྲུབ་ཀྱང་བསྐལ་པ་གྲངས་མེད་པ་གསུམ་ཡིན་པར་བཞེད་དོ། །ཞེས་པ་ནས། དེ་ཡང་དང་པོའི་སེམས་བསྐྱེད་མ་ཐག་ནས་གྲངས་མེད་ཀྱི་འགོ་རྩོམ་པ་མ་ཡིན་གྱི་ཐེག་བསྡུས་ལས། བཟང་དང་སྨོན་པའི་སྟོབས་ཅན་དང༌། །སེམས་བརྟན་ཁྱད་པར་འགྲོ་བ་ཡི། །བྱང་ཆུབ་སེམས་དཔའ་གྲངས་མེད་གསུམ། །ཀུན་ཏུ་རྩོམ་པར་མཛད་པ་ཡིན། །ཞེས་གསུངས་ཏེ། དགེ་བ་མི་མཐུན་པའི་ཕྱོགས་ཀྱིས་ཟིལ་གྱིས་མི་ནོན་པ་བཟང་པོའི་སྟོབས་ཅན་དང༌། རྟག་ཏུ་དགེ་བའི་བཤེས་གཉེན་དང་འཕྲད་པ་སྨོན་པའི་སྟོབས་ཅན་དང༌། གཞན་གྱིས་བཟློག་ཀྱང་བྱང་ཆུབ་ཀྱི་སེམས་ཡོངས་སུ་མི་གཏོང་བ་བྱང་ཆུབ་ཀྱི་སེམས་བརྟན་པ་དང༌། འདི་དང་ཕྱི་མ་ལ་དགེ་བའི་ཆོས་མི་ཉམས་ཤིང་འཕེལ་བ་ཁྱད་པར་དུ་འགྲོ་བ་སྟེ། ཡོན་ཏན་དེ་ལྟ་བུ་ཐོབ་པའི་ཚོགས་ལམ་ནས་འགོ་རྩོམ་མོ། །སྔགས་ཀྱི་ཐེག་པར་གསུངས་པའི་ལམ་ནི་ཤིན་ཏུ་མྱུར་བའི་ལམ་ཡིན་ཏེ། སྐྱེ་བ་བཅུ་དྲུག་དང་སྐྱེ་བ་བདུན་དང་སྐྱེ་བ་གཅིག་ལ་སངས་རྒྱས་ཐོབ་པར་གསུངས་པའི་ཕྱིར་རོ། །དེ་ཡང་གསང་བའི་མཛོད་ལས། དབང་བསྐུར་ཡང་དག་སྦྱིན་ལྡན་ན། །སྐྱེ་ཞིང་སྐྱེ་བར་དབང་བསྐུར་འགྱུར། །དེ་ཡི་སྐྱེ་བ་བདུན་ན་ནི། །མ་བསྒོམས་པ་ཡང་དངོས་གྲུབ་འཐོབ། །ཅེས་སྐྱེ་བ་བདུན་ན་མཆོག་གི་དངོས་གྲུབ་ཐོབ་པར་གསུངས་ཤིང༌།དམ་ཚིག་ལྔ་པ་ལས། སྐྱེ་བ་བཅུ་དྲུག་ན་མཆོག་འགྲུབ་པར་གསུངས་ཏེ། གལ་ཏེ་ལྟུང་བ་མེད་གྱུར་ན། །སྐྱེ་བ་བཅུ་དྲུག་དག་ན་འགྲུབ། །ཅེས་སོ། སྐྱེ་བ་གཅིག་ལ་སངས་རྒྱས་ཐོབ་པ་ནི།དཔལ་གསང་བ་འདུས་པ་ལས། འདི་ཡིས་ཆོས་ཀྱི་བདག་ཉིད་ཆེ། །སྐུ་གསུམ་མི་ཕྱེད་ལས་བྱུང་བ། །ཡེ་ཤེས་རྒྱ་མཚོས་རྣམ་པར་བརྒྱན། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །ཞེས་གསུངས་ཤིང༌། དྲི་མ་མེད་པའི་འོད་དུ་ཡང༌། སྐྱེ་བ་འདི་སྟེ་མིའི་སྐྱེ་བ་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་རྒྱུད་ཀྱི་རྒྱལ་པོའོ། །ལྷ་ལ་སོགས་པ་འགྲོ་བ་ལྔ་ཡི་སྐྱེ་བ་ལ་ནི་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན་ལས་ཀྱི་ས་མ་ཡིན་པར་སྐྱེས་པའི་ཕྱིར་རོ། །ཞེས་དང༌། དེ་ཉིད་དུ་རྒྱུད་གཞན་གྱི་ལུང་དྲངས་པ། གདོལ་པ་སྨྱུག་མ་མཁན་སོགས་དང༌། །མཚམས་མེད་ལྔ་ནི་བྱེད་པ་རྣམས། །སྔགས་ཀྱི་སྤྱོད་པ་རྗེས་སྤྱད་ན། །སྐྱེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་སོ། །དེ་ལྟ་བུ་དེ་དག་གང་ཟག་མཆོག་ལ་དགོངས་པ་མ་ཡིན་ནམ་སོ་སོ་སྐྱེ་བོ་རྣམས་ཀྱིས་ཇི་ལྟར་འགྲུབ་སྙམ་ན་འགྲུབ་སྟེ། རྡོ་རྗེ་རྩེ་མོ་ལས། བསྐལ་པ་གྲངས་མེད་པ་རུ་བྱུང༌། །ས་ཡི་ཕ་རོལ་ཕྱིན་པ་མཆོག །གང་ཕྱིར་གསང་བ་མཐོ་བ་ཐོབ། །རབ་ཏུ་དགའ་བ་བསྒྲུབ་པར་འགྱུར། །གལ་ཏེ་རྣལ་འབྱོར་པ་དེ་བརྩོན། །ཚེ་འདི་ཉིད་ལ་མྱ་ངན་འདས། །རབ་ཏུ་དགའ་བའི་ས་ཐོབ་ཅིང༌། །ཡང་ན་རྡོ་རྗེ་ཉིད་ཀྱང་ངོ༌། །ས་ལ་ཉི་ཟླ་ལྟུང་བྱེད་ཅིང༌། །དེ་ནི་ནམ་མཁའི་རང་བཞིན་འགྱུར། །སོ་སོ་སྐྱེ་བོས་སངས་རྒྱས་ཉིད། །འགྲུབ་པར་འགྱུར་ཏེ་གཞན་དུ་མིན། །ཞེས་གསུངས་པས་སོ། །དེ་ཡང་མིའི་སྐྱེ་བ་གང་རུང་རུང་ལ་ཐོབ་པ་ནི་མ་ཡིན་ཏེ། དྲི་མེད་འོད་དུ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དག་ལས་ཁམས་དྲུག་གི་བདག་ཉིད་ཅན་སྐྱེས་བུ་ཆེན་པོའི་གང་ཟག་ལའོ་ཞེས་པ་སྟེ། རྣམ་པ་གཞན་དུ་ལས་ངན་པ་དང་ལྡན་པའི་མིའི་སྐྱེ་བ་འདི་ལ་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བ་ནི་མ་ཡིན་ནོ་ཞེས་པ་དེ་བཞིན་གཤེགས་པའི་ངེས་པའོ། །ཞེས་དང༌། རྡོ་རྗེ་སྙིང་འགྲེལ་དུ་ཡང༌། སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཉིད་སྟེར་ཞེས་བྱ་བ་ནི་ཡང་དང་ཡང་དུ་མིའི་སྐྱེ་བ་བླངས་ནས་འགྲུབ་པ་ལ་བྱའི་ལྷ་དང་ལྷ་མ་ཡིན་ལ་སོགས་པ་ནི་མ་ཡིན་ནོ། །ཞེས་གསུངས་སོ། །སློབ་དཔོན་དཔལ་དབྱངས་ལ་སོགས་པའི་བཞེད་པས། གསང་སྔགས་སྤྱོད་པའི་ཆོ་ག་ཡིས། །ཚེ་ལ་དབང་བའི་རིག་འཛིན་ཐོབ། །རིག་པ་འཛིན་པའི་ཚེ་ཉིད་ཀྱིས། །སངས་རྒྱས་གྲུབ་པར་བཤད་པ་ཡིན། །ཞེས་གསུངས་པས། དང་པོར་བཅུད་ལེན་ལ་སོགས་པས་ཚེ་དཔག་ཏུ་མེད་པ་བསྒྲུབས་ནས། དེ་ནས་ལམ་བསྒོམས་ཏེ་སངས་རྒྱས་པ་ནི་སྐྱེ་བ་གཅིག་གིས་སངས་རྒྱས་ཐོབ་པའི་དགོངས་པ་ཡིན་པར་འཆད་པ་ནི། བྱང་ཆུབ་སེམས་དཔའི་འགྲེལ་པ་སྐོར་གསུམ་དང་མི་མཐུན་པར་ཤེས་པར་བྱའོ། །དེ་བཞིན་དུ་ཁ་ཅིག་སྐྱེ་བ་གཅིག་ལ་སངས་རྒྱས་འཐོབ་པར་བཤད་པ་འདི་སངས་རྒྱས་དངོས་ཐོབ་པ་མ་ཡིན་གྱི། ཐེག་ཆེན་གྱི་མཐོང་ལམ་འཐོབ་པ་ཙམ་ཡིན་ལ།དེ་ནས་སངས་རྒྱས་ཚེགས་མེད་དུ་ཐོབ་པ་ལ་དགོངས་པ་ཡིན་ནོ་ཞེས་ཟེར་བ་ཡང་དགོངས་པ་མ་ཡིན་ཏེ། དྲི་མ་མེད་པའི་འོད་ལས། མིའི་སྐྱེ་བ་འདི་ཉིད་ལ་སངས་རྒྱས་ཐོབ་པར་བསྟན་པ་དང་འབྲེལ་པར། དེ་ལྟར་གསུངས་པའི་རིམ་པས་ངེས་པ་དང་བྲལ་བ་རྣམས་ལ་སངས་རྒྱས་ཉིད་ཀྱིས་འབྲས་བུ་རབ་ཏུ་སྟེར་བ་ནི་རྒྱུད་ཀྱི་རྒྱལ་པོའོ། །སངས་རྒྱས་ཉིད་ནི་ཐམས་ཅད་མཁྱེན་པ་ཉིད་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དང་ལམ་མཁྱེན་པ་ཉིད་དང་ལམ་གྱི་རྣམ་པ་མཁྱེན་པ་ཉིད་དེ། སྟོབས་བཅུ་དང་མི་འཇིགས་པ་ལ་སོགས་པའི་ཡོན་ཏན་རྣམ་པར་འབྱོར་བའོ། །དེ་སྟེར་བ་ནི་སངས་རྒྱས་ཉིད་ཀྱི་འབྲས་བུ་རབ་ཏུ་སྟེར་བའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལ་རྒྱུད་ཀྱི་རྒྱལ་པོ་ཞེས་པ་ནི་རྩ་བའི་རྒྱུད་མཆོག་གི་དང་པོའི་སངས་རྒྱས་ཡིན་ལ། མཁྱེན་པ་བཞི་ནི་རིམ་པ་ལྟར་ངོ་བོ་ཉིད་ཀྱི་སྐུ་དང་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུ་དང་ཆོས་ཀྱི་སྐུའོ། །ངེས་པ་དང་བྲལ་བའི་དོན་ནི་གོང་དུ་བཤད་པའི་གང་ཟག་དེ་ལྟ་བུ་འདོད་ཡོན་ལྔ་སྤོང་བའི་ཉན་ཐོས་ཀྱི་སོ་སོ་ཐར་བའི་སྡོམ་པ་ཁོ་ན་ལ་མཐའ་གཅིག་ཏུ་གནས་པ་མ་ཡིན་པ་ལ་གསུངས་སོ། །དེ་ལྟར་སྐྱེ་བ་བཅུ་དྲུག་དང་བདུན་དང་གཅིག་གིས་རྫོགས་པའི་སངས་རྒྱས་འགྲུབ་པར་བཤད་པ་ནི་སྔགས་ཀྱི་ཐེག་པའི་གདུལ་བྱ་གཞིར་བྱས་པ་ལ་དབང་པོ་ཐ་མ་དང་འབྲིང་དང་མཆོག་གི་དབང་དུ་བྱས་པ་ཡིན་པར་འདོད་པ་ཡང་ཡོད་མོད་ཀྱི། དུས་ཀྱི་འཁོར་ལོའི་རྒྱུད་དང༌། རྗེ་བཙུན་སྤྱན་རས་གཟིགས་དབང་ཕྱུག་གི་དགོངས་པ་ནི་གདུལ་བྱ་སློབ་མ་ཐ་མ་ནི་དབང་གིས་བསྡུ་བར་བྱ་བ་མ་ཡིན་པ་དང་འབྲིང་པོ་ནི་དབང་འོག་མ་བདུན་གྱིས་བསྡུས་ནས་བསྐྱེད་པའི་རིམ་པ་བསྒོམས་ཏེ་འཇིག་རྟེན་པའི་དངོས་གྲུབ་བསྒྲུབ་པའི་སྐལ་བ་ཅན་དུ་གསུངས་ཤིང༌། ཕྱག་རྒྱ་ཆེན་པོ་ཤིན་ཏུ་རྣམ་པར་དག་པའི་རིམ་པ་སྒོམ་པའི་སྐལ་བ་དང་ལྡན་པའི་གང་ཟག་ནི་སློབ་མ་མཆོག་ཡིན་པར་གསུངས་ལ། དེས་ནི་མིའི་སྐྱེ་བ་གཅིག་གམ་བདུན་ནམ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ས་བཅུ་གཉིས་ཀྱི་དབང་ཕྱུག་རྫོགས་པའི་སངས་རྒྱས་ཉིད་ཐོབ་པར་གསུངས་པ་ཡིན་ནོ། །དེ་ལྟར་མིའི་སྐྱེ་བ་གཅིག་ལ་སོགས་པར་སངས་རྒྱས་ཐོབ་པར་གསུངས་པ་ནི་སྔགས་ཀྱི་ཐེག་པར་ཞུགས་པ་ཙམ་མམ། བསྐྱེད་རིམ་ལ་སོགས་པ་དྲང་དོན་རྟོག་བཅས་ཀྱི་སྒོམ་རྣམས་ལ་བརྩོན་པར་བྱས་པས་ནི་མ་ཡིན་གྱི་རྒྱུད་ལས་གསུངས་པའི་ཆོ་གས་རྣམ་པར་དག་པའི་དབང་བསྐུར་བ་ལ་སོགས་པའི་སྒོ་ནས་སྔགས་ཀྱི་ཐེག་པའི་ཚུལ་ལ་ལེགས་པར་ཞུགས་ཏེ། མི་དགེ་བ་རྣམ་པ་བཅུ་པོ་མཐའ་དག་སྤངས་བའི་སྒོ་ནས་རྩ་བའི་ལྟུང་བ་བཅུ་བཞི་དང་བྲལ་ཞིང་བརྟུལ་ཞུགས་ཉི་ཤུ་རྩ་ལྔ་ལ་སོགས་པའི་དམ་ཚིག་དང་སྡོམ་པ་ལ་གནས་པས་སྦྱོར་བ་ཡན་ལག་དྲུག་གི་ཏིང་ངེ་འཛིན་རྩེ་གཅིག་ཏུ་བསྒོམ་པའི་ཡེ་ཤེས་ཀྱི་ཚོགས་དང༌། ཚོགས་ཀྱི་འཁོར་ལོའི་ཆོ་ག་རྒྱུད་ལས་ཇི་ལྟར་གསུངས་པ་བཞིན་དང་སྦྱིན་པ་རྣམ་པ་བཅུ་ལ་སོགས་པ་བསོད་ནམས་ཀྱི་ཚོགས་མྱུར་དུ་རྫོགས་པར་བྱས་པ་ལས། རྣལ་འབྱོར་པ་བརྩོན་འགྲུས་ཆེན་པོ་དང་ལྡན་པས་ནི་སྐྱེ་བ་གཅིག་ལ་སངས་རྒྱས་ཐོབ་པ་དང༌། བརྩོན་འགྲུས་ཅུང་ཟད་དམན་པས་ནི་སྐྱེ་བ་བདུན་གྱིས་སངས་རྒྱས་ཉིད་ཐོབ་པ་ཡིན་པར་ཤེས་པར་བྱའོ། །ཡང་རྣལ་འབྱོར་པ་རབ་ཚེ་གཅིག་ལུས་གཅིག་དང་འབྲིང་འཕོ་བ་དང་བར་དོའི་མན་ངག་ལ་བརྟེན་ནས་འཆི་ཁ་བར་དོར་སངས་རྒྱའོ། །ཞེས་ཀྱང་གསུངས་སོ། །སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ཁྱད་པར། སློབ་དཔོན་ཏྲི་པི་ཊ་ཀ་མ་ལའི་ཚུལ་གསུམ་གྱི་སྒྲོན་མེ་ལས་ནི། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་ཕྱིར་དང༌། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་བསྟན་བཅོས་ཁྱད་པར་འཕགས། །འདི་ལྟར་གཉིས་སུ་མེད་པའི་རྣམ་པ་ཐམས་ཅད་མཁྱེན་པར་བཤད་པའི་འབྲས་བུ་ནི་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་གཉིས་ལས་ཁྱད་པར་མེད་པ་ཡིན་མོད་ཀྱི། འོན་ཀྱང་རབ་ཏུ་དབྱེ་བ་རྣམ་པ་བཞི་པོ་འདི་དག་གིས་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཆེན་པོ་ལས་སྔགས་ཀྱི་ཐེག་པ་ཆེན་པོ་ཁྱད་པར་དུ་འཕགས་པ་ཉིད་ཡིན་ནོ། །ཞེས་གསུངས་སོ། །དེ་ལ་མ་རྨོངས་པའི་ཁྱད་པར་ནི་མགོ་བོ་ལ་སོགས་པ་བྱིན་པའི་ཕྱིའི་སྦྱིན་པ་ལ་སོགས་པ་ལ་འཇུག་པ་ནི་མཆོག་མ་ཡིན་གྱི། ཐབས་ཤེས་རབ་དབྱེར་མེད་ཀྱི་ཏིང་ངེ་འཛིན་གྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་བསྒྲུབ་པ་ནི་ཕར་ཕྱིན་དྲུག་ལ་མ་རྨོངས་པའི་ཁྱད་པར་རོ། །ཐབས་མང་བ་ནི་དང་པོར་མེ་ཏོག་བབས་པ་ལ་སོགས་པའི་སྒོ་ནས་རིགས་ངེས་པར་བྱས་ནས་ཕྲ་བ་སེམས་དང་སེམས་བྱུང་ཐམས་ཅད་ལྷའི་རང་བཞིན་དུ་བསྒོམས་ནས་མཆོད་པ་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དང༌། དེ་མི་ནུས་པ་ངག་གི་སྤྲོས་པ་ལ་མངོན་པར་ཞེན་པ་རགས་པ་སྔགས་ཀྱི་བཟླས་པ་སྟོན་པ་གསུང་རྡོ་རྗེའི་ཏིང་ངེ་འཛིན་དང༌། རགས་པའི་ཡུལ་ལ་མངོན་པར་ཞེན་པ་ཕྲ་བ་ལ་སྦྱོར་མི་ནུས་པ་ལ་རྟེན་དང་བརྟེན་པའི་དཀྱིལ་འཁོར་སྟོན་པ་སྐུ་རྡོ་རྗེའི་ཏིང་ངེ་འཛིན་དང༌། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པས་མཐའ་བྲལ་ཡང་དག་པའི་དོན་སྒོམ་པར་བྱེད་པའོ། །དཀའ་བ་མེད་པ་ནི་སེམས་ཅན་གང་དང་གང་ཡུལ་དུས་གང་དུ་ཅི་ལྟར་མངོན་པར་འདོད་པར་འགྱུར་བ་དེ་དང་དེ་ཉིད་ངེས་པར་སྦྱོར་ཞིང་ཐབས་བདེ་བ་ཉིད་ཀྱིས་བྱང་ཆུབ་ཐོབ་པར་མཛད་པ་སྟེ། འཆིང་བྱེད་ཉིད་ཐབས་ཀྱིས་གྲོལ་བྱེད་དུ་འགྱུར་བ་དང༌། དབང་པོ་སོ་སོའི་དབྱེ་བས་ཕྱག་རྒྱ་ཆེན་མོ་དང་ཡེ་ཤེས་དང་ལས་དང་དམ་ཚིག་གི་ཕྱག་རྒྱ་བརྟེན་ནས་དཀའ་བ་སྤྱད་པ་མེད་པར་བྱང་ཆུབ་འཐོབ་པའོ། །དབང་པོ་རྣོན་པོའི་དབང་དུ་བྱས་པ་ནི་ཉན་རང་ནི་དབང་པོ་རྟུལ་པོ་ཡིན་ལ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡང་ཐབས་ལ་འཁྲུལ་པའི་ཕྱིར་དབང་པོ་འབྲིང་པོ་ཡིན་ཞིང་གསང་སྔགས་པས་ནི་གཞན་གྱིས་བྱས་ན་དམྱལ་བར་འགྲོ་བའི་ལས་ཀྱང་ཐབས་མཁས་པས་བྱང་ཆུབ་ཀྱི་རྒྱུར་བསྒྱུར་བར་བྱེད་པས་ཐབས་གང་དུའང་རྨོངས་པ་མེད་པ་ཞེས་བྱ་སྟེ། ཨཱརྱ་དེ་བས། དམན་པ་རྣམས་ནི་གཟུགས་ལ་ཆགས། །བར་མ་རྣམས་ནི་ཆགས་བྲལ་འགྱུར། །གཟུགས་ཀྱི་རང་བཞིན་ཤེས་པ་ཡིས། །མཁས་པ་རྣམས་ནི་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་རོ། །སློབ་དཔོན་ཛྙཱ་ན་ཤྲཱིས་མཛད་པའི་རྡོ་རྗེ་ཐེག་པའི་མཐའ་གཉིས་སེལ་བར། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལས་སྔགས་ཀྱི་ཐེག་པ་ཁྱད་པར་བཅུ་གཅིག་གིས་འཕགས་པར་བཤད་དེ། དམིགས་པ་བླ་ན་མེད་པ་ལ་དམིགས་པའི་ཐབས་དང༌། བསྒྲུབ་པ་བླ་ན་མེད་པ་དང༌། ཡེ་ཤེས་བླ་ན་མེད་པ་དང༌། བརྩོན་འགྲུས་བླ་ན་མེད་པ་དང༌། གདུལ་བྱ་མ་ལུས་པ་འཛིན་པར་ནུས་པ་དང༌། ཉོན་མོངས་པ་བྱིན་གྱིས་རློབ་པ་དང༌། བྱིན་གྱིས་རློབ་པར་འགྱུར་བ་དང༌། མྱུར་དུ་འབྱུང་བ་དང༌། ཉོན་མོངས་པ་སྤོང་བ་དང༌། བསམ་པ་བླ་ན་མེད་པ་དང༌། སྤྱོད་པ་བླ་ན་མེད་པའི་ཐབས་མཁས་པ་སྟེ། དེ་ལྟར་ཐབས་མཁས་པ་ཉིད་བཅུ་གཅིག་གིས་ཁྱད་པར་དུ་འཕགས་སོ། །ཞེས་སོ། །ཡང་དེ་ཉིད་དུ། ཐབས་མྱུར་བ་དང༌། སླ་བ་དང༌། མང་བ་དང༌། མཁས་པ་དང༌། བཞི་སྔགས་ཀྱི་ཐེག་པ་ཁྱད་པར་དུ་འཕགས་པར་གསུངས་ཏེ།སྔར་བཤད་པ་དེ་ཉིད་ཀྱིས་ཤེས་སོ། །ཞེས་དང༌། ས་བཟང་གི་བླང་དོར་རབ་གསལ་ལས། ཕྱི་ནང་གི་ཁྱད་པར་ནི། ཕྱི་མ་ལ་ཡང་མཚན་ཉིད་ཐེག་པ་ལས། །གསང་སྔགས་ཟབ་མོའི་ཐེག་པ་མཆོག་ཏུ་གསུངས། །འཁོར་ལོ་ཐ་མ་ལ་ཡང་ཕྱི་མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང༌། ནང་གསང་སྔགས་ཀྱི་ཐེག་པ་གཉིས་ཡོད་ཅིང༌། གཉིས་ཀ་ལའང་བརྒྱད་སྟོང་དོན་བསྡུར། ཤེར་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་གསུངས་པ་ལྟར་མཐར་ཐུག་ངེས་པའི་དོན་གཅིག་ཡིན་ན་ཡང༌། ལྟ་བ་དོན་དམ་པའི་སྟོང་པ་ཉིད་གསལ་བར་སྟོན་པ་དང༌། བསྒོམ་པ་དེ་མངོན་དུ་བྱེད་པའི་ཐབས་མང་ཞིང་དཀའ་བ་མེད་པ་དང༌། གདུལ་བྱ་ཡང་རབ་དབང་པོ་མཆོག་ཏུ་གྱུར་པ་རྣམས་ཀྱི་དོན་དུ་གསུངས་པ་ལ་སོགས་པའི་སྒོ་ནས་གསང་སྔགས་ཁྱད་པར་དུ་འཕགས་པར་ཡང་ཤེས་པར་བྱ་སྟེ། ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང༌། །ཐབས་མང་དཀའ་བ་མེད་པ་ཉིད། །དབང་པོ་རྣོན་པོའི་དབང་བྱས་ཕྱིར། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་རོ། །ཞེས་སོ། །ཕྱོགས་རྒྱལ་བས་དེ་གཉིས་ཀྱི་ཁྱད་པར་སྐབས་འགར་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་བླ་མེད་གཉིས་ཀྱི་ཁྱད་པར་ལ་སྦྱར་ནས་བཤད་ཡོད་པ་ཤེས་པར་བྱའོ། །འོན་ཀྱང་ཕྱོགས་རྒྱལ་བས་རྒྱུ་མཚན་ཉིད་ཀྱི་ཐེག་པ་རྣམ་ཀུན་མཆོག་ལྡན་གཙོ་བོར་བསྟན་པ་ལ་སྦྱར་བ་དང༌། སྟོང་གསུམ་དར་ཡུག་གི་མདོར་རྣམ་ཀུན་མཆོག་ལྡན་གསུངས་པ་ཡིན་མིན་དང༌། རྗེ་བཙུན་གྱི་རྒྱུ་འབྲས་དབུ་མའི་ཐིག་ལེ་ལས། མདོ་ལས་སངས་རྒྱས་ཆོས་ཀུན་ལྡན་པར་གསུངས། །དེ་ཉིད་སྔགས་ལས་རྣམ་ཀུན་མཆོག་ལྡན་ནོ། །ཞེས་གསུངས་པ་རྣམས་ལ་དཔྱད་པར་བྱའོ། །སྤྱིར་མདོ་ལས་སྔགས་ཁྱད་པར་དུ་འཕགས་ཚུལ་ནི། རྗེ་བཙུན་ཏཱ་ར་ནཱ་ཐས་མཛད་པའི་ལས་དང་པོ་པ་རྣམས་ལ་ཕན་པ་ལས། ཕ་རོལ་ཏུ་ཕྱིན་པའི་ཚུལ་དང༌།སྔགས་ཀྱི་ཚུལ་གྱི་ཁྱད་པར་གང་ཞེ་ན། སྔགས་དང་སྦྱོར་བ་གཙོ་བོར་སྟོན་པ་དང༌། མ་ཡིན་པའི་ཁྱད་པར་རོ། །ཅིའི་ཕྱིར་སྔགས་ཀྱི་ཚུལ་མཆོག་ཏུ་གྱུར་པ་ཡིན། སྔགས་ཀྱི་ཚུལ་རྣམས་ནི་དུ་ཞེ་ན། ལས་དང་པོ་ལ་ཐབས་སུ་གྱུར་པ་སྟེ། མྱུར་བ་དང༌། བདེ་བ་དང༌། ཐབས་ལ་མཁས་པའི་ཁྱད་པར་གྱིས་མཆོག་ཏུ་གྱུར་པའོ། །ཇི་ལྟར་མྱུར་བ་ཡིན་ཞེ་ན། སྐྱེ་བ་འདིའམ། སྐྱེ་བ་བཅུ་དྲུག་གམ། བསྐལ་པ་གསུམ་མམ། བསྐལ་པ་བརྒྱད་ཀྱིས་བྱང་ཆུབ་ཐོབ་པའོ། །རྒྱུ་ཅིས་མྱུར་བ་ཡིན་ཞེ་ན། ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པས་ཡོངས་སུ་སྤྱད་པ་ལས་བྱུང་པའི་བསོད་ནམས་ཡོད་པ་དང། སྔགས་ཀྱི་མཐུས་ཆུ་ཐིགས་པ་གཅིག་ལ་ཡང་གངྒཱའི་བྱེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང༌། ལས་དང་པོ་པས་མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང༌། སྔགས་སམ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་རྒྱུ་ཁྱད་པར་ཅན་འདི་དག་ཐེག་པ་ལ་ཞུགས་པ་ཙམ་ལ་ཡང་ཡོད་པ་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱིས་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་ལ་དམིགས་པའི་ཤེས་རབ་རྣམས་དང་པོ་དང་ཐ་མའི་བར་དུ་ཡོད་པས་ནའོ། །ཇི་ལྟར་ན་བདེ་བ་ཡིན་ཞེ་ན། ལུས་དང་སེམས་ལ་ཚོར་བ་རྩུབ་པོ་མེད་པ་ཉིད་དོ། །རྒྱུ་ཅིས་བདེ་བ་ཡིན་ཞེ་ན། འདི་ལ་སྐལ་པ་དྲུག་དང་ལྡན་པའི་ལུས་དང་གྲུབ་པ་དང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང༌། སྔགས་ཀྱི་མཐུས་སངས་རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བས་འགྲོ་བའི་བསམ་པ་ཐམས་ཅད་བསྒྲུབས་པས་ནའོ། །ཐབས་ལ་མཁས་པ་གང་ཞེ་ན། ཚུལ་ཁྲིམས་དང༌། ཏིང་ངེ་འཛིན་དང༌། ཤེས་རབ་དང༌། སྤྱོད་ཡུལ་ལ་འཇུག་པ་རྣམས་ཀྱིའོ། །ཞེས་དང༌། རྒྱུད་སྡེ་སྤྱིའི་ཟིན་བྲིས་ལས་གསུངས་ཚུལ་ནི། དེ་ལས། རང་ལུགས་ནི། རྣམ་པ་གསུམ་གྱིས་ཁྱད་པར་དུ་འཕགས་པ་ཡིན་ཏེ། ལམ་མྱུར་བ་དང༌། ལམ་བདེ་བ་དང༌། ཐབས་ལ་མཁས་པའི་ཁྱད་པར་དང་གསུམ་མོ། །དང་པོ་ལམ་མྱུར་བས་ཁྱད་པར་དུ་འཕགས་ཚུལ་ལ། ལམ་མྱུར་བའི་ངོ་བོ་ངོས་གཟུང་བ་དང༌། ལམ་མྱུར་བའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། སྐྱེ་བ་འདིའམ། སྐྱེ་བ་བཅུ་དྲུག་གམ། བསྐལ་བ་གསུམ་མམ། བསྐལ་བ་བརྒྱད་ཀྱིས་བྱང་ཆུབ་ཐོབ་པའོ། །གཉིས་པ་ནི་ཆོ་གའི་ཁྱད་པར་གྱིས་ལྷ་རྣམས་དངོས་སུ་མཆོད་པ་ལེན་པར་ཡོངས་སུ་སྤྱད་པ་ལས་བྱུང་བའི་བསོད་ནམས་ཡོད་པ་དང༌། སྔགས་ཀྱི་མཐུས་ཆུ་ཐིགས་པ་གཅིག་ལ་ཡང་གངྒཱའི་བྱེ་སྙེད་ཀྱི་བསོད་ནམས་འབྱུང་བ་དང༌། ལས་དང་པོ་པས་མ་དག་པའི་སྣང་བ་འགོག་པའི་ཞིང་སྦྱོང་བའི་ཏིང་ངེ་འཛིན་མངོན་དུ་བྱེད་པ་དང༌། སྔགས་སམ་ཏིང་ངེ་འཛིན་གྱི་ཁྱད་པར་རེ་རེས་ཀྱང་སེམས་ཅན་རྣམས་སྨིན་པའི་རྒྱུ་ཁྱད་པར་ཅན་འདི་དག ཐེག་པ་ལ་ཞུགས་པ་ཙམ་ལ་ཡང་ཡོད་པ་དང༌། ཏིང་ངེ་འཛིན་གྱི་སྤྱོད་ཡུལ་གྱི་གཟུགས་བདེན་པ་གཉིས་ཀའི་ཚུལ་གྱིས་འབྲས་བུའི་རྣམ་པ་ལ་དམིགས་པའི་ཤེས་རབ་རྣམས། དང་པོ་དང་ཐ་མའི་བར་དུ་ཡོད་པས་ན་ཁྱད་པར་དུ་འཕགས་པའོ། །

གཉིས་པ་ལམ་བདེ་བས་ཁྱད་པར་དུ་འཕགས་ཚུལ།

གཉིས་པ་ལམ་བདེ་བས་ཁྱད་པར་དུ་འཕགས་ཚུལ་ལ།

ལམ་བདེ་བའི་ངོ་བོ་དང༌། བདེ་བས་ལམ་བགྲོད་པའི་རྒྱུ་མཚན་བཤད་པའོ། །དང་པོ་ནི། ལུས་དང་སེམས་ལ་ཚོར་བ་རྩུབ་པཽ་མེད་པས་ན་བདེ་བ་ཉིད་དོ། །གཉིས་པ་ནི། འདི་ལ་སྐལ་བ་དྲུག་དང་ལྡན་པའི་ལུས་ཀྱང་གྲུབ་པ་དང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་མང་པོ་ཐོབ་པ་དང༌། སྔགས་ཀྱི་མཐུས་སངས་རྒྱས་རྣམས་མངོན་སུམ་དུ་བཞུགས་པ་དང༌། སྔགས་དང་རྒྱུད་ཀྱི་སྦྱོར་བས་འགྲོ་བའི་བསམ་པ་ཐམས་ཅད་བསྒྲུབས་པས་ནའོ། །

གསུམ་པ་ཐབས་ལ་མཁས་པས་ཁྱད་པར་དུ་འཕགས་པ་ལ། བསླབ་པ་གསུམ་གྱི་སྒོ་ནས་དང༌། སྤྱོད་ཡུལ་དུ་འཇུག་པའི་སྒོ་ནས་ཁྱད་པར་དུ་འཕགས་པ་སྟེ་གཉིས་ལས། དང་པོ་ནི། རིག་པ་འཛིན་པ་རྣམས་དང་ཚུལ་ཁྲིམས་མཉམ་པས། ལྷ་དགྱེས་པ་དང༌། སྤྱོད་ཡུལ་ཁྱད་པར་ཅན་དང་འབྲེལ་བའི་ཏིང་ངེ་འཛིན་དང༌། ཤེས་རབ་དང་གསུམ་མོ། ། གཉིས་པ་ནི། སྤྱོད་ཡུལ་ཐམས་ཅད་དུ་ལྷ་དང་སྔགས་ཀྱི་ཐབས་ཁྱད་པར་ཅན་ཡོད་པས་ན། ཐབས་ལ་མཁས་པས་ཁྱད་པར་དུ་འཕགས་པའོ། །དེ་ཡང་ཕ་རོལ་ཏུ་ཕྱིན་པའི་ཚུལ་ལས་བཤད་པའི་བསླབ་པ་གསུམ་དང༌། སྤྱོད་ཡུལ་ལ་འཇུག་པའི་ཐབས་མཁས་ཀྱི་ཁྱད་པར་དེ་དག་ནི་འདིར་ཡོད་མོད་ཀྱི། ཕ་རོལ་ཏུ་ཕྱིན་པ་ལ་མེད་པའི་ཁྱད་པར་དེ་དག་དང་ལྡན་པས་ན། ཐབས་ལ་མཁས་པའི་ཁྱད་པར་དུ་གྱུར་པ་སྟེ། གོ་རིམ་བཞིན་དུ། སྒྲོལ་མ་འབྱུང་བའི་རྒྱུད་ལས། བསྐལ་བ་གྲངས་མེད་སུམ་ཅུ་གཉིས། །འབད་ཀྱང་ད་དུང་བྱང་ཆུབ་མེད། ། བདེ་བས་ཚེ་འདིར་འགྲུབ་འགྱུར་བ། །དེ་ཕྱིར་འདོད་ཆགས་ཆེན་པོ་བསྟན། །ཞེས་དང༌། བདེ་བས་བདེ་བ་ཐོབ་གྱུར་ཏེ། །སངས་རྒྱས་བདེ་བ་བདེ་ཆེན་ནོ། །འབྲས་བུ་དང་མཚུངས་རྒྱུ་སྒྲུབ་པ། །མ་ཚང་སྟོང་པས་མྱ་ངན་འདས། །ཞེས་དང༌། ཇི་སྐད་དུ། སེམས་ཅན་དོན་ཀུན་ལེགས་བསྒྲུབ་ཕྱིར། །བློ་ཆེན་ལ་ནི་ཐབས་ཐམས་ཅད། །དབྱེ་བ་རྣམ་བཞིར་ཚུལ་གྱིས་མཆོག །འགྲོ་བའི་སྟོན་པས་གསུངས་པ་ཡིན། །ཞེས་སོ། །ཞེས་གསུངས་པ་ལྟར་ཡིན་ནོ། །རྟོགས་བྱ་ཆོས་ཀྱི་དབྱིངས་དང༌། མཐར་ཐུག་གི་འབྲས་བུ་དང༌། དེ་བསྒྲུབ་པའི་བྱང་ཆུབ་ཀྱི་སེམས་གསུམ་དོན་གཅིག་ནའང༌། མདོ་སྔགས་གཉིས་ཀྱི་ལྟ་བ་གཏན་ལ་འབབ་ཚུལ་ལམ་བསྟན་ཚུལ་ཅུང་མི་འདྲ་བ་ཡོད་ཀྱང་རྟོགས་བྱའི་ལྟ་བ་མཐར་ཐུག་ལ་ཁྱད་པར་མེད་པ་འདྲ་སྟེ། བླང་དོར་རབ་གསལ་ལས། གཉིས་ཀ་ལའང་བརྒྱད་སྟོང་དོན་བསྡུར། ཤེར་རབ་ཕ་རོལ་ཕྱིན་གཉིས་མེད། །ཡེ་ཤེས་དེ་ནི་དེ་བཞིན་གཤེགས། །ཞེས་དང༌། རིམ་ལྔའི་འགྲེལ་བ་རྡོ་རྗེ་འཆང་གི་དགོངས་པ་ལས། མདོ་སྔགས་གཉིས་རྟོགས་བྱ་སྟོང་ཉིད་ལ་ཁྱད་མེད་ཀྱང༌། ཞེས་གསུངས་པ་ལྟར་མཐར་ཐུག་ངེས་པའི་དོན་གཅིག་ཡིན་ན་ཡང༌། ཞེས་སོགས་གོང་དུ་བཀོད་པ་ལྟར་ཡིན་པའི་ཕྱིར། སྡོམ་གསུམ་རབ་དབྱེ་ལས། གསང་སྔགས་ཕ་རོལ་ཕྱིན་པ་ལ། །ལྟ་བའི་ཁྱད་པར་བཤད་པ་མེད། །ཅེས་པ་ཡང་བཤད་དོ། །སྔགས་དང་རྒྱུད་ཀྱི་གོ་དོན་ནི། རྒྱུད་སྡེ་སྤྱིའི་རྣམ་བཞག་ཟིན་བྲིས་ལས། སྔགས་ནི་གསང་སྔགས་རྣམས་དང་བདེ་བ་ཆེན་པོའི་ཡེ་ཤེས་སོ། །རྒྱུད་ནི་དེའི་སྦྱོར་བ་སྟེ་ལས་དང༌། དངོས་གྲུབ་ཀྱི་ཚོགས་རྣམས་ཏེ། ཇི་སྐད་དུ། ཡིད་ནི་མན་ཞེས་བྱ་བར་བཤད། །ཏྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་སྔགས་ཀྱི་དོན་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་མཚན་རྟོག་ལས་སྐྱོབ་པའོ། །ཡང་ན་གསང་སྔགས་ཞེས་བྱ་བ་ནི་མནྟྲ་སྟེ། དེ་ལས་མ་ནུ་ན་ཡིད་ཡིན་ལ། སྒོ་ལྔའི་རྣམ་ཤེས་རྗེས་སུ་འབྲང་བའི་ཡིད་དང་བཅས་པའོ། །ཏྲ་ཡ་ནི་སྐྱོབ་པ་སྟེ། བསྐྱེད་རྫོགས་གཉིས་ཀྱི་ཐབས་མཁས་ཀྱིས། སྒོ་ལྔའི་རྣམ་ཤེས་རྗེས་འབྲང་དང་བཅས་པའི་རྣམ་རྟོག་གི་ཡིད་ལ་སྐྱོབ་པས་ན་གསང་སྔགས་སོ། །བསྐྱེད་རྫོགས་གཉིས་པོ་དེ་བཞོན་པར་བྱེད་པས་ན་གསང་སྔགས་ཀྱི་ཐེག་པའོ། ། དེ་སྐད་དུ་ཡང༌། མ་ནི་དེ་བཞིན་ཡིད་ཡིན་ཏེ། །གང་གང་རྒྱུ་དང་རྐྱེན་ལས་བྱུང༌། ། ཡུལ་དང་དབང་པོ་ཡིན་ནོ་གསུངས། །ཏྲ་ནི་དེ་བཞིན་སྐྱོབ་པར་མཛོད། །ཅེས་དང༌། མ་ནི་སྟོན་པ་མཚན་མ་བྲལ། །རྡོ་རྗེ་འཛིན་པའི་དབུགས་དབྱུང་བ། །ཤེས་རབ་ཆེན་པོ་བདག་གིས་བཤད། །ཏྲ་ནི་དེ་བཞིན་སྐྱོབ་པར་བརྗོད། །དེ་བཞིན་གཤེགས་པའི་དབུགས་དབྱུང་བ། །སྙིང་རྗེ་ཆེན་པོ་བདག་གིས་བཤད། །སྟོང་པ་དང་ནི་སྙིང་རྗེ་གཉིས། །གཉིས་སུ་མེད་པ་གཉིས་ཀྱི་ཚུལ། །གསང་སྔགས་ཞེས་ནི་དེ་ལ་བརྗོད། །ཅེས་སོ། །ཡང་ན་སྔགས་རྣམས་རྒྱུད་ཀྱི་ནང་དུ་འདུ་བ་ཡིན་ཏེ། དེ་ལ་རྒྱུད་ཅེས་བྱ་བ་ནི་སྔགས་རྣམས་དང་དེའི་ཆོ་གའོ། །དེ་སྟོན་པར་བྱེད་པའི་བཀའི་ཚོགས་ལ་རྡོ་རྗེ་ཐེག་པའི་སྡེ་སྣོད་དང༌། རྒྱུད་ཅེས་བྱ་བ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། རིག་པ་འཛིན་པའི་སྡེ་སྣོད་དང༌། སྔགས་ཀྱི་སྡེ་སྣོད་དང༌། ཆོས་འདི་པ་རྣམས་ཀྱི་རྒྱུད་དང༌། རྡོ་རྗེ་ཐེག་པའི་སྡེ་སྣོད་ཞེས་པ་རྣམས་རྣམ་གྲངས་དང༌། གཞན་ཡང་རྡོ་རྗེ་ཐེག་པ་དང༌། སྔགས་ཀྱི་ཐེག་པ་དང༌། རིག་པ་འཛིན་པའི་ཐེག་པ་དང༌། འབྲས་བུའི་ཐེག་པ་ཞེས་པ་རྣམས་རྣམ་གྲངས་ཡིན་ནོ། །ཞེས་དང༌། བླང་དོར་རབ་གསལ་ལས། རྒྱུད་ཀྱི་དོན་ཡང་གནས་སྐབས་ཐམས་ཅད་དུ། །རང་བཞིན་ཆོས་དབྱིངས་རྒྱུན་མི་འཆད་པའོ། །དེ་ཡང་དཔལ་གསང་བ་འདུས་པ་ལས། རྒྱུད་ནི་རྒྱུན་ཞེས་བྱ་བ་སྟེ། །རྒྱུད་དེའང་རྣམ་པ་གསུམ་དུ་འགྱུར། །གཞི་དང་རང་བཞིན་ཉིད་དང་ནི། །མི་འཕྲོག་པ་ཡི་རབ་དབྱེ་བའོ།། ཞེས་གསུངས་པ་ལྟར། གཞི་དང་ལམ་དང་འབྲས་བུའི་གནས་སྐབས་ཐམས་ཅད་དུ་དོན་དམ་ཆོས་ཀྱི་དབྱིངས་རྒྱུད་མི་ཆད་པ་ཡིན་ཞིང༌། དེ་ཡང༌། རང་བཞིན་རྣམ་པ་རྒྱུ་ཡིན་ལ། །གཞི་ནི་ཐབས་ཞེས་བྱ་བ་ཡིན། །དེ་བཞིན་མི་འཕྲོག་འབྲས་བུ་སྟེ། །གསུམ་གྱིས་རྒྱུད་ཀྱི་དོན་བསྡུས་པའོ། །ཞེས་གསུངས་པ་ལྟར་གཞི་ལ་ཆོས་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་གདོད་མ་ནས་ལྷུན་གྱིས་གྲུབ་པར་བཞུགས་པ་རྒྱུའི་རྒྱུད་དང༌། གཞི་ལ་གནས་པ་དེ་ཉིད་ལམ་ཟབ་མོའི་ཐབས་ཀྱིས་རིམ་གྱིས་མངོན་དུ་འགྱུར་བ་ཐབས་ཀྱི་རྒྱུད་དང༌། ལམ་མཐར་ཕྱིན་པ་ལས་དག་པ་གཉིས་ལྡན་མི་འཕྲོག་པའི་གོ་འཕང་ཐོབ་པ་འབྲས་བུའི་རྒྱུད་དོ། །དེ་ཡང་རྣམ་ཀུན་མཆོག་ལྡན་སྟོང་པ་དང༌། ། དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོ་དག །དབྱེར་མེད་ཟུང་འཇུག་དོན་དམ་ཡེ་ཤེས་སྐུ། །བརྟན་གཡོ་ཀུན་ལ་ཁྱབ་པ་ནམ་མཁའ་བཞིན། །ཇི་སྐད་དུ། དཔལ་ཀྱཻའི་རྡོ་རྗེ་ལས། ཧེ་ནི་སྙིང་རྗེ་ཆེན་པོ་སྟེ། །བཛྲའང་ཤེས་རབ་བརྗོད་པར་བྱ། །ཐབས་དང་ཤེས་རབ་བདག་ཉིད་རྒྱུད། དེ་ནི་ང་ཡིས་བཤད་ཀྱིས་ཉོན། །ཞེས་གསུངས་པ་ལྟར། ཧེ་ཡིག་གིས་མཚོན་པ་ཐབས་དམིགས་མེད་སྙིང་རྗེ་བདེ་བ་ཆེན་པོ་དང༌། བཛྲས་མཚོན་པ་ཤེས་རབ་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་དབྱེར་མེད་ཟུང་འཇུག་དོན་དམ་པའི་སངས་རྒྱས་གནས་སྐབས་ཐམས་ཅད་དུ་རྒྱུན་མི་ཆད་ཅིང་བརྟན་གཡོ་ཐམས་ཅད་ལ་ནམ་མཁའ་ལྟར་ཁྱབ་པར་བཞུགས་པ་སྟེ། མཚན་ཡང་དག་པར་བརྗོད་པ་ལས། ༼རང་བྱུང་ཡེ་ཤེས་ཀྱི༽དངོས་པོ་ཀུན་གྱི་རང་བཞིན་༼མ་བཅོས་པ་འགྱུར་མེད༽མཆོག །དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་༼དོན་དམ་པའི་༽ཆོས་དེ་༼འཁོར་འདས་ཀྱི་རྣམ་པ༽སྣ་ཚོགས་༼པའི་སྤྲུལ་བའི༽དོན། །ཆོས་ཀུན་༼གྱི་ཡིན་ལུགས་༽ངོ་བོ་ཉིད་༼ཀྱི་སྐུ༽འཆང་བ༼པོ་ཡིན་ནོ༽། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེ་ཉིད་མ་དག་སེམས་ཅན་ཐམས་ཅད་ལ། །ས་ལ་གཏེར་བཞིན་སྒྲིབ་པ་སྤང་རུང་དུ། །གདོད་ནས་ལྷུན་གྱིས་གྲུབ་པར་གནས་པ་ལ། །བདེ་གཤེགས་སྙིང་པོ་རྒྱུ་ཡི་རྒྱུད་ཅེས་གསུངས། །དེ་ཡང་དཔལ་དུས་ཀྱི་འཁོར་ལོ་ལས། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་༼དང་པོའི་སངས་རྒྱས་ལུས་ཅན་ཐམས་ཅད་ལ་བཞུགས་པ་ཡང་སེམས་ཅན་ལུས་ཡོད་མེད་ཀྱི་རྗེས་སུ་མི་འགྲོ་དེ་ཉིད་གཟུགས་སོགས།༽ ཡུལ་དང་རྣམ་པར་བྲལ་ཞིང་ལུས་ཀྱི་དབུས་སུ་དེ་བཞིན་༼དུ་གནས་སོ༽ནོ། །ཞེས་པ་ལ་སོགས་པས་རང་བཞིན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དེ་བཞིན་གཤེགས་པའི་སྙིང་པོ་ནམ་མཁའ་ལྟར་བརྟན་གཡོ་ཐམས་ཅད་ལ་ཁྱབ་ཅིང༌།ཁྱད་པར་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རང་བཞིན་འོད་གསལ་སྒྲིབ་པ་སྤང་རུང་དུ་གནས་པ་ལ་ནི་རྒྱུའི་རྒྱུད་ཅེས་གསུངས་ཤིང༌། ལམ་དུ་ཞུགས་ནས་མི་རྟོག་ཏིང་འཛིན་གྱིས། །རྣམ་རྟོག་རྣམ་ཤེས་རིམ་གྱིས་འགགས་པ་ལས། །དོན་དམ་ཆོས་ཉིད་རིམ་གྱིས་མཐོང་བ་ལ། །ལམ་གྱི་དམིགས་ཡུལ་ཐབས་ཀྱི་རྒྱུད་ཅེས་བྱ། །དེ་ཡང་འགྲེལ་ཆེན་ལས། དུ་བ་༼ལྟ་བུ་དང་༽ལ་སོགས་༼ཀྱི་སྒྲས་བསྡུས་པ༽མཚན་མ༼འི་རྟགས་བཅུ༽དག་དང་ནི། །༼དེའི་མཐར་སྣ་ཚོགས་གཟུགས་བརྙན་འོད་གསལ་བ་མཐོང་བ་སོ་སོར་སྡུད་པའི་ཡན་ལག་སྟེ། དབང་མདོར་བསྟན་པ་ལས། དུ་བ་སྨིག་རྒྱུ་མཁའ་སྣང་དང༌། །སྒྲོན་མ་འབར་བ་ཟླ་ཉི་མ། །མུན་ཅན་ཆ་དང་ཐིག་ལེ་ཆེ། །སྣ་ཚོགས་གཟུགས་བརྙན་འོད་གསལ་བ། །ཞེས་གསུངས་པའོ། །དེའི་ཤུགས་ལ་རྣམ་པ་ཐམས་ཅད་པའི་སྟོང་གཟུགས་བརྟན་པར་མཐོང་པའི་བསམ་གཏན་གྱི་ཡན་ལག་བསྟན་ཏེ་དེ་ལྟར་ཡན་ལག་དང་པོ་གཉིས་དང་གཡོན་དང་གཡས་ཀྱི་རྩ་ལ་རྒྱུ་བའི༽སྲོག་༼དབུ་མའི་ནང་དུ༽རྩོལ་༼བ་སྟེ་འབབ་པར་བྱེད་པའི་སྦྱོར་བ་དག་གིས་༽གྱིས་ནི་༼དབུགས་ཐམས་ཅད་རྩ༽དབུ་མར་འབབ་པ་དང་༼སྲོག་རྩོལ་གྱི་ཡན་ལག་དེའི་ཤུགས་ལ་རླུང་དབུ་མ་ནས་ཀྱང་འགྲོ་འོང་མེད་པར་འཛིན་པ་འཛིན་པའི་ཡན་ལག་སྟེ་ཡན་ལག་བར་བ་གཉིས་དང་ཡན་ལག་ཐ་མ་གཉིས་ནི༽། །རིག་མ་༼སྟེ་དབང་བསྐུར་ཞིང་བསླབ་པ་དང་གཟུགས་དང་ལང་ཚོ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ལས་ཀྱི་ཕྱག་རྒྱ་ལ་སྦྱོར་པ༽འི་བརྟུལ་ཞུགས་དག་གིས་རྡོ་རྗེ་ནི་༼སྟེ་བྱང་ཆུབ་ཀྱི་སེམས་རྡོ་རྗེ་ནོར་བུ་ལས་ཕྱི་རོལ་ཏུ༽། །ལྟུང་༼བ༽མིན་༼པའི་རྗེས་དྲན་གྱི་ཡན་ལག་དང་རྗེས་དྲན་གྱི་སྐབས་སུ་ལྟེ་བའི་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཡིག་ཞུ་བའི་བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས་རྡོ་རྗེ་ནོར་བུའི་བར་དུ་བྱོན་པ༽དེ་བཞིན་༼དུ་སླར༽སྟེང་དུ་ཁུ་བ་༼གཙུག་ཏོར་གྱི་བར་དུ་བགྲོད་པའམ་གཤེགས་པར་བྱེད་པ་ཏིང་ངེ་འཛིན་གྱི་ཡན་ལག་༽སྟེ། །༼དེ་ལྟར་སྦྱོར་བ་ཡན་ལག་དྲུག་གི༽ལམ་འདི་རྣམས་ཀྱིས་སངས་རྒྱས་རྣམས་ཀྱི་ནི། །བདེ་བ་༼ཐིག་ལེ་བཞི༽མཆོག་ཏུ་འགྱུར་བ་མེད་པ་ཞེས། །༼རྒྱུད་ཀྱི་རྒྱལ་པོ་རྣམས་སུ༽མངོན་པར་བརྗོད་པའམ་༼མིང་གཞན་དོན་དམ་པའི༽ཕོ་ཉ་མོ༼འམ་མཁའ་འགྲོ་མ༽ཀུན་གྱི། །༼ཞེས་པ་ཕྱག་རྒྱ་ཆེན་པོ་ཆོས་ཉིད་འོད་གསལ་གྱི་གཟུགས་དང་༽ལྷན་ཅིག་སྐྱེས་པ༼འི་བདེ་བ་ཆེན་པོ་མཆོག་གི་དངོས་གྲུབ༽རྣལ་འབྱོར་པས་ཐོབ་༼པར༽འགྱུར་༼རོ༽། །ཞེས་གསུངས་པ་ལྟར་ཡན་ལག་དྲུག་གི་རྣལ་འབྱོར་ལ་བརྟེན་ནས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་བསྒོམས་ཏེ། རྣམ་ཤེས་འཁྲུལ་པའི་སྣང་བ་རིམ་གྱིས་འགག་པ་ལ་དོན་དམ་ཆོས་ཉིད་བདེ་སྟོང་ཟུང་འཇུག་གི་སྣང་བ་རིམ་གྱིས་འཆར་བ་ནི་ཐབས་ཀྱི་རྒྱུད་ཅེས་བྱ་བ་དང༌། བསྙེན་བསྒྲུབ་རྣམ་བཞིའི་རྣལ་འབྱོར་མཐར་ཕྱིན་ཏེ། །གནས་སྐབས་རིགས་བཞིའི་སྒྲིབ་པ་ཀུན་སྤངས་ནས། །ཟག་མེད་སྐུ་བཞི་མངོན་དུ་གྱུར་པ་ལ། །དག་པ་གཉིས་ལྡན་འབྲས་བུའི་རྒྱུད་ཅེས་གསུངས། །དེ་ཡང་རྒྱུད་ལས།རྒྱལ་བ༼བདེ་གཤེགས་སྙིང་བོ༽འི་སྐུའི་རྡོ་རྗེའི་༼ནི་རྟེན་འབྲེལ་ལས་འདས་པ༽ཡུལ་དང་ཡུལ་ཅན་༼འབྲེལ་པར་འཇུག་པ༽རྣམས་ཀྱིས་བགྲོད་བྱ་༼འམ་རྟོགས་བྱ༽མིན་༼པ༽རྣམ་པ་ཐམས་ཅད་པ་༼པྲ་ཕབ་པ་ལྟ་བུར་སྣང་བའི་སྟོང་གཟུགས་སོ༽། །༼དེའི༽གསུང་གི་རྡོ་རྗེ་༼ནི་ཉེ་ཚེ་བ་མ་ཡིན་ལ༽སེམས་ཅན་༼ཐམས་ཅད་ཀྱི༽རང་སྙིང་༼སྟེ་རང་རང་གི་བསམ་པ་ལྟར་རང་རང་གི༽སྐད་རྣམས་དག་གིས་ཆོས་ནི་གོ་བར་བྱེད་པའོ། །རྡོ་རྗེ་ཅན་གྱི་ཐུགས་ཀྱིས་རྡོ་རྗེ༼ནི་རྣམ་པར་མི་རྟོག་པའི་སེམས་འོད་གསལ་བ་ཡིན་པས༽སེམས་ཅན་རྣམས་ཀྱི་སེམས་ཀྱི་རང་བཞིན་མཐའ་དག་པ་ལ་༼སྟེ་བརྟན་གཡོ་ཀུན་ལ་ཁྱབ་བྱེད་དུ༽གནས་༼པའོ༽། །དྲི་མེད་ནོར་བུ་༼ཆེན་པོས་གང་ལ་རེག་ཚད་ནོར་བུ་བྱེད་པ༽ལྟ་བུར་དངོས་པོ་རྣམས་ཀྱི་༼ཁམས་བདེ་བ་ཆེན་པོར༽འཛིན་བྱེད་གང་ཡིན་དེ་ཉིད་༼དེའི༽ཡེ་ཤེས་རྡོ་རྗེའོ། །ཞེས་པ་ལ་སོགས་པས་༼སྦྱོང་བྱེད༽ལམ་གྱི་བསྙེན་བསྒྲུབ་༼བསྙེན་པ་ཉེར་བསྙེན་སྒྲུབ་པ་སྒྲུབ་ཆེན༽བཞིའི་རྣལ་འབྱོར་མཐར་ཕྱིན་པ་ལས། ༼སད་པ་རྨི་ལམ་གཉིད་འཐུག་ཆགས་པ་སྟེ༽སྤང་བྱ་གནས་སྐབས་རིགས་བཞིའི་སྒྲིབ་པ་མཐའ་དག་འགགས་ནས། ༼སྦྱང་འབྲས༽དྲི་མ་དང་འབྲལ་བའི་འབྲས་བུ་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་སྒྱུ་འཕྲུལ་དྲ་བས་མངོན་པར་རྫོགས་པར་བྱང་ཆུབ་པས། རྣམ་པ་ཐམས་ཅད་མཁྱེན་པ་དབྱིབས་ཀྱི་རྣམ་པར་མཐར་ཕྱིན་པ་དང༌། སྐྱེས་བུ་བྱེད་པའི་འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་རྣམ་པ་ཉི་ཤུས་མངོན་པར་རྫོགས་པར་བྱང་ཆུབ་པ་ལམ་མཁྱེན་པ་སྔགས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་དང༌། རྣམ་པར་སྨིན་པའི་འབྲས་བུ་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་རྣམ་པ་ལྔས་མངོན་པར་རྫོགས་པར་བྱང་ཆུབ་པ་ལམ་གྱི་རྣམ་པ་ཐམས་ཅད་མཁྱེན་པ་ཆོས་ཀྱི་རྣལ་འབྱོར་མཐར་ཕྱིན་པ་དང༌། རྒྱུ་མཐུན་པའི་འབྲས་བུ་ཡེ་ཤེས་རྡོ་རྗེ་ངོ་བོ་ཉིད་ཀྱི་སྐུ་སྐད་ཅིག་མ་གཅིག་གིས་མངོན་པར་རྫོགས་པར་བྱང་ཆུབ་པ་ཐམས་ཅད་མཁྱེན་པ་རྣམ་པར་དག་པའི་རྣལ་འབྱོར་མཐར་ཕྱིན་པ་སྟེ། དེ་ལྟར་ན་འབྲས་བུ་བཞི་དང་རྡོ་རྗེ་བཞི་དང་སྐུ་བཞི་དང་བྱང་ཆུབ་པ་བཞི་དང༌། མཁྱེན་པ་བཞི་དང་རྣལ་འབྱོར་བཞི་རང་བཞིན་གྱིས་རྣམ་པར་དག་པ་གློ་བུར་གྱི་དྲི་མ་དང་ཡང་བྲལ་ནས་དག་པ་གཉིས་ལྡན་མངོན་དུ་གྱུར་པ་ནི་འབྲས་བུའི་རྒྱུད་ཅེས་གསུངས་སོ། །སྔགས་མཚན་ཉིད་མཐར་ཐུག་ངེས་པའི་དོན་གཅིག་པ་ཐེག་པ་ཆེན་པོའི་རྒྱུད་བླ་མར་ཡང༌། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་ཆོས་དབྱིངས་ལ། ཁྱད་པར་མེད་ཀྱང་དྲི་མས་མ་དག་པའི་གནས་སྐབས་ལ་སེམས་ཅན་དང༌། དྲི་མ་ཅི་རིགས་པས་དག་ཅིང་ལྷག་མ་མ་དག་པའི་གནས་སྐབས་ལ་བྱང་ཆུབ་སེམས་དཔའ་དང༌། དྲི་མ་མཐའ་དག་གིས་དག་པའི་གནས་སྐབས་ལ་དེ་བཞིན་གཤེགས་པ་ཞེས་བཏགས་ནས་གནས་སྐབས་གསུམ་གྱིས་དབྱེ་བས་གསུངས་པ་དང༌། ཇི་ལྟར་རྟོག་མེད་བདག་ཉིད་ཅན། །ནམ་མཁའ་ཀུན་ཏུ་རྗེས་སོང་ལྟར། །སེམས་ཀྱི་རང་བཞིན་དྲི་མེད་དབྱིངས། །དེ་བཞིན་ཀུན་ཏུ་འགྲོ་བ་ཉིད། །ཅེས་པས་དེ་བཞིན་ཉིད་ནམ་མཁའ་ལྟར་ཁྱབ་པར་གསུངས་པ་དང༌། ཉེས་པ་གློ་བུར་དང་ལྡན་དང༌། །ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཅི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་པ་སེམས་ཅན་ལ་ཡོད་པའི་ཉེས་པ་ནི་སྤང་རུང་གློ་བུར་བ་ཡིན་ཞིང༌། སངས་རྒྱས་ལ་མངའ་བའི་ཡོན་ཏན་རྣམས་གདོད་མ་ནས་རང་བཞིན་དུ་ཡོད་པའི་ཕྱིར་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུ་འགྱུར་བ་མེད་པ་རྒྱུད་ཀྱི་དོན་དུ་གསུངས་པ་དང་ཡང་མཐུན་པ་ཉིད་དོ། །༼རྒྱུའི་རྒྱུད་དང་ཐབས་རྒྱུད་སོགས་འོག་ཏུ་འཆད་ཀྱང་སྐབས་འདིར་རྒྱུད་ཀྱི་དོན་བཤད་སྐབས་འདིར་བླང་དོར་རབ་གསལ་གྱི་རྩ་འགྲེལ་བཀོད་པའོ། །༽སྔགས་ཀྱི་དོན་ཡང་སྲིད་པ་འཁོར་བ་ཡི། །རྩ་བ་རྣམ་རྟོག་རིམ་གྱིས་འགོག་པ་སྟེ། །རྣམ་རྟོག་ཕལ་བའི་གཉེན་པོ་བསྐྱེད་རིམ་དང༌། །མཐའ་དག་གཉེན་པོ་རྫོགས་པའི་རིམ་པའོ། །དེ་ཡང་དཔལ་ཡང་དག་སྦྱོར་བ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་པ་དང༌། དཔལ་གསང་བ་འདུས་པར་ཡང༌། རྣམ་པར་རྟོག་པ་གང་གང་གི། །རྐྱེན་ནི་གང་གང་ལས་བྱུང་བའི། །ཡིད་ནི་མན་ཞེས་བྱ་བ་སྟེ། །དྲ་ནི་སྐྱོབ་པར་བྱེད་པའི་དོན། །ཞེས་གསུངས་པ་ལྟར། འཁོར་བའི་ཉེས་པ་ཐམས་ཅད་ཀྱི་རྩ་བ་རྣམ་པར་རྟོག་པ་ལས་ཡིད་སྐྱོབ་པའི་དོན་གྱིས་ན་མན་ཏྲ་སྟེ་སྔགས་ཞེས་བྱ་ཞིང༌། དེ་ཡང་ཐ་མལ་རྣམ་རྟོག་གི་གཉེན་པོར་བསྐྱེད་པའི་རིམ་པ་དང༌། རྣམ་རྟོག་མཐའ་དག་གི་གཉེན་པོར་རྫོགས་པའི་རིམ་པ་བསྒོམ་པ་སྟེ། ཕལ་བ༼སྟེ་ཐ་མལ་པ༽འི་༼སྣང་བ༽གནས་སྐབས་གཞོམ་པའི་ཕྱིར་༼དུ༽། ༼བསྐྱེད་རིམ་གྱིས༽བསྒོམ་པ་ཡང་དག་༼པར༽རབ་ཏུ་༼སངས་རྒྱས་ཀྱིས༽བསྒྲགས་༼པ་སྟེ་བསྟན་ནོ༽། །༼གྱ་ནོམ་ལྷའི༽རང་བཞིན་༼དུ་སྣང་བའི༽གནས་སྐབས་གཞོམ་པའི་ཕྱིར། །༼རྫོགས་རིམ༽བསྒོམ་པ་ཉིད་ནི་༼རྣམ་རྟོག་ཡིད་ལ༽མི་བསྒོམ་༼པ་སྟེ༽ཡིན་༼ནོ༽། །ཞེས་གསུངས་པ་ལྟར། བསྐྱེད་རིམ་ལ་ཡང་ཡབ་ཀྱི་ཆར་བསྟན་པ། །ཐམས་ཅད་བདེ་བ་ཆེན་པོ་མཚོན་པ་དང༌། །ཡུམ་གྱི་ཆ་རྣམས་སྟོང་ཉིད་མཚོན་པ་སྟེ། །དོན་དམ་བདེ་སྟོང་ཟུང་འཇུག་སྟོན་པར་མཚུངས། །དེ་ཡང་དཔལ་བདེ་མཆོག་གི་རྒྱུད་ལས། སམ་ཞེས་བྱ་བ་བདེ་བར་བརྗོད། །སངས་རྒྱས་ཀུན་གྱི་བདེ་ཆེན་ཉིད། །སྒྱུ་མ་ཐམས་ཅད་མཉམ་སྦྱོར་བ། །མཆོག་ཏུ་བདེ་བས་བདེ་མཆོག་ཉིད། །ཅེས་གསུངས་པ་ལྟར། དོན་དམ་པའི་སངས་རྒྱས་ཐམས་ཅད་བདེ་སྟོང་ཟུང་འཇུག་ཡེ་ཤེས་ཀྱི་སྐུར་མཚུངས་ཤིང་དེའི་ལམ་མོས་པ་ཉིད་ཡིད་ལ་བྱེད་པ་བསྐྱེད་རིམ་བསྒོམ་པའི་སྐབས་སུ། ཐབས་བདེ་བ་ཆེན་པོ་མཚོན་པ་ལ་ཡབ་ཀྱི་རྣམ་པ་དང༌། ཤེས་རབ་སྟོང་པ་ཉིད་མཚོན་པ་ལ་ཡུམ་གྱི་རྣམ་པ་དང༌། བདེ་སྟོང་ཟུང་འཇུག་མཚོན་པ་ལ་ཡབ་ཡུམ་ཞལ་སྦྱོར་ལ་སོགས་པའི་རྣམ་པས་བསྟན་པའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །

སྔགས་ཀྱི་རྒྱུད་སྡེ།

སྔགས་ཀྱི་རྒྱུད་སྡེ་ནི།

སྡེ་སྣོད་གསུམ་ལས་གང་ཡིན་ཞེ་ན། ཀུན་མཁྱེན་ཕྱོགས་རྒྱལ་བ་ཆེན་པོའི་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་བཤད་པ་ལ་འཇུག་པའི་ཡན་ལག་རྣམ་པར་བཞག་པ་ངོ་མཚར་རྟོགས་བརྗོད་ལས། སྟོན་པའི་བསྟན་པ་ཐམས་ཅད་རྗོད་བྱེད་སྡེ་སྣོད་གསུམ་དུ་འདུས་དགོས་པས། སྔགས་ཀྱི་རྒྱུད་སྡེ་རྣམས་སྡེ་སྣོད་གསུམ་པོ་གང་ཡིན་སྙམ་ན། སློབ་དཔོན་ཨརྱ་དེ་བ་ནི་རྒྱུད་སྡེ་རྣམས་རིག་པ་འཛིན་པ་སྡེ་སྣོད། ཅེས་པ་སྡེ་སྣོད་བཞི་པ་ཡིན་པར་བཞེད་དེ། དཔུང་བཟང་གིས་ཞུས་པ་ལས། ལྷ་དང་ལྷ་མི་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་འབྱུང་བ་དང་མཐུན་ནོ། །སློབ་དཔོན་ཤནྟི་པ་ནི་གསང་སྔགས་ནི་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེ་འོ། །ཞེས་བཞེད་ཅིང༌། དཔུང་བཟང་གིས་ཞུས་པ་ལས་ཀྱང༌། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། ཞེས་པ་དང༌། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་སོགས་རྒྱུད་མང་པོ་ལས་མདོ་ཞེས་བཤད་པ་ཡང་ཡོད་དོ། །སློབ་དཔོན་ཨ་བྷ་ཡ་ནི། སྔགས་ཀྱིས་བསླབ་པ་གསུམ་ག་སྟོན་པས་སྡེ་སྣོད་གསུམ་ཀའོ་ཞེས་ཀྱང་བཞེད་ལ། ཁ་ཅིག་གསང་སྔགས་ནང་གི་མངོན་པ་ཡིན། ཞེས་འདོད་པ་ཡང་ཡོད་མོད། སློབ་དཔོན་ཨརྱ་དེ་བ་བཞེད་པ་ལྟར་ཡིན་ནམ་སྙམ་མོ། །ཞེས་དང༌། རྗེ་བཙུན་གྱི་རྒྱུད་སྡེ་བཞིའི་ཟིན་བྲིས་ལས། སྤྱིར་མདོ་སྡེ་དང༌། རྒྱུད་སྡེ་ཞེས་པ་དང༌། མདོ་རྒྱུད་ཅེས་པ་འགལ་བ་ནི་མ་ཡིན་ཏེ། གསང་སྔགས་ཀྱི་རྒྱུད་སྡེ་ཐམས་ཅད་ཀྱང་མདོ་སྡེ་ཡིན་པ་དང༌། ཆ་ཤས་ཙམ་སྟོན་པའི་དབང་དུ་བྱས་ནས། སྡེ་སྣོད་གསུམ་ཆར་དུ་གཏོགས་པ་དང༌། རིག་པ་འཛིན་པའི་སྡེ་སྣོད་ཅེས་ཀྱང་བྱ་བ་ཡིན་ཏེ། དེ་ཡང་སློབ་དཔོན་ཤནྟི་པས་ཟབ་མོའི་དོན་བསྡུས་ཏེ་སྟོན་པས་མདོ་སྡེའོ། །ཞེས་པ་དང༌། དཔུང་བཟང་ལས། གསང་སྔགས་མདོ་སྡེའི་ཚུལ་དུ་བཤད་ཀྱིས་ཉོན། །ཞེས་པ་དང༌། མདོ་སྡེ་འདི་ནི་ཉན་བྱེད་ན། །ཞེས་དང༌། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་སོགས་རྒྱུད་མང་པོ་ལ་མདོ་སྡེའི་མཚན་ཡོད་པའང་མང་དུ་འབྱུང་ངོ༌། །སློབ་དཔོན་ཨ་བྷ་ཡཱ་ཀ་ར་ནི་གསང་སྔགས་བསླབ་པ་གསུམ་ཀ་སྟོན་པས་སྡེ་སྣོད་གསུམ་ཀའོ། །ཞེས་པ་དང༌། སློབ་དཔོན་ཨརྱ་དེ་བ་ནི། རྒྱུད་སྡེ་རྣམས་རིག་པ་འཛིན་པའི་སྡེ་སྣོད་ཅེས་པ་སྡེ་སྣོད་བཞི་པ་ཡིན་ནོ། །ཞེས་དང༌། དཔུང་བཟང་ལས། ལྷ་དང་ལྷ་མིན་རྣམས་ལ་ཕན་གདགས་ཕྱིར། །གསང་སྔགས་རིག་སྔགས་རྣམ་པ་སྣ་ཚོགས་དག །བྱེ་བ་ཕྲག་གསུམ་དང་ནི་འབུམ་ཕྲག་ལྔ། །རིག་འཛིན་སྡེ་སྣོད་དུ་ནི་རྒྱལ་བས་གསུངས། །ཞེས་གསུངས་སོ། །དེས་ན་མདོ་དང་བསྟན་བཅོས་ཙམ་གྱི་དབང་དུ་བྱས་ན་མུ་བཞི་བརྩིར་ཡོད་པ་ཡིན་ཏེ། མདོ་ཡིན་ལ་རྒྱུད་མ་ཡིན་པ་ནི། གཅིག་ལ་འཕྲོས་པ་ལ་སོགས་པ་ཕལ་ཆེ་བ་དེ་དག་དང༌། རྒྱུད་ཡིན་ལ་མདོ་མ་ཡིན་པ་ནི། མཁའ་ལྡིང་གི་སྦྱོར་བ་ལ་སོགས་པ་དང༌། མདོ་ཡང་མ་ཡིན་ལ་རྒྱུད་ཀྱང་མ་ཡིན་པ་ནི་རྟོག་གེ་ལ་སོགས་པའོ། །ཞེས་གསུངས་པ་ལྟར་ལེགས་སོ། །ལམ་སྟོན་བྱེད་ཀྱི་གཞུང་གི་ཚོགས་ངེས་པར་བྱ་བའི་ཕྱིར་དུ་རྗོད་བྱེད་ཚིག་གི་རྒྱུད་མདོར་བསྟན་པ་ནི། རྒྱུད་སྡེ་སྤྱིའི་རྣམ་བཞག་གི་ཟིན་བྲིས་ལས། དང་པོ་ལ་རྗོད་བྱེད་ཚིག་གི་རྒྱུད་ངོས་བཟུང་བ་དང༌། དེའི་དབྱེ་བ་ཅུང་ཟད་བཤད་པ་དང༌། གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་གསུམ་ལས། དང་པོ་ནི། གོང་དུ་བཤད་པ་ལྟར་རིག་པ་འཛིན་པའི་སྡེ་སྣོད་རྣམས་སོ། །

གཉིས་པ་ནི། འོག་ཏུ་འཆད་པ་ལྟར་གཙོ་བོ་རྒྱུད་སྡེ་བཞི་པོ་རྣམས་ཡིན་མོད་ཀྱི། རྒྱུད་སྡེ་ཐམས་ཅད་བསྡུ་ན། རྩ་བའི་རྒྱུད་དང་བསྡུས་པའི་རྒྱུད་གཉིས་སུ་འདུ་བ་ཡིན་ལ། ཡང་ན་རྩ་བའི་རྒྱུད་དང༌། ཕྱི་མའི་དང༌། བཤད་པའི་དང༌། ཆ་མཐུན་གྱི་དང༌། འཕྲོས་པའི་རྒྱུད་དེ་ལྔའོ། །ཡང་མདོ་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཏེ་བཞི་དང༌། དེ་དག་གི་ཟླས་ཕྱེ་བའི་རྩ་བའི་རྒྱུད་དེ་ལྔར་དབྱེ་བ་ལ་སོགས་པ་ཡོད་དོ། །གསུམ་པ། སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་བའི་ཚུལ་ནི། འདི་ལ་ཆེས་སྔ་རབས་པ་རྣམས། དཔལ་སྡོམ་པའི་རྒྱུད་ཕྱི་མ་ལས། ང་ནི་འདི་ནས་མི་སྣང་ནས། །ལོ་ནི་བརྒྱ་དང་བཅུ་གཉིས་ན། །བསྟན་པའི་སྙིང་པོ་དམ་པ་ཞིག །ལྷ་གནས་གསུམ་དུ་གྲགས་པ་དེ། །འཛམ་གླིང་ཤར་ལྷོའི་ཕྱོགས་མཚམས་ནས། །དཔལ་ཞེས་བྱ་བའི་རི་བོ་ལ། །ཐུགས་རྗེ་མཐུན་པའི་བྱིན་རླབས་ཀྱིས། །རྒྱལ་པོ་ཛ་ཞེས་བྱ་བ་ལ། །ལག་ན་རྡོ་རྗེ་སྣང་བར་བྱེད། །མི་ལ་སྐལ་ལྡན་དམ་པ་རྣམས། །བྱང་ཆུབ་མཆོག་ཏུ་འགྲུབ་འགྱུར་བས། །དེ་ལ་རྟག་ཏུ་གུས་པར་བྱོས། །ཞེས་སྟོན་པ་མྱ་ངན་ལས་འདས་ནས། ལོ་ཉི་ཤུ་རྩ་བདུན་ན། རྒྱལ་པོ་ཛ་ཧིའི་ཁང་སྟེང་དུ་སྔགས་ཀྱི་མདོ་སྡེ་རྣམས་བབ་པར་འདོད་པ་དང༌། ཡང་སྟོན་པ་མྱ་ངན་ལས་འདས་ནས། ལོ་བརྒྱ་དང་ཉི་ཤུ་ན། རྒྱལ་པོ་ཛ་ཧིའི་ཁང་སྟེང་དུ། སྔགས་ཀྱི་སྡེ་སྣོད་བབ་པར་འདོད་པ་དང༌། ཡང་ཁ་ཅིག་རྒྱལ་པོ་རབ་གསལ་ཟླ་བའི་ཁྱིམ་དུ་བྱུང་བར་འདོད་པ་དང༌། དུས་ཀྱི་འཁོར་ལོ་ནི། སྟོན་པས་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་སྔགས་ཀྱི་ཐེག་པ་གསུངས་ཤིང༌། དེ་ཡང་ལྷ་ལ་སོགས་པའི་འགྲོ་བ་གཞན་རྣམས་ཀྱི་སྤྱད་བྱར་གྱུར་ཅིང༌། རེ་ཞིག་འཛམ་བུ་གླིང་པའི་མི་རྣམས་ལ་མི་སྣང་བ་དང༌། འོན་ཀྱང་ཤམྦྷ་ལ་ལ་སོགས་པའི་ཡུལ་ཁྱད་པར་ཅན་འགའ་ཞིག་ཏུ་དར་བ་ཡིན་ནོ། །གཞན་ཡང་རྒྱུད་སྡེ་སོ་སོ་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པའི་ལོ་རྒྱུས་ཀྱང་ཡོད་པ་ཐམས་ཅད་ཀྱང་མི་འཐད་པ་མེད་དོ། །འོན་ཀྱང་རང་ལུགས་ཀྱི་རྣམ་པར་བཞག་པ་ལ་གཉིས་ཏེ། སྤྱིར་གསང་སྔགས་ཀྱི་ཐེག་པ་ཇི་ལྟར་བྱུང་ཚུལ་དང༌། བྱེ་བྲག་ཏུ་འོ་སྐོལ་གྱི་སྟོན་པས་གསུང་ཚུལ་ལོ། །

དང་པོ་ནི། རྡོ་རྗེ་འཆང་གིས་དབུགས་དབྱུང་བ་དང༌། རིགས་ལྔའི་དབུགས་དབྱུང་བའི་དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་རྣམས་ཏེ། སྒྲོལ་མ་འབྱུང་བའི་རྒྱུད་ལས། དབུགས་དབྱུང་རྣམ་པ་གཉིས་བསྟན་ཏོ། །འདི་ལ་དང་པོར་རྡོ་རྗེ་སེམས། །ཕྱི་ནས་དེ་བཞིན་གཤེགས་པའོ། །འདས་པའི་དུས་ན་སྔོན་བྱུང་བ། །རྡོ་རྗེ་སེམས་དཔའ་ལྷག་པའི་ལྷ། །སངས་རྒྱས་བདག་ཉིད་རྣམ་བསྡུས་ནས། །རིག་མ་བཙུན་མོ་རྣམ་པར་རོལ། །ཆོས་འབྱུང་ནམ་མཁའི་ཁམས་གནས་པ། །ཡེ་ཤེས་རྒྱ་མཚོའི་རྣམ་རོལ་པ། །སངས་རྒྱས་བྱང་ཆུབ་སེམས་དཔའ་ནི། །མ་ལུས་ལུས་པ་མེད་པར་བསྐྱེད། །བདག་ཉིད་བདེ་བ་ཆེ་རང་བཞིན། །སེམས་ཅན་ཁམས་ལ་རྗེས་ཞུགས་པས། །ཐམས་ཅད་བདེ་ཆེན་བྱང་ཆུབ་ཐོབ། །བདེ་བས་མངོན་པར་ཞེན་རྣམས་ལ། །སངས་རྒྱས་རྣམས་ཀྱིས་སྟོང་ཉིད་བསྟན། །དེ་དེས་གྲངས་མེད་མངོན་བྱང་ཆུབ། །ཕྱིས་ནས་སྟོང་པར་མངོན་ཞེན་རྣམས། །ཐམས་ཅད་དམྱལ་བར་ལྷུང་གྱུར་པས། །རྒྱལ་བ་རྟག་པ་རྣམ་སྤྲུལ་ཏེ། །དབུ་མ་ལ་ནི་རྣམ་པར་གཞག །རང་དང་གཞན་དོན་ཆེར་བསྒྲུབས་པས། །དཔག་ཡས་མཆོག་ཏུ་དགྲོལ་བར་བྱས། །ཀུན་རྫོབ་རྗེས་ཞུགས་ངར་འཛིན་ཅན། །རྣམ་རྟོག་དུ་མས་རྣམ་དཀྲུགས་ནས། །དེ་དག་གཞན་གྱི་བསམ་པ་ཀུན། །རྫོགས་བྱེད་བྱ་བ་མཆོག་ལ་བསྐུལ། །རིན་ཆེན་ཉི་མ་རྣམ་སྤྲུལ་པས། །དེ་དག་བླ་མེད་བྱང་ཆུབ་ལ། །མཆོག་ཏུ་དགའ་བས་གཞོལ་བར་འགྱུར། །གཞན་ལས་རྗེས་སུ་ཆགས་ལྡན་པ། །དེའི་ཚེ་འདོད་ཆགས་ཀྱིས་བཅིངས་པ། །པདྨ་གར་དབང་རྣམ་སྤྲུལ་ཏེ། །འདོད་ཆགས་བདེ་བའི་ལམ་གྱིས་ནི། །བརྗོད་མེད་འགྲོ་བ་མངོན་བྱང་ཆུབ། །ཕྱི་ནས་བདེ་བ་ཆགས་ལྡན་རྣམས། །ལེ་ལོས་མང་པོར་ཉམས་གྱུར་ནས། །བློ་ངན་འཇིག་རྟེན་རྣམ་པར་འཁྲུགས། །རྟ་མཆོག་རྒྱལ་པོར་རང་སྤྲུལ་ཏེ། །སེམས་ཅན་བརྩོན་འགྲུས་གནས་ལ་བཞག །བྱི་བོ་རྐུན་པོ་དགྲ་ལ་སོགས། །རང་རང་ཚུལ་གྱིས་མངོན་སྤྲུལ་པས། །ཐམས་ཅད་རྡོ་རྗེའི་གནས་ལ་བཞག །བརྩོན་ལྡན་སྤྱོད་པ་སྣ་ཚོགས་པས། །ཤིན་ཏུ་ཁྲོ་གཏུམ་གདུག་པ་ཅན། །རབ་འཕྲོས་ཧེ་རུ་ཀར་སྤྲུལ་པ། །དྲག་ཤུལ་གསོད་ལ་དགྱེས་པར་གྱུར། །སྲིན་པོ་གནོད་སྦྱིན་འབྱུང་པོ་གདོན། །མ་མོ་བཅོམ་བྱས་རིག་སྔགས་དང༌། །རྫས་དང་མཚོན་ཆ་འཁྲུལ་འཁོར་དང༌། །སྨན་གྱིས་ཀྱང་ནི་ཐམས་ཅད་བཅོམ། །ཞེ་སྡང་གདུག་རྣོན་ཞི་བའི་ཕྱིར། །སླར་ཡང་བདེ་ཆེན་མགོན་པོ་ལ། །མ་འོངས་དུས་ནས་རབ་འཇུག་སྟེ། །དབུགས་དབྱུང་དཀྱིལ་འཁོར་དམ་པའོ། །འདིར་ནི་དོན་དམ་ཀུན་རྫོབ་སྟེ། །ལོངས་སྤྱོད་རྫོགས་དང་སྤྲུལ་པ་ཞེས། །གཞན་ནི་རྒྱུ་དང་འབྲས་བུ་སྟེ། །དབུགས་དབྱུང་གཉིས་སུ་བསྟན་པའོ། །འདིར་ཡང་དོན་དམ་རྣམ་པ་གཉིས། །བདེ་བ་ཆེ་དང་དེ་ཉིད་དོ། །ཀུན་རྫོབ་གཉིས་ཀྱང་འཇིག་རྟེན་དང༌། །དཀྱིལ་འཁོར་ཞེས་ནི་རེ་ཞིག་བཞག །ཅེས་གསུངས་ཤིང༌། གཞན་ཡང༌། དཔལ་སངས་རྒྱས་ཐམས་ཅད་མཉམ་པར་སྦྱོར་བ་མཁའ་འགྲོ་མ་སྒྱུ་མ་བདེ་མཆོག་གི་རྒྱུད་དང༌། རྡོ་རྗེ་མཁའ་འགྲོ་ལ་སོགས་པ་ནས་གསུངས་པ་བཞིན་ཤེས་པར་བྱའོ། །འདི་ལ་དཔྱད་པར་བྱ་བ་ལ། །མཚན་བརྗོད་ལས། འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས། །ཞེས་སོགས་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱིས་གསང་སྔགས་གསུངས་པར་བཤད་པ་དང༌། གསང་བ་འདུས་པ་སོགས་ལས། གསང་སྔགས་འོ་སྐོལ་གྱི་སྟོན་པའི་ཁྱད་ཆོས་སུ་བཤད་པ་མི་འདྲ་བ་མང་པོ་ཡོད་པ་དེ་རྣམས་ཇི་ལྟར་དྲང་ཞེ་ན། རྒྱལ་སྲས་འཕགས་པ་རྣམས་དང༌། ལྷ་ཀླུ་གནོད་སྦྱིན་ལ་སོགས་པའི་འཁོར་གྱི་དཀྱིལ་འཁོར་དུ་ནི། དུས་གསུམ་གྱི་སྤྲུལ་པའི་སྐུ་ཐམས་ཅད་ཀྱིས་གསང་སྔགས་གསུངས་པ་ཡིན་ལ། མིའི་འཇིག་རྟེན་དུ་ནི། སྨོན་ལམ་གྱི་ཁྱད་པར་མཆོག་དང་ལྡན་པའི་འོ་སྐོལ་གྱི་སྟོན་པ་སོགས་འགའ་ཞིག་ཙམ་མ་གཏོགས། སངས་རྒྱས་ཐམས་ཅད་ཀྱི་བསྟན་པ་ལ་གསང་སྔགས་འབྱུང་བ་མ་ཡིན་ནོ། །དེ་ལ་ཁ་ཅིག་སྤྲུལ་པའི་སྐུས་གསང་སྔགས་གསུངས་པ་དང༌། ཤཱཀྱ་སེངྒེས་གསང་སྔགས་གསུངས་ཞེས་པའི་ཚིག་ལ་འཁྲུལ་ཏེ། དཀྱིལ་འཁོར་སྤྲུལ་ཞིང་བཤད་པ་མཛད་པ་ཞེས་པའི་རྣམ་དབྱེ་མ་ཆགས་པར། སྤྲུལ་པའི་སྐུ་ཆགས་བྲལ་གྱི་རྣམ་པ་ཅན་གྱིས་གསང་སྔགས་གསུངས་པར་འདོད་པ་སོགས་ནི། མུན་སྤྲུལ་དུ་ཤེས་པར་བྱའོ། །གཉིས་པ་ལ། མིའི་འཇིག་རྟེན་དུ་ནི། སྡེ་སྣོད་ཀྱི་སྔ་རོལ་ཏུ་ཡང་གསང་སྔགས་ཀྱི་ཐེག་པ་གསུངས་པ་ཡིན་ཏེ། བདུད་བཏུལ་བའི་ཚེ། གཤིན་རྗེ་གཤེད་ཀྱི་རྒྱུད་འབུམ་པ་གསུངས་པར་བཤད་པ་བཞིན་ནོ། །དེ་ཡང་འོ་སྐོལ་གྱི་སྟོན་པའི་སྐུ་ཚེའི་ཐོག་མཐའ་བར་མའི་གནས་སྐབས་སྣ་ཚོགས་སུ་གསང་སྔགས་གསུངས་པ་ཡིན་པ་ལས། བྱ་བའི་རྒྱུད་རྣམས་ནི། གླེང་གཞི་ནས་འབྱུང་བ་ལྟར། ལྷ་དང་མིའི་གནས་སོ་སོར་གསུངས་པ་དང༌། སྤྱོད་པའི་རྒྱུད་དང༌། རྣལ་འབྱོར་རྒྱུད་ཀྱང༌། འོག་མིན་དང༌། གཞན་འཕྲུལ་དབང་བྱེད་དང༌། རི་རབ་ཀྱི་རྩེ་མོ་ལ་སོགས་པར་གསུངས་པ་གླེང་གཞི་ལས་ཤེས་ལ། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ལྷ་དང་མིའི་འཇིག་རྟེན་དུ་གསུངས་པ་ཉུང་སྟེ། སངས་རྒྱས་ཉིད་ཀྱི་བྱིན་གྱིས་བརླབས་པའི་ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་བཙུན་མོའི་བྷ་ག་ཆོས་ཀྱི་འབྱུང་གནས་སམ། ཆོས་ཀྱི་དབྱིངས་སུ་གསུངས་པ་ཡིན་ནོ། །དེ་ལྟ་བུའི་ཆོས་ཀྱི་འབྱུང་གནས་དེ་ཡང༌། སངས་རྒྱས་རང་སྣང་གིས་བསྡུས་པའི་ཞིང་འོག་མིན་སྟུག་པོ་བཀོད་པ་ལས་གཞན་དུ་བསམ་པར་མི་བྱའོ། །བླ་མེད་ཀྱི་རྒྱུད་འགའ་ཞིག་ནི། ཨུ་རྒྱན་རྡོ་རྗེའི་གནས་དང༌། སུམ་ཅུ་རྩ་གསུམ་གྱི་གནས་དང༌། དཔལ་ལྡན་འབྲས་སྤུངས་སུ་གསུངས་པའང་ཡོད་དོ། །དེ་ལྟར་སྟོན་པས་གསང་སྔགས་ཀྱི་ཐེག་པ་མཐའ་དག་གསུངས་ནས། མཐར་གསང་བའི་བདག་པོ་ཕྱག་ན་རྡོ་རྗེའམ། རྒྱལ་པོ་ཨིནྡྲ་བྷུ་ཏི་ཆེན་པོ་ལ་གཏད་པར་གྲགས་སོ། །དེས་ན་སྔགས་ཀྱི་ཐེག་པའི་རྒྱུད་བསྡུ་བ་པོ་ནི། གསང་བའི་བདག་པོ་ཉིད་ཡིན་ཞིང། ལྷ་ཀླུ་གནོད་སྦྱིན་མཐུ་བོ་ཆེ་རྣམས་ཀྱིས་གནས་ན་རྒྱུད་རྒྱས་པ་རྣམས་ཀྱང་བཞུགས་ལ། དཔལ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པའི་རྣལ་འབྱོར་ཕྱི་ནང་གི་རྒྱུད་མང་པོ་ཞིག་ནི་ལྷའི་གནས་ནས་མིའི་ཡུལ་དུ་བྱོན་པར་གྲགས་ཤིང༌། བླ་མེད་ཀྱི་རྒྱུད་ཕལ་ཆེར་ནི་ཨོ་རྒྱན་རྡོ་རྗེའི་གནས་ཧེ་རུ་ཀ་རང་བྱུང་གི་གཙུག་ལག་ཁང་ནས་གྲུབ་པའི་སློབ་དཔོན་སོ་སོས་སྤྱན་དྲངས་པ་དང༌། དུས་ཀྱི་འཁོར་ལོ་ལ་སོགས་པའི་རྒྱུད་སྡེ་འགའ་ཞིག་ནི་ཤམྦྷ་ལ་ནས་སྤྱན་དྲངས་པ་ཡང་ཡོད་དོ། །འོ་ན་གསང་སྔགས་ཀྱི་ཐེག་པ་འདི་དུས་ནམ་གྱི་ཚེ་ན་དར་བར་གྱུར་སྙམ་ན། འདི་ལ་བཀའ་བསྡུ་བ་གསུམ་པ་མཛད་པ་ཡན་ཆོད་དུ་ནི། ཐེག་པ་ཆེན་པོའི་མདོ་རྒྱུད་ཉི་ཚེ་བ་ཙམ་ལས་གསལ་བར་དར་བ་མེད་ལ། དེའི་འོག་ཏུ་རིང་པོར་མ་ལོན་པར། ལྷ་དང་ཀླུ་དང༌། གནོད་སྦྱིན་དང༌། དྲི་ཟ་དང༌། སྲིན་པོ་རྣམས་ཀྱིས་གནས་ན། ཐེག་པ་ཆེན་པོའི་མདོ་རྒྱུད་དཔག་ཏུ་མེད་པ་བཞུགས་པ་རྣམས་ཡི་གེར་བྲི་བ་སོགས་རྩོལ་བ་ལ་མ་ལྟོས་པར། སྤྲུལ་པའི་ཚུལ་གྱིས་འཇིག་རྟེན་དུ་ཅིག་ཅར་དུ་བྱུང་བ་ཡིན་ནོ། །བྱ་སྤྱོད་ཀྱི་རྒྱུད་རྣམས་ནི་ཐེག་པ་ཆེན་པོ་དར་བ་དང་དུས་མཚུངས་ཤིང༌། གོང་དུ་བཤད་པའི་ལྷ་ཡུལ་ནས་འབྱུང་བའི་རྣལ་འབྱོར་ཕྱི་ནང་གི་རྒྱུད་རྣམས་ཀྱང་དུས་དེ་ཉིད་ཀྱི་དར་བ་ཡིན་ནོ། །ཤེར་ཕྱིན་འབུམ་པ་ལ་སོགས་པའི་མདོ་སྡེ་འགའ་ཞིག་དང༌། གསང་སྔགས་ཀྱི་རྒྱུད་སྡེ་འགའ་ཞིག་ནི་ཕྱི་ནས་རིམ་གྱིས་དར་བ་དང༌། ཐམས་ཅད་ཀྱི་ཐ་མར་འབྱུང་བ་ནི། དུས་ཀྱི་འཁོར་ལོ་ཡིན་པར་གྲགས་སོ། །ཞེས་གསུངས་པའོ། །

གཉིས་པ་བྱེ་བྲག་རྒྱུད་སྡེ་རྣམ་པ་བཞི་བཤད་པ།

གཉིས་པ་བྱེ་བྲག་རྒྱུད་སྡེ་རྣམ་པ་བཞི་བཤད་པ་ལ།

སྤྱིར་བསྟན་པ་དང༌། སོ་སོར་བསྟན་པ་གཉིས། དང་པོ་ནི། རྒྱུད་སྡེ་རྣམ་པ་བཞི་གདུལ་བྱའི་དབང་པོ་རྣོན་པོ་ལ་མོས་པ་སོ་སོའི་དབང་གིས་ཁྱད་པར་ཡོད་དེ། བློ་གྲོས་ཆེས་ཆེ་བ་དབང་པོ་རྣོན་པོ་རབ་ཀྱི་ཕུལ་དུ་གྱུར་པ་རྣམས་ལ་སྔགས་ཀྱི་ཐེག་པ་བསྟན་ཏེ། དེ་ལ་རྒྱུད་སྡེ་བཞིར་ཡོད་པ། དེ་དག་ཀྱང་སོ་སོའི་མོས་པའི་དབང་གིས་ཡིན་ཏེ། རྡོ་རྗེ་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། །བྱ་མིན་རྣལ་འབྱོར་དེ་ལྷག་ལ། །སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལའོ། །ཞེས་གསུངས་པ་ལྟར་རོ། །རྒྱུད་སྡེ་འོག་མ་འོག་མ་ལས་གོང་མ་གོང་མ་ཁྱད་དུ་འཕགས་པ་ཡིན་ཏེ། རྒྱུད་སྡེ་སྤྱིའི་རྣམ་བཞག་ཟིན་བྲིས་ལས། རྒྱུད་སྡེ་རྣམས་ཀྱང་གོང་མ་གོང་མ་ཁྱད་པར་དུ་འཕགས་པའི་ཚུལ་ནི། དེ་ཡང་བྱ་བའི་རྒྱུད་ལ་གོང་དུ་བཤད་པའི་ཁྱད་པར་འཕགས་ཆོས་དེ་དག་ནི་ཚང་བ་ཡིན་ཀྱང་བདག་བསྐྱེད་ཀྱི་ལྷའི་བསྙེམས་པ་མེད་པ་དང༌། བྲིས་སྐུ་ལ་སོགས་པའི་རྟེན་འགའ་ཞིག་ལྷར་སྒོམ་པ་དང༌། དཀྱིལ་འཁོར་དུ་ལྷ་སྤྱན་འདྲེན་པ་སོགས་ལྷའི་སྙེམས་པ་ཉེ་ཚེ་བ་ཙམ་ཞིག་ཡོད་པ་དང༌། བྱ་བའི་རྒྱུད་ཆེན་པོའམ་གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་དུ་བདག་ཉིད་ལྷར་བསྐྱེད་པ་ཡོད་པ་དང༌། དཀྱིལ་འཁོར་གྱི་ལྷ་བསྐྱེད་ཆོག་གི་བསྐྱེད་པ་ཡོད་པས། ལྷའི་སྙེམས་པ་ཅུང་ཟད་རྒྱས་པའི་ཚུལ་གྱིས་འཇུག་པ་ཡིན་ལ། རྒྱུད་སྡེ་དེ་གཉིས་ཆར་དུ། ལྷ་དང་སྔགས་ཀྱི་དམ་ཚིག་དང་སྡོམ་པ་ཙམ་ཡོད་ཀྱང༌། རིགས་ལྔའི་དམ་ཚིག་དང༌། ཁྱད་པར་ཅན་གྱི་ལྷའི་སྡོམ་པ་སོགས་མེད་ལ། རྣལ་འབྱོར་གྱི་རྒྱུད་ཡན་ཆད་དུ་ནི་དེ་དག་ཀྱང་ཡོད་པ་དང༌། ཁྱད་པར་རྣལ་འབྱོར་རྒྱུད་དུ་ཐུན་མཚམས་སུ་སྣང་བ་ཐམས་ཅད་ལྷར་སྒོམ་པ་སོགས་མེད་ཀྱང༌། དང་པོར་མ་དག་པའི་སྣང་བ་ཐམས་ཅད་སྟོང་པ་ཉིད་དུ་སྦྱངས་ནས། དེ་ནས་བདག་ཉིད་དཀྱིལ་འཁོར་གྱི་འཁོར་ལོ་རྒྱས་པར་བསྒོམས་པ་སྟེ། ལྷའི་སྙེམས་པ་ཁྱབ་པའི་ཚུལ་གྱིས་འཇུག་པའོ། །གཞན་ཡང་འདི་ལ་མངོན་བྱང་ལྔས་ལྷར་བསྐྱེད་པ་ཡོད་པས། འབྲས་བུ་ལམ་བྱེད་མཆོག་ཀྱང་ཚང་བ་ཡིན་ནོ། །རྣལ་འབྱོར་བླ་ན་མེད་པའི་ཐེག་པ་འདི་ལ་ནང་ཚན་དུ་ལམ་གྱི་འགྲོས་མི་འདྲ་བ་ཅུང་ཟད་ཡོད་ཀྱང༌། གཙོ་བོའི་དོན་ལ་མཚུངས་པ་ཁོ་ན་ཡིན་པས། འདི་ལ་རྒྱུད་སྡེ་འོག་མ་རྣམས་ལ་ཡང་མེད་པའི་བསྐུར་བྱ་དབང་བཞིའི་སྒོ་ནས་ཁྱད་པར་དུ་འཕགས་པ་དང༌། རིགས་ལྔའི་དམ་ཚིག་ཀྱང་རྣལ་འབྱོར་རྒྱུད་ལས་ཆེས་ལྷག་པ་དང༌། བསྲུང་བྱའི་དམ་ཚིག་ཀྱང་ཤིན་ཏུ་རྒྱས་པར་ཡོད་པ་དང༌། བདེ་བའི་སྡོམ་པ་ཡོངས་སུ་རྫོགས་པར་ཐོབ་པ་དང༌། འབྲས་བུ་ལམ་བྱེད་ཀྱང་འོག་མ་ལས་ལྷག་པ་དང༌། བསྐྱེད་རིམ་གྱི་སྐབས་སུ་འཁོར་བའི་རྣམ་པ་དང་མཐུན་པའི་ལམ་བསྒོམས་པས། དེ་སྦྱོང་བའི་གནད་ཟབ་མོ་ཡོད་པ་དང༌། སྣང་བ་ཐམས་ཅད་དཀྱིལ་འཁོར་གྱི་འཁོར་ལོ་སྒོམ་པའི་ཐབས་མཁས་ཁྱད་པར་ཅན་དང༌། ཡན་ལག་དྲུག་དང༌། རིམ་པ་ལྔ་དང༌། ཕྱག་རྒྱ་བཞི་ལ་སོགས་པ། རྩ་ཐིག་རླུང་གསུམ་ལ་གནད་དུ་བསྣུན་པའི་དམིགས་བཅས་ཀྱི་རྫོགས་རིམ་དང༌། ཞུ་བདེ་ལྷན་སྐྱེས་དང༌། རང་བཞིན་ལྷན་སྐྱེས་ཀྱི་བདེ་བ་སྒོམ་པ་དམིགས་མེད་རྫོགས་རིམ་དང༌། བདེ་བ་ཆེན་པོས་བརྒྱན་པའི་ལྟ་བ་རྣམ་པར་དག་པ་དང༌། ལམ་གྱི་གྲོགས་སྤྱོད་པ་དང་ཉེ་རྒྱུ་སོགས་མདོར་ན་ཐུན་མོང་མ་ཡིན་པའི་ཁྱད་པར་དཔག་ཏུ་མེད་པ་ལྷག་པ་ཡིན་ལ། དེ་དག་ཀྱང་མདོར་བསྡུ་ན། བདེ་བའི་སྡོམ་པ་ཚུལ་ཁྲིམས་དང༌། བག་ཆགས་སྦྱོང་བ་དང༌། གོང་མའི་རྣམ་པའི་ཏིང་ངེ་འཛིན་དང༌། བདེ་བ་ཁྱབ་པ་དང༌། སྤྱོད་ཡུལ་དེ་ཉིད་ལ་དམིགས་པའི་ཤེས་རབ་དང༌། སྙིང་རྗེ་ཆེན་པོ་དང༌། མཉམ་པ་ཉིད་དང་རང་བཞིན་མེད་པ་དང༌། བདེ་བ་དང༌། ལྷའི་རྣམ་པས་ཁྱབ་པ་དང༌། དེས་དེ་དག་ཉིད་མཆོག་ལ་སྦྱོར་བས་སྤྱོད་ཡུལ་ལ་འཇུག་པ་དང༌། ཚུལ་ཁྲིམས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པས་ཁྱད་པར་དང༌། ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཐུན་མོང་དང་མ་ཡིན་པ་དང༌། རྒྱ་ཆེ་བ་དང༌། ཟབ་པའི་ཁྱད་པར་དུ་འཕགས་པ་དང༌། གཞན་ཡང་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྒྱུས་ཚོགས་གཉིས་མྱུར་དུ་རྫོགས་པར་བྱེད་པ་ཡིན་ཏེ། དེ་ལ་བདེ་བ་ནི་སྙིང་རྗེའི་རང་བཞིན།དེ་ཉིད་རང་བཞིན་མེད་ཅིང༌། དམིགས་པ་མེད་པར་མངོན་སུམ་མམ། མངོན་སུམ་གྱི་ཚུལ་གྱིས་ལས་དང་པོ་པས་བསྐྱེད་པས། བདེ་བས་སྟོང་པ་ཕུལ་དུ་འགྱུར་བ་མངོན་སུམ་གྱིས་རྣམ་པ་དང༌། དེས་ཀྱང་བསོད་ནམས་ཕུལ་དུ་ཕྱིན་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །རྒྱུད་སྡེ་གོང་མ་གོང་མ་ཟབ་པ་ཡིན་པ་ནི། ས་བཟང་བླང་དོར་རབ་གསལ་ལས། གསང་སྔགས་ཀྱི་ཁྱད་པར་ནི། གསང་སྔགས་ལ་ཡང་བྱ་སྤྱོད་རྣལ་འབྱོར་ལས། རྣལ་འབྱོར་བླ་མེད་རིམ་གྱིས་ཟབ་པར་གསུངས། །དེ་ཡང་རྡོ་རྗེའི་གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། བྱ་མིན་རྣལ་འབྱོར་དེ་ལྷག་ལ། སེམས་ཅན་མཆོག་ལ་རྣལ་འབྱོར་མཆོག །རྣལ་འབྱོར་བླ་མེད་དེ་ལྷག་ལ། ཞེས་གསུངས་པ་ལྟར་ཕྱི་ལུས་ངག་གི་བྱ་བ་གཙོ་བོར་སྟོན་པ་འཇམ་དཔལ་རྩ་རྒྱུད་ལ་སོགས་པ་བྱ་བའི་རྒྱུད་དང༌། ལུས་ངག་གི་བྱ་བ་དང་ནང་ཏིང་ངེ་འཛིན་གཉིས་ཀ་ཆ་མཉམ་པར་སྟོན་པ་རྣམ་སྣང་མངོན་བྱང་ལ་སོགས་པ་སྤྱོད་པའི་རྒྱུད་དང༌། ནང་ཏིང་ངེ་འཛིན་གཙོ་བོར་སྟོན་པ་དེ་ཉིད་འདུས་པ་ལ་སོགས་པ་རྣལ་འབྱོར་གྱི་རྒྱུད་དང༌། བདེ་སྟོང་ཟུང་འཇུག་དོན་དམ་ཡེ་ཤེས་ཀྱི་སྐུ་གསལ་བར་སྟོན་པ་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྣམས་ཀྱང་སྐལ་བའི་རིམ་པ་དང་མཐུན་པར་བསྟན་པས། འོག་མ་འོག་མ་ལས་གོང་མ་གོང་མ་ཟབ་པར་གསུངས་ཤིང༌། བླ་མེད་ལ་ཡང་ཕ་རྒྱུད་མ་རྒྱུད་ལས། །གཉིས་མེད་རྩ་བའི་རྒྱུད་རྣམས་མཆོག་ཏུ་གསུངས། །དེ་ཡང་གདུལ་བྱ་རྣམས་རིམ་གྱིས་དྲང་བའི་དོན་དུ། གུར་ལས། སྐྱེས་པ་རྣམས་ནི་གདུལ་བའི་ཕྱིར། །རྣལ་འབྱོར་རྒྱུད་ནི་ཡང་དག་བཤད། །བུད་མེད་རྣམས་ནི་བསྡུ་ཆེད་དུ། །རྣལ་འབྱོར་མ་རྒྱུད་རབ་ཏུ་བཤད། །ཞེས་གསུངས་པ་ལྟར། ཞུ་བ་པོ་སྐྱེས་པས་ཞུས་ཤིང་དེ་དག་འདུལ་བའི་ཆེད་དུ་ཐབས་བདེ་བ་ཆེན་པོ་གཙོ་བོར་སྟོན་པ་གསང་བ་འདུས་པ་དང་གཤིན་རྗེ་གཤེད་ལ་སོགས་པ་ཐབས་ཀྱི་རྒྱུད་དང༌། ཞུ་བ་པོ་རྣལ་འབྱོར་མས་ཞུས་ཤིང་དེ་དག་འདུལ་བའི་ཆེད་དུ་ཤེས་རབ་སྟོང་པ་ཉིད་གཙོ་བོར་སྟོན་པ་ཀྱཻའི་རྡོ་རྗེ་དང༌། བདེ་མཆོག་འཁོར་ལོ་ལ་སོགས་པ་ཤེས་རབ་ཀྱི་རྒྱུད་ཅེས་གསུངས་ཤིང༌། ངེས་པའི་དོན་དུ་ནི་རྩ་བའི་རྒྱུད་ལས། རྣལ་འབྱོར་ཐབས་ཀྱི་ལུས་དང་ནི། །ཤེས་རབ་གཅིག་པུ་དག་གིས་མིན། །ཐབས་དང་ཤེས་རབ་སྙོམས་འཇུག་པ། །རྣལ་འབྱོར་དེ་བཞིན་གཤེགས་པས་གསུངས། །ཞེས་བཀའ་སྩལ་པ་ལྟར། རྒྱུད་ཐམས་ཅད་ཀྱང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་སྟོན་པ་ཡིན་ནའང༌། དང་པོའི་སངས་རྒྱས་རྡོ་རྗེ་འཛིན་པ་ཡེ་ཤེས་ཀྱི་སྐུ་དེ་ཉིད་གསལ་བར་གསུངས་པས། མཚན་ཡང་དག་པར་བརྗོད་པ་དང་དུས་ཀྱི་འཁོར་ལོ་ལ་སོགས་པ་རྣམས་མཆོག་ཏུ་ཡང་གསུངས་ཏེ། ཇི་སྐད་དུ། རྒྱུད་ཀྱི་རྒྱལ་པོ་ཐམས་ཅད་དུ་ནི་ངེས་པར་རྡོ་རྗེའི་ཚིག་འདི་རྡོ་རྗེ་ཅན་གྱིས་སྦས་པ་སྟེ། དང་པོའི་སངས་རྒྱས་སུ་ནི་སྲོག་ཆགས་རྣམས་ཀྱི་ཐར་པའི་ཆེད་དུ་མ་ཚང་མེད་པ་གསལ་བར་གསུངས། །ཞེས་པ་དང༌། འགྲེལ་ཆེན་དུའང༌། གང་གིས་དང་པོའི་སངས་རྒྱས་མི་ཤེས་པ་དེས་མཚན་ཡང་དག་པར་བརྗོད་པ་མི་ཤེས་སོ། །གང་གིས་མཚན་ཡང་དག་པར་བརྗོད་པ་མི་ཤེས་པ་དེས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་སོ། །གང་གིས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མི་ཤེས་པ་དེས་སྔགས་ཀྱི་ཐེག་པ་མི་ཤེས་སོ། །གང་གིས་གསང་སྔགས་ཀྱི་ཐེག་པ་མི་ཤེས་པ་དེ་དག་ནི་འཁོར་བ་པ་སྟེ། མྱ་ངན་ལས་འདས་པའི་ལམ་དང་བྲལ་བའི་ཕྱིར་ཞེས་བྱ་བའི་དོན་ཏོ། །ཞེས་པ་ལ་སོགས་པས་མྱང་འདས་མཐར་ཐུག་ཐོབ་པར་འདོད་ན་དུས་ཀྱི་འཁོར་ལོའི་ངེས་དོན་ཤེས་དགོས་པ་གསུངས་པ་ལྟར་རོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །རྒྱུད་སྡེ་བཞིར་འཇོག་པའི་རྒྱུ་མཚན་ནི། རྒྱུད་སྡེ་སྤྱིའི་རྣམ་བཞག་ཟིན་བྲིས་ལས། འདི་ལ་སྔ་རབས་པའི་བླ་མ་དག གྲུབ་མཐའ་བཞི་དང༌། ཕྱི་རོལ་པའི་རྒྱུད་བཞི་དང༌། རྫོགས་ལྡན་ལ་སོགས་པའི་དུས་བཞི་དང༌། མི་རིགས་བཞི་ལ་སོགས་པ་དེ་རྣམས་འདུལ་བའི་དོན་དུ་དེ་དག་དང་མཐུན་པར་རྒྱུད་སྡེ་བཞིར་གསུངས་པ། ཕལ་ཆེར་མི་འཐད་པ་མེད་མོད་ཀྱང༌། དེ་དང་དེ་ཁོ་ནས་དབྱེ་བར་ནུས་པ་ཡང་མ་ཡིན་ལ། དེ་དག་གདུལ་བྱའི་གཙོ་བོར་བྱེད་ན་ནི་མི་རུང་ཞིང༌། ཁྱད་པར་སྤྱོད་པའི་རྒྱུད་རྣམས་ཞེ་སྡང་གི་རྒྱུད་སྟོན་པ་འདུལ་བར་སྦྱོར་བ་ནི་མི་འགྲིག་གོ། །དེས་ན་རང་ལུགས་རྣམ་པར་གཞག་པ་ནི། མི་རིགས་བཞི་དང༌། གྲུབ་མཐའ་བཞི་ལ་སོགས་པ་དེ་དག་མོས་པའི་དགོས་པ་ནི་ཡོད་མོད་ཀྱི། རྒྱུད་སྡེ་བཞི་གའི་གདུལ་བྱའི་གཙོ་བོ་ནི། ཐེག་ཆེན་གྱི་ལམ་དུ་ཞུགས་པ་ཁོ་ན་ཡིན་ནོ། །དེ་ལ་འདོད་ཁམས་ན་འདོད་ཆགས་མི་འདྲ་བ་རིགས་བཞི་ཡོད་དེ། མཛོད་ལས། གཉིས་གཉིས་འཁྱུད་དང་ལག་བཅངས་དང༌། །རྒོད་དང་བལྟས་པས་འཁྲིག་པ་ཡིན། །ཞེས་སོ། །དེ་དག་དང་མཚུངས་པར་ལམ་བྱེད་བཞིའི་སྒོ་ནས་དབྱེ་བ། ཞེས་པ་ནས། བྱ་བའི་རྒྱུད་ནི་ལྟ་བའི་བདེ་བ་ལམ་དུ་བྱེད་པ་ཡིན་ཏེ། དེ་ཡང་དོན་ཡོད་ཞགས་པའི་ཆོ་ག་ཞིབ་མོ་ལས། བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་གཏོད་པར་བྱ་ཞིང༌། ཞེས་དང༌། གཡས་ཕྱོགས་ན་ལྷ་མོ་སྒྲོལ་མ་འཛེམ་བག་དང་བཅས་ཤིང་ལུས་བཏུད་པས་མཆོག་སྦྱིན་པའི་ཕྱག་རྒྱ་ལ་མིག་གཏོད་པར་བྱའོ། །གཡོན་དུ་པདྨའི་རིགས་མཛེས་མ་འཛེམ་བག་དང་བཅས་པ་གསང་སྔགས་ཀྱི་ཚུལ་དང་རྗེས་སུ་མཐུན་ཞིང༌། དོན་ཡོད་ཞགས་པ་ལ་མིག་གཏོད་པར་བྱའོ། །ཞེས་དང༌། རྡོ་རྗེ་གཙུག་ཏོར་ལས། དཀྱིལ་འཁོར་ལྷ་རྣམས་ཐམས་ཅད་ནི། །དཀར་པོའི་རས་ལ་རྟག་གནས་ཤིང༌། །ཕོའང་མོ་ལ་ལྟ་བ་དང༌། །མོའང་ཕོ་ལ་ལྟ་བ་བྲི། །ཞེས་སོགས་བྱ་རྒྱུད་ཀྱི་ཆོ་ག་ཞིབ་མོ་ཐམས་ཅད་ནས་གསུངས་པ་ཡིན་ནོ། །སྤྱོད་པའི་རྒྱུད་ནི་རྒོད་པའི་བདེ་བ་ལམ་དུ་བྱེད་པར་རྣམ་སྣང་མངོན་བྱང་ལས། རྣམ་པར་སྣང་མཛད་རྒྱལ་པོ་ཆེ། །ཡིད་ཙམ་འཛུམ་པ་བཞིན་དུ་བྲི། །ཞེས་དང༌། དེ་ཡི་གཡས་སུ་ལྷ་མོ་ནི། །སངས་རྒྱས་སྤྱན་ཞེས་བྱ་བ་སྟེ། །ལྷ་མོ་ཅུང་ཟད་འཛུམ་པའི་ཞལ། །འོད་ཀྱི་དཀྱིལ་འཁོར་འདོམ་གང་བ། །མཚུངས་མེད་སྐུ་ནི་རབ་ཏུ་དྭངས། །དེ་ནི་ཤཱཀྱ་ཐུབ་པའི་ཡུམ། །ཞེས་དང༌། སྤྱན་རས་གཟིགས་དབང་དཔའ་བོ་ནི། །པདྨ་དཀར་པོའི་གདན་ལ་འདུག །དུང་དང་ཀུནྡ་ཟླ་བ་འདྲ། །དབུ་ལ་འོད་དཔག་མེད་བཞུགས་པ། །དེ་ནི་བག་ཙམ་འཛུམ་པར་བྲི། །དེ་ཡི་གཡས་སུ་ལྷ་མོ་ནི། །སྒྲོལ་མ་གྲགས་པ་ཆེན་མོ་དེ། །དགེ་ཞིང་འཇིགས་པ་སེལ་བ་སྟེ། །ཞེས་སོགས་གསལ་བར་གསུངས་ལ། རྣལ་འབྱོར་རྒྱུད་ལག་བཅང་གི་བདེ་བ་ལམ་དུ་བྱེད་པར་གཞན་རྣམས་ན་རྒྱས་པར་མ་གསུངས་ཀྱང༌། རྡོ་རྗེ་རྩེ་མོར་གསལ་བར་གསུངས་ཏེ། དེ་ཉིད་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོག །པུས་ཁྱུད་རང་གི་ལྷ་མོ་དེ། །དེ་ཡི་གློ་ན་མགོ་བསྒྱུར་ཞིང༌། །འཛུམ་བཅས་ཀུན་ཏུ་ལྟ་བ་སྟེ། །བཅོམ་ལྡན་འདས་ཀྱི་ཕྱག་ལ་འཇུས། །ཞེས་པ་དང༌། དཔལ་མཆོག་དང་པོ་ལས། དེ་ཡི་ལོགས་ལ་རྡོ་རྗེ་ཆེ། །མདའ་ནི་གསོར་བ་ལ་བརྩོན་པ། །མཉེན་པའི་ཕྱག་གིས་ཡོངས་འཁྱུད་པའི། །ཚུལ་ཁྲིམས་རྒྱལ་མཚན་བསྒྲེང་དང་བཅས། །ཞེས་གསུངས་ཤིང༌། རྣལ་འབྱོར་བླ་མེད་ནི། གཉིས་སྦྱོར་གྱི་བདེ་བ་ལམ་དུ་བྱེད་པར་རང་གི་རྒྱུད་སྡེ་རྣམས་ནས་ཡང་ཡང་གསུངས་ཏེ། དེ་ཡང༌། དཔལ་གསང་བ་འདུས་པ་ལས། དེ་བཞིན་གཤེགས་པའི་བཙུན་མོ་མཆོག །སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །ཞེས་དང༌། སམ་བྷུ་ཊ་ལས། བདག་མེད་ལྷན་ཅིག་མཉམ་སྦྱོར་ཞིང༌། །དགའ་བའི་གཉིས་གཉིས་སྙོམས་འཇུག་པས། །རྦ་རླབས་མེད་པའི་རང་བཞིན་ཅན། །ཞེས་སོ། །ཞེས་གསུངས་པ་ལྟར་སམྦྷུ་ཊ་ལས། རྒོད་དང་བལྟ་དང་ལག་བཅངས་དང༌། ། གཉིས་གཉིས་འཁྱུད་དང་རྣམ་པ་བཞི། །སྲིན་བུའི་ཚུལ་གྱི་རྒྱུད་བཞིར་གནས། ། ཞེས་གསུངས་པའི་རྐང་པ་མཐའ་མས་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་ཚུལ་གྱི་སྙིང་པོ་མཐར་ཐུག་པ་བསྟན་པ་ཡིན་ཏེ། དཔེར་ན་ཤིང་ལས་སྐྱེས་པའི་སྲིན་བུ་ཤིང་ལས་སྐྱེས་ཀྱང༌། ཤིང་རྩ་བ་ནས་ཟད་པར་བྱེད་པ་ལྟར་དུ། རྒྱུ་དུས་ཀྱི་ཀུན་སློང་རྒོད་པ་དང༌། བལྟས་པ་དང༌། ལག་བཅངས་སམ་འཁྱུད་པ་ཙམ་དང༌། དབང་པོ་གཉིས་སྦྱོར་གྱི་འདོད་ཆགས་ལ་བརྟེན་ནས་སྐྱེས་པའི་བདེ་བ་ཆེན་པོ། རང་དུས་སུ་སྟོང་ཉིད་རྟོགས་པའི་བློ་དང་དབྱེར་མེད་དུ་སྐྱེས་པའི་བདེ་སྟོང་དབྱེར་མེད་ཀྱི་ཡེ་ཤེས་དེས། འདོད་ཆགས་ལ་སོགས་པའི་མ་རིག་པ་དང་ཉོན་མོངས་པ་རྣམས་རྩ་བ་ནས་ཟད་པར་བྱེད་པ་ཡིན་པའི་ཕྱིར། དེས་ན་བླ་མེད་ཀྱི་རྒྱུད་ནས་བཤད་པའི་རྒྱུད་སྡེ་བཞིའི་མཚན་གྱི་དབང་དུ་བྱས་ནས། བལྟས་པའི་རྒྱུད། རྒོད་པའི་རྒྱུད། ལག་བཅངས་ཀྱི་རྒྱུད། གཉིས་སྤྲོད་ཀྱི་རྒྱུད་ཅེས་ཀྱང་བྱ་བ་ཡིན་ཏེ། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། འདི་ནི་གཉིས་པོ་སྦྱོར་བ་ཡི། །རྒྱུད་ཀྱི་དབྱེ་བ་བསྟན་པ་ཡིན། །དེ་བཞིན་དུ་ནི་ལག་བཅངས་དང༌། །བལྟས་དང་རྒོད་པས་ཤེས་པར་བྱ། །ཞེས་གསུངས་པའི་ཕྱིར་རོ། །

ལྷའི་རྣལ་འབྱོར་བཞིའི་ཁྱད་པར་གྱི་དབྱེ་བའི་རྒྱུད་སྡེ་བཞི།

ལྷའི་རྣལ་འབྱོར་བཞིའི་ཁྱད་པར་གྱི་དབྱེ་བའི་རྒྱུད་སྡེ་བཞི་ནི།

རྒྱུད་སྡེ་སྤྱིའི་རྣམ་བཞག་ཟིན་བྲིས་ལས། བྱ་བའི་རྒྱུད། མདུན་དུ་ལྷ་སྤྱན་དྲངས་ནས་བཟླས་བརྗོད་བྱེད་པ་ཙམ་ལས། བདག་ཉིད་ལྷར་བསྐྱེད་པ་མེད་པ་རྗེ་དཔོན་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང༌། སྤྱོད་རྒྱུད་དུ་བདག་མདུན་གྲོགས་པོ་ལྟ་བུའི་ཚུལ་གྱིས་དངོས་གྲུབ་ལེན་པ་དང༌། རྣལ་འབྱོར་རྒྱུད་དུ། ཕྱི་རོལ་གྱི་ལྷ་དམིགས་པའི་རྟེན་ཙམ་དུ་བཞག་ལ། གཙོ་བོར་ནང་གི་ལྷའི་རྣལ་འབྱོར་ལ་སྤྱོད་པ་དང༌། དེ་གསུམ་ཆར་གྱི་ལྷའི་རྣལ་འབྱོར་ལ་བསྐྱེད་རིམ་གྱི་ཐ་སྙད་དོན་མཐུན་དུ་མི་འཇུག་པ་དང༌། སྦྱང་གཞིའི་རྣམ་པ་ལམ་དུ་བྱེད་པའི་ཚུལ་གྱིས་སྒོམ་པ་ཡང་མེད་དོ། །རྣལ་འབྱོར་བླ་ན་མེད་པར་ན་དེ་དག་ཀྱང་ཡོད་པ་དང༌། སྣང་བ་ཐམས་ཅད་ལྷར་སྒོམ་པ་དང༌། བདག་བསྐྱེད་ཀྱི་ལྷ་གནས་གཞན་དུ་གཤེགས་གསོལ་མི་མངའ་བ་སོགས་ཁྱད་པར་དུ་མས་འཕགས་པ་ཡིན་ནོ། །དེས་ན་ཕྱིའི་བྱ་བ་གཙོ་བོར་སྟོན་པས་ན་བྱ་བའི་རྒྱུད་དང༌། ཕྱི་ནང་གི་བྱ་བ་གཉིས་ཆ་མཉམ་དུ་སྤྱོད་པས་ན། གཉིས་ཀའི་རྒྱུད་དམ། སྤྱོད་པའི་རྒྱུད་དང༌། ཕྱིའི་བྱ་བ་སྙིང་པོ་མེད་པར་ཤེས་པས། ནང་གི་རྣལ་འབྱོར་ལ་གཙོ་བོར་སྤྱོད་པས། རྣལ་འབྱོར་གྱི་རྒྱུད་དང༌། ཕྱི་ནང་མཉམ་པ་ཉིད་དུ་ཤེས་ཏེ། ནང་གི་རྣལ་འབྱོར་ཁོ་ན་ལ་སྤྱོད་པ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་དེ། དགྱེས་རྡོར་དོན་བསྡུས་ཀྱི་འགྲེལ་པ་ལས། དེ་ཁོ་ན་ཉིད་སྒོམ་པའི་ནུས་པ་ཆུང་བ་མཚན་མ་ཅན་གྱི་སྤྱོད་པ་ལ་མངོན་པར་དགའ་བ་རྣམས་ཕྱིའི་སྤྱོད་པ་དེ་དག་ཤས་ཆེར་སྟོན་པ་བྱ་བའི་རྒྱུད་རྡོ་རྗེ་གཙུག་ཏོར་གྱི་ཞེས་པ་དང༌། ཡང་དེ་ཉིད་ལས། གང་ཞིག་བྱ་བའི་ཁྱད་པར་ལ་ཡང་མོས་ཤིང༌། ཐབས་དང་ཤེས་རབ་ཀྱི་སྤྱོད་པ་རྒྱ་ཆེན་པོ་ལ་ཡང་སྦྱོར་བའི་ནང་གི་བདག་ཉིད་ཅན་གྱི་ཚུལ་ཡང་མི་འདོར་བར་སྤྲོ་བ་དེ་དག་ནི་བྱ་བ་དང་རྣལ་འབྱོར་གྱི་ཆ་གཉིས་ལ་མཐུན་པ་གཉིས་ཀའི་རྒྱུད། ཕྱག་ན་རྡོ་རྗེ་ལ་དབང་བསྐུར་བ་ཞེས་བྱ་བ་དང༌། ཞེས་དང༌། དེ་ཉིད་སྣང་བ་ལས། རྒྱུད་འདི་ནི་སྒོམ་པ་གཙོ་བོར་གྱུར་པ་ཡིན་པས་ཞེས་པ་དང༌། འཇིག་རྟེན་གསུམ་རྒྱལ་གྱི་རྟོག་པའི་འགྲེལ་པ་ལས། དེ་ལ་རྣལ་འབྱོར་ཞེས་བྱ་བ་ནི་སེམས་མཉམ་པར་བཞག་པའོ། །དེའི་མཐུས་སྔགས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་དགོས་པ་བསྒྲུབ་པའི་ཕྱིར། སྔགས་དང༌། ཕྱག་རྒྱ་དང༌། དཀྱིལ་འཁོར་དང༌། དབང་སྦྱིན་པ་ལ་སོགས་པ་སྣ་ཚོགས་སྦྲེལ་ཞིང༌། བརྒྱུད་པས་རྣལ་འབྱོར་གྱི་རྒྱུད་ཅེས་བྱའོ། །ཞེས་དང༌། རྣམ་སྣང་མངོན་བྱང་གི་ཚིག་འགྲེལ་ལས། འཕགས་པ་དེ་ཁོ་ན་ཉིད་བསྡུས་པ་ལ་སོགས་པ་ནང་གི་སྦྱོར་བ་གཙོ་བོར་གྱུར་པ་ཡིན་མོད་ཀྱི། ཕྱིའི་སྤྱོད་པ་རྣམས་ཀྱང་མེད་པ་མ་ཡིན་ནོ། །ཞེས་དང༌། གསང་འདུས་རྒྱུད་ཕྱི་མ་ལས། ཨེ་མ་ཧོ་ཤིན་ཏུ་རྙེད་དཀའ་བ། །བྱང་ཆུབ་སྒྲུབ་པའི་ཐབས་འདི་ཡིན། །རྒྱུད་ཀྱི་མཆོག་གི་མཆོག་གྱུར་པ། །གསང་བ་འདུས་པ་ཞེས་པའི་རྒྱུད། །ཅེས་དང༌། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། བཅོམ་ལྡན་དེ་བཞིན་གཤེགས་ཀུན་གྱི། །ཡེ་ཤེས་ཞེས་པ་དྲི་མེད་པ། །བྱང་ཆུབ་སེམས་ནི་རིན་པོ་ཆེ། །བླ་ན་མེད་པ་བཤད་དུ་གསོལ། །ཞེས་དང༌། གུར་ལས་ཀྱང༌། ཨེ་མ་མཁའ་འགྲོ་མ་ཡི་རྒྱུད། །རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །རྟོགས་སླའང་རྟོགས་པར་དཀའ་བ་དང༌། །རིག་དང་མི་རིག་པ་ཉིད་དོ། །ཞེས་པའི་འགྲེལ་པར། རྒྱུད་རྣམས་ཀུན་གྱི་བླ་མ་སྟེ། །ཞེས་བྱ་བ་ནི་རྣལ་འབྱོར་གྱི་རྒྱུད་བླ་ན་མེད་པ་སྟེ། བྱ་བ་དང་སྤྱོད་པ་ལ་སོགས་པའི་བླ་མར་གྱུར་པའི་ཕྱིར་རོ། །ཞེས་སོ། །ཞེས་དང༌། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དུས་འཁོར་དབང་ཆེན་ཆོ་ག་ལས། སྔགས་ཀྱི་ཐེག་པ་ལའང་གདུལ་བྱ་དབང་རྟུལ་རྣམས་ལས་ཐེག་ཆེན་མདོ་ལམ་རྣམས་ཀྱི་སྟེང་དུ། ཆུ་དང་ཅོད་པན་གྱིས་རྒྱུད་སྨིན་པར་བྱས་ཏེ་བདག་བསྐྱེད་མེད་པར་མདུན་བསྐྱེད་ཀྱི་ལྷ་སྤྱན་དྲངས་ཏེ་མཆོད་པ་འབུལ། རྒྱས་གདབ་བྱས་ནས་སྔགས་བཟླས་པས་ཐུགས་རྒྱུད་བསྐུལ་ཏེ། ལས་སྣ་ཚོགས་པ་དང༌། ཐུན་མོང་གི་དངོས་གྲུབ་སྒྲུབ་པ་དང༌། མཚན་མེད་ཀྱི་རྣལ་འབྱོར་སྒོམ་པ་ཟུང་འབྲེལ་དུ་བྱས་པས་སྐལ་ཆེན་བརྒྱད་ན་ས་བཅུ་པའི་མཐར་སླེབ་པའི་ལམ་བསྟན་པ་བྱ་རྒྱུད་ཀྱི་ཐེག་པ་དང༌། སྔགས་ཀྱི་གདུལ་བྱ་དབང་འབྲིང་ལ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཆུ་དང་ཅོད་པན་གྱི་སྟེང་དུ་ཕྱག་མཚན་གྱི་དབང་དང་མིང་དབང་རྣམས་ཀྱིས་རྒྱུད་སྨིན་པར་བྱས་ཏེ། རང་ཉིད་ལྷ་སྐུར་བསྐྱེད་ནས་ཐུན་མཐར་བདག་བསྐྱེད་ཀྱི་ལྷ་གཤེགས་པ་སོགས་ཀྱི་ཡིད་དམ་གྱི་ཐུགས་རྒྱུད་བསྐུལ་ནས་ལས་དང་དངོས་གྲུབ་ཐུན་མོང་བ་བསྒྲུབ་པ་དང༌། མཚན་མེད་ཀྱི་རྣལ་འབྱོར་ཟུང་འབྲེལ་དུ་བསྒོམ་པས་བསྐལ་ཆེན་གསུམ་མམ་གཅིག་གིས་ས་བཅུ་པ་ཐོབ་བྱེད་ཀྱི་ལམ་བསྟན་པ་སྤྱོད་རྒྱུད་ཀྱི་ཐེག་པ་དང༌། སྔགས་ཀྱི་གདུལ་བྱ་དབང་རྣོན་རྣམས་ལ། བྱང་ཆུབ་ཀྱི་སེམས་ཀྱིས་གཞི་བཟུང་སྟེ། ཆུ་དང༌། ཅོད་པན། རྡོ་རྗེ་དང་དྲིལ་བུ། མིང་དབང་སྟེ་རྡོ་རྗེ་སློབ་མའི་དབང་དང༌། སློབ་དཔོན་གྱི་དབང་མཐའ་རྟེན་དང་བཅས་པས་སྨིན་པར་བྱས་ཏེ། འབྲས་བུ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་མཛད་པ་རྣམས་ལམ་དུ་བྱེད་པའི་སྒོ་ནས་བདག་བསྐྱེད་ཀྱི་དཀྱིལ་འཁོར་ཕྱག་རྒྱ་བཞིའི་རྒྱས་བཏབ་ནས་སྒོམ་སྟེ། མཐར་ཕྱག་རྒྱ་བཀྲོལ་ནས་བདག་བསྐྱེད་ཀྱི་ལྷ་གཤེགས་པ་དང༌། མདོ་དང་ཐུན་མོངས་མ་ཡིན་པའི་ཕྱག་རྒྱ་ཆེན་པོ་སྒྲུབ་བྱེད་ཀྱི་ཏིང་ངེ་འཛིན་གྱི་ཁྱད་པར་དུ་མ་དག་བསྒོམ་པས་ཚེ་ལོ་བརྒྱ་པའི་ཚེ་བཅུ་དྲུག་ཙམ་གྱིས་ཕྱག་རྒྱ་ཆེན་པོ་དང༌།དེ་ནས་ཚེ་སོ་གཉིས་ཙམ་གྱིས་ས་བཅུ་པའི་མཇུག་ཏུ་ཉེ་བའི་བར་ཐོབ་པའི་བསྟན་པ་རྣལ་འབྱོར་རྒྱུད་ཀྱི་ཐེག་པ་དང༌། སྔགས་ཀྱི་གདུལ་བྱ་དབང་བོ་ཆེས་རྣོན་པོ་དག་ལ། ཀུན་རྫོབ་སེམས་བསྐྱེད་དང་གཞན་དོན་མཐའ་དག་སྒྲུབ་པ་ལ་སེམས་དཔའ་བའི་སྙིང་སྟོབས་དང་ལྡན་པས་གཞི་བཅས་ཏེ། བུམ་གསང་ཤེར་དབང་དང་དབང་བཞི་པས་རྒྱུད་སྨིན་པར་བྱས་ནས་ལམ་བསྐྱེད་པའི་རིམ་པ་དང༌། རྫོགས་པའི་རིམ་པ་གཉིས་སྒོམ་པས་སྐྱེ་བ་སྔ་མར་ལམ་ལ་སྦྱངས་བ་མེད་པ་དག་ཀྱང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལའང་སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་བྱེད་ཀྱི་ཐེག་པ་བསྟན་པ་རྣལ་འབྱོར་བླ་མེད་ཀྱི་ལམ་གྱི་ཐེག་པ་དང་བཞི་ཡོད་པ་ལས་ཕྱི་མ་ནི་ཐེག་པ་མཐའ་དག་གི་ཡང་རྩེ་ཡིན། ད་ལན་གྱི་སྐབས་སུ་བབ་པ་ཡང་སྔགས་བླ་མེད་ཀྱི་ཐེག་པ་ཡིན་ཏེ། འདི་ལའང་ལྷ་ཡབ་ཀྱི་དཀྱིལ་འཁོར་ལ་སོགས་པ་གཙོར་བོར་སྟོན་པ་དག་ཕ་རྒྱུད་དང༌། ལྷ་ཡུམ་གྱི་དཀྱིལ་འཁོར་སོགས་གཙོ་བོར་སྟོན་པ་དང༌། ཡབ་ཡུམ་གཉིས་ཀ་སོགས་གཙོ་བོར་སྟོན་པ་མ་རྒྱུད་དང་གཉིས། ཕ་རྒྱུད་ལ་གསང་འདུས་ལྟ་བུ་ཆགས་ཅན་རྗེས་སུ་འཛིན་པ་དང༌། འཇིག་བྱེད་རྟོགས་བདུན་ལྟ་བུ་ཞེ་སྡང་ཅན་ཚར་གཅོད་པ་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ལྟ་བུ་གཏི་མུག་ཅན་རྗེས་སུ་འཛིན་པའི་རྒྱུད་དང་གསུམ། མ་རྒྱུད་ལ་ལའང་བདེ་མཆོག དགྱེས་རྡོར། མ་ཧཱ་མ་ཡ་ལ་སོགས་པ་ཧེ་རུ་ཀའི་རིགས་དང༌། གདན་བཞི་ལྟ་བུ་རྣམ་སྣང་གི་རིགས་དང༌། རིགས་ཀྱི་འཇིག་རྟེན་མགོན་པོ་ལྟ་བུ་པདྨའི་རིགས་དང༌། རྡོ་རྗེ་བདུད་རྩི་ལྟ་བུ་རྣམ་སྣང་གི་རིགས་དང༌། སྒྲོལ་མ་རྣལ་འབྱོར་མ་ལྟ་བུ་རྟའི་རྒྱལ་པོའམ་དོན་ཡོད་གྲུབ་པའི་རིགས་དང༌། ཟླ་གསང་ཐིག་ལེ་ལྟ་བུ་རྡོ་རྗེ་སེམས་དཔའི་རིགས་དང་དྲུག་ཡོད་པ་ལས། སྐབས་འདིར་ནི་མ་རྒྱུད་དང༌། དེའི་ནང་གི་ཡང་རྡོ་རྗེ་སེམས་དཔའི་རིགས་ཉིད་ཡིན་ནོ། །སྤྱིར་མ་རྒྱུད་ཀྱི་ནང་ནས་ལྷ་ཡབ་ཡུམ་གཉིས་ཀ་དང་ཐབས་ཤེས་རབ་ཀྱི་ཆ་གཉིས་ཀ་གཙོ་བོར་སྟོན་པ་གཉིས་མེད་ཀྱི་རྒྱུད་ཅེས་སྔ་མ་གཉིས་ལས་ལོགས་སུ་བཞག་ནས་བླ་མེད་ལ་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་གསུམ་དུ་ཕྱེས་པའི་ནང་གི་འདིར་ནི་གཉིས་མེད་ཀྱི་རྒྱུད་དང་པོའི་སངས་རྒྱས་བཅོམ་ལྡན་འདས་དུས་ཀྱི་འཁོར་ལོ། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་བྱ་རྒྱུད་ལ་བདག་བསྐྱེད་མེད་པར་བསྟན་པ་བྱ་རྒྱུད་ཀྱི་གདུལ་བྱ་འགའ་ཞིག་བདག་ཉིད་ལྷར་བསྐྱེད་པ་ལ་སྐྲག་པའི་གང་ཟག་གི་དབང་དུ་བྱས་པ་ལས་སྤྱིར་བྱ་རྒྱུད་ལ་བདག་བསྐྱེད་མེད་པར་གསུངས་པ་མ་ཡིན་པར་རྗེའི་སྔགས་རིམ་ཆེན་མོ་སོགས་ལས་བཤད་པ་ཡོད་ལ། ཀུན་དགའ་གྲོལ་མཆོག་གིས་མི་འཁྲུགས་པ་ལྷ་དགུའི་ཆོ་གར་བདག་བསྐྱེད་གསུངས་པ་ཡོད་དོ། །རྒྱུད་སྡེ་བཞིའི་མཚན་དོན་རྒྱུད་སྡེ་བཞི་ག་ལ་གྲགས་པའི་དབང་དུ་བྱས་ན་ཕྱིའི་བྱ་བ་དང་ནང་ལྷའི་རྣལ་འབྱོར་གཉིས་ཀྱི་ནང་ནས་ཕྱིའི་བྱ་བ་གཙོ་བོར་སྟོན་ཅིང༌། བསྒོམས་པའི་ལྷ་མོ་དང་ཕན་ཚུན་བལྟས་པ་ཙམ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་གང་ཟག་དངོས་སམ། དེའི་རིགས་གནས་གང་རུང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་གཙོ་བོར་གསུངས་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་གང་རུང་གི་རྒྱུད་དེ། བྱ་རྒྱུད་ཀྱི་མཚན་ཉིད་ཡིན་ཏེ། དོན་ཞགས་ཀྱི་ཆོ་ག་ཞིབ་མོ་ལས། བཅོམ་ལྡན་འདས་ཞལ་ཁྲོ་གཉེར་ཅན་ལ་བསྟོད་པར་བྱ། ཞེས་གསུངས་པའི་ཕྱིར་རོ། །ཕྱིའི་བྱ་བ་དང་ནང་ལྷའི་རྣལ་འབྱོར་ཆ་མཉམ་དུ་སྤྱོད་ཅིང་བསྒོམས་པའི་ལྷ་མོ་དང་ཕན་ཚུན་བལྟས་པར་མ་ཟད་རྒོད་པ་ཙམ་ལས་བྱུང་བའི་བདེ་བ་ལམ་དུ་བྱེད་པ་ལ་མོས་པའི་གང་ཟག་དངོས་སམ། དེའི་རིགས་གནས་གང་རུང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་གཙོ་བོར་གསུངས་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་གང་རུང་གི་རྒྱུད་དེ། སྤྱོད་རྒྱུད་ཀྱི་མཚན་ཉིད་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། དེའི་གཡས་སུ་ལྷ་མོ་ནི། །ཞེས་སོགས་གསུངས་སོ། ། ཕྱིའི་བྱ་བ་དང་ནང་ལྷའི་རྣལ་འབྱོར་གཉིས་ཀྱི་ནང་ནས་ནང་ལྷའི་རྣལ་འབྱོར་གཙོ་བོར་སྟོན་ཅིང༌། བསྒོམས་པའི་ལྷ་མོ་དང་བལྟས་པ་དང་རྒོད་པ་ལ་བརྟེན་ནས་བྱུང་བའི་བདེ་བ་ལམ་དུ་བྱེད་པ་ཡོད་པར་མ་ཟད། ཕན་ཚུན་འཁྱུད་པའམ་ལག་པ་བཅངས་པ་ལ་བརྟེན་ནས་བདེ་བ་ལམ་དུ་བྱེད་པ་ལ་གཙོ་བོར་མོས་པའི་ཆེད་དུ་བྱ་བའི་གདུལ་བྱ་དངོས་སམ། དེའི་རིགས་གནས་གང་རུང་གི་གདུལ་བྱ་ལ་གསུངས་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་གང་རུང་གི་རྒྱུད་དེ། རྣལ་འབྱོར་རྒྱུད་ཀྱི་མཚན་ཉིད་དུ་འཇོག་པ་ཡིན་ཏེ། རྩེ་མོ་ལས། ལྷ་མོ་རྡོ་རྗེ་ཅ་ཅོ་སྒྲོགས། །ཞེས་སོགས་གསུངས་པའི་ཕྱིར་རོ། ། ཕྱིའི་བྱ་བ་དང་ནང་ལྷའི་རྣལ་འབྱོར་གཉིས་ཀྱི་ནང་ནས། ནང་ལྷའི་རྣལ་འབྱོར་ཁོ་ན་གཙོ་བོར་སྟོན་ཅིང་རྣལ་འབྱོར་འདི་ལས་མཆོག་ཏུ་གྱུར་པའི་བླ་མའམ་གོང་མར་གྱུར་པའི་རྒྱུད་གཞན་མེད་ལ། དབང་པོ་གཉིས་སྦྱོར་གྱི་འདོད་ཡོན་ལ་ཆགས་པ་ལམ་དུ་བྱེད་པ་ལ་གཙོ་བོར་མོས་པའི་གདུལ་བྱ་དངོས་སམ། དེའི་རིགས་གནས་གང་རུང་གི་ཆེད་དུ་བྱ་བའི་གདུལ་བྱ་ལ་གསུངས་པའི་རྒྱུད་དངོས་སམ། དེའི་སྡེར་གཏོགས་གང་རུང་གི་རྒྱུད། བླ་མེད་ཀྱི་རྒྱུད་ཀྱི་མཚན་ཉིད་ཡིན་ཏེ། འདུས་པ་རྩ་བའི་རྒྱུད་ལས། དེ་བཞིན་གཤེགས་པའི་བཙུན་མོ་མཆོག །ཅེས་སོགས་གསུངས་པའི་ཕྱིར་རོ། །སྔགས་ལམ་དུ་ཞུགས་པ་ལ་སྐྱབས་འགྲོ་དང་ངེས་འབྱུང་གི་བསམ་པ་དང་བྱང་ཆུབ་ཀྱི་སེམས་རྒྱུད་ལ་བསྐྱེད་པ་སྔོན་དུ་འགྲོ་བའི་སྟེང་ནས་དབང་ཐོབ་དགོས་ཏེ། རྡོ་རྗེ་སློབ་དཔོན་མཚན་ཉིད་དང་ལྡན་པ་བླ་མ་ལྔ་བཅུ་པ་ལས་བཤད་པ་ལྟར་ཚུལ་བཞིན་དུ་བསྟེན། རྒྱུད་སྣོད་དུ་རུང་བར་བྱེད་པ་དབང་བསྐུར་བ་མནོས། དབང་གི་དུས་སུ་ཁས་བླངས་པའི་དམ་ཚིག་དང༌། སྡོམ་པ་ཚུལ་བཞིན་དུ་བསྲུང་བ་ལམ་གྱི་གཞིར་མེད་མི་རུང་ཡིན་ཏེ། བླ་མ་ལྔ་བཅུ་པ་ལས། བསམ་པ་དག་པའི་སློབ་མ་ནི། །དཀོན་མཆོག་གསུམ་ལ་སྐྱབས་སོང་ལ། །བླ་མའི་རྗེས་སུ་འཇུག་པ་འདི། །ཁ་ཏོན་བྱ་བར་སྦྱིན་པར་བྱ། །དེ་ནས་སྔགས་སོགས་བྱིན་པ་ཡིས། །དམ་ཆོས་སྣོད་དུ་བྱས་ནས་སུ། །རྩ་བའི་ལྟུང་བ་བཅུ་བཞི་ནི། །ཀློག་དང་འཛིན་པ་ཉིད་དུ་བྱ། །ཞེས་པ་དང༌། ཕྱག་ཆེན་ཐིག་ལེ་ལས་ཀྱང༌། དབང་མེད་པ་ལ་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་ལྟར། །གང་གི་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་པར་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །ཞེས་གསུངས་ལ། སངས་རྒྱས་ཐོད་པའི་རྒྱུད་ལས་ཀྱང༌། དཔེར་ན་བུ་ཚ་མེད་པའི་ཁྱིམ། །ཤི་བ་ཙམ་གྱིས་སྟོང་པ་ཉིད། །དེ་བཞིན་དབང་དང་བྲལ་ན་ནི། །ཡེ་ཤེས་ཀུན་གྱིས་སྟོང་པ་ཉིད། །ཅེས་གསུངས་ཤིང༌། བདེ་མཆོག་རྩ་རྒྱུད་ལས་ཀྱང༌། ཤིན་ཏུ་མཉམ་བཞག་སྒྲུབ་པ་པོས། །དམ་ཚིག་རྟག་ཏུ་བསྐྱང་བར་བྱ། །དམ་ཚིག་ཉམས་པའི་དཀྱིལ་འཁོར་དུ། །དབང་བསྐུར་དངོས་གྲུབ་ཐོབ་མི་འགྱུར། ། ཞེས་གསུངས་པའི་ཕྱིར་རོ། ། རྒྱུད་སྡེ་བཞིའི་གཞུང་གི་གྲངས་ཚད་ནི། ཕྱོགས་རྒྱལ་བ་ཆེན་པོའི་དུས་འཁོར་རྒྱུད་འགྲེལ་བཤད་པ་ལ་འཇུག་པའི་ཡན་ལག་ལས། རྒྱུད་སྡེའི་གཞུང་གི་གྲངས་ཚད་བསྟན་པ་ནི་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པའི་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད་ཀྱི་མིང་སྟོང་ཕྲག་བཅུ་པ་ཞེས་བྱ་བ་སྟེ། རྒྱས་པར་བྱས་ན་གྲངས་མེད་དོ། །གཉིས་ཀའི་རྒྱུད་སྟོང་ཕྲག་དྲུག་གོ། །སྤྱོད་པའི་རྒྱུད་སྟོང་ཕྲག་བརྒྱད་དོ། །བྱ་བའི་རྒྱུད་སྟོང་ཕྲག་བཞིའོ་ཞེས་གསུངས་པ་ལ། དེར་རྣལ་འབྱོར་མ་རྒྱུད་ཀྱི་གྲངས་མ་གསུངས་ཤིང༌། སྡོམ་འབྱུང་ལས། རྣལ་འབྱོར་མ་རྒྱུད་རྣམས་ཀྱི་ཚད། །བྱེ་བ་ཕྲག་ནི་དྲུག་ཏུ་ངེས། །དེ་བཞིན་རྣལ་འབྱོར་མ་རྒྱུད་གྲངས། །བྱེ་བ་ཕྲག་ནི་བཅུ་དྲུག་གྲངས། །ཞེས་གསུངས་སོ། །རྣལ་འབྱོར་ཆེན་པོ་ཐབས་ཀྱི་རྒྱུད་ལའང། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ལས་གཞན་ཡང་བཤད་བྱ་བ། །འདོད་ཆགས་ཐབས་ཆེན་པོའི་རྒྱུད། །གང་གིས་ལེགས་པར་ཤེས་ནས་ནི། །ཚེ་འདིར་དངོས་གྲུབ་སྦྱིན་པར་བཤད། །གསང་བ་འདུས་པ་སྟོང་ཕྲག་གཅིག །རྡོ་རྗེ་ཕྲེང་བ་འབུམ་ཕྲག་གཅིག །དགོངས་པ་ལུང་སྟོན་སྟོང་ཕྲག་བརྒྱ། །ལྷ་མོ་བཞིས་ཞུས་བརྒྱ་བདུན་ཅུ། །ཨུ་རད་ཏན་ཏྲ་གཉིས་བརྒྱ་བརྒྱད། །དེ་ཡིན་ཉེ་བར་བཤད་པ་ཡིན། །དམ་ཚིག་ཆེན་པོ་ལྔ་བཅུ་ལྔ། །རྡོ་རྗེ་ལྔ་འདུས་སྟོང་ཕྲག་གཅིག །ཀུན་ལས་བཏུས་པ་འབུམ་ཕྲག་གཅིག །མཉམ་ཉིད་རྣམ་རྒྱལ་ཉིས་བརྒྱ་བརྒྱད། །ཟླ་གསང་ཐིག་ལེ་སྟོང་བདུན་བརྒྱ། །རྡོ་རྗེ་ས་འོག་བརྒྱ་ཉི་ཤུ། །གཅོད་པན་རྡོ་རྗེ་བདུན་བརྒྱ་ལྔ། །ཁྲོ་ཟླ་ཐིག་ལེ་འབུམ་ཕྲག་ལྔ། །རྡོ་རྗེ་རྣམ་རྒྱལ་བརྒྱ་དགུ་བརྒྱ། །མཉམ་ཉིད་གསང་བ་སྟོང་ཕྲག་ལྔ། །རྡོ་རྗེ་གསང་བརྒྱན་སྟོང་ཕྲག་ལྔ། །རྡོ་རྗེ་གསང་མཛོད་སྟོང་ཕྲག་བདུན། །ནོར་བུ་གང་ཐིགས་འབུམ་ཕྲག་གཅིག །སྣང་མཛད་སྒྱུ་འཕྲུལ་སྟོང་དང་བརྒྱ། །རྡོ་རྗེ་གསང་བརྒྱན་སྟོང་ཕྲག་གཅིག །རྡོ་རྗེ་ཐོད་པ་གཉིས་བརྒྱ་བརྒྱད། །དེ་ཉིད་བརྒྱ་སྟོང་བརྒྱ་སྟོང་བདུན། །དམ་ཚིག་མངོན་རྒྱན་སྟོང་ཕྲག་འབུམ། །འཇམ་དཔལ་དཔའ་བོ་འབུམ་ཕྲག་བཞི། །གསང་ཆེན་བསྡུས་པ་བརྒྱ་ལྔ་བཅུ། །རིན་ཆེན་སྡོང་པོ་དགུ་བརྒྱ་བདུན། །དུས་ཀྱི་ཐིག་ལེ་བརྒྱ་བརྒྱད་ཅུ། །ལྷ་མོ་བསྟན་བཅོས་ལྔ་བརྒྱ་བདུན། །འདི་རྣམས་དགོངས་པའི་བྱེ་བྲག་གིས། །ང་ཡིས་ཡང་དག་བསྟན་པར་བྱ། །འདི་ནི་གཉིས་པོས་འཁྱུད་པ་ཡི། །རྒྱུད་ཀྱི་དབྱེ་བ་བསྟན་པའོ། །དེ་བཞིན་དུ་ནི་ལག་བཅངས་དང༌། །རྒོད་དང་ལྟ་བས་ཤེས་པར་བྱ། །ཞེས་སོ། ། དེ་རྣམས་ཀྱང་ཤོ་ལོ་ཀའི་གྲངས་ཚད་ནི་མ་ཡིན་གྱི། རྒྱུད་ཀྱི་མིང་གི་གྲངས་ཡིན་པར་ཤེས་པར་བྱའོ། །ཞེས་སོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྒྱུད་སྡེ་བཞི་སོ་སོར་བཤད་པ།

གཉིས་པ་རྒྱུད་སྡེ་བཞི་སོ་སོར་བཤད་པ་ལ།

བྱ་རྒྱུད་དང༌། སྤྱོད་རྒྱུད་དང༌། རྣལ་འབྱོར་གྱི་རྒྱུད་དང༌། བླ་མེད་ཀྱི་རྒྱུད་བཤད་པ་དང་བཞི་ལས། དང་པོ་བྱ་རྒྱུད་ལ། སྒྲ་བཤད། བྱ་རྒྱུད་ཀྱི་དབྱེ་བ། ཉམས་ལེན་ལམ་གྱི་རིམ་པ་དང་གསུམ་ལས། དང་པོ་ནི། ལུས་ངག་གི་བྱ་བ་གཙོ་བོར་སྟོན་པའི་རྒྱུད་ཡིན་པས་བྱ་རྒྱུད་ཅེས་བརྗོད་དོ། །གཉིས་པ་དབྱེ་བ་ལ། རིགས་ཀྱི་དབྱེ་བ་དང༌། རྗོད་བྱེད་ཚིག་གི་དབྱེ་བ་དང་གཉིས། དང་པོ་ནི། དེ་བཞིན་གཤེགས་པའི་རིགས། པདྨའི་རིགས། རྡོ་རྗེ་རིགས་ཏེ་འཇིག་རྟེན་འདས་པའི་རིགས་གསུམ་དང༌། ནོར་བུའི་རིགས་དང༌། ལྔ་རྩེན་གྱི་རིགས། འཇིག་རྟེན་ཕལ་པའི་རིགས་ནི་འཇིག་རྟེན་པ་གསུམ་སྟེ། དེ་ལྟར་རིགས་དྲུག་གོ། །དེ་བཞིན་གཤེགས་པའི་རིགས་ལ་དམ་ཚིག་གསུམ་བཀོད། ཚེ་དཔག་མེད། མི་འཁྲུགས་པ། སྨན་བླ་སོགས་སངས་རྒྱས་དངོས་རྣམས་གཙོ་བོའི་རིགས་ཡིན་ལ།འཇམ་དཔལ་གྱི་རིགས་རྣམས་རིགས་ཀྱི་བདག་པོ་དང༌། གཙུག་གཏོར་རྣམ་རྒྱལ་གདུགས་དཀར་དྲི་མེད་སོགས་རིགས་ཀྱི་གཙུག་གཏོར་དང༌། སྤྱན་རས་གཟིགས་དང༌། ཕྱག་རྡོར་འཁོར་བཅས་མ་གཏོགས། བྱང་སེམས་རྣམས་རིགས་ཀྱི་སེམས་དཔའ་དང༌། སངས་རྒྱས་སྤྱན་མ། གཟུངས་གྲྭ་ལྔ་ལ་སོགས་པ་རིགས་ཀྱི་ཡུམ་དང༌། གཤིན་རྗེ་གཤེད་ནི་རིགས་ཀྱི་ཁྲོ་བོ་དང་རིགས་ཀྱི་བདག་པོ་དང༌། མི་གཡོ་བ་ལ་སོགས་པ་རིགས་ཀྱི་ཕོ་ཉ་དང༌། འཕགས་མ་འོད་ཟེར་ཅན་མ་དང༌། རི་ཁྲོད་མ་ལོ་མ་གྱོན་མ་སོགས་དང༌། རྒྱལ་མཚན་རྩེ་མོའི་དཔུང་རྒྱན་དང༌། གཞན་གྱིས་མི་ཐུབ་མ་དང༌། ཕྱིར་བཟློག་ཆེན་མོ་ལ་སོགས་པ་རིགས་ཀྱི་ཕོ་ཉ་མོ་ཡིན་ནོ། །པདྨའི་རིགས་ལ། རིགས་ཀྱི་གཙོ་བོ་འཕགས་པ་སྤྱན་རས་གཟིགས་ཡིན་ལ། བཅོམ་ལྡན་མ་གོས་དཀར་མོ་སོགས་རིགས་ཀྱི་ཡུམ་དང༌། སྒྲོལ་མ་སོགས་རིགས་ཀྱི་ལྷ་མོ་དང་དོན་ཡོད་ཞགས་པ་དང༌། ཧ་ལ་ཧ་ལ་སོགས་རིགས་ཀྱི་སེམས་དཔའ་དང༌། རིགས་ཀྱི་བདག་པོ་ཞེས་བྱ་བ་རིགས་ཀྱི་ཁྲོ་བོ་ནི་རྟ་མགྲིན་ནོ། །རལ་གཅིག་མ་ལ་སོགས་པ་རིགས་ཀྱི་ཁྲོ་མོ་དང། སྲིན་མོ་རལ་གཅིག་མ་དང༌། དཔལ་ཆེན་མོ་ལ་སོགས་པ་ནི་རིགས་ཀྱི་ཕོ་ཉ་མོའོ། །རྡོ་རྗེའི་རིགས་ལ། རིགས་ཀྱི་གཙོ་བོ་ཕྱག་ན་རྡོ་རྗེ། རིགས་ཀྱི་ཡུམ་ལྷ་མོ་མཱ་མ་ཀཱི་དང་མེ་ལྟར་རབ་ཏུ་རྨོངས་བྱེད། རྡོ་རྗེ་མི་ཕམ་མོ་ལ་སོགས་པའོ། །རིགས་ཀྱི་སེམས་དཔའ་ནི་ཁྲོ་གཉེར་རིམ་པར་ལྡན་ལ་སོགས་པ་ཡིན་ཡང་ཁྲོ་བོའི་ཁོངས་སུ་འདུས། རིགས་ཀྱི་ཁྲོ་བོ་བདུད་རྩི་འཁྱིལ་པ། རིགས་ཀྱི་ཕོ་ཉ་སྟོབས་པོ་ཆེ་ལ་སོགས་པ། རིགས་ཀྱི་ཕོ་ཉ་མོ་རྡོ་རྗེ་ལྕགས་སྒྲོགས་མ་ལ་སོགས་པ་དྲུག་ཅུ་རྩ་བཞི་ཡོད་པར་གསུངས། ནོར་བུའི་རིགས་ཀྱི་རྒྱུད་ནི། གནོད་སྦྱིན་ནོར་བུ་བཟང་པོའི་བཤད་པ་སྟེ། ཛམྦྷ་ལ་དང་ནོར་རྒྱུན་མ་ལ་སོགས་པའི་རྒྱུད་དོ། །ལྔ་རྩེན་གྱི་རིགས་ནི། གནོད་སྦྱིན་ལྔ་རྩེན་ཉིད་དང༌། འཕྲོག་མ་དང༌། བུ་དགའ་བྱེད་ལ་སོགས་པའོ། །འཇིག་རྟེན་པའི་རིགས་ལ་ཚངས་པ། དབང་ཕྱུག ཁྱབ་འཇུག ཟླ་བ། ཉི་མ། མཁའ་ལྡིང་རྣམས་གཙོ་བོར་བཤད་ཅིང་སྤྱིར་ལྷ་ཀླུ་གནོན་སྦྱིན། དྲི་ཟ་མིའམ་ཅི། ལྷ་མ་ཡིན། མཁའ་ལྡིང༌། འབྱུང་པོ་སྟེ་སྡེ་བརྒྱད་ཀྱི་རིགས་མཐའ་ཡས་པ་རྣམས་སོ། །དེ་ལྟར་བྱ་བའི་རྒྱུད་ཀྱི་རིགས་ཀྱི་དབྱེ་བ་རྣམས་སོ། །

གཉིས་པ་རྗོད་བྱེད་ཚིག་གི་རྒྱུད་ལ་དབྱེ་ན།

གཉིས་པ་རྗོད་བྱེད་ཚིག་གི་རྒྱུད་ལ་དབྱེ་ན།

མདོ་སྡེ་དང༌། རྒྱུད་དང༌། རྟོག་པ་དང༌། ཆོ་ག་ཞིབ་མོ་དང༌། གཟུངས་ཏེ་ལྔ་ཡོད། དང་པོ་ནི། གསེར་འོད་དམ་པ་ལྟ་བུ་ཆོ་ག་བསྡུས་ཤིང་ས་ལམ་འབྲས་བུའི་རྣམ་གཞག་མང་བ་གཅིག་ལ་འཇོག་པ་ཡིན་ནོ། །གཉིས་པ་ནི་ཆོ་ག་རྒྱས་ཤིང་ས་ལམ་བསྡུས་པ་སྤྱི་རྒྱུད་གསུམ་དང་ཞལ་བཅུ་གཅིག་པའི་གཟུངས་ལ་སོགས་པའོ། །སྤྱི་རྒྱུད་གསུམ་པ་ནི། གསང་བ་སྤྱི་རྒྱུད་དང༌། དཔུང་བཟང་གིས་ཞུས་པ་དང༌། ལེགས་གྲུབ་ཀྱི་རྒྱུད་གསུམ་མོ། །གསུམ་པ་ནི། གནོད་སྦྱིན་མའི་རྟོག་པ་ལྟ་བུ་ཆོ་གའམ་སྒྲུབ་ཐབས་ཀྱི་རྣམ་གྲངས་གཅིག་ཁོ་ན་ཞིབ་མོར་སྟོན་པའོ། །བཞི་པ་ནི་འཇམ་དཔལ་རྩ་རྒྱུད་དང༌། ཕྱག་ན་རྡོ་རྗེ་རིག་པ་མཆོག་གི་རྒྱུད་སོགས་ཆོ་ག་དང༌། ས་ལམ་གཉིས་ཀ་རྒྱས་པར་བསྟན་པའོ། །ལྔ་པ་ནི་གཟུངས་སྔགས་ཕན་ཡོན་དང་བཅས་པ་ཙམ་སྟོན་པ་འོད་ཟེར་ཅན་མའི་གཟུངས་ལ་སོགས་པའོ། །

གསུམ་པ་བྱ་རྒྱུད་ཀྱི་ཉམས་ལེན་ལམ་གྱི་རིམ་པ།

གསུམ་པ་བྱ་རྒྱུད་ཀྱི་ཉམས་ལེན་ལམ་གྱི་རིམ་པ་ལ།

སྨིན་བྱེད་དབང༌། གྲོལ་བྱེད་གྱི་ལམ། སྤྱོད་པ། འབྲས་བུ་དང་བཞི་ལས། དང་པོ་སྨིན་བྱེད་ཀྱི་དབང་ལ་ཆུ་དང་ཅོད་པན་གྱི་དབང་ཙམ་ལས་མེད་ཅིང༌། དེ་ཡང་བྱ་རྒྱུད་རང་ལུགས་ཀྱི་སློབ་དཔོན་གྱི་གོ་འཕང་ཐོབ་ཕྱིར་དུ་བསྐུར་བ་དང༌། སྔགས་བསྒྲུབ་པའི་དོན་དུ་སློབ་མའི་དབང་བསྐུར་བ་དང༌། བར་ཆད་ཞི་བའི་དོན་དུ་དབང་བསྐུར་བ་དང༌། འབྱོར་བ་ཐོབ་པའི་ཕྱིར་དུ་དབང་བསྐུར་བ་སྟེ། དགོས་པའི་དབང་གིས་ཕྱཻ་བས་དབང་བསྐུར་ཚུལ་བཞི་ཡོད། རྒྱུད་འདིར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཁོ་ན་བཤད་དོ། །ཞེས་རྗེ་བཙུན་གྱིས་གསུངས་མོད་རས་བྲིས་ཡོད་མེད་དཔྱད་པར་ཞུའོ། ། གཉིས་པ་གྲོལ་བྱེད་ཀྱི་ཐབས་ལ། མཚན་བཅས་མཚན་མེད་གཉིས་ལས། དང་པོ་ལ། བདག་བསྐྱེད་ཀྱི་ལྷའི་རྣལ་འབྱོར་མེད་ཅིང༌། མདུན་བསྐྱེད་ལ་ཡང་དམ་ཚིག་པ་བསྐྱེད་པ་མེད་དེ། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཕྱག་རྒྱ་བསྟན། མཆོད་པ་ཕུལ་ཏེ་སྔགས་བཟླས་ནས་མཐར་གཤེགས་སུ་གསོལ་བ་ཙམ་ཡིན་ནོ། །

གཉིས་པ་མཚན་མེད་ཀྱི་ལམ།

གཉིས་པ་མཚན་མེད་ཀྱི་ལམ་ནི།

སྟོང་པ་ཉིད་བསྒོམ་པ་སྟེ། མདོ་དང་ཐུན་མོང་བ་ཁོ་ནའོ། ། གསུམ་པ་སྤྱོད་པ་ནི། དྲག་པོའི་ལས་ཐོབ་པའི་སྐབས་འགའ་དང༌། ཁྲོ་བོ་འཆོལ་པ་སྟོབས་པོ་ཆེ་བསྒྲུབས་པ་ལ་སོགས་པ་དམིགས་བསལ་ཅན་རྣམས་མ་གཏོགས་ཁྲུས་དང་གཙང་སྦྲ་དང་སྙུང་གནས་ལ་སོགས་པའི་དཀའ་ཐུབ་དང༌། མཆོད་རྫས་ཀྱང་སྲོག་ཆགས་ཀྱི་ལུས་དང་མ་འདྲེས་པ་གཙང་མ་ཁོ་ན་དགོས་པར་བཞེད་ཅིང༌། བསྙེན་པ་དང་བསྒྲུབ་པའི་དུས་སུ་ཚངས་སྤྱོད་དགེ་བསྙེན་ཡན་ཆོད་ཀྱི་སྤྱོད་པ་ལ་བརྟེན་དགོས་པ་དང༌། རྒྱུད་ཀྱི་ནང་སེལ་རེ་རེ་ཙམ་ལས་མདུན་བསྐྱེད་ལྷ་ཕོ་མོ་ཕན་ཚུན་གཟིགས་པ་ལ་བསྒྲུབ་པ་རང་ཉིད་ཕར་ལྟ་བའི་ཆགས་ལམ་ཙམ་བཤད་དོ། །བཞི་པ་གྲུབ་པ་འབྲས་བུའི་དུས་ནི། རྒྱུད་སྡེ་འདིའི་ལམ་ལ་ཞུགས་ན་དབང་པོ་རྣོན་པོས་བསྐལ་པ་བརྒྱད་ནས་སངས་རྒྱས་ཐོབ་པར་བཞེད་དོ། །གཉིས་པ་སྤྱོད་པའི་རྒྱུད་ལ། སྒྲ་བཤད། དབྱེ་བ། ཉམས་ལེན་གྱི་རིམ་པ་བཤད་པ་དང་གསུམ་ལས། དང་པོ་ནི། སྤྱོད་རྒྱུད་ལ། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་ཆ་མཉམ་དུ་སྤྱཽད་པས་སྤྱོད་པའི་རྒྱུད་ཅེས་བྱ་ཞིང་རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་གཉིས་ཀའི་རྒྱུད་ཅེས་ཀྱང་བརྗོད་དོ། །གཉིས་པ་དབྱེ་ནི། རིགས་རྣམ་པ་གསུམ་སྟེ། སྐུའི་རིགས་དང༌། གསུང་གི་རིགས་དང༌། ཐུགས་ཀྱི་རིགས་སོ། །དང་པོ་སྐུའི་རིགས་ནི། རིགས་གསུམ་གྱི་གཙོ་བོ་ཡིན་ལ། བོད་དུ་འགྱུར་བའི་དབང་དུ་བྱས་ནས་སྤྱོད་རྒྱུད་མཐའ་དག་གི་གཙོ་བོའམ་རྩ་བར་གྱུར་བ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་རྒྱུད་ཡིན་ཅིང༌། དེ་ལས་ལྷའི་རྣམ་གྲངས་མང་པོ་སྟོན་ཀྱང་གཙོ་བོ་སངས་རྒྱས་རྣམ་སྣང་འཁོར་ལོས་བསྒྱུར་བའི་ཆ་ལུགས་ཅན་སྐུ་མདོག་སེར་པོ་ཕྱག་མཉམ་གཞག་མཛད་པ་ཞིག་གསུངས། བྱ་རྒྱུད་དུ་སངས་རྒྱས་རྣམས་རབ་བྱུང་ཆགས་བྲལ་གྱི་རྣམ་པ་ཁོ་ནར་བཤད། འདི་ནས་བརྩམས་ཏེ་རྒྱུད་སྡེ་གོང་མ་རྣམས་སུ་སངས་རྒྱས་ཞི་བ་སྐུ་རྒྱན་དང་ལྡན་པ་དང༌། ཁྲོ་ཆགས་ཀྱི་སྐུ་ལ་སོགས་པ་མ་ངེས་པ་མང་དུ་གསུངས་སོ། །དེ་ལྟར་ན་རིགས་ཀྱི་གཙོ་བོ་རྣམ་པར་སྣང་མཛད་དང༌། རིགས་ཀྱི་ཁྲོ་བོ་མི་གཡོ་བ་བརྟུལ་ཕོད་པའི་རྒྱུད་དང༌། གཤིན་རྗེ་གཤེད་རྣམ་པར་རྒྱལ་བའི་རྒྱུད་གཉིས་སོ། །

གཉིས་པ་ལ་གསུང་གི་རིགས།

གཉིས་པ་ལ་གསུང་གི་རིགས་ནི།

བོད་དུ་མ་འགྱུར་བར་གསུངས་སོ། །གསུམ་པ་ཐུགས་ཀྱི་རིགས་ནི། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ཡིན་ལ། འདི་ལས་ལྷའི་རིགས་མང་དུ་བཤད་ཀྱང༌། གཙོ་བོ་ཕྱག་ན་རྡོ་རྗེ་ཞི་བ་ཡིན། འོད་ཟེར་ཅན་མ་ལྷ་མང་གི་རྒྱུད་འདི་བོད་དུ་སྔར་བྱ་རྒྱུད་དུ་གྲགས་ཀྱང་རང་ལུགས་སྤྱོད་རྒྱུད་ཡིན་པས་སྐུའི་རིགས་སུ་བསྡུ་དགོས། ངན་སོང་སྦྱོང་རྒྱུད་ཀྱང་རྣལ་འབྱོར་རྒྱུད་ཡིན་པར་གྲགས་ཀྱང༌། རང་ལུགས་སྤྱོད་རྒྱུད་ཡིན། དཀྱིལ་འཁོར་སྐུ་གསུང་ཐུགས་འདྲེས་པར་བསྟན་པས། རིགས་གསུམ་ག་འདྲེས་པའི་རྒྱུད་དུ་འགྲོ་ཞིང་འདི་ལས་དཀྱིལ་འཁོར་བཅུ་གཉིས་བཤད་པའི་རྩ་བ་ནི་ཀུན་རིག་ཡིན་ནོ། །

གསུམ་པ་ཉམས་ལེན་གྱི་རིམ་པ།

གསུམ་པ་ཉམས་ལེན་གྱི་རིམ་པ་ནི།

སྨིན་བྱེད་ཀྱི་དབང༌། གྲོལ་བྱེད་ཀྱི་ལམ། སྤྱོད་པ། གྲུབ་པ་འབྲས་བུའི་དུས་དང་བཞི་ལས། དང་པོ་ནི། ཕལ་ཆེར་བྱ་རྒྱུད་དང་འདྲ་བ་ལས། མིག་ཐུར་མེ་ལོང་གི་དབང་བསྐུར་སོགས་མཐའ་རྟེན་ལྷག་པོ་དང་སྤྱོད་རྒྱུད་ཀྱི་ནང་ནས་རིགས་མཐོ་བ་འགའ་ཞིག་ལ་ཆུ་ཅོད་པན་ཕྱག་མཚན་རྡོ་རྗེ་དྲིལ་བུ་ལྟ་བུ་དང༌། མིང་གི་དབང་བདག་པོའི་དབང་སོགས་ཡོད་པས། རིག་པའི་དབང་ལྔ་རྗེས་མཐུན་པ་ཡོད་དོ། །འོན་ཀྱང་སྤྱོད་རྒྱུད་ཡིན་ན་དབང་ལྔ་ཡོད་པར་མ་ངེས་ཏེ། སྔགས་ཀྱི་དྲི་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལས། སྤྱིར་སྤྱོད་རྒྱུད་ཀྱི་དབང་ལ། ཕྱག་མཚན་དང་མིང་དབང་ཡོད་པའི་ངེས་པ་མེད་དེ། རྣམ་སྣང་མངོན་བྱང་ལས། ཆུ་དབང་དང༌། མིག་ཐུར་དང༌། མེ་ལོང་དང༌། ཆོས་བཤད་རྣམས་ལས་མ་གསུངས་ཤིང༌། ཕྱག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། ཆུ་ཅོད་པན་རྡོ་རྗེ་མིང་དབང་སྟེ་བཞི་པོ་གསུངས་པར་མཁས་པ་རྣམས་ལ་གྲགས་པ་དང༌། ངན་སོང་སྦྱོང་རྒྱུད་ལྟ་བུ་ད་ལྟ་རྣལ་འབྱོར་རྒྱུད་ཁོ་ནར་གྲགས་ལ། བླ་མ་རྣམས་ཀྱིས་རྣལ་འབྱོར་རྒྱུད་དུ་བཀྲལ་བ་ཡིན་གྱི། རྒྱུད་ཀྱི་ངོ་བོ་ལ་བལྟས་ན་སྤྱོད་རྒྱུད་དུ་གསལ་ལ། ཇོ་བོ་རྗེ་ཡང་སྤྱོད་རྒྱུད་དུ་བཞེད་པས། རྒྱུད་འདི་ལས་ཀྱང༌། དབང་གི་དངོས་གཞི་དེ་དག་དང༌། གུང་མཐུན་པར་འབྱུང་བས་ན། སྤྱོད་རྒྱུད་ཀྱི་ནང་མཚན་འགའ་ཞིག་ལ། རིག་པའི་དབང་ལྔའི་དོད་ཙམ་ཡོད་པར་སྟོན་པའོ། །དེས་ན་སྤྱོད་རྒྱུད་ཀྱི་ཆུ་སོགས་དབང་ལྔ་དང༌། རྣལ་འབྱོར་རྒྱུད་ཀྱི་དེ་ལྔ་དང༌། བླ་མེད་ཀྱི་རིག་པའི་དབང་ལྔ་ལ་མིང་མཚུངས་པ་དང༌། དབང་རྫས་ཕྱོགས་མཐུན་པ་དང༌། རྣལ་འབྱོར་ཕྱི་ནང་གཉིས་ལ་ནི་ཆོ་གའི་ཚིག་རིགས་ཀྱང་ཕྱོགས་མཚུངས་ཙམ་ཡོད་ཀྱང༌། དོན་མི་འདྲ་བ་ཤིན་ཏུ་ཆེ་བས། བླ་མེད་ཀྱི་དབང་བཞི་དང་ཟློས་པར་ནི་མི་འགྱུར་ལ། སྤྱིར་བུམ་དབང་ཙམ་ནི་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ལ་ཡོད་པར་བརྗོད་ཀྱང་མི་འགལ་ཏེ། བུམ་པས་དབང་བསྐུར་བར་ཡང་ནས་ཡང་དུ་གསུངས། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གྲོལ་བྱེད་ལམ།

གཉིས་པ་གྲོལ་བྱེད་ལམ་ནི།

མཚན་བཅས་ཀྱི་རྣལ་འབྱོར་གྱི་སྐབས་སུ་བདག་ཉིད་ལྷར་བསྒོམ་པ་ཡང་ཡོད་ཅིང་མདུན་བསྐྱེད་ལ་ཡང་དམ་ཚིག་པ་ལ་ཡེ་ཤེས་པ་བསྲེ་བའི་སྐབས་ཀྱང་ཡོད་པ་དང༌། ཇི་སྐད་དུ། རྒྱུད་ལས། དང་པོར་ཁྲུས་བྱས་རྣལ་འབྱོར་བས། །རྡོ་རྗེའི་གདན་ལ་འདུག་ནས་ནི། །མཆོད་དང་གསོལ་བ་ལྷ་དྲུག་བསྒོམ། །སྟོང་དང་ཡི་གེ་སྒྲ་གཟུགས་དང༌། ཕྱག་རྒྱ་མཚན་མ་དྲུག་ཏུ་འདོད། །ཅེས་འབྱུང་བ་ལྟར། ཕྱི་ནང་གི་ཁྲུས་སྔོན་དུ་འགྲོ་བའི་བསྲུང་འཁོར་བསྒོམ་པ་དང༌། ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཏེ་ཕྱག་རྒྱས་བཏབ་ནས་མཆོད་པ་འབུལ། གསོལ་བ་བཏབ། དེ་རྗེས་གནས་ལུགས་ཀྱི་དོན་བསྒོམ་པ་སྟོང་པའི་ལྷ། དེའི་ངང་ལས་སྔགས་ཀྱི་ཡིག་འབྲུ་དང་ས་བོན་བསྒོམ་པ་ཡི་གེའི་ལྷ། སྔགས་ཀྱི་སྒྲ་དང་བཅས་པའི་འོད་ཟེར་སྤྲོ་བསྡུ་བསྒོམ་པ་སྒྲའི་ལྷ། ལྷའི་སྐུ་གཟུགས་སྒཽམ་པ་གཟུགས་ཀྱི་ལྷ། ཐུགས་ཀར་ཕྱག་མཚན་སོགས་བསྒོམ་པ་ཕྱག་རྒྱའི་ལྷ། རང་ལུས་ལ་སྔགས་ཀྱི་བྱིན་གྱིས་བརླབས་པས་ལྷ་སྐུར་བསྒོམ་པ་མཚན་མའི་ལྷ་ཞེས་ལྷ་དྲུག་གི་རྣལ་འབྱོར་གསུངས་སོ། །མཚན་མེད་ཀྱི་རྣལ་འབྱོར་ལ་ཡང་སྙིང་གར་ཕྱག་མཚན་དང་ཡིག་འབྲུ་བསྒོམ་པ་དང༌། རླུང་སྲོག་རྩོལ་དགག་པ་དང༌། ལྷ་ཕོ་མོ་རྒོད་པའི་འདོད་ཆགས་ལམ་བྱེད་སོགས་བྱ་རྒྱུད་ལས་ལྷག་པའི་ཁྱད་ཆོས་ཡོད་དོ། །

གསུམ་པ་སྤྱོད་པ།

གསུམ་པ་སྤྱོད་པ་ནི།

གཙང་སྦྲ་ལ་གནས་པ་དགོས་ཀྱང་དམིགས་བསལ་རེ་ཙམ་མ་གཏོགས་དཀའ་ཐུབ་དཀའ་སྤྱད་མི་དགོས་ཏེ། བདག་ཉིད་ལྷར་སྒོམ་དགོས་པའི་ཕྱིར་རོ། །བཞི་བ་གྲུབ་པ་འབྲས་བུའི་དུས་ནི། བསྐལ་པ་ཆེན་པོ་གསུམ་ནས་སངས་རྒྱས་ཐོབ་ནུས་པར་བཤད་ལ། འབྲས་བུ་ཇི་ལྟར་བསྒྲུབ་པའི་རིམ་པ་ནི། འདི་དང་བྱ་རྒྱུད་གཉིས་འདྲ་སྟེ། སྤྱོད་པ་བཞི་ཞེས་བྱ་བ། འཇུག་པའི་སྤྱོད་པ་དབང་དང་དམ་ཚིག་རྣལ་འབྱོར་པའི་སྤྱོད་པ་རྣལ་འབྱོར་གཉིས་ལ་བརྟེན་ནས་བསྙེན་པ་བྱེད་པ། སྒྲུབ་པའི་སྤྱོད་པ་རྣལ་འབྱོར་པ་དམིགས་པ་ལ་བརྟན་པ་ཐོབ་ནས། བྲིས་སྐུའམ་དཀྱིལ་འཁོར་བཞེངས་པ་ལ་མཆོད་ཅིང་བསྒྲུབས་པས་དངོས་སམ་རྨི་ལམ་དུ་ལྷའི་སྣང་བ་འབྱུང་བ། སྒྲུབ་པ་ཆེན་པོའི་མཆོད་པ་སོ་སོའི་རྒྱུད་ལས་འབྱུང་བ་ལྟར་ལས་ཚོགས་དང་དངོས་གྲུབ་བསྒྲུབ་པའོ། །

གསུམ་པ་རྣལ་འབྱོར་རྒྱུད།

གསུམ་པ་རྣལ་འབྱོར་རྒྱུད་ལ།

སྒྲ་བཤད། དབྱེ་བ། ཉམས་ལེན་ལམ་གྱི་རིམ་པ། གྲུབ་པ་འབྲས་བུའི་གནས་སྐབས་དང་བཞི། དང་པོ་ནི། སྤྱོད་རྒྱུད་ལས་གང་ཟག་བློ་རྣོ་བ་ནང་ཏིང་ངེ་འཛིན་ཁོ་ན་ལ་གཙོ་བོར་སྟོན་པའི་རྒྱུད་ཡིན་པས་ན་རྣལ་འབྱོར་གྱི་རྒྱུད་ཅེས་བྱ་སྟེ། དུས་འཁོར་རྒྱུད་འགྲེལ་བཤད་པ་ལ་འཇུག་པ་ལས། དེ་ཉིད་སྣང་བ་ལས། རྒྱུད་འདི་ནི་བསྒོམ་པ་གཙོ་བོར་གྱུར་པ་ཡིན་པས། ཞེས་གསུངས་པས་ནང་ཏིང་ངེ་འཛིན་གྱི་རྣམ་པ་གཙོ་བོར་སྟོན་པས་ན་རྣལ་འབྱོར་གྱི་རྒྱུད། ཅེས་གསུངས་པས་སོ། །

གཉིས་པ་དབྱེ་བ།

གཉིས་པ་དབྱེ་བ་ནི།

རྩ་རྒྱུད་ནི་དེ་ཉིད་བསྡུས་པ་ཡིན། འདིའི་དུམ་བུ་དང་པོ་ནས་རྡོར་དབྱིངས། གཉིས་པ་ནས་ཁྲོ་བོ་ཁམས་གསུམ་རྣམ་རྒྱལ། གསུམ་པ་ལས་འགྲོ་བ་འདུལ་བ། བཞི་པ་ལས་དོན་ཡོད་གྲུབ་པའི་དཀྱིལ་འཁོར་རྣམས་སྟོན། བཤད་རྒྱུད་རྡོ་རྗེ་རྩེ་མོ་ཡིན། འདི་ཡང་རྒྱས་བསྡུས་མ་གཏོགས་དཀྱིལ་འཁོར་སྟོན་ཚུལ་སྔ་མ་དང་ཕྱོགས་འདྲ། ཡན་ལག་གི་རྒྱུད་ཐམས་ཅད་གསང་བ་དང༌། ཁམས་གསུམ་རྣམ་རྒྱལ་གྱི་སྒོས་རྒྱུད་ཅིག་ཀྱང་ཡོད། ཆ་མཐུན་གྱི་རྒྱུད་དཔལ་མཆོག་དང་པོ་ཡིན། རྒྱུད་འདི་ལས་འབྱུང་བའི་དཀྱིལ་འཁོར་གྱི་གཙོ་བོ་དཔལ་མཆོག་རིགས་བསྡུས་སུ་གྲགས་པ་འདི་ཡིན་ལ། དཀྱིལ་འཁོར་གྱི་གཙོ་བོ་ནི་རྡོ་རྗེ་སེམས་དཔའོ། །ཡོ་ག་རིགས་བཞི་ཞེས་ཀྱང་གྲགས། རྩ་རྒྱུད་ཀྱི་དུམ་བུ་ལ་རིགས་བཞི་ཡོད་པའི་དབང་དུ་བྱས་པ་ཡིན། རྒྱུད་སོ་སོ་བ་རང་ནི་མེད། རྒྱུད་ཀྱི་དབྱེ་བ་ནི་ཐབས་རྒྱུད་དང་ཤེས་རབ་རྒྱུད་གཉིས་སུ་བྱེད། དཔལ་མཆོག་ཤེས་རབ་ཀྱི་རྒྱུད་ཡིན། གཞན་རྣམས་ཐབས་རྒྱུད་དོ། །ཡོ་གའི་སྐོར་ལ་ལུགས་སྲོལ་མང་པོ་བྱུང་ཡང་གསུམ་པོ་འདི་གྲགས་ཆེ་སྟེ་སློབ་དཔོན་ཤཱཀྱ་བཤེས་གཉེན་དང༌། སངས་རྒྱས་གསང་བ་དང༌། ཀུན་དགའ་སྙིང་པོའི་ལུགས་སོ། །དེ་གསུམ་ལས་ཀྱང་ཕྱི་དར་ལ་ཀུན་སྙིང་ཁོ་ནའི་ལུགས་དར་རོ། །

གསུམ་པ་ཉམས་ལེན་གྱི་རིམ་པ།གསུམ་པ་ཉམས་ལེན་གྱི་རིམ་པ།

གསུམ་པ་ཉམས་ལེན་གྱི་རིམ་པ།གསུམ་པ་ཉམས་ལེན་གྱི་རིམ་པ་ནི།

སྨིན་བྱེད་ཀྱི་དབང་གི་དུས་སུ་ཆུ་ཅོད་པན། རྡོ་རྗེ་དྲིལ་བུ། མིང་དབང༌། རྡོ་རྗེའི་བརྟུལ་ཞུགས། རྡོ་རྗེ་སློབ་དཔོན་ཏེ་བུམ་དབང་བདུན་གྱི་མཐའ་རྟེན་དང་བཅས་བླ་མེད་ཕྱོགས་འདྲ་རུང་ཡོད། གྲོལ་བྱེད་ཀྱི་ལམ་ལ་ལྷའི་རྣལ་འབྱོར་མངོན་པར་བྱང་ཆུབ་ལྔ་བསྐྱེད་པ་སོགས་དང་བདག་བསྐྱེད་དཀྱིལ་འཁོར་རྒྱས་པ་ཡང་ཡོད། དམ་ཚིག་པ་ལ་ཡེ་ཤེས་པ་བསྟིམས་ནས་ཕྱག་རྒྱ་བཞིའི་རྒྱས་བཏབ་བྱེད། དབང་བླངས་ཏེ་བཟླས་བརྗོད་བྱེད་པ་སོགས་མ་དག་པའི་སྣང་བ་སྦྱངས་ནས་དཀྱིལ་འཁོར་བསྒོམས་པའི་བསྙེན་པ་དང་སྒྲུབ་པ་ལས་སྦྱོར་རྒྱས་པར་གསུངས། ལག་བཅངས་བདེ་བ་ལམ་བྱེད་དང༌། མཚན་མེད་ཀྱི་རྣལ་འབྱོར་ཡང་སྤྱོད་རྒྱུད་དང་འདྲ་རུང་བ་ལས་ཟབ་ཁྱད་ཐོན་པ་ཡོད་དོ། །

བཞི་བ་གྲུབ་པ་འབྲས་བུའི་གནས་སྐབས།

བཞི་བ་གྲུབ་པ་འབྲས་བུའི་གནས་སྐབས་ནི།

དབང་པོ་རྣོན་པོས་ཚེ་གཅིག་ནས་རྟུལ་པོས་སྐྱེ་བ་བཅུ་དྲུག་ཚུན་ཆོད་ལ་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད། དེ་ནས་ཀྱང་ལམ་ལ་འབད་པས་མི་རིང་པར་རྫོགས་པའི་སངས་རྒྱས་འགྲུབ་སྟེ་ཤིན་ཏུ་ཐོགས་ཀྱང་བསྐལ་པ་ཆུང་ངུ་གཅིག་ལ་མཐར་ཐུག་གི་སངས་རྒྱས་ཐོབ་པར་འགྱུར་རོ། །བཞི་པ་རྣལ་འབྱོར་བླ་མེད་བཤད་པ་ལ། སྒྲ་བཤད། དབྱེ་བ། ཉམས་ལེན་ལམ་གྱི་རིམ་པ། འབྲས་བུའི་དུས་དང་བཞི། དང་པོ་ནི། ཏིང་ངེ་འཛིན་ཁྱད་པར་ཅན་གོང་ན་མེད་པ་སྟོན་པར་བྱེད་པའི་རྒྱུད་ཡིན་པས་ན་རྣལ་འབྱོར་བླ་མེད་གྱི་རྒྱུད་ཅེས་བྱ་སྟེ། དུས་འཁོར་རྒྱུད་འགྲེལ་བཤད་པ་ལ་འཇུག་པ་ལས། དབང་པོ་རྣོ་བ་ཏིང་ངེ་འཛིན་ཁྱད་པར་གོང་ན་མེད་པ་ལ་སྤྱོད་པ་ལ་དེའི་དོན་དུ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་གསུངས་སོ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ།

གཉིས་པ་དབྱེ་བ་ནི།

ཕ་རྒྱུད་མ་རྒྱུད་གཉིས་ཡོད་ཅིང༌། དེ་ཡང་རྣལ་འབྱོར་བླ་མའི་རྒྱུད་དང་ཐབས་རྒྱུད་དང་ཕ་རྒྱུད་སྐབས་འགར་རྣལ་འབྱོར་ཆེན་པོ་རྣམས་དོན་གཅིག་ཅིང༌། སྐབས་འགར་རྣལ་འབྱོར་བླ་མེད་ཅེས་པའང་མ་རྒྱུད་ཁོ་ན་ལ་འཇུག་པའི་སྐབས་ཡོད། སྤྱིར་ནས་ཤེས་རབ་ཀྱི་རྒྱུད་དང་མ་རྒྱུད་དང་རྣལ་འབྱོར་མའི་རྒྱུད་རྣམས་དོན་གཅིག་གོ། །དེ་གཉིས་ཀྱི་ཁྱད་པར་ཐབས་དཀྱིལ་འཁོར་ལྷ་ཡབ་གཙོ་བོར་གྱུར་པའི་བསྐྱེད་རིམ་གྱི་རྣམ་གཞག་དང་སྔགས་དང་ཆོ་ག་གཙོ་བོར་སྟོན་ཅིང༌། ཤེས་རབ་ལྷ་མོའི་སྔགས་དང་ཆོ་ག་མཆོག་བསྒྲུབ་པའི་དོན་དུ་མི་སྟོན་པ་དེ་ནི་ཐབས་རྒྱུད་ཡིན་ལ། ཐབས་རྒྱུད་ཀྱི་ཁྱད་ཆོས་རྣམས་ཤེས་རབ་ཀྱི་རྒྱུད་ལ་ཚང་ཞིང༌། ཐབས་རྒྱུད་ལ་མེད་པའི་གནད་མང་པོ་ཡང་ཤེས་རབ་ཀྱི་རྒྱུད་ལ་ཡོད་པས། ཐབས་རྒྱུད་ལས་ཤེས་རབ་ཀྱི་རྒྱུད་ཟབ་བོ། །དེས་ན་ཤེས་རབ་རྡོ་རྗེ་ལྷ་མོའི་ཚོགས་ཀྱི་དཀྱིལ་འཁོར་དང༌། སྔགས་དང་ཆོ་ག་རྒྱས་པར་སྟོན་པ་དེ་ནི་མ་རྒྱུད་ཅེས་བྱ་སྟེ། འདི་ལ་ཡང་ཡབ་ཡུམ་ཆ་མཉམ་པར་སྟོན་པ་དང༌། ཡུམ་གྱི་རིགས་ཤས་ཆེར་སྟོན་པ་སྟེ་རིགས་གཉིས་ཡོད་དོ། །གཞན་དག་ཐབས་སྙིང་རྗེ་དང༌། ཤེས་རབ་སྟོང་ཉིད། ཐབས་སྤྱོད་པ་དང༌། ཤེས་རབ་ལྟ་བ། ཐབས་སྒྱུ་ལུས་དང༌། ཤེས་རབ་འོད་གསལ། ཐབས་བསྐྱེད་རིམ་དང༌། ཤེས་རབ་རྫོགས་རིམ། ཐབས་སྣང་བ་བཞི་དང༌། ཤེས་རབ་དག་པ་བཞི་སྟོན་ཚུལ་གྱི་སྒོ་ནས་འབྱེད་པར་འདོད་པ་དང༌། གཞན་ཡང་སྐུའི་རྣམ་འགྱུར་རྒྱན་ཆ་ལུགས་རྩ་དང་རླུང་སོགས་ཀྱི་སྒོ་ནས་དབྱེ་བ་མཛད་པ་དང༌། ཕ་རྒྱུད་མ་རྒྱུད་གཉིས་ཐབས་ཤེས་ཕྱོགས་རེ་དང༌། གཉིས་མེད་ཀྱི་རྒྱུད་ཐབས་ཤེས་ཟུང་འཇུག་ཡིན་ཟེར་བ་སོགས་འདོད་ཚུལ་སྐྱོན་དང་བཅས་པ་ཡིན་པས་རང་ལུགས་ལ་མི་བཞེད་དོ། །དེ་ལས་ཕ་རྒྱུད་ལ་དབྱེ་ན་འདོད་ཆགས་ཀྱི་རིགས་ཀྱི་རྒྱུད་དང༌། ཞེ་སྡང་གི་རིགས་ཀྱི་རྒྱུད་དང༌། གཏི་མུག་གི་རིགས་ཀྱི་རྒྱུད་དོ། །དབྱེ་བ་འདི་རྡོ་རྗེའི་དཀྱིལ་འཁོར་རྒྱན་གྱི་རྒྱུད་ལས་བཤད། དང་པོ་ནི། གསང་འདུས་ཡན་ལག་དང་བཅས་པ་དང༌། གཤིན་རྗེ་གཤེད་དགྲ་ནག་དང༌། གདོང་དྲུག་པ་དང༌། གཤེད་དམར་དང༌། རྣམ་སྣང་སྒྱུ་འཕྲུལ་དྲ་བ་ལ་སོགས་པའོ། །དང་པོ་གསང་འདུས་ལ་རྒྱུད་ཀྱི་དབང་དུ་བྱས་ན་རྩ་བའི་རྒྱུད་དང༌། རྒྱུད་ཕྱི་མ་དང༌། བཤད་རྒྱུད་ཀྱི་རིགས་ལ་དགོངས་པ་ལུང་སྟོན་རྡོ་རྗེ་འཕྲེང་བ། ལྷ་མོ་བཞིས་ཞུས་པ་ལ་སོགས་པའི་དགོངས་འགྲེལ་མཁན་པོ་སློབ་དཔོན་སོ་སོའི་ལུགས་སྲོལ་ལྟར་ན། སྤྱིར་རྒྱ་གར་ཡུལ་དུ་གསང་འདུས་ལ་ལུགས་ཉི་ཤུ་རྩ་བཞི་ཡོད་པར་གྲགས། བོད་དུ་འགྱུར་བ་ལ་འཕགས་བསྐོར་ཞེས་བྱ་བ་ཀླུ་སྒྲུབ་ལུགས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལུགས། སློབ་དཔོན་ཤནྟི་པའི་ལུགས། རྡོ་རྗེ་བཞད་པའི་ལུགས། པདྨ་བཛྲ་གྱི་ལུགས། ཀུན་སྙིང་གི་ལུགས་ཏེ་དྲུག་གོ །དེའི་ཕྱི་མ་ནི་རྒྱ་གར་མཁས་པས་བཀྲལ་བ་ཙམ་ཡིན་ཡང༌། རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཡིན་ངེས་པ་ཞིག ཕྱིས་ཡོ་གའི་ཚུལ་དུ་བཀྲལ་བ་ཡིན་པས་མཁས་པ་ཆེན་པོ་རྣམས་མི་འཐད་པར་བཞེད། གཞན་རྣམས་ལུགས་རྣམ་པར་དག་པ་ཡིན་ནོ། །

དང་པོ་འཕགས་ལུགས་ནི་དབང་ཆོག་ཉི་ཤུ་པ།།

དང་པོ་འཕགས་ལུགས་ནི་དབང་ཆོག་ཉི་ཤུ་པ།

སྒྲུབ་ཐབས་མདོ་བྱས། རྫོགས་རིམ་རིམ་པ་ལྔ་དང༌། སྤྱོད་བསྡུས་སྒྲོན་མེ། འགྲེལ་པ་སྒྲོན་གསལ་དང་བཅས་པའི་སྐོར་རྣམས་ཡིན། སྔོན་སློབ་དཔོན་ཀླུ་སྒྲུབ་མི་ཡུལ་དུ་མངོན་སུམ་པར་བཞུགས་ཤིང༌། ཚོགས་གསུམ་གྱི་བསྟན་བཅོས་མཛད་པའི་སྐབས་གདུལ་བྱ་དུས་ལ་མ་བབ་པ་འདི་རྣམས་གཞན་ལ་དངོས་སུ་མ་གྲགས། ཀླུའི་བྱང་ཆུབ་ཅེས་བྱ་བའི་སློབ་མ་གཅིག་ཁོ་ན་ལ་བཤད། དེ་གྲུབ་པ་ཐོབ་ནས་འཆི་བ་མེད་པའི་ཚུལ་གྱིས་བཞུགས་ལ། ཕྱིས་ཀླུ་སྒྲུབ་སྐུ་འདས་ནས་ལོ་བདུན་བརྒྱ་ཙམ་ལོན་པ་ན་ཀླུའི་བྱང་ཆུབ་དངོས་སུ་མཇལ་བའི་སློབ་དཔོན་མ་ཏངྒི་པ་དང༌། རྒྱལ་སྲས་པ་འདྲེས་པ་གཉིས་ལས་རྒྱ་ཆེར་འཕེལ་ཞིང་དར་བ་ཡིན་ནོ། །

གཉིས་པ་ཡེ་ཤེས་ཞབས་ལུགས།།

གཉིས་པ་ཡེ་ཤེས་ཞབས་ལུགས་ནི།

བོད་ཀྱི་རྒྱལ་པོ་མེས་ཨག་ཚོམ་ཅན་ཁྲི་ལྡེ་གཙུག་བརྟན་གྱི་དུས་ཙམ་ན་སློབ་དཔོན་འདི་བྱུང་བ་ཡིན། འདིས་སློབ་དཔོན་སེང་གེ་བཟང་པོ་དང་འཇོ་སྒེག་རྡོ་རྗེ་དང༌། རྣལ་འབྱོར་མ་གུ་ཎེ་རུ་དང༌། རྣལ་འབྱོར་མ་ཛ་ཏི་ཛ་ལ་དང༌། སློབ་དཔོན་བྱིས་པའི་ཞབས་དང༌། གྲུབ་ཐོབ་སྲུང་བའི་ཞབས་རྣམས་བསྟེན། ཐུན་མོང་གི་དངོས་གྲུབ་དང་ནུས་མཐུ་དཔག་ཏུ་མེད་པ་ཐོབ། ད་དུང་གནས་ལུགས་མ་རྟོགས་ཏེ་སྒྲུབ་པ་མཛད་པས། འཇམ་དབྱངས་ཀྱིས་རྗེས་སུ་འཛིན་པར་ལུང་བསྟན། ས་ཕྱོགས་ཞིག་ཏུ་འཕགས་པ་འཇམ་དཔལ་ཉིད་ཁྱིམ་བཙུན་རིག་མ་དང་བཅས་པའི་ཚུལ་དུ་གཟིགས། གསོལ་བ་བཏབ་པས་འཇམ་པའི་རྡོ་རྗེ་ལྷ་བཅུ་དགུའི་དཀྱིལ་འཁོར་དངོས་སུ་གྱུར་ཏེ་དབང་བསྐུར། གདམས་པ་བསྟན། ཡེ་ཤེས་ཁྱད་པར་ཅན་བརྙེས། ཟས་དང་སྤྱོད་པ་དང་ཆ་བྱད་གསུམ་ལ་མ་དད་པས་ལུས་གནས་མ་གྱུར། བར་དོར་སངས་རྒྱ་བར་ལུང་བསྟན། བི་ཀྲ་མ་ལ་ཤཱི་ལའི་རབ་གནས་དང༌། རྡོ་རྗེ་གདན་མཆོད་པ་དང༌། ནཱ་ལནྡ་བཏུལ་བ་དང༌། གནོད་གནས་དབང་པོས་ཡོན་བདག་བྱེད་པ་སོགས་ཆེ་བ་སོགས་ཆེ་བ་དཔག་ཏུ་མེད་པ་དང་ལྡན་པའི་སློབ་དཔོན་དེས། འཇམ་དབྱངས་ཀྱི་གསུང་ལ་ཟིན་བྲིས་འཇམ་དཔལ་ཞལ་ལུང་བསྡུས། སྒྲུབ་ཐབས་ཀུན་བཟང༌། རྫོགས་རིམ་གྲོལ་པའི་ཐིག་ལེ་སོགས་མཛད། རྗེས་འབྲང་སོ་སོས་རྒྱུད་བཤད་འགྲེལ་པ་རིགས་མི་གཅིག་པ་མཛད་པ་མང་དུ་ཡོད། དངོས་སློབ་མཐོང་བའི་ཆོས་ལ་མྱ་ངན་ལས་འདས་པ་ཞེས་བྱ་བ་འཇའ་ལུས་ཡེ་ཤེས་ཀྱི་སྐུ་ཐོབ་པ་བཞི་བྱུང་སྟེ། མར་མེ་མཛད་བཟང་པོ། པདྨ་འབྱུང་གནས། རབ་ཞི་བཤེས་གཉེན། རྒྱལ་རིགས་སྒྲ་གཅན་འཛིན་ནོ། །གཞན་རྒྱལ་ཚབ་ཀྱི་ས་ལ་གནས་པ་ཞེས་བྱ་བ་བསྐྱེད་རིམ་ལ་བརྟན་པར་ཐོབ། ཐུན་མོང་གི་དངོས་གྲུབ་ཐོབ་པའི་སློབ་མ་བཅོ་བརྒྱད་བྱུང༌། འཕགས་ཞབས་ཀྱི་ལུགས་འདི་གཉིས་རྒྱ་བོད་གཉིས་ཀར་ཤིན་ཏུ་དར་ལ། སློབ་དཔོན་རབ་ཞི་ཡེ་ཤེས་ཀྱི་འགྲེལ་པ་སོགས་ཞབས་ལུགས་ཅུང་ཟད་ཙམ། སྔ་འགྱུར་གྱི་དུས་སུ་ཡང་བྱུང༌། ཕྱི་དར་ལ་ལོ་ཆེན་རིན་ཆེན་བཟང་པོ་དང༌། གཉན་ལོ་ཙཱ་བ་དར་མ་གྲགས། གཉོས་ལོ་ཙཱ་བ་ཡོན་ཏན་གྲགས། ལོ་ཙཱ་བ་ཡེ་ཤེས་རྒྱལ་མཚན་སོགས་ཀྱིས་ཅུང་ཟད་དར་བར་མཛད། འཕགས་ལུགས་ནི་བསྟན་པ་སྔ་དར་ལ་མ་བྱུང་ཕྱི་འགྱུར་ལ་ལོ་ཆེན་རིན་ཆེན་བཟང་པོ་དང༌། འགོས་ཁུག་པ། ལྷོ་བྲག་མར་བ། ཆག་ལོ་སོགས་ཀྱིས་དར་བར་མཛད་ཅིང༌། བར་སྐབས་སུ་འགོས་ཀྱི་སློབ་བརྒྱུད་རྔོག་སྟོན་ཡབ་སྲས་རྣམས་ཀྱིས་ཤིན་ཏུ་དར་བར་མཛད་དོ། །

གསུམ་པ་ཤཱནྟི་པའི་ལུགས།

གསུམ་པ་ཤཱནྟི་པའི་ལུགས་ལ།

འགྲེལ་ཆེན་སྙིམ་པའི་མེ་ཏོག་ཙམ་ཞིག་འགྱུར་བ་དང༌། བཞི་པ་རྡོ་རྗེ་བཞད་པའི་ལུགས་ནི། སྔ་དར་གྱི་དུས་ལྕེ་བཀྲ་ཤིས་དང་སྐ་བ་དཔལ་བརྩེགས་ཀྱིས་བསྒྱུར། ལྔ་པ་པདྨ་བཛྲ་གྱི་ལུགས་ལ། རྒྱུད་དོན་ཉམས་ལེན་གྱི་རིམ་པ་གསང་བ་གྲུབ་པ་ཞེས་བྱ་བའི་གཞུང་ནག་ཚོ་ལོ་ཙཱ་བ་ཚུལ་ཁྲིམས་རྒྱལ་བས་བསྒྱུར། འདི་གསུམ་ལ་དབང་བཤད་མན་ངག་རིང་དུ་མ་དར་བར་མངོན། རྒྱུད་ཟླ་གསང་ཐིག་ལེ་དང༌། རྡོ་རྗེ་སྙིང་རྒྱན། ནོར་ཐིག་རྣམས་རྒྱུད་ཙམ་ཞིག་འགྱུར་རོ། །གཤིན་རྗེ་གཤེད་ནག་པོ་དང༌། གདོང་དྲུག་དང༌། རྡོ་རྗེ་འཇིགས་བྱེད་དེ་ནག་པོ་སྐོར་གསུམ་དུ་གྲགས་པ་ལ། རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་དང༌། སྐྱོ་འོད་འབྱུང་དང༌། ཞང་ལོ་ཤེས་རབ་བླ་མ་དང༌། གཉོས་ལོ་ཙཱ་བ་དང༌། ཀློག་སྐྱ་ཤེས་རབ་བརྩེགས་ཏེ་ལོ་ཙཱ་བ་ལྔ་པོ་དེ་ལས་བརྒྱུད་པ་ད་ལྟའི་བར་མ་ནུབ་པ་ཡོད། གཞན་རོང་ཟོམ་ཆོས་བཟང་དང༌། བ་རི་ལོ་ཙཱ་བ་ནས་བརྒྱུད་པ་སོགས་སྔོན་དུས་ལུགས་གཞན་ཡང་མང་དུ་བྱུང༌། རྒྱ་གར་དུ་ལ་ལཱི་ཏ་བཛྲ་ཆུང་བ་དང༌། ཨ་མོ་གྷ་བཛྲ་ཆེ་ཆུང་དང༌། གྲུབ་ཐོབ་དཔལ་འཛིན་དང༌། སློབ་དཔོན་འཇམ་དཔལ་ཡེ་ཤེས་ལ་སོགས་པས་བསྟན་བཅོས་མང་དུ་མཛད་མོད། ལུགས་སྲོལ་ཐ་དད་པའི་དབྱེ་བ་མ་བྱུང་ངོ༌། །དེ་ལས་དགྲ་ནག་གདོང་དྲུག་གཉིས་འདོད་ཆགས་ཀྱི་རྒྱུད་དུ་གཏོགས་ལ། འཇམ་དཔལ་རྡོ་རྗེ་འཇིགས་བྱེད་ནི་ཞེ་སྡང་གི་རིགས་ཀྱི་རྒྱུད་ཡིན་པར་རྟོག་པ་བདུན་པ་ཉིད་ལས་བཤད་དོ། །སྒྱུ་འཕྲུལ་དྲ་བ་ནི་བསྟན་པ་སྔ་དར་གྱི་དུས་སུ་འགྱུར་ལ་ཕྱི་འགྱུར་རྒྱུད་འགྲེལ་གཉིས་ཙམ་ལོ་ཆེན་གྱིས་བསྒྱུར། གཞན་ཕྱི་དར་ལ་འགྱུར་བྱེད་མ་བྱུང༌། གཏི་མུག་གི་རིགས་ཀྱི་རྒྱུད་ནི། སྤྱིར་འཇམ་དཔལ་སྒྱུ་འཕྲུལ་དྲ་བ་ཡིན་ཅིང༌། བོད་དུ་འགྱུར་བ་ལ་མཚན་བརྗོད་ཕན་ཡོན་དང་བཅས་པ་ཁོ་ནའོ། །འདི་དངོས་བླ་མེད་ཀྱི་ཕ་རྒྱུད་ཡིན་ཡང་རྒྱུད་ཀུན་གྱི་བདག་པོར་གསུངས་པས་སློབ་དཔོན་སོ་སོས་སྣ་ཚོགས་སུ་བཀྲལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དུས་འཁོར་གྱི་ལུགས་སུ་བཀྲལ་ལ། པཎྜི་ཏ་འཇམ་དཔལ་གྲགས་པ་དང༌། འཇམ་དཔལ་བཤེས་གཉེན་གྱིས་ཡོ་གར་བཀྲལ། སློབ་དཔོན་སྒེག་པའི་རྡོ་རྗེས་བླ་མེད་ཕ་རྒྱུད་དུ་བཀྲལ། གཞན་ཡང་བོད་དུ་རྫོགས་ཆེན་དང་རྒྱ་གར་དུ་དབུ་མར་བཀྲལ་བ་སོགས་ཀྱང་ཡོད་པར་གྲགས་སོ། །དེ་ལྟར་ཕ་རྒྱུད་རིགས་གསུམ་པོ་དེ་དག་མཚན་དང་མཐུན་པའི་བརྗོད་བྱ་སྟོན་ཚུལ་སོ་སོར་ཡོད་དེ། འདུས་པ་སོགས་བསྐྱེད་རིམ་གྱི་སྐབས་སུ་ཡབ་ཡུམ་ཁ་སྦྱོར་གྱི་སྐུ་དང༌། ཞུ་བ་གླུས་བསྐུལ་བ་དང༌། འཁོར་ཚོགས་ཡུམ་གྱི་མངལ་ནས་སྤྲོ་བ་སོགས་དང༌། རྫོགས་རིམ་གྱི་སྐབས་སུ་ལས་རྒྱ་རིག་མ་བསྟེན་པ་གཙོ་བོར་འཆད་པ་སོགས་ཆགས་ལམ་གཙོ་བོར་སྟོན། གནས་ལུགས་གཏན་ལ་འབེབས་པ་དང༌། དྲག་པོ་མངོན་སྤྱོད་ཅུང་ཟད་ཙམ་ལས་རྒྱས་པར་མི་འབྱུང༌། རྡོ་རྗེ་འཇིགས་བྱེད་ལྟ་བུ་ཞེ་སྡང་གི་རྒྱུད་ལས་ནི་ལྷའི་རྣམ་པ་ཡབ་རྐྱང་གཙོ་བོ་དང༌། རྫོགས་རིམ་གྱི་སྐབས་ཀྱང་རླུང་དབུ་མར་འགོག་པའི་ཐབས་རང་ལུས་གཙོ་ཆེ་བ་དང༌། དྲག་པོ་མངོན་སྤྱོད་ཀྱི་ལས་ཁོ་ན་རྒྱས་པར་འཆད། མཚན་བརྗོད་ལྟ་བུ་གཏི་མུག་གི་རིགས་ཀྱི་རྒྱུད་ལ་ལྷ་ཡབ་རྐྱང་ངམ་ཁ་སྦྱོར་ཡོད་དུ་ཆུག་ཀྱང་ཞུ་བ་གླུས་བསྐུལ་དང་འཁོར་རྣམས་མངལ་འབྱིན་མེད་ཅིང༌། གཞི་ལམ་འབྲས་བུ་གསུམ་གྱི་གནས་ཚུལ་རྒྱས་པར་འཆད། རྫོགས་རིམ་ཀྱང་རྣམ་པར་མི་རྟོག་པ་ཉིད་གཙོ་བོར་འདོན། དྲག་ལས་དང་ཆགས་ལམ་སོགས་ཟུར་ཙམ་མ་གཏོགས་རྒྱས་པར་མ་གསུངས་པས། དབྱེ་བ་དེ་ལྟར་ཤེས་དགོས་ཀྱི་ཁ་ཅིག་རྣམ་སྣང་སྒྱུ་དྲ་གཏི་མུག་དང༌། གཤིན་རྗེ་གཤེད་དམར་ནག་ཞེ་སྡང་རིགས་ཀྱི་རྒྱུད་དུ་འདོད་པ་སོགས་རྒྱུད་རང་རང་གི་བརྗོད་བྱའི་དོན་དང་མི་མཐུན། གཤིན་རྗེ་གཤེད་དམར་པོའི་རྒྱུད་ལ་ཕ་རྒྱུད་དང་མ་རྒྱུད་ཀྱི་རིགས་གཉིས་ཀ་ཡོད། ལེའུ་བཅུ་དགུ་པ་ནི་ཕ་རྒྱུད་ཡིན། ཆགས་ཅན་གྱི་རྒྱུད་དུ་གཏོགས། ལེའུ་ཉེར་གཉིས་པ་ནི་མ་རྒྱུད་ཧེ་རུ་ཀའི་ཕྱོགས་སུ་གཏོགས་པའི་དབྱེ་བ་ཤེས་པར་བྱའོ། །

གཉིས་པ་མ་རྒྱུད་ལ་དབྱེ་ན།

གཉིས་པ་མ་རྒྱུད་ལ་དབྱེ་ན།

རྡོ་རྗེ་སེམས་དཔའི་རིགས། ཧེ་རུ་ཀའི་རིགས། རྟག་པའི་རིགས། རྡོ་རྗེ་ཉི་མའི་རིགས། པདྨ་གར་དབང་གི་རིགས། རྟའི་རྒྱལ་པོའི་རིགས་ཏེ་དྲུག་ཡོད་པ་ལས། དང་པོ་ནི་དུས་ཀྱི་འཁོར་ལོ་དང༌། སངས་རྒྱས་མཉམ་སྦྱོར་ལ་སོགས་པ་ཡིན་ཏེ། དུས་འཁོར་རྒྱ་གར་ཡུལ་དུ་ཤིན་ཏུ་དར་ཡང་རྒྱུད་དང་འགྲེལ་པ་གཉིས་ཀ་ཞལ་གསལ་བས་ལུགས་སྲོལ་མི་འདྲ་བ་མེད། སློབ་དཔོན་དུས་ཞབས་པ་ཆེན་པོ་འཇམ་པའི་རྡོ་རྗེ་དང༌། སློབ་དཔོན་ཙི་ལུ་པ་དང། པི་ཊྭ་ཨ་ཙར་ཡ་གསུམ་སོ་སོས་རེ་རེ་ཞིང་ཤམྦྷ་ལ་ནས་སྤྱན་དྲངས་པ་ལ་ཤོ་ལོ་ཀ་རེ་རེ་གཉིས་གཉིས་མང་ཉུང་ཡོད་ཟེར། བོད་ཡུལ་འདིར་སྔ་ཕྱིར་ལོ་ཙཱ་བ་སོ་སོས་བསྒྱུར་བས་འགྱུར་མི་གཅིག་པ་ཉེར་བཞི་ཙམ་ཡོད་པར་གྲགས། དེ་དག་ལས་གྲགས་ཆེ་བ་གཉིས་ནི། རྭ་ལོ་ཆོས་རབ། འབྲོ་ལོ་ཤེས་རབ་གྲགས་ཡིན་ལ། ཆག་ལོ་ཆོས་རྗེ་དཔལ། ཙ་མི་སངས་རྒྱས་གྲགས། བི་བྷཱུ་ཏི་ཙནྡྲ་ལས་བརྒྱུད་པ་གསུམ་ལ་དབང་བཤད་མན་ངག་གསུམ་ག་ཡོད་ལ། རྫོགས་རིམ་སྦྱོར་དྲུག་ནི། ལུགས་སྲོལ་བཅུ་བདུན་ཙམ་རྒྱུད་མ་ཆད་པར་བཞུགས། རྒྱུད་འདི་ལས་དཀྱིལ་འཁོར་བཅུ་གཉིས་གསུངས་ཏེ་སྒྲུབ་ལེ་ལས་སྐུ་གསུང་ཐུགས་ཡོངས་རྫོགས་ཀྱི་དཀྱིལ་འཁོར་དང༌། ཡེ་ཤེས་ལེའུ་ལས། སྡོམ་ཆེན་སྡོམ་ཆུང་གཉིས། གསང་འདུས་ལྷ་དགུ་མ། བཅུ་གསུམ་མ། བཅུ་བདུན་མ། ཉེར་ལྔ་མ། སོ་གཉིས་མ། སོ་བདུན་མ་སྟེ་གསང་འདུས་རིགས་དྲུག སྒྱུ་འཕྲུལ་དྲ་བ་ཞེ་གཅིག་མ། ཞེ་ལྔ་པ། ཞེ་དགུ་པ་སྟེ་རིགས་གསུམ། དེ་ལྟར་བཅུ་གཉིས་སོ། །དེ་རྣམས་ཀྱི་ནང་སེལ་ཕྱེ་བ་ཤིན་ཏུ་མང༌། སྡོམ་པ་ཆུང་བ་མ་གཏོགས་པའི་དཀྱིལ་འཁོར་བཅུ་གཅིག་པོ་དེ་སྡོམ་པ་ལ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་ཞེས་བྱའོ། །

སངས་རྒྱས་མཉམ་སྦྱོར་གྱི་རྒྱུད།

སངས་རྒྱས་མཉམ་སྦྱོར་གྱི་རྒྱུད་ནི།

སྔ་དར་གྱི་དུས་སུ་སློབ་དཔོན་ཧཱུཾ་ཀ་ར་དང༌། ཐུ་བོ་ར་ཛ་ཧ་ཏི་ལ་སོགས་པ་དང༌། ལོ་ཙཱ་བ་ལྷ་རིན་ཆེན་དང༌། དྲན་པ་ནམ་མཁའ་ལ་སོགས་པས་བསྒྱུར། ཕྱི་དར་ལ་ལོ་ཆེན་རིན་བཟང་གིས་བསྒྱུར། འདི་ལ་རྒྱ་གར་གྱི་ཡུལ་དུ་ལུགས་སྲོལ་གཉིས་ཙམ་བྱུང་སྟེ། བརྒྱ་བྱིན་སྡོང་པོའི་ལུགས་དང༌། བྲམ་ཟེ་རིན་ཆེན་རྡོ་རྗེའི་ལུགས་གཉིས་བོད་དུ་ཡང་འགྱུར་རོ། །འདི་ལས་དཀྱིལ་འཁོར་རིགས་དྲུག་ཀར་སྟོན་ཀྱང༌། གཙོ་བོ་རྡོ་རྗེ་སེམས་དཔའ་ཡིན་པས། རྡོར་སེམས་ཀྱི་རིགས་སུ་བསྡུབའོ། །

གཉིས་པ་ཧེ་རུ་ཀའི་རིགས།

གཉིས་པ་ཧེ་རུ་ཀའི་རིགས་ནི།

འཁོར་ལོ་བདེ་མཆོག་དང༌། དགེས་པ་རྡོ་རྗེ་དང༌། མ་ཧཱ་མ་ཡ་དང༌། སངས་རྒྱས་ཐོད་པ་དང༌། ཕྱག་ཆེན་ཐིག་ལེ་རྗེས་འབྲངས་དང་བཅས་པ་དང༌། ཨ་རལླིའི་རྒྱུད་གཉིས་དང་བཅས་པ་རྣམས་ཡིན་ལ། དེ་ལས་འཁོར་ལོ་བདེ་མཆོག་ལ་རྒྱུད་ཀྱི་དབང་དུ་བྱས་ན། རྩ་རྒྱུད། བཤད་རྒྱུད་གཉིས། བཤད་རྒྱུད་ཀྱི་ནང་ནས་སྡོམ་པ་འབྱུང་བ། རྡོ་རྗེ་མཁའ་འགྲོ། མཁའ་འགྲོ་རྒྱ་མཚོ་རྣམས་ལ་དབང་བཀའ་རེ་རེ་ཡོད་ཅིང༌། ཨ་བྷི་དྷ་ནའི་ནང་ནས་གསུངས་པའི་འཁོར་ལོ་བསྒྱུར་དྲུག འཇམ་པའི་རྡོ་རྗེ། བོང་ཞལ་ཅན། མཆོག་གི་ཕག་མོ་སོགས་དབང་བཀའ་མང་དུ་ཡོད། རྣལ་འབྱོར་མ་ཀུན་སྤྱོད་དང༌། ཧེ་རུ་ཀ་སྔོན་བྱུང་ལ་སྒོས་བཀའ་མེད། ཐུན་མོང་གི་བཤད་རྒྱུད་སམྦུ་ཊའི་ཁ་སྦྱོར་རྡོར་སེམས་དང་ཧེ་རུ་ཀ་བཞིའི་དཀྱིལ་འཁོར་གྱི་དབང་རྒྱུན་ཡོད། ཀུན་གྱི་རྩ་བ་རྩ་རྒྱུད་ཀྱི་དབང་བཤད་མན་ངག་གསུམ་ལ་སྤྱིར་ལུགས་སྲོལ་ཤིན་ཏུ་མང་བ་ཡོད་པར་གྲགས་ཤིང༌། རྒྱ་གར་གྱི་གྲུབ་ཐོབ་ཤས་ཆེ་བ་ཞིག་རྒྱུད་འདིའི་གྲུབ་ཐོབ་ཡིན་པར་གྲགས་པ་དང༌། བོད་དུ་ཡང་ལོ་དྲིལ་ནག་གསུམ། ལངྐ་རྒྱལ་བཟང༌། རིན་ཆེན་རྡོ་རྗེ། མི་ཐུབ་ཟླ་བ། བྷ་བ་བྷ་དྲ། ཤར་ཕྱོགས་ལྭ་བ་པ། ཕྱག་རྡོར་སྟོད་འགྲེལ་གྱི་ལུགས། སྟོང་ཉིད་ཏིང་འཛིན་གྱི་ལུགས་རྣམས་འགྱུར་ཡོད། དང་པོ་གསུམ་དང༌། ཕྱག་རྡོར་སྟོད་འགྲེལ་ལུགས་ལ་ད་ལྟའང་དབང་རྒྱུན་ཡོད་མོད། གཙོ་ཆེར་རྒྱ་བོད་གཉིས་ཀར་དུ་ཤིན་ཏུ་གྲགས་ཆེ་བའི་ལུགས་སྲོལ་ནི། ལཱུ་ཡི་བ། དྲིལ་བུ་པ། ནག་པོ་པའི་ལུགས་གསུམ་ཡིན་ལ། དེའི་དང་པོ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་སྟོང་དུ་ཉེ་བ་ཙམ་ན་རྒྱ་གར་དུ་སློབ་དཔོན་འཕགས་པ་ཐོགས་མེད་བྱོན་པ་དང་རགས་རྩིས་སུ་དུས་མཉམ་པ། བོད་ཡུལ་དུ་ཆོས་ཀྱི་དབུ་བརྙེས་པའི་རྒྱལ་པོ་ལྷ་ཐོ་ཐོ་རི་གཉན་བཙན་དང་ཡང་དུས་མཚུངས་པ་ཙམ་ལ་སློབ་དཔོན་ལཱུ་ཡི་བ་བྱོན། འདི་ཨུ་རྒྱན་གྱི་རྒྱལ་པོའི་ཡིག་མཁན་ཡིན། དང་པོའི་བླ་མ་གྲུབ་ཐོབ་ཤཱ་བཱ་རི་པ་ཡིན་ཅིང༌། རྒྱ་གར་ཤར་ཕྱོགས་བྷཾ་ག་ལར་ཉའི་རྒྱུ་ལྟོ་གསོལ་ཞིང་སྒྲུབ་པ་མཛད་པས་རྒྱ་སྐད་དུ་ལཱུ་ཡི་པ་བོད་སྐད་དུ་ཉ་ལྟོ་བར་གྲགས། གྲུབ་པ་བརྙེས་ནས་ཡུལ་ལ་ཨུ་ཌི་བི་ཤའི་རྒྱལ་པོ་དང་བློན་པོ་རྫུ་འཕྲུལ་གྱིས་བཏུལ། ཕྱིས་རྒྱལ་པོས་གྲུབ་པ་ཐོབ་པ་དྷ་རི་ཀ་པ་སྟེ་འཁོར་ཁྲི་དྲུག་སྟོང་དང་བཅས་པ་འཇའ་ལུས་ཐོབ། བློན་པོ་གྲུབ་པ་ཐོབ་པ་ནི་ཌིངྒི་པ་སྟེ་འཁོར་ལྔ་བརྒྱ་དང་བཅས་པ་འཇའ་ལུས་བརྙེས་སོ། །སློབ་དཔོན་ལཱུ་ཡི་པ་འདིས་བདེ་མཆོག་གི་སྒྲུབ་ཐབས་ཙམ་ཞིག་མཛད། དེ་ལ་ལཱ་བ་པས་འགྲེལ་པ་མཛད། རྒྱ་བོད་ཐམས་ཅད་དུ་ཤིན་ཏུ་དར་ཞིང་འཁོར་ལོ་སྡོམ་པའི་ཆོས་ཚུལ་ཆུ་མགོ་ལྟ་བུར་གྲགས་སོ། །འདིའི་མཚན་སཾསྐྲྀ་ཏའི་སྐད་དུ་ལཱུ་ཡི་པ་དང༌། ཟུར་ཆག་གི་སྐད་ལོ་ཨི་པ་ཡིན། ལུ་ཧི་པ་ཟེར་བ་མ་དག་གོ། །

གཉིས་པ་དྲིལ་བུ་པའི་ལུགས།

གཉིས་པ་དྲིལ་བུ་པའི་ལུགས་ནི།

སློབ་དཔོན་རྡོ་རྗེ་དྲིལ་བུ་པར་གྲགས་པ་འདི། དང་པོ་གྲུབ་ཐོབ་དྷ་རི་ཀ་པའི་སློབ་མ་ཡིན། མཚན་དངོས་བློ་གྲོས་སྙིང་པོའི་དཔལ་ཞེས་བྱ། མུ་སྟེགས་པའི་རྒོལ་བ་འཇོམས་ནུས་པའི་མཁས་པ་ཡིན་པ་ལས་རྡོ་རྗེ་ཕག་མོས་དངོས་སུ་ལུང་བསྟན། ཨོ་ཌི་བི་ཤའི་ཡུལ་དུ་བསྒྲུབ་པ་མཛད་ཚེ། དང་པོ་རྒྱལ་པོས་སྤྱན་དྲངས་པ་ལ་མ་བྱོན། ཕྱིས་སུ་རིག་མ་དང་བཅས་པར་གྱུར་པ་ལ་སྐྱེ་བོ་རྣམས་མ་དད་པས་དེ་རྣམས་འདུལ་བའི་དོན་དུ་ཁྱེའུ་གཅིག་དང༌། བུ་མོ་གཅིག་སྤྲུལ། ལན་ཅིག་གྲོང་ཁྱེར་དུ་དེ་དག་བཅས་ཏེ་བྱོན་པས་སྐྱེ་བོ་རྣམས་ཀྱིས་སྨད་པ་ན། རྭའི་གཤོར་ཞལ་ས་ལ་བརྡབས་པས་ས་འོག་ནས་ཆུ་བྱུང༌། ཁྱེའུ་རྡོ་རྗེར་བྱས། བུ་མོ་དྲིལ་བུར་སོང་དེ་གཉིས་ཕྱག་གཉིས་སུ་བསྣམས་སློབ་དཔོན་ཡབ་ཡུམ་བདེ་མཆོག་ལྷན་སྐྱེས་ཀྱི་རྣམ་པར་གྱུར་ནས་ནམ་མཁའ་ལ་གཤེགས་པའི་ཆོ་འཕྲུལ་བསྟན་པས་མཚན་ཡང་རྡོ་རྗེ་དྲིལ་བུ་པར་གྲགས། དེ་ནས་བརྩམས་ཏེ་སྔགས་ཀྱི་ཐེག་པའི་འགྲོ་དོན་མཛད། སློབ་དཔོན་འདིས་བདེ་མཆོག་ལུས་དཀྱིལ་སྒྲུབ་ཐབས། དབང་ཆོག རྫོགས་རིམ་རིམ་ལྔ་རྣམས་མཛད་དེ་སློབ་མ་ཡང་གྲུབ་པ་ཐོབ་པ་མང་དུ་བྱུང་ངོ༌། །གསུམ་པ་ནག་པོ་བའི་ལུགས་ནི། ཤིང་རྟའི་སྲོལ་འབྱེད་སློབ་དཔོན་ནག་པོ་སྤྱོད་པའི་འདི་ནི། དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ་དང༌། མགོན་པོ་མངོན་འབྱུང་ལས་ལུང་བསྟན་ཏེ། དུས་འཁོར་ལས། ཁ་ཊཱཾ་ཅང་ཏེ་ཆང་སྣོད་ཐོགས་པ་ནག་པོའི་མིང་ཅན་རྣལ་འབྱོར་འབྱུང་བར་འགྱུར། །ཞེས་དང༌། ནག་པོ་ཆེན་པོ་མགོན་པོ་མངོན་འབྱུང་གི་རྒྱུད་ལས། ཡུལ་ཨུ་རུ་བི་ཤ་དེར་སྐྱེས་བུ་བརྩོན་འགྲུས་དང་ལྡན་ཞིང་སྦྱོར་བ་ལ་བརྩོན་པ། རཱ་མ་ཎའི་བཀའི་འཇུག་པ་དང་མཐུན་པ་སྡེ་ཚན་དང་པོའི་དང་པོ་བདུན་པའི་བཞི་བ་ཅུང་ཟད་ན་ལ་ཞོན་པ་སྐྱེས་བུའི་མཆོག་འདིས་རལ་གྲི་ལ་སོགས་པའི་དངོས་གྲུབ་བརྒྱད་ཐོབ་པར་འགྱུར་རོ། །འཛམ་བུའི་གླིང་དུ་མ་བྱུང་ཞིང་འབྱུང་བར་མི་འགྱུར་རོ། །དེའི་སློབ་མ་དྲུག་གིས་ལུས་ཀྱི་དངོས་པོ་སྤངས་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་པའོ། །སློབ་དཔོན་འདིའི་བླ་མ་ནི་གྲུབ་ཐོབ་ཛ་ལན་དྷ་ར་པ་ཡིན། འཁྲུངས་སའི་ཡུལ་ཤར་ཕྱོགས་སུ་ཨུ་རུ་བི་ཤའོ། །ཡུལ་དབུས་ནཱ་ལེནྡྲའི་པཎྜི་ཏ་ཆེན་པོར་གྱུར། བྱང་ཕྱོགས་ཛལནྡྷ་རར་བླ་མ་དང་མཇལ། བསྐྱེད་རིམ་ལ་བརྟན་པ་ཐོབ་པ་ས་གཡོ་བ་དང་བྲག་ལ་ཐོགས་པ་མེད་པའི་ནུས་པ་བརྙེས། མཁའ་འགྲོ་མ་སྐལ་བ་བཟང་མོའི་ཕྱག་ནས་སམྦྷུ་ཊའི་རྒྱུད་སྤྱན་དྲངས། ཌ་མི་ཌོ་ཞེས་བྱ་བ་འགྲོ་ལྡིང་ཡུལ་དུ་ཕྲ་མིན་པ་ཐམས་ཅད་བཏུལ་ཞིང༌། དེ་རྣམས་ཀྱི་གཙོ་མོ་སྲིན་མོ་སྣ་ཚོགས་གཟུགས་ཞེས་བྱ་བ་འཛམ་བུ་གླིང་པའི་སྐྱེ་བོ་མང་པོའི་སྲོག་འཕྲོག་པ་ཞིག་ཡོད་པ་དེ་འདུལ་བར་བྱོན། དང་པོར་དེས་འཁོར་མང་པོ་དང་ལྷན་ཅིག་འཇིགས་པའི་གཟུགས་ཀྱིས་ནམ་མཁའ་ལ་འོངས་ཤིང་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་ལ། སློབ་དཔོན་གྱིས་ལྟ་སྟངས་མཛད་པས་ས་ལ་ལྷུང་ཞིང་བརྒྱལ། ཏིང་ངེ་འཛིན་གྱིས་གཟིར་དམ་འོག་ཏུ་བཙུད་པས་དེ་ཕྱིན་ཆད་འབྱོན་པ་ན་ཆིབས་དང༌། བཞུགས་པ་ན་གདན་དུ་ལུས་ཕུལ་ཏེ་གདུག་པས་སྐྱེ་བོ་མང་པོ་སྐྲག་ཅིང་ཟིལ་གྱིས་གནོན་པར་མཛད་པ་དང༌། གདུགས་བདུན་འཛིན་པ་མེད་པར་རང་འཁོར། ཌ་མ་རུ་བདུན་འཁྲོལ་བ་པོ་མེད་པར་རང་འཁྲོལ། ཁྲུ་གང་གིས་ས་ལ་མ་རེག་པར་རྟག་ཏུ་འབྱོན། དུས་རྟག་ཏུ་སྣང་བའི་འཁོར་བདུན་བརྒྱ་དང༌། མི་སྣང་བའི་འཁོར་བདུན་བརྒྱ་དང༌། གྲུབ་པ་ཐོབ་པ་སྟོང་དང་བཞི་བརྒྱའི་འཁོར་གྱིས་སྐོར་ལ། ཡུལ་གྲུ་ཆེན་པོ་བཅུ་གསུམ་གྱི་སྐྱེ་བོ་ཐམས་ཅད་རྡོ་རྗེ་ཐེག་པའི་ཆོས་ལ་བཀོད་པས་དེ་ཐམས་ཅད་རྣལ་འབྱོར་ཕོ་མོར་གྱུར་ཏེ་གྲོང་ཁྱེར་རྣམས་སྟོངས་པར་གྱུར་སྐད། བླ་མའི་བཀའ་ཅུང་ཟད་བཅག་པས། སྐུ་ལུས་དེ་ལ་མཆོག་གི་དངོས་གྲུབ་མ་བརྙེས་ཀྱང༌། རལ་གྲི་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་བརྒྱད་ཐོབ། བར་དོར་སངས་རྒྱས་ཀྱི་གོ་འཕང་བརྙེས་པ་ཡིན་ནོ། །འདིའི་སློབ་མའི་མཆོག་དྲུག་ནི། ཨེ་ཡ་ལ་དང༌། མ་ཧི་ལ་དང༌། དྷ་མ་པ་དང༌། དྷུ་མ་པ་དང༌། བཟང་པོའི་ཞབས་དང༌། དགེ་ཚུལ་ཚེམ་བུ་པ་རྣམས་སོ། །སློབ་དཔོན་འདིས་འཁོར་ལོ་སྡོམ་པའི་སྒྲུབ་ཐབས་དབང་ཆོག་སྦྱིན་སྲེག་སྟེ་བསྐྱེད་རིམ་གཞུང་གསུམ་དང༌། དཔྱིད་ཀྱི་ཐིག་ལེ་དང་རིམ་པ་བཞི་པ་དང༌། གསང་བའི་དེ་ཁོ་ན་ཉིད་དེ་རྫོགས་རིམ་གཞུང་གསུམ་མོ། །དེ་ལྟར་ན་ནག་པོ་གཞུང་དྲུག་ཏུ་གྲགས་སོ། །སྤྱིར་དོ་ཧ་རྡོ་རྗེའི་གླུ་སོགས་བསྟན་བཅོས་ཕྲ་མོ་བརྒྱ་དང་ཉི་ཤུ་ཙམ་ཡོད་པར་གྲགས། བོད་དུ་ཡང་ཐོར་བུ་མང་དུ་འགྱུར་རོ། །བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་ཡུལ་ཉི་ཤུ་རྩ་བཞི་དང༌། དུར་ཁྲོད་ཆེན་པོ་བརྒྱད་རྣམས་སུ་བྱོན་ཞིང་མུ་སྟེགས་གྲུབ་ཐོབ་ཀྲིཥྞ་བྷི་མ་དང་ཀཙྪའི་རྒྱལ་པོ་སོགས་བཏུལ། ཤར་ཕྱོགས་བྷང་ག་ལར་རྒྱལ་པོ་ལ་སོགས་པ་སྐྱེ་བོ་ཐམས་ཅད་མུ་སྟེགས་པར་ཡོད་པ། ཧེ་རུ་ཀ་མནན་པའི་དབང་ཕྱུག་གི་བྲིས་སྐུ། དབང་ཕྱུག་མནན་པའི་ཧེ་རུ་ཀར་སོང་བའི་ཆོ་འཕྲུལ་བསྟན་པས། བྷང་ག་ལ་བ་རིལ་གྱིས་སངས་རྒྱས་པར་སོང༌། གྲུབ་པའི་སློབ་དཔོན་ཆེས་ཆེ་བའོ། །བདེ་མཆོག་གི་ཆོས་སྐོར་ཁུང་མ་རྣམས་ཀྱི་ནང་ནས་ལུགས་འདི་རྒྱས་ཤོས་ཡིན། ཕྱིས་ཇོ་བོ་ནཱ་རོ་པའི་ལུགས་འདི་ཁོ་ན་གཙོ་བོར་མཛད་དོ། །འཁོར་ལོ་སྡོམ་པའི་ཆོས་སྐོར་དེ་རྣམས་བོད་དུ་བྱུང་ཚུལ་ནི། སྔ་དར་དུས་འདི་མ་འགྱུར། ཕྱི་དར་གྱི་ཐོག་མ་ལོ་ཙཱ་བ་རིན་ཆེན་བཟང་པོས་རྩ་བའི་རྒྱུད་དང༌། ལངྐ་རྒྱལ་བཟང་གི་ལུགས་དང༌། ལཱུ་ཡི་པའི་ལུགས་དང༌། རིན་ཆེན་རྡོ་རྗེའི་ལུགས་རྣམས་བསྒྱུར། གཞན་ཡང་ལོ་ཙཱ་བ་འབྲོག་མི་ཤཱཀྱ་ཡེ་ཤེས། འགོས་ཁུག་པ་ལྷས་བཙས། གྱི་ཇོ་ཟླ་བའི་འོད་ཟེར། མ་ནང་པ་ཆོས་ཀྱི་ཤེས་རབ། མལ་བློ་གྲོས་གྲགས་པ། མར་པ་ཆོས་ཀྱི་དབང་ཕྱུག པུ་རངས་ལོ་ཆུང་གྲགས་འབྱོར་ཤེས་རབ། རྭ་ལོ་རྡོ་རྗེ་གྲགས། ཀློག་སྐྱ་ལོ་ཙཱ་བ་ཤེས་རབ་བརྩེགས། བ་རི་ལོ་ཙཱ་བ་རིན་ཆེན་གྲགས། ཙ་མི་སངས་རྒྱས་གྲགས། སྨོན་འགྲོའི་མར་པ་དང་དར་མ་རྡོ་རྗེ། འཛིམ་ལོ་ཙཱ་བ། བྲ་བོ་ལོ་ཙཱ་བ་སྟེ་ལོ་ཙཱ་བཅོ་ལྔའི་བདེ་མཆོག་རྩ་རྒྱུད་བསྒྱུར་ཅིང་བཤད། དེ་རྣམས་ཀྱི་ནང་ནས་རྭ་ལོ་མལ་མར་དོ། པུ་རངས་ལོ་ཆུང་སྟེ་ལོ་ཙཱ་བ་བཞི་པོ་འདིས་ལཱུ་དྲིལ་ནག་གསུམ་གྱི་མན་ངག་དབང་བཀའ་རྒྱུད་བཤད་དང་བཅས་པ་ཤིན་ཏུ་དར་བར་མཛད་ཅིང༌། ད་ལྟའི་བར་དུ་ཡང་བཞུགས་པ་ཡིན། བཤད་རྒྱུད་མཁའ་འགྲོ་རྒྱ་མཚོའི་སྐོར་ནི་ཕྱིས་སུམ་པ་ལོ་ཙཱ་བ་དར་མ་ཡོན་ཏན་གྱིས་བསྒྱུར་བ་ཡིན་ནོ། །ཀྱཻ་རྡོ་རྗེའི་རྒྱུད་ནི་རྩ་རྒྱུད་བརྟག་པ་གཉིས་པ་དང༌། དེའི་བཤད་རྒྱུད་དུ་ཡང་སྦྱོར་བར་མཛད་ཅིང་རྒྱུད་རྒྱས་པའི་དོན་བསྡུ་ལྟ་བུའི་རྒྱུད་རྡོ་རྗེ་གུར་གཉིས་ཡིན་ལ། རྒྱ་བོད་མང་པོ་ཞིག་སམྦྷུ་ཊི་ཡང་ཀྱཻ་རྡོར་གྱི་བཤད་རྒྱུད་དུ་བཞེད་མོད། འདི་ནི་བདེ་མཆོག་དང༌། ཀྱཻ་རྡོར་དང༌། གདན་བཞི་གསུམ་ཆ་མཉམ་པ་ལྟ་བུ་ཡིན་གྱི་ཀྱཻ་རྡོར་ཁོ་ན་མིན་ནོ། །དགེས་རྡོར་ལ་རྒྱ་གར་དུ་གྲུབ་ཐོབ་མང་དུ་བྱོན་ཞིང༌། ལུགས་སྲོལ་མི་འདྲ་བའང་མང་དུ་ཡོད་པར་གྲགས་ནའང༌། སློབ་དཔོན་མཚོ་སྐྱེས་རྡོ་རྗེའི་ལུགས། མི་ཐུབ་ཟླ་བའི་ལུགས། ནག་པོ་དམ་ཚིག་རྡོ་རྗེའི་ལུགས་ཏེ་གསུམ་པོ་མི་འདྲ་བ་ཆེ་བ་ཡོད་ལ། གཞན་ནཱ་རོ་མཻ་ཏྲི་སོགས་ཀྱི་ལུགས་ནི་དེ་གསུམ་ཀས་ལེགས་པར་བསྡུས་པ་ལྟ་བུར་ཡོད་དོ། །སྤྱིར་བདག་མེད་མའི་སྒྲུབ་ཐབས་ལ་ཌོམྦྷི་ཧེ་རུ་ཀའི་སྒྲུབ་ཐབས་བདུད་རྩིའི་འོད་དང༌། ཡབ་དཔའ་བོ་ལྷ་དགུའི་སྒྲུབ་ཐབས་ལ་མཚོ་སྐྱེས་ཀྱིས་མཛད་པའི་སྒྲུབ་ཐབས་དེ་གཉིས་པོ་འདི་ཀྱཻ་རྡོར་གྱི་གཞུང་སྔ་ཤོས་སོ། །བོད་དུ་ལྷ་མངའ་བདག་ཡེ་ཤེས་རྒྱལ་མཚན་གྱིས་ཐོག་མར་བསྒྱུར། གཞན་ཡང་ལོ་ཙཱ་བ་འཚུར་དབྱིག་གི་སྙིང་པོ་དང༌། རྨ་བན་ཆོས་འབར་ལ་སོགས་པས་ཀྱང་བསྒྱུར་ཞིང་བཤད་མོད་ཀྱི། ཤིན་ཏུ་གྲགས་ཆེ་བ་ནི་འབྲོག་འགོས་མར་གསུམ། དཔྱལ་ལོ་བསོད་ནམས་རྒྱལ་མཚན་གྱི་ལུགས་ཏེ་རྣམ་པ་བཞི་ཡིན་ལ། དེ་ལས་དང་པོ་གསུམ་ད་ལྟའི་བར་དུ་ཡང་རྒྱུན་མི་ཆད་པ་ཡོད། གཙོ་བོར་འབྲོག་མིའི་རྗེས་འབྲང་ས་ཆེན་ཡབ་སྲས་ལ་ཌོམྦྷིའི་ལུགས། མན་ངག་ལུགས། མཚོ་སྐྱེས་ལུགས། ནག་པོ་ལུགས། ནཱ་རོ་མཻ་ཏྲིའི་ལུགས་ཏེ་ལུགས་སྲོལ་དྲུག་བྱུང༌། ཕྱི་མ་གཉིས་ད་ལྟར་ཆད། གཞན་རྣམས་ལ་བཀའ་བབས་བཞི་ཞེས་པ་ལུགས་ཕྱི་རབས་པ་རྣམས་ཟེར། འགོས་ལུགས་ལ་མཚོ་སྐྱེས་ལུགས་དང༌། ཤནྟི་པའི་ལུགས་གཉིས་བྱུང༌། མར་ལུགས་དང་དཔྱལ་ལུགས་གཉིས་ཀ་ནཱ་རོ་པའི་རྗེས་འབྲང་ཡིན། མར་ལུགས་ལ་རྔོག་ལུགས། མེས་ཚོམ་པོའི་ལུགས། འཚུར་དབང་གི་རྡོ་རྗེའི་ལུགས་ཏེ་གསུམ་བྱུང་བ་ལས། རྔོག་ལུགས་ད་ལྟའི་བར་དུ་ཡོད་དོ། །དེ་ལ་བརྟག་གཉིས་ལས། སྐུ་ཀྱཻ་རྡོ་རྗེ་ཕྱག་གཉིས། གསུང་ཀྱཻ་རྡོ་རྗེ་ཕྱག་བཞི་པ། ཐུགས་ཀྱཻ་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། སྙིང་པོ་དགྱེས་ཞལ་བརྒྱད་ཕྱག་བཅུ་དྲུག་པ། ཡུམ་བདག་མེད་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་རྣམས་གསུངས། རྡོ་རྗེ་གུར་ལས། དགེས་རྡོར་རིགས་ལྔ་སོ་སོ་དང༌། རིགས་བསྡུས་དང༌། རྡོ་རྗེ་སྒྲོལ་མ་སོགས་གསུངས་ཤིང༌། གཉིས་ཀ་ནས་ཀུ་རུ་ཀུལླེའི་སྒྲུབ་ཐབས་བཤད། སམྦུ་ཊི་ལས། ཀྱཻ་རྡོ་རྗེ་མཚོན་ཆ་ཅན། ཁ་སྦྱོར་རྡོར་སེམས་ཀྱི་དཀྱིལ་འཁོར་ལ་སོགས་པ་གསུངས། སངས་རྒྱས་ཐོད་པ་ནས་རྒྱ་གར་དུ། གྲུབ་ཐོབ་ས་ར་ཧའི་མན་ངག་གི་ལུགས་དང༌། སློབ་དཔོན་ཨ་བྷ་ཡཱ་ཀ་རའི་ལུགས་གཉིས་བྱུང་ཞིང༌། བོད་དུ་ཡང་གྱི་ལོ་ཙཱ་བའི་ལུགས་དང༌། སྤོང་ཞོ་གསལ་བ་གྲགས་ཀྱི་ལུགས་གཉིས་དང༌། མར་པ་ལོ་ཙཱ་བ་ནས་བརྒྱུད་པའི་དབང་ཙམ་ཡོད། མཧཱ་མ་ཡ་ནི་གྲུབ་ཐོབ་ཀུ་ཀུ་རི་པ་ཞེས་བྱ་བས་སྤྱན་དྲངས། དེས་སྒྲུབ་ཐབས་ལ་སོགས་པ་བསྟན་བཅོས་དྲུག་མཛད། སློབ་དཔོན་དེ་ཉིད་རྒྱ་གར་དུ་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་དང༌། བོད་ཀྱི་རྒྱལ་པོ་ཁྲི་སྲོང་གི་སྐུ་ཚེའི་སྟོད་དང་དུས་མཉམ། རིག་མ་ཁྱིའི་གཟུགས་སུ་བསྒྱུར་བས། ཀུ་ཀུ་རི་པ་ཞེས་པ་ཁྱི་མོ་ཅན་དུ་གྲགས། གཞན་ཡང་སློབ་དཔོན་འདུལ་བས་བྱིན་དང༌། རིན་ཆེན་འབྱུང་གནས་ཞི་བ་ལ་སོགས་པས་ཀྱང་བཀའ་སྲོལ་མི་འདྲ་བ་རེ་རེ་དར་བར་མཛད། བོད་དུ་འགོས་ལོ། ཇོ་བོ་རྗེ། མར་པ་ལོ་ཙཱ་རྣམས་ཀྱིས་བསྒྱུར་བཤད་དར་བར་མཛད་ཅིང༌། མར་པ་ནས་རྔོག་པ་ལས་བརྒྱུད་པ་ད་ལྟའི་བར་དུ་ཡང་དར་རོ། །ཕྱག་ཆེན་ཐིག་ལེ་སོགས་ཐིག་ལེའི་སྐོར་ནི། དཔལ་ཨུ་རྒྱན་གྱྀ་གནས་སུ་རྒྱལ་པོ་ཨིནྡྲ་བྷུ་ཏི་ཆུང་བའི་དུས་སུ་དར། ལུགས་སྲོལ་མི་འདྲ་བར་གྱེས་པ་མེད། བྲམ་ཟེ་རིན་ཆེན་རྡོ་རྗེའི་སློབ་མ་ཨ་ཙ་ར་དམར་པོར་གྲགས་པ་སློབ་དཔོན་ཤེས་རབ་གསང་བས་བོད་ཡུལ་དུ་གཙང་རོང་གི་ལོ་ཙཱ་བ་ཕྱུག་མཚམས་དགྲ་བཅོམ་ལ་བཤད། དེ་དང་འབྲོག་མི་སོགས་ཀྱིས་ཀྱང་བསྒྱུར་ཏེ། རྩ་རྒྱུད་ཕྱག་ཆེན་ཐིག་ལེ་དང་ཕྱོགས་མཐུན་གྱི་རྒྱུད་གསུམ་ཡོད་དེ། ཡེ་ཤེས་ཐིག་ལེ། ཡེ་ཤེས་སྙིང་པོ། རྣལ་འབྱོར་མ་གསང་བའི་སྒྲོན་མ་རྣམས་སོ། །རྒྱུད་འདི་རྣམས་ཀྱཻ་རྡོར་གྱི་རྒྱུད་དུ་འདོད་པ་དག་ནི་མི་འཐད་དེ། ཕྱག་ཐིག་ཉིད་ལས། འདུས་པའམ་ནི་ཀྱཻ་རྡོ་རྗེ། །དེར་ཡང་འདི་ནི་མ་བསྟན་ནོ། །ཞེས་ཀྱཻ་རྡོར་ལས་ཕྱག་ཆེན་ཐིག་ལེ་ཉིད་ལྷག་ཅིང་ཟབ་པར་བསྔགས་བརྗོད་མཛད་པས་སོ། །བརྗོད་བྱ་སྟོན་ཚུལ་ཡང་མི་མཚུངས་པ་ཆེར་ཡོད་ཅིང༌། རྒྱུད་འདི་བཞི་ལས་རྩ་རླུང་ཐིག་ལེའི་རྣམ་གཞག་ཤིན་ཏུ་ཞིབ་པ་དང༌། ས་ལམ་མང་པོ་དང་དབང་གསུམ་པའི་ཆགས་ལམ་ཁོ་ན་རྒྱས་པར་བཤད་དོ། །རྡོ་རྗེ་ཨ་རལླི་དང༌། རྀ་གི་ཨ་རལླའི་རྒྱུད་ནི་གྲུབ་ཐོབ་ཌོམྦྷི་ཧེ་རུ་ཀས་མཁའ་འགྲོའི་གནས་ནས་སྤྱན་དྲངས། བོད་ཡུལ་དུ་འབྲོག་མིས་བསྒྱུར། དབང་བཤད་མན་ངག་གི་བཀའ་ནི་མ་བྱུང་མོད། རྒྱུད་གཞན་ལ་མ་ལྟོས་པའི་རང་རྐང་པ་རེ་ཡིན་པ་སྔ་མ་དགེས་རྡོར་དང་མཐུན་ཤས་ཆེ་ལ། ཕྱི་མ་བདེ་མཆོག་དང་མཐུན་ཤས་ཆེའོ། །མི་གཡོ་བ་བླ་མེད་ཀྱི་རྒྱུད་གཉིས་ཀྱང་ཧེ་རུ་ཀའི་རིགས་སུ་བསྡུས་ན་ལེགས་སོ། །གསུམ་པ་རྟག་པའི་རིགས་ནི། བོད་དུ་འགྱུར་བ་གདན་བཞི་ཁོ་ན་ཡིན་ལ། འདི་ལ་གདན་བཞི་རྩ་རྒྱུད། བཤད་རྒྱུད་མནྟྲ་ཨཾ་ས་དང་སྦྱོར་བའི་རབ་དབྱེ་སྟེ་གཉིས་རྒྱུད་གསུམ་ཡོད། རྒྱ་གར་དུ་རྩ་རྒྱུད་ལ་བརྟེན་པ་ཨཱརྱ་དེ་བའི་ལུགས་དང༌། བསྡུས་རྒྱུད་ལ་བརྟེན་པ་སློབ་དཔོན་བྷ་བ་བྷ་དྲའི་ལུགས་གཉིས་གསལ་བར་བྱུང་ལ། བོད་དུ་པཎྜི་ཏ་སྨྲྀ་ཏའི་རང་འགྱུར་གྱི་སྐོར་དང༌། འགོས་ཁུག་པའི་ལུགས་དང༌། ལྷོ་བྲག་མར་པའི་ལུགས་རྣམས་བྱུང༌། ད་ལྟ་ཡང་དབང་རྒྱུད་བཤད་མན་ངག་རྣམས་ཚང་བར་བཞུགས་སོ། །དེ་ལྟར་ན་མར་པ་ལ་ནི་གསང་འདུས་འཕགས་སྐོར་དང༌། དགེས་སྐོར་དང༌། མ་ཧཱ་མ་ཡ་དང༌། གདན་བཞིའི་ཆོས་སྐོར་རྣམས་ཟབ་རྒྱས་སུ་བཞུགས། སངས་རྒྱས་ཐོད་པའི་དབང་རྒྱུན་ཙམ་ཡོད། འཁོར་ལོ་སྡོམ་པའི་ཆོས་སྐོར་ནི་རྫོགས་པར་མི་བཞུགས་པས། མར་པ་ནས་བརྒྱུད་པའི་བདེ་མཆོག་གི་སྐོར་ཡིན་ཟེར་བ་རྣམས་ནི་བོད་དུ་གསར་བཅོས་ཡིན་པར་ངེས་སོ། །

བཞི་པ་རྡོ་རྗེ་ཉི་མའི་རིགས་ཀྱི་རྒྱུད།

བཞི་པ་རྡོ་རྗེ་ཉི་མའི་རིགས་ཀྱི་རྒྱུད་ནི།

ཕྱོགས་འདིར་འགྱུར་བ་རྡོ་རྗེ་བདུད་རྩི་ཁོ་ན་ཡིན་ཞིང༌། རྒྱུད་འདི་གྲུབ་ཐོབ་བདུད་རྩི་གསང་བས་མཁའ་འགྲོའི་གནས་ནས་སྤྱན་དྲངས། རྒྱ་གར་དུ་སློབ་དཔོན་དྲི་མེད་བཟང་པོའི་ལུགས་དང༌། སློབ་དཔོན་བྷ་གོ་ཞེས་པ་སྐལ་ལྡན་གྱི་ལུགས་ཏེ་གཉིས་བྱུང༌། བོད་དུ་དང་པོ་བྱུང་བ་ནི་ལོ་ཙཱ་བ་ལྕེ་བཙན་སྐྱེས་ཀྱིས་བསྒྱུར། ཕྱིས་སྨྲྀ་ཏི་དང་གྱི་ཅོ་ཟླ་བའི་འོད་ཟེར་གྱིས་ཆོས་སྐོར་ཅི་རིགས་བསྒྱུར། ད་ལྟ་རྡོ་རྗེ་འཕྲེང་བའི་ནང་གི་དབང་རྒྱུན་ཙམ་ཞིག་བཞུགས་སོ། ། ལྔ་པ་པདྨ་གར་དབང་གི་རིགས་ལ། པདྨ་གར་དབང་ཉིད་ཀྱི་རྟོག་པ་བ་རི་ལོ་ཙཱ་བས་བསྒྱུར་བ་དང༌། རིགས་ཀྱི་འཇིག་རྟེན་མགོན་པོ་ལྔ་བཅུ་པ་ཞེས་བྱ་བའི་རྒྱུད་ཡར་ལུང་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་གྱིས་བསྒྱུར། དྲུག་པ་རྟའི་རྒྱལ་པོའི་རིགས་ཀྱི་རྒྱུད་ནི་སྔོན་སྔ་དར་གྱི་དུས་སུ་དཔལ་བདུན་པའི་རྒྱལ་པོ་ཞེས་བྱ་བའི་རྒྱུད་འགྱུར་ཏེ། ད་ལྟ་བཀའ་སོགས་མེད། སྒྲོལ་མའི་ཕྱག་འཚལ་ཉེར་གཅིག་དང༌། ཕུར་པ་རྩ་དུམ་སོགས་ཀྱང་རིགས་འདིའི་ནང་ཚན་ཡིན་ཞིང༌། མགོན་པོ་མངོན་བྱུང་གི་རྒྱུད་ཀྱང་འཕྲིན་ལས་ཀྱི་རིགས་ཡིན་པས་ཕྱོགས་འདིར་བསྡུ། སྒྲོལ་མ་འབྱུང་བའི་རྒྱུད་འདུས་པ་དོན་དམ་པ་ཞེས་བྱ་བ་གསར་དུ་བསྒྱུར་པ་འདི་ནི་གྲུབ་ཐོབ་རོལ་པའི་རྡོ་རྗེ་དང་ལོག་པྲ་ད་གཉིས་ཀྱིས་སྒྲུབ་ཐབས་སོ་སོར་མཛད་པས་ལུགས་མི་འདྲ་བ་གཉིས་ཡོད་ཅིང༌། ཕྱིས་གྲུབ་པའི་དབང་ཕྱུག་ཞི་བ་སྦས་པས་དར་བར་མཛད་དེ། སློབ་དཔོན་པ་བ་དྱཱ་ནཱ་ཐ་དང༌། བུདྡྷ་གུཔྟ་ནཱ་ཐ་དང༌། པུརྞ་བཛྲ་སྟེ་གསུམ་ལས་འཇམ་མགོན་ཏཱ་ར་ནཱ་ཐས་གསན་ཞིང་བསྒྱུར་བར་མཛད་པ་ཡིན། རྒྱུད་འདི་ལས་སྒྲོལ་མའི་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དང༌། དབུགས་དབྱུང་དྲུག་ལ་སོགས་པ་དཀྱིལ་འཁོར་ཡང་མང་དུ་འབྱུང་ཞིང༌། རྫོགས་རིམ་རྒྱས་པར་བཤད་ཡོད་དོ། །དུས་འཁོར་གྱི་རྒྱུད་འགྲེལ་བཤད་པ་ལ་འཇུག་པ་ལས། དྲང་དོན་དུ་ཕ་རྒྱུད་མ་རྒྱུད་གཉིས་སུ་དབྱེ་བ། ངེས་དོན་དུ་ཐམས་ཅད་གཉིས་མེད་ཀྱི་རྒྱུད་དུ་བསྟན་པའོ། །ཞེས་དང༌། དུས་ཀྱི་འཁོར་ལོའི་རྒྱུད་འདི་རྒྱུད་གསུམ་དུ་ཕྱེ་བའི་ཡ་གྱལ་གཉིས་མེད་ཀྱི་རྒྱུད་ཡིན་པར་བཞེད་པ་མང་ཡང༌། རྒྱུད་འགྲེལ་འདི་ཉིད་ལས། དྲང་དོན་དུ་ཐབས་དང་ཤེས་རབ་ཀྱི་རྒྱུད་གཉིས་སུ་ཕྱེ་བ་གསུངས་ཀྱི་ཐབས་ཤེས་གཉིས་མེད་ཀྱི་རྒྱུད་དང་གསུམ་དུ་དབྱེ་བ་གསུངས་པ་མེད་ཅིང༌། ནང་ལེའི་འགྲེལ་པར། དུས་ཀྱི་འཁོར་ལོའི་རྒྱུད་རྣལ་འབྱོར་མའི་རྒྱུད་ཡིན་པར་གསུངས་པས། དྲང་བའི་དོན་དུ་དུས་ཀྱི་འཁོར་ལོ་ཡང་མ་རྒྱུད་ཡིན་ནོ། །ཞེས་དང༌། ངེས་པའི་དོན་དུ་ན། རྒྱུད་ཐམས་ཅད་ཐབས་ཤེས་རབ་གཉིས་སུ་མེད་པའི་རྒྱུད་ཡིན་ཏེ། རྒྱུད་ཀྱི་དོན་ནི་རྣལ་འབྱོར་ཞེས་པ་ཐབས་ཤེས་རབ་དབྱེར་མེད་དུ་སྦྱོར་བའི་དོན་ཡིན་ལ་དེ་མེད་ན་རྣལ་འབྱོར་དང་རྣལ་འབྱོར་མའི་རྒྱུད་དུ་མི་འགྱུར་བའི་ཕྱིར་ཏེ། ཞེས་པའི་ལུང་དེ་དག་གིས་གསུང་ཟིན་ལ་དུས་འཁོར་གྱི་རྒྱུད་མ་རྒྱུད་ཡིན་པ་ལས་རྒྱུད་གསུམ་དུ་ཕྱེ་བའི་མ་རྒྱུད་མ་ཡིན་པ་དང་ངེས་དོན་དུ་རྒྱུད་ཀུན་གཉིས་མེད་ཀྱི་རྒྱུད་ཡིན་པ་ལྟ་བུར་གསུངས་པ་དང༌། གོང་དུ་བཀོད་པའི་འབའ་མདའི་དུས་འཁོར་དབང་ཆེན་གྱི་ཆོ་ག་ལས་རྒྱུད་ལ་རྣམ་པ་གསུམ་ཡོད་པ་ལས་དུས་འཁོར་གྱི་རྒྱུད་གཉིས་མེད་ཀྱི་རྒྱུད་ཡིན་པར་གསུངས་པ་དང་འགལ་བ་མེད་ཚུལ་ལ་དཔྱད་པར་བྱའོ། །དེ་ལྟར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་དབྱེ་བ་རྣམས་བཤད་ཟིན་ཏོ། །

གསུམ་པ་ཉམས་ལེན་ལམ་གྱི་རིམ་པ།

གསུམ་པ་ཉམས་ལེན་ལམ་གྱི་རིམ་པ་ནི།

བླ་མེད་ཀྱི་རྒྱུད་དེ་དག་གི་སྐབས་ནས་བསྟན་པའི་ལམ་གྱི་རིམ་པ་ནི་གསང་འདུས་རྒྱུད་ཕྱི་མ་ལས། རྒྱུད་ནི་རྒྱུན་ཆགས་ཞེས་བྱ་སྟེ། །རྒྱུད་དེ་རྣམ་པ་གསུམ་དུ་འགྱུར། །ཞེས་གསུངས་པ་ལྟར། རྒྱུ་རྒྱུད། ཐབས་རྒྱུད། འབྲས་རྒྱུད་གསུམ་ལས། དང་པོ་རྒྱུ་རྒྱུད་ནི། སེམས་རང་བཞིན་གྱི་འོད་གསལ་པ་གདོད་མ་ནས་བདེ་བ་དང་སྟོང་པ་དང་གསལ་བ་ཟུང་འཇུག་ཏུ་གནས་པ་དེ་ཡིན་པས་ལམ་ཡང་བདེ་བ་དང༌། སྟོང་པ་དང་ལྷ་སྐུ་གསལ་བར་བསྒོམས་པས་འབྲས་བུ་སངས་རྒྱས་པའི་དུས་སུ་ཡང་སྟོང་པ་ཆོས་ཀྱི་སྐུ་དང༌། བདེ་བ་ལོངས་སྐུ་དང༌། གསལ་བ་དཀྱིལ་འཁོར་གྱི་འཁོར་ལོ་སྤྲུལ་སྐུ་སྟེ། སྐུ་གསུམ་ཐོབ་ཏུ་རུང་བའི་ནུས་མཐུ་ཅན་སེམས་ལ་སྐུ་གསུམ་ས་བོན་གྱི་ཚུལ་དུ་བཞུགས་པའོ། །གཉིས་པ་ཐབས་རྒྱུད་ནི་སྨིན་གྲོལ་གཉིས་ལས། དང་པོ་སྨིན་བྱེད་ཀྱི་དབང་ལ་དབང་བཞི་ཚང་བ་སྟེ། དེ་ཡང་དཀྱིལ་འཁོར་སྔོན་དུ་འགྲོ་བ་ཡིན་ལ། བུམ་དབང་གི་དཀྱིལ་འཁོར་ནི་རྡུལ་ཚོན་དང་རས་བྲིས་དང་ལུས་དཀྱིལ་གསུམ་གསལ་བར་གསུངས་ཤིང༌། བློས་སླངས་ལ་སོགས་པ་ཡང་དོན་གྱིས་ཐོབ་པ་ཡིན། དེ་ལྟ་བུའི་དཀྱིལ་འཁོར་དེ་དག་བདག་མདུན་དབྱེར་མེད་དམ་ཐ་དད་གང་རུང་གི་སྒོ་ནས་བསྒྲུབས་ཤིང་མཆོད་དགོས་པ་ཡིན་ལ། དབང་བསྐུར་བ་ནི། ཕྱི་ནང་གི་འཇུག་པ་སྔོན་དུ་འགྲོ་བས། ཆུ་ཅོད་པན། རྡོ་རྗེ་དྲིལ་བུ། མིང་སྟེ་རིག་པའི་དབང་ལྔ་དང༌། སློབ་དཔོན་དང༌། བརྟུལ་ཞུགས་དང༌། རྗེས་གནང་དང༌། ལུང་བསྟན་དང༌། དབུགས་དབྱུང་དང༌། གཟེངས་བསྟོད་དེ། དེ་རྣམས་བུམ་དབང་ཡིན་ལ། རྗེས་གསང་བ། བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་དབང་དང༌། བྷ་གའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་དང༌། དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་དབང་བཞི་པ་རྣམས་བསྐུར་བ་ཡིན། ཡང་དུས་ཀྱི་འཁོར་ལོ་ལས་ནི། བྱིས་འཇུག་བདུན་དང༌། དབང་གོང་མ་བཞི་གསུངས་ཏེ། ཆུ་དང༌། ཅོད་པན་དང༌། དར་དཔྱངས་དང༌། རྡོར་དྲིལ་དང༌། བརྟུལ་ཞུགས་དང༌། མིང་དང༌། རྗེས་གནང་སྟེ། བྱིས་པ་འཇུག་པའི་དབང་བདུན་ནོ། །དབང་གོང་མ་ལ་སློབ་མའི་དབང་གོང་མ་དང༌། རྡོ་རྗེ་སློབ་དཔོན་བདག་པོའི་དབང་དང༌། སློབ་དཔོན་བདག་པོ་ཆེན་པོའི་དབང་སྟེ་གསུམ་པོ་དེ་དག་རེ་རེ་ལའང་བུམ་གསང་ཤེས་རབ་བཞི་པ་རྣམས་སུ་ཕྱེ་བས་བཅུ་གཉིས་སུ་འགྱུར་ལ། འདི་སྐབས་ཀྱི་བུམ་དབང་ནི་གཞན་གྱི་བུམ་དབང་དང་མི་གཅིག་སྟེ། བུམ་པ་ཞེས་པ་བརྡས་བསྟན་པ་ཡིན་པས་ཕྱག་རྒྱའི་ལུས་མཚོན་པ་ཡིན། དེས་ན་ཕྱག་རྒྱའི་ལུས་ཀྱི་དཀྱིལ་འཁོར་དུ་བུམ་དབང་ཞེས་པའི་ཐ་སྙད་མཛད། གཞན་རྣམས་སྤྱི་འགྲོས་དང་གནད་གཅིག་པ་ཡིན་ནོ། །དེ་ལྟར་ན་བླ་མེད་ཀྱི་རྒྱུད་སྡེ་འདིར་ཁམས་གསུམ་དཀྱིལ་འཁོར་དུ་དག་པ་དང་གཉིས་སྦྱོར་འོད་གསལ་ལམ་དུ་བྱེད་པ་རྒྱས་པར་བཤད་དོ། །ཐབས་རྒྱུད་ལ་དབྱེ་བ་ལྔ་བཞག་ཚུལ་ཡོད་དེ། ལས་དང་པོ་པ་རྣམས་ལ་ཕན་པ་ལས། ཐབས་ཀྱི་རྒྱུད་གང་ཞེ་ན། སྡོམ་ནི། དབང་བསྐུར་དམ་ཚིག་སྡོམ་པ་དང༌། །ཏིང་ངེ་འཛིན་རྒྱུད་ཀྱི་སྦྱོར་བའོ། །ལྔ་པོ་འདི་དག་ནི་ཐབས་ཀྱི་རྒྱུད་དེ། །དབང་བསྐུར་བ་དང༌། དམ་ཚིག་རྣམས་དང༌། སྡོམ་པ་དང༌། ཏིང་ངེ་འཛིན་དང༌། ལས་དང་དངོས་གྲུབ་ཀྱི་སྦྱོར་བའོ། །དབང་བསྐུར་བ་གང་ཞེ་ན། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་དང༌། བཞི་པ་དང༌། འཇིག་རྟེན་པ་དང༌། འཇིག་རྟེན་ལས་འདས་པ་དང༌། སློབ་མའི་དབང་དང༌། ཕྱིར་མི་ལྡོག་པ་དང༌། ཐ་མལ་གྱི་དབང་དང༌། མཆོག་གི་དབང་དང༌། འཇུག་པའི་ཆོ་ག་དང༌། དངོས་གཞི་དང༌། རྗེས་སུ་གནང་བ་དང༌། ལུང་བསྟན་པ་དང༌། གཟེངས་བསྟོད་པ་དང༌། ཡོན་དབུལ་བ་དང་བཅས་པ་རྣམས་སོ། །ཞེས་གསུངས་སོ། །དམ་ཚིག་དང་སྡོམ་པ་ངོས་འཛིན་ནི། ལས་དང་པོ་པ་རྣམས་ལ་ཕན་པ་ལས། དམ་ཚིག་གང་ཞེ་ན། ངོ་བོའི་སྒོ་ནས་བསྲུང་བའི་དམ་ཚིག་དང༌། སྒྲུབ་པའི་དམ་ཚིག་གོ། །བསྲུང་བའི་དམ་ཚིག་གང་ཞེ་ན། རྩ་བའི་ལྟུང་བ་དང༌། ཡན་ལག་གི་ལྟུང་བ་ལ་སོགས་པ་བསྲུང་བ་ཉིད་དོ། །རྩ་བའི་ལྟུང་བ་གང་ཞེ་ན། བཅུ་བཞི་པོ་རྣམས་སོ། །ཡན་ལག་གི་ལྟུང་བ་གང་ཞེ་ན་བརྒྱད་དམ་དགུ་པོ་རྣམས་སོ། །སློབ་དཔོན་སྨད་པར་མི་བྱ་ཞིང༌། །བདེ་གཤེགས་བཀའ་ལས་འདའ་མི་བྱ། །སྤུན་ལ་སྨད་པར་མི་བྱ་ཞིང༌། །སེམས་ཅན་རྣམས་ལ་བྱམས་མི་སྤངས། །བྱང་ཆུབ་སེམས་ནི་འདོར་མི་བྱ། །རང་གཞན་ཆོས་ལ་སྨད་མི་བྱ། །མ་སྨིན་པ་ལ་གསང་མི་སྒྲག །ཕུང་པོ་རྣམས་ལ་སྨད་མི་བྱ། །དག་པའི་ཆོས་ལ་སོམ་ཉི་སྤངས། །གདུག་པ་ཅན་ལ་བྱམས་པ་སྤངས། །མིང་སོགས་བྲལ་ལ་དེར་མི་རྟོག །དད་ལྡན་སེམས་ནི་སུན་མི་དབྱུང༌། །དམ་ཚིག་སྤོང་དང་བུད་མེད་སྨོད། །རྩ་བའི་ལྟུང་བ་ཞེས་བརྗོད་དོ། །འདི་དག་མི་ཤེས་མི་རུང་བས། །སྔོན་གྱི་མཁན་པོའི་ལུང་ལས་ཤེས། །ཞེས་པ་ནི་བསྡུ་བའི་ཚིགས་སུ་བཅད་པའོ། །སྒྲུབ་པའི་དམ་ཚིག་གང་ཞེ་ན། ཏིང་ངེ་འཛིན་དང༌། སྤྱོད་ལམ་དང༌། བཟའ་བའི་དམ་ཚིག་དང༌། མི་འབྲལ་བར་ཡོ་བྱད་ཀྱི་དམ་ཚིག་གོ། །རིགས་ལྔ་པོ་རྣམས་ཀྱི་དམ་ཚིག་གང་ཡིན་པ་དེ་རྣམས་ནི་ཏིང་ངེ་འཛིན་གྱི་དམ་ཚིག་གོ། །གཞན་ཡང་དམ་ཚིག་ནི་གསུམ་སྟེ་ལས་དང་པོ་པ་དང༌། བརྟན་པ་ཐོབ་པ་དང༌། བརྟན་པ་ཆེར་ཐོབ་པའི་དམ་ཚིག་རྣམས་སོ། །ཡང་དམ་ཚིག་ནི་གསུམ་སྟེ། སྐུ་དང་གསུང་དང་ཐུགས་ཀྱི་རྡོ་རྗེའི་དམ་ཚིག་གོ། །ཡང་གསུམ་སྟེ་བུམ་དབང་གི་དམ་ཚིག་དང༌། གསང་དབང་གི་དང༌། ཤེས་རབ་ཡེ་ཤེས་ཀྱི་དམ་ཚིག་གོ། །གཞན་ཡང་བསྙེན་པའི་དམ་ཚིག་དང༌། འཇིག་རྟེན་པ་སོ་སོའི་སྒྲུབ་པའི་དང༌། ལས་སོ་སོའི་དང༌། འཇིག་རྟེན་ལས་འདས་པའི་སྒྲུབ་པའི་དང༌། སྒྲུབ་པ་ཆེན་པོའི་དམ་ཚིག་གོ། །དེ་ལ་དམ་ཚིག་ཅེས་བྱ་བ་ནི་བརྟུལ་ཞུགས་སོ། །སྡོམ་པ་ནི། ཐོབ་པར་བྱེད་པའི་ཆོ་ག་དང༌། ཐོབ་པའི་དུས་དང༌། ངོ་བོ་དང༌། དབྱེ་བ་དང༌། གཏོང་བའི་དུས་དང༌། གསོ་བའི་ཆོ་ག་སྡེ་དྲུག་པོ་དེ་དག་གོ །སྡོམ་ནི་ཆོ་ག་དུས་དང་ངོ་བོ་དབྱེ། །གཏོང་དུས་གསོ་བའི་ཐབས་རྣམས་སོ། །དེ་ལ་སངས་རྒྱས་རྣམས་ཀྱིས་མ་བཤད་པའི་ཆོ་ག་ལས་ནི་སྡོམ་པ་མེད་དེ་བརྟུལ་ཞུགས་ཙམ་མོ། །དེའི་ཕྱིར་ཆོ་ག་ནི་རིག་པ་འཛིན་པའི་སྡེ་སྣོད་ལས་བཤད་པའི་དབང་བསྐུར་བའོ། །དུས་ནི་དབང་སོ་སོའི་དངོས་གཞི་རྫོགས་པ་ནའོ། །ངོ་བོ་ནི་བྱིན་གྱིས་བརླབས་པའི་སེམས་ཀྱི་རྒྱུན་གྱི་ཁྱད་པར་ཉེས་པ་རྣམས་བཟློག་པར་བྱེད་པ་ཡོན་ཏན་གྱི་རྟེན་མཐུ་བརྟས་པའོ། །དབྱེ་བ་ནི་ཐུན་མོང་དང༌། ཐུན་མོང་མ་ཡིན་པའི་སྡོམ་པའོ། །ཐུན་མོང་གི་སྡོམ་པ་གང་ཞེ་ན། བྱ་བ་དང་རྣལ་འབྱོར་ཕྱིའི་སྡོམ་པའོ། །ཐུན་མོང་མ་ཡིན་པ་གང་ཞེ་ན། བདེ་བས་བྱིན་གྱིས་བརླབས་པ་སྟེ། སློབ་མ་དང༌། བུམ་པ་དང༌། གསང་བ་དང༌། ཤེས་རབ་ཡེ་ཤེས་ཀྱི་སྡོམ་པ་རྣམས་སོ། །ཞེས་དང༌། གཏོང་བའི་དུས་ནི་རྩ་བའི་ལྟུང་བ་དག་འབྱུང་བ་དང༌། སྔགས་ཀྱི་ཐེག་པ་སྤོང་བ་དེའི་ཚེའོ། །ཆ་ཤས་ནི་རང་རང་གི་རྩ་བའི་དམ་ཚིག་ལས་འདས་པ་ནའོ། །གསོ་བའི་ཆོ་ག་ནི་སྡིག་པ་ཡོངས་སུ་སྦྱངས་ནས་སླར་ཡང་བླང་བ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་གྲོལ་བྱེད་ཀྱི་ལམ།

གཉིས་པ་གྲོལ་བྱེད་ཀྱི་ལམ་ལ།

ས་ལམ་གྱི་རྣམ་བཞག་དང༌། རིམ་གཉིས་ཀྱི་ལམ་བཤད་པ་དང་གཉིས་ལས། དང་པོ་ལ་ལམ་དང་ས་བཤད་པ་གཉིས། དང་པོ་ལ་ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་བཤད་པ་དང་ལྔ་ལས། དང་པོ་ནི། ཚིགས་བཅད་བཅུ་པའི་འགྲེལ་པ་ཟིན་བྲིས་ལས། ཚོགས་ལམ་ལ། ཚོགས་ལམ་ཆུང་ངུ་དང༌། འབྲིང་དང་ཆེན་པོ་སྟེ་གསུམ་ལས། རྟོག་པའི་རྣལ་འབྱོར་ཞེས་པ་རྣམ་པར་རྟོག་པའི་སྒོམ་པ་ནི། བསྐྱེད་རིམ་ཡིན་ལ། བསྐྱེད་རིམ་དེ་རགས་པ་ལ་གསལ་སྣང་ཐོབ་པ་ནི་ཚོགས་ལམ་ཆུང་ངུ་དང༌། དྲན་པ་གཅིག་པ་སྟེ་ཕྲ་བ་ལ་གསལ་སྣང་ཐོབ་པ་ནི་ཚོགས་ལམ་འབྲིང་དང༌། གསལ་བ་དམིགས་པ་དང་བཅས་པའི་རྫོགས་རིམ་ལ་བརྟན་པ་ཐོབ་པས་ཚོགས་ལམ་ཆེན་པོ་ཐོབ་པ་ཞེས་བྱ་སྟེ་དེ་ཡང་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་ལ་མཚོན་ན། དཀྱིལ་འཁོར་གྱི་གཙོ་བོ་ཧེ་རུ་ཀ་ཡབ་ཡུམ་ནས། མཁའ་འགྲོ་མ་བཞི། འཁོར་ལོ་གསུམ་གྱི་དཔའ་བོ་དཔའ་མོ། སྒོ་མཚམས་མ་བརྒྱད་ཀྱི་བར་ལྷ་ཚོགས་རྣམས་བསྒོམ་བསྒོམས་པ་ལས་ནམ་ཞིག་དམིགས་པ་ལ་གསལ་སྣང་བརྟན་པོ་ཐོབ་པ་ནི། དངོས་སུ་རེག་རྒྱུ་དང་མཐོང་བ་ནི་མཚན་མ་ཐོབ་པ་ཞེས་བྱ་སྟེ། དེ་ལྟ་བུ་ནི་རགས་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྟེ། དེ་ནི་ཚོགས་ལམ་ཆུང་ངུ་དང༌། དེའི་སྟེང་དུ་གཙོ་བོའི་སྐུ་ལ་ལུས་དཀྱིལ་གྱི་ལྷ་ཚོགས་ཡོངས་སུ་རྫོགས་པ་དང༌། གོ་ཆའི་ལྷ་རྣམས་དང་བཅས་པ་གསལ་བར་སྒོམ་ནུས་ཤིང༌། གསང་གནས་སམ། སྙིང་གར་རམ། སྣ་རྩེ་ལྟ་བུར་ཐིག་ལེ་ཕྲ་མོའི་ནང་དུ་ཡང་དཀྱིལ་འཁོར་ཡོངས་སུ་རྫོགས་པ་གསལ་ཐེབས་ཤིང༌། རེག་མཐོང་གི་མཚན་མ་མཐོང་བ་ནི་ཕྲ་མོའི་བསྐྱེད་རིམ་ལ་བརྟན་པ་ཐོབ་པ་སྟེ། དེ་ནི་ཚོགས་ལམ་འབྲིང་དང༌། དེ་ནས་གསལ་བར་ཞེས་པ་ནི། ངེས་པར་ཞེས་པའི་དོན་ཡིན་ལ། དམིགས་པ་དང་བཅས་པའི་རྫོགས་པའི་རིམ་པ་སྟེ། ཕྲ་མོ་དང་ཐིག་ལེའི་རྣལ་འབྱོར་ལ་བརྟན་པ་ཐོབ་པས་ནི་ཚོགས་ལམ་ཆེན་པོ་ཐོབ་པར་འགྱུར་རོ། །ཞེས་དང༌། ལས་དང་པོ་པ་རྣམས་ལ་ཕན་པ་ལས། ཡེ་ཤེས་ཕེབས་པ་ནི་ཚོགས་ལམ་ཆུང་ངུ་སྟེ་དྲན་པ་ཉེ་བར་བཞག་པའོ། །ཡེ་ཤེས་ལ་ཆེས་དབང་བ་ནི་ཡང་དག་སྤོང་བ་སྟེ་ཚོགས་ཀྱི་ལམ་འབྲིང་པོའོ། །དེ་ཉིད་སྤྱོད་པས་མཐར་ཕྱིན་ཅིང་ལྟ་སྟངས་རྣམས་ཐོགས་པ་མེད་པ་དང༌། སངས་རྒྱས་རྣམས་མངོན་དུ་འགྱུར་པ་དང༌། སྐྱེ་བ་གཅིག་གིས་ཐོགས་པ་འདི་ནི་རྫུ་འཕྲུལ་གྱི་རྐང་པ་ཅན། ཚོགས་ལམ་ཆེན་པོའོ། །ཞེས་གསུངས་སོ། །ཚོགས་ལམ་ན་ས་ལམ་དུ་གྱུར་བའི་དགའ་བཞི་མེད་པར་བཤད་དེ། སྔགས་ཀྱི་དྲིས་ལན་སྒོ་བརྒྱ་འབྱེད་པའི་ལྡེ་མིག་ལས། ས་ལམ་གྱིས་བསྡུས་པའི་དགའ་བཞི་བྱ་བ་ཞིག་ཡོད་པ། ཚོགས་ལམ་གྱི་སྐབས་ན་ནི་མེད་དེ། ལམ་དེར་རྫོགས་རིམ་གྱིས་ས་མ་ཐོབ་པའི་ཕྱིར་རོ། །སྦྱོར་ལམ་དྲོད་རྩེ་གཉིས་ཡས་བབས་ཀྱི་དགའ་བཞིའི་སས་བསྡུས་ཤིང༌། བཟོད་མཆོག་གཉིས་མས་བརྟན་གྱི་དགའ་བཞིའི་སས་བསྡུས། ཞེས་གསུངས་སོ། །

གཉིས་པ་སྦྱོར་ལམ།

གཉིས་པ་སྦྱོར་ལམ་ནི།

ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། སྦྱོར་ལམ་ལ་དབྱེ་ན་ས་བཅུ་གཉིས་ཏེ། སྦྱོར་ལམ་དྲོད་དང༌། རྩེ་མོ་དང༌། བཟོད་པ་དང༌། ཆོས་མཆོག་སྟེ་བཞི། དེ་དག་ལའང་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་གསུམ་གསུམ་དུ་དབྱེ་བས་ན་བཅུ་གཉིས་སོ། །དེ་ལ་ཡེ་ཤེས་གསུམ་དང་ཞེས་པས། དགའ་བའི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་ཆུང་ངུ་དང༌། མཆོག་དགའི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་འབྲིང་དང༌། དགའ་བྲལ་གྱི་ཡེ་ཤེས་ཀྱི་རིམ་པའི་ས་ནི་དྲོད་ཆེན་པོ་སྟེ། ཡང་འདུས་པ་སོགས་ན། ཕ་རྒྱུད་ལས་སྣང་བའི་རིམ་པའི་སོགས་དང་སྦྱོར་ཀྱང་མིང་འདོགས་ཙམ་ལས་དོན་ཁྱད་མེད་དོ། ། དེ་ལ་ཐོག་མར་ཏིང་ངེ་འཛིན་གྱི་རིམ་པའི་དགའ་བའི་སྐད་ཅིག་མ་དེ་ཉིད་སྒོམ་སྒོམ་པས། ཐོག་མ་རྣམས་སུ་དགའ་བདེ་ཆུང་ངུ་དང༌། མི་བརྟན་ཞིང་འགྱུར་བའི་ཚུལ་དུ་ཡོད་པ་ལས། ནམ་ཞིག་ན་སྔར་ལས་བརྒྱ་འགྱུར་གྱི་བཟང་བའི་བདེ་བའི་སྐད་ཅིག་མ་མི་འབྱུང་བ་ཞིག་སྐྱེ་སྟེ། དེ་ནི་དགའ་བའི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་སྣང་བའི་རིམ་པའི་ས་ཞེས་བྱ་བ་དྲོད་ཆུང་ངུ་ཡིན་ལ། དེ་བཞིན་དུ་སླར་ཡང་བསྒྲུབས་པས་དེ་བས་ཀྱང་བརྒྱ་འགྱུར་གྱི་བཟང་བ་ཐོབ་པ་ནི། མཆོག་དགའི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་མཆེད་པའི་རིམ་པའི་ས་སྟེ་དྲོད་འབྲིང་དང༌། དེ་བཞིན་དུ་དེ་བས་ཀྱང་བརྒྱ་འགྱུར་གྱི་བཟང་བ་ཐོབ་པ་ནི། དགའ་བྲལ་གྱི་ཡེ་ཤེས་ཀྱི་རིམ་པའི་སའམ། དགའ་བ་ཐོབ་པའི་ས་སྟེ་དྲོད་ཆེན་པོ་ཐོབ་པ་ཡིན་ནོ། །དེའི་ཚེ་རླུང་སེམས་ཙམ་གྱི་སྒྱུ་ལུས་ཀྱི་སྐུ་གྲུབ་བོ། །

དེ་ནས་སྦྱོར་ལམ་རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ་བཤད་པ།

དེ་ནས་སྦྱོར་ལམ་རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ་བཤད་པ་ནི།

རྣམ་པར་རྟོག་པ་གསུམ་བྲལ་ཡེ་ཤེས་སྐུ་ཞེས་པ་སྟེ། དེའི་དོན་ཡང་རྣམ་པར་རྟོག་པ་ནི་རང་བཞིན་བརྒྱད་བཅུའི་རྣམ་རྟོག་ཡིན་ལ། གསུམ་ནི་དུག་གསུམ་གྱིས་བསྡུས་པ་སྟེ། ཞེ་སྡང་གི་རྣམ་པར་རྟོག་པ་སུམ་ཅུ་རྩ་གསུམ། འདོད་ཆགས་ཀྱི་རྣམ་པར་རྟོག་པ་བཞི་བཅུ། གཏི་མུག་གི་རྣམ་པར་རྟོག་པ་བདུན་ཏེ་རྣམ་པ་གསུམ་ཡིན་ལ། དེ་ཉིད་དང་བྲལ་བ་ནི། རྩེ་མོ་ཆུང་འབྲིང་ཆེན་པོ་གསུམ་གྱི་ཡེ་ཤེས་ཀྱི་སྐུའོ། །དེ་ཡང་གོང་དུ་བཤད་པའི་སྒྱུ་ལུས་ཀྱི་སྐུ་དེ། རིལ་བོར་འཛིན་པ་དང་རྗེས་སུ་གཞིག་པའི་རྣལ་འབྱོར་གྱི་འོད་གསལ་དུ་ཡང་ཡང་བཅུག་པ་ལས། ཞེ་སྡང་གི་རྣམ་པར་རྟོག་པ་སུམ་ཅུ་རྩ་གསུམ་རགས་པ་འགགས་པ་ནི། རྩེ་མོ་ཆུང་ངུའི་ས་ཐོབ་པ་ཡིན་ལ། དེ་ནས་ཡང་སྔར་བཞིན་བསྒོམས་པས། འདོད་ཆགས་ཀྱི་རྣམ་པར་རྟོག་པ་བཞི་བཅུ་རགས་པ་འགགས་པ་ནི་རྩེ་མོ་འབྲིང་གི་ས་དང༌། དེ་བཞིན་དུ་སླར་ཡང་བསྒོམས་པས་གཏི་མུག་གི་རྣམ་པར་རྟོག་པ་བདུན་རགས་པ་འགགས་པ་ནི། རྩེ་མོ་ཆེན་པོའི་ས་ཐོབ་པ་ཡིན་ནོ། །དེ་ནས་སྦྱོར་ལམ་བཟོད་པ་ཆུང་ངུ་དང༌། འབྲིང་དང༌། ཆེན་པོ་གསུམ་བཤད་པ་ནི། ཕྲ་མོ་གསུམ་མཉམ་ཞེས་པས་བསྟན་ཏེ། དེ་ཡང་ཕྲ་མོ་ཞེས་པས་རང་བཞིན་བརྒྱད་བཅུའི་རྣམ་རྟོག་ཕྲ་མོ་གསུམ་ཉམས་པ་སྟེ། འགགས་པ་ལས་བཟོད་པ་ཆུང་འབྲིང་ཆེན་པོ་གསུམ་ཐོབ་པ་ཡིན་ཏེ་དེ་སླར་ཡང་གོང་བཞིན་བསྒོམ་ཞིང་འོད་གསལ་དུ་བཅུག་པས། ནམ་ཞིག་ན་ཞེ་སྡང་གི་རྣམ་པར་རྟོག་པ་སུམ་ཅུ་རྩ་གསུམ་ཕྲ་མོ་ཡང་འགགས་པས། སྦྱོར་ལམ་བཟོད་པ་ཆུང་ངུའི་ས་ཐོབ་པ་ཡིན་ལ། དེ་བཞིན་དུ་འདོད་ཆགས་ཀྱི་རྣམ་རྟོག་བཞི་བཅུ་ཕྲ་མོ་ཡང་འགགས་པས་ནི། བཟོད་པ་འབྲིང་གི་ས་ཐོབ་པ་དང༌། གཏི་མུག་གི་རྣམ་རྟོག་བདུན་ཕྲ་མོ་ཡང་འགགས་པས་ནི་བཟོད་པ་ཆེན་པོའི་ས་ཐོབ་པ་ཡིན་ནོ། ། དེ་ནས་ཆོས་མཆོག་ནི་བྱང་ཆུབ་སྐད་ཅིག་གསུམ་ནི་ཞེས་པས་ཏེ། བཟོད་པ་ཆེན་པོའི་མཐར་རིམ་པ་དེ་སྦྱོར་ལམ་ཆོས་མཆོག་ལ་མཚམས་སྦྱོར་ཞིང༌། དེ་དག་གི་རིམ་པ་སོགས་གོང་དང་འདྲ་བ་ལས། སངས་རྒྱས་རྣམས་ཀྱིས་ཉེ་རྒྱུས་དབང་བསྐུར་ཞིང་གྲོགས་རིག་མའི་སྤྱོད་པ་ངེས་པར་འཇུག་པས། དེས་བསྒྲུབས་པས་དགའ་བའི་སྐད་ཅིག་མ་དང༌། དེ་ནས་མཆོག་དགའི་སྐད་ཅིག་མ་དང༌། དགའ་བྲལ་གྱི་སྐད་ཅིག་མའམ། སྣང་མཆེད་ཐོབ་གསུམ་གྱི་སྐད་ཅིག་མ་གསུམ་གྱིས་ནི་གོང་གི་རྣམ་རྟོག་གི་རིགས་གསུམ་པོ་དེ་དག་གི་རིགས་རྒྱུན་ཕྲ་མོ་རྣམས་ཀྱང་སྤངས་ཏེ། སྦྱོར་ལམ་ཆོས་མཆོག་ཆུང་ངུ་དང༌། འབྲིང་དང༌། ཆེན་པོའི་ས་རྣམས་ཡིན་ལ། དེ་དག་ནི་བཅུ་གཉིས་ཏེ་སྦྱོར་ལམ་ས་བཅུ་གཉིས་ཀྱི་ལམ་མོ་ཞེས་པའོ། །དེའི་མཐར་དོན་གྱི་འོད་གསལ་འགྲུབ་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །

གསུམ་པ་མཐོང་ལམ།

གསུམ་པ་མཐོང་ལམ་ནི།

ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། མཐོང་ལམ་བཤད་པ་ནི། དོན་དམ་གྱི། དགའ་བའི་བདེན་པ་མངོན་རྟོགས་མཐོང་བའི་ལམ་སྟེ། ཞེས་གསུངས་པས་ཏེ། དོན་དམ་པའི་དགའ་བའི་བདེན་པ་མངོན་པར་རྟོགས་པ་སྟེ་ཡེ་ཤེས་ཀྱི་སྐུ། དེ་ལ་སངས་རྒྱས་ཀྱི་སྤྲུལ་པའི་སྐུ་རྣམས་ཀྱིས་ཉེ་རྒྱུས་དབང་བསྐུར་བའི་རྐྱེན་གྱིས་དོན་གྱི་འོད་གསལ་ཐོག་མར་རྟོགས་ཤིང་མཐོང་བའི་སྐབས་དེ་ནི་མཐོང་ལམ་ཡིན་ནོ། །

བཞི་པ་སྒོམ་ལམ།

བཞི་པ་སྒོམ་ལམ་ནི།

ཚིགས་བཅད་བཅུ་པའི་འགྲེལ་བ་ལས། སྒོམ་ལམ་ནི། བཅུ་གཉིས་ས་ནི་ཡན་ལག་བདུན་ནོ། །ཞེས་པ་སྟེ། དེ་ཡང་གོང་གི་དོན་གྱི་འོད་གསལ་མཉམ་གཞག་ལས་ལངས་སློབ་པའི་ཟུང་འཇུག་གི་སྐུ་ཡང་འགྲུབ། ཟུང་འཇུག་གི་རིམ་པའི་འོད་གསལ་དང་སྒྱུ་ལུས་དབྱེར་མེད་མཐོང་ཞིང་རྒྱུད་ལ་སྐྱེས་ནས་དེའི་རིམ་པ་ལ་སློབ་པ་ནི་སྒོམ་ལམ་ཡིན་ཏེ། དེའི་ཚེ་འཕགས་པའི་ས་དང་པོ་ཐོབ་པ་ཡིན་ཞིང་འཕགས་པའི་ས་བཅུའི་བར་རོ། །དེ་ནི་རྡོ་རྗེ་འཆང་ཆུང་ངུ་ཡན་ལག་བདུན་དང་ལྡན་པ་སྟེ། དེ་ཡང་སློབ་དཔོན་ངག་དབང་གྲགས་པས། ལོངས་སྤྱོད་རྫོགས་དང་ཁ་སྦྱོར་བདེ་ཆེན་རང་བཞིན་མེད། །སྙིང་རྗེས་ཡོངས་གང་རྒྱུན་མི་འཆད་དང་འགོག་པ་མེད། །ཅེས་པ་སྟེ། སྐུ་མཚན་དཔེ། གསུང་ཆོས་སྒྲ། འདོད་པའི་ཡོན་ཏན་སྣ་ཚོགས་ལ་ལོངས་སྤྱོད་པ་དང༌། ལོངས་སྤྱོད་རྫོགས་པ་དང༌། ལྷན་ཅིག་སྐྱེས་པའི་བདེ་བ་ལ་རྟག་ཏུ་གནས་པའི་རྒྱུ་རྗེས་ཆགས་པ་ཁ་སྦྱོར་གྱི་རྣམ་པ་དང༌། རང་བཞིན་བདེ་བ་ཆེན་པོ་ཡིན་པ་དང༌། མཚན་མའི་རྣམ་རྟོག་ལ་སོགས་པའི་རང་བཞིན་མེད་པ་དང༌། སྙིང་རྗེ་ཆེན་པོས་རྒྱུད་ཡོངས་སུ་གང་བ་དང༌། དེ་ལྟ་བུའི་སྐུ་དེ་ཉིད་རྒྱུན་མི་འཆད་པ་དང༌། འགོག་པ་ལ་མི་གནས་པ་སྟེ་ཡན་ལག་བདུན་དང་ལྡན་པའོ། །

ལྔ་པ་མི་སློབ་ལམ།

ལྔ་པ་མི་སློབ་ལམ་ནི།

ཚིགས་བཅད་བཅུ་པའི་འགྲེལ་པ་ཟིན་བྲིས་ལས། མི་སློབ་ལམ་བཤད་པ་ནི། དེ་ལས་འབྲས་ཞེས་པས་བསྟན་ཏེ། ལམ་བཏགས་པ་བ་དང༌། འབྲས་བུ་མཚན་ཉིད་པ་ཡིན་ལ། དེ་ཡང་སྒོམ་ལམ་གྱི་འཕགས་པའི་ས་བཅུའི་མཐར་སངས་རྒྱས་ལོངས་སྐུ་རྣམས་ཀྱིས་འོད་ཟེར་ཆེན་པོའི་དབང་བསྐུར་ནས་ས་བཅུ་རྒྱུན་མཐའི་སྐད་ཅིག་མ་གཉིས་པ་ལ། གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྐུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་ཐོབ་པ་ཡིན་པས། འབྲས་བུ་མཐར་ཐུག་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །ལུས་དབེན་སོགས་རིམ་ལྔ་སྔགས་ཀྱི་ལམ་ལྔའི་ས་མཚམས་དང་སྦྱོར་ཚུལ་ནི། རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་གི་དགོངས་པ་ལས། འདི་དག་གསང་སྔགས་རང་ལམ་གྱི་ས་མཚམས་དང་སྦྱོར་ཚུལ་ཇི་ལྟར་ཡིན་སྙམ་ན།བསྐྱེད་རིམ་རགས་པ་ལ་བརྟན་པ་ཐོབ་ན་ཚོགས་ལམ་ཆུང་ངུ་རྫོགས། ཕྲ་བ་ལ་བརྟན་པ་ཐོབ་ན་འབྲིང་བོ་རྫོགས། ལུས་དབེན་ངག་དབེན་གྱིས་ཚོགས་ལམ་ཆེན་པོ་རྫོགས་ཟིན་ནས། སེམས་དབེན་གྱི་ས་གསུམ་པོ་སྦྱོར་ལམ་དྲོད་ཆེ་འབྲིང་ཆུང་གསུམ་དང༌། སྒྱུ་ལུས་ཀྱི་རིམ་པའི་འགོ་གཞུག་ལ་རང་བཞིན་གྱི་རྣམ་རྟོག་རགས་པ་ཚན་གསུམ་འགག་ཚུལ་ལ་རྩེ་མོ་གསུམ་སྟེ། ཞེ་སྡང་གི་རྟོག་པར་རགས་པ་ཙམ་འགགས་པའི་གནས་སྐབས་ནི་རྩེ་མོ་ཆུང་ངུ་དང༌། དེའི་སྟེང་དུ་འདོད་ཆགས་ཀྱི་རྣམ་རྟོག་རགས་པ་འགགས་པ་ནི་རྩེ་མོ་འབྲིང་དང༌། དེ་སྟེང་གཏི་མུག་གི་རྣམ་རྟོག་རགས་པ་ཡང་འགགས་པ་ནི་རྩེ་མོ་ཆེན་པོའོ། །དེ་ནས་འོད་གསལ་གྱི་རིམ་པ་ལ་སློབ་བཞིན་པའི་སྐབས་སུ་རྣམ་རྟོག་གསུམ་པོ་དེའི་རིགས་ཀྱི་རྟོག་པ་ཕྲ་མོ་རྣམས་རིམ་ཅན་དུ་འགགས་པའི་གནས་སྐབས་གསུམ་ནི་བཟོད་པ་ཆེ་འབྲིང་ཆུང་གསུམ་མོ། །འདིར་རྣམ་རྟོག་རགས་པ་དང་ཕྲ་བ་འགགས་ཞེས་པ་འདི་རྣམས་ཐུན་རེ་ལ་འགགས་པས་གོ་མི་ཆོད་ཀྱི། གང་ཟག་དེའི་རྒྱུད་ལ་མངོན་གྱུར་བ་གཏན་ནས་མི་སྐྱེ་བའི་གནས་སྐབས་ཐོབ་པའོ། །མངོན་པར་བྱང་ཆུབ་པའི་དུས་ཀྱི་སྣང་བ་གསུམ་པོ་ནི་ཆོས་མཆོག་ཆེ་འབྲིང་ཆུང་གསུམ་ཡིན་ལ། དོན་གྱི་འོད་གསལ་ཐོག་མར་ཐོབ་པའི་སྐབས་དེ་ནི་མཐོང་ལམ་ཡིན་ནོ། །ཟུང་འཇུག་གི་རིམ་པ་རྒྱུད་ལ་སྐྱེས་པ་ཕན་ཆད་ནི། སྒོམ་ལམ་སྟེ་འདི་ལ་འཕགས་པའི་ས་བཅུར་དབྱེ་བར་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །སོར་སྡུད་སོགས་སྔགས་ཀྱི་ལམ་གྱི་ས་མཚམས་དང་སྦྱར་ཚུལ་ནི། སྦྱོར་དྲུག་སྤྱི་དོན་ལས། རང་ལུགས་ལ་ཏིང་ངེ་འཛིན་གྱི་ས་དང་པོ་མོས་སྤྱོད་ཀྱི་ས་དང་གཉིས་པ་ནས་བཅུ་གཅིག་པའི་བར་སློབ་པ་འཕགས་པའི་ས་དང༌། བཅུ་གཉིས་པ་སངས་རྒྱས་ཀྱི་ས་མ་ཡིན་ཏེ། རང་ལུགས་ལ་ཏིང་ངེ་འཛིན་གྱི་ས་དང་པོ་ནས་བཅུ་གཅིག་པའི་ཐ་མའི་བར་སྦྱོར་ལམ་བཟོད་པ་དང༌། ཆོས་མཆོག་གི་ལམ་གྱི་རིམ་པ་ཡིན་པས་སོ་སྐྱེའི་ས་དང༌། བཅུ་གཉིས་པའི་ཐ་མ་དེ་མཐོང་ལམ་དང༌། དེའི་རྒྱུན་ལ་འཕགས་པའི་ས་བཅུ་ཡོད་པའི་ཕྱིར། དེར་ཐལ། རང་ལུགས་ལ་རྡོ་རྗེའི་རྣལ་འབྱོར་དྲུག་གིས་ལམ་ཇི་ལྟར་བགྲོད་པའི་རིམ་པ་ནི། ཀུན་རྫོབ་སེམས་བསྐྱེད་མཚན་ཉིད་པ་རྒྱུད་ལ་སྐྱེས་པ་གཞིར་བཞག་པའི་སྟེང་དུ་སོར་སྡུད་གྲུབ་ནས་རྟགས་བཅུ་འཆར་བའི་མགོར་སླེབས་པ་ནས་སྔགས་བླ་མེད་ཀྱི་ཚོགས་ལམ་ཆུང་ངུ་ཐོབ་ཅིང་རྟགས་བཅུ་ག་ཤར་བ་ན་ཚོགས་ལམ་ཆུང་ངུ་མཐར་ཕྱིན།དེ་ནས་ཐིག་ལེའི་ནང་དུ་སྣ་ཚོགས་གཟུགས་བརྙན་ཤར་བ་ན་ཚོགས་ལམ་འབྲིང་པོ་དང༌། དེ་ནས་བསྐྱེད་རིམ་སྔོན་སོང་ཡིན་ན་བསམ་གཏན་གྱི་ཡན་ལག་ཐོབ་པ་ན་ཚོགས་ལམ་ཆེན་པོར་སླེབས་ཏེ། བསམ་གཏན་མཐར་ཕྱིན་པ་ན་སྦྱོར་ལམ་དྲོད་དུ་སླེབ། བསྐྱེད་རིམ་སྔོན་དུ་མ་སོང་ན་བསམ་གཏན་མཐར་ཕྱིན་པ་ན་ཚོགས་ལམ་ཆེན་པོར་སླེབ། དེ་ནས་སྲོག་རྩོལ་གྱིས་རླུང་བཅུ་ཅི་རིགས་དབུ་མར་བཅིངས་པ་ན་དྲོད་ཆུང་ངུ་དང་རླུང་བཅུ་ག་དབུ་མར་བཅིངས་ཟིན་པ་ན་བསྐྱེད་རིམ་སྔོན་དུ་སོང་མ་སོང་གང་ཡིན་ཀྱང་སྦྱོར་ལམ་དྲོད་འབྲིང་དུ་སླེབ། དེ་ནས་འཛིན་པས་ལས་རླུང་དབུ་མའི་ཐིག་ལེར་བཅིངས་ཏེ་གཏུམ་མོའི་འབར་སྣང་སྟོང་གཟུགས་སུ་གྱུར་པ་ན་དྲོད་ཆེན་པོ་ཐོབ་སྟེ། འཛིན་པ་མཐར་ཕྱིན་པ་ན་སྦྱོར་ལམ་རྩེ་མོ་ཐོབ། རྗེས་དྲན་གྱི་རང་ལུས་འདོད་ལྷར་མཐོང་བ་ན་རྩེ་མོ་འབྲིང་པོར་ཕྱིན་ཏེ། རྗེས་དྲན་མཐར་ཕྱིན་པ་ན་རྩེ་མོ་ཆེན་པོ་འགྱུར། དེ་ནས་ཏིང་ངེ་འཛིན་སྐད་ཅིག་དང་པོ་ཐོབ་པ་ན་སྔགས་བླ་མེད་ཀྱི་སྦྱོར་ལམ་བཟོད་པར་འཕོས་ཏེ། བྱང་སེམས་ཀྱི་ཆ་ཤས་དང་པོ་ནས་རིམ་གྱིས་འགག་ཅིང༌། མི་འགྱུར་བའི་བདེ་བའི་ཆ་ཤས་དང་པོ་སོགས་རིམ་གྱིས་ཐོབ་སྟེ་ཐེག་ལེའི་ཆ་ཤས་སྟོང་དང་བརྒྱད་བརྒྱ་འགགས། མི་འགྱུར་བའི་བདེ་བའི་ཆ་ཤས་སྟོང་བརྒྱད་བརྒྱའི་ཆ་ཐོབ་པ་ན་མི་འགྱུར་བའི་ཐིག་ལེས་གསང་བའི་འཁོར་ལོའི་ཕྱེད་གང༌། ཏིང་ངེ་འཛིན་གྱི་ས་དང་པོ་ཐོབ། དེ་ནས་ཐིག་ལེའི་ཆ་སྟོང་བརྒྱད་བརྒྱ་རེ་འགག་པ་དང༌། མི་འགྱུར་བའི་བདེ་བའི་ཆ་ཤས་སྟོང་བརྒྱད་བརྒྱ་རེ་ཐོབ་པས་འཁོར་ལོ་རེ་རེའི་ཕྱེད་རེ་རེ་གང་བས་ས་རེ་རེ་ཐོབ་པའི་ཚུལ་ས་འོག་མ་ཐམས་ཅད་ལ་སྦྱར་ཏེ། གསང་བའི་འཁོར་ལོའི་ཕྱེད་ཕྱི་མ་གང་བས་ས་གཉིས་པ་དང༌། ལྟེ་བའི་འཁོར་ལོའི་ཕྱེད་གང་བས་ས་གསུམ་པ་དང༌། ལྟེ་བའི་ཕྱེད་ཕྱི་མ་གང་བས་ས་བཞི་པ་དང༌། སྙིང་གའི་ཕྱེད་གང་བས་ས་ལྔ་པ་དང༌། སྙིང་གའི་ཕྱེད་ཕྱི་མ་གང་བས་ས་དྲུག་པ་དང༌། མགྲིན་པའི་ཕྱེད་གང་བས་ས་བདུན་པ་དང༌། མགྲིན་པའི་ཕྱེད་ཕྱི་མ་གང་བས་ས་བརྒྱད་པ་དང༌། དཔྲལ་བའི་ཕྱེད་གང་བས་ས་དགུ་པ་དང༌། དཔྲལ་བའི་ཕྱེད་ཕྱི་མ་གང་བས་ས་བཅུ་པ་དང༌། གཙུག་ཏོར་གྱི་ཕྱེད་གང་བས་ས་བཅུ་གཅིག་པ་ཐོབ་པ་ན་སྔགས་བླ་མེད་ཀྱི་སྦྱོར་ལམ་བཟོད་པ་མཐར་ཕྱིན་ཏེ། གཙུག་ཏོར་གྱི་ཕྱེད་ཕྱི་མ་གང་བྱེད་ཀྱི་མི་འགྱུར་བའི་ཐིག་ལེའི་ཆ་ཤས་སྟོང་བརྒྱད་བརྒྱའི་ནང་གི་ཆ་ཤས་དང་པོ་ཐོབ་པ་ན་བླ་མེད་ཀྱི་སྦྱོར་ལམ་ཆོས་མཆོག་ཏུ་འཕོས་ཏེ། དེ་ནས་མི་འགྱུར་བའི་བདེ་བའི་ཆ་ཤས་སྟོང་དང་བདུན་བརྒྱ་གོ་དགུའི་བར་ནི་སྦྱོར་ལམ་ཆོས་མཆོག་གི་སྐབས་ཡིན་ཞིང་དེའི་མི་འགྱུར་བའི་བདེ་བའི་སྐད་ཅིག་ཐ་མ་ཐོབ་པ་དང༌། སྔགས་བླ་མེད་ཀྱི་ས་དང་པོ་མཐོང་ལམ་ཐོབ་པ་དུས་མཉམ་ཡིན་པས་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པའི་ཐ་མ་ཐོབ་པ་དེ་སྔགས་བླ་མེད་ཀྱི་མཐོང་ལམ་བར་ཆད་མེད་ལམ་ཡིན་ལ། མཐོང་ལམ་བར་ཆད་མེད་ལམ་གྱིས་ཉོན་སྒྲིབ་དང་གནས་སྐབས་བཞིའི་བག་ཆགས་ལ་ཕྲ་རགས་གཉིས་ཡོད་པའི་བག་ཆགས་རགས་པ་འཁོར་བའི་ལུས་ངག་ཡིད་གསུམ་ཡེ་ཤེས་བཞི་དང་རྟེན་འབྲེལ་ཡན་ལག་བཅུ་གཉིས་བསྐྱེད་ནུས་ཀྱི་བག་ཆགས་རྣམས་སྤངས་པའི་རྣམ་གྲོལ་ལམ་ཐོབ་པ་ན་འཕགས་པའི་ས་གཉིས་པ་སྒོམ་ལམ་ཐོབ་ཅིང་སྐབས་འདིར་གཙོ་བོར་སྟོང་གཟུགས་ཀྱི་སྐུ་ལ་ལྡང་བ་ཡིན་པས་དེ་དུས་སུ་ཟུང་འཇུག་གི་སྐུ་གསར་དུ་ཐོབ་པར་བཤད་པའང་ཡོད་ལ། དེ་ནས་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པ་དེའི་རྒྱུན་ཕྱི་མ་རྣམས་གྱིས་རིམ་བཞིན་གནས་སྐབས་བཞིའི་བག་ཆགས་ཤིན་ཏུ་ཕྲ་བ་ཤེས་བྱ་ཐམས་ཅད་མཁྱེན་པ་ལ་གེགས་བྱེད་པའི་ཤེས་སྒྲིབ་ལ་སྐོར་དགུ་ཕྱེ་བའི་སྐོར་དང་པོ་སྤངས་པ་ན་འཕགས་པའི་ས་གསུམ་པ་ཐོབ་པ་ནས་སྐོར་ཐ་མ་སྤངས་པ་ན་མཐར་ཐུག་གི་ཟུང་འཇུག་སངས་རྒྱས་རྡོ་རྗེ་འཆང་ཆེན་པོ་ཐོབ་པ་ཡིན་པའི་ཕྱིར་ཏེ། རྗེ་བཙུན་རིན་པོ་ཆེའི་དགོངས་པས་མདོ་སྔགས་གང་གི་ཡང་ཐེག་ཆེན་གྱི་ས་དང་པོ་ཐོབ་ཕན་ཆད་ནས་རྣམ་སྨིན་གྱི་ལུས་སྤངས་ཏེ་ཡིད་ལུས་ཐོབ་པར་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་ཀྱང་ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པ་ཚུན་ཆད་དུ་རྣམ་སྨིན་གྱི་ལུས་མ་སྤངས་ཤིང༌། རྣམ་སྨིན་གྱི་ལུས་བླངས་པའི་སྐབས་ཡིན་པའི་ཕྱིར་ན་དེ་དག་འཕགས་པའི་ས་མ་ཡིན་ཞིང༌། ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པ་འཕགས་པའི་ས་བཅུ་པ་ཡིན་ན་འཕགས་པའི་ས་བཅུ་པའི་ཡོན་ཏན་གཞལ་དུ་མེད་པར་གསུངས་ཤིང༌། ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པའི་ཡོན་ཏན་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་སྟོང་དང་ཉེར་བཞི་ཙམ་མཐོང་བར་བཤད་ཕྱིར་དེའི་ཡོན་ཏན་ལ་གཞལ་དུ་ཡོད་པས་དེ་གཉིས་འགལ་བར་འགྱུར་བས་ན་ཏིང་ངེ་འཛིན་གྱི་ས་བཅུ་གཅིག་པ་མན་ཆད་འཕགས་པའི་ས་མ་ཡིན་པ་དང༌། དེས་ན་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་ཀྱི་ཐ་མའི་མཐར་མི་འགྱུར་བའི་བདེ་བའི་ཆ་ཤས་ཐམས་ཅད་རྫོགས་པའི་ཡེ་ཤེས་དེ་དང་ངོ་བོ་དབྱེར་མེད་པའི་ཡེ་ཤེས་ཀྱི་སྐུ་ཐོབ་པ་དེ་མཐར་ཐུག་གི་སངས་རྒྱས་ཀྱི་སྐུ་མ་ཡིན་པར་སངས་རྒྱས་ཆུང་ངུ་ཞེས་བྱ་བ་དེ་ཡིན་ཞིང་རྟེན་དེ་ལ་འཕགས་པའི་ས་བཅུ་སླར་ཡང་བགྲོད་དེ་འཚང་རྒྱ་དགོས་པའི་ཕྱིར། རྗེ་བཙུན་རིན་པོའི་ཆེས་ཟུང་འཇུག་ཏུ། ཏིང་ངེ་འཛིན་གྱི་སྐད་ཅིག་དང་པོ་ཐོབ་པ་ནས་བརྩམས་ཏེ་ལོ་གསུམ་དང་ཕྱོགས་གསུམ་དུ་བརྩོན་པར་སྒོམ་ན་ཏིང་ངེ་འཛིན་གྱི་ས་ཐ་མའི་མཐར་ཡེ་ཤེས་ཀྱི་སྐུའམ་ཟུང་འཇུག་གི་སྐུ་ཐོབ་པར་གྲགས་པ་ནི་སངས་རྒྱས་ཀྱི་ས་ཆུང་ངུ་དང་རྡོ་རྗེ་འཛིན་པའི་ས་ཐོག་མར་ཐོབ་པ་ཡིན་ནོ། །ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པ་རྫོགས་པར་མ་ཐོབ་པ་ལ་ཡེ་ཤེས་ཀྱི་སྐུ་མ་ཐོབ་པར་བཤད་པས། ཏིང་ངེ་འཛིན་གྱི་ས་རྣམས་ནི་འཕགས་ས་མ་ཡིན་ཏེ། འཕགས་པའི་ས་དང་པོ་ཐོབ་ན་ཡིད་ཀྱི་རང་བཞིན་གྱི་ལུས་ངེས་པར་ཐོབ་པར་དཔལ་གྱི་མགུར་ནས་གསུངས་པའི་ཕྱིར་རོ། །གཞན་ཡང་འཕགས་པའི་ས་བཅུ་པའི་ཡོན་ཏན་གཞལ་དུ་མེད་པར་གསུངས་ན། བཅུ་གཅིག་པའི་ཡོན་ཏན་གཞལ་དུ་ཡོད་པ་དང་ཡང་འགལ་བའི་ཕྱིར་རོ། །འདི་དག་ནི་སྦྱོར་ལམ་གྱི་ནང་ཚན་ཞིག་ལས་ཕྱེ་བའི་ས་ཁོ་ནའོ། །ཞེས་དང༌། ཏིང་ངེ་འཛིན་ནི་བཟོད་པ་དང་ཆོས་མཆོག་སྟེ། ཞེས་དང༌། ཏིང་ངེ་འཛིན་གྱི་སྐད་ཅིག་ཐ་མ་ནི་མཐོང་ལམ་ཡིན་པས། ཞེས་དང་དབང་མདོར་གྱི་ཊཱི་ཀར་ཡང༌། ཏིང་ངེ་འཛིན་གྱི་མཐར་སྐུ་དང༌། གསུང་དང༌། ཐུགས་དང༌། ཡེ་ཤེས་གཅིག་ཏུ་འདུས་པའི་ཟུང་འཇུག་གི་སྐུ་ཐོབ་པ་ནས་བཟུང་ནས་རེ་ཞིག་སྒྲུབ་པ་ཞེས་མི་བྱ་སྟེ། སྐབས་འདིར་གྲུབ་པའི་གནས་སྐབས་སུ་འཇོག་དགོས་པ་ཡིན་པའི་ཕྱིར་རོ། །གྲུབ་པ་དེ་ཡང་གནས་སྐབས་ལ་ལྟོས་པའི་དབང་དུ་བྱས་པ་སྟེ། མི་སློབ་པ་སངས་རྒྱས་ཀྱི་ས་ལ་ལྟོས་ན་ནི། འདི་ཡང་སྒྲུབ་པ་ཁོ་ན་ཡིན་པར་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་འགྲེལ་ཆེན་ལས། སྦྱོར་བ་ཡན་ལག་དྲུག་གི་དང་པོའི་མཚན་མ་ནི་དུ་སོགས་ཀྱི་རྟགས་དང༌། བར་བའི་མཚན་མ་ནི་མི་འགྱུར་བའི་བདེ་བ་སྐད་ཅིག་དང་པོ་ཐོབ་པ་དང༌། མཆོག་མི་འགྱུར་གྱི་བདེ་བའི་སྐད་ཅིག་མ་བརྒྱ་ཕྲག་བཅོ་བརྒྱད་ཐོབ་ནས་ས་དང་པོ་ཐོབ་པ་ལ་སོགས་པ་དང༌། ཐ་མའི་མཚན་མ་ནི་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྫོགས་ནས་སངས་རྒྱས་ཉིད་དང་རྡོ་རྗེ་འཆང་དང༌། ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད་པ་ཡང་སློབ་པའི་ཟུང་འཇུག་ལ་དགོངས་པ་ཡིན་པས་དེ་ལྟར་བཤད་པས་ཀྱང་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པ་མཐར་ཐུག་གི་ས་དང༌། དེར་ཐོབ་པའི་ཟུང་འཇུག་དེ་མཐར་ཐུག་གི་ཟུང་འཇུག་ཡིན་མི་དགོས་ཏེ། ཟུང་འཇུག་ཏུ་དེ་ལྟར་ན་ཏིང་ངེ་འཛིན་གྱི་སྐད་ཅིག་ཐ་མས་འཇིག་རྟེན་ལས་འདས་པ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དངོས་སུ་ཐོབ་པ་ཡིན་ཞིང༌། དེ་སྔོན་ཆད་འཇིག་རྟེན་པ་ཡིན་པས། ཞེས་པ་ནས། ཐོག་མཐའ་བར་གསུམ་གྱི་མཚན་མའི་ནང་གི་ཐ་མའི་མཚན་མ་ཡིན་པར་གསུངས་པས་ཀྱང་འབྲས་བུའི་མཐར་ཐུག་ཏུ་མི་འགྱུར་ཏེ། ཞེས་སོགས་རྗེ་བཙུན་རིན་པོ་ཆེའི་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་པོ་ཐམས་ཅད་འཕགས་ས་ལ་མ་བཤད་དོ། །འོན་ཀྱང་ཀུན་སྤངས་པ་ཐུགས་རྗེ་བརྩོན་འགྲུས་སོགས་ཀྱིས་ཏིང་ངེ་འཛིན་གྱི་ས་བཅུ་གཉིས་འཕགས་ས་ཡིན་པར་བཞེད་དེ། དེ་ཉིད་ཀྱིས་མཛད་པའི་སྦྱོར་དྲུག་གི་ས་ལམ་ལས། དེ་ནས་སྒྲུབ་པ་ཆེན་པོའི་ཡན་ལག་ཏིང་ངེ་འཛིན་གྱིས་གནས་རྡོ་རྗེ་ནོར་བུར། ལས་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་སྟེང་ནས་འཕོ་བ་གཅིག་གི་རླུང་སྟོང་བརྒྱད་བརྒྱ་འགགས་པས་མ་རིག་པ་འགགས་ནས། རྡོ་རྗེ་ནོར་བུར་བྱང་སེམས་ཀྱིས་གང་ཞིང་བརྟན་པ་ལས། ཕྱིར་ཆོས་ཉིད་ཀྱི་དོན་དང༌། ནང་དུ་འགྱུར་མེད་བདེ་སྟོང་གི་དོན་མངོན་སུམ་དུ་མཐོང་བས་ན་མཐོང་ལམ་མོ། །ཞེས་དང༌། ཡང་འཕོ་བ་གཉིས་པའི་རླུང་སྟོང་བརྒྱད་བརྒྱ་འགགས་པས་འདུ་བྱེད་འགགས་ནས་གསང་བའི་འཁོར་ལོར་བྱང་སེམས་བརྟན་པས་སྒོམ་ལམ་ཆུང་ངུའི་ཆུང་ངུ་བགྲོད་ནས་ས་གཉིས་པ་ཐོབ་སྟེ། ཞེས་སོགས་དང༌། འཕོ་བ་བཅུ་གཉིས་པའི་རླུང་སྟོང་བརྒྱད་བརྒྱ་འགགས་ཏེ་དེ་ལྟར་ན་ལས་ཀྱི་རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་རྒྱུ་བ་ཐམས་ཅད་གཙུག་ཏོར་གྱི་འཁོར་ལོར་བཀག་པ་དང་རྒ་ཤི་འགགས་ཏེ། ཞེས་པ་ནས་གཙུག་ཏོར་གྱི་འཁོར་ལོའི་བར་བྱང་སེམས་བརྟན་པས་ས་བཅུ་གཉིས་པ་རྡོ་རྗེ་འཆང་གི་ས་ཚེ་འདི་ཉིད་ལ་ཐོབ་པ། ཞེས་པ་ནས། ཕུང་ཁམས་སྐྱེ་མཆེད་རྩ་སྟོང་ཕྲག་དོན་གཉིས་དང་བཅས་པ་རྣམས་མི་འགྱུར་བའི་བདེ་བས་ཟོས་པས་དེ་ཐམས་ཅད་འགྱུར་མེད་བདེ་སྟོང་གི་ངོ་བོ་རོ་གཅིག་ཏུ་གྱུར་ཏེ། སྤང་བྱ་མ་ལུས་པ་ཐམས་ཅད་སྤངས་ཤིང༌། འཐོབ་བྱ་མ་ལུས་པ་ཐམས་ཅད་ཐོབ་པ་ལུས་འདི་ཉིད་ལ་སངས་རྒྱས་ཐོབ་པའི་ཚད་དོ། །ཞེས་གསུངས་པ་སོགས་སྔོན་བྱོན་དམ་པ་མང་པོས་དེ་ལྟར་གསུངས་པ་ཡོད་དོ། །དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ཀྱི་ཚིག་ཟིན་ལྟར་ན་འདི་ལྟར་འཐད་པ་ལྟ་བུར་སྣང་ན་ཡང་གཞུང་འདིར་རིམ་ལྔ་དང་སྦྱོར་དྲུག་གི་ས་མཚམས་སོགས་རྗེ་བཙུན་ཏཱ་ར་ནཱ་ཐའི་བཞེད་པ་ལྟར་བཤད་པ་ཡིན་ནོ། །དེ་དག་གི་སྐབས་སུ་ཐིག་ལེ་དང་རླུང་འགག་ཚུལ་ནི། ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། ཀུནྡ་བྱང་ཆུབ་ཀྱི་སེམས་ལ་རགས་པ་ཁམས་གསུམ་གྱིས་བསྡུས་པའི་བྱང་ཆུབ་སེམས་ཀྱི་ཐིག་ལེ་དང༌། ཕྲ་བ་རྣམ་ཤེས་ཙམ་གྱི་བྱང་སེམས་ཀྱི་ཐིག་ལེ་གཉིས་ཡོད་པ་ལས། དེ་དག་འགག་ཚུལ་དྲོ་བ་ནས་ནི་ཞེས་པས། ཐིག་ལེ་རགས་པ་ནི་དྲོད་ཐོབ་ནས་འགག་པའི་འགོ་རྩོམ་པ་དང༌། ཆོས་ཀྱི་མཆོག་དང་ཞེས་པས་སྦྱོར་ལམ་ཆོས་མཆོག་ཆེན་པོ་ཐོབ་ནས། ཐིག་ལེ་ཕྲ་བ་རླུང་སེམས་ལས་གྲུབ་པ་འགག་པའི་འགོ་རྩོམ་པ་སྟེ། ཐོག་མ་ཞེས་པས་དེ་དག་ཏུ་ཐོག་མར་འགག་པ་བསྟན་ལ། དེ་བཞིན་དུ་ཐ་མ་ནི་ས་བཅུའི་མཐའ་མར་རི་བོང་ཅན་ཏེ་བྱང་ཆུབ་ཀྱི་སེམས་ཕྲ་བ་ཡང་རྩ་བ་ནས་འགག་གོ་ཞེས་པའོ། །ཞེས་ཐིག་ལེ་འགག་ཚུལ་གསུངས་ལ། རླུང་འགག་ཚུལ་ནི། ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། རླུང་འགག་ཚུལ་རྒྱས་པར་བཤད་པ་ནི། དང་པོ་རྟོག་དང་གཉིས་པ་སྦྱོར་བའང་དེ་རྣམས་བདེན་པ་མཐོང་བས་འགག་ཅིང་འགག་པ་དེ་ལས་སླར། །ས་བཅུའི་མཐའ་མར་དབུགས་དག་འགོག་པ་རགས་དང་དབུས་མ་དང་ནི་ཕྲ་མོའི་དབྱེ་བ་ཤེས་པར་བྱ། །ཞེས་པས་བསྟན་ཏེ། དེ་ལ་རླུང་ལ་དབྱེ་ན། རགས་པའི་རླུང་དང༌། དེ་ལས་ཕྲ་ཞིང་ཤིན་ཏུ་ཕྲ་བ་རང་ཡང་མ་ཡིན་པའི་བར་མའམ་དབུས་མའི་རླུང་དང༌། ཤིན་ཏུ་ཕྲ་བའི་རླུང་སྟེ་གསུམ་ཡོད་པ་ལས། དང་པོ་རྟོག་དང་ཞེས་པ་རྟོག་པའི་རྣལ་འབྱོར་ནི་བསྐྱེད་རིམ་སྟེ་དེ་ལ་བརྟན་པ་ཐོབ་པས་རླུང་རགས་པ་འགག་པའི་མགོ་རྩོམ་པ་དང༌། གཉིས་པ་སྦྱོར་བ་ཞེས་པས་རླུང་འབྲིང་པོའི་བར་ནི་སྦྱོར་ལམ་དྲོད་ཐོབ་པས་འགག་པ་དང༌། ཕྲ་བ་ནི་བདེན་པ་མཐོང་བས་འགག་པ་ཡིན་ཞིང༌། རྩ་བ་ནས་འགགས་པ་ནི་སླར་འཕགས་ས་བཅུ་པའི་མཐའ་མར། ཤིན་ཏུ་ཕྲ་བའི་རླུང་ས་བོན་དང་བཅས་པ་འགོག་པ་སྟེ་འགག་ཅིང་སྤོང་བར་ཤེས་པར་བྱའོ། །ཞེས་པ་ལ། རགས་དང་དབུ་མ་དང་ནི་ཕྲ་མོའི་དབྱེ་བས་ཤེས་པར་བྱ། ཞེས་པའོ། །ཞེས་གསུངས་སོ། །

གཉིས་པ་ས་བཤད་པ།

གཉིས་པ་ས་བཤད་པ་ནི།

ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། སའི་རྣམ་གཞག་རྒྱས་པར་བཤད་པ་ནི། བྱིས་པའི་ལམ་དང་ཆོས་ཀྱི་སྐུ་ནི་བཅུ་དང་བཅས་པ་འདིར་ནི་ས་སྟེ་རྩ་ལ་སོགས་པ་རྣམས། །བགྲོད་པ་འགྱེལ་བའི་སྦྱོར་བ་བཅུ་གཉིས་ས་རུ་འགྱུར་ཏེ་འོད་གསལ་དེ་བཞིན་མཚུངས་པའི་རྡོ་རྗེ་འཛིན། །ཡན་ལག་བཅུ་གཉིས་འཕོ་བ་དང་བཅས་ཁུ་བ་འགགས་པས་ལུས་དང་ངག་ཡིད་རྡོ་རྗེའི་སྐུ་ཉིད་དོ། །འཕགས་པ་རྣམས་ཀྱི་བཅུ་གཉིས་ས་ལ་དེ་རྣམས་གཉིས་ཀྱི་ཕྲ་མོ་ས་བོན་དང་བཅས་ཤིན་ཏུ་འགགས། །སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན་ཞིང་ཆོས་ཀྱི་སྤྲིན་ལས་དབྱེ་བ་ཐ་མའི་གསུམ་པའོ། །ཐ་དད་གཞུང་ལུགས་སྣ་ཚོགས་རྒྱུན་དུ་བསྟན་པ་དག་ནི་ཅུང་ཟད་ཅུང་ཟད་དབྱེ་བ་ཁོ་ནའོ། །བར་ཆད་མེད་དང་རྣམ་པར་གྲོལ་བར་དུས་ཀྱི་འཁོར་ལོ་ལས་འབྱུང་གཞན་དུ་སྦྱོར་དང་བཅས་པ་ཡང༌། །ཁྱད་པར་ལམ་ཡང་ཁ་ཅིག་ཏུ་ནི་སྟོང་པ་གསུམ་དང་སྒྲའི་རབ་དབྱེ་རྒྱུད་དང་རྒྱུད་དུ་སྟེ། །ཀུན་ཏུ་འོད་སོགས་སློབ་དང་མི་སློབ་ས་རྣམས་རེ་རེར་བཅུ་གཉིས་བཅུ་གཉིས་ཀུན་ལ་དབྱེ་བས་སོ། །ཞེས་པའི་བར་གྱིས་བསྟན་ཏེ། སའི་རྣམ་གཞག་འདི་ལ་སྤྱིར་མང་དུ་ཡོད་པ་ལས། སྐབས་འདིར་༡ས་ཐམས་ཅད་བཅུ་གཉིས་སུ་བསྡུས་ཏེ་བཤད་པ་དང༌། ༢རྩ་དང་ཐིག་ལེ་རླུང་འགག་ཚུལ་གྱི་རིམ་པས་ས་ཐོབ་ཚུལ་བཤད་པ་དང༌། ༣འཕགས་པའི་ས་བཅུའི་རྣམ་གཞག་བཤད་པ་སྟེ་གསུམ་ཡོད་པ་ལས། ༡དང་པོ་ནི། བྱིས་པའི་ལམ་དང་ཞེས་པས། མོས་སྤྱོད་ཀྱི་ས་དང༌། ཆོས་ཀྱི་སྐུ་ཞེས་པས་སངས་རྒྱས་ཀྱི་ས་དང༌། བཅུ་དང་ཞེས་པས་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུ་དང་བཅས་པས་བཅུ་གཉིས་ཏེ། དེ་དག་ཀྱང་སྐབས་འདིར་འཁོར་ལོ་སྡོམ་པའི་གཞུང་རྣམས་དང་བསྟུན་ནས་བཤད་ན། དེ་ཡང་གཞུང་འདི་དག་གི་སྐབས་སུ་དངོས་སུ་གསུངས་པ་བཅུར་བཤད་པ་ཤས་ཆེ་ཡང་ས་དེ་དག་གི་འབྲས་བུ་ཡིན་པས། འཐུང་སྤྱོད་དང་ཉེ་བའི་འཐུང་སྤྱོད་གཉིས་ཀྱང་བསྣན་ནས་བཅུ་གཉིས་སུ་འཆད་པ་ཡིན་ལ། ༢ དེ་ལ་རིམ་པ་བཞིའི་ནང་ནས་ཡེ་ཤེས་ཀྱི་རིམ་པའི་སྐབས་སུ། དུར་ཁྲོད་བརྒྱད་དང་དག་པ་སྦྱོར་རྒྱུའི་བུ་ག་བརྒྱད་ཀྱི་རྩ་རྣམས་དག་པས་རྒྱུ་བྱས་ནས། གསང་རིམ་གྱི་ཐོག་མའི་སྐབས་སུ་སྙིང་གའི་རྩ་ནང་བསྐོར་གྱི་རྩ་བ་གསུམ་སྐོར་མ་དང༌། འདོད་མ་དང༌། ཁྱིམ་མ་དང༌། གཏུམ་མོ་སྟེ་བཞི་ཐིག་ལེས་གང༌། ནོར་བུའི་རྩ་མདུད་བཞི་གྲོལ་བ་ནི། འཐུང་སྤྱོད་དམ་མོས་སྤྱོད་ཀྱི་ས་ཐོབ་པའོ། །དེ་བཞིན་དུ་རྡོ་རྗེའི་སྐྱེད་པའི་རྩ་མདུད་བཞི་གྲོལ། མི་ཕྱེད་མ་དང༌། ཕྲ་གཟུགས་མ་དང༌། མཆོག་མ་དང༌། གཡོན་མ་སྟེ་བཞི་བྱང་ཆུབ་སེམས་ཀྱིས་གང༌། གནས་སམ་ས་དང་པོ་རབ་ཏུ་དགའ་བ་ཐོབ། གསང་གནས་ཀྱི་རྩ་མདུད་བཞི་གྲོལ། ཐུང་ངུ་མ་དང༌། རུས་སྦལ་སྐྱེས་མ་དང༌། སྒོམ་མ་དང༌། དབང་བསྒྱུར་མ་བཞི་བྱང་ཆུབ་སེམས་ཀྱིས་གང༌། ཉེ་བའི་གནས་སམ་དྲི་མ་མེད་པའི་ས་དང༌། དེ་ནས་ལྟེ་བའི་རྩ་མདུད་གཉིས་གྲོལ། སྐྱོན་མ་དང༌། བཤང་མ་གཉིས་བྱང་ཆུབ་སེམས་ཀྱིས་གང༌། ཞིང་ངམ་འོད་བྱེད་པའི་ས་དང༌། དེ་ནས་སླར་ཡང་ལྟེ་བའི་རྩ་མདུད་གཉིས་གྲོལ། མ་མོ་དང༌། མཚན་མོ་གཉིས་བྱང་སེམས་ཀྱིས་གང༌། ཉེ་བའི་ཞིང་ངམ། འོད་འཕྲོ་བའི་ས་དང༌། དེ་ནས་སྙིང་གའི་རྩ་མདུད་གཉིས་གྲོལ། སིལ་སྦྱིན་མ་དང༌། དྲོད་མ་གཉིས་བྱང་སེམས་ཀྱིས་གང༌། ཚནྡྷོ་ཧའམ། སྦྱང་དཀའ་བའི་ས་དང༌། དེ་ནས་སླར་ཡང་སྙིང་གའི་རྩ་མདུད་གཉིས་གྲོལ། རྩ་གཞོལ་མ་དང༌། མདོག་ནག་མ་གཉིས་བྱང་སེམས་ཀྱིས་གང༌། ཉེ་བའི་ཚནྡྷོ་ཧའམ། མངོན་དུ་གྱུར་པའི་ས་དང༌། དེ་ནས་མགྲིན་པའི་རྩ་མདུད་གཉིས་གྲོལ། ཤིན་ཏུ་གཟུགས་ཅན་མ་དང༌། སྤྱི་མ་གཉིས་བྱང་སེམས་ཀྱིས་གང༌། འདུ་བ་དང་རིང་དུ་སོང་བའི་ས་ཐོབ། དེ་ནས་སླར་ཡང་མགྲིན་པའི་རྩ་མདུད་གཉིས་གྲོལ། རྒྱུ་སྦྱིན་དང་སྦྱོར་བྲལ་མ་གཉིས་བྱང་སེམས་ཀྱིས་གང༌། ཉེ་བའི་འདུ་བ་དང་མི་གཡོ་བ་དང་ས་བརྒྱད་པ་དང༌། དཔྲལ་བའི་རྩ་མདུད་གཉིས་གྲོལ། རྩ་སྡུག་གུ་མ་དང༌། གྲུབ་མ་བྱང་སེམས་ཀྱིས་གང༌། དུར་ཁྲོད་དམ་ས་དགུ་པ་ལེགས་པའི་བློ་གྲོས་ཐོབ། ཡང་དཔྲལ་བའི་རྩ་མདུད་གཉིས་གྲོལ། རྩ་འཚེད་མ་དང་ཡིད་བཟང་མ་བྱང་སེམས་ཀྱིས་གང༌། ཉེ་བའི་དུར་ཁྲོད་དམ་ས་བཅུ་པ་ཆོས་ཀྱི་སྤྲིན་ཐོབ། དེའི་མཐར་གཙུག་ཏོར་གྱི་རྩ་མདུད་བཞི་གྲོལ་ཞིང་ཐིག་ལེས་གང༌། རོ་རྐྱང་དབུ་མ་བདུད་བྲལ་མ་བཞི་ཐིག་ལེས་གང་སྟེ། དེ་དང་དུས་མཉམ་དུ་སྙིང་གའི་ཕྱི་སྐོར་གྱི་རྩ་བརྒྱད་དང་བུ་ག་བརྒྱད་དང་བཅས་པའི་རྩ་ཐམས་ཅད་བྱང་སེམས་ཀྱིས་གང་བའི་རྒྱུད་དེ་གང་བ་མཐར་ཐུགཉེ་བའི་འཐུང་སྤྱོད་དམ་སངས་རྒྱས་ཀྱི་མིང་ཅན་ཏེ་བཅུ་གཉིས་སོ། །དེའི་ཚེ་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཏེ། འོད་གསལ་ཟུང་འཇུག་གི་རྡོ་རྗེ་འཆང་ངམ་རྡོ་རྗེ་འཛིན་པའི་ས་ཆུང་ངུ་ཐོབ་པ་ཡིན་ནོ། །དེ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགག་ཚུལ་ས་དང་སྦྱར་ནས་བཤད་པ་ནི། ཡན་ལག་བཅུ་གཉིས་འཕོ་བ་དང་བཅས་ཁུ་བ་འགགས་པས་ལུས་དང་ངག་ཡིད་རྡོ་རྗེའི་སྐུ་ཉིད་དོ། །ཞེས་པས་ཏེ། དེ་ཡང་གོང་གི་སྦྱོར་ལམ་ས་བཅུ་གཉིས་པོ་དེ་དག་གི་སྐབས་སུ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་བཟློག་གི་རིམ་པས་འགགས་པ་ཡིན་ཏེ། ཐོག་མར་རྒ་ཤི་དང་སྐྱེ་བ་དང་སྲིད་པ་གསུམ་འགག་པའི་མ་དག་པའི་ལུས་རགས་པ་འདི་གནས་གྱུར་ཏེ། ཡེ་ཤེས་ཀྱི་ལུས་སུ་གྱུར། སྦྱོར་ལམ་གྱི་ས་དང་པོ་གསུམ་དང་སྦྱོར། དེ་བཞིན་དུ་ལེན་པ་དང་སྲེད་པ་དང་ཚོར་བ་གསུམ་འགགས་པས། ཐ་མལ་པའི་ངག་རྣམ་པར་དག་སྟེ། གཞོམ་མེད་ཀྱི་སྒྲར་གྱུར་པ་དང༌། རེག་པ་སྐྱེ་མཆེད་དྲུག་དང་མིང་གཟུགས་གསུམ་འགགས་པས་མ་དག་པའི་སེམས་གནས་གྱུར་ཏེ་ཐུགས་བདེ་བ་ཆེན་པོར་གྱུར་པ་དང༌། རྣམ་ཤེས་དང་འདུ་བྱེད་དང་མ་རིག་པ་གསུམ་འགགས་པས། ཐ་མལ་པའི་ཡེ་ཤེས་གནས་གྱུར་ཏེ། དོན་དམ་གྱི་ཡེ་ཤེས་སུ་གྱུར། སློབ་པའི་ཟུང་འཇུག་གི་སྐུའམ་རྡོ་རྗེའི་སྐུར་གྱུར་ཏེ། འོ་ན་སྦྱོར་ལམ་སྐབས་སུ་དེ་དག་འགགས་ཤིང་ལུས་ལ་སོགས་པ་གནས་གྱུར། འཕགས་པའི་ས་བཅུ་ལ་སོགས་པར་སྤང་ན་ཇི་ལྟར་ཡིན་ཞེ་ན། འཕགས་པ་རྣམས་ཀྱི་བཅུ་གཉིས་སར་ནི་དེ་རྣམས་ཉིད་ཀྱི་ཕྲ་མོ་ས་བོན་དང་བཅས་ཤིན་ཏུ་འགགས། །ཞེས་གསུངས་ཏེ། ཟུང་འཇུག་གི་སྐུ་དེའི་སྐབས་སུ་རྒ་ཤི་སོགས་ཕྲ་མོ་གནས་ངན་ལེན་གྱི་ས་བོན་དང་བཅས་པ་འགགས་ཤིང་དག་པའི་འཕགས་པའི་ས་དང་པོ་ལ་སོགས་པ་ཐོབ་སྟེ། གོང་གི་རིམ་པས་འཕགས་པའི་ས་དགུ་དང༌། རྟེན་འབྲེལ་རྣམ་ཤེས་ལ་སོགས་པ་གསུམ་འགགས་པས། འཕགས་པའི་ས་བཅུ་པ་ཐོབ་ཅིང༌། ༣ དེའི་ཁྱད་པར་ནི། སྣ་ཚོགས་ཡོན་ཏན་རྣམས་ཀྱིས་བརྒྱན་ཞིང་ཆོས་ཀྱི་སྤྲིན་ལས་ཤིན་ཏུ་དབྱེ་བ་ཐ་མའི་ས་གསུམ་པོ། །ཞེས་གསུངས་པས། ཡོན་ཏན་རྣམ་པ་སྣ་ཚོགས་པ་བརྒྱ་ཕྲག་བཅུ་ལ་སོགས་པ་རྣམས་ཀྱིས་བརྒྱན་པའི་སྐྱེས་བུ་ས་བཅུ་པ་ཆོས་ཀྱི་སྤྲིན་དེ་ལ་ཤིན་ཏུ་སྟེ་ངེས་པར་དབྱེ་བ་ནི་ཐ་མའི་ས་གསུམ་པོ་ཡིན་ནོ། །དེ་ཡང་ཇི་ལྟ་བུ་ཡིན་ཞེ་ན། ས་བཅུ་པ་དེའི་དང་པོའི་གནས་སྐབས་ནི་རྒྱུན་མཐའི་ཡེ་ཤེས་བར་ཆད་མེད་ལམ་ཞེས་བྱ་བ་ས་བཅུ་གཅིག་པ་དང༌། དེའི་རྗེས་ཀྱི་སྐབས་ནས་སྐད་ཅིག་མ་དང་པོ་ཡན་ནི་རྣམ་པར་གྲོལ་བའི་ལམ་སྟེ་ས་བཅུ་གཉིས་པ་དང༌། དེ་ནས་རྒྱུན་མཐའི་རྗེས་སྐད་ཅིག་མ་གཉིས་པ་ནི་ཁྱད་པར་ལམ་དང་སའི་མིང་ཅན་འབྲས་བུ་མཚན་ཉིད་པ་སྟེ་བཅུ་གསུམ་རྡོ་རྗེ་འཛིན་གྱི་ས་ཞེས་པ་ཡིན་ནོ། །དེ་ལྟ་བུའི་ས་འདི་དག་ལ་རྣམ་གྲངས་དང་དབྱེ་བ་མི་འདྲ་བ། ཐ་དད་གཞུང་ལུགས་སྣ་ཚོགས་རྒྱུད་དུ་བསྟན་པ་དག་ནི་ཅུང་ཟད་ཅུང་ཟད་དབྱེ་བ་ཁོ་ན་སྟེ། །ཞེས་གསུངས་ཏེ། གཞུང་ལུགས་ཐ་དད་པ་རྣམ་པ་སྣ་ཚོགས་པ་དང༌། གསང་སྔགས་ཀྱི་རྒྱུད་སྡེ་ཆེན་པོ་རྣམས་ནས་ས་ལམ་གྱི་དབྱེ་བ་མི་འདྲ་བ་བསྟན་པ་དག་ནི། ནང་སེལ་དུ་ཅུང་ཟད་ཅུང་ཟད་མི་འདྲ་བ་གསུངས་པ་ཡིན་ཏེ། དོན་གཅིག་པ་ཁོ་ན་ཡིན་ལ། དེ་དག་ཀྱང་ཇི་ལྟ་བུ་ཞེ་ན། བར་ཆད་མེད་དང་རྣམ་པར་གྲོལ་བར་དུས་ཀྱི་འཁོར་ལོ་ལས་འབྱུང་གཞན་དུ་སྦྱོར་དང་བཅས་པ་ཡང༌། །ཁྱད་པར་ལམ་ཡང་ཁ་ཅིག་ཏུ་སྟེ་སྟོང་པ་གསུམ་དང་སྐུའི་རབ་དབྱེ་རྒྱུད་དང་རྒྱུད་དུ་སྟེ། །ཞེས་གསུངས་སོ། ས་བཅུ་གཉིས་སུ་བྱེད་པ་དང༌། བཅུ་གསུམ་དུ་བྱེད་པ་དང༌། བཅོ་ལྔར་བྱེད་པའི་ལུགས་སོ། །དེ་ཡང་བཅུ་གཉིས་སུ་བྱེད་པའི་ལུགས་ནི། ཡོངས་སུ་གྲགས་པའི་ས་བཅུའི་སྟེང་དུ་བར་ཆད་མེད་པའི་ས་བཅུ་གཅིག་པ་དང༌། རྣམ་པར་གྲོལ་བའི་ས་བཅུ་གཉིས་པ་སངས་རྒྱས་ཀྱི་ས་ཞེས་པ་བཅུ་གཉིས་ནི་དུས་ཀྱི་འཁོར་ལོ་ལས་གསུངས་པ་དང༌། བཅུ་གསུམ་དུ་བྱེད་པའི་ལུགས་ནི་གཞན་རྒྱུད་དུ་ས་བཅུའི་སྟེང་དུ་སྤང་གཉེན་སྦྱོར་བའི་ས་ཞེས་བྱ་བ་ས་བཅུ་གཅིག་པ་དང༌། བར་ཆད་མེད་པའི་ས་བཅུ་གཉིས་པ་དང༌། རྣམ་པར་གྲོལ་བའི་ས་བཅུ་གསུམ་པ་སངས་རྒྱས་ཀྱི་ས་རྡོ་རྗེ་འཛིན་པ་སྟེ་བཅུ་གསུམ་སྟེ། གཞན་དུ་སྦྱོར་དང་ཞེས་པའི་དོན་ནོ། །བཅུ་བཞིར་བྱེད་པ་ནི། མོས་སྤྱོད་དང་རབ་ཏུ་དགའ་བ་ལ་སོགས་པ་བཅུ་གཅིག་བཅུ་གཉིས་པ་ཀུན་ཏུ་འོད་ཀྱི་ས་དང༌། ཀུན་ཏུ་སྣང་བའི་བཅུ་གསུམ་པ། ཀུན་ཏུ་ཐོབ་པའི་ས་བཅུ་བཞི་སྟེ་སངས་རྒྱས་ཀྱི་སའོ། །བཅོ་ལྔར་བཤད་པ་ནི་ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས་གསུངས་སོ། །དེ་དག་ལའང༌། ཀུན་ཏུ་འོད་སོགས་སློབ་དང་མི་སློབ་པ་རྣམས་རེ་རེར་བཅུ་གཉིས་བཅུ་གཉིས་ཀུན་ལ་དབྱེ་བས་སོ། །ཞེས་པ་ནི། ཀུན་ཏུ་འོད་ཀྱི་ས་ཆེན་པོ། །དེ་ནི་ཉི་མའི་དཀྱིལ་འཁོར་ལས། །བདུད་རྩིའི་འོད་ནི་གཉིས་པ་སྟེ། །ཤིན་ཏུ་འོད་གསལ་ཟླ་བ་འདྲ། །ནམ་མཁའི་འོད་ནི་གསུམ་པ་སྟེ། །ནམ་མཁའ་ཇི་བཞིན་རབ་ཏུ་གནས། །རྡོ་རྗེའི་འོད་ནི་བཞི་པ་སྟེ། །ས་དེའི་འོད་ནི་ཡིད་དགའ་བའོ། །ལྷག་པའི་བསམ་པ་བརྟན་སྦྱོར་བས། །རྡོ་རྗེ་ཞེས་ནི་ཡོངས་སུ་བརྟགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །པད་མའི་འོད་ནི་དྲུག་པ་སྟེ། །པདྨ་བཞིན་དུ་རབ་ཏུ་སྐྱེ། །རང་བཞིན་དག་པའི་སེམས་ཉིད་ཀྱི། །དྲི་མ་མེད་པ་ཡོངས་སུ་འཛིན། །བདུན་པ་ལས་ཀྱི་འོད་ཅེས་པ། །སངས་རྒྱས་འཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་ཅེས་པ་སྟེ། །དེ་ལ་དཔེ་ནི་ཡོད་མ་ཡིན། །དཔེ་ལྡན་ཞེས་པ་དགུ་པ་སྟེ། །ཐམས་ཅད་དཔེ་ནི་རྟོགས་པར་བྱེད། །བཅུ་པ་ཤེས་རབ་འོད་ཅེས་པ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་པ་ཉིད། །ས་ཆེན་རབ་ཏུ་འོད་གསལ་བ། །བཅུ་གཉིས་སོ་སོ་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་ཏུ་རྫོགས། །ཞེས་གསུངས། དེ་ཡང་རྣམ་རྟོག་དག་པས་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཕྱིར་ཀུན་ཏུ་འོད་དང༌། བདེ་བ་ཆེན་པོའི་བདག་ཉིད་རྒྱས་པའི་བདུད་རྩི་འོད་དང༌། སྤྲོས་པའི་སྣང་བ་ཐམས་ཅད་དག་པའི་ཕྱིར་ནམ་མཁའི་འོད། བདེ་བ་ཆེན་པོ་མི་འགྱུར་ཞིང་རྟག་པའི་ཕྱིར་རྡོ་རྗེ་འོད་དང༌། སངས་རྒྱས་རྣམས་ཀྱིས་ཡང་ཡང་དབང་བསྐུར་བ་ལས་བྱུང་བའི་ཡོན་ཏན་འདོད་དགུར་འབྱུང་བའི་རིན་ཆེན་འོད་དང༌། འདོད་ཆགས་ཆེན་པོའི་བདག་ཉིད་ཡིན་ཡང༌། བདག་ཉིད་ལ་བག་མེད་དང་འདོད་ཆགས་ཀྱིས་མ་གོས་པས་པདྨ་ཆུས་མ་གོས་པ་དང་འདྲ་བའི་པདྨའི་འོད་དང༌། སངས་རྒྱས་ཀྱི་འཕྲིན་ལས་འགྲོ་བའི་དོན་མ་ལུས་པ་བྱེད་པས་ལས་ཀྱི་འོད་དང༌། དཔེ་གང་གིས་ཀྱང་མཚོན་དུ་མེད་པའི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཡིན་པས་དཔེ་མེད་པའི་ས། རྣམ་པ་ཐམས་ཅད་པ་ཡིན་པའི་ཕྱིར་དཔེ་ཐམས་ཅད་རྫོགས་པའི་དཔེ་ལྡན་གྱི་ས་དང་ཤེས་བྱའི་ཆོས་མཐའ་དག་མཁྱེན་པས་ཤེས་རབ་འོད་དང༌། དེ་བཞིན་གྱི་འོད་གསལ་བ་རང་གི་ངོ་བོ་ནི་ཐམས་ཅད་མཁྱེན་པའི་ས་དང༌། རྣམ་པ་ཐམས་ཅད་པ་དེ་གཉིས་སྣང་གི་ཆོས་དང་བྲལ་ཞིང་འགལ་འདུས་སྐྱོན་མེད་དེ་རང་གིས་རིག་ཅིང་རྟོགས་པས། སོ་སོ་བདག་ཉིད་རིག་པའི་ས་ཞེས་པ་སྟེ། མཚན་ཉིད་འདི་དག་དང་ལྡན་པའི་ས་བཅུ་གཉིས་པོ་འདི་ནི། སྦྱོར་ལམ་གྱི་ས་རྣམས་དང༌། འཕགས་ལམ་གྱི་ས་རྣམས་རེ་རེ་ལ་ཡང་གོང་གི་མཚན་ཉིད་བཅུ་གཉིས་པོའི་དབྱེ་བ་ཚངས་པར་ཡོད་པ་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ནོ། །

སྔགས་ཀྱི་ཐུན་མོང་མ་ཡིན་པའི་ས་བཅུ།

སྔགས་ཀྱི་ཐུན་མོང་མ་ཡིན་པའི་ས་བཅུ་ནི།

རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་གི་དགོངས་པ་ལས། རབ་ཏུ་དགའ་བ་ལ་སོགས་པའི་མཚན་ཉིད་སྤྱི་རྣམས་ཕ་རོལ་ཏུ་ཕྱིན་པའི་གཞུང་ལུགས་ནས་བཤད་པ་བཞིན་ཡིན་པས་འདིར་རེ་ཞིག་མ་བཤད་དོ། །ཐུན་མོང་མ་ཡིན་པའི་དོན་ནི་འདི་ཡིན་ཏེ། ཞུ་བདེ་ཡོངས་རྫོགས་གནས་གྱུར་པའི་རང་བཞིན་ལྷན་ཅིག་སྐྱེས་དགའ་ལ་གཙོ་བོར་སྤྱོད་པའི་ཕྱིར་རབ་ཏུ་དགའ་བའོ། །དེའི་སྟེང་དུ་རླུང་དང་རྣམ་རྟོག་གི་དྲི་མ་སྤངས་པ་ལ་གཙོ་བོར་སྤྱོད་པའི་ཕྱིར་དྲི་མ་མེད་པའོ། །ཐབས་ཀྱི་ཕྱོགས་ལས་རླུང་རྣམས་གནས་གྱུར་པའི་ཡེ་ཤེས་ལ་གཙོ་བོར་སྤྱོད་པའི་ཕྱིར་འོད་བྱེད་པའོ། །ཤེས་རབ་ཕྱོགས་ལས་རླུང་རྣམས་གནས་གྱུར་པའི་ཡེ་ཤེས་ལ་གཙོ་བོར་སྤྱོད་པའི་ཕྱིར་འོད་འཕྲོ་བའོ། །དབང་པོ་ཡུལ་བཅས་ཀྱི་རླུང་གནས་གྱུར་བའི་ཡེ་ཤེས་ཕྱི་རོལ་གྱི་རྐྱེན་གང་གིས་ཀྱང་ཐུབ་པ་དཀའ་བ་ལ་གཙོ་བོར་སྤྱོད་པའི་ཕྱིར་སྦྱང་དཀའ་བའོ། །རྩ་རྣམས་རྣམ་པར་དག་པའི་དཀྱིལ་འཁོར་གྱི་འཁོར་ལོ་མངོན་དུ་གྱུར་པ་ལ་གཙོ་བོར་སྤྱོད་པའི་ཕྱིར་མངོན་དུ་གྱུར་པའོ། །ཉོན་མོངས་མེད་པའི་སྣང་བ་གསུམ་གྱི་དྲི་མ་ཡང་ཕྲ་མོ་ཙམ་ཞིག་མ་གཏོགས་སྤངས་བས་སྲིད་པ་ལས་ཐག་རིང་དུ་འཕགས་པའི་ཕྱིར་རིང་དུ་འཕགས་པའོ། །སྐུ་མི་གཡོ་བ་འཕོ་འགྱུར་མེད་པ་ལ་གཙོ་བོར་སྤྱོད་པའི་ཕྱིར་མི་གཡོ་བའི་སའོ། །གསུང་གདུལ་བྱ་སོ་སོའི་བསམ་པ་དང་མཚུངས་པར་ལེགས་པ་ཁོ་ནར་འགྱུར་བའི་ཆོས་སྟོན་པའི་བློ་གྲོས་དང་བཅས་པའི་ཕྱིར་ལེགས་པའི་བློ་གྲོས་སོ། །ཐུགས་མཁའ་ལྟར་ཡངས་པ་ལ་བདེ་བ་ཆེན་པོའི་སྤྲིན་གྱིས་ཁྱབ་ནས། ཤེས་བྱ་མཐའ་དག་ལ་འཇུག་པའི་ཡེ་ཤེས་ཀྱི་ཆར་འབེབས་པའི་ཕྱིར་ཆོས་ཀྱི་སྤྲིན་ཏེ། ས་ཕྱི་མ་གསུམ་པོ་འདིར་སྣང་བ་གསུམ་པོ་ཕྲ་མོ་དེ་ཡང་དག་ཚབས་ཤིན་ཏུ་ཆེ་བའི་རིམ་པ་དང་བསྟུན་ནས་སྐུ་གསུང་ཐུགས་ཀྱི་སར་བཞག་གོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་རིམ་གཉིས་ཀྱི་ལམ་བཤད་པ།

གཉིས་པ་རིམ་གཉིས་ཀྱི་ལམ་བཤད་པ་ལ།

བསྐྱེད་རིམ་དང་རྫོགས་རིམ་དང་དེ་གཉིས་ཀྱི་སྤྱོད་པ་བཤད་པ་དང་གསུམ། དང་པོ་བསྐྱེད་རིམ་ནི། བརྫུས་སྐྱེས་དང་མཚུངས་པ་སྐད་ཅིག་གིས་བསྐྱེད་པ་དང༌། དྲོད་གཤེར་སྐྱེས་དང་མཚུངས་པར་ས་བོན་ཕྱག་མཚན་ལས་བསྐྱེད་པ་དང༌། སྒོང་སྐྱེས་དང་མཚུངས་པ་མངོན་པར་བྱང་ཆུབ་ལྔ་ལས་བསྐྱེད་པ་དང༌། མངལ་སྐྱེས་དང་མཚུངས་པ་ཞུ་བ་གླུས་བསྐུལ་དང༌། མཁའ་ནང་ནས་སྤྲོ་བ་སོགས་ཡིན་ཞིང༌། མངོན་རྟོགས་ཚར་གཅིག་ལ་འཆི་བ་དང་བར་དོ་དང༌། སྐྱེ་བ་གསུམ་སྦྱང་བའི་ཐབས་ཚང་བ། ཆོས་ལོངས་སྤྲུལ་གསུམ་ལམ་དུ་བྱེད་ནུས་པ་ཞིག་དགོས་ཏེ། དེ་ཡང་ལྷ་གཙོ་བོ་བསྐྱེད་པ་དང་པོ་སྦྱོར་བ། འཁོར་ཚོགས་སྤྲོ་བ་དཀྱིལ་འཁོར་རྒྱལ་མཆོག དག་པ་དྲན་པ་དང༌། ཕྲ་ཐིག་བསྒོམ་པ་སོགས་ལས་རྒྱལ་མཆོག་སྟེ། ཏིང་ངེ་འཛིན་གསུམ་ཚང་བའམ། བསྙེན་པ། ཉེར་སྒྲུབ། སྒྲུབ་པ། སྒྲུབ་ཆེན་ཏེ་བསྙེན་བསྒྲུབ་ཡན་ལག་བཞི་ཚང་པའི། རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོ་སྟེ་རྣལ་འབྱོར་བཞི་ཆ་ཚང་བ་གང་རུང་ཞིག་དགོས། བསྐྱེད་རིམ་གྱི་ཡན་ལག་ཏུ་བཟླས་པ་དང་གཏོར་མ་གཉིས། ཁ་ཟས་དང་རྗེས་ཆགས་གཉིས། ཉལ་བ་དང་ལྡང་བ་དང་གཉིས། སྤྱོད་ལམ་དང་མཆོད་པའི་རྣལ་འབྱོར་གཉིས་ཏེ་རྣལ་འབྱོར་བརྒྱད་པོ་དེ་རྣམས་དགོས་ལ། སྦྱིན་སྲེག་དང་འཁོར་ལོའི་མཆོད་པ་སོགས་ལའང་བསླབ་པར་བྱ་བ་ཡིན་ནོ། ། བསྐྱེད་རིམ་གྱི་ངོ་བོ་ནི། སྒོམ་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་ཅི་རིགས་ལས་མ་བྱུང་ཞིང་སྐྱེ་ཤི་བར་དོ་གསུམ་པོ་ཅི་རིགས་དང་རྣམ་པ་མཐུན་པར་བློས་བརྟགས་ནས་བསྒོམ་པའི་རིགས་སུ་གནས་པའི་རང་འབྲས་རྫོགས་རིམ་གྱི་སྨིན་བྱེད་ཀྱི་རྣལ་འབྱོར་དེ། བསྐྱེད་རིམ་གྱི་མཚན་ཉིད་ཡིན་ཏེ། རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ལས། བསྐྱེད་རིམ་གྱི་ངོ་བོ་ནི། རང་རྒྱུ་རྣམ་པར་རྟོག་པས་དངོས་སུ་བཏགས་ཤིང༌། ངོ་བོ་རྟོག་བཅས་དང་རྟོག་མེད་གང་རུང་གི་ལྷའི་རྣལ་འབྱོར་ཞིག་ལ། རྣམ་པ་འཁོར་བའི་སྐྱེ་ཤི་བར་དོ་གསུམ་དང་དབྱིབས་མཐུན་པས་སྦྱོང་ཞིང༌། སྐུ་གསུམ་དང་རྣམ་པ་མཐུན་པས་ལམ་དུ་བྱེད་པ། དགོས་པ་རྫོགས་རིམ་གྱི་སྨིན་བྱེད་ཀྱི་གཞིར་གྱུར་ཞིང༌། གྲོགས་བཅོས་མའི་བདེ་བ་དང་སྟོང་པས་བརྒྱན་པའི་ཏིང་ངེ་འཛིན་ནོ། །ཞེས་དང༌། ཚིགས་བཅད་བཅུ་པའི་འགྲེལ་པ་ཟིན་བྲིས་ལས། བསྐྱེད་རིམ་གྱི་མཚན་ཉིད་བཤད་པ་ནི། འབྲས་བུ་དང་མཚུངས་པ་རྟོག་པའི་རྒྱུ་ཅན་བདེ་བ་ཆེ་དང་སྟོང་པའི་རྣམ་པ་ལྷ་ཡི་གཟུགས་བརྙན་ནི། །བདེ་བ་ཅུང་ཟད་ལམ་དུ་བྱཻད་ནུས་སྣང་དང་འཛིན་པ་ལྷོད་བྱེད་རྫོགས་པ་སྦྱོར་བ་དང་པོ་སྟེ། །ཞེས་གསུངས་ཏེ། བསྐྱེད་རིམ་གྱི་ངོ་བོ་ནི་འབྲས་བུ་སངས་རྒྱས་ཀྱི་རྣམ་པ་བཞུགས་ཚུལ་དང་མཐུན་པ་ཞིག་དང༌། འཁོར་བའི་གནས་ལུས་ལོངས་སྤྱོད་དང་རྣམ་པ་མཐུན་པའི་སྒོ་ནས་སྦྱོང་ཐུབ་པ་ཞིག་དང༌། རྫོགས་རིམ་གྱི་ལམ་གྱི་གཞི་འདིངས་ཤིང་སྨིན་བྱེད་དུ་འགྲོ་བ་ཞིག་དང༌། རྟོག་པའི་རྒྱུ་ཅན་ཞེས་པ་ངོ་བོ་མི་རྟོག་པ་ལས་རང་ཤར་བ་མ་ཡིན་པར། རྣལ་འབྱོར་རྟོག་པའི་རྩོལ་བ་ལས་འབྱུང་ཞིང་གོམས་པ་ལས་ལྷ་སྐུར་ཤར་བ་ཡིན་པ། བདེ་བ་ཆེ་དང་ཞེས་པས། དེ་ཡང་བདེ་བ་ཆེན་པོར་ཤར་བ། སྟོང་པའི་རྣམ་པ་ཞེས་པས། དེ་ཐམས་ཅད་སྟོང་པ་ཉིད་དུ་རྟོགས་ཤིང་རྒྱས་ཐེབས་པ། ལྷའི་གཟུགས་ནི་ཞེས་པས། ཐ་མལ་གྱི་སྣང་བ་མ་ཡིན་པ་ལྷ་གང་དང་གང་བསྒོམས་པ་དེ་རྣམ་པ་ཤིན་ཏུ་གསལ་བ་དེ་ལྟ་བུ་ཡིན་ལ། དེ་ཉིད་སྒོམ་པ་གོམས་པས་ནི། བདེ་བ་ཅུང་ཟད་ལམ་དུ་བྱེད་ནུས་པ་ཡིན་ཏེ། ཕྲ་ཐིག་གི་རྣལ་འབྱོར་གྱི་སྒོ་ནས་འབར་འཛག་གི་བདེ་བ་མྱོང་ཞིང་ལམ་དུ་བྱེད་པ་ཡིན་པས། རྫོགས་རིམ་ལྟ་བུའི་བདེ་བ་ཆེན་པོ་མྱོང་མི་ཐུབ་པས། ལམ་དུ་བྱེད་ནུས་ཞེས་པའོ། །སྣང་དང་འཛིན་པ་ལྷོད་བྱེད་ཅེས་པས། དེ་ལྟ་བུའི་བྱེད་ལས་དེའི་བྱེད་པ་ནི། མ་དག་པའི་སྣང་བ་གནས་ལུས་ལོངས་སྤྱོད་ལ་སོགས་པ་རྣམ་པ་སྣ་ཚོགས་པར་ཤར་བའི་སྣང་ཞེན་དམ་པོ་འདི་ལྷོད་པོར་བྱེད་པ་དང། དེ་ལས་གང་ཟག་དང་ཆོས་ལ་སོགས་པ་འདི་དང་འདི་ལྟ་བུའོ་ཞེས་སྙམ་དུ་འཛིན་པའི་གཟུང་འཛིན་གྱི་བློ་བརྟན་པོ་རྣམས་བསྐྱེད་རིམ་གྱི་ལྷ་སྐུ་བསྒོམས་པས། དེ་དག་གི་སྣང་ཞེན་ལ་སོགས་པ་འཛིན་པ་བརྟན་པོ་རྣམས་འགག་ཅིང་ལྷོད་པོ་བྱེད་པ་དང༌། རྫོགས་པ་སྦྱོར་བ་ཞེས་པས། ལམ་གོང་མ་རྫོགས་རིམ་གྱི་སྨིན་བྱེད་དུ་འགྱུར་ཞིང་མཚམས་སྦྱོར་བ་དང༌། རྫོགས་རིམ་སྒོམ་པའི་སྐལ་བ་ཅན་དུ་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །བསྐྱེད་རྫོགས་གཉིས་ཀྱི་ཁྱད་པར་དུ་མ་ཡོད་དེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། རིམ་པ་གཉིས་པོ་དེའི་མཚན་ཉིད་དམ་ཁྱད་ཆོས་ནི། ཆོ་གའི་ཁྱད་པར་རྒྱུད་ལས་གསུངས་པའི་སྐྱེད་ཆོག་ཚང་བ། རང་འབྲས་ཀྱི་ཁྱད་པར་སྔགས་ཀྱི་མཐུ་སྐྱེད་ནུས་པ། ངོ་བོའི་ཁྱད་པར་ཞུ་བདེ་དང་སྟོང་ཉིད་ཀྱི་རང་བཞིན། བྱེད་ལས་ཀྱི་ཁྱད་པར་དག་རྫོགས་སྨིན་གསུམ་ཚང་བ་སྟེ། ཁྱད་པར་བཞི་དང་ལྡན་པའི་ལྷ་སྐུ་རྣམ་པར་རྟོག་པས་བརྟགས་པ་ནི། བསྐྱེད་རིམ་གྱི་རྣལ་འབྱོར་ཡིན་ལ། རྒྱུའི་ཁྱད་པར་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ། བྱེད་ལས་ཀྱི་ཁྱད་པར་རྩ་རླུང་ཐིག་ལེ་དབུ་མར་དག་བྱེད། རྣམ་པའི་ཁྱད་པར་བདེ་བ་དང་སྟོང་གཟུགས་ལྷན་ཅིག་པ་སྟེ། ཁྱད་པར་གསུམ་ལྡན་གྱི་མི་རྟོག་པའི་ལམ་དེ་ནི་རྫོགས་རིམ་མོ། །གྲངས་ངེས་པ་ནི། དགོས་པ་ལ་ལྟོས་པའི་གྲངས་ངེས་ཏེ། སྐྱེ་བ་ཀུན་རྫོབ་བདེན་པ་ལམ་དུ་བྱེད་པ་ལ་བསྐྱེད་རིམ་དང༌། འཇིག་པ་དོན་དམ་བདེན་པ་ལམ་དུ་བྱེད་པ་ལ་རྫོགས་རིམ་དགོས་པ་དང༌། དོན་དམ་གནས་ལུགས་ཀྱི་ལམ་ལ་འཇུག་པའི་རྒྱུད་སྦྱོང་བ་དང༌། སྦྱངས་ནས་གནས་ལུགས་སྒོམ་པ་དངོས་གཉིས་ཡོད་པ་ལས། དང་པོ་ནི་བསྐྱེད་རིམ་དང་ཕྱི་མ་ནི་རྫོགས་རིམ་ཡིན་ཏེ། རྫོགས་རིམ་གྱི་ཡེ་ཤེས་སྐྱེ་བ་ལ། རྒྱུད་སྦྱང་བའི་ཐབས་ཐུན་མོང་མ་ཡིན་པ་ཞིག་སྔོན་དུ་གཏོང་དགོས་པ་ཤས་ཆེ་བའི་ཕྱིར་རོ། །རྡོ་རྗེ་སྙིང་འགྲེལ་ལས། རྣམ་རྟོག་རྒྱ་རུ་ཆུད་པ་ཡི། །འགྲོ་བ་གསུམ་པོ་རྣམས་གཟིགས་ནས། །ཇི་ལྟ་ཇི་ལྟར་གྲོལ་གྱུར་པ། །དེ་དང་དེ་ཡི་ཐབས་བསྟན་ནོ། །རྣམ་རྟོག་བག་ཆགས་ཀྱིས་བཅིངས་ལ། །ཐོག་མར་རྟོག་པའི་ཆོ་ག་བསྟན། །རྣམ་རྟོག་རང་བཞིན་ཤེས་པ་ན། །མི་རྟོག་པ་ལ་འཇུག་པར་བྱ། །ཞེས་གསུངས་དེ་ཁོ་ནར་གོ་རིམ་ངེས་པ་ཡང་གྲུབ་སྟེ། སྙིང་འགྲེལ་ལས། དང་པོར་རེ་ཞིག་ཞིང་དག་ཕྱིར། །ཁྲེ་ཚེ་རྣམས་ནི་བཏབ་པར་གྱུར། །ཕྱི་ནས་དག་པའི་ཞིང་ལ་ནི། །ས་ལའི་འབྲས་ནི་འདེབས་པའོ། །ཞེས་དཔེ་གསུངས་ཏེ། རྫོགས་རིམ་གྱི་ཡེ་ཤེས་སྐྱེས་ཕྱིན་ཆད་དམིགས་བསལ་རེ་རེ་ཙམ་མ་གཏོགས། བསྐྱེད་རིམ་སྒོམ་པ་ལ་དགོས་པ་ཆེན་པོ་མེད་པའི་ཕྱིར། བསྐྱེད་རིམ་སྒོམ་ཕྱིན་ཆད། དམིགས་བསལ་མ་གཏོགས་རྫོགས་རིམ་གྱི་སྔོན་དུ་སྒོམ་དགོས་པར་གྲུབ་བོ། །བསྐྱེད་རིམ་བརྟན་པ་ཐོབ་ནས་རྫོགས་རིམ་བསྒོམ་པ་དང༌། བརྟན་པ་མ་ཐོབ་རུང་ཅི་རིགས་པ་བསྒོམས་ནས་རྫོགས་རིམ་ལ་འཇུག་པ་དང༌། ཐུན་སྟོད་ལ་བསྐྱེད་རིམ་སྒོམ། ཐུན་སྨད་ལ་རྫོགས་རིམ་སྒོམ་པ་སོགས་གང་བྱས་ཀྱང་དགོས་དོན་འགྲུབ་བོ། །

རིམ་གཉིས་ཀྱི་དགོས་པ།

རིམ་གཉིས་ཀྱི་དགོས་པ་ནི།

ལས་ཆེན་བཅུ་གཉིས་སོགས་འཕྲིན་ལས་སྣ་ཚོགས་དང༌། འཇིག་རྟེན་པའི་དངོས་གྲུབ་འགྲུབ་པ་ནི་བསྐྱེད་རིམ་དང༌། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་འགྲུབ་པ་ནི་རྫོགས་རིམ་གྱི་དགོས་པའོ། །དབང་ལམ་འབྲས་བུ་དང་བཅས་པ་ལ་སྦྱར་ན། བྱིས་པ་འཇུག་པའི་དབང་བདུན་བསྐྱེད་རིམ་གྱི་སྨིན་བྱེད་དང༌། དབང་གོང་མ་རྫོགས་རིམ་གྱི་སྨིན་བྱེད་ཡིན། ལམ་མ་དག་ས་བདུན་གྱི་རྟེན་འབྲེལ་བྱིས་འཇུག་དང་བསྐྱེད་རིམ་གྱིས་སྒྲིག་པར་བྱེད། དག་པ་ས་གསུམ་གྱི་རྟེན་འབྲེལ་རྫོགས་རིམ་དང་དབང་གོང་མ་ལས་འབྱུང་བ་ཡིན། འབྲས་བུ་གཟུགས་ཀྱི་སྐུ་བསྐྱེད་རིམ་དང༌། ལྷན་ཅིག་སྐྱེས་པའི་སྐུ་རྫོགས་རིམ་དང་སྦྱོར་རོ། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་རྫོགས་རིམ།

གཉིས་པ་རྫོགས་རིམ་ནི།

ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པས་རྡོ་རྗེའི་བཟླས་པའི་རིམ་པ། སེམས་ལ་དམིགས་པའི་རིམ་པ། བདག་བྱིན་རླབས་པའི་རིམ་པ། མངོན་པར་བྱང་ཆུབ་ཀྱི་རིམ་པ། ཟུང་འཇུག་གི་རིམ་པ་སྟེ་རིམ་པ་ལྔར་བཞེད་ལ། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ནི་སྙིང་གར་མི་ཤིགས་པའི་ཐིག་ལེ། གསང་བར་རྫས་ཀྱི་ཐིག་ལེ། སྣ་སྒོར་སྤྲུལ་པའི་ཐིག་ལེ། ཆོས་ཉིད་ཡེ་ཤེས་ཀྱི་ཐིག་ལེ་སྟེ་ཐིག་ལེའི་རྣལ་འབྱོར་བཞིར་འདུས་པར་བཞེད་ལ། སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་བཞེད་པ་ནི། བདག་བྱིན་རླབས་པའི་རིམ་པ། སྣ་ཚོགས་རྡོ་རྗེའི་རིམ་པ། ནོར་བུ་འགེངས་པའི་རིམ་པ། ཛ་ལནྡྷ་རའི་རིམ་པ། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་བདེ་མཆོག་རིམ་ལྔར་གྲགས་པ་ལྟར་ཡིན། སློབ་དཔོན་ནག་པོ་སྤྱོད་པ་ནི་རྒྱུད་ཀྱི་རིམ་པ། སྔགས་ཀྱི་རིམ་པ། ཡེ་ཤེས་ཀྱི་རིམ་པ། གསང་བའི་རིམ་པ་སྟེ་རིམ་པ་བཞིར་ལམ་ཐམས་ཅད་བསྡུས་པར་བཞེད་དོ། །

རིམ་པ་དེ་དག་སྦྱོར་བ་ཡན་ལག་དྲུག་ཏུ་སྦྱར་ཚུལ།

རིམ་པ་དེ་དག་སྦྱོར་བ་ཡན་ལག་དྲུག་ཏུ་སྦྱར་ཚུལ་ནི།

ལྷན་ཐབས་འོད་བརྒྱ་འབར་བ་ལས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་དང༌། འཕགས་པ་ལྷས་མཛད་པའི་སྤྱོད་པ་བསྡུས་པའི་སྒྲོན་མེ་ལས་ཀྱང༌། ལ་ལ་ན་མིང་འདོགས་ཐ་དད་ཙམ་མ་གཏོགས་ལམ་འདི་ཉིད་བསྟན་པ་ཡིན་ཏེ། ལུས་དབེན་ནི། སོར་བསམ། ངག་དབེན་ནི། སྲོག་རྩོལ། སེམས་དབེན་ནི། འཛིན་པ། སྒྱུ་ལུས་ནི། རྗེས་དྲན། འོད་གསལ་ནི། ཏིང་ངེ་འཛིན། ཟུང་འཇུག་ཏིང་ངེ་འཛིན་གྱི་འབྲས་བུའོ། །སློབ་དཔོན་རྡོ་རྗེ་དྲིལ་བུ་པའི་རིམ་པ་ལྔ་བ་ལས་ཀྱང༌། དོན་རྡོ་རྗེའི་རྣལ་འབྱོར་ཉིད་སྟོན་ཏེ། དེའི་རིམ་པ་ལྔ་ནི། བདག་བྱིན་བརླབ་པ་དང༌། སྣ་ཚོགས་རྡོ་རྗེ་དང༌། ནོར་བུ་འགེངས་པ་དང༌། ཛ་ལན་དྷ་ར་དང༌། བསམ་མི་ཁྱབ་ཀྱི་རིམ་པ་སྟེ་ལྔའོ། །དེ་ལས་ས་བོན་མེད་པའི་བྱིན་བརླབ་པ་ནི། སོར་བསམ་དང༌། ས་བོན་དང་བཅས་པའི་བདག་བྱིན་བརླབ་པ་ནི་སྲོག་རྩོལ་དང༌། སྣ་ཚོགས་རྡོ་རྗེའི་རིམ་པ་ནི་འཛིན་པ་དང༌། ནོར་བུ་འགེངས་བའི་རིམ་པ་དང་ཛ་ལན་དྷ་རའི་རིམ་པ་གཉིས་རྗེས་དྲན་དང༌། བསམ་མི་ཁྱབ་ནི་ཏིང་ངེ་འཛིན་འབྲས་བུར་བཅས་པའོ། །སློབ་དཔོན་ནག་པོ་སྤྱོད་པ་པའི་རིམ་པ་བཞི་བ་ལས་ཀྱང༌། རྒྱུད་ཀྱི་རིམ་པ་སོར་བསམ། སྔགས་ཀྱི་རིམ་པ་སྲོག་རྩོལ་དང་འཛིན་པའི་ཕྱེད་སྔ་མ། ཡེ་ཤེས་ཀྱི་རིམ་པ་འཛིན་པའི་ཕྱེད་ཕྱི་མ་དང་རྗེས་དྲན། གསང་བའི་རིམ་པ་ནི་ཏིང་ངེ་འཛིན་འབྲས་བུར་བཅས་པའོ། །ཞེས་གསུངས་སོ། །དུས་འཁོར་དང་གཞན་ཡང་རྒྱུད་མང་པོར། སོ་སོར་སྡུད་དང་བསམ་གཏན་དང༌། །སྲོག་རྩོལ་དེ་བཞིན་འཛིན་པ་དང༌། །རྗེས་སུ་དྲན་དང་ཏིང་ངེ་འཛིན། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་རྣལ་འབྱོར་ཡན་ལག་དྲུག་གིས་བསྡུས་པར་བཞེད་དོ། །ཐམས་ཅད་མཐུན་པར་གང་ལ་གནད་དུ་བསྣུན་པའི་གཞི་རྩ་དང༌། རླུང་དང༌། ཐིག་ལེའི་རྣལ་འབྱོར་ཤེས་ནས་དམིགས་པ་དང༌། རླུང་སྦྱོར་དང༌། འཁྲུལ་འཁོར་གྱི་སྒོ་ནས་རང་ལུས་རྩ་དབུ་མ་ལ་གནད་དུ་བསྣུན་པ་དང༌། བྱང་ཆུབ་ཀྱི་སེམས་ཀུནྡ་ལྟ་བུ་དབབ་བཟུང་བཟློག་ཁྱབ་ཀྱི་རིམ་པས་རྗེས་ཆགས་ཀྱི་དགའ་བ་བཞི་ངོས་འཛིན་པ་གཞན་ལུས་ཤེས་རབ་ཀྱི་ལམ་དང༌། ལུས་ངག་གི་རྩོལ་བ་དང༌། ཡིད་རྣམ་རྟོག་གིས་མ་བརྟགས་པར་སྟོང་གཟུགས་ཕྱག་རྒྱ་ཆེན་པོས་མི་འགྱུར་བའི་བདེ་ཆེན་འདྲེས་པ་སྟེ་རྫོགས་རིམ་ཐམས་ཅད་ཀྱང་གསུམ་དུ་འདུས་སོ། །རྫོགས་རིམ་གྱི་ངོ་བོ་ནི། བསྒོམས་སྟོབས་ཀྱིས་རླུང་དབུ་མར་ཞུགས་གནས་ཐིམ་གསུམ་བྱས་པ་ལས་བྱུང་བའི་སློབ་པའི་རྒྱུད་ཀྱི་རྣལ་འབྱོར་དེ། རྫོགས་རིམ་གྱི་མཚན་ཉིད་ཡིན་ཏེ། ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། རིམ་པ་གཉིས་པ་རྫོགས་རིམ་གྱིས་ནི། མ་བརྟགས་ལུས་དང་སེམས་ལ་ཡེ་ཤེས་འབྱུང་བ་དབུ་མར་བྱེད་པ་སྣ་ཚོགས་བཅིངས་པ་ཉིད་ལས་སོ། །ཞེས་གསུངས་པས། རྫོགས་རིམ་གྱི་སྐད་དོད་ནི། ནིཥྤནྣི་ཀྲ་མ་ཞེས་པ། ནིཥྤནྣི་རྫོགས་པ་སྟེ། རྩོལ་མེད་དུ་ཐོབ་ཤུགས་འབྱུང་དུ་འབྱུང་བའི་དོན་དང༌། ཀྲ་མ་ནི་རིམ་པའོ། །ངོ་བོ་ནི་མ་བརྟགས་པ་ལ་རང་ཤར་བ་ཡིན་པ་སྟེ། དེ་ཡང་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ལས་བྱུང་བ་ཞིག་ཡིན་ཏེ། རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པ་ཞིག་མེད་ན། མ་བརྟགས་པ་ལས་འཆར་བ་ཙམ་མདོ་ལམ་ལས་ཀྱང་ཡོད་པས། གསང་སྔགས་ཀྱི་རྫོགས་རིམ་ལ་དེ་གཉིས་ཆར་ཚང་བ་ཞིག་དགོས་པས། རྡོ་རྗེའི་ལུས་དང་སེམས་གཉིས་པོ་དེ་ལས་ཡང་དག་པའི་ཡེ་ཤེས་འབྱུང་བ་ཡིན་ཞིང༌། དེ་ཡང་རགས་པའི་རྩ་དབུ་མར། བྱེད་པ་སྣ་ཚོགས་བཅིངས་པ་སྟེ། བྱེད་བཅིངས་སྦྱོར་བ་སྣ་ཚོགས་ཀྱིས་རྣམ་རྟོག་གི་རྒྱུ་ཐ་མལ་གྱི་རླུང་སེམས་རྣམས་དབུ་མར་བཅུག་ཅིང་འགགས་པར་བྱས་པ་ཉིད་དོ། །དེ་ལ་དབྱེ་ན། བསྐྱེད་པས་དྲངས་དང་ནང་གི་བདེ་རིག་མངོན་སུམ་ལྷ་དག་ལྷན་ཅིག་སྐྱེས་པ་རྒྱུ་དང་བཅས་པར་དབྱེ། །ཞེས་པས་ཏེ། བསྐྱེད་རིམ་གྱིས་སྣ་དྲངས་པའི་རྫོགས་རིམ་བཏགས་པ་བ་དང༌། དེ་དག་ལ་མ་ལྟོས་པར་ནང་གི་ཞུ་བདེ་ལྷན་སྐྱེས་རང་གིས་རིག་པ་ནི་རྫོགས་རིམ་མཚན་ཉིད་པ་དང༌། རྣམ་རྟོག་ལ་སོགས་པའི་བློས་གསར་དུ་སྒོམ་པ་ལ་མ་ལྟོས་པར། མི་རྟོག་པའི་རྣལ་འབྱོར་དེ་ཁོ་ན་ཉིད་ཀྱི་སྦྱོར་བས། རྫོགས་རིམ་གྱི་ལྷ་སྐུ་རང་ཤར་དུ་བྱུང་བ་སྟེ། མངོན་སུམ་དང་ནི་དེ་ཉིད་སྦྱོར་བས་མཁའ་ལ་སྐར་མ་བཞིན་དུ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ཞེས་གསུངས་པ་ལྟར་སྟེ། དེ་ལྟ་བུ་ནི་རྫོགས་རིམ་གྱི་མཚན་ཉིད་མཐར་ཐུག་པ་ཡིན་པ་དང༌། སྟོང་གཟུགས་དང་བདེ་ཆེན་གཉིས་ལྷན་ཅིག་པ་ཤར་བ་ཡང༌། རྫོགས་རིམ་གྱི་ཁྱད་ཆོས་གཅིག་དང༌། ཡང་དེ་དག་གི་རྒྱུ་སྟེ་ལུས་དབེན་ལྟ་བུ་ཡང་རྫོགས་རིམ་དངོས་མ་ཡིན་ཡང༌། རྫོགས་རིམ་གྱི་ཉེ་རྒྱུ་ཡིན་པས་དེའི་མིང་བཏགས་པ་སོགས་དབྱེ་བ་དེ་དག་ཡོད་དོ། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་གི་ངོས་འཛིན་ནི། སྦྱོར་དྲུག་སྤྱི་དོན་རྡོ་རྗེ་བདུད་རྩིའི་ཆུ་གཏེར་ལས་གསུངས་པ་ལྟར་ན་མི་གཡོ་གསུམ་ལྡན་གྱི་སྦྱོར་བས་རླུང་བཅུའི་ཆ་ཤས་ཅི་རིགས་པ་དབུ་མར་ཐིམ་པ་ལས་བྱུང་བའི་སྟོང་གཟུགས་ལ་རྩེ་གཅིག་ཏུ་མཉམ་པར་བཞག་པའི་མི་རྟོག་པའི་ཡེ་ཤེས་སོར་སྡུད་ཀྱི་ངོ་བོ། ནམ་འདོད་དུ་རྟགས་བཅུ་རྫོགས་པར་འཆར་བའི་དུས་སུ་སྟོང་གཟུགས་དང་རང་སེམས་བསྲེས་པ་དང་འདྲེས་པ་གང་རུང་གི་སྒོ་ནས་སྟོང་གཟུགས་ལ་རྩེ་གཅིག་པའི་མི་རྟོག་པའི་ཡེ་ཤེས་བསམ་གཏན་གྱི་ངོ་བོ། རོ་རྐྱང་གི་རྒྱུ་བ་འགག་ཅིང་སྲོག་ཐུར་དབུ་མའི་ནང་དུ་གོང་བུ་གཅིག་ཏུ་འདྲེས་པའི་རླུང་དང་དྷཱུ་ཏཱིར་ཤར་བའི་སྟོང་གཟུགས་གཉིས་ངོ་བོ་དབྱེར་མེད་དུ་མཐོང་བའི་ཡེ་ཤེས་སྲོག་རྩོལ་གྱི་ངོ་བོ། སྲོག་རྩོལ་གྱིས་སྲོག་ཐུར་རོ་གཅིག་ཏུ་བྱས་ཟིན་པའི་རླུང་གི་ཆ་ཤས་ཅི་རིགས་པ་བུམ་ཅན་གྱིས་འཁོར་ལོ་དྲུག་པོ་གང་རུང་གི་དབུ་མའི་ནང་གི་མི་ཤིགས་པའི་ཐིག་ལེར་ཐིམ་པ་ལས་བྱུང་བའི་བདེ་བ་ཆེན་པོའི་ཡེ་ཤེས་དེ་འཛིན་པའི་ངོ་བོ། རླུང་དབུ་མའི་ཐིག་ལེར་ཐིམ་པ་ལས་གཏུམ་མོའི་འབར་སྣང་རང་ལུས་འདོད་ལྷར་ཤར་བའི་སྟོང་གཟུགས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་བྱུང་བའི་དེ་ཁོ་ན་ཉིད་རྟོགས་པའི་བདེ་བ་ཆེན་པོའི་ཡེ་ཤེས་དེ། རྗེས་དྲན་གྱི་ངོ་བོ། ཕྱག་ཆེན་ལ་བརྟེན་ནས་ལས་ཀྱི་ཐིག་ལེ་དྭངས་མའི་ཆ་ཅི་རིགས་ནོར་བུར་འགག་པ་ལས་བྱུང་ཞིང་སྟོང་གཟུགས་ཀྱི་སྟོང་ཉིད་དང༌། མཚན་མེད་ཀྱི་སྟོང་ཉིད་གང་རུང་ལ་རྩེ་གཅིག་ཏུ་གནས་པའི་མཆོག་མི་འགྱུར་གྱི་བདེ་བ་ཆེན་པོའི་ཡེ་ཤེས་དེ། ཏིང་ངེ་འཛིན་གྱི་ངོ་བོ་ཡིན་པར་གསུངས་སོ། །གསང་བ་འདུས་པ་སོགས་ལས་བསྟན་པའི་རིམ་ལྔའི་ལམ་སོགས་ནི། རིམ་ལྔའི་འགྲེལ་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་ལས། ལུས་དབེན་གྱི་ངོ་བོ་ནི། རྣམ་རྟོག་གིས་བསྐྱེད་པ་མེད་པར་བདེ་སྟོང་གི་ངང་ལས་ཡིད་ངོ་ཁོ་ནར་ཤར་བའི་ལྷ་སྐུའོ། །དབྱེ་ན་མཉམ་གཞག་དང་རྗེས་ཐོབ་ཀྱི་ལུས་དབེན་གཉིས་སམ། རྒྱས་བཏབ་རིམ་པ་གཅིག་པ་རིགས་བརྒྱ་དང༌། རིམ་པ་གཉིས་པ་རིགས་ལྔ་དང༌། རིམ་པ་གསུམ་པ་རིགས་གསུམ་དང༌། རྒྱས་བཏབ་རིམ་པ་བཞི་པ་གསང་ཆེན་རིགས་གཅིག་སྟེ་བཞིའོ། །ངག་དབེན་གྱི་ངོ་བོ་ནི། རླུང་གི་མཚན་ཉིད་དང༌། སྔགས་ཀྱི་ངེས་དོན་ཤེས་པའི་སྒོ་ནས༌། སྲོག་རླུང་གཙོ་བོར་གྱུར་པའི་རླུང་ཆེན་པོ་རྣམས་དབུ་མར་ཞུགས་ནས་ཐིམ་གསུམ་བྱེད་པ་དང༌། ཐིམ་པ་བརྟན་པ་བྱེད་པའི་ལས་ཅན་ནོ། །དབྱེ་ན་གདོང་གི་སྣ་རྩེར་འོད་ཀྱི་ཐིག་ལེ་སྒོམ་པ་དང༌། སྙིང་གའི་སྣ་རྩེར་མི་ཤིགས་ཐིག་ལེ་སྒོམ་པ་དང༌། གསང་བའི་སྣ་རྩེར་རྫས་ཀྱི་ཐིག་ལེ་སྒོམ་པའོ། །དང་པོ་ལ་ཐབས་མགོན་པོ་བཞིའི་རྡོར་བཟླས། ཤེས་རབ་ལྷ་མོ་བཞིའི་རྡོར་བཟླས། གསང་བ་ཡན་ལག་གི་རླུང་གི་རྡོར་བཟླས་ལ་སོགས་པ་ཡོད་དེ། རྡོར་བཟླས་དབྱེ་བ་མང་པོ་ཡོད་པའི་ནང་ནས་འདི་ནི་རྩ་ལམ་སྦྱང་བའི་རྡོར་བཟླས་ཡིན་ལ། འདིས་ཀྱང་ཤིན་ཏུ་ཡུན་རིང་ལོན་ནས་རླུང་དབུ་མར་འཆིང་ནུས་མོད་ཀྱི། རྩ་ལམ་སྦྱོང་བ་ཉིད་ཀྱི་ཕྱིར་རགས་པའི་རྩ་མདུད་གྲོལ་བ་ལ་སྔགས་པར་གྲགས་སོ། །གཉིས་པ་ནི། དང་པོར་རླུང་དབུ་མར་བསྡུ་བ་དང༌། མཐར་དབུ་མའི་ཐིག་ལེར་འཆིང་བ་ལ་བསྔགས་པའོ། །གསུམ་པ་ནི་དེ་གཉིས་ཀར་གྱི་བོགས་དབྱུང་བའོ། །

སེམས་དབེན་གྱི་ངོ་བོ།

སེམས་དབེན་གྱི་ངོ་བོ་ནི།

རྩ་འཁོར་རྣམས་སུ་རྣམ་རྟོག་གི་རླུང་རྣམས་བསྒོམ་སྟོབས་ཀྱིས་དར་ཅིག་རེ་ཐིམ་པ་ལས་ཐིག་ལེ་བརྟན་པར་གྱུར་པའི་བདེ་སྟོང་གི་ཡེ་ཤེས་སོ། །དབྱེ་ན་སེམས་དབེན་གྱི་སྒྲུབ་པ་དང༌། སེམས་དབེན་དངོས་སོ། །དངོས་ལ་སྣང་བའི་ས། མཆེད་པའི་ས། ཐོབ་པའི་ས། མཐར་ཐུག་དཔེའི་འོད་གསལ་ཏེ་བཞིའོ། །སྒྱུ་ལུས་ཀྱི་རིམ་པ་ངོ་བོ་ནི། རྒྱུ་འོད་གསལ་གྱི་རླུང་སེམས་ཙམ་ལ། རྐྱེན་རླུང་མི་ཤིགས་པ་ལ་ཐིམ་པའི་ཞུ་བདེས་བསྐྱེད་པ། རྣམ་པ་ལྷའི་འཁོར་ལོ་སྒྱུ་མ་ལྟ་བུར་ཤར་ཞིང༌། ཉམས་ཞུ་བདེས་རང་བཞིན་མཚོན་པ། བྱེད་ལས་རྣལ་འབྱོར་པའི་ལུས་ཀྱི་བྱ་བ་བྱེད་ནུས་ཀྱི་ཏིང་ངེ་འཛིན་ནོ། །དབྱེ་ན་མཉམ་བཞག་སྒྱུ་མ། རྗེས་ཐོབ་སྒྱུ་མ། རྨི་ལམ་སྒྱུ་མ། བར་དོ་སྒྱུ་མ་སྟེ་བཞིའམ། ཐོབ་མ་ཐག་པ་དང༌། གོང་དུ་འཕེལ་བཞིན་པ་དང༌། མཐར་ཐུག་པ་དང་གསུམ་ཡོད་དོ། །འོད་གསལ་གྱི་རིམ་པའི་ངོ་བོ་ནི། བྱེད་ལས་ཉོན་མོངས་རླུང་དང་བཅས་ས་བོན་འཇོམས་པར་བྱེད་པ། ངོ་བོ་ལྷན་ཅིག་སྐྱེས་པའི་བདེ་བ་ཆེན་པོའི་སྟོང་ཉིད་མངོན་སུམ་རྟོགས་པ་སྒྲུབ་པར་བྱེད་པའི་ལམ་མོ། །དབྱེ་ན། དོན་གྱི་འོད་གསལ་གྱི་སྒྲུབ་པ་དང༌། དོན་གྱི་འོད་གསལ་དངོས་གཉིས་སམ། ཕྱི་ནང་གི་མངོན་བྱང་གཉིས་དང༌། རིལ་གཞིག་གི་བསམ་གཏན་གཉིས་སོ། །ཟུང་འཇུག་གི་ངོ་བོ་ནི་ཆོས་ཉིད་མངོན་སུམ་དུ་རྟོགས་པའི་བདེ་ཆེན་དང༌། ཡེ་ཤེས་ཀྱི་དཀྱིལ་འཁོར་རབ་འབྱམས་གཉིས་ངོ་བོ་དབྱེར་མེད་དུ་གྲུབ་པའི་ཡེ་ཤེས་སོ། །དབྱེ་ན་སློབ་པ་དང༌། མི་སློབ་པའི་ཟུང་འཇུག་གཉིས་དང༌། སློབ་པ་ལ་ཡང་འཕགས་པའི་ས་བཅུའམ་བཅུ་གཉིས་སུ་དབྱེ་ལ། མི་སློབ་པ་ནི་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་རོ། །

གསུམ་པ་དེ་གཉིས་ཀྱི་སྤྱོད་པ།

གསུམ་པ་དེ་གཉིས་ཀྱི་སྤྱོད་པ་ནི།

དེ་ལྟར་བསྐྱེད་རྫོགས་རིམ་པ་གཉིས་ལ་བརྟན་པ་ཐོབ་པ་ན། བརྟུལ་ཞུགས་ཀྱི་སྤྱད་པ་སྤྱོད་དགོས་པ་ལས། དེ་ལ་དབྱེ་ན་སྤྲོས་བཅས་སྤྲོས་མེད། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་གསུམ་མམ། ཡང་ན་ཀུན་འདར། ཀུན་བཟང༌། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ་སྟེ་གསུམ་དུ་ཡོད་དོ། །བརྟུལ་ཞུགས་ཀྱི་སྤྱོད་པའི་ངོ་བོ་ནི་སེམས་བདེ་བ་ཆེན་པོར་ཤར་བ་དང་རྐྱེན་ལས་ཀྱི་ཕྱག་རྒྱ་སོགས་བསྟེན་པའི་བདེ་སྟོང་གི་ཏིང་ངེ་འཛིན་གཅིག་གི་སྟེང་དུ། ཕྱི་བདེ་སྡུག་གི་སྣང་བ་ཐམས་ཅད་རོ་མཉམ་དུ་བསྲེ་བ་ཡིན་ལ། དེ་ལྟར་སྤྱོད་པ་ལ་བརྟེན་ནས་དངོས་གྲུབ་ཐོབ་པར་འགྱུར་བའོ། །

དེ་དག་ཅུང་ཟད་རྒྱས་པ།

དེ་དག་ཅུང་ཟད་རྒྱས་པ་ནི།

ཚིགས་བཅད་བཅུ་པའི་ཟིན་བྲིས་ལས། སྤྱོད་པའི་རྣམ་གཞག་རྒྱས་པར་བཤད་པ་ནི། གྲུབ་པ་སྤྱོད་པའི་རྒྱུ་ཅན་དང་པོ་ཆེ་དང་སྐུ་ཡི་དོན་དང་དེ་ཉིད་རྣམ་པར་སྦྱོང་བ་དང༌། །སེམས་ཅན་དོན་དང་དོན་ཆེན་ཉེ་བའི་རྒྱུ་ནི་གཞན་ཡང་ཉི་ཚེ་ལམ་ལ་སྣ་ཚོགས་དབྱེ་བ་སྟེ། །ཞེས་པས་བསྟན་ཏེ། སྤྱོད་པ་ལ་དབྱེ་ན། བསྐྱེད་རིམ་གྱི་སྤྱོད་པ་དང༌། རྫོགས་རིམ་གྱི་སྤྱོད་པ་གཉིས་སོ། །ཐོག་མར་སྤྱོད་པ་དེ་དག་སྤྱོད་པའི་དུས། རགས་པའི་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས། རི་ལུ་ལ་སོགས་པའི་དངོས་གྲུབ་རྣམས་མ་གྲུབ་པ་འགྲུབ་པའི་ཕྱིར་སྤྱད་པ་སྤྱོད་པ་དང༌། ཕྲ་བའི་བསྐྱེད་རིམ་ལ་བརྟན་པ་ཐོབ་ནས་འདོད་གཟུགས་ཀྱི་རིག་པ་འཛིན་པ་བསྒྲུབ་པའི་ཕྱིར་སྤྱད་པ་སྤྱོད་པ་ནི་བསྐྱེད་རིམ་གྱི་སྤྱོད་པའི་དུས་དང༌། རྫོགས་རིམ་གྱི་སྤྱོད་པ་ནི། དངོས་གྲུབ་སྦྱོར་ལམ་དྲོད་ཆུང་ངུ་དང་འབྲིང་དང་ཆེན་པོ་གསུམ་གང་ཡང་རུང་བའི་སྐབས་སུ། སྒྱུ་ལུས་བདག་བྱིན་རླབས་པའི་རིམ་པའི་རླུང་སེམས་ཀྱི་སྐུ་སྒྲུབ་དོན་དུ་སྤྱད་པ་སྤྱོད་པ་དང༌། སྦྱོར་ལམ་རྩེ་མོ་སོགས་ཀྱི་སྐབས་སུ་རླུང་སེམས་ཀྱི་སྐུ་དེ་འོད་གསལ་དུ་འཇུག་པའི་ཕྱིར་དང༌། སློབ་པའི་ཟུང་འཇུག་གི་སྐུ་ཐོབ་ན། འཕགས་པའི་ས་བཅུ་པའི་བར་དུ་སྤྱད་པ་སྤྱོད་པ་ནི། གཙོ་བོར་སེམས་ཅན་གྱི་དོན་སྣ་ཚོགས་གྱི་ཕྱིར་དུ་སྤྱོད་པ་དང༌། མངོན་བྱང་གོང་འོག་གི་སྐབས་སུ་ཉེ་རྒྱུའི་སྤྱད་པ་སྤྱོད་པ་ནི། རང་གཞན་གྱི་དོན་ཆེན་པོར་འགྱུར་ཕྱིར་སྤྱོད་པ་སྟེ། དེ་དག་ཀྱང་ཕལ་ཆེར་གཙོ་ཆེ་བའི་དབང་དུ་བྱས་པ་ཡིན་ལ། དེ་དག་ཏུ་མ་ཟད་གཞན་ཡང་ཉི་ཚེ་བའི་ལམ་ལ་སྤྱོད་པའི་དུས་སྣ་ཚོགས་ཀྱི་དབྱེ་བ་མཐའ་གཅིག་ཏུ་མ་ངེས་སོ། །སྤྱོད་པའི་ངོ་བོ་ལ་སོགས་པ་ནི། ངོ་བོ་ཉིད་དང་དེ་བཞིན་གཞན་ནི་སྤྱོད་པའི་ཚུལ་དང་དགོས་པ་དག་སྟེ་སླར་ཡང་དེ་ནས་གཞན། །གནས་ཀྱི་དབྱེ་བ་མཛད་དེ་དུས་དང་ཆོ་ག་ན་ཚོད་བསམ་པ་འདོད་ཆགས་ཤེས་རབ་ཀྱིས་ཀྱང་གཞན། །ཞེས་པས་བསྟན་ཏེ། སྤྱོད་པའི་ངོ་བོ་ནི། ཡུལ་སྣ་ཚོགས་དང་བདེ་སྡུག་འདོད་ཡོན་ལ་སོགས་པ་ཐམས་ཅད། ནང་ཏིང་ངེ་འཛིན་དང་རོ་གཅིག་ཏུ་བསྲེས་ཏེ་བསྒོམ་པའོ། །ཇི་ལྟར་སྤྱོད་པའི་ཚུལ་ནི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་སྤྲོས་མེད་དམ། ཀུན་འདར། ཀུན་བཟང༌། ཕྱོགས་ལས་རྣམ་རྒྱལ་གསུམ་སྟེ། ཕྱག་རྒྱ་རིག་མ་མང་པོ་དང་བཅས་ཏེ་ཡུལ་སྣ་ཚོགས་སུ་རྒྱུ་ཞིང་འདོད་ཡོན་སྣ་ཚོགས་ལ་རོལ་ལ། དེ་དག་ཏུ་བརྡ་དང་བརྡའི་ལན་དང༌། གླུ་གར་དང་བཅས་པའི་སྤྲོས་པ་རྒྱ་ཆེན་པོ་དང་བཅས་ཏེ་སྤྱོད་པ་ནི་སྤྲོས་བཅས་ཀྱི་སྤྱོད་པ་དང༌། ཕྱག་རྒྱ་ཇི་ལྟར་འོས་པ་དང་བཅས་ཏེ། བརྡ་ལ་སོགས་པའི་སྤྲོས་པ་ཕལ་ཆེར་སྤངས་ཏེ་སྤྱོད་པ་ནི་སྤྲོས་མེད་ཀྱི་སྤྱོད་པ་དང༌། ལས་རྒྱ་སྤངས་ཏེ་ཡེ་ཤེས་ཀྱི་རིག་མ་ཙམ་དང༌། འདོད་ཡོན་སྤངས་པ་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པའོ། །དགོས་པ་ནི་དངོས་གྲུབ་ཀྱི་ཁྱད་པར་འགའ་ཞིག་མ་གྲུབ་པ་འགྲུབ་པའི་ཕྱིར་དང༌། གྲུབ་པ་རྣམས་གོང་འཕེལ་དུ་འགྱུར་པའི་ཕྱིར་སྤྱོད་པའོ། །གནས་ནི་རང་གི་ཁྱྀམ་ཁོ་ནར་འདུག་བཞིན་པས་སྤྱོད་པ་དང༌། པཱུ་ལི་ར་མ་ལ་སོགས་པའི་ཡུལ་ཆེན་པོ་ཉི་ཤུ་རྩ་བཞིར་རྒྱུ་བ་གནས་ཀྱི་ཁྱད་པར་དང༌། དུས་ཀྱི་གོ་རིམ་ནི་ཐོག་མར་སྤྲོས་བཅས་དང༌། དེ་ནས་སྤྲོས་མེད་དང༌། དེ་ནས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ་སྤྱོད་དོ། །ཆོ་ག་ནི་དེ་དག་ཏུ་ལྷའི་རྣལ་འབྱོར་དང༌། སྔགས་དང༌། ཏིང་ངེ་འཛིན་དང༌། ཕྱག་རྒྱ་ལ་སོགས་པ་ཆོ་གའི་རིམ་པ་རྒྱས་བསྡུས་རྣམས་དང༌། བསམ་པ་ནི། སྒྲུབ་པོ་རང་གི་མོས་པས་སྤྱོད་པ་གསུམ་གང་འདོད་པ་སྤྱོད་པ་དང༌། ན་ཚོད་ནི། གཞོན་ནུའི་སྐབས་སུ་སྤྲོས་བཅས་དང༌། དར་ལ་བབ་ནས་སྤྲོས་མེད་དང༌། རྒན་པོའི་དུས་ཤིན་ཏུ་སྤྲོས་མེད་ཀྱི་སྤྱད་པ་སྤྱོད་དོ། །དེ་བཞིན་དུ་འདོད་ཆགས་ཤས་ཆེན་སྤྲོས་བཅས་དང༌། དེ་ལས་ཆུང་ནས་སྤྲོས་མེད་དང༌། ཤིན་ཏུ་ཆུང་ན་ཤིན་ཏུ་སྤྲོས་མེད་ཀྱི་སྤྱད་པ་སྤྱོད་དོ། །ཕྱག་རྒྱ་མང་པོ་ནི་སྤྲོས་བཅས་དང༌། ཉུང་ངུ་ནི་སྤྲོས་མེད་དང༌། སྤངས་པ་ཤིན་ཏུ་སྤྲོས་མེད་དོ། །སྤྱོད་པའི་ཡན་ལག་ཏུ་དགོས་པ་དྲག་ཤུལ་གྱི་སྤྱོད་པ་བསྟན་པ་ནི། དྲག་ཤུལ་སྦྱོར་བ་རྣམ་པ་གཉིས་སུ་འགྱུར་ཏེ་རིམ་པ་གཉིས་པ་སྟོང་ཉིད་གོམས་པ་དག་གིས་སོ། །གཅིག་ནི་འཇིག་རྟེན་དངོས་གྲུབ་དོན་ནོ་གླང་པོའི་བདག་པོ་རྟ་ཡིས་འཐབ་བཞིན་རྫོགས་པ་ལ་གནས་པས། །མཚན་མའི་སྤྱོད་པ་འཇུག་པ་ཉིད་དོ། །ཞེས་པས་བསྟན་ཏེ། དེ་ལ་སྡིག་སྦྱོར་གྱི་ལུས་སེམས་ཕུར་བུས་གདབ་པའམ། དྲག་ཤུལ་གྱི་སྦྱོར་བ་ཞེས་བྱ་བ། དངོས་གྲུབ་ཀྱི་དོན་དུ་ལྷ་གནད་ལ་དབབ་པ་ཡིན་ཏེ། དེའི་སྦྱོར་བ་ནི་རྣམ་པ་གཉིས་ཡིན་ཏེ། བསྐྱེད་རིམ་དང་རྫོགས་རིམ་ལ་སྟོང་ཉིད་ཀྱི་རྣལ་འབྱོར་གོམས་པ་དག་གིས་བྱ་དགོས་པ་ལས། དང་པོ་བསྐྱེད་རིམ་གྱི་དྲག་ཤུལ་སྦྱོར་བ་ནི་བསྐྱེད་རིམ་གྱི་རྣལ་འབྱོར་ལ་གནས་པའི་གང་ཟག་ལ་གཉིས་ཡོད་དེ། སྔགས་ལ་གཞོལ་བའི་རྣལ་འབྱོར་པ་དང༌། ནང་ལ་གཞོལ་བ་གཉིས་ཡོད་པའི་ནང་ལ་གཞོལ་བའི་རྣལ་འབྱོར་པ་ལ་ནི། དྲག་ཤུལ་གྱི་སྦྱོར་བ་དགོས་པ་མ་ཡིན་ལ། སྔགས་ལ་གཞོལ་བའི་རྣལ་འབྱོར་པ་ལ་དགོས་པ་ཡིན་ཞིང༌། དེ་ཡང་གཅིག་ནི་སོགས་ཀྱི་དོན་ཏེ། རགས་པའི་བསྐྱེད་རིམ་བརྟན་པ་ནི་སྔགས་ལ་གཞོལ་བ་ཡིན་པས། དེས་རིལ་ལུ་མིག་སྨན་སོགས་དངོས་གྲུབ་སྒྲུབ་པའི་ཕྱིར་དུ། སྤྱོད་པ་ལན་གསུམ་བསྐྱར་ནས་ཟླ་བ་དྲུག་ལ་སོགས་པའི་བར་དུ་སྤྱད་ཀྱང་མ་གྲུབ་ན། དེའི་ཚེ་སྔགས་ཀྱི་ལྷ་ལ་ཕུར་བུས་འདེབས་པ་སོགས་དྲག་ཤུལ་གྱི་སྦྱོར་བ་བྱས་པས་དངོས་གྲུབ་འགྲུབ་པ་ཡིན་ནོ། །རྫོགས་རིམ་གྱི་རྣལ་འབྱོར་པ་ལ་དྲག་ཤུལ་གྱི་སྦྱོར་བ་མི་དགོས་པར་འདོད་པ་ཡང་བྱུང་མོད། རང་ལུགས་ལ་ནི་རྫོགས་རིམ་ལ་ཡང་དགོས་པའི་སྐབས་ཀྱང་ཡོད་པ་ཡིན་ལ། དེ་ཡང་གླང་པོའི་བདག་པོ་སོགས་ཀྱི་དོན་ཏེ། རྫོགས་རིམ་གྱི་རྣལ་འབྱོར་བ་དེས། མཆོག་གི་དངོས་གྲུབ་ཀྱི་དོན་དུ། སྤྱོད་པ་ལན་གསུམ་བསྐྱར་བ་ཟླ་བ་དྲུག་ཏུ་སྤྱད་ཀྱང་མ་གྲུབ་ན། རྫོགས་རིམ་གྱི་འཕྲོས་རེ་ཞིག་བཞག་ནས། མཚན་མ་དང་བཅས་པའི་བསྐྱེད་རིམ་གྱི་སྤྱོད་པ་དྲག་ཤུལ་སྦྱོར་བ་དང་བཅས་པ་ལ་བཞུགས་པས་འགྲུབ་པ་ཡིན་ཏེ། དཔེར་ན་སྐྱེས་བུ་ཞིག་གིས་རི་ལ་བགྲོད་པ་ལ་བཞོན་པ་གླང་པོ་ཆེ་ལ་གནས་ནས་གཡུལ་འཐབ་པ་ལ་འཁྲུགས་པས་རྒྱལ་བར་མ་གྱུར་ན། དེ་ལས་བབས་ཏེ་རྟ་ལ་གནས་ཏེ་འཐབ་པས་རྒྱལ་བ་བཞིན་ནོ། །དེས་ན་རྫོགས་རིམ་ལ་གནས་པའི་རྣལ་འབྱོར་བ་འགའ་ཞིག་ལའང་མཚན་བཅས་ཀྱི་སྤྱོད་པ་དྲག་ཤུལ་སྦྱོར་བ་དང་བཅས་པ་ལ་འཇུག་དགོས་པ་ཉིད་དོ། །གཞན་ཡང་འཕྲོས་དོན་ནི། དབང་བསྐུར་བ་དང་ཡོངས་སུ་འབྲེལ་བའི་ཉེ་བའི་རྒྱུ་ཞེས་བྱ། །སེམས་དབེན་པ་དང་ངེས་པར་བྱང་ཆུབ་གཉིས་ཀྱང་དབང་ལས་གྱུར་པ་སྤྲུལ་དང་ལོངས་སྤྱོད་རྫོགས་ལས་སོ། །ཞེས་པ་ནི། སྤྱོད་པ་སྤྱད་པའི་རྣལ་འབྱོར་པ་དེ་ལ་དབང་བསྐུར་བ་དང་ཡོངས་སུ་འབྲེལ་བ་ནི་ཉེ་རྒྱུ་མངོན་བྱང་ཞེས་བྱ་བ་ཡིན་ཏེ། དེ་ཡང་སེམས་དབེན་གྱི་རྣལ་འབྱོར་པ་དེ། སྤྱོད་པའི་སྐབས་སུ་རྡོ་རྗེ་སློབ་དཔོན་མིའི་རྟེན་ཅན་གྱིས་དབང་བསྐུར་བ་ཡིན་ལ། དེ་ཡང་མོས་པ་ལམ་བྱེད་ཙམ་མ་ཡིན་པར་དངོས་སུ་རིག་མ་དང་བཅས་པས་དབང་བསྐུར་བ་ཡིན་ལ། དེའི་རྒྱུད་དམ་ཚིག་མ་ཉམས་པ་དང༌། རྟེན་འབྲེལ་གྱི་ཉེ་རྒྱུས་དབང་བསྐུར་བ་འོག་མར་སངས་རྒྱས་སྤྲུལ་པའི་སྐུ་རྣམས་ཀྱིས་དབང་བསྐུར་བ་ཡིན་ཏེ། སྐུ་དངོས་སམ། སྔར་གྱི་རྡོ་རྗེ་སློབ་དཔོན་དེའི་ཚུལ་བཟུང་ནས་སམ། དེ་ལ་བྱིན་གྱིས་བརླབས་ནས་དབང་བསྐུར་བ་དང༌། མངོན་བྱང་གོང་མར་ནི་ལོངས་སྤྱོད་རྫོགས་པའི་སྐུ་རྣམས་ལས་དབང་བསྐུར་བ་ཐོབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་འབྲས་བུའི་རྒྱུད་ལ་ཐུན་མོང་དང་མཆོག་གི་དངོས་གྲུབ་གཉིས་ལས། ཐུན་མོང་ལ་ཕྲ་མོའི་ཆུང་ངུ་ལས་རིམ་སྣ་ཚོགས་ནི་ཞི་རྒྱས་དབང་དགུག་བསད་བསྐྲད་དབྱེ་མནན་ཏེ་ལས་ཆེན་བརྒྱད་ལ་སོགས་པའོ། །

འབྲིང་རྫས་ཀྱི་དངོས་གྲུབ།

འབྲིང་རྫས་ཀྱི་དངོས་གྲུབ་ནི།

ས་འོག་དང༌། རལ་གྲི་དང༌། རིལ་བུ་དང༌། མིག་སྨན་དང༌། རྐང་མགྱོགས་དང༌། བཅུད་ལེན་དང༌། རོ་ལངས་དང༌། གཏེར་གྱི་དངོས་གྲུབ་སྟེ་དངོས་གྲུབ་བརྒྱད་དོ། །ཆེན་པོ་ལས་ཀྱི་རིག་འཛིན་ནི། འདོད་ཁམས་ཀྱི་ལྷའི་གཟུགས་ཁམས་ཀྱི་ལྷ་དང་སྐལ་བ་མཉམ་པའི་རིག་པ་འཛིན་པའི་རྒྱལ་པོའོ། །གཉིས་པ་མཆོག་གི་དངོས་གྲུབ་ལ་གནས་སྐབས་སུ་སྔགས་ཀྱི་ལམ་ལ་བརྟེན་ནས་འཕགས་པའི་ས་ཐོབ་པ་ཟུང་འཇུག་གི་སྐུ་དང༌། མཐར་ཐུག་རྫོགས་པའི་སངས་རྒྱས་གྲུབ་པ་གཉིས་སོ། །སངས་རྒྱས་ནི་སྐུ་བཞི་ཡེ་ཤེས་ལྔ་འཕྲིན་ལས་དང་བཅས་པས་བསྡུས་པའོ། །ཆོས་ལོངས་སྤྲུལ་གསུམ་གྱི་སྟེང་དུ་བདེ་བ་ཆེན་པོའི་སྐུ་བསྣན་པ་ནི་སྐུ་བཞི་དང༌། ཆོས་དབྱིངས་མེ་ལོང་མཉམ་ཉིད་སོར་རྟོག་བྱ་བ་སྒྲུབ་པའི་ཡེ་ཤེས་ལྔ་དང༌། འཕྲིན་ལས་ནི་ཐེག་པ་གཞན་དུ་བཤད་པ་དང་ཐུན་མོང་པ་ཡང་ཡོད། རིགས་དྲུག་གི་དཀྱིལ་འཁོར་སྤྲུལ་བཤད་སོགས་ཐུན་མོང་མ་ཡིན་པ་ཡང་ཡོད་དོ། །དེ་ཐམས་ཅད་བསྡུ་ན་ཡན་ལག་བདུན་དང༌། དབང་ཕྱུག་བརྒྱད་དུ་འདུ། ཇི་སྐད་དུ། སློབ་དཔོན་ངག་དབང་གྲགས་པས་ཡན་ལག་བདུན་པའི་གཞུང་དུ། ༡ལོངས་སྤྱོད་རྫོགས་དང་༢ཁ་སྦྱོར་༣བདེ་ཆེན་༤རང་བཞིན་མེད། །༥སྙིང་རྗེས་ཡོངས་གང་༦རྒྱུན་མི་འཆད་དང་༧འགོག་པ་མེད། །ཅེས་ཡན་ལག་བདུན་ནོ། །གསང་འདུས་ཀྱི་འགྲེལ་ཆེན་སྒྲོན་གསལ་ལས། རྒྱུད་རྒྱས་པའི་ལུང་དྲངས་པ་ན། ༡སྐུ་ཡི་དབང་ཕྱུག་དང་ནི་༢གསུང་གི་དབང་ཕྱུག་དང༌། །དེ་བཞིན་དུ་ནི་༣ཐུགས་ཀྱི་དབང་ཕྱུག་དང༌། །༤རྫུ་འཕྲུལ་༥ཀུན་འགྲོ་༦གནས་ཀྱི་དབང་ཕྱུག་དང༌། །༧ཅི་འདོད་བྱེད་དང་༨ཡོན་ཏན་བརྒྱད་པའོ། །ཞེས་གསུངས་ཏེ་ཕྱི་མ་གཉིས་ནི་འདོད་པའི་དབང་ཕྱུག་དང༌། ཡོན་ཏན་གྱི་དབང་ཕྱུག་ཅེས་བྱའོ། །རྒྱུད་སྡེ་བཞི་སོ་སོའི་རྣམ་བཞག་འདི་གོང་དུ་ལུང་དངོས་སུ་མ་བཀོད་པ་རྣམས་རྡོ་རྗེ་ཐེག་པའི་གནས་ལུགས་གསལ་བྱེད་ཀྱི་ཚིག་ཟིན་ལྟར་བཀོད་པའོ། །བཞི་བ་གྲུབ་པ་འབྲས་བུའི་གནས་སྐབས་ཡང་འབྲས་རྒྱུད་བཤད་པ་དེ་དང་འདྲ་བས་དེའི་སྒོ་ནས་ཤེས་པར་བྱའོ། །

སྨྲས་པ། གསང་སྔགས་རྒྱུད་སྡེ་རྒྱ་མཚོའི་དགོངས་པའི་བཅུད། །སྔགས་ཀྱི་སྤངས་རྟོགས་བརྙེས་པའི་སྐྱེས་བུ་ཡི། །གསུང་རབ་ཁྱད་འཕགས་དཔག་བསམ་ལྗོན་པ་ལས། །བསྡུས་ནས་སྐལ་མཉམ་རྣམས་ལ་ཕན་ཕྱིར་བཀོད། །དགེ་འདིས་མ་རྒན་འགྲོ་རྣམས་མ་ལུས་པ། །རིམ་གཉིས་ཟབ་ལམ་སྔགས་ཀྱི་སྣོད་དུ་གྱུར། །གློ་བུར་གནས་སྐབས་བཞི་ཡི་དྲི་བྲལ་ནས། །བདེ་སྟོང་མཆོག་གི་གཞི་དབྱིངས་འཐོབ་པར་ཤོག །

ཅེས་རྒྱུད་སྡེ་སྤྱིའི་རྣམ་བཞག་ཕྱོགས་བསྒྲིགས་ཀུན་གསལ་ཉིན་བྱེད་སྣང་བ་ཞེས་བྱ་བ་འདི་ནི་རྡོ་རྗེ་འཛིན་པ་ཆེན་པོ་རིག་པའི་རྡོ་རྗེས་རྡོ་དྲིལ་བཅས་བ{ལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་ཕྱོགས་བསྡུས་བྱས་ནས་བཀོད་པའོ། །སརྦ་མངྒ་ལཾ།

སྔགས་བླ་མེད་ཀྱི་རྩ་ལྟུང་རྣམ་བཤད་མ་རིག་མུན་སེལ།

སྔགས་བླ་མེད་ཀྱི་རྩ་ལྟུང་རྣམ་བཤད་མ་རིག་མུན་སེལ་ཞེས་བྱ་བ་བཞུགས་སོ། །

དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །དེ་ལ་འདིར་སྔགས་བླ་མེད་ཀྱི་རྩ་ལྟུང་རྣམ་བཞག་མདོར་བསྡུས་ཙམ་བརྗོད་པ་ལ་རྩ་ལྟུང་གི་ཉེས་པ་ཆེ་ཆུང་དང༌། དམ་ཚིག་ཉམས་ན་སླར་གསོ་བ་དང༌། རྩ་ལྟུང་བཅུ་བཞིའི་ངོས་འཛིན་བཤད་པ་དང་གསུམ།

དང་པོ་ནི། དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དབང་གི་ལེའུ་ལས། གལ་ཏེ་གཡོ་སྒྱུའི་དབང་གིས་རྩ་བའི་ལྟུང་བ་བྱུང་ན་དམྱལ་བར་འགྲོ་སྟེ་འདི་དག་སྡུག་བསྔལ་ལོ།༡༠༠། ཞེས་གསུངས་ལ། དེའི་ཚིག་དོན་ནི། རྗེ་བཙུན་ཏཱ་ར་ནཱ་ཐའི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་གའི་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལས། གཡོ་སྒྱུའི་དབང་གིས་ཞེས་པ་འདི། དོན་གྱི་མདོ་ཆེན་པོ་འཛིན་པའི་ནུས་པ་ཅན་གྱི་ཚིག་སྟེ། དེའི་འགྲེལ་པར། མི་དགེ་བ་བཅུ་ལ་ཞུགས་པའི་དབང་གིས། ཞེས་འབྱུང་ངོ། །དེ་ཡང་དཀར་ནག་གི་ལས་འབྲས་དང་ལམ་དང་འབྲས་བུའི་ཆོས་ལ་ཡིད་ཆེས་མེད་པ་དག་ནི། སྔགས་ལ་ཞུགས་པར་རློམ་ཡང་གཡོ་སྒྱུའི་དབང་གིས་མི་སྔོན་དུ་དམ་ཚིག་སྲུང་བ་ལྟར་བྱེད་པའང་སྲིད་མོད། གཡོ་སྒྱུའི་རང་བཞིན་ཉིད་ཀྱི་ཕྱིར་ལྐོག་ཏུ་མི་དགེ་བ་བཅུ་བྱེད་པ་སོགས་བག་མེད་དུ་སྤྱོད་པར་འགྱུར་བས། གང་གཡོ་སྒྱུ་དང་ལྡན་པ་དེ་ལ་མ་གུས་པ་དང༌། བག་མེད་པ་གཉིས་ཀར་འབྱུང་ཞིང༌། དེ་ལས་ཀྱང་གཙོ་བོ་མ་གུས་པ་ཡིན་པས་ཆོས་ནས་ལྟུང་བ་ཡིན་པར་བཤད་པ་ཐོས་ཀྱང་སྐྱོན་དུ་མི་སེམས་པ་ནི་མ་གུས་པ་སྟེ་དེས་ཀུན་ནས་བསླངས་པའི་རྩ་ལྟུང་ཡིན་ན་བྱས་སྟོབས་ཆེ་ཆུང་ཇི་ལྟར་ཡིན་ཡང༌། ཤིན་ཏུ་ལྕི་བའི་ཕྱིར་དམྱལ་བ་བརྒྱད་པོ་གང་རུང་དུ་འགྲོ་བར་ཐེ་ཚོམ་མེད་དོ། །དེ་དག་ཏུ་ཡང་ཚེ་ཚད་ལས་ཐུང་བར་ནམ་ཡང་མི་འགྱུར་ཞིང༌། དམྱལ་བ་པ་གཞན་ལས་སྔགས་ཀྱི་དམ་ཚིག་ཉམས་པའི་དམྱལ་བ་པ་རྣམས་ལྷག་པར་སྡུག་བསྔལ་དོས་དྲག་པའང་ཡིན་ནོ། །སློབ་མ་གང་དག་རྡོ་རྗེ་སློབ་དཔོན་ལ་རིག་མའི་དབང་གིས་ཕྲག་དོག་གི་རྣམ་རྟོག་སྐད་ཅིག་ཙམ་སྐྱེས་པས་ཀྱང་ཡུལ་ཕྱོགས་ཉེ་བ་ན་ཡོད་ན་ཐུན་མཚམས་སམ་ཉིན་ཞག་གཅིག་གི་ཁོངས་སུ་བཤགས་ཤིང་ཕྱིར་བཅོས་མ་བྱས་ན། དམྱལ་བ་བརྒྱད་པ་རྡོ་རྗེའི་དམྱལ་བར་འཇུག་པར་བཤད་པས།དེ་ལས་དཔགས་ཏེ་རྩ་ལྟུང་དང་པོ་དང་གཉིས་པ་ཡན་ལག་ཚང་པར་སྤྱད་ན། དམྱལ་བ་བརྒྱད་ཀྱི་ནང་ན་རྡོ་རྗེའི་དམྱལ་བར་འཇུག་གོ། །བླ་མ་ལ་བརྟེན་པའི་རྩ་ལྟུང་འདི་ནི། ཡུལ་ཁོ་ནས་སྟོབས་ཀྱིས་ཉེས་པ་ཤིན་ཏུ་ལྕི་བ་ཉིད་ཡིན་པའི་ཕྱིར། དམ་ཚིག་ལ་མ་གུས་པའི་བསམ་པ་ལྟུང་བའི་ཡན་ལག་ཏུ་ངེས་པར་སྦྱོར་དགོས་པ་མ་ཡིན་ལ། ཕལ་ཆེར་ལ་རང་ཤུགས་ཀྱིས་ནི་འབྱུང་ངོ། །རྩ་ལྟུང་གསུམ་པ་ཡང་སློབ་མར་གྱུར་པས་རང་གི་རྡོ་རྗེ་སློབ་དཔོན་གྱི་སློབ་མ་ལ་ཁྲོས་པ་ཡིན་པའི་ཕྱིར། ཡུལ་སློབ་དཔོན་ལ་བརྒྱུད་ནས་བརྟེན་པར་འགྲོ་ཞིང༌། ནང་སྨེ་བྱེད་པ་ཡིན་པའི་ཕྱིར། རྩ་ལྟུང་ཕྱི་མ་རྣམས་ལས་ཆེས་ལྕི་བ་ཡིན་མོད། ཡུལ་སློབ་དཔོན་ལ་དངོས་སུ་སྡིག་གསོག་པའི་སྔ་མ་གཉིས་ལས་ཅུང་ཟད་ཡང་བས། དམྱལ་བ་བརྒྱད་པའི་ངེས་བཟུང་གསལ་བར་མ་གསུངས་སོ། །དེས་ན་གསུམ་པ་ཕན་ཆད་རྩ་ལྟུང་རྣམས་ལ་ལྟུང་བ་ལན་མང་དུ་བྱས་ཤིང༌། སྡིག་པ་རླབས་ཆེན་དུ་སོང་ན། ལས་དེ་དག་གིས་རྡོ་རྗེའི་དམྱལ་བར་འཇུག་པའང་ཡོད་མོད་ཀྱི། མ་གུས་པའི་དབང་གིས་བྱུང་བའི་རྩ་ལྟུང་ལན་གཅིག་བྱས་པ་ཡིན་པ་ཙམ་གྱིས་རྡོ་རྗེའི་དམྱལ་བར་མ་ངེས་ཀྱང་ཕྱིར་བཅོས་མ་བྱས་ན་དམྱལ་བ་བརྒྱད་པོ་གང་རུང་དུ་ནི་ངེས་སོ། །མདོ་ལུགས་ལ་སེམས་བསྐྱེད་ཀྱི་སྡོམ་པའི་སྐབས་སུ་རྩ་ལྟུང་གི་རིགས་སུ་འགྱུར་བའི་ལས་བདག་བསྟོད་གཞན་སྨོད་ལ་སོགས་པ་དེ་རྣམས་ཉོན་མོངས་དྲག་པོས་བྱས་ན་སྡོམ་པ་འཇིག་པ་དང༌། ཉོན་མོངས་འབྲིང་པོ་དང་ཆུང་ངུས་བྱས་པ་ལ་སྡོམ་པ་རྩ་བ་ནས་འཇིགས་པ་རང་མིན་པས་བྱང་ཆུབ་སེམས་དཔའ་གསུམ་མམ་གཅིག་གི་དྲུང་དུ་བཤགས་ཀྱང་ཆོག་པར་བཤད་པ་དང༌། འདིར་གཡོ་སྒྱུའི་དབང་གིས་ཞེས་གསུངས་པ་ཚིག་གི་ནུས་པ་གཅིག་སྟེ། འདིར་བསླབ་པ་དམ་ཚིག་ལ་མ་གུས་པའི་གཡོ་སྒྱུའི་སེམས་ནི་ལོག་ལྟའི་ཞད་དང་བཅས་པ་ཉིད་ཀྱི་ཕྱིར། ཉོན་མོངས་དྲག་པོ་སྟེ་ཤིན་ཏུ་མ་རུངས་པ་ཡིན། དེས་ཀུན་ནས་བསླངས་པའི་རྩ་ལྟུང་གིས་ནི་སྔགས་སྡོམ་སྟེ་དམ་ཚིག་རྩ་བ་ནས་འཇིག་ཅིང་ཉམས་པར་བྱེད་ལ། དེས་མཚོན་ནས་ཉོན་མོངས་དྲག་པོ་གཞན་ཡང་ཁོངས་སུ་བསྡུ་ཞིང༌། ཉོན་མོངས་འབྲིང་ངམ་ཆུང་ངུས་བྱས་པ་རྣམས་ཀྱིས་དམ་ཚིག་རྩ་བ་ནས་འཇིག་པ་རང་མིན་ཡང་ཤིན་ཏུ་ཉམས་སྨད་དེ་ཉམས་པར་བྱས་པའི་ཕྱིར་སྤྱིར་རྩ་ལྟུང་ནི་ཡིན་ནོ། །ཞེས་གསུངས་པ་ལྟར་ཡིན་ནོ། །གཉིས་པ་དམ་ཚིག་ཉམས་ན་སླར་གསོ་བ་ནི། དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དབང་གི་ལེའུ་ལས། རྩ་བའི་ལྟུང་བ་རྣམ་པར་དག་པར་འགྱུར་ཏེ་ཡོན་ཏན་ལྡན་པ་དབང་བདུན་ལ་གནས་དག་གིའོ། །བུམ་པ་གསང་བ་ལ་ནི་གལ་ཏེ་བརྟུལ་ཞུགས་ངེས་པའི་དབང་གིས་གོང་མ་ལ་ནི་དག་པ་མེད། །རྩ་བའི་ལྟུང་བ་བྱུང་ན་གང་ཞིག་དག་པའི་སླད་དུ་སླར་ཡང་དཀྱིལ་འཁོར་འདིར་ནི་འཇུག་བྱ་སྟེ། །རྗེས་སུ་གནང་བ་ཐོབ་ནས་སླར་ཡང་ཚོགས་ཀྱི་འདུས་པར་ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར། །ཞེས་དང༌། དེའི་ཚིག་དོན་ནི། ཏཱ་ར་ནཱ་ཐའི་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། གལ་ཏེ་དམ་ཚིག་ཉམས་ན་སླར་གསོ་བར་བྱེད་པའི་ཚུལ་ནི། དེ་ལ་ཡོན་ཏན་ལྡན་པ་ཞེས་པ་ནི་ཕྱིས་མི་བྱེད་པའི་སྡོམ་པ་ལ་གནས་པ་ཡིན་ཏེ། འདི་ནི་སྐབས་འདིའི་དོན་ཚན་རྣམ་གྲངས་གལ་ཆེ་ཤོས་གཅིག་ཏུ་སྦྱོར་རྒྱུ་ཡིན་ནོ། །དེ་ཡང་དབང་བདུན་ཐོབ་ལ་གོང་མ་མ་ཐོབ་པ་ནི། རྩ་ལྟུང་བྱུང་ན་སྡིག་པ་སྦྱང་བའི་ཐབས་རང་གི་འདོད་པའི་ལྷའི་སྙིང་པོའམ། རྡོ་རྗེ་སེམས་དཔའི་ཡི་གེ་བརྒྱ་པ་སྟོང་ཕྲག་སུམ་ཅུ་རྩ་དྲུག་གི་བཟླས་པས་དག་པར་ནུས། བུམ་དབང་དང་གསང་བའི་དབང་བསྐུར་ཙམ་ཐོབ་པ་ལ་ནི། སློབ་དཔོན་གྱིས་ཇི་{ད་བཀའ་སྩལ་པའི་བརྟུལ་ཞུགས་ངེས་པའི་ཆད་པ་དང་དུ་བླངས་པས་སྡིག་པ་དག་པར་འགྱུར་ཏེ། དེ་ཡང་བུམ་དབང་ཙམ་ཐོབ་པ་ལ་ཡོན་དབུལ་བ་དང་ཕྱག་མཆོད་སོགས་བསོད་ནམས་ཚོགས་ཀྱི་ཆད་པ་ཙམ་དང༌། དེ་སྟེང་གསང་དབང་ཡང་ཐོབ་པ་ལ་ནི། བསོད་ནམས་ཀྱི་ཚོགས་ཀྱི་ཆད་པ་སྔོན་དུ་འགྲོ་བའི་དཀའ་ཐུབ་དཀའ་སྤྱད་ཚུལ་ཁྲིམས་ཀྱི་ཚོགས་ཀྱི་ཆད་པ་ཉམས་སུ་བླང་དགོས་པ་ཡིན་ནོ། །གལ་ཏེ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ཐོབ་ན། དེ་ལ་བྱུང་བའི་རྩ་ལྟུང་ནི། ཆད་པའི་ལས་ཙམ་གྱིས་དག་པར་མི་འགྱུར་བས་བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྟོབས་ཅི་ནུས་ཅི་ལྕོགས་སུ་བྱས་ནས་མཐོལ་བཤགས་རྒྱ་ཆེར་ཕུལ་ཏེ། བསྐྱེད་པའི་རིམ་པའམ་རྫོགས་པའི་རིམ་པའི་རྣལ་འབྱོར་ལ་ནན་ཏན་དུ་འབད་པས་རིམ་གྱིས་ལྟུང་བ་བྱང་བར་འགྱུར་རོ། །འདིའི་འགྲེལ་པར། སློབ་དཔོན་གྱིས་འདིའི་ཆད་པ་སྦྱིན་པར་མི་འགྱུར་རོ་ཞེས་པ་ནི། བསོད་ནམས་དང་ཚུལ་ཁྲིམས་ཀྱི་ཆད་ལས་བྱིན་པ་ཙམ་ལས་ལྟུང་བ་དག་པར་སློབ་དཔོན་གྱིས་གནང་བ་མི་སྦྱིན་པ་ཁོ་ན་ཏེ། སྦྱིན་པར་མི་འགྱུར་རོའི་དོན་སྦྱིན་པ་ཙམ་གྱིས་དག་པར་མི་འགྱུར་ཞེས་པའོ། །སྤྱིར་སློབ་དཔོན་གྱིས་དགེ་བའི་ཆད་ལས་སྟེར་བ་བཀག་པའོ་སྙམ་དུ་སེམས་ཤིང་སྨྲ་བ་ལྟར་མ་ཡིན་གྱི། སྐབས་དེར་དགེ་བ་གང་བསྒྲུབས་ཀྱང་དེའི་ལྟུང་བའི་གཉེན་པོར་འགྱུར་བ་ཁོ་ན་ཡིན་པའི་ཕྱིར་རོ། །དེས་ན་འགའ་ཞིག་བུམ་གསང་ཡན་ཆད་ལུས་ངག་གི་སྡོམ་པ་ཤས་ཆེ་བས་ཕྱིར་རོལ་གྱི་ཆད་ལས་དང༌། ཤེར་དབང་སེམས་ཀྱི་དམ་ཚིག་ཉམས་ན་རང་སེམས་དཔང་པོར་བཞག་ནས་རང་གིས་བསྒྲུབ་དགོས་ཚུལ་སོགས་འཆད་པ་ནི། བློས་བཏགས་ཀྱི་རང་བཟོ་འབའ་ཞིག་སྟེ། རང་སེམས་དཔང་པོར་འཇོག་པ་ཐམས་ཅད་ལའང་དགོས་པ་དང༌།དེ་དང་བླ་མའི་བཀའ་སྦྱིན་པ་ནམ་ཡང་མི་འགལ་བའི་ཕྱིར་དང༌། གོང་མའི་རྩ་ལྟུང་ཅན་ལ་ཆད་ལས་ཀྱིས་གནོད་པར་འགྱུར་བ་ནམ་ཡང་མི་རིགས་པའི་ཕྱིར་རོ། །རྩ་བའི་ལྟུང་བ་བྱུང་བ་ཀུན་ལ་སྡོམ་པ་ཞིག་པའམ་རྩ་བ་ནས་མ་ཞིག་ཀྱང་ཉམས་སྨད་པའི་ཕྱིར་རོ་སླར་བླང་བའམ་གསོ་བའི་དོན་དུ་དཀྱིལ་འཁོར་ཆེན་པོ་འདིར་ཡོངས་སུ་ཞུགས་ཏེ་དབང་བླང་བར་བྱའོ། །དེའི་ཚེ་སྡོམ་པ་སོར་ཆུད་པས་སློབ་དཔོན་གྱི་བཀའི་གནང་བ་ཐོབ་པར་བྱས་ནས་ཚོགས་ཀྱི་འདུས་པར་འཇུག་ཏུ་རུང་ལ། སྔོན་ལྟུང་བ་མ་བྱུང་བའི་དུས་ན་གཞན་གྱི་གྲལ་འགོ་སོགས་བཀུར་སྟི་དབང་བ་ཡིན་ཡང༌། སྐབས་དེར་དམ་ཚིག་གི་བསླབ་པ་གཞོན་པ་རྣམས་ཀྱང་གྲལ་གོང་དུ་བཏང་སྟེ།དམ་ཚིག་བསྐྱར་བ་དེ་ནི་གྲལ་གྱི་ཐ་མར་བཞག་པར་བྱའོ། །སྔར་ཐུ་བོ་ཡིན་ཡང་སྐབས་དེར་ཆུང་བར་འགྱུར་ཞེས་པའི་དོན་ནི་དེ་ཡིན་པས། ཐུ་བོའི་མིང་ནི་ཆུང་བ་ཉིད་དུ་འགྱུར་ཞེས་པ། ཐུ་བོ་ཞེས་བྱའང་ཆུང་བ་ཉིད་དུ་འགྱུར། ཞེས་འགྱུར་བཅོས་ན་བདེའོ། །དེ་ལྟར་དམ་ཚིག་གསོའི་ཟིན་ནས། གཟོད་བཟླས་བརྗོད་དང་ཆད་ལས་སོགས་བླང་བར་བྱ་བ་ཡིན་གྱི། དམ་ཚིག་མ་བསྐྱར་བ་ལ་བཟླས་བརྗོད་བྱ་བར་མི་རིགས་སོ། །འདིར་དག་བྱེད་བཤད་པ་ནི། སྔ་མ་སྔ་མའི་སྟེང་དུ་ཕྱི་མ་ཕྱི་མ་སྣོན་པ་ཡིན་ཏེ། བུམ་གསང་གི་སྐབས་སུ་བསོད་ནམས་དང་ཚུལ་ཁྲིམས་ཀྱི་དག་བྱེད་གསུངས་ཤིང༌། ཤེར་དབང་གི་སྐབས་སུ་བསོད་ནམས་དང་ཚུལ་ཁྲིམས་སྔོན་དུ་སོང་ནས་སྒོམ་དགོས་པ་ཤེས་པར་བྱ་ལ། དབང་བདུན་གྱི་སྐབས་སུ་བཤད་པའི་བཟླས་བརྗོད་ཀྱང་གཞན་ཐམས་ཅད་ཀྱི་སྔོན་དུ་འགྲོ་བར་ཤེས་པར་བྱའོ། །འགྲེལ་པར། བྱིས་འཇུག་དང་བུམ་གསང་གི་ཕྱིར་བཅོས་ལ་དབང་བསྐུར་བར་གསལ་བར་གསུངས་ནས་ཤེར་དབང་གི་སྐབས་སུ་ཚིག་གསལ་མ་བྱུང་བ་ནི། ཤེར་དབང་ཐོབ་པ་ལ་རྩ་ལྟུང་གི་ཕྱིར་བཅོས་སྐབས་སུ་དབང་བསྐུར་མི་ལེན་པའི་དོན་མ་ཡིན་གྱི། བསོད་ནམས་དང་ཚུལ་ཁྲིམས་ཀྱི་སྡིག་བཤགས་སྔོན་དུ་འགྲོ་བས། ཕྱིས་དཀྱིལ་འཁོར་དུ་འཇུག་པ་ལ་དགོངས་ནས། ལྟུང་བ་བྱུང་མ་ཐག་དཀྱིལ་འཁོར་དུ་འཇུག་པའི་རྣམ་གཞག་མ་མཛད་པ་དང༌། གཞན་གཉིས་ལ་ཕྱིར་བཅོས་ཀྱི་ཐོག་མ་དབང་བསྐུར་ཡིན་པ་ལ་དགོངས་སོ། །འདི་སྐབས་ཀྱི་འགྲེལ་བ་ཤིན་ཏུ་ཞལ་གསལ་ཡང་བྱིན་རླབས་ཀྱི་སྟོབས་ལས་ཐོབ་པའི་བློ་གྲོས་མེད་ཅིང༌། བླ་མའི་ཞལ་གྱིས་དམན་པའི་མཁས་པ་དག་ལ་འཁྲུལ་པ་མང་དུ་སྐྱེས་སྣང་ངོ། །ཞེས་གསུངས་ལ། དེ་བཞིན་དུ་རྗེ་བཙུན་ཏཱ་ར་ནཱ་ཐའི་བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། དེས་ན་འདི་ལ་བཤགས་པའི་ཡུལ་ནི། སྔགས་ཀྱི་སྡོམ་ལྡན་གང་ཡང་རུང་བའོ། །བཤགས་པའི་དགོས་པ་ནི། ལྟུང་བ་མི་འཕེལ་བ་དང༌། ངོ་ཚ་ཁྲེལ་ཡོད་བསྐྱེད་པ་དང༌། བསྲུང་མཚམས་དངོས་སུ་ཤེས་པ་དང༌། ཕྱིན་ཆད་ཉེས་སྤྱོད་ཇེ་ཉུང་དུ་འགྲོ་བ་ཡིན་ནོ། །ཇི་ལྟར་བཤགས་པའི་ཚུལ་ནི། གྲོགས་སམ་ཡུལ་དེས་བསྲུང་འཁོར་བསྒོམས་ལ། དེའི་མདུན་དུ་བདག་ཉིད་གུས་པའི་ཚུལ་གྱིས་འདུག་ནས། བཤགས་པའི་ཆོ་ག་༼འདིའི་ཐད་ཀྱི་གོང་ན་ཆོ་ག་ཡོད༽བྱ་བའོ། །བཤགས་པའི་ངོ་བོ་ནི། སྔར་བྱས་ལ་འགྱོད་སེམས་དང༌། ཕྱིན་ཆད་སྡོམ་སེམས་ཀྱིས་ཀུན་ནས་བསླངས་ཏེ་ལྟུང་བ་དེ་དམ་ཚིག་དང་ལྡན་པའི་དྲུང་དུ་ཉེས་པར་བསྒྲགས་པ་ཡིན་ནོ། །གཉིས་པ་ནི། སློབ་དཔོན་དུ་འོས་པ་ཡོད་ན་དེ་ལ་དབང་བསྐུར་བ་ཞུ། གལ་ཏེ་ཡུལ་བསྐལ་བ་སོགས་ཀྱིས་བགྲོད་པར་མ་ནུས་ན། རང་ཉིད་ཀྱིས་དཀྱིལ་འཁོར་བྲིས་ཏེ་བདག་འཇུག་བླངས་ནས་ཀྱང་རུང་ངོ། །གསུམ་པ་ནི། རང་ཉིད་ཐུན་མོང་གི་དབང་ཙམ་ཐོབ་པ་ཡིན་ན། རྡོ་རྗེ་སེམས་དཔའ་འམ། དཀྱིལ་འཁོར་གྱི་གཙོ་བོའམ། དམ་ཚིག་ཉམས་པ་ལ་ཁྱད་པར་དུ་བསྔགས་པའི་དམ་ཚིག་རྡོ་རྗེའི་བཟླས་པ་མ་ཡེངས་པར་སྟོང་ཕྲག་སུམ་ཅུ་རྩ་དྲུག་བཟླས་ན་བྱང་ཞིང་བུམ་པ་དང་གསང་དབང་ཐོབ་པ་ལ་ནི། སྔར་གྱི་བཟླས་པའི་སྟེང་དུ་སློབ་དཔོན་གྱི་ཆད་ལས་བླངས་ནས་བསོད་ནམས་ཀྱི་ཚོགས་བསྐྱེད་རིམ་དང༌། ཚུལ་ཁྲིམས་ཀྱི་ཚོགས་ཐིག་ལེ་འཛག་མེད་དུ་འཆིང་བའི་རྫོགས་རིམ་བསྒོམས་པས་འདག་པར་འགྱུར་ཞིང༌། ཤེས་རབ་ཡེ་ཤེས་ཐོབ་པ་ལ་ནི། དེ་རྣམས་རྐྱང་པས་འདག་པར་མི་ནུས་པས་དབེན་པའི་གནས་སུ་བརྩོན་འགྲུས་ཀྱིས་རིམ་གཉིས་འབད་པས་བསྒོམས་པས་ཡེ་ཤེས་ཁྱད་པར་ཅན་སྐྱེས་ན་དག་པར་འགྱུར་མོད་ཀྱི། འོན་ཀྱང་ཚེ་འདི་ལ་རྫོགས་པར་འདག་པ་ནི་དཀའ་བས་ཅིས་ཀྱང་འབད་པ་ཆེན་པོས་བསྲུང་དགོས་སོ། །ཞེས་པ་ནི་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་དགོངས་པའོ། །དེ་ཡང་བཤགས་པ་དང་དབང་བླངས་པས་རང་རྒྱུད་ཀྱི་སྡོམ་པ་ཡོན་ཏན་སྐྱེ་བའི་རྐྱེན་དུ་འགྱུར་བ་ལ། བཟླས་པ་སོགས་ནི་ཉེས་པ་དེ་རྣམས་ཀྱི་འབྲས་བུ་འབྱིན་ནུས་རྩ་བ་ནས་དག་པའི་དབང་དུ་བྱས་པ་ཡིན་པས། རྩ་ལྟུང་ལྕི་ཤོས་ལ་ལ་ནི་ཐུན་མོང་གི་དབང་ཐོབ་པ་ཙམ་ཞིག་ལ་བྱུང་བ་ཡིན་ཡང་ཇི་སྲིད་འཚོའི་བར་འབད་པ་ཆེན་པོས་སྦྱངས་ཀྱང༌། ཚེ་འདི་ལ་ཆ་ཤས་ ཙམ་ལས་མི་བྱང་བ་ཡང་ཡོད་དོ། །ཞེས་གསུངས་པ་ལྟར་ལེགས་པར་ཤེས་དགོས་སོ། །

གསུམ་པ་རྩ་བའི་ལྟུང་བ་བཅུ་བཞིའི་ངོས་འཛིན་ལ་བཅུ་བཞི་།

གསུམ་པ་རྩ་བའི་ལྟུང་བ་བཅུ་བཞིའི་ངོས་འཛིན་ལ་བཅུ་བཞི་ལས། དང་པོ་ནི།

དཔལ་དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་དབང་གི་ལེའུ་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་ལས་བུ་རྣམས་ཀྱི་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པར་འགྱུར། །ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། དཔལ་ལྡན་བླ་མའི་ཐུགས་དཀྲུགས་པ་སོགས་ནི་རྩ་ལྟུང་རྣམས་ཀྱི་མཚན་ཉིད་སྟོན་པར་བྱེད་པ་སྟེ། དེ་ཡང་བུ་སྟེ་སློབ་མ་གང་གིས་སློབ་དཔོན་དེ་སེམས་ཅན་ལ་ཕན་པར་མཛད་པའི་དོན་ཉམས་པར་བྱས་པའམ། བྱ་བ་མ་ཡིན་པ་བྱས་པ་གང་གིས་ཀྱང་རུང་སྟེ། བླ་མའི་ཐུགས་དཀྲུགས་པ་སྟེ་མི་མཉེས་པར་བྱས་པ་དེ་ནི་རྩ་བའི་ལྟུང་བ་རི་བོང་འཛིན་པ་སྟེ་དང་པོར་འགྱུར་རོ། །ཞེས་གསུངས་སོ། །བླང་དོར་རབ་གསལ་རང་འགྲེལ་ལས། རྟེན་གྱི་གང་ཟག་ནི་དབང་བསྐུར་བ་ཐོབ་ཅིང་དམ་ཚིག་དང་ལྡན་པ་ཤེས་པ་རང་བཞིན་དུ་གནས་པ་གཅིག་དགོས་པས། ཡུལ་གྱི་བླ་མ་ཡང་བླ་མ་དམ་པ་ཡིན་པར་ཤེས་པ་དང༌།དེ་མི་དགྱེས་པ་དང༌། མི་དགྱེས་པའི་རྒྱུ་ཉོན་མོངས་པས་ཀུན་ནས་བསླང་བའི་ལུས་ངག་གི་ལས་ཡིན་པ། གཞན་གྱི་དོན་མ་ཡིན་པར་རང་དོན་ལྟ་བུར་བླངས་པའི་བསམ་པ་དང༌། སླར་སྦྱང་བའི་བསམ་པ་མེད་པ་སྟེ་ཆོས་དྲུག་གིས་ལྟུང་བར་འགྱུར་རོ། །ཞེས་དྷ་རི་ཀ་པས་གསུངས། མི་དགེ་བ་བཅུ་ལ་ཞུགས་ཞེས་པའང་གང་རུང་གཅིག་སྤྱད་པ་ཡིན་ལ་དེ་ཡང་བླ་མའི་མངོན་སུམ་དུ་སྤྱད་པ་ཡན་ལག་ཏུ་དགོས་ཏེ་གཞན་དུ་ན་དང་པོ་དང་གཉིས་པ་ཁྱད་མེད་དུ་འགྱུར་བའི་ཕྱིར། འདི་རྣམས་ཀྱི་སྟེང་དུ་བཤགས་ཚད་དུས་ལས་འདས་པའང་ཡན་ལག་ཏུ་དགོས་སོ། །ཞེས་གསུངས་པ་ལྟར་རོ། །དུས་འཁོར་གྱི་རྩ་ལྟུང་གི་སྐབས་སུ་བླ་མ་དམ་པ་ཡིན་མིན་གཉིས་གསུངས་པ་གང་ལ་སྡིག་བསགས་ན་རྩ་བའི་ལྟུང་བ་བྱུང་བ་ཡོད་དེ། འབའ་མདའ་བླ་མའི་དུས་འཁོར་དབང་ཆེན་གྱི་ཆོ་ག་རབ་གསལ་ལས། རྩ་བའི་ལྟུང་བ་ནི། བླ་མ་དམ་པ་ནི། སློབ་མ་མི་དགེ་བ་ལ་ཞུགས་པ་ཉིད་ཀྱིས་བླ་མའི་ཐུགས་དཀྲུགས་པར་འགྱུར་བས་དེ་འདྲས་ཐུགས་དཀྲུགས་པ་དང༌།དམ་པ་མ་ཡིན་པའི་བླ་མ་ལ་གནོད་པ་བྱས་པ་སོགས་ཀྱིས་ཐུགས་དཀྲུགས་པ་ལས་རྩ་བའི་ལྟུང་བ་རི་བོང་འཛིན་པ་སྟེ་དང་པོ་འབྱུང་བར་འགྱུར་རོ། །ཞེས་གསུངས་སོ། །རྩ་ལྟུང་བྱེད་མཁན་རང་ཉིད་སྔགས་ལ་ཞུགས་དགོས་པ་ལས་རྩ་ལྟུང་དང་པོའི་ཡུལ་གྱི་བླ་མ་ལ་མདོ་སྔགས་ཐེག་པ་ཆེ་ཆུང་གི་དམ་པའི་ཆོས་ཀྱི་འབྲེལ་བ་ལས་སྔགས་ཆོས་ཀྱི་འབྲེལ་བ་མི་དགོས་པར་གསུངས་ཏེ། ལྷན་ཐབས་འོད་བརྒྱ་འབར་བ་ལས། སྤྱིར་འགངས་ལ་ཁྱད་ཆེར་མེད། ཐེག་པ་ཆེ་ཆུང་གི་སྡེ་སྣོད་གཉིས་སོ་སོར་ཐོས་པའི་བླ་མ་ལའང་དེས་རིགས་འགྲེ་སྟེ། མདོར་ན་སྡིག་གསོག་པ་པོ་སློབ་མ་ངན་པ་སྟེ། སྤྱིར་ནས་གསང་སྔགས་ཀྱི་དབང་བསྐུར་ཞུས་དམ་ཚིག་ཐོབ་པ་ཡིན་ན་ནི། དེས་སྔགས་ཆོས་ཞུས་པ་མ་ཡིན་ལ། མདོ་ལུགས་ཐེག་པ་ཆེ་ཆུང་གང་ཡིན་ཡང་རུང་སྟེ།དེ་ལྟ་བུ་ཞུས་པའི་བླ་མ་དེ་ལ་སྡིག་བསགས་ན། སྤྱིར་ཉེས་པ་ཆེ་བར་མ་ཟད་སྔགས་ཀྱི་དམ་ཚིག་ཀྱང་ཉམས་པ་ཡིན་ཏེ། རྒྱུད་རྣམས་ལས་ཀྱང༌། སློབ་དཔོན་མི་སྨད། བླ་མའི་ཐུགས་མི་དཀྲུག་ཅེས་གསུངས་ཀྱི། རྩ་ལྟུང་དང་པོའི་ཡུལ་དུ་རྡོ་རྗེ་སློབ་དཔོན་ཁོ་ནའི་ངེས་གཟུང་མ་མཛད་པ་མང་པའི་ཕྱིར་རོ། །ཞེས་དང༌། དེས་ན་རྩ་ལྟུང་གི་ཐ་སྙད་ཐོབ་པར་འགྱུར་བ་ལ་ལྟུང་བ་བྱེད་མཁན་རང་ཉིད་སྔགས་ལ་ཞུགས་པ་ཞིག་དགོས་ཀྱི། ལྟུང་བ་གསོག་པའི་ཡུལ་སྔགས་ཆོས་ཀྱི་སྦྲེལ་བ་ཁོ་ན་མི་དགོས་པར་མ་ཟད་སྔགས་པ་ཡིན་ཡང་མི་དགོས་སོ། །གནད་འདི་མ་གོ་བས་དམ་ཚིག་ཉམས་པ་ནི། མཁས་པར་རློམ་པ་དང་ཆེན་པོར་རློམ་པ་ལ་ཡང་ཤིན་ཏུ་མང་སྟེ། ཞེས་གསུངས་པ་དང༌། ལོ་ཆེན་དྷརྨ་ཤྲཱིའི་སྡོམ་གསུམ་དཔག་བསམ་སྙེ་མ་ལས། སྤྱིར་སློབ་དཔོན་དྲུག་བཤད་པ་སོགས་ཡོད་པས་ལྟུང་བ་བྱེད་པོ་རང་ཉིད་སྔགས་སྡོམ་དང་ལྡན་པ་དགོས་ཀྱི།ཡུལ་བླ་མའི་ངོས་ནས་སྔགས་ཆོས་ཁོ་ནས་སྦྲེལ་བ་ཞིག་མི་དགོས་ཀྱང༌། ཞེས་གསུངས་པས་སོ། །རྩ་ལྟུང་དང་པོའི་ཡུལ་དུ་སློབ་དཔོན་དྲུག་པོ་ཡིན་པ་དང་གཙོ་བོར་དབང་རྒྱུད་མན་ངག་གནང་བ་ཅི་རིགས་དགོས་པ་ཡིན་པར་གསུངས་ཏེ། རྗེ་བཙུན་ཏཱ་ར་ནཱ་ཐའི་བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། དེ་ཡང་ཇི་སྐད་དུ། དམ་ཚིག་བཟླས་པ་སྦྱིན་པ་དང༌། །འཆད་བྱེད་མན་ངག་སྟོན་པ་དང༌། །དབང་བསྐུར་བ་དང་ལས་བྱེད་པ། །སློབ་དཔོན་དྲུག་ཏུ་རབ་ཏུ་བརྗོད། །ཅེས་པའི་དམ་ཚིག་སྦྱིན་པ་ནི། སྔགས་ཀྱི་བསླབ་བྱ་སྟོན་པའོ། །བཟླས་པ་སྦྱིན་པ་ནི། བཟླས་ལུང་ཕོག་པའོ། །འཆད་བྱེད་ནི་རྒྱུད་བཤད་པའོ། །མན་ངག་སྟོན་པ་ནི་ཉམས་ལེན་གྱི་མན་ངག་ཆ་ཚང་བ་བཤད་པའོ། །དབང་བསྐུར་བ་ནི་གོ་བར་ཟད་དོ། །ལས་བྱེད་པ་ནི། གལ་ཏེ་སློབ་དཔོན་རྒན་པོ་དང་ནད་ལ་སོགས་པའི་སྐྱོན་གྱིས་ཆོ་གའི་ངོ་བོ་ཙམ་ལས་བྱེད་མ་ནུས་ན། བརྡ་སྤྲོད་དང་དབང་རྫས་སྦྱིན་པ་སོགས་སློབ་དཔོན་དུ་འོས་པ་གཞན་ཞིག་གིས་བྱས་ན། དེ་ནི་ལས་བྱེད་པའི་སློབ་དཔོན་ཞེས་བྱ་བའོ། །དེ་རྣམས་ལས་གཙོ་བོར་བཟུང་བྱ་ནི་དབང་བསྐུར་རྒྱུད་བཤད་མན་ངག་ཐོབ་པ་གསུམ་སྟེ། རྩ་ལྟུང་དང་པོ་ཡོངས་སུ་རྫོགས་པའི་ཡུལ་ཡང་འདི་གསུམ་ཡིན་པར་མངོན་པས་གཞན་རྣམས་ལ་ནི་རྩ་ལྟུང་གི་ན་སྨད་ཙམ་འབྱུང་ངོ། །གསུམ་པོ་དེ་དག་གང་ཞིག་གཙོ་བོ་ཡིན་ཞེ་ན་བླ་མ་གོང་མ་འགའ་ཞིག་ནི། སྤྱིར་གསུམ་ལྡན་གཙོ་བོ། གཉིས་ལྡན་འབྲིང༌། རེ་རེ་རྐྱང་པ་ནི་ཆུང་ངུ་སྟེ། དེའི་ནང་ནས་དབང་བསྐུར་བ་གཙོ་ཆེ་གསུང༌། འོན་ཀྱང་འདི་ལ་ནི་ངེས་པ་མེད་ཏེ། གང་ལ་བརྟེན་ནས་དེ་ཁོ་ན་ཉིད་མངོན་དུ་མཚོན་པ་དེ་ཉིད་གཙོ་བོ་ཡིན་ལ། ཐུན་མོང་གི་དབང་ཙམ་ཞིག་ཐོབ་པ་དང༌། མཆོག་གི་མན་ངག་ཕྱིན་ཅི་མ་ལོག་པར་སྟོན་པ་གཉིས་ཀྱང་ཕྱི་མ་གཙོ་བོ་ཡིན་ནོ། །ཞེས་གསུངས་པ་དང༌། མངའ་རིས་སྡོམ་གསུམ་རྣམ་ངེས་ལས། སློབ་དཔོན་རྣམ་གསུམ་སྙིང་ནས་ སྨོད་པ་དང༌། །བརྙས་དང་ཐུགས་དཀྲུགས་ལྟུང་བའི་སྒོ་ཀུན་ལས། །ཤིན་ཏུ་ལྕི་ཕྱིར་འདི་ཉིད་དང་པོར་བཤད། །ཅེས་རྩ་ལྟུང་གི་ཡུལ་ལ་སྔགས་ཀྱི་དབང་རྒྱུད་མན་ངག་སྟོན་པ་ཅི་རིགས་དགོས་པ་ལྟ་བུར་གསུངས་མོད་ལྷན་ཐབས་ཕྱི་རྩོམ་ཡིན་པས་གོང་དུ་བཀོད་པའི་ལྷན་ཐབས་འོད་བརྒྱ་འབར་བའི་ལུང་ལྟར་བྱེད་དགོས་སམ་ལྷན་ཐབས་ཀྱི་མགོ་མཇུག་ཅུང་ཟད་མི་འདྲ་བ་ལྟ་བུར་ཡོད་པས་ཕྲ་རགས་ཀྱིས་བཤད་པ་གང་ཡིན་དཔྱད་པར་ཞུའོ། །ལོ་ཆེན་དྷརྨ་ཤྲཱིའི་སྡོམ་གསུམ་དཔག་བསམ་སྙེ་མ་ལས། སྤྱིར་སློབ་དཔོན་དྲུག་བཤད་པ་སོགས་ཡོད་པས་ལྟུང་བ་བྱེད་པོ་རང་ཉིད་སྔགས་སྡོམ་དང་ལྡན་པ་དགོས་ཀྱི། ཡུལ་བླ་མའི་ངོས་ནས་སྔགས་ཆོས་ཁོ་ ནས་སྦྲེལ་བ་ཞིག་མི་དགོས་ཀྱང༌། འདིར་ཁྱད་པར་གྱི་སློབ་དཔོན་ནི་རྣམ་པ་གསུམ་སྟེ། བདེ་བདུས་ཞི་བ་འདུས་པ་རྩ་བའི་རྒྱུད་ལས། རྒྱུད་དགྲོལ་དབང་བསྐུར་དེ་ཉིད་བསྟན། །ཞེས་པས་དབང་བསྐུར། རྒྱུད་བཤད། མན་ངག་བྱིན་པའི་བཀའ་དྲིན་གསུམ་ལྡན་ནམ་གཉིས་ལྡན་ནམ་གཅིག་ལྡན་གང་རུང་ལ། ཞེ་སྡང་ངམ་ཕྲག་དོག་གི་དབང་གིས་སྙིང་ཐག་པ་ནས་སྨ་འབེབས་པར་འདོད་པས་ངག་གིས་འཁུ་ཞིང་འཕྱ་བའི་སྒོ་ནས་སྨོད་པ་དང༌། བཀུར་སྟི་མི་བྱེད་པར་བརྙེས་པ་སོགས་ཀྱིས་ཐུགས་འཁྲུགས་ཏེ། མི་མཉེས་པར་བྱས་པ་དེ་ན་རྩ་ལྟུང་དང་པོ། ཞེས་གསུངས་པའི་ཕྱིར་རོ། །ས་སྐྱ་བ་གྲགས་པ་རྒྱལ་མཚན་གྱིས་སློབ་དཔོན་དྲུག་པོ་རྩ་ལྟུང་གི་ཡུལ་གྱི་སློབ་དཔོན་ཡིན་པར་གསུངས་ཏེ། རྩ་ལྟུང་འགྲེལ་བ་གསལ་བྱེད་འཁྲུལ་སྤོང་ལས། རྣམ་གྲངས་དྲུག་ལ་སློབ་དཔོན་དུ་གསུངས་ཏེ། དང་པོ་ནི། བསླབ་བྱ་སྟོན་པ་དང༌། གཉིས་པ་རྗེས་སུ་བཟླས་པའི་ལུང་འབོགས་པ་དང༌། གསུམ་པ་གཞུང་འཆད་པ་དང༌། བཞི་བ་མན་ངག་སྟོན་པ་དང༌། ལྔ་བ་དབང་བསྐུར་བ། ཞེས་པ་ནས། དེ་དག་ཀྱང་མདོར་བསྡུ་ན་རྒྱུ་ལུས་ངག་གི་བླ་མ་རྡོ་རྗེ་སློབ་དཔོན་དང༌། འབྲས་བུ་སེམས་ཀྱི་བླ་མ་རྡོ་རྗེ་སློབ་དཔོན་ཞེས་ཀྱང་བྱ།དབང་ཐོབ་པ་དང༌། རྒྱུད་ཐོས་པ་དང༌། མན་ངག་ཐོབ་པ་སྟེ། གསུམ་ལྡན་ནམ། གཉིས་ལྡན་ནམ། གཅིག་ལྡན་སྟེ། ཞེས་གསུངས་པས་སོ། །གུང་ཐང་བློ་གྲོས་ཀྱིས་སྔགས་ཆོས་ཀྱི་དབང་དང་དེ་དག་གི་རྒྱུད་དང་མན་ངག་སྟོན་པའི་ཚིགས་བཅད་གཅིག་ཙམ་སྟོན་པ་རྣམས་རྩ་ལྟུང་དང་པོའི་ཡུལ་ཡིན་པར་གསུངས་ཏེ། སྡོམ་གསུམ་དྭངས་གསལ་མེ་ལོང་ལས། རྒྱུད་སྡེ་བཞི་གང་རུང་གི་དབང་བསྐུར་བ་དང༌། དེ་དག་གི་རྒྱུད་དང་མན་ངག་སྟོན་པའི་ཚིགས་བཅད་གཅིག་སྟོན་པ་ཡན་ཆད་ལ། སྒོ་གསུམ་གུས་པའི་བསྙེན་བཀུར་བ་སོགས་ཀྱི་ཅི་ཞིག་བྱ་སྙམ་དུ་ཞེ་ཐག་པ་ནས་བོར་བ། ཞེས་གསུངས་པས་སོ། །བླ་མ་ལ་བརྙས་པ་དང་རྩ་ལྟུང་བྱུང་བའི་དུས་ངོས་འཛིན་ནི། རྗེ་བཙུན་ཏཱ་ར་ནཱ་ཐའི་བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། དེ་ལ་བརྙས་པ་ནི། ལུས་ངག་ཡིད་གསུམ་གྱིས་བརྙས་པ་སྟེ། ཡིད་ཀྱིས་བླ་མ་དེའི་སྐྱོན་རྟོག་ཅིང༌། རྒྱུ་མཚན་འདི་དང་འདིས་འདི་ནི་དམ་པ་མ་ཡིན་ནོ་སྙམ་པ་ལ་སོགས་པ་ནི་ཡིད་ཀྱིས་བརྙས་པ་སྟེ། ལུང་ངག་གི་རྣམ་འགྱུར་དུ་མ་ཐོན་ན། ནམ་ལངས་ནས་ཉི་ཕྱེད་བར་ཙམ་གྱི་ཐུན་གཉིས་ལས་མ་འདས་ཁོངས་སུ་མཐར་ཐུག་མི་རྫོགས་ཤིང༌། དེ་ཡི་བར་དུ་རྒྱུན་མ་ལོག་ན་འདས་མ་ཐག་ཏུ་མཐར་ཐུག་གྲུབ་པས་རྩ་ལྟུང་ཡོངས་སུ་རྫོགས་པ་ཡིན་ནོ། །ལུས་ངག་ཏུ་མ་ཐོན་པའི་ཡིད་ཀྱི་ཉེས་སྤྱོད་ལ་རྩ་ལྟུང་ཏུ་འཇོག་པ་ཀུན་ལ་སྤྱིར་བཏང་དུ་དུས་མཚམས་འདི་སྦྱོར་བ་ཉེ་བ་འཁོར་གྱིས་ཞུས་པའི་མདོར། འདི་ལ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པའི་བྱང་ཆུབ་སེམས་དཔའ་ལ་སྔ་དྲོའི་དུས་སུ་ལྟུང་བ་བྱུང་ན། ཉིན་མོ་གུང་ལ་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་ན་དེའི་ཚུལ་ཁྲིམས་ཀྱི་ཕུང་པོ་མཐའ་མེད་དོ་ཞེས་སོགས་ཀྱི་དགོངས་དོན་དུ་གོང་མ་རྣམས་བཞེད་པ་ལྟར་ཏེ། རྡོ་རྗེ་རྩེ་མོ་ལས། སྔ་དྲོ་སྡོམ་པ་བླང་བྱ་སྟེ། །དེ་ཉིད་ཉིན་ཕྱེད་དང་མཚམས་སུ། །ཉིན་དང་མཚན་མོ་ལན་གསུམ་དུ། །སངས་རྒྱས་རྡོ་རྗེ་ནོར་བུ་དང༌། །པདྨ་བྱེད་པའི་རྣལ་འབྱོར་གང༌། །རྣམ་པ་བཞི་པོ་དེ་ལ་སྦྱོར། །ཞེས་རིགས་ལྔའི་དམ་ཚིག་རྣམས་ཉིན་མཚན་དུས་དྲུག་ཏུ་དྲན་དགོས་པའི་རྒྱུ་མཚན་གྱི་གཙོ་བོ་ཡང་དེ་ཉིད་དོ། །རྒྱུན་མ་ལོག་པ་ནི་གཉེན་པོ་མ་སྐྱེས་པའོ། །ངག་གིས་སྐུར་བ་འདེབས་པ་དང༌། མི་སྙན་པར་བརྗོད་པ་ནི་མི་གཞན་ཤེས་པ་རང་བཞིན་དུ་གནས་པ། སྨྲ་ཤེས་ཤིང་དོན་གོ་བ་ཞིག་གིས་ཐོས་པ་ཙམ་གྱིས་རྩ་ལྟུང་རྫོགས་ཤིང༌། ཞེས་གསུངས་པ་ལྟར་རོ། །གལ་ཏེ་བླ་མའི་བཀའ་དེ་ཚུལ་བཞིན་དུ་སྒྲུབ་མ་ནུས་པ་དང༌། བླ་མའི་ཡོན་ཏན་གང་ཡང་མ་ཚང་ན་བློས་དེའི་རྗེས་སུ་མི་འབྲང་བར་ཚིག་སྙན་པ་དང༌། ནོར་སོགས་ཀྱིས་ཐུགས་མཉེས་པར་བྱེད་པ་དང༌། ཐུགས་མི་མཉེས་པ་མི་འབྱུང་བའི་ཐབས་ལ་འབད་དགོས་ཏེ། ཀུན་མཁྱེན་དོལ་པོ་པའི་དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ལས། ཅི་སྟེ་སྔར་བླ་མར་བྱས་ན་ཡང་ཚིག་སྙན་པ་དང༌། ནོར་ལ་སོགས་པས་མགུ་བར་བྱས་ནས་བློས་སྤང་བར་བྱའི་རྗེས་སུ་འཇུག་པར་ནི་མི་བྱའོ། །ཞེས་དང༌། རྗེ་བཙུན་ཏཱ་ར་ནཱ་ཐའི་བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། ཡོན་བདག་གི་ཉེས་པ་མེད་པར་བླ་མ་མི་མཉེས་ན་ཅི་ལྟ་བུ་ཞེ་ན། དེ་ཙམ་ལ་རྩ་ལྟུང་ནི་མེད་ལ། འོན་ཀྱང་བླ་མ་མ་དགྱེས་པས་དངོས་གྲུབ་རིང་དུ་འགྱངས་པ་སོགས་བཤད་པས་མི་ཆུང་བའི་ཉེས་པ་ནི་ཡོད་དོ། །དེས་ན་བཀའ་སྒྲུབ་མི་ཐུབ་པ་ན་ནི་མི་མཉེས་པ་མི་འབྱུང་བའི་ཐབས་མང་པོ་ལ་ངེས་པར་འབད་དགོས་སོ། །འདི་རྩ་ལྟུང་གསུམ་པ་ལ་ཡང་རིགས་མཐུན་འགྲེ་བ་ཡིན་ནོ། །ཞེས་དང༌། བླ་མ་ལྔ་བཅུ་པ་ལས། རིགས་པ་ཡིས་ནི་མི་ནུས་པ། །མི་ནུས་དེ་ལ་ཚིག་གིས་སྦྱང༌། །ཞེས་དང༌། བློ་གྲོས་རྒྱལ་མཚན་གྱི་བླ་མ་ལྔ་བཅུ་པའི་འགྲེལ་བ་ལས། གལ་ཏེ་བླ་མས་ཡང་ཆོས་དང་མི་མཐུན་པ་ཞིག་གསུང་སྲིད་ན། དེ་དག་རིགས་ཤིང་ཚུལ་དང་མཐུན་པ་ཡིས་ནི་སྒྲུབ་པར་མི་ནུས་པ་དང༌། རང་ངོས་ནས་མི་བཅོགས་ན་མི་ནུས་བཞིན་དུ་མཐའ་མ་གསལ་ན་ཉེས་པ་སྐྱེད་པས་དེ་ལ་རང་གི་ཚིག་སྦྱངས་ཀྱི་མི་མཉེས་པར་མི་འགྱུར་བ་བྱས་ཏེ་བཀའ་ཁྲོལ་བར་བྱེད་དགོས་ཏེ། ཞེས་གསུངས་པས་སོ། །འོན་ཀྱང་དང་པོ་ཆོས་འབྲེལ་མ་ཐོབ་གོང་དུ་བརྟག་དགོས་ཀྱི་ཆོས་འབྲེལ་ཐོབ་པ་ནས་བསམ་སྦྱོར་གཉིས་ཀྱི་ཚུལ་བཞིན་དུ་བསྟེན་དགོས་པར་ལྷན་ཐབས་འོད་བརྒྱ་འབར་བ་ལས་བཤད་དོ། །བླ་མ་བརྟགས་ནས་བླ་མའི་མཚན་ཉིད་ཆ་ཚང་བ་ཞིག་མ་རྙེད་ན་གསུང་རབ་ལས་བླ་མའི་སྐྱོན་དང་ཡོན་ཏན་བཤད་པ་གཉིས་ལས་ཡོན་ཏན་ལྷག་པ་ཞིག་བསྟེན་དགོས་ཏེ། དབང་གི་ཆོ་ག་ཡེ་ཤེས་རྒྱ་མཚོ་ལས། འོ་ན་གལ་ཏེ་དུས་ཀྱི་དབང་གིས་སྐྱོན་དང་ཡོན་ཏན་འདྲེས་པར་གྱུར་ན་དེའི་ཚེ་ཇི་ལྟར་བྱ་ཞེ་ན། གང་ལ་ཡོན་ཏན་ལྷག་པར་གྱུར་པ་དེ་བཟུང་བར་བྱ་སྟེ། དོན་དམ་པའི་བསྙེན་པ་ལས། རྩོད་ལྡན་དབང་གིས་བླ་མ་སྐྱོན་དང་ཡོན་ཏན་འདྲེས། །རྣམ་པ་ཀུན་ཏུ་སྡིག་པ་མེད་པ་ཡོད་མ་ཡིན། །གང་ཞིག་ཡོན་ཏན་ལྷག་པ་ཡང་ནི་ལེགས་སྤྱད་ནས། །བུ་རྣམས་ཀྱིས་ནི་དེ་ལ་བསྟེན་པར་འགྱུར་བའོ། །རྡོ་དང་ཤིང་གི་རང་བཞིན་སངས་རྒྱས་རྣམས་ཀྱིས་ནི། །སྐྱེ་བ་འབུམ་ཕྲག་གིས་ཀྱང་སངས་རྒྱས་མི་སྟེར་རོ། །སྐྱེ་བ་འདི་ཉིད་དུ་ཡང་གང་ཞིག་རྟག་པ་ནི། །བླ་མ་བསྟེན་པ་ཡིས་ནི་བདེ་བ་སྟེར་བར་མཛད། །སྤུན་དང་ཆུང་མ་སྙིང་སྡུག་གྲོགས་པོ་མགོན་པོ་དང༌། །བླ་མ་དག་དང་མཚུངས་པའི་ཕ་མ་ཡོད་མ་ཡིན། །སྐྱེ་བ་འདི་ཉིད་དུ་ཡང་སྡུག་བསྔལ་འཇོམས་པ་ཡི། །གང་ཞིག་རྡོ་རྗེ་འཛིན་པའི་དཔལ་བཟང་སྟེར་བའོ། །ཞེས་གསུངས་པས་སོ། །སློབ་མས་བླ་མ་མཁས་པ་དག་གཙོ་བོར་བསྟེན་པ་གལ་ཆེ་སྟེ། ཀློང་ཆེན་པའི་ཡིད་བཞིན་མཛོད་འགྲེལ་པད་མ་དཀར་པོ་ལས། དེ་དག་གི་ནང་ནས་ལམ་ལ་གཙོ་བོར་མཁས་པ་དག་གཙོ་བོར་བསྟེན་ཏེ།ཡོན་ཏན་རིན་པོ་ཆེ་ཡོངས་སུ་སྡུད་པའི་མདོ་ལས། བླ་མ་མཁས་པ་རྣམས་ལ་རྟག་ཏུ་བསྟེན་པར་བྱ། །ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང༌། །ཞེས་གསུངས་པའི་ཕྱིར་རོ། །བརྒྱུད་པའི་བླ་མ་རྣམས་རྩ་ལྟུང་གི་ཡུལ་དུ་མི་འཇོག་ཀྱང་དེ་ལ་བརྙས་ན་རྩ་ལྟུང་དང་པོའི་ཕྱོགས་མཐུན་གྱི་ཉེས་པ་འབྱུང་སྟེ། རྗེ་བཙུན་ཏཱ་ར་ནཱ་ཐའི་བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། ཕྱོགས་མཐུན་ནི་བརྒྱུད་པའི་བླ་མ་ལ་སྐུར་བ་འདེབས་པ་དང་བརྙས་པ་བྱེད་ན་ཡང་ན་སྨད་ཅིག་འབྱུང་སྟེ། སྤྱོད་པ་སྤྱོད་པས་ཀྱང་བླ་མའི་ཕ་མས་ཕྱག་འཚལ་ལོ། །ཞེས་རྡོ་རྗེ་གུར་དུ་གསུངས་པས། བརྒྱུད་པའི་བླ་མའང་རྩ་བའི་བླ་མ་དང་ཡུལ་གཉན་པར་ཕྱོགས་མཚུངས་པས་སོ། །འདི་ནི་ཕྱི་རབས་ཀྱི་མཁས་འདོད་ཅན་ཤེས་རབ་དང་མཐོང་རྒྱ་ཆེ་རུ་རེ་བ་རྣམས་ལ་ཆར་བཞིན་འབབ་ཀྱི་སྣང་ངོ། །ཞེས་གསུངས་པ་ཡིན་ནོ། །འོ་ན་རང་གི་བླ་མ་ཡིན་པའི་ཚད་ཅི་ཡིན་ཞེ་ན། དམ་ཆོས་ཚིགས་སུ་བཅད་པ་གཅིག་གམ་ཤོ་ལོ་ཀ་གཅིག་ཞུས་ཟིན་པ་ནས་རང་གི་བླ་མར་གྱུར་ཟིན་པ་ཡིན་ཏེ། ཚིགས་བཅད་གཅིག་ཙམ་འཛིན་པ་ལའང༌། །གལ་ཏེ་བླ་མར་མི་འཛིན་ན། །ཁྱིའི་སྐྱེ་བ་བརྒྱར་སྐྱེས་ཏེ། །དམེ་ཤ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་ཆོས་ཚིགས་བཅད་གཅིག་ཞུས་ཟིན་པའི་བླ་མ་ཀུན་བཀའ་དྲིན་ཆེ་བ་ཡིན་མོད་ལྟོས་ས་ལྟོས་འཇོག་གིས་བླ་མ་རྣམས་ཀྱི་ནང་ན་བཀའ་དྲིན་ཆེ་ཆུང་ཡོད་དེ། རང་ལ་ཕན་ཆེན་པོ་ཐོགས་པ་ཡིན་མིན་དང༌། རང་ལ་ཆོས་མང་པོར་འཆད་པ་ཡིན་མིན་གྱིས་ཁྱད་ཡོད་པར་གསུངས་སོ། །༢ དུས་འཁོར་བསྡུས་རྒྱུད་ལས། དེ་ཡི་བཀའ་ལ་འགོངས་པས་གཞན་དུ་འགྱུར་ཏེ་ངེས་པར། ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། སློབ་དཔོན་དེའི་བཀའ་ཆོས་དང་ལྡན་པ་བཅག་སྟེ་གསུངས་ལས་འགོངས་པ་ནི། གཞན་རྩ་ལྟུང་གཉིས་པར་འགྱུར་རོ། །འདི་ནི་རྒྱུད་གཞན་ལས་གསུངས་པའི་བདེ་གཤེགས་བཀའ་འདས་དང་དོན་ གཅིག་སྟེ། བླ་མས་ཀྱང་སངས་རྒྱས་ཀྱི་གསུང་བཞིན་དུ་སྟོན་པའི་དོན་ནོ། །དེ་ཡང་བླ་མའི་ལྐོག་ཏུ་བཀའ་ལས་འདས་ཏེ་མི་དགེ་བ་བཅུ་བྱེད་པར་གསུངས་ཤིང༌། ཞེས་བླ་མའི་ལྐོག་ཏུ་བཀའ་ལས་འདས་ནས་མི་དགེ་བ་བཅུ་བྱེད་པ་ལ་གསུངས་ལ། བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས།

གཉིས་པ་བདེ་གཤེགས་བཀའ་འདས།

གཉིས་པ་བདེ་གཤེགས་བཀའ་འདས་ནི།

བླ་མ་གོང་མ་རྣམས་ཀྱང་ཁྱད་གསོད་ཀྱི་སེམས་དགོས་པར་བཞེད་ལ། ནས། ཀུན་སློང་སངས་རྒྱས་ཀྱི་བཅས་པ་ལ་བརྙས་སེམས་ཀྱིས། ཀུན་ནས་བསླངས་ཏེ། སྡོམ་པ་འོག་མ་གཉིས་ཀྱི་ཕམ་པ་ལས་འདས་པ་དང༌། བརྙས་སེམས་འདི་ཡོད་ན་སྔགས་ཀྱི་དམ་ཚིག་གཞན་རྣམས་ལས་འདས་ཀྱང་ལྟུང་བ་འདིར་འགྱུར་ཏེ། ལྟུང་བ་འདི་དང་ལྟུང་བ་གཞན་རྣམས་ཀྱི་གཞི་མཐུན་པ་ནི་ཡོད་དོ། །སྡོམ་པ་གསུམ་གྱི་བཅས་པ་ཕྲ་མོ་རྣམས་ལ་ནི། ཁྱད་དུ་གསོད་པའི་སེམས་ཀྱིས་འདས་ཀྱང་རྩ་ལྟུང་འདིའི་ཕྱོགས་མཐུན་གྱི་ཉེས་བཅས་སུ་འགྱུར་གྱི། རྩ་ལྟུང་དངོས་སུ་མི་འགྱུར་བར་མངོན་ཏེ། རྩ་ལྟུང་འདི་དང་ངོ་བོ་གཅིག་པ། དུས་ཀྱི་འཁོར་ལོར་རྩ་ལྟུང་གཉིས་པ་བླ་མའི་བཀའ་ལས་འདས་པ་ཡང༌། མི་དགེ་བཅུས་མཚོན་པའི་རང་བཞིན་གྱི་ཁ་ན་མ་ཐོ་བ་ལ་གསུངས་ཀྱི། ཞེས་སོགས་ཀྱིས་རྒྱལ་བའི་བཀའ་ཁྱད་དུ་བསད་པའི་སྒོ་ནས་རང་བཞིན་གྱི་ཁ་ན་མ་ཐོ་བ་བྱས་པའི་ཉེས་པ་རྩ་ལྟུང་གཉིས་པར་གསུངས་སོ། །ལྷན་ཐབས་འོད་བརྒྱ་འབར་བ་ལས། གཉིས་པ་བླ་མའི་བཀའ་ལས་འགོངས་པ་ནི། སྡིག་པ་ལ་སྦྱོར་བའི་ཚིག་མ་ཡིན་པའི་བླ་མའི་བཀའ་གཅོག་པ་སྟེ། དེ་ཡང་ལུང་མ་བསྟན་བཅག་ན་རྩ་ལྟུང་ཡང་བའི་རིགས་དང༌། དགེ་བའི་གསུང་བཅག་ན་ཤིན་ཏུ་ལྕི་བའོ། །མི་དགེ་བ་ཅན་གྱི་གསུང་བཅག་ན་རྩ་ལྟུང་ནི་མེད།ཤད་ཀྱིས་སྦྱང་བའི་མི་དགྱེས་པ་མེད་པར་མ་བྱས་ན། བཀའ་འདས་ཀྱི་ཉེས་པ་ཙམ་ཡོད་དོ། །ཞེས་གསུངས་པ་འདི་ཡང་ཤེས་དགོས་སོ། །༣ དུས་འཁོར་བསྡུས་རྒྱུད་ལས། དེ་བཞིན་སྤུན་ལ་ཁྲོས་པས་གསུམ་པའོ། །ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། བླ་མ་གཅིག་པའི་རྡོ་རྗེའི་སྤུན་ལ་ཁྲོས་པའི་སེམས་བསྐྱེད་ན། ཡིད་ཀྱིས་ཁྲོས་པ་ཁོ་ན་ལ་ཉིན་ཞག་གཅིག་གི་བཞི་ཆ་དང༌།ལུས་ངག་གི་རྣམ་འགྱུར་དུ་ཐོན་པ་ལ་ནི། དེ་དང་དེའི་བྱ་བ་བྱས་ཟིན་པ་ན་ངེས་པར་རྩ་ལྟུང་དུ་འགྱུར་ཏེ་ལྟུང་བ་གསུམ་པའོ། །ཞེས་གསུངས་སོ། །འདིའི་ཡན་ལག་ལ་བླ་མ་གཅིག་པའི་སྔགས་སྒོར་ཞུགས་པ་དང་སྔགས་སྡོམ་དང་ལྡན་པ་དགོས་ཀྱང་དུས་མཉམ་དུ་སྔགས་ཆོས་ཞུས་པ་མི་དགོས་ཏེ། ཕྱོགས་རྒྱལ་བའི་དུས་འཁོར་རྒྱུད་མཆན་ལས། སྤུན་ལ་ཁྲོས་པས་གསུམ་པར་འགྱུར་ཏེ་བླ་མ་དམ་པ་གཅིག་གིས་བསྡུས་པ་གང་གི་ཚེ་རྡོ་རྗེའི་སྤུན་རྒན་པོའམ་གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོ་བར་བྱེད་ནའོ། །ཞེས་དང༌། གཞི་ལམ་འབྲས་བུའི་ངོ་སྤྲོད་ཡང་དག་དོན་གསལ་ལས། རྡོ་རྗེ་སྤུན་བསླབ་པ་དང་ལྡན་པ་ལ་རབ་ཏུ་ཁྲོས་པ་ནི་གསུམ་པ། ཞེས་དང༌། བླང་དོར་རབ་གསལ་མཆན་ལས། འདིའི་དོན་ཡུལ་རྡོ་རྗེ་སྤུན་༡བསླབ་པ་དང་ལྡན་པ་དང༌། ༢དེ་ཡིན་པར་ཤེས་པ་དང༌། ༣དེ་མི་དགྱེས་པ་ཡིན་པ་དང༌། ༤ཉོན་མོངས་པས་ཀུན་ནས་བསླངས་པའི་ལུས་ངག་གི་ལས་ཡིན་པ་དང༌། ༥རང་དོན་ལྷུར་བླང་བའི་བསམ་པ་ཅན་དང༌། ༦སླར་སྦྱང་བའི་བསམ་པ་མེད་པ་དང༌། ༧རང་གི་རྡོ་རྗེ་སྤུན་གྱིས་ཁྱད་པར་བྱས་པ་སྟེ་ཆོས་བདུན་དང་ལྡན་ན་རྩ་ལྟུང་དུ་འགྱུར་ལ། དེ་ཡང་བླ་མ་གཅིག་ལ་བླ་མེད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་ཐོབ་པ་ལས་དེར་འགྱུར་གྱི་བླ་མ་གཞན་ལས་ནི་མི་འགྱུར་རོ། །ཁ་ཅིག་དཀྱིལ་འཁོར་གཅིག་ལས་དུས་གཅིག་ཏུ་དབང་ཐོབ་པ་ཞེས་འདོད་པ་ནི་མི་འཐད་དེ། འགྲེལ་པར། རྡོ་རྗེ་སྤུན་རྒན་པོའམ། གཞོན་ནུ་བསླབ་པ་དང་ལྡན་པ་ལ་རབ་ཏུ་འཁྲོ་བར་བྱེད་ན། ཞེས་གསུངས་པའི་ཕྱིར། མདོར་ན་གོང་གི་ཡན་ལག་བདུན་པའི་སྟེང་དུ་ཡུལ་གྱིས་འཁྲོ་བར་ཤེས་པ་དང༌། བཤགས་ཚད་དུས་ལས་འདས་པ་ཡན་ལག་ཏུ་དགོས་སོ། །ཞེས་གསུངས་པས་སོ། །ཡུལ་ནི་ཉེ་བའི་རྡོ་རྗེའི་སྤུན་ཡིན་དགོས་ཏེ། བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། འདིར་རྩ་ལྟུང་གི་ཡུལ་ནི། བླ་མ་གཅིག་པའི་སྤུན་ཡིན་ལ། དེ་ཡང་ཆོས་ཀྱི་སྤུན་ཡིན་པ་ཙམ་གྱིས་མི་ཆོག་པས་སྔགས་ལ་ཞུགས་པ་གཅིག་དགོས་སོ། །ཉེ་བའི་རྡོ་རྗེ་སྤུན་འདི་མ་ཡིན་པའི་སྔགས་པ་གཞན་ལ་སྨད་ཀྱང༌། རྩ་ལྟུང་དངོས་སུ་ནི་ཅུང་ཟད་མི་ལོངས་ཤིང༌། ཞེས་གསུངས་པས་སོ། །དེས་ན་རྡོ་རྗེ་སྤུན་ནི། ལོ་གསུམ་མཉམ་དུ་སྦྱོར་དྲུག་འདུག་རོགས་ལྟ་བུ་མི་དགོས་པར་མ་ཟད་དུས་མཉམ་དུ་སྔགས་ཆོས་ཐོབ་པ་མི་དགོས་པར་བླ་མ་གཅིག་གི་མདུན་ནས་སྔགས་ཆོས་ཞུས་པའི་སློབ་མ་ཡིན་ན་རྡོ་རྗེའི་སྤུན་གྲོགས་ཡིན་པས་དེ་ལ་ཐུགས་ཁྲོས་ན་རྩ་ལྟུང་གསུམ་པ་འདི་འབྱུང་བར་འགྱུར་བ་ཡིན་པར་གོང་དུ་བཀོད་པའི་གཞུང་དེ་དག་གིས་གྲུབ་པས་དེང་སྐབས་ཤེས་དགོས་པ་གལ་ཆེའོ། །སྔ་འགྱུར་རྙིང་མའི་ལུགས་ལ་མངའ་རིས་པད་མ་དབང་གི་རྒྱལ་པོ་དང་ལོ་ཆེན་སྡོམ་གསུམ་ལྟར་ན་སྔགས་སྒོར་ཞུགས་པ་ཐམས་ཅད་ཉེ་བའི་སྤུན་ཡིན་ཏེ། མངའ་རིས་སྡོམ་གསུམ་རྣམ་ངེས་ལས། སྤྱི་རིང་ཉེ་དང་ནང་འདྲེས་སྤུན་ལ་ཁྲོས། །འཁོན་འཛིན་ཕྲག་དོག་བརྙས་སོགས་གསུམ་པའོ། །ཞེས་དང༌། ལོ་ཆེན་སྡོམ་གསུམ་དཔག་བསམ་སྙེ་མ་ལས། ཡུལ་ནི་སྤྱིའི་མཆེད་སེམས་ཅན་ཐམས་ཅད། རིང་བའི་མཆེད་སངས་རྒྱས་ཀྱི་བསྟན་པ་ལ་ཞུགས་སོ་ཅོག་ཉེ་བའི་མཆེད་སྔགས་ཀྱི་ཐེག་པར་ཞུགས་པ། དེ་ལས་ཀྱང་ཁྱད་པར་ནང་འདྲེས་པའི་མཆེད་བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་པའི་སྤུན་དང༌། དེའི་ཤུགས་ཀྱིས་དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་པའི་སྤུན་ཏེ།དེ་བཞིན་སྔ་མ་སྔ་མ་ལས་ཕྱི་མ་ཕྱི་མ་ཉེ་ཞིང༌། ཁྱད་པར་ནང་འདྲེས་པ་ལའང་མ་གཅིག་པ་ལས་ཕ་གཅིག་པ་དང༌། དེ་གཉིས་གཅིག་པ་ལའང་དབང་ཐོབ་པའི་དུས་སྔ་ཕྱི་ཡོད་ན་སྤུན་རྒན་གཞོན་དང༌། དུས་གཅིག་པ་མཚེ་མ་ལྟ་བུ་རྣམས་ཕྱི་རིམ་གྱིས་ཉེ་ལ། དེ་ཡང་དབང་བཞི་ཀ་རྫོགས་པར་ཐོབ་པའི་སྤུན་རྣམས་ཤིན་ཏུ་ཉེ་བ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དཔལ་ས་སྐྱ་པའི་ལུགས་ལ་རྡོ་རྗེའི་སྤུན་ནི། རང་ལས་གཞན་པའི་རྡོ་རྗེ་ཐེག་པ་ལ་ཞུགས་པའི་སྔགས་སྡོམ་དང་ལྡན་པ་ཐམས་ཅད་ཡིན་ལ། ཉེ་བའི་རྡོ་རྗེའི་སྤུན་ནི་བླ་མ་གཅིག་པ་སོགས་དགོས་ཏེ། ས་སྐྱ་བ་གྲགས་པ་རྒྱལ་མཚན་གྱི་རྩ་ལྟུང་འགྲེལ་བ་གསལ་བྱེད་འཁྲུལ་སྤོང་ལས། རྡོ་རྗེ་སྤུན་ཞེས་བྱ་བ་ནི། རྡོ་རྗེ་ཐེག་པ་ལ་ཞུགས་པའི་གང་ཟག་དབང་ཐོབ་ཅིང་སྡོམ་པ་དང་ལྡན་པའོ། །ཁྲོས་པ་ཞེས་བྱ་བ་ནི། དགྲར་འཛིན་པའི་བསམ་པས་ཁྲོ་ཞིང་གཤེ་བས་ཏེ། དེ་སྐད་དུ་གཤེན་རྗེ་གཤེད་དགྲ་ནག་པོའི་རྒྱུད་ལས། དེ་བཞིན་སྤུན་ལ་ཁྲོས་ནས་ནི། །ཉེས་པར་བསྒྲགས་པར་མི་བྱའོ། །ཞེས་གསུངས་པ་ཡིན་ནོ། །ཞེས་གསུངས་ལ། དེའི་རྗེས་འབྲང་དག་གིས་དེ་ལྟར་བཤད་པའི་ཕྱིར་རོ། །དགེ་ལྡན་པའི་ལུགས་ལ་ཡང་བླ་མ་གཅིག་པ་རྒྱུད་སྡེ་བཞི་དབང་ཐོབ་པའི་སྡོམ་ལྡན་གཅིག་དགོས་པར་གསུངས་པར་སྣང་སྟེ། གུང་ཐང་བློ་གྲོས་ཀྱི་སྡོམ་གསུམ་དྭངས་གསལ་མེ་ལོང་ལས། བླ་མ་གཅིག་ལས་རྒྱུད་སྡེ་བཞི་གང་རུང་གི་དབང་ཐོབ་པའི་རྡོ་རྗེ་སྤུན་སྔགས་ཀྱི་སྡོམ་ལྡན་ལ། དེར་འདུ་ཤེས་ཤིང་ཁྲོ་བའི་སེམས་ཀྱིས་སྐྱོན་བརྗོད་པ་དེས་ཐོས་ནས་དོན་གོ་བའམ། དུས་འཁོར་ལ་སྔ་མ་དང་འདྲ་བའམ། ཞེ་སྡང་གིས་དེ་འདྲའི་སྤུན་གྱིས་ཆོས་ལྡན་གྱི་སྒོ་བ་བཅག་ནས་མི་དགེ་བ་ལ་ཞུགས་ན་རྡོ་རྗེ་སྤུན་ལ་ཁྲོས་ནས་སྐྱོན་བརྗོད་ པའམ། སྤུན་གྱི་ཆོས་ལྡན་གྱི་ངག་བཅག་པའི་རྩ་ལྟུང༌། ཞེས་གསུངས་པའི་ཕྱིས་རོ། །༤ དུས་འཁོར་བསྡུས་རྒྱུད་ལས། བྱམས་པ་བཏང་བས་བཞི་པར་འགྱུར་ཏེ། ཞེས་དང༌། ཏཱ་ར་ནཱ་ཐའི་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། སེམས་ཅན་རྣམས་ལ་བྱམས་པ་སྟེ། དེའི་ཁོངས་སུ་སྙིང་རྗེ་དང༌། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱང་འདུས་པར་འགྱུར་ཏེ། བྱམས་པ་ཡོད་པ་ལ་དེ་དག་ཡོད་ཀྱི། དེ་མེད་ན་དེ་དག་ཀྱང་མེད་པས་སྙིང་རྗེ་དང་བྱང་ཆུབ་སེམས་ཀྱི་རྩ་བ་ནི་བྱམས་པ་ཡིན་པའི་ཕྱིར་རྩ་བ་ཡིན་པའི་ཆ་ནས་བྱམས་པ་སྨོས་པའོ། །དེ་བཏང་བའི་ཚུལ་ཡང་བཞི་སྟེ། བཏང་བ་ཆུང་ངུ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་དང༌། འབྲིང་པོ་བྱེ་མ་ལ་རི་མོ་བྲིས་པ་ལྟ་བུ་དང༌། ཆེན་པོ་ས་བརྣག་ལ་རི་མོ་བྲིས་པ་ལྟ་བུ་སྟེ། གསུམ་པོ་དེ་ཉེས་པ་དང་བཅས་པ་ཡིན་ཡང་རྩ་ལྟུང་དུ་མི་འགྱུར་ལ། ཤིན་ཏུ་ཆེན་པོ་རྡོ་ལ་བརྐོས་པའི་རི་མོ་ལྟ་བུ་སེམས་ཅན་རྩ་བ་ནས་བློས་བཏང་བ་ནི། རྩ་བའི་ལྟུང་བ་བཞི་པར་འགྱུར་ཏེ། ཞེས་གསུངས་སོ། །༥ དུས་འཁོར་བསྡུས་རྒྱུད་ལས། བྱང་ཆུབ་སེམས་ནི་རབ་ཏུ་ཉམས་པ་ལས་ཀྱང་མདའ་རུ་འགྱུར། །ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། དེ་ལས་གཞན་ཡང་མི་འགྱུར་བདེ་བའི་རྒྱུ་ཀུནྡ་བྱང་ཆུབ་ཀྱི་སེམས་རགས་པའི་ཐིག་ལེ་རྟག་ཏུ་བསྲུང་དགོས་ཤིང༌། ཞུ་བདེ་འགྱུར་མེད་དེ་ལ་བརྟེན་ནས་མི་འགྱུར་བའི་བདེ་བ་རིམ་གྱིས་འགྲུབ་པར་འགྱུར་བ་ཡིན་པ་ལས་མི་འགྱུར་བའི་བདེ་བའི་རྒྱུ་ཐིག་ལེ་སྲུང་བ་ལ་མ་དད་པའམ་བརྙས་པའམ་རྩིས་སུ་བྱེད་པའི་གུས་པ་མེད་པས་ཀུནྡ་བྱང་ཆུབ་ཀྱི་སེམས་ཆེད་གཏད་ཀྱིས་རྩོལ་པས་རབ་ཏུ་ཉམས་པར་བྱེད་ན། ཉམས་པ་དེ་ལས་ཀྱང་རྩ་བའི་ལྟུང་བ་མངའ་སྟེ་ལྔ་པར་འགྱུར་རོ། །རྩ་ལྟུང་དངོས་ནི་དེ་ལྟར་ཡིན་ལ། སྤྱིར་གསང་དབང་ལ་སོགས་པ་དམིགས་གསལ་གསུངས་པའི་སྐབས་མ་གཏོགས། མ་དད་མ་གུས་བརྙས་པ་སོགས་མེད་ཀྱང་ཀུནྡ་ཆེད་དུ་ཉམས་པར་བྱས་པ་ཐམས་ཅད་འདིའི་ཕྱོགས་མཐུན་གྱི་ཉེས་བྱས་ཡིན་ནོ། །འདིའི་འགྲེལ་པར་དེ་ཁོ་ན་ཉིད་མེད་པ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ་ཞེས་འབྱུང་བས། འདི་རྩ་ལྟུང་དུ་འགྱུར་བའི་ཀུན་སློང་མི་འགྱུར་བའི་བདེ་བའི་ལམ་ལ་མ་གུས་པ་ཡིན་པ་གསལ་བར་བསྟན་ཏེ། ཕལ་ཆེར་ཞུ་བདེ་འགྱུར་མེད་ནི་གཉིས་སྦྱོར་གྱི་བདེ་བ་ཡིན་ཡང་དེ་ཁོ་ན་ཉིད་ཅེས་བྱ་བ་ཡང་དག་པའི་གནས་ལུགས་ལ་འཇུག་པའི་ཐབས་ཡིན་ན། དེ་མེད་པར་གཉིས་སྦྱོར་གྱི་ཐིག་ལེ་འཕོ་བའི་གནས་སྐབས་ཉིད་ཡེ་ཤེས་སུ་ངོ་སྤྲོད་པ་རྣམས་བྱང་ཆུབ་ཀྱི་སེམས་འཕོ་མེད་དུ་འཆིང་བར་བྱེད་པའི་ཐབས་ལ་བརྙས་པར་བྱེད་པའི་ཕྱིར། བརྙས་སེམས་དེ་རྩ་ལྟུང་གི་ཡན་ལག་ཏུ་སྦྱོར་དགོས་ཀྱི། གཉིས་སྦྱོར་ཆོས་སུ་འདུ་ཤེས་པ་ཙམ་ཡན་ལག་ཏུ་སྦྱོར་བ་ནི་མི་རིགས་ཏེ། ལམ་ཡང་དག་པ་ལ་མ་གུས་པ་མེད་ན་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་པ་ཙམ་ནི་ཉེས་པ་ཡང་བའི་ཡན་ལག་ཏུ་འགྱུར་གྱི། ལྕི་བའི་བྱེད་ཆོས་སུ་མི་འགྱུར་བ་སྤྱི་ཁྱབ་ཀྱི་ལུགས་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། དེས་ན་རང་ལུགས་ནི་འཛག་མེད་ཀྱི་ལམ་ལ་མ་གུས་པའི་དབང་གིས་ཐིག་ལེ་ཉམས་པར་བྱེད་ན། དུས་ཀྱི་འཁོར་ལོའི་ལུགས་ལ་རྩ་བའི་ལྟུང་བ་འདིར་འགྱུར་ཞིང། ཞེས་པ་ནས། དེས་ན་དེ་ཁོ་ན་ཉིད་མེད་པར་དབང་པོ་གཉིས་སྐྱེས་ཀྱི་བདེ་བས་སངས་རྒྱས་ཐོབ་འདོད་པ་ཞེས་པའི་ཚིག་གི་ཟུར་གྱིས་ཐིག་ལེ་འཛག་མེད་དུ་འཆིང་བ་ལ། མ་གུས་པ་དོན་གྱིས་འཕངས་པ་ཡིན་ནོ། །ཞེས་རྩ་ལྟུང་ལྔ་བའི་ཡན་ལག་ལ་མ་གུས་པ་དགོས་པར་གསུངས་སོ། །འོ་ན་སྐབས་འདིའི་མ་གུས་པའི་ངོ་བོ་གང་ཡིན་ཞེ་ན། བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། མ་གུས་པ་ནི་ལས་འབྲས་ལ་ཡིད་ཆེས་ཤས་ཆུང་བའི་སྐྱོན་གྱིས་ཉེས་པའམ་ལྟུང་བ་ཁྱད་དུ་སོད་པའི་ལས་འབྲས་སོགས་ཆོས་ལ་མ་གུས་པ་དང༌། ལམ་སྟོན་པ་པོ་ལ་མ་གུས་པས་དེས་གདམས་པ་ལ་མི་ཉན་པའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །ཀུན་མཁྱེན་ཕྱོགས་རྒྱལ་བས་ཐིག་ལེ་ཉམས་པ་ཙམ་གྱི་རྩ་ལྟུང་དུ་མི་འགྱུར་བར་འཛག་བདེ་ཐར་བའི་ལམ་དུ་བསམ་ནས་ཐིག་ལེ་ཉམས་པར་འགྱུར་ན་རྩ་ལྟུང་དུ་འགྱུར་བ་ཡིན་པར་གསུངས་ཏེ། རྒྱུད་མཆན་ལས། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་མེད་པ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་འདོད་པ་རྣམས་ལ་རྩ་བའི་ལྟུང་བ་ལྔ་པར་འགྱུར་རོ་འདིར་འཛག་བདེ་ཐར་བའི་ལམ་དུ་བསམ་ནས་ཐིག་ལེ་ཉམས་པར་འགྱུར་ན་རྩ་ལྟུང་དུ་དགོངས་པར་འགྱུར་བ་ཡིན་གྱི་ཐིག་ལེ་ཉམས་པ་ཡིས་རྩ་ལྟུང་དུ་འགྱུར་བ་མ་ཡིན་ཏེ། གལ་ཏེ་ཁྱིམ་པའི་རྡོ་རྗེ་སློབ་དཔོན་ལས་དང་པོ་ལ་རྩ་ལྟུང་མི་འབྱུང་བ་མི་སྲིད་པའི་སྐྱོན་དུ་འགྱུར་རོ། །འདིར་གསང་དབང་གི་དོན་དང་བདུད་རྩི་རི་ལུ་བསྒྲུབ་པ་དང་རིགས་ཀྱི་སྲས་བསྐྲུན་པ་རྣམས་མ་གཏོགས་གསུང་བ་ཡང་ཅུང་ཟད་མ་དགོངས་པར་མངོན་ནོ། །ཞེས་དང༌། གཞི་ལམ་འབྲས་བུའི་ངོ་སྤྲོད་ཡང་དག་དོན་གསལ་ལས། དབང་པོ་གཉིས་ཀྱི་བདེ་བ་ལམ་དུ་འདོད་པས་བྱང་སེམས་ཐིག་ལེ་ཉམས་པ་ནི་ལྔ་བ། ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་བྱ་བྲལ་བ་བྱང་ཆུབ་སེང་གེའི་རྣམ་དག་ལུང་གི་ཕྲེང་བ་ལས། ཐིག་ལེ་འཛག་པ་ཙམ་རྩ་བའི་ལྟུང་པར་མ་གསུངས་ཀྱི། དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་དང་མི་ལྡན་བཞིན་དུ་དབང་པོ་གཉིས་ཀྱི་བདེ་བས་སངས་རྒྱས་ཉིད་ཐོབ་པར་བསམ་ཏེ་ལས་ཕྱག་བསྟེན་ནས་ཐིག་ལེ་ལྷུང་ན་རྩ་ལྟུང་ལྔ་པར་གསུངས། ཞེས་དང༌། མངའ་རིས་སྡོམ་གསུམ་རྣམ་ངེས་ལས། འདོད་ཆགས་སེམས་ཀྱིས་གནས་སྐབས་མ་ཡིན་པར། །བསམ་བཞིན་ཁུ་བ་འབྱིན་དང་སེམས་ཅན་ལ། །བྱང་ཆུབ་སེམས་བསྐྱེད་བཏང་བ་ལྔ་པ་ཡིན། །ཞེས་དང༌། སྡོམ་གསུམ་དཔག་བསམ་སྙེ་མ་ལས། གནང་བའི་གནས་སྐབས་བདུན་མ་ཡིན་པར་མི་འགྱུར་བའི་བདེ་བ་ལ་མ་དད་ཅིང་ཞུ་བདེ་འགྱུར་མེད་ལ་དགོས་མེད་དུ་བསམ་ ནས་འདོད་ཆགས་སམ་བསླབ་པ་ཁྱད་གསོད་ཀྱིས་བསམ་བཞིན་དུ་ཁུ་བ་འབྱིན་པས་ནོར་བུའི་ཕྱིར་ལྷུང་ན་རྩ་ལྟུང་ལྔ་བའོ། །

དེ་ལ་གནང་བའི་གནས་སྐབས་བདུན།

དེ་ལ་གནང་བའི་གནས་སྐབས་བདུན་ནི།

གསང་བའི་དབང་དང་གསུམ་པ་དང༌། །རོ་མཉམ་པ་དང་ལྷ་མཆོད་དང༌། །རིགས་རྒྱུད་སྤེལ་དང་རིལ་བུ་དང༌། །འཆི་ལྟས་བརྟག་པའི་དུས་ཡིན་ཏེ། །ཞེས་པ་ལྟར་རོ། །ཞེས་གསུངས་སོ། །བསམ་བཞིན་དུ་ཁུ་བ་འབྱིན་སེམས་ཀྱིས་རྨ་སྒོ་གསུམ་ལས་ཡན་ལག་གཞན་ལ་རྩོལ་བས་ཐིག་ལེ་ཕྱིར་ལྷུང་ན་དགེ་སློང་ལ་ལྷག་མ་དང་དགེ་ཚུལ་ལ་བསྡམས་བྱའི་ཉེས་བྱས་ཡིན་ལ། སྐྱེས་པ་ཕོ་མོ་དང་དུད་འགྲོ་སོགས་སུ་ཡིན་ནའང་ཁ་དང་བཤང་ལམ་ཟག་བྱེད་གང་རུང་དུ་རྩོལ་ནས་ཐིག་ལེ་འཛག་ན་དགེ་སློང་ལ་ཕམ་པ་དང་དགེ་ཚུལ་ལ་ཕམ་འདྲ་ཡིན་ལ། མ་གུས་པ་དང་འཛག་བདེ་ཐར་བའི་ལམ་དུ་བསམ་ནས་ཐིག་ལེ་ཉམས་པར་འགྱུར་ན་སྔགས་ལ་ཞུགས་ནས་སྔགས་སྡོམ་དང་ལྡན་ན་སྔགས་ཀྱི་རྩ་ལྟུང་ལྔ་བ་ཡིན་ནོ། །རྩ་ལྟུང་དངོས་གཞི་མ་བྱུང་ན་ཡང་འགྱུར་མེད་བདེ་བ་ཆེན་པོ་སྒྲུབ་པ་ལ་ངེས་པར་ཐིག་ལེ་འཛག་མེད་དུ་འཆང་དགོས་པར་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་རྩ་འགྲེལ་དུ་ཡང་ཡང་གསུངས་སོ། །རྩ་ལྟུང་ལྔ་བ་ཐིག་ལེ་ཉམས་པའི་རྩ་ལྟུང་ལ་སྦྱར་ནས་བཞི་བའི་ནང་དུ་བྱང་ཆུབ་ཀྱི་སེམས་ཉམས་པ་བསྡུས་ནས་བཤད་པ་དུས་འཁོར་ལུགས་ཡིན་ལ། རྒྱུད་སྡེ་གཞན་དུ་བྱང་ཆུབ་ཀྱི་སེམས་ཉམས་པ་ལྔ་བ་ལ་བཤད་དེ། བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། ལྔ་པ་ནི། སྨོན་པ་བྱང་ཆུབ་ཀྱི་སེམས་བཏང་བ་ཡིན་ཏེ། ཞེས་པ་ནས། དུས་ཀྱི་འཁོར་ལོ་ལས་ནི་ཀུནྡ་བྱང་ཆུབ་ཀྱི་སེམས་ཉམས་པ་ལ་རྩ་ལྟུང་ལྔ་པར་བཤད་དེ། ཞེས་དང༌། ལྷན་ཐབས་འོད་བརྒྱ་འབར་བ་ལས། ལྔ་པ་བཞི་པ་གཉིས་ཀ་ལུགས་འདིའི་བཞི་པར་འདུས་སོ། །འདིར་ལྔ་པ་ནི་མི་འགྱུར་བའི་བདེ་བ་ལ་མ་དད་ཅིང་ཞུ་བདེ་འགྱུར་མེད་ལ་དགོས་པ་མེད་པར་བསམས་ནས། ཀུན་ད་བྱང་སེམས་ཆེད་དུ་ཉམས་པར་བྱེད་པའོ། །ཞེས་གསུངས་སོ། །༦ དུས་འཁོར་བསྡུས་རྒྱུད་ལས། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ། ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། རྩ་ལྟུང་དྲུག་པ་ནི། མདོ་སྔགས་ཀྱིས་བསྡུས་པའི་སངས་རྒྱས་པའི་གྲུབ་མཐའ་ལ་ཕྲག་དོག་གི་སེམས་ཀྱིས་སྨོད་པར་བྱེད་པ་ཞེས་སྤྱིར་བཤད་པ་ལྟར་རམ། དེ་རྣམས་ཀྱི་ངེས་པའི་དོན་ལ་སྨོད་པ་སྟེ། གྲུབ་མཐའ་ནོར་པའི་ཆ་རྣམས་འགོག་པ་ནི་འདི་ལ་མི་གཏོགས་སོ། །ཞེས་གསུངས་ལ། དེ་ལྟར་བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། དུས་ཀྱི་འཁོར་ལོའི་འགྲེལ་པ་སོགས་ཚད་ལྡན་མང་པོ་ཞིག་ནས་མདོ་སྔགས་གཉིས་ལ་གསུངས་པས། རང་སྡེ་གསང་སྔགས་དང༌། གཞན་སྡེ་ཕ་རོལ་ཏུ་ཕྱིན་པའི་གྲུབ་མཐའ་ལ་སྡང་སེམས་ཀྱིས་སྨོད་ན་ཚིག་དེ་གཞན་གྱིས་གོ་བའི་ཚེ་འདིའི་རྩ་ལྟུང་དུ་འགྱུར་བ་ཡིན་ནོ། །མུ་སྟེགས་ལ་སོགས་པ་རྣམས་ལའང་སྡང་སེམས་ཀྱིས་སྨད་ན་ཉེས་པ་ནི་ཆེར་འབྱུང་མོད་ཀྱི། རྩ་ལྟུང་དུ་ནི་མི་འགྱུར་རོ། །སངས་རྒྱས་པའི་གྲུབ་མཐའ་ལ་ཡང་ནོར་པ་རྣམས་སྙིང་རྗེའི་སེམས་ཀྱིས་འགོག་པ་ནི་ཉེས་མེད་ཀྱི་སྟེང་དུ་ཕན་ཡོན་ཡང་ཡོད་པ་ཡིན་མོད་ཀྱི། འདིར་ནི་སྡང་སེམས་ཀྱིས་བསྐུར་བ་འདེབས་པའོ། །ཞེས་པས་ཞིབ་པར་བཤད་དོ། །༧ དུས་འཁོར་བསྡུས་རྒྱུད་ལས། རི་བོ་དག་ཀྱང་མ་སྨིན་མི་ལ་གསང་བ་བྱིན་ལས་སོ། ། ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། རི་བོ་ཞེས་པ་བདུན་པ་ནི། ཉན་ཐོས་ལ་སོགས་པ་གསང་སྔགས་ཀྱི་ཆོས་ལ་མ་དད་པ་སྣོད་དུ་མ་གྱུར་པ་ལ་རྫོགས་རིམ་བདེ་བ་ཆེན་པོའི་ལམ་མམ་དབང་དང་བསྐྱེད་རིམ་ཡང་རུང་སྟེ། བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་ཐབས་སམ་ལམ་དང་འབྲས་བུ་དག་བསྟན་ཅིང་ངེས་ཀྱང་གོ་བའོ། །སྤྱི་ལ་གྲགས་པ་ལྟར་ན་དབང་བསྐུར་མ་ཐོབ་པ་ལ་སྔགས་ཀྱི་ཐུན་མོངས་མ་ཡིན་པའི་གསང་བ་གང་བསྟན་ཀྱང་འདིར་འགྱུར་ཞེས་བྱ་ལ། བོད་ཡུལ་འདིར་དུས་ད་ལྟའི་ཆོ་ག་ཙམ་གྱིས་དབང་བསྐུར་བའི་མིང་ཅན་གྱི་གོ་རིམ་ཙམ་ཞིག་མིང་དུ་ཐོབ་ཀྱང་མི་ཕན་པ་དག་ཡོད་དེ། དུས་ཕྱིས་བོད་ཀྱི་གསུམ་ལྡན་དགེ་སློང་རྡོ་རྗེ་འཛིན་པར་རློམ་པ་མང་པོ་ཞིག་ཀྱང་སློབ་དཔོན་དུ་འོས་པ་སྨོས་ཅི་འཚལ།དེ་ཁོ་ན་ཉིད་ཀྱི་སྣོད་ཙམ་ཡང་མིན་པར་སྣང་བའི་ཕྱིར་རོ། །ཞེས་གསུངས་སོ། །༨ དུས་འཁོར་བསྡུས་རྒྱུད་ལས། ཕུང་པོ་ཉོན་མོངས་པ་ལས་ཀླུ་རུ་འགྱུར་ཏེ། ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། ཕུང་པོ་ལུས་ལ་ཉོན་མོངས་པ་སྟེ་སྨད་པའི་སེམས་ཀྱིས་གདུང་བ་རྩོམ་པར་བྱེད་ན། ཀླུ་སྟེ་རྩ་ལྟུང་བརྒྱད་པར་འགྱུར་ཞིང༌། ཞེས་གསུངས་སོ། །སྙུང་གནས་དང་མི་སྡུག་པ་སྒོམ་པ་དེར་མི་གཏོགས་པར་འགྲེལ་བ་ཕན་བདེའི་རྒྱ་མཚོ་ལས་གསུངས་སོ། །༩ དུས་འཁོར་བསྡུས་རྒྱུད་ལས། སླར་ཡང་དགུ་པ་དག་པའི་ཆོས་ལ་མ་དད་གང༌། །ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། སླར་ཡང་རྩ་ལྟུང་དགུ་པ་ནི། གདོད་ནས་རྣམ་པར་དག་པའི་ཆོས་དོན་དམ་སྟོང་ཉིད་ཡོངས་གྲུབ་བདེ་བར་གཤེགས་པའི་སྙིང་པོ་ལ་དྲང་དོན་ཡིན་ནོ་ཞེས་མ་དད་པར་བྱེད་པ་གང་དག་སྟེ། ཞེས་གསུངས་ལ།འདིའི་སྟོང་ཉིད་ནི་མདོ་རྒྱན་ལྟར་སྟོང་ཉིད་གསུམ་ག་ལ་ཀུན་མཁྱེན་གྱིས་བཞེད་ཅེས་བླང་དོར་རབ་གསལ་འགྲེལ་བར་གསུངས་སོ། །༡༠ དུས་འཁོར་བསྡུས་རྒྱུད་ལས། སྒྱུ་ཡི་བྱམས་པ་དང་ནི། ཞེས་དང༌། ཕྱོགས་དང༌། ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། གཡོ་སྒྱུའི་སྒོ་ནས་བྱམས་པ་ལྟར་སྟོན་པ་ཁ་འཇམ་ཞེ་གདུག་བྱེད་པ་ནི། རྩ་ལྟུང་ཕྱོགས་ཏེ་བཅུ་པ་དང། ཞེས་གསུངས་པ་དུས་འཁོར་ལྟར་ཡིན་ལ། རྒྱུད་གཞན་ལྟར་བདེ་མཆོག་བསྟོད་ཆེན་རང་འགྲེལ་ཕན་བདེའི་རྒྱ་མཚོ་ལས། བཅུ་པ་ནི། འདིར་ཡུལ་གདུག་པ་ཅན་ཏེ་མིར་གྱུར་པ་བླ་མ་ལ་སྨོད་པ་དང༌། དཀོན་མཆོག་གསུམ་ལ་འཚེ་བ་དང༌། སྔགས་ཀྱི་ཐེག་པ་སུན་འབྱིན་པ་རྣམས་ཡིན་ཏེ།དེ་ལ་ཕེབས་པར་སྨྲ་ཞིང་འགྲོགས་བཤེས་དང་ལུས་ངག་གིས་ཕན་འདོགས་པའི་བྱམས་པ་བྱས་ན། ལས་ཏེ་ཟིན་པ་ཙམ་གྱིས་རྩ་ལྟུང་དུ་འགྱུར་རོ། །དེ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་ཐུབ་པའམ། སེམས་ཅན་ལ་གནོད་པ་མང་པོའི་སྒོ་ཁེགས་པ་ལ་སོགས་པ་དགོས་པ་ཁྱད་པར་ཅན་ མཐོང་བའི་ཚེ་གནང་བ་ཉེས་མེད་དོ། །འོ་ན་ངན་སོང་སྦྱོང་རྒྱུད་ལས། \ེན་པས་དཀོན་མཆོག་གསུམ་སྨོད་དང༌། །སངས་རྒྱས་བསྟན་ལ་གནོད་བྱེད་དང༌། །བླ་མ་སྨོད་ལ་བརྩོན་པ་རྣམས། །མཁས་པས་བསྒྲིམས་ཏེ་གསད་པར་བྱ། །ཞེས་སོགས་དང༌། དངོས་གཞིའི་སྐབས་སུ་ཀུན་རྫོབ་ཏུ་གསོད་སེམས་ཙམ་ཡོད་ཀྱང་སྦྱོར་རྗེས་གཉིས་ལ་སྙིང་རྗེས་ཟིན་པ་སྟེ། དེད་དཔོན་སྙིང་རྗེ་ཆེན་པོས་ཚོང་པ་གཡོ་ཅན་བསད་པ་ལྟ་བུའོ། །ཞེས་གསུངས་པས་སྟོང་ཉིད་རྟོགས་པའི་བློ་དང་སྙིང་རྗེ་གཡོ་བ་མེད་པར་ཡོད་ན་མངོན་སྤྱོད་བྱ་དགོས་ལ། མེད་ན་དོར་བར་བྱ་བར་གསུངས་སོ། །༡༡ དུས་འཁོར་བསྡུས་རྒྱུད་ལས། མིང་སོགས་བྲལ་བ་བདེ་བ་སྟེར་ལ་རྟོག་པ། ཞེས་དང༌། དྲག་པོའོ། །ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། མིང་སོགས་མཚན་མ་ཐམས་ཅད་དང་བྲལ་བའི་དོན་དམ་བདེ་བ་ཆེན་པོ་སྟེར་བའི་ཐབས་སྟོང་གཟུགས་ཕྱག་རྒྱ་ཆེན་པོའི་ལམ་ལ་ཡང་དག་པའི་ལམ་ཡིན་མིན་ཐེ་ཚོམ་ཟ་ཞིང་རྟོག་པ་ནི། རྩ་ལྟུང་དྲག་པོ་བཅུ་གཅིག་པ་སྟེ། སྟོང་གཟུགས་བདེ་གཤེགས་སྙིང་པོའི་རང་མདངས་ཡིན་པ་ལ་འཁྲུལ་སྣང་ངོ་ཞེས་སྐུར་པ་འདེབས་པ་ནི་རྩ་ལྟུང་འདིར་འགྱུར་རོ། །ཞེས་གསུངས་སོ། །ཕན་བདེའི་རྒྱ་མཚོ་ལས། བཅུ་གཅིག་པ་ནི། མིང་ཚིག་རྟོག་པའི་ཡུལ་ལས་འདས་པས། དེ་དང་བྲལ་བའི་ཆོས་སྟོང་པ་ཉིད་ལ་མཚན་མར་འཛིན་པ་སྟེ། རྟོག་གེ་བས། གཉིས་མེད་མིང་དུ་བཟུང་བ་ལ། །བདག་ལ་རྣལ་འབྱོར་པས་མཐོང་མཛོད། །ཅེས་ཀྱང་གསུངས་ཏེ། ཡང་ན་མིང་སོགས་དང་བྲལ་བ་ནི་བདེ་སྟོང་གི་ཡེ་ཤེས་ལ་སོགས་པ་སྟེ། དེ་རྟོག་གེའི་ཡུལ་ལས་འདས་པས་མིང་སོགས་བྲལ་བ་ཞེས་བྱ་སྟེ། དེ་སྒྲུབ་པའི་ཐབས་བསྐྱེད་རྫོགས་ཀྱི་ཆོས་གང་ལ་འདི་ལམ་རྣམ་དག་མིན་པ་འདྲའོ་སྙམ་པའི་ལོག་པར་རྟོག་པ་ནི་འདིའི་དོན་དེ་ཐུན་མཚམས་གཉིས་འདས་ན་རྩ་ལྟུང་ངོ། །འདི་ལའང་ཁྱད་གཞི་དགུ་པ་དང་འདྲའོ། །ཞེས་གསུངས་པ་ལྟར་ཡིན་ནོ། །༡༢ དུས་འཁོར་བསྡུས་རྒྱུད་ལས། དག་པའི་སེམས་ཅན་དག་ལ་སྐྱོན་བརྗོད་པ་ལས་ཉི་མ། ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། དག་པའི་སེམས་ཅན་ཞེས་པ་ནང་དུ་ཡང་དག་པའི་ཡེ་ཤེས་སྐྱེས་པའི་རྣལ་འབྱོར་པ་ལ་དེ་ལྟར་ཡིན་པ་ཤེས་བཞིན་དུའམ། ཡིན་མིན་ཐེ་ཚོམ་དང་བཅས་བཞིན་དུ་དེ་ལ་སྐྱོན་བརྗོད་ཅིང་སྨོད་པ་ནི། ཉི་མ་སྟེ་རྩ་ལྟུང་བཅུ་གཉིས་པར་འགྱུར་རོ། །ཞེས་གསུངས་སོ། །༡༣ དུས་འཁོར་བསྡུས་རྒྱུད་ལས། དམ་ཚིག་ཐོབ་པ་གཏོང་བ་ལས་ཀྱང་གཞན། །ཞེས་དང༌། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་སྔགས་ཀྱི་སྤྱོད་པའི་དགའ་སྟོན་ལ་ཞུགས་པ་ན་གོ་ཀུ་ལ་སོགས་པ་དང༌། བི་མུ་ལ་སོགས་པ་རྣམས་ལ་མི་གཙང་བ་དང་སྨད་པའི་སེམས་ཀྱིས་བཟའ་བའི་དམ་ཚིག་དེ་དག་རང་གི་ལག་ཏུ་ཐོབ་པ་སྤངས་ཤིང་གཏོང་བར་བྱེད་ན། རྩ་ལྟུང་བཅུ་གཉིས་པ་ལས་གཞན་བཅུ་གསུམ་པར་འགྱུར་རོ། །ཞེས་དང༌། འགྲེལ་བ་ཕན་བདེ་རྒྱ་མཚོ་ལས། ཚོགས་འཁོར་དང་དཔའ་བོའི་བཟའ་བའི་དུས་ལྟ་བུའི་དམ་ཚིག་གིས་དུས་ལ་བབ་པ་དང༌། གཞན་གྱི་ངོ་བསྲུངས་མ་ཡིན་པ་དང༌། གཞན་འདུལ་བའི་དོན་མ་ཡིན་པར་དུས་ལ་བབ་པའི་བཟའ་བཏུང་དང༌། འཁྲིག་པའི་བྱ་བ་དང་དུ་མི་ལེན་ན་རྩ་ལྟུང་ཞེས་བཤད་པས་ཚོགས་འཁོར་གྱི་ནང་དུ་ལོངས་སྤྱོད་ཀྱི་དམ་ཚིག་སྤོང་བ་སྟེ། ཚོགས་འཁོར་གྱི་དུས་སུ་བཟའ་བའི་དམ་ཚིག་དང༌། རིག་མའི་ འདོད་ཡོན་ལ་སྟབ་པ་ན་མི་གཙང་བ་དང་སྨད་པའི་སེམས་ཀྱིས་སྤངས་ན་ངེས་པར་སྤངས་ཟིན་པ་ཙམ་གྱིས་རྩ་ལྟུང་ངོ། །བཟའ་བ་མི་འཕྲོད་པ་དང། རྣལ་འབྱོར་གྱི་ནུས་པ་མེད་པས་སེམས་ཀྱིས་གུས་པར་བྱས་ཏེ་མི་བསྟེན་པ་ལ་ནི་ཉེས་པ་མེད་དོ། །རྩ་ལྟུང་དུ་འགྱུར་བའི་ལོངས་སྤྱོད་ཀྱི་དམ་ཚིག་དངོས་ནི་ཤ་ལྔ་བདུད་རྩི་ལྔ་མྱོས་བྱེད་རིག་མ་སྟེ་བཞིའོ། །བཟའ་བཏུང་གཞན་རྣམས་དང་\་གར་ལ་སོགས་པ་ཡང་ལོངས་སྤྱོད་ཀྱི་དམ་ཚིག་གི་ཡན་ལག་ཡིན་པས་དེ་རྣམས་སྤངས་པ་ལ་ཡང་སྐབས་འདིར་གཏོགས་ཀྱི་ཉེས་པ་རེ་འབྱུང་བར་མངོན་ནོ། །ཞེས་གསུངས་པ་ལྟར་རོ། །༡༤ དུས་འཁོར་བསྡུས་རྒྱུད་ལས། བུད་མེད་ཐམས་ཅད་ལ་སྨོད་ངེས་པར་མ་ནུར་འགྱུར་ ཏེ་རྡོ་རྗེའི་ཐེག་པར་གནས་པ་རྣམས་ལའོ། །ཞེས་དང༌། རྗེ་བཙུན་བཙུན་ཏཱ་ར་ནཱ་ཐའི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་གྱི་ཆོ་གའི་རྣམ་བཤད་བདུད་རྩིའི་རྒྱ་མཚོ་ལས། ཡུལ་བུད་མེད་ཀྱི་འགྲོ་བ་མིར་གྱུར་པའམ། ལྷར་གྱུར་པ་གཅིག་གམ་མང་པོའམ་ཀུན་ལ་ལྐོག་གམ་དངོས་སུ་སྨོད་པ་ཡིན་ཡང་རུང་སྟེ། ཇི་ལྟར་སྨོད་ལུགས་ནི། ཐམས་ཅད་ལ་སྨོད་པར་འགྱུར་བ་དེ་ལྟ་བུས་སྨད་ན། རྩ་ལྟུང་མ་ནུ་སྟེ་བཅུ་བཞི་པར་ངེས་པར་འགྱུར་རོ། །དེ་ལ་ཐམས་ཅད་ལ་སྨོད་པར་འགྱུར་ཚུལ་ནི། གཙོ་བོར་ཐར་ལམ་གྱི་སྣོད་དུ་མི་རུང་ཞེས་སྨྲ་བ་ཡིན་ལ། གཞན་ཡང་དེ་དང་ཕྱོགས་མཚུངས་པར་འགྲོ་བ་མང་པོ་ལ་ཕན་འདོགས་པ་པོ་དང༌། མགོན་སྐྱབས་སུ་གྱུར་པ་མེད་ཅེས་དང༌། ཉོན་མོངས་མང་བ་དང༌། བློ་མི་བརྟན་པ་དང༌། གཡོ་སྒྱུ་ཆེ་བ་དང༌། འདོད་པ་ལ་བསྐམ་པ་དང༌། ཤེས་རབ་འཆལ་བ་དང༌། ཡིད་རྟོན་མེད་པ་དང༌། དབང་པོ་བརྟུལ་བ་དང༌། ཉམ་ཆུང་བ་ཡིན་ནོ་ཞེས་སོགས་བུད་མེད་ཀྱི་རིགས་ནི་སྐྱོན་དེ་དང་དེ་དག་དང་བཅས་པའོ། །ཞེས་རིགས་དེད་པས་དངོས་སུ་གཅིག་ལ་སྨད་ཀྱང༌། དོན་གྱིས་ཐམས་ཅད་ལ་སྨད་པར་འགྱུར་བ་དེ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །དེ་དག་སྲུང་བར་གདམས་པ་སོགས་ནི། ཏཱ་ར་ནཱ་ཐའི་དཔལ་དུས་འཁོར་དཀྱིལ་ཆོག་རྣམ་བཤད་ལས། དེ་ལྟར་ན་རྩ་བའི་ལྟུང་བ་བཅུ་བཞི་པོ་འདི་དག་ནི་རྡོ་རྗེ་ཐེག་པའི་དམ་ཚིག་ཐོབ་པ་རྣམས་ལ་བྱུང་ན། དམ་ཚིག་ཉམས་པར་འགྱུར་བས་རྡོ་རྗེ་ཐེག་པར་གནས་པ་རྣམས་ཀྱིས་འབད་པས་བསྲུང་བར་བྱའོ། །རྩ་ལྟུང་དྲུག་པ་དང་བདུན་པ་བཅུ་གཉིས་པ་དང༌། བཅུ་བཞི་པ་ལ་ངེས་པར་ངག་གི་ལུས་སུ་ཐོན་པ་དགོས་ཤིང༌། བརྒྱད་པ་དང་ལྔ་པ་ལ་ལུས་ཀྱི་ལས་སུ་གྲུབ་པ་དགོས། གཞན་རྣམས་ལ་ཡིད་ཁོ་ནས་ཀྱང་རྩ་ལྟུང་དུ་འགྱུར་བ་ཡོད་དེ། ཡིད་ཀྱི་རྣམས་ཐུན་ཐུན་མཚམས་གཅིག་གི་ནང་དུ་གཉེན་པོས་མ་སླེབ་ན་རྩ་ལྟུང་དུ་འགྱུར་ལ། ངག་དང་འགྲེལ་པ་རྣམས་ཕ་རོལ་པོ་གང་རུང་གཅིག་གིས་གོ་བ་དང༌། ལུས་དང་འབྲེལ་བ་རྣམས་བྱ་བ་དེ་བྱས་ཟིན་པ་ན་རྩ་ལྟུང་དུ་འགྱུར་ལ། ལུས་ངག་ཡིད་གསུམ་གང་རུང་གཅིག་ལ་བལྟོས་པའི་གཅིག་བྱུང་ཟིན་པ་ན། ཕྱིས་གཅིག་ཤོས་དེ་བྱས་ཀྱང་རྩ་ལྟུང་གཉིས་སུ་མི་འགྱུར་མོད། ཉེས་པ་ལྕི་བའི་ཡན་ལག་ཏུ་ནི་འགྱུར་རོ། །དཔེར་ན། རྡོ་རྗེའི་སྤུན་ལ་ཁྲོས་པ་དེ་ཐུན་ཐུན་མཚམས་གཅིག་གི་ཁོངས་སུ་གཉེན་པོས་མ་སླེབས་པས་ཐུན་མཚམས་དེའི་མཐར་ཡིད་ཀྱི་ཉེས་བྱས་སུ་གྱུར་པའི་རྩ་ལྟུང་དུ་གྱུར་ཟིན་པ་ལ། ནང་བར་ལྟ་བུ་སྐྱེ་བོ་གཞན་གྱིས་གོ་བར་སྨོད་ཚིག་བརྗོད་ན། དེའི་ཡིད་ཉེས་ཀྱི་རྩ་ལྟུང་སྔ་མ་དེ་འཕེལ་བར་བྱེད་པ་ཡིན་གྱི། བརྗོད་པ་དེ་ལས་རྩ་ལྟུང་གཉིས་པ་གསར་དུ་མི་འབྱུང་ངོ། །སྤྱིར་ཡུལ་དང༌། ལས་ཀྱི་རྣམ་པ་དང༌། འཕེན་སྟོབས་འདྲེན། ཡིད་རྐྱང་པ་སྟོབས་ཆུང༌། དེ་ལུས་ངག་གང་རུང་གཅིག་ཁོ་ན་དང་འབྲེལ་ན་འབྲིང་དང་གསུམ་ཀར་འཛོམ་ན་ཆེ་བ་ཡིན་ནོ། །ཡང་རྡོ་རྗེ་སྤུན་ལ་ཁྲོས་མ་ཐག་ཏུ་ངག་གི་ཉེས་པར་བརྗོད་ཟིན་ན། ལྟ་དཀའ་བ་དག་དང་འབྲེལ་བ་དེས་རྩ་ལྟུང་གྲུབ་ཟིན་པས། དེ་རྗེས་གཉེན་པོས་མ་སླེབ་ཀྱང་དུས་མཚམས་ཐལ་པ་ལ་ཡིད་ཉེས་ཀྱི་རྩ་ལྟུང་གསར་དུ་མི་འབྱུང་ཞིང༌། ཡིད་ཉེས་ཀྱི་རྒྱུན་མ་ལོག་པས་ལྟུང་བ་སྔ་མའི་རྒྱུན་ཅུང་ཟད་འཕེལ་བར་འགྱུར་མོད་ཀྱང་ཡིད་ཀྱི་ལྟུང་བའི་རྒྱུན་ལུས་ངག་གིས་འཕེལ་ཐུབ་པ་ཙམ་འདི་ལ་མི་འབྱུང་ངོ། །དེ་ལྟར་ན་རྩ་ལྟུང་གི་རྣམ་གཞག་ལེགས་པར་ཤེས་ནས་སྦོམ་པོ་ལ་སོགས་པ་རྣམས་རྒྱུད་གཞན་ལས་འབྱུང་བ་དང༌། རྩ་ལྟུང་རྣམས་དངོས་སུ་གསུངས་པ་འདི་ལས་དཔགས་ཏེ་ཤེས་དགོས་སོ། །འདིར་ནི་འབྲུ་གནོན་ཙམ་སྟེ་རྒྱས་པར་གཞན་ལས་བཙལ་བར་བྱའོ། །ཞེས་རྩ་ལྟུང་བཅུ་བཞིའི་ངོས་འཛིན་དང་བཤགས་ཚུལ་བཅས་གསུངས་པ་ལྟར་ལེགས་པར་ཤེས་དགོས་སོ། །སྔར་བདག་གིས་སྡོམ་གསུམ་དུ་མཁས་པ་གཞན་གྱི་འདོད་པ་བཀོད་པ་ཕལ་ཆེར་རང་ལུགས་ལ་ཡང་བསྟོད་ཆེན་འགྲེལ་བ་ཕན་བདེའི་རྒྱ་མཚོ་ལྟར་ན་འཐད་པར་མངོན་ལ། སྡོམ་གསུམ་དེར་དུས་འཁོར་ལྟར་གཙོ་བོར་རྩ་ལྟུང་བཤད་པ་ལས་འདིར་ཅུང་གསལ་བར་བཀོད་པའོ། །དེང་སྐབས་བོད་རྣམས་དབང་ཞུ་བ་ལ་ཧ་ཅང་སྤྲོ་བ་ཡོད་ཀྱང་སྲུང་བྱའི་བསླབ་བྱ་ཤེས་པ་དཀོན་ལ། བསླབ་བྱ་མི་ཤེས་ན་བསྲུང་མི་ཤེས། མ་བསྲུང་ན་དམ་ཚིག་ཉམས་ནས་དམྱལ་བར་འགྲོ་སྟེ་སྡུག་བསྔལ་བར་འགྱུར་བས། དེ་བཟློག་ཕྱིར་དམ་པ་གོང་མའི་གཞུང་ཁུངས་ཐུབ་རྣམས་ཕྱོགས་བསྒྲིགས་བྱས་པའོ། །ཞེས་སྔགས་བླ་མེད་ཀྱི་རྩ་ལྟུང་རྣམ་བཤད་མ་རིག་མུན་སེལ་འདི་ནི་རབ་གནས་ལྕགས་བྱི་ལོའི་མཆུ་ཟླའམ་ཆོ་འཕྲུལ་ཟླ་བའི་ཚེས་དགུ་ལ་རྡོ་རྗེ་འཛིན་པ་ཆེན་པོ་རིག་པའི་རྡོ་རྗེས་རྡོ་དྲིལ་བཅས་བ{ལ་ངོར་ཨ་སྐྱོང་དགོན་པ་ནས་ངག་དབང་དངོས་གྲུབ་དཔལ་གྱིས་རང་ལོ་ལྔ་གཅིག་པ་ལ་བསྒྲིགས་པའོ།། །།སརྦ་མངྒ་ལཾ།

དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཀྱི་ཐང་ག་འབྲི་ཚུལ་དྲི་མེད་འོད་དཀར།

དཔལ་དུས་ཀྱི་འཁོར་ལོའི་ལྷ་ཚོགས་ཀྱི་ཐང་ག་འབྲི་ཚུལ་དྲི་མེད་འོད་དཀར་ཞེས་བྱ་བ་བཞུགས་སོ། །

ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། འདིར་དཔལ་དུས་ཀྱི་འཁོར་ལོའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་ཐུགས་གསུང་སྐུའི་དཀྱིལ་འཁོར་གྱི་ལྷ་ཡོངས་རྫོགས་ཐང་ག་འབྲི་ཚུལ་ནི། སྔོན་ཀྱི་གྱང་རིས་སོགས་དང༌། ཀུན་མཁྱེན་དོལ་པོ་པའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང༌། ཏཱ་ར་ནཱ་ཐའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ་དང༌། དངོས་གྲུབ་ཉེར་འཚོ་དང༌། ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དུས་འཁོར་བསྐྱེད་རིམ་དངོས་གྲུབ་བདུད་རྩིའི་བུམ་བཟང་སོགས་ལྟར་བརྗོད་པར་བྱ་སྟེ། དེ་ཡང་དབུས་སུ་ཁ་དོག་སྣ་ཚོགས་པའི་པདྨ་འབྲི། འོན་ཀྱང་དངོས་གྲུབ་ཉེར་མཚོ་༡༧༢ལས་ལྗང་ཁུ་ཡིན་པར་གསུངས་སོ། །ཟླ་བ་དཀར་པོ། ཉི་མ་དམར་པོ། སྒྲ་གཅན་སྔོན་པོ་ཡིན་ལ། དེ་ཡང་དུས་མེའི་གདན་མི་དགོས་པར་དངོས་གྲུབ་ཉེར་འཚོ་ལས་གསུངས་སྟེ། དེ་ལས། རང་ལུགས་ནི་རྒྱུད་འགྲེལ་གྱི་དགོངས་པ་དུས་མེ་ལོགས་སུ་མི་བྱེད་པ་ཉིད་དེ། ཞེས་གསུངས་སོ། །འོན་ཀྱང་མན་ངག་ལས་བྱུང་བ་ལ་དུས་མེའི་གདན་བྱེད་སྲོལ་ཡོད་དེ། དངོས་གྲུབ་ཉེར་འཚོ་ལས། མན་ངག་ལས་བྱུང་བ་དགག་ཏུ་མེད་པའི་ཕྱིར་རོ། །འོན་ཀྱང་རྒྱུད་འགྲེལ་གྱི་དགོངས་པ་དངོས་མ་ཡིན་ཅིང༌། ཞེས་དང༌། འབའ་མདའི་སྦྱོར་དྲུག་སྒོམ་རིམ་སྐུ་བཞིའི་རྒྱལ་སར་བསྒྲོད་པའི་ཤིང་རྟ་ལས། སྒྲ་གཅན་གྱི་སྟེང་དུ་མན་ངག་ལས་བྱུང་བའི་དུས་མེའི་གདན། ཞེས་གསུངས་སོ། །འོད་ཟེར་གྱི་ཕྲེང་བ་སྣ་ལྔ་འདོམས་གང་བ། དེའི་ཕྱི་རོལ་ཏུ་མེ་རི་ཁ་དོག་སྣ་ལྔ་བ་འབྲི་དགོས་ཏེ། སྒོམ་རིམ་ལས། འདོམ་གང་ཚུད་ཆད་དུ་སྐུ་ལས་འོད་ཟེར་སྣ་ལྔ་འཕྲོ་བ། དེ་ཕན་ཆོད་དུ་འོད་ཟེར་སྣ་ལྔའི་རྩེ་མོར་མེ་རི་ཁ་དོག་སྣ་ལྔ་མཐའ་མེད་དུ་འཕྲོ་བའི་དབུས་ན་བཞུགས་པ། ཞེས་གསུངས་སོ། ། མེ་རིའི་དབུས་སུ་དཔལ་དུས་ཀྱི་འཁོར་ལོ་སྐུ་མདོག་སྔོན་པོ། སྤྱིར་དཔལ་དུས་ཀྱི་འཁོར་ལོའི་ལྷ་ཡབ་ཡུམ་རྣམས་ཡུམ་སྐུ་མདོག་སེར་མོ་ཡིན་ན་ཡབ་སྐུ་མདོག་ནག་པོ་དང༌། ཡབ་སྐུ་མདོག་སེར་པོ་ཡིན་ན་ཡུམ་ནག་པོ་སྟེ་ས་རླུང་ཐབས་ཤེས་སྦྱོར་བ་དང༌། དེ་བཞིན་དུ་མེ་ཆུ་ཐབས་ཤེས། མཁའ་ཡེ་ཐབས་ཤེས་ཡིན་མོད། གཙོ་བོ་ཡབ་ཡུམ་ནི་ཁམས་དྲུག་གི་དབང་དུ་མ་བྱས་པར་རྡོ་རྗེ་བཞིའི་དབང་དུ་བྱས་ན་སྔོ་ནག་རིགས་གཅིག་པས་སྔོན་པོ་བྱས་པ་ཡིན་ཏེ། དངོས་གྲུབ་ཉེར་འཚོ་༢༡༨ལས། ཁྱབ་བྱེད་རྡོ་རྗེ་བཞིའི་དབང་དུ་བྱས་ན་སྔོ་ནག་རིགས་གཅིག་པས་སྐུ་མདོག་གི་སྐབས་སུ་འདི་ལྟར་སྔོན་པོ་སྟེ་ཞེས་སྐུ་ལུས་མ་གཞི་སྔོན་པོར་བཤད་པ། ཞེས་གསུངས་སོ། །མགྲིན་པ་གསུམ་པ། མདུན་ཞལ་སྔོ་གཡས་དམར་གཡོན་དཀར་རྒྱབ་སེར་བའི་ཞལ་བཞི། ཕྲག་པ་དྲུག་པ། དཔུང་བ་བཅུ་གཉིས། ཕྱག་གི་པདྨ་ཉི་ཤུ་རྩ་བཞི། ཞབས་གཉིས་གཡས་བརྐྱངས་གཡོན་བསྐུམ་གྱི་རོལ་བའི་སྟབས་ཀྱི་བཞེངས་པ། ཞབས་གཡས་པ་དམར་པོ་བརྐྱངས་བས་འདོད་ལྷ་དམར་པོ་ཞི་ཆགས་འདྲེས་པའི་ཉམས་ཅན། སྐྲ་ནག་པོ། དར་དང་རིན་པོ་ཆེའི་བརྒྱན་པ། གདོང་གཅིག་པ། ལག་པ་བཞིའི་གཡས་གཉིས་ཀྱིས་མེ་ཏོག་གིས་མདེའུ་ལ་བརྒྱན་པའི་མདའ་ལྔ། ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པའི་སྙིང་ཁར་མནན་པ། གཡོན་པ་དཀར་པོ་བསྐུམས་པས་དྲག་པོ་དཀར་བོ་གདོང་གཅིག་པ་ཞི་མ་ཁྲོ། མིག་གསུམ་པ། མཆེ་བ་ཅན། སྐྲ་ཁམ་སེར་གྱེན་དུ་བརྫེས་པ། ལུས་སྦོམ་པ། ལག་པ་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང༌། ཌ་མ་རུ། གཡོན་གཉིས་ཀྱིས་ཁ་ཊཱཾ་ག་དང་ཐོད་པ་འཛིན་ཅིང༌། སྟག་ལྤགས་དང༌། སྦྲུལ་དང་མི་མགོས་བརྒྱན་པ་དེའི་སྙིང་ཁར་མནན་པས་གཟིར་བ། བདུད་ཀྱི་དགའ་མ་དང༌། དྲང་པོའི་ཨུ་མ་གཉིས་ཀའི་དམན་པའི་གདོང་གིས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་མཐིལ་ལ་འཛིན་པ། གཡས་དང་གཡོན་དང་དབུས་ཀྱི་མགྲིན་པ་ཉི་མ་དང་ཟླ་བ་དང་བུང་བའི་མདོག་ཅན་དུ་གསུངས་ལ། འོན་ཀྱང་དབུས་ཀྱི་མགྲིན་པ་སྔོན་པོ་བྱེད་པ་ཕྱག་རྗེས་ཡིན་ནོ། །མདུན་ཞལ་ནག་པོའམ་སྔོན་པོ་ཞེ་སྡང་གི་ཉམས་ཅན། གཡས་ཞལ་དམར་པོ་འཛུམ་ཞིང༌། ཟུར་མིག་སོགས་ཆགས་པའི་ཉམས་ཅན། གཡོན་ཞལ་དཀར་པོ་རབ་ཏུ་ཞི་བ་སྟེ། ཞལ་བཞིའི་ནང་ནས་ཁྲོ་ཆགས་གཉིས་ཀ་མེད་པར་རྣལ་དུ་གནས་པའི་ཉམས་ཅན་དང༌། རྒྱབ་ཞལ་སེར་པོ་ཤིན་དུ་ཞི་བ་མཉམ་བཞག་ལ་གནས་པའི་ཉམས་ཅན་ཡིན་ལ། ཞལ་བཞི་ག་ལ་ཁྲོ་ཉམས་ཅུང་ཟད་ཡོད་པར་གསུངས། དངོས་གྲུབ་ཉེར་འཚོ་༢༢༠ལས། མཆེ་བ་ཕྱེད་གཙིགས་པ་ཞེས་པ་ནི། ཕྱེད་ཀ་ལྷག་མ་སྦས་པའི་དོན་མ་ཡིན་ཏེ། ཁྲོ་བོ་སྲིན་པོའི་ལུས་ཅན་རྣམས་ཀྱི་མཆེ་བའི་སྦོམ་ཕྲ་དང་དཀྱུས་ཀྱི་ཆ་ལས་ཕྱེད་ཙམ་གྱི་ཚད་ཡོད་པའི་དོན་ནོ། །ཞེས་གསུངས་སོ། །འོན་ཀྱང་དེ་འདྲ་ལ་གཙིགས་པའི་དོན་ཚང་མིན་དང་འབའ་མདའི་སྔོན་འགྲོའི་ཁྲིད་ཡིག་ལས་མཆེ་བའང་ཅུང་ཟད་གཙིགས་པ། ཞེས་གསུངས་པ་སོགས་ཀྱིས་དཔྱད་པར་བྱའོ། །ཞལ་རེ་རེ་ལ་སྤྱན་གསུམ་དང་ལྡན་པ། རལ་བའི་ཅོད་པན་ནི་དེང་སྐབས་སྣ་ཚོགས་འབྲི་བཞིན་འདུག་མོད་རིན་པོ་ཆེའི་དབུ་རྒྱན་གྱི་རྩེ་རེ་རེ་ལ་རྡོ་རྗེ་རྩེ་ལྔ་པ་ཕྱེད་པའི་ཏོག་ཆུང་བ་ཡོད་པ་ལེགས་སྙམ་སྟེ། རྟག་བརྟན་གཙུག་ལག་ཁང་གི་དུས་འཁོར་གྱི་དབུ་རྒྱན་དེ་ལྟར་བྲིས་ཡོད་དོ། །དབུ་རྒྱན་དེའི་མདུན་ངོས་སུ་འཕྲིན་ལས་བཞིས་སེམས་ཅན་འདུལ་བའི་བརྡར་སྣ་ཚོགས་རྡོ་རྗེ་གྱེན་དུ་བསླངས་པ་དང་གཡོན་ངོས་སུ་ཟླ་བ་ཕྱེད་པས་བརྒྱན་པ། རྡོ་རྗེ་སེམས་དཔའི་ཅོད་པན་ཅན། སྤྱི་གཙུག་ཏུ་རྡོ་རྗེ་ནོར་བུ། དེ་བཞིན་དུ་༡ རྡོ་རྗེ་རྣ་རྒྱན། ༢ མགུལ་རྒྱན། ༣ དཔུང་བ་དང་འཁྲིག་མ་དང་རྐང་བ་ལ་རྡོ་རྗེའི་གདུབ་བུ༌། ༤ སྐ་རགས་ཅེས་པ་རྐ་རགས་ཀྱི་རྒྱན་ལ་དྲ་བ་དྲ་ཕྱེད་དཔྱངས་པ་དང༌། ༥ མགུལ་བའི་རྒྱབ་ནས་ཁུག་གྱོན་བྱས་ཏེ་མདུན་ངོས་སུ་དཔྱངས་བའི་རྡོ་རྗེའི་དར་དཔྱངས་སྒོམ་རིམ་ལས་གསུངས་སོ། །དེ་དང་མི་འདྲ་བར་སྔོན་འགྲོའི་ཁྲིད་ཡིག་ལས། སྐྲ་ཆིངས་ཀྱི་འོག་ཏུ་སྣེ་ཆུང་བའི་རྡོ་རྗེའི་དར་དཔྱང༌། ཞེས་གསུངས་སོ། །༦ རྡོ་རྗེའི་རྩེ་མོ་རྣམས་མཐུད་པའི་དོ་ཤལ་གྱི་རྡོ་རྗེའི་ཕྲེང་བ་དང་ཕྱག་རྒྱ་དྲུག སྐབས་འདིར་རྡོ་རྗེ་གསུངས་པ་ནི༌། སྒོམ་རིམ་ལས། རྒྱུ་བདེ་སྟོང་གི་ཡེ་ཤེས་ཀྱི་ངོ་བོར་གྱུར་བའི་རྡོ་རྗེ་ཕ་ལམ་ལས་གྲུབ་ཅིང་རྣམ་པ་ཡང་རྡོ་རྗེ་རྩེ་ལྔ་བའི་གཟུགས་ཀྱིས་མཚན་པའི་རྡོ་རྗེའི་རྣ་རྒྱན། ཞེས་གསུངས་པ་ལྟར་ཡིན་སྙམ། རིན་པོ་ཆེ་རྡོ་རྗེ་ལ་སྤྱིར་ཁ་དོག་སྣ་ལྔ་ཡོད་ཀྱང་སྐབས་འདིར་རྒྱན་རྣམས་ཀྱང་གསེར་གྱི་མདོག་ཏུ་བྱའོ། །སྟག་གི་ལྤགས་པའི་ཤམ་ཐབས་ཅན། སྟག་ཤམ་མནབ་ཚུལ་ནི། འབའ་མདའི་སྔོན་འགྲོའི་ཁྲིད་ཡིག་ལས། སྟག་ཤམ་མནབ་ཚུལ་ནི། སྟག་ལྤགས་ཀྱི་རྒྱབ་གཞོང་དུ་ཕུག་པ་ནས་སྐུ་སྐེད་དྲངས་ཏེ། མགོ་བོ་ཞབས་གཡས་ཀྱི་སྟེང་དང༌། མཇུག་མ་ཞབས་གཡོན་གྱི་སྟེང་དུ་ཐོན་པར་བྱེད་པ་ཡིན་ཞེས་ཁོ་བོའི་བླ་མས་གསུངས་ཤིང༌། དེ་དང་མཐུན་པར་བླུགས་སྐུ་འགའ་ལའང་བྱུང་ངོ། །ཞེས་གསུངས་སོ། །རྟག་བརྟན་གཙུག་ལག་ཁང་གི་དུས་འཁོར་ལ་སྟག་གི་སྔ་མ་ཕྲ་བ་ཞིག་བྲིས་འདུག ཕྲག་པ་དྲུག་ནི། མགྲིན་པའི་འོག་མཚམས་སྦོམ་ཤོས་ཀྱི་ཐད་ནས་དཔུང་པའི་ཚིགས་ཀྱི་མཚམས་ཚུན་ཆད། དཔེར་ན་མིའི་ལུས་ཀྱི་རྒྱབ་ཏུ་སོག་པ་དང་མདུན་དུ་སྒྲོག་རུས་ཡོད་པའི་ཐད་སོར་དྲུག་ཙམ་གྱི་དཀྱུས་ཏེ་ཕྲག་པ་ཞེས་བྱ་བ་ཡིན་ལ། དེ་ཡང་གཡས་སུ་མདུན་རྒྱབ་དུ་དང་པོ་ནག་པོ། གཉིས་པ་དམར་པོ། གསུམ་པ་དཀར་པོ། གཡོན་དུའང་དེ་བཞིན་ནོ། །དཔུང་པ་བཅུ་གཉིས་ནི། དཔུང་པའི་ཚིག་མཚམས་ནས་གྲུ་མོའི་བར་གྱི་བར་ལྷུ་ལ་དཔུང་པ་ཞེས་བྱ་ལ། ཕྲག་པ་རེ་རེ་ལས་དཔུང་པ་གཉིས་གཉིས་གྱེས་པས༌། གཡས་གཡོན་དུ་དྲུག་དྲུག་སྟེ་བཅུ་གཉིས་ཡོད་དོ། །གྲུ་མོའི་མཚམས་ནས་བར་ལྷུ་རེ་རེ་ལས་ཕྱག་ངར་གཉིས་གཉིས་གྱེས་པས་གཡས་གཡོན་གཉིས་ལ་ཕྱག་ངར་ཉི་ཤུ་རྩ་བཞི་ཡོད་ལ། དེ་ལྟར་ན་གཡས་དང་གཡོན་དུ་ཕྲག་པ་མདུན་མ་གཅིག་གཅིག་ལས་དཔུང་བ་གཉིས་གཉིས་བྱུང༌། དཔུང་བ་རེ་རེ་ལས་ཕྱག་ངར་ཕྱག་མགོ་གཉིས་གཉིས་བྱུང་བ་སྟེ། གཡས་ན་ཕྱག་ངར་བཞི་ནག་པོ། གཡོན་ན་བཞི་ནག་པོའོ། །ཕྲག་པ་བར་མ་ལ་དེ་བཞིན་དུ་བྱུང་སྟེ་ཐམས་ཅད་དམར་པོ་ཡིན་ལ། ཕྲག་པ་ཐ་མ་ལ་ཡང་དེ་བཞིན་དུ་བྱུང་བ་ཐམས་ཅད་དཀར་པོའོ། །ཕྱག་ལག་ཉེར་བཞི་རེ་རེ་ལ་སོར་མོ་ལྔ་ལྔ་ཡོད་པ་ལས། མཐེ་བོང་སེར་པོ། མཛུམ་མོ་དཀར་པོ། གུང་མོ་དམར་པོ། སྲིན་ལག་ནག་པོ། མཐེའུ་ཆུང་ལྗང་ཁུའོ། །དེ་རྣམས་རེ་རེ་ལ་ཡང་ཕྱག་གི་མཐིལ་ནས་བརྩམས་ནས་ཚིགས་ཀྱི་ཕྲེང་བ་དང་པོ་རྣམས་ནག་པོ། གཉིས་པ་རྣམས་དམར་པོ། གསུམ་པ་རྣམས་དཀར་པོ། ཚིགས་མཚམས་ཁོ་ནའི་ཐད་དུ་པིར་གྱིས་བྲིས་པ་ལྟར་ཕྲ་ཁྱུར་བ་རེ་བྱའོ། །བོད་ན་ཕྱག་ལག་གི་ནང་དམར་པོ་བྱེད་པའི་སྲོལ་ཡོད་ལ། རྒྱ་གར་ན་བུད་མེད་མ་གཏོགས་སྐྱེས་པའི་ཕྱག་ལག་ནང་དམར་པོ་མི་བྱེད་པའི་སྲོལ་ཡོད་པ་འདྲ། གང་ལྟར་ཡང་སྐབས་འདིར་ཐེ་བོང་སོགས་སོར་མོའི་ནང་སེར་པོ་བྱེད་པ་དང༌། མཐེ་བོང་གི་ནང་དམར་པོ་སོགས་བྱེད་པ་ཡོད་པ་ལས་སྔ་མ་འཐད་པར་མངོན་སྟེ། དངོས་གྲུབ་ཉེར་མཚོ་༢༢༠ལས། ཕྱག་སོར་རེ་རེ་བཞིན་ཡོངས་སུ་རྫོགས་པ། མཐེ་བོང་སེར་པོ་སོགས་འབྱུང་བ་སོ་སོའི་ཁ་དོག་ཏུ་བྱ་བའམ། ཡང་ན་ཕྱག་སོར་གྱི་མདུན་རྣམས་ཕྱག་མཐིལ་དང་མཚུངས་པར་དམར་པོའི་ཞེས་འདོད་ཀྱང་སྔ་མ་ལྟར་ལེགས་སོ། །ཞེས་གསུངས་པའི་ཕྱིར་རོ། །

ཕྱག་མཚན།

ཕྱག་མཚན་ནི།

དུས་འཁོར་བསྟོད་ཆེན་ལས། རྡོ་རྗེ་རལ་གྲི་རྩེ་གསུམ་གྲི་གུག་མདའ་དང་ལྕགས་ཀྱུ་ཌཱ་མ་རུ། །ཐོ་བ་འཁོར་ལོ་མདུང་དབྱུག་དགྲ་སྟས་གཡས་ཀྱི་ཕྱག་བརྒྱན་གཡོན་པ་ཡང༌། །དྲིལ་བུ་ཕུབ་དང་ཁ་ཊྭཱཾ་ཐོད་པ་གཞུ་དང་ཞགས་པ་རིན་པོ་ཆེ། །པད་དཀར་དུང་དང་མེ་ལོང་ལྕགས་སྒྲོག་ཚངས་མགོས་བརྒྱན་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་ཕྱག་གཡས་ཀྱི་ནག་པོའམ་སྔོན་པོ་བཞིས་རིམ་པ་བཞིན་དུ་རྡོ་རྗེ་རྩེ་ལྔ་བ་གསེར་མདོག་རང་སོར་བཅུ་གཉིས་པ། རལ་གྲི་དང༌། ལྕགས་མདུང་རྩེ་གསུམ་པ། སོ་རྣོ་བའི་གྲི་གུག་གསུམ་འཁྱོགས་ཆང་ཟུང་གི་སྟེང་དུ་རྡོ་རྗེ་ཕྱེད་པས་བརྒྱན་པ་འཛིན་པའོ། ། དམར་པོ་བཞིས་རིམ་བཞིན་ཚ་བ་མེའི་རང་བཞིན་ལས་གྲུབ་པའི་མདའ་སྒྲོ་མདེའུ་དང་བཅས་པའི་མདའ་དམར་པོ་གསུམ་རིང་ཐུང་གྲུ་དོ་ཡོད་པའོ། ། དེ་དང་མི་འདྲ་བར་ཕྱོགས་རྒྱལ་དུས་འཁོར་རྒྱུད་མཆན་ལས། མེའི་མདའ་ལྕགས་ཀྱི་སྦུབས་སུ་མདའ་ཐུང་བཅུག་ནས་ཚ་རག་གི་རྫས་ཀྱིས་མེའི་ཤུགས་ཀྱིས་འཕེན་པའི་མདའ། ཞེས་གསུངས་མོད་སྔ་མ་ལྟར་ཕྱག་ལེན་མཛད་པ་ལེགས་སོ། །ཡུ་བ་མཐོ་གང་གི་རྩེ་མོ་གུག་པའི་སྟེང་དུ་རྡོ་རྗེས་མཚན་པའི་ལྕགས་ཀྱུ། སྒྲ་དང་བཅས་པའི་ཌ་མ་རུ། ཡུ་བ་མཇུག་ཕྲ་བའི་མགོ་ན་རྡོ་རྗེ་ཕྱེད་པ་ཡོད་པའི་ཕྱོགས་གཉིས་ན་ཐོ་བའི་དབྱིབས་ཡོད་པར་རྟག་བརྟན་དུ་བཞུགས་པའི་གྱང་བྲིས་སུ་གསལ། འབའ་མདའ་བླ་མས། ཡུ་བའི་སྟེང་དུ་སྣ་ཚོགས་རྡོ་རྗེ་ལེབ་ཆགས་སུ་བཙུག་པའི་ངོས་གཅིག་ཐོ་བའི་དབྱིབས་སུ་བྱས་པའི་ཐོ་བ། ཞེས་གསུངས་ལ། གང་ལྟར་ཡང་ཐོ་བ་འཛིན་པའོ། །དཀར་པོ་བཞིས་རིམ་བཞིན་དུ་ཆ་གཅིག་གིས་ལྟེ་བ་དང་ཆ་ཕྱེད་ཀྱིས་ནང་གི་མུ་འཁྱུད་དང༌། རྐང་བ་དང་བཅས་པའི་ཆ་གཅིག་གིས་རྩིབ་བརྒྱད་དང༌། ཆ་གཅིག་གིས་ཕྱིའི་མུ་འཁྱུད་བྱས་པའི་འཁོར་ལོ་སེར་པོ། རིང་ཚད་མིའི་ལུས་ཚད་གཉིས་སམ་གསུམ་པ་ཅན་གྱི་མདུང་རྣོན་པོ། འབའ་མདའ་བླ་མས། རྡོ་རྗེའི་ཏོག་དང་བཅས་པའི་དབྱུག་པ་དཀར་བོ་གྲུ་བཞི་བ། ཞེས་གསུངས་ལ། རྟག་བརྟན་གཙུག་ལག་ཁང་གི་གྱང་བྲིས་ལ་དབྱུག་པ་སེར་པོ་ཟླུམ་པོ་མཇུག་ཕྲ་བ་རྩེ་མོ་ནོར་བུའི་ཏོག་དང་བཅས་པར་བྲིས་པ་བཞུགས། དགྲ་སྟ་ནི། དབྱུག་གུའི་རྩེ་མོ་དང་རྒྱབ་གཉིས་ལ་རྡོ་རྗེ་མདུན་སྟ་རེའི་ཁ་དང་འདྲ་བའོ། །འོན་ཀྱང་འབའ་མདའ་བླ་མས། སྟ་རེ་རྣོན་པོ་གཉིས་རྒྱབ་སྤྲད་པའི་གཡས་གཡོན་དུ་རྡོ་རྗེ་ཕྱེད་པ་རྩེ་མོ་འཕྲེད་དུ་ཕྱོགས་ནས་ཟུག་པ། སྟེང་དུ་རྡོ་རྗེ་རྩེ་ལྔ་པས་བརྒྱན་པ་སྟེ་དབྱུག་གུའི་རྩེར་རྡོ་རྗེ་རྒྱ་གྲམ་ལེབ་མོར་བཙུག་པའི་མདུན་རྒྱབ་གཉིས་སྟ་རེའི་ཁ་དང་འདྲ་བ་ལྟ་བུའི་སྟེང་དུ་རྡོ་རྗེས་མཚན་པའི་དགྲ་སྟྭ། ཞེས་གསུངས་སོ། །རང་བཟོས་སླད་མེད་ན་ཕྱག་རྗེས་མི་འདྲ་བ་གང་གི་རྗེས་སུ་འབྲང་ན་འགལ་བ་མེད་པ་འདྲའོ། །ཕྱག་གཡོན་པ་རྣམས་ཀྱི་ནག་པོ་བཞིས་རིམ་བཞིན་དུ་རང་སོར་བཅུ་གཉིས་པའི་དྲིལ་བུ། ཕུབ་དཀར་པོ། ཡུ་བའི་རྩེ་མོར་རྡོ་རྗེ་ཕྱེད་པ་རྩེ་ལྔ་པ་རབ་ཏུ་གདེངས་པ་གྱེན་དུ་བསྟན་པའི་ཁ་ཊཱཾ་ག་ཁ་ཕྱེ་བ། སྤྱིར་ཁ་ཊཱཾ་ག་ནི། རྩ་བ་ན་རྡོ་རྗེ་རྩེ་གཅིག་པ། དེའི་སྟེང་དུ་ཀེང་རུས་ཀྱི་དབྱུག་པའི་རྩེ་མོ་ལ་བུམ་པ་སྣ་ཚོགས་རྡོ་རྗེས་ཁ་རྒྱན་པ་ལས་ཌ་མ་རུ་དང་དྲིལ་བུ་གཡེར་ཁ་དང༌། བ་དན་ལྕེ་གསུམ་པ་དཔྱངས་པ། སྣ་ཚོགས་རྡོ་རྗེའི་སྟེང་དུ་མི་མགོ་རློན་པ་སྔོ་ནག རེད་པ་དམར་པོ། བརླན་བྲལ་གྱི་ཐོད་རིལ་དཀར་བ་རྣམས་བརྩེགས་པ། རྩེ་མོ་རྡོ་རྗེ་རྩེ་ལྔ་བའོ། །འོག་ཏུ་བདེ་ཆེན་འཁོར་ལོའི་དོན་གྲུབ་སོགས་ལ་རྡོ་རྗེའི་མཚན་པ་བྱ་ཡང་མི་མགོ་གསུམ་མི་དགོས་པར་དབྱུག་པ་ཙང་མགོ་ཙང་གཞུག་ཅན་གྱི་སྟེང་དུ་མི་མགོ་སྐམ་རློན་གང་རུང་ཡོད་པ། མི་མགོའི་མགུལ་དུ་དར་དཔྱངས་བཅིངས་ཤིང་དྲིལ་ཆུང་བཏགས་པ་ཙམ་གྱིས་ཆོག་པར་གསུངས། དུས་འཁོར་གྱི་ཕྱག་མཚན་ལ་གཡས་ན་མདུང་རྩེ་གསུམ་པ་འཛིན་ཡོད་པས་ཁ་ཊཱཾ་ག་ལ་རྩེ་གསུམ་མི་དགོས་སོ། །ཁྲག་གིས་གང་བའི་ཐོད་པ་འཛིན་པའོ། །དམར་པོ་བཞིས་རིམ་བཞིན་དུ་རང་མཐོ་བཅུ་བ་ཅན་གྱི་གཞུ། སྣེ་གཉིས་ལ་ལྕགས་ཀོར་དང་ལྕགས་ཀྱུ་ཡོད་པའི་ཞགས་པ། འབའ་འདའ་བླ་མས། སྣེ་གཉིས་སུ་རྡོ་རྗེས་མཚན་པའི་ཞགས་པ། ཞེས་སོ། །རིན་པོ་ཆེ་རྩེ་མོ་དགུ་བ་འོད་འཕྲོ་བ་ནི། དངོས་གྲུབ་ཉེར་འཚོ་ལས། རིན་པོ་ཆེ་ནི་རིན་པོ་ཆེ་ཟུར་དགུ་པ་སྟེ། རང་བྱུང་གི་ཤེལ་ལྟར་རྒྱ་བཞོགས་ཀྱི་ཟུར་བརྒྱད་ལ་རྩེ་མོ་རེ་རེ་དང་དབུས་ཀྱི་རྩེ་སྟེ་དགུའོ། །ཞེས་གསུངས་ལྟར་རྟག་བརྟན་གཙུག་ལག་ཁང་ན་དེ་འདྲ་བྲིས་པ་ལེགས་སྙམ། འབའ་མདའ་བླ་མས་ཡང༌། རིན་པོ་ཆེ་རྩེ་མོ་དགུ་བ་སྟེ་རིན་པོ་ཆེ་ཟླུམ་པོ་རྩེ་མོ་ཅན་གྱི་ཟླུམ་པོའི་ངོས་བརྒྱད་བཞོགས་ཀྱིས་ཟུར་བརྒྱད་དུ་བཞོག་པའི་ཟུར་བརྒྱད་རྩེ་མོ་དང་ཟུར་དགུ་བ། ཞེས་གསུངས་སོ། །གང་ལྟར་འོད་འཕྲོ་བ་དགོས་སོ། །པདྨ་དཀར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པའོ། །དཀར་པོ་བཞིས་རིམ་བཞིན་དུ་དུང་དཀར། མེ་ལོང༌། རྡོ་རྗེ་ལྕགས་སྒྲོག ཚངས་པའི་མགོ་བོ་གདོང་བཞི་པའི་སྐྲ་ནས་བཟུང་ནས་རྐེའི་ཡུ་བ་སྟེང་དུ་བསྟན་ཏེ་འཛིན་པའོ། །འོན་ཀྱང་འབའ་མདའ་བླ་མས། རིག་བྱེད་འབྱུང་བའི་གནས་ཚངས་པའི་མགོ་བོ་གདོང་བཞི་བ་སྐྲ་མཚམས་སུ་མེ་ཏོག་གི་འཕྲེང་བས་སྤྲས་པའི་རྐེའི་ཡུ་བ་ནས་འཛིན་པའོ། །ཞེས་གསུངས་སོ། །ཕྱག་དང་པོ་གཉིས་ཀྱིས་ཡུམ་གྱི་སྐུ་རྒྱབ་ནས་རྡོ་རྗེ་དྲིལ་བུ་ཐུགས་ཀའི་ཐད་དུ་བསྣོལ་ནས་འཁྱུད་པའོ། །

སྣ་ཚོགས་ཡུམ།

སྣ་ཚོགས་ཡུམ་ནི།

བསྟོད་ཆེན་ལས། ཞལ་བཞི་ཕྱག་བརྒྱད་གྲི་གུག་ལྕགས་ཀྱུ་ཌཱ་མ་རུ་དང་བགྲང་ཕྲེང་འཛིན། །ཐོད་པ་ཞགས་པ་པདྨ་དཀར་དང་རིན་ཆེན་འཛིན་མར་བཅས་ལ་འདུད། །ཅེས་གསུངས་པ་ལྟར་སྐུ་མདོག་སེར་མོ་ཞལ་བཞི་མདུན་ཞལ་སེར་བོ་གཡས་དཀར། གཡོན་དམར་རྒྱབ་ནག་པའོ། །སྤྱན་བཅུ་གཉིས་པ། ཕྱག་བརྒྱད་ཀྱི་གཡས་པ་བཞིས་རིམ་བཞིན་གྲི་གུག་དང་ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ཌཱ་མ་རུ་དང་བགྲང་ཕྲེང་འཛིན་ལ། རིན་པོ་ཆེའི་བགྲང་ཕྲེང་ཡིན་ནོ། །གཡོན་པ་བཞིས་རིམ་བཞིན་དུ་ཐོད་པ་དང་ཞགས་པ་དང༌། འདབ་མ་བརྒྱད་པའི་པད་དཀར་དང༌། རིན་པོ་ཆེ་བསྣབས་ལ། རིན་པོ་ཆེ་ཟུར་དགུ་བའོ། །དེང་སྐབས་ཅི་རིགས་པ་ཡོད་ཀྱང་ཡུམ་གྱི་ཕྱག་དང་པོ་གཉིས་ཀྱིས་ཡབ་ཀྱི་མགུལ་ནས་འཁྱུད་པ་དགོས་ཏེ། ཀུན་མཁྱེན་རིན་པོ་ཆེའི་མངོན་རྟོགས་དང་བསྟོད་པ་ཟུང་འཇུག་གི་འགྲེལ་བ་ལས། དང་པོ་གཉིས་ཀྱིས་ཡབ་ལ་འཁྱུད་པ་རྡོ་རྗེ་སེམས་དཔའི་ཅོད་པན་ཕྱག་རྒྱ་ལྔ་དང་ལྡན་མ། ཞེས་གསུངས་སོ། །རུས་པའི་ཕྱག་རྒྱ་ལྔ་ནི་ཕྱག་རྒྱ་དྲུག་ལས་དར་དཔྱངས་ལས་གཞན་རུས་པའི་རྒྱན་ལྔ་ཡིན་ནོ། །ནུས་མ་བརྒྱད་ནི། བསྟོད་ཆེན་ལས། ནག་མོ་འབར་མ་བདུག་སྤོས་ཙན་དན་གུར་གུམ་དང་ནི་ག་པུར་སྣོད། །དྲིལ་བུ་པདྨ་ཡོངས་འདུའི་མེ་ཏོག་སྣ་ཚོགས་མེ་ཏོག་ཕྲེང་ལྡན་མ། །དམར་མོའི་གཡས་ན་མར་མེ་དོ་ཤལ་ཅོད་པན་དང་ནི་གདུབ་བུ་སྟེ། །གཡོན་ན་གོས་དང་སྐ་རགས་དང་ནི་རིན་ཆེན་རྣ་རྒྱན་རྐང་གདུབ་འཛིན། །དཀར་མོའི་གཡས་ན་འོ་མ་ཆུ་དང་སྨན་མཆོག་ཆང་གི་སྣོད་བསྣབས་ཏེ། །གཡོན་ན་བདུད་རྩི་གྲུབ་པའི་བཅུད་དང་བདུད་རྩིའི་འབྲས་བུ་འབྲས་ཆན་སྣོད། །སེར་མོ་འབར་མ་དུང་དང་གླིང་བུ་ནུར་བུ་དང་ནི་ཌཱ་མ་རུ། །པི་ཝང་རྔ་དང་འཁར་རྔ་ཟངས་དུང་རང་ཕྱོགས་གཙོ་བོས་ཞལ་ལྡན་མ། །དེ་དག་དང་མཚུངས་དུ་བ་སྨིག་རྒྱུ་མེ་ཁྱེར་དང་ནི་མར་མེ་མ། །རང་མདོག་དང་མཚུངས་རྔ་ཡབ་བརྒྱད་ལྡན་ཕྱག་རྒྱ་ལྔ་ཡིས་རྣམ་བརྒྱན་མ། །རྡོ་རྗེ་སེམས་དཔའི་ཅོད་པན་དང་ལྡན་རྡོ་རྗེ་སེམས་དཔའ་རབ་མཆོད་མ། །མཉམ་པའི་སྟབས་ཅན་ཕ་རོལ་ཕྱིན་རྫོགས་སྲོག་གི་དཀྱིལ་འཁོར་འགགས་ལ་འདུད། །ཅེས་གསུངས་ལ། ཙན་དན་ནི་ཙན་དན་གྱི་ལྡེ་གུས་གང་བའི་སྣོད་དང༌། ཡོངས་འདུས་མེ་ཏོག་ནི་ལྷའི་ཤིང་གི་ཡལ་ག་མེ་ཏོག་དཀར་པོ་དང་བཅས་པ་དང༌། སྨན་མཆོག་ནི། སྨན་གྱི་མཆོག་སྣ་ཚོགས་ཀྱིས་གང་བའོ། །གྲུབ་པའི་བཅུད་ལེན་ནི་འཆི་བ་མེད་པ་སྟེར་བའི་གྲུབ་པའི་དངུལ་ཆུའོ། །བདུད་རྩིའི་འབྲས་བུ་ནི་ཨ་མྲའི་ཤིང་གི་འབྲས་བུ། གཞན་རྣམས་གོ་སླའོ། །ཐམས་ཅད་ཀྱི་ཞལ་གྱི་མདོག་ནི་གཡས་བསྐོར་གྱི་རིམ་པ་ཡིན་ལ། སྤྱན་བཅུ་གཉིས་པ། མཉམ་པའི་སྟབས་ཀྱིས་བཞེངས་པའོ། །མཉམ་པའི་སྟབས་ནི། དངོས་གྲུབ་ཉེར་འཚོ་ལས། མཉམ་པའི་སྟབས་ནི། རྐང་མཐེབ་དང་ནི་རྟིང་བ་དག །ཤིན་ཏུ་སྦྱར་བས་གཅེར་བ་དག །བརྟན་པ་མཐུན་པའི་རྐང་སྟབས་སུ། །དེ་ཉིད་ཤེས་པ་རྣམས་ཀྱིས་བཤད། །ཅེས་འབྱུང་ཡང་རྒྱུད་འདི་ཉིད་ལས། རྐང་བ་ཟུང་ནི་མཉམ་པ་དག་ཀྱང་མཉམ་པའི་སྟབས་ཞེས་འབྱུང་བ་ཉིད་དེ་གཅེར་བ་རང་ཡང་མི་དགོས་ཀྱི་སོར་བཞི་ནས་མཐོ་གང་ཚུན་ཆོད་ཇི་ལྟར་འོས་པའི་བར་དང་བཅས་པས་ཀྱང་རུང་ངོ། །ཞེས་དང༌། ཕྱོགས་རྒྱལ་བའི་དུས་འཁོར་བསྡུས་རྒྱུད་མཆན་༡༢༢ལས། རྐང་བ་ཟུང་ནི་མཉམ་པར་གཞིབས་པ་སོར་མོ་མདུན་དུ་བསྟན་པ་དག་ཀྱང་མཉམ་པའི་སྟབས། ཞེས་གསུངས་སོ། །ནུས་མ་བརྒྱད་རྒྱན་དང་ཉམས་སོགས་སྣ་ཚོགས་ཡུམ་དང་འདྲ་བར་དངོས་གྲུབ་ཉེར་འཚོར་གསུངས་སོ། །དེའི་ཟུར་བཞི་ལ། དབང་ལྡན་དུ་པདྨའི་གདན་གྱི་སྟེང་དུ་དུང་དཀར་པོ། བདེན་བྲལ་དུ་གཎྜི་དམར་པོ། མེར་ནོར་བུ་ནག་པོ། རླུང་དུ་དཔག་བསམ་གྱི་ཤིང་སེར་པོའོ། །

༈ པདྨ་དཀར་པོ་དང་ཉི་མའི་གདན་ལ་མི་བསྐྱོད་པ་ལྗང་ཁུ་གཡས་དང་གཡོན་གྱི་རིམ་པས་དམར་པོ་དང་དཀར་པོའི་ཞལ། ཕྱག་གཡས་པ་གསུམ་གྱིས་རྡོ་རྗེ་དང༌། གྲི་གུག་དང༌། དགྲ་སྟ། གཡོན་པ་གསུམ་གྱིས་རྡོ་རྗེའི་དྲིལ་བུ་དང༌། ཐོད་པ་དང༌། ཚངས་པའི་མགོ་བོ་འཛིན་ཅིང༌། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པ་སྟེ་ཕྱག་མཚན་འདྲའོ།།

བདེ་ཆེན་འཁོར་ལོ་དང་ཐུགས་དཀྱིལ་གྱི་ལྷ་རྣམས།

བདེ་ཆེན་འཁོར་ལོ་དང་ཐུགས་དཀྱིལ་གྱི་ལྷ་རྣམས་ནི།

དུས་འཁོར་བསྟོད་ཆེན་ལས། འདུ་བྱེད་རླུང་དང་ངག་གི་དབང་པོ་སྣ་དང་རེག་གཞན་འདུས་མ་བྱས། །དོན་ཡོད་སྒྲོལ་མ་བགེགས་ཀྱི་སྒྲ་དང་ནམ་མཁའི་སྙིང་པོ་རེག་བྱ་མ། །རལ་གྲི་གྲི་གུག་རྩེ་གསུམ་ཕུབ་དང་དཔལ་ལྡན་ཐོད་པ་ཁ་ཊྭཱཾ་ག །ཉི་ཟླའི་གདོང་ལྡན་སྤྲིན་ནག་དང་མཚུངས་ས་ཡི་རིགས་ཀྱིས་འཁྱུད་ལ་འདུད། །ཚོར་བ་མེ་དང་ལག་པའི་དབང་པོ་མིག་དང་རོ་གཞན་བདེ་བ་ཆེ། །རིན་ཆེན་དབང་པོ་གོས་དཀར་མོ་དང་རྨུགས་བྱེད་ས་ཡི་སྙིང་པོ་རོ། །མདའ་དང་ལྕགས་ཀྱུ་ཌཱ་མ་རུ་དང་གཞུ་དང་ཞགས་པ་ནོར་བུའི་ཕྱག །དཀར་ནག་གདོང་ལྡན་ཉིན་མོར་བྱེད་འདྲ་ཆུ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །འདུ་ཤེས་ཆུ་དང་རྐང་པའི་དབང་པོ་ལྕེ་དང་གཟུགས་གཞན་ཡེ་ཤེས་སྐུ།། སྣང་བ་མཐའ་ཡས་མཱ་མ་ཀཱི་དང་ཁེངས་བྱེད་འཇིག་རྟེན་དབང་པོའི་གཟུགས། །ཐོ་བ་མདུང་དང་རྩེ་གསུམ་པད་དཀར་མེ་ལོང་དང་ནི་བགྲང་ཕྲེང་དང༌། །ནག་དང་དམར་བའི་གདོང་ལྡན་དཀར་པོ་མེ་ཡི་རིགས་ཀྱིས་འཁྱུད་ལ་འདུད། །གཟུགས་ཀྱི་ཕུང་པོ་ས་དང་བཤང་ལམ་ལུས་དང་དྲི་གཞན་འོད་གསལ་གཟུགས། །རྟག་པ་སྤྱན་མ་རེངས་བྱེད་དང་ནི་རྣམ་སེལ་དྲི་ཡི་རྡོ་རྗེ་མ། །འཁོར་ལོ་དབྱུག་པ་ཁྲོ་བོའི་རྡོ་རྗེ་དུང་དང་ལྕགས་སྒྲོག་དྲིལ་བུའི་ཕྱག །དཀར་ནག་གདོང་ལྡན་གསེར་གྱི་རི་འདྲ་རླུང་གི་རིགས་ཀྱིས་འཁྱུད་ལ་འདུད། །རྣ་བ་ཆོས་ཁམས་ཡིད་དང་སྒྲ་གཞན་ཕྱག་ན་རྡོ་རྗེ་ཆོས་ཁམས་མ། །ཀུན་བཟང་སྒྲ་ཡི་རྡོ་རྗེ་མ་སྟེ་ལྗང་སྔོན་ཕན་ཚུན་ཡང་དག་སྦྱོར། །གཡས་གཡོན་ཉི་ཟླའི་ཞལ་གྱིས་རབ་བརྒྱན་རྡོ་རྗེ་གྲི་གུག་དགྲ་སྟ་དང༌། །དྲིལ་བུ་ཐོད་པ་ཚངས་པའི་གདོང་ལྡན་སྟོང་པའི་རིགས་ལ་ཕྱག་འཚལ་ལོ། །རབ་དཀར་ཆུ་སྐྱེས་མདངས་བཀྲའི་ཟེ་འབྲུར་འོད་སྟོང་བདག་པོའི་དཀྱིལ་འཁོར་ལ། ། རྡོ་རྗེའི་གདན་དང་གཡས་བརྐྱང་སྟབས་བཞུགས་རྒྱལ་དང་རྒྱས་སྲས་ཁྲོ་རྒྱལ་དང༌། །འདམ་སྐྱེས་དམར་པོའི་གེ་སར་སྙིང་པོར་རི་བོང་འཛིན་པའི་དཀྱིལ་འཁོར་ལ། །པདྨའི་གདན་བཞུགས་རིག་མ་རྣམས་དང་རྡོ་རྗེ་མ་རྣམས་ལ་ཕྱག་འཚལ། །ཞེས་བདེ་ཆེན་འཁོར་ལོ་དང༌། ཐུགས་དཀྱིལ་གྱི་སྒོ་དང༌། ཐུགས་དཀྱིལ་གྱི་ལྷ་སྣམ་གྱི་ལྷ་རྣམས་ཕྱག་མཚན་འདྲ་བ་རྣམས་ཚན་པ་སོ་སོར་བྱས་ནས་གསུངས་པ་ཡིན་ལ།

འདིར་དང་པོ་བདེ་ཆེན་འཁོར་ལོའི་གཤེགས་པ་ཡབ་ཡུམ་རྣམས།

འདིར་དང་པོ་བདེ་ཆེན་འཁོར་ལོའི་གཤེགས་པ་ཡབ་ཡུམ་རྣམས་ནི།

བདེ་ཆེན་འཁོར་ལོ་ཕྱོགས་བཞི་དཀར་པོ་དང་ཉི་མའི་གདན་ཡིན་ལ། ཐུགས་དཀྱིལ་ཀྱི་གཟུངས་མ་བཅུ་གཉིས་མ་གཏོགས་ལྷ་ཡོངས་རྫོགས་ཞལ་གསུམ་ཕྱག་དྲུག་དང༌། ཡབ་ཡུམ་གང་གཙོ་བ་དེའི་ཞབས་རྐང་གྱིས་གཙོ་བོ་མ་ཡིན་པ་ལ་འཁྱུད་པ་དང༌། ཡབ་ཡུམ་གང་གཙོ་བོ་ཡིན་ན་དེ་ལ་གཙོ་བོ་མ་ཡིན་པའི་ཕྱག་དང་པོ་གཉིས་ཀས་མགུལ་ནས་འཁྱུད་ཡོད་པ་ཡིན་པར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ་ན་གསལ་ལ། སྔོན་གྱི་ཐང་ག་དུ་མ་ན་དེ་ལྟར་གསལ་བའོ། །གཙོ་བོར་གྱུར་བ་དེའི་ཕྱག་གིས་གཙོ་བོ་མ་ཡིན་པ་ལ་འཁྱུད་པར་བྲིས་པ་ནི་ནོར་བ་ཡིན་ནོ། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། ཤར་དུ་དོན་ཡོད་གྲུབ་པ་ནག་པོ། གཡས་དམར་པོ་དང་གཡོན་དཀར་པོའི་ཞལ། རལ་གྲི་དང༌། གྲི་གུག་དང༌། རྩེ་གསུམ་དང༌། ཕུབ་དང༌། ཐོད་པ་དང༌། ཁ་ཊྭཱཾ་ག་དཀར་པོ་འཛིན་ཅིང་སྤྱན་མས་འཁྱུད་པ། ཞེས་གསུངས་པ་ལྟར་དང༌། སྤྱན་མ་ནི། རྩ་བའི་ཞལ་དང་སྐུ་མདོག་སེར་མོ། ཞལ་གཡས་དཀར་གཡོན་ནག ཕྱག་གཡས་པ་གསུམ་གྱིས་འཁོར་ལོ། དབྱུག་པ་སྟེ། དབྱུག་པ་ནི་ཙང་མགོ་ཙང་གཞུག་ཧ་ཅང་ཆེ་བ་མེད་ཅིང་རིང་བ་རྩེ་མོར་ངེས་པར་ཏོག་ཡོད་པ་གྲུ་གཉིས་ལས་མི་ཐུང་བ་དང༌། ཁྲོ་བོའི་རྡོ་རྗེ། གཡོན་གསུམ་དུང༌། རྡོ་རྗེ་ལྕགས་སྒྲོག། དྲིལ་བུ་འཛིན་པའོ། ། ཁྲོ་བོའི་རྡོ་རྗེ་ནི། རྩེ་བཞི་དབུས་རྩེ་ལ་མ་རེག་པར་ཕྱིར་གདེང་བའི་འབྲི་སྲོལ་ཡོད་དོ།།སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། ལྷོར་རིན་ཆེན་འབྱུང་ལྡན་དམར་པོ། དཀར་པོ་དང་ནག་པོའི་ཞལ། མེའི་མདའ་དང༌། རྡོ་རྗེ་ལྕགས་ཀྱུ་དང༌། སྒྲ་དང་བཅས་པའི་ཌཱ་མ་རུ་དང༌། གཞུ་དང༌། ཞགས་པ་དང༌། རིན་པོ་ཆེ་རྩེ་མོ་དགུ་པ་འོད་འཕྲོ་བ་འཛིན་ཅིང་མཱ་མ་ཀཱིས་འཁྱུད་པ། ཞེས་གསུངས་པ་ལྟར་ཡིན་ལ། མཱ་མ་ཀཱི་ནི། རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག། གཡོན་དམར། ཕྱག་གཡས་གསུམ་ན་ཐོ་བ། མདུང། རྩེ་གསུམ། གཡོན་གསུམ་པད་དཀར་འདབ་བརྒྱད། མེ་ལོང༌། བགྲང་འཕྲེང་འཛིན་པའོ། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། བྱང་དུ་སྣང་བ་མཐའ་ཡས་དཀར་པོ། ནག་པོ་དང་དམར་པོའི་ཞལ། ཐོ་བ་དང༌། མདུང་དང༌། རྩེ་གསུམ་དང༌། འདབ་མ་བརྒྱད་པའི་པད་མ་དཀར་པོ་དང༌། མེ་ལོང་དང༌། བགྲང་ཕྲེང་འཛིན་ཅིང་གོས་དཀར་མོས་འཁྱུད་པ། ཞེས་གསུངས་པ་ལྟར་ཡིན་ལ། གོས་དཀར་མོ་ནི། རྩ་ཞལ་དང་སྐུ་མདོག་དམར་མོ། གཡས་ཞལ་དཀར། གཡོན་ཞལ་ནག ཕྱག་གཡས་པ་གསུམ་ན་མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ་ན་གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འོད་འཕྲོ་བའོ། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། ནུབ་ཏུ་རྣམ་པར་སྣང་མཛད་སེར་པོ། དཀར་པོ་དང་ནག་པོའི་ཞལ། འཁོར་ལོ་དང༌། དབྱུག་པ་དང༌། ཁྲོ་བོའི་རྡོ་རྗེ་དང༌། དུང་དང༌། རྡོ་རྗེ་ལྕགས་སྒྲོག་དང༌། སྒྲ་དང་བཅས་པའི་དྲིལ་བུ་འཛིན་ཅིང་སྒྲོལ་མས་འཁྱུད་པ། ཞེས་པ་ནས། པད་མ་དཀར་པོ་དང་ཉི་མ་ལ་རྡོ་རྗེའི་གདན་གྱིས་གནས་ཤིང་ཐབས་གཙོ་བོར་གྱུར་པའོ། །ཞེས་གསུངས་པ་ལྟར་ཡིན་ལ། ཡུམ་སྒྲོལ་མ་རྩ་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ་ན་རལ་གྲི། གྲི་ཁུག རྩེ་གསུམ། གཡོན་གསུམ་ན་ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པའོ། །

མཚམས་བཞིར་པདྨ་དམར་པོ་དང་ཟླ་བའི་གདན།

མཚམས་བཞིར་པདྨ་དམར་པོ་དང་ཟླ་བའི་གདན་ལ། མེར་ཡུམ་སྒྲོལ་མ།

རྩ་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ་ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པ་ལ། ཡབ་རྣམ་སྣང་རྩ་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར། གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། ལྕགས་སྒྲོག དྲིལ་བུ་འཛིན་པས་འཁྱུད་པའོ། །

བདེན་བྲལ་དུ་ཡུམ་གོས་དཀར་མོ།།

བདེན་བྲལ་དུ་ཡུམ་གོས་དཀར་མོ།

རྩ་ཞལ་དང་སྐུ་མདོག་དམར་པོ། གཡས་ཞལ་དཀར་བ། གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ། མེའི་འདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འཛིན་པ་ལ། ཡབ་སྣང་མཐའ་རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་པ། གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ། ཐོ་བ། མདུང། རྩེ་གསུམ། གཡོན་པ་གསུམ། པད་དཀར་འདབ་བརྒྱད། མེ་ལོང༌། བགྲང་འཕྲེང་འཛིན་པས་འཁྱུད་པའོ། །

དབང་ལྡན་དུ་ཡུམ་མཱ་མ་ཀཱི།

དབང་ལྡན་དུ་ཡུམ་མཱ་མ་ཀཱི།

རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་པ། གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ། ཐོ་བ། མདུང། རྩེ་གསུམ། གཡོན་པ་གསུམ། པད་དཀར་འདབ་བརྒྱད། མེ་ལོང། བགྲང་ཕྲེང་འཛིན་པ་ལ། ཡབ་རིན་ཆེན་འབྱུང་ལྡན། རྩ་ཞལ་དང་སྐུ་མདོག་དམར་པོ། གཡས་ཞལ་དཀར། གཡོན་ཞལ་ནག། ཕྱག་གཡས་པ་གསུམ། མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འཛིན་པས་ཡུམ་ལ་མགུལ་ནས་འཁྱུད་པའོ། །

རླུང་མཚམས་སུ་སངས་རྒྱས་སྤྱན་མ།

རླུང་མཚམས་སུ་སངས་རྒྱས་སྤྱན་མ།

རྩ་ཞལ་དང་སྐུ་མདོག་སེར་མོ། གཡས་ཞལ་དཀར། གཡོན་ནག ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ། དུང། ལྕགས་སྒྲོག དྲིལ་བུ་འཛིན་པ་ལ། དོན་འགྲུབ། རྩ་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ། ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པས་འཁྱུད་པའོ། ། དེ་དག་གི་གཡས་གཡོན་དང་སྟེང་འོག་ཏུ་པད་མ་དཀར་པོའི་གདན་ལ་བུམ་པ་དཀར་པོ་པད་མའི་ཁ་རྒྱན་པའི་བུམ་པ་བཅུ་ནི། སྟེང་དུ་ཁུ་བ་འགགས་པའི་གཞི་ཁུ་བ་གཞན་གྱིས་གང་བའི་བུམ་པ་གཅིག་དང༌། འོག་ཏུ་རྡུལ་འགགས་པའི་བུམ་པ་གཅིག་དང༌། ཤར་དུ་རྐང་འགགས་པའི་བུམ་པ་གཉིས་དང༌། ལྷོར་ཁྲག་འགགས་པའི་བུམ་པ་གཉིས་དང༌། བྱང་དུ་གཅི་བ་འགགས་པའི་བུམ་པ་གཉིས་དང༌། ནུབ་ཏུ་བཤང་བ་འགགས་པའི་གཞི་བཤང་བ་གཞན་གྱིས་གང་བའི་བུམ་པ་གཉིས་དང་བཅུའོ། ། ཡང་ན་ཐོད་པ་བྲིས་ཀྱང་ཆོག་སྟེ། ཇི་སྐད་དུ། ཁུ་ཁྲག་རྐང་དང་ཁྲག་གི་ཚོགས་ཆེན་དྲི་ཆུ་དྲི་ཆེན་རབ་འགགས་པས། །འཆི་མེད་རབ་སྟེར་འཆི་མེད་རྒྱུན་གྱིས་མངོན་པར་གང་བའི་ཐོད་པའམ། །ཟླ་བའི་རང་བཞིན་ཟླ་བའི་འོད་ལྟར་རབ་ཏུ་དཀར་བའི་བུམ་པ་ནི། །བདུད་ཀྱི་ཚོགས་འཇོམས་བདུད་རྩིའི་ཚོགས་ཀྱིས་ཤིན་ཏུ་གང་བ་རྣམས་ལ་འདུད། །ཅེས་གསུངས་སོ། །

ཐུགས་དཀྱིལ་གྱི་ལྷ་སྣམ་ལ།

ཐུགས་དཀྱིལ་གྱི་ལྷ་སྣམ་ལ།

ཤར་སྒོ་དང་ལྷོ་སྒོའི་གཡས་དང་གཡོན་བཞི་དང༌། བྱང་དང་ནུབ་སྒོ་གཡས་རྣམས་སུ་པདྨ་དཀར་པོ་དང་ཉི་མའི་གདན། མཚམས་བཞི་དང་བྱང་དང་ནུབ་སྒོ་གཡོན་དུ་པདྨ་དམར་པོ་དང་ཟླ་བའི་གདན་ཡིན་པར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང་དེ་ལ་འཇུག་པ་གཉིས་ཀར་སོ་སོར་གསུངས་པའི་སྐབས་སུ་གསལ་བར་གསུངས་སོ། །

ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག

ལྷོ་སྒོའི་གཡོན་དུ་ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ།

རྩ་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ། སྒྲ་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པས་འཁྱུད་པའོ།།

ཤར་སྒོའི་གཡས་སུ་ནམ་མཁའི་སྙིང་པོ།

ཤར་སྒོའི་གཡས་སུ་ནམ་མཁའི་སྙིང་པོ།

རྩ་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ། ཕུབ། ཐོད་པ། ཁ་ཊཱཾ་་ག་དཀར་པོ་འཛིན་པ་ལ། དྲི་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་སེར་མོ། གཡས་ཞལ་དཀར། གཡོན་ཞལ་ནག ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ། དུང༌། ལྕགས་སྒྲོག དྲིལ་བུ་འཛིན་པས་འཁྱུད་པའོ། །

ལྷོ་སྒོའི་གཡས་སུ་ས་སྙིང་རྩ་ཞལ་དང་སྐུ་མདོག་དམར་པོ།

ལྷོ་སྒོའི་གཡས་སུ་ས་སྙིང་རྩ་ཞལ་དང་སྐུ་མདོག་དམར་པོ།

གཡས་ཞལ་དཀར། གཡོན་ཞལ་ནག་པོ། ཕྱག་གཡས་པ་གསུམ། མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འཛིན་པ་ལ། གཟུགས་རྡོ་རྗེ་མ། རྩ་ཞལ་དང་སྐུ་མདོག་དཀར་མོ། གཡས་ཞལ་ནག གཡོན་ཞལ་དམར། ཕྱག་གཡས་པ་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ། པད་དཀར་འདབ་བརྒྱད། མེ་ལོང༌། བགྲང་ཕྲེང་འཛིན་པས་འཁྱུད་པའོ། །

བྱང་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག

བྱང་སྒོའི་གཡས་སུ་འཇིག་རྟེན་དབང་ཕྱུག

རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག གཡོན་དམར། ཕྱག་གཡས་པ་གསུམ། ཐོ་བ། མདུང། རྩེ་གསུམ། གཡོན་པ་གསུམ། པད་དཀར་འདབ་བརྒྱད། མེ་ལོང༌། བགྲང་ཕྲེང་འཛིན་པ་ལ། རོ་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་དམར་མོ། གཡས་ཞལ་དཀར། གཡོན་ནག ཕྱག་གཡས་པ་གསུམ། མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་པ་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འཛིན་པས་འཁྱུད་པའོ། །

ནུབ་སྒོའི་གཡས་སུ་སྒྲིབ་པ་རྣམ་སེལ་རྩ་ཞལ་དང་སྐུ་མདོག་སེར་པོ།།

ནུབ་སྒོའི་གཡས་སུ་སྒྲིབ་པ་རྣམ་སེལ་རྩ་ཞལ་དང་སྐུ་མདོག་སེར་པོ།

གཡས་ཞལ་དཀར། གཡོན་ནག ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། ལྕགས་སྒྲོག དྲིལ་བུ་འཛིན་པ་ལ། རེག་བྱ་རྡོ་རྗེ་མ་རྩ་ཞལ་སྐུ་མདོག་ནག་མོ། གཡས་ཞལ་དམར། གཡོན་དཀར། ཕྱག་གཡས་པ་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊཱཾ་ག་འཛིན་པས་འཁྱུད་པའོ། །

༈#div2 ཤར་སྒོའི་གཡོན་དུ་ཀུན་བཟང་རྩ་ཞལ་དང་སྐུ་མདོག་སྔོན་པོ།

ཤར་སྒོའི་གཡོན་དུ་ཀུན་བཟང་རྩ་ཞལ་དང་སྐུ་མདོག་སྔོན་པོ།

གཡས་ཞལ་དམར། གཡོན་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ། ཆོས་ཁམས་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར། གཡོན་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པས་འཁྱུད་པའོ། །དེ་དག་ཐབས་གཙོ་བོར་གྱུར་བའོ། །

མཚམས་བཞི་དང་ནུབ་བྱང་གི་སྒོའི་གཡོན་དུ་པད་ཟླའི་གདན་ལ་རིམ།

མཚམས་བཞི་དང་ནུབ་བྱང་གི་སྒོའི་གཡོན་དུ་པད་ཟླའི་གདན་ལ་རིམ་བཞིན་དུ།

ནུབ་སྒོའི་གཡོན་དུ་ཆོས་ཁམས་རྡོ་རྗེ་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར། གཡོན་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ། ཀུན་བཟང་རྩ་ཞལ་དང་སྐུ་མདོག་སྔོན་པོ། གཡས་ཞལ་དམར། གཡོན་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པས་འཁྱུད་པའོ།།

མེ་མཚམས་སུ་རེག་བྱ་རྡོ་རྗེ་མ་རྩ་ཞལ་སྐུ་མདོག་ནག་མོ།

མེ་མཚམས་སུ་རེག་བྱ་རྡོ་རྗེ་མ་རྩ་ཞལ་སྐུ་མདོག་ནག་མོ།

གཡས་ཞལ་དམར། གཡོན་དཀར། ཕྱག་གཡས་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པ་ལ། སྒྲིབ་པ་རྣམ་སེལ་རྩ་ཞལ་དང་སྐུ་མདོག་སེར་པོ། གཡས་ཞལ་དཀར། གཡོན་ནག ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། ལྕགས་སྒྲོག དྲིལ་བུ་འཛིན་པས་འཁྱུད་པའོ། །

བདེན་བྲལ་དུ་རོ་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་དམར་མོ།།

བདེན་བྲལ་དུ་རོ་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་དམར་མོ།

གཡས་ཞལ་དཀར། གཡོན་ནག ཕྱག་གཡས་པ་གསུམ། མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འཛིན་པ་ལ། འཇིག་རྟེན་དབང་ཕྱུག རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག གཡོན་དམར། ཕྱག་གཡས་པ་གསུམ། ཐོ་བ། མདུང། རྩེ་གསུམ། གཡོན་པ་གསུམ། པད་དཀར་འདབ་བརྒྱད། མེ་ལོང༌། བགྲང་ཕྲེང་འཛིན་པས་འཁྱུད་པའོ། །

དབང་ལྡན་དུ་གཟུགས་རྡོ་རྗེ་མ།

དབང་ལྡན་དུ་གཟུགས་རྡོ་རྗེ་མ།

རྩ་ཞལ་དང་སྐུ་མདོག་དཀར་མོ། གཡས་ཞལ་ནག་མོ། གཡོན་ཞལ་དམར་མོ། ཕྱག་གཡས་པ་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ། པད་དཀར་འདབ་བརྒྱད། མེ་ལོང༌། བགྲང་ཕྲེང་འཛིན་པ་ལ། ས་སྙིང་རྩ་ཞལ་དང་སྐུ་མདོག་དམར་པོ། གཡས་ཞལ་དཀར། གཡོན་ཞལ་ནག་པོ། ཕྱག་གཡས་པ་གསུམ། མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འཛིན་པས་འཁྱུད་པའོ། །

རླུང་མཚམས་སུ་དྲི་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་སེར་མོ།

རླུང་མཚམས་སུ་དྲི་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་སེར་མོ།

གཡས་ཞལ་དཀར། གཡོན་ཞལ་ནག ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་པ་གསུམ། དུང༌། ལྕགས་སྒྲོག དྲིལ་བུ་འཛིན་པ་ལ། ནམ་མཁའི་སྙིང་པོ། རྩ་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ། ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པས་འཁྱུད་པའོ། །

བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་སྔོན་མོ།

བྱང་སྒོའི་གཡོན་དུ་སྒྲ་རྡོ་རྗེ་མ་རྩ་ཞལ་དང་སྐུ་མདོག་སྔོན་མོ།

གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་ལ། ཕྱག་ན་རྡོ་རྗེ་ཞལ་གསུམ་ཕྱག་དྲུག་པ། རྩ་ཞལ་དང་སྐུ་མདོག་ལྗང་ཁུ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རྡོ་རྗེ། གྲི་གུག དགྲ་སྟ། གཡོན་པ་གསུམ། དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པས་འཁྱུད་པ་སྟེ་ཡབ་ཡུམ་དེ་རྣམས་པདྨའི་སྐྱིལ་ཀྲུང་གིས་བཞུགས་པའོ། །

ཐུགས་ཀྱི་སྒོ་བཞིའི་ཁྲོ་བོ་ཡབ་ཡུམ།

ཐུགས་ཀྱི་སྒོ་བཞིའི་ཁྲོ་བོ་ཡབ་ཡུམ་ནི།

ཤར་དང་བྱང་གི་སྒོར་པདྨ་དཀར་པོ་དང༌། ཉི་མའི་གདན་དང༌། ལྷོ་དང་ནུབ་ཀྱི་སྒོར་པདྨ་དམར་པོ་དང་ཟླ་གདན་ཡིན་པར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། ཤར་དང༌། བྱང་དུ་པད་མ་དཀར་པོར་ཉི་མ་དང༌། ལྷོ་དང་ནུབ་ཏུ་པད་མ་དམར་པོར་ཟླ་བ་གནས་པའམ་ཡང་ན་དེ་ལས་བཟློག་པས་སོ། །ཞེས་གསུངས་པ་བཞིན་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པར་གསལ་བར་གསུངས་ལ། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། དེ་ཡང་ཐུགས་ཀྱི་ལྷ་སྣམ་ལ་པད་མ་བཅུ་གཉིས་དང་སྒོ་བཞིར་ཡང་སྟེ། བརྒྱད་དཀར་པོ་དང་བརྒྱད་ནི་དམར་པོའོ། །ཞེས་སོ། །འོན་ཀྱང༌།་རྡོ་རྗེ་བསྟོད་ཆེན་འགྲེལ་བ་ལས།

གདན་གྱི་ངེས་པ།

གདན་གྱི་ངེས་པ་ནི།

ཐབས་གཙོ་བོར་གྱུར་པ་རྣམས་ཆུ་སྐྱེས་དཀར་པོའི་ལྟེ་བར་ཉི་མའི་དཀྱིལ་འཁོར་ལ་སྟེ། ཉིན་མོ་བཅོམ་ལྡན་རྡོ་རྗེ་ཅན། ཞེས་དང༌། ཤེས་རབ་གཙོ་བོར་གྱུར་པ་རྣམས་འདམ་སྐྱེས་དམར་པོའི་ལྟེ་བར་ཟླ་བའི་དཀྱིལ་འཁོར་ལ་སྟེ། མཚན་མོ་ཤེས་རབ་རབ་ཏུ་གྲགས། ཞེས་པའི་དབང་དུ་བྱས་པའོ། །ཞེས་གསུངས་སོ། །ཐུགས་སྒོའི་ཁྲོ་བོ་ཡབ་ཡུམ་དེ་དག་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། ཐབས་གཙོ་བོར་གྱུར་བ་ཞེས་གསུངས་པ་ལྟར་ཐབས་གཙོ་བོར་གྱུར་ན་པད་མ་དཀར་པོའི་ལྟེ་བར་ཉི་མའི་དཀྱིལ་འཁོར་བྱེད་དགོས་པ་ལྟ་བུར་ཡོད་ཀྱང་སྔ་མ་ལྟར་རིགས་སོ། །ཤར་སྒོར་བགེགས་མཐར་བྱེད་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར། གཡོན་ཞལ་དཀར། ཕྱག་གཡས་པ་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་གསུམ། ཕུབ། ཐོད་པ། ཁ་ཊཱཾ་ག་དཀར་པོ་འཛིན་པ་ལ། རེངས་བྱེད་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་སེར་མོ། གཡས་ཞལ་དཀར། གཡོན་ཞལ་ནག ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། ལྕགས་སྒྲོག དྲིལ་བུ་འཛིན་པས་ཡབ་ལ་འཁྱུད་པའོ།།

ལྷོ་སྒོར་ཤེས་རབ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་དམར་པོ།

ལྷོ་སྒོར་ཤེས་རབ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་དམར་པོ།

གཡས་ཞལ་དཀར། གཡོན་ཞལ་ནག ཕྱག་གཡས་པ་གསུམ། མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ་གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འཛིན་པ་ལ། ཁེངས་བྱེད་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་དཀར་མོ། གཡས་ཞལ་ནག་པ། གཡོན་ཞལ་དམར་བ། ཕྱག་གཡས་པ་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་གསུམ། པད་དཀར་འདབ་བརྒྱད། མེ་ལོང༌། བགྲང་ཕྲེང་འཛིན་པས་འཁྱུད་པའོ། །

བྱང་སྒོར་པདྨ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་དཀར་པོ།

བྱང་སྒོར་པདྨ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་དཀར་པོ།

གཡས་ཞལ་ནག། གཡོན་ཞལ་དམར། ཕྱག་གཡས་པ་གསུམ། ཐོ་བ། མདུང༌། རྩེ་གསུམ། གཡོན་པ་གསུམ། པད་མ་དཀར་པོ་འདབ་བརྒྱད། མེ་ལོང༌། བགྲང་ཕྲེང་འཛིན་པ་ལ། རྨུགས་བྱེད་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་དམར་མོ། གཡས་ཞལ་དཀར་བ། གཡོན་ཞལ་ནག་པ། ཕྱག་གཡས་པ་གསུམ། མེའི་མདའ། ལྕགས་ཀྱུ། ཌཱ་མ་རུ། གཡོན་གསུམ། གཞུ། ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་བ་འོད་འཕྲོ་བ་འཛིན་པས་འཁྱུད་པའོ། །

ནུབ་སྒོར་གཤིན་རྗེ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་སེར་པོ།

ནུབ་སྒོར་གཤིན་རྗེ་མཐར་བྱེད་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་སེར་པོ།

གཡས་ཞལ་དཀར༌། གཡོན་ནག ཕྱག་གཡས་པ་གསུམ། འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ། དུང༌། ལྕགས་སྒྲོག དྲིལ་བུ་འཛིན་པ་ལ། ཤིན་ཏུ་བརྩོན་འགྲུས་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་ནག་མོ། གཡས་ཞལ་དམར། གཡོན་དཀར། ཕྱག་གཡས་པ་གསུམ། རལ་གྲི། གྲི་གུག རྩེ་གསུམ། གཡོན་པ་གསུམ། ཕུབ། ཐོད་པ། ཁ་ཊཱཾ་ག་འཛིན་པས་འཁྱུད་པ་སྟེ། ཁྲོ་བོ་ཁྲོ་མོ་བརྒྱད་པོ་དེ་རྣམས་ཞལ་རེ་རེ་ལ་སྤྱན་གསུམ་གསུམ་དང་ལྡན་ཞིང་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ། རབ་ཏུ་ཁྲོས་ཤིང༌། འཇིགས་སུ་རུང་བ། ཀླུའི་དབང་པོ་དང༌། ཕྱག་རྒྱ་ལྔས་བརྒྱན་པ། སྟག་ཤམ་དང༌། ཁྲོ་བོ་རྣམས་གཡས་བརྐྱང་དང༌། ཁྲོ་མོ་རྣམས་གཡོན་བརྐྱང་གིས་གནས་ཤིང་ཐབས་གཙོ་བོར་གྱུར་བའོ། །སྟེང་འོག་གི་བུམ་པ་བྲི་ཆ་ལ་སྟེང་འོག་༼ཤར་ནུབ་ཀྱི༽གི་ཁྲོ་བོའི་རྒྱབ་ཏུ་བྱེད་པའོ། །བདེ་ཆེན་འཁོར་ལོའི་གཤེགས་པ་བརྒྱད་དང༌། ཐུགས་དཀྱིལ་གྱི་ལྷ་སྣམ་ཀྱི་སེམས་དཔའ་བཅུ་གཉིས་ཏེ་ཉི་ཤུ་ནི་དར་གོས་ཡོད་ལ། གཤེགས་མ་བརྒྱད་དང༌། སེམས་མ་བཅུ་གཉིས་ཏེ་ཉི་ཤུ་ལ་དར་གོས་མི་དགོས་ཏེ། དངོས་གྲུབ་ཉེར་འཚོ་ལས། དར་སྲབ་མོའི་ན་བཟའ་ཅུང་ཟད་དང༌། ཞེས་དང༌། དུས་འཁོར་བསྐྱེད་རིམ་བདུད་རྩིའི་བུམ་བཟང་༩༩ལས། བདེ་ཆེན་འཁོར་ལོའི་གཤེགས་པ་ཡབ་ཡུམ་དང༌། གཤེགས་མ་ཡབ་ཡུམ་དང༌། ཐུགས་ཀྱི་སེམས་དཔའ་ཡབ་ཡུམ་དང༌། སེམས་མ་ཡབ་ཡུམ་སྟེ། ལྷ་ཉི་ཤུ་ནི་དར་སྲབ་མོའི་སྨད་གཡོགས་དང་སྟོད་གཡོགས་ཅུང་ཟད་ཙམ་དང༌། ཞེས་གསུངས་སོ། །གཤེགས་མ་བརྒྱད་དང༌། སེམས་མ་བཅུ་གཉིས་དར་གོས་ཅན་དུ་བྱེད་པ་ནི་རང་ལུགས་མ་ཡིན་ནོ། །

ཐུགས་ཀྱི་འདོད་སྣམ་ལ། གཟུངས་མ་བཅུ་གཉིས།

ཐུགས་ཀྱི་འདོད་སྣམ་ལ། གཟུངས་མ་བཅུ་གཉིས་ནི།

བསྟོད་ཆེན་ལས། དེ་ལྟར་ལྷ་ཡི་འཁོར་ལོ་ལེགས་མཆོད་དྲི་དང་ཕྲེང་བ་བདུག་སྤོས་མ། །སྣང་གསལ་བདུད་རྩི་འབྲས་བུ་མ་དང་སྒེག་མོ་བཞད་མ་སིལ་སྙན་མ། །གར་དང་གླུ་ཡི་སྦྱོར་བ་ལ་བརྩོན་འདོད་མ་འདོད་ལ་རབ་དགའ་མ། །རྒྱན་དང་ཆ་བྱད་རྣམ་འགྱུར་དུ་མས་ཡིད་རབ་འཛིན་མ་རྣམས་བསྟོད་དོ། །ཞེས་གསུངས་པ་ལྟར་ཤར་དུ་དྲི་མ་དུང་ཆོས་འཛིན་པ་དང༌། ཕྲེང་བ་མ་མེ་ཏོག་གི་ཕྲེང་བ་འཛིན་པ་གཉིས་ནག་མོ། ལྷོར་བདུག་སྤོས་མ་སྤོས་ཕོར་འཛིན་པ་དང་སྣང་གསལ་མ་མར་མེའི་ཀོང་བུ་འཛིན་པ་གཉིས་དམར་མོ། ནུབ་ཏུ་སྒེག་མོ་མ་དབུ་རྒྱན་འཛིན་པ་དང༌། བཞད་མ་རིན་པོ་ཆེའི་དོ་ཤལ་འཛིན་པ་གཉིས་སེར་མོ། བྱང་དུ་བདུད་རྩི་མ་ཞལ་ཟས་དང་བཅས་པའི་སྣོད་འཛིན་པ་དང༌། འབྲས་བུ་མ་ཤིང་གི་འབྲས་བུ་འཛིན་པ་གཉིས་དཀར་མོ་རྣམས་གཡོན་ནས་རིམ་པའི་གཡས་སུའོ།།སྟེང་འོག་གི་གཟུངས་མ་ཤར་དུ་སྒྲ་མ་ན་བཟའ་དང་རོལ་མོ་ཐོགས་པ་དང༌། ནུབ་ཏུ་གར་མ་རྡོ་རྗེ་དང༌། དྲིལ་བུ་འཛིན་པའི་གར་བྱེད་པ་གཉིས་ལྗང་གུ། བྱང་དུ་གླུ་མ་པི་ཝཾ་སོགས་འཛིན་པ་དང༌། ལྷོར་འདོད་མ་པདྨའམ་ཆོས་འབྱུང་འཛིན་པ་གཉིས་སྔོན་མོ་ཐམས་ཅད་སྒེག་པ་དང་ཆགས་པའི་ཉམས་ཅན་རིན་པོ་ཆེའི་རྒྱན་གྱིས་མཛེས་པའོ། །འབའ་མདའི་དུས་འཁོར་ཐིག་ཡིག་ཏུ། དེ་ཡང་གར་མ་ལྗང་གུ་ཤར། །སྒྲ་མ་ལྗང་གུ་ནུབ་ཏུ་སྟེ། །གླུ་མ་སྔོན་མོ་བྱང་དང་ནི། །འདོད་མ་སྔོན་མོ་ལྷོ་རུའོ། །ཞེས་དང༌། ཀུན་མཁྱེན་གྱི་དུས་འཁོར་བསྟོད་ཆེན་འགྲེལ་བ་༢༠༧ལས། དབང་ལེར། སྟེང་དུ་སྒྲ་མ་དང་གར་མ་ལྗང་གུ། འོག་ཏུ་གླུ་མ་དང་འདོད་པ་སྔོན་མོ་སྟེ་འདི་ནི་དབང་གི་ལེའུར་གསུངས་པའོ། །སྒྲུབ་ཐབས་ལེའུར་ནི། བྱང་དུ་སྒྲ་མ་དང་གར་མ། ནམ་མཁར་གླུ་མ་དང་འདོད་མ། འོག་ཏུ་བདུད་རྩི་མ་དང་འབྲས་བུ་མ། ཞེས་གསུངས་ཏེ་གང་བྱས་ཀྱང་རུང་བ་ལ་དགོངས་པའི་ཕྱིར་གདམ་ཀ་ཅན། ཞེས་དང༌། དངོས་གྲུབ་ཉེར་འཚོ་༢༤༨ལས། གཟུངས་མ་བཅུ་གཉིས་ལ། སྒྲུབ་ལེར། སྟེང་དུ་འདོད་མ་དང་གླུ་མ། འོག་ཏུ་བཤང་གཅིའི་རྩ་དག་པས་ལྷ་བཤོས་མ་དང༌། འབྲས་བུ་མར་གསུངས་ཤིང༌། དཀྱུས་སུ་བཀོད་པ་ནི་དབང་ལེ་ལས་འབྱུང་བ་ཡིན་ཏེ། སྤྱིར་དེ་གཉིས་འདམ་ཀ་ཡིན་ཡང་རང་རང་གི་ས་བོན་གྱི་སྔགས་ལ་སོགས་པའི་ཁྱད་པར་དང༌། མཆོད་སྔགས་ལ་སོགས་པ་དབང་ལེ་ལས་གསུངས་པ་དང་མཐུན་པ་མང་བས་གཙོ་བོ་དཀྱུས་སུ་བཤད་པ་ཉིད་ཕྱག་ལེན་དུ་མཛད་དོ། །ཞེས་དང༌། ཕྱོགས་རྒྱལ་བའི་སྒྲུབ་ལེའི་མཆན་༨ལས། ལག་ལེན་ལ་ནི་དབང་ལེའི་མཆོད་པའི་སྐབས་ལས་བྱུང་བ་བཞིན་སྦྱར་བ་འཐད་དོ། །ཞེས་གསུངས་སོ། །དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ཡང་ན་མཚན་མ་རྣམས་ཏེ་དུང་ཆོས་དང༌། ༼མེ་ཏོག་གི༽ཕྲེང་བ་དང༌། སྤོས་སྣོད་དང༌། མར་མེ་དང༌། དབུ་༼སྒེག་མོ༽རྒྱན་དང༌། དོ་༼བཞད་མ༽ཤལ་དང༌། འབྲས་བུ་དང༌། ༼བདུད་རྩིའི༽སྣོད་དང༌། གོས་༼གར་མ༽དང༌། རྔ་དང༌། རྡོ་༼གླུ་མ༽རྗེ་དང༌། ༼འདོད་མ༽པདྨ་རྣམས་ཤར་གྱི་ཆ་ལ་སོགས་པར་སྦྱར་བར་བྱའོ་ཞེས་པ་ནི་ངེས་པའོ། །ཞེས་གསུངས་སོ། །

གསུང་གི་ལྷ་སྣམ་ལ་ཕྱོགས་བཞིར་པདྨ་དམར་མོ་འདབ་མ་བརྒྱད་པ་དང༌།

གསུང་གི་ལྷ་སྣམ་ལ་ཕྱོགས་བཞིར་པདྨ་དམར་མོ་འདབ་མ་བརྒྱད་པ་དང༌།

མཚམས་བཞིར་པདྨ་དཀར་པོ་འདབ་མ་བརྒྱད་པ་འབྲི་དགོས་ལ། ཤར་གྱི་པདྨའི་ལྟེ་བར་ཡི་དྭགས་དམར་པོ་ཁ་སྦུབ་པ། མགོ་མདུན་དུ་བསྟན་པ། ཙར་ཙི་ཀ་ནག་མོ་ལ། དབང་པོ་བརྒྱ་བྱིན་༼འབའ་མདའི་ཁྲིད་ཡིག་ཏུ་སྐབས་འདིར་ལྷའི་དབང་པོ་སྟེ་དབང་ཕྱུག ཅེས་དཔེ་ཁ་ཤས་ན་འདུག་ཀྱང་འབའ་མདའ་བླ་མ་རང་གིས་འོག་ཏུ་དབང་ཕྱུག་དྲག་པོ་ཡིན་པར་གསུངས་པས་ཡིག་ནོར་ཡིན་ནམ་དཔྱད་པར་ཞུ།༽སེར་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་རྡོ་རྗེ་དང་མདའ། གཡོན་གཉིས། དྲིལ་བུ་དང་གཞུ་འཛིན་པས་འཁྱུད་པའོ། །མདུན་གྱི་འདབ་མ་ལ་འཇིགས་མ་རྒྱབ་ཀྱི་འདབ་མ་ལ་རླུང་ཤུགས་མ་དང༌། གཡས་ཀྱི་འདབ་མ་གསུམ་ལ་མདུན་ངོས་ནས་གཡས་བསྐོར་གྱིས་རིམ་པ་བཞིན་དུ་དྲག་མོ་དང༌། དུས་ཀྱི་མཆེ་བ་མ་དང༌། མེ་འབར་གདོང་མ་དང་གསུམ། གཡོན་གྱི་འདབ་མ་གསུམ་ལ་རྒྱབ་ངོས་ནས་གཡས་བསྐོར་གྱིས་རིམ་པ་བཞིན་དུ་རབ་གཏུམ་མ་དང༌། དྲག་མིག་མ་དང༌། སྣ་ཆེན་མ་གསུམ་འཁོད་དེ། ཐམས་ཅད་རོལ་པའི་སྟབས་ཀྱིས་རང་རང་གི་གཙོ་མོ་ཙར་ཙི་ཀ་ལ་གདོང་ཕྱོགས་ནས་འཁོད་ཅིང༌། དགུ་ཅར་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུག་དང༌། རྩེ་གསུམ་གཡོན་གཉིས་ཐོད་པ་དང་ཁ་ཊཱཾ་ག་འཛིན་པའོ། །ཆོ་གར་དགུ་ཆར་ཞེས་གསུངས་པ་ལས་གཙོ་འཁོར་དང་བཅས་པ་ཞེས་མ་གསུངས་པ་ནི་སྐབས་འདིར་ཡུམ་གཙོ་ཡིན་པས་ཡབ་འཁོར་ཡིན་པ་དང་སྐུ་མདོག་མི་འདྲ་བས་ཡིན་པར་སྣང་ངོ། །གཙོ་མོ་ཐམས་ཅད་ས་གའི་སྟབས་ཅན་ལ་ཡབ་རྣམས་ཀྱང་ས་གའི་སྟབས་ཀྱིས་འཁྱུད་པ་དང་འཁོར་རྣམས་རོལ་སྟབས་ཀྱིས་བཞུགས་པའོ། །

མེ་མཚམས་ཀྱི་པདྨའི་ལྟེ་བར་མཁའ་ལྡིང་སྟེ་བྱ་ཁྱུང་ནག་པོའི་གདན་ལ།

མེ་མཚམས་ཀྱི་པདྨའི་ལྟེ་བར་མཁའ་ལྡིང་སྟེ་བྱ་ཁྱུང་ནག་པོའི་གདན་ལ། ཁྱབ་འཇུག་མ་ནག་མོ་ལ།

ཚངས་པ་སེར་པོ་ཞལ་གཅིག་ཕྱག་བཞིས་གཡས་གཉིས་ཀྱིས་ཁབ་དང་བགྲང་འཕྲེང༌། གཡོན་གཉིས་ཀྱིས་པདྨ་དང་སྤྱི་བླུགས་འཛིན་པས་འཁྱུད་པ། མདུན་དང་རྒྱབ་ཀྱི་འདབ་མ་ནས་༼དུས་འཁོར་འགྲེལ་ཆེན་དྲི་མེད་འོད་དང་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ་གཉིས་ཀ་ལས་དང་པོ་གཡུང་མོ། ཞེས་གསུངས་ནས་བཀྲ་ཤིས་མ་མ་བགྲང་ལ། དེ་བཞིན་དུ་བསྡུས་རྒྱུད་ལས། གཡུང་མོ་སྒྱུ་མ་གྲགས་དཔལ་རབ་མཆོག་རྣམ་པར་རྒྱལ་མ་དཔལ་ལྡན་རྒྱལ་མ་དཔལ་ལྡན་རྒྱལ་བྱེད་མ། །བརྒྱད་པ་དཔལ་ལྡན་འཁོར་ལོ་ཅན་མ། ཞེས་སོ། །༽༼སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང༌། བསྟོད་ཆེན་ལས ༽དཔལ་མོ་དང༌། རྣམ་པར་རྒྱལ་མ་དང༌། སྒྱུ་མ་དང༌། གྲགས་མ་དང༌། བཀྲ་ཤིས་མ་དང༌། དཔལ་ལྡན་རྒྱལ་མ་དང༌། དཔལ་ལྡན་རྒྱལ་བྱེད་མ་དང༌། དཔལ་ལྡན་འཁོར་ལོ་མ་རྣམས་ཀྱང་ནག་མོ་སྟེ། འཁོར་ལོ་དང༌། དབྱུག་པ་དང༌། པད་མ་དང༌། དུང་རྣམས་འཛིན་པའོ། །ཁྱབ་འཇུག་མ་སོགས་དགུ་ཆར་ཡང་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ་དང་དབྱུག་ཐོ། ༼བསྡུས་རྒྱུད་ལས། འཁོར་ལོ་བེ་ཅོན་དང༌། ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ལས། ཁྱབ་འཇུག་མའི་འཁོར་ལོ་དང་བེ་ཅོན་ནོ། །ཞེས་གསུངས་ལ། དེ་བཞིན་དུ་རྗེ་བཙུན་གྱི་དུས་འཁོར་གསར་བར་བེ་ཅོན། ཞེས་གསུངས་འདུག༽༼བསྟོད་ཆེན་ལས། འཁོར་ལོ་དབྱུག་ཐོ་པདྨ་དང༌། ཞེས་དབྱུག་པ་དང༌། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། དབྱུག་པ། ཞེས་པ་འདུག༽གཡོན་གཉིས་ཀྱིས་པད་མ་དང་དུང་འཛིན་པའོ། །ལྷོར་པདྨའི་ལྟེ་བར་མ་ཧེ་དམར་པོ་ལ། ཕག་མོ་དམར་མོ་ལ་དྲག་པོ་དཀར་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང་མདའ། གཡོན་གཉིས་ཀྱིས་སྦྲུལ་དང་བཅས་པའི་ཁ་ཊཱཾ་ག་དང་གཞུ་འཛིན་པས་འཁྱུད་པ་དང༌། མདུན་དང་རྒྱབ་ཀྱི་འདབ་མ་ནས་གཡས་སྐོར་གྱི་རིམ་པས་ཀེང་རུས་མ་དང༌། གཙིགས་མ་དང༌། དུས་མཚན་མ་དང༌། རབ་ཁྲོས་གདོང་མ་དང༌། དུས་ཀྱི་ལྕེ་མ་དང༌། ནག་མོ་དང༌། དྲག་མོ་དང༌། གཟུགས་ངན་མ་རྣམས་གནས་ལ། གཙོ་འཁོར་གྱི་རྣལ་འབྱོར་མ་དགུ་ཆར་ཡང་དམར་མོ་སྟེ། ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ་དང༌། རལ་གྲི། གཡོན་གཉིས་ཀྱིས་ལྕགས་སྒྲོགས་དང༌། ཕུབ་རྣམས་འཛིན་པའོ། །

བདེན་བྲལ་གྱི་པདྨའི་ལྟེ་བར་རྨ་བྱ་ལྗང་ཁུ་ལ།

བདེན་བྲལ་གྱི་པདྨའི་ལྟེ་བར་རྨ་བྱ་ལྗང་ཁུ་ལ།

གཞོན་ནུ་མ་དམར་མོ་ལ་ཚོགས་བདག་དཀར་པོ་ཞལ་དྲུག་ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟ་དང་རྡོ་རྗེ། གཡོན་གཉིས་ཀྱིས་ཞགས་པ་དང༌། ནོར་བུ་འཛིན་པས་འཁྱུད་པ་དང༌། མདུན་དང་རྒྱབ་ཀྱི་འདབ་མ་ནས་གཡས་སྐོར་གྱི་རིམ་པས་པད་མ་མ་དང༌། རིན་ཆེན་ཕྲེང་བ་མ་དང༌། ཡན་ལག་མེད་མ་དང༌། གཞོན་ནུ་མ་དང༌། རི་དྭགས་བདག་འགྲོ་མ་དང༌། མིག་བཟང་མ་དང༌། རུལ་མ་དང༌། བཟང་མོ་རྣམས་ཀྱང་དམར་མོ་སྟེ། གཡས་གཉིས་ཀྱིས་ཤཀྟི་དང༌། ལྕགས་ཀྱུ། གཡོན་གཉིས་ཀྱིས་རིན་པོ་ཆེ་དང༌། ཞགས་པ་འཛིན་པའོ། ། ཤཀྟི་ནི་མདུང་ཐུང་སྟེ། དེ་ཡང་མདུང་རྩེ་དགྲ་སྟའི་ཁ་ཕྱིར་བསྟན་ལྟ་བུ་ཡིན་པར་གསུངས་སོ། །

བྱང་གི་པདྨའི་ལྟེ་བར་དྲག་མོ་དཀར་མོ་ཁྱུ་མཆོག་དཀར་པོའི་སྟེང་དུ་གནས་པ་ལ།

བྱང་གི་པདྨའི་ལྟེ་བར་དྲག་མོ་དཀར་མོ་ཁྱུ་མཆོག་དཀར་པོའི་སྟེང་དུ་གནས་པ་ལ།

གཤིན་རྗེ་དམར་པོ་ཕྱག་གཡས་གཉིས་ཀྱིས་དབྱུག་པ་དང༌། རལ་གྲི། གཡོན་གཉིས་ཀྱིས་ལྕགས་སྒྲོག་དང༌། ཞགས་པ་༼འགྲེལ་ཆེན་དྲི་མེད་འོད་དང་དུས་འཁོར་བསྟོད་ཆེན་རྩ་འགྲེལ་དང་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང་དུས་འཁོར་གསར་རྙིང་གཉིས་དང་བཅས་པར་ཞགས་པ་འཛིན་པར་གསུངས་པས་དེ་དང་མཐུན་པར་བྱས་པ་ཡིན། སྤྱིར་དུས་འཁོར་གྱི་ལུགས་ལ་གཡས་ན་རལ་གྲི་ཡོད་ན་གཡོན་ན་ཕུབ་འཛིན་པ་སྤྱི་འགྲོས་ཡིན་ལ། སྔོན་གྱི་ཡི་གེ་རེ་ཟུང་ན་ཕུབ་འཛིན་པར་བཤད་པ་ཡོད་དོ། །༽འཛིན་པས་འཁྱུད་པ། མདུན་དང་རྒྱབ་ཀྱི་འདབ་མ་ནས་གཡས་སྐོར་གྱི་རིམ་པས་གཽ་རཱི་མ་དང༌། འདེགས་མ་དང༌། གཾ་གཱ་མ་དང༌། རྟག་མ་དང༌། མྱུར་མ་དང༌། མཚོན་བྱེད་མ་དང༌། དམར་སེར་མ་དང༌། ནག་མོ་རྣམས་ནི་སྐུ་མདོག་དཀར་མོ་སྟེ། ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང༌། སྒྲ་དང་བཅས་པའི་ཌཱ་མ་རུ། གཡོན་གཉིས་ཀྱིས་ཁ་ཊྭཱཾ་ག་དང༌། ལྟོས་འགྲོ་འཛིན་པའོ། །ལྟོས་འགྲོ་ནི་སྦྲུལ་ལོ། །

དབང་ལྡན་གྱི་པདྨའི་ལྟེ་བར་དཔལ་མོ་དཀར་མོ་སེང་གེ་དཀར་མོའི་གདན།

དབང་ལྡན་གྱི་པདྨའི་ལྟེ་བར་དཔལ་མོ་དཀར་མོ་སེང་གེ་དཀར་མོའི་གདན་ལ།

གདོང་དྲུག་པ་དམར་པོ་ཕྱག་བཞི་གཡས་གཉིས་ཀྱིས་ཤཀྟི་དང་མདུང༌། གཡོན་གཉིས་ཀྱིས་ནོར་བུ་དང་མེ་ལོང་འཛིན་པས་འཁྱུད་པ། མདུན་དང་རྒྱབ་ཀྱི་འདབ་མ་ནས་གཡས་སྐོར་གྱི་རིམ་པས་དཔལ་ལྡན་དཀར་མོ་དང༌། འཛིན་མ་དང༌། ཟླ་བའི་རི་མོ་ཅན་དང༌། རི་བོང་འཛིན་ཞལ་མ་དང༌། ངང་བའི་མདོག་ཅན་མ་དང༌། པད་མའི་དབང་མོ་དང༌། སྐར་མིག་མ་དང༌། དྲི་མེད་རི་བོང་འཛིན་མ་རྣམས་ཀྱང་དཀར་མོ་སྟེ། དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་པད་མ་དང༌། བགྲང་ཕྲེང་དང༌། གཡོན་གཉིས་ཀྱིས་ཆུ་སྐྱེས་དང༌། རིན་པོ་ཆེ་འཛིན་པའོ། །

ནུབ་ཀྱི་པད་མའི་ལྟེ་བར།

ནུབ་ཀྱི་པད་མའི་ལྟེ་བར།

དབང་མོ་སེར་མོ་གླང་བོ་ཆེ་དཀར་པོ་ལ་གནས་པ་ལ། བདེན་བྲལ་སྟེ་སྲིན་པོ་ནག་པོ། གཡས་གཉིས་ཀྱིས་རལ་གྲི་དང་གྲི་གུག གཡོན་གཉིས་ཀྱིས་ཕུབ་དང་ཐོད་པ་འཛིན་པས་འཁྱུད་པ། མདུན་དང་རྒྱབ་ཀྱི་འདབ་མ་ནས་གཡས་སྐོར་གྱི་རིམ་པས་རྡོ་རྗེ་འོད་མ་དང༌། བཀྲ་བའི་རི་མོ་མ་དང༌། རྡོ་རྗེའི་ལུས་མ་དང༌། གསེར་ལྡན་མ་དང༌། རིག་འཛིན་མ་དང༌། ཆུ་ཤིང་མ་དང༌། ཟུག་རྔུ་སེལ་མ་དང༌། ཤིན་ཏུ་སྒྲོལ་མ་རྣམས་ནི་སེར་མོ་སྟེ། དགུ་ཆར་གྱི་ཕྱག་གཡས་གཉིས་ཀྱིས་རྡོ་རྗེ་དང༌། མདའ། གཡོན་གཉིས་ཀྱིས་སྒྲ་དང་བཅས་པའི་རྡོ་རྗེ་དྲིལ་བུ། གཞུ་རྣམས་འཛིན་པའོ། །

རླུང་མཚམས་ཀྱི་པདྨའི་ལྟེ་བར་ཚངས་མ་སེར་མོ་ངང་བ་དཀར་པོ་ལ་གནས་པ།

རླུང་མཚམས་ཀྱི་པདྨའི་ལྟེ་བར་ཚངས་མ་སེར་མོ་ངང་བ་དཀར་པོ་ལ་གནས་པ་ལ།

ཁྱབ་འཇུག་ནག་པོ། གཡས་གཉིས་ཀྱིས་འཁོར་ལོ་དང་དབྱུག་ཐོ། གཡོན་གཉིས་ཀྱིས་པདྨ་དང་སྐྱེ་བ་ལྔ་བའི་དུང་༼ཕྱོགས་རྒྱལ་སྒྲུབ་ལེའི་རྒྱུད་མཆན་ལས། ཏི་མའི་གཟུགས་འཛིན་པའི་ལྷ་མིན་སྐྱེ་བ་ལྔ་པའི་རུས་པ་ལས་བྱུང་བའི་དུང་སྟེ་ཏི་མི་ནི་ཆུ་སྲིན་གྱི་བྱེ་བྲག་དཔག་ཚད་བརྒྱད་པའོ། །ཞེས་སོ། །ཚིག་མཛོད་འགའ་ཞིག་ན་དུང་དཀར་གཡས་འཁྱིལ་ཡིན་པར་བཤད་དོ། །༽འཛིན་པས་འཁྱུད་པ། མདུན་དང་རྒྱབ་ཀྱི་འདབ་མ་ནས་གཡས་སྐོར་གྱི་རིམ་པས་མཆོད་སྦྱིན་༼སྒྲུབ་ཐབས་ལྗོན་ཤིང་དང་འཇུག་པ་གཉིས་ཀ་ན་མཆོད་སྦྱིན་འདོན་མ་༽༼རྡོ་རྗེ་བསྟོད་ཆེན་རྩ་འགྲེལ་གཉིས་ཀར་མཆོད་སྦྱིན་འདོད། ཅེས་གསུངས་ལ། ༽འདོད་མ་དང༌། ངག་གི་དབང་ཕྱུག་མ་དང༌། པད་མའི་སྤྱན་མ་དང༌། ཆུ་སྐྱེས་ལྡན་མ་དང༌། བློ་གྲོས་མ་དང༌། གླུ་ལེན་མ་དང༌། གློག་མ་དང༌། དྲན་མ་རྣམས་ཀྱང་སེར་མོ་སྟེ། གཙོ་འཁོར་གྱི་རྣལ་འབྱོར་མ་དགུ་ཆར་ཡང་ཕྱག་བཞིའི་གཡས་གཉིས་ཀྱིས་པད་མ་དང༌། ཚངས་པའི་དབྱུག་པ། གཡོན་གཉིས་ཀྱིས་སྤྱི་བླུགས་དང༌། བར་བུ་འཛིན་པའོ། །གསུང་གི་ལྷ་སྣམ་གྱི་ལྷ་བཤད་པའི་སྐབས་འདིར་ཤེས་དགོས་པ་གཞོན་ནུ་མ་གདོང་དྲུག་ཡབ་དང་བཅས་པ་བཅུ་པོ་གདོང་དྲུག་པ་དང་ཚངས་མ་འཁོར་བཅས་བཅུ་པོ་གདོང་བཞི་བ་ཡིན་ཏེ། འབའ་འདའ་བླ་མའི་དུས་འཁོར་གྱི་བསྐྱེད་རིམ་སྒོམ་ཚུལ་བདུད་རྩིའི་བུམ་བཟང་༡༠༦ལས། ལྷོ་ནུབ་ཀྱི་གཞོན་ནུ་མ་གཙོ་འཁོར་ཡབ་དང་བཅས་པ་གདོང་དྲུག་སྟེ་གདོང་དྲུག་ནི་ཕྱོགས་བཞི་དང་སྟེང་དུ་ཞལ་གཉིས་བརྩེགས་པ་དང༌། ནུབ་བྱང་གི་ཚངས་མ་འཁོར་བཅས་གདོང་བཞི་པ་སྟེ། ལྷག་མའི་གཙོ་འཁོར་ཐམས་ཅད་གདོང་གཅིག་པའོ། །ས་གའི་སྟབས་ནི་བཞེངས་ཏེ་རྐང་པ་གཉིས་ཀྱི་བར་ཐག་ཁྲུ་གང་ཙམ་བཞག་རྐང་མགོ་གཡས་གཡོན་དུ་བསྟན་པ་དང༌། རོལ་པའི་སྟབས་ནི་བཞེངས་ཏེ་ཞབས་གཡོན་པ་དྲང་པོར་བཙུག་པའི་བོལ་གོང་ལ་ཞབས་གཡས་པའི་རྟིང་པ་གཏད་པ་ཡིན་ལ། དེ་ལས་གོ་བཟློག་བྱས་ཀྱང་ཆོག ཅེས་གསུངས་སོ། །གལ་ཏེ་གཞོན་ནུ་མའི་ཡབ་ཚོགས་བདག་ལྟ་བུ་ཞལ་འགྱུར་བ་མེད་པར་ཞལ་གཅིག་པ་ཡིན་ན་ཡབ་ཀྱི་སྐབས་སུ་གཞོན་ནུ་དང་ཚངས་པ་གཉིས་ཡོད་པ་དག་ནི་རིམ་བཞིན་ཞལ་དྲུག་པ་དང་ཞལ་བཞི་པ་ཡིན་དགོས་ཀྱང་དེ་མ་ཡིན་པར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དང་དེ་ལ་འཇུག་པ་གཉིས་སོགས་ཀྱིས་སྐབས་སུ་གསལ་བར་གསུངས་ལ། གསུང་གི་ལྷའི་ཞལ་ཕྱག་བཤད་སྐབས་གཞོན་ནུ་མ་དང་ཚངས་མ་འཁོར་བཅས་ཞལ་མི་འདྲ་བ་ཡིན་པ་ལས། གཞོན་ནུ་དང་ཚངས་པ་ཞལ་མི་འདྲ་བར་མ་གསུངས་ལ། སྐུའི་ཚེས་ལྷའི་སྐབས་སུ་གཞོན་ནུ་དང་ཚངས་པ་ལས་གཞོན་ནུ་མ་དང་ཚངས་མ་ཞལ་ཕྱག་མི་འདྲ་བར་ཟུར་དུ་མ་བཤད་པ་ཡིན་ཏེ། དུས་འཁོར་བསྟོད་ཆེན་ལས། རྨ་བྱར་གནས་པའི་གཞོན་ནུ་མ་ནི་ཚོགས་བདག་གིས་འཁྱུད་པདྨ་མ། །ཞེས་པ་ནས། བྱི་རུའི་འོད་འཕྲོ་གདོང་དྲུག་མ། །ཞེས་སོགས་དང༌། ངང་པར་གནས་པའི་ཚངས་མ་ལ་ནི། ཞེས་པ་ནས། རིག་བྱེད་གདོང་མ་གསེར་མདོག་མ། ཞེས་སོགས་དང༌། དངོས་གྲུབ་ཉེར་འཚོ་༢༥༡ལས། འདི་དག་ལས་གཞན་ཐམས་ཅད་ཞལ་གཅིག་ཕྱག་བཞི་མ། ཚངས་མ་འཁོར་བཅས་གདོང་བཞི་དང༌། གཞོན་ནུ་མ་འཁོར་བཅས་གདོང་དྲུག་ཡིན་པ་དང༌། འོག་ཏུ་ཚེས་ལྷའི་སྐབས་སུ་ཡང་ཚངས་པ་འཁོར་བཅས་གདོང་བཞི་དང༌། གཞོན་ནུ་འཁོར་བཅས་གདོང་དྲུག་ཏུ་གསལ་བར་བཤད་པས་དེ་ལས་བཟློག་སྟེ་ཞལ་གཅིག་པར་འཆད་པ་ནི་མ་བརྟགས་པའོ། །ཞེས་གསུངས་སོ།།དེ་ལས་དཔེར་ན་གཞོན་ནུ་མ་འཁོར་བཅས་གདོང་དྲུག་པར་གསུངས་པས་ཡུམ་གཙོ་བོར་གྱུར་བ་ཡིན་པས་ཡབ་འཁོར་དུ་བསྡུས་པ་ཤེས་ན་འཁྲུལ་བའི་གནས་མེད་དོ། །ཞལ་ཡང་གཞན་དུ་འགྱུར་བ་ཡོད་པ་ནི། དངོས་གྲུབ་ཉེར་འཚོ་༢༥༧ལས། དཔེར་ན་རིགས་ཀྱི་བུ་མོ་དེ་རིགས་གཞན་གྱི་ཁྱིམ་དུ་སོང་བ་ན་བདག་པོ་དེ་དང་བྱ་བ་གཅིག་པར་གྱུར་བ་བཞིན་ཡུམ་རྣམས་ཀྱང་ཡབ་དང་ཕྱག་མཚན་མཐུན་པར་བྱེད་ཅིང༌། ད་དུང་རུས་དང༌། ངོ་བོ་མ་གྱུར་བ་བཞིན་དུ་ཁ་དོག་ཐ་དད་དུ་བྱེད་པ་ཡིན། ཞེས་ཀྱང་གསུངས་ཏེ་མན་ངག་གོ། །ཞེས་དང༌། སྐབས་ཐོབ་ཀྱི་ཞལ་ཕྱག་འགྱུར་འགྲོ་བ་ཤིན་ཏུ་མང་བའི་ཕྱིར། ཞེས་གསུངས་སོ། །ཡང་ཁ་ཅིག་དངོས་གྲུབ་ཉེར་འཚོར་སྤྱིར་ཡབ་ཡུམ་ཞལ་གྲངས་མཉམ་ཡང་དམིགས་གསལ་དུ་ཚངས་མ་དང་གཞོན་ནུ་མ་སོགས་ཡབ་ཡུམ་ཞལ་གྲངས་མི་མཉམ་པར་གསུངས་པ་ཡིན་ཏེ། དངོས་གྲུབ་ཉེར་འཚོ་༢༦༦ལས། གཙོ་བོ་ཡབ་ཡུམ་ནི་བརྗོད་པའི་ཡུལ་མ་ཡིན། གཞན་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལ་རྩིག་པའི་ནང་ཚུན་ཆད་ཀྱི་ལྷ་རྣམས་ཞལ་སྦྱོར་དུ་ཡོད་པའི་ཚེ་ཕྱག་གྲངས་མཉམ་ཁོ་ན་ཡིན་ཞིང༌། དམིགས་གསལ་ཚངས་མ་གཞོན་ནུ་མ་ཚངས་པ། གདོང་དྲུག་རྣམས་མ་གཏོགས་ཞལ་རས་ཀྱང་ངོ། །ཞེས་གསུངས་ཕྱིར་ཟེར་ན་མ་ཁྱབ་པ་ཁོ་ན་ཡིན་ཏེ། ཐུགས་ཀྱི་རྩིག་པའི་ནང་གི་ལྷ་རྣམས་ཞལ་གསུམ་ཕྱག་དྲུག་མཉམ་པ་དང༌། གསུང་དཀྱིལ་གྱི་རྩིག་པའི་ནང་གི་ལྷ་རྣམས་སྤྱིར་ཞལ་གཅིག་ཕྱག་བཞི་ཡིན་ཀྱང་དམིགས་གསལ་དུ་གཞོན་ནུ་མ་འཁོར་བཅས་གདོང་དྲུག་པ་དང༌། ཚངས་མ་འཁོར་བཅས་གདོང་བཞི་བ་ཡིན་པ་དང༌། སྐུ་དཀྱིལ་གྱི་རྩིག་པའི་ནང་གི་ལྷ་རྣམས་སྤྱིར་ཞལ་གཅིག་ཕྱག་བཞི་མཉམ་པ་ཡིན་ཀྱང་དམིགས་གསལ་དུ་གཞོན་ནུ་འཁོར་བཅས་གདོང་དྲུག་དང༌། ཚངས་པ་འཁོར་བཅས་གདོང་བཞི་བ་ཡིན་པར་གསུངས་པའི་ཕྱིར་ཏེ། དངོས་གྲུབ་ཉེར་འཚོ་ནི་ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེའི་མཛད་པའི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་གི་དོན་འགྲེལ་ཡིན་ལ། དངོས་གྲུབ་ཉེར་འཚོའི་དེའི་ཐད་ཀྱི་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་༤༢ལས། ཐམས་ཅད་ཞལ་གཅིག་མ་སྤྱན་གསུམ་མ་ཕྱག་བཞི་མ་དག་གོ །འོན་ཀྱང་ཚངས་མ་ལ་སོགས་པ་ནི་གདོང་བཞི་དང་གཞོན་ནུ་མ་ལ་སོགས་པ་ནི་གདོང་དྲུག་ཏུ་རྟོགས་པར་བྱའོ། །ཞེས་དང༌། ཚེས་ལྷའི་སྐབས་སུ་དེ་༤༦ལས། ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་དག་གོ །འོན་ཀྱང་ཚངས་པ་ལ་སོགས་པ་དང་གཞོན་ནུ་ལ་སོགས་པ་ནི་གདོང་བཞི་དང་དྲུག་ཏུ་རྟོགས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །རྩིག་པའི་ནང་སྨོས་པ་ཡང་རྒྱས་པའི་ལུགས་ལ་རྩིག་པའི་ཕྱི་རོལ་གྱི་འདོད་མི་འདོད་ལ་ཞལ་གྲངས་མི་འདྲ་བ་དུ་མ་འོང་བའི་རྒྱུ་མཚན་གྱིས་སོ། །ཞལ་རས་ཀྱང་ངོ། །ཞེས་པ་ཡང་གཞོན་ནུ་མ་སོགས་དམིགས་བསལ་ལས་གཞན་དག་ཞལ་གཅིག་མཉམ་པའི་དོན་ཡིན་པ་ལས། དམིགས་གསལ་དེ་དག་ཡབ་ཡུམ་ཞལ་མི་མཉམ་པའི་དོན་མ་ཡིན་ནོ། །རང་ལ་ལུང་རིགས་མེད་ན་གང་ལ་ལུང་རིགས་ཡོད་པ་དེའི་རྗེས་སུ་འབྲང་བ་ནི་དམ་པའི་ལུགས་སོ། །གོང་དུ་ཕྱག་མཚན་བཞུགས་སྟངས་བཤད་པ་དེ་དག་གི་ཁུངས་རེ་ཟུང་ཅུང་ཟད་བརྗོད་ན་འབའ་མདའ་བླ་མས། རྣལ་འབྱོར་མའི་གདན་པད་མའི་ལྟེ་བའི་མཁའ་ལྡིང་དང་མ་ཧེ་སོགས་ནི་སྤྱི་ལྟར་ཏེ། བཞོན་པའི་ཚུལ་དུ་གནས་པ་ཡིན་གྱི་མནན་པའི་ཚུལ་དུ་བསྒྱེལ་བ་ནི་མ་ཡིན་ནོ། །ཞེས་པ་ནས། ས་གའི་སྟབས་ནི་བཞེངས་ཏེ་རྐང་པ་གཉིས་ཀྱི་བར་ཐག་ཁྲུ་གང་ཙམ་བཞག་རྐང་མགོ་གཡས་གཡོན་དུ་བསྟན་པ་དང༌། རོལ་པའི་སྟབས་ནི་བཞེངས་ཏེ་ཞབས་གཡོན་པ་དྲང་པོར་བཙུག་པའི་བོལ་གོང་ལ་ཞབས་གཡས་པའི་རྟིང་པ་གཏད་པ་ཡིན་ལ། དེ་ལས་གོ་བཟློག་བྱས་ཀྱང་ཆོག ཅེས་དང༌། དངོས་གྲུབ་ཉེར་འཚོ་༢༨༠ལས། ༼གཙོ་མོ་བརྒྱད་ས་གའི་སྟབས་ཀྱིས་གནས༽ས་གའི་སྟབས་ནི་རྐང་སོར་ལོགས་སུ་ཅུང་ཟད་བསྟན་པའི་རྟིང་པའི་བར་དུ་སོར་ཉེར་དྲུག་ཟེར་ཡང་རགས་རྩིས་ཀྱི་ཚུལ་དུ་ཁྲུ་གང་བཞག་ཅིང་སྒྱིད་པ་བསྲང་བའོ། །རོལ་བའི་སྟབས་ལ་བཞེངས་བཞུགས་གཉིས་ཡོད་ཀྱང༌། ༼རྣལ་འབྱོར་མའི་འཁོར་རྣམས་རོལ་བའི་སྟབས་ཀྱིས་བཞེངས་པ་ཡིན།༽ བཞེངས་པ་ནི་རྒྱུད་ལས། ཅུང་ཟད་པུས་མོ་ཕྱེད་ནི་འཁྱོག་པ་རོལ་པར་འགྱུར་ཏེ། ཞེས་གསུངས་པ་ལྟར། གཡས་རོལ་ནི་རྐང་བ་གཡོན་པ་དྲང་པོར་བསྲང་ཞིང༌། རྐང་མགོ་མདུན་དུ་བསྟན་ལ་གཡས་པའི་པུས་མོ་གཡས་སུ་ཅུང་ཟད་འཁྱོགས་ཤིང༌། སོར་མོ་ལོགས་སུ་བསྟན་རྟིང་པ་བཏེག་སྟེ་བོལ་གོང་ལ་རེག་པའམ་བར་ཏུ་སོར་བཞི་བཞག་པའོ། །གཡོན་རོལ་ནི་དེ་ལས་བཟློག་པ་ཡིན་ཞིང༌། བཞུགས་པའི་རོལ་སྟབས་ནི་སྐྱིལ་ཀྲུང་ཕྱེད་པ་དང་ཕལ་ཆེར་འདྲའོ། །ཟླུམ་པོའི་གདུག་སྟངས་ནི། རྟིང་པ་གཉིས་ཀྱི་བར་དུ་ཁྲུ་གང་བཞག པུས་མོ་ངང་པའི་གཤོག་པ་ལྟ་བུ་སྟེ། གཡས་གཡོན་དུ་འབུར་པོར་བསྐྱེད་པ། ཞེས་པ་ནས། ཤཀྟི་ནི་མདུང་ཐུང་གི་རིགས་ལ་སོ་ནི་དགྲ་སྟ་ཁ་ཕྱིར་བསྟན་པ། ཞེས་པ་ནས། ཚངས་པའི་དབྱུག་པ་ནི་སྣེ་གཉིས་སུ་ཏོག་དང་བཅས་པར་ངེས་པ་ལས་དབྱུ་གུ་གཅིག་པ་ཡིན་ན། སྦོམ་ཕྲ་མེད་པ་རིང་ན་ལུས་ཚད་ཙམ་པ་ལ་སྟེང་འོག་བར་གསུམ་དུ་སོར་བཞི་ཙམ་རེ་སྲད་བུ་དཀར་པོས་མི་མངོན་པར་དཀྲིས་པ་ཡིན། དབྱུག་གུ་གསུམ་པ་ཡིན་ན་དེ་ཀ་འདྲ་བའི་དབྱུ་གུ་ཕྲ་སང་ངེ་བ་གསུམ་བསྒྲིགས་ནས། སྲད་བུ་དཀར་དམར་ནག་གསུམ་གྱིས་སྟེང་འོག་ཏུ་མཐོ་རེ་ཙམ་དང་བར་བར་དུ་ཇི་ལྟར་འོས་པ་དཀྲིས་པའོ། །གཞན་ཡང་སྔོན་གྱི་དྲང་སྲོང་རྣམས་ཀྱི་དབྱུ་གུ་རྩེ་གསུམ་པ་ཡང་ཚངས་པའི་དབྱུག་པའོ། །ལྟོས་འགྲོ་ནི་སྦྲུལ་ཉིད་དང༌། བར་བུ་ནི་ལྷུང་བཟེད་དང་དབྱིབས་འདྲ་རུང་གི་སྣོད་ཁ་གཅོད་ཅན་ནོ། །བེ་ཅོན་དང་དབྱུག་པ་ཀུན་ལ་གྲགས་ཀྱང༌། བེ་ཅོན་ཙང་མགོ་ཙང་གཞུག་ཆེ་ཞིང༌། རྩེ་མོར་ཏོག་ཡོད་མེད་གཉིས་ཀ་འབྱུང་བ་འདིར་ནི་རྡོ་རྗེའི་ཏོག་ཅན་ནོ། །དབྱུག་པ་ནི་ཙང་མགོ་ཙང་གཞུག་ཧ་ཅང་ཆེ་བ་མེད་ཅིང༌། རིང་བ་རྩེ་མོར་ངེས་པར་ཏོག་ཡོད་པ་དང༌། བེ་ཅོན་ཁྲུ་དོ་ལས་མི་རིང་ཞིང༌། དབྱུག་པ་ཁྲུ་དོ་ལས་མི་ཐུང་བའོ། །ཡོངས་འདུའི་མེ་ཏོག་ནི་ཤིང་གི་ཡལ་ག་ལ་མེ་ཏོག་དཀར་རྐྱང་ངམ་སྣ་ལྔ་སྐྱེས་པའོ། །སྦྲུལ་དང་བཅས་པའི་ཁ་ཊཱཾ་ག་ནི་སྦྲུལ་གྱིས་དཀྲིས་པའི་དོན་ཡིན་ལ། ཞེས་པ་ནས། འདིའི་དྲག་པོ་དང་དྲག་མོའི་ཕྱག་ན་རྩེ་གསུམ་ལོགས་སུ་ཡོད་པས་རྩེ་གསུམ་གྱིས་མཚན་པའི་ཁ་ཌཱཾ་ག་ནི་མི་དགོས་ལ། འཇིག་རྟེན་པའི་ཁ་ཌཱཾ་ག་ལ་སྤྱི་ལྡོག་ནས་རྡོ་རྗེས་མཚན་པ་ཡང་མེད་མོད་ཀྱི། འདིར་ནི་རྡོ་རྗེའི་རིགས་སུ་སྦྱངས་པ་ཉིད་ཀྱི་ཕྱིར་རྡོ་རྗེས་མཚན་པར་བྱ་ཡང༌། མི་མགོ་གསུམ་ལ་སོགས་པའི་རྒྱས་པ་མི་དགོས་ཏེ། དབྱུག་པ་ཙང་མགོ་ཙང་གཞུག་ཅན་གྱི་སྟེང་དུ། མི་མགོ་སྐམ་རློན་གང་རུང་ཡོད་པ། མི་མགོའི་མགུལ་དུ་དར་དཔྱངས་བཅིངས་ཤིང་དྲིལ་ཆུང་བཏགས་པ་ཙམ་གྱིས་ཆོག་གོ། །ཞེས་གསུངས་སོ། །ཀུན་མཁྱེན་ཕྱོགས་རྒྱལ་བའི་སྟངས་སྟབས་དང་འདུག་སྟངས་མི་འདྲ་བར་བཞེད་དེ། དུས་འཁོར་བསྡུས་རྒྱུད་མཆན་༡༢༢ལས། འདིར་འདུག་སྟངས་དང་སྟངས་སྟབས་ཀྱི་ཁྱད་པར་མ་ཕྱེད་པར་ལྷ་མང་པོའི་སྟངས་སྟབས་འདུག་སྟངས་སུ་བྱས་པ་ལ་སོགས་པ་འཁྲུལ་བར་རིག་པར་བྱའོ། །ཞེས་གསུངས་སོ། །གསུང་དཀྱིལ་གྱི་རྣལ་འབྱོར་མ་ཡབ་དང་བཅས་པ་བརྒྱད་ཅུ་ལ་དར་གོས་མེད་པར་གཅེར་བུ་ཁོ་ན་ཡིན་ནོ། །

སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ།

སྐུའི་དཀྱིལ་འཁོར་གྱི་ལྷ་སྣམ་ལ།

ཕྱོགས་བཞིའི་གཡས་དང་གཡོན་རྣམས་སུ་པདྨ་དམར་པོ་འདབ་མ་ཉེར་བརྒྱད་པ་བརྒྱད་དང་མཚམས་བཞིར་པད་མ་དཀར་པོ་འདབ་མ་ཉེར་བརྒྱད་པ་བཞི་སྟེ། རིམ་པ་དང་པོ་ལ་འདབ་མ་བཞི། གཉིས་པ་ལ་བརྒྱད། གསུམ་པ་ལ་བཅུ་དྲུག་དང་བཅས་པའི་ལྟེ་བ་ལ་ལྷ་རྣམས་ཀྱི་བཞོན་པ་གནས་པ་ལ། ཤར་གྱི་གཡས་སུ་པདྨའི་ལྟེ་བར་ཡི་དྭགས་དམར་པོའི་གདན་ལ། སྲིན་པོ་ནག་པོ་ལ་ཛྲཱྀ་རྡོ་རྗེ་མ་སྲིན་མོ་སེར་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ཉ་རྡོ་རྗེ་མ་དང༌། ཉི་རྡོ་རྗེ་མ་ལ་སོགས་པ་ལྷ་མོ་ཉེར་བརྒྱད་སྐུ་མདོག་ནག་མོ་ཡིན་ལ། གཙོ་འཁོར་ཡབ་ཡུམ་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི་དང་གྲི་གུག། གཡོན་གཉིས་ཀྱིས་ཕུབ་དང་ཐོད་པ་འཛིན་པའོ། །

མེ་མཚམས་ཀྱི་པདྨའི་ལྟེ་བར་རི་དྭགས་སྔོན་པོའི་གདན་ལ་རླུང་ལྷ་ནག་པོ།

མེ་མཚམས་ཀྱི་པདྨའི་ལྟེ་བར་རི་དྭགས་སྔོན་པོའི་གདན་ལ་རླུང་ལྷ་ནག་པོ་ལ།

ཛྲཱྀ་རྡོ་རྗེ་མ་རབ་གཏུམ་མ་སེར་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ཙཱ་རྡོ་རྗེ་མ་དང་ཙཱི་རྡོ་རྗེ་མ་ལ་སོགས་པ་ས་གའི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་ཀྱང་ནག་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་དཔག་བསམ་གྱི་ཤིང་དང༌། ཡོངས་འདུའི་མེ་ཏོག གཡོན་གཉིས་ཀྱིས་ནོར་བུ་ཨིནྡྲ་ནཱི་ལ་དང༌། ཨུཏྤལ་སྔོན་པོ་འཛིན་པའོ། །

༈ ལྷོའི་གཡས་སུ། མེ་ལྷ་དམར་པོ་པདྨའི་ལྟེ་བར་ལུག་དཀར་ལ་གནས་ཤིང་ཌྀར་རྡོ་རྗེ་མ་ཆུ་ལྷ་དཀར་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ཎ་རྡོ་རྗེ་མ་ལ་སོགས་པ་སྣྲོན་གྱི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་ཀྱང་དམར་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་མདུང་ཐུང་དང༌། ༼བསྟོད་ཆེན་ལས། མདུང་ཐུང་དབྱུག་པ་ཆུ་སྐྱེས་སྤྱི་བླུགས་འཛིན། །ཞེས་དང༌། དུས་འཁོར་གསར་བའི་ཆོ་ག་ལས། གཡས་གཉིས་ཀྱིས་མདུང་དང་དབྱུག་པ། ཞེས་གསུངས་ཀྱང་བསྡུས་རྒྱུད་ལས། ཤཀྟི་དང༌། དབྱུག་པ། ༣༤ཞེས་དང༌། འགྲེལ་ཆེན་དྲི་མེད་འོད་ཀྱི་སྒྲུབ་ཐབས་ལེའུ་ལས། མེའི་དང་པོ་ན་ཤཀྟི་དང་གཉིས་པ་ན་དབྱུག་པའོ། །ཞེས་དང༌། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། ཤཀྟི་དང༌། དབྱུག་པ་དང༌། ཞེས་དང༌། དུས་འཁོར་ཆོ་ག་རྙིང་པ་ལས། གཡས་གཉིས་ཀྱིས་ཤཀྟི་དང་དབྱུག་པ། ཞེས་བྱུང་བ་ལ་དཔྱད་པར་ཞུ།༽ དབྱུག་པ། གཡོན་གཉིས་ཀྱིས་ཆུ་སྐྱེས་དང༌། རིལ་བ་སྤྱི་བླུགས་འཛིན་པའོ།། བདེན་བྲལ་དུ་གདོང་དྲུག་དམར་པོ་རྨ་བྱ་ལྗང་ཁུ་ལ་གནས་པ་ལ་ཌིརཱ་རྡོ་རྗེ་མ་དཔལ་མོ་དཀར་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ཊཱ་རྡོ་རྗེ་མ་ལ་སོགས་པ་ཆུ་སྟོད་ཀྱི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་པོ་སྐུ་མདོག་དམར་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་དྲུག་ཕྱག་བཞིའི་གཡས་གཉིས་ཀྱིས་ཤཀྟི་དང༌། མདུང༌། གཡོན་གཉིས་ཀྱིས་ནོར་བུ་དང༌། མེ་ལོང་འཛིན་པའོ། ། བྱང་གི་གཡས་སུ། རྒྱ་མཚོ་དཀར་པོ་པདྨའི་ལྟེ་བར་ཆུ་སྲིན་དམར་པོ་ལ་གནས་ཤིང་བྀར་རྡོ་རྗེ་མ་ཕག་མོ་དམར་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་མ་རྡོ་རྗེ་མ་ལ་སོགས་པ་གྲོ་བཞིན་གྱི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་དཀར་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་ཞགས་པ་དང༌། རིན་པོ་ཆེ། གཡོན་གཉིས་ཀྱིས་སྦྲུལ་ཞགས་དང༌། ཟླ་བ་ཆུ་ཤེལ་གྱི་ནོར་བུ་འཛིན་པའོ། ། དབང་ལྡན་དུ། ཚོགས་བདག་དཀར་པོ་པདྨའི་ལྟེ་བར་བྱི་བ་སྔོན་པོ་ལ་གནས་པ་ལ། བྀརཱ་རྡོ་རྗེ་མགཞོན་ནུ་མ་དམར་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་པཱ་རྡོ་རྗེ་མ་ལ་སོགས་པ་ཁྲུམས་སྟོད་ཀྱི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་པོ་དཀར་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟ་དང༌། རྡོ་རྗེ། གཡོན་གཉིས་ཀྱིས་ཞགས་པ་དང༌། ནོར་བུ་འཛིན་པའོ། །

༈ ནུབ་ཀྱི་གཡས་སུ། དབང་པོ་བརྒྱ་བྱིན་སེར་པོ་པདྨའི་ལྟེ་བར་གླང་ཆེན་སྨུག་ནག་ལ་གནས་པ་ལ། དྀར་རྡོ་རྗེ་མ་རླུང་ལྷ་མོ་ནག་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ན་རྡོ་རྗེ་མ་ལ་སོགས་པ་ཐ་སྐར་གྱི་ཟླ་བའི་ཚེས་རྣམས་ནི་སེར་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་རྡོ་རྗེ་དང་མེའི་མདའ། གཡོན་གཉིས་ཀྱིས་རྡོ་རྗེ་དྲིལ་བུ་དང་གཞུ་རྣམས་འཛིན་པའོ། །

༈ རླུང་མཚམས་སུ་མེས་པོ་ཚངས་པ་སེར་པོ་པདྨའི་ལྟེ་བར་ངང་བ་ལ་གནས་པ་ལ། དྀརཱ་རྡོ་རྗེ་མ་གློག་མ་ནག་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ཏཱ་རྡོ་རྗེ་མ་ལ་སོགས་པ་སྨིན་དྲུག་གི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་ཀྱང་སེར་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་བཞི་ཕྱག་བཞིའི་གཡས་གཉིས་ཀྱིས་ཁབ་དང༌། བགྲང་ཕྲེང༌། གཡོན་གཉིས་ཀྱིས་པད་མ། སྤྱི་བླུགས་འཛིན་པའོ། །

༈ བྱང་གི་གཡོན་དུ། དྲག་པོ་སྔོན་པོ་པདྨའི་ལྟེ་བར་ཁྱུ་མཆོག་ལ་གནས་པ་ལ། ཥྀར་རྡོ་རྗེ་མ་རི་སྲས་མ་ལྗང་ཁུས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ྈྐ་རྡོ་རྗེ་མ་ལ་སོགས་པ་མགོའི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་སྔོན་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་རྩེ་གསུམ་དང༌། མདའ། གཡོན་གཉིས་ཀྱིས་སྦྲུལ་དང་བཅས་པའི་ཁ་ཊྭཱཾ་ག་དང༌། གཞུ་འཛིན་པའོ། །

༈ ནུབ་ཀྱི་གཡོན་དུ་ནོར་བདག་སྔོན་པོ་པདྨའི་ལྟེ་བར་གླང་པོ་ཆེ་དཀར་པོ་ལ་གནས་པ་ལ། ཥྀརཱ་རྡོ་རྗེ་མ་ནོར་གྱི་དབང་མོ་ལྗང་ཁུས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་སཱ་རྡོ་རྗེ་མ་ལ་སོགས་པ་རྒྱལ་གྱི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་ཀྱང་སྔོན་མོ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་ནོར་བུ་དང༌། བེ་ཅོན། གཡོན་གཉིས་ཀྱིས་ནེའུ་ལེ་དང༌། པད་མ་འཛིན་པའོ། །

༈ ཤར་གྱི་གཡོན་དུ། ཁྱབ་འཇུག་ལྗང་ཁུ། པདྨའི་ལྟེ་བར་མཁའ་ལྡིང་ཁ་དོག་ལྔ་སྟེ་རྐང་མཐིལ་ནས་དཔྱིའི་བར་སེར་པོ། དཔྱི་མཐའ་ནས་ལྟེ་བའི་བར་དཀར་པོ། ལྟེ་བ་ནས་མགྲིན་པའི་བར་དམར་པོ། མགྲིན་པ་ནས་སྨིན་མའི་བར་ནག་པོ། སྨིན་མ་ནས་གཙུག་ཏོར་གྱི་བར་ལྗང་ཁུ་ཅན་གྱི་གདན་ལ་གནས་པ་ལ། གྀར་རྡོ་རྗེ་མ་དཔལ་མོ་སྔོན་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ང་རྡོ་རྗེ་མ་ལ་སོགས་པ་མཆུའི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་ཀྱང་ལྗང་ཁུ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ་དང༌། དབྱུག་ཐོ། གཡོན་གཉིས་ཀྱིས་པད་མ་དང༌། སྐྱེ་བ་ལྔ་པའི་དུང་འཛིན་པའོ། །

༈ ལྷོའི་གཡོན་དུ་གཤིན་རྗེ་ལྗང་ཁུ་མ་ཧེ་སྔོ་སྐྱ་ལ་གནས་ཤིང་གྀརཱ་རྡོ་རྗེ་མ་གཤིན་རྗེ་མོ་སྔོན་མོས་འཁྱུད་པ། འདབ་མ་རྣམས་ལ་ནང་གི་པད་འདབ་མདུན་མ་ནས་བརྩམས་ཏེ་གཡས་བསྐོར་གྱི་རིམ་པས་ཀཱ་རྡོ་རྗེ་མ་ལ་སོགས་པ་དབོའི་ཟླ་བའི་ཚེས་ལྷ་ཉེར་བརྒྱད་ཀྱང་ལྗང་ཁུ། གཙོ་འཁོར་སུམ་ཅུ་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་དབྱུག་པ་དང༌། རལ་གྲི། གཡོན་གཉིས་ཀྱིས་ལྕགས་སྒྲོག་དང། ཞགས་པ་འཛིན་པའོ། །དེ་ལ་གཙོ་བོ་རྣམས་རྡོ་རྗེའི་གདན་གྱིས་བཅོམ་ལྡན་འདས་ལ་མངོན་དུ་ཕྱོགས་པ་དང༌། འཁོར་རྣམས་རོལ་པའི་སྟབས་ཀྱིས་རང་རང་གི་གཙོ་བོ་ལ་མངོན་དུ་ཕྱོགས་ཤིང༌། དེ་དང་རྗེས་སུ་མཐུན་པ་སྟེ། ཐམས་ཅད་ཞལ་གཅིག་ཕྱག་བཞི་པ་དག་གོ །འོན་ཀྱང་ཚངས་པ་འཁོར་དང་བཅས་པ་དང་གཞོན་ནུ་འཁོར་དང་བཅས་པ་དྲུག་ཅུ་ནི་གདོང་བཞི་དང་དྲུག་ཏུ་རྟོགས་པར་བྱ། ཐམས་ཅད་ཀྱང་ཞལ་རེ་རེ་སྤྱན་གསུམ་གསུམ་ཡོད་པའོ། །ཞེས་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས་གསུངས་ལ་དེ་ལྟར་རྡོ་རྗེ་བསྟོད་ཆེན་ལས། གདོང་དྲུག་ལ་སོགས་ཆུ་སྟོད་ཚེས་རྣམས་གཞན། །ཤཀ་ཏི་མདུང་ཐུང་ནོར་བུ་མེ་ལོང་ཅན། །བྱི་རུའི་འོད་འཕྲོ་གདོང་དྲུག་ལྡན་པས་སྐྱོངས། །ཞེས་དང༌། ཚངས་པ་ལ་སོགས་སྨིན་དྲུག་ཚེས་རྣམས་གཞན། །ཁབ་དང་བགྲང་ཕྲེང་ཆུ་སྐྱེས་སྤྱི་བླུགས་འཛིན། །ཆུ་ཡི་གསེར་མཚུངས་ཆུ་ཡི་ཞལ་གྱིས་སྐྱོང༌། །ཞེས་དང༌། འབའ་མདའ་བླ་མ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་དུས་འཁོར་བསྐྱེད་རིམ་བདུད་རྩིའི་བུམ་བཟང་ལས། བདེན་བྲལ་གྱི་གཞོན་ནུ་གདོང་དྲུག་ཡུམ་དང་བཅས་པའི་གཙོ་འཁོར་ཐམས་ཅད་གདོང་དྲུག་པ། རླུང་མཚམས་ཀྱི་མེས་པོ་ཚངས་པ་ཡུམ་དང་བཅས་པའི་གཙོ་འཁོར་ཐམས་ཅད་གདོང་བཞི་པ། ལྷག་མའི་ཚེས་ལྷ་སུམ་བརྒྱ་ནི་གདོང་གཅིག་པ་དང༌། གཙོ་བོ་རྣམས་བཅོམ་ལྡན་འདས་ལ་གདོང་ཕྱོགས་ཤིང༌། འཁོར་རྣམས་རང་རང་གི་གཙོ་བོ་ལ་གདོང་ཕྱོགས་པ་སྟེ། པད་མའི་ལྟེ་བའི་ལྷ་ཆེན་གྱི་གདན་གྱི་སྲོག་ཆགས་རྣམས་ནི་ཚིག་ཟིན་ལྟར་ཡིན་ཞིང་སྲོག་ཆགས་རྣམས་བཞོན་པའི་ཚུལ་དུ་མགོ་གཙོ་བོ་ལྷ་ཆེན་གྱི་མདུན་དུ་ཕྱོགས་ནས་གནས་པའོ། །ཕྱག་མཚན་རྣམས་ནི་ཤེས་སླ། ལྷ་ཆེན་བཅུ་གཉིས་ནི་ནག་ཟླ་ནས་དབོའི་ཟླའི་བར་གྱི་གཙོ་བོ་ཡབ་རྣམས་ནི་རིམ་པ་བཞིན་དུ། ལྷོ་ནུབ་སྲིན་པོ་དང༌། ནུབ་བྱང་རླུང་ལྷ་དང༌། ཤར་ལྷོ་མེ་ལྷ་དང༌། གཞོན་ནུ་གདོང་དྲུག་དང༌། ཀླུའི་རྒྱལ་པོ་རྒྱ་མཚོ་དང༌། ལྷ་ཆེན་ཚོགས་བདག་དང༌། ཤར་གྱི་ལྷའི་དབང་པོ་དང༌། སྟེང་གི་མེས་པོ་ཚངས་པ་དང༌། དྲག་པོ་དབང་ཕྱུག་དང༌། བྱང་གི་ནོར་བདག་དང༌། ལྷ་ཁྱབ་འཇུག་དང༌། ལྷོའི་གཤིན་རྗེ་དང་བཅུ་གཉིས་ཏེ། དེ་དག་གི་ཡུམ་ལས་ལྷོ་གཡས་མེ་ལྷའི་ཡུམ་ཆུ་ལྷ་མོ་དང༌། ནུབ་གཡས་དབང་པོའི་ཡུམ་རླུང་ལྷ་མོ་དང༌། ཤར་གཡོན་ཁྱབ་འཇུག་གི་ཡུམ་དཔལ་མོ་དང༌། བྱང་གཡོན་དྲག་པོའི་ཡུམ་རི་སྲས་མ་རྣམས་ལས་གཞན་རྣམས་གོང་དུ་གསུང་གི་སྐབས་སུ་བཤད་ཟིན་ལ། ཆུ་ལྷ་མོ་ནི་ཀླུའི་རྒྱལ་པོ་རྒྱ་མཚོའི་སྲིང་མོ་དང༌། རླུང་ལྷ་མོ་ནི་རླུང་ལྷ་ཉིད་ཀྱི་སྲིང་མོ་དང༌། དཔལ་མོ་ནི་ཁྱབ་འཇུག་རང་ཉིད་ཀྱི་ཡུམ་དཔལ་མོ་མ་ཡིན་གྱི་རྣམ་ཐོས་བུའི་ཆུང་མ་ལྷ་མོ་དཔལ་ཆེན་མོ་དང༌། རི་སྲས་མ་ནི་གཤིན་རྗེའི་ཡུམ་མ་ཡིན་པར་གཤིན་རྗེའི་སྲིང་མོ་སྟེ་དུས་ཀྱི་མཚན་མོར་གྲགས་པ་དེ་ཡིན་པར་གསུངས་སོ། །ཞེས་གསུངས་སོ། །གསུང་སྐུ་གཉིས་ཀའི་སྲོག་ཆགས་ཀྱི་གདན་རྣམས་གཙོ་འཁོར་ཐམས་ཅད་ཀྱི་གདན་ཡིན་པར་འདོད་པ་དང༌། པདྨ་རྣམས་ཀྱི་འོག་ཏུ་བྱེད་པ་སོགས་ཡོད་ཀྱང་རང་ལུགས་ལ་གཙོ་བོ་ཡབ་ཡུམ་གཉིས་ཀའི་གདན་ནམ་བཞོན་པ་ཡིན་ནོ། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས་ལྷ་ཡབ་ཡུམ་སྐུ་མདོག་འདྲ་བར་གསུངས་ཡོད་མོད་དངོས་གྲུབ་ཉེར་འཚོར་ཚེའི་ལྷའི་ལྷ་ཡབ་ཡུམ་སྐུ་མདོག་འདྲ་བ་དང་མི་འདྲ་བ་གང་ལྟར་བྱས་ན་འགལ་བ་མེད་པར་གསུངས་སོ། །

སྐུའི་སྒོ་བཞིའི་ཁྲོ་བོ་རྣམས་སྤྲོ་བ།

སྐུའི་སྒོ་བཞིའི་ཁྲོ་བོ་རྣམས་སྤྲོ་བ་ནི།

སྐུའི་ཤར་སྒོར་ཕག་བདུན་གྱིས་དྲངས་བའི་ཤིང་རྟ་ནག་པོའི་སྟེང་དུ་དབྱུག་སྔོན་ཅན་ རྡོ་རྗེ་ལྕགས་སྒྲོག་མ་ལྟ་བུ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ཕུབ་དང་ལྟོ་འགྲོ་འཛིན་པ་ལ། འོད་ཟེར་ཅན་མ་སེར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ་དང༌། དབྱུག་པ། གཡོན་གཉིས་ཀྱིས་དུང་དང༌། རིན་པོ་ཆེ་འཛིན་པས་འཁྱུད་པའོ། །

༈ ལྷོ་སྒོར་རྟ་བདུན་གྱིས་དྲངས་བའི་ཤིང་རྟ་དམར་པོའི་སྟེང་དུ་འདོད་པའི་རྒྱལ་པོ་ཁྲོ་གཉེར་ཅན་མ་ལྟ་བུ་དམར་པོ་ལ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་མདའ་དང་ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང་ཞགས་པ་འཛིན་པ་ལ། སྐུལ་བྱེད་མ་དཀར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་ཐོ་བ་དང༌། མདུང༌། གཡོན་གཉིས་ཀྱིས་པད་མ་དང༌། མེ་ལོང་འཛིན་པས་འཁྱུད་པའོ། །

༈ བྱང་སྒོར་སེངྒེ་བདུན་གྱིས་དྲངས་བའི་ཤིང་རྟ་དཀར་པོའི་སྟེང་དུ་མི་གཡོ་བ་དཀར་པོ་ཙུན་དཱ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་ཐོ་བ་དང་མདུང༌། གཡོན་གཉིས་ཀྱིས་པདྨ་དང་མེ་ལོང་འཛིན་པ་ལ། ཁྲོ་གཉེར་ཅན་མ་དམར་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་མདའ་དང༌། ལྕགས་ཀྱུ། གཡོན་གཉིས་ཀྱིས་གཞུ་དང༌། ཞགས་པ་འཛིན་པས་འཁྱུད་པའོ། །

༈ ནུབ་སྒོར་གླང་བོ་ཆེ་བདུན་གྱིས་དྲངས་བའི་ཤིང་རྟ་སེར་པོའི་སྟེང་དུ་སྟོབས་པོ་ཆེ་སེར་པོ་འོད་ཟེར་ཅན་མ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་འཁོར་ལོ་དང་དབྱུག་པ། གཡོན་གཉིས་ཀྱིས་དུང་དང་རིན་པོ་ཆེ་འཛིན་པ་ལ། རྡོ་རྗེ་ལྕགས་སྒྲོགས་མ་ནག་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་རལ་གྲི་དང༌། རྡོ་རྗེ། གཡོན་གཉིས་ཀྱིས་ཕུབ་དང༌། ལྟོས་འགྲོ་འཛིན་པས་འཁྱུད་པའོ། །

༈ སྟེང་དུ་མཁའ་ལྡིང་མིག་གསུམ་པ་ཁ་དོག་སྣ་ལྔ་སྟེ་མཁའ་ལྡིང་ཨ་ནཱི་ལ་ཞེས་པ་ནི། ཨ་ནི་ལ་རླུང་གི་མིང་ཡིན་པས་མཁའ་ལྡིང་གི་རྒྱལ་པོ་རླུང་ལྟར་མགྱོགས་པས་རླུང་ཞེས་བཏགས་པ་ཡིན་ལ། ཁ་དོག་ལྔ་པ་ནི་གོང་དུ་བཤད་པའི་ཡེ་ཤེས་ཁྱུང་ཁྲ་དང་འདྲ་ལ། དེ་བདུན་གྱིས་དྲངས་པའི་ཤིང་རྟ་ལྗང་ཁུུ་ལུུ་གནས་པའི་གཙུག་ཏོར་འཁོར་ལོས་སྒྱུར་བ་དྲག་སྤྱན་མ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟ་དང་རྩེ་གསུམ། གཡོན་གཉིས་ཀྱིས་སྦྲུལ་ཞགས་དང་ཁ་ཊཱཾ་ག་འཛིན་པ་ལ། ཤིན་ཏུ་སྔོན་མོ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུག་དང༌། རྡོ་རྗེ། གཡོན་གཉིས་ཀྱིས་ཐོད་པ་དང༌། དྲིལ་བུ་འཛིན་པས་འཁྱུད་པའོ། །

འོག་ཏུ་སེངྒེ་རྐང་པ་བརྒྱད་པ་སྟེ་རྐང་པ་བརྒྱད།

འོག་ཏུ་སེངྒེ་རྐང་པ་བརྒྱད་པ་སྟེ་རྐང་པ་བརྒྱད་ནི།

སེངྒེ་ཤ་ར་བྷ་སྟེ་ཁ་དོག་ནག་པོའམ་སྔོན་པོ། དཔུང་པ་གཉིས་དང་དཔྱི་མགོ་གཉིས་སུ་གཤོག་པ་སེར་པོའམ་ཁྲ་བོ་ཆུང་ངུ་ཡོད་པ་དང་རྐང་ལག་བཞི་དང་བརྒྱད་ཡིན་ལ། དེ་བདུན་གྱིས་དྲངས་པའི་ཤིང་རྟ་སྔོན་པོ་ལ་གནོད་མཛེས་རྒྱལ་པོ་སྔོན་པོ་ཤིན་ཏུ་སྔོན་མོ་ལྟ་བུ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་གྲི་གུག་དང་རྡོ་རྗེ། གཡོན་གཉིས་ཀྱིས་ཐོད་པ་དང་དྲིལ་བུ་འཛིན་པ་ལ། དྲག་སྤྱན་མ་ལྗང་ཁུ་ཞལ་གཅིག་ཕྱག་བཞིའི་གཡས་གཉིས་ཀྱིས་དགྲ་སྟ་དང༌། རྩེ་གསུམ། གཡོན་གཉིས་ཀྱིས་སྦྲུལ་ཞགས་དང༌། ཁ་ཊྭཱཾ་ག་འཛིན་པས་འཁྱུད་པ་སྟེ། ཁྲོ་བོ་ཡབ་ཡུམ་ཐམས་ཅད་རབ་ཏུ་ཁྲོས་ཤིང་མཆེ་བ་གཙིགས་པ། སྐྲ་དམར་སེར་གྱེན་དུ་བརྫེས་པ་སྦྲུལ་གྱིས་བརྒྱན་པ་ཞལ་གཅིག་པ་ཕྱག་བཞི་དང་ཐོད་སྐམ་གྱི་དབུ་རྒྱན་དང༌། ཐོད་རློན་གྱི་དོ་ཤལ་བྱ་ཞིང་ཁྲོ་བོ་རྣམས་གཡས་བརྐྱང་དང་སྟག་ཤམ་ཕྱག་རྒྱ་དྲུག་དང༌། ཁྲོ་བོའི་ལྷ་མོ་རྣམས་གཡོན་བརྐྱང་དང་ཕྱག་རྒྱ་ལྔ་དང་ལྡན་པས་ཤིང་རྟ་ལ་གནས་པའོ། །གཡས་བརྐྱང་གི་སྟབས་དང་གཡོན་བརྐྱང་གི་སྟབས་ནི། ཇི་སྐད་དུ། གཡས་ཀྱི་བརླ་དང་པུས་མོ་བསྲང༌། །གཡོན་པ་བྱིན་པ་བརླར་ཕྱོགས་ཏེ། །ཐད་ཀར་འཇོག་པར་བྱེད་པ་དག །རྒྱ་རུ་མཐོ་ལྔར་བྱས་པ་ནི། །གཡས་བརྐྱངས་པར་ནི་རབ་ཏུ་གྲགས། །དེ་ཉིད་གོ་བཟློག་པ་ནི་གཡོན་བརྐྱང་སྟེ། །དེ་གཉིས་ལ་གཤོལ་གྱི་དབྱིབས་ལྟ་བུ་ཞེས་ཀྱང་གྲགས་སོ།།ཤིང་རྟ་དེ་རྣམས་གཙོ་བོར་ཁྲོ་མོ་རྣམས་ཀྱི་བཞུགས་གནས་ཀྱི་ཤིང་རྟ་ཡིན་པས་ཁྲོ་མོ་རྣམས་ཞལ་ཕྱིར་གཟིགས་པ་ཡིན་པ་ལྟར་ཤིང་རྟའི་གདོང་ཕྱིར་ཕྱོགས་པའམ་བསྟན་པ་ཡིན་ལ། འདྲེན་བྱེད་གྱི་སྲོག་ཆགས་རྣམས་ཀྱང་ཕྱི་ལ་འགྲོ་བའི་ཚུལ་ལྟ་བུར་གནས་པ་ཡིན་ཅིང༌། སྟེང་འོག་གི་ཤིང་རྟ་གཉིས་པོ་ཤར་དང་ནུབ་ཏུ་ཕྱོགས་པས་ཅུང་ཟད་གྱེན་དང་ཅུང་ཟད་ཐུར་དུ་ཕྱོགས་པའི་སྲོག་ཆགས་དང༌། ཤིང་རྟ་ཐད་ཀ་ན་གནས་པར་དངོས་གྲུབ་ཉེར་འཚོ་ལས་གསུངས་སོ། །དེས་ན་ཁྲོ་མོའི་ཞལ་དང་ཤིང་རྟའི་གདོང་གཉིས་ཕྱོགས་གཅིག་ལ་བསྟན་པའོ། །དེང་སྐབས་གཙོ་མོ་ཤིང་རྟའི་རྒྱབ་ཏུ་ཕྱོགས་པར་བྲིས་པ་སོགས་ནོར་བའི་ཕྲེང་བ་མང་དུ་མཆིས་སོ། །

༈ སྐུའི་སྟེགས་བུའི་ཕྱི་རོལ་མཆོད་པའི་ས་གཞི་རྟ་བབས་ཀྱི་ཀ་བའི་ནང་རོལ་དུ་ཀླུ་རྣམས་གནས་པ་ཡིན་ཏེ། དངོས་གྲུབ་ཉེར་འཚོ་ལས། ཞལ་ནང་དུ་ལྟ་བའི་དབང་དུ་བྱས་ནས་ཀ་བ་ལ་གཡས་གཡོན་གྱི་ལོགས་བསྟན་ཞིང༌། གདན་གྱི་མདུན་ཕྱོགས་སྟེགས་བུ་ལ་ཐུག་པའི་སྟེགས་བུའི་ཕྱི་རོལ་གྱི་ས་གཞི་ལ་གནས་པ་ཡིན་གྱི་ཀ་བའི་ཐད་ཀྱི་སྟེགས་བུའི་སྟེང་དུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །ཤར་དུ་རླུང་གི་དཀྱིལ་འཁོར་ནག་པོ་ཟླུམ་པོ་གཉིས་ཀྱི་གདན་ལ། གཡོན་དུ་སྟོབས་ཀྱི་རྒྱུ་ནག་པོ་དང་གཡས་སུ་པད་མ་ནག་པོ་གཉིས་གནས་ལ། རིམ་བཞིན་དུ་མཁའ་ལྡིང་གདོང་མ་སེར་མོ་དང་ལྕེ་སྤྱང་གདོང་མ་སེར་མོས་འཁྱུད་པའོ། །ལྷོར་མེའི་དཀྱིལ་འཁོར་དམར་པོ་གྲུ་གསུམ་ཟུར་རྩེ་ནང་དུ་བསྟན་པ་གཉིས་ཀྱི་གདན་ལ། གཡོན་དུ་ནོར་རྒྱས་དམར་པོ་དང་གཡས་སུ་དུང་སྐྱོང་དམར་པོ་གནས་པ་ལ། རིམ་བཞིན་དུ་འུག་གདོང་མ་དཀར་མོ་དང་སྟག་གདོང་མ་དཀར་མོས་འཁྱུད་པའོ། །བྱང་དུ་ཆུའི་དཀྱིལ་འཁོར་ཟླ་གམ་བཅད་ཁ་ནང་དུ་བསྟན་པ་གཉིས་གྱི་གདན་ལ། གཡོན་དུ་མཐའ་ཡས་དཀར་པོ་དང་གཡས་སུ་རིགས་ལྡན་དཀར་པོ་གནས་པ་ལ། རིམ་བཞིན་བྱ་རྒོད་གདོང་མ་དམར་མོ་དང་ཕག་གདོང་མ་དམར་མོས་འཁྱུད་པའོ། །ནུབ་ཏུ་སའི་དཀྱིལ་འཁོར་གྲུ་བཞི་གཉིས་ཀྱི་གདན་ལ། གཡོན་དུ་འཇོག་པོ་སེར་པོ་དང་གཡས་སུ་པད་མ་ཆེན་པོ་སེར་པོ་གཉིས་གནས་པ་ལ། གོ་རིམ་བཞིན་དུ་ཁྭ་གདོང་མ་ནག་མོ་དང་ཁྱི་གདོང་མ་ནག་མོས་འཁྱུད་པའོ། །སྟེང་དུ་ནམ་མཁའ་དཀྱིལ་འཁོར་ལྗང་ཁུ་དང་འོག་ཏུ་ཡེ་ཤེས་ཀྱི་དཀྱིལ་འཁོར་སྔོན་པོ་གཉིས་ཀྱི་གདན་ལ། རྒྱལ་བ་ལྗང་ཁུ་དང་རྣམ་པར་རྒྱལ་བ་སྔོན་པོ་གཉིས་གནས་ལ། གོ་རིམ་བཞིན་རྡོ་རྗེ་མིག་མ་སྔོན་མོ་དང་ཤིན་དུ་སྔོན་མོ་ལྗང་མོས་འཁྱུད་པའོ། །སྟེང་འོག་གི་ཀླུ་ཡང་ཁྲོ་བོའི་རྒྱབ་ཏུ་བཀོད་པའོ།།རྒྱལ་བ་རྣམ་རྒྱལ་གཉིས་གདེངས་ཀ་བདུན་པ་དང༌། གཞན་རྣམས་གདེངས་ཀ་ལྔ་བ་དང༌། ཐམས་ཅད་རིན་པོ་ཆེའི་རྒྱན་དང་ལྡན་པ། ཀླུ་ཡབ་ཡུམ་ཐམས་ཅད་ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་བཞིའི་གཡས་གཉིས་ཀྱིས་བདུད་རྩིའི་བུམ་པ་དང༌། རྡོ་རྗེ། གཡོན་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་འཛིན་པ། ཡབ་ཀླུ་རྣམས་རྡོ་རྗེ་དཀྱིལ་ཀྲུང་གིས། ཡུམ་རབ་གཏུམ་མ་རྣམས་འཁྱུད་པ་སྟེ་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མི་མགོའི་འཕྲེང་བ་མགུལ་དུ་འཕྱང་བའོ། །ཀླུ་ཡབ་ཡུམ་ཕྱག་གྲངས་མི་འདྲ་བ་དང་ཕྱག་མཚན་མི་འདྲ་བར་བྱེད་པ་ནི་རྣམ་པར་མ་བརྟག་པའི་བཤད་པ་ནོར་བའོ། །ཀླུ་ཡབ་ཡུམ་མམ་ཡབ་ཀླུ་དང་དེའི་ཡུམ་རབ་གཏུམ་མ་ཐམས་ཅད་ཞལ་གཅིག་ཕྱག་བཞི། ཕྱག་གཡས་པ་གཉིས་ན་བདུད་རྩིའི་བུམ་པ་དང༌། རྡོ་རྗེ། གཡོན་པ་གཉིས་ཀྱིས་པདྨ་དང་རིན་པོ་ཆེ་འཛིན་པ་ཡིན་ཏེ། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། དེ་ལ་ཀླུ་རྣམས་རྡོ་རྗེའི་གདན་གྱིས་གནས་ཤིང་རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ་ཕྱག་བཞི་པ་སྟེ། བདུད་རྩིའི་བུམ་པ་དང༌། རྡོ་རྗེ་དང༌། པད་མ་དང༌། རིན་པོ་ཆེ་འཛིན་པའོ། །ཞེས་དང༌། ཀླུ་ཡབ་ཡུམ་གྱི་སྐབས་སུ་རྗེ་བཙུན་གྱི་དུས་འཁོར་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལ་འཇུག་པ་ལས། ཐམས་ཅད་ཀྱང་རྡོ་རྗེའི་གདན་གྱིས་གནས་ཤིང༌། རིན་པོ་ཆེས་བརྒྱན་པ། ཞལ་གཅིག་པ། སྤྱན་གསུམ་པ། ཕྱག་བཞིའི་གཡས་གཉིས་ཀྱིས་བདུད་རྩིའི་བུམ་པ་དང་རྡོ་རྗེ། གཡོན་གཉིས་ཀྱིས་པད་མ་དང་རིན་པོ་ཆེ་འཛིན་པའོ། །ཞེས་དང༌། དུས་འཁོར་བསྐྱེད་རིམ་བདུད་རྩིའི་བུམ་བཟང་ལས། ཡབ་ཡུམ་ཐམས་ཅད་ཕྱག་མཚན་དང་རྒྱན་ཆས་འདྲ་བ་རྣམས་ཤེས་པའི་སྒོ་ནས། ཞེས་གསུངས་སོ། །འདི་ལ་སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་དུ་ཀླུ་རྣམས་ཞེས་གསུངས་པ་ལ་བརྟེན་ནས་རབ་གཏུམ་མའི་སྐབས་ཀྱི་ཀླུ་རྣམས་ཕྱག་བཞི་བྱེད་པ་ནོར་ཏེ། ཀླུ་རྣམས་ཞེས་གསུངས་པས་རབ་གཏུམ་མའི་སྐབས་ཀྱི་ཀླུ་རྣམས་བཟུང་མི་དགོས་པར་དཔེར་ན་ཀླུའི་སྐབས་སུ་ཀླུ་རྣམས་སྤྲོ་བར་བྱ་སྟེ། ཞེས་གསུངས་པ་ཀླུ་ཁོ་ན་བཟུང་མི་དགོས་པར་ཀླུ་ཡབ་ཡུམ་ཐམས་ཅད་ལ་གོ་བ་དང༌། རབ་གཏུམ་མའི་སྐབས་སུ་རབ་གཏུམ་མ་རྣམས་སྤྲོ་བར་བྱ་སྟེ། ཞེས་གསུངས་པ་རབ་གཏུམ་མ་ཁོ་ན་བཟུང་བ་མ་ཡིན་པར་ཡུམ་རབ་གཏུམ་མ་དང་ཡབ་ཀླུ་དང་བཅས་པ་ལ་གོ་བ་བཞིན་ཡིན་པར་ཤེས་དགོས་པའི་ཕྱིར་རོ། །

མེ་རླུང་གི་དཀྱིལ་འཁོར་གྱི་མཚམས་སུ་དུར་ཁྲོད་གྱི་འཁོར་ལོ་ལ་རབ་གཏུམ་མ་རྣམས་གནས་པ།

མེ་རླུང་གི་དཀྱིལ་འཁོར་གྱི་མཚམས་སུ་དུར་ཁྲོད་གྱི་འཁོར་ལོ་ལ་རབ་གཏུམ་མ་རྣམས་གནས་པ་ལ།

ཤར་གྱི་དུར་ཁྲོད་རྩེ་མོས་འབིགས་པ་ལ་བསེ་ནི་རི་དྭགས་ལུས་གླང་བོ་ཆེ་དང༌། མགོ་མ་ཧེ་དང་འདྲ་བ། མགྲིན་པ་རིང་བ། དཔྲལ་བ་ན་བསེ་རུ་ཡོད་པ། ལུས་ཐམས་ཅད་འབུར་བོས་གང་བ། ཁབ་ལྟ་བུའི་སྤུ་ཐོར་བུ་ཡོད་པ་དེའི་སྟེང་དུ་འཁོར་ལོའི་གདན་ལ། ཁྱི་གདོང་མ་ནག་མོ་ལ། པད་མ་ཆེན་པོས་འཁྱུད་པའོ། །ཤར་ལྷོའི་དུར་ཁྲོད་ལྷག་མ་ཅན་དུ་བྷེ་རུཎ་ཌ་སྟེ་བྱ་སེར་པོའི་གདན་དེའི་སྟེང་དུ་འཁོར་ལོའི་གདན་ལ། ཁྭ་གདོང་མ་ནག་མོ་ལ། འཇོག་པོ་སེར་པོས་འཁྱུད་པའོ། །ལྷོའི་དུར་ཁྲོད་རོ་བསྲེགས་པར་དོམ་སྔོན་པོའི་སྟེང་དུ་འཁོར་ལོའི་གདན་ལ། ཕག་གདོང་མ་དམར་མོ་ལ། རིགས་ལྡན་དཀར་པོས་འཁྱུད་པའོ། །བདེན་བྲལ་གྱི་དུར་ཁྲོད་དྲག་པོའི་གཡུལ་དུ་ཁྲུང་ཁྲུང་སྔོན་པོའི་སྟེང་དུ་འཁོར་ལོའི་གདན་ལ། བྱ་རྒོད་གདོང་མ་དམར་མོ་ལ། མཐའ་ཡས་དཀར་པོས་འཁྱུད་པའོ། །བྱང་གི་དུར་ཁྲོད་དུ་གཡག་གམ་རུལ་པར་འབྲིའི་སྟེང་དུ་འཁོར་ལོའི་གདན་ལ། སྟག་གདོང་མ་དཀར་མོ་ལ། དུང་སྐྱོང་དམར་པོས་འཁྱུད་པའོ། །དབང་ལྡན་གྱི་དུར་ཁྲོད་བྱིས་པ་ཤི་བ་ལ། བྱ་མ་བྱི་སྔོན་པོ་ནི་ཕ་ཝང་སྟེ་དེ་ལ་གཡུང་རྒོད་གཉིས་ཡོད་པར་དངོས་གྲུབ་ཉེར་འཚོ་ལས་གསུངས་ལ། དེའི་སྟེང་དུ་འཁོར་ལོའི་གདན་ལ། འུག་གདོང་མ་དཀར་མོ་ལ། ནོར་རྒྱས་དམར་པོས་འཁྱུད་པའོ། །ནུབ་ཀྱི་དུར་ཁྲོད་རྣག་གི་དྲིར་སེང་གེ་སྔོན་པོའི་སྟེང་དུ་འཁོར་ལོའི་གདན་ལ་ལྕེ་སྤྱང་གདོང་མ་སེར་མོ་ལ། པད་མ་ནག་པོས་འཁྱུད་པའོ། །རླུང་གི་དུར་ཁྲོད་སྦྲུལ་གྱིས་ཟོས་པ་ལ། མིག་སྔོན་སྟེ་ཕུག་རོན་ཆེ་ཤོས་ཙམ་ཡོད་པ་གཡུའི་མདོག་ཅན། ཤིན་ཏུ་ལེགས་པ་མཇུག་སྒྲོ་རིང་བ་ཞིག་གི་སྟེང་དུ་འཁོར་ལོའི་གདན་ལ། མཁའ་ལྡིང་གདོང་མ་སེར་མོ་ལ། སྟོབས་ཀྱི་རྒྱུ་ནག་པོས་འཁྱུད་པའོ། །སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། དེ་ལྟར་གདན་བརྒྱད་ནི་འཁོར་ལོ་རྣམས་ཀྱི་འོག་ཏུ་རིག་པར་བྱའོ། །ཞེས་གསུངས་པ་ལྟར་རྗེ་བཙུན་གྱིས་གསུངས་སོ། །འདིར་འཁོར་ལོ་བརྒྱད་ནི་ཕྱོགས་བཞིར་དམར་པོ་དང༌། མཚམས་བཞིར་དཀར་པོའོ། །སྟེང་དུ་ཤིང་རྟ་ལྗང་ཁུའི་སྟེང་དུ། སྔོན་མོ་ལྗང་མོ་ལ། རྣམ་པར་རྒྱལ་བ་སྔོན་པོས་འཁྱུད་པའོ། །འོག་ཏུ་ཤིང་རྟ་སྔོན་པོའི་གདན་ལ། རྡོ་རྗེ་མིག་མ་སྔོན་མོ་ལ། རྒྱལ་བ་ལྗང་ཁུས་འཁྱུད་པའོ། །དངོས་གྲུབ་ཉེར་འཚོ་༡༨༤ལས། སྟེང་འོག་གི་རབ་གཏུམ་མའི་ཤིང་རྟ་སྟེང་འོག་ནི། ཁྲོ་བོའི་ཤིང་རྟ་དང་རྣམ་པ་ཤིན་ཏུ་འདྲ་བ་ཡིན་པ་ལ། ཆེ་ཆུང་གི་ཁྱད་པར་ཡོད་པས་སྟེང་འོག་གི་ཁྲོ་བོའི་ཤིང་རྟ་དངོས་ལ་རབ་གཏུམ་མ་འགོད་པ་ནི་མི་ལེགས་སོ། །ཞེས་དང༌། ༢༦༩སྟེང་འོག་གི་རབ་གཏུམ་མ་གཉིས་ཀྱི་ཤིང་རྟ་ནི་ཁྲོ་བོ་ཡབ་ཡུམ་གྱི་ཤིང་རྟ་དང་འདྲའོ།། ཞེས་དང༌། འབའ་མདའི་དུས་འཁོར་བསྐྱེད་རིམ་བདུད་རྩིའི་བུམ་བཟང་ལས། སྟེང་གི་ཀླུའི་གདན་གྱི་འོག་ཏུ་གསུང་གི་གར་བུ་ཁོང་སྟོང་ལ་ཤིང་རྟ་ལྗང་གུ་གདོང་ཤར་དུ་ཕྱོགས་པ་དང༌། འོག་གི་ཀླུའི་ཤིང་རྟའི་འོག་ཏུ་རྡོ་རྗེའི་ས་གཞིའི་ཁོང་སྟོང་ལ་ཤིང་རྟ་སྔོན་པོ་གདོང་ནུབ་ཏུ་ཕྱོགས་པ་སྟེ། ཤིང་རྟ་དེ་གཉིས་འདྲེན་བྱེད་ཀྱང་ཁྲོ་བོའི་ཤིང་རྟ་ལས་ཅུང་ཟད་ཆུང་བ་སྟེ། ཞེས་གསུངས་པ་དག་ལ་དཔྱད་པར་བྱ་བ་འདི་ཡོད་དེ། རབ་གཏུམ་མའི་ཤིང་རྟ་ཁྲོ་བོའི་ཤིང་རྟ་ལས་ཆུང་ན་དེ་གཉིས་འདྲ་གསུངས་པའི་འདྲ་ཚུལ་དང༌། རབ་གཏུམ་མའི་སྟེང་འོག་གི་ཤིང་རྟ་ལ་འདྲེན་བྱེད་གསལ་ཁ་མེད་པས་འདྲེན་བྱེད་ཁྲོ་བོའི་ཤིང་རྟ་ལས་ཆུང་གསུངས་པའི་དགོངས་པ་གང་ཡིན་འཚོལ་དགོས་སོ། །འོན་ཀྱང་ཤིང་རྟ་ལས་འདྲེན་བྱེད་མི་འབྲི་བའི་ཕྱག་ལེན་བྱེད་མཁན་ཡོད་དེ། འབའ་མདའི་དུས་འཁོར་བློས་བསླངས་བཞེངས་ཚུལ་རིན་པོ་ཆེའི་ཆུན་འཕྱངས་ལས། སྟེང་གི་རབ་གཏུམ་ཤིང་རྟ་ལྗང༌། །འོག་གི་རབ་གཏུམ་མའི་གདན་ནི། །ཤིང་རྟ་སྔོན་མོའོ་ཤིང་རྟ་ཡི། །རྒྱ་ཚད་ཁྲོ་བོའི་གདན་དང་འདྲ། །འདི་ལ་ཤིང་རྟ་འདྲེན་མཁན་མེད། །ཅེས་གསུངས་པའི་ཕྱིར་རོ། །ཡབ་ཡུམ་ཐམས་ཅད་ཟླུམ་པོའི་སྟབས་ཀྱིས་གནས་པ་ཡིན་ལ། ཟླུམ་པོའི་སྟབས་གོང་དུ་བཤད་ཟིན་ཏོ། །སྲིབ་ལོང་རི་ཁྲོད་ཀྱི་གྱང་རིས་སུ་ཁྱི་གདོང་མ་སོགས་ཁྱིའི་གདོང་བ་ཅན་ནམ་མགོ་བརྙན་ཅན་དུ་ཡོད་དོ། །རབ་གཏུམ་མ་ཡབ་ཡུམ་ཐམས་ཅད་ཞལ་གཅིག་ཕྱག་གཉིས་ན་གྲི་གུག་དང་ཐོད་པ་འཛིན་པ་ཡིན་ཏེ། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། གཏུམ་མོ་རྣམས་ཟླུམ་པོའི་སྟབས་ཀྱིས་གནས་ཤིང་གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ་མི་མགོའི་ཕྲེང་བ་མགུལ་དུ་འཕྱང་བ་ཞལ་གཅིག་མ་སྤྱན་གསུམ་མ། ཕྱག་གཉིས་མ་སྟེ་གྲི་གུག་དང་ཐོད་པ་འཛིན་པའོ། །ཞེས་དང༌། ཐམས་ཅད་ཟླུམ་པོའི་སྟབས་གྱིས་གནས་ཤིང༌། གཅེར་བུ་ཕྱག་རྒྱ་ལྔས་བརྒྱན་པ། མི་མགོའི་འཕྲེང་བ་མགུལ་དུ་འཕྱང་བ། ཞལ་གཅིག་པ། སྤྱན་གསུམ་མ། ཕྱག་གཉིས་ཀྱིས་གཡས་གྲི་གུག་དང༌། གཡོན་ཐོད་པ་འཛིན་པའོ། །ཞེས་གསུངས་སོ། །གོང་དུ་བསྟན་པ་ལྟར་ལྷ་ཡབ་ཡུམ་ཞལ་སྦྱོར་རྣམས་ཞབས་རྐང་གིས་ཡབ་ཡུམ་གང་གཙོ་བོར་གྱུར་བ་མ་ཡིན་པ་དེ་ལ་འཁྱུད་དེ། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། དེ་ལྟར་བསྟན་པ་རྣམས་སུ་གཡས་བརྐྱང་གི་གནས་པ་ལ་གཡོན་བརྐྱང་གིས་འཁྱུད་པ་དང༌། རྡོ་རྗེའི་གདན་ལ་རྡོ་རྗེའི་གདན་གྱིས་འཁྱུད་པ་དང༌། པད་མ་ལ་པད་མའི་གདན་གྱིས་འཁྱུད་པ་དང༌། ས་ག་ལ་ས་གས་འཁྱུད་པ་དང༌། ཟླུམ་པོ་ལ་ཟླུམ་པོས་འཁྱུད་པ་སྟེ། ཐམས་ཅད་དུ་ངེས་པའོ། །ཞེས་གསུངས་པ་ལྟར་ཡིན་པས་ཤེས་པར་བྱའོ། །

༈ སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། པགས་པའི་མཐར་སྤུ་རྣམས་སོ། ། ཞེས་པས་རླུང་གི་དཀྱིལ་འཁོར་འདི་ཉིད་ལ་ས་བོན་དང་མཚན་མ་སྣ་ཚོགས་པ་ལས་བྱུང་བའི་འབྱུང་པོ་བྱེ་བ་ཕྲག་ཕྱེད་དང་བཞི་དང་གྲུབ་པ་རྣམས་སྤྲོ་བར་བྱའོ། །ཞེས་གསུངས་པ་ལྟར་མཚོན་བྱེད་ཙམ་རེ་བྲིས་ན་འགྲིག་སྙམ་མོ།

གསུང་དང་སྐུའི་འདོད་མ་དང་མི་འདོད་མ་རྣམས་ནི། །འདོད་མ་རྣམས་སྤྲོ་བ།

གསུང་དང་སྐུའི་འདོད་མ་དང་མི་འདོད་མ་རྣམས་ནི། །འདོད་མ་རྣམས་སྤྲོ་བ་ནི།

འདོད་མ་ཐམས་ཅད་ཞི་ཞིང་སྒེག་པའི་ཉམས་ཅན་དར་དང་རིན་པོ་ཆེས་བརྒྱན་པ། བཞེངས་པའི་གར་སྟབས་སྣ་ཚོགས་པས། སྒེག་འཆོས་ཅན་ཡིན་པར་ཤེས་པར་བྱས་ལ། ཞལ་ཕྱག་ནི་རང་རང་གི་སྤྲུལ་གཞི་དང་འདྲ་བར་སློབ་དཔོན་ཨ་བྷྱཿས་བཞེད་པ་ལྟར་བྱས་ན་༡་དབྱེ་བར་འདོད་མ་དང༌། ༢གོས་འདོད་མ་གཉིས་ནི་རྩ་བའི་ཞལ་དང་སྐུ་མདོག་ནག་པོ། གཡས་ཞལ་དམར་ཞིང་གཡོན་ཞལ་དཀར་བ་གཡས་གསུམ་རལ་གྲི་གྲི་ཁུག་རྩེ་གསུམ། གཡོན་གསུམ་ཕུབ་དང་ཐོད་པ་ཁ་ཊྭཱཾ་ག་འཛིན་པ་དང༌། ༣མཆིལ་མ་འདོར་བར་འདོད་མ་ཞལ་གཅིག་ཕྱག་བཞི་སྐུ་མདོག་ནག་པོ་གཡས་གཉིས་འཁོར་ལོ་དང་བེ་ཅོན། གཡོན་གཉིས་པདྨ་དང་དུང་འཛིན་པ་དང༌། ༤རེག་བྱ་འདོད་མ་ཞལ་གཅིག་ཕྱག་བཞི་སྐུ་མདོག་ནག་པོ། གཡས་གཉིས་རལ་གྲི་དང་རྡོ་རྗེ། གཡོན་གཉིས་ཕུབ་དང་ལྟོས་འགྲོ་འཛིན་པ་དང༌། ༥ལྷག་མ་ཟ་བར་འདོད་མ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནག་མོ། ཕྱག་གཉིས་གྲི་ཁུག་དང་ཐོད་པ་འཛིན་པའོ། །དེ་དག་ཤར་གྱི་གཡས་སུའོ། ། ༈ དེ་ནས་ལྷོའི་གཡས་ཀྱི་འདོད་མ་སྤྲོ་བ་ནི། ༦བསྐྱོད་པར་འདོད་མ་དང༌། ༧ཟས་འདོད་མ་གཉིས་ནི་ཞལ་གསུམ་ཕྱག་དྲུག་པ། རྩ་བའི་ཞལ་དང་སྐུ་མདོག་དམར་མོ། གཡས་ཞལ་དཀར་ཞིང༌། གཡོན་ཞལ་ནག་པ་གཡས་གསུམ་མེའི་མདའ་དང༌། རྡོ་རྗེ་ལྕགས་ཀྱུ། ཊ་མ་རུ། གཡོན་གསུམ་གཞུ་དང་ཞགས་པ། རིན་པོ་ཆེ་རྩེ་མོ་དགུ་པ་འཛིན་པ་དང༌། ༨གར་འདོད་མ་ནི་སྐུ་མདོག་དམར་མོ་ཞལ་དྲུག་པ། ཕྱག་བཞི་པ་གཡས་གཉིས་ཤཀྟི་དང་ལྕགས་ཀྱུ། གཡོན་གཉིས་རིན་པོ་ཆེ་དང༌། ཞགས་པ་འཛིན་པ་དང༌། ༩འགུགས་པར་འདོད་མ་དམར་མོ། ཞལ་གཅིག་ཕྱག་བཞི། གཡས་གཉིས་མདའ་དང་ལྕགས་ཀྱུ། གཡོན་གཉིས་གཞུ་དང་ཞགས་པ་འཛིན་པ་དང༌། ༡༠གཡུལ་འདོད་མ་སྐུ་མདོག་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པའོ། །དེ་དག་ལྷོའི་གཡས་སུ་གཡས་བསྐོར་གྱིས་རིམ་པས་འབྲིའོ། །

དེ་ནས་བྱང་སྒོའི་གཡས་ཀྱི་འདོད་མ་སྤྲོ་བ།

དེ་ནས་བྱང་སྒོའི་གཡས་ཀྱི་འདོད་མ་སྤྲོ་བ་ནི།

༡༡རྒྱས་པར་འདོད་མ་དང༌། ༡༢རྒྱན་འདོད་མ་གཉིས་ནི་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་དཀར་པོ། གཡས་ཞལ་ནག་ཅིང་གཡོན་ཞལ་དམར་བ། གཡས་གསུམ་ཐོ་བ་མདུང་རྩེ་གསུམ། གཡོན་གསུམ་པདྨ་དཀར་པོ་འདབ་བརྒྱད། མེ་ལོང་བགྲང་ཕྲེང་འཛིན་པ་དང༌། ༡༣རྒྱལ་སྲིད་འདོད་མ་དཀར་མོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་པདྨ་དང་བགྲང་ཕྲེང༌། གཡོན་གཉིས་ཆུ་སྐྱེས་དང་རིན་པོ་ཆེ་འཛིན་པ་དང༌། ༡༤འཆིང་བར་འདོད་མ་དཀར་མོ་ཞལ་གཅིག་ཕྱག་བཞི་མ། གཡས་གཉིས་ཐོ་བ་དང་མདུང༌། གཡོན་གཉིས་པདྨ་དང་མེ་ལོང་འཛིན་པ་དང༌། ༡༥བསྡིགས་པར་འདོད་མ་དཀར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་འབྲིའོ། །

དེ་ནས་ནུབ་སྒོའི་གཡས་ཀྱི་འདོད་མ་སྤྲོ་བ།

དེ་ནས་ནུབ་སྒོའི་གཡས་ཀྱི་འདོད་མ་སྤྲོ་བ་ནི།

༡༦རེངས་པར་འདོད་མ་དང། ༡༧དྲི་འདོད་མ་གཉིས་ནི་ཞལ་གསུམ་ཕྱག་དྲུག རྩ་བའི་ཞལ་དང་སྐུ་མདོག་སེར་མོ། གཡས་དཀར་གཡོན་ནག་པ། གཡས་ག སུམ་འཁོར་ལོ། དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ་དུང་དང༌། ལྕགས་སྒྲོག སྒྲ་དང་བཅས་པའི་དྲིལ་བུ་འཛིན་པ་དང༌། ༡༨ཆུ་ལ་སྐྱལ་བར་འདོད་མ་སྐུ་མདོག་སེར་མོ་ཞལ་བཞི་ཕྱག་བཞི་མ། གཡས་གཉིས་པད་མ་དང་ཚངས་དབྱུག གཡོན་གཉིས་སྤྱི་བླུགས་དང་བར་བུ་འཛིན་པ་དང༌། ༡༩ཕུར་བའི་འདེབས་པར་འདོད་མ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་བཞི། གཡས་གཉིས་འཁོར་ལོ་དང་དབྱུག་པ། གཡོན་གཉིས་དུང་དང་རིན་པོ་ཆེ་འཛིན་པ་དང༌། ༢༠སྤྲུལ་འཆིང་བར་འདོད་མ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་རྣམས་ནུབ་སྒོའི་གཡས་སུ་གཡས་བསྐོར་གྱིས་རིམ་པས་འབྲིའོ། །དེ་ནས་ཤར་སྒོའི་གཡོན་གྱི་འདོད་མ་སྤྲོ་བ་ནི། ༢༡ཀུན་ཏུ་གདུང་བར་འདོད་མ་ཞལ་གཅིག་ཕྱག་བཞི་སྐུ་མདོག་སྔོན་པོ། གཡས་གཉིས་གྲི་ཁུག་དང་རྡོ་རྗེ། གཡོན་གཉིས་ཐོད་པ་དང་དྲིལ་བུ་འཛིན་པ་དང༌། ༢༢བསྐྲོད་པར་འདོད་མ་ཞལ་གསུམ་ཕྱག་དྲུག་རྩལ་ཞལ་དང་སྐུ་མདོག་ནག་མོ། གཡས་དམར་གཡོན་དཀར། གཡས་གསུམ་རལ་གྲི གྲི་ཁུག རྩེ་གསུམ། གཡོན་གསུམ་ཕུབ་དང༌། ཐོད་པ། ཁ་ཊཱཾ་ག་འཛིན་པ་དང༌། ༢༣ལུས་འཕྲུག་པར་འདོད་མ་སྐུ་མདོག་ནག་མོ། ཞལ་གཅིག་ཕྱག་བཞི་གཡས་གཉིས་གྲི་ཁུག་དང་རྩེ་གསུམ། གཡོན་གཉིས་ཐོད་པ་དང་ཁ་ཊཱཾ་ག་འཛིན་པ་དང༌། ༢༤ཡན་ལག་བསྐྱོད་པར་འདོད་མ་སྐུ་མདོག་ནག་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་རྣམས་སུ་གྱུར་ཏེ། གསུང་གི་ཤར་གཡོན་ལ་གཡོན་བསྐོར་གྱིས་རིམ་པས་འབྲིའོ། ། །

དེ་ནས་ལྷོ་སྒོའི་གཡོན་གྱི་འདོད་མ་སྤྲོ་བ།

དེ་ནས་ལྷོ་སྒོའི་གཡོན་གྱི་འདོད་མ་སྤྲོ་བ་ནི།

༢༥རྒྱུག་པར་འདོད་མ་སྐུ་མདོག་ལྗང་གུ། ཞལ་གཅིག་ཕྱག་བཞི་གཡས་གཉིས་ཀྱིས་དགྲ་སྟྭ་དང་རྩེ་གསུམ། གཡོན་གཉིས་ཀྱིས་སྦྲུལ་ཞགས་དང་ཁ་ཊྭཱཾ་ག་འཛིན་པ་དང༌། ༢༦སྐེམ་པར་འདོད་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་དམར་མོ། གཡས་དཀར་གཡོན་ནག་པ། གཡས་གསུམ་མེའི་མདའ་རྡོ་རྗེ་ལྕགས་ཀྱུ་ཊ་མ་རུ། གཡོན་གསུམ་གཞུ་དང་ཞགས་པ་རིན་པོ་ཆེ་འཛིན་པ་དང༌། ༢༧ལུས་ཀྱི་དྲི་མ་འདོད་མ་སྐུ་མདོག་དམར་མོ། ཞལ་གཅིག་ཕྱག་བཞི་གཡས་གཉིས་ཀྱིས། དབྱུག་པ་དང་རལ་གྲི་གཡོན་གཉིས་ཀྱིས་ལྕགས་སྒྲོག་དང་ཕུབ་འཛིན་པ་དང༌། ༢༨བཤང་གཅི་ཟག་པར་འདོད་མ་དམར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་རྣམས་ལྷོའི་གཡོན་ལ་གཡོན་བསྐོར་གྱིས་རིམ་པས་འབྲིའོ། །

དེ་ནས་བྱང་གཡོན་གྱི་འདོད་མ་སྤྲོ་བ།

དེ་ནས་བྱང་གཡོན་གྱི་འདོད་མ་སྤྲོ་བ་ནི།

༢༩རོལ་མོ་འདོད་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་སྔོན་མོ། གཡས་དམར། གཡོན་དཀར། གཡས་གསུམ་རྡོ་རྗེ། གྲི་གུག དགྲ་སྟྭ། གཡོན་གསུམ་དྲིལ་བུ་ཐོད་པ། ཚངས་མགོ་འཛིན་པ་དང༌། ༣༠འཇམ་པར་སྨྲ་བར་འདོད་མ་ཞལ་གསུམ་ཕྱག་དྲུག་རྩ་ཞལ་དང་སྐུ་མདོག་དཀར་མོ་གཡས་ནག གཡོན་དམར། གཡས་གསུམ་ཐོ་བ། མདུང་རྩེ་གསུམ། གཡོན་གསུམ་པད་དཀར། མེ་ལོང༌། བགྲང་ཕྲེང་འཛིན་པ་དང༌། ༣༡མལ་སྟན་འདོད་མ་སྐུ་མདོག་དཀར་མོ་ཞལ་གཅིག་ཕྱག་བཞི། གཡས་གཉིས་རྩེ་གསུམ་དང་ཌ་མ་རུ། གཡོན་གཉིས་ཁ་ཊྭཱཾ་ག་དང་ལྟོས་འགྲོ་འཛིན་པ་དང༌། ༣༢རྩོད་པ་མང་པོ་འདོད་མ་དཀར་མོ་གྲི་ཐོད་འཛིན་པ་རྣམས་བྱང་གཡོན་ལ་གཡོན་བསྐོར་གྱིས་རིམ་པས་འབྲིའོ། །

དེ་ནས་ནུབ་གཡོན་གྱི་གསུང་གི་འདོད་མ་སྤྲོ་བ།

དེ་ནས་ནུབ་གཡོན་གྱི་གསུང་གི་འདོད་མ་སྤྲོ་བ་ནི།

༣༣འཁྲིག་པར་འདོད་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་ལྗང་གུ། གཡས་དམར། གཡོན་དཀར། གཡས་གསུམ་རྡོ་རྗེ། གྲི་ཁུག དགྲ་སྟྭ། གཡོན་གསུམ་རྡོ་རྗེ་དྲིལ་བུ། ཐོད་པ། ཚངས་མགོ་འཛིན་པ་དང༌། ༣༤གཉེན་འདུན་འདོད་མ་ཞལ་གསུམ་ཕྱག་དྲུག རྩ་ཞལ་དང་སྐུ་མདོག་སེར་མོ། གཡས་དཀར། གཡོན་ནག གཡས་གསུམ་འཁོར་ལོ་དབྱུག་པ། ཁྲོ་བོའི་རྡོ་རྗེ། གཡོན་གསུམ་དུང་དང༌། ལྕགས་སྒྲོག དྲིལ་བུ་འཛིན་པ། ༣༥མལ་སྟན་བསྙེ་བར་འདོད་མ་སྐུ་མདོག་སེར་མོ། ཞལ་གཅིག་ཕྱག་བཞི། གཡས་གཉིས་རྡོ་རྗེ་དང་མདའ། གཡོན་གཉིས་དྲིལ་བུ་དང་གཞུ་འཛིན་པ་དང༌། ༣༦སེམས་ཅན་བསླུ་བར་འདོད་མ་སྐུ་མདོག་སེར་མོ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་འཛིན་པ་རྣམས་སུ་གྱུར་པ་དག་མཁའ་ནང་ནས་ཕྱིར་སྤྲོས་ཏེ་གསུང་གི་ནུབ་ཏུ་གཡོན་བསྐོར་གྱིས་རིམ་པས་འབྲིའོ། །ཡང་ན་འདི་དག་ཞལ་ཕྱག་རྒྱས་པར་འབྲི་བར་མི་སྤྲོ་ན་དངོས་གྲུབ་ཉེར་འཚོར་ཅུང་ཟད་བསྡུས་པ་ལ་རང་ལུགས་རབ་གཏུམ་མ་ལས་ཞེས་སོགས་གསུངས་པ་ལྟར་འདོད་མ་སོ་དྲུག་པོ་སྐུ་མདོག་རང་རང་གི་སྤྲུལ་གཞི་ལྟར་སོ་སོ་བ་ལ་ཞལ་གཅིག་ཕྱག་གཉིས་ཁོ་ན་དང་ཕྱག་མཚན་སྤྲུལ་གཞིའི་ཕྱག་དང་པོ་གཉིས་ཀྱི་ཕྱག་མཚན་འཛིན་པ་འབྲི་བར་བྱའོ། ། ཤར་གཡས་ཀྱི་༡དབྱེ་བར་འདོད་མ་དང་༢གོས་འདོད་མ་གཉིས་སྐུ་མདོག་ནག་མོ་གཡས་རལ་གྲི། གཡོན་ཕུབ་འཛིན་པ། ༣མཆིལ་མ་འདོར་འདོད་མ་ནག་མོ་འཁོར་ལོ་དང་པདྨ། ༤རེག་བྱ་འདོད་མ་ནག་མོ་རལ་གྲི་དང་ཕུབ། ༥ལྷག་མ་ཟ་འདོད་མ་ནག་མོ་གྲི་ཁུག་དང་ཐོད་པ་འཛིན་པ། ལྷོ་གཡས་ཀྱི་༦བསྐྱོད་པར་འདོད་མ་དང་༧ཟས་འདོད་མ་གཉིས་དམར་མོ་མེའི་མདའ་དང་གཞུ། ༨གར་འདོད་མ་དམར་མོ། ཤཀྵིདང་རིན་པོ་ཆེ། ༩འགུགས་པར་འདོད་མ་དམར་མོ་མདའ་དང་གཞུ། ༡༠གཡུལ་འདོད་མ་དམར་མོ་གྲི་ཐོད་འཛིན་པ། ༡༡བྱང་གཡས་ཀྱི་རྒྱས་པར་འདོད་མ་དང༌། ༡༢རྒྱན་འདོད་མ་དཀར་མོ་ཐོ་བ་དང་པད་དཀར། ༡༣རྒྱལ་སྲིད་འདོད་མ་དཀར་མོ་པདྨ་དང་ཆུ་སྐྱེས། ༡༤འཆིང་བར་འདོད་མ་དཀར་མོ་ཐོ་བ་དང་པདྨ། ༡༥བྱིས་པ་བསྡིགས་པ་འདོད་མ་དཀར་མོ་གྲི་ཐོད་འཛིན་པ། ༡༦ནུབ་གཡས་ཀྱི་རེངས་པར་འདོད་མ་དང༌། ༡༧དྲི་འདོད་མ་གཉིས་སེར་མོ་འཁོར་ལོ་དང་དུང༌། ༡༨ཆུ་ལ་སྐྱལ་འདོད་མ་སེར་མོ་པདྨ་དང་སྤྱི་བླུགས། ༡༩ཕུར་བུས་འདེབས་འདོད་མ་སེར་མོ་འཁོར་ལོ་དང་དུང༌། ༢༠སྦྲུལ་འཆིང་འདོད་མ་སེར་མོ་གྲི་ཐོད་འཛིན་པ། ༢༡ཤར་གཡོན་གྱི་གདུང་པར་འདོད་མ་སྔོན་མོ་གྲི་ཁུག་དང་ཐོད་པ། ༢༢བསྐྲོད་འདོད་མ་ནག་མོ་རལ་གྲི་དང་ཕུབས། ༢༣ལུས་འཕྲུགས་འདོད་མ་ནག་མོ་གྲི་ཁུག་དང་ཐོད་པ། ༢༤ཡན་ལག་བསྐྱོད་པར་འདོད་མ་ནག་མོ་གྲི་ཐོད་འཛིན་པ། ༢༥ལྷོ་གཡོན་གྱི་རྒྱུག་པར་འདོད་མ་ལྗང་གུ་དགྲ་སྟྭ་དང་སྦྲུལ་ཞགས། ༢༦སྐེམ་པར་འདོད་མ་དམར་མོ་མེའི་མདའ་དང་གཞུ། ༢༧ལུས་ཀྱི་དྲི་འདོད་མ་དམར་མོ་དབྱུག་པ་དང་ལྕགས་སྒྲོག ༢༨བཤང་གཅི་ཟག་འདོད་མ་དམར་མོ་གྲི་ཐོད་འཛིན་པ། ༢༩བྱང་གཡོན་གྱི་རོལ་མོ་འདོད་མ་སྔོན་མོ་རྡོ་རྗེ་དང་དྲིལ་བུ། ༣༠འཇམ་པར་སྨྲ་འདོད་མ་དཀར་མོ་ཐོ་བ་དང་པད་དཀར། ༣༡མལ་སྟན་འདོད་མ་དཀར་མོ་རྩེ་གསུམ་དང་ཁ་ཊྭཱཾ་ག ༣༢རྩོད་པ་འདོད་མ་དཀར་མོ་གྲི་ཐོད་འཛིན་པ། ༣༣ནུབ་གཡོན་གྱི་འཁྲིག་པར་འདོད་མ་ལྗང་གུ་རྡོ་རྗེ་དང་དྲིལ་བུ། ༣༤གཉེན་འདུན་འདོད་མ་སེར་མོ་འཁོར་ལོ་དང་དུང༌། ༣༥མལ་སྟན་བསྙེ་བར་འདོད་མ་སེར་མོ་རྡོ་རྗེ་དང་དྲིལ་བུ། ༣༦སེམས་ཅན་བསླུ་འདོད་མ་སེར་མོ་གྲི་ཐོད་འཛིན་པའོ། །འབའ་མདའ་བླ་མའི་དུས་འཁོར་བསྐྱེད་རིམ་བདུད་རྩིའི་བུམ་བཟང་ལས། ནུས་མ་བརྒྱད་དང་གཟུངས་མ་བཅུ་གཉིས་དང་འདོད་ཕྱིར་འདོད་ལ་སོགས་པ་མཉམ་པའི་སྟབས་ཀྱིས་བཞུགས་པ། ཞེས་གསུངས་པ་ལྟར་ནུས་མ་དང་གཟུངས་མ། འདོད་ཕྱིར་འདོད་རྣམས་མཉམ་པའི་སྟབས་ཀྱིས་བཞུགས་པར་སྣང་ངོ་། །

དེ་ནས་སྐུའི་སྟེགས་བུ་ལ་ཕྱིར་འདོད་མ་རྣམས་སྤྲོ་བ་སྟེ།

དེ་ནས་སྐུའི་སྟེགས་བུ་ལ་ཕྱིར་འདོད་མ་རྣམས་སྤྲོ་བ་སྟེ།

ཕྱིར་འདོད་མ་རྣམས་ནི་དབྱེ་བར་མི་འདོད་མ་སྒྲོལ་མ་ལས་བྱུང་བ་སོགས་མི་འདོད་མ་ཐམས་ཅད་རང་ལས་འདོད་པ་གོ་བཟློག་པའི་འདོད་མ་རྣམས་དང་སྤྲུལ་གཞི་གཅིག་ལས་བྱུང་བ་ཡིན་ཀྱང༌། དཔེར་ན་སྒྲོལ་མ་ལ་གདུལ་བྱའི་ངོར་དབྱེ་བར་འདོད་པ་དང༌། མི་འདོད་པའི་རྣམ་པ་ཅན་གཉིས་ཡོད་ཅིང་སྔ་མ་ལས་དབྱེ་འདོད་མ་དང༌། ཕྱི་མ་ལས་དབྱེ་བར་མི་འདོད་མ་བྱུང་བ་ལྟ་བུ་ལྷག་མ་ཐམས་ཅད་ཀྱང་ཡིན་ལ། ཕྱིར་འདོད་མ་རྣམས་བཞེངས་སྟབས་སྒེག་པའི་ཉམས་ཅན་དང༌། རྒྱན་ཆས་ཕྱག་མཚན་སྐུ་མདོག་རྣམས་ཀྱང་རང་དང་སྤྲུལ་གཞི་གཅིག་པའི་འདོད་མ་རྣམས་དང་འདྲ་ལ། ཞལ་ཕྱག་རྒྱས་བསྡུས་ཀྱང་འདོད་མ་ལྟར་གང་བྱས་ཀྱང་ཆོག་པའོ། །ཆོས་རྗེ་ཀུན་མཁྱེན་རིན་པོ་ཆེས། འདོད་མི་འདོད་འདི་རྣམས་ཞལ་གཅིག་ཕྱག་གཉིས་པར་གསུངས་བའི་རྗེས་སུ་འདོད་པ་མི་འདྲ་བ་གཉིས་གསུངས་ནས་དེ་གཉིས་ལ་དཔྱད་ནས་འཐད་པ་བཟུང་དགོས་པར་གསུངས་ཏེ། སྒྲུབ་ཐབས་དཔག་བསམ་ལྗོན་ཤིང་ལས། སྐུ་མདོག་དང་ཕྱག་མཚན་ནི་གང་ལས་བྱུང་བ་དེ་དང་མཐུན་ཡང་འདིར་གཟུངས་ཀྱི་སྣམ་བུ་ལ་མཆོད་པའི་ལྷ་མོའི་ཚུལ་དུ་གནས་པའི་ཕྱིར། ཐམས་ཅད་ཞལ་གཅིག་ཕྱག་གཉིས་མ་མཆོད་པའི་ལྷ་མོའི་རྣམ་འགྱུར་དང་ལྡན་པའོ། །འདིར་ཁ་ཅིག་ནི། ཞལ་ཕྱག་གི་གྲངས་དང་དབྱིབས་དང་འདུག་སྟངས་སམ་སྟངས་སྟབས་ལ་སོགས་པ་རྣམ་འགྱུར་ཐམས་ཅད་ཀྱང་གང་ལས་བྱུང་བ་དེ་དང་མཚུངས་པར་འདོད་ལ། གཞན་དག་ནི་རང་རང་གི་མིང་དང་མཐུན་པའི་རྣམ་འགྱུར་ཅན་དུ་ཡང་འདོད་མོད། རྗེ་བཙུན་གྱི་ཞལ་སྔ་ནས། རབ་ཏུ་གསལ་བར་གསུངས་པ་ནི་མི་སྣང་བས་ལེགས་པར་དཔྱད་དེ་འཐད་པའི་ཤས་གང་ཆེ་བ་གཟུང་ངོ༌། །ཞེས་གསུངས་སོ། །རྗེ་བཙུན་སྒྲོལ་མགོན་དང་འབའ་མདའ་བླ་མས་རྒྱས་པའི་ལུགས་དེ་ལེགས་ཀྱང་རྒྱས་བསྡུས་གང་བྲི་ན་ཆོག་པར་གསུངས་སོ། ། དེ་ནས་ཇི་སྐད་དུ། གཟའ་དང་དྲང་སྲོང་རྒྱུ་སྐར་ཁྱིམ་དང་ཆ། །ཕྱོགས་སྐྱོང་ཞིང་སྐྱོང་ཕོ་ཉ་འཕྲོག་མ་དང༌། །གྷཎྜ་ཀརྞ་དགའ་བྱེད་ནག་པོ་ཆེ། །བྷྲྀཾ་གི་ནི་སོགས་འཁོར་མང་རྒྱལ་གྱུར་ཅིག །ཅེས་གསུངས་པ་དག་མཚོན་ཙམ་བྲིས་ན་ཆོག འོན་ཀྱང་མ་བྲིས་ན་ཆོག་པར་གསུངས་སོ། །

སྨྲས་པ། དུས་ཀྱི་འཁོར་ལོའི་ཐུགས་གསུང་སྐུའི་ལྷ་ཚོགས། །དུས་ཀྱི་འཁོར་ལོའི་རྒྱུད་ལས་བསྟན་པ་འདི། །དུས་ཀྱི་འཁོར་ལོའི་ཐང་ག་འབྲི་བའི་ཚུལ། །དུས་ཀྱི་འཁོར་ལོའི་བསྟན་ལ་དད་པས་བྲིས། །ཞེས་པ་འདི་གནའ་དེང་གཉིས་ལ་དུས་འཁོར་གྱི་ལྷ་ཚོགས་ཀྱི་ཞལ་ཕྱག་རྒྱན་ཆས་སོགས་ཀྱི་ཐང་ག་འབྲི་ཚུལ་ལ་ནོར་བ་མང་བས། དེ་སེལ་ཆེད་དུ་དཔལ་དུས་ཀྱི་འཁོར་ལོའི་ཆོས་དབྱིངས་གསུང་གི་དབང་ཕྱུག་གི་ལྷ་ཚོགས་ཐང་ག་འབྲི་ཚུལ་མདོར་བསྡུས་སུ་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པའོ། །སརྦ་མངྒ་ལཾ།

ཆོས་དབྱིངས་གསུང་གི་ལྷ་དྲུག་བརྒྱ་སོ་དྲུག

ཆོས་དབྱིངས་གསུང་གི་ལྷ་དྲུག་བརྒྱ་སོ་དྲུག

ན་མཿཤྲཱི་ཀཱ་ལ་ཙཀྲ་ཡ། དཔལ་དུས་ཀྱི་འཁོར་ལོའི་ཆོས་དབྱིངས་གསུང་གི་ལྷ་དྲུག་བརྒྱ་སོ་དྲུག་ཡོད་པ་ལས། དང་པོ་གཙོ་བོའི་གནས་སུ་དཔལ་དུས་ཀྱི་འཁོར་ལོ་ཡབ་ཡུམ་གཉིས་དང༌། འབར་མའམ་ནུས་མ་བརྒྱད་དང་བཅུའོ། །གཉིས་པ་བདེ་ཆེན་འཁོར་ལོའི་གནས་ཀྱི་ལྷ་ནི། བདེ་ཆེན་འཁོར་ལོའི་གཤེགས་པ་དང༌། གཤེགས་མ་ཡབ་ཡུམ་བཅུ་དྲུག་རྣམས་སོ། །གསུམ་པ་ཐུགས་དཀྱིལ་གྱི་གནས་ཀྱི་ལྷ་ནི། ཁྲོ་བོ་ཡབ་ཡུམ་བརྒྱད། སེམས་དཔའ་ཡབ་ཡུམ་བཅུ་གཉིས། སེམས་མ་ཡབ་ཡུམ་བཅུ་གཉིས་དང༌། གཟུངས་མ་བཅུ་གཉིས་སྟེ་བཞི་བཅུ་ཞེ་བཞི་རྣམས་ཡིན་ནོ། །བཞི་བ་གསུང་གི་དཀྱིལ་འཁོར་ལ་གནས་པའི་ལྷ་ནི། རྣལ་འབྱོར་མ་བདུན་ཅུ་རྩ་གཉིས་ཡབ་བརྒྱད་དང་བཅས་པའི་བརྒྱད་ཅུ་དང༌། འདོད་མ་སུམ་ཅུ་རྩ་དྲུག་སྟེ་བརྒྱ་དངབཅུ་དྲུག་གོ། །ལྔ་བ་སྐུའི་དཀྱིལ་འཁོར་ལ་གནས་པའི་ལྷ་ནི། ཚེས་ལྷ་སུམ་བརྒྱ་དྲུག་ཅུ་དང༌། སྒོ་སྐྱོང་གི་ཁྲོ་བོ་ཡབ་ཡུམ་བཅུ་གཉིས་དང༌། ཀླུ་རྒྱལ་ཡབ་ཡུམ་བཅུ་གཉིས། ཕྱིར་འདོད་མ་སུམ་ཅུ་རྩ་དྲུག་སྟེ་བཞི་བརྒྱ་ཉེར་བརྒྱད་རྣམས་སོ། །དྲུག་པ་ཕྱིའི་དུར་ཁྲོད་ལ་གནས་པའི་ལྷ་ནི། རབ་གཏུམ་མ་ཡབ་ཡུམ་ཉི་ཤུའོ། །ཐམས་ཅད་ལ་སུམ་བརྒྱ་དྲུག་ཅུའོ། །ནུས་མ་བརྒྱད་བྱས་ནས་རིགས་བདག་ཡབ་ཡུམ་བགྲེང་ཚུལ་ཡོད་དོ། །དངོས་གྲུབ་ཉེར་འཚོ་ལས། ཆོས་ཀྱི་དབྱིངས་གསུང་གི་དབང་ཕྱུག་ཅེས་བྱ་བ། སྒྲུབ་ལེར་རྒྱས་བཤད་མཛད་པ་འདི་ཁོ་ན་ཡིན་གྱི། འདི་ལ་ནུས་མ་བཅུ། སངས་རྒྱས་ཡབ་ཡུམ་ཉི་ཤུ༼བཅུ་དྲུག༽། བྱང་སེམས་ཡབ་ཡུམ་ཉེར་བཞི། ཁྲོ་བོ་ཡབ་ཡུམ་བརྒྱད། གཟུངས་མ་བཅུ་གཉིས་ཏེ་ཐུགས་དཀྱིལ་ལ་ལྷ་བདུན་བཅུའོ། །མ་མོ་བརྒྱད། དེའི་ཡབ་བརྒྱད། རྣལ་འབྱོར་མ་དྲུག་ཅུ་རྩ་བཞི། འདོད་མ་སོ་དྲུག་སྟེ་གསུངས་དཀྱིལ་བརྒྱ་དང་བཅུ་དྲུག་གི་ལྷ་ཚོགས་སོ། །ཚེས་ལྷ་སུམ་བརྒྱ་དྲུག་ཅུ། སྒོ་སྐྱོང་ཁྲོ་བོ་ཡབ་ཡུམ་བཅུ་གཉིས། ཀླུ་དང་རབ་གཏུམ་མ་ཕན་ཚུན་ཡབ་ཡུམ་འཁྱུད་པས་བཞི་བཅུ། ཕྱིར་འདོད་མ་སོ་དྲུག་སྟེ། སྐུ་དཀྱིལ་ལ་བཞི་བརྒྱ་བཞི་བཅུ་ཞེ་བརྒྱད་དོ། །གསུམ་ཀ་བསྡོམས་པས་དྲུག་བརྒྱ་སུམ་ཅུ་སོ་བཞི་སྟེ་འཁོར་ཚོགས་ཡིན་ལ། ཀུན་ཁྱབ་གཙོ་བོ་ཡབ་ཡུམ་བསྣན་པས་དྲུག་བརྒྱ་སོ་དྲུག་གི་ལྷ་ཚོགས་སོ། །ཞེས་གསུངས་སོ། །ངག་དབང་དངོས་གྲུབ་དཔལ་གྱིས་བསྒྲིག་པའོ། །

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་སྡོམ་ཚིག་གྲུབ་པའི་དགོངས་རྒྱན།

ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་སྡོམ་ཚིག་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

ཨོཾ་སྭཱ་སྟི། ན་མོ་གུ་རུ་བུདྡྷཱ་བོ་དྷི་སཏྭེ་བྷྱཿ གང་ཞིག་ཕུན་ཚོགས་ཀུན་གྱི་གཞི། །བླ་མེད་གོ་འཕང་ཡིད་བཞིན་ནོར། །འགྲོ་བ་ཀུན་ལ་ཉེར་སྩོལ་བ། །བླ་མའི་ཞབས་ལ་གུས་པས་འདུད། །ཀུན་ཁྱབ་དབྱིངས་ནི་རྣམ་པ་ཐམས་ཅད་པ། །སེམས་ཉིད་རང་བཞིན་ཡོན་ཏན་ཀུན་གྱི་གཏེར། །དབྱེར་མེད་གདོད་ནས་རྣམ་གྲོལ་ཆོས་ཀྱི་སྐུ། །ནང་རིག་འགྱུར་མེད་དོན་དམ་རྒྱལ་གྱུར་ཅིག །གང་ཡང་རྒྱུད་སྡེའི་ཆུ་བོ་འབུམ་ཕྲག་གིས། །བློ་ཡི་མཚོ་ཆེན་བྲེས་ལས་མངོན་འཕགས་པ། །དེ་ལས་སྙིང་གི་བུམ་པ་གང་གྱུར་པའི། །གདམས་པའི་རྒྱུན་གྱིས་ཕྱོགས་འདི་སྐལ་བཟང་བྱ། །འདིར་ནི་རྒྱུད་ཀྱི་སྙིང་པོ་བླ་མེད་པ། །དངོས་གྲུབ་ཀུན་ཀྱི་འབྱུང་གནས་དུས་གསུམ་གྱིས། །རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ་མཐར་ཐུག །རྣལ་འབྱོར་དབང་ཕྱུག་མ་ལུས་འཇུག་ངོགས་ཀྱི། །ཁམས་དྲུག་གང་ཟག་ཚེ་གཅིག་སངས་རྒྱས་ཀྱི། །འབྲས་བུ་མཆོག་ལ་ཡང་དག་འགོད་ནུས་པའི། །ཉེ་ལམ་མྱུར་ལམ་ཟབ་གསང་ཁྱད་པར་ཅན། །རྒྱུད་རྒྱལ་རྣམས་སུ་སྦས་པའི་དོན་མཆོག་འདི། །དུས་འཁོར་རྒྱུད་ལས་མ་སྦས་གསལ་བར་བསྟན། ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་ཡན་ལག་དྲུག ། ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་བ། །ཡིད་ཆེས་གསུམ་དང་ལྡན་པའི་ལམ་མཆོག་ཡིན། །འདི་འཆད་པ་ལ་ཟབ་ལམ་སྔོན་འགྲོ་དང༌། །རྡོ་རྗེའི་རྣལ་འབྱོར་དངོས་གཞི་སྒོམ་རིམ་དང༌། །རྗེས་ཀྱི་ལམ་དང་ས་མཚམས་སོགས་དང་གསུམ། དང་པོ་ཐུན་མོང་ཐུན་མོང་མ་ཡིན་གཉིས། །དང་པོ་ལ་ཡང་སྔོན་འགྲོ་འབུམ་ལྔ་ཞེས། །ཆོས་སྤྱིའི་རྩ་བ་སྐྱབས་འགྲོ་ཐེག་ཆེན་ཀྱི། །རྩ་བ་སེམས་བསྐྱེད་སྡིག་སྦྱོང་ཡིག་བརྒྱ་དང༌། །ཚོགས་བསགས་མཎྜལ་བྱིན་རླབས་རྩ་བ་ཡི། །བླ་མའི་རྣལ་འབྱོར་འཁྲིད་དང་རྣམ་པ་ལྔ། །དང་པོ་དབེན་གནས་བདེ་བའི་སྟན་ལ་འདུག །ལུས་གནད་དཀྱུས་མཐུན་ཙམ་བྱས་སེམས་རྣལ་དུ། །ཕབ་ནས་གང་དུ་གནས་པའི་ས་ཕྱོགས་ནི། །དག་པའི་ཞིང་ཁམས་ཡངས་ཤིང་རྒྱ་ཆེ་བར། །གྱུར་པའི་དབུས་སུ་རིན་ཆེན་ལས་གྲུབ་པའི། །ཁང་བཟང་གཞལ་མེད་རྒྱ་ཚད་ཆད་པ་མེད། །དེ་ཡི་དབུས་སུ་དཔག་བསམ་སྡོང་པོ་ལ། །ལོ་འདབ་མེ་ཏོག་འབྲས་བུ་རབ་ཏུ་རྒྱས། །དེ་ཡི་རྩེ་མོར་སེང་ཁྲི་པདྨ་དང༌། །ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་དུ་ནི། ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་ལ། །བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་གྱི། །རྒྱལ་བའི་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱིས། །བསྐོར་བ་རྩ་བར་མཁའ་འགྲོ་ཆོས་སྐྱོང་རྣམས། །བདག་ལ་སྐྱོབ་པའི་ཚུལ་གྱིས་བཞུགས་པར་སྒོམ། །དཔག་བསམ་ཤིང་གི་ཕྱོགས་བཞིར་གཞལ་ཡས་ཁང༌། །དེ་དབུས་སེང་ཁྲི་པདྨ་ཉི་ཟླའི་གདན། །བླ་མའི་སྐུ་ཡི་མདུན་ཕྱོགས་ཤཱཀྱ་ཐུབ། །དེ་སོགས་ཕྱོགས་བཅུ་དུས་གསུམ་སངས་རྒྱས་དང༌། །གཡས་ཕྱོགས་འཇམ་དཔལ་ལ་སོགས་བྱང་སེམས་རྣམས། །གཡོན་ཕྱོགས་ཤཱ་རིའི་བུ་སོགས་ཉན་རང་རྣམས། །རྒྱབ་ཕྱོགས་དམ་ཆོས་གླེགས་བམ་ཚུལ་བཞུགས་མོས། ། དེ་ནས་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱིས། །སྐྱབས་གནས་རྒྱ་མཚོའི་ཚོགས་ལ་མོས་གུས་ཀྱིས། །སྐྱབས་འགྲོ་བྱེད་པ་མོས་ཤིང་ཁྱད་པར་དུ། །སྙིང་རྗེས་འགྲོ་རྣམས་འཁོར་བའི་སྡུག་བསྔལ་ལས། །བསྐྱབ་ཏུ་གསོལ་ཞེས་ལེགས་པར་གསལ་བཏབ་ཏེ། །ནམ་མཁའ་ཞེས་སོགས་ཚིག་དོན་ལེགས་བསམ་སྟེ། །རྣམས་ལ་སྐྱབས་སུ་མཆིའོ་ཞེས་པའི་བར། །བརྗོད་ཅིང་བླ་མ་དཀོན་མཆོག་ཡོན་ཏན་དྲན། །འཁོར་བའི་སྡུག་བསྔལ་འཇིགས་པས་དཀོན་མཆོག་ལ། །ཡིད་ཆེས་བྱས་ནས་སྐྱབས་འགྲོ་ཅི་ནུས་བྱ། །བླ་མ་ཞེས་སོགས་ལན་གསུམ་གསོལ་བཏབ་བྱ། །དེ་ནས་སྐྱབས་ཡུལ་འོད་ཞུ་རང་ལ་ཐིམ། །དགེ་བ་འདི་ཡིས་སྐྱེ་བོ་ཞེས་སོགས་ཀྱིས། །དགེ་བ་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །བར་སྐབས་རྣམས་སུ་སྐྱབས་འགྲོའི་གོ་དོན་རྣམས། །བཤད་ནས་སྐྱབས་འགྲོ་བློ་ལ་འབྱོར་ངེས་བྱ། །ལག་ལེན་སྐྱབས་འགྲོ་སྦྲགས་ནས་ཕྱག་འབུམ་བྱ། །འདི་སྐབས་ཉལ་བའི་རྣལ་འབྱོར་སྒོམ་ཚུལ་ནི། ། སྐྱབས་ཡུལ་མ་བསྡུས་བླ་མའི་སྐུ་མདུན་གྱི། །ས་གཞི་པད་ཟླའི་གདན་ལ་ཉལ་བར་མོས། །མོས་གུས་སྒོམ་བཞིན་གཉིད་དུ་འགྲོ་བར་བྱ། །དམིགས་བསྐོར་དང་པོ་སྐྱབས་འཁྲིད་རིམ་པ་རྫོགས། །

༈ གཉིས་པ་སྐྱབས་འགྲོ་སྔར་བཞིན་ལན་འགའ་བྱ། །སྐྱབས་ཡུལ་རང་ལ་བསྟིམ་པའི་རྗེས་སུ་ནི། །ཕྱོགས་བཅུའི་འཇིག་རྟེན་ཁམས་གང་ཕྱིན་ཀྱང་རུང༌། །ནམ་མཁའ་མཐའ་མེད་ཇི་བཞིན་སེམས་ཅན་གྱི། །མཐའ་མེད་དེ་དག་དྲིན་ཅན་ཕ་མ་ཡིན། །དེ་ཀུན་འདོད་པ་བདེ་འདོད་སྒྲུབ་མི་ཤེས། སྡུག་བསྔལ་འབའ་ཞིག་སྤྱོད་པ་སྙིང་རེ་རྗེ། །དེ་རྣམས་འཁོར་བའི་སྡུག་བསྔལ་ལས་དྲངས་ཏེ། །ཐར་པ་བླ་མེད་རྫོགས་པའི་སངས་རྒྱས་ཀྱི། །ས་ལ་འགོད་པར་བྱ་དགོས་ད་ལྟ་ལ། །དེ་འདྲའི་ནུས་མེད་ཐོག་མར་བདག་ཉིད་ལ། །སངས་རྒྱས་གོ་འཕང་མྱུར་དུ་ཐོབ་པར་བྱ། དེ་ཕྱིར་རྡོ་རྗེའི་རྣལ་འབྱོར་བསྒོམ་པར་བགྱི། །བསམ་བཞིན་སེམས་ཅན་ཐམས་ཅད་ཀྱི་དོན་དུ། །ཞེས་སོགས་འདོན་པ་བསྒྲགས་ཏེ་ཅི་ནུས་བརྗོད། །དེ་ནས་ཚད་མེད་བཞི་པོ་བསྒོམ་པ་ནི། །སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས། །བརྗོད་བཞིན་འགྲོ་ཀུན་བདེ་དང་དེའི་རྒྱུ་ལྡན། །སྡུག་བསྔལ་རྒྱུ་བཅས་བྲལ་ཏེ་བདེ་དང་ལྡན། །ཆགས་སྡང་བྲལ་བའི་བཏང་སྙོམས་ཚད་མེད་ལ། །གནས་པར་གྱུར་ཅིག་བསམ་བཞིན་ཅི་ནུས་བྱ། །དེ་ནས་དགེ་བསྔོ་སྐྱབས་འགྲོའི་སྐབས་བཞིན་ནོ། །དེང་སྐབས་ལག་ལེན་ཞག་བདུན་བར་དུ་སྒོམ། །འདི་དུས་བྱམས་དང་སྙིང་རྗེ་སེམས་བསྐྱེད་ཀྱི། །དོན་རྣམས་ཞིབ་པར་བླ་མས་བཤད་དགོས་ལ། །དམིགས་བསྐོར་གཉིས་པ་སེམས་བསྐྱེད་འཁྲིད་རྫོགས་སོ། །

༈ གསུམ་པ་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི། །དམིགས་རྣམ་གསལ་ཞིང་དུས་ཡུན་ཐུང་ངུ་བྱ། །རང་གི་སྤྱི་བོར་པཾ་ལས་པདྨ་དང༌། །ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ། །ཧཱུཾ་ལས་རྡོ་རྗེ་དཀར་པོ་རྩེ་ལྔ་པ། །ལྟེ་བར་ཧཱུཾ་ལས་འོད་འཕྲོས་འཕགས་པ་མཆོད། །སེམས་ཅན་ཀུན་གྱི་སྡིག་སྦྱངས་ཚུར་འདུས་ཏེ། །ཧཱུཾ་ལ་ཐིམ་ནས་དེ་འོད་ཞུ་བ་ལས། །རྡོར་སེམས་དཀར་པོ་ཞལ་གཅིག་ཕྱག་གཉིས་པ། །གཡས་ན་རྡོ་རྗེ་གཡོན་གྱིས་དྲིལ་བུ་འཛིན། །ཡུམ་ལ་འཁྱུད་པ་རྡོ་རྗེ་བསྙེམས་མ་ནི། །དཀར་མོ་གྲི་གུག་ཐོད་པ་འཛིན་པ་དང༌། །མཉམ་པར་སྦྱོར་བ་གཉིས་ཀའང་རུས་པ་དང༌། །རིན་ཆེན་རྒྱན་གྱིས་བརྒྱན་ཏེ་རྡོ་རྗེ་དང༌། །པདྨའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཡི། །དཔྲལ་མགྲིན་ཐུགས་ཀ་ལྟེ་བའི་གནས་རིམ་བཞིན། །ཨོཾ་ཨཱཿ་ཧཱུཾ་ཧོཿཡི་གེས་མཚན་པ་དང༌། །ཐུགས་ཀའི་ཧཱུཾ་ལས་འོད་འཕྲོས་སངས་རྒྱས་ཀྱི། །བྱིན་རླབས་ཡེ་ཤེས་བདུད་རྩིའི་རྣམ་པར་དྲངས། །ཛཿཧཱུཾ་བཾ་ཧོཿགཉིས་སུ་མེད་པར་བསྟིམ། །བཅོམ་ལྡན་བདག་དང་སེམས་ཅན་ཐམས་ཅད་ཀྱི། །ཐོག་མ་མེད་ནས་བསགས་པའི་སྡིག་ལྟུང་ཚོགས། །བྱང་ཞིང་དག་པར་མཛད་དུ་གསོལ་ཞེས་སྒོམ། །ཧེ་རུ་ཀ་ཡི་ཡིག་བརྒྱ་ཅི་ནུས་བཟླས། དེ་ནས་བདག་ནི་མི་ཤེས་རྨོངས་པ་སྟེ། །ཞེས་སོགས་དེ་དོན་ཇི་བཞིན་བདག་ལ་ནི། །རྨོངས་པས་དམ་ཚིག་འགལ་ཀུན་བླ་མས་སྐྱོབ། །གཙོ་བོ་རྡོ་རྗེ་འཛིན་པའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་ནི་སྐྱབས་སུ་མཆི། །སྐུ་གསུང་ཐུགས་དང་རྩ་བ་ཡན་ལག་གི །དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས༌། །འཁོར་བ་ཐོག་མེད་ནས་བསགས་སྡིག་སྒྲིབ་ཀུན། །བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སེམས་དཔའ་ཡབ་ཡུམ་འོད་དུ་ཞུ། །རང་ལ་ཐིམ་ནས་དགེ་བ་བསྔོ་བ་ནི། །དགེ་བ་འདི་ཡིས་མྱུར་དུ་ཞེས་སོགས་དང༌། །དགེ་བ་འདི་ཡིས་སྐྱེ་བོ་སོགས་ཀྱིས་སྔོ། །བཤགས་བསྡམ་བྱེད་ཚུལ་སྔར་བྱས་སྡིག་ལྟུང་ཀུན། །འགྱོད་དེ་ཕྱིན་ཆད་སྡོམ་སེམས་དང་བཅས་ཏེ། །རང་རྒྱུད་སྡོམ་དང་རྡོར་སེམས་རྟེན་སྟོབས་དང༌། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ཀྱིས་བཤགས། །བདུད་རྩི་འབེབས་སྦྱོང་དམིགས་རྣམ་འབད་པར་བྱ། །དེང་སྐབས་ལག་ལེན་ཡིག་བརྒྱ་འབུམ་དུ་བཟླ། །དམིགས་བསྐོར་གསུམ་པ་ཡིག་བརྒྱའི་འཁྲིད་རིམ་རྫོགས། །འདི་སྐབས་སྡིག་སྒྲིབ་དག་པའི་རྟགས་དག་ནི། །ཉམས་དང་རྨི་ལམ་ཚུལ་དུ་བྱུང་བར་གསུངས། །

༈ བཞི་པ་སྐྱབས་སེམས་གོང་བཞིན་སྔོན་འགྲོ་ནས། མདུན་གྱི་ནམ་མཁར་བླ་མ་ཡི་དམ་དང༌། །སངས་རྒྱས་བྱང་ཆུབ་སྐྱབས་ཡུལ་སྐབས་ལྟར་གསལ། །ཕྱག་འཚལ་སྐྱབས་འགྲོ་མཎྜལ་བྱ་བ་ནི། །གང་གི་དྲིན་གྱིས་བདེ་ཆེན་ཉིད་སོགས་དང༌། །གང་གི་བཀའ་དྲིན་སོགས་ཀྱིས་ཕྱག་འཚལ་བྱ། །ཁྱོད་ནི་མ་དང་ཁྱོད་ནི་ཞེས་སོགས་དང༌། །དཔལ་ལྡན་བླ་མ་སོགས་ཀྱིས་སྐྱབས་འགྲོ་བྱ། །དེ་ནས་ལུས་ལས་མཎྜལ་ཚོམ་བུ་བཀོད། །ཡིད་ཀྱི་དམིགས་པ་འབྱུང་བ་བཞིའི་དཀྱིལ་འཁོར། །རྟེན་པའི་གླིང་བཞི་རི་རབ་འཁོར་ཡུག་བཅས། །སྲིད་རྩེ་ནས་བཟུང་ཁམས་གསུམ་ཡོངས་རྫོགས་པའི། །འཇིག་རྟེན་ཁམས་འདི་རིན་ཆེན་སྣ་བདུན་སོགས། །ལྷ་མིའི་དངོས་པོ་བཟང་པོས་ཡོང་བཀང་སྟེ། །བླ་མ་དཀོན་མཆོག་རྣམས་ལ་ཕུལ་བར་བགྱི། །དེ་ནས་བདག་ནི་མྱུར་དུ་རྫོགས་སངས་རྒྱས། །ཟབ་ལམ་རྡོ་རྗེའི་རྣལ་འབྱོར་ཉམས་རྟོགས་ཀུན། །སྐྱེ་བར་གསོལ་བ་འདེབས་པར་བྱ་བ་ཡིན། །དེ་སྐབས་ངག་ཏུ་འདི་སྐད་ཨོཾ་བཛྲ། །བྷུ་མི་ཨཱཿཧཱུཾ་ཅེས་སོགས་བརྗོད་པ་དང༌། །དེ་ནས་ཐུགས་རྗེས་འགྲོ་བའི་ཞེས་སོགས་དང༌། ས་གཞི་སྤོས་ཀྱིས་བྱུགས་ཤིང་ཞེས་སོགས་བརྗོད། ། ཚུལ་དེས་མཎྜལ་འབུལ་ནས་ཐུན་འཇོག་ཁར། མཆོད་ཡུལ་འོད་ཞུ་རང་ལ་གཉིས་མེད་ཐིམ། །དགེ་བ་བསྔོ་བ་སྐྱབས་འགྲོའི་སྐབས་བཞིན་བྱ། །ཕྱག་ལེན་དུས་ཞག་ཉེར་གཅིག་མཎྜལ་འབུལ། །སྐབས་འདིར་མཎྜལ་ཕན་ཡོན་དུས་འཁོར་གྱི། །ལུགས་ཀྱི་འཇིག་རྟེན་ཁམས་ཀྱི་བཀོད་པ་དང༌། །ཚོགས་བསག་དུ་མ་དགོས་ཚུལ་རབ་བཤད་བྱ། །དམིགས་བསྐོར་བཞི་པ་མཎྜལ་འཁྲིད་རྫོགས་སོ། ། ཚོགས་བསགས་ཐུབ་པའི་རྟགས་མང་གཞན་ལས་ཤེས། །

༈ ལྔ་པ་སྐྱབས་སེམས་སྔར་བཞིན་དག་ཞིང་དུ། ། སེང་ཁྲི་པདྨ་ཉི་ཟླའི་གདན་སྟེང་དུ། །རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང༌། །སྐུ་མདོག་སྔོན་པོ་ཞལ་གཅིག་ཕྱག་གཉིས་པ། །རྡོར་དྲིལ་ཐུགས་ཀར་བསྣོལ་ནས་ཞབས་སྐྱིལ་ཀྲུང༌། ། དར་དང་རིན་ཆེན་རྒྱན་ཀྱིས་བརྒྱན་པ་དང༌། །མཚན་དང་དཔེ་བྱད་ཐམས་ཅད་ཡོངས་སུ་རྫོགས། །རང་ལ་དགྱེས་པའི་ཞལ་འཛུམ་བག་དང་ལྡན། །བརྒྱུད་པའི་བླ་མ་རྣམས་ཀྱིས་བསྐོར་བ་དང༌། །ཡི་དམ་སངས་རྒྱས་བྱང་སེམས་ཉན་རང་དང༌། །ཆོས་སྐྱོང་སྲུང་མ་ཐམས་ཅད་བཞུགས་པར་གྱུར། །ཕྱག་མཆོད་ཡན་ལག་བདུན་པ་རྒྱས་པར་བྱ། །བསྡུ་ན་ཡིད་ཀྱིས་སྤྲུལ་པའི་མཆོད་པ་ཕུལ། །དཔལ་ལྡན་བླ་མ་དམ་པ་བདག་ཕྱག་འཚལ། །མཆོད་ཅིང་སྡིག་བཤགས་དགེ་ལ་རྗེས་ཡི་རང། །ཆོས་འཁོར་བསྐོར་ཞིང་མྱ་ངན་ལས་མི་འདའ། །དགེ་བ་བླ་མེད་བྱང་ཆུབ་བསྔོ་བར་བྱ། །སྐྱབས་སུ་མཆིའོ་བྱང་ཆུབ་སེམས་བསྐྱེད་དོ། །བླ་ན་མེད་པའི་ལམ་ལ་བསྟེན་པར་བགྱི། །བདག་ལ་ཐུགས་རྗེས་བཟུང་དུ་གསོལ་ཞེས་བརྗོད། །བར་འདིར་སྤྲོ་ན་བླ་བརྒྱུད་གསོལ་འདེབས་བྱ། །བསྡུས་ན་མ་བྱས་རུང་ལ་ངེས་པར་དུ། །གདུང་བ་དྲག་པོས་གསོལ་བ་འདི་ལྟར་གདབ། །སངས་རྒྱས་ཀུན་འདུས་ཞེས་སོགས་བརྗོད་བཞིན་དུ། །ཚིག་དོན་བསམ་ཞིང་མོས་གུས་ཡང་ཡང་བྱ། ། བླ་མའི་དཔྲལ་པར་ཨོཾ་ཡིག་མགྲིན་པར་ཨཱཿ། ། སྙིང་གར་ཧཱུཾ་ཡིག་ལྟེ་བར་ཧོཿ་ཡིག་ནི། །སྐུ་གསུང་ཐུགས་དང་ཡེ་ཤེས་རྡོ་རྗེར་མོས། །ཨོཾ་ལས་འོད་དཀར་རང་གི་དཔྲལ་པར་ཐིམ། །ལུས་སྒྲིབ་དག་སྟེ་བུམ་དབང་ཐོབ་ནས་ནི། །སྐུ་ཡི་བྱིན་རླབས་ཞུགས་སྟེ་ཨཱཿཡིག་ལས། །འོད་དམར་འཕྲོས་ཏེ་བདག་གི་མགྲིན་པར་ཐིམ། །ངག་གི་སྡིག་སྒྲིབ་དག་ཅིང་གསང་དབང་ཐོབ། །གསུང་གི་བྱིན་རླབས་ཞུགས་ཏེ་ཧཱུཾ་ཡིག་ལས། །འོད་མཐིང་འཕྲོས་ཏེ་རང་གི་སྙིང་གར་ཐིམ། །ཡིད་ཀྱི་སྒྲིབ་དག་ཤེར་དབང་ཐོབ་ནས་ནི། །ཐུགས་ཀྱི་བྱིན་རླབས་ཞུགས་ཏེ་ཧོཿཡིག་ལས། །འོད་སེར་འཕྲོས་ཏེ་ལྟེ་བར་ཐིམ་པ་ལས། ཆགས་རྟོག་དག་སྟེ་བཞི་བའིདབང་ཡང་ཐོབ། །ཡེ་ཤེས་རྡོ་རྗེའི་བྱིན་རླབས་ཞུགས་པར་སྒོམ། ། སླར་ཡང་མོས་གུས་གསོལ་བ་བཏབ་པ་ཡིས། །སངས་རྒྱས་བྱང་སེམས་བླ་མ་ཉིད་ལ་ཐིམ། དེ་ཉིད་འོད་ཞུ་རང་ལ་ཐིམ་གྱུར་ནས། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་སྒོམ། །སྐྱེ་བ་ཀུན་ཏུ་ཞེས་སོགས་ཅི་རིགས་ཀྱིས། །དགེ་བ་བསྔོ་སྟེ་ཐུན་མཚམས་མོས་གུས་སྒོམ། །བླ་རྣམ་རྣམ་གསུམ་བདུན་ཕྲག་རེ་རེ་བྱ། །ཉལ་བའི་རྣལ་འབྱོར་རང་གི་སྙིང་ཀ་ལ། །པདྨ་འདབ་བརྒྱད་སྟེང་དུ་བླ་མའི་སྐུ། །ཚོན་གང་ཙམ་དུ་དགྱེས་པའི་ཚུལ་དུ་བཞུགས། །མོས་གུས་ངང་ལས་གཉིད་དུ་འགྲོ་བར་བྱ། །དམིགས་བསྐོར་ལྔ་པ་བླ་མའི་རྣལ་འབྱོར་རྫོགས༌། །སྐབས་འདིར་བླ་མར་མོས་གུས་ལམ་བྱེད་ཚུལ། །མོས་གུས་ཕན་ཡོན་བླ་མའི་མཚན་ཉིད་དང༌། །བླ་མ་བསྟེན་ཚུལ་ལ་སོགས་ཞིབ་དུ་བཤད། །

གཉིས་པ་ཐུན་མོང་མིན་པའི་སྔོན་འགྲོ།

གཉིས་པ་ཐུན་མོང་མིན་པའི་སྔོན་འགྲོ་ལ། །

རྫོགས་རིམ་བརྟེན་ལ་བསྐྱེད་པའི་རིམ་པ་དང༌། རྫོགས་རིམ་ཉེར་བསྡོགས་དབེན་གསུམ་བསྟེན་པ་གཉིས། །དང་པོར་རྫོགས་རིམ་གཙོ་བོར་བྱེད་པའི་སྐབས། །ཧ་ཅང་བསྡུས་པ་དུས་འཁོར་ལྷན་སྐྱེས་ཉིད། །དེ་ཡི་སྒོམ་ཚུལ་སྐྱབས་སེམས་སྔར་བཞིན་བསྒོམ། །སྟོང་པའི་ངང་ལས་དུས་འཁོར་ལྷན་སྐྱེས་སུ། །གྱུར་པ་ལ་སོགས་ངག་འདོན་བཞིན་དུ་སྒོམ། །རང་གི་སྙིང་ལས་འོད་ཟེར་འཕྲོས་པ་ཡིས། ། སྣོད་རྣམས་གཞལ་ཡས་ཁང་དང་བཅུད་ཐམས་ཅད། །དུས་ཀྱི་འཁོར་ལོའི་ལྷ་ཚོགས་གྱུར་བར་མོས། ། ཨོཾ་སྭཱཧཱ། །ཞེས་པ་ཅི་རིགས་བཟླ་བར་བྱ། །དེ་ནས་ཐམས་ཅད་འོད་ཞུ་རང་ལ་ཐིམ། །ལྷ་སྐུ་གསལ་སྟོང་ཅི་ནུས་མཉམ་པར་གཞག །དེ་ལྟར་ཡང་ཡང་བསྒོམས་ན་ལེགས་པར་གསུངས། །ཐུན་མཚམས་ལྷ་སྐུ་འོད་གསལ་ངང་དུ་སྦྱང༌། དགེ་བ་འདི་ཡིས་སོགས་ཀྱིས་དགེ་བ་བསྔོ། །ཕྱག་སྲོལ་བསྙེན་པ་འབུམ་ཕྲག་བཅུ་བཟླས་སྒོམ། །དམིགས་སྐོར་དྲུག་པ་བསྐྱེད་རིམ་བཤད་པ་རྫོགས། །

༈ གཉིས་པ་རྫོགས་རིམ་ཡེ་ཤེས་བསྐྱེད་པའི་ཕྱིར། བར་འདིར་མཆོག་དབང་གོང་མ་བསྐུར་བར་བྱ། །དེ་ནས་རྒྱུད་ལས་གསུངས་བཞིན་ལྟོས་མེད་བཞི། །ཡང་ན་དབེན་པ་གསུམ་ལྡན་ཞེས་བྱ་བ། །ལུས་ཀྱི་ལོངས་སྤྱོད་བདེ་སྡུག་ལ་སོགས་པ། །གང་ལ་ལྟོས་མེད་ལྟོས་མེད་དང་པོ་དང༌། ། དེ་བཞིན་ངག་ཡིད་འཕོ་བའི་ལོངས་སྤྱོད་ལ།།ལྟོས་པ་མེད་པ་ལྟོས་མེད་བཞི་ལྡན་ཡིན། །ཐོག་མ་མེད་ནས་ལུས་ངག་ཡིད་གསུམ་གྱི། །བྱ་བྱེད་ཁོ་ནར་འདས་ནས་དོན་མེད་སོང༌། །ཡང་དག་འབྲས་བུ་གང་ཡང་མ་གྲུབ་པས། །ཕྱིན་ཆད་ལྟོས་མེད་བཞི་ལྡན་ལམ་འབད་ན། །ཐར་བ་བླ་མེད་བྱང་ཆུབ་ཐོབ་པར་ངེས། །ཁམས་འཁྲུག་ལ་སོགས་གེགས་དང་གོལ་ས་དག །སྤང་ཕྱིར་ལུས་གནད་བཅའ་ཞིང་རླུང་རོ་བསལ། །ཡང་དག་དོན་ལ་སེམས་ནི་ལེགས་གནས་ཕྱིར། །རྣལ་འབྱོར་བརྟན་པ་ཅུང་ཟད་མ་ཐོབ་བར། །དྲན་པ་བསྟེན་ཙམ་མ་གཏོགས་དགེ་མི་དགེ། །ལུང་མ་བསྟན་ཀྱི་སྤྲོས་པ་ཀུན་དོར་ཏེ། །དབེན་པ་གསུམ་ལྡན་བསྟེན་པ་གལ་ཆེའོ། །འདི་སྐབས་མུན་ཁང་བལྟ་སྟངས་ངེས་ཅན་སོགས། །མཐའ་གཅིག་མ་ཡིན་དངོས་གཞི་སོར་སྡུད་ལ། །མྱུར་དུ་འཇུག་དགོས་དེ་ལམ་བྱང་བའི་ཕྱིར། །མུན་ཁང་བལྟ་སྟངས་ངེས་ཅན་ཕྱག་ལེན་མཛད། །གནས་སྤྱིའི་མཚན་ཉིད་རྩ་རྒྱུད་ལ་སོགས་བཞིན། །ཉིན་མོ་སྐྱེ་བོའི་རྒྱུ་འགྲུལ་མེད་པ་དང༌། །མཚན་མོ་དགྲ་ཡི་བརླག་ཅོར་མེད་པ་སོགས། །འཚེ་བའི་འཇྀགས་པ་མེད་ཅིང་འཐུང་བྱའི་ཆུ། །ལུས་ལ་མི་གནོད་ཐུན་མོང་མ་ཡིན་པའི། །གནས་ཀྱི་ཁྱད་པར་འབྱོར་ན་སྟེང་ཁང་ངམ། །བར་ཁང་མུན་ཁང་སྒོ་འཁྱོག་རིམ་པ་གསུམ། །སྐར་ཁུང་ཕྱི་ཆུང་ནང་ཡངས་མཐོང་དཀར་ཞིང༌། །བཀག་ན་སྣང་བ་ཆུང་ངུ་མེད་པ་དགོས། །ཀུན་སྤངས་གནས་ནི་ས་ཕུག་བྲག་ཕུག་དང༌། །ཁྱིམ་ལ་སོགས་པ་ཇི་ལྟར་རིགས་པ་སྟེ། །སྐམ་ཞིང་མུན་ནག་དགོས་ཞིང་གནས་དེ་ལ། །སྔོན་འགྲོ་སྒོམ་ཚུལ་ཐུན་གྱི་དང་པོ་ལ། །སྐྱབས་འགྲོ་སེམས་བསྐྱེད་བླ་མའི་རྣལ་འབྱོར་དང༌། །བསྐྱེད་རིམ་བྱ་སྟེ་ཕྱི་ཐུན་རྣམས་ལ་བསྡུ། །ཐུན་གྱི་སྔོན་འགྲོ་ཉམས་སུ་ལེན་ལུགས་འདི། །འདི་ཡི་འོག་མ་ཐམས་ཅད་ཤེས་པར་བྱ། །དབེན་གསུམ་ཉམས་ལེན་དངོས་ནི་མུན་ཁང་དེར། །བསམ་གཏན་འབོལ་ཆུང་བཏིངས་ནས་ལུས་གནད་ནི། །རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་སྒལ་ལྟག་བསྲང༌། །ལྐོག་མས་ཨོལ་མདུད་ནོན་ཙམ་མགྲིན་པ་དགུག །སོ་མཆུ་རང་སར་ལྕེ་རྩེ་རྐན་ལ་སྦྱར། །མཐེ་བོས་སྲིན་རྩ་མནན་ནས་སོར་མོས་བསྡམས། །ལག་པ་ཁུ་ཚུར་བརླ་བཞག་ལག་ངར་བསྲང༌། །མིག་ཀྱང་སྟེང་ཕྱོགས་ནམ་མཁར་བལྟ་བའི་ཚུལ། །གྱེན་དུ་བསྒྲིལ་ནས་གཡོ་མེད་བཞག་བྱས་ཏེ། །རླུང་འཁྲུགས་སེལ་ཞིང་རླུང་སྐྱོན་མི་འབྱུང་ཕྱིར། །རླུང་རོ་ལན་གསུམ་སངས་ཀྱིས་འབུད་པར་བྱ། །དེ་ནས་རང་བབས་ཅི་བདེར་རྒྱུ་རུ་གཞུག །སེམས་གནད་གང་ཡང་བསམ་དུ་མེད་པ་དང༌། །ཅི་ཡང་ཡིད་ལ་མི་བྱེད་ཆེད་མི་སྒྲིམ། །ཆེད་དུ་མ་ཀློད་ནམ་མཁའ་སོགས་ལ་ཡང༌། །ཆེར་གྱིས་བལྟ་བ་མ་ཡིན་རང་ཉིད་ལ། །ཆེད་དུ་ལྟ་བ་མ་ཡིན་གང་ལ་ཡང༌། །མི་བརྟེན་ཅིར་ཡང་འཆར་རུང་ཙམ་དེ་ལ། །བཟོ་བཅོས་མེད་པ་ལྷོད་དེ་བཞག་པར་བྱ། །དེ་ཁ་ལ་གནས་སྒོམ་ཏུ་བཏུབ་ན་ལེགས། །སེམས་འཕྲོ་ན་ནི་གཉེན་པོ་བརྟེན་དགོས་ལ། །སེམས་གནས་འཕྲོ་ལ་རྣམ་རྟོག་ཐོལ་ཐོལ་སྐྱེ། །གཟུགས་སོགས་རྣམ་པ་ཡིད་ལ་ཝལ་ཝལ་འཆར། །ཤར་མ་ཐག་ཏུ་རང་གི་ཤེས་ཀྱིན་འདུག །དགའ་མི་དགའ་དང་རྟོག་དཔྱོད་མི་བྱ་བར། །སྔར་གྱི་སེམས་གནས་འཇོག་ཚུལ་དེ་ཁ་བསྐྱངས། །རྣམ་རྟོག་གཅིག་ལ་གཅིག་བརྒྱུད་སྣ་ཚོགས་འཕྲོ། །ཡུན་རིང་འབྱམས་པ་བྱུང་ན་སྐྱོན་ཆེ་སྟེ། །འདི་ལ་དྲན་པས་ཟིན་མ་ཐག་ཏུུ་ནི། །ཕྱིན་ཆད་འོག་འགྱུ་རྒྱ་འབྱམས་མི་བྱེད་པར། །དྲན་པས་ཟིན་དགོས་སྙམ་པའི་འདུན་པ་བསྐྱེད། །གང་ཡང་བསམ་མེད་ངང་ནས་རིག་པ་སྒྲིམ། །སེམས་གནས་མི་གནས་འཕྲོའམ་མི་འཕྲོ་སོགས། །སྙམ་པའི་དྲན་ཤེས་བྱ་ར་ཡང་ཡང་བཏང༌། །འོག་འགྱུ་རྒྱ་འབྱམས་སོང་བ་ཇེ་ཆུང་འགྲོ །དེ་ལྟར་རྩེ་གཅིག་འཇུར་ལ་སྒོམ་དགོས་སོ། ། དེ་ནས་དགེ་བ་བསྔོ་བ་གོང་དང་འདྲ། །ཐུན་མཚམས་སེམས་ནི་བཟོ་མེད་གདངས་ལྡན་བྱ། །ལུས་ངག་སྤྱོད་པ་ཚུལ་གནས་མཐུན་པ་དགོས། །དེ་ལྟར་བསྒོམས་པས་ལུས་ཉམས་ངག་ཉམས་དང༌། །སེམས་ཉམས་མཐོང་ཉམས་རྨི་ཉམས་གང་བྱུང་ཀྱང༌། །རང་བབས་གང་བྱུང་དེ་ཀ་ལྷུག་པར་བསྐྱང༌། །ཐུན་མཚམས་ཀུན་ཏུ་རེ་དོགས་མི་བྱ་བར། །སྤྱོད་ལམ་དྲག་ཤུལ་འདོད་ཡོན་རྣམ་རྟོག་སྤངས། །ཀུན་ད་བྱང་ཆུབ་མ་ཉམས་བསྲུང་བར་བྱ། །གོས་སོགས་དྲོ་གྲང་རན་པ་མཚན་དུས་སུ། །གཉིད་ལོག་ཚིམ་ཞིང་ཉིན་མོར་གཉིད་སྤངས་ནས། །ཐུན་སྐབས་རྩེ་གཅིག་ཤུགས་ཀྱིས་ཡུན་བསྲིང་སྒོམ། །ཞག་དུས་བཞི་བཅུ་སྒོམ་པའི་ས་བཅད་མཛད། །དམིགས་བསྐོར་བདུན་པ་དབེན་གསུམ་བཤད་འཁྲིད་རྫོགས།།སྐབས་འདིར་དབེན་པའི་ཕན་ཡོན་ཞི་ལྷག་དང༌། །དབེན་གསུམ་གནད་རྣམས་ཞིབ་མོར་རྟོགས་པར་བྱེད། །ལག་ལེན་བསླབ་ཅིང་བྱིན་བརླབས་བྱ་བ་དང༌། །སེམས་འཁྲིད་ཡང་ཡང་བྱ་སྟེ་གནད་མ་འབྱོར། །བཅོས་ནས་གེགས་སེལ་ངོ་སྤྲོད་སྐབས་བབ་བྱ། །ཟབ་ལམ་རྡོ་རྗེའི་སྔོན་འགྲོའི་འཁྲིད་རྣམས་རྫོགས། །

༈ གཉིས་པ་ཟབ་ལམ་རྡོ་རྗེ་རྣལ་འབྱོར་གྱི། །དངོས་གཞི་སྒོམ་རིམ་རྒྱུད་ལས་གསུངས་པ་ལྟར། །མདོར་ན་ཡན་ལག་དྲུག་ནི་སོར་སྡུད་དང༌། །བསམ་གཏན་སྲོག་རྩོལ་འཛིན་པ་རྗེས་དྲན་དང༌། །ཏིང་ངེ་འཛིན་གྱི་ཡན་ལག་དྲུག་པོ་ཡིན། །དེ་དག་རྡོ་རྗེ་བཞི་ཡི་དབང་བྱས་ན། །སོར་བསམ་སྐུ་དང་སྲོག་འཛིན་གསུང་རྡོ་རྗེ། །རྗེས་དྲན་ཐུགས་དང་ཏིང་ངེ་འཛིན་ཡེ་ཤེས། །རྡོ་རྗེའི་རྣལ་འབྱོར་བསྙེན་སྒྲུབ་ཡན་ལག་བཞི། །སོར་བསམ་བསྙེན་པ་སྲོག་འཛིན་ཉེར་སྒྲུབ་དང༌། །རྗེས་དྲན་སྒྲུབ་པ་ཏིང་འཛིན་སྒྲུབ་ཆེན་ནོ། །དགེ་བ་གསུམ་ལྟར་སོར་བསམ་ཐོག་མར་དགེ། །སྲོག་འཛིན་བར་དགེ་དྲན་ཏིང་ཐ་མར་དགེ། །རྒྱུ་འབྲས་གཉིས་ལྟར་སོར་སྡུད་སྲོག་རྩོལ་དང༌། །རྗེས་དྲན་གསུམ་ནི་རྒྱུ་ཡི་ཡན་ལག་སྟེ། ། བསམ་གཏན་འཛིན་པ་ཏིང་འཛིན་གསུམ་འབྲས་བུ། །ཐམས་ཅད་ཕྱག་རྒྱ་ཆེན་པོའི་རྣལ་འབྱོར་གཅིག །ཡན་ལག་དངོས་རྣམས་སྔ་མ་མཐར་ཕྱིན་ནས། །ཕྱི་མ་རྒྱུད་ལ་སྐྱེ་བས་ཐོག་མ་ལ། །སྐྱེ་བའི་དུས་སྐབས་རིམ་ཅན་དུ་གནས་ཤིང༌། །དེ་དག་སྐྱེ་བའི་རྒྱུ་ཚོགས་བསླབ་པ་ཡི། །རྗེས་མཐུན་ཡན་ལག་དྲུག་ལ་ཐོག་མར་ནི། །སོ་སོར་ཞུས་ཤིང་སྦྱང་ནས་དེ་རྗེས་སུ། །སྟན་ཐོག་གཅིག་ཏུ་རྫོགས་པར་ཉམས་སུ་ལེན། །དངོས་གཞིར་ཐོག་མར་དགེ་དང་བར་དུ་དགེ། །ཐ་མར་དགེ་བའི་འཁྲིད་དེ་རྣམ་པ་གསུམ། །དང་པོ་ལ་ཡང་སོར་སྡུད་བསམ་གཏན་འཁྲིད། །དང་པོ་སོ་སོར་སྡུད་པའི་འཁྲིད་ལ་ནི། །ཉམས་ལེན་དམིགས་པའི་གནད་དང་སྒོམ་དོན་ནི། །བློ་ལ་འགོད་པ་གཉིས་ལས་དང་པོ་ལ། །སོར་སྡུད་དངོས་དང་བོགས་འདོན་སྤོགས་ཆོག་གཉིས། །དང་པོ་དངོས་ལ་མཚན་མོ་གསེང་མེད་དུ། །ནམ་མཁའི་རྣལ་འབྱོར་ཉིན་མོ་སྤྲིན་མེད་ཀྱི། །ནམ་མཁའི་རྣལ་འབྱོར་གཉིས་ལས་དང་པོ་ནི། །སྔོན་འགྲོ་ལུས་གནད་སྔར་བཞིན་ལེགས་བྱས་ཏེ། །ལྟ་སྟངས་སྨིན་མཚམས་ཐད་ནས་སོར་བཅུ་དྲུག །གཞལ་བའི་སྟེང་གི་ནམ་མཁར་ལྟ་བར་བྱ། །དབང་མདོར་བཀབ་དང་མ་བཀབ་མིག་དག་གིས། །ཞེས་པ་ཧ་ཅང་གདངས་བཙུམ་མ་ཡིན་པར། །རང་བབས་ངང་ནས་མིག་འབྲས་གྱེན་ལ་བཟློག །སེམས་གནད་ཕལ་ཆེར་དབེན་གསུམ་སྐབས་བཞིན་ལས། །ནམ་མཁའི་མུན་པར་སེམས་ནི་གཏད་ནས་འཇོག །ལུས་གནད་བྱེད་བཅིང་ལྡན་པས་ཡིད་མིག་རླུང༌། །གཙུག་ཏོར་ཐད་ཀྱི་ནམ་མཁར་དབྱེར་མེད་དུ། །བསྲེས་ཏེ་གང་ཡང་ཡིད་ལ་མི་བྱེད་སྒོམ། །སོར་སྡུད་དངོས་གཞིའི་དམིགས་པ་དང་པོའོ། །བསམ་མེད་རྣལ་འབྱོར་ཟླ་བ་གཅིག་ཏུ་སྒོམ། །དམིགས་པ་གཏོང་ཚུལ་མི་འདྲ་བཞི་ཙམ་བྱུང༌། །སོར་སྡུད་དམིགས་པའི་རྩ་བ་སྔར་བཤད་པ། །དེ་ཉིད་བསམ་མེད་རྣལ་འབྱོར་ཞེས་བྱ་ནི། །དཔེ་ནི་ལྷ་ཁང་ལྡེར་བཟོ་ལྟ་བུ་བཤད། །དེ་སྐབས་སེམས་མ་གཞུར་བའི་སྐྱོན་གྱིས་ནི། །སྒོམ་སྐྱོན་ཐེབས་ཏེ་སྒོམ་མིན་གཉིད་མིན་དུ། །འགྲོ་ན་ལྟ་སྟངས་ནམ་མཁའི་དབུས་སུ་ནི། །སེམས་ཐིམ་འགྲོ་བ་ལྟ་བུ་དྲག་ཏུ་གཏད། །རིག་པ་བསྒྲིམས་ནས་སྒོམ་པའི་ཏིང་ངེ་འཛིན། །སྤྲེའུ་སྒོ་གཅིག་ལྟ་བུའི་རྣལ་འབྱོར་ཏེ། །ཕྱག་ལེན་ཞག་ནི་བཅོ་ལྔའི་བར་དུ་སྒོམ། །རྩེ་གཅིག་རྣལ་འབྱོར་དམིགས་བསྐོར་གཉིས་པའོ། །དེ་ལྟར་བསྒོམས་པས་རླུང་སྟོད་འཚང་བ་དང༌། །མིག་རུས་ན་བ་ཡེ་ཤེས་ཕེབས་མིན་བརྒྱལ། །ཟུག་གཟེར་སྐྱེ་བ་ལ་སོགས་བྱུང་གྱུར་ན། །བྱེད་བཅིང་སྔར་ལས་མ་གཡོས་སེམས་གསལ་རིག །སྟེང་དུ་ཆེ་རེ་བཟོ་བཅོས་མེད་པར་བཞག །དུས་གསུམ་རྣམ་པར་རྟོག་པ་སྤངས་བྱས་ཏེ། །ད་ལྟའི་ཤེས་པ་སོ་མར་སེམས་གནས་ཏེ། །རང་ངོ་ཤེས་པའི་དྲན་པ་བསྟེན་པ་ནི། །དཔེ་ནི་སྤུན་གསུམ་བར་མ་འགྲོགས་ལྟ་བུ། །ཕྱག་ལེན་ཞག་ནི་བཅོ་ལྔའི་བར་དུ་སྒོམ། །རང་གྲོལ་རྣལ་འབྱོར་དམིགས་བསྐོར་གསུམ་པའོ། །དམིགས་པ་དེ་གཉིས་སྐབས་སུ་སེམས་བསྒྲིམས་པས། །ཡུད་ཙམ་གནས་ཤིང་དེ་རྗེས་ཇི་ཙམ་དུ། །སྒྲིམ་གྱིན་འཕྲོ་རྒོད་སོང་ན་གྲིམ་པའི་སྐྱོན། །མ་ཡེངས་དྲན་པའི་བྱ་ར་ཙམ་བཞག་ནས། །གང་ཡང་མི་སྒོམ་ལྷོད་གྱིས་ཀློད་དེ་བཞག །དཔེར་ན་རྔ་མོ་བཏགས་གྲོལ་ལྟ་བུ་སྟེ། །ཕྱག་སྲོལ་དུས་ཞག་བཅོ་ལྔའི་བར་དུ་སྒོམ། །རྩོལ་བྲལ་རྣལ་འབྱོར་དམིགས་བསྐོར་བཞི་པའོ། །དམིགས་པ་ཕྱི་མ་གསུམ་པོ་འདི་རྣམས་ཀྱང༌། །དང་པོའི་སྟེང་དུ་ཚང་བར་རེས་འགའ་སྒྲིམ། །རེས་འགའ་ཀློད་དེ་རེས་འགའ་སེམས་གསལ་རིག །ངོ་བོར་ལྟ་བ་ཕལ་ཆེར་རྩོལ་བྲལ་ངང༌། །བཟོ་མེད་འཇོག་པ་མཐིལ་དུ་བྱས་ཏེ་སྒོམ། །དམིགས་སྐོར་ལྔ་པའི་བཤད་འཁྲིད་རྫོགས་པའོ། །གཉིས་པ་ཉིན་མོའི་རྣལ་འབྱོར་ཞེས་བྱ་བ། །གནས་ཀྱི་ཁྱད་པར་འབྱོར་ལྡན་ཡིན་ན་ནི། །གནས་ཕྱེད་གཡབ་ཁ་ཤར་བསྟན་ནུབ་བསྟན་དང༌། ཀུན་སྤངས་གནས་ནི་སྐྱོ་ར་བྲག་ཤིང་སོགས། །རང་གི་ལུས་ལ་གྲིབ་མ་འབྱུང་བ་དང༌། །སྐྱེ་བོ་གཞན་གྱིས་ཚུར་མི་མཐོང་བའི་གནས། །གཉིས་ཀ་མཚུངས་པར་ནམ་མཁའ་རྒྱ་ཆེན་པོ། །མཐོང་བའི་ས་ལ་སྒོམ་པ་ཡིན་པར་གསུངས། །ཉི་འོད་གངས་རི་འོད་འཚེར་མིག་ལ་གནོད། །དེ་དག་མིག་ལམ་མི་འབྱུང་ས་ལའོ། །དུས་ནི་སྔ་དྲོ་ཉི་མར་རྒྱབ་ཕྱོགས་ཏེ། །ཕྱི་དྲོ་ཡང་ནི་དེ་བཞིན་ཉི་ཕྱེད་དུས། །མིག་ལ་གནོད་པ་ཡིན་པས་སྤངས་ཞེས་གསུངས། །ཕྱེད་གཡབ་བྱང་བསྟན་ཡང་ན་བྲག་དང་ནི། །རྩིག་པ་ལ་སོགས་གྲིབ་མ་ཆེ་ཡོད་ན། །ཉིན་གུང་བྱང་དུ་ཕྱོགས་པས་སྒོམ་དུ་རུང༌། །སྤྲིན་དང་སེར་བུ་མེད་པའི་དུས་སུ་སྒོམ། །དེ་དག་དུས་ལས་གཞན་དུ་མུན་ཁང་དུ། །མཚན་མོའི་རྣལ་འབྱོར་སྒོམ་པར་བྱ་བ་ཡིན། ། བསྒོམ་བྱ་དངོས་ནི་གོང་དུ་བསྟན་པ་ཡི། །མི་གཡོ་གསུམ་ལྡན་དེ་ཉིད་རྩེ་གཅིག་པའི། །རྣལ་འབྱོར་སོགས་གནད་ཕྱི་མ་གསུམ་པོ་དེ། །གེགས་སེལ་བོགས་འདོན་དགོས་ན་བསྒོམས་པར་གསུངས། །བསྒོམ་བྱ་དངོས་ནི་ཉིན་མཚན་རྣལ་འབྱོར་འདྲ། །མི་འདྲའི་ཁྱད་པར་ཉིན་མོའི་རྣལ་འབྱོར་ནི། །ལྟ་སྟངས་གནད་ནི་ཁྲོ་བོའི་ལྟ་སྡང་ལ། །མིག་ནི་འབྲུ་ཚུགས་ལྟ་ཚུལ་དགོས་པ་ཡིན། །དམིགས་པ་ཡུལ་གྱི་གནད་ནི་མུན་ནག་གི། །ནམ་མཁར་ལྟ་བའི་ཚབ་ཏུ་སྤྲིན་མེད་ཀྱི། །ནམ་མཁའ་སྔོ་སང་རང་སེམས་གསལ་ཧྲིག་ལ། །དབྱེར་མེད་ཚུལ་དུ་མཉམ་པར་འཇོག་དགོས་གསུངས། །དེང་སྐབས་ཟླ་བ་གཉིས་དང་ཕྱེད་དུ་སྒོམ། །དེ་ནི་དངོས་གཞིའི་དམིགས་བསྐོར་དྲུག་པའོ། །སྡོམ་པས་སོར་སྡུད་ཟླ་བ་ལྔ་ལ་སྒོམ། །གཉིས་པ་བོགས་འདོན་སྤོགས་ཆོག་ཉིན་པར་དང༌། །འབྲེལ་བའི་སྤོགས་ཆོག་མཚན་མོ་གཉིད་ཀྱི་ནི། །འོད་གསལ་འཛིན་པ་གཉིས་ལས་དང་པོ་ནི། །ལག་ལེན་ཉིན་མཚན་རྣལ་འབྱོར་གང་ཡིན་ཡང༌། །མིག་གཉིས་ལྟ་ས་ཕྲ་མོ་གཅིག་ལ་བསྒྲིལ། །ལྕེ་ཕུགས་བཟློག་ཅིང་མཆུ་སྣ་རྣ་བ་གཅུད། །བཞིན་རས་ཁྲོ་བོའི་གདོང་དང་ཉ་བཞི་སྒྲིམ། །རྐང་སོར་རྣམས་བཀུག་ཁུ་ཚུར་སྐྱིལ་ཀྲུང་དམ། །དཔུང་པ་དྲག་ཏུ་རྒྱངས་པས་དབང་པོ་ལྔའི། །རླུང་འཆིང་ལྟོ་བ་ཚིགས་པ་ཕྱིར་འཕེལ་བྱ། །རེ་མོས་མྱུར་མིན་ཆུ་ཚོད་ཙམ་རེ་སྤེལ། །དེས་ནི་སྲོག་ཐུར་གཉིས་པོ་བཅིངས་པར་འགྱུར། །ཐུན་གྱི་གསུམ་ཆའམ་བཞི་ཆ་ཙམ་རེ་བསྒོམ། །ཐུན་ལྷག་དཀྱུས་བཞིན་སྒོམ་པས་ཉམས་རྟོགས་སྐྱེ། །ཉམས་པ་སླར་གསོ་གོང་འཕེལ་འགྲོ་བར་གསུངས། །གནས་སྐབས་གསུམ་པོ་དེ་ལས་གཞན་མི་སྒོམ། །སྤོགས་པའི་ཆོ་གའི་དམིགས་བསྐོར་བདུན་པའོ། །གཉིས་པ་མཚན་མོ་ཉལ་བའི་སྐབས་སུ་ནི། །ལུས་གནད་ཙོག་པུའམ་སེང་གེའི་ཉལ་སྟབས་བྱ། །མིག་བཙུམ་མིག་འབྲས་གྱེན་ལ་བཟློག་པར་བྱ། །སེམས་གནད་ལྟ་སྟངས་ལམ་ནས་དྲངས་བྱས་ཏེ། །ནམ་མཁར་ལྟ་བ་མན་ངག་ཡིན་པས་ན། །དེ་ཡི་ངང་ནས་གཉིད་དུ་འགྲོ་བར་བྱ། །ཉིན་མོའི་སྒོམ་ཤུགས་གཉིད་ཁར་མཚམས་སྦྱར་མཐུས། །ཞག་བདུན་ལ་སོགས་འོད་གསལ་ཟིན་པར་འགྱུར། །ཅི་སྟེ་མ་ཟིན་རང་ཉིད་དུས་འཁོར་གསལ། །ཐུགས་ཀའི་འོད་འཕྲོས་སྣོད་བཅུད་འོད་ཞུ་ནས། །རང་ལ་ཐིམ་ནས་རང་ཡང་འོད་དུ་ཞུ། །འོད་ཕུང་མཐའ་ནས་རིམ་གྱིས་ཡལ་གྱུར་ནས། །སྙིང་ཁའི་ཐད་དུ་ཏིལ་འབྲུར་སེམས་བཟུང་ཏེ། །དེ་ཡལ་ནམ་མཁའ་སྟོང་པར་སེམས་གཏད་བྱ། །དེ་ལྟར་ལན་བདུན་བསྒོམས་ནས་སྔར་བཞིན་དུ། །སྒོམ་པས་འོད་གསལ་མྱུར་དུ་ཟིན་པར་འགྱུར། །གཉིད་འཐུག་སྐབས་སུ་གསལ་སྟོང་རིག་པ་ལ། །རྣམ་རྟོག་བྲལ་ཞིང་རང་ངོ་སྐྱོང་ཤེས་པ། །རྟགས་སྣང་སྣ་ཚོགས་འཆར་བ་ཞིག་བྱུང་ཚེ། །གཉིད་ཀྱི་འོད་གསལ་ཟིན་པའི་གྲངས་སུ་ཆུད། །ཉལ་བའི་རྣལ་འབྱོར་དམིགས་བསྐོར་བརྒྱད་པའོ། །

གཉིས་པ་སྒོམ་དོན་བློ་ལ་འགོད་པ།

གཉིས་པ་སྒོམ་དོན་བློ་ལ་འགོད་པ་ནི།

སོ་སོར་སྡུད་པའི་༡མཚན་དོན་༢སྒོམ་པའི་དུས། །༣སྒོམ་ཚུལ་ཡན་ལག་༤བསྒོམ་པའི་རྟགས་ཚད་དང༌། །༥དག་བྱ་དག་བྱེད་དབྱེ་བ་༦ཐོབ་འབྲས་དྲུག །དང་པོ་པྲ་ཏི་སོ་སོ་ཨཱ་ཧ་ར། །སྡུད་པ་མཚམས་སྦྱར་པྲ་ཏྱཱ་ཧ་ར་ནི། །སོ་སོར་སྡུད་པ་ཐ་མལ་དབང་པོ་ལྔ། །ཡུལ་ལྔའི་འབྲེལ་གཅོད་རྣམ་ཤེས་ཡན་པ་སྡུད། །ཡེ་ཤེས་རང་བཞིན་དབང་པོ་གཞན་ལྔ་ཡི། །འོད་གསལ་རང་བཞིན་ཡུལ་ལྔ་ལོངས་སྤྱོད་ཅིང༌། །ཟ་བ་ལེན་པའི་དོན་ཡིན་མདོར་ན་ནི། །ཐ་མལ་སྣང་བ་སེམས་སུ་བསྡུས་ནས་སུ། །ཡེ་ཤེས་སྣང་བ་ལ་ནི་འཇུག་པའོ། །གཉིས་པ་སོར་སྡུད་ཐོག་མར་ལན་གཅིག་ལ། །ལས་རླུང་སྣ་བུག་གཡས་སུ་འཕོས་མ་ཐག །དུས་དེར་བསྒོམས་ན་གཡས་ཀྱི་འཕོ་བ་རྣམས།།འབྱུང་པ་སྡུད་རིམ་རྒྱུ་བས་མ་དག་པའི། །སྣང་བ་དབྱིངས་སུ་བསྡུ་བའི་རྟེན་འབྲེལ་ཡོད། །ཐོག་མར་གཉིད་དུས་མ་གཏོགས་སྒོམ་པ་གལ། །ལུས་གནད་འབྱོངས་ཞིང་ཏིང་འཛིན་བརྟན་པ་ནས། །ཉིན་གུང་ཕྱི་ཕྲེད་ཐུན་མཚམས་རྣལ་འབྱོར་ཙམ། །བྱས་ན་གེགས་མེད་བོགས་བསྐྱེད་ཆེ་བར་གསུངས། ། གསུམ་པ་སོར་སྡུད་ངོ་བོ་རྣམ་མི་རྟོག །མི་གཡོ་གསུམ་ལྡན་བསྒོམ་པས་རླུང་བཅུ་ཡི། །ཆ་ཤས་ཅི་རིགས་དབུ་མར་སྡུད་བྱེད་པའི། ནུས་པ་ཅན་དེ་གནས་ལུགས་རྟོགས་པའི་ཐབས། །ཉིན་མཚན་རྣལ་འབྱོར་གཉིས་ཀ་ཚང་དགོས་པ། །མདོ་སྔགས་གཉིས་ཀའི་དགོངས་པ་ཡིན་པར་གསུངས། །འོན་ཀྱང་ལུས་ལ་གནད་དུ་བསྣུན་པ་སོགས། །ཐབས་ཀྱི་སྒོ་ནས་གསང་སྔགས་ཁྱད་པར་འཕགས། །ཉིན་མཚན་རྣལ་འབྱོར་སྒོམ་པས་རིམ་བཞིན་དུ། །གཡོན་དང་གཡས་ཀྱི་དཀྱིལ་འཁོར་ལྔ་ལྔ་ནི། །དབུ་མར་བསྡུས་པས་རྟགས་བཅུ་འཆར་བའོ། །བཞི་པ་སོར་སྡུད་ཡུལ་ནི་རྟགས་བཅུ་སྟེ། །རྒྱུད་ལས་གསུང་བཞིན་མཚན་རྟགས་བཞི་དང་ནི། །ཉིན་རྟགས་དྲུག་སྟེ་རྟགས་བཅུ་ངེས་པའི་རྟགས། །རྣམ་པ་མ་ངེས་རྟགས་ནི་མཐའ་ཡས་གསུངས། །སྣ་ཚོགས་གཟུགས་བརྙན་མཐོང་བ་ཞེས་བྱའོ། །ཆོས་ཉིད་ཡེ་ཤེས་རང་ལ་གནས་པ་དེ། །ཡེ་ཤེས་བསྒོམས་པས་མངོན་དུ་འགྱུར་བས་ན། །ཡིད་ཆེས་སྐྱེ་རྒྱུ་ཡིན་ཕྱིར་རྟགས་ཞེས་བྱ། །ཀུན་རྫོབ་འཁྲུལ་བའི་རྟགས་ཙམ་མ་ཡིན་ནོ། །རྟགས་ཀུན་མཐོང་བའི་ཤེས་པ་ཚད་མ་སྟེ། །བསྐྱེད་རིམ་ཚད་མ་རྗེས་དཔག་རྣལ་འབྱོར་གྱི། །ཡན་ལག་དྲུག་གི་ཚད་མ་མངོན་སུམ་མོ། །ལྔ་པ་ཡན་ལག་དྲུག་པོ་ཐམས་ཅད་ཀྱིས། །དྲི་མ་སྦྱང་གཞི་བདེ་གཤེགས་སྙིང་པོ་ཡིན། །དག་བྱ་དབྱེ་ན་སྤྱིར་ནི་ཕུང་ཁམས་ལ། །སུམ་ཅུ་སོ་དྲུག་རྣམས་ལས་སོར་སྡུད་ཀྱི། །ངོ་སྐལ་དག་བྱ་ཡེ་ཤེས་ཕུང་པོ་སོགས། །ཡེ་ཤེས་ཁམས་དྲུག་སྡེ་ཚན་གཅིག་ཡིན་ལ། །དག་བྱེད་སོར་སྡུད་དབྱེ་ན་བཅུ་ཡོད་དེ། །རྟགས་བཅུ་རིམ་འཆར་དབང་གིས་ཉམས་རྟོགས་ལ། །མཐོ་དམན་དབྱེ་བ་རྣམ་པ་བཅུ་ཡོད་དོ། །དྲུག་པ་གནས་སྐབས་འབྲས་བུ་བདེན་ཚིག་འགྲུབ་པ་དང༌། །མཐར་ཐུག་འབྲས་བུ་ནམ་ཞིག་རྫོགས་སངས་རྒྱས། །གོ་འཕང་ཐོབ་པའི་དུས་ན་རྡོ་རྗེ་སེམས། །ལ་སོགས་ཡེ་ཤེས་ཁམས་པ་དྲུག་ཚན་གཅིག །དཀྱིལ་འཁོར་རབ་འབྱམས་འབྱུང་བར་རྒྱུད་ལས་གསུངས། །དེ་ལྟར་སྒོམ་དོན་བློ་ལ་འགོད་པའི་ཚུལ། །བསྡུ་ན་ཐུན་གཅིག་རྒྱས་པར་མཐའ་བརྟན་བྱ། །དེས་ནི་སོ་སོར་སྡུད་པའི་འཁྲིད་རིམ་རྫོགས། །

གཉིས་པ་བསམ་གཏན་སྟོན་པར་བྱེད་པ། །

གཉིས་པ་བསམ་གཏན་སྟོན་པར་བྱེད་པ་ལ། །

ཉམས་ལེན་དམིགས་པའི་གནད་དང་སྒོམ་དོན་གཉིས། །དང་པོ་དངོས་དང་སྤོགས་ཆོག་བོགས་འདོན་གཉིས། །དང་པོར་ཉིན་མཚན་རྣལ་འབྱོར་གནས་གཉིས་བསྒོམ། །གཙོ་བོར་མཚན་མོའི་རྣལ་འབྱོར་བསྒོམ་བྱ་ཞིང༌། །ལུས་གནད་ངག་གནད་སོར་སྡུད་སྐབས་དང་འདྲ། །སེམས་གནད་མི་གཡོ་འཇོག་ཚུལ་ཕལ་ཆེར་འདྲ། །སོར་སྡུད་སྐབས་སུ་ནམ་མཁར་སེམས་གཏོད་པ། །འདིར་ནི་སྟོང་གཟུགས་སེམས་ནི་འཇོག་པ་སྟེ། །སྟོང་གཟུགས་མཐོང་དུས་རིག་པ་སྟོང་གཟུགས་ལ། །ཆེ་རེ་གཏད་ཅིང་རྣམ་རྟོག་ཡེ་མི་བྱེད། །སྟོང་གཟུགས་མེད་སྐབས་སོར་སྡུད་བཞིན་སྒོམ་བྱ། །སྟོང་གཟུགས་རྗེས་སུ་མིག་སེམས་མི་འབྲང་བར།།ལྟ་སྟངས་རིག་པ་ཐོག་མའི་གནས་སུ་འཇོག །སྟོང་གཟུགས་དེར་འདུས་གཡོ་མེད་བྱེད་པ་གལ། །དེ་ནི་དུས་ཡུན་ཟླ་བ་གཅིག་སྒོམ་པར། །ཕྱག་སྲོལ་ཡིན་ལ་དམིགས་བསྐོར་དགུ་པའཽ། །གཉིས་པ་སྤོགས་ཆོག་བོགས་འདོན་རྣམ་པ་གཉིས། །དང་པོ་ལ་ནི་དུས་ཞབས་སྙན་རྒྱུད་ལས། །བསམ་གཏན་སྟོང་གཟུགས་དྲག་ཏུ་སྒོམ་ཞེས་གསུངས། །སོར་སྡུད་སྤོགས་ཆོག་ལྟར་བྱེད་དམིགས་པ་ཡང༌། །སྟོང་གཟུགས་ཕྲ་མོ་ཞིག་ལ་སེམས་དྲག་ཏུ། །གཏད་པ་དེ་ནི་དམིགས་བསྐོར་བཅུ་པའོ། །གཉིས་པ་ཉིན་དང་གཉིད་ཀྱི་འོད་གསལ་འབྲེལ། །དང་པོ་སྣང་བ་གསལ་བའི་ཕྱོགས་སུ་ཡང༌། །སྟོང་གཟུགས་འཆར་ན་ལྟ་སྟངས་སྔར་ལས་ཀྱང༌། །ཅུང་ཟད་སྨད་ནས་ཞག་གསུམ་བཞི་ཙམ་བསྒོམས། །སྔར་ལས་རྟགས་སྣང་མི་གསལ་གྱུར་བ་ན། །བོགས་འདོན་མ་རན་སྔར་བཞིན་ཞག་ཤས་སྒོམ། །སྔར་བཞིན་ལྟ་སྟངས་སྨད་ནས་བསྒོམས་པ་ལ། །སྟོང་གཟུགས་བརྟན་པོ་ལེགས་པར་འཆར་ནུས་ན། །རིམ་གྱིས་ལྟ་སྟངས་ཐད་ཀར་ལྟ་བ་དང༌། ཐུར་དུ་ལྟ་བ་སོགས་ལ་སྟོང་གཟུགས་བརྟན། །རྡོ་སོགས་ཆེ་ཆུང་རན་པ་མདུན་དུ་བཞག །ལྟ་སྟངས་ལམ་ནས་སྟོང་གཟུགས་དེ་ལ་ཕབ། དངོས་པོ་མཐོང་བཞིན་སྟོང་གཟུགས་སེམས་གཞུར་སྒོམ། །དེ་ལྟར་བསྒོམས་པས་སྟོང་གཟུགས་དངོས་པོ་གཉིས། །ཆ་མཉམ་མཐོང་ན་འཆར་ཚུལ་ཐ་མ་ཡིན། །འོན་ཀྱང་ཡུན་རིང་གོམས་ན་གནད་དུ་འགྲོ ། འགའ་ཞིག་འོད་གསལ་རྟགས་དེ་ཁོ་ན་མཐོང༌། །འཆར་ཚུལ་འབྲིང་ཡིན་འགའ་ཞིག་རྟགས་སྣང་དང༌། །ལས་སྣང་གཉིས་ཡལ་མྱུར་དུ་འོད་གསལ་འཆར། །འདིའི་རིགས་བོགས་ཆེ་འཆར་སྒོ་བཟང་བ་ཡིན། །རྟགས་སྣང་ཡལ་ནས་ལས་སྣང་གསལ་གྱུར་ན། །བོགས་འདོན་བསྒོམ་མ་རན་པས་དམིགས་རྩ་བསྒོམ། །རི་སོགས་སྟོང་གཟུགས་འཆར་བས་སྣང་བ་ཀུན། །མཚོན་ནས་སྦྱོར་སྟེ་བསམ་གཏན་རྡེའུ་འདི། །ཟླ་གཅིག་སྒོམ་པ་དམིགས་བསྐོར་བཅུ་གཅིག་གོ། །འདི་མཚམས་འཆད་འགྱུར་གྲིབ་གཟུགས་ཟླ་གཅིག་སྒོམ། །སྟོང་སྒྲ་ཐོས་པ་བརྟན་པོ་ཡོད་ན་ནི། །ལས་སྣང་སྒྲ་དང་བསྲེས་ཏེ་གཉིས་ཀ་ལ། །སེམས་གཏད་ལས་སྣང་འགགས་ཏེ་སྟོང་སྒྲ་སྣང༌། །སྒྲ་རིགས་ཀུན་ལ་སྦྱངས་པས་སྟོང་སྒྲར་འགྱུར། །དྲི་རོ་རེག་བྱ་གསུམ་ལའང་དེ་བཞིན་དུ། །ཤེས་པར་བྱ་དགོས་དམིགས་བསྐོར་བཅུ་གཉིས་པའོ། །གཉིས་པ་སོར་སྡུད་སྐབས་དང་ཕལ་ཆེར་འདྲ། །ཉལ་ཚེ་སྟོང་གཟུགས་ཉིད་ལ་སེམས་གཏད་ཅིང། །རྣམ་རྟོག་མེད་པར་གཉིད་དུ་འགྲོ་བར་བྱ། །དེ་ལྟར་བསྒོམ་པས་འོད་གསལ་མྱུར་དུ་ཟིན། །སྟོང་གཟུགས་རང་ལུས་ནང་དུ་འཆར་ཐུབ་ན། །སྟོང་གཟུགས་སྙིང་གར་དྲངས་ནས་དེ་ལ་ནི། །སེམས་གཏད་གཉིད་དུ་འགྲོ་ན་དེ་མ་ཐག །གཉིད་ཀྱི་འོད་གསལ་ཟིན་པར་ཐེ་ཚོམ་མེད། །དེ་ལྟར་བསྒོམ་པ་དམིགས་བསྐོར་བཅུ་གསུམ་པའོ། །གྲིབ་གཟུགས་རྗེས་སུ་ཉིན་མཚན་རྣལ་འབྱོར་སླར། །ཟླ་བ་གཉིས་སྒོམ་བསམ་གཏན་ཟླ་ལྔའོ། །གཉིས་པ་སྒོམ་དོན་བློ་ལ་འགོད་ཚུལ་དྲུག །དང་པོ་བསམ་གཏན་མཚན་དོན་དྷྱཱ་ན་ཞེས་པ་ནི། །དམིགས་པར་སེམས་ནི་གཡོ་བ་མེད་པའམ། །དམིགས་པ་དབང་བར་བྱེད་པའི་དོན་ཡིན་ཏེ། །རྣམ་ཀུན་མཆོག་ལྡན་སྟོང་གཟུགས་འོད་གསལ་ལ། །རྩེ་གཅིག་གནས་དང་འགྱུ་བ་དབང་ཐོབ་པའི། །དོན་ཏེ་སྤྱི་ལྡོག་བསམ་གཏན་རྩེ་གཅིག་པ། །གཉིས་པ་སྒོམ་པའི་དུས་མཚམས་སོར་སྡུད་ནི། །མཐར་ཕྱིན་རབ་སྟེ་མིན་ནའང་འོད་གསལ་གྱི། །རྟགས་སྣང་བརྟན་པོར་ཤར་བའི་དུས་སུ་སྒོམ། །གསུམ་པ་སྒོམ་ཚུལ་ཡན་ལག་བསམ་གཏན་གྱི། །ངོ་བོ་འོད་གསལ་རྟགས་སྣང་རྩེ་གཅིག་ཏུ། །དམིགས་པའི་ཏིང་འཛིན་དེ་ཡི་ཡན་ལག་ལྔ། །རྟགས་བཅུ་རྩེ་གཅིག་སེམས་ནི་ཤེས་རབ་ཡིན། །སྟོང་གཟུགས་མཚན་ཉིད་ཤེས་པ་རྟོག་པ་ཡིན། །མཚན་ཉིད་ཤེས་ཚུལ་རང་སེམས་ཉམས་སུ་མྱོང༌། །སེམས་ཉིད་སྟོང་གཟུགས་ཤར་བ་སྤྲོས་མཚན་མེད། །མྱོང་ཞིང་ངེས་པ་དཔྱོད་པའི་ཡན་ལག་ཡིན། །ཏིང་འཛིན་སྟོབས་གྱིས་དགའ་སྐྱིད་བདེ་ཡན་ལག །ཏིང་འཛིན་བདེ་མྱོང་གཡོ་མེད་བདེ་ཡན་ལག ། དེས་རྐྱེན་བྱས་ནས་ལུས་ལ་ཤིན་སྦྱངས་ཀྱི། །བདེ་བས་ཁྱབ་པ་དེ་ཡི་ཕན་ཡོན་ནོ། །དེ་ཡང་དང་པོར་ཤེས་རབ་རྐྱང་པ་སྐྱེ། །དེ་ནས་གཉིས་ལྡན་གསུམ་ལྡན་བཞི་ལྡན་དང༌། །ལྔ་ལྡན་རིམ་འབྱུང་ཡན་ལག་རྫོགས་པར་སྐྱེས། །རྒྱུན་བསྲིངས་བསྒོམས་ན་མཐར་ཕྱིན་ཡོན་ཏན་སྐྱེ། །བཞི་པ་བསྒོམ་པའི་རྟགས་ཚད་རྒྱུད་ཇི་བཞིན། །སོར་སྡུད་ལས་ལྷག་རྟགས་བཅུས་བསྡུས་པ་ཡི། །སྲིད་གསུམ་གཟུགས་བརྙན་འོད་ཟེར་འཕྲོ་བ་དང༌། །ཕྲ་བ་འཚེར་བ་འདར་བ་གཞིག་དཀའ་བ། །ལྔ་ལྡན་ཐིག་ལེ་དུ་མས་མཚན་པ་མཐོང༌། །ཐིག་ལེའི་དབུས་སུ་སངས་རྒྱས་དུ་མ་འཆར། །ཀུན་རྫོབ་ལས་སྣང་སྒྱུ་མ་ལྟ་བུར་འཆར།།ཚད་མ་སོར་སྡུད་དང་མཚུངས་མངོན་ཤེས་འགྲུབ། །ལྔ་པ་དག་བྱ་དག་བྱེད་དབྱེ་བ་ལ། །དག་གཞི་སོར་སྡུད་སྐབས་བཞིན་དག་བྱ་ལ། །དབྱེ་ན་རྣམ་ཤེས་ཕུང་སོགས་མཁའ་ཁམས་དྲུག །དག་བྱེད་དབྱེ་ན་བསམ་གཏན་ཡན་ལག་ལྔ། །དེའི་ཡུལ་སྟོང་གཟུགས་ལྔ་སྟེ་བཅུ་ཡོད་དོ། །དྲུག་པ་བསྒོམ་པས་ཐོབ་པའི་འབྲས་བུ་ནི། །གནས་སྐབས་འབྲས་བུ་མངོན་ཤེས་ལྔ་ཐོབ་ཞིང༌། །མཐར་ཐུག་འབྲས་བུ་རྒྱལ་བ་མི་བསྐྱོད་སོགས། །མཁའ་ཁམས་དྲུག་ཚན་གཞི་དབྱིངས་མངོན་དུ་འགྱུར། །འཕྲོས་དོན་མན་ངག་ཤེས་རབ་ཡན་ལག་སྐྱེས། །སེམས་གང་གཏད་སར་སྟོང་གཟུགས་འཆར་བ་འབྱུང༌། །དེ་ནས་སྣང་བའི་སྟེང་དུ་འོད་གསལ་འཛིན། །ཕྱི་རོལ་སྣང་བ་གང་ལ་སེམས་བཞག་པ། །ལས་སྣང་འགགས་ཏེ་འོད་གསལ་སྣང་འགྱུར་ན། །སྔ་དྲོ་ཕྱི་དྲོར་རང་ཉིད་གཅེར་བུར་ཕྱུང༌། །གྲིབ་གཟུགས་སྙིང་གར་ལྟ་བའམ་ཉིན་གུང་དུ། །ལྗོན་ཤིང་གྲིབ་མར་ལྟ་བས་ཀྱང་རུང་སྟེ། །མིག་སྦྲིད་སྦྲིད་དུ་གཡོ་བ་མེད་པར་ལྟ། །དེ་ནས་ནམ་མཁར་བལྟས་པས་གྲིབ་གཟུགས་ཀྱི། །རྣམ་པའི་དབུས་སུ་རྟགས་སྣང་དཔག་མེད་འཆར། །ཟླ་དྲུག་བསྒོམས་པས་ས་འོག་གཏེར་སོགས་མཐོང༌། །དེ་བཞིན་སྐར་ཁུང་སོགས་སྦྱངས་ཁྱིམ་ནང་གི །ལྐོག་གྱུར་མཐོང་སོགས་གཞན་ལས་ཤེས་པར་བྱ། །དེས་ནི་བསམ་གཏན་འཁྲིད་རིམ་རྫོགས་པའོ། །གཉིས་པ་བར་དུ་དགེ་བ་ལས་རླུང་དེ། །ཨ་ཝ་དྷཱུ་ཏཱིར་འགག་བྱེད་སྲོག་རྩོལ་དང༌། །མི་ཤིགས་ཐིག་ལེར་ཐིམ་བྱེད་འཛིན་པ་གཉིས། །དང་པོ་ཉམས་ལེན་དམིགས་པའི་གནད་བཤད་པ། ། སྲོག་རྩོལ་ཡན་ལག་མཚན་ཉིད་ཚང་བ་དང༌། །སྲོག་རྩོལ་རྗེས་མཐུན་སྒྲུབ་པར་བྱ་བ་གཉིས། །རེ་ཞིག་ཕྱི་མའི་དབང་བྱས་བཤད་པར་བྱ། །པཎ་ཆེན་ཤཱཀྱ་ཤྲཱི་ནས་བརྒྱུད་པ་དང༌། །ཟླ་མགོན་མན་ངག་འབྲོ་ལུགས་གྲགས་པ་དང༌། །རྭ་ལུགས་གསུམ་གྱི་མན་ངག་གཞུང་ཤིང་བྱ། །ལུགས་གཞན་ཐོར་བུ་ཕལ་ཆེར་དེ་དག་མཐུན། །ཅུང་ཟད་ཁྱད་པར་ཡོད་པ་འཆད་པར་འགྱུར། །པཎ་ཆེན་ཤཱཀྱ་ཤྲཱིའི་མན་ངག་ལ། །སྔོན་འགྲོ་རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང༌། །འཇམ་རླུང་དགང་གཏོང་སྦྱོར་བས་སྲོག་དབུ་མར། །ཞུགས་ནས་རྩུབ་རླུང་བུམ་པས་དབུ་མར་འཆིང༌། །བཙན་ཐབས་སྦྱོར་བས་ཉི་ཟླའི་ལམ་དགག་ཅིང༌། །བཀག་པས་འོག་སྒོ་བཙན་ཐབས་འགགས་ན་ནི། །སྟེང་གི་སྦྱོར་བས་དགྲོལ་བ་ལྕེ་གསུམ་བསྐྱོད། །དེ་ཡི་སྦྱོར་བས་བདུད་རྩིའི་བཅུད་མྱང་བ། །གཏུམ་མོ་སྦར་བའི་སྦྱོར་བས་སྲོག་ཐུར་བསྲེ། །འཆི་མེད་སྒྲུབ་པ་རྡོ་རྗེའི་ཚིག་དྲུག་ལས། །དང་པོ་བཞི་པོ་སྲོག་རྩོལ་མན་ངག་དང༌། །ཕྱི་མ་གཉིས་ནི་འཛིན་པའི་མན་ངག་མཛད། །སྐབས་འདིར་སྲོག་སྩོལ་མན་ངག་དངོས་དང་ནི། །བོགས་འདོན་གེགས་སེལ་དང་བཅས་རྣམ་པ་གཉིས། །དང་པོ་ལུས་སྦྱོང་འཁྲུལ་འཁོར་གཞན་ལས་ཤེས། །རྡོ་རྗེའི་བཟླས་པས་རྩ་ལམ་སྦྱང་ཚུལ་ནི། །བདུད་རྩི་འཁྱིལ་བའི་ལྟ་སྟངས་ཞེས་བྱ་བ། །ཐད་ཀ་ལས་ནི་ཅུང་ཟད་གྱེན་དུ་ཕྱོགས། །སྨིན་མའི་མཚམས་སུ་ཧྲིག་གེར་ལྟ་བ་ཡིན། །དམིགས་བསལ་ཅན་རྣམས་མ་གཏོགས་སྲོག་འཛིན་སྐབས། །ལྟ་སྟངས་ཐམས་ཅད་འདི་ཉིད་ངེས་པའོ། །ལུས་གནད་སྔར་ལྟར་རླུང་རོ་ལན་གསུམ་བསལ། །དང་པོར་རླུང་གི་འགྲོ་འོང་གནས་གསུམ་ལ། །སེམས་གཏོད་རྡོར་བཟླས་དམིགས་པ་དང་པོའོ། །རྩ་གསུམ་གསལ་གདབ་ཚུལ་ནི་ལུས་ཀྱི་ནང༌། །དབུ་མ་སྔཽན་པོ་མདའ་སྨྱུག་འབྲིང་བོ་ཙམ། །ཡར་སྣ་གཙུག་ཏོར་མར་སྣ་ལྟེ་བར་གནས། །གཡས་སུ་རོ་མ་དམར་པོ་གཡོན་རྐྱང་མ། །དཀར་པོ་དེ་གཉིས་དབུ་མ་ལས་ཕྲ་བ། །མོས་ཏེ་རླུང་ནི་ཕྱི་རོལ་འགྲོ་བའི་དུས། །ལྟེ་བ་ནས་བརྩམས་དབུ་རོ་གཉིས་ནས་སོང༌། །དཔྲལ་མགྲིན་ནས་བརྒྱུད་སྣ་བུག་ཕྱིར་འགྲོ་བསམ། །ནང་དུ་སྣ་བུག་ནས་ཞུགས་གཙུག་ཏོར་ནས། །མགྲིན་པའི་བར་གྱི་དབུ་རྐྱང་ལམ་རྒྱུད་ནས། །ལྟེ་བར་ཕྱིན་ནས་གནས་ཚེ་དབུ་མ་ནང༌། །གང་བར་བསམ་སྟེ་འབྱུང་འཇུག་གནས་གསུམ་མཉམ། །རིམ་གྱིས་གནས་པ་ཇེ་རིང་འགྲོ་བའོ། །སྣ་བུག་གཡས་ནས་རྒྱུ་ཚེ་རླུང་འོད་དམར། །གཡོན་ནས་རྒྱུ་ཚེ་དཀར་པོ་མཉམ་རྒྱུའི་སྐབས། །སྔོན་པོ་འགྲོ་འོང་གནས་གསུམ་བྱེད་པར་སྒོམ། །རྡོར་བཟླས་གཉིས་པའོ་དེ་ནས་སྔར་ལྟར་ལས། །ཕྱིར་རོལ་འགྲོ་ཚེ་འོད་ཟེར་ཨཱཿའི་སྒྲ་བཅས། །འོད་ཟེར་སྣེ་ལ་ཨཱཿཡིག་བཅས་ཏེ་འགྲོ། །དེ་ཉིད་ནང་དུ་འོང་ཚེ་ཨོཾ་སྒྲ་བཅས། །སྣེ་ལ་ཨོཾ་ཡིག་བཅས་ཏེ་འོང་བར་བསམ། །ཡི་གེ་དེ་གཉིས་དབུ་མ་ཁོ་ནར་འགྲོ །གནས་ཚེ་དབུ་མར་ཧཱུཾ་སྒྲ་བཅས་པ་དང༌། །ལྟེ་བའི་ཧཱུཾ་ཡིག་སེམས་གཏད་ཡི་གེ་ཡི། །ཁ་དོག་རླུང་ལྟར་དམར་དཀར་སྔོ་བའོ། །དེ་དག་དམིགས་བཅས་རྡོར་བཟླས་ཕྱི་མ་ཡིན། །འདི་གསུམ་ཞག་བདུན་རེ་རེ་སྒོམ་པ་ནི། །དེང་དུས་ཕྱག་སྲོལ་དམིགས་བསྐོར་བཅུ་བཞི་པའོ། །དོན་དམ་རྡོ་རྗེའི་བཟླས་པ་ཞེས་བྱ་ནི། །རླུང་གི་འགྲོ་འོང་གནས་གསུམ་སྟོང་གཟུགས་ཀྱི། །ཕྱག་རྒྱ་ཆེན་མོ་དབྱེར་མེད་ཤེས་པ་ན། །མིང་ཚིག་བརྗོད་པ་སྒྱུ་མར་རྟོགས་པའི་མིང༌། །གཉིས་པ་འཇམ་རླུང་དགང་གཏོང་སྦྱོར་བ་ནི། །ལས་རླུང་སྣ་བུག་གཡོན་རྒྱུ་ལག་པ་གཡས། །ཐལ་མོས་མཆན་ཁུང་གཡོན་དང་ནུ་མ་བཅས། །བསྡམས་པའི་སྟེང་ནས་བར་ལྷུ་གཡོན་པས་མནན། །རླུང་རོ་བསལ་ཏེ་གཡོན་མཛུབ་སྣ་གཡས་བཀག །གཡོན་ནས་རླུང་ཤུགས་ཆེ་ལ་རིང་བར་རྔུབས། །ལྟེ་བར་མནན་ཏེ་ཅུང་ཞིག་བསྡམས་བྱས་ནས། །མི་བདེ་བྱུང་ཚེ་མཛུམ་མོ་གཡོན་པ་ཡིས། །སྣ་བུག་གཡོན་བཀག་གདོང་གཡས་ཕྱོགས་པ་ཡིས། །སྣ་གཡས་རླུང་ཤུགས་དྲག་འབུད་སྣ་བུག་གཡས། །བཀག་སྟེ་གཡོན་ནས་རྔུབས་སོགས་གོང་བཞིན་སྦྱང༌། །འདི་སྐབས་སྐྱིལ་ཀྲུང་འོག་རླུང་རང་གནས་བཅིངས། །དེས་ནི་སྣ་བུག་གཡས་སུ་འཕོ་བ་སོགས། །ཕྱག་རྒྱ་དེ་ཉིད་གོ་བཟློག་བྱེད་དགོས་ལ། །མཉམ་རྒྱུར་སོང་ཚེ་བུམ་ཅན་བཟང་བར་གསུངས། །ཞག་བདུན་སྒོམ་པ་དམིགས་བསྐོར་བཅོ་ལྔ་པའོ། །གསུམ་པ་རྩུབ་རླུང་བུམ་པས་དབུ་མ་ལ། །སྲོག་རླུང་འཆིང་ཚུལ་ཐོག་མར་མཉམ་རྒྱུར་ལེགས། །ཡོན་པོར་འདུག་ན་གོང་གི་སྦྱོར་བ་ཡིས། །མཉམ་རྒྱུར་བཏང་སྟེ་རྐང་པ་སྐྱིལ་ཀྲུང་བྱ། །གཡས་གཡོན་དབུས་གསུམ་རླུང་རོ་དལ་དྲག་དང༌། །ཤིན་ཏུ་དྲག་པོའི་ཚུལ་གྱིས་གསུམ་གསུམ་བྱ། །སྟེང་རླུང་མྱུར་རྔུབས་ལྟེ་བར་མནན་པ་དང༌། །ལྷན་ཅིག་མཆིལ་མ་མིད་དེ་དེ་རྗེས་སུ། །ཐུར་སེལ་གཡས་གཡོན་དབུས་གསུམ་ནས་དྲངས་ཏེ། །ཁ་སྦྱོར་ལྟེ་བར་བཟུང་ལ་མི་ཐུབ་ཚེ། །རྔུབས་ཆུང་ལན་གསུམ་བྱས་ཏེ་ལྟེ་བར་མནན། །དེ་ནས་མི་ཐུབ་དལ་བུས་ཕྱིར་བཏང་བྱ། །འདི་དག་དམིགས་གནད་ལུས་ནང་འོད་གསལ་གྱི། །རྟགས་འཆར་ལྟེ་བར་སྟོང་གཟུགས་སེམས་གཏོད་དགོས། །དེ་ལྟ་མ་ཡིན་སྟོང་གཟུགས་ཤར་ས་དེར། །སེམས་གཏོད་མ་ཤར་ན་ནི་བློས་བཅོས་པའི། །སྒོམ་པའི་དམིགས་རྟེན་མི་དགོས་ལུས་དབུས་ཀྱི། །ལྟེ་ཐད་སེམས་ཀྱི་གཏད་སོ་བྱ་བར་གསུངས། །རླུང་རོ་དགུ་ཕྲུག་ཞག་བདུན་བུམ་ཅན་ནི། །ཞག་བརྒྱ་སྒོམ་པ་དམིགས་བསྐོར་བཅུ་དྲུག་པའོ། །དེ་ནས་ཡན་ལག་ལྔ་སྦྱོང་ལུགས་འབྱུང་དང༌། །ལུགས་ལྡོག་སྤེལ་མའི་ཉི་ཤུ་དབང་ཉེར་བཞི། །གནད་སྦྱོང་བཅུ་བཞི་ཞག་གྲངས་བཅོ་བརྒྱད་དྲུག །སྡོམ་པས་འཁྲུལ་འཁོར་ཞག་བརྒྱ་རྩ་བརྒྱད་འཁྱེར། །འཕོ་བ་ཞག་བདུན་བྱས་ཏེ་ཐུན་འཚམས་བྱ། །དེ་ནས་སླར་ཡང་རྡོར་བཟླས་སྔོན་འགྲོ་དང༌། །དངོས་གཞི་གཉིས་དང་འཇམ་རླུང་བུམ་ཅན་དང༌། །རྩུབ་རླུང་བུམ་ཅནརྣམས་ནི་ཞག་བདུན་བྱ། །པཎ་ཆེན་ཟླ་མགོན་མན་ངག་འབྲོ་ལུགས་ཀྱི། །བཞེད་ཕྱོགས་རྡོར་བཟླས་དགུག་དགང་རེངས་པ་དང༌། །རྡུལ་མཐའ་ཅན་ལྔ་ཕྱི་མ་སྤོགས་ཆོག་ཡིན། །མན་ངག་དངོས་གཞི་སྔ་མ་རྣམ་བཞིའོ། །རྡོར་བཟླས་རོ་རྐྱང་ནས་འགྲོ་དམིགས་མི་མཛད། །གཡས་གཡོན་མཉམ་རྒྱུ་གང་ཡིན་ཁྱད་མེད་པར། །ཕྱིར་འགྲོ་དམར་པོ་ནང་འཇུག་དཀར་པོ་གནས། །ནག་པོར་སྒོམ་པ་སྔོན་འགྲོ་གཉིས་མི་དགོས། །གཉིས་པ་དགུག་པ་སྣ་གཡས་རླུང་རྒྱུ་སྐབས། །ལྟ་སྟངས་ཅུང་ཟད་གཡས་ཕྱོགས་སུ་བསྒྱུར་ཞིང༌། །རླུང་ནང་དལ་བུས་གསང་གནས་མནན་ལ་བསྡམས། །སུད་ཙམ་སུད་ཙམ་བཅད་ཀྱིན་བཅད་ཀྱིན་མཐར། །སངས་ཀྱི་བཏང་ལ་དམིགས་བསྐོར་བཅུ་བདུན་པའོ། །གསུམ་པ་དགང་བ་སྣ་གཡོན་རླུང་རྒྱུ་ཚེ། །ལྟ་སྟངས་ཅུང་ཟད་གཡོན་བསྒྱུར་ནང་དུ་ནི། །ཅུང་ཟད་མགྱོགས་རྔུབས་གསུས་པ་ལྡིར་གྱིས་དགང༌། །གཏོང་བ་སྔར་འདྲ་དམིགས་བསྐོར་བཅོ་བརྒྱད་པའོ། །བཞི་པ་རེངས་པ་རླུང་བསལ་སྣ་གཡོན་ནས། །རྒྱུ་ན་ལྟ་སྟངས་གཡས་བསྒྱུར་འོག་སྒོ་བསྡམས། །གཡས་ནས་དལ་ལ་རིང་རྔུབས་གསང་གནས་སུ། །བཟུང་ལ་གཡས་ནས་བཏང་ལ་གཡས་རྒྱུ་ན། །ལྟ་སྟངས་གཡོན་བསྒྱུར་གཡོན་ནས་དལ་བུས་རྔུབས། །འོག་སྒོ་བསྡམས་ལ་ལྟོ་བ་ལྡིར་གྱིས་བྱ། །གཡོན་ནས་བཏང་ལ་རེ་མོས་སྤེལ་གྱིན་སྒོམ། །མཉམ་རྒྱུར་འདུག་ན་ལྟ་སྟངས་ཐད་ཀར་བྱ། །མྱུར་རྔུབས་ལྟེ་བར་ཁ་སྦྱོར་དྲག་པོའི་ངང༌། །ལྟོ་བ་ཅུང་ཟད་ཚིགས་པ་ལ་གཅེར་ལ། །ཕྱིར་རུ་དལ་བུས་གཏོང་བ་དེ་ལྟར་ན། །བུམ་པ་ཅན་ཏེ་དམིགས་བསྐོར་བཅུ་དགུ་པའོ། །འདི་བཞི་བདུན་ཕྲག་རེ་རེ་སྒོམ་པར་བྱ། །རྭ་ལུགས་མན་ངག་སྲོག་རླུང་དངོས་གཞུག་ནི། །ལུས་གནད་སོགས་ནི་སྤྱི་དང་འདྲ་བ་ལས། །སྣ་བུག་གཡས་པ་མཛུབ་མོས་བཀག་ཏེ་རླུང༌། །རྔུབས་ཞིང་འོག་རླུང་བག་ཙམ་བསྡམས་པ་ཡི། །བུམ་པ་ཅན་བཟུང་དེ་ནས་སྣ་གཡོན་བཀག །གཡས་ནས་འབུད་སོགས་གཡས་གཡོན་སྤེལ་གྱིན་སྒོམ། །བུམ་ཅན་འཛིན་པ་དམིགས་བསྐོར་ཉི་ཤུ་པའོ། །ཐུར་སེལ་དངོས་སུ་གཞུག་པ་སྟེང་རླུང་ནི། །སྔ་བཞིན་བྱས་ལ་འོག་སྒོ་འབྱེད་འཛུམ་གྱི། །དྲག་པོའི་སྦྱོར་བས་ཨོཾ་ཨཱཿལྷན་ཅིག་ཏུ། །དྲག་ཏུ་འཐེན་ཏེ་སྟེང་རླུང་གསང་གནས་གཟིར། །དེ་ལྟར་སྒོམ་པ་དམིགས་བསྐོར་ཉེར་གཅིག་པའོ། །མཉམ་གནས་རླུང་གཞུག་ཕར་ཆེར་སྔར་ལྟར་ལས། །སྣ་གཉིས་འབུད་རྔུབ་བྱ་སྟེ་གཙུག་ཏོར་གཞན། །འཁོར་ལོ་ལྔ་དང་ཡན་ལག་ཉིང་ལག་གི །རླུང་ཀུན་གཅིག་ཏུ་འདུས་པར་བསམ་བྱས་ན། །ཨོཾ་ཞེས་འོག་སྒོ་དྲག་བསྡམས་སྟེང་དུ་དྲངས། །ཨཱཿཞེས་འོག་སྒོ་དབྱེ་བས་ཐུར་དུ་བསྡིགས། །གྱེན་རྒྱུ་གཞུག་པ་དེ་དང་འདྲ་བ་ལས། །མགྲིན་པ་རོ་སྟོད་དྲག་ཏུ་གཅུད་པར་བྱ། །ཁྱབ་བྱེད་གཞུག་པ་དེ་དང་འདྲ་བ་ལས། །སོར་མོ་རྣམས་བསྐུམ་ཉ་བཞི་སྒྲིམ་པར་གསུངས། །འདི་ལྔ་ཞག་ནི་གཉིས་གཉིས་གཅིག་དང་གཅིག །གོ་རིམ་བཞིན་དུ་ཤེས་བྱ་ཞག་བདུན་ནོ། །མན་ལུང་མཚན་བརྗོད་སྦྱོར་དྲུག་ལུགས་ལ་ནི། །དལ་བུས་རྔུབ་པ་ཨོཾ་ཀྱི་ཡིད་བཟླས་དང༌། །ཁ་སྦྱོར་བུམ་ཅན་རྔུབ་ཆུང་འཛིན་པ་ན། །ཧཱུཾ་གི་ཡིད་བཟླས་དལ་བུས་རྒྱུ་བ་ནི། །མི་མངོན་འབུད་པ་ཨཱཿའི་ཡིད་བཟླས་བྱ། །འདི་ནི་རླུང་སྦྱོར་གཅིག་ལ་རྡོར་བཟླས་དང༌། །བུམ་ཅན་གཉིས་ཚང་ཤིན་ཏུ་ལེགས་པར་མངོན། །འདི་ནི་ཞག་བདུན་སྒོམ་པར་ལག་ལེན་ཡི།།ཐུན་མོང་མན་ངག་རླུང་ནི་ཕྱིར་འགྲོ་དུས། །རྟགས་སྣང་དྲག་ཏུ་སེམས་གཏད་ནང་འཇུག་དུས། །སེམས་བསྲེ་གནས་དུས་སེམས་དང་སྟོང་གཟུགས་བསྲེ། །མྱོང་འཛིན་བཤིག་པ་ཟབ་པའི་ཉམས་ལེན་ཏེ། །རྒྱུད་གཞུང་དགོངས་པ་དམིགས་བསྐོར་ཉེར་གཉིས་པའོ། །གཉིས་པ་སྤོགས་ཆོག་བོགས་འདོན་གེགས་བསལ་ཏེ། །དམིགས་སྐོར་གསུམ་ནི་འདིར་ནི་མ་སྤྲོས་སོ། །དེས་ནི་སྲོག་རྩོལ་འཁྲིད་ཀྱི་རིམ་པ་རྫོགས། །

གཉིས་པ་འཛིན་པ་སྟོན་པར་བྱེད་པ།

གཉིས་པ་འཛིན་པ་སྟོན་པར་བྱེད་པ་ལ། །

ཉམས་ལེན་དམིགས་པའི་གནད་ལ་མན་ངག་དངོས། །ཇི་སྐད་སྔར་ལྟར་བུམ་ཅན་སྦྱོར་བ་ཡིས། །སྲོག་ནི་དབུ་མའི་ཐིག་ལེར་ཐིམ་པ་སྟེ། །སྲོགའཛིན་བུམ་ཅན་བུམ་ཅན་ཙམ་འདྲ་ཡང༌། །སྲོག་རྩོལ་བུམ་ཅན་རོ་རྐྱང་ལམ་དགག་དང༌། །སྲོག་ཐུར་འདྲེ་ཕྱིར་སྒོམ་པ་སྐབས་འདིར་ནི། །སྲོག་ཐུར་འདྲེས་ཟིན་ཐིག་ལེར་ཐིམ་པའི་ཆེད། །ལྟེ་བའི་བུམ་ཅན་སྔར་དང་འདྲ་བ་སྟེ། །འོན་ཀྱང་འཛིན་པ་རྗེས་མཐུན་སྒོམ་པའི་སྐབས། །རླུང་རྣམས་ལྟེ་བའི་ཐིག་ལེར་ཐིམ་པ་ཡི། །མོས་པ་བྱ་སྟེ་ལྟེ་བའི་བུམ་ཅན་ནི། །ཞག་གྲངས་བཅོ་ལྔ་དམིགས་བསྐོར་ཉེར་དྲུག་པའོ། །སྙིང་ཁའི་བུམ་ཅན་དེ་དང་འདྲ་བ་ལས། །ལྟེ་བའི་བུམ་ཅན་བཅས་ཟིན་སྙིང་གར་འདྲེན། །ལག་གཉིས་རྒྱབ་བསྣོལ་རྡོ་རྗེ་སྐྱིལ་ཀྲུང་གི། །མཐེ་བོང་གཡས་གཡོན་འཐེན་པའི་ལུས་གནད་སྦྲགས། །དམིགས་བསྐོར་ཉེར་བདུན་མགྲིན་པའི་བུམ་ཅན་ནི། །རྐང་པ་སྐྱིལ་ཀྲུང་པུས་མོའི་ནང་ཁུགས་སུ། །གྲུ་མོ་བཙུགས་ཏེ་སོར་མོ་བསྣོལ་བ་ཡིས། །ལྟག་པ་མནན་ཏེ་མགོ་བསྒྱུར་ཁ་ནས་རླུང༌། །རྔུབ་སྟེ་ལྟག་པའི་ཐད་ཀར་ཤུགས་བསྒྱིལ་ལ། །ལྐོག་མས་ཨོལ་མདུད་ཐུར་སེལ་མགྲིན་པར་ཕུལ། །དམིགས་བསྐོར་ཉེར་བརྒྱད་དཔྲལ་པའི་བུམ་ཅན་ནི། །ཕལ་ཆེར་དེ་འདྲ་ལག་གཉིས་སྔར་བཞིན་དུ། །སྤྱི་བོར་འཐེན་ནས་ཁ་ནས་རླུང་རྔུབ་སྟེ། །རྐན་གྱི་ཕུགས་སུ་ཡར་བསྒྱིལ་ཁྱད་པར་རོ། །དམིགས་བསྐོར་ཉེར་དགུ་གཙུག་ཏོར་བུམ་ཅན་ཡང༌། །དམིགས་པ་གཙུག་ཏོར་བྱེད་པའི་ཁྱད་པར་ལས། །དེ་དང་འདྲ་བ་དམིགས་བསྐོར་སུམ་ཅུ་བའོ། །མན་ངག་ལས་འབྱུང་གསང་བའི་བུམ་ཅན་ནི། །རྟིང་པ་གཅིག་གིས་བཤང་སྒོ་བརྟེན་བྱས་ནས། །གཅིག་གིས་གསང་བ་མནན་ལ་ལག་པ་གཉིས། །གཞུག་ཆུད་ནས་ནི་ཕར་འཁྱིད་གང་ཙམ་བཙུགས། །གདོང་གྱེན་ཕྱོགས་པས་རླུང་དྲག་རིང་བར་མནན། །བཤང་སྒོ་གསང་སྒོ་གཉིས་ནས་ཐུར་སེལ་རླུང༌། །ལན་མང་དྲངས་པ་དེ་དང་སྟེང་རླུང་གཉིས། །རྒྱུ་ཞབས་མནན་བཞག་དམིགས་བསྐོར་སོ་གཅིག་པ། །ལག་ལེན་འདི་ལྟར་བྱེད་དེ་ལྟེ་བ་ཡི། །བུམ་ཅན་ཉི་ཤུ་སྙིང་གའི་བུམ་ཅན་གཅིག །ལྟེ་བའི་བུམ་ཅན་སྙིང་གར་དྲངས་བྱས་ཏེ། །སླར་ཡང་ལྟེ་བར་ཕབ་ནས་རླུང་གཏོང་དགོས། །དཔྲལ་མགྲིན་གཙུག་ཏོར་ལྟེ་བའི་བུམ་ཅན་ནི། །མི་འདྲེན་རླུང་ནི་གཏོང་ཁར་ལྟེ་བར་འབེབས། །མཐར་ནི་གསང་བའི་བུམ་ཅན་ཚར་རེ་བྱ། །རླུང་རོ་འཁྱམས་དོགས་ལག་ལེན་ཤེས་པར་བྱ། །སྙིང་མགྲིན་དཔྲལ་བ་གཙུགས་ཏོར་གསང་གནས་ལྔའི། །བུམ་ཅན་ཞག་གྲངས་སུམ་ཚན་ལྔ་ལ་སྒོམ། །རླུང་དང་རྩ་ཐིག་འཁྲུལ་འཁོར་སྤོགས་ཆོག་དང༌། །བདུད་རྩིའི་བཅུད་མྱང་རྣམས་ནི་བར་སྐབས་སྒོམ། །ལས་དང་པོ་པས་བུམ་ཅན་སྒོམ་པའི་སྐབས། །རླུང་འདུས་རྟགས་འགོར་ན་ནི་འདི་ལྟར་སྒོམ། །རྩ་འཁོར་སོ་སོར་བཤད་ལྟར་སྒོམ་ན་ལེགས། །རྩ་འཁོར་ནང་མ་ཁོ་ན་གསལ་ཀྱང་ཆོག །ལྟེ་སོགས་ལྔ་ལ་རྩ་འདབ་བཞི་བཞི་ཡིན། །གསང་གནས་དྲུག་སྟེ་ལྟེ་བའི་བུམ་ཅན་ནི། །ལྟེ་བ་སྤྲུལ་འཁོར་སེར་པོ་རྩ་འདབ་བཞི། །ལྟེ་བར་དབུ་མའི་ནང་དུ་ཟླ་བ་ལ། །ཨོཾ་དཀར་གསལ་བཏབ་དེ་ལ་གཡས་གཡོན་གྱི། །སྲོག་ཐུར་ཐིམ་པར་མོས་ལ་དེ་བཞིན་དུ། །སྙིང་འཁོར་དཀར་པོ་མགྲིན་འཁོར་དམར་པོ་དང༌། །སྤྱི་བོའི་འཁོར་ལོ་ནག་པོ་གཙུག་ཏོར་གྱི། །འཁོར་ལོ་ལྗང་ཁུ་གསང་འཁོར་སྔཽ་མ་གཏོགས། །བུམ་ཅན་གཞན་རྣམས་དམིགས་པ་སྔ་མས་འགྲེ། །ཐིག་ལེའི་རྣལ་འབྱོར་དྲུག་པོ་དེ་རྣམས་ཀུན། །ཟླ་གཅིག་སྒོམ་པ་དམིགས་བསྐོར་སོ་བཞི་པའོ། །འཛིན་པའི་ཁྲིད་རྣམས་རྫོགས་པར་བཤད་ཟིན་ཏོ། །

༈ གསུམ་པ་ཐ་མར་དགེ་ལ་རྗེས་དྲན་དང༌། །ཏིང་འཛིན་རྣམ་གཉིས་རྗེས་དྲན་དངོས་སྒོམ་ཚུལ། །ལུས་སྦྱོར་རླུང་གི་རྩོལ་སོགས་མ་ལྟོས་ཏེ། །འཁོར་ལོ་དྲུག་གི་རྩ་མདུད་གྲོལ་བ་དང༌། །བདེ་བའི་རླུང་ལ་དབང་ཐོབ་གཏུམ་མོ་ལ། །ཅི་དགར་སྤྱོད་པའི་སྐབས་ཡིན་རྒྱུད་གསུངས་བཞིན། །ཉམས་སུ་བླངས་པས་ཆོག་མོད་སྐབས་འདིར་ནི། །རྗེས་མཐུན་དབང་བྱས་ཉམས་ལེན་དམིགས་འཁྲིད་ལ། དངོས་དང་ཡན་ལག་དང་པོ་སོར་བསམ་ལ། །མྱོང་བ་ཅི་རིགས་ཐོན་པ་སྲོག་འཛིན་གྱི། །བུམ་ཅན་ཕལ་པ་ཡན་ཆད་ལེགས་འབྱོངས་པ། །སྲོག་ཐུར་བསྲེ་ལ་མྱོང་བ་ཐོན་དབང་བྱས། །དེ་ལ་སྔོན་འགྲོ་རླུང་སྦྱང་དངོས་གཞི་ཡང༌། །ཇི་ལྟར་སྒོམ་ཚུལ་གཉིས་ལས་དང་པོར་གསུམ། །དང་པོ་ཁྲོ་བོ་སེང་གེའི་འདུག་སྟངས་ནི། །རྐང་པ་བཤང་སྒོར་སྣོལ་ལ་པུས་མོ་བསྲངས། །ཙོག་པུ་སྒལ་ཚིགས་བསྲངས་ཏེ་ལག་པ་ནི། །ཐབ་འགལ་བྱ་ཞིང་ཡང་ན་པུས་བཙུགས་ནས། །སྐེད་པ་བསྲངས་ཏེ་ལག་གཉིས་བརླ་སྤོམ་ཕྲའི། །མཚམས་སུ་གཏད་ཅེས་གཞན་བཤད་གང་ལྟར་ཡང༌། །མཇིང་པ་བསྟུང་ཞིང་གཙུག་ཏོར་འཁོར་བསྒྱུར་གྱི། །ལྟ་སྟངས་བྱ་ལ་མདུན་རྩ་གནད་བསྣུན་ཡིན། །གཞན་ཡང་པུས་མོ་གྲུ་མོ་ས་ལ་འཛུགས། །ཡང་ན་སྐྱིལ་ཀྲུང་སྐེད་བསྲངས་ལག་པ་གཉིས། །དཔྱི་མགོའི་ཐད་ཀྱི་སར་འཛུགས་ལུས་སྒྱེད་ཅིང༌། །མགྲིན་དགུག་རྒྱབ་ཀྱི་རྩ་ལ་གནད་བསྣུན་ཡིན། །ཞི་ཁྲོ་གླང་པོ་ཆེ་ཡི་འདུག་སྟངས་ནི། །པུས་བཙུགས་ལག་གཉིས་ཁུ་ཚུར་འགྲམ་པ་སྐྱོར། །གྲུ་མོ་སྟེགས་བཙུགས་ཡང་ན་རྐང་པ་བརྐྱང༌། །མཉམ་པའི་རླུང་སྦྱོར་སྟེང་ནས་ཐུར་སེལ་ནི། །སྟེང་དུ་འགྲོ་བར་བྱེད་དོ་ཡང་སྐྱིལ་ཀྲུང༌། །ལུས་ལྟག་སྒྱེད་དུ་བྱེད་ལ་ལག་གཉིས་ཀྱི། །རྡོ་རྗེ་ཁུ་ཚུར་སྐེད་པའི་རྒྱབ་ནས་བརྟེན། །ཡང་ན་གན་རྐྱལ་རྐང་གཉིས་ཅུང་ཟད་བརྐྱང༌། །པདྨའི་ཁ་སྦྱོར་ཁུ་ཚུར་སྙིང་གར་བསྣོལ། །སྲོག་ཐུར་འདྲེན་ལ་ལྟ་སྟངས་བདུད་རྩི་འཁྱིལ། །ཞི་བ་དྲང་སྲོང་འདུག་སྟངས་སེང་གེ་ཡི། །འདུག་སྟངས་འདྲ་བ་ཁུ་ཚུར་སྙིང་ཁར་བསྣོལ། །ཡང་ན་ཙོག་པུ་རྟིང་བཏེག་ཁུ་ཚུར་བསྣོལ། །རྣ་བཟུང་གཞན་ཡང་བུས་མོ་སར་འཛུགས་ནས། །ལག་གཉིས་ཁུ་ཚུར་སྙིང་ཁར་བསྙོལ། །ཡང་ན་ཟླུམ་པོའི་རྐང་སྟབས་ཁུ་ཚུར་ནི། །བརླ་རྩ་བཙུགས་ལ་ལྟ་སྟངས་ཐུར་དུ་བལྟ། །འདུག་སྟངས་བཅུ་གཉིས་ཉི་མ་བཅུ་གཉིས་སོང༌། །མཉམ་བཞག་རེ་རེ་ལྟ་སྟངས་རེས་མོས་སུ། །ཞག་བཅུ་སྒོམ་ཞིང་དམིགས་བསྐོར་སོ་ལྔ་པ། །ངག་འདྲེན་འོག་རླུང་འཐེན་ཅིང་ཧཱུཾ་རིང་གིས། །སྟེང་རླུང་ཕྱིར་བསལ་ཛཿཧཱུཾ་བཾ་ཧོཿཧི། །ཞེས་པས་འཁོར་ལོ་ལྔ་ལ་རིམ་པས་དམིགས། །སྟེང་རླུང་དྲག་མནན་ལཱྀ་ཨཱུ་རཱྀ་ཨཱི་ཨཱ། །ཞེས་པས་ཁོང་སྒྲ་བཅས་ཏེ་འཁོར་ལོ་ལྔར། །རིམ་དམིགས་གསང་རླུང་སྟེང་དུ་དྲག་ཏུ་དྲངས། །ཁ་སྦྱོར་ལྟེ་བར་བཟུང་ལ་ཕྱིར་བསྐྱེད་ནས། །འོག་སྒོ་བསྡམས་ཤིང་ཤེས་པ་དཔྲལ་པར་གཏད། །སྔར་ཀྱི་ལུས་གནད་དྲུག་པོ་སོ་སོའི་སྟེང༌། །རླུང་སྦྱོར་འབད་ལ་ཞག་ནི་ཉི་ཤུར་སྒོམ། །དམིགས་བསྐོར་སོ་དྲུག་གཞན་ཡང་སྒོམ་སྟེགས་དང༌། །པུས་འཁྱུད་བཅུག་སྟེ་མེ་ཐབ་དྲུག་ཆིངས་བྱ། །ཧཱ་རིང་དང་བསྟུན་ལག་པ་ཁུ་ཚུར་བཅིང༌། །གྲུ་མོ་པུས་མོ་ཐུག་བར་ལག་པ་བརྐྱང༌། །རླུང་འབུད་དེ་ལྟར་ལན་བདུན་སོང་བ་ན། །ལག་པ་ཐབ་འགལ་བྱ་ལ་འཇམ་རླུང་བཟུང༌། །ངལ་གསོ་ལན་རེ་དེ་ལྟར་ཡང་ཡང་སྒོམ། །ཞག་བཅུ་སྒོམ་ལ་དམིགས་བསྐོར་སོ་བདུན་པ། །གཉིས་པ་དེ་ཡི་ཡན་ལག་བཟུང་བཟློག་སོགས། །སྦྱང་བ་བྱེད་བཅིང་ཙོག་པུ་འཕོང་སྟེགས་བཅུག །ལག་པ་བརླ་ནང་ནས་འཁྱུད་ངར་གདོང་བཟུང༌། །ཁ་ནས་རླུང་ཕྱིར་དྲག་བུས་འོག་སྒོ་གློད། ། རྔུབ་སྟེ་ལྟོ་བ་ཕྱིར་བསྐྱེད་འོག་སྒོ་གློད། །གང་ཐུབ་བཟུང་བ་རླུང་གནད་དང་པོ་ཡིན། །འོག་ལ་བསྲེ་འཛིན་དབྱེ་སྡུད་ཅེས་བྱའོ། །དེ་འདྲ་བ་ལས་དགང་གཏོང་གཉིས་ཀའི་སྐབས། །ལྟོ་བ་ཚིགས་པ་བཅར་ཞིང་ཐུར་སེལ་དྲངས། །རོ་སྟོད་འཐེན་ལ་ངར་གདོང་མནན་པའོ། །རླུང་གནད་གཉིས་པ་སྒོ་གླེག་ཅེས་བྱའོ། །ལུས་གནད་དེའི་ངང་ཐུར་སེལ་དྲག་ཏུ་བསྣོལ། །རྗེས་ཕྱིར་བུས་ཏེ་སྟོང་འདྲེན་དྲག་ཏུ་བྱ། །རྔུབ་སྟེ་ཁ་སྦྱོར་དགང་འཐེན་ལྟོ་བ་བསྐྱོད། །སྐེད་པ་སྐྱོག་སྟེ་རོ་སྟོད་གཅུ་བ་དང༌། །ལག་བརྐྱང་སོར་གཅུད་མགྲིན་གཅུ་མགོ་སྤྲུག་ནས། །རླུང་འབུད་ཕྱིར་བཟུང་ཀ་བ་བཙུགས་ནས་ནི། །མགོ་དགུག་བསྐྱོད་དེ་མགྲིན་པ་རོ་སྟོད་དང༌། །ལྟེ་བར་སྔར་བཞིན་བྱ་ལ་དེ་ཀུན་ལ། །འདར་སྤྲུག་མཇུག་ཏུ་འབེབས་བྱ་རླུང་གནད་ནི། །གསུམ་པ་ཡིན་ལ་ཀུན་འདུས་ཞེས་བྱའོ། །སྐྱིལ་ཀྲུང་ལག་གཉིས་ཁུ་ཚུར་བརླ་གནོན་བྱ། །ཅུང་ཟད་སྒུར་ནས་ཧཱུཾ་ཞེས་ཐུར་སེལ་འཐེན། །སྟོང་འདྲེན་གཡས་གཡོན་དབུས་གསུམ་རླུང་ཁ་སྦྱོར། །གྱེན་འཐེན་མགོ་སྒྱེད་སྤྲུག་པ་ཡང་གཡས་གཡོན། །དབུས་གསུམ་བྱ་བ་རླུང་གནད་བཞི་པ་ཡིན། །འདུས་པ་ཞེས་བྱ་དེ་གཉིས་འདྲེན་ཁྱབ་བོ། །དེ་རྣམས་གཅིག་སྟེང་གཅིག་བྱ་ལུས་སྦྱོང་ལ། །འབད་པར་བྱ་སྟེ་ཞག་བཅུ་སྒོམ་པ་ནི། །ཕྱག་ལེན་ཡིན་ལ་དམིགས་བསྐོར་སོ་བརྒྱད་པའོ། །གསུམ་པ་ལུས་ཀྱི་འཁྲུལ་འཁོར་འདིར་མ་སྤྲོས། །ནང་ནུབ་འདུག་སྟངས་བཅུ་གཉིས་གང་རུང་གིས། །ངག་འདྲེན་རླུང་སྦྱོར་བཞི་པོ་གཙོ་བོར་སྒོམ། །སྔ་དྲོ་ཕྱི་དྲོར་རླུང་གནད་བཞི་སོང་ནས། །ཡན་ལག་ལྔ་སྦྱོང་ལ་སོགས་དྲུགརེ་རེ། །ཉི་མ་ལྔ་ལྔ་སྔོན་འགྲོ་ཉི་ཤུ་པ། །ཟླ་གཅིག་རྗེས་དྲན་སྔོན་འགྲོ་ཟླ་་བ་བཞི། །གཉིས་པ་དངོས་གཞི་རྗེས་དྲན་རྗེས་མཐུན་པའི། །དབང་བྱས་ཕྱག་ཆེན་སྦྱོར་བ་མོས་ཡུལ་བཞག །འདི་ལ་གསུམ་སྟེ་སྒོམ་པ་ཡེ་ཤེས་ཀྱི། །ཕྱག་རྒྱ་བསླབ་པ་ལུས་གནད་སྤྱི་དང་འདྲ། །ཁུ་ཚུར་སྙིང་གར་བསྣོལ་ནས་ལྟ་སྟངས་ནི། །ཐད་ཀར་གཡོ་མེད་ལྟ་ལ་རང་ཉིད་ནི། །དུས་འཁོར་ལྷན་སྐྱེས་ལ་སོགས་གསལ་གདབ་ལ། །དེ་ཡི་ཤུལ་དུ་སྟོང་གཟུགས་སྣང་བ་དྲངས། །ལྷ་སྐུར་སྣང་བ་སྟོང་གཟུགས་ཁྱབ་བྱས་ལ། །དེ་ལ་ཡིད་མི་གཡོ་བར་ཅུང་ཟད་བཞག །སྟོང་གཟུགས་སྣང་བ་འདྲེན་མི་ཐུབ་པ་ན། །ལྷ་སྐུ་གསལ་སྟོང་དམིགས་ཏེ་ཅུང་ཟད་བཞག །དཔྲལ་པར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུཾ་ནག་ལྟེ་བར་ཧོཿསེར་པོ། །གསང་བར་སྭཱ་སྔོན་གཙུག་ཏོར་ཧཾ་ལྗང་ཁུ། །ཡུམ་མཁའ་ཨཱཿལས་པདྨ་དམར་པོ་ཡི། །འདབ་བརྒྱད་ལྟེ་བར་ཧཱུཾ་ལས་བྱུང་བ་ཡི། །རྡོ་རྗེ་སྔོན་པོ་ཕྲ་མོས་མཚན་པ་དང༌། །ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་ཡི། །སྔོན་པོ་རྩེ་ལྔ་ལྟེ་ནང་ཨཱཿལས་བྱུང༌། །པད་དམར་འདབ་བརྒྱད་ཕྲ་མོས་མཚན་པ་གསལ། །འཁྱུད་པ་ལ་སོགས་རྗེས་ཆགས་སྤྱོད་མཛད་པས། །གཙུག་ཏོར་ཐིག་ལེ་ཞུ་ནས་དཔྲལ་འཁོར་བར། །གང་བར་མོས་ལ་སྟོང་གཟུགས་བསྲེ་བར་བྱ། ། ལུས་གནད་དེ་ཀ་གཙུག་ཏོར་དཔྲལ་པ་ཡི། །བུམ་ཅན་ཡུན་ཐུང་དགའ་བ་སྐད་ཅིག་མ། །རྡོ་རྗེ་པདྨར་སྦྱར་བས་ཐིག་ལེའི་རྒྱུན། །ཆེར་རྒྱས་ཞུ་སྟེ་མགྲིན་སྙིང་འཁོར་ལོ་བར། །གང་བར་མོས་ཏེ་སྟོང་གཟུགས་བསྲེ་བར་བྱ། །མགྲིན་སྙིང་བུམ་ཅན་ཚར་རེ་སྔ་མ་ལས། །ཡུན་རིང་བཟུང་ལ་མཆོག་དགའ་སྐད་ཅིག་མ། །དབང་པོ་གཉིས་སྲུབ་སྦྱོར་ལས་བྱང་ཆུབ་ཀྱི། །སྔ་མའི་རྒྱུན་ལས་ཆེར་རྒྱས་ཞུ་བ་ལས། །ལྟེ་གསང་འཁོར་ལོ་ཡན་ཆད་གང་བར་བསམ། །ལྟེ་གསང་བུམ་ཅན་ཡུན་རིང་སྒོམ་བྱས་ནས། །ཁྱད་པར་དགའ་བའི་སྐད་ཅིག་སླར་ཡང་ནི། །དྲག་སྲུབ་གསང་ནས་རྡོ་རྗེ་ནོར་བུའི་བར། །བྱང་ཆུབ་སེམས་ཀྱིས་གང་མོས་སྟོང་གཟུགས་ལ། །རིང་དུ་མཉམ་པར་འཇོག་བཞིན་བུམ་ཅན་གྱི། །སྦྱོར་བ་གཅིག་དང་སྦྱོར་བ་དྲུག་པ་ཞེས། །འཁྲུལ་འཁོར་བཅས་པས་རྡོ་རྗེ་ནོར་བུ་ལ། །འཕོ་མེད་བྱང་ཆུབ་སེམས་འཁྱིལ་གང་བར་བསམ། །ལྷན་སྐྱེས་དགའ་བ་ཡོངས་འཛིན་འཁྲུལ་འཁོར་གྱིས། །བྱང་ཆུབ་སེམས་བརྟན་དེ་ཡི་རྗེས་སུ་ནི། །ཁོང་འདྲེན་འདྲེན་ཆེན་སྦགས་འདྲེན་སྟག་མོ་དང༌། །གླང་ཆེན་ཝ་སྣོམ་གཙུག་ཏོར་བར་དུ་བཟློག །པྲེ་ཏ་ཀ་དང་རྣམ་གྲོལ་གཡང་སྤྲུགས་དང༌། །འཕར་གཡོ་ཕུར་འདོན་རབ་བརྐྱང་རྣམས་ཀྱིས་ནི། །ལུས་ཀུན་ཁྱབ་པར་བྱས་ལ་སེང་གེའི་རྩལ། །གཅུད་འཐེན་གསུམ་འགྲེམས་སེང་གེ་འགྱིང་བ་དང༌། །རྨ་བྱའི་འགྱུར་རྣམས་ཀྱིས་ནི་བཟུང་བཟློག་འགྲེམས། །གསུམ་ཀར་བྱས་ལ་སྤྱིར་ནི་བཟུང་ཞིང་བཟློག །བཟློག་ཅིང་འགྲེམས་ལ་འགྲེམས་ཤིང་རླུང་དང་བསྲེ། །བསྲེ་ཞིང་ཡེ་ཤེས་ཆེན་པོར་བསྐྱལ་བ་ཡིན། །དམིགས་པ་གསལ་བས་ཞུ་བདེ་བསྐྱེད་ཐུབ་ན། །སྦྱོར་བ་དྲུག་པོས་བཟུང་མ་ཐག་ཏུ་ནི། །འཁྲུལ་འཁོར་སྤང་པའི་རླུང་སྦྱོར་རྣམས་ཀྱིས་བཟུང༌། །བཟློག་ཁྱབ་སྦྱངས་ལ་དེ་རྗེས་འཁྲུལ་འཁོར་བྱ། །ཐོག་མར་ཞུ་བདེ་བསྐྱེད་ཐུབ་མི་ཐུབ་རུང༌། །དེ་ཀུན་རྫོགས་པར་བྱ་དགོས་ཕྱིས་བྱང་ནས། །བཟློག་བགྲམ་གནད་ཆེ་ཙམ་གྱིས་ཆོག་པར་གསུངས། །མཐར་ནི་རླུང་བསྲེ་ཕྱིར་དུ་བུམ་ཅན་ནི། །ལན་མང་སྒོམ་ཞིང་ཡེ་ཤེས་ཆེན་པོ་ལ། །སྐྱེལ་ཕྱིར་ཞུ་བདེའི་ཉམས་དང་འོད་གསལ་རྟགས། །དམིགས་ནས་མི་གཡོ་གསུམ་ལྡན་བསྐྱང་བར་བྱ། །དངོས་གཞི་ཉི་ཤུའི་འཁྲུལ་འཁོར་ཞག་བཞི་བཅུར། །སྒོམ་པ་འདི་ནི་དམིགས་བསྐོར་ཞེ་གཅིག་པ། །དེ་ཡན་འཁྲུལ་འཁོར་ཕྱི་མ་ཞག་བརྒྱ་སོང༌། །ཞག་བརྒྱད་སྟན་ཐོག་གཅིག་མའི་རླུང་སྦྱོར་དང༌། །འཁྲུལ་འཁོར་བྱ་གསུངས་ཏིང་ངེ་འཛིན་གྱི་ནི། །རྗེས་སུ་སྟན་ཐོག་གཅིག་མ་བྱ་བའང་ཡོད། །རང་ལུས་ལག་པའི་ཕྱག་རྒྱ་བསླབ་པ་དང༌། །གཞན་ལུས་ལས་ཀྱི་ཕྱག་རྒྱ་བསླབ་པ་གཉིས། །དེང་སྐབས་ལག་ལེན་མི་བྱེད་འདིར་མ་སྤྲོས། །

གཉིས་པ་ཡན་ལག་དམིགས་པ་གཏུམ་མོ། །

གཉིས་པ་ཡན་ལག་དམིགས་པ་གཏུམ་མོ་ནི། །

མདོར་བསྡུས་རྩ་གསུམ་འཁོར་ལོ་དྲུག་གསལ་ནས། །གཙུག་ཏོར་དབུ་མའི་ཐིག་ལེ་དཀར་པོ་ནི། །ནུ་མ་ལྟ་བུ་རིང་ཐུང་སོར་བཞི་ཙམ། །ལྟེ་བར་གཏུམ་མོ་དབྱུག་པའི་གཟུགས་ཅན་ལ། །ཁ་དོག་དམར་པོ་སོར་བཞི་གསལ་བཏབ་ལ། །བུམ་ཅན་བཟུང་བས་གཏུམ་མོའི་མེ་འོད་རྒྱས། །རྩ་འཁོར་དྲུག་སོགས་ལུས་ནང་ཐམས་ཅད་ལ། །ཁ་དོག་དམར་ལམ་དྲོད་ཀྱིས་གང་བར་མོས། ། སྤྱི་བོའི་ཐིག་ལེ་ཞུ་བས་དབུ་མར་བབས། །དེ་ཡི་འོད་ཀྱིས་ལུས་ཀུན་དཀར་ལམ་པ། །བདེ་བས་གང་ནས་ཐིག་ལེ་གཏུམ་མོར་ཐིམ། །རྣམ་པར་མི་རྟོག་ཅུང་ཟད་ཉམས་པར་བཞག །དམིགས་བསྐོར་ཞེ་ལྔ་རྗེས་དྲན་འཁྲིད་རྫོགས་སོ། །

གཉིས་པ་ཏིང་འཛིན་ཉམས་ལེན་དམིགས་གནད།

གཉིས་པ་ཏིང་འཛིན་ཉམས་ལེན་དམིགས་གནད་ནི། །

ཏིང་འཛིན་ཡན་ལག་དངོས་ཀྱི་དབང་བྱས་ན། །ཕྱག་ཆེན་ཁོ་ནའི་རྗེས་དྲན་ཕལ་ཆེར་འདྲ། །སྤོགས་ཆོག་ལས་ཀྱི་ཕྱག་རྒྱ་ཐ་དད་མང༌། །འདིར་ནི་མོས་པ་ལམ་བྱེད་ཙམ་སྒོམ་ན། །རྗེས་དྲན་རྗེས་མཐུན་པ་དང་འདྲ་བ་ལས། །ལག་པ་མཉམ་བཞག་ལྟ་སྟངས་སྣ་རྩེར་དབབ། །དམིགས་པའི་སྐབས་སུ་ཡས་བརྟན་དགའ་བཞི་ནི། །རྗེས་དྲན་དང་འདྲ་མས་བརྟན་རྩ་འཁོར་ནི། །སོ་སོར་བུམ་ཅན་ཡུན་རིང་སྒོམ་བྱ་ཞིང༌། །སྟོང་གཟུགས་བདེ་བར་མཉམ་པར་འཇོག་བྱས་ཏེ། །ཏིང་ངེ་འཛིན་གྱི་ས་ལམ་བཅུ་གཉིས་ནི། །ཐོབ་པར་མོས་ལ་བག་ཆགས་འཇོག་པའི་ཕྱིར། །ཞག་བདུན་སྒོམ་པ་དམིགས་བསྐོར་ཞེ་དྲུག་པའོ། །སྲོག་རྩོལ་མན་ཆད་སྒོམ་དོན་མ་བཀོད་དོ། །སྦྱོར་དྲུག་དངོས་གཞིའི་དམིགས་གནད་བསྟན་ཟིན་ཏོ། །གསུམ་པ་རྗེས་གྱི་ཡན་ལག་འདའ་ཁ་ཡི། །འཕོ་བའི་གདམས་ངག་ཀུན་སྤངས་གསུངས་ཇི་བཞིན། །དབུའི་ནང་ས་བོན་རང་སེམས་ཧཾ་ཨཱཿཧཱུཾ། །ཟླ་ཉི་ནམ་མཁའི་མདོག་ཅན་གཙུག་གསང་སྙིང༌། །སྲོག་རྩོལ་བསུ་སྐྱེལ་གཅིག་ཏུ་བསྡུས་བྱས་ནས། །འདུན་པ་རྩེ་གཅིག་གང་འདོད་གནས་སུ་འཕོ། །རྗེས་ཀྱི་ཡན་ལག་གཞན་རྣམས་འདིར་མ་སྤྲོས། །རྒྱལ་ཀུན་བགྲོད་ལམ་རྣལ་འབྱོར་ཡན་ལག་དྲུག །ཆོས་ཀྱི་སྙིང་པོ་རྡོ་རྗེ་འཛིན་པའི་གསང༌། །རྟོགས་པར་དཀའ་བས་བདག་ལྟའི་ཡུལ་མིན་མོད། །སྐལ་མཉམ་གཞན་ལ་ཕན་སྙམ་རྩོལ་བ་བྱས། །དེ་ལྟར་བླ་མ་དམ་པའི་མན་ངག་དང༌། །སྔོན་བྱོན་གྲུབ་པའི་རིང་ལུགས་ལས་བརྩམས་ནས། །རྡོ་རྗེའི་རྣལ་འབྱོར་ངེས་དོན་ཉམས་ལེན་ཚུལ། །ས་བཅུའི་དབང་ཕྱུག་རྣམས་ཀྱི་གསུང་བཞིན་བཤད། །ཟབ་དོན་ཡིད་བཞིན་ནོར་བུའི་ཕུང་པོ་དག །མཁས་གྲུབ་གོང་མའི་ཐུགས་མཚོར་སྦས་པ་ལས། །ཆ་ཙམ་མངོན་དུ་ཕྱུང་ནས་འདིར་སྤེལ་གྱི། །དེ་ཡི་དགེ་བ་འགྲོ་བའི་དོན་དུ་བསྔོ། །སྲིད་པའི་གནས་འདིར་ཁྱབ་བདག་རྡོ་རྗེ་སེམས། །བརྟན་གཡོ་ཀུན་གྱི་མགོན་དུ་བཞུགས་པ་ཡང༌། །གཟུང་འཛིན་དྲི་མའི་དཔུང་ཚོགས་ཀུན་བཅོམ་སྟེ། །རང་གནས་རྟག་བདེའི་རྒྱལ་སྲིད་སྤྱོད་པར་ཤོག ཅེས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་གྱི་ཁྲིད་ཡིག་མཐོང་བ་དོན་ལྡན་གྱི་སྡོམ་ཚིག་གྲུབ་པའི་དགོངས་རྒྱན་ཞེས་བྱ་བ་འདི་ནི། བསྟན་ལ་ལྷག་བསམ་དཀར་བའི་མཁན་སྤྲུལ་དུ་མས་དངོས་རྫས་དར་བཅས་སྦྱོར་དྲུག་བ་རྣམས་ལ་བློ་འཛིན་གྱི་ཕྱིར་སྦྱོར་དྲུག་གི་སྡོམ་ཚིག་ཞིག་དགོས་ཞེས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་ཚིག་སྦྱོར་གྱིས་མ་རྒྱན་པར་གོ་སླ་བར་རབ་གནས་ས་བྱི་ལོའི་རྒྱལ་ཟླའི་ཚེས་གཅིག་ལ་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་ནས་སྡོམ་གསུམ་དང་ཚད་མའི་དཔེ་ཁྲིད་ཀྱི་ཞར་ལ་རྫོགས་པར་བྲིས་པའོ། །འདིས་ཀྱང་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་འདི་ཉིད་ཕྱོགས་བཅུ་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག ། །།སརྦ་མངྒ་མཾ།།

དཔལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཆོ་གའི་སྒོ་ནས་ཚེ་འདས་ཀྱི་རུས་ཆོག་སྡུག་བསྔལ་ཚ་གདུང་ཞི་བའི་བདུད་རྩིའི་ཆུ་གཏེར།

དཔལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཆོ་གའི་སྒོ་ནས་ཚེ་འདས་ཀྱི་རུས་ཆོག་སྡུག་བསྔལ་ཚ་གདུང་ཞི་བའི་བདུད་རྩིའི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ་ལོ་ཀ་ནཱ་ཐ་ཡེ། རྒྱལ་བ་ཀུན་གྱི་ཐུགས་རྗེའི་ཡེ་ཤེས་ཀྱི། །རང་གཟུགས་སྒྱུ་འཕྲུལ་མི་ཟད་བརྩེ་བའི་བདག །བླ་མ་དབྱེར་མེད་རྗེ་བཙུན་སྤྱན་རས་གཟིགས། །འགྲོ་ཀུན་སྡིག་སྒྲིབ་སྦྱང་ཕྱིར་སྐྱབས་ཕྱག་འཚལ། །གང་ལ་བསྟེན་ན་སྲིད་ཞིའི་འཇིགས་ཆེན་ལས། །སྒྲོལ་བའི་གངས་ཅན་ལྷག་པའི་ལྷ་མཆོག་གི །སྒོ་ནས་རུས་ཆོག་ཅུང་ཟད་མདོར་བསྡུས་པ། །གོང་མའི་གསུང་ལས་བསྡུས་ཏེ་འབྲི་བར་བྱ། །དེ་ལ་འདིར་སྒྲུབ་ཐབས་རིན་འབྱུང་ལས་འཇིག་རྟེན་དབང་ཕྱུག་བཅུ་གཅིག་ཞལ་གྱི་ཆོ་ག་བྱང་ཆུབ་ལམ་གྱི་སྙིང་པོ་ཡེ་ཤེས་སྣང་བྱེད་ཀྱི་ཆ་ལག་ཏུ་དམིགས་ནས་རུས་ཆོག་འབྲི་བ་ལ། །རུས་པའི་ཆོ་ག་ལ་བརྟེན་ནས་སྡིག་པ་སྦྱོང་བ་ལ། ངན་སོང་སྦྱོང་རྒྱུད་ལས། །དེ་ནས་ཐལ་བར་གྱུར་བ་དང༌། །རྡོ་རྗེ་བསྡུ་བའི་སྔགས་ཀྱིས་ནི། །ཆོ་ག་བཞིན་ཏུ་བསྡུ་བར་བྱ། །ཐལ་བ་དེ་ཡང་རུས་པའི་རྡུལ། །སྔགས་ཀྱི་བཏབ་པའི་དྲི་ཆུ་དང༌། །བ་སྐྱེས་འོ་མ་ལ་སོགས་ལྔས། །སྦྱོང་བའི་སྔགས་ཀྱིས་བློ་ལྡན་གྱིས། །འབུམ་དུ་བཟླས་པ་རྫོགས་ནས་ནི། །ག་བུར་དྲི་ཡིས་བསྒོས་པ་ཡིས། །འཇིམས་པ་དང་ནི་བསྲེས་ནས་ཀྱང༌། །གཟུགས་སུ་བྱའོ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྷར་བྱས་ལ། །གཅིག་གམ་གཉིས་སམ་གསུམ་མམ་ལྔ། །ཡང་ན་བརྒྱ་རྩ་བརྒྱད་དུ་བྱ། །སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང༌། །འབུམ་ཕྲག་གཉིས་ཀྱི་བར་ཏུ་བཟླས། །དེ་ནས་མཆོད་རྟེན་འབར་འགྱུར་རོ། །ཡང་ན་གཟུགས་ཀྱི་ཞལ་འཛུམ་མམ། །དྲི་དང་བདུག་པ་འོད་ཀྱང་རུང༌། །སྣང་ངམ་ཡང་ན་ངད་ལྡང་ངོ༌། །ལྷ་ལ་སོགས་པའི་རྣམ་པ་ནི། །སྣ་ཚོགས་པར་ནི་སྣང་འགྱུར་རམ། །རྫུ་འཕྲུལ་རྣམ་པར་འཕྲུལ་བ་དང༌། །མེ་ཏོག་ལ་སོགས་འབར་བ་དང༌། །དུང་དང་རྔ་ལ་སོགས་པའི་སྒྲ །རིལ་བུ་པི་ཝཾ་ལ་སོགས་རྣམས། །ཅི་སྟེ་མཚན་མ་དེ་དག་ནི། །སྡིག་ཅན་བློས་ནི་མི་མཐོང་ན། །འབུམ་གྱི་ཕྲག་ནི་བརྒྱ་སྟོང་ངམ། །ཇི་སྲིད་མཚན་མ་བྱུང་བར་དུ། །དེ་བཞིན་གཤེགས་རྣམས་མཆོད་ནས་ནི། །མཉམ་པར་བཞག་པས་བཟླས་པར་བྱ། །དེ་ཡི་མཐར་ནི་མཁས་པས་ཀྱང༌། །མཚན་གཅིག་མི་ཉལ་ཐོག་ཐག་བཟླས། །དེ་ནས་དེ་ཡི་སྡིག་པ་ནི། །དག་པ་ཉིད་དུ་ངེས་པར་མཐོང༌། །ཞེས་གསུངས་པ་ལྟར་རུས་པ་བཀྲུ་བའི་ཆོ་གས་སྡིག་པ་སྦྱོང་ཚུལ་དང༌། །རུས་པ་ལས་སྐུའམ་མཆོད་རྟེན་བཏབ་པས་སྡིག་པ་སྦྱང་ཚུལ་དང༌། མཆོད་རྟེན་ལ་བསྐྱེད་ཅིང་བཟླས་པས་སྡིག་པ་སྦྱོང་བའོ། །དང་པོ་ནི། ཚེ་འདས་ཀྱི་རུས་པ་རས་དཀར་པོ་གཙང་མའི་ནང་དུ་བསྡུས་ལ། རུས་པ་ལ་ག་པུར་ལ་སོགས་པའི་དྲི་བཟང་གི་ཆུ་དང༌། བའི་འོ་མ་སོགས་བ་བྱུང་རྣམ་ལྔ་དང་བསྲེས་ལ་མེ་ཏོག་དཀར་པོ་བཀྲམ་པའི་ཁར་འཁོར་ལོ་དཀར་པོ་རྩིབ་བརྒྱད་འོད་ཕྲེང་དང་བཅས་པ་བྲིས་པའི་སྟེང་དུ་བཞག་ནས་སྒྲུབ་ཐབས་རིན་ཆེན་འབྱུང་གནས་ལས་དཔལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་བདག་སྐྱེད་དང༌།རྣམ་རྒྱལ་བུམ་པ་བསྐྱེད་པ་བཟླས་པ་དང་བཅས་པ་སྔོན་དུ་འགྲོ་བའི་སྒོ་ནས། གཙུག་དགུའི་རྒྱུད་ལས། རུས་པའམ་གོས་སམ་མིང་ལ་ནི། །རྡོ་རྗེ་ཆུ་ཡིས་བཀྲུ་བར་བྱ། །སྡིག་པ་བཀྲུ་བའི་སྔགས་ཀྱིས་ནི། །སྲིད་གསུམ་དྲི་མ་བཀྲུ་བར་བྱེད། །ཅེས་པའི་དགོངས་པ་ལྟར་སྤྱན་རས་གཟིགས་ཀྱི་སྒོ་ནས་ཚེ་འདས་སྒྲིབ་སྦྱོང་གི་ཆོ་ག་ཐར་ལམ་སྣང་བྱེད་སྒྲོན་མེའི་ཆོ་ག་བཞིན་བྲབ་པ་བྱ། དེ་ནས།རུས་བུའི་སྟེང་དུ་པཾ་ལས་པདྨ་འདབ་མ་བརྒྱད་ཀྱི་ལྟེ་བར་ཨ་ལས་ཟླ་བ་དཀར་པོའི་དཀྱིལ་འཁོར་གྱི་སྟེང་དུ་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཐུགས་ཡེ་ཤེས་ལས་གྲུབ་པའི་ཧྲཱིཿཡིག་དཀར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་གནས་པར་གྱུར། དེ་ལས་འོད་ཟེར་ལྕགས་ཀྱུ་དང་ཞགས་པ་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྣམས་སྡིག་སྒྲིབ་དག་བྱེད་ཡེ་ཤེས་ཀྱི་བདུད་རྩིའི་རྣམ་པར་བྱུང་བ་ཧྲཱི་ཡིག་ལ་ཐིམ། ཧྲཱི་ལས་སངས་རྒྱས་ཀྱི་ཐུགས་ཕྱིན་དྲུག་གི་ཡེ་ཤེས་ལས་གྲུབ་པའི་བདུད་རྩི་དཀར་པོ་རྒྱུན་མི་འཆད་པར་བབ་པ་རུས་བུ་ལ་ཐིམ་པས་ཚེ་འདས་ཀྱི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་པ་ཐམས་ཅད་དང་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་པར་གྱུར། བར་བསམ་བཞིན་དུ་བུམ་ཆུས་རུས་བུ་བཀྲུ་ཞིང༌། ཐར་ལམ་སྣང་བྱེད་སྒྲོན་མེ་ལྟར།ཚེ་ལས་འདས་པ་རིགས་ཀྱི་བུ། །ཞེ་སྟང་རྒྱུ་ལས་ལོག་པའི་གནས། །འདི་ནས་འོག་གི་འཇིག་རྟེན་ན། །དམྱལ་བ་ཞེས་བྱ་འཇིགས་རུང་བའི། །སྡུག་བསྔལ་རྣམ་པ་སྣ་ཚོགས་པ། །མི་བཟད་ཁྱོད་ཀྱིས་མྱོང་འགྱུར་ཏེ། །དེ་ལས་བསྒྲལ་བར་བྱ་བའི་ཕྱིར། །བཟོད་པའི་ཆུ་བོ་འདིས་བཀྲུའོ། །གཟུངས་རིང་ཚར་གཅིག་གིས་སྣ་དྲངས་ཏེ། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པ་གཙོ་བོར་བཟླ་བར་བྱ། དེ་ནས་གཟུངས་སྔགས་དུ་མ་བརྗོད་ནས། ཚེ་ལས་འདས་པ་ཆེ་གེ་མོའི་ཚེ་རབས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང༌། ཁྱད་པར་དུ་ཉོན་མོངས་པ་ཁོང་ཁྲོའི་དྲི་མ་ཐམས་ཅད་བྱང་ཞིང་དག་ནས་བཟོད་པའི་ཕ་རོལ་དུ་ཕྱིན་པ་ཡོངས་སུ་རྫོགས་ཏེ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་གྱུར་ཅིག །དེ་བཞིན་དུ་ཐར་ལམ་སྣང་བྱེད་སྒྲོན་མེ་ལྟར་གཞན་ལྔ་ལ་ཁ་བསྒྱུར་ནས་གཟུངས་སྔགས་དང་བཅས་བརྗོད་པར་བྱའོ། །ཡང་ན་སྤྱི་འགྲོའི་ལྟར་འདི་ནི་སྦྱིན་པའི་རང་བཞིན་ཆུ། །སེར་སྣའི་དྲི་མ་སྦྱོང་མཛད་ཅིང༌། །ཞེས་སོགས་བྱ་ན་རུང་ལ། གང་རུང་ལས་མི་དགོས་སོ། །གང་ལྟར་ཡང་དེ་ནས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ཞེས་སོགས་དང༌། དེ་ནས་ས་ནི་དུག་གི་ཕ་ཡིན་ཏེ། །ཞེས་སོགས་དང༌། གང་ལ་སེར་སྣའི་ཚིགས་བཅད་རེ་རེའི་མཚམས་སུ། ཡོན་ཏན་ཕུན་སུམ་ཚོགས་པ་དང་ལྡན་པའི་སངས་རྒྱས་ཀྱིས་ཚེ་འདས་ཀྱི་སྡིག་སྒྲིབ་བག་ཆགས་དང་བཅས་པ་སོགས་བཀྲ་མི་ཤིས་པ་ཐམས་ཅད་ཞི་ནས་ཆོས་སྒྲུབ་པའི་འགལ་རྐྱེན་མཐའ་དག་དང་བྲལ་ཏེ་བཀྲ་ཤིས་པ་ཐམས་ཆད་སྟེར་ཞིང་འགྲུབ་པར་གྱུར་ཅིག །དེ་ནས་པད་ཟླ་ཧྲཱི་ཡིག་དང་བཅས་པ་རུས་བུ་ལ་ཐིམ་པས་ཚེ་ལས་འདས་པ་ཆེ་གེ་མོའི་འཁོར་བའི་སྡུག་བསྔལ་སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པར་གྱུར་ཅིག །ཞེས་བཀྲ་ཤིས་དང་སྨོན་ལམ་བྱ། །དེ་ནས་ཉེ་དུ་མ་ཡིན་པས་རུས་པ་ཞིབ་པར་བཏགས་ལ་དྲི་བཟང་སྣ་ཚོགས་དང་བ་བྱུང་ལྔ་དང་བསྲེས་ཏེ་སྔར་གྱི་གདན་ལ་བཞག་ནས། བསངས་སྦྱངས།སྟོང་པའི་ངང་ལས་རུས་བུའི་སྟེང་དུ་པདྨ་འདབ་མ་བརྒྱད་པ་དང་ཟླ་བའི་གདན་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་ཟླ་བ་ལྟར་དཀར་བ། ཞེས་སོགས་ནས། སྐུ་ཅན་དུ་གྱུར། ཞེས་པའི་བར་བདག་བསྐྱེད་ལྟར་དང༌། དེའི་སྤྱི་གཙུག་ཏུ་སངས་རྒྱས་འོད་དཔག་མེད་དམར་པོ་མཉམ་བཞག་གི ཞེས་པ་ནས། སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །ཞེས་པའི་བར་བུམ་བསྐྱེད་ལྟར་བྱའོ། །དེ་ནས། རང་གི་སྙིང་ཁ་ནས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ལྷ་ཚོགས་ཀྱི་རྣམ་པར་ཨོཾ་བཛྲ་ས་མ་ཛཿ ཛཿཞེས་པས་ཡེ་ཤེས་སེམས་དཔའ་རྣམས་དམ་ཚིག་སེམས་དཔའ་སོ་སོའི་སྤྱི་བོར་བྱོན། ཧཱུཾ་ཞེས་པས་སོ་སོར་ཐིམ། བཾ་ཞེས་པས་ཡེ་ཤེས་པ་རྣམས་དམ་ཚིག་པ་སོ་སོའི་ཐུགས་ཀར་རྣམ་པ་ཐ་དད་དུ་སྣང་ཡང་ངོ་བོ་དབྱེར་མེད་དུ་བཞུགས། ཧོཿ་ཞེས་པས་ཚེ་འདས་ཀྱི་སྡིག་སྒྲིབ་སྦྱོང་བ་སོགས་སྒྲུབ་པ་པོའི་རེ་འདོད་སྐོང་བ་སོགས་ལ་ཐུགས་དགེས་བཞིན་བཞུགས་པར་གྱུར། ཛཿ་ཧཱུཾ་བཾ་ཧོཿ སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་རྣམས་ལྷ་རང་རང་གི་ཐུགས་ཀར་བཞུགས་པར་གྱུར།༈ གཙོ་བོའི་ཐུགས་ཀའི་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་པད་ཟླའི་སྟེང་དུ་ཧྲཱི་ཡིག་དཀར་པོའི་མཐར་སྔགས་ཕྲེང་ཁ་དོག་དཀར་པོ་གཡས་བསྐོར་སྦྲུལ་འཁྱིལ་བ་ལྟ་བུ་མི་གཡོ་བར་གནས་པ། དེ་ལས་ཡེ་ཤེས་ཀྱི་འོད་ཟེར་རྒྱུན་མི་ཆད་པར་བྱུང་ནས་རུས་བུ་ལ་ཐིམ་པས་ཚེ་ལས་འདས་པ་ཆེ་གེ་མོ་འཁོར་བའི་སྡུག་བསྔལ་ཐམས་ཅད་དང་སྡིག་སྒྲིབ་མ་ལུས་པ་དག་པར་གྱུར། ཞེས་བསམ་བཞིན་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་ཏེ། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པ་གཙོ་བོར་ཅི་ནུས་བཟླ། དེ་ནས་མཆོད་པ་བྱིན་རླབས་བྱ་སྟེ། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །འཁོར་ལོའི་བསྒྱུར་བའི་རིག་པས་བྱིན་རླབས་པའི། །ཞེས་སོགས་ཀྱིས་མཆོད། གང་སྐུ་ནམ་མཁའི་རང་བཞིན་མི་འདོར་ལ། །ཞེས་སོགས་ཀྱིས་བསྟོད། དེ་ནས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ལྷ་ཚོགས་དང་བཅས་པ་འོད་དུ་ཞུ་ནས་རུས་བུ་ལ་ཐིམ་པས་རུས་བུ་ཡེ་ཤེས་ལྔའི་རང་བཞིན་ལས་གྲུབ་པའི་རིན་པོ་ཆེའི་ཕུང་པོར་གྱུར་བར་བསམ་མོ། །འདི་ནི་སློབ་དཔོན་སྐལ་བཟང་དགའ་བའི་སྦྱིན་སྲེག་ལས། དྲི་ཆུ་དང༌། བའི་རྣམ་ལྔ་དང་རུས་པ་བསྲེས་ཏེ་ངན་སོང་བའི་སྔགས་བཞི་ལས་གང་ཡང་རུང་བའི་སྔགས་འབུམ་མན་ཆད་བཟླས་ལ་འཇིམ་པ་དང་བསྲེས་ལ། ཞེས་གསུངས་པའི་ཁུང་གི་སྦྱོང་རྒྱུད་ཀྱི་ཐལ་བ་དེ་ཡང་རུས་པའི་རྡུལ། །སྔགས་ཀྱིས་བཏབ་པའི་དྲི་ཆུ་དང༌། །ཞེས་སོགས་ཀྱི་དགོངས་པའོ། །འཛོམ་ན་གོང་གི་བསྐྱེད་པ་དང་སྤྲོ་བསྡུས་ཀྱི་སྒོ་ནས་རུས་བུ་ལ་བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡིག་དྲུག་འབུམ་སོགས་བཟླས་སྟེ། ཀུན་སྙིང་གི་ཤི་བའི་སྦྱིན་སྲེག་ལས། ག་བུར་ལ་སོགས་པའི་ཆུ་དང༌། བའི་མར་དང༌། ཞོ་དང༌། ལྕི་བ་དང༌། གཅིན་དང༌། རུས་པ་བསྲེས་ཏེ་ངན་སོང་སྦྱོང་བའི་སྔགས་འབུམ་མན་ཆད་བཟླས་ལ། དཀྱིལ་འཁོར་གྱི་ལྷ་གང་ཡང་རུང་བའི་གཟུགས་སུ་བྱ་བའམ། ཡང་ན་མཆོད་རྟེན་བྱས་ཏེ། ཞེས་གསུངས་པའི་ཕྱིར་རོ། །གཉིས་པ་རུས་པ་ལས་སྐུའམ་མཆོད་རྟེན་བཏབ་པས་སྡིག་པ་སྦྱོང་བ་ལ། ས་བླང་བའི་ཆོ་ག་མ་བྱས་ནའང་ཆོག་པས་འདིར་མ་སྤྲོས་ལ། དེ་བྱ་འདོད་ན་ཟླ་འོད་དཀར་པོའི་སྣང་བ་ལས་གསུངས་པ་འདིར་བླངས་ནས་བྱའོ། །རུས་པའི་ཕྱེ་དང་ས་གཉིས་བསྲེས་ནས་སྤོས་ཆུ་བྱིན་གྱིས་རླབས་པ་ནི། ཙན་དན་དཀར་དམར་ལ་སོགས་པའི་སྤོས་དྲི་སྣ་ཚོགས་བསྒོས་པའི་ཆུ་བཤམས་ཏེ། སྤོས་ཆུའི་དབུས་སུ་ཨ་ཡིག་དཀར་པོ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་དྭངས་ཤིང་གསལ་བ། དེ་ལས་འོད་ཟེར་འཕྲོས་པས་སྤོས་ཆུའི་རང་བཞིན་ལ་ཁྱབ་སྟེ་ཡེ་ཤེས་ལས་གྲུབ་པའི་བདུད་རྩིར་གྱུར། བར་བསམ་བཞིན་དུ། ཨོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། ཞེས་ལན་བདུན་བཟླས་པས་བྱིན་གྱིས་རླབས། དེ་ནས་གཟུངས་རིང་དང་ཡིག་དྲུག་དང༌། ཨོཾ་པྲ་མརྟ་ཡ་པྲ་མརྟ་ཡ་ཧཱུཾ་ཕཊ། ཞེས་བཟླ་བཞིན་སྤོས་ཆུས་ས་དང་རུས་པ་བསྲེས་ནས་སྦྲུས་ལ་འཇིམ་པ་མདུན་དུ་བཞག་སྟེ། འཇིམ་པ། བསངས་སྦྱངས། སྟོང་པའི་ངང་ལས་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་འཇིམ་པ་དེ་ཉིད་བྷྲུཾ་ལས་རྣམ་པར་སྣང་མཛད་ཀྱི་ཡེ་ཤེས་ལས་གྲུབ་པའི་རིན་པོ་ཆེའི་ཕུང་པོར་གྱུར། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་ནས་རྣམ་པར་སྣང་མཛད་ལ་སོགས་པ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་མཐའ་ཡས་པ་བྱུང༌། འཇིམ་པའི་ཕུང་པོ་དང་ཚེ་འདས་ཀྱི་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ལ་ཐིམ་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། འཇིམ་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལས་གྲུབ་པའི་རིན་པོ་ཆེའི་རང་བཞིན་དུ་གྱུར། བར་བསམ་བཞིན་དུ་བདུད་རྩི་ཐབས་སྦྱོར་གྱི་ཕྱག་རྒྱ་ལ་གཉིས་ཀའི་མཐེ་བོས་མཐེ་ཆུང་གི་སེན་མོ་མནན། སོར་མོ་བར་བ་གསུམ་ནས་ནས་ཙམ་རེ་ཕྱེས་ནས་བསྒྲེང་སྟེ་གཡོན་པ་གན་སྐྱལ་གྱི་གཡས་པ་ཁ་རྦུབ་ནས་སྦྱར་བས་འཇིམ་པ་ལ་རེག་སྟེ། ན་མོ་རརྣ་ཏྲ་ཡ་ཡ། བཻ་རོ་ཙ་ན་ཡ། པྲ་བྷ་ར་ཛ་ཡ། ཏ་ཐཱ་ག་ཏ་ཡ།ཨརྷ་ཏེ་སམྱཀྶཾབུདྡྷ་ཡ། ཏདྱ་ཐཱ། སུཀྵ་མེ་སུཀྵ་མེ། ས་མེ་ས་མེ་ཤནྟེ་ཤནྟེ། ཨ་པ་མ་རོ་སེ། ཨ་ན་ལམ་བྷེ། ཏ་ར་རམ་བྷེ། ཡ་ཤོ་ཝ་ཏི་མ་ཧཱ་དེ་ཛྭ་ནི་ར་ཀུ་ལེ། ནི་ར་ཝ་ཎེ། སརྦ་བུདྡྷ་ཨ་དྷི་ཥྛི་ཏེ་སྭཱ་ཧཱ། ཞེས་ཉེར་གཅིག་བཟླས་ནས་བྱིན་གྱིས་རླབས། དེ་ནས་འཇིམ་པ་དང་རང་གི་སྙིང་ཁ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཏེ་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་རེ་རེར་གྱུར། སངས་རྒྱས་སྲས་དང་བཅས་པ་མཆོད།དེ་ཐམས་ཅད་འོད་ཟེར་དང་བཅས་པ་ཚུར་འདུས་ཏེ་འཇིམ་པ་ལ་ཐིམ་པས་འཇིམ་པ་དེ་ཉིད་ཡེ་ཤེས་ལྔ་ལས་གྲུབ་པའི་རིན་པོ་ཆེ་སྣ་ལྔའི་ཕུང་པོར་གྱུར། བར་བསམ་ལ་སྟེགས་བུར་བཞག བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པ་དང༌། ན་མཿསརྦ་ས་མནྟ་བུདྡྷནཾ་ཨོཾབཛྲ་ཨ་ཡུ་ཥེ་སྭཱ་ཧཱ། ཞེས་པས་འཇིམ་པ་བཅད། འཇིམ་པའི་ཕུང་པོ་དེ་རྒྱུའི་རང་བཞིན་གྱི་སློབ་པའི་ལམ་དང་ས་བཅུའི་རང་བཞིན་དུ་གྱུར། བར་བསམ། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པ་དང༌། ཨོཾ་བཛྲ་ཨུད་བྷ་བ་ཡ་སྭཱ་ཧཱ། ཞེས་ལན་བདུན་སོགས་བརྗོད་བཞིན་འབི་འབི་བྱ་སྟེ། དེ་ཡང་རྒྱུ་ལམ་གྱི་ཆོས་སུ་བྱིན་གྱིས་རླབས་པའི་ཆེད་དུ་སྟེགས་བུར་བཞག་ནས་མཆོད་པས་མཐའ་བསྐོར། དེ་ནས། རང་གི་སྙིང་ཁ་དང་འབི་འབི་ལས་ཀྱང་ཡེ་ཤེས་ཀྱི་འོད་ཟེར་གྱི་སྤྲིན་ཆེན་པོ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་མཐའ་ཡས་པར་འཕྲོས་ཤིང་ཁྱབ་སྟེ་ཚེ་ལས་འདས་པ་ཆེ་གེ་མོའི་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཤིང་དག མི་བསྐྱོད་པའི་སྐུ་རེ་རེར་གྱུར།འཕགས་པ་རྣམས་མཆོད། འོད་ཟེར་གྱི་སྤྲིན་ཕུང་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་སླར་འདུས་ཏེ་འབི་འབི་ལ་ཐིམ་པས། འབི་འབི་དེ་ཉིད་ཡོངས་སུ་གྱུར་བ་ལས་གཞལ་མེད་ཁང་གྲུ་བཞི་སྒོ་བཞི་རྟ་བབས་སྣམ་བུ་བཞི་དང་ལྡན་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པཾ་ལྗང་གུ་ལས་སྣ་ཚོགས་པདྨ་འདབ་མ་བརྒྱད་པ་དེའི་ལྟེ་བ་ལ་ཨཱཿ་ལས་ཟླ་བའི་དཀྱིལ་འཁོར་སྟེང་དུ་ཧྲཱི་དཀར་པོ་ཡོངས་སུ་གྱུར་པ་ལས་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་སྟོན་ཀའི་ཟླ་བ། ཞེས་པ་ནས། སངས་རྒྱས་རབ་ཏུ་བྱུང་བའི་ཆ་ལུགས་ཅན་ནོ། །ཞེས་པའི་བར་དང༌། མཚམས་ཀྱི་འདབ་མ་བཞིར་བུམ་པ་གྲུབ་པར་གྱུར། ཞེས་པ་ནས། རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཞེས་པའི་བར་མདུན་བསྐྱེད་བཞིན་བྱ། དེ་ནས་རང་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གསལ་བའི་སྙིང་ཀར་པད་ཟླའི་གདན་ལ་ཧྲཱིཿ་ལས་ཡེ་ཤེས་ཀྱི་འོད་ཟེར་དཔག་ཏུ་མེད་པ་བ་སྤུའི་བུ་ག་ཐམས་ཅད་ནས་འཕྲོས་ཏེ་འཇིག་རྟེན་གྱི་ཁམས་ཐམས་ཅད་ཁྱབ་འོད་ཟེར་གྱི་རྩེ་ལས་བྱུང་བའི་འཕགས་པ་སྤྱན་རས་གཟིགས་ལ་སོགས་པའི་མཁའ་དབྱིངས་ལ་ཁྱབ་པ་རྣམས་ཀྱིས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་བྱས། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས་ལུས་ངག་ཡིད་གསུམ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུུ་གསུང་ཐུགས་སུ་གྱུར། འོད་ཟེར་ལྷ་དང་བཅས་པ་སླར་འབི་འབིའི་ལྷ་ལ་ཐིམ་པར་གྱུར། བར་བསམ། མཆོད་པ་སྦྱིན་རླབས།རབ་འབྱམས་རྒྱ་མཚོ་དཔག་མེད་ན། །མཆོད་ཡོན། སོགས་ཚིགས་བཅད་སྔགས་བཅས་ཀྱིས་ཉེར་སྤྱོད་བདུན་དང༌། མཆོད་པའི་སྤྲིན་གྱི་གཟུངས་བརྗོད། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །ཞེས་སོགས་ཀྱིས་བསྟོད། ཚེ་ལས་འདས་པ་ཆེ་གེ་མོ་ངན་སོང་གསུམ་གྱི་འཇིགས་པ་ལས་སྐྱབས་དུ་གསོལ། ཞེས་གསོལ་བ་བཏབ། དེ་ནས་གུར་གུམ་གྱིས་བྲིས་པའི་ཨོཾ་ཧྲཱུཾ་དྲིཾ་ཧྲཱིཿཨཿདང༌། ཡིག་དྲུག་དང་རྟེན་སྙིང་གིས་ཟུང་འཇུག་བྱ། ཡང་ན་བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པའི་མཐར། ཚེ་ལས་འདས་པ་ཆེ་གེ་མོའི་ལས་ངན་སྡིག་སྒྲིབ་ཐམས་ཅད་ཤནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་སྦྱར་ལ། གཟུངས་འཇུག་ཏུ། ཨོཾ་དྷརྨ་དྷཱ་ཏུ་གརྦྷེ་ཛྭ་ལ་སྭཱ་ཧཱ། ཞེས་པས་གཞུག་ཅིང༌། རང་གི་སྙིང་གའི་འོད་ཟེར་གྱིས་སངས་རྒྱས་དཔག་ཏུ་མེད་པ་རྡུལ་གྱི་གྲངས་དང་མཉམ་པ་སྤྱན་དྲངས་ཏེ་ཟུང་འཇུག་ལ་ཐིམ་པར་གྱུར། བར་བསམ། འབི་འབི་ལ་སྣུམ་བྱུགས་ཤིང། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པའི་མཐར། ཨོཾ་ཨ་ར་ཛེ་བི་ར་ཛེ་སྭཱ་ཧཱ། ཞེས་བརྗོད་ལ། བདག་གཞན་སེམས་ཅན་ཐམས་ཅད་དང་འབི་འབིའི་རང་བཞིན་དུ་བཞུགས་པའི་སློབ་པའི་ལམ་གྱི་ངོ་བོའི་ལྷ་དང་བཅས་པ་བྱང་ཆུབ་སེམས་ཀྱིས་ཁྱབ་པར་གྱུར། བར་བསམ། སྐོལ་ཕོར་དུ་གཞུགས་ཤིང། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པའི་མཐར། ཨོཾ་བཛྲ་དྷརྨ་དྷ་ཏུ་གརྦྷེ་ཧཱུཾ། ཞེས་བཟླ་ཞིང། འབི་བིའི་རང་བཞིན་གྱི་ལམ་གྱི་ངོ་བོའི་ལྷ་ཚོགས་རྣམས་དང་སེམས་ཅན་ཐམས་ཅད་རྒྱུན་མཐའི་ལམ་གྱི་ངོ་བོ་ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་ཉིད་རྟོགས་པའི་ཡེ་ཤེས་ཟུང་དུ་འཇུག་པའི་སྒོ་ནས་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་པར་གྱུར། བར་བསམ། དེ་ནས་སྐོལ་ཕོར་ཤེས་རབ་སྟོང་བ་ཉིད་དང༌། ལག་པ་ཐབས་བདེ་བ་ཆེན་པོའི་ཡེ་ཤེས་དང་བརྡུང་བ་ནི་ཐབས་ཤེས་དབྱེར་མེད་དུ་བསྲུབ་པ་སྟེ་ལམ་གྱི་འབྲས་བུ་ཡང་དག་པའི་མཐའ་ཆོས་སྐུ་མངོན་དུ་བྱས་པར་གྱུར། བར་བསམ་ཞིང༌། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པའི་མཐར། ཨོཾ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཨ་ཀོ་ཡ་ཧཱུཾ་ཕཊ། ཞེས་བཟླ་བཞིན་བརྡུང༌། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པའི་མཐར། ཨོཾ་དྷརྨ་ར་ཏེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། སློབ་ལམ་གྱི་རྒྱུ་ལས་ཡང་དག་པའི་མཐའ་ཆོས་སྐུ་མངོན་དུ་བྱས་པ་ནི་སྐུ་གསུམ་གྱི་རང་བཞིན་ཆོས་ཀྱི་སྐུའི་ངོ་བོ། དེའི་སྨད་དགེ་བ་བཅུ་དང༌། བང་རིམ་དང་པོ་ནས་ཁ་ཁྱེར་གྱི་བར་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སོ་བདུན། སྲོག་ཤིང་ཤེས་པ་བཅུ་སྟེ་རྒྱུའི་ཆོས་བསོད་ནམས་ཀྱི་ཚོགས་སྤྲུལ་པའི་སྐུའི་ངོ་བོ། ཆོས་འཁོར་བཅུ་གསུམ་སྟོབས་བཅུ་མ་འདྲེས་པའི་དྲན་པ་ཉེ་བར་བཞག་པ་གསུམ་དང༌། ཆར་ཁེབ་ཐུགས་རྗེ་ཆེན་པོ། ཟླ་ཚེས་བྱང་ཆུབ་ཀྱི་སེམས། མེ་ལོང་ཡེ་ཤེས་བཞི། ཏོག་མངོན་ཤེས་དྲུག དར་གྱི་ཅོད་པཎ་དང་གདུགས་ཆོས་ཀྱི་རྒྱལ་པོར་གྱུར་པ། ཆུ་སྲིན་གྱི་རྒྱལ་མཚན་མཁའ་ལྡིང་གི་ཁ་ནས་བྱུང་བ་ཐོགས་པ་མེད་པའི་སྟོབས་དང་ཡེ་ཤེས་ཀྱི་ཤུགས་མངའ་བ། བ་དན་ཆོས་ཀྱི་གྲགས་པ་ཆེན་པོ། དྲིལ་བུ་སྙན་པ་ཕྱོགས་བཅུར་ཁྱབ་པ། རྡོ་རིང་མི་འཇིགས་པ་བཞི་བརྙེས་པ། ཐེམ་སྐས་སྲུང་བ་མེད་པ་གསུམ་དང་སོ་སོ་ཡང་དག་པ་རིག་པ་བཞི་དང༌། རྣམ་པར་ཐར་པའི་སྒོ་བཞི། དྲིལ་བུ་གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པའི་ངོ་བོ་སྟེ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཆོས་ཀྱི་སྐུ་དང༌།མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་ནི་སེམས་ཅན་ཀུན་གྱི་དབང་པོ་ཚིམ་པར་བྱེད་པ་ལོངས་སྤྱོད་རྫོགས་པའི་སྐུའི་ངོ་བོ་དང༌། སྐུ་གསུམ་གྱི་བདག་ཉིད་རྒྱུ་དང་འབྲས་བུའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་ནས་ཆོས་ཀྱི་སྐུ་ལས་མ་གཡོས་པར་གཟུགས་སྐུ་གཉིས་བྱུང་ནས་འཁོར་བ་མ་སྟོང་བར་ཏུ་འགྲོ་བའི་དོན་མཛད་པར་གྱུར། བར་བསམ་ཞིང༌། བསྐོལ་ཕོར་ནས་བྱུང་སྟེ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་མ་ཧཱ་སུ་ཁ་བཛྲ་སུ་ར་ཏ་ས་མ་ཡ་སྟྭཾ།ཆོས་སྐུའི་སེམས་ཅན་གྱི་དོན་མཛད་པར་གྱུར། དེ་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་སམྦྷོ་ཀཱ་ཡ་ས་མ་ཡ་སྟྭཾ། ལོངས་སྐུའི་དག་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པར་གྱུར། བར་བསམ། ཨོཾ་སརྦ་ཏ་ཐཱ་ག་ཏ་ནིརྨ་ཎ་ཀཱ་ཡ་ས་མ་ཡ་སྟྭཾ། སྤྲུལ་སྐུས་མ་དག་པའི་སེམས་ཅན་རྣམས་ཀྱི་དོན་མཛད་པར་གྱུར། བར་བསམ། རྗེས་མ་རྣམས་ལ་བསྡུས་ན། ཡིག་དྲུག་དང༌། ཨོཾ་བཛྲ་དྷརྨ་དྷ་ཏུ་གརྦྷེ་ཧཱུཾ། སྐོལ་ཕོར་དུ་གཞུགས་པར་བྱ། ཡིག་དྲུག་དང༌། ཨོཾ་བཛྲ་མུད་ག་ར་ཨ་ཀོ་ཊ་ཡ་ཨ་ཀོ་ཡ་ཧཱུཾ་ཕཊ། ཞེས་བཟླ་བཞིན་བརྡུང༌། སངས་རྒྱས་ཐམས་ཅད་ཀྱི་ཕྱག་རྒྱས་བཏབ་པར་བསམ།ཡིག་དྲུག་དང༌། ཨོཾ་དྷརྨ་ར་ཏེ་སྭཱ་ཧཱ། ཞེས་བརྗོད་ཅིང༌། བསྐོལ་ཕོར་ནས་བྱུང་བར་བྱའོ། །དེ་ནས་རབ་གནས་བྱ་སྟེ། འདི་ལ་ནི་གོང་དུ་ཚ་ཚ་དེ་སྐུ་གསུམ་གྱི་ངོ་བོ་རྒྱུ་འབྲས་ཀྱི་ཆོས་རྣམས་ཡོངས་སུ་རྫོགས་པར་སྒོམ་པས་དེ་དམ་ཚིག་སེམས་དཔར་བྱས་ནས་དེ་ལ་ཡེ་ཤེས་པ་བསྟིམ་པ་དབང་བསྐུར་བ་སོགས་བྱེད་པ་ཡིན་པར་གསུངས་པས་ཚ་ཚ་རྣམས་གདན་ལ་མཆོད་པ་དང་བཅས་པ་བཤམས་ནས། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་རང་བཞིན་གྱི་གནས་ནས་འཕགས་པ་སྤྱན་རས་གཟིགས་གཙོ་བོར་གྱུར་པའི་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུམ་མཐའ་ཡས་པ་སྤྱན་དྲངས་ཨོཾ་བཛྲ་ས་མ་ཛཿམ་ལུས་སེམས་ཅན། སོགས་དང༌། བཅོམ་ལྡན་བསྐལ་བ། སོགས་ནས། འཁོར་དང་བཅས་ཏེ་གཤེགས་སུ་གསོལ། །ཨོཾ་དྷརྨ་ཀཱ་ཡ་སམྦྷ་ཀཱ་ཡ་ས་པ་རི་ཝ་ར་ཨེ་ཧྱ་ཧི། ཛཿ་ཡེ་ཤེས་པ་རྣམས་སྐུ་གསུམ་གྱི་ངོ་བོ་མཆོད་རྟེན་གྱི་སྟེང་དུ་བྱོན། ཧཱུཾ་མཆོད་རྟེན་ལ་ཐིམ་ནས་རྣམ་པ་སོ་སོར་གསལ་བར་གྱུར། བཾ་རྣམ་པ་སོ་སོར་མེད་པར་དམ་ཚིག་པ་དང་དབྱེར་མི་ཕྱེད་པར་གྱུར། ཧོཿཡེ་ཤེས་པ་རྣམས་མཆོད་རྟེན་གྱི་རྣམ་པར་ཐུགས་དགྱེས་བཞིན་འགྲོ་བའི་དོན་ལ་བཞུགས་པར་གྱུར།བར་མོས་བཞིན། ཛཿཧཱུཾ་བཾ་ཧོཿམང་དུ་བརྗོད། སུ་པྲ་ཏིཥྛ། མང་དུ་བརྗོད་ཅིང་མེ་ཏོག་འཐོར་བས། ཡེ་ཤེས་པ་རྣམས་རྟེན་ལ་བརྟན་པར་བཞུགས་པར་གྱུར། བར་མོས། དབང་བསྐུར་བཞུགས་སུ་གསོལ་བའི་མཐར་བྱུང་ཡང་འདིར་ལག་ལེན་བདེ་ཞིང་འགལ་བ་ཡང་མེད་པས། རང་གི་སྙིང་གའི་འོད་ཟེར་གྱིས་དབང་ལྷ་རྒྱལ་བ་རིགས་ལྔ་སྤྱན་དྲངས། ཇི་ལྟར་བལྟམ་པ།སོགས་དང༌། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པའི་མཐར། ཨོཾ་བཛྲ་དྷཱ་ཏུ་ཤྭ་རི་མ་ཏིཥྛ་ཧཱུཾ་ཨ་བྷི་ཥིཉྩ་མཾ། ཞེས་གསུངས་ཞིང་དབང་བསྐུར། སྐུ་གང་དྲི་མ་དག་ཆུའི་ལྷག་མ་ཡར་ལུད་པ་ལས་འོད་དཔག་མེད་སོགས་རིགས་ལྔས་དབུ་རྒྱན། དབང་གི་ལྷ་རྣམས་ཀྱང་རྟེན་ལ་ཐིམ་པར་གྱུར། བར་བསམ་ལ། སུ་པྲ་ཏིཥྛས། རྟེན་ལ་དབང་བསྐུར་བ་དེ་བརྟན་པར་གྱུར། བར་མོས། དེ་ནས་མཆོད་པ་བྱིན་གྱིས་རླབས་ཏེ། འཇིག་རྟེན་འདིའམ་ཕྱོགས་བཅུའི་འཇིག་རྟེན་ན། །སོགས་ཀྱིས་ཉེར་སྤྱོད་ཕུལ། དེ་ནས། ཨོཾ་བཛྲ་ཨུ་ཥེ་སྭཱ་ཧཱ། ཞེས་པས་སྲོག་ཤིང་འབུལ་ཏེ་ཚྭ་ཚྭ་ལ་ལ་ཡང་མཚོན་བྱེད་ཙམ་ཕུལ་ནས།སེམས་ཅན་ཤེས་བཅུ་ལྡན་གྱུར་ཅིག །བསྟན་པ་ཡུན་རིང་གནས་པར་ཤོག །སེམས་ཅན་ལྷག་བསམ་དག་པ་ཡིས། །ཀུན་བཟང་སྨོན་ལམ་འཇུག་པར་ཤོག །འཁོར་ལོ་གསུམ་བསྐོན་ལ། ཨོཾ་སྲ་མ་ད་ན་ཡེ་སྭཱ་ཧཱ། ཁམས་གསུམ་སེམས་ཅན་མ་ལུས་པ། །སྟོབས་དང་མ་འདྲེས་ཆོས་དང་ནི། །དྲན་པ་ཉེར་བཞག་རྣམ་ཐར་བརྒྱད། །ཡེ་ཤེས་བཞི་སོགས་ལྡན་གྱུར་ཤོག །དར་གྱི་ཅོད་པན་ཕུལ་ལ།ཨོཾ་སད་ཀ་ལཾ་པ་སྭཱ་ཧཱ། སེམས་ཅན་རྣམས་ནི་མ་ལུས་པའི། །བདེ་བར་གཤེགས་པའི་སྐུ་གཟུགས་ལ། །དར་དང་ལྷབ་ལྷུབ་ལ་སོགས་པའི། །བྱང་ཆུབ་བར་ཏུ་མཆོད་པར་ཤོག །བ་དན་ཕུལ་ལ། པ་ད་ཀ་སྭཱ་ཧཱ། སེམས་ཅན་རྣམས་ནི་མ་ལུས་ལ། །ཕྱོགས་བཅུར་བསྟན་པའི་བ་དན་གྱིས། །འཚེ་བ་མེད་ཅིང་ཆོས་ལྡན་པས། །གྲགས་པས་རྒྱས་པར་འགེངས་པར་ཤོག །ཆུ་སྲིན་གྱི་རྒྱལ་མཚན་ཕུལ་ལ། ཀུམྦྷི་ར་དྷྭ་ཛ་སྭཱ་ཧཱ། འཁོར་བ་མ་སྟོང་བར་དུ་ནི། །བདུད་བཞི་དག་ལས་ལེགས་རྒྱལ་ནས། །སྟོན་པའི་བསྟན་པ་ཟབ་མོ་དག །མི་ནུབ་རྒྱལ་མཚན་ཐོབ་པར་ཤོག །གདུག་ཕུལ་ལ། ཨོཾ་པྲ་ན་ཡེ་སྭཱ་ཧཱ། ཁམས་གསུམ་སེམས་ཅན་མ་ལུས་པས། །ཉོན་མོངས་ཚད་པས་གདུང་བ་ལ། །ཐུགས་རྗེ་བྱང་ཆུབ་སེམས་ཀྱི་གདུགས། །ཕུབ་པས་བདེ་བས་ཚིམ་གྱུར་ཅིག །མེ་ཏོག་ཕུལ་ལ། ཨོཾ་རརྣ་མ་ལེ་དྲཾ། འཁོར་བའི་སེམས་ཅན་མ་ལུས་ཀུན། །མཚན་དང་དཔེ་བྱད་རྫོགས་ཐོབ་ནས། །བལྟ་བས་མི་ངོམས་གཟུགས་ཀྱིས་ནི། །སེམས་ཅན་དོན་རྣམས་རྫོགས་བྱེད་ཤོག །གདན་ཕུལ་ལ། ཨོཾ་སུ་ན་དྷ་རེ་ཛ་ཡེ་སྭཱ་ཧཱ། །སེམས་ཅན་མ་ལུས་སངས་རྒྱས་ཏེ། །སྟོབས་བཅུ་ལྡན་པ་གླང་པོའི་གདན། །མི་འཇིགས་སེང་གེའི་གདན་དང་ལྡན། །རྫུ་འཕྲུལ་རྐང་བ་རྟ་ཡི་གདན། །དབང་བཅུ་ཐོབ་པ་རྨ་བྱའི་གདན། །ཐོགས་མེད་ཤུགས་ལྡན་མཁའ་ལྡིང་གདན། །སྐྱོན་གྱི་མ་གོས་པདྨའི་གདན། །རང་བཞིན་འོད་གསལ་ཉི་ཟླ་ཡི། །གདན་རྣམས་མྱུར་ཏུ་ཐོབ་པར་ཤོག །ཅེས་བྱའོ། །དེ་ནས། ཨོཾ་དྷཱ་ར་དྷ་ར་མི་ལི་ཛ་ལེ་སྭཱ་ཧཱ། ཞེས་ཞལ་ཡས་ཁང་དུ་གཤེགས་སུ་གསོལ་ལོ། །ཇི་ལྟར་ཆོས་དབྱིངས་དག་པ་ཡི། །གནས་སུ་བསམ་ཤེས་བཞུད་པ་ལྟར། །བདག་སོགས་སེམས་ཅན་ཐམས་ཅད་ཀྱང༌། །དག་པའི་གནས་སུ་གཤེགས་གྱུར་ཅིག །དེ་ནས། ཨོཾ་སུ་པྲ་ཏིཥྛ་བཛྲེ་སྭཱ་ཧཱ། ཞེས་གཞུགས་སུ་གསོལ་ཏེ། རིན་ཆེན་གཞལ་ཡས་ཆོས་དབྱིངས་སུ། །སེམས་ཅན་དོན་དུ་བརྩེར་དགོངས་ལ། །ཇི་སྲིད་སེམས་ཅན་བྱང་ཆུབ་པར། །དེ་སྲིད་དུ་ནི་བཞུགས་པར་མཛོད། །དེ་ནས་ཚ་ཆོག་ཙམ་ལས་མི་བྱེད་ན་བུམ་བསྟོད་བཞིན། འགྲོ་བ་རྒྱུད་ལྔ། སོགས་ཀྱིས་བསྟོད། ཕྱོགས་བཅུ་ན་བཞུགས་པའི་ཞེས་སོགས་ཀྱིས་བརྟན་བཞུགས། །ཚེ་འདས་ལ་སྨོན་ལམ་གདབ་པ་དང༌། བཀྲ་ཤིས་རྣམས་བྱས་ཏེ་དཀྱིལ་འཁོར་དང་འབྲེལ་ན་རྗེས་ཀྱི་ཆོ་ག་བྱའོ། །

གསུམ་པ་མཆོད་རྟེན་ལ་བསྐྱེད་ཅིང་བཟླས་པའི་སྡིག་པ་སྦྱོང་བ།

གསུམ་པ་མཆོད་རྟེན་ལ་བསྐྱེད་ཅིང་བཟླས་པའི་སྡིག་པ་སྦྱོང་བ་ལ།

མཆོད་རྟེན་ལ་བསྐྱེད་བཟླས་ཀྱི་སྡིག་སྦྱོང་དངོས་ནི། ཡང་རྒྱུད་ལས། གཟུགས་སུ་བྱའམ་ཡང་ན་ནི། །མཆོད་རྟེན་གྱི་ནི་ལྟར་བྱས་ལ། །ཞེས་སོགས་དང༌། ཡང་ན་བརྒྱ་རྩ་བརྒྱད་དུ་བྱ། །སྔགས་དང་ཕྱག་རྒྱས་བཏབ་ནས་ཀྱང༌། །འབུམ་ཕྲག་གཉིས་ཀྱི་བར་ཏུ་བྱ། །དེ་ནས་མཆོད་རྟེན་འབར་གྱུར་རོ། །ཞེས་སོགས་ཀྱི་དགོངས་པ་ལ་བརྟེན་ནས་མཆོད་རྟེན་ལ་བརྟེན་པའི་སྡིག་སྦྱོང་བྱེད་པ་ནི། ཐོག་མར་བརྒྱུད་འདེབས་ཀྱི་མཐར། ཆོས་ཐམས་ཅད་རང་བཞིན་གྱིས་རྣམ་པར་དག་པའོ། །ཞེས་མི་གནས་པའི་འདུ་ཤེས་བསྐྱེད། ཚེ་ལས་འདས་པ་ཆེ་གེ་མོའི་གཙོ་བྱས་པའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བྱའོ། །སྡུག་བསྔལ་དང་བྲལ་བར་བྱའོ། །སྙམ་པའི་ངང་ནས། ངོ་མཚར་ཆེན་པོ་གྲངས་མེད་པའི་བརྩོན་འགྲུས་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་བདག་ལ་དགོངས་སུ་གསོལ། །བདག་གིས་སེམས་ཅན་ཐམས་ཅད་དབུགས་དབྱུང་ངོ༌། །བདུད་ལ་སོགས་པའི་ཕས་ཀྱི་རྒོལ་བ་བགེགས་དང་ལོག་འདྲེན་ཐམས་ཅད་ཕམ་པར་བགྱིའོ། །སེམས་ཅན་རྣམས་ཉིང་མཚམས་སྦྱོར་བའི་ཉོན་མོངས་པའི་རྙོག་པ་བསལ་བར་བགྱིའོ། །ང་རྒྱལ་གྱི་རི་བོ་བརྙིལ་བར་བགྱིའོ། །སྐྱེ་བའི་ལྗོན་ཤིང་རྩད་ནས་གཅོད་དོ། །འཆི་བདག་གི་ཉི་མ་ཕྱེ་མར་བརླག་གོ །མ་རིག་པའི་མུན་པ་བསལ་བར་བགྱིའོ། །མ་དད་པ་དང་ཕྱི་རོལ་བ་དག་དང་ལྟ་བ་ཕྱིན་ཅི་ལོག་པ་དག་ཡང་དག་པའི་ལྟ་བ་ལ་གཟུད་ཅིང་དད་པར་བགྱིའོ། །ལས་ཀྱི་ཆུ་བོ་བཟློག་པར་བགྱིའོ། །སྲིད་པའི་རྒྱ་མཚོ་བསྐམ་པར་བགྱིའོ། །ཆོས་ཀྱི་སྒྲོམ་མེ་རབ་ཏུ་སྦར་བར་བགྱིའོ། །བྱང་ཆུབ་ཀྱི་ལམ་ལ་བསྟེན་པར་བགྱིའོ། །བཟོད་པ་དང་ངེས་པ་ལ་གཟུད་པར་བགྱིའོ། །བསམ་གཏན་གྱི་བདེ་བ་ལ་ཆེར་བརྩལ་ཏོ། །འདོད་ཆགས་ཀྱི་མེ་དཔུང་ཞི་བར་བགྱིའོ། །ཞེ་སྡང་གི་མཚོན་རྣོན་བཅིལ་བར་བགྱིའོ། །བདེ་བ་ལ་གཟུད་དོ། །ཕྲག་དོག་གི་འཚུབ་མ་ཞི་བར་བགྱིའོ། །སེར་སྣའི་མདུད་པ་དགྲོལ་བར་བགྱིའོ། །སྡུག་བསྔལ་ཐམས་ཅད་ཞི་བར་བགྱིའོ། །འཇིགས་པ་མ་མཆིས་པར་བགྱིའོ། །བདེ་བ་ཆེན་པོའི་གྲོང་ཁྱེར་དུ་གནས་པར་བགྱིའོ། །དེ་བས་ན་བདག་ལ་ལས་ཀྱི་དངོས་གྲུབ་མཆོག་སྩོལ་ནས་གནང་བར་མཛད་དུ་གསོལ། ཞེས་བསམ་ཞིང་བརྗོད་ནས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་བདག་བུམ་བཟླས་པ་སྔོན་དུ་སོང་ནས་དཀྱིལ་འཁོར་གྱི་དབུས་སུ་ཚ་ཚ་བཞག་པའི་མཐའ་མཆོད་པས་བསྐོར་ནས།ཚ་ཚ་བསངས་སྦྱངས། སྟོང་པའི་ངང་ལས་མཆོད་རྟེན་གྱི་བུམ་པའི་ནང་དུ་རཾ་ལས་ཉི་མའི་སྟེང་དུ། ཞེས་པ་ནས། པདྨ་ཧྲཱིཿདང་བཅས་པ་ཡོངས་སུ་གྱུར་པ་ལས། ཚེ་ལས་འདས་པ་ཆེ་གེ་མོ་དེ་ཉིད་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟོན་ཀའི་ཟླ་བ། ཞེས་པ་ནས། རིགས་ལྔ་ཡེ་ཤེས་ལྔ་ཡི་དངོས་གྲུབ་སྩོལ། །ཅེས་པའི་བར་མདུན་བསྐྱེད་ལྟར་བྱའོ། །དེ་ནས་བཟླས་པ་ནི། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་ཐུགས་ཀར་པདྨ་དང་ཟླ་བའི་སྟེང་དུ། ཧྲཱིཿཡིག་དཀར་པོ་འོད་ཟེར་སྣ་ལྔ་འཕྲོ་བ་གནས་པར་གྱུར། དེའི་མཐར་ཡིག་དྲུག་དཀར་པོ་གཡས་སྐོར་སྦྲུལ་འཁྱིལ་བ་ལྟ་བུ་མི་གཡོ་བར་གནས་པ།དེ་ལས་ཡེ་ཤེས་ཀྱི་འོད་ཟེར་གྲངས་མེད་པ་འཕྲོས་ནས་འཕགས་པ་ཐུགས་རྗེ་ཆེན་པོའི་སྐུ་གྲངས་མེད་པའི་སྤྲིན་ཕུང་གིས་ནམ་མཁའི་མཐའ་ཀླས་ཤིང་ཆོས་ཀྱི་དབྱིངས་དང་མཉམ་པར་གྱུར་ནས་འཇིག་རྟེན་ཐམས་ཅད་བྱིན་གྱིས་རླབས་ནས་འགྲོ་བ་ཀུན་གྱི་དོན་མཛད་ཅིང་རེ་བ་བསྐངས་ནས་སླར་འདུས་ཚེ་ལས་འདས་པ་ཆེ་གེ་མོ་ལྷར་གསལ་བ་དེ་ཉིད་ཀྱི་དབུའི་སྤྱི་གཙུག་དང་ཐུགས་ཀར་ཐིམ་པས་ཚེ་རབས་ཐོག་མེད་ནས་བསགས་པའི་ལས་དང་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་རྣམ་པར་དག་སྟེ།ལུས་ངག་ཡིད་གསུམ་བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་སྐུ་གསུང་ཐུགས་སུ་གྱུར། བར་བསམ་བཞིན་གཟུངས་རིང་ཚར་གཅིག་གིས་སྣ་དྲངས་ཏེ། བཅུ་གཅིག་ཞལ་གྱི་སྙིང་པོ་དང༌། ཡི་གེ་དྲུག་པ་གཙོ་བོར་བཟླ་བར་བྱའོ། །སྤྲོ་བསྡུ་འདི་སྐབས་དང་སྐབས་སུ་ཡང་ཡང་བསྐྱར་བར་བྱ། དེ་ནས་མཆོད་པ་བྱིན་རླབས་བྱ། དེ་ནས་རབ་འབྱམས་རྒྱ་མཚོ་དཔག་མེད་ན། །ཞེས་སོགས་ཀྱི་ཉེར་སྤྱོད་དང༌། ཨོཾ་བཀྲ་ཤིས་ལྷ་མོ་སོགས་ཀྱིས་རྟགས་བརྒྱད་དང༌། གསེར་གྱི་འཁོར་ལོ་ནོར་བུ་རིན་པོ་ཆེ། །ཞེས་སོགས་ཀྱིས་སྣ་བདུན་དང༌། རྒྱལ་བའི་དཀྱིལ་འཁོར་མཆོད་ལ་མངོན་དགའ་བའི། །ཞེས་སོགས་ཀྱིས་རྣམ་ལྔ་དང༌། མེ་ལོང་ལི་ཁྲི་ཡུངས་དཀར་བིལྦ་དང༌།ཞེས་སོགས་ཀྱིས་རྫས་བརྒྱདཕུལ། དེ་ནས། འགྲོ་བ་རྒྱུད་ལྔ་འཁོར་བའི་དཀྱིལ་འཁོར་དུ། །ཞེས་སོགས་དང༌། དུས་གསུམ་བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །ཞེས་པ་ནས།མཆོག་ཏུ་དད་པས་ཕྱག་འཚལ་ལོ། །ཞེས་པའི་བར་གྱིས་བསྟོད། བདག་གིས་ཚེ་ལས་འདས་པ་ཆེ་གེ་མོའི་གཙོ་བྱས་པའི་སེམས་ཅན་རྣམས་ཀྱི་དོན་དུ་ཆོས་སྐུའི་གཟུགས་བརྙན་བཞེངས་སུ་གསོལ་ཏེ། མཆོད་ཅིང་བསྟོད་དེ་བསྒྲུབ་པ་ལ་སོགས་པ་རྣམ་པར་དག་པའི་དགེ་བའི་རྩ་བ་འདིས་ཆེ་གེ་མོ་ལ་སོགས་པའི་སེམས་ཅན་ཐམས་ཅད་འཁོར་བ་དང༌། དེའི་རྒྱུ་ལས་ཉོན་བག་ཆགས་ཐམས་ཅད་རྩད་ནས་གཅོད་དེ་སྐུ་གསུམ་ཡོངས་སུ་རྫོགས་པར་གྱུར་ཅིག །མཆོད་རྟེན་གཅིག་བྱས་པའི་ཀྱང་ཆེ་གེ་མོ་ལ་སོགས་པ་སེམས་ཅན་ཐམས་ཅད་ཚེ་རབས་བྱེ་བར་བསགས་པའི་སྡིག་པ་ཐམས་ཅད་བྱང་བར་གྱུར་ཅིག །ཞེས་སོགས་སྨོན་ལམ་རྒྱ་ཆེར་གདབ་བར་བྱའོ། །ཆོ་ག་འདི་ལ་བརྩོན་པས་ཚེ་འདས་ངན་སོང་ལས་གྲོལ་བའི་རྟགས་རྒྱུད་ལས།དེ་ནས་མཆོད་རྟེན་འབར་གྱུར་རམ། ཞེས་སོགས་འབྱུང་བ་ན་མཚན་གཅིག་ཏུ་མི་ཉལ་བར་མཆོད་རྟེན་ལ་བརྟེན་པའི་ཆོ་གའི་བཟླས་པ་བྱ་བ་ཡིན་ནོ། །ཚ་ཚའི་ཆོ་ག་རྐྱང་པའམ། ཚ་ཆོག་དང་མཆོད་རྟེན་ལ་བརྟེན་པའི་སྡིག་སྦྱོང་གི་ཆོ་གས་བསྒྲུབ་པའི་ཚ་ཚ་རྣམས་ནི་ལམ་གྱི་བཞི་མདོར་ཁང་བུ་བརྩེགས་པའི་མཆོད་རྟེན་ལ་བཞག་པ་དང༌། ཚ་ཚ་ཆུར་གཤེགས་པའི་སྒོ་ནས་སྡིག་སྦྱང་གི་ཚུལ་ཚ་ཚ་ཆུ་བོར་གཤེགས་པའི་ཆོ་ག་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་བདག་སྐྱེད་སྔོན་དུ་འགྲོ་བ་མ་གཏོགས་འཇམ་པའི་དབྱངས་ངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་མཛད་པའི་ཟླ་འོད་དཀར་པོའི་སྣང་བ་ལས་གསུངས་པ་དང་ཁྱད་མེད་པས་འདིར་མ་སྤྲོས་ལ། དེར་གསུངས་པ་ལྟར་བྱའོ། །

སྨྲས་པ།རྒྱལ་ཀུན་བརྩེ་བ་ཆེན་པོས་ཉེར་དགོངས་ནས། །འགྲོ་ཀུན་སྡུག་བསྔལ་ཚ་གདུང་སེལ་བའི་སྨན། །ལེགས་པར་མཁྱེན་ནས་དུས་ལས་མི་ཡོལ་བར། །ཞི་བསིལ་ཆོས་སྒོ་མཐའ་ཡས་སྟོན་པར་མཛད། །གང་གི་བརྩེ་ཆེན་ཀློང་ནས་རྡོལ་བ་ཡི། །ངན་སོང་སྡུག་བསྔལ་སྦྱོང་བའི་ཆོ་ག་ཀུན། །ཚུལ་བཞིན་བྱས་ན་སྡིག་ཅན་སྡིག་ལས་གྲོལ། །དེ་སླད་ཡིད་གཉིས་སྒྲོག་གིས་མ་བཅིངས་བར། །རྒྱལ་གསུང་རུས་ཆོག་ཐབས་ཚུལ་ལེགས་བརྩོན་ན། །འགྲོ་ཀུན་སྡིག་དང་སྡུག་བསྔལ་ལས་གྲོལ་ཏེ། །བླ་མེད་བྱང་ཆུབ་མྱུར་ཏུ་ཐོབ་པར་འགྱུར། །འདི་བྲིས་དགེ་བས་མཁའ་མཉམ་སེམས་ཅན་ཀུན། །སྲིད་ཞིའི་སྡུག་བསྔལ་ཚ་གདུང་རབ་ཞི་ནས། །འཕགས་མཆོག་སྤྱན་རས་གཟིགས་ཀྱི་གོ་འཕང་མཉེས། །ཕན་དང་བདེ་བའི་གནས་སུ་གྱུར་བར་སྨོན། །ཞེས་དཔལ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་ཆོ་གའི་སྒོ་ནས་ཚེ་འདས་ཀྱི་རུས་ཆོག་སྡུག་བསྔལ་ཚ་གདུང་ཞི་བའི་བདུད་རྩིའི་ཆུ་གཏེར་འདི་ནི་ཤུག་ནང་དགོན་གྱི་རྡོ་རྗེ་སློབ་དཔོན་དཀོན་གསལ་གྱིས་རྡོར་དྲིལ་དར་བཅས་གསུང་གིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །འདིས་ཀྱང་རྒྱལ་བསྟན་ཡུན་རིང་དུ་གནས་ནས་འགྲོ་བའི་སྡུག་བསྔལ་ཞི་བར་གྱུར་ཅིག ། །།སརྦ་མངྒ་ལཾ། །

རོ་ཆུ་ལ་དོར་བའི་སྡིག་སྦྱང་བྱེད་ཚུལ།

རོ་ཆུ་ལ་དོར་བའི་སྡིག་སྦྱང་བྱེད་ཚུལ་ཞེས་བྱ་བ་བཞུགས་སོ། །

འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། དེ་ལ་རུང་མཐུན་སྦྱར་བ་རོ་ཆུ་ལ་དོར་བའི་སྒོ་ནས་སྡིག་པ་སྦྱོང་བ་ནི། དེ་རོ་ཆུ་ལ་འདེབས་པ་ལ། རྒྱུད་ལས། རོ་ལ་སྔགས་ཀྱིས་བཏབ་ནས་ཀྱང༌། །ཆུ་ཆོག་གིས་ནི་བཀྲུ་བར་བྱ། ཞེས་པའི་རུང་མཐུན་གྱི་ཆོ་གས་སྡིག་སྦྱོང་བྱེད་ཚུལ་ནི། རོ་འདོར་བའི་ཆུ་ཁར་ནས་འཕགས་པ་སྤྱན་རས་གཟིགས་བཅུ་གཅིག་ཞལ་གྱི་བདག་བུམ་བསྒྲུབས་ནས་གནས་བདག་ལ་དཀར་གཏོར་གསེར་སྐྱེམས་འབུལ། ཆུ་བོ་བསངས་སྦྱངས། སྟོང་བའི་ངང་ལས་བཾ་ཡིག་ལས་བྱུང་བའི་ཆུ་བོ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོར་གྱུར། ཨོཾ་ཏསྟེ་ཏསྟེ་མ་ཧཱ་ཏསྟེ་སྭཱ་ཧཱ། ལན་གསུམ་གྱིས་བྱིན་གྱིས་རླབས།ཡང་ལྷའི་ཆུ་བོ་གངྒ་བཀུག་ནས་ཐིམ་པས་དག་བྱེད་ཀྱི་ཡེ་ཤེས་ཀྱི་རང་བཞིན་དུ་གྱུར། བར་བསམ་ལ། ཆུ་ལས་མཆོད་རྟེན་གྲུབ་པའི་རིག་པ་ཆེན་པོའི་སྔགས། ཨོཾ་ན་མསྟྲཻ་ཡ་དྷྭེ་སརྦ་ཏ་ཐཱ་ག་ཏ་ཧྲཱི་ད་གརྦྷེ། ཛྭ་ལ་དྷརྨ་དྷཱ་ཏུ་གརྦྷེ། སཾ་ཧ་ར་ཎ་ཨཱ་ཡུཿསཾ་ཤོ་དྷ་ཡ། སཱ་སཾ་སརྦ་ཏ་ཐཱ་ག་ཏ་ས་མནྟ། བི་མ་ལ་ཨུཥྞི་བི་ཤུདྡྷེ་མ་ཧཱ་བི་ར་ཛེ་ར་གམྦྷི་ར་སི། དྷརྨ་དྷཱ་ཏུ་བི་བི་སཱ་ར་ཨ་མ་མ་ཀི་སྭཱ་ཧཱ། ཞེས་པའི་ནུས་སྟོབས་ཀྱིས་ཆུ་བོ་དེ་ཉིད་སྐུ་གསུམ་ཡེ་ཤེས་ལྔ་ལས་གྲུབ་པའི་རྡུལ་ཕྲ་རབ་ཏུ་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་ཕྱོགས་བཅུའི་སངས་རྒྱས་དང་བཅས་པ་ཐམས་ཅད་ཀྱིས་བྱིན་རླབས་དང་ནུས་པ་ཐམས་ཅད་ཀྱང་འོད་ཟེར་གྱི་རྣམ་པར་བྱོན་ནས་དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་ཀྱི་རང་བཞིན་གྱི་ཆུ་བོ་ལ་ཐིམ། དེ་བཞིན་གཤེགས་པའི་རྡུལ་ཕྲ་རབ་རྣམས་ལས་ཀྱང་རེག་ཚད་ཀྱི་སྡིག་སྒྲིབ་དག་པར་ནུས་པའི་བདུད་རྩིའི་རྒྱུན་བྱུང་བས་ཚེ་འདས་ཀྱི་ལས་ངན་སྡིག་སྒྲིབ་ཐམས་ཅད་དག་པར་གྱུར། བར་བསམ་བཞིན། རོ་རྡོ་དང་སྦྲགས་ཏེ་ཆུའི་གཏིང་དུ་དོར། དེའི་ཁར་ཡང་གོང་བཞིན་བུམ་ཆུ་སྦྲེང་ཞིང༌། འདི་ནི་སྦྱིན་པས་རང་བཞིན། སོགས་རུས་སྦྱོང་གི་སྐབས་ལྟར་དམིགས་པ་སྤེལ་ཚིག་དང་བཅས་བཀྲུས་པས། ཚེ་འདས་ཀྱི་སྡིག་སྒྲིབ་དག་ནས་ངན་སོང་སྐྱེ་བའི་སྒོ་ཆད། བདེ་བ་དང་ལྡན་ཞིང་མདུན་དུ་འཁོད་པར་གྱུར། བར་དམིགས་ལ། དཀོན་མཆོག་རིན་ཆེན། སོགས་ལམ་བསྟན་ལ། པདྨ་འདམ་གྱིས། སོགས་ཀྱི་ཚེ་འདས་ཀྱིས་ལམ་སྦྱངས་ནས། བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞབས་དྲུང་དུ་པདྨའི་དབུས་སུ་བྱང་ཆུབ་སེམས་དཔའ་མངོན་ཤེས་་རྫུ་འཕྲུལ་དང་ལྡན་པ་ཞིག་ཏུ་སྐྱེས། མགོན་པོས་ཆོས་གསུངས་ཞིང་བསྒོམས་པས་སངས་རྒྱས་པར་གྱུར། བར་བརྗོད། སྨོན་ལམ་རྒྱ་ཆེར་གདབ། བཀྲ་ཤིས་བརྗོད། ཆོ་གའི་རྗེས་ཀྱི་བྱ་བ་རྣམས་བྱའོ། །འདིས་ཀྱང་འགྲོ་བ་རྣམས་སྡུག་བསྔལ་ལས་གྲོལ་བར་གྱུར་ཅིག །

མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་།

མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

ཕུལ་བྱུང་ཐུགས་བསྐྱེད་སྨོན་ལམ་རྩ་བ་བརྟན། །བསྐལ་མང་བསོད་ནམས་དཔལ་གྱི་འདབ་སྟོང་བཞད། །སྤངས་རྟོགས་ལོ་འདབ་འབྲས་བཟང་གཡུར་དུ་ཟ། །ཐུབ་དབང་པད་མ་དཀར་པོས་དགེ་ལེགས་སྩོལ། །མ་ལུས་སྐྱེ་དགུའི་བསོད་ནམས་གསོག་པའི་ཞིང༌། །སྲིད་ཞིའི་ཕུན་ཚོགས་མཐའ་དག་འབྱུང་བའི་གནས། །ཕྱི་ནང་གཞན་གསུམ་དུས་འཁོར་མཚོན་བྱེད་མཆོག །ལེགས་པར་བཞེངས་པའི་ཕན་ཡོན་མདོར་བསྡུས་བརྗོད། །དེ་ཡང་ལྷར་བཅས་འགྲོ་བ་ཡོངས་ཀྱི་བསོད་ནམས་ཀྱི་ཚོགས་གཉིས་གསོག་པའི་ཞིང༌། འཕྲལ་ཡུན་ཕན་བདེ་མ་ལུས་འབྱུང་བའི་གནས། སྐྱབས་དང་དད་པའི་ཡུལ་དུ་དཀོན་མཆོག་གི་རྟེན་གང་ཡིན་ཡང་བཞེངས་པ་དང་བསྙེན་བཀུར་རིམ་གྲོ་ཕྱག་བསྐོར་སོགས་བྱས་པ་སྤྱིར་བཟང་ཞིང༌། ཁྱད་པར་དུ་མཆོད་རྟེན་བཞེངས་པ་དང་དེ་ལ་བསྙེན་བཀུར་སོགས་བྱས་པ་ལྷག་ཏུ་བཟང་བའོ། །རྒྱུ་མཚན་མཆོད་རྟེན་ནི་སྐུ་གསུང་ཐུགས་རྟེན་གསུམ་གྱི་ནང་ནས་ཐུགས་རྟེན་ཡིན་པར་གསུངས་པ་དང༌། །ཡང་སྐུ་གསུམ་གྱི་ནང་ནས་གཙོ་བོ་ཆོས་སྐུའི་རྟེན་ཡིན་ཏེ། ལུང་ཞུ་བའི་འགྲེལ་པ་ལས། མཆོད་རྟེན་གྱི་གནས་ནི་ཆོས་ཀྱི་སྐུ་སྟེ་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུའི་བདག་ཉིད་དྲན་པ་ཉེར་བར་བཞག་པ་དང༌།རྫུ་འཕྲུལ་གྱི་རྐང་པ་དང༌། དབང་པོ་དང༌། སྟོབས་ལྔ་དང༌། བྱང་ཆུབ་ཡན་ལག་དང༌། མཁྱེན་པ་དང༌། སྟོབས་དང༌། ཐུགས་རྗེ་ཆེན་པོ་ལ་སོགས་པའི་ཡོན་ཏན་རྣམས་ཀྱི་གཟུགས་བརྙན་ཉིད་དུ་བསླབ་པ་ཡིན་པའི་ཕྱིར་རོ། །ཞེས་ཐུགས་ཟག་མེད་ཡེ་ཤེས་ཆོས་སྐུའི་མཚོན་བྱེད་ཡིན་པ་གསལ་བར་གསུངས་པ་དང༌། བྱམས་མགོན་དང་ཀླུ་སྒྲུབ་སོགས་ཀྱིས་ཀྱང་དེ་བཞིན་དུ་གསུངས་སོ། །གཞན་ཡང་དགེ་བའི་རྩ་བ་ཡོངས་སུ་སྡུད་པའི་མདོ་ལས། གསལ་རྒྱལ་གྱིས་ཞུས་པ་དྲི་མེད་རྣམ་པ་གཉིས། པད་དཀར་རྣམ་གསུམ། འཇམ་དཔལ་རྩ་རྒྱུད་སོགས་ལས་མཆོད་རྟེན་གྱི་ཕན་ཡོན་ཆེ་བར་གསུངས་པ་བཞིན། མཆོད་རྟེན་བཞེངས་པ་དང་དེ་ལ་བསྙེན་བཀུར་སོགས་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བའི་ཕྱིར་ཕན་ཡོན་ཅན་གྱི་མཆོད་རྟེན་བཤད་པ་ལ། ༈སྤྱིར་མཆོད་རྟེན་ཞེས་པའི་ཐ་སྙད་དང་ལོ་རྒྱུས་ཇི་ལྟར་དར་ཚུལ་ལས་བརྩམས་ནས་མཆོད་རྟེན་གྱི་དབྱེ་བ་བསྟན་པ་དང༌། མཆོད་རྟེན་བཞེངས་བའི་ཕན་ཡོན་གཉིས་ལས། དང་པོ་ནི། མཆོད་རྟེན་ཞེས་པའི་ཐ་སྙད་ནི། སཾསྐྲྀཏའི་སྐད་དུ་ཙཻཏྱཾ་ཞེས་པ་བོད་སྐད་དུ་མཆོད་རྟེན་སྟེ། མཆོད་པའི་ཞིང་ངམ་རྟེན་གྱི་དོན་ཡིན་པར་གསུངས་སོ། །སྔོན་གྱི་མཆོད་རྟེན་དང་དེའི་དབྱེ་བ་ནི། གཟུངས་འཇུག་འཁྲུལ་སྤོང་ལས། རང་བཞིན་ལྷུན་གྲུབ་མཆོད་རྟེན།བླ་ན་མེད་པའི་མཆོད་རྟེན། བྱིན་གྱིས་རླབས་པའི་མཆོད་རྟེན། དངོས་གྲུབ་འབྱུང་བའི་མཆོད་རྟེན། ཐེག་པ་སོ་སོའི་མཆོད་རྟེན་དང་ལྔར་གསུངས་པ་ལས། དང་པོ་ནི། དུས་ཀྱི་འཁོར་ལོའི་བསྡུས་རྒྱུད་ལས། དེ་ལྟར་ངེས་པར་འཇིག་རྟེན་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་འཁོར་ལོ་མཆོད་རྟེན་རང་བཞིན་ཡིན་ནོ། །ཞེས་དང༌། དུས་འཁོར་འགྲེལ་ཆེན་དྲི་མེད་འོད་ལས། ལྷུན་པོ་དང་འཇིག་རྟེན་གྱི་ཁམས་ནི་མཐའ་དག་རྒྱལ་བའི་སྐུ་སྟེ་མཆོད་རྟེན་གྱི་དངོས་པོ། ཞེས་སོགས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་སྡེ་རྩ་འགྲེལ་ལས་གསལ་བ་ལས་དུས་འཁོར་གྱི་མཆོད་རྟེན་གྱི་མཚོན་དོན་ནི། ཕྱི་དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར་སོགས་ཕྱི་སྣོད་ཀྱི་འཇིག་རྟེན་དང༌། ནང་དུས་ཀྱི་འཁོར་ལོ་ཁམས་དྲུག་ལྡན་གྱི་སྐྱེས་བུའི་རྩ་རླུང་ཐིག་ལེ་དང་སྐྱེ་འཆི་བར་དོ་སོགས་རྡོ་རྗེ་ལུས་ཀྱི་གནས་ཚུལ་དང༌། གཞན་དུས་ཀྱི་འཁོར་ལོ་ནི། དཔལ་དུས་ཀྱི་འཁོར་ལོའི་སྐུ་གསུང་ཐུགས་གསུམ་གྱི་རྟེན་བརྟེན་པའི་དཀྱིལ་འཁོར་སོགས་གསང་བ་ལམ་བསྐྱེད་རྫོགས་དང༌། ཡང་གསང་དོན་དམ་པའི་བདེ་གཤེགས་སྙིང་པོའི་སྐུ་གསུང་སོགས་མཚོན་པ་སོགས་ཡིན་པར་གསུངས་ལ་འདིར་དེ་ཙམ་ལས་མ་སྤྲོས་སོ། །གཉིས་པ་ནི། ཐིག་ལེ་དབང་གི་རྒྱུད་ལས། ཤར་དུ་བྱམས་པ་རྡོ་རྗེ་བརྩེགས། །ལྷོ་རུ་སྙིང་རྗེ་རིན་ཆེན་བརྩེགས། །ནུབ་ཏུ་དགའ་བ་པདྨ་བརྩེགས། །བྱང་དུ་བཏང་སྙོམས་རྒྱ་གྲམ་བརྩེགས། །ཞེས་ཚད་མེད་བཞིས་རིགས་བཞི་གྲུབ་ཚུལ་དང་སྦྱར་ནས་མཆོད་རྟེན་ཡིན་པར་གསུངས་སོ། ། གསུམ་པ། འཁོར་ལོ་འབྱུང་བའི་རྒྱུད་ལས། བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་སྣང༌། །ཞེས་པས་བྱིན་རླབས་སྐུ་གདུང་ཆ་བརྒྱད་གླིང་བཞིར་ཡོད་ཚུལ་གསུངས་པ་དང༌། བཞི་པ་ནི། སྔོན་ཧེ་རུ་ཀས་དྲག་པོ་བཏུལ་བའི་ཚེ་ཡུལ་ཆེན་པོ་བརྒྱད་ཀྱི་དུར་ཁྲོད་དུ་མ་མོ་ཆེན་མོ་བརྒྱད་ཀྱི་དངོས་གྲུབ་འབྱུང་བའི་མཆོད་རྟེན་རེ་རེ་བྱུང་བ་ནི། མ་ག་དྷར་མཆོད་རྟེན་བདེ་བྱེད། སིངྒ་ལར་རི་བོ་ཏ་ལ། བལ་པོར་བྱ་རུང་ཁ་ཤོར། སཱའ་ལའང་གྱད་ཡུལ་དུ་གོ་མ་སཱ་ལ། ལི་ཡུལ་དུ་འགེའུ་དེ་ཤན། ཁ་ཆེའི་ཡུལ་དུ་ཀ་ནི་ཀ ཨོ་རྒྱན་དུ་དྷརྨ་ཙཀྲ། ཟ་ཧོར་དུ་བདེ་སྤྱོད་གཞོན་ནུའི་མཆོད་རྟེན་དང་བརྒྱད་ཡོད་པར་བདུད་རྩི་ཆེན་པོ་མཆོག་གི་རྒྱུད་བམ་པོ་སོ་བཞི་པ་ལས་གསུངས་སོ། །ལྔ་པ་ཐེག་པ་སོ་སོའི་མཆོད་རྟེན་ལ་དབྱེ་ན་གསུམ་ལས།དང་པོ། ཆོས་གོས་བཞི་བལྟབ་ཀྱི་སྟེང་དུ་ལྷུང་བཟེད་ཁ་སྦུབ་པ་ལ་འཁར་གསིལ་བཙུགས་པའི་དབྱིབས་ཅན་ཉན་ཐོས་ཀྱི་མཆོད་རྟེན། རྨང་གྲུབ་བཞི་པའི་སྟེང་དུ་ངོས་གྲུ་བཞི་བང་རིམ་ཟླུམ་པོ་བཅུ་གཉིས་པ་འཁོར་ལོ་རྩིབས་བརྒྱད་པ་ཅན་རང་རྒྱལ་གྱི་མཆོད་རྟེན། དེ་བཞིན་གཤེགས་པའི་སྐུ་གདུང་ཆ་བརྒྱད་དུ་བགོས་པའི་མཆོད་རྟེན་ལ་སོགས་པ་ནི་ཐེག་ཆེན་གྱི་མཆོད་རྟེན་དུ་བཞེད་པ་དང༌། ཀླུ་སྒྲུབ་ཀྱིས་ལྷུང་བཟེད་ཁ་སྦུབས་པ་ལྟ་བུའི་མཆོད་རྟེན་གསུམ་གསུངས་པ་དང༌།ཡང་རྒྱུད་སྡེ་སོ་སོའི་མཆོད་རྟེན་ལ། དམ་པ་དང་པོའི་སངས་རྒྱས་ཀྱི་ཡེ་ཤེས་ལེའུ་ལས་གསུངས་པ་སོགས་བླ་མེད་སྤྱི་དང་གཉིས་སྐོར་རོ། །རྡོ་རྗེ་བཀོད་པ་སོགས་རྣལ་འབྱོར་རྒྱུད་སྐོར་ལ་སོགས་ལས་བྱུང་བའི་མཆོད་རྟེན་དུ་མ་ཡོད་དོ། །

གཉིས་པ་མཆོད་རྟེན་བཞེངས་བའི་ཕན་ཡོན།

གཉིས་པ་མཆོད་རྟེན་བཞེངས་བའི་ཕན་ཡོན་ནི།

དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན་བཞེངས་བའི་ཕན་ཡོན་དང་འབྲེལ་ནས་སྤྱིར་མཆོད་རྟེན་བཞེངས་པའི་རྣམ་དཀར་གྱི་དགེ་ཚོགས་ཀྱི་ཕན་ཡོན་མཐའ་ཡས་པ་ཡོད་དེ། རྨད་དུ་བྱུང་བའི་མདོ་ལས། འཛམྦུའི་གླིང་དཔག་ཚད་བདུན་སྟོང་ཡོད་པ་དང༌།ལུས་འཕགས་གླིང་དཔག་ཚད་བརྒྱད་སྟོང་ཡོད་པ་དང༌།བ་ལང་སྤྱོད་དཔག་ཚད་དགུ་སྟོང་ཡོད་པ་དང༌། སྒྲ་མི་སྙན་དཔག་ཚད་སྟོང་ཕྲག་བཅུ་པ་དང༌། ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བྱེད་རྣམས་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། དད་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་རྒྱུན་དུ་ཞུགས་པ་དང༌། ལན་གཅིག་ཕྱིར་འོང་བ་རྣམས་དང༌། ཕྱིར་མི་འོང་བ་རྣམས་དང༌།དགྲ་བཅོམ་པ་རྣམས་དང༌། རང་སངས་རྒྱས་རྣམས་དང༌། ཕྱོགས་བཅུའི་དགེ་སློང་གི་དགེ་འདུན་ལ་ཕུལ་བ་བས། གང་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་རའི་འབྲུ་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ། རྒྱ་ཀུག་གི་ལོ་ཙམ་གྱི་གདུགས་གསོལ་ནས།ནས་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ། ཡུངས་འབྲུ་ཙམ་གྱི་རིང་བསྲེལ་བཅུག་ན་དེ་བས་བསོད་ནམས་ཆེའོ་ཞེས་ང་སྨྲ་འོ། །ཞེས་དང༌། དམ་པའི་ཆོས་པདྨ་དཀར་པོའི་ཐབས་མཁས་པའི་ལེའུ་གཉིས་པ་ལས། རྒྱལ་བ་མྱ་ངན་འདས་པ་དེ་དག་གི །རྒྱལ་བའི་རིང་བསྲེལ་དག་ལ་སུས་མཆོད་ཅིང༌། །རིན་ཆེན་མཆོད་རྟེན་སྟོང་ཕྲག་དུ་མ་དང༌། །གསེར་དང་དངུལ་དང་འོན་ཏེ་ཤེལ་གྱིའམ། །རྡོ་ཡི་སྙིང་པོ་མཆོད་རྟེན་གང་གིས་བྱས། །བཻཌཱུརྱ་མཆོག་དེ་བཞིན་ཨིནྡྷ་རྙིལ། །ལ་ལས་མུ་ཏིག་ཀེ་ཀེ་རུ་ལས་བྱས། །དེ་དག་གིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །གང་གིས་མཆོད་རྟེན་རྡོ་ལས་བྱས་པ་དང༌། །གང་གི་ཨ་ཀ་རུ་དང་ཙན་དན་ནམ། །གང་གི་ཐང་ཤིང་མཆོད་རྟེན་བྱས་པ་དང༌། །ལ་ལས་ཤིང་མང་གཞན་ལས་བྱས་པ་དང༌།ས་དང་སོ་ཕག་ལས་ནི་བརྩེགས་པ་ཡི། །རྒྱ་བའི་མཆོད་རྟེན་དགའ་བཞིན་བྱས་པ་དང༌། །དེ་ཕྱིར་ས་རྡུལ་ཕུང་པོ་དག་ལས་ཀྱང༌། །མྱ་ངན་དགོན་པ་དག་ཏུ་བྱས་པ་དང༌། །བྱིས་པ་རྩེད་མོར་དགའ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དག༌། །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང༌། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང༌། ས་ཡི་སྙིང་པོ་འཁོར་ལོ་བཅུ་པ་ལས། སྟོང་གསུམ་གང་བའི་དགྲ་བཅོམ་པ་རྣམས་ཀྱི་བཀྲོལ་ཏེ་བསྙེལ་ཏེ་བཀུར་བ་བས།སངས་རྒྱས་ཀྱི་རིང་བསྲེལ་གྱི་ཕྱིར་མཆོད་རྟེན་བརྩེགས་པ་བསོད་ནམས་མང་བར་གསུངས། ལས་རྣམ་པར་འབྱེད་པའི་མདོར། རྒྱལ་པོའི་རིགས་སུ་སྐྱེ་བ་ནས་མྱ་ངན་ལས་འདས་པའི་བར་གྱི་ཕན་ཡོན་བཅོ་བརྒྱད་གསུངས་པ་བཞིན། གནས་སྐབས་མཐར་ཐུགས་གཉིས་ཀའི་ཕན་ཡོན་དང༌།དེ་བཞིན་དུ་དགྲ་ལས་རྒྱལ་བ། ལུས་རྒྱས་པ། ལོངས་སྤྱོད་འཕེལ་བ་སོགས་ཚེ་འདིར་མཐོང་ཆོས་ཀྱི་ཕན་ཡོན་ཡང་དུ་མ་ཡོད་དེ། གསལ་རྒྱལ་གྱིས་ཞུས་པ་ལས། ཐུབ་པའི་དབང་པོའི་མཆོད་རྟེན་བཞེངས་པ་ཡིས། །མྱ་ངན་རྣམས་བསལ་ལུས་ཀུན་རྒྱས་པ་དང༌། །གཙོ་བོར་གྱུར་པ་རིན་ཆེན་མཛོད་མང་དང༌། །ས་སྟེང་དགྲ་ཡི་ཚོགས་ལས་རྒྱལ་བར་འགྱུར། །ཞེས་དང༌། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོའི་བམ་པོ་བཅོ་ལྔ་པ་ལས༌། གང་ཞིག་ལམ་གྱི་བཞི་མདོག་ནི། །འཇིག་རྟེན་མཆོད་པའི་མཆོད་རྟེན་བྱེད། །དེ་ཡི་གྲགས་པ་འཕེལ་བར་འགྱུར། །ཕན་ཚུན་དུ་ནི་རྩོད་པ་ཡི། །ཉན་ཐོས་བྱེ་བ་རྣམས་མཐོང་ནས། །གཅིག་ལ་གཅིག་ནི་བཟོད་གསོལ་ཏེ། །དེ་དག་རྣམས་ནི་མཐུན་བྱེད་པ། །དགེ་བའི་རྩ་བ་དེ་ཡིས་སུ། །མི་འཇིགས་དཔལ་བོར་འགྱུར་བ་ཡིན། །སྲེད་མེད་བུ་ལྟར་འཁྲིགས་པ་ཡི། །ལུས་ནི་མངོན་པར་གྲུབ་པ་ཡིན། །ཞེས་འཁྲུགས་རྩོད་སོགས་ཉེར་འཚེ་ཐམས་ཅད་ཞི་བར་གསུངས་པ་སོགས་གནས་སྐབས་ཀྱི་ཕན་ཡོན་དང་དེ་བཞིན་སངས་རྒྱས་ཀྱི་གོ་འཕང་སོགས་མཐར་ཐུག་གི་ཕན་ཡོན་དཔག་དུ་མེད་པ་ཐོབ་ཚུལ་ནི། གསལ་རྒྱལ་གྱིས་ཞུས་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམ་པ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་ཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་ངེ་འཛིན། །ཕུན་སུམ་ཚོགས་པའི་ས་མཆོག་མྱང་ནས་སུ། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡི། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །ཞེས་གསུངས་པ་བཞིན། མཆོད་རྟེན་རྗོགས་པར་བཞེངས་པ་ལ་གནས་སྐབས་དང་མཐར་ཐུག་གི་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡོད་པ་མ་ཟད་དེའི་ནང་དུ་འཇིམ་གོང་གཅིག་ཙམ་ཞིག་འཇོག་པ་དང་སྲོག་ཤིང་ཙམ་འཛུགས་པ་ཡང་ཕན་ཡོན་ཤིན་ཏུ་ཆེ་ཚུལ།ལུང་གཞི་ལས། གང་ཞིག་རབ་དྭངས་སེམས་ཀྱིས་སངས་རྒྱས་ཀྱི། །མཆོད་རྟེན་ལ་ནི་འཇིམ་གོང་འཇོག་བྱེད་ན། །ཛམྦུ་ཆུ་བོའི་གསེར་གྱི་གར་བུ་ནི། །སྟོང་ཕྲག་བརྒྱས་ཀྱང་དེ་དང་མཉམ་པ་མིན། །ཞེས་དང༌། རྒྱལ་པོ་གསལ་རྒྱལ་ལ་ཚིགས་སུ་བཅད་པའི་མདོ་ལས། ཐུབ་དབང་མཆོད་རྟེན་བྱེད་པའི་མི་རྣམས་ལ། །མྱ་ངན་ཡོངས་མེད་ལུས་ཀུན་བརྟན་པ་དང༌། །ལོངས་སྤྱོད་མཆོག་ལྡན་རིན་ཆེན་མཛོད་མང་ལྡན། །དགྲ་ཡི་ཚོགས་རྣམས་ཀྱང་ནི་ཐུབ་པར་འགྱུར། །རྒྱལ་བའི་མཆོད་རྟེན་སྲོག་ཤིང་ཕུལ་བ་ཡིས། །ཆོས་དང་རྗེས་མཐུན་ཆོས་ལ་སྒྲུབ་པ་དང༌། །ཚུལ་ཁྲིམས་ཐོས་དང་བཟོད་པའི་མཆོག་དང་ལྡན། །འཇིག་རྟེན་དག་ན་དོན་ཀུན་གྲུབ་པར་འགྱུར། །མཆོད་རྟེན་མཆོག་ལ་གདུགས་བརྩེགས་ཕུལ་བ་ཡིས། །ལྷ་དང་མི་ཡི་ནང་ན་སྐྱེ་བ་དང༌། །སྲེད་མེད་བུ་ཡི་ལུས་འདྲ་ལུས་ཀུན་བརྟན། །བཀུར་སྟི་བྱ་བའི་ཡོན་ཏན་ལྡན་པར་འགྱུར། །ཐུབ་དབང་མཆོད་རྟེན་རྡོ་ཐལ་བྱུགས་པ་ཡིས། །ལྷ་མིའི་འཇིག་རྟེན་དག་ན་ཚེ་རིང་ཞིང༌། །ལུས་སེམས་ནད་དང་མྱ་ངན་བྱེད་སྤངས་ཏེ། །རྟག་ཏུ་སྐྱིད་ཅིང་ནོར་གྱིས་ཕྱུག་པར་འགྱུར། །གསེར་དངུལ་སྤ་བའི་གླེགས་མས་གཡོག་པ་ཡི། །ཐུབ་པའི་དབང་པོའི་མཆོད་རྟེན་བྱས་པ་ཡིས། །མི་རྣམས་སྲིད་པའི་ཁྱད་པར་གཞན་དག་ཏུ། །ལུས་མཁྲེགས་འོད་ཀྱང་འབར་ཞིང་མཛེས་པར་འགྱུར། །ཞེས་དང༌། སློབ་དཔོན་དཔའ་བོས། བདེ་བར་གཤེགས་པའི་མཆོད་རྟེན་ལ། །དགའ་བས་སྲོག་ཤིང་འཛུགས་བྱེད་ཅིང༌། །གདུགས་དང་དྲིལ་བུ་རྣམས་དང་ནི། །གདུགས་ཀྱི་ཕྲེང་བ་འབུལ་བྱེད་པ། །དེ་དག་མིར་ནི་རྒྱ་ཆེ་ཞིང། །དཔལ་ནྀ་ཕུན་སུམ་ཚོགས་པ་ཐོབ། །མིར་གྱུར་པ་ནི་མ་ལུས་པའི། །བདག་པོ་ཉིད་ནི་སྟོབས་དང་ལྡན། །དཔུང་རྒྱན་མུ་ཏིག་རྒྱན་ལྡན་པ། །ས་རྣམས་སྦྱིན་པར་བཏང་བ་ལས། །ཡིན་པ་རུ་ནི་མཁས་པས་འཆད། །མཆོད་རྟེན་དང་ནི་རྒྱལ་བ་ཡི། །སྐུ་མཆོག་རྣམས་ནི་བཞེངས་བྱེད་པ། །གདུགས་ལྡན་སྐུ་གདུང་འཛུག་བྱེད་པ། །མཐོ་རིགས་ཡང་དག་འདིར་ཐོབ་ནས། །མི་རྣམས་ཀྱིས་ཀྱང་བསྟོད་པར་འགྱུར། །ཞེས་དེ་ལྟར་སྔར་མེད་པའི་ས་ཕྱོགས་སུ་མཆོད་རྟེན་ཡོངས་རྗོགས་དང༌། ཆ་ཤས་ལག་འབྲེལ་ཙམ་དང་དེས་གྲོགས་བྱེད་པ་ལ་ཕན་ཡོན་ཆེ་བར་མ་ཟད། སྔར་ཡོད་ཞིག་གསོ་བྱེད་པ་དང་གས་ཆགས་བསུབ་པ་ཙམ་སྐུ་དཀར་དང་ཚོན་མདངས་གསལ་བ་ཙམ་བྱས་ན་ཕན་ཡོན་ཆེ་ཚུལ།དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། ཤྭ་ར་དྭ་ཏིའི་འདི་ལ་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པའི་མཆོད་རྟེན་ཞིག་པ་མཐོང་ནས་བཅོས་པའི་ཕྱིར་སྤྲོ་བར་བྱེད་ཅིང༌།ཐ་ན་འཇིམ་པའི་གོང་བུ་གཅིག་ཙམ་ཏང་བར་བརྩིགས་པར་བྱེད་པ་ཡིན། ཞེས་པ་ནས། ལྷ་ཡུལ་དུ་མངོན་པར་འཛེགས་པར་བྱེད་པའི་དེ་བཞིན་གཤེགས་པའི་མཆོད་རྟེན་བརྩེགས་པར་བྱེད་པ་ཡིན། ཞེས་པའི་བར་གསུངས་པ་དང༌། ཡང་དེ་ཉིདལས། སངས་རྒྱས་མཆོད་རྟེན་མཐོང་ནས་སུ། །ཞིག་པ་ཕྱིར་ནི་བཅོས་པར་བྱ། །དེ་ཕྱིར་སྟོབས་ནི་ཆེ་བ་དང༌། །ལུས་ཆེ་བ་དང་མི་འཇིགས་འགྱུར། །ཞེས་དང༌། དོན་རྣམ་པར་ངེས་པའི་མདོ་ལས། དེ་བཞིན་གཤེགས་པའི་སྐུ་སྲེད་མེད་ཀྱི་བུ་ཆེན་པོ་ལྟ་བུར་ཀུན་ཏུ་མཛེས་པ་འདི་ནི་སྔོན་དེ་བཞིན་གཤེགས་པའི་སྐུ་གཟུགས་བྱས་པ་དང༌། མཆོད་རྟེན་ཞིག་པ་བཅོས་པ་དང༌། གཞན་དག་འཇིགས་པ་དབུགས་དབྱུང་བ་བྱས་པས་འགྲུབ་ཅེས་གསུངས་པ་དང༌། བྱ་བའི་རྒྱུད་ཀུན་ནས་སྒོར་འཇུག་པའི་འོད་ཟེར་གཙུག་ཏོར་དྲི་མ་མེད་པའི་སྣང་ལས། མཆོད་རྟེན་གྱི་ལས་བྱས་ན་ཚེ་ཟད་པ་ལས་སླར་ནུར་ཏེ་ཚེ་རིང་པོར་སྦྱོང་པར་བྱེད་དོ། །གལ་ཏེ་ཤི་འཕོས་ན་ཡང་སྦྲུལ་གྱི་པགས་པ་བརྗེས་པ་བཞིན་དུ་ལུས་བོར་ནས་སྐལ་བ་མཉམ་པས་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་འགྲོ་བར་འགྱུར་རོ། །ཕྱིད་ཆད་སེམས་ཅན་དམྱལ་བ་དང༌།དུད་འགྲོ་དང༌། གཤིན་རྗེའི་རྟེན་དང༌། ངན་འགྲོར་འགྲོ་ཞིང་སྐྱེ་བར་མི་འགྱུར་རོ། །ཕྱིན་ཆད་སེམས་ཅན་དམྱལ་བའི་སྒྲ་རྣ་ལམ་དུ་གྲག་པར་མི་འགྱུར་ན། འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་ལྟ་སྨོས་ཏེ་གནས་མེད་དོ། །ཞེས་དང༌། ཤེས་པ་ཐམས་ཅད་མཐར་ཕྱིན་པར་གྲུབ་པའི་མཆོད་རྟེན་གྱི་གཟུངས་ལས། འབྱུང་བ་ཆེན་པོ་གང་ལ་མཆོད་རྟེན་བཏབ་ཀྱང་བསྐལ་པ་དཔག་ཏུ་མེད་པ་ཐམས་ཅད་ཀྱི་སྒྲིབ་པའི་དྲི་མ་དག་ནས། ཁྱིམ་བདག་གི་རིགས་ཤིང་སཱ་ལ་ཆེན་པོ་ལྟ་བུར་སྐྱེས་ནས་ས་བཅུ་རིམ་གྱིས་བགྲོད་དེ་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ཐོབ་པར་འགྱུར་རོ། །གསེར་དང་དངུལ་དང་བཻཌཱུརྱ་ལ་སོགས་པ་ལ་མཆོད་རྟེན་བཏབ་ན། དེ་གདོན་མི་ཟ་བར་རྒྱལ་རིགས་ཤིང་སཱ་ལ་པ་ཆེན་པོ་ལྟ་བུར་སྐྱེས་ནས་རྡོ་རྗེ་འཛིན་པའི་ས་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་པ་བཞིན་བྱང་ཆུབ་ཀྱི་སེམས་དང་དད་གུས་སོགས་བྱས་ན་ལྟ་ཅི། མ་ཟད་རྩེད་མོ་བཞད་གད་བྱེད་པའི་སྒོ་ནས་འཇིམ་པ་སོགས་ལས་མཆོད་རྟེན་བྱེད་ན་དེས་ཀྱང་མཐར་ཐུག་སངས་རྒྱས་ཐོབ་པ་སོགས་ཕན་ཡོན་རྒྱ་ཆེར་གསུངས་ཏེ། འཕགས་པ་སངས་རྒྱས་ཀྱི་སྟོབས་བསྐྱེད་པའི་ཆོ་འཕྲུལ་བསྟན་པའི་མདོ་ལས། གང་གིས་དེ་བཞིན་གཤེགས་པ་ལ་མཆོད་པའི་ཕྱིར་བཞད་གད་དམ། ཀུ་རེའམ་བྱིས་པའི་ཀྱལ་ཀའམ། རྩེད་མོར་བྱས་པས་འཇིམ་པ་ལས་མཆོད་རྟེན་བྱེད་ན། དེ་དག་ཐམས་ཅད་སྡུག་བསྔལ་མཐར་བྱས་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་འཚང་རྒྱ་བར་འགྱུར༌། ཞེས་དང༌། དམ་ཆོས་པད་དཀར་ལས། བྱིས་པ་རྩེད་མོར་དགའ་དང་དེ་དག་ཏུ། །གང་གི་རྒྱལ་བ་དེ་ཕྱིར་མཆོད་རྟེན་དང༌། །བྱེ་མ་ལས་ནི་ཕུང་པོ་བྱས་པ་ཡང༌། དེ་རྣམས་ཀྱིས་ཀྱང་བྱང་ཆུབ་ཐོབ་པར་འགྱུར། །ཞེས་སོགས་རྒྱལ་བའི་བཀའ་ཚད་མར་གྱུར་པའི་ཁུངས་དང་ལྡན་པ་གཞིར་བཅས་ཤིང༌། འདི་དག་སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པའི་གནས་ཡིན་པས་ཕལ་པའི་བློར་ཤོང་དཀའ་ཡང་དོན་བསླུ་བ་མེད་དེ་དཔེར་ན་ཁྱིམ་བདག་དཔལ་སྐྱེས་སྔོན་སྲིན་བུར་སྐྱེས་པ་ཆུས་ཁྱེར་ཏེ་མཆོད་རྟེན་ལ་སྐོར་བ་ཞིག་བྱས་པས་ཐར་པའི་ས་བོན་བཞག་ནས་སྟོན་པའི་དྲུང་དུ་དགྲ་བཅོམ་ཐོབ་པར་ལུང་ལས་གསུངས་པ་བཞིན་མཁས་གྲུབ་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་གསུངས་པ་ཡིད་ཆེས་པར་བྱའོ། །ཁྱད་པར་དུ་དཔལ་དུས་ཀྱི་འཁོར་ལོའི་མཆོད་རྟེན་འདི་ཉིད་དུས་འཁོར་རྩ་རྒྱུད་དང་བསྡུས་རྒྱུད་སོགས་ལས་བསྟན་པ་ཡིན་ཞིང༌། ཕྱི་ནང་གཞན་གསུམ་གྱི་དུས་འཁོར་མཚོན་བྱེད་ཡིན་པས་མཆོད་རྟེན་དེ་བཞེངས་ན་དཔལ་དུས་ཀྱི་འཁོར་ལོའི་རྟེན་ཞལ་ཡས་ཁང་དང་བརྟེན་པ་ལྷ་དྲུག་བརྒྱ་སོ་དྲུག་གི་དཀྱིལ་འཁོར་ཡོངས་རྫོགས་བཞེངས་བའི་ཕན་ཡོན་ཐོབ་པར་འགྱུར་རོ། །མཆོད་རྟེན་ལ་ཕྱག་མཆོད་བཀུར་སྟི་བྱས་པའི་ཕན་ཡོན་ནི། བདེ་བར་གཤེགས་པའི་མཆོད་རྟེན་ལ་མཆོད་པའི་བྱེ་བྲག་མི་འདྲ་བ་སྣ་ཚོགས་ཕུལ་པ་དང་ཕྱག་སྐོར་ཐལ་སྦྱར་རྡུལ་ཕྱགས་བྱས་པ་སོགས་ལ་བསྐལ་བ་དུ་མར་ངན་སོང་དུ་མི་ལྟུང་བ་སོགས་ཕན་ཡོན་གྱི་རྣམ་གྲངས་དཔག་དུ་མེད་པ་ཡོད་དེ། མེ་ཏོག་རྩེགས་པའི་གཟུངས་ལས། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་ན་མཆོད་རྟེན་རྣམས་ལ་མེ་ཏོག་འགའ་འབུལ་ལམ། ཞེས་པ་ནས། བདུག་སྤོས་འབུལ་ལམ། མར་མེ་འབུལ་ཏེ་ཕུལ་ནས་དགའ་བའི་སེམས་ཀྱི་གོམ་པའི་གར་སྟབས་འགའ་བོར་ཏེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ཞེས་སྨྲས་པ་དེ་དག་ནི། ཞེས་པ་ནས། བསྐལ་བ་བརྒྱ་སྟོང་དུ་ཡང་ངན་འགྲོ་ལོག་པར་ལྟུང་བའི་གནས་སུ་འགྲོ་བར་འགྱུར་བ་དེའི་གནས་མེད་དོ། །ཞེས་གསུངས་སོ། །དེ་ཙམ་ལས་ཚིག་ཚོགས་མང་དུ་དོགས་ནས་མ་སྤྲོས་པ་ལས་བཀའ་བསྟན་རྣམས་ལས་རྟེན་གསུམ་ལ་མཆོད་སོགས་བྱས་པའི་ཕན་ཡོན་མཐའ་ཡས་པ་གསུངས་སོ།

སྨྲས་པ། གང་གི་ཐུགས་བསྐྱེད་སྨོན་ལམ་ལས་བྱུང་བའི། །དཔལ་ལྡན་རྒྱུད་ཀྱི་རྒྱལ་བོའི་མཆོད་རྟེན་ལ། །ཇི་སྲིད་འབྱུང་བཞིའི་གནོད་པས་མ་ཞིག་བར། །སྲིད་གསུམ་སྐྱེ་དགུའི་མགོན་དུ་རྟག་གནས་ཤོག །རྟེན་མཆོག་འདི་ཉིད་མཐོང་ཐོས་དྲན་རེག་དང༌། །བཟང་ངན་ལས་ཀྱི་འབྲེལ་བ་ཐོགས་ཚད་ཀུན། །ཕྱི་ནང་ཉེར་འཚེའི་གནོད་པ་ཀུན་བྲལ་ཏེ། །དཔལ་ལྡན་དུས་འཁོར་མཆོག་གི་སར་གནས་ཤོག །ཆོས་ལྟར་བཅོས་པས་སྙེད་བསྐུར་ཕྱིར་མིན་པའི། །རྒྱལ་བསྟན་སྙིང་པོ་འཛིན་པའི་སྐྱེས་ཆེན་རྣམས། །རིས་མེད་འཁོར་ལོ་གསུམ་གྱི་མཛད་བཟང་གིས། །ཞབས་པད་བརྟན་ཅིང་བཞེད་དོན་འགྲུབ་པར་ཤོག །ཅེས་མཆོད་རྟེན་ཀྱི་ཕན་ཡོན་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི་རྡོ་རྨད་ཛ་མགོའི་བླ་མ་ཆོས་མཛོད་ཀྱིས་བསྐུལ་ངོར་དངོས་གྲུབ་དཔལ་གྱིས་སྔོན་བྱོན་དམ་པའི་གསུངས་ལས་བཏུས་པའོ། །

རྡོར་ཤུགས་ཀྱི་བསྐང་བསྡུས།

རྡོར་ཤུགས་ཀྱི་བསྐང་བསྡུས་ཞེས་བྱ་བ་བཞུགས་སོ། །

ཨོཾ་ཨ་ཧཱུཾཿ དཔལ་ལྡན་དུས་འཁོར་དྲག་པོའི་སྐུར་སྤྲུལ་བ། །ཁྲོ་བོའི་དབང་པོ་རྡོ་རྗེ་ཤུགས་འཁོར་བཅས། །དྲི་མཆོག་ལ་སོགས་མཆོད་པ་བཅུ་གཉིས་སོགས། །འབུལ་ལོ་བཞེས་ནས་བསྟན་པ་རྒྱས་པར་མཛོད། །ཅེས་པ་འདི་ནི་རྡོ་རྗེ་སློབ་དཔོན་མཐོང་གསལ་གྱི་བཀས་བསྐུལ་བའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ། །

རྡོ་རྗེ་འཇིགས་བྱེད་ཀྱི་བསྐང་བསྡུས།

རྡོ་རྗེ་འཇིགས་བྱེད་ཀྱི་བསྐང་བསྡུས་ཞེས་བྱ་བ་བཞུགས་སོ། །

ཧཱུཾཿབཅོམ་ལྡན་རྡོ་རྗེ་འཇིགས་བྱེད་ལྷ་ཚོགས་རྣམས། །ཐུགས་རྗེས་སྤྲུལ་བས་གནས་འདིར་གཤེགས་སུ་གསོལ། །གཟུགས་སྒྲ་ལ་སོགས་མཚོད་སྤྲིན་ཚོགས་ལ་རོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཅེས་པ་འདི་ནི་བླ་མ་མཐོང་གསལ་གྱི་བཀའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ། །

དཔལ་རྟ་འགྲིན་གྱི་བསྐང་བསྡུས།

དཔལ་རྟ་འགྲིན་གྱི་བསྐང་བསྡུས་བཞུགས་སོ། །ཧཱུཾཿ རང་བཞིན་རྣམ་དག་ཆོས་ཀྱི་དབྱིངས་ཉིད་ལས། །པདྨ་དབང་ཆེན་དཀྱིལ་འཁོར་འདིར་གཤེགས་ལ། །སྙིང་རྗེས་དབང་གིས་མཆོད་པ་འདི་བཞེས་ནས། །འགལ་རྐྱེན་བྲལ་ཞིང་ཆོས་མཐུན་འགྲུབ་པར་ཤོག །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

ཕུར་བ་རྡོ་རྗེ་གཞོན་ནུའི་བསྐང་བ།

ཕུར་བ་རྡོ་རྗེ་གཞོན་ནུའི་བསྐང་བ་བཞུགས་སོ། །

དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སོགས། །འཁོར་དང་བཅས་ལ་ཕྱག་འཚལ་མཆོད་པ་འབུལ། །བྱང་ཆུབ་ལམ་ལ་བགྲོད་པའི་གྲོགས་མཛད་ནས། །ཞི་རྒྱས་དབང་དྲག་རྣམ་བཞིའི་དངོས་གྲུབ་སྩོལ། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

སྒྲོལ་མའི་བསྐང་བསྡུས།

སྒྲོལ་མའི་བསྐང་བསྡུས་ཞེས་བྱ་བ་བཞུགས་སོ། །རྒྱལ་ཡུམ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས། །བདག་སོགས་འགྲོ་ལ་བརྩེ་བས་ཉེར་དགོངས་ནས། །ཟག་མེད་ཀུན་བཟང་མཆོད་པ་དམ་པ་འབུལ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

གུར་མགོན་གྱི་བསྐང་བ།

གུར་མགོན་གྱི་བསྐང་བ་བཞུགས་སོ། །

ཧཱུཾཿ བསྟན་སྲུང་དཔལ་ལྡན་མ་ཧཱ་ཀཱ་ལ་དང༌། །ཡུམ་ཆེན་ཨེ་ཀ་ཛ་ཏི་འཁོར་བཅས་ཀུན། །དགྱེས་པའི་མཆོད་རྫས་དམ་པ་འདི་བཞེས་ལ། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛོད། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

མགོན་པོ་ཟངས་གྲི་ཅན་གྱི་བསྐང་བ།

མགོན་པོ་ཟངས་གྲི་ཅན་གྱི་བསྐང་བ་བཞུགས་སོ། །ཧཱུཾཿ དཔལ་ལྡན་ལས་ཀྱི་མགོན་པོ་ཟངས་གྲི་ཅན། །འཁོར་བཅས་གནས་འདིར་གཤེགས་ལ་བྱིན་ཆེན་ཕོབས། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ་བར་བགྱི། །བླ་མེད་བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །

ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

མགོན་པོ་ཕྱག་དྲུག་པའི་བསྐང་བ།

མགོན་པོ་ཕྱག་དྲུག་པའི་བསྐང་བ་བཞུགས་སོ། །ཧཱུཾཿ མྱུར་མཛད་སྤྱན་རས་གཟིགས་སྤྲུལ་ཕྱག་དྲུག་པ། །དམ་ཅན་རྒྱ་མཚོའི་དམག་ཚོགས་དང་བཅས་པ། །མཆོད་སྦྱིན་ཟག་མེད་གཏོར་མ་འདི་བཞེས་ལ། །བཤད་སྒྲུབ་བསྟན་པ་རྒྱས་པའི་གྲོགས་མཛོད་ཅིག །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

དཔལ་ལྡན་དྲཀྴད་ཀྱི་བསྐང་བ

དཔལ་ལྡན་དྲཀྴད་ཀྱི་བསྐང་བ་བཞུགས་སོ། །ཧཱུཾཿ དཔལ་ལྡན་དྲཀྴད་ལྕམ་དྲལ་འཁོར་བཅས་ལ། །རྣལ་འབྱོར་བདག་གིས་བསྐུལ་ཕྱིར་གནས་འདིར་བྱོན། །མཆོད་སྤྲིན་རྒྱ་མཚོ་ལེགས་པར་བཞེས་ནས་ཀྱང༌། །ངེས་དོན་བསྟན་པ་རྒྱས་པར་མཛད་དུ་གསོལ། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

རྣམ་ཐོས་སྲས་ཀྱི་བསྐང་བ།

རྣམ་ཐོས་སྲས་ཀྱི་བསྐང་བ་བཞུགས་སོ། །

ཧྲཱིཿ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་བཅས། །འགྲོ་རྣམས་དབུལ་ཕོངས་འཇིགས་ལས་སྐྱོབ་པའི་ཕྱིར། །མཆོད་གཏོར་རྒྱ་ཆེན་བཟང་པོ་འདི་བཞེས་ནས། །ཐུགས་རྗེས་མགོན་མེད་སྡུག་བསྔལ་སེལ་བར་མཛོད། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

རྣམ་སྲས་མདུང་དམར་ཅན་གྱི་བསྐང་བ།

རྣམ་སྲས་མདུང་དམར་ཅན་གྱི་བསྐང་བ་བཞུགས་སོ། །གནོད་སྦྱིན་རྒྱལ་པོ་རྣམ་སྲས་མདུང་དམར་ཅན། །གནས་འདིར་སྤྱན་འདྲེན་མཆོད་ཅིང་སྟོད་ཕྱག་འཚལ། །བསྟན་ལ་སྡང་བའི་འཇིགས་པ་ཀུན་བསྒྲལ་ནས། །ཐུབ་བསྟན་བཤད་སྒྲུབ་འཕེལ་ཞིང་རྒྱས་པར་མཛོད། །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

མགོན་པོ་ཞལ་བཞི་པའི་བསྐང་བ།

མགོན་པོ་ཞལ་བཞི་པའི་བསྐང་བ་བཞུགས་སོ། །ཧཱུཾཿ ནག་པོ་ཆེན་པོ་གདོང་བཞི་པ། །སྤྱན་འདྲེན་གནས་མཆོག་འདིར་བྱོན་ནས། །མཆོད་ཅིང་བསྟོད་དེ་ཉམས་ཆགས་བཤགས། །བྱང་ཆུབ་སྒྲུབ་པའི་གྲོགས་མཛོད་ཅིག །ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

བསྟན་སྲུང་རཱ་ཧུ་ལའི་བསྐང་བ།

བསྟན་སྲུང་རཱ་ཧུ་ལའི་བསྐང་བ་བཞུགས་སོ། །ཧྲཱིཿ བསྟན་སྲུང་ཆེན་པོ་གཟའ་བདུད་རཱ་ཧུ་ལ། །ཤ་ཁྲག་མཆོད་པ་རྒྱ་ཆེན་འདི་མཆོད་དོ། །རྩ་བརྒྱུད་བླ་མའི་བཀའ་ལས་མི་འདའ་བར། །གང་བཅོལ་འདོད་དོན་སྒྲུབས་པར་མཛད་དུ་གསོལ། །ཅེས་པ་འདི་ནི་བླ་མ་མཐོང་གསལ་གྱི་བཀའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ། །

རྡོ་རྗེ་ཚེ་རིང་མའི་བསྐང་བ།

རྡོ་རྗེ་ཚེ་རིང་མའི་བསྐང་བ་བཞུགས་སོ། །ཧཱུཾཿ རྡོ་རྗེ་གཙོ་མོ་བཀྲ་ཤིས་ཚེ་རིང་མ། །རྣལ་འབྱོར་འགྱུར་མེད་བདེ་ཆེན་ཐོབ་བྱའི་ཕྱིར། །གནས་འདིར་ཕེབས་ནས་མཆོད་པ་བཞེས་ནས་ཀྱང༌། །སྒྲུབ་བརྒྱུད་བསྟན་པ་རྒྱས་པར་མཛད་དུ་གསོལ། །ཅེས་པ་འདི་ནི་བླ་མ་མཐོང་གསལ་གྱི་བཀའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ། །

དཔལ་ནགས་སྨན་མའི་བསྐང་བ།

དཔལ་ནགས་སྨན་མའི་བསྐང་བ་བཞུགས་སོ། །བྷྱོཿ གངས་ལྗོངས་དབེན་པའི་གནས་མཆོག་དམ་པ་ནས། །ནག་སྨན་རྒྱལ་མོ་འཁོར་བཅས་འདིར་བྱོན་ནས། །གང་འདོད་མཆོད་སྤྲིན་མཐའ་ཡས་འདི་བཞེས་ལ། །ངེས་གསང་བསྟན་པ་རྒྱས་པའི་འཕྲིན་ལས་སྩོལ། །ཅེས་པ་འདི་ནི་བླ་མ་མཐོང་གསལ་གྱི་བཀའི་ངོར་སིདྡྷི་ཤྲཱི་ནས་བྲིས་པའོ། །

རླུང་རྟ་བསྡུས་པ།

རླུང་རྟ་བསྡུས་པ་བཞུགས་སོ། །ཨོཾ བསླུ་མེད་བླ་མ་དཀོན་མཆོག་གསུམ། །ཆོས་སྐྱོང་སྲུང་མའི་ལྷ་ཚོགས་ཀྱིས། །བདག་ཅག་སྲོག་ལུས་དབང་ཐང་སོགས། །བཀྲ་ཤིས་རླུང་རྟ་དར་བར་ཤོག །

ཅེས་པ་འདི་ནི་སིདྡྷི་ཤྲཱི་ནས་བྲིས་པའོ། །

རྒྱལ་ཀུན་གསང་གསུམ་སྒྱུ་འཕྲུལ་འཕྲིན་ལས་མ།།

རྒྱལ་ཀུན་གསང་གསུམ་སྒྱུ་འཕྲུལ་འཕྲིན་ལས་མ། །དཔལ་ལྡན་མ་ཅིག་ནགས་སྨན་རྒྱལ་མོ་ལ། །ཕྱི་ནང་གསང་བའི་ཀུན་བཟང་མཆོད་པའི་སྤྲིན། །ལེགས་པར་འབུལ་ལོ་ཐུགས་དམ་བསྐང་ནས་སུ། །སྔོན་གྱི་ཞལ་བཞེས་དམ་ལས་མི་འདའ་བར། །ཐུབ་བསྟན་སྙིང་པོ་མདོ་སྔགས་ངེས་གསང་བསྟན། །ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་པ་སོགས། །རྣལ་འབྱོར་བཅོལ་བའི་འཕྲིན་ལས་འགྲུབ་པར་མཛོད། །ཅེས་ནགས་སྨན་མའི་བསྐང་བསྡུས་མཆོད་སྤྲིན་རྒྱ་མཚོ་འདི་ནི་ས་དམར་དགོན་རྡོ་རྗེ་སློབ་དཔོན་དཀོན་གསལ་དང་བྱ་ཡུལ་རྡོ་རྗེ་སློབ་དཔོན་བླ་མ་མཐོང་གསལ་རྣམ་གཉིས་ཀྱིས་བཀས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་བྲིས་པ་དགེའོ། །

བསང་མཆོད་འདོད་དོན་ཀུན་འགྲུབ།

བསང་མཆོད་འདོད་དོན་ཀུན་འགྲུབ་བཞུགས་སོ། །རཾ་ཡཾ་ཁཾ༌། ཨོཾ་ཨཱཿཧཱུྃ་ལན་གསུམ།མཆོད་མགོ་གཅིག གཉིས་སུམ་སོགས་ནས། བཅུ་གསུམ་བར་བྱ། ཡང་ན་བསང་འབུམ་རྩི་བར་བྱ། དེ་ནས་མཆོད་དང་པོ་ལྷ་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཡུལ་ལྷ་གཞི་བདག་ནོར་ལྷ་གཏེར་བདག དྲིན་ཅན་རྩ་བའི་བླ་མ་མི་མངོན་ཆོས་ཀྱི་དབྱིངས་ན་བཞུགས་པའི་ཆོས་སྐུ་རྡོ་རྗེ་འཆང་ཆེན། ལོངས་སྐུ་དུས་ཀྱི་འཁོར་ལོ། སྤྲུལ་སྐུ་ཤཱཀྱ་ཐུབ་པ། ཆོས་རྒྱལ་སུམ་ཅུ་རྩ་ལྔ། རྒྱ་གར་གྲུབ་ཆེན་བརྒྱད་ཅུ། སློབ་དཔོན་པདྨ་འབྱུང་གནས། བོད་ཀྱི་རྗེ་འབངས་ཉེར་ལྔ། རྗེ་བཙུན་འཕགས་མ་སྒྲོལ་མ། ལྷ་མོ་འོད་ཟེར་ཅན་མ། རིགས་གསུམ་མགོན་པོ། ཇོ་ནང་ཡབ་སྲས་བཅོ་ལྔ། སྐུ་གསང་བ་འདུས་པ། གསུང་མ་ཧཱ་མ་ཡ། ཐུགས་དགྱེས་མཛད་རྡོ་རྗེ། ཡོན་ཏན་འཁོར་ལོ་བདེ་མཆོག འཕྲིན་ལས་རྡོ་རྗེ་འཇིག་བྱེད། ཁྲོ་རྒྱལ་རྡོ་རྗེ་ཤུགས་འཁོར། གསང་བདག་འབྱོང་བོ་འདུལ་བྱེད། ཡི་དམ་རྟ་མཆོག་རོལ་བ། ཕུར་བ་རྡོ་རྗེ་གཞོན་ནུ། ཆོས་སྐྱོང་གི་གཙོ་བོ་དཔལ་ལྡན་གུར་གྱི་མགོན་པོ། ཡུམ་ཆེན་ཨེ་ཀ་ཙ་ཏི། དཔལ་ལྡན་ལྷ་མོ། གནོད་བཞིན་ཡབ་ཡུམ། པུ་ཊ་མིང་སྲིང༌། རུ་འདྲེན་སྡེ་བཞི་ལས་མགོན་ཟངས་གྲི་བེར་ནག་མྱུར་མཛད་ཕྱག་དྲུག་མགོན་པོ། ངེས་དོན་གྱི་བསྟན་སྲུང་བདུད་མགོན་དྲཀྴད་ནག་པོ།རྒྱལ་བོ་ཆེན་པོ་རྣམ་ཐོས་སྲས་འཁོར་གནོད་བཞིན་རྟ་བདག་བརྒྱད་དང་བཅས་པ་དང༌། ནོར་བདག་གི་རྒྱལ་བོ་རྣམ་སྲས་མདུང་མར་ཅན། ཞིང་སྐྱོང་གདོང་བཞི་ཡབ་ཡུམ། ཕུར་སྲུང་དམ་ཅན་བཅུ་གཉིས། དཔལ་ལྡན་དམག་ཟོར་རྒྱལ་མོ། སྨན་བཙུན་ཚེ་རིང་མཆེད་ལྔ། གཟའ་རྒོད་ཁྱབ་འཇུག་ཆེན་པོ། ཡབ་རྡོ་རྗེ་སྲིན་པོ། ཡུམ་རྡོ་རྗེ་གློག་འགྱུ། ཕྱིའི་གཟའ་ཆེན་བརྒྱད། ནང་གི་གདོང་མོ་བཞི། རྒྱུ་སྐར་ཉེར་བརྒྱད། བོད་གངས་ཅན་གྱི་སྟོད་མངའ་རི་སྐོར་གསུམ་བར་དབུས་གཙང་རི་བཞི་སྨད་ཀྱི་མདོ་ཁམས་སྒང་དྲུག་ལ་གནས་པའི་མགུར་ལྷ་བཅུུ་གསུམ་སྲིད་པ་ཆགས་པའི་ལྷ་དགུ། བོད་ཀྱི་བསྟན་མ་བཅུ་གཉིས། དགེ་བསྙེན་ཉེར་གཅིག་སོགས་དང་ཨ་མྱེ་རྨ་ཆེན་སྤོམ་ར་རྨ་རིགས་སུམ་བརྒྱ་དྲུག་ཅུ་རྨ་འཁོར་སྟོང་དང་དགུ་བརྒྱ་སོགས་དང༌། ཤར་སྟོད་ཀྱི་གཉན་པོ་གཡུ་རྩེ། ཤར་གྱི་སྒོ་སྲུང་ལྷ་ཡི་ཐོད་དཀར། ལྷོ་ཡི་སྒོ་སྲུང་ཥེ་རྩེ་གཉན་ཅན༌། ནུབ་ཀྱི་སྒོ་སྲུང་རྫ་ཡི་གསེར་ཁྲབ། བྱང་གི་སྒོ་སྲུང་ཕ་འོང་གྲུ་བཞི། སྒོ་ཟུར་གཡས་ན་ལྷ་གཡག་དཀར་བོ། སྒོ་ཟུར་གཡོན་ན་རྒྱ་སྟག་དམར་བོ་གཉན་དམག་བརྒྱད་ཁྲི་བཞི་སྟོང་མཚོ་སྨན་སུམ་བརྒྱ་དྲུག་ཅུ་ཡང་སྨན་དགུ་ཁྲི་དགུ་འབུམ་དང་བཅས་པ་དང༌། ཡང་དགོས་སུ་རང་ཡུལ་གྱི་གཞི་བདག་༼ཙོང་ཡི་རི་རྒྱལ་ཕྱུག་མོ་ཡུལ་ལྷ་བཀྲ་ཤིས་དཀར་འཛོམ་བྲག་ནག་ཤན་པ་འབུམ་སྡེ། གཙོ་ཆེན་གཡང་རི་དཀར་བོ༽་སོགས་ཕ་རི་གཡས་ལ་གནས་པ། ཚུར་རི་གཡོན་ལ་གནས་པ་འབབ་པ་ཆུ་ལ་གནས་པ་སྐྱེས་པ་ཤིང་ལ་གནས་པ་སོགས་ལྷ་ཀླུ་གཞི་བདག་འཁོར་དང་བཅས་པ་ཁྱེད་རྣམས་ལ་བསང་མཆོད་འདོད་དགུ་རྒྱ་ཆེན་པོ་འདི་འབུལ་ལོ། །དེ་ལ་བརྟེན་ནས་བྱིན་རླབས་ན་བུན་འཐིབ་འཐིབ་ཀྱིས། དངོས་གྲུབ་ཆར་བ་འབབ་འབབ་ཀྱིས། འཕྲིན་ལས་གློག་དམར་འཁྱུག་འཁྱུག་ཀྱིས། དྲག་རྩལ་ཐོག་རྒོད་ཡར་ཡར་ཀྱིས། མགོ་མི་འཕྱུག་གི་རྨོག་དཀར་གྱི་ཏོག་འཕྲུ་མཛོད། ལུས་མི་འཕྱུག་ཁྲབ་དཀར་གྱི་རྒྱུན་ཐག་མཛོད། བསམ་པ་ལམ་ལ་འགྲོ་དགོས། འདོད་པ་ལག་ཏུ་འོང་དགོས། མང་བོའི་ནང་ནས་དགེ་དང་སྤྲོད། ཉུང་ཉུང་ནང་ནས་དོན་དང་སྤྲོད། ཨ་མཁྱེན་པའི་ཡེ་ཤེས་ཅན་བརྩེ་བའི་ཐུགས་རྗེ་ཅན་མཛད་པའི་འཕྲིན་ལས་ཅན་སྐྱོབས་པའི་ནུས་མཐུ་ཅན། ཁྱེད་རྣམས་ཀྱིས་བདག་ཅག་གི་རྐང་གཉིས་མི་ལ་ན་ཙ་མ་བཏང༌། རྐང་བཞི་ཕྱུགས་ལ་གོད་ཁ་མ་བཏང། ཞིང་གི་ས་ལ་བཙའ་སད་སེར་གསུམ་མ་བཏང༌། དགྲ་ཁ་དྲག་ཡོད་ན་དགྲ་མགོ་བཅག་གི་ཐོ་བ་ཀྱིས། གདོན་དངོས་དྲག་ཡོད་ན་གདོན་སྙིང་ཕུད་ཀྱི་ལྕགས་ཀྱུ་ཀྱིས། འདྲེ་ཁ་ཞུགས་ཡོད་ན་འདྲེ་མཆུ་བཅིང་གི་ཞགས་པ་ཀྱིས། རྐུས་ལག་ཞུགས་ཡོད་ན་རྐུན་ལག་བཅད་ཀྱི་རལ་གྲི་ཀྱིས། མཁས་པའི་ལྕེ་འོག་མ་བཏང༌། དཔའ་བོའི་མཚོན་འོག་མ་བཏང༌། བཙན་པོའི་ཁྲིམས་འོག་ཏུ་མ་བཏང༌།སྔགས་པའི་མཐུ་འོག་ཏུ་མ་བཏང༌། མགྱོགས་པའི་བང་འོག་ཏུ་མ་བཏང༌། བསོད་ནམས་མར་གྱི་རི་བོ་མ་ཞུ། ཁ་རྗེ་འོ་མའི་རྒྱ་མཚོ་མ་སྐམ། དབུ་འཕང་རིན་ཆེན་གདུག་དཀར་གྱི་ཡུ་བ་མ་ཐུང༌། ཤེས་དཔྱོད་གསེར་གྱི་ཉ་མོའི་གཤོག་རྩལ་མ་ཞན། བསོད་ནམས་གཏེར་ཆེན་བུམ་པའི་ལྟོ་བ་མ་རལ། དབང་ཐང་པདྨའི་ཡལ་ག་མ་འཐོར། སྙན་གྲགས་དུང་དཀར་གཡས་འཁྱིལ་གྱི་རྒྱང་སྐད་མ་ཐུང༌། མཛད་འཕྲིན་དཔལ་གྱི་བེའུའི་མདུད་པ་མ་ཞན། ལེགས་ཚོགས་གསེར་གྱི་རྒྱལ་མཚན་གྱི་གཟི་འོད་མ་ཡལ། དགེ་མཚན་འཁོར་ལོ་རྩིབ་སྟོང་གི་མུ་འཁྱུད་མ་ལྷོད། ཁྲ་གྱི་ལས་ཚོགས་ས་ནས་གས་ཅན་དང་དོན་ཅན་གྱིས། སྨུག་ཤིག་སེ་སྒར་ས་ནས་ཁ་ཅན་དང་ངོ་ཅན་གྱིས། ཁྲ་ཆུང་མིག་གི་གཟི་མ་གྱིས། དམར་ཆུང་སྲོག་གི་ཁེབ་མ་གྱིས། གཞི་ལ་འདུག་ན་ཁ་འཛིན་གྱི། ཕྱིས་སུ་འགྲོ་ན་བསུ་བསྐྱལ་མཛོད། ཉིན་གསུམ་གྱི་བྱ་ར་རྒྱང་ནས་ཀྱིས། མཚན་གསུམ་གྱི་མེལ་ཚེ་དྲུང་ནས་མཛོད། དཔའ་སྙིང་རྒྱ་སྟག་གི་རི་མོ་ཀུན་ནས་གསལ་དགོས། གཟི་བརྗིད་སེང་ཆེན་གྱི་ལུས་རྩལ་ཁོང་ནས་རྒྱས་དགོས། སྙན་གྲགས་གཡུ་འབྲུག་གི་ངར་སྐད་ཕྱོགས་བཅུ་བསྒྲག་དགོས། དགྲ་འོང་ན་བྱ་ཐོང་ཅིག དུག་འོང་ན་སྨན་ཐོངས་བ་སོགས་མདོར་ན་བདག་ཅག་མི་ནོར་འཁོར་དང་བཅས་པ་ཐམས་ཅད་ལ་ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་པར་གྱུར་ཅིག་ལྷ་རྒྱལ་ལོ། །ལེགས་བཤད་དགེ་ལེགས་ཉིན་བྱེད་དབང་པོ་ཡིས། །གཟུར་གནས་མཁས་གྲུབ་བྱེ་བའི་བཞིན་རས་འཛུམ། །འཛམ་གླིང་ཞི་བདེའི་དཔལ་འཛིན་བླ་མེད་པ། །མཉམ་མེད་ཐུབ་པའི་བསྟན་འདི་གནས་གྱུར་ཅིག །

དངོས་གྲུབ་དཔལ་གྱིས་ཕྱོགས་བསྒྲིགས་བྱས་པའོ། །སརྦ་མངྒ་ལམ།།།།

ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སྒྲུབ་ཚུལ་ཀྱི་ཆོ་ག་ལམ་བཟང་སྒྲོན་མེ།

ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སྒྲུབ་ཚུལ་ཀྱི་ཆོ་ག་ལམ་བཟང་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ན་མོ་གུ་རུ། ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སྒྲུབ་ཚུལ་ཀྱི་ཆོ་ག་བྱེད་པ་ལ། བདེ་བར་གཤེགས་པའི་སྣང་བརྙན་དང་འོད་མདོའི་གླེགས་བམ་སོགས་རྟེན་གསུམ་གྱི་མདུན། འབྱོར་བ་དང་བསྟུན་པའི་མཆོད་པ་གང་འབྱོར་བཤམས། སྐྱབས་འགྲོ་སེམས་བསྐྱེད་བསྒོམ་པ་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །འགྲོ་ཀུན་རྫོགས་པའི་བྱང་ཆུབ་ཐོབ་པ་དང༌། །ནུབ་ཕྱོགས་བདེ་ལྡན་ཞིང་དུ་སྐྱེ་བའི་ཕྱིར། །བདེ་ཆེན་ཞིང་གི་རྒྱུ་ཚོགས་སྒྲུབ་པར་བྱ། །སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་བླ་མེད་དང༌། །དྲི་མེད་ཆོས་དབྱིངས་ཟབ་མོའི་བདེན་མཐུ་ཡིས། །ཕྱོགས་འདིར་ནམ་མཁའི་མཛོད་ཀྱི་དཔལ་ཡོན་ལྟར། །མཆོད་སྤྲིན་རྒྱ་མཚོས་གང་ཞིང་མཛེས་གྱུར་ཅིག །སྤྲིན་གཟུངས་ལན་གསུམ་བརྗོད། མ་བརྗོད་ཀྱང་ཆད་ལྷག་མེད་དོ། །ནུབ་ཕྱོགས་བདེ་ལྡན་དུ་སྐྱེ་བའི་འདུན་པ་དང་མོས་གུས་བྱས་ཏེ་ཞིང་ཁམས་ཀྱི་རྣམ་པ་ཡིད་ལ་བྱ་བ་ནི།ཨེ་མ་ཧོ། མི་མཇེད་འཇིག་རྟེན་འདི་ཡི་ནུབ་ཕྱོགས་སུ། །སངས་རྒྱས་ཞིང་མང་འདས་པའི་ཕ་རོལ་ན། །རྒྱལ་སྲས་སྨོན་ལམ་གངྒཱའི་རྡུལ་སྙེད་དང༌། །རྒྱ་ཆེན་བསོད་ནམས་ཡེ་ཤེས་ཕུང་བོ་ལས། །གྲུབ་པའི་ཞིང་མཆོག་ཕུལ་བྱུང་བདེ་བ་ཅན། །ལག་མཐིལ་ལྟར་མཉམ་ཐ་གྲུ་ཀུན་ནས་ཡང༌། །རིན་ཆེན་རི་བོ་ནོར་བུའི་ནགས་ཚལ་དང༌། །ལྷ་རྫས་མེ་ཏོག་ཚལ་དང་བདུད་རྩིའི་མཚོ། །དབྱངས་སྙན་སྤོས་ཆུས་ཆུ་ཀླུང་འབབ་པ་དང༌། །ནམ་མཁར་རྒྱུ་བའི་ཞལ་མེད་ཁང་བ་སོགས། །གཞན་འཕྲུལ་འཆི་མེད་དགའ་བའི་གྲོང་ཁྱེར་ལྟར། །ངོ་མཚར་བཀོད་པའི་ཁྱད་པར་འབྱམས་ཀླས་པའི། །སྙིང་པོ་བྱང་ཆུབ་ཤིང་གི་མཛེས་པའི་དྲུང༌། །རིན་ཆེན་རྨ་བྱ་པདྨས་བརྒྱན་པའི་སྟེང༌། །ས་གསུམ་ཆོས་ཀྱི་རྒྱལ་པོ་ཉག་གཅིག་པུ། །སྙན་གྲགས་ཆོས་ཀྱི་དབྱིངས་མཐར་ཁྱབ་པ་ཡི། །མགོན་པོ་འོད་ཟེར་དཔག་མེད་ཚེ་མཐའ་ཡས། །ལྟ་བས་མི་ངོམས་མཚན་དཔེའི་དཔལ་འབར་ཞིང༌། །རི་རབ་རྒྱ་མཚོ་ཆེ་ལས་ཐོན་པ་བཞིན། །རྣམ་མང་འཁོར་གྱི་ནང་ནས་མངོན་འཕགས་ཏེ། །བསོད་ནམས་ཉི་མ་བརྒྱ་བའི་གཟི་བརྗིད་ཀྱིས། །རབ་འབྱམས་ཞིང་གི་དཀྱིལ་འཁོར་འགེང་བཞིན་དུ། །དྲུག་ཅུ་རྩ་བཞིའི་ཡན་ལག་ཡོངས་རྫོགས་པ། །ཚངས་པའི་དབྱིངས་ཀྱི་ཡན་ལག་ཀུན་མནན་ནས། །སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པ་སྟེ། །རྒྱལ་སྲས་འཁོར་གྱི་གཙོ་བོ་རྣམ་གཉིས་སོགས། །ཞིང་དེར་པདྨོའི་སྐྱེ་གནས་བཟུང་བ་དང༌། །སངས་རྒྱས་ཞིང་མང་དག་ནས་ལྷགས་པ་ཡི། །དག་པའི་འཁོར་ལ་གདམས་ངག་སྟོན་ཅིང་བཞུགས། །གཟུགས་སྐུ་བདེ་ཆེན་ཞིང་ནས་མི་གཡོ་བཞིན། །མཁྱེན་བརྩེ་རིས་མེད་གདུལ་བྱའི་རྗེས་ཞུགས་པའི། །རྒྱལ་དང་དེ་སྲས་སྤྱོད་ཡུལ་བསམ་མི་ཁྱབ། །དཔང་དུ་བགྱིས་ནས་གསོལ་འདེབས་བརྩེ་བས་དགོངས། །ཞེས་ཞིང་ཁམས་ཀྱི་རྣམ་པ་ཡིད་ལ་གསལ་བར་བྱས་ནས་མོས་གུས་སྒོམ། དེ་ནས་འོད་དཔག་མེད་མགོན་ཕྱག་འཚལ་མཆོད་པ་འབུལ། །སྡིག་ལྟུང་མཐོལ་བཤགས་རྗེས་སུ་ཡི་རིང་དང༌། །མྱ་ངན་མི་འདའ་ཆོས་འཁོར་བསྐོར་དུ་གསོལ། །རྣམ་དཀར་བདེ་ཆེན་ཞིང་མཆོག་སྐྱེ་ཕྱིར་བསྔོ། །ཞེས་ཡན་ལག་བདུན་པ་བརྗོད། འོད་དཔག་མེད་ཀྱི་མཚན་བརྗོད་པ་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཅི་ནུས་སུ་བཟླའོ། །ཨོཾ་ཨཱ་མི་དྷེ་ཝ་ཧྲཱིཿདེ་ཡང་སྐབས་འདིར་བཟླ་འདོད་ན་བྱའོ། །དེ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཉེ་བའི་སྲས་ཆེན་བརྒྱད་ལ་ཕྱག་འཚལ་ལོ། །མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པ་ཡང་ལན་བདུན་སོགས་ཅི་ནུས་བཟླའོ། །མགོན་པོ་སྟོབས་བཅུ་མངའ་བ་སྲས་བཅས་ཀྱི། །མཚན་མཆོག་བརྗོད་དང་ཕྱག་འཚལ་མཆོད་པའི་མཐུས། །གང་ཞབས་དྲན་པས་བྱང་ཆུབ་མཐའ་བར་དུ། །དབང་པོ་ཚང་ཞིང་རིགས་མཐོར་སྐྱེ་བ་དང༌། །བུད་མེད་མི་འགྱུར་འཇིག་རྟེན་ཀུན་གྱིས་བཀུར། །འཆི་ཚེ་བདེ་གཤེགས་འཁོར་བཅས་མདུན་བཞུགས་ཤིང༌། །སྐྱེ་བ་ཀུན་ཏུ་ཚངས་སྤྱོད་དངོས་པོ་ཐོབ། །རྟག་པར་བྱང་ཆུབ་སྤྱོད་ལ་དགའ་བ་དང༌། །གཟུངས་དང་ཏིང་འཛིན་བཟོད་ལ་ཡང་དག་སྦྱོར། །ཕྱིར་མི་ལྡོག་པའི་ས་བོན་འཇོག་པ་སོགས། །མདོར་ན་རྒྱལ་སྲས་ཆོས་ཀྱི་འབྱུང་གནས་ཀྱིས། །བཅོམ་ལྡན་འཇིག་རྟེན་དབང་ཕྱུག་རྒྱལ་བོའི་དྲུང༌། །ཞལ་བཞེས་སྨོན་ལམ་མངོན་དུ་གྱུར་བར་སྨོན། །ཤུགས་དྲག་བཅོས་མ་མིན་པའི་ཐར་འདོད་དང༌། །གཞན་ཕན་སྙིང་རྗེས་དྲངས་བའི་སེམས་བསྐྱེད་དང༌། །འཁྲུལ་མེད་ངེས་དོན་རྟོགས་པའི་ལྟ་བ་སོགས། །ཐེག་ཆེན་ལམ་གནད་རྫོགས་པར་རྙེད་པ་དང༌། །ཚེ་འཕོས་བདེ་ལྡན་ཞིང་དུ་སྐྱེ་བ་སོགས། །ཇི་ལྟར་སྨོན་པའི་རེ་འབྲས་ཡིད་བཞིན་དུ། །གེགས་མེད་འཕྲལ་དུ་ཐོབ་པར་བྱིན་གྱིས་རློབས། །དེ་ནས། འདི་ནི་ནུབ་ཀྱི་ཕྱོགས་རོལ་ན། །འོད་དཔག་མེད་པའི། ཞེས་སོགས་བསྔོ་བ་སྨོན་ལམ་བྱའོ། །ཞེས་ཞིང་མཆོག་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སྒྲུབ་ཚུལ་ཀྱི་ཆོ་ག་ལམ་བཟང་སྒྲོན་མེ་འདི་ནི་རྒྱལ་རོང་ཞིང་སྒྲུབ་ཆེན་མོའི་ངག་འདོན་གྱི་ཆེད་དུ་མཁན་དབང་རྒྱལ་དང་མཁན་རབ་གསལ་གཉིས་ཀྱིས་བསྐུལ་ངོར་ངག་དབང་དངོས་གྲུབ་དཔལ་གྱིས་སྦྱར་བའོ། །དགེའོ། །སརྦ་མངྒ་ལཾ།། །།འོད་དཔག་མེད་ཀྱི་སྒོམ་བཟླས་བཞུགས་སོ།།སྐྱབས་སེམས་སྔོན་དུ་བཏང་ནས།རང་གི་སྤྱི་བོར་པདྨ་ལ་བའི་སྟེང༌། །སྐྱབས་གནས་ཀུན་འདུས་རྩ་བའི་བླ་མ་དང༌། །དབྱེར་མེད་བཅོམ་ལྡན་རྒྱལ་བ་འོད་དཔག་མེད། །བདག་གི་མགོན་དང་སྐྱབས་སུ་བཞུགས་པར་ཞུ། །ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་ཉེས་ཀུན་བཤགས། །རྟག་པར་བཞུགས་གསོལ་དགེ་ཚོགས་བྱང་ཆེན་བསྔོ། །གསང་གསུམ་མཎྜལ་བཀོད་ལ་འབུལ་གྱིས་བཞེས། །ཞིང་མཆོག་བདེ་བ་ཅན་དུ་ཁྲིད་དུ་གསོལ། །རང་གཞན་དོན་དུ་རྫོགས་སངས་མྱུར་ཐོབ་ཤོག །འོད་མཚན་ཅི་མང་བཟླ། རང་སེམས་ཐིག་ལེ་བླ་མའི་ཐུགས་ཀར་བསྲེས། །ཐུགས་ཀར་ཟླ་སྟེང་ཧྲཱི༔ཡིག་དམར་པོའི་མཐར། །སྔགས་ཕྲེང་འོད་ཀྱིས་འགྲོ་ཀུན་སྡིག་སྒྲིབ་སྦྱངས། །འོད་དཔག་མེད་པའི་གོ་འཕང་ཐོབ་པར་ཤོག།ཨོཾ་ཨཱ་མི་དྷེ་ཝ་ཧྲཱི༔ཅེས་ཉིན་རེ་བཞིན་ཚར་རེ་མ་ཆག་ན་ཤི་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བར་འགྱུར་བ་དཀོན་མཆོག་བརྩེགས་པའི་མདོ་ན་གསུངས་སོ། །སརྦ་མངྒ་ལཾ།།

དཔལ་ལྡན་བླ་མ་དམ་པ་རྟོགས་ལྡན་རིན་པོ་ཆེའི་རྣལ་འབྱོར་འདོད་འཇོའི་དཔག་བསམ་ལྗོན་ཤིང་།

དཔལ་ལྡན་བླ་མ་དམ་པ་རྟོགས་ལྡན་རིན་པོ་ཆེའི་རྣལ་འབྱོར་འདོད་འཇོའི་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་བཞུགས་སོ། །

ཁྱབ་བདག་རྡོ་རྗེ་འཆང་ཆེན་པོ་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །རྗེ་བཙུན་བླ་མ་སངས་རྒྱས་ཀུན་འདུས་སུ། །རྒྱལ་བའི་མདོ་རྒྱུད་ཀུན་ལས་བསྟན་པས་ན། །མཐོང་བའི་མོས་གུས་ཉིད་ཀྱིས་ཟབ་ལམ་གྱི། །ས་ལམ་ཉམས་རྟོགས་འབྲས་བུ་སྐྱེ་བར་གསུངས། །གསང་སྔགས་རིམ་གཉིས་ལམ་གྱི་ཡེ་ཤེས་ཀུན། །རྟེན་གཞི་བླ་མ་སངས་རྒྱས་དངོས་ཉིད་དུ། །མཐོང་བའི་མོས་གུས་བསྐྱེད་ཕྱིར་བླ་མ་ཡི། །རྣལ་འབྱོར་སྒོམ་ཚུལ་མདོར་བསྡུས་འབྲི་བར་བྱ། །དེ་ལ་འདིར་སྔོན་འགྲོ་དང༌། དངོས་གཞི་དང༌། རྗེས་ཀྱི་བྱ་བ་དང་གསུམ། དང་པོ་ནི། སྐྱབས་གནས་ཀུན་འདུས་བླ་མ་རིན་པོ་ཆེ། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །འགྲོ་རྣམས་སྲིད་ཞིའི་སྡུག་བསྔལ་མཚོ་ཆེན་ལས། །སྐྱོབས་པའི་སྐྱབས་སུ་བསྟེན་ནོ་ཐུགས་རྗེས་ཟུངས། །ཞེས་སྐྱབས་འགྲོ་ལན་གསུམ་བྱ། མ་རྒན་སེམས་ཅན་སྡུག་བསྔལ་ཕྲ་རགས་ལས། །བསྒྲལ་ནས་ཐམས་ཅད་མཁྱེན་པའི་སར་འགོད་ཕྱིར། །བཀའ་དྲིན་གསུམ་ལྡན་དཔལ་ལྡན་བླ་མ་ཡི། །རྣལ་འབྱོར་རྩེ་གཅིག་ཉིད་ལ་བསྒོམ་པར་བྱ། །ཞེས་སེམས་བསྐྱེད་ལན་གསུམ་བྱའོ། །གཉིས་པ་དངོས་གཞི་ནི། སྟོང་པའི་ངང་ལས་རང་མདུན་ནམ་མཁའ་ལ། །གཞལ་མེད་ཁང་གི་དབུས་སུ་སེང་ཁྲི་དང༌། །པད་ཟླ་ཉི་མ་སྒྲ་གཅན་བརྩེགས་པའི་སྟེང༌། ། སྐྱབས་གནས་རྒྱལ་ཀུན་ངོ་བོ་དབྱེར་མེད་པ། །ངུར་སྨྲིག་གར་གྱི་སྒྱུ་འཕྲུལ་རོལ་བ་ཡི། །རྡོ་རྗེ་འཆང་དངོས་བླ་མ་རྟོགས་ལྡན་མཆོག །སྐུ་མདོག་དཀར་དམར་བྱུ་རུའི་མདངས་ལྡན་པ། །འགྲོ་ལ་དགྱེས་པའི་ཞལ་རས་འཛུམ་དཀར་གཡོ། །སྐུ་ལ་བདེ་སྟོང་ཉམས་ཀྱིས་གཟི་འོད་འབར། །ཕྱག་གཉིས་ས་གནོན་ཕྱག་རྒྱ་རྣམ་པར་མཛད། །ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་ཤིང༌། །མཚན་དཔེ་གསལ་རྫོགས་འོད་མཚན་སྟོང་འབར་བ། །རབ་དཀར་དགེ་འདིས་ཁ་སྦྱོར་བདུན་ལྡན་གྱི། །རྡོ་རྗེ་འཆང་ཆེན་མྱུར་དུ་ཐོབ་པར་ཤོག །དེ་ནས་གསོལ་བ་རྩེ་གཅིག་ཏུ་གདབ་པར་བྱ་སྟེ། རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བླ་མ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཡི་དམ་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དམ་ཆོས་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །དགེ་འདུན་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་ཀུན་འདུས་ཀྱི་ངོ་བོ་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདེ་ཆེན་ཡེ་ཤེས་རྡོ་རྗེའི་བདག་ཉིད་རྡོ་རྗེ་འཆང་བླ་མ་རྟོགས་ལྡན་རིན་པོ་ཆེ་ལ་གསོལ་བ་འདེབས་སོ། །བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། འཁོར་བ་ལ་ཞེན་པ་ལོག་པར་བྱིན་གྱིས་བརླབ་ཏུ་གསོལ། གཞན་དོན་ཁུར་དུ་ཁྱེར་བའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་མོ་སྤྲོས་བྲལ་སྟོང་ཉིད་ཀྱི་དོན་རྟོགས་པར་བྱིན་གྱིས་བརླབ་ཏུ་གསོལ། ལས་རླུང་མཐའ་དག་དབུ་མར་ཞུགས་པའི་བདེ་སྟོང་གི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། ཉམས་རྟོགས་ཀྱི་འབྲས་བུ་མཁའ་ལྟར་ཁྱབ་པར་བྱིན་གྱིས་བརླབ་ཏུ་གསོལ། མཆོག་མི་འགྱུར་གྱི་བདེ་བ་ཆེན་པོའི་ཆ་ཤས་ཡོངས་སུ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་ལ་བརྟེན་ནས་དཔལ་ལྡན་སྐུ་བཞིའི་འབྲས་བུ་མྱུར་དུ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་མ་ཐོབ་ཀྱི་བར་དུ་ཡང་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ལུས་ལེགས་པར་ཐོབ་ཅིང་རྗེ་བཙུན་བླ་མ་དམ་པ་ཁྱེད་ཀྱིས་རྗེས་སུ་བཟུང་ནས་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྒོམ་པར་བྱིན་གྱིས་བརླབ་ཏུ་གསོལ། དེ་སྒོམ་པ་ལ་ཕྱི་ནང་གི་བར་ཆད་གང་ཡང་མེད་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་ཚུལ་བཞིན་དུ་སྒོམ་པའི་མཐུན་རྐྱེན་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་ལེགས་པར་འདེབས། དེ་ལྟར་རྩེ་གཅིག་གསོལ་བ་བཏབ་པ་ཡིས། །བདག་ལ་བརྩེ་བའི་སྤྱན་གྱིས་ལྷག་པར་གཟིགས། །བླ་མའི་དཔྲལ་མགྲིན་ཐུགས་ཀ་ལྟེ་བ་ཡི། །ཡི་གེ་བཞི་ལས་འོད་ཟེར་རྣམ་བཞི་འཕྲོས། །བདག་གི་གནས་བཞིར་ཐིམ་པས་སེམས་རྒྱུད་ལ། །མཚན་ལྡན་བླ་མའི་གསང་གསུམ་བྱིན་རླབས་ཞུགས། །ལུས་ལ་བདེ་བ་ཆེན་པོས་རྟག་ཏུ་ཁྱབ། །ངག་ལ་གཞོམ་མེད་རིག་སྔགས་ནུས་པ་འབར། །སེམས་ལ་བདེ་སྟོང་ཡེ་ཤེས་ཆེས་ཆེར་རྒྱས། །འཁོར་འདས་ཆོས་ཀུན་འོད་གསལ་འཁོར་ལོར་ཤར། །བླ་མའི་ཐུགས་དང་རང་སེམས་དབྱེར་མེད་གྱུར། །ཅེས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་ངང་ནས་མཚན་སྔགས་བཟླ། ཨོཾ་ཨཱཿགུ་རུ་བཛྲ་དྷ་ར་ཨ་བ་བོ་དྷ་སརྦ་སིདྡྷི་ཧཱུཾ་ཧཱུཾ། ཅི་ནུས་སུ་བཟླ། འདི་ལ་དབང་བཞི་ཚང་ཕྱིར་ལོགས་སུ་ལེན་མི་དགོས། བླ་མའི་སྐུ་ལས་འོད་ཟེར་ཚོགས་སྤྲོས་པས། །འགྲོ་བའི་སྒྲིབ་སྦྱངས་བདེ་ཆེན་ས་ལ་བཀོད། །འཁོར་རྣམས་འོད་ཞུ་བླ་མའི་སྐུ་ལ་ཐིམ། །བླ་མའི་སྐུ་ལ་བདེ་སྟོང་གཟི་མདངས་རྒྱས། །བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ། །བླ་མ་རང་སེམས་དབྱེར་མེད་ཆོས་ཀྱི་སྐུ། །གནས་ལུགས་སྤྲོས་བྲལ་ངང་དུ་མཉམ་བཞག་ནས། །བདག་གི་སེམས་རྒྱུད་བྱིན་གྱིས་བརླབ་པར་གྱུར། །ཞེས་མོས་ལ། གསུམ་པ་རྗེས་ཀྱི་བྱ་བ་ནི། རྟོ༷གས་པའི་དབང་ཕྱུག་དཔལ་ལྡ༷ན་བླ་མ་མཆོག །རྒྱལ་བའི་བསྟན་པའི་དཔལ་མངའ་གསང་ཆེན་བདག །སངས་རྒྱས་ཀུན་དངོས་དཔལ་ལྡན་བླ་མ་ལ། །བྱང་ཆུབ་སྙིང་པོའི་བར་དུ་གསོལ་བ་འདེབས། །བདག་ནི་སྐྱེ་བ་འདི་དང་ཚེ་རབས་ཀུན། །མཚན་ལྡན་བླ་མ་ཁྱེད་ཀྱིས་རྗེས་བཟུང་སྟེ། །གསང་ཆེན་ལམ་གྱི་ཉམས་དང་རྟོགས་པ་ཀུན། །མྱུར་དུ་རྫོགས་ནས་རྡོ་རྗེ་འཆང་ཐོབ་ཤོག །དགེ་འདིས་མཚན་ལྡན་བླ་མ་རིན་པོ་ཆེས། །ཚེ་རབས་ཀུན་ཏུ་བརྩེ་བས་རྗེས་བཟུང་ནས། །གསང་ཆེན་རིམ་གཉིས་མངོན་རྟོགས་མྱུར་བསྒྲོད་ནས། །འགྲོ་རྣམས་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །ཅེས་དགེ་བ་བསྔོའོ། །ཞེས་དཔལ་ལྡན་བླ་མ་དམ་པ་རྟོགས་ལྡན་རིན་པོ་ཆེའི་རྣལ་འབྱོར་འདོད་འཇོའི་དཔག་བསམ་ལྗོན་ཤིང་ཞེས་བྱ་བ་འདི་ནི་བླ་མ་བསྟན་གསལ་དང༌། མཁན་རིག་རྒྱས་དང༌། ཆོས་རྗེ་དགོན་གྱི་དགེ་བསྐོས་ས་སྙིང་དང༌། དཀོན་མཆོག་སྐྱབས་དང༌། ནོར་ལྡན་དང༌།ཆོས་དབྱིངས་རང་གྲོལ། ཆོས་དར་རྒྱས། ཉི་མ་དཔལ། དམ་ཆོས་སྐྱབས་རྣམས་ཀྱིས་སྐུ་གསུང་ཐུགས་རྟེན་དང་དམངས་སྒོར་ལྔ་བརྒྱ་དར་བཅས་བསྐུལ་ངོར་དཔལ་ལྡན་བླ་མ་གང་ལ་དད་མོས་ཐོབ་པའི་སྐལ་བ་ཅན་ངག་དབང་དངོས་གྲུབ་དཔལ་གྱིས་དད་གུས་དང་བཅས་ཏེ་སྦྱར་བའོ། །

ཨོཾ་སྭ་སྟི། རྒྱལ་ཀུན་རང་གཟུགས་ངོ་མཚར་སྤྲུལ་བའི་སྐུ། །རྟོགས་པའི་དབྱིངས་ལས་ནམ་ཡང་མ་གཡོས་ཀྱང༌། །རེ་ཞིག་གཞན་སྣང་མྱ་ངན་འདའ་ཚུལ་སྟོན། །བརྩེ་ལྡན་དཔལ་ལྡན་བླ་མར་གསོལ་བ་འདེབས། །བདག་ཅག་མགོན་མེད་བརྩེ་བས་འདོར་ཕོད་དམ། །དགོངས་ཤིག་ཐུགས་ཆེ་ཅན་གྱིས་གཟིགས་སུ་གསོལ། །ཐར་བའི་ལམ་སྣ་འདྲེན་པར་ཁྱེད་མཁྱེན་ནོ། །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་བརློབ། །རྟོགས་པའི་དབང་ཕྱུག་རྟོགས་ལྡན་རིན་པོ་ཆེའི་གསོལ་འདེབས་འདི་ནི་དངོས་གྲུབ་དཔལ་གྱིས་དད་གུས་ཀྱིས་སྦྱར་བའོ།པར་བྱང་སྨོན་ཚིགཆོས་ཚུལ་ཟབ་མོའི་གནས་ཀུན་རབ་གསལ་བའི། །རྒྱལ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་དཔྱིད། །སྐྱེས་བུ་དམ་པའི་མཛད་འཕྲིན་ཡང་སྙིང་ཉིད། །གསུང་གི་རྣམ་དཀར་པདྨ་དཀར་བོའི་ཕྲེང༌། །སྐལ་ལྡན་གདུལ་བྱའི་བློ་གྲོས་གསོས་སྨན་དུ། །པར་བསྐྲུན་བྱས་པའི་རྣམ་དཀར་ཆུ་ཀླུང་འདི། །དུས་གསུམ་བསགས་པའི་མཚོ་ཆེན་དང་འདྲེས་ནས། །འགྲོ་རྣམས་སྲིད་པའི་ཚ་གདུང་སེལ་བར་སྨོན། །ཞེས་པ་འདི་ཡང་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་སྨྲས་པའོ། །