cover

གསུང་འབུམ་པོད་བཅུ་དྲུག་པ། འཇུག་པའི་འགྲེལ་པ།

དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དཔེ་ཚོགས།

དགེ་བཤེས་དངོས་གྲུབ་དཔལ།

གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་རྩོམ་སྒྲིག་སྡེ་ཚན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དབུ་མ་འཇུག་པའི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ།

༄༅། །དབུ་མ་འཇུག་པའི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

༄༅༅། །བླ་མ་དང་དབྱེར་མ་མཆིས་པའི་མགོན་པོ་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །

ཟབ་དང་རྒྱ་ཆེའི་དེ་ཉིད་སྟོན་པ་ཡི། །

མཛད་ཆེན་འོད་དཀར་འགྲོ་རྣམས་ཞི་བསིལ་དཔལ། །

འདྲེན་མཛད་རྣམ་འདྲེན་ཤཱཀྱའི་རྒྱལ་པོ་མཆོག།

བྱང་ཆུབ་བར་དུ་ཕྱག་འཚལ་སྐྱབས་སུ་མཆི། །

མཁྱེན་པའི་ཟེར་གྱིས་ཤེས་བྱ་ཀུན་ལ་ཁྱབ། །

ཆོས་ཚུལ་སྟོན་པས་མཐར་མཛད་རྨོངས་བ་སེལ། །

གདོད་ནས་རྫོགས་སངས་རྒྱས་ཀྱང་རྒྱལ་སྲས་ཚུལ། །

སྨྲ་བའི་དབང་ཕྱུག་འཇམ་དཔལ་དབྱངས་ལ་འདུད། །

མཐའ་བྲལ་དབུ་མ་ཆེན་པོའི་སྲོལ་འབྱེད་མཆོག།

རིགས་ལམ་བྱེ་བའི་དཔུང་གིས་ལེགས་དྲངས་ནས། །

སྤྲོས་བྲལ་གསལ་མཛད་དཔལ་མགོན་ཀླུ་སྒྲུབ་ཞབས། །

འཕགས་པ་ཡབ་སྲས་གཉིས་ལ་གུས་པས་འདུད། །

ཀླུ་སྒྲུབ་དགོངས་དོན་མཐར་ཐུག་རྟོག་བཏགས་ཙམ། །

ཐ་སྙད་རྣམ་བཞག་འཐད་པ་ཐལ་འགྱུར་གྱི། །

ལུགས་སུ་འགྲེལ་མཛད་ཐལ་འགྱུར་སྲོལ་ཕྱེ་བའི། །

སངས་རྒྱས་བསྐྱངས་ཀྱི་ཞབས་ལའང་གུས་ཕྱག་འཚལ། །

འཕགས་པ་ཡབ་སྲས་དགོངས་དོན་རྟོགས་དཀའ་གནས། །

ཇི་བཞིན་རྟོགས་དཀའ་ཟབ་རྒྱའི་ཆོས་ཀྱི་ཚུལ། །

ལེགས་པར་རྟོགས་ནས་འགྲོ་ལ་གསལ་མཛད་པ། །

དཔལ་ལྡན་ཟླ་བ་གྲགས་པའི་ཞབས་ལ་འདུད། །

ཕྱི་ནང་གྲུབ་མཐའི་གནད་དོན་མ་ལུས་པ། །

ཡང་དག་རིགས་པའི་ལམ་ནས་ཚུལ་བཞིན་གཟིགས། །

བསྟན་པའི་མིག་གཅིག་རྒྱལ་སྲས་ཚུལ་བཟུང་བ། །

དཔལ་ལྡན་བླ་མ་རྣམས་ལ་གུས་ཕྱག་འཚལ། །

ཐལ་འགྱུར་ལུགས་ཀྱི་ཟབ་རྒྱའི་ཚུལ་ཇི་བཞིན། །

མ་ནོར་སྟོན་པ་དབུ་མ་འཇུག་པའི་གཞུང༌། །

ཟླ་བ་གྲགས་པའི་གྲུབ་མཐའི་ཚུལ་ལུགས་ལྟར། །

རབ་ཏུ་གསལ་བའི་ཚིག་དོན་སྤྲོ་བར་བྱ། །

དེ་ལ་འདིར་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་རིམ་པ་གཏན་ལ་འབེབ་པའི་བསྟན་བཅོས་ཆེན་པོ་དབུ་མ་ལ་འཇུག་པ་རྩ་བའི་དགོངས་དོན་འཆད་པ་ལ།

དང་པོ་མཚན་གྱི་དོན།

མཚན་གྱི་དོན། འགྱུར་གྱི་ཕྱག གཞུང་གི་དོན། མཇུག་གི་དོན་དང་བཞི། དང་པོ་ནི། རྒྱ༷་ག༷ར་ན་སྐད་རིགས་བཞི་ཡོད་པའི་ནང་གི་ལེགས་པར་སྦྱར་བའི་སྐ༷ད་དུ༷་བསྟན་བཅོས་འདིའི་མཚན་ལ། མདྷྱ་མ་ཀ་ཨ་བ་ཏ་ར་ནཱ་མ་ཞེས་བྱའོ། །དེ་བོད་སྐད་དུ་བསྒྱུར་ན་མ༷དྷྱཱ༷་མ༷་ཀ༷་དབུ་མ་ལ། ཨ༷་པ༷་ཏཱ༷་ར༷་འཇུག་པ། །ནཱ༷་མ༷་ཞེས་བྱ་བ་སྟེ་དབུ༷་མ༷་ལ༷་འཇུ༷ག་པ༷་ཞེ༷ས་བྱ༷་བ༷་ཞེས་པ་སྟེ། དབུ་མ་རྩ་བ་ཤེས་རབ་སོགས་ལ་ཟབ་པ་དང་རྒྱ་ཆེ་བ་གཉིས་ཀྱི་སྒོ་ནས་འཇུག་པར་བྱེད་པ་ཞེས་བྱ་བའི་བསྟན་བཅོས་ཡིན་ཞེས་པའོ། །

རྩ་བ་ཤེས་རབ་ཀྱིས་ཆོས་རྣམས་རང་མཚན་གྱིས་མ་གྲུབ་པ་དང༌། ཀུན་གཞི་དང་རང་རིག་མེད་པ་དང༌། སོ་སྐྱེས་སའི་ཆོས་གསུམ་སོགས་དངོས་སུ་བསྟན་ཀྱང་གསུང་ཚིག་ཤིན་ཏུ་ཟབ་ཕྱིར་དེ་ལྟར་བསྟན་པ་རྟོགས་དཀའ་བས་ན་དབུ་མ་འཇུག་པས་དབུ་མ་རྩ་ཤེས་ཀྱིས་ཆོས་གང་ཡང་རང་མཚན་གྱིས་གྲུབ་པ་མེད་པ་དང༌། སོ་སྐྱེས་སའི་ཆོས་གསུམ་དང་སློབ་འཕགས་ཀྱི་ས་བཅུ་དང་འབྲས་བུའི་ས་རྣམས་དང༌། ཁྱད་པར་དུ་ས་ལྔ་པར་སྟོང་ཉིད་ལ་དམིགས་པའི་ཞི་གནས་དང༌།

ས་དྲུག་པར་སྟོང་ཉིད་ལ་དཔྱོད་པའི་ལྷག་མཐོང་སྒོམ་པ་རྣམས་བསྟན་པ་ཡིན་པར་བཤད་པ་དེ་དབུ་མ་འཇུག་པས་རྩ་ཤེས་སོགས་ཀྱི་ཚིག་དང་དོན་ལ་འཇུག་པ་ཡིན་ནཽ། །འདིར་དབུ་མ་ཞེས་པ་འཇུག་བྱའི་དབུ་མ་ལ་བསྟན་བཅོས་ཡོད་དེ། དཔལ་ལྡན་ཟླ་བའི་འཇུག་པ་རང་འགྲེལ་ལས། དབུ་མའི་བསྟན་བཅོས་ལ་འཇུག་པར་བྱ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །སྤྱིར་དབུ་མ་ཞེས་པའི་ཐ་སྙད་དབུ་མའི་བསྟན་བཅོས་དང༌། དབུ་མའི་གྲུབ་མཐའ་དང༌། གྲུབ་མཐའ་དེ་སྒྲོག་པ་པོའི་གང་ཟག་གསུམ་ལ་དངོས་བཏགས་ཅི་རིགས་ཀྱིས་འཇུག་སྟེ། དབུ་མ་རིགས་ཚོགས་དྲུག་ཅེས་དང༌། དབུ་མའི་གྲུབ་མཐའ་ཞེས་དང༌། དབུ་མ་པ་ཞེས་བཤད་པའི་ཕྱིར་དང༌། ལེགས་ལྡན་གྱིས། སྐད་ཀྱི་བྱིངས་སྒྲ་ལ་བསྟན་བཅོས་བྱ་བའམ། དབུ་མ་ཞེས་པའི་མིང་གང་ལ་ཡོད་པ་དེ་ནི་དབུ་མ་སྟེ། ཡང་ན་ཀ་ཞེས་པའི་མིང་གིས་བརྗོད་པ་ཡིན་པས་དབུ་མ་ཞེས་བྱ་བ་དབུ་མའི་གྲུབ་པའི་མཐའ་འོ། ། ཞེས་གསུངས་པ་དང༌། བྱིངས་མདོ་ལས། ཀཻ་གཻ་རཻ་སྒྲ་ལའོ། །

ཞེས་གསུངས་པའི་ཕྱིར་རོ། །འགྲེལ་བཤད་མཁན་པོ་ཛ་ཡ་ཨ་ནནྟས་འཇུག་པས་བདེན་གཉིས་རྒྱས་པར་བསྟན་པའི་སྒོ་ནས་དབུ་མ་རྩ་བ་ཤེས་རབ་ལ་འཇུག་པར་བཤད་དེ། དེའི་འགྲེལ་བཤད་ལས། འདི་ལྟར་དབུ་མའི་བསྟན་བཅོས་སུ་ཀུན་རྫོབ་དང་དོན་དམ་པའི་རང་བཞིན་རྒྱས་པར་བརྗོད་ལ། དེ་འདི་རྒྱས་པར་བསྟན་པས་བསྟན་བཅོས་འདི་དེ་ལ་འཇུག་པར་འགྱུར་རོ། །

ཞེས་གསུངས་སོ། །དེ་ལ་རྗེ་བླ་མས་མི་འཐད་པར་གསུངས་པ་ལ་དཔྱད་པར་ཞུ། ཛ་ཡ་ཨ་ནནྟའི་འགྲེལ་བཤད་ལས། བསྟན་བཅོས་འདིའི་འཇུག་བྱའི་དབུ་མ་ཡོད་དེ། རྩ་བ་ཤེས་རབ་ལ་སོགས་པའི་དབུ་མའི་བསྟན་བཅོས་རྣམས་འདིའི་འཇུག་བྱའི་དབུ་མ་ཡིན་ནོ། །ཞེས་གསུངསཔ་ལྟར་རིགས་ཚོགས་དྲུག་དང་ས་བཅུ་བའི་མདོ་དང༌། ཡུམ་མདོ་སོགས་བཞག་པ་ལ་གནོད་བྱེད་མ་མཐོང་ངོ། །རྗེ་ཙོང་ཁ་བ་རྗེས་འབྲང་དང་བཅས་པས་དབུ་མ་འཇུག་པའི་འཇུག་བྱའི་དབུ་མ་ཡིན་ན་རྩ་ཤེས་ཡིན་པས་ཁྱབ་པ་བཞེད་དོ། །དབུ་མ་འཇུག་པ་རྩ་ཤེས་ལ་འཇུག་ཚེ་ཚིག་དོན་གཉིས་ལ་འཇུག་དགོས་པས་དེའི་འཇུག་བྱ་ལ་རྩ་ཤེས་ཀྱི་མ་ཁྱབ་སྙམ་མོ། །རང་འགྲེལ་དུ་རྩ་ཤེས་ཀྱི་ལུང་དྲང་ཚེ་དབུ་མ་ལས་ཞེས་གསུངས་པ་རྩ་ཤེས་ནི་རིགས་ཚོགས་ཀྱི་ནང་ནས་རྩ་བ་ལྟ་བུ་ཡིན་པ་ལས་འདིའི་འཇུག་བྱ་ལ་དེའི་ཁྱབ་པས་ནི་མ་ཡིན་ནོ། །དེར་མ་ཟད་རང་འགྲེལ་དུ་རྩ་ཤེས་ཀྱི་ལུང་དྲང་ཚེ་དབུ་མ་ཞེས་པ་ལས་གཞན་བསྟན་བཅོས་ལས་ཞེས་གསུངས་པ་མང་དུ་ཡོད་དོ། །འཇུག་ཚུལ་ཡང་དཔལ་ལྡན་ཟླ་བས་རང་མཚན་གྱིས་མ་གྲུབ་པ་བཞེད་པ་དང་ཆོསཅན་མཐུན་སྣང་བ་མ་གྲུབ་པར་བཞེད་པ་སོགས་ཀྱིས་རང་རྒྱུད་པ་དང་སེམས་ཙམ་པ་དང་འཇུགཚུལ་མི་འདྲ་བ་བཞག་ན་ཆོག་གོ། །རྩ་ཤེས་ལས་ཟབ་རྒྱས་ཀྱི་ལམ་ཙམ་བསྟན་ཀྱང་དངོས་བསྟནབསྟན་བྱའི་གཙོ་བོར་བྱས་ནས་མ་བསྟན་ལ། དབུ་མ་འཇུག་པས་དེ་ལྟར་བསྟན་པས་ཁ་སྐོངབའོ། །ཀུན་མཁྱེན་འཇམ་དབྱངས་བཞད་པས་རྩ་ཤེས་རྩོམ་དུས་ད་དུང་སེམས་ཙམ་པ་འཕགསཡུལ་དུ་མ་བྱུང་བར་བཤད་མོད། ཇོ་ནང་རང་ལུགས་བྱུང་བར་སྔར་བདག་གིས་དྲང་ངེས་སུ་བཤདཟིན་ཏོ། །

གཉིས་པ་འགྱུར་ཕྱག་ནི།

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །ཞེས་སེམས་ཅན་ལ་བྱམས་པས་ཁྱབ་པས་ཐུགས་འཇམ། གསུང་སྙན་ཞིང་མཉེན་པས་གསུང་འཇམ། སྐུ་མདངས་ཕུན་སུམ་ཚོགས་པས་སྐུ་འཇམ། ཡང་ན་ཐུགས་སྒྲིབ་གཉིས་ཞི་བས་འཇ༷མ་པ་དང༌། སྤངས་རྟོགས་ཕུན་ཚོགས་ཀྱི་དཔལ་དང་ལྡན་པས་དཔ༷ལ་དང༌། ས་བརྒྱད་པ་གཞོན་ནུའི་ས་ལ་གནས་པའི་ཚུལ་བཟུང་བའམ་གཞོན་ནུའི་ཤ་ཚུགས་ཅན་ཡིན་པས་གཞོ༷ན་ནུ༷ར་གྱུ༷ར་པ༷་ལ༷་ལོ་ཙཱ་བ་སོགས་ཀྱིས་སྒོ་གསུམ་གུས་པས་ཕྱ༷ག་འཚ༷ལ་ལོ། །འཇམ་དཔལ་ལ་ཕྱག་འཚལ་བ་ནི་འཇུག་པའི་གཞུང་འདི་མངོན་པའི་སྡེ་སྣོད་དུ་གཏོགས་པས་སྔོན་གྱི་བཀས་བཅད་དང་མཐུན་པར་འགྱུར་ཕྱག་མཛད་པ་ཡིན་ནོ། །ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་ལས། སྡེ་སྣོད་དག་ནི་གསུམ་མམ་གཉིས་ཀྱང་རུང༌། །བསྡུས་པའི་ཕྱིར་ཏེ་རྒྱུ་ནི་དགུར་འདོད་དོ། །དེ་ནི་བག་ཆགས་རྟོགས་དང་ཞི་བ་དང༌། །རབ་ཏུ་རྟོགས་པས་རྣམ་པར་གྲོལ་བར་བྱེད། །དེ་ཡང་རྗོད་བྱེད་ཀྱི་སྒོ་ནས། མདོ་དབྱངས་ལུང་ཚིགས། ཆེད་གླེང་རྟོགས་དེ། སྐྱེས་ཤིན་རྨད་གཏན་ཞེས་པ་ལྟར། གསུང་རབ་ཡན་ལག་བཅུ་གཉིས་ཏེ། ཀུན་ལས་བཏུས་པར། ཆོས་ཞེས་བྱ་བ་ནི་མདོའི་སྡེ་དང་དབྱངས་ཀྱིས་བསྙད་པའི་སྡེ་དང་ལུང་དུ་བསྟན་པའི་སྡེ་དང་ཚིགས་སུ་བཅད་པའི་སྡེ་དང༌། ཆེད་དུ་བརྗོད་པའི་སྡེ་དང་གླེང་གཞིའི་སྡེ་དང་རྟོགས་པ་བརྗོད་པའི་སྡེ་དང་དེ་ལྟ་བུ་བྱུང་བའི་སྡེ་དང༌། སྐྱེས་པ་རབས་ཀྱི་སྡེ་དང་ཤིན་ཏུ་རྒྱས་པའི་སྡེ་དང་རྨད་དུ་བྱུང་བའི་ཆོས་ཀྱི་སྡེ་དང་གཏན་ལ་ཕབ་པར་བསྟན་པའི་སྡེའོ་ཞེས་གསུངས་པ་ལྟར་རོ། །བརྗོད་བྱའི་སྒོ་ནས་སྡེ༷་སྣོ༷ད་ད༷ག་ནི༷་མདོ་སྡེ་དང་འདུལ་བ་དང་ཆོས་མངོན་པ་སྟེ་གསུ༷མ་མ༷མ་དེ་རྣམས་ཀྱང་ཐེག་པ་དམན་པ་ཉན་ཐོས་ཀྱི་སྡེ་སྣོད་དང༌། ཐེག་པ་ཆེན་པོ་བྱང་ཆུབ་སེམས་དཔའི་སྡེ་སྣོད་གཉི༷ས་སུ་བསྡུས་ཀྱ༷ང་རུ༷ང་བའོ། །བྱང་ས་ལས། སྔར་བཤད་པ་ལྟར་ཤིན་ཏུ་རྒྱས་པ་བྱང་ཆུབ་སེམས་དཔའི་སྡེ་སྣོད་དང༌། གཞན་ཐམས་ཅད་ཉན་ཐོས་ཀྱི་སྡེ་སྣོད་དུའང་གསུངས་ཤིང༌། ཀུན་ལས་བཏུས་པར་ཡང༌། དང་པོ་ལྔ་ཉན་ཐོས་ཀྱི་མདོ་སྡེའི་སྡེ་སྣོད་དང༌། དེ་ནས་༼གླེང་གཞི་སོགས༽གཞི་གཉིས་ཀའི་འདུལ་བའི་སྡེ་སྣོད་དང༌།

ཤིན་ཏུ་རྒྱས་པ་དང་རྨད་དུ་བྱུང་བ་དང་བྱང་ཆུབ་སེམས་དཔའི་མདོ་སྡེའི་སྡེ་སྣོད་དང་གཏན་ལ་ཕབ་པ་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དུ་གསུངས་ལ། ཉན་ཐོས་ཀྱི་སར་གླེང་གཞི་འདུལ་བ་དང་གཏན་ལ་ཕབ་པ་མངོན་པ་དང་གཞན་རྣམས་མདོ་སྡེར་ཡང་གསུངས་ཏེ། དེ་དག་ཀྱང་གཙོ་གང་ཆེའི་དབང་དུ་བྱས་པའོ། །ཅིའི་ཕྱིར་སྡེ་སྣོད་ཅེས་བྱ་ཞེ་ན་གཞི་དང་ལམ་དང་འབྲས་བུ་ལ་སོགས་པ་ཤེས་བྱའི་དོན་ཐམས་ཅད་བསྡུ༷ས་པ༷འི་ཕྱི༷ར་ཏེ༷། དཔེར་ན་འབྲུ་མང་པོ་བསྡུས་པའི་སྣོད་ལ་འབྲུའི་སྣོད་ཅེས་བརྗོད་པ་བཞིན་ནོ། །རྒྱུ་ཅིའི་ཕྱིར་སྡེ་སྣོད་གསུམ་རྣམ་པར་བཞག་ཅེ་ན། སྤང་བར་བྱ་བ་གསུམ་དང༌། བསྒྲུབ་པར་བྱ་བ་གསུམ་དང༌། ཤེས་པར་བྱ་བ་གསུམ་གྱི་དབང་དུ་བྱས་ནས་རྒྱུ༷་ནི༷་དགུ༷་ཡིན་པར་འདོ༷ད་དོ། །དེ་ཡང་སྤང་བྱ་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་གང་ལ་ཐེ་ཚོམ་ཟ་བ་དེ་ཉིད་ངེས་པར་བྱ་བའི་ཆེད་དུ་ཤིན་ཏུ་གསལ་བར་སྟོན་པ་མདོ་སྡེ་དང༌། ཉེ་བའི་ཉོན་མོངས་པ་མཐའ་གཉིས་སུ་ལྷུང་བའི་གཉེན་པོར་ཁ་ན་མ་ཐོ་བ་དང་བཅས་པའི་སོག་འཇོག་ལ་སོགས་པ་བཀག་པས་འདོད་པ་བསོད་ཉམས་ཀྱི་མཐའ་སྤོང་ཞིང༌། ཁ་ན་མ་ཐོ་བ་མེད་པའི་གོས་འབུམ་རི་བ་ལ་སོགས་པའང་གནང་བས་ངལ་ཞིང་དུབ་པའི་མཐའ་སྤོང་བ་འདུལ་བ་དང༌། ཉེ་བའི་ཉོན་མོངས་པ་རང་གི་ལྟ་བ་མཆོག་ཏུ་འཛིན་པའི་གཉེན་པོར་ཆོས་ཀྱི་མཚན་ཉིད་ཕྱིན་ཅི་མ་ལོག་པ་བསྟན་པས་བློ་བྱང་ནས་ཕྱོགས་ཞེན་སྤོང་བར་བྱེད་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་བཞག་གོ། །ཡང་བསྒྲུབ་བྱ་བསླབ་པ་གསུམ་ལ་བློ་བྱང་བར་བྱ་བའི་ཆེད་དུ་དེ་རྣམས་ཤིན་ཏུ་གསལ་བར་སྟོན་པ་མདོ་སྡེ་དང༌། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་ཆེར་སྒྲུབ་པ་དང༌། ཚུལ་ཁྲིམས་དང་ལྡན་ན་འགྱོད་པ་མེད་པ་ལ་སོགས་པའི་རིམ་གྱིས་ཏིང་ངེ་འཛིན་ཐོབ་པས་ལྷག་པའི་སེམས་ཀྱི་བསླབ་པ་སྒྲུབ་པ་འདུལ་བ་དང༌། ཆོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་རབ་ཏུ་རྣམ་པར་འབྱེད་པའི་ཐབས་རྒྱ་ཆེར་བསྟན་ནས་ལྷག་པའི་ཤེས་རབ་ཀྱི་བསླབ་པ་སྒྲུབ་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་བཞག་གོ། །ཡང་ཤེས་བྱ་བསླབ་པ་གསུམ་གྱི་ཆོས་དང་དོན་ཤིན་ཏུ་གསལ་བར་བཤད་པས་བློ་བྱང་བར་བྱེད་པ་མདོ་སྡེ་དང༌། ཆོས་དང་དོན་སྒྲུབ་པའི་ཆེད་དུ་ཉོན་མོངས་པ་འདུལ་བ་ལ་བརྩོན་པས་ཆོས་དང་དོན་མངོན་སུམ་དུ་རྟོགས་པར་བྱེད་པ་འདུལ་བ་དང༌། ཆོས་དང་དོན་ལེགས་པར་རྟོགས་ཏེ་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལ་མཁས་པས་ཆོས་ལ་རྫོགས་པར་སྤྱོད་པའི་བདེ་བ་ལ་གནས་པར་བྱེད་པ་མངོན་པའི་སྡེ་སྣོད་རྣམས་རྣམ་པར་གཞག་གོ། །བྱེད་ལས་སྡེ་སྣོད་གསུམ་པོ་དེ༷་ནི༷་ཐོས་པའི་སྒོ་ནས་སེམས་ཀུན་གཞིའི་རྣམ་ཤེས་ལ་ཆོས་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་བ༷ག་ཆ༷གས་གཞག་སྟེ། བསམ་པ་ལ་བརྟེན་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རྟོ༷གས་པ་ད༷ང༌། བསྒོམས་པ་ལ་བརྟེན་ནས་ཞི་གནས་ཀྱིས་ཉོན་མོངས་པ་ཞི༷་བ༷་ད༷ང་ལྷག་མཐོང་གིས་ཆོས་ཉིད་མངོན་སུམ་དུ་ར༷བ་ཏུ༷་རྟོ༷གས་པར་བྱས་པ༷ས། རང་གཞན་འཁོར་བའི་སྡུག་བསྔལ་ལས་རྣ༷མ་པ༷ར་གྲོ༷ལ་ནས་མྱ་ངན་ལས་འདས་པའི་བདེ་བ་ཆེན་པོ་ཐོབ་པ༷ར་བྱེ༷ད་པའོ། །ཕྱེ་སྟེ་བཤད་པ་ལ། ཕན་ཡོན་དང་བཅས་ཏེ་མདོར་བསྟན་དང༌། དེའི་དོན་རྒྱས་པར་བཤད་པའོ། །དང་པོ་ནི། མདོ་དང་ཆོས་མངོན་འདུལ་བ་དག།མདོར་ན་དོན་ནི་རྣམ་བཞིར་འདོད། །བློ་དང་ལྡན་པས་དེ་ཤེས་ན། །རྣམ་པ་ཐམས་ཅད་མཁྱེན་པ་ཐོབ། །མདོ༷་སྡེ་ད༷ང་ཆོ༷ས་མངོ༷ན་པ་དང་འདུ༷ལ་བ༷་སྟེ་སྡེ་སྣོད་གསུམ་པོ་དེ་ད༷ག་ཀྱང་མདོ༷ར་བསྡུས་ན༷་རེ་རེ་ཡང་དོ༷ན་ནི༷་རྣ༷མ་པ་བཞི༷་བཞི་དང་ལྡན་པར་འདོ༷ད་ཅིང༌། བློ༷་ད༷ང་ལྡ༷ན་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དེ༷་དག་གི་དོན་ཕྱིན་ཅི་མ་ལོག་པར་ཤེ༷ས་ནས་སྒྲིབ་པ་གཉིས་སྤངས་པ་ལས་རང་གཞན་གྱི་དོན་གཉིས་མཐར་ཕྱིན་པ་རྣ༷མ་པ༷་ཐ༷མས་ཅ༷ད་མཁྱེ༷ན་པ་ཉི༷ད་འཐོ༷བ་པོ། །ཉན་ཐོས་རྣམས་ནི་ཚིགས་སུ་བཅད་པ་གཅིག་གི་དོན་ཤེས་ན་ཤེས་སྒྲིབ་མ་སྤངས་ཀྱང་ཉོན་སྒྲིབ་སྤངས་པ་ཙམ་གྱིས་རང་དོན་དུ་དགྲ་བཅོམ་པ་ཐོབ་པར་འགྱུར་རོ། །ཞེས་སོགས་གསུངས་སོ། །རྒྱས་པར་ས་བཟང་གི་མདོ་སྡེ་རྒྱན་གྱི་རྣམ་བཤད་སོགས་ལས་ཤེས་པརབྱའོ། །སྡེ་སྣོད་སོ་སོའི་ཚད་དང་དེ་དག་འགལ་བ་ཡིན་མིན་སོགས་ལ་དཔྱད་པར་བྱའོ། །

གསུམ་པ་གཞུང་གི་དོན་འཆད་པ་ལ།

བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐབས་མཆོད་པར་བརྗོད་པ།

བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཐབས་མཆོད་པར་བརྗོད་པ། བརྩམ་པའི་བསྟན་བཅོས་ཀྱི་ལུས་དངོས། བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ། བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ་དང་བཞི།

གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ།

དང་པོ་ལ་གཞན་དོན་ཁུར་འཁྱེར་གྱི་སྙིང་རྗེ་ཆེན་པོ་ལ་སོ་སོར་མ་ཕྱེ་བར་བསྟོད་པ་དང༌། སོ་སོར་ཕྱེ་སྟེ་ཕྱག་འཚལ་བ་དང་གཉིས།

དང་པོ། སྙིང་རྗེ་བྱང་སེམས་ཀྱི་གཙོ་བོའི་རྒྱུར་བསྟན་པ།

དང་པོ་ནི། སྙིང་རྗེ་བྱང་སེམས་ཀྱི་གཙོ་བོའི་རྒྱུར་བསྟན་པ་དང༌། བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱི་ཡང་རྩ་བར་བསྟན་པ་དང་གཉིས། དང་པོ་ལ་གསུམ།

ཉན་རང་གཉིས་ཐུབ་དབང་ལས་སྐྱེས་ཚུལ།

ཉན་རང་གཉིས་ཐུབ་དབང་ལས་སྐྱེ་ཚུལ་དང༌། སངས་རྒྱས་བྱང་སེམས་ལས་འཁྲུངས་ཚུལ་དང༌། བྱང་ཆུབ་སེམས་དཔའི་རྒྱུའི་གཙོ་བོ་གསུམ་བསྟན་པ་དང་གསུམ། དང་པོ་ལ། ཐུབ་དབང་གི་དོན་དང༌། ཉན་ཐོས་ཀྱི་དོན་དང༌། རང་རྒྱལ་གྱི་དོན་དང༌། ཐུབ་དབང་ལས་དེ་གཉིས་སྐྱེ་ཚུལ་དང་བཞི།

ཐུབ་དབང་གི་དོན།

དང་པོ་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྲུལ་དེ་དག་ཆོས་ཅན། ཁྱོད་ལ་ཐུབ་དབང་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཉན་རང་བྱང་སེམས་ཀྱི་ཐུབ་པ་རྣམས་ལས་ཀྱང་གོང་ན་མེད་པའི་སྐུ་གསུང་ཐུགས་ཕྲིན་ལས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ཐོབ་པ་དང༌། ཉན་རང་བྱང་སེམས་རྣམས་ཁྱོད་ཀྱི་བཀས་ཆོས་ཀྱི་སྲིད་ལ་དབང་བསྒྱུར་བར་མཛད་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལ་གོང་ན་མེད་པའི་ཆོས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་མངའ་བས། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ལས་ཀྱང་དབང་ཕྱུག་དམ་པའི་ཕུན་སུམ་ཚོགས་པ་ཉིད་དང༌། ཉན་ཐོས་ལ་སོགས་པ་རྣམས་དེའི་བཀས་མངའ་བསྒྱུར་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གཉིས་པ་ཉན་ཐོས་ཀྱི་དོན་ནི། ཐེག་པ་ཆུང་ངུའི་གང་ཟག་ཆོས་ཅན། ཁྱོད་ལ་ཉན་ཐོས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཟབ་མོ་སྟོང་ཉིད་དེ་རྟོགས་པའི་ལྟ་བ་ལ་སོགས་པ་ཉན་ཐོས་བྱང་ཆུབ་ཐོབ་བྱེད་ཀྱི་ཡང་དག་པའི་གདམས་ངག་དེ་སངས་རྒྱས་སོགས་གཞན་ལས་ཉན་ནས་སྒོམ་པར་བྱེད་ཅིང་བསྒོམ་པའི་འབྲས་བུ་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པ་ན། ཐོབ་པའི་དོན་དེ་གཞན་ལ་བཤད་ཅིང་ཐོས་པར་བྱེད་པས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། །ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་དོན་དེ་གཞན་ལ་ཐོས་པར་བྱེད་ཚུལ་ཡོད་དེ། ཉན་ཐོས་དགྲ་བཅོམ་པ་དག་གིས་འདི་ལྟར་བདག་གིས་ཐར་བའི་ལམ་བསྒྲུབ་པའི་བྱ་བ་བྱས་ཟིན་ཏོ། །སྲིད་པའི་རྒྱུ་ཉོན་མོངས་པ་སྤངས་ཟིན་པས་རྟེན་འདི་ལས་སྲིད་པ་གཞན་དུ་སྦྱོར་པ་མི་ཤེས་སོ། །ཞེས་སོགས་གསུང་རབ་ལས་མང་དུ་འབྱུང་བ་ལྟར་ཉན་ཐོས་ཀྱི་བྱང་ཆུབ་ཐོབ་པའི་ཡོན་ཏན་རྣམས་གཞན་ལ་ཐོས་པར་བྱེད་པའི་ཕྱིར་རོ། །

ཉན་ཐོས་ཀྱི་དོན།

ཡང་ཐེག་པ་ཆུང་ངུའི་ཉན་ཐོས་ཀྱི་གང་ཟག་ཆོས་ཅན། ཁྱོད་ལ་ཐོས་སྒྲོག་ཅེས་བརྗོད་པའི་རྒྱུ་མཚན་ཡོད་དེ། འབྲས་བུའི་མཆོག་སངས་རྒྱས་ཀྱི་སྐུ་བཞིའི་མཚན་ཉིད་དང་སངས་རྒྱས་དེ་ཐོབ་བྱེད་ཐེག་པ་ཆེན་པོའི་ལམ་གྱི་མཚན་ཉིད་དང་དབྱེ་བ་ལ་སོགས་པ་སངས་རྒྱས་རྣམས་ལས་ཐོས་ནས་རང་གིས་ཉམས་སུ་མི་ལེན་པར་གཞན་དོན་དུ་གཉེར་བ་དག་ལ་སྒྲོག་པར་བྱེད་པ་ཙམ་ཡིན་པས་ན་དེ་ལྟར་བརྗོད་པའི་ཕྱིར། སྒྲ་བཤད་སྔ་ཕྱི་གཉིས་ཀ་ཉན་ཐོས་ཀྱི་སྒྲ་བཤད་ཡིན་ཏེ། ཉན་ཐོས་ཀྱི་སྐད་དོད་ཤྲ་བ་ཀ་ནི་ཉན་ཐོས་དང་ཐོས་སྒྲོག་གཉིས་ཀ་ལ་འཇུག་པའི་ཕྱིར་ཏེ། དམ་ཆོས་པདྨ་དཀར་པོ་ལས། མགོན་པོ་དེ་རིང་བདག་ཅག་ཉན་ཐོས་གྱུར། །བྱང་ཆུབ་དམ་པ་ཡང་དག་བསྒྲགས་པར་བགྱི། །བྱང་ཆུབ་པ་ཡི་སྒྲ་ཡང་རབ་ཏུ་བརྗོད། །དེ་བས་བདག་ཅག་ཉན་ཐོས་མི་བཟད་འདྲ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་རང་རྒྱལ་གྱི་དོན་བཤད་པ་ནི། ཐེག་པ་འབྲིང་གི་གང་ཟག་ཆོས་ཅན། ཁྱོད་ལ་དེ་ཉིད་རྟོགས་པ་འབྲིང་བོའམ་དེ་ཉིད་ཁོང་དུ་ཆུད་པ་འབྲིང་པོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། དེ་ཉིད་རྟོགས་པ་ཞེས་པའི་དོན་ནི་དེ་ཉིད་རྟོགས་པས་རང་ལམ་གྱི་བྱ་བ་བྱེད་པའམ་བྱས་ཟིན་པ་ལ་བྱེད་པས་ན་དེ་ཉིད་རྟོགས་པ་ཞེས་པའི་སྒྲ་ནི་ཐེག་པ་གསུམ་གའི་མི་སློབ་པའི་གང་ཟག་ལ་འཇུག་པས་ཁྱོད་ལའང་དེ་ཉིད་རྟོགས་པའི་སྒྲ་འཇུག་པ་གང་ཞིག ཁྱོད་བསྐལ་ཆེན་བརྒྱར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་གོམས་པ་བསྲིངས་པས་ཚོགས་གཉིས་ཀྱི་ནུས་པ་ཉན་ཐོས་ལས་བརྒྱ་འགྱུར་དུ་འཕེལ་བའི་ཁྱད་པར་གྱིས། ཉན་ཐོས་ལས་ལྷགཚོགས་གཉིས་རྒྱ་ཆེན་པོ་དང༌། སྙིང་རྗེ་ཁྱད་པར་ཅན་དང༌། རྣམ་པ་ཐམས་ཅད་པ་མཁྱེན་པ་མེད་པས་སངས་རྒྱས་ལས་དམན་པས་ན་འབྲིང་ཞེས་བརྗོད་པའི་ཕྱིར་རོ། །

རང་རྒྱལ་གྱི་དོན།

ཡང་ཐེག་པ་འབྲིང་གི་གང་ཟག་ཆོས་ཅན། ཁྱོད་ལ་རང་སངས་རྒྱས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། རང་སངས་རྒྱས་ཀྱི་སྐད་དོད་པྲ་ཏྱེ་ཀ་བུདྡྷ་ཞེས་པའི་པྲ་ཏི་སོ་སོར་དང༌། ཨེ་ཀ་གཅིག་དང༌། བུདྡྷ་སངས་རྒྱས་ཏེ་རང་ཉིད་སོ་སོར་གཞན་ལ་མ་བརྟེན་པར་གཅིག་པུར་གནས་པ་དང༌། བདག་ཉིད་གཅིག་པུའི་ཆེད་དུ་དེ་ཁོ་ན་ཉིད་ཁོང་དུ་ཆུད་ནས་གོམས་པས་འབྲས་བུ་བྱང་ཆུབའཐོབ་པས་ན་དེ་ལྟར་བརྗོད་པའི་ཕྱིར་རོ། །

ཐུབ་དབང་ལས་དེ་གཉིས་སྐྱེ་ཚུལ་བཤད་པ།

བཞི་པ་ཐུབ་དབང་ལས་དེ་གཉིས་སྐྱེ་ཚུལ་བཤད་པ་ནི།

རྩ་བར། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །

ཞེས་ཉ༷ན་ཐོ༷ས་ས༷ངས་རྒྱ༷ས་འབྲི༷ང་རྣ༷མས་ཆོས་ཅན། ཐུ༷བ་དབ༷ང་ལས་སྐྱེ༷ས་པ་ཡིན་ཏེ། ཐུབ་པའི་དབང་པོའི་གསུང་ལས་སྐྱེས་པ་ཡིན་པའི་ཕྱིར། དེར་ཐལ། ཉན་རང་རྣམས་ཐུབ་པའི་དབང་པོའི་གསུང་གིས་བསྐྲུན་པ་སྟེ་བསྐྱེད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཉན་རང་རྣམས་ཐུབ་དབང་གི་གསུང་གིས་བསྐྱེད་པ་དེ་ཉན་རང་རྣམས་ཐུབ་དབང་གིས་གསུང་ལས་སྐྱེས་པའི་དོན་ཡིན་པའི་ཕྱིར་རོ། །རང་འགྲེལ་ལས། སངས་རྒྱས་ཀྱི་སྒྲ་འདི་སངས་རྒྱས་ཀྱི་དེ་ཉིད་ཉན་ཐོས་དང་རང་སངས་རྒྱས་དང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསུམ་ཆར་ལ་འཇུག་སྟེ། ཞེས་གསུངས་པ་མི་འཐད་པར་ཐལ། སངས་རྒྱས་ཀྱི་སྒྲ་ནི་ཉན་རང་སངས་རྒྱས་གསུམ་ག་ལ་མི་འཇུག་པའི་ཕྱིར། ཞེས་ཟེར་ན་མ་ཁྱབ་སྟེ། འགྲེལ་བར་བུདྡྷའི་དོན་དེ་ཉིད་ཁོང་དུ་ཆུད་པའི་སྒྲ་དེ་གང་ཟག་གསུམ་ལ་འཇུག་པར་བཤད་པ་ཡིན་པའི་ཕྱིར་རོ། །ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་འཇུག་ཊཱིཀ་རབ་གསལ་སྣང་རྒྱན་ལས། ཉན་རང་ལ་ཚོགས་མཚན་ཉིད་པ་མེད་དེ། ཉན་རང་གི་མི་སློབ་ལམ་ལ་ཚོགས་གཉིས་ཀྱི་ལག་རྗེས་ཆོས་གཟུགས་ཀྱི་སྐུ་གཉིས་དང་མཚན་དཔེ་མེད་པའི་ཕྱིར། ཁྱབ་སྟེ། བསོད་ནམས་ཀྱི་ཚོགས་དང་ཡེ་ཤེས་ཀྱི་ཚོགས་ཞེས་པ་ནི་ཚོགས་དེས་རང་གིས་མཐར་ཐུག་གི་སྐུ་གཉིས་འགྲུབ་པར་བྱེད་ནུས་པའི་ངོ་བོའི་སྒོ་ནས་མཐར་ཐུག་གི་སྐུ་གཉིས་འབྲས་བུར་འཛིན་པ་ཁོ་ན་ལ་ཚོགས་ཟེར་བ་ཡིན་པས་ཚོགས་གཉིས་ཀའི་ལག་རྗེས་ལ་མི་སློབ་པའི་ཚེ་སྐུ་གཉིས་དང་མཚན་དཔེ་འགྲུབ་དགོས་པའི་ཕྱིར་ཏེ། ཚོགས་གཉིས་པོ་རེ་རེའི་ལག་རྗེས་ལ་མཐར་ཐུག་གི་སྐུ་གཉིས་ཀ་འགྲུབ་ཀྱང༌། གཙོ་ཆེ་ཆུང་གི་སྒོ་ནས་ཡེ་ཤེས་ཀྱི་ཚོགས་ཀྱི་ལག་རྗེས་ལ་གཙོ་བོར་ཆོས་སྐུ་དང༌། བསོད་ནམས་ཀྱི་ཚོགས་ཀྱི་ལག་རྗེས་ལ་གཙོ་བོར་གཟུགས་སྐུ་འགྲུབ་པའི་ཕྱིར། སློབ་དཔོན་འཕགས་པའི་རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུས་ན། །རྒྱལ་བོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་ཐོབ་པའི་རྒྱུ། །ཞེས་སོགས་ནས། ཚོགས་ཀྱི་སྐད་དོད་བྷ་ར་ལ་སཾ་བསྣན་པས། སཾ་ཡང་དག་པར་འགྲུབ་པ་དང༌། བྷ་ངོ་བོས་བྱང་ཆུབ་ཆེནཔོ་དང༌། ར་འཛིན་པར་བྱེད་པའི་དོན་སྟོན་བྱེད་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །

སངས་རྒྱས་རྣམས་བྱང་སེམས་ལས་འཁྲུངས་ཚུལ་བསྟན་པ།

གཉིས་པ་སངས་རྒྱས་རྣམས་བྱང་སེམས་ལས་འཁྲུངས་ཚུལ་བསྟན་པ་ནི།

རྩ་བར། སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང༌། །

ཞེས་འོ་ན་ཐུབ་དབང་སངས་རྒྱས་གང་ལས་འཁྲུངས་ཞེ་ན། ས༷ངས་རྒྱ༷ས་ཆོས་ཅན། ཁྱོད་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ལ༷ས་འཁྲུ༷ངས་པ་ཡིན་ཏེ། བྱང་སེམས་ཁ་ཅིག་གིས་ཡོངས་འཛིན་བྱས་ནས་སངས་རྒྱས་རང་དང་རྒྱུད་གཅིག་པའི་བྱང་སེམས་ཀྱིས་ལམ་ཉམས་སུ་བླངས་པ་ལས་བྱུང་བའི་ཕྱིར་རོ། །མྱུ་གུ་ལ་སོགས་པ་སྐྱེས་ཤི༷ང་ལོ་མ་འཇམ་པའི་གནས་སྐབས་སུ་གྱུར་པ་ལྟར་བསྒྲིམས་ནས་ཡོངས་སུ་བསྐྱངས་དགོས་སོ། །

རྩོད་པ།

འདི་ལ་རྩོད་པ་དང་ལན་གཉིས་དང་པོ་ནི། རང་འགྲེལ་ལས། གལ་ཏེ་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པའི་ཉེ་བར་བསྟན་པ་ལས་སྐྱེས་པར་གྱུར་པས་རྒྱལ་བའི་སྲས་ཞེས་བརྗོད་པ་མ་ཡིན་ནམ། དེའི་ཕྱིར་ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤེ་ན། ཞེས་གསུངས་པའི་དོན་ནི། ཇི་ལྟར་སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པར་བཤད་པ་མི་འཐད་པར་ཐལ། བྱང་སེམས་རྣམས་སངས་རྒྱས་ལས་འཁྲུངས་པའི་ཕྱིར། དེར་ཐལ། ཉན་རང་མ་ཟད་བྱང་ཆུབ་སེམས་དཔའ་རྣམས་ཀྱང་དེ་བཞིན་གཤེགས་པ་སངས་རྒྱས་ཀྱིས་ལམ་གྱི་གདམས་པ་ཉེ་བར་བསྟན་པ་ལས་སྐྱེས་པར་གྱུར་པཡིན་པས་རྒྱལ་བའི་སྲས་ཞེས་བརྗོད་པ་ཡིན་པའི་ཕྱིར་ཞེ་ན།

ལན།

གཉིས་པ་ལན་ལ། རིགས་པས་སྒྲུབ་པ་དང༌། ལུང་གིས་སྒྲུབ་པ་གཉིས།

རིགས་པས་སྒྲུབ་པ།

དང་པོ་ནི་སྤྱིར་རྒྱལ་བའི་སྲས་ལ་ཁྱོད་ཀྱིས་བཤད་པ་ལྟར་རྒྱལ་བ་དེའི་གསུང་ལས་འཁྲུངས་པའི་ཆ་ནས་སྲས་སུ་བཞག་པ་གཅིག་དང༌། སྤྱོད་འཇུག་ལས། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་པ་ལྟ་བུའི་ཐེག་ཆེན་གྱི་ཐུན་མོང་མ་ཡིན་པའི་ཐབས་ཀྱི་རིགས་བྱང་ཆུབ་ཀྱི་སེམས་ནི་ཐེག་པ་ཆེ་ཆུང་གི་རིགས་སོ་སོར་འབྱེད་པའི་ཕའི་ས་བོན་ལྟ་བུ་ཡིན་པས་ན་ཕའི་ས་བོན་དང་མཚུངས་པའི་ཐབས་སེམས་བསྐྱེད་ཀྱི་སྒོ་ནས་སྲས་སུ་བཞག་པ་གཅིག་དང༌།

འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །ཞེས་པ་ལྟར་ཐེག་ཆེན་དུ་གྱུར་གྱི་ཤེས་རབ་ཁྱད་པར་ཅན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཤེས་རབ་ཀྱི་སྒོ་ནས་རྒྱལ་བའི་སྲས་སུ་བཞག་པ་དང་གསུམ་ཡོད་པས་ན་བྱང་སེམས་རྣམས་རང་རྒྱུའི་རྒྱལ་བའི་གསུང་ལས་སྐྱེས་པའི་སྒོ་ནས་རྒྱལ་བའི་སྲས་སུ་བཞག་ཆོག་པ་འདི་ནི་བདེན་མོད་ཀྱི་ཁོ་བོས་ཐེག་པ་གསུམ་གྱི་མི་སློབ་པ་ཐམས་ཅད་ཀྱི་རྒྱུའི་རྩ་བ་སྙིང་རྗེ་ལ་ཐུག་པར་སྒྲུབ་པའི་ཆེད་དུ་བྱང་སེམས་ལས་སངས་རྒྱས་འཁྲུངས་པར་བསྟན་པ་ཡིན་པས་སྐྱོན་མེད་ལ། སངས་རྒྱས་རྣམས་ནི་བྱང་སེམས་ལས་འཁྲུངས་ཚུལ་ཡང་རྗེས་སུ་འཆད་པ་ལྟར་འཐད་ཅིང་རིགས་པའི་ཕྱིར། ཞེས་པ་ནི་འདི་ནི་བདེན་མོད་ཀྱི་འོན་ཀྱང་ཞེས་པའི་ཚིག་ནུས་ཀྱི་དོན་ནོ། །སངས་རྒྱས་རྣམས་བྱང་སེམས་ལས་འཁྲུངས་ཚུལ་ལམ་རྒྱུ་གཉིས་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའ་རྣམས་བཅོམ་ལྡན་འདས་རྣམས་ཀྱི་རྒྱུར་འགྱུར་བ་ནི་འཐད་ཅིང་རིགས་པ་ཡིན་ཏེ། གནས་སྐབས་ཀྱི་ཁྱད་པར་སངས་རྒྱས་རྣམས་ནི་རང་དང་རྒྱུད་གཅིག་པའི་བྱང་སེམས་ཀྱི་ཉེར་ལེན་གྱི་རྒྱུ་དང༌། ཡང་དག་པར་འཛིན་དུ་འཇུག་པའི་ཁྱད་པར་རང་དང་རྒྱུད་ཐ་དད་པའི་བྱང་སེམས་ཀྱིས་ལྷན་ཅིག་བྱེད་རྐྱེན་བྱས་པ་ལ་བརྟེན་ནས་འཁྲུངས་པ་ཡིན་པའི་ཕྱིར་རོ། །ཞིབ་པར་ན་རང་ལྡོག་ནས་བྱང་སེམས་ལས་འཁྲུངས་པའི་སངས་འཕགས་དང༌། སངས་འཕགས་ཡིན་ན་རང་རྒྱུ་རྒྱུད་གཅིག་དང་ཐ་དད་ཀྱི་བྱང་སེམསགཉིས་ལས་འཁྲུངས་པ་ལ་བཞེད་པའོ། །

ལུང་གིས་སྒྲུབ་པ།

གཉིས་པ་ལུང་གིས་སྒྲུབ་པ་ནི།

འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས།

འོད་སྲུང༌། འདི་ལྟ་སྟེ་དཔེར་ན་ཟླ་བ་ཚེས་པ་ལ་ཕྱག་འཚལ་བ་ལྟར་ཉ་བ་ལ་ནི་མ་ཡིན་ནོ། །འོད་སྲུང་དེ་བཞིན་དུ་གང་དག་ང་ལ་རབ་ཏུ་དད་པ་དེ་དག་གིས་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་བྱའི། དེ་བཞིན་གཤེགས་པ་རྣམས་ལ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ལས་ནི་དེ་བཞིན་གཤེགས་པ་རྣམས་འབྱུང་ངོ། །དེ་བཞིན་གཤེགས་པ་རྣམས་ལས་ནི་ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་བྱུང་ངོ། །ཞེས་གསུངས་པ་ལྟ་བུའོ། །སྐབས་འདིར་ཉན་ཐོས་རྒྱལ་བ་ལས་འཁྲུངས་ལ། བྱང་སེམས་རྒྱལ་བ་ལས་མ་འཁྲུངས་པ་ལྟ་བུ་བཤད་པ་སྐབས་འདིའི་དགོས་པ་དང་སྐབས་ཐོབ་དང་གསུང་རབ་ཀྱི་བརྡ་ཆད་ཀྱིས་ཡིན་ནོ། །

མདོ་རྒྱན་ལས། རྒྱལ་སྲས་རྒྱལ་བའི་གཞི་དང་ནི། །ཞེས་དང༌། འཇུག་པ་ལས། རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །ཞེས་གསུངས་པ་སྐབས་འདི་དང་མི་འདྲ་བའོ། །སྐབས་འདིར་བྱང་སེམས་རྣམས་རྒྱལ་བའི་གསུངས་ལས་སྐྱེས་པའི་སྲས་ཡིན་མིན་ལ་རྩོད་པ་ཡིན་གྱི། རྒྱལ་བའི་ཐབས་ཤེས་ཀྱི་རིགས་སུ་སྐྱེས་པའི་སྲས་སུ་ཡིན་མིན་ལ་རྩོད་པ་མ་ཡིན་ནོ། །སློབ་དཔོན་ཐོག་མར་ཐེག་པ་གསུམ་གྱི་རྩ་བ་སྙིང་རྗེ་ལ་དངོས་སུ་ཕྱག་འཚལ་བས་ཉན་རང་སངས་རྒྱས་བྱང་སེམས་རྣམས་ལ་ཤུགས་ཀྱིས་ཕྱག་འཚལ་བ་བཞེད་པའི་ཕྱིར་དུ་ཉན་ཐོས་སོགས་རྐང་པ་གཉིས་ཀྱིས་ཉན་རང་སངས་རྒྱས་བྱང་སེམས་རྣམས་རྒྱུ་འབྲས་སུ་བསྟན་ནས་སྔ་མ་གསུམ་གྱི་རྩ་བའི་རྒྱུ་བྱང་སེམས་དེའི་རྒྱུ་ནི་སྙིང་རྗེ་ཡིན་པར་བསྟན་ཏེ། དེ་ནས་སྙིང་རྗེ་ལ་ཕྱག་འཚལ་བ་གང་ཞིག དེ་ལྟར་བསྟན་པའི་སྒོ་ནས་སྙིང་རྗེ་ལ་ཕྱག་འཚལ་བས་ནི་སྙིང་རྗེ་ནི་ཐེག་པ་གསུམ་གའི་ལམ་མ་ལུས་པའི་རྩ་བར་ཤེས་ནས་གདུལ་བྱས་སྙིང་རྗེ་ལ་ཆེད་དུ་མོས་ཤིང་དད་པ་སྐྱེད་པ་དང༌། རྒྱུ་ལ་ཕྱག་འཚལ་བས་འབྲས་བུ་ཉན་རང་ཐུབ་དབང་བྱང་སེམས་རྣམས་ལའང་ཕྱགའཚལ་བར་འགྲོ་བའི་ཕྱིར་རོ། །

བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་བཤད་པ།

གསུམ་པ་བྱང་སེམས་ཀྱི་རྒྱུའི་གཙོ་བོ་གསུམ་ནི།

རྩ་བར། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། །

བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །

ཞེས་ཉན་རང་གཉིས་ཐུབ་དབང་ལས་དང༌། ཐུབ་དབང་བྱང་སེམས་ལས་འཁྲུངས་ན། བྱང་སེམས་དེ་དག་གི་རྒྱུ་གང་ཡིན་ཞེ་ན། བྱང་སེམས་རྣམས་ཆོས་ཅན། ཁྱོད་ཀྱི་རྒྱུ་ཡོད་དེ། འཆད་པར་འགྱུར་བའི་སྙི༷ང་རྗེ༷འི་སེ༷མས་ད༷ང༌། མཐའ་གཉི༷ས་སུ༷་མེ༷ད་པར་རྟོགས་པའི་བློ༷་ཤེས་རབ་ད༷ང༌། ཀུན་རྫོབ་བྱ༷ང་ཆུ༷བ་ཀྱི་སེ༷མས་བསྐྱེད་དང་གསུམ་ནི༷་རྒྱ༷ལ་བའི་སྲ༷ས་པོ་རྣ༷མས་ཀྱི༷་རྒྱུ༷་ཡིན་པའི་ཕྱིར་རོ། །སྙིང་རྗེ་ལ་སོགས་པའི་ཆོས་གསུམ་པོ་འདི་བྱང་སེམས་ཀྱི་རྒྱུ་ཡིན་ཏེ། རིན་ཆེན་འཕྲེང་བ་ལས། དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང༌། །ཕྱོགས་མཐའ་གཏུགས་པའི་སྙིང་རྗེ་དང༌། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་དང༌། རང་འགྲེལ་ལས། ཡང་བྱང་ཆུབ་སེམས་དཔའ་དེ་དག་ཅིའི་ཕྱིར་རྒྱུ་ཅན་ཡིན་ཞེ་ན་སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང༌། བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་བྱ་བ་སྨོས་སོ། །དེ་ལ་སྙིང་རྗེ་ནི་བརྩེ་བའམ་འདི་ཉིད་དུ་འཆད་པར་འགྱུར་བའི་རྣམ་པ་དང་རང་གི་ངོ་བོ་ཅན་ནོ། །ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་གཙོ་བོའི་རྒྱུ་ནི། སྙིང་རྗེ་དང༌། གཉིས་སུ་མེད་པའི་ཤེས་རབ་དང༌། བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཆོས་གསུམ་པོ་འདི་དག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

དབུ་མ་འཇུག་པ་འདིར་གསུངས་པའི་འདིར་བསྟན་ཆོས་གསུམ་དང༌། དབུ་མ་རྒྱན་རང་འགྲེལ་ལས། ཡང་དག་ཤེས་འཚོལ་སྔོན་བཏང་སྟེ། །དོན་དམ་རྣམ་པར་ངེས་གྱུར་ནས། །ལྟ་ངན་འཐིབ་གནས་འཇིག་རྟེན་ལ། །སྙིང་རྗེ་ཀུན་ནས་བསྐྱེད་ནས་སུ། །འགྲོ་དོན་བྱེད་པར་དཔའ་གྱུར་པ། །བྱང་ཆུབ་བློ་རྒྱས་མཁས་པ་ནི། །བློ་དང་སྙིང་རྗེས་བརྒྱན་པ་ཡིས། །ཐུབ་པའི་བརྟུལ་ཞུགས་ཡང་དག་སྤྱོད། །ཅེས་དང༌། ཡང་དག་དད་པའི་རྗེས་འབྲང་བ། །རྫོགས་པའི་བྱང་ཆུབ་སེམས་བསྐྱེད་ནས། །ཐུབ་པའྀ་བརྟུལ་ཞུགས་བླངས་བྱས་ཏེ། །དེ་ནི་ཡང་དག་ཤེས་འཚོལ་བརྩོན། །ཞེས་གསུངས་པ་དང༌། ཆོས་མཆོག་གིས། གང་ཕྱིར་འཇིག་རྟེན་དོན་གཉེར་འདི། །ཐེ་ཚོམ་ལས་ཀྱང་འཇུག་ཕྱིར་རོ། །ཞེས་དང༌། ཉ་ཊཱིཀ་དགོས་སོགས་ཆོས་བཞིའི་སྐབས་ལས།

དབང་རྣོན་ལ་དེ་འདྲའི་དོན་འགྱུར་བསྐྱེད་པ། དབང་རྟུལ་དེ་འདྲའི་ངེས་པ་སྐྱེས་པ། ཞེས་གསུངས་པ་རྣམས་ཀྱིས་འདིར་བསྟན་ཆོས་གསུམ་གྱི་གོ་རིམ་ལ་དཔྱད་པར་བྱའོ། །རང་འགྲེལ་ལས། གཉིས་སུ་མེད་པའི་བློ་ནི། དངོས་པོ་དང་དངོས་པོ་མེད་པ་ལ་སོགས་པ་མཐའ་གཉིས་དང་བྲལ་བའི་ཤེས་རབ་པོ། །ཞེས་གསུངས་པ་ལྟར་འདིར་བསྟན་གཉིས་མེད་ཀྱི་བློ་ཆོས་ཅན། ཁྱོད་ཀྱི་དམིགས་པ་དང་རྣམ་པ་དང་དབྱེ་བ་རྣམས་ཡོད་དེ། ཆོས་དང་གང་ཟག་གཉིས་ཁྱོད་ཀྱི་དམིགས་པ་དང༌། དངོས་པོའམ་ཡོད་མཐའ་སྟེ་རྟག་མཐའ་དང༌། དངོས་མེད་དམ་ཆད་མཐའ་དང་མཐའ་གཉིས་ཀྱིས་སྟོང་པའི་རྣམ་པ་ནི་ཁྱོད་ཀྱི་རྣམ་པ་དང༌། ཁྱོད་ལ་དབྱེ་ན་བྱང་སེམས་ལས་དང་པོ་པའི་སྔོན་དུ་འགྲོ་བའི་སྟོང་ཉིད་རྟོགས་པའི་བློ་གཅིག་དང༌། མོས་སྤྱོད་ཀྱི་སྐབས་ཀྱི་སྟོང་ཉིད་རྟོགས་པའི་བློ་གཅིག་དང༌། ས་ཐོབ་པའི་བྱང་སེམས་ཀྱི་རྒྱུད་ཀྱི་གཉིས་མེད་ཀྱི་བློ་དང་གསུམ་ཡོད་པའི་ཕྱིར་རོ། །འདིར་བསྟན་སེམས་བསྐྱེད་ཆོས་ཅན། ཁྱོད་ཀྱི་དམིགས་པ་དང་རྣམ་པ་དང་ངོ་བོ་དང་དབྱེ་བ་རྣམས་ཡོད་དེ། གཞན་དོན་དང་བྱང་ཆུབ་ཆེན་པོ་གཉིས་ཁྱོད་ཀྱི་དམིགས་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྒྲོལ་བའི་ཆེད་དུ་བྱང་ཆུབ་ཆེན་པོ་དེ་ཐོབ་པར་འདོད་པ་དེ་ཁྱོད་ཀྱི་རྣམ་པ་དང༌། གཉིས་མེད་ཀྱི་བློ་དང་སྙིང་རྗེ་ཆེན་པོ་གཉིས་ཀྱིས་དྲངས་པའི་དོན་གཉིས་ལ་དམིགས་པའི་ཡིད་ཀྱི་རྣམ་རིག་དེ་ཁྱོད་ཀྱི་ངོ་བོ་དང༌། ཁྱོད་ཀྱི་དབྱེ་བ་ལ་བྱང་སེམས་སྐྱེ་འཕགས་ཀྱི་རྒྱུད་ཀྱི་སྨོན་འཇུག་སེམས་བསྐྱེད་གཉིས་རྣམས་ཡོད་པའི་ཕྱིར་རོ། །

སྐབས་འདིའི་སེམས་བསྐྱེད་ལ་ལམ་མ་ཞུགས་ཀྱི་རྒྱུད་ཀྱི་བུར་ཤུན་གྱི་རོ་ལྟ་བུའི་སེམས་བསྐྱེད་ཡོད་པར་རྗེ་བདག་ཉིད་ཆེན་པོས་གསུངས་སོ། །འདིར་བསྟན་ཆོས་གསུམ་གྱི་ས་མཚམས་དང་གོ་རིམ་འཇོག་ཚུལ་ལ་མཁས་དབང་རྣམས་བཞེད་པ་སྣ་ཚོགས་པ་ཡོད་མོད་མ་སྤྲོས་སོ། །ཟླ་བའི་ལུགས་གཞིར་བཞག་ན་བྱང་སེམས་ལ་སེམས་ཙམ་པར་གྱུར་པའི་བྱང་སེམས་པ་ཡོད་པར་ཐལ། སློབ་དཔོན་ཕྱོགས་གླང་དེ་དེ་ཡིན་པའི་ཕྱིར། རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་སྔར་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པར་འདི་ཡོངས་སུ་སྤངས་སམཞེ་ན། དེ་སྐད་དུ་སྨྲའོ། །ཞེས་གསུང་སོ། །

སྙིང་རྗེ་ནི་བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱིའང་རྩ་བ་ཡིན་པ།

གཉིས་པ་སྙིང་རྗེ་ནི་བྱང་སེམས་ཀྱི་རྒྱུ་གཞན་གཉིས་ཀྱིའང་རྩ་བ་ཡིན་པ་ནི།

རྩ་བར། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །

ས་བོན་དང་ནི་སྤེལ་ལ་ཆུ་འདྲ་ཡུན་རིང་དུ། །

ལོངས་སྤྱོད་གནས་ལ་སྨིན་པ་ལྟ་བུར་འདོད་གྱུར་པ། །

དེ་ཕྱིར་བདག་གིས་ཐོག་མར་སྙིང་རྗེ་བསྟོད་པར་བགྱི། །

ཞེས་དཔལ་ལྡན་ཟླ་བས་ཉན་རང་དང་སངས་རྒྱས་དང་བྱང་སེམས་ཀྱི་རྩ་བ་ཡིན་པ་མ་ཟད་བྱང་སེམས་ཀྱི་རྒྱུ་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་གཉིས་ཀྱི་རྩ་བ་ཡང་སྙིང་རྗེ་ཡིན་པའི་ཕྱིར་ན། བྱང་སེམས་ཀྱི་རྒྱུ་གསུམ་གྱི་ནང་ནས་སྙིང་རྗེ་དེ་རྒྱུའི་གཙོ་བོ་ཉིད་དུ་བསྟན་པར་བཞེད་པ་ཡིན་ལ། སྙིང་རྗེ་ཉིད་རྒྱུའི་གཙོ་བོ་ཡིན་པ་རྒྱུ་མཚན་ག༷ང་གི་ཕྱི༷ར་ཞེ་ན། སྙིང་བརྩེ༷་བ་ཉི༷ད་ནི་སྐུ་བཞི་དང་མཚན་དཔེ་ལ་སོགས་པའི་རྒྱ༷ལ་བ༷འི་ལོ༷་ཏོ༷ག་ཕུ༷ན་སུམ་ཚོ༷གས་པ་འདི༷འི་ཐོག་མར་བསྐྱེད་པ་ལ་གལ་ཆེ་བ་ས༷་བོ༷ན་ད༷ང་ནི༷་འདྲ་ལ། བར་དུ་གོང་ནས་གོང་དུ་སྤེ༷ལ་བ་ལ༷་ཆུ༷་དང་འདྲ༷་ལ། ཐ་མར་གདུལ་བྱས་རྒྱལ་བའི་ལོ་ཏོག་ལ་ཡུ༷ན་རི༷ང་དུ༷་ལོ༷ངས་སྤྱོ༷ད་པའི་གན༷ས་ལ༷་འབྲས་བུ་སྨི༷ན་པ༷་ལྟ༷་བུ༷ར་འདོ༷ད་པར་གྱུ༵ར་པ༷་དེ༷འི་ཕྱི༷ར་ན་ཟླ་བའི་ཞབས་བད༷ག་གི༷ས་ཉན་རང་སངས་རྒྱས་དང་བྱང་སེམས་དང༌། བྱང་སེམས་ཀྱི་རྒྱུ་གཞན་གཉིས་ལས་ཀྱང་བསྟན་བཅོས་རྩོམ་པའི་ཐོ༷ག་མ༷ར་སྙི༷ང་རྗེ༷་ཆེན་པོ་ལ་བསྟོ༷ད་པ༷ར་བགྱི༷་བ་ཡིན་ནོ། །

སྙིང་རྗེ་ནི་རྒྱལ་བའི་ལོ་ཏོག་བསྐྲུན་པ་ལ་ཐོག་མཐའ་བར་གསུམ་དུ་གལ་ཆེ་བར་བསྟན་པ་དེ་ཉིད་སྙིང་རྗེ་ལ་བསྟོད་པ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་ལས། ཐེག་པ་ཆེན་པོ་གང་ཞིག་ལས། །

སྙིང་རྗེ་སྔོན་བཏང་སྤྱོད་པ་ཀུན། །ཡེ་ཤེས་དྲི་མ་མེད་བཤད་པ། །སེམས་ཡོད་སུ་ཞིག་དེ་ལ་སྨོད། །ཅེས་དང༌། རང་འགྲེལ་ལས། བྱང་ཆུབ་ཀྱི་སེམས་བསྐྱེད་དུ་ཟིན་ཀྱང༌། གལ་ཏེ་དུས་ཕྱིས་སྙིང་རྗེའི་ཆུས་ཡང་དང་ཡང་དུ་བཅུས་པར་མ་གྱུར་ན། འབྲས་བུའི་ཚོགས་ཡངས་པ་མ་བསགས་པ་འདི་ངེས་པར་ཉན་ཐོས་དང་རང་སངས་རྒྱས་ཀྱིས་ཡོངས་སུ་མྱ་ངན་ལས་འདས་པས་མྱ་ངན་ལས་འདའ་བར་འགྱུར་རོ། །འབྲས་བུ་མཐའ་ཡས་པའི་གནས་སྐབས་ཐོབ་ཏུ་ཟིན་ཀྱང་གལ་ཏེ་དུས་ཕྱིས་སྙིང་རྗེ་ཡོངས་སུ་སྨིན་པ་དང་བྲལ་བར་གྱུར་ན་ནི་འདི་དུས་རིང་པོར་ཉེ་བར་ལོངས་སྤྱོད་པར་མི་འགྱུར་ལ། འཕགས་པའི་འབྲས་བུའི་ཚོགས་ཆེན་པོ་རིམ་པ་གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམ་པ་བར་མ་ཆད་པ་ཡུན་རིང་པོར་མངོན་པར་འཕེལ་བར་ཡང་མི་འགྱུར་རོ། །ཞེས་གསུངས་པས་སོ། །སྙིང་རྗེ་ཆེན་པོ་དེ་ལ་སེམས་ཅན་སྡུག་བསྔལ་དང་བྲལ་ན་སྙམ་པའི་འདོད་པ་གཅིག་དང༌། བྲལ་བར་གྱུར་ཅིག་སྙམ་དུ་སྨོན་པ་གཅིག་དང༌། བདག་གིས་དབྲལ་བར་བྱའོ་སྙམ་པའི་ཁུར་དུ་ཁྱེར་བའི་སྙིང་རྗེ་ཆེན་པོ་དང་གསུམ་ཡོད་དོ། །དྲུག་པ་ལྷག་བསམ་པ་ཡན་ཆད་ཀྱི་རྒྱུད་ཀྱི་དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སྡུག་བསྔལ་གྱིས་མཚོན་པའི་ཕོངས་པ་མཐའ་དག་ལས་སྐྱོབ་འདོད་ཀྱི་བརྩེ་བ་དེ། སྐྱེས་བུ་ཆེན་པོའི་སྙིང་རྗེ་ཆེན་པོའི་མཚན་ཉིད། དམིགས་པ་སེམས་ཅན་ཐམས་ཅད་ལ་དམིགས་ནས་རྣམ་པ་སྡུག་བསྔལ་དང་བྲལ་ན་དང་སྡུག་བསྔལ་དང་བྲལ་བར་གྱུར་ཅིག་དང་སྡུག་བསྔལ་དང་དབྲལ་བར་བྱའོ་གང་རུང་གི་རྣམ་པ་ཅན་མས་བུ་གཅིག་པ་ལ་བརྩེ་བ་ལྟ་བུའི་ཡིད་འགྱུར་གྱི་མྱོང་བ་ཐོན་པའི་བརྩེ་བ་དེ། སྙིང་རྗེ་ཆེན་པོའི་མཚན་ཉིད། དབྱེ་ན་ཐེག་པ་གསུམ་གྱི་སྙིང་རྗེ་གསུམ་དང༌། ལམ་མ་ཞུགས་ཀྱི་དང༌། ལམ་ཞུགས་ཀྱི་སྙིང་རྗེ་ཆེན་པོ་གཉིས་དང༌། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོ་སོགས་གསུམ་རྣམས་ཡོད། ཐེག་པ་ཆེ་ཆུང་གི་སྙིང་རྗེ་ལ་ཁྱད་པར་ཡོད་དེ། གཟུངས་རྒྱལ་གྱིས་ཞུས་པ་ལས། ཉན་ཐོས་དང་རང་སངས་རྒྱས་ཀྱི་སྙིང་རྗེ་ནི་པགས་པའི་རྣམ་པ་ལྟ་བུའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་ནི་ཤའི་རྣམ་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །སྙིང་རྗེ་ཆེན་པོ་དང་སྙིང་རྗེ་ཚད་མེད་གཉིས་ལ་མུ་བཞི་ཡོད་དེ། ཞི་ལྷག་མ་ཐོབ་པའི་བྱང་ཆུབ་སེམས་དཔའི་རྒྱུད་ཀྱི་སྙིང་རྗེ་ཆེན་པོ་ལྟ་བུ་ནི་སྙིང་རྗེ་ཆེན་པོ་ཡིན་ལ་སྙིང་རྗེ་ཚད་མེད་མ་ཡིན་པའི་མུ་དང༌། ཕྱི་རོལ་བའི་རྒྱུད་ཀྱི་ཞི་ལྷག་དང་མཚུངས་ལྡན་གྱི་སྙིང་རྗེ་དེ་སྙིང་རྗེ་ཚད་མེད་ཡིན་ལ་སྙིང་རྗེ་ཆེན་པོ་མ་ཡིན་པའི་མུ་དང༌། ཞི་ལྷག་ཐོབ་པའི་བྱང་སེམས་ཀྱི་རྒྱུད་ཀྱི་ཞི་ལྷག་དང་མཚུངས་ལྡན་གྱི་སྙིང་རྗེ་ཆེན་པོ་དེ་སྙིང་རྗེ་ཚད་མེད་དང་སྙིང་རྗེ་ཆེན་པོ་གཉིས་ཀ་ཡིན་པའི་མུ་དང༌། ཚིག་སྤྱི་ཙམ་གྱི་སྙིང་རྗེ་དང་ཕུག་རོན་གྱིས་བུ་ལ་བརྩེ་བ་ལྟ་བུ་ནི་གཉིས་ཀ་མ་ཡིན་པའི་མུ་ཡིན་ནོ། །ཚདམེད་བཞིའི་སེམས་རྟེན་ལ་བསམ་གཏན་དགོས་པའི་དབང་དུ་བྱས་པའོ། །

སྙིང་རྗེ་ཆེན་པོ་ལ་སོ་སོར་ཕྱེ་ནས་ཕྱག་འཚལ་བ།

གཉིས་པ་སྙིང་རྗེ་ཆེན་པོ་ལ་སོ་སོར་ཕྱེ་ནས་ཕྱག་འཚལ་བ་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའི་ཚུལ་དང༌། ཆོས་དང་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་ཚུལ་གཉིས།

སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བའི་ཚུལ།

དང་པོ་ནི།

རྩ་བར། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང༌། །

བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །

ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །

འགྲོ་ལ་སྙིང་རྗེར་གྱུར་གང་དེ་ལ་འདུད། །

ཅེས་ད༷ང་པོ༷ར་ངར་འཛིན་གྱི་འཇིག་ལྟས་ང༷་ཡིན་ནོ་ཞེ༷ས་རང་བཞིན་གྱིས་གྲུབ་པའི་གང་ཟག་གི་བད༷ག་ལ༷་ཞེ༷ན་པར་གྱུ༷ར་ཅི༷ང་ངར་འཛིན་འཇིག་ལྟས་མིག་སོགས་དང་ལྡན་པའམ་མིག་སོགས་ཀྱི་ཁྱད་པར་དུ་བྱས་པའི་ང་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདག་གིར་འཛིན་པའི་འཇིག་ལྟ་བསྐྱེད་ལ། དེ་ནས་ང་ཡི་བར་འཛིན་པའི་འཇིག་ལྟས་ངར་འཛིན་གྱི་དམིགས་པའི་གང་ཟག་མ་ཡིན་པའི་གཟུགས་དང་མིག་སོགས་ལ་བད༷ག་གི༷་མིག་འདི༷་ཡིན་ནོ་ཞེ༷ས་དངོ༷ས་པོའི་ཆོས་ལ༷་རང་བཞིན་གྱིས་གྲུབ་པར་ཆ༷གས་པའི་བདེན་ཞེན་གྱི་ཆོས་ཀྱི་བདག་འཛིན་བསྐྱེ༷ད་པ༷་ཡིན། དེ་ལྟར་བདག་འཛིན་གཉིས་ཀྱི་དབང་གིས་ཟོ༷་ཆུ༷ན་འཕྱ༷ན་ནམ་འཁོར་བ་ལྟ༷ར་ར༷ང་དབ༷ང་མེ༷ད་པ༷ར་འཁོར་བར་འཁོར་བ་ཡི༷་འགྲོ༷་བ་མ་ལུས་པ་ལ༷་འཕོངས་པ་ལས་སྐྱོབ་འདོད་ཀྱི་སྙི༷ང་རྗེ༷ར་གྱུ༷ར་པ་ག༷ང་ཡིན་པ་དེ༷་ལ༷་འདུ༷ད་ཅེས་ཕྱག་འཚལ་བ་ཡིན་ནོ། །འགྲོ་བ་དང་ཟོ་ཆུན་གྱི་འཁྲུལ་འཁོར་གཉིས་འདྲ་ཚུལ་རྣམ་པ་དྲུག་གི་སྒོ་ནས་མཚུངས་པ་ཡིན་ཏེ། དེ་གཉིས་བཅིངས་པ་ལ་འདྲ་ཚུལ་ཡོད་དེ། ཟོ་ཆུན་དེ་ཐག་པས་བཅིངས་པ་ལྟར་སེམས་ཅན་རྣམས་ཀྱང་ལས་དང་ཉོན་མོངས་པས་འཁོར་བར་བཅིངས་པ་དང༌། བྱེད་པ་པོ་འདྲ་བ་ཟོ་ཆུན་དེ་ཁྲོན་པའི་ནང་དུ་འཁོར་མི་འཁོར་གང་ཟག་ལ་རག་ལས་པ་ལྟར་འགྲོ་བ་རྣམས་འཁོར་བར་འཁྱམས་མི་འཁྱམས་རྣམ་ཤེས་ལ་རག་ལས་པ་དང༌། འཁོར་ཚུལ་འདྲ་བ་ཟོ་ཆུན་དེ་ཁྲོན་པའི་རྩ་རྩེ་ཀུན་ཏུ་འཁོར་བ་ལྟར་འགྲོ་བ་ཡང་སྲིད་རྩེ་ནས་མནར་མེད་བར་དུ་ཡང་འཁོར་བ་དང༌། འབད་རྩོལ་འདྲ་བ་ཟོ་ཆུན་དེ་ཐུར་དུ་ངམ་ངམ་ཤུགས་ཀྱིས་འགྲོ་ཞིང་གྱེན་དུ་འགྲོ་བ་ལ་འབད་པ་ཆེན་པོ་དགོས་པ་ལྟར་འགྲོ་བ་རྣམས་ངན་སོང་དུ་འགྲོ་སླ་ཞིང༌། ངན་སོང་ནས་བདེ་འགྲོར་འགྲོ་བ་ནི་འབད་ཀྱང་དཀའ་བ་དང༌། གོ་རིམ་མ་ངེས་པ་འདྲ་བ་ཟོ་ཆུན་དེ་འཁོར་བའི་སྔ་ཕྱིའི་རིམ་པ་མ་ངེས་པར་ལྟར་འགྲོ་བ་རྣམས་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོ་ནས་འཁོར་བར་འཁྱམས་པའི་ཚེ་ཉོན་མོངས་ལས་ལས་དང་ལས་ལས་སྐྱེ་བའི་ཀུན་ཉོན་དང་སྐྱེ་བ་ལས་ཉོན་མོངས་སྐྱེ་བ་སོགས་རྒྱུན་མི་ཆད་དུ་འབྱུང་བས་སྔ་ཕྱིའི་རིམ་པ་མེད་པ་དང༌། མནར་ཚུལ་འདྲ་བ་ཟོ་ཆུན་དེ་འཁོར་བའི་ཚེ་ཕན་ཚུན་གྱི་རྡོ་སོགས་ལ་འཐོགས་ཏེ་གཅོག་པ་ལྟར་འགྲོ་བ་རྣམས་འཁོར་བར་འཁྱམས་པའི་ཚེ་སྡུག་བསྔལ་གསུམ་གྱིས་ཡང་དང་ཡང་དུ་མནར་བ་ཡིན་པའི་ཕྱིར་རོ། །

དེ་ལྟར་སེམས་ཅན་རྣམས་ཟོ་ཆུན་དང་ཆོས་མཐུན་དྲུག་གི་སྒོ་ནས་འཁོར་བར་འཁྱམས་ཚུལ་བཤད་པ་དེ་ཡང་སེམས་ཅན་འཁོར་བར་འཁྱམས་ཚུལ་གྱི་གོ་བ་ཙམ་ཞིག་བསྐྱེད་པའི་ཆེད་དུ་མ་ཡིན་པར་སྙིང་རྗེ་བསྐྱེད་དགོས་ཞེས་ཡང་ཡང་བསྟན་ཀྱང་སྐྱེད་པར་བྱེད་ཚུལ་མ་བསྟན་པའི་སྙིང་རྗེ་སྐྱེ་བ་ནི་སེམས་ཅན་རྣམས་ནི་ཟོ་ཆུན་དང་ཆོས་མཚུངས་དྲུག་གི་སྒོ་ནས་འཁོར་བའི་སྡུག་བསྔལ་གྱིས་མནར་བའི་ཚུལ་དེ་ཡང་ཡང་སྒོམ་པའི་སྙིང་རྗེ་སྐྱེད་པར་བྱེད་ཚུལ་བསྟན་པ་ཡིན་པའོ། །རང་འགྲེལ་ལས། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྙིང་རྗེ་སེམས་ཅན་ལདམིགས་པའོ། །ཞེས་གསུངས་པས་སོ། །

ཆོས་དང་དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བ།

གཉིས་པ་ཆོས་དང་དམིགས་པ་མེད་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ནི།

རྩ་བར། འགྲོ་བ་གཡོ་བའི་ཆུ་ཡི་ནང་གི་ཟླ་བ་ལྟར། །

གཡོ་དང་རང་བཞིན་ཉིད་ཀྱིས་སྟོང་པར་མཐོང་བ་ཡིས། །

ཞེས་འགྲོ༷་བ༷་རྣམས་རབ་ཏུ་གཡོ༷་བ༷འི་ཆུ༷་ཡི༷་ན༷ང་གི༷་ཟླ༷་བ༷་ལྟ༷ར་སྐད་ཅིག་སྐད་ཅིག་གིས་གཡོ༷་ཞིང་འཇིག་པའི་ཆོས་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བས་ཆོས་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ད༷ང༌། འགྲོ་བ་རྣམས་ཆུའི་ནང་གི་ཟླ་བ་ཟླ་བར་སྣང་ཡང་ཆུ་ཟླ་ནི་ཟླ་བ་དེར་གྲུབ་པས་སྟོང་པ་བཞིན་ར༷ང་བཞི༷ན་ཉི༷ད་གྱི༷ས་གྲུབ་པར་སྣང་ཡང་རང་བཞིན་གྱིས་སྟོ༷ང་པ༷ར་མཐོ༷ང་བ༷་ཡི༷ས་ཁྱད་པར་དུ་བྱས་པའི་སྙིང་རྗེ་ལ་ཕྱག་འཚལ་བས་དམིགས་མེད་ལ་དམིགས་པའི་སྙིང་རྗེ་ལ་ཕྱག་འཚལ་བ་ཡིན་ནོ། །མི་རྟག་པ་དང་བདག་མེད་པ་གང་གིས་ཁྱད་པར་དུ་མ་བྱས་པའི་སེམས་ཅན་ཙམ་ལ་དམིགས་ནས་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བརྩེ་བ་དེ། སེམས་ཅན་ཙམ་ལ་དམིགས་པའི་སྐྱེས་བུ་ཆེན་པོའི་སྙིང་རྗེའི་མཚན་ཉིད། ཆོས་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཡོད་དེ། དམིགས་པ་མི་རྟག་པ་དང་བདག་མེད་རགས་པ་གང་རུང་གིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་རྣམ་པ་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བརྩེ་བ་ཆེན་པོ་དེ་དེ་ཡིན་པའི་ཕྱིར་རོ། །དམིགས་མེད་ལ་དམིགས་པའི་སྙིང་རྗེ་ཆེན་པོའི་མཚན་ཉིད་ཡོད་དེ། དམིགས་པ་བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སེམས་ཅན་ལ་དམིགས་ནས་རྣམ་པ་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་བརྩེ་བ་ཆེན་པོ་དེ་དེ་ཡིན་པས་སོ། །སྙིང་རྗེ་གསུམ་གྱི་ཁྱད་པར་ནི་དམིགས་ཡུལ་ཙམ་གྱིས་འབྱེད་མི་ཐུབ་སྟེ། སྙིང་རྗེ་གསུམ་གས་སེམས་ཅན་ལ་དམིགས་པ་མཚུངས་པའི་ཕྱིར། རྣམ་པས་ཀྱང་དེ་གསུམ་གྱི་ཁྱད་པར་འབྱེད་མི་ཐུབ་སྟེ། སྙིང་རྗེ་གསུམ་ག་སེམས་ཅན་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར། འོན་ཀྱང་སྙིང་རྗེ་གསུམ་ཁྱད་མེད་དུ་མི་འགྱུར་ཏེ། དེ་གསུམ་ནི་དམིགས་པའི་ཁྱད་པར་ལ་བློ་འཇུག་ཚུལ་ལམ་དམིགས་པའི་རྣམ་པ་འཆར་ཚུལ་མི་འདྲ་བའི་སྒོ་ནས་སྙིང་རྗེ་གསུམ་དུ་བཞག་པའི་ཕྱིར་རོ། །སྙིང་རྗེ་ནི་རྣམ་པར་མི་འཚེ་བ་ཡིན་ཏེ། ཕུང་པོའི་རབ་བྱེད་ལས། རྣམ་པར་མི་འཚེ་བ་གང་ཞེ་ན། རྣམ་པར་འཚེ་བའི་གཉེན་པོ་སྟེ་སྙིང་རྗེའོ། །

ཞེས་གསུངས་པས་སོ། །སྙིང་རྗེ་གསུམ་གྱི་དམིགས་པ་ཡིན་ཁྱབ་མཉམ་ཡིན་མིན་རྩོད་པརབྱའོ། །

དབུ་མ་འཇུག་པའི་དགོས་སོགས་ཆོས་བཞི།

དབུ་མ་འཇུག་པའི་དགོས་སོགས་ཆོས་བཞི་ནི། ཟབ་རྒྱས་གཉིས་བརྗོད་བྱ་དང༌། དབུ་མ་འཇུག་པ་ལ་བརྟེན་ནས་གདུལ་བྱས་ཟབ་རྒྱས་གཉིས་རྟོགས་པ་དགོས་པ་དང༌། དེ་རྟོགས་པ་ལ་བརྟེན་ནས་ཐོབ་པའི་མཐོང་སྒོམ་གནས་སྐབས་ཀྱི་ཉིང་དགོས་དང༌། འབྲས་བུ་རྣམ་མཁྱེན་ཐོབ་པ་མཐར་ཐུག་གི་ཉིང་དགོས་དང༌། མཐར་ཐུག་གི་ཉིང་དགོས་གནས་སྐབས་ཀྱི་ཉིང་དགོས་ལས་བྱུང༌། གནས་སྐབས་ཀྱི་ཉིང་དགོས་བརྗོད་བྱ་ཟབ་རྒྱས་རྟོགས་པའི་ཤེས་རབ་ལས་བྱུང༌།

དགོས་པ་དེ་ཡང་བསྟན་བཅོས་ལ་བརྟེན་ནས་བྱུང་བ་ནི་འབྲེལ་བ་ཡིན་ནོ། །བསྟན་བཅོསརྩོམ་པ་ལ་འཇུག་པའི་ཡན་ལག་རྫོགས་ཟིན་ཏོ། །

རྩོམ་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ།

གཉིས་པ་རྩོམ་པའི་བསྟན་བཅོས་ཀྱི་ལུས་དངོས་བཤད་པ་ལ། རྒྱུའི་ས་དང༌། འབྲས་བུའི་ས་བཤད་པ་གཉིས།

རྒྱུའི་ས།

དང་པོ་ལ། ས་སོ་སོའི་རྣམ་བཞག་དང༌། ས་བཅུའི་ཡོན་ཏན་བསྟན་པ་གཉིས།

ས་སོ་སོའི་རྣམ་བཞག

དང་པོ་ལ། ས་དང་པོ་རབ་ཏུ་དགའ་བ་དང༌། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་པ་འོད་འཕྲོ་བ། ལྔ་པ་སྦྱང་དཀའ་བཤད་པ་དང༌། ས་དྲུག་པ་མངོན་དུ་གྱུར་པ་དང༌། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་བ་ལེགས་པའི་བློ་གྲོས། ས་བཅུ་བ་ཆོས་ཀྱི་སྤྲིན་བཤད་པ་དང་བཅུ།

ས་དང་པོ་རབ་ཏུ་དགའ་བ།

དང་པོ་ལ། ཁྱད་གཞི་སའི་ངོ་བོ་མདོར་བསྟན་པ། ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བདང་གསུམ།

དང་པོ་ནི། རྩ་བར། རྒྱལ་བའི་སྲས་པོ་འདི་ཡི་སེམས་གང་འགྲོ་བ་རྣམས། །རྣམ་པར་གྲོལ་བར་བྱ་ཕྱིར་སྙིང་རྗེའི་དབང་གྱུར་ཅིང༌། །ཀུན་ཏུ་བཟང་པོའི་སྨོན་ལམ་རབ་བསྔོས་དགའ་བ་ལ། །རབ་ཏུ་གནས་པ་དེ་ནི་དང་པོ་ཞེས་བྱའོ། །ཞེས་ས་དང་པོ་ལ་གནས་པའི་རྒྱ༷ལ་བ༷འི་སྲ༷ས་པོ༷་འགྲོ་བ་ཐམས་ཅད་རང་བཞིན་མེད་པར་མཐོང་བས་རང་བཞིན་མེད་པའི་འགྲོ་བ་རྣམས་སྙིང་རྗེའི་དམིགས་ཡུལ་དུ་བཟུང་བ་ཅན་འདི༷་ཡི༷་མཉམ་པར་བཞག་པའི་སེ༷མས་ག༷ང་ཡིན་པ་དེ་ནི་འགྲོ༷་བ༷་རྣ༷མས་རྣ༷མ་པ༷ར་གྲོ༷ལ་བ༷ར་བྱ༷་བའི་ཕྱི༷ར་དུ་སྙི༷ང་རྗེ༷་ཆེན་པོའི་གཞན་དབ༷ང་དུ་གྱུ༷ར་ཅི༷ང༌། བྱང་སེམས་ཀུ༷ན་ཏུ༷་བཟ༷ང་པོ༷འི་སྨོ༷ན་ལ༷མ་གྱི་སྟོབས་ལ་བརྟེན་པས་ར༷བ་ཏུ་བསྔོ༷ས་པའི་ས་དང་པོ་རབ་ཏུ་དག༷འ་བ༷་ཞེས་པའི་མིང་ཅན་གྱི་གཉིས་སུ་སྣང་བ་མེད་པའི་ཡེ་ཤེས་དང༌། རང་གི་འབྲས་བུ་ཡོན་ཏན་གྱི་གྲངས་ལ་སོགས་པའི་མཚོན་བྱར་གྱུར་པ་དེ་ལ༷་ར༷བ་ཏུ༷་གན༷ས་པ༷་ཡི་སེམས་དཔའི་རྒྱུད་ཀྱི་དོན་དམ་པའི་སེམས་དེ༷་ནི༷། འཇིག་རྟེན་ལས་འདས་པའི་སེམས་ད༷ང་པོ༷་ཞེ༷ས་བྱ༷འོ༷། །

རྒྱན་ལས། བྱང་ཆུབ་ལ་ནི་ཉེ་བ་དང༌། །སེམས་ཅན་དོན་སྒྲུབ་མཐོང་བ་ལ། །རབ་ཏུ་དགའ་བ་སྐྱེ་འགྱུར་ཏེ། །དེ་ཕྱིར་རབ་དགའ་ཞེས་བརྗོད་དོ། །ཞེས་སོ། །ས་དང་པོ་ལ་གནས་པའི་རྒྱལ་བའི་སྲས་པོས་སྟོང་ཉིད་ལ་མཉམ་པར་བཞག་པའི་སེམས་གང་ཡིན་པ་དེ་ཆོས་ཅན། སྙིང་རྗེ་ཆེན་པོའི་གཞན་དབང་དུ་གྱུར་ཅིང་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་རབ་ཏུ་བསྔོས་པ་ཡིན་ཏེ། ཁྱོད་ནི་འགྲོ་བ་རྣམས་སྡུག་བསྔལ་ལས་རྣམ་པར་གྲོལ་བ་ཐོབ་པའི་ཕྱིར་དུ་སྡུག་བསྔལ་ལས་སྐྱོབ་འདོད་ཀྱི་སྙིང་རྗེའི་དབང་དུ་གྱུར་ཏེ་སྙིང་རྗེའི་སྒོ་ནས་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་རྫོགས་བྱང་གི་རྒྱུར་བསྔོས་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །བྱང་སེམས་ཀྱི་སའི་མཚན་ཉིད། རང་ལ་བརྟེན་པའི་ཡོན་ཏན་དུ་མའི་རྟེན་དུ་གྱུར་བའི་བྱང་སེམས་ཀྱི་ཡེ་ཤེས་དེ་ཡིན་ནོ། །བྱང་སེམས་ཀྱི་དོན་དམ་པའི་སའི་མཚན་ཉིད་ཡོད་དེ། སྙིང་རྗེ་ཆེན་པོ་སོགས་ཐབས་ཁྱད་པར་ཅན་གྱིས་ཟིན་པའི་བྱང་སེམས་འཕགས་པའི་རྒྱུད་ཀྱི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཟག་མེད་ཡེ་ཤེས་དེ་ཡིན་པའི་ཕྱིར། དབྱེ་ན་དོན་དམ་པའི་ས་རབ་ཏུ་དགའ་བ་སོགས་བཅུ་ཡོད་དོ། །

སྐབས་འདིའི་ས་ནི་དོན་དམ་པའི་སའམ་དོན་དམ་སེམས་བསྐྱེད་ཀྱི་དབང་དུ་བྱས་པའི་སའི་ངོ་བོའི་ཁྱད་པར་ཟག་མེད་དང༌། གྲོགས་ཀྱི་ཁྱད་པར་སྙིང་རྗེ་དང་སེམས་བསྐྱེད་ཀྱིས་ཟིན་པའི་ཁྱད་པར་དང༌། སའི་སྒྲ་དོན་ཡོན་ཏན་གྱི་རྟེན་བྱེད་པའི་ཁྱད་པར་དང་གསུམ་གྱི་སྒོ་ནས་བཞག་སྟེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཟག་པ་མེད་པའི་ཡེ་ཤེས་སྙིང་རྗེ་ལ་སོགས་པས་ཡོངས་སུ་ཟིན་པ་ཉིད་ཆར་རྣམ་པར་ཕྱེ་བ་ན་ས་ཞེས་བྱ་བའི་མིང་འཐོབ་སྟེ། ཡོནཏན་གྱི་རྟེན་དུ་གྱུར་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

ས་བཅུ་སོ་སོ་ལ་ཡོན་ཏན་གྱི་གྲངས་དང༌། མཐུ་ནུས་དང༌། ཕར་ཕྱིན་ལྷག་ཚུལ་དང༌། རྣམ་སྨིན་གྱི་སྐྱེ་བ་ལེན་ཚུལ་དང་ཁྱད་པར་བཞི་ཡོད་དེ། རང་འགྲེལ་ལས། དེ་ཡང་གོང་ནས་གོང་དུ་ཡོན་ཏན་གྱི་གྲངས་དང༌། མཐུ་ཕུལ་དུ་བྱུང་བ་ཐོབ་པ་དང༌། སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་ཀླགས་པ་དང༌། རྣམ་པར་སྨིན་པ་འཕེལ་བའི་བྱེ་བྲག་གིས་ས་རབ་ཏུ་དགའ་བ་ལ་སོགས་པའི་རྣམ་པར་དབྱེ་བས་དབྱེ་བ་རྣམ་པ་བཅུར་གཞག་གི། འདི་ལ་རང་གི་ངོ་བོའི་ཁྱད་པར་གྱིས་བྱས་པའི་དབྱེ་བ་ནི་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ། ཇི་ལྟར་བར་སྣང་བྱ་རྗེས་མཁས་རྣམས་ཀྱིས། །བརྗོད་པར་ནུས་མ་ཡིན་ཞིང་མི་མཐོང་བ། །དེ་ལྟར་རྒྱལ་བའི་སྲས་ཀྱི་ས་ཀུན་ཀྱང༌། །བརྗོད་མི་ནུས་ན་མཉན་པར་ག་ལ་ནུས། །ཞེས་གསུངས་སོ། །དེ་ལ་བྱང་ཆུབ་སེམས་དཔའི་ས་རབ་ཏུ་དགའ་བ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོ་ཡིན་ལ་མཐར་ཆོས་ཀྱི་སྤྲིན་ནི་སེམས་བསྐྱེད་པ་བཅུ་པའོ། །ཞེས་གསུངས་པས་སོ། །ས་བཅུ་ལ་ཆོས་ཉིད་མངོན་སུམ་དུ་རྟོགས་པ་ཁྱད་པར་མེད་ཀྱང་རྟོགས་ཚུལ་ལ་ཁྱད་པར་ཡོད་དེ། ཆོས་དབྱིངས་བསྟོད་པ་ལས། ཇི་ལྟར་ཚེས་པའི་ཟླ་བ་ལ། །སྐད་ཅིག་སྐད་ཅིག་འཕེལ་བར་མཐོང༌། །དེ་བཞིན་ས་ལ་ཞུགས་རྣམས་ཀྱིས། །རིམ་གྱི་རིམ་གྱིས་འཕེལ་བར་མཐོང༌། །ཇི་ལྟར་ཡར་ངོའི་བཅོ་ལྔ་ན། །ཟླ་བའི་དཀྱིལ་འཁོར་རྫོགས་པར་གསལ། །དེ་བཞིན་ས་ཡི་མཐར་ཐུག་ན། །ཆོསཀྱི་སྐུ་ཡང་རྫོགས་པར་གསལ། །ཞེས་གསུངས་པས་སོ། །

སྐབས་འདིའི་ས་ནི་དོན་དམ་སེམས་ཀྱི་དབང་དུ་བྱས་ནས་བཞག་པ་ཡིན་ཏེ། རང་འགྲེལ་ལས། ཇི་ལྟར་ཉན་ཐོས་ཀྱི་ཐེག་པར་ཞུགས་པ་དང༌། འབྲས་བུའི་ལམ་ལ་གནས་པའི་དབྱེ་བས་ཉན་ཐོས་ཀྱི་ས་བརྒྱད་རྣམ་པར་འཇོག་པ་དེ་བཞིན་དུ། ཐེག་པ་ཆེན་པོར་ཡང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱང་ཆུབ་སེམས་དཔའི་ས་བཅུ་ཡིན་ནོ། །ཡང་ཇི་ལྟར་ཉན་ཐོས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་གནས་སྐབས་སྐྱེད་པ་ནི། འབྲས་བུ་དང་པོ་ལ་ཞུགས་པའི་གནས་སྐབས་ཡིན་པར་མི་འདོད་པ་དེ་བཞིན་དུ། འབྱུང་བར་འགྱུར་བའི་བྱང་ཆུབ་སེམས་དཔའ་ཡང་ཡིན་ཏེ། དཀོན་མཆོག་སྤྲིན་གྱི་མདོ་ལས། མོས་པ་ཆེན་པོའི་ཡང་ཆེན་པོས་སྤྱོད་པའི་ཆོས་ཉིད་ཀྱི་ས་དང་པོ་དེ་མ་ཐག་ཏུ་ཐོབ་པར་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སའོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །མོས་པས་སྤྱོད་པའི་སྐད་ཅིག་དེ་ལ་གནས་པ་ཡང༌། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མིའི་མདོག་ལས་ནི་འདས་ལ། ལྷའི་མདོག་ནི་མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་ནི་ཤིན་ཏུ་འདས་ལ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ་ཞེས་དེ་ཉིད་ལས་རྣམ་པར་བཤད་དོ། །ཡང་གང་གི་ཚེ་འདི་རབ་ཏུ་དགའ་བ་ཞེས་བྱ་བའི་ས་དང་པོ་ལ་ཞུགས་པར་གྱུར་པ། ཞེས་གསུངས་པས་སོ། །སའི་སྐད་དོད་བྷུ་མི་ཞེས་པ་རྟེན་དང་གནས་ལ་འཇུག་པས་ན་སྐབས་འདིར་ཡོན་ཏན་དཔག་མེད་ཀྱི་རྟེན་ནམ་གནས་ཞེས་བརྗོད་དོ། །སྐབས་འདིར་ཟག་བཅས་ཟག་མེད་ཀྱི་ཁྱད་པར་ཡོད་དེ། བདེན་འཛིན་གྱི་མ་རིག་པ་དང༌། དེའི་བག་ཆགས་གང་རུང་གིས་བསླད་པ་ནི་ཟག་བཅས་དང༌། དེས་མ་བསླད་པ་ནི་ཟག་མེད་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། མ་རིག་པའི་རབ་རིབ་དང་བྲལ་བ་དག་གི་ཡེ་ཤེས་ཟག་པ་མེད་པའི་ཡུལ་གྱི་རང་བཞིན་ལ་ལྟོས་ནས་ནི་མ་ཡིན་ནོ། །ཞེས་དང༌། རང་འགྲེལ་ལས། མ་རིག་པའི་རབ་རིབ་གྱིསགནོད་པ་བྱས་པ། ཞེས་གསུངས་པས་སོ། །

གཉིས་པ་ཁྱད་ཆོས་སའི་ཡོན་ཏན་རྒྱས་པར་བཤད་པ་ལ།

རང་རྒྱུད་མཛེས་པར་བྱེད་པའིཡོན་ཏན། གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན། ས་དང་པོར་ལྷག་པའི་ཡོན་ཏན་གཞན་བསྟན་པ་དང་གསུམ། དང་པོ་ལ། ཡོན་ཏན་སོ་སོར་ཕྱེ་སྟེ་བཤད་པ་དང༌། ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་དང་གཉིས། དང་པོ་ལ། དོན་ལྡན་གྱི་མཚན་ཐོབ་པའི་ཡོན་ཏན་དང༌། རིགསསུ་སྐྱེ་བ་སོགས་བཞིའི་ཡོན་ཏན་དང༌། ས་གོང་མ་གནོན་པ་སོགས་གསུམ་གྱི་ཡོན་ཏན་དང་གསུམ།

དང་པོ་ནི། རྩ་བར། དེ་ནས་བཟུང་སྟེ་དེ་ནི་ཐོབ་པར་གྱུར་བ་ཡིས། །བྱང་ཆུབ་སེམས་དཔའ་ཞེས་བྱའི་སྒྲ་ཉིད་ཀྱིས་བསྙད་དོ། །ཞེས་ས་དང་པོ་ལ་ཞུགས་པ་དེ༷་ན༷ས་བཟུ༷ང་སྟེ༷་བྱང་ཆུབ་སེམས་དཔའ་དེ༷་ནི༷་དོན་དམ་པའི་སེམས་དེ་ཐོ༷བ་པ༷ར་གྱུ༷ར་པ༷་དེ་ཡི༷ས་སོ་སྐྱེས་ས་ལས་འདས་པའི་དོན་དམ་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ཞེ༷ས་བྱ༷འི་གསལ་བའི་སྒྲ༷་ཉི༷ད་ཀྱི༷ས་བསྙ༷ད་དམ་བརྗོད་དོ༷། །དེ་དང་མི་མཐུན་པའི་སོ་སྐྱེས་བྱང་སེམས་ལ་སོགས་པ་རྣམ་པ་གཞན་གྱིས་བརྗོད་པ་མ་ཡིན་ཏེ། དེའི་ཚེ་དེ་འཕགས་པ་ཡིན་པའི་ཕྱིར་རོ། །ཞེས་རང་འགྲེལ་ལས་སོ། །རྒྱུད་བླ་མ་ལས། མ་དག་མ་དག་དག་པ་དང༌། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང༌། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པའི་སྒྲས་ཟིན་དང༌། སྐབས་འདིའི་འཇུག་པ་རྩ་འགྲེལ་དུ་ཚིག་ཟིན་ལ་བྱང་ཆུབ་སེམས་དཔའ་ཞེས་པ་བྱང་འཕགས་ལ་སྦྱར་ནས་བཤད་པས་ཅུང་ཟད་དཔྱད་པའི་གནས་ཡོད་མོད་ཀྱང༌། དོན་དམ་སེམས་བསྐྱེད་རྒྱུད་ལ་སྐྱེས་པའི་བྱང་སེམས་སམ་བྱང་འཕགས་ཀྱི་དབང་དུ་བྱས་པ་ཡིན་པ་ལས་བྱང་སེམས་ལ་སོ་སྐྱེ་ཡོད་དེ། དཀོན་བརྩེགས་ལས། ཐེག་ཆེན་གྱི་ས་དེ་ལས་ས་བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་ས་དང༌། རབ་ཏུ་དགའ་བ་དང༌། ཞེས་པ་ནས། ཆོས་ཀྱི་སྤྲིན་དང༌། སངས་རྒྱས་ཀྱི་ས་ཀུན་འོད་དེ་ས་བཅུ་གཉིས་པོ་དེ་དག་གོ། །དེ་ལ་སེམས་མ་བསྐྱེད་པའི་ས་གང་ཞེ་ན། བྱང་ཆུབ་སེམས་དཔའ་བདེན་པ་མངོན་སུམ་དུ་མ་མཐོང་པའི་བྱིས་པའི་སྤྱོད་པ་མོས་སྤྱོད་ཀྱི་ས་དང༌། ཞེས་པ་ནས། རང་གི་ཕྱི་ལོག་དེ་མ་ཐག་ཏུ་ས་དང་པོ་འཐོབ་པར་འགྱུར་བའི་ས་ལ་གནས་པ་འདི་ནི་བྱང་ཆུབ་སེམས་དཔའི་བྱང་ཆུབ་ཀྱི་སེམས་མ་བསྐྱེད་པའི་སའོ། །

ཞེས་དང༌། མདོ་དེ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་ནི་མིའི་ཁ་དོག་ཅན་ལས་ནི་འདས་ལ། ལྷའི་ཁ་དོག་ནི་མ་ཐོབ་པ་ཡིན་ཏེ། དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་པ་དང་ཉན་ཐོས་དང་རང་སངས་རྒྱས་ཀྱི་ས་ཐམས་ཅད་ལས་འདས་པ་ཡིན་ཏེ། དོན་དམ་པའི་བྱང་ཆུབ་སེམས་དཔའི་ས་ནི་མ་ཐོབ་པ་ཡིན་ནོ། །ཞེས་དང༌། བསླབ་བཏུས་ལས། སོ་སོ་སྐྱེ་བོ་ལ་ཡང་བྱང་ཆུབ་ཀྱི་སེམས་སྐྱེ་སྟེ། འདི་ནི་ཚིག་ཙམ་མ་ཡིན་ནོ་ཞེས་བྱ་བར་ཇི་ལྟར་ཤེས་ཤེ་ན། མདོ་སྡེ་དུ་མ་མཐོང་བ་ལས་ཏེ། ཞེས་དང༌། བསླབ་བཏུས་ལས།

དཀོན་མཆོག་གི་ཟ་མ་ཏོག་གི་མདོ་ལས་ཀྱང་སོ་སོ་སྐྱེ་བོ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་བ་ཤེས་ཏེ། ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ངེས་མ་ངེས་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས་ཕྱུགས་ཀྱི་ཤིང་རྟ་ལྟ་བུའི་བྱང་སེམས་རང་ལམ་ལས་ཕྱིར་ལྡོག་པར་བཤད་པ་དང༌། ནམ་སྙིང་གི་མདོ་ལས་རྩ་ལྟུང་བྱུང་བའི་བྱང་སེམས་ཡོད་པར་བཤད་པ་རྣམས་ཀྱིས་བྱང་སེམས་ལ་སོསྐྱེས་ཡོད་པར་གྲུབ་པ་ཡིན་ནོ། །

གཉིས་པ་རིགས་སུ་སྐྱེས་པ་སོགས་བཞིའི་ཡོན་ཏན་བཤད་པ་ནི།

རྩ་བར། འདི་ནི་དེ་བཞིན་གཤེགས་པ་རྣམས་ཀྱི་རིགས་སུའང་སྐྱེས་པ་སྟེ། །འདི་ཡི་ཀུན་ཏུ་སྦྱོར་བ་གསུམ་པོ་ཐམས་ཅད་སྤངས་པར་གྱུར། །བྱང་ཆུབ་སེམས་དཔའ་དེ་ནི་དགའ་བ་མཆོག་ཏུ་གྱུར་འཆང་ཞིང༌། །

འཇིག་རྟེན་ཁམས་བརྒྱ་ཀུན་ནས་གཡོ་བར་ནུས་པར་གྱུར་པའང་ཡིན། །ཞེས་གཞན་ཡང་ས་དང་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་འདི༷་ནི༷་སོ་སྐྱེས་ས་དང་ཉན་རང་གི་ས་ཐམས་ཅད་ལས་འདས་ཟིན་པ་དང༌། སངས་རྒྱས་ཀྱི་སར་ངེས་པར་འགྲོ་བའི་ལམ་རྒྱུད་ལ་སྐྱེས་པའི་ཕྱིར་ན་དེ༷་བཞི༷ན་གཤེ༷གས་པ༷་རྣ༷མས་ཀྱི༷་རི༷གས་སུ༷འ༷ང་སྐྱེ༷ས་པ༷་ཡིན་ཏེ༷། ལམ་གཞན་དུ་མི་འགྲོ་བར་རང་ལམ་དུ་རིགས་ངེས་པ་ཡིན་པའི་ཕྱིར། དེར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་སྟོབས་ཀྱིས་ཐེག་ཆེན་དུ་ཞུམ་པའི་བསམ་པ་སྤངས་པ་དང༌། སངས་རྒྱས་ངེས་པར་ཐོབ་པར་ཤེས་ནས་ལམ་རྒྱུན་མི་ཆད་དུ་སྒྲུབ་པའི་ཕྱིར། ཡང་ས་དང་པོ་བ་འདི༷་ཡི༷་ནི་གང་ཟག་རང་བཞིན་གྱིས་མ་གྲུབ་པའི་གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་བས་གང་ཟག་བདེན་གྲུབ་ཏུ་དཔྱད་ནས་འཛིན་པ་དང་གང་ཟག་རང་རྐྱ་ཐུབ་པ་སོགས་སུ་འཛིན་པའི་འཇིག་ལྟ་ཀུན་བཏགས་དང༌། ཐར་བ་ལ་ཐེ་ཚོམ་པའི་ཕྲ་རྒྱས་ཀྱི་ཐེ་ཚོམ་དང༌། ལམ་མིན་ལམ་དུ་འཛིན་པའི་ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་དང་ཀུ༷ན་ཏུ༷་སྦྱོ༷ར་བ༷་གསུ༷མ་པོ༷་ཐ༷མས་ཅ༷ད་སྤ༷ངས་པ༷ར་གྱུ༷ར་པ་ཡིན་ཏེ། དེ་ཚེ་དེ་གསུམ་གྱི་ས་བོན་འགགས་པས་སླར་མི་སྐྱེ་བའི་ཕྱིར། གསུམ་པོ་ལས་གཞན་སྤངས་པར་མ་བཤད་པ་ཅི་ཡིན་སྙམ་ན། མཛོད་ལས། འགྲོ་མི་འདོད་དང་ལམ་ནོར་དང༌། །ལམ་ལ་ཐེ་ཚོམ་དེ་སྙེད་ཅིག། ཐར་བར་བགྲོད་ལ་གེགས་བྱེད་པ། །དེ་ཡི་ཕྱིར་ན་གསུམ་བསྟན་ནོ། །ཞེས་གསུངས་སོ། །ཡང་ས་དང་པོ་བའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་སངས་རྒྱས་ཀྱི་རིགས་ངེས་པ་ལ་ཞུགས་པས། ས་དང་པོའི་ཡོན་ཏན་གྱི་འབྲས་བུ་ཐོབ་པ་དང༌། མཐོང་སྤང་གི་རྐྱེན་དང་བྲལ་བའི་རྒྱུ་ལས་ཐུན་མོང་མ་ཡིན་པའི་དགའ་བ་སྐྱེས་པས་ན་རབ་ཏུ་དགའ་བ་མངའ་བའི་ཕྱིར་རྒྱལ་སྲས་དེ༷་ནི༷་དག༷འ་བ༷་མཆོ༷ག་ཏུ༷་འགྱུ༷ར་བ་འཆ༷ང་བ་ཡིན་ཞི༷ང་རབ་ཏུ་དགའ་བ་ཁྱད་པར་དུ་འཕགས་པ་ཡོད་པའི་ཕྱིར་ན་ས་འདི་ལ་རབ་ཏུ་དགའ་བ་ཞེས་བརྗོད་པའི་ཕྱིར་རོ། །ས་དང་པོ་ལ་གནས་པའི་བྱང་སེམས་ནི་ནུས་མཐུ་ཁྱད་པར་དང་ལྡན་པ་ཡིན་ཏེ། འཇི༷ག་རྟེ༷ན་གྱི་ཁ༷མས་མི་གཅིག་པ་བརྒྱ༷་ཀུ༷ན་ན༷ས་གཡོ༷་བ༷ར་བྱེད་ནུ༷ས་པ༷ར་གྱུ༷ར་པ༷འ༷ང་ཡི༷ན་པའི་ཕྱིར་རོ། །མདོར་ན་ས་དང་པོ་བ་ཆོས་ཅན། ཡོན་ཏན་ཁྱད་པར་ཅན་དང་ལྡན་ཏེ། དོན་དམ་པའི་བྱང་སེམས་ཀྱི་མཚན་ཐོབ་པའི་ཡོན་ཏན་དེ་བཞིན་གཤེགས་པའི་རིགས་སུ་སྐྱེས་པའི་ཡོན་ཏན་དང༌། མཐོང་སྤང་ཀུན་སྦྱོར་གསུམ་སྤང་བའི་ཡོན་ཏན་དང༌། དགའ་བ་མཆོག་དང་ལྡན་པའི་ཡོན་ཏན་དང༌། འཇིག་རྟེན་པའིཁམས་བརྒྱ་གཡོ་བར་བྱེད་ནུས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །

གསུམ་པ་ས་གོང་མ་གནོན་པ་སོགས་གསུམ་གྱི་ཡོན་ཏན་བཤད་པ་ནི།

རྩ་བར། ས་ནས་སར་གནོན་བྱེད་ཅིང་གོང་མར་རབ་ཏུ་འགྲོ་བར་འགྱུར། །དེ་ཚེ་འདི་ཡི་ངན་འགྲོའི་ལམ་རྣམས་མཐའ་དག་འགགས་པར་གྱུར། །དེ་ཚེ་འདི་ཡི་སོ་སོའི་སྐྱེ་བོའི་ས་རྣམས་ཐམས་ཅད་ཟད། །

ཅེས་བྱང་སེམས་ས་དང་པོ་པས་ནི་ས༷་དང་པོ་ན༷ས་ས༷་གཉིས་པར་གནོ༷ན་པར་བྱེ༷ད་པ་ལ་སྤྲོ་བ་ཆེ་བར་གྱུར་ཅི༷ང་ས་གོ༷ང་མ༷ར་ར༷བ་ཏུ༷་འགྲོ༷་བ༷ར་འགྱུ༷ར་བ་དང༌། ས་དང་པོ་ཐོབ་པ་དེ༷་ཡི་ཚེ༷་བྱང་སེམས་འདི༷་ཡི༷་ངན༷་འགྲོ༷འི་ལས་ཉོན་སྐྱེ་བའི་ལ༷མ་རྣ༷མས་མཐ༷འ་ད༷ག་འག༷གས་པ༷ར་གྱུ༷ར་བ་ཡིན་ཏེ། ངན་འགྲོར་སྐྱེ་བའི་ལས་དང་ཉོན་མོངས་པའི་ས་བོན་སྤངས་བའི་ཕྱིར་ཏེ། ཀུན་བཏུས་ལས་ཀྱང་ངན་སོང་བའི་ཕུང་པོ་ཁམས་སོགས་མཐོང་སྤང་དུ་བཤད་པའི་ཕྱིར་རོ། །ཡང་ས་དང་པོ་ཐོབ་པ་དེ༷འི་ཚེ༷་བྱང་སེམས་འདི༷་ཡི༷་སོ༷་སོ༷་སྐྱེ༷་བོ༷འི་ས༷་རྣ༷མས་གནས་སྐབས་ཐ༷མས་ཅ༷ད་དུ་ཟ༷ད་པ་ཡིན་ཏེ། བྱང་སེམས་འཕགས་པ་ཡིན་པའི་ཕྱིར་རོ། །དེས་ན་བྱང་སེམས་ས་དང་པོ་ལ་ཡོན་ཏན་ཁྱད་པར་ཅན་གསུམ་དང་ལྡན་ཏེ། ས་གོང་མ་གནོན་པར་འགྱུར་བའི་ཡོན་ཏན། ངན་འགྲོའི་ལམ་མཐའ་དག་འགག་པའི་ཡོན་ཏན། སོ་སྐྱེས་གནས་སྐབས་སྤངས་པའི་ཡོན་ཏན་གསུམ་དང་ལྡན་པའིཕྱིར་རོ། །

གཉིས་པ་ཡོན་ཏན་མདོར་བསྡུས་ཏེ་བསྟན་པ་ནི།

རྩ་བར། འདི་ནི་འཕགས་པ་བརྒྱད་པ་ཇི་ལྟ་དེ་ལྟར་ཉེ་བར་བསྟན། །ཞེས་མདོར་བསྡུས་ན་བྱང་སེམས་ས་དང་བོ་པ་འདི༷་ནི༷་དགྲ་བཅོམ་འབྲས་གནས་དང་དགྲ་བཅོམ་ཞུགས་པ་ནས་མས་ནས་བགྲང་བའི་འཕ༷གས་པ༷་བརྒྱ༷ད་པ༷་རྒྱུན་ཞུགས་ཞུགས་པ་ཇི༷་ལྟ༷་བ་དེ༷་ལྟ༷ར་ཡིན་པར་ཉེ༷་བ༷ར་བསྟ༷ན་པ་དེ་ཡིན་ཏེ། རང་འགྲེལ་ལས། མདོར་ན་ཇི་ལྟར་འཕགས་པ་རྒྱུན་དུ་ཞུགས་པ་ལ་རང་དང་རྗེས་སུ་མཐུན་པའི་འཕགས་པའི་ཆོས་རྟོགས་པ་ལས་སྐྱོན་དང་བྲལ་ཞིང༌། ཡོན་ཏན་འབྱུང་བར་གྱུར་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་འདི་ལ་ཡང་ས་རྟོགས་པ་ལས་རང་དང་འཚམ་པའི་ཡོན་ཏན་འབྱུང་བ་དང༌། སྐྱོན་ཟད་པར་རྒྱུན་དུ་ཞུགས་པའི་དཔེའི་སྒོ་ནས་ཡོངས་སུ་གསལ་བར་བྱས་པ་ཡིན་ནོ། །ཞེསགསུངས་པའི་ཕྱིར་རོ། །

གཉིས་པ་གཞན་རྒྱུད་ཟིལ་གྱིས་གནོན་པའི་ཡོན་ཏན་ལ།

ས་འདིར་ཉན་རང་རྣམས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན་པ་དང༌། ས་བདུན་པར་ཉན་རང་རྣམས་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་པ་དང༌། དེའི་གྲུབ་དོན་འཕྲོས་དང་བཅས་པ་དང་གསུམ། དང་པོ་ནི། རྩ་བར། རྫོགས་པའི་བྱང་ཆུབ་སེམས་ལྟ་དང་པོ་ལ་གནས་ཀྱང༌། །ཐུབ་དབང་གསུང་སྐྱེས་དང་བཅས་རང་སངས་རྒྱས་རྣམས་ནི། །བསོད་ནམས་དག་གི་དབང་གིས་ཕམ་བྱས་རྣམ་པར་འཕེལ། །

ཞེས་ས་གཉིས་པ་སོགས་སུ་གནས་པ་མ་ཟད་རྫོ༷གས་པ༷འི་བྱ༷ང་ཆུ༷བ་ཀྱི་སེ༷མས་ཀྱི་ལྟ༷་བ་རྫོགས་པའི་བྱང་ཆུབ་ཀྱི་སེམས་ས་ད༷ང་པོ༷་རབ་ཏུ་དགའ་བ་ལ༷་གན༷ས་པ་དེས་ཀྱ༷ང༌། ཐུ༷བ་པའི་དབ༷ང་པོའི་གསུ༷ང་ལས་སྐྱེ༷ས་པའི་ཉན་ཐོས་ད༷ང་བཅ༷ས་པའི་ར༷ང་ས༷ངས་རྒྱ༷ས་རྣ༷མས་ནི༷་བྱང་ཆུབ་ཀྱི་སེམས་དང་སྙིང་རྗེ་ལ་སོགས་པ་བསོ༷ད་ན༷མས་ད༷ག་གི༷་དབ༷ང་གི༷ས་ཕ༷མ་པར་བྱ༷ས་པའམཟིལ་གྱིས་མནན་ནས་ཉན་རང་དེ་དག་ལས་བསོད་ནམས་རྣ༷མ་པ༷ར་འཕེ༷ལ་བར་འགྱུར་ཏེ། ཇི་སྐད་དུ་འཕགས་པ་བྱམས་པའི་རྣམ་པར་ཐར་པ་ལས། རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་བུ་སྐྱེས་ནས་རིང་པོར་མ་ལོན་པ་རྒྱལ་པོའི་མཚན་དང་ལྡན་པ་ནི་བློན་པོའི་ཚོགས་རྒན་པོ་གཙོ་བོར་གྱུར་པ་ཐམས་ཅད་ཀྱང་རིགས་ཀྱི་བདག་ཉིད་ཆེ་བའི་དབང་གིས་ཟིལ་གྱིས་གནོན་ཏོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ། དེ་བཞིན་གཤེགས་པ་ཆོས་ཀྱི་རྒྱལ་པོའི་རིགས་སུ་སྐྱེས་པས་ཀྱང་བྱང་ཆུབ་ཀྱི་སེམས་དང༌། སྙིང་རྗེའི་དབང་གིས་ཉན་ཐོས་དང་རང་སངས་རྒྱས་ཡུན་རིང་དུ་ཚངས་པར་སྤྱད་པ་རྣམས་ཟིལ་གྱིས་གནོན་ཏོ། །རིགས་ཀྱི་བུ་འདི་ལྟ་སྟེ། དཔེར་ན་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་སྐྱེས་ནས་རིང་པོ་མ་ལོན་པའི་གཤོག་པའི་རླུང་གི་ཤུགས་དང༌། མིག་ཡོངས་སུ་དག་པའི་ཡོན་ཏན་གང་ཡིན་པ་དེ་ནི་དེ་ལས་གཞན་པའི་བྱའི་ཚོགས་མ་ལུས་པ་རྒས་པར་གྱུར་པ་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་བྱང་ཆུབ་ཏུ་སེམས་དང་པོ་བསྐྱེད་པ། དེ་བཞིན་གཤེགས་པ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་རིགས་ཀྱི་རྒྱུད་དུ་ཡང་དག་པར་བྱུང་བ་ནམ་མཁའ་ལྡིང་གི་དབང་པོ་ཆེན་པོའི་ཕྲུ་གུ་ཐམས་ཅད་མཁྱེན་པ་ཉིད་དུ་སེམས་བསྐྱེད་པའི་གཤོག་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་དང༌། ལྷག་པའི་བསམ་པ་ཡོངས་སུ་དག་པའི་མིག་གི་ཡོན་ཏན་གང་ཡིན་པ་དེ་ནི་བསྐལ་པ་བརྒྱ་སྟོང་དུ་ངེས་པར་འབྱུང་བའི་ཉན་ཐོས་དང༌། རང་སངས་རྒྱས་ཐམས་ཅད་ལ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འགྲེལ་བཤད་ལས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་རིང་པོ་མ་ལོན་པ་ཞེས་བྱ་བ་འདིས་ནི་བརྡ་ལས་བྱུང་བའི་སེམས་བསྐྱེད་པ་དེ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར་ན་བྱང་ཆུབ་སེམས་དཔའ་ལས་དང་པོ་པ་ཞེས་སྨོས་སོ། །ཞེས་འགྲེལ་བཤད་མཁན་པོས་སྐབས་འདིའི་བྱམས་པའི་རྣམ་ཐར་ཀྱི་མདོ་ལས་བྱང་སེམས་གསུངས་པ་ལས་དང་པོ་པའི་བྱང་སེམས་ཡིན་པར་བཤད་དོ། །སྐབས་འདིར་འབའ་མདའི་འཇུག་ཊཱིཀ་རབ་གསལ་སྣང་རྒྱན་ལས། ཡོན་ཏན་དང་ནུས་སྟོབས་ཀྱི་སྒོ་ནས་ནི་སོ་སྐྱེའི་རྒྱུད་ཀྱི་སེམས་བསྐྱེད་ཀྱིས་ཟིན་པའི་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཀྱང་ཉན་རང་གི་ལམ་ཐམས་ཅད་ཟིལ་གྱིས་གནོན་ནུས་ཀྱང་འདིར་ས་དྲུག་པ་མན་ཆད་དུ་ཤེས་རབ་ཀྱི་སྒོ་ནས་དང་དོན་དམ་སེམས་བསྐྱེད་ཀྱི་སྒོ་ནས་ཟིལ་གྱིས་གནོན་ནུས་མི་ནུས་ནི་ཡོན་ཏན་དང་ནུས་པ་ཆེ་ཆུང་སོགས་ཀྱིས་མ་ཡིན་པར་སྐད་ཅིག་རེ་ལ་སྟོང་ཉིད་ལ་འཇུག་ལྡང་ཐུབ་མི་ཐུབ་ཀྱིསྒོ་ནས་བཞག་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །

གཉིས་པ་ས་བདུན་པར་ཉན་རང་བློའི་སྟོབས་ཀྱིས་ཟིལ་གྱིས་གནོན་པ་ནི།

རྩ་བར། དེ་ནི་རིང་དུ་སོང་བར་བློ་ཡང་ལྷག་པར་འགྱུར། །ཞེས་དོན་དམ་པའི་བྱང་ཆུབ་སེམས་དཔའ་དེ༷་ནི༷་ས་བདུན་པ་རི༷ང་དུ༷་སོ༷ང་བ༷ར་ཐོབ་པ་ན་ཉན་རང་བློ་སྟོབས་ཀྱིས་ཟིལ་གྱིས་གནོན་ཏེ། དེ་ཚེ་སྐད་ཅིག་ཤིན་ཏུ་ཐུང་བ་ལ་འཇུག་ལྡང་ནུས་པའི་སྟོང་ཉིད་རྟོགས་པའི་བློ༷་ཡ༷ང་ཉན་རང་ལས་ལྷ༷ག་པ༷ར་འགྱུ༷ར་བའི་ཕྱིར་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ། དཔེར་ན་རྒྱལ་པོའི་རིགས་སུ་སྐྱེས་པའི་རྒྱལ་བོའི་བུ་རྒྱལ་བོའི་མཚན་དང་ལྡན་པ་ནི། སྐྱེས་པ་ཙམ་གྱིས་རྒྱལ་པོའི་བྱིན་གྱིས་བློན་པོའི་ཚོགས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །ནམ་དེ་ནར་སོན་པར་གྱུར་པ་དེའི་ཚེ་རང་གི་བློའི་སྟོབས་བསྐྱེད་པས། བློན་པོའི་བྱ་བ་ཐམས་ཅད་ལས་ནི་ཤིན་ཏུ་འདས་པ་ཡིན་ནོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ་བྱང་ཆུབ་སེམས་དཔའ་ཡང༌། སེམས་བསྐྱེད་མ་ཐག་ཏུ་ལྷག་པའི་བསམ་པའི་ཆེ་བ་ཉིད་ཀྱིས། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཟིལ་གྱིས་གནོན་གྱི། རང་གི་བློའི་སྟོབས་ཀྱིས་རྣམ་པར་དཔྱད་པས་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི། རང་གི་ཡུལ་ཤེས་པའི་ཆེ་བ་ལ་གནས་པས། ཉན་ཐོས་དང་རང་སངས་རྒྱས་ཀྱི་བྱ་བ་ཐམས་ཅད་ལས་ཤིན་ཏུ་འདས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་རང་འགྲེལ་ལས། དེའི་ཕྱིར་དེ་ལྟར་ན་རིང་དུ་སོང་བ་ཁོ་ན་ནས་བཟུང་ནས་ནི་བྱང་ཆུབ་སེམས་དཔས་རང་གི་བློའི་སྟོབས་བསྐྱེད་པས་ཀྱང་ཉན་ཐོས་དང་རང་སངས་རྒྱས་དག་ཟིལ་གྱིས་གནོན་པར་འགྱུར་གྱི། ས་འོག་མ་རྣམས་སུ་ནི་མ་ཡིན་ནོ་ཞེས་བྱ་བར་ཤེསཔར་བྱའོ། །ཞེས་གསུངས་སོ། །

རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་ཡོངས་སུ་དག་པ་ཐོབ་པས་ས་དྲུག་པར་མཉམ་པར་བཞག་པར་སེམས་ལ་གནས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་དེ་ཁོ་ན་ཉིད་མཐོང་བའི་བྱང་ཆུབ་སེམས་དཔའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་ཐོབ་པར་འགྱུར་གྱི་སྔ་རོལ་ཏུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་བ་མེད་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་དང་ལྡན་པས་ནི་འགོག་པ་ཐོབ་པར་མི་ནུས་སོ། །ཞེས་ས་དྲུག་པ་མ་ཐོབ་པའི་སྔ་རོལ་དུ་འགོག་སྙོམས་མ་ཐོབ་པ་ལྟ་བུར་བཤད་ལ། དེ་ལྟར་ན་མཐོང་ལམ་རྩེ་སྦྱོར་གྱི་སྐབས་སུ་མངོན་རྟོགས་རྒྱན་ལས།

འགོག་དང་བཅས་པའི་སྙོམས་འཇུག་དགུར། །རྣམ་པ་གཉིས་སུ་སོང་འོངས་ནས། །འདོད་པར་གཏོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་སྟེ། །ཐོད་རྒལ་དུ་ནི་སྙོམས་འཇུག་པ། །ཞེས་སོགས་ཀྱིས་མཐོང་ལམ་དུ་སྙོམས་འཇུག་དགུ་ཡོད་པར་མ་ཟད་ཐོད་རྒལ་དུ་སྙོམས་པར་འཇུག་པར་བཤད་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །གཞན་ཡང་ཉན་ཐོས་ཕྱིར་མི་འོང་ལུས་མངོན་བྱེད་དང༌། དགྲ་བཅོམ་རྒྱན་བཅས་ཡོད་པས་དེ་དག་ལ་འགོག་སྙོམས་ཐོབ་དགོས་པ་ཡིན་མིན་དཔྱད་པར་བྱའོ། །སྐབས་འདིའི་འགོག་སྙོམས་ནི། ཡུལ་ཆོས་ཉིད་ཀྱི་སྟེང་དུ་ཚོར་འདུ་རགས་པ་བཀག་པའི་ཆོས་དབྱིངས་ལ་མཉམ་པར་བཞག་པའི་ཕྲ་མོའི་ཡེ་ཤེས་ཞིག་ལ་འདོད་དོ། །རྩ་བར། རིང་དུ་སོང་འདིར་འདི་ནི་སྐད་ཅིག་དང༌། །སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང༌། །ཞེས་གསུངས་པ་ལྟར་ས་དྲུག་པ་པས་དུས་ཤིན་ཏུ་ཐུང་བའི་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བྱེ་བ་འབུམ་ལ་སྙོམས་པར་འཇུག་པའི་ནང་གི་ཏིང་ངེ་འཛིན་གཅིག་ལ་སྙོམས་པར་འཇུག་པའི་ཡུན་ལ་ཁྲག་ཁྲིག་ཏུ་བགོས་པའི་ཆ་གཅིག་གི་ཡུན་ལ་ས་བདུན་པ་པས་ཐབས་ཤེས་གང་ལ་ཡང་སྙོམས་པར་འཇུག་ལྡང་ནུས་པའོ། །ས་དྲུག་པ་མན་ཆད་དུ་སྙོམས་པར་འཇུག་ལྡང་ནུས་པའི་སྐད་ཅིག་ཐུང་ཤོས་ལ་ཉན་རང་གིས་སྙོམས་པར་འཇུག་ལྡང་མི་ནུས་ན་ས་དྲུག་པ་མན་གྱིས་ཉན་རང་བློས་ཟིལ་གྱིས་གནོན་པར་འགྱུར་ལ། ནུས་ན་ས་དང་པོ་པས་སྐད་ཅིག་མ་གཅིག་ལ་ཏིང་ངེ་འཛིན་བརྒྱ་ལས་ཏིང་ངེ་འཛིན་སྟོང་ཕྲག་ལ་སྙོམས་པར་འཇུག་མི་ནུས་ལ། ཉན་རང་གིས་ནུས་ན་དཔྱད་གཞི་ཆེ་བར་ཡོད་དོ། །སངས་རྒྱས་ཕལ་བོ་ཆེའི་མདོ་ལས། དེ་ལ་མི་ལ་ལ་ཞིག་ལྕགས་ཀྱི་ཤིང་རྟའི་འཁོར་ལོ་རྩིབས་སྟོང་ཡོད་པ་མཁའ་ལྡིང་གི་ཤུགས་ལས་དྲང་པའི་རྟ་མགྱོགས་པས། ཞེས་པ་ནས། སྦྲུལ་གདུག་པས་ཤིང་རྟ་འཁོར་བའི་སྐད་ཅིག་དེ་ལ་དགེ་སློང་ཀུན་དགའ་བོས་ཆོས་རྣམ་པ་བཅུ་བཤད་དེ། དོན་ཡང་གོ་བར་བྱེད། སྐད་ཅིག་གང་གིས་ཀུན་དགའ་བོས་ཆོས་རྣམ་པ་གཅིག་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་ཤཱ་རིའི་བུས་ཆོས་རྣམ་པ་སྟོང་བཤད་དེ། དོན་ཡང་གོ་བར་བྱེད། སྐད་ཅིག་གང་གིས་ཤཱ་ར་དྭ་ཏིའི་བུས་ཆོས་རྣམ་པ་གཅིག་བཤད་པའི་སྐད་ཅིག་དེ་ལ་དགེ་སློང་མོའུ་འགལ་བུས་འཇིག་རྟེན་གྱི་ཁམས་སྟོང་ཕྲག་བརྒྱད་ཁྲི་ཤིན་ཏུ་འདའ། ཞེས་གསུངས་པ་ལྟར་ན་ཉན་ཐོས་ལ་ས་དྲུག་པ་ལྟརསྙོམས་པར་འཇུག་ལྡང་བྱེད་ཐུབ་པ་ཡོད་མེད་དཔྱད་རྒྱུ་ཡོད་དོ། །

གསུམ་པ་དེའི་གྲུབ་དོན་འཕྲོས་དང་བཅས་པ་བཤད་པ་ལ།

ས་བཅུ་པའི་མདོ་ལ་བརྟེན་ནས་ཉན་རང་ལ་སྟོང་ཉིད་རྟོགས་པ་ཡོད་པར་བསྟན་པ་དང༌། དེ་ཡོད་པར་སྒྲུབ་པའི་མདོ་བསྟནབཅོས་ཀྱི་ཁུངས་བསྟན་པ་དང༌། དེ་ལ་རྩོད་པ་སྤོང་པ་དང་གསུམ་ལས། དང་པོ་ལ། རང་འགྲེལལས། ལུང་འདི་ལས་ནི་ཉན་ཐོས་དང་རང་སངས་རྒྱས་རྣམས་ལ་ཡང་ཆོས་ཐམས་ཅད་རང་བཞིནམེད་པར་ཤེས་པ་ཡང་ཡོད་དོ་ཞེས་བྱ་བར་གསལ་བར་ངེས་ཏེ། ཞེས་གསུངས་སོ། །ཉན་རང་གིས་ཆོས་ཀྱི་བདག་མེད་མ་རྟོགས་ན་སྐྱོན་གསུམ་མམ་རིགས་པ་གསུམ་ལས། དང་པོ་ནི། དགྲ་བཅོམ་པས་ཕུང་ཁམས་སྐྱེ་མཆེད་རྣམས་རང་བཞིན་མེད་པར་ཤེས་ཏེ་བསྒོམ་པའི་སྟོབས་ཀྱིས་ཁམས་གསུམ་ལ་ཆགས་པ་བྲལ་བ་མ་ཡིན་པར་ཐལ། དེ་དག་གི་ཕུང་པོ་སོགས་རང་བཞིན་མེདཔར་མ་རྟོགས་པའི་ཕྱིར། རྟགས་ཁས། འདོད་ན། ཉན་རང་དགྲ་བཅོམ་དེ་ཕྱི་བའི་དྲང་སྲོང་ལྟརཁམས་གསུམ་ལ་ཆགས་པ་དང་བྲལ་ཡང་འཁོར་བའི་རྩ་བའི་གཉེན་པོ་མེད་པར་ཐལ། དེའི་ཕུང་པོ་དང་བདག་རང་བཞིན་མེད་པར་མ་རྟོགས་པའི་ཕྱིར། ཁྱབ་སྟེ། བདེན་འཛིན་གྱི་དངོས་གཉེན་ལ་རང་བཞིན་མེད་པར་རྟོགས་པའི་ཡེ་ཤེས་ལས་མེད་པ་གང་ཞིག ཕུང་པོ་བདེན་འཛིནའཁོར་བའི་རྩ་བ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། དེ་ལྟར་མ་ཡིན་ན་༡དངོས་པོ་རང་བཞིན་མེད་པར་ཡོངས་སུ་ཤེས་པ་དང་བྲལ་བའི་ཕྱིར། འཇིག་རྟེན་པའི་འདོད་ཆགས་དང་བྲལ་བ་ལྟར་དེ་དག་ཀྱང་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་ཀྱང་རང་གི་བློས་རྣམ་པར་དཔྱདཔས་ཀྱང་ཟིལ་གྱིས་གནོན་པར་འགྱུར་ལ། ཞེས་གསུངས་སོ། །

གཉིས་པ་ནི། ཉན་རང་དགྲ་བཅོམ་ཆོས་ཅན། ཁམས་གསུམ་གྱི་ཕྲ་རྒྱས་ཐམས་ཅད་མ་སྤངས་པར་ཐལ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་གོམས་པ་མེད་པའི་ཕྱིར།

དཔེར་ན་ཕྱི་རོལ་བའི་དྲང་སྲོང་བཞིན། ཁྱབ་སྟེ། བདེན་པར་མེད་པའི་སྟོང་ཉིད་མ་རྟོགས་ན་བདེན་འཛིན་སྤོང་མི་ནུས། དེ་མ་སྤངས་ན་བདེན་འཛིན་ཉོན་མོངས་ཐམས་ཅད་ཀྱི་རྩ་བ་ཡིན་པས་ཕྲ་རྒྱས་གཅིག་ཀྱང་སྤོང་མི་ནུས་པའི་ཕྱིརཏེ། རང་འགྲེལ་ལས། ༢ཕྱི་རོལ་པ་བཞིན་དུ་འདི་དག་གིས་ཁམས་གསུམ་ན་སྤྱོད་པའི་ཕྲ་རྒྱས་ཐམས་ཅད་སྤངས་པར་ཡང་མི་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ནི། ཉན་རང་དགྲ་བཅོམ་ཆོས་ཅན། གང་ཟག་གི་བདག་མེད་མཚན་ཉིད་ཚང་བ་མ་རྟོགས་པར་ཐལ། ཉན་རང་དགྲ་བཅོམ་པས་གཟུགས་ལ་སོགས་པའི་ཕུང་པོ་ལ་བདེན་པར་དམིགས་པའི་བློ་ཕྱིན་ཅི་ལོག་བདེན་འཛིན་གྱི་ཞེན་ཡུལ་བདེན་གྲུབ་སུན་ཕྱུང་བ་མེད་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། གང་ཟག་ནི་ཕུང་པོ་ལས་ཡན་གར་བ་མེད་པས་ཕུང་པོ་དང་ངོ་བོ་གཅིག་ཡིན་ལ། དེས་ན་གང་ཟག་དང་གང་ཟག་གི་གདགས་གཞི་ཕུང་པོ་ལ་ནི་བདེན་འཛིན་གྱི་ཞེན་ཡུལ་སུན་མ་ཕྱུང་བའི་ཕྱིར་ཏེ། རང་འགྲེལ་ལས། ༣གཟུགས་ལ་སོགས་པའི་རང་གི་ངོ་བོ་ལ་དམིགས་པས་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་གང་ཟག་གི་བདག་མེད་པར་རྟོགས་པར་ཡང་མི་འགྱུར་ཏེ། བདག་ཏུ་གདགས་པའི་རྒྱུ་ཕུང་པོ་ལ་དམིགས་པའི་ཕྱིར་རོ། །ཞེས་གསུངས་པའིཕྱིར་རོ། །

གཉིས་པ་ནི། སྒྲུབ་བྱེད་ཀྱི་ལུང་དགུ་ནི། འཇུག་པ་རང་འགྲེལ་དུ་བཀོད་པའི་ལུང་ལྔ་དང༌། དེ་ལས་གཞན་ཚིག་གསལ་དུ་བཀོད་པའི་ལུང་བཞི་སྟེ་དགུ་བོ་འདི་ལྟ་སྟེ། དང་པོ་ནི་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བ་ཡིན། །ལམ་གསུམ་ཐོག་མཐའ་དབུས་མེད་པ། །

འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །དཀྱིལ་འཁོར་ལྟ་བུ་ཕན་ཚུན་གྱི། །རྒྱུ་ཅན་འདི་ནི་འཁོར་བར་འགྱུར། །དེ་ནི་རང་གཞན་གཉིས་ཀ་དང༌། །དུས་གསུམ་ཉིད་དུ་མ་མཐོང་ཕྱིར། །

ངར་འཛིན་པ་ནི་ཟད་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང༌། །ཞེས་དང༌། གཉིས་པ་ཡང་དེ་ལས། ཇི་ལྟར་མིག་ནི་འཁྲུལ་བ་ཡིས། །ཞེས་པ་ནས། གནས་མེད་ལེན་མེད་མྱ་ངན་འདའ། །

ཞེས་པའི་བར་རཽ། །གསུམ་པ་ཡང་དེ་ལས། ཐེག་པ་ཆེ་ལས་སྐྱེ་མེད་བསྟན། །གཞན་གྱི་ཟད་པསྟོང་བ་ཉིད། །ཟད་དང་མི་སྐྱེ་དོན་དུ་ནི། །གཅིག་པ་དེ་ཕྱིར་བཟོད་པར་གྱིས། །ཞེས་པའོ། །

བཞི་བ་ནི། ཉན་ཐོས་ལ་བསྟན་པའི་མདོ་ལས། གཟུགས་ནི་དབུ་བ་བརྡོས་པ་འདྲ། །ཚོར་བ་ཆུ་ཡི་ཆུ་བུར་འདྲ། །འདུ་ཤེས་སྨིག་རྒྱུ་ལྟ་བུ་སྟེ། །འདུ་བྱེད་རྣམས་ནི་ཆུ་ཤིང་བཞིན། །རྣམ་པ་ཤེས་པ་སྒྱུ་མ་ལྟར། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་པའོ། །ལྔ་བ་ནི་རྩ་བ་ཤེས་རབ་ལས། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང༌། །མེད་པ་གཉིས་ཀའང་དགག་པ་མཛད། །ཅེས་པའོ། །ཀ་ཏྱ་ཡ་ན་ལ་གདམས་པའི་མདོ་ནི་ལུང་ཕྲན་ཚེགས་ལས། ཀ་ཏྱ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ། དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང༌། སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང༌། འཁྲུག་པ་དག་ལས་ཡོངས་སུ་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར།

འཆི་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར། ཞེས་པའོ། །དྲུག་པ་ནི་ཡུམ་ལས། གཟུགས་ལ་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི་ཤེར་ཕྱིན་ལ་སྤྱོད་པ་མ་ཡིན་ནོ། །ཞེས་དང༌། ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེར་ཕྱིན་ལ་བསླབ་པར་བྱའོ། །ཞེས་སོགས་སོ། །བདུན་པ་ནི། སྡུད་པ་ལས། གང་དག་བདེ་གཤེགས་ཉན་ཐོས་འགྱུར་བར་བྱ་སྙམ་དང༌། །རང་སངས་རྒྱས་དང་དེ་བཞིན་ཆོས་རྒྱལ་འགྱུར་འདོད་པ། །བཟོད་པ་འདི་ལ་མ་བརྟེན་ཐོབ་པར་མི་ནུས་ཏེ། །དཔེར་ན་ཕ་རོལ་ཚུར་རོལ་འགྲོ་ངོགས་མི་མཐོང་བཞིན། །ཞེས་པའོ། །བརྒྱད་པ་ནི་ལྷག་བསམ་བསྟན་པའི་མདོ་ལས། དཔེར་ན་མི་ལ་ལ་ཞིག་གིས་སྒྱུ་མ་མཁན་གྱི་རོལ་མོ་བྱུང་བའི་ཚེ། སྒྱུ་མ་མཁན་གྱིས་སྤྲུལ་བའི་བུད་མེད་མཐོང་ནས། འདོད་ཆགས་ཀྱི་སེམས་བསྐྱེད་དེ། དེ་འདོད་ཆགས་ཀྱིས་སེམས་བཀྲིས་ནས་འཁོར་གྱིས་འཇིགས་ཤིང་བག་ཚ་སྟེ། སྟན་ལས་ལངས་ནས་སོང་སྟེ་དེར་སོངནས་ཀྱང་བུད་མེད་དེ་ཉིད་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང༌།

སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་ན། རིགས་ཀྱི་བུ་དེ་ཇི་སྙམ་དུ་སེམས། མི་དེ་ཡང་དག་པར་ཞུགས་པ་ཡིན་ནམ་འོན་ཏེ་ལོག་པར་ཞུགས་པ་ཡིན། གསོལ་བ། བཅོམ་ལྡན་འདས་གང་བུད་མེད་མ་མཆིས་པ་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང༌། བདག་མེད་པར་ཡིད་ལ་བགྱིད་པའི་མི་དེའི་མངོན་པར་བརྩོན་པ་དེ་ནི་ལོག་པ་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་འདི་ན་དགེ་སློང་དང་དགེ་སློང་མ་དང༌། དགེ་བསྙེན་དང་དགེ་བསྙེན་མ་ཁ་ཅིག་མ་སྐྱེས་ཤིང་མ་བྱུང་བའི་ཆོས་རྣམས་ལ་མི་སྡུག་པར་ཡིད་ལ་བྱེད་ཅིང༌། མི་རྟག་པ་དང་སྡུག་བསྔལ་བ་དང་སྟོང་བ་དང་བདག་མེད་པར་ཡིད་ལ་བྱེད་པ་གང་ཡིན་པ་དེ་དག་ཀྱང་དེ་དང་འདྲ་བར་བལྟ་བར་བྱའོ། །ང་ནི་མི་བླུན་པོ་དེ་དག་ལ་ལམ་སྒོམ་པ་ཡིན་ནོ་ཞེས་མི་སྨྲ་སྟེ་དེ་དག་ནི་ལོག་པར་ཞུགས་པ་ཞེས་བྱའོ། །ཞེས་པའོ། །

དགུ་བ་ནི་བསམ་གཏན་དཔེ་མཁྱུད་ཀྱི་མདོ་ལས། འཇམ་དཔལ་འཕགས་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་མཐོང་བའི་སེམས་ཅན་ཕྱིན་ཅི་ལོག་བཞིས་སེམས་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་འཁོར་བ་ཡང་དག་པ་མ་ཡིན་པ་འདི་ལས་འདའ་བར་མི་འགྱུར་རོ། །ཞེས་གསུངས་པ་དེའོ། །གཞན་ཡང་འཇིག་རྟེན་ལས་འདས་པར་བསྟོད་པ་ལས། མཚན་མ་མེད་པར་མ་རྟོགས་པར། །ཁྱོད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱིས་ཐེག་ཆེན་ལས། །དེ་ནི་ཚང་བར་བསྟན་པ་ལགས། །ཞེས་པས་ཆོས་ཀྱི་བདག་མེད་མ་རྟོགས་ན་ཐར་བ་མི་ཐོབ་པར་བསྟན་མ་བསྟན་དཔྱད་པར་བྱའོ། །གོང་དུ་བཀོད་པའི་རིན་ཕྲེང་གི་ལུང་དེས་ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་དགོས་པར་བཤད་པ་ཡིན་ཏེ། རང་འགྲེལ་ལས། ཇི་སྐད་དུ་རིན་པོ་ཆེའི་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །ཞེས་པ་ནས། རྒྱུ་མེད་པ་ཡི་མེ་བཞིན་དུ། །

གནས་མེད་ལེན་མེད་མྱ་ངན་འདའ། །ཞེས་གསུངས་སོ། །ཅི་སྟེ་བྱང་ཆུབ་སེམས་དཔའ་རྣམས་ཁོ་ནས་དེ་ལྟར་རང་བཞིན་མེད་པར་མཐོང་བ་ཡིན་ནོ་ཞེ་ན། དེ་ཡང་ཡོད་པ་མ་ཡིན་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་ནས་དེ་སྐད་དུ་གསུངས་པའི་ཕྱིར་རོ། །འདི་ཇི་ལྟར་ཤེས་ཤེ་ན། བརྗོད་པར་བྱ་སྟེ། མཇུག་ཐོགས་ཁོ་ནར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དབང་དུ་མཛད་ནས། དེ་ལྟར་བྱང་ཆུབ་སེམས་དཔས་ཀྱང༌། །མཐོང་ནས་བྱང་ཆུབ་ངེས་པར་འདོད། །འོན་ཀྱང་དེ་ནི་སྙིང་རྗེ་ཡིས། །བྱང་ཆུབ་བར་དུ་སྲིད་མཚམས་སྦྱོར། །ཞེས་བྱ་བ་ལསོགས་པ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པས་སོ། །

གསུམ་པ་ནི། དེ་ལ་རྩོད་པ་སྤོང་ཚུལ་བཤད་པ་ལ། རྩོད་པ་དང༌། ལན་གཉིས། དང་པོ་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེས་རབ་བྱེད་བདུན་པའི་འགྲེལ་བར་ཐེག་དམནགྱི་མདོ་ལས་ཆོས་ཐམས་ཅད་བདག་མེད་པར་གསུངས་པའི་དོན་ནི་ཆོས་ཐམས་ཅད་རང་བཞིན་གྱིས་མེད་པར་བཤད་པ་ལ། ལེགས་ལྡན་ན་རེ། འོ་ན་ཐེག་ཆེན་གྱི་མདོ་སྡེ་བསྟན་པ་དོན་མེདཔར་ཐལ། ཐེག་དམན་གྱི་སྡེ་སྣོད་ལས་ཆོས་ཀྱི་བདག་མེད་བསྟན་པའི་ཕྱིར། ཞེས་པའོ། །

གཉིས་པ་ལན་ནི། རང་འགྲེལ་ལས། གང་ཞིག་གལ་ཏེ་ཉན་ཐོས་ཀྱི་ཐེག་པ་ལས་ཆོས་ལ་བདག་མེད་པར་བསྟན་ན་དེའི་ཚེ་ཐེག་པ་ཆེན་པོ་བསྟན་པ་དོན་མེད་པར་འགྱུར་རོ་སྙམ་དུ་སེམས་པ། ཞེས་གསུངས་དེའི་དོན་ནི། དཔལ་ལྡན་ཟླ་བ་ན་རེ། ཐེག་དམན་ལས་ཆོས་ཀྱི་བདག་མེད་བསྟན་ཀྱང་ཐེག་ཆེན་གྱི་སྡེ་སྣོད་བསྟན་པ་དོན་མེད་དུ་མི་འགྱུར་བར་ཐལ། ཐེག་དམན་གྱི་མདོ་ལས་སྟོང་ཉིད་བསྟན་ཀྱང་སྤྱིར་ཐེག་ཆེན་བསྟན་པ་དོན་མེད་དུ་མི་འགྱུར་བ་གང་ཞིག ཐེག་དམན་གྱི་ཆོས་ཀྱི་བདག་མེད་བསྟན་ཀྱང་ཐེག་ཆེན་གྱི་མདོར་ཆོས་ཀྱི་བདག་མེད་བསྟན་པ་ཡང་དོན་མེད་དུ་མི་འགྱུར་བའི་ཕྱིར། དང་པོ་གྲུབ་སྟེ། ཐེག་ཆེན་གྱི་མདོ་རྣམས་ཀྱིས་ཆོས་ཀྱི་བདག་མེད་ཙམ་བསྟན་པ་མ་ཡིན་པར་ཐེག་དམན་གྱི་མདོ་ལས་མ་བསྟན་པའི་སྤྱོད་པ་ཕར་ཕྱིན་དྲུག་དང༌། བསྔོ་བ་སྨོན་ལམ་བསྟན་ལ། ཐེག་དམན་གྱི་མདོ་ལས་དེ་དག་མ་བཤད་པའི་ཕྱིར་ཏེ། རང་འགྲེལ་ལས། དེའི་ལུགས་དེ་ཡང་འདི་ལྟར་རིགས་པ་དང་ལུང་དང་འགལ་བར་རྟོགས་སོ། །ཐེག་པ་ཆེན་པོ་བསྟན་པས་ནི་ཆོས་ལ་བདག་མེད་པ་ཙམ་འབའ་ཞིག་སྟོན་པར་བྱེད་པ་མ་ཡིན་གྱི། །འོ་ན་ཅི་ཞེ་ན། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་དང་ཕ་རོལ་ཏུ་ཕྱིན་པ་དང༌། སྨོན་ལམ་དང་སྙིང་རྗེ་ཆེན་པོ་ལ་སོགས་པ་དང་ཡོངས་སུ་བསྔོ་བ་དང་ཚོགས་གཉིས་དང་བསམ་གྱིས་མི་ཁྱབ་པའི་ཆོས་ཉིད་ཀྱང་ཡིན་ནོ། །ཇི་སྐད་དུ་རིན་ཆེན་ཕྲེང་བ་ལས། བྱང་ཆུབ་སེམས་དཔའི་སྨོན་ལམ་དང༌། །སྤྱོད་པ་ཡོངས་བསྔོ་མ་བཤད་དེས། །བྱང་ཆུབ་སེམས་དཔའ་ག་ལ་འགྱུར། །བྱང་ཆུབ་སྤྱ ོད་ལ་གནས་པའི་དོན། །མདོ་སྡེ་ལས་ནི་བཀའ་མ་བསྩལ། །ཐེག་པ་ཆེ་ལས་བཀའ་བསྩལ་པ། །དེ་ཕྱིར་མཁས་པ་རྣམས་ཀྱིས་གཟུང༌། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གྲུབ་སྟེ། རང་འགྲེལ་ལས། ཆོས་ཀྱི་བདག་མེད་པ་གསལ་བར་བྱ་བའི་ཕྱིར་ཐེག་པ་ཆེན་པོ་བསྟན་པ་ཡང་རིགས་པ་ཉིད་དེ། རྒྱས་པར་བསྟན་པ་བརྗོད་པར་འདོད་པའི་ཕྱིར་རོ། །

ཉན་ཐོས་ཀྱི་ཐེག་པ་ལས་ནི་ཆོས་ཀྱི་བདག་མེད་པ་མདོར་མཚོན་པ་ཙམ་ཞིག་ཏུ་ཟད་དོ། །ཇི་སྐད་དུ་སློབ་དཔོན་གྱི་ཞལ་སྔ་ནས་ཀྱིས། ༼འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ༽མཚན་མ་མེད་པར་མ་རྟོགས་པར། །ཁྱེད་ཀྱིས་ཐར་བ་མེད་པར་གསུངས། །དེ་ཕྱིར་ཁྱོད་ཀྱི་ཐེག་ཆེན་ལས། །

དེ་ནི་ཚང་བར་བསྟན་པ་ལགས། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། དེས་ན་འཁོར་ལོ་དང་པོར་མངོན་པ་ནས་བཤད་པའི་མི་རྟག་སོགས་བཅུ་དྲུག་མངོན་སུམ་དུ་རྟོགས་པ་མཐོང་ལམ་དང༌། དེའི་རྒྱུད་སྒོམ་པར་བྱེད་པའི་ཡེ་ཤེས་སྒོམ་ལམ་དང༌། དེ་གཉིས་ཀྱིས་ཉོན་མོངས་སྤངས་ནས་དགྲ་བཅོམ་པ་ཐོབ་པར་སྟོན་པའི་མདོ་རྣམས་ནི་སྐབས་འདིར་དྲང་དོན་དུ་འགྲེལ་བའི་ལུགས་ཡིན་ཏེ། དེ་འདྲའི་ལམ་དེ་མཐོང་སྒོམ་མ་ཡིན་ལ། དེས་མཐོང་སྒོམ་གྱི་སྤང་བྱ་གང་ཡང་སྤོང་མི་ནུས་ཀྱང་དེ་འདྲའི་ལམ་གྱིས་གདུལ་དགོས་པའི་གདུལ་བྱའི་ངོར་བསྟན་པ་ཙམ་གྱི་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་ཡིན་པའི་ཕྱིར། ཞེས་དང༌། དེ་ལས། མངོན་པ་གཉིས་ནས་བཤད་པའི་དགྲ་བཅོམ་པ་དགྲ་བཅོམ་པ་ཡིན་པར་ཐལ། དེ་ནས་བཤད་པའི་འཕགས་པ་འཕགས་པ་ཡིན་པའི་ཕྱིར། དེར་ཐལ། དེ་ནས་བཤད་པའི་འཕགས་ལམ་འཕགས་ལམ་ཡིན་པའི་ཕྱིར་ཏེ། དེ་ནས་བཤད་པའི་ལམ་ལམ་ཡིན་པའི་ཕྱིར་ན་མ་ཁྱབ། རྟགས་གྲུབ་སྟེ། དེ་ནས་བཤད་པའི་ངེས་འབྱུང་གི་བསམ་པ་ངེས་འབྱུང་གི་བསམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ནས་བཤད་པའི་ངེས་འབྱུང་གི་བསམ་པ་ངེས་འབྱུང་གི་བསམ་པ་ཡིན་ན་ངེས་འབྱུང་གི་བསམ་པས་ཟིན་པའི་མངོན་པ་ནས་བཤད་པའི་དགེ་བློ་རྣམས་ལམ་ཡིན་དགོས་པའི་ཕྱིར་ཏེ། ལམ་ཡིན་མིན་གྱི་ཁྱད་པར་ངེས་འབྱུང་གི་བསམ་པས་ཟིན་མ་ཟིན་ལ་བྱེད་པའི་ཕྱིར། མ་ཁྱབ་མཚམས་ཕྱི་མའི་རྟགས་གྲུབ་སྟེ། མངོན་པ་ནས་བཤད་པའི་སོ་ཐར་གྱི་སྡོམ་པ་སོ་ཐར་གྱི་སྡོམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། སོ་ཐར་གྱི་སྡོམ་པ་ཡིན་ན་ངེས་འབྱུངགི་བསམ་པ་ལས་སྐྱེས་པའི་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཁས་ལེན་ནུས་མིན་དཔྱདཔར་ཞུའོ། །

གཞན་ཡང་སྤྱོད་འཇུག་ལས། བསྟན་རྩ་དགེ་སློང་ཉིད་ཡིན་ན། །དགེ་སློང་ཉིད་ཀྱང་དཀའ་བར་གནས། །སེམས་ནི་དམིགས་དང་བཅས་པ་ཡིས། །མྱ་ངན་འདས་པའང་དཀའ་བར་གནས། །ཉོན་མོངས་སྤངས་པས་གྲོལ་ན་དེའི། །དེ་མ་ཐག་ཏུ་དེར་འགྱུར་རོ། །ཉོན་མོངས་མེད་ཀྱང་དེ་དག་ལ། །ལས་ཀྱི་ནུས་པ་མཐོང་བ་ཡིན། །རེ་ཞིག་ཉེར་ལེན་སྲེད་པ་ནི། །མེད་ཅེས་ངེས་པ་ཉིད་ཅེ་ན། །སྲེད་འདི་ཉོན་མོངས་ཅན་མིན་ཡང༌། །ཀུན་རྨོངས་བཞིན་དུ་ཅི་སྟེ་མེད། །ཚོར་བའི་རྐྱེན་གྱིས་སྲེད་པ་ཡིན། །ཚོར་བ་དེ་དག་ལ་ཡང་ཡོད། །དམིགས་པ་དང་ནི་བཅས་པའི་སེམས། །འགའ་ཞིག་ལ་ནི་གནས་པར་འགྱུར། །སྟོང་པ་ཉིད་དང་བྲལ་བའི་སེམས། །འགག་པ་སླར་ཡང་སྐྱེ་འགྱུར་ཏེ། །འདུ་ཤེས་མེད་པའི་སྙོམས་འཇུག་བཞིན། །དེས་ན་སྟོང་ཉིད་བསྒོམ་པར་བྱ། །ཞེས་གསུངས་པའི་ལུང་གི་དགོངས་པ་སྤྱོད་འཇུག་ས་འགྲེལ་སོགས་ལ་བརྟེན་ནས་ཟླ་བ་ལྟར་འཆད་དགོས་པ་ཡིན་མིན་དཔྱད་པར་བྱའོ། །ཉན་རང་གི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་མི་དགོས་པར་སྒྲས་ཟིན་ལ་མདོ་ལས་གསུངས་པ་ཡོད་དེ། རྒྱན་སྡུག་པོ་བཀོད་པའི་མདོ་ལས། ཕུང་པོ་གང་ཟག་བདག་མེད་པར། །རབ་ཏུ་རྣམ་ཕྱེ་མཐོང་གྱུར་ཅིང༌། །

ཆོས་ཀྱི་དངོས་ཡོད་མ་བཤིག་པར། །ཉན་ཐོས་དེ་དག་མངོན་རྟོགས་གྱུར། །བདག་མེད་གཉིས་ལ་མཁས་པ་རྣམས། །རྒྱལ་བའི་སྲས་རྣམས་སྒོམ་པར་བྱེད། །ཅེས་དང༌། དམ་ཆོས་པད་དཀར་ལས། འོད་སྲུང་ཆེན་པོས། ཆོས་འདི་ཐམས་ཅད་ཟག་མེད་ཞི་བ་སྟེ། །འགག་པ་དང་ནི་སྐྱེ་བ་རྣམ་པར་སྤངས། །འདི་ན་ཆོས་རྣམས་གང་ཡང་མ་མཆིས་ཞེས། །དེ་ལྟར་བསམ་ན་དད་པར་མ་གྱུར་ཏོ། །ཞེས་དང༌། ལང་གཤེགས་ལས། གཞན་ཡང་བློ་གྲོས་ཆེན་པོ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ནི་ཤེས་བྱའི་སྒྲིབ་པ་དང༌། ལས་ཀྱི་བག་ཆགས་མ་སྤངས་པའི་ཕྱིར་ཆོས་ལ་བདག་མེད་པ་མ་བསྒོམས་ཤིང༌། བསམ་གྱིས་མི་ཁྱབ་པར་འགྱུར་བའི་འཆི་འཕོ་བ་མ་ཐོབ་པས། ཉན་ཐོས་རྣམས་ལ་ཐེག་པ་གསུམ་དུ་བསྟན་ཏེ། ཐེག་པ་གཅིག་ཏུ་མ་ཡིན་ནོ། །ཞེས་དང༌། མངོན་རྟོགས་རྒྱན་ལས། དེ་ནི་མཚན་མར་དམིགས་སྒོ་ནས། །ཐབས་མ་ཡིན་པས་རིང་བ་དང༌། །

ཞེས་དང༌། ཉོན་མོངས་ཤེས་བྱ་ལམ་གསུམ་གྱི། །ཉམས་ཕྱིར་སློབ་མ་བསེ་རུ་དང༌། །རྒྱལ་སྲས་རྣམས་ཀྱི་དག་པ་སྟེ། །སངས་རྒྱས་རྣམ་ཀུན་ཤིན་ཏུ་བ། །ཞེས་གསུངས་སོ། །འོན་ཀྱང་དཔལ་ལྡན་ཟླ་བས་མདོ་འདི་དག་གི་དགོངས་པ་ཇི་ལྟར་འཆད་པར་དཔྱད་པར་བྱའོ། །བདག་མེད་གཉིས་ཀྱི་རྟོགས་རིམ་ནི། མདོ་ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ཁྱོད་ཀྱི་བདག་གི་འདུ་ཤེས་ནི། །ཤེས་པ་དེ་བཞིན་ཀུན་ལ་བློས་སྦྱར་བྱ། །ཆོས་རྣམས་ཐམས་ཅད་དེ་ཡི་ངོ་བོ་ཉིད། །ཡོངས་སུ་དག་པ་རྣམ་མཁའ་ལྟ་བུ་ཡིན། །གཅིག་གིས་ཀྱང་ནི་ཐམས་ཅད་ཤེས། །གཅིག་གིས་ཀྱང་ནི་ཐམས་ཅད་མཐོང༌། །ཞེས་གསུངས་སོ། །ཚིག་རྐང་ཕྱི་མ་གཉིས་དང༌། དབུ་མ་བཞི་བརྒྱ་བ་ལས། གང་གིས་དངོས་གཅིག་དེ་བཞིན་ཉིད་མཐོང་བ། །དེ་ཡིས་དངོས་ཀུན་དེ་བཞིན་ཉིད་དུ་མཐོང༌། །ཞེས་གསུངས་པས་ཆོས་གཅིག་གི་དེ་བཞིན་ཉིད་མཐོང་ན་ཆོས་ཀུན་གྱི་དེ་བཞིན་ཉིད་མཐོང་དགོས་པ་ཡིན་ནམ་དཔྱད་པར་ཞུ། མཁས་པ་གཞན་གྱིས་ཆོས་གཅིག་རང་བཞིན་གྱིསམེད་པར་རྟོགས་ན་གཞན་ལ་བློ་ཁ་ཕྱོགས་པ་ཙམ་གྱིས་རྟོགས་པ་དང༌། དེ་མངོན་སུམ་དུ་མཐོང་ན་ཆོས་ཀུན་རང་བཞིན་གྱིས་མེད་པ་མངོན་སུམ་དུ་རྟོགས་པར་བཞེད་དོ། །སྟོང་ཉིད་རྟོགས་པ་ལ་འབད་དགོས་ཏེ། འཕགས་པ་ལྷས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེསགསུངས་པས་སོ། །

གསུམ་པ་ས་དང་པོར་ལྷག་པའི་ཡོན་ཏན་གཞན་བསྟན་པ་ལ། ས་དང་པོ་ལ་གནས་པའི་སྦྱིན་པ་བཤད་པ། རྟེན་དམན་པ་རྣམས་ཀྱི་སྦྱིན་པ་བཤད་པ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་བཤད་པ། སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པའོ། །དང་པོ་ནི། རྩ་བར།

དེ་ཚེ་དེ་ལ་རྫོགས་སངས་བྱང་ཆུབ་རྒྱུར། །དང་པོ་སྦྱིན་པ་ཉིད་ནི་ལྷག་པར་འགྱུར། །ཞེས་ས་དང་པོ་རབ་ཏུ་དགའ་བ་ཐོབ་པ་དེ༷འི་ཚེ༷་བྱང་ཆུབ་སེམས་དཔའ་དེ༷་ལ༷་ཕྱིན་བཅུའི་ནང་ནས་རྫོ༷གས་པའི་ས༷ངས་རྒྱས་བྱ༷ང་ཆུ༷བ་ཀྱི་རྒྱུ༷་ད༷ང་པོ༷་སྦྱི༷ན་པའི་ཕ་རོལ་ཏུ་ཕྱིན་པ༷་དེ་ཉི༷ད་ཁོ་ན་ནི༷་ཆེས་ལྷ༷ག་པ་ཡོད་པ༷ར་འགྱུ༷ར་ཏེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་ས་རབ་ཏུ་དགའ་བ་ཐོབ་པ་དེ་ལ།

སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་དང་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་དང༌།

ཐབས་དང་སྨོན་ལམ་དང༌། སྟོབས་དང་ཡེ་ཤེས་ཞེས་བྱ་བ་བཅུ་པོ་དག་ལས་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པ་ཁོ་ནས་ཆེས་ལྷག་པར་ཡོད་པར་འགྱུར་ཏེ། དེ་ལས་གཞན་རྣམས་མེད་པ་ནི་མ་ཡིན་ནོ། །

སྦྱིན་པ་དེ་ཡང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་རྒྱུ་དང་པོ་ཡིན་ནོ། །ཞེས་གསུངས་པས་སོ། །

རྩ་བར། རང་ཤ་སྟེར་ལའང་གུས་པར་བྱས་པ་ཡི། །སྣང་དུ་མི་རུང་དཔོག་པའི་རྒྱུར་ཡང་གྱུར། །

ཞེས་ས་དང་པོ་པ་དེས་ཕྱིའི་ཡོ་བྱད་སྟེར་བ་ལ་གུས་པར་བྱས་པ་མ་ཟད་སློང་བ་པོ་ལ་ར༷ང་གི་ཤ༷་སྟེ༷ར་བ་ལ༷འ༷ང་གུ༷ས་པ༷ར་བྱ༷ས་པ༷་ཡི༷་སྒོ་ནས་དེའི་རྒྱུད་ཀྱི་དེ་འདྲའི་སྦྱིན་པ་དེ་ནི་ས་དང་པོ་པའི་རྒྱུད་ལ་གང་ཟག་གཞན་ཕལ་ཆེར་ལ་སྣ༷ང་དུ༷་མི༷་རུ༷ང་བའི་དོན་དམ་པའི་ས་ཐོབ་པ་སོགས་ཡོན་ཏན་ཁྱད་པར་ཅན་ཡོད་པར་དཔོ༷ག་པ༷འི་རྒྱུ༷ར་གྱུར་པའམ་དཔོག་བྱེད་ཀྱི་གཏན་ཚིགས་སུ་ཡ༷ང་འགྱུ༷ར་བ་ཡིན་པ། དཔེར་ན་དུ་བའི་རྟགས་ཀྱིས་མེ་དཔོག་པ་སོགས་བཞིན་ཡིན་ཏེ། རང་འགྲེལ་ལས། དེའི་ཚེ་བྱང་ཆུབ་སེམས་དཔའ་དེའི་ཡོན་ཏན་སྣང་རུང་མ་ཡིན་པས་རྟོགས་པ་ལ་སོགས་པ་གང་དག་ཡིན་པ་དེ་དག་ཀྱང་ཕྱི་དང་ནང་གི་བདག་ཉིད་ཀྱི་དངོས་པོ་གཏོང་བའི་ཁྱད་པར་གྱི་རྗེས་སུ་དཔག་པ་ཉིད་ལས་གསལ་བར་དཔོག་པར་བྱེད་པ་ཡིན་ཏེ། དུ་བ་ལ་སོགས་པལས་མེ་ལ་སོགས་པ་དག་བཞིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྟེན་དམན་པ་རྣམས་ཀྱི་སྦྱིན་པ་བཤད་པ་ལ།

སྦྱིན་པས་འཁོར་བའི་བདེ་བ་འཐོབ་པ་དང༌། སྦྱིན་པས་དམན་པའི་མྱང་འདས་ཀྱི་བདེ་བ་ཐོབ་པར་བསྟན་པ་དང་གཉིས།

དང་པོ་ནི། རྩ་བར། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང༌། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱ ོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་དང་པོ་ནི་འཇིག་རྟེན་གྱི་སྐྱེ༷་བོ༷་མ་ལུས་པ་འདི༷་ཀུ༵ན། བཀྲེས་སྐོམ་དང་ནད་དང་ཚ་གྲང་སོགས་ཀྱི་སྡུག་བསྔལ་ཕྱིར་བཅོས་པའི་བདེ༷་བ༷་ཐོབ་པར་མངོ༷ན་པར་འདོ༷ད་པ་ཡིན་ཅི༷ང༌། མི༷་ལ་སོགས་པ་རྣ༷མས་ཀྱི་བདེ༷་བ༷་དེའ༷ང་འདོད་པའི་ཡུལ་གྱི་ལོ༷ངས་སྤྱོ༷ད་བཟའ་བཏུང་དང༌། ནད་གསོ་བའི་སྨན་དང་གོས་དང་གནས་ཁང་སོགས་ལ་སྤྱད་པ་མེ༷ད་པར་སྐྱེ་བ་མི༷ན་ལ༷། བདེ་བའི་རྒྱུ་ལོ༷ངས་སྤྱོ༷ད་དེ་རྣམས་ཀྱ༷ང་ནི༷་ཚེ་རབས་སྔ་མར་སྦྱི༷ན་པ་ལ༷ས་བྱུང་བའི་བསོད་ནམས་བསགས་པ་ལས་བདེ་བ་འབྱུ༷ང་བར་མཁྱེ༷ན་ན༷ས། འགྲོ་བ་མ་ལུས་པའི་བསམ་པ་མཁྱེན་པའི་ཤཱཀྱ་ཐུ༷བ་པ༷ས་ད༷ང་པོ༷ར་རམ་ཐོག་མར་སྦྱིན་པའི་ངོ་བོ་དང་ཕན་ཡོན་ལ་སོགས་པའི་སྦྱི༷ན་པ༷འི་གཏ༷མ་ཉིད་མཛ༷ད་པ་ཡིན་ཏེ། སྦྱིན་པའི་འབྲས་བུ་ལོངས་སྤྱོད་ནི་མི་ལ་སོགས་པའི་བདེ་བའི་རྒྱུ་དང༌། ལམ་སྒྲུབ་པའི་ལས་དང་པོ་བ་རྣམས་ཀྱི་ཆོས་སྒྲུབ་པའི་ཆ་རྐྱེན་ཡིན་པ་དང༌། ཚུལ་ཁྲིམས་དང་བཟོད་པ་སོགས་ལས་སྦྱིན་པ་དེ་ལ་འཇུག་པར་ཡང་སླ་བའི་ཕྱིར་དང་པོར་བཤད་དོ༷། །རྩ་བར། སྙིང་རྗེ་དམན་ཞིང་ཤིན་ཏུ་རྩུབ་སེམས་ཅན། །རང་དོན་ལྷུར་ལེན་ཉིད་དུ་གྱུར་པ་གང༌། །དེ་དག་གི་ཡང་འདོད་པའི་ལོངས་སྤྱོད་རྣམས། །སྡུག་བསྔལ་ཉེར་ཞིའི་རྒྱུར་གྱུར་སྦྱིན་ལས་བྱུང༌། །ཞེས་སྦྱིན་པ་གཏོང་བ་པོ་ཚུལ་དང་མཐུན་པ་ཞིག་དགོས་སམ་སྙམ་ན་དེ་མི་དགོས་ཏེ། སྙི༷ང་རྗེ༷་དམ༷ན་ཞི༷ང་ཤི༷ན་ཏུ༷་རྩུ༷བ་པའི་སེ༷མས་དང་ལྡན་པ་ཅ༷ན། ར༷ང་གི་དོ༷ན་མངོན་པར་མཐོ་བའི་བདེ་བ་ཙམ་ལྷུ༷ར་ལེ༷ན་ཉི༷ད་དུ༷་གྱུ༷ར་བ༷་ག༷ང་ཡིན་པ་དེ༷་ད༷ག་གི༷་ཡ༷ང་སྦྱིན་པ་སྦྱིན་པའི་རྒྱུ་ལས་བྱུང་བར་འདོ༷ད་པ༷འི་ལོ༷ངས་སྤྱོ༷ད་ཕུན་སུམ་ཚོགས་པ་རྣ༷མས་ནི། རང་གི་བཀྲེས་སྐོམ་སོགས་ཀྱི་སྡུ༷ག་བསྔ༷ལ་ཉེ༷་བར་ཞི༷འི་རྒྱུ༷ར་གྱུ༷ར་པའི་སྦྱི༷ན་པ་ལ༷ས་འབྱུ༷ང་བ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། གང་དག་ཚོང་པ་བཞིན་དུ་ནོར་ཆེས་ཉུང་ངུ་བཏང་བ་ལས་འབྲས་བུ་ནོར་གྱི་ཕུང་པོ་ཆེས་ཡངས་པ་འདོད་པ་དོན་དུ་གཉེར་པ་པས་ཀྱང་ལྷག་པར་དོན་དུ་གཉེར་བར་གྱུར་ཅིང་སྦྱིན་པར་འདོད་པར་གུས་ཀྱི། ཞེས་པ་ནས། ལོངས་སྤྱོད་ཕུལ་དུ་བྱུང་བ་ཕུན་སུམ་ཚོགས་པའི་སྒོ་ནས་ལུས་ཀྱི་སྡུག་བསྔལ་ཡིད་དུ་མི་འོང་བ་བཀྲེས་པ་དང་སྐོམ་པ་ལ་སོགས་པ་འཇོམས་པརབྱེད་པས་སྡུག་བསྔལ་ཉེ་བར་ཞི་བའི་རྒྱུར་འགྱུར་རོ། །ཞེས་གསུངས་པས་སོ། །

གཉིས་པ་སྦྱིན་པས་དམན་པའི་མྱང་འདས་ཀྱི་བདེ་བ་ཐོབ་པར་བསྟན་པ་ནི།

རྩ་བར། འདི་ཡང་སྦྱིན་པའི་སྐབས་ཀྱིས་ནམ་ཞིག་ཚེ། །འཕགས་པའི་སྐྱེ་བོ་དང་ཕྲད་མྱུར་དུ་འཐོབ། །དེ་ནས་སྲིད་རྒྱུན་ཡང་དག་བཅད་བྱས་ཏེ། །དེ་ཡི་རྒྱུ་ཅན་ཞི་བར་འགྲོ་བར་འགྱུར། །ཞེས་སྦྱིན་པའི་རྟེན་དམན་པ་ཐེག་དམན་རིགས་ཅན་གྱི་སྦྱིན་པས་མྱང་འདས་ཀྱི་བདེ་བ་ཐོབ་པར་བྱེད་དེ། རྟེན་དམན་པས་སྦྱིན་པ་གཏོང་བ་འདི༷་ཡ༷ང་སྦྱི༷ན་པ་གཏོང་བར་གྱུར་པ༷འི་སྐ༷བས་ཀྱི༷་དུས་ན༷མ་ཞི༷ག་གི་ཚེ༷་ན་འཕ༷གས་པ༷འི་སྐྱེ༷་བོ༷་ད༷ང་འཕྲ༷ད་པ་མྱུ༷ར་དུ༷་འཐོ༷བ་པར་བྱེད་ཅིང༌། དེ༷་ན༷ས་དམ་པ་འཕགས་པ་དེས་ཆོས་བསྟན་པ་ལས་འཁོར་བ་ལ་ཡོན་ཏན་མེད་པར་སྐྱོན་ཅན་ཁོ་ནར་རིག་ནས་ལམ་ཉམས་སུ་བླངས་ཏེ་འཕགས་ལམ་ཟག་མེད་མངོན་དུ་བྱས་པས་མ་རིག་པ་སྤངས་ཏེ། སྲི༷ད་པ་འཁོར་བའི་རྒྱུ༷ན་ཐོག་མེད་ནས་སྐྱེ་འཆི་གཅིག་ནས་གཅིག་ཏུ་བརྒྱུད་པ་དེ་ཡ༷ང་ད༷ག་པར་བཅ༷ད་པར་བྱ༷ས་ཏེ༷། སྔོན་ལམ་དུ་ཞུགས་པའི་ཚེ་དམ་པ་དང་འཕྲད་པ་དེ༷་ཡི༷་རྒྱུ༷་ཅ༷ན་ཉན་ཐོས་སམ་རང་རྒྱལ་གྱི་ཞི༷་བ༷་མྱང་འདས་སུ་འགྲོ༷་བ༷ར་འགྱུ༷ར་བ་ཡིན་ནོ། །དེ་ཡན་དུ་བྱང་སེམས་མ་ཡིན་པའི་སྦྱིན་པ་དང་སྦྱིན་འབྲས་བཤད་ཟིན་ཏེ། རང་འགྲེལ་ལས། དེ་ལྟ་ན་རེ་ཞིག་བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ཀྱི་སྦྱིན་པ་འཁོར་བ་དང་མྱ་ངན་ལས་འདས་པའི་བདེ་བ་ཐོབ་པའི་རྒྱུཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་བཤད་པ་ལ།

བྱང་སེམས་ཀྱི་སྦྱིན་པའི་ཕན་ཡོན་ཐུན་མོང་མ་ཡིན་པ་བསྟན་པ། རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་གཙོ་བོར་བསྟན་པ། བྱང་སེམས་ཀྱི་སྦྱིན་པའི་ཚེ་དགའ་བ་ཅི་འདྲ་བ་ཐོབ་པ་བསྟན་པ། བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་བསྟན་པ་དང་བཞི་ལས། དང་པོ་ནི། རྩ་བར། འགྲོ་ལ་ཕན་པར་དམ་བཅས་ཡིད་ཅན་རྣམས། །སྦྱིན་པས་རིང་པོར་མི་ཐོགས་དགའ་བ་ཐོབ། །ཅེས་འགྲོ༷་བ་ཐམས་ཅད་ལ༷་ཕུགས་སུ་ཕ༷ན་པ་དང་འཕྲལ་དུ་བདེ་བ་སྒྲུབ་པ༷ར་ད༷མ་བཅ༷ས་པའི་ཡི༷ད་ཅ༷ན་གྱི་བྱང་སེམས་རྣ༷མས་ནི་ཆོས་ཅན། སྦྱིན་པ་གཏོང་བ་ལ་རྒྱུན་མི་ཆད་པར་གུས་པའི་རྒྱུ་མཚན་ཡོད་དེ། བྱང་སེམས་མ་ཡིན་པ་རྣམས་ནི་སྦྱིན་པས་སློང་བ་པོ་ཚིམ་པར་བྱས་པའི་མཇུག་ཐོགས་དེ་མ་ཐག་ཏུ་སྦྱིན་པའི་འབྲས་བུའི་བདེ་བ་ལ་ངེས་པར་ལོངས་སྤྱོད་པ་མིན་ལ། དེ་མིན་པས་དེ་རྣམས་ཀྱི་སྦྱིན་པ་སྦྱིན་པའི་འབྲས་བུ་མངོན་སུམ་དུ་མི་མཐོང་བས་སྦྱིན་པ་ལ་མི་འཇུག་པ་ཡང་སྲིད་པ་གང་ཞིག དེ་འདྲའི་བྱང་སེམས་རྣམས་ཀྱིས་ནི་སྦྱི༷ན་པ་བྱིན་པ༷ས་རི༷ང་པོ༷ར་མི༷་ཐོ༷གས་པར་སློང་བ་པོ་ཚིམ་པར་བྱས་པའི་མཇུག་ཐོག་དེ་ཉིད་དུ། སྦྱིན་པའི་འབྲས་བུ་ནི་དག༷འ་བ༷་མཆོག་ཏུ་གྱུར་པ་ཐོ༷བ་པ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་མ་ཡིན་པ་རྣམས་ནི་སྦྱིན་པ་དང་དུས་མཉམ་དུ་ཇི་སྐད་བཤད་པའི་སྦྱིན་པའི་འབྲས་བུ་ངེས་པར་ལོངས་སྤྱོད་པ་མ་ཡིན་ཏེ། ཞེས་པ་ནས། བྱང་ཆུབ་སེམས་དཔའ་རྣམས་ནི། ཞེས་པ་ནས། དེཉིད་དུ་སྦྱིན་པའི་འབྲས་བུ་ཉེ་བར་ལོངས་སྤྱོད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རྟེན་གཉིས་ཀ་ལ་སྦྱིན་པའི་གཏམ་གཙོ་བོར་བསྟན་པ་ནི།

རྩ་བར། གང་ཕྱིར་བརྩེ་བདག་བརྩེ་བདག་མ་ཡིན་པ། །དེ་ཕྱིར་སྦྱིན་པའི་གཏམ་ཉིད་གཙོ་བོ་ཡིན། །ག༷ང་གི་ཕྱི༷ར་ན་གོང་དུ་བཤད་པ་ལྟར་བརྩེ༷་བའི་བད༷ག་ཉིད་བྱང་སེམས་དང༌། བརྩེ༷་བའི་བད༷ག་ཉིད་བྱང་སེམས་མ༷་ཡི༷ན་པ༷་གཉིས་ཀའི་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་ཐམས་ཅད་སྦྱིན་པས་འདྲེན་པར་བྱེད་པ་དེ༷འི་ཕྱི༷ར་སྦྱིན་པའི་རྟེན་གཉིས་ཀ་ལ་སྦྱི༷ན་པ༷འི་གཏ༷མ་ཉི༷ད་གཙོ༷་བོ༷་གལ་ཆེ་བ་ཡི༷ན་ཏེ། རང་འགྲེལ་ལས། ཐམས་ཅད་ཀྱི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་རྒྱུ་སྦྱིན་པ་ཡིན་པ། ཞེས་གསུངས་པས་སོ། །སྦྱིན་པ་གལ་ཆེ་བ་ཡིན་ཏེ། བཤེས་སྤྲིངས་ལས། ལོངས་སྤྱོད་གཡོ་བ་སྙིང་བོ་མེད་མཁྱེན་ནས། །དགེ་སྦྱོང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །

སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མམཆིས་སོ། །ཞེས་གསུངས་པས་སོ། །

གསུམ་པ་བྱང་སེམས་ཀྱི་སྦྱིན་པའི་ཚེ་དགའ་བ་ཇི་འདྲ་ཐོབ་པར་བསྟན་པ་ནི། རྩ་བར།

ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་བསམས་ལས། །རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །

ཞི་བར་ཞུགས་པས་བདེ་བ་བྱེད་མིན་ན། །ཐམས་ཅད་བཏང་བས་ལྟ་ཞིག་སྨོས་ཅི་དགོས། །

ཞེས་བྱང་སེམས་རྣམས་སྦྱིན་པ་ལ་གུས་པར་བྱེད་པའི་རྒྱུ་ནི་སློང་བ་པོ་རྣམས་ལོངས་སྤྱོད་ཀྱིས་ཚིམས་པ་ལས་བྱུང་བའི་དགའ་བ་ཁྱད་པར་ཅན་ཐོབ་ལ། ཇི༷་ལྟ༷ར་ཐོབ་ན་སློང་བ་པོས་བདག་ལ་ཟས་གོས་སོགས་བྱི༷ན་ཅི༷ག་ཅེ༷ས་ཟེར་བའི་སྒྲ༷་ཐོ༷ས་པའི་དོན་བས༷མ་པ་ན། སློང་བ་པོ་འདི་ནི་བདག་ལ་ལོངས་སྤྱོད་སློང་བ་ཞིག་གོ་སྙམ་པ་ལ༷ས། རྒྱ༷ལ་སྲ༷ས་དེ་ལ་ཡིད་ལ་བདེ༷་བ་ཡང་ནས་ཡང་དུ་འབྱུ༷ང་བའི་བདེ་བ་དེ༷་ལྟ༷ར་ཐུ༷བ་པ་དགྲ་བཅོམ་པ་རྣ༷མས་ལ༷་ཞི༷་བ༷ར་ཞུགས་སམ་མྱང་འདས་ཀྱི་དབྱིངས་སུ་སྙོམས་པར་ཞུ༷གས་པ༷ས་བདེ༷་བ༷་བསྐྱེད་པར་བྱེ༷ད་དམ་བྱིན་པ་མི༷ན་ན༷། ཕྱི་ནང་གི་དངོས་པོ་ཐ༷མས་ཅ༷ད་བཏ༷ང་བ༷ས་སློང་བ་པོ་ཚིམས་པར་བྱེད་པ་དེས་ཞི་བདེ་ལས་ལྷགཔའི་བདེ་བ་ཁྱད་པར་ཅན་བསྐྱེད་པ་ལྟ༷་ཞི༷ག་སྨོ༷ས་ཅི༷་དགོ༷ས་ཏེ་མི་དགོས་པའོ། །

བཞི་པ་བྱང་སེམས་ཀྱིས་ལུས་སྦྱིན་པ་ལ་སྡུག་བསྔལ་ཡོད་མེད་བསྟན་པ་ནི།

འཇུག་པ་རང་འགྲེལ་ལས། ཡང་ཅི་གང་ལས་དེ་སྐད་བརྗོད་པ་ཕྱི་དང་ནང་གི་དངོས་པོ་གཏོང་བའི་བྱང་ཆུབ་སེམས་དཔའ་རྣམས་ལ་ལུས་ཀྱི་སྡུག་བསྔལ་ཡང་མི་འབྱུང་ངམ་ཞེ་ན། བཤད་པ། བདག་ཉིད་ཆེན་པོ་རྣམས་ལ་ནི་སེམས་མེད་པ་རྣམས་བཅད་པ་ལྟར་ལུས་ཀྱི་སྡུག་བསྔལ་འབྱུང་བ་མི་སྲིད་པ་ཉིད་དེ། འཕགས་པ་ནམ་མཁའ་མཛོད་ཀྱི་ཏིང་ངེ་འཛིན་ལས། འདི་ལྟ་སྟེ། དཔེར་ན་ཤིང་སཱ་ལ་ཆེན་པོའི་ཚལ་ཞིག་ཡོད་ལ། དེར་འགའ་ཞིག་འོངས་ནས་སཱ་ལ་གཅིག་བཅད་པ་ན། དེར་ཤིང་སཱ་ལ་ལྷག་མ་དེ་རྣམས་འདི་སྙམ་དུ་འདི་ནི་བཅད་པའོ། །བདག་ཅག་ནི་མ་བཅད་པའོ་སྙམ་དུ་མི་སེམས་ཤིང༌། དེ་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་དོ། །རྟོག་པ་དང༌། རྣམ་པར་རྟོག་པ་མེད་དོ། །བྱང་ཆུབ་སེམས་དཔའི་བཟོད་པ་དེ་ལྟ་བུ་གང་ཡིན་པ་དེ་ནི་བཟོད་པ་ཡོངས་སུ་དག་པ་མཆོག་ནམ་མཁའ་དང་མཉམ་པ་ཡིན་ནོ་ཞེས་ཇི་སྐད་གསུངས་པ་ལྟ་བུའོ། །

རིན་པོ་ཆེའི་ཕྲེང་བ་ལས་ཀྱང༌། དེ་ལ་ལུས་ཀྱི་སྡུག་བསྔལ་མེད། །ཡིད་ཀྱི་སྡུག་བསྔལ་ག་ལ་ཡོད། །དེ་ནི་སྙིང་རྗེས་འཇིག་རྟེན་སྡུག །དེ་ཉིད་ཀྱིས་ནི་ཡུན་རིང་གནས། །ཞེས་གསུངས་སོ། །

ཡང་ཆགས་པ་མེད་པའི་གནས་སྐབས་མ་ཐོབ་པ་གང་ཞིག་ལ་ལུས་གནས་པ་དང་འགལ་བའི་ཡུལ་ཡང་དག་པར་བབས་པས་ལུས་ཀྱི་སྡུག་བསྔལ་གདོན་མི་ཟ་བར་འབྱུང་བ་དེའི་ཚེ་དེ་ཡང་སེམས་ཅན་གྱི་དོན་བྱ་བ་དག་ལ་ཆེས་ལྷག་པར་འཇུག་པའི་རྒྱུ་ཉིད་དུ་གནས་པ་ཡིན་ནོ་ཞེས་བཤད་པ་ནི། རྩ་བར། ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་དེ། །དེ་གཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་རྩོམ། །ཞེས་བྱང་སེམས་རང་གི་ལུས་གཅོད་པའི་སྡུག་བསྔལ་ལས་སྟོང་འགྱུར་ལས་ཀྱང་ཆེས་ལྷག་པའི་གཞན་གྱི་སྡུག་བསྔལ་བསྲན་དུ་མེད་པ་དག་ལ་བསམ་པ་ན། སློང་བ་པོ་ལ་རང་གི་ལུ༷ས་ནི་བཅ༷ད་ནས་སྟེ༷ར་ཞི༷ང་སྦྱིན་པའི་སྡུག་བསྔལ་གྱིས་ཏེ་སྡུག་བསྔལ་ལ་རྩིས་མེད་པར་བྱས་ནས། བད༷ག་གི༷་ལུས་བྱིན་པ་སྡུ༷ག་ཉམས་སུ་མྱོང་བའི་བསྔ༷ལ་གྱི༷ས་སེམས་ཅན་གཞ༷ན་ད༷ག་རྣ༷མས་ཀྱི༷་དམྱ༷ལ་བ༷་ལ༷་སོ༷གས་པ༷འི་སྡུ༷ག་བསྔ༷ལ་ར༷ང་མྱོང་གིས་མངོན་སུམ་དུ་རི༷ག་པ་ཉི༷ད་དུ༷་མཐོ༷ང་བ་དེ་རྒྱུ་མཚན་དུ་བྱས་ན༷ས་ནི༷། གཞན་གྱི་སྡུག་བསྔལ་དེ༷་གཅ༷ད་པར་བྱ༷་བའི་ཕྱི༷ར་དུ་ཆེས་མྱུ༷ར་དུ༷་བརྩོ༷ན་འགྲུ༷ས་རྩོ༷མ་པ་ཡིན་ཏེ། རང་འགྲེལ་ལས། རང་གི་ལུས་གཅོད་པའི་སྡུག་བསྔལ་བས་སྟོང་འགྱུར་བས་ཀྱང་ཆེས་ལྷག་པར་འཕེལ་བའི་སྡུག་བསྔལ་བ་སྲན་དུ་མེད་པ་དང་ལྡན་པ་དག་ལ་རང་གི་སྡུག་བསྔལ་མྱོང་བ་ཉིད་དུ་ལྟ་བ་ན་རང་གི་ལུས་གཅོད་པའིསྡུག་བསྔལ་ལ། རྩིས་མེད་པར་བྱས་ནས། ཞེས་སོགས་གསུངས་པའི་ཕྱིར་རོ། །

བཞི་པ་སྦྱིན་པའི་ཕར་ཕྱིན་གྱི་དབྱེ་བ་བསྟན་པ་ནི།

རྩ་བར། སྦྱིན་པ་སྦྱིན་བྱ་ལེན་པོ་གཏོང་པོས་སྟོང༌། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཞེས་བྱ། །གསུམ་པོ་དག་ལ་ཆགས་སྐྱེས་གྱུར་པས་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཞེས་བསྟན། །ཞེས་སྦྱིན་པའི་ཕར་ཕྱིན་ལ་དབྱེ་ན་གཉིས་སུ་ཡོད་དེ། ༡གཏོང་སེམས་སྦྱི༷ན་པ༷་དང་སྦྱི༷ན་པར་བྱ༷་བ་ལུས་ལོངས་སྤྱོད་སོགས་དང་ལེ༷ན་པ་པོ༷་གསུམ་པོ་གཏོ༷ང་བ་པོ༷ས་བདེན་གྲུབ་ཀྱིས་སྟོ༷ང་པར་མངོན་སུམ་དུ་རྟོགས་པའི་ཟག་མེད་ཡེ་ཤེས་ཀྱིས་ཟིན་པ་སྦྱིན་པ་དེ་ནི་འཇི༷ག་རྟེ༷ན་ལས་འད༷ས་པ༷འི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ཞེ༷ས་བྱ༷འོ། །༢འཁོར་གསུམ་བདེན་མེད་མ་རྟོགས་པའི་སྦྱིན་པའི་འཁོར་གསུ༷མ་པོ༷་ད༷ག་ལ༷་བདེན་པར་ཆ༷གས་པ་སྐྱེ༷ས་པར་གྱུ༷ར་པ༷ས་བཅིངས་པའི་སྦྱིན་པ་དེ༷་འཇི༷ག་རྟེ༷ན་པ༷་ཡི༷་སྦྱིན་པའི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ཡིན་ཞེ༷ས་མདོ་ལས་བསྟ༷ན་པའི་ཕྱིར་རོ། །དེ་ལ་སྦྱིན་པའི་ཕ་རོལ་ཏུ་ཕྱིན་པའི་སྒྲ་བཤད་དུ་ཡོད་དེ། དབུལ་བ་འདོར་བར་བྱེད་པས་ན་སྦྱིན་པ་དང༌། འཁོར་བ་ཕྲ་རགས་ཀྱི་རྒྱ་མཚོའི་ཕར་འགྲམ་ཡིན་པས་ཕ་རོལ་དང༌། འཁོར་བའི་ཕ་རོལ་དེར་ཕྱིན་པའམ་ཕྱིན་ཟིན་ཡིན་པས་ཕྱིན་པ་ཞེས་བཤད་པའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། དབུལ་བ་འདོར་བྱེད་བསིལ་བྱེད་ཕྱིར། །

ཞེས་དང༌། རང་འགྲེལ་ལས། ཕ་རོལ་ཞེས་བྱ་བ་ནི་གང་འཁོར་བའི་རྒྱ་མཚོའི་ཕར་འགྲམ་དང་ངོགས་ཏེ། ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མ་ལུས་པ་སྤངས་པའི་རང་བཞིན་མངའ་བའིསངས་རྒྱས་ཉིད་དོ། །ཕ་རོལ་དུ་སོན་པ་ནི་ཕ་རོལ་ཏུ་ཕྱིན་པའོ་ཞེས་བྱ་སྟེ། ཞེས་གསུངས་སོ། །

གསུམ་པ་སའི་ཡོན་ཏན་བཤད་པའི་སྒོ་ནས་མཇུག་བསྡུ་བ་ནི།

རྩ་བར། དེ་ལྟར་རྒྱལ་བའི་སྲས་ཀྱི་ཡིད་ལ་རབ་གནས་ཤིང༌། །དམ་པའི་རྟེན་ལ་འོད་ཆགས་མཛེས་པ་རྙེད་གྱུར་པའི། །

དགའ་བ་འདི་ནི་ནོར་བུ་ཆུ་ཤེལ་ཇི་བཞིན་དུ། །མུན་པ་སྟུག་པོ་ཐམས་ཅད་རྣམ་པར་བསལ་ནས་རྒྱལ། །ཞེས་ས་རབ་ཏུ་དགའ་བ་ནི་སྔར་བཤད་པ་དེ༷་ལྟ༷ར་ས་མཐོན་པོའི་ཡོན་ཏན་ཐོབ་པའི་ས་དང་པོའི་རྒྱ༷ལ་བ༷འི་སྲ༷ས་ཀྱི༷་ཡི༷ད་ལ༷་ར༷བ་ཏུ་གན༷ས་ཤི༷ང༌། དཔེར་ན་ཟླ་བའི་རང་གི་རྟེན་གྱི་ནམ་མཁའ་དེ་འོད་དཀར་པོས་མཛེས་པར་བྱེད་པ་བཞིན་དུ་དོན་དམ་པའི་ས་རབ་ཏུ་དགའ་བས་ནི་རང་གང་ལ་གནས་པའི་ད༷མ་པ༷འི་རྟེ༷ན་གྱི་ཡིད་ཤེས་དེ་ལ༷་དེ་ཉིད་རྟོགས་པའི་ཡེ་ཤེས་ཀྱི་འོ༷ད་རབ་ཏུ་ཆ༷གས་པའི་མཛེ༷ས་པ༷་རྙེ༷ད་པར་གྱུ༷ར་ཅེས་རབ་ཏུ་མཛེས་པར་བྱས་པའི་སྒོ་ནས་གནས་པ༷འི་ས་དང་པོ་རབ་ཏུ་དག༷འ་བ༷་འདི༷་ནི༷་ནོ༷ར་བུ༷་ཆུ༷་ཤེ༷ལ་ཟླ་བའི་དཀྱིལ་འཁོར་གྱིས་མུན་པ་བསལབ་ཇི༷་ལྟ་བ་བཞི༷ན་དུ༷་དོན་དམ་པའི་ས་རབ་ཏུ་དགའ་བས་རང་གི་མི་མཐུན་ཕྱོགས་མཐོང་སྤང་གི་མུ༷ན་པ༷་སྟུ༷ག་པོ༷་ཐ༷མས་ཅ༷ད་རྣ༷མ་པ༷ར་བས༷ལ་ན༷ས་རབ་ཏུ་རྒྱ༷ལ་ནས་ས་དང་པོའི་རྒྱལ་སྲས་ཀྱི་ཡིད་ལ་གནས་པ་ཡིན་ནོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེནསྒྲོན་མེ་ཞེས་བྱ་བ་ལ༷ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་ད༷ང་པོ༷འི་རྣམ་པར་བཤད་པའོ༷།། །།

གཉིས་པ་གཉིས་པ་དྲི་མ་མེད་པ་བཤད་པ།

གཉིས་པ་གཉིས་པ་དྲི་མ་མེད་པ་བཤད་པ་ལ། ས་འདིར་ཚུལ་ཁྲིམས་ཡོངས་སུ་དག་པ་བསྟན་པ་དང༌། ཚུལ་ཁྲིམས་ཀྱི་བསྔགས་པ་བསྟན་པ་དང༌། ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེ་བསྟན་པ་དང༌། ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དབྱེ་བ་བསྟན་པ་དང༌། སའིཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་ལྔ། དང་པོ་ལ། ས་འདིར་ཚུལ་ཁྲིམས་ཕུན་སུམ་ཚོགས་པ་བསྟན་པ། དེ་ལ་བརྟེན་ན་སཡོན་ཏན་ཡོངས་སུ་དག་པར་བསྟན་པ། ས་དང་པོ་ལས་ཚུལ་ཁྲིམས་ལྷག་པར་བསྟན་པ། ཚུལ་ཁྲིམས་ཡོངས་སུ་དག་པའི་རྒྱུ་གཞན་བསྟན་པདང་བཞི།

དང་པོ་ནི། རྩ་བར། དེ་ཚུལ་ཕུན་ཚོགས་ཡོན་ཏན་དག་ལྡན་ཕྱིར། །རྨི་ལམ་དུ་ཡང་འཆལ་ཁྲིམས་དྲི་མ་སྤངས། །ཞེས་ས་གཉིས་པ་ལ་གནས་པའི་བྱང་སེམས་དེ༷་ལ་ཚུ༷ལ་ཁྲིམས་ཕུ༷ན་སུམ་ཚོ༷གས་པའི་ཡོ༷ན་ཏ༷ན་ད༷ག་པ་དང་ལྡ༷ན་པའི་ཕྱི༷ར་སད་དུས་སུ་མ་ཟད་རྨི༷་ལ༷མ་དུ༷་ཡ༷ང་བཅས་པ་དང་རང་བཞིན་གྱི་འཆ༷ལ་བའི་ཚུལ་ཁྲི༷མས་ཀྱི་དྲི༷་མ༷་ཆ་ཕྲ་མོ་ཙམ་ཡང་སྤ༷ངས་པ་ཡིན་པའོ། །རྒྱན་ལས། འཆལ་ཚུལ་རྩོལ་བའི་དྲི་བྲལ་ཕྱིར། །དྲི་མ་མེད་པའི་ས་ཞེས་བྱ། །ཞེས་དང༌། རིན་ཕྲེང་ལས། གཉིས་པ་དྲི་མ་མེད་ཅེས་བྱ། །ལུས་དང་ངག་དང་སེམས་ཀྱི་ལས། །བཅུ་ཆར་དྲིམ་མེད་པའི་ཕྱིར། །ཞེས་སོ། །

གཉིས་པ་དེ་ལ་བརྟེན་ནས་ཡོན་ཏན་ཡོངས་སུ་དག་པར་བསྟན་པ་ནི།

རྩ་བར། ལུས་ངག་ཡིད་ཀྱི་རྒྱུ་བ་དག་གྱུར་པས། །དམ་པའི་ལས་ལམ་བཅུ་ཆར་གསོག་པར་བྱེད། །ཅེས་བྱང་སེམས་དེ་ཚུལ་ཁྲིམས་ཇི་ལྟར་དུ་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་རྒྱུད་ཀྱི་ཡོན་ཏན་རྣམས་དག་པར་འགྱུར་བ་ཡིན་ཞེ་ན། བྱང་སེམས་ས་གཉིས་པ་དེ་ལ་ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་སྟོབས་ཀྱིས་ཡོན་ཏན་རྣམས་རྣམ་པར་དག་པ་ཡིན་ཏེ། སད་པ་དང་རྨི་ལམ་གྱི་སྐབས་ཀུན་ཏུ་ལུ༷ས་དང་ང༷ག་ཡི༷ད་ཀྱི༷་རྒྱུ་༷བ༷་ཀུན་སྤྱོད་ཉེས་པའི་རིགས་མ་ལུས་པའི་ཆ་ཕྲ་མོས་ཀྱང་དག༷་པར་གྱུ༷ར་པ༷ས་ད༷མ་པ༷འི་ལ༷ས་ལ༷མ་སྲོག་གཅོད་སྤོང་བ་ཡན་ལག་དང་བཅས་པ་སོགས་ལས་ལམ་བཅུ༷་ཆ༷ར་མ་ཚང་བ་མེད་པར་གསོ༷ག་པ༷ར་བྱེ༷ད་པའི་ཕྱིར་ཏེ། རང་འགྲེལ་ལས། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་གཉིས་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲི་མ་མེད་པ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་རང་བཞིན་གྱིས་སྲོག་གཅོད་པ་སྤངས་པ་ཡིན་ཏེ།

ཞེས་པ་ནས། དེ་ལ་དགེ་བའི་ལས་ཀྱི་ལམ་དང་པོ་གསུམ་ནི་ལུས་ཀྱིས་རྫོགས་པར་བྱེད་དོ། །

བར་གྱི་བཞི་ནི་ངག་གིས་སོ། །ཐ་མ་གསུམ་ནི་ཡིད་ཀྱིས་སོ། །དེ་ལྟར་ན་དགེ་བའི་ལས་ལམབཅུ་ཆར་ཡང་གསོག་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ས་དང་པོ་ལས་གཉིས་པར་ཚུལ་ཁྲིམས་ལྷག་པར་བསྟན་པ་ནི།

རང་འགྲེལ་ལས། ཡང་ཅི་ལས་ཀྱི་༼དགེ་བའི༽ལམ་འདི་རྣམས་སེམས་དང་པོ་བསྐྱེད་པའི་བྱང་ཆུབ་སེམས་དཔས་མི་སོག་གམ་ཞེ་ན། དེས་ཀྱང་སོག་མོད་ཀྱི་འོན་ཀྱང༌། ཞེས་སོ། །རྩ་བར། དགེ་བའི་ལམ་འདི་ལྟ་ཞིག་བཅུ་ཆར་ཡང༌། །དེ་ལ་ཀླགས་ཏེ་ཤིན་ཏུ་དག་པར་འགྱུར། །ཞེས་ཉེས་སྤྱོད་སྤོང་བའི་དགེ༷་བ༷འི་ལས་ཀྱི་ལ༷མ་འདི༷་ལྟ༷་ཞི༷ག་བཅུ༷་ཆ༷ར་ཡ༷ང་ཡོངས་སུ་རྫོགས་པ་དེ་ས་གཉིས་པ་དེ༷་ལ༷་ཀླ༷གས་ཏེ༷་ཕུལ་དུ་བྱུང་བར་ཤི༷ན་ཏུ༷་ད༷ག་པ༷་གྱུར་བའམ་རྫོགས་པར་འགྱུ༷ར་བ་གང་ཞིག་ས་དང་པོ་ལ་མི་དགེ་བཅུས་གོས་པ་མི་སྲིད་ཀྱང་ལུས་ངག་གི་བྱ་བ་གདུལ་བྱའི་ཡིད་ལ་མི་འཕྲོད་པ་ཕྲན་བུ་ཡོད་པ་ལྟ་བུ་བྱང་སེམས་ཀྱི་ཉེས་སྤྱོད་ཕྲ་བ་འབྱུང་སྲིད་པས་ས་གཉིས་པ་པ་ལྟར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་མ་ཐོབ་པའོ། །རྩ་བར། སྟོན་ཀའི་ཟླ་ལྟར་རྟག་ཏུ་རྣམ་དག་སྟེ། །ཞི་འོད་ཆགས་པར་དེ་དག་གིས་རྣམ་མཛེས། །ཞེས་དེ་འདྲ་བའི་ཚུལ་ཁྲིམས་དག་པ་ཅན་གྱི་ས་གཉིས་པ་པ་དེ་སྟོན་ཀའི་ཟླ་བ་ལྟ་བུ་ཡིན་ཏེ། སྟོ༷ན་ཀ༷འི་ཟླ༷་བ་ལ་ཚ་གདུང་སེལ་བར་བྱེད་པ་དང༌།

དཀར་བའི་འོད་ཀྱིས་ལམ་མེར་གསལ་བ་དང་གཉིས་ཡོད་པ་ལྟ༷ར་རྟ༷ག་ཏུ༷་དེ་འདྲའི་ཚུལ་ཁྲིམས་རྣ༷མ་པར་ད༷ག་པ་ལ་གནས་པ་སྟེ༷། དབང་པོའི་སྒོ་བསྡམས་པའི་ཉེ་བར་ཞི༷་བ་དང༌། ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག། ཅེས་པ་ལྟར་དག་པའི་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས་གང་ཟག་གཞན་ལས་ལྷམ་མེར་གསལ་བའི་ལུས་ཅན་གྱི་འོ༷ད་ཆ༷གས་པ༷ར་གྱུར་པ་དེ༷་ད༷ག་གི༷ས་སྟོན་ཟླ་ལྟར་རྣ༷མ་པར་མཛེ༷ས་པའི་ཕྱིར་ཏེ། རང་འགྲེལ་ལས། ཞི་བ་ནི་དབང་པོ་བསྡམས་པའོ། །འོདཆགས་པ་ནི་ལྷམ་མེར་གསལ་བའི་ལུས་ཅན་ཉིད་དོ། །ཞེས་གསུངས་སོ། །

བཞི་པ་ཚུལ་ཁྲིམས་ཡོངས་སུ་དག་པའི་རྒྱུ་གཞན་བསྟན་པ་ནི།

རྩ་བར། གལ་ཏེ་དེ་ནི་ཁྲིམས་དག་རང་བཞིན་ལྟ། །དེ་ཕྱིར་དེ་ནི་ཚུལ་ཁྲིམས་དག་མི་འགྱུར། །ཞེས་བྱང་སེམས་ས་གཉིས་པ་པ་དེ་ལ་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུ་གཞན་ཡང་ལྡན་ཏེ། ག༷ལ་ཏེ༷་དགེ་སློང་དེ༷་ནི༷་སོ་ཐར་ལས་བརྩམས་པའི་ཚུལ་ཁྲི༷མས་ཡོངས་སུ་ད༷ག་པ་ཡིན་ཡང་ཆོས་རྣམས་ལ་ར༷ང་བཞི༷ན་གྱིས་གྲུབ་པར་ལྟ༷་བ་སྤོང་བར་མི་བྱེད་ན་ཡིད་ཀྱི་ཉེས་སྤྱོད་བདེན་འཛིན་ཉོན་མོངས་སྤོང་བའི་ཚུལ་ཁྲིམས་དང་འགལ་བ་ཡིན་པ་དེ༷་ཡི་ཕྱི༷ར་ན་དགེ་སློང་དེ༷་ནི༷་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་ལ་ལྟོས་པའི་ཚུ༷ལ་ཁྲི༷མས་ད༷ག་པར་མི༷་འགྱུ༷ར་ཏེ། བདེན་འཛིན་གྱི་ལྟ་བ་སྤོང་བའི་ཚུལ་ཁྲིམས་མེད་པ་དེའི་ཕྱིར་ཏེ། རང་འགྲེལ་ལས། ཇི་སྐད་དུ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་འདི་ལ་དགེ་སློང་ཁ་ཅིག་ཚུལ་ཁྲིམས་དང་ལྡན་པ་ཡིན་ཏེ། སོ་སོར་ཐར་པའི་སྡོམ་པས་བསྡམས་ཤིང་གནས། ཆོ་ག་དང་སྤྱོད་ཡུལ་ཕུན་སུམ་ཚོགས་པ་ཁ་ན་མ་ཐོ་བ་ཕྲ་རབ་རྣམས་ལ་ཡང་འཇིགས་པར་ལྟ་བ། ཡང་དག་པར་བླངས་ཏེ་བསླབ་པའི་གཞི་རྣམས་ལ་སློབ་ཅིང་ལུས་དང་ངག་དང་ཡིད་ཀྱི་ལས་ཡོངས་སུ་དག་པ་དང་ལྡན་པར་གྱུར་པས་འཚོ་བ་ཡོངས་སུ་དག་ཀྱང་བདག་ཏུ་སྨྲ་བ་ཡིན་ཏེ། འོད་སྲུངས་དེ་ནི་ཚུལ་ཁྲིམས་འཆལ་པ། ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་དང་པོ་ཞེས་བྱ་བ་ནས། འོད་སྲུངས་གཞན་ཡང་འདི་ལ་དགེ་སློང་ཁ་ཅིག་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཡང་དག་པར་བླངས་ཀྱང༌། དམིགས་པར་ལྟ་བ་ཡིན་ཏེ། ངར་འཛིན་པ་དང་ང་ཡིར་འཛིན་པ་ལ་གནས་པ་དེ་ནི། འོད་སྲུངས་ཚུལ་ཁྲིམས་འཆལ་པ་ཚུལ་ཁྲིམས་དང་ལྡན་པ་ལྟར་བཅོས་པ་བཞི་པ་སྟེ། ཞེས་བྱ་བའི་བར་དུ་གསུངས་སོ། །ཞེས་གསུངས་པས་སོ། །རྩ་བར། དེ་ཕྱིར་དེ་ནི་རྟག་ཏུ་གསུམ་ཆར་ལའང༌། །གཉིས་བློའི་རྒྱུ་བ་ཡང་དག་བྲལ་བར་འགྱུར། །ཞེས་གཞན་ལ་བདེན་འཛིན་གྱི་ལྟ་བ་སྤོང་བའི་ཚུལ་ཁྲིམས་མེད་པ་རྒྱུ་མཚན་དེ༷་ཡི་ཕྱི༷ར་ན་ས་གཉིས་པ་པ་དེ༷་ནི༷་རྟ༷ག་ཏུ༷་དཔེར་ན་སེམས་ཅན་ལ་སྲོག་གཅོད་པའི་འཆལ་ཚུལ་སྤོང་བ་ལྟ་བུ་ཚུལ་འཆལ་གང་ལ་སྤོང་བའི་ཡུལ་དང༌། སྲོག་གཅོད་ཀྱི་སྤོང་གཉེན་སྲོག་གཅོད་སྤོང་སེམས་ལྟ་བུ་ཚུལ་འཆལ་སྤོང་བའི་གཉེན་པོ་དང༌། གང་ཟག་གང་གིས་སྤོང་བ་དང་ཚུལ་ཁྲིམས་ཀྱི་འཁོར་གསུ༷མ་ཆ༷ར་ལ༷འ༷ང་མཐའ་གཉི༷ས་སུ་འཛིན་པའི་བློ༷འི་རྒྱུ༷་བ༷་ཡ༷ང་ད༷ག་པར་བྲ༷ལ་བ་སྟེ་སྤོང་བ༷ར་བྱེད་པར་འགྱུ༷ར་བའི་ཕྱིར་ན་འཇིག་རྟེན་ལས་འདས་པའི་ཚུལ་ཁྲིམས་དགཔའི་རྒྱུ་བདེན་འཛིན་སྤོང་བར་བྱེད་པ་དང་ལྡན་པའི་ཕྱིར་རོ། །

གཉིས་པ་ས་འདིར་ཚུལ་ཁྲིམས་ཀྱི་བསྔགས་པ་བསྟན་པ་ལ།

སྦྱིན་འབྲས་བདེ་འགྲོར་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། སྦྱིན་འབྲས་སྐྱེ་བ་བརྒྱུད་མར་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ། ཚུལ་ཁྲིམས་དང་བྲལ་ན་ངན་འགྲོ་ལས་ཐར་བ་ཤིན་ཏུ་དཀའ་བར་བསྟན་པ། སྦྱིན་པའི་གཏམ་གྱི་རྗེས་སུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན། མངོན་མཐོ་དང་ངེས་ལེགསགཉིས་ཀའི་རྒྱུར་ཚུལ་ཁྲིམས་བསྔགས་པ་དང་ལྔ།

དང་པོ་ནི། རྩ་བར། སྦྱིན་པས་ལོངས་སྤྱོད་དག་ནི་འགྲོ་ངན་ནའང༌། །སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཉམས་ལ་འབྱུང༌། །ཞེས་སྦྱིན་པའི་འབྲས་བུ་དེ་བདེ་འགྲོའི་རྟེན་ལ་སྨིན་པར་འདོད་པའི་གང་ཟག་གིས་ཚུལ་ཁྲིམས་རྣམ་དག་བསྲུང་དགོས་ཏེ། སྦྱིན་པ་པོ་ཚུལ་ཁྲིམས་དང་ལྡན་པས་སྦྱིན་པ་བཏང་བ་ལས་ལྷ་མིའི་ནང་དུ་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་རྒྱུ་ཡིན་པ་ལ། སྦྱི༷ན་པ་སྦྱིན་པ༷ས་འབྲས་བུ་ལོ༷ངས་སྤྱོ༷ད་ཕུན་སུམ་ཚོགས་པ་ད༷ག་ནི༷་འགྲོ༷་བ་ང༷ན་པ་ངན་འགྲོ་བར་ལྟུང་བའི་ཉེ་ཚེ་བའི་དམྱལ་བ་དང༌། ཀླུ་ལ་སོགས་པ་དང་ཡི་དྭགས་རྫུ་འཕྲུལ་ཆེན་པོ་ལ་སོགས་པ་ན༷འ༷ང་སྐྱེ༷་བོ༷་ཚུ༷ལ་ཁྲི༷མས་ཀྱི་རྐ༷ང་བ༷་ཉ༷མས་པ་དང་བདེ་འགྲོར་བགྲོད་པའི་རྐང་བ་ལྟ་བུའི་ཚུལ་ཁྲིམས་དང་བྲལ་བ་ལ༷་འབྱུ༷ང་བ་ཡིན་པའོ། །དེས་ན་སྦྱིན་པ་གཏོང་བ་དེ་ཚུལ་ཁྲིམས་དང་བྲལ་ན་སྦྱིན་འབྲས་ལོངས་སྤྱོད་རྣམས་བདེ་འགྲོའི་རྟེན་ལ་མི་སྨིན་པར་ངན་འགྲོའི་རྟེན་ལ་སྨིན་པར་འགྱུར་བས་ཚུལ་ཁྲིམས་འབད་པས་བསྲུང་རིགས་ལ། མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ཡིན་པསསྦྱིན་འབྲས་ལྷ་མིའི་རྟེན་ལ་ལོངས་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པར་གྲུབ་པའོ། །

གཉིས་པ་སྦྱིན་འབྲས་ལ་སྐྱེ་བ་བརྒྱུད་མར་སྤྱོད་པ་ཚུལ་ཁྲིམས་ལ་རག་ལས་པ་ནི།

རྩ་བར། བསྐྱེད་བཅས་དངོས་འདུ་ཡོངས་སུ་ཟད་པས་ན། །ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར། །ཞེས་སྐྱེ་བ་བརྒྱུད་མར་སྦྱིན་པའི་འབྲས་བུ་ལ་ལོངས་སྤྱོད་པར་འདོད་པ་དག་གིས་ཚུལ་ཁྲིམས་རྣམ་དག་མ་བསྲུང་ན་ལོངས་སྤྱོད་ཀྱི་རྩ་བ་སྦྱིན་པ་དང་དེའི་འབྲས་བུ་བསྐྱེ༷ད་ཁ་དང་བཅ༷ས་པའི་དངོ༷ས་པོ་འདུ༷་བ་སྟེ་སྦྱིན་པའི་འབྲས་བུ་ལོངས་སྤྱ ོད་རྣམས་རང་ལ་ཚུར་འདུ་བ་རྣམས་ཐམས་ཅད་ངན་འགྲོའི་རྟེན་དེར་ལོངས་སྤྱོད་ནས་ཡོ༷ངས་སུ༷་ཟ༷ད་པར་འགྱུར་བ་ཡིན་པ༷ས་ན༷་དེཕྱི༷ན་ཆ༷ད་གང་ཟག་དེ༷་ལ༷་ལོ༷ངས་སྤྱོ༷ད་འབྱུ༷ང་བར་མི༷་འགྱུ༷ར་བ་ཡིན་ནོ། །

གསུམ་པ་ཚུལ་ཁྲིམས་དང་བྲལ་ན་ངན་འགྲོ་ལས་ཐར་བ་ཤིན་ཏུ་དཀའ་བར་བསྟན་པ་ནི།

རྩ་བར། གང་ཚེ་རང་དབང་འཇུག་ཅིང་མཐུན་གནས་པས། །གལ་ཏེ་འདི་བདག་འཛིན་པར་མི་བྱེད་ན། །གཡང་སར་ལྷུང་བས་གཞན་དབང་འཇུག་འགྱུར་བ། །དེ་ལས་ཕྱི་ནས་གང་གིས་སློང་བར་འགྱུར། །ཞེས་ཚུལ་ཁྲིམས་ཀྱི་རྐང་བ་ཆག་པས་ན་ལོངས་སྤྱོད་རྒྱུན་དུ་མི་འཕེལ་བ་འབའ་ཞིག་ཏུ་མ་ཟད་ཀྱིས། ངན་འགྲོ་ལ་འགྲོ་ཞིང་དེར་སོང་ན་ནི་ངན་འགྲོ་ནས་ཡར་ཐོན་པ་ཤིན་ཏུ་དཀའ་ཚུལ་ནི། ག༷ང་གི་ཚེ༷་དཔེར་ན་མི་དཔའ་བོ་དགྲས་ཚུར་མི་ཚུགས་པ་ལ་སོགས་པ་མཐུན་པའི་ཡུལ་ན་གནས་པ་དེ་ལྕགས་སྒྲོག་སོགས་ཀྱིས་འཆིང་བ་ལས་གྲོལ་བ་ལྟར་ཚེ་འདི་དང་ཕྱི་མའི་དོན་བསྒྲུབ་པའི་བྱ་བ་ཐམས་ཅད་ལ་གཞན་ལ་རག་ལས་མི་དགོས་པར་རང་གི་ར༷ང་དབ༷ང་དུ་འཇུ༷ག་ཅི༷ང་བྱ་རུང་བ་ལ་མཐུ༷ན་པའི་ཡུལ་ལྷ་མིའི་འགྲོ་བ་ན་གན༷ས་པར་གྱུར་པ༷ས། ག༷ལ་ཏེ༷་གང་ཟག་འདི༷་བད༷ག་ཚུལ་ཁྲིམས་བསྲུང་བའི་སྒོ་ནས་ངན་འགྲོར་ལྟུང་བ་ལས་འཛི༷ན་པ༷ར་མི༷་བྱེ༷ད་ན༷། དཔའ་བོ་བཅིངས་ནས་རི་སུལ་ཆེན་པོར་བཟུང་བ་ལྟར་ངན་འགྲོའི་གཡ༷ང་ས༷ར་ལྟུང་ན་ནི་དེར་ལྷུ༷ང་བ༷ས་བྱ་བ་ཅི་བྱེད་རང་དབང་མེད་པར་སྔོན་ལས་སོགས་ཀྱིས་གཞ༷ན་དབ༷ང་དུ་འཇུ༷ག་པར་འགྱུ༷ར་པ༷་དེའི་ཚེ། ངན་འགྲོ་དེ༷་ལ༷ས་ཕྱི༷་ན༷ས་ཏེ་གཟོད་ག༷ང་གི༷ས་སློ༷ང་བའམ་ཐར་བར་བྱེད་པ༷ར་འགྱུ༷ར་ཏེ་སློང་བར་བྱེད་པ་མེད་པའི་ཕྱིར་ཏེ། གང་ཟག་གཞན་དག་གིས་ནི་སངས་རྒྱས་ཀྱིས་ཀྱང་ཆུས་ཁྱེར་བ་སྐྲ་ནས་བཟུང་སྟེ་འདོན་པ་ལྟར་བྱེད་དུ་མེད་པས་ཆོས་བསྒྲུབ་ཏུ་བཅུག་ནས་ཐར་བར་བྱེད་དགོས་ཀྱང་ངན་འགྲོའི་རྟེན་ལ་ནི་དགེ་བ་བསྒྲུབ་པ་ཤིན་ཏུ་དཀོན་པ་ལ། སྡིག་པ་གསོག་པ་ལ་ཤིན་ཏུ་ཐུ་བས་ངན་འགྲོ་ཁོ་ནར་བརྒྱུད་དགོས་པའིཕྱིར་རོ། །

བཞི་པ་སྦྱིན་པའི་གཏམ་གྱི་རྗེས་སུ་ཚུལ་ཁྲིམས་ཀྱི་གཏམ་མཛད་པའི་རྒྱུ་མཚན་ནི།

རྩ་བར། དེ་ཕྱིར་རྒྱལ་བས་སྦྱིན་པའི་གཏམ་མཛད་ནས། །ཚུལ་ཁྲིམས་རྗེས་འགྲོའི་གཏམ་ཉིད་མཛད་པ་ཡིན། །ཞེས་ཚུལ་ཁྲིམས་འཆལ་པ་ཉེས་པའི་ཚོགས་ཤིན་ཏུ་མང་པོའི་གནས་སུ་གྱུར་པ་དེ༷འི་ཕྱི༷ར་ན། སྡིག་པ་མཐའ་དག་ལས་ཕམ་པར་མཛད་པའི་བདུད་ལས་རྒྱ༷ལ་བ༷ས་སྦྱི༷ན་པ་གཏོང་ཚུལ་གྱི་སྦྱིན་པ༷འི་གཏ༷མ་མཛ༷ད་ན༷ས། དེའི་མཇུག་ཐོགས་སུ་སྦྱིན་སོགས་ཀྱི་ཡོན་ཏན་ཆུད་མི་ཟ་བའི་ཕྱིར་དུ་ཡོན་ཏན་གྱི་གཞི་རྟེན་ཚུ༷ལ་ཁྲི༷མས་སྦྱིན་པའི་རྗེ༷ས་སུ་འགྲོ༷འི་གཏ༷མ་ཉིད་མཛ༷ད་པ་ཡི༷ན་ནོ། །རྒྱུ་མཚན་གང་གིས་ཕྱིར་ན་ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ལ་མ་བརྟེན་པར་ཐེག་པ་གསུམ་གྱི་ལམ་དང་ཡོན་ཏན་གང་ཡང་མི་སྐྱེ། ལྷ་མིའི་ལུས་རྟེན་ཁྱད་པར་ཅན་ཡང་ཚུལ་ཁྲིམས་རྣམ་དག་ཁོ་ནའི་རྒྱུ་ལས་ཐོབ་དགོས་པ་འདིས་ཀྱང་ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་རྟེན་དུ་བསྒྲུབ་རུང་ཡང༌། ལམ་སྒྲུབ་པའི་སྐབས་སུ་ཡང་ཉེས་སྤྱོད་ཅི་རིགས་སྤོང་བའི་ཚུལ་ཁྲིམས་མེད་པར་ལམ་བསྒྲུབ་པ་ཡང་མེད། སྒྲུབ་ཀྱང་ཉེས་སྤྱོད་ལ་ཉོན་མོངས་པས་དབང་མེད་དུ་བསྐྱོད་ནས་ཇི་བཞིན་པ་མི་འགྲུབ་པ་སོགས་ཚུལ་ཁྲིམས་ཡོན་ཏན་ཀུན་གྱི་གཞི་རྟེན་དུ་གྱུར་པ་ཡིན་ཕྱིར་ཡོན་ཏན་ཀུན་གྱི་ཞིང་ཡིན་ལ། རྩ་བར། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཞེས་སྦྱིན་སོགས་ཀྱི་ཡོ༷ན་ཏ༷ན་རྣམས་ཚུ༷ལ་ཁྲི༷མས་ཀྱི་ཞི༷ང་དུ༷་འཕེ༷ལ་བར་འགྱུ༷ར་ན༷་རྒྱུ་སྦྱིན་སོགས་ལ་ཡང་ནམ་ཡང་ཆད་པ་མེད་ལ་འབྲ༷ས་བུ༷་ལྷ་མིའི་ལུས་དང་ལོངས་སྤྱོད་བཟང་པོ་ལ་ཡང་ཉེ༷་བར་སྤྱོ༷ད་པ་ཡང་ཚེ་རབས་ཐམས་ཅད་དུ་རྒྱུན་ཆ༷ད་པ༷་མེ༷ད་པ༷ར་འགྱུ༷ར་བའི་ཕྱིར་ཏེ། ཚེ་གཅིག་ལ་ཡང་ཚུལ་ཁྲིམས་ཀྱིས་ཆགས་སོགས་ཀྱི་དབང་གིས་མི་དགེ་བ་དང་ཉེས་སྤྱོད་ལ་མི་འཇུག་པར་བྱེད་ན་སེམས་རྣལ་དུ་གནས་པ་ཐོབ་ནས་དད་པ་དང་སྦྱིན་པ་ངེས་འབྱུང་བྱང་སེམས་སོགས་སྐྱེ་བ་དང༌། ཚུལ་ཁྲིམས་རྣམ་དག་བསྲུང་ནས་སྨོན་ལམ་གྱིས་མཚམས་སྦྱར་ན་ཕྱི་མར་ཡང་བདེ་འགྲོའི་ལུས་རྟེན་ཐོབ་ནས་རྟེན་དེ་ལ་ཡང་བྱེད་པ་རྒྱུ་མཐུན་དུ་ཚུལ་ཁྲིམས་བསྲུང་བ་དང་སྦྱིན་སོགས་ལ་འཇུག་པ་སོགས་གོང་འཕེལ་དུ་འཇུག་པསྔར་ལྟར་ཡིན་པའི་ཕྱིར་རོ། །

ལྔ་པ་མངོན་མཐོ་དང་ངེས་ལེགས་གཉིས་ཀའི་རྒྱུར་ཚུལ་ཁྲིམས་བསྔགས་པ་ནི།

རྩ་བར། སོ་སོའི་སྐྱེ་བོ་རྣམས་དང་གསུང་སྐྱེས་དང༌། །རང་བྱང་ཆུབ་ལ་བདག་ཉིད་ངེས་རྣམས་དང༌། །

རྒྱལ་སྲས་རྣམས་ཀྱི་ངེས་པར་ལེགས་པ་དང༌། །མངོན་མཐོའི་རྒྱུ་ནི་ཚུལ་ཁྲིམས་ལས་གཞན་མེད། །ཅེས་སོ༷་སོ༷་སྐྱེ༷་བོ༷་ལམ་མ་ཞུགས་རྣ༷མས་ད༷ང༌། ཐུབ་པའི་གསུ༷ང་ལས་སྐྱེ༷ས་པའི་ཉན་ཐོས་རྣམས་ད༷ང༌། ར༷ང་རྒྱལ་གྱི་བྱ༷ང་ཆུ༷བ་ཀྱི་ལམ་ལ༷་བད༷ག་ཉི༷ད་ངེ༷ས་པ་རྣ༷མས་ད༷ང༌། རྒྱ༷ལ་སྲ༷ས་བྱང་སེམས་རྣ༷མས་ཀྱི༷་ཅི་རིགས་པར་ངེ༷ས་པ༷ར་ལེ༷གས་པ༷་བྱང་ཆུབ་ད༷ང༌། མངོ༷ན་མཐོ༷འི་གོ་འཕང་ཐོབ་བྱེད་ཀྱི་རྒྱུ༷་ནི༷་ཚུ༷ལ་ཁྲི༷མས་ལ༷ས་གཞ༷ན་མེ༷ད་དེ། རང་འགྲེལ་ལས། ཚུལ་འདིས་དགེ་བ་བཅུའི་ལས་ཀྱི་ལམ་དེ་དག་མ་གཏོགས་པར་སོ་སོའི་སྐྱེ་བོ་དང༌། ཉན་ཐོས་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཅི་རིགས་པར་མངོན་པར་མཐོ་བའི་འཁོར་བའི་བདེ་བ་དང༌། ངེས་པར་ལེགས་པ་བདེ་བ་ཡང་མ་ཡིན་སྡུག་བསྔལ་བ་ཡང་མ་ཡིན་པའི་རང་བཞིན་ཐར་པའི་མཚན་ཉིད་ཅན་ཐོབ་པའི་ཐབས་གཞན་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །མི་དགེ་བ་བཅུ་ནི་སྐབས་འདིར་རང་འགྲེལ་ལས། ཇི་སྐད་དུ་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་བསྟེན་པ་དང༌། མང་དུ་བྱས་པའི་ཤས་ཆེ་བས་ནི་སེམས་ཅན་དམྱལ་བའི་རྒྱུར་འགྱུར་རོ། །འབྲིང་གིས་ནི་དུད་འགྲོའི་སྐྱེ་གནས་ཀྱི་རྒྱུར་འགྱུར་རོ། །ཆུང་ངུས་ནི་གཤིན་རྗེའི་འཇིག་རྟེན་གྱི་རྒྱུར་འགྱུར་རོ། །དེ་ལ་སྲོག་གཅོད་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང་རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ཚེ་ཐུང་བ་དང༌། ནད་མང་བར་འགྱུར་རོ། །མ་བྱིན་པར་ལེན་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས་ལོངས་སྤྱོད་ཆུང་བ་དང༌། ཐུན་མོང་གི་ལོངས་སྤྱོད་དུ་འགྱུར་བའོ་ཞེས་བྱ་བའི་བར་དང༌། འདོད་པས་ལོག་པར་གཡེམ་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། འཁོར་གཡོག་བརྟན་དུ་མི་རུང་བ་དང༌། དགྲ་ཟླ་དང་བཅས་པའི་ཆུང་མར་འགྱུར་བའོ་ཞེས་བྱ་བའི་བར་དང༌། བརྫུན་དུ་སྨྲ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། སྐུར་པ་མང་བ་དང༌། གཞན་གྱིས་བསླུ་བར་འགྱུར་བའོ་ཞེས་བྱ་བའི་བར་དང༌། ཕྲ་མས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། འཁོར་གཡོག་མི་འདུམ་པ་དང༌། འཁོར་གཡོག་ངན་པར་འགྱུར་རོ་ཞེས་བྱ་བའི་བར་དང༌།

ཚིག་རྩུབ་མོས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། ཡིད་དུ་མི་འོང་བ་ཐོས་པ་དང་འཐབ་མོའི་ཚིག་ཏུ་འགྱུར་བའོ་ཞེས་བྱ་བའི་བར་དང་ཚིག་འཁྱལ་པས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། གཟུང་བར་འོས་པའི་ཚིག་མ་ཡིན་པ་དང༌། མ་ངེས་པའི་སྤོབས་པར་འགྱུར་བའོ་ཞེས་བྱ་བའི་བར་དང༌། བརྣབ་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། ཆོག་མི་ཤེས་པ་དང༌། འདོད་པ་ཆེ་བར་འགྱུར་རོ་ཞེས་བྱ་བའི་བར་དང༌། གནོད་སེམས་ཀྱིས་ནི་སེམས་ཅན་དམྱལ་བར་ཁྲིད་དོ་ཞེས་བྱ་བ་ནས། ཕན་པ་མི་ཚོལ་བ་དང༌། གཞན་གྱིས་གནོད་པ་བྱས་པར་འགྱུར་རོ་ཞེས་བྱ་བའི་བར་དང༌། ལོག་པར་ལྟ་བས་ནི་སེམས་ཅན་དམྱལ་བར་ཁྲིད་དོ། །དུད་འགྲོའི་སྐྱེ་གནས་སུ་ཁྲིད་དོ། །གཤིན་རྗེའི་འཇིག་རྟེན་དུ་ཁྲིད་དོ། །

དེ་ནས་གལ་ཏེ་མི་རྣམས་ཀྱི་ནང་དུ་སྐྱེས་ན་ཡང༌། རྣམ་པར་སྨིན་པ་གཉིས་མངོན་པར་སྒྲུབ་སྟེ། ལྟ་བ་ངན་པར་ལྟུང་བ་དང༌། གཡོ་སྒྱུ་ཅན་དུ་འགྱུར་རོ། །དེ་ལྟར་མི་དགེ་བ་བཅུའི་ལས་ཀྱི་ལམ་འདི་དག་ནི་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་ཚད་མེད་པ་སྡུད་པར་འགྱུར་གྱིས། དགེ་བ་བཅུའི་ལས་ཀྱི་ལམ་ཡང་དག་པར་བླངས་པའི་རྒྱུས་ནི་ལྷ་དང་མིར་སྐྱེ་བ་ལ་སོགས་པ་སྲིད་པའི་རྩེ་མོའིབར་དུ་སྐྱེ་བ་ཡོད་པར་འགྱུར་རོ། །ཞེས་གསུངས་སོ། །

གསུམ་པ་ཚུལ་ཁྲིམས་ཀྱི་མི་མཐུན་ཕྱོགས་དང་མ་འདྲེས་པའི་དཔེས་བསྟན་པ་ནི།

རྩ་བར། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང༌། །བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་བཞིན། །དེ་ལྟར་ཚུལ་ཁྲིམས་དབང་བྱས་བདག་ཉིད་ཆེ། །དེ་འཆལ་བ་དང་ལྷན་ཅིག་གནས་མི་འདོད། །

ཅེས་གང་སེམས་བསྐྱེད་པ་གཉིས་པའི་བྱང་ཆུབ་སེམས་དཔའ་དེ་ནི། ཇི༷་ལྟ༷ར་ཏེ་དཔེར་ན་རྒྱ༷་མཚོ༷་ཆེན་པོ་ནི་ཀླུ་གཙང་སྦྲ་ཅན་རྣམས་གནས་པའི་མཐུས་རོ་གང་ཡིན་རླབས་ཀྱིས་ཕྱི་རོལ་ཏུ་འཕེན་པས་ན་རོ༷་ད༷ང་ལྷ༷ན་ཅི༷ག་ཏུ་མི་འགྲོགས་པ་ད༷ང༌། བཀྲ༷་ཤི༷ས་པའི་ཕུན་སུམ་ཚོགས་པ་དང༌།

སྣ༷་ན༷ག་མ༷་སྟེ་བཀྲ་མི་ཤེས་པ་ད༷ང་གཉིས་ལྷ༷ན་ཅི༷ག་མི་གནས་པ་བཞི༷ན་དེ༷་ལྟ༷ར་དུ་ཚུ༷ལ་ཁྲི༷མས་ཡོངས་སུ་དག་པའི་དབ༷ང་དུ་བྱ༷ས་པའི་བྱང་སེམས་བད༷ག་ཉི༷ད་ཆེ༷་བ་ས་གཉིས་པ་པ་དེ༷་ཚུལཁྲིམས་འཆ༷ལ་བ༷་ད༷ང་ལྷ༷ན་ཅི༷ག་ཏུ་གན༷ས་པར་མི༷་འདོ༷ད་པ་ཡིན་ནོ། །

བཞི་པ་ཚུལ་ཁྲིམས་ཀྱི་ཕར་ཕྱིན་གྱི་དབྱེ་བ་བསྟན་པ་ནི།

རྩ་བར། ཇི་སྐད་བཤད་པའི་ཚུལ་ཁྲིམས་ལ་ཕ་རོལ་ཏུ་ཕྱིན་པའི་རྣམ་པར་དབྱེ་བ་བཤད་པ་ནི། གང་གིས་གང་ཞིག་གང་ལ་སྤོང་བྱེད་པ། །གསུམ་དུ་དམིགས་པ་ཡོད་ན་ཚུལ་ཁྲིམས་དེ། །འཇིག་རྟེན་པ་ཡི་ཕ་རོལ་ཕྱིན་ཅེས་བཤད། །གསུམ་ལ་ཆགས་པས་སྟོང་དེ་འཇིག་རྟེན་འདས། །ཞེས་གང་ཟག་ག༷ང་གི༷ས་སྤང་བྱ་ག༷ང་ཞི༷ག་སེམས་ཅན་སོགས་ཡུལ་ག༷ང་ལ༷་སྤོ༷ང་བར་བྱེ༷ད་པ༷་ཡི་འཁོར་གསུ༷མ་དུ༷་བདེན་པར་དམི༷གས་པའི་བཅིངས་པ༷་ཡོ༷ད་ན༷་དེ་འདྲའི་ཚུ༷ལ་ཁྲི༷མས་དེ༷་ནི་འཇི༷ག་རྟེ༷ན་པ༷་ཡི༷་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ཡིན་པར་གྱུར་ཅེ༷ས་མདོ་ལས་བཤ༷ད་པ་ལ། ཚུལ་ཁྲིམས་དེ་ཚུལ་ཁྲིམས་ཀྱི་འཁོར་གསུ༷མ་ལ༷་བདེན་པར་དམིགས་པའི་ཆ༷གས་པའི་ཞེན་ཡུལ་དུ་གྱུར་པ༷ས་སྟོ༷ང་པར་མངོན་སུམ་དུ་རྟོགས་པའི་ཟག་མེད་ཀྱི་ཤེས་རབ་ཀྱིས་ཟིན་ན་དེ༷་འཇི༷ག་རྟེ༷ན་ལས་འད༷ས་པའི་ཚུལ་ཁྲིམས་ཀྱི་ཕ་རོལ་ཏུཕྱིན་པ་ཡིན་ལ། དེས་ན་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལ་གཉིས་སུ་དབྱེ་བ་ཡོད་པའི་ཕྱིར་རོ། །

ལྔ་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི།

རྩ་བར། རྒྱལ་སྲས་ཟླ་བ་ལས་བྱུང་སྲིད་མིན་སྲིད་པ་ཡི། །དཔལ་གྱུར་དྲི་མ་དང་བྲལ་དྲི་མ་མེད་འདི་ཡང༌། །སྟོན་ཀའི་དུས་ཀྱི་ཟླ་བའི་འོད་ནི་ཇི་བཞིན་དུ། །འགྲོ་བའི་ཡིད་ཀྱི་གདུང་བ་སེལ་བར་བྱེད་པ་ཡིན། །ཞེས་ས་གཉིས་པ་དྲི་མ་མེད་པ་དེ་སྟོན་ཀའི་ཟླ་བའི་འོད་དང་འདྲ་ཚུལ་ནི། ས་གཉིས་པའི་རྒྱ༷ལ་སྲ༷ས་ཟླ༷་བ༷་ལྟ་བུ་ལ༷ས་བྱུ༷ང་བ་འདི་འཁོར་བའི་ཁོངས་སུ་མ་གཏོགས་པས་སྲི༷ད་པ་མི༷ན་ཡང་སྲི༷ད་པ༷་ཡི༷་དཔལ་དུ་གྱུར་བའི་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་དེའི་རྗེས་སུ་འགྲོ་བ་དང༌། འཆལ་ཚུལ་གྱི་དྲི༷་མ༷་ད༷ང་བྲ༷ལ་བའི་དྲི༷་མ༷་མེ༷ད་པའི་ཚུལ་ཁྲིམས་ཀྱི་ཟླ་འོད་དང་ལྡན་པའི་ས་གཉིས་པ་དྲི་མ་མེད་པ་འདི༷་ཡང༌། སྟོ༷ན་ཀ༷འི་དུ༷ས་ཀྱི༷་ཟླ༷་བའི༷་འོ༷ད་ནི༷་དྲི་མ་དང་བྲལ་བས་སྐྱེ་བོའི་གདུང་བ་སེལ་བ་ཇི༷་ལྟ་བ་བཞི༷ན་དུ༷་སྲོག་གཅོད་སོགས་འཆལ་ཚུལ་གྱིས་བསྐྱེད་པའི་འགྲོ༷་བ༷འི་ཡི༷ད་ཀྱི༷་ཉོན་མོངས་པས་སྨད་པར་བྱས་པའི་གདུ༷ང་བ༷་སེ༷ལ་བ༷ར་བྱེ༷ད་པ༷་ཡི༷ན་པའོ། །བྱང་སེམས་ཀྱི་ཚུལ་ཁྲིམས་ཀྱི་ངོ་བོ་ནི། རང་འགྲེལ་ལས། དེ་ཡང་སྤོང་བ་བདུན་གྱི་མཚན་ཉིད་ཅན་ནོ། །ཞེས་དང༌། ཐེག་བསྡུས་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཚུལ་ཁྲིམས་ནི་ལུས་དང་ངག་དང་ཡིད་ཀྱིའོ། །ཉན་ཐོས་རྣམས་ཀྱི་ནི་ལུས་དང་ངག་གིའོ། །དེ་ཉིད་ཀྱི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་སེམས་ཀྱི་ཡང་ལྟུང་བར་འགྱུར་གྱི། ཉན་ཐོས་རྣམས་ཀྱི་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཐེག་བསྡུས་ལས། གང་བྱང་ཆུབ་སེམས་དཔའ་ཐབས་ལ་མཁས་པའི་རྣམ་པ་དེ་ལྟ་བུས་སྲོག་གཅོད་པ་ལ་སོགས་པའི་ལས་རྣམ་པ་བཅུ་སྤྱོད་གང་གིས་ཁ་ན་མ་ཐོ་བར་མི་འགྱུར་ལ། བསོད་ནམས་ཚད་མེད་པ་ཡང་སྐྱེད་ཅིང༌། ཞེས་གསུངས་པའི་དོན་ནི། གཞན་ངོར་གནོད་སེམས་ཅན་གྱི་རྣམ་པར་བསྟན་པ་གདུལ་བྱ་འདུལ་བར་གནང་བ་ཡིན་གྱི་གནོད་སེམས་སོགས་གནང་བ་མ་ཡིན་ཟེར་དགོས་སམ་དཔྱད་པར་ཞུའོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ལ༷ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་གཉི༷སཔའི་རྣམ་པར་བཤད་པ༷འོ༷།། །།

གསུམ་པ་འོད་བྱེད་པ་བཤད་པ།

གསུམ་པ་གསུམ་པ་འོད་བྱེད་པ་བཤད་པ་ལ།

ཁྱད་གཞི་སའི་ངེས་ཚིག ཁྱད་ཆོས་སའི་ཡོན་ཏན། ཕར་ཕྱིན་དང་པོ་གསུམ་གྱི་ཁྱད་པར་གྱི་ཆོས། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་དང་བཞི་ལས། དང་པོ་ནི། རྩ་བར། ཤེས་བྱའི་བུད་ཤིང་མ་ལུས་སྲེག་པའི་མེ། །འོད་འབྱུང་ཕྱིར་ན་ས་ནི་གསུམ་པ་འདི། །འོད་བྱེད་པ་སྟེ་བདེ་གཤེགས་སྲས་དེ་ལ། །དེ་ཚེ་ཉི་ལྟར་ཟངས་འདྲའི་སྣང་བ་འབྱུང༌། །ཞེས་ས་གསུམ་པ་ཐོབ་པ་དེའི་ཚེ་གཉིས་སྣང་འཁྲུལ་བའི་ངོར་སྣང་བའི་ཤེ༷ས་བྱ༷འི་བུ༷ད་ཤི༷ང་མ༷་ལུ༷ས་པ་བསྲེ༷ག་པ༷འི་ཡེ་ཤེས་ཀྱི་མེ༷། མཉམ་བཞག་ཏུ་གཉིས་སྣང་གི་སྤྲོས་པ་མ་ལུས་པ་ཞི་བར་བྱེད་ནུས་ཀྱི་འོ༷ད་འབྱུ༷ང་བའི་ས་ཡིན་པའི་རྒྱུ་མཚན་དེའི་ཕྱི༷ར་ན་ས༷་ནི༷་གསུ༷མ་པ༷་འདི༷་ལ་འོ༷ད་བྱེ༷ད་པ༷་ཞེས་བྱ་སྟེ༷། དོན་དམ་པའི་སེམས་གསུམ་པ་བསྐྱེད་པའི་བདེ༷་བར་གཤེ༷གས་པའི་རྒྱལ་བའི་སྲ༷ས་པོ་དེ༷་ལ༷་ས་གསུམ་པ་ཐོབ་པ་དེ༷འི་ཚེ༷་མཉམ་བཞག་གི་གཉིས་སྣང་བསྲེག་པའི་ཡེ་ཤེས་ཀྱི་མེ་ཐོབ་པའི་རྟགས་སུ་རྗེས་ཐོབ་ཏུ་དཔེར་ན་ཉི༷་མ་འཆར་ཁ་ལྟ༷ར་ཟ༷ངས་འདྲ༷འི་སྣ༷ང་བ༷་འབྱུ༷ང་བ་ལྟར་ཡེ་ཤེས་ཀྱི་སྣང་བ་འོད་དམར་པོའི་མེར་གྱིས་ཀུན་ཏུ་ཁྱབ་པའི་སྣང་བ་འབྱུང་བའི་ཕྱིར་ཏེ། རྒྱན་ལས། ཆོས་ཀྱི་སྣང་བ་ཆེན་པོ་ནི། །བྱེད་པའི་ཕྱིར་ན་འོད་བྱེད་པའོ། །ཞེས་དང༌། རིན་ཆེན་འཕྲེང་བ་ལས། ས་གསུམ་པ་ལ་ནི་འོད་བྱེད་པའོ། །ཞེསགསུངས་པའི་ཕྱིར་རོ། །

གཉིས་པ་ཁྱད་ཆོས་སའི་ཡོན་ཏན་བཤད་པ་ལ།

ས་འདིར་བཟོད་པ་ལྷག་པར་བསྟན་པ། བཟོད་པ་གཞན་ཇི་ལྟར་བསྟེན་པའི་ཚུལ། བཟོད་པའི་ཕར་ཕྱིན་གྱི་དབྱེ་བ། ས་འདིར་འབྱུང་བའི་དག་པའི་ཡོན་ཏན་གཞན་བསྟན་པ་དང་བཞི་ལས། དང་པོ་ནི། རྩ་བར། གལ་ཏེ་གནས་མིན་འཁྲུགས་པ་འགའ་ཡིས་དེའི། །ལུས་ལས་ཤ་ནི་རུས་བཅས་ཡུན་རིང་དུ། །སྲང་རེ་རེ་ནས་བཅད་པར་གྱུར་ཀྱང་དེའི། །བཟོད་པ་གཅོད་པར་བྱེད་ལ་ལྷག་པར་སྐྱེ། །ཞེས་ཡེ་ཤེས་ཀྱི་སྣང་བ་དེ་ལྟ་བུ་རྙེད་པའི་བྱང་ཆུབ་སེམས་དཔའ་དེ་ལ། བཟོད་པའི་ཕ་རོལ་ཏུ་ཕྱིན་པ་ལྷག་པ་ཉིད་དུ་བསྟན་ལ། ག༷ལ་ཏེ༷་བྱང་སེམས་ལ་ཁྲོ་བ་པོ་གཞན་དག་གིས་བྱང་སེམས་ལ་ཀུན་ནས་མནར་སེམས་པའི་གཞི། བྱང་སེམས་འདིའི་བདག་དང་བདག་གི་གཉེན་ལ་གནོད་པ་སྔར་བྱས་པའོ། །ད་ལྟར་བྱེད་དོ། །མ་འོངས་པ་ན་བྱེད་པར་འགྱུར་རོ། །སྙམ་པའི་གཞིའི་སྒོ་གསུམ་གྱི་བྱ་བ་ཅུང་ཟད་ཀྱང་མི་མངའ་བས་ན་ཁོང་ཁྲོ་བའི་གན༷ས་ཡུལ་མི༷ན་ཡང༌། བྱང་སེམས་དེ་འདྲ་བ་ལ་ཁོང་འཁྲུ༷ག་པ༷་ཅན་འག༷འ་ཡི༷ས། བྱང་སེམས་དེ༷འི་ལུ༷ས་ལ༷ས་ཤ༷་ནི༷་རྐྱང་བ་གཅོད་པ་མིན་པར་རུ༷ས་པ་དང་བཅ༷ས་པར་རྒྱུན་ཐུང་ངུ་གཅིག་ལ་མི་གཅོད་པར་སྡོད་ཅིང་སྡོད་ཅིང་ཡུ༷ན་རི༷ང་མོ་ཞིག་ཏུ༷་གཅོད་པ་དང༌། དེ་ཡང་ཤིན་ཏུ་ཆེ་བ་མི་གཅོད་པར་སྲ༷ང་རེ༷་རེ༷་ན༷ས་བཅ༷ད་པ༷ར་གྱུ༷ར་ཀྱ༷ང༌། གཅོད་པ་པོ་དེ་ལ་ཁོང་ཁྲོ་མི་འབྱུང་བར་མ་ཟད། སྡིག་པའི་ལས་དེ༷འི་རྐྱེན་གྱིས་དམྱལ་བ་ལ་སོགས་པའི་སེམས་ཅན་གཞན་གྱིས་མྱོང་བའི་སྡུག་བསྔལ་ལས་ཆེས་ལྷག་པའི་སྡུག་བསྔལ་མྱོང་བར་དམིགས་པའི་སྒོ་ནས་བཟོ༷ད་པ༷་གཅོ༷ད་པ༷ར་བྱེ༷ད་པ་པོ་དེ་ལ༷་དམིགས་ནས་ཆེས་ལྷ༷ག་པ༷ར་སྐྱེ༷་བར་འགྱུར་བ་ཡིན་ནོ། །བཟོད་པ་ལྷག་ཚུལ་ནི་གཞན་གྱིས་གནོད་པ་ཇི་ཙམ་བྱེད་བཞིན་གནོདཔ་ལ་བཟོད་པ་ཤིན་ཏུ་ཆེས་ཆེ་བར་འགྱུར་བ་དེའོ། །

དེ་ལས་རྒྱུ་གཞན་གྱིས་ཀྱང་བཟོད་པ་ཆེས་ལྷག་པར་སྐྱེ་བར་འགྱུར་ཏེ། རྩ་བར། བདག་མེད་མཐོང་བའི་བྱང་ཆུབ་སེམས་དཔའ་ལ། །གང་ཞིག་གང་གིས་གང་ཚེ་ཇི་ལྟར་གཅོད། །གང་ཕྱིར་ཆོས་ཀྱང་དེ་ཡི་གཟུགས་བརྙན་ལྟར། །མཐོང་བ་དེས་ན་དེ་ཡིས་བཟོད་པར་འགྱུར། །ཞེས་བད༷ག་མེ༷ད་མངོན་སུམ་དུ་མཐོ༷ང་བ༷འི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ཡི་ལུས་ལ༷། ག༷ང་ཞི༷ག་གཅོད་པར་བྱ་བ་དང༌། ག༷ང་གི༷ས་གཅོད་པ་དང༌། དུས་ག༷ང་གི་ཚེ༷་ཇི༷་ལྟ༷ར་གཅོ༷ད་པའི་འཁོར་གསུམ་རྒྱུ་མཚན་ག༷ང་གི་ཕྱི༷ར་བཟོད་ན་དེས་ཆོ༷ས་རྣམས་ཀྱ༷ང་དེ༷་ཡི༷་བདེན་མེད་གཟུ༷གས་བརྙ༷ན་ལྟ༷ར་མངོན་སུམ་དུ་མཐོ༷ང་བ༷་དེ༷ས་ན༷་བྱང་སེམས་དེ༷་ཡི༷ས་གནོད་པ་ལ་ཆེས་ལྷག་པར་བཟོ༷ད་པ༷ར་འགྱུ༷ར་བའི་ཕྱིར་རོ། །རང་འགྲེལ་ལས། ཀྱང་གི་སྒྲས་ནི་བཟོད་པའི་རྒྱུ་བསྡུ་བར་བྱ་བའི་ཕྱིར་རོ། །ཞེས་སོ། །

དེས་ན་ས་དང་པོ་དང་གཉིས་པའི་དུས་སུ་གནོད་པའི་འཁོར་གསུམ་གཟུགས་བརྙན་ལྟ་བུར་མངོན་སུམ་དུ་མཐོང་བ་དེའི་རྒྱུད་མི་འཁྲུགས་པར་བཟོད་པ་ཙམ་བྱེད་པ་དང༌། གསུམ་པས་དེའིཆེས་ལྷག་པར་བཟོད་པ་སྐྱེ་བར་བྱེད་ནུས་སོ། །

གཉིས་པ་བཟོད་པ་གཞན་ཇི་ལྟར་བསྟེན་པའི་ཚུལ་ལ།

ཁོང་ཁྲོ་བྱ་བར་མི་རིགས་པ་དང༌། བཟོད་པ་བསྟེན་པར་རིགས་པ་དང་གཉིས། དང་པོ་ལ། དགོས་པ་མེད་ཅིང་ཉེས་དམིགས་ཆེ་བའི་ཁོང་ཁྲོ་བར་མི་རིགས་པ་དང༌། ཕྱིས་ཀྱི་སྡུག་བསྔལ་མི་འདོད་པ་དང་གནོད་ལན་བྱེད་པ་གཉིས་འགལ་བར་བསྟན་པ། སྔར་ཡུན་རིང་བསགས་པའི་དགེ་བ་འཇོམས་པས་ཁོང་ཁྲོ་བརམི་རིགས་པ། མི་བཟོད་པའི་སྐྱོན་མང་པོ་བསམ་ནས་ཁོང་ཁྲོ་དགག་པ་དང་བཞི།

དང་པོ་ནི། རྩ་བར། གནོད་པ་བྱས་པས་གལ་ཏེ་དེར་བཀོན་ན། །དེ་ལ་བཀོན་པས་བྱས་ཟིན་ལྡོག་གམ་ཅི། །དེ་ཕྱིར་དེ་བཀོན་ངེས་པར་འདིར་དོན་མེད། །འཇིག་རྟེན་ཕ་རོལ་ཡང་ནི་འགལ་བར་འགྱུར། །ཞེས་བཟོད་པ་འདི་ནི་བྱང་སེམས་སར་གནས་རྣམས་ཀྱི་ཐུགས་དང་འཚམས་པའི་ཆོས་ཡིན་པ་ཙམ་དུ་མ་ཟད་ཀྱི། སར་གནས་ལས་གཞན་པ་རྣམས་ཀྱི་ཡང་ཡོན་ཏན་མཐའ་དག་མི་འཛད་པར་སྲུང་བའི་རྒྱུ་ཡང་ཡིན་པས་མི་བཟོད་པའི་ཁྲོ་བ་ལས་ལྡོག་ནས་བཟོད་པ་བསྟེན་རིགས་པར་འཆད་པ་ལ། གཞན་གྱིས་ཚུར་གནོ༷ད་པ༷་བྱ༷ས་པ༷ས་ག༷ལ་ཏེ༷་གནོད་བྱེད་དེ༷ར་ཕར་བཀོ༷ན་པའམ་ཁྲོ་ན༷། གནོད་བྱེད་དེ༷་ལ༷་བཀོ༷ན་པའམ་ཞེ་འཁམས་བྱས་པ༷ས་ཚུར་རང་ལ་གནོད་པ་བྱ༷ས་ཟི༷ན་པ་དེ་ལྡོ༷ག་ག༷མ་ཅི༷་སྟེ་ལྡོག་ཏུ་མེད་པ་དེ༷འི་ཕྱི༷ར་གནོད་བྱེད་དེ༷་ལ་བཀོ༷ན་པ་ངེ༷ས་པ༷ར་འདི༷ར་དོ༷ན་ཅུང་ཟད་ཀྱང་འབྱུང་བ་མེ༷ད་པ་དང༌། རང་ལ་རྨ་འབྱིན་པ་སོགས་གནོད་བྱས་པ་ལས་སླར་ཁྲོ་བས་རྨ་འབྱིན་པ་དག་པར་འགྱུར་བ་སོགས་གནོད་པ་སླར་ལྡོག་པའི་དགོས་དོན་མེད་པ་མ་ཟད་འཇི༷ག་རྟེ༷ན་ཕ༷་རོ༷ལ་གྱི་དོན་དང་ཡ༷ང་ནི༷་འག༷ལ་བ༷ར་འགྱུ༷ར་ཏེ་སླར་ཁོང་ཁྲོ་བས་ནི་འཇིག་རྟེན་ཕ་རོལ་ཏུ་བདེ་བ་འབྱུང་བའི་དོན་དང་བྲལ་ནས་རྣམ་སྨིན་སྡུགབསྔལ་འཕེན་པའོ། །

གཉིས་པ་ཕྱིས་ཀྱི་སྡུག་བསྔལ་མི་འདོད་པ་དང་གནོད་ལན་བྱེད་པ་གཉིས་འགལ་བར་བསྟན་པ་ནི།

རྩ་བར། སྔོན་བྱས་པ་ཡི་མི་དགེའི་ལས་ཀྱི་འབྲས་བུ་གང༌། །ཟད་པར་བྱེད་པར་བརྗོད་པར་འདོད་པ་དེ་ཉིད་ཀོ། །གཞན་ལ་གནོད་པ་དང་ནི་ཁྲོ་བས་སྡུག་བསྔལ་ཕྱིར། །ས་བོན་ཉིད་དུ་ཇི་ལྟ་བུར་ན་ཁྲིད་པར་བྱེད། །ཞེས་སྔོ༷ན་གྱི་དུས་སུ་བྱ༷ས་པ༷་ཡི༷་སྲོག་གཅོད་ཀྱི་མི༷་དགེ༷འི་ལ༷ས་ཀྱི༷་རྣམ་སྨིན་གྱི་འབྲ༷ས་བུ༷་ག༷ང་ཡིན་པ་ནི་ངན་སོང་གསུམ་དུ་སྡུག་བསྔལ་དྲག་པོ་མྱོང་ནས། ཚེ་འདིར་དགྲ་བོ་དག་གིས་རང་གི་ལུས་ལ་གནོད་པའི་སྡུག་བསྔལ་ཆེན་པོ་བསྐྱེད་པ་དེ་སྲོག་གཅོད་ཀྱི་མྱོང་བ་རྒྱུ་མཐུན་གྱི་འབྲས་བུ་མྱོང་བ་ཡིན་པས་དེ་ཙམ་མྱོང་བས་ལས་ཀྱི་ལྷག་མ་ཟ༷ད་ནས་རྒྱུ་མཐུན་གྱི་འབྲས་བུ་ཡིད་མི་འོང་བ་མ་ལུས་པར་ལྡོག་པ༷ར་བྱེད༷་པའི་རྒྱུ་ཡིན་པ༷ར་བརྗོ༷ད་པ༷ར་འདོ༷ད་པ༷་དེ༷་ཉི༷ད་ཀོ༷་སྟེ་སྲོག་གཅོད་ཀྱི་འབྲས་བུ་མ་ལུས་པ་ཟད་བྱེད་ཀྱི་རྒྱུར་གྱུར་པ་ནི། གཞ༷ན་ལ༷་གནོ༷ད་ལན་བྱེད་པ༷་ད༷ང་ནི༷། རྒྱུད་ཁོང་ནས་འཁྲུགས་པའི་ཁྲོ༷་བ༷ས་སྡུ༷ག་བསྔ༷ལ་ཚེ་འདིར་མྱོང་བའི་རྒྱུར་དང༌། དེ་ལས་ཆེས་ལྷག་པའི་ཕྱི༷ར་ཡང་སྟེ་སླར་ཡང་འབྱུང་བའི་ངན་སོང་གིས༷་བོ༷ན་རྣམས་རྒྱུ་ཉི༷ད་དུ༷་ཇི༷་ལྟ༷་བུ༷ར་ན༷་འཁྲི༷ད་པ༷ར་ཏེ་བསྒྱུར་བར་བྱེ༷ད་རིགས་ཏེ་མི་རིགས་སོ། །

གསུམ་པ་སྔར་ཡུན་རིང་བསགས་པའི་དགེ་བ་འཇོམས་པས་ཁོང་ཁྲོ་བར་མི་རིགས་པ་ལ།

རྩ་བར། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོ་བ་ཡིས། །སྦྱིན་དང་ཁྲིམས་བྱུང་དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གིས་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། །ཞེས་མི་བཟོད་པ་ཁོང་ཁྲོ་ནི་རྣམ་སྨིན་ཡིད་དུ་མི་འོང་བ་ཡངས་པ་འཕེན་པའི་རྒྱུ་ཡིན་པ་ཙམ་དུ་མ་ཟད་ཡུན་རིང་བོར་བསགས་པའི་བསོད་ནམས་ཀྱི་ཚོགས་རྣམས་ཟད་པའི་རྒྱུ་ཡང་ཡིན་ཏེ། ག༷ང་གི་ཕྱི༷ར་ན་བྱང་སེམས་བདག་ཉིད་ཆེན་པོ་དེས། ཡུལ་བྱང་སེམས་དེ་བྱང་སེམས་ཡིན་པར་མ་ངེས་པའམ་བྱང་སེམས་ཡིན་པར་ངེས་ཀྱང་ཉོན་མོངས་པའི་གོམས་པ་ཤས་ཆེ་བའི་དབང་གིས་རྒྱ༷ལ་སྲ༷ས་བྱང་ཆུབ་ཏུ་སེམས་བསྐྱེད་པ་རྣ༷མས་ལ༷་བདེན་པའི་ཉེས་པ་དང་མི་བདེན་པའི་ཉེས་པ་ལྷག་པར་སྒྲོ་བཏགས་ནས་ཁོང་ཁྲོ༷་བ༷་བསམ་པ་སྐད་ཅིག་ཙམ་ཞིག་སྐྱེ་བ་ཡི༷ས་བསོད་ནམས་ཀྱི་ཚོགས་སྔར་བཤད་པའི་སྦྱི༷ན་པ་ད༷ང་ཚུལ་ཁྲི༷མས་ཀྱི་ཕར་ཕྱིན་ལ་གོམས་པ་ལས་བྱུ༷ང་བའི་དགེ༷་བ༷་རྣམས་བསྐ༷ལ་བ༷་བརྒྱ༷ར་བས༷གས་པ༷་དེ་ཁོང་ཁྲོ་བའི་སྐ༷ད་ཅི༷ག་གི༷ས་འཇོ༷མས་པར་འགྱུར་ན། བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁོང་ཁྲོ་བས་ནི་ལྟ་ཅི་སྨོས་པས་ན། རྒྱ་མཚོ་ཆེན་པོའི་ཆུའི་ཚད་སྲང་གྲངས་ཀྱིས་གཞལ་མི་ནུས་པ་ལྟར་བྱང་སེམས་ལ་ཁྲོས་པའི་རྣམ་སྨིན་གྱི་ཆེ་ཆུང་གི་མཚམས་ངེས་པར་མི་ནུས་པ་དེ༷་ཡི༷་ཕྱི༷ར་ན་འབྲས་བུ་ཡིད་དུ་མི་འོང་བ་འཕེན་པ་དང་དགེ་བ་ལ་གནོད་པ་བྱེད་པའི་སྡིག་པ་ལ་ནི། མི༷་བཟོ༷ད་པ་ཁོང་ཁྲོ་བ་ལ༷ས་གཞ༷ན་པའི་སྡི༷ག་པ༷་ཆེན་པོ་གྱུར་པ་ཞིག་ཡོ༷ད་པ་མ༷་ཡི༷ན་པ་ཤེས་པར་བྱས་ནས་སྤང་བར་བྱ་སྟེ། རང་འགྲེལ་ལས། དེ་ཙམ་གྱིས་ཀྱང་བསྐལ་པ་བརྒྱར་བསགས་པའི་བསོད་ནམས་ཀྱི་ཚོགས་སྔར་བསྟན་པའི་སྦྱིན་པ་དང༌། ཚུལ་ཁྲིམས་ཀྱི་ཕ་རོལ་ཏུ་ཕྱིན་པ་གོམས་པ་ལས་བསྐྱེད་པ་འཇོམས་པར་འགྱུར་ན། བྱང་ཆུབ་སེམས་དཔའ་མ་ཡིན་པས་བྱང་ཆུབ་སེམས་དཔའ་རྣམས་ལ་བསྐྱེད་པ་ལྟ་ཅི་སྨོས་ཏེ། དེའི་ཕྱིར་རྒྱ་མཚོ་ཆེན་པོའི་ཆུའི་ཚད་སྲང་གྲངས་ཀྱིས་ངེས་པར་མི་ནུས་པ་ལྟར། དེར་རྣམ་པར་སྨིན་པའི་མཚམས་ངེས་པར་མི་ནུས་སོ། །དེའི་ཕྱིར་དེ་ལྟར་ན་འབྲས་བུ་ཡིད་དུ་མི་འོང་བ་འཕེན་པ་དང༌། དགེ་བ་ལ་གནོད་པ་བྱེད་པའི་སྡིག་པ་ནི་མི་བཟོད་པ་ལས་གཞན་མཆོག་ཏུ་གྱུར་པ་ཡོད་པ་མ་ཡིན་ནོ། །དེ་སྐད་དུ་ཡང༌། འཇམ་དཔལ་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་པ་བརྒྱར་བསགས་པའི་དགེ་བ་ཉེ་བར་འཇོམས་པར་བྱེད་པ་དེའི་ཕྱིར་ཁོང་ཁྲོ་བ་ཁོང་ཁྲོ་བ་ཞེས་བྱའོ་ཞེས་གསུངས་སོ། །ཞེས་གསུངས་པས་སོ། །ཡུལ་རྟེན་གཉིས་ཀ་བྱང་སེམས་ཀྱི་དབང་དུ་བྱས་ནས་ཁོང་ཁྲོ་ན་དགེ་རྩ་འཇོམས་ཚུལ་ཡོད་དེ། མདོ་ཀུན་བཏུས་སུ་བྱམས་པ་སེང་གེའི་སྒྲའི་མདོ་དྲངས་པ་ལས། བྱང་ཆུབ་སེམས་དཔའ་གང་ལ་ལ་ཞིག་གིས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་གཏོགས་པའི་སེམས་ཅན་ཐམས་ཅད་སྤྱོས་པ་དང༌། བརྒྱད་པ་དང༌། དབྱུག་པ་དང༌། ཁུ་ཚུར་གྱིས་བརྡེག་པ་དེ་ཙམ་གྱིས་བྱང་ཆུབ་སེམས་ལ་རྨ་འབྱུང་ཞིང་རྨས་པར་མི་འགྱུར་གྱི། བྱང་སེམས་གང་གིས་བྱང་ཆུབ་སེམས་དཔའ་གཅིག་ལ། ཐ་ན་གནོད་སེམས་དང༌། ཐ་བ་དང་ཞེ་སྡང་གི་སེམས་བསྐྱེད་པ་དེ་ཙམ་གྱིས་བྱང་ཆུབ་སེམས་དཔའ་ལ་རྨ་བྱུང་ཞིང་རྨས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གལ་ཏེ་དེས་ཐམས་ཅད་མཁྱེན་པ་ཡོངས་སུ་མ་བཏང་ན། བྱང་ཆུབ་སེམས་དཔའ་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་གནོད་སེམས་དང༌། ཐ་བ་དང་ལྡན་པའི་སེམས་ཇི་སྙེད་དུ་བསྐྱེད་པ་དེ་སྙེད་ཀྱི་བསྐལ་བར་གོ་ཆ་གཟོད་ཀྱང་བགོ་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །བྱང་སེམས་མ་ཡིན་པས་བྱང་སེམས་ལ་ཁྲོས་ན་བསྐལ་བ་སྟོང་དུ་བསགས་པའི་དགེ་རྩ་འཇོམས་ཏེ། ཞི་བ་ལྷས། བསྐལ་བ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང༌། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །

ཞེས་དང༌། དེའི་འགྲེལ་བར་དཀོན་བརྩེགས་ཀྱི་ལུང་དྲངས་པ་ལས། ཁོང་ཁྲོ་བ་ཞེས་བྱ་བ་ནི། བསྐལ་བ་སྟོང་དུ་བསགས་པའི་བསོད་ནམས་དག་ཀྱང་འཇོམས་པར་བྱེད་ཅིང༌། འབྲས་བུ་འཇོམ་པར་བྱེད་དོ། །རྟེན་བསྲེགས་པས་གཞན་བསྲེག་པར་བྱེད་དོ། །དེ་བས་ན་ཞེ་སྡང་ལ་ཁོངཁྲོ་བ་ཞེས་བྱའོ། །ཞེས་གསུངས་སོ། །

བྱང་སེམས་སྟོབས་ཆུང་བས་ཆེ་བའམ་ལུང་བསྟན་མ་ཐོབ་པའི་བྱང་སེམས་ཀྱིས་ལུང་བསྟན་ཐོབ་པ་ལ་ཁྲོ་བས་དགེ་རྩ་འཇོམས་ཚུལ་ཡོད་དེ། སྡུད་པ་ལས། ལུང་བསྟན་མ་ཐོབ་བྱང་ཆུབ་སེམས་དཔའ་གང་ཞིག་གིས། །ལུང་བསྟན་ཐོབ་ལ་སེམས་ཁྲོས་རྩོད་པ་རྩོམ་བྱེད་ན། །

ཐ་བ་སྐྱོན་ལྡན་སེམས་ཀྱི་སྐད་ཅིག་ཇི་སྙེད་པ། །དེ་སྙེད་བསྐལ་བར་གཞི་ནས་གོ་ཆ་བགོ་དགོས་སོ། །ཞེས་དང༌། སྤྱོད་འཇུག་ལས། གལ་ཏེ་ངན་སེམས་སྐྱེད་པར་བྱེད་ན་དེ། །

ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་དང༌། བྱམས་པ་སེང་གེའི་སྒྲའི་མདོ་ལས། བྱང་ཆུབ་སེམས་དཔས་བྱང་ཆུབ་སེམས་དཔའ་ཅིག་ཤོས་ལ་གནོད་སེམས་དང་ཐ་བ་དང་སྡང་བའི་སེམས་ཇི་སྙེད་དུ་བསྐྱེད་པ་དེ་སྙེད་ཀྱི་བསྐལ་བར་གོ་ཆ་གཟོད་བགོ་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལས་ཀྱང་བྱང་སེམས་ཆུང་བས་ཆེན་པོ་ལ་ཁྲོས་ན་ཉེས་པ་ཆེ་བ་ཡོད་དེ། རབ་བཞི་རྣམ་ངེས་ཆོ་འཕྲུལ་གྱི་མདོ་ལས། གང་དག་སྡོམ་པར་མི་བྱེད་ཅིང༌། །བྱང་ཆུབ་སེམས་དཔར་གནོད་བྱེད་པ། །དེ་ནི་སེམས་ཅན་དམྱལ་སྐྱེ་སྟེ། །དུད་འགྲོའི་སྐྱེ་གནས་འགྲོ་བར་བྱེད། །ཚུལ་འདི་སྤོང་བར་བྱེད་པ་ནི། །

བསྐལ་བ་བྱེ་བ་སྟོང་རྣམས་དང༌། །བརྒྱ་དང་ཁྲག་ཁྲིག་རྣམས་སུ་ཡང༌། །མནར་མེད་པར་ནི་སྡུག་བསྔལ་རྙེད། །ཅེས་གསུངས་པས་སོ། །དེ་དག་སོ་སྐྱེས་ཀྱི་དབང་དུ་བྱས་པ་འདྲ་སྟེ། བསླབ་བཏུས་ལས། ཕན་པར་བྱེད་པ་དང་གནོད་པར་བྱེད་པ་འདི་བྱང་ཆུབ་སེམས་དཔའ་གང་གི་དབང་དུ་བྱས་ཤེ་ན། སོ་སོ་སྐྱེ་བོ་ཉིད་ཀྱི་དབང་དུ་བྱས་པ་སྟེ། ཞེས་གསུངས་པའི་ཕྱིར་རོ། །

བྱང་ཆུབ་ཏུ་བསྔོས་ཟིན་པའི་དགེ་རྩ་འཇོམས་པ་མེད་པར་ཐལ། ལི་ཙྪ་བཱིས་ཞུས་པའི་མདོ་ལས། མང་པོ་ཡང་ཉུང་ངུ་རིག་པར་བྱ་སྟེ། །ཀུན་མཁྱེན་དུ་མ་བསྔོས་པའི་ཕྱིར་རོ། །ཞེས་དང༌། འཕགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་བསྟན་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སྦྱིན་པ་མང་པོར་ཡང་ཉུང་ངུར་འགྱུར་བ་ཡོད་པ་རིག་པར་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་དུ་ཡོངས་སུ་མ་བསྔོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ཟེར་བ་དང༌། བསྐུར་བ་བཏབ་པ་ལས་གཞན་གྱིས་བྱང་སེམས་ཀྱི་དགེ་རྩ་འཇོམས་པ་མེད་པར་ཐལ། རབ་ཏུ་ཞི་བ་རྣམ་ངེས་ཆོ་འཕྲུལ་གྱི་མདོ་ལས། འཇམ་དཔལ་བྱང་ཆུབ་སེམས་དཔའ་གཞན་ལ་བསྐུར་བ་བཏབ་པའི་ལས་དེ་མ་གཏོགས་པར་བྱང་ཆུབ་སེམས་དཔའ་ནི་མི་དགེ་བའི་ལས་གཞན་གང་གིས་ཀྱང་ལོག་པར་ལྟུང་བར་བྱེད་མི་ནུས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །

ཞིང་ཁྱད་པར་ཅན་ལ་ཕན་གནོད་གང་བྱེད་ན་དགེ་སྡིག་ཆེན་པོར་འགྱུར་ཏེ། ཉེ་བ་འཁོར་གྱིས་ཞུས་པ་ལས། དགེ་སློང་དག་དགེ་སློང་གིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ། སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟར་ལགས་སོ། །

དགེ་སློང་དག་དགེ་སློང་འདིས་ཇི་ཙམ་ཞིག་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་ཡོད་པའི་གསེར་གྱི་འཁོར་ལོ་ལ་ཐུག་གི་བར་ན། བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་པ་ནས། བཅོམ་ལྡན་འདས་དགེ་བའི་རྩ་བ་དེ་དག་གང་དུ་བསྲབས་པ་དང༌། ཡོངས་སུ་བྱང་བ་དང༌། ཡོངས་སུ་ཟད་པར་འགྱུར། ཉེ་བ་འཁོར་ཇི་ལྟར་ཚངས་པ་མཚུངས་པར་སྤྱོད་པ་ཕན་ཚུན་ལ་ཁྲོ་བའི་སེམས་ཀྱིས་ཕན་ཚུན་གྱི་དགེ་རྩ་ལ་རྨ་བྱུང་བ་དང༌། རྨས་པར་བྱས་པ་དེ་ལྟ་བུ་ནི་ངས་མ་མཐོང་སྟེ། ཉེ་བར་འཁོར་དེས་དགེ་བའི་རྩ་བ་ཆེན་པོ་འདི་དག་བསྲབས་པ་དང་ཡོངས་སུ་བྱང་བ་དང༌། ཡོངས་སུ་ཟད་པར་འགྱུར་རོ། །ཉེ་བར་འཁོར་དེ་ལྟ་བས་ན་ཅི་ནས་འགལ་བ་ལ་ཡང༌། སེམས་ཀྱིས་གནོད་པར་མི་བྱ་ན། རྣམ་པར་ཤེས་པ་དང་བཅས་པའི་ལུས་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས་པའི་ཕྱིར་རོ། །དེ་ལ་སྤྱོད་འཇུག་ལས། གང་ལ་གནོད་པ་བྱས་ཀྱང་བདེ་འབྲེལ་བ། །

བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །ཞེས་པས་ཅུང་ཟད་དཔྱད་རྒྱུ་སྣང་ངོ། །

བཞི་པ་མི་བཟོད་པའི་སྐྱོན་མང་པོ་བསམ་ནས་ཁོང་ཁྲོ་དགག་པ་ནི།

རྩ་བར། མི་སྡུག་གཟུགས་སུ་བྱེད་ཅིང་དམ་པ་མིན་པར་དཀྲི། །ཚུལ་དང་ཚུལ་མིན་ཤེས་པའི་རྣམ་དཔྱོད་འཕྲོག་བྱེད་ཅིང༌། །མི་བཟོད་པ་ཡིས་མྱུར་དུ་ངན་འགྲོར་སྐྱུར་བར་བྱེད། །ཅེས་ཁོང་ཁྲོ་བ་འདི་དག་དགག་པར་བྱ་རིགས་ཏེ། ལུས་ངག་གི་རྣམ་འགྱུར་ལ་ཐོན་མི་ནུས་པའི་མི་བཟོད་པ་ནུས་པ་མེད་པས་ནི་རང་ཉིད་ཁོ་ནས་དགེ་བ་འཇོམས་ཤིང་ཕྱི་མའི་སྡུག་བསྔལ་མི་བཟད་པ་བསྐྱེད་པས་རང་ཉིད་ཁོ་ན་འཇོམས་ལ། ལུས་ངག་གི་བྱ་བ་ལ་ཐོན་པའི་ནུས་པའི་ནུས་པ་ཅན་གྱིས་ནི་གོང་ལྟར་རང་གཞན་གཉིས་ཀ་འཇོམས་པར་བྱེད་པ་འདི་ནི། སྐྱེས་ཙམ་ཉིད་ཀྱིས་བཞིན་མི༷་སྡུ༷ག་པའི་གཟུ༷གས་སུ༷་བྱེ༷ད་ཅི༷ང༌། ད༷མ་པ༷་མི༷ན་པ༷ར་གྱུར་བའི་གནས་སུ་བཀྲི༷་བར་བྱེད་པ་དང༌། ཁོང་ཁྲོའི་དབང་གིས་རང་དབང་མེད་པར་ལུས་ངག་གི་བྱ་སྤྱོད་བྱ་བའི་ཚུ༷ལ་ད༷ང༌། བྱ་བའི་ཚུ༷ལ་མི༷ན་པ་ཤེ༷ས་པ༷འི་རྣ༷མ་དཔྱོ༷ད་འཕྲོ༷ག་པར་བྱེ༷ད་ཅི༷ང༌། དེ་འདྲའི་མི༷་བཟོ༷ད་པ༷་ཁོང་ཁྲོ་ཡི༷ས་ནི་ཤི་བའི་འོགཏུ་མྱུ༷ར་དུ༷་ང༷ན་འགྲོ༷ར་སྐྱུ༷ར་བ༷ར་བྱེ༷ད་པའི་ཕྱིར་ན་ཉེས་པ་ཆེན་པོ་ཡིན་ནོ། །

གཉིས་པ་བཟོད་པ་བསྟེན་པར་རིགས་པ་ལ།

བཟོད་པའི་ཡོན་ཏན་མང་པོ་བསམ་པ་དང༌། དོན་བསྡུས་ཏེ་བཟོད་པ་བསྟེན་པར་གདམས་པ་དང་གཉིས། དང་པོ་ནི། རྩ་བར། བཟོད་པས་བཤད་ཟིན་དང་འགལ་ཡོན་ཏན་རྣམས་བྱེད་དོ། །བཟོད་པས་མཛེས་ཤིང་སྐྱེ་བོ་དམ་པ་ལ། །ཕངས་དང་ལུགས་དང་ལུགས་མིན་ཤེས་པ་ལ། །མཁས་པར་གྱུར་ཞིང་དེ་ཡི་འོག་ཏུ་ནི། །ལྷ་མིའི་སྐྱེ་དང་སྡིག་པ་ཟད་པར་འགྱུར། །ཞེས་གལ་ཏེ་མི་བཟོད་པའི་སྐྱོན་བཤད་ཟིན་པ་ལྟར་ཡིན་ན། མི་བཟོད་པ་དང་འགལ་བའི་བཟོད་པའི་ཡོན་ཏན་གང་ཡིན་ཞེ་ན། བཟོ༷ད་པ་བསྒོམ་པ༷ས་ནི་སྔར་ཁོང་ཁྲོའི་ཉེས་པ་བཤ༷ད་ཟི༷ན་པ་དེ་ད༷ང་འག༷ལ་བའི་ཡོ༷ན་ཏ༷ན་རྣ༷མས་བྱེ༷ད་དོ༷། །

གང་ཞེ་ན། བཟོ༷ད་པ་བསྒོམ་པ༷ས་གཟུགས་མཛེ༷ས་པ་ཐོབ་པ་ཡིན་ཞི༷ང་གཞན་ལ་ཞེ་མི་སྡང་བས་སྐྱེ༷་བོ༷་ད༷མ་པ༷་གྲངས་ལ༷་ཕ༷ངས་ཤིང་གཅེས་པ་ད༷ང༌། ལུ༷གས་སམ་རིགས་པ་ད༷ང་ལུ༷གས་མི༷ན་པ་མི་རིགས་པའི་གནས་ཤེ༷ས་པ༷་ལ༷་མཁ༷ས་པ༷ར་གྱུ༷ར་བ་ཡིན་ཞི༷ང༌། ཤི་བ་དེ༷་ཡི༷་འོ༷ག་ཏུ༷་ལྷ༷་མི༷འི་སྐྱེ༷་བ་ལེན་པ་ད༷ང༌། ཁོང་ཁྲོ་སོགས་ཀྱི་སྒོ་ནས་བསགས་པའི་སྡི༷ག་པ༷་ཟ༷ད་པ༷ར་གྱུ༷ར་བ་རྣམས་ཐོབཔ་ཡིན་ནོ། །

གཉིས་པ་དོན་བསྡུས་ཏེ་བཟོད་པ་བསྟེན་པར་གདམས་པ་ནི།

རྩ་བར། སོ་སོའི་སྐྱེ་བོ་དང་ནི་རྒྱལ་སྲས་ཀྱིས། །ཁྲོ་དང་བཟོད་པའི་སྐྱོན་ཡོན་རིག་བྱས་ཏེ། །མི་བཟོད་སྤངས་ནས་འཕགས་པའི་སྐྱེ་བོ་ཡིས། །བསྔགས་པའི་བཟོད་པ་རྟག་ཏུ་མྱུར་བསྟེན་བྱ། །ཞེས་སོ༷་སོ༷་སྐྱེ༷་བོ༷་ད༷ང་ནི༷་རྒྱ༷ལ་སྲ༷ས་རྣམས་ཀྱི༷ས་ཁྲོ༷་བ་ད༷ང་བཟོ༷ད་པ༷འི་ཉེས་སྐྱོ༷ན་དང་ཕན་ཡོ༷ན་རི༷གས་པར་བྱ༷ས་ཏེ༷། མི༷་བཟོ༷ད་པ་ཁོང་ཁྲོ་སྤ༷ངས་ན༷ས་འཕ༷གས་པ༷འི་སྐྱེ༷་བོ༷་ཡི༷ས་བསྔ༷གས་པ༷འི་བཟོ༷ད་པ༷་དུས་རྟ༷ག་ཏུ༷མྱུ༷ར་དུ་བསྟེ༷ན་པར་བྱ༷་དགོས་སོ། །

གསུམ་པ་བཟོད་པའི་ཕར་ཕྱིན་གྱི་དབྱེ་བ་ནི།

རྩ་བར། རྫོགས་སངས་རྒྱས་ཀྱི་བྱང་ཆུབ་ཕྱིར་བསྔོས་ཀྱང༌། །གསུམ་དམིགས་ཡོད་ན་དེ་ནི་འཇིག་རྟེན་པའོ། །དམིགས་པ་མེད་ན་དེ་ཉིད་སངས་རྒྱས་ཀྱིས། །འཇིག་རྟེན་འདས་པའི་ཕ་རོལ་ཕྱིན་ཅེས་བསྟན། །ཞེས་བཟོད་པའི་ཕར་ཕྱིན་ལ་དབྱེ་ན། འཇིག་རྟེན་ལས་མ་འདས་པ་དང་འདས་པའི་བཟོད་པ་གཉིས་ཡོད་པ་ལས་རྫོ༷གས་པའི་ས༷ངས་རྒྱ༷ས་ཀྱི༷་བྱ༷ང་ཆུ༷བ་ཀྱི་ཕྱི༷ར་དུ་དེའི་རྒྱུར་བསྔོ༷ས་ཀྱ༷ང་གང་བཟོད་པ་དང༌། གང་གིས་བཟོད་པ་དང༌། སེམས་ཅན་གང་དག་ལ་བཟོད་པའི་འཁོར་གསུ༷མ་དུ་བདེན་པར་དམི༷གས་པས་བཅིང་བ་ཡོ༷ད་ན༷་དེ་འདྲའི་བཟོད་པའི་ཕར་ཕྱིན་དེ༷་ནི༷་འཇི༷ག་རྟེ༷ན་ཡིན་པ༷འོ༷། །འཁོར་གསུམ་བདེན་པར་དམི༷གས་པ་མེད་པ༷་མངོན་སུམ་དུ་རྟོགས་པའི་ཟག་མེ༷ད་ཡེ་ཤེས་ཀྱིས་ཟིན་ན༷་བཟོད་པ་དེ༷་ཉི༷ད་རྫོགས་པའི་ས༷ངས་རྒྱ༷ས་ཀྱི༷ས་འཇི༷ག་རྟེ༷ན་ལས་འད༷ས་པ༷འི་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ཡིན་པརགྱུར་ཅེ༷ས་བསྟ༷ན་པའི་ཕྱིར་རོ། །

བཞི་པ་ས་འདིར་འབྱུང་བའི་ཡོན་ཏན་གཞན་བསྟན་པ་ལ།

རྩ་བར། ས་དེར་རྒྱལ་སྲས་བསམ་གཏན་མངོན་ཤེས་དང༌། །འདོད་ཆགས་ཞེ་སྡང་ཡོངས་སུ་ཟད་པར་གྱུར། །དེས་ཀྱང་རྟག་ཏུ་འཇིག་རྟེན་པ་ཡི་ནི། །འདོད་པའི་འདོད་ཆགས་འཇོམས་པར་ནུས་པར་འགྱུར། །ཞེས་ས་གསུམ་པ་ལ་གནས་པའི་རྒྱལ་སྲས་བཟོད་པ་ཡོངས་སུ་དག་པ་ཐོབ་པ་ལས་གཞན་ཡང་དག་པའི་ལྷག་པའི་ཡོན་ཏན་དུ་མ་འབྱུང་བ་ནི། ས༷་གསུམ་པ་དེ༷ར་རྒྱ༷ལ་བའི་སྲ༷ས་པོ་དེ་ལ། བཟོད་པའི་ཕར་ཕྱིན་དག་པ་ཐོབ་པ་དེ་བཞིན་དུ་བས༷མ་གཏ༷ན་བཞི་པའི་སྙོམས་འཇུག་བཞི་དང༌། དེས་མཚོན་ནས་གཟུགས་མེད་བཞིའི་སྙོམས་འཇུག་བཞི་དང༌། བྱམས་པ་ཚད་མེད་སོགས་ཚད་མེད་བཞི་དང༌། རྫུ་འཕྲུལ་གྱི་མངོ༷ན་ཤེ༷ས་སོགས་མངོན་པར་ཤེས་པ་རྣམས་དག་པ་ཐོབ་པ་ད༷ང༌། ཁམས་གསུམ་གྱི་འདོ༷ད་ཆ༷གས་ཞེ༷་སྡ༷ང༌། དང་སྒྲས་བསྡུས་པ་གཏི་མུག་དང་གསུམ་པོ་ཆེ་འབྲིང་སོགས་སྐོར་དགུ་ཆགས་བྲལ་ལམ་རང་སའི་ངོས་སྐལ་གྱི་དུག་གསུམ་ཆེན་པོའི་འབྲིང་བོ་རྣམས་ས་བོན་སྤངས་པའི་སྒོ་ནས་ཡོངས་སུ་ཟད་པར་སྤངས་པའི་ཡོ༷ངས་སུ༷་བསྲབ་པའི་ཟ༷ད་པ༷ར་འགྱུ༷ར་བ་དང༌། ཡོན་ཏན་དེ་རྣམས་དག་པ་ཐོབ་པའི་ས་གསུམ་པ་པ་དེ༷ས་ཀྱ༷ང་རྟ༷ག་ཏུ༷་འཇི༷ག་རྟེ༷ན་པ༷་སེམས་ཅན་རྣམས་ཀྱི་འདོད་ཡོན་ལྔ་ལ་ཆགས་པ་ཡི༷་ནི༷་འདོ༷ད་པ༷འི་འདོ༷ད་ཆ༷གས་རྣམས་འཇོ༷མས་པ༷ར་བྱེད་ནུ༷ས་པ༷ར་འགྱུ༷ར་བ་ཡིན་ནོ། །འདིའི་ཐད་ཀྱི་མདོ་ལས། དེ་དེ་བས་ཀྱང་ཤས་ཆེར་འདོད་པའི་དུག་གསུམ་གྱི་འཆིང་བ་ཐམས་ཅད་མངོན་གྱུར་གཏན་སྤང་གི་སྒོ་ནས་བསྲབས་པར་འགྱུར་རོ། །ཞེས་སོགས་ཀྱིས་ས་གསུམ་པར་དུག་གསུམ་སྤྱི་དེ་ཆགས་བྲལ་གྱི་ཟད་པ་དེ་བསྟན། མདོ་དེ་ཉིད་ལས། ལོག་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཐོག་མེད་ནས་ད་སྔར་ཟད་མ་མྱོང་བས་བསྐལ་པ་ཁྲག་ཁྲིག་འབུམ་ཕྲག་དུ་མར་འགྲིབ་པར་བྱ་བ་མ་ཡིན་པ་དེ་དག་ས་འདིར་སྤངས་པར་བསྟན་པ་དེས་རང་གི་ངོས་སྐལ་གྱི་དུག་གསུམ་གཏན་ཟད་ཀྱི་ཚུལ་དེ་བསྟན།

མདོ་དེ་གཉིས་ཀྱིས་དེ་ལྟར་བསྟན་པ་དེ་འགྲེལ་བའི་དགོངས་པ་ཡང་ཡིན་ནོ། །

རང་འགྲེལ་ལས། ཤེས་བྱའི་སྒྲིབ་པ་ཅན་གྱི་མ་རིག་པ་ཀུན་ཏུ་སྤྱོད་པ། ཞེས་དང༌། རྗེ་བླ་མ་ཙོང་ཁ་བའི་རང་ལུགས་ལ་ཉོན་སྒྲིབ་སྤངས་ཟིན་ནས་གཟོད་ཤེས་སྒྲིབ་སྤོང་པའི་མགོ་རྩོམ་པ་ཡིན་ཏེ། རྒྱུད་བླ་མ་ལས། དྲི་མེད་དབྱིངས་ལ་ཆགསམེད་དང༌། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི། །ཞེས་དང༌། དེའི་ཐོགས་འགྲེལ་ལས། མདོར་བསྡུས་ན་རྒྱུ་གཉིས་ཀྱིས་ན་ཅིག་ཤོས་ཉི་ཚེའི་ཡེ་ཤེས་ཀྱི་མཐོང་བ་ལ་ལྟོས་ནས་ཤིན་ཏུ་རྣམ་པར་དག་པ་ཞེས་བརྗོད་དེ། གཉིས་པོ་གང་གིས་ཤེ་ན། ཆགས་པ་མེད་པའི་ཕྱིར་དང༌། ཐོགས་པ་མེད་པའི་ཕྱིར་རོ། །ཞེས་དང༌། དེ་ལྟར་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གཟིགས་པ་དེ་ནི། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ལུང་དེའི་ཕྱིར་མི་ལྡོག་པ་ནི་ས་བརྒྱད་པའི་མིང་གི་རྣམ་གྲངས་ཡིན་ལ། རྒྱུད་བླ་མར་ཐོགས་སྒྲིབ་ལས་གྲོལ་བའི་ཡེ་ཤེས་ཀྱི་མ་མཐའ་ས་བརྒྱད་པ་འདི་ནས་བཟུང་བ་ལ་དགོས་པ་ཡོད་པའི་ཕྱིར་ཏེ། འཇུག་ཊཱིཀ་དགོངས་པ་རབ་གསལ་ལས། ས་བོན་དེ་ལས་གཞན་པའི་བག་ཆགས་ཀྱི་སྒྲིབ་པ་ཤེས་སྒྲིབ་ཏུ་འཇོག་པ་ནི་ས་བརྒྱད་པ་མ་ཐོབ་བར་དུ་སྤོང་བར་བྱེད་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །ཟླ་བའི་བཞེད་པ་ཡིན་མིན་དཔྱད་པར་ཞུའོ། །བྱིང་རྒོད་གཉིས་སྙོམས་འཇུག་གི་སྒྲིབ་པ་ཡིན་དགོས་པ་འདྲ་སྟེ། རྒྱུད་བླ་མ་ལས། གཉིས་མེད་ལས་སུ་རུང་བའི་ཕྱིར། །ཞེས་གསུངས་སོ། །སྒྲིབ་པ་ལ་རྫས་སྤྱི་སོགས་ཆོད་ན་སྒྲིབ་གཉིས་གང་རུང་གིས་ཁྱབ་སྟེ། དབུས་མཐའ་ལས། ཉོན་མོངས་པ་ཡི་སྒྲིབ་པ་དང༌། །ཤེས་བྱའི་སྒྲིབ་པ་ཉིད་དུ་བསྟན། །དེར་ནི་སྒྲིབ་པ་ཐམས་ཅད་དཻ། །དེ་ཟད་ནས་ནི་གྲོལ་བར་འདོད། །ཅེས་གསུངས་པའི་ཕྱིར། ཤེས་སྒྲིབ་དང་ཤེས་པའི་གཞི་མཐུན་ཡོད་དེ། རང་འགྲེལ་ལས། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་གྱི་མ་རིག་པ་ཀུན་ཏུ་སྤྱོད་པ། ཞེས་དང༌། ཟླ་བའི་སྐྱབས་འགྲོ་བདུན་ཅུ་པ་ལས། མི་ཤེས་ཉོན་མོངས་མིན་སྤང་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་ལས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ནས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་དང༌། །མ་རིག་ཉོན་མོངས་མིན་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །

ཅེས་དང༌། འཁོར་བའི་སྡུག་བསྔལ་སྤོང་བ་ཙམ་གྱི་ཐར་བ་ཐོབ་པ་ལ་གཙོ་བོར་བར་དུ་གཅོད་པའི་རིགས་སུ་གནས་པའི་སྒྲིབ་པ་དེ། ཉོན་སྒྲིབ་ཀྱི་མཚན་ཉིད། གཙོ་བོ་དང་རིགས་གནས་ཞེས་པས་ཉེར་ཕུང་སྡུག་བདེན་དང་ལས་སྒྲིབ་སོགས་ཀྱང་ཐར་བ་ལ་བར་གཅོད་ཡིན་ཡང་ཉོན་མོངས་སྤངས་ན་རང་ལ་ནུས་པ་མེད་པས་ཐར་བ་ལ་གཙོ་བོར་བར་དུ་གཅོད་པའི་རིགས་སུ་གནས་པ་མ་ཡིན་པར་བསྟན་པར་འཇུག་འགྲེལ་རབ་གསལ་སྣང་རྒྱན་ལས་བཤད་དོ། །བློ་གཅིག་གིས་དུས་གཅིག་ལ་ཤེས་བྱ་བདེན་པ་གཉིས་ཀ་མངོན་སུམ་དུ་རྟོགས་པ་ལ་གཙོ་བོར་བར་དུ་གཅོད་པའི་རིགས་གནས་ཀྱི་སྒྲིབ་པ་དེ། ཤེས་སྒྲིབ་ཀྱི་མཚན་ཉིད་དང༌། ཤེས་སྒྲིབ་དང་ཐོགས་སྒྲིབ་དོན་གཅིགརྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། །སྒྲིབ་གསུམ་ལས་ནི་ངེས་གྲོལ་ཏེ། །ཞེས་པའི་སྒྲིབ་གསུམ་སོ་སོར་ཡིན་མིན་གྱི་མུ་གསུམ་མུ་བཞི་ཡོད་མེདདཔྱད་པར་ཞུའོ། །

གསུམ་པ་ཕར་ཕྱིན་དང་པོ་གསུམ་གྱི་ཁྱད་པར་གྱི་ཆོས་བཤད་པ་ལ།

རྩ་བར། སྦྱིན་སོགས་ཆོས་གསུམ་དེ་དག་ཕལ་མོ་ཆེར། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །

བསོད་ནམས་ཞེས་བྱའི་ཚོགས་ཀྱང་དེ་དག་ཉིད། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །

ཞེས་བྱང་སེམས་ཁྱིམ་པ་དང་རབ་བྱུང་གཉིས་ཀ་སྦྱིན་སོགས་ཕར་ཕྱིན་དྲུག་གི་རྟེན་ཡིན་ཡང༌། ཁྱིམ་པ་དང་རབ་བྱུང་གི་རྟེན་ལ་སྒྲུབ་དཀའ་སླ་ལ། སྦྱི༷ན་པ་སོ༷གས་པས་ཚུལ་ཁྲིམས་དང་བཟོད་པའི་ཕར་ཕྱིན་གྱི་ཆོ༷ས་གསུ༷མ་དེ༷་ད༷ག་ཕ༷ལ་མོ༷་ཆེ༷ར་བདེ༷་བ༷ར་གཤེ༷གས་པ༷ས་ཁྱི༷མ་པ༷་རྣ༷མས་ཀྱི་རྟེན་ལ༷་སྒྲུབ་པར་བསྔ༷གས་པ་ཡིན་ཏེ། དེ་གསུམ་ཁྱིམ་པའི་རྟེན་ལ་སྒྲུབ་སླ་བའི་ཕྱིར་ཏེ། སོ་སྐྱེས་བྱང་སེམས་རབ་བྱུང་ལས་བྱང་སེམས་ཁྱིམ་པས་ཟང་ཟིང་ལོངས་སྤྱོད་ཀྱི་སྦྱིན་པ་དང༌། ཤན་པ་སོགས་ཀྱིས་གསོད་པའི་སེམས་ཅན་གྱི་སྲོག་བླུ་བ་མི་འཇིགས་པའི་སྦྱིན་པ་སྟེ་སྦྱིན་པ་ཕལ་ཆེར་སྒྲུབ་སླ་བ་དང༌། ཚུལ་ཁྲིམས་ཀྱི་ནང་ནས་ཁྱིམ་པའི་ཕྱོགས་ཀྱི་ཚུལ་ཁྲིམས་དང༌། བཟོད་པའི་ནང་ནས་ལས་འབྲས་དང་དཀོན་མཆོག་གི་ཡོན་ཏན་ཕུང་ཁམས་ཀྱི་མཚན་ཉིད་ཟབ་མོའི་དོན་སོགས་ལ་གཏད་མི་བཟོད་པ་མེད་པར་ཡང་ཡང་སེམས་པའི་ཆོས་ལ་ངེས་སེམས་ཀྱི་བཟོད་པ་རྣམས་སྒྲུབ་སླ་བ་ཡིན་པས་དེ་གསུམ་ཁྱིམ་པའི་རྟེན་ཅན་དུ་བཞག་པ་ཡིན་གྱི་ཕར་ཕྱིན་ཕྱི་མ་གསུམ་མེད་པ་མ་ཡིན་པ་གང་ཞིག བྱང་སེམས་རབ་བྱུང་གི་རྟེན་ལ་ལམ་མཐའ་ཡས་པ་ལ་སྤྲོ་ཞིང་རྩོལ་བའི་བརྩོན་འགྲུས་དང༌། རྩེ་གཅིག་ཏུ་གནས་པའི་བསམ་གཏན་སྒོམ་པ་དང༌། བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཕར་ཕྱིན་སྒོམ་པ་གསུམ་ཁྱིམ་པའི་རྟེན་ལས་སྒྲུབ་སླ་བས་དེ་གསུམ་རབ་བྱུང་གི་རྟེན་ལ་བཞག་པ་ཡིན་གྱི་དང་པོ་གསུམ་དེའི་རྟེན་ལ་མེད་པ་མ་ཡིན་པའི་ཕྱིར་རོ། །

ཚོགས་གཉིས་ཀྱི་ནང་ནས་བསོ༷ད་ན༷མས་ཞེ༷ས་བྱ༷་བའི་ཚོ༷གས་ཀྱ༷ང་སྦྱིན་སོགས་གསུམ་པོ་དེ༷་ད༷ག་ཉི༷ད་ཡིན་ལ། ཚོགས་དེ་ནི་ས༷ངས་རྒྱ༷ས་ཀྱི་གཟུ༷གས་ཀྱི༷་བད༷ག་ཉི༷ད་ཀྱི་སྐུ༷་ཡི༷་རྒྱུ༷་གཙོ་བོ་ཡིན་པ་དང༌། སྤྱིར་ཡེ་ཤེས་ཀྱི་ཚོགས་ནི་བསམ་གཏན་དང་ཤེས་རབ་ཀྱི་ཕར་ཕྱིན་གཉིས་ཡིན་ཞིང་དེ་གཉིས་གཙོ་བོར་ཆོས་སྐུའི་རྒྱུ་དང༌། བརྩོན་འགྲུས་ནི་ཚོགས་གཉིས་ཀའི་རྒྱུ་ཡིན་ཏེ། རང་འགྲེལ་ལས། དེ་ལ་བསོད་ནམས་ཀྱི་ཚོགས་ནི་ཕ་རོལ་ཏུ་ཕྱིན་པ་གསུམ་པོ་དེ་དག་ཉིད་ཡིན་ལ་ཡེ་ཤེས་ཀྱི་ཚོགས་ནི་བསམ་གཏན་དང་ཤེས་རབ་བོ། །བརྩོན་འགྲུས་ནི་གཉིས་ཀའི་རྒྱུ་ཡིན་ནོ་ཞེས་བྱ་བར་རྣམ་པར་གཞག་གོ། །དེ་ལ་བསོད་ནམས་ཀྱི་ཚོགས་གང་ཡིན་པ་དེ་ནི་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་གཟུགས་ཀྱི་སྐུ་བསོད་ནམས་བརྒྱའི་མཚན་ཉིད་ཅན་རྨད་དུ་བྱུང་ཞིང་བསམ་གྱིས་མི་ཁྱབ་པའི་གཟུགས་སྣ་ཚོགས་དང་ལྡན་པའི་རྒྱུ་ཡིན་ནོ། །ཆོས་ཀྱི་བདག་ཉིད་ཅན་གྱི་སྐུ་སྐྱེ་བ་མེད་པའི་མཚན་ཉིད་ཅན་གྱི་རྒྱུ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འཇུག་པར་ཕར་ཕྱིན་དང་པོ་གསུམ་བསོད་ནམས་ཀྱི་ཚོགས་གཙོ་ཆེ་བ་དང༌། བསམ་གཏན་ཡེ་ཤེས་ཀྱི་ཚོགས་ཁྱད་པར་ཅན་གྱི་རྟེན་གྱི་དབང་དུ་བྱས་པར་འདྲའོ། །

མདོ་སྡེ་རྒྱན་ལས། སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཀྱི། །ཚོགས་ཡིན་ཤེས་རབ་ཡེ་ཤེས་ཀྱི། །

གསུམ་པོ་གཞན་ནི་གཉིས་ཀའི་སྟེ། །ལྔ་ཆར་ཡང་ནི་ཡེ་ཤེས་ཚོགས། །ཞེས་གསུངས་པའི་དགོངས་པ་ནི་དང་པོ་གཉིས་དང་ཕྱི་མ་ཚོགས་ཀྱི་ངོ་བོའི་དབང་དུ་བྱས་ལ། བར་བ་གསུམ་ལ་གཉིས་ཀའི་ངོ་བོ་ཡོད་ལ། ཚིག་རྐང་ཕྱི་མའི་དོན་ཤེས་རབ་ཀྱི་ཕར་ཕྱིན་གྱིས་ཟིན་པའི་དབང་དུ་བྱས་པ་འདྲ་ལ། རྒྱུད་བླ་མ་ལས། བསོད་ནམས་ཕ་རོལ་ཕྱིན་པ་ལྔ། །ཞེས་གསུངས་པ་སྟོངཉིད་རྟོགས་པས་མ་ཟིན་པའི་དབང་དུ་བྱས་ན་ལུང་དེ་དག་ལ་འགལ་བ་མེད་པ་འདྲའོ། །

བཞི་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི། རྩ་བར། རྒྱལ་བའི་སྲས་པོ་ཉི་མ་ལ་གནས་འོད་བྱེད་འདི། །རང་གཏོགས་མུན་རྣམས་དང་པོ་ཡང་དག་བསལ་བྱས་ནས། །

འགྲོ་བའི་མུན་པ་རྣམ་པར་འཇོམས་པར་མངོན་པར་འདོད། །ས་འདིར་ཤིན་ཏུ་རྣོ་བར་གྱུར་ཀྱང་ཁྲོ་མི་འགྱུར། །ཞེས་རྒྱ༷ལ་བ༷འི་སྲ༷ས་པོ༷་ཉི༷་མ༷་ལྟ་བུའི་རྒྱུད་ལ༷་གན༷ས་པའི་ས་གསུམ་པ་འོ༷ད་བྱེ༷ད་པ་འདི༷་ར༷ང་གི་རྒྱུད་དུ་གཏོ༷གས་པའི་མི་ཤེས་པའི་མུ༷ན་པ་དོན་དམ་པའི་ས་གསུམ་པ་སྐྱེ་བའི་གེགས་སུ་གྱུར་པ་རྣ༷མས་ས་གསུམ་པ་འོད་བྱེད་པ་དེ་ད༷ང་པོ༷་སྐྱེ་བཞིན་པའི་སྐབས་སུ་ཡ༷ང་ད༷ག་པར་བས༷ལ་བར་བྱ༷ས་ན༷ས། གཞན་དག་ལའང་དོན་དམ་པའི་ས་གསུམ་པ་རྒྱུད་ལ་བསྐྱེད་ནས་དེའི་གེགས་ཀྱི་མུན་པ་བསལ་བར་བྱེད་པའི་ཐབས་བསྟན་པའི་སྒོ་ནས་གཞན་གྱི་འགྲོ༷་བ༷འི་རྒྱུད་ལ་ས་གསུམ་པ་སྐྱེ་བའི་གེགས་ཀྱི་མུ༷ན་པ༷་རྣམས་རྣ༷མ་པ༷ར་འཇོ༷མས་པ༷ར་བྱེད་པ་ཡིན་པར་མངོ༷ན་པ༷ར་འདོ༷ད་པ་ཡིན་ལ། ས༷་གསུམ་པ་འདི༷ར་གནས་པའི་བྱང་སེམས་ལ་རང་གཞན་གྱི་ཡོན་ཏན་འཇོམས་བྱེད་ཀྱི་མུན་པ་འཇོམས་པ་ལ་ཉི་མ་ལྟར་ཤི༷ན་ཏུ༷་རྣོ༷་བ༷ར་གྱུ༷ར་ཀྱ༷ང་སྐྱོན་ལྡན་གྱི་སྐྱེ་བོ་ལ་ཁྲོ༷་བར་མི༷་འགྱུ༷ར་ཏེ། བཟོད་པ་ལ་ཆེས་ལྷག་པར་གོམས་པ་དང༌། སྙིང་རྗེས་རྒྱུད་སྣུམ་པ་བྱས་ཟིན་པའི་ཕྱིར་རོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེཞེས་བྱ་བ་ལ༷ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་གསུ༷མ་པའི་རྣམ་པར་བཤད་པ༷འོ༷།། །།

བཞི་པ་འོད་འཕྲོ་བ་བཤད་པ།

བཞི་པ་ས་བཞི་པ་འོད་འཕྲོ་བ་བཤད་པ་ལ། ས་འདིར་བརྩོན་འགྲུས་ལྷག་པར་བསྟན་པ། སའི་ངེས་པའི་ཚིག་བསྟན་པ། སྤངས་པའི་ཁྱད་པར་བསྟན་པ་དང་གསུམ། དང་པོ་ནི། རྩ་བར། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་ཞིང༌། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བརྩོན་འགྲུས་གང་དུ་འབར་བར་འགྱུར་བ་ཡི། །ས་དེ་བཞི་པ་འོད་ནི་འཕྲོ་བའོ། །ཞེས་ས་བཞི་པ་འདིར་བརྩོན་འགྲུས་ཀྱི་ཕར་ཕྱིན་ལྷག་པ་ཐོབ་པ་ནི། བརྩོན་འགྲུས་ནི་སྦྱིན་སོགས་ཡོན་ཏན་གསོག་པ་ལ་སྤྲོ་བའི་བློ་དང་ལྡན་པ་ལ་མ་ཐོབ་པའི་ཡོན་ཏན་ཐོབ་པ་དང་ཐོབ་པའི་ཡོ༷ན་ཏ༷ན་གོང་ནས་གོང་དུ་འཕེལ་བས་ན་ལམ་དང་འབྲས་བུའི་ཡོན་ཏན་མ༷་ལུ༷ས་པ་ནི་བརྩོ༷ན་འགྲུ༷ས་ཀྱི་རྗེ༷ས་སུ་འགྲོ༷་བ་ཡིན་ཞི༷ང༌། དེས་ན་བརྩོན་འགྲུས་དེ་བསོ༷ད་ན༷མས་ཀྱི་ཚོགས་དང་བློ༷་གྲོ༷ས་སམ་ཡེ་ཤེས་ཀྱི་ཚོ༷གས་ནི༷་གཉི༷ས་ཀྱི༷་རྒྱུ༷་ཡིན་པར་རང་འགྲེལ་ལས། ཚོགས་གཉིས་ཀྱི་རྒྱུ་ཉིད་དུ་ནི་གོང་དུ་བཤད་ཟིན་ཏོ། །ཞེས་སོ། །དེ་འདྲ་བའི་བརྩོན་འགྲུས་ཀྱང་ས་བཞི་པར་ས་གསུམ་པའི་སྐབས་སུ་ས་དང་པོ་གཉིས་ལས་ཆེས་ཕུལ་དུ་བྱུང་བའི་ལྷག་པའི་ཏིང་ངེ་འཛིན་ཐོབ་པ་དེ་ལས་སྐྱེས་པའི་ལེ་ལོའི་ཆ་ཕྲ་མོ་ཡང་སེལ་ནུས་པའི་ཤིན་ཏུ་སྦྱངས་པ་ཁྱད་པར་ཅན་གྱིས་ཡིད་མི་རིགས་པའི་བྱ་བ་ལ་སྤྲོ་བའི་ལེ་ལོ་ལ་སོགས་པ་ལེ་ལོའི་རིགས་ཐམས་ཅད་ཆེས་ཆེར་བཅོམ་པའི་ནུས་པ་ཁྱད་པར་ཅན་དང་ལྡན་པའི་བརྩོ༷ན་འགྲུ༷ས་ལྷག་པར་ཡང་ཡང་འབར་བ་ནི་ས་བཞི་པ་ག༷ང་དུ༷་ལྷག་པར་འབ༷ར་བ་འཆང་བ༷ར་འགྱུ༷ར་བ༷་ཡི༷་ས༷་དེ༷་ནི་བཞི༷་པ༷་འོ༷ད་ནི༷་འཕྲོ༷་བཞེས་བྱ་བ༷འོ༷། །

གཉིས་པ་སའི་ངེས་ཚིག་བསྟན་པ་ནི།

རྩ་བར། དེར་ནི་བདེ་གཤེགས་སྲས་ལ་རྫོགས་པ་ཡི། །བྱང་ཆུབ་ཕྱོགས་ལྷག་བསྒོམས་པ་ལས་སྐྱེས་པའི། །སྣང་བ་ཟངས་ཀྱི་འོད་བས་ལྷག་འབྱུང་ཞེས། །ཞེས་ཅིའི་ཕྱིར་ས་འདི་ལ་འོད་འཕྲོ་བ་ཞེས་བརྗོད་ཅེ་ན། དེ་ལྟར་བརྗོད་པའི་རྒྱུ་མཚན། ས་བཞི་པ་དེ༷ར་ནི༷་བདེ༷་བར་གཤེ༷གས་པའི་སྲ༷ས་པོ་དེ་ལ༷་རྫོ༷གས་པ༷་ཡི༷་སྟེ་རྫོགས་པའི་བྱ༷ང་ཆུ༷བ་ཀྱི་ཕྱོ༷གས་ཀྱི་ཆོས་སོ་བདུན་པོ་སྔར་ས་གསུམ་པ་ལས་ཀྱང་ལྷ༷ག་པར་བསྒོ༷མ་པ༷་ལ༷ས་སྐྱེ༷ས་པ༷འི་ཡེ་ཤེས་ཀྱི་སྣ༷ང་བ༷། ས་གསུམ་པར་ཟ༷ངས་ཀྱི༷་འོ༷ད་དང་འདྲ་བ་བྱུང་བ་དེ་བ༷ས་ལྷ༷ག་པའི་འོད་ཀྱི་སྣང་བ་རྗེས་ཐོབ་ཏུ་འབྱུ༷ང་བ་དེའི་ཕྱིར་ཡང་དག་པའི་ཡེ་ཤེས་ཀྱི་མེའི་འོད་ལྷག་པ་འབྱུང་བའི་རྒྱུ་མཚན་གྱིས་ས་བཞི་པ་དེ་ལ་འོད་འཕྲོ་བ་ཞེས་བརྗོད་པའོ། །རྒྱན་ལས། འདི་ལྟར་བྱང་ཆུབ་ཕྱོགས་མཐུན་ཆོས། །རབ་ཏུ་སྲེག་བྱེད་འོད་ལྟ་བུ། །དེ་དང་ལྡན་ཕྱིར་ས་དེ་ནི། །

གཉིས་པོ་སྲེག་པས་འོད་འཕྲོ་ཅན། །ཞེས་དང༌། རིན་ཕྲེང་ལས། ཡེ་ཤེས་ཞི་བའི་འོད་འབྱུང་ཕྱིར། །ཞེས་སོ། །སྤྱིར་ན་བསླབ་པ་གསུམ་པོ་སྐྱེས་པ་ལའང་ཡོད་ཀྱང་ལྷག་པ་ཁྱད་པར་ཅན་གྱི་དབང་དུ་བྱས་ན་ས་དང་པོར་ཚུལ་ཁྲིམས་ཀྱི་ཕར་ཕྱིན་ལྷག་པ་མ་ཐོབ་ལ། སེར་སྣ་སྡོམ་པའི་ཚུལ་ཁྲིམས་ཀྱི་རྒྱུ་སྦྱིན་པའི་ཕར་ཕྱིན་དེ་ཡིན་ཞིང་དེ་ལྷག་པ་ཐོབ་པས་ས་དང་པོ་ནི་བསླབ་པའི་རྟེན་དང༌། བསླབ་པའི་ངོ་བོ་ལ་ས་གཉིས་པར་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་ལྷག་པ་དང༌། ས་གསུམ་པར་བསམ་གཟུགས་དང་མངོན་ཤེས་སོགས་ཀྱི་ཏིང་ངེ་འཛིན་ལ་འཇུག་ལྡང་ཤིན་ཏུ་ལས་སུ་རུང་བ་ལ་དབང་ཐོབ་པས་ཏིང་ངེ་འཛིན་གྱི་བསླབ་པ་ཁྱད་པར་ཅན་དང༌། ས་འདིར་བྱང་ཆོས་རགས་པ་དང་ཕྲ་བ་མ་ལུས་པའི་ངོ་བོ་དང་མཚན་ཉིད་དབྱེ་བ་སོགས་ལ་ཆེས་མཁས་པའི་ཤེས་རབ་ཀྱི་བསླབ་པ་ཁྱད་པར་ཅན་ཐོབ་སྟེ་འདི་དང་ས་དྲུག་པའི་བར་ལ་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཁྱད་པར་ཅན་འཇོག་པ་ཡིན་ནོ། །རིན་ཆེན་ཕྲེང་བ་ལས། ཡང་དག་ཡེ་ཤེསའོད་འབྱུང་ཕྱིར། །ཞེས་སོ། །

གསུམ་པ་སྤངས་པའི་ཁྱད་པར་བསྟན་པ་ལ།

རྩ་བར། རང་དུ་ལྟ་བ་དང་འབྲེལ་ཡོངས་སུ་ཟད། །ཅེས་ས་བཞི་པར་སྤང་པ་ཁྱད་པར་ཅན་དང་ལྡན་ཏེ། ས་བཞི་པ་རང་གི་ངོས་སྐལ་གྱི་ཕྲ་བའི་འཇིག་ལྟས་ར༷ང་དུ༷་ལྟ༷་བ༷་གྱུར་བའམ་བདག་དང་བདག་གིར་ལྟ་བའི་ཤེས་རབ་ཉོན་མོངས་ཅན་གྱི་ལྟ་བ་ད༷ང༌། འབྲེ༷ལ་བ་སྟེ་དེའི་རྒྱུ་ལས་བྱུང་བའི་སེམས་ཅན་དང་གང་ཟག་སོགས་རང་རྐྱ་བའི་རྗས་ཡོད་དུ་འཛིན་པ་དང༌། ཕུང་ཁམས་སྐྱེ་མཆེད་ལ་བདེན་པར་ཞེན་པའི་ཆོས་ཀྱི་བདག་འཛིན་རྣམས་ཡོ༷ངས་སུ༷་ཟ༷ད་པ་ཡིན་ཏེ། རང་འགྲེལ་ལས། ས་འདིར་དེའི་རང་དུ་ལྟ་བ་ཟད་པར་ཡང་འགྱུར་ཏེ། ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་འོད་འཕྲོ་བ་ཅན་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་འཇིག་ཚོགས་ལ་ལྟ་བ་སྔོན་དུ་འགྲོ་བའི་བདག་དང༌། སེམས་ཅན་དང༌། སྲོག་དང༌། ཞེས་པ་ནས། བདག་གིར་འཛིན་པ་རྣམས་དང༌། ནོར་དུ་འཛིན་པ་རྣམས་དང༌། འཇིག་རྟེན་གྱི་གནས་རྣམས་གང་ཡིན་པ་དེ་དག་ཐམས་ཅད་དངདེ་བྲལ་བ་ཡིན་ནོ་ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །

ཐལ་འགྱུར་བ་འདི་བས་འདོད་པའི་ལྷན་སྐྱེས་རགས་པའི་གང་ཟག་གི་རྫས་ཡོད་དང༌། རང་སྡེ་གཞན་གྱི་ལྷན་སྐྱེས་ཀྱི་གང་ཟག་གི་རྫས་ཡོད་དང༌། འདི་བས་ཀུན་བཏགས་སུ་འདོད་པའི་རྫས་ཡོད་གསུམ་གྱི་ཁྱད་པར་ཡོད་དེ། དཔེར་ན་ཚོང་དཔོན་ཚོང་བ་ལས་ཟུར་དུ་མི་བཀར་བ་སྟེ་ལོགས་སུ་མེད་ཀྱང་ཚོང་བ་རྣམས་ལ་དབང་སྒྱུར་བ་པོ་ཡིན་པ་ལྟར་བདག་ཕུང་པོ་ལས་སོགས་སུ་མི་བཀར་བར་ཕུང་པོའི་རང་བཞིན་ཅན་གྱི་བདག་གིས་ཕུང་པོ་ལ་དབང་བསྒྱུར་ཞིང་ཕུང་པོ་ཚུར་བདག་ལ་ལྟོས་ཀྱང༌། བདག་ཕུང་པོ་ལ་ཕར་མི་ལྟོས་པ་ཚོང་དཔོན་ལྟར་གྲུབ་པའི་བདག་དེ་དང་པོ་དང༌། དཔེར་ན་ཕྱུགས་རྫིས་ཕྱུགས་ལ་དབང་བསྒྱུར་ཞིང་ཕྱུགས་དང་མཚན་ཉིད་མི་མཐུན་པ་ལྟར་ཕུང་པོ་དང་མཚན་ཉིད་མི་མཐུན་པར་རྗེ་ཁོལ་ལྟར་དབང་བསྒྱུར་བ་སོགས་གྲུབ་པའི་བདག་དེ་གཉིས་པ་དང༌། མི་འཇིག་པའི་རྟག་པ་དང་ཆ་མེད་པའི་གཅིག་པུར་གྲུབཔའི་བདག་དེ་གསུམ་པ་ཡིན་པའོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ལ༷ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་བཞི༷་པའི་རྣམ་པར་བཤདཔ༷འོ༷།། །།

ལྔ་པ་སྦྱང་དཀའ་བ་བཤད་པ།

ལྔ་པ་ས་ལྔ་པ་སྦྱང་དཀའ་བ་བཤད་པ་ལ། ས་ལྔ་པའི་ངེས་པའི་ཚིག་བཤད་པ་དང༌། བསམ་གཏན་ལྷག་ཅིང་བདེན་པ་ལ་མཁས་པར་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། བདག་ཉིད་ཆེ་དེ་བདུད་རྣམས་ཀུན་གྱིས་ཀྱང༌། །སྦྱང་དཀའི་ས་ལ་ཕམ་པར་ནུས་མ་ཡིན། །

ཞེས་ས་ལྔ་པའི་ཡེ་ཤེས་ལ་སྦྱང་དཀའ་བ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བད༷ག་ཉི༷ད་ཆེ༷ན་པོ་ས་ལྔ་པ་ལ་གནས་པ་དེ༷་ནི་འཇིག་རྟེན་གྱི་ཁམས་མ་ལུས་པ་ཐམས་ཅད་ན་གནས་པའི་ལྷའི་བུའི་བདུ༷ད་རྣ༷མས་ཀུ༷ན་གྱི༷ས་ཀྱང་ནི་སྦྱ༷ང་དཀ༷འི་དོན་དམ་པའི་ས༷་ལ༷་བར་ཆད་བྱེད་པས་ཕ༷མ་པ༷ར་བྱེད་ནུ༷ས་པ་མ༷་ཡི༷ན་ན། དེ་དག་ལས་གཞན་པའི་བདུད་ཀྱི་བཀའ་ཉན་པ་བྲན་ལ་སོགས་པ་རྣམས་ཀྱིས་ཕམ་པར་བྱེད་མི་ནུས་པ་ལྟ་ཅི་སྨོས་པའི་ཕྱིར་ས་འདིའི་མིང་ལ་སྦྱང་དཀའ་བ་ཞེས་བརྗོད་པའོ། །རྒྱན་ལས། སེམས་ཅན་རྣམས་ཡོངས་སྨིན་བྱེད་ཅིང༌། །རང་གི་སེམས་ཀྱང་བསྲུང་བའི་ཕྱིར། །བློ་ལྡན་རྣམས་ཀྱིས་སྦྱང་དཀའ་བ། །དེ་ཕྱིར་སྦྱང་དཀའ་ཞེས་བྱའོ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། ལྔ་པ་ཤིན་ཏུ་སྦྱང་དཀའ་བདུད། །ཀུན་གྱིས་ཤིན་ཏུ་ཐུབ་དཀའིཕྱིར། །ཞེས་སོ། །

གཉིས་པ་བསམ་གཏན་ལྷག་ཅིང་བདེན་པ་ལ་མཁས་པར་བསྟན་པ་ནི།

རྩ་བར། བསམ་གཏན་ལྷག་ཅིང་བློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་ཐོབ། །ཅེས་ས་ལྔ་པ་འདིར་ཕར་ཕྱིན་ལྷག་མ་དྲུག་གི་ནང་ནས་བསམ་གཏན་གྱི་ཕར་ཕྱིན་ཆེས་ལྷག་པར་འགྱུར་བ་ཡིན་ཏེ། བསམ་གཏན་གྱི་ཕར་ཕྱིན་གྱི་མི་མཐུན་ཕྱོགས་རྣམ་གཡེང་དང་བྱིང་བ་དང་ལུས་སེམས་ཀྱི་གནས་ངན་ལེན་སོགས་ཆ་ཕྲ་མོས་ཀྱང་གཏན་མི་བརྫི་བའི་བསམ་གཏན་དེ་ས་འདི་ནས་ཐོབ་ལ། དེ་འདྲ་བའི་ནུས་སྟོབས་ཙམ་ཤེས་རབ་སོགས་ལྷག་མ་ལྔ་ལ་མ་ཐོབ་པ་ཡིན་ལ། ས་ལྔ་པ་འདིར་བདེན་བཞི་ཕྲ་རགས་ལ་མཁས་པའི་ཤེས་རབ་དང་ལྡན་ཏེ། བས༷མ་གཏ༷ན་ལྷ༷ག་ཅི༷ང་དེ་མ་ཟད་བློ༷་བཟ༷ང་ཞེས་པ་འཕགས་པའི་བདེ༷ན་པ་བཞིའི་ར༷ང་བཞི༷ན་ཏེ་བཞི་པོ་རང་རང་གི་ངོ་བོ་མ་ལུས་པ་ཐམས་ཅད་ཤེས་པ་ཞི༷བ་མོ༷་ཡི་སྒོ་ནས་ཁོང་དུ་ཆུད་དགོས་པའི་ཆཕྲ་རགས་དང་བཅས་པ་རྟོ༷གས་པ་ལ༷འ༷ང་ཤི༷ན་ཏུ༷་མཁ༷ས་པ༷་ཐོ༷བ་པ་ཡིན་པའི་ཕྱིར་རོ། །

འདི་བའི་ལུགས་ལ་བདེན་འཛིན་དུ་གྱུར་བའི་མ་རིག་པ་ཡོད་པར་བཞེད་དེ། སྟོང་ཉིད་བདུན་ཅུ་པ་ལས། རྒྱུ་དང་རྐྱེན་ལས་སྐྱེ་དངོས་རྣམས། །ཡང་དག་པར་ནི་རྟོགས་པ་གང༌། །དེ་ནི་སྟོན་པས་མ་རིག་གསུངས། །དེ་ལས་ཡན་ལག་བཅུ་གཉིས་འབྱུང༌། །ཞེས་གསུངས་པའི་ཕྱིར་རོ། །

བདེན་བཞི་པོ་རྣམས་ཀྱི་རང་གི་ངོ་བོ་ཕྲ་མོ་ཤེས་ན་བདེན་བཞི་ལ་མཁས་པར་སྐབས་འདིར་གསུངས་ཏེ། རང་འགྲེལ་ལས། བློ་གྲོས་བཟང་པོའི་བདེན་པ་རྣམས་ཀྱི་རང་གི་ངོ་བོ་ཕྲ་མོ་ཤེས་པ་ལ་ཆེར་མཁས་པར་འགྱུར་རོ། །དེ་ལ་འཕགས་པའི་བདེན་པ་བཞི་ནི་སྡུག་བསྔལ་དང༌། ཀུན་འབྱུང་དང་འགོག་པ་དང་ལམ་ཞེས་བྱ་བ་རྣམས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱིས་བདེན་པ་ནི་གཉིས་ཁོ་ནར་བསྟན་ཏེ། འདི་ལྟ་སྟེ། ཀུན་རྫོབ་ཀྱི་བདེན་པ་དང༌། དོན་དམ་པའི་བདེན་པའོ། །ཇི་སྐད་དུ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་སོ། །དབུ་མ་ལས་ཀྱང༌། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །

འཇིག་རྟེན་ཀུན་རྫོབ་བདེན་པ་དང༌། །དམ་པའི་དོན་གྱི་བདེན་པའོ། །ཞེས་བཤད་དོ། །དེའི་ཕྱིར་བདེན་པ་གཉིས་ལས་ཐ་དད་པར་འཕགས་པའི་བདེན་པ་བཞི་པོ་གཞན་ག་ལ་ཡོད་ཅེ་ན། བཤད་པ། གལ་ཏེ་ཡང་དེ་ལྟ་ཡིན་མོད་ཀྱི། དེ་ལྟ་ན་ཡང་བླང་བར་བྱ་བ་ཡང་སྤང་བར་བྱ་བ་དག་རེ་རེའི་རྒྱུ་དང་འབྲས་བུའི་དངོས་པོ་བསྟན་པར་བྱ་བའི་ཕྱིར། འདིར་འཕགས་པའི་བདེན་པ་བཞི་བསྙད་དོ། །དེ་ལ་སྤང་བར་བྱ་བའི་ཕྱོགས་ནི་ཀུན་ནས་ཉོན་མོངས་པའོ། །དེའི་འབྲས་བུ་ནི་སྡུག་བསྔལ་གྱི་བདེན་པའོ། །རྒྱུ་ནི་ཀུན་འབྱུང་གི་བདེན་པའོ། །བླང་བར་བྱ་བའི་ཕྱོགས་ནི་རྣམ་པར་བྱང་བ་ཡིན་ལ། དེའི་འབྲས་བུ་ནི་འགོག་པའི་བདེན་པའོ། །དེ་ཐོབ་པའི་རྒྱུ་ནི་ལམ་གྱི་བདེན་པའོ། །དེ་ལ་སྡུག་བསྔལ་དང་ཀུན་འབྱུང་དང་ལམ་གྱི་བདེན་པ་ནི་ཀུན་རྫོབ་ཀྱི་བདེན་པའི་ཁོངས་སུ་གཏོགས་སོ། །འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པའི་རང་གི་ངོ་བོའོ། །

དེ་བཞིན་དུ་བདེན་པ་གཞན་གང་ཅུང་ཟད་ཅིག་ཡོད་པ་དེ་ཡང་ཅི་རིགས་པར་བདེན་པ་གཉིས་ཀྱི་ཁོངས་སུ་གཏོགས་པ་ཁོ་ནར་ངེས་པར་བྱའོ། །ཡང་ཅི་བདེན་པ་བཞི་ལས་ཐ་དད་པའི་བདེན་པ་གཞན་ཡང་ཡོད་དམ་ཞེ་ན། བཤད་པ་ཡོད་དེ། ཇི་སྐད་དུ་བྱང་ཆུབ་སེམས་དཔའི་ས་ལྔ་པ་ལས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ་ཞེས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །

འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་སྒོ་མང་ཡིག་ཆ་སོགས་སུ་བདེན་བཞི་ཕྲ་རགས་བཞག་ཡོད་ལ། འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། རང་རྒྱུ་བདེན་འཛིན་སོགས་ཀུན་འབྱུང་བདེན་པ་ཕྲ་མོས་བསྐྱེད་པའི་སྡུག་བསྔལ་བའི་ཟག་བཅས་ཉེར་ལེན་གྱི་ཕུང་པོ་ཡིན་པ་དེ། རང་ཉིད་ཕྲ་བའི་སྡུག་བདེན་ཡིན་པའི་མཚན་ཉིད་ཡིན་ཏེ།

ཕྲ་བའི་སྡུག་བདེན་དེ་ཐུང་མཐའི་སྐད་གཅིག་མ་གཅིག་གི་ཡུན་ལ་འཇིག་པའི་མི་རྟག་པ་དང༌། ཕྲ་བའི་སྡུག་བདེན་དེ་སྡུག་བསྔལ་གསུམ་པོ་ཅི་རིགས་པས་སྡུག་བསྔལ་བ་དང༌། དེ་བདེན་པས་སྟོང་པ་དང༌། དེ་རང་དབང་བའི་བདག་གི་ངོ་བོར་མེད་པ་བཞི་སྡུག་བདེན་ཕྲ་མོའི་ཁྱད་ཆོས་ཕྲ་མོ་ཡིན། བདེན་འཛིན་གྱིས་ཐུན་མོང་མ་ཡིན་པར་དྲངས་པའི་ལས་ཉོན་ཅི་རིགས་པས་བསྡུས་པའི་རང་འབྲས་སྡུག་བདེན་སྐྱེད་བྱེད་ཡིན་པ་དེ། ཀུན་འབྱུང་བདེན་པ་ཕྲ་མོའི་མཚན་ཉིད། དེ་འདྲའི་ཀུན་འབྱུང་བདེན་པ་ཕྲ་མོར་གྱུར་པའི་རྒྱུ་དང༌། དེར་གྱུར་པའི་ཀུན་འབྱུང༌། དེར་གྱུར་པའི་རྐྱེན་དང༌། དེར་གྱུར་པའི་རབ་སྐྱེ་ཞེས་བྱ་བའི་ཆ་རྣམས་ཀུན་འབྱུང་བདེན་པ་ཕྲ་མོའི་ཁྱད་ཆོས་ཕྲ་མོ་ཡིན་ཏེ། འཁོར་བར་འཕེན་འགྲུབ་ཀྱི་ལས་ཉོན་ཐམས་ཅད་བདེན་འཛིན་གྱིས་དྲངས་པ་ཡིན་ཡང་དེ་ལ་བདེན་འཛིན་དང་མངོན་པ་ནས་བཤད་པའི་ཉོན་མོངས་པས་དྲངས་པའི་ཆ་གཉིས་ཡོད་པའི་སྔ་མ་ཀུན་འབྱུང་བདེན་པ་ཕྲ་མོར་སྣང་གི་ཆ་དེའི་རྒྱུ་དང་ཀུན་འབྱུང་ལ་སོགསཡིན་པའི་ཆ་དེ་ཀུན་འབྱུང་བདེན་པ་ཕྲ་མོའི་ཁྱད་ཆོས་ལ་འཇོག་པ་ཡིན་པའི་ཕྱིར་རོ། །

ལམ་བདེན་སྒོམ་སྟོབས་ཀྱིས་སྒྲིབ་གཉིས་གང་རུང་སྤངས་པའི་ཆོས་ཉིད་དེ། ཕྲ་བའི་འགོག་བདེན་གྱི་མཚན་ཉིད་ཡིན་ཏེ། དེ་འདྲའི་འགོག་བདེན་ལ་ཕྲ་བའི་འགོག་བདེན་མ་ཡིན་པ་གཅིག་ཀྱང་མེད་པས་དེ་ལ་ཕྲ་བའི་འགོག་བདེན་གྱིས་ཁྱབ་པའི་ཕྱིར་རོ། །དེ་འདྲའི་རང་གི་སྤང་བྱ་འགོག་པ་དང་སྤང་བྱ་ཞི་བ་དང༌། དེ་མཆོག་ཡིན་པས་གྱ་ནོམ་པ་དང༌། དེ་ལས་སླར་མི་ལྡོག་པའི་ངེས་འབྱུང་གི་ཆ་བཞི་འགོག་བདེན་ཕྲ་མོའི་ཁྱད་ཆོས་ཕྲ་མོ་ཡིན། ལམ་དང་རིགས་པ་སོགས་ཁྱད་ཆོས་བཞི་ལྡན་གྱི་འཕགས་ལམ་དེ། ཕྲ་བའི་ལམ་བདེན་གྱི་མཚན་ཉིད་ཡིན་ཏེ། མཚན་ཉིད་དེ་འདྲ་ལ་ཕྲ་བའི་ལམ་བདེན་གྱིས་ཁྱབ་པའི་ཕྱིར་ཏེ། རགས་པའི་ལམ་བདེན་ལམ་བདེན་མ་ཡིན་པའི་ཕྱིར་ཏེ། ཕྲ་བའི་ལམ་བདེན་དང་ལམ་བདེན་དོན་གཅིག་པའི་ཕྱིར་རོ། །དེ་འདྲའི་ལམ་བདེན་དེ་ལམ་གྱི་བདེན་པ་ཡིན་པར་མཚོན་བྱེད་ལ་བདེན་མེད་མངོན་སུམ་དུ་རྟོགས་པའི་གནས་སྐབས་ལ་ལྟོས་ནས་བཞག་པའི་ལམ་དང༌། རིགས་པ་དང༌། སྒྲུབ་པ་དང༌། ངེས་འབྱིན་བཞི་ལམ་བདེན་གྱི་ཁྱད་ཆོས་ཕྲ་མོར་འཇོག་པ་ཡིན་ཏེ། དེ་འདྲའི་ཁྱད་ཆོས་བཞི་ནི་བདེན་མེད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་ལྡོག་པའི་ཕྱེ་ནས་འཇོག་པ་ཡིན་ཞིང༌། རྣམ་པ་དེ་བཞི་དང་ལྡན་པ་ནི་འཕགས་ལམ་མཉམ་རྗེས་ཐམས་ཅད་ཡིན་པའི་ཕྱིར་རོ། །བདེན་བཞི་རགས་པ་ཡང་ཡོད་དེ། རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློས་དྲངས་པའི་སྡུག་བདེན་དེ། སྡུག་བདེན་རགས་པ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་བློས་དྲངས་པའི་ལས་ཉོན་གཉིས་ཀུན་འབྱུང་བདེན་པ་རགས་པ་དང༌། མངོན་པ་གཉིས་ནས་བཤད་པའི་ཉོན་མོངས་མངོན་གྱུར་རེ་ཞིག་སྤངས་པའི་སྤངས་པ་དེ་འགོག་བདེན་རགས་པ་དང༌། རང་རྐྱ་ཐུབ་པའི་རྫས་ཡོད་དུ་གྲུབ་པས་སྟོང་པ་ཙམ་མངོན་སུམ་དུ་རྟོགས་པའི་ལམ་དེ་ལམ་བདེན་རགས་པ་ཡིན་པའི་ཕྱིར་ཏེ། སྡུག་ཀུན་རགས་པ་ལ་སྡུག་ཀུན་གྱིས་ཁྱབ་ཀྱང་འགོག་ལམ་རགས་པ་ལ་འགོག་ལམ་མ་ཡིན་པས་ཁྱབ་པའི་ཕྱིར། ཞེས་བདེན་བཞི་སོ་སོའི་ཕྲ་རགས་ཀྱི་ཚད་སོ་སོར་གསུངས་པའི་ཚིག་ཟིན་དག་ལ་དཔྱད་པར་བྱའོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ལ༷ས་དོན་དམ་པའི་སེ༷མས་བསྐྱེ༷ད་པ༷་ལྔ༷་པའི་རྣམ་པར་བཤདཔ༷འོ༷།། །།

ས་དྲུག་པ་མངོན་དུ་གྱུར་པ་བཤད་པ།

དྲུག་པ་ས་དྲུག་པ་མངོན་དུ་གྱུར་པ་བཤད་པ་ལ། སའི་ངེས་ཚིག་དང་ཤེར་ཕྱིན་ལྷག་པར་བསྟན་པ་དང༌། ཤེས་རབ་ཀྱི་ཕར་ཕྱིན་གྱི་བསྔགས་པ་དང༌། ཟབ་མོ་རྟེན་འབྱུང་གཟིགས་པའི་དེ་ཁོ་ན་ཉིད་བསྟན་པ་དང༌། སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བདང་བཞི་ལས།

དང་པོ་ནི།

རྩ་བར། མངོན་དུ་ཕྱོགས་པར་མཉམ་གཞག་སེམས་གནས་ཏེ། །

རྫོགས་པའི་སངས་རྒྱས་ཆོས་ལ་མངོན་ཕྱོགས་ཤིང༌། །

འདི་རྟེན་འབྱུང་བའི་དེ་ཉིད་མཐོང་བ་དེ། །

ཤེས་རབ་གནས་པས་འགོག་པ་ཐོབ་པར་འགྱུར། །

ཞེས་ས་ལྔ་པར་བསམ་གཏན་གྱི་ཕར་ཕྱིན་གྱི་ལྷག་པར་ཐོབ་པ་དེའི་རྒྱུུ་ན་དུ་གྱུར་པའི་བསམ་གཏན་གྱིས་སེམས་རྟེན་བྱས་པའི་ས་དྲུག་པ་མངོ༷ན་དུ༷་ཕྱོ༷གས་པ༷ར་རམ་མངོན་དུ་གྱུར་པའི་ཡེ་ཤེས་ལ་མཉ༷མ་པར་བཞ༷ག་པའི་སེ༷མས་ཕུལ་དུ་བྱུང་བ་ལ་གན༷ས་ཏེ༷། ཤེས་རབ་ལྷག་པའི་སྟོབས་ཀྱིས་གཟུགས་བརྙན་དང་འདྲ་བའི་ཆོས་ཉིད་ཟབ་མོ་མངོན་དུ་གྱུར་པའི་ཕྱིར་དང༌། ས་ལྔ་པར་ལམ་བདེན་ལ་མཁས་པའི་ཤེས་རབ་དེ་གོང་འཕེལ་དུ་སོང་ནས་བདེན་པ་མངོན་དུ་གྱུར་པའི་ཕྱིར་དང༌། རྫོ༷གས་པ༷འི་ས༷ངས་རྒྱ༷ས་ཀྱི་ཆོ༷ས་མྱུར་དུ་འཐོབ་པ་ལ༷་མངོ༷ན་དུ་ཕྱོ༷གས་པ༷འི་ལམ་ཡིན་པས་མངོན་དུ་གྱུར་པ་ཞེས་བརྗོད་པ་ཡིན་ལ། འདི༷་ལ་བརྟེན་ནས་འདི་འབྱུང་བ་དང༌། འདི་ལ་བརྟེན་ནས་འདི་གྲུབ་པའི་རྟེ༷ན་ཅིང་འབྲེལ་བར་འབྱུ༷ང་བ༷འི་རྐྱེན་ལས་ཤར་བ་འདི་ཙམ་ལས་རང་བཞིན་མེད་པའི་ཟབ་མོའི་དེ༷་ཁོ་ན་ཉི༷ད་མཐོ༷ང་བ༷་ཡི་བྱང་སེམས་ས་དྲུག་པ་ལ་གནས་པ་དེ༷་ནི་ཤེ༷ས་ར༷བ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཕུལ་དུ་བྱུང་བ་ལ་གན༷ས་པ༷ས་འགོ༷ག་པ༷འི་ཏིང་ངེ་འཛིན་ཐོ༷བ་པ༷ར་འགྱུ༷ར་བ་ཡིན་ནོ། །རྒྱན་ལས། ཤེས་རབ་ཕ་རོལ་ཕྱིན་བརྟེན་ནས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་འདིར་མངོན་དུ་གྱུར་བའི་ཕྱིར། །

མངོན་དུ་གྱུར་བའི་ས་ཞེས་བཤད། །ཅེས་དང༌། རིན་ཆེན་ཕྲེང་བ་ལས། དྲུག་པ་མངོན་ཕྱོགས་ཞེས་བྱ་སྟེ། །སངས་རྒྱས་ཆོས་ལ་མངོན་ཕྱོགས་ཕྱིར། །ཞེས་སོ། །རང་འགྲེལ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡོངས་སུ་དག་པས་འགོག་པ་ཐོབ་པར་འགྱུར་གྱི་སྔ་རོལ་དུ་ནི་མ་ཡིན་ཏེ། ཤེས་རབ་ལྷག་པར་གྱུར་པ་མེད་པའི་ཕྱིར་ཏེ། སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ཕུལ་དུབྱུང་བ་དང་ལྡན་པས་ནི་འགོག་པ་ཐོབ་པར་མི་ནུས་སོ། །ཞེས་གསུངས་སོ། །

གཉིས་པ་ཤེས་རབ་ཀྱི་ཕར་ཕྱིན་གྱི་བསྔགས་པ་ནི།

རྩ་བར། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་ཁྲིད་པ་དེ་བཞིན་འདིར་ཡང་བློས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་ཉིད་འགྲོ། །ཞེས་སྟོང་ཉིད་རྟོགས་པའི་ཤེར་ཕྱིན་ལས་གཞན་པའི་སྦྱིན་སོགས་ཀྱི་ལམ་རྣམས་འབྲས་བུའི་སར་བགྲོད་པ་ནི་སྟོང་ཉིད་རྟོགས་པའི་ཤེས་རབ་ལ་རག་ལས་པ་ཡིན་ཏེ། ཇི༷་ལྟ༷ར་ཏེ་དཔེར་ན་ལོ༷ང་པ༷འི་ཚོ༷གས་མ་ལུས་པ་ཀུ༷ན་བདེ༷་བླ༷ག་ཏུ༷་མི༷ག་དང་ལྡ༷ན་པའི་སྐྱེ༷ས་བུ༷་གཅི༷ག་གི༷ས་གང་དུ་འགྲོ་བར་འདོ༷ད་པ༷་ཡི༷་ཡུ༷ལ་དུ་༷འཁྲི༷ད་པར་བྱེད་པ༷་དེ༷་བཞི༷ན་དུ། ཐེག་ཆེན་གྱི་ལམ་གྱི་སྐབས་འདི༷ར་ཡ༷ང་སྟོང་ཉིད་རྟོགས་པའི་ཤེར་ཕྱིན་གྱི་བློ༷ས་དེ་ཁོ་ན་ཉིད་ལ་ལྟ་བའི་མི༷ག་ཉ༷མས་པའི་སྦྱིན་སོགས་ཀྱི་ཡོ༷ན་ཏ༷ན་རྣམས་བླ༷ངས་པ་སྟེ༷་ཡོངས་སུ་བཟུང་ནས་རྒྱ༷ལ་བའི་གོ་འཕང་ཉི༷ད་དུ་འགྲོ༷་བ་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། ཡན་ལག་འདི་དག་ཐམས་ཅད་ནི། །ཐུབ་པའི་ཤེས་རབ་དོན་དུ་གསུངས། །དེ་ཡི་ཕྱིར་ན་སྡུག་བསྔལ་དག། ཞི་བར་འདོད་པས་ཤེས་རབ་བསྐྱེད། །ཅེས་དང༌། སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་འགྱུར། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་འདི། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་དང༌། རྡོ་རྗེ་གཅོད་པ་ལས། རབ་འབྱོར་འདི་ལྟ་སྟེ། དཔེར་ན་མིག་དང་ལྡན་པའི་མི་ཞིག་མུན་པར་ཞུགས་ནས་ཅི་ཡང་མི་མཐོང་བ་དེ་བཞིན་དུ་གང་དངོས་པོར་ལྷུང་བས་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔའ་བལྟའོ། །རབ་འབྱོར་འདི་ལྟ་སྟེ་དཔེར་ན་ནམ་ལངས་ཏེ་ཉི་མ་ཤར་བ་ན་མིག་དང་ལྡན་པའི་མིས་གཟུགས་རྣམ་པ་སྣ་ཚོགས་མཐོང་བ་དེ་བཞིན་དུ་གང་དངོས་པོར་མ་ལྷུང་བའི་སྦྱིན་པ་ཡོངས་སུ་གཏོང་བའི་བྱང་ཆུབ་སེམས་དཔར་བལྟའོ། །ཞེས་གསུངས་སོ། །འདི་ནི་ཚུལ་ཁྲིམས་སོགས་ལའང་སྦྱར་བར་བྱགསུངས་སོ། །

གསུམ་པ་རྟེན་འབྱུང་གཟིགས་པའི་དེ་ཁོ་ན་ཉིད་བཤད་པ་ལ།

ཟབ་མོའི་དོན་བཤད་པར་དམ་བཅའ་བ་དང༌། ཟབ་མོའི་དོན་བཤད་པའི་སྣོད་ངོས་བཟུང་བ། དེ་ལ་བཤད་ན་ཡོན་ཏན་འབྱུང་ཚུལ། སྣོད་ལྡན་གྱི་གང་ཟག་ལ་ཉན་པར་བསྐུལ་བ། རྟེན་འབྱུང་གི་དེ་ཉིད་ཇི་ལྟར་བཤད་པའི་ཚུལ་དང་ལྔ་ལས། དང་པོ་ནི། རང་འགྲེལ་ལས། གལ་ཏེ་འཕགས་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་འཕགས་པ་ས་བཅུ་པ་ལ་སོགས་པ་མདོ་སྡེ་གང་དག་འདོན་པ་དེ་དག་ལས་འཕགས་པ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པའི་བྱང་ཆུབ་སེམས་དཔའ་ཇི་ལྟར་རྟེན་ཅིང་འབྲེལ་པར་འབྱུང་བའི་དེ་ཉིད་མཐོང་བ་ཞེས་བྱ་བ་གསུངས་པ་ཡིན་ནམ། དེའི་ཕྱིར་ལུང་གི་རྗེས་སུ་འབྲངས་ནས་བཤད་པར་རིགས་སོ་ཞེ་ན། འདི་ཡང་ཡོད་པ་མ་ཡིན་ཏེ། ལུང་གི་དགོངས་པ་ངེས་པར་དཀའ་བའི་ཕྱིར་བདག་ཅག་འདྲ་བས་ལུང་ལས་ཀྱང་དེ་ཁོ་ན་ཉིད་བསྟན་པར་མི་ནུས་སོ། །རང་དབང་ཉིད་ཀྱི་དབང་དུ་བྱས་ནས་དེ་སྐད་དུ་བརྗོད་ཀྱི། བསྟན་བཅོས་ཚད་མར་གྱུར་པའི་སྐྱེས་བུས་བྱས་ཤིང་ལུང་ཕྱིན་ཅི་མ་ལོག་པར་འཆད་པ་མཐོང་བ་ལས་ལུང་གི་དགོངས་པ་ངེས་པས་ནི། རྩ་བར། ཇི་ལྟར་དེ་ཡིས་ཆེས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པས་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། །ཇི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །ཞེས་མདོའི་དོན་རྣམས་མདོ་ལ་བརྟེན་ནས་རྟོགས་ནུས་པའི་ཚད་མའི་སྐྱེས་བུས་བྱས་པའི་སྟོང་ཉིད་སྟོན་པའི་བསྟན་བཅོས་ལས་ལུང་གི་དོན་ཕྱིན་ཅི་མ་ལོག་པར་བསྟན་པ་དེ་མཐོང་བ་ལ་བརྟེན་ནས་ནི་ལུང་གི་དགོངས་དོན་ངེས་པ་དང་འཆད་ནུས་པར་སྟོན་པ་ནི། ཚུལ་ཇི༷་ལྟ༷ར་ས་དྲུག་པ་བ་དེ༷་ཡི༷ས་ཆེ༷ས་ཤིན་ཏུ་ཟ༷བ་པའི་ཆོ༷ས་ཟབ་མོ་དེ་ཁོ་ན་ཉིད་དེ་རྟོ༷གས་པ༷་དེ་ལྟར་དུ་མ་ནོར་བར་ལུ༷ང་གི་དགོངས་པ་ཚུལ་བཞིན་དུ་འཕགས་པ་ཀླུ་སྒྲུབ་ཀྱིས་མཁྱེན་པ་དབུ་མའི་བསྟན་བཅོས་རྩ་ཤེས་སུ་མདོའི་ལུང་ད༷ང༌། དེ་མ་ཟད་ལུང་ལས་གཞ༷ན་ཡ༷ང་བདེན་མེད་དཔྱོད་པའི་རི༷གས་པ༷ས་ཆོས་རྣམས་ཀྱི་སྟོང་ཉིད་ཆེས་གསལ་ཞིང་རྒྱས་པར་བསྟན་པ་ཡི༷ན་པ༷ས་ན༷། དེ༷་ལྟ༷ར་འཕ༷གས་པ༷་ཀླུ༷་སྒྲུ༷བ་ཀྱི་གཞུ༷ང་ལུ༷གས་ལ༷ས་དེ་ཁོ་ན་ཉིད་ཇི༷་ལྟ༷ར་བསྟན་པ་དེ་ཁོ་ན་ལྟར་དུ་ཟླ་བའི་ཞབས་བདག་གིས་འཕགས་པ་ཀླུ་སྒྲུབ་ཀྱིས་དེ་ཁོ་ན་ཉིད་བསྟན་པའི་ལུགས་ཇི་ལྟར་གན༷ས་པའི་༷ལུ༷གས་བཞི༷ན་དུ་བརྗོ༷ད་པ༷ར་བྱ༷འོ། །ཀླུ་སྒྲུབ་ཞབས་ནི་ངེས་དོན་གྱི་མདོའི་དོན་ཕྱིན་ཅི་མ་ལོག་པར་འཆད་པའི་སྐྱེས་བུ་ཡིན་པར་བཅོམ་ལྡན་འདས་ཀྱི་ལུང་གིས་བསྟན་པའི་ཕྱིར་རོ། །རང་འགྲེལ་ལས། ཅི་སྟེ་རེ་ཞིག་འཕགས་པ་ཀླུ་སྒྲུབ་དེ་ཉིད་ལ་ལུང་ཕྱིན་ཅི་མ་ལོག་པར་ངེས་པ་ཅི་ལྟར་ཡོད་ཅེ་ན། ལུང་ལས་ཤེས་ཏེ། ཇི་ལྟར་འཕགས་པ་ལང་ཀར་གཤེགས་པ་ལས། ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་པ། །ང་ཡི་ཐེག་པ་འཇིག་རྟེན་དུ། །བླ་མེད་ཐེག་ཆེན་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང༌། ཡང་འཕགས་པ་སྤྲིན་ཆེན་པོ་སྟོང་ཕྲག་བཅུ་གཉིས་པ་ལས་ཀྱང༌། ཀུན་དགའ་བོ་ལི་ཙྪ་བཱི་གཞོན་ནུ་སེམས་ཅན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི་ང་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་ནས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ་ཞེས་གསུངས་སོ། །དེའི་ཕྱིར་འདིས་ལུང་ཕྱིན་ཅི་མ་ལོག་པར་ངེས་པར་གྲུབ་བོ། །ཞེས་གསུངས་པ་ལྟར་རོ། །ལང་གཤེགས་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ལྷོ་ཕྱོགས་བེ་ཏའི་ཡུལ་དུ་ནི། །ཞེས་སོགས་གསུངས་པ་ཡོད་དོ། །

ཡང་རྔ་བོ་ཆེའི་མདོ་ལས། ལི་ཙཱ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་འདི། སྟོན་པ་འདས་ནས་ལོ་བརྒྱད་ཅུ་པ་ལ་བསྟན་པ་ཉམས་པའི་ཚེ་སྟོན་པའི་མཚན་འཆང་བའི་དགེ་སློང་དུ་གྱུར་ནས་བསྟན་པ་རྒྱས་པར་བྱས་ཏེ། ལོ་བརྒྱ་ལོན་པའི་འོག་ཏུ་འདས་ནས་བདེ་བ་ཅན་དུ་སྐྱེ་བར། ཞེས་དང༌། དེ་ལས། དེ་ནི་ངས་ས་བདུན་པ་པ་ལ་བཞག་པ་སྟེ། མི་ཕལ་བ་ཞིག་ཏུ་བྱིན་གྱིས་བརླབས་ནས། གང་གི་ཚེ་ལོ་བརྒྱད་ཅུ་པ་ལ། ཞེས་སོགས་ཀྱི་ལུང་འདི་ཀླུ་སྒྲུབ་ལུང་བསྟན་དུ་བཤད་པ་ཡོད་ཀྱང་བུ་སྟོན་སོགས་ཀྱིས་མ་ཡིན་པར་བཤད་པ་ལྟར་ཡིན་སྙམ། འོན་ཀྱང་དེར་ཆོས་སྒྲ་ལན་གསུམ་བསྒྲགས་གསུངས་པ་དང༌། ལྷོ་ཕྱོགས་སོགས་གསུངས་པ་གང་ཡིན་འཚོལ་དགོས་སོ། །ཟླ་བ་གྲགས་པ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིསློབ་མ་ཡིན་མིན་གྱི་བཤད་ཚུལ་དུ་མ་ལས་གང་ཡིན་དཔྱད་པར་ཞུའོ། །

གཉིས་པ་ཟབ་མོའི་དོན་བཤད་པའི་སྣོད་ངོས་བཟུང་བ་ནི།

རྩ་བར། སོ་སོ་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང༌། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང༌། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །

དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་ངེས་དོན་གྱི་བསྟན་བཅོས་རྣམས་ནི་སྔར་ཟབ་མོའི་དོན་ལ་གོམས་པའི་གོམས་སྟོབས་ཀྱིས་སྟོང་ཉིད་རྟོགས་པའི་ས་བོན་རྒྱུད་ལ་བཞག་པ་རྣམས་ལ་བསྟན་པར་བྱ་བ་ཡི། གཞན་སུ་ཡང་རུང་བ་ལ་བསྟན་པར་བྱ་བ་མ་ཡིན་ཏེ། དེ་དག་གིས་སྟོང་ཉིད་སྟོན་པའི་གཞུང་ཉན་ཡང་དོན་མ་ཡིན་པ་ཆེན་པོ་དང་ལྡན་པར་འགྱུར་བའི་ཕྱིར། དེར་ཐལ། ཁ་ཅིག་རང་བཞིན་གྱིས་སྟོང་པའི་དོན་ནི་ཆོས་རྣམས་མེད་པ་དེའོ་སྙམ་དུ་ཕྱིན་ཅི་ལོག་ཏུ་བཟུང་སྟེ་རྒྱུ་འབྲས་ལ་སྐུར་འདེབས་ཀྱི་ལོག་ལྟ་བསྐྱེད་པའི་ཕྱིར་ཏེ། རྩ་ཤེས་ལས། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་འགྱུར། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང༌། །རིགས་སྔགས་ཉེས་པར་བསྒྲུབས་པ་བཞིན། །ཞེས་དང༌། བུདྡྷ་པཱ་ལི་ཏ་ལས། དེ་གཉིས་ལ་ཁྱད་པར་ཆེ་བ་དེ་བཞིན་དུ། འདི་ལ་ཡང་འཇིག་རྟེན་འདི་མེད་དོ་ཞེས་བྱ་བ་ལ་སོགས་པ་དེ་ལྟར་མཐོང་བ་ནི་མ་རིག་པས་ཀུན་ཏུ་རྨོངས་པའི་སེམས་པ་དང་ལྡན་པ་ཡིན་གྱི་དངོས་པོ་ཐམས་ཅད་ངོ་བོ་ཉིད་སྟོང་པའི་ཕྱིར་མ་སྐྱེས་པ་མ་འགག་པར་མཐོང་བ་ཅིག་ཤོས་ནི་ཤེས་པ་སྔོན་དུ་བཏང་བ་ཡིན་པས་དེ་གཉིས་ལ་ཁྱད་པར་ཤིན་ཏུ་ཆེའོ། །ཞེས་དང༌། ཚིག་གསལ་ལས། འདིར་ཁ་ཅིག་དབུ་མ་པ་ནི་མེད་པ་བ་དང་ཁྱད་པར་མེད་པ་ཡིན་ཏེ། གང་གི་ཕྱིར་དགེ་བ་དང་མི་དགེ་བའི་ལས་དང༌། བྱེད་པ་པོ་དང༌། འབྲས་བུ་དང༌། འཇིག་རྟེན་ཐམས་ཅད་རང་བཞིན་གྱིས་སྟོང་པར་སྨྲ་བ་ཡིན་ལ། མེད་པ་དག་ཀྱང་དེ་དག་མེད་དོ་ཞེས་སྨྲ་བར་བྱེད་པ་ཡིན་པ་དེའི་ཕྱིར། དབུ་མ་པ་ནི་མེད་པ་པ་དང་ཁྱད་པར་མེད་དོ་ཞེས་རྒོལ་བར་བྱེད་དོ། །དེ་ལྟར་ནི་མ་ཡིན་ཏེ། དབུ་མ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཡིན་ལ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་འཇིག་རྟེན་འདི་དང་འཇིག་རྟེན་ཕ་རོལ་ལ་སོགས་པ་ཐམས་ཅད་རང་བཞིན་མེད་པར་སྨྲ་བར་བྱེད་དོ། །ཞེས་དང༌། གལ་ཏེ་དེ་ལྟ་ན་ཡང་དེ་དག་གིས་དངོས་པོའི་རང་གི་ངོ་བོར་ཡོད་པ་མ་ཡིན་པ་ཉིད་ལ་མེད་པ་ཉིད་དུ་རྟོགས་པའི་ཕྱིར་རེ་ཞིག་ལྟ་བ་འདིའི་སྒོ་ནས་མཚུངས་པ་ཡོད་དོ་ཞེ་ན།

མེད་དེ། དབུ་མ་པ་དག་གིས་ནི། ཀུན་རྫོབ་ཏུ་ཡོད་པར་ཁས་བླངས་པའི་ཕྱིར་ལ། དེ་དག་གིས་ཁས་མ་བླངས་པའི་ཕྱིར་མི་མཚུངས་པ་ཉིད་དོ། །ཞེས་གསུངས་པས་སོ། །འོ་ན་གང་ཟག་འདི་ལ་སྟོང་པ་ཉིད་འོས་སོ། །འདི་ལ་སྟོང་པ་ཉིད་བསྟན་པར་མི་བྱའོ་ཞེས་སྟོང་ཉིད་སྟོན་པའི་སྣོད་དུ་གྱུར་མ་གྱུར་ནི་ངེས་དཀའ་བས་དེ་ཇི་ལྟར་ངེས་པར་ནུས་ཞེ་ན། སྟོང་ཉིད་སྟོན་པའི་སྣོད་དུ་གྱུར་མ་གྱུར་གང་ཟག་དེའི་ཕྱི་རོལ་གྱི་མཚན་མའི་རྟགས་ལས་ཤེས་ནུས་ཏེ། གདུལ་བྱའི་སོ༷་སོ༷འི་སྐྱེ༷་བོ༷འི་གནས་སྐབས་ལས་དང་པོ་པའི་དུ༷ས་ན༷འ༷ང་སྟོ༷ང་པ༷་ཉི༷ད་ཀྱི་གཏམ་ཕྱིན་ཅི་མ་ལོག་པ་ཐོ༷ས་ན། དེ་ཐོས་མ་ཐག་ན༷ས་ན༷ང་དུ༷་གཏམ་དེ་ལ་ར༷བ་ཏུ༷་དག༷འ་བ༷་ཡ༷ང་ད༷ང་ཡ༷ང་དུ༷་འབྱུ༷ང་བ་དང༌། ར༷བ་ཏུ༷་དག༷འ་བ༷་དེ་ལ༷ས་བྱུ༷ང་བའི་མཆི༷་མ༷ས་མི༷ག་བརླ༷ན་ཞི༷ང༌། ལུ༷ས་ཀྱི༷་བ༷་སྤུ༷་ལྡ༷ང་བ༷ར་འགྱུ༷ར་པ༷་ཡིན་པའི་གདུལ་བྱ་ག༷ང་ཡི༷ན་པ༷་དེ༷་ལ༷་རྫོ༷གས་པ༷འི་ས༷ངས་རྒྱ༷ས་ཀྱི་བློ༷་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡི༷་ས༷་བོ༷ན་ཡོ༷ད་པ་ཡིན་ལ། སློབ་དཔོན་མཁས་པས་ཟབ་མོ་དེ༷་ཁོ་ན་ཉི༷ད་ཉེ༷་བ༷ར་བསྟ༷ན་པའི༷་སྣོ༷ད་ནི༷་དེ་འདྲའི་གང་ཟག་དེ༷་ཡི༷ན་པས་དེ༷་ལ༷་འོག་ཏུ་འཆད་འགྱུར་གྱི་ད༷མ་པ༷འི་དོ༷ན་གྱི༷་བདེ༷ན་པ༷་དེ་བསྟ༷ན་པ༷ར་བྱ༷་བ་ཡིན་པའོ། །བླ་མ་དམ་པའི་བསྒོ་བ་ལས་མི་འདའ་བར་སྟོང་ཉིད་ལོག་པར་མི་འཛིན་ན། དེ་ལ་སྟོང་ཉིད་བསྟན་ན་སྟོང་ཉིད་རྟོགས་ནུས་པའི་རྒྱས་འགྱུར་གྱི་རིགས་ཀྱི་ནུས་པ་མང་པོ་གསར་དུ་འཇོག་པར་བྱ་བ་ཙམ་གྱི་སྣོད་དུ་རུང་བ་ཡིན་པས་ཆེད་དུ་བསྟན་པར་བྱ་བ་ཡིནཞེས་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་གསུངས་སོ། །

གསུམ་པ་དེ་ལ་བཤད་ན་ཡོན་ཏན་འབྱུང་ཚུལ་ནི།

རྩ་བར། དེ་ལ་དེ་ཡི་རྗེས་སུ་འགྲོ་བའི་ཡོན་ཏན་འབྱུང༌། །ཞེས་སྣོད་རུང་གི་སྐྱེས་བུ་དེ་ལ་ནི་སྟོང་ཉིད་བསྟན་པ་དེ་སྣོད་མིན་ལ་བཤད་པ་ལྟར་གྱི་འབྲས་བུ་མེད་པར་མི་འགྱུར་ཏེ། དེ་འདྲའི་སྐྱེས་བུ་དེ་ལ་ནི་སྟོང་ཉིད་ལ་ཕྱིན་ཅི་ལོག་ཏུ་འཛིན་པས་བསྐྱེད་པའི་ལས་འབྲས་ལ་སྐུར་འདེབས་དང་ངན་སོང་དུ་འགྲོ་བ་སོགས་དོན་མ་ཡིན་པ་དང་ལྡན་པར་མི་འགྱུར་བ་འབའ་ཞིག་ཏུ་མ་ཟད་ཀྱང་དེ་འདྲའི་ཉན་པ་པོ་དེ༷་ལ༷་ནི་སྟོང་ཉིད་ཉན་པ་དེ༷་ཡི༷་རྗེ༷ས་སུ༷་འགྲོ༷་བ༷འི་ཡོ༷ན་ཏ༷ན་རྣམས་ཀྱང་འབྱུ༷ང་བའི་ཕྱིར་རོ། །རྩ་བར། རྟག་ཏུ་ཚུལ་ཁྲིམས་ཡང་དག་བླངས་ནས་གནས་པར་འགྱུར། །སྦྱིན་པ་གཏོང་བར་འགྱུར་ཞིང་སྙིང་རྗེ་སྟེན་པར་བྱེད། །བཟོད་པ་སྒོམ་བྱེད་དེ་ཡི་དགེ་བ་བྱང་ཆུབ་ཏུ། །འགྲོ་བ་དགྲོལ་བར་བྱ་ཕྱིར་ཡོངས་སུ་བསྔོ་བྱེད་ཅིང༌། །རྫོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གུས་པར་བྱེད། །

ཅེས་སྣོད་ལྡན་དེས་སྟོང་ཉིད་ཀྱི་ལྟ་བ་ཉན་པ་རྙེད་པ་ནི་གཏེར་རྙེད་པ་དང་འདྲ་བར་བསམ་ནས་སྟོང་ཉིད་ཀྱི་ལྟ་བ་དེ་སྐྱེ་བ་གཞན་དུ་མི་ཉམས་པར་བྱ་བའི་ཆེད་དུ་ལྟ་བ་དེ་རྒྱུད་ལ་བསྐྱེད་པའི་ལུས་རྟེན་གྱི་རྒྱུར་རྟ༷ག་ཏུ༷་ཚུ༷ལ་ཁྲི༷མས་ཡ༷ང་ད༷ག་པར་བླ༷ངས་ན༷ས། དེ་རྗེས་སུ་ཡང་བདག་ཚུལ་ཁྲིམས་འཆལ་ན་ངན་འགྲོར་ལྷུང་ནས་སྟོང་ཉིད་ཀྱི་ལྟ་བ་རྒྱུན་ཆད་པར་འགྱུར་རོ་སྙམ་ནས་མི་ཉམས་པར་སྲུང་བའི་སྒོ་ནས་ཚུལ་ཁྲིམས་ལ་གན༷ས་པ༷ར་འགྱུ༷ར་བ་དང༌། བདག་ཚུལ་ཁྲིམས་བསྲུང་བས་བདེ་འགྲོར་སྐྱེས་ཀྱང་ཟས་གོས་སྨན་སོགས་ཀྱིས་ཕོངས་བར་གྱུར་ནས་དེ་ཚོལ་བ་ལྷུར་ལེན་ནས་སྟོང་ཉིད་ཀྱི་ལྟ་བ་ཉན་པ་དང་སྒོམ་པ་སོགས་རྒྱུན་ཆད་པར་འགྱུར་རོ་སྙམ་ནས་ལོངས་སྤྱོད་ཀྱི་རྒྱུར་ཡར་མར་གྱིས་ཞིང་ལ་སྦྱི༷ན་པ༷་གཏོ༷ང་བ༷ར་འགྱུ༷ར་ཞི༷ང༌། སྟོང་ཉིད་ཀྱི་ལྟ་བ་འདི་ཡང་གཞན་དོན་ཁུར་ཁྱེར་གྱི་སྙི༷ང་རྗེ༷་ཆེན་པོས་ཟིན་པ་ཉིད་སངས་རྒྱས་འདྲེན་བྱེད་ཀྱི་རྒྱུ་ཡིན་གྱི་སྙིང་རྗེས་མ་ཟིན་པ་དེ་མིན་ནོ་སྙམ་ནས་རྩ་བ་སྙིང་རྗེ་ཆེན་པོ་ལ་གོམས་པར་བྱེད་པ་རྒྱུན་དུ་རྟེ༷ན་པ༷ར་བྱེ༷ད་པ་དང༌། འཕགས་པ་དགྱེས་པའི་ཐབས་རྣམས་བདག་རྒྱུད་ལ་འབྱུང་བའི་ཆེད་དུ་བཟོ༷ད་པ༷་སྒོ༷མ་པར་བྱེ༷ད་པ་དང༌། ཐམས་ཅད་མཁྱེན་པའི་རྒྱུར་ཡང་ཡང་མ་བསྔོས་པའི་ཚུལ་ཁྲིམས་སོགས་ནི་མཐར་ཐུག་སངས་རྒྱས་ཀྱི་རྒྱུ་དང་གནས་སྐབས་ལོངས་སྤྱོད་དང་དལ་འབྱོར་གྱི་ལུས་སོགས་རྒྱུན་ཆད་པར་མེད་པར་འབྱུང་བའི་རྒྱུར་མི་འགྱུར་སྙམ་ནས། ཚུལ་ཁྲིམས་དང་སྦྱིན་པ་ལ་སོགས་པ་དེ༷་ཡི༷་དགེ༷་བ༷འ༷ང་བླ་མེད་བྱ༷ང་ཆུ༷བ་ཏུ༷་འགྲོ༷་བ༷་རྣམས་འཁོར་བ་ལས་སྒྲོ༷ལ་བ༷ར་བྱ༷་བའི་ཕྱི༷ར་ཡོ༷ངས་སུ༷་བསྔོ༷་བར་བྱེ༷ད་ཅི༷ང༌། བྱང་ཆུབ་སེམས་དཔའ་མ་གཏོགས་པར་གཞནདག་གིས་རྟེན་ཅིང་འབྲེལ་པར་འབྱུང་བའི་བདག་ཉིད་ཇི་ལྟ་བ་ཉིད་ཉེ་བར་བསྟན་པར་མི་ནུས་སོ་སྙམ་དུ་བསམས་ནས། རྫོ༷གས་པ༷འི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་རྣ༷མས་ལ༷་ཤིན་ཏུ་གུ༷ས་པ༷ར་བྱེ༷ད་པའོ། །ལས་འབྲས་སོགས་རང་བཞིན་གྱིས་མེད་ཀྱང་ཡོད་པར་རྟོགས་པ་ནི་ངོ་མཚར་བ་ཡིན་ཏེ། བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་སྟེན་པ་གང༌། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང༌། །ཞེས་དང༌། རིམ་ལྔ་ལས། སྣང་བ་དང་ནི་སྟོང་བ་དག །སོ་སོའི་ཆར་ནི་ཤེས་གྱུར་ནས། །གང་དུ་ཡང་དག་འདྲེས་གྱུར་པ། །ཟུང་དུ་འཇུག་པར་དེ་བཤད་དོ། །ཞེས་དང༌། སྤྱོད་འཇུག་ལས། ཇི་ལྟར་མཐོང་ཐོས་ཤེས་པ་དག། འདིར་ནི་དགག་པར་བྱ་མིན་ཏེ། །འདིར་ནི་སྡུག་བསྔལ་རྒྱུར་གྱུར་པ། །

བདེན་པར་རྟོགས་པ་བཟློག་བྱ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །རང་བཞིན་མེད་ན་ལས་འབྲས་སོགས་ཆེས་འཐད་པའི་ཚུལ་ལ་ངེས་པ་རྙེད་པ་དང༌། ལས་འབྲས་སོགས་ཡོད་པ་ལས་ཀྱང་བདེན་མེད་ལ་ངེས་པ་འདྲེན་ནུས་པ་གཅིག་དགོས་ཏེ། དེ་གཉིས་ཀ་དང་མི་ལྡན་པར་སྟོང་ཉིད་རྟོགས་པར་སེམས་པ་ནི་སྟོང་ཉིད་རྟོགས་པ་གཏན་མ་ཡིན་པའི་ཕྱིར། དེ་ཡང་རྩ་ཤེས་ལས། གང་ལ་སྟོང་བ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །

དེ་ལ་ཐམས་ཅད་རུང་མི་འགྱུར། །ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་སྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་གྱུར་བ་བཞིན། །གལ་ཏེ་དངོས་རྣམས་རང་བཞིན་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེདཔར་ཁྱོད་ལྟའོ། །ཞེས་གསུངས་སོ། །

བཞི་པ་སྣོད་ལྡན་གྱི་གང་ཟག་ཉན་པར་སྐུལ་པ་ནི།

རྩ་བར། ཟབ་ཅིང་རྒྱ་ཆེའི་ཚུལ་ལ་མཁས་པའི་སྐྱེ་བོས་ནི། །རིམ་གྱིས་རབ་ཏུ་དགའ་བའི་ས་ནི་ཐོབ་འགྱུར་བས། །དེ་ནི་དོན་དུ་གཉེར་བས་ལམ་འདི་མཉན་པར་གྱིས། །ཞེས་དེ་ལྟར་གོང་དུ་བཤད་པ་ལྟར་གྱི་ཟ༷བ་པ་དོན་དམ་ད༷ང་རྒྱ༷་ཆེ༷འི་ཀུན་རྫོབ་ཀྱི་ཚུ༷ལ་ལ༷་མཁ༷ས་པའི༷་སྐྱེ༷་བོ༷ས་ནི༷། སོ་སྐྱེའི་སར་ཡུན་རིང་བོའི་བར་དུ་རྒྱུན་མི་ཆད་པར་ཟབ་པ་དང་རྒྱ་ཆེ་བའི་ཕྱོགས་ཀྱི་དགེ་བའི་ཚོགས་རྣམས་ངེས་པར་བསགས་ནས་རི༷མ་གྱི༷ས་ར༷བ་ཏུ༷་དག༷འ་བ༷འི་ས༷་ནི༷་ཐོ༷བ་པར་འགྱུ༷ར་བ༷ས་ན། ས་རབ་ཏུ་དགའ་བ་དེ༷་ནི༷་ཐོབ་པར་དོ༷ན་དུ༷་གཉེ༷ར་བ༷འི་གང་ཟག་དེས་ནི་འཆད་པར་འགྱུར་བའི་ཟབ་མོའི་ལ༷མ་འདི༷་མཉ༷ན་པ༷ར་གྱི༷ས་ཤིག་ཅེས་ཉན་པར་སྐུལ་བའོ། །འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། དེ་ཡང་འཆད་པ་པོས་དོན་མ་ནོར་བར་ཤེས་པ་དང༌། ཉན་པ་པོས་དོན་མ་ནོར་བར་བཟུང་བ་དང༌། གཉིས་ཀའི་ཀུན་སློང་ཉོན་མོངས་དང་མ་འདྲེས་པ་དགོས་ཏེ། དེ་ལས་ལྡོག་ན་གཉིས་ཀ་ལ་བསོད་ནམས་མང་པོའི་བར་ཆད་བྱེད་པའི་ཕྱིར་ཏེ། སློབ་དཔོན་དབྱིག་གཉེན་གྱིས་དེའི་ཕྱིར་འཆད་པ་གང་དག་ཆོས་ཀྱི་དོན་ལོག་པར་འཆད་པར་བྱེད་པ་དང༌། སེམས་ཉོན་མོངས་ཅན་རྙེད་པ་དང་བཀུར་སྟི་དང་གྲགས་པ་འདོད་པས་ཆོས་འཆད་པ་དེ་དག་ནི། བདག་ཉིད་ཀྱི་སྔར་གྱི་བསོད་ནམས་ཆེན་པོ་ཉམས་པར་བྱེད་པ་ཡིན་ནོ། །ཞེས་གསུངས་པ་གང་ཞིག ཉན་པ་པོ་ཡང་དེ་དང་འདྲ་བ་ཡིན་པས་གཉིས་ཀས་དོན་མ་ནོར་བར་འཆད་པ་དང་འཛིན་པ་ལྟ་བུ་འཆད་པ་པོདང་ཉན་པ་པོའི་མཚན་ཉིད་མ་མཐའ་དག་ལྡན་དགོས་པའི་ཕྱིར་རོ། །

ལྔ་པ་རྟེན་འབྱུང་གི་དེ་ཉིད་ཇི་ལྟར་བཤད་པའི་ཚུལ་ལ།

ཡང་དག་པའི་དོན་ལུང་གིས་བསྟན་པའི་ཚུལ། ལུང་གི་དོན་དེ་རིགས་པས་སྒྲུབ་པ། རིགས་པས་སྒྲུབ་པའི་སྟོང་ཉིད་ཀྱི་རབ་དབྱེ་བཤད་པ་དང་གསུམ་ལས། དང་པོ་ལ་ལུང་ལས་གསུངས་པའི་ཚུལ་འགོད་པ་དང༌། དེ་ཁོན་ཉིད་ཤེས་པའི་མི་མཐུན་པའི་ཕྱོགས་ངོས་བཟུང་བ་དང་གཉིས།

དང་པོ་ནི། རང་འགྲེལ་ལས། དེ་ལ་ཆོས་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་ཉིད་བསྟན་པ་ལ་འདི་ནི་རེ་ཞིག་ལུང་ཡིན་ཏེ། ཇི་སྐད་དུ་འཕགས་པ་ས་བཅུ་པ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའ་ས་ལྔ་པ་ལ་ལམ་ཤིན་ཏུ་ཡོངས་སུ་རྫོགས་པའི་བྱང་ཆུབ་སེམས་དཔའ་དེ་བྱང་ཆུབ་སེམས་དཔའི་ས་དྲུག་པ་ལ་འཇུག་སྟེ། དེ་ཆོས་མཉམ་པ་ཉིད་བཅུས་འཇུག་གོ། །བཅུ་གང་ཞེ་ན་འདི་ལྟ་སྟེ། ཆོས་ཐམས་ཅད་མཚན་མ་མེད་པར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་མཚན་ཉིད་མེད་པར་མཉམ་པ་ཉིད་དང༌། དེ་བཞིན་དུ་སྐྱེ་བ་མེད་པ་དང༌། མ་སྐྱེས་པ་དང༌། དབེན་པ་དང༌། གདོད་མ་ནས་རྣམ་པར་དག་པ་དང༌། སྤྲོས་པ་མེད་པ་དང༌། བླང་བ་མེད་པ་དང༌། དོར་བ་མེད་པར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ་དང་མིག་ཡོར་དང་བྲག་ཅ་དང་ཆུ་ཟླ་དང་གཟུགས་བརྙན་དང་སྤྲུལ་པ་ལྟ་བུར་མཉམ་པ་ཉིད་དང༌། ཆོས་ཐམས་ཅད་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་མེད་པར་མཉམ་པ་ཉིད་དོ། །དེ་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་ལྟར་རབ་ཏུ་རྟོགས་པ་ན་རྣོ་ཞིང་རྗེས་སུ་མཐུན་པའི་བཟོད་པས་བྱང་ཆུབ་སེམས་དཔའི་ས་དྲུག་པ་མངོན་དུ་གྱུར་པ་རྗེས་སུ་ཐོབ་སྟེ་ཞེས་གསུངས་པ་ལྟ་བུའོ། །ཞེསགསུངས་སོ། །

སྐབས་འདིར་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། མཉམ་ཉིད་བཅུ་ལ་ཁྱབ་ཆེ་ཆུང་ཡོད་དེ། དང་པོ་གཉིས་ཁྱབ་ཆེ་ལ། ལྷག་མ་བརྒྱད་ནི་མཉམ་ཉིད་དང་པོ་གཉིས་ཀྱི་ཁྱད་པར་རམ་བྱེ་བྲག་ལོགས་སུ་ཕྱེ་བ་ཡིན་པའི་ཕྱིར། དེར་ཐལ། མཉམ་ཉིད་དང་པོ་ནི་དཀར་དམར་གྱི་མཚན་མ་སོགས་ཆོས་རྣམས་ཐམས་ཅད་ཀྱི་མཚན་མ་ཐམས་ཅད་གང་ཡང་དེ་བཞིན་ཉིད་ལ་མཉམ་པར་བཞག་པའི་གཟིགས་ངོར་མེད་པར་མཉམ་པ་དང༌། གཉིས་པ་ནི་ཆོས་མ་ལུས་པ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་མེད་པར་མཉམ་པ་དེ་ཡིན་པ་གང་ཞིག གསུམ་པ་ནི་མ་འོངས་པའི་ཆོས་རྣམས་ཀྱི་སྐྱེ་བ་རང་བཞིན་གྱིས་མེད་པར་མཉམ་པ་དང༌། བཞི་པ་ནི་འདས་པ་དང་ད་ལྟ་བའི་དངོས་པོ་རྣམས་རང་གི་མཚན་ཉིད་ཀྱིས་སྐྱེ་བ་དང་འགག་པ་མེད་པར་མཉམ་པ་དང༌། ལྔ་པ་ནི་དངོས་པོ་སྐྱེ་འགྱུར་དང་སྐྱེས་པ་རྣམས་གཟིགས་ངོར་མེད་པར་མཉམ་པ་དང༌། རང་བཞིན་གྱིས་མེད་པར་མཉམ་པ་གཉིས་དང༌། དྲུག་པ་ནི་ལུང་རིགས་ཀྱིས་བྱས་པ་མིན་པར་གདོད་ནས་ཆོས་ཐམས་ཅད་རང་བཞིན་གྱིས་དག་པར་མཉམ་པ་སྟེ་དེ་གསུམ་མདོར་བསྟན་གཉིས་པའི་མཉམ་ཉིད་ཀྱི་ཁྱད་པར་དང༌། བདུན་པ་ནི་མཉམ་བཞག་གི་གཟིགས་ངོར་ཆོས་གང་གི་གཉིས་སུ་སྣང་བ་མེད་པར་མཉམ་པ་ཡིན་པས་དང་པོའི་ཁྱད་པར་དང༌། བརྒྱད་པ་ལ་དོན་དམ་པར་བླང་དོར་མེད་པར་མཉམ་པ། མཉམ་བཞག་གི་གཟིགས་ངོར་བླང་དོར་མེད་པར་མཉམ་པ་གཉིས་དང༌། དགུ་པ་ལ་ཆོས་ཐམས་ཅད་དཔེ་བདུན་ལྟར་གཟིགས་ངོར་མཉམ་པ་དང༌། རང་བཞིན་གྱིས་མེད་པར་མཉམ་པ་གཉིས་དང༌། བཅུ་པ་ལ་གཟིགས་ངོར་དངོས་པོ་དང་དངོས་པོ་མེད་པ་མེད་པར་མཉམ་པ་དང་དངོས་པོ་དང་དངོས་མེད་དུ་རང་བཞིན་མེད་པར་མཉམ་པ་དང་གཉིས་རེ་ཡོད་པས་མདོར་བསྟན་དང་པོ་གཉིས་ཀྱི་ཁྱད་པར་རེ་རེ་ཡོད་པའི་ཕྱིར། ཞེས་གསུངས་སོ། །

གཉིས་པ་དེ་ཁོ་ན་ཉིད་ཤེས་པའི་མི་མཐུན་ཕྱོགས་ངོས་བཟུང་བ་ལ།

རང་རྒྱུད་པའི་ལུགས་དང༌། ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་བཤད་པ་གཉིས། དང་པོ་ལ། དགག་བྱངོས་འཛིན་གྱི་གཞུང་དགོད་པ། གཞུང་གི་དོན་བཤད་པ་དང་གཉིས་ལས།

དང་པོ་ནི། དབུ་མ་སྣང་བ་ལས། དངོས་པོ་ཡང་དག་པར་ངོ་བོ་ཉིད་མེད་པ་དག་ལ་ཡང་དེ་ལས་ལྡོག་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་བའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདིའམ་འདིས་དེ་ཁོ་ན་ཉིད་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པའི་ཕྱིར་རོ། །

དེ་སྐད་དུ་མདོ་ལས་ཀྱང༌། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །

རང་བཞིན་མེད་ལ་འཁྲུལ་བ་གང༌། །དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་གསུངས་སོ། །དེ་ལས་བྱུང་བའི་ཕྱིར་དཔེ་ཉེ་བར་བསྟན་པ་མཐོང་བའི་དངོས་པོ་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །

དེ་ཡང་ཐོག་མ་མེད་པའི་འཁྲུལ་བའི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་བྱུང་ལ། དེས་ཀྱང་སྲོག་ཆགས་ཐམས་ཅད་ལ་ཡང་དག་པར་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ། དེའི་ཕྱིར་དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པའི་ངོ་བོཐམས་ཅད་ནི། ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ། །ཞེས་བྱུང་ངོ། །

གཉིས་པ་གཞུང་གི་དོན་བཤད་པ་ནི།

དངོས་པོ་ཞེས་པ་ནས་འགེབས་པ་ལྟ་བུར་བྱེད་པའི་ཕྱིར་རོ་ཞེས་པ་ནི་དངོས་པོ་འདི་རྣམས་ཡང་དག་པར་གྲུབ་པའི་ངོ་བོ་ཉིད་མེད་པ་དག་ལ་ཡང་དེ་ལས་ཟློག་པའི་ཡང་དག་པར་གྲུབ་པའི་རྣམ་པར་སྒྲོ་འདོགས་པའི་འཁྲུལ་བའི་བློ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། འདི་སྒྲིབ་བྱེད་ཡིན་པའམ་འདིས་དེ་ཁོ་ན་ཉིད་མཐོང་བ་གོས་ཀྱིས་སྒྲིབ་པ་ལྟ་བུར་བྱེད། འགེབས་པ་ལྟ་བུར་བྱེད་པས་ན་ཀུན་རྫོབ་བརྗོད་པའི་ཕྱིར་རོ། །ཞེས་པ་སྟེ། དངོས་པོ་རྣམས་བདེན་གྲུབ་ཏུ་འཛིན་པའི་བདེན་འཛིན་དེས་དངོས་པོའི་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པར་བྱེད་པས་ན་བདེན་འཛིན་དེ་ཀུན་རྫོབ་པ་ཡིན་པར་བསྟན། དེའི་ཤེས་བྱེད་དུ་ལང་གཤེགས་ཀྱི་ལུང་དྲངས་པའི་ཚིག་རྐང་དང་པོས། གཟུགས་སོགས་དངོས་པོ་རྣམས་ཀྱི་སྐྱེ་འགག་རྣམས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཙམ་དུ་གྲུབ་པ་དེ་ཀུན་རྫོབ་ཏུ་གྲུབ་ཚད་དུ་བསྟན། ཚིག་རྐང་གཉིས་པས། དམ་པའི་དོན་དུ་དེ་དངོས་པོ་རྣམས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པའི་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པའི་རང་བཞིན་མེད་པར་བསྟན། ཚིག་རྐང་གསུམ་པས། དངོས་པོ་རྣམས་དོན་དམ་པར་གྲུབ་པའི་རང་བཞིན་མེད་པ་ལ་དོན་དམ་པར་གྲུབ་པའི་རང་བཞིན་ཡོད་པར་འཁྲུལ་བ་དེ་བསྟན། ཚིག་རྐང་བཞི་པས། དེ་ལྟར་འཁྲུལ་བའི་བདེན་འཛིན་དེ་ནི། དེ་ཁོ་ན་ཉིད་མཐོང་བ་ལ་གོས་ཀྱིས་འགེབས་པ་ལྟར་གྲུབ་པ་དང་ཡོད་པའི་ཀུན་རྫོབ་ཡིན་པས་ན་ཡང་དག་ཀུན་རྫོབ་ཡིན། ཞེས་བསྟན། དེ་ལས་བྱུང་བའི་ཞེས་པ་ནས། ཡིན་ཞེས་བྱའོ། །ཞེས་པ་ནི། བདེན་པར་སྣང་བ་ནི་བདེན་འཛིན་དེ་ལས་བྱུང་བའི་ཕྱིར་ན་བདེན་འཛིན་དེས། བདེན་པར་ཡོད་པ་ལྟར་དུ་ཉེ་བར་བསྟན་པའི་བདེན་གྲུབ་ཏུ་མཐོང་ཞིང་སྣང་བའི་གཟུགས་སྒྲ་སོགས་དངོས་པོ་རྫུན་པ་ཐམས་ཅད་ནི་རྫུན་པའམ་ཀུན་རྫོབ་པ་ཁོ་ན་ཡིན་ཞེས་བྱའོ། །ཞེས་པ་སྟེ། བདེན་འཛིན་གྱིས་སེམས་རྒྱུད་བསླད་པའི་དབང་གིས་བདེན་པར་མེད་བཞིན་དུ་རྟོག་པ་ལ་བདེན་པར་སྣང་བའི་གཟུགས་སོགས་རྫུན་པ་འདི་རྣམས་ཀུན་རྫོབ་པ་སྟེ་བདེན་པར་མིན་པར་རྫུན་པ་ཁོ་ན་ཡིན་ཞེས་བསྟན། དེ་ཡང་ཞེས་པ་ནས། མཐོང་བར་འགྱུར་ཏེ། ཞེས་པ་ནི། བདེན་པར་སྣང་བ་དེ་ཡང་ཐོག་མ་མེད་པའི་དུས་ནས་འཁྲུལ་བའི་བདེན་འཛིན་གྱི་བག་ཆགས་ཡོངས་སུ་སྨིན་པའི་དབང་གིས་བྱུང་བ་ཡིན་ལ། བག་ཆགས་སྨིན་པ་དེས་ཀྱང་སྲོག་ཆགས་ཏེ་སེམས་ཅན་ཐམས་ཅད་ལ་ཆོས་རྣམས་ཡང་དག་པར་གྲུབ་པའི་དངོས་པོ་མེད་ཀྱང་ཡང་དག་པར་གྲུབ་པའི་དངོས་པོའི་བདག་ཉིད་ལྟ་བུར་ཉེ་བར་བསྟན་པ་མཐོང་བར་འགྱུར་ཏེ། ཞེས་པ་སྟེ། བདེན་པར་འཛིན་པའི་བག་ཆགས་ཀྱི་དབང་གིས་སྲོག་ཆགས་དེ་སེམས་ཅན་ཐམས་ཅད་ལ་གཟུགས་སོགས་དངོས་རྣམས་བདེན་པར་མེད་བཞིན་དུ་བདེན་པར་འཛིན་པའི་རྟོག་པ་སྐྱེ་བ་ཡིན་པས། དེ་འདྲའི་ཐོག་མེད་ཀྱི་བག་ཆགས་ཀྱི་དབང་གིས་བྱུང་བའི་བདེན་འཛིན་དེ་བདེན་འཛིན་ལྷན་སྐྱེས་ཡིན་པར་བསྟན། དེའི་ཕྱིར་སོགས་ནི། དངོས་པོ་རྣམས་ཡང་དག་པར་མེད་བཞིན་ཡང་དག་པར་སྣང་བ་ཡིན་པ་དེའི་ཕྱིར་སྲོག་ཆགས་དེ་དག་གི་བསམ་པ་གནོད་མེད་ལ་སྣང་བའི་དབང་གིས་ཕར་བཞག་པ་ཙམ་དུ་ཡོད་པའི་དངོས་པོ་རྫུན་པའི་ངོ་བོ་ཐམས་ཅད་ནི། ཀུན་རྫོབ་ཏུ་ཡོད་པ་ཁོ་ནའོ་ཞེས་བྱའོ། །ཞེས་པ་སྟེ། སྲོག་ཆགས་དེ་དག་གི་བསམ་པ་རྟོག་པ་དང་རྟོག་མེད་ཀྱི་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་དུ་ཡོད་པ་དེ། ཀུན་རྫོབ་ཏུ་ཡོད་པའི་དོན་དུ་དངོས་སུ་བསྟན་ནས། ཤུགས་ལ་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ། དགག་བྱ་བདེན་པར་གྲུབ་པ་དང༌། དོན་དམ་པར་གྲུབ་པ་དང༌། ཡང་དག་པར་གྲུབ་པ་དང༌། དེ་ཁོ་ན་ཉིད་དུ་གྲུབ་པ་དང༌། གནས་ལུགས་སུ་གྲུབ་པ་ཡིན་པར་བསྟན་པའི་ཕྱིར། སྣང་བ་ལས། དེ་དག་གི་བསམ་པའི་དབང་གིས་དངོས་པོ་རྫུན་པ་ཞེས་པ་འདི་ལས་གསལ་བའི་དགག་བྱ་ངོས་འཛིན་རང་རྒྱུད་པའི་གཞུང་ཁུངས་ཐུབ་རྣམས་སུ་མ་བྱུང་བར་རྗེ་བླ་མས་གསུངས་སོ། །ལུང་དེས་དཔེར་ན་སྒྱུ་མའི་རྟ་དེ་སྣང་བའི་བློ་ལ་མ་ལྟོས་པར་མེད་ཅིང་ལྟོས་ནས་འཇོག་དགོས་པ་ལྟར་ཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་ཙམ་དུ་གྲུབ་པ་དེ་ཀུན་རྫོབ་བམ་བདེན་མེད་རྫུན་པར་གྲུབ་པའི་ཚད་དུ་བསྟན་ལ། དེ་ལས་བཟློག་པའི་གནོད་མེད་ལ་སྣང་བའི་དབང་གིས་ཡུལ་དེ་སྣང་བྱར་གྲུབ་མི་དགོས་པར་ཀ་བུམ་སོགས་རང་གི་སྡོད་ལུགས་ཐུན་མོང་མ་ཡིན་པ་ལྟར་དུ་རང་ཚུགས་ཐུབ་པར་གྲུབ་པ་དེ་རྫུན་པའི་བཟློག་ཟླ་བདེན་པར་གྲུབ་པ་ཡིན་པའི་ཕྱིར་རོ། །དེ་ལ་བློ་གནོད་མེད་ནི་མཁྲིས་ནད་ཀྱིས་བསླད་པའི་དུང་སེར་སྣང་གི་དབང་ཤེས་ཀྱིས་དུང་སེར་པོར་གྲུབ་པ་འཇོག་ཀྱང་དུང་སེར་པོར་གྲུབ་པ་གཏན་མེད་པ་སོགས་གནོད་བཅས་ཀྱི་བློས་ཀུན་རྫོབ་འཇོག་མི་ཐུབ་པས་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་མིག་ཤེས་སོགས་རྟོག་བཅས་རྟོག་མེད་རྣམས་སོ། །སྐབས་འདིར་སྒྱུ་མའི་དཔེ་དང་དོན་སྦྱོར་ཚུལ་ཡོད་དེ། སྒྱུ་མ་སྤྲུལ་བའི་ཚེ་མིག་བསླད་པའི་ལྟད་མོ་བ་དང་སྟོང་ཉིད་མ་རྟོགས་པའི་སེམས་ཅན་མཚུངས། སྒྱུ་མ་མཁན་དང་སྟོང་ཉིད་ཀྱི་ལྟ་བ་རྙེད་པའི་གང་ཟག་མཚུངས། མིག་མ་བསླད་པ་དང་བྱངའཕགས་མཉམ་བཞག་པ་མཚུངས་པར་གསུངས་སོ། །

གཉིས་པ་ཐལ་འགྱུར་བའི་ལུགས་ཀྱི་དགག་བྱ་ངོས་འཛིན་པ་ནི།

གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་ལ་མིང་རྐྱང་ཕར་བཏགས་ཙམ་ཡོད་ཀྱི་གདགས་གཞིའི་ངོས་ནས་རྡུལ་ཙམ་ཡང་མེད་ལ། རང་གི་གདགས་གཞིའི་ཕུང་ཁམས་ལ་གང་ཟག་དང༌། ང་ཞེས་མིང་རྐྱང་བ་ཕར་བཏགས་ཙམ་མ་གཏོགས་གདགས་གཞིའི་ཚོགས་ཙམ་དང་རྒྱུན་དང་རེ་རེ་བ་དེ་དག་གི་ཆ་གང་ཡང་གང་ཟག་དང་ང་མ་ཡིན་པ་ནི། དཔེར་ན་བྲག་ཕུག་ལྟ་བུའི་མུན་པ་བབས་པའི་ཐག་ཁྲ་འཁྱིལ་ལུགས་དང་ཁ་དོག་སོགས་སྦྲུལ་འདྲ་བ་ལ་འཁྲུལ་བས་འདི་སྦྲུལ་ལོ་སྙམ་པའི་ཚེ་ཐག་པ་དེ་ལ་རྟོག་པ་ལ་ཕར་སྦྲུལ་དུ་སྣང་བའམ་སྦྲུལ་གྱི་མིང་བརྡས་ཕར་བཏགས་ཙམ་མ་གཏོགས་ཐག་པའི་ཆ་གང་ཡང་སྦྲུལ་དུ་གྲུབ་པ་མེད་པ་བཞིན་ནོ། །ཉེ་བར་འཁོར་གྱིས་ཞུས་པའི་མདོ་ལས། སྣ་ཚོགས་ཡིད་དགའ་མེ་ཏོག་ཁ་བྱེ་ཞིང༌། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པས་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམས་བརྟགས་ཏེ། །ཞེས་དང༌། རིན་ཆེན་ཕྲེང་བ་ལས། འཇིག་རྟེན་མ་རིག་རྐྱེན་ཅན་དུ། །གང་ཕྱིར་རྫོགས་པའི་སངས་རྒྱས་གསུངས། །དེ་ཡི་ཕྱིར་ན་འཇིག་རྟེན་འདི། །རྣམ་རྟོག་ཡིན་ཞེས་ཅིས་མི་འཐད། །གཟུགས་ཀྱི་དངོས་པོ་མིང་ཙམ་ཕྱིར། །ནམ་མཁའ་ཡང་ནི་མིང་ཙམ་མོ། །འབྱུང་མེད་གཟུགས་ལྟ་ག་ལ་ཡོད། །དེའི་ཕྱིར་མིང་ཙམ་ཉིད་ཀྱང་མེད། །ཞེས་དང༌། བཞི་བརྒྱ་པ་ལས། རྟོག་པ་མེད་པར་འདོད་ཆགས་ལ། །

སོགས་ལ་ཡོད་ཉིད་ཡོད་མིན་ན། །ཞེས་སོགས་དང༌། ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་ནི་ཁམས་དྲུག་པ། ཞེས་པ་ནས། སའི་ཁམས་ནི་ཐ་སྙད་ཙམ་མ་གཏོགས་པར་སའི་ཁམས་ཉིད་དུ་མི་དམིགས་ཏེ། ཐ་སྙད་དེ་ཡང་བུད་མེད་མིན། སྐྱེས་པ་མིན་གྱི། རྒྱལ་པོ་དེ་ལྟར་དེ་དག་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་རབ་ཀྱིས་རྟོགས་པར་གྱིསཤིགཅེས་གསུངས་སོ། །

མིང་གིས་བཏགས་ཙམ་གྱི་བཟློག་ཟླ་མིང་གི་ཐ་སྙད་ཀྱི་དབང་གིས་བཞག་པ་ཙམ་མ་ཡིན་པའི་ཡོད་པ་དེ། བདེན་པར་གྲུབ་ཚད་ཡིན་ཏེ། བློ་ལ་ཕར་སྣང་ཙམ་མ་ཡིན་པར་རང་གི་ངོས་ནས་གྲུབ་པ་དེ། དོན་དམ་དཔྱོད་བྱེད་ཀྱི་རྟགས་ཀྱིས་དགག་བྱ་དང༌། རང་ངོས་ནས་གྲུབ་པ་དེ། ཆོས་དང་གང་ཟག་གཉིས་སུ་ཕྱེ་བའི་ཆོས་ཀྱི་སྟེང་དུ་གྲུབ་པ་ཆོས་ཀྱི་བདག་དང༌། གང་ཟག་གི་སྟེང་དུ་གྲུབ་པ་གང་ཟག་གི་བདག་དང༌། དེ་ཁྱད་གཞི་ཆོས་ཀྱི་སྟེང་དུ་མེད་པ་ཆོས་ཀྱི་བདག་མེད་ཕྲ་མོ་དང༌། གང་ཟག་གི་སྟེང་དུ་མེད་པ་གང་ཟག་གི་བདག་མེད་ཕྲ་མོ་ཡིན་ནོ། །དེ་ལྟར་ཡབ་སྲས་མཇལ་བའི་མདོ་ལས། རྒྱལ་པོ་ཆེན་པོ་ཆོས་རྣམས་ནི་རེ་རེ་ནས་བཙལ་ན་ཐ་སྙད་ཙམ་མ་གཏོགས་མིག་གི་སྐྱེ་མཆེད་མི་དམིགས་སོ། །ཞེས་དང༌། དེ་བཞིན་དུ་འདི་དག་ནི་ཐ་སྙད་ཙམ། མིང་ཙམ། བརྡ་ཙམ། ཀུན་རྫོབ་ཙམ། བརྗོད་པ་ཙམ། བཏགས་པ་ཙམ་སྟེ། དེ་ལམཁས་པ་རྣམས་ཀྱིས་མངོན་པར་བྱའི་མི་འཕྱའོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་ལུང་གི་དོན་རིགས་པས་སྒྲུབ་པ་ལ།

ཆོས་ཀྱི་བདག་མེད་རིགས་པས་སྒྲུབ་པ་དང༌། གང་ཟག་གི་བདག་མེད་རིགས་པས་སྒྲུབ་པ་དང་གཉིས། དང་པོ་ལ། མཐའ་བཞིའི་སྐྱེ་བ་བདེན་པ་གཉིས་ཆར་དུ་དགག་པ། དེ་ལྟར་བཀག་པ་ལ་རྩོད་པ་སྤོང་བ་དང༌། རྟེན་འབྱུང་གི་སྐྱེ་བ་ཉིད་ཀྱིས་མཐར་འཛིན་གྱི་ལོག་རྟོག་འགོག་ཚུལ། རིགས་པས་དཔྱད་པ་བྱས་པའི་འབྲསབུ་ངོས་བཟུང་བ་དང་བཞི་ལས།

དང་པོ་ནི། སྤྱིར་དགག་བྱ་བདག་གཉིས་པོ་འགོག་བྱེད་ཀྱི་རིགས་པ་བཀོད་པ་དང༌། མཐའ་བཞི་སྐྱེ་འགོག་རྒྱས་པར་བཤད་པ་དང་གཉིས། དང་པོ་ལ་བདག་མེད་གཉིས་གཏན་ལ་ཕབ་བྱེད་ཀྱི་རིགས་པ་དུ་མ་ཡོད་དེ། དེ་འགོག་བྱེད་ཀྱི་ཐལ་འགྱུར་གྱི་དབང་དུ་བྱས་པའི་རིགས་པ་དུ་མ་དང༌། གཏན་ཚིགས་ཀྱི་དབང་དུ་བྱས་པའི་རིགས་པ་དུ་མ་ཡོད་པའི་ཕྱིར། དང་པོ་དུ་མ་ཡོད་དེ། གཞན་གྲགས་ཀྱི་རྗེས་དཔག་སྐྱེད་བྱེད་ཀྱི་ཐལ་འགྱུར། རྒྱུ་མཚན་མཚུངས་པ་ལ་མགོ་སྙོམས་ཀྱི་ཐལ་འགྱུར། འགལ་བརྗོད་ཀྱི་ཐལ་འགྱུར། འགལ་བརྗོད་དང་འདོད་པ་སྒྲུབ་པའི་ཐལ་འགྱུར། སྒྲུབ་བྱེད་དང་བསྒྲུབ་བྱ་དང་མཚུངས་པའི་ཐལ་འགྱུར་དང་ལྔ་ཡོད་པའི་ཕྱིར། དང་པོ་ནི། མྱུ་གུ་རྟེན་འབྲེལ་དང་བདེན་གྲུབ་གཉིས་ཀར་ཁས་ལེན་ལ། བདེན་གྲུབ་ལ་རྟེན་འབྲེལ་མི་འཐད་པར་གྲགས་པའི་ཕྱི་རྒོལ་ལ། མྱུ་གུ་ཆོས་ཅན། རྟེན་འབྲེལ་མ་ཡིན་པར་ཐལ། རང་ངོས་ནས་གྲུབ་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ་སྟེ། འདི་ལས་ཕྱི་རྒོལ་གྱི་མྱུ་གུ་རང་ངོས་ནས་གྲུབ་ན་རྒྱུ་རྐྱེན་སོགས་གཞན་ལ་ལྟོས་མི་དགོས་པར་གྲུབ་དགོས་པས་རྟེན་འབྲེལ་ཡིན་པར་མི་འཐད་ལ། འོན་ཀྱང་མྱུ་གུ་ནི་ལྟོས་ནས་མ་གྲུབ་པར་རང་གི་ངོ་བོ་མི་གྲུབ་པས་ན་མྱུ་གུབདེན་པར་མེད་དོ་སྙམ་དུ་རྟོགས་པའི་ཕྱིར་རོ། །

གཉིས་པ་ནི། རྣམ་ཤེས་ཀྱིས་གཟུགས་མི་མཐོང་བ་དང༌། མིག་ཤེས་ཀྱིས་རང་ངོས་ནས་གཟུགས་མི་མཐོང་བ་རྣམ་པ་ཀུན་ཏུ་མཚུངས་ཀྱང་རྣ་བས་གཟུགས་མི་མཐོང་ལ་མིག་གིས་རང་ངོས་ནས་གཟུགས་མཐོང་བར་འདོད་པ་ལ་འཕངས་པའི་སྒྲ་འཛིན་ཉན་ཤེས་ཀྱིས་གཟུགས་མཐོང་བར་ཐལ། གཟུགས་འཛིན་མིག་ཤེས་ཀྱིས་དོན་དམ་པར་གཟུགས་ལ་ལྟ་བའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ་སྟེ། འདི་ལས་ཕྱི་རྒོལ་གྱིས་མིག་གིས་གཟུགས་ལ་ལྟ་བ་དེ་རང་ཅག་གི་བློ་ལ་སྣང་བ་ལྟར་རང་ངོས་ནས་གྲུབ་པའི་ལྟ་བ་ཞིག་ཡོད་ན་རང་གི་རྟེན་སོགས་གཟུགས་ལ་ལྟ་བའི་རྐྱེན་ལ་མ་ལྟོས་ཀྱང་ལྟ་བར་བྱེད་དགོས། དེ་ལྟར་ན་གཟུགས་ལ་ལྟ་བའི་རྐྱེན་དང་མི་ལྡན་པའི་རྣ་ཤེས་ཀྱིས་ཀྱང་གཟུགས་མཐོང་དགོས་པར་བློ་ལ་སྣང་བས་ན་རྣ་བས་གཟུགས་མི་མཐོང་ལ་མིག་གིས་མཐོང་བར་བསམ་ཚེ། གཟུགས་མཐོང་བ་ནི་རང་གི་རྐྱེན་ལ་ལྟོས་དགོས་པ་ཞིག་ཡིན་འདུགདེ་ཡིན་ན་མིག་གིས་གཟུགས་ལ་ལྟ་བ་རང་བཞིན་གྱིས་གྲུབ་པ་མེད་དོ་སྙམ་དུརྟོགས་པར་འགྱུར་བའི་ཕྱིར།

གསུམ་པ་ནི། གྲངས་ཅན་སོགས་ཀྱིས་སྤྱི་ཐམས་ཅད་ཆ་མེད་པའི་གཅིག་པུ་དང༌། རང་གི་གསལ་བའི་ཆ་དུ་མ་ལ་ཁྱབ་པར་འདོད་པ་ནི་ཆ་མེད་ཡིན་པ་དང་ཆ་དུ་མ་ལ་ཁྱབ་པ་འགལ་བ་ཡིན་པས་དེ་ལྟར་འདོད་པ་འཕངས་པའི། བ་སྤྱི་རྟག་དངོས་ཆོས་ཅན། རང་གི་གསལ་བ་དུ་མ་ལ་མ་ཁྱབ་པར་ཐལ། ཆ་མེད་པའི་གཅིག་པུ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ་སྟེ། འདི་ལས་ཆ་མེད་པ་ལ་གསལ་བ་དུ་མ་ལ་ཁྱབ་པ་འགལ་བ་ཡིན་པར་བདེན་འདུག་པས་བ་སྤྱི་ཆམེད་མ་ཡིན་ནོ་སྙམ་དུ་རྟོགས་པར་འགྱུར་བའི་ཕྱིར།

བཞི་པ་ནི། མྱུ་གུ་རྒྱུ་དུས་ནས་ཡོད་ཀྱང་སྐྱེ་དགོས་པར་འདོད་པ་ལ་འགལ་བ་བརྗོད་ནས་བསྒྲུབ་བྱ་བསྒྲུབ་ཕྱིར་དུ་འཕངས་པའི་མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་པར་ཐལ། རང་གི་བདག་ཉིད་ཐོབ་ཟིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ་སྟེ། འདིས་མྱུ་གུ་སོགས་རང་གི་བདག་ཉིད་གྲུབ་ཟིན་ན་སླར་ཡང་སྐྱེ་བ་འགལ་བ་ནི་ཡིན་འདུག་ལ། མྱུ་གུ་ཡང་རྒྱུའི་བདག་ཉིད་དུ་ཡོད་ན་མྱུ་གུའི་ངོ་བོ་དེ་ཉིད་ཡོད་དགོས་ཀྱི་དེ་ལས་གཞན་པའི་མྱུ་གུའི་རང་བཞིན་ཞིག་ཀྱང་ཅི་ཞིག་ཡོད། རྒྱུའི་རང་བཞིན་དུ་མྱུ་གུ་ཉིད་ཡོད་པ་ནི་མི་རིགས་པས་རྒྱུ་དུས་ཡོད་པའིའབྲས་བུ་སྐྱེ་བ་མེད་དོ་སྙམ་དུ་རྟོགས་པའི་རྗེས་དཔག་དབང་རྣོན་ཁ་ཅིག་ལ་སྐྱེ་བའི་ཕྱིར་རོ། །

ལྔ་པ་ནི། གཟུགས་ཕུང་རང་བཞིན་གྱིས་གྲུབ་པར་ཐལ། ཚོར་ཕུང་རང་བཞིན་གྱིས་གྲུབ་པའི་ཕྱིར། ཞེས་ཟེར་བ་ལ། ཁྱོད་ཀྱིས་ཚོར་ཕུང་རང་བཞིན་གྱིས་གྲུབ་པའི་རྟགས་ཀྱིས་གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་བསྒྲུབ་མི་ནུས་པར་ཐལ། སྒྲུབ་བྱེད་ཚོར་ཕུང་རང་བཞིན་གྱིས་གྲུབ་པ་དང༌། བསྒྲུབ་བྱ་གཟུགས་ཕུང་རང་བཞིན་གྱིས་གྲུབ་པ་གཉིས་ལ་སྒྲུབ་དཀའ་སླའི་ཁྱད་པར་མེད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུའོ། །ཐལ་འགྱུར་དེ་ལ་ཁྱབ་སྟེ། གཏན་ཚིགས་གང་ལ་ཡང་སྒྲུབ་བྱེད་དེ་ཤེས་སླ་བས་ཐོག་མར་དེ་ཤེས་པ་ན་དེ་རྟགས་སུ་བཀོད་ནས་དེལས་ཤེས་དཀའ་བའི་བསྒྲུབ་བྱ་དེ་བསྒྲུབ་པ་ཡིན་པའི་ཕྱིར་རོ། །

གཉིས་པ་བདག་གཉིས་པོ་འགོག་བྱེད་གཏན་ཚིགས་ཀྱི་དབང་དུ་བྱས་པའི་རིགས་པ་དུ་མ་ཡོད་དེ། ཆོས་རྣམས་ཀྱི་ངོ་བོ་ལ་དཔྱོད་པ་གཅིག་དུ་བྲལ་གྱི་གཏན་ཚིགས་དང༌། རྒྱུ་ལ་དཔྱོད་པ་རྡོ་རྗེ་གཟེགས་མའི་གཏན་ཚིགས་དང༌། འབྲས་བུ་ལ་དཔྱོད་པ་ཡོད་མེད་སྐྱེ་འགོག་གི་གཏན་ཚིགས་དང༌། རྒྱུ་འབྲས་གཉིས་ཀ་ལ་དཔྱོད་པ་མུ་བཞི་སྐྱེ་འགོག་གི་གཏན་ཚིགས་དང༌། ཆོས་རྣམས་ཀྱི་ངོ་བོ་རྒྱུ་འབྲས་གསུམ་ལ་དཔྱོད་པ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་དང་ལྔ་ཡོད་པའི་ཕྱིར། དང་པོ་ཡོད་དེ། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མེད་དེ། རང་བཞིན་གྱིས་གྲུབ་པའི་གཅིག་དང་དུ་མ་གང་རུང་དུ་མེད་པའི་ཕྱིར། ཞེས་པའི་རྟགས་སྦྱོར་ལྟ་བུ། གཉིསཔ་ནི། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། མཐའ་བཞི་གང་རུང་ལས་མི་སྐྱེ་བའི་ཕྱིར།

ཞེས་པ་ལྟ་བུའོ། །

གསུམ་པ་ནི། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། རང་གི་རྒྱུ་དུས་སུ་ཡོད་པ་ཡང་མི་སྐྱེ། གཏན་ནས་མེད་པ་ཡང་མི་སྐྱེ་བའི་ཕྱིར། ཞེས་པ་ལྟ་བུའོ། །བཞི་པ་ནི། མྱུ་གུ་ཆོས་ཅན། རང་བཞིན་གྱིས་མི་སྐྱེ་སྟེ། རང་བཞིན་གྱིས་གྲུབ་པའི་རྒྱུ་གཅིག་ཁོ་ནས་འབྲས་བུ་གཅིག་ཁོ་ན་ཡང་མི་བསྐྱེད། རང་བཞིན་གྱིས་གྲུབ་པའི་རྒྱུ་དུ་མས་འབྲས་བུ་གཅིག་ཁོ་ན་ཡང་མི་བསྐྱེད། རང་བཞིན་གྱིས་གྲུབ་པའི་རྒྱུ་དུ་མས་འབྲས་བུ་དུ་མ་ཡང་མི་བསྐྱེད། རང་བཞིན་གྱིས་གྲུབ་པའི་རྒྱུ་གཅིག་ཁོ་ནས་འབྲས་བུ་གཅིག་ཁོ་ན་ཡང་མི་བསྐྱེད་པའི་ཕྱིར། ཞེས་གསུངས་པ་ལྟ་བུའོ། །ལྔ་པ་ནི། མྱུ་གུ་ཆོས་ཅན། རང་བཞིན་མེད་དེ། རྟེན་འབྲེལ་ཡིན་པའི་ཕྱིར་རོ། །ཞེས་པའི་གཏནཚིགས་ལྟ་བུའོ། །

གཉིས་པ་མཐའ་བཞི་སྐྱེ་འགོག་རྒྱས་པར་བཤད་པ་ལ།

རྩ་ཤེས་ལས། རྡོ་རྗེ་གཟེགས་མའི་གཏན་ཚིགས་སུ་གཙོ་བོར་བཤད་ལ། འཇུག་པའི་གཞུང་འདིར་དེ་བཞིན་དུ་རྡོ་རྗེ་གཟེགས་མ་གཙོ་བོར་བཤད་ཅིང་ཞར་བྱུང་དུ་རིགས་ཚོགས་གཞན་ལས་གཅིག་དུ་བྲལ་ལ་སོགས་པའི་གཏན་ཚིགས་གཞན་རྣམས་ཅི་རིགས་པར་རྒྱས་པར་བཤད་དོ། །དེ་ཡང་རང་འགྲེལ་ལས། འདིར་ཆོས་སྐྱེ་བ་དང་མཉམ་པ་ཉིད་ཁོ་ན་རིགས་པས་བསྟན་པ་ཉིད་ཀྱིས་ཆོས་མཉམ་པ་ཉིད་གཞན་བསྟན་པ་སླ་བར་དགོངས་ཏེ། སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་ཀྱི་དང་པོར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་ཉེ་བར་བཀོད་པ་ཡིན་ནོ། །ནམ་ཡང་ཞེས་བྱ་བ་ནི་གཞར་ཡང་ཞེས་བྱ་བའི་དོན་ཏོ། །གང་ན་ཡང་ཞེས་བྱ་བའི་སྒྲ་འགར་ཡང་གི་སྒྲའི་རྣམ་གྲངས་རྟེན་གྱི་ཚིག་གིས་ནི་ཡུལ་དང་དུས་དང་གྲུབ་པའི་མཐའ་བཤད་དོ། །གང་དག་གི་སྒྲ་བརྟེན་པའི་ཚིག་ནི་ཕྱི་དང་ནང་གི་དངོས་པོ་བརྗོད་པའོ། །དེས་ན་ཕྱི་དང་ནང་གི་དངོས་པོ་རྣམས་ནི་ཡུལ་དང་དུས་དང་གྲུབ་པའི་མཐའ་འགར་ཡང་བདག་ལས་སྐྱེ་བ་སྲིད་པ་མ་ཡིན་ནོ་ཞེས་འདི་ལྟར་སྦྱར་བར་བྱའོ། །འདིར་མ་ཡིན་ཞེས་བྱ་བ་འདི་ཡོད་པ་ཉིད་ཀྱི་སྒྲུབ་བྱེད་རང་ལས་སྐྱེ་བ་དང་སྦྲེལ་གྱི་ཡོད་པ་དང་ནི་མ་ཡིན་ཏེ། དེ་དགག་པ་དོན་གྱིས་གྲུབ་པའི་ཕྱིར་རོ། །དེ་བཞིན་དུ་དམ་བཅའ་བ་གསུམ་ཅར་ལ་ཡང་སྦྱར་བར་བྱའོ། །དམ་བཅའ་བ་བཞི་པོ་དེ་རྗེས་སུ་བརྗོད་ནསརིགས་པས་སྒྲུབ་པའི་ཕྱིར་བཤད་པ། ཞེས་གསུངས་པའི་ཕྱིར།

དེ་ལྟར་དམ་བཅས་པའི་དོན་དེ་འཆད་པ་ལ།

རང་བཞིན་གྱིས་སྐྱེ་བ་མིན་པའི་དམ་བཅའ་བཞག་པ་དང༌། དེ་རིགས་པས་སྒྲུབ་པའི་སྒྲུབ་བྱེད་བསྟན་པ་དང༌། མཐའ་བཞིའི་སྐྱེ་བབཀག་པས་གྲུབ་པའི་དོན་དང་གསུམ་ལས།

དང་པོ་ནི། རྩ་བར། དེ་ཉིད་དེ་ལས་བྱུང་མིན་གཞན་དག་ལས་ལྟ་ག་ལ་ཞིག། གཉིས་ཀ་ལས་ཀྱང་མ་ཡིན་རྒྱུ་མེད་པར་ནི་ག་ལ་ཡོད། །ཅེས་འཕགས་པའི་དམ་བཅའ་བཞི་པོ་འདིར་བཀོད་པ་ཡིན་ལ། དེ་ཡང་མྱུ་གུ་ལ་སོགས་པའི་འབྲས་བུ་དེ༷་ཉི༷ད་ནི། རང་གི་བདག་ཉིད་དེ༷་ལ༷ས་འབྱུ༷ང་བ་མི༷ན་པ་དང༌། རང་བཞིན་གྱིས་གྲུབ་པའི་རྒྱུ་རྐྱེན་གཞ༷ན་ད༷ག་ལ༷ས་ལྟ༷་འབྱུང་བ་ག༷་ལ༷་ཞི༷ག་ཡོད་དེ་མེད་པ་དང༌། རང་གཞན་གཉི༷ས་ཀ༷་ལ༷ས་ཀྱ༷ང་འབྱུང་བ་མ༷་ཡི༷ན་པ་དང༌། རྒྱུ༷་མེ༷དཔ༷ར་ནི༷་ག༷་ལ༷་ཡོ༷ད་དེ་མེད་དོ། །ཞེས་དམ་བཅའ་བའོ། །

གཉིས་པ་དེ་རིགས་པས་སྒྲུབ་པའི་སྒྲུབ་བྱེད་བསྟན་པ་ལ།

བདག་སྐྱེ་དགག་པ། གཞན་སྐྱེ་དགག་པ། གཉིས་ཀ་ལས་སྐྱེ་བ་དགག་པ། རྒྱུ་མེད་པར་སྐྱེ་བ་དགག་པ་དང་བཞི། །དང་པོ་ལ།

འཇུག་པའི་བདག་སྐྱེ་འགོག་པ་དང༌། ཐལ་བཟློག་གི་རྣམ་བཞག་བཤད་ཚུལ་དང་གཉིས། དང་པོ་ལའང་གཉིས་ཏེ། འགྲེལ་བའི་རིགས་པས་དགག་པ་དང༌། རྩ་ཤེས་ཀྱི་རིགས་པས་དགག་པའོ། །དང་པོ་ལ། དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་གྲུབ་མཐའ་མཁན་གྱི་ལུགས་དགག་པ། གྲུབ་མཐས་བློ་མ་བསྒྱུར་བའི་ཐ་སྙད་དུ་ཡང་མེད་པར་བསྟན་པ། དེ་ལྟར་བཀག་པ་རྣམས་ཀྱི་དོན་བསྡུ་བ་དང་གསུམ། །དང་པོ་ལ། རང་དང་ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དགག་པ། རྒྱུ་དང་འབྲས་བུ་གཉིས་ངོ་བོ་གཅིག་པ་དགག་པ་དང་གཉིས། དང་པོ་ལ། ངོ་བོ་གཅིག་པའི་རྒྱུ་ལས་སྐྱེ་བ་དོན་མེད་དུ་ཐལ་བ་དང༌། ངོ་བོ་གཅིག་པ་ལས་སྐྱེ་ན་རིགས་པ་དང་འགལ་བ་དང༌།

དེ་དག་གི་ཉེས་སྤོང་གི་ལན་དགག་པ་དང་གསུམ།

དང་པོ་ནི། རྩ་བར། དེ་ནི་དེ་ལས་བྱུང་ན་ཡོན་ཏན་འགའ་ཡང་ཡོད་མ་ཡིན། །ཞེས་དངོས་པོ་རྣམས་བདག་ལས་མི་སྐྱེ་བ་ནི་རྒྱུ་མཚན་གང་ལས་ངེས་པར་འགྱུར་ཞེ་ན། མྱུ་གུ་དེ༷་ནི༷། རང་གི་བདག་ཉིད་དེ༷་ལ༷ས་འབྱུ༷ང་བ་ཡིན་ན༷་དེ་ལྟར་རང་གི་བདག་ཉིད་ལས་འབྱུང་བ་ལ་འབྱུང་དགོས་པའི་ཡོ༷ན་ཏ༷ན་ལྷག་པོ་འག༷འ་ཡ༷ང་སྟེ་ཅུང་ཟད་ཀྱང་ཡོ༷ད་པ་མ༷་ཡི༷ན་པར་ཐལ། སྐྱེ་ལྡན་གྱི་དངོས་པོ་ཐམས་ཅད་གསར་དུ་རྒྱུ་ལས་སྐྱེ་བ་ནི་རང་གི་ངོ་བོ་མ་གྲུབ་པ་གྲུབ་པའི་དོན་དུ་ཡིན་པགང་ཞིག ཁྱོད་ཀྱི་ངོ་བོ་ནི་མ་སྐྱེས་པའི་སྔ་རོལ་གྱི་དུས་ནས་གྲུབ་ཟིན་པའི་ཕྱིར་རོ། །

གཉིས་པ་ངོ་བོ་གཅིག་པ་ལས་སྐྱེ་ན་རིགས་པ་དང་འགལ་བ་ནི།

རྩ་བར། སྐྱེས་པར་གྱུར་པ་སླར་ཡང་སྐྱེ་བ་རིགས་པའང་མ་ཡིན་ཉིད། །ཅེས་རང་གི་བདག་ཉིད་ཀྱི་རྒྱུ་ལས་མྱུ་གུ་སྐྱེ་ན་རྒྱུ་དུས་ནས་མྱུ་གུའི་བདག་ཉིད་ཐོབ་པ་དང་སྐྱེས་ཟིན་པ་ཡིན་ལ། དེ་ལྟར་ཡིན་བཞིན་སླར་ཡང་སྐྱེ་བ་དོན་མེད་པ་མ་ཟད་སྐྱེ༷ས་ཟིན་པ༷ར་གྱུ༷ར་པ༷་དེ་སླ༷ར་ཡ༷ང་བལྡབ་ནས་སྐྱེ༷་བ༷ར་རི༷གས་པའང་མ༷་ཡི༷ན་པ་ཉིད་ཡིན་ཏེ། ས་བོན་གྱི་བདག་ཉིད་དུ་རང་གི་ངོ་བོ་གྲུབ་ཟིན་པའི་ཕྱིར་རོ། །རྩ་བར། སྐྱེས་ཟིན་སླར་ཡང་སྐྱེ་བར་ཡོངས་སུ་རྟོག་པར་འགྱུར་ན་ནི། །མྱུ་གུ་ལ་སོགས་རྣམས་ཀྱི་སྐྱེ་བ་འདིར་རྙེད་མི་འགྱུར་ཞིང༌། །ཞེས་སྐྱེ༷ས་ཟི༷ན་པའི་ས་བོན་དེ་བཏབ་ནས་སླ༷ར་ཡ༷ང་སྐྱེ༷་བ༷ར་ཡོ༷ངས་སུ༷་རྟོ༷ག་པ༷ར་འགྱུར་ན༷་ནི༷། མྱུ༷་གུ༷་དང་སྡོང་བོ་དང་འདབ་མ་ལ༷་སོ༷གས་པ་རྣ༷མས་ཀྱི༷་སྐྱེ༷་བ༷་འདི༷ར་གཏན་ནས་རྙེ༷ད་པར་མི༷་འགྱུ༷ར་ཞི༷ང༌། རང་གི་འབྲས་བུའི་རང་གི་ངོ་བོ་གྲུབ་དུས་སུ་ཡང་ས་བོན་མ་འགག་ན་དེ་དུས་སུ་ཡང་ས་བོན་སྐྱེས་པའི་སྐབས་ཡིན་དགོས་ལ། དེ་ལྟར་ན་ཡང་སླར་ཡང་མྱུ་གུ་སྐྱེ་དུས་སུ་ཡང་ས་བོན་སྐྱེ་བའི་དུས་ཡིན་པ་སོགས་ས་བོན་ཡང་ཡང་སྐྱེ་བ་ལ་གེགས་བྱེད་མེད་དགོས་ལ། ས་བོན་མ་འགག་པར་རང་གི་འབྲས་བུ་ནམ་ཡང་མི་འབྱུང་བ་ཡིན་ནོ། །དེ་ནི་འབྲས་བུའི་རིགས་འདྲ་དེ་རྣམ་པ་ཀུན་ཏུ་མི་སྐྱེ་བའི་སྐྱོན་བསྟན་པའོ། །རྩ་བར། ས་བོན་སྲིད་མཐར་ཐུག་པར་རབ་ཏུ་སྐྱེ་བ་ཉིད་དུ་འགྱུར། །ཞེས་ཡང་རྣམ་པ་གཅིག་ཏུ་ན་མྱུ་གུའི་ས༷་བོ༷ན་དེ་ཉིད་བར་མ་ཆད་དུ་སྲི༷ད་པའི་མཐ༷ར་ཐུ༷ག་པ༷འི་བར་དུ་ར༷བ་ཏུ༷་སྐྱེ༷་བ༷་ཉི༷ད་དུ༷་འགྱུ༷ར་བར་ཐལ།མྱུ་གུལ་སོགས་སྐྱེ་ལྡན་ཐམས་ཅད་སྐྱེས་ཟིན་ཀྱང་སླར་ཡང་སྐྱེ་དགོས་པའི་ཕྱིར་རོ། །

གསུམ་པ་དེ་དག་གི་ཉེས་སྤོང་གི་ལན་དགག་པ་ནི།

རྩ་བར། ཇི་ལྟར་དེ་ཉིད་ཀྱིས་དེ་རྣམ་པར་འཇིག་པར་བྱེད་པར་འགྱུར། །ཞེས་ཇི༷་ལྟ༷ར་མྱུ་གུ་དེ༷་ཉི༷ད་ཀྱི༷ས་ས་བོན་དེ༷་རྣ༷མ་པ༷ར་འཇི༷ག་པ༷ར་བྱེ༷ད་པ༷ར་འགྱུ༷ར་ཏེ་འཇིག་པར་མི་འགྱུར་བར་ཐལ། ས་མྱུག་གཉིས་ཀྱི་རང་བཞིན་ནིརྣམ་པ་ཐམས་ཅད་དུ་གཅིག་ཡིན་པའི་ཕྱིར། རྟགས་ཁས་པའོ། །

གཉིས་པ་རྒྱུ་དང་འབྲས་བུ་གཉིས་ངོ་བོ་གཅིག་པ་དགག་པ་ལ།

ས་མྱུག་གཉིས་ལ་དབྱིབས་སོགས་ཐ་དད་མེད་པར་ཐལ་བས་དགགདེའི་ཉེས་སྤོང་གི་ལན་དགགགནས་སྐབསགཉིས་ཀྱི་རེ་རེར་གཉིས་ཀ་འཛིན་མི་འཛིན་མཚུངས་པར་ཐལ་བས་དགག་པ་དང་གསུམ།

དང་པོ་ནི། རྩ་བར། བྱེད་རྒྱུ་ས་བོན་གྱི་ལས་ཐ་དད་མྱུ་གུའི་དབྱིབས་དང་ནི། །ཁ་དོག་རོ་ནུས་སྨིན་པའི་ཐ་དད་ཁྱོད་ལ་མེད་པར་འགྱུར། །ཞེས་རྒྱུ་འབྲས་ངོ་བོ་གཅིག་པ་ལ་སྐྱོན་གཞན་ཡང་ཡོད་པ་ནི། མྱུ་གུ་སྐྱེད་པར་བྱེ༵ད་པའི་རྒྱུ༷་ས༷་བོ༷ན་གྱི༷་ཁ་དོག་དང་དབྱིབས་ལ་སོགས་པ་ལ༷ས་ཐ༷་ད༷ད་པའི་མྱུ༷་གུ༷འི་རིང་ཐུང་སོགས་ཀྱི་དབྱི༷བས་ད༷ང༌། སྔོ་སེར་སོགས་ཀྱི་ཁ༷་དོ༷ག་དང༌། མངར་སྐྱུར་སོགས་ཀྱི་རོ༷་དང༌། ནད་སོགས་ལ་ཕན་པའི་ནུ༷ས་པ་དང༌། རང་གི་ངོ་བོ་སྨིན་ཚུལ་མི་འདྲ་བར་སྨི༷ན་པ༷འི་སྨིན་པ་རྣམས་ཐ༷་ད༷ད་པ་གྲངས་ཅན་པ་ཁྱོ༷ད་ལ༷་མེ༷ད་པ༷ར་ཐལ། ས་མྱུག་གཉིས་ཀྱི་ངོ་བོ་དང་རང་བཞིན་ལ་རྣམ་པ་ཐམས་ཅད་དུ་ཁྱད་པར་མེད་པའམ་གཅིག་ཡིན་པའི་ཕྱིར། རང་འགྲེལ་ལས། དེ་ལ་དབྱིབས་ནི་རིང་པོ་དང་ཟླུམ་པོ་ལ་སོགས་པའོ། །ཁ་དོག་ནི་སེར་པོ་ལ་སོགས་པའོ། །རོ་ནི་མངར་བ་ལ་སོགས་པའོ། །ནུས་པ་ནི་མཐུའི་ཁྱད་པར་ནུས་མཐུའི་བྱེ་བྲག་སྟེ། དཔེར་ན་གཞང་འབྲུམ་གྱི་སྨན་ལུས་དང་ཉེ་བ་ཙམ་གྱིས་གཞང་འབྲུམ་སེལ་བ་དང༌། རྩི་སྨན་ལ་སོགས་པ་རྣམས་བཅངས་པ་ཙམ་གྱིས་ནམ་མཁའ་ལ་འགྲོ་བ་ལྟ་བུའོ། །རྣམ་པར་སྨིན་པ་ནི་རྫས་ཀྱི་ཁྱད་པར་ཡོངས་སུ་འགྱུར་བས་ཐོབ་པར་བྱ་བ་སྟེ། དཔེར་ན་པི་པི་ལིང་ལ་སོགསཔ་རྣམས་མངར་པོ་ཉིད་དུ་འགྱུར་བ་ལྟ་བུའོ། །ཞེས་གསུངས་སོ། །

གཉིས་པ་དེའི་ཉེས་སྤོང་གི་ལན་དགག་པ་ནི།

རྩ་བར། གལ་ཏེ་སྔར་གྱི་བདག་གི་དངོས་པོ་བསལ་ནས་དེ་ལས་གཞན། །ངོ་བོར་འགྱུར་ན་དེ་ཚེ་དེ་ཡི་དེ་ཉིད་ཇི་ལྟར་འགྱུར། །

ཞེས་གྲངས་ཅན་པ་ན་རེ། ས་མྱུག་ངོ་བོ་གཅིག་ཀྱང་དེ་གཉིས་ལ་དབྱིབས་སོགས་ཐ་དད་མེད་པའི་སྐྱོན་མེད་དོ། །ས་བོན་གྱི་རྣམ་འགྱུར་བཟུང་བའི་གཙོ་བོ་ས་བོན་གྱི་རྣམ་པ་བཏང་ནས་མྱུ་གུའི་རྣམ་འགྱུར་བཟུང་བ་ཡིན་པས་ན་ས་མྱུག་གཉིས་གནས་སྐབས་ཐ་དད་པ་ཙམ་ཡིན་ཕྱིར་ས་བོན་དེ་ཉིད་མྱུ་གུར་འགྱུར་བ་ཡིན་པས་ཁ་དོག་སོགས་ཐ་དད་པ་རུང་བའི་ཕྱིར་ཞེ་ན། ག༷ལ་ཏེ༷་སྔ༷ར་གྱི༷་ས་བོན་གྱི་བད༷ག་ཉི༷ད་དངོ༷ས་པོ༷་དེ་ས་བོན་རང་ཉིད་ཀྱི་དངོས་པོའི་གནས་སྐབས་བས༷ལ་ན༷ས། གནས་སྐབས་དེ༷་ལ༷ས་གཞ༷ན་མྱུ་གུའི་གནས་སྐབས་ཀྱི་ངོ༷་བོ༷ར་གྱུ༷ར་ན༷་ནི་དེ་ལྟར་འདོད་པ་དེ༷་ཡི་ཚེ༷་ས་བོན་དེ་ཡི༷་རང་བཞིན་དེ༷་ཉི༷ད་མྱུ་གུའི་རང་བཞིན་དེ་ཉིད་ཡིན་པར་ཇི༷་ལྟ༷ར་འགྱུ༷ར་ཏེ་མིའགྱུར་བས་སྐྱོན་སྤོང་མི་ནུས་སོ། །

གསུམ་པ་གནས་སྐབས་གཉིས་ཀྱི་རེ་རེར་གཉིས་ཀ་འཛིན་མི་འཛིན་མཚུངས་པར་ཐལ་བས་དགག་པ་ནི།

རྩ་བར། གལ་ཏེ་ཁྱོད་ཀྱི་ས་བོན་མྱུ་གུ་འདིར་གཞན་མ་ཡིན་ན། །ས་བོན་བཞིན་དུ་མྱུ་གུ་ཞེས་བྱ་དེ་བཟུང་མེད་པ་འམ། །ཡང་ན་དེ་དག་གཅིག་པས་ཇི་ལྟར་མྱུ་གུ་འདི་བཞིན་དུ། །དེ་ཡང་གཟུང་དུ་ཡོད་འགྱུར་དེ་ཕྱིར་འདི་ནི་ཁས་མི་བླང༌། །ཞེས་རྒྱུ་འབྲས་བདག་ཉིད་གཅིག་པ་ལ་སྐྱོན་གཞན་ཡང་ཡོད་དེ། ག༷ལ་ཏེ༷་ཁྱོ༷ད་ཀྱི༷་ལུགས་ལྟར་ས༷་བོ༷ན་དང་མྱུ༷་གུ༷འི་ངོ་བོ་གཉིས་འཇིག་རྟེན་འདི༷ར་ངོ་བོ་གཞ༷ན་པ་ཡོད་པ་མ༷་ཡི༷ན་ན༷། གོང་བཞིན་ས་མྱུག་གཉིས་གཅིག་ཏུ་འགྱུར་དགོས་པས་མྱུ་གུའི་དུས་སུ་དབང་ཤེས་ཀྱིས་ས༷་བོ༷ན་བཟུང་དུ་མེད་པ་དེ༷་བཞི༷ན་དུ༷་མྱུ༷་གུ༷་ཞེ༷ས་བྱ༷་བ་དེ༷་ཡང་གཟུ༷ང་དུ་མེ༷ད་པར་འགྱུར་བ༷འ༷མ། ཡ༷ང་ན༷་ས་མྱུག་དེ༷་ད༷ག་གི་ངོ་བོ་ནི་རྣམ་པ་ཀུན་ཏུ་གཅི༷ག་ཡིན་པ༷ས་ན་ཇི༷་ལྟ༷ར་མྱུ་གུའི་གནས་སྐབས་མྱུ༷་གུ༷་འདི༷་བཟུང་དུ་ཡོད་པ་བཞི༷ན་དུ༷་ས་བོན་དེ༷་ཡ༷ང་མིག་ཤེས་ཀྱིས་གཟུ༷ང་དུ༷་ཡོ༷ད་པར་འགྱུ༷ར་དགོས་པ་ལས་དེ་མེད་པ་དེ༷་ཡི་ཕྱི༷ར་ན་རིགས་པའི་གནོད་པ་དེ་གཉིས་སྤོང་བར་འདོད་པ་དག་གིས། ས་མྱུག་གཉིས་ངོ་བོགཅིག་པ་འདི༷་ནི༷་ཁ༷ས་མི༷་བླ༷ང་པར་བྱའོ། །

གཉིས་པ་གྲུབ་མཐས་བློ་མ་བསྒྱུར་བའི་ཐ་སྙད་དུ་ཡང་མེད་པར་བསྟན་པ་ནི།

རྩ་བར། གང་གི་རྒྱུ་ཞིག་ན་ཡང་དེ་ཡི་འབྲས་བུ་མཐོང་བའི་ཕྱིར། །དེ་དག་གཅིག་པ་ཡིན་ཞེས་འཇིག་རྟེན་གྱིས་ཀྱང་ཁས་མི་ལེན། །ཞེས་དེ་ཁོ་ན་ཉིད་རྟོགས་པར་འདོད་པའི་གྲངས་ཅན་གྱི་ལུགས་སངས་རྒྱས་པའི་ལུགས་ལས་གཞན་དུ་སྒྲོ་བཏགས་པའི་བདག་སྐྱེ་ལེགས་པར་བཀག་ཟིན་ནས། ད་ནི་བདག་སྐྱེ་དེ་ནི་གྲུབ་མཐས་བློ་བསྒྱུར་བ་རྣམས་ཀྱི་ངོར་ཡོད་ཀྱི་གྲུབ་མཐའི་ལུགས་གཞན་དུ་བློ་མ་སྦྱངས་པའི་འཇིག་རྟེན་པའི་ཐ་སྙད་དུ་ཡང༌། བདག་ལས་སྐྱེ་བར་འདོད་པ་དེ་མི་འཐད་དོ་ཞེས་སྟོན་པ་ནི། ག༷ང་གི༷་ཕྱིར་འཇིག་རྟེན་པ་རྣམས་ཀྱིས་རྒྱུ༷་ས་བོན་ཞི༷ག་ཟིན་ན༷་ཡ༷ང་ས་བོན་དེ༷་ཡི༷་འབྲ༷ས་བུ༷་དེ་ཡོད་པར་མཐོ༷ང་བ༷འི་ཕྱི༷ར་ན། ས་མྱུག་དེ༷་ད༷ག་ངོ་བོ་གཅི༷ག་པ༷་ཡི༷ན་ཞེ༷ས་འཇི༷གརྟེ༷ན་གྱི༷ས་ཀྱ༷ང་ཁ༷ས་མི༷་ལེ༷ན་ནོ། །

གསུམ་པ་དེ་ལྟར་བཀག་པ་རྣམས་ཀྱི་དོན་བསྡུ་བ་ནི།

རྩ་བར། དེ་ཕྱིར་དངོས་པོ་བདག་ལས་འབྱུང་ཞེས་རབ་ཏུ་བརྟག་པ་འདི། །དེ་ཉིད་དང་ནི་འཇིག་རྟེན་དུ་ཡང་རིགས་པ་མ་ཡིན་ནོ། །

ཞེས་དོན་དམ་པ་དང་ཀུན་རྫོབ་ཀྱི་ཕྱོགས་གཉིས་ཀ་ལྟར་ཡང་བདག་ལས་སྐྱེ་བ་ནི་རིགས་པ་དང་འགལ་བ་དེ༷་ཡི་ཕྱི༷ར་ན་ཕྱི་ནང་གི་དངོ༷ས་པོ༷་རྣམས་བད༷ག་ལས་འབྱུ༷ང་བ་ཡིན་ཞེ༷ས་ར༷བ་ཏུ༷་བརྟ༷ག་པ༷་འདི༷་ནི། དེ༷་ཉི༷ད་དོན་དམ་ད༷ང་ནི༷་འཇི༷ག་རྟེ༷ན་ཀུན་རྫོབ་གང་དུ༷་ཡ༷ང་རི༷གས་པ༷་མ༷་ཡི༷ན་ཏེ། དོན་དམ་པར་བདག་སྐྱེ་མེད་ལ། ཐ་སྙད་དུ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་ན་འཕགས་པས་བདག་སྐྱེ་འགོག་པ་ན་དོན་དམ་པར་བདག་སྐྱེ་མེད་ཅེས་སོགས་དོན་དམ་གྱི་ཁྱད་པར་མ་སྦྱར་བར་བདག་ལས་མ་ཡིན་ཞེས་སྤྱིར་བདག་སྐྱེ་བཀག་པ་ཡིན་ནོ། །དེས་ན་ལེགས་ལྡན་གྱིས་དངོས་པོ་རྣམས་ཆོས་ཅན། དོན་དམ་པར་བདག་ལས་སྐྱེ་བ་མ་ཡིན་ཏེ། ཡོད་པའི་ཕྱིར། སེམས་པ་ཅན་བཞིན་ཞེས་དོན་དམ་པར་ཞེས་པའི་ཁྱད་པར་དེ་ནི་དོན་མེད་དོ་གསུངས། འོན་ཀྱང་ལེགས་ལྡན་གྱིས་ཐ་སྙད་དུ་བདག་སྐྱེ་ཡོད་པར་འདོད་པ་ནི་མ་ཡིན་ཏེ། འདི་བས་བདག་ལས་སོགས་ནས་གཅིག་གི་བར་བརྒྱད་པོ་འཕགས་པའི་མཉམ་བཞག་ལ་དོན་དམ་དུ་བྱས་པས་འཕགས་པའི་མཉམ་བཞག་དོན་དམ་གྱི་ངོར་ཡོད་པ་མ་ཡིན་པ་སྟོན་པའི་ཆེད་དུ་དོན་དམ་པའི་ཁྱད་པར་སྦྱར་བ་ཡིན་གྱི་ཐ་སྙད་དུ་བདག་སྐྱེ་ཡོད་པར་མི་བཞེད་པའི་ཕྱིར། དངོས་པོ་རྣམས་བདག་ལས་མི་སྐྱེ་སྟེ་ཞེས་བྱས་ནས་བདག་ལས་མི་སྐྱེ་བར་བཤད་པའི་ཤུགས་ཀྱིས་གཞན་ལས་སྐྱེ་བ་འཕེན་ལ། དེས་ན་བདག་སྐྱེ་བཀག་པ་ཙམ་གྱི་མེད་དགག་མི་སྟོན་པར་མ་ཡིན་དགག་ཏུ་འགྱུར་ན། དེ་ནི་མཐའ་བཞིའི་སྐྱེ་བ་བཀག་པ་མེད་དགག་སྒྲུབ་པ་ཡིན་པ་དང་འགལ་བས་ན་གཞན་སྐྱེ་ཤུགསལ་མི་འཕེན་པའི་མེད་དགག་སྟོན་ཆེད་དོན་དམ་པའི་ཁྱད་པར་སྦྱར་བའི་ཕྱིར་རོ། །

གཉིས་པ་རྩ་ཤེས་ཀྱི་རིགས་པས་དགག་པ་ནི།

རྩ་བར། བདག་ལས་སྐྱེ་བར་འདོད་ན་བསྐྱེད་པར་བྱ་དང་སྐྱེད་བྱེད་དང༌། །ལས་དང་བྱེད་པ་པོ་ཡང་གཅིག་ཉིད་འགྱུར་ན་དེ་དག་ནི། །

གཅིག་ཉིད་མ་ཡིན་པས་ན་བདག་ལས་སྐྱེ་བར་ཁས་བླང་བར། །བྱ་མིན་རྒྱ་ཆེར་བཤད་པའི་ཉེས་པར་ཐལ་བར་འགྱུར་ཕྱིར་རོ། །ཞེས་བདག་ལས་སྐྱེ་བ་ལ་སྐྱོན་གཞན་ཡོད་ནི། འབྲས་བུ་རྣམས་བད༷ག་ལ༷ས་སྐྱེ༷་བ༷ར་འདོ༷ད་པ་ན༷་བསྐྱེ༷ད་པ༷ར་བྱ༷་བ་འབྲས་བུ་ད༷ང༌། སྐྱེ༷ད་པར་བྱེ༷ད་པ་རྒྱུ་གཉིས་གཅིག་ཏུ་ཐལ་བ་ད༷ང༌། གང་ཞིག་བྱ་བའི་ལ༷ས་ལྡེར་སྐུ་ལྟ་བུ་ད༷ང༌། གང་གིས་བྱེད་པའི་བྱེ༷ད་པ༷་པོ༷་ལྷ་བཟོ་བ་ལྟ་བུ་ཡ༷ང་གཅི༷ག་ཉི༷ད་དུ་འགྱུ༷ར་ན༷། དེ༷་ད༷ག་ནི༷་གཅི༷ག་ཉི༷ད་མ༷་ཡི༷ན་པ༷ས་ན༷་འབྲས་བུ་རྣམས་བད༷ག་ལ༷ས་སྐྱེ༷་བ༷ར་ཁ༷ས་བླ༷ངས་པ༷ར་བྱ༷་བ་མི༷ན་ཏེ། རྩ་ཤེས་ནས་རྒྱ༷་ཆེ༷ར་བཤ༷ད་པ༷འི་ཉེ༷ས་པ་འབྱུང་བ༷ར་ཐ༷ལ་བ༷ར་འགྱུ༷ར་བའི་ཕྱི༷ར་རོ༷། །རྩ་ཤེས་ཀྱི་རིགས་པ་ནི། རང་འགྲེལ་ལས། ཇི་སྐད་དུ། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །

རྒྱུ་དང་འབྲས་བུ་གཅིག་ཉིད་ན། །སྐྱེ་དང་བསྐྱེད་པ་གཅིག་ཏུ་འགྱུར། །ཞེས་གསུངས་སོ། །

གཅིག་པ་ཉིད་ནི་ཡོད་པ་མ་ཡིན་ཏེ། ཕ་དང་བུ་དག་གམ་མིག་དང་རྣམ་པར་ཤེས་པ་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར། གལ་ཏེ་ཤིང་དེ་མེ་ཡིན་ན། །

བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟ་བུ་ལ་སོགས་པའི་སྐྱོན་དུ་ཐལ་བར་འགྱུར་བའི་འཇིགས་པ་ལས་ན། བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་རྟོགས་པར་འདོདཔས་དངོས་པོ་རྣམས་བདག་ལས་སྐྱེ་བར་ཁས་བླང་བར་མི་བྱའོ། །ཞེས་གསུངས་སོ། །

གཉིས་པ་ཐལ་བཟློག་གི་རྣམ་བཞག་བཤད་པ་ལ།

སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་བཀག་ཚུལ། དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ། སྐྱོན་དེ་སངས་རྒྱས་བསྐྱངས་ལ་མི་འཇུག་ཚུལ་ཟླ་བས་བཤད་ཚུལ་དང་གསུམ། དང་པོ་ལ། ཕྱོགས་སྔ་འགོད་པ་དང༌། དེ་དགག་པ་གཉིས། དང་པོ་ནི། གྲངས་ཅན་པ་ན་རེ། ནས་མྱུག་ལྟ་བུའི་འབྲས་བུ་གཅིག་གི་རྒྱུ་ས་བོན་དང༌། རྐྱེན་ཆུ་ལུད་རྣམས་ལ། དེ་དག་གི་གྲུབ་རྫས་སྤྱི་དང་གཙོ་བོ་དང་རང་བཞིན་ཞེས་བྱ་བ་ཆ་མེད་གཅིག་ཕར་ཡིན་ཚུར་ཡིན་གྱི་སྒོ་ནས་ཁྱབ་པའི་རྗེས་སུ་འགྲོ་བ་ཡོད་པར་ཐལ། རྒྱུ་རྐྱེན་དེ་དག་ལས་འབྲས་བུ་ཐུན་མོང་བ་གཅིག་དམིགས་པའི་ཕྱིར་ཟེར་བ་དང༌། ཡང་སྐྱེ་ལྡན་ཐམས་ཅད་རང་རྒྱུ་དུས་ནས་ཡོད་དེ། དེ་དག་རང་རྒྱུའི་དུས་ནས་རྒྱུའི་རང་བཞིན་དུ་གནས་པའི་ཕྱིར། དཔེར་ན་རྫ་བུམ་དེ་རྒྱུ་འཇིམ་པའི་དུས་སུ་འཇིམ་པའི་རང་བཞིན་དུ་གནས་པ་བཞིན་ཟེར། དེས་ན་འདི་བས་རྒྱུ་རྐྱེན་གྱི་རང་བཞིན་དང་འབྲས་བུའི་རང་བཞིན་ཡང་ཕན་ཚུན་ཡིན་ཁྱབ་མཉམ་དུ་འདོད་དེ། རྒྱུ་འབྲས་ཐམས་ཅད་ནི་དུས་ཀུན་ཏུ་རྟག་པའི་གཙོ་བོ་གཅིག་ལས་གྲུབ་པ་ཡིན་པས་རྒྱུའི་རང་བཞིན་ཡིན་ན་འབྲས་བུའི་རང་བཞིན་ཡིན་པས་ཁྱབ། དེ་ལས་ལྡོག་པ་ལ་ཡང་ཁྱབ་པ་ཡིན་གྱི། འབྲས་བུའི་རང་བཞིན་ཡིན་ལ་རྒྱུའི་རང་བཞིན་མ་ཡིན་པའི་ཆམེད་པར་འདོད་པའི་ཕྱིར་རོ། །

གཉིས་པ་དེ་དགག་པ་ནི། བུདྡྷ་པཱ་ལི་ཏ་ལས། བདག་ལས་མ་ཡིན་གཞན་ལས་མིན། །

གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ན་ཡང༌། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །འདི་ལ་གལ་ཏེ་དངོས་པོ་འགའ་ཞིག་སྐྱེ་བར་གྱུར་ན། དངོས་པོ་དེའི་སྐྱེ་བ་དེ་བདག་ལས་སམ། གཞན་ལས་སམ། བདག་དང་གཞན་གཉིས་ལས་སམ། རྒྱུ་མེད་པ་ལས་འགྱུར་གྲང་ན། བརྟགས་ནས་རྣམ་པ་ཐམས་ཅད་ལས་མི་འཐད་དོ། །ཇི་ལྟར་ཞེ་ན། བདག་ལས་ཞེས་བྱ་བ་ནི་བདག་ཉིད་ལས་ཞེས་བྱ་བའི་ཐ་ཚིག་གོ། །དེ་ལ་རེ་ཞིག་དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ། །འདི་ལྟར་དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ཡང་སྐྱེ་བ་དགོས་པ་མེད་དོ། །གལ་ཏེ་ཡོད་ཀྱང་ཡང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་བས་དེ་ཡང་མི་འདོད་དེ། དེའི་ཕྱིར་རེ་ཞིག་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དོ། །ཞེས་སོ། །

འགྱུར་གཞན་ལྟར་ན། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཤིན་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དངོས་པོ་བདག་གི་བདག་ཉིད་དུ་ཡོད་པ་རྣམས་ལ་ནི། ཡང་སྐྱེ་བ་ལ་དགོས་པ་མེད་དེ། ཅི་སྟེ་ཡོད་ཀྱང་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་རོ། །ཞེས་གསུངས་སོ། །དེའི་དོན་ནི། དེ་ལྟར་འདོད་པ་ལ་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་འཕངས་ཚུལ་ཡོད་དེ། སངས་རྒྱས་བསྐྱངས་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་དམ་བཅའ་བཞག་པ་ལ། གྲངས་ཅན་གྱིས་བདག་ལས་སྐྱེ་ན་ཅི་ཉེས་སྙམ་པ་ལ། བདག་ལས་སྐྱེ་ན་དངོས་པོ་དེ་དག་གི་སྐྱེ་བ་དོན་མེད་དུ་འགྱུར་བའི་ཕྱིར་དང༌། དེར་མ་ཟད་སྐྱེ་བ་ཐུག་མེད་དུ་འགྱུར་བའི་སྐྱོན་ཡང་འོངས་བའི་ཕྱིར། ཞེས་པའི་ཐལ་འགྱུར་གཉིས་ཀྱི་མིང་གི་སྒོ་ནས་གནོད་བྱེད་མདོར་བསྟན་ནས་འཕངས་པའི་ཕྱིར། བུདྡྷ་པཱ་ལི་ཏ་ལས། དངོས་པོ་རྣམས་ཞེས་པ་ནས། ཕྱིར་རོ། །ཞེས་པའི་བར་ནི་ཐལ་འགྱུར་གྱི་གནོད་བྱེད་མདོར་བསྟན་པའི་གཞུང་དང༌། དངོས་པོ་བདག་གི་བདག་ཉིད་སོགས་ནི་མདོར་བསྟན་གྱི་གནོད་བྱེད་དེ་ཉིད་རྒྱས་བཤད་ཀྱི་གཞུང་ཡིན་པའི་ཕྱིར། མདོར་བསྟན་གྱི་གཞུང་དེས་སྐྱེ་བ་དོན་མེད་དུ་ཐལ་བ་འཕང་ཚུལ་ཡོད་དེ། མྱུ་གུ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དུ་ཐལ། རང་གི་རྒྱུ་དུས་ནས་ཡོད་པའི་ཕྱིར། ཞེས་འཕངས་པའི་ཕྱིར། དེ་ལ་གྲངས་ཅན་གྱིས་མ་ཁྱབ་ཟེར་བ་ལ་ཐལ་འགྱུར་གཉིས་པ་ཐུ ག་མེད་དུ་འཕང་ཚུལ་ཡོད་དེ། མྱུ་གུ་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་ལ་ཐུག་པ་མེད་པར་ཐལ། རང་གི་རྒྱུ་དུས་ནས་གྲུབ་ཟིན་ཀྱང་སླར་ཡང་སྐྱེ་བ་དོན་ཡོད་པའི་ཕྱིར།

ཞེས་འཕངས་པའི་ཕྱིར།

སངས་རྒྱས་བསྐྱངས་ཀྱི་ཐལ་འགྱུར་དེ་གཉིས་ལ་གྲངས་ཅན་པས་མ་ཁྱབ་ཀྱི་ལན་བཏབ་ཀྱང་ལན་རྣམ་དག་མི་ཐེབས་པའི་ཚུལ་ནི། བུམ་གསལ་ཆོས་ཅན། སླར་ཡང་མི་སྐྱེ་བར་ཐལ། རྒྱུ་དུས་ནས་ཡོད་པའི་ཕྱིར། མ་གྲུབ་ན། འོ་ན་སྐྱེ་ལྡན་ཐམས་ཅད་སྔར་ནས་ཡོད་པ་དེ་རྐྱེན་གྱིས་གསལ་བར་སྐྱེ་བ་མ་ཡིན་པར་ཐལ། བུམ་གསལ་སོགས་རྒྱུ་དུས་ནས་ཡོད་པ་མ་ཡིན་པའི་ཕྱིར། རྩ་བར་མ་ཁྱབ་ན། བུམ་གསལ་ཆོས་ཅན། ཁྱོད་ཀྱི་སྐྱེ་བ་ཐུག་མེད་ཡིན་པར་ཐལ། ཁྱོད་རང་རྒྱུའི་དུས་ནས་ཡོད་ཀྱང་སླར་ཡང་སྐྱེ་བ་ཡང་དོན་ཡོད་པའི་ཕྱིར་ཟེར་ན་བདག་སྐྱེསའདོད་པ་ལ་ལན་མེད་དོ། །

དེ་ལ་ལེགས་ལྡན་གྱིས་སྐྱོན་བརྗོད་ཚུལ་ནི།

ཤེས་རབ་སྒྲོན་མེ་ལས། འདི་ལ་གཞན་ནི། དངོས་པོ་རྣམས་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། སྐྱེ་བ་ཐུག་པ་མེད་པར་འགྱུར་བའི་ཕྱིར་རོ་ཞེས་རྣམ་པར་བཤད་པར་བྱེད་དོ། །དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང༌། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་ཕྱིར་དང༌། གླགས་ཡོད་པའི་ཚིག་ཡིན་པའི་ཕྱིར་ཏེ། སྐབས་ཀྱི་དོན་ལས་བཟློག་པས་བསྒྲུབ་པར་བྱ་བ་དང༌། དེའི་ཆོས་བཟློག་པའི་དོན་མངོན་པས་དངོས་པོ་རྣམས་གཞན་ལས་སྐྱེ་བར་འགྱུར་བ་དང༌། སྐྱེ་བ་འབྲས་བུ་དང་བཅས་པ་ཉིད་དུ་འགྱུར་བ་དང༌། སྐྱེ་བ་ཐུག་པ་ཡོད་པར་འགྱུར་བའི་ཕྱིར་མཛད་པའི་མཐའ་དང་འགལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེའི་དོན་ནི། སློབ་དཔོན་ལེགས་ལྡན་འབྱེད་ན་རེ།

སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་པའི་འགྲེལ་བའི་ངག་དེ་ནི་མི་འཐད་དེ། དཔེ་བསྟན་པའི་སྦྱོར་ངག་དེས། བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་ཡང་དག་དང་དཔེ་ཡང་དག་མ་བརྗོད་པའི་སྐྱོན་དང༌། གཞན་གྱིས་སྨྲས་པའི་ཉེས་པ་གྲུབ་ཟིན་སྒྲུབ་པའམ་ཁྱབ་པ་འགལ་བའི་སྐྱོན་བརྗོད་ཡོད་པ་མ་བསལ་བའི་སྐྱོན་དང༌། རྒོལ་བ་གཞན་གྱིས་ཀླན་ཀའི་གླགས་ཡོད་པའི་སྐྱོན་གསུམ་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། འགྲེལ་ངག་དེའི་ཚིག་ཟིན་ཁོ་ན་ལྟར་བདག་སྐྱེ་བཀག་པའི་རིགས་པ་འཕངས་པ་ཡིན་ན། དངོས་པོ་རྣམས་ཆོས་ཅན། བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། སྐྱེ་བ་དོན་མེད་ཡིན་པའི་ཕྱིར། ཡང་དེ་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། སྐྱེ་བ་ཐུག་མེད་ཡིན་པའི་ཕྱིར། ཞེས་བཀོད་འདུག་པ་གང་ཞིག སྐྱེ་བ་དོན་མེད་དང་ཐུག་མེད་གཉིས་ཀྱི་རྟགས་ཀྱིས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པ་སྒྲུབ་མི་ཐུབ་པའི་ཕྱིར་ཏེ། རྟགས་དེ་གཉིས་གཞི་མ་གྲུབ་པས་ན། རྟགས་དེ་གཉིས་ནི་དེ་སྒྲུབ་ཀྱི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་དང་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར་དང༌།

སྦྱོར་བ་དེ་གཉིས་ཀྱི་མཐུན་དཔེ་སྐྱོན་མེད་ཀྱང་མི་རྙེད་པའི་ཕྱིར། སངས་རྒྱས་བསྐྱངས་ཀྱི་འགྲེལ་བ་འདིས། མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་བཞིན། ཞེས་པ་ལྟ་བུའི་བདག་སྐྱེ་འགོག་ནུས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་རོ། །རྩ་རྟགས་གཉིས་པ་གྲུབ་སྟེ། གྲངས་ཅན་པ་ན་རེ། ཁྱོད་ཀྱི་དངོས་པོ་རྣམས་བདག་གི་བདག་ཉིད་ལས་མི་སྐྱེ་ཞེས་པའི་དོན་དེ། མྱུ་གུ་མངོན་པར་གསལ་ཟིན་གྱི་བདག་ཉིད་ལས་མི་སྐྱེ་ཟེར་བ་ཡིན་ནམ། རྒྱུ་མི་གསལ་བ་ནུས་པའི་བདག་ཉིད་དམ་གཙོ་བོའི་བདག་ཉིད་ལས་མི་སྐྱེ་ཟེར་བ་ཡིན། དང་པོ་ལྟར་ན་གྲུབ་ཟིན་སྒྲུབ་པ་ཡིན་ཏེ། ཁོ་བོ་ཡང་འབྲས་བུ་མངོན་པར་གསལ་བའི་བདག་ཉིད་ལས་སྐྱེ་བར་མི་འདོད་པའི་ཕྱིར། གཉིས་པ་ལྟར་ན་ཁྱབ་པ་འགལ་བ་ཡིན་ཏེ། སྐྱེ་ལྡན་ཐམས་ཅད་རྒྱུ་མི་གསལ་བ་གཙོ་བོའི་ནུས་པའི་བདག་ཉིད་ལས་སྐྱེ་བ་ཡིན་པས་དེ་ལས་སྐྱེས་ན་སྐྱེ་བ་དོན་མེད་དང་ཐུག་མེད་མ་ཡིན་པས་ཁྱབ་དགོས་པའི་ཕྱིར། ཞེས་རང་གི་དམ་བཅའ་ལ་བརྟགས་ནས་སྐྱོན་བརྗོད་པ་མ་བསལ་བའི་ཕྱིར་རོ། །ལེགས་ལྡན་གྱིས་གཞན་གྱིས་སྨྲས་པའི་སྐྱོན་བསལ་བ་ཡིན་ཏེ། ཤེས་རབ་སྒྲོན་མེ་ལས། འདིར་གྲངས་ཅན་དག་ལས་ཁ་ཅིག་ཕྱིར་ཟློག་པར་བྱེད་དེ། དམ་བཅས་པ་འདིའི་དོན་གང་ཡིན། ཅི་བདག་ལས་ཞེས་བྱ་བ་འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས་དེས་ཅིར་འགྱུར། གལ་ཏེ་འབྲས་བུའི་བདག་ཉིད་ལས་ན་ནི་གྲུབ་པ་བསྒྲུབ་བོ། །འོན་ཏེ་རྒྱུའི་བདག་ཉིད་ལས་ན་ནི་དོན་འགལ་བ་ཉིད་དེ། སྐྱེ་བ་ཅན་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་ལས་སྐྱེ་བའི་ཕྱིར་རོ་ཞེ་ན། དེ་ནི་བཟང་པོ་མ་ཡིན་ཏེ། བདག་ལས་སྐྱེ་བ་ཙམ་དགག་པའི་ཕྱིར་རོ། །རྒྱུའི་བདག་ཉིད་ལས་ན་ཡང་བདག་དང་གཞན་དུ་གྱུར་པ་ལས་ཀྱང་སྐྱེ་བ་སེལ་བའི་ཕྱིར་རོ། །ཤེས་པ་ཡོད་པ་ཉིད་ནི་ནུས་པའི་མཚན་ཉིད་དང་ལྡན་པ་ཡོངས་སུ་གཟུང་བའི་ཕྱིར་ཡང་ཉེས་པ་མེད་དོ། །ཞེས་གསུངས་པས་གྲུབ་པའོ། །རྩ་རྟགས་གསུམ་པ་གྲུབ་སྟེ། ཁྱོད་ཀྱི་འགྲེལ་ངག་ལྟར་སྐྱེ་བ་དོན་མེད་དང་ཐུག་མེད་གཉིས་བདག་སྐྱེ་མེད་པར་སྒྲུབ་པའི་རྟགས་སུ་བཀོད་ན་མི་འཐད་པ་སྔར་ལྟར་ཡིན་པས་དངོས་ཟིན་གྱི་དོན་དེ་ལས་བཟློག་ཀྱང་དགོས་ལ། བཟློག་དགོས་པར་ཁྱོད་རང་གི་རྟགས་གཉིས་ཀྱི་ཚིག་ཉམས་ལས་ཤུགས་ལ་འཕངས་པར་ཡང་མངོན་ལ། རྟགས་བཟློག་ན་བདག་སྐྱེ་བཅད་པ་ལས་བཟློག་པ་གྲུབ་སྟེ། ཁྱོད་རང་གི་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་སོགས་འགྱུར་བའི་ཞེས་པའི་ཚིག་ནུས་ལ་སྐྱེ་བ་དོན་བཅས་ཡིན་པ་ལས་ཁྱོད་ཀྱི་ལུགས་ལ་དོན་མེད་དུ་འགྱུར་དགོས་ཀྱང༌། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བ་མ་ཡིན་པར་དོན་ཡོད་པའི་ཕྱིར་དང༌། སྐྱེ་བ་ཐུག་མེད་དུ་འགྱུར་བ་མ་ཡིན་པར་སྐྱེ་བ་ཐུག་བཅས་ཡིན་པར་ཞེས་པའི་ཚུལ་གྱིས་རྟགས་བཟློག་པར་བྱ་བའི་ཚུལ་དུ་བསྟན་པར་མངོན་པའི་ཕྱིར་རོ། །གསུམ་པ་གྲུབ་སྟེ། བཟློག་ནས་འགྲེལ་ངག་གི་ཚིག་ཟིན་ལྟར་གྱི་རྟགས་སྐྱེ་བ་དོན་མེད་དང་ཐུག་མེད་གཉིས་བཟློག་སྟེ་སྐྱེ་བ་དོན་བཅས་དང་ཐུག་བཅས་གཉིས་རྟགས་སུ་བཀོད་ནས། མྱུ་གུ་ཆོས་ཅན། བདག་ལས་མི་སྐྱེ་སྟེ། སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་པའི་ཕྱིར་ཞེས་བཀོད་ན་ནི། བདག་ལས་སྐྱེ་བ་དམ་བཅའི་ཚིག་གིས་དངོས་སུ་བཅད་ནས་རྟགས་སྐྱེ་བ་དོན་བཅས་དང་ཐུག་བཅས་ཡིན་ཞེས་པའི་ཚིག་ནུས་ཀྱིས་དངོས་པོ་རྣམས་སྤྱིར་སྐྱེ་བར་འཕངས་ལ། སྐྱེ་བ་དེ་ཡང་བདག་སྐྱེ་དང་གཞན་སྐྱེ་གཉིས་སུ་ཁ་ཚོན་ཆོད་པས་གཞན་ལས་སྐྱེ་བར་ཤུགས་ལ་འཕངས་པར་འགྱུར་ལ། དེ་ལྟར་འཕངས་ན་བཟློག་དོན་གྱི་སྦྱོར་བ་དེ་དངོས་ཀྱི་བསྒྲུབ་བྱ་བདག་སྐྱེ་མེད་པ་ཡིན་ཡང་ཤུགས་ཀྱི་བསྒྲུབ་བྱ་ལ་གཞན་སྐྱེ་འཇོག་དགོས་པས། སྦྱོར་བ་དེས་བསྒྲུབ་བྱ་བདག་ལས་མི་སྐྱེ་བ་བཟློག་པའི་གཞན་སྐྱེ་ཤུགས་ཀྱིས་བསྒྲུབ་བྱར་བྱེད་དགོས། དེ་ལྟར་བདག་སྐྱེ་བཅད་ཙམ་གྱི་མེད་དགག་ཁོ་ན་བསྒྲུབ་པ་མ་ཡིན་པར་མ་ཡིན་དགག་བསྒྲུབ་བྱར་བྱེད་པ་གང་ཞིག དེ་བསྒྲུབ་བྱར་བྱེད་ན་ནི་འཕགས་པའི་དགོངས་པ་འགྲེལ་བའི་ཐལ་རང་མང་པོ་ཞིག་གི་ལུགས་ལ་མཐའ་བཞི་སྐྱེ་འགོག་ལ་སོགས་པའི་རྟགས་ཀྱིས་དགག་བྱ་བཀག་པ་མེད་དགག་ཁོ་ན་ལ་བྱེད་པའི་གྲུབ་མཐའ་དང་འགལ་བའིསྐྱོན་ཡོད་དོ་ཞེས་ཀླན་ཀའི་སྐབས་འཇུག་པར་ལེགས་ལྡན་འབྱེད་ཀྱིས་གསུངས་སོ། །

སྐྱེ་བ་ཙམ་སྒྲུབ་འདོད་པ་ཤེས་རབ་སྒྲོན་མེ་ལས། དག་ལས་མ་ཡིན་ཞེས་བྱ་བའི་དགག་པ་འདི་ནི་མེད་པར་དགག་པའི་དོན་དུ་ལྟ་བར་བྱ་སྟེ། དགག་པ་གཙོ་ཆེ་བའི་ཕྱིར་དང༌།

འདི་ལྟར་རྟོགས་པ་མ་ལུས་པའི་དྲ་བ་དགག་པས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཤེས་བྱའི་ཡུལ་མ་ལུས་པ་དང་ལྡན་པ་འགྲུབ་པར་དགོངས་པའི་ཕྱིར་རོ། །མ་ཡིན་པར་དགག་པ་ཡོངས་སུ་བཟུང་ན་ནི་དེ་སྒྲུབ་པ་གཙོ་ཆེ་བའི་ཕྱིར་ཆོས་རྣམས་མ་སྐྱེས་སོ་ཞེས་སྒྲུབ་པས་སྐྱེ་བ་མེད་པ་སྟོན་པའི་ཕྱིར་མཛད་པའི་མཐའ་དང་བྲལ་བར་འགྱུར་ཏེ། ལུང་ལས་གཟུགས་ཀྱི་སྐྱེ་བ་མེད་པ་ལ་སྤྱོད་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སྤྱོད་པ་མ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ཡང་སངསརྒྱས་བསྐྱངས་ཀྱིས་སྐྱེ་བ་ཙམ་སྒྲུབ་འདོད་ཡོད་པ་ནི། བུདྡྷ་པཱ་ལི་ཏ་ལས། འདིར་སྨྲས་པ། རེ་ཞིག་ཇི་ལྟར་སྐྱེ་བར་བརྗོད་པ་ཐ་སྙད་ཙམ་ཡིན་པ་དེ་ལྟར་རབ་ཏུ་སྟོན་ཅིག །བཤད་པ་དེ་དང་པོར་བསྟན་པར་བྱའོ། །བདག་ལས་མ་ཡིན་གཞན་ལས་མིན། །ཞེས་པ་ནས། གང་གི་ཕྱིར་དངོས་པོ་སྐྱེ་བ་རྣམ་པ་ཐམས་ཅད་དུ་མི་འཐད་པས་དེའི་ཕྱིར་སྐྱེ་བ་མེད་པས་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་ཡིན་ནོ། །ཞེས་གསུངས་སོ། །འོན་ཀྱང་རྩ་བའི་ཐལ་འགྱུརགཉིས་ཀྱིས་སྐྱེ་བ་ཐ་སྙད་ཙམ་སྒྲུབ་འདོད་མེད་དམ་དཔྱད་པར་ཞུའོ། །

གསུམ་པ་སྐྱོན་དེ་སངས་རྒྱས་བསྐྱངས་ལ་མི་འཇུག་པར་ཟླ་བས་བཤད་ཚུལ་ལ།

སྐྱོན་གསུམ་པོ་མི་འཇུག་པའི་ཚུལ་དང༌། ལེགས་ལྡན་གྱི་ལུགས་བཀག་པ་གཉིས། དང་པོ་ལ། གཏན་ཚིགས་སོགས་མ་བརྗོད་པ་དང་གཞན་གྱིས་སྨྲས་པའི་སྐྱོན་གཉིས་མི་འཇུག་པའི་ཚུལ་དང༌། སྐྱོན་གསུམ་པ་གྲུབ་མཐའ་དང་འགལ་བའི་སྐྱོན་མི་འཇུག་པའི་ཚུལ་གཉིས། དང་པོ་ལ་རངརྒྱུད་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་དང༌། གཞན་གྲགས་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་གཉིས། དང་པོ་ལ་རང་རྒྱུད་མ་བཀོད་པའི་ཚུལ་དང༌། དེ་མ་བཀོད་པས་གཞན་གྱིས་སྨྲས་པའི་ཉེས་པ་སེལ་མི་དགོས་པའི་ཚུལ་དང་གཉིས། དང་པོ་ལ་རང་རྒྱུད་ལ་དགོས་པ་མེད་པ་དང༌། རང་རྒྱུད་ལ་ནུས་པ་མེད་པ་དང༌། རང་རྒྱུད་ཁས་ལེན་མི་རིགས་པ་གསུམ། དང་པོ་ནི། ཚིག་གསལ་ལས། སྐྱོན་འདི་དག་ཐམས་ཅད་ནི་རིགས་པ་མ་ཡིན་པར་ཁོ་བོ་ཅག་གིས་མཐོང་ངོ༌། །ཞེས་ལེགས་ལྡན་གྱིས་སྐྱོན་གསུམ་བརྗོད་པའི་དེ་ཐམས་ཅད་ནི་མི་རིགས་པར་ཟླ་བའི་ཞབས་བདག་གིས་མཐོང་བས་སྐྱོན་གསུམ་པོ་མི་འཇུག་པའི་ཚུལ་སྤྱིར་བསྟན་ནས་སྐྱོན་དེ་དག་མི་འཇུག་པའི་ཚུལ་བཤད་པ་ལ། ཚིག་གསལ་ལས། ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་ཞེས་གང་སྨྲ་བ་དེ་ནི་མི་རིགས་སོ། །ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་ཞེས་གང་སྨྲ་བ་དེ་ནི་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་བདག་ལས་ཞེས་བྱ་བ་ནི་ཡོད་པ་རྒྱུ་ཉིད་དང་དེ་ཉིད་སྐྱེའོ་ཞེས་སྨྲས་པ་ཡིན་ལ། ཡོད་པ་ནི་ཡང་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང༌། ཐུག་པ་མེད་པར་ཡང་མཐོང་ལ། ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་མི་འདོད་ཅིང༌། ཐུག་པ་མེད་པར་ཡང་མི་འདོད་དོ། །དེའི་ཕྱིར་ཁྱེད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང༌། རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོད་པ་ལ་འདྲི་བར་བྱེད་པ་ཡིན་ཏེ། གང་ལས་གཏནཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པན་ཅི་ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ། ཞེས་བྱུང༌།

དེའི་དོན་ནི། ལེགས་ལྡན་གྱིས་སངས་རྒྱས་བསྐྱངས་ལ་སྐྱོན་བརྗོད་པ་དག་གི་ནང་གི་རང་རྒྱུད་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་བདག་སྐྱེ་འགོག་མི་ནུས་པའི་སྐྱོན་མེད་པར་ཐལ། ལེགས་ལྡན་ཁྱོད་ཀྱིས་རང་རྒྱུད་ཀྱི་རྟགས་དང་དཔེ་བཀོད་པའི་དགོས་པ་བདག་སྐྱེ་མེད་པར་ཁས་ལེན་པར་བྱེད་ནུས་པ་དེ་ལྟ་བུ་ནི་སངས་རྒྱས་བསྐྱངས་ཀྱི་འགལ་བརྗོད་ཀྱི་ཐལ་འགྱུར་གཉིས་ཀྱིས་རྩོད་པས་ཀྱང་ཐུབ་པའི་ཕྱིར། དེར་ཐལ། སངས་རྒྱས་བསྐྱངས་ཀྱིས་ཐལ་ངག་གཉིས་པོ་དེས་བདག་སྐྱེ་ལ་ནང་འགལ་སྟོན་པ་ཡིན་ལ་ནང་འགལ་སྟོན་ཀྱང་ཐུབ། དེས་ན་གྲངས་ཅན་གྱི་ནང་འགལ་མཐོང་ཡང་ནུས། བདག་སྐྱེ་ཡོད་པར་སྒྲུབ་པའི་འཐད་པའམ་རིགས་པ་དང་བྲལ་བ་ཡིན་པར་སྟོན་ཐུབ་པའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། གང་གི་ཕྱིར་བདག་ལས་ཞེས་བྱ་བ་ནི་ཡོད་པ་རྒྱུ་ཉིད་དང་དེ་ཉིད་སྐྱེའོ་ཞེས་སྨྲས་པ་ཡིན་ལ། ཡོད་པ་ནི་ཡང་སྐྱེ་བ་ལ་དགོས་པ་མ་མཐོང་ཞིང༌། ཐུག་པ་མེད་པར་ཡང་མཐོང་ལ། ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚིག་གསལ་ལས། གང་ལས་གཏན་ཚིགས་དང་དཔེ་བཀོད་པ་འབྲས་བུ་དང་བཅས་པར་འགྱུར་བ་འདི་དག་ཙམ་ཞིག་གིས་བརྩད་པ་ན་ཅི་ཕ་རོལ་པོ་ཁས་ལེན་པར་མི་བྱེད་དམ། ཞེས་གསུངས་པའི་ཕྱིར། གསུམ་པ་གྲུབ་སྟེ། ཚིག་གསལ་ལས། ཁྱོད་ཀྱིས་སྐྱེས་པ་སླར་ཡང་སྐྱེ་བར་མི་འདོད་ཅིང༌། ཐུག་པ་མེད་པར་ཡང་མི་འདོད་དོ། །ཞེས་གསུངས་པའི་ཕྱིར། བཞི་པ་གྲུབ་སྟེ། ཚིག་གསལ་ལས། །དེའི་ཕྱིར་ཁྱེད་ཅག་གི་རྩོད་པ་ནི་འཐད་པ་དང་བྲལ་བ་དང༌། རང་གིས་ཁས་བླངས་པ་དང་འགལ་བ་ཡིན་ནོ་ཞེས་ཕ་རོལ་པོ་བདག་ལས་སྐྱེ་བར་འདོདཔ་ལ་འདྲི་བར་བྱེད་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་རྒྱུད་ལ་ནུས་པ་མེད་པར་བསྟན་པ་ནི།

དེ་ལྟར་འགལ་བརྗོད་ཀྱི་ཐལ་འགྱུར་གཉིས་ཀྱིས་བརྩད་པས་གྲངས་ཅན་ལ། བདག་སྐྱེ་ཡོད་ཀྱང་སླར་ཡང་མི་སྐྱེ་བར་ཁས་ལེན་པའི་ཁས་བླངས་ལ་ནང་འགལ་སྟོན་ཐུབ་ཅིང༌། དེས་ན་ནང་འགལ་མཐོང་བཞིན་དུ་བདག་སྐྱེ་མེད་པར་ཁས་མི་ལེན་པར་བསྙོན་འདིང་ན། དེ་ལ་རང་རྒྱུད་ཀྱི་རྟགས་དང་དཔེ་བསྟན་ཀྱང་ཁས་ལེན་པར་བྱེད་པའི་ནུས་པ་མེད་པར་ཐལ། དེ་འདྲའི་ཕྱི་རྒོལ་དེས་ནི་སྐྱོན་མཐོང་ཡང་བསྙོན་འདིང་བར་བྱེད་པའི་ཕྱིར། དེ་ལྟར་ཚིག་གསལ་ལས། འོན་ཏེ་ཕ་རོལ་པོ་རང་གི་ཁས་བླངས་པ་དང་འགལ་བས་བརྩད་པས་ཀྱང་མི་ལྡོག་ན་ནི། དེའི་ཚེ་ངོ་ཚ་མེད་པ་ཉིད་ཀྱིས་གཏན་ཚིགས་དང་དཔེ་གཉིས་ཀྱིས་ཀྱང་ལྡོག་པར་མི་འགྱུར་བ་ཉིད་དོ། །ཁོ་བོ་ཅག་ནི་སྨྱོན་པ་དང་ལྷན་ཅིག་རྩོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་སློབ་དཔོན་ནི་གནས་མ་ཡིན་པར་ཡང་རྗེས་སུ་དཔག་པ་ཚང་བར་བྱེད་པ་ན། བདག་ཉིད་རྗེས་སུ་དཔག་པ་ལ་དགའ་བ་ཉིད་མངོན་པར་བྱེད་པ་ཡིན་ནོ། །

ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་རང་རྒྱུད་ཁས་ལེན་མི་རིགས་པར་བསྟན་པ་ནི།

དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་རྟགས་དང་རང་རྒྱུད་ཀྱི་རྗེས་དཔག་སོགས་ཁས་ལེན་མི་རིགས་པར་ཐལ། རང་རྒྱུད་ཀྱི་གཏན་ཚིགས་ནི་ཚུལ་གསུམ་རྟོག་པས་བཏགས་ཙམ་མ་ཡིན་པར་རྟེན་འབྲེལ་ལ་སོགས་པའི་གཏན་ཚིགས་དེའི་སྟེང་ནས་ཚུར་གྲུབ་པའི་རྟགས་དེ་ལ་བྱེད་པ་ཡིན་ལ། དབུ་མ་པས་རང་མཚན་གྱིས་གྲུབ་པའི་ཕྱོགས་གང་ཡང་ཁས་ལེན་མེད་པའི་ཕྱིར། ཚིག་གསལ་ལས། དབུ་མ་པ་ཡིན་ན་ནི་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པར་བྱ་བ་རིགས་པ་ཡང་མ་ཡིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་འཕགས་པ་ལྷས། །ཡོད་དང་མེད་དང་ཡོད་མེད་ཅེས། །ཕྱོགས་ནི་གང་ལའང་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ནའང༌། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་བཤད་དོ། །རྩོད་པ་བཟློག་པ་ལས་ཀྱང༌། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ལ་སྐྱོན་མེད་ཁོ་ན་ཡིན། །གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའང་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་སོ། །དབུ་མ་པས་ཁས་ལེན་མི་རུང་བ་ཁས་ལེན་ཡང་དེ་དབུ་མ་པ་ཡིན་པ་མི་འགལ་བ་ནི། དཔེར་ན་བཅས་ལྡན་དགེ་སློང་ཡིན་ན་སངས་རྒྱས་ཀྱི་བཅས་པ་དང་འགལ་མི་རིགས་པས་ཁྱབ་ཀྱང་དེ་དང་འགལ་བ་ཡང་ཡིན། དགེ་སློང་ཡང་ཡིན་པ་མི་འགལ་བ་བཞིན་ཡིན་པའི་ཕྱིར། དབུ་མ་པས་མཐའ་བཞི་ལས་སྐྱེ་བ་མེད་པའི་དམ་བཅའ་བཞི་བཞག་པ་ཡིན་ཏེ། ཚིག་གསལ་ལས། དེ་བཞིན་དུ་དམ་བཅའ་བ་གསུམ་པོ་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །འདིས་བོད་མང་པོབཀག་གོ། །

གཉིས་པ་རང་རྒྱུད་མ་བཀོད་པས་གཞན་གྱིས་སྨྲས་པའི་ཉེས་པ་སེལ་མི་དགོས་པའི་ཚུལ་ནི།

ཚིག་གསལ་ལས། གང་གི་ཚེ་དེ་ལྟར་དབུ་མ་པས་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་མི་བརྗོད་པ་ཉིད་ཡིན་པར་དེའི་ཚེ། གང་ལ་གྲངས་ཅན་པ་དག་གིས། དམ་བཅའ་བའི་དོན་འདི་གང་ཡིན། ཅི་བདག་ལས་ཞེས་བྱ་བ་འབྲས་བུའི་བདག་ཉིད་ལས་སམ། འོན་ཏེ་རྒྱུའི་བདག་ཉིད་ལས་ཡིན་གྲང༌། དེ་ལས་ཅིར་འགྱུར། གལ་ཏེ་འབྲས་བུའི་བདག་ཉིད་ལས་ཡིན་ན་ནི་གྲུབ་པ་ལ་སྒྲུབ་པ་ཡིན་ལ། རྒྱུའི་བདག་ཉིད་ལས་ཡིན་ན་ནི་འགལ་བའི་དོན་ཉིད་དུ་འགྱུར་ཏེ། སྐྱེ་བ་དང་ལྡན་པ་ཐམས་ཅད་ནི་རྒྱུའི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བའི་ཕྱིར་རོ། །ཞེས་བྱ་བར་གང་ལ་གྲངས་ཅན་པ་དག་གིས་ཕྱིར་ཟློག་པར་བྱེད་པར་འགྱུར་ལ། ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་དེ་ཞེས་བྱ་བའི་རང་གི་རྒྱུད་ཀྱི་དམ་བཅའ་བ་ལྟ་ག་ལ་ཡོད། ཁོ་བོ་ཅག་ལ་ནི་གང་ཞིག་གྲུབ་པ་ལ་སྒྲུབ་པ་ཉིད་དམ། འགལ་བའི་དོན་ཉིད་དུ་འགྱུར་ཞིང༌། གྲུབ་པ་ལ་སྒྲུབ་པ་ཉིད་གང་ཡིན་པ་དང༌། འགལ་བའི་དོན་ཉིད་གང་ཡིན་པ་སྤང་བར་བྱ་བའི་ཕྱིར་འབད་པ་བྱེད་པར་འགྱུར་བ་ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ཀྱང་ག་ལ་ཡོད། དེའི་ཕྱིར་གཞན་གྱིས་སྨྲས་པའི་ཉེས་པར་ཐལ་བར་མི་འགྱུར་བ་ཉིད་ཀྱི་ཕྱིར་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དེའི་ལན་བརྗོད་པར་བྱ་བ་མ་ཡིན་ནོ། །ཞེས་བྱུང༌། དེའི་དོན་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བདག་སྐྱེ་འགོག་བྱེད་ཀྱི་དམ་བཅའ་ལ། གྲངས་ཅན་པས་ཁྱོད་ཀྱིས་དམ་བཅའི་དོན་བདག་ལས་སྐྱེ་བ་མེད་པ་འདི། འབྲས་བུ་མངོན་གསལ་གྱིས་མྱུ་གུའི་བདག་ཉིད་ལས་སྐྱེ་བ་མེད་པར་འདོད་ན་ངེད་ཀྱིས་གྲུབ་ཟིན་སྒྲུབ་པ་ཡིན་ལ། རྒྱུ་དུས་སུ་མི་གསལ་བའི་མྱུ་གུའི་བདག་ཉིད་ལས་མི་སྐྱེ་ཟེར་ན། ཁྱབ་པ་འགལ་ལོ་ཞེས་པ་ལྟ་བུའི་གཞན་གྱིས་སྨྲས་པའི་ཉེས་པ་བསལ་མི་དགོས་པར་ཐལ། སངས་རྒྱས་བསྐྱངས་ཀྱིས་ནི་ལེགས་ལྡན་ཁྱོད་རང་ལྟར་མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། དོན་དམ་པར་བདག་ལས་སྐྱེ་བ་མེད་དེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་བཞིན་ཞེས་པ་ལྟ་བུའི་རང་རྒྱུད་དུ་བཀོད་པའི་སྦྱོར་བ་བཀོད་ན་དེ་འདྲའི་དཔྱད་པ་འཇུག་པ་བདེན་ཡང༌། སངས་རྒྱས་བསྐྱངས་ཀྱིས་རང་རྒྱུད་ཀྱི་གཏན་ཚིགས་ཁས་མ་བླངསཔའི་ཕྱིར་རོ། །

གཉིས་པ་གཞན་གྲགས་ཀྱི་དབང་དུ་བྱས་པའི་སྐྱོན་མེད་ཚུལ་ལ།

རྩོད་པ་དང༌། ལན་གཉིས། དང་པོ་ནི། བརྟགས་པ་མཐའ་བཟུང་གི་དོགས་པ། ཚིག་གསལ་ལས། ཅི་སྟེ་ཡང་དབུ་མ་པ་རྣམས་ཀྱི་ལྟར་ན་ཕྱོགས་དང་གཏན་ཚིགས་དང་དཔེ་དག་མ་གྲུབ་པས་རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་མ་བརྗོད་པ་ཉིད་ཀྱི་ཕྱིར་བདག་ལས་སྐྱེ་བ་དགག་པའི་དམ་བཅའ་བའི་དོན་སྒྲུབ་པ་དང༌། གཉི་ག་ལ་གྲུབ་པའི་རྗེས་སུ་དཔག་པས་གཞན་གྱི་དམ་བཅའ་བསལ་བར་མ་གྱུར་མོད། གཞན་གྱི་དམ་བཅའ་བ་ལ་རང་གི་རྗེས་སུ་དཔག་པས་འགལ་བ་བརྗོད་པར་ནི་བྱ་དགོས་པས། རང་ཉིད་ལ་ཕྱོགས་ལ་སོགས་པ་དང་གཏན་ཚིགས་དཔེའི་སྐྱོན་དང་བྲལ་བ་དག་ཡོད་པར་བྱ་དགོས་སོ། །ཞེས་བྱུང༌། སློབ་དཔོན་ལེགས་ལྡན་ན་རེ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སྦྱོར་བ་དེ་ལ། རང་རྒྱུད་ཀྱི་སྦྱོར་བའི་གཏན་ཚིགས་དང་དཔེ་མ་བརྗོད་པ་དང་རང་རྒྱུད་ཀྱི་སྦྱོར་བ་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་དང་སྐྱོན་གཉིས་པོ་དེ་མེད་ཀྱང༌། སྤྱིར་གཏན་ཚིགས་ཡང་དག་དང་དཔེ་མ་བརྗོད་པའི་སྐྱོན་དང་སྦྱོར་བ་དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་ད་དུང་སྤོང་མི་ཐུབ་པར་ཐལ། རང་རྒྱུད་ཀྱི་རྟགས་དང་དཔེ་མ་བརྗོད་པའི་སྐྱོན་དང༌། རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ཁྱོད་རང་གིས་མི་འདོད་པས་རང་རྒྱུད་ཀྱི་དམ་བཅའ་དང་རྟགས་ལ་གཞན་གྱིས་སྨྲས་པའི་ཉེས་པ་དེ་ཟླ་གྲགས་ཁྱོད་ཀྱི་སྤོང་དུ་ཆུག་ཀྱང༌། བདག་སྐྱེ་འགོག་ནུས་ཀྱི་གཞན་གྲགས་ཀྱི་རྟགས་དང་དཔེ་བརྗོད་དགོས་པ་ལ་མ་བརྗོད་པའི་སྐྱོན་དང༌། དེ་ལ་གཞན་གྱིས་སྨྲས་པའི་ཉེས་པ་བསལ་དགོས་པ་ལ་མ་བསལ་བའི་སྐྱོན་གཉིས་ཡོད་པའི་ཕྱིར་རོ། །གཉིས་པ་ལན་ལ། སངས་རྒྱས་བསྐྱངས་ཀྱིས་སྦྱོར་བ་དེས་གཞན་གྲགས་ཀྱི་རྟགས་དཔེ་མ་བརྗོད་པའི་སྐྱོན་མེད་ཚུལ་དང༌། དེ་ལ་སྨྲས་པའི་ཉེས་པ་མ་བསལ་བའི་སྐྱོན་མེད་ཚུལ་གཉིས། དང་པོ་ལ། སྐབས་འདིར་གཞན་གྲགས་གཙོ་བོར་བྱས་ནས་མ་བཤད་པའི་རྒྱུ་མཚན་དང༌། རྒོལ་བ་འགའ་ལ་གཞན་གྲགས་བརྗོད་དགོས་ནའང་སྐབས་འདིར་དེ་བརྗོད་པར་བཤད་པ་གཉིས། དང་པོ་ལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་སྦྱོར་བ་དེ་ལ་གཞན་གྲགས་ཀྱི་གཏན་ཚིགས་ཡང་དག་མ་བརྗོད་པའི་ཆ་ནས་ཀྱང་སྐྱོན་ཡོད་པ་མ་ཡིན་ཏེ། ཐལ་འགྱུར་ཙམ་གྱིས་ནང་འགལ་བསྟན་པས་རང་གི་དམ་བཅའ་ལ་ནང་འགལ་དང༌། རང་གི་དམ་བཅའ་སྒྲུབ་བྱེད་ཀྱི་འཐད་པའམ་རིགས་པ་ཡང་དག་མེད་པར་མཐོང་ནས་བདག་སྐྱེ་སོགས་མེད་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ཡོད་པ་གང་ཞིག དེས་ན་བདག་སྐྱེ་འགོག་པའི་སྐབས་འདིར་ངེས་བཟུང་དུ་སྟེ་མཐའ་གཅིག་ཏུ་ཕྱི་རྒོལ་ལ་གཞན་གྲགས་ཀྱི་རྗེས་དཔག་བསྟན་པ་ལ་དགོས་པ་ལྷག་པོ་ད་གདོད་ཅི་ཡང་མེད་པའི་ཕྱིར། ཚིག་གསལ་ལས། དེ་ནི་དེ་ལྟར་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། གང་གི་ཕྱིར་དོན་གང་ཞིག་གང་གིས་དམ་བཅས་པ་དེས་ནི་རང་ཉིད་ཀྱིས་ངེས་པ་བཞིན་དུ་གཞན་དག་ལ་ངེས་པ་བསྐྱེད་པར་འདོད་པས། དོན་འདིའི་འཐད་པ་གང་གི་སྒོ་ནས་ཁོང་དུ་ཆུད་པའི་འཐད་པ་དེ་ཉིད་གཞན་ལ་བསྙད་པར་བྱ་དགོས་སོ། །དེའི་ཕྱིར་རང་གིས་ཁས་བླངས་པའི་དམ་བཅས་པའི་དོན་གྱི་སྒྲུབ་པར་བྱེད་པ་ནི་ཕ་རོལ་པོ་ཁོ་ནས་ཉེ་བར་དགོད་པར་བྱ་བ་གང་ཡིན་པ་འདི་ནི་རེ་ཞིག་ལུགས་མ་ཡིན་ནོ། །འདི་ནི་གཞན་ལ་གཏན་ཚིགས་ཀྱང་མ་ཡིན་ནོ། །

གཏན་ཚིགས་དང༌། དཔེ་མེད་པའི་ཕྱིར་རང་གིས་དམ་བཅའ་བའི་དོན་གྱི་སྒྲུབ་པར་བྱེད་པ་ནི་ཁསའཆེས་པའི་རྗེས་སུ་འབྲངས་པ་འབའ་ཞིག་ཉེ་བར་བཀོད་པ་ཡིན་ཏེ། དེའི་ཕྱིར་འཐད་པ་དང་བྲལ་བའི་ཕྱོགས་ཁས་བླངས་པས་འདི་ནི་བདག་ཉིད་ཁོ་ན་ལ་སླུ་བར་བྱེད་པས་གཞན་ལ་ངེས་པ་བསྐྱེད་པར་མི་ནུས་སོ། །ཞེས་བྱ་བར་གང་རང་གི་དམ་བཅའ་བའི་དོན་གྱི་སྒྲུབ་པར་བྱེད་པ་ལ་ནུས་པ་མེད་པ་འདི་ཉིད་འདིའི་སུན་འབྱིན་པ་ཆེས་གསལ་པོ་ཡིན་ཏེ། འདིར་རྗེས་སུ་དཔག་པས་གནོད་པ་བརྗོད་པ་ལ་དགོས་པ་ཀོ་ཅི་ཞིག་ཡོད། ཅེས་གསུངས་པའི་ཕྱིར། ཀོ་ནི་བརྡ་རྙིང་སྟེ་ད་གདོད་ཅེས་པའོ། །གཞན་ཡང་སྔར་གྱི་སངས་རྒྱས་བསྐྱངས་ཀྱི་ཐལ་འགྱུར་གཉིས་ཀྱིས་གྲངས་ཅན་གྱི་བདག་སྐྱེ་འདོད་པ་ལ་ནང་འགལ་དང་བདག་སྐྱེ་སྒྲུབ་པའི་འཐད་པ་མེད་པར་སྟོན་ཐུབ་པར་ཐལ། དེ་གཉིས་ཀྱིས་ནང་འགལ་སྟོན་ཐུབ་པར་བཤད་ཟིན་ལ། དེ་ཐུབ་ན་དེ་ལྟར་ནང་འགལ་བསྟན་ཟིན་ཚེ་ནང་འགལ་ཡོད་པ་དེའི་ཕྱིར་ན་ཁྱེད་ཅག་གིས་བདག་སྐྱེ་ཡོད་ཅེས་རྩོད་པ་བྱེད་པ་འདི་ནི་འཐད་པ་དང་བྲལ་བ་ཡིན་ནོ། །ཞེས་སྨྲས་པའི་ངག་དེ་སུན་འབྱིན་གསལ་ཤོས་ཡིན་པ་གང་ཞིག དེ་ལྟར་སྨྲས་པ་དེ་གྲངས་ཅན་གྱི་འདོད་པ་སུན་འབྱིན་བྱེད་པ་གསལ་ཤོས་མ་ཡིན་ན་དེའི་ལན་དུ་བདག་སྐྱེ་ཡོད་པ་འདི་འཐད་པ་དང་བྲལ་བ་ལས་བཟློག་ནས་འཐད་པ་དང་བཅས་པ་ཡིན་ཞེས་འཐད་སྒྲུབ་ཀྱི་རིགས་པས་བདག་སྐྱེ་ཡོད་པར་སྒྲུབ་རིགས་ཀྱང་མ་བསྒྲུབ་པ་དང༌། སྒྲུབ་ཀྱང་གྲངས་ཅན་གྱིས་སངས་རྒྱས་པ་ལ་བདག་སྐྱེ་ཡོད་པར་སྒྲུབ་མི་ཐུབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཚིག་གསལ་ལས། དེའི་ཕྱིར་འཐད་པ་དང་བྲལ་བའི་ཕྱོགས་ཁས་བླངས་པས་འདི་ནི་བདག་ཉིད་ཁོ་ན་ལ་སླུ་བར་བྱེད་པས་གཞན་ལ་ངེས་པ་བསྐྱེད་པར་མི་ནུས་སོ། །ཞེས་བྱ་བར་གང་རང་གི་དམ་བཅའ་བའི་དོན་གྱི་སྒྲུབ་པར་བྱེད་པ་ལ་ནུས་པ་མེད་པ་འདི་ཉིད་འདིའི་སུན་འབྱིན་པ་ཆེས་གསལ་པོ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཚིག་གསལ་ལས། གང་གི་ཕྱིར་དོན་གང་ཞིག་གང་གིས་དམ་བཅས་པ་དེས་ནི་རང་ཉིད་ཀྱིས་ངེས་པ་བཞིན་དུ་གཞན་དག་ལ་ངེས་པ་བསྐྱེད་པར་འདོད་པས། དོན་འདིའི་འཐད་པ་གང་གི་སྒོ་ནས་ཁོང་དུ་ཆུད་པའི་འཐད་པ་དེ་ཉིད་གཞན་ལ་བསྙད་པར་བྱ་དགོས་སོ། །དེའི་ཕྱིར་རང་གིས་ཁས་བླངས་པའི་དམ་བཅས་པའི་དོན་གྱི་སྒྲུབ་པར་བྱེད་པ་ནི་ཕ་རོལ་པོ་ཁོ་ནས་ཉེ་བར་དགོད་པར་བྱ་བ་གང་ཡིན་པ་འདི་ནི་རེ་ཞིག་ལུགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྟགས་གསུམ་པ་གྲུབ་སྟེ། གྲངས་ཅན་གྱིས་སངས་རྒྱས་པ་ལ་བདག་སྐྱེ་ཡོད་པར་སྒྲུབ་པའི་གཏན་ཚིགས་འདི་ནི། གཞན་དབུ་མ་པ་ལ་གཏན་ཚིགས་ཡང་དག་མ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། འདི་ནི་གཞན་ལ་གཏན་ཚིགས་ཀྱང་མ་ཡིན་ནོ། །གཏན་ཚིགས་དང༌། དཔེ་མེད་པའི་ཕྱིར་རང་གི་དམ་བཅའ་བའི་དོན་གྱི་སྒྲུབ་པར་བྱེད་པ་ནི་ཁས་འཆེས་པའི་རྗེས་སུ་འབྲངས་པ་འབའ་ཞིག་ཉེ་བར་བཀོད་པ་ཡིན་ཏེ། དེའི་ཕྱིར། ཞེས་གསུངས་པའིཕྱིར་རོ། །

གཉིས་པ་ཕྱི་རྒོལ་འགའ་ཞིག་ལ་གཞན་གྲགས་བརྗོད་དགོས་ནའང་བརྗོད་པར་བསྟན་པ་ལ།

རྩོད་པ་དང༌། ལན་གཉིས། དང་པོ་ནི། ལེགས་ལྡན་ན་རེ། གཞན་ལ་གྲགས་པའི་མཐུན་སྣང་གི་རྗེས་དཔག་ལ་མ་བརྟེན་པར་བདག་སྐྱེ་འགོག་ནུས་ཀྱང༌། དབུ་མ་པ་རང་ལ་གྲགས་པའི་རྗེས་དཔག་ངེས་པར་བརྗོད་རིགས་པར་ཐལ། བཅོམ་ལྡན་འདས་ཀྱི་མདོ་དུ་མར་ཡང་གཏན་ཚིགས་ལྔ་ལ་སོགས་པ་བཤད་ལ། ཀླུ་སྒྲུབ་ཀྱི་གཞུང་དུའང་གཏན་ཚིགས་དུ་མ་བཤད་ཡོད་པས་ཁྱོད་རང་ཐལ་འགྱུར་ཁོ་ན་བཤད་པ་ནི་གཞུང་དེ་དག་དང་མི་མཐུན་པར་འགྱུར་བའི་ཕྱིར། ཞེས་རྩོད་ཚུལ་ནི། ཚིག་གསལ་ལས། ཅི་སྟེ་ཡང་རང་གི་རྗེས་སུ་དཔག་པས་འགལབ་གདོན་མི་ཟ་བར་བརྗོད་པར་བྱ་བ་ཡིན་ནོ་ཞེ་ན། ཞེས་བྱུང་ངོ། །

གཉིས་པ་ལན་ནི། རྒོལ་བ་འགའ་ཞིག་ལ་གཞན་གྲགས་ཀྱི་རྗེས་དཔག་སྟོན་དགོས་ན་ཡང་སངས་རྒྱས་བསྐྱངས་ཀྱི་སྦྱོར་ངག་དེས་བསྟན་པར་ཐལ། བུདྡྷ་པཱ་ལི་ཏ་ལས། དངོས་པོ་བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། གཞུང་དེར་ཐལ་འགྱུར་གཉིས་ཀྱི་ཆོས་ཅན་དང༌། ཐལ་འགྱུར་དང་པོའི་བསྒྲུབ་བྱ་དང་རྟགས་གཉིས་བསྟན་པ་གང་ཞིག གཞན་གྲགས་ཀྱི་ཆོས་ཅན་རྟགས་ཆོས་དང་བཅས་པ་བསྟན་པའི་ཕྱིར། ཟུར་ཕྱི་མ་དེར་ཐལ། གཞུང་དེས་གྲངས་ཅན་པས་རང་རྒྱུའི་ངོ་བོར་གྲུབ་ཅིང་མངོན་པར་མི་གསལ་བར་འདོད་རྒྱུའི་མྱུ་གུ་ལ་སོགས་པའི་དངོས་པོ་རྣམས་ཆོས་ཅན། སླར་ཡང་སྐྱེ་བ་ལ་དགོས་པ་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར། དཔེར་ན་མངོན་པར་གསལ་ཟིན་གྱི་བུམ་པ་བཞིན། ཞེས་པའི་རྟགས་སྦྱོར་རྣམ་དག་གཅིག་ཀྱང་བསྟན་པའི་ཕྱིར། དེར་ཐལ། གཞུང་འདིས་དེ་འདྲའི་རྟགས་སྦྱོར་རྣམ་དག་དེའི་ཆོས་ཅན་དང་དཔེ་བསྟན་པ་གང་ཞིག དེ་འདྲའི་རྟགས་སྦྱོར་རྣམ་དག་གི་གཏན་ཚིགས་ཀྱང་བསྟན། བསྒྲུབ་བྱའི་ཆོས་ཀྱང་བསྟན་པའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། དེ་ཡང་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་བརྗོད་པ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། གང་གི་ཕྱིར་དེས་ནི་འདི་སྐད་དུ་བཤད་པ་ཡིན་ཏེ། དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཞེས་བཤད་པའི་ཕྱིར་རོ། །དེ་ལ་དེ་དག་ཅེས་བྱ་བ་འདིས་ནི་རང་གི་བདག་ཉིད་དུ་ཡོད་པ་འཛིན་པ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། འདི་ལྟར་རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ་ཞེས་བྱ་བ་འདི་ནི་མདོར་བཞག་པའི་ངག་དེའི་འགྲེལ་པའི་ངག་ཡིན་ལ་ངག་འདིས་ནི་ཆོས་མཐུན་པའི་དཔེ་གཞན་ལ་རབ་ཏུ་གྲགས་པ་བསྒྲུབ་པར་བྱ་བ་དང་སྒྲུབ་པར་བྱེད་པའི་ཆོས་དང་ལྡན་པ་ཉེ་བར་གཟུང་བ་ཡིན་ནོ། །

ཞེས་གསུངས་སོ། །ཞེས་པ་ནས། རྒྱུ་མཚན་འདི་ལྟར་སངས་རྒྱས་བསྐྱངས་ཀྱི་ངག་ཚིག་གི་རང་གི་བདག་ཉིད་དུ་ཡོད་པ་དག་ལ་ནི་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་བྱ་བ་འདི་ནི་མདོར་བཞག་པའི་སྟེ་མདོར་བསྟན་གྱི་དེ་དག་གི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང༌། ཞེས་པའི་སྦྱོར་ངག་དེའི་འགྲེལ་བ་རྒྱས་པར་བཤད་པའི་ངག་ཡིན་ལ། རང་གི་བདག་ཉིད་དུ་ཡོད་པ་ཞེས་པའི་ངག་འདིས་ནི་མྱུ་གུ་སོགས་བདག་སྐྱེ་མེད་པར་སྒྲུབ་པའི་ཆོས་གཉིས་ལྡན་གྱི་ཆོས་མཐུན་པའི་དཔེ་ལ་ཡང་དག་པ་གཞན་གྲངས་ཅན་ལ་རབ་ཏུ་གྲགས་པ། བསྒྲུབ་པར་བྱ་བ་སླར་ཡང་མི་སྐྱེ་བ་དང་སྒྲུབ་པར་བྱེད་པའི་ཆོས་རང་གི་བདག་ཉིད་དུ་ཡོད་པ་གཉིས་ཀ་དང་ལྡན་པ་ཉེ་བར་བཟུང་བ་སྟེ་ཉེ་བར་བསྟན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྟགས་གཉིས་པ་གྲུབ་སྟེ། ཚིག་གསལ་ལས། དེ་ལ་རང་གི་བདག་ཉིད་དུ་ཡོད་པ་ཞེས་བྱ་བ་འདིས་ནི་གཏན་ཚིགས་འཛིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྟགས་གསུམ་པ་གྲུབ་སྟེ། ཚིག་གསལ་ལས། སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་དང་ཞེས་བྱ་བ་འདིས་ནི་བསྒྲུབ་པར་བྱ་བའི་ཆོས་འཛིན་པ་ཡིན་ནོ། །མདོར་བསྟན་གྱི་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་ཞེས་པས་བསྒྲུབ་བྱ་སླར་ཡང་སྐྱེ་བ་ལ་དགོས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། དེ་ནི་སླར་ཡང་སྐྱེ་བ་དོན་མེད་བསྒྲུབ་བྱར་བཟུང་བའི་གཞན་གྲགས་ཡིན་ནོ། །དེ་ལས་གཞན་ཡང་མདོར་བསྟན་གྱི་གཞུང་འདིས་བདག་སྐྱེ་མེད་པ་བསྒྲུབ་བྱའི་ཆོས་སུ་བཟུང་བའི་གཞན་གྲགས་ཡང་དག་གཅིག་ཀྱང་དངོས་སུ་བསྟན་ཏེ། སྐྱེས་བུ་ལས་ཐ་དད་པའི་དངོས་པོ་རྣམས་ཆོས་ཅན། བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། དཔེར་ན་སྐྱེས་བུ་བཞིན། ཞེས་པའི་རྟགས་སྦྱོར་འདི་དངོས་བསྟན་ཕལ་བའི་ཚུལ་དུ་འཕངས་པའི་ཕྱིར། དེར་ཐལ། མདོར་བསྟན་གྱི་དངོས་པོ་རྣམས་ཞེས་པས་སྦྱོར་བ་དེའི་ཆོས་ཅན་བསྟན། བདག་གི་བདག་ཉིད་ལས་སྐྱེ་བ་མེད་དེ།

ཞེས་པས་སྦྱོར་བ་དེའི་བསྒྲུབ་བྱའི་ཆོས་བསྟན། དེ་དག་གི་ཞེས་པས་སྦྱོར་བ་དེའི་གཏན་ཚིགས་བསྟན་པའི་ཕྱིར། དེས་ན་སངས་རྒྱས་བསྐྱངས་ལ་གཞན་གྲགས་ཀྱི་གཏན་ཚིགས་དང་དཔེ་མ་བརྗོད་པའི་སྐྱོན་མེད་པར་ཐལ། མདོར་བསྟན་གྱི་ངག་དེས་གཞན་གྲགས་ཀྱི་གཏན་ཚིགས་དེ་སྒྲུབ་ངག་ཡན་ལག་ལྔ་ལྡན་གྱི་སྒོ་ནས་བཤད་པའི་ཕྱིར། དེར་ཐལ། འགྲེལ་ངག་དེས། རྒྱུ་དུས་སུ་མི་གསལ་བར་ཡོད་པར་འདོད་རྒྱུའི་དངོས་པོ་རྣམས་སླར་ཡང་སྐྱེ་བ་དོན་མེད་དེ། དངོས་པོ་རང་གི་བདག་ཉིད་དུ་ཡོད་ན་སླར་ཡང་སྐྱེ་བ་དོན་མེད་པས་ཁྱབ་པའི་ཕྱིར། དཔེར་ན་མངོན་པར་གསལ་ཟིན་གྱི་བུམ་པ་བཞིན། མངོན་པར་གསལ་ཟིན་གྱི་བུམ་པ་རང་གི་བདག་ཉིད་དུ་གྲུབ་ཟིན་པ་དེ་བཞིན་དུ་དངོས་པོ་རྣམས་རང་གི་བདག་ཉིད་དུ་གྲུབ་ཟིན་པ་ཡིན་ནོ། །དེ་བས་ན་དངོས་པོ་རང་གི་བདག་ཉིད་དུ་གྲུབ་ཟིན་པའི་ཕྱིར་དངོས་པོ་རྣམས་སླར་ཡང་སྐྱེ་བ་དོན་མེད་དོ། །

ཞེས་པས་རང་གི་བདག་ཉིད་དུ་ཡོད་པ་རྟགས་ཡང་དག་ཏུ་བསྟན་པའི་ཕྱིར། དཔེར་ན་སྒྲ་དེ་མི་རྟག་སྟེ། བྱས་ན་མི་རྟག་པས་ཁྱབ་པའི་ཕྱིར། བྱས་ན་མི་རྟག་པས་ཁྱབ་སྟེ། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་དེ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་ཡང་བྱས་པའི་ཕྱིར་མི་རྟག་པ་ཡིན་ནོ། །ཞེས་པའི་ཉེ་བར་སྦྱར་བ་དེས་བྱས་པ་རྟགས་ཡང་དག་ཏུ་བསྟན་པ་བཞིན་ཡིན་པའི་ཕྱིར་རོ། །ཚིག་གསལ་ལས། དེ་ལ་ཇི་ལྟར་སྒྲ་མི་རྟག་སྟེ། བྱས་པ་མི་རྟག་པའི་ཕྱིར་རོ། །བྱས་པ་ནི་མི་རྟག་པར་མཐོང་སྟེ། དཔེར་ན་བུམ་པ་བཞིན་ནོ། །དེ་བཞིན་དུ་སྒྲ་ཡང་བྱས་པ་ཡིན་ཏེ། དེའི་ཕྱིར་བྱས་པ་ཉིད་ཀྱི་ཕྱིར་མི་རྟག་པ་ཡིན་ནོ་ཞེས་འདིར་ཉེ་བར་སྦྱར་བས་གསལ་བར་བྱས་པའི་བྱས་པ་གཏན་ཚིགས་ཡིན་པ་དེ་བཞིན་དུ། འདིར་ཡང་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པ་ལ་ཡང་སྐྱེ་བ་དོན་མེད་པ་ཉིད་དུ་འགྱུར་བའི་ཕྱིར་རོ། །

འདི་ན་ཇི་ལྟར་བུམ་པ་ལ་སོགས་པ་མདུན་ན་གནས་ཤིང་གསལ་བ་རང་གི་བདག་ཉིད་དུ་ཡོད་པ་ནི་ཡང་སྐྱེ་བ་ལ་མི་ལྟོས་པར་མཐོང་བ་དེ་བཞིན་དུ། འཇིམ་པའི་གོང་བུ་ལ་སོགས་པའི་གནས་སྐབས་ན་ཡང་གལ་ཏེ་རང་གི་བདག་ཉིད་དུ་ཡོད་པའི་བུམ་པ་ལ་སོགས་པ་ཡོད་དོ་སྙམ་དུ་སེམས་ན་ནི་དེའི་ཚེ་ཡང་རང་གི་བདག་ཉིད་དུ་ཡོད་པ་དེ་ལ་སྐྱེ་བ་ཡོད་པ་མ་ཡིན་ནོ། །དེ་ལྟར་ན་གཏན་ཚིགས་ཉེ་བར་སྦྱར་བས་གསལ་བར་བྱས་པ། ཡང་སྐྱེ་བ་དགག་པ་ལ་མི་འཁྲུལ་པ། རང་གི་བདག་ཉིད་དུ་ཡོད་པ་ཉིད་ཀྱིས་གྲངས་ཅན་ལ་རང་ཉིད་ཀྱིས་རྗེས་སུ་དཔག་པས་འགལ་བ་བརྗོད་པ་མཛད་པ་ཡིན་ཏེ། དེས་ན་དེ་ནི་རིགས་པ་མ་ཡིན་ཏེ། གཏན་ཚིགས་དང་དཔེ་མ་བརྗོད་པའི་ཕྱིར་དང་ཞེས་ཅི་སྟེ་བརྗོད་པར་བྱེད། ཅེས་གསུངས་པའི་ཕྱིར། སྒྲུབ་ངག་ཡན་ལག་ལྔའི་ངོས་འཛིན་ལ་མི་མཐུན་པ་མང་ཡང་ཚིག་གསལ་གྱི་གཞུང་གི་དངོས་བསྟན་ལྟར་སྦྱར་ན། དམ་བཅའ་དང༌། ཁྱབ་པ་དང༌། དཔེ་དང༌། ཉེར་གཏོད་དང༌། མཇུག་སྡུད་དང་ལྔ་ལ་སྒྲུབ་ངགཡན་ལག་ལྔར་ངོས་འཛིན་དགོས་སོ། །

གཉིས་པ་གཞན་གྲགས་འདི་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་ཡང་སྐྱོན་མེད་ཚུལ་ནི།

སྐབས་འདིའི་གཞན་གྲགས་ཀྱི་སྦྱོར་བ་གཉིས་པོ་འདི་ལ་གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་ཡང་སྐྱོན་མེད་པར་ཐལ། གཞན་གྲགས་གཉིས་པོ་ལ་བསལ་དགོས་པའི་ཉེས་པའི་སྐྱོན་མེད་པའི་ཕྱིར། དེར་ཐལ། སངས་རྒྱས་བསྐྱངས་ཀྱིས་ཕ་རོལ་གྲངས་ཅན་ལ། རང་གི་བདག་ཉིད་དུ་ཡོད་པའི་རྟགས་ཀྱིས་སྐྱེ་ལྡན་གྱི་དངོས་པོ་མི་གསལ་བ་རྣམས་སླར་ཡང་སྐྱེ་བ་དོན་མེད་དུ་བསྒྲུབ་ནའང་གྲུབ་ཟིན་སྒྲུབ་པའི་སྐྱོན་དང༌། འགལ་བའི་སྐྱོན་དང༌། མ་ངེས་པའི་སྐྱོན་དང༌། དོགས་པ་མེད་པ་གང་ཞིག རང་གི་བདག་ཉིད་དུ་ཡོད་པའི་རྟགས་དེས་གྲངས་ཅན་གྱི་ངོར་སྐྱེས་བུ་མ་ཡིན་པའི་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་པར་བསྒྲུབ་ན་གྲུབ་ཟིན་སྒྲུབ་པ་དང༌། འགལ་བ་དང༌། མ་ངེས་པའི་དོགས་པ་མེད་པའི་ཕྱིར། རྩ་རྟགས་དང་པོ་གྲུབ་སྟེ། དེ་ལྟར་སྒྲུབ་ཚེ་གྲུབ་ཟིན་སྒྲུབ་པ་དང༌། འགལ་བའི་དོགས་པ་མེད་པ་གང་ཞིག མ་ངེས་པའི་དོགས་པ་ཡང་མེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སངས་རྒྱས་བསྐྱངས་ལ་གཞན་གྲགས་ཀྱི་རྟགས་དཔེ་མ་བརྗོད་པའི་སྐྱོན་མེད་པར་མ་ཟད་དེ་ལ་གཞན་གྱིས་ཉེས་པ་གྲུབ་ཟིན་སྒྲུབ་པ་དང་ཁྱབ་པ་འགལ་ཞེས་བརྗོད་པའི་ཉེས་པ་མ་བསལ་བའི་སྐྱོན་ཡང་མེད་པར་ཐལ། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་གྲངས་ཅན་ལ། རྒྱུ་དུས་ནས་མངོན་པར་མི་གསལ་བར་ཡོད་པར་འདོད་པའི་རྫ་བུམ་ཆོས་ཅན། སླར་ཡང་སྐྱེ་བ་དོན་མེད་དེ། རང་གི་བདག་ཉིད་དུ་གྲུབ་ཟིན་ནས་ཡོད་པའི་ཕྱིར། དཔེར་ན་མངོན་གསལ་གྱི་བུམ་པ་བཞིན། ཞེས་བཀོད་པའི་ཚེ་སྦྱོར་བ་འདི་ལ་གྲངས་ཅན་གྱིས་བརྟགས་ནས་གྲུབ་ཟིན་སྒྲུབ་པའི་སྐྱོན་མེད་པ་གང་ཞིག གཏན་ཚིགས་འགལ་བའི་སྐྱོན་ཡང་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། གཏན་ཚིགས་དང་དཔེ་མ་བརྗོད་པ་མ་ཡིན་པ་འགའ་ཞིག་ཏུ་མ་ཟད་ཀྱི། གཞན་གྱིས་སྨྲས་པའི་ཉེས་པ་མ་བསལ་བ་ཡང་མ་ཡིན་ནོ། །ཅི་ལྟར་ཞེ་ན། གྲངས་ཅན་པ་དག་མདུན་ན་གནས་པའི་བུམ་པ་མངོན་པར་གསལ་བའི་རང་བཞིན་ཅན་ནི་ཡང་མངོན་པར་གསལ་བར་མི་འདོད་ཅིང༌། དེ་ཉིད་འདིར་དཔེ་ཉིད་དུ་གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་ལ། ནུས་པའི་ངོ་བོར་གྱུར་ཅིང་མངོན་པར་གསལ་བའི་རང་བཞིན་མ་ཡིན་པ་སྐྱེ་བ་བཀག་པས་ཁྱད་པར་དུ་བྱས་པ་ནི་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར་གྲུབ་པ་ལ་སྒྲུབ་པའི་ཕྱོགས་ཀྱི་སྐྱོན་ཉིད་དུ་དོགས་པ། ཞེས་དང༌། དོགས་པ་ག་ལ་ཡོད། ཅེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཚིག་གསལ་ལས། ནུས་པའི་ངོ་བོར་གྱུར་ཅིང་མངོན་པར་གསལ་བའི་རང་བཞིན་མ་ཡིན་པ་སྐྱེ་བ་བཀག་པས་ཁྱད་པར་དུ་བྱས་པ་ནི་བསྒྲུབ་པར་བྱ་བ་ཡིན་པ་ཉིད་ཀྱི་ཕྱིར། ཞེས་དང༌། གཏན་ཚིགས་འགལ་བའི་དོན་ཉིད་དུ་དོགས་པ་ག་ལ་ཡོད། ཅེས་སོ། །གོང་གི་རྟགས་གཉིས་པ་སྦྱོར་བ་དེ་ལ་མ་ངེས་པའི་དོགས་པ་མེད་པ་གྲུབ་སྟེ། སྦྱོར་བ་དེས་མི་གསལ་བའི་རྫ་བུམ་སླར་ཡང་སྐྱེ་བ་དོན་མེད་དུ་སྒྲུབ་པ་ལས་སྐྱེ་ལྡན་ཐམས་ཅད་དེ་ལྟར་མི་སྒྲུབ་པ་མ་ཡིན་པས་རྫ་བུམ་སོགས་འགའ་ཞིག་དེ་ལྟར་སྒྲུབ་ལ་འགའ་ཞིག་དེ་ལྟར་སྒྲུབ་པར་མ་ངེས་པའི་སྐྱོན་ཡང་མེད་པའི་ཕྱིར་ཏེ། ཚིག་གསལ་ལས། བུམ་པ་ལ་སོགས་པ་ཞེས་བྱ་བ་སོགས་པའི་སྒྲས་ནི་སྐྱེ་བར་འདོད་པའི་དངོས་པོ་མ་ལུས་པ་བསྡུ་བར་འདོད་པའི་ཕྱིར་སྣམ་བུ་ལ་སོགས་པ་དག་གིས་མ་ངེས་པར་འགྱུར་བ་ཡང་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་རྟགས་གཉིས་པ་གྲུབ་སྟེ། སློབ་དཔོན་གྱིས་དངོས་པོ་རྣམས། ཞེས་པ་ནས། དེ་དག་གི་ཞེས་པའི་བར་གྱི་འགྲེལ་བ་འདིས་གྲུབ་ཟིན་སྒྲུབ་པ་དང་འགལ་བ་དང་མ་ངེས་པའི་སྐྱོན་གང་ཡང་མི་འོང་བའི་སྦྱོར་བ་གཞན་གཅིག་བསྟན་པའི་ཕྱིར། དེར་ཐལ། འགྲེལ་ངག་དེས་གྲངས་ཅན་གྱི་ངོར། སྐྱེས་བུ་ལས་གཞན་པའི་དངོས་པོ་རྣམས་ཆོས་ཅན། རང་གི་བདག་ཉིད་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། དཔེར་ན་སྐྱེས་བུ་བཞིན། ཞེས་རྟགས་སྦྱོར་ཡང་དག་གཅིག་བསྟན་པ་གང་ཞིག འདི་ལ་ལེགས་ལྡན་གྱིས་བརྗོད་པའི་གྲུབ་ཟིན་པ་འགལ་མ་ངེས་པའི་སྐྱོན་གསུམ་པོ་གང་ཡང་མེད་པ་གོང་ལྟར་ཡིན་པའི་ཕྱིར་རོ། །

ཚིག་གསལ་ལས། ཡང་ན་སྦྱོར་བ་འདི་ནི་ཚུལ་གཞན་ཡིན་ཏེ། རང་ལས་སྐྱེ་བར་སྨྲ་བའི་སྐྱེས་བུ་ལས་ཐ་དད་པའི་དོན་རྣམས་ནི་བདག་ཉིད་ལས་སྐྱེ་བ་མེད་དེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། སྐྱེས་བུ་བཞིན་ནོ་ཞེས་དཔེར་བརྗོད་པ་འདི་ཉིད་དཔེར་བརྗོད་པར་བྱའོ། །ཞེས་སོ། །དེ་ལ་ཁོ་ན་རེ། རང་གི་བདག་ཉིད་དུ་ཡོད་པའི་རྟགས་ཀྱིས་རྒྱུའི་བདག་ཉིད་ལས་སྐྱེ་བར་འདོད་པ་ཁེགས་ཀྱང་གྲངས་ཅན་འགའ་ཞིག་གིས་རང་གི་བདག་ཉིད་ལས་མྱུ་གུ་སོགས་སྐྱེ་བར་མི་འདོད་པར་རྒྱུ་དུས་སུ་མི་གསལ་བ་གསལ་བར་གྱུར་པ་ལ་སྐྱེ་བ་ཞེས་བརྗོད་པ་དེ་མི་ཁེགས་སྙམ་ན། དེ་ཡང་ཁེགས་པར་ཐལ། སྦྱོར་བ་འདིས་བདག་ལས་མི་སྐྱེ་སྟེ། ཞེས་པའི་སྐྱེ་བའི་སྒྲས་མི་གསལ་བ་གསལ་བར་སྐྱེ་བ་ཡང་བསྡུས་ནས་བཀག་པ་ཡིན་པའི་ཕྱིར།དེར་ཐལ། མི་གསལ་བ་ཡང་རང་གི་རྒྱུ་དུས་ནས་རང་གི་བདག་ཉིད་གྲུབ་ཟིན་ནས་ཡོད་ལ། རང་གི་བདག་ཉིད་གྲུབ་ཟིན་པ་དེ་སྐྱེ་དགོས་པ་ནི་སྦྱོར་བ་དེས་ཁེགས་པའི་ཕྱིར་ཏེ། ཚིག་གསལ་ལས། གལ་ཏེ་ཡང་སྐྱེ་བ་བཀག་པས་མངོན་པར་གསལ་བར་སྨྲ་བ་ལ་གནོད་པར་བྱེད་པ་མ་ཡིན་པ་དེ་ལྟ་ན་ཡང་སྐྱེ་བའི་སྒྲ་མངོན་པར་གསལ་བ་ལ་བཏགས་ནས་སྔོན་དང་ཕྱི་མར་མ་དམིགས་པ་དང་དམིགས་པར་ཆོས་མཐུན་པས་སྐྱེ་བའི་སྒྲས་མངོན་པར་གསལ་བ་ཉིད་བརྗོད་པའི་ཕྱིར། འདི་བཀག་པས་གནོད་པར་བྱེད་པ་མ་ཡིན་ནོ། །ཞེས་སོ། །ལེགས་ལྡན་ན་རེ། མདོར་བསྟན་གྱི་ངག་འདིས་གཞན་གྲགས་ཀྱི་བསྟན་ཚུལ་དེ་འདྲ་མི་འཐད་པར་ཐལ། མདོར་བསྟན་གྱི་ཚིག་འདི་ལ་གཞན་གྲགས་གཉིས་སོགས་བརྗོད་དོན་དེ་དག་སྟོན་པའི་རྗོད་བྱེད་མ་མཐོང་བའི་ཕྱིར། ཚིག་གསལ་ལས། ཡང་ཇི་སྐད་སྨྲས་པའི་དོན་གྱི་རྗོད་པར་བྱེད་པ་མེད་པར་རྣམ་པར་དཔྱོད་པ་འདི་ལྟ་བུ་འདི་ཇི་ལྟར་རྙེད་ཅེ་ན། ཞེས་སོ། །མདོར་བསྟན་གྱི་ངག་དེ་ལ་གཞན་གྲགས་གཉིས་སོགས་སྟོན་པའི་ཚིག་རྒྱས་པར་མ་བསྟན་ཀྱང་དོན་དེ་ལྟར་རྒྱས་པར་བཤད་པར་ཐལ། སངས་རྒྱས་བསྐྱངས་ཀྱི་མདོར་བསྟན་གྱི་ཚིག་འདིས་ཐལ་འགྱུར་གཉིས་དང་གཞན་གྲགས་ཀྱི་སྦྱོར་བ་གཉིས་དང་བཅས་པ་རྣམས་བསྡུས་ནས་བསྟན་པས་ན་ངག་དེ་དོན་ཆེན་པོ་ཅན་ཡིན་པའི་ཕྱིར། ཚིག་གསལ་ལས། བཤད་པར་བྱ་སྟེ། དོན་གྱི་ངག་འདི་དག་ནི་དོན་ཆེན་པོ་ཅན་ཡིན་པས་ཇི་སྐད་སྨྲས་པའི་དོན་བསྡུས་ནས་འཇུག་པ་ཡིན་ལ། དེ་དག་ཀྱང་བཤད་ན་ཇི་སྐད་སྨྲས་པའི་དོན་གྱི་བདག་ཉིད་འབྱིན་པར་བྱེད་པ་ཡིན་པས། འདིར་མ་བསྟན་པ་ཅུང་ཟད་ཀྱང་མི་སྲིད་དོ། །ཞེས་གསུངས་པའིཕྱིར་རོ། །

གཉིས་པ་སྐྱོན་གསུམ་པ་གྲུབ་མཐའ་དང་འགལ་བའི་སྐྱོན་མི་འཇུག་པའི་ཚུལནི།

འགྲེལ་ངག་དེའི་ཐལ་འགྱུར་གཉིས་ཀྱི་བཟློག་དོན་ཁས་བླངས་པའི་སྒོ་ནས་སངས་རྒྱསབསྐྱངས་ལ་དབུ་མའི་གྲུབ་མཐའ་དང་འགལ་བའི་སྐྱོན་མི་འཇུག་པར་ཐལ། འགྲེལ་ངག་དེའིཐལ་འགྱུར་གཉིས་ཀྱི་བཟློག་དོན་གཉིས་གྲངས་ཅན་ཁོ་ནས་ཁས་ལེན་དགོས་པ་ཡིན་གྱི་སངསརྒྱས་བསྐྱངས་ཀྱིས་ཁས་མི་ལེན་པ་གང་ཞིག ཐལ་འགྱུར་འདི་གཉིས་ཀྱིས་བཟློག་དོན་འཕེནཔ་མ་ཡིན་པ་དང༌། ཐལ་འགྱུར་ཙམ་གྱིས་དགག་བྱ་བཀག་པ་ནི་འཕགས་པའི་དགོངས་པ་ཡིནཔ་དང༌། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཀྱང་སྐབས་འདིར་སྦྱོར་ངག་ངེས་པར་དགོསཔར་མ་གསུངས་པའི་ཕྱིར། རྩ་རྟགས་དང་པོ་གྲུབ་སྟེ། ཚིག་གསལ་ལས། ཐལ་བར་འགྱུར་བ་བཟློག་པའི་དོན་དང་ཡང་ཕ་རོལ་པོ་ཉིད་འབྲེལ་པ་ཡིན་གྱི། ཁོ་བོ་ཅག་ནི་མ་ཡིན་ཏེ། རང་ལ་དམ་བཅའ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཁོ་བོ་ཅག་ལ་གྲུབ་པའི་མཐའ་དང་འགལ་བ་ག་ལ་ཡོད། ཐལ་བ་ལས་བཟློག་པ་བསྒྲུབས་པས་ཕ་རོལ་པོ་ལ་ཉེས་པ་མང་པོ་ཅི་ཙམ་དུ་འགྱུར་བ་དེ་ཙམ་ཁོ་བོ་ཅག་མངོན་པར་འདོད་པ་ཁོ་ན་ཡིན་པས། གང་ལས་འདི་ལ་གཞན་གྱིས་གླགས་རྙེད་པར་འགྱུར་བ་སློབ་དཔོན་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བ་སློབ་དཔོན་སངས་རྒྱས་བསྐྱངས་ལ་གླགས་དང་བཅས་པའི་ཚིག་གསུང་པ་ཉིད་ག་ལ་ཡོད། ཅེས་གསུངས་པའི་ཕྱིར་རོ། །རྩ་རྟགས་གཉིས་པ་གྲུབ་སྟེ། དེ་འདྲའི་ཐལ་འགྱུར་གཉིས་སངས་རྒྱས་བསྐྱངས་ཀྱིས་འཕེན་པའི་སྐབས་འདིར། རང་བཞིན་མེད་པར་སྨྲ་བ་ཐལ་འགྱུར་བས་རང་བཞིན་སྨྲ་བ་གྲངས་ཅན་པ་ལ་སླར་ཡང་སྐྱེ་བ་དོན་མེད་དང་ཐུག་མེད་དུ་ཐལ་བ་སྒྲུབ་བྱེད་ཀྱི་ངག་དེ་བཟློག་པ་འཕེན་པའི་ཐལ་འགྱུར་དུ་འགྱུར་མི་དགོས་པའི་ཕྱིར། དེར་ཐལ། སངས་རྒྱས་བསྐྱངས་ཀྱི་ཐལ་བ་དེ་གཉིས་ནི་བཟློག་པ་འཕེན་འདོད་ནས་འགོད་པ་མ་ཡིན་པར་ཕ་རོལ་གྱི་དམ་བཅའ་འགོག་ཆེད་དུ་དེ་ལ་མི་འདོད་པའི་ཐལ་བ་ཙམ་འཕངས་པའི་ཕྱིར། ཁྱབ་སྟེ། སྨྲ་བ་པོས་འཕེན་འདོད་མེད་ཀྱང་ཐལ་ངག་གི་སྒྲ་དེ་བརྗོད་ཟིན་པ་ན་སྒྲ་དེས་རང་སྟོབས་ཀྱིས་འཕངས་ནས་སྨྲ་བ་པོའི་བསམ་ཐོག་ཏུ་མི་འགྲོ་བར་བྱེད་པ་ལྟ་བུ། སྒྲ་རྣམས་ནི་དབྱུག་པ་ཅན་དང༌། ཞགས་པ་ཅན་བཞིན་དུ་སྨྲ་བ་པོ་རང་དབང་མེད་པར་བྱེད་པ་མ་ཡིན་གྱི་སྒྲ་རྣམས་ནི་སྨྲ་བ་པོའི་བརྗོད་འདོད་ཀྱི་རྗེས་སུ་འབྲངས་པའི་ཕྱིར་ཏེ། ཚིག་གསལ་ལས། རང་བཞིན་མེད་པར་སྨྲ་བས་རང་བཞིན་དང་བཅས་པར་སྨྲ་བ་ལ་ཐལ་བ་བསྒྲུབས་པ་ན་ཐལ་བ་ལས་བཟློག་པའི་དོན་ཅན་དུ་ཐལ་བར་ག་ལ་འགྱུར་ཏེ། སྒྲ་རྣམས་ནི་དབྱུག་པ་དང་ཞགས་པ་ཅན་བཞིན་དུ་སྨྲ་བ་པོ་རང་དབང་མེད་པར་བྱེད་པ་མ་ཡིན་ནོ། །འོ་ན་ཅི་ཞེ་ན་ནུས་པ་ཡོད་ན་སྨྲ་བ་པོའི་བརྗོད་པར་འདོད་པའི་རྗེས་སུ་བྱེད་པ་ཡིན་ནོ། །དེའི་ཕྱིར་ཐལ་བ་སྒྲུབ་པ་ནི་ཕ་རོལ་པོའི་དམ་བཅའ་ལ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་ཐལ་བ་ལས་བཟློག་པའི་དོན་དུ་འགྱུར་བ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་རྟགས་གསུམ་པ་གྲུབ་སྟེ། ཐལ་བ་ཙམ་གྱིས་བདག་སྐྱེ་སོགས་འགོག་པ་འཕགས་པའི་དགོངས་པ་ཡིན་པའི་ཕྱིར། རྩ་ཤེས་ལས། གལ་ཏེ་མཚན་ལས་སྔ་འགྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་སོགས་ཀྱིས་ཐལ་བ་ཙམ་གྱིས་མཚན་མཚོན་རང་བཞིན་གྱིས་གྲུབ་པ་འགོག་པར་མཛད་པ་སོགས་ཐལ་འགྱུར་ཙམ་གྱིས་བསྒྲུབ་བྱ་སྒྲུབ་པ་དུ་མ་གསུངས་པའི་ཕྱིར་རོ། །ཚིག་གསལ་ལས། དེ་ལྟར་ཡང་སློབ་དཔོན་ནི། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔར་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་གཟུགས་ཀྱི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང༌། །རྒྱུ་མེད་པ་ནི་གང་ནའང་མེད། །ཅེས་བྱ་བ་དང༌། དེ་བཞིན་དུ། མྱ་ངན་འདས་པ་དངོས་པོ་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡིན། །དངོས་པོ་ཡོད་པ་མ་ཡིན་ནོ། །ཞེས་བྱ་བ་ལ་སོགས་པས་ཕལ་ཆེར་ཐལ་བ་སྒྲུབ་པ་ཁོ་ནའི་སྒོ་ནས་གཞན་གྱི་ཕྱོགས་སེལ་བར་མཛད་དོ། །ཅི་སྟེ་སློབ་དཔོན་གྱི་ངག་རྣམས་ནི་དོན་གྱི་ངག་ཡིན་པའི་ཕྱིར་དོན་ཆེན་པོ་ཉིད་ཡིན་པས་སྦྱོར་བ་དུ་མའི་རྒྱུ་ཉིད་དུ་རྟོགས་ན་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་ངག་དག་ཀྱང་ཅིའི་ཕྱིར་དེ་ལྟར་ཡོངས་སུ་མི་རྟོག་ཅེས་གསུངས་པའི་ཕྱིར། རྩ་རྟགས་བཞི་པ་གྲུབ་སྟེ། ལེགས་ལྡན་ཁྱོད་ཀྱིས་བསྒྲུབ་བྱ་སྒྲུབ་བྱེད་ལ་སྦྱོར་ངག་རྒྱས་པར་འགོད་པ་དེ་འགྲེལབ་མཁན་པོ་རྣམས་ཀྱི་ལུགས་ཡིན་པས་སངས་རྒྱས་བསྐྱངས་ཀྱིས་སྦྱོར་ངག་རྒྱས་པར་སྟོན་རིགས་སོ་ཞེས་ཟེར་བ་དེ་མི་འཐད་པའི་ཕྱིར། ཚིག་གསལ་ལས། འོན་ཏེ་སྦྱོར་བའི་ངག་རྒྱས་པར་རྗོད་པར་བྱེད་པ་གང་ཡིན་པ་འདི་ནི་འགྲེལ་པ་མཁན་པོ་རྣམས་ཀྱི་ལུགས་ཡིན་ནོ་ཞེ་ན། དེཡང་ཡོད་པ་མ་ཡིན་ཏེ། རྩོད་པ་བཟློག་པའི་འགྲེལ་པ་མཛད་པ་ན། སློབ་དཔོན་གྱིསཀྱང་སྦྱོར་བའི་ངག་མ་གསུངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ལེགས་ལྡན་གྱི་ལུགས་དགག་པ་ལ།

རང་རྒྱུད་འགོག་པའི་རིགས་པ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི། ཚིག་གསལ་ལས། གཞན་ཡང་རྟོག་གེ་པ་འདིས་བདག་ཉིད་རྟོག་གེའི་བསྟན་བཅོས་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པར་འདོད་པས། དབུ་མ་པའི་ལྟ་བ་ཁས་ལེན་བཞིན་དུ་ཡང་རང་རྒྱུད་ཀྱི་སྦྱོར་བའི་ངག་བརྗོད་པ་གང་ཡིན་པ་དེ་ནི་ཆེས་ཤིན་ཏུ་ཉེས་པ་དུ་མའི་ཚོགས་ཀྱི་གནས་སུ་རྟོགས་ཏེ། ཇི་ལྟར་ཞེ་ན། དེ་ལ་རེ་ཞིག་གང་འདི་སྐད་དུ་འདིར་སྦྱོར་བའི་ཚིག་ཏུ་འགྱུར་བ་ནི། དོན་དམ་པར་ན་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར་དཔེར་ན་ཤེས་པ་ཡོད་པ་ཉིད་བཞིན་ནོ་ཞེས་སྨྲས་པ་ཡིན་ནོ། །ཞེས་བྱུང༌། དེའི་དོན་ནི་རྟོག་གེ་བ་ལེགས་ལྡན་འདིས་རང་ཉིད་གཏན་ཚིགས་སྨྲ་བ་ལ་ཤིན་ཏུ་མཁས་པ་ཙམ་ཞིག་བསྟན་པར་འདོད་ནས། དབུ་མའི་ལྟ་བ་ཁས་ལེན་བཞིན་དུ་ཚུལ་གསུམ་རྒོལ་ཕྱི་རྒོལ་གཉིས་ལ་ཚད་གྲུབ་མཐུན་སྣང་བའི་རྟགས་སྦྱོར་བཀོད་པ་རྣམས་མི་འཐད་པར་ཐལ། དེ་འདྲའི་རྟགས་སྦྱོར་མང་པོའི་ནང་ནས་རེ་ཞིག་བདག་སྐྱེ་འགོག་པའི་རང་རྒྱུད་གཅིག་པུ་ལ་ཡང་ཕྱོགས་ཆོས་མ་གྲུབ་པ་སོགས་འཆད་འགྱུར་ལྟར་སྐྱོན་མང་པོ་མཐོང་བའི་ཕྱིར། དེར་ཐལ། དོན་དམ་པར་ནི་ནང་གི་ཞེས་སོགས་ཀྱིས་བདག་སྐྱེ་འགོག་པའིརང་རྒྱུད་གཅིག་བཀོད་པ་ལ་སྐྱོན་མང་པོ་མཐོང་པའི་ཕྱིར། ཞེས་པའོ། །

གཉིས་པ་རང་རྒྱུད་འགོག་པའི་རིགས་པ་རྒྱས་པར་བཤད་པ་ལ།

ཕྱོགས་སོགས་མ་གྲུབ་པས་བདག་སྐྱེ་འགོག་པའི་རང་རྒྱུད་འགོག་པ་དང༌། བདག་སྐྱེ་འགོག་པའི་རྟགས་མ་གྲུབ་པར་ཐལ་བ་ལེགས་ལྡན་གྱིས་ཁས་བླངས་ཚུལ་དང༌། རང་རྒྱུད་ཀྱི་སྦྱོར་བ་གཞན་ལ་མ་གྲུབ་པའི་སྐྱོན་དང༌། དེ་གཞན་ལ་མ་ངེས་པའི་སྐྱོན་དང༌། སྐྱོན་དེ་རང་གི་གཞན་གྲགས་ལ་མི་འཇུག་པའི་རྒྱུ་མཚན་དང་ལྔ་ལས། དང་པོ་ལ། དོན་དམ་པའི་ཁྱད་པར་སྦྱོར་བ་དོན་མེད་པར་བཤད་པ་དང༌། ཆོས་ཅན་སྤྱི་ཙམ་འཛིན་པའི་ལན་དགག་པ་གཉིས། དང་པོ་ལ། ཆོས་ཀྱི་ཁྱད་པར་ལ་སྦྱར་དགོས་པ་དགག་པ། ཆོས་ཅན་གྱི་ཁྱད་པར་ལ་སྦྱར་དགོས་པ་དགག་པ་གཉིས། དང་པོ་ལ།

དྲི་བ་དང༌། ལན་དགག་པ་གཉིས།

དང་པོ་ནི། ལེགས་ལྡན་གྱིས་ཤེས་རབ་སྒྲོན་མེ་ལས། རྩ་ཤེས་མཆོད་བརྗོད་ཀྱི་སྐབས་སུ་སྐྱེ་འགག་སོགས་བརྒྱད་པོ་མ་དམིགས་པར་བཤད་པ་དེ་མཉམ་བཞག་གི་ངོར་མི་དམིགས་པ་ཡིན་པས་དེ་བརྒྱད་མ་དམིགས་པ་ནི་མཉམ་བཞག་གི་ངོའི་དོན་དམ་ཡིན་ཞེས་མཛད་པ་ལྟར། མཐའ་བཞི་སྐྱེ་བ་ཡང་མཉམ་བཞག་གི་ངོ་ན་མེད་པར་བཤད་འདོད་ནས་བདག་སྐྱེ་ཡང་མཉམ་བཞག་གི་ངོའི་དོན་དམ་དུ་མ་གྲུབ་པར་སྟོན་པ་ལ། དོན་དམ་པར་ན་མིག་སོགས་ནང་གི་སྐྱེ་མཆེད་རྣམས་བདག་ལས་སྐྱེ་བ་མེད་པར་ངེས་ཏེ། ཡོད་པའི་ཕྱིར། དཔེར་ན་ཤེས་པ་ཡོད་པ་བཞིན། ཞེས་བཀོད་པའི་རང་རྒྱུད་ཀྱི་སྦྱོར་བ་དེ་ལ། ཟླ་བའི་ཞབས་ན་རེ། ཁྱོད་ཀྱི་སྦྱོར་བ་འདི་མི་འཐད་པར་ཐལ། སྦྱོར་ངག་འདིར་དོན་དམ་པའི་ཁྱད་པར་ཏེ། དགོས་པ་ཅིའི་ཕྱིར་དུ་སྦྱོར། ཡུལ་ཆོས་དང་ཆོས་ཅན་སོགས་གང་ལ་སྦྱོར་མ་ངེས་པའི་སྐྱོན་ཡོད་པའི་ཕྱིར། ཞེས་གསུངས། ཚིག་གསལ་ལས། འདིར་དོན་དམ་པ་ཞེས་བྱ་བའི་ཁྱད་པར་ཅིའི་ཕྱིར་ཉེ་བར་བཀོད་པ་ཡིན།

ཞེས་སོ། །

གཉིས་པ་ལན་དགག་པ་ལ། དེ་ལ་ལེགས་ལྡན་ན་རེ། མྱུ་གུ་སོགས་སྐྱེ་བ་ཀུན་རྫོབ་ཙམ་དུ་འགོག་མི་རུང་སྟེ། ཀུན་རྫོབ་ཏུ་སྐྱེ་བ་དབུ་མ་པས་ཁས་བླངས་པའི་ཕྱིར། ཁྱབ་སྟེ། སྐྱེ་བ་ཁས་བླངས་ནས་ཡང་འགོག་ན་ཡང་རང་གི་སྔར་སྐྱེ་བ་ཁས་བླངས་པ་དང་འགལ་བའི་ཕྱིར། དེས་ན་སྐྱེ་བ་ཀུན་རྫོབ་པ་མི་འགོག་པའི་དགོས་པ་དེའི་ཆེད་དུ་དོན་དམ་པའི་ཁྱད་པར་ནི་བསྒྲུབ་བྱའི་ཆོས་ལ་སྦྱར་ནས་མིག་སོགས་ནང་གི་སྐྱེ་མཆེད་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཞེས་སོགས་འགོད་པ་ཡིན་ཞེས་ཟེར་ན་ཞེས་བརྟགས་པ་མཐའ་བཟུང་བ་ནི། ཚིག་གསལ་ལས། གལ་ཏེ་འཇིག་རྟེན་གྱི་ཀུན་རྫོབ་ཏུ་སྐྱེ་བར་ཁས་བླངས་པ་དགག་པར་བྱ་བ་མ་ཡིན་པའི་ཕྱིར་དང༌། འགོག་ན་ཡང་ཁས་བླངས་པས་གནོད་པར་ཐལ་བར་འགྱུར་བའི་ཕྱིར་རོ་ཞེ་ན། ཞེས་བྱུང༌། ཁྱོད་ཀྱིས་སྐྱེ་བ་ཐ་སྙད་པ་མི་འགོག་པའི་ཆེད་དུ་བསྒྲུབ་ཆོས་ལ་དོན་དམ་གྱི་ཁྱད་པར་སྦྱར་བ་དེ་མི་འཐད་པར་ཐལ། སྔ་རྒོལ་དབུ་མ་པ་རང་ལ་ལྟོས་ནས་ཀྱང་དོན་དམ་པར་བདག་ལས་སྐྱེ་བ་མེད་ཅེས་བསྒྲུབ་ཆོས་ལ་དོན་དམ་པའི་ཁྱད་པར་སྦྱར་མི་དགོས། གཞན་གྲངས་ཅན་ལ་ལྟོས་ནས་ཀྱང་དེ་ལྟར་སྦྱར་མི་དགོས། འཇིག་རྟེན་རང་ག་བ་ལ་ལྟོས་ནས་ཀྱང་དེ་ལྟར་སྦྱར་མི་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། ཇི་སྐད་དུ་མདོ་ལས་ས་བོན་གྱི་རྒྱུ་ལས་བྱུང་བའི་མྱུ་གུ་དེ་ཡང་སྐྱེ་བ་ན། བདག་གིས་མ་བྱས། གཞན་གྱིས་མ་བྱས། གཉི་གས་མ་བྱས། དབང་ཕྱུག་གིས་མ་བྱས། དུས་ཀྱིས་མ་བསྒྱུར། རྡུལ་ཕྲ་རབ་ལས་མ་བྱུང༌། རང་བཞིན་ལས་མ་བྱུང༌། ངོ་བོ་ཉིད་ལས་མ་བྱུང༌། རྒྱུ་མེད་པ་ལས་མ་སྐྱེས་ཞེས་གསུངས་པ་དང༌། དེ་བཞིན་དུ། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་པ་དང༌།

འདི་ཉིད་ལས་ཀྱང༌། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཏེ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །ཞེས་འཆད་དོ། །གཞན་གྱི་ལུགས་ལ་ལྟོས་ཏེ་ཁྱད་པར་དུ་བྱས་སོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་དག་གི་རྣམ་པར་གཞག་པ་ནི་ཀུན་རྫོབ་ཏུ་ཡང་ཁས་བླངས་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གཉིས་པ་གྲུབ་སྟེ། བདེན་གཉིས་ལས་ཉམས་པའི་མུ་སྟེགས་ངན་པའི་ལུགས་དེ་དོན་དམ་དང་ཀུན་རྫོབ་གཉིས་ཀར་བཀག་ན་ལེགས་པའི་ཕྱིར་ཏེ། ཚིག་གསལ་ལས། བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་མཐོང་བ་ལས་ཉམས་པའི་མུ་སྟེགས་པ་དག་ཇི་སྲིད་དུ་གཉི་གའི་སྒོ་ནས་འགོག་པ་དེ་སྲིད་དུ་ཡོན་ཏན་ཉིད་ཡིན་པར་རྟོགས་སོ། །ཞེས་གསུངས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དོན་དམ་པར་བདག་སྐྱེ་ཡོད་པ་འཇིག་རྟེན་རང་ག་བས་མི་འདོད་པའི་ཕྱིར། དེར་ཐལ། འཇིག་རྟེན་རང་ག་བས་བདག་སྐྱེ་གཏན་མི་འདོད་པ་གང་ཞིག དེ་དང་མཐུན་པར་སློབ་དཔོན་འཕགས་པས་ཐ་སྙད་ཀྱི་རྣམ་བཞག་འཇོག་ཚེ་སྐྱེ་བ་སོགས་ཡུལ་གྱི་ངོས་ནས་གྲུབ་མ་གྲུབ་དཔྱད་ནས་མི་འཇོག་པར་འཇིག་རྟེན་པས་ཐ་སྙད་བཞག་ཚུལ་དང་སྒོ་བསྟུན་ནས་ཐ་སྙད་མཛད་པའི་ཕྱིར། ཚིག་གསལ་ལས། དེ་ལྟར་ན་གཞན་གྱི་གཞུང་ལ་ལྟོས་ཏེ་ཁྱད་པར་བརྗོད་པ་ཡང་རིགས་པ་མ་ཡིན་ནོ། །གང་ལས་དེ་ལ་ལྟོས་ནས་ཀྱང་ཁྱད་པར་འབྲས་བུ་དང་བཅས་པར་འགྱུར་བ་འཇིག་རྟེན་ལས་ཀྱང་བདག་ལས་སྐྱེ་བར་མི་རྟོགས་ཏེ། འཇིག་རྟེན་པས་ནི་བདག་དང་གཞན་ལས་ཞེས་བྱ་བ་དེ་ལྟ་བུ་ལ་སོགས་པའི་རྣམ་པར་སྤྱོད་པ་འཇུག་པ་མེད་པར་བྱས་ནས། རྒྱུ་ལས་འབྲས་བུ་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་རྟོགས་པ་ཡིན་ནོ། །སློབ་དཔོན་ཡང་དེ་ལྟར་རྣམ་པར་གཞག་པ་མཛད་པ་ཡིན་ཏེ། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་ཁྱད་པར་དོན་མེད་པ་ཉིདདོ་ཞེས་བྱ་བར་ངེས་སོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་དོན་དམ་པ་ཞེས་པ་དེ་ཆོས་ཅན་གྱི་ཁྱད་པར་ལ་སྦྱར་དགོས་པ་དགག་པ་ནི།

ལེགས་ལྡན་ན་རེ། ཕ་རོལ་པོ་གྲངས་ཅན་གྱི་དོན་དམ་པར་འདོད་པའི་མིག་སོགས་སྐྱེ་བ་ཀུན་རྫོབ་ཏུ་འགོག་པའི་ཆེད་དུ་དོན་དམ་པའི་ཁྱད་པར་དེ་ཆོས་ཅན་ལ་སྦྱོར་བ་ཡིན་ཏེ། དེའི་ཆེད་དུ་དོན་དམ་པར་གྲུབ་པའི་མིག་སོགས་ཆོས་ཅན། བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཞེས་ཟེར་བ་ཡིན་ཟེར་ན། དེ་མི་འཐད་པར་ཐལ། བདེན་གྲུབ་ཀྱི་མིག་སོགས་གཏན་མི་སྐྱེ་བ་སྒྲུབ་པ་དེའི་ཚེ་དོན་དམ་པར་གྲུབ་པའི་མིག་སོགས་ཆོས་ཅན་དུ་བཀོད་ནས་ལེགས་ལྡན་རང་ལ་ལྟོས་ནས་ཆོས་ཅན་གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་ནམ་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་རྟགས་ཀྱི་སྐྱོན་དུ་འགྱུར་བ་གང་ཞིག ཁྱོད་ཀྱི་ལུགས་ལ་རྒོལ་ཕྱི་རྒོལ་ལ་ཆོས་ཅན་དང་ཚུལ་གསུམ་ཚད་གྲུབ་མཐུན་སྣང་བ་མ་ཡིན་པས་བསྒྲུབ་བྱ་བསྒྲུབ་མི་ནུས་པར་འདོད་པའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། གཞན་ཡང་གལ་ཏེ་ཀུན་རྫོབ་ཏུ་སྐྱེ་བ་དགག་པར་འདོད་ནས་ཁྱད་པར་འདི་འགོད་པར་བྱེད་ན་ནི་དེའི་ཚེ། རང་ལ་གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པའམ། གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་དུ་འགྱུར་ཏེ། རང་གིས་དོན་དམ་པར་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་ཁས་མ་བླངས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། བྱས་པ་ལ་ཁོ་ན་རེ། ངེད་ཀྱི་ལུགས་ལ་དོན་དམ་པར་མིག་སོགས་མ་གྲུབ་ཀྱང་ཀུན་རྫོབ་པའི་མིག་སོགས་ཡོད་ལ། དེས་ན་ཀུན་རྫོབ་པའི་མིག་སོགས་རྩོད་གཞིར་འཛིན་པ་ཡིན་པས་ཕྱོགས་རྟགས་མ་གྲུབ་པའི་སྐྱོན་མེད་ཟེར་ན། འོ་ན་ཁྱོད་ཀྱི་སྦྱོར་བ་དེ་ལ་དོན་དམ་པའི་ཁྱད་པར་སྦྱར་མི་དགོས་པར་ཐལ། ཆོས་དང་ཆོས་ཅན་གང་ལ་མ་སྦྱར་བ་དེའི་ཕྱིར། རྟགས་ཁས། ཚིག་གསལ་ལས། གལ་ཏེ་ཀུན་རྫོབ་ཏུ་མིག་ལ་སོགས་པ་ཡོད་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། འོ་ན་དོན་དམ་པར་ཞེས་བྱ་བ་འདི་གང་གི་ཁྱད་པར་ཡིན། ཞེས་གསུངས་པའི་ཕྱིར། དེ་ལ་ཁོ་ན་རེ། དོན་དམ་པར་གྲུབ་པའི་མིག་སོགས་རྩོད་གཞིར་འཛིན་པ་མ་ཡིན་པར་མིག་སོགས་ཀུན་རྫོབ་པ་རྩོད་གཞིར་འཛིན་པ་ཡིན་ཡང་དོན་དམ་པའི་ཁྱད་པར་སྦྱོར་ཚུལ་ཡོད་དེ། མིག་སོགས་ཀུན་རྫོབ་པ་རྩོད་གཞིར་བཟུང་ན་དེ་དོན་དམ་པར་སྐྱེ་བ་མེད་པ་བསྒྲུབ་བྱའི་ཆོས་སུ་བྱེད་པ་ཡིན་ཟེར་ན། དེ་ཡང་མི་འཐད་པར་ཐལ། ཁྱོད་ཀྱི་སྦྱོར་བ་དེ་ལ་མིག་སོགས་ནང་གི་སྐྱེ་མཆེད་རྣམས་ཆོས་ཅན་ཞེས་པ་ལས་ཀུན་རྫོབ་པའི་མིག་སོགས་ཆོས་ཅན་ཞེས་ཀུན་རྫོབ་པའི་ཚིག་ཁྱོད་ཀྱིས་མ་སྦྱར་བ་གང་ཞིག སྦྱར་ནས་ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དུ་བཟུང་ན་ཡང་སྦྱོར་བ་དེ་གྲངས་ཅན་ལ་ལྟོས་ནས་གཞི་མ་གྲུབ་པའི་ཕྱོགས་སྐྱོན་འབྱུང་བའི་ཕྱིར། དང་པོ་གྲུབ་སྟེ། ཚིག་གསལ་ལས། གལ་ཏེ་མིག་ལ་སོགས་པ་ཀུན་རྫོབ་པ་རྣམས་དོན་དམ་པར་སྐྱེ་བ་འགོག་པའི་ཕྱིར། དོན་དམ་པ་སྨོས་པ་ནི་སྐྱེ་བ་འགོག་པའི་ཁྱད་པར་ཡིན་ནོ་ཞེ་ན། དེ་ལྟ་ན་ནི་འོ་ན་མིག་ལ་སོགས་པ་ཀུན་རྫོབ་པ་རྣམས་དོན་དམ་པར་སྐྱེ་བ་ཡོད་པ་མ་ཡིན་ཏེ་ཞེས་དེ་སྐད་བརྗོད་པར་བྱ་བར་འགྱུར་ན། དེ་སྐད་དུ་ཡང་མ་སྨྲས་སོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། ཁྱོད་ཀྱིས་ཆོས་ཅན་དུ་བཟུང་བའི་ཀུན་རྫོབ་པའི་མིག་སོགས་ནི་གྲངས་ཅན་གྱི་ངོར་གཞི་མ་གྲུབ་པའི་ཕྱིར་ཏེ། ཚིག་གསལ་ལས། སྨྲ་ན་ཡང་ཕ་རོལ་པོ་དག་གིས་མིག་ལ་སོགས་པ་རྣམས་རྫས་སུ་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར་དང༌། བརྟགས་པར་ཡོད་པར་ཁས་མ་བླངས་པའི་ཕྱིར། གཞན་ལ་གཞི་མ་གྲུབ་པའིཕྱོགས་ཀྱི་སྐྱོན་དུ་འགྱུར་བས་འདི་ནི་མི་རིགས་སོ། །ཞེས་གསུངས་པའི་ཕྱིར།

གཉིས་པ་ཆོས་ཅན་སྤྱི་ཙམ་འཛིན་པའི་ལན་དང༌། དགག་པ་གཉིས། དང་པོ་ནི།

ལེགས་ལྡན་ན་རེ། ངེད་ཀྱི་སྦྱོར་བ་དེ་ལ་དོན་དམ་པར་གྲུབ་པའི་མིག་སོགས་ཆོས་ཅན་དུ་བཟུང་བས་རང་ལ་ཕྱོགས་རྟགས་མ་གྲུབ་པ་དང༌། དབུ་མ་པའི་འདོད་པ་ལྟར་གྱི་ཀུན་རྫོབ་པའི་མིག་སོགས་ཆོས་ཅན་དུ་བཟུང་བས་གྲངས་ཅན་ལ་ཕྱོགས་རྟགས་མ་གྲུབ་པའི་སྐྱོན་མེད་པར་ཐལ། དེ་ལྟར་ཆོས་ཅན་ལ་ཀུན་རྫོབ་དང༌། དོན་དམ་པའི་ཁྱད་པར་དུ་མ་ཕྱེ་བའི་མིག་སོགས་རྒོལ་ཕྱི་རྒོལ་གཉིས་ཀའི་མཐུན་སྣང་ཐུན་མོང་བའི་སྤྱི་ཙམ་ཞིག་རྩོད་གཞིར་འཛིན་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་ལ་རྒོལ་ཕྱི་རྒོལ་གཉིས་ཀའི་འདོད་པའི་ཁྱད་པར་མ་སྦྱར་བའི་སྤྱི་ཙམ་འཛིན་དགོས་པ་གང་ཞིག ཆོས་ལའང་དེ་ལྟར་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། དཔེར་ན་སངས་རྒྱས་པས་བྱེ་བྲག་པའི་ངོར་སྒྲ་མི་རྟག་ཅེས་དམ་བཅས་ནས་སྒྲུབ་པའི་ཚེ་འབྱུང་འགྱུར་གྱི་སྒྲ་རྩོད་གཞིར་བཟུང་ན་བྱེ་བྲག་པ་ལ་མི་འགྲུབ། ནམ་མཁའི་ཡོན་ཏན་གྱི་སྒྲ་རྩོད་གཞིར་བཟུང་ན་སངས་རྒྱས་པ་རང་ལ་མི་འགྲུབ། དེ་བཞིན་དུ་བྱེ་བྲག་པས་གཅེར་བུ་པ་ལ་སྒྲ་མི་རྟག་པ་སྒྲུབ་ཚེ་བྱས་པའི་སྒྲ་རྩོད་གཞིར་བཟུང་ན་གཅེར་བུ་པ་ལ་མི་འགྲུབ། སྔར་ཡོད་རྐྱེན་གྱིས་གསལ་བའི་སྒྲ་རྩོད་གཞིར་བཟུང་ན་བྱེ་བྲག་པ་ལ་མི་འགྲུབ་པ་བཞིན་ཡིན་པའི་ཕྱིར། ཚིག་གསལ་ལས། ཅི་སྟེ་ཇི་ལྟར་སྒྲ་མི་རྟག་ཅེས་བྱ་བ་ལ་ཆོས་དང་ཆོས་ཅན་གཉིས་སྤྱི་ཉིད་གཟུང་བ་ཡིན་གྱི། ཁྱད་པར་ནི་མ་ཡིན་ཏེ། ཁྱད་པར་འཛིན་ན་ནི་རྗེས་སུ་དཔག་པ་དང་རྗེས་སུ་དཔག་པར་བྱ་བའི་ཐ་སྙད་མེད་པར་འགྱུར་རོ། །འདི་ལྟར་གལ་ཏེ་འབྱུང་བ་ཆེན་པོ་བཞི་ལས་གྱུར་པའི་སྒྲ་འཛིན་ན་ནི་དེ་ཕ་རོལ་པོ་ལ་མ་གྲུབ་བོ། །འོན་ཏེ་ནམ་མཁའི་ཡོན་ཏན་དེ་རང་ཉིད་སངས་རྒྱས་པ་ལ་མ་གྲུབ་པ་ཡིན་ནོ། །དེ་བཞིན་དུ་བྱེ་བྲག་པས་སྒྲ་མི་རྟག་པར་དམ་འཆའ་བ་ན་ཡང༌། བྱས་པའི་སྒྲ་འཛིན་ན་དེ་གཞན་ལ་མ་གྲུབ་པོ། །འོན་ཏེ་མངོན་པར་གསལ་བར་བྱས་པ་ཡིན་ན་ནི་དེ་རང་ལ་མ་གྲུབ་པ་ཡིན་ནོ། །ཞེས་སོ། །གཉིས་པ་གྲུབ་སྟེ། བསྒྲུབ་བྱའི་ཆོས་ལའང་རྒོལ་སོ་སོའི་འདོད་པའི་ཁྱད་པར་སྦྱོར་བ་དོར་བའི་སྤྱི་ཙམ་ཞིག་འཛིན་དགོས་པའི་ཕྱིར། དེར་ཐལ། སངས་རྒྱས་པས་བྱེ་བྲག་པ་ལ་སྒྲ་མི་རྟག་པ་སྒྲུབ་ཚེ། སྒྲ་ཆོས་ཅན། རང་ཉིད་འཇིག་པ་དེ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པའི་མི་རྟག་པ་ཡིན་ཏེ། ཞེས་དེ་ལྟར་ཆོས་སུ་བཟུང་ན་སངས་རྒྱས་པ་རང་ལ་མི་འགྲུབ། རང་ཉིད་འཇིག་པ་དེ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་མི་ལྟོས་པའི་མི་རྟག་པ་ཡིན་ཏེ་ཞེས་ཆོས་སུ་བཟུང་ན་བྱེ་བྲག་པ་རང་ལ་མི་འགྲུབ་པའི་ཕྱིར་ཏེ། ཚིག་གསལ་ལས། དེ་བཞིན་དུ་ཅི་རིགས་པར་འཇིག་པ་ཡང་གལ་ཏེ་རྒྱུ་དང་བཅས་པ་ཡིན་ན་ནི། དེ་སངས་རྒྱས་པ་རང་ལ་མ་གྲུབ་པ་ཡིན་ལ། འོན་ཏེ་རྒྱུ་མེད་པ་ཡིན་ན་ནི་དེ་ཕ་རོལ་པོ་ལ་མ་གྲུབ་པ་ཡིན་ནོ། །ཞེསགསུངས་པའི་ཕྱིར་རོ། །

གཉིས་པ་དེ་དགག་པ་ནི།

ལེགས་ལྡན་ཁྱོད་ཀྱིས་དབུ་མ་པས་དངོས་སྨྲ་བའི་ངོར་བདེན་པའི་སྐྱེ་མེད་སོགས་སྒྲུབ་ཚེ་བདེན་རྫུན་གང་གིས་ཁྱད་པར་དུ་མ་བྱས་པའི་མིག་སོགས་སྤྱི་ཙམ་པ་ཞིག་ཆོས་ཅན་དུ་འཛིན་པར་འདོད་པ་དེ་ཁྱོད་ཀྱི་ལུགས་ལ་གཏན་མི་འཐད་པར་ཐལ། དོན་དེ་ལྟར་སྤྱི་ཙམ་ཆོས་ཅན་དུ་འཛིན་པའི་དོན་མི་འཐད་པ་གང་ཞིག དེས་སངས་རྒྱས་པས་བྱེ་བྲག་པ་ལ་སྒྲ་མི་རྟག་པར་བསྒྲུབ་ཚེ་གཉིས་ཀའི་འདོད་པའི་སྤྱི་ཙམ་གྱི་སྒྲ་རྩོད་གཞིར་བཟུང་བ་དང་དོན་ཁྱོད་ཀྱིས་བདེན་རྫུན་གང་གིས་ཁྱད་པར་དུ་མ་བྱས་པའི་མིག་སོགས་སྤྱི་ཙམ་རྩོད་གཞིར་བཟུང་བ་གཉིས་དཔེ་དོན་མི་འདྲ་བའི་ཕྱིར། རྩ་རྟགས་དང་པོ་གྲུབ་སྟེ། མིག་དང་གཟུགས་སོགས་རིགས་ཤེས་ཀྱི་ངོའི་དོན་དམ་པར་བདག་ལས་མི་སྐྱེ་བ་སོགས་སུ་སྒྲུབ་པའི་ཚེ་དངོས་སྨྲའི་ལུགས་ལ་ནི་ཆོས་ཅན་དེ་འཇལ་བའི་ཚད་མ་ནི་མིག་སོགས་ཀྱི་རང་བཞིན་ལ་མ་འཁྲུལ་བ་ཡིན་པ་གང་ཞིག མ་འཁྲུལ་བའི་ཤེས་པའི་རྙེད་དོན་ལ་རྫུན་པ་གཅིག་མི་འོང་བས་དེ་ལ་ཆོས་ཅན་མིག་སོགས་རྫུན་པར་མི་སྣང་བའི་ཕྱིར་ཏེ། ཆོས་དེ་གཞི་གྲུབ་ཡིན་པ་ལ་རང་གི་གདགས་གཞིའི་ངོས་ནས་གྲུབ་དགོས་པར་འདོད་པའི་ལུགས་ལ་ནི་ཡུལ་དེ་མ་འཁྲུལ་བའི་བློ་ཞིག་གིས་རྙེད་ནས་ཡོད་པར་འཇོག་དགོས་ཀྱི་ཡུལ་དེ་འཁྲུལ་བའི་བློ་ཙམ་གྱིས་ཡུལ་དེ་རྙེད་པ་དང་ཡོད་པར་འཇོག་པ་མིན་ལ། ལེགས་ལྡན་ཁྱོད་ཀྱིས་ཀྱང་དེ་ལྟར་ཁས་བླངས་པའི་ཕྱིར། དེར་ཐལ། ཚིག་གསལ་ལས། དེ་ནི་དེ་ལྟར་ཡང་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་༼མིག་སོགས་ཆོས་ཅན་དུ་བཀོད་པ་༽འདིར་༼དེ་འདི་ལ་བདེན་པའི་༽སྐྱེ་བ་བཀག་པ་བསྒྲུབ་བྱའི་ཆོས་སུ་འདོད་པ་དེའི་ཚེ་༼ལ། རིགས་ཤེས་ཀྱི་ངོ་བོར་༽དེ་ཁོ་ནར་༼ཏེ་རིགས་ཤེས་ཀྱི་ངོའི་དོན་དམ་དུ་སྐྱེ་བ་མེད་པ་༽དེའི་རྟེན་ཆོས་ཅན་༼མིག་ལ་སོགས་པ་ཐལ་འགྱུར་བ་རང་གི་ལུགས་ལྟར་དོན་ལ་མ་རིག་པས་བསླད་པའི་ཤེས་པ་༽ཕྱིན་ཅི་ལོག་ཙམ་གྱིས་བདག་པོ་༼ཉིད་ངོ་བོ་༽རྙེད་པ་༼དེ་དག་༽ནི་༼རང་མཚན་གྱིས་གྲུབ་པར་འདོད་བཞིན་དུ་དོན་དམ་པར་གྲུབ་པ་༽ཉམས་པར་གྱུར་༼པ་སྟེ་དོན་དམ་༽པར་༼གྲུབ་པ་མེད་པར་སློབ་དཔོན་ལེགས་ལྡན་༽འདིས་རང་ཉིད་ཀྱིས་ཁས་བླངས་པ་ཉིད་དོ། །ཞེས་གསུངས་པའི་ཕྱིར། དེ་ལྟར་གསུངས་ན་ལེགས་ལྡན་རང་ཉིད་ཀྱང་བུམ་སོགས་དོན་དམ་པར་མེད་པར་ཁས་ལེན་བཞིན་དུ་རང་མཚན་ལ་མ་འཁྲུལ་བའི་ཤེས་པས་རྙེད་པར་འདོད་དོ། །དེ་ལ་ཚིག་གསལ་གྱི་ཕྱིན་ཅི་ལོག་ཙམ་གྱིས་ཞེས་པའི་ཕྱིན་ཅི་ལོག་དེ་ཡུལ་ཅན་ལ་བྱེད་པ་ཡིན་ཏེ། དེ་རྫུན་པའི་ཆོས་རྙེད་མཁན་གྱི་ཕྱོགས་ལ་བཤད་པའི་ཕྱིར་རོ། །འཁྲུལ་བའི་ཤེས་པའི་རྙེད་དོན་ཡུལ་ཕྱིན་ཅི་ལོག་རྫུན་པ་དང༌། མ་འཁྲུལ་བའི་ཤེས་པའི་རྙེད་དོན་ཡུལ་ཕྱིན་ཅི་མ་ལོག་པ་བདེན་པ་གཉིས་ནི་ཐ་དད་ཅེས་ཕན་ཚུན་སྤངས་པའི་དངོས་འགལ་ཡིན་པའི་ཕྱིར། ཚིག་གསལ་ལས། ཕྱིན་ཅི་ལོག་དང་ཕྱིན་ཅི་མ་ལོག་པ་དག་ནི་ཐ་དད་པ་ཡིན་ནོ། །ཞེས་པའི་ཕྱིན་ཅི་ལོག་མ་ལོག་གཉིས་ནི་ཡུལ་ལ་འཐད་ཀྱི་ཡུལ་ཅན་ལ་བྱེད་མི་རུང་སྟེ། དེ་གཉིས་དངོས་འགལ་ཡིན་པའི་ཕྱིར་རོ། །མིག་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་པར་སྣང་བའི་ཤེས་པ་ལ་འཁྲུལ་བའི་ཁྱབ་པས་དེའི་ཡུལ་ལ་རྫུན་པས་ཁྱབ་པ་གང་ཞིག མིག་སོགས་ཆོས་གང་ཡང་རང་འཛིན་གྱིས་མི་སྣང་བར་རང་བཞིན་གནས་ལུགས་གཟིགས་པའི་ཤེས་པ་དེ་མ་འཁྲུལ་བ་ཡིན་པས་དེའི་ཡུལ་ལ་བདེན་པས་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་འདྲའི་ཤེས་པ་ནི་མིག་སོགས་རང་མཚན་གྱིས་གྲུབ་པར་སྣང་བ་ལྟར་གྱི་དོན་ཅུང་ཟད་ཀྱང་མེད་པའི་འཁྲུལ་ཤེས་ཡིན་པའི་ཕྱིར། དཔེར་ན་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་ཅུང་ཟད་ཀྱང་མེད་པ་བཞིན་ནོ། །ཚིག་གསལ་ལས། གང་གི་ཚེ་རབ་རིབ་ཅན་གྱིས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གིས་ཡོད་པ་མ་ཡིན་པ་ཡོད་པ་ཉིད་དུ་འཛིན་པ་དེའི་ཚེ་ནི་ཡོད་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པར་ག་ལ་འགྱུར། ཞེས་གསུངས་པའི་ཕྱིར་རོ། །རྟགས་གཉིས་པ་གྲུབ་སྟེ། གཟུགས་སོགས་ཀྱི་དོན་གྱི་གནས་ཚུལ་ལ་མ་འཁྲུལ་བའི་མངོན་སུམ་གྱི་ངོ་ན་ཆོས་ཉིད་ཁོ་ན་སྣང་བ་ལས་ཀུན་རྫོབ་རྫུན་པ་རྡུལ་གྱི་ཆ་ཙམ་ཡང་མེད་པའི་ཕྱིར། དཔེར་ན་རབ་རིབ་མེད་པའི་མིག་ལ་ནམ་མཁར་སྐྲ་ཤད་མི་དམིགས་པ་བཞིན་ནོ། །ཚིག་གསལ་ལས། གང་གི་ཚེ་རབ་རིབ་ཅན་མ་ཡིན་པས་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་མ་ལོག་པས་ཡང་དག་པ་མ་ཡིན་པ་སྒྲོ་མི་འདོགས་པ་དེའི་ཚེ་ན་ཡང་གང་གིས་ན་དེའི་ཚེ་ན་ཀུན་རྫོབ་ཏུ་འགྱུར་བ་ཡོད་པ་མ་ཡིན་པར་གྱུར་པའི་དོན་ཆ་ཙམ་ཡང་དམིགས་པ་ག་ལ་ཡོད། ཅེས་དང༌། དེ་ཉིད་ཀྱི་ཕྱིར་སློབ་དཔོན་གྱི་ཞལ་སྔ་ནས་ཀྱང༌། གལ་ཏེ་མངོན་སུམ་ལ་སོགས་པའི། །དོན་གྱིས་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ལེགས་ལྡན་གྱི་རང་རྒྱུད་ཀྱི་སྦྱོར་བ་དེ་ལ་ཕྱོགས་ཀྱི་སྐྱོན་ནམ་ཆོས་ཅན་མཐུན་སྣང་བ་མེད་པའི་སྐྱོན་དང༌། ཆོས་མཐུན་སྣང་བ་མེད་པའི་སྐྱོན་དང༌། རྩོད་གཞི་མ་གྲུབ་པའི་སྒོ་ནས་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་གསུམ་ཡོད་དེ། ཚིག་གསལ་ལས། གཞི་མ་གྲུབ་པའི་ཕྱོགས་ཀྱི་སྐྱོན་དང༌། གཞི་མ་གྲུབ་པའི་གཏན་ཚིགས་ཀྱི་སྐྱོན་ལྡོག་པ་མེད་པ་ཉིད་ཀྱིས། ཞེས་གསུངས་པའི་ཕྱིར་རོ། །རྩ་རྟགས་གཉིས་པ་གྲུབ་སྟེ། དཔེ་སངས་རྒྱས་པས་བྱེ་བྲག་པ་ལ་སྒྲ་མི་རྟག་པར་སྒྲུབ་ཚེ་གཉིས་ཀའི་འདོད་པའི་སྤྱི་ཙམ་གྱི་སྒྲ་རྩོད་གཞིར་བཟུང་བ་དང༌།

དོན་ཁྱོད་ཀྱི་བདེན་རྫུན་གང་གིས་ཀྱང་ཁྱད་པར་དུ་མ་བྱས་པའི་མིག་སོགས་སྤྱི་ཙམ་རྩོད་གཞིར་བཟུང་བ་གཉིས་དཔེ་དོན་མི་མཐུན་པར་ཐལ། རང་སྡེ་དངོས་སྨྲ་བས་བྱེ་བྲག་པའི་ངོར་སྒྲ་མི་རྟག་པར་སྒྲུབ་ཚེ་ནི་རྒོལ་བ་སོ་སོའི་ཐུན་མོང་མ་ཡིན་པའི་འདོད་པ་འབྱུང་འགྱུར་གྱི་སྒྲ་དང་ནམ་མཁའི་ཡོན་ཏན་གྱི་སྒྲས་ཁྱད་པར་དུ་མ་བྱས་པའི་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྒྲ་སྤྱི་ཙམ་པ་དེ་ལ་ཚད་མར་སོང་བར་སྣང་བའི་མཐུན་སྣང་བ་ཡོད་པ་གང་ཞིག ཡང་ཐལ་འགྱུར་བས་དངོས་སྨྲ་བ་ལ་མྱུ་གུ་དོན་དམ་པར་མི་སྐྱེ་བ་དང་བདག་ལས་མི་སྐྱེ་བར་སྒྲུབ་ཚེ་ནི། དངོས་སྨྲ་བས་ཆོས་ཅན་མྱུ་གུ་གཞལ་བའི་ཚད་མ་དེ་མྱུ་གུ་ལ་ཚད་མར་སོང་བའི་དོན་ནི་མྱུ་གུ་རང་མཚན་གྱིས་གྲུབ་པ་ལ་མ་འཁྲུལ་བའི་ཚད་མར་སོང་བ་དང༌། ཐལ་འགྱུར་བས་མྱུ་གུ་ལ་ཚད་མར་སོང་བ་ནི་མྱུ་གུ་སྣང་ཙམ་ལ་ཚད་མར་སོང་བ་ཡིན་གྱི་མྱུ་གུ་རང་བཞིན་གྱིས་གྲུབ་པ་ལ་ཚད་མར་མ་སོང་བར་དེ་ལ་འཁྲུལ་ཤེས་སུ་སོང་བས་ན་མྱུ་གུ་རྟོགས་པའི་ཚད་མ་ཡིན་ན་མྱུ་གུ་ལ་འཁྲུལ་ཤེས་སུ་སོང་བར་འདོད་ལ། དེས་ན་དེ་གཉིས་ཀའི་མཐུན་སྣང་གི་མྱུ་གུ་ཞིག་ཡོད་ན་དེ་ནི་ཁྱོད་ལ་འཁྲུལ་བའི་ཚད་མར་ཡང་མ་སོང༌། མ་འཁྲུལ་བའི་ཚད་མར་ཡང་མ་སོང་ཡང་མྱུ་གུ་ཙམ་ལ་ཚད་མར་སོང་བའི་མྱུ་གུ་ཞིག་དབུ་མ་པ་དང་དངོས་སྨྲ་བ་གཉིས་ཀའི་ལུགས་ལ་ཡོད་དགོས་ཀྱང་དེ་འདྲ་མི་སྲིད་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཚིག་གསལ་ལས། དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །དེར་ནི་སྒྲའི་སྤྱི་དང་མི་རྟག་པ་ཉིད་ཀྱི་སྤྱི་ཁྱད་པར་བརྗོད་པར་མི་འདོད་པ་གཉི་ག་ལ་ཡང་ཡོད་ན། ཞེས་གསུངས་པའི་ཕྱིར་རོ། །རྟགས་གཉིས་པ་གྲུབ་སྟེ། ཚིག་གསལ་ལས། མིག་གི་སྤྱི་ནི་སྟོང་པ་ཉིད་དང་སྟོང་པ་ཉིད་མ་ཡིན་པར་སྨྲ་བ་དག་གིས་ཀུན་རྫོབ་ཏུ་ཡང་ཁས་མ་བླངས་ལ། དོན་དམ་པར་ཡང་མ་ཡིན་པས་དཔེ་ལ་ཡང་འདྲ་བ་ཡོད་པ་མ་ཡིན་ནོ། །ཞེསགསུངས་པའི་ཕྱིར་རོ། །

གཉིས་པ་རྟགས་མ་གྲུབ་པར་ཐལ་བ་ལེགས་ལྡན་གྱིས་ཁས་བླངས་ཚུལ་ནི།

ལེགས་ལྡན་གྱི་བདག་སྐྱེ་འགོག་པའི་རང་རྒྱུད་ཀྱི་རྟགས་ཡོད་པའི་ཕྱིར་ཞེས་པ་འདི་ལ་ཡང་དབུ་མ་པ་དང་དངོས་སྨྲ་གཉིས་ཀ་ལ་མཐུན་སྣང་དུ་མ་གྲུབ་པའི་སྐྱོན་ཡོད་དེ། ཚིག་གསལ་ལས། གཞི་མ་གྲུབ་པའི་ཕྱོགས་ཀྱི་ཉེས་པ་བརྗོད་པའི་ཚུལ་གང་ཡིན་པ་འདི་ཉིད་ནི། ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ལ་མ་གྲུབ་པའི་སྐྱོན་བརྗོད་པ་ལ་ཡང་སྦྱར་བར་བྱའོ། །ཞེས་གསུངས་སོ། །

དེས་ན་ཕྱོགས་ཏེ་ཆོས་ཅན་མཐུན་སྣང་བ་དང་རྟགས་མཐུན་སྣང་བ་གྲུབ་མ་གྲུབ་བརྟགས་ན་ཕྱོགས་དང་རྟགས་གཉིས་པོ་མ་གྲུབ་པའི་སྐྱོན་འདི་ལེགས་ལྡན་རང་ཉིད་ཀྱིས་དངོས་སུ་ཁས་མ་བླངས་ཀྱང་ཁས་བླངས་བར་སོང་ལ་དངོས་སུ་ཁས་ཀྱང་ལེན་དགོས་ཏེ། ཤེས་རབ་སྒྲོན་མེ་ལས། ནང་གི་སྐྱེ་མཆེད་རྣམས་ཆོས་ཅན། རྒྱུ་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་ཞེས་རང་སྡེ་གཞན་ཞིག་གིས་སྦྱོར་བ་དེ་ལྟར་བཀོད་པ་ལ་ལེགས་ལྡན་གྱིས། ཁྱོད་རང་གི་སྦྱོར་བ་དེའི་རྟགས་དེ་བཀོད་ཚོད་ལ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར། ཞེས་བཀོད་འདུག་ཀྱང་སོང་ཚོད་ཀྱི་རྟགས་དེ་དེ་ལྟར་དེ་བཞིན་གཤེགས་པས་གསུངས་པ་དེ་དོན་དམ་པར་གྲུབ་པ་དང་ཀུན་རྫོབ་ཙམ་དུ་གྲུབ་པ་གཉིས་ཀྱི་གང་ཡིན་པར་འདོད། དོན་དམ་པར་གྲུབ་པ་དེ་གཉིས་གང་ཡང་མ་ཡིན་པའི་ཕུང་སུམ་མི་སྲིད་པས་དོན་དམ་པར་གྲུབ་པ་དེ་ཡིན་ན་དབུ་མ་པ་ལ་མ་གྲུབ། ཀུན་རྫོབ་ཙམ་དུ་གྲུབ་པ་དེ་ཡིན་ན་དངོས་སྨྲ་བ་ལ་མ་གྲུབ་པས་ན་གཏན་ཚིགས་དེ་བཞིན་གཤེགས་པས་གསུངས་པ་དེ་རྒོལ་བ་གཉིས་ཀ་ལ་མ་གྲུབ་པའི་སྐྱོན་ཡོད་ཅེས་བཤད་ལ། དེ་ལྟར་ན་ལེགས་ལྡན་ཁྱོད་ཀྱིས་བདག་སྐྱེ་འགོག་པའི་རང་རྒྱུད་ཀྱི་སྦྱོར་བས་བཀོད་ཚོད་ཀྱི་ཆོས་ཅན་མིག་སོགས་ནང་གི་སྐྱེ་མཆེད་དང༌། རྟགས་ཡོད་པ་གཉིས་པོ་དེ་སོང་ཚོད་ཀྱི་ཆོས་ཅན་དང་རྟགས་གཉིས་རང་ངོས་ནས་གྲུབ་མ་གྲུབ་གཉིས་གང་དུ་འདོད། རང་ངོས་ནས་གྲུབ་པ་ལ་བྱེད་ན་དབུ་མ་པ་ལ་མ་གྲུབ། རང་ངོས་ནས་མ་གྲུབ་པའི་བཏགས་ཡོད་ལ་བྱེད་ན་དངོས་སྨྲ་ལ་མ་གྲུབ་པས་ན་རྒོལ་བ་གཉིས་ཀ་ལ་ཆོས་ཅན་མ་གྲུབ་པ་དང་གཏན་ཚིགས་མ་གྲུབ་པའི་སྐྱོན་ཡོད་ཚུལ་མཚུངས་པའི་ཕྱིར་ཏེ། ཚིག་གསལ་ལས། གང་གི་ཕྱིར་ཇི་སྐད་བསྙད་པའི་༼དབུ་མ་པ་དང་དངོས་སྨྲ་བ་གཉིས་ལ་མཐུན་སྣང་གི་གཏན་ཚིགས་སོགས་མེད་པར་བཤད་པའི་༽དོན་འདི་ནི་རྟོག་གེ་པ་འདིས་རང་ཉིད་ཀྱིས་ཁས་བླངས་པ་ཡིན་ནོ། །ཇི་ལྟར་ཞེ་ན། ནང་གི་སྐྱེ་མཆེད་རྣམས་སྐྱེད་པར་བྱེད་པ་རྒྱུ་ལ་སོགས་པ་ནི་ཡོད་པ་ཁོ་ན་ཡིན་ཏེ། དེ་ལྟར་དེ་བཞིན་གཤེགས་པས་གསུངས་པའི་ཕྱིར་རོ། །གང་དེ་བཞིན་གཤེགས་པས་ཇི་སྐད་གསུངས་པ་དེ་ནི་དེ་བཞིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་ནི་ཞི་བའོ་ཞེས་བྱ་བ་བཞིན་ནོ་ཞེས་བྱ་བ་གཞན་གྱིས་བཀོད་པའི་སྒྲུབ་བྱེད་འདི་ལ། འདིར་ཁྱོད་ཀྱི་གཏན་ཚིགས་ཀྱི་དོན་དུ་འདོད་པ་གང་ཡིན་དེ་བཞིན་གཤེགས་པས་ཀུན་རྫོབ་ཏུ་དེ་སྐད་གསུངས་པའི་ཕྱིར་རམ། འོན་ཏེ་དོན་དམ་པར་གསུངས་པའི་ཕྱིར། གལ་ཏེ་ཀུན་རྫོབ་ཏུ་ཡིན་ན་ནི་རང་ལ་གཏན་ཚིགས་ཀྱི་དོན་མ་གྲུབ་པ་ཉིད་དོ། །འོན་ཏེ་དོན་དམ་པར་ནི། གང་ཚེ་ཆོས་ནི་ཡོད་པ་དང༌། །མེད་དང་ཡོད་མེད་མི་འགྲུབ་པས། །དེའི་ཚེ་འབྲས་བུ་ཡོད་པ་དང་མེད་པ་དང༌། གཉི་གའི་བདག་ཉིད་ཀྱི་རྐྱེན་བསལ་བའི་ཕྱིར། ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །དེ་ནི་སྒྲུབ་པར་བྱེད་པའི་རྒྱུ་མ་ཡིན་པ་ཁོ་ནའོ་ཞེས་བྱ་བ་ནི་ངག་གི་དོན་ཏོ། །དེའི་ཕྱིར་དོན་དམ་པར་བསྒྲུབ་པར་བྱ་བ་དང༌། སྒྲུབ་པར་བྱེད་པ་ཉིད་མ་གྲུབ་པའི་ཕྱིར། གཏན་ཚིགས་མ་གྲུབ་པའི་དོན་ཉིད་དང་འགལ་བའི་དོན་ཉིད་དོ་ཞེས་འདིསསྐྱོན་འདི་སྨྲས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་རང་རྒྱུད་ཀྱི་སྦྱོར་བ་གཞན་ལའང་མ་གྲུབ་པའི་སྐྱོན་ནི།

ལེགས་ལྡན་གྱིས། མིག་སོགས་ཆོས་ཅན། དོན་དམ་པར་རྐྱེན་གཞན་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། ཞེས་དང༌། བརྟེན་པ་དང་བཅས་པའི་མིག་སོགས་ཆོས་ཅན། དོན་དམ་པར་གཟུགས་ལ་མི་ལྟ་སྟེ། མིག་གི་དབང་པོ་ཡིན་པའི་ཕྱིར། དཔེར་ན་དེ་མཚུངས་ཀྱི་མིག་བཞིན། ཞེས་སོགས་རང་རྒྱུད་ཀྱི་གཏན་ཚིགས་བཀོད་པའི་རང་རྒྱུད་ཐམས་ཅད་ལ་སྔར་ལྟར་ཆོས་ཅན་དང་རྟགས་མ་གྲུབ་པའི་སྐྱོན་ཡོད་པར་ཐལ། དེ་ལྟར་སྐྱོན་ཡོད་པ་ལེགས་ལྡན་རང་ཉིད་ཀྱིས་དེ་བཞིན་གཤེགས་པས་གསུངས་པའི་རྟགས་ལ་དཔྱད་ནས་མ་གྲུབ་པའི་གཏན་ཚིགས་སོ་ཞེས་སྡེ་བ་གཞན་ལ་སྐྱོན་བརྗོད་པ་དེའི་ཕྱིར། ཁྱབ་སྟེ། དེ་དང་འདྲ་བའི་སྐྱོན་དེ་རང་རྒྱུད་ཀྱི་གཏན་ཚིགས་ལའང་ཡོད་པར་བསྒྲུབས་ཟིན་པའི་ཕྱིར། ཚིག་གསལ་ལས། དོན་དམ་པར་ན་ནང་གི་སྐྱེ་མཆེད་རྣམས་དེ་དག་གི་རྐྱེན་གཞན་དག་ལས་སྐྱེ་བ་མེད་དེ། གཞན་ཡིན་པའི་ཕྱིར་དཔེར་ན་བུམ་པ་བཞིན་ནོ། །ཡང་ན་དོན་དམ་པར་གཞན་གྱིས་བརྗོད་པར་འདོད་པའི་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་འགྲུབ་པར་བྱེད་པ་དག་རྐྱེན་མ་ཡིན་པར་ངེས་ཏེ། གཞན་ཡིན་པའི་ཕྱིར། དཔེར་ན་སྣལ་མ་ལ་སོགས་པ་བཞིན་ནོ་ཞེས་བྱ་བ་འདིར་གཞན་ཉིད་ཅེས་བྱ་བ་ལ་སོགས་པ་རང་ཉིད་ལ་མ་གྲུབ་པ་ཡིན་ནོ། །ཇི་ལྟར་འདིས་ནང་གི་སྐྱེ་མཆེད་རྣམས་སྐྱེས་པ་ཁོ་ན་ཡིན་ཏེ། དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་ཁྱད་པར་ཅན་བྱེད་པའི་ཕྱིར་རོ། །ཞེས་གཞན་གྱིས་བརྗོད་པའི་གཏན་ཚིགས་འདི་ལ་མ་གྲུབ་པར་བརྗོད་པར་འདོད་པས། འདི་སྐད་དུ་འོན་ཏེ་དོན་དམ་པར་རྣལ་འབྱོར་པ་མཉམ་པར་གཞག་པའི་ཤེས་རབ་ཀྱི་མིག་གིས་དངོས་པོ་རྣམས་ཀྱི་ཡང་དག་པ་ཇི་ལྟ་བ་བཞིན་ཉིད་མཐོང་བའི་སྐྱེ་བ་དང་འགྲོ་བ་ལ་སོགས་པ་དག་ཡོད་པར་བསྒྲུབས་ན་ནི། དེའི་ཚེ་དེ་དག་གི་ཡུལ་དང་ལྡན་པའི་ཐ་སྙད་ཁྱད་པར་ཅན་བྱེད་པའི་ཕྱིར་རོ་ཞེས་བྱ་བའི་གཏན་ཚིགས་མ་གྲུབ་པའི་དོན་ཉིད་དོ། །འགྲོ་བ་ཡང་སྐྱེ་བ་བཀག་པ་ཁོ་ནས་བཀག་པའི་ཕྱིར་རོ་ཞེས་སྨྲས་པ་ཡིན་ཏེ། དེ་བཞིན་དུ་རང་གིས་བྱས་པའི་སྒྲུབ་པར་བྱེད་པ་ལ་ཡང༌། དོན་དམ་པར་མ་སོང་བ་ལ་འགྲོ་བ་མེད་དེ། ལམ་ཡིན་པའི་ཕྱིར། སོང་བའི་ལམ་བཞིན་ནོ། །ཞེས་བྱ་བའི་གཏན་ཚིགས་ལམ་ཉིད་རང་ཉིད་ལ་མ་གྲུབ་པའི་དོན་ཉིད་དུ་སྦྱར་བར་བྱ་ལ། དོན་དམ་པར་བརྟེན་པ་དང་བཅས་པའི་མིག་ནི་གཟུགས་ལ་ལྟ་བར་མི་བྱེད་དེ། མིག་གི་དབང་པོ་ཡིན་པའི་ཕྱིར། དཔེར་ན་དེ་དང་མཚུངས་པ་བཞིན་ནོ་ཞེས་བྱ་བ་དང༌། དེ་བཞིན་དུ་མིག་ནི་གཟུགས་ལ་ལྟ་བར་མི་བྱེད་དོ། །འབྱུང་བ་ལས་གྱུར་པ་ཉིད་ཀྱི་ཕྱིར། དཔེར་ན་གཟུགས་བཞིན་ནོ་ཞེས་བྱ་བ་དང༌། ས་ནི་སྲ་བའི་ངོ་བོ་མ་ཡིན་ཏེ། འབྱུང་བ་ཡིན་པའི་ཕྱིར། དཔེར་ན་རླུང་བཞིན་ནོ། །ཞེས་བྱ་བ་ལ་སོགས་པ་དག་ཏུུ་ཡང་གཏན་ཚིགས་ལ་སོགས་པ་རང་ཉིད་ལགྲུབ་པ་སྦྱར་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

བཞི་པ་མ་ངེས་པའི་སྐྱོན་ནི།

ལེགས་ལྡན་གྱིས། མིག་སོགས་ཆོས་ཅན། དོན་དམ་པར་བདག་ལས་མི་སྐྱེ་སྟེ། ཡོད་པའི་ཕྱིར། ཞེས་པའི་རྟགས་ཡོད་པ་འདི་ཕྱི་རྒོལ་ལ་ལྟོས་ནས་མ་གྲུབ་པའི་སྐྱོན་སྔར་ལྟར་ཡོད་པ་མ་ཟད་མ་ངེས་པའི་སྐྱོན་ཡང་ཡོད་པར་ཐལ། ཁྱོད་ཀྱི་སྦྱོར་བ་འདིས་མིག་སོགས་རྣམས་ཡོད་པའི་ཕྱིར་ཞེས་པས་མིག་སོགས་ཡོད་པ་དེ། བདག་ཤེས་རིག་གི་ཤེས་པ་ཡོད་པ་ལྟར་བདག་ལས་མི་སྐྱེ་བ་ཞིག་ཡོད་པ་ཡིན་ནམ། འོན་ཏེ་བུམ་པ་ཡོད་པ་བཞིན་བདག་ལས་སྐྱེ་བ་ཞིག་ཡིན། དང་པོ་ལྟར་ན་མིག་སོགས་ཤེས་པ་ཡོད་པ་ལྟར་བདག་ལས་མི་སྐྱེ་བར་ཡོད་པ་རྟགས་མ་གྲུབ། གཉིས་པ་ལྟར་ན་མིག་ཡོད་པ་དེ་བདག་ལས་སྐྱེ་བ་ཡིན་ན་ཁྱབ་པ་མེད་ཅེས་ཕྱི་རྒོལ་གྱིས་རྟགས་ལ་བརྟགས་ནས་མ་ངེས་པའི་སྐྱོན་སྨྲ་བ་འཇུག་པའི་ཕྱིར། ཚིག་གསལ་ལས། ཡོད་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་འདི་ཡང་ཕ་རོལ་པོ་ལྟར་ན། ཅི་ནང་གི་སྐྱེ་མཆེད་རྣམས་ཡོད་པའི་ཕྱིར་ཤེས་པ་ཡོད་པ་ལྟར་བདག་ལས་མི་སྐྱེ་བ་ཞིག་གམ། འོན་ཏེ་བུམ་པ་ལ་སོགས་པ་བཞིན་དུ་བདག་ལས་སྐྱེ་བ་ཞིག་ཡིན་ཞེས་མ་ངེས་པ་ཡིན་ནོ། །ཞེས་གསུངསཔའི་ཕྱིར་རོ། །

ལྔ་པ་སྐྱོན་དེ་རང་གི་གཞན་གྲགས་ལ་མི་འཇུག་པ་ནི།

ལེགས་ལྡན་ན་རེ། ཟླ་གྲགས་ཁྱོད་ཀྱིས་ལེགས་ལྡན་ཁོ་བོ་གཅིག་པུ་ལ་དེ་སྐད་སྨྲ་བ་མི་རིགས་པར་ཐལ། ཁོ་བོ་ལེགས་ལྡན་གྱི་རྗེས་དཔག་གི་སྦྱོར་བ་ལ་ཆོས་ཅན་མ་གྲུབ་པ་སོགས་ཀྱི་སྐྱོན་ཡོད་པ་ལྟར་ཁྱོད་ཀྱི་གཞན་གྲགས་ཀྱི་རྟགས་སྦྱོར་ལ་ཡང་རྒོལ་བ་སོ་སོ་ལ་ལྟོས་ནས་ཆོས་ཅན་དང་རྟགས་མ་གྲུབ་པའི་སྐྱོན་འབྱུང་བའི་ཕྱིར་ཞེས་ཟེར་བ་ཡིན་ཏེ། ཚིག་གསལ་ལས། གལ་ཏེ་གཞན་གྱི་རྗེས་སུ་དཔག་པ་དག་ལ་སྐྱོན་ཇི་སྐད་དུ་སྨྲས་པ་དེ་བཞིན་དུ་རང་གི་རྗེས་སུ་དཔག་པ་ལ་ཡང་ཇི་སྐད་སྨྲས་པའི་ཉེས་པར་ཐལ་བས་གཞི་མ་གྲུབ་པ་དང༌། གཏན་ཚིགས་མ་གྲུབ་པ་ལ་སོགས་པའི་སྐྱོན་དེ་ཉིད་དུ་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་གང་གཉི་ག་ལ་སྐྱོན་དུ་འགྱུར་བ་དེས་ནི་གཅིག་ལ་བརྒལ་བར་མི་བྱ་སྟེ། དེས་ན་སྐྱོན་འདི་དག་ཐམས་ཅད་མི་རིགས་པར་འགྱུར་རོ་ཞེ་ན། ཞེས་གསུངས་སོ། །

དེ་ལ་ཟླ་བས་ཞབས་ན་རེ། ལེགས་ལྡན་ཁྱོད་ཀྱི་རང་རྒྱུད་ཀྱི་སྦྱོར་བ་ལྟར་གྱི་སྐྱོན་དེ་ནི་ཁོ་བོའི་གཞན་གྲགས་ལ་མེད་པར་ཐལ། རང་རྒྱུད་ཀྱི་རྟགས་ལ་མ་གྲུབ་པ་སོགས་ཀྱི་སྐྱོན་སྔར་བཤད་པ་ལྟར་འོང་བ་གང་ཞིག ཁོ་བོས་རང་རྒྱུད་ཀྱི་སྦྱོར་བ་ཡང་མི་སྦྱོར། གཞན་གྲགས་ལ་སྐྱོན་དེ་ལྟར་མི་འོང་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཚིག་གསལ་ལས། བརྗོད་པར་བྱ་སྟེ། རང་གི་རྒྱུད་ཀྱི་རྗེས་སུ་དཔག་པ་སྨྲ་བ་དག་ལ་ཉེས་པ་འདིར་འགྱུར་གྱི། ཞེས་གསུངས་པའི་ཕྱིར་རོ། །

རྟགས་གཉིས་པ་གྲུབ་སྟེ། རྩ་ཤེས་ལས་ཀྱང་གཞན་གྲགས་ཀྱི་རྟགས་ཀྱིས་ཕྱི་རྒོལ་གྱི་བདེན་གྲུབ་ཀྱི་དམ་བཅའ་འགོག་པར་མཛད་པའི་ཕྱིར། ཚིག་གསལ་ལས། ཁོ་བོ་ཅག་ནི་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་སྦྱོར་ཏེ། རྗེས་སུ་དཔག་པ་དག་ནི་གཞན་གྱི་དམ་བཅའ་བ་འགོག་པ་ཙམ་གྱི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་གཞན་མིག་ལྟའོ་ཞེས་བྱ་བར་རྟོག་པ་དེ་ནི་མིག་ལ་རང་གི་བདག་ཉིད་མི་ལྟ་བའི་ཆོས་ཀྱང་འདོད་ལ། གཞན་ལ་ལྟ་བའི་ཆོས་མེད་ན་མི་འབྱུང་བ་ཉིད་དུ་ཡང་ཁས་བླངས་པ་ཡིན་ཏེ། དེའི་ཕྱིར་གང་དང་གང་ལ་རང་གི་བདག་ཉིད་ལྟ་བ་མེད་པ་དེ་དང་དེ་ལ་ནི་གཞན་ལ་ལྟ་བ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །མིག་ལ་ཡང་རང་གི་བདག་ཉིད་མི་ལྟ་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཞན་ལྟ་བ་ཡང་འདི་ལ་མེད་དོ། །

དེའི་ཕྱིར་རང་གི་བདག་ཉིད་མི་ལྟ་བ་དང་འགལ་བར་སྔོན་པོ་ལ་སོགས་པ་གཞན་ལ་ལྟ་བ་རང་ལ་གྲགས་པའི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ། །ཞེས་དེ་ལ་གྲུབ་པའི་རྗེས་སུ་དཔག་པས་སེལ་བར་བྱེད་པ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། ཁོ་བོ་ཅག་གིས་རྩ་ཤེས་ལས། གང་ཞིག་བདག་ལ་མི་ལྟ་བ། །དེ་དག་གཞན་ལ་ཇི་ལྟར་ལྟ། །

ཞེས་གསུངས་པའི་དོན་ལྟར། མིག་ཆོས་ཅན། གཞན་གཟུགས་ལ་ངོ་བོ་ཉིད་ཀྱིས་མི་ལྟ་སྟེ། བདག་ལ་མི་ལྟ་བའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་པའི་ཆོས་ཅན་མིག་དང་རྟགས་མིག་གིས་རང་ལ་མི་ལྟ་བ་དེ་གཉིས་རང་མཚན་གྱིས་གྲུབ་པའི་མིག་ཆོས་ཅན་དང་དེ་འདྲའི་རང་ལ་མི་ལྟ་བ་ཡིན་པར་གཞན་ཕྱི་རྒོལ་ལ་གྲགས་པ་སྟེ་དེས་ཁས་ལེན་པ་ལྟ་བུ། ཕྱི་རྒོལ་རང་ལ་གྲགས་པའི་སྦྱོར་བ་བཀོད་པ་དེ་ཉིད་ཀྱིས་ཕྱི་རྒོལ་གྱི་ལོག་རྟོག་བཟློག་ཐུབ་པར་ངེས་པ་ཡིན་པས་ངེད་ཅག་གིས་དེ་ལྟར་འདོད་ཀྱི་ཆོས་ཅན་དང་རྟགས་དང་མཐུན་དཔེ་གསུམ་པོ་རྒོལ་བ་གཉིས་ཀའི་མཐུན་སྣང་བ་དགོས་པར་འདོད་པ་མ་ཡིན་པས། དེ་ལྟར་འདོད་པའི་སྦྱོར་བ་ལ་སྐྱོན་འཇུག་པ་དེ་དག་གཞན་གྲགས་ལ་མི་འཇུག་པའི་ཕྱིར། ཚིག་གསལ་ལས། གང་གི་ཕྱིར་རྗེས་སུ་དཔག་པ་དག་གིས་འདི་ཙམ་ཞིག་བརྗོད་པར་བྱ་བ་ཡིན་པས། གང་ལས་ཉེས་པ་མཚུངས་པར་འགྱུར་བ། ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་བསྙད་པའི་སྐྱོན་འཇུག་པ་ག་ལ་ཡོད། ཅེས་གསུངས་པའི་ཕྱིར་རོ། །

འོ་ན་གཞན་གྲགས་ཀྱི་རྟགས་དང༌། རྟགས་དེའི་ཁྱབ་འབྲེལ་ཇི་ལྟར་སྒྲུབ་པ་དང༌། གཞན་གྱི་དམ་བཅའ་སེལ་ཚུལ་རྣམས་ཇི་ལྟར་ཡིན་སྙམ་ན་དེ་གསུམ་ཉུང་གསལ་ཞིབ་པར་བཤད་ན། གཞན་གྲགས་ཀྱི་རྟགས་དང༌། རྟགས་དེའི་ཁྱབ་འབྲེལ་སྒྲུབ་ཚུལ་དང༌། གཞན་གྱི་དམ་བཅའ་སེལ་ཚུལ་གསུམ་སོ་སོར་ཡོད་དེ། གཞན་གྲགས་ཀྱི་རྟགས་དང༌། དཔེ་དང༌། ཆོས་ཅན་རྣམས་སྒྲུབ་མི་དགོས་པ་གང་ཞིག ཁྱབ་པ་རྗེས་སུ་འགྲོ་ལྡོག་གི་སྒོ་ནས་ངེས་པར་བྱེད། དེ་ལྟར་ཁྱབ་པ་ངེས་པས་རང་བཞིན་གྱིས་གྲུབ་པའི་དམ་བཅའ་འདོར་བ་དང་རང་བཞིན་མེད་པར་རྟོགས་པའི་དབུ་མའི་ལྟ་བ་སྐྱེ་བ་དུས་མཉམ་པའི་ཕྱིར། རྩ་རྟགས་དང་པོ་གྲུབ་སྟེ། གཞན་གྲགས་ཀྱི་ཆོས་ཅན་རྟགས་དཔེ་གསུམ་ནི་ཕྱི་རྒོལ་གྱིས་ཁས་བླངས་པ་དེ་བཀོད་པ་ཡིན་པས་དེ་གསུམ་དེ་ལ་སྒྲུབ་མི་དགོས་པའི་ཕྱིར་རོ། །ཚིག་གསལ་ལས། འདི་ལྟར་གཞན་མིག་ལྟའོ་ཞེས་བྱ་བར་རྟོག་པ་དེ་ནི་མིག་ལ་རང་གི་བདག་ཉིད་མི་ལྟ་བའི་ཆོས་ཀྱང་འདོད་ལ། ཞེས་གསུངས་པའི་ཕྱིར་རོ། །

རྩ་རྟགས་གཉིས་པ་གྲུབ་སྟེ། དང་པོར་ཕྱི་རྒོལ་ལ་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་སྒོ་ནས་སྤྱི་ཁྱབ་ངེས་སུ་བཅུགདེ་ནས་དེ་ངེས་པའི་ཚེ་རྗེས་སུ་འགྲོ་ལྡོག་གཉིས་ཀྱི་སྒོ་ནས་སྐབས་ཀྱི་དོན་གྱི་ཁྱབ་པ་ངེས་པར་བྱེད་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་རྣམས་ལ་མིག་གིས་གཞན་ལ་ལྟ་བ་དང་མེས་བུད་ཤིང་བསྲེགས་པ་ལ་སོགས་པའི་བྱ་བ་དེ་ལ་རང་གི་ངོ་བོས་གྲུབ་པའི་རང་བཞིན་ཡོད་ན། མིག་གིས་ལྟ་བ་སོགས་རང་གི་ངོ་བོས་གྲུབ་པའི་རང་བཞིན་དེ་འདྲ་བ་དེ་ཐོག་མར་རང་ལ་ཡོད་པར་དམིགས་ནས་དེ་ནས་དེ་དང་ལྡན་པ་གཞན་ལའང་དེ་འདྲའི་རང་བཞིན་དེ་དམིགས་དགོས་པ་ནི། ཆུ་ལ་རླན་ཡོད་པས་ཆུ་དང་ལྡན་པའི་ས་ལ་རླན་དམིགས་པ་དང༌། སྣ་མའི་མེ་ཏོག་ལ་དྲི་ཞིམ་དམིགས་པས་དེ་ལྡན་གྱི་གོས་ལ་དྲི་དམིགས་པ་ལྟ་བུའོ་ཞེས་ལྡོག་ཁྱབ་ངེས་པར་བྱེད། དངོས་པོ་རང་གི་བདག་ཉིད་ལ་རང་བཞིན་དེ་མ་དམིགས་ན་དེ་དང་ལྡན་པའི་དངོས་པོ་གཞན་ལ་ཡང་རང་བཞིན་དེ་མི་ལྡན་པས་ཁྱབ་སྟེ། དཔེར་ན་སྣ་མའི་མེ་ཏོག་ལ་དྲི་ང་བ་མེད་པས་དེ་དང་ལྡན་པའི་གོས་ལའང་དྲི་ང་བ་མ་དམིགས་པ་བཞིན་ནོ་སྤྱིའི་རྗེས་ཁྱབ་ངེས་སུ་འཇུག་པར་བྱེད་པའི་ཕྱིར། བུདྡྷ་པཱ་ལི་ཏ་ལས། དེ་ལ་དངོས་པོ་རྣམས་ཀྱི་ངོ་བོ་ཉིད་ནི་རང་གི་བདག་ཉིད་ལ་དམིགས་པས་དེ་དང་ལྡན་པའི་གཞན་གྱི་བདག་ཉིད་ལ་ཡང་དམིགས་པར་འགྱུར་ཏེ། ཞེས་པ་ནས། སྣ་མའི་མེ་ཏོག་ལ་དྲི་ཞིམ་པ་ཉིད་མཐོང་ན་དེ་དང་ལྡན་པའི་གོས་ལ་ཡང་དམིགས་པ་ཡིན་ནོ། །དངོས་པོ་གང་རང་གི་བདག་ཉིད་ལ་མི་སྣང་བ་དེ་གཞན་ཇི་ལྟར་དམིགས་པར་འགྱུར་ཏེ། འདི་ལྟར་སྣ་མའི་མེ་ཏོག་ལ་དྲི་ང་བ་ཉིད་མ་དམིགས་ན་གོས་ལ་ཡང་དམིགས་པར་མི་འགྱུར་བ་ལྟ་བུའོ། །ཞེས་ལྡོག་ཁྱབ་དང་རྗེས་ཁྱབ་གཉིས་སྤྱིར་བཤད་ལ། ཚིག་གསལ་ལས། གཞན་ལ་ལྟ་བའི་ཆོས་མེད་ན་མི་འབྱུང་བ་ཉིད་དུ་ཡང་ཁས་བླངས་པ་ཡིན་ཏེ། ཞེས་ལྡོག་ཁྱབ་དང༌། དེ་ལས། དེའི་ཕྱིར་གང་དང་གང་ལ་རང་གི་བདག་ཉིད་ལྟ་བ་མེད་པ་དེ་དང་དེ་ལ་ནི་གཞན་ལ་ལྟ་བ་ཡང་ཡོད་པ་མ་ཡིན་ཏེ། དཔེར་ན་བུམ་པ་བཞིན་ནོ། །ཞེས་རྗེས་ཁྱབ་སྤྱིརབཤད་པའི་ཕྱིར་རོ། །

གོང་གི་རྟགས་ཟུར་གཉིས་པ་གྲུབ་སྟེ། དེ་ལྟར་ཕྱི་རྒོལ་ལ་སྤྱི་ཁྱབ་གཉིས་པོ་བསྟན་ནས་ངེས་པ་ན་སྐབས་ཀྱི་དོན་ལ་སྦྱོར་བ་མིག་ལའང་རང་གི་བདག་ཉིད་ལ་ལྟ་བ་ཡོད་ན། དེ་ནས་མིག་དེ་གཟུགས་དང་ཚོགས་པ་སྟེ་འཕྲད་པ་ན་གཟུགས་དེ་ལ་ངོ་བོ་ཉིད་ཀྱིས་ལྟ་བ་ཡང་འཐད་ན། མིག་ལ་རང་ལ་ལྟ་བ་མེད་པས་གཞན་གཟུགས་ལ་ཡང་ངོ་བོ་ཉིད་ཀྱིས་ལྟ་བ་མེད་པའི་ཕྱིར་ཞེས་བསྟན་ནས་དེ་ལྟར་ངེས་པར་བྱེད་པ་ཡིན་པའི་ཕྱིར། བུདྡྷ་པཱ་ལི་ཏ་ལས། དེའི་ཕྱིར་གལ་ཏེ་ལྟ་བ་རང་གི་བདག་ཉིད་ལ་ལྟ་བར་བྱེད་ན་ནི། གཟུགས་ལ་ལྟ་བར་བྱེད་པས་ལྟའོ་ཞེས་བྱ་བ་དེ་འཐད་པར་འགྱུར་བ་ཞིག་ན། ལྟ་བ་ནི་རང་གི་བདག་ཉིད་ལ་ལྟ་བར་མི་བྱེད་དོ། །དེ་གང་རང་གི་བདག་ཉིད་ལ་ལྟ་བ་མི་བྱེད་པ་དེ། གཞན་དག་ལ་ཇི་ལྟར་ལྟ་བར་བྱེད་དེ། ཞེས་དང༌། ཚིག་གསལ་ལས། མིག་ལ་ཡང་རང་གི་བདག་ཉིད་མི་ལྟ་བ་ཡོད་པ་ཡིན་ཏེ། དེའི་ཕྱིར་གཞན་ལྟ་བ་ཡང་འདི་ལ་མེད་དོ། །ཞེས་གསུངས་པའི་ཕྱིར། རྩ་རྟགས་གསུམ་པ་གྲུབ་སྟེ། དེ་ལྟར་རང་བཞིན་གྱིས་གྲུབ་པ་ལ་གནོད་བྱེད་བསྟན་པ་ལྟར་གནོད་བྱེད་དུ་རྟོགས་པ་ན་དབུ་མའི་རང་བཞིན་མེད་པར་རྟོགས་པ་ཡིན་པའི་ཕྱིར་ཏེ། ཚིག་གསལ་ལས། དེའི་ཕྱིར་རང་གི་བདག་ཉིད་མི་ལྟ་བ་དང་འགལ་བར་སྔོན་པོ་ལ་སོགས་པ་གཞན་ལ་ལྟ་བ་རང་ལ་གྲགས་པའི་རྗེས་སུ་དཔག་པ་དང་འགལ་བ་ཡིན་ནོ། །ཞེས་དེ་ལ་གྲུབ་པའི་རྗེས་སུ་དཔག་པས་སེལ་བར་བྱེད་པ་ཡིན་ནོ། །

ཞེས་གསུངས་པའི་ཕྱིར་རོ། །དེ་ལ་ལེགས་ལྡན་ན་རེ། ཟླ་གྲགས་ཀྱི་རྒོལ་བ་གཉིས་ལ་ཆོས་ཅན་ཚད་མས་གྲུབ་ཚུལ་མཐུན་སྣང་བ་མེད་པར་རྒོལ་བ་གཉིས་གང་རུང་ལ་ཚད་མས་གྲུབ་པར་འདོད་པ་ཙམ་གྱིས་ཀྱང་གནོད་བྱེད་ཀྱི་རྟགས་ཡང་དག་ཡོད་པར་ཐལ། ཁྱོད་ཀྱིས་གཞན་གྲགས་ཀྱི་རྟགས་ཡང་དག་ལ་ཆོས་ཅན་དང་རྟགས་གཉིས་ཕྱི་རྒོལ་གྱི་ཚད་མས་གྲུབ་པས་ཆོག་པ་དེའི་ཕྱིར་ཟེར་ན། འདོད་པ་ཁོ་ན་ཡིན་ཏེ། དཔེར་ན་འཇིག་རྟེན་ན་ཕམ་རྒྱལ་དང་བསྒྲུབ་བྱ་དེ་སྒྲུབ་ཀྱི་རྒྱུ་མཚན་དེ་དང་དེས་བསྒྲུབ་བྱ་དེ་དང་དེ་རྟོགས་སོགས་འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་བསྟན་བཅོས་ལ་དེ་ལྟར་ཁས་ལེན་པ་སྐབས་སུ་བབ་པའི་ཕྱིར། དེར་ཐལ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་ན་གང་བདེན་པ་སྟེ་རྣམ་བཞག་ཐམས་ཅད་ཇི་ལྟར་འཇོག་པ་དེ་ང་ཡང་བདེན་པར་བྱེད། ཅེས་དང༌། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །བཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །

ཞེས་དང༌། ཚིག་གསལ་ལས། ཡང་ཅི་གང་ཡང་རུང་བ་ལ་གྲུབ་པའི་རྗེས་སུ་དཔག་པའི་སྒོ་ནས་ཀྱང་རྗེས་སུ་དཔག་པས་གནོད་པ་ཡོད་དམ་ཞེ་ན། ཡོད་དེ་དེ་ཡང་རང་ཉིད་ལ་གྲུབ་པའི་གཏན་ཚིགས་ཉིད་ཀྱིས་ཡིན་གྱི། གཞན་ལ་གྲུབ་པས་ནི་མ་ཡིན་ཏེ། འཇིག་རྟེན་ཉིད་དུ་མཐོང་བའི་ཕྱིར་རོ། །འཇིག་རྟེན་ནི་རེས་འགའ་དབང་པོའི་རྒོལ་བ་དང་ཕྱིར་རྒོལ་གཉིས་ཀྱི་ཚད་མར་བྱས་པའི་ཚིག་གིས་རྒྱལ་བའམ་ཕམ་པར་འགྱུར་ལ། རེས་འགའ་ནི་རང་གི་ཚིག་ཁོ་ནས་འགྱུར་གྱི། གཞན་གྱི་ཚིག་གིས་ནི་རྒྱལ་བའམ་ཕམ་པར་འགྱུར་བ་མ་ཡིན་ནོ། །འཇིག་རྟེན་ན་ཇི་ལྟར་ཡིན་པ་དེ་བཞིན་དུ་རིགས་པ་ལ་ཡང་ཡིན་ཏེ། འཇིག་རྟེན་པའི་ཐ་སྙད་ཁོ་ན་རིགས་པའི་བསྟན་བཅོས་སུ་སྐབས་སུ་བབ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་ཆོས་ཅན་དང་ཚུལ་གསུམ་སོགས་རང་མཚན་ལ་མི་བསླུ་བར་སོང་བའི་ཚད་མ་ལྟ་བུ་ཕྱི་རྒོལ་ལ་ཚད་མ་གང་གིས་གྲུབ་པ་དེས་སྔ་རྒོལ་ལ་ཡང་གྲུབ་དགོས་ཀྱི་ཕྱི་རྒོལ་གྱི་ཚད་མས་གྲུབ་པ་ཙམ་གྱིས་མི་ཆོག་པར་འདོད་པའི་རྟོག་གེ་བ་རྣམས་ཀྱིས་ཀྱང་ཟླ་བའི་ལུགས་བཞིན་གཞན་གྲགས་ཀྱི་ཚུལ་ཏེ་རྟགས་འདི་ཁས་ལེན་རིགས་ཏེ། ཚད་མ་ཀུན་བཏུས་ལས། དེ་ཕྱིར། གཉིས་ཀ་ལ་ཡང་གྲུབ་པ་ཉིད། །སྒྲུབ་པར་བྱེད་པའམ་སུན་འབྱིན་ཡིན། །ཞེས་སྒྲུབ་པ་དང༌། སུན་འབྱིན་གཉིས་ཀ་ལ་རྒོལ་བ་གཉིས་ཀས་མཐུན་གྲུབ་ཀྱི་གཏན་ཚིགས་དགོས་པར་དེ་དག་གིས་འདོད་བཞིན་དུ། གཞན་སྡེ་ལ་ཁོ་རང་གི་ལུང་གིས་གནོད་པ་བསྟན་པ་ལ་ལུང་དེ་ཁོ་རང་གིས་དཔྱད་གསུམ་གྱིས་དག་པའི་ལུང་དུ་གྲུབ་པར་ཁས་བླངས་པས་ཆོག་གི་གནོད་པ་གཏོང་མཁན་རང་སྡེས་ལུང་དེ་ཚད་མས་གྲུབ་མི་དགོས་པར་འདོད་ལ། དེ་ནི་གཞན་གྲགས་ཀྱིས་བསྒྲུབ་བྱ་སྒྲུབ་ནུས་པར་ཁས་བླངས་པ་ཡིན་པ་དང༌། རང་དོན་རྗེས་དཔག་ལ་རང་ལ་གཏན་ཚིགས་དེ་གྲུབ་པས་ཆོག་གི་གཉིས་ཀ་ལ་ཚད་མས་གྲུབ་པར་མི་དགོས་པར་འདོད་པ་གང་ཞིག དེས་ན་ཚད་གྲུབ་མཐུན་སྣང་བ་མ་ཡིན་པའི་གཏན་ཚིགས་གཞན་དག་གིས་བསྒྲུབ་བྱ་སྒྲུབ་ཐུབ་པར་ཁས་ལེན་རིགས་པའི་ཕྱིར་ཏེ། ཚིག་གསལ་ལས། དེ་ཉིད་ཀྱི་ཕྱིར་འགའ་ཞིག་གིས་གཞན་ལ་གྲགས་པའི་དབང་གིས་ནི་རྗེས་སུ་དཔག་པའི་གནོད་པ་མ་ཡིན་ཏེ། གཞན་ལ་གྲགས་པ་ཉིད་དགག་པར་འདོད་པའི་ཕྱིར་རོ་ཞེས་བཤད་དོ། །གང་ཞིག་གང་གཉི་ག་ལ་ངེས་པར་བརྗོད་པ་དེ་ནི་སྒྲུབ་པའམ་སུན་འབྱིན་པ་ཡིན་གྱི། གང་ཡང་རུང་བ་ལ་གྲུབ་པའམ་ཐེ་ཚོམ་ཟ་བ་སྨྲ་བ་ནི་མ་ཡིན་ནོ་སྙམ་དུ་སེམས་པ་དེས་ཀྱང་འཇིག་རྟེན་གྱི་ཐ་སྙད་ཀྱི་རྣམ་པར་གཞག་པ་ལ་བརྟེན་ནས་རྗེས་སུ་དཔག་པ་ལ་ཇི་སྐད་སྨྲས་པའི་ཚུལ་འདི་ཉིད་ཁས་བླང་བར་བྱའོ། །འདི་ལྟར་ལུང་གིས་གནོད་པ་ནི་གཉི་ག་ལ་གྲུབ་པའི་ལུང་ཁོ་ནའི་སྒོ་ནས་མ་ཡིན་ཏེ། འོ་ན་ཅི་ཞེ་ན། རང་ལ་གྲུབ་པའི་སྒོ་ནས་ཀྱང་ཡིན་ནོ། །རང་གི་དོན་གྱི་རྗེས་སུ་དཔག་པ་ནི་ཐམས་ཅད་དུ་རང་ལ་གྲུབ་པ་ཉིད་བརླིང་བ་ཡིན་གྱི། གཉི་ག་ལ་གྲུབ་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར།

གཞན་ཡང་རྟོག་གེའི་རྟགས་དང་ཆོས་ཅན་གཉིས་རྒོལ་བ་གཉིས་ཀའི་མཐུན་སྣང་དུ་གྲུབ་དགོས་པ་དང༌། ཐལ་འགྱུར་ཙམ་གྱིས་རྗེས་དཔག་སྐྱེད་མི་ཐུབ་པར་བཤད་པ་འདི་ལ་དོན་མེད་པར་ཐལ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཀྱང་བྱེ་མདོ་དག་ལ་དགེ་སྡིག་ལ་སོགས་པའི་ཆོས་རྣམས་དོན་དམ་པར་ཡོད་པར་གྲགས་པ་དེ་ཉིད་རྒྱུ་མཚན་དུ་བྱས་ནས་དགེ་སྡིག་གི་བླང་དོར་བསྟན་ནས་ཕན་འདོགས་པ་ལྟ་བུ། འཇིག་རྟེན་པ་རང་ལ་གྲགས་པའི་འཐད་པའི་སྒོ་ནས་ཕན་འདོགས་པར་མཛད་པའི་ཕྱིར་དང༌། ཕྱི་རྒོལ་རང་ལ་གྲགས་པའི་འཐད་པས་བསྒྲུབ་བྱ་སྒྲུབ་ཐུབ་པ་ལ་ལུང་རིགས་སྤྲོ་འདོད་ན་ཅི་འདོད་སྤྲོས་པས་ཆོག་པའི་ཕྱིར། ཚིག་གསལ་ལས། དེ་ཉིད་ཀྱི་ཕྱིར་༼ཚད་གྲུབ་མཐུན་སྣང་གི་༽རྟོག་གེའི་མཚན་ཉིད་བརྗོད་པ་ནི་དགོས་པ་མེད་པ་ཡིན་ཏེ། སངས་རྒྱས་རྣམས་ཀྱིས་རང་ལ་ཇི་ལྟར་གྲགས་པའི་འཐད་པས་དེ་ཁོ་ན་མི་ཤེས་པའི་གདུལ་བྱའི་སྐྱེ་བོ་ལ་ཕན་བཏགས་པའི་ཕྱིར་རོ། །ཤིན་ཏུ་སྤྲོས་པས་ཆོག་གོ། །དཀྱུས་མ་ཉིད་བཤད་པརབྱའོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ཐལ་བཟློག་བཤད་ཟིན་ཏོ། །

གཉིས་པ་གཞན་སྐྱེ་དགག་པ་ལ།

གཞན་སྐྱེ་འདོད་པའི་ཕྱོགས་སྤྱིར་དགག་པ་དང༌། སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་གཉིས། དང་བོ་ལ་གཞན་སྐྱེ་དགག་པ་དངོས། དགག་པ་ལ་འཇིག་རྟེན་གྱི་གནོད་པ་སྤང་བ། དེ་ལྟར་བཀག་པའི་ཡོན་ཏན་བསྟན་པ། རང་བཞིན་གྱིས་སྐྱེ་བ་འགར་ཡང་མེད་པར་བསྟན་པ། བདེན་པ་གཉིས་ཆར་དུ་ཡང་རང་བཞིན་གྱིས་སྐྱེ་བ་བཀག་པའི་ཡོན་ཏན་བསྟན་པ་དང་ལྔ། དང་པོ་ལ་གསུམ། གཞན་སྐྱེ་སྤྱིར་དགག་པ། གཞན་སྐྱེ་བྱེ་བྲག་ཏུ་དགག་པ། འབྲས་བུ་ལ་མུ་བཞིར་དཔྱད་ནས་གཞན་སྐྱེ་དགག་པ་གསུམ།

དང་པོ་ལ་གཉིས། ཧ་ཅང་ཐལ་བའི་དགག་པ། སྐྱོན་སྤོང་གི་ལན་དགག་པའོ། །

དང་པོ་ནི། དངོས་སྨྲ་རྣམས་ན་རེ། བདག་ལས་སྐྱེ་བ་ནི་རིགས་པས་ཁེགས་ལ། དེ་ཁེགས་པས་གཉིས་ཀ་ལས་སྐྱེ་བ་ཡང་མི་རིགས་ལ། རྒྱུ་མེད་ལས་སྐྱེ་བར་འདོད་པ་ནི་ཐ་ཆད་ཡིན་པས་མི་རིགས་ཀྱང༌། རང་མཚན་གྱིས་གྲུབ་པའི་རྒྱུ་གཞན་ལས་རང་མཚན་གྱིས་གྲུབ་པའི་འབྲས་བུ་གཞན་སྐྱེ་བ་ནི་ཡོད་དེ། དངོས་པོ་རྣམས་རྐྱེན་བཞི་ལས་སྐྱེ་བར་གསུངས་པའི་ཕྱིར། ཁྱབ་སྟེ། རྐྱེན་བཞི་དང་དེ་དག་གི་འབྲས་བུ་རྣམས་རང་མཚན་གྱིས་མེད་ན་རྒྱུ་འབྲས་དེ་དག་མེད་དགོས་པའི་ཕྱིར། ཞེས་ཟེར། དེ་འདྲའི་གཞན་སྐྱེ་འདི་ནི་ཡོད་པར་བཞག་ནུས་པ་མ་ཡིན་ཏེ། ལུང་དང་འགལ་བ་གང་ཞིག རིགས་པ་དང་འགལ་བའི་ཕྱིར། དང་པོ་གྲུབ་སྟེ། ས་ལུ་ལྗང་བའི་མདོ་ལས། མྱུ་གུ་དེ་ཡང་བདག་གིས་མ་བྱས་གཞན་གྱིས་མ་བྱས། ཞེས་པ་ལྟ་བུའི་ལུང་མང་པོ་དང་འགལ་བའི་ཕྱིར། གཉིས་པ་གྲུབ་སྟེ། བུ་དྡྷ་པཱ་ལི་ཏ་ལས། གཞན་ལས་ཀྱང་སྐྱེ་བ་མེད་དེ། ཅིའི་ཕྱིར་ཞེ་ན། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །

བདག་དང་གཞན་གཉིས་ལས་ཀྱང་སྐྱེ་བ་མེད་དེ། གཉི་གའི་སྐྱོན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །

རྒྱུ་མེད་པ་ལས་ཀྱང་སྐྱེ་བ་མེད་དེ། རྟག་ཏུ་ཐམས་ཅད་ལས་ཐམས་ཅད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་དང༌། རྩོམ་པ་ཐམས་ཅད་དོན་མེད་པ་ཉིད་ཀྱི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་གང་གི་ཕྱིར་དངོས་པོ་སྐྱེ་བ་རྣམ་པ་ཐམས་ཅད་དུ་མི་འཐད་པས་དེའི་ཕྱིར་སྐྱེ་བ་མེད་པས་སྐྱེ་བར་བརྗོད་པ་ནི་ཐ་སྙད་ཙམ་ཡིན་ནོ། །ཞེས་དང༌། རྩ་བར། གཞན་ལ་བརྟེན་ནས་གལ་ཏེ་གནས་ཞིག་འབྱུང་བར་འགྱུར་ན་ནི། །འོ་ན་མེ་ལྕེ༷་བས་ཀྱང་མུན་པ་མཐུག་པོ་འབྱུང་འགྱུར་ཞིང༌། །ཐམས་ཅད་ལས་ཀྱང་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་པར་བྱེད་པ་མ་ཡིན་མ་ལུས་པ་ཡང་གཞན་ཉིད་མཚུངས། །ཞེས་རང་མཚན་གྱིས་གྲུབ་པའི་རྒྱུ་གཞ༷ན་ལ༷་བརྟེ༷ན་ན༷ས་ག༷ལ་ཏེ༷་རང་མཚན་གྱིས་གྲུབ་པའི་རྒྱུ་འབྲས་བུ་གཞ༷ན་ཞི༷ག་འབྱུ༷ང་བ༷ར་འགྱུ༷ར་ན༷་ནི༷། འོ༷་ན༷་མུན་པའི་རྒྱུ་མ་ཡིན་པ་སེལ་བྱེད་མེ༷་ལྕེ་ལ༷ས་ཀྱ༷ང་བསལ་བྱ་མུ༷ན་པ༷་འཐུ༷ག་པོ༷་འབྱུ༷ང་བར་འགྱུ༷ར་ཞི༷ང་སྟེ་འབྱུང་བར་ཐལ་བ་དང༌། མྱུ་གུ་དེ་རང་གི་རྒྱུ་མིན་པ་སོལ་བ་ལས་སྐྱེ་བ་སོགས་འབྲས་བུ་དེ་དང་དེའི་རྒྱུ་ཡིན་མིན་ཐ༷མས་ཅ༷ད་ལ༷ས་ཀྱ༷ང་འབྲས་བུའི་དངོས་པོ་ཡིན་མིན་ཐ༷མས་ཅ༷ད་སྐྱེ༷་བ༷ར་ཐལ་བར་འགྱུ༷ར་ཏེ༷། ག༷ང་གི༷་ཕྱི༷ར་ན། མེ་ལྕེ་མུན་པའི་རྒྱུ་དང་མུན་པ་མེ་ལྕེའི་འབྲས་བུ་མ་ཡིན་པར་འདོད་པ་སོགས་འབྲས་བུ་དེ་སྐྱེ༷ད་པ༷ར་བྱེ༷ད་པ༷་མ༷་ཡི༷ན་པ་ལ་འབྲས་བུ་དེའི་རྒྱུར་འདོད་པ་དང་རང་གིས་བསྐྱེད་བྱ་མ་ཡིན་པ་ལས་ཡང་རྒྱུ་དེའི་འབྲས་བུར་འདོད་པ་གཉིས་དང༌། ས་མྱུག་རང་མཚན་གྱིས་གྲུབ་པ་སོགས་མ༷་ལུ༷ས་པ༷་ཡ༷ང་རྒྱུ་འབྲས་རང་མཚན་གྱིས་གྲུབ་པའི་གཞ༷ན་ཡིན་པ་ཉི༷ད་ནི་མཚུ༷ངས་པར་ཡོད་པའི་ཕྱིར། དེར་ཐལ། དེ་གཉིས་ཕན་ཚུན་ལྟོས་མེད་ཀྱི་གཞན་ཡིན་ན་འབྲེལ་མེད་དོན་གཞན་ཡིན་དགོས། འབྲེལ་མེད་དོན་གཞན་ལ་རྒྱུ་འབྲས་གཏན་མི་འཐད་ལ། གལ་ཏེ་དེ་ལ་རྒྱུ་འབྲས་འཐད་ན་ནི་འབྲས་བུ་རྣམས་རང་གི་རྒྱུ་ཡིན་མིན་ཐམས་ཅད་ལས་ཀྱང་སྐྱེ་བ་དང༌། རྒྱུ་རྣམས་ཀྱིས་ཀྱང་རང་གི་འབྲས་བུ་ཡིན་མིན་ཐམས་ཅད་བསྐྱེད་དགོས་པའི་ཕྱིར་རོ། །རྩ་ཤེས་ལས། རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །

རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །ཞེས་གཞན་སྐྱེ་ལ་ཧ་ཅང་ཐལ་བ་གསུངས་པའི་རིགས་པའོ། །ཐལ་བ་གཉིས་པོ་འདི་བཟློག་པ་འཕེན་པའི་ཐལ་བ་ཡིན་པར་འགྲེལ་བར་བཤད་དེ། དེ་གཉིས་ཀྱི་བཟློག་པ་འཕངས་པ་ནི། ས་ལུའི་ས་བོན་ཆོས་ཅན། ཁྱོད་རང་མཚན་གྱིས་གྲུབ་པའི་རྒྱུ་ལས་ས་ལུའི་མྱུ་གུ་སྐྱེ་བ་མ་ཡིན་ཏེ། ཁྱོད་ཀྱི་མེ་སོལ་སོགས་རང་གི་འབྲས་བུ་མ་ཡིན་པ་དག་མི་བསྐྱེད་པའི་ཕྱིར། ཞེས་པ་ཐལ་བ་དང་པོས་འཕངས་པ་དང༌། ས་ལུའི་མྱུ་གུ་ཆོས་ཅན། ཁྱོད་རྒྱུ་རང་མཚན་གྱིས་ཐ་དད་པ་ལས་སྐྱེ་བ་མ་ཡིན་ཏེ། ཁྱོད་མེ་སོལ་སོགས་རང་གི་རྒྱུ་མ་ཡིན་པ་ལས་མི་སྐྱེ་བའི་ཕྱིར། ཞེས་པ་དེ་ཐལ་བ་གཉིས་པསའཕངས་པའི་སྦྱོར་བ་ཡིན་པ་འདྲའོ། །

གཉིས་པ་སྐྱོན་སྤོང་གི་ལན་དགག་པ་ལ།

སྐྱོན་སྤོང་གི་ལན་དང༌། དེ་དགག་པ་དང་གཉིས། དང་པོ་ནི། རྩ་བར། རབ་ཏུ་བྱ་བར་ནུས་པ་དེའི་ཕྱིར་འབྲས་བུར་ངེས་བརྗོད་ཅིང༌། །

གང་ཞིག་དེས་བསྐྱེད་ནུས་པ་དེ་ནི་གཞན་ནའང་རྒྱུ་ཡིན་ལ། །རྒྱུད་གཅིག་གཏོགས་དང་སྐྱེད་པར་བྱེད་ལས་སྐྱེ་བ་དེ་ཡི་ཕྱིར། །སཱ་ལུའི་མྱུ་གུ་ནས་ལ་སོགས་ལས་དེ་ལྟ་མིན་ཞེ་ན། །ཞེས་དངོས་སྨྲ་བ་ན་རེ། རྒྱུ་འབྲས་གཉིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་གཞན་ཡིན་ཀྱང་རྒྱུ་ཡིན་མིན་ཐམས་ཅད་ལས་རང་གི་འབྲས་བུ་ཡིན་མིན་ཐམས་ཅད་འབྱུང་དགོས་པ་མ་ཡིན་ཏེ། འབྲས་བུའི་དངོས་པོ་གང་ཞིག་རྒྱུ་གང་གིས་ར༷བ་ཏུ༷་སྐྱེད་པའམ་བྱ༷་བ༷ར་ནུ༷ས་པ༷་དེ་ཉིད། དེ༷འི་ཕྱི༷ར་ན་འབྲ༷ས་བུ༷ར་སོ་སོར་ངེས་པ་མཐོང་ལ། རྒྱུ་དེའི་འབྲས་བུ་ཡིན་པར་ངེ༷ས་པར་བརྗོ༷ད་ཅིང༌། རྒྱུ་ག༷ང་ཞི༷ག་རྒྱུ་དེ༷ས་འབྲས་བུ་སྐྱེ༷ད་པར་ནུ༷ས་པ༷་དེ༷་ནི༷་རང་མཚན་གྱིས་གྲུབ་པའི་གཞ༷ན་ཡིན་ན༷འ༷ང་རྒྱུ༷་ཡི༷ན་ལ༷། དེའི་ཕྱིར་རྒྱུ་སོ་སོར་ངེས་པར་མཐོང་ངོ༌། །གཞན་ཁྱད་པར་བ་དེ་ཡང་ས་ལུའི་མྱུ་གུ་ནི། རང་དང་རྒྱུ༷ད་གཅི༷ག་ཏུ་གཏོ༷གས་པ་ས་ལུའི་ས་བོན་ལས་སྐྱེ་བ་ཡིན་གྱི། རྒྱུད་མི་གཅིག་པ་ནས་ཀྱི་ས་བོན་སོགས་ལས་མི་སྐྱེ་བ་ད༷ང༌། རྒྱུད་གཅིག་ཡིན་ཀྱང་རང་གི་སྐྱེད་བྱེད་མིན་པ་སྐད་ཅིག་ཕྱི་མས་སྐད་ཅིག་གི་སྔ་མ་མི་སྐྱེད་པས་རྒྱུད་གཅིག་པའི་སྐད་ཅིག་སྔ་མས་ཕྱི་མ་སྐྱེ༷ད་པ༷ར་བྱེ༷ད་པ་དེ་ལ༷ས་སྐྱེ༷་བ༷་ཡིན་པ་དེ༷་ཡི༷་ཕྱི༷ར་ན། ས༷་ལུ༷འི་མྱུ༷་གུ༷་ནི། རང་གི་རྒྱུ་མིན་པ་ན༷ས་ལ༷་སོ༷གས་པ་ལ༷ས་ནི་ནས་ཀྱི་མྱུ་གུ་ལ་སོགས་པ་སྐྱེ་བ་དེ༷་ལྟ༷་བུ་སྐྱེ་བ་མི༷ན་པས་ཐམས་ཅད་ལས་ཐམས་ཅད་སྐྱེ་མི་དགོས་པའི་ཕྱིར་ཞེ༷་ན༷། མདོར་ན་ས་ལུའི་མྱུ་གུ་ཆོས་ཅན། རང་གི་རྒྱུ་ཡིན་མིན་ཐམས་ཅད་ལས་མི་སྐྱེ་སྟེ། རང་དང་རྒྱུད་གཅིག་པའི་རྒྱུ་ལས་སྐྱེ་ཡི་རྒྱུད་མི་གཅིག་པ་ལས་མི་སྐྱེབའི་ཕྱིར་ཞེ་ནའོ། །

གཉིས་པ་དེ་དགག་པ་ནི།

རྩ་བར། ཇི་ལྟར་ནས་དང་གེ་སར་དང་ནི་ཀིང་ཤུ་ཀ་ལ་སོགས། །སཱ་ལུའི་མྱུ་གུ་སྐྱེད་པར་བྱེད་པར་འདོད་མིན་ནུས་ལྡན་མིན། །རྒྱུད་གཅིག་ཁོངས་སུ་གཏོགས་མིན་འདྲ་བ་མ་ཡིན་ཉིད་དེ་བཞིན། །སཱ་ལུའི་ས་བོན་ཡང་ནི་དེ་ཡི་མིན་ཏེ་གཞན་ཉིད་ཕྱིར། །ཞེས་ས་ལུའི་རྒྱུ་དང་དེའི་རྒྱུ་མིན་པ་དང་ས་ལུའི་འབྲས་བུ་དང་དེའི་འབྲས་བུ་མིན་པ་ཐམས་ཅད་རང་མཚན་གྱིས་གྲུབ་པའི་གཞན་ཡིན་པར་མཚུངས་ཀྱང་དེ་དག་གི་ནང་ནས་ས་ལུའི་ས་བོན་དང་ས་ལུ་གཉིས་རྒྱུ་འབྲས་སོ་སོར་ངེས་པ་འདི་རྒྱུ་མཚན་གང་ལས་ཤེས་པ་ཡིན་ཞེས། རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པར་འདོད་པ་ལ་འབྲི་བར་བྱའོ། །དེས་སྨྲས་པ། དེ་གཉིས་རྒྱུ་འབྲས་སོ་སོར་ངེས་པ་མཐོང་བའི་ཕྱིར། ཞེ་ན། ངེད་ཅག་གིས་ཁྱེད་རང་ལ་རྒྱུ་མཚན་ཅིའི་ཕྱིར་དེ་གཉིས་རྒྱུ་འབྲས་སོ་སོར་ངེས་པར་མཐོང་བ་ཡིན་ཞེས་བརྒལ་ཞིང་བརྟགས་པ་ན། ཁྱེད་ཅག་གི་ངེས་པ་མཐོང་བ་དེའི་ཕྱིར་ངེས་པ་མཐོང་ངོ་ཞེས་དེ་ཙམ་ཞིག་སྨྲ་པ་དེས་ནི་དེ་གཉིས་རྒྱུ་འབྲས་སུ་སོ་སོར་ངེས་པའི་རྒྱུ་མཚན་མ་བསྟན་པས་ངེད་ཅག་གིས་བཤད་པའི་གོང་གི་ཉེས་པ་དེ་ཁྱོད་ཀྱིས་ཅུང་ཟད་ཀྱང་སྤང་བར་མི་ནུས་ན་ནི། ཇི༷་ལྟ༷ར་ཏེ་དཔེར་ན་ན༷ས་ད༷ང་པདྨ་ལ་སོགས་པའི་ཟེའུ་འབྲུ་གེ༷་ས༷ར་ད༷ང༌། ཀེ༷ང་ཤུ༷་ཀ༷་ཡི་མེ་ཏོག་ལ༷་སོ༷གས་པ་རྣམས་ས་ལུ་དང་འབྲེལ་མེད་གཞན་ཡིན་པའི་ཕྱིར་ན། ས༷་ལུ༷འི་མྱུ༷་གུ༷་སྐྱེ༷ད་པ༷ར་བྱེ༷ད་པའི་རྒྱུ་ཡིན་པ༷ར་འདོ༷ད་པ་མི༷ན་པ་དང༌། ནས་ལ་སོགས་པ་ནི་ས་ལུའི་མྱུ་གུ་སྐྱེད་པར་བྱེད་པའི་ནུ༷ས་པ་དང་ལྡ༷ན་པ་མི༷ན་པ་དང༌། ནས་སོགས་ནི་ས་ལུའི་མྱུ་གུ་དང་རྒྱུ༷ད་གཅི༷ག་པའི་ཁོ༷ངས་སུ༷་གཏོ༷གས་པ་མི༷ན་པ་དང༌། ནས་སོགས་ནི་ས་ལུ་དང་རིགས་འདྲ༷་བ༷་ཡྀ་སྐད་ཅིག་སྔ་མ་མ༷་ཡི༷ན་པ་ཉི༷ད་ཡིན་པ་དེ༷་བཞི༷ན་དུ། རང་བཞིན་གྱིས་གྲུབ་པའི་ས༷་ལུ༷འི་ས༷་བོ༷ན་ཡ༷ང་ནི༷་ས་ལུའི་རྒྱུ་ཡིན་པ་སོགས་ས་ལུའི་མྱུ་གུ་དེ༷་ལ་ལྟོས་པ་ཡི༷་ཁྱད་པར་བཞི་དང་ལྡན་པ་མི༷ན་ཏེ༷། ས་ལུའི་ས་བོན་དེ་ནི་ས་ལུ་དང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞ༷ན་ཉི༷ད་ཡིན་པའི་ཕྱི༷ར་རོ། །ཁྱབ་སྟེ། ས་ལུའི་ས་མྱུག་གཉིས་རང་བཞིན་གྱིས་གྲུབ་པ་ཡིན་ན་འབྲེལ་མེད་དོན་གཞན་ཡིན་དགོས། འབྲེལ་མེད་དོན་གཞན་ལ་རྒྱུ་འབྲས་ཀྱི་ཁྱད་པར་བཞི་འཇོག་རྒྱུམེད་པའི་ཕྱིར་རོ། །

གཉིས་པ་གཞན་སྐྱེ་བྱེ་བྲག་ཏུ་དགག་པ་ལ།

རྒྱུ་འབྲས་སྔ་ཕྱི་བ་ལ་གཞན་སྐྱེ་དགག་པ། རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་དང་གཉིས། དང་པོ་ལ་དངོས་ཀྱི་དོན་དང༌། བཀག་པ་ལ་རྩོད་པ་སྤང་བ་དང་གཉིས་ལས། དང་པོ་ནི། རྩ་བར། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། །གཞན་ཉིད་མེད་པར་ས་བོན་གཞན་པ་ཉིད་དུ་ག་ལ་འགྱུར། །དེས་ན་མྱུ་གུ་ས་བོན་ལས་སྐྱེ་འགྲུབ་པར་འགྱུར་མིན་ནས། །གཞན་ལས་སྐྱེ་བ་ཡིན་ཞེས་བྱ་བའི་ཕྱོགས་འདི་གཏང་བར་བྱོས། །ཞེས་གོང་དུ་གཞན་སྐྱེ་བཀག་པ་ནི་ཕྱི་རྒོལ་རང་ལ་གྲགས་པའི་རྒྱུ་འབྲས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞན་དུ་གྲུབ་གྲུབ་ལྟར་བྱས་ནས་ཁས་བླངས་རྟགས་སུ་བཀོད་དེ་སུན་འབྱིན་བྱས་པ་སྟེ། ད་ནི་རྒྱུ་འབྲས་གཉིས་ལ་རང་གི་ངོ་བོས་གྲུབ་པའི་གཞན་མི་སྲིད་པར་བཤད་པ་ནི། མྱུ༷་གུ༷་ནི་ས༷་བོ༷ན་ད༷ང་ནི༷་དུ༷ས་མཉ༷མ་དུ་ཡོ༷ད་པ༷་མ༷་ཡི༷ན་ཏེ༷། ས་བོན་རྣམ་པར་མ་གྱུར་པར་མྱུ་གུ་མེད་པའི་ཕྱིར་དང༌། ས་བོན་འགྱུར་ཚེ་ས་བོན་མེད་པའི་ཕྱིར། དེས་ན་ས་བོན་ལ་མྱུ་གུ་ལས་རང་གི་ངོ་བོས་གྲུབ་པའི་གཞ༷ན་ཉི༷ད་མེ༷ད་པ༷ར་ས༷་བོ༷ན་ལ་མྱུ་གུ་ལས་རང་གི་ངོ་བོས་གྲུབ་པའི་གཞན་མེད་པར་ནི་ས་བོན་དེ་མྱུ་གུ་ལས་རང་གི་ངོ་བོས་གྲུབ་པའི་གཞ༷ན་པ༷་ཉི༷ད་དུ༷་ག༷་ལ༷་འགྱུ༷ར་ཏེ་མི་འགྱུར་ཏེ། ས་བོན་དེ་མྱུ་གུ་ལས་ངོ་བོས་གྲུབ་པའི་གཞན་དུ་ཡོད་པ་མིན་པ་དེ༷ས་ན༷་མྱུ༷་གུ༷་ས༷་བོ༷ན་ལ༷ས་སྐྱེ༷་བར་གྱུར་པ་དེ་ངོ་བོ་ཉིད་ཀྱིས་སྐྱེས་པ་ཡིན་པར་འགྲུ༷བ་པ༷ར་འགྱུ༷ར་བ་མི༷ན་པ༷ས་ན། དངོས་པོ་རྣམས་གཞ༷ན་ལ༷ས་སྐྱེ༷་བ༷་ཡི༷ན་ཞེ༷ས་བྱ༷་བ༷འི་ཕྱོ༷གས་འདི༷་གཏ༷ང་བ༷ར་བྱོ༷ས་ཤིགའདི་ནི་ས་མྱུག་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན་ས་བོན་མྱུ་གུ་ལས་གཞན་ནམ་ཐ་དད་པ་དེའང་བློ་ངོར་སྣང་བ་ལྟར་རང་བཞིན་གྱིས་གྲུབ་དགོས། དེ་རང་བཞིན་གྱིས་གྲུབ་ན་ཐ་དད་པ་དེ་ནམ་ཡང་ལྡོག་ཏུ་མེད་པས་ས་བོན་གྱི་དུས་ནའང་ས་བོན་དེ་མྱུ་གུ་དང་གཉིས་ཀ་རྫས་ཐ་དད་དུ་དང༌། མྱུ་གུའི་དུས་ནའང་གཉིས་ཀ་རྫས་སུ་གྲུབ་ནས་ཐ་དད་དུ་ཡོད་དགོས། དེ་མེད་པར་རང་བཞིན་གྱིས་གྲུབ་པའི་ཐ་དད་དུ་མེད་ཅེས་པའི་དོན་ནོ། །རང་འགྲེལ་ལས། དོན་འདི་ནི། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མ་ཡིན། །

བདག་གི་དངོས་པོ་ཡོད་མིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །ཅེས་བཤད་པ་ཡིན་ནོ། །

འདིར་རྐྱེན་ལ་སོགས་ལ་ཞེས་བྱ་བ་ནི་རྒྱུ་འམ་རྐྱེན་དག་གམ། རྒྱུ་དང་རྐྱེན་གྱི་ཚོགས་པའམ་དེ་ལས་གཞན་ཡང་རུང་སྟེ། རང་བཞིན་རྣམ་པར་མ་གྱུར་པ་ན་འབྲས་བུ་རྣམས་ཀྱི་རང་བཞིན་ཡོད་པ་མ་ཡིན་པ་ཁོ་ན་སྟེ་མ་སྐྱེས་པའི་ཕྱིར་རོ། །ཞེས་པ་ནས། གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་སྐྱེས་པ་མ་ཡིན་ཏེ། དཔེར་ན་བྱེ་མ་དག་ལ་ཏིལ་མར་བཞིན་ཏེ། ཅི་སྟེ་དེ་ནི་མེད་པར་ཡང༌། །

རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མ་ཡིན་པ་དག་ལས་ཀྱང༌། །ཅི་ཡི་ཕྱིར་ན་སྐྱེད་མི་འགྱུར། །

ཞེས་ཇི་སྐད་གསུངས་པ་ཡིན་ནོ། །དེའི་ཕྱིར་རྟེན་གྱི་ཕྱོགས་འདི་ནི་སློབ་དཔོན་ཉིད་ཀྱིས་ཚིགས་སུ་བཅད་པ་སྦྱར་བ་ཁོ་ནས་ཆེས་ལེགས་པར་རྣམ་པར་ཕྱེ་བས་ཉེ་བར་མ་བཀོད་དོ། །ཞེསགསུངས་སོ། །

གཉིས་པ་དགག་པ་ལ་རྩོད་པ་སྤང་བ་ནི།

རྩ་བར། ཇི་ལྟར་སྲང་གི་མདའ་གཉིས་མཐོ་བ་དང་ནི་དམའ་བ་དག། དུས་མཉམ་མ་ཡིན་པར་ནི་མིན་པར་མཐོང་བ་དེ་བཞིན་དུ། །བསྐྱེད་པར་བྱ་དང་སྐྱེད་བྱེད་དག་གི་སྐྱེ་འགག་འགྱུར་ཞེ་ན། །ཞེས་རང་བཞིན་གྱིས་གྲུབ་པའི་གཞན་ལ་རྒྱུ་འབྲས་དུས་མཉམ་པ་དགོས་པར་མཐོང་ནས་དེ་མེད་པའི་སྐྱོན་སྤོང་བ་ལ་ཁོ་ན་རེ། མྱུ་གུ་ས་བོན་དང་ནི་དུས་མཉམ་ཡོད་པ་མ་ཡིན་ཏེ། ཞེས་སྨྲས་པ་ནི་འཐད་པ་མ་ཡིན་ཏེ། མྱུ་གུ་ས་བོན་དང་དུས་མཉམ་དུ་ཡོད་པའི་ཕྱིར། དེར་ཐལ། ཇི༷་ལྟ༷ར་ཏེ་དཔེར་ན་སྲ༷ང་གི༷་མད༷འ་གཉི༷ས་གཅིག་མཐོ༷་བ༷་ད༷ང་ནི་ཅིག་ཤོས་དམ༷འ་བ༷འི་བྱ་བ་ད༷ག་དུ༷ས་མཉ༷མ་མ༷་ཡི༷ན་པ༷ར་ནི༷་མི༷ན་པ་སྟེ་དུས་མཉམ་ཡིན་པ༷ར་མཐོ༷ང་བ༷་དེ༷་བཞི༷ན་ཏུ༷། བསྐྱེ༷ད་པ༷ར་བྱ༷་བ་མྱུ་གུ་ད༷ང་སྐྱེ༷ད་བྱེ༷ད་ས་བོན་ད༷ག་གི༷་རིམ་པ་བཞིན་སྐྱེ་བ་དང་འགག་པར་དག་གི་རིམ་བཞིན་སྐྱེ༷་བ་དང་འག༷ག་པར་འགྱུ༷ར་བའི་བྱ་བ་གཉིས་དུས་མཉམ་ཡིན་པ་གང་ཞིག དེ་གཉིས་དུས་གཅིག་ཡིན་ན་བྱ་བ་དེ་གཉིས་སྟོན་པའི་ས་མྱུག་གཉིས་ཀྱང་དུས་མཉམ་པར་འགྱུར་བའི་ཕྱིར། དེས་ན་རྒྱུ་འབྲས་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་ཉིད་ཡོད་པས་མྱུ་གུ་ས་བོན་དང་དུས་མཉམ་དུ་མེད་པས་གཞན་སྐྱེ་མེད་པའི་ཉེས་པ་མེད་དོ་ཞེ༷་ན༷། རྩ་བར། གལ་ཏེ་གཅིག་ཚེ་ཡིན་ན་འདིར་དུས་གཅིག་མེད་དེ་ཡོད་མིན། །གལ་ཏེ་སྐྱེ་བཞིན་པ་དེ་སྐྱེ་ལ་ཕྱོགས་པས་ཡོད་མིན་ཞིང༌། །འགག་བཞིན་པ་ནི་ཡོད་ཀྱང་འཇིག་ལ་ཕྱོགས་པར་འདོད་གྱུར་པ། །དེ་ཚེ་འདི་ནི་ཇི་ལྟ་བུར་ན་སྲང་དང་མཚུངས་པ་ཡིན། །ཞེས་ཁྱོད་ཀྱིས་སྲང་མདའ་མཐོ་དམན་དུས་མཉམ་པའི་དཔེས་ས་མྱུག་གཉིས་ཀྱི་བྱ་བ་དུས་གཅིག་ཏུ་ཡོད་པ་དང༌། དེ་ཡོད་པའི་ས་མྱུག་དུས་གཅིག་ཏུ་ཡོད་པར་རྟོགས་ན་དེ་མི་རུང་སྟེ། ག༷ལ་ཏེ༷་སྲང་གི་མགོ་མཇུག་གཉིས་དུས་གཅིག་ཏུ་ཡོད་པས་དེའི་མཐོ་དམན་གྱི་བྱ་བ་གཉིས་གཅི༷ག་ཚེ༷་སྟེ་དུས་གཅིག་ཏུ་ཡོད་རུང་བ་ཡི༷ན་ན༷་ཡང༌། དཔེ་དེས་མཚོན་པའི་དོན་འདི༷ར་ནི་ས་མྱུག་གཉིས་དུ༷ས་གཅི༷ག་པ་མེ༷ད་པས་དེ་གཉིས་དུས་མཉམ་པ་དེ༷་ཡོ༷ད་པ་མི༷ན་པའི་ཕྱིར། དེར་ཐལ། ག༷ལ་ཏེ༷་མྱུ་གུ་སྐྱེ༷་བཞི༷ན་པ༷་ནི༷་ད་ལྟ་སྐྱེ༷་བ་ལ༷་མངོན་དུ་ཕྱོ༷གས་པ་ཡིན་པ༷ས་ན་སྐྱེ་བཞིན་པ་དེ་ནི་མྱུ་གུའི་ངོ་བོར་མ་གྲུབ་པའི་ངོ་བོར་མ་འོངས་པ་ཡིན་པས་དེ་དུས་སུ་མྱུ་གུ་ཡོ༷ད་པ་མི༷ན་ཞི༷ང༌། དེ་དུས་སུ་ས་བོན་འག༷ག་བཞི༷ན་པ༷་ནི༷་ཡོ༷ད་ཀྱ༷ང་འཇི༷ག་པ་ལ༷་མངོན་དུ་ཕྱོ༷གས་པ་ཡིན་པ༷ར་འདོ༷ད་པར་འགྱུ༷ར་པ་ཡིན་པས་ན་ས་བོན་ད་ལྟ་ཡོད་པའི་སྐབས་ཡིན་ན། དེ་ལྟར་མྱུ་གུ་སྐྱེ་བ་ལ་ཕྱོགས་པའི་དུས་སུ་ས་བོན་ད་ལྟ་བ་དང༌། མྱུ་གུ་མ་འོངས་པ་ཡིན་པ་དེ༷འི་ཚེ༷་ས་མྱུག་གཉིས་པོ་འདི༷་ནི༷་ཇི༷་ལྟ༷་བུ༷ར་ན༷་སྲ༷ང་གི་མཐོ་དམན་གཉིས་དུས་མཉམ་དུ་ཡོད་པ་ད༷ང་མཚུ༷ངས་པ༷ར་འགྱུ༷ར་ཏེ་མི་འགྱུར་བའི་ཕྱིར་ཏེ། སྲང་གི་མགོ་མཇུག་གཉིས་ཀ་ད་ལྟ་བ་ཡིན་པས་དེའི་མཐོ་དམན་གྱི་བྱ་བ་གཉིས་ཀྱང་དུས་གཅིག་ཏུ་ཡོད་རུང་གི། ས་མྱུག་གཉིས་ལ་དུས་གཅིག་པ་མི་སྲིད་པའི་ཕྱིར་རོ། །རྩ་བར། སྐྱེ་བ་འདི་ནི་བྱེད་པོ་མེད་པར་རིགས་པའི་ངོ་བོ་འང་མིན། །ཞེས་ས་མྱུག་གཉིས་ཀྱི་བྱ་བ་སོགས་རང་མཚན་གྱིས་གྲུབ་པར་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། སྐྱེ་བའི་བྱ་བ་ལ་ལྟོས་པའི་བྱེད་པ་པོ་མྱུ་གུ་ནི། སྐྱེ༷་བ༷་ལ་ཕྱོགས་པའི་བྱ་བའི་དུས་སུ་ནི་མ་འོངས་པ་ཡིན་པས་དེ་དུས་སུ་ཡོད་པ་མ་ཡིན་ལ། དུས་དེར་མྱུ་གུ་མེད་ན་བྱ་བའི་རྟེན་བྱེ༷ད་པ་པོ༷་མྱུ་གུ་མེ༷ད་པ༷ར་ནི་བརྟེན་པ་སྐྱེ་བའི་བྱ་བ་རང་ངོས་ནས་གྲུབ་པ་འདི༷་ནི༷་ཡོད་པར་རི༷གས་པ༷འི་ངོ༷་བོ༷འ༷ང་སྟེ་ཡོད་པར་རིགས་པའི་བདག་ཉིད་མི༷ན་པས་ན། རང་བཞིན་གྱིས་གྲུབ་པའི་བྱ་བ་གཉིས་དུས་གཅིག་པ་མི་འཐད་པའི་ཕྱིར། རང་འགྲེལ་ལས། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ན་ཡོད་གྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །ཞེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། མྱུ་གུ་ཞེས་བྱ་བའི་དངོས་པོ་མ་སྐྱེས་པ་འགའ་ཞིག་སྐྱེ་བའི་སྔ་རོལ་དུ་འགའ་ཞིག་ན་ཡོད་པར་གྱུར་ན་ནི་སྐྱེ་བར་འགྱུར་བ་ཞིག་ན། སྐྱེ་བའི་སྔ་རོལ་དུ་ནི་འགའ་ཡང་འགའ་ཞིག་ན་ཡོད་པར་གཞག་པར་མི་ནུས་ཏེ། མ་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བའི་བྱ་བའི་རྟེན་དངོས་པོ་སྐྱེ་བའི་སྔརོལ་དུ་མེད་ན་སྟེ་མི་བདོག་ན་ཅི་ཞིག་སྐྱེ་བར་འགྱུར་ཞེས་བྱ་བའོ། །ཞེས་སོ། །

གཉིས་པ་རྒྱུ་འབྲས་དུས་མཉམ་པ་ལ་གཞན་སྐྱེ་དགག་པ་ནི།

རྩ་བར། གལ་ཏེ་མིག་གི་བློ་ལ་རང་གི་སྐྱེད་བྱེད་དུས་གཅིག་པ། །མིག་ལ་སོགས་དང་ལྷན་ཅིག་འབྱུང་བ་འདུ་ཤེས་ལ་སོགས་ལས། །གཞན་ཉིད་ཡོད་ན་ཡོད་ལ་འབྱུང་བས་དགོས་པ་ཅི་ཞིག་ཡོད། །ཅི་སྟེ་དེ་མེད་ཅེ་ན་འདི་ལ་ཉེས་པ་བཤད་ཟིན་ཏོ། །ཞེས་ག༷ལ་ཏེ༷་མི༷ག་གི༷་བློ༷་སྟེ་མིག་གི་རྣམ་ཤེས་ལ༷། ར༷ང་གི༷་སྐྱེ༷ད་བྱེ༷ད་ཀྱི་རྒྱུ་རང་དང་དུ༷ས་གཅི༷ག་པ༷་མི༷ག་དང་ལ༷་སོ༷གས་པས་གཟུགས་ད༷ང༌། དེ་གསུམ་དང་ལྷ༷ན་ཅི༷ག་ཏུ་འབྱུ༷ང་བ༷འི་འདུ༷་ཤེ༷ས་ལ༷་སོ༷གས་པ་རྣམས་ཡོད་ལ༷། དེ་དག་མིག་ཤེས་དང་རང་བཞིན་གྱིས་གཞན་ཡིན་པའི་རྐྱེན་ཡིན་པར་ཁྱོད་རང་གིས་རྟོགས་ན་ནི། དེའི་ཚེ་མིག་ཤེས་རང་དང་དུས་མཉམ་པའི་མིག་དང་འདུ་ཤེས་སོགས་ལ་ལྟོས་ནས་རང་ངོས་ནས་གྲུབ་པའི་རྒྱུ་འབྲས་གཞ༷ན་ཉི༷ད་ཡོ༷ད་དུ་ཆུག་ཀྱང་མིག་ཤེས་དེ་དང་དུས་མཉམ་པའི་མིག་སོགས་རྒྱུ་འབྲས་ཡིན་ན༷་མིག་ཤེས་དེ་རྒྱུ་དེ་དག་ལས་སྐྱེ་དགོས་ལ། དེ་ལྟར་ན་རང་རྒྱུ་མིག་སོགས་ཀྱི་དུས་ནས་ཡོ༷ད་པའི་མིག་ཤེས་ལ༷་སླར་ཡང་འབྱུ༷ང་བ༷ས་དགོ༷ས་པ༷་ཅི༷་ཞི༷ག་ཡོ༷ད་དེ་མེད་པར་ཐལ། རང་རྒྱུའི་དུས་ནས་ཡོད་པའི་ཕྱིར་རོ། །ཅི༷་སྟེ༷་རྒྱུ་དུས་ནས་ཡོད་པ་ལ་ཡང༌། སྐྱེ་བའི་དགོས་པ་མེད་པའི་སྐྱོན་འཇུག་པར་མཐོང་ནས་རྒྱུ་དུས་སུ་རང་གི་འབྲས་བུ་དེ༷་མེ༷ད་ཅེ༷་ན༷། དེའི་ཚེ་རྒྱུ་འབྲས་སྔ་ཕྱི་བ་འདི༷་ལ༷རང་གི་ངོ་བོས་གྲུབ་པའི་གཞན་ཡོད་པར་འདོད་པ་ལ། ཉེ༷ས་པ༷་སྔར་བཤ༷ད་ཟི༷ན་ཏོ། །

གསུམ་པ་འབྲས་བུ་ལ་མུ་བཞིར་དཔྱད་ནས་གཞན་སྐྱེ་དགག་པ་ནི།

རྩ་བར། སྐྱེད་པར་བྱེད་པ་བསྐྱེད་བྱ་གཞན་བསྐྱེད་པ་དེ་རྒྱུ་ཡིན་ན། །ཡོད་པའམ་འོན་ཏེ་མེད་དང་གཉི་གའི་གཉིས་བྲལ་ཞིག་བསྐྱེད་གྲང༌། །ཡོད་ན་སྐྱེད་བྱེད་ཅི་དགོས་མེད་ལའང་དེས་ནི་ཅི་ཞིག་བྱ། །གཉིས་ཉིད་ལ་དེས་ཅི་བྱ་གཉིས་དང་བྲལ་ལའང་དེས་ཅི་བྱ། །ཞེས་སྐྱེ༷ད་པ༷ར་བྱེ༷ད་པ༷་ཡི་རྒྱུ་ནི་བསྐྱེ༷ད་བྱ༷་འབྲས་བུ་དེ་རྒྱུ་རང་ལས་རང་ངོས་ནས་གཞ༷ན་དུ་གྲུབ་པ་ཅན་ཞིག་བསྐྱེ༷ད་པ༷་དེ༷་རྒྱུ༷་ཡི༷ན་ན༷། རྒྱུ་དེས་འབྲས་བུ་རང་བཞིན་གྱིས་ཡོ༷ད་པ༷་ཞིག་བསྐྱེད་པ་ཡིན་ན༷མ། འོ༷ན་ཏེ༷་རྒྱུ་དུས་སུ་མེ༷ད་པ་རང་བཞིན་གྱིས་གྲུབ་པ་ད༷ང༌། རང་བཞིན་གྱིས་ཡོད་པ་དང་མེད་པ་གཉི༷ས་ཀ༷་ཡིན་པ་དང༌། ཡོད་མེད་གཉི༷ས་ཀ་དང་བྲ༷ལ་བ་ཞི༷ག་སྐྱེ༷ད་གྲ༷ང་སྟེ་བསྐྱེད་པ་ལ་བརྟག་པར་བྱའོ། །དེ་ལ་དང་པོ་ལྟར་འབྲས་བུ་རང་བཞིན་གྱིས་ཡོ༷ད་པ་ཞིག་བསྐྱེད་ན༷། སྐྱེ༷ད་བྱེ༷ད་ཀྱི་རྒྱུ་ཅི༷་ཞིག་དགོ༷ས་ཏེ་མི་དགོས་པར་ཐལ། རང་བཞིན་གྱིས་ཡོད་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་ཡོད་ན་ལྟོས་ནས་འབྱུང་བ་མི་འཐད་པས་ཁྱོད་ཀྱི་ངོ་བོ་རྒྱུ་དུས་སོགས་དུས་ནམ་དུ་ཡང་ཡོད་དགོས་པ་གང་ཞིག ཡོད་ཀྱང་སླར་ཡང་སྐྱེ་བ་ནི་བཀག་ཟིན་པའི་ཕྱིར་རོ། །འབྲས་བུ་རྒྱུ་དུས་སུ་མེ༷ད་པ་རང་བཞིན་གྱིས་གྲུབ་པ་ལ༷་ཡ༷ང་དེ་སྐྱེད་པའི་རྐྱེན་དེ༷ས་ནི་ཅི༷་ཞི༷ག་བྱ༷་སྟེ། རང་བཞིན་གྱིས་མེད་པ་ནི་རི་བོང་གི་རྭ་ལྟར་རྣམ་པ་ཀུན་ཏུ་མེད་པའི་ཕྱིར་རོ། །ཡོད་མེད་གཉིས་ཚོགས་པའི་ཡོད་མེད་གཉི༷ས་ཡིན་པ་ཉི༷ད་ཀྱི་འབྲས་བུ་དེ་ལ༷་རྐྱེན་དེ༷ས་ཅི༷་ཞི༷ག་བྱ༷་སྟེ། ཡོད་མེད་གཉིས་ཀ་ཡིན་པ་མི་སྲིད་པའི་ཕྱིར། ཡོད་མེད་གཉི༷ས་ཀ་ད༷ང་བྲ༷ལ་བའམ་ཡོད་མེད་གཉིས་གང་ཡང་མ་ཡིན་པ་དེ་ལ༷འ༷ང་རྐྱེན་དེ༷ས་ཅི༷ཞི༷ག་བྱ༷་སྟེ། ཡོད་མེད་གང་ཡང་མ་ཡིན་པ་མི་སྲིད་པའི་ཕྱིར་རོ། །

གཉིས་པ་གཞན་སྐྱེ་དགག་པ་ལ་འཇིག་རྟེན་གྱི་གནོད་པ་སྤང་བ་ལ།

འཇིག་རྟེན་གྱི་གྲགས་པའི་གཞན་སྐྱེ་ཁས་བླངས་ནས་འཇིག་རྟེན་གྱི་གནོད་པ་སྤང་བ། འཇིག་རྟེན་གྱི་ཐ་སྙད་དུ་ཡང་གཞན་སྐྱེ་མེད་པས་འཇིག་རྟེན་གྱི་གནོད་པ་སྤང་བ་དང་་གཉིས། དང་པོ་ལ། འཇིག་རྟེན་གྱིས་གནོད་པའི་རྩོད་པ་དང༌། དེས་མི་གནོད་པའི་ལན་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། གང་གིས་རང་ལྟ་ལ་གནས་འཇིག་རྟེན་ཚད་མར་འདོད་པས་ན། །འདིར་ནི་རིགས་པ་སྨྲས་པ་ཉིད་ཀྱིས་ལྟ་ཀོ་ཅི་ཞིག་བྱ། །གཞན་ལས་གཞན་འབྱུང་བ་ཡང་འཇིག་རྟེན་པ་ཡིས་རྟོགས་འགྱུར་ཏེ། །དེས་ན་གཞན་ལས་སྐྱེ་ཡོད་འདིར་ནི་རིགས་པ་ཅི་ཞིག་དགོས། །ཞེས་ཁོ་ན་རེ། ངེད་ཅག་གིས་གཞན་སྐྱེ་ཡོད་པར་སྒྲུབ་པའི་ཕྱིར་དུ་རིགས་པ་གང་སྨྲས་པ་དེ་དག་ནི་བུད་ཤིང་སྐམ་པོ་མར་གྱིས་བྲན་པ་ལྟ་བུར་གྱུར་ནས་ཁྱོད་ཀྱི་བློ་གྲོས་ཀྱི་མེས་བསྲེགས་ཟིན་པས་ན། ཁྱོད་ཀྱི་ཤེས་རབ་ཀྱི་མེ་སྦོར་བའི་ངེད་ཅག་གི་རིགས་པའི་བུད་ཤིང་དེ་ཁྱོད་ཀྱིས་ཡང་ཡང་བསྐུལ་བ་དེས་ཆོག་གི། ད་ནི་ཁྱོད་ཀྱིས་ངེད་ཅག་གི་རིགས་པ་དེ་བསྐུལ་མི་དགོས་སོ། །ཟེར་བ་ལ། འོ་ན་རིགས་པའི་སྒྲུབ་བྱེད་མ་བསྟན་ན་གཞན་སྐྱེ་འདོད་པའི་དོན་དེ་མི་འགྲུབ་པ་མ་ཡིན་ནམ་བྱས་པ་ལ་ཁོ་ན་རེ། དེ་ནི་གཏན་མ་ཡིན་ཏེ། གཞན་སྐྱེ་ཡོད་པ་ནི་འཇིག་རྟེན་གྱིས་མངོན་སུམ་དུ་གྲུབ་པ་ཡིན་ལ། ཆོས་གང་དང་གང་འཇིག་རྟེན་གྱིས་མཐོང་བ་ནི་ཤིན་ཏུ་སྟོབས་དང་ལྡན་པ་ཡིན་པས་རིགས་པ་གཞན་གྱིས་དགོས་པ་མེད་པའི་ཕྱིར། དེར་ཐལ། འཇིག་རྟེན་ག༷ང་གི༷ས་ས་བོན་ལས་མྱུ་གུ་སྐྱེ་བ་མཐོང་བའི་ར༷ང་གི་ལྟ༷་བ་ལ༷་གན༷ས་ནས་འཇི༷ག་རྟེ༷ན་གྱི་མཐོང་བ་དེ་ཉིད་ཚ༷ད་མ༷ར་འདོ༷ད་པ༷ས་ན༷། གཞན་སྐྱེ་ཡོད་པ་འདི༷ར་ནི༷་སྟེ་འདི་ལ་ནི། དེ་ཡོད་པར་སྒྲུབ་བྱེད་ཀྱི་རི༷གས་པ༷་སྨྲ༷ས་པ༷། ཉི༷ད་ཀྱི༷ས་ལྟ༷་ཀོ༷་ཅི༷་ཞི༷ག་བྱ༷་སྟེ་རིགས་པ་འགོད་མི་དགོས་སོ། །ངོ་བོ་ཉིད་ཀྱིས་གྲུབ་པའི་རྒྱུ་གཞ༷ན་གྱི་ལ༷ས་འབྲས་བུ་གཞ༷ན་འབྱུ༷ང་བ༷་ཡ༷ང་འཇི༷ག་རྟེ༷ན་པ༷་ཡི༷ས་མངོན་སུམ་དུ་རྟོ༷གས་པར་འགྱུ༷ར་ཏེ༷། དེ༷ས་ན༷་གཞན་སྐྱེ་སྒྲུབ་བྱེད་ཀྱི་འཐད་པ་གཞན་མེད་ཀྱང་དངོས་པོ་རྣམས་གཞན་ལས་སྐྱེ་བ་ཡིན་པར་འགྲུབ་པས་ན། གཞ༷ན་ལ༷ས་སྐྱེ༷་བ་ཡོ༷ད་པ་འདི༷ར་ནི༷་འཇིག་རྟེན་གྱིས་མངོན་སུམ་དུ་མཐོང་བ་དེ་ལས་གཞན་པའི་རི༷གས་པ༷་བསྟན་པ་ཅི༷་ཞི༷ག་དགོ༷ས་པ་ཡོད་དེ་མེད་པའི་ཕྱིར། གཞན་སྐྱེ་འཇིགརྟེན་པའི་མངོན་སུམ་གྱིས་གྲུབ་པའི་ཕྱིར་ཞེ་ན།

གཉིས་པ་དེས་མི་གནོད་པའི་ལན་བསྟན་པ་ལ་ནི།

རང་འགྲེལ་ལས། གང་ཞིག་བསྟན་བཅོས་ཀྱི་དོན་ཕྱིན་ཅི་མ་ལོག་པར་མ་རྟོགས་ཤིང་ཐོག་མ་མེད་པའི་འཁོར་བར་དངོས་པོའི་བག་ཆགས་གཞག་པ་ཡོངས་སུ་སྨིན་པ། དངོས་པོ་ལ་མངོན་པར་ཞེན་པའི་མཛའ་བོ་དང་བྲལ་བར་ཐོས་པ་མི་བཟོད་པས་འཇིག་རྟེན་གྱིས་གནོད་པའི་རྡོལ་ཐབས་ལ་བརྟེན་པ་འདི་ནི། འཇིག་རྟེན་གྱི་བྱུང་ཚུལ་ཤིན་ཏུ་མང་ཞིང་རྒྱ་ཆེ་བ་མ་བཤད་པར་འཇིག་རྟེན་གྱི་གནོད་པའི་བླ་རྡོལ་ལས་བཟློག་པར་མི་ནུས་པས། འཇིག་རྟེན་གྱི་གནོད་པའི་ཡུལ་ཁྱད་པར་ཅན་བསྟན་པར་བྱ་བའི་ཕྱིར། རེ་ཞིག་བདེན་པ་གཉིས་ཀྱི་རྣམ་པར་གཞག་པའི་དབང་དུ་བྱས་ནས་བཤད་པ། ཞེསགསུངས་ལ།

བདེན་གཉིས་སོ་སོར་བསྟན་པ་ལ།

བདེན་པ་གཉིས་ཀྱི་རྣམ་དབྱེ་བསྟན་པ་སྔོན་ཏུ་འགྲོ་བའི་སྒོ་ནས་བསྟན་དགོས་པས་བདེན་གཉིས་བསྟན་པ་ལ། བདེན་གཉིས་སྤྱིའི་རྣམ་བཞག་དང༌། སྐབས་ཀྱི་དོན་ལ་སྦྱར་བ་དང༌། བདེན་གཉིས་སོ་སོའི་ངོ་བོ་དང༌། དེ་བཀག་པ་ལ་གནོད་པར་འདོད་པ་ལ་གནོད་བྱེད་བསྟན་པ་དང༌། འཇིག་རྟེན་པའི་གནོད་ཚུལ་དང་ལྔ། དང་པོ་ལ། བདེན་པ་གཉིས་སུ་དབྱེ་བས་ཆོས་རྣམས་ལ་ངོ་བོ་གཉིས་གཉིས་ཡོད་པར་བརྗོད་པ། འཇིག་རྟེན་ལ་ལྟོས་ཏེ་ཀུན་རྫོབ་ཀྱི་དབྱེ་བ་བཤད་པ། ཞེན་ཡུལ་ལ་འཁྲུལ་བའི་ཞེན་ཡུལ་ཐ་སྙད་དུམེད་པར་བསྟན་པ་དང་གསུམ།

དང་པོ་ནི། རྩ་བར། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་བདེན་གཉིས་ཀྱི་ངོ་བོ་ཕྱིན་ཅི་མ་ལོག་པར་འབྱེད་པའི་བཅོམ་ལྡན་འདས་ཀྱིས་འདུ་བྱེད་སེམས་པ་ལ་སོགས་པ་ནང་གི་དངོས་པོ་དང༌། མྱུ་གུ་སོགས་ཕྱིའི་དངོ༷ས་པོ་ཀུ༷ན་པོའི་ཆོས་རེ་རེ་ལའང་ཡུལ་ཡ༷ང་ད༷ག་པ་མཐོང་བའི་རིགས་ཤེས་ཀྱིས་རྙེད་དོན་དང༌། ཡུལ་རྫུ༷ན་པ༷་མཐོ༷ང་བ༷་གྱུར་བའི་ཐ་སྙད་ཚད་མ་ཡི༷ས་དངོ༷ས་རྙེ༷ད་ཀྱི་དོན་གཉིས་རེ་ཡོད་པས་རང་གི་ངོ༷་བོ༷་གཉི༷ས་རེ་ནི༷་འཛི༷ན་པ༷ར་འགྱུ༷ར་བར་ཡིན་ཞེས་བསྟན་པ་ཡིན་ཏེ། དཔེར་ན་བུམ་པ་དེ་རང་གི་ལྡོག་པ་དེ་བུམ་པའི་ཀུན་རྫོབ་པའི་ངོ་བོ་དང་བུམ་པ་རང་བཞིན་གྱིས་སྟོང་པ་དེ་བུམ་པ་དོན་དམ་པའི་ངོ་བོ་ཡིན་པ་བཞིན་ཆོས་ཐམས་ཅད་ཀྱིས་ཀུན་རྫོབ་མེད་པའི་ངོ་བོ་དང་དོན་དམ་པའི་ངོ་བོ་གཉིས་ཏེ་འཛིན་པའི་ཕྱིར། དེ་ལྟར་ཆོས་རྣམས་ལ་ངོ་བོ་གཉིས་རེ་ཡོད་པའི་ནང་གི་ཡ༷ང་ད༷ག་པའི་དོན་མཐོ༷ང་བའི་རིགས་ཤེས་ཀྱིས་རྙེད་པའི་ཡུ༷ལ་ག༷ང་ཡི༷ན་པ་དེ་ནི། དེ༷་ཉི༷ད་དེ༷་ཞེས་དོན་དམ་པའི་བདེན་པ་དང༌། ཤེས་བྱ་མཐོ༷ང་བ༷་རྫུ༷ན་པ༷་ཐ་སྙད་པའི་ཚད་མས་རྙེད་པའི་ཡུལ་ནི་ཀུ༷ན་རྫོ༷བ་བདེ༷ན་པ་ཡིན་པ༷ར་བཅོམ་ལྡན་འདས་ཀྱིས་གསུ༷ངས་སོ། །རང་འགྲེལ་ལས། རང་བཞིན་དེ་གཉིས་ལས་ཀྱང་མཐོང་བ་ཡང་དག་པའི་ཡུལ་གང་ཡིན་པ་དེ་ནི་དེ་ཉིད་དེ། དེ་ནི་དོན་དམ་པའི་བདེན་པའོ་ཞེས་བྱ་བའི་དོན་ཏོ། །དེའི་རང་གི་ངོ་བོ་ནི་བཤད་པར་བྱའོ། །མཐོང་བབརྫུན་པའི་ཡུལ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་འཇིག་རྟེན་པ་ལ་ལྟོས་ཏེ་ཀུན་རྫོབ་ཀྱི་དབྱེ་བ་བཤད་པ་ནི།

རྩ་བར། མཐོང་བ་བརྫུན་པའང་རྣམ་པ་གཉིས་འདོད་དེ། །དབང་པོ་གསལ་དང་དབང་པོ་སྐྱོན་ལྡན་ནོ། །སྐྱོན་ལྡན་དབང་ཅན་རྣམས་ཀྱི་ཤེས་པ་ནི། །དབང་པོ་ལེགས་གྱུར་ཤེས་ལྟོས་ལོག་པར་འདོད། །ཅེས་སྤྱིར་ཀུན་རྫོབ་ལ་ཡུལ་དང་ཡུལ་ཅན་གཉིས་ཡོད་ལ། དེ་གཉིས་ལ་སྤྱིར་ལོག་པ་ཡིན་པས་ཁྱབ་པས་ཡང་ལོག་གི་དབྱེ་བ་མེད་ཀྱང་འཇིག་རྟེན་པའི་ཤེས་པ་ལ་ཡང་དག་པ་དང་ལོག་པར་སྣང་བ་ལྟར་གྱི་ཡང་ལོག་སྟེ་འཇིག་རྟེན་པའི་ཤེས་ངོ་ལ་ལྟོས་ནས་ཡུལ་ཅན་གྱི་ཀུན་རྫོབ་ལ་ཡང་དག་པ་དང་ལོག་པ་གཉིས་ཐོག་མར་སྟོན་པ་ནི། ཤེས་བྱ་ལ་བདེན་པ་གཉིས་སུ་དབྱེ་བ་གཉིས་ཡོད་པར་མ་ཟད་ཀུན་རྫོབ་མཐོ༷ང་བ༷་རྫུ༷ན་པ༷་ཡི་ཡུལ་ཅན་ལའ༷ང༌། འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་དག་པ་དང་ལོག་པའི་ཀུན་རྫོབ་རྣ༷མ་པ༷་གཉི༷ས་ཡོད་པར་འདོ༷ད་དེ༷། དབ༷ང་པོ༷་གས༷ལ་བ་སྟེ་འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབང་པོ་ད༷ང༌། དེ་ལ་བརྟེན་པའི་ཤེས་པ་གཉིས་དང༌།

འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དབ༷ང་པོ༷་དང་དེ་ལ་བརྟེན་པའི་ཤེས་པ་སྐྱོ༷ན་ལྡ༷ན་གཉིས་ཡོད་པ་ཡིན་ནོ༷། །དེ་ལ་སྐྱོ༷ན་དང་ལྡ༷ན་པའི་དབ༷ང་པོ་དང་དེ་འདྲའི་དབང་པོ་ཅ༷ན་རྣ༷མས་ཀྱི༷་ཤེ༷ས་པ༷་ནི༷། འཕྲལ་གྱི་འཁྲུལ་རྒྱུས་མ་བསླད་པའི་དབ༷ང་པོ༷་ལེ༷གས་པར་གྱུ༷ར་པའི་ཤེ༷ས་པ་ལ་ལྟོ༷ས་ནས། འཇིག་རྟེན་པའི་ཤེས་པའི་ངོར་ལོ༷ག་པའི་ཡུལ་ཀུན་རྫོབ་ཡིན་པ༷ར་འདོ༷ད་དོ། །དེ་ནས་ཡུལ་ལ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་སུ་ཕྱེ་བ་འཇིག་རྟེན་དུ་ཡུལ་ལའང་ཡོད་པར་སྟོན་པ་ནི། རྩ་བར། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །བཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་གཞག། ཅེས་འཕྲལ་གྱི་འཁྲུལ་རྒྱུའི་གནོ༷ད་པ༷་མེ༷ད་པ༷འི་དབ༷ང་པོ༷་དྲུ༷ག་པོ་རྣ༷མས་ཀྱི༷ས་གཟུ༷ང་བ༷་ཡིན་པའི་དོན་གཟུགས་སོགས་གང་དང་ག༷ང་ཞི༷ག་འཇི༷ག་རྟེ༷ན་པ་རྣམས་ཀྱི༷ས་རྟོ༷གས་པ་ཡིན་ཏེ༷། འཇི༷ག་རྟེ༷ན་གྱི་ཤེས་པ་ཉི༷ད་ལ༷ས་ལྟོས་ཏེ་བདེ༷ན་པའི་ཡང་དག་པ་ཡི༷ན་གྱི། འཕགས་པ་སྟེ་དབུ་མའི་ལུགས་ལ་ལྟོས་ནས་ནི་ཡང་དག་པ་མ་ཡིན་ནོ། །ལྷ༷ག་མ༷་དབང་པོ་སྐྱོན་ལྡན་གྱི་ཤེས་པ་དྲུག་གིས་གཟུང་བར་བྱ་བའི་དོན་སྒྱུ་མ་དང་གཟུགས་བརྙན་དང་ཆུ་ཟླ་སོགས་ནི༷་འཇི༷ག་རྟེ༷ན་པ་ཉི༷ད་ལ༷་ལྟོས་ནས་ལོ༷ག་པ་ཡིན་པ༷ར་རྣ༷མ་པ༷ར་བཞ༷ག་གོ། སྐབས་འདིར་རང་འགྲེལ་ལས། དེ་ལ་རབ་རིབ་དང་མིག་སེར་ལ་སོགས་པ་དག་དང་ད་དུ་ར་ཟོས་པ་ལ་སོགས་པ་རྣམས་ནི་དབང་པོ་ལ་གནོད་པའི་རྐྱེན་ནང་ན་ཡོད་པ་ཡིན་ནོ། །ཏིལ་མར་དང་ཆུ་དང་མེ་ལོང་དང་བྲག་ཕུག་ལ་སོགས་པ་ནས་བརྗོད་པའི་སྒྲ་ལ་སོགས་པ་རྣམས་དང༌། ཉི་མའི་འོད་ཟེར་ཡུལ་དང་དུས་ཁྱད་པར་ཅན་དང་ཉེ་བར་གྱུར་པ་ལ་སོགས་པ་རྣམས་ནི་དབང་པོ་ལ་གནོད་པའི་རྐྱེན་ཕྱི་རོལ་ན་ཡོད་པ་ཡིན་ཏེ། དེ་དག་ནི་དབང་པོ་ལ་གནོད་པར་བྱེད་པ་ནང་ན་ཡོད་པ་དག་མེད་པར། གཟུགས་བརྙན་དང་བྲག་ཅ་དང་སྨིག་རྒྱུ་ལ་ཆུ་ལ་སོགས་པར་འཛིན་པའི་རྒྱུར་འགྱུར་རོ། །དེ་བཞིན་དུ་མིག་འཁྲུལ་མཁན་ལ་སོགས་པར་རབ་ཏུ་སྦྱར་བའི་སྔགས་དང་སྨན་ལ་སོགས་པ་དག་ཀྱང་ཤེས་པར་བྱའོ། །ཡིད་ཀྱི་གནོད་པར་བྱེད་པ་ནི་དེ་དག་དང་ཡང་དག་པ་མ་ཡིན་པས་བྱས་པའི་གྲུབ་པའི་མཐའ་ལ་སོགས་པ་དག་དང༌། རྗེས་སུ་དཔག་པ་ལྟར་སྣང་བ་དག་སྟེ། རྨི་ལམལ་སོགས་པ་རྣམས་ཀྱི་རྣམ་པར་གཞག་པ་ནི་འཆད་པར་འགྱུར་རོ། །ཞེས་སོ། །

གསུམ་པ་ཞེན་ཡུལ་ལ་འཁྲུལ་བའི་ཞེན་ཡུལ་ཐ་སྙད་དུ་ཡང་མེད་པར་བསྟན་པ་ནི།

རྩ་བར། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱི་བདག་ཉིད་ཇི་བཞིན་བརྟགས་པ་དང༌། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་མི་ཤེས་གཉིད་ཀྱིས་སོགས་ཤོ་ལོ་ཀ་གཅིག་སྟེ། ཆོས་རྣམས་ཀྱི་གནས་ཚུལ་ཚུལ་བཞིན་དུ་མི༷་ཤེ༷ས་ཤིང་རྨོངས་པའི་ཤེས་འཆལ་གྱི་གཉི༷ད་ཀྱི༷ས་ཡིད་ར༷བ་ཏུ་བསྐྱོ༷ད་པའི་མུ༷་སྟེ༷གས་ཅ༷ན་བདག་རྣ༷མས་ཀྱི༷ས། རང་རང་གི་གཞུང་ལས་ཇི་ལྟར་བཤད་པའི་བད༷ག་ཉི༷ད་ཏེ། བཤད་པའི་ཚུལ་དེ་ཇི༷་ལྟ་བ་བཞི༷ན་དུ་ཡོན་ཏན་གསུམ་གྱི་བདག་ཉིད་གཙོ་བོ་དང་ཤེས་རིག་གི་བདག་ལ་སོགས་པ་གང་བརྟ༷གས་པ༷་རྣམས་ད༷ང༌། སྒྱུ༷་མ༷་དང་གཟུགས་བརྙན་དང་སྨི༷ག་རྒྱུ༷་ལ༷་སོ༷གས་པ་ལ་རྟ་གླང་དང་བྱད་བཞིན་དང་ཆུ་སོགས་སུ་བརྟ༷གས་པ༷་ག༷ང་ཡིན་པ་དེ༷་ད༷ག་ནི་འཇི༷ག་རྟེ༷ན་ཀུན་རྫོབ་ལ༷ས་ཀྱ༷ང་སྟེ་འཇིག་རྟེན་གྱི་ལུགས་ཀྱི་ཀུན་རྫོབ་ཏུ་ཡང་ཡོ༷ད་པ་མི༷ན་པ་ཉི༷ད་ཡིན་ཏེ། སྒྱུ་མ་རྟ་གླང་དུ་གྲུབ་པ་སོགས་མེད་པར་ནི་འཇིག་རྟེན་རང་དགའ་བས་ཀྱང་རྟོགས་པས་འཇིག་རྟེན་པའི་ལུགས་ལའང་ལོག་པ་ཡིན་པ་གང་ཞིག བདག་གཙོ་སོགས་མེད་པར་འཇིག་རྟེན་རང་དགའ་བའི་བློས་མི་རྟོགས་ཀྱང་ཐོག་མེད་ནས་བྱུང་བའི་བདེན་འཛིན་རྣམས་ཀྱི་ཡུལ་གང་ལ་གནོད་པ་མ་མཐོང་བའི་འཇིག་རྟེན་པའི་ཤེས་པ་དུ་མས་བདག་གཙོ་སོགས་མེད་པར་རྟོགསཔས་ན་དེ་དག་ནི་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པའི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །

གཉིས་པ་སྐབས་ཀྱི་དོན་ལ་སྦྱར་བ་ནི།

རྩ་བར། མིག་ནི་རབ་རིབ་ཅན་གྱི་དམིགས་པ་ཡིས། །རབ་རིབ་མེད་ཤེས་ལ་གནོད་མིན་ཇི་ལྟར། །དེ་བཞིན་དྲི་མེད་ཡེ་ཤེས་སྤངས་པའི་བློས། །

དྲི་མེད་བློ་ལ་གནོད་པ་ཡོད་མ་ཡིན། །ཞེས་གཞན་སྐྱེ་འགོག་པ་ལ་དོན་དམ་པར་རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེ་བ་མེད་ཅེས་བཤད་པའི་ཚེ་ནི། དཔེར་ན་མི༷ག་ནི༷་ར༷བ་རི༷བ་ཅ༷ན་གྱི༷་ཤེས་པས་སྐྲ་ཤད་ལ་སོགས་པ་དམི༷གས་པ༷་ཡི༷ས་ར༷བ་རི༷བ་ཀྱིས་སླད་པ་མེ༷ད་པའི་ཤེ༷ས་པ་ལ་སྐྲ་ཤད་སོགས་མི་སྣང་བའམ་སྣང་བ་མེད་པ་ལ༷་ག༷ནོ༷ད་པ་མི༷ན་པ་ཇི༷་ལྟ༷ར་ཡིན་པ་དེ༷་བཞི༷ན་དུ་དྲི༷་མ་མེ༷ད་པ་སྟེ་ཟག་པ་མེད་པའི་ཡེ༷་ཤེ༷ས་སྤ༷ངས་པ་སྟེ་ཟག་མེད་ཀྱི་ཡེ་ཤེས་མེད་པ༷འི་སོ་སྐྱེས་ཀྱི་བློ༷ས་མ་རིག་པས་མ་བསླད་པའི་དྲི༷་མ་མེ༷ད་པའི་བློ༷་རྒྱུ་འབྲས་རང་བཞིན་གྱིས་གཞན་ཏུ་མེད་པ་སོགསམཐོང་བ་ལ༷་གནོ༷ད་པ༷་ཡོ༷ད་པ་མ༷་ཡི༷ན་པའི་ཕྱིར་རོ། །

གསུམ་པ་བདེན་གཉིས་སོ་སོའི་ངོ་བོ་བཤད་པ་ལ།

སྤྱི་དོན་གྱི་རྣམ་བཞག་བཤད་པ་དང༌། བདེན་གཉིས་ཀྱི་གཞུང་གི་དོན་བཤད་པ་དང་གཉིས་ལས། དང་པོ་ལ། བདེན་པ་གཉིས་ཀྱི་དབྱེ་གཞི་བཤད་པ། གྲངས་ངེས། གོ་རིམ། ངོ་བོ་གཅིག་དང་ཐ་དད་ཀྱི་ཚུལ། ཕྱེ་བ་སོ་སོའི་དོན། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གི་ཁྱད་པར། བདེན་གཉིས་ཤེས་པའི་ཕན་ཡོན། མ་ཤེས་པའི་ཉེས་དམིགས་དང་བརྒྱད་ལས།

དང་པོ་ནི། ཤེས་བྱ་དེ་བདེན་པ་གཉིས་ཀྱི་དབྱེ་གཞི་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། ཤེས་པར་བྱ་བ་ཡང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་པོ་ཟད་དོ། །ཞེསགསུངས་པའི་ཕྱིར་རོ། །

གཉིས་པ་གྲངས་ངེས་ནི། སྤྱིར་ཤེས་བྱ་ལ་ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས་སུ་དབྱེར་ཡོད་དེ། ཤེས་བྱ་ལ་རང་ལ་སྣང་བ་ལྟར་གནས་ཚུལ་ལ་མ་གྲུབ་པའི་ཚད་མས་རྙེད་དོན་གཅིག་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པའི་མཉམ་བཞག་ཟག་མེད་ཀྱི་དངོས་ཀྱི་རྙེད་དོན་གཉིས་ཡོད་པའི་ཕྱིར། ཤེས་བྱ་ལ་བདེན་པ་གཉིས་སུ་དབྱེར་ཡོད། ཤེས་བྱ་ལ་བདེན་པ་གཉིས་ལས་མང་མི་དགོས། དེ་ལས་ཉུང་ན་ཤེས་བྱ་ཐམས་ཅད་མི་འདུ་བའི་ཕྱིར་རོ། །དེ་ཡང་ཕུང་སུམ་སེལ་བའི་གྲངས་ངེས་ཡིན་ཏེ། ཤེས་བྱ་དེ་ལ་སྣང་ཚུལ་དང་གནས་ཚུལ་མི་མཐུན་པའི་རྫུན་པ་གཅིག་དང༌། སྣང་ཚུལ་དང་གནས་ཚུལ་མཐུན་པའི་དོན་དམ་པ་གཉིས་ཡོད་ལ། དེ་ལས་གཉིས་ཡིན་དང་གཉིས་མིན་མེད་པའི་ཕྱིར་རོ། །

གསུམ་པ་གོ་རིམ་ནི། བདེན་གཉིས་རྟོགས་པའི་གོ་རིམ་ཡོད་དེ། དོན་དམ་བདེན་པ་རྟོགས་ནས་ཀུན་རྫོབ་བདེན་པ་ཡིན་པར་རྟོགས་པ་ཡིན་པའི་ཕྱིར། དེར་ཐལ། ཀུན་རྫོབ་བདེན་པ་ཚད་མས་ངེས་པ་ནི་ཀུན་རྫོབ་རྣམས་རང་བཞིན་གྱིས་གྲུབ་པར་སྣང་ཡང་རང་བཞིན་གྱིས་མ་གྲུབ་པའི་རྫུན་པ་དང་བཏགས་ཙམ་ཡོད་པར་རྟོགས་པ་དེ་ཡིན་པ་གང་ཞིག དེ་ལྟར་རྟོགས་པལ་སྔོན་དུ་ཆོས་དེ་དག་རང་བཞིན་གྱིས་སྟོང་པའི་སྟོང་ཉིད་རྟོགས་དགོས་པའི་ཕྱིར་རོ། །

བཞི་བ་ངོ་བོ་གཅིག་དང་ཐ་དད་ཀྱི་རྣམ་བཞག་ནི།

ངོ་བོ་གཅིག་ལ་ཐ་དད་ཀྱི་ཚུལ་ནི། བདེན་པ་གཉིས་པོ་ངོ་བོ་གཅིག་པ་བཀག་པའི་ཐ་དད་ཡིན་ཏེ། ངོ་བོ་ཐ་དད་ལ་སྐྱོན་བཞི་དངགཅིག་ལ་སྐྱོན་བཞི་རེ་བཤད་པའི་ཕྱིར། སྔར་གཞན་དུ་བཤད་ཟིན་ཏོ། །

ལྔ་པ་ཕྱེ་བ་སོ་སོའི་དོན་བཤད་པ་ལ།

མཚན་ཉིད། དབྱེ་བ། སྒྲ་བཤད་གསུམ། དང་པོ་ལ་གཉིས་ལས། དང་པོ་ཀུན་རྫོབ་བདེན་པའི་མཚན་ཉིད་ནི། རང་འཇལ་བྱེད་ཀྱི་ཐ་སྙད་དཔྱོད་པའི་ཚད་མ་དེ་རང་ཉིད་ལ་ཐ་སྙད་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། ཀུན་རྫོབ་བདེན་པའི་མཚན་ཉིད། དཔེར་ན་བུམ་འཛིན་ཚད་མ་དེ་བུམ་པ་རང་ངོས་ནས་མ་གྲུབ་པར་དཔྱོད་པ་དང་རང་ངོས་ནས་གྲུབ་པར་དཔྱོད་པ་ལ་མ་སོང་བར་བུམ་པ་ལ་དཔྱོད་པའམ་བུམ་པ་འཛིནསྟངས་སུ་བྱེད་པ་ལ་སོང་བ་ལྟ་བུའོ། །

གཉིས་པ་དོན་དམ་བདེན་པའི་མཚན་ཉིད་ནི། མཐར་ཐུག་དཔྱོད་པའི་ཚད་མ་དེ་རང་ཉིད་ལ་མཐར་ཐུག་དཔྱོད་པའི་ཚད་མར་སོང་བའི་རྙེད་དོན་དེ། དོན་དམ་བདེན་པའི་མཚན་ཉིད། དོན་དམ་བདེན་པའི་མཚན་གཞི་ཡོད་དེ། བུམ་པ་རང་བཞིན་གྱིས་སྟོང་པ་དེ་དེ་ཡིན་པའི་ཕྱིར། དོན་དམ་བདེན་པ་དང༌། སྟོང་ཉིད་དང༌། གནས་ལུགས་མཐར་ཐུག་དང༌། མི་བསླུབའི་ཆོས། སྣང་ཚུལ་དང་གནས་ཚུལ་མཐུན་པའི་ཆོས་རྣམས་དོན་གཅིག

གཉིས་པ་དབྱེ་བ་ནི།

ཀུན་རྫོབ་བདེན་པ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་དང༌། དེ་ལ་ལྟོས་ཏེ་ལོག་པ་གཉིས། དོན་དམ་བདེན་པ་ལ་རྒྱས་པར་དབྱེ་ན་སྟོང་ཉིད་ཉི་ཤུ་འབྲིང་དུ་བྱེད་ན་བཅུ་དྲུགམདོར་བསྡུ་ན་གང་ཟག་གི་བདགགིས་སྟོང་པའི་སྟོང་ཉིད་དང༌། ཆོས་ཀྱི་བདག་གིས་སྟོང་པའི་སྟོང་ཉིད་གཉིས་ཡོད་དོ། །

གསུམ་པ་སྒྲ་བཤད་ལ།

ཀུན་རྫོབ་བདེན་པའི་སྒྲ་བཤད་དང༌། དོན་དམ་བདེན་པའི་སྒྲ་བཤད་གཉིས། དང་པོ་ནི། བུམ་པ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། བློ་ཀུན་རྫོབ་པ་བདེན་འཛིན་གྱི་ངོར་བདེན་པས་ན་ཀུན་རྫོབ་བདེན་པ་ཞེས་བརྗོད་པའི་ཕྱིར། ཡང་ཀུན་རྫོབ་ཀྱི་སྒྲ་དོན་ལ་གསུམ་དང༌། བདེན་པའི་སྒྲ་དོན་གཉིས་སོ་སོར་ཡོད་ལ། དང་པོ་ཡོད་དེ། བདེན་འཛིན་ལ་ཀུན་རྫོབ་ཏུ་བྱས་པའི་སྒྲ་དོན་དང༌། རྫུན་པ་ལ་ཀུན་རྫོབ་ཏུ་བྱས་པའི་དེ་འདྲའི་སྒྲ་དོན་དང༌། འཇིག་རྟེན་པའི་ཐ་སྙད་ལ་ཀུན་རྫོབ་ཏུ་བྱས་པའི་དེ་འདྲའི་སྒྲ་དོན་དང་གསུམ་ཡོད་པའི་ཕྱིར། དང་པོ་ཡོད་དེ། བདེན་འཛིན་ལ་ཀུན་རྫོབ་ཏུ་བྱས་ནས་སྒྲ་དོན་བཤད་པ་དེའི་ཚེ་སམ་བྲྀ་ཏའི་སམ་ཡང་དག་དང༌། ཡང་ན་ཡི་གེ་བསྣན་ནས་ས་མནྟ་ཞེས་པ་ཀུན་ནས་དང༌། བྲྀ་ཏ་སྒྲིབ་པའམ་གཡོག་པ་སོགས་ལ་འཇུག་པས། གནས་ལུགས་ལ་ཀུན་ནས་སྒྲིབ་པ་དང་འགེབ་པ་ལྟར་བྱེད་པས་ན་བདེན་འཛིན་ལ་ཀུན་རྫོབ་དང༌། དེའི་ངོར་བདེན་པས་ན་བདེན་པ་ཞེས་བཤད་པའི་ཕྱིར། ཚིག་གསལ་ལས། ཀུན་ནས་སྒྲིབ་པས་ན་ཀུན་རྫོབ་ཅེས་བྱ་སྟེ། མི་ཤེས་པ་ནི་དངོས་པོའི་དེ་ཁོ་ན་ཉིད་ལ་འགེབ་པའི་ཕྱིར་ཀུན་རྫོབ་ཅེས་བྱའོ། །

ཞེས་གསུངས་པའི་ཕྱིར། གཉིས་པ་ནི། བུམ་པ་ཆོས་ཅན། ཁྱོད་ལ་རྫུན་པ་ལ་ཀུན་རྫོབ་ཏུ་བྱས་པའི་ཀུན་རྫོབ་ཅེས་པའི་སྒྲ་བཤད་དུ་ཡོད་དེ། ཁྱོད་རང་འདོགས་བྱེད་ཀྱི་སྒྲ་རྟོག་དང་ཕན་ཚུན་བརྟེན་པ་ཡིན་པས་ན་རྫུན་པ་དང༌། ཕན་ཚུན་བརྟེན་པ་ཙམ་དུ་རང་གི་ངོ་བོ་ཇི་ལྟར་གནས་པས་ན་དེ་ཙམ་གྱིས་བདེན་པ་ཞེས་པའི་ཐ་སྙད་བྱས་དེ་ཐ་སྙད་དུ་བདེན་པ་ཞེས་བརྗོད་པའི་ཕྱིར་ཏེ། སམ་བྲྀ་ཏ་བསྟེན་པ་ལའང་འཇུག་པའི་ཕྱིར། ཚིག་གསལ་ལས། ཡང་ན་ཕན་ཚུན་བསྟེན་པས། ཞེས་སོགས་སྔར་དྲངས་ཟིན་པ་དེའི་ཕྱིར་རོ། །གསུམ་པ་ནི་འཇིག་རྟེན་པའི་ཐ་སྙད་ལ་ཀུན་རྫོབ་ཏུ་བྱས་པའི་ཀུན་རྫོབ་ཀྱི་སྒྲ་དོན་བཤད་དུ་ཡོད་དེ། ཀུན་རྫོབ་ཀྱི་སྐད་དོད་བྲྀ་ཏ་བརྡ་ལ་འཇུག་ཅིང་བརྡ་ཞེས་པ་ནི། ཐ་སྙད་ལ་བྱེད་པ་ཡིན་ལ། སྤྱིར་ཐ་སྙད་ཅེས་པ་ཡུལ་ཅན་ཤེས་པ་དང༌། བརྗོད་པ་སྒྲ་གཉིས་ལ་གྲགས་ཀྱང་སྐབས་འདིར་ནི་ཐ་སྙད་ཅེས་པ་དེ་ལ་དེ་གཉིས་སུ་མ་ཟད་ཤེས་པ་ཐ་སྙད་པའི་ཡུལ་ཤེས་བྱ་ཐ་སྙད་པ་དང༌། རྗོད་བྱེད་ཐ་སྙད་པའི་བརྗོད་བྱ་ཐ་སྙད་པ་ཐམས་ཅད་ཀྱང་འཇོག་པ་ཡིན་པས་ཐ་སྙད་ཅེས་པས་ཀུན་རྫོབ་ཐམས་ཅད་ལ་མ་ཁྱབ་པའི་སྐྱོན་ཡང་མེད་ལ། རྗོད་བྱེད་ཐ་སྙད་པ་ནི་ཀུན་རྫོབ་རྗོད་བྱེད་ཀྱི་སྒྲ་ཁོ་ན་ལས་དོན་དམ་རྗོད་བྱེད་ཀྱི་སྒྲ་ལ་མི་འཇོགཤེས་བྱ་དང་ཡུལ་དང་བརྡའི་དོན་ཐ་སྙད་པ་རྣམས་ཀྱང་ཀུན་རྫོབ་ཤེས་པའི་རྙེད་དོན་དང༌། རྗོད་བྱེད་ཐ་སྙད་པའི་བརྗོད་བྱ་ཁོ་ན་ལས། རིགས་ཤེས་ཀྱི་རྙེད་དོན་དང་སྟོང་ཉིད་དངོས་སུ་བརྗོད་པའི་སྒྲའི་བརྗོད་བྱ་རྣམས་འཇོག་པ་མ་ཡིན་པས་ཐ་སྙད་ཅེས་པས་ཀུན་རྫོབ་མ་ཡིན་པ་ལ་ཁྱབ་པའི་ཁྱབ་ཆེས་པའི་སྐྱོན་ཡང་མེད་པ་གང་ཞིག དེ་འདྲའི་ཐ་སྙད་བཞི་པོ་ཅི་རིགས་སུ་གྲུབ་པའམ་དེ་དག་ཅི་རིགས་ཡིན་པས་ན་ཐ་སྙད་པ་ཞེས་བཤད་པའི་ཕྱིར། ཚིག་གསལ་ལས། ཀུན་རྫོབ་ནི་བརྡ་སྟེ། ཞེས་སོགས་དྲངས་ཟིན་ཏེ། དེས་ན་ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་དང༌། ཐ་སྙད་བདེན་པ་ཞེས་པའི་ཐ་སྙད་གཉིས་དོན་མི་གཅིག་སྟེ། ཀུན་རྫོབ་བདེན་པ་ཞེས་པའི་ཀུན་རྫོབ་ལ་མ་རིག་པས་ཁྱབ། ཐ་སྙད་བདེན་པའི་ཐ་སྙད་ལ་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་ཡོད་པའི་ཕྱིར་ཏེ། དཀོན་མཆོག་སྤྲིན་ལས། ཆོས་གང་ཐ་སྙད་པའི་མིང་དང་མིང་འདོགས་པ་སྟེ་བརྗོད་བྱ་དང་ཐ་སྙད་དེ་དག་ནི་ཀུན་རྫོབ་ཅེས་བྱ་སྟེ། ཞེས་གསུངས་པའི་ཕྱིར། གཉིས་པ་ཀུན་རྫོབ་བདེན་པའི་ཚིག་ཟུར་གྱི་བདེན་པའི་སྒྲ་བཤད་དུ་ཡོད་དེ། མ་རིག་པའི་ངོར་བདེན་པས་ན་ཀུན་རྫོབ་བདེན་པ་དང༌། མིང་ཤེས་ཐ་སྙད་པའི་ཡུལ་དུ་དོན་གྱིས་མི་སྟོང་བའམ། དེའི་ཡུལ་དུ་ཡོད་པས་ན་ཐ་སྙད་བདེན་པ་ཞེས་བདེན་པའི་སྒྲ་བཤད་ཚུལ་གཉིས་ཡོད་པའི་ཕྱིར། བདེན་པའི་སྐད་དོད་སརྱ་ཞེས་པ་བདེན་པ་དང་དམ་པ་དང་བསྔགས་པ་དང་མཆོད་འོས་དང་ལེགས་པ་དང་ཡོད་པ་དང་རིག་པའི་འཇལ་བ་རྣམས་ལ་འཇུག་པའི་ཕྱིར། འཆི་མེད་མཛོད་ལས། བདེན་དང་ལེགས་དང་ཡོད་པ་དང༌། །བསྔགས་པ་མཆོད་འོས་རྣམས་ལ་སར། །ཞེས་གསུངས་པའི་ཕྱིར། གཉིས་པ་དོན་དམ་བདེན་པའི་སྒྲ་བཤད་ནི། བུམ་པའི་ཆོས་ཉིད་ཆོས་ཅན། ཁྱོད་ལ་དོན་དམ་བདེན་པ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་དོན་ཡང་ཡིན་དམ་པ་ཡང་ཡིན། བདེན་པ་ཡང་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར། དེར་ཐལ། ཁྱོད་ལ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱིས་རྙེད་པའི་དོན་ཡིན་པས་ན་དོན་ཞེས་དང༌། གནས་ལུགས་མཐར་ཐུག་ཡིན་པས་ན་དམ་པ་ཞེས་དང༌། སྣང་ཚུལ་དང་གནསཚུལ་མཐུན་པས་ན་བདེན་པ་ཞེས་བརྗོད་པའི་ཕྱིར་རོ། །

དྲུག་པ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གི་ཁྱད་པར་བཤད་པ་ནི།

འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཀུན་རྫོབ་ལ་ཡང་ལོག་གཉིས་མེད་དེ། ཀུན་རྫོབ་ཡིན་ན་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པའི་ཀུན་རྫོབ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཀུན་རྫོབ་བདེན་པ་ཡིན་ན་ཀུན་རྫོབ་རྣམས་བཏགས་ཡོད་ཙམ་དུ་རྟོགས་པའི་འཇིག་རྟེན་ཤེས་ངོ་ལ་སྣང་གནས་མི་མཐུན་པའི་ལོག་པ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་ཤེས་པ་དེ་དབང་བཙན་པར་བྱས་ནས་སྤྱིར་འཇིག་རྟེན་ཤེས་ངོ་ལ་ཀུན་རྫོབ་ཡིན་ན་ལོག་པས་ཁྱབ་པར་བཞག་པ་གོང་དུ་བཤད་ཟིན་པའི་ཕྱིར་རོ། །འོན་ཀྱང་སྐབས་འདིའི་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་ལོག་གཉིས་སུ་དབྱེ་བ་ཡོད་དེ། སྐབས་འདིའི་འཇིག་རྟེན་ཤེས་པ་གང་གི་ངོར་ཡང་དག་ཀུན་རྫོབ་འཇོག་པའི་ལོག་ཤེས་དང༌། དེའི་ངོར་ལོག་པའི་ཀུན་རྫོབ་འཇོག་པའི་ཚད་མ་དང་གཉིས་ཡོད་པར་བཤད་ཟིན་པའི་ཕྱིར། དེ་འདྲའི་འཇིག་རྟེན་ཤེས་པ་གཉིས་གང་རུང་ཡིན་ན་སྟོང་ཉིད་རྟོགས་པའི་གང་ཟག་གི་བློ་མ་ཡིན་པས་ཁྱབ་སྟེ། གཟུགས་དང་བུམ་པ་སོགས་སྐབས་འདིའི་འཇིག་རྟེན་ཤེས་ངོའི་ཡང་དག་ཏུ་འཇོག་གི་ལོག་པར་མི་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཁྱབ་སྟེ། སྐབས་འདིའི་ཡང་དག་འཇོག་པའི་འཇིག་རྟེན་ཤེས་པ་ནི་གཟུགས་དེ་གཟུགས་འཛིན་དབང་ཤེས་ལ་སྣང་བ་ལྟར་གྲུབ་པར་འཛིན་པ་དང༌། གཟུགས་འཛིན་མིག་ཤེས་ལ་གཟུགས་རང་མཚན་གྱིས་གྲུབ་པ་ལ་མ་འཁྲུལ་བར་འཛིན་པའི་ཤེས་པ་དེ་ཡིན་པ་གང་ཞིག དེ་འདྲའི་ཤེས་པ་སྟོང་ཉིད་རྟོགས་པའི་གང་ཟག་གི་རྒྱུད་ལ་མེད་པ་གང་ཞིག དེའི་བཟློག་ཟླའི་སྐབས་འདིའི་འཇིག་རྟེན་ཤེས་ངོའི་ལོག་པ་དེ་གང་གི་ངོར་འཇོག་པའི་ཤེས་པ་ནི་གཟུགས་དང་གཟུགས་འཛིན་དབང་ཤེས་སོགས་མ་ཡིན་པའི་སྒྱུ་མ་དང་གཟུགས་བརྙན་སོགས་རང་འཛིན་གྱི་བློ་ལ་སྣང་བ་ལྟར་མ་གྲུབ་པ་དང༌། དེ་དག་འཛིན་པའམ་ཤེས་པ་རྣམས་སྣང་ཡུལ་ལ་འཁྲུལ་པར་རྟོགས་པའི་ཤེས་པ་དེ་ཡིན་ལ། དེ་སྟོང་ཉིད་རྟོགས་པའི་གང་ཟག་གི་བློ་ཡིན་ན་དེའི་ངོར་སྒྱུ་མ་སོགས་ལོགས་སུ་བཀར་ཏེ་ལོག་པར་འཇོག་མི་དགོས་པར་ཀུན་རྫོབ་ཐམས་ཅད་ལོག་པར་འཇོག་རིགས་པས་ན་དེ་ལ་ལྟོས་ནས་སྐབས་དེའི་ལོག་པར་བཞག་ན་དེ་ལ་ལྟོས་ནས། དེའི་བཟློག་ཟླ་ཡང་དག་ཀུན་རྫོབ་ཏུ་འཇོག་རྒྱུ་མེད་པ་ལ་སོགས་པའི་རྒྱུ་མཚན་གྱིས་སྐབས་འདིའི་ལོག་པ་འཇོག་པའི་འཇིགརྟེན་ཤེས་པ་ཡང་སྟོང་ཉིད་མ་རྟོགས་པའི་རྒྱུད་ཀྱི་བློ་ཡིན་པའི་ཕྱིར།

དེ་ལ་དང་པོ་སྐབས་འདིའི་འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་དག་ལ་མཚན་ཉིད་དང་དབྱེ་བ་གཉིས། དང་པོ་ནི། འཇིག་རྟེན་པའི་ཤེས་པ་རང་དགའ་བ་ལ་སྣང་བ་གང་ཞིག ཡུལ་ཡིན་ན་རང་སྣང་བ་ལྟར་མ་གྲུབ་པར་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་རྟོགས་མི་ནུས་པ་དང༌། ཡུལ་ཅན་ཡིན་ན་རང་ཉིད་སྣང་ཡུལ་ལ་ལོག་ཤེས་སུ་དེ་འདྲའི་ཚད་མས་རྟོགས་མི་ནུས་པ་གང་རུང་དེ། སྐབས་འདིའི་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡང་དག་གི་མཚན་ཉིད།

སྐབས་འདིའི་ཞེས་པ་ནི་སྟོང་ཉིད་མ་རྟོགས་པའི་འཇིག་རྟེན་ཤེས་ངོ༌། ཞེས་པ་དང་འདྲའོ། །

གཉིས་པ་དབྱེ་བ་ལ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ཡང་དག་དང༌། དེ་ལ་ལྟོས་ཏེ་ཡུལ་ཅན་ཡང་དག་གཉིས་ཡོད། དང་པོ་ནི། འཇིག་རྟེན་པའི་ཤེས་པ་རང་དགའ་བ་ལ་སྣང་བ་གང་ཞིག ཡུལ་ཅན་མ་ཡིན་ཞིང་རང་སྣང་བ་ལྟར་མ་གྲུབ་པར་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་རྟོགས་མི་ནུས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ཡང་དག་གི་མཚན་ཉིད། མཚན་གཞི་ནི་གཟུགས་དང་གཟུགས་བདེན་གྲུབ་གཉིས་ལྟ་བུ་སྟེ་ཤེས་པ་རང་དགའ་བ་དེས་འཛིན་ཚུལ་ལ་གཟུགས་དེ་རང་འཛིན་གྱི་བློ་ལ་སྣང་བ་ལྟར་གྲུབ་པར་བཟུང་བ་ན་གཟུགས་དང་གཟུགས་རང་བཞིན་གྱིས་བློ་ལ་སྣང་བ་ལྟར་གྲུབ་པ་གཉིས་ཀ་གཅིག་ཏུ་བཟུང་ནས་དེའི་ངོར་ཡང་དག་ཡིན་པ་གང་ཞིག དེ་ལྟར་བཟུང་བའི་ཡུལ་དེ་ལ་གཟུགས་དང་གཟུགས་སྣང་བ་ལྟར་གྲུབ་པའི་ཆ་གཉིས་དབྱེར་ཡོད་པའི་ཕྱིར། གཉིས་པ་ནི། འཇིག་རྟེན་པའི་ཤེས་པ་རང་དགའ་བ་དེས་སྣང་བ་གང་ཞིག ཡུལ་ཅན་ཡང་ཡིན། རང་ཉིད་སྣང་ཡུལ་ལ་ལོག་ཤེས་སུ་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་རྟོགས་མི་ནུས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ཅན་ཡང་དག་གི་མཚན་ཉིད། མཚན་གཞི་ནི། གཟུགས་འཛིན་ཤེས་པ་དང༌། གཟུགས་རང་བཞིན་གྱིས་གྲུབ་པར་སྣང་བ་ལ་མ་འཁྲུལ་བའི་གཟུགས་འཛིན་ཤེས་པ་ལྟ་བུ། གཟུགས་དང་གཟུགས་འཛིན་ཤེས་པ་གཉིས་མ་ཟད་གཟུགས་བདེན་གྲུབ་དང༌། གཟུགས་བདེན་འཛིན་གཉིས་ཀྱང་སྐབས་འདིའི་འཇིག་རྟེན་ཤེས་ངོའི་ཡང་དག་ཡིན་ཀྱང༌། གཟུགས་བདེན་མེད་དེ་འཇིག་རྟེན་ཤེས་ངོའི་ཡང་དག་མ་ཡིན་ཏེ། དེ་འཇིག་རྟེན་པའི་ཤེས་པ་རང་དགའ་བ་ལ་མི་སྣང་བའི་ཕྱིར། རང་འགྲེལ་ལས་ཆོས་རྣམས་བདེན་པར་མ་གྲུབ་པའི་རང་བཞིན་ནི་རང་གི་ཞེན་ཡུལ་སུན་མ་བྱུང་བའི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣངངོ༌། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པའི་ཀུན་རྫོབ་ལ་མཚན་ཉིད། དབྱེ་བ་གཉིས།

དང་པོ་ནི་འཇིག་རྟེན་པའི་ཤེས་པ་རང་དགའ་བའམ་ཐ་སྙད་པའི་ཚད་མ་ལ་སྣང་བ་གང་ཞིག ཡུལ་ཡིན་ན་སྣང་བ་ལྟར་མ་གྲུབ་པར་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་ཚད་མས་རྟོགས་ནུས་པ་དང༌། ཡུལ་ཅན་ཡིན་ན་རང་ཉིད་ལོག་ཤེས་སུ་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པས་ཚད་མས་རྟོགས་ནུས་པ་གང་རུང་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ལོག་པའི་མཚན་ཉིད། འདི་དག་གི་སྐབས་ཀྱི་ཚད་མ་ནི་རྗེས་དཔག་ཚད་མ་ལ་བྱེད་དགོས་ཏེ། སྐབས་འདིའི་ཤེས་པ་རང་དགའ་བ་ཡང་ཚད་མ་ཡིན་པས་དེ་གཉིས་ཀྱི་ནང་གི་ཚད་མ་དེ་རྗེས་དཔག་ལ་བྱེད་དགོས་པའི་ཕྱིར། གཉིས་པ་དབྱེ་བ་ལ། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ལོག་པ་དང༌། དེ་ལ་ལྟོས་ཏེ་ཡུལ་ཅན་ལོག་པ་གཉིས་ཡོད། དང་པོ་ནི། འཇིག་རྟེན་པའི་ཤེས་པ་རང་དགའ་བ་སོགས་ལ་སྣང་བ་གང་ཞིག ཡུལ་ཅན་མ་ཡིན་ཞིང་རང་སྣང་བ་ལྟར་མ་གྲུབ་པར་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཚད་མས་རྟོགས་ནུས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ལོག་པའི་མཚན་ཉིད། མཚན་གཞི་ནི། སྒྱུ་མའི་རྟ་དང༌། སྒྱུ་མའི་རྟ་རྟར་གྲུབ་པ་དང༌། ལུས་གཙང་བདེ་རྟག་བདག་བཞི་དང༌། གཙོ་བོ་རྣམས་ལྟ་བུའོ། །གཉིས་པ་ནི་འཇིག་རྟེན་པའི་ཤེས་པ་རང་དགའ་བ་སོགས་ལ་སྣང་བ་གང་ཞིག ཡུལ་ཅན་ཡང་ཡིན། རང་ཉིད་ལོག་ཤེས་སུ་དེ་ཁོ་ན་ཉིད་ལ་བློ་ཁ་མ་ཕྱོགས་པའི་ཐ་སྙད་པའི་ཚད་མས་རྟོགས་ནུས་པ་དེ། འཇིག་རྟེན་ཤེས་ངོ་ལ་ལྟོས་ཏེ་ཡུལ་ཅན་ལོག་པའི་མཚན་ཉིད། མཚན་གཞི་ནི། སྨིག་རྒྱུ་ཆུར་འཛིན་གྱི་དབང་ཤེས་དང༌། གཙོ་བོ་ཡོད་པར་འཛིན་པའི་ཤེས་པ་ལྟ་བུ་སྟེ། བདེན་འཛིན་མ་གཏོགས་པའི་ལོག་ཤེས་ཡིན་ན་སྐབས་འདིའི་ཡུལ་ཅན་ལོག་པ་ཡིན་པས་ཁྱབ་པའི་ཕྱིར། བདེན་འཛིན་སྐབས་འདིའི་ལོག་པ་མ་ཡིན་ཏེ། སྟོང་ཉིད་ལ་བློ་ཁ་མ་ཕྱོགས་པའི་གང་ཟག་གི་ཐ་སྙད་ཚད་མས་ལོག་ཤེས་སུ་རྟོགས་མི་ནུས་པའི་ཕྱིར། ཐལ་འགྱུར་བའི་རང་ལུགས་ལ་སྐབས་འདིའི་འཇིག་རྟེན་ཤེས་ངོ་ལ་ལྟོས་པའི་ཡང་ལོག་དེ་ལྟར་ཡོད་པ་ཡིན་ཀྱང༌། འཕགས་པའི་གཟིགས་པ་དང༌། རིགས་ཤེས་དང༌། སྟོང་ཉིད་རྟོགས་པའི་བུམ་པ་རང་ལུགས་ལ་དེ་ལྟར་ཡང་ལོག་ཡོད་པ་མ་ཡིན་ཏེ། འཕགས་པའི་གཟིགས་པ་དང་རིགས་ཤེས་དང་དབུ་མ་པའི་གང་ཟག་རྣམས་ཀྱི་ངོར་ཀུན་རྫོབ་བདེན་པ་ཡིན་ན་ལོག་པའི་ཀུན་རྫོབ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཟུགས་སོགས་མ་ཟད་འཕགས་པའི་མཉམ་བཞག་ཡེ་ཤེས་དང་སྟོབས་བཅུ་ལ་སོགས་པའི་རྣམ་མཁྱེན་རྣམས་ཀྱང་ཡུལ་ཅན་ལོག་པ་མ་ཡིན་ཀྱང་ཡུལ་ལོག་པ་ཡིན་པའི་ཕྱིར་རོ། །དེ་དག་ཡུལ་ཅན་ལོག་པ་མ་ཡིན་ཏེ། མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། དེ་དག་ཡུལ་ལོག་པ་ཡིན་ཏེ། སྣང་བ་ལྟར་མ་གྲུབ་པའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། སྣང་བ་ལྟར་མ་གྲུབ་པའི་ཆོས་ཡིན་ན་རྫུན་པ་ཡིན་པས་ཁྱབ་པའི་ཕྱིར། རྩ་ཤེས་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་གསུངས་པའི་ཕྱིར་རོ། རྗེ་བཙུན་ཏཱ་ར་ནཱ་ཐའི་བདེ་མཆོག་བསྟོད་འགྲེལ་ལས། སློབ་དཔོན་ཟླ་བ་གྲགས་པས། དབུ་མ་འཇུག་པར་ནི། རེས་འགའ་ཀུན་རྫོབ་ཀྱི་དབྱེ་བ་འདི་གཉིས་འགོག་པ་ལྟར་མཛད་པར་གྲགས་མོད། ཀུན་རྫོབ་ལ་ཤིན་ཏུ་དཔྱད་པའི་དབང་དུ་བྱས་ཀྱི་ཐམས་ཅད་དུ་དེ་ལ་དགྲ་ལྟར་གཟིགས་པ་ནི་མ་ཡིན་ནོ། །ཞེས་གསུངས་པ་ཡང་དོན་ལ་གོང་དུ་བཤད་པ་ལས་མ་འདས་པར་སྣང་ངོ། །དེ་བཞིན་དུ་ཐེག་མཆོག་ཟིན་བྲིས་ལས། གཙོ་བོ་དང༌། བདག་དང༌། དབང་ཕྱུག་ལ་སོགས་པར་འཛིན་པའི་རྣམ་རྟོག་གིས། དེ་དང་དེར་བཏགས་པའི་བཏགས་ཆ་གཙོ་བོ་ལ་སོགས་པའི་དོན་སྤྱི་རྣམས་ནི་ལོག་པའི་ཀུན་རྫོབ་ཉིད་དུ་ངེས་པར་བརྗོད་དོ། །

འདི་དག་ལ་ཡང་དེ་དང་དེར་སྣང་ཙམ་གྱི་ཆ་དང༌། དེར་སྣང་བ་ལ་ཕྱིན་ཅི་ལོག་ཏུ་བཏགས་པའི་ཆ་རེ་དང་གཉིས་གཉིས་ཡོད་པ་ལས། སྤྱིར་གཉིས་ཀ་ལོག་པའི་ཀུན་རྫོབ་ཡིན་ཡང༌། ཕྱི་མ་ཕྱིན་ཅི་ལོག་ཏུ་སྒྲོ་བཏགས་པའི་ཆ་དེ་ཉིད་ལོག་པའི་ཀུན་རྫོབ་ཉིད་དུ་གཙོ་བོ་འཇོག་པ་ཡིན་ཏེ། དབུ་མ་འཇུག་པ་ལས། མི་ཤེས་གཉིད་ཀྱིས་རབ་བསྐྱོད་མུ་སྟེགས་ཅན། །རྣམས་ཀྱི་བདག་ཉིད་ཇི་བཞིན་བརྟགས་པ་དང༌། །སྒྱུ་མ་སྨིག་རྒྱུ་སོགས་ལ་བརྟགས་པ་གང༌། །དེ་དག་འཇིག་རྟེན་ལས་ཀྱང་ཡོད་མིན་ཉིད། །ཅེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ཡིན་སྙམ་མོ། །

ཡང་གཞན་སྟོང་དབུ་མའི་རང་ལུགས་ལ་ཀུན་རྫོབ་ལ་ཡང་ལོག་གི་དབྱེ་བ་འཇོག་དགོས་ཏེ། སྔོན་མེད་ལེགས་བཤད་ལས། ཅི་སྟེ་འཇིག་རྟེན་གྱི་ལུགས་གང་ཡིན་པ་དེ་ཡང༌། ཁྱེད་ཅག་ཁས་ལེན་པར་འདོད་པའི་ཕྱིར། ཡང་ལོག་གི་དབྱེ་བ་ཡང་ཅིའི་ཕྱིར་རང་ལུགས་མ་ཡིན། ཡང་ཀུན་རྫོབ་རྣམ་པར་འཇོག་བཞིན་དུ་ཡང་ལོག་གི་དབྱེ་བ་ལ་དོན་དམ་དཔྱོད་བྱེད་ཀྱི་རིག་ཤེས་ཀྱིས་དཔྱོད་པ་འདི་ནི། དོན་དམ་སྒོ་ཅན་གྱི་གླན་ཀ་ཡིན་པས་ལྟ་བ་ངན་པའི་གཞི་ཆེན་པོར་འགྱུར་ལ། དེར་མ་ཟད་དབུ་མ་འཇུག་པ་ལས། ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་ཀུན་རྫོབ་མ་བརྟགས་མ་དཔྱད་པ་ཁོ་ནར་འཇོག་པར་འདོད་པ་དང༌། དེ་ཉིད་སྐབས་སུ་རིག་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིག་མིན་པས། །རིག་དེས་ཐ་སྙད་དུ་ཡང་རིག་མིན་པས། ཁྱོད་ཀྱི་སྐྱེ་བ་གང་གི་ཡིན་པར་འགྱུར། །ཞེས་དང༌། གང་ཟག་བདག་མེད་འཆད་པའི་སྐབས་ནའང༌། །དེ་ནི་དེ་ཉིད་དུ་ཡིད་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །

ཞེས་དོན་དམ་དཔྱོད་བྱེད་ཀྱི་རིག་པ་དེས་ཐ་སྙད་དུ་དཔྱད་ཀྱང༌། སྣང་ཙམ་དེ་མིན་ལས་གྲོལ་བའི་སྤྲོས་བྲལ་དུ་གཏན་ལ་འབེབས་ནུས་སོ་ཞེས། དཔྱད་ངོར་སྒྱུ་མ་ལྟ་བུ་ཀུན་རྫོབ་ཏུ་འདོད་པ་གཉིས། རང་ཚིག་སྔ་ཕྱི་ཆེས་འགལ་བ་ཡིན་ལ་རིག་པས་ཀྱང་མི་འཐད་དེ། རིག་ཤེས་ཀྱིས་དཔྱད་པའི་ཚེ། དཔྱད་ངོ་ན་ཀུན་རྫོབ་རང་མ་གྲུབ་པས། དཔྱད་གཞི་མེད་པའི་ཁྱད་ཆོས་སྤྲོས་བྲལ་མི་སྲིད་ཅིང༌། སྣང་བ་མ་འགགས་པར་ཤར་བ་དེ་ནི་བག་ཆགས་ཀྱི་སྟོབས་ལས་དབང་མེད་དུ་ཤར་བ་ཡིན་གྱི། རིག་ངོར་མ་ཡིན་པས། དཔྱད་པ་མེད་པའི་སྣང་བ་ཙམ་ལ། སྤྲོས་བྲལ་ལམ་སྒྱུ་མའི་མཚན་ཉིད་དང༌། ཐ་སྙད་འཇོག་ཏུ་མེད་དེ། མ་དཔྱད་ཅིང་མ་བསྒོམས་པ་ལ་ཡང་དེ་ནི་ཡོད་ན། འཁོར་བ་པ་ཐམས་ཅད་ཀྱང༌། སྒྱུ་མ་ལྟ་བུ་ཤེས་པ་དང༌། སྤྲོས་བྲལ་གྱི་ཡེ་ཤེས་ལ་འཇུག་བཞིན་པ་ཡིན་པར་འགྱུར་རོ། །ཁྱེད་ཀྱི་ལུགས་ལ་མ་དཔྱད་པའི་ཚེ་རྣམ་གཞག་ཐམས་ཅད་ཁས་ལེན་ལ་དེ་ནི་ཀུན་རྫོབ་བདེན་པའི་འཇུག་ཚུལ་ཡིན་ཅིང༌། དཔྱད་པའི་ཚེ་ཁས་ལེན་ཐམས་ཅད་དང་བྲལ་བ་འདི་ནི་དོན་དམ་བདེན་པ་ལ་འཇུག་པའོ། །ཞེས་རྐང་བཙུགས་ཏེ་སྨྲས་པ་ཡིན་ན་ཀུན་རྫོབ་ཏུ་ཡང་དཔྱད་པའི་ཚེ། དེ་དང་དེ་མི་འགྲུབ་ཅེས་ཟེར་བ་འདི་ནི། རང་ཚིག་ཤིན་ཏུ་འགལ་བ་ཡིན་ཏེ། དཔེར་ན་ཤི་བའི་རོ་དུམ་བུར་གཏུབས་ན་འཇིག་པ་བཞིན་དུ། མ་ཤི་གསོན་བཞིན་དུ་ཤི་བའི་རོ་དུམ་བུར་གཏུབས་ཀྱང་འཇིག་པར་འགྱུར་རོ་ཞེས་ཟེར་ན། ཤིན་ཏུ་འབྲེལ་མེད་པ་བླ་རྡོལ་ལྟ་བུའི་ཚིག་ཏུ་འགྱུར་བ་བཞིན་ནོ། །དེས་ན་གསོན་བཞིན་དུ་ཤི་བའི་རོ་མི་སྲིད་པ་ལྟར་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཀུན་རྫོབ་ཏུ་དཔྱོད་པ་དེ་འདྲ་མི་སྲིད་དེ། རིགས་པ་དེས་དཔྱད་ཕྱིན་དོན་དམ་ཁོ་ནར་དཔྱད་པར་འགྲོ་བས་སོ། །དོན་དམ་དཔྱོད་བྱེད་ཀྱི་རིགས་པས་དཔྱད་ཅེས་པའི་དཔྱད་པ་རང་ངོས་ནས་ཀུན་རྫོབ་ཡིན་ཡང༌། ཀུན་རྫོབ་ཏུ་དཔྱད་པ་མ་ཡིན་ཏེ་དཔྱད་པས་དོན་དམ་གོ་ནུས་པའི་ཕྱིར་རོ། །གཞན་དུ་ན་དཔྱད་འབྲས་ཀུན་རྫོབ་གོ་བ་ལ་འཇོག་དགོས་ཤིང༌། ཁྱོད་དག་དོན་དམ་དཔྱོད་བྱེད་ཀྱི་རིགས་པས་ཀུན་རྫོབ་ཏུ་དཔྱད་ན་དོན་དམ་གོ་བར་འགྱུར་རོ་ཞེས་སྨྲ་བའམ། ཀུན་རྫོབ་ཏུ་དཔྱད་པས་དམ་པའི་དོན་གོ་བར་འགྱུར་ཞེས་སྨྲ་ལ་རགདེའི་ཕྱིར་མ་འབྲེལ་བ། འགལ་བ་ཕྱིན་ཅི་ལོག་དེ་ལ་སུ་ཞིག་ཡིད་རྟོན་པར་བྱེད། ཅེས་གསུངས་པ་ལྟར་རོ། །

བདུན་པ་བདེན་གཉིས་ཤེས་པའི་ཕན་ཡོན་ནི།

བདེན་པ་གཉིས་ཇི་བཞིན་དུ་ཤེས་པའི་ཕན་ཡོན་ཡོད་དེ། ཆོས་ཐམས་ཅད་དོན་དམ་པར་བརྗོད་དུ་མེད་ཀྱང་ཐ་སྙད་དུ་མིང་བརྡ་ཙམ་གྱིས་བཞག་པའི་རྒྱ་ཆེ་བའི་ལམ་རིམ་དང་རྒྱུ་འབྲས་མ་འཆོལ་བར་འབྱུང་བ་སོགས་རྒྱ་ཆེ་བ་ལ་མཁས་ཤིང་བསོད་ནམས་ཀྱི་ཚོགས་གྲངས་མེད་པ་བསགས་པ་དང་དེའི་འབྲས་བུ་ལ་སྤྱོད་ཀྱང༌། དོན་དམ་པར་ཞེན་པ་མེད་པར་གནས་ལུགས་ནམ་མཁའ་ལྟ་བུའི་མཉམ་བཞག་ཟབ་མོའི་ལམ་སྟེ་བསོད་ནམས་དང་ཡེ་ཤེས་ཀྱིས་བསྡུས་པའི་ཚོགས་གཉིས་ཀྱི་གཤོག་ཡང་དཀར་པོ་བསྐྱེད་དེ། ལེགས་སྨོན་གྱི་རླུང་ཤུགས་ལ་བརྟེན་ནས། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་དུ་འགྲོ་བར་འགྱུར་བའི་ཕྱིར་ཏེ། དཀོན་མཆོག་སྤྲིན་ལས། འཇིག་རྟེན་པའི་ཆོས་སུའང་འདོགས་ལ་དོན་དམ་པར་འཇིག་རྟེན་པའི་ཆོས་རྣམས་སུའང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །སངས་རྒྱས་ཀྱི་ཆོས་རྣམས་སུའང་ཡོད་པར་འདོགས་ལ་དོན་དམ་པར་ན་སངས་རྒྱས་ཀྱི་ཆོས་རྣམས་སུ་ཡང་མི་དམིགས་ཤིང་མངོན་པར་མི་ཆགས་སོ། །ཞེས་དང༌། བདེན་གཉིས་ལས། བདེན་གཉིས་རྣམ་དབྱེ་ཤེས་པ་དག། ཐུབ་པའི་བཀའ་ལ་མི་རྨོངས་ཏེ། །དེ་དག་མ་ལུས་ཚོགས་བསགས་ནས། །ཕུན་ཚོགས་ཕ་རོལ་འགྲོ་བ་ཉིད། །ཅེས་དང༌། རྩ་བར། ཀུན་རྫོབ་དེ་ཉིད་གཤོག་ཡང་དཀར་པོ་རྒྱས་གྱུར་པ། །ཞེས་སོགས་ནས། མཆོག་ཏུ་འགྲོ། །ཞེས་གསུངས་པའིཕྱིར་རོ། །

བརྒྱད་པ་བདེན་གཉིས་མ་ཤེས་པའི་ཉེས་དམིགས་ནི།

བདེན་པ་གཉིས་ཀྱི་རྣམ་དབྱེ་མ་ཤེས་པའི་ཉེས་པ་ཡོད་དེ། དོན་དམ་མ་ཤེས་ན་འཁོར་བ་ལས་གྲོལ་བ་མ་ཟད་སྦྱོར་ལམ་ཙམ་ཡང་ཐོབ་མི་སྲིད། དགེ་སྡིག་གི་འབྲས་བུ་བདེ་སྡུག་སོ་སོར་སྨིན་པ་ལ་སོགས་པའི་ཀུན་རྫོབ་ཀྱི་ཚུལ་དེ་འཇོག་མ་ཤེས་ན་ཐར་བ་ལྟ་ཅི་བདེ་འགྲོར་ཡང་མི་ཐོབ་པའི་ཕྱིར། རྩ་ཤེས་ལས། གང་དག་བདེན་པ་དེ་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམས་མི་ཤེས། །ཞེས་དང༌། རྩ་བར། བདེན་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོགལོག་པའི་ལམ་ངན་ཞུགས། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་བདེན་པ་གཉིས་ཀྱི་གཞུང་གི་དོན་བཤད་པ་ལ། ཀུན་རྫོབ་ཀྱི་བདེན་པ་བཤད་པ་དང༌། དོན་དམ་པའི་བདེན་པ་བཤད་པ་དང་གཉིས། དང་པོ་ལ། ཀུན་རྫོབ་པ་གང་གི་ངོར་བདེན་ལ་གང་གི་ངོར་མི་བདེན་པའི་དོན་དང༌། ཉོན་མོངས་པའི་རྣམ་བཞག་ཐུན་མོང་མ་ཡིན་པ་བཤད་པ་དང་གཉིས། དང་པོ་ནི། རྩ་བར། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །

དེས་གང་བཅོས་མ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །

བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གཏི༷་མུ༷ག་ར༷ང་བཞི༷ན་སྒྲི༷བ་ཕྱི༷ར་ཀུ༷ན་རྫོ༷བ་སྟེ༷། །ཞེས་པའི་ཀུན་རྫོབ་ནི་ཀུན་རྫོབ་པ་སྤྱི་ངོས་འཛིན་པ་མ་ཡིན་པར་དེའི་ཀུན་རྫོབ་ནི་ཀུན་རྫོབ་ཀྱི་ཆོས་རྣམས་བློ་གང་གི་ངོར་བདེན་པ་ཡིན་ཞེས་འཇོག་པའི་བློ་ཀུན་རྫོབ་པ་ངོས་འཛིན་པ་གང་ཞིག དེ་ལྟར་འཇོག་པའི་བློ་ཀུན་རྫོབ་པ་ནི་བདེན་འཛིན་ཁོ་ན་ལ་བྱེད་པ་ཡིན་ལ། བདེན་འཛིན་ལས་གཞན་པའི་ཀུན་རྫོབ་པ་དུ་མ་ཡོད་པའི་ཕྱིར་རོ། །རང་འགྲེལ་ལས། འདིས་སེམས་ཅན་རྣམས་ཇི་ལྟར་གནས་པའི་དངོས་པོ་ལྟ་བ་ལ་རྨོངས་པར་བྱེད་པས་ན་གཏི་མུག་སྟེ། མ་རིག་པ་དངོས་པོའི་རང་གི་ངོ་བོ་ཡོད་པ་མ་ཡིན་པ་སྒྲོ་འདོགས་པར་བྱེད་པ་རང་བཞིན་མཐོང་བ་ལ་སྒྲི༷བ་པའི་བདག་ཉིད་ཅན་ནི་ཀུན་རྫོབ་བོ། །ཞེས་སོ། །དེ་འདྲའི་ཀུན་རྫོབ་བདེན་འཛིན་དེ༷ས་སྔོན་པོ་ལ་སོགས་པའི་དངོས་པོ་ཆོས་ག༷ང་ཞིགརང་བཞིན་གྱིས་གྲུབ་པར་མེད་བཞིན་དུ་རང་བཞིན་གྱིས་གྲུབ་པ་ལྟར་དུ་སྣང་བར་བཅོས་པའི་བཅོ༷ས་མ༷། སེམས་ཅན་རྣམས་ལ་བདེ༷ན་པ༷ར་གྲུབ་པར་སྣ༷ང་བའི་གཟུགས་ལ་སོགས་པ་དེ༷་ནི༷་ཆོས་ཅན་ཀུ༷ན་རྫོ༷བ་བདེ༷ན་པ་ཡིན་ཞེ༷ས་ཐུ༷བ་པ༷་དེ༷ས་གསུ༷ངས་ཏེ༷། དེ་དག་དོན་ལ་སྣང་གནས་མི་མཐུན་པའི་རྫུན་པ་ཡིན་ཀྱང་འཇིག་རྟེན་གྱི་ཕྱིན་ཅི་ལོག་གི་ཀུན་རྫོབ་བདེན་འཛིན་གྱི་ངོར་སྣང་གནས་མཐུན་པའི་བདེན་པ་ཡིན་པའི་རྒྱུ་མཚན་གྱིས་བཅོམ་ལྡན་འདས་ཀྱིས་ཀུན་རྫོབ་བདེན་པ་ཞེས་གསུངས་པ་ཡིན་པའི་ཕྱིར་རོ། །

གཟུགས་སོགས་ཆོས་ཅན། ཀུན་རྫོབ་མ་རིག་པའི་ངོར་བདེན་ཀྱང་དོན་དམ་བདེན་པ་མ་ཡིན་ཏེ། གང་ཟག་གསུམ་གྱི་ངོར་ནི་སྣང་གནས་མི་མཐུན་པར་རྟོགས་པས་བདེན་གྲུབ་ཏུ་གཅོས་པའི་བཅོ༷ས་མ༷ར་གྱུ༷ར་པ༷འི་དངོ༷ས་པོ་ཡིན་པས་དེ་འདྲའི་བཅོས་པའི་དངོས་པོ་རྣམས་ནི༷། གང་ཟག་གསུམ་གྱི་བློ་ཀུན་རྫོབ་པའི་ངོར་ནི་བདེན་པ་མ་ཡིན་པས་ཀུ༷ན་རྫོ༷བ་ཏུ༷་གྲུབ་པའོ༷། །མ་རིག་པ་ལ་ཀུན་རྫོབ་ཅེས་བརྗོད་པ་འདི་ཐུབ་པའི་དགོངས་པ་ཡིན་ཏེ། ལང་གཤེགས་ལས། དངོས་རྣམས་སྐྱེ་བ་ཀུན་རྫོབ་ཏུ། །དམ་པའི་དོན་དུ་རང་བཞིན་མེད། །རང་བཞིན་མེད་ལ་འཁྲུལ་བ་གང༌། །

དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་དངོས་པོ་རྣམས་སྐྱེ་བ་ནི་ཀུན་རྫོབ་ཅེས་ཐ་སྙད་ཙམ་དུ་ཡོད་ལ། དམ་པའི་དོན་དུ་སྟེ་དོན་དམ་པར་ནི་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་ཞིང༌། དེ་ལྟར་དངོས་པོ་རྣམས་རང་བཞིན་མེད་པ་ལ་རང་བཞིན་ཡོད་པར་འཁྲུལ་བའི་བློ་གང་ཡིན་པ་དེ་ནི་དངོས་པོ་རྣམས་ཀྱི་གནས་ལུགས་ཡང་དག་པའི་དོན་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་ཡིན་པར་འདོད་ཅེས་གསུངས་པའི་ཕྱིར་རོ། །དེས་ན་ལུང་དེའི་ཡང་དག་ཀུན་རྫོབ་འདོད། །ཅེས་པ་ནི་དེ་འདྲའི་འཁྲུལ་བའི་བློ་དེ་ཡང་ལོག་གཉིས་ཀྱི་ནང་གི་ཡང་དག་ཀུན་རྫོབ་ཡིན་ཞེས་སྟོན་པ་མ་ཡིན་ཏེ། དེ་འདྲའི་འཁྲུལ་བའི་བློ་དེ་ཡང་དག་པའི་དོན་ལ་སྒྲིབ་བྱེད་ཡིན་ཞེས་པའི་དོན་ཡིན་པའི་ཕྱིར་ཏེ། སྐབས་འདིའི་ཀུན་རྫོབ་ནི་ཡང་དག་པའི་དོན་སྒྲིབ་བྱེད་ལ་བྱེད་པའི་ཕྱིར་རོ། །

ཡང་དངོས་རྣམས་སྐྱེ་བ་ཀུན་རྫོབ་དང༌། །ཞེས་པ་དང༌། དེ་ནི་ཡང་དག་ཀུན་རྫོབ་འདོད། །ཅེས་པའི་ཀུན་རྫོབ་གཉིས་མིང་འདྲ་ཡང་དོན་མི་འདྲ་སྟེ། སྔ་མ་ནི་རྫུན་པར་གྲུབ་པའི་དངོས་པོ་བཏགས་པ་ཙམ་ཐམས་ཅད་ཡིན་ལ། ཕྱི་མ་ནི་དངོས་པོ་རྣམས་གང་གི་ངོར་བདེན་པའི་བདེན་འཛིན་ཀུན་རྫོབ་ཡིན་པའི་ཕྱིར། སྐབས་འདིར་རང་འགྲེལ་དུ། རང་བཞིན་ནི་མ་རིག་པ་དང་ལྡན་པ་རྣམས་ལ་རྣམ་པ་ཐམས་ཅད་དུ་མི་སྣང་ངོ། །དེའི་ཕྱིར་དེ་དང་གང་ཞིག་ཀུན་རྫོབ་ཏུ་ཡང་བརྫུན་པ་ཀུན་རྫོབ་ཀྱི་བདེན་པ་མ་ཡིན་ནོ། །དེ་ལྟར་ན་རེ་ཞིག་སྲིད་པའི་ཡན་ལག་གིས་ཡོངས་སུ་བསྡུས་པ་ཉོན་མོངས་པ་ཅན་གྱི་མ་རིག་པའི་དབང་གིས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་གཞག་གོ། །ཞེས་དང༌། ཤེས་བྱའི་སྒྲིབ་པའི་མཚན་ཉིད་ཅན་མ་རིག་པ་༼སྒོ་མང་ཡིག་ཆར་ཤེས་སྒྲིབ་ལ་ཤེས་པ་ཡོད་ལ། བློ་གསལ་གླིང་དང་སེ་ར་རྗེ་བཙུན་པ་རྣམས་ཀྱིས་ཤེས་སྒྲིབ་ལ་བག་ཆགས་ལས་ཤེས་པ་མེད་པར་འདོད་དོ། །ཉོན་སྒྲིབ་མ་སྤངས་པར་ཤེས་སྒྲིབ་སྤོང་བའི་མགོ་མི་རྩོམ་པ་ལྟར་ན་ཤེས་སྒྲིབ་ལ་ཤེས་པ་བཞག་དཀའ། ཤེས་སྒྲིབ་ལ་ཤེས་པ་མི་འདོད་པའི་ལུགས་ལ་སྐབས་འདིར་རང་འགྲེལ་ལས་མ་རིག་པ་གསུངས་པ་མ་རིག་པའི་བག་ཆགས་ལ་དགོངས་པར་བཤད་དགོས། དེས་ན་ཤེས་སྒྲིབ་ལ་ཤེས་པ་ཡོད་མེད་དཔྱད། ༽ཙམ་ཀུན་ཏུ་སྤྱོད་པའི་ཕྱིར། སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་གྱི་འཕགས་པ་རྣམས་ལ་སྣང་གི། སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་རྣམས་ལ་ནི་མ་ཡིན་ནོ། །སངས་རྒྱས་རྣམས་ལ་ནི་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་བྱང་ཆུབ་པའི་ཕྱིར། སེམས་དང་སེམས་ལས་བྱུང་བའི་རྒྱུ་བ་གཏན་ལོག་པར་འདོད་པ་ཡིན་ནོ། །དེ་ལྟར་ན་རེ་ཞིག་བཅོམ་ལྡན་འདས་དེས་ཀུན་རྫོབ་ཀྱི་བདེན་པ་དང་ཀུན་རྫོབ་ཙམ་དུ་གསུངས་པ་ཡིན་ནོ། །དེ་ལ་སོ་སོའི་སྐྱེ་བོ་རྣམས་ཀྱི་དོན་དམ་པ་གང་ཡིན་པ་དེ་ཉིད་འཕགས་པ་སྣང་བ་དང་བཅས་པའི་སྤྱོད་ཡུལ་ཅན་རྣམས་ཀྱི་ཀུན་རྫོབ་ཙམ་ཡིན་ལ། དེའི་རང་བཞིན་སྟོང་པ་ཉིད་གང་ཡིན་པ་དེ་ནི་དེ་རྣམས་ཀྱི་དོན་དམ་པའོ། །

སངས་རྒྱས་རྣམས་ཀྱི་དོན་དམ་པ་ནི་རང་བཞིན་ཉིད་ཡིན་ཞིང༌། དེ་ཡང་སླུ་བ་མེད་པ་ཉིད་ཀྱི་དོན་དམ་པའི་བདེན་པ་ཡིན་ལ། དེ་ནི་དེ་རྣམས་ཀྱི་སོ་སོ་རང་གིས་རིག་པར་བྱ་བ་ཡིན་ནོ། །

ཀུན་རྫོབ་ཀྱི་བདེན་པ་ནི་སླུ་བར་བྱེད་པ་ཉིད་ཀྱི་ཕྱིར་དོན་དམ་པའི་བདེན་པ་མ་ཡིན་ནོ། །ཞེས་གསུངས་པ་ལྟར་ཤེས་པར་བྱའོ། །གཞུང་དེར་སེམས་དགག་པ་དེ། ཞེས་པའི་དོན་ཚིག་ཟིན་ཙམ་ཁས་ལེན་མི་ནུས་པར་ས་བཟང་གི་རྒྱུད་བླའི་འགྲེལ་བ་སོགས་ན་གསུངས་ཏེ། རྒྱུད་བླ་ས་འགྲེལ་ལས། མི་མཁས་པ་ཁ་ཅིག་སངས་རྒྱས་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་མེད་དེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་དང༌། འཇུག་པ་ལས། སེམས་འགགས་པ་དེ་ཆོས་སྐུས་མངོན་དུ་མཛད་ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེ་ན། དེ་ནི་ཤིན་ཏུ་རིགས་པ་མ་ཡིན་ཏེ། དོན་དམ་པའི་སངས་རྒྱས་ནི་ཡེ་ཤེས་ཀྱི་སྐུ་ཡིན་པའི་ཕྱིར་རོ། །རྒྱུད་ལས། ཡེ་ཤེས་སྐུ་སྟེ་རང་བྱུང་བ་ཞེས་པ་ལ་སོགས་པ་རྒྱ་ཆེར་གསུངས་ཤིང༌། རྒྱན་ལས་ཀྱང༌། སངས་རྒྱས་རྣམས་ནི་མངོན་སུམ་སྤྱན། །དུས་ལའང་ཡེ་ཤེས་སྒྲིབ་པ་མེད། །ཅེས་པ་ལ་སོགས་པ་མང་དུ་གསུངས་ལ། བདེན་གཉིས་ལས་ཀྱང༌། མཁྱེན་པའི་སྐད་ཅིག་གཅིག་གིས་ནི། །ཤེས་བྱའི་དཀྱིལ་འཁོར་ཀུན་ཁྱབ་ཅན། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །སེམས་འགགས་པར་གསུངས་པ་རྣམས་ཀྱང་རྣམ་པར་ཤེས་པ་ལ་དགོངས་པ་ཡིན་གྱི། ཡེ་ཤེས་ནི་མ་ཡིན་ཏེ། འགྱུར་བ་མེད་པ་ཉིད་ཀྱི་ཕྱིར་རོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་ལས། ཁ་ཅིག་ཡེ་ཤེས་རྣམས་གཞན་སྣང་ལ་ལྟོས་ནས་བཞག་པ་ཡིན་གྱི། སངས་རྒྱས་པ་ན་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་དེ། འཇུག་པ་ལས། སེམས་འགགས་པ་དེ་སྐུ་ཡིས་མངོན་སུམ་མཛད་ཅེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེ་ན། སེམས་འགགས་པར་གསུངས་པའང་མདོ་ལས་སེམས་ནི་སེམས་མ་མཆིས་པ་སྟེ། ཞེས་པ་ལྟར་གློ་བུར་གྱི་དྲི་མ་རྣམ་ཤེས་ཀྱི་ཆ་འགགས་པ་ལ་དགོངས་པ་ཡིན་གྱི། སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་པ་ལྟར་རང་བཞིན་གྱིས་དག་པའི་ཡེ་ཤེས་ཀྱི་ཆ་འགགས་པ་ནི་མ་ཡིན་ཏེ། ༼རྒྱུད་བླ་མར། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་པ་ལྟར། ༽ནམ་མཁའ་ལྟར་འགྱུར་བ་མེད་པའི་ཕྱིར་རོ། །ཅི་སྟེ་ཡེ་ཤེས་མེད་ན་བྱང་ཆུབ་ཡོན་ཏན་གྱི་ཕྲིན་ལས་དང་བཅས་པའང་མེད་པར་ཐལ་བར་འགྱུར་ཏེ། ཡུམ་ལས། ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་མེད་པར་འགྱུར། །ཞེས་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པར་མ་བགྱིས་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་མི་ནུས་སོ་ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །ཞེས་གསུངས་སོ། །

དེ་ལྟར་ཉ་ཊཱིཀ་གི་ལུས་རྣམ་བཞག་གི་རྣམ་མཁྱེན་བཤད་སྐབས་སུ་སངས་རྒྱས་ཀྱི་སར་ཤེས་པཡོད་པར་ལུང་རིགས་ཀྱི་བཤད་ཡོད་པས་ལྟ་བར་བྱའོ། །

གཉིས་པ་ཉོན་མོངས་པའི་རྣམ་བཞག་ཐུན་མོང་མ་ཡིན་པ་བཤད་པ་ནི།

བཞི་བརྒྱ་པ་ལས། ལུས་ལ་ལུས་དབང་ཇི་བཞིན་དུ། །གཏི་མུག་ཀུན་ལ་གནས་གྱུར་ཏེ། །ཞེས་པའི་འགྲེལ་བ་ལས། གཏི་མུག་ནི་དེ་རྣམས་ཇི་ལྟར་བདེན་པ་རྟོགས་པ་ལས་རྨོངས་པ་ཉིད་ཀྱི་ཕྱིར། དངོས་པོ་བདེན་པའི་རང་གི་ངོ་བོ་ལྷག་པར་སྒྲོ་འདོགས་པར་རབ་ཏུ་འཇུག་གོ། འདོད་ཆགས་ལ་སོགས་པ་དག་ཀྱང་གཏི་མུག་གི་ཀུན་ཏུ་བརྟགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ། སྡུག་པ་མི་སྡུག་པ་ལ་སོགས་པའི་ཁྱད་པར་སྒྲོ་འདོགས་པར་འཇུག་པ་ཉིད་ཀྱི་ཕྱིར་གཏི་མུག་ལས་ཐ་མི་དད་པར་འཇུག་པར་འགྱུར་ཞིང༌། གཏི་མུག་ལ་བརྟེན་པར་ཡང་འགྱུར་ཏེ། གཏི་མུག་གཙོ་བོ་ཉིད་ཀྱི་ཕྱིར་རོ། །ཞེས་གཏི་མུག་ནི་དངོས་པོ་དེ་རྣམས་བདེན་གྲུབ་ཏུ་བཟུང་བ་ལས་ཡུལ་གྱི་གནས་ཚུལ་ལ་རྨོངས་པ་ཉིད་ཡིན་པས་དངོས་པོ་རྣམས་བདེན་གྲུབ་ཀྱི་ངོ་བོར་སྒྲོ་འདོགས་པ་ལ་འཇུག་པར་བྱེད་དོ། །ཞེས་དུག་གསུམ་གྱི་ནང་གི་གཏི་མུག་ནི་བདེན་འཛིན་ཡིན་པར་བསྟན། འདོད་ཆགས་དང་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱང༌། བདེན་འཛིན་གཏི་མུག་གིས་སྒྲོ་བཏགས་པའི་རང་བཞིན་གྱིས་གྲུབ་པ་ཁོ་ནའི་ཡུལ་སྡུག་པ་དང་མི་སྡུག་པ་དང་བར་མ་ལ་སོགས་པའི་ཁྱད་པར་དུ་སྒྲོ་འདོགས་པའི་ཚུལ་མིན་ཡིད་བྱེད་ཀྱིས་སྒྲོ་འདོགས་པའི་རང་བཞིན་གྱིས་གྲུབ་པའི་ཡིད་འོང་ལ་སོགས་པའི་ཡུལ་ལ་རིམ་བཞིན་འདོད་ཆགས་དང་ཞེ་སྡང་དང་བདེན་འཛིན་གྱི་རིགས་རྒྱུན་སོགས་ཉོན་མོངས་ཐམས་ཅད་འཇུག་པ་ཡིན་ཞིང༌། དེ་ཡང་གཏི་མུག་ལས་ཐ་མི་དད་པར་འཇུག་པ་སྟེ་རྣམ་པ་ཀུན་ཏུ་གཏི་མུག་དང་མཚུངས་ལྡན་ཁོ་ནར་འཇུག་པས་གཏི་མུག་བཞིན་དེ་དང་མཚུངས་ལྡན་གྱི་ཆགས་པས་ཀྱང་ཡིད་འོང་གི་ཡུལ་དེ་རང་བཞིན་གྱིས་གྲུབ་པ་དང༌། ཆགས་པ་བཞིན་དེ་དང་མཚུངས་ལྡན་གྱི་གཏི་མུག་གིས་ཀྱང་རང་ཡུལ་ཡིད་འོང་ལ་སྲེད་པའི་རྣམ་པས་འཇུག་པ་དང་གཏི་མུག་དེ་དང་མཚུངས་ལྡན་གྱི་ཞེ་སྡང་དང་ང་རྒྱལ་སོགས་ཀྱང་དེ་དང་འདྲ་བ་དང༌། དེ་ཡང་ཆགས་སོགས་ནི་ཡུལ་བདེན་གྲུབ་ཏུ་འཛིན་པའི་གཏི་མུག་སྔོན་དུ་སོང་བ་ལ་བརྟེན་ནས་སྐྱེ་བའམ་གཏི་མུག་གིས་དྲངས་པ་ཡིན་ཏེ། གཏི་མུག་ནི་ཉོན་མོངས་པ་རྣམས་ཀྱི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཞེས་བདེན་འཛིན་ནི་མ་རིག་པ་དང༌། དེས་དྲངས་པའི་ཆགས་སོགས་བདེན་འཛིན་དང་དམིགས་རྣམ་སོགས་མཚུངས་པ་ཡིན་པར་བསྟན་ལ། དེ་འདྲའི་དངོས་པོ་བདེན་འཛིན་ཉིད་ནི་འཁོར་བའི་རྩ་བའི་མ་རིག་པ་ཡིན་པར་སྟོང་ཉིད་བདུན་ཅུ་པ་ལས་གསུངས་ཤིང༌། རིགས་པ་དྲུག་ཅུ་པ་ལས་ཀྱང༌། གང་ཡང་རུང་བའི་གནས་རྙེད་ནི། །ཞེས་སོགས་བདེན་འཛིན་གྱི་དམིགས་གཏད་གང་ཡང་རུང་བའི་བདེན་གྲུབ་ཀྱི་གནས་ཤིག་བློ་ངོར་ཡོད་པར་རྙེད་ན། དེའི་རྒྱུ་ལས་ཉོན་མོངས་པའི་སྦྲུལ་གདུག་གཡོ་ཅན་གྱིས། གང་ཟག་དེ་ཟིན་པར་འགྱུར་རོ། །གང་ཟག་གང་གི་སེམས་ལ་བདེན་འཛིན་གྱི་དམིགས་གཏད་ཀྱི་གནས་བདེན་གྲུབ་ཏུ་འཛིན་པ་མེད་པ་དེ་དག་ནི་ཉོན་མོངས་པའི་རྒྱུ་མེད་པས་ཉོན་མོངས་པས་ཟིན་པར་མི་འགྱུར། ཞེས་སོགས་གསུངས་པས་བདེན་འཛིན་འཁོར་པའི་རྩ་བ་ཡིན་པ་ནི་འཕགས་པའི་བཞེད་པ་དམ་པ་ཡིན་པར་ཟླ་བ་གྲགས་པའི་ལུགས་ལ་འཆད་པར་བྱའོ། །འོན་ཀྱང་བདེན་འཛིན་ཉོན་སྒྲིབ་མི་འདོད་པའི་དབུ་མ་པ་དག་གིས་མ་རིག་པ་ལ་ཉོན་སྒྲིབ་ཡིན་མིནགཉིས་ཕྱེ་ནས་ཉོན་མོངས་པར་གྱུར་བའི་མ་རིག་པ་ལ་བདེན་འཛིན་མེད་དོ། །

༈ གཉིས་པ་དོན་དམ་པའི་བདེན་པ་བཤད་པ་ལ།

རྩ་བར། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པའི། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་རབ་རིབ་མེད་པའི་གང་ཟག་གིས་སྐྲ་ཤད་མེད་པར་བསྟན་པ་དེ་རབ་རིབ་ཅན་གྱི་གང་ཟག་གིས་དོན་སྤྱིའི་སྒོ་ནས་རྟོགས་པ་བཞིན་དུ། དོན་དམ་བདེན་པ་ཡང་ཉན་པ་པོས་གཞན་གྱི་ངག་ལ་བརྟེན་ནས་དོན་སྤྱིའི་སྒོ་ནས་ལེགས་པར་རྟོགས་ནུས་པས་ན་དོན་དམ་བདེན་པའི་རང་བཞིན་དེ་ཉན་པ་པོ་ལ་གསལ་བར་བྱ་བའི་ཕྱིར་དུ་སོ་སྐྱེ་རང་གིས་མངོན་སུམ་དུ་རྟོགས་པའི་སྐྲ་ཤད་མཐོང་མི་མཐོང་གི་དཔེས་བསྟན་པ་ནི། མིག་ར༷བ་རི༷བ་ཅན་གྱིས་བསླད་པའི་མཐུ༷་ཡི༷ས་རབ་རིབ་ཅན་གྱི་གང་ཟག་གིས་བསེ་རུ་ལ་སོགས་པའི་བཟའ་བཏུང་གི་སྣོད་ཀྱི་ནང་དུ། སྐྲ༷་ཤ༷ད་དང་སྦྲང་མ་ལ༷་སོ༷གས་པ་མཐོང་བ་གྱུར་པ༷འི་སྐྲ་ཤད་དང་སྦྲང་མ་སོགས་དངོས་ཡིན་པར་ངོ༷་བོ༷་ལོ༷ག་པ༷་ག༷ང་ཞི༷ག་རྣ༷མ་པར་བརྟ༷གས་པ༷་སྟེ་སྣང་བ་ན། དེ་བསལ་བར་འདོད་ནས་སྣོད་དེ་ལ་ཡང་དང་ཡང་དུ་བསྒྲེ་བཟློག་བྱེད་པ་ན། དེ་མིག་རབ་རིབ་དག་པའི་གང་ཟག་གིས་མཐོང་ནས་དེའི་གམ་དུ་ཕྱིན་ཏེ། རབ་རིབ་ཅན་གྱི་གང་ཟག་གིས་སྐྲ་ཤད་སོགས་དེ༷་དག་ཉི༷ད་ཀྱི་བད༷ག་ཉི༷ད་གཞི་ག༷ང་དུ༷་མཐོང་བའི་སྣོད་དེར་མིག་གཏད་ནས་བལྟས་ཀྱང་མི༷ག་ད༷ག་པ༷ས་སྐྲ་ཤད་ཀྱི་རྣམ་པ་དེ་དག་མ་དམིགས་ཤིང༌།

སྐྲ་ཤད་དེ་ལ་བརྟེན་པ་ཅན་གྱི་ཁྱད་ཆོས་གང་ཡང་དམིགས་པར་མི་བྱེད་དོ། །སྐྲ་ཤད་ཀྱི་དེ་ཁོ་ན་ཉིད་ནི་རབ་རིབ་ཅན་གྱི་གང་ཟག་གིས་སྐྲ་ཤད་མཐོང་བ་དེ་མ་ཡིན་གྱི། མིག་དག་པས་སྐྲ་ཤད་མེད་པར་མཐོ༷ང་བ་དེ༷་སྐྲ་ཤད་ཀྱི་དེ༷་ཁོ་ན་ཉི༷ད་ཡིན་ནོ། །དཔེ་གཉིས་པོ་དེ༷་བཞི༷ན་དུ་དོན་གྱི་སྐབས་འདི༷ར་ཀུན་རྫོབ་དང་དོན་དམ་གྱི་ཁྱད་པར་ཤེ༷ས་པར་གྱི༷ས་ཤིགདཔེ་གཉིས་པོ་ལྟར་ཤེས་པར་བྱེད་ཚུལ་ནི། མ་རིག་པའི་རབ་རིབ་ཀྱིས་བློ་བསླད་པས་དེ་ཁོ་ན་ཉིད་མ་མཐོང་བ་རྣམས་ཀྱིས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པའི་ངོ་བོ་དམིགས་པ་ནི་རབ་རིབ་ཅན་གྱིས་སྐྲ་ཤད་དམིགས་པ་བཞིན་ཕུང་ཁམས་སྐྱེ་མཆེད་ཀྱི་ཀུན་རྫོབ་པའི་ངོ་བོ་ཡིན་གྱི། ཕུང་སོགས་ཀྱི་དེ་ཁོ་ན་ཉིད་མ་ཡིན་ལ། རབ་རིབ་ཅན་མ་ཡིན་པའི་དག་པའི་མིག་གིས་སྐྲ་ཤད་མ་མཐོང་བ་བཞིན་དུ་མ་རིག་པའི་རབ་རིབ་བག་ཆགས་ཤེས་སྒྲིབ་དང་བྲལ་བའི་སངས་རྒྱས་རྣམས་ཀྱིས་ཕུངཁམས་སྐྱེ་མཆེད་གང་ཡང་མ་མཐོང་བ་ནི་ཕུང་སོགས་ཀྱི་དེ་ཁོ་ན་ཉིད་དོ། །

སངས་རྒྱས་ཀྱི་ཡེ་ཤེས་ཀྱིས་ཤེས་བྱ་མཁྱེན་ཚུལ་ནི། ཀུན་མཁྱེན་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མཁྱེན་པ་ཡིན་ཏེ། རྩ་བར། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་དང༌། དཔའ་བོས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་ཐམས་ཅད་ཁྱབ་ལགས་ཀྱང༌། །

ཁྱོད་ལས་གཞན་པ་ཐམས་ཅད་ཀྱི། །ཤེས་བྱ་ལྷག་པ་ཁོ་ན་ལགས། །ཞེས་དང༌། མདོ་ཏིང་འཛིན་རྒྱལ་པོ་ལས། སེམས་ཅན་ཀུན་གྱི་སྤྱོད་པ་རབ་ཏུ་མཁྱེན། །ཆོས་རྣམས་ཀུན་ལ་མངོན་པར་མཁྱེན་པ་འཇུག། ཅེས་གསུངས་པའི་ཕྱིར། རྣམ་མཁྱེན་གྱིས་རྣམ་འཁྱེན་རྟོགས་ན་འོག་ཏུ་རང་རིག་འགོག་སྐབས་ཀྱི་བྱ་བྱེད་གཅིག་ཏུ་ཐལ་བའི་རིགས་པས་མི་གནོད་ཚུལ་ལ་དཔྱད་པར་བྱའོ། །སྐབས་འདིར་རང་འགྲེལ་ལས། གལ་ཏེ་རྣམ་པ་དེ་ལྟ་བུའི་རང་བཞིན་ནི་མཐོང་བ་མེད་པ་ཉིད་མ་ཡིན་ནམ་དེའི་ཕྱིར་ཇི་ལྟར་དེ་དག་གིས་གཟིགས་ཤེ་ན། བདེན་མོད་ཀྱི་འོན་ཀྱང་དེ་མ་གཟིགས་པའི་ཚུལ་གྱིས་དེ་དག་གིས་གཟིགས་སོ་ཞེས་བརྗོད་ཇི་སྐད་དུ་འཕགས་པ་བདེན་པ་གཉིས་ལ་འཇུག་པ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་ན་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་ཡུལ་གྱི་རང་བཞིན་དུ་འགྱུར་ན་ནི། དེ་དོན་དམ་པའི་བདེན་པ་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ་ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །འོན་ཀྱང་ལྷའི་བུ་དོན་དམ་པར་ན་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ། བྱེ་བྲག་མེད་པ། མ་སྐྱེས་པ། མ་འགགས་པ། སྨྲ་བར་བྱ་བ་དང༌། སྨྲ་བ་དང༌། ཤེས་པར་བྱ་བ་དང༌། ཤེས་པ་དང་བྲལ་བའོ། །

ལྷའི་བུ་དོན་དམ་པའི་བདེན་པ་ནི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་གྱི་བར་ལས་འདས་པ་ཡིན་ཏེ། ཇི་ལྟར་དོན་དམ་པའི་བདེན་པའོ་ཞེས་བརྗོད་པ་ལྟར་ནི་མ་ཡིན་ནོ། །ཆོས་ཐམས་ཅད་ནི་བརྫུན་ཏེ་སླུ་བའི་ཆོས་སོ། །ལྷའི་བུ་དོན་དམ་པའི་བདེན་པ་ནི་བསྟན་པར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། གང་གིས་སྟོན་པ་དང༌། ཅི་སྟོན་པ་དང༌། གང་ལ་སྟོན་པའི་ཆོས་དེ་དག་ཐམས་ཅད་ནི་དོན་དམ་པར་རབ་ཏུ་མ་སྐྱེས་པའོ། །རབ་ཏུ་མ་སྐྱེས་པའི་ཆོས་རྣམས་ཀྱིས་ནི་རབ་ཏུ་མ་སྐྱེས་པའི་ཆོས་རྣམས་བཤད་པར་མི་ནུས་སོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །ཞེས་པ་ལྟར་ཤེས་པར་བྱའོ། །དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པརྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། །

བཞི་པ་བཀག་པ་ལ་འཇིག་རྟེན་གྱི་གནོད་པར་འདོད་པ་ལ་གནོད་བྱེད་བསྟན་པ་ནི།

རྩ་བར། གལ་ཏེ་འཇིག་རྟེན་ཚད་མ་ཡིན་ན་ནི། །འཇིག་རྟེན་དེ་ཉིད་མཐོང་བས་འཕགས་གཞན་གྱིས། །

ཅི་དགོས་འཕགས་པའི་ལམ་གྱིས་ཅི་ཞིག་བྱ། །བླུན་པོ་ཚད་མར་རིགས་པ་འང་མ་ཡིན་ནོ། །

ཞེས་པའི་འཇུག་འགྲེལ་ལས། དེ་ཁོ་ན་ཉིད་བསམ་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་གྱི་འཕགས་པ་མ་ཡིན་པ་དག་ནི་མ་ཡིན་ནོ། །ཅི་སྟེ་འཇིག་རྟེན་གྱི་གནོད་པ་བརྗོད་པར་འདོད་པས་དེ་ཁོ་ན་ཉིད་རྣམ་པར་དཔྱོད་པ་ལ་འཇིག་རྟེན་གྱི་མཐོང་བ་ཡང་ཚད་མ་ཉིད་དུ་ཁས་ལེན་ནདེ་ལྟ་ཡིན་དང༌། ཞེས་གསུངས་པ་ལྟར་ག༷ལ་ཏེ༷་རྒྱུ་འབྲས་ལ་སོགས་པའི་གནས་ཚུལ་ཡང་དག་པ་དེ་འཇི༷ག་རྟེ༷ན་རང་དགའ་བའི་ཇི་ལྟར་མཐོང་བ་ལྟར་ཡིན་ཞིང༌། རྒྱུ་འབྲས་ལ་སོགས་པརྣམས་ཀྱི་རང་གི་རང་བཞིན་ཇི་ལྟར་དེ་ཁོ་ན་ཉིད་ལ་འཇིག་རྟེན་རང་དགའ་བའི་མཐོང་བ་དེ་ཚ༷དམ༷་ཡི༷ན་ན༷་ནི༷། འཇི༷ག་རྟེ༷ན་རང་དགའ་བ་རྣམས་ཀྱིས་རྒྱུ་འབྲས་ལ་སོགས་པའི་རང་གི་རངབཞིན་མཐར་ཐུག་ཇི་ལྟར་དུ་གྲུབ་པའི་དེ༷་ཁོ་ན་ཉི༷ད་མངོན་སུམ་དུ་མཐོ༷ང་བ་དང༌། དེ་ཡང་ཐོགམེད་ནས་རྟོགས་པ་ཡིན་པ༷ས་འཇིག་རྟེན་རང་དགའ་བ་རྣམས་ཀྱིས་མ་རིག་པ་སྤངས་ཟིན་པརཁས་བླངས་དགོས་ལ། དེ་ལྟར་རྒྱུ་འབྲས་ལ་སོགས་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མངོན་སུམདུ་རྟོགས་པ་ལ་འཕ༷གས་པ་གཞ༷ན་གྱི༷ས་ཅི༷་དགོ༷ས་ཏེ་མི་དགོས་པར་ཐལ། འཇིག་རྟེན་རང་དགའ་བས་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་རྟོགས་པའི་ཕྱིར། འཕ༷གས་པ༷འི་ལ༷མ་གྱི༷ས་ཅི༷་ཞི༷ག་བྱ༷་སྟེ་དགོས་པ་མེད་པར་ཐལ། འཕགས་ལམ་མི་དགོས་བར་འཇིག་རྟེན་རང་དགའ་བའི་བློས་ཀྱང་དེ་ཁོ་ན་ཉིད་མངོན་སུམ་དུ་མཐོང་བའི་ཕྱིར་རོ། །དེས་ན་འཇིག་རྟེན་རང་དགའ་བའི་བླུ༷ན་པོ༷་ནི་རྒྱུ་འབྲས་ལ་སོགས་པའི་གནས་ལུགས་མཐར་ཐུག་པའི་དེ་ཁོ་ན་ཉིད་ལ་ཚ༷ད་མ༷ར་རི༷གས་པ༷འ༷ང་མ༷་ཡི༷ན་ཏེ༷། རྒྱུ་འབྲས་ལ་སོགས་པའི་གནས་ལུགས་དེ་ཁོ་ན་ཉིད་ནི་བླུན་པོ་དེ་དག་གི་མཐོང་བ་ལྟར་མ་ཡིན་པའི་ཕྱིར། ཡང་རྩ་བར། རྣམ་ཀུན་འཇིག་རྟེན་ཚད་མིན་དེ་ཡི་ཕྱིར། །དེ་ཉིད་སྐབས་སུ་འཇིག་རྟེན་གནོད་པ་མེད། །ཅེས་དེ་ཁོ་ན་ཉིད་ལ་དཔྱོད་པའི་སྐབས་སུ་ནི། དེ་ཁོ་ན་ཉིད་ལ་རྣ༷མ་པ་ཀུ༷ན་ཏུ་སྟེ་རྣམ་པ་ཐམས་ཅད་དུ་འཇི༷ག་རྟེ༷ན་རང་དགའ་བ་དེ་ཚ༷ད་མའི་མི་བསླུ་བ་མི༷ན་པ་དེ༷་ཡི༷་ཕྱི༷ར་ན། རྒྱུ་འབྲས་གཞན་གྱི་དེ་ཁོ་ན་ཉིད་ནི་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའི་གཞན་མིན་པ་སྟེ། དེ་ལ་སོགས་པའི་ཆོས་རྣམས་ཀྱི་དེ༷་ཁོ་ན་ཉི༷ད་ལ་དཔྱོད་པའི་སྐ༷བས་སུ༷་འཇི༷ག་རྟེ༷ན་རང་དགའ་བས་རྒྱུ་རང་བཞིན་གྱིས་གྲུབ་པའི་གཞན་ལས་འབྲས་བུ་སྐྱེ་བར་མཐོང་བས་རྒྱུ་རང་བཞིན་གྱིས་གྲུབ་པའི་གཞན་ལས་འབྲས་བུ་སྐྱེ་བ་བཀག་པ་སོགས་ལ་ཅུང་ཟད་ཀྱང་གནོ༷ད་པ༷་མེ༷ད་དེ། འཇིག་རྟེན་རང་དགའ་བས་མཐོང་བ་དེ་ཆོས་ཀྱི་གནས་ཚུལ་དེ་ཁོ་ན་ཉིད་དང་འགལ་བ་ཡིན་པའི་ཕྱིར། རང་འགྲེལ་ལས། ཇི་སྐད་བཤད་པའི་ཚུལ་འདི་ལས་ན་དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་རྣམ་པ་ཐམས་ཅད་དུ་ཚད་མ་མ་ཡིན་ཞིང༌། དེ་ཁོ་ན་ཉིད་ཀྱི་སྐབས་སུ་འཇིག་རྟེན་གྱིས་གནོད་པ་ཡང་མ་ཡིན་ནོ། །ཞེས་གསུངས་སོ། །འདིར་ཁ་ཅིགརྣམ་ཀུན་འཇིག་རྟེན་ཚད་མིན་ཞེས་པས་ཐལ་འགྱུར་བས་ཚད་མ་མི་འདོད་པར་སྟོན་པས་ན་ལུགས་དེ་ཡང་དག་པ་མིན་ནོ་ཞེས་སྨྲ་བ་དང༌། ཁ་ཅིག་གིས་ཚད་མ་མི་འདོད་པའི་ལུགས་དེ་ལ་ལེགས་སོ་ཞེས་སྨྲ་བ་གཉིས་ཀས་སློབ་དཔོན་གྱིས་བཞེད་པ་མ་རྟོགས་པ་ཡིན་ཏེ། སློབ་དཔོན་གྱིས་འཇིག་རྟེན་རང་དགའ་བའི་མཐོང་བ་དེ་དེ་ཁོ་ན་ཉིད་ལ་ཚད་མ་རྣམ་པ་ཀུན་ཏུ་མིན་ཞེས་བསྟན་པ་ཡིན་གྱི་སྤྱིར་ཚད་མ་མེད་པར་བསྟན་པ་མིན་ཀྱང་ཁོ་རང་གིས་སྤྱིར་ཚད་མ་མི་བཞེད་པར་འཛིན་པའི་ཕྱིར་རོ། །མདོ་ཏིང་ངེ་འཛིན་ལས། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་སེམས་ཀྱང་ཚད་མ་མིན། །དབང་པོ་འདི་དག་གལ་ཏེ་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །འདི་ལྟར་དབང་པོ་འདི་དག་ཚད་མིན་ཞིང༌། །ངོ་བོ་ཉིད་ཀྱིས་བེམ་པོ་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདའ་བའི་ལམ་འདོད་པ། །དེས་ནི་འཕགས་པའི་ལམ་གྱིས་བྱ་བ་བྱོས། །ཞེས་གསུངས་པ་ཡང་འཇིག་རྟེན་རང་དགའ་བ་རྣམས་དེ་ཁོ་ན་ཉིད་ལ་ཚད་མ་མ་ཡིན་པར་འཕགས་པའི་མཉམ་བཞག་ཡེ་ཤེས་དེ་ཁོ་ན་ཉིད་ལ་མངོན་སུམ་ཚད་མ་ཡིན་པརབསྟན་པ་ལས་མིག་ཤེས་སོགས་ཚད་མ་ཡིན་པས་ཁྱབ་པ་བསྟན་པ་མ་ཡིན་ནོ། །

ལྔ་པ་འཇིག་རྟེན་གྱི་གནོད་པས་གནོད་ཚུལ་བསྟན་པ་ནི།

རྩ་བར། འཇིག་རྟེན་དོན་ནི་འཇིག་རྟེན་གྲགས་ཉིད་ཀྱིས། །གལ་ཏེ་སེལ་ན་འཇིག་རྟེན་གྱིས་གནོད་འགྱུར། །ཞེས་རང་འགྲེལ་ལས། འོ་ན་ཅི་ལྟར་འཇིག་རྟེན་གྱིས་གནོད་པར་འགྱུར་ཞེ་ན། ཞེས་དྲི་བའི་ལན་བཤད་པ་ལ། དགག་བྱ་འགའ་ཞིག་བཀག་པ་ལ་འཇིག་རྟེན་གྱིས་མཐོང་བས་གནོད་པ་ཡང་དུ་མ་ཡོད་དེ། བུམ་པ་དང་བུམ་པ་རྫས་ཡིན་པ་ལྟ་བུ་འཇི༷ག་རྟེ༷ན་ན་གྲགས་ཤིང་དོན་ལ་གྲུབ་པའི་དོ༷ན་ནི༷། འཇི༷ག་རྟེ༷ན་གྲ༷གས་ཉི༷ད་ཀྱི༷ས་ག༷ལ་ཏེ༷་སེ༷ལ་བ་སྟེ་བཀག་ན༷་འཇི༷ག་རྟེ༷ན་གྱི༷ས་གནོ༷ད་པར་འགྱུ༷ར་བ་ཡིན་ནོ། །དཔེར་ན་ཁ་ཅིག་གིས་ངས་རྫས་ཕྲོགས་སོ་ཞེས་སྨྲས་པ་ན། གང་ཟག་གཞན་གཅིག་གིས་ཁྱོད་ཀྱི་རྫས་དེ་ཅི་ཞིག་ཡིན་དྲིས་པ་ལ། དེས་བུམ་པའོ་ཞེས་སྨྲས་པ་ལ། གཞན་དེས་བུམ་པ་རྫས་མ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་རྨི་ལམ་གྱི་བུམ་པ་བཞིན། ཞེས་བུམ་པ་རྫས་ཡིན་པ་བཀག་པ་ལ། བུམ་པ་འཇིག་རྟེན་ན་རྫས་སུ་གྲགས་པས་གནོད་པའོ། །དེ་ལྟ་བུའི་ཡུལ་ལ་འཇིག་རྟེན་གྱིས་གནོད་ཀྱི། འཕགས་པའི་དོན་དམ་གཟིགས་པ་ལ་བརྟེན་ཏེ། དོན་དམ་ལ་མཁས་པའི་སྐྱེ་བོ་ཚད་མར་བྱས་ནས་མྱུ་གུ་སོགས་ཀྱི་དེ་ཁོ་ན་ཉིད་གཏན་ལ་འབེབ་པའི་ཚེ་ནི་འཇིག་རྟེན་གྱིས་མཐོང་བས་མི་གནོད་པའི་ཕྱིར་རོ། །དེས་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱིགནོད་པ་སྤོང་བའི་ཚུལ་བཤད་ཟིན་ཏོ། །

གཉིས་པ་གཞན་སྐྱེ་བཀག་པ་ལ་འཇིག་རྟེན་གྱི་གནོད་པ་སྤོང་བ་དངོས་ནི།

རྩ་བར། གང་ཕྱིར་འཇིག་རྟེན་ས་བོན་ཙམ་བཏབ་ནས། །བདག་གིས་བུ་འདི་བསྐྱེད་ཅེས་སྨྲ་བྱེད་ཅིང༌། །

ཤིང་ཡང་བཙུགས་སོ་སྙམ་དུ་རྟོགས་དེས་ན། །གཞན་ལས་སྐྱེ་བ་འཇིག་རྟེན་ལས་ཀྱང་མེད། །

ཅེས་འཇིག་རྟེན་གྱིས་འཇིག་རྟེན་གྱིས་བཟུང་བ་ལ་ཡང་གཞན་སྐྱེ་མེད་པས་གཞན་སྐྱེ་འགོག་པ་པོ་འཇིག་རྟེན་པའི་ལྟ་བ་ལ་གནས་ནས་འཇིག་རྟེན་གྱིས་ཁས་ལེན་པ་བཞིན་རང་གིས་ཀྱང་རྒྱུ་གཞན་ལས་འབྲས་བུ་གཞན་སྐྱེ་བར་ཁས་ལེན་པའི་གྲུབ་མཐའ་ལ་གནས་ཏེ་གཞན་སྐྱེ་བཀག་ཀྱང༌། འཇིག་རྟེན་གྱི་མཐོང་བས་གནོད་པ་མེད་དོ། །འཇིག་རྟེན་རང་དགའ་བ་ལ་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པའི་གཞན་ལས་འབྲས་བུ་སྐྱེ་བར་སྣང་ཡང་གཞན་སྐྱེ་ཡོད་ཅེས་སྨྲ་བ་མ་ཡིན་ལ། ག༷ང་གི་ཕྱི༷ར་ན་འཇི༷ག་རྟེ༷ན་པ་རྣམས་ནི་ཕོའི་དབང་པོ་ཅན་ཞིག་རང་གི་ལུས་ལས་བཏོན་ལས་བུད་མེད་དེའི་ཁོང་དུ་བཅུག་པ་མ་ཡིན་ཀྱང༌། བུ་དེའི་ལུས་ཀྱི་ས༷་བོ༷ན་དུ་གྱུར་པའི་མི་གཙང་བ་ཙ༷མ་ཞིག་མ་དེའི་མངལ་དུ་བཏ༷བ་ན༷ས་ཏེ་བླུགས་ནས། ཕ་དེའི་བད༷ག་གི༷ས་བུ༷་འདི༷་བསྐྱེ༷ད་པ་རེད་ཅེ༷ས་སྨྲ༷་བར་བྱེ༷ད་ཅི༷ང༌། ཡང་ཤིང་སྡོང་བོའི་ས་བོན་ཙམ་བཏབ་ནས་བདག་གིས་ཤི༷ང་སྡོང་པོ་འདི་ཡ༷ང་བཙུ༷གས་སོ༷་སྙ༷མ་དུ༷་རྟོ༷གས་པ་ཡིན་གྱི་མི་གཙང་བའི་ས་བོན་དང་བུ་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་དང༌། ཤིང་སྡོང་གི་ས་བོན་དང་ཤིང་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་དུ་འཛིན་པ་མ་ཡིན་པ་དེ༷ས་ན༷་གཞ༷ན་ལ༷ས་སྐྱེ༷་བ༷ར་འཛིན་པ་འཇི༷ག་རྟེ༷ན་ལ༷ས་ཀྱ༷ང་མེ༷ད་པས་འཇིག་རྟེན་པའི་སྐྱེ་བ་འདོད་པ་ལྟར་རང་གིས་ཀྱང་ཁས་བླངས་ནས་གཞན་སྐྱེབཀག་ཀྱང་འཇིག་རྟེན་གྱིས་གནོད་པ་མེད་པའི་ཕྱིར་རོ། །

གསུམ་པ་དེ་ལྟར་བཀག་པའི་ཡོན་ཏན་བསྟན་པ་ནི།

རྩ་བར། གང་ཕྱིར་མྱུ་གུ་ས་བོན་ལས་གཞན་མིན། །དེ་ཕྱིར་མྱུག་ཚེ་ས་བོན་ཞིག་པ་མེད། །གང་ཕྱིར་ཅིག་ཉིད་ཡོད་མིན་དེ་ཕྱིར་ཡང༌། །མྱུག་ཚེ་ས་བོན་ཡོད་ཅེས་བརྗོད་མི་བྱ། །ཞེས་དེ་ལྟར་དངོས་པོ་རྣམས་རང་བཞིན་མེད་པར་ཇི་སྐད་བཤད་པའི་ལུགས་ལ་ནི། རྟེན་འབྱུང་རྟག་ཆད་ཀྱི་མཐའ་གཉིས་མེད་པར་གྲུབ་པའི་སྒོ་ནས་རྟག་ཆད་ཀྱི་མཐར་མི་ལྷུང་བའི་ཡོན་ཏན་ཡོད་ལ། ས་བོན་རང་བཞིན་གྱིས་གྲུབ་ན་ས་བོན་འགག་མི་རུང་བས་རྟག་མཐར་ལྷུང༌། ས་བོན་མ་འགག་ན་མྱུ་གུ་གཏན་མི་སྐྱེ་བས་དེའི་ཆ་ནས་ཆད་མཐར་ལྷུང་བ་གང་ཞིག དེ་ལྟར་ཡིན་པ་ལ་རྒྱུ་མཚན་ག༷ང་གི་ཕྱི༷ར་མྱུ༷་གུ༷་ས༷་བོ༷ན་ལ༷ས་རང་བཞིན་གྱིས་གྲུབ་པའི་གཞ༷ན་མི༷ན་ན་དེ་གཉིས་རྒྱུ་འབྲས་ཡིན་པར་རུང་བ་དེ༷འི་ཕྱི༷ར་ན་ནས་མྱུ༷ག་ཡོད་པའི་ཚེ༷་ས༷་བོ༷ན་ཞི༷ག་པ༷་སྟེ་ས་བོན་གྱི་རིགས་རྒྱུན་ཆད་པ་མེ༷ད་པས་ཆད་པའི་མཐའ་དང་བྲལ། རྒྱུ་འབྲས་རང་བཞིན་གྱིས་གྲུབ་ན་ས་བོན་ཉིད་མྱུ་གུ་ཡིན་དགོས་པར་གོང་དུ་མུ་བཞིར་དཔྱད་པའི་སྐབས་སུ་བཤད་པ་ལྟར་ཡིན་ཀྱང་ག༷ང་གི་ཕྱི༷ར་ས་མྱུག་རང་བཞིན་གྱིས་མེད་ན་ས་མྱུག་གཉིས་གཅི༷ག་ཉི༷ད་དུ་ཡོ༷ད་པ་མི༷ན་ལ། དེས་ན་ས་བོན་དེ་ཉིད་མྱུ་གུར་འཕོས་པ་མིན་པས་མྱུ་གུའི་དུས་སུ་ས་བོན་འགག་རུང་བ་དེ༷་ཡི་ཕྱི༷ར་ཡ༷ང༌། ནས་མྱུ༷ག་གི་ཚེ༷་ས༷་བོ༷ན་ཡོ༷ད་ཅེ༷ས་བརྗོ༷ད་པར་མི༷་བྱ༷་བས་རྟག་པའི་མཐའ་དང་ཡང་བྲལ་བའི་ཕྱིར་ཏེ། རྒྱ་ཆེར་རོལ་བ་ལས། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །

དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་པའི་ཕྱིར་རོ། །རང་འགྲེལ་ལས། དོན་འདི་ཉིད། འདུ་བྱེད་རྣམས་ནི་མ་རིག་རྐྱེན་ཅན་ཏེ། །འདུ་བྱེད་དེ་དག་དེ་ཉིད་དུ་ཡོད་མིན། །འདུ་བྱེད་མ་རིག་པ་གཉིས་སྟོང་པ་སྟེ། །རང་བཞིན་གྱིས་ནི་གཡོ་བ་དང་བྲལ་བའོ། །ཞེས་བྱ་བས་བཤད་པ། བསྟན་བཅོས་ལས་ཀྱང༌། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཞིག་དེ་ཉིད་མིན། །

དེ་ལས་གཞན་པའང་མ་ཡིན་པ། །དེ་ཕྱིར་རྟག་མིན་ཆད་པའང་མིན། །ཞེས་གསུངས་སོ། །

༈བཞི་པ་རང་བཞིན་གྱིས་སྐྱེ་བ་འགར་ཡང་མེད་པར་བསྟན་པ་ལ།

རང་གི་མཚན་ཉིད་ཀྱིས་གྲུབ་ལ་ཡོད་པར་འདོད་པ་དགག་པ་དང༌། དེ་ལྟར་བཀག་པ་ལ་རྩོད་པ་སྤོང་བ་དང་གཉིས། དང་པོ་ལ། འཕགས་པའི་མཉམ་བཞག་དངོས་པོའི་འཇིག་རྒྱུར་ཐལ་བས་དགགཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགགདོན་དམ་པའི་སྐྱེ་བ་མི་ཁེགས་པརཐལ་བས་དགག་པ་དང་གསུམ་ལས།

དང་པོ་ནི། རྩ་བར། གལ་ཏེ་རང་གི་མཚན་ཉིད་བརྟེན་གྱུར་ན། །དེ་ལ་སྐུར་པས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དངོས་ཡོད་མིན། །ཞེས་ཇི་སྐད་དུ། ཇི་ལྟར་རང་བཞིན་གྱིས་ཆོས་འགའ་ཡང་སྐྱེ་བ་མེད་དོ་ཞེས་བྱ་བ་འདི་ནི་གདོད་མི་ཟ་བར་ཁས་བླངས་བར་བྱ་དགོས་སོ། །ཞེས་གསུངས་པ་ལྟར་སྐྱེ་བ་ལ་སོགས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་འདི་ངེས་པར་ཁས་བླངས་དགོས་ཞེས་སྨྲ་བར་རིགས་ཀྱི། དེ་ལས་བཟློག་ནས་སྐྱེ་བ་སོགས་རང་བཞིན་གྱིས་གྲུབ་པའོ་ཞེས་སྨྲ་བར་བྱ་མི་རིགས་ཏེ། དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པ་ཡིན་ན་འཕགས་པའི་མཉམ་བཞག་ཡེ་ཤེས་དེ་དངོས་པོ་རྣམས་གཏན་མེད་དུ་འཇིག་པའི་རྒྱུར་འགྱུར་བའི་སྐྱོན་འོངས་བའི་ཕྱིར། དེར་ཐལ། ཆོས་རྣམས་རང་བཞིན་མེད་པ་མ་ཡིན་པར་ག༷ལ་ཏེ༷་གཟུགས་ལ་སོགས་པ་ར༷ང་གི༷་མཚ༷ན་ཉི༷ད་ཀྱིས་གྲུབ་པའི་རང་བཞིན་ཅན་ཞིག་རྒྱུ་དང་རྐྱེན་ལ་བརྟེ༷ན་ནས་སྐྱེ་བར་འགྱུ༷ར་བ་ཡིན་ན༷་ནི། རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོད་མེད་དཔྱོད་པའི་འཕགས་པའི་མཉམ་བཞག་གིས་གཟུགས་སོགས་དངོས་པོ་རྣམས་ཡོད་པར་གྲུབ་དགོས་ཀྱང༌། ཆོས་རྣམས་རང་བཞིན་གྱིས་སྟོང་པར་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་བཞག་གིས་གཟུགས་སོགས་དངོས་པོ་གང་ཡང་མ་གཟིགས་པས་ན་མཉམ་བཞག་དེས་དངོས་པོ་རྣམས་སྔར་རང་བཞིན་གྱིས་གྲུབ་པ་ཡིན་པ་ལ་ད་རང་བཞིན་གྱིས་མེད་པར་བྱས་པ་ཡིན་དགོས། སྔར་དངོས་པོ་རང་བཞིན་གྱིས་གྲུབ་པ་ཡིན་པ་ལ་ཕྱིས་སུ་རང་བཞིན་གྱིས་མ་གྲུབ་པར་བྱས་ན་དངོས་པོ་གཏན་མེད་དུ་འགྱུར་དགོས། དེ་ལྟར་འགྱུར་བ་དེ་ཡང་མཉམ་བཞག་དེས་བྱས་པ་ཡིན་པས་འཕགས་པའི་མཉམ་བཞག་གིས་དངོས་པོའི་རང་བཞིན་དེ༷་ལ༷་སྐུ༷ར་བ༷་བཏབ་པའི་ཚུལ་གྱིས་སྟོང་ཉིད་རྟོགས་པ་ཡིན་དགོས་པས་མཉམ་བཞག་གི་སྔ་ལོགས་སུ་དངོས་པོ་རྣམས་ཡོད་པ་ལ་ཕྱིས་སུ་དངོ༷ས་པོ༷་པ་རྣམས་འཇི༷ག་པ་སྟེ་ཞིག་ནས་མེད་པར་སོང་བ་ཡིན་པ༷འི་ཕྱི༷ར་ན། ཐོ་བ་བུམ་པའི་འཇིག་རྒྱུར་གྱུར་པ་བཞིན་ཏུ། འཕགས་པའི་སྟོ༷ང་ཉི༷ད་མངོན་སུམ་དུ་མཐོང་བ་དེ་དངོ༷ས་པོ༷་འཇི༷ག་ཅིང་མེད་པ༷འི་རྒྱུ༷ར་འགྱུ༷ར་བ་ཡིན་དགོས་ན༷། དེ༷་ནི༷་རི༷གས་པ་མི༷ན་པ་དེ༷་ཡི་ཕྱི༷ར་དངོ༷ས་པོ་རྣམས་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡོ༷ད་པ་མི༷ན་པས་རང་བཞིན་གྱིས་སྐྱེ་བ་ཁས་བླངས་མི་རུང་བའི་ཕྱིར་རོ། །འདི་ལ་རང་རྒྱུད་པ་རྣམས་ཀྱིས་གཟུགས་སོགས་རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་གཟིགས་མི་དགོས་ཏེ། དངོས་པོ་བདེན་གྲུབ་ཡོད་ན་དེས་གཟིགས་དགོས་ཀྱང༌། རང་གི་མཚན་ཉིད་ཀྱིས་གྲུབ་ཀྱང་བདེན་གྲུབ་ཏུ་འགྲོ་མི་དགོས་པའི་ཕྱིར་ཟེར་ཀྱང༌། རྟགས་ཟུར་ཕྱི་མ་མ་གྲུབ་སྟེ། ཆོས་གང་ལ་རང་གི་ངོ་བོས་གྲུབ་པ་ཞིག་ཡོད་ཕྱིན་དེ་བདེན་གྲུབ་ལས་མ་འདས་པའི་ཕྱིར། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས། འོད་སྲུངས་གཞན་ཡང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ནི། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་དང༌། གང་མཚན་མ་མེད་པས་ཆོས་རྣམས་མཚན་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང༌། གང་སྨོན་པ་མེད་པས་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པ་དང༌། གང་མངོན་པར་འདུ་བྱ་བ་མེད་པས་ཆོས་རྣམས་མངོན་པར་འདུ་བྱེད་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མངོན་པར་འདུ་བྱེད་པ་མེད་པ་དང༌། གང་མ་སྐྱེས་པས་ཆོས་རྣམས་སྐྱེས་པ་ཉིད་དུ་མི་བྱེད་དེ། ཆོས་རྣམས་ཉིད་མ་སྐྱེས་པ་དང༌། གང་མ་བྱུང་བས་ཆོས་རྣམས་མ་བྱུང་བར་མི་བྱེད་དེ། ཆོས་རྣམས་ཉིད་མ་བྱུང་བ་དང་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །གང་ཞིག་གཞན་གྱི་དབང་གི་ངོ་བོ་ཁས་བླངས་ནས་དེ་ལ་བརྟེན་པའི་སྟོང་པ་ཉིད་གཟུང་བ་དང་འཛིན་པ་མེད་པའི་མཚན་ཉིད་ཅན་མི་རྟག་པ་ཉིད་ལ་སོགས་པ་ལྟར་དེ་ཉིད་དང་གཞན་ཉིད་དུ་བརྗོད་པར་བྱ་བ་མ་ཡིན་པར་སེམས་པ་དེའི་ལྟར་ན། སྟོང་པ་ཉིད་ཁོ་ནས་ཆོས་ཐམས་ཅད་སྟོང་པ་ཡིན་གྱི། རང་བཞིན་ཉིད་ཀྱིས་ནི་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །བཞི་བརྒྱ་པ་ལས། སྟོང་མིན་སྟོང་ལྡན་མཐོང་མིན་ཏེ། །མྱང་འདས་བདག་གིར་གྱུར་ཅིག་ཅེས། །ལོག་ལྟས་མྱ་ངན་མི་འདའ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །ཞེས་བཤད་ལ། བསྟན་བཅོས་ལས་ཀྱང༌། སྟོང་ཉིད་ལྟ་བ་ཐམས་ཅད་ནི། །ངེས་པར་འབྱིན་པར་རྒྱལ་བས་གསུངས། །གང་དག་སྟོང་པ་ཉིད་ལྟབ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་སོ། །

སྐབས་འདིར་འཇམ་པའི་དབྱངས་དངོས་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། ཁ་ཅིག་གིས་བུམ་པ་བུམ་པས་མི་སྟོང་བར་བུམ་པ་བདེན་གྲུབ་ཀྱིས་སྟོང་པ་ནི་གཞན་སྟོང་ཡིན་ཞིང་རང་སྟོང་མ་ཡིན་པས། བུམ་པ་བུམ་པས་སྟོང་པ་ནི་རང་སྟོང་ཡིན་ནོ་ཞེས་སྨྲ་བ་ནི་གཏན་ནས་མི་རིགས་ཏེ། བུམ་པ་བུམ་པས་སྟོང་ན་བུམ་པ་ལ་བུམ་པ་མེད་དགོས། བུམ་པ་དེ་རང་ལ་མེད་ན་གཞན་སུ་ལ་ཡང་མེད་པས་བུམ་པ་གཏན་མེད་པར་འགྱུར་བའི་ཕྱིར་རོ། །བུམ་པ་བུམ་པས་སྟོང་པ་དེ་ཁ་ཅིག་གིས་སྟོང་ཉིད་ཡང་དག་ཏུ་འདོད་ལ། ཁ་ཅིག་གིས་སྟོང་ཉིད་ཡང་དག་ཏུ་མི་འདོད་པར་འཆད་པའི་སྟོང་ཉིད་དུ་འདོད་པ་གཉིས་ཀ་ནི་རྒྱལ་བ་སྲས་བཅས་རྣམས་ཀྱིས་རྟེན་འབྲེལ་ཐམས་ཅད་རྟག་ཆད་ཀྱི་མཐའ་དང་བྲལ་བར་བསྒྲུབ་པ་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། དེ་ལྟར་འདོད་པ་གཉིས་ཀ་ཆད་ལྟ་ཡིན་པའི་ཕྱིར་དང༌། ལྟ་བ་དེ་ཆད་ལྟ་ཡིན་པར་ཤེས་ན་དེ་རང་གི་རྒྱུ་ལ་སྐྱེད་པར་བྱེད་པ་ནི་སུ་ཡང་མེད་པའི་ཕྱིར། ཞེས་གསུངས་སོ། །

གཉིས་པ་ཐ་སྙད་བདེན་པ་རིགས་པས་དཔྱད་བཟོད་དུ་ཐལ་བས་དགག་པ་ནི།

རྩ་བར། གང་ཕྱིར་དངོས་པོ་འདི་དག་རྣམ་དཔྱད་ན། །དེ་ཉིད་བདག་ཅན་དངོས་ལས་ཚུ་རོལ་དུ། །

གནས་རྙེད་མ་ཡིན་དེ་ཕྱིར་འཇིག་རྟེན་གྱི། །ཐ་སྙད་བདེན་ལ་རྣམ་པར་དཔྱད་མི་བྱ། །ཞེས་རང་འགྲེལ་ལས། འདིར་སྨྲས་པ། དོན་དམ་པར་སྐྱེ་བ་མེད་པས་བདག་དང་གཞན་ལས་སྐྱེས་པ་བདག་ལ་རག་མོད། གཟུགས་དང་ཚོར་བ་ལ་སོགས་པ་གང་དག་མངོན་སུམ་དང་རྗེས་སུ་དཔག་པ་དག་གིས་དམིགས་པ་དེ་དག་གི་རང་བཞིན་ནི་གདོན་མི་ཟ་བར་གཞན་ལས་སྐྱེ་བར་འགྱུར་རོ། །ཅི་སྟེ་དེ་ལྟར་མི་འདོད་ན་ནི་བདེན་པ་གཉིས་ཅི་སྟེ་བརྗོད་དེ། བདེན་པ་གཅིག་ཁོ་ནར་འགྱུར་རོ། །དེའི་ཕྱིར་གཞན་ལས་སྐྱེ་བ་མེད་པ་ཉིད་དོ། །འདི་ལ་བཤད་པར་བྱ་སྟེ། འདི་བདེན་མོད་ཀྱི་དོན་དམ་པར་ན་བདེན་པ་གཉིས་ཡོད་པ་མ་ཡིན་ཏེ། དགེ་སློང་དག་བདེན་པ་དམ་པ་འདི་ནི་གཅིག་སྟེ། འདི་ལྟ་སྟེ། མི་བསླུ་བའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་བརྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་ལ་འཇུག་པར་བྱ་བའི་ཐབས་ཡིན་པའི་ཕྱིར། བདག་དང་གཞན་དག་ལས་སྐྱེ་བ་མ་དཔྱད་པར་འཇིག་རྟེན་པའི་ལུགས་ཀྱིས་ཁས་ལེན་པར་བྱེད་པ་ཡིན་ནོ། །ཞེས་གསུངས་ལ། ག༷ང་གི་ཕྱི༷ར་གཟུགས་ལ་སོགས་པའི་དངོ༷ས་པོ༷་འདི༷་ད༷ག་ནི་ཅི་བདག་ལས་སྐྱེ་བ་ཞིག་གམ། ཅི་གཞན་ལས་སྐྱེ་བ་ཞིག་ཡིན་ཞེས་རྣ༷མ་པར་དཔྱ༷ད་པ་ན༷། དེ༷་ཁོ་ན་ཉི༷ད་དེ་རང་བཞིན་གྱིས་མེད་པའི་བད༷ག་ཉིད་ཅ༷ན་གྱི་དངོ༷ས་པོའམ་དོན་དམ་པར་མ་སྐྱེས་པ་དང་མ་འགག་པ་དང་དོན་དམ་པར་མེད་པ་ཁོ་ན་ཡིན་པ་ལ༷ས། ཚུ༷ར་རོ༷ལ་དུ༷་གཞན་དུ་གྱུར་པའི་གན༷ས་ཏེ་སྐྱེ་བ་དང་གནས་པ་དང་དངོས་པོའི་ཆོས་ལ་སོགས་པ་ཡོད་པར་རྙེ༷ད་པ་མ༷་ཡི༷ན་པས་ན་དེ་ལྟར་དཔྱད་ནས་བུམ་པ་སོགས་ཀུན་རྫོབ་ཐམས་ཅད་འཇོག་དགོས་ན་ཀུན་རྫོབ་རྣམས་གཞི་མ་གྲུབ་པར་འགྱུར་བ་དེ༷་ཡི་ཕྱི༷ར་ན། འཇི༷ག་རྟེ༷ན་གྱི༷་ཐ༷་སྙ༷ད་བདེ༷ན་པ་འཇོག་པ་ལ༷་གཟུགས་སོགས་བདག་ལས་སྐྱེའམ་གཞན་ལས་སྐྱེ་ཞེས་རྣ༷མ་པ༷ར་དཔྱ༷ད་པ་མི༷་བྱ༷་བར། འཇིག་རྟེན་པས་མཐོང་བ་ལྟར་རྒྱུ་འདི་ལས་འབྲས་བུ་འདི་འབྱུང༌། འདི་བུམ་པའོ། །འདི་སྒྲའོ་ཞེས་སོགས་མ་བརྟགས་སྣང་ཙམ་གྱི་སྒོ་ནས་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་ཁས་ལེན་དགོས་པའི་ཕྱིར་ཏེ། རང་འགྲེལ་ལས། འཇིག་རྟེན་པས་ཡོངས་སུ་མཐོང་བ་འདི་ཡོད་ན་འདི་འབྱུང་ངོ་ཞེས་བྱ་བ་འདི་ཙམ་ཞིག་གཞན་ལ་རག་ལས་པའི་འཇུག་པའི་སྒོ་ནས་ཁས་བླང་བར་བྱ་སྟེ། འཕགས་པ་ལྷས། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡི་མ་རྟོགས་པར། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་ཇི་སྐད་དུ་བཤད་པ་ལྟ་བུའོ། །བསྟན་བཅོས་ལས་ཀྱང༌། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གསུངས་སོ། །

རྣམ་པར་དཔྱད་པ་བྱས་ན་ནི་འཇིག་རྟེན་པའི་ཐ་སྙད་ཉམས་པར་འགྱུར་ཏེ། ཇི་སྐད་དུ་མདོ་ལས། དཔེར་ན་ཤིང་དང་རྒྱུད་ལ་བརྟེན་བྱས་ལ། །ལག་པ་རྩོལ་བ་བྱས་པ་གསུམ་ཚོགས་ན། །

སྒྲོག་བྱེད་པི་ཝང་གླིང་བུ་ལ་སོགས་ལས། །དེ་དག་ལས་སྐྱེས་སྒྲ་ཡང་འབྱུང་བར་འགྱུར། །དེ་ནས་མཁས་པ་ལ་ལས་བརྟག་བྱས་ཏེ། །དེ་ནི་གང་ནས་འོངས་ལ་གར་སོང་ཞེས། །ཕྱོགས་དང་ཕྱོགས་མཚམས་ཀུན་ཏུ་བརྟག་བྱས་ན། །སྒྲ་ཡི་འོང་བའམ་འགྲོ་བ་རྙེད་མི་འགྱུར། །དེ་ལྟར་རྒྱུ་དག་དང་ནི་རྐྱེན་དག་ལས། །འདུ་བྱེད་གྱུར་པ་ཐམས་ཅད་འབྱུང་བ་སྟེ། །ཡང་དག་མཐོང་བའི་རྣལ་འབྱོར་པ་ཡིས་ནི། །འདུ་བྱེད་སྟོང་པ་གཡོ་བ་མེད་པར་མཐོང༌། །ཕུང་པོ་དག་དང་སྐྱེ་མཆེད་ཁམས་རྣམས་ནི། །ནང་ཡང་སྟོང་ལ་ཕྱི་རོལ་སྟོང་པ་སྟེ། །སེམས་ཅན་བདག་གིས་སྟོང་ཞིང་གནས་མེད་ལ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཅེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །

ཞེས་དང༌། རྩོད་བཟློག་ལས། ཐ་སྙད་ཁས་ནི་མ་བླངས་པར། །ངེད་ཅག་འཆད་པར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་དོན་དམ་པའི་སྐྱེ་བ་མི་ཁེགས་པར་ཐལ་བས་དགག་པ་ནི།

རྩ་བར། དེ་ཉིད་སྐབས་སུ་རིགས་པ་གང་ཞིག་གིས། །བདག་དང་གཞན་ལས་སྐྱེ་བ་རིགས་མིན་པའི། །རིགས་དེས་ཐ་སྙད་དུ་ཡང་རིགས་མིན་པས། །ཁྱོད་ཀྱི་སྐྱེ་བ་གང་གིས་ཡིན་པར་འགྱུར། །ཞེས་རང་རྒྱུད་པ་ཁྱོད་རང་གིས་དེ༷་ཁོ་ན་ཉི༷ད་དོན་དམ་པར་གྲུབ་མ་གྲུབ་ལ་དཔྱོད་པའི་སྐ༷བས་སུ༷་གོང་དུ་ཇི་སྐད་བཤད་པའི་གཞན་སྐྱེ་སོགས་འགོག་བྱེད་ཀྱི་རི༷གས་པ༷་གང་དང་ག༷ང་ཞི༷ག་གི༷ས་དངོས་པོ་རྣམས་དོན་དམ་པར་བད༷ག་ད༷ང་གཞ༷ན་ལ༷ས་སྐྱེ༷་བ༷་དེ་རི༷གས་པ་འཐད་པ་མི༷ན་པའི༷་གཞན་སྐྱེ་འགོག་པའི་རི༷གས་པ་དེ༷ས་དཔྱད་ན་ཐ༷་སྙ༷ད་དུ༷་ཡ༷ང་གཞན་ལས་སྐྱེ་བ་སོགས་རི༷གས་པའམ་འཐད་པ་མི༷ན་པ༷ས་ཁྱོ༷ད་ཀྱི༷ས་རང་བཞིན་གྱིས་སྐྱེ༷་བ༷་དེ་ཚད་མ་ག༷ང་གི༷ས་གྲུབ་པ་ཡི༷ན་པ༷ར་འགྱུ༷ར་ཏེ་མི་འགྱུར་བའི་ཕྱིར། དེས་ན་རང་གི་མཚན་ཉིད་ཀྱིས་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡོད་པ་མ་ཡིན་ནོ། །ཞེས་མི་འདོད་བཞིན་དུ་ཁྱོད་རང་གིས་ཁས་བླངས་པར་བྱ་དགོས་པའི་ཕྱིར་ཏེ། རང་འགྲེལ་ལས། ཇི་ལྟར་དོན་དམ་པའི་སྐབས་སུ་ཇི་སྐད་བཤད་པའི་རིགས་པས་བདག་དང་གཞན་ལས་སྐྱེ་བ་མི་རུང་བ་དེ་བཞིན་དུ་ཐ་སྙད་དུ་ཡང༌། དེ་ཉིད་ཀྱིས་སྐྱེ་བར་མི་རིགས་པས་ཁྱོད་ཀྱི་དངོས་པོ་རྣམས་ཀྱི་སྐྱེ་བ་གང་གིས་འགྲུབ་པར་འགྱུར། དེའི་ཕྱིར་རང་གི་མཚན་ཉིད་ཀྱི་སྐྱེ་བ་ནི་བདེན་པ་གཉིས་ཆར་དུ་ཡང་ཡོད་པ་མ་ཡིན་ནོ་ཞེས་མི་འདོད་བཞིན་དུ་ཡང་གདོན་མི་ཟབར་ཁས་བླང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དེ་ལྟར་བཀག་པ་ལ་རྩོད་པ་སྤང་བ་ནི།

རྩ་བར། དངོས་པོ་སྟོང་པ་གཟུགས་བརྙན་ལ་སོགས་པ། །ཚོགས་ལ་ལྟོས་རྣམས་མ་གྲགས་པ་ཡང་མིན། །ཇི་ལྟར་དེར་ནི་གཟུགས་བརྙན་སོགས་སྟོང་ལས། །ཤེས་པ་དེ་ཡི་རྣམ་པར་སྐྱེ་འགྱུར་ལྟར། །དེ་བཞིན་དངོས་པོ་ཐམས་ཅད་སྟོང་ན་ཡང༌། །སྟོང་ཉིད་དག་ལས་རབ་ཏུ་སྐྱེ་བར་འགྱུར། །ཞེས་བྱུང༌། རྩོད་པ་ནི། རང་འགྲེལ་ལས། འོ་ན་ནི་གལ་ཏེ་བདེན་པ་གཉིས་ཆར་དུ་ཡང་རང་གི་མཚན་ཉིད་ཀྱི་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཅི་ལྟར་ན་དེ་དག་གི་རང་གི་ངོ་བོ་འཇིག་རྟེན་དུ་དམིགས་པར་འགྱུར་ཞེ་ན། ཞེས་གསུངས་པ་ལྟར་རོ། །ལན་བཤད་པ་ནི། གཟུགས་ལ་སོགས་པའི་རྒྱུ་འབྲས་རྣམས་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་མེད་ཀྱང་གཟུགས་སོགས་སྐྱེ་བ་མེད་མི་དགོས་ཏེ། དཔེར་ན་དངོ༷ས་པོ༷་སྟོ༷ང་པ༷་སྟེ་དངོས་པོ་རྫུན་པ་གཟུ༷གས་བརྙ༷ན་དང་སྒྲ་བརྙན་ལ༷་སོ༷གས་པ༷་རྣམས་ནི་མེ་ལོང་དང་བྱད་བཞིན་གཉིས་དང༌། བྲག་ཕུག་དང་སྒྲ་བྱུང་བ་གཉིས་ལ་སོགས་པའི་རྒྱུ་རྐྱེན་ཚོ༷གས་པ་ལ༷་ལྟོ༷ས་པ་སྟེ་བརྟེན་ནས་སྐྱེ་བ་རྣ༷མས་ནི། འཇིག་རྟེན་ན་མ༷་གྲ༷གས་པ༷་ཡ༷ང་མི༷ན་ཏེ་གྲགས་པ་ཡིན་ལ། ཇི༷་ལྟ༷ར་འཇིག་རྟེན་ལ་གྲགས་པ་དེ༷ར་ནི༷་གཟུ༷གས་བརྙ༷ན་ལ་སོ༷གས་པ་སྟོ༷ང་པ་སྟེ་རྫུན་པའི་རྒྱུ་དེ་ལ༷ས། མིག་ལ་སོགས་པའི་ཤེ༷ས་པ༷་གཟུགས་བརྙན་ལ་སོགས་པ་དེ༷་ཡི༷་རྣ༷མ་པ༷་ཅན་སྐྱེ༷་བར་འགྱུ༷ར་ལ། དེ་ལྟ༷ར་མེ་ལོང་དང་བྱད་བཞིན་སོགས་ཀྱི་རྒྱུ་ལས་བརྫུན་པའི་གཟུགས་བརྙན་སོགས་སྐྱེ་བ་དང༌། བརྫུན་པའི་གཟུགས་བརྙན་སོགས་ལས་བརྫུན་པའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བ་ལྟར། དེ༷་བཞི༷ན་དུ་དངོ༷ས་པོ༷་ཐ༷མས་ཅ༷ད་རང་བཞིན་གྱིས་སྟོ༷ང་ན༷་ཡ༷ང༌། རང་བཞིན་གྱིས་སྟོ༷ང་པ༷འི་ས་བོན་ལ་སོགས་པའི་རྒྱུ་ད༷ག་ལ༷ས་རང་བཞིན་གྱིས་སྟོང་པའི་འབྲས་བུ་ར༷བ་ཏུ༷་སྐྱེ༷་བ༷ར་འགྱུ༷ར་བའི་ཕྱིར་ཏེ། རང་འགྲེལ་ལས། དེའི་ཕྱིར་ཡོད་པར་དམིགས་ཀྱང་རང་བཞིན་གྱིས་སྐྱེ་བ་མེད་དོ། །ཇི་སྐད་དུ། ༼ཡབ་སྲས་མཇལ་བའི་མདོ། ༽མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །

ཞེས་གསུངས་སོ། །ཞེས་སོ། །

སྤྱིར་སྐྱེ་བ་དང་རང་བཞིན་གྱིས་སྐྱེ་བ་ཁྱད་པར་མེད་ན་རང་གི་ངོ་བོས་ཡོད་པ་དང༌། རང་གི་ངོ་བོས་མེད་ན་གཏན་ནས་མེད་པར་འགྱུར་བས་སྒྲོ་འདོགས་དང༌། བསྐུར་འདེབས་ཀྱི་མཐའ་ལ་ལྟུང་བར་འགྱུར་ཏེ། བརྒྱ་བའི་འགྲེལ་བ་ལས། དངོས་པོ་དངོས་པོ་ཡོད་པར་སྨྲ་བའི་ལྟར་ན་ནི། ཇི་སྲིད་དུ་དངོས་པོ་དེའི་ཡོད་པ་ཉིད་ཡིན་པ་སྲིད་དུ། དེ་ལྟར་རང་གི་ངོ་བོ་ཡང་ཡིན་པ་ལ། གང་གི་ཚེ་རང་གི་ངོ་བོ་དང་བྲལ་བ་དེའི་ཚེ་དེ་ལ་དངོས་པོ་དེ་རྣམ་པ་ཐམས་ཅད་དུ་མེད་པའི་ཕྱིར། བོང་བུའི་རྭ་དང་འདྲ་བས་གཉིས་སུ་སྨྲ་བ་ལས་མ་འདས་པའི་ཕྱིར་འདིའི་མངོན་པར་འདོད་པཐམས་ཅད་ནི་འགྲིག་དཀའ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །

ལྔ་པ་བདེན་པ་གཉིས་ཆར་དུ་རང་བཞིན་གྱིས་སྐྱེ་བ་བཀག་པའི་ཡོན་ཏན་བསྟན་པ་ལ།

རྟག་ཆད་ཀྱི་ལྟ་བ་སྤང་སླ་བའི་ཡོན་ཏན་དང༌། ལས་འབྲས་ཀྱི་འབྲེལ་བ་ཆེས་འཐད་པའི་ཡོན་ཏན་གཉིས་ལས། དང་པོ་ནི། རྩ་བར། བདེན་པ་གཉིས་སུའང་རང་བཞིན་མེད་པའི་ཕྱིར། །

དེ་དག་རྟག་པ་མ་ཡིན་ཆད་པའང་མིན། །ཞེས་བདེན་པ་གཉིས་ཆར་དུ་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་ཡོན་ཏན་ཡོད་དེ། དེ་བཀག་པས་རྟག་ཆད་ཀྱི་ལྟ་བ་སྤང་སླ་པའི་ཕྱིར། དེར་ཐལ། དངོས་པོ་རྣམས་ནི་གཟུགས་བརྙན་ལྟར་རང་བཞིན་གྱིས་གྲུབ་པས་སྟོང་བ་ཡིན་པས་དངོས་པོ་རྣམས་ནི་དོན་དམ་བདེ༷ན་པ༷་དང་ཀུན་རྫོབ་བདེན་པ་གཉི༷ས་སུ༷་གང་དུའ༷ང་ར༷ང་བཞི༷ན་གྱིས་གྲུབ་པ་མེ༷ད་པ༷འི་ཕྱི༷ར་ན། གཟུགས་ལ་སོགས་པ་དེ༷་ད༷ག་རང་བཞིན་གྱིས་གྲུབ་པས་རྟ༷ག་པ༷་མ༷་ཡི༷ན་ལ་གཟུགས་སོགས་འགག་ཚེ་རང་བཞིན་གྱིས་གྲུབ་པ་ཕྱིས་མེད་པས་ཆ༷ད་པ༷འ༷ང་མི༷ན་པའི་ཕྱིར་ཏེ། རང་འགྲེལ་ལས། གང་གི་ཕྱིར་དེ་ལྟར་དངོས་པོ་རྣམས་གཟུགས་བརྙན་གྱི་རྣམ་པ་ལྟར་རང་བཞིན་གྱིས་སྟོང་པ་དེ་ཉིད་ཀྱི་ཕྱིར། དོན་དམ་པ་དང་ཀུན་རྫོབ་ཀྱི་བདེན་པ་གཉིས་ཆར་དུ་ཡང་རང་བཞིན་ཏེ་ངོ་བོ་ཉིད་མེད་པའི་ཕྱིར་རྟག་པ་དང་ཆད་པ་མེད་པ་ཉིད་དོ། །ཇི་སྐད་དུ་བསྟན་བཅོས་ལས། གང་ཞིག་ངོ་བོ་ཉིད་ཡོད་པ། །དེ་ནི་མེད་པ་མིན་པས་རྟག། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་བྱ་བ་དང༌། དེ་བཞིན་དུ། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་གསུངས་པ་ལྟ་བུའོ། །དེ་བཞིན་དུ། ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང༌། །སྤྲུལ་པ་དེ་ཡང་སྤྲུལ་པ་ན། །

སླར་ཡང་གཞན་ནི་སྤྲུལ་པ་ལྟར། །དེ་བཞིན་བྱེད་པོ་དེ་ལས་གང༌། །བྱས་པའང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག། སྤྲུལ་པ་མཛད་པ་དེ་བཞིན་ནོ། །ཉོན་མོངས་ལས་དང་ལུས་རྣམས་དང༌། །བྱེད་པ་པོ་དང་འབྲས་བུ་དག།དྲི་ཟའི་གྲོང་ཁྱེར་ལྟ་བུ་དང༌། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཞེས་སྤྲུལ་པའི་དཔེས་རང་བཞིན་མེད་པ་ལས་རང་བཞིན་མེད་པརྣམས་སྐྱེ་བར་བསྟན་ཏོ། །ཞེས་གསུངས་པས་སོ། །

གཉིས་པ་ལས་འབྲས་ཀྱི་འབྲེལ་བ་ཆེས་འཐད་པའི་ཡོན་ཏན་ལ།

རང་བཞིན་གྱིས་གྲུབ་པ་མི་འདོད་པ་ལ་ཀུན་གཞི་སོགས་ཁས་བླངས་མི་དགོས་པའི་ཡོན་ཏན་དང༌། ལས་འགག་པ་ལས་འབྲས་བུ་འབྱུང་བའི་དཔེ་བསྟན་པ་དང༌། དེ་ལྟར་བསྟན་པ་ལ་རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། རྩ་བར། གང་ཕྱིར་རང་བཞིན་གྱིས་དེ་མི་འགག་པ། །དེ་ཕྱིར་ཀུན་གཞི་མེད་ཀྱང་འདི་ནུས་ཕྱིར། །ལ་ལར་ལས་འགགས་ཡུན་རིང་ལོན་ལས་ཀྱང༌། །འབྲས་བུ་ཡང་དག་འབྱུང་བར་རིག་པར་གྱིས། །ཞེས་སྒྲིབ་པའི་བག་ཆགས་གཏན་ཏུ་བགོ་གཞིར་མི་རུང་བ་སེམས་ཀྱི་རྒྱུན་དང་བག་ཆགས་ཀྱི་བགོ་གཞིར་གཞི་མ་གྲུབ་པ་ཀུན་གཞིའི་རྣམ་ཤེས་དང༌། ཆུད་མི་ཟ་བ་དང༌། ཐོབ་པ་སོགས་མི་འཐད་པ་རྣམས་ཁས་མ་བླངས་ཀྱང་ལས་འབྲས་ཀྱི་འབྲེལ་བ་ཆེས་འཐད་པའི་ཡོན་ཏན་ཀྱང་ཡོད་དེ། རང་བཞིན་གྱིས་གྲུབ་པ་ཐ་སྙད་དུ་ཡང་མེད་པའི་ཕྱོགས་ལ་ནི། ག༷ང་གི་ཕྱི༷ར་ཐ་སྙད་དུ་ལས་དེ་འགག་པར་སྣང་ཡང་ར༷ང་བཞི༷ན་གྱི༷ས་ལས་དེ༷་མི༷་འག༷ག་པ༷་ལ་ནི་རང་བཞིན་གྱིས་མ་འགག་པར་ཐ་སྙད་དུ་འགག་པའི་ཆ་དེ་ལས་ཐ་སྙད་དུ་འབྲས་བུ་འབྱུང་བར་འཐད་པ་དེ༷འི་ཕྱི༷ར་ན་ཀུ༷ན་གཞི༷་སོགས་ཁས་བླངས་བ་མེ༷ད་ཀྱ༷ང་ལས་འདི་ལས་འབྲས་བུ་འདི༷་འབྱུང་བར་འཇོག་ནུ༷ས་པའི་ཕྱི༷ར་ན། སེམས་ཅན་གྱི་རྒྱུད་ལ༷་ལ༷ར་དགེ་སྡིག་གི་ལ༷ས་བྱས་པ་འག༷ག་ནས་ཡུ༷ན་རི༷ང་བོ་བསྐལ་བ་མང་པོ་ལོ༷ན་པ་ལ༷ས་ཀྱ༷ང་ལས་འགག་པ་དེ་ལས་འབྲ༷ས་བུ༷་ཡ༷ང་ད༷ག་པ་སྟེ་རྒྱུ་དེ་ལས་འབྲས་བུ་མི་འཁྲུལ་བར་འབྱུ༷ང་བ༷ར་རི༷ག་པ༷ར་གྱི༷ས་ཤིག་དང་ཚུལ་དེ་ལྟར་གནས་པའི་ཕྱིར། རྩ་བ་ཤེས་རབ་ལས། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །

ཞེས་གསུངས་སོ། །མདོ་ལས་ཀྱང༌། མི་ཡི་ཚེ་ཚད་ལོ་བརྒྱ་སྟེ། །དེ་སྲིད་འཚོ་ཞེས་བརྗོད་མོད་ཀྱི། །

ལོ་ལ་ཕུང་པོར་སྤུངས་པ་མེད། །སྒྲུབ་པ་དེ་ཡང་དེ་དང་མཚུངས། །ཟད་པ་མེད་ཅེས་གང་སྨྲས་དང༌། །ལས་ཟད་ཅེས་ནི་གང་སྨྲས་པ། །སྟོང་པའི་ཚུལ་དུ་ཟད་པ་མེད། །ཐ་སྙད་ཚུལ་དུ་ཟདཔར་བསྟན། །ཞེས་གསུངས་སོ། །

གཉིས་པ་ལས་འགག་པ་ལས་འབྲས་བུ་འབྱུང་བ་དཔེས་བསྟན་པ་ནི།

རྩ་བར། རྨི་ལམ་དམིགས་པའི་ཡུལ་དག་མཐོང་ནས་ནི། །སད་ཀྱང་བླུན་ལ་ཆགས་པ་སྐྱེ་འགྱུར་བ། །དེ་བཞིན་འགགས་ཤིང་རང་བཞིན་ཡོད་མིན་པའི། །ལས་ལས་ཀྱང་ནི་འབྲས་བུ་ཡོད་པ་ཡིན། །

ཞེས་རང་བཞིན་གྱིས་མ་གྲུབ་པའི་ལས་སྔར་ནས་འགག་ཟིན་པ་ལས་འབྲས་བུ་འབྱུང་བའི་དཔེ་ནི།

རྨི༷་ལ༷མ་ན་བུད་མེད་བཟང་མོ་དམི༷གས་པ༷འི་ཡུ༷ལ་ད༷ག་མཐོ༷ང་ན༷ས་ནི༷། དེ་ནས་གཉིད་ས༷ད་ཀྱ༷ང་སྐྱེ་བོ་བླུ༷ན་པོ་ལ༷། སྔར་རྨི་ལམ་གྱི་སྐབས་སུ་བུད་མེད་དུ་སྣང་བ་ཙམ་ལས་བུད་མེད་དངོས་མེད་ཅིང་ད་ལྟ་ནི་དེ་ཡང་འགག་ཟིན་པ་དེ་ལ་དམིགས་ནས་དེའི་རྒྱུ་ལས་ཆ༷གས་པ༷་དྲག་པོ་སྐྱེ༷་བར་འགྱུ༷ར་བ༷། དེ༷་བཞི༷ན་དུ་ད་ལྟ་འག༷ག་ཟིན་ཤི༷ང་ར༷ང་བཞི༷ན་གྱིས་ཡོ༷ད་པའང་མི༷ན་པ༷འི་དགེ་སྡིག་གི་ལ༷ས་ལ༷ས་ཀྱ༷ང་ནི༷་འབྲ༷ས་བུ༷་བདེ་སྡུག་སོགས་འབྱུང་བ་ཡོ༷ད་པ༷་ཡི༷ན་ཏེ། སྲིད་པ་འཕོ་བའི་མདོ་ལས། རྒྱལ་པོ་ཆེན་པོ་འདི་ལྟ་སྟེ། དཔེར་ན་མི་ཞིག་ཉལ་བའི་རྨི་ལམ་ན་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་སྤྱོད་པ་རྨིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དྲན་ན། རྒྱལ་པོ་ཆེན་པོ་འདི་ཅི་སྙམ་དུ་སེམས། གང་རྨི་ལམ་གྱི་ཡུལ་གྱི་བུད་མེད་བཟང་མོ་དང་ལྷན་ཅིག་སྤྱོད་པ་རྨིས་ལ། དེ་ཉལ་བ་ལས་སད་ནས་ཡུལ་གྱི་བུད་མེད་བཟང་མོ་དེ་དྲན་པའི་མི་དེ་མཁས་པའི་རང་བཞིན་ཅན་ཡིན་ནམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མ་ལགས་ཏེ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་རྨི་ལམ་གྱི་བུད་མེད་བཟང་མོ་ཡང་མ་མཆིས་ཤིང་མི་དམིགས་ལགས་ན། དེ་དང་ཡོངས་སུ་སྤྱོད་པ་ལྟ་ག་ལ་མཆིས་ཏེ། འདི་ལྟར་མི་དེ་ནི་ཕོངས་ཤིང་དུབ་བའི་སྐལ་བ་ཅན་དུ་འགྱུར་ལགས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་ཆེན་པོ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐོས་པ་དང་མི་ལྡན་པ་ཡང་མིག་གིས་གཟུགས་རྣམས་མཐོང་ནས་ཡིད་བདེ་བར་གྱུར་པའི་གཟུགས་རྣམས་ལ་མངོན་པར་ཞེན་ཏེ། མངོན་པར་ཞེན་པར་གྱུར་ནས་ཆགས་པ་སྐྱེད་པར་བྱེད་དོ། །ཆགས་ནས་འདོད་ཆགས་ལས་བྱུང་བ་དང༌། ཞེ་སྡང་ལས་བྱུང་བ་དང༌། གཏི་མུག་ལས་བྱུང་བའི་ལས་ལུས་དང་ངག་དང་ཡིད་ཀྱིས་མངོན་པར་འདུ་བྱེད་དོ། །ལས་དེ་མངོན་པར་འདུ་བྱས་པར་གྱུར་ནས་འགག་གོ། །འགགས་པ་ན་ཤར་ཕྱོགས་སུ་བརྟེན་ཏེ་གནས་པ་མ་ཡིན་པ་ནས་ཕྱོགས་མཚམས་རྣམས་སུ་མ་ཡིན་ནོ་ཞེས་བྱ་བའི་བར་དང༌། དུས་གཞན་ཇི་ཙམ་ཞིག་ན་འཆི་བའི་དུས་དང་ཉེ་བར་གནས་པའི་ཚེ་དེ་དང་སྐལ་བ་འདྲ་བའི་ལས་ཟད་ནས་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ། འདི་ལྟ་སྟེ། དཔེར་ན་ཉལ་ཉལ་བ་ལས་སད་པའི་མིའི་ཡུལ་གྱི་བུད་མེད་བཟང་མོ་ལྟ་བུར་ཡིད་ལས་དེ་ཉིད་ལ་མངོན་དུ་ཕྱོགས་པར་འགྱུར་རོ། །རྒྱལ་པོ་ཆེན་པོ་དེ་ལྟར་རྣམ་པར་ཤེས་པ་ཐ་མ་འགག་ཅིང་སྐྱེ་བའི་ཆར་གཏོགས་པའི་རྣམ་པར་ཤེས་པ་དང་པོ་ཡང་ན་ནི་ལྷ་དག་གི་ནང་དུ་ཞེས་བྱ་བ་ནས་ཡང་ན་ནི་ཡི་དྭགས་རྣམས་སུ་འབྱུང་བར་འགྱུར་རོ་ཞེས་བྱ་བའི་བར་དང༌། རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་དང་པོ་དེ་འགགས་མ་ཐག་ཏུ་གང་ལ་རྣམ་པར་སྨིན་པ་མྱོང་བར་འགྱུར་བར་མངོན་པ་དེ་དང་སྐལ་བ་འདྲ་བའི་སེམས་ཀྱི་རྒྱུན་འབྱུང་ངོ། །རྒྱལ་པོ་ཆེན་པོ་དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་ཏུ་འཕོ་བ་ཡང་མེད་ལ་འཆི་འཕོ་བ་དང་སྐྱེ་བར་མངོན་པ་ཡང་ཡོད་དེ། རྒྱལ་པོ་ཆེན་པོ་དེ་ལ་གང་རྣམ་པར་ཤེས་པ་ཐ་མ་འགག་པ་དེ་ནི་འཆི་འཕོ་བ་ཞེས་བྱ། གང་རྣམ་པར་ཤེས་པ་དང་པོ་འབྱུང་བ་དེ་ནི་སྐྱེ་བ་ཞེས་བྱའོ། །རྒྱལ་པོ་ཆེན་པོ་རྣམ་པར་ཤེས་པ་ཐ་མ་འགག་པའི་ཚེ་ཡང་གང་དུ་ཡང་མི་འགྲོའོ། །རྣམ་པར་ཤེས་པ་དང་པོ་སྐྱེ་བའི་ཆར་གཏོགས་པ་འབྱུང་བའི་ཆ་ཡང་གང་ནས་ཀྱང་མི་འོང་ངོ། །དེ་ཅིའི་ཕྱིར་ཞེ་ན། རང་བཞིན་གྱིས་དབེན་པའི་ཕྱིར་རོ། །རྒྱལ་པོ་ཆེན་པོ་དེ་ལ་རྣམ་པར་ཤེས་པ་ཐ་མ་ནི་རྣམ་པར་ཤེས་པ་ཐ་མས་སྟོང་ངོ། །

འཆི་འཕོ་བ་ནི་འཆི་འཕོ་བས་སྟོང་ངོ། །ལས་ནི་ལས་ཀྱིས་སྟོང་ངོ། །རྣམ་པར་ཤེས་པ་དང་པོ་ནི་རྣམ་པར་ཤེས་པ་དང་པོས་སྟོང་ངོ། །སྐྱེ་བ་ནི་སྐྱེ་བས་སྟོང་ལ་ལས་རྣམས་ཆུད་མི་ཟ་བར་ཡང་མངོན་ནོ། །ཞེས་བྱ་བ་གསུངས་པ་ལྟ་བུའོ། །འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། མདོར་ན་རང་ངོས་ནས་གྲུབ་ན་འཁོར་འདས་ཀྱི་རྣམ་བཞག་གཅིག་ཀྱང་མི་རུང་བ་དང༌། རང་ངོས་ནས་མ་གྲུབ་ན་ཐམས་ཅད་རུང་བར་ཤེས་ན་དབུ་མ་པའི་ལྟ་བ་ཕུ་ཐག་ཆོད་པ་ཡིན་པས། གང་ལ་སྟོང་པ་ཉིད་རུང་བ། ཞེས་སོགས་ཀྱི་རྐང་བ་གཉིས་ལ་ཟབ་རྒྱས་ཐམས་ཅད་འདུས་སོ། །

ཞེས་གསུངས་སོ། །སྐབས་འདིར་དུས་གསུམ་གྱི་དོན་དང་ཞིག་པ་དངོས་པོ་ཡིན་ཚུལ་མདོར་བསྡུས་བཤད་པ་ལ། དུས་གསུམ་ལས་འདས་པ་ནི། དངོས་པོ་གཞན་ཞིག་སྐྱེས་ཟིན་ཞིག་པའི་ཆ་དེ། འདས་པའི་མཚན་ཉིད། མཚན་གཞི་ནི་མྱུ་གུ་ཞིག་པ་ལྟ་བུ། དེ་སྐད་དུ་བརྒྱ་པའི་འགྲེལ་བ་ལས། འདས་པ་ནི་དེ་ཉིད་ལས་འདས་པའོ། །ཞེས་གསུངས་སོ། །མ་འོངས་པ་ནི། དངོས་པོ་གཞན་ཞིག་རང་སྐྱེད་བྱེད་ཀྱི་རྒྱུ་ཡོད་ཀྱང་རྐྱེན་མ་ཚང་བས་མ་སྐྱེས་པའི་ཆ་དེ། མ་འོངས་པའི་མཚན་ཉིད། མཚན་གཞི་ནི་དཔེར་ན། མྱུ་གུ་མ་འོངས་པ་ལ་རྒྱུ་ཡོད་ཀྱང་ད་ལྟ་བའི་དུས་སུ་མ་སླེབས་པ་ལྟ་བུ། བརྒྱ་པའི་འགྲེལ་བ་ལས། དེ་ལ་མ་འོངས་པ་ནི་ད་ལྟར་བྱུང་བའི་དུས་སུ་མ་བྱིན་པའོ། །ཞེས་གསུངས་པའི་ཕྱིར་རོ། །ད་ལྟ་བ་ནི། དངོས་པོ་གཞན་ཞིག་པའི་ཆ་དང་དངོས་པོ་གཞན་མ་འོངས་པའི་ཆ་གང་ཡང་མ་ཡིན་ཞིང་སྐྱེས་ལ་མ་འགག་པ་དེ། ད་ལྟ་བའི་མཚན་ཉིད། མཚན་གཞི་ནི་མྱུ་གུ་སྐྱེས་པ་ལྟ་བུ་ཡིན་ཏེ། བརྒྱ་པའི་འགྲེལ་བ་ལས། ད་ལྟར་བྱུང་བ་ནི་སྐྱེས་ལ་མ་འགག་པའོ། །ཞེས་གསུངས་པའི་ཕྱིར། ད་ལྟར་བའི་མཚན་ཉིད་ལ་དངོས་པོ་གཞན་ཞིག་པའི་ཆ་དང་མ་འོངས་པའི་ཆ་མ་ཡིན་ཞེས་ཟུར་གཉིས་གསུངས་པ་ལུགས་འདིར་ཞིག་པ་ཡང་རང་གི་ངོ་བོར་སྐྱེས་པ་དང༌། རང་གི་ངོ་བོ་མ་འགག་པ་ཡིན་ཡང་དངོས་པོ་གཞན་འགག་པ་ཡིན་པས་དེ་གཅོད་ཕྱིར་ཟུར་དང་པོ་དང༌། མ་འོངས་པ་ཡང་རང་གི་ངོ་བོ་སྐྱེས་ཟིན་ཡིན་ཀྱང་དངོས་པོ་གཞན་ཞིག་མ་སྐྱེས་པ་ཡིན་པས་མ་འོངས་པ་གཅོད་ཕྱིར་ཟུར་ཕྱི་མ་གསུངས་པ་ནི་གསལ་བར་མཛད་པ་ཡིན་པར་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས་བཤད་དོ། །དབུས་མཐའ་ཡང༌། དེ་བཞིན་མ་སྤྱོད་གཞན་ཡིན་ནོ། །ཞེས་དང༌། དེའི་འགྲེལ་བར་དབྱིག་གཉེན་གྱིས། འབྲས་བུ་དང་རྒྱུ་མ་སྤྱ ད་པའི་ཕྱིར་མ་འོངས་པའི་དུས་སོ། །ཞེས་གསུངས་སོ། །དུས་གསུམ་ལྟོས་གྲུབ་ཡིན་པ་ནི། བརྒྱ་བའི་འགྲེལ་བ་ལས། དུས་གསུམ་པོ་དེ་དག་ཀྱང་ཕན་ཚུན་ལྟོས་པ་ཉིད་དུ་གནས་ཏེ་གཉིས་གཉིས་ལ་མ་ལྟོས་པར་རེ་རེ་མེད་པའི་ཕྱིར་རོ། །ཞེས་པས་སོ། །ཞིག་པ་དངོས་པོ་ཡིན་པར་ལུགས་འདིར་འདོད་པ་འདྲ་སྟེ། སྡེ་སྣོད་གསུམ་གའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་སྟོན་པ་ཐམས་ཅད་ལས། སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ། །ཞེས་དང༌། ས་བཅུ་པའི་མདོ་སོགས་ལས། འཆི་བ་ཡང་བྱ་བ་གཉིས་སུ་ཉེ་བར་གནས་པ་ཡིན་ཏེ་འདུ་བྱེད་འཇིག་པར་ཡང་བྱེད་པ་དང༌། ཡོངས་སུ་མི་ཤེས་པ་རྒྱུན་མི་འཆད་པའི་རྒྱུ་ཡང་འབྱིན་པའོ། །ཞེས་དང༌། རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་དང༌། རིགས་པ་དྲུག་ཅུ་པ་ལས། རྒྱུ་ཟད་ཉིད་ལས་ཞི་བ་ནི། །ཟད་ཅེས་བྱ་བར་དམིགས་པ་སྟེ། །ཞེས་དང༌། དེའི་འགྲེལ་བར། གནས་པའི་རྐྱེན་མ་ཚང་ན། འཇིག་པའི་ཕྱིར་རོ། །དེ་ལྟར་ན་འཇིག་རྟེན་ན་རྒྱུ་ཟད་པ་ཁོ་ན་ལས་ཞི་ཞིང་ལོག་པ་གང་ཡིན་པ་དེ་ནི་ཟད་ཅེས་བྱ་བར་དམིགས་ཏེ། ཞེས་གསུངས་པའི་ཕྱིར་རོ། །རྒྱས་པར་བཞི་བརྒྱ་བའི་འགྲེལ་བ་དང་ཚིག་གསལ་དང་འཇུག་འགྲེལ་རྣམས་ལ་ཞིབ་ཏུ་གཟིགས་པརཞུའོ། །

འཇིག་རྟེན་ན་ཆུ་ཟད་པས་འབྲུ་བརླགས་པ་སོགས་གྲགས་པ་ལྟར་ཁས་ལེན་དགོས་ཏེ། མདོ་ལས་ཀྱང༌། གང་འཇིག་རྟེན་ན་ཡོད་པ་དེ་ང་ཡང་ཡོད་པར་འདོད། ཅེས་དང༌། འཕགས་པ་ལྷས་ཀྱང༌། འཇིག་རྟེན་པ་ཡི་མ་གཏོགས་པར། །འཇིག་རྟེན་བཟུང་བར་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། ལས་ཞིག་ནས་བག་ཆགས་ཙམ་ལས་མེད་ཀྱང་རྣམ་སྨིན་མ་ཟད་པའི་ལས་དགེ་བའི་ཞིག་པ་དགེ་བ་དང༌། རྣམ་སྨིན་མ་ཟད་པའི་ལས་མི་དགེ་བའི་ཞིག་པ་མི་དགེ་བ་ཡིན་པའི་ཕྱིར། ཞེས་དང༌། དགེ་བའི་ལས་ལ་བརྟེན་ནས་བྱུང་བའི་དགེ་བའི་ལས་ཞིག་པ་དགེ་བ་ཡིན་པ་ནི་དཔེར་ན་འཕེན་བྱེད་དགེ་བའི་ལས་བསགས་ནས་འགག་ལ། དེ་ནས་དེ་ལ་བརྟེན་ནས་བྱུང་བའི་སྲེད་ལེན་གྱི་གསོས་མ་བཏབ་པའི་ལས་དེའི་བག་ཆགས་ས་བོན་དེ་ཡན་ལག་གཉིས་པ་དགེ་བའི་ལས་དང༌། ཡང་སྲིད་འགྲུབ་ངེས་ཀྱི་བག་ཆགས་ས་བོན་པ་དེ་བཅུ་པ་སྲིད་པའི་རྟེན་འབྲེལ་ཡིན་ལ། ཞེས་གསུངས་པས་སོ། །

དེ་ལྟར་ཁས་ལེན་དགོས་པ་འདྲ་སྟེ། སློབ་དཔོན་འཕགས་པས། གཉིས་པ་བཅུ་པ་ལས་ཡིན་ཏེ། །

ཞེས་དང༌། དེའི་རང་འགྲེལ་ལས། ལས་དེ་གང་ཞེ་ན། གཉིས་པ་དང་བཅུ་པ་ལས་ཡིན་ཏེ། གཉིས་པ་ནི་འདུ་བྱེད། བཅུ་པ་ནི་སྲིད་པ་སྟེ་ཆོས་དེ་གཉིས་ནི་ལས་སུ་བསྡུ་བར་ཤེས་པར་བྱའོ། །

ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་དེ་ལྟར་བསྟན་པ་ལ་རྩོད་པ་སྤང་བ་ལ།

རྣམ་སྨིན་ཐུག་མེད་དུ་འབྱིན་པའི་རྩོད་པ་སྤང་བ་དང༌། ཀུན་གཞི་ཡོད་པར་གསུངས་པའི་ལུང་དང་འགལ་བའི་རྩོད་པ་སྤང་བ་དང་གཉིས། དང་པོ་ནི། རྩ་བར། ཇི་ལྟར་ཡུལ་ནི་ཡོད་ཉིད་མིན་མཚུངས་ཀྱང༌། །རབ་རིབ་ཅན་གྱིས་སྐྲ་ཤད་རྣམ་པར་ནི། །མཐོང་གི་དངོས་པོ་གཞན་རྣམ་མ་ཡིན་ལྟར། །དེ་བཞིན་སྨིན་ལས་སླར་སྨིན་མིན་ཤེས་ཀྱི། །ཞེས་དངོས་སྨྲ་ན་རེ། ལས་རང་བཞིན་གྱིས་མེད་པ་ལ་ལས་རང་བཞིན་གྱིས་འགག་པ་ཡང་མེད་ལ་དེ་རང་བཞིན་གྱིས་མེད་བཞིན་དུ་ཞིག་པ་ལས་འབྲས་བུ་འབྱུང་ན་རྣམ་སྨིན་བྱུང་ཟིན་པ་ལས་ཀྱང་སླར་ཡང་རྣམ་སྨིན་འབྱིན་པར་འགྱུར་བས་ལས་ཀྱིས་རྣམ་སྨིན་འབྱིན་པ་ཐུག་མེད་དུ་འགྱུར་རོ། །ཞེ་ན། མི་འགྱུར་ཏེ། ཇི༷་ལྟ༷ར་ཏེ་དཔེར་ན་སྐྲ་ཤད་དང་བོང་བའི་རྭ་ལ་སོགས་པའི་ཡུ༷ལ་ནི༷་ཡོ༷ད་པ་ཉི༷ད་མི༷ན་པར་མཚུ༷ངས་ཀྱ༷ང་ར༷བ་རི༷བ་ཅ༷ན་གྱི༷་མིག་གིས་ཡོད་པ་མིན་པའི་སྐྲ༷་ཤ༷ད་ལ་སོགས་པའི་རྣ༷མ་པ༷ར་ནི༷་མཐོ༷ང་གི༷དེ་ལས་དངོ༷ས་པོ༷་གཞ༷ན་པའི་བོང་བའི་རྭ་དང༌། མོ་གཤམ་གྱི་བུ་ལ་སོགས་པའི་རྣ༷མ་པར་མཐོང་བ་མ༷་ཡི༷ན་པ་ལྟ༷ར། དེ༷་བཞི༷ན་དུ་རྣམ་སྨིན་བྱུང་ཟིན་མ་ཟིན་གྱི་ལས་གཉིས་ཀ་རང་བཞིན་གྱིས་མེད་པར་མཚུངས་བཞིན་དུ་ལས་སྨིན་མ་ཟིན་པ་ལས་འབྲས་བུ་སྨིན་པ་དང༌། སྨི༷ན་ཟིན་པ་ལ༷ས་སླ༷ར་ཡང་སྨི༷ན་པ་མི༷ན་པར་ཤེ༷ས་པར་གྱི༷ས་ཤིགཡང་རྩ་བར། དེའི་ཕྱིར་རྣམ་སྨིན་མི་དགེ་ནག་པོའི་ལས། །རྣམ་སྨིན་དགེ་ཉིད་དགེ་ལས་ཡིན་མཐོང་ཞིང༌། །དགེ་མི་དགེ་མེད་བློ་ཅན་ཐར་འགྱུར་ཏེ། །ལས་འབྲས་རྣམས་ལ་སེམས་པ་དགག་པ་མཛད། །ཞེས་བྱུང་ལ། རང་འགྲེལ་ལས། དཔེ་འདིས་ལས་རྣམས་མ་ངེས་པ་མ་ཡིན་པ་འབའ་ཞིག་ཏུ་མ་ཟད་ཀྱི་རྣམ་པར་སྨིན་པ་ཡང་ངེས་པ་ཡིན་ནོ་ཞེས་བཤད་པ། ཞེས་གསུངས་ལ། དེ༷འི་ཕྱི༷ར་རྣ༷མ་སྨི༷ན་མི༷་དགེ༷་བ་སྟེ་ཡིད་དུ་མི་འོང་བ་ནི་དགེ་བའི་ལས་ལས་མི་འབྱུང་བར་ན༷ག་པོ༷འི་ལ༷ས་ལས་བྱུང་བ་དང༌། རྣ༷མ་སྨི༷ན་དགེ༷་བ་སྟེ་ཡིད་དུ་འོང་བ་དེ་ཉི༷ད་ནི་མི་དགེ༷་བའི་ལ༷ས་ལས་མི་འབྱུང་བར་དགེ་བའི་ལས་ལས་འབྱུང་བ་ཡི༷ན་པར་མཐོ༷ང་བ་ཡིན་ཞི༷ང༌། དགེ༷་བ་དང་མི༷་དགེ༷་བའི་ལས་རང་བཞིན་གྱིས་མེ༷ད་པར་རྟོགས་པའི་བློ༷་གྲོས་ཅ༷ན་གྱི་གང་ཟག་ནི་འཁོར་བ་ལས་ཐ༷ར་བར་འགྱུ༷ར་ཏེ༷། རྒྱུ་འབྲས་ཀྱི་ཁོ་ན་ཉིད་རྟོགས་པའི་ཕྱིར། འཇིག་རྟེན་ན་མཐོང་བ་གཉིས་ལ་མ་བརྟེན་པར་ལ༷ས་འབྲ༷ས་རྣ༷མས་ལ། སེ༷མས་པ༷་སྟེ་དཔྱད་པའང་དག༷ག་པ༷ར་མཛ༷ད་དོ། །རང་འགྲེལ་ལས། གལ་ཏེ་ཡང་དགེ་བ་དང་མི་དགེ་བའི་ལས་གཉིས་རང་བཞིན་མེད་པ་ཡིན་མོད་ཀྱི། དེ་ལྟ་ན་ཡང་སྐྲ་ཤད་ལ་སོགས་པའི་མཐོང་བ་ངེས་པ་དེ་ཉིད་ཀྱི་ཕྱིར་ན། རྣམ་པར་སྨིན་པ་ཡིད་དུ་འོང་བ་ནི་མི་དགེ་བ་ལས་མ་ཡིན་ལ། ཡིད་དུ་མི་འོང་བ་ནི་དགེ་བ་ལས་མ་ཡིན་ནོ། །དགེ་བ་དང་མི་དགེ་བའི་ལས་མི་དམིགས་པས་ནི་ཐར་བར་འགྱུར་རོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས་སོ་སོའི་སྐྱེ་བོ་ཤིན་ཏུ་ངེས་པར་དཔྱོད་པར་བྱེད་པ་རྣམས་ལ། ལས་དང་འབྲས་བུ་ལ་སྐུར་པ་བཏབ་པ་ལས་ཀུན་རྫོབ་འཇིག་པར་འགྱུར་དུ་འོང་ངོ་སྙམ་སྟེ། ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ནི་བསམ་གྱིས་མི་ཁྱབ་པོ་ཞེས་ལསདང་འབྲས་བུ་ལ་བརྟེན་པའི་སེམས་པ་དགག་པ་མཛད་དོ། །ཞེས་གསུངས་སོ། །

གཉིས་པ་ཀུན་གཞི་ཡོད་པར་གསུངས་པའི་ལུང་དང་འགལ་བའི་རྩོད་པ་སྤང་བ་ལ།

ལུང་འགལ་སྤོང་བ་དངོས་དང༌། དགོས་པའི་དབང་གིས་གསུངས་པའི་དཔེ་བསྟན་པ་དང་གཉིས་ལས། དང་པོ་ནི། རང་འགྲེལ་ལས། གལ་ཏེ་དེ་ལྟར་ལས་རྣམས་ཀྱི་འབྲས་བུ་འབྲེལ་བ་རྣམ་པར་གཞག་ན། འོ་ན་འཕགས་པ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལས་ཀུན་གཞིའི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པའི་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་རྦ་རླབས་རྣམས་ལ་རྒྱ་མཚོ་ལྟར་དངོས་པོ་ཐམས་ཅད་སྐྱེ་བའི་རྒྱུར་གསུངས་པ་གང་ཡིན་པ་དེ་ཅི་རྣམ་པ་ཐམས་ཅད་དུ་སྐྱེ་བ་མེད་པ་ཞིག་གམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ། དེ་སྐད་དུ་ཉེ་བར་བསྟན་པས་གདུལ་བ་རྣམས་ལ་དེ་ཡོད་པ་ཉིད་དུ་བསྟན་པའི་ཕྱིར་རོ། །དངོས་པོ་ཐམས་ཅད་ཀྱི་རང་བཞིན་རྗེས་སུ་ཞུགས་པའི་ཕྱིར་སྟོང་པ་ཉིད་ཁོ་ན་ཀུན་གཞིའི་རྣམ་པར་ཤེས་པའི་སྒྲས་བསྟན་པར་རིག་པར་བྱའོ། །ཀུན་གཞིའི་རྣམ་པར་ཤེས་པ་འབའ་ཞིག་ཡོད་པར་མ་ཟད་ཀྱི་གང་ཟག་ཀྱང་ཡོད་དེ། དེས་འདུལ་བའི་སྐྱེ་བོ་ལ་དེ་ཡོད་པ་ཉིད་དུ་བསྟན་པས་རྗེས་སུ་འཛིན་པའི་ཕྱིར་རོ། །ཇི་སྐད་དུ་དགེ་སློང་དག་ཕུང་པོ་ལྔ་ནི་ཁུར་རོ། །ཁུར་ཁུར་བ་ནི་གང་ཟག་གོ་ཞེས་གསུངས་པ་ལྟ་བུའོ། །ཁ་ཅིག་ལ་ནི་ཕུང་པོ་ཙམ་ཞིག་བསྟན་པ་མཛད་དེ། སེམས་ཞེས་བྱ་བའམ་ཡིད་ཅེས་བྱ་བའམ། རྣམ་པར་ཤེས་པ་ཞེས་བྱ་བ་དེ་ནི་དུས་རིང་པོར་དད་པ་དང་ཚུལ་ཁྲིམས་ལ་སོགས་པས་ཡོངས་སུ་བསྒོས་ཤིང་གང་དུ་འགྲོ་བ་ནི་ཕྱི་མ་ལ་མཐོ་རིས་སུ་འགྲོ་བར་འགྱུར་རོ་ཞེས་གང་བཤད་པ་ཡིན་ནོ། །འདི་དག་ཐམས་ཅད་ནི་དགོངས་པའི་དབང་གིས་གསུངས་པ་ཡིན་ནོ། །འདིར་དགོངས་པ་གང་ཞིག་ཡིན་ཞེ་ན། བརྗོད་པར་བྱ་སྟེ། ཞེས་གསུངས་པ་ལྟར་ཡིན་ལ། དེ་ནས་རྩ་བར། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །བསྟན་པ་འདི་ནི་དེ་ལྟར་ཆོས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །ཞེས་སྤྱིར་ཀུན་གཞིའི་རྣམ་ཤེས་དེ་མེད་ཀྱང་རེ་ཞིག་ཀུན་གཞི་དང་གང་ཟག་རང་རྐྱ་བའི་རྫས་ཡོད་སོགས་འདོད་པའི་གདུལ་བྱ་ལ། ཚོགས་དྲུག་གི་ལས་ངོ་བོ་ཐ་དད་པའི་ཀུ༷ན་གཞི༷འི་རྣམ་ཤེས་ཡོ༷ད་ཅི༷ང༌། ག༷ང་ཟ༷ག་རང་རྐྱ་བའི་རྫས་ཡོད་ཉི༷ད་ཡོ༷ད་ལ༷། ཁ་ཅིག་ལ་གང་ཟག་རང་རྐྱ་བ་མེད་ལ། ཕུ༷ང་པོ༷་ལྔ་པོ་འདི༷་ད༷ག་འབ༷འ་ཞི༷ག་ཉི༷ད་རང་བཞིན་གྱིས་ཡོ༷ད་ཅེ༷ས་བསྟ༷ན་པ༷་འདི༷་ནི༷། སྔར་བཤད་པ་དེ༷་ལྟ༷ར་གྱི་ཆེ༷ས་ཟ༷བ་པའི་དོ༷ན་བདེན་མེད་དང༌། བདེན་པར་མེད་ཀྱང་ལས་འབྲས་འཐད་པའི་ཚུལ་དེ་རེ་ཞིག་རི༷ག་པ་སྟེ་རྟོགས་པ༷ར་མི༷་འགྱུ༷ར་པའི་གདུལ་བྱ་ག༷ང་ཡི༷ན་དེ༷་ལ༷་དགོངས་ནས་གསུངས་པ་ཡིན་ཏེ། རང་འགྲེལ་ལས། གདུལ་བྱ་གང་དག་ཡུན་རིང་པོར་མུ་སྟེགས་ཀྱི་ལྟ་བ་ལ་གོམས་པར་བྱས་པས་ཆོས་ཉིད་ཟབ་མོ་ལ་འཇུག་པར་མི་ནུས་ཤིང་བདག་མེད་དོ་འབྱུང་བར་མི་འགྱུར་རོ་ཞེས་ཇི་སྐད་བསྟན་པའི་ཆོས་ཉིད་ཐོས་ནས་སྐྲག་པ་ཐོག་མ་ཁོ་ནར་སྟོན་པའི་ཉེ་བར་བསྟན་པ་ལ་གཡང་ས་དང་འདྲ་བར་སེམས་པ་དེ་དག་དེ་ལ་རྒྱབ་ཀྱིས་ཕྱོགས་པས་དོན་ཆེན་པོ་བསྒྲུབ་པར་མི་འགྱུར་རོ། །ཆེས་ཐོག་མར་ཀུན་གཞིའི་རྣམ་པར་ཤེས་པ་ལ་སོགས་པ་བསྟན་པས་ནི་མུ་སྟེགས་ཀྱི་ལུགས་བསལ་ནས་དེ་དག་གི་དོན་ཆེན་པོ་འདྲེན་པར་འགྱུར་ཞིང༌། ཕྱི་ནས་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རིག་པ་རྣམས་རང་ཉིད་ཀྱིས་དེ་དག་སྤོང་བར་འགྱུར་བས་ཡོན་ཏན་ཁོ་ན་འབྱུང་གི་སྐྱོན་ནི་མ་ཡིན་ནོ། །ཇི་སྐད་དུ་འཕགས་པ་ལྷས། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་དཔྱད་བྱ། །ཉམས་པར་གྱུར་པ་དམཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་བཤད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་དགོས་པའི་དབང་གིས་གསུངས་པའི་དཔེ་བསྟན་པ་ནི།

རྩ་བར། འཇིག་ཚོགས་ལྟ་དང་བྲལ་ཡང་སངས་རྒྱས་ཀྱིས། །ཇི་ལྟར་ང་དང་ང་ཡི་བསྟན་པ་ལྟར། །དེ་བཞིན་དངོས་རྣམས་རང་བཞིན་མེད་མོད་ཀྱི། །ཡོད་ཅེས་དྲང་དོན་ཉིད་དུ་བསྟན་པ་ཡིན། །ཞེས་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་མེད་ཀྱང་གདུལ་བྱ་འགའ་ཞིག་ལ་རང་བཞིན་གྱིས་གྲུབ་པ་ཡོད་པར་བསྟན་པ་ནི། དཔེར་ན་འཇི༷ག་ཚོ༷གས་ལ་ལྟ༷་བའི་རྟོག་པ་བག་ཆགས་ད༷ང་བཅས་པ་དང་བྲ༷ལ་བ་ཡ༷ང་སང༷ས་རྒྱ༷ས་ཀྱི༷ས་ངའོ་ཞེས་དང་ངའི་ཉན་ཐོས་ཞེས་སོགས་ང་དང་ང་ཡིའོ་ཞེས་གསུངས་པ་ན་གདུལ་བྱས་སངས་རྒྱས་ལ་ཇི༷་ལྟ༷ར་ང༷་ད༷ང་ང༷་ཡི༷་བར་འཛིན་པའི་རྟོག་པ་ཡོད་པར་ལྟར་སྣང་ལ། སྣང་བ་ལྟར་ཡོད་པའི་ཚུལ་དུ་བསྟ༷ན་པ༷་ལྟ༷ར། དེ༷་བཞི༷ན་དུ་གདུལ་བྱ་རྣམས་བསྟན་པ་ལ་བཅུག་ནས་རིམ་གྱིས་དེ་ཁོ་ན་ཉིད་རྟོགས་པར་བྱ་བའི་ཐབས་སུ། དངོ༷ས་པོ་རྣ༷མས་ར༷ང་བཞི༷ན་གྱིས་གྲུབ་པ་མེ༷ད་མོ༷ད་ཀྱི༷་རང་བཞིན་གྱིས་ཡོ༷ད་ཅེ༷ས་དྲ༷ང་དོ༷ན་ཉི༷ད་དུ༷་བསྟ༷ན་པ༷་ཡི༷ན་ཏེ། རང་འགྲེལ་ལས། དངོས་པོ་རྣམས་རང་བཞིན་ཡོད་པ་མ་ཡིན་ཡང་དེ་ཡོད་པ་ཉིད་དུ་ཉེ་བར་བསྟན་པ་འཇིག་རྟེན་གྱིས་ཁོང་དུ་ཆུད་པའི་ཐབས་ཡིན་པའི་ཕྱིར། ཡོད་པ་ཉིད་དུ་བསྟན་པ་མཛད་དོ། །ཇི་སྐད་དུ་ཤར་གྱི་རི་བོའི་སྡེ་དང་མཐུན་པའི་ཚིགས་སུ་བཅད་པ་དག་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང༌། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། །ཕུང་པོ་དག་དང་ཁམས་རྣམས་དང༌། །

སྐྱེ་མཆེད་རང་བཞིན་གཅིག་བཞེད་ལ། །ཁམས་གསུམ་པོ་དག་སྟོན་མཛད་པ། །འདི་ནི་འཇིགརྟེན་མཐུན་འཇུག་ཡིན། །ཞེས་སོགས་གསུངས་པའི་ཕྱིར་རོ། །

གཉིས་པ་སེམས་ཙམ་པའི་ལུགས་བྱེ་བྲག་ཏུ་དགག་པ་ལ།

ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པ་དགག གཞན་དབང་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཚད་མ་དགག སེམས་ཙམ་དུ་གསུངས་པའི་ཙམ་གྱི་སྒྲས་ཕྱི་དོན་འགོག་པ་མིན་པར་བསྟན་པ་དང་གསུམ། དང་པོ་ལ་གཉིས། གཞན་ལུགས་བརྗོད་པ་དང༌། ལུགས་དེ་དགག་པ་དང་གཉིསལས།

དང་པོ་ནི། རྩ་བར། གཟུང་བ་མེད་པས་འཛིན་པ་མ་མཐོང་ཞིང༌། །སྲིད་གསུམ་རྣམ་ཤེསཙམ་དུ་རབ་རྟོགས་པས། །ཤེས་རབ་ལ་གནས་བྱང་ཆུབ་སེམས་དཔའ་དེས། །རྣམ་ཤེས་ཙམ་དུདེ་ཉིད་རྟོགས་པར་འགྱུར། །ཞེས་ཕྱི་དོན་མེད་པ་ལ་སོགས་པའི་གྲུབ་མཐའ་འཇོག་པའི་རྣམཔར་ཤེས་པ་སྨྲ་བ་རྣམས་ཀྱི་ལུགས་གསལ་བར་བྱ་བའི་ཕྱིར་དུ་ཕྱོགས་སྔ་མ་བརྗོད་པ་ནི། རྣམཔར་ཤེས་པ་སྨྲ་བས་ཚོགས་ལམ་སོགས་སུ་དོན་དམ་དཔྱོད་པའི་རིགས་པ་དེས་གཟུགས་སོགསརང་འཛིན་ཤེས་པ་དང་རྫས་ཐ་དད་པའི་ཕྱི་དོན་མ་རྙེད་ལ། དེ་མ་རྙེད་ན་གཟུགས་སོགསའཛིན་པའི་སེམས་སེམས་བྱུང་རྣམས་ལ་རང་ལས་རྫས་གཞན་པའི་གཟུང་བ་མེད་ལ་རང་ལས་རྗས་གཞན་པའི་གཟུ༷ང་བ༷་མེ༷ད་པར་བཟུང་བ་དེ་ལས་དོན་གཞན་པའི་འཛིན་པར་བྱེད་པ་ཡོད་མི་སྲིད་པ༷ས་གཟུང་བ་ལས་རྫས་གཞན་པའི་འཛི༷ན་པ༷་ཡང་མ༷་མཐོ༷ང་ཞི༷ང༌། དེ་ལྟར་གཟུང་འཛིན་གཉིས་རྫས་ཐ་དད་དུ་མེད་ཅིང་ཐ་སྙད་དུ་ཤེས་པའི་རྫས་ཙམ་དུ་རྟོགས་ཏེ། སྲི༷ད་པ་ཁམས་གསུ༷མ་པོ་ནི་རྣ༷མ་པར་ཤེ༷ས་པ་ཙ༷མ་དུ༷་ར༷བ་ཏུ་རྟོ༷གས་པ༷ས་ཏེ་རྟོགས་ནས། གཉིས་སྟོང་གི་དེ་ཁོ་ན་ཉིད་ལ་ཡུན་རིང་བོར་གོམས་པར་བྱེད་ལ། དེ་གོམས་པར་བྱས་པ་ལས་མཐོང་ལམ་དུ་གཟུང་འཛིན་གཉིས་སྟོང་གི་ངོ་བོ་ཙམ་ཞིག་རང་རིག་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་རྟོགས་ཤིང༌། དེ་ནས་ཀྱང་ཡང་ཡང་གོམས་པ་སྔོན་དུ་སོང་བའི་རིམ་པ་འདིས་ས་དྲུག་པ་པས་རྣམ་ཤེས་ཙམ་དེ་ཁོ་ན་ཉིད་ལྷག་པར་རྟོགས་པའི་ཕྱིར་ན། ཤེ༷ས་ར༷བ་ཀྱི་ཕར་ཕྱིན་ལྷག་པ་ས་དྲུག་པ་ལ༷་གན༷ས་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་དེ༷ས། དོན་དམ་དཔྱོད་པའི་རིགས་པ་གང་གི་སྒོ་ནས་གཟུང་འཛིན་རྫས་ཐ་དད་ཀྱིས་སྟོང་བ་མངོན་སུམ་དུ་རྟོགས་པ་དང་མཐོང་བ་དང་ཁོང་དུ་ཆུད་པ་ནི་ཆོས་རྣམས་ཀྱི་དེ་ཉིད་རྟོགས་པའམ་རྣ༷མ་པར་ཤེ༷ས་པ་ཙ༷མ་དུ༷་དེ༷་ཁོ་ན་ཉི༷ད་རྟོ༷གས་པ༷ར་འགྱུ༷ར་བ་ཡིན་ནོ། །

ཡང་གལ་ཏེ་སྣོད་བཅུད་འདི་དག་ཕྱི་དོན་མེད་པའི་རྣམ་པར་རིག་པ་ཙམ་ཡིན་ན། འོ་ན་ཕྱི་དོན་གྱི་གཟུགས་སོགས་མེད་པར་ཕྱི་དོན་གྱི་གཟུགས་སོགས་ཀྱི་རྣམ་པ་ཅན་གྱི་སེམས་ཙམ་ཇི་ལྟར་སྐྱེ་ཞེ་ན། རྩ་བར། ཇི་ལྟར་རླུང་གིས་བསྐུལ་བས་རྒྱ་མཚོ་ནི། །ཆེ་ལས་ཆུ་རླབས་འབྱུང་བ་དེ་བཞིན་དུ། །ཀུན་གྱི་ས་བོན་ཀུན་གཞི་ཞེས་བྱ་ལས། །རང་གི་ནུས་པས་རྣམ་ཤེས་ཙམ་ཞིག་འབྱུང༌། །ཞེས་གཟུགས་སོགས་ཕྱི་དོན་མེད་ཀྱང་གཟུགས་སོགས་འཛིན་པའི་ཤེས་པ་སྐྱེ་བ་འཐད་དེ། ཇི༷་ལྟ༷ར་ཏེ་དཔེར་ན་རླུ༷ང་གི༷ས་བསྐུ༷ལ་བ༷་ལ༷ས་རླབས་ཀྱི་རྟེན་དུ་གྱུར་པའི་རྒྱ༷་མཚོ༷་ནི༷། ཆེ༷་བ་ལ༷ས་ཆུ༷་རླ༷བས་འབྱུ༷ང་བ༷་དེ༷་བཞི༷ན་དུ༷། ཕྱི་ནང་གི་དངོས་པོ་ཀུ༷ན་གྱི༷་ས༷་བོ༷ན་ནམ་རྒྱུར་གྱུར་བའི་ཀུ༷ན་གཞི༷འི་རྣམ་ཤེས་ཞེ༷ས་བྱ༷་བ་ལ༷ས། ཆགས་སོགས་ཉོན་མོངས་པ་དང་དད་སོགས་དགེ་བའི་བློ་རྣམས་ཀྱིས་ར༷ང་གི༷་རྗེས་སུ་མཐུན་པའི་ནུ༷ས་པ་དེ་ཀུན་གཞི་ལ་བཞག་པ་སྨིན་པ༷ས། ཕྱི་དོན་གྱིས་སྟོང་པའི་གཟུགས་སོགས་སྣང་བའི་རྣ༷མ་ཤེ༷ས་ཙ༷མ་ཞི༷ག་འབྱུ༷ང་བའི་ཕྱིར་ཏེ། བག་ཆགས་ཀྱི་དབང་གིས་གཟུགས་སྣང་བའི་རྣམ་ཤེས་ཙམ་འབྱུང་ཡང་གཟུགས་སོགས་ནི་རང་འཛིན་ཤེས་པའི་རྫས་ལ་གཟུགས་སོགས་སུ་སྣང་བ་ཡིན་གྱི་ཕྱི་དོན་མ་ཡིན་པའི་ཕྱིར་རོ། །རང་འགྲེལ་ལས། དཔེར་ན་དབང་ཕྱུག་ལ་སོགས་པ་རྒྱུར་སྨྲ་བ་རྣམས། བ་ནི་བ་སྦྲ་རྣམས་ཀྱི་རྒྱུ། །

ཆུ་ཤེལ་ཆུ་རྣམས་ཀྱི་བཞིན་དང༌། །༼སྡོང་བོ་༽ིབླག་ཤ་ཡལ་ག་རྣམས་ཀྱི་ལྟར། །དེ་ནི་ལུས་ཅན་༼སྣོད་བཅུད་༽ཀུན་གྱི་རྒྱུ། །ཞེས་དབང་ཕྱུག་ལ་སོགས་པ་འགྲོ་བའི་བྱེད་པ་པོ་ཉིད་དུ་སྨྲ་བར་བྱེད་པ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་སྨྲ་བ་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་དངོས་པོ་མཐའ་དག་གི་དམིགས་པའི་ས་བོན་གྱི་རྟེན་ཉིད་ཀྱིས་ས་བོན་ཐམས་ཅད་པ་སྨྲ་བར་བྱེད་དོ། །གང་དབང་ཕྱུག་རྟག་ལ་ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་རྟག་གོ་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཞེས་གསུངས་པས་སོ། །ཡང་རྩ་བར། དེ་ཕྱིར་གཞན་གྱི་དབང་གི་ངོ་བོ་གང༌། །

དངོས་པོ་བརྟག་པར་ཡོད་པའི་རྒྱུར་གྱུར་ཞིང༌། །ཕྱི་རོལ་གཟུང་བ་མེད་པར་འབྱུང་འགྱུར་ལ། །

ཡོད་དང་སྤྲོས་ཀུན་ཡུལ་མིན་རང་བཞིན་ཡོད། །ཅེས་ཕྱི་དོན་མེད་ཀྱང་བག་ཆགས་ཀྱི་དབང་གིས་གཞན་དབང་ཤེས་པ་ལ་རང་གི་རྫས་ལ་ཕྱི་དོན་གྱི་གཟུགས་སོགས་སྣང་བ་ཡིན་པ་འདི་གསུངས་རབ་ཀྱི་རྣམ་བཞག་ཡིན་པ་དེ༷འི་ཕྱི༷ར་ན་གཞ༷ན་གྱི༷་དབ༷ང་གི༷་སྟེ་གཞན་དབང་རང་བཞིན་གྱིས་གྲུབ་པའི་ངོ༷་བོ༷་ག༷ང་ཡིན་པ་འདི་ནི་གདོད་མི་ཟ་བར་ཁས་བླངས་དགོས་ལ། གཟུང་འཛིན་གྱི་དངོ༷ས་པོ༷་བཏ༷གས་པ༷ར་ཡོ༷ད་པ༷འི་རྒྱུ༷་སྟེ་གཞིར་གྱུ༷ར་པ་ཡིན་པའི་ཞིང༌། དེ་འདྲའི་གཞན་དབང་དེ་ཁྱད་པར་གསུམ་དང་ལྡན་ཏེ། ཕྱི༷་རོ༷ལ་གྱི་གཟུ༷ང་བ་མེ༷ད་པ༷ར་འབྱུ༷ང་བར་འགྱུ༷ར་བ་ཡིན་ལ༷། རང་གི་ངོ་བོ་རང་བཞིན་གྱིས་ཡོ༷ད་པ་ད༷ང༌། དོན་དམ་པར་སྒྲ་རྟོག་གི་སྤྲོ༷ས་པ་ཀུ༷ན་གྱི་ཡུ༷ལ་མི༷ནཔའི་ར༷ང་བཞི༷ན་དུ་ཡོ༷ད་པའི་ཕྱིར་རོ། །

གཉིས་པ་དེ་དགག་པ་ལ།

དགག་པ་རྒྱས་པར་བརྗོད་པ་དང༌། དེ་ལྟར་བཀག་པའི་མཇུག་བསྡུ་བ་དང་གཉིས། དང་པོ་ལ། ཕྱི་རོལ་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པའི་དཔེ་དགགབག་ཆགས་ཀྱི་ནུས་པ་ལས་ཕྱི་དོན་གྱིས་སྟོང་པའི་ཤེས་པ་སྐྱེ་བའི་དོན་དགགདེ་ལྟར་བཀག་པ་དང་མི་སྡུག་པ་སྒོམ་པ་གཉིས་མི་འགལ་བར་བསྟན་པ་དང་གསུམ། དང་པོ་ལ། རྨི་ལམ་གྱི་དཔེ་དགག་པ་དང༌། སྐྲ་ཤད་མཐོང་བའི་དཔེ་དགག་པ་དང་གཉིས། དང་པོ་ལ། རྨི་ལམ་གྱི་དཔེས་ཤེས་པ་རང་བཞིན་གྱིས་ཡོད་པ་མི་འགྲུབ་པ། རྨི་ལམ་གྱི་དཔེས་སད་དུས་སུ་ཕྱི་རོལ་མེད་པ་མི་འགྲུབ་པ། རྨི་ལམ་གྱི་དཔེས་དངོས་པོ་ཐམས་ཅད་རྫུན་པར་འགྲུབ་པ་དངགསུམ་ལས།

དང་པོ་ནི། རྩ་བར། ཕྱི་རོལ་མེད་སེམས་དཔེར་ནི་གང་དུ་ཡོད། །ཅེས་སེམས་ཙམ་པ་ཁྱེད་ཅག་གིས་ཕྱི༷་རོ༷ལ་མེ༷ད་ལ། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སེ༷མས་ཡོད་པར་འདོད་ན། དེ་འདྲའི་དཔེ༷ར་ནི༷་ག༷ང་དུ༷་ཡོ༷ད་ཅེས་འདྲི་ཞིང་དཔྱད་པར་བྱ་བ་ལ། རྩ་བར། རྨི་ལམ་ཇི་བཞིན་ཞེ་ན། ཞེས་དེ་ལ་སེམས་ཙམ་པ་ན་རེ། དཔེར་ན་ཁང་མིག་ཤིན་ཏུ་ཆུང་བའི་ནང་དུ་ཉལ་ནས་གཉིད་དུ་ལོག་པས་གླང་པོ་ཆེ་མྱོས་པའི་ཁྱུ་རྨིས་པས་གླང་པོ་ཆེ་ནི་ཁང་མིག་དེར་ཡོད་པ་མིན་ཀྱང་དེ་མཐོང་བའི་ཤེས་པ་རང་བཞིན་གྱིས་ཡོད་པས་ན་རྨི་ལམ་གྱི་གླང་པོ་ཆེ་མེད་པ་དང་དེ་མཐོང་བ་རང་བཞིན་གྱིས་ཡོད་པ་གཉིས་ཚོགས་པའི་རྨི༷་ལ༷མ་ཇི༷་ལྟ་བ་བཞི༷ན་ཏུ་ཕྱི་རོལ་གྱི་ཡུལ་མེད་ཀྱང་རྣམ་ཤེས་རང་བཞིན་གྱིས་གྲུབ་པ་ཡོད་དོ་ཞེ༷་ན༷། རྩ་བར། དེ་བསམ་བྱ། ཞེས་དཔེ་དེ༷་ཉིད་འདིར་བས༷མ་པའམ་དཔྱད་པར་བྱ༷། རྩ་བར། གང་ཚེ་ང་ལ་རྨི་ལམ་ན་ཡང་སེམས། །ཡོད་མིན་དེ་ཚེ་ཁྱོད་ཀྱི་དཔེ་ཡོད་མིན། །ཞེས་ག༷ང་གི་ཚེ༷་ང༷་ཡི་ལུགས་ལ༷་རྨི༷་ལ༷མ་ན༷་ཡ༷ང་གླང་ཆེན་གྱི་རྣམ་པ་ཅན་གྱི་སེ༷མས་རང་བཞིན་གྱིས་གྲུབ་པ་ནི་ཡུལ་གླང་པོ་ཆེ་མེད་པ་ལྟར་ཡོ༷ད་པ་མི༷ན་ལ། ངེད་ཀྱི་ལུགས་ལ་རྨི་ལམ་གྱི་སེམས་རང་མཚན་གྱིས་གྲུབ་པ་མེད་པ་དེ༷་ཡི་ཚེ༷་རང་ཅག་གཉིས་ཀའི་ལུགས་སུ་ཁས་ལེན་པའི་ཁྱོ༷ད་ཀྱི༷་དཔེ༷་ཡོ༷ད་པ་མི༷ན་པས། ཁྱེད་ཅག་གིས་ངེད་ལ་ཕྱི་རོལ་གཏན་མེད་ལ་ཤེས་པ་རང་བཞིན་གྱིས་གྲུབ་པ་ཡོད་པའི་དཔེ་སྟོན་རྒྱུ་ཡང་མི་རྙེད་པས་མི་འཐད་དེ། རང་འགྲེལ་ལས། རྣམ་པར་ཤེས་པ་མེད་ན་ཡང་གཉི་ག་ལ་གྲུབ་པའི་དཔེ་ཡོད་པ་མ་ཡིན་པས་ཕྱི་རོལ་མེད་པར་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས་སོ། །རྩ་བར། གལ་ཏེ་སད་ཚེ་རྨི་ལམ་དྲན་ལས་ཡིད། །ཡོད་ན་ཕྱི་རོལ་ཡུལ་ཡང་དེ་བཞིན་འགྱུར། །ཇི་ལྟར་ཁྱོད་ཀྱིས་ངས་མཐོང་སྙམ་དྲན་པ། །དེ་འདྲ་ཕྱི་རོལ་ལ་ཡང་ཡོད་པ་ཡིན། །བྱས་པ་ལ་སེམས་ཙམ་པ་ན་རེ། ཅི་སྟེ་རྨི་ལམ་ན་ཤེས་པ་འཁྲུལ་པ་རང་བཞིན་གྱིས་གྲུབ་པ་ཞིག་མེད་ན། སད་ཚེ་རྨི་ལམ་གྱི་དུས་ཀྱི་ཡུལ་ཉམས་སུ་མྱོང་བའི་ཤེས་པ་དེ་ཕྱིས་དྲན་པར་མི་འགྱུར་དགོས་ཀྱང་སད་དུས་སུ་དེ་དྲན་པ་ཡོད་པས་རྨི་ལམ་གྱི་ཤེས་པ་རང་བཞིན་གྱིས་ཡོད་དོ་ཞེ་ན། འདི་ནི་ཤེས་པ་རང་བཞིན་གྱིས་མེད་ན་གཏན་མེད་ཡིན་པས་རྨི་ལམ་གྱི་ཤེས་པ་དེས་རང་ཉིད་དྲན་ཤེས་བསྐྱེད་མི་སྲིད་སྙམ་པའི་རྩོད་པའོ། །ཁྱོད་ཀྱི་རྩོད་པ་དེ་ཡང་མི་འཐད་དེ། ག༷ལ་ཏེ༷་གཉིད་ས༷ད་པའི་ཚེ༷་རྨི༷་ལ༷མ་གྱི་ཡུལ་མྱོང་བའི་ཡིད་དྲ༷ན་པ་ལ༷ས་རྨི་ལམ་གྱི་ཡི༷ད་རང་བཞིན་གྱིས་གྲུབ་པ་ཡོ༷ད་དགོས་ན༷། རྨི་ལམ་དུ་གླང་པོ་ཆེ་དང་བུམ་པ་ལ་སོགས་པའི་ཕྱི༷་རོ༷ལ་གྱི་ཡུ༷ལ་ཡ༷ང་ཡིད་དེ༷་བཞི༷ན་དུ་འགྱུ༷ར་ལ། ཇི༷་ལྟ༷ར་ཁྱོ༷ད་ཀྱི༷ས་སད་པའི་ཚེ་ང༷ས་རྨི་ལམ་ན་གླང་པོ་ཆེ་མཐོ༷ང་སྙ༷མ་པའི་རྨི་ལམ་གྱི་ཡུལ་ཅན་དྲན་པའི་དྲ༷ན་པ༷་ཡོད་པ་ལས་རྨི་ལམ་གྱི་ཡིད་ཡོད་པར་བཞག་པ། དེ༷་དང་འདྲ༷་བར་སད་ཚེ་ངས་རྨི་ལམ་ན་གླང་པོ་ཆེ་མཐོང་སྙམ་པ་དང༌། སད་ཚེ་བུམ་འཛིན་ཤེས་པ་སྐྱེ་བའི་རྗེས་སུ་ངས་ཕྱི་རོལ་ཏུ་བུམ་པ་མཐོང་སྙམ་དུ་དྲན་པ་སྐྱེ་བ་སོགས་ཡོད་པས་ཕྱི༷་རོ༷ལ་གྱི་ཡུལ་ལ༷་ཡ༷ང་རང་ཉིད་དྲན་པའི་དྲན་ཤེས་སྐྱེ་བ་ཡོ༷ད་པ༷་ཡི༷ན་པས་རྨི་ལམ་དུ་གླང་ཆེན་དང༌། ཕྱི་རོལ་གྱི་ཡུལ་ཡོད་པར་ཁས་ལེན་དགོས་པའམ། ཡང་ན་ཕྱི་དོན་མེད་པ་བཞིན་རྣམ་ཤེས་ཀྱང་མེད་པར་ཁས་ལེན་དགོས་སོ། །

གཉིས་པ་རྨི་ལམ་གྱི་དཔེས་སད་དུས་སུ་ཕྱི་དོན་མེད་པ་མི་འགྲུབ་པ་ནི།

རྩ་བར། གལ་ཏེ་གཉིད་ནང་མིག་བློ་མི་སྲིད་པས། །ཡོད་མིན་ཡིད་ཀྱི་ཤེས་པ་ཁོ་ན་ཡོད། །དེ་ཡི་རྣམ་པ་ཕྱི་རོལ་ཉིད་དུ་ཞེན། །རྨི་ལམ་ཇི་བཞིན་དེ་བཞིན་འདིར་འདོད་ན། །ཞེས་ག༷ལ་ཏེ༷་སེམས་ཙམ་པ་ན་རེ། སད་པའི་སྐབས་སུ་ཕྱི་དོན་མེད་ལ་ཤེས་པ་ཡོད་པའི་དཔེ་ཡོད་དེ། རྨི་ལམ་གྱི་དཔེས་སད་པའི་དུས་སུ་ཕྱི་དོན་མེད་པར་ཤེས་པ་ཡོད་པར་སྟོན་ནུས་པའི་ཕྱིར། དེར་ཐལ། གཉི༷ད་ལོག་པའི་སྐབས་སུ་ནི༷་མི༷ག་གི་བློ༷་ཡོད་མི༷་སྲི༷ད་པ༷ས་རྨི་ལམ་དུ་རྨིས་པའི་གླང་པོ་ཆེ་ལ་སོགས་པ་ནི་མིག་ཤེས་ཀྱི་གཟུང་བྱའི་ཕྱི་དོན་གྱི་གཟུགས་ཀྱི་སྐྱེ་མཆེད་ཅུང་ཟད་ཀྱང་ཡོ༷ད་པ་མི༷ན་ལ། རྨི་ལམ་གྱི་ཡི༷ད་ཤེས་ཀྱི༷་ཤེ༷ས་པ༷་ཁོ༷་ན༷་ཡོ༷ད་ཅིང༌། རྨི་ལམ་གྱི་ཡིད་ཤེས་དེ་ལ་ཕྱི་དོན་གླང་པོ་ཆེ་དེ༷་ཡི༷་རྣ༷མ་པ༷་སྣང་བ་ཙམ་ལ་ཕྱི༷་རོ༷ལ་གྱི་གླང་ཆེན་ཉི༷ད་དུ༷་མངོན་པར་ཞེ༷ན་པ་ནི་བཟློག་ཏུ་མེད་པར་འབྱུང་ལ། དེ་ལྟར་རྨི༷་ལ༷མ་དུ་ཕྱི་དོན་མེད་པར་རྣམ་ཤེས་ཙམ་འབྱུང་བ་ཇི༷་བཞི༷ན་དཔེ་དེ༷་བཞི༷ན་དུ་སད་པའི་སྐབས་འདི༷ར་ཕྱི་དོན་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པར་འདོ༷ད་པ་ཡིན་པའི་ཕྱིར་རོ་ཞེ་ན༷། ལན་དུ་རྩ་བར། ཇི་ལྟར་ཁྱོད་ཀྱི་ཕྱི་ཡུལ་རྨི་ལམ་དུ། །མ་སྐྱེས་དེ་བཞིན་ཡིད་ཀྱང་སྐྱེས་མ་ཡིན། །

ཞེས་ཁྱེད་ཀྱིས་ངེད་ཅག་ལ་རྨི་ལམ་གྱི་དཔེས་སད་པའི་ཚེ་ཕྱི་དོན་མེད་ལ་ཤེས་པ་རང་བཞིན་གྱིས་ཡོད་པར་སྒྲུབ་མི་ནུས་ཏེ། ཇི༷་ལྟ༷ར་སེམས་ཙམ་པ་ཁྱོ༷ད་ཀྱི༷་ལུགས་ལྟར་ན་ཕྱི༷་རོལ་གྱི་ཡུ༷ལ་ཏེ་ཕྱི་དོན་རྨི༷་ལ༷མ་དུ༷་མ༷་སྐྱེ༷ས་པ་དེ༷་བཞི༷ན་དུ་ངེད་ཀྱི་ལུགས་ལ་རྨི་ལམ་གྱི་ཡི༷ད་ཀྱི་རྣམ་ཤེས་ཀྱ༷ང་རང་བཞིན་གྱིས་སྐྱེ༷ས་པ་མ༷་ཡི༷ན་ལ། རྩ་བར། མིག་དང་མིག་གི་ཡུལ་དང་དེས་བསྐྱེད་སེམས། །

གསུམ་པོ་ཐམས་ཅད་ཀྱང་ནི་རྫུན་པ་ཡིན། །རྣ་སོགས་གསུམ་པོ་ལྷག་མའང་སྐྱེ་བ་མེད། །ཅེས་རྨི་ལམ་དུ་མི༷ག་ད༷ང་མི༷ག་གི༷་ཡུ༷ལ་གཟུགས་ཀྱི་སྐྱེ་མཆེད་གཉིས་ད༷ང༌། མིག་གཟུགས་དེ༷ས་བསྐྱེ༷ད་པའི་མིག་གི་སེ༷མས་གསུ༷མ་པོ༷་ཐམ༷ས་ཅ༷ད་ཀྱ༷ང་ནི༷་གཅིག་ཀྱང་རྨི་ལམ་གྱི་དུས་སུ་མེད་ཀྱང་ཡོད་པར་སྣང་བའི་རྫུ༷ན་པ༷་ཡི༷ན་ལ། དེ་བཞིན་དུ་རྨི་ལམ་དུ་རྣ་བ་སོགས་བཞི་དང་སྒྲ་སོགས་བཞི་དང༌། རྣ༷་བའི་རྣམ་ཤེས་སོ༷གས་བཞིའི་ཡུལ་དབང་རྣམ་ཤེས་གསུམ་འདུས་པར་སྣང་བ་ཡང་རྣ་བ་སོགས་ཀྱི་ཡུལ་དབང་རྣམ་ཤེས་དངོས་མ་ཡིན་པར་སྣང་བ་ཙམ་ཡིན་པས་རྨི་ལམ་དུ་སྣང་བའི་རྣ་བའི་དབང་ཡུལ་ཤེས་པ་གསུ༷མ་པོ༷་སོགས་མིག་གི་གསུམ་གྱི་ལྷ༷ག་མ༷འང་སྐྱེ༷༷་བ༷་མེ༷ད་ལ། རྨི་ལམ་ན་ཡིད་ཀྱི་དབང་ཡུལ་ཤེས་གསུམ་ཡོད་ཀྱང་རང་བཞིན་གྱིས་མེད་ཀྱང་རང་བཞིན་གྱིས་ཡོདཔར་སྣང་བ་ཙམ་ཡིན་པས་བརྫུན་པ་ཡིན་པའཽ། །

གསུམ་པ་རྨི་ལམ་གྱི་དཔེས་དངོས་པོ་ཐམས་ཅད་བརྫུན་པར་འགྲུབ་ཚུལ་ནི།

རྩ་བར། རྨི་ལམ་ཇི་ལྟར་དེ་བཞིན་སད་འདིར་ཡང༌། །དངོས་རྣམས་བརྫུན་ཡིན་སེམས་དེ་ཡོད་མ་ཡིན། །

སྤྱོད་ཡུལ་མེད་ཅིང་དབང་པོ་རྣམས་ཀྱང་མེད། །ཅེས་རྨི༷་ལ༷མ་གྱི་ཡུལ་དབང་རྣམ་ཤེས་ཐམས་ཅད་བརྫུན་པ་ཡིན་པ་ཇི༷་ལྟ༷་བ་དེ༷་བཞི༷ན་དུ། ས༷ད་པའི་སྐབས་འདི༷ར་ཡ༷ང་དངོ༷ས་རྣ༷མས་བརྫུ༷ན་པ་ཡི༷ན་པས་གཞན་དབང་གི་སེ༷མས་དེ༷་རང་བཞིན་གྱིས་ཡོ༷ད་པ་མ༷་ཡི༷ན་ལ། དེ་བཞིན་དུ་དབང་པོའི་སྤྱོ༷ད་ཡུ༷ལ་གཟུགས་སོགས་རང་བཞིན་གྱིས་མེ༷ད་ཅི༷ང༌། དབ༷ང་པོ༷་དྲུག་པོ་རྣ༷མས་ཀྱ༷ང་རང་བཞིན་གྱིས་མེ༷ད་པ་ཡིན་ཏེ། རང་འགྲེལ་ལས། ཇི་ལྟར་སྒྱུ་མའི་སེམས་ཅན་དམིགས་པ་ལྟར། །སྣང་ཡང་དེ་ཉིད་དུ་ན་ཡང་དག་མིན། །སྒྱུ་མ་ལྟ་བུ་རྨི་ལམ་དང་འདྲ་བ། །དེ་ལྟའི་ཆོས་ནི་བདེ་བར་གཤེགས་པས་བསྟན། །ཞེས་བྱ་བ་དང༌། དེ་བཞིན་དུ། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་ལྦུ་བ་ཆུ་ཤིང་འདྲ། །ཞེས་བྱ་བ་ལ་སོགས་པ་ཡང་ལེགས་པར་བཤད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར། འདི་ན་ཇི་ལྟར་སད་བཞིན་ཇི་སྲིད་དུ། །མ་སད་དེ་སྲིད་དེ་ལ་གསུམ་པོ་ཡོད། །སད་པར་གྱུར་ན་གསུམ་ཆར་ཡོད་མིན་ལྟར། །གཏི་མུག་གཉིད་སད་ལས་དེ་དེ་བཞིན་ནོ། །ཞེས་འཇིག་རྟེན་འདི༷་ན༷་ཇི༷་ལྟ༷ར་ཏེ་དཔེར་ན་ཐ་མལ་པའི་གཉིད་ས༷ད་པའི་གང་ཟག་གི་ངོར་དབང་ཡུལ་ཤེས་པ་གསུམ་ཆར་ཡོད་པ་དེ་བཞི༷ན་དུ། ཇི༷་སྲི༷ད་དུ༷་ཐ་མལ་པའི་གཉིད་དུ་ལོག་ནས་མ༷་ས༷ད་པ་དེ༷་སྲི༷ད་དུ་གང་ཟག་དེའི་བློ་ངོ་དེ༷་ལ༷་མིག་སོགས་དབང་ཡུལ་ཤེས་པ་གསུ༷མ་པོ༷་ཡོ༷ད་ལ། གཉིད་ས༷ད་པ༷ར་གྱུ༷ར་པ་ན༷་རྨི་ལམ་གྱི་དབང་ཡུལ་ཤེས་པ་གསུ༷མ་ཆ༷ར་ཡོ༷ད་པ་མི༷ན་པ་ལྟ༷ར། གཏི༷་མུ༷ག་གི་གཉི༷ད་ས༷ད་པ་སྟེ་གཏི་མུག་མ་ལུས་པར་དྲུངས་ཕྱུང་བ་ལ༷ས་ཆོསདབྱིངས་མངོན་སུམ་དུ་མཛད་པའི་སངས་རྒྱས་པ་དེ༷་གོང་གི་དཔེ་དེ༷་བཞི༷ན་ཡིན་ནོ། །

གཉིས་པ་སྐྲ་ཤད་མཐོང་བའི་དཔེ་དགག་པ་ནི།

རྩ་བར། དབང་པོ་རབ་རིབ་བཅས་པས་བློ་གང་གིས། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །དེ་བློ་ལ་ལྟོས་གཉིས་ཆར་བདེན་པ་སྟེ། །དོན་གསལ་མཐོང་ལ་གཉི་གའང་བརྫུན་པ་ཡིན། །ཞེས་སེམས་ཙམ་པ་ན་རེ། རབ་རིབ་ཅན་གྱི་མིག་གིས་སྐྲར་མ་གྲུབ་པའི་སྐྲ་ཤད་མཐོང་བའི་ཤེས་པ་སྐྱེ་བ་ཡོད་པ་བཞིན་ཕྱི་རོལ་མེད་ཀྱང་དེ་མཐོང་བའི་ཤེས་པ་རང་བཞིན་གྱིས་ཡོད་པ་ཡིན་པའི་ཕྱིར་ཞེ་ན། དེ་དག་མི་འཐད་དེ། མིག་གི་དབ༷ང་པོ༷་ར༷བ་རི༷བ་དང་བཅ༷ས་པ༷་དེ་ལ་བརྟེན་པའི་མིག་གི་བློ༷་ག༷ང་གི༷ས། ར༷བ་རི༷བ་ཀྱི་མཐུ༷་ལ༷ས་སྐྲ༷་ཤད་རྣ༷མས་ག༷ང་མཐོ༷ང་བ༷་ན་མཐོང་མཁན་གྱི་གང་ཟག་དེ༷་ཡི་བློ༷་ཡི་མཐོང་བའི་ངོ་ལ༷་ལྟོ༷ས་ན་ནི། མཐོང་བྱེད་མིག་ཤེས་དང་མཐོང་བྱ་སྐྲ་ཤད་གཉི༷ས་ཆ༷ར་ཡང་བདེ༷ན་པ༷་ཡིན་སྟེ༷། དོ༷ན་གས༷ལ་བར་མཐོ༷ང་བའི་རབ་རིབ་མེད་པའི་མཐོང་བ་ལ༷་ལྟོས་ན་ནི་སྐྲ་ཤད་མཐོང་བའི་མིག་ཤེས་དང་སྐྲ་ཤད་ཀྱི་རྣམ་པ་གཉི༷ས་ག༷འ༷ང་བརྫུ༷ན་པ༷་སྟེ་རང་བཞིན་གྱིས་མེད་པ་ཡི༷ན་པའི་ཕྱིར་རོ། །ཡང་རྩ་བར། གལ་ཏེ་ཤེས་བྱ་མེད་པར་བློ་ཡོད་ན། །སྐྲ་དེའི་ཡུལ་དང་མིག་ནི་རྗེས་འབྲེལ་བའི། །རབ་རིབ་མེད་ལའང་སྐྲ་ཤད་བློར་འགྱུར་ན། །དེ་ལྟ་མ་ཡིན་དེ་ཕྱིར་དེ་ཡོད་མིན། །ཞེས་དེ་ལྟ་མ་ཡིན་པར་ག༷ལ་ཏེ༷་ཕྱི་རོལ་གྱི་ཤེ༷ས་བྱ༷་སྐྲ་ཤད་མེ༷ད་པ༷ར། སྐྲ་ཤད་ཀྱི་རྣམ་པ་ཅན་གྱི་རང་བཞིན་གྱིས་གྲུབ་པའི་བློ༷་སྐྱེ་བ་ཡོ༷ད་ན༷་ནི། རབ་རིབ་ཅན་གྱི་གང་ཟག་གིས་གང་དུ་སྐྲ༷་ཤད་དེ༷འི་ཡུལ་ཅན་དེས་མཐོང་བའི་ཡུ༷ལ་ད༷ང་མི༷ག་ནི༷་རྗེ༷ས་སུ་འབྲེ༷ལ་བ༷འི་ར༷བ་རི༷བ་མེ༷ད་པའི་མིག་ལ༷འ༷ང་སྐྲ༷་ཤ༷ད་མཐོང་བའི་མིག་གི་བློ༷་སྐྱེ་བར་འགྱུ༷ར་དགོས་པ་གང་ཞིག དེ་ལྟར་དགོས་ན༷འང་རབ་རིབ་མེད་པ་ལ་སྐྲ་ཤད་དུ་སྣང་བའི་བློ་སྐྱེ་བ་དེ༷་ལྟ༷་མ༷་ཡི༷ན་པ་དེ༷་ཡི་ཕྱི༷ར་ན་ཕྱིདོན་མེད་པར་དེ་འཛིན་པའི་རང་བཞིན་གྱིས་གྲུབ་པའི་ཤེས་པ་དེ༷་ཡོ༷ད་པ་མི༷ན་པ་ཡིན་ནོ། །

གཉིས་པ་བག་ཆགས་ཀྱི་ནུས་པ་ལས་ཕྱི་དོན་གྱིས་སྟོང་བའི་ཤེས་པ་སྐྱེ་བའི་དོན་དགག་པ་ལ།

བག་ཆགས་སྨིན་མ་སྨིན་ལས་དོན་སྣང་གི་ཤེས་པ་སྐྱེ་བ་དང་མི་སྐྱེ་བ་དགག་པ། སླར་ཡང་ཕྱིརོལ་མེད་ཀྱང་རྣམ་ཤེས་ཡོད་ཚུལ་བརྗོད་པ་དགག་པ། སེམས་ཙམ་གྱི་ལུགས་བཀག་པ་ལ་ལུང་གིས་གནོད་པ་མེད་པར་བསྟན་པ་དང་གསུམ། དང་པོ་ལ། གཞན་ལུགས་བརྗོད་པ་དང༌། ལུགསདེ་དགག་པ་གཉིས། རྩ་བར། གང་ཕྱིར་མཐོང་བ་དག་ལ་བློ་ནུས་ནི། །སྨིན་མེད་དེ་ལྟར་དེ་ལ་བློ་མི་འབྱུང༌། །ཤེས་བྱ་ཡོད་དངོས་བྲལ་བས་མིན་ཞེ་ན། །ཞེས་སེམས་ཙམ་པ་ན་རེ། ག༷ང་ཕྱི༷ར་རབ་རིབ་མེད་པར་ཡུལ་མཐོ༷ང་བ༷་ད༷ག་པ་རྣམས་ལ༷་ནི་སྐྲ་ཤད་མཐོང་བའི་བློ༷་ཡི་ནུ༷ས་པའམ་བག་ཆགས་ནི༷་སྨི༷ན་པ་མེ༷ད་པ་དེ༷་ལྟ༷ར་ན། རབ་རིབ་མེད་པ་དེ༷་ལ༷་སྐྲ་ཤད་མཐོང་བའི་བློ༷་སྐྱེ་བར་མི༷་འབྱུ༷ང་བ་ཡིན་གྱི། རབ་རིབ་མེད་པའི་བློ་ངོར་ཤེ༷ས་བྱ༷་སྐྲ་ཤད་དུ་ཡོ༷ད་པའི་དངོ༷ས་པོ་དང་བྲ༷ལ་བ༷ས་དེ་ལ་སྐྲ་ཤད་མཐོང་བའི་བློ་མི་སྐྱེ་བ་མི༷ན་པའི་ཕྱིར་ཞེ༷་ན༷།

གཉིས་པ་ལུགས་དེ་དུས་གསུམ་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་དགག་པ་ནི།

རྩ་བར། ནུས་དེ་མེད་པས་འདི་ནི་འགྲུབ་མ་ཡིན། །སྐྱེས་ལ་ནུས་པ་སྲིད་པ་ཡོད་མ་ཡིན། །མ་སྐྱེས་ངོ་བོ་ལ་ཡང་ནུས་ཡོད་མིན། །ཁྱད་པར་མེད་པར་ཁྱད་པར་ཅན་ཡོད་མིན། །མོ་གཤམ་བུ་ལའང་དེ་ནི་ཡོདཔར་ཐལ། །ཞེས་ནུ༷ས་པ་ངོ་བོ་ཉིད་ཀྱི་གྲུབ་པ་དེ༷་ནི་གཏན་མེ༷ད་པ༷ས། ཁྱོད་ཀྱི་ལུགས་ལ་ནུས་པའིརྒྱུ་ལས་རྣམ་ཤེས་སྐྱེ་བ་འདི༷་ནི༷་འགྲུ༷བ་པ་མ༷་ཡི༷ན་ནོ། །ཡང་ཇི་ལྟར་ན་ནུས་པ་ཡོད་པ་མ་ཡིན་ཞེ་ན། བཤད་པ། དེ་ལ་རེ་ཞིག་སྐྱེ༷ས་པ་ལ༷་འགག་པའི་ད་ལྟར་བའི་ཤེས་པ་ལ་ནུ༷ས་པ༷་ངོ་བོ་ཉིད་ཀྱི་གྲུབ་པ་སྲི༷ད་པ༷་ཡོ༷ད་པ་མ༷་ཡི༷ན་ནོ། །མ༷་སྐྱེ༷ས་པ་མ་འོངས་པའི་རྣམ་ཤེས་ཀྱི་ངོ༷་བོ༷་ལ༷་ཡ༷ང་ནུ༷ས་པ་རང་བཞིན་གྱིས་གྲུབ་པ་ཡོ༷ད་པ་མི༷ན་ལ། མ་སྐྱེས་པའི་རང་བཞིན་ཅན་གྱི་རྣམ་པར་ཤེས་པ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར། ཁྱ༷ད་པ༷ར་གྱི་ཆོས་མ་འོངས་པའི་རྣམ་ཤེས་རྣམ་ཤེསསུ་ད་ལྟར་མེ༷ད་པ༷ར་ཁྱ༷ད་པ༷ར་ཅ༷ན་མ་འོངས་པའི་རྣམ་ཤེས་ཀྱི་ནུས་པ་རང་བཞིན་གྱིས་ཡོ༷ད་པ་མི༷ན་པའི་ཕྱིར་ཏེ། ཁྱད་པར་རྣམ་ཤེས་མེད་པར་ཁྱད་གཞི་དེའི་བག་ཆགས་རང་བཞིན་གྱིས་གྲུབ་པ་ཡོད་ན། མོ༷་གཤ༷མ་གྱི་བུ༷་ལ༷འ༷ང་དེའི་སྟེང་གི་ནུས་པ་དེ༷་ནི༷་ཡོ༷ད་པ༷ར་ཐ༷ལ་བར་འགྱུར་བའི་ཕྱིར་རོ། །རྩ་བར། གལ་ཏེ་འབྱུང་བར་འགྱུར་བས་བསྙད་འདོད་ན། །ནུས་པ་མེད་པར་འདི་ཡི་འབྱུང་འགྱུར་མེད། །ཅེས་ག༷ལ་ཏེ༷་ངེད་ཅག་གིས་མ་འོངས་པ་ན་འབྱུ༷ང་བ༷ར་འགྱུ༷ར་བ༷འི་མ་འོངས་པའི་རྣམ་ཤེས་ལ་བསམ་ནས་མ་འོངས་པའི་རྣམ་ཤེས་ཀྱི་ནུས་པ་འདི་ཡིན་ནོ་ཞེས་བསྙ༷ད་པར་འདོ༷ད་པ་ཡིན་ནོ་ཞེ་ན༷། སྤྱིར་དེ་ལྟར་ཡིན་ཡང་ཁྱོད་ཀྱི་ལུགས་ལ་ནི་དེ་ཡང་སྙིང་པོ་མེད་དེ། བདེནགྲུབ་ཀྱི་རྣམ་ཤེས་བསྐྱེད་ནུས་ཀྱི་ནུ༷ས་པ༷་མེ༷ད་པ༷ར་བདེན་གྲུབ་ཀྱི་རྣམ་ཤེས་འདི༷་ཡི༷་འབྱུ༷ང་བར་འགྱུ༷ར་བའི་རང་བཞིན་གྱིས་གྲུབ་པའི་རྣམ་ཤེས་འབྱུང་བ་མེ༷ད་པའི་ཕྱིར་རོ། །རྩ་བར། ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི། །གྲུབ་མིན་ཉིད་ཅེས་དམ་པ་རྣམས་ཀྱིས་གསུངས། །ཞེས་འབྱུང་འགྱུར་གྱི་རྣམ་ཤེས་ལ་ནུས་པ་མེད་པའི་སྐྱོན་མེད་དེ། རྗེས་སུ་རྣམ་ཤེས་འབྱུང་འགྱུར་ཡོད་པ་ལལྟོས་ནས་དེའི་ནུས་པ་འཇོག ནུས་པ་ལས་རྣམ་ཤེས་འབྱུང་ངོ་ཞེས་ནུས་པ་ལ་ལྟོས་ནས་རྣམ་ཤེསའཇོག་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་རྣམ་ཤེས་དང་དེའི་ནུས་པ་གཉིས་ལྟོས་གྲུབ་ཡིན་པར་ཐལ་ལོ། །དེ་འདོད་ན། རྣམ་ཤེས་དང་ནུས་པ་གཉིས་རང་བཞིན་གྱིས་མ་གྲུབ་པར་ཐལ། དེ་གཉིས་ལྟོས་གྲུབ་ཡིན་པའི་ཕྱིར། ཁྱབ་སྟེ། ཕ༷ན་ཚུ༷ན་གྱི་དོ༷ན་ལ༷་བརྟེ༷ན་པ༷འི་སྟེ་ལྟོས་ནས་གྲུ༷བ་པ༷་ནི༷། རང་བཞིན་གྱིས་གྲུ༷བ་པ་མི༷ན་པ་ཉི༷ད་ཡིན་ཅེ༷ས་སྐྱེས་བུ་ད༷མ་པ༷་མཁྱེན་རབ་མངའ་བ་རྣ༷མས་ཀྱི༷ས་གསུ༷ངས་པའི་ཕྱིར་རོ། །རང་འགྲེལ་ལས། རྣམ་པར་ཤེས་པ་ཡོད་ན་ནི་དེའི་ནུས་པ་ཡིན་ལ། དེ་ལས་རྣམ་པར་ཤེས་པ་འབྱུང་བ་ཡིན་ནོ་ཞེས་དེ་ལྟར་ཕན་ཚུན་གྱི་དོན་ལ་བརྟེན་པར་འགྱུར་རོ། །

དེ་ལྟར་འགྱུར་མོད་ཅེ་ན། རྣམ་པར་ཤེས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འགྱུརརོ། །དཔེར་ན་རིང་པོ་ཡོད་ན་ཐུང་ངུར་འགྱུར་ལ་ཐུང་ངུ་ཡོད་ན་རིང་པོར་འགྱུར་ཞིང༌། ཕ་རོལ་ཡོད་ན་ཚུ་རོལ་དུ་འགྱུར་ལ་ཚུ་རོལ་ཡོད་ན་ཕ་རོལ་ཏུ་འགྱུར་བ་ལྟར་བཏགས་པར་འགྱུར་གྱི་དེ་དག་ལ་གྲུབ་པ་རང་བཞིན་པ་མེད་དོ། །དེ་ལྟ་ཡིན་ན་ནི་ཁོ་བོ་ཅག་གི་སྨྲ་བའི་རྗེས་སུ་འབྲང་བ་ཉིད་དུ་འགྱུར་རོ། །ཇི་སྐད་དུ། བཞི་བརྒྱ་པ་ལས། འབྲས་བུ་མེད་པར་རྒྱུ་ཡི་ནི། །རྒྱུ་ཉིད་ཡོད་པ་མ་ཡིན་པ། །དེ་ཡི་ཕྱིར་ན་འབྲས་བུ་ཀུན། །རྒྱུ་ཉིད་དུ་ནི་ཐལ་བར་འགྱུར། །ཞེས་བཤད་ལ། བསྟནབཅོས་ལས་ཀྱང༌། གལ་ཏེ་དངོས་པོ་གང་ལྟོས་འགྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། །ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞེས་འགྲུབ། །ཅེས་གསུངས་སོ། །འདིའི་དོན་ནི་འདི་ཡིན་ཏེ། གལ་ཏེ་དངོས་པོ་རྣམ་པར་ཤེས་པ་ལ་སོགས་པ་གང་ཞིག་ནུས་པའི་ཁྱད་པར་ལ་ལྟོས་ནས་འགྲུབ་པ་དེ་ཉིད་ལ་ཡང་ལྟོས་ནས་རྣམ་པར་ཤེས་པས་བདག་ཉིད་འགྲུབ་པར་བྱ་བའི་ཕྱིར། ལྟོས་པར་བྱ་བ་དངོས་པོ་ནུས་པའི་ཁྱད་པར་གང་ཡིན་པ་དེ་འགྲུབ་ན། དེ་ནི་གཉི་ག་འགྲུབ་པར་བྱ་བ་གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར་བ་བརྗོད་པར་བྱ་དགོས་སོ། །གཞན་ཡང༌། དངོས་པོ་ལྟོས་འགྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཅི་ལྟར་ལྟོས། །ཅི་སྟེ་འགྲུབ་པ་ལྟོས་ཤེ་ན། ། དེ་ནི་ལྟོས་པར་མི་རིགས་སོ། །ཞེས་གསུངས་སོ། །འདིའི་དོན་ཡང་འདི་ཡིན་ཏེ། གལ་ཏེ་རྣམ་པར་ཤེས་པ་ནུས་པ་ལ་ལྟོས་ནས་འགྲུབ་ན། དེ་གྲུབ་པའམ་མ་གྲུབ་པ་ཞིག་ནུས་པ་ལ་ལྟོས་གྲང༌། གལ་ཏེ་མ་གྲུབ་པ་ཡིན་ན་ནི། མ་གྲུབ་པའི་ཕྱིར་བོང་བུའི་རྭ་ལྟར་ནུས་པ་ལ་མི་ལྟོས་སོ། །

འོན་ཏེ་གྲུབ་པ་ལ་ལྟོས་ན་ནི། གྲུབ་པའི་ཕྱིར་དེ་ལྟོས་པར་མི་རུང་ངོ༌། །དེ་ལྟར་ཕན་ཚུན་དོན་ལ་བརྟེན་པའི་གྲུབ་པ་ནི་གྲུབ་པ་མིན་ཞེས་མཁྱེན་རབ་མངའ་བ་རྣམས་ཀྱིས་གསུངས་སོ། །དེའི་ཕྱིར་དེ་ལྟར་མ་འོངས་པ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །རྩ་བར། གལ་ཏེ་འགག་པའི་ནུས་སྨིན་ལས་འགྱུར་ན། །གཞན་གྱི་ནུས་པ་ལས་གཞན་འབྱུང་བར་འགྱུར། །

ཞེས་རང་འགྲེལ་དུ། ད་ནི་འདས་པ་ལ་ཡང་ནུས་པ་ཡོད་པ་མ་ཡིན་ནོ་ཞེས་བསྟན་པའི་ཕྱིར་བཤདཔ། ཞེས་གསུངས་ལ། ག༷ལ་ཏེ༷་ཁོ་ན་རེ་འདས་པའི་རྣམ་ཤེས་ལ་ནུས་པ་རང་བཞིན་གྱིས་གྲུབ་པ་ཡོད་དེ། སྐྱེས་ནས་འག༷གས་བཞིན་པ༷འི་རྣམ་ཤེས་ཀྱི་རང་དང་མཐུན་པའི་འབྲས་བུ་རྣམ་ཤེས་ཕྱི་མ་སྐྱེད་པའི་ནུ༷ས་པ་ཀུན་གཞིའི་རྣམ་ཤེས་ལ་བཞག་པ་དེ་ཉིད་སྨི༷ན་པ་ལ༷ས་འབྱུང་འགྱུ༷ར་གྱི་རྣམ་ཤེས་རྣམས་འབྱུང་བའི་ཕྱིར་ཞེ་ན༷། དེའང་ཁྱེད་ཅག་གི་ནུས་པ་རང་བཞིན་གྱིས་གྲུབ་པ་ཞིག་བཞག་པར་བསམ་པ་ཡིན་པས། དེ་ལྟར་ན་རང་བཞིན་གྱིས་གྲུབ་པའི་གཞ༷ན་གྱི༷་ནུ༷ས་པ༷་ལ༷ས་འབྲས་བུ་རྣམ་ཤེས་གཞ༷ན་འབྱུ༷ང་བ༷ར་འགྱུ༷ར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་གི་ཕྱིར། རྩ་བར། རྒྱུནཅན་རྣམས་དེར་ཕན་ཚུན་ཐ་དད་ཡོད། །ཅེས་ནུས་པའི་སྐད་ཅིག་དང་པོ་དང་གཉིས་པ་ལ་སོགས་པ་དང་ནུས་པའི་རྒྱུན་དུ་གྱུར་པའི་རྣམ་ཤེས་དང་དེའི་སྐད་ཅིག་དང་པོ་ལ་སོགས་པ། རྒྱུ༷ན་ཅ༷ན་སྐད་ཅིག་མ་རྣ༷མས་རིམ་ཅན་དུ་འབྱུང་བ་དེ༷ར་ཁྱོད་ལྟར་ན་སྐད་ཅིག་མ་དེ་དག་ཕ༷ན་ཚུ༷ན་རང་བཞིནགྱིས་གྲུབ་པའི་ཐ༷་ད༷ད་པ་རེ་རེ་ཡོ༷ད་པའི་ཕྱིར་རོ། །རྩ་བར། དེ་ཕྱིར་ཐམས་ཅད་ཀུན་ལས་འབྱུང་བར་འགྱུར། །ཞེས་སྐད་ཅིག་མ་སྔ་མ་སྔ་མ་རྣམས་སྐད་ཅིག་ཕྱི་མ་ཕྱི་མའི་རྒྱུ་ཡིན་པ་དེ༷འི་ཕྱི༷ར། དེ་ལ་བུམ་པའི་རྒྱུན་ཞེས་པ་ནི་ཆ་ཅན། རྒྱུན་དང༌། བུམ་པའི་སྐད་ཅིག་སྔ་ཕྱི་དུ་མའི་རྫས་སོ་སོ་བ་རྣམ་ཤེས་ནི་ཆ་ཤས་དང་རྒྱུན་ཅན་ཡིན་ནོ། །དེ་ལ་སེམས་ཙམ་པས་དེ་ལྟར་འདོད་པ་ལ་སྐྱོན་མེད་པས་རྩ་བར་འདོད་དོ་སྙམ་ན། འོ་ན་མྱུ་གུའི་ས་བོན་ལས་རྣམ་ཤེས་སྐྱེ་བ་དང་རྣམ་ཤེས་ཀྱི་ནུསཔ་ལས་མྱུ་གུ་སྐྱེ་བ་སོགས་དངོས་པོ་ཐ༷མས་ཅ༷ད་ནི་རང་ལས་གཞན་པའི་དངོས་པོ་ཀུ༷ན་ལ༷ས་འབྱུ༷ངབ༷ར་འགྱུ༷ར་བར་ཐལ། རང་བཞིན་གྱིས་གྲུབ་པའི་གཞན་དུ་གྱུར་པའི་ནུས་པ་ལས་རང་ལས་རངབཞིན་གྱིས་ཐ་དད་པའི་རྣམ་ཤེས་འབྱུང་པའི་ཕྱིར། འདིའི་ཁྱབ་པ་གཞན་སྐྱེ་དང་འདྲ། རྩ་བར། གལ་ཏེ་དེར་ནི་རྒྱུན་ཅན་ཐ་དད་ཀྱི། །དེ་དག་ལ་རྒྱུན་ཐ་དད་མེད་དེའི་ཕྱིར། །ཉེས་མེད་ཅེ་ན། ཞེསདེ་ལ་སེམས་ཙམ་པ་ན་རེ། མ་ཁྱབ་སྟེ། ག༷ལ་ཏེ༷་ནུས་པ་དང་དེའི་འབྲས་བུ་ཤེས་པ་གཉིས་ཀྱི་སྐད་ཅིག་སྔ་ཕྱིའི་རྒྱུན་ཅན་གྱི་རྫས་རྣམས་རིམ་གྱིས་འཇུག་པ་དེ༷ར་ནི༷། རྒྱུ༷ན་ཅ༷ན་རྫས་ཀྱི་སྐད་ཅིག་མ་རྣམས་ཕན་ཚུན་རང་བཞིན་གྱིས་གྲུབ་པའི་ཐ༷་ད༷ད་པ་རེ་རེ་ཡོད་མོད་ཀྱི༷། སྐད་ཅིག་སྔ་ཕྱི་བ་དེ༷་ད༷ག་ལ༷་རྒྱུ༷ན་ནི་ཐ༷་ད༷ད་པ་མེ༷ད་པ་རྒྱུན་གཅིག་པ་ཁོ་ན་ཡིན་པ་དེ༷འི་ཕྱི༷ར་ན། རྣམ་ཤེས་ཀྱི་ནུས་པའི་རྒྱུན་ཅན་སྔ་མ་ལས་ཕྱི་མ་དང་ནུས་པ་ལས་རྣམ་ཤེས་སྐྱེ་བ་འཐད་ལ། མྱུ་གུའི་ས་བོན་དང་རྣམ་ཤེས་གཉིས་རྒྱུན་གཅིག་པ་མ་ཡིན་པར་རྒྱུན་ཐ་དད་ཡིན་པས་མྱུ་གུའི་ས་བོན་ལས་རྣམ་ཤེས་སྐྱེ་བ་མི་རིགས་པས་ན་དངོས་པོ་ཐམས་ཅད་ལས་དངོས་པོ་ཐམས་ཅད་སྐྱེ་བར་ཐལ་བའི་ཉེ༷ས་པ་མེ༷ད་པའི་ཕྱིར་ཅེ༷་ན༷། རྩ་བར། འདི་ནི་བསྒྲུབ་བྱ་ཞིག །ཐ་མི་དད་རྒྱུན་སྐབས་མི་རིགས་ཕྱིར་རོ། །

ཞེས་ནུས་པ་དང་ཤེས་པའི་རྒྱུན་སྔ་ཕྱི་བ་རང་གི་ངོ་བོས་གྲུབ་བའི་ཐ་དད་པ་རྣམས་རྒྱུན་གཅིག་ཡིན་པ་འདི༷་ནི༷་སྔར་སུས་ཀྱང་ཚད་མས་མ་གྲུབ་པས་ད་དུང་བསྒྲུ༷བ་པར་བྱ༷་དགོས་པ་ཞི༷ག་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྒྱུན་ཅན་སྔ་ཕྱི་ངོ་བོ་ཉིད་ཀྱིས་གྲུབ་པའི་ཐ་དད་པ་རྣམས་ལ་ཐ༷་མི༷་ད༷ད་པའིརྒྱུ༷ན་ནམ་རྒྱུན་གཅིག་པ་ཡིན་པ་གོ་སྐ༷བས་མི༷་རི༷གས་པའི་ཕྱི༷ར་རོ༷། །རྩ་བར། བྱམས་པ་ཉེར་སྦས་ལ་བརྟེན་ཆོས་རྣམས་ནི། །གཞན་ཉིད་ཕྱིར་ན་རྒྱུད་གཅིག་གཏོགས་མིན་ཏེ། །གང་དག་རང་མཚནཉིད་ཀྱིས་སོ་སོ་བ། །དེ་དག་རྒྱུད་གཅིག་གཏོགས་པར་རིགས་མ་ཡིན། །ཞེས་དཔེར་ན་བྱ༷མས་པ༷་དང་ཉེ༷་སྦ༷ས་ལ༷་བརྟེ༷ན་པ་སྟེ་རྒྱུད་དུ་གཏོགས་པའི་ཆོ༷ས་རྣ༷མས་ནི༷་གང་ཟག་སོ་སོ་བའི་རྒྱུད་ཀྱི་ཆོས་གཞ༷ན་ཉི༷ད་ཡིན་པའི་ཕྱི༷ར་ན༷་རྒྱུ༷ད་གཅི༷ག་དུ་གཏོ༷གས་པ་མི༷ན་པ་བཞིན་ཡིན་པའོ། །རྣམ་ཤེས་ཀྱི་ནུས་པ་དང་རྣམ་ཤེས་གཉིས་ཀྱི་རྒྱུན་ཅན་གྱི་རྫས་སྔ་ཕྱི་བ་ག༷ང་ད༷ག་ར༷ང་མཚ༷ན་ཉི༷ད་ཀྱི༷ས་གྲུབཔའི་སོ༷་སོ༷་བ༷་དེ༷་ད༷ག་ནི་རྒྱུ༷ད་གཅི༷ག་དུ་གཏོ༷གས་པ་ཡིན་པ༷ར་རི༷གས་པ་དང་ལྡན་པ་མ༷་ཡི༷ན་ནོ། །

གཉིས་པ་སླར་ཡང་ཕྱི་དོན་མེད་པར་རྣམ་ཤེས་ཡོད་ཚུལ་བརྗོད་པ་དགག་པ་ལ།

གཞནགྱི་ལུགས་བརྗོད་པ་དང༌། ལུགས་དེ་དགག་པ་གཉིས་ལས། དང་པོ་ནི། རྩ་བར། མིག་བློའི་སྐྱེབ་རང་ནུས་གང་ཞིག་ལས། །དེ་མ་ཐག་ཏུ་ཀུན་ནས་སྐྱེ་འགྱུར་ཞིང༌། །རང་གི་རྣམ་ཤེས་རྟེན་གྱི་ནུས་དེ་ལ། །དབང་པོ་གཟུགས་ཅན་མིག་ཅེས་བྱ་བར་རྟོགས། །ཞེས་སེམས་ཙམ་པའི་འདོད་པ་ལ་སྐྱོན་དེ་སྐད་བསྟན་ཀྱང་སླར་ཡང་སེམས་ཙམ་པས་རང་གི་གྲུབ་མཐའི་ལུགས་དེ་གཙོ་བོར་བརྗོད་པར་བྱས་ན། དེས་རང་གི་ཁས་བླངས་ཀྱི་གྲུབ་མཐའ་དེ་འགྲུབ་པར་འགྱུར་རོ་བསམ་ནས་སྨྲས་པ། མི༷ག་གི་བློ༷་སྐྱེ༷་བ༷་ནི་མིག་གི་བློ་ར༷ང་གི་ནུ༷ས་པ་ག༷ང་ཞི༷ག་ཀུན་གཞི་ལ་བཞག་པ་ཡིན་པ་སྨིན་པ་ལ༷ས། སྨིན་པའི་དེ༷་མ༷་ཐ༷ག་ཏུ༷་མིག་གི་རྣམ་ཤེས་ཀུ༷ན་ན༷ས་སྐྱེ༷་བར་འགྱུ༷ར་ཞི༷ང༌། སྐྱེ་བའི་མིག་ར༷ང་གི༷་རྣ༷མ་ཤེ༷ས་ཀྱི་རྟེ༷ན་གྱི༷་ནུ༷ས་པ་གཟུགས་སུ་གྲུབ་པ་དེ༷་ལ༷། གཏི་མུག་གི་དབང་གིས་འཇིག་རྟེན་པ་རྣམས་ཀྱིས་མིག་ཤེས་ལས་རྫས་ཐ་དད་པའི་དབ༷ང་པོ༷་གཟུ༷གས་ཅ༷ན་མི༷ག་ཅེ༷ས་བྱ༷་བ༷ར་གྱུར་བ་དེ་སྙམ་དུ་རྟོ༷གས་ཀྱི་རྣམ་ཤེས་ལས་རྫས་ཐ་དད་པའི་མིག་དབང་ནི་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་དབང་པོ་གཟུགས་ཅན་བཞི་ལའང་སྦྱར་བར་བྱའོ། །རྩ་བར། འདི་ན་དབང་པོ་ལས་བྱུང་རྣམ་པར་རིག །ཕྱི་གཟུང་མེད་པར་རང་གི་ས་བོན་ལས། །སྔོ་སོགས་སྣང་ཉིད་འབྱུང་བར་མ་རྟོགས་ནས། །སྐྱེ་བོས་ཕྱི་རོལ་གཟུང་བར་སེམས་ཁས་ལེན། །ཞེས་དེ་ལྟར་རྣམ་ཤེས་ལས་རྫས་ཐ་དད་པའི་དབང་པོ་གཟུགས་ཅན་པ་ལྔ་མེད་པར་བསྟན་ནས་གཟུགས་སྒྲ་སོགས་ཀྱང་རྣམ་ཤེས་ལས་དོན་གཞན་པ་མེད་པར་བསྟན་པའི་ཕྱིར་སྨྲས་པ། འཇིག་རྟེན་འདི༷་ན༷་དབ༷ང་པོ༷་ལྔ་ལ༷ས་བྱུ༷ང་བའི་མིག་གི་རྣམ་ཤེས་ལ་སོགས་པའི་རྣ༷མ་པ༷ར་རི༷ག་པ་ལྔ་ནི་ཕྱི་དོན་གྱིས་བསྐྱེད་ནས་བྱུང་བ་མ་ཡིན་པར། སྔོན་པོ་ལ་སོགས་པའི་ཕྱི༷་རོལ་གྱི་གཟུ༷ང་བ་མེ༷ད་པ༷ར་རྣམ་པར་རིག་པ་ལྔ་པོ་ར༷ང་གི༷་ས༷་བོ༷ན་ཀུན་གཞི་ལ་གནས་པ་དེ་ཉིད་སྨིན་པའི་རྒྱུ་ལ༷ས། སྔོ༷ན་པོ་སོ༷གས་སུ་སྣ༷ང་བ་ཅན་ཉི༷ད་དུ་འབྱུ༷ང་བ་ཡིན་པ༷ར་མ༷་རྟོ༷གས་ན༷ས། འཁྲུལ་བའི་སྐྱེ༷་བོ༷་རྣམས་ཀྱིས་སེ༷མས་རང་ཉིད་སྔོན་པོ་སོགས་སུ་སྣང་བ་དེ་ཕྱི༷་རོ༷ལ་གྱི་གཟུ༷ང་བ་ཡིན་པ༷ར་ཁ༷ས་ལེ༷ན་པ་དེ་ལྟར་མངོན་པར་ཞེན་པ་ཡིན་ལ། དེས་ན་རྣམ་ཤེས་ལས་དོན་གཞན་པའི་ཕྱི་རོལ་གྱི་གཟུགས་སྒྲ་སོགས་ཀྱང་མེད་དོ། །

རྩ་བར། རྨི་ལམ་ན་ནི་གཟུགས་དོན་གཞན་མེད་པར། །རང་ནུས་སྨིན་ལས་དེ་ཡི་རྣམ་ཅནསེམས། །འབྱུང་བ་ཇི་ལྟར་དེ་བཞིན་སད་ལའང་འདིར། །ཕྱི་རོལ་མེད་པར་ཡིད་ནི་ཡོད་ཅེ་ན། །

ཞེས་ཕྱི་དོན་མེད་པའི་དོན་དེ་བཤད་ལུགས་ཀྱི་རྣམ་པ་གཅིག་དུ་ན། རྨི༷་ལ༷མ་ན༷་ནི༷་སེམས་ལས་ངོ་བོ་ཐ་དད་པའི་གཟུ༷གས་༷དོན་གཞ༷ན་དུ་གྱུར་པ་མེ༷ད་པ༷ར་སྟེ་མེད་བཞིན་དུ། རྨི་ལམ་གྱི་སེམས་ར༷ང་གི་ནུ༷ས་པ་སྨི༷ན་པ་ལ༷ས་གཟུགས་སྒྲ་ལ་སོགས་པ་དེ༷་ཡི༷་རྣ༷མ་པ་ཅ༷ན་གྱི་རྨི་ལམ་གྱི་སེ༷མས་འབྱུ༷ང་བ༷་ཇི༷་ལྟ༷ར་དེ༷་བཞི༷ན་དུ་ས༷ད་པའི་སྐབས་ལ༷འ༷ང་འདི༷ར་ཕྱི༷་རོ༷ལ་གྱི་དོན་མེ༷ད་པ༷ར་ཡི༷ད་རངམཚན་གྱིས་གྲུབ་པ་ནི༷་ཡོ༷ད་ཅེ༷་ན༷།

གཉིས་པ་དེ་དགག་པ་ནི།

རྩ་བར། ཇི་ལྟར་མིག་མེད་པར་ནི་རྨི་ལམ་དུ། །སྔོ་སོགས་སྣང་བའི་ཡིད་སེམས་འབྱུང་དེ་ལྟར། །མིག་དབང་མེད་པར་རང་གི་ས་བོན་ནི། །སྨིན་ལས་ལོང་བ་ལ་འདིར་ཅིས་མི་སྐྱེ། །ཞེས་རྨི་ལམ་ན་ཕྱི་རོལ་གྱི་གཟུགས་མེད་པར་དེ་སྣང་བའི་ཤེས་པ་རང་མཚན་གྱིས་གྲུབ་པ་ཡོད་པ་བཞིན་དུ་སད་པའི་སྐབས་སུ་ཡང་དེ་དང་འདྲ་བར་འདོད་པ་ནི་དཔེ་དོན་གཉིས་ཀ་མི་རིགས་ཏེ། གཟུགས་སོགས་མཐོང་བའི་ཤེས་པ་རང་བཞིན་གྱིས་གྲུབ་པ་ཡིན་ན། ཇི༷་ལྟ༷ར་ལོང་བ་ལ་མི༷ག་དབང་མེ༷ད་པ༷ར་ནི༷་རྨི༷་ལ༷མ་དུ༷་སྔོ༷་སོ༷གས་སྣ༷ང་བ༷འི་བག་ཆགས་སྨིན་པ་ལས་སྔོ་སོགས་སྣང་བའི་ཡི༷ད་ཤེས་ཀྱི་སེ༷མས་འབྱུ༷ང་བ་དེ༷་ལྟ༷ར་དུ། མི༷ག་དབ༷ང་མེ༷ད་པ༷ར་ཡང་གཟུགས་སོགས་སྣང་བའི་རྣམ་ཤེས་ར༷ང་གི༷་ས༷་བོ༷ན་བག་ཆགས་ནི༷་སྨི༷ན་པ་ལ༷ས། ལོ༷ང་བ༷་ལ༷་སད་པའི་དུས་འདི༷ར་མ་ལོང་བ་ལྟར་གཟུགས་སོགས་གསལ་བར་མཐོང་བའི་ཡིད་ཀྱི་ཤེས་པ་ཅེ༷ས་མི༷་སྐྱེ༷་སྟེ་སྐྱེ་རིགས་པར་ཐལ། ལོང་བ་ལ་སད་པ་དང་རྨི་ལམ་གཉིས་ཀར་མིག་དབང་མེད་པར་མཚུངས་པའི་ཕྱིར་རོ། །རྩ་བར། གལ་ཏེ་ཁྱོད་ལྟར་རྨི་ལམ་དྲུག་པ་ཡི། །ནུས་པ་སྨིན་ཡོད་སད་པར་མེད་འགྱུར་ན། །དྲུག་པའི་ནུས་སྨིན་ཇི་ལྟར་འདིར་མེད་པ། །དེ་ལྟར་རྨི་ཚེ་མེད་ཅེས་ཅིས་མི་རིགས། །ཞེས་ག༷ལ་ཏེ༷་སེམས་ཙམ་པ་ཁྱོ༷ད་ཀྱི་ལུགས་ལྟ༷ར་རྨི༷་ལ༷མ་ན་གཟུགས་སོགས་ཀྱི་སྣང་བ་གསལ་བར་སྣང་བའི་དྲུ༷ག་པ༷་ཡིད་ཀྱི་ཤེས་པ་ཡི༷་ནུ༷ས་པ༷་སྨི༷ན་པ་ཡོ༷ད་ལ། ས༷ད་པ༷ར་གྱུར་བའི་ཚེ་དེའི་ནུས་པ་སྨིན་པ་མེ༷ད་པར་གྱུ༷ར་པ་ཡིན་ན༷། ལོང་བ་ལ་གཟུགས་སོགས་གསལ་བར་སྣང་བའི་དྲུ༷ག་པ༷འི་ནུ༷ས་པ་སྨི༷ན་པ་དེ་ཇི༷་ལྟ༷ར་སད་པའི་སྐབས་འདི༷ར་མེ༷ད་པ༷་དེ༷་ལྟ༷ར་ལོང་བ་ལ་རྨི༷་ལམ་གྱི་ཚེ༷་ཡང་དེ་མེ༷ད་ཅེ༷ས་ཅི༷ས་མི༷་རི༷གས་ཏེ་རིགས་པའོ། །རྩ་བར། ཇི་ལྟར་མིག་མེད་འདི་ཡི་རྒྱུ་མིན་ལྟར། རྨི་ལམ་དུ་ཡང་གཉིད་ནི་རྒྱུ་མ་ཡིན། །ཞེས་ཇི༷་ལྟ༷ར་མི༷ག་མེ༷ད་པ་སད་པའི་ལོང་བ་འདི་ལ་དོན་སྣང་གི་བག་ཆགས་སྨིན་པ་དེ་ཕྱི་རོལ་ཏུ་གཟུགས་སོགས་གསལ་བར་སྣང་བའི་རྣམ་ཤེས་འདི༷་ཡི༷་རྒྱུ༷་མི༷ན་པར་ཁྱོད་རང་གིས་ཀྱང་འདོད་པ་ཇི་ལྟ་བ་དེ་ལྟ༷ར་དུ། རྨི༷་ལ༷མ་དུ༷་ཡ༷ང་གཉི༷ད་ནི༷་རྨི་ལམ་དུ་གཟུགས་སོགས་སུ་གསལ་བར་སྣང་བའི་རྣམ་ཤེས་རང་བཞིན་གྱིས་གྲུབ་པ་དེ་སྐྱེད་བྱེད་ཀྱི་བག་ཆགས་དེ་སྨིན་པའི་རྒྱུ༷་མ༷་ཡི༷ན་ནོ། །རྩ་བར། དེ་ཕྱིར་རྨི་ལམ་དུ་ཡང་དེ་དངོསམིག །བརྫུན་པའི་ཡུལ་ཅན་རྟོགས་པའི་རྒྱུར་ཁས་བླང༌། །ཞེས་རྨི་ལམ་གྱི་ཤེས་པ་རང་བཞིན་གྱིས་མེད་པས་ན་རྨི་ལམ་དུ་བག་ཆགས་བརྫུན་པ་ལས་རྨི་ལམ་གྱི་དོན་སྣང་གི་ཤེས་པ་རྫུན་པ་སྐྱེ་བ་ཡིན་པ་དེ༷འི་ཕྱི༷ར་ན། རྨི༷་ལ༷མ་དུ༷་ཡ༷ང་སད་པའི་སྐབས་དེ༷་དང་འདྲ་བའི་ཡུལ་གྱི་དངོ༷ས་པོ་སྣངབའི་མི༷ག་དེ། གཟུགས་སོགས་སུ་སྣང་བའི་རང་གི་ངོ་བོ་བདེན་པ་མ་ཡིན་པར་བརྫུ༷ན་པ༷འི་ཡུ༷ལ་ཅ༷ན་གྱི་རྨི་ལམ་གྱི་རྣམ་པར་ཤེས་པའི་རྟོ༷གས་པ༷འི་རྒྱུ༷ར་རམ་རྟེན་དུ་ཁ༷ས་བླ༷ངས་བར་བྱའོ། །རྩ་བར།

འདི་ཡིས་ལན་ནི་གང་དང་གང་བཏབ་པ། །དེ་དང་དེ་ནི་དམ་བཅའ་མཚུངས་མཐོང་བས། །རྩོད་འདི་སེལ་བྱེད། ཅེས་རྒྱུ་མཚན་དེ་དག་གི་ཕྱིར་ན་སེམས་ཙམ་པའི་ཕྱི་དོན་མེད་པའི་ཤེས་པ་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་སེམས་ཙམ་པ་འདི༷་ཡི༷ས་ཚུར་ལ༷ན་ནི༷་ག༷ང་ད༷ང་ག༷ང་བཏ༷བ་པ༷། དེ༷་ད༷ང་དེ༷་ནི༷་རྒྱུ་མཚན་མ་གྲུབ་པ་ཁོ་ན་ལས་མེད་པས་ད༷མ་བཅ༷འ་འམ་བསྒྲུབ་བྱ་དང་མཚུ༷ངས་པ་ལས་སྒྲུབ་བྱེད་གཏན་ཚིགས་མེད་པར་མཐོ༷ང་བ༷ས་ན་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་རྩོ༷ད་པ་འདི༷ནི་སེ༷ལ་བ་སྟེ་ཟློག་པར་བྱེ༷ད་ནུས་སོ། །སྒྲུབ་བྱ་དང་མཚུངས་བའི་རྟགས་སྦྱོར་གང་འཇོག་འཚོལ་བར་བྱའོ། །

གསུམ་པ་སེམས་ཙམ་པའི་ལུགས་བཀག་པ་ལ་ལུང་གིས་གནོད་པ་མེད་པར་བསྟན་པ་ནི།

རྩ་བར། སངས་རྒྱས་རྣམས་ཀྱིས་ནི། འགར་ཡང་དངོས་པོ་ཡོད་ཅེས་མ་བསྟན་ཏོ། །ཞེས་དེ་ལྟར་སེམས་ཙམ་པའི་ལུགས་བཀག་པ་ལ་རིགས་པས་མི་གནོད་པ་མ་ཟད་ལུང་གིས་གནོད་པ་ཡང་ཡོད་པ་མ་ཡིན་ཏེ། གདུལ་བྱའི་ངོར་དགོས་དབང་གིས་བདེན་གྲུབ་ཡོད་ཅེས་བསྟན་པ་ཙམ་མ་གཏོགས་ཡང་དག་པར་རྫོགས་པའི་སང༷ས་རྒྱ༷ས་རྣ༷མས་ཀྱི༷ས་ནི༷། རང་གི་ལུགས་ལ་གསུང་རབ་འག༷ར་ཡ༷ང་ཤེས་པ་ལ་སོགས་པའི་དངོ༷ས་པོ༷་གང་ཡང་བདེན་པར་ཡོ༷ད་ཅེ༷ས་མ༷་བསྟ༷ན་པའི་ཕྱིར་ཏེ༷། སེམས་ཙམ་པས་དངོས་པོ་བདེན་གྲུབ་སྟོན་པའི་ཤེས་བྱེད་དུ་འདྲེན་རྒྱུའི་ལང་ཀར་གཤེགས་པ་ལས། སྲིད་པ་གསུམ་ནི་བཏགས་པ་ཙམ། །ངོ་བོ་ཉིད་ཀྱིས་དངོས་པོ་མེད། །བཏགས་པའི་དངོསཔོའི་ངོ་བོར་ནི། །རྟོག་གེ་པ་དག་རྟོག་པར་འགྱུར། །རང་བཞིན་མེད་ཅིང་རྣམ་རིག་མེད། །ཀུན་གཞི་མེད་ཅིང་དངོས་མེད་ན། །བྱིས་པ་ངན་པ་རྟོག་གེ་བ། །རོ་དང་འདྲ་བས་འདི་དག་བརྟགས། །ཞེས་གསུངས་ཏེ། རྐང་པ་དང་པོ་གཉིས་ནི། སྲིད་པ་གསུམ་ནི་བློས་བཏགས་པ་ཙམ་ཡིན་ཏེ། ངོ་བོ་ཉིད་ཀྱིས་ཏེ་རང་གི་ངོ་བོས་གྲུབ་པའི་དངོས་པོར་མེད་པའི་ཕྱིར། རྐང་པ་གསུམ་པ་དང་བཞི་པ་ནི། དེ་འདྲའི་ཆོས་བཏགས་པ་ཙམ་གྱི་ཆོས་རྣམས་ལ། དངོས་པོའི་ངོ་བོར་ཏེ་བདེན་གྲུབ་ཀྱི་ངོ་བོར། སྟོང་ཉིད་མ་རྟོགས་པའི་རྟོག་གེ་བ་རྣམས་ཀྱིས་འདོད་དོ། །རྐང་པ་ལྔ་པ་དང་དྲུག་པ་ནི། རཱུ་པ་ཞེས་པ་གཟུགས་དང་རང་བཞིན་གཉིས་ཀ་ལ་འཇུག་པས་གཟུགས་ཐམས་ཅད་རང་བཞིན་གྱིས་མེད་ཅིང༌། རྣམ་པར་རིག་པ་རང་བཞིན་གྱིས་མེད་ལ། ཀུན་གཞི་རང་བཞིན་གྱིས་མེད་པ་དང༌།

དངོས་པོ་སྟེ་གཟུགས་སོགས་བདེན་གྲུབ་བཀག་པའི་སྟོང་ཉིད་དང༌། ནམ་མཁའ་ལ་སོགས་པ་རང་བཞིན་གྱིས་མེད་ཅེས་བསྟན་ཏེ། དེའི་དངོས་པོ་རང་བཞིན་གྱིས་མེད་ན་ཞེས་པའི་དངོས་པོ་ནི་གཟུགས་སོགས་ཀྱི་ལྷག་མའི་སྟོང་ཉིད་དང་ནམ་མཁའ་སོགས་ལ་གོ་རྒྱུ་ཡིན་པས་ངོ་བོ་ཞེས་པའི་དོན་ཡིན་ཏེ་དངོས་པོ་ནི་མ་ཡིན་ཏེ། དངོས་པོ་གཟུགས་ཤེས་གཉིས་ནི་རང་བཞིན་མེད་ཅིང་སོགས་ཀྱིས་བསྟན་ཟིན་པའི་ཕྱིར་རོ། །རྐང་པ་བདུན་བརྒྱད་གཉིས་ནི། དེ་ཁོ་ན་ཉིད་ལ་དཔྱོདནུས་པའི་སེམས་མེད་པས་རོ་དང་འདྲ་བའི་བྱིས་པ་རྟོག་གེ་བ་རྣམས་ཀྱིས་ཆོས་དེ་དག་རང་བཞིནགྱིས་མེད་ན་ཡང་རང་བཞིན་གྱིས་ཡོད་པར་བརྟགས་ཞེས་པའོ། །

གསུམ་པ་དེ་ལྟར་བཀག་པ་དང་མི་སྡུག་པ་སྒོམ་པ་གཉིས་མི་འགལ་བར་བསྟན་པ་ལ།

རྩབར། རྣལ་འབྱོར་པ་ཡིས་བླ་མའི་མན་ངག་ལས། །ཀེང་རུས་ཀྱིས་གང་ས་གཞི་མཐོང་བ་གང༌། །དེར་ཡང་གསུམ་ཆར་སྐྱེ་བ་མེད་པར་མཐོང༌། །ཞེས་སེམས་ཙམ་པ་ན་རེ། ཕྱི་རོལ་མེད་པར་ཤེསཔ་རང་བཞིན་གྱིས་གྲུབ་པ་མེད་ན་རྣལ་འབྱོར་བས་བླ་མའི་མན་ངག་ལ་བརྟེན་ནས་མི་སྡུག་པསྒོམ་པའི་སྟོབས་ཀྱིས། ས་གཞི་ཐམས་ཅད་ཀེང་རུས་ཀྱིས་གང་བར་མཐོང་བར་བཤད་པ་དང་འགལ་ཏེ། དེའི་ཚེ་ས་གཞི་ཀེང་རུས་ཀྱིས་གང་བའི་ཕྱི་དོན་ནི་མེད་ལ། དེ་མཐོང་བའི་ཏིང་འཛིན་ནི་ཡོད་པ་གང་ཞིག ཏིང་འཛིན་ཡོད་ན་རང་བཞིན་གྱིས་ཡོད་དགོས་ཀྱི་རང་བཞིན་གྱིས་མེད་ན་ཏིང་འཛིན་མེད་དགོས་པའི་ཕྱིར་ཞེ་ན། འདི་ཡང་མི་འཐད་དེ། མི་སྡུག་པ་སྒོམ་པའི་རྣ༷ལ་འབྱོ༷ར་པ༷་ཡི༷ས་བླ༷་མ༷འི་མ༷ན་ང༷ག་ལ་བརྟེན་པ་ལ༷ས་ཀེ༷ང་རུ༷ས་ཀྱི༷ས་ག༷ང་བའི་ས༷་གཞི༷་མཐོ༷ང་བ༷་ག༷ང་ཡིན་པ་དེ༷ར་ཡ༷ང་སྟེ། དེ་ལ་ཡང་ཡུལ་དབང་རྣམ་ཤེས་གསུ༷མ་ཆ༷ར་རང་བཞིན་གྱིས་སྐྱེ༷་བ༷་མེ༷ད་པ་ཡིན་པ༷ར་མཐོ༷ང་བའམ་རྟོགས་པར་འགྱུར་བའི་ཕྱིར། དེ་ཅིའི་ཕྱིར་ཞེ་ན། ཏིང་ངེ་འཛིན་དེ་ནི། རྩ་བར། ལོག་པ་ཡིད་ལ་བྱེད་པར་བསྟན་ཕྱིར་རོ། །ཞེས་མི་སྡུག་པའི་ཏིང་འཛིན་དེ་ནི་ལོ༷ག་པ༷་སྟེ་བདེན་པ་མ་ཡིན་པའི་རྫུན་པ་ཡི༷ད་ལ༷་བྱེ༷ད་པའི་ཏིང་འཛིན་ཡིན་པ༷ར་མདོ་ལས་བསྟ༷ན་པའི་ཕྱི༷ར་རོ༷། །ཁྱབ་སྟེ། ཡུལ་དང་ཤེས་པ་གཉིས་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་ཞིང༌། ཡུལ་རྫུན་པ་ལ་ལྟོས་ནས་གྲུབན་དེའི་ཡུལ་ཅན་ཡང་རྫུན་པ་དང་ཡུལ་བདེན་པར་གྲུབ་ན་དེའི་ཡུལ་ཅན་ཡང་བདེན་པ་ཡིན་དགོསལ། དེ་ལས་ལྡོག་པ་ལ་ཡང་དེ་ལྟར་ཡིན་དགོས་པས། ཀེང་རུས་སྣང་བའི་ཤེས་པ་རང་བཞིན་གྱིསགྲུབ་ན་དེའི་སྣང་བའི་ཀེང་རུས་རྣམས་ཀྱང་རང་བཞིན་གྱིས་གྲུབ་པར་འགྱུར་དགོས་པས་མི་སྡུགཔའི་ཡིད་བྱེད་དེ་དེ་ཁོ་ན་ཉིད་ཀྱི་ཡུལ་ཅན་དུ་འགྱུར་དགོས་པའི་ཕྱིར་རོ། །དོན་འདི་ནི་གདོད་མི་ཟ་བར་ཁས་བླངས་དགོས་སོ། །རྩ་བར། ཁྱོད་ཀྱི་དབང་བློའི་ཡུལ་རྣམས་ཇི་ལྟ་བ། །དེ་ལྟར་མི་སྡུག་ཡིད་ཀྱི་ཡང་འགྱུར་ན། །དེ་བཞིན་ཡུལ་དེར་བློ་གཏད་ཅིག་ཤོས་ཀྱིས། །རྟོགས་འགྱུར་དེ་ནི་བརྫུན་པར་ཡང་མི་འགྱུར། །ཞེས་དཔེར་ན་ཇི་ལྟར་ཁྱོ༷ད་ཀྱི༷་མིག་གི་དབ༷ང་པོའི་བློ༷འི་ཡུ༷ལ་རྣ༷མས་ལ་ལྟད་མོ་བ་གཞན་རྣམས་ལ་ཡང་སྐྱེ་བ་ཇི༷་ལྟ༷་བ༷་དེ༷་ལྟ༷ར་དུ་མི༷་སྡུ༷ག་པའི་ཡི༷ད་ཅན་གྱི༷་རྣལ་འབྱོར་བ་ལ་ས་གཞི་ཀེང་རུས་ཀྱིས་སྣང་བ་ལྟར། རྣལ་འབྱོར་མ་ཡིན་པ་ལ་ཀེང་རུས་ལ་སོགས་པའི་ཡུལལྟ་བ་རྣམས་ལ་ཡ༷ང་དེའི་རྣམ་པ་ཅན་གྱི་ཤེས་པ་སྐྱེ་བར་འགྱུ༷ར་ན༷་རྣལ་འབྱོར་པ་དེ༷་བཞི༷ན་ཀེངརུས་མཐོང་བའི་ཡུ༷ལ་དེ༷ར་བློ༷་གཏ༷ད་པ་ན་ཅི༷ག་ཤོ༷ས་རྣལ་འབྱོར་བ་མ་ཡིན་པ་ད༷ག་གི༷ས་ཀྱང༌།

ཀེང་རུས་རྟོ༷གས་པ་སྟེ་མཐོང་བའི་ཤེས་པ་སྐྱེ་བར་འགྱུ༷ར་དགོས་ཏེ། སྔོན་པོ་ལ་སོགས་པའི་རྣམཔར་ཤེས་པ་བཞིན་ནོ། །དེས་ན་མི་སྡུག་པ་རྟོགས་པའི་ཏིང་འཛིན་དེ༷་ནི༷་རྫུ༷ན་པ༷་ལོག་པའི་དོན་ཡིད་ལ་བྱེད་པའི་ཏིང་འཛིན་དུ་ཡ༷ང་མི༷་འགྱུ༷ར་རོ། །རྩ་བར། རབ་རིབ་དང་ལྡན་དབང་པོ་ཅན་མཚུངས་པ། །ཆུ་འབབ་ཀླུང་ལ་ཡི་དྭགས་རྣག་བློ་ཡང༌། །ཞེས་སེམས་ཙམ་པས་སྒྱུ་མ་སྣང་བའི་ཤེས་པ་སོགས་ཀྱི་ཡུལ་སྒྱུ་མ་སོགས་དང་ཡི་དྭགས་ལ་ཆུར་རྣག་ཏུ་སྣང་བ་རྣམས་ཕྱི་དོན་མིན་ལ་དེ་དག་སྣང་བའི་ཤེས་པ་རང་བཞིན་གྱིས་ཡོད་སྙམ་ནས། ར༷བ་རི༷བ་ད༷ང་ལྡ༷ན་པའི་དབ༷ང་པོ༷་ཅ༷ན་གྱིས་སྐྲ་ཤད་མཐོང་བ་དང་རིགས་མཚུ༷ངས་པ༷་ཡི་སྒྱུ་མ་དང་གཟུགས་བརྙན་སོགས་མཐོང་བའི་བློ་དང༌། ཆུ༷་འབ༷བ་པའི་ཀླུ༷ང་ལ༷་ཡི༷་དྭ༷གས་རྣམས་ལ་རྣ༷ག་ཁྲག་མཐོང་བའི་བློ༷་སྐྱེ་བའི་དཔེས་ཕྱི་དོན་མེད་པར་ཤེས་པ་རང་བཞིན་གྱིས་ཡོད་པར་བསྒྲུབ་པ་ལ་ཡ༷ང་སྔར་བཞིན་ཤེས་པར་བྱའོ། །

རང་འགྲེལ་ལས། ཤེས་པར་བྱའོ། །རབ་རིབ་མཐུ་ལས་སྐྲ་རྣམས་གང་མཐོང་བ། །ཞེས་གང་བཤདཔ་དེ་དང་མཚུངས་པ་དེ་ལྟ་བུའི་རིགས་ཅན་གཞན་ཡང་རིག་པར་བྱ་སྟེ་སྤྲོས་པས་ཆོག་གོ། །ཞེས་གསུངས་སོ། །སྐབས་འདིར་དངོས་པོ་གཅིག་ལ་ལྷ་མི་ཡི་དྭགས་གསུམ་གྱིས་ལྟ་བའི་ཚེ་ཆུ་རྣག་བདུད་རྩི་གསུམ་གྲུབ་པ་ལ་དེ་གསུམ་གྱི་ཚད་མ་སོ་སོས་སོ་སོར་ཚད་མས་གྲུབ་ལ། དེ་གསུམ་གོ་ས་གཅིག་ཏུ་ཡོད་ཀྱང་ཐོགས་བཅས་ཀྱི་གཟུགས་མ་ཡིན་པར་མི་འགྱུར་བ་ནི། ལས་སྣང་ཐ་དད་ཀྱི་སྣང་བ་མི་འདྲ་བའི་གཟུགས་ཡིན་པས་དེ་དག་གོ་ས་གཅིག་ཏུ་ཡོད་ཀྱང་ཐོགས་བཅས་མ་ཡིན་པར་མི་འགྱུར་ལ། ཐོགས་བཅས་ཀྱི་གཟུགས་ཀྱི་དོན་ནི། རང་དང་ལས་སྣང་གཅིག་གིས་བསྡུས་པའི་རྫས་ཐ་དད་པའི་གཟུགས་རང་གི་གོ་ས་ལ་མི་འབྱུང་བའི་གཟུགས་དེ་བཞག་ཆོག་སྙམ་མོ། སྤྱིར་གསུང་རབ་ཀྱི་བརྡ་ཆད་ལ། གཟུང་འཛིན་ཐ་དད་དུ་མ་གྲུབ་པའམ་གཟུང་འཛིན་གཉིས་སྟོང་ཞེས་པས་གཟུང་འཛིན་རྫས་ཐ་དད་དུ་མ་གྲུབ་པ་ལ་གོ་བ་ཡིན་ལ། གཟུང་འཛིན་རྫས་གཅིག་གམ་ཐ་དད་དུ་མ་གྲུབ་ཅེས་པས་དཔེར་ན་སྔོན་པོ་དང་སྔོ་འཛིན་གཉིས་གྲུབ་བྱེད་རྫས་གཅིག་གིས་གྲུབ་པའི་རྫས་གཅིག་པར་བཤད་ལ། དེ་ཡང་དེ་གཉིས་ཀྱི་དུས་སུ་གྲུབ་པའི་གྲུབ་བྱེད་ཀྱི་རྫས་ལ་བཟུང་བ་ལས། བསྐྱེད་བྱེད་ཀྱི་རྒྱུ་གཅིག་པས་རྫས་གཅིག་མ་ཡིན། གལ་ཏེ་དེ་ཡིན་ན་ནས་འབྲུ་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ལྟ་བུ་རྫས་གཅིག་ཏུ་འགྱུར་དགོས་པས། དེ་མི་རིགས་སོ། །རྫས་རིགས་གཅིག་ཡིན་ན་རྫས་གཅིག་པར་མ་ངེས་སོ། །འོན་ཀྱང་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། དེའི་ཚེ་ཆ་ཅན་བརླན་གཤེར་ཕོར་གང་གི་ཆ་ཤས་རྣག་ཆུ་བདུད་རྩི་ཕོར་བ་གསུམ་ཕན་ཚུན་གཅིག་གཅིག་གི་གོ་སར་གནས་པར་ཐལ། དེའི་ཚེ་དེ་གསུམ་ཆ་ཅན་བརླན་གཤེར་གཅིག་གི་གོ་སར་གནས་པའི་ཕྱིར་ན་མ་ཁྱབ་སྟེ། དཔེར་ན་ཆ་ཅན་མ་དྲོས་པའི་གོ་སར་དེའི་ཕྱོགས་བཞིའི་ཆ་གནས་ཀྱང་དེའི་ཕྱོགས་བཞིའི་ཆ་རྣམས་ཕན་ཚུན་གཅིག་གཅིག་གི་གོ་སར་མི་གནས་པ་བཞིན་ཡིན་པའི་ཕྱིར། ཞེས་དེ་གསུམ་ཕན་ཚུན་གཅིག་གི་གོ་སར་གཅིག་མེད་པར་བཤད་དོ། །དབུ་སེམས་གཉིས་ཀྱི་ལུགས་ལ་སེམས་ཀྱི་དབང་གིས་གྲུབ་པ་མ་གཏོགས་པའི་ཆོས་མེད་པར་བཞེད་དེ། བཤེས་སྤྲིངས་ལས། བལྟས་པ་ཙམ་གྱིས་ཀླུང་ཡང་སྐམ་པར་འགྱུར། །ཞེས་དང༌། སྤྱོད་འཇུག་ལས། སེམས་ཅན་དམྱལ་བའི་མཚོན་ཆ་རྣམས། །སུ་ཞིག་གིས་ནི་ཆེད་དུ་བྱས། །ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་སོ། །

རྣམ་རིག་སྨྲ་བ་དང་རྣམ་རིག་སྨྲ་བའི་དབུ་མ་པ་དག་གི་ཕྱི་དོན་མེད་པར་སྒྲུབ་ཚུལ་ལ།

ལྷན་ཅིག་དམིགས་ངེས་ནི། ཚད་མ་རྣམ་ངེས་ལས། ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་སོ། །ཐེག་བསྡུས་སོགས་སུ་རྨི་ལམ་དང་གཟུགས་བརྙན་ལ་སོགས་པའི་རིགས་པ་ནི། ཐེག་བསྡུས་ལས། དམྱལ་བ་ཡི་དྭགས་དུད་འགྲོ་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །འདས་སོགས་དེ་བཞིན་རྨི་ལམ་དང༌། །གཟུགས་བརྙན་རྣམ་པ་གཉིས་ལ་ཡང༌། །དམིགས་པ་ཡོད་པ་མ་ཡིན་པས། །དེ་ལ་དམིགས་པར་རུང་ཕྱིར་རོ། །ཞེས་དང༌། ཐེག་མཆོག་དབུ་མ་ལས། ཅི་ཙམ་སྣང་བ་གསལ་བའི་སེམས་ཡིན་ཏེ། །རྨི་ལམ་ལ་སོགས་དག་དང་མཚུངས་ཕྱིར་དང༌། །བློ་དང་ལྷན་ཅིག་ཁོ་ནར་དམིགས་པས་ཀྱང༌། །སེམས་སྣང་ཙམ་ཡིན་གཞན་དུ་མེད་པར་གྲུབ། །ཅེས་གསུངས་སོ། །ཉི་ཤུ་པར་རྡུལ་ཆ་མེད་འགོག་པའི་རིགས་པ་ནི། ཉི་ཤུ་པ་ལས། འདི་ལྟར་རྡུལ་ཕྲན་མི་འགྲུབ་ཕྱིར། །དྲུག་གི་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོ། །ཕྱོགས་གླང་གིས་རྡུལ་འདུས་པ་དང་ཕྲ་རབ་གཟུང་དོན་འགོག་པའི་རིགས་པ་ནི། དམིགས་བརྟག་ལས། དབང་པོ་རྣམ་པར་རིག་པའི་རྒྱུ། །ཕྲ་རབ་རྡུལ་དག་ཡིན་མོད་ཀྱི། །དེ་མི་སྣང་ཕྱིར་དེའི་ཡུལ་ནི། །རྡུལ་ཕྲན་མ་ཡིན་དབང་པོ་བཞིན། །ཞེས་སོ། །ཆོས་གྲགས་ཀྱི་གཟུང་འཛིན་གྱི་མཚན་ཉིད་སྐྱེས་ལ་འདྲ་བ་འགོག་པའི་རིགས་པ་ནི། རྣམ་འགྲེལ་ལས། དོན་རིག་གང་ཡིན་སོ་སོར་རིག །མངོན་སུམ་གང་ཡིན་འདི་ཉིད་དོ། །དེ་ནི་གང་གིས་དོན་རིག་ཡིན། །དེ་འདྲ་ལས་ཡིན་འཁྲུལ་བར་འགྱུར། །ཞེས་སོ། །ཐལ་འགྱུར་བས་ཕྱི་དོན་གྲུབ་ཅེས་གསུངས་པ་དང༌། སེམས་ཙམ་པས་ཕྱི་དོན་མ་གྲུབགསུངས་པའི་གནད་ལ་ཁྱད་པར་ཡོད་ཚུལ་ལ་དཔྱད་པར་ཞུའོ། །

གཉིས་པ་དེ་ལྟར་བཀག་པའི་མཇུག་བསྡུ་བ་ནི།

རྩ་བར། མདོར་ན་ཇི་ལྟར་ཤེས་བྱ་མེད་དེ་བཞིན། །བློ་ཡང་མེད་ཅེས་དོན་འདི་ཤེས་པར་གྱིས། །ཞེས་སྔར་རྒྱས་པར་བཤད་པ་རྣམས་ཀྱི་དོནབསྡུ་མདོ༷ར་བསྡུ་ན༷་ཇི༷་ལྟ༷ར་ཤེ༷ས་བྱ༷་རང་བཞིན་གྱིས་མེ༷ད་པ་དེ༷་བཞི༷ན་དུ། ཤེས་བྱའི་རྣམ་པ་ཅན་གྱི་བློ༷་ཡ༷ང་རང་བཞིན་གྱིས་མེ༷ད་ཅེ༷ས་དོ༷ན་འདི༷་ཤེ༷ས་པ༷ར་གྱི༷ས་ཏེ་ཤེས་པར་བྱ་སྟེ། ཕན་ཚུན་གཅིགམེད་ན་ཅིག་ཤོས་ཀྱང་མེད་པའི་ཕྱིར། ཁྱབ་པ་དང་རྟགས་གཉིས་ཀ་གྲུབ་སྟེ། ཤེས་བྱ་རང་བཞིན་གྱིས་གྲུབ་ན་རང་ཉིད་བློ་གཞན་གྱིས་ཤེས་ཤིང་བཟུང་བ་ལ་མ་ལྟོས་པར་ཤེས་བྱའི་ངོ་བོས་གྲུབ་དགོས་ཀྱང༌། བུམ་པ་ལ་སོགས་པའི་ཡུལ་དེ་ཤེས་པ་འདི་འདྲ་ཞིག་གིས་ཤེས་པས་ན་ཤེས་བྱ་ཡིནཞེས་འཇོག་དགོས་ཀྱི། ཤེས་པས་ཤེས་བྱ་ཡིན་པར་འཇོག་ཏུ་མེད་པས་ཤེས་པ་མེད་ན་ཤེས་བྱ་ཡང་མེད་ལ། ཤེས་པའང་རང་གི་ངོ་བོ་ཤེས་པར་རང་བཞིན་གྱིས་གྲུབ་ན་ཡུལ་ཞིག་ཤེས་པ་ལམ་ལྟོས་པར་རང་ཉིད་ཤེས་པའི་ངོ་བོར་གྲུབ་དགོས་ཀྱང༌། འདིས་བུམ་པ་ལ་སོགས་ཡུལ་འདི་འདྲཞིག་ཤེས་པས་ན་ཤེས་པ་ཡིན་པར་འཇོག་དགོས་ཀྱི་ཡུལ་གཅིག་མ་ཤེས་པར་ཤེས་པ་ཡིན་པར་འཇོག་ཏུ་མེད་པས་ཤེས་བྱ་མེད་ན་ཤེས་པའང་མེད་དགོས་པའི་ཕྱིར་ཏེ། རང་འགྲེལ་ལས། ཤེསབྱ་རང་བཞིན་མེད་པ་ཇི་ལྟ་བ་དེ་བཞིན་དུ་ཤེས་བྱའི་རྣམ་པ་ཅན་གྱི་བློ་ཡང་རང་གི་བདག་ཉིདཀྱིས་མ་སྐྱེས་པར་རིག་པར་བྱའོ། །ཇི་སྐད་དུ། མ་ཤེས་པ་ནི་ཤེས་བྱ་མིན། །དེ་མེད་རྣམ་པར་ཤེསམེད་པ། །དེ་ཕྱིར་ཤེས་དང་ཤེས་བྱ་དག །རང་བཞིན་མེད་པར་ཁྱོད་ཀྱིས་གསུངས། །ཞེས་བྱ་བ་དང༌། དེ་བཞིན་དུ། རྣམ་ཤེས་སྒྱུ་མ་དང་མཚུངས་པར། །ཉི་མའི་གཉེན་གྱིས་གསུངས་པ་ཡིན། །དེ་ཡི་དམིགས་པའང་དེ་བཞིན་ཏེ། །ངེས་པར་སྒྱུ་མའི་དངོས་དང་འདྲ། །ཞེས་གསུངས་སོ། །དེའི་ཕྱིར་རྣམ་པར་ཤེས་པ་རྫས་སུ་སྨྲ་བའི་རྗོད་བྱེད་ཀྱི་གདོན་གྱིས་གཟུང་བ་ཕྱི་རོལ་གྱི་ཡུལ་ལ་སྐུར་པ་འདེབས་པ་འདི་ནི་ཅི་ནས། བདག་ཉིད་གཡང་སར་ལྷུང་བར་བྱེད་པར་མི་འགྱུར་བར་དམ་པ་སྙིང་རྗེ་སྤྱོད་པ་རྣམས་ཀྱིས་ལུང་དང་རིགས་པའི་གསང་སྔགས་བཟང་པོ་བཏབ་པས་ཚབས་ཆེརམནན་ཏེ་གཟུང་བར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་གཞན་དབང་རང་བཞིན་གྱིས་གྲུབ་པའི་སྒྲུབ་བྱེད་ཚད་མ་དགག་པ་ལ།

གཞན་དབང་གི་སྒྲུབ་བྱེད་རང་རིག་དགག་པ་དང༌། སེམས་ཙམ་པའི་ལུགས་བདེན་པ་གཉིས་ཆར་ལསཉམས་པར་བསྟན་པ་དང༌། དེས་ན་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནའི་རྗེས་སུ་འབྲང་བར་རིགས་པ་དང༌། གཞན་དབང་དང་འཇིག་རྟེན་པའི་ཐ་སྙད་འགོག་པ་གཉིས་མི་མཚུངས་པར་བསྟན་པ་དང་བཞི། དང་པོ་ལ། གཞན་དབང་གི་སྒྲུབ་བྱེད་དྲིས་ནས་དེ་མི་འཐད་པར་བསྟན་པ་དང༌། དེ་འཐད་པའི་གཞན་གྱི་ལན་དགག་པ་དང༌། རིགས་པ་གཞན་གྱིས་ཀྱང་རང་རིག་མི་འཐད་པར་བསྟན་པ་དང༌།

གཞན་དབང་རང་བཞིན་གྱིས་གྲུབ་པ་མོ་གཤམ་གྱི་བུ་དང་མཚུངས་པར་བསྟན་པ་དང་བཞི། དངཔོ་ནི། རྩ་བར། གལ་ཏེ་གཟུང་མེད་འཛིན་པ་ཉིད་བྲལ་ཞིང༌། །གཉིས་ཀྱིས་སྟོང་པའི་གཞན་དབངདངོས་ཡོད་ན། །འདི་ཡི་ཡོད་པར་གང་གིས་ཤེས་པར་འགྱུར། །མ་བཟུང་བར་ཡང་ཡོད་ཅེས་བྱརམི་རུང༌། །ཞེས་དེ་ལྟར་ཕྱི་དོན་དང་ཤེས་པ་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་པས་ཕྱི་རོལ་མེད་པརཤེས་པ་ཡོད་པ་མི་སྲིད་པར་བསྟན་ཟིན་ནས། ད་ནི་ཕྱི་རོལ་མེད་པར་གཞན་དབང་གི་ཤེས་པ་མེདཅེས་པ་ནི་ཕྱི་རོལ་མེད་པས་ཁྱད་པར་དུ་བྱས་པ་ཡིན་ལ། དེ་འདྲའི་ཕྱི་རོལ་མེད་པས་ཁྱད་པར་དུམ་བྱས་པའི་སྤྱིར་གཞན་དབང་གི་དངོས་པོ་དེ་རང་བཞིན་གྱིས་གྲུབ་པར་འདོད་པ་དགག་པའིཕྱིར་བཤད་པ་ནི། ག༷ལ་ཏེ༷་ཕྱི་རོལ་བཟུ༷ང་བ་མེ༷ད་པས་ཕྱི་དོན་ལས་རྫས་གཞན་པའི་འཛི༷ན་པ༷་ཉི༷དདང་བྲ༷ལ་ཞི༷ང༌། གཟུང་འཛིན་རྫས་ཐ་དད་པ་གཉི༷ས་ཀྱི༷ས་སྟོ༷ང་པ༷འི་གཞ༷ན་དབ༷ང་གི་དངོ༷ས་པོགཅིག་ཡོ༷ད་ན༷། ཁྱོད་རང་སེམས་ཙམ་པས་གཞན་དབང་འདི༷་ཡི༷་དངོས་པོ་ཡོ༷ད་པ༷་དེ་ཤེས་པ་ག༷ང་གི༷ས་ཤེ༷ས་པ༷ར་འགྱུ༷ར་ཞེས་འདྲི་བར་བྱའོ། །དེ་ཡང་གཞན་དབང་གི་ཤེས་པ་རང་བཞིན་གྱིས་གྲུབཔ་རང་ཉིད་ཀྱིས་ཤེས་པ་དང༌། རང་ལས་དོན་གཞན་པའི་ཤེས་པས་ཤེས་པ་གཉིས་གང་ཡང་མི་འཐད་ལ། ཤེས་པ་ཞིག་གིས་ཤེས་ནས་མ༷་གཟུ༷ང་བ༷ར་ཡ༷ང་གཞན་དབང་དེ་ཡོ༷ད་ཅེ༷ས་བྱ༷ར་མི༷་རུ༷ངབའི་ཕྱིར་ཏེ། འཇུག་པའི་རང་འགྲེལ་ལས། གལ་ཏེ་གཟུང་བ་དང་འཛིན་པ་ཞེས་བྱ་བ་གཉིས་ཀྱིས་སྟོང་པ་གཞན་གྱི་དབང་ཡོད་ན་དེའི་ཡོད་པ་དེ་ཁྱོད་ཀྱིས་ཤེས་པ་གང་གིས་དམིགས། དེ་ཉིདཀྱིས་དེ་འཛིན་པར་ནི་མི་འཐད་དེ། རང་གི་བདག་ཉིད་ལ་བྱེད་པར་འགལ་བའི་ཕྱིར་རོ། །འདི་ལྟརརལ་གྲིའི་སོ་དེ་ཉིད་ཀྱིས་དེ་ཉིད་མི་གཅོད་ལ། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་དེ་ཉིད་ལ་མི་རེག་ཅིང༌། །ལེགས་པར་བསླབས་པའི་གཡེར་ཞིང་ཡང་གཟོར་ཅན་གྱིས་ཀྱང་རང་གི་ཕྲག་པ་ལ་ཞོན་པར་མི་ནུས་ཤིང༌། མེས་རང་གི་བདག་ཉིད་མི་སྲེག་ལ། མིག་གིས་རང་གི་བདག་ཉིད་ལ་ལྟ་བ་མ་ཡིན་ནོ། །དེ་ནི་ཤེས་པ་གཞན་གྱིས་འཛིན་པ་ཡང་མ་ཡིན་ཏེ། རང་གི་གྲུབ་པའི་མཐའ་དང་འགལབའི་ཕྱིར་ཏེ། གལ་ཏེ་རྣམ་པར་རིག་པ་གཞན་ཞིག་རྣམ་པར་རིག་པའི་ཡུལ་ཡིན་ན་རྣམ་པར་རིགཔ་ཙམ་ཉིད་ཉམས་པར་འགྱུར་རོ་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་དེའི་འཛིན་པ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་ལ་མ་བཟུང་བ་ལ་ནི་ཡོད་པ་ཉིད་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར། དེ་ཉིད་ཀྱིས་དེ་མྱོང་བར་གྲུབ་མ་ཡིན། །ཞེས་སེམས་ཙམ་པ་ན་རེ། གཞན་དབང་ཡོད་པར་རྟོགས་པའི་ཤེས་པ་མེད་པ་མ་ཡིན་ཏེ། དེ་ཡོད་པར་གཞན་དབང་རང་གི་སྟེང་གི་རང་རིག་གིས་ཤེས་པའི་ཕྱིར་ཟེར་བ་ལ། ཤེས་པ་དེ༷་ཉི༷ད་ཀྱི༷ས་དེ༷་སྟེ་རང་ཉིད་མྱོ༷ང་བ༷་ཡིན་པ་དེགྲུ༷བ་པ་མ༷་ཡི༷ན་པར་ཐལ། རང་རིག་མི་འཐད་པའི་ཕྱིར། བྱས་པ་ལ།

གཉིས་པ་དེའི་ལན་དགག་པ་ལ།

གཞན་གྱི་ལུགས་བརྗོད་པ་དང༌། ལུགས་དེ་དགག་པ་དངགཉིས། དང་པོ་ནི། རང་འགྲེལ་ལས། འདིར་ཁ་ཅིག་གིས་མདོ་སྡེ་པའི་ཕྱོགས་ཁས་བླངས་ནསརང་རིག་པ་རབ་ཏུ་སྒྲུབ་པའི་ཕྱིར། ཇི་ལྟར་མེ་ནི་སྐྱེས་པ་ཉིད་ན་རང་གི་བདག་ཉིད་དང་བུམ་པལ་སོགས་པ་དག་གཉིས་སུ་མི་འཇུག་པར་ཅིག་ཅར་གསལ་བར་བྱེད་ལ། སྒྲས་ཀྱང་རང་གི་བདགཉིད་དང་དོན་སྟོན་པར་བྱེད་པ་དེ་བཞིན་དུ། རྣམ་པར་ཤེས་པ་ཡང་ཉེ་བར་སྐྱེ་བ་ཉིད་ན་གཉིས་སུ་མི་འཇུག་པར་རང་གི་བདག་ཉིད་དང༌། ཡུལ་སོ་སོར་ཡང་དག་པར་རིག་པར་བྱེད་པ་ཡིན་ནོ། །དེའི་ཕྱིར་རང་རིག་པ་ཞེས་བྱ་བ་ཡོད་པ་ཁོ་ན་ཡིན་ནོ། །གང་ཞིག་མི་འདོད་པ་དེས་ཀྱང་གདོན་མི་ཟ་བར་རང་རིག་པ་ཁས་བླང་བར་བྱ་དགོས་ཏེ། གཞན་དུ་མ་མཐོང་ངོ་ཞེས་དུས་ཕྱིས་འབྱུང་བའི་དྲན་པས་ཡུལ་དྲན་པ་ཉིད་དང༌། ངས་མཐོང་ངོ་སྙམ་དུ་ཡུལ་གྱི་ཉམས་སུ་མྱོང་བ་དྲན་པར་མི་འགྱུརརོ། །དེ་ཅིའི་ཕྱིར་ཞེ་ན། དྲན་པ་ནི་ཉམས་སུ་མྱོང་བའི་ཡུལ་ཅན་ཡིན་ན་ཤེས་པ་ཡང་ཉམས་སུ་མ་མྱོང་བས་དྲན་པ་ཡོད་པར་མི་འགྱུར་རོ། །རང་རིག་པ་མེད་པའི་ཕྱིར་ན་རེ་ཞིག་དེ་ཉིད་ཀྱིས་དེ་ཉམས་སུ་མྱོང་བ་ཡོད་པ་མ་ཡིན་ནོ། །ཤེས་པ་གཞན་གྱིས་ཀྱང་དེ་མྱོང་བར་མི་རིགས་ཏེ། ཅིའི་ཕྱིར་ཞེ་ན། ཤེས་པ་གཞན་གྱིས་ཉམས་སུ་མྱོང་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །འདི་ལྟར་སྔོན་པོ་ཡོངས་སུ་གཅོད་པར་བྱེད་པའི་ཤེས་པ་གཅིག་དེའི་མཇུག་ཐོགས་སུ་འབྱུང་བའི་རྣམ་པར་ཤེས་པས་གཅོད་པར་ཁས་ལེན་ན། སྔོན་པོའི་ཤེས་པའི་ཤེས་པ་དེ་ལ་ཡང་མྱོང་བ་པོ་གཞན་ཡོད་པར་བྱ་དགོས་ཤིང༌། དེ་ལ་ཡང་གཞན་ཞིག་འགྱུར་དགོས་པས་ཐུག་པ་མེད་པའི་སྐྱོན་དུ་ཐལ་ལོ། །ཤེས་པས་ཡུལ་གཞན་ཡོངས་སུ་མི་གཅོད་པར་ཡང་འགྱུར་ཏེ། རྣམ་པར་ཤེས་པའི་རྒྱུན་ལུགས་མཐའ་དག་ཤེས་པ་གཞན་གྱི་ཡུལ་ཅན་ཡིན་པའི་ཕྱིར་དང༌། སེམས་ཅན་རྣམས་རྣམ་པར་ཤེས་པའི་རྒྱུད་གཅིག་ཡིན་པའི་ཕྱིར་རོ། །རྣམ་པར་ཤེས་པ་ཨུཏྤ་ལའི་འདབ་མ་བརྒྱ་འབིགས་པ་ལྟར་རིམ་གྱིས་འབྱུང་བ་རྣམས་འཇུག་པ་མྱུར་བས་ཅིག་ཅར་དུ་འཇུག་པ་ལྟ་བུར་མངོན་པ་ཡིན་ནོ། །དེའི་ཕྱིར་ཐུག་པ་མེད་པའི་སྐྱོན་ཡོངས་སུ་སྤང་བར་བྱ་བའི་ཕྱིར་གདོན་མི་ཟབར་རང་རིག་པ་ཁས་བླངས་པར་བྱ་དགོས་སོ། །དེ་ལྟར་ན་ནི་ངས་མཐོང་ངོ་སྙམ་དུ་གཉི་གའི་ཡུལཅན་གྱི་དྲན་པ་དུས་ཕྱིས་འབྱུང་བ་ཡང་འགྲུབ་སྟེ། ཤེས་པའི་རང་བཞིན་རང་རིག་པ་མ་རྟོགས་པར་ནི་དེའི་ཡུལ་ཅན་གྱི་དྲན་པ་དེ་མི་རིགས་སོ། །དེའི་ཕྱིར་ངས་མཐོང་ངོ་སྙམ་དུ་དུས་ཕྱིས་དྲན་པའི་ཤེས་པ་སྐྱེས་པ་ལས་གང་ལས་དུས་ཕྱིས་གཉི་གའི་ཡུལ་ཅན་གྱི་དྲན་པ་སྐྱེ་བ་ཉམས་སུ་མྱོང་བའི་ཤེས་པའི་རང་གི་བདག་ཉིད་དང་ཡུལ་གྱི་བདག་ཉིད་མྱོང་ཞིང་སྐྱེས་པར་དཔོག་པར་བྱེད་དོ། །དེའི་ཕྱིར་དུས་ཕྱིས་ཀྱི་དྲན་པ་ལས་རང་ཉམས་སུ་མྱོང་བ་གྲུབ་པ་ཡིན་ལ། རང་ཉམས་སུ་མྱོང་བ་ཡོད་ན་ཡང་གཞན་གྱི་དབང་ཡོད་པ་ཉིད་ཡིན་པས་དེ་ལ་འདི་ནི་ཡོད་པར་གང་གིས་ཤེས་པར་འགྱུར་ཞེས་གང་སྨྲས་པ་ལ། འདི་ཉེ་བར་བསྟན་པ་ཡིན་ནོ་ཞེས་སྨྲས་པ་དེ་ཡང་རིགས་པ་མཡིན་ནོ་ཞེས་བསྟན་པའི་ཕྱིར་བཤད་པ། ཞེས་གསལ་བར་གསུངས་སོ། །

གཉིས་པ་ལུགས་དེ་དག་དགག་པ་ལ།

གཞན་ལུགས་དགག་པ་དངོས། ཟླ་བའི་རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་བའི་ཚུལ་དང་གཉིས། དང་པོ་ནི། རྩ་བར། གལ་ཏེ་ཕྱི་དུས་དྲན་པ་ལས་གྲུབ་ན། །མ་གྲུབ་བསྒྲུབ་པར་བྱ་ཕྱིར་བརྗོད་པ་ཡི། །མ་གྲུབ་འདི་ནི་སྒྲུབ་པར་བྱེད་པ་མིན། །ཞེས་ག༷ལ་ཏེ༷་སེམས་ཙམ་པ་ཁྱོད་ཀྱིས་དྲན་པ་དེ་རང་བཞིན་གྱིས་གྲུབ་པའི་དབང་དུ་བྱས་ནས་སྔོ་འཛིན་གྱི་ཕྱི༷་དུ༷ས་ཀྱི་སྔོ་འཛིན་དྲ༷ན་པ༷་ཡི་རྟགས་ལ༷ས་སྔར་གྱི་སྔོ་འཛིན་ཤེས་པས་རང་གིས་རང་རིག་པར་གྲུ༷བ་པར་འདོད་ན༷། ངེད་ཅག་གིས་དྲན་པ་རང་བཞིན་གྱིས་ཡོད་པར་གྲུབ་པས་ཕྱི་རྒོལ་ངེད་ཅག་ལ་རང་རིག་མ༷་གྲུ༷བ་པ་དེ་ཁྱེད་ཅག་གིས་བསྒྲུ༷བ་པ༷ར་བྱ༷་བའི་ཕྱི༷ར་དུ་གཏན་ཚིགས་སུ་བརྗོ༷ད་པ༷་ཡི༷། ངེད་ཅག་གིས་རང་བཞིན་གྱིས་ཡོད་པར་མ༷་གྲུ༷བ་པའི་དྲན་པ་རང་བཞིན་གྱིས་གྲུབ་པ་འདི༷་ནི༷། རང་རིག་སྒྲུ༷བ་པ༷ར་བྱེ༷ད་པ༷འི་རྟགས་ཡང་དག་མི༷ན་ཏེ། དྲན་པ་རང་བཞིན་གྱིས་གྲུབ་པའི་རྟགས་དེ་ངེད་ཅག་ལ་མ་གྲུབ་པའི་ཕྱིར། དཔེར་ན་སྒྲ་མི་རྟག་པར་སྒྲུབ་པ་ལ་མིག་གི་གཟུང་བྱ་རྟགས་སུ་བཀོད་པ་བཞིན་ནོ། །རྩ་ཤེས་ལས། མར་མེས་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་གྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རོ། །རྩ་བར། རང་རིག་པ་ནི་གྲུབ་ལ་རག་མོད་ཀྱི། །དེ་ལྟའང་དྲན་པའི་དྲན་པ་རིགས་མིན་ཏེ། །གཞན་ཕྱིར་མ་ཤེས་རྒྱུད་ལ་སྐྱེས་པ་བཞིན། །གཏན་ཚིགས་འདིས་ནི་ཁྱད་པར་དག་ཀྱང་འཇོམས། །ཞེས་དེ་ལྟར་སྤྱིར་ན་རང་རིག་ཡོད་པར་མི་འཐད་ཀྱང༌། གལ་སྲིད་ཤེས་པས་ར༷ང་གིས་རང་གཉིས་སྣང་ནུབ་པའི་སྒོ་ནས་རི༷ག་པ་དང་ཡུལ་རིག་པར་བྱེད་པ༷་གཉིས་ནི༷་གྲུ༷བ་ལ༷་ར༷ག་མོ༷ད་ཀྱི༷་སྟེ་གྲུབ་ཏུ་ཆུག་མོད་ཀྱང༌། དེ༷་ལྟ༷་ན༷འ༷ང་ཁྱོད་ཀྱི་ལུགས་ལ་ཕྱིས་ཀྱིདྲ༷ན་པ༷ས་སྔར་མྱོང་བའི་ཡུལ་དང་ཡུལ་ཅན་དེ་དག་དྲ༷ན་པ༷་ནི་རི༷གས་པ་མི༷ན་ཏེ༷། ཕྱིས་ཀྱི་དྲན་ཤེསདང་སྔར་གྱི་ཡུལ་མྱོང་མཁན་གྱི་ཤེས་པ་གཉིས་རང་བཞིན་གྱིས་གྲུབ་པའི་གཞ༷ན་ཡིན་པར་ཁྱོད་ཀྱིས་ཁས་བླངས་པའི་ཕྱི༷ར། ཁྱབ་སྟེ། དྲན་བྱ་སྔར་གྱི་ཡུལ་མྱོང་བའི་ཤེས་པ་དང༌། དྲན་བྱེད་ཕྱིས་ཀྱི་དྲན་པ་གཉིས་རང་བཞིན་གྱིས་གྲུབ་ན་ཕྱིས་ཀྱི་དྲན་པས་སྔར་གྱི་ཡུལ་མྱོང་གི་ཤེས་པ་དྲན་པ་མི་འཐད་པ་ནི། དྲན་བྱ་བྱམས་པའི་ཤེས་པས་རང་གིས་རང་དང་ཡུལ་གཉིས་ཀ་མྱོང་བ་ནི། དེགཉིས་སྔར་ཉམས་སུ་མྱོང་བའི་ཉེར་སྦས་ཀྱི་ཤེས་པས་དྲན་པ་མ་ཡིན་པ་བཞིན་ཏུ། དྲན་བྱའི་ཡུལ་དང་ཡུལ་ཅན་རང་བཞིན་གྱིས་གྲུབ་པ་དེ་ནི་སྔར་མ༷་ཤེ༷ས་པ་སྟེ་སྔར་རང་གིས་མ་མྱོང་བའི་གང་ཟག་གི་རྒྱུ༷ད་ལ༷་སྐྱེ༷ས་པ༷འི་ཡུལ་དང་ཡུལ་ཅན་བཞི༷ན་ཡིན་པས་ན། སྔར་ཉམས་སུ་མྱོང་བའི་ཡུལ་དང་ཡུལ་ཅན་རང་བཞིན་གྱིས་གྲུབ་པ་དེ་ནི་རང་གི་རྒྱུད་དུ་གཏོགས་པའི་རྣམ་པར་ཤེས་པ་ཕྱི་མས་ཉམས་སུ་མྱོང་བ་ཞིག་རྣམ་པ་ཀུན་ཏུ་མི་འཐད་ལ། དེ་མ་འཐད་ན་ཕྱིས་ཀྱི་དྲན་པས་སྔར་མ་མྱོང་བ་མི་འཐད་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། དྲན་བྱ་དྲན་བྱེད་རང་བཞིན་གྱིས་གྲུབ་པ་ལ་དྲན་པ་སྐྱེ་བ་མི་འཐད་པའི་སྐྱོན་མེད་དེ། རྒྱུད་གཞན་གྱི་དྲན་བྱ་དེ་རྒྱུད་གཞན་གྱི་དྲན་པས་དྲན་པ་མི་འཐད་ཀྱང་རྒྱུད་གཅིག་ཏུ་གཏོགས་པ་ལ་དྲན་བྱ་རང་བཞིན་གྱིས་གྲུབ་པ་དང་དེ་དྲན་པའི་དྲན་པ་རང་བཞིན་གྱིས་གྲུབ་པ་གཉིས་རྒྱུ་འབྲས་སུ་འཐད་པས་དྲན་པ་སྐྱེ་བ་ཡང་འཐད་པའི་ཕྱིར་ཞེ་ན། དེ་ཡང་མི་འཐད་དེ། དྲན་བྱ་དྲན་བྱེད་གཉིས་དང་རྒྱུ་འབྲས་གཉིས་རང་བཞིན་གྱིས་གྲུབ་པའིགཞན་ཡིན་པའི་ཕྱིར། ཞེས་པའི་གཏ༷ན་ཚི༷གས་འདི༷ས་ནི༷་དྲན་བྱ་དྲན་བྱེད་རང་བཞིན་གྱིས་གྲུབ་པ་ལ་དྲན་པ་ཡོད་པ་དང༌། རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་ལ་རྒྱུ་འབྲས་སུ་གྲུབ་པ་ལ་སོགསཔའི་ཁྱ༷ད་པ༷ར་དེ་ད༷ག་ཀྱ༷ང་ཉེ་བར་འཇོ༷མས་པར་བྱེད་པའི་ཕྱིར་རོ། །

གཉིས་པ་ཟླ་བའི་རང་ལུགས་ལ་རང་རིག་མེད་ཀྱང་དྲན་པ་སྐྱེ་བའི་ཚུལ་ནི།

རྩ་བར། གངཕྱིར་གང་གིས་ཡུལ་མྱོང་གྱུར་དེ་ལས། །དྲན་པ་འདི་གཞན་ང་ལ་ཡོད་མིན་པ། །དེ་ཕྱིར་ང་ཡིས་མཐོང་སྙམ་དྲན་འགྱུར་ཏེ། །འདི་ཡང་འཇིག་རྟེན་ཐ་སྙད་ཚུལ་ལུགས་ཡིན། །ཞེས་འོ་ན་རང་རིག་མི་འདོད་པ་ཁྱེད་ཅག་གི་ལུགས་ལྟར་ན་དྲན་པ་སྐྱེ་ལུགས་ཇི་ལྟར་ཡིན་ཞེ་ན། རང་རིག་མེད་ཀྱང་དྲན་པ་སྐྱེ་བ་ཤིན་ཏུ་ཡང་འཐད་དེ། དྲན་བྱ་དྲན་བྱེད་རང་བཞིན་གྱིས་གྲུབ་པའི་གཞན་དུ་མེད་ནབློ་ལ་སྣང་བ་ཙམ་ལ་དྲན་བྱ་དྲན་པའི་དྲན་ཤེས་སྐྱེ་བ་འཐད་པ་གང་ཞིག ག༷ང་གིས་ཕྱི༷ར་སྔར་གྱིསསྔོན་པོ་མྱོང་བའི་ཤེས་པ་ག༷ང་གི༷ས་ཡུ༷ལ་སྔོན་པོ་ཉམས་སུ་མྱོ༷ང་བར་གྱུ༷ར་པའི་སྔོ་འཛིན་ཤེས་པ་དེ༷་ལ༷ས་ལོགས་སུ་སྔོ་འཛིན་དྲ༷ན་པ༷འི་ཤེས་པ་འདི༷་རང་མཚན་གྱིས་གཞ༷ན་ཏུ་གྱུར་པ་ནི་ཟླ་བ་གྲགས་པ་ང༷་ཡི་ལུགས་ལ༷་ཡོ༷ད་པ་མི༷ན་པ༷་དང༌། འཇིག་རྟེན་གྱི་བློ་རང་དགའ་བ་ལ་ཡང་སྔར་གྱིཡུལ་སྔོན་པོ་མྱོང་བའི་སྔོ་འཛིན་དང་ཕྱིས་ཀྱི་དྲན་པ་གཉིས་རང་བཞིན་གྱིས་གྲུབ་པའི་གཞན་དུ་འཛིན་པ་ཡང་མེད་པ་དེ༷འི་ཕྱི༷ར་ན་ཐ་སྙད་ཀྱི་བློ་ལ་སྔར་ཡུལ་སྔོན་པོ་ཉམས་མྱོང་གི་སྔོ་འཛིན་ཤེསཔས་མྱོང་བ་དང་བཅད་པ་དེ། ཕྱིས་སུ་དེ་དྲན་པའི་ཤེས་པས་ཀྱང་མྱོང་བ་དང་བཅད་པར་སྣང་བ་ལྟར་འཇོག་པ་ཡིན་པས་སྔོན་པོ་འདི་སྔར་ཡང་ང༷་ཡི༷ས་མཐོ༷ང་སྙ༷མ་དུ་དྲ༷ན་པ་སྐྱེ་བར་འགྱུ༷ར་བའི་ཕྱིར་ཏེ༷། སྔར་གྱི་སྔོན་པོ་དང་སྔོ་འཛིན་དྲན་པའི་དྲན་པ་སྐྱེ་བ་འདི༷་ཡ༷ང་འཇི༷ག་རྟེ༷ན་ཐ༷་སྙ༷ད་ཀྱི་ཚུ༷ལ་གྱི་ལུ༷གས་དེ་ཐ་སྙད་ཤེས་པ་ལ་དེ་ལྟར་དྲན་པ་སྐྱེ་བར་སྣང་བ་ཙམ་གྱི་སྒོ་ནས་བཞག་པ་ཡི༷ན་གྱི་དྲན་བྱ་དེ་དྲན་པ་སྐྱེ་བའི་བཏགས་དོན་བཙལ་ནས་མ་ཡིན་པའི་ཕྱིར་ཏེ། རང་འགྲེལ་ལས། འདི་ཡང་འཇིག་རྟེན་ཚུལ་ལུགས་ཡིན་གྱི་ཤིན་ཏུ་དཔྱད་པར་བྱ་བ་ནི་མ་ཡིན་ཏེ། བརྫུན་པའི་དོན་ཅན་ཉིད་ཀྱིས་འཇིག་རྟེན་གྱི་ཐ་སྙད་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །འདིར་སྤྱོད་འཇུག་ལས་རང་རིག་མེད་ཀྱང་ཡུལ་ཅན་དྲན་པ་སྐྱེ་བར་འཐད་པའི་རིག་པ་ནི། ཡུལ་ཅན་དེ་ཡུལ་དེ་དང་འབྲེལབར་དྲན་པ་དེ་ཡིན་ཏེ། སྤྱོད་འཇུག་ལས། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པ་ཇི་ལྟར་འགྱུར། །ཞེས་ཕྱོགས་སྔ་མས། སྔོ་འཛིན་ཤེས་པ་ཆོས་ཅན། ཁྱོད་ཕྱིས་སུ་དྲན་པའི་དྲན་པ་སྐྱེ་བ་མི་འཐད་པར་ཐལ། ཉམས་སུ་མ་མྱོང་བ་ལ་དྲན་པ་མི་སྐྱེ་བ་གང་ཞིག ཁྱོད་ཉམས་སུ་མྱོང་བའི་རང་རིག་མེད་པའི་ཕྱིར། ཟེར་བ་ལ་ཐལ་བ་དེ་དང་དེ་བཟློག་པ་གཉིས་ཀ་ལ་ཁྱབ་མེད་ཀྱིས་ལན་འདེབས་པ་ལ། སྤྱོད་འཇུག་ལས། གཞན་མྱོང་བ་དང་འབྲེལ་བ་ལ། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་བྱུང༌། དོན་ནི། རང་རིག་མེད་ཀྱང་སྔོ་འཛིན་ཤེས་པ་དྲན་པའི་དྲན་པ་སྐྱེ་སྟེ། སྔོའཛིན་རང་ལས་གཞན་པའི་ཡུལ་སྔོན་པོ་ཕར་མྱོང་བའི་སྔོ་འཛིན་ཤེས་པ་ལས་ཡུལ་ཅན་སྔོ་འཛིནདྲན་པའི་དྲན་ཤེས་སྐྱེས་པའི་ཕྱིར། དཔེར་ན་དགུན་དུས་བྱི་བས་རྨུགས་པ་ན་དུག་ཞུགས་པ་དེདཔྱིད་དུས་འབྲུག་གི་སྒྲ་ཐོས་པ་ན་དྲན་པ་བཞིན་ནོ། །དེ་ལྟར་ན་གཞན་མྱོང་བ་དང༌། ཞེས་པས་རྩ་བའི་ཐལ་འགྱུར་དང༌། འབྲེལ་བ་ལས། དྲན་འགྱུར། ཞེས་པས་རྩོད་སྤོང་གི་ཐལ་བ་བསྟན་པའོ། །དེས་དོན་སྦྱར་ཚུལ་ནི། དགུན་དུས་སུ་བྱི་བས་ལུས་ལ་རྨུགས་པ་ན་རྨུགས་པ་མྱོང་བ་ནི་སྔོའཛིན་གྱི་སྔོན་པོ་མྱོང་བ་དང་འདྲ། རྨུགས་པ་དང་དུས་གཅིག་ཏུ་དུག་ཞུགས་པ་ནི་སྔོ་འཛིན་གྱི་སྔོན་པོ་མྱོང་བ་དང་དུས་གཅིག་ཏུ་ཡོད་པའི་རང་རིག་པའི་སྒོ་ནས་མ་མྱོང་ཡང་སྤྱིར་མྱོང་བ་དང་འདྲ། བྱི་བས་རྨུགས་པའི་ཚེ་དུག་ཞུགས་པ་མ་མྱོང་བ་ནི་ཡུལ་ཅན་སྔོ་འཛིན་རང་རིག་པའི་སྒོ་ནསམ་མྱོང་བ་དང༌། ཕྱིས་སུ་འབྲུག་གི་སྒྲ་ཐོས་ཚེ་དུག་ནད་ལྡངས་བ་ན་རྨུགས་པ་དྲན་པ་ནི་སྔར་སྔོན་པོ་མྱོང་བ་དྲན་པ་དང་འདྲ། རྨུགས་པ་དྲན་པའི་མཐུས་སྔར་མ་མྱོང་བའི་དུག་དྲན་པ་ནི་ཡུལ་སྔོན་པོ་མྱོང་བ་དྲན་པའི་སྟོབས་ཀྱིས་སྔོན་པོ་དེ་དང་འབྲེལ་ནས་སྔར་རང་གི་རང་མ་མྱོང་བའི་ཡུལ་ཅནསྔོ་འཛིན་དྲན་པ་དང་འདྲའོ། །

གསུམ་པ་རིགས་པ་གཞན་གྱིས་ཀྱང་རང་རིག་མི་འཐད་པར་བསྟན་པ་ནི།

རྩ་བར། དེའི་ཕྱིར་རང་རིག་ཡོད་པ་མ་ཡིན་ན། །ཁྱོད་ཀྱིས་གཞན་དབང་གང་གིས་འཛིན་པར་འགྱུར། །བྱེད་པོ་ལསདང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །ཞེས་སྔར་བཤད་པ་དེ་ལྟར་རང་རིག་མེད་པ་དེ༷འི་ཕྱི༷ར་ར༷ང་རི༷ག་ཡོ༷ད་པ༷་མ༷་ཡི༷ན་ན༷། སེམས་ཙམ་པ་ཁྱོ༷ད་ཀྱི༷ས་གཞ༷ན་དབ༷ངགི་ཤེས་པ་དེ་ཤེས་པ་ག༷ང་གི༷ས་འཛི༷ན་པ༷ར་འགྱུ༷ར་བ་འདོད་པ་མི་འཐད་དེ། ཤེས་པ་རང་གིས་རང་རིག་པ་ནི་གཉིས་སྣང་མེད་པའི་ཁ་ནང་བལྟས་ཀྱི་མྱོང་ཙམ་དེ་ཉིད་རིག་བྱ་དང་རིག་བྱེད་གཉིས་ཀར་འཇོག་པ་ཡིན་ལ། དེ་ལ་ཡིད་ཅི་ཙམ་གཏད་ཀྱང་རྟོག་ངོར་ཡང་རིག་བྱ་ལས་དང་རིག་བྱེད་བྱེད་པ་གཉིས་ཅུང་ཟད་ཀྱང་ཐ་དད་མེད་པའི་གཅིག་ཁོ་ནར་སྣང་བ་ལས་རིག་བྱ་རིགབྱེད་ཐ་དད་དུ་ཅུང་ཟད་ཀྱང་མི་སྣང་ལ། སྤྱིར་ན་ཤིང་གཅོད་པའི་བྱེ༷ད་པ་པོ༷་དང༌། བཅད་པའི་ལ༷སསུ་བྱ་བ་ཤིང་ད༷ང༌། ཤིང་གཅོད་པའི་བྱ༷་བ༷་ལྟ་བུ་བྱེད་པ་པོ་དང་ལས་དང་བྱ་བ་གསུམ་ནི་ཐ་དདཔ་ཁོ་ན་ལས་གཅི༷ག་ཡིན་པ་ཞིག་ཡོད་པ་མི༷ན་པ༷ས་ན། གཞན་དབང་དེ༷་ཉི༷ད་ཀྱི༷ས་གཞན་དབངདེ༷་ཉིད་འཛི༷ན་པ༷ར་རི༷གས་པ་མ༷་ཡི༷ན་ཞིང༌། ཤེས་པ་གཞན་གྱིས་འཛིན་པ་ཁྱོད་ཀྱི་ལུགས་ལའངམི་འཐད་པའི་ཕྱིར། རང་འགྲེལ་ལས། བྱེད་པ་པོ་དང་ལས་དང་བྱ་བ་གཅིག་ཏུ་ཐལ་བར་འགྱུར་ན། འདི་དག་གཅིག་པ་ཉིད་དུ་ནི་མ་མཐོང་ངོ༌། །འདི་ལྟར་གཅོད་པ་པོ་དང་ཤིང་དང་གཅོད་པའི་བྱ་བ་གཅིག་པ་ནི་མ་ཡིན་ནོ། །འདི་ལས་ཀྱང་རང་རིག་པ་ཡོད་པ་མ་ཡིན་པས་དེ་ཉིད་ཀྱིས་དེའཛིན་པ་མ་ཡིན་ནོ། །འཕགས་པ་ལང་ཀར་གཤེགས་པ་ལས་ཀྱང༌། ཇི་ལྟར་རལ་གྲིས་རང་གི་སོ། །གཅོད་པར་མི་བྱེད་སོར་མོས་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་གསུངས་སོ། །སློབ་དཔོན་ཡེ་ཤེས་སྙིང་པོས་ནི། ཉན་ཐོས་སྡེ་བའི་རྡུལ་ཕྲན་ཆ་མེད་དང༌། སེམས་ཙམ་པའི་རང་རིག་གཉིས་ཡོད་མེད་མཚུངས་པར་བཞེད་དེ། དེའི་བདེན་གཉིསརང་འགྲེལ་ལས། ཤེས་པའི་བདག་ཉིད་ལ་ནི། རྡུལ་ཕྲ་རབ་དག་དང་གཉིས་པོ་མེད་པའི་དངོས་པོའི་ངོ་བོ་མི་སྣང་ངོ། །མི་སྣང་བ་ལ་ནི་ཐ་སྙད་མེད་དོ། །ཞེས་སོ། །གཞན་ཡང་ལང་གཤེགས་ལསགསུངས་པའི་རིགས་པས་ཀྱང་རང་རིག་མི་འཐད་དེ། ཇི་ལྟར་རལ་གྲིས་རང་གི་སོ། །གཅོད་པར་མི་བྱེད་སོར་མོས་ནི། །རང་ལ་རེག་པར་མི་བྱེད་ལྟར། །རང་རིག་སེམས་ཀྱང་དེ་བཞིན་ནོ། །ཞེས་རལ་གྲིས་རང་གི་སོ་མི་གཅོད་པའི་རྒྱུ་མཚན་གྱིས་ཤེས་པས་རང་གིས་རང་མི་རིག་པ་དང༌། བཟློག་པ་ལ་ཤེས་པ་རང་གིས་རང་རིག་ན་རལ་གྲིས་རང་གི་སོ་གཅོད་དགོས་པར་ཐལ་བ་སོགསའཕངས་པའི་ཕྱིར་རོ། །

བཞི་པ་གཞན་དབང་རང་བཞིན་གྱིས་གྲུབ་པ་མོ་གཤམ་གྱི་བུ་དང་མཚུངས་པར་བསྟན་པ་ནི།

རྩ་བར། གལ་ཏེ་སྐྱེ་བ་མེད་ཅིང་མ་ཤེས་པའི། །བདག་ཅན་གཞན་དབང་ངོ་བོའི་དངོས་ཡོད་ན། །

གང་གིས་ན་འདི་ཡོད་པར་མི་རིགས་པ། །གཞན་ལ་མོ་གཤམ་བུས་གནོད་ཇི་ཞིག་བྱ། །ཞེས་ཁྱོདཀྱི་གཞན་དབང་དེ་བདག་དང་གཞན་ལས་མི་སྐྱེ་བ་ནི་བདག་སྐྱེ་དང་གཞན་སྐྱེ་འགོག་པའི་སྐབསསུ་བསྟན་ཟིན་ལ། གཞན་དབང་གཞལ་བའི་རང་རིག་ནི་མེད་པར་ད་ལྟ་ཉིད་བསྟན་ཟིན་པས་ན།

ག༷ལ་ཏེ༷་ཁྱོད་ལ་རང་བཞིན་གྱིས་སྐྱེ༷་བ༷་མེ༷ད་ཅི༷ང་ཚད་མ་གང་གིས་ཀྱང་མ༷་ཤེས༷་པ༷འི་བད༷གཉིད་ཅ༷ན་གྱི་གཞ༷ན་དབ༷ང་རང་གི་ངོ༷་བོ༷འི་གྲུབ་པའི་དངོ༷ས་པོ་དེ་ཡོ༷ད་ན༷་ནི། རྒྱུ་མཚན་ག༷ང་གི༷ས་ན༷་སྤྱིརའདི༷་ཡོ༷ད་པ་ཡིན་པ༷ར་འཇོག་མི༷་རི༷གས་པ༷་གཞ༷ན་ལ༷་སྟེ་སེམས་ཙམ་པ་ཁྱོད་ལ་མོ༷་གཤ༷མ་བུ༷སགནོ༷ད་པ་ཅི༷་ཞི༷ག་བསྐྱ༷ལ་ནས་མོ་གཤམ་གྱི་བུ་དེ་མི་འདོད་པ་ཡིན་ཞེས་པའོ། །

སྤྱི་དོན་ཅུང་ཙམ་བཤད་པ་ལ།

རང་རིག་འདོད་པ་དག་གིས་རང་རིག་གི་མཚན་ཉིད་ནི། འཛིན་རྣམ་མམ་ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་འདོད་དེ། རྣམ་ངེས་ལས། དེའི་ཕྱིར་འཛིན་པའི་རྣམ་པ་རང་རིག་པའི་སྒྲུབ་པར་བྱེད་པར་འདོད་དེ། དེ་ལས་དེའི་དངོས་པོ་རྣམ་པར་འཇོག་པའི་ཕྱིར་རོ། །ཞེས་དང༌། དེའི་འགྲེལ་བ་འཐད་ལྡན་ལས། དེའི་ཕྱིར་རྣམ་པར་ཤེས་པ་སྨྲ་བའི་ཚུལ་ལ་འཛིན་པའི་རྣམ་པ་རྟོགས་པའི་རང་བཞིན་ནི། རང་རིག་པའི་སྒྲུབ་པར་བྱེད་པ་འདོད་དེ། ཞེས་གསུངས་པའི་ཕྱིར་རོ། །གཞན་གྱིས་རང་རིག་ཡོད་པར་སྒྲུབ་ཚུལ་ནི། རང་རིག་འདོད་མཁནརྣམས་ཀྱིས་རང་རིག་ཡོད་པར་སྒྲུབ་ཚུལ་ཡོད་དེ། དམིགས་མྱོང་སོ་སོར་འབྱེད་པའི་རིགས་པ་དང༌། གསལ་བའི་རང་བཞིན་གྱི་རིགས་པ་དང༌། དྲན་པའི་གཏན་ཚིགས་དང༌། མྱོང་བའི་གཏན་ཚིགས་སོགས་རིགས་པ་དུ་མ་ཡོད་མོད། སྔར་བདག་གིས་གཞན་སྟོང་བགྲོ་གླེང་ཐེངས་བཞི་བའིདྲིས་ལན་དུ་བཀོད་ཟིན་ཏོ། །རིགས་པ་གྲགས་ཤོས་དྲན་པའི་རྟགས་ཀྱིས་རང་རིག་སྒྲུབ་ཚུལ་ནི། འཇུག་ཊཱིཀ་སྣང་རྒྱན་ལས། དོན་སྣང་གི་དབང་ཤེས་ཆོས་ཅན། མྱོང་བྱེད་ཡོད་དེ། དྲན་པ་ཡོད་པའི་ཕྱིར། དཔེར་ན་གཟུགས་བཞིན་ཞེས་པ་ལས་རང་རིག་གྲུབ་པར་འདོད་དེ། རྣམ་འགྲེལལས། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་གསུངས་པའི་ཕྱིར། རང་རིག་འདོད་པ་དག་གི་ལུགས་ལ་ཤེས་པ་དེ་གྲུབ་བྱེད་ཀྱི་གཞན་མྱོང་ཐུག་མེད་དུ་ཐལ་བས་ཁེག་པར་འདོད་དེ། ཚད་མ་ཀུན་བཏུས་ལས། ཤེས་པ་གཞན་གྱིས་ཉམས་མྱོང་ན། །ཐུག་མེད་དེ་ལའང་དྲན་པ་དེ། །དེ་བཞིནཡུལ་གཞན་ལ་འཕོ་བ། །མེད་འགྱུར་རེ་ཡང་མཐོང་ཕྱིར་རོ། །ཞེས་དང༌། རྩོད་བཟློག་ལས། གལཏེ་ཚད་མ་གཞན་རྣམས་ཀྱིས། །འགྲུབ་བོ་སྙམ་ན་ཐུག་པ་མེད། །དེ་ཡང་དང་པོ་གྲུབ་མིན་ལ། །བར་བ་མིན་ཞིང་ཐ་མའང་མིན། །ཞེས་གསུངས་སོ། །རང་རིག་ཐལ་འགྱུར་བ་སོགས་ཀྱིས་བཀག་ཚུལ་ནི། རྩོད་བཟློག་དང་རྩ་ཤེས་ལ་བརྟེན་པའི་རིགས་པ་དང༌། ཞིབ་མོ་རྣམ་འཐག་སོགས་ཀྱི་རིགས་པ་དང༌། ལེགས་ལྡན་ཡབ་སྲས་ཀྱི་རིགས་པ་དང༌། མདོ་དང་སྤྱོད་འཇུག་གི་རིགས་པ་དང༌། མདོ་དང་འཇུག་པ་ནས་བཤད་པའི་རིགས་པའི་སྒོ་ནས་བཀག་པ་དང་ལྔ་ཡོདཔ་ལས། དང་པོ་ནི། དངོས་སྨྲ་ཁྱོད་ཀྱིས་མར་མེས་རང་དང་གཞན་གསལ་བར་བྱེད་པ་ལྟར་ཤེསཔས་ཀྱང་རང་གཞན་གཉིས་ཀ་གསལ་བར་བྱེད་པ་སྒྲུབ་པ་མི་འཐད་པར་ཐལ། དེའི་དཔེ་མ་གྲུབཔའི་ཕྱིར། དེར་ཐལ། མར་མེས་རང་གསལ་བར་མི་བྱེད་པའི་ཕྱིར། དེར་ཐལ། མར་མེ་ལ་མུན་ཁུང་གི་བུམ་པ་ལྟ་བུ་གསལ་རྒྱུའི་མུན་པ་མེད་པའི་ཕྱིར། རྩོད་བཟློག་ལས། སྨྲས་པ་དེ་ནི་༼དཔེ་དོན་༽མི་མཐུན་ཏེ། །མུན་ཁུང་ནང་གི་བུམ་པ་ལྟར། །དེ་ལ་མ་དམིགས་མ་མཐོང་བས། །མེ་ནི་རངབཞིན་གསལ་བྱེད་མིན། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དཔེ་དོན་མི་མཐུནཅིང་དཔེ་མ་གྲུབ་པའི་ཕྱིར། ཞིབ་མོ་རྣམ་འཐག་ལས། མ་ཡིན་ཏེ། ༼དོན་དེ་༽དཔེ་དང་འགལ་བའི་ཕྱིར་རོ། །ཞེས་དང༌། མར་མེ་ནི་རང་གི་བདག་ཉིད་གསལ་བར་བྱེད་པ་མིན་ཏེ། མུན་པ་མེད་པའི་ཕྱིར་རོ། །ཞེས་དང༌། སྤྱོད་འཇུག་ལས། མར་མེ་གསལ་བར་བྱ་མིན་ཏེ། །གང་ཕྱིར་མུན་གྱིས་སྒྲིབ་པ་མེད། །ཅེས་གསུངས་པའི་ཕྱིར། གསུམ་པ་ནི། དངོས་སྨྲ་ཁྱོད་ཀྱི་སེམས་ཀྱི་སྟེང་ནས་ཡུལ་སྣང་བའི་གཞན་རིག་གི་ངོ་བོ་གཅིག་དང༌། ཡུལ་མི་སྣང་ཡང་རང་ཁོ་ན་ཡན་གར་དུ་སྣང་བའི་རང་རིག་གི་ངོ་བོ་གཅིག་སྟེ་གཉིས་ཡོད་པར་མི་འཐད་པར་ཐལ། སེམས་ལ་ཡུལ་གྱི་རྣམ་པ་སྣང་བ་ལས་གཞན་པའི་རང་ཁོ་ན་ཤར་བའི་འཛིན་རྣམ་དེ་འདྲ་མི་སྲིད་པའི་ཕྱིར། དབུ་མ་སྙིང་པོ་ལས། ཡུལ་དུ་སྣང་བར་གྱུར་པ་ཡི། །སེམས་ཉིད་དམིགས་པར་འདོད་ཅེ་ན། །ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཅི་འདྲ་བ་ཞིག་སྣང༌། །ཞེས་དང༌། བདེན་གཉིས་རང་འགྲེལ་ལས། ཤེས་པ་ནི་བདག་གིས་བདག་ཤེས་པ་མ་ཡིན་ཏེ། རང་སྣང་བས་སྟོང་པའི་ཕྱིར། ཤེས་པ་གཞན་ནོ། །ཞེས་གསུངས་པའི་ཕྱིར། བཞི་པ་མདོ་དང་སྤྱོད་འཇུག་ལས་བཀག་ཚུལ་ནི། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། དེ་སེམས་ཀུན་དུ་ཚོལ་བ་ན། ཞེས་པ་ནས། ཅི་དམིགས་པ་དེ་ཡང་གཞན་ལ་༼དམིགས་བྱེད་ཀྱི་༽སེམས་དེ་ཡང་གཞན་ནམ། འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད་སེམས་ཡིན། གལ་ཏེ་དམིགས་པ་གཞན་ལ་སེམས་ཀྱང་གཞན་ན། སེམས་དེ་གཉིས་སུ་འགྱུར་རོ། །འོན་ཏེ་དམིགས་པ་གང་ཡིན་པ་དེ་ཉིད། སེམས་ཡིན་ན་སེམས་ཀྱིས་སེམས་ཇི་ལྟརམཐོང་བར་འགྱུར་ཏེ། འདི་ལྟ་སྟེ། རལ་གྲིའི་སོ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་ནུསཔ་དང༌། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའི་རྩེ་མོ་དེ་ཉིད་ལ་རེག་པར་མི་ནུས། ཞེས་སོགསདང༌། སྤྱོད་འཇུག་ལས། འཇིག་རྟེན་གྱིས་ནི་མགོན་པོས་ཀྱང༌། །སེམས་ཀྱིས་སེམས་མི་མཐོང་ཞེས་གསུངས། །རལ་གྲིའི་སོ་ནི་རང་ལ་རང༌། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །ཅེས་གསུངས་པའི་ཕྱིར། རྟགས་ལྔ་བ་གྲུབ་སྟེ། དཔལ་ལྡན་ཟླ་བའི་ལུང་རིགས་གཉིས་ཀྱིས་རང་རིག་བཀག་སྟེ། ལུང་ལང་གཤེགས་དང་གཙུག་ན་རིན་ཆེན་གྱི་མདོ་ལས་བཀག་ཅིང༌། རིགས་པ་བཞི་སོགས་ཀྱིས་བཀག་པའི་ཕྱིར། དེར་ཐལ། རིགས་པ་དང་པོ་སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པའི་རིགས་པ་དང༌། གཉིས་པ་རང་རིག་གྲུབ་ཏུ་ཆུག་ཀྱང་རང་མཚན་གྱིས་གཞན་ལ་དྲན་པ་མི་སྲིད་པའི་རིགས་པ་དང༌། རང་རིག་མེད་ཀྱང་དྲན་པ་སྐྱེ་བ་འཐད་པའི་རིགས་པ་དང༌། བྱ་བྱེད་ལས་གསུམ་གཅིག་ཏུ་ཐལ་བའི་རིགས་པ་དང་བཞིའི་སྒོ་ནས་རང་རིག་དགག་པ་གོང་དུ་སོང་ཟིན་ཏོ། །

ཟླ་བ་གྲགས་པའི་ལུགས་ལ་རང་རིག་མེད་ཀྱང་ཤེས་པ་རྣམས་ཀྱིས་རང་གི་ངོ་བོ་འཇོག་ནུས་ཏེ། ཚིག་གསལ་ལས། གཞལ་བྱའི་རྣམ་པའི་རྗེས་སུ་བྱེད་པ་ཙམ་གྱིས་རང་གི་ངོ་བོ་ཡོད་པར་རྙེདཔའི་ཚད་མ་དག་གིས་རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར། ཞེས་དང༌། འཇུག་ཊཱིཀ་རབ་གསལསྣང་རྒྱན་ལས། དེ་ལྟར་གཉིས་སྣང་ཅན་གྱི་ཚད་མ་རྣམས་ཀྱིས་རང་རང་གི་ངོ་བོ་འཇོག་ཐུབ་པའི་རྒྱུ་མཚན་དུ་ཚིག་གསལ་ལས་རང་གི་ངོ་བོ་ཡོད་པར་རྙེད་པའི་ཞེས་པས་གཉིས་སྣང་ཅན་གྱི་ཚད་མ་དག་གིས་རང་རང་གི་ངོ་བོ་རྙེད་པའི་ཕྱིར་ཞེས་པའི་གཏན་ཚིགས་བཀོད་པ་ཡིན་པའི་ཕྱིར།

ཞེས་གསུངས་པའི་ཕྱིར་རོ། །འདི་ལ་སྔོ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཀྱིས་རང་ཉིད་རྟོགས་པར་ཐལ། རང་གི་ངོ་བོ་རྣམ་པར་འཇོག་པའི་ཕྱིར་ཟེར་ན་དཔྱད་པར་བྱའོ། །ཟླ་བ་གྲགས་པའི་དབུ་མ་འཇུག་པར་སྐབས་འདིར་རང་རིག་བདེན་པ་གཉིས་ཆར་མེད་ཀྱང་སྔགས་གཞུང་སྐབས་སུ་འདོད་པའོ། །ཁ་ཅིག་གཞན་སྟོང་དབུ་མའི་རྒྱན་གྱི་ཟིན་བྲིས་ལས། རིག་བྱ་དང༌། རིག་བྱེད་དང༌། གསལ་བྱ་དང་གསལ་བྱེད་དང༌། དྲན་པ་དང༌། མྱོང་བ་དང༌། ནུས་པ་དང༌། རང་རིག་ལ་བལྟོས་པ་ལ་སོགས་པ་ཐམས་ཅད་བཀག་གིས་རང་རིག་ཙམ་ཞིག་ནི་བཀག་པ་མེད་པའི་ཕྱིར། ཞེས་གསུངས་མོད་ཀྱང་དཔལ་ལྡན་ཟླ་བའི་རྩ་བཞི་འཇུག་པའི་འགྲེལ་བ་དག་ལས་རང་རིགཟུར་ཙམ་མ་བྱུང་བ་དང༌། ཤེས་པ་འཇོག་བྱེད་ཀྱི་ཚད་མ་དང་དྲན་པ་སྐྱེ་ཚུལ་བཤད་སྐབས་སུརང་རིག་འདོད་ན་བཤད་དགོས་ལ་མ་བཤད་པའི་ཕྱིར་རོ། །ཡང་རང་འགྲེལ་ལས། རྣམ་པར་ཤེས་པ་ཨུཏྤལའི་འདབ་མ་བརྒྱ་འབིགས་པ་ལྟར་རིམ་གྱིས་འབྱུང་བ་རྣམས་འཇུག་པ་མྱུར་བསཅིག་ཆར་དུ་འཇུག་པ་ལྟ་བུར་མངོན་ནོ། །ཞེས་གསུངས་པ་དང༌། རྣམ་འགྲེལ་ལས། རྟོག་བཅསརྟོག་པ་མེད་པའི་ཡིད། །ཅིག་ཆར་དུ་ནི་འཇུག་ཕྱིར་རམ། །འཇུག་པ་མྱུར་ཕྱིར་བླུན་པོ་དག །དེ་དག་ལ་ནི་གཅིག་ཏུ་ཞེན། །ཞེས་དང༌། འགལ་མེ་ལ་སོགས་མྱུར་འཇུག་པའི། །རྗེས་སུ་འགྲོ་བའི་གནོད་པ་ཅན། །མིག་ལ་འཁོར་ལོར་འཁྲུལ་སྐྱེ་ཡི། །དེ་མཐོང་མཚམས་སྦྱོར་ལས་མ་ཡིན། །ཞེས་དང༌། མདོ་ལས། སེམས་ཅན་ནི་རྣམ་པར་ཤེས་པའི་རྒྱུད་རེ་རེ་བའོ། །ཞེས་གསུངས་པ་ལྟརཁྲ་འཛིན་རྣམ་ཤེས་སྐྱེ་བ་སོགས་ཀྱི་སྐབས་རྣམ་ཤེས་གཉིས་ཅིག་ཆར་འཇུག་པ་ཡོད་མེད་དཔྱདཔར་ཞུའོ། །

ཐལ་འགྱུར་བའི་ལུགས་ཀྱི་ཚད་མའི་རྣམ་བཞག་བཤད་པ་ལ།

ཇོ་བོའི་བདེན་གཉིས་ལས། མངོན་སུམ་རྗེས་དཔག་དགོས་པ་མེད། །མུ་སྟེགས་རྒོལ་བ་བཟློག་པའི་ཕྱིར། །མཁས་པ་རྣམས་ཀྱིས་བྱས་པ་ཡིན། །ཞེས་གསུངས་པའི་དོན་ནི་དངོས་སྨྲའི་ལུགས་སུ་བཀོད་པའི་སྡེ་བདུན་གྱི་ཚདམའི་རྣམ་བཞག་བཀོད་པ་དེ་ཕྱི་ནང་གི་རྩོད་པའི་ངོར་བཀོད་པ་ཡིན་ཞེས་དེ་འདྲའི་དགོས་པ་གསུངས་པ་ཡིན་གྱི། ཐར་བ་ཐོབ་པ་ལ་ཚད་མ་མི་དགོས་པར་བཤད་པ་མ་ཡིན་ནོ། །གཞལ་བྱ་སོགས་ཆོས་གང་ཡིན་ཀྱང་དེ་གྲུབ་པ་ཚད་མ་ལ་རག་ལས་པས་ཚད་མ་ཁས་ལེན་དགོས་པ་མ་ཟད་ཕྱི་ནང་རྩོད་པ་སོགས་ཀྱི་ཚེ་ཆོས་དེ་ཡོད་མེད་ཆོས་དེ་འཇོག་བྱེད་ཀྱི་ཚད་མ་ཡོད་མེད་ལ་རག་ལས་པ་ཡིན་ཏེ། རྩོད་བཟློག་ལས། འོན་ཏེ་ཚད་མ་མེད་པར་ཡང༌། །དེ་རྣམས་གྲུབ་ན་སྨྲ་བ་ཉམས། །ཞེས་དང༌། ཚིག་གསལ་ལས། གཞལ་བྱ་རྟོགས་པ་ཚད་མ་ལ་རག་ལས་པ་ཡིན། ཞེས་གསུངས་པའི་ཕྱིར་རོ། །ཚད་མའི་མཚན་ཉིད་ཡོད་དེ། མི་བསླུ་བའི་ཤེས་པ། ཚད་མའི་མཚན་ཉིད། ཡང་ན། རང་གི་འཛིན་སྟངས་ཀྱི་ཡུལ་ལ་མི་བསླུ་བའི་ཤེས་པ། ཚད་མའི་མཚན་ཉིད། མིབསླུ་བ་ནི་རང་གི་ཡུལ་དེ་རང་གིས་ཇི་ལྟར་བཟུང་བ་ལྟར་དུ་གྲུབ་པས་ན་ཤེས་པ་དང་བཟུང་ཚུལམི་བསླུ་བའི་དོན་ཏེ། བློས་ཇི་ལྟར་བཟུང་བ་ལྟར་དུ་གྲུབ་པའི་ཆོས་ནི་ཡུལ་མི་བསླུ་བ་དང༌། རང་གིས་བཟུང་བ་ལྟར་དུ་བཟུང་ཡུལ་ཡོད་པ་ཅན་གྱི་བློ་ནི་ཤེས་པ་མི་བསླུ་བ་དང༌། ཡུལ་ཕྱིན་ཅི་མ་ལོག་པར་བཟུང་བའི་ཆ་ནི་བཟུང་ཚུལ་མི་བསླུ་བའོ། །འདིའི་མི་བསླུ་བ་ལ་འཛིན་སྟངས་ཀྱི་ཡུལ་རྟོགས་པ་དགོས་སོ། །བཞི་བརྒྱ་བའི་འགྲེལ་བ་ལས། མི་བསླུ་བའི་ཤེས་པ་ནི་འཇིག་རྟེན་ན་ཚད་མ་ཉིད་དུ་མཐོང་ན། ཞེས་དང༌། རྩ་བར། བློ་བཟང་བདེན་རང་བཞིན། །ཞིབ་མོ་རྟོགས་ལའང་ཤིན་ཏུ་མཁས་པ་འཐོབ། །ཞེས་དང༌། དེའི་ཐད་ཀྱི་ས་བཅུ་པའི་མདོ་ལས། འདི་ནི་སྡུག་བསྔལ་འཕགས་པའི་བདེན་པའོ། །ཞེས་ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ། །ནས། ཡང་དག་པ་ཇི་ལྟ་བ་བཞིན་ཏུ་རབ་ཏུ་ཤེས་སོ། །ཞེས་དང༌། བློ་གྲོས་མི་ཟད་པ་ལས། ཤེས་རབ་ནི་ཚད་མར་གྱུར་པའོ། །ཞེས་དང༌། ཆོས་ཡང་དག་པར་སྡུད་པ་ལས། ངེས་པར་སེམས་པ། རིག་པ། མཐོང་བ། ཁོང་དུ་ཆུད་པ། མངོན་པར་རྟོགས་པ། ཤེས་པ། ཤེས་བྱ་ལ་མི་བསླུ་བ་སྟེ། ཞེས་དང༌། རིན་ཆེན་ཕྲེང་བ་ལས། ཇི་སྐད་གསུངས་པ་དེ་བཞིན་ཏུ། །མཛད་པའི་བརྟུལ་ཞུགས་རྟག་བརྟེན་མཛོད། །དེས་ན་དཔལ་ལྡན་ས་སྟེངས་སུ། །ཚད་མ་ཡི་ནི་དམ་པར་འགྱུར། །ཞེས་དང༌། ཚིག་གསལ་ལས། གལ་ཏེ་གཞལ་བྱ་རྟོགས་པ་ཚད་མ་ལ་རག་ལས་པ་ཡིན་ན། ཚད་མ་དེ་དག་གང་གིས་ཡོངས་སུ་གཅོད་པར་བྱེད་ཅེས་བྱ་བ་ལ་སོགས་པས། རྩོད་པ་བཟློག་པ་ལས་བཤད་པའི་སྐྱོན་དེ་མ་སྤངས་པས་ཡང་དག་པའི་མཚན་ཉིད་གསལ་བར་བྱེད་པ་ཉིད་ཀྱང་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །ལུང་འདི་དག་གིས་ཚད་མ་མེད་ཟེར་བསོགས་བསལ་བའོ། །

སྒྲ་བཤད་ཡོད་དེ། རབ་ཏུ་གཞལ་བས་ན་ཚད་མ་ཞེས་བཤད་པའི་ཕྱིར་ཏེ། རང་གི་འཛིནསྟངས་ཀྱི་ཡུལ་དེ་དོན་དང་མཐུན་པར་ཚུལ་བཞིན་དུ་ལེགས་པར་གཞལ་བ་དེ་པྲ་མ་ཎའི་དོན་ཡིནཔའི་ཕྱིར། ཚད་མ་ལ་གསར་རྟོགས་ཀྱིས་མ་ཁྱབ་ལ། དེ་ཡང་མདོ་ལས་ཚད་མའི་མཚན་གཞིཤེས་རབ་ཀྱི་སྟེང་ནས་པྲའི་དོན་ཡང་དག་དང་རབ་ལ་བཤད་པ་དེས་དེ་བཅོམ་ལྡན་འདས་ཀྱིདགོངས་པ་ཡིན་པར་ཤེས་པའི་ཕྱིར་ཏེ། བློ་གྲོས་མི་ཟད་པའི་མདོ་ལས། དགེ་བ་དང་མི་དགེ་བའིཆོས་རྣམས་རབ་ཏུ་ཤེས་པ་ནི་ཤེས་རབ་བོ། །ངེས་པར་འབྱེད་པའི་ཆོས་རྣམས་ལ་རབ་ཏུ་རྟོགས་པ་ནི་ཤེས་རབ་པོ། །འཕགས་པའི་ཆོས་མངོན་དུ་གྱུར་པས་ན་ཤེས་རབ་ནི་ཚད་མར་གྱུར་པའོ། །ཞེས་གསུངས་ལ། དེ་བཞིན་དུ་དཀོན་བརྩེགས་ཀྱི་བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས་ཀྱང་གསུངས་སོ། །རྩོད་བཟློག་ལས། དེ་ཡང་དང་པོ་འགྲུབ་མིན་ལ། །བར་བ་མ་ཡིན་ཐ་མའང་མིན། །ཞེས་གསུངས་པའི་ཕྱིར་རོ། །སྤྱིར་ཐལ་འགྱུར་བའི་ལུགས་ལ་གསར་རྟོགས་མེད་པར་གསུངསཔའི་མཁས་པ་ཡོད་པས་དཔྱད་པར་བྱའོ། །ཚད་མའི་དབྱེ་བ་ལ། བསྡུ་ན་ཚད་མ་ལ་མངོན་རྗེས་གཉིས་ཡོད་དེ། མངོན་གྱུར་འཇལ་བའི་མངོན་སུམ་ཚད་མ་དང༌། ལྐོག་གྱུར་འཇལ་བའི་རྗེས་དཔག་ཚད་མ་གཉིས་སུ་འདུས་པའི་ཕྱིར་རོ། །ཚིག་གསལ་ལས། དངོས་པོ་ཐམས་ཅད་མངོན་སུམ་དུ་ཤེས་པས་གོ་བར་བྱ་བ་མིན་གྱི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡང་ཡོད་དོ། །ཞེས་གསུངས་སོ། ། རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་མངོན་སུམ་པ་ལ་མི་བསླུ་བའི་ཤེས་པ་དེ། མངོན་སུམ་ཚད་མའི་མཚན་ཉིད། གཞི་གྲུབ་ན་གཞལ་བྱ་མངོན་སུམ་ཡིན་པས་མ་ཁྱབ་ཀྱང་གཞི་གྲུབ་ན་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་ལ་མངོན་སུམ་པ་ཡིན་པས་ཁྱབ་སྟེ། གཞི་གྲུབ་ན་ཁྱོད་མངོན་ཏུ་གྱུར་པའི་སྒོ་ནས་འཛིན་སྟངས་ཀྱི་ཡུལ་དུ་བྱེད་པའི་ཚད་མ་ཡོད་པས་ཁྱབ་པའི་ཕྱིར། གཟུགས་འཛིན་མངོན་སུམ་ཚད་མ་ཆོས་ཅན། ཁྱོད་ལ་མངོན་སུམ་ཞེས་པའི་སྒྲ་བཤད་དུ་ཡོད་དེ། དབང་པོ་དྲུག་པོ་གང་རུང་མངོན་དུ་ཕྱོགས་པའི་ཡུལ་ལ་མངོན་སུམ་ཞེས་བྱ་ལ། ཁྱོད་ཀྱིས་དེ་གཅོད་པས་ན་ཡུལ་གྱི་སྒོ་ནས་ཡུལ་ཅན་ལ་མངོན་སུམ་དང་དབང་པོའི་ཡུལ་ཞེས་བཤད་པའི་ཕྱིར་ཏེ། བཞི་བརྒྱ་བའི་འགྲེལ་བ་ལས། དེའི་ཕྱིར། འཇིག་རྟེན་ན་ཡུལ་ཁོ་ན་དངོས་ཀྱི་འཇུག་པས་མངོན་སུམ་ཡིན་ལ། ཤེས་པ་ནི་གདགས་པ་ལས་སོ། །ཞེས་དང༌། ཚིག་གསལ་ལས། དབང་པོ་མངོན་དུ་ཕྱོགས་པའི་༼ཡུལ་༽དོན་ནི་མངོན་སུམ་མོ། །ཞེས་དང༌། འཆི་མེད་མཛོད་ལས། མངོན་སུམ་དང་ནི་དབང་པོའི་ཡུལ་དོན་གཅིག །ཅེས་གསུངས་སོ། །ཚིགགསལ་ལས། དེའི་ཡུལ་ཅན་གྱི་ཤེས་པ་དང་ལྷན་ཅིག་མངོན་སུམ་ཉིད་དུ་རྣམ་པར་བཞག་གོ །ཞེས་གསུངས་སོ། །གཉིས་སྣང་གི་ཤེས་པ་ཡིན་ན་རང་གི་སྣང་བ་ལ་ཚད་མ་ཡིན་དགོས་ཏེ།

འཇུག་ཊཱིཀ་རབ་གསལ་སྣང་རྒྱན་ལས། བློ་རྣམས་ནི་རང་གི་སྣང་བ་ལ་ཚད་མ་ཡིན་ཚུལ་ནི། དཔེར་ན་བུམ་པ་བདེན་འཛིན་དེ་བུམ་པ་སྣང་བ་ལ་ཚད་མ་ཡིན་ཀྱང་བུམ་པ་ལ་ཚད་མ་མ་ཡིན་ཏེ། དེ་ལ་བུམ་པ་སྣང་ཚེ་བུམ་པའི་རྣམ་པ་ལྟ་བུ་ཞིག་དེས་གྲུབ་པ་ན་དེ་བུམ་པ་སྣང་བ་ལ་ཚད་མ་ཡིན་པ་གང་ཞིག དེས་དེ་བུམ་པ་ཡིན་པར་མ་གྲུབ་པས་བུམ་པ་ལ་ཚད་མ་མ་ཡིན་པའི་ཕྱིར། དེ་བཞིན་ཏུ་བུམ་པ་བདེན་འཛིན་དེ་བུམ་པ་བདེན་སྣང་ལ་ཚད་མ་ཡིན་ཀྱང་བདེན་སྣང་ཡིན་པ་ལ་ཚད་མ་མ་ཡིན་པ་དང༌། བུམ་པ་བདེན་གྲུབ་གྱི་དོན་སྤྱི་སྣང་བ་ལ་ཚད་མ་ཡིན་གྱི། བུམ་པ་བདེན་གྲུབ་ཀྱི་དོན་སྤྱི་ལ་ཚད་མ་མ་ཡིན་པ་སོགས་ཤེས་པར་བྱའོ། །ཞེས་གསུངས་སོ། །ལོག་ཤེས་རྣམསརང་གི་སྣང་བ་ལ་ཚད་མ་ཡིན་ཀྱང་ཚད་མ་མ་ཡིན་ཏེ། བརྒྱ་པའི་འགྲེལ་པ་ལས། དེ་ནི་མི་བསླུ་བ་མ་ཡིན་ཏེ། རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་སྣང་བའི་ཕྱིར་རོ། །ཞེསདང༌། བཞི་བརྒྱ་པའི་འགྲེལ་བ་ལས། དེ་ལྟར་གྱུར་པ་ནི་ཚད་མ་ཉིད་དུ་བརྟགས་པར་རིགས་པ་མ་ཡིན་ཏེ། རྣམ་པར་ཤེས་པ་ཐམས་ཅད་ཀྱང་ཚད་མ་ཉིད་དུ་ཐལ་པའི་ཕྱིར་རོ། །ཞེས་གསུངས་སོ། །མངོན་སུམ་ཚད་མ་ལ་དབང་མངོན་ཚད་མ་དང་ཡིད་མངོན་ཚད་མ་དང་རྣལ་འབྱོར་མངོན་སུམ་ཚད་མ་དང་གསུམ་ཡོད་ལ། ཡིད་མངོན་ལ་རྟོག་པ་ཡོད་མོད་རྣལ་འབྱོར་མངོན་སུམ་ལ་རྟོགབྲལ་དགོས་སོ། །བཅད་ཤེས་ཚད་མར་འདོད་པ་མ་ཟད་མངོན་སུམ་ཚད་མར་འདོད་དེ། ཚིག་གསལ་ལས། ༼དངོས་སྨྲ་བ་དག་གིས་མངོན་སུམ་ནི་༽རྟོག་པ་དང་བྲལ་བའི་ཤེས་པ་ཉིད་དུ་ཁས་བླངས་པའི་ཕྱིར་དང༌། ཞེས་པ་ནས། ལུང་ལས་ཀྱང་རྟོག་པ་དང་བྲལ་བའི་རྣམ་པར་ཤེས་པ་ཁོ་ན་མངོནསུམ་ཉིད་༼དུ་བསྟན་པ་༽མ་ཡིན་པས་༼མངོན་སུམ་ལ་རྟོག་བྲལ་ཁོ་ན་དགོས་པར་འདོད་པ་༽འདི་ནི་མི་རིགསསོ། །ཞེས་གསུངས་པའི་ཕྱིར་རོ། །རྗེས་དཔག་ལ་དབྱེ་ན་དངོས་སྟོབས་རྗེས་དཔག་དང༌། ཡིདཆེས་རྗེས་དཔག་དང༌། དཔེ་ཉེར་འཇལ་གྱི་རྗེས་དཔག་དང་གསུམ་ཡོད། དང་པོ་ནི། རྟགས་བསྒྲུབབྱ་ལ་མི་འཁྲུལ་བ་ལ་བརྟེན་ནས་རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱའི་གནས་གཉིས་པའཇལ་བའི་རྗེས་དཔག་ཡིན་པ་དེ། རང་དངོས་སྟོབས་རྗེས་དཔག་ཡིན་པའི་མཚན་ཉིད། མཚནགཞི་ནི། སྟོང་ཉིད་རྟོགས་པའི་རྗེས་དཔག་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གཉིས་ལྟ་བུ། ཚིག་གསལ་ལས། ལྐོག་ཏུ་གྱུར་པའི་ཡུལ་ཅན་རྟགས་བསྒྲུབ་བྱ་ལ་མི་འཁྲུལ་བ་ལས་སྐྱེས་པའི་ཤེས་པ་ནི་རྗེས་སུ་དཔག་པའོ། །ཞེས་གསུངས་པའི་ཕྱིར་རོ། ། རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱ་ཤིན་དུ་ལྐོག་གྱུར་ལ་མི་བསླུ་བའི་རྗེས་དཔག་ཡིན་པ་དེ། རང་ཉིད་ལུང་གི་ཚད་མ་ཡིན་པའི་མཚན་ཉིད། ལུང་གི་ཚད་མ་དང༌། ཡིད་ཆེས་རྗེས་དཔག་དོན་གཅིག ལུང་ཚད་མ་དང༌། དཔྱདགསུམ་དག་པའི་ལུང་དོན་གཅིག དང་པོའི་མཚན་གཞི་ནི། དཔྱད་པ་གསུམ་གྱིས་དག་པའི་ལུང་གི་རྟགས་ཀྱིས། སྦྱིན་པས་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་དེ་རང་གི་བསྟན་བྱ་སྦྱིན་པ་ལས་ལོངས་སྤྱོད་དང་ཚུལ་ཁྲིམས་ཀྱིས་མཐོ་རིས་ཀྱི་བདེ་བ་འབྱུང་བ་ལ་མི་བསླུ་བར་རྟོགས་པའི་རྗེས་དཔག་ལྟ་བུ། གཉིས་པ་ནི་ཤེར་མདོ་ལྟ་བུའོ། །ཚིག་གསལ་ལས། དབང་པོ་ལས་འདས་པའི་དོན་མངོན་སུམ་དུ་རིག་ཅིང་ཡིད་ཆེས་པར་གྱུར་པ་དག་གི་ཚིག་གང་ཡིན་པ་དེ་ནི་ལུང་ངོ། །ཞེས་དང༌། ཚིག་གསལ་ལས། དེ་ཉིད་ཀྱི་ཕྱིར་ཉེས་པ་མ་ལུས་པ་སྤངས་པ་ཡིད་ཆེས་པ་དག་ལས་འོངས་པའི་ཕྱིར་རམ། ཀུན་ནས་གོ་བར་བྱེད་པ་སྟེ་དེ་ཁོ་ན་ཉིད་ཀུན་ནས་གོ་བར་བྱེད་པའི་ཕྱིར་རམ། མངོན་དུ་ཕྱོགས་ནས་འགྲོ་བ་སྟེ་དེ་ལ་བསྟེན་ནས་འཇིག་རྟེན་མྱ་ངན་ལས་འདས་པར་འགྲོ་བའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །རང་གི་འཛིན་སྟངས་ཀྱི་ཡུལ་གྱི་གཞལ་བྱའི་འདྲ་ཆོས་ལྐོག་གྱུར་པ་འཇལ་བའི་རྗེས་དཔག་ཡིན་པ་དེ། རང་ཉིད་དཔེ་ཉེར་འཇལ་གྱི་རྗེས་དཔག་ཡིན་པའི་མཚན་ཉིད། མཚན་གཞི་ནི། བ་མིན་ནི་བ་ལང་དང་འདྲའོ་སྙམ་དུ་འཛིན་པའི་རྗེས་དཔག་དང༌། མྱུ་གུ་ནི་མི་བདེན་པ་ལ་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུའོ། །ཞེས་རྟོགས་པའི་རྗེས་དཔག་དང༌། ཚིག་གསལ་ལས། འདྲ་བ་ཡིན་པ་ལས་ཉམས་སུ་མྱོང་བའི་དོན་རྟོགས་པ་ནི་ཉེ་བར་འཇལ་བ་སྟེ། དཔེར་ན་བ་མིན་ནི་བ་ལང་དང་འདྲའོ་སྙམ་པ་ལྟ་བུའོ། །ཞེས་གསུངསཔའི་ཕྱིར། ཉེར་འཇལ་གྱི་སྐད་དོད་ཨུ་པ་མཱ་ན་ཞེས་པ་དཔེ་ལའང་འཇུག་པའི་ཕྱིར་རོ། །སྤྱིར་གཞལབྱ་ལ་མངོན་གྱུར་དང༌། ཅུང་ཟད་ལྐོག་གྱུར་དང༌། ཤིན་ཏུ་ལྐོག་གྱུར་དང༌། དཔེ་དོན་འདྲེས་པའིལྐོག་གྱུར་ཏེ་གཞལ་བྱའི་ཁྱད་པར་བཞིའི་དབང་གིས་དེ་བཞི་འཇལ་བའི་མངོན་སུམ་ཚད་མ་དང༌།

དངོས་སྟོབས་རྗེས་དཔག་དང༌། ལུང་གི་ཚད་མ་དང༌། དཔེ་ཉེར་འཇལ་གྱི་ཚད་མ་སྟེ་ཚད་མ་བཞིབཞག་པའི་ཕྱིར། ཚིག་གསལ་ལས། ལུང་ལ་སོགས་པ་ནས། ཚད་མ་གཞན་ཉིད་མ་ཡིན་པ་མ་ཡིན་ནོ། །ཞེས་དང༌། ཚད་མའི་གྲངས་འཇུག་པ་གཞལ་བྱའི་དབང་ཡིན་ལ། ཞེས་གསུངས་པའི་ཕྱིར། བརྒྱ་པའི་འགྲེལ་བ་ལས། དངོས་པོ་ཐམས་ཅད་མངོན་སུམ་དུ་ཤེས་པས་གོ་བར་བྱ་བ་ནི་མ་ཡིན་གྱི་རྗེས་སུ་དཔག་པས་རྟོགས་པར་བྱ་བ་ཡང་ཡོད་དོ། །ཞེས་གསུངས་སོ། །གཞལ་བྱའི་གནས་གསུམ་སོ་སོའི་མཚན་ཉིད་ནི། མྱོང་སྟོབས་ཀྱིས་རྟོགས་པར་བྱ་བའི་ཆོས་དེ། མངོན་གྱུར་གྱི་མཚན་ཉིད། མངོན་སུམ་དང༌། མངོན་གྱུར་དང༌། དབང་པོའི་ཡུལ་དང༌། ལྐོག་ཏུ་མ་གྱུར་པའི་ཆོས་བཞི་དོན་གཅིག་མིང་གི་རྣམ་གྲངས་ཡིན། རྟགས་ལ་བརྟེན་ནས་རྟོགས་དགོས་པའི་ཆོས་དེ། ལྐོག་གྱུར་གྱི་མཚན་ཉིད། ལྐོག་གྱུར་དང༌། མངོན་སུམ་མ་ཡིན་པའི་ཆོས་དང༌། དབང་བོའི་ཡུལ་མ་ཡིན་པའི་ཆོས་དང༌། རྗེས་དཔག་གི་ཡུལ་རྣམས་དོན་གཅིག་མིང་གི་རྣམ་གྲངས་སོ། །ལུགས་འདིར་གཞལ་བྱའི་གནས་གསུམ་འགལ་བར་འདོད་དེ། འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། ལྐོག་གྱུར་དང་རྗེས་དཔག་གི་གཞལ་བྱ་དོན་གཅིག་ཅིང༌། དེ་ནི་དངོས་སྨྲ་ལྟར་རྗེས་དཔགགང་རུང་ཞིག་གི་གཞལ་བྱ་ཡིན་ན་རྗེས་དཔག་གི་གཞལ་བྱར་མི་འཇོག་པར་སེམས་ཅན་མཐའ་དག་པ་སུ་དང་སུ་ཡིན་ཀྱང་ཆོས་དེ་སྔར་རྟོགས་མ་མྱོང་བར་གསར་དུ་རྟོགས་པའི་ཚེ་རྗེས་དཔག་ཁོ་ན་ལ་བརྟེན་ནས་རྟོགས་དགོས་ཀྱི། མངོན་སུམ་གྱིས་རྟོགས་མི་ནུས་པས་དབང་པོ་གཟུགས་ཅན་ལྔ་དང་འདུས་བྱས་མི་རྟག་པ་དང་སྟོང་ཉིད་དང་རྣམ་མཁྱེན་ལྟ་བུ་ལ་སྤྱིར་རྗེས་དཔག་གི་གཞལ་བྱ་དང་ལྐོག་གྱུར་དུ་འཇོག་པའི་ཕྱིར་རོ། །ཞེས་གསུངས་སོ། །སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་སྒྲ་མི་རྟག་པ་ལ་འཁྲུལ་ཡང་རང་གི་ཞེན་ཡུལ་ལ་མ་འཁྲུལ་བ་ཡིན་ཏེ། འཇུག་ཊཱིཀ་རབ་གསལ་སྣང་རྒྱན་ལས། རང་གི་ཞེན་ཡུལ་ལ་འཁྲུལ་ན་རང་གི་ཞེན་ངོའི་ཡུལ་དེ་ལ་འཁྲུལ་སྣང་ཞུགས་པ་ཞིག་དགོས་པའི་ཕྱིར། དེར་ཐལ། སྟོང་ཉིད་རྟོགས་པའི་རིགས་ཤེས་རྗེས་དཔགདེ་རང་གི་ཞེན་ཡུལ་ལ་འཁྲུལ་ན་ནི་དེའི་སྣང་ངོ་ལ་བདེན་སྣང་ཡོད་པ་ཙམ་གྱིས་མི་ཆོག་པར་ངེསངོར་བདེན་སྣང་དེ་བཟུང་ནས་རྙེད་པ་གཅིག་དགོས་ལ། དེས་ངེས་པའི་ངོར་རྙེད་པའི་མྱོང་སྣངཡོད་ན་བདེན་གྲུབ་རྙེད་པ་ཡིན་པ་ལྟ་བུ་དང༌། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་གི་ཞེན་ངོར་བདེནསྣང་ཞུགས་ན་ངེས་ངོར་བདེན་སྣང་དེ་བཟུང་བ་གཅིག་དགོས་པ་ལྟ་བུ་ཡིན་པའི་ཕྱིར། དེར་ཐལ། སྣང་ངོ་ལ་འཁྲུལ་སྣང་ཞུགས་ཚུལ་དང༌། ངེས་ངོ་ལ་འཁྲུལ་བ་ཞུགས་ཚུལ་ཁྱད་པར་ཆེན་པོ་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཐལ་འགྱུར་བ་དང་དེ་ལས་གཞན་པའི་རང་སྡེ་གཉིས་ཀས་མིག་ཤེས་གང་རུང་གི་ཡུལ་ཡིན་ན་མིག་ཤེས་ཀྱི་ཡུལ་མི་དགོས་པར་འདྲ་སྟེ། རྣམ་འགྲེལ་ལས། དབང་པོའི་སེམས་ནི་ངེས་ཕྱིར་དང༌། །ཞེས་དང༌། བཞྀ་བརྒྱ་པ་ལས། གལ་ཏེ་དེ་ལྟར་འགྱུརན་ནི། །གཉིས་ཀ་ཡང་ནི་མིག་ཉིད་ཀྱིས། །འཛིན་པར་ཅི་ཡི་ཕྱིར་མི་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །འོན་ཀྱང་ཐལ་འགྱུར་བའི་ལུགས་ལ་ཚད་མ་གང་རུང་གི་ཡུལ་ཡིན་ན་ཚད་མའི་ཡུལ་ཡིན་དགོས་ལ། རྗེས་དཔག་གང་རུང་གི་ཡུལ་ཡིན་ན་རྗེས་དཔག་གི་ཡུལ་ཡིན་མི་དགོས་པའི་རྒྱུ་མཚན་གང་ཡིན་དང༌། རང་རྒྱུད་པས་རྗེས་དཔག་གང་རུང་གི་ཡུལ་ཡིན་ན་རྗེས་དཔག་གི་ཡུལ་ཡིན་དགོས་ལ། དབང་མངོན་གང་རུང་གི་ཡུལ་ཡིན་ན་དབང་མངོན་གྱི་ཡུལ་ཡིན་མི་དགོས་པའིརྒྱུ་མཚན་ལ་རྩོད་པར་བྱའོ། །

གཉིས་པ་སེམས་ཙམ་པའི་ལུགས་བདེན་པ་གཉིས་ཆར་ལས་ཉམས་པར་བསྟན་པ་ནི།

རྩ་བར། གང་ཚེ་གཞན་དབང་ཅུང་ཟད་ཡོད་མིན་ན། །ཀུན་རྫོབ་པ་ཡི་རྒྱུར་ནི་གང་ཞིག་འགྱུར། །ཞེསསེམས་ཙམ་པ་ཁྱོད་ཅག་གིས་ཐ་སྙད་ཐམས་ཅད་ཀྱི་གདགས་གཞི་གཞན་དབང་རང་མཚན་གྱིསགྲུབ་པ་ཞིག་ཡོད་ན་དེ་འདྲའི་ཐ་སྙད་ཐམས་ཅད་འཇོག་ཏུ་ཡོད་ལ། མེད་ན་འཁོར་འདས་ཀྱི་ཐ་སྙད་དང་འཁོར་འདས་ཀྱི་ཆོས་གང་ཡང་མེད་དགོས་པའི་ཕྱིར། ཞེས་ཟེར་བ་ནི་ཤིན་ཏུ་མི་འཐད་དེ། གཞན་དབང་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ན་དེ་ཐ་སྙད་ཐམས་ཅད་འདོགས་པའི་རྒྱུར་རིགས་ཀྱང༌། རིགས་པའི་དཔྱད་པ་ག༷ང་གི་ཚེ༷་གཞ༷ན་ད༷བང་རང་བཞིན་གྱིས་གྲུབ་པ་ཅུ༷ང་ཟ༷ད་ཀྱངཡོ༷ད་པ་མི༷ན་ན༷། ཐ་སྙད་ཀུ༷ན་རྫོ༷བ་སྣ་ཚོགས་པ་འདོགས་པ༷་ཡི༷་རྒྱུ༷་སྟེ་འདོགས་པའི་གཞི་རང་བཞིནགྱིས་གྲུབ་པ་ཅན་ནི༷་ག༷ང་ཞི༷ག་ཡོད་པར་འགྱུ༷ར་ཏེ། ཐ་སྙད་སྣ་ཚོགས་པའི་གཞི་རང་བཞིན་གྱིསགྲུབ་པ་ཅན་དུ་འགྱུར་པའི་དངོས་པོ་ཅི་ཡང་མེད་པའི་ཕྱིར། རྒྱུ་མཚན་དེས་ན་སེམས་ཙམ་རྣམསདོན་དམ་བདེན་པ་ལས་ཉམས་པ་ཡིན་པར་ཐལ། ཆོས་ཐམས་ཅད་དོན་དམ་པར་མ་གྲུབ་པའིརང་བཞིན་དེ་དོན་དམ་བདེན་པའི་གནས་ཚུལ་ཡིན་ཀྱང༌། སེམས་ཙམ་པས་དོན་དམ་པའི་གནསཚུལ་དེ་དང་མི་མཐུན་པར་གཞན་དབང་བདེན་གྲུབ་ཏུ་འདོད་པའི་ཕྱིར་རོ། །རྩ་བར། གཞན་གྱི་ལྟར་ན་རྫས་ལ་ཆགས་པ་ཡིས། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །ཅེས་དེ་ལྟར་སེམས་ཙམ་པ་འདི་ལ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྒྱུ་གཞན་དབང་དེ་རང་གི་ངོ་བོ་ཉིད་ཀྱིས་ཡོད་པ་མིན་པས་ན། ཀྱེ་མ་ཀྱེ་ཧུད་གཞ༷ན་སེམས་ཙམ་གྱི༷་ལུགས་ལྟ༷ར་ན༷། ཆོས་ཀྱི་གནས་ལུགས་མཐར་ཐུག་པ་རང་བཞིན་གྱིས་སྟོང་པ་ཉིད་སོ་སོར་འབྱེད་པའི་ཤེས་རབ་ཀྱི་རྩལ་མེད་པས་གཞི་མ་གྲུབ་པའི་གཞན་དབང་གི་རྫ༷ས་ཙམ་ལ༷་བདེན་པར་ཆ༷གས་པ༷་ཡི༷་སྒོ་ནས་གཞན་དབང་འདི་བུམ་པ་སོ་མ་བཏང་བའི་ནང་དུ། སྣོད་བཅུད་གཞན་དབང་གི་རྫས་ལས་གྲུབ་པ་ཡིན་གྱི་ཕྱི་རོལ་ཡུལ་དང་གཟུགས་སོགས་མེད་པའི་ཚུལ་མིན་གྱིས་དཔྱད་པའི་ཆུ་བླུགས་ཏེ། འཇིག་རྟེན་གྱི་བློ་ལ་སྣང་བ་ཁོ་ནའི་སྒོ་ནས་བཞག་དགོས་པའི་འཇི༷ག་རྟེ༷ན་ལ་གྲ༷གས་པ༷འི་རྣ༷མ་བཞ༷ག་འདིར་འདུགཅིག ཕྱི་རོལ་ཏུ་སོང་ཅིག་ཅེས་པ་ལ་སོགས་པ་དང༌། ཕྱི་རོལ་གྱི་གཟུགས་དང་ཕྱི་རོལ་གྱི་དམིགསཔ་ལས་མིག་ཤེས་སོགས་སེམས་དང་ཚོར་བ་བདེ་སྡུག་སྐྱེ་བ་ལ་སོགས་པ་རྣམ་བཞག་མ་ལུས་པཀུ༷ན་ཀྱ༷ང་བརླ༷ག་པར་འགྱུར་བས་སོ། །

གསུམ་པ་དེས་ན་ཀླུ་སྒྲུབ་ཀྱི་ལུགས་ཁོ་ནའི་རྗེས་སུ་འབྲང་བར་རིགས་པ་ནི།

རྩ་བར། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབདེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་གྲུབ་ཡོད་མིན། །ཐ་སྙད་བདེན་པ་ཐབསསུ་གྱུར་པ་དང༌། །དོན་དམ་བདེན་པ་ཐབས་འབྱུང་གྱུར་པ་དེ། །དེ་གཉིས་རྣམ་དབྱེ་གང་གིས་མི་ཤེས་པ། །དེ་ནི་རྣམ་རྟོག་ལོག་པས་ལམ་ངན་ཞུགས། །ཞེས་སེམས་ཙམ་པ་གང་དག་གཞན་དབངརང་བཞིན་གྱིས་མེད་ཀྱང་ཡོད་པར་སྟོན་པའི་དྲངས་བའི་དོན་ལ་སྒྲ་ཇི་བཞིན་པའི་ངེས་པའི་དོནདུ་འཆད་པ་ཙམ་ལས། སངས་རྒྱས་ཀྱི་དགོངས་པར་མ་སོང་བའི་རང་གི་རྣམ་རྟོག་གིས་སྦྱར་བའིལུགས་ཀྱི་ལམ་ངན་པར་ཞུགས་པ། སློ༷བ་དཔོ༷ན་འཕགས་པ་ཀླུ༷་སྒྲུ༷བ་ཞ༷བས་ཀྱི༷ས་སྲོལ་ཕྱེ་བའིཟབ་རྒྱས་ཀྱི་ལ༷མ་ལ༷ས་ནི༷། ཕྱི༷་རོ༷ལ་ཏུ་གྱུ༷ར་པ་དེ་ལ༷་ཞི༷་བ༷་མྱང་འདས་ཐོབ་པའི་ཐ༷བས་ཀྱི་གཙོ་བོམེ༷ད་ཉིད་དོ༷། ། ཀླུ་སྒྲུབ་ཞབས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་ལས་ཕྱི་རོལ་ཏུ་གྱུར་པ་དེ༷་ད༷ག་ནི་ཀུ༷ན་རྫོ༷བ་ཀྱི་བདེན་པ་དང་དེ༷་ཉི༷ད་དོན་དམ་བདེ༷ན་པ་ལ༷ས་ཉ༷མས་པར་གྱུར་པ་ཡིན་ཞིང༌། བདེནགཉིས་ཀྱི་ངོ་བོ་ཇི་བཞིན་དུ་རྟོགས་པ་དེ༷་ལ༷ས་ཉ༷མས་པ༷ས་ཐ༷ར་བ༷་གྲུ༷བ་པ་ཡོ༷ད་པ་མི༷ན་པར་འགྱུར་ལ། ཐ༷་སྙ༷ད་བདེ༷ན་པའི་རྣམ་བཞག་ཕྱིན་ཅི་མ་ལོག་པ༷་ནི་དོན་དམ་བདེན་པ་ཇི་བཞིནཏུ་རྟོགས་པའི་ཐ༷བས་སུ༷་གྱུ༷ར་པ༷་ད༷ང༌། དོ༷ན་ད༷མ་བདེ༷ན་པ༷་ཇི་བཞིན་ཏུ་རྟོགས་པ་ནི་ཐ་སྙད་བདེན་པ་ཚུལ་བཞིན་ཏུ་ཤེས་པའི་ཐ༷བས་ལས་བྱུ༷ང་བར་འགྱུ༷ར་པ༷་སྟེ༷། དེས་ན་བདེན་པ་དེ༷་གཉི༷ས་ཀྱི་རྣ༷མ་དབྱེ༷་ག༷ང་གི༷་མི༷་ཤེ༷ས་པ༷་དེ༷་ནི༷་རྣ༷མ་པར་རྟོ༷ག་པའི་བློ་ཕྱིན་ཅི་ལོ༷ག་པ༷འི་ལ༷མ་ང༷ན་པར་ཞུ༷གས་པ་ཡིན་ནོ། ། དེ་ལྟར་རང་འགྲེལ་ལས། ཇི་སྐད་དུ། འཕགས་པ་དེ་ཁོ་ན་ཉིད་ངེས་པར་བསྟན་པའི་ཏིང་ངེ་འཛིན་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཉིད་ཀྱིས་བསྟན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་གང་ཡང་མ་མཆིས་སོ། །གང་གིས་བདེ་བར་གཤེགས་ལ་འགྲོ་བ་རྣམས། །བདེ་བའི་དོན་དུ་དད་པ་སྐྱེ་འགྱུར་བ། །རྒྱལ་བས་འགྲོ་བ་རྣམས་ཀྱི་དོན་སླད་དུ། །འཇིག་རྟེན་ཕན་ཕྱིར་ཀུན་རྫོབ་དེ་བསྟན་ཏོ། །ཞེས་པ་ནས། འགྲོ་བའི་ཆོས་བརྒྱད་ལ་ནི་འཇུག་འགྱུར་ཏེ། །ཐོབ་དང་མ་ཐོབ་སྙན་དང་མི་སྙན་དང༌། །བསྟོད་དང་སྨད་དང་བདེ་དང་སྡུག་བསྔལ་ལོ། །ཐོབ་པ་རྙེད་ན་དེ་ལ་ཆགས་པ་སྐྱེད། །

མ་ཐོབ་གྱུར་ན་དེས་ཀྱང་འཁྲུག་པར་འགྱུར། །ཞེས་པ་ནས། མི་སྡུག་སྡུག་དང་སྡུག་བསྔལ་བདེ་བ་དང༌། །བདག་མེད་རང་བཞིན་བདག་ཏུ་སྨྲ་བ་དང༌། །མི་རྟག་ཆོས་ལ་རྟག་ཅེས་སྨྲ་བགྱིད་ཅིང༌། །

དེ་ལྟར་དགའ་སྟེ་མཚན་མར་གང་གནས་པ། །དེ་དག་བདེ་གཤེགས་གསུང་ནི་ཐོས་གྱུར་ནས། །འཇིགས་ཤིང་ཇི་བཞིན་མི་རྟོགས་སྤོང་བར་བགྱིད། །དེ་དག་བདེ་གཤེགས་གསུང་ནི་སྤངས་གྱུརནས། །སེམས་ཅན་དམྱལ་བར་སྡུག་བསྔལ་མི་བཟད་མྱོང༌། །ཞེས་པ་ནས། འཇིག་རྟེན་ཕན་པའིབསྟན་པ་སུ་ཞིག་གིས། །མ་ལོག་བློ་ཡིས་རྣམ་པར་རྟོགས་མྱུར་ན། ། སྦྲུལ་གྱི་པགས་པ་རྙིང་ལྟརརབ་སྤངས་ཏེ། །སྲིད་པ་ཀུན་ལས་འདས་ནས་ཞི་བར་འགྱུར། །ཆོས་འདི་ཐམས་ཅད་རང་བཞིནའབྱིན་པ་སྟེ། །སྟོང་པ་མཚན་མ་མེད་པ་དོན་དམ་ཞེས། །གང་གིས་ཐོས་ནས་དགའ་བ་སྐྱེ་འགྱུརབ། །དེ་དག་བླ་མེད་བྱང་ཆུབ་ཐོབ་པར་འགྱུར། ། ཞེས་པ་ནས། ཀུན་ཀྱང་ཐུབ་པ་ཁྱོད་ཀྱིས་ཇི་བཞིན་གཟིགས། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་དེ་ལྟར་ཀུན་རྫོབ་དང་དོན་དམ་པའི་བདེནཔས་དབེན་པ་རྣམས་ལ་ཐར་པ་ལྟ་ག་ལ་ཡོད། དེའི་ཕྱིར་རྣམ་པར་ཤེས་པར་སྨྲ་བ་དེ་དག་ནི་རྣམ་པར་རྟོག་པ་ལོག་པ་དག་གིས་ལམ་གོལ་བར་ཞུགས་པ་ཁོ་ནའོ། །འདིར་ཐ་སྙད་ཀྱི་བདེན་པ་བསྟན་པ་ནི་ཐབས་སུ་གྱུར་པ་སྟེ། ཇི་སྐད་དུ། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་དང་སྟོན་པ་གང༌། །འགྱུར་བ་མེད་ལ་སྒྲོ་བཏགས་པས། །འོན་ཀྱང་ཉན་ཞིང་སྟོན་པ་ཡིན། །ཞེས་གསུངས་སོ། །ཐ་སྙད་ཀྱི་བདེན་པ་ཁོ་ན་ལ་གནས་ཏེ་དོན་དམ་པ་སྟོན་པ་ཡིན་ལ། དོན་དམ་པ་བསྟན་པ་ཁོང་དུ་ཆུད་པ་ལས་ཀྱང་དོན་དམ་པ་འཐོབ་སྟེ། ཇི་སྐད་དུ་བསྟན་བཅོས་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་འགྱུར། །དམ་པའི་དོན་ལ་མ་བརྟེན་པར། །མྱ་ངན་འདསཔ་ཐོབ་མི་འགྱུར། །ཞེས་གསུངས་སོ། །དེ་ལ་དོན་དམ་པ་བསྟན་པ་ནི་ཐབས་ལས་བྱུང་བར་གྱུར་ཞིང་འབྲས་བུར་གྱུར་པ་སྟེ། ཐབས་ལས་བྱུང་བ་དང་འབྲས་བུ་དང་ཐོབ་པར་བྱ་བ་དང་རྟོགས་པརབྱ་བ་ཞེས་བྱ་བའི་དོན་ཏོ། །ཞེས་གསུངས་སོ། །

བཞི་པ་གཞན་དབང་དང་འཇིག་རྟེན་པའི་ཐ་སྙད་འགོག་པ་གཉིས་མི་མཚུངས་པར་བསྟན་པ་ནི།

རྩ་བར། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིསཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་སེམས་ཙམ་པ་ན་རེ། གལ་ཏེ་ཁྱེད་དབུ་མ་པ་དག་གིས་གོང་ལྟར་ཁོ་བོ་ཅག་ལ་ཤིན་ཏུ་ལྟོས་པ་མེད་པར་སྐྱོན་སྨྲ་བ་དེ་ནི་ངེད་ཅག་ཀྱང་ཁྱོད་ལ་བཟོད་པ་མི་བྱེད་དེ། ཁྱེད་དབུ་མ་པ་དག་ནི་གཞན་གྱི་ཕྱོགས་སུན་འབྱིན་པ་ལ་མཁས་པར་མངོན་པར་བྱེད་ཅིང་འཐད་པའི་རིགསཔས་གཞན་དབང་རང་བཞིན་གྱིས་གྲུབ་པ་འགོག་པར་བྱེད་ན་ནི། བདག་དང་གཞན་ལས་སྐྱེ་བསོགས་འགོག་པའི་རིགས་པས་གཞན་དབང་རང་བཞིན་གྱིས་གྲུབ་པ་འགོག་པར་བྱེད་པས་ན།

ཁྱོད་རང་ལ་འཇིག་རྟེན་ན་གྲགས་པའི་མྱུ་གུ་སྐྱེ་བ་སོགས་ཀུན་རྫོབ་ཀྱང་འགོག་པར་འགྱུར་ཏེ།

སྐྱེ་འགོག་གི་རིགས་པས་གཞན་དབང་རང་བཞིན་གྱིས་གྲུབ་པ་བཀག་ན་མྱུ་གུ་སོགས་ཀྱང་བཀགཔར་འགྱུར་བའི་ཕྱིར་རོ། །ཞེ་ན། སེམས་ཙམ་པ་ཁྱེད་ཅག་གིས་ཐོག་མ་མེད་པའི་དུས་ནས་དཔེརན་དཀའ་བ་བརྒྱ་ཕྲག་གིས་བསགས་པའི་ནོར་གྱི་ཕུང་བོ་འཕྲོག་པ་པོ་ལ། ཁྱོད་ཀྱི་མཛའ་བོའི་ཟོལ་གྱིས་དུག་བཅས་ཀྱི་ཟས་བྱིན་ན་སླར་ཡང་འཕྲོག་པས་དགའ་བ་བཞིན་ཏུ། ཁོ་བོ་ཅག་གིས་ཁྱོད་ཀྱིས་གཞན་དབང་ལ་ཕྱིན་ཅི་ལོག་ཏུ་བདེན་པར་འཛིན་པའི་ཡུལ་ཕྲོག་པས་ཕན་བཏགས་པ་ན། དེའི་ལན་དུ་ཚུར་ཁོ་བོ་ཅག་ལ་ཁྱོད་རང་གིས་གནོད་བྱེད་སྨྲས་པས་ཁྱོད་རང་དགའ་ཞིང་རངས་པར་འགྱུར་ན་མ་གཏོགས། ཁོ་བོ་ཅག་ལ་ནི་གཞན་དབང་རང་བཞིན་གྱིས་གྲུབ་པ་བཀག་པས་འཇིག་རྟེན་གྱི་ཐ་སྙད་ཀྱང་འགོག་པར་འགྱུར་བའི་སྐྱོན་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། ཁོ་བོ་ཅག་གི་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་ཁས་བླངས་ཀྱང༌། ཇི༷་ལྟ༷ར་སེམས་ཙམ་པ་ཁྱོ༷ད་ཀྱི༷ས་གཞ༷ན་དབ༷ང་དངོ༷ས་པོའམ་ངོ་བོས་གྲུབ་པར་འདོ༷ད་པ་དེ་ལྟ༷ར་ཀུ༷ན་རྫོ༷བ་ཀྱ༷ང་ནི༷་རང་བཞིན་གྱིས་གྲུབ་པ་ཡིན་པར་བད༷ག་གི༷ས་ཁ༷ས་མ༷་བླ༷ངས་པའི་ཕྱིར། འོ་ན་ཁྱེད་ཅག་གི་ཀུན་རྫོབ་ཀྱི་རྣམ་བཞག་ཐམས་ཅད་ཡོད་པར་འདོད་བཞིན་དུ་དེ་ལ་འགོག་རྒྱུ་དེ་ཇི་ལྟར་ཡིན་ཞེ་ན། སྐབས་འགར་ཕྱི་རོལ་པའི་གྲུབ་མཐའ་ལ་གོམས་པ་བདེན་མེད་སྟོན་པའི་སྣོད་དུ་མ་གྱུར་པ་ལྟ་བུ་ལ་འབྲ༷ས་བུ་སྟེ་དེ་ཁོ་ན་ཉིད་རྟོགས་པ་ལ་རིམ་གྱིས་གཞུག་པའི་ཕྱི༷ར་དུ་ཕུང་བོ་སོགས་ཀུན་རྫོབ་པ་འདི༷་ད༷ག་རང་བཞིན་གྱིས་མེ༷ད་ཀྱ༷ང་རང་བཞིན་གྱིས་ཡོ༷ད་དོ༷་ཞེ༷ས་ཡོད་དོ་ཞེས་འཇོག་པ་ནི་སྟོང་ཉིད་མ་རྟོགས་པའི་གང་ཟག་གཞན་དེའི་ངོར་ཁས་ལེན་པ་ཡིན་གྱི་རང་ལུགས་ལ་ཁས་ལེན་པ་མིན་པས་ན་ཕུང་སོགས་རང་བཞིན་གྱིས་ཡོད་པ་འགོག་པ་དང་ཕུང་སོགས་འགོག་པ་གཉིས་གཏན་མི་མཚུངས་པའི་ཕྱིར་ན་འཇི༷ག་རྟེ༷ན་གྱི་ཤེས་ངོ༷ར་ཡོད་པར་བྱ༷ས་ནས་བད༷ག་གི༷ས་ནི་སྨྲ༷་བ༷ར་བྱེ༷ད་པཡིན་ལ། དེ་ཇི་སྐད་དུ། རང་འགྲེལ་ལས། ཇི་ལྟར་ཁྱོད་ཀྱིས་རང་དབང་དུ་གནས་ནས། །རངགི་གཞུང་ལུགས་ཀྱིས་གཞན་གྱི་དབང་གི་ངོ་བོ་འཕགས་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པརབྱ་བ་ཞིག་སྨྲ་བ་དེ་ལྟར་ནི་ཁོ་བོས་ཀུན་རྫོབ་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཡོད་པ་མ་ཡིན་ཡང་འཇིགརྟེན་ཁོ་ན་ལ་གྲགས་པར་གྱུར་པས་ཡོད་དོ་ཞེས་འཇིག་རྟེན་གྱི་ངོ་ཁོ་ནར་བརྗོད་པ་ཡིན་ཏེ། དེརྗེས་སུ་བརྗོད་པ་ནི་དེ་ལྡོག་པའི་ཐབས་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིསའཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི། ང་ནི་འཇིག་རྟེན་དང་མི་རྩོད་དེ། གང་འཇིག་རྟེན་ན་ཡོད་པར་འདོད་པ་དེ་ནི་ངས་ཀྱང་ཡོད་པར་བཞེད་དོ། །གང་འཇིག་རྟེན་ན་མེད་པར་འདོད་པ་དེ་ནི་ང་ཡང་མེད་པར་བཞེད་དོ་ཞེས་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །རྩ་བར། ཇི་ལྟར་ཕུང་པོ་སྤངས་ནས་ཞིར་ཞུགས་པས། །དགྲ་བཅོམ་རྣམས་ལ་ཡོད་པ་མིན་དེ་ལྟར། །འཇིག་རྟེན་ལ་ཡང་མེད་ན་དེ་བཞིན་འདི། །འཇིག་རྟེན་ལས་ཀྱང་ཡོད་ཅེས་བདག་མི་སྨྲ། །ཞེས་ཇི༷་ལྟ༷ར་དགྲ་བཅོམ་པ་ཕུ༷ང་བོ༷འི་ལྷག་མ་སྤ༷ངས་ན༷ས་ལྷག་མེད་ཀྱི་ཞི༷ར་ཞུ༷གས་པ༷ས། དགྲ༷་བཅོ༷མ་པ་རྣ༷མས་ཀྱི་གཟིགསཔའི་ངོ་ལ༷་ཀུན་རྫོབ་ཐམས་ཅད་ཡོ༷ད་པ༷་མི༷ན་པ་དེ༷་ལྟ༷ར་གལ་ཏེ་འཇི༷ག་རྟེ༷ན་གྱི་བློ་ལ༷་ཡ༷ང་ཀུན་རྫོབ་འདི་མེ༷ད་ན༷་ནི། ལྷག་མེད་པ་ལ་མེད་པ་དེ༷་བཞི༷ན་ཏུ་ཀུན་རྫོབ་འདི༷་འཇི༷ག་རྟེ༷ན་ཀྱི་ཐ་སྙད་ལ༷ས་ཀྱ༷ང་སྟེ་འཇིག་རྟེན་གྱི་ཐ་སྙད་ཀྱི་ངོ་ལ་ལྟོས་ནས་ཀྱང་ཡོ༷ད་ཅེ༷ས་བད༷ག་མི༷་སྨྲ༷་བ་དགོས་པར་འགྱུར་ཏེ། རང་འགྲེལ་ལས། དེའི་ཕྱིར་གཞན་ལ་རག་ལས་པ་ཉིད་ཀྱི་སྒོ་ནས་བདག་གིས་ཀུན་རྫོབ་ཁས་བླངས་ཀྱི་རང་དབང་དུ་ནི་མ་ཡིན་ནོ། །ཁས་ཀྱང་འཇིག་རྟེན་ཁོ་ནས་བླངས་པ་ཡིན་ཏེ། དེའི་ཕྱིར་གང་གིས་ཁས་བླངས་པ་དེ་ཁོ་ན་ལ་ལྟོས་ནས་སེལ་བ་ན་བསལ་བར་འོས་པ་ཡིན་ཏེ། གཞན་ལ་ལྟོས་ནས་ནི་མ་ཡིན་ནོ་ཞེས་བཤད་པ། ཞེས་གསུངས་པའི་ཕྱིར། རྩ་བར། གལ་ཏེ་ཁྱོདལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པར་གྱིས། །ཁྱོད་དང་འཇིག་རྟེན་འདིར་ནི་རྩོད་གྱིས་དང༌། །ཕྱི་ནས་སྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་ག༷ལ་ཏེ༷་སེམས་ཙམ་པ་ཁྱོ༷ད་ལ༷་ཕྱི་དོན་སོགས་མཐོང་བའི་འཇི༷ག་རྟེ༷ན་གྱི་གང་ཟག་དང་ཤེས་པ་དག་གིས་ཕྱི་དོན་བཀག་པ་སོགས་ལ་མི༷་གནོ༷ད་ན༷། ཁྱོད་ཀྱིས་འཇི༷ག་རྟེ༷ན་གྱི་མཐོང་པ་ཉི༷ད་ལ་ལྟོ༷ས་ནས་ཕྱིརོལ་གྱི་གཟུགས་སྒྲ་ལ་སོགས་པའི་ཀུན་རྫོབ་འདི༷་ནི༷་དག༷ག་པ༷ར་གྱི༷ས་ཤིག དེ་ཁྱོད་ཀྱི་རིགསཔས་འགོག་ནུས་ན་ངས་ཀྱང་ཁྱོད་ཀྱི་གྲོགས་བྱེད་ཅིང༌། གཟུགས་སོགས་མཐོང་བའི་ཤེས་པ་ལསྣང་བ་ལྟར་ཕྱི་དོན་ཡོད་པ་དེ་འཐད་དམ། འོན་ཏེ་ཕྱི་དོན་མེད་པ་དེ་འཐད་ཅེས་ཁྱོ༷ད་ད༷ང་ཕྱི་དོནམཐོང་བའི་འཇི༷ག་རྟེ༷ན་གཉིས་འདི༷ར་ནི༷་ཕྱི་དོན་ཡོད་མེད་ལ་རྩོ༷ད་པ་གྱི༷ས་ད༷ང༌། བརྩད་པའི་ཕྱི༷སན༷ས་ཁྱོད་དང་འཇིག་རྟེན་གཉིས་གང་སྟོ༷བས་དང་ལྡ༷ན་པ་དེ་ལ་བད༷ག་གི༷ས་བསྟེན་པ༷ར་བྱ༷་བ་ཡིནཞེས་པའོ། །

གསུམ་པ་སེམས་ཙམ་དུ་གསུངས་པའི་ཙམ་གྱི་སྒྲས་ཕྱི་དོན་འགོག་པ་མིན་པར་བསྟན་པ་ལ།

དང་པོ་ས་བཅུ་པའི་མདོ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་པ། ཕྱི་རོལ་དང་ནང་གི་སེམས་གཉིས་ཡོད་མེད་མཚུངས་པར་བསྟན་པ། ལང་ཀར་གཤེགས་པ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ་དང་གསུམ། དང་པོ་ལ་ཙམ་སྒྲས་ཕྱི་དོན་མི་འགོག་པ་ས་བཅུ་པའི་ལུང་གིས་སྒྲུབ་པ། དོན་དེ་ཉིད་མདོ་གཞན་གྱིས་ཀྱང་སྒྲུབ་པ། ཙམ་གྱི་སྒྲས་སེམས་གཙོ་བོ་ཉིད་དུ་བསྒྲུབ་པ་དང་གསུམ་ལས། དང་པོ་ནི། སེམས་ཙམ་པ་ན་རེ། གཟུགས་སོགས་སེམས་ཀྱི་བདག་ཉིད་ཡིན་པ་དེ་ཁྱོད་ཀྱིས་འཕངས་པའི་རིགས་པས་གྲུབ་པ་དང་བྲལ་བ་ཡིན་ཀྱང༌། ཁྱོད་དབུ་མ་པས་འཇིག་རྟེན་གྱིས་མཐོང་བས་གནོད་པས་འཇིགས་ནས་ཕྱི་རོལ་དང་ཀུན་རྫོབ་རྣམས་ཁས་ལེན་པ་ཡིན་ན་ནི། ལུང་གི་གནོད་པས་འཇིགས་ནས་ཁམས་གསུམ་པོ་འདི་སེམས་ཙམ་དུ་ཡང་ཁས་བླངས་དགོངས་ཏེ། ས་བཅུ་པའི་མདོ་ལས། དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམསགསུམ་པོ་འདི་ནི་སེམས་ཙམ་སྟེ། ཞེས་གསུངས་པའི་ཕྱིར་ཞེ་ན། ཁྱོད་ཀྱི་དཔེར་ན་ནོར་བུ་ཨནྡ་རྙིལ་གྱི་ས་གཞི་ལ་ཆུ་རུ་འཁྲུལ་ནས་དེ་ལས་བཅུས་ནས་ཆུ་བུམ་པར་བླུགས་འདོད་པ་ལྟར་ཁམསགསུམ་པོ་འདི་སེམས་ཙམ་སྟེ་ཞེས་པའི་རྒྱལ་བའི་གསུང་གི་ནོར་བུ་ཨནྡ་རྙིལ་ལས་སྦྱར་བས་ས་གཞི་བསྟར་བ་ལྟ་བུ་དེ་དཔེར་ན་ནོར་བུའི་ས་གཞི་ཆུ་མིན་པར་མ་ཤེས་ནས་ཆུ་ཡིན་པར་བཟུང་བ་བཞིན་དུ་ལུང་གི་ནོར་བུའི་དོན་ཁམས་གསུམ་གྱི་བྱེད་པ་པོ་སེམས་ཡིན་པར་བསྟན་པ་དེ་ཚུལབཞིན་དུ་མ་ཤེས་པར་གསུངས། དེའི་དོན་ནི་ཁམས་གསུམ་པོ་རྣམ་པར་ཤེས་པའི་དངོས་པོ་ཙམདུ་བསྟན་པའི་ཆུ་ལྟ་བུར་འཁྲུལ་ནས། ལུང་དེ་ལས་ཁམས་གསུམ་སེམས་ཡིན་པའི་ཆུ་ཙམ་ཞིགབཅུས་ཏེ། དོན་དེ་ཉིད་སེམས་ཀྱི་བུམ་པར་བཟུང་བ་ནི་རིགས་པས་འཇིག་པར་བྱེད་པས་ན་དེའདྲའི་རང་གི་བློ་གྲོས་ཀྱི་བུམ་པ་སོ་མ་བཏང་བའི་ནང་དུ་བླུགས་ནས་དུམ་བུ་བརྒྱར་འགྲོ་བ་ན།

ལུང་དེའི་དོན་ཤེས་པའི་སྐྱེ་བོ་རྣམས་ཀྱིས་བཞད་གད་བྱ་བར་འགྱུར་བ་ལས་ལུང་དེའི་དོན་བཤད་པ་ལ།

རྩ་བར། མངོན་གྱུར་མངོན་ཕྱོགས་བྱང་ཆུབ་སེམས་དཔའ་ཡིས། །སྲིད་གསུམ་རྣམ་ཤེསཙམ་དུ་གང་རྟོགས་པ། །རྟག་བདག་བྱེད་པོ་བཀག་པ་རྟོགས་ཕྱིར་དེས། །བྱེད་པ་པོ་ནི་སེམས་ཙམ་ཡིན་པར་རྟོགས། །ཞེས་ཁྱོད་ཀྱིས་བཤད་པ་ལྟར་ཙམ་སྒྲས་ཕྱི་དོན་འགོག་པ་གཏན་མ་ཡིན་ཏེ། ས་དྲུག་པ་མངོ༷ན་དུ་གྱུ༷ར་པ་ཆོས་དབྱིངས་ལ་མངོ༷ན་དུ་ཕྱོ༷གས་པའི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་དེ་ཡི༷ས། སྲི༷ད་གསུ༷མ་རྣ༷མ་ཤེ༷ས་ཙ༷མ་དུ༷་ག༷ང་རྟོ༷གས་པར་གསུངས་པའི་ས་བཅུ་པའི་མདོ་གང་ཡིན་པ༷་དེས་ནི། རྟ༷ག་པའི་བད༷ག་དེ་སྣོད་བཅུད་ཀྱི་བྱེ༷ད་པ་པོ༷་ཡིན་པར་བཀ༷ག་ནས་དེ་བྱེད་པ་པོ་ནི་སེམས་ཙམ་ཞིག་ཡིན་པ༷ར་རྟོ༷གས་པར་བཤད་པ་ཡིན་པའི་ཕྱི༷ར་ན། བྱང་སེམས་དེ༷ས་སྣོད་བཅུད་ཀྱི་འཇིག་རྟེན་བྱེ༷ད་པ༷་པོ༷་ནི༷་སེ༷མས་ཙ༷མ་ཡི༷ན་པ༷ར་རྟོ༷གས་པར་གསུངས་པའི་ཕྱིར་ཏེ། རང་འགྲེལ་ལས། གང་གི་ཕྱིར་མདོ་དེ་ཉིད་ལས་ལུགས་སུ་བྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་རབ་ཏུ་རྟོག་གོ། །དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་སྡུག་བསྔལ་གྱི་ལྗོན་པ་བྱེད་པ་པོ་དང་ཚོར་བ་པོ་མེད་པ་འབའ་ཞིག་པོ་འདི་མངོན་པར་འགྲུབ་པར་འགྱུར་རོ་སྙམ་མོ། །དེ་འདི་སྙམ་དུ་སེམསཏེ། བྱེད་པ་པོ་ལ་མངོན་པར་ཞེན་པས་ལས་རྣམས་ཡོད་པར་གྱུར་ཏོ། །གང་ན་བྱེད་པ་པོ་མེད་པ་དེ་ན་དོན་དམ་པར་ལས་ཀྱང་མི་དམིགས་སོ་སྙམ་མོ། །དེ་འདི་སྙམ་དུ་སེམས་ཏེ། འདི་ལྟར་ཁམསགསུམ་པོ་འདི་ནི་སེམས་ཙམ་སྟེ། སྲིད་པའི་ཡན་ལག་བཅུ་གཉིས་གང་དག་དེ་བཞིན་གཤེགས་པས་རབ་ཏུ་ཕྱེ་སྟེ་བཀའ་སྩལ་པ་དེ་དག་ཐམས་ཅད་ཀྱང་སེམས་གཅིག་ལ་བརྟེན་པ་དག་གོ་ཞེས་རྒྱ་ཆེར་གསུངས་སོ། །དེའི་ཕྱིར་དེ་ལྟར་བདག་རྟག་པ་བྱེད་པ་པོ་བཀག་ནས་ཀུན་རྫོབ་ཏུ་སེམས་ཙམ་ཞིག་ཁོ་ན་བྱེད་པ་པོ་མཐོང་ཞིང་ཁམས་གསུམ་རྣམ་པར་ཤེས་པ་ཙམ་དུ་རྟོགས་པ་ཡིན་ནོ། །

བྱང་ཆུབ་ནི་ཐམས་ཅད་མཁྱེན་པའི་ཡེ་ཤེས་སོ། །དེར་སེམས་པ་སྟེ་སེམས་ཤིང་མནོ་བ་དེ་ལ་ཡོདཔས་བྱང་ཆུབ་སེམས་དཔའ་འམ། ཡང་ན་བྱང་ཆུབ་ཏུ་ངེས་པར་ཡོད་པ་ཉིད་དེ་བདོག་པ་ཉིད་དེལ་ཡོད་པས་བྱང་ཆུབ་སེམས་དཔའ་ཡིན་པའམ། བྱང་ཆུབ་ཏུ་ངེས་པའི་སེམས་ཅན་གང་ཟག་ནིབྱང་ཆུབ་སེམས་དཔའ་སྟེ། བར་གྱི་ཚིག་མི་མངོན་པར་བྱས་པའི་ཚིག་བསྡུ་བའོ། །རྟོགས་པ་ནིཁོང་དུ་ཆུད་པ་ཞེས་བྱ་བའི་དོན་ཏོ། །མངོན་ཕྱོགས་ཞེས་བྱ་བ་ནི་ཆོས་ཀྱི་དབྱིངས་ལ་མངོན་དུཕྱོགས་པའོ། །མངོན་གྱུར་ཞེས་བྱ་བ་ནི་ས་དྲུག་པར་ཞེས་བྱ་བའི་དོན་ཏེ་དེ་ལྟར་ཡན་ལག་གི་དོནཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་དོན་དེ་ཉིད་མདོ་གཞན་གྱིས་ཀྱང་བསྒྲུབ་པ་ནི།

རྩ་བར། དེ་ཕྱིར་བློ་ལྡན་བློ་ནི་འཕེལ་བྱའི་ཕྱིར། །ལང་ཀར་གཤེགས་མདོ་དེ་ལས་ཀུན་མཁྱེན་གྱིས། །མུ་སྟེགས་སྤོ་མཐོན་རི་འཇོམས་ངག་རང་བཞིན། །རྡོ་རྗེ་འདི་ནི་དགོངས་པ་བཅད་ཕྱིར་གསུངས། །ཞེས་ས་བཅུ་པ་ལས་ཁམས་གསུམ་པོ་འདི་སེམས་ཙམ་མོ་ཞེས་གསུངས་པའི་ཙམ་སྒྲས་ཕྱི་དོན་འགོག་པ་མ་ཡིན་པར་སེམས་ལས་གཞན་པའི་བྱེད་པ་པོ་འགོག་པ་ཡིན་ཏེ། དེས་ཕྱི་དོན་མི་འགོག་པར་སེམས་ལས་གཞན་པའི་བྱེད་པ་པོ་འགོག་པ་ཡིན་པར་མདོ་གཞན་གྱིས་བཤད་པའི་ཕྱིར། དེར་ཐལ། ཙམ་གྱི་སྒྲས་བྱེད་པ་པོ་གཞན་འགོག་པ་དེ་ས་བཅུ་པའི་མདོའི་སེམས་ཙམ་མོ་ཞེས་པའི་དོན་ཡིན་པ་དེ༷འི་ཕྱི༷ར་ན། དེ་ཁོ་ན་ཉིད་རྟོགས་པའི་བློ༷་ལྡ༷ན་གྱི་གང་ཟག་གིས་ས་བཅུ་པའི་མདོའམ་སེམས་ཙམ་མོ་ཞེས་པ་ལ་སོགས་པའི་མདོ་རྣམས་ལས་སེམས་ཙམ་ཞེས་གསུངས་པའི་དོན་ཚུལ་བཞིན་དུ་རྟོགསཔའི་བློ༷་ནི༷་འཕེ༷ལ་བར་བྱ༷་བའི་ཕྱི༷ར་དུ། ལ༷ང་ཀ༷ར་གཤེ༷གས་པའི་མདོ༷་དེ༷་ལ༷ས་ཀུ༷ན་མཁྱེ༷ན་རྫོགས་པའི་སངས་རྒྱས་ཀྱི༷ས། མུ༷་སྟེ༷གས་པའི་རྒྱུད་ཀྱི་བདག་དང་གཙོ་བོ་སོགས་འཇིག་རྟེན་གྱི་བྱེད་པ་པོར་འཛིན་པའི་ལྟ་བ་ངན་པའི་སྤོ༷་མཐོ༷ན་པོའི་རི༷་བོ་འཇོ༷མས་པར་བྱེད་པའི་ང༷ག་གི་ར༷ང་བཞི༷ན་གྱི་རྡོ༷་རྗེ༷། འཕགས་པ་ལང་ཀར་གཤེགས་པ་ལས། གང་ཟག་རྒྱུན་དང་ཕུང་བོ་དང༌། །དེ་བཞིན་རྐྱེན་དང་རྡུལ་དག་དང༌། །གཙོ་བོ་དབང་ཕྱུག་བྱེད་པོ་རྣམས། །སེམས་བྱུང་དུ་ནི་ངས་བཤད་དོ། །

ཞེས་པ་འདི༷་ནི༷་ས་བཅུ་པའི་མདོ་ལས་སེམས་ཙམ་དུ་གསུངས་པའི་དགོ༷ངས་པ༷་བཅ༷ད་པ་སྟེ་དགོངས་པ་འཆད་པའི་ཕྱི༷ར་དུ་སྟོན་པས་གསུ༷ངས་པ་ཡིན་ནོ། །དེ་ཡང་རྩ་བར། ཇི་བཞིན་རང་གི་བསྟན་བཅོས་དེ་དེ་ལས། །མུ་སྟེགས་རྣམས་ཀྱིས་གང་ཟག་སོགས་དེ་དག །སྨྲས་པ་དེ་དག་བྱེད་པོར་མ་གཟིགས་ནས། །རྒྱལ་བས་སེམས་ཙམ་འཇིག་རྟེན་བྱེད་པོར་གསུངས། །ཞེས་ཇི༷བཞི༷ན་དུ་དེ་ཚུལ་ཇི་ལྟར་དུ་རང་ར༷ང་གི༷་གྲུབ་པའི་མཐའ་བཤད་པའི་བསྟ༷ན་བཅོ༷ས་དབང་ཕྱུགནག་པོའི་རྒྱུད་ལ་སོགས་པ་དེ༷་དང་དེ༷་ལ༷ས། མུ༷་སྟེ༷གས་རྣ༷མས་ཀྱི༷ས་ཁ་ཅིག་གིས་ག༷ང་ཟ༷ག་འཇིགརྟེན་གྱི་བྱེད་པ་པོ་དང༌། ཁ་ཅིག་གིས་ཕུང་བོའི་རྒྱུན་དང༌། ཁ་ཅིག་གིས་ཕུང་པོ་དང༌། ཁ་ཅིག་གིསརྐྱེན་ཞེས་པའི་རྫས་གྲུབ་ཅིག་དང༌། ཁ་ཅིག་གིས་རྡུལ་ཕྲན་ཆ་མེད་དང༌། གྲངས་ཅན་པས་གཙོ་བོ་དང༌། དབང་ཕྱུག་པས་དབང་ཕྱུག་སོ༷གས་དེ༷་ད༷ག་འཇིག་རྟེན་གྱི་བྱེད་པ་པོ་ཡིན་པར་སྨྲ༷ས་པ༷་དེ༷་ད༷ག་འཇིག་རྟེན་གྱི་བྱེ༷ད་པ་པོ༷ར་མ༷་གཟི༷གས་ན༷ས། རྒྱ༷ལ་བ༷ས་སེ༷མས་ཙ༷མ་ཞིག་འཇི༷ག་རྟེ༷ན་གྱི་བྱེ༷ད་པ་པོ༷་ཡིན་པར་ལང་གཤེགས་ལས་གསུ༷ངས་པའི་ཕྱིར་རོ། །རང་འགྲེལ་ལས། མུ་སྟེགས་རྣམས་ཀྱིས་ཞེས་བྱ་བ་ནི་ཕལ་ཆེར་བསྟན་པ་སྟེ་ཆོས་འདི་པ་དག་གིས་ཀྱང་གང་ཟག་ལ་སོགས་པ་དག་བརྟགས་པ་ཁོ་ན་ཡིན་ནོ། །རྣམ་པ་གཅིག་ཏུ་ན་དེ་དག་ཀྱང་ཆོས་འདི་པ་མ་ཡིན་ཏེ། མུ་སྟེགས་ལྟར་བསྟན་པའི་དོན་ཕྱིན་ཅི་མ་ལོག་པར་ཁོང་དུ་མ་ཆུད་པའི་ཕྱིར་རོ། །དེའི་ཕྱིར་ངེས་པར་བསྟན་པ་འདི་ནི་ཀུན་ལ་ཁྱབ་པར་བྱེད་པ་ཁོ་ནའོ། །ཇི་སྐད་དུ། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང༌། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་ཀྱིས། །ཞེས་གསུངས་སོ། །ཕུང་པོ་ལ་སོགས་པར་མངོན་པར་ཞེན་པ་དེ་དག་ནི་ཕྱི་རོལ་པ་ཉིད་དུ་རིག་པར་བྱའོ། །ཇི་ལྟར་རང་གི་ཞེས་བྱ་བ་ནི་རང་རང་གི་གྲུབ་པའི་མཐར་ཞེས་བྱ་བའི་དོན་ཏོ། །དེ་ཉིད་ཀྱི་ཕྱིར་མུ་སྟེགས་པ་རྣམས་ཀྱིས་ཕུང་པོ་ལ་སོགས་པ་དག་ཀྱང་བྱེད་པ་པོ་ཉིད་དུ་འདོད་པ་ཉེ་བར་མཚོན་པ་ཡིན་ཏེ། འཁོར་བ་འདི་ནི་ཐོག་མ་མེད་པས་འདིར་རྟོག་པ་ཅི་ཞིག་མ་བྱུང་བར་གྱུར་ཅིང་ཅི་ཞིག་མི་འབྱུང་བར་འགྱུར། འདིལྟར་ད་ལྟ་ཉིད་དུ་ཡང་སྤོང་བ་དཀར་པོ་ལ་སོགས་པ་དག་ལ་ཕུང་པོ་ལ་སོགས་པ་སྟོན་པར་སྣངབ་ཉིད་དོ། །བཅོམ་ལྡན་འདས་ཀྱིས་ནི་གང་ཟག་ལ་སོགས་པ་འདི་དག་བྱེད་པ་པོ་ཉིད་དུ་མགཟིགས་པ་ན་སེམས་ཙམ་ཁོ་ན་འཇིག་རྟེན་གྱི་བྱེད་པ་པོ་ཉིད་དུ་བསྟན་ཏོ་ཞེས་བྱ་བ་ནི་མདོའིདོན་ཡིན་ནོ། །ཞེས་གསུངས་སོ། །

གསུམ་པ་ཙམ་གྱི་སྒྲས་སེམས་གཙོ་བོ་ཉིད་དུ་བསྒྲུབ་པ་ནི།

རྩ་བར། དེ་ཉིད་རྒྱས་ལ་སངསརྒྱས་བསྙད་ཇི་བཞིན། །དེ་བཞིན་སེམས་ཙམ་གཙོར་གྱུར་འཇིག་རྟེན་ལ། །མདོ་ལས་སེམས་ཙམཞེས་གསུངས་གཟུགས་ནི་འདིར། །འགོག་པ་དེ་ལྟར་མདོ་ཡི་དོན་མ་ཡིན། །ཞེས་མདོ་ལས་ཁམསགསུམ་སེམས་ཙམ་མོ་ཞེས་པས་ཁམས་གསུམ་གྱི་བྱེད་པ་པོ་ལ་སེམས་གཙོ་བོར་གྱུར་པ་ཡིན་པརབཤད་པ་ཡིན་པས་ན་ཡང་ཕྱི་དོན་འགོག་པ་མ་ཡིན་ཏེ། དཔེར་ན་དེ༷་ཁོ་ན་ཉི༷ད་ལ་བློ་རྒྱ༷ས་པ་ལ༷་སང༷ས་རྒྱ༷ས་ཞེས་བཤད་པ་དང༌། ཚིག་སྔ་མ་སངས་ཞེས་པ་མི་མངོན་ཀྱང་དེ་ཉིད་ལ་བློ་རྒྱས་པ་ཞེས་པ་དེ་ལ་སངས་རྒྱས་ཞེས་བསྙ༷ད་པ་ཡོད་པ་ཇི༷་བཞིན་པ་དེ་བཞི༷ན་དུ། གཟུགས་སེམས་གཉིས་ཀྱི་ནང་ནས་སེ༷མས་ཙ༷མ་ཞིག་གཙོ༷་བོར་གྱུ༷ར་པ་ཡིན་ཞེས་སྟོན་པ་ལ་ཚིག་ཕྱི་མ་གཙོ་བོ་ཞེས་པ་མི་མངོན་པར་བྱས་ནས། འཇི༷ག་རྟེ༷ན་ལ༷་མདོ༷་ལ༷ས་ཁམས་གསུམ་ནི་སེ༷མས་ཙ༷མ་མོ་ཞེ༷ས་གསུ༷ངས་པ་ཡིན་གྱི་གཟུག༷ས་ནི༷་མདོ་ལས་སེམས་ཙམ་མོ་ཞེས་པའི་ཚིག་གིས་སྐབས་འདི༷ར་ཁམས་གསུམའགྲུབ་བྱེད་ཀྱི་གཙོ་བོ་ཡིན་པ་འགོག་གི་སེམས་ཙམ་ཞིག་ཁོ་ན་རང་བཞིན་གྱིས་གྲུབ་པ་ཡིན་གྱི་ཕྱི་རོལ་གྱི་གཟུགས་ནི་མེད་དོ་ཞེས་འགོ༷ག་པ༷་ཡིན་ནོ་ཞེས་དེ༷་ལྟ༷ར་མདོ༷་ཡི༷་དོ༷ན་མ༷་ཡི༷ན་ནོ། །རྩ་བར། གལ་ཏེ་འདི་དག་སེམས་ཙམ་ཞེས་མཁྱེན་ནས། །དེ་ལས་གཟུགས་ཉིད་དགག་པར་མཛདན་ནི། །སླར་ཡང་དེ་ལས་བདག་ཉིད་ཆེན་པོས་སེམས། །གཏི་མུག་ལས་ལས་སྐྱེས་པར་ཅི་ཕྱིར་གསུངས། །ཞེས་ས་བཅུ་པའི་མདོའི་དོན་འདི་ནི་ཁོ་བོ་ཅག་གིས་ཇི་སྐད་བཤད་པ་ལྟར་གདོད་མི་ཟ་བར་འདོད་དགོས་ཀྱི། མདོའི་དོན་དེ་ཁྱོད་ཀྱིས་བཤད་པ་ལྟར་ཡིན་ན་ནི། བཅོམ་ལྡན་འདས་ཀྱིས་ག༷ལ་ཏེ༷་ཁམས་གསུམ་པོ་འདི༷་ད༷ག་རང་བཞིན་གྱིས་གྲུབ་པའི་སེ༷མས་ཙ༷མ་ཡིན་ནོ་ཞེ༷ས་མཁྱེ༷ནན༷ས་ས་བཅུ་པའི་མདོ་དེ༷་ལ༷ས་ཕྱི་རོལ་གྱི་གཟུ༷གས་ཉི༷ད་དག༷ག་པ༷ར་མཛ༷ད་པ་ཡིན་ན༷་ནི༷། སླ༷ར་ཡ༷ང་ས་བཅུ་པའི་མདོ་དེ༷་ལ༷ས་བད༷ག་ཉི༷ད་ཆེ༷ན་པོ༷ས་མ་རིག་པའི་རྐྱེན་གྱིས་འདུ་བྱེད། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་ཤེས་ཞེས། རྣམ་པར་ཤེས་པའི་སེ༷མས་དེ་ནི་གཏི༷་མུ༷ག་མ་རིག་པ་དང་འདུ་བྱེད་ཀྱི་ལ༷ས་གཉིས་ལ༷ས་སྐྱེ༷ས་པ་ཡིན་པ༷ར་ཅི༷་ཡི་ཕྱི༷ར་གསུ༷ངས་རིགས་ཏེ་མི་རིགས་ཏེ། རང་འགྲེལ་ལས། འཕགས་པ་ས་བཅུ་པ་དེ་ཉིད་ལས། རྣམ་པར་ཤེས་པ་མ་རིག་པ་དང་འདུ་བྱེད་ཀྱི་རྒྱུ་ཅན་དུ་གསུངས་ཀྱི་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི་མ་ཡིན་ནོ། །གལ་ཏེ་རྣམ་པར་ཤེས་པ་རང་གི་བདག་ཉིད་ཀྱིས་གྲུབ་པར་གྱུར་ན་ནི་དེ་མ་རིག་པའམ་འདུ་བྱེད་ལ་མི་ལྟོས་པར་འགྱུར་བ་ཞིག་ན་ལྟོས་པ་ཡང་ཡིན་ནོ། །དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རྣམ་པར་ཤེས་པ་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ཁོ་ན་སྟེ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་ལ་སོགས་པ་ལྟར་ཕྱིན་ཅི་ལོག་གི་རྐྱེན་ཡོད་ན་ཡོད་པའི་ཕྱིར་ལ། དེ་ཁོ་ན་ལྟར་ཕྱིན་ཅི་ལོག་གི་རྐྱེན་མེད་ན་མེད་པའི་ཕྱིར་རོ་སྙམ་དུ་བསམས་པའོ། །ཇི་སྐད་དུ། དེ་ལྟར་བྱང་ཆུབ་སེམས་དཔའ་ལུགས་སུ་འབྱུང་བའི་རྣམ་པར་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་རབ་ཏུ་རྟོག་གོ། །དེ་འདི་སྙམ་དུ་སེམས་ཏེ། བདེན་པ་རྣམས་མི་ཤེས་པ་ནི་དོན་དམ་པར་མ་རིག་པའོ། །མ་རིག་པས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་ནི་འདུ་བྱེད་རྣམས་སོ། །འདུ་བྱེད་ལ་བརྟེན་པའི་སེམས་དང་པོ་ནི་རྣམ་པར་ཤེས་པའོ། །རྣམ་པར་ཤེས་པ་དང་ལྷན་ཅིག་སྐྱེས་པ་ལེན་པའི་ཕུང་པོ་བཞི་ནི་མིང་དང་གཟུགས་སོ། །མིང་དང་གཟུགས་རྣམ་པར་འཕེལ་བ་ནི་སྐྱེ་མཆེད་དྲུག་གོ། །དབང་པོ་དང་ཡུལ་དང་རྣམ་པར་ཤེས་པ་གསུམ་ཕྲད་པས་ཟག་པ་དང་བཅས་པ་ནི་རེག་པའོ། །རེག་པ་དང་ལྷན་ཅིག་སྐྱེས་པ་ནི་ཚོར་བའོ། །ཚོར་བ་ལ་ཆགས་པ་ནི་སྲེད་པའོ། །སྲེད་པ་རྣམ་པར་འཕེལ་བ་ནི་ལེན་པའོ། །ལེན་པ་ལས་བྱུང་བའི་ལས་ཟག་པ་དང་བཅས་པ་ནི་སྲིད་པའོ། །ལས་ཀྱི་རྒྱུ་མཐུན་པ་ནི་སྐྱེ་བ་སྟེ་ཕུང་པོ་རྣམས་འབྱུང་བའོ། །ཕུང་པོ་ཡོངས་སུ་སྨིན་པ་ནི་རྒ་བའོ། །རྒས་པའི་ཕུང་པོ་འཇིག་པ་ནི་འཆི་བའོ། །འཆི་ཞིང་འབྲལ་བའི་ཚེ་མྱོས་ཤིང་ཆགས་པ་དང་བཅས་པས་སེམས་ཡོངས་སུ་གདུང་བ་ནི་མྱ་ངན་ནོ། །མྱ་ངན་ལས་བྱུང་བའི་ཚིག་ཏུ་བརྗོད་པ་ནི་སྨྲེ་སྔགས་འདོན་པའོ། །ཞེས་སོགས་རྒྱས་པར་གསུངས་སོ། །

རྩ་བར། སེམས་ཉིད་ཀྱིས་ནི་སེམས་ཅན་འཇིག་རྟེན་དང༌། །སྣོད་ཀྱི་འཇིག་རྟེན་ཤིན་ཏུ་སྣ་ཚོགསའགོད། །འགྲོ་བ་མ་ལུས་ལས་ལས་སྐྱེས་པར་གསུངས། །སེམས་སྤངས་ནས་ནི་ལས་ཀྱང་ཡོད་མ་ཡིན། །ཞེས་འཇིག་རྟེན་བྱེད་པ་པོ་ལ་སེམས་གཙོ་བོ་ཡིན་ཏེ། སེ༷མས་ཉི༷ད་ཀྱི༷ས་ནི༷་སེ༷མས་ཅ༷ན་གྱི་འཇི༷ག་རྟེ༷ན་མི་འདྲ་བ་སྣ་ཚོགས་པ་ད༷ང༌། སྣོ༷ད་ཀྱི༷་འཇི༷ག་རྟེ༷ན་མི་འདྲ་བ་ཤི༷ན་ཏུ༷་སྣ༷་ཚོ༷གས་པ་འགོ༷ད་པ་སྟེ་བསྐྱེད་པའི་ཕྱིར་ཏེ། དེ་ལྟར་བཅོམ་ལྡན་འདས་ཀྱིས་སྣོད་བཅུད་ཀྱི་འགྲོ༷་བ༷་མ༷་ལུ༷ས་པ་ཐམས་ཅད་སེམས་ཀྱིས་བསགས་པའི་ལ༷ས་ལ༷ས་སྐྱེ༷ས་པ་ཡིན་པ༷ར་གསུ༷ངས་ཤིང༌། སེ༷མས་སྤ༷ངས་ན༷ས་ནི༷་ལ༷ས་ཀྱ༷ང་ཡོ༷ད་པ་མ༷་ཡི༷ན་པའི་ཕྱིར་ཏེ། རང་འགྲེལ་ལས། རྨ་བྱ་ལ་སོགས་པ་རྣམས་ཀྱི་མདོངས་ལ་སོགས་པ་སྣ་ཚོགས་པ་གང་ཡིན་པ་དེ་ནི་རྨ་བྱ་ལ་སོགས་པ་ཁོ་ནའི་ལས་ཐུན་མོང་མ་ཡིན་པས་བསྐྱེད་པའོ། །པདྨ་ལ་སོགས་པ་སྣ་ཚོགས་པ་ནི་སེམས་ཅན་ཐམས་ཅད་ཀྱི་ལས་ཐུན་མོང་བས་བསྐྱེད་པ་ཡིན་ཏེ། དེ་བཞིན་དུ་གཞན་ཡང་ཤེས་པར་བྱའོ། །ཇི་སྐད་དུ། སེམསཅན་ལས་ཀྱི་དབང་གིས་རི། །ནག་པོ་དུས་སུ་སྐྱེས་ཏེ་དཔེར། །སེམས་དམྱལ་མཐོ་རིས་འཇིག་རྟེན་དུ། །མཚོན་དང་རིན་ཆེན་ཤིང་བཞིན་ནོ། །ཞེས་གསུངས་སོ། །ཞེས་གསུངས་པའི་ཕྱིར་རོ། ། རྩ་བར། གལ་ཏེ་གཟུགས་ཡོད་མོད་ཀྱི་དེ་ལ་ནི། སེམས་བཞིན་བྱེད་པ་པོ་ཉིད་ཡོད་མ་ཡིན། །

གཟུགས་ནི་བེམས་པོ་ཡིན་ནོ་སྙམ་དུ་བསམས་པའོ། །དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། །ཞེས་གཟུགས་ནི་བེམས་པོ་ཡིན་ནོ་སྙམ་དུ་བསམས་པའོ། །དེས་ན་སེམས་ལས་གཞན་པའི་བྱེད་པ་པོ། །ས་བཅུ་པའི་མདོ་ལས། ཁམས་གསུམ་ནི་སེམས་ཙམ་མོ་ཞེས་པའི་མདོའི་དགོངས་པ་ལ། ག༷ལ་ཏེ༷་ཕྱི་རོལ་གྱི་གཟུ༷གས་ཡོ༷ད་པར་ནི་འདོད་མོ༷ད་ཀྱི༷། འོན་ཀྱང་གཟུགས་དེ༷་ལ༷་ནི༷་སེ༷མསབཞི༷ན་སྣོད་བཅུད་ཀྱི་བྱེ༷ད་པ༷་པོ༷་ཉི༷ད་ནི་ཡོ༷ད་པ་མ༷་ཡི༷ན་པའི་རྒྱུ་མཚན་དེ༷ས་ན༷་ཁམས་གསུམ་ནི་སེམས་ཙམ་མོ་ཞེས་པའི་ཙམ་སྒྲས་སེ༷མས་ལ༷ས་གཞ༷ན་པ༷འི་འཇིག་རྟེན་བྱེ༷ད་པ༷་པོ༷། །བཟློ༷ག་གི༷་སྟེ་བཀག་པ་ཡིན་གྱི་ཕྱི་རོལ་གྱི་གཟུ༷གས་ནི༷་བཀ༷ག་པ༷་མ༷་ཡི༷ན་ནོ༷། །རང་འགྲེལ་ལས། འདི་ན་ཁ་ཅིག་དག་གིས་ནི་གཙོ་བོ་ལ་སོགས་པ་རྣམས་བྱེད་པ་པོ་ཉིད་དུ་འདོད་ལ། ཁ་ཅིག་གིས་ནི་སེམསལ་འདོད་ཀྱི། གཟུགས་བྱེད་པ་པོ་ཉིད་མ་ཡིན་པ་ལ་ནི་རྩོད་པ་མེད་དོ། །དེའི་ཕྱིར་གཙོ་བོ་ལ་སོགས་པ་བྱེད་པ་པོ་ཉིད་དུ་དོགས་པར་བྱས་པ་དེའི་མཚན་ཉིད་མེད་པ་ཁོ་ན་བསལ་བའི་ཕྱིར། བྱེད་པ་པོ་ཉིད་དུ་ནུས་པར་མཐོང་བའི་སེམས་ཙམ་ཞིག་བྱེད་པ་པོར་བརྗོད་པ་ན་གཙོ་བོ་ལ་སོགསཔ་བྱེད་པ་པོ་ཉིད་ཡིན་པ་བསལ་ནས་རྩོད་པའི་གནས་ཀྱི་ཡུལ་གནོན་ནོ་ཞེས་བྱ་བར་རིགས་ཏེ།

ཡུལ་གཅིག་ལ་དབང་བྱེད་པར་འདོད་པའི་རྒྱལ་པོ་གཉིས་ཀྱི་ནང་ནས་དགྲ་ཟླ་གཅིག་བཏོན་ནསརང་གི་ཡུལ་འཐོབ་ཅིང་གཉི་ག་ལ་ཉེ་བར་མཁོ་བའི་ཕྱིར་སྐྱེ་བོ་ཕལ་པ་ལ་གནོད་པ་མེད་པ་ལྟརདེ་བཞིན་དུ། འདིར་ཡང་གཉི་ག་ལ་ཉེ་བར་མཁོ་བའི་ཕྱིར་གཟུགས་ལ་རྟག་ཏུ་གནོད་པ་མེད་པསགཟུགས་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་ངེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་ནི་ཕྱི་རོལ་དང་ནང་གི་སེམས་གཉིས་ཡོད་མེད་མཚུངས་པར་བསྟན་པ་ནི།

རྩབར། འཇིག་རྟེན་པ་ཡི་དེ་ཉིད་ལ་གནས་ལ། །ཕུང་པོ་འཇིག་རྟེན་གྲགས་ཏེ་ལྔ་ཆར་ཡོད། །དེ་ཉིད་ཡེ་ཤེས་འཆར་བར་འདོད་པ་ན། །རྣལ་འབྱོར་པ་ལ་དེ་ལྔ་འབྱུང་མི་འགྱུར། །ཞེས་འཇི༷ག་རྟེ༷ན་པ༷་ཡི༷་དེ༷་ཉི༷ད་དེ་ཕྱི་རོལ་གྱི་སྒྲ་སོགས་ཡོད་པ་དང་གཟུགས་དང་གཟུགས་འཛིན་རྫས་ཐ་དད་ཡིན་པ་དང་རྒྱུ་ལས་འབྲས་བུ་སྐྱེ་བ་སོགས་འཇིག་རྟེན་ན་ཇི་ལྟར་གྲགས་པའི་རྣམ་བཞག་ཐམས་ཅད་ཁས་བླངས་ཏེ་འཇིག་རྟེན་གྱི་རྣམ་བཞག་ལ༷་གན༷ས་པ་ལ༷་ནི། གཟུགས་ཀྱི་ཕུང་པོ་དང༌། ཚོར་བའི་ཕུ༷ང་པོ༷་ལ་སོགས་པ་འཇི༷ག་རྟེ༷ན་ན་གྲ༷གས་ཏེ་ནི་སྟེ་འཇིག་རྟེན་ན་གྲགས་པ་དེ་ལ་ནི་ཕྱི་རོལ་གྱི་གཟུགས་ཕུང་མེད་པ་མ་ཡིན་པར་ཕྱི་རོལ་གྱི་གཟུགས་ཕུང་དང་བཅས་པའི་ཕུང་པོ་ལྔ༷་ཆ༷ར་ཡོ༷ད་ལ། ཕུང་པོ་ལྔ་པོ་དེ་ཡང་སེམས་ཙམ་པ་ཁྱོད་ལྟར་རང་བཞིན་གྱིས་གྲུབ་ན་འཕགས་པའི་མཉམ་བཞག་གི་ངོར་ཡོད་དགོས་ཀྱང༌། དེ༷་ཁོ་ན་ཉི༷ད་མངོན་སུམ་དུ་རྟོགས་པའི་ཡེ༷་ཤེ༷ས་འཆ༷ར་བ༷ར་འདོ༷ད་པ༷་སྟེ་ཤར་བ་ན༷། རྣ༷ལ་འབྱོ༷ར་པ༷་མཉམ་བཞག་པ་དེ་ལ༷་དེའི་ངོར་ཕུང་པོ་དེ༷་ལྔ༷་འབྱུ༷ང་བར་མི༷་འགྱུ༷ར་བ་ཡིན་ནོ། །རྩ་བར། གཟུགས་མེད་ན་ནི་སེམས་ཡོད་མ་འཛིན་ཅིག །སེམས་ཡོད་ཉིད་ནའང་གཟུགས་མེད་མ་འཛིན་ཅིག །ཅེས་ཕྱི་རོལ་གྱི་གཟུ༷གས་མེ༷ད་པར་འདོད་ན༷་ནི༷་སེ༷མས་ཡོ༷ད་པར་མ༷་འཛི༷ན་ཅི༷ག ནང་གི་སེ༷མས་ཡོ༷ད་པར་འདོད་པ་ཉི༷ད་ཡིན་ན༷འ༷ང་ཕྱི་རོལ་གྱིགཟུ༷གས་མེ༷ད་པར་མ༷་འཛི༷ན་ཅི༷ག ཕྱི་རོལ་གྱི་གཟུགས་སོགས་ཡོད་ན་དེ་འཛིན་པའི་མིག་གི་རྣམ་ཤེས་སོགས་ཡོད་པ་དང༌། གཟུགས་འཛིན་པའི་སེམས་ཡོད་ན་ཕྱི་རོལ་གྱི་གཟུགས་སོགས་ཡོད་པར་འཛིན་ན་གྲགས་པ་ལྟར་གཉིས་ཀ་ཁས་བླངས་པར་བྱའོ། །རྩ་བར། དེ་དག་ཤེས་རབ་ཚུལ་མདོར་སངས་རྒྱས་ཀྱིས། །མཚུངས་པར་སྤངས་ཤིང་མངོན་པའི་ཆོས་ལས་གསུངས། །ཞེས་ཕྱི་རོལ་གྱི་གཟུགས་དང་ནང་གི་ཚོར་བ་ལ་སོགས་པའི་ཕུང་པོ་ལྔ་པོ་དེ༷་ད༷ག་ནི་ཤེ༷ས་ར༷བ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུ༷ལ་གྱི་མདོ༷ར་རབ་འབྱོར་གཟུགས་ནི་རང་བཞིན་གྱིས་སྟོང་ངོ། །ཞེས་སོགས་སང༷སརྒྱ༷ས་ཀྱི༷ས་ཕུང་པོ་ལྔ་ཆར་མཚུ༷ངས་པ༷ར་རང་བཞིན་གྱིས་གྲུབ་པ་སྤ༷ངས་པ་སྟེ་བཀག་ཤི༷ང༌། མངོ༷ནཔ༷འི་ཆོ༷ས་ལ༷ས་ཀྱང་ཕྱི་རོལ་གྱི་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཆར་ཡང་རང་སྤྱིའི་མཚན་ཉིདལ་སོགས་པའི་སྒོ་ནས་མཚུངས་པར་གསུ༷ངས་པའི་ཕྱིར་ཏེ། ཡུམ་གྱི་མདོར་ཕྱི་རོལ་གྱི་གཟུགསཡོད་པ་གཞིར་བཞག་ནས་དེ་དང་བཅས་པའི་ཕུང་པོ་ལྔ་ཆར་བདེན་མེད་དུ་གསུངས་ཀྱི་ཕྱི་རོལ་གྱི་གཟུགས་ཕུང་མེད་པར་མ་བཤད། མངོན་པར་ཡང་ཕྱི་རོལ་གྱི་གཟུགས་ཡོད་པ་གཞིར་བཞག་ནས་དེ་དང་བཅས་པའི་ཕུང་པོ་ལྔ་ཆར་རང་མཚན་གྱི་སྒོ་ནས་བཤད་ཀྱི་ཕྱི་རོལ་གྱི་གཟུགས་མེད་པར་མ་བཤད་པའི་ཕྱིར་རོ། །རྩ་བར། དེ་ཕྱིར་དེ་ལྟར་ལུང་དང་རིགས་པས་གྲུབ་པ་ཡི། །བདེན་གཉིས་རིམ་པ་འདི་དག་བཤིག་ནས་ཀྱང༌། །ཁྱོད་ཀྱི་རྫས་ནི་བཀག་པས་འགྲུབ་མི་འགྱུར། །

ཞེས་དེ་༷ཡི་ཕྱི༷ར་སེམས་ཙམ་པས་ནི་གོང་དུ་བཤད་པ་དེ༷་ལྟ༷ར་ཕྱི་རོལ་དང་སེམས་གཉིས་དོན་དམ་པར་མེད་མཉམ་དང་ཐ་སྙད་དུ་ཡོད་མཉམ་ཡིན་པར་ཡུམ་གྱི་མདོའི་ལུ༷ང་ད༷ང༌། རི༷གས་པ༷ས་ཀྱངགྲུ༷བ་ཟིན་པ༷་ཡི༷་ཕྱི་དོན་དང་སེམས་གཉིས་དོན་དམ་པར་མེད་པའི་དོན་དམ་བདེན་པ་དང་ཐ་སྙད་དུ་ཡོད་པའི་ཀུན་རྫོབ་ཀྱི་བདེ༷ན་པ་གཉི༷ས་ཀྱི་རི༷མ་པ༷་འདི༷་ད༷ག་བཤི༷ག་པར་འགྱུར་རོ། །དེ་ལྟར་བཤིག་ན༷ས་ཀྱ༷ང་སེམས་ཙམ་པ་ཁྱོད་ཀྱིས་གཟུགས་སོགས་ཕྱི་རོལ་ཏུ་མེད་ཀྱང་གཟུགས་སོགས་གང་གི་རྫས་སུ་ཤར་བའི་གཞི་གཞན་དབང་རྫས་སུ་གྲུབ་པ་ཞིག་གྲུབ་འདོད་པ་ཡིན་ཀྱང་ཁྱོ༷ད་ཀྱི༷་གཞན་དབང་རྫ༷ས་སུ་གྲུབ་པ་སྟེ་རང་བཞིན་གྱིས་གྲུབ་པ་དེ་ནི༷་སྔར་བདག་གིས་ཡང་ཡང་བཀ༷གཟིན་པ༷ས་དེ་ཡོད་པར་འགྲུ༷བ་པར་མི༷་འགྱུ༷ར་རོ། །རྩ་བར། དེ་ཕྱིར་དེ་ལྟའི་རིམ་པས་དངོས་གདོདནས། །དེ་ཉིད་མ་སྐྱེས་འཇིག་རྟེན་སྐྱེས་རིག་བྱ། །ཞེས་བདེན་གཉིས་ཀྱི་རིམ་པ་མི་འཇིག་པ་ལ་ཕྱི་ནང་གི་དངོས་པོ་རྣམས་དོན་དམ་པར་མེད་པ་དང་ཐ་སྙད་དུ་ཡོད་པར་འདོད་དགོས་པ་དེ༷འི་ཕྱི༷ར་ན་དེ་རྟོགས་པའི་ཐབས་སྔར་བཤད་པ་དེ༷་ལྟ༷འི་རི༷མ་པ༷ས་དངོ༷ས་པོ་རྣམས་གདོ༷ད་ན༷ས། དེ༷་ཁོ་ན་ཉི༷ད་དམ་བདེན་གྲུབ་ཏུ་མ༷་སྐྱེ༷ས་ཤིང༌། འཇི༷ག་རྟེ༷ན་གྱི་ཐ་སྙད་དུ་སྐྱེ༷ས་པ་ཡིན་པར་རི༷ག་པར་བྱ༷་བའོ། །འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། སྤྱིར་སེམས་ཙམ་པས་ཕྱི་རོལ་གྱི་གཟུགས་མི་འདོད་པ་ཡིན་གྱི་གཟུགས་ཁས་མི་ལེན་པ་ནི་མ་ཡིན་ཏེ། དེས་གཟུགས་སྒྲ་སོགས་སྐྱེ་མཆེད་བཅུ་གཉིས་འདོད་པའི་ཕྱིར། འདིར་ཕྱི་རོལ་གྱི་གཟུགས་མེད་ན་ཤེས་པའི་རྗས་སུ་གྲུབ་པའི་གཟུགས་ནི་བཏགས་དོན་བཙལ་ནས་བཞག་པའི་གཞི་མ་གྲུབ་པས་གཟུགས་སྒྲ་སོགས་འཛིནཔའི་ཤེས་པ་ཡང་མེད་དགོས་པ་དང༌། དེ་འཛིན་པའི་ཤེས་པ་ཡོད་ན་ཕྱི་རོལ་གྱི་གཟུགས་ཡོད་པལས་འོས་མེད་པས་ཕྱི་དོན་ཡང་ཡོད་པར་སྒྲུབ་པའོ། །ཞེས་གསུངས་སོ། །

གསུམ་པ་ལང་ཀར་གཤེགས་པ་ལས་སེམས་ཙམ་དུ་གསུངས་པའི་དགོངས་པ་བཤད་པ་ལ། ཕྱི་རོལ་མེད་པའི་སེམས་ཙམ་དུ་གསུངས་པ་དྲང་དོན་དུ་བསྟན་པ་དང༌། མདོའི་དྲང་ངེས་ཀྱི་དོན་རྟོགས་པའི་ཐབས་བསྟན་པ་དང་གཉིས། དང་པོ་ལ། དྲང་དོན་དུ་ལུང་གིས་བསྟན་པ་དང༌། རིགས་པས་བསྟན་པ་དང་གཉིས། དང་པོ་ལ་དངོས་ཀྱི་དོན་དང༌། དེ་འདྲ་བའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པ་དང་གཉིས། དང་པོ་ནི། སེམས་ཙམ་པ་ན་རེ། ས་བཅུ་པའི་མདོའི་དོན་དེ་ལྟར་ཡིན་དུ་ཆུག་ཀྱང༌། མདོ་གཞན་ལས་སེམས་སྣོད་བཅུད་ཀྱི་རྣམ་པར་སྣང་བ་ཡིན་པར་བཤདཔས་ཕྱི་རོལ་ཡོད་པ་མ་ཡིན་ཏེ། ལང་ཀར་གཤེགས་པ་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །སེམསནི་སྣ་ཚོགས་རྣམས་སུ་སྣང༌། །ལུས་དང་ལོངས་སྤྱོད་གནས་འདྲ་བ། །སེམས་ཙམ་དུ་ནི་ངས་བཤདདོ། །ཞེས་ཕྱི་རོལ་སྣང་བ་སྟེ་སེམས་ལས་ལོགས་ཤིག་ན་ཕྱི་རོལ་གྱི་ཆོས་སྣང་བ་རྣམས་ནི་ཡོད་པ་མིན་ཏེ། ནང་གི་སེམས་ཙམ་ནི་གཟུགས་སྒྲ་ལ་སོགས་པ་རྣམ་པ་སྣ་ཚོགས་སུ་སྣང་བ་ཡིན་ཏེ། སེམས་ཁོ་ན་ལུས་དང་ལོངས་སྤྱོད་ལ་སོགས་པའི་རྣམ་པར་སྣང་བ་ན་སེམས་ལས་ངོ་བོ་ཐ་དདཔའི་ཕྱི་རོལ་ལུས་ཏེ་མིག་སོགས་སྐྱེ་མཆེད་གཟུགས་ཅན་པ་དང༌། ལོངས་སྤྱོད་དེ་གཟུགས་སྒྲ་སོགས་ཡུལ་ལྔ་དང༌། གནས་ཏེ་ཕྱི་རོལ་གྱི་སྣོད་དང་འདྲ་བར་སྣང་བ་ཡིན་པས་ཁམས་གསུམ་གྱི་སྣོད་བཅུད་ཐམས་ཅད་སེམས་ཙམ་གྱི་བདག་ཉིད་ཡིན་པར་ངས་བཤད་ཅེས་པ་ཡིན་ཏེ། རང་འགྲེལ་ལས། དེ་ལ་ལུས་ནི་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་སོ། །ལོངས་སྤྱོད་ནི་གཟུགས་ལ་སོགས་པའི་ཡུལ་རྣམས་སོ། །གནས་ནི་སྣོད་ཀྱི་འཇིག་རྟེན་ནོ། །སེམས་ལས་ལོགས་ཤིག་ན་ཕྱི་རོལ་ཡོད་པ་མ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་ཙམ་ཞིག་ཁོ་ན་ལུས་དང་ལོངས་སྤྱོད་དང་གནས་སུ་སྣང་བ་སྐྱེ་བ་ན་ཡུལ་གྱི་དངོས་པོར་གནས་པ་ལུས་ལ་སོགས་པ་རྣམ་པར་ཤེས་པ་ལས་ཐ་དད་པར་ཕྱི་རོལ་ལྟ་བུར་མངོན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེའི་ཕྱིར་ཁམས་གསུམཔོ་ནི་སེམས་ཙམ་ཡིན་ནོ་ཞེ་ན། རྩ་བར། མདོ་སྡེ་གང་ལས་ཕྱི་རོལ་སྣང་ཡོད་མིན། །སེམས་ནིསྣ་ཚོགས་སྣང་ངོ་ཞེས་གསུངས་པ། །ཞེས་དེ་ལྟར་སྟོན་པའི་ལང་གཤེགས་ཀྱི་མདོ་དེས་ཕྱི་རོལམེད་པར་འགྲུབ་པ་མ་ཡིན་བཤད་པ་ལ། ལང་ཀར་གཤེགས་པའི་མདོ༷་སྡེ༷་ག༷ང་ལ༷ས་ཕྱི༷་རོ༷ལ་ཏུ་སྣ༷ང་བའི་གཟུགས་སོགས་ཡོ༷ད་པ་མི༷ན་ཏེ། ནང་གི་སེ༷མས་ནི༷་གཟུགས་སོགས་སྣོད་བཅུད་སྣ༷་ཚོ༷གས་སུ་སྣ༷ང་ངོ༷་སྟེ་སྣང་བ་ཡིན་ནོ་ཞེ༷ས་གསུ༷ངས་པ༷་དེའི་དགོས་པ་ནི། རྩ་བར། གཟུགས་ལ་ཤིན་ཏུ་ཆགས་གང་དེ་དག་ལ། །གཟུགས་བཟློག་པ་སྟེ་དེ་ཡང་དྲང་དོན་ཉིད། །ཅེས་སེམས་ཅན་གང་དག་གཟུ༷གས་ལ༷་ཤི༷ན་ཏུ༷་ཆ༷གས་པའི་རྒྱུ་ལས་གཟུགས་ལ་རྗེས་སུ་ཆགས་པ་དང༌། ཁྲོ་བ་དང་ང་རྒྱལ་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་དབང་དུ་གྱུར་ཏེ། ཉོན་མོངས་པའི་དམིགསཡུལ་ཕྱི་རོལ་གྱི་གཟུགས་ལ་བདེན་པར་ཞེན་པའི་སྒོ་ནས་སྡིག་པ་ཆེན་པོ་བསགས་ཤིང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་ལས་ཉམས་པར་གྱུར་པ་ག༷ང་ཡིན་པ་དེ༷་ད༷ག་ལ༷། བཅོམ་ལྡན་འདས་ཀྱིས་གཟུ༷གས་ལ་དམིགས་པའི་ཉོན་མོངས་སྐྱེ་བ་བཟློ༷ག་པའི་ཕྱིར་དུ། དཔེར་ན་ཆགས་ཅན་ལ་ཕྱི་རོལ་གྱི་ཡུལ་ལ་ཆགས་པ་འཇོམས་པའི་ཀེང་རུས་བསྟན་པ་ལྟར། སྣོད་བཅུདསེམས་ཀྱི་བདག་ཉིད་ཙམ་མ་ཡིན་ཀྱང་དེ་འདྲའི་སེམས་ཙམ་ཉིད་དུ་བསྟན་པ༷་སྟེ༷། ལང་གཤེགསལས། ཕྱི་རོལ་སྣང་བ་ཞེས་སོགས་ཀྱི་ལུང་དེ༷་ཡ༷ང་སྒྲ་ཇི་བཞིན་མིན་པའི་དྲ༷ངས་པའི་དོ༷ན་ཉི༷ད་ཡིནགྱི་ངེས་དོན་གྱི་མདོ་མ་ཡིན་པའི་ཕྱིར་རོ། །རྩ་བར། འདི་ནི་སྟོན་པས་དྲང་དོན་ཉིད་གསུངས་ཤིང༌། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །ཅེས་པ་ཡང་ལུང་འདི་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་ནི་མ་ཡིན་ནོ་ཞེས་བྱ་བ་དེ་ལྟར་གང་ལས་ངེས་ཤེ་ན། ལུང་དང་རིགས་པ་ལས་སོ། །དེ་ཉིད་སྟོན་པར་བྱེད་པ་ནི། ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་སོགསཕྱི་རོལ་མེད་པར་སེམས་ཙམ་མོ་ཞེས་གསུངས་པ་འདི༷་ནི༷་སྟོ༷ན་པ༷ས་ལང་གཤེགས་རང་ཉིད་ལསོགས་པའི་མདོ་དུ་མར་དྲ༷ང་དོ༷ན་ཉི༷ད་དུ་གསུ༷ངས་པས་ན་ལུང་ལས་ཀྱང་དྲང་དོན་ཡིན་པརཤེས་ཤི༷ང༌། ལང་གཤེགས་ཀྱི་ཕྱི་རོལ་སོགས་ཀྱི་མདོ་འདི༷་ནི༷་སྒྲ་ཇི་བཞིན་མིན་པའི་དྲ༷ང་དོ༷ན་གྱིམདོ་ཡིན་པ་ཉི༷ད་དུ༷་རི༷གས་པ༷ས་འཐ༷ད་པར་རིགས་པས་ཀྱང་འགྲུབ་པའི་ཕྱིར་རོ། །ལང་གཤེགསཀྱི་ཕྱི་རོལ་སྣང་བ་སོགས་ཀྱི་དོན་དེ་དཔལ་ལྡན་ཟླ་བས་སེམས་ཙམ་པས་བཤད་པ་ལྟར་ཙམསྒྲས་ཕྱི་དོན་འགོག་པ་དང༌། སློབ་དཔོན་ཆེན་པོ་ལེགས་ལྡན་གྱིས་མདོ་དེས་རང་མཚན་གྱི་ཤེསཔ་དེ་ཕྱི་རོལ་གྱི་གཟུགས་དང་གནས་དང་མིག་སོགས་ལུས་དང་འདྲ་བའི་རྣམ་པར་སྐྱེས་པ་ཡིན་གྱི་ཤེས་པ་ཡུལ་གྱི་རྣམ་པར་མ་སྐྱེས་པར་རྣམ་མེད་དུ་འཛིན་པ་མེད་པར་བསྟན་པ་ཡིན་པས་ཙམསྒྲས་ཕྱི་དོན་མི་འགོག་པར་བློས་ཡུལ་རྣམ་མེད་དུ་མཐོང་བ་འགོག་པར་བཤད་དོ། །

གཉིས་པ་དེ་དང་འདྲ་བའི་མདོ་གཞན་ཡང་དྲང་དོན་དུ་བསྟན་པ་ནི།

རྩ་བར། རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་ལང་གཤེགས་ལས། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་པའི་མདོ་དྲང་དོན་ཡིན་པར་ལང་གཤེགས་ལས་ཇི་ལྟར་ནད་པ་ཞེས་སོགས་ཀྱིས་བསྟན་པ་མ་ཟད་ཀྱི། ཕྱི་རོལ་སྣང་བ་ཡོད་མེད་དེ། །ཞེས་སོགས་ཀྱི་རྣ༷མ་པ༷་དེ༷་ལྟ༷འི་མདོ་དེ་དང་ཕྱོགས་མཐུན་པའི་སེམས་ཙམ་ཁོ་ནས་སྒྲ་ཇི་བཞིན་པའི་ངེས་དོན་དུ་ཁས་བླངས་པའི་མདོ་སྡེ་མཚན་ཉིད་གསུམ་ལ་ཁྱད་པར་ཕྱེ་ནས་སྟོན་པའི་དགོངས་འགྲེལ་གྱི་མདོ་དང༌། ལེན་པའི་རྣམ་པར་ཤེས་པ་ཞེས་སོགས་ལྟ་བུ་ཀུན་གཞི་སྟོན་པའི་མདོ་དང༌། ཕྱི་རོལ་སྣང་བ་ཞེས་སོགས་ལྟ་བུ་ཕྱི་རོལ་བཀག་ནས་སེམས་ཙམ་དུ་སྟོན་པའི་མདོ་དང༌། མཐར་ཐུག་ཐེགཔ་གསུམ་གྲུབ་ཏུ་སྟོན་པའི་མདོ་སྟེ་བརྗོད་དོན་མི་འདྲ་བ་བཞིའི་སྒོ་ནས་དབྱེ་བའི་མདོ་བཞི་དང༌། དེའི་ནང་གི་མཐར་ཐུག་ཐེག་པ་གསུམ་གྲུབ་ཏུ་སྟོན་ཚུལ་གྱི་ཁྱད་པར་རིགས་བདེན་གྲུབ་གསུམ་སོ་སོར་ཡོད་པར་སྟོན་པ་དང༌། དགྲ་བཅོམ་པ་ཚེ་འཕོས་ནས་སླར་མི་སྐྱེ་བར་སྟོན་པའི་མདོ་ལྟ་བུ། མདོ་སྔ་མ་བཞིའི་དོན་གྱི་ཁྱད་པར་རྣམས་ཕྱེ་ནས་སྟོན་པའི་མདོ༷་སྡེ༷་གཞ༷ན་དག་ཡ༷ང་ནི༷་སྒྲ་ཇི་བཞིནམིན་པའི་དྲ༷ང་དོ༷ན་ཉི༷ད་དུ༷་ལང་གཤེགས་ལས་ཇི་ལྟར་ནད་པ་ཞེས་སོགས་ཀྱི་ལུ༷ང་འདི༷ས་གས༷ལ་བ༷ར་བྱེ༷ད་དེ། ལང་གཤེགས་ལས། ཇི་ལྟར་ནད་པ་ན་བ་ལ། །ཞེས་སོགས་ཀྱི་མདོས་སེམས་ཙམ་དུ་སྟོན་པའི་མདོ་རྣམས་སོགས་སྒྲ་ཇི་བཞིན་མིན་པའི་མདོ་ཐམས་ཅད་དྲང་དོན་དུ་བསྟན་པ་ཡིན་ཞིང༌། དེ་ཡང་ཁྱད་པར་ཕྱེ་ན་ཇི་ལྟར་ནད་པ་སོགས་ཤོ་ལོ་ཀ་དང་པོས་ཕྱི་དོན་མེད་པའི་སེམས་ཙམདུ་སྟོན་པའི་མདོ་རྣམས་དྲང་དོན་དང༌། དེ་ནས་སྙིང་པོ་རྟག་བརྟན་སྟོན་པའི་མདོ་དྲང་དོན་དུའགྲེལ་བར་བྱེད་པ་ལ་ལང་གཤེགས་ལས། མདོ་སྡེ་ནི་སེམས་ཅན་གྱི་བསམ་པ་བཞིན་བསྟན་པདོན་འཁྲུལ་བ་ཡིན་ཏེ། ཞེས་སོགས་ཀྱི་མདོས་ཀུན་གཞི་སྟོན་པའི་མདོ་དྲང་དོན་དང༌། ལངགཤེགས་ལས། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་དང༌། ཞེས་སོགས་ཀྱི་མདོས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་ཀྱི་ཁྱད་པར་ཕྱེ་བའི་མདོ་དྲང་དོན་གྱི་མདོ་ཡིན་པར་གྲུབ་པའི་ཕྱིར། དང་པོ་གྲུབ་སྟེ། ལང་གཤེགས་ལས། ཇི་ལྟར་ནད་པ་ན་བ་ལ། །སྨན་པས་སྨན་རྣམས་སྟེར་བ་ལྟར། །སངས་རྒྱས་དེ་བཞིན་སེམས་ཅན་ལ། །སེམས་ཙམ་དུ་ཡང་རབ་ཏུ་གསུངས། །ཞེས་དཔེར་ན། རླུང་ནད་ཅན་དང་མཁྲིས་ནད་ཅན་སོགས་ནད་པ་སོ་སོ་ལ་སྨན་པས་སྨན་སྟེར་བ་ནི་སྨན་པའི་རང་དབང་གིས་ཇི་འདོད་དུ་སྟེར་བ་མ་ཡིན་གྱི་ནད་པའི་ནད་ཀྱི་ཚུལ་དང་བསྟུན་ནས་སྟེར་དགོས་པ་བཞིན་དུ་སངས་རྒྱས་ཀྱི་རང་ལུགས་ཀྱི་དབང་གིས་མ་ཡིན་པར་སེམས་ཅན་གྱི་མོས་པ་དང་མཐུན་པར་མདོ་དགོངས་འགྲེལ་སོགས་སུ་སེམས་ཙམ་དུ་ཡང་གསུངས་ཞེས་པ་འདིས་དངོས་པོའི་གནས་ཚོད་སྟོན་པ་མ་ཡིན་པར་སེམས་ཅན་གྱི་མོས་པའི་དབང་གིས་ཕྱི་དོན་མེད་པར་སྟོན་པའི་མདོ་སྡེ་ཐམས་ཅད་སྒྲ་ཇི་བཞིན་མིན་པའི་དྲང་དོན་དུ་བསྟན་པའི་ཕྱིར་རོ། །རྩ་རྟགས་གཉིས་པ་གྲུབ་སྟེ། ལང་གཤེགས་ལས། མདོ་སྡེ་དེ་ནི་སེམས་ཅན་ཐམས་ཅད་ཀྱི་བསམ་པ་བཞིན་བསྟན་པ་དོན་འཁྲུལ་བ་ཡིན་ཏེ། དེ་ནི་དེ་ཁོ་ན་རྣམ་པར་བཞག་པའི་གཏམ་མ་ཡིན་ནོ། །

བློ་གྲོས་ཆེན་པོ་འདི་ལྟ་སྟེ། དཔེར་ན་སྨིག་རྒྱུ་བ་ནི་རི་དྭགས་སླུ་བ་ཆུའི་དངོས་པོར་མངོན་པར་ཞེན་པར་བྱེད་དེ། དེ་ལ་ཆུ་མེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ་མདོ་སྡེ་བསྟན་པའི་ཆོས་ཐམས་ཅད་ཀྱང་བྱིས་པ་རྣམས་ཀྱི་རང་གི་རྣམ་པར་རྟོག་པ་མགུ་བར་བྱ་བ་ཡིན་ཏེ། དེ་ནི་འཕགས་པའི་ཡེ་ཤེས་རྣམ་པར་འགོད་པའི་གཏམ་ནི་མ་ཡིན་ནོ། །དེ་བས་ན་བློ་གྲོས་ཆེན་པོ་ཁྱོད་ཀྱིས་དོན་གྱི་རྗེས་སུ་འབྲང་བར་བྱ་ཡི་བསྟན་པ་བརྗོད་པ་ལ་ཆགས་པར་མི་བྱའོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བློ་གྲོས་ཆེན་པོས་བཅོམ་ལྡན་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ། ཐོག་མ་མེད་པ་ནས་རྣམ་པར་དག་པ་མཚན་སོ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་ཡོད་པར་བརྗོད་དེ། ནོར་བུ་རིན་པོ་ཆེ་གོས་དྲི་མ་ཅན་གྱིས་དཀྲིས་པ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་ཀྱི་གོས་ཀྱིས་དཀྲིས་ཞིང་དྲི་མ་ཅན་དུ་གྱུར་པ་རྟག་བརྟན་ཐེར་ཟུག་ཏུ་ཡོད་པར་བརྗོད་ན། དེ་བཞིན་དུ་བཅོམ་ལྡན་འདས་ཀྱིས་མདོ་བརྗོད་པ་ལས་དེ་བཞིན་གཤེགས་པའི་སྙིང་པོ་གསུངས་པ་དེ་བཅོམ་ལྡན་འདས་ཀྱིས་རང་བཞིན་གྱིས་འོད་གསལ་བ་རྣམ་པར་དག་པས་ཐོག་མ་ནས་རྣམ་པར་དག་པ་ཉིད་མཚན་སུམ་ཅུ་རྩ་གཉིས་དང་ལྡན་པ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ནང་ན་མཆིས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་རིན་པོ་ཆེ་རིན་ཐང་ཆེན་པོ་གོས་དྲི་མ་ཅན་གྱིས་ཡོངས་སུ་དཀྲིས་པ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་གོས་ཀྱིས་ཡོངས་སུ་དཀྲིས་པ། འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གིས་ཟིལ་གྱིས་གནོན་པ། ཡོངས་སུ་རྟོག་པའི་དྲི་མས་དྲི་མ་ཅན་དུ་གྱུར་པ། རྟག་པ་བརྟན་པ་ཐེར་ཟུག་པར་མི་བརྗོད་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་སྙིང་པོར་སྨྲ་བ་འདི་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བ་དང་ཇི་ལྟར་འདྲ་བ་མ་ལགས། བཅོམ་ལྡན་འདས་མུ་སྟེགས་བྱེད་རྣམས་ཀྱང་རྟག་པ་བྱེད་པ་པོ་མ་ཡིན་པ་ཡོན་ཏནམེད་པ་ཁྱབ་པ་མི་འཇིག་པའོ་ཞེས་བདག་ཏུ་སྨྲ་བ་སྟོན་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བློ་གྲོས་ཆེན་པོ་ངས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་ཅན་གྱི་བདག་ཏུ་སྨྲ་བ་དང་མཚུངས་པ་མ་ཡིན་ཏེ། བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། སྟོང་པ་ཉིད་དང༌། ཡང་དག་པའི་མཐའ་དང༌། མྱ་ངན་ལས་འདས་པ་དང༌། མ་སྐྱེས་པ་དང༌། མཚན་མ་མེད་པ་དང༌། སྨོན་པ་མེད་པ་ལ་སོགས་པའི་ཚིག་གི་དོན་རྣམས་ལ་དེ་བཞིན་གཤེགས་པའི་སྙིང་པོར་བསྟན་པ་བྱས་ནས། བྱིས་པ་རྣམས་བདག་མེད་པས་འཇིགས་པར་འགྱུར་བའི་གནས་རྣམ་པར་སྤང་བར་བྱ་བའི་དོན་དུ་དེ་བཞིན་གཤེགས་པའི་སྙིང་པོའི་སྒོ་བསྟན་པ་རྣམ་པར་མི་རྟོག་པའི་གནས་སྣང་བ་མེད་པའི་སྤྱོད་ཡུལ་སྟོན་ཏེ། བློ་གྲོས་ཆེན་པོ་མ་འོངས་པ་དང་ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ཀྱིས་བདག་ལ་མངོན་པར་ཞེན་པར་མི་བྱའོ། །བློ་གྲོས་ཆེན་པོ་དཔེར་ན་རྫ་མཁན་ནི་འཇིམ་པའི་རྡུལ་གྱི་ཕུང་པོ་གཅིག་ལས་ལག་པ་དང་བཟོ་དང༌། ལག་གཟུངས་དང་ཆུ་དང་སྲད་བུ་དང་ནན་ཏན་དང་ལྡན་པ་ལས་སྣོད་རྣམ་པ་སྣ་ཚོགས་བྱེད་དོ། །བློ་གྲོས་ཆེན་པོ་དེ་བཞིན་དུ། དེ་བཞིན་གཤེགས་པ་རྣམས་ཀྱང་ཆོས་ལ་བདག་མེད་པ་རྣམ་པར་རྟོག་པའི་མཚན་ཉིད་ཐམས་ཅད་རྣམ་པར་ལོག་པ་དེ་ཉིད་ཤེས་རབ་དང་ཐབས་ལ་མཁས་པ་དང་ལྡན་པ་རྣམ་པ་སྣ་ཚོགས་ཀྱིས་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པའམ་བདག་མེད་པར་བསྟན་པས་ཀྱང་རུང་སྟེ། རྫ་མཁན་བཞིན་དུ་ཚིག་དང་ཡི་གེའི་རྣམ་གྲངས་རྣམ་པ་སྣ་ཚོགས་ཀྱིས་སྟོན་ཏོ། །དེ་ལྟར་དེའི་ཕྱིར་བློ་གྲོས་ཆེན་པོ་དེ་བཞིན་གཤེགས་པའི་སྙིང་པོ་བསྟན་པ་ནི་མུ་སྟེགས་བྱེད་ཀྱི་བདག་ཏུ་སྨྲ་བའི་བསྟན་པ་དང་མི་འདྲའོ། །བློ་གྲོས་ཆེན་པོ་དེ་ལྟར་དེ་བཞིན་གཤེགས་པ་རྣམས་ཀྱིས་མུ་སྟེགས་བྱེད་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས་དྲང་བའི་ཕྱིར་དེ་བཞིན་གཤེགསཔའི་སྙིང་པོ་བསྟན་པས་དེ་བཞིན་གཤེགས་པའི་སྙིང་པོ་སྟོན་ཏེ། ཡང་དག་པའི་བདག་ཏུ་རྣམ་པར་རྟོག་པའི་ལྟ་བར་རྣམ་པར་ལྷུང་བའི་བསམ་པ་ཅན་དག་རྣམ་པར་ཐར་པ་གསུམ་གྱི་སྤྱོདཡུལ་ལ་གནས་པའི་བསམ་པ་དང་ལྡན་ཞིང་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་ཇི་ལྟར་འགྱུར་ཞེས་ཏེ་ཞེས་བྱ་བ་དང༌། ཡང་དེ་ཉིད་ལས། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་དང་མི་གཉིས་པ་དང་རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་ཆུད་པ་འདི་ཞེས་བསྟན་ཏོ། །ཞེས་གསུངསཔས་ལུང་དེས་སྙིང་བོ་རྟག་བརྟན་བསྟན་པའི་མདོ་དྲང་དོན་དུ་བཤད་པ་གང་ཞིག་ལུང་དེས་སྙིང་པོ་རྟག་བརྟན་དྲང་དོན་དུ་འགྲུབ་ན་ཀུན་གཞི་ཡང་དྲང་དོན་དུ་འགྲུབ་པའི་ཕྱིར་ཏེ། སྙིང་པོ་རྟག་བརྟན་བསྟན་པའི་དགོངས་གཞི་ཆོས་ཉིད་ལ་དགོངས་པ་གོང་དུ་བཤད་ཟིན་པ་དང༌། རྒྱན་སྡུག་པོ་བཀོད་པ་ལས། ས་རྣམས་སྣ་ཚོགས་ཀུན་གཞི་སྟེ། །བདེ་གཤེགས་སྙིང་བོ་དགེ་བའང་དེ། །

སྙིང་བོ་དེ་ལ་ཀུན་གཞིའི་སྒྲས། །དེ་བཞིན་གཤེགས་རྣམས་སྟོན་པར་མཛད། །སྙིང་བོ་ཀུན་གཞིརབསྒྲགས་པ་ཡང༌། །བློ་ཞན་རྣམས་ཀྱིས་མི་ཤེས་སོ། །ཞེས་དང༌། ལང་གཤེགས་ལས་ཀྱང༌། དེབཞིན་གཤེགས་པའི་སྙིང་བོ་ལ་ཀུན་གཞིའི་རྣམ་པར་ཤེས་པར་བསྒྲགས་པ། རྣམ་པར་ཤེས་པབདུན་དང་བཅས་པ། ཞེས་མདོ་གཉིས་ལས་ཀུན་གཞིའི་རྣམ་ཤེས་དང༌། དེ་བཞིན་གཤེགསཔའི་སྙིང་བོ་གཉིས་མིང་གི་རྣམ་གྲངས་སུ་གསུངས་པའི་ཕྱིར་རོ། །རྩ་བའི་རྟགས་གསུམ་པ་གྲུབསྟེ། ལང་གཤེགས་ལས། བློ་གྲོས་ཆེན་པོ་སྟོང་པ་ཉིད་དང་མི་སྐྱེ་བ་དང་མི་གཉིས་པ་དང་རང་བཞིན་མེད་པའི་མཚན་ཉིད་སངས་རྒྱས་ཐམས་ཅད་ཀྱི་མདོ་སྡེའི་ནང་དུ་ཆུད་པ་འདི་ནི་མདོ་སྡེ་གང་དུ་ཡང་སྟེ། དེ་དག་ཏུ་དོན་འདི་ཉིད་ཁོང་དུ་ཆུད་པར་བྱའོ། །ཞེས་པས་མཚན་ཉིད་དང་པོ་གཉིས་ལ་རང་གི་མཚན་ཉིད་ཀྱིས་གྲུབ་མ་གྲུབ་ཕྱེ་བར་སྟོན་པའི་མདོ་དྲང་དོན་དུ་བསྟན་པའི་ཕྱིར་དང༌། ཆོས་རྣམས་བདེན་མེད་དུ་བསྟན་པ་འདིས་མཐར་ཐུག་ཐེག་པ་གསུམ་ཡོད་པ་ཡང་ཁེགས་པའི་ཕྱིར་རོ། །དེ་ལྟར་འཆད་ཚུལ་དེ་རྣམ་བཤད་དགོངས་པ་རབ་གསལ་དང་འཇུག་ཊཱིཀ་རབ་གསལ་སྣང་བ་སོགས་ལྟར་ཡིན་ནོ། །རྗེའི་དགོངས་པ་རབ་གསལ་ལས། དེས་ན་རྩ་བར་དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་པའི་ལུང་ལ་གསུམ་ལས། ཕྱི་རོལ་བཀག་པའི་སེམས་ཙམ་དྲང་དོན་དུ་སྟོན་པ་ནི་ཇི་ལྟར་ནད་པ་ཞེས་པ་བཞིའོ། །ཞེས་པ་དང་གོངདུ་དྲང་དོན་སྟོན་བྱེད་ཀྱི་མདོ་སོ་སོར་བཤད་པ་འགལ་བ་མེད་ཚུལ་དང་རང་འགྲེལ་གྱི་ལུང་དེ་དགབཀོད་ཚུལ་གྱི་གོ་རིམ་དང་མི་འགལ་བ་ལ་དཔྱད་པར་ཞུ། རང་འགྲེལ་གྱི་སྒྲས་ཟིན་ལྟར་ན་ཇི་ལྟར་ནད་པ་ན་བ་ལ། །ཞེས་པའི་ལུང་འདིས་སེམས་ཙམ་སྟོན་པའི་མདོ་དང་དགོངས་འགྲེལ་གྱི་མཚན་ཉིད་གསུམ་བསྟན་པ་ལས་དང་པོ་གཉིས་པའི་མདོ་དང༌། ཀུན་གཞི་བསྟན་པའི་མདོ་གསུམ་དྲང་དོན་ཡིན་པར་བཤད་ནས་དེ་ནས་བཅོམ་ལྡན་འདས་ཀྱི་མདོ་བརྗོད་པ་ལས། ཞེས་སོགས་ཀྱིས་སྙིང་པོ་རྟག་བརྟན་བསྟན་པའི་མདོ་དྲང་དོན་དུ་བཤད་དོ། །སྐབས་འདིར་ལང་གཤེགས་ཀྱི་ལུང་དག་བཀོད་ནས་མཇུག་ཏུ་རང་འགྲེལ་ལས། དེའི་ཕྱིར་དེ་ལྟར་ན་རྣམ་པ་དེ་ལྟ་བུའི་མདོ་སྡེ་རྣམ་པར་ཤེས་པར་སྨྲ་བ་རྣམས་ཀྱིས་ངེས་པའི་དོན་ཉིད་དུ་ཁས་བླངས་པ་ཐམས་ཅད་དྲང་བའི་དོན་ཉིད་ཡིན་པར་ལུང་འདིས་མངོན་པར་གསལ་བར་བྱས་ནས། ཞེས་གསུངས་པས་སྙིང་པོ་རྟག་བརྟན་བསྟན་པའི་མདོ་རྣམ་རིག་པས་ངེས་པའི་དོན་དུ་འདོད་གསུངས་ལྟར་ཡིན་མིན་དང༌། དེར་རྣམ་རིག་པས་ངེས་དོན་དུ་འདོད་རྒྱུའི་མདོ་ལ་སྙིང་པོ་རྟག་བརྟན་བསྟན་པའི་མདོ་མི་འཇོག་ན་རང་འགྲེལ་དུ་སྙིང་པོ་རྟག་བརྟན་བསྟན་པའི་མདོ་སོགས་རིམ་བཞིན་དུ་བཀོད་ནས་མཇུག་ཏུ་རྣམ་རིག་པས་ངེས་དོན་གྱི་མདོར་འདོད་གསུངས་པ་འབྲེལ་མེད་དུ་འགྱུར་བའི་ཕྱིར་ཟེར་ན། འཇུག་ཊཱིཀ་རབ་གསལ་སྣང་རྒྱན་ལས། སེམས་ཙམ་པས་ངེས་དོན་དུ་འདོད་པའི་མདོ་ནི་ཁྱབ་ཆུང་ཞིང༌། དེ་ལས་ལུང་འདིས་དྲང་དོན་དུ་བཤད་རྒྱུའི་མདོ་ཁྱབ་ཆེ་བ་ཡིན་ཀྱང༌།

ཞེས་པ་ནས། སེམས་ཅན་ཐམས་ཅད་ལ་མཚན་དཔེ་གསལ་རྫོགས་ཀྱི་བདེན་གྲུབ་ཡོད་པར་སྟོན་པའི་མདོ་དེ་སེམས་ཙམ་པས་ཀྱང་དྲང་དོན་དུ་འདོད་ལ། སྐབས་འདིར་ཡང་ལང་གཤེགས་ལས་བྱུང་བའི་མཚན་དཔེ་གསལ་རྫོགས་ཀྱི་བདེན་གྲུབ་ཡོད་པར་སྟོན་པའི་མདོ་ཚིག་ལ་སོགས་པའི་སྙིང་པོ་རྟག་བརྟན་སྟོན་པའི་མདོ་དེ། ལང་གཤེགས་རང་ཉིད་ཀྱིས་སྒྲ་ཇི་བཞིན་མ་ཡིན་པའི་དྲང་དོན་དུ་བཤད་པར་འདོད། ཅེས་དང༌། མཚན་དཔེ་ཅན་གྱི་བདེ་གཤེགས་སྙིང་པོ་དང་ཀུན་གཞི་དེ་གཉིས་སྟོན་པའི་མདོ་ལས། རྟག་མི་རྟག་སོ་སོར་བཤད། ཅེས་གསུངས་སོ། །གཞན་སྟོངརང་ལུགས་ལ་རྒྱ་བོད་དུ་རྣམ་རིག་སྨྲ་བའི་དབུ་མ་པ་དང་སེམས་ཙམ་པ་འདྲ་འདྲེས་སུ་བྱུང་བར་རྗེ་བཙུན་ཏཱ་ར་ནཱ་ཐས་གསུངས་པ་བཞིན་འཇུག་འགྲེལ་དུ་རྣམ་པར་ཤེས་པ་སྨྲ་བ་བརྗོད་ཚད་སེམས་ཙམ་པ་ཡིན་དགོས་པའི་ངེས་པ་མེད་དམ་སྙམ། འོན་ཀྱང་ཟླ་བ་གྲགས་པ་རང་གི་ལུགས་ལ་སྙིང་པོ་རྟག་བརྟན་བསྟན་པའི་མདོ་རྣམ་རིག་པའི་ལུགས་ལ་ངེས་དོན་ཡིན་ན་སེམས་ཅན་གྱི་རྒྱུད་ལ་མཚན་དཔེ་རྒྱན་པའི་སྐུ་ཡོད་པར་འདོད་མཁན་གྱི་སེམས་ཙམ་པ་ཡོད་པའི་ཁུངས་ཡོད་མེད་དང༌། མདོ་དེ་ཐེག་ཆེན་གྱི་མདོ་ཡིན་ན་དེའི་ཆེད་དུ་བྱ་བའི་གདུལ་བྱ་ལ་མུ་སྟེགས་པ་མེད་དགོས་པས་མུ་སྟེགས་པའི་བདག་ལྟ་ལ་མངོན་པར་ཞེན་པ་རྣམས་དྲངས་ཚུལ་དང༌། མདོ་དེའི་ཆེད་དུ་བྱ་བའི་གདུལ་བྱ་དབུ་སེམས་གང་ཡིན་དང༌། དེའི་སྒྲས་ཟིན་ཁས་ལེན་པའི་དབུ་སེམས་ཡོད་མེད་གང་ཡིན་དང༌། གལ་ཏེ་ཡོད་ན་དབུ་མ་པ་ཞིག་ཡོད་དགོས། དེ་དགོས་ན་གཞན་སྟོང་དབུ་མ་པ་ལས་འོས་མེད་དོ། །བོད་ཀྱི་ཆོས་བརྒྱུད་ཀྱི་ནང་ན་འཇུག་པ་རྩ་འགྲེལ་ཁས་བླངས་ནས། སྙིང་པོ་རྟག་བརྟན་བསྟན་པའི་མདོ་དྲང་དོན་དུ་འདོད་པ་སོགས་དཔལ་ལྡན་ཟླ་བ་གྲགས་པའི་གསུངས་པ་བཞིན་ཁས་ལེན་བཞིན་དུ་སེམས་རྒྱུད་ཀྱི་ཆོས་ཉིད་འོད་གསལ་བ་སངས་རྒྱས་དང་ཆོས་སྐུ་སོགས་འདོད་པ་ལ་འགལ་བ་མེད་ཚུལ་ཇི་ལྟར་ཡིན་གཟུར་གནས་བློས་འཚོལ་དགོས་སོ། །གཞན་ཡང་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་གྱུར་བའི་བོད་ན་འགྱུར་བའི་བདེགཤེགས་སྙིང་པོ་མདོ་༼ཟ་པོད༽ལས། སྡེ་དགེའི་བཀའ་འགྱུར་དུ་བཞུགས་པའི་དེ་བཞིན་གཤེགསཔའི་སྙིང་པོའི་མདོ་ལས། རིགས་ཀྱི་བུ་དག་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་དེ་བཞིན་གཤེགས་པའི་མིག་གིས་སེམས་ཅན་ཐམས་ཅད་འཇིམ་པའི་གཟུགས་ལྟ་བུ་ཡིན་ལ། ཕྱི་རོལ་གྱི་ཉོན་མོངས་པ་དང༌། ཉེ་བའི་ཉོན་མོངས་པའི་སྦུབས་ཀྱི་ནང་གི་སྦུ་གུ་སངས་རྒྱས་ཀྱི་ཆོས་ཀྱིས་གང་སྟེ། ཟག་པ་མེད་པའི་ཡེ་ཤེས་རིན་པོ་ཆེའི་ནང་ན་དེ་བཞིན་གཤེགས་པ་མཛེས་པར་འདུག་པ་མཐོང་ངོ༌། །ཞེས་དང༌། དེ་ཉིད་ལས། རིགས་ཀྱི་བུ་དག་དེ་ལྟར་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱང་དེ་བཞིན་གཤེགས་པའི་མིག་ཤིན་ཏུ་ཡོངསསུ་དག་པས་སེམས་ཅན་ཐམས་ཅད་དེ་ལྟ་བུར་མཐོང་ནས་དེ་བཞིན་གཤེགས་པའི་ཡེ་ཤེས་དང༌། སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པའི་མཛོད་ཡོངས་སུ་སྦྱང་བའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ལ་ཆོས་སྟོན་ཏོ། །ཞེས་རྒྱུད་བླ་མའི་བཤད་བྱ་རྩ་བའི་མདོ་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་དེ་དང་སྐབས་འདིར་འཇུག་པར་དྲང་དོན་དུ་འགྲེལ་བའི་བདེ་གཤེགས་སྙིང་པོ་སྟོན་པའི་མདོ་གཉིས་འདྲའམ་མི་འདྲ། དང་པོ་ལྟར་ན་གཅིག་ཤོས་ངེས་དོན་གྱི་མདོ་ཡིན་པར་གྲུབ་ན་གཅིག་ཤོས་ངེས་དོན་གྱི་མདོ་ཡིན་པར་གྲུབ་པའོ། །གཉིས་པ་ལྟར་ན་དེ་གཉིས་མི་འདྲ་བའི་ཁུངས་དང༌། དེ་གཉིས་ཀས་སྒྲས་ཟིན་ལ་སེམས་ཅན་གྱི་རྒྱུད་ལ་སངས་རྒྱས་ཀྱི་ཡེ་ཤེས་དང་སྟོབས་བཅུ་སོགས་ཡོད་པར་བསྟན་པ་སོགས་མཚུངས་ལ། མཚན་བཟང་གིས་བརྒྱན་པར་འགྱུར་མཛད་དམ་སྒྲས་ཟིན་ལ་མི་འདྲ་བ་ན་ཡང་སངས་རྒྱས་ཀྱི་ཡེ་ཤེས་དང་སྟོབས་བཅུ་སོགས་ལྡན་པར་གསུངས་ལ། སྟོབས་བཅུ་སོགས་ལྡན་ན་མཚན་བཟང་གིས་བརྒྱན་པར་གསུངས་པ་དང་འདྲ་ལ། རྟག་བརྟན་ཐེར་ཟུག་སྒྲས་ཟིན་གསུངས་མ་གསུངས་ཁྱད་ཡོད་ཟེར་ན་རྟག་བརྟན་ཐེར་ཟུག་ནི་མདོར་བསྡུས་ན་རྟག་པའི་དོན་ཡིན་པས་རང་སྡེ་དབུ་མ་པཀུན་གྱིས་ཆོས་ཉིད་རྟག་པར་འདོད་དགོས་སོ། །དེས་ན་གཅིག་ངེས་དོན་ལ་གཅིག་མ་ཡིན་པའིརྒྱུ་མཚན་སྤུ་རྩེ་ཙམ་མེད་པའི་ཕྱིར་ཞེ་ན་དཔྱད་པར་ཞུའོ། །མདོ་དེ་གཉིས་གོང་དུ་བཀོད་ཟིན་པལྟར་ཡིན་པས་འགྱུར་མཛད་ཀྱི་དབང་གིས་ཚིག་ཅུང་མི་འདྲ་བ་སྲིད་ན་ཡང་སྒྲས་ཟིན་གྱི་དོན་ལཁྱད་མ་དམིགས་པས་སོ། །ཀུན་གཞི་རྣམ་ཤེས་སྟོན་པའི་མདོ་དྲང་དོན་ཡིན་པར་སྐབས་འདིར་གསུངས་ལ། གོང་དུ་འཇུག་འགྲེལ་བཀོད་པ་ལྟར་སྟོང་བ་ཉིད་ལ་ཀུན་གཞིའི་སྒྲས་བསྟན་པར་གསུངས་པས་སྟོང་ཉིད་ལ་དགོངས་ནས་ཀུན་གཞི་ཞེས་གསུངས་པ་སོགས་ཀྱི་དཔལ་ལྡན་ཟླ་བས་འཇུག་པ་རྩོམ་དུས་ཀུན་གཞི་རྣམ་ཤེས་མི་བཞེད་ལ། ཕྱིས་སུ་སྔགས་བཤད་སྐབས་ཀུན་གཞི་འདོད་པ་འདྲ་སྟེ། བདེ་མཆོག་བསྟོད་འགྲེལ་ལས། ཟླ་བས་འཇུག་འགྲེལ་ལས་ནི། འཕགསཔ་ལང་ཀར་གཤེགས་པ་ལ་སོགས་པ་རྣམས་ལས་ཀུན་གཞི་རྣམ་པར་ཤེས་པ་ཆོས་མཐའ་ཡས་པ་ནུས་པའི་ཁྱད་པར་གྱི་གཞི་ས་བོན་ཐམས་ཅད་རླབས་རྣམས་ལ་རྒྱ་མཚོ་ལྟར་དངོས་པོ་ཐམསཅད་སྐྱེ་བའི་རྒྱུར་གསུངས་པ་གང་ཡིན་དེ་ཅི། རྣམ་པ་ཐམས་ཅད་དུ་མེད་པ་ཞིག་གམ་ཞེ་ན། དེ་ལྟར་ནི་མ་ཡིན་ཏེ་ཞེས་གསུངས་པས། ཐལ་འགྱུར་བའི་ལུགས་ལ་ཀུན་གཞི་གཞི་མ་གྲུབ་པར་འདོད་པ་ཡང་བསལ་ལ། གལ་ཏེ་དབུ་མ་ཐལ་འགྱུར་བ་དང༌། རྒྱུད་བླ་མ་ལྟ་བ་གཅིག་པར་སྨྲ་བ་རྣམས་ཀྱིས་ནི། ལུས་ཅན་ལ་ཡོད་ཟག་པ་མེད་པའི་ཤེས་པ་སྦྲང་མའི་རྩི་དང་འདྲ། ཞེས་བདེ་གཤེགསསྙིང་པོ་དེ་ཤེས་པ་ཟག་མེད་དུ་བཤད་པ་འདི་བསམ་དགོས་སོ། །ཞེས་གསུངས་པ་ནི་དགོངས་གཞི་གཏན་མེད་མ་ཡིན་པར་གསུངས་པ་ལས་ཟླ་བས་འཇུག་པ་རྩོམ་དུས་སུ་ཀུན་གཞི་བཞེད་པ་མ་ཡིན་ནོ། །དེ་བཞིན་དུ་དབུ་མ་ཆོས་ཀྱི་དབྱིངས་སུ་བསྟོད་པའི་རྣམ་པར་བཤད་པ་སྙིང་པོ་གསལ་བ་ལས། སློབ་དཔོན་ཟླ་བ་གྲགས་པ་ཀུན་གཞིའི་རྣམ་ཤེས་མི་བཞེད་དོ་ཞེས་གྲགས་སྟེ། རྣམ་རིག་པ་འདོད་པ་ལྟར་གྱི་རྣམ་ཤེས་བདེན་དངོས་མི་བཞེད་པ་ཡིན་གྱི། ཀུན་གཞིའི་རྣམ་ཤེས་གཏན་མེད་པར་བཞེད་པ་ནི་མ་ཡིན་ཏེ། གསང་བ་འདུས་པའི་ལྷ་གཙོ་བོ་ཡབ་ཡུམ་གྱི་འཁོར་གྱི་དཀྱིལ་འཁོར་གྱི་ལྷ་ཕྱི་རོལ་ཏུ་སྤྲོ་བ་ན་བྱང་སེམས་བརྒྱད་སྤྲོས་སེམས་ཅན་རྣམས་ཀྱི་རྣམ་ཤེས་ཚོགས་བརྒྱད་སྦྱངས་མངོན་ཤེས་བརྒྱད་ལ་འགོད་པར་མཛད་པའི་ནང་ནས། བྱམས་པ་སྤྲོས་སེམས་ཅན་རྣམས་ཀྱི་རྩ་རྒྱུས་དང༌། ཉོན་མོངས་པ་ཅན་གྱི་ཡིད་སྦྱངས། རྡོ་རྗེའི་རྩ་རྒྱུས་དང༌། ཟག་ཟད་ཀྱི་མངོན་ཤེས་ལ་འགོད་པ་དང༌། ཀུན་ཏུ་བཟང་པོ་སྤྲོས་སོ། །སེམས་ཅན་རྣམས་ཀྱི་ཚིགས་དང༌། ཀུན་གཞིའི་རྣམ་ཤེས་སྦྱངས། རྡོ་རྗེའི་ཚིགས་དང་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ལ་འགོད་པར་གསུངས་པའི་ཕྱིར་རོ། །གསང་འདུས་མི་བསྐྱོད་ལུགས་འདི་ནི། སློབ་དཔོན་འཕགས་པ་ཡབ་སྲས་ཀྱི་ཐུགས་དམ་གྱི་མཐིལ་ཡིན་པའི་ཕྱིར། རྣམ་ཤེས་ཚོགས་བརྒྱད་བཞེད་པར་འདིས་འགྲུབ་པོ། །གསང་འདུས་འགྲེལ་བ་རྡོ་རྗེ་འཆང་གི་དགོངས་པ་ལས། བློ་ཕུགས་ཀྱི་སྙིང་པོ་རྩ་བཞི་འཇུག་གསུམ་གྱི་འགྲེལ་བ། ཟླ་གྲགས་ཀྱིས་མཛད་པ་རྣམས་ལས། ཀུན་གཞི་རྣམ་ཤེས་ཚོགས་དྲུག་ལས་དོན་གཞན་པ་མི་བཞེད་པས་སོ་སྙམ་པའོ། །དེ་ལ་འདི་སྐད་ཅེས་བརྗོད་དེ། ཚོགས་དྲུག་ལས་གཞན་པའི་ཀུན་གཞི་རྣམ་ཤེས་ཞིག་ཤེས་བྱ་ལ་སྲིད་དམ་མི་སྲིད། སྲིད་ན་གསང་འདུས་རྩ་བཤད་ཀྱི་རྒྱུད་ལས་ཡེ་ནས་བཤད་དུ་མི་རུང་བའི་རྒྱུ་མཚན་ཅི། མི་སྲིད་ན་འདིར་བསྟན་སྣང་བ་སོགས་དང་ཀུན་གཞི་དང་ཉོན་ཡིད་གཅིག་པ་མི་འཐད་དེ། ཚོགསདྲུག་ལས་གཞན་པའི་ཀུན་གཞི་དང་ཉོན་ཡིད་ཤེས་བྱ་ལ་མི་སྲིད་པའི་ཕྱིར། ཞེས་ཟེར་བ་འཐད་ཀྱི། རྣལ་འབྱོར་སྤྱོད་པའི་གཞུང་དང་འགལ་བ་རྒྱུ་མཚན་དུ་བཀོད་པས་ཅི་ཞིག་བྱ། གཞུང་དེ་ལ་འཁྲུལ་བ་མེད་པ་ཞིག་ཡིན་ན་ནི། ཚོགས་བརྒྱད་ཀྱི་ཀུན་གཞི་དང་ཉོན་ཡིད་སྲིད་པར་འགྱུར་ལ། དེ་ཚད་མ་དང་མི་ལྡན་ན་ནི། དེ་མིན་ཏེ་དེ་ནས་བཤད་པ་དང་མི་མཐུན་པའི་ཕྱིར་ཞེས་བཀོདཔ་ལ་སྙིང་པོ་ཅི་ཞིག་ཡོད། བཤད་ཚུལ་དེ་དང་འགལ་ཡང་དེ་འདྲ་ཡིན་དུ་རུང་བར་ཐལ་བའི་ཕྱིར་རོ། །འཇུག་འགྲེལ་མཛད་པ་པོ་དང༌། སྒྲོན་གསལ་མཛད་པ་པོ་ཡང་གང་ཟག་གི་རྒྱུད་གཅིག་ཏུ་ཆུག་ཀྱང༌། ཐ་ན་ཚིགས་བཅད་དང་ཚིག་རྐྱང་པ་དག་ལ་རྩོམ་པའི་བབས་དང༌། བརྗོདཚུལ་ཡེ་མི་འདྲ་བ་ཆེར་སྣང་བས་མངོན་པར་རྟོགས་པའམ། བློ་གྲོས་མི་འདྲ་བར་གྲུབ་པའི་ཕྱིར། གྲུབ་མཐའ་མི་འདྲ་བ་འབྱུང་བ་ལ་འགལ་བ་མེད་ལ། འཕགས་པ་ཡབ་སྲས་ཀྱི་རིགས་ཚོགས་སོགས་མདོ་ལུགས་ཀྱི་གཞུང་ལས་ཀྱང་ཀུན་གཞི་བཀག་པའི་གསལ་ཁ་ཡེ་མེད་ཅིང༌། དེར་མ་ཟད་སེམས་ཅན་བསམ་པའི་དབང་གིས་ཆོས་སྟོན་པའང་ཡིན་པས། དེ་དག་དང་ཆོས་སྐད་མཐའགཅིག་ཏུ་སྒྲིག་དགོས་པའང་མ་ཡིན་ནོ། །ཞེས་གསུངས་སོ། །ཡང་ཁ་ཅིག་ས་བོན་ཐམས་ཅདཔའི་ཀུན་གཞི་འཇུག་པས་བཀག་མོད་ཀུན་གཞི་མ་བཀག་སྟེ། གཞན་སྟོང་དབུ་མའི་རྒྱན་ལས།

ས་བོན་ཐམས་ཅད་པ་ཡི་ཀུན་གཞི་ནི། །བཀག་མོད་ཀུན་གཞིའི་ངོ་བོ་བཀག་པ་མེད། །ཅེསདང༌། དེའི་ཟིན་བྲིས་ལས། དབུ་མ་འཇུག་པ་ལས་ནི་ཆུ་བོའི་རྒྱུན་བཞིན་དུ་འབབ་པའི་ཁམས་སམ་ས་བོན་ཐམས་ཅད་པ་ཡི་ཀུན་གཞི་ནི་བཀག་མོད་ཀུན་གཞིའི་ངོ་བོ་བཀག་པ་མེད་དེ། རང་གི་ངོ་བོ་རྣམ་ཤེས་ཙམ་ཞིག་ལུས་ཞེས་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན། དེའི་རྒྱན་གྱི་ལུང་དེའི་དོན་ནི། ཤེས་པ་གསལ་རིག་ཙམ་མ་བཀག་པར་གསུངས་པ་ལས་ཀུན་གཞི་མ་བཀག་པའི་དོན་མིན་ལ། དེ་ཡང་ཐེག་མཆོག་དབུ་མའི་ཟིན་བྲིས་སུ་ས་དང་པོར་ཀུན་གཞིའི་མཚན་ཉིད་ལྡོག་ཀྱང་ངོ་བོ་མ་ལྡོག་པར་གསུངས་པ་ལ་བསམ་ན་ཡང་ངོ་བོ་མ་བཀག་གསུངས་པ་དེ་འདྲ་བཤདཚུལ་ཡོད་དོ། །

གཉིས་པ་དྲང་དོན་རིགས་པས་བསྟན་པ་ནི། རྩ་བར། ཤེས་བྱ་མེད་ན་ཤེས་པ་གསལ་བ་ནི། །

བདེ་བླག་རྙེད་ཅེས་སངས་རྒྱས་རྣམས་ཀྱིས་གསུངས། །ཤེས་བྱ་མེད་ན་ཤེས་པ་བཀག་འགྲུབ་པས། །དང་པོ་ཤེས་བྱ་དགག་པ་མཛད་པ་ཡིན། །ཞེས་སེམས་ཙམ་དུ་གསུངས་པའི་མདོ་རྣམས་དྲང་དོན་ཡིན་པར་རིགས་པས་ཀྱང་གྲུབ་པ་ཡིན་ཏེ། དཔེར་ན་བསོད་ནམས་བསགས་པ་རྣམས་ཆོས་ཉིད་ལ་བདེ་བླག་ཏུ་འཇུག་པའི་ཐབས་སུ་ཐོག་མར་སྦྱིན་སོགས་བསོད་ནམས་ལ་སྦྱོར་བ་བཞིན་ཏུ་ཐོག་མ་ནས་ཟབ་མོའི་དོན་རྫོགས་པར་རྟོགས་མི་ནུས་པའི་གདུལ་བྱ་རྣམས་རིམ་གྱིས་རང་བཞིན་མེད་པར་རྟོགས་པ་ལ་འཛུད་པའི་ཐབས་ཙམ་དུ་ཕྱི་དོན་བཀག་པ་ཙམ་ཡིན་པའི་ཕྱིར།

དེར་ཐལ། དེ་འདྲའི་གང་ཟག་ལ་སྔོན་དུ་ཤེ༷ས་བྱ༷་ཕྱི་རོལ་མེ༷ད་པར་བསྟན་ན༷། དེའི་འོག་ཏུ་ཤེ༷ས་པ༷་རང་བཞིན་གྱིས་གྲུབ་པ་བས༷ལ་བ༷་སྟེ་བཀག་པ་ནི༷་བདེ༷་བླ༷ག་ཏུ་རྙེ༷ད་ཅེ༷ས་སང༷ས་རྒྱ༷ས་རྣ༷མས་ཀྱི༷ས་གསུ༷ངས་པ་ཡིན་པའི་ཕྱིར་ཏེ། དེ་འདྲའི་གང་ཟག་གི་ཕྱི་དོན་གཏན་མེད་དུ་རྙེད་པའི་སྒོ་ནས་ཕྱི་དོན་གྱི་ཤེ༷ས་བྱ༷་རང་བཞིན་གྱིས་གྲུབ་པ་ཞིག་མེ༷ད་པར་རྟོགས་ན༷་ཤེ༷ས་པ༷་རང་བཞིན་གྱིས་གྲུབ་པ་བཀ༷ག་པའི་བདག་མེད་བདེ་བླག་ཏུ་འགྲུ༷བ་པར་འགྱུར་བ༷ས་ན། དང་པོ་ཤེས་བྱ་མེད་པར་བཟུང་བའི་རྒྱུ་ལས་ཤེས་པ་བདེན་མེད་དུ་རྟོགས་པར་འགྱུར་བ་ཅན་གྱི་གང་ཟག་གི་ངོར་སངས་རྒྱས་རྣམས་ཀྱིས་ད༷ང་པོ༷ར་ཤེ༷ས་བྱ༷་ཕྱི་རོལ་དག༷ག་པ༷ར་མཛ༷ད་པ༷་ཡི༷ན་པའི་ཕྱིར་ཏེ། ཤེས་བྱ་ཕྱི་རོལ་བཀག་པ་ནི་བདག་མེད་རྫོགས་པར་རྟོགས་པའི་ཐབས་དམ་པ་ཡིན་པས་དེའི་ཐབས་སུ་སངས་རྒྱས་ཀྱིས་ཕྱི་དོན་བཀག་པར་མཛད་པའི་ཕྱིར་རོ། །ཕྱི་རོལ་མེད་པ་དང་ཤེས་པ་རང་བཞིན་གྱིས་ཡོད་པ་གཉིས་དྲང་དོན་ཡིན་པ་ནི་བྱང་ཆུབ་སེམས་འགྲེལ་ལས་ཀྱང་གསལ་བར་གསུངས་ཏེ། དེ་ཉིད་ལས། འདི་དག་ཐམས་ཅད་སེམས་ཙམ་ཞེས། །ཐུབ་པ་ཡིས་ནི་གང་གསུངསཔ། །བྱིས་རྣམས་སྐྲག་པ་སྤང་དོན་ཏེ། །དེ་ནི་དེ་བཞིན་ཉིད་མ་ཡིན། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་མདོའི་དྲང་ངེས་ཀྱི་དོན་རྟོགས་པའི་ཐབས་བསྟན་པ་ནི།

རྩ་བར། དེ་ལྟར་ལུང་གི་ལོ་རྒྱུས་ཤེས་བྱས་ཏེ། །མདོ་གང་དེ་ཉིད་མ་ཡིན་བཤད་དོན་ཅན། །དྲང་དོན་གསུངས་པའང་རྟོགསནས་དྲང་བྱ་ཞིང༌། །སྟོང་ཉིད་དོན་ཅན་ངེས་དོན་ཤེས་པར་གྱིས། །ཞེས་དེ༷་ལྟ༷ར་ལུ༷ང་གི༷་དྲང་ངེས་ཀྱི་ལོ༷་རྒྱུ༷ས་ཏེ་དྲང་ངེས་ཀྱི་རྣམ་བཞག་ལེགས་པར་ཤེ༷ས་པར་བྱ༷ས་ཏེ༷། མདོ༷་སྡེ་ག༷ང་དག་དེ༷་ཁོ་ན་ཉི༷ད་ཀྱི་དོན་མ༷་ཡི༷ན་པ་གཟུགས་སོགས་ཀུན་རྫོབ་དངོས་སུ་གཙོ་བོར་བཤ༷ད་པའི་བརྗོད་དོ༷ན་ཅ༷ནགྱི་མདོས་དྲ༷ང་དོ༷ན་གསུ༷ངས་པ༷འ༷ང་དྲང་དོན་ཡིན་པར་རྟོ༷གས་པར་བྱས་ན༷ས་གཟུགས་སོགས་ཀུནརྫོབ་བསྟན་པ་དེ་ནི་གཟུགས་སོགས་ཀྱི་གནས་ལུགས་མཐར་ཐུག་མ་ཡིན་གྱི་གཟུགས་སོགས་ཀྱི་གནས་ལུགས་མཐར་ཐུག་ནི་དེ་ལས་གཞན་དུ་གཟུགས་སོགས་རང་བཞིན་གྱིས་གྲུབ་པས་སྟོང་པ་དེ་ཡིན་ཞེས་མདོ་དེས་བསྟན་པའི་ཀུན་རྫོབ་ཀྱི་གནས་ལུགས་མཐར་ཐུག་དེ་དངོས་བསྟནལས་གཞན་དུ་དྲ༷ང་བར་བྱ༷་ཞི༷ང༌། དངོས་བསྟན་གྱི་ཀུན་རྫོབ་དེ་ནི་གནས་ལུགས་རྟོགས་པ་ལ་འཇུག་པའི་རྒྱུར་འགྱུར་རོ་ཞེས་བཤད་པར་བྱའོ། །ཡང་མདོ་སྡེ་གང་ལས་ཆོས་དང་གང་ཟག་རང་བཞིན་གྱིས་སྟོང་པའི་སྟོ༷ང་པ་ཉི༷ད་ཀྱི་དོ༷ན་གཙོ་བོར་དངོས་བསྟན་དུ་བརྗོད་པར་བྱེད་པ་ཅ༷ན་གྱི་མདོ་ངེ༷ས་དོ༷ན་གྱི་མདོ་ཡིན་པར་ཤེ༷ས་པ༷ར་གྱི༷ས་ཤིག ཀུན་རྗོབ་རྣམས་དྲང་དོན་ཡིན་ཏེ། རང་འགྲེལ་ལས། ཇི་སྐད་དུ། ༼འཇིག་རྟེན་ལས་འདས་པར་བསྟོད་པ་ལས།༽འབྱུང་རྣམས་མིག་བཟུང་མ་ཡིན་ན། །དེ་འབྱུང་མིག་བཟུང་ཇི་ལྟར་ཞེས། །གཟུགས་ལ་དེ་སྐད་གསུངས་པ་ན། །ཁྱོད་ཀྱིསགཟུགས་ཀྱི་འཛིན་པ་བཟློག །ཅེས་གསུངས་ལ། མདོ་ལས་ཀྱང༌། མི་རྟག་དོན་ནི་མེད་དོན་ཞེསགསུངས་སོ། །སྟོང་ཉིད་དོན་ཅན་ངེས་དོན་ཡང་ཤེས་པར་གྱིས་ཏེ། ཇི་སྐད་དུ། སྟོང་པ་བདེབར་གཤེགས་པས་བཤད་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལ་སེམསཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་བྱ་བ་དང༌། དེ་བཞིན་དུ། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲག་པར་ནུས་མ་ཡིན། །དངོས་པོ་གཅིག་ནི་བསམ་བྱས་ནས། །

དེ་དག་ཐམས་ཅད་བསྒོམས་འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟནཔ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནསའདི་ལ་ནི་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་གསུངས་སོ། །དེ་བཞིན་དུ་འཕགས་པ་བློ་གྲོས་མི་ཟད་པ་ལ་སོགས་པའི་མདོ་སྡེ་དག་ལས་རྒྱ་ཆེར་བསྟན་པ་ཡང་རྟོགས་པར་བྱའོ། །ཕྱོགས་ཙམ་ཞིག་ནི་བརྗོད་པར་བྱ་སྟེ། དཔེར་ན་སྦྲུལ་ནི་ཐག་པས་བསྡོམས་པ་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་བརྟགས་པ་ཡིན་ཏེ། དེ་དེ་ལ་ཡོད་པ་མ་ཡིན་པའི་ཕྱིར་རོ། །

དེ་སྦྲུལ་དངོས་པོ་ལ་ནི་ཡོངས་སུ་གྲུབ་པ་ཡིན་ཏེ། ཀུན་ཏུ་མ་བརྟགས་པའི་ཕྱིར་རོ། །དེ་བཞིན་དུ་རང་བཞིན་ཡང་གཞན་གྱི་དབང་བྱས་པ་ཅན་ལ་ནི་ཀུན་ཏུ་བརྟགས་པ་ཡིན་ཏེ། རང་བཞིན་དག་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་འབྱུང་བས་ངོ་བོ་ཉིད་ནི་བྱས་པ་ཅན་མ་ཡིན་ནོ། །བཟུང་བཞིན་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་བྱས་པ་ཅན་གཟུགས་བརྙན་དང་འདྲ་བ་ལ་བརྟགས་པ་གང་ཡིན་པ་དེ་ནི་སངས་རྒྱས་ཀྱི་སྤྱོད་ཡུལ་ལ་ནི་དངོས་ཡིན་ཏེ། ཀུན་ཏུ་མ་བརྟགས་པའི་ཕྱིར་ཏེ། དངོས་པོ་བྱས་པ་ཅན་ལ་མ་རེག་པར་རང་བཞིན་འབའ་ཞིག་མངོན་སུམ་དུ་མཛད་པས་དེ་ཉིད་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཞེས་བརྗོད་དོ། །དེའི་ཕྱིར་དེ་ལྟར་བརྟགས་པ་དང་གཞན་གྱི་དབང་དང་ཡོངས་སུ་གྲུབ་པ་ཞེས་བྱ་བ་ངོ་བོ་ཉིད་གསུམ་རྣམ་པར་གཞག་པ་རྟོགས་པར་བྱས་ནས་མདོའི་དགོངས་པ་རྣམ་པར་བཤད་པར་བྱའོ། །གཟུང་བ་དང་འཛིན་པ་གཉིས་ནི་གཞན་གྱི་དབང་ལས་མ་གཏོགས་པར་དངོས་པོ་མེད་པའི་ཕྱིར་ན།

གཞན་གྱི་དབང་ལ་དེ་གཉིས་ཀུན་དུ་བརྟགས་པ་ཉིད་བསམ་པར་བྱས་ཏེ། སྤྲོས་པས་ཆོག་གོ། །

ཞེས་གསུངས་པ་ལྟར་ཤེས་པར་བྱའོ། ། བྱང་ཆུབ་སེམས་འགྲེལ་ལས། ཇི་ལྟར་ཁབ་ལེན་དང་ཉེབས། །ལྕགས་ནི་མྱུར་དུ་ཡོངས་སུ་འཁོར། །དེ་ལ་སེམས་ནི་ཡོད་མིན་ཏེ། །སེམས་དང་ལྡནབཞིན་སྣང་བར་འགྱུར། །དེ་བཞིན་ཀུན་གཞིའི་རྣམ་ཤེས་ནི། །བདེན་མིན་བདེན་པ་ཇི་བཞིན་ཏུ། །གང་ཚེ་འགྲོ་འོང་གཡོ་བར་འགྱུར། །དེ་ཚེ་སྲིད་པ་འཛིན་པར་བྱེད། །ཅེས་གསུངས་པའི་དོན་ཟླ་བ་གྲགས་པས་དྲུག་པ་ཡིད་ཤེས་ལ་དགོངས་པར་བཤད་པ་ཡོད་ལ། ཀུན་གཞི་ཁས་ལེན་པའི་དབུ་མ་བ་དག་གིས་ལུང་དེས་ཀུན་གཞིའི་རྣམ་ཤེས་སྟོན་པར་བཞེད་དོ། །

ཤེར་ཕྱིན་བྱམས་ཞུས་ཀྱིས་བསྟན་པའི་མཚན་ཉིད་གསུམ་ནི།

སྟོང་གཞིའི་གཞན་དབང་ལ་གཟུགསནས་རྣམ་མཁྱེན་གྱི་བར་ཡོད་ཅིང༌། དེ་ལ་གཞན་དབང་ཡིན་མིན་ཅི་རིགས་ཡོད་པའི་ཕྱིར། མདོརན་གཟུགས་རང་བཞིན་གྱིས་གྲུབ་པ་གཟུགས་ཀྱི་ཀུན་བཏགས་དང༌། གཟུགས་གཟུགས་ཀྱི་གཞན་དབང་དང༌། གཟུགས་རང་བཞིན་གྱིས་གྲུབ་པས་སྟོང་བ་གཟུགས་ཀྱི་ཡོངས་གྲུབ་སྟེ། རྣམ་མཁྱེན་བར་ལ་རིགས་འགྲེ་བར་བྱའོ། །དེ་ཡན་ཆད་ཀྱིས་གཞན་སྐྱེ་དང་སེམས་ཙམ་པའིལུགས་བྱེ་བྲག་ཏུ་དགག་པ་དང་བཅས་པ་རྒྱས་པར་བཤད་ཟིན་ཏོ། །

གསུམ་པ་གཉིས་ཀ་ལས་སྐྱེ་བ་དགག་པ་ནི།

གཅེར་བུ་པ་རྣམས་ན་རེ། ཕྱི་ནང་གི་དངོས་པོ་ཐམས་ཅད་བདག་དང་གཞན་གཉིས་ལས་སྐྱེ་བ་ཡིན་ཏེ། འཇིམ་པའི་གོང་བུ་དང་དབྱུག་གུ་དང་འཁོར་ལོ་དང༌། སྐུད་པ་དང་ཆུ་དང་རྫ་མཁན་ལ་སོགས་པ་ལས་བུམ་པ་འབྱུང་བ་ན། རྫ་བུམ་དེ་འཇིམ་པའི་བདག་ཉིད་དུ་ཡོད་པ་ཁོ་ན་སྐྱེ་བ་ཡིན་པས་རྫ་བུམ་དེ་བདག་ལས་སྐྱེ་ལ། དབྱུག་གུ་འཁོར་ལོ་སོགས་བུམ་པའི་སྐྱེད་བྱེད་ཡིན་པས་རང་བཞིན་གྱིས་གྲུབ་པའི་གཞན་ལས་ཀྱང་སྐྱེ་བ་ཡིན་ལ། ཕྱིའི་དངོས་པོ་གཞན་དག་ཀྱང་དེ་དང་འདྲ་བ་གང་ཞིག དེ་བཞིན་དུ་གང་ཟག་གམ་བདགཅེས་བྱ་བ་སྲོག་དང༌། དབང་པོ་ལ་སོགས་པ་སྲོག་མིན་པ་དང༌། མངོན་མཐོ་དང་ངེས་ལེགསའགྲུབ་པའི་ཆོས་དང༌། དེ་ལས་བཟློག་པའི་ཆོས་མིན་པ་དང༌། ཉོན་མོངས་པའི་ཟག་པ་དང་འཆལཁྲིམས་འགོག་པའི་སྡོམ་པ་དང༌། བདེ་བ་དང༌། སྡུག་བསྔལ་བ་དང༌། རང་རྒྱུ་ཤེས་པ་ལས་བྱུངཞིང་རང་འབྲས་ཤེས་པའི་རྒྱུར་གྱུར་པའི་འདུ་བྱ་བའི་ཤུགས་ཏེ་དོན་ལ་ཤེས་པ་རྣམས་དང༌། ཚིགགི་དོན་དགུའི་རྣམ་བཞག་བྱས་ནས། བྱམས་པ་དང་སྲོག་གཉིས་གཅིག་ཡིན་ཞིང་བྱམས་པ་སྐྱེ་བན་དེ་ལྟའི་བྱམས་པ་ནི་སྐྱེ་བ་སྔ་མའི་སྲོག་གི་བདག་ཉིད་དུ་ཡོད་པ་ཁོ་ནས་ད་ལྟར་གྱི་སྐྱེ་བ་འདིལེན་པ་ཡིན་པས་བྱམས་པ་བདག་ལས་སྐྱེ་ལ། ཡང་བྱམས་པ་ནི་རང་གི་ཕ་མ་དང་ཆོས་དང་ཆོས་མ་ཡིན་པ་དང་ཉོན་མོངས་པའི་ཟག་པ་སོགས་རང་བཞིན་གྱིས་གྲུབ་པའི་གཞན་ལས་ཀྱང་སྐྱེ་བས་ན་བྱམས་པ་དེ་གཞན་ལས་ཀྱང་སྐྱེ་བ་ཡིན་པ་ལ། ནང་གི་དངོས་པོ་གཞན་རྣམས་དེ་དང་འདྲ་བ་ཡིན་པའི་ཕྱིར་རོ། །དེས་ན་བདག་གིས་ནི་བདག་གཞན་རེ་རེ་ཁོ་ན་ལས་སྐྱེ་བར་ཁས་མིལེན་པས། སྔར་བདག་གཞན་རེ་རེ་ལས་སྐྱེ་བ་བཀག་པ་དེས་ན་ཁོ་བོ་ཅག་ལ་མི་གནོད་དོ་ཞེ་ན། རྩ་བར། གཉིས་ལས་སྐྱེ་བའང་རིགས་པའི་ངོ་བོ་མ་ཡིན་གང་གི་ཕྱིར། བཤད་ཟིན་ཉེས་པ་དེ་དག་ཐོག་ཏུ་འབབ་པ་ཡིན་ཕྱིར་རོ། །ཞེས་བདག་དང་གཞན་རེ་རེ་ལས་སྐྱེ་བ་མི་རིགས་པ་མ་ཟད་རང་གཞན་གཉི༷ས་སུ་ཚོགས་པ་ལ༷ས་སྐྱེ༷་བ༷འ༷ང་རི༷གས་པ༷འི་ངོ༷་བོ༷་མ༷་ཡི༷ན་ཏེ། རྒྱུ་མཚན་ག༷ང་གི༷་ཕྱི༷ར་ན་སྔར་རེ་རེ་ལས་སྐྱེ་བ་ལ་བཤ༷ད་ཟི༷ན་པའི་ཉེ༷ས་པ༷་དེ༷་ད༷ག་གཉིས་ཆར་ལས་སྐྱེ་བའི་ཕྱོགས་ལའང་ཐོ༷ག་ཏུ༷་འབ༷བ་པ༷་ཡི༷ན་པ༷འི་ཕྱི༷ར་ཏེ། བྱམས་པ་སྲོག་ལ་ལྟོས་ཏེ་བདག་ལས་སྐྱེ་བར་འདོད་པ་ལ་སྔར་བཤད་པའི་སྐྱེ་བ་དོན་མེད་སོགས་ཀྱི་སྐྱོན་དང༌། ཕ་མ་སོགས་ལ་ལྟོས་ཏེ་གཞན་ལས་སྐྱེ་བར་འདོད་པ་ལ་ཧ་ཅང་ཐལ་བ་སོགས་ཀྱི་སྐྱོན་འཇུག་པ་སྤོང་མི་ནུས་པའི་ཕྱིར་རོ༷། ། རྩ་བར། འདི་ནི་འཇིག་རྟེན་ལས་མིན་དེ་ཉིད་དུ་ཡང་འདོད་མིན་ཏེ། །གང་ཕྱིར་རེ་རེ་ལས་ནི་སྐྱེ་བ་འགྲུབ་པ་ཡོད་མ་ཡིན། །ཞེས་དེས་ན་བདག་གཞན་གཉིས་ཀ་ལས་སྐྱེ་བ་འདི༷་ནི༷་འཇི༷ག་རྟེ༷ན་ལ༷སཀྱང་ཡོད་པ་མི༷ན་ལ། དེ༷་ཉི༷ད་དོན་དམ་དུ༷་ཡ༷ང་ཡོད་པར་འདོ༷ད་པ་མི༷ན་ཏེ༷། ག༷ང་གི་ཕྱི༷ར་བདག་གཞན་རེ༷་རེ༷་ལ༷ས་ནི༷་སྐྱེ༷་བ༷་རིགས་པས་འགྲུ༷བ་པ༷་ཡོ༷ད་པ་མ༷་ཡི༷ན་པས་གཉིས་ཀ་ལས་སྐྱེ་བ་མིའགྲུབ་པའི་ཕྱིར་རོ། །

བཞི་པ་རྒྱུ་མེད་པར་སྐྱེ་བ་དགག་པ་ནི།

ངོ་བོ་ཉིད་ལས་བྱུང་བར་སྨྲ་བ་རྒྱང་འཕེན་པ་ན་རེ། གལ་ཏེ་སྐྱེ་བ་དེ་རྒྱུ་ལས་བྱུང་བ་ཡིན་ན་འབྲས་བུ་ལ་ལྟོས་ཏེ་བདག་དང་གཞན་དང་གཉིས་ཀ་དགགང་རུང་ལས་སྐྱེ་དགོས་པས་སྔར་བཤད་པའི་སྐྱོན་དེ་དག་འབྱུང་བར་འགྱུར་ན་ཡང༌། བདག་གིས་ནི་རྒྱུ་ལས་སྐྱེ་བར་ཁས་མ་བླངས་བས་ཕྱོགས་གསུམ་ཀ་ལ་བཤད་པའི་ཉེས་པ་གཅིག་ཀྱང་མེད་དེ། འདི་ལྟར་པདྨའི་ཆུ་བ་དང་འདབ་མ་རྣམས་ཀྱི་རྩུབ་པ་དང་འཇམ་ཤ་དག་ངོ་བོ་ཉིད་ལས་བྱུང་བ་ཡིན་གྱི་བྱེད་པ་པོ་འགའ་ཞིག་གིས་བྱེད་པར་མ་མཐོང་ལ། པདྨའི་འདབ་མ་དང་ཟེའུ་འབྲུ་དང་ལྟེ་བ་རྣམས་ཀྱི་ཁ་དོག་དང་དབྱིབས་སྣ་ཚོགས་པ་དག་ངོ་བོ་ཉིད་ལས་བྱུང་བ་ཡིན་གྱི་སུས་ཀྱང་དེ་ལྟར་ཁ་དོག་དང་དབྱིབས་སྣ་ཚོགས་པ་བྱེད་པར་མ་མཐོང་པ་ན་ས་དང་བལ་བོའི་སེའུ་ལ་སོགས་པའི་ཁ་དོག་ནུས་པ་སོགས་སྣ་ཚོགས་པ་དག་ཀྱང་དེ་དང་འདྲ་བ་དང༌། ཕྱི་རོལ་དེ་བཞིནདུ་ནང་གི་བདག་ཉིད་ཀྱི་རྨ་བྱ་དང༌། བྱ་ཏི་ཏི་རི་དང༌། བྱ་གག་ལ་སོགས་པ་དག་ནི་འགའ་ཞིག་གིས་འབད་པས་བཟུང་ནས་ཁ་དོག་དང་དབྱིབས་ལ་སོགས་པ་འགོད་པར་མ་དམིགས་ལ། དེས་ན་དངོས་པོ་རྣམས་ཀྱི་སྐྱེ་བ་ནི་ངོ་བོ་ཉིད་ལས་བྱུང་བ་ཁོ་ན་ཡིན་པའི་ཕྱིར་ཞེས་སྨྲའོ། །འདི་ལ་བཤད་པར་བྱ་སྟེ། རྩ་བར། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་ལྟ་ཞིག་འགྱུར་ན་ནི། །དེ་ཚེ་མཐའ་དག་རྟག་ཏུ་ཐམས་ཅད་ལས་ཀྱང་སྐྱེ་འགྱུར་ཞིང༌། །འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། །བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་ག༷ལ་ཏེ༷་དངོས་པོ་རྣམས་རྒྱུ༷་མེ༷ད་པ་ཁོ༷་ན༷ར་སྐྱེ༷་བ༷ར་ལྟ༷་ཞི༷ག་འགྱུ༷ར་ན༷་ནི༷་དེ༷འི་ཚེ༷་ས་ལུ་ལས་ནས་སྐྱེ་བ་དང༌། རྡོ་ལས་འབྲས་སྐྱེ་བ་དང༌། དགུན་དུ་ཨ་མྲའི་འབྲས་བུ་སྨིན་པ་དང༌། ནམ་མཁའ་ལས་པདྨོ་སྐྱེ་བ་ལ་སོགས་པ་འབྲས་བུའི་དངོས་པོ་མཐ༷འ་ད༷ག་པ་ཐམས་ཅད་དུས་ཚིགས་ལ་ཡང་ལྟོས་མི་དགོས་པར་དུས་རྟ༷ག་ཏུ༷་རང་གི་རྒྱུ་མ་ཡིན་པ་ཐ༷མས་ཅ༷ད་ལ༷ས་ཀྱ༷ང་སྐྱེ༷་བར་འགྱུ༷ར་ཞིང༌། དེ་ཡང་མྱུ་གུ་རྒྱུ་མེད་ལས་སྐྱེ་ན་མྱུ་གུའི་རྒྱུའི་ས་བོན་དང་བུམ་སྣམ་སོགས་མྱུ་གུའི་རྒྱུ་མིན་པར་འདྲ་བ་གང་ཞིག མྱུ་གུའི་དབྱིབས་དང་ཁ་དོག་སོགས་རྒྱུ་མེད་ལས་སྐྱེ་བ་ཡིན་ན་མྱུ་གུའི་ས་བོན་དང་ཆུ་ལ་སོགས་ཚོགས་པ་ཡོད་ན་སྐྱེ། བུམ་སྣམ་སོགས་ཚོགས་པ་ཡོད་ན་མི་སྐྱེ་དགོས་པའི་ངེས་པ་མེདཔར་འགྱུར་ལ། དེ་ལྟ་ན། རྒྱུ་མེད་པར་སྐྱེ་བའི་ཕྱིར། དེ་བཞིན་དུ་བྱ་རོག་ལ་རྨ་བྱའི་མདོངས་ཡོད་པ་དང༌། རྨ་བྱ་ལ་ཡང་མངལ་གྱི་གནས་སྐབས་ན་ནེ་ཙོའི་སྒྲོ་ཡོད་པར་འགྱུར་ཏེ། དེ་དག་རྒྱུ་ལ་མི་ལྟོས་པའི་ཕྱིར་རོ། །རྩ་བར། འབྲས་འབྱུང་ཆེད་དུ་འཇིག་རྟེན་འདི་ཡིས་ས་བོན་ལ་སོགས་ནི། བརྒྱ་ཕྲག་དག་གི་སྒོ་ནས་སྡུད་པར་བྱེད་པར་ཡང་མི་འགྱུར། །ཞེས་དེ་ལྟར་རིགས་པ་དང་འགལ་བར་བརྗོད་ནས་མཐོང་བ་དང་འགལ་བར་བརྗོད་པ་ནི། ལོ་ཏོག་སོགས་ངོ་བོ་ཉིད་ལས་སྐྱེ་ན། སྟོན་ཐོག་ལ་སོགས་པའི་འབྲ༷ས་བུ་འབྱུ༷ང་བའི་ཆེ༷ད་དུ༷་འཇི༷ག་རྟེ༷ན་པ་འདི༷་བ་ཡི༷ས་ས༷་བོ༷ན་ལ༷་སོ༷གས་པ་ནི༷་དཀའ་བ་བརྒྱ༷་ཕྲ༷ག་ད༷ག་གི༷་སྒོ༷་ན༷ས་སྡུ༷ད་པ༷ར་སྟེག་སོག་པར་ཡ༷ང་མི༷་འགྱུ༷ར་བ་ཞིག་ཡིན་དགོས་ན། དེ་ལྟར་གསོག་པར་བྱེད་པ་ཡང་ཡིན་པས་སྐྱེ་བ་ངོ་བོ་ཉིད་ལས་བྱུང་བ་མ་ཡིན་ནོ། །

རྩ་བར། གལ་ཏེ་འགྲོ་བ་རྒྱུ་ཡིས་སྟོང་པར་གྱུར་ན་ནམ་མཁའ་ཡི། །ཨུཏྤ་ལ་ཡི་དྲི་མདོག་ཇི་བཞིནགཟུང་དུ་མེད་ཉིད་ན། །ཤིན་ཏུ་ཆེས་བཀྲའི་འཇིག་རྟེན་འཛིན་པའང་ཡིན་དེའི་ཕྱིར། །རང་གི་བློ་བཞིན་འཇིག་རྟེན་རྒྱུ་ལས་ཡིན་པར་ཤེས་པར་གྱིས། །ཞེས་སྐྱོན་གཞན་ཡང་ཡོད་དེ། རྒྱུ་རྐྱེན་མེད་པར་མྱུ་གུ་ཙམ་ཡང་སྐྱེ་བ་མི་སྲིད་པས། ག༷ལ་ཏེ༷་སྣོད་བཅུད་ཀྱི་འགྲོ༷་བ༷་ཐམས་ཅད་རྒྱུ༷་ཡི༷ས་སྟོ༷ང་བ༷འམ་རྒྱུ་མེད་པར་འགྱུ༷ར་ན༷་ནི། འགྲོ་བ་འདི་དག་ན༷མ་མཁ༷འ་ཡི་ཨུ༷ཏྤ༷་ལ༷་ཡི༷་དྲི༷་དང་མདོ༷ག་ཇི༷་བཞི༷ན་དབང་པོས་གཟུ༷ང་དུ༷་མེ༷ད་པ་ཉི༷ད་དུ་འགྱུར་ན༷་ཡང་དེ་ལྟ་མ་ཡིན་པར་ཤི༷ན་ཏུ༷་ཆེ༷ས་བཀྲ༷་བའི་འཇི༷ག་རྟེ༷ན་དུ་མ་དབང་པོས་འཛི༷ན་དུ་ཡོད་པ༷འ༷ང་ཡི༷ན་པ༷་དེ༷འི་ཕྱི༷ར་ན། རྒྱང་འཕེན་ཁྱོད་ར༷ང་གི༷ས་ཀྱང་སྔོན་པོའི་རྣམ་པ་ཅན་གྱི་བློ༷་དེ་སྔོན་པོའི་འབྱུང་བཞི་ལས་སྐྱེ་བར་འདོད་པ་དེ་བཞི༷ན་ཏུ་འཇི༷ག་རྟེ༷ན་མཐའ་དག་རང་གི་རྒྱུ༷་ཁོ་ན་ལ༷ས་སྐྱེས་བ་ཡི༷ན་པ༷ར་ཤེ༷ས་པ༷ར་གྱི༷ས་ཤིག སྐབས་འདིར་རྒྱང་འཕེན་པ་ལ་ལྷ་སོགས་འགྲོ་བ་དྲུག་དང་སྐྱེ་བ་སྔ་ཕྱིའི་རྒྱུ་འབྲས་ཡོད་པར་འདོད་པ་སོགས་ཡོད་པར་རང་འགྲེལ་ལས་བཤད་དོ། །སྐྱེ་བ་སྔ་ཕྱི་མི་འདོད་པའི་རྒྱང་འཕེན་ཐམས་ཅད་ཀྱིས་རྒྱུ་རྐྱེན་མེད་པར་ངོ་བོ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་གྲུབ་པ་ན། འབྱུང་བ་བཞི་འདུས་པ་ལས་སེམས་གསར་དུ་སྐྱེ་ཞིང་འཆི་ཚེ་རིག་པ་རྒྱུན་ཆད་པ་ཡིན་པས་སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་མེད་པར་འདོད་པ་ཡིན་པས་གང་ཟག་གཅིག་གི་སྐྱེ་བ་སྔ་ཕྱི་མེད་པར་ཚེ་འདི་ནས་ཟད་པ་ཡིན་གྱི་ཕྱིས་སུ་འབྱུང་བའི་སེམས་མེད་པར་འདོད་པ་མ་ཡིན་ཏེ། ཕྱིས་སུ་ཡང་འབྱུང་བ་བཞི་ལས་སེམས་གསར་དུ་སྐྱེ་བ་ཡིན་པའི་ཕྱིར་རོ། །རྩ་བར། འབྱུང་བ་དེ་དག་བདག་ཉིད་གང་ཞིག་གིས་ནི་ཁྱོད་ཀྱི་བློའི། །ཡུལ་དུ་འགྱུར་བ་དེ་ཡི་བདག་ཉིད་ཅན་ནི་མ་ཡིན་ན། །གང་ལ་ཡིད་ཀྱི་མུན་པ་མཐུག་པོ་འདི་ཉིད་དུ་ཡོད་པ། །དེས་ན་ཇི་ལྟར་འཇིག་རྟེན་ཕ་རོལ་ཡང་དག་རྟོགས་པར་འགྱུར། །ཞེས་ས་ལ་སོགས་པའི་འབྱུ༷ང་བ༷་བཞི་པོ་དེ༷་ད༷ག་ཁྱོད་ཀྱི་གཞུང་ལས་བཤད་པའི་བད༷ག་ཉི༷ད་ག༷ང་ཞི༷ག་གི༷ས་ནི༷་ཁྱོ༷ད་ཀྱི༷་དབང་པོའི་བློ༷འི་ཡུ༷ལ་དུ༷་གྱུ༷ར་པ༷་དེ༷་ཡི༷་བད༷ག་ཉི༷ད་ཅ༷ན་དུ་ནི༷་ཡོད་པ་མ༷་ཡི༷ན་ན༷་སྟེ་ཁྱོད་ཀྱིས་གཞུང་ལས་བཤད་པའི་འབྱུང་བ་བཞི་པོ་ཡང་རྒྱང་འཕན་ཁྱོད་ཀྱི་དབང་པོའི་བློས་ཡུལ་དུ་གྱུར་ནུས་པ་ཅན་དུ་ཡོད་པ་མ་ཡིན་ན་དེ་འདྲའི་རིགས་པའི་དོན་ག༷ང་ལ༷་ཡི༷ད་ཀྱི༷་མུ༷ན་པ༷་འཐུ༷ག་པོ༷་འདི༷་ཉི༷ད་དུ༷་ཡོ༷ད་པ༷འི་བློ་དེ༷ས་ནི༷། ཇི༷་ལྟ༷ར་ན་ཤིན་ཏུ་ཕྲ་བའི་འཇི༷ག་རྟེ༷ན་ཕ༷་རོ༷ལ་དེ་ཡོད་པ་དང་མེད་པ་གང་ཡང་ཡ༷ང་ད༷ག་པར་རྟོ༷གས་པ༷ར་འགྱུ༷ར་ཏེ་མི་རྟོགས་ཏེ། རགས་པའི་དོན་ལ་རྨོངས་པའི་རྒྱང་འཕན་གྱི་ཤེས་པ་ཡིན་པའི་ཕྱིར་རོ། །

རྩ་བར། འཇིག་རྟེན་ཕ་རོལ་འགོག་པར་བྱེད་པའི་དུས་སུ་བདག་ཉིད་ནི། །ཤེས་བྱའི་རང་བཞིན་ཕྱིན་ཅི་ལོག་ཏུ་ལྟ་བར་རྟོགས་བྱ་སྟེ། །དེ་ཡི་ལྟ་བའི་རྣམ་པའི་རྟེན་མཚུངས་ལུས་དང་ལྡན་ཉིད་ཕྱིར། །གང་ཚེ་འབྱུང་བའི་བདག་ཉིད་ཡོད་ཉིད་ཁས་ལེན་དེ་ཚེ་བཞིན། །ཞེས་དེས་ན་འཇི༷ག་རྟེ༷ན་ཕ༷་རོ༷ལ་འགོ༷ག་པ༷ར་བྱེ༷ད་པ༷འི་དུ༷ས་སུ༷་བད༷ག་ཉི༷ད་རྒྱང་འཕན་པ་ནི༷་ཤེ༷ས་བྱ༷འི་ར༷ང་བཞི༷ན་ལ་ཕྱི༷ན་ཅི༷་ལོ༷ག་ཏུ༷་ལྟ༷་བ༷ར་རྟོ༷གས་པར་བྱ༷་སྟེ༷། འཇིག་རྟེན་ཕ་རོལ་པོ་ཡོད་པ་ལ་མེད་པར་སྐུར་བ་འདེབས་པ་དེ༷་ཡི༷་ལྟ༷་བ༷འི་རྣ༷མ་པ༷འི་རྟེ༷ན་མཚུ༷ངས་པའམ་སྐུར་འདེབས་ཀྱི་ལྟ་བའི་རྣམ་པ་དེའི་བརྟེན་པའི་གནས་དང་འདྲ་བའི་ལུ༷ས་ཀྱི་ཁོག་པ་ད༷ང་ལྡ༷ན་པ་ཉི༷ད་ཡིན་པའི་ཕྱི༷ར། དཔེར་ན་ག༷ང་གི་ཚེ༷་འབྱུ༷ང་བ་བཞི་པོ༷འི་བད༷ག་ཉི༷ད་དེ་བདེན་པར་ཡོ༷ད་པ་ཉི༷ད་ཁ༷ས་ལེ༷ན་པ་དེ༷འི་ཚེ༷་ཤེས་བྱ་འབྱུང་བ་བཞིའི་རང་བཞིན་ལ་ཕྱིན་ཅི་ལོག་ཏུ་ལྟ་བ་དང༌། དེ་འདྲའི་ཕྱིན་ཅི་ལོག་གི་ལྟ་བའི་རྟེན་ནམ་གནས་དང་འདྲ་བའི་ལུས་ཀྱི་ཁོག་པ་དང་ལྡན་པ་བཞི༷ན་ནོ། །འབྱུང་བ་བཞི་པོ་རང་བཞིན་གྱིས་མ་སྐྱེས་པ་སྐབས་འདིར་བསྒྲུབ་པར་བྱ་དགོས་སོ་ཞེ་ན། རྩ་བར། འབྱུང་བ་དེ་དག་ཇི་ལྟར་ཡོད་མིན་དེ་ལྟར་བཤད་ཟིན་ཏོ། །གང་གི་ཕྱིར་ན་གོང་དུ་རང་གཞན་ལས་དང་གཉི་ག་ལས། །སྐྱེ་དང་རྒྱུ་མེད་ཐུན་མོང་དུ་ནི་བཀག་ཟིན་དེ་ཡི་ཕྱིར། །མ་བཤད་འབྱུང་བ་འདི་དག་ལྟ་ཞིག་ཡོད་པ་མ་ཡིན་ནོ། །ཞེས་དེ་སྐབས་འདིར་བསྒྲུབ་མི་དགོས་ཏེ། འབྱུ༷ང་བ༷་དེ༷་ད༷ག་ཇི༷་ལྟ༷ར་རང་བཞིན་གྱིས་ཡོ༷ད་པ་མི༷ན་པ་དེ༷་ལྟ༷ར་དུ་བཤ༷ད་ཟི༷ན་ཏོ༷། །རྒྱུ་མཚན་ག༷ང་གི༷་ཕྱི༷ར་ན༷་གོ༷ང་དུ༷་ར༷ང་ལས་སྐྱེ་བ་དང༌། གཞ༷ན་ལ༷ས་སྐྱེ་བ་ད༷ང་གཉི༷ས་ཀ༷་ལ༷ས་སྐྱེ༷་བ་ད༷ང་རྒྱུ༷་མེ༷ད་དུ་སྐྱེ་བ་འགོག་པའི་ཚེ་འབྱུང་བ་རང་བཞིན་གྱིས་སྐྱེ་བ་ཡང་ཐུ༷ན་མོང༷་དུ༷་ནི༷་སྟེ་སྤྱིར་བཀ༷ག་ཟི༷ན་པ་དེ༷་ཡི༷་ཕྱི༷ར་རོ། །མ༷་བཤ༷ད་པའི་འབྱུ༷ང་བ༷་བཞི་པོ་འདི༷་ད༷ག་ལྟ༷་ཞི༷ག་གམ་གང་ཡང་སྔར་མཐའ་བཞིའི་སྐྱེ་བ་བཀག་པའི་སྐབས་སུ་སྤྱིའི་ཚུལ་གྱིས་རང་བཞིན་གྱིས་སྐྱེ་མེད་དུ་ཡོ༷ད་པ༷་མ༷་ཡི༷ན་པས་ན་འཇིག་རྟེན་ཕ་རོལ་མེད་པར་རྟོགས་པ་དེ་ཕྱིན་ཅི་ལོག་ཏུ་ལྟ་བ་ཡིན་པའི་དཔེ། འབྱུང་བ་བདེན་པར་འཛིན་པ་དེ་ཕྱིན་ཅི་ལོག་ཡིན་པར་གྲུབ་པོ། །དེ་ཡན་ཆད་ཀྱིས་སྐྱེ་བ་མེད་པའི་དམ་བཅའ་བཞག་ནས་དེ་རིགས་པསབསྒྲུབ་པའི་སྒྲུབ་བྱེད་བསྟན་པ་སོང་ཟིན་ཏོ། །

གསུམ་པ་མཐའ་བཞིའི་སྐྱེ་བ་བཀག་པས་གྲུབ་པའི་དོན་ནི།

རྩ་བར། གང་གི་ཕྱིར་ན་བདགདང་གཞན་དང་གཉི་ག་ལས་སྐྱེ་དང༌། །རྒྱུ་ལ་མ་ལྟོས་ཡོད་པ་མིན་པས་དངོས་རྣམས་རང་བཞིན་བྲལ། །ཞེས་དངོས་པོ་རྣམས་མཐའ་བཞི་ལས་མི་སྐྱེ་ན་འོ་ན་ཇི་ལྟར་སྐྱེ་ཞེ་ན། དངོས་པོ་རྣམས་ལ་རང་བཞིན་གྱིས་གྲུབ་པའི་སྐྱེ་བ་ཞིག་ཡོད་ན་ནི་སྐྱེ་བའི་མཐའ་གཞན་ཁེགས་པའི་མཐའ་བཞི་གང་རུང་ལས་སྐྱེ་བ་ཞིག་ཡིན་དགོས་པ་དང༌། རང་བཞིན་གྱིས་གྲུབ་ན་རྒྱུ་ལ་ལྟོས་པ་འགལ་བས་ན་དེ་ལས་ལྡོག་པ་ཡང་ཡིན་དགོས་ཀྱང་མཐའ་བཞི་ལས་སྐྱེ་བ་བཀག་ཟིན་པས་ན། དངོས་པོ་རྣམས་རང་བཞིན་གྱིས་སྐྱེ་བ་མེད་དོ་ཞེས་བསྟན་པ་ནི། རྒྱུ་མཚན་ག༷ང་གི༷་ཕྱི༷ར་ན༷་བད༷ག་ལས་སྐྱེ་བ་ད༷ང་གཞ༷ན་ལས་སྐྱེ་བ་ད༷ང་གཉི༷ས་ཀ༷་ལ༷ས་སྐྱེ༷་བ་ད༷ང་རྒྱུ༷་ལ༷་མ༷་ལྟོ༷ས་པར་སྐྱེ་བ་ཡོ༷ད་པ༷་མི༷ན་པ༷ས་དངོ༷ས་པོ་རྣ༷མས་ར༷ང་བཞི༷ན་གྱིས་གྲུབ་པ་དང་བྲ༷ལ་བ་ཡིན་ཏེ། དངོས་པོ་རྣམས་ཞེས་པ་ཆོས་ཅན་དང༌། རང་བཞིན་གྱིས་གྲུབ་པ་དང་བྲལ་བ་དམ་བཅའ་དང༌། མཐའ་བཞི་ལས་སྐྱེ་བ་མེད་པགཏན་ཚིགས་སོ། །

གཉིས་པ་དེ་ལྟར་མཐའ་བཞིའི་སྐྱེ་བ་བཀག་པ་ལ་རྩོད་པ་སྤང་བ་ལ།

དངོས་ཀྱི་དོན་དང༌། དེའི་དོན་བསྡུས་ཏེ་བསྟན་པ་གཉིས། དང་པོ་ནི། ཁོ་ན་རེ། དངོས་པོ་རྣམས་རང་བཞིན་གྱི་སྐྱེ་བ་མེད་ན། འོ་ན་མ་སྐྱེས་པའི་དངོས་པོ་ནི་མེད་དགོས་པས་མ་སྐྱེས་པའི་སྔོན་པོ་ལ་སོགས་པ་བློས་ཇི་ལྟར་བཟུང་ཞེ་ན། རྩ་བར། གང་ཕྱིར་སྤྲིན་ཚོགས་དང་མཚུངས་གཏི་མུག་སྟུག་པོ་འཇིག་རྟེན་ལ། །ཡོད་པ་དེས་ན་ཡུལ་རྣམས་ལོག་པ་དག་ཏུ་སྣང་བར་འགྱུར། །ཞེས་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པ་ཅུང་ཟད་ཙམ་ཡང་མེད་ཀྱང་དེ་འདྲའི་གང་ཟག་ག༷ང་གི༷ས་སྤྲི༷ན་གྱི་ཚོ༷གས་ད༷ང་མཚུ༷ངས་པའི་བདེན་འཛིན་གྱི་གཏི༷་མུ༷ག་འཐུ༷ག་པོ༷་འཇི༷ག་རྟེ༷ན་པ་དག་ལ༷་ཡོ༷ད་པ༷་དེ༷ས་ནི༷་འདུས་བྱས་ཀྱི་ཡུ༷ལ་རྣ༷མས་རང་བཞིན་ཀྱིས་མེད་པ་ལ་རང་བཞིན་གྱིས་གྲུབ་པའི་ལོ༷ག་པ༷་ད༷ག་ཏུ༷་སྣ༷ང་བ༷ར་འགྱུ༷ར་བ་ཡིན་ནོ། །རྩ་བར། ཇི་ལྟར་རབ་རིབ་མཐུ་ཡིས་འགའ་ཞིག་སྐྲ་ཤད་ཟླ་གཉིས་དང༌། །རྨ་བྱའི་མདོངས་དང་སྦྲང་མ་ལ་སོགས་ལོག་པར་འཛིན་བྱེད་པ། །ཞེས་ཇི༷་ལྟ༷ར་ཏེ་དཔེར་ན་ར༷བ་རི༷བ་ཀྱི་མཐུ༷་ཡི༷ས་འག༷འ་ཞི༷ག་ལ་སྐྲ༷་ཤ༷ད་དང་ཟླ༷་གཉི༷ས་དང༌། རྨ༷་བྱ༷འི་མདོ༷ངས་ད༷ང་སྦྲ༷ང་མ༷་ལ༷་སོ༷གས་པ་མེད་ཀྱང་ཡོད་པར་སྣང་ནས་ལོ༷ག་པ༷ར་འཛི༷ན་པ༷ར་བྱེ༷ད་པ༷འོ། །རྩ་བར། དེ་བཞིན་དུ་ནི་གཏི་མུག་སྐྱོན་གྱི་དབང་གིས་མི་མཁས་པས། །འདུས་བྱས་ལྟ་ཞིག་སྣ་ཚོགས་བློ་གྲོས་ཀྱིས་ནི་རྟོགས་པར་འགྱུར། །ཞེས་དེ༷་བཞི༷ན་དུ༷་ནི༷་གཏི༷་མུ༷ག་གི་སྐྱོ༷ན་གྱི༷་དབ༷ང་གི༷ས་དངོས་པོའིརང་བཞིན་གྲུབ་ཚུལ་ལ་མི༷་མཁ༷ས་པ༷ས་བུམ་པ་ལ་སོགས་པའི་འདུ༷ས་བྱ༷ས་ལྟ༷་ཞི༷ག་སྟེ་འདུས་བྱས་ཀྱི་ཆོས་སྣ༷་ཚོ༷གས་པ་རང་བཞིན་གྱིས་གྲུབ་པར་བློ༷་གྲོ༷ས་ཀྱི༷ས་ནི༷་རྟོ༷གས་པ༷ར་འགྱུ༷ར་བ་ཡིན་ནོ། །རྩ་བར། གལ་ཏེ་གཏི་མུག་བརྟེན་ནས་ལས་བྱུང་གཏི་མུག་མེད་པར་དེ། །མི་འབྱུང་ཞེས་བྱར་མི་མཁས་ཁོ་ནས་རྟོགས་པར་གོར་མ་ཆག །བློ་བཟང་ཉི་མས་མུན་པ་སྟུག་པོ་རྣམ་པར་བསལ་བ་བཞིན། །མཁས་པ་དག་ནི་སྟོང་ཉིད་ཁོང་དུ་ཆུད་ཅིང་གྲོལ་བར་འགྱུར། །ཞེས་ག༷ལ་ཏེ༷་གཏི༷་མུ༷ག་རང་ངོས་ནས་གྲུབ་པ་ཞིག་ལ་བརྟེ༷ན་ན༷ས་ལ༷ས་འབྱུ༷ང་གི་གཏི༷་མུ༷ག་རང་ངོས་ནས་གྲུབ་པར་མེ༷ད་པ༷ར་ལས་དེ༷། མི༷་འབྱུ༷ང་ཞེ༷ས་བྱ༷ར་མི༷་མཁ༷ས་པ་ཁོ༷་ན༷ས་རྟོ༷གས་པ་སྟེ་འཛིན་པ་ཡིན་པ༷ར་གོ༷ར་མ༷་ཆ༷གས་པའམ་ཐེ་ཚོམ་མེད་དེ། དེ་ཁོ་ན་ཉིད་རྟོགས་པའི་བློ༷་གྲོས་བཟ༷ང་བོའི་ཉི༷་མ༷ས་བདེན་འཛིན་གྱི་མུ༷ན་པ༷་སྟུ༷ག་པོ༷་རྣ༷མ་པ༷ར་བས༷ལ་བ༷་ཡི༷་མཁ༷ས་པ༷་ད༷ག་ནི༷་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པའི་སྟོ༷ང་ཉི༷ད་ཁོ༷ང་དུ༷་ཆུ༷ད་ཅི༷ང་དངོས་པོ་བདེན་པར་འཛིན་པ་ལས་གྲོ༷ལ་བ༷ར་འགྱུ༷ར་པའི་ཕྱིར་རོ། །རྩ་བར། གལ་ཏེ་དངོས་རྣམས་དེ་ཉིད་དུ་མེད་ན། །ཐ་སྙད་དུ་ཡང་མོ་གཤམ་བུ་ཇི་བཞིན། །དེ་དག་མེད་པ་ཉིད་འགྱུར་དེ་ཡི་ཕྱིར། །དེ་དག་རང་བཞིན་གྱིས་ནི་ཡོད་པ་ཉིད། །ཅེས་ག༷ལ་ཏེ༷་དངོ༷ས་པོ་རྣ༷མས་དེ༷་ཉི༷ད་དུ༷་སྟེ་དོན་དམ་པར་གྲུབ་པ་མེ༷ད་ན༷། ཐ༷་སྙ༷ད་དུ༷་ཡ༷ང་མོ༷་གཤ༷མ་གྱི་བུ༷་ཇི༷་བཞི༷ན་དུ་དངོས་པོ་དེ༷་ད༷ག་བཟུང་དུའམ་མཐོང་དུ་མེ༷ད་པ༷་ཉི༷ད་དུ་འགྱུ༷ར་བ་དེ༷་ཡི༷་ཕྱི༷ར་ན། དངོས་པོ་དེ༷་ད༷ག་ར༷ང་བཞི༷ན་གྱི༷ས་ནི༷་སྟེ་དོན་དམ་པར་ཡོ༷ད་པ༷་ཉི༷ད་ཁོ་ན་ཡིན་ནོ། །

ཞེ་ན། འདི་ལ་བརྗོད་པར་བྱ་སྟེ། རྩ་བར། གང་དག་རབ་རིབ་ཅན་སོགས་ཡུལ་གྱུར་པ། །སྐྲ་ཤད་ལ་སོགས་དེ་དག་མ་སྐྱེས་པས། །རེ་ཞིག་དེ་དག་ཉིད་ལ་བརྩད་བྱ་སྟེ། །ཕྱི་ནས་མ་རིག་རབ་རིབ་རྗེས་འབྲེལ་ལའོ། །ཞེས་ག༷ང་ད༷ག་ར༷བ་རི༷བ་ཅ༷ན་ལ་སོ༷གས་པའི་ཡུ༷ལ་དུ་འགྱུ༷ར་པ༷་ཡི་ནམ་མཁའི་སྐྲ༷་ཤ༷ད་དང་སྨིག་རྒྱུ་ཆུར་གྲུབ་ལ༷་སོ༷གས་པ་དེ༷་ད༷ག་གཏན་མ༷་སྐྱེ༷ས་པ་ཡིན་པ༷ས། ཅིའི་ཕྱིར་རབ་རིབ་ཅན་གྱི་གང་ཟག་གིས་ཡོད་པ་མིན་པའི་ཡུལ་སྐྲ་ཤད་སོགས་མཐོང་ལ་མོ་གཤམ་གྱི་བུ་མི་མཐོང་བ་ཅི་ཡིན་ཞེས་རེ༷་ཞི༷ག་སྔོན་ལ་རབ་རིབ་ལ་སོགས་པས་མིག་ཉམས་པའི་གང་ཟག་དེ༷་ད༷ག་ཉི༷ད་དེ་དེ་དག་ཁོ་ན་ལ༷་བརྩ༷ད་པར་བྱ༷་སྟེ༷། དེའི་ཕྱི༷ས་ན༷ས་སམ་རྗེས་སུ་ནི་གཟུགས་སོགས་དང་མོ་གཤམ་གྱི་བུ་གཉིས་རང་བཞིན་གྱིས་མ་སྐྱེས་པ་ཡིན་པར་མཚུངས་པ་ལ། ཁྱོད་ཀྱིས་གཟུགས་སོགས་མཐོང་བ་མོ་གཤམ་གྱི་བུ་མི་མཐོང་བ་ཅིའི་ཕྱིར་ཡིན་ཞེས་མ༷་རི༷ག་པའི་ར༷བ་རི༷བ་རྗེ༷ས་སུ་འབྲེ༷ལ་བའི་བློས་མིག་བསྒྲིབ་པའི་གང་ཟག་རྣམས་ལ༷་བརྒལ་ཞིང་བརྟག་པར་བྱ་བའོ༷། །དེ་ལྟར་ཁྱོད་ལ་བརྒལ་ཞིང་བརྟགས་པ་ན་ནམ་མཁའི་སྐྲ་ཤད་དང་མོ་གཤམ་གྱི་བུ་གཉིས་མེད་མཉམ་ཡིན་ཀྱང་སྐྲ་ཤད་མཐོང་གི་མོ་གཤམ་གྱི་བུ་མི་མཐོང་བ་བཞིན་དུ་གཟུགས་སོགས་དང་མོ་གཤམ་གྱི་བུ་གཉིས་རང་བཞིན་གྱིས་མ་སྐྱེས་པ་ལ་མཚུངས་ཀྱང་གཟུགས་སོགས་སྣང་དུ་རུང་གི་མོ་གཤམ་གྱི་བུ་སྣང་དུ་མི་རུང་བའོ། །དབུ་མ་ལ་བརྒལ་ཞིང་བརྟག་པར་བྱ་བ་མ་ཡིན་ཏེ། རང་འགྲེལ་ལས། ཁོ་བོ་ཅག་ལ་ནི་འདི་བརྒལ་ཞིང་བརྟག་པ་མ་ཡིན་ཏེ། འདི་ལྟར་ཁོ་བོ་ཅག་ནི་རྣལ་འབྱོར་པ་རྣམས་ཀྱིས་དངོས་པོ་དེ་དག་འདི་ལྟར་གཟིགས་ཤིང་གཞན་གང་དག་རྣལ་འབྱོར་པའི་ཡེ་ཤེས་ཐོབ་པར་འདོད་པ་དེ་དག་གིས་ཀྱང་ཆོས་ཀྱི་རང་བཞིན་དེ་སྐད་བཤད་པ་ལ་ལྷག་པར་མོས་པར་བྱའོ། །ཞེས་ལུང་ཇི་ལྟ་བ་བཞིན་དུ་རྣལ་འབྱོར་པའི་ཡེ་ཤེས་ཀྱིས་ཐུགས་སུ་ཆུད་པའི་སྒོ་ནས་དངོས་པོ་རང་བཞིན་མེད་པར་འཆད་པར་ཞུགས་པ་ཡིན་གྱི། རང་གི་ཤེས་པ་ལ་ལྟོས་ནས་ནི་མ་ཡིན་ཏེ། ཁོ་བོ་ཅག་ནི་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་བསྒྲིབས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་དུ། ཕུང་པོ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །བྱང་ཆུབ་རང་བཞིན་དབེན་ཞིང་སྟོང་པ་ཉིད། །གང་སྤྱོད་དེ་ཡང་རང་བཞིན་སྟོང་པ་སྟེ། །ཡེ་ཤེས་ལྡན་པས་ཤེས་ཀྱི་བྱིས་པས་མིན། །ཡེ་ཤེས་རང་བཞིན་སྟོང་པར་རིག་འགྱུར་ཏེ། །ཤེས་བྱའི་རང་བཞིན་སྟོང་པར་རིག་གྱུར་ནས། །ཤེས་པ་པོ་དང་འདྲ་བར་རྟོགས་གྱུར་ན། །བྱང་ཆུབ་ལམ་ལ་དེ་དག་སྤྱོད་ཅེས་བྱ། །ཞེས་གསུངས་པ་ལྟ་བུའོ། །དེའི་ཕྱིར་འདི་ནི་རྣལ་འབྱོར་པ་རྣམས་ལ་བརྒལ་ཞིང་བརྟག་པ་མ་ཡིན་ཏེ། དེ་དག་གིས་ནི་ཀུན་རྫོབ་ཏུ་ཡང་ཆོས་འགའ་ཞིག་གི་རང་བཞིན་མ་གཟིགས་ལ། དོན་དམ་པར་ཡང་མ་ཡིན་ནོ། །རབ་རིབ་ཅན་ལ་བརྒལ་ཞིང་བརྟག་པ་ལྟར་ཕར་འདུག་ཅིག །ཅེས་གསུངས་པའི་ཕྱིར་རོ། །སྐབས་ཀུན་ཏུ་དངོས་སྨྲ་བ་དང་དབུ་མ་པ་གཉིས་ཀས་རྩོད་རྒྱུའི་ཡོད་མེད་ནི་རང་བཞིན་གྱིས་གྲུབ་པ་ཡོད་མེད་ཡིན་ལ། ཀུན་རྫོབ་ཀུན་ཡོད་པ་ཡིན་ཞེས་པའི་ཡོད་པ་ནི་ཤེས་བྱ་ཡོད་པ་གཞི་གྲུབ་སོགས་དོན་གཅིག་པའི་ཡོད་པ་ཡིན་ལ། དེའི་དོན་ཡང་ཚད་མས་དམིགས་པ། ཡོད་པའི་མཚན་ཉིད། ཚད་མ་རྣམ་འགྲེལ་ལས། དེ་ལ་དམིགས་རུང་རྣམས་ཀྱི་ནི། །ཡོད་པ་དམིགས་པ་ལས་གཞན་མིན། །ཞེས་པ་ལྟར་ཡིན་ནོ། །

འོན་ཀྱང་དངོས་སྨྲ་བ་དག་གིས་དེ་གཉིས་ཀྱི་ཁྱད་པར་མ་ཤེས་ནས་ཡོད་ན་རང་བཞིན་གྱིས་ཡོད་དགོས་པར་འདོད་པ་ཡོད་དོ། །བོད་མང་པོས་དེ་གཉིས་ཀྱི་ཁྱད་པར་མ་ཤེས་པའི་དབང་གིས་རང་བཞིན་གྱིས་མ་གྲུབ་ན་མེད་ཅེས་སྨྲ་བར་བྱེད་དོ། །རྩ་བར། གལ་ཏེ་རྨི་ལམ་དྲི་ཟའི་གྲོང་ཁྱེརབཅས། །སྨིག་རྒྱུའི་ཆུ་དང་མིག་འཕྲུལ་གཟུགས་བརྙན་སོགས། །སྐྱེ་མེད་མཐོང་ན་ཡོད་ཉིད་མིན་མཚུངས་ཀྱང༌། །ཁྱོད་ལ་ཇི་ལྟར་དེར་འགྱུར་དེ་མི་རིགས། །ཞེས་རབ་རིབ་ཅན་ལ་བརྒལ་ཞིང་བརྟགས་པ་དེ་ཕར་ཞོག་རེ་ཞིག་བརྒལ་བརྟགས་འདི་ནི་དངོས་སྨྲ་བ་ཁྱོད་ཉིད་ལ་བརྒལ་ཞིང་བརྟགས་པར་བྱ་བ་ཡིན་པ་ནི། ཇི་ལྟར་བརྟགས་ན་ག༷ལ་ཏེ༷་རྨི༷་ལ༷མ་གྱི་ཁང་ཁྱིམ་དང་དྲི༷་ཟ༷འི་གྲོ༷ང་ཁྱེ༷ར་དང་བཅ༷ས་པ་དང༌། སྨི༷ག་སྒྱུ༷འི་ཆུ༷་ད༷ང་མི༷ག་འཕྲུ༷ལ་མཁན་གྱིས་སྤྲུལ་པའི་སྐྱེས་པ་བུད་མེད་སོགས་དང་གཟུ༷གས་བརྙ༷ན་སོ༷གས་སྒྲས་བྲག་ཆ་དང་སྤྲུལ་པ་སོགས་ལ་ཁྱོད་རང་གི་ལུགས་ལ་ཡང་སྐྱེ༷་མེ༷ད་སྟེ་ཡོད་པ་མིན་པར་འདོད་པའི་ཁང་ཁྱིམ་དངོས་དང་གྲོང་ཁྱེར་དངོས་དང་སྨིག་རྒྱུ་ཆུར་གྲུབ་པ་དང༌། སྐྱེས་པ་བུད་མེད་དངོས་དང་གཟུགས་བརྙན་བྱད་བཞིན་ཏུ་གྲུབ་པ་སོགས་མཐོ༷ང་བ་ན༷། དེ་དང་མོ་གཤམ་གྱི་བུ་གཉིས་ཡོ༷ད་པ་ཉི༷ད་མི༷ན་པར་མཚུ༷ངས་པ་ཡིན་ཀྱ༷ང༌། ཁྱོ༷ད་ལ༷་ཇི༷་ལྟ༷ར་སྨིག་སྒྱུ་ཆུར་གྲུབ་པ་སོགས་མཐོང་བ་དེ༷ར་འགྱུ༷ར་ལ། མོ་གཤམ་གྱི་བུ་མཐོང་བ་དེར་མི་འགྱུར་བ་དེ༷་མི༷་རི༷གས་པར་འགྱུར་བའོ། །དེ་ལྟར་རང་འགྲེལ་ལས། དཔེར་ན་རང་བཞིན་གྱིསསྟོང་པ་ཡིན་དུ་ཟིན་ཀྱང༌། དེ་དག་མཐོང་གི་མོ་གཤམ་གྱི་བུ་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་བདག་ཉིད་ལ་བརྒལ་ཞིང་བརྟག་པ་གྱིས་དང༌། དེ་ནས་ཕྱིས་ང་ལ་བརྒལ་ཞིང་བརྟག་པར་འགྱུར་རོ། །

ཞེས་གསུངས་སོ། །རྩ་བར། དེ་ཉིད་དུ་འདི་ཇི་ལྟར་སྐྱེ་མེད་ཀྱང༌། །མོ་གཤམ་བུ་ལྟར་གང་ཕྱིར་འཇིག་རྟེན་གྱི། །མཐོང་བའི་ཡུལ་དུ་མི་འགྱུར་མ་ཡིན་པ། །དེ་ཡི་ཕྱིར་ན་སྨྲས་འདི་མ་ངེས་པའོ། །

ཞེས་རྒྱུ་མཚན་དེ༷་དག་གི་ཕྱིར་ན་དེ་ཁོ་ན་ཉི༷ད་དུ༷་འམ་དོན་དམ་པར་གཟུགས་ལ་སོགས་པ་འདི༷་དག་ཇི༷་ལྟ༷ར་སྐྱེ༷་བ་མེ༷ད་ཀྱ༷ང༌། མོ༷་གཤ༷མ་གྱི་བུ༷་ལྟ༷ར་ག༷ང་གི་ཕྱི༷ར་འཇི༷ག་རྟེ༷ན་གྱི༷། མཐོ༷ང་བ༷འི་ཡུ༷ལ་དུ༷་མི༷་འགྱུ༷ར་བ་མ༷་ཡི༷ན་པ༷་དེ༷་ཡི༷་ཕྱི༷ར་ན༷་གཟུགས་སོགས་དོན་དམ་པར་མེད་ན་ཐ་སྙད་དུ་མོ་གཤམ་གྱི་བུ་བཞིན་མི་མཐོང་བར་འགྱུར་རོ་ཞེས་སྨྲ༷ས་པ་འདི༷་ནི་གཏན་ཚིགས་མ༷་ངེ༷ས་པ༷འི་གཏན་ཚིགས་འཁྲུལ་བ་ཅན་ཡིན་ཏེ། རང་བཞིན་གྱིས་མེད་པའི་རྟགས་ཀྱིས་གཟུགས་སོགས་མི་མཐོང་བ་བསྒྲུབ་མི་ནུས་པར་དཔེའི་སྒོ་ནས་བཤད་ཟིན་པ་དེའི་ཕྱིར་རོ། །རང་འགྲེལ་ལས། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། འགྲོ་བ་དག་ནི་རྨི་འདྲར་བཤད། །དེ་ཉིད་དུ་ནི་རྣམ་མ་བཞག །

རྨི་ལམ་གང་ལའང་དངོས་པོ་མེད། །ལོག་པའི་བློ་ཅན་མངོན་པར་ཞེན། །དྲི་ཟའི་གྲོང་ཁྱེར་ཇི་ལྟར་སྣང་གྱུར་ཀྱང༌། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གཞན་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་རབ་ཏུ་བཞག །དེ་བཞིན་བདེ་བར་གཤེགས་པས་འགྲོ་འདི་གཟིགས། །ཆུ་ཡི་འདུ་ཤེས་ཅན་གྱིས་ནི། །མཐོང་ཡང་སྨིག་རྒྱུ་ལ་ཆུ་མེད། །དེ་བཞིན་ཡོངས་སུ་རྟོགས་པས་བཀྲུས། །སྡུག་པ་མིན་པར་སྡུག་པར་རྟོག། །མེ་ལོང་ཤིན་ཏུ་ཡོངས་དག་ལ། །ཇི་ལྟར་རང་བཞིན་མེད་པ་ཡི། །གཟུགས་བརྙན་སྣང་བ་དེ་བཞིན་དུ། །ལྗོན་པ་ཆོས་རྣམས་ཤེས་པར་གྱིས། །

ཞེས་གསུངས་པའི་ལུང་ལས་ནི་གཟུགས་ལ་སོགས་པ་རྣམས་རང་བཞིན་གྱིས་མ་སྐྱེས་པ་ཡིན་བཞིན་དུ་འཇིག་རྟེན་གྱིས་འཛིན་པའི་ཡུལ་ཉིད་དུ་འགྱུར་ལ། མོ་གཤམ་གྱི་བུ་ནི་མ་ཡིན་པས་འདི་ནི་ཁྱོད་ལ་རང་ཉིད་ལས་མ་ངེས་པ་ཡིན་ནོ། །ཁོ་བོ་ཅག་ལ་ནི་འདི་བརྩད་དུ་མེད་པ་ཉིད་དེ་འདི་ལྟར་ཁོ་བོ་ཅག་གིས་ནི་གཟུགས་ལ་སོགས་པ་རྣམས་ཀུན་རྫོབ་ཏུ་རང་བཞིན་གྱིས་སྐྱེ་བརཁས་བླངས་ནས་དོན་དམ་པར་འགོག་པ་མ་ཡིན་ནོ། །ཞེས་གསུངས་སོ། །

གཉིས་པ་དེའི་དོན་བསྡུས་ཏེ་བསྟན་པ་ནི།

རྩ་བར། མོ་གཤམ་བུ་ལ་རང་གི་བདག་ཉིད་ཀྱིས། །སྐྱེ་བ་དེ་ཉིད་དུ་མེད་འཇིག་རྟེན་དུའང༌། །ཡོད་མིན་དེ་བཞིན་དངོས་འདི་ཀུན་ངོ་བོ། །ཉིད་ཀྱི་འཇིག་རྟེན་དེ་ཉིད་དུ་མ་སྐྱེས། །དེ་ཕྱིར་འདི་ལྟར་སྟོན་པས་ཆོས་རྣམས་ཀུན། །གདོད་ནས་ཞི་ཞིང་སྐྱེ་བྲལ་རང་བཞིན་གྱིས། །ཡོངས་སུ་མྱ་ངན་འདས་པ་གསུངས་གྱུར་པ། །དེ་ཕྱིར་རྟག་ཏུ་སྐྱེ་བ་ཡོད་མ་ཡིན། །ཞེས་ཐལ་འགྱུར་བ་ཁྱོད་ཀྱིས་གཟུགས་སོགས་དངོས་པོ་རྣམས་རང་བཞིན་གྱི་སྐྱེ་བ་ཡོད་པར་དམིགས་ནས། རང་བཞིན་གྱིས་སྐྱེ་བ་དེ་ཉིད་ཐ་སྙད་དུ་ཡོད་པ་དང་དོན་དམ་དུ་འགོག་པ་ཅིའི་ཕྱིར་མིན་ཞེ་ན། དེའི་རྒྱུ་མཚན་ཡོད་དེ། དཔེར་ན་མོ༷་གཤ༷མ་གྱི་བུ༷་ལ༷་ར༷ང་གི༷་བད༷ག་ཉི༷ད་དེ་རང་བཞིན་གྱི༷ས་སྐྱེ༷་བ༷་དེ༷་ཁོ་ན་ཉི༷ད་དུ༷་མེ༷ད་ཅིང་འཇི༷ག་རྟེ༷ན་གྱི༷་ཐ་སྙད་དུ༷འ༷ང་ཡོ༷ད་པ་མི༷ན་པ་དེ༷་བཞི༷ན་དུ་གཟུགས་སོགས་ཀྱི་དངོ༷ས་པོ་འདི༷་ཀུ༷ན་ནི་རང་གི་ངོ༷་བོ༷་ཉི༷ད་ཀྱི༷ས་འཇི༷ག་རྟེ༷ན་གྱི་ཐ་སྙད་དང༌། དེ༷་ཁོ་ན་ཉི༷ད་དུ༷་མ༷་སྐྱེ༷ས་པ་དེ༷འི་ཕྱི༷ར་ན། འདི༷་ལྟ༷ར་བདག་ཅག་གི་སྟོ༷ན་པ༷ས་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོ༷ས་རྣ༷མས་མ་ལུས་པ་ཀུ༷ན་གདོ༷ད་མ་ན༷ས་ཞི༷་ཞི༷ང༌། རང་བཞིན་གྱིས་གྲུབ་པའི་སྐྱེ༷་བ་དང་བྲ༷ལ་བ་དང༌། ར༷ང་བཞི༷ན་གྱི༷ས་ཡོ༷ངས་སུ༷་མྱ༷་ང༷ན་ལས་འད༷ས་པ༷ར་གསུ༷ངས་པར་འགྱུ༷ར་པ༷། དེ༷་ཡི་ཕྱི༷ར་རྟ༷ག་ཏུ༷་རང་བཞིན་གྱིས་སྐྱེ༷་བ༷་ཡོ༷ད་པ་མ༷་ཡི༷ན་པའི་ཕྱིར། དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ནི། །གདོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །རྩ་བར། བུམ་སོགས་འདི་དག་དེ་ཉིད་དུ་མེད་ཅིང༌། །འཇིག་རྟེན་རབ་ཏུ་གྲགས་པར་ཡོད་ཇི་བཞིན། །དེ་བཞིན་དངོས་པོ་ཐམས་ཅད་འགྱུར་བས་ན། །མོ་གཤམ་བུ་དང་མཚུངས་པར་ཐལ་མི་འགྱུར། །ཞེས་སྐབས་འདིར་རང་སྡེ་རྣམས་ཀྱིས་ནི་དོན་དམ་དུ་མེད་ན་ཀུན་རྫོབ་ཏུ་ཡང་མེད་དོ་ཞེས་པའི་བརྒལ་བ་འདི་བྱ་མི་རིགས་ཏེ། རང་ཅག་གཉིས་ཀའི་ལུགས་ལ་དོན་དམ་དུ་མེད་ན་ཀུན་རྫོབ་ཏུ་མེད་པས་མ་ཁྱབ་པའི་ཕྱིར། དེར་ཐལ། མཛོད་ལས། གང་ལ་བཅོམ་དང་བློ་ཡིས་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བྱེ་སྨྲ་དག་གིས་ཀྱང་བུ༷མ་པ་དང་ཆུ་བོ་དང་ཕྲེང་བ་ལ་སོ༷གས་པ་འདི༷་ད༷ག་དེ༷་ཉི༷ད་དུ༷་སྟེ་དོན་དམ་པར་མེ༷ད་ཅི༷ང་འཇི༷ག་རྟེ༷ན་གྱི་ར༷བ་ཏུ༷་གྲ༷གས་པ༷ར་སྟེ་ཐ་སྙད་དུ་ཡོ༷ད་པར་འདོད་པ་ཇི༷་བཞི༷ན་པ། དེ༷་བཞི༷ན་དུ་དངོ༷ས་པོ༷་ཐ༷མས་ཅ༷ད་རང་བཞིན་གྱིས་མེད་ཀྱང་ཐ་སྙད་དུ་ཡོད་པར་འགྱུ༷ར་བ༷ས་ན༷། དངོས་པོ་རྣམས་དོན་དམ་པར་མེད་ན་མོ༷་གཤ༷མ་གྱི་བུ༷་ད༷ངམཚུ༷ངས་པ༷ར་ཐ༷ལ་བར་མི༷་འགྱུ༷ར་བའི་ཕྱིར་རོ། །

གསུམ་པ་རྟེན་འབྱུང་གི་སྐྱེ་བ་ཉིད་ཀྱིས་མཐར་འཛིན་གྱི་ལོག་རྟོག་འགོག་ཚུལ་ནི།

གལ་ཏེ་དབུ་མ་པ་ཁྱོད་ཀྱིས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་བཞི་ག་བདེན་པ་གཉིས་ཆར་དུ་བཀག་ནས་དེ་བཞི་ལས་གཞན་པའི་དངོས་པོ་རྣམས་སྐྱེ་བའི་སྒོ་གཅིག་ཡོད་པ་ངེད་ཅག་གིས་ནི་མ་རྙེད་པས། ཁྱེད་ཐལ་འགྱུར་བས་མ་རིག་པ་ལས་འདུ་བྱེད་སྐྱེ་བ་ལ་སོགས་པ་དང༌། ས་བོན་ལས་མྱུ་གུ་སྐྱེ་བ་ལ་སོགས་པ་དེ་ཀུན་རྫོབ་ཏུ་སྐྱེ་བ་དེ་ལྟར་ངེས་ཤིང་རྟོགས་པར་བྱ་ཞེ་ན། རྩ་བར། གང་ཕྱིར་རྒྱུ་མེད་པ་དང་དབང་ཕྱུག་གི། །རྒྱུ་ལ་སོགས་དང་བདག་གཞན་གཉི་ག་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་པ། །དེ་ཕྱིར་བརྟེན་ནས་རབ་ཏུ་སྐྱེ་བར་འགྱུར། །ཞེས་མཐའ་བཞི་ལས་གཞན་པའི་ཀུན་རྫོབ་ཏུ་སྐྱེ་བའི་ཚུལ་ཡོད་དེ། རྒྱུ་མཚན་ག༷ང་གི་ཕྱི༷ར་ན་སྔར་ཇི་སྐད་བཤད་པ་ལྟར། དངོས་པོ་རྣམས་ཀྱི་སྐྱེ་བ་ནི་རྒྱུ༷་མེ༷ད་པ༷ར་ངོ་བོ་ཉིད་ལས་འབྱུང་བ་ད༷ང༌། དབ༷ང་ཕྱུ༷ག་གི༷་རྒྱུ༷་དང་ལ༷་སོ༷གས་པས་དུས་དང་རྡུལ་ཕྲན་ད༷ང༌། རང་བཞིན་དང༌། སྐྱེས་བུ་དང༌། སྲེད་མེད་ཀྱི་བུ་ལ་སོགས་པ་རྣམས་ལས་ཀྱང་སྐྱེ་བ་མ་ཡིན་ཞིང༌། བད༷ག་དང༌། གཞ༷ན་དང༌། གཉི༷ས་ཀ༷་ལ༷ས་དངོ༷ས་པོ་རྣ༷མས་སྐྱེ༷་བ༷ར་འགྱུ༷ར་བ༷་མ༷་ཡི༷ན་པ༷་དེ༷འི་ཕྱི༷ར་ན། རྒྱུ་དང་རྐྱེན་འདི་ལ་བརྟེ༷ན་ན༷ས་འབྲས་བུ་འདི་ར༷བ་ཏུ༷་སྐྱེ༷་བ༷ར་འགྱུ༷ར་བ་ཡིན་པའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དེ་ལ་སྐྱེ་བའི་ཆོས་ཀྱི་བརྡ་ནི་འདི་ཡིན་ཏེ། འདི་ལྟ་སྟེ་མ་རིག་པ་འདི་ཡོད་ན་འདུ་བྱེད་དེ་འདི་འབྱུང༌། འདུ་བྱེད་དེ་འདི་སྐྱེས་པས་རྣམ་ཤེས་འདི་སྐྱེ་སྟེ། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། ཞེས་སོགས་དང༌། རིན་ཆེན་ཕྲེང་བ་ལས། འདི་ཡོད་པས་ན་འདི་འབྱུང་དཔེར། །རིང་བོ་ཡོད་ན་ཐུང་ངུ་བཞིན། །འདི་སྐྱེས་པས་ན་འདི་སྐྱེ་དཔེར། །མར་མེ་འབྱུང་བས་འོད་བཞིན་ནོ། །ཞེས་དང༌། བསྟན་བཅོས་རྩ་ཤེས་ལས། བྱེད་པོ་ལས་ལ་བརྟེན་བྱས་ཤིང༌། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །གྲུབ་པའི་རྒྱུ་ནི་མ་མཐོང་ངོ༌། །དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་བྱ་བ་འདི་ཙམ་ཞིག་ཁོ་ན་གསུངས་སོ། །རྩ་བར། གང་ཕྱིར་དངོས་པོ་བརྟེན་ནས་རབ་འབྱུང་བས། །རྟོག་པ་འདི་དག་བརྟག་པར་མི་ནུས་པ། །དེ་ཕྱིར་རྟེན་འབྱུང་རིགས་པ་འདི་ཡིས་ནི། །ལྟ་ངན་དྲ་བ་མཐའ་དག་གཅོད་པར་བྱེད། །

ཅེས་ག༷ང་གི་ཕྱི༷ར་ན་བརྟེན་ནས་འབྱུང་བའི་དངོ༷ས་པོ༷་ཞིག་ཡིན་ཕྱིན་དེ་ལ་གཏན་མེད་ཡིན་པ་དང༌།

རང་བཞིན་གྱིས་གྲུབ་པ་དང་རྟག་པ་སོགས་མི་སྲིད་པ་དང༌། ལྟོས་ནས་གྲུབ་པའི་ཆོས་ཞིག་ཡིན་ཕྱིན་གཏན་མེད་དང་རང་བཞིན་གྱིས་གྲུབ་པ་ཞིག་རྣམ་པ་ཀུན་ཏུ་མི་སྲིད་པས་ན། དངོས་པོ་རྣམས་རྒྱུ་འདི་ལ་བརྟེ༷ན་ན༷ས་འབྲས་བུ་འདི་ར༷བ་ཏུ་འབྱུ༷ང་བ༷ས་བདག་གཞན་ལས་སྐྱེ་བ་ལ་སོགས་པའི་རྟོ༷ག་པ༷་སྟེ་ལོག་རྟོག་གིས་བཞག་པའི་ཕྱིན་ཅི་ལོག་གི་ཡུལ་འདི༷་ད༷ག་ཐམས་ཅད་བཀག་ནས་ཡོད་པར་བརྟ༷ག་པ༷ར་མི༷་ནུ༷ས་པར་བྱས་པ༷་དེ༷འི་ཕྱི༷ར་ན་རྟེ༷ན་ཅིང་འབྲེལ་བར་འབྱུ༷ང་བའི་རི༷གས་པ༷་འདི༷་ཡི༷ས་ནི༷་བདག་ལས་སྐྱེ་བར་ལྟ་བ་ལ་སོགས་པའི་ལྟ༷་བ་ང༷ན་པའི་དྲ༷་བ་མཐ༷འ་ད༷ག་གཅོ༷ད་པ༷ར་བྱེ༷ད་པ་ཡིན་ལ། རྟེན་འབྲེལ་གྱི་རིགས་པ་འདིས་ནི་དངོས་པོ་རང་བཞིན་གྱིས་གྲུབ་པར་ལྟ་བ་དང་གཏན་མེད་པར་ལྟ་བ་དང་རང་བཞིན་གྱིས་གྲུབ་པའི་མི་རྟག་པར་ལྟ་བ་ལ་སོགས་པའི་ལྟ་བ་ངན་པ་མཐའ་དག་གི་ཞེན་ཡུལ་སུན་ཕྱུང་བ་ཡིན་ནོ། །རིགས་པ་དྲུག་ཅུ་པ་ལས། དེ་དང་དེ་རྟེན་གང་འབྱུང་བ། །རང་གི་ངོ་བོར་དེ་མ་སྐྱེས། །རང་གི་ངོ་བོར་མ་སྐྱེས་གང༌། །

དེས་ནི་སྐྱེས་ཞེས་ཇི་སྐད་བྱ། །ཞེས་དང༌། དེ་བཞིན་དུ། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད༌། །དེ་ནི་རྒྱུར་བཅས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །

ཞེས་གསུངས་ལ། མ་དྲོས་པའི་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །རྩ་ཤེས་ལས་ཀྱང༌། རྟེན་ཅིང་འབྲེལ་བར་འབྱུང་བ་གང༌། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་རྒྱུར་བྱས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་རྟེན་འབྲེལ་ཡིན་པས་རང་བཞིན་གྱིས་སྟོང་བར་བཤད་དོ། །ལང་གཤེགསཚིག་གསལ་དུ་དྲངས་པ་ལས། བློ་གྲོས་ཆེན་པོ་རང་བཞིན་གྱིས་མ་སྐྱེས་པ་ལ་དགོངས་ནས། ངས་ཆོས་ཐམས་ཅད་མ་སྐྱེས་པའོ། །ཞེས་བསྟན་ཏེ། ཞེས་སངས་རྒྱས་རང་ཉིད་ཀྱི་དགོངས་པ་རང་ཉིད་ཀྱིས་བླངས་ནས་མདོ་དེ་རྣམས་ལས་དགག་བྱ་ལ་དོན་དམ་པའི་ཁྱད་པར་མ་སྦྱར་བ་ཐམས་ཅད་ལ་སྦྱར་དགོས་པར་གསུངས་པའི་ཕྱིར་རོ། །རྩ་བར། རྟོག་རྣམས་དངོས་པོ་ཡོད་ན་འགྱུར་བ་སྟེ། །དངོས་པོ་ཇི་ལྟར་མེད་པར་ཡོངས་དཔྱད་ཟིན། །དངོས་པོ་མེད་པར་འདི་རྣམས་མི་འབྱུང་དཔེར། །བུད་ཤིང་མེད་པར་མེ་ཡོད་མིན་དེ་བཞིན། །ཞེས་གལ་ཏེ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་ན་ནི་དངོས་པོ་རྣམས་ཀྱང་མཐའ་བཞི་གང་རུང་ལས་སྐྱེ་དགོས་ཤིང༌། དེ་ལྟར་ན་མཐར་འཛིན་རྣམས་ཀྱང་ལྡོག་པར་མི་འགྱུར་ལ། ཆོས་གང་ཡང་རང་བཞིན་གྱིས་མེད་ན་ནི་དེ་རྟོག་ན་མཐར་འཛིན་གྱི་རྟོག་པ་རྣམས་ཀྱང་ལྡོག་པར་འགྱུར་ཞེས་བསྟན་པ་ནི། བདག་ལས་སྐྱེ་བར་འཛིན་པ་དང་རང་བཞིན་གྱིས་སྐྱེ་བར་འཛིན་པ་ལ་སོགས་པའི་མཐར་འཛིན་པའི་རྟོ༷ག་པ་རྣ༷མས་དངོ༷ས་པོ༷་རང་བཞིན་གྱིས་གྲུབ་པར་འཛིན་པ་ཡོ༷ད་ན༷་འབྱུང་བར་འགྱུ༷ར་བ༷་ཡིན་ལ་དེ་མེད་ན་མི་འབྱུང་བ་སྟེ༷། དངོ༷ས་པོ༷་རང་བཞིན་གྱིས་གྲུབ་པར་ཇི༷་ལྟ༷ར་ཏེ་ཅི་རིགས་ཡང་མེ༷ད་པ༷ར་ཡོ༷ངས་སུ་དཔྱ༷ད་ཟི༷ན་ལ། དེས་ན་དེ་སྒོམ་པས་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པ་སྤོང་དུ་ཡོད་ལ། དེ་ཡོད་ན་དངོ༷ས་པོ༷་རང་བཞིན་གྱིས་གྲུབ་པར་འཛིན་པ་མེ༷ད་པ༷ར་ནི་མཐར་འཛིན་གྱི་རྟོག་པ་འདི༷་རྣ༷མས་མི༷་འབྱུ༷ང་བ་ནི། དཔེ༷ར་ན་རྒྱུ་བུ༷ད་ཤི༷ང་མེ༷ད་པ༷ར་འབྲས་བུ་མེ༷་ཡོ༷ད་པ་མི༷ན་པ་དེ༷་བཞི༷ན་ནོ། །ལུང་འདིས་ནི་རྟེན་འབྲེལ་གྱི་རིགས་པས་ཆོས་རྣམས་རང་བཞིན་གྱིས་མ་གྲུབ་པ་དེ་གཏན་ལ་ཕབ་ནས་གོམས་པ་ལས་ཆོས་རྣམས་རང་བཞིན་གྱིས་གྲུབ་པར་འཛིན་པའི་བདེན་འཛིན་སྤོང་ནུས་ལ། དེ་སྤངས་ན་བདག་ལས་སྐྱེ་བར་འཛིན་པ་ལ་སོགས་པའི་མཐར་འཛིན་གྱི་ལྟ་ངན་ཐམས་ཅད་དངོས་པོ་རང་བཞིན་གྱིས་གྲུབ་པར་འཛིན་པའི་རྒྱུ་ལས་བྱུང་བ་ཡིན་པས་ན་དེ་དག་ཀྱང་སྤོང་བར་འགྱུར་ཕྱིར་རྟེན་འབྲེལ་གྱི་རིགས་པས་ལྟ་ངན་གྱི་དྲ་བ་མཐའ་དགགཅོད་པར་བྱེད་ནུས་པར་བསྟན་པ་ཡིན་ནོ། །

༈ བཞི་པ་རིགས་པས་དཔྱད་པ་བྱས་པའི་འབྲས་བུ་ངོས་བཟུང་བ་ནི།

རྩ་བར། སོ་སོའི་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་བས། །རྟོག་རྣམས་ལོག་པར་གྱུར་པ་གང་ཡིན་ཏེ། །རྣམ་པར་དཔྱོད་པའི་འབྲས་བུར་མཁས་རྣམས་གསུང༌། །ཞེས་སྔར་བཤད་པ་ལྟར་གྱི་ཆོས་ཉིད་ཀྱི་དོན་མི་ཤེས་པའི་སོ༷་སོ༷འི་སྐྱེ༷་བོ༷་རྣ༷མས་ནི༷་གཙོ་བོར་མཐར་འཛིན་གྱི་རྟོ༷ག་པ༷ས་བཅི༷ངས་པ་ཡིན་པ་དང༌། ཆོས་རྣམས་རང་བཞིན་གྱིས་སྟོང་པའི་ཆོས་ཉིད་ཐུགས་སུ་ཆུད་དེ་དངོས་པོ་རྣམས་རང་བཞིན་གྱིས་གྲུབ་པའི་ཕྱིན་ཅི་ལོག་ཏུ་རྣམ་པར་མི༷་རྟོ༷ག་པའི་ཚེ་ན་རྣ༷ལ་འབྱོ༷ར་བ་འཕགས་པ༷་རྣམས་ནི༷་གྲོ༷ལ་བར་འགྱུ༷ར་བ༷ས་ན། རང་གཞན་གྱི་རྒྱུད་ཀྱི་མཐར་འཛིན་གྱི་རྟོ༷ག་པ་རྣ༷མས་ལོ༷ག་པ་སྟེ་སྤངས་པ༷ར་གྱུ༷ར་པ༷་ག༷ང་ཡིན་པ་དེ༷་ནི། གང་ཟག་སུ་དང་སུ་ཡིས་འཕགས་པས་དབུ་མའི་བསྟན་བཅོས་ལས་བཤད་པའི་རིགས་པ་དག་གིས་རྣ༷མ་པ༷ར་དཔྱོ༷ད་པ༷འི་འབྲ༷ས་བུ༷་ཡིན་ནོ་ཞེས་མཁ༷ས་པ་རྣ༷མས་གསུ༷ངས་སོ། །དབུ་མ་བཞི་བརྒྱ་པ་ལས་ཀྱང༌། དངོས་པོ་རང་བཞིན་གྱིས་ཡོད་ན། །སྟོང་མཐོང་ཡོན་ཏན་ཅི་ཞིག་ཡོད། །རྟོག་པས་མཐོང་བ་འཆིང་བ་སྟེ། །དེ་ཉིད་འདིར་ནི་འགོག་པ་ཡིན། །ཞེས་གསུངས་སོ། །རྩ་བར། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །ཞེས་འཕགས་པས་དབུ་མའི་བསྟ༷ན་བཅོ༷ས་ལ༷ས་རིགས་པས་རྣམ་པར་དཔྱ༷ད་པ་ཤིན་ཏུ་མང་པོ་མཛད་པ་ནི་རྩོ༷ད་པ་ལ༷་ཆ༷གས་པའམ་གཞན་ཟིལ་གྱིས་གནོན་པར་འདོད་པ༷འི་ཕྱི༷ར་མ༷་མཛ༷ད་དོ་ཞེས་ཤེས་པར་བྱ་སྟེ། སེམས་ཅན་རྣམས་ཀྱི་དེ་ཁོ་ན་ཉིད་འདི་ལྟ་བུ་དེ་ཕྱིན་ཅི་མ་ལོག་པར་རྟོགས་ནས་ཐར་བ་ཐོབ་པར་གྱུར་ན་ཅི་མ་རུང་ཞེས་སྐྱེ་བོ་རྣམས་རྣ༷མ་པར་གྲོ༷ལ་བར་བྱ་བའི་ཕྱི༷ར་དུ་ནི༷་དབུ་མའི་བསྟན་བཅོས་ལས་རིགས་པ་དུ་མས་རྣམ་པར་དཔྱད་པ་མཛད་པའི་སྒོ་ནས་དེ༷་ཁོ་ན་ཉི༷ད་བསྟ༷ན་པ་ཡིན་པའི་ཕྱིར། དེ་ལ་ཁོ་ན་རེ་ཁྱོད་ཀྱིས་དངོས་པོར་སྨྲ་བ་རྣམས་ཀྱི་ལུགས་དང་ལུགས་དེ་སྒྲུབ་བྱེད་ཀྱི་བརྟགས་པ་ཐམས་ཅད་བཀོད་དེ་དབུ་མའི་བསྟན་བཅོས་ལས་བཀག་པ་མ་ཡིན་ནམ། དེས་ན་དབུ་མའི་བསྟན་བཅོས་བཤད་པ་ནི་རྩོད་པའི་ཕྱིར་དང་གཞན་ཟིལ་གྱིས་གནོན་པའི་ཕྱིར་ཡིན་པས། མཐར་འཛིན་གྱི་རྟོག་པ་ལྡོག་པ་ཙམ་དབུ་མའི་བསྟན་བཅོས་ལས་རིགས་པའི་རྣམ་དཔྱད་ཀྱི་འབྲས་བུར་ཇི་ལྟར་བཞག་ཅེ་ན། རྩ་བར། གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་ཉེས་པ་མེད། །ཞེས་ཁོ་བོ་ཅག་གིས་རིགས་པའི་རྣམ་པར་དཔྱད་པ་འདི་དག་ནི་རྩོད་པའི་ཕྱིར་བྱས་པ་མ་ཡིན་པར་མཐར་འཛིན་གྱི་ལྟ་བ་ངན་པ་སྤོང་བའི་ཕྱིར་ཡིན་མོད་ཀྱི། ག༷ལ་ཏེ༷་བདག་སྐྱེ་དང་གཞན་སྐྱེ་དང་ཆོས་རྣམས་རང་བཞིན་གྱིས་གྲུབ་པ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བའི་དེ༷་ཁོ་ན་ཉི༷ད་རྣ༷མ་པ༷ར་བཤ༷ད་པ༷་ཡི་ཚེ་ན༷། གཞན་ལས་སྐྱེ་བ་དང་ཆོས་བདེན་གྲུབ་སོགས་གཞ༷ན་གྱི་གཞུ༷ང་གིས་ཀུན་བཏགས་པ་རྣམས་འཇི༷ག་ཅིང་མེད་པ༷ར་འགྱུ༷ར་ན༷་ཁོ་བོ་ཅག་ལ་ཉེ༷ས་པ༷་ཡིན་པའི་སྐྱོན་མེ༷ད་པ་ཉིད་ཡིན་ཏེ། ཁོ་བོ་ཅག་གིས་གཞན་གྱིས་འདོད་པའི་ལུགས་དེ་འཇིག་པ་ཙམ་འདོད་ནས་བཀག་པ་མ་ཡིན་ཀྱང༌། གཞན་གྱིས་དངོས་པོ་བདེན་གྲུབ་སོགས་ཁས་བླངས་པ་རྣམས་ནི་རིགས་པ་དང་བྲལ་བའི་ཕྱིན་ཅི་ལོག་གིས་བཏགས་པ་ཡིན་པས་ན་རང་བཞིན་གྱིས་སྟོབས་ཆུང་བས་དཔེར་ན་སྣང་བ་ཤར་བ་ན་མུན་པ་འཇིག་པར་འགྱུར་བ་བཞིན་མཐའ་བྲལ་གྱི་ཆོས་ཉིད་བཤད་པའི་ཚེ་རང་ཉིད་ཞིག་པ་ཡིན་པའི་ཕྱིར། བཞི་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་རྣམས་ཀྱིས། །རྩོད་པ་མཛད་ཕྱིར་གསུངས་མ་ཡིན། །འོན་ཀྱང་མེ་ཡིས་བུད་ཤིང་ལྟར། །འདི་ཡིས་ཕས་ཀྱི་རྒོལ་བ་སྲེག །ཅེས་གསུངས་བའི་ཕྱིར་རོ། །རྩ་བར། རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེའི་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱོད་པ་ན་མྱུར་དུ་གྲོལ་བར་འགྱུར། །ཞེས་གལ་ཏེ་རྩོད་པ་ལ་ཆགས་པའི་ཕྱིར་ཆོས་ཉེ་བར་བསྟན་ན་ནི་གཞན་ཕྱོགས་སྐྱོན་དང་ལྡན་པ་ལ་སྡང་ཞིང་རང་ཕྱོགས་རིགས་པ་དང་ལྡན་པ་ལ་ཆགས་པར་འགྱུར་བས་ཁྲོ་ཆགས་ཀྱི་རྟོག་པ་ལྡོག་པ་མེད་དེ། ར༷ང་གི༷་ལྟ༷་བ་ལ༷་ཆ༷གས་པ་ད༷ང་དེ༷་བཞི༷ན་དུ༷། གཞ༷ན་གྱི༷་ལྟ༷་བ་ལ༷་རྒྱུད་འཁྲུ༷ག་པ་ག༷ང་ཡིན་པ་དེ་ནི་འཆིང་བའི་རྟོ༷ག་པ༷་ཉི༷ད་ཡིན་པས་ཁྲོ་ཆགས་ཀྱི་རྟོག་པ་ཇེ་འཕེལ་དུ་སོང་ནས་དེས་འཆིང་བ་ལས་ཐར་བ་ཐོབ་པ་མིན་ལ། རྩོད་པའི་ཕྱིར་བསྟན་པ་མ་ཡིན་པ་དེའི་ཚེ་སྔ་མ་ལས་ལྡོག་པ་ཡིན་པ་དེ༷འི་ཕྱི༷ར་རང་ཕྱོགས་ལ་འདོ༷ད་ཆ༷གས་དང་གཞན་ཕྱོགས་ལ་ཁོ༷ང་ཁྲོ༷་བ་རྣ༷མ་པར་བས༷ལ་ཏེ༷། རིགས་པ་སྣ་ཚོགས་པའི་སྒོ་ནས་ཟབ་མོའི་དོན་ལ་རྣ༷མ་པར་དཔྱོ༷ད་པ༷་ནི༷་མྱུ༷ར་དུ༷་གྲོ༷ལ་བ༷ར་འགྱུ༷ར་བའི་ཕྱིར་ཏེ། རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་དག་ལ་ནི་ཕྱོགས་མེད་དོ། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང༌། རང་གི་ཕྱོགས་ལ་ཆགས་ཡོད་ཅིང༌། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོད་མི་འགྱུར། །ཞེས་དང༌། བརྒྱ་པ་ལས་ཀྱང༌། རང་གི་ཕྱོགས་ལ་ཆགས་ཡོད་ཅིང༌། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། །གཉིས་སྤྱོད་ཞི་བར་ཡོད་མི་འགྱུར། །ཞེས་དང༌། ཏིང་འཛིན་རྒྱལ་པོ་ལས། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང༌། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་རྒྱགས་པས་བཅོམ་པ་ལོག་པ་སྟེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང༌། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་བདག་སྐྱེ་འགོག་པ་ནས་འདིའི་བར་ནི་དངོས་པོ་ཆོས་ཀྱི་བདག་མེད་རྒྱས་པར་བསྟན་པ་དང༌། བར་བར་དུ་དངོས་མེད་ཀྱི་ཆོས་ཀྱི་བདག་མེད་ཀྱང་བསྟན་པས་ཆོས་ཀྱི་བདག་མེད་བསྟན་པར་གསུངས་སོ། །དེ་ཡན་ཆད་ཀྱིསཆོས་ཀྱི་བདག་མེད་རིགས་པས་བསྒྲུབས་པ་བཤད་ཟིན་ཏོ། །

གཉིས་པ་གང་ཟག་གི་བདག་མེད་རིགས་པས་བསྒྲུབ་པ་ལ།

ཐར་འདོད་ཀྱིས་ཐོག་མརབདག་རང་བཞིན་གྱིས་གྲུབ་པ་ཉིད་དགག་དགོས་པར་བསྟན་པ་དང༌། བདག་དང་བདག་གི་བགཉིས་རང་བཞིན་གྱིས་གྲུབ་པ་འགོག་པའི་ཚུལ་དང༌། བདག་དང་ཤིང་རྟའི་དཔྱད་པ་དངོས་པོགཞན་ལ་ཡང་རིགས་བསྒྲེ་བར་བསྟན་པ་དང་གསུམ་ལས། དང་པོ་ནི། རྩ་བར། ཉོན་མོངས་སྐྱོནརྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཞིང༌། །བདག་ནི་འདིཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་འདི་ནརྣལ་འབྱོར་བ་དེ་ཁོ་ན་ཉིད་ལ་ཞུགས་ཏེ་ཉོན་མོངས་པའི་སྐྱོན་མ་ལུས་པ་སྤངས་པར་འདོད་པས་ནི། འཁོར་བར་འཁྱམས་པ་འདི་རྒྱུ་ཅི་འདྲ་བ་ཞིག་གི་རྩ་བ་ཅན་ཡིན་སྙམ་དུ་རྟོག་པར་བྱེད་ལ། དེ་ལྟར་བརྟགས་པ་ན་ཉོ༷ན་མོ༷ངས་པ་ནི་འདོད་ཆགས་ལ་སོགས་པ་དང༌། དེའི་སྐྱོ༷ན་རྣ༷མས་ནི་སྐྱེ་རྒ་ན་འཆི་ལ་སོགས་པ་དེ་དག་མ༷་ལུ༷ས་པ་ཐམས་ཅད་ནི་ང་དང་ང་ཡི་བ་རང་བཞིན་གྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་གྱི་འཇི༷ག་ཚོ༷གས་ལ༷་ལྟ༷་ལ༷ས་བྱུ༷ང་བ་ཡིན་པ༷ར་བློ༷་ཡི༷ས་མཐོ༷ང་བར་འགྱུ༷ར་ཞི༷ང༌།དེ་དག་གི་ནི་མ་ལུས་པ་འཇིག་ཚོགས་ལ་ལྟ་བའི་འབྲས་བུ་ཡིན་ནོ་སྙམ་དུ་རྟོགས་པར་འགྱུར་རོ། །དེ་རྟོགས་པ་ན་འཇིག་ལྟ་སྤོང་འདོད་འབྱུང་ལ། དེ་ཚེ་འཇིག་ལྟས་ཇི་ལྟར་བཟུང་བ་ལྟར་གྱི་བདག་རང་བཞིན་གྱིས་གྲུབ་པ་དེ་ཡུལ་སྟེང་ནས་མེད་པར་རྟོགས་པའི་སྒོ་ནས་སྤོང་དགོས་པར་མཐོང་ནས། འཇིག་ལྟས་གཞི་གང་ལ་རང་བཞིན་གྱིས་གྲུབ་པའི་བདག་ཏུ་ཞེན་པའི་དམིགས་པ་དེ་གང་ཡིན་སྙམ་དུ་བརྟགས་པ་ན། བད༷ག་སྟེ་ང་ཞེས་པའི་ང་ནི༷་བདག་ཏུ་ལྟ་བ་འདི༷་ཡི༷་ཡུ༷ལ་གྱི་དམིགས་པའོ་སྙམ་དུ༷་རྟོ༷གས་པར་བྱ༷ས་ན༷ས། འཇིག་ལྟས་རང་བཞིན་གྱིས་གྲུབ་པར་ཞེན་པའི་གཞིའི་ངའི་ཡུལ་ཅན་ནི་འཇིག་ལྟ་ཡིན་པའི་ཕྱིར་རོ་སྙམ་དུ་རྟོགས་སོ། །དེ་ལྟར་རྟོགས་པར་བྱ་བ་དེའི་ཚེ་སྐྱོན་མ་ལུས་པ་སྤངས་བར་འདོད་པའི་སྐྱོན་རྣམས་ཀྱི་རྩ་བ་འཇིག་ལྟ་སྤང་དགོས་པ་ཡིན་ལ། དེ་སྤོང་བ་ཡང་དེའི་དམིགས་པ་བདག་གམ་ང་དེ་ངོ་བོས་གྲུབ་པ་མེད་པར་ཁོང་དུ་ཆུད་པ་ལས་སྤོང་བར་འགྱུར་ལ། བདག་ཏུ་འཛིན་ཡུལ་བདག་ཅེས་བྱ་བ་འདི་ངོ་བོ་ཉིད་ཀྱིས་གྲུབ་མ་གྲུབ་ཅེས་ཐོག་མར་བདག་ཁོ་ན་ལ་དཔྱོད་པར་བྱེད་དོ། །དེ་ལྟར་དཔྱད་པའི་སྒོ་ནས་རྣ༷ལ་འབྱོ༷ར་པ༷་ཡི༷ས་བད༷ག་དེ་ནི༷་རང་བཞིན་གྱིས་གྲུབ་པ་འགོ༷ག་པ༷ར་བྱེ༷ད་པ་ཡིན་ནོ། །དེ་ལྟར་བདག་རང་བཞིན་གྱིས་གྲུབ་པ་བཀག་པས་འཇིག་ལྟ་སྤངས་ན་ཉེས་སྐྱོན་ཀུན་ལྡོག་པས་ནི་བདག་རང་བཞིན་གྱིས་མེད་པའི་ཚུལ་ལ་དཔྱད་པ་འདི་ནི་ཐར་བ་སྒྲུབ་པའི་ཐབས་ཡིན་ཏེ། བསླབ་བཏུས་ལས། གང་ཟག་སྟོང་བ་ཉིད་ནི་དེ་ལྟར་ཤིན་ཏུ་གྲུབ་པ་ཡིན་ནོ། །དེའི་ཕྱིར་རྩ་བ་ཆད་པའི་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་མི་འབྱུང་ངོ། །ཞེས་དང༌། འཕགས་པ་དེ་བཞིན་གཤེགས་པའི་གསང་བའི་མདོ་ལས། ཇི་སྐད་དུ། ཞི་བའི་བློ་གྲོས་འདི་ལྟ་སྟེ། དཔེར་ན་ཤིང་རྩ་བ་ནས་བཅད་ན་ཡལ་ག་དང་ལོ་མ་དང་ཡལ་ག་ཕྲ་མོ་ཐམས་ཅད་སྐམ་པར་འགྱུར་རོ། །ཞི་བའི་བློ་གྲོས་དེ་བཞིན་དུ་འཇིག་ཚོགས་ལ་ལྟ་བ་ཉེ་བར་ཞི་ན། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཞི་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར། དེའི་དོན་ནི་གང་ཟག་རང་བཞིན་གྱིས་གྲུབ་པས་སྟོང་བ་ཉིད་ནི་རིགས་པས་ཤིན་ཏུ་འགྲུབ་པོ། །བླང་དོར་རབ་གསལ་གྱི་འགྲེལ་བ་ལས། འདི་ལ་དཔལ་ལྡན་ཟླ་བ་གྲགས་པ་དང༌། ཆོས་ཀྱི་གྲགས་པ་དག་ནི། ཕུང་པོ་ལ་བདག་དང་བདག་གིར་འཛིན་པའི་མཚན་ཉིད་ཅན་གྱི་འཇིག་ཚོགས་ལ་ལྟ་བ་ཉིད། ཉོན་མོངས་པ་ཅན་གྱི་མ་རིག་པར་བཞེད་པ་ཡིན་ཏེ། དབུ་མ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་འགྱུར་ཞིང༌། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡིས་བདག་ནི་འགོག་པར་བྱེད། །ཅེས་གསུངས་པའི་ཕྱིར་རོ། །དེ་ལྟར་ཉ་ཊཱིཀ་གི་ཤེར་ཕྱིན་གྱི་གླེང་གཞིའི་སྐབས་འཇིག་ལྟ་མ་རིག་པ་ཡིན་པར་བཤད་དོ། །རྣམ་འགྲེལ་འགྲེལ་བཤད་རིན་ཕྲེང་ལས་འཇིག་ལྟ་མ་རིག་པ་ཡིན་པར་བཤད་ལ། འོན་ཀྱང་ཐེག་མཆོག་དབུམའི་རྩ་འགྲེལ་ལས་དཔལ་ཆོས་ཀྱི་གྲགས་པས་འཇིག་ལྟ་མ་རིག་པ་ཡིན་པ་ལྟ་བུར་གསུངས་པ་ནི་རྣམ་པ་གསལ་ཕྱོགས་ནས་བཤད་པ་ལས་འཇིག་ལྟ་མ་རིག་པ་མ་ཡིན་པར་བཤད་དོ། །ཐོགས་མེད་སྐུ་མཆེད་ཀྱིས་མ་རིག་པ་ལ་རྨོངས་ཙམ་གྱི་མ་རིག་པས་ཁྱབ་པར་བཞེད་དོ། །སྤྱིར་མ་རིག་པ་ལ། ཉོན་མོངས་ཅན་གྱི་མ་རིག་པ་དང༌། ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་གཉིས་ཡོད་པར་སྒོ་མང་ཡིག་ཆར་བཞག་ལ། ལུགས་འདིར་བཞེད་པ་ཡིན་ནམ་སྙམ་སྟེ། ཟླ་བའི་སྐྱབས་འགྲོ་བདུན་ཅུ་པ་ལས། མི་ཤེས་ཉོན་མོངས་མིན་སྤངས་ཕྱིར། །ཕྱིས་ནས་སངས་རྒྱས་ཀྱིས་བསྐུལ་ལས། །བྱང་ཆུབ་ཀྱི་ནི་ཚོགས་བསགས་ནས། །དེ་ཡང་འཇིག་རྟེན་འདྲེན་པར་འགྱུར། །ཞེས་དང༌། །མ་རིག་ཉོན་མོངས་མིན་ཡོད་པས། །རྣམ་པ་ཀུན་མཁྱེན་སྤངས་པ་ཉིད། །

ཞེས་གསུངས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་རྟོགས་པའི་རིག་པ་ཡེ་ཤེས་ཀྱི་འགལ་ཟླ་མི་མཐུན་ཕྱོགས་སུ་གྱུར་པའི་རྨོངས་པ་དེ། ཉོན་མོངས་ཅན་གྱི་མ་རིག་པའི་མཚན་ཉིད། མཚན་གཞི་བུམ་པ་བདེན་འཛིན་ལྟ་བུ། དེ་ལ་དབྱེ་ན་གང་ཟག་གི་བདག་འཛིན་དང༌། ཆོས་ཀྱི་བདག་འཛིན་གཉིས། དང་པོ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། གང་ཟག་གི་བདག་འཛིན་རགས་པ་དང༌། ཕྲ་མོ་གཉིས་ཡོད། གང་ཟག་གི་བདག་འཛིན་རགས་པ་ཀུན་བཏགས་དང་དེ་ལྷན་སྐྱེས་གཉིས་ཡོད། དང་པོ་ནི། གང་ཟག་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པའི་བློ་དང༌། གང་ཟག་ཕུང་པོ་དང་མཚན་ཉིད་མི་མཐུན་པའི་རྫས་ཡོད་དུ་གྲུབ་པར་འཛིན་པའི་བློ་གཉིས་ལྟ་བུ། གཉིས་པ་ནི། ཕུང་བོའི་རང་བཞིན་ཅན་གྱི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཛིན་པའི་བློ་དེ་ཉིད་དོ། །གང་ཟག་གི་བདག་འཛིན་རགས་པ་ལ་གང་ཟག་གི་བདག་འཛིན་མ་ཡིན་པས་ཁྱབ་པོ། །གཉིས་པ་གང་ཟག་གི་བདག་འཛིན་ཕྲ་མོ་དང་གང་ཟག་གི་བདག་འཛིན་དོན་གཅིག དེ་ལ་དབྱེ་ན། གང་ཟག་གི་བདག་འཛིན་ཕྲ་མོ་ཀུན་བཏགས་དང༌། དེ་ལྷན་སྐྱེས་གཉིས་ཡོད། དང་པོའི་མཚན་གཞི་ནི། རྒྱུ་མཚན་ལྟར་སྣང་ལ་བརྟེན་ནས་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཐད་སྙམ་དུ་འཛིན་པའི་བློ་དང༌། གཉིས་པའི་མཚན་གཞི་ནི། རྒྱུ་མཚན་ལ་མ་ལྟོས་པར་ངམ་ངམ་ཤུགས་ཀྱིས་གང་ཟག་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་བློ་དེའོ། །

འདི་གཉིས་ལ་རང་གཞན་ལ་དམིགས་པ་ཡོད་དོ། །གཉིས་པ་ཆོས་ཀྱི་བདག་འཛིན་ལ་སྒྲས་བརྗོད་རིགས་ཀྱིས་དབྱེ་ན་ཆོས་ཀྱི་བདག་འཛིན་རགས་པ་དང་ཕྲ་མོ་གཉིས་ཡོད། དང་པོ་ལ་ཆོས་ཀྱི་བདག་འཛིན་རགས་པ་ཀུན་བཏགས་དང༌། དེ་ལྷན་སྐྱེས་གཉིས་ཡོད། དུས་མཐའི་སྐད་ཅིག་མ་དུས་ཀྱི་ཆ་མེད་དུ་འཛིན་པ་དང༌། རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དུ་འཛིན་པ་དང༌། བུམ་པ་རང་རྐྱ་ཐུབ་པའི་རྫས་ཡོད་དུ་འཐད་པར་འཛིན་པ་དང་གསུམ། དང་པོའི་མཚན་གཞི། དོན་སྨྲ་གཉིས་ཀྱི་འདོད་པའི་རྡུལ་ཕྲན་ཆ་མེད་བསགས་པའི་གཟུགས་དང༌། དེ་འཛིན་པའི་ཚད་མ་གཉིས་རྫས་གཞན་དུ་གྲུབ་པར་འཛིན་པའི་བློ་དེ་ནི་གཉིས་པའི་མཚན་གཞི། རྡུལ་ཕྲན་ཆ་མེད་བསགས་པའི་གཟུགས་འཛིན་པའི་ལྷན་སྐྱེས་མེད་ཀྱང༌། ཀུན་བཏགས་ཀྱིས་རྡུལ་ཕྲན་ཆ་མེད་བསགས་པའི་གཟུགས་ཡོད་པར་བཟུང་བ་ལ་ལྷན་སྐྱེས་ཀྱི་དེ་འདྲའི་གཟུགས་དང༌། དེ་འཛིན་ཚད་མ་རྫས་གཞན་དུ་འཛིན་པ་ཡོད་པའི་ཕྱིར། ཆོས་ཀྱི་བདག་འཛིན་རགས་པ་ཡིན་ན་ཆོས་ཀྱི་བདག་འཛིན་མ་ཡིན་པས་ཁྱབ་པོ། །གཉིས་པ་ཆོས་ཀྱི་བདག་འཛིན་ཕྲ་མོ་དང་ཆོས་ཀྱི་བདག་འཛིན་དོན་གཅིག དེ་ལ་དབྱེ་ན། ཆོས་ཀྱི་བདག་འཛིན་ཀུན་བཏགས་དང་ལྷན་སྐྱེས་གཉིས། དེ་གཉིས་ཀྱི་མཚན་གཞི་ནི། གང་ཟག་གི་བདག་འཛིན་ཕྲ་མོའི་སྐབས་ལྟར་ཤེས་པར་བྱའོ། །ཡང་གང་ཟག་གི་བདག་འཛིན་གྱི་བྱེ་བྲག་འཇིག་ལྟ་ལ་གཉིས་ལས། དང་པོ་ནི། རང་དང་རྒྱུད་གཅིག་པའི་ང་ལ་དམིགས་ནས་ང་དང་ང་ཡི་བ་གང་རུང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་ཤེས་རབ་ཉོན་མོངས་ཅན་དེ། འཇིག་ལྟའི་མཚན་ཉིད་ཡིན་ཏེ། རང་འགྲེལ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བ་ནི་ངའོ་སྙམ་པ་དང་ངའི་འོ་སྙམ་པ་ལྟ་བུའི་རྣམ་པར་ཞུགས་པ་ཤེས་རབ་ཉོན་མོངས་ཅན་ནོ། །ཞེས་གསུངས་སོ། །འཇུག་འགྲེལ་རབ་གསལ་སྣང་བ་ལས། ངའི་རྟའོ་ཞེས་པའི་ངའི་ཞེས་འཛིན་པའི་ཚེ་རྟས་ཁྱད་པར་དུ་བྱས་པའི་ང་འཛིན་པ་ཡིན་ལ། ཞེས་སོ། །

གཉིས་པ་དབྱེ་བ་ལ།

རང་རྒྱུད་ཀྱི་ང་ཙམ་ལ་དམིགས་ནས་ང་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཛིན་པའི་འཇིག་ལྟ་དེ། ངར་འཛིན་འཇིག་ལྟའི་མཚན་ཉིད། དེ་ལ་ངར་ཞེན་ཚུལ་གྱིས་དབྱེ་ན་དུ་མ་ཡོད་དེ། ཡུལ་གྱི་བདག་གི་ཁྱད་པར་སོ་སོར་མ་ཕྱེ་བར་རང་ངོས་ནས་གྲུབ་པའི་ངར་འཛིན་པའི་འཇིག་ལྟ་དང༌། བདག་ནི་མིའོ། །བདག་ནི་མི་བཟང་པོའོ། །བདག་ནི་དགེ་སློང་ངོ། །བདག་ནི་རྒྱལ་པོའོ། །ཞེས་པ་ལྟ་བུའི་ཡུལ་གྱི་བདག་སོ་སོར་ཕྱེ་ནས་རང་ངོས་ནས་གྲུབ་པའི་ངར་ཞེན་པའི་འཇིག་ལྟ་སོགས་ཡོད་པའི་ཕྱིར་རོ། །བདག་གི་བའི་གདགས་གཞིས་ཁྱད་པར་དུ་བྱས་པའི་རང་རྒྱུད་ཀྱི་ང་ཡི་བ་ལ་དམིགས་ནས་རང་ངོས་ནས་གྲུབ་པར་འཛིན་པའི་འཇིག་ལྟ་དེ། ང་ཡི་བར་འཛིན་པའི་འཇིག་ལྟའི་མཚན་ཉིད། དབྱེ་ན། ངས་སེམས་སོ་སྙམ་པ་ལྟ་བུ་ཡུལ་གྱི་བདག་མ་ཕྱེ་བར་དང༌། མི་བདག་གི་ནོར་རོ། །སྙམ་པ་སོགས་ཕྱེ་ནས་ངར་ཞེན་པ་དང་གཉིས་ཡོད་དེ་ང་དང་ང་ཡིར་འཛིན་པའི་འཇིག་ལྟ་གཉིས་འགལ་བ་ཡིན་ཏེ། དེ་གཉིས་ཀྱི་གཞི་མཐུན་མེད་པའི་ཕྱིར་རོ། །འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། འཇིག་ལྟ་གཉིས་ལ་གང་ཟག་གི་བདག་འཛིན་གྱིས་ཁྱབ་ཀྱང་གང་ཟག་གི་བདག་འཛིན་ལ་འཇིག་ལྟས་མ་ཁྱབ་སྟེ། གཞན་རྒྱུད་ལ་དམིགས་པའི་གང་ཟག་གི་བདག་འཛིན་ཡོད་ལ། རང་རྒྱུད་ལ་དམིགས་པའི་སེམས་དང་ཀུན་འགྲོ་ལྔ་པོ་གང་རུང་དུ་གྱུར་པའི་གང་ཟག་གི་བདག་འཛིན་ཀྱང་ཡོད་པ་གང་ཞིག དེ་དག་འཇིག་ལྟ་མ་ཡིན་པའི་ཕྱིར། ཞེས་གསུངས་སོ། །ལྷས་བྱིན་གྱི་རྒྱུད་ཀྱི་འཇིག་ལྟ་མཆོད་སྦྱིན་གྱི་རྒྱུད་ཀྱི་ང་ལ་མི་འཇུག་པ་ལྟ་བུ་རྒྱུད་མི་གཅིག་པ་ལ་རྒྱུད་གཞན་གྱི་འཇིག་ལྟ་མི་འཇུག་ཀྱང་རྒྱུད་གཅིག་པའི་ལྷ་མི་སོགས་འགྲོ་བ་ཐ་དད་པའི་འཇིག་ལྟས་འགྲོ་བ་ཐ་དད་པ་ལ་དམིགས་པ་ཡོད་དེ། རང་གི་སྐྱེ་བ་སྔ་མའི་ལྷ་ལ་ངའོ་སྙམ་པའི་མིའི་རྒྱུད་ཀྱི་ཚད་མ་དང་འཇིག་ལྟ་གཉིས་ཀ་ཡོད་པའི་ཕྱིར། འཇིག་ལྟ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན་འཇིག་ལྟ་རགས་པ་དང་ཕྲ་མོ་གཉིས། དང་པོ་འཇིག་ལྟ་རགས་པ་ལ་ཀུན་བཏགས་ལྷན་སྐྱེས་གཉིས། འཇིག་ལྟ་ཕྲ་མོ་ལའང་ཀུན་བཏགས་ལྷན་སྐྱེས་གཉིས་ཡོད་དེ། དེ་གཉིས་རེ་རེ་ལ་མཐོང་སྒོམ་གྱི་སྤང་བྱ་རེ་རེ་ཡོད་པའི་ཕྱིར། དེ་དག་གི་མཚན་གཞི་རྣམས་ནི་སྔར་གྱི་རིགས་པ་སྦྱར་ཏེ་ཤེས་པར་བྱའོ། །ཐལ་འགྱུར་བའི་ལུགས་འདི་ལ་གང་ཟག་གི་བདག་ཐ་སྙད་དུ་ཡོད་པར་ཐལ། འཇིག་ལྟའི་ཡུལ་ཡོད་པའི་ཕྱིར་ན་མ་ཁྱབ་སྟེ། དེའི་ཡུལ་ཡོད་ཀྱང་འཛིན་སྟངས་ཀྱི་ཡུལ་གྱི་གང་ཟག་གི་བདག་མེད་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་དེར་ཐལ། དེའི་དམིགས་ཡུལ་ཡོད་པའི་ཕྱིར། དེར་ཐལ། དེའི་དམིགས་ཡུལ་དེ་བདག་གམ་གང་ཟག་ཡིན་པའི་ཕྱིར། རང་འགྲེལ་ལས། དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ།

ངར་འཛིན་པ་ནི་བདག་གི་ཡུལ་ཅན་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཟླ་བ་གྲགས་པའི་ལུགས་ལ་ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་འདོད་པས་དེའི་བག་ཆགས་ཕྲ་མོ་ཤེས་སྒྲིབ་ཡིན་པའི་གསལ་ཁ་གསུངས་ལ། དེ་ལས་གཞན་པའི་བདེན་གཉིས་ངོ་བོ་ཐ་དད་དུ་འཛིན་པའི་བློ་སོགས་ཐེག་པ་ཆེན་པོའི་རྒྱ་ཆེ་བའི་ལམ་གྱི་རྣམ་བཞག་ལ་དེ་མ་ཡིན་དུ་འཛིན་པ་ཉོན་ཤེས་ཀྱི་གསལ་ཁ་མ་གསུངས་ཀྱང་ཤེས་པར་གྱུར་བའི་ཤེས་སྒྲིབ་བཞག་ན་དེ་དག་མ་བཞག་ན་གཞན་འོས་མིན་པས་དེ་དག་བཞག་དགོས་པ་ཡིན་ནམ་ཅི། དགོས་ན་དེ་དག་ལ་ཀུན་བཏགས་ཡོད་པསཉོན་སྒྲིབ་མ་སྤངས་པར་ཤེས་སྒྲིབ་སྤངས་པའི་མགོ་མི་རྩོམ་ཞེས་གསུངས་པ་སོགས་ལ་དཔྱདཔར་ཞུའོ། །

གཉིས་པ་བདག་དང་བདག་གི་བ་རང་བཞིན་གྱིས་གྲུབ་པ་དགག་པ་ལ།

བདག་རངབཞིན་གྱིས་གྲུབ་པ་དགག་པ་དང༌། བདག་གི་བ་རང་བཞིན་གྱིས་གྲུབ་པ་དགག་པ་དང་གཉིས།

དང་པོ་ལ། གཞན་སྡེས་བཏགས་པའི་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་དགག་པ་དང༌། རང་སྡེས་བཏགས་པའི་ཕུང་པོ་ཉིད་བདག་ཏུ་འདོད་པ་དགག་པ་དང༌། དེ་གཉིས་ཀྱི་ལྷག་མའི་ཕྱོགས་རྟེན་བརྟེན་པ་སོགས། གསུམ་དགག་པ་དང༌། དེ་ཉིད་གཞན་ཉིད་དུ་མེད་པའི་གང་ཟག་རྫས་ཡོད་དགག་པ་དང༌། བརྟེན་ནས་བཏགས་པ་ཙམ་དུ་བཞག་པ་དཔེ་དང་བཅས་པར་བཤད་པ་དང༌། དེ་ལྟར་བཞག་པ་ལ་མཐར་འཛིན་རྟོག་པ་སྤངས་སླ་བའི་ཡོན་ཏན་བསྟན་པ་དང་དྲུག དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། ལུགས་དེ་དགག་པ་དང་གཉིས། དང་པོ་ནི། འཇིག་ལྟའི་དམིགས་པ་བདག་དེ་གང་ཡིན་ཞེ་ན། འདི་ལ། གྲངས་ཅན་གྱི་ལུགས་བརྗོད་པ་དང༌། བྱེ་བྲག་པ་ལ་སོགས་པའི་ལུགས་བརྗོད་པ་དང་གཉིས། དང་པོ་ནི། རྩ་བར། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱིས་བརྟགས། །ཞེས་གྲངས་ཅན་པས་ཟ༷་བ་པོ༷་བདེ་སྡུག་སོགས་ལ་ལོངས་སྤྱོད་པ་པོ་དང༌། སྐྱེ་འགག་དང་རྣམ་པར་འགྱུར་བ་མེད་པས་རྟ༷ག་པའི་དངོ༷ས་པོ་དང༌། འབྲས་བུ་རྣམ་འགྱུར་རྣམས་སྐྱེད་པའི་བྱེ༷ད་པ་པོ༷་མི༷ན་པའི་བདག༷་དང༌། རྡུལ་མུན་སྙིང་སྟོབས་སམ་ཡང་ན་རིམ་བཞིན་སྡུག་བསྔལ་དང་གཏི་མུག་དང་བདེ་བའི་རང་བཞིན་གྱིས་ཡོ༷ན་ཏ༷ན་མེད་པ་དང༌། བདག་གཅིག་པུ་དེས་ས་གསུམ་གྱི་འགྲོ་བ་ཐམས་ཅད་ལ་ཁྱབ་ཅིང་གཡོ་བའི་རྟོག་པ་ཐམས་ཅད་དང་བྲལ་བའི་གསལ་རིག་གི་ཤེས་པ་ཡིན་པས་བྱ༷་བའམ་རྩོམ་པ་མེ༷ད་པ་ཡིན་པར་གྲ༷ངས་ཅ༷ན་རྣ༷མས་ཀྱི༷ས་བརྟ༷གས་སོ། །སྐབས་འདིར་རང་འགྲེལ་ལས། དེ་ལ་གྲངས་ཅན་པ་དག་ནི། རྩ་བའི་རང་བཞིན་རྣམ་པར་འགྱུར་མིན་ལ། །ཆེན་པོ་སོགས་བདུན་རང་བཞིན་རྣམ་འགྱུར་ཞིང༌། །བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ། །སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། །ཞེས་སྨྲ་བར་བྱེད་དོ། །དེ་ལ་རབ་ཏུ་བྱེད་པས་ན་རང་བཞིན་ནོ། །གནས་སྐབས་གང་ཞིག་ཏུ་རབ་ཏུ་བྱེད་ཅེ་ན། སྐྱེས་བུའི་འདོད་པ་མཐོང་བའི་དུས་སུའོ། །གང་གི་ཚེ་སྐྱེས་བུ་ལ་སྒྲ་ལ་སོགས་པའི་ཡུལ་ཉེ་བར་ལོངས་སྤྱོད་པའི་རྣམ་པ་ཅན་གྱི་འདོད་པ་སྐྱེས་པ་དེའི་ཚེ་སྐྱེས་བུའི་འདོད་པ་ཡོངས་སུ་ཤེས་པའི་རང་བཞིན་དང་སྐྱེས་བུ་སྦྱོར་ཞིང་དེ་ནས་སྒྲ་ལ་སོགས་པ་འབྱིན་པར་བྱེད་དོ། །དེ་ལ་ཚུལ་ནི་འདི་ཡིན་ཏེ། རང་བཞིན་ལས་ནི་ཆེན་པོའོ། །

དེ་ལས་ང་རྒྱལ་ལོ། །དེ་ལས་བཅུ་དྲུག་པོའི་ཚོགས་སོ། །བཅུ་དྲུག་པོ་དེ་ལས་ཀྱང་འབྱུང་བ་ལྔ་ནི་ལྔ་ལས་ཏེ་སྒྲ་ལ་སོགས་པ་དག་ལས་འབྱུང་བ་ལྔ་འབྱུང་ངོ་ཞེས་བྱ་བ་འདི་ནི་རིམ་པ་ཡིན་ནོ། །

རྣམ་པར་འགྱུར་མིན་ལ་ཞེས་བྱ་བ་ནི་གང་གི་ཕྱིར་རབ་ཏུ་བྱེད་པ་ཁོ་ན་ཡིན་གྱི། ཆེན་པོ་ལ་སོགས་པ་ལྟར་རྣམ་པར་འགྱུར་བ་ཡང་ནི་ཡིན་ནོ། །ཆེན་པོ་ལ་སོགས་པ་དེ་དག་ནི་རབ་ཏུ་བྱེད་པ་ཡང་ཡིན་ལ་རྣམ་པར་འགྱུར་བ་ཡང་ཡིན་ཏེ། དེའི་ཕྱིར་ཆེན་པོ་ལ་སོགས་པ་བདུན་རང་བཞིནརྣམ་འགྱུར་ཞིང་ཞེས་བྱ་བ་སྨྲས་ཏེ་ཆེན་པོ་ལ་སོགས་པ་དག་ཀྱང་རང་གི་རྣམ་པར་འགྱུར་བ་ལ་ལྟོས་ནས་རང་བཞིན་ཡིན་ལ། རང་བཞིན་ལ་ལྟོས་ནས་རྣམ་པར་འགྱུར་བ་ཡིན་ནོ། །བློའི་དབང་པོ་ལ་སོགས་པ་བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་ཁོ་ན་སྟེ། དེའི་ཕྱིར་བཅུ་དྲུག་པོ་ནི་རྣམ་པར་འགྱུར་བ་སྟེ་ཞེས་བྱ་བ་སྨྲས་སོ། །ནིའི་སྒྲ་ནི་རྣམ་པར་འགྱུར་བ་ཁོ་ན་སྟེ་ཞེས་ངེས་པར་བཟུང་བའི་དོན་དུའོ། །སྐྱེས་བུ་ནི་རབ་ཏུ་བྱེད་པ་ཡང་མ་ཡིན་ལ་རྣམ་པར་འགྱུར་བ་ཡང་མ་ཡིན་ནོ་ཞེས་སྨྲ་བ་ནི། སྐྱེས་བུ་རང་བཞིན་མ་ཡིན་རྣམ་འགྱུར་མིན། ། ཞེས་བྱ་བའོ། །རིམ་པ་འདིས་རྣམ་པར་འགྱུར་བའི་ཚོགས་ཐམས་ཅད་སྐྱེས་པས་འདོད་པ་སྐྱེས་པའི་སྐྱེས་བུ་ཉེ་བར་ཟ་བ་པོར་ཇི་ལྟར་འགྱུར་བ་བརྗོད་པར་བྱ་སྟེ། རྣ་བ་ལ་སོགས་པའི་བློའི་དབང་པོ་ཡིད་ཀྱིས་བྱིན་གྱིས་བརླབས་པ་དག་གིས་ཡོངས་སུ་བཟུང་བའི་ཡུལ་སྒྲ་ལ་སོགས་པ་དག་ལ་བློས་ཞེན་པར་བྱེད་ལ་དེ་ནས་བློས་ཞེན་པར་བྱས་པའི་དོན་ལ་སྐྱེས་བུ་སེམས་པར་བྱེད་དེ། དེ་ལྟར་སྐྱེས་བུ་སེམས་པ་ཡོད་པའི་རང་གི་ངོ་བོ་ཡིན་པའི་ཕྱིར། བདག་ཡུལ་དག་ཉེ་བར་ལོངས་སྤྱོད་དོ་ཞེས་བརྗོད་དོ། །དེ་ལྟར་འདོད་པས་ཡུལ་ཉེ་བར་ལོངས་སྤྱོད་ཅིང༌། གང་གི་ཚེ་ཆགས་པ་ཆུང་བ་ཉིད་ཀྱིས་སྐྱེས་བུ་ཡུལ་དག་ལ་ཆགས་པ་དང་བྲལ་བར་གྱུར་པ་དེའི་ཚེ་རིམ་གྱིས་བསམ་གཏན་བསྒོམས་ཤིང་ལྷའི་ཤེས་པ་ཡང་དག་པར་བླངས་པས་ལྷའི་མིག་གི་སྒོ་ནས་རང་བཞིན་ལ་ལྟ་བར་བྱེད་ལ་དེས་བལྟས་པ་དང་དེ་གཞན་གྱི་བུད་མེད་ལྟར་ངོ་ཚ་བར་གྱུར་པས་བདག་ལ་མི་ཁྲོ་ཞིང་བྲལ་བར་འགྱུར་རོ། །རྣམ་པར་འགྱུར་བའི་ཚོགས་ཐམས་ཅད་ཀྱང་སྐྱེ་བའི་རིམ་པ་ལས་བཟློག་པའི་སྒོ་ནས་དེ་ཉིད་དུ་རབ་ཏུ་ཞི་བའི་ཕྱིར་མི་གསལ་བའི་ངོ་བོར་གྱུར་པ་དེའི་ཚེ་སྐྱེས་བུ་ཉག་གཅིག་གནས་ཏེ་དེའི་ཕྱིར་གྲོལ་བ་ཞེས་བྱའོ། །དེ་ནི་རྣམ་པར་འགྱུར་བ་ཞར་ཟིན་ཀྱང་ཞ་བར་མི་འགྱུར་བ་ཉིད་ཀྱིས་རྟག་ཏུ་ཡན་གར་བའི་ངོ་བོར་གནས་པའི་ཕྱིར་རྟག་པ་ཞེས་བྱ་བའོ། །རང་བཞིན་ཉིད་བྱེད་པ་པོ་ཡིན་ཞིང་རྣམ་པར་འགྱུར་བ་རྣམས་ལས་ཀྱང་ཁ་ཅིག་བྱེད་པ་པོ་ཡིན་པའི་ཕྱིར་ལ། བདག་ནི་བྱ་བ་ལ་སྙོམ་ལས་ཅན་ཉིད་དུ་གྱུར་པའི་ཕྱིར་ན་བྱེད་པ་པོ་མ་ཡིན་པ་ཉིད་ཅེས་བརྗོད་དོ། །ཉེ་བར་ལོངས་སྤྱོད་པ་པོ་ཉིད་ནི་ཇི་སྐད་སྨྲས་པའི་ཚུལ་གྱིས་བསྟན་ཟིན་པ་ཉིད་དོ། །རྡུལ་དང་མུན་པ་དང་སྙིང་སྟོབས་ཀྱི་རང་བཞིན་མེད་པའི་ཕྱིར་ན་ཡོན་ཏན་མེད་པ་ཉིད་དོ། །ཁྱབ་པར་བྱེད་པ་ཉིད་མ་ཡིན་པའི་ཕྱིར་ན་བྱ་བ་མེད་པ་ཉིད་དེ། དེ་ལྟ་བུ་ནི་སྐྱེས་བུའི་ཁྱད་པར་དག་གོ། །དེ་ལ་རང་བཞིན་ཉིད་བྱེད་པ་པོ་ཡིན་ཞིང་རྣམ་པར་འགྱུར་བ་རྣམས་ལས་ཀྱང་ཁ་ཅིག་བྱེད་པ་པོ་ཡིན་པའི་ཕྱིར་ལ་ཞེས་གང་སྨྲས་ན། རྣམ་པར་འགྱུར་བ་གང་དག་གཅིག་ནི་བྱེད་པ་པོ་ཉིད་ཡིན་ལ་གང་དག་གཅིག་ནི་བྱེད་པ་པོ་ཉིད་མ་ཡིན་ཞེ་ན། འདི་ལ་བྱེ་བྲག་ཏུ་བཤད་པར་བྱ་བའི་ཕྱིར་ཅུང་ཟད་ཅིག་བརྗོད་པར་བྱ་སྟེ། དེ་ལ་རྡུལ་དང་མུན་པ་དང་སྙིང་སྟོབས་གསུམ་ནི་ཡོན་ཏན་གསུམ་མོ། །དེ་ལ་རྡུལ་ནི་གཡོ་བ་དང་འཇུག་པའི་བདག་ཉིད་ཅན་ནོ། །མུན་པ་ནི་ལྕི་བ་དང་གཡོགས་པའི་བདག་ཉིད་ཅན་ནོ། །སྙིང་སྟོབས་ནི་ཡང་བ་དང་རབ་ཏུ་གསལ་བའི་བདག་ཉིད་ཅན་ནོ། །བདེ་བ་དང་སྡུག་བསྔལ་བ་དང་གཏི་མུག་ཅེས་བྱ་བ་ནི་འདི་དག་ཁོ་ནའི་རྣམ་གྲངས་སོ། །འདི་དག་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་སྟེ། འདིར་ཡོན་ཏན་དག་གཙོ་བོར་གྱུར་ཅིང་རབ་ཏུ་ཞི་བར་གྱུར་པའི་ཕྱིར་རོ། །དེ་དག་རྣམ་པར་མི་འགྱུར་བའི་གནས་སྐབས་ནི་རང་བཞིན་ཅན་ནོ། །རང་བཞིན་ལས་ཆེན་པོ་སྟེ་ཆེན་པོ་ཞེས་བྱ་བ་ནི་བློའི་རྣམ་གྲངས་སོ། །ཆེན་པོ་ལས་ནི་ང་རྒྱལ་ལོ། །དེ་ནི་རྣམ་པ་གསུམ་སྟེ། རྣམ་པར་འགྱུར་བ་དང༌། སྙིང་སྟོབས་ཅན་དང༌། མུན་པ་ཅན་ནོ། །དེ་ལ་རྣམ་པར་འགྱུར་བའི་ང་རྒྱལ་ལས་ནི་དེ་ཙམ་ལྔ་སྟེ། གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་པ་དག་གོ། །དེ་ཙམ་དག་ལས་ནི་འབྱུང་བ་རྣམས་ཏེ། ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་ཞེས་བྱ་བ་དག་གོ། །སྙིང་སྟོབས་ཅན་གྱི་ང་རྒྱལ་ལས་ནི་ལས་ཀྱི་དབང་པོ་ལྔ་པོ་དག་དང་ལག་པ་དང༌། རྐང་པ་དང༌། རྐུབ་དང༌། མདོམས་དང༌། བློའི་དབང་པོ་ལྔ་པོ་མིག་དང༌། རྣ་བ་དང༌། སྣ་དང༌། ལྕེ་དང༌། པགས་པ་དང༌། གཉི་གའི་བདག་ཉིད་ཅན་གྱི་ཡིད་དེ་དེ་ལྟར་ན་བཅུ་གཅིག་གོ། །མུན་པ་ཅན་གྱི་ང་རྒྱལ་ནི་ང་རྒྱལ་གཉི་གའི་འཇུག་པར་བྱེད་པའོ། །

དེ་ལ་ཆེན་པོ་དང་ང་རྒྱལ་དང་དེ་ཙམ་ལྔ་ནི་རང་བཞིན་དང་རྣམ་པར་འགྱུར་བ་ཉིད་ཡིན་ཞིང་དབང་པོ་བཅུ་དང་ཡིད་དང་འབྱུང་བ་ཆེན་པོ་རྣམས་ནི་རྣམ་པར་འགྱུར་བ་ཉིད་ཁོ་ན་ཡིན་ལ། རང་བཞིན་ནི་རྣམ་པར་མི་འགྱུར་བ་ཁོ་ན་ཡིན་ནོ་ཞེས་བྱ་བ་ནི་གཞུང་ལུགས་སོ། །ཞེསགསུངས་སོ། །

གཉིས་པ་བྱེ་བྲག་པ་ལ་སོགས་པའི་ལུགས་བརྗོད་པ་ནི།

རྩ་བར། དེ་དབྱེ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས། །མུ་སྟེགས་ཅན་རྣམས་ལུགས་ནི་ཐ་དད་འགྱུར། །ཞེས་གྲངས་ཅན་པ་དག་གིས་བདག་ཁས་བླངས་པ་དེ་བཞིན་ཏུ་བདག་དེ༷འི་དབྱེ༷་བའི་ཁྱད་པར་ཅུ༷ང་ཟ༷ད་ཅུ༷ང་ཟ༷ད་རེ་མི་འདྲ་བར་བཞག་པ་ལ༷་བརྟེ༷ན་ན༷ས་མུ༷་སྟེ༷གས་ཅ༷ན་རྣ༷མས་ཀྱི་ལུ༷གས་ནི༷་ཐ༷་ད༷ད་པར་འགྱུ༷ར་བ་ཡིན་ཏེ། བྱེ་བྲག་པ་དག་གིས་བདག་དེ་ནི། རང་འགྲེལ་ལས། ཇི་ལྟར་གྲངས་ཅན་པ་དག་གིས་དེ་ལྟར་ཁས་བླངས་པ་དེ་བཞིན་དུ། དེའི་དབྱེ་བ་ཅུང་ཟད་ཅུང་ཟད་ལ་བརྟེན་ནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཐ་དད་པར་འགྱུར་ཏེ། འདི་ལྟ་སྟེ་བྱེ་བྲག་པ་རྣམས་ནི། བློ་དང༌། བདེ་བ་དང༌། སྡུག་བསྔལ་དང༌། འདོད་པ་དང༌། སྡང་བ་དང༌། འབད་པ་དང༌། ཆོས་དང༌། ཆོས་མ་ཡིན་པ་དང༌། བྱ་བའི་ཤུགས་ཏེ། བདག་གི་ཡོན་ཏན་དགུ་སྨྲ་བར་བྱེད་དོ། །དེ་ལ་བློ་ནི་ཡུལ་འཛིན་པའོ། །བདེ་བ་ནི་འདོད་པའི་ཡུལ་ཉམས་སུ་མྱོང་བའོ། །སྡུག་བསྔལ་ནི་དེ་ལས་བཟློག་པའོ། །

འདོད་པ་ནི་འདོད་པར་འགྱུར་བའི་དངོས་པོ་ལ་རེ་བ་འཆའ་བའོ། །སྡང་བ་ནི་མི་འདོད་པའི་ཡུལ་ལ་རྒྱབ་ཀྱིས་ཕྱོགས་པ་ཉིད་དོ། །འབད་པ་ནི་དོན་བསྒྲུབ་པར་བྱ་བ་ལ་དེའི་མཐར་ཐུག་པར་སེམས་ཀྱི་མཁས་པ་ཉིད་དོ། །གང་ལས་མངོན་པར་མཐོ་བ་དང་ངེས་པར་ལེགས་པ་འགྲུབ་པ་དེ་ནི་ཆོས་སོ། །དེ་ལས་བཟློག་པ་ནི་ཆོས་མ་ཡིན་པའོ། །ཤེས་པ་ལས་སྐྱེས་ཤིང་ཤེས་པའི་རྒྱུར་གྱུར་པ་ཉིད་ནི་འདུ་བྱ་བའི་ཤུགས་སོ། །བདག་གི་ཡོན་ཏན་དགུ་པོ་དེ་དག་ཇི་སྲིད་དུ་བདག་ལ་འདུ་ཞིང་ཡོད་པ་དེ་སྲིད་དུ་དེ་དག་གིས་སྦྱར་བའི་དགེ་བ་དང་མི་དགེ་བའི་ལས་བསྒྲུབ་པའི་ཕྱིར་འཁོར་བར་འགྱུར་ལ། གང་གི་ཚེ་སྐྱེས་བུ་ཡང་དག་པར་རྟོགས་པའི་ཤེས་པས་བློ་ལ་སོགས་པའི་ཡོན་ཏན་རྣམས་རྩ་བ་དང་བཅས་པར་གཅོད་པ་དེའི་ཚེ་རང་གི་བདག་ཉིད་ལ་གནས་ཤིང་ཐར་པར་འགྱུར་རོ། །བདག་དེ་ཡང་རྟག་པ་དང༌། བྱེད་པ་པོ་དང༌། ཟ་བ་པོ་དང༌། ཡོན་ཏན་དང་བཅས་པ་དང༌། ཁྱབ་པའི་ཕྱིར་ན་བྱ་བ་མེད་པར་ཡང་སྨྲའོ། །ཁ་ཅིག་དག་ནི་བསྐུམ་པ་དང༌། བརྐྱང་བ་ཉིད་ཀྱིས་བྱ་བ་དང་བཅས་པར་ཁས་ལེན་ཏོ། །རིག་བྱེད་དུ་སྨྲ་བ་དག་ནི་བུམ་པ་ལ་སོགས་པའི་ནམ་མཁའ་ལྟར་ལུས་ཐ་དད་པས་གཅིག་སྣ་ཚོགས་པ་ཉིད་དོ་ཞེས་བྱ་བ་ལ་སོགས་པར་ཁས་ལེན་ཏོ། །དེ་ལྟར་བདག་གི་ཁྱད་པར་ཅུང་ཟད་ཅུང་ཟད་ལ་བརྟེནནས་མུ་སྟེགས་ཅན་རྣམས་ཀྱི་ལུགས་ཕན་ཚུན་ཐ་དད་པར་འགྱུར་རོ། །ཞེས་གསུངས་སོ། །

གཉིས་པ་ལུགས་དེ་དགག་པ་ནི།

རྩ་བར། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །ཅེས་དཔེར་ན་མོ༷་གཤ༷མ་གྱི་བུ༷་ལྟ༷ར་སྐྱེ༷་བ༷་ད༷ང་བྲ༷ལ་བ་སྟེ་མ་སྐྱེས་པའི་ཕྱི༷ར་ན། གྲངས་ཅན་པ་དང་བྱེ་བྲག་ལ་སོགས་པ་མུ་སྟེགས་པ་དེ་དག་གིས་ཇི་ལྟར་བཏགས་པ་དེ༷་ལྟ༷ར་གྱུ༷ར་ཏེ་དེ་ལྟར་གྲུབ་པའི་རྟག་གཅིག་རང་དབང་བ༷འི་བད༷ག་ནི༷་དོན་དམ་པར་ཡོ༷ད་པ་མི༷ན་པར་གྱུར་ཞི༷ང༌། རྟགས་ནི་མུ་སྟེགས་པ་ཐམས་ཅད་ཀྱིས་ཁས་བླངས་སོ། །སྤྱིར་མ་སྐྱེས་ན་མེད་པས་མ་ཁྱབ་ཀྱང་བདག་མ་སྐྱེས་ན་མེད་དགོས་པའི་ཕྱིར། དཔེར་ན་རྟ་མ་སྐྱེས་ན་མེད་པ་བཞིན་ནོ། །དེ་ལྟར་མུ་སྟེགས་པ་རྣམས་ཀྱིས་བརྟགས་པའི་བདག་འདི༷་ནི༷་དོན་དམ་པར་ང༷ར་འཛི༷ན་ལྷན་སྐྱེས་ཀྱི་རྟེ༷ན་དུ༷འང་མི༷་རི༷གས་ལ༷། རང་འགྲེལ་ལས། རང་ཉིད་ཀྱི་རྗེས་སུ་དཔག་པ་དང་འགལ་བའི་ཕྱིར། ཇི་སྐད་སྨྲས་པའི་བདག་ནི་ཡོད་པ་མ་ཡིན་པ་ཉིད་དོ། །མ་སྐྱེས་པའི་ཕྱིར་ཏེ་མོ་གཤམ་གྱི་བུ་བཞིན་ནོ། །འདི་ནི་ངར་འཛིན་པའི་ཡུལ་དུ་ཡང་མི་རུང་སྟེ། མ་སྐྱེས་པ་ཉིད་ཀྱི་ཕྱིར་རོ། །ཞེས་གསུངས་པས་སོ། །མུ་སྟེགས་པས་བཏགས་པའི་བདག་འདི༷་ནི༷་དོན་དམ་པར་ཡོད་པ་དང་དོན་དམ་པར་ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་མིན་པར་མ་ཟད་ཀུ༷ན་རྫོ༷བ་ཏུ༷་ཡ༷ང་ཡོ༷ད་པ་དང་ཀུན་རྫོབ་ཏུ་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་ཡིན་པར་མི༷་འདོ༷ད་དེ། མ་སྐྱེས་པའི་ཕྱིར་རོ། ། རྩ་བར། གང་ཕྱིར་བསྟན་བཅོས་བསྟན་བཅོས་ལས་དེའི་ཁྱད། །མུ་སྟེགས་རྣམས་ཀྱིས་གང་བསྟན་དེ་ཀུན་ལ། །རང་གྲགས་མ་སྐྱེས་གཏན་ཚིགས་ཀྱིས་གནོད་པ། །དེ་ཕྱིར་དེ་ཁྱད་ཀུན་ཀྱང་ཡོད་མ་ཡིན། །ཞེས་གཞན་ཡང་རྒྱུ་མཚན་ག༷ང་གི་ཕྱི༷ར་ན་གྲངས་ཅན་གྱི་བསྟ༷ན་བཅོ༷ས་དང་བྱེ་བྲག་པ་སོགས་ཀྱི་བསྟ༷ན་བཅོ༷ས་ལ༷ས་བདག་དེའི་ཁྱ༷ད་ཆོས་མུ༷་སྟེ༷གས་པ་རྣ༷མས་ཀྱི༷ས་ག༷ང་བསྟ༷ན་པ་དེ༷་ཀུ༷ན་ལ༷། མུ་སྟེགས་པ་ར༷ང་ལ་གྲ༷གས་པའི་མ༷་སྐྱེ༷ས་པའི་གཏ༷ན་ཚི༷གས་ཀྱི༷ས་གནོ༷ད་པ༷་དེ༷་ཡི་ཕྱི༷ར་མུ་སྟེགས་པས་བརྟགས་པའི་བདག་དེ༷་ཡི་ཁྱ༷ད་ཆོས་རྟག་པ་དང་ཆ་མེད་སོགས་ཁྱད་ཆོས་ཀུ༷ན་ཀྱ༷ང་ཡོ༷ད་པ་མ༷་ཡི༷ན་ནོ། །མུ་སྟེགས་པ་ཐམས་ཅད་ཀྱིས་བཏགས་པའི་བདག་གི་ཁྱད་ཆོས་རྟག་པ་སོགས་རེ་རེ་ནས་ཆོས་ཅན། ཅུང་ཟད་ཀྱང་མེད་དེ། བདག་མ་སྐྱེས་པའི་ཕྱིར། ཁྱབ་སྟེ། བདག་སྐྱེས་བུ་མེད་ན་དེའི་ཁྱད་ཆོས་ཡོད་པ་མི་སྲིད་པའི་ཕྱིར་རོ། །རྩ་བར། དེ་ཕྱིར་ཕུང་པོ་ལས་གཞན་བདག་མེད་དེ། །ཕུང་པོ་མ་གཏོགས་དེ་འཛིན་མ་གྲུབ་ཕྱིར། །

ཞེས་དེ༷འི་ཕྱི༷ར་ན་ཕུ༷ང་པོ༷་ལ༷ས་ངོ་བོ་གཞ༷ན་པའི་བད༷ག་མེ༷ད་དེ༷། བློ་ལྷན་སྐྱེས་ཀྱིས་ཕུ༷ང་པོ༷འི་ཆ་བཟུང་བའི་སྒོ་ནས་བདག་འཛིན་པ་མ༷་གཏོ༷གས་པར་བདག་དེ༷་ཡན་གར་དུ་འཛི༷ན་པ་མ༷་གྲུ༷བ་པའི་ཕྱི༷ར། ཁྱབ་སྟེ། བདག་དེ་ཕུང་པོ་ལས་ངོ་བོ་ཐ་དད་ཡིན་ན་དེ་གཉིས་ལ་ངོ་བོ་གཅིག་པའི་འབྲེལ་བ་མེད་ལ། དེ་མེད་ན་དེ་བྱུང་འབྲེལ་ནི་མེད་པས་བདག་ཕུང་གཉིས་འབྲེལ་མེད་དོན་གཞན་ཡིན་དགོས། འབྲེལ་མེད་ཀྱི་ཆོས་གཞན་རྣམས་ནི་དཔེར་ན་བུམ་པ་འཛིན་ཚེ་སྣམ་བུ་སེམས་ལ་ཤར་མི་དགོས་པ་བཞིན་བདག་ཡན་གར་དུ་འཛིན་པ་ཡོད་དགོས་ཀྱང་ལྷན་སྐྱེས་ཀྱི་བློས་ཕུང་པོ་དེ་སེམས་ལ་མ་ཤར་བར་བདག་འཛིན་པ་མེད་པས་བདག་ཕུང་ངོ་བོ་གཅིག་ཏུ་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་རྩ་ཤེས་ལས། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །བཟུང་ཡོད་རིགས་ན་བཟུང་དུ་མེད། །ཅེས་དང༌། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། ། ཞེས་གསུངས་སོ། །རྩ་བར། འཇིག་རྟེན་ངར་འཛིན་བློ་ཡི་རྟེན་དུ་ཡང༌། །མི་འདོད་དེ་རིགས་མིན་པའང་བདག་ལྟའི་ཕྱིར། །ཞེས་སྐྱོན་གཞན་ཡང༌། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་མུ་སྟེགས་པས་བཏགས་པ་འདི་ནི་འཇི༷ག་རྟེ༷ན་ཏེ་སེམས་ཅན་གྱི་ཐོག་མེད་ནས་བྱུང་པའི་ང༷ར་འཛི༷ན་གྱི་བློ༷་ཡི༷་རྟེ༷ན་དུ༷་སྟེ་དམིགས་ཡུལ་ཡིན་པར་ཡ༷ང་མི༷་འདོ༷ད་དེ། མུ་སྟེགས་པས་བཏགས་པ་ལྟར་གྱི་བདག་དེ༷་ནི་བདག་ཏུ་འཇོག་རི༷གས་པ་མི༷ན་པ༷འང་སྟེ་ངར་འཛིན་ལྷན་སྐྱེས་ཀྱིས་བདག་ཏུ་མི་འཛིན་པ་ཞིག་ལ་དེས་བདག་ཏུ་བཟུང་བྱའི་བདག་ཡིན་པར་བཞག་ནས་དེ་བད༷ག་ཡིན་པར་ལྟ༷་བའི་ཕྱི༷ར་རོ། །རྩ་བར། གང་དག་དུད་འགྲོར་བསྐལ་མང་སྐྱེས་གྱུར་པ། །དེས་ཀྱང་མ་སྐྱེས་རྟག་འདི་མ་མཐོང་ལ། །ངར་འཛིན་དེ་དག་ལ་ཡང་འཇུག་མཐོང་སྟེ། །དེས་ན་ཕུང་པོ་ལས་གཞན་བདག་འགའ་མེད། །ཅེས་གཞན་ཡང་ཕུང་པོ་ལས་ངོ་བོ་ཐ་དད་པའི་རྟག་པའི་བདག་མེད་དེ། སེམས་ཅན་ག༷ང་ད༷ག་དུ༷ད་འགྲོ༷ར་བསྐ༷ལ་བ་མ༷ང་པོར་བསྐྱ༷ལ་བར་གྱུ༷ར་པ༷། ད་དུང་ཡང་དུད་འགྲོའི་སྐྱེ་བ་ལས་ཐར་བར་མ་གྱུར་བ་དེ༷ས་ཀྱ༷ང་མུ་སྟེགས་པས་བཏགས་པ་ལྟར་གྱི་མ༷་སྐྱེ༷ས་པ་དང་རྟ༷ག་པའི་བདག་འདི༷་ཡོད་པར་ནི་མ༷་མཐོ༷ང་ལ༷། ང༷ར་འཛི༷ན་དེ་འདྲའི་དུད་འགྲོ་དེ༷་ད༷ག་གི་རྒྱུད་ལ༷་ཡ༷ང་འཇུ༷ག་པ་མཐོ༷ང་པའམ་ཡོད་པའི་ཕྱིར། ཁྱབ་སྟེ༷། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་པའི་བདག་དེ་མ་སྐྱེས་པའི་རྟག་པའི་བདག་དེ་ཡིན་ན། དུད་འགྲོ་རྣམས་ཀྱི་ངར་འཛིན་ལྷན་སྐྱེས་ཀྱིས་མ་སྐྱེས་པའི་རྟག་པའི་བདག་ལ་དམིགས་དགོས་པའི་ཕྱིར་རོ། །དེ༷ས་ན༷་ཕུ༷ང་པོ༷་ལ༷ས་ངོ་བོ་གཞ༷ན་པའི་བད༷ག་འག༷འ་ཡང་མེ༷ད་དོ། །དེས་ཀྱང་ཞེས་པའི་ཀྱང་སྒྲས་དམྱལ་བར་སྐྱེས་པ་སོགས་སྡུད་པའོ། །དཔལ་ལྡན་ཇོ་ནང་བའི་རང་ལུགས་ལ་རྟག་གཅིག་རང་དབང་ཅན་དུ་གྲུབ་པར་འཛིན་པ་ལ་ཀུན་བཏགས་ཀྱིས་མ་ཁྱབ་སྟེ། བདེ་མཆོག་བསྟོད་འགྲེལ་ཕན་བདེའི་རྒྱ་མཚོ་ལས། དེ་ཡང་རྣམ་ཤེས་ལ་ངར་འཛིན་དང་ཕུང་པོ་གཞན་བཞི་ལ་བདག་གིར་འཛིན་པ་འཇུག་པར་བཤད་པའང་གཙོ་བོའི་དོན་གྱི་དབང་དུ་བྱས་ཀྱི། བདག་དང་བདག་གིར་འཛིན་པ་གཉིས་ཀ་ཕུང་པོ་ལྔ་ཆར་ལ་བརྟེན་ནས་འཇུག་སྟེ། ངས་གཟུགས་མཐོང་ཞེས་རྣམ་ཤེས་ལ་བདག་འཛིན་དང༌། ང་ནི་སྡུག་བསྔལ་ལོ་ཞེས་ཚོར་བ་དང༌། ང་སྙམ་ན་འདི་བཟང་ངོ་ཞེས་འདུ་ཤེས་དང༌། ངས་གོ་ཞིང་དྲན་ཞེས་འདུ་བྱེད་དང༌། རྒས་པ་ནི་ངའོ། །ང་ལ་བསྣུན་ནོ་ཞེས་སོགས་གཟུགས་ཕུང་ལ་འཛིན་པའི་ཕྱིར་རོ། །ལྷན་སྐྱེས་ལ་ངས་སྔོན་ཆུ་འདི་ལ་བརྒལ་ནས་འོངས་སྙམ་པའི་རྟག་འཛིན་དང༌། བདག་ཉིད་གཅིག་པུ་གཞན་ལས་ལོགས་སུ་གར་བའི་རྣམ་པ་དང༌། སྐྱེ་མཆེད་དྲུག་དང༌། གནས་ལུས་ལོངས་སྤྱོད་ལ་ང་དབང་ཞེས་རྟག་གཅིག་རང་དབང་ཅན་གྱི་འདུ་ཤེས་འདི་ལྟ་བུ་འཇུག་པ་ཡོད་པས། རྟག་གཅིག་རང་དབང་གི་བདག་འཛིན་ཀུན་བརྟག་ཁོ་ནཡིན་ཞེས་པའང་མི་འཐད་དོ། །ཞེས་གསུངས་པའི་ཕྱིར་རོ། །

གཉིས་པ་རང་སྡེས་བཏགས་པའི་ཕུང་པོ་ཉིད་བདག་ཏུ་འདོད་པ་བཀག་པ་ལ།

ཕུང་པོ་བདག་ཏུ་འདོད་པ་ལ་གནོད་བྱེད་བསྟན་པ། དེ་ལྟར་འདོད་པ་ལ་མི་རིགས་པའི་སྒྲུབ་བྱེད་བསྟན་པ། ཕུང་པོ་བདག་ཏུ་སྨྲ་བ་ལ་གནོད་བྱེད་གཞན་བསྟན་པ། ཕུང་པོ་བདག་ཏུ་གསུངས་པ་སོགས་ཀྱི་དགོངས་པ་བཤད་པ། གཞན་གྱི་ལུགས་འབྲེལ་མེད་དུ་བསྟན་པ་དང་ལྔ། དང་པོ་ལ་གཉིས། དངོས་ཀྱི་དོན་དང༌། སྐྱོན་སྤོང་གི་ལན་དགག་པ་དང་གཉིས། དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་དང༌། ལུགས་དེ་དགག་པ་དང་གཉིས་ལས། དང་པོ་ནི། རྩ་བར། ཕུང་པོ་ལས་གཞན་བདག་གྲུབ་མེད་པའི་ཕྱིར། །བདག་ལྟའི་དམིགས་པ་ཕུང་པོ་ཁོ་ནའོ། །ཞེས་རང་གི་སྡེ་བ་དག་ན་རེ། ཕུ༷ང་པོ༷་ལ༷ས་ངོ་བོ་གཞ༷ན་པའི་བད༷ག་ཅུང་ཟད་ཀྱང་གྲུ༷བ་པ་མེ༷ད་པ༷འི་ཕྱི༷ར་བད༷ག་ཏུ་ལྟ༷་བ་སྟེ་འཇིག་ཚོགས་ལ་ལྟ་བའི་དམིགས་ཡུལ་དང་འཛིན་སྟངས་ཀྱི་ཡུལ་ནི་འཇིག་ལྟའི་དམིགས་རྣམ་གཉིས་ཀྱི་ནང་གི་དམི༷གས་པ༷་ནི་ཕུ༷ང་བོ༷་ཁོ༷་ན༷་ཡི༷ན་ནོ། །རྩ་བར། ཁ་ཅིག་བདག་ལྟའི་རྟེན་དུ་ཕུང་པོ་ནི། །ལྔ་ཆར་ཡང་འདོད་ཁ་ཅིག་སེམས་གཅིག་འདོད། །ཅེས་ཡང་མང་བཀུར་བ་ཁ༷་ཅི༷ག་སྟེ་གནས་མ་བུ་པ་འདིས་ནི་བད༷ག་ལྟ༷འི་རྟེ༷ན་དུ༷་སྟེ་བདག་ལྟའི་དམིགས་པའི་བདག་ནི་ཕུ༷ང་པོ༷་ནི༷་ལྔ༷་ཆ༷ར་ཡ༷ང་ཡིན་པར་འདོ༷ད་དེ། ཕུང་པོ་ལྔ་པོ་ལ་བདག་ཏུ་ཞེན་པ་ཡིན་པའི་ཕྱིར་ཏེ། ཇི་སྐད་དུ་མདོ་ལས། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དགེ་སྦྱོང་ངམ། བྲམ་ཟེ་གང་སུ་དག་ཞིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་ཉེར་ལེན་གྱི་ཕུང་པོ་ལྔ་པོ་ལ་བདག་ཏུ་ལྟ་བ་ཡིན་པར་བཤད་པའི་ཕྱིར། ཞེས་ཟེར། མང་བཀུར་བ་ཁ༷་ཅི༷ག་སེ༷མས་གཅི༷ག་པུ་ལ་བདག་ཏུ་འདོ༷ད་དོ། །

མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་གྱུར། །བདག་ཉིད་ལེགས་པར་ཐུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཞེས་སེམས་ལ་བདག་ཏུ་གསུངས་པའི་ཕྱིར། ལུང་དེས་སེམས་ལ་བདག་ཏུ་གསུངས་པ་འདི་གང་ལས་ཤེས་ཞེ་ན། དེ་ཡང་མདོ་ལས་ཤེས་ཏེ། མདོ་གཞན་ལས། སེམས་འདུལ་བ་ནི་ལེགས་པ་སྟེ། །སེམས་འདུལ་བས་ནི་བདེ་བ་འདྲེན། །ཞེས་སྔ་མའི་བདག་ལེགས་པར་འདུལ་བ་དེ་སེམས་ཡིན་པར་བཤད་པའི་ཕྱིར། ཞེས་ཟེར། སློབ་དཔོན་ལེགས་ལྡན་གྱིས་ཕུང་པོ་ཚོགས་ཙམ་གང་ཟག་དང༌། ཡང་སྲིད་ལེན་པའི་གང་ཟག་ཡིད་ཀྱི་ཤེས་པ་ཡིན་ཏེ། མདོ་ཁ་ཅིག་ལས། སེམས་དུལ་བ་བདེ་བ་ཐོབ་པར་གསུངས་ལ། ཁ་ཅིག་ཏུ་བདག་འདུལ་བས་མཐོ་རིས་ཐོབ་པར་གསུངས་པས་སེམས་ལ་བདག་ཏུ་གསུངས་ཞེས་ལུང་དང༌། ཡིད་ཀྱི་རྣམ་ཤེས་བདག་ཡིན་ཏེ། ཡང་སྲིད་ཀྱི་ཕུང་པོ་ཉེ་བར་ལེན་མཁན་ནི་བདག་ཡིན་པར་གསུངས་པ་གང་ཞིག་ཡིད་ཀྱི་རྣམ་ཤེས་ཀྱིས་ཡང་སྲིད་ཉེ་བར་ལེན་པའི་ཕྱིར། ཞེས་རིགས་པས་བསྒྲུབ་ནས་ཡིད་ཀྱི་རྣམ་ཤེས་ཡང་སྲིད་ལེན་པའི་བདག་ཏུ་འདོད་པའི་ཕྱིར། རྟོག་གེ་འབར་བ་ལས། འདི་ལྟར་ཁོ་བོ་ཅག་ཀྱང་ཐ་སྙད་དུ་རྣམ་ཤེས་པ་ལ་བདག་གི་ཐ་སྙད་དངོས་སུ་འདོགས་ཏེ། འདི་ལྟར་རྣམ་པར་ཤེས་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་གསུངས་སོ། །ཀུན་གཞི་འདོད་པ་དག་གིས་ཕུང་པོའི་ཚོགས་ཙམ་བདག་དང༌། ཡང་སྲིད་ལེན་པའི་བདག་ནི་ཀུན་གཞིའི་རྣམ་ཤེས་ཡིན་པར་འདོད་དོ། །རང་རྒྱུད་པ་དང་སེམས་ཙམ་པ་དག་གིས་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་ནི་ཡིད་ཀྱི་རྣམ་ཤེས་ཀུན་གཞིའི་རྣམ་ཤེས་གཉིས་གང་ཟག་ཡིན་པའི་ཆ་འདི་གང་ཟག་གི་རང་ལྡོག་དེ། རང་རྐྱ་ཐུབ་པའི་རྫས་ཡོད་ཀྱིས་སྟོང་པ་ཡིན་གྱི་གཞི་ལྡོག་གི་རྣམ་ཤེས་སུ་གྱུར་པའི་གང་ཟག་གཉིས་ནི་རྫས་ཡོདཀྱིས་སྟོང་བ་མིན་པར་འདོད་དོ། །

གཉིས་པ་ལུགས་དེ་དགག་པ་ནི།

རྩ་བར། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བསབདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེར་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཞེས་ག༷ལ་ཏེ༷་རང་རྒྱུད་ཀྱི་ཕུ༷ང་པོ༷་ལྔ་བད༷ག་ཡིན་ཞིང་བདག་ཕུང་གི་ཆ་གཉིས་རང་བཞིན་གྱིས་གྲུབ་པའི་ལུགས་ལྟར་ན༷། དེ་ལྟར་ཡིན་པ་དེ༷འི་ཕྱི༷ར་ཕུང་པོ་དེ༷་མ༷ང་བ༷ས་ན་གང་ཟག་གཅིག་གི་རྒྱུད་ཀྱི་བད༷ག་དེ༷་ད༷ག་ཀྱ༷ང་མ༷ང་བོ༷ར་འགྱུ༷ར་བར་ཐལ། བདག་ཕུང་གཉིས་རང་བཞིན་གྱིས་ངོ་བོ་གཅིག་ཡིན་ན་བདག་ནི་ཕུང་པོ་ལྔ་པོ་རྣམས་རེ་རེ་དང་ལྡོག་པ་ཐ་དད་མེད་པའི་གཅིག་ཡིན་དགོས་པ་གང་ཞིག དེ་ལྟར་ན་ཕུང་པོ་ལྔ་པོ་རེ་རེ་ནས་བདག་དང་མིག་ལ་སོགས་པའི་ཕུང་པོའི་དབྱེ་བ་རྣམས་རེ་རེ་ནས་བདག་ཡིན་པའི་ཕྱིར་རོ། །

ཡང་དངོས་སྨྲ་དག་གིས། གཟུགས་ཕུང་ལ་སོགས་པའི་རྫས་སུ་ཡོད་པ་ལ་བདག་དེ་བཏགས་པ་ཡིན་ན་སྤྱིར་ན་བདག་ནི་རྫས་སུ་གྲུབ་པ་སྟེ་རང་བཞིན་གྱིས་གྲུབ་པ་མེད་པ་ཡིན་ཀྱང༌། བད༷ག་ནི༷་རྫ༷ས་སུ༷་ཡོད་པར་འགྱུར་ཞིང༷༌། དེ་ཡང་མི་འཐད་དེ། རང་འགྲེལ་ལས། ༼མདོ་ལས།༽དགེ་སློང་དག་ལྔ་པོ་འདི་རྣམས་ནི་མིང་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་སྟེ། གང་འདི་ལྟ་སྟེ། འདས་པའི་དུས་དང་མ་འོངས་པའི་དུས་དང༌། ནམ་མཁའ་དང་མྱ་ངན་ལས་འདས་པ་དང༌། གང་ཟག་གོ་ཞེས་བྱ་བ་དང༌། དེ་བཞིན་དུ། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟར་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །ཞེས་བྱ་བ་འདི་ལས་ན་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་བདག་རྫས་སུ་ཡོད་པར་ཐལ་བར་འགྱུར་བའི་ཕྱིར་ན་ཕུང་པོ་རྣམས་བདག་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་ཕུང་པོ་དེ༷ར་བདག་ཏུ་ལྟ༷་བ༷་ཡི་འཇིག་ལྟ་ནི་རྫ༷ས་ལ༷་འཇུ༷ག་པ༷ས་དེ་རྫས་སུ་གྲུབ་པའི་ཡུལ་ཅན་ཡིན་པས་ན་ཕྱི༷ན་ཅི༷་ལོ༷ག་གི་བློར་མི༷་འགྱུ༷ར་བར་ཐལ། དེའི་འཛིན་སྟངས་ཀྱི་ཡུལ་གྱི་བདག་རྫས་སུ་གྲུབ་པ་དེ་ཡོད་པར་ཁྱོད་ཀྱིས་འདོད་པའི་ཕྱིར། དཔེར་ན་སྔོན་པོ་འཛིན་པའི་ཤེས་པ་བཞིན་ནོ། །རྩ་བར། མྱ་ངན་འདས་ཚེ་ངེས་པར་བདག་ཆད་འགྱུར། །མྱ་ངན་འདས་སྔོན་སྐད་ཅིག་དག་ལ་ནི། །སྐྱེ་འཇིག་བྱེད་པོ་མེད་པས་དེ་འབྲས་མེད། །གཞན་གྱིས་བསགས་ལ་གཞན་གྱིས་ཟ་བར་འགྱུར། །ཞེས་གཞན་ཡང་ཁྱོད་ཀྱི་ལུགས་ལྟར་ན་ལྷག་མེད་མྱ༷་ང༷ན་ལས་འད༷ས་པའི་ཚེ༷་ངེ༷ས་པ༷ར་བད༷ག་རྒྱུན་ཆ༷ད་པར་འགྱུ༷ར་བར་ཐལ། བདག་ཕུང་གཅིག་ཡིན་པ་གང་ཞིག ལྷག་མེད་ཀྱི་ཚེ་ཕུང་པོ་ལྔ་ཆར་རྒྱུད་ཆད་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་རང་ཆད་པའི་མཐར་ལྷུང་བར་ཐལ། ཁྱོད་རང་གི་ཕུང་པོ་ལ་བདག་ཏུ་བཞག་པའི་བདག་དེ་རྟག་པར་བཟུང་བ་དང༌། དེ་རྒྱུན་ཆད་པར་བཟུང་ན་མཐར་འཛིན་གྱི་ལྟ་བ་ཡིན་པར་འདོད་པའི་ཕྱིར་རོ། །གཞན་ཡང་ལྷག་མེད་ཀྱི་མྱ༷་ང༷ན་ལས་འད༷ས་པར་ཞུགས་པའི་སྔོ༷ན་གྱི་སྐ༷ད་ཅི༷ག་ད༷ག་ལ༷་ནི༷། ཕུང་པོ་སྐད་ཅིག་རེ་རེ་ལ་སྐྱེ༷་འཇི༷ག་བྱེད་པ་ལྟར་བདག་ཀྱང་སྐད་ཅིག་རེ་རེ་ལ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པའི་སྐད་ཅིག་སོ་སོ་བ་དག་གིས་སྐྱེ་འཇིག་བྱེད་པར་ཐལ། བདག་ཕུང་གཅིག་ཡིན་པ་གང་ཞིག ཕུང་པོ་ངོ་བོ་ཉིད་ཀྱིས་སྐྱེ་འཇིག་བྱེད་པའི་ཕྱིར། རྟགས་གཉིས་ཀ་ཁས་འདོད་ན། སྔོན་གྱི་སྐྱེ་བ་དྲན་པ་མི་འཐད་པར་ཐལ། དྲན་བྱ་སྐྱེ་བ་སྔ་མའི་བདག་དང༌། དྲན་པ་པོ་ཚེ་འདིའི་བདག་གཉིས་རང་བཞིན་གྱིས་གྲུབ་པའི་སོ་སོ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རང་བཞིན་གྱིས་སྔ་ཕྱི་སོ་སོ་བ་ལ་རྒྱུད་གཅིག་པ་དང་སྐྱེ་བ་དྲན་པ་སོགས་མི་འཐད་པ་བཤད་ཟིན་པའི་ཕྱིར་ཏེ། བསྟན་བཅོས་ལས། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླང་བ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་དང༌། དེ་བཞིན་དུ། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །ཞེས་གསུངས་སོ། །གཞན་ཡང་བདག་ཕུང་སྐད་ཅིག་སྔ་ཕྱི་བ་རྣམས་རང་བཞིན་གྱིས་གྲུབ་པའི་གཞན་ཡིན་ན། ལས་དེ་རང་གི་འབྲས་བུ་དང་འབྲེལ་བ་མེད་པར་ཐལ། ལས་བྱེད་པ་པོའི་བདག་རང་ངོས་ནས་གྲུབ་ན་ལས་བསགས་པའི་སྐད་ཅིག་གཉིས་པའི་ཚེ་ལས་བྱེད་པ་ནི་འགག་ཟིན་ལ། དེའི་རྗེས་སུ་བྱུང་བའི་གང་ཟག་ཞིག་ཡོད་དུ་ཆུག་ཀྱང་དེ་ནི་ལས་བྱེད་པ་པོ་དེའི་རྒྱུན་མིན་པས་དེའི་ཚེ་ལས་བྱེ༷ད་པ་པོ༷་མེ༷ད་པ༷ས་ལས་གནས་པའི་རྟེན་མེད་ཕྱིར་ལས་ཀྱང་མེད་པར་ཐལ། དེའི་ཚེ་ལས་མེད་པར་འགྱུར་ན་མེད་པར་འགྱུར་རྒྱུའི་ལས་དེ་དེ༷འི་འབྲ༷ས་བུ་དང་འབྲེལ་བ་མེ༷ད་པ་ཉིད་དུ་འགྱུར་བའི་ཕྱིར་ཏེ། ལས་དེ་ལ་འབྲས་བུ་མེད་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། ལས་བསགས་པ་པོ་དང་འབྲས་བུ་མྱོང་བ་པོའི་བདག་གཉིས་རང་བཞིན་གྱིས་གྲུབ་པའི་སོ་སོ་བ་ཡིན་ཀྱང་ལས་འབྲས་ཀྱི་འབྲེལ་བ་མེད་པའི་སྐྱོན་མེད་དེ། རང་བཞིན་གྱིས་གྲུབ་པའི་སྐད་ཅིག་སྔ་མའི་གང་ཟག་གིས་བྱས་པའི་ལས་ཀྱི་འབྲས་བུ་དེ་སྐད་ཅིག་ཕྱི་མའི་གང་ཟག་གིས་ལོངས་སྤྱོད་པ་ཡིན་པའི་ཕྱིར་ཞེ་ན། འོ་ན་རྒྱུད་གཞ༷ན་གྱི༷་གང་ཟག་གིས་བས༷གས་པའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ལ༷་རྒྱུད་གཞ༷ན་གྱི་གང་ཟག་གི༷ས་ཟ༷་བ༷ར་འགྱུ༷ར་བར་ཐལ། རང་བཞིན་གྱིས་གྲུབ་པའི་གཞན་གྱིས་བསགས་པའི་ལས་ཀྱི་རྣམ་སྨིན་ལ་རང་བཞིན་གྱིས་གྲུབ་པའི་གཞན་གྱིས་ལོངས་སྤྱོད་པ་ཡིན་པའི་ཕྱིར། རྟགས་ཁས། དེ་ལྟར་འདོད་ན། ལས་བྱས་པ་ཆུད་ཟ་བ་དང༌། ལས་མ་བྱས་པ་དང་འཕྲད་པར་འགྱུར་ཏེ། རྩ་ཤེས་ལས། གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དུ་ནི་གནས་འགྱུར་ཞིང༌། །དེར་མ་ཤི་བར་སྐྱེ་བར་འགྱུར། །ཆད་དང་ལས་རྣམས་ཆུད་ཟ་དང༌། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང༌། །དེ་ལ་སོགས་པ་ཐལ་བརའགྱུར། །ཞེས་གསུངས་སོ། །

གཉིས་པ་སྐྱོན་སྤོང་གི་ལན་དགག་པ་ནི།

གལ་ཏེ་གང་ཟག་སྐད་ཅིག་སྔ་ཕྱི་རྣམས་རང་བཞིན་གྱིས་སོ་སོ་བ་ཡིན་ཀྱང་སྐད་ཅིག་སྔ་ཕྱི་རྣམས་རྒྱུད་གཅིག་ཡིན་པས་ལས་ཆུད་ཟ་བ་སོགས་ཀྱི་སྐྱོན་མེད་དོ་ཞེ་ན། རྩ་བར། དེ་ཉིད་དུ་རྒྱུད་ཡོད་ན་སྐྱོན་མེད་ན། །སྔར་རྣམ་དཔྱད་ཚེ་རྒྱུད་ལ་ཉེས་བཤད་ཟིན། །ཞེས་དེ༷་ཁོ་ན་ཉི༷ད་དུ༷་རང་ངོས་ནས་གྲུབ་པའི་རྒྱུན་ཅན་སྐྱེ་བ་སྔ་ཕྱི་སོགས་རྫས་ཐ་དད་པ་རྣམས་ལ་རྒྱུ༷ད་གཅིག་པ་ཡོ༷ད་ན༷་ལས་ཆུད་ཟ་བ་སོགས་ཀྱི་སྐྱོ༷ན་མེ༷ད་པ་ཡིན་ཟེར་ན༷། དེ་ཡང་མི་འཐད་དེ། རང་བཞིན་གྱིས་ཐ་དད་པ་རྣམས་ལ་རྒྱུད་གཅིག་པ་རུང་མི་རུང་སྔ༷ར་རྣ༷མ་པར་དཔྱ༷ད་པ་བྱས་པའི་ཚེ༷་རང་བཞིན་གྱིས་རྒྱུ༷ད་གཅིག་པ་ལ༷་ཉེ༷ས་པ་དུ་མ་ཡོད་པ་བཤ༷ད་ཟི༷ན་པའི་ཕྱིར་ཏེ། བྱམས་པ་ཉེ་སྦས་ལ་བརྟེན་ཆོས་རྣམས་ནི། །ཞེས་པའི་སྐབས་སུ་བཤད་པ་དེར་ཤེས་པར་བྱའོ། །རྩ་ཤེས་ལས་ཀྱང༌། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །ཞེས་གསུངས་སོ། །

རྩ་བར། དེའི་ཕྱིར་ཕུང་པོ་དང་སེམས་བདག་མི་རིགས། །ཞེས་དེ༷འི་ཕྱི༷ར་ན་ཕུ༷ང་པོ་ད༷ང་སེ༷མསབད༷ག་ཡིན་པར་འདོད་པ་མི༷་རི༷གས་སོ། །

གཉིས་པ་དེ་ལྟར་འདོད་པ་ལ་མི་རིགས་པའི་སྒྲུབ་བྱེད་བསྟན་པ་ནི།

རྩ་བར། འཇིག་རྟེན་མཐའ་ལྡན་ལ་སོགས་མེད་ཕྱིར་རོ། །ཞེས་ཕུང་པོ་བདག་ཏུ་འདོད་པ་མི་འཐད་དེ། འཇིག་རྟེན་ཞེས་པ་གང་ཟག་དང་བདག་ལ་གོ་བར་བྱས་ཏེ། འཇི༷ག་རྟེ༷ན་མཐ༷འ་དང་ལྡ༷ན་པ་དང༌། ལ༷་སོ༷གས་པས། འཇིག་རྟེན་མཐའ་དང་མི་ལྡན་པ་དང༌། འཇིག་རྟེན་མཐའ་དང་ལྡན་མི་ལྡན་གཉིས་ཀ་ཡིན་པ་དང༌། འཇིག་རྟེན་དེ་གཉིས་ཀ་མིན་པ་དང༌། འཇིག་རྟེན་རྟག་པ་དང་འཇིག་རྟེན་མི་རྟག་པ་དང༌། འཇིག་རྟེན་རྟག་མི་རྟག་གཉིས་ཀ་ཡིན་པ་དང༌། འཇིག་རྟེན་རྟག་མི་རྟག་གཉིས་ཀ་མིན་པ་དང༌། དེ་བཞིན་གཤེགས་པ་གྲོང་ཕན་ཆད་འབྱུང་པ་དང༌། དེ་གྲོང་ཕན་ཆད་མི་འབྱུང་པ་དང༌། དེ་གྲོང་ཕན་ཆད་འབྱུང་མི་འབྱུང་གཉིས་ཀ་ཡིན་པ་དང༌། དེ་གྲོང་ཕན་ཆད་འབྱུང་མི་འབྱུང་གཉིས་ཀ་མིན་པར་ལྟ་བ་བཅུ་གཉིས་དང༌། ལུས་གང་ཡིན་པ་དེ་ཉིད་སྲོག་སྟེ་བདག་ཡིན་པར་ལྟ་བ་དང༌། ལུས་ཀྱང་གཞན་ལ་སྲོག་སྟེ་བདག་ཀྱང་གཞན་དུ་ལྟ་བ་སྟེ་ལྟ་བ་བཅུ་བཞིའི་ཡུལ་རྣམས་སངས་རྒྱས་ལ་དྲིས་པ་ན་བཅུ་བཞི་པོ་རྣམས་དེ་དང་དེ་ཡིན་པར་ལུང་དུ་བསྟན་པ་མེ༷ད་པ་རང་སྡེ་ཐམས་ཅད་ཀྱིས་འདོད་པའི་ཕྱི༷ར་རོ༷། །ཁྱབ་སྟེ། འཇིག་རྟེན་ཏེ་གང་ཟག་རྒྱུན་ཆད་པ་མེད་པས་ན་འཇིག་རྟེན་མཐའ་དང་ལྡན་པ་མ་ཡིན་ཀྱང་དྲི་མཁན་དེ། དེ་ལྟར་སྟོན་པའི་སྣོད་དུ་མ་གྱུར་པས་འཇིག་རྟེན་མཐའ་དང་མི་ལྡན་ཞེས་ལུང་དུ་མ་བསྟན། འཇིག་རྟེན་མཐའ་དང་ལྡན་པ་ཡིན་ཞེས་ལུང་བསྟན་ན་དྲི་བ་པོས་སེམས་ལ་འཐད་ཀྱང་འཇིག་རྟེན་ཏེ་གང་ཟག་ནི་རྒྱུན་ཆད་པ་མེད་ཕྱིར་འཇིག་རྟེན་མཐའ་དང་ལྡན་པ་གཞི་མ་གྲུབ་པས་འཇིག་རྟེན་མཐའ་དང་ལྡན་པ་ཡིན་ཞེས་ལུང་དུ་མ་བསྟན་པ་སོགས་དང༌། ལུས་སྲོག་སྟེ་ལུས་བདག་ཡིན་པར་ལུང་བསྟན་ན་དྲི་བ་པོའི་སེམས་ལ་འཐད་ཀྱང་ལུས་བདག་མ་ཡིན་པས་ལུས་བདག་ཡིན་པར་ཡང་མ་བསྟན་པ་ཡིན་ཞིང༌། ལུས་བདག་མིན་པར་སྟོན་པའི་སྣོད་དུ་མ་གྱུར་པས་ལུས་བདག་མིན་པར་ལུང་དུ་མ་བསྟན་པའི་ཕྱིརརོ། །

གསུམ་པ་ཕུང་པོ་བདག་ཏུ་སྨྲ་བ་ལ་གནོད་བྱེད་གཞན་བསྟན་པ་ནི།

རྩ་བར། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོང་བ་ལ། །དེ་ཚེ་ངེས་པར་དངོས་རྣམས་མེད་པར་འགྱུར། །ཞེས་ཕུང་པོ་བདག་ཏུ་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། གནས་མ་བུ་པ་སོགས་མང་བཀུར་བ་ཁྱོ༷ད་ཀྱི༷་ལུགས་ལྟར་ན་རྣ༷ལ་འབྱོ༷ར་བས་བད༷ག་མེ༷ད་པ་མངོན་སུམ་མཐོ༷ང་བ༷་ལ༷། ཆོས་ཐམས་ཅད་བདག་མེད་པའོ་ཞེས་སྡུག་བདེན་བདག་མེད་པའི་རྣམ་པར་མངོན་སུམ་དུ་མཐོང་བ་དེ༷འི་ཚེ༷་ངེ༷ས་པ༷ར་ཕུང་པོའི་དངོ༷ས་པོ་རྣ༷མས་མེ༷ད་པ༷ར་རྟོགས་པར་འགྱུ༷ར་བ་ཡིན་པར་ཐལ། ཁྱོད་ཀྱི་ལུགས་ལ་ཕུང་པོ་དང་སེམས་བདག་ཡིན་པ་གང་ཞིག དེ་ཡང་ཐ་སྙད་དུ་ཡང་སེམས་དང་ཕུང་པོ་གཉིས་རང་བཞིན་གྱིས་གྲུབ་པའི་བདག་ཡིན་པ་དང༌། རང་བཞིན་གྱིས་གྲུབ་པ་མེད་ན་གཏན་མེད་པར་ཁྱོད་རང་འདོད་ལ། རང་བཞིན་གྱིས་གྲུབ་པའི་སེམས་དང་ཕུང་པོ་ནི་རྣམ་པ་ཐམས་ཅད་དུ་མེད་པར་རྣལ་འབྱོར་བས་མཐོང་ལམ་དུ་རྟོགས་དགོས་པའི་ཕྱིར་རོ། །དེ་ལ་ཁོ་ན་རེ། རྣལ་འབྱོར་བས་གང་ཟག་གི་བདག་མེད་མངོན་སུམ་དུ་མཐོང་ཚེ་སེམས་དང་ཕུང་པོ་མེད་པར་རྟོགས་པར་འགྱུར་པའི་སྐྱོན་མེད་དེ་ལས་འབྲས་ཀྱི་རྟེན་གྱི་ཐ་སྙད་དུ་ཡོད་པའི་བདག་ནི་ཕུང་པོ་ཡིན་ལ། ཆོས་ཐམས་ཅད་བདག་མེད་དུ་རྟོགས་བྱའི་བདག་ནི་མུ་སྟེགས་པའི་བཏགས་པའི་ནང་གི་བྱེད་པའི་སྐྱེས་བུ་རྟག་གཅིག་རང་དབང་ཅན་གྱི་བདག་དེ་མེད་པར་རྟོགས་པ་ཡིན་པས་ན་བདག་ཕྱི་མ་དེ་མེད་པར་རྟོགས་པས་སྔ་མ་མེད་པར་རྟོགས་མི་དགོས་སོ་ཞེ་ན། རྩ་བར། རྟག་བདག་སྤོང་ན་དེ་ཚེ་དེ་ཡི་ཕྱིར། །ཁྱོད་ཀྱི་སེམས་སམ་ཕུང་པོ་བདག་མི་འགྱུར། །ཞེས་གང་ཟག་གི་བདག་མེད་རྟོགས་པའི་དུས་སུ་ཁྱོད་རང་གིས་ལས་འབྲས་ཀྱི་རྟེན་གྱི་བདག་ཏུ་འཇོག་རྒྱུའི་སེམས་དང་ཕུང་པོ་གཉིས་བདག་མེད་དུ་རྟོགས་པ་མ་ཡིན་པར་མུ་སྟེགས་པས་བཏགས་པའི་ནང་གི་བྱེད་པའི་སྐྱེས་བུ་རྟ༷ག་པའི་བད༷ག་སྤོ༷ང་བའམ་མེད་པར་མཐོང་བ་ཡིན་ན༷་ནི། དེ་ལྟར་འདོད་པ་དེ༷འི་ཚེ༷་སྐབས་གཞན་དུ་བདག་གི་སྒྲའི་དོན་གཞན་ལ་དྲང་མི་རུང་བ་དེ༷་ཡི༷་ཕྱིར༷་ཁྱོ༷ད་ཀྱི༷་ལུགས་ལ་སེ༷མསས༷མ་ཕུ༷ང་པོ༷་བད༷ག་ཡིན་པར་མི༷་འགྱུ༷ར་རོ། ། རྩ་བར། ཁྱོད་ཀྱི་རྣལ་འབྱོར་བདག་མེད་མཐོངབ་ཡི། །གཟུགས་སོགས་དེ་ཉིད་རྟོགས་པར་མི་འགྱུར་ཞིང༌། །གཟུགས་ལ་དམིགས་ནས་འཇུག་ཕྱིར་འདོད་ཆགས་སོགས། །སྐྱེ་འགྱུར་དེ་ཡི་ངོ་བོ་རྟོགས་མེད་ཕྱིར། །ཞེས་སེམས་དང་ཕུང་པོ་བདག་ཏུ་འདོད་ནས་བདག་མེད་རྟོགས་ཚེ་ནང་གི་སྐྱེས་བུ་ཙམ་མེད་པར་རྟོགས་པར་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། ཕུང་པོ་བདག་མེད་དུ་རྟོགས་ཚེ་ཕུང་པོའི་དེ་ཁོ་ན་ཉིད་རྟོགས་དགོས་ཀྱང་ཁྱོ༷ད་ཀྱི༷་ལུགས་ལྟར་ན་རྣ༷ལ་འབྱོ༷ར་བས་གང་ཟག་གི་བད༷ག་མེ༷ད་པར་མངོན་སུམ་དུ་མཐོ༷ང་བ་དེ་ཡི༷་སྒོ་ནས། གཟུ༷གས་སོ༷གས་ཀྱི་དེ༷་ཁོ་ན་ཉི༷ད་ཏེ་ཆོས་ཉིད་རྟོ༷གས་པ༷ར་མི༷་འགྱུ༷ར་ཞིང༌། རྣལ་འབྱོར་བས་བདག་མེད་མངོན་སུམ་དུ་མཐོང་བ་དེའི་ཚེ་མུ་སྟེགས་པས་ཀུན་བཏགས་པའི་རྟག་པའི་བདག་ཙམ་མེད་པར་མཐོང་བ་ཡིན་པར་འདོད་པ་ཡིན་ནོ། །དེ་འདྲའི་རྣལ་འབྱོར་བས་དེ་འདྲའི་བདག་མེད་རྟོགས་པ་མཐར་ཕྱིན་པའི་དུས་སུ་ཡང་གཟུ༷གས་ལ༷་སོགས་པ་ལ་བདེན་པར་དམི༷གས་པའི་སྒོ་ན༷ས་ཆགས་སོགས་ཀྱི་ཡུལ་ལ་འཇུ༷ག་པའི་ཕྱི༷ར་ན་ད་དུང་ཡང་གཟུགས་སོགས་ཀྱི་ཡུལ་ཅན་གྱི་འདོ༷ད་ཆ༷གས་སོ༷གས་སྐྱེ༷་བར་འགྱུ༷ར་བ་ཡིན་ཏེ། གཟུགས་ལ་སོགས་པ་དེ༷་ཡི༷་ངོ༷་བོ༷་སྟེ་དེའི་རང་བཞིན་སྟོང་པ་ཉིད་ཀྱི་ཡིན་ལུགས་རྟོ༷གས་པ་མེ༷དཔའི་ཕྱི༷ར་རོ། །

བཞི་པ་ཕུང་པོ་བདག་ཏུ་གསུངས་པ་སོགས་ཀྱི་དགོངས་པ་བཤད་པ་ལ། བདག་ཏུ་ལྟ་བ་ཐམས་ཅད་ཕུང་པོ་ཁོ་ན་ལ་ལྟ་བར་གསུངས་པའི་དོན་བཤད་པ་དང༌། མདོ་གཞན་ལ་བརྟེན་ནས་ཕུང་པོའི་ཚོགས་ཙམ་བདག་མིན་པར་བཤད་པ་དང༌། ཕུང་པོ་ཚོགས་པ་ཙམ་གྱི་དབྱིབས་ཀྱི་བཀོད་པ་བདག་ཡིན་པ་དགག་པ་དང༌། ཕུང་པོ་ཚོགས་ཙམ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ་དང༌། ཐུབ་པས་བདག་དེ་ཁམས་དྲུག་ལ་སོགས་པ་ལ་རྟེན་ནས་བཏགས་པར་གསུངས་པ་དང་ལྔ། དང་པོ་ལ། ལུང་གི་དགོངས་པ་དགག་བྱ་གཅོད་པའི་དགག་ཕྱོགས་ནས་ཡིན་པར་བསྟན་པ། སྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་ཕུང་པོ་བདག་ཏུ་སྟོན་པ་མིན་པ། དེ་དག་ལ་གཞན་གྱི་རྩོད་པ་སྤོང་བ་དང་གསུམ། དང་པོ་ནི། རྩ་བར། གང་ཕྱིར་སྟོན་པས་ཕུང་པོ་བདག་གོ་ཞེས། །གསུངས་པ་དེ་ཕྱིར་ཕུང་པོ་བདག་འདོད་ན། །དེ་ནི་ཕུང་ལས་གཞན་བདག་འགོག་པ་སྟེ། །གཟུགས་བདག་མིན་སོགས་མདོ་གཞན་གསུངས་ཕྱིར་རོ། །ཞེས་ཁོ་ན་རེ། ཁོ་བོ་ཅག་ལུང་ཚད་མར་བྱས་ནས་ཕུང་པོ་བདག་ཏུ་འདོད་པ་ལ་རྟོག་གེ་བའི་ཚད་མའམ་རིགས་པས་གནོད་པ་མ་ཡིན་ཏེ། ལུང་གིས་ཀྱང་ཕུང་པོ་ཁོ་ན་བདག་ཡིན་པར་སྟོན་པའི་ཕྱིར་ཏེ། ག༷ང་གི་ཕྱི༷ར་སྟོ༷ན་པ༷ས་ནི་དགེ་སློང་དག དགེ་སྦྱོང་ངམ། བྲམ་ཟེ་གང་སུ་དག་ཅིག་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཡང་དག་པར་རྗེས་སུ་ལྟའོ། །ཞེས་ཕུ༷ང་པོ༷་བད༷ག་གོ༷་སྟེ་བདག་ཡིན་ནོ་ཞེ༷ས་གསུ༷ངས་པ༷་དེ༷འི་ཕྱི༷ར་ན་ཕུ༷ང་པོ༷་བད༷ག་ཏུ་འདོ༷ད་དོ་ཞེ་ན༷། མདོ་དེ༷་ནི༷་ཕུང་པོ་བདག་ཡིན་པར་སྟོན་པའི་མདོ་མ་ཡིན་ཏེ། ཕུ༷ང་པོ་ལ༷ས་ངོ་བོ་གཞ༷ན་པའི་བད༷ག་དེ་འཇིག་ལྟའི་དམིགས་པའི་བདག་ཡིན་པར་འདོད་པ་དག་ལ། ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་ཞེས་པའི་ངེས་གཟུང་གིས་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་འགོ༷ག་པ༷་ཡིན་པ་སྟེ༷། མདོ་དེས་ཀུན་རྫོབ་ཀྱི་བདེན་པ་ལ་མེད་པའི་མུ་སྟེགས་པས་བཏགས་པའི་བདག་བཀག་ནས་ཀུན་རྫོབ་ཀྱི་བདེན་པ་ལ་ཡོད་པའི་ཕུང་པོ་ཁོ་ན་ལ་བརྟེན་ནས་གྲུབ་པའི་བདག་དེ་ཕྱིན་ཅི་མ་ལོག་པར་བསྟན་པ་ཡིན་པའི་ཕྱིར་རོ། །ཡང་མདོ་དེས་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་བཀག་པ་ཡིན་གྱི་ཕུང་པོ་བདག་ཏུ་སྟོན་པ་མ་ཡིན་ཏེ། གཟུ༷གས་བད༷ག་མི༷ན་ནོ་ཞེས་སོ༷གས་མདོ༷་གཞ༷ན་ལས་གསུ༷ངས་པའི་ཕྱི༷ར་རོ༷། ། རྩ་བར། གང་ཕྱིར་གཟུགས་ཚོར་བདག་མིན་འདུ་ཤེས་ཀྱང༌། ། མ་ཡིན་འདུ་བྱེད་རྣམས་མིན་རྣམ་ཤེས་ཀྱང༌། །མིན་པར་མདོ་གཞན་ལས་གསུངས་དེ་ཡི་ཕྱིར། །མདོར་བསྟན་ཕུང་པོ་བདག་ཅེས་བཞེད་མ་ཡིན། །ཞེས་ག༷ང་གི་ཕྱི༷ར་གཟུ༷གས་དང་ཚོ༷ར་བ་བད༷ག་མི༷ན་པ་དང༌། འདུ༷་ཤེ༷ས་ཀྱ༷ང་བདག་མ༷་ཡི༷ན་པ་དང༌། འདུ༷་བྱེ༷ད་རྣ༷མས་ཀྱང་བདག་མི༷ན་པ་དང༌། རྣ༷མ་ཤེ༷ས་ཀྱ༷ང་བདག་མི༷ན་པ༷ར་མདོ༷་གཞ༷ན་ལ༷ས་གསུ༷ངས་པ་དེ༷་ཡི༷ན་པའི་ཕྱི༷ར་ན། གོང་གི་མདོ་ལས། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལ་བདག་གོ་སྙམ་དུ་ཡང་དག་པར་རྗེས་སུ་ལྟའོ་ཞེས་མདོ༷ར་བསྟ༷ན་འདི་ལས་ནི་ཕུ༷ང་པོ༷་རྣམས་བད༷ག་ཅེ༷ས་བཞེ༷ད་པ་མ༷་ཡི༷ན་གྱི། ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་འདོད་པ་དག་ཁོ་ནའི་ཚིག་གིསབཀག་པ་ཡིན་པའི་ཕྱིར་རོ། །

གཉིས་པ་སྒྲུབ་ཕྱོགས་ནས་ཡིན་དུ་ཆུག་ཀྱང་ཕུང་པོ་བདག་ཏུ་སྟོན་པ་མིན་པ་ནི།

རྩ་བར། ཕུང་པོ་བདག་ཅེས་བརྗོད་ཚེ་ཕུང་རྣམས་ཀྱི། །ཚོགས་པ་ཡིན་གྱི་ཕུང་པོའི་ངོ་བོ་མིན། །ཞེས་གལ་ཏེ་ཁྱོད་ཀྱི་འདོད་པ་ལྟར་དགེ་སློང་དག་དགེ་སྦྱོང་ངམ་ཞེས་སོགས་ཀྱི་མདོ་འདིས་སྒྲུབ་ཕྱོགས་ཀྱི་སྒོ་ནས་ཕུང་པོ་བདག་ཏུ་སྟོན་པ་ཡིན་དུ་ཆུག་ཀྱང༌། ཕུང་པོའི་ངོ་བོ་རྣམས་རེ་རེ་ནས་བདག་ཡིན་པར་སྟོན་པ་ནི་མིན་ཏེ། མདོ་དེས་ཕུང་པོ་བདག་ཏུ་སྟོན་པ་ཡིན་ན་ཡང་མདོ་དེ་ལས་ཕུ༷ང་པོ༷་བད༷ག་ཅེ༷ས་བརྗོ༷ད་པའི་ཚེ༷་ཕུ༷ང་པོ་རྣ༷མས་ཀྱི༷་ཚོ༷གས་པ༷་དེ་བདག་ཡིན་པར་བརྗོད་དགོས་པ་ཡི༷ན་གྱི༷་ཕུ༷ང་པོ༷་རྣམས་ཀྱི་ངོ༷་བོ༷་རེ་རེ་བ་རྣམས་བདག་ཡིན་པར་སྟོན་པ་མི༷ན་པའི་ཕྱིར་ཏེ། དཔེར་ན་ཤིང་རྣམས་ནི་ནགས་ཚལ་ལོ་ཞེས་བརྗོད་པ་ན་ཤིང་གི་ཚོགས་པ་ནགས་ཚལ་ཡིན་པར་རྗོད་པ་ཡིན་གྱི་ཤིང་རེ་རེ་བ་རྣམས་ནགས་ཚལ་ཡིན་ཞེས་བརྗོད་པ་མིན་པར་ཁྱོད་རང་ལ་ཡང་གྲུབ་པ་བཞིན་ནོ། །འདི་གཞན་ལ་གྲུབ་པ་དཔེར་བརྗོད་པ་ཡིན་གྱི་རང་ལུགས་ལ་ནགས་ཚལ་ཚོགས་པ་ནགས་ཚལ་གྱི་གདགས་གཞི་ཡིན་གྱི་ནགས་ཚལ་མ་ཡིན་ནོ། །རྩ་བར། མགོན་མིན་འདུལ་བའམ་དཔང་པོ་ཉིད་ཀྱང་མིན། །དེ་མེད་ཕྱིར་དེ་ཚོགས་པ་མ་ཡིན་ནོ། །ཞེས་གལ་ཏེ་ཕུང་པོའི་ཚོགས་པ་དེ་བདག་ཡིན་ནོ་ཞེ་ན་དེ་ལྟར་ཚོགས་པ་བདག་ཡིན་ན་མདོ་ལས་བདག་ནི་མགོན་དང་འདུལ་བ་དང་དཔང་པོ་ཡིན་པར་གསུངས་ཀྱང༌། ཁྱོད་ལྟར་ན་ཕུང་པོའི་ཚོགས་པ་རྐྱང་བ་ཙམ་བདག་ལ་བཞག་ཚེ་བདག་དེ་མགོ༷ན་མི༷ན་ཞིང་འདུ༷ལ་བ༷འ༷མ་དཔ༷ང་པོ༷་ཉི༷ད་ཀྱ༷ང་མི༷ན་པར་ཐལ། ཁྱོད་ཀྱི་ལུགས་ལ་བདག་རྫས་སུ་ཡོད་དགོས་ཀྱང་ཕུང་པོའི་ཚོགས་པ་ཙམ་དེ༷་ནི་རྫས་སུ་མེ༷ད་པའི་ཕྱི༷ར་ན༷་བདག་དེ་ཕུང་པོའི་ཚོ༷གས་པ༷་ཙམ་མ༷་ཡི༷ན་ནོ༷་སྟེ་མ་ཡིན་པའི་ཕྱིར་རོ། །བདག་མགོན་ལ་སོགས་པ་ཡིན་པར་གསུངས་ཚུལ་ནི། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །

བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་དང༌། མདོ་ལས། བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོརིས་ཐོབ་པར་འགྱུར། །ཞེས་པའོ། །

གསུམ་པ་དེ་དག་ལ་གཞན་གྱི་རྩོད་པ་སྤང་པ་ནི།

རྩ་བར། དེ་ཚེ་དེ་ཡི་ཡན་ལག་ཚོགསགནས་རྣམས། །ཤིང་རྟ་ཉིད་འགྱུར་ཤིང་རྟ་དང་བདག་མཚུངས། །ཞེས་ཕུང་པོའི་ཚོགས་ཙམ་བདག་ཏུ་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། ཕུང་པོའི་ཚོགས་པ་བདག་ཏུ་འདོད་པ་དེ༷་ཡི་ཚེ༷་ནི་ཤིང་རྟ་དེ༷་ཡི༷་ཡ༷ན་ལ༷ག་གི་ཚོ༷གས་པ་ཕྱོགས་གཅིག་ཏུ་གན༷ས་པ་རྣ༷མས་ཀྱང་ཤི༷ང་རྟ༷་ཉི༷ད་དུ་འགྱུ༷ར་བའི་སྐྱོན་ཡོད་དེ། ཕུང་པོའི་ཚོགས་པ་བདག་ཡིན་ན་ཤིང་རྟའི་ཡན་ལག་ཐམས་ཅད་ཕྱོགས་གཅིག་ཏུ་སྤུངས་པའི་ཚོགས་པའང་ཤིང་རྟ་ཡིན་དགོས་པའི་ཕྱིར། དེར་ཐལ། ཤི༷ང་རྟ༷་ད༷ང་བད༷ག་གཉིས་ཀ་རང་གི་ཡན་ལག་ཚོགས་པ་ལ་འཇོག་མི་འཇོག་མཚུ༷ངས་པ་ཡིན་པའི་ཕྱིར་ཏེ། མདོ་ལས། བདག་ཅེས་བྱ་བ་བདུད་ཀྱི་སེམས། །ཁྱོད་ནི་ལྟ་བར་གྱུར་པ་ཡིན། །འདུ་བྱེད་ཕུང་པོ་འདི་སྟོང་སྟེ། །འདི་ལ་སེམས་ཅན་ཡོད་མ་ཡིན། །ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ་བརྗོད་པ་ལྟར། །དེ་བཞིན་ཕུང་པོ་རྣམས་བརྟེན་ནས། །ཀུན་རྫོབ་སེམས་ཅན་ཞེས་བྱའོ། །

ཞེས་སོ། །

གཉིས་པ་མདོ་གཞན་ལ་བརྟེན་ནས་ཕུང་པོ་ཚོགས་ཙམ་བདག་མིན་པར་བཤད་པ་ནི།

རྩ་བར། མདོ་ལས་ཕུང་པོ་བརྟེན་ནས་ཡིན་གསུངས་པ། །དེ་ཕྱིར་ཕུང་པོ་འདུས་ཙམ་བདག་མ་ཡིན། །ཞེས་གོང་དུ་དྲངས་བའི་མདོ༷་ལ༷ས་ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །ཞེས་སོགས་ཕུ༷ང་པོ༷་ཚོགས་པ་ལ་བརྟེ༷ན་ན༷ས་སེམས་ཅན་དུ་གདགས་པ་ཡི༷ན་ནོ་ཞེས་གསུ༷ངས་པ༷་དེ༷་ཡི་ཕྱི༷ར་ན་ཕུ༷ང་པོ༷་འདུ༷ས་པའམ་ཕུང་པོ་ཚོགས་པ་ཙ༷མ་བད༷ག་མ༷་ཡི༷ན་ཏེ། ཕུང་པོ་ཚོགས་པ་ལ་བརྟེན་ནས་བདག་འཇོག་དགོས་ན་ཚོགས་པ་བདག་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །གལ་ཏེ་མདོ་ལས། ཇི་ལྟར་ཡན་ལག་ཚོགས་རྣམས་ལ། །བརྟེན་ནས་ཤིང་རྟ། ཞེས་པ་ནི་ཡན་ལག་ཚོགས་པ་རྣམས་ལ་བརྟེན་ནས་ཚོགས་པ་ཤིང་རྟར་འཇོག་པ་ཡིན་ཞེས་བསྟན་པ་ཡིན་ནོ་ཞེ་ན། དེ་ནི་གཏན་མ་ཡིན་ཏེ། ཡིན་ན་ཡན་ལག་ཚོགས་པ་རྣམས་ཤིང་རྟ་ཡིན་ནོ་ཞེས་བརྗོད་རིགས་ཀྱི་ཡན་ལག་ཚོགས་པ་རྣམས་ལ་བརྟེན་ནས་ཤིང་རྟ་འཇོག་ཞེས་བརྗོད་མི་རིགས་པའི་ཕྱིར། དེར་ཐལ། གང་ལ་བརྟེན་ནས་འཇོག་པའི་གཞི་དང་གཞི་དེ་ལ་བརྟེན་ནས་བཞག་པའི་ཆོས་གཉིས་འགལ་བ་ཡིན་པའི་ཕྱིར་རོ། །དེས་ན་མདོ་ལས། ཚོགས་པ་ཤིང་རྟར་འཇོག་པ་མ་ཡིན་ཏེ། མདོ་ལས་ཤིང་རྟའི་ཡན་ལག་རྣམས་ཚོགས་པ་ལ་བརྟེན་ནས་ཤིང་རྟ་འཇོག་པར་གསུངས་པའི་ཕྱིར། རང་འགྲེལ་ལས། གང་ཞིག་ལ་བརྟེན་ནས་གང་བཏགས་པ་དེ་ནི་བཏགས་པ་ཉེ་བར་ལེན་པའི་ཡན་ལག་ཚོགས་པ་ཙམ་མ་ཡིན་ཏེ། བརྟེན་ནས་བཏགས་པའི་ཕྱིར་འབྱུང་བ་ལས་གྱུར་པ་བཞིན་ནོ། །

ཇི་ལྟར་འབྱུང་བ་དག་རྒྱུར་བྱས་ནས་འབྱུང་བ་ལས་གྱུར་པ་སྔོན་པོ་ལ་སོགས་པ་དང་མིག་ལ་སོགས་པ་བཏགས་མོད་ཀྱི། དེ་གཉིས་འབྱུང་བ་འདུས་པ་ཙམ་ཉིད་ནི་མ་ཡིན་ནོ། །དེ་བཞིན་དུ་བདག་ཕུང་པོ་རྒྱུར་བྱས་ནས་བཏགས་པའི་རང་བཞིན་ཅན་ཡང་ཕུང་པོ་ཚོགས་པ་ཙམ་ཡིན་པརམི་རུང་ངོ༌། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིར་གདགས་གཞི་དང་བཏགས་ཆོས་འགལབ་མཁས་པ་དུ་མས་བཤད་ལ། འོན་ཀྱང་ཤེས་བྱ་དང་ཤེས་བྱའི་གདགས་གཞི་གཉིས་འགལ་བཡིན་མིན་སོགས་དཔྱད་པར་ཞུའོ། །

གསུམ་པ་ཕུང་པོ་ཚོགས་པའི་དབྱིབས་ཀྱི་བཀོད་པ་བདག་ཡིན་པ་དགག་པ་ནི།

རྩ་བར། དབྱིབས་ཤེ་ན་དེ་གཟུགས་ཅན་ལ་ཡོད་ཕྱིར། །ཁྱོད་ལ་དེ་དག་ཉིད་བདག་ཅེས་འགྱུར་གྱི། །

སེམས་སོགས་ཚོགས་ནི་བདག་ཉིད་འགྱུར་མིན་ཏེ། །གང་ཕྱིར་དེ་དག་ལ་དབྱིབས་ཡོད་མ་ཡིན། །

ཞེས་ཁོ་ན་རེ། འཕང་ལོ་སོགས་ཚོགས་པ་ཤིང་རྟ་མ་ཡིན་པར་འཕངས་ལོ་སོགས་ཚོགས་པ་ན་ཤིང་རྟའི་དབྱིབས་ཁྱད་པར་བ་ཞིག་གྲུབ་པ་དེ་ཤིང་རྟ་ཡིན་པ་བཞིན་དུ། ཕུང་པོ་ཚོགས་པ་ཡང་བདག་མ་ཡིན་གྱི་སེམས་ཅན་གྱི་རྒྱུད་ཀྱི་གཟུགས་ལ་སོགས་པའི་ཕུང་པོ་རྣམས་ཚོགས་པ་ན་དབྱི༷བས་ཁྱད་པར་བ་ཞིག་འབྱུང་བ་དེ་བདག་ཡིན་ནོ་ཞེ༷་ན༷། འོ་ན་དབྱིབས་དེ༷་ནི་གཟུ༷གས་ཅ༷ན་ཁོ་ན་ལ༷་ཡོ༷ད་ཀྱི་གཞན་ལ་མེད་པའི་ཕྱི༷ར་ན། ཁྱོ༷ད་ལ༷་གཟུགས་ཅན་དེ༷་ད༷ག་ཉི༷ད་ཁོ་ན་ལ་བད༷ག་ཅེ༷ས་བྱ་བ་དེ་ཡོད་པར་འགྱུ༷ར་གྱི༷། སེ༷མས་དང་སོ༷གས་པས་སེམས་བྱུང་གི་ཚོ༷གས་རྣམས་ལ་ནི༷་བད༷ག་དེ་ཉི༷ད་དུ་འཇོག་པར་འགྱུ༷ར་བ་ཡོད་པ་མི༷ན་པར་འགྱུར་ཏེ༷། ག༷ང་གི་ཕྱི༷ར་ན་སེམས་སེམས་བྱུང་དེ༷་ད༷ག་ལ༷་དབྱི༷བས་ཡོ༷ད་པ་མ༷་ཡི༷ན་པའི་ཕྱིར། ཁྱབ་སྟེ། ཁྱོད་ཀྱི་དབྱིབས་བདག་ཏུ་འདོདཔའི་ཕྱིར་རོ། །

བཞི་པ་ཕུང་པོ་ཚོགས་ཙམ་བདག་ཏུ་འདོད་པ་ལ་གནོད་བྱེད་གཞན་བསྟན་པ་ནི།

རྩ་བར།

ལེན་པོ་རང་ཉེར་ལེན་གཅིག་རིགས་དངོས་མིན། །དེ་ལྟ་ན་ལས་བྱེད་པོ་གཅིག་ཉིད་འགྱུར། །

ཞེས་ཉེ་བར་ལེ༷ན་པ་པོ༷་ཉེ་བར་ལེན་པ་པོ་ར༷ང་ཉེ༷ར་ལེ༷ན་པའམ་ལེན་རྒྱུའི་ཕུང་པོ་ལྔ་ཚོགས་པ་གཉིས་ནི་གཅི༷ག་པའི་རི༷གས་པའི་དངོ༷ས་པོ་མི༷ན་པའི་ཕྱིར་རོ། །གལ་ཏེ་གཟུགས་སོགས་ཀྱི་ཕུང་པོ་ཚོགས་པ་ཙམ་བདག་ཡིན་པ་དེ༷་ལྟ༷་ན༷་ནི་ཉེ་བར་བླང་བྱའི་ལ༷ས་དང་ཉེ་བར་ལེན་པར་བྱེ༷ད་པ་པོ༷་རྣམས་གཅི༷ག་ཉི༷ད་དུ་འགྱུ༷ར་བར་ཐལ་བའོ། །རྩ་ཤེས་ལས། བུད་ཤིང་གང་དེ་མེ་ཡིན་ན། །

བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་དང༌། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་བླངབའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །

ཅེས་གསུངས་སོ། །ཡང་རྩ་བར། བྱེད་པོ་མེད་ལས་ཡོད་སྙམ་བློ་ཡིན་ན། །མ་ཡིན་གང་ཕྱིར་བྱེད་པོ་མེད་ལས་མེད། །ཅེས་གལ་ཏེ་ཁྱོད་ཀྱིས་ཕུང་པོའི་ཚོགས་པ་དེ་ལེན་པ་པོའི་བདག་ཡོད་བྱས་ན་བྱ་བྱེད་གཅིག་ཏུ་གྱུར་པའི་སྐྱོན་ཡོད་ལ། ཚོགས་པ་དེ་ལས་མིན་ཞེས་ཀྱང་བྱ་མི་རུང་ལ། འོན་ཀྱང་ཚོགས་པ་དེ་བདག་དང་ལས་གཉིས་ཀ་ཡིན་ཀྱང་དེ་ཉེ་བར་ལེན་པའི་བྱེད་པ་པོ་བདག་མེད་བྱས་ན་སྐྱོན་མེད་བསམ་ནས། བདག་ཡིན་པར་འགྱུར་པའི་ཕུང་པོའི་ཚོགས་པ་ནི་ཉེ་བར་ལེན་པར་བྱེ༷ད་པ་པོ༷་འགའ་ཡང་མེ༷ད་ལ། བདག་ཅེས་བྱ་བའི་ལ༷ས་སུ་བྱ་བ་ཕུང་པོའི་ཚོགས་པ་ཙམ་ཞིག་ཡོ༷ད་དོ་སྙ༷མ་དུ་བློ༷་ལ་སེམས་པ་ཡི༷ན་ན༷་ཚོགས་པ་དེ་ཉེ་བར་ལེན་པའི་བྱེད་པ་པོ་གཞན་མེད་ལ། ཚོགས་པ་དེ་ལས་ཡིན་ནོ་སྙམ་ན་དེ་ནི་དེ་ལྟ་མ༷་ཡི༷ན་ཏེ། ག༷ང་གི་ཕྱི༷ར་ན་བྱེད་པ་པོས་ལས་བསག་རྒྱུའི་རྒྱུ་ལས་ཉེ་བར་ལེན་པའི་ལས་སུ་བྱ་བ་ཕུང་པོའི་ཚོགས་པ་དེ་འགྲུབ་དགོས་པས་ན་ཕུང་པོའི་ཚོགས་པ་ཉེ་བར་ལེན་པའི་བྱེ༷ད་པ་པོ༷་མེ༷ད་ན་ཉེ་བར་བླང་བྱའི་ལ༷ས་ཚོགས་པ་མེ༷ད་པའི་ཕྱིར་ཏེ། བྱེད་པ་པོ་ལ་ལྟོས་ནས་ལས་གྲུབ། ལས་ལ་ལྟོས་ནས་བྱེད་པ་པོ་གྲུབ་དགོས་པས་ཅིག་ཤོས་མེད་ན་ཅིག་ཤོས་ཀྱང་མེད་པས་ཁྱབ་པའི་ཕྱིར། རྩ་ཤེས་ལས། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཞེས་གསུངས་ལ། བྱེད་པ་པོ་མེད་པ་ན་ལས་ཀྱང་ཡོད་པ་མ་ཡིན་པར་ལས་འབྲས་ཀྱི་རྟེན་དུ་གྱུར་བའི་བདག་ཡོད་དེ། རྩ་ཤེས་ལས། དེ་ལྟར་ལེན་ལས་གཞན་མ་ཡིན། །

དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །མེད་པ་ཉིད་དུ་འང་དེ་མ་ངེས། །ཞེས་གསུངས་སོ། །ཉེ་བར་ལེན་པ་ནི་ཕུང་པོ་ལྔ་ལ་གོ་བར་བྱའོ། །དེས་ན་ངེས་དོན་གྱི་མདོ་དག་ལས། བྱེད་པ་པོ་ནི་མ་དམིགས་ཀྱི། ལས་ཀྱང་ཡོད་ལ་རྣམ་པར་སྨིན་པ་ཡང་ཡོད་དོ། །ཞེས་སྟོན་པའི་མདོ་དེ་ལས་ནི། བྱེད་པ་པོ་རང་བཞིན་གྱིས་གྲུབ་པ་མེད་པར་སྟོན་པ་ཡིན་གྱི་བྱེད་པ་པོ་མེད་པར་སྟོན་པ་ནི་མ་ཡིན་ཏེ། མདོ་གཞན་ལས། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་མ་རིག་པདང་ལྡན་པའི་གང་ཟག་གིས་བསོད་ནམས་ཀྱི་ལས་མངོན་པར་བསགས་པར་གསུངས་པ་འདིསལས་བྱེད་པ་པོ་གང་ཟག་གམ་བདག་ཡོད་པར་བསྟན་པའི་ཕྱིར་རོ། །

ལྔ་པ་ཐུབ་པས་བདག་དེ་ཁམས་དྲུག་ལ་སོགས་པ་ལ་བརྟེན་ནས་བཏགས་པར་གསུངས་པ་ནི།

རྩ་བར། གང་ཕྱིར་ཐུབ་པས་བདག་དེ་ས་ཆུ་མེ། །རླུང་དང་རྣམ་ཤེས་ནམ་མཁའ་ཞེས་བྱ་བ། །ཁམས་དྲུག་དང་ནི་མིག་སོགས་རེག་པ་ཡི། །རྟེན་དྲུག་དག་ལ་བརྟེན་ནས་ཉེར་བསྟནཞིང༌། །སེམས་དང་སེམས་བྱུང་ཆོས་རྣམས་ཉེར་བཟུང་ནས། །དེས་གསུངས་དེ་ཕྱིར་དེ་ནི་དེ་རྣམས་དང༌། །དེ་ཉིད་མ་ཡིན་ཚོགས་ཙམ་ཉིད་མིན་ཏེ། །དེ་ཕྱིར་ངར་འཛིན་བློ་དེ་རྣམས་ལ་མིན། །

ཞེས་ཕུང་པོ་ཚོགས་ཙམ་བདག་ཏུ་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། རྒྱུ་མཚན་ག༷ང་གི་ཕྱི༷ར་ཐུ༷བ་པ༷ས་ཡབ་སྲས་མཇལ་བའི་མདོ་ལས་བད༷ག་དེ༷་ས༷་དང་ཆུ༷་དང་མེ༷། རླུ༷ང་གི་ཁམས་ད༷ང་རྣ༷མ་པར་ཤེ༷ས་པའི་ཁམས་དང༌། སྣའི་བུ་ག་སོགས་བུ་ག་ན༷མ་མཁ༷འ་ཡི་ཁམས་ཞེ༷ས་བྱ༷་བ༷་ཡི་ཁ༷མས་དྲུ༷ག་ད༷ང་ནི༷་མི༷ག་གི་རེག་པའི་སྐྱེ་མཆེད་སོ༷གས་རེ༷ག་པ༷་ཡི༷་རྟེ༷ན་ཏེ་རེག་པའི་སྐྱེ་མཆེད་དྲུ༷ག་ད༷ག་ལ༷་བརྟེ༷ན་ན༷ས་བཏགས་པ་ཡིན་པར་ཉེ༷་བར་བསྟ༷ན་ཞི༷ང་སེ༷མས་ད༷ང་སེ༷མས་བྱུ༷ང་གི་ཆོ༷ས་རྣ༷མས་གང་ཟག་གི་གདགས་གཞི་ཉེ༷་བར་བཟུ༷ང་བ་ལ་བརྟེན་ན༷ས་བདག་ཏུ་འདོགས་པ་ཡིན་ནོ་ཞེས་དེ༷ས་གསལ་བར་གསུ༷ངས་པ་དེ༷འི་ཕྱི༷ར་ན་བདག་དེ༷་ནི༷་སའི་ཁམས་ལ་སོགས་པའི་ཡ་གྱལ་དེ༷་རྣ༷མས་ད༷ང་ཡ་གྱལ་དེ༷་རྣམས་ཉི༷ད་ནི་རེ་རེ་ནས་བདག་མ༷་ཡི༷ན་ལ། ཁམས་དྲུག་སོགས་ཀྱི་ཚོ༷གས་པ་ཙ༷མ་ཉི༷ད་ཀྱང་བདག་ཏུ་འཇོག་པ་མི༷ན་ཏེ༷། དེ༷འི་ཕྱི༷ར་ན་ཐོག་མ་མེད་པ་ནས་ཞུགས་པའི་ང༷ར་འཛི༷ན་པའི་བློ༷་དེས་ས་ཁམས་ལ་སོགས་པ་དེ༷་རྣ༷མས་ཀྱི་ཚོགས་པ་དང་ཡ་གྱལ་རྣམས་ལ༷་དམིགས་པར་བྱེད་པ་མི༷ན་པའི་ཕྱིར་རོ། །དེ་དག་ལ་ངའོ་སྙམ་པའི་བློ་ལྷན་སྐྱེས་ཀྱིས་མི་དམིགས་ན་དེ་དག་བདག་མ་ཡིན་པས་ཁྱབ་སྟེ། ངར་འཛིན་ལྷན་སྐྱེས་ཀྱི་དམིགས་ཡུལ་ལ་གང་ཟག་ཏུའཇོག་པ་ཡིན་པའི་ཕྱིར་རོ། །

ལྔ་པ་གཞན་གྱི་ལུགས་འབྲེལ་མེད་དུ་བསྟན་པ་ནི།

རྩ་བར། བདག་མེད་རྟོགས་ཚེ་རྟགཔའི་བདག་སྤོང་ཞིང༌། །འདི་ནི་ངར་འཛིན་རྟེན་དུའང་མི་འདོད་པ། །དེའི་ཕྱིར་བདག་མེད་ཤེསཔས་བདག་ལྟ་བ། །དཔྱིས་ཀྱང་འབྱིན་ཞེས་སྨྲ་བ་ཤིན་ཏུ་མཚར། །ཞེས་ངའོ་སྙམ་དུ་འཛིན་པའི་དམིགས་ཡུལ་བདག་གི་བཏགས་དོན་བཙལ་ནས་ཁ་ཅིག་གིས་ཕུང་པོ་ལྔ་ཆར་དང༌། ཁ་ཅིག་གིས་སེམས་གཅིག་པུ་བདག་ཏུ་འཇོག་པའི་ལུགས་ལ་ནི་རྒྱུད་ལ་ཕུང་པོ་དང་སེམས་གཉིས་ཇི་སྲིད་ཀྱི་བར་དུ་ཡོད་པ་དེ་སྲིད་དུ་གང་ཟག་གི་བདག་འཛིན་ཀྱང་རྒྱུད་ལ་འཇུག་པར་འགྱུར་ཏེ། དེ་དག་གི་ལུགས་ལ་གང་ཟག་གི་བད༷ག་མེ༷ད་མངོན་སུམ་དུ་རྟོ༷གས་ཚེ༷་ནི་རྟ༷ག་པ༷འི་བད༷ག་ཙམ་ཞིག་སྤོ༷ང་བ་སྟེ་མེད་པར་མཐོང་བ་ཡིན་ཞི༷ང་རྟག་པའི་བདག་འདི༷་ནི༷་ང༷ར་འཛི༷ན་པའི་འཇིག་ལྟ་ལྷན་སྐྱེས་ཀྱི་རྟེ༷ན་ནམ་དམིགས་ཡུལ་དང་རྣམ་པ་འཛིན་སྟངས་ཀྱི་ཡུལ་གང་དུ༷འ༷ང་མི༷་འདོ༷ད་པ༷་དེ༷འི་ཕྱི༷ར་ན་རྟག་པའི་བད༷ག་ཙམ་མེ༷ད་པར་ཤེ༷ས་པ་ཡང་ཡང་གོམས་པ༷ས་ངར་འཛིན་ལྷན་སྐྱེས་ཀྱི་འཛིན་སྟངས་ལ་ཅུང་ཟད་ཀྱང་མི་གནོད་པས་ན་དེས་ཐོག་མ་མེད་པ་ནས་ཞུགས་པའི་བད༷ག་ཏུ་ལྟ༷་བ༷་དེ། དཔྱི༷ས་སམ་དྲུངས་ནས་ཀྱ༷ང་འབྱི༷ན་ཞེ༷ས་སྨྲ༷་བ༷་ནི་ཀྱེ་མ་ཤི༷ན་ཏུ༷་མཚ༷ར་བའི་གནས་ཡིན་པའི་ཕྱིར་རོ། །རྩ་བར། རང་ཁྱིམ་རྩིག་ཕུག་སྦྲུལ་གནས་མཐོང་བཞིན་དུ། །འདི་ན་གླང་ཆེན་མེད་ཅེས་དོགས་བསལ་ཏེ། །སྦྲུལ་གྱི་འཇིགས་པའང་སྤོང་བར་བྱེད་པ་ནི། །ཀྱེ་མ་གཞན་གྱི་གནམ་པོར་འགྱུར་ཉིད་དོ། །ཞེས་རྟག་པའི་བདག་མེད་པར་མཐོང་བའི་བློ་དེས་ཐོག་མ་མེད་ནས་ཞུགས་པའི་བདག་འཛིན་སྤོང་བར་འདོད་པ་ལ་སྤོང་གཉེན་གྱི་འབྲེལ་བ་མེད་པ་ནི་དཔེར་ན། གང་ཟག་བླུན་པོ་ཁ་ཅིག་གིས་ར༷ང་གི་ཁྱི༷མ་གྱི་རྩི༷ག་པའི་ཕུ༷ག་ན་སྦྲུ༷ལ་གན༷ས་པ་མཐོ༷ང་ནས་འཇིགས་བཞི༷ན་དུ༷་གནས་པ་ལ། གཞན་ཞིག་གིས་ཀྱེ་མི་ཁྱོད་མ་འཇིགས་ཤིག་ཁྱིམ་འདི༷་ན༷་གླ༷ང་ཆེ༷ན་མེ༷ད་དོ་ཞེ༷ས་དོ༷གས་པ་བས༷ལ་ཏེ༷། འཇིགས་མཁན་དེས་ཁྱིམ་དེར་གླང་པོ་ཆེ་མེད་པར་ཤེས་པ་དེས་གླང་ཆེན་གྱི་འཇིགས་པ་སྤོང་བར་མ་ཟད་སྦྲུ༷ལ་གྱི༷་འཇི༷གས་པ༷་ཡ༷ང་སྤོ༷ང་བ༷ར་བྱེ༷ད་པ༷་དང་འདྲ་བའི་རྟག་པའི་བདག་མེད་པར་མཐོང་བས་ཐོག་མེད་ཀྱི་བདག་འཛིན་སྤོང་བར་འདོད་པའདི་ནི༷། ཀྱེ༷་མ༷འོ་མཁས་པ་གཞ༷ན་གྱི༷་གན༷མ་པོ༷ར་ཏེ་ཁྲེལ་བའམ་བཞད་གད་དུ་འགྱུ༷ར་བ་ཉི༷དཡིན་པར་འདོད་དོོ༷། །

གསུམ་པ་དེ་གཉིས་ཀྱི་ལྷག་མའི་ཕྱོགས་རྟེན་དང་བརྟེན་པ་སོགས་དགག་པ་ལ།

རྟེན་དངབརྟེན་པ་དང་ལྡན་པའི་ཕྱོགས་དགག་པ། བཀག་པ་རྣམས་ཀྱི་དོན་བསྡོམས་ཏེ་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། ཕུང་པོ་བདག་ཡོད་མ་ཡིན་བདག་ལ་ཡང༌། །ཕུང་པོ་དེ་རྣམས་ཡོད་མིན་གང་ཕྱིར་འདིར། །གཞན་ཉིད་ཡོད་ན་རྟོག་པ་འདིར་འགྱུར་ན། །གཞན་ཉིད་དེ་མེད་དེ་ཕྱིར་འདི་རྟོག་པའོ། །ཞེས་སྤྱིར་བདག་ཕུང་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་དང༌། ཕུང་པོ་རྟེན་དང་བདག་བརྟེན་པ་པོ་དང༌། བདག་ལ་ཕུང་པོ་དང་ལྡན་པ་དང༌། བདག་ལ་ཕུང་པོ་རྟེན་པ་དང༌། ཕུང་པོ་ལ་བདག་བརྟེན་པ་སོགས་ཡིན་ཀྱང་བདག་ཕུང་ཕན་ཚུན་རང་བཞིན་གྱིས་རྟེན་དང་བརྟེན་པ་དང་རང་བཞིན་གྱིས་ལྡན་པ་འགོག་པ་ལ། རྟེན་ཕུ༷ང་པོ༷ར་ཏེ་ཕུང་པོ་ལ་བརྟེན་པ་བ༷དག་དེ་ངོ་བོ་ཉིད་ཀྱིས་བརྟེན་པའི་སྒོ་ནས་ཡོ༷ད་པ་མ༷་ཡི༷ན་ཞིང༌། རྟེན་བད༷ག་ལ༷་ཡ༷ང༌། རྟེན་པ་ཕུ༷ང་པོ༷་ལྔ་པོ་དེ༷་རྣ༷མས་ངོ་བོ་ཉིད་ཀྱི་བརྟེན་པའི་སྒོ་ནས་ཡོ༷ད་པ་མི༷ན་ལ། རྒྱུ་མཚན་ག༷ང་གི་ཕྱི༷ར་བདག་ཕུང་འདི༷ར་ངོ་བོ་ཉིད་ཀྱིས་གྲུབ་པའི་གཞ༷ན་དུ་གྱུར་པ་ཉི༷ད་གཅིག་ཡོ༷ད་ན༷་ནི། དེ་གཉིས་རང་བཞིན་གྱིས་གྲུབ་པའི་རྟེན་དང་བརྟེན་པ་ཡིན་ཞེས་པའི་རྟོ༷ག་པ༷་གཉིས་པོ་འདི༷་ཕྱེད་རིགས་པར་འགྱུ༷ར་ན༷། བདག་ཕུང་གཉིས་རང་བཞིན་གྱིས་གཞ༷ན་ཉི༷ད་དུ་གྲུབ་པ་དེ༷་མེ༷ད་པ་དེ༷འི་ཕྱི༷ར་ན་བདག་ཕུང་གཉིས་ཕན་ཚུན་ངོ་བོ་ཉིད་ཀྱི་རྟེན་ཡིན་པར་གྲུབ་པ་དང༌། ངོ་བོ་ཉིད་ཀྱིས་བརྟེན་པ་ཡིན་པར་གྲུབ་པས་རྟེན་དང་བརྟེན་པ་ཡིན་པའི་ཆ་རང་བཞིན་གྱིས་གྲུབ་པ་འདི༷་ནི་ཕྱིན་ཅི་ལོག་གི་རྟོ༷ག་པས་བཞག་པ་ཙམ་ཡིན་དགོས་པ༷འོ༷། །རང་འགྲེལ་ལས། གཞན་ཉིད་ཡོད་ན་ནི་རྟེན་དང་བརྟེན་པའི་དངོས་པོར་རིགས་པར་འགྱུར་ཏེ། དཔེར་ན་འཁར་གཞོང་ན་ཞོ་ཡོད་དོ་ཞེས་བྱ་བ་ལྟ་བུའོ། །འཁར་གཞོང་དང་ཞོ་གཉིས་ནི་འཇིག་རྟེན་ན་གཞན་ཉིད་ཡིན་པ་ན་རྟེན་དང་བརྟེན་པའི་དངོས་པོ་མཐོང་ངོ༌། །ཞེས་གསུངས་སོ། །རྩ་བར། བདག་ནི་གཟུགས་ལྡན་མི་འདོད་གང་ཕྱིར་བདག །ཡོད་མིན་དེ་ཕྱིར་ལྡན་དོན་སྦྱོར་བ་མེད། །གཞ༷ན་ན༷་གནག་ལྡན་གཞན་མིན་གཟུགས་ལྡན་ན། །བདག་ནི་གཟུགས་ལས་དེ་ཉིད་གཞན་ཉིད་མེད། །ཅེས་དེ་ནས་ལྡན་པ་ངོ་བོ་ཉིད་ཀྱིས་གྲུབ་པ་འགོག་པ་ནི། ཐ་སྙད་དུ་བློ་ལ་བདག་གཟུགས་དང་ལྡན་པར་སྣང་བ་ཙམ་ཡོད་ཀྱང༌། བད༷ག་ནི༷་གཟུ༷གས་ཀྱི་ཕུང་པོ་དང་ལྡ༷ན་པ་དེ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་པར་མི༷་འདོ༷ད་དེ། རྒྱུ་མཚན་ག༷ང་གི་ཕྱི༷ར་ན་བད༷ག་ལ་གཟུགས་ལྡན་པ་དེ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡིན་ན་གོང་བཞིན་ལྡན་ཡུལ་བདག་དང་ལྡན་བྱ་གཟུགས་ཕུང་གཉིས་རང་བཞིན་གྱིས་ཐ་དད་དུ་ཡོད་དགོས་ཀྱང་བདག་ནི་ཕུང་པོ་དང་རང་བཞིན་གྱིས་གཅིག་དང་རང་བཞིན་གྱིས་ཐ་དད་དུ་ཡོ༷ད་པ་མི༷ན་པ་དེ༷་ཡི་ཕྱི༷ར་རོ། །དེས་ན་བདག་ཕུང་པོ་དང་ལྡ༷ན་ནོ་ཞེས་བདག་ཕུང་པོ་དང་ལྡན་པ་རང་བཞིན་གྱིས་གྲུབ་པའི་དོ༷ན་ཅན་དུ་སྦྱོ༷ར་བ༷་མེ༷ད་དེ། གཞན་ན་སྟེ་ངོ་བོ་ཐ་དད་དུ་ཐ་སྙད་ཙམ་དུ་ལྷསབྱིན་གན༷ག་སྟེ་ལྷས་བྱིན་བ་ལང་དང་ལྡ༷ན་པ་ལྟ་བུ་ནི་གཞན་པ་ལ་ལྡན་པའི་སྒྲ་སྦྱོར་བ་ལྟར་གྱི་གཞ༷ན་དག་ལྡན་པ་ཡང་མི༷ན་པ་དང༌། ལྷས་བྱིན་གཟུ༷གས་དང་ལྡ༷ན་ཞེས་པ་ལྟ་བུ་ནི་ལྡན་བྱ་ལྡན་ཡུལ་གཉིས་ངོ་བོ་གཅིག་ཡིན་པས་ན༷་ལྡན་ཡུལ་བད༷ག་ནི༷་ལྡན་བྱ་གཟུ༷གས་ལ༷ས་དེ༷་ཉི༷ད་དམ་གཟུགས་དང་གཅིག་ཏུ་ཡང་མེད་ལ། གཟུགས་ལས་རང་བཞིན་གྱིས་གཞ༷ན་ཉི༷ད་དུ་ཡང་མེ༷ད་པས་བདག་གཟུགས་དང་ལྡན་པ་དེ་རང་བཞིན་གྱིས་ལྡན་པ་ཡིན་པར་འཇོག་མི་ནུས་པའི་ཕྱིར་རོ། །བདག་ནི་གཟུགས་ལྡན་མི་འདོད་ཅེས་སོགས་ཤོ་ལོ་ཀ་གཅིག་འདི། བདག་ནི་ཚོར་ལྡན་མི་འདོད་ཅེས་སོགས་ཕུང་པོ་ལྷག་མ་བཞི་བདག་ལ་ལྡན་པ་ངོ་བོ་ཉིད་ཀྱིས་གྲུབ་པ་ཡང་བཀགཔར་ཤེས་པར་བྱའོ། །

གཉིས་པ་བཀག་པ་རྣམས་ཀྱི་དོན་བསྡོམས་ཏེ་བསྟན་པ་ནི།

རྩ་བར། གཟུགས་བདག་མ་ཡིན་བདག་ནི་གཟུགས་ལྡན་མིན། །གཟུགས་ལ་བདག་མེད་བདག་ལའང་གཟུགས་ཡོད་མིན། །

དེ་ལྟར་རྣམ་བཞིར་ཕུང་ཀུན་ཤེས་བྱ་སྟེ། །དེ་དག་བདག་ཏུ་ལྟ་བ་ཉི་ཤུར་འདོད། །ཅེས་སྔར་བཀག་ཟིན་པའི་ཕྱོགས་རྣམས་བསྡོམས་ཏེ་བཀག་བྱའི་བདག་ཕྱིན་ཅི་ལོག་ལ་དམིགས་པའི་འཇིག་ལྟ་ཀུན་བཏགས་ཀྱི་གྲངས་སྟོན་པ་སྟེ། གཟུ༷གས་ནི་བད༷ག་མ༷་ཡི༷ན་པ་ལ་གཟུགས་བདག་ཏུ་ལྟ་བ་དང༌། བད༷ག་ནི༷་གཟུ༷གས་དང་ངོ་བོ་ཉིད་ཀྱིས་ལྡ༷ན་པ་མི༷ན་པ་ལ་བདག་ནི་གཟུགས་དང་ངོ་བོ་ཉིད་ཀྱིས་ལྡན་པར་ལྟ་བ་དང༌། གཟུ༷གས་ལ༷་བད༷ག་བརྟེན་པ་ངོ་བོ་ཉིད་ཀྱིས་མེ༷ད་པ་ལ་གཟུགས་ལ་བདག་བརྟེན་པ་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བ་དང༌། བད༷ག་ལ༷འ༷ང་གཟུ༷གས་བརྟེན་པ་ངོ་བོ་ཉིད་ཀྱིས་ཡོ༷ད་པ་མི༷ན་པ་ལ་བདག་ལ་གཟུགས་བརྟེན་པ་ངོ་བོ་ཉིད་ཀྱིས་ཡོད་པར་ལྟ་བ་སྟེ་བཞི་དང༌། གཟུགས་ཕུང་ལ་བཤད་པ་དེ༷་ལྟ༷ར་འཇིག་ལྟས་ལྟ་བའི་ཡུལ་རྣ༷མ་པ་བཞི༷ར་ཚོར་བ་ལ་སོགས་པའི་ཕུ༷ང་པོ་བཞི་པོ་ཀུ༷ན་ལ་དེ་བཞིན་དུ་ཤེ༷ས་པར་བྱ༷་སྟེ༷། དེ༷་ད༷ག་ནི་བད༷ག་ཏུ༷་ལྟ༷་བ༷་འཇིག་ལྟའི་ཆ་ཉི༷་ཤུ༷ར་འདོ༷ད་པ་ཡིན་ནོ། །རྩ་ཤེས་ལས། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་སྔ་མ་ཉི་ཤུའི་སྟེང་དུ་བདག་གཟུགས་ཕུང་དང་ངོ་བོ་ཐ་དད་དུ་ལྟ་བ་སོགས་ལྔ་བཞག་ནས་འཇིག་ལྟ་ཉེར་ལྔ་བཤད་ལ། འདིར་ཉི་ཤུ་ལས་མ་བཤད་པའི་རྒྱུ་མཚན་ཅི་ཞེ་ན། འཇིག་ལྟ་ཉི་ཤུ་པོ་དེ་དག་ནི་མདོ་ལས་བཤད་ལ། མདོ་ལས་དེ་ཉི་ཤུ་བཤད་པའི་རྒྱུ་མཚན་ནི་མུ་སྟེགས་པ་མ་གཏོགས་པའི་གང་ཟག་གི་སྔོན་དུ་ཕུང་པོ་མ་བཟུང་བར་འཇིག་ལྟས་བདག་ཏུ་ཞེན་པར་མི་ནུས་པས་ན་སྔོན་དུ་ཕུང་པོ་བཟུང་བའི་སྒོ་ནས་བདག་ཏུ་ལྟ་བའི་འཇིག་ལྟའི་གྲངས་ཉི་ཤུ་ཙམ་བརྗོད་པ་ཡིན་ཞིང༌། རྩ་ཤེས་སུ་མུ་སྟེགས་པའི་ལུགས་དགག་པའི་ཆེད་དུ་དེ་ལྟར་གསུངས་པ་ཡིན་ནོ། ། རྩ་བར། ལྟ་རི་བདག་མེད་རྟོགས་པའི་རྡོ་རྗེ་ཡིས། །བཅོམ་བདག་གང་དང་ལྷན་ཅིག་འཇིག་འགྱུར་བ། །འཇིག་ཚོགས་ལྟ་རི་ལྷུན་སྡུག་ལ་གནས་པའི། །རྩེ་མོ་མཐོ་བར་གྱུར་པ་འདི་དག་གོ། །ཞེས་མདོ་ལས། དེ་ལ་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཤིན་ཏུ་མཐོ་བ། ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཞེས་གསུངས་པ་ནི། གྲུབ་མཐའ་ངན་པ་ལ་བརྟེན་ཏེ་དམིགས་པ་ང་ལ་དམིགས་ནས་ང་རང་བཞིན་གྱིས་གྲུབ་པར་འཐད་སྙམ་དུ་འཛིན་པའི་འཇིག་ཚོགས་ལ་ལྟ་བའི་རི་བོ། འཕགས་པའི་ཟག་མེད་ཡེ་ཤེས་ཀྱི་རྡོ་རྗེའི་ཐོག་དུ་མ་བབས་པས་ཉིན་རེ་ཞིང་ཉོན་མོངས་པའི་བྲག་རྡོ་འཕེལ་བ། འཇིག་ཚོགས་ལ་ལྟ༷་བའི་རི༷་རྩེ་ཉི་ཤུའི་རྩ་བར་གྱུར་བ་འཁོར་བ་ཐོག་མ་མེད་པ་ནས་བྱུང་བ། དཔངས་ཁམས་གསུམ་དུ་མཐོ་བ། ཕྱོགས་ཀྱི་ངོས་ཀུན་མ་ལུས་པར་ཁྱབ་པ། བདག་འཛིན་ལྷན་སྐྱེས་ཀྱི་མ་རིག་པའི་གསེར་གྱི་ས་གཞི་ལས་འཐོན་པ་དེ་ཉིད། བད༷ག་མེ༷ད་མངོན་སུམ་རྟོ༷གས་པ༷འི་ཡེ་ཤེས་ཀྱི་རྡོ༷་རྗེ༷་ཡི༷ས་རབ་ཏུ་བཅོམ་པ་ན་སྡོང་བོ་བཅད་པས་ཡལ་ག་ཆད་པ་བཞིན་བཅོ༷མ་པའི་རྩ་བའི་བད༷ག་ཏུ་ལྟ་བ་ག༷ང་ཡིན་པ་དེ་ད༷ང་ལྷ༷ན་ཅི༷ག་ཏུ་འཇི༷ག་པར་འགྱུ༷ར་བ་ནི། ང་རང་བཞིན་གྱིས་གྲུབ་པ་འཐད་སྙམ་དུ་འཛིན་པའི་རྩ་བའི་འཇི༷ག་ཚོ༷གས་ལ་ལྟ༷་བའི་རི༷་ལྷུ༷ན་སྡུ༷ག་པོའི་སྟེང་ལ༷་གན༷ས་པ༷འི་གཟུགས་བདག་ཏུ་ལྟ་བ་སོགས་རྩེ༷་མོ༷ར་མཐོ༷ང་བ༷ར་གྱུ༷ར་པ༷་ཉི་ཤུ་གོང་དུ་བཤད་མ་ཐག་པ་འདི༷་ད༷ག་གོ༷། །རྩ་བའི་འཇིག་ལྟ་དང་རྩེ་མོ། ཉི་ཤུའི་འཇིག་ལྟ་འདི་དག་ནི་ཀུན་བཏགས་ཡིན་ཞིང༌། གཟུགས་བདག་ཏུ་ལྟ་བ་ལ་གཟུགས་ཕུང་ནི་བདག་གོ་སྙམ་དུ་ལྟ་བ་ཡོད་པས་གཟུགས་ལ་ངའོ་སྙམ་དུ་ལྟ་བའི་འཇིག་ལྟ་ཡོད་དེའི་འཛིན་སྟངས་ཀྱི་ཡུལ་མེད་པ་བདེན་མེད་མིན་ཞིང་བདག་རང་བཞིན་གྱིས་གྲུབ་པར་འཛིན་པའི་འཛིན་སྟངས་མེད་པ་དང༌། གཟུགས་ལ་བདག་ངོ་བོ་ཉིད་ཀྱིས་བརྟེན་པར་ལྟ་བ་དང༌། བདག་ལ་གཟུགས་ངོ་བོ་ཉིད་ཀྱིས་བརྟེན་པར་ལྟ་བ་དང༌། བདག་ལ་གཟུགས་ངོ་བོ་ཉིད་ཀྱིས་ལྡན་པར་ལྟ་བ་རྣམས་འཛིན་སྟངས་ཀྱི་ཡུལ་མེད་པ་སྟོང་ཉིད་ཡིན་ཀྱང་དེ་དག་ནི་ལྡན་བརྟེན་གྱི་ཆ་བདེན་གྲུབ་ཏུ་འཛིན་པའི་འཛིན་སྟངས་ཅན་ཡིན་གྱི། ངའོ་སྙམ་པ་དང་ངའི་འོ་སྙམ་པའི་འཛིན་སྟངས་ཅན་མ་ཡིན་པས་འཇིག་ལྟ་མ་ཡིན་ཀྱང་འཇིག་ཚོགས་ཀྱི་ཕུང་པོ་དང་ང་གཉིས་ལས་བརྩམས་ནས་ཕྱིན་ཅི་ལོག་ཏུ་འཛིན་པའི་བློ་ཡིན་པས་འཇིག་ལྟ་ཞེསབརྗོད་དོ། །

བཞི་པ་དེ་ཉིད་དང་གཞན་ཉིད་དུ་མེད་པའི་གང་ཟག་རྫས་ཡོད་དགག་པ་ལ།

ཕྱོགས་སྔ་མའི་འདོད་པ་བརྗོད་པ་དང༌། ལུགས་དེ་དགག་པའོ། །དང་པོ་ནི། རྩ་བར། ཁ་ཅིག་དེ་ཉིད་གཞན་ཉིད་རྟག་མི་རྟག །ལ་སོགས་བརྗོད་མེད་གང་ཟག་རྫས་ཡོད་འདོད། །རྣམ་ཤེས་དྲུག་གི་ཤེས་བྱར་དེ་འདོད་ཅིང༌། །དེ་ནི་ངར་འཛིན་གཞིར་ཡང་འདོད་པ་ཡིན། །ཞེས་རང་གི་སྡེ་བ་མང་པོས་བཀུར་བ་པ་ཁ༷་ཅི༷ག གང་ཟག་གམ་བདག་ནི་ཕུང་པོ་ལས་ངོ་བོ་ཐ་དད་པ་ཡང་མིན་ཏེ། ཕུང་པོ་མ་བཟུང་བར་ངར་འཛིན་པ་མེད་པའི་ཕྱིར། བདག་དེ་ཕུང་པོ་དང་གཅིག་དང་ཕུང་པོའི་རང་བཞིན་ཅན་ཡང་མ་ཡིན་ཏེ་ཡིན་ན་ཕུང་པོ་སྐྱེ་འཇིག་བྱེད་པས་གང་ཟག་གིས་ཀྱང་སྐྱེ་འཇིག་བྱེད་ལ། གང་ཟག་གིས་སྐྱེ་འཇིག་བྱས་ན་ལས་བྱས་པ་ཆུད་ཟ་བ་སོགས་སུ་འགྱུར་བའི་ཕྱིར། དེས་ན་བདག་ནི་མི་རྟག་པ་ཡང་མིན་ལ། རྟག་པ་ཡང་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་རྟག་མི་རྟག་གང་དུ་ཡང་ལུང་དུ་མ་བསྟན་པའི་ཕྱིར། དེས་ན་བདག་གམ་གང་ཟག་ནི་ཕུང་པོ་ལས་དེ༷་ཉི༷ད་དང་གཞ༷ན་ཉི༷ད་དེ་ཕུང་པོ་དང་གཅིག་དང་ཕུང་པོ་དང་གཞན་གང་དུ་ཡང་བརྗོད་དུ་མེད་ལ། རྟ༷ག་མི༷་རྟ༷ག་ལ༷་སོ༷གས་པ་ཉིད་དུ་ཡང་བརྗོ༷ད་དུ་མེ༷ད་དོ། །ཡང་རང་བཞིན་གྱིས་གྲུབ་པ་ཞིག་མེད་ན་མེད་སྙམ་ནས་ག༷ང་ཟ༷ག་དེ་རང་བཞིན་གྱིས་གྲུབ་པའི་རྫ༷ས་སུ་ཡོ༷ད་པར་ཡང་འདོ༷ད་དེ། གང་ཟག་ནི་དགེ་སྡིག་གི་ལས་གཉིས་བྱེད་པ་པོ་དང༌། འབྲས་བུ་བདེ་སྡུག་ཟ་བ་པོ་དང༌། འཁོར་བར་བཅིངས་པ་དང་མྱ་ངན་ཐོབ་པའི་སྐབས་སུ་གྲོལ་བ་པོ་ཡིན་པའི་ཕྱིར་རོ། །འདི་སྐབས་ཀྱི་རྫས་སུ་ཡོད་པ་རྣམས་རང་བཞིན་གྱིས་གྲུབ་པ་ལ་བྱེད་པ་ཡིན་ནོ། །ཡང་བདག་དེ་རྣ༷མ་ཤེ༷ས་དྲུ༷ག་གི༷་ཤེ༷ས་བྱ༷ར་ཡིན་པར་དེ༷་འདོ༷ད་ཅི༷ང༌། བདག་དེ༷་ནི༷་ང༷ར་འཛི༷ན་གྱི་གཞི༷་སྟེ་དམིགས་པ་ཡ༷ང་ཡིན་པརའདོ༷ད་པ༷་ཡི༷ན་ནོ། །

གཉིས་པ་ལུགས་དེ་དགག་པ་ནི།

རྩ་བར། གང་ཕྱིར་གཟུགས་ལས་སེམས་བརྗོད་མེད་མི་རྟོགས། །དངོས་ཡོད་བརྗོད་མེད་རྟོགས་པ་མ་ཡིན་ཉིད། །གལ་ཏེ་བདག་འགའ་དངོས་པོར་གྲུབ་འགྱུར་ན། །སེམས་ལྟར་གྲུབ་དངོས་བརྗོད་དུ་མེད་མི་འགྱུར། །ཞེས་གང་ཟག་དེ་བརྗོད་དུ་མེད་པ་ཡིན་ན་དེ་ལ་རྫས་སུ་ཡོད་པ་མི་སྲིད་པར་ཐལ། རྒྱུ་མཚན་ག༷ང་གི་ཕྱི༷ར་ན་ཁྱོད་རང་གིས་གཟུ༷གས་ལ༷ས་སེ༷མས་དེ། དེ་ཉིད་དང་གཞན་གང་དུ་སྟེ་སེ༷མས་དེ་གཟུགས་དང་གཅིག་དང་ཐ་དད་གང་དུ་ཡང་བརྗོ༷ད་དུ་མེ༷ད་པ་ཡིན་པ་མི༷་རྟོ༷གས་པའམ་མི་འདོད་པར་ཐ་དད་ཡིན་པར་བརྗོད་དུ་ཡོད་པར་འདོད་པ་ལྟར་ཆོས་གང་དངོ༷ས་པོ་སྟེ་རྫས་སུ་ཡོ༷ད་པའི་ཆོས་རྣམས་ལ་ནི་དེ་ཉིད་དང་གཞན་གང་དུ་ཡང་བརྗོ༷ད་དུ་མེ༷ད་པར་རྟོ༷གས་པ༷་སྟེ་འདོད་པ་མ༷་ཡི༷ན་པ་ཉིད༷་ཡིན་ལ། ག༷ལ་ཏེ༷་བད༷ག་འག༷འ་དངོ༷ས་པོ༷ར་རམ་རྫས་སུ་གྲུ༷བ་པ་ཡིན་པར་འགྱུ༷ར་ན༷་ནི། གཟུགས་དང་གཅིག་དང་ཐ་དད་གང་རུང་དུ་བརྗོད་དུ་ཡོད་པའི་སེ༷མས་ལྟ༷ར་དུ་གྲུབ་པའི་དངོས་པོ་ཞིག་ཡིན་དགོས་ལ། སེམས་ལྟར་དུ་གྲུ༷བ་པའི་དངོ༷ས་པོ་ལ་ནི་གཅིག་དང་ཐ་དད་གང་དུ་ཡང་བརྗོ༷ད་དུ༷་མེ༷ད་པ་ཡིན་པར་མི༷་འགྱུ༷ར་བའི་ཕྱིར་ཏེ། བདག་དེ་རྫས་སུ་གྲུབ་པའི་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ན་ནི། ཡང་ན་ཕུང་པོ་དང་གཅིག་ཏུ་རང་བཞིན་གྱིས་གྲུབ་དགོས། ཡང་ན་ཕུང་པོ་དང་ངོ་བོ་ཐ་དད་དུ་རང་བཞིན་གྱིས་གྲུབ་པའམ་རྫས་སུ་གྲུབ་དགོས་པ་ཡིན་ནོ། །རྩ་བར། གང་ཕྱིར་ཁྱོད་བུམ་དངོས་པོར་མ་གྲུབ་པའི། །ངོ་བོ་གཟུགས་སོགས་ལས་བརྗོད་མེད་འགྱུར་བས། །བདག་གང་ཕུང་པོ་ལས་བརྗོད་མེད་འགྱུར་ཏེ། །རང་གིས་ཡོད་པར་གྲུབ་པར་རྟོགས་མི་བྱ། །ཞེས་ཁོ་རང་གིས་བདག་དེ་ཕུང་པོ་དང་གཅིག་དང་ཕུང་པོ་དང་ངོ་བོ་ཐ་དད་གང་རུང་དུ་བརྗོད་དུ་མེད་པར་ཁས་བླངས་པའི་རྟགས་ཀྱིས་བདག་རྫས་སུ་གྲུབ་པ་བཀག་ནས། དེ་ནས་རྟགས་དེ་ཉིད་ཀྱིས་བདག་བཏགས་ཡོད་དུ་བསྟན་པ་ནི། བདག་བཏགས་ཡོད་ཡིན་ཏེ། རྒྱུ་མཚན་ག༷ང་གི་ཕྱི༷ར་ཁྱོ༷ད་ཀྱི་ལུགས་ལྟར་ན་ཡང་བུ༷མ་པ་དེ་རང་རྐྱ་ཐུབ་པའི་རྫས་ཀྱི་དངོ༷ས་པོ༷ར་མ༷་གྲུ༷བ་པ༷འི་ངོ༷་བོ༷་ཅན་དེ་རང་གི་ཡན་ལག་གི་མཆུའི་གཟུ༷གས་སོ༷གས་ལ༷ས་དེ་ཉིད་སྟེ་མཆུ་སོགས་དང་གཅིག་དང་ངོ་བོ་ཐ་དད་གང་དུ་བརྗོ༷ད་དུ་མེ༷ད་པས་ན་བཏགས་ཡོད་དུ་འགྱུ༷ར་བ༷ས་བུམ་པ་དེ་ཇི་ལྟ་བ་བཞིན་དུ་བད༷ག་ག༷ང་ཡིན་པ་དེ་ཡང་ཕུ༷ང་པོ༷་ལ༷ས་དེ་ཉིད་དང་ངོ་བོ་ཐ་དད་པའི་གཞན་གང་དུ་ཡང་བརྗོ༷ད་དུ་མེ༷ད་པའི་བཏགས་ཡོད་དུ་འགྱུ༷ར་ཏེ༷། དེས་ན་གང་ཟག་དེ་ར༷ང་གི༷་ངོ་བོ་ཉིད་ཀྱིས་ཡོ༷ད་པ༷ར་གྲུ༷བ་པ༷་ཡིན་པར་རྟོ༷གས་པ་སྟེ་བཟུང་བར་མི༷་བྱ༷འོ། །རྩ་བར། ཁྱོད་ཀྱི་རྣམ་ཤེས་རང་བདག་ལས་གཞན་ནི། །མིན་འདོད་གཟུགས་སོགས་ལས་གཞན་དངོས་འདོད་ཅིང༌། །དངོས་ལ་རྣམ་པ་དེ་གཉིས་མཐོང་གྱུར་པ། །དེ་ཕྱིར་བདག་མེད་དངོས་ཆོས་དང་བྲལ་ཕྱིར། །ཞེས་དེ་ལྟར་གང་ཟག་བཏགས་ཡོད་དུ་བསྟན་ནས། གང་ཟག་དེ་རྫས་སུ་གྲུབ་པ་ཡིན་ན་ཕུང་པོ་དང་གཅིག་དང་ངོ་བོ་ཐ་དད་གང་རུང་དུ་ཡོད་དགོས་པར་བརྗོད་ནས་དེ་ལྟར་མེད་པས་ན་བདག་རྫས་སུ་མེད་པར་བསྟན་པ་ནི། གལ་ཏེ་ཁྱོ༷ད་ཀྱི༷་བདག་རྫས་སུ་གྲུབ་པ་ཡོད་ན་ནི། ཡང་ན་ཁྱོད་ཀྱིས་རྣ༷མ་ཤེ༷ས་ནི་རྣམ་ཤེས་རང་གི་བདག་ཉིད་དང་གཅིག་ཡིན་གྱི། ར༷ང་གི་བད༷ག་ཉིད་ལ༷ས་གཞ༷ན་ནི༷་མི༷ན་པར་འདོ༷ད་པ་བཞིན་དུ་གང་ཟག་ཀྱང་རང་གི་ཕུང་པོ་ལས་གཞན་མིན་པ་ཡིན་ཞེས་བརྗོད་དགོས། ཡང་ན་ཁྱོད་ཀྱི་རྣམ་ཤེས་ནི་གཟུ༷གས་སོ༷གས་ལ༷ས་གཞ༷ན་པའི་དངོ༷ས་པོར་འདོ༷ད་ཅི༷ང་རྫས་སུ་གྲུབ་པའི་དངོ༷ས་པོ་ལ༷་ནི་དེ་འདྲའི་གཅིག་དང་ཐ་དད་ཀྱི་རྣ༷མ་པ༷་དེ༷་གཉི༷ས་གང་རུང་དུ་ཡོད་དགོས་པར་མཐོ༷ང་བར་འགྱུ༷ར་པ༷་ཡིན་གྱི། དེ་གཉིས་གང་དུ་མེད་པའི་རང་བཞིན་གྱིས་གྲུབ་པ་ཞིག་ཡོད་ཚུལ་མི་མཐོང་བ་དེ༷འི་ཕྱི༷ར་རོ། །དེས་ན་བད༷ག་རྫས་སུ་གྲུབ་པ་གཏན་མེ༷ད་པར་ཐལ།

བདག་དེ་ནི་རྫས་སུ་ཡོད་པའི་དངོ༷ས་པོའི་ཆོ༷ས་ཀྱི་ཕུང་པོ་ལས་དེ་ཉིད་དང་གཞན་དུ་གྲུབ་པགཉིས་ཀ་ད༷ང་བྲ༷ལ་བའི་ཕྱི༷ར་རོ། །

ལྔ་པ་བདག་བརྟེན་ནས་བཏགས་པ་ཙམ་དུ་བཞག་པ་དཔེ་དང་བཅས་པ་བཤད་པ་ལ།

བདག་མཐའ་བདུན་དུ་མེད་ཀྱང་བརྟེན་ནས་བཏགས་པ་ཤིང་རྟ་དང་འདྲ་བར་བསྟན་པ་དང༌། སྔར་མ་བཤད་པའི་ཕྱོགས་ལྷག་མ་གཉིས་རྒྱས་པར་བཤད་པ་དང༌། དེ་ལྟར་བཤད་པ་ལ་གཞན་གྱི་རྩོད་པ་སྤངས་བ་དང༌། མིང་གི་ཐ་སྙད་ཀྱི་དོན་གཞན་ཡང་གྲུབ་པར་བསྟན་པ་དང་བཞི། དང་པོ་ནི། རྩ་བར། དེ་ཕྱིར་ངར་འཛིན་རྟེན་ནི་དངོས་པོས་མིན། །ཕུང་ལས་གཞན་མིན་ཕུང་པོའི་ངོ་བོ་མིན། །ཕུང་པོ་རྟེན་མིན་འདི་ནི་དེ་ལྡན་མིན། །འདི་ནི་ཕུང་པོ་རྣམས་རྟེན་གྲུབ་པར་འགྱུར། །

ཞེས་བདག་རྫས་སུ་གྲུབ་པ་མེད་པ་དེ༷འི་ཕྱི༷ར་ན་ང༷ར་འཛི༷ན་གྱི་རྟེ༷ན་དེ་ངར་འཛིན་གྱི་དམིགས་ཡུལ་བདག་ནི༷། དངོ༷ས་པོ༷་སྟེ་རང་བཞིན་གྱིས་གྲུབ་པ་མི༷ན་ཏེ། བདག་ནི་ཕུ༷ང་པོ་ལ༷ས་ངོ་བོ་གཞ༷ན་པ་ཡང་མི༷ན་ལ་ཕུ༷ང་པོ༷འི་ངོ༷་བོ༷་སྟེ་ཕུང་པོ་ཚོགས་པ་དང་ཡ་གྱལ་རེ་རེ་བ་ཡང་བདག་མི༷ན་པ་དང༌། བདག་དེ་ཕུ༷ང་པོ༷་རྣམས་ཀྱི་རང་གི་ངོ་བོས་གྲུབ་པའི་རྟེ༷ན་མི༷ན་པ་དང༌། བདག་འདི༷་ལ་ཕུང་པོ་དེ་རྣམས་བརྟེན་པ་ནི༷་ངོ་བོ་ཉིད་ཀྱིས་ཡང་ཡོད་པ་མིན་པ་དང༌། བདག་འདི་ནི་ཕུང་པོ་དེ༷་རྣམས་དང་ལྡ༷ན་པ་ཡང་ངོ་བོ་ཉིད་ཀྱིས་ལྡན་པ་མི༷ན་པ་དང་གོང་དུ་བཤད་པའི་དབྱིབས་ཀྱང་མིན་པ་གང་ཞིག བདག་རང་བཞིན་གྱིས་གྲུབ་ན་བདུན་པོ་དེ་དག་གང་རུང་དུ་གྲུབ་དགོས་ཀྱང་དེ་དག་གང་རུང་དུ་མ་གྲུབ་པ་དེའི་ཕྱིར་ན། བདག་འདི༷་ནི༷་ཕུ༷ང་པོ༷་རྣ༷མས་ལ་བརྟེ༷ན་ནས་འགྲུ༷བ་པ༷ར་འགྱུ༷ར་བ་ཡིན་པའི་ཕྱིར་རོ། །རྩ་བར། ཤིང་རྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ལྡན་ཡང་མིན་ཞིང༌། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །ཞེས་དཔེར་ན་ཤི༷ང་རྟ༷་ནི་ར༷ང་གི་ཡ༷ན་ལ༷ག་འཕང་ལོ་སོགས་ལ༷ས་ངོ་བོ་གཞ༷ན་དུ་འདོ༷ད་པ་མི༷ན་ལ། ཡན་ལག་རྣམས་དང་གཞ༷ན་མི༷ན་པའི་གཅིག་ཏུ་གྲུབ་པ་ཡང་མ༷་ཡི༷ན་པ་དང༌། ཤིང་རྟ་ལ་རང་གི་ཡན་ལག་དེ༷་དང་ལྡ༷ན་པ་ངོ་བོས་གྲུབ་པ་ཡ༷ང་མི༷ན་ཞི༷ང༌། རང་གི་ཡ༷ན་ལ༷ག་ལ༷་ཕར་ངོ་བོ་ཉིད་ཀྱིས་བརྟེན་པ་མི༷ན་ལ། ཡ༷ན་ལ༷ག་དེ་ད༷ག་ཚུར་ཤིང་རྟ་དེ༷ར་རང་བཞིན་གྱིས་བརྟེན་པ་མི༷ན་པ་དང༌། ཡན་ལག་རྣམས་འདུ༷ས་པ༷་ཙ༷མ་མི༷ན་པ་དང༌། ཡན་ལག་རྣམས་བསྒྲིགས་པའི་དབྱི༷བས་མི༷ན་པ་ཇི༷་ལྟ་བ་དེ་བཞི༷ན་ཏུ་བདག་ཀྱང་ཕུང་པོ་དང་དེ་བཞིན་དུཤེས་པར་བྱ་བ་ཡིན་ནོ༷། །

གཉིས་པ་སྔར་མ་བཤད་པའི་ཕྱོགས་ལྷག་མ་གཉིས་རྒྱས་པར་བཤད་པ་ལ།

དངོས་ཀྱི་དོན་དང༌། རིགས་པ་དེ་གཞན་ལ་ཁ་སྤོ་བ་དང་གཉིས། དང་པོ་ལ། ཚོགས་པ་ཤིང་རྟར་འདོད་པ་དགག་པ་དང༌། དབྱིབས་ཤིང་རྟར་འདོད་པ་དགག་པ་དང་གཉིས་ལས། དང་པོ་ནི། རྩ་བར། གལ་ཏེ་ཚོགས་ཙམ་ཤིང་རྟར་འགྱུར་ན་ནི། །སིལ་བུར་གནས་ལ་ཤིང་རྟ་ཉིད་ཡོད་གྱུར། །ཞེས་ཤིང་རྟ་དེ་རང་གི་ཡན་ལག་ལས་དོན་གཞན་ཡིན་པ་སོགས་ལྔ་པོ་གོང་དུ་གང་ཟག་གི་བདག་འགོག་གི་སྐབས་སུ་བཀག་ཟིན་ནས། དེར་རྒྱས་པར་མ་བཤད་པའི་ཤིང་རྟའི་དབྱིབས་དང་ཚོགས་པ་ཤིང་རྟ་ཡིན་པར་འདོད་པ་དེ་འདིར་རྒྱས་པར་འགོག་པ་སྟེ། ག༷ལ་ཏེ༷་ཤིང་རྟའི་ཡན་ལག་རྣམས་ཚོ༷གས་པ་ཙ༷མ་དེ་ཤི༷ང་རྟ༷་ཡིན་པར་འགྱུ༷ར་ན༷་ནི༷། ཤིང་རྟ་བཤིག་པའི་ཡན་ལག་རྣམས་སི༷ལ་བུ༷ར་གན༷ས་པ་ལ༷་ཤི༷ང་རྟ༷་ཉི༷ད་ཡོ༷ད་པར་འགྱུ༷ར་བར་ཐལ། ཡན་ལག་ཚོགས་པ་ལ་ཤིང་རྟར་འདོད་པ་གང་ཞིག ཤིང་རྟ་བཤིག་ནས་སིལ་བུར་གནས་པ་ལ་ཡན་ལག་གི་ཚོགས་པ་ཐམས་ཅད་ཡོད་པའི་ཕྱིར། ཁྱབ་པ་ཁས། རྩ་བར། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །

མེད་པས་དབྱིབས་ཙམ་ཤིང་རྟར་རིགས་པའང་མིན། །ཞེས་ཚོགས་ཙམ་ཤིང་རྟར་འདོད་པ་ལ་སྐྱོན་གཞན་ཡང་ཡོད་དེ། རྒྱུ་མཚན་ག༷ང་གི་ཕྱི༷ར་ན་རང་སྡེ་རྣམས་ཀྱིས་ཡ༷ན་ལ༷ག་གི་ཚོགས་ཙམ་ཤིང་རྟར་ཁས་བླངས་པའི་ཚེ་ཤིང་རྟ་ལ་ཡན་ལག་ཅ༷ན་མེ༷ད་པར་དོན་གྱིས་ཁས་བླངས་པ་གང་ཞིག དེ་ལྟར་ན་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དང་དེ་ལ་ལྟོས་ནས་ཡན་ལག་ཅེས་ཕན་ཚུན་ལྟོས་གྲུབ་ཡིན་པས་ཡན་ལག་ཅན་མེད་ན་ཡ༷ན་ལ༷ག་ད༷ག་ཀྱང་མེ༷ད་པ༷ས་ན་ཤིང་རྟའི་ཡན་ལག་རྣམས་མེད་པར་འགྱུར་བའི་སྐྱོན་ཡོད་པའི་ཕྱིར། དེ་ལྟར་ཡན་ལག་ཅན་མེད་ན་ཡན་ལག་རྣམས་ཀྱང་མེད་པར་འགྱུར་བ་དེའི་ཕྱིར་ན་ཡན་ལག་ཚོགས་པ་ནི་ཤིང་རྟ་ཡིན་པར་འཐད་པ་མཟད། ཡན་ལག་གི་དབྱི༷བས་ཙ༷མ་དེ་ཡང་ཤི༷ང་རྟ༷་ཡིན་པར་རི༷གས་པའ༷ང་མི༷ན་ནོ། །

གཉིས་པ་དབྱིབས་ཙམ་ཤིང་རྟར་འདོད་པ་དགག་པ་ནི།

རྩ་བར། ཁྱོད་དབྱིབས་ཡན་ལག་རེ་རེ་སྔར་ཡོད་གྱུར། །ཇི་བཞིན་ཤིང་རྟར་རྟོགས་ལའང་དེ་བཞིན་ན། །བྱེ་བར་གྱུར་པ་དེ་དག་ལ་ཇི་ལྟར། །དེ་ལྟར་ཡང་ནི་ཤིང་རྟ་ཡོད་མ་ཡིན། །ཞེས་གལ་ཏེ་ཁྱོད་ཀྱི་ཤིང་ལྟའི་དབྱིབས་ཙམ་ཞིག་ཤིང་རྟ་ཡིན་པར་འདོད་ན་ནི། ཡན་ལག་རེ་རེ་བ་དག་གི་དབྱིབས་དེ་ཤིང་རྟ་ཡིན་ནམ། ཡན་ལག་རྣམས་ཚོགས་པའི་དབྱིབས་དེ་ཤིང་རྟ་ཡིན། ཕྱོགས་དང་པོ་ལྟར་ན་ཡན་ལག་རྣམས་བསྒྲིག་དུས་སུའང་མ་བསྒྲིགས་པའི་དུས་ཀྱི་དབྱིབས་དེ་དང་ཁྱད་པར་མེད་པའི་ཡན་ལག་གི་དབྱིབས་ཞིག་ཡོད་པ་དེ་ཤིང་རྟ་ཡིན་ནམ། བསྒྲིག་དུས་སུ་མ་བསྒྲིགས་པའི་དུས་ཀྱི་དབྱིབས་དང་མི་འདྲ་བའི་ཡན་ལག་རྣམས་ཀྱི་དབྱིབས་ཞིག་འབྱུང་བ་ཡིན་པ་ཁྱོད་རང་གིས་འདོད་ནས་དེ་འདྲའི་དབྱིབས་དེ་ཤིང་རྟ་ཡིན། དང་པོ་ལྟར་ན་མི་འཐད་དེ་ཁྱོ༷ད་ཀྱི་ལུགས་ལྟར་ན་ཤིང་རྟའི་དབྱིབས་འཕང་ལོ་ལ་སོགས་པའི་ཡ༷ན་ལ༷ག་རེ༷་རེ༷་ལ་སྔ༷ར་མ་བསྒྲིགས་པའི་དུས་སུ་དབྱིབས་ཇི་ལྟར་ཡོ༷ད་པར་གྱུ༷ར་པ་དེ་ཇི༷་ལྟ་བ་བཞི༷ན་དུ། ཕྱིས་ཡན་ལག་རྣམས་བསྒྲིགས་ཏེ་ཤི༷ང་རྟ༷ར་རྟོ༷གས་པ་སྟེ་ཤིང་རྟར་གྲུབ་ནས་ཤིང་རྟ་ཡིན་པར་བཟུང་དུ་ཡོད་པའི་དུས་སུའ༷ང་འཕང་ལོ་སོགས་ཀྱི་དབྱིབས་ནི་སྔ་མ་དེ་བཞི༷ན་དུ་ཡོད་པ་ཡིན་ན༷། །མ་བསྒྲིགས་པའི་འཕང་ལོ་སོགས་སོ་སོར་བྱེ༷་བ༷ར་གྱུ༷ར་པ༷་ཡྀ་ཡན་ལག་དེ༷་ད༷ག་གི་དབྱིབས་ལ༷་ཇི༷་ལྟ༷ར་ཤིང་རྟ་ཡོད་པ་མིན་པར་ཁྱོད་རང་ཡང་འདོད་པ་བཞིན་དུ། དེ༷་ལྟ༷ར་ཡན་ལག་རྣམས་བསྒྲིག་པའི་ཚེ་ཡ༷ང་ནི༷་སྟེ་ཚེ་ན་ཡང་ཤི༷ང་རྟ༷་ཡོ༷ད་པ་མ༷་ཡི༷ན་པར་འགྱུར་བར་ཐལ། ཁྱོད་ཀྱིས་ཡན་ལག་ཚོགས་པའི་དབྱིབས་མ་ཡིན་པའི་ཡན་ལག་སོ་སོ་བ་འཕང་ལོ་སོགས་ཀྱི་རང་གི་དབྱིབས་དེ་ཤིང་རྟར་འཇོག་པ་གང་ཞིག ཁྱོད་ཀྱིས་ཀྱང་མ་བསྒྲིགས་པའི་འཕང་ལོ་སོགས་ཀྱི་དབྱིབས་ཤིང་རྟར་མི་འདོད་ལ། བསྒྲིགས་མ་བསྒྲིགས་གཉིས་ཀའི་དུས་ཀྱི་འཕང་ལོ་སོགས་ཀྱི་དབྱིབས་ལ་ནི་མི་འདྲ་བའི་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །རྩ་བར། ད་ལྟ་གལ་ཏེ་ཤིང་རྟ་ཉིད་དུས་འདིར། །འཕང་ལོ་སོགས་ལ་དབྱིབས་ཐ་དད་ཡོད་ན། །

འདི་གཟུང་འགྱུར་ན་དེ་ཡང་ཡོད་མིན་ཏེ། །དེ་ཕྱིར་དབྱིབས་ཙམ་ཤིང་རྟར་ཡོད་མ་ཡིན། །ཞེས་གཉིས་པ་ལྟར་བསྒྲིག་ཚེ་འཕང་ལོ་སོགས་ལ་སྔ་མ་དང་མི་འདྲ་བའི་དབྱིབས་གཞན་ཞིག་འབྱུང་ནས་དེ་ཚེ་ཡན་ལག་གི་དབྱིབས་ཤིང་རྟར་འགྱུར་བ་ཡིན་ན་ནི། ད༷་ལྟ༷་ག༷ལ་ཏེ༷་བསྒྲིགས་ནས་ཤི༷ང་རྟ༷་ཉི༷ད་དུ་གྲུབ་པའི་དུ༷ས་འདི༷ར། འཕ༷ང་ལོ༷་དང་སྲོག་ཤིང་གཟེར་བུ་སོ༷གས་ཡན་ལག་རྣམས་ལ༷་སྔར་མ་བསྒྲིགས་པའི་དུས་ཀྱི་དབྱིབས་དང་མི་འདྲ་བའི་དབྱིབས་ཀྱི་ཁྱད་པར་གྲུ་བཞི་དང༌། རིང་བོ་དང་ཟླུམ་པོ་ལ་སོགས་པའི་དབྱི༷བས་ཐ༷་ད༷ད་པ་ཞིག་ཡོ༷ད་ན༷་ནི། མ་བསྒྲིགས་པའི་འཕང་ལོའི་དབྱིབས་དང་མི་འདྲ་བའི་བསྒྲིག་དུས་ཀྱི་འཕང་ལོའི་དབྱིབས་ཁྱད་པར་བ་ལ་སོགས་པ་འདི༷་མིག་ཤེས་ཀྱིས་གཟུ༷ང་དུ་ཡོད་པར་འགྱུ༷ར་དགོས་ན༷། དེ་འདྲ་མིག་ཤེས་ཀྱིས་མཐོང་བ་དེ༷་ཡ༷ང་ཡོ༷ད་པ་མི༷ན་ཏེ༷། དེ༷འི་ཕྱི༷ར་ན་མ་བསྒྲིགས་པའི་འཕངས་ལོ་སོགས་ཀྱི་དབྱིབས་དང་མི་འདྲ་བའི་བསྒྲིག་དུས་ཀྱི་འཕངས་ལོའི་དབྱིབས་ཁྱད་པར་བ་ལ་སོགས་པའི་དབྱི༷བས་ཙ༷མ་ཤི༷ང་རྟ༷ར་ཡོ༷ད་པ་མ༷་ཡི༷ན་ནོ། །རྩ་བར། གང་ཕྱིར་ཁྱོད་ཀྱི་ཚོགས་པ་ཅང་མེད་པས། །དབྱིབས་དེ་ཡན་ལག་ཚོགས་ཀྱི་མ་ཡིན་ན། །གང་ཞིག་ཅི་ཡང་མ་ཡིན་དེ་བརྟེན་ནས། །འདིར་ནི་དབྱིབས་སུ་ལྟ་ཞིག་ཅི་ལྟར་འགྱུར། །ཞེས་འོན་ཏེ་ཕྱོགས་གཉིས་པ་ལྟར་འཕང་ལོ་ལ་སོགས་པའི་ཡན་ལག་རྣམས་བསྒྲིག་པའི་ཚོགས་པ་རྣམས་ཀྱི་དབྱིབས་དེ་ཤིང་རྟ་ཡིན་ན། རྒྱུ་མཚན་ག༷ང་གི་ཕྱི༷ར་ན་ཁྱོ༷ད་ཀྱི༷་ལུགས་ལ་ཡན་ལག་གི་ཚོ༷གས་པ༷་ནི་ཅི༷ང་མེ༷ད་པའམ་ཅུང་ཟད་ཀྱང་རང་རྐྱ་ཐུབ་པའི་རྫས་སུ་མེད་པ་ཡིན་པ༷ས་ཤིང་རྟར་འཇོག་རྒྱུའི་དབྱི༷བས་དེ༷་འཕངས་ལོ་སོགས་ཡ༷ན་ལ༷ག་ཚོ༷གས་པ་གདགས་གཞིར་བྱས་པ་ལ་བརྟེན་ནས་འདོགས་པ་ཁྱོད་ཀྱི༷་ལུགས་ལ་འཐད་པ་མ༷་ཡི༷ན་པར་འདོད་ན༷། ཤིང་རྟའི་ཡན་ལག་གི་ཚོགས་པ་ག༷ང་ཞི༷ག ཁྱོད་ཀྱི་ལུགས་ལ་རང་རྐྱ་ཐུབ་པའི་རྫས་སུ་གྲུབ་པ་ཅི༷་ཡ༷ང་ཡོད་པ་མ༷་ཡི༷ན་པ་དེ༷་དབྱིབས་ཀྱི་གདགས་གཞིར་བྱས་པ་ལ་བརྟེ༷ན་ན༷ས། བཏགས་པའི་ཚོགས་པའི་དབྱིབས་དེ་ནི་ཤིང་རྟར་འཇོག་པའི་སྐབས་འདི༷ར་ནི༷་ཤིང་ལྟར་འཇོག་རྒྱུའི་དབྱི༷བསསུ༷་ལྟ༷་ཞི༷ག་ཇི༷་ལྟ༷ར་འགྱུ༷ར་ཏེ་མི་འགྱུར་བའོ། །

གཉིས་པ་རིགས་པ་དེ་གཞན་ལ་ཁ་སྤོ་བ་ནི།

ཁོ་ན་རེ། ཚོགས་པ་བཏགས་ཡོད་ལ་དབྱིབས་བཏགས་ཡོད་འབྱུང་བ་འཐད་དེ། ཚོགས་པ་རང་རྐྱ་མི་ཐུབ་པའི་བཏགས་ཡོད་ཡིན་ཀྱང་དེ་ལ་བརྟེན་ནས་གྲུབ་པའི་བཏགས་ཡོད་ཀྱི་དབྱིབས་ཡོད་པའི་ཕྱིར། ཞེ་ན། རྩ་བར། ཁྱོད་ཀྱི་འདི་ནི་ཇི་ལྟར་འདོད་དེ་ལྟར། །མི་བདེན་པ་ཡི་རྒྱུ་ལ་བརྟེན་བྱས་ནས། །འབྲས་བུའི་རྣམ་པ་མི་བདེན་རང་བཞིན་ཅན། །ཐམས་ཅད་ཀྱང་ནི་སྐྱེ་བར་ཤེས་པར་གྱིས། །ཞེས་འོ་ན་ཁྱོ༷ད་ཀྱི༷་ལུགས་ལ་ཚོགས་པ་བཏགས་ཡོད་ལ་བརྟེན་ནས་དབྱིབས་བཏགས་ཡོད་འཇོག་རུང་བ་འདི༷་ནི༷་ཇི༷་ལྟ༷ར་འདོ༷ད་པ་དེ༷་ལྟ༷ར་དུ། མ་རིག་པ་དང་ས་བོན་ལ་སོགས་པའི་མི༷་བདེ༷ན་པ༷་ཡི༷་རྒྱུ༷་ལ༷་བརྟེ༷ན་པར་བྱ༷ས་ན༷ས། འདུ་བྱེད་ཀྱི་ལས་དང་མྱུ་གུ་ལ་སོགས་པའི་འབྲ༷ས་བུ༷འི་རྣ༷མ་པ༷་མི༷་བདེ༷ན་པའི་ར༷ང་བཞི༷ན་ཅ༷ན། ཐ༷མས་ཅ༷ད་ཀྱ༷ང་ནི༷་སྐྱེ༷་བ༷ར་ཤེ༷ས་པ༷ར་གྱི༷ས་ཏེ་ཤེས་པར་བྱ་དགོས་སོ། །རྩ་བར། འདིས་ནི་གཟུགས་སོགས་དེ་ལྟར་གནས་རྣམས་ལ། །བུམ་བློ་ཞེས་བྱའང་རིགས་པ་མ་ཡིན་ཉིད། །ཅེས་ཤིང་རྟ་དང་བུམ་པ་སོགས་བདེན་པར་གྲུབ་ན་རང་གི་ཡན་ལག་རྣམས་ཚོགས་པ་དེ་ཤིང་རྟ་དང་བུམ་པ་སོགས་ཡིན་དགོས་ཀྱང་ཤིང་རྟའི་ཚོགས་པ་ཤིང་རྟ་མ་ཡིན་པར་བརྟན་པ་འདི༷ས་ནི༷་རང་སྡེ་དག་གི་བུམ་པའི་སྟེང་གི་གཟུ༷གས་སོ༷གས་རྡུལ་བརྒྱད་དེ༷་ལྟ༷ར་འདབ་འབྱར་དུ་གན༷ས་པའི་ཚོགས་པ་རྣ༷མས་བུམ་པ་ཡིན་པའི་ཚོགས་པ་དེ་ལ༷་བུ༷མ་པའོ་སྙམ་པའི་བློ༷་སྐྱེ་བར་འགྱུར་བ་ཡིན་ཞེ༷ས་སྨྲ་བར་བྱ༷འ༷ང་བསལ་བས་ན་ཚོགས་པ་བུམ་པར་འདོད་པ་རི༷གས་པ༷་མ༷་ཡི༷ན་ཉི༷ད་ཡིན་པའི་ཕྱིར་ཏེ། དེས་ན་འབད་རྩོལ་བརྒྱ་ཕྲག་བྱས་ཀྱང་གང་གི་ཤ་བཟའ་བར་མི་ནུས་པ་གྲིབ་མའི་རི་དྭགས་ལྟར་བརྫུན་པའི་བུམ་པ་ལ་སོགས་པའི་དངོས་པོ་རྣམས་ལ་བདེན་པར་མངོན་པར་ཞེན་པ་ནི་ཤིན་ཏུ་མི་རིགས་པའི་ཕྱིར་རོ། །རྩ་བར། སྐྱེ་བ་མེད་པས་གཟུགས་སོགས་ཀྱང་ཡོད་མིན། །དེ་ཡི་ཕྱིར་ཡང་དེ་དག་དབྱིབས་མི་རིགས། །ཞེས་གཞན་ཡང་རང་བཞིན་གྱིསསྐྱེ༷་བ༷་མེ༷ད་པ་སྔར་བཤད་ཟིན་པ༷ས་གཟུ༷གས་སོ༷གས་ཀྱ༷ང་རང་བཞིན་གྱིས་ཡོ༷ད་པ་མི༷ན་ནོ། །དེ༷ཡི༷་ཕྱི༷ར་ཡ༷ང་བུམ་པ་ཤིང་རྟ་ལ་སོགས་པ་དེ༷་ད༷ག་དབྱི༷བས་ཡིན་པར་མི༷་རི༷གས་སོ། །

གསུམ་པ་དེ་ལྟར་བཤད་པ་ལ་གཞན་གྱི་རྩོད་པ་སྤོང་བ་ནི།

ཁོ་ན་རེ། སྔར་བཤད་པའིཚུལ་གྱིས་རྣམ་པ་བདུན་དུ་བཙལ་བས་ཤིང་རྟ་མ་རྙེད་ན་ཤིང་རྟ་ཡོད་ན་རྣམ་པ་བདུན་པོ་གང་རུང་དུ་ཡོད་དགོས་ཀྱི་དེ་ལས་གཞན་དུ་ཡོད་ཚུལ་མེད་པས་ཤིང་རྟ་མེད་པར་འགྱུར་ལ། ཤིང་རྟ་མེད་ན་འཇིག་རྟེན་ཐ་སྙད་དུ་ཤིང་རྟ་ལ་ཐ་སྙད་སྣ་ཚོགས་འདོགས་པ་རྒྱུན་ཆད་པར་འགྱུར་བ། དེ་ཡང་མི་འཐད་དེ། འཇིག་རྟེན་ན་ཤིང་རྟ་འོན་ཅིག ཉོས་ཤིག ཆོས་ཤིག་ཅེས་བྱ་ལ་སོགས་པ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ན་འཇིག་རྟེན་ན་གྲགས་པའི་ཤིང་རྟ་ལ་སོགས་པ་ནི་ཡོད་དོ་ཞེ་ན། རྩ་བར། དེ་ནི་དེ་ཉིད་དུའམ་འཇིག་རྟེན་དུ། །རྣམ་པ་བདུན་གྱིས་འགྲུབ་འགྱུར་མིན་མོད་ཀྱི། །རྣམ་དཔྱད་མེད་པར་འཇིག་རྟེན་ཉིད་ལས་འདིར། །རང་གི་ཡན་ལག་བརྟེན་ནས་འདོགས་པ་ཡིན། །ཞེས་ཤིང་རྟ་ལ་སོགས་པ་གཏན་མེད་དུ་འགྱུར་དགོས་པའི་ཉེས་པ་འདི་ནི་རང་ཅག་གཉིས་ཀྱི་ནང་ལ་ཁྱོད་རང་ཁོ་ན་ལ་འཇུག་པར་འགྱུར་གྱི། ཁོ་བོ་ཅག་ལ་ནི་མ་ཡིན་པས། རྒོལ་བ་འདི་ནི་ངེད་ཀྱིས་ཁྱོད་ལ་འགོད་པར་བྱ་བ་ཡིན་ཏེ། ཁོ་བོ་ཅག་གི་ལུགས་ལ་ནི་ཤིང་རྟ་དེ༷་ནི༷་དེ༷་ཁོ་ན་ཉི༷ད་དུ༷་བཏགས་དོན་རྣམ་པ་བདུན་དུ་ཡོད་མེད་དཔྱད་པའམ༷། འཇི༷ག་རྟེ༷ན་གྱི་ཀུན་རྫོབ་ཏུ༷་བཏགས་དོན་རྣ༷མ་པ༷་བདུ༷ན་གྱི༷ས་བཙལ་བ་ན་ཤིང་རྟ་འགྲུ༷བ་པར་འགྱུར་བ་མི༷ན་མོ༷ད་ཀྱི༷། དེ་ལྟར་ན་ཡང་ཤིང་རྟ་འདི་ནི་བཏགས་དོན་འཚོལ་བའི་རྣ༷མ་པར་དཔྱ༷ད་པ་མེ༷ད་པ༷ར་འཇི༷ག་རྟེ༷ན་གྱི་ཐ་སྙད་ལ་བརྟེན་པ་ལ༷ས། སྐབས་འདི༷ར་ནི་ར༷ང་གི༷་ཡ༷ན་ལ༷ག་འཕང་ལོ་སོགས་ལ་བརྟེ༷ན་ན༷ས་འདོ༷གས་པ༷་སྟེ་འཕང་ལོ་སོགས་ལ་བརྟེན་ནས་ཤིང་རྟར་སྣང་བ་ཙམ་ཤིང་རྟར་འཇོག་པ་ཡི༷ན་ལ། དེ་ལ་བརྟེན་ནས་ཤིང་རྟར་སྣང་བ་ཡང་ཡོད་ཅིང་དེ་ཙམ་གྱིས་ཤིང་རྟ་འཇོག་ཐུབ་པའི་ཕྱིར་ན་ཁོབོ་ཅག་ལ་ཤིང་རྟའི་ཐ་སྙད་མེད་པའི་ཉེས་པ་ཅི་ཡང་མེད་པའི་ཕྱིར་རོ། །

བཞི་པ་མིང་གི་ཐ་སྙད་ཀྱི་དོན་གཞན་ཡང་གྲུབ་པར་བསྟན་པ་ནི།

རྩ་བར། དེ་ཉིད་ཡན་ལག་ཅན་དེ་ཆ་ཤས་ཅན། །ཤིང་རྟ་དེ་ཉིད་བྱེད་པོ་ཞེས་འགྲོར་བསྙད། །སྐྱེ་བོ་རྣམས་ལ་ལེན་པོ་ཉིད་དུ་འགྲུབ། །འཇིག་རྟེན་གྲགས་པའི་ཀུན་རྫོབ་མ་བརླག་ཅིག །ཅེས་ཡན་ལག་ཅན་ཤིང་རྟ་ལ་དཔྱད་པ་མེད་པར་འཇིག་རྟེན་ན་གྲགས་པའི་སྒོ་ནས་བཏགས་ཙམ་དུ་བཞག་པའི་ཐ་སྙད་ཀྱི་དོན་ཡོད་ཚུལ་ནི། ཤིང་རྟ་དེ༷་ཉི༷ད་འཕང་ལོ་ལ་སོགས་པའི་རང་གི་ཡན་ལག་ལ་ལྟོས་ནས་ཡ༷ན་ལ༷ག་ཅ༷ན་དང༌། ཡང་ཤིང་རྟ་དེ༷་འཕང་ལོ་ལ་སོགས་པའི་ཆ་ཤས་ལ་ལྟོས་ནས་ཆ༷་ཤ༷ས་ཅ༷ན་དང༌། ཡང་ཤི༷ང་རྟ༷་དེ༷་ཉི༷ད་ནི་འཕངས་ལོ་ལ་སོགས་པ་རང་གི་ཉེ་བར་བླང་བྱ་ཉེ་བར་ལེན་རྒྱུའི་བྱ་བ་ལ་ལྟོས་ནས་ནི་བྱེ༷ད་པ་པོ༷་ཞེ༷ས་འགྲོ༷ར་རམ་འགྱུར་བར་བསྙ༷ད་ལ། ཡང་ཤིང་རྟ་དེ་རང་གི་ཉེ་བར་ལེན་བྱ་འཕང་ལོ་ལ་སོགས་པའི་གདགས་གཞི་ལ་ལྟོས་ནས་ནི། སྐྱེ༷་བོ༷་རྣ༷མས་ལ༷་ལེ༷ན་པ་པོ༷་ཉི༷ད་དུ༷་ཡང་འགྲུ༷བ་པའི་ཕྱིར་རོ། །གང་ཟག་དང་བུམ་པ་སོགས་ཐམས་ཅད་ལ་དེ་ལྟར་འགྲེས་སོ། །

ཚོགས་པ་ལས་གཞན་པའི་ཡན་ལག་ཅན་སོགས་ཡོད་ན་ཚོགས་པ་ལས་ངོ་བོ་ཐ་དད་པའི་ཡན་ལག་ཅན་སོགས་ཡོད་དགོས་ཀྱང༌། ཚོགས་པ་ཙམ་ལས་ངོ་བོ་ཐ་དད་པའི་ཡན་ལག་ཅན་སོགས་མ་དམིགས་ཞེས། འཇི༷ག་རྟེ༷ན་ན་གྲ༷གས་པ༷འི་ཀུ༷ན་རྫོ༷བ་ཤིང་རྟ་དང་གང་ཟག་དང་བུམ་པ་སོགས་མ༷་བརླ༷ག་ཅི༷ག་སྟེ་འཇིག་པར་མ་བྱེད་ཅིག་ཅེས་སོ། །དངོས་སྨྲ་རྣམས་ཀྱིས་འཕངས་ལོ་ལ་སོགས་པའི་ཡན་ལག་རྣམས་ལ་ཤིང་རྟ་སྣང་བ་ཙམ་དེ་གཏན་མེད་དུ་གོ་ནས་ཤིང་རྟ་རང་གི་ངོས་ནས་གྲུབ་པ་དེ་གང་ཡིན་སྙམ་དུ་བཙལ་ནས་ཚོགས་པ་དེ་རང་ངོས་ནས་གྲུབ་པ་ཤིང་རྟ་དངོས་དེ་ཡིན་པར་རྟོགས་ནས་བཞག་པ་སྔར་ལྟར་ཆ་དང་ཆ་ཅན་མེད་པར་འགྱུར་བའི་སྐྱོན་འཇུག་པཡིན་པའི་ཕྱིར་རོ། །

དྲུག་པ་དེ་ལྟར་བཞག་པ་ལ་མཐར་འཛིན་གྱི་རྟོག་པ་སྤང་སླ་བའི་ཡོན་ཏན་བསྟན་པ་ལ།

དངོས་ཀྱི་དོན་དང༌། དེ་ལ་རྩོད་པ་སྤང་བ་དང༌། ཤིང་རྟ་དང་བདག་གི་ཐ་སྙད་རྣམས་དཔེ་དོན་དུ་སྦྱར་བ་དང༌། བརྟེན་ནས་བཏགས་པའི་བདག་ཁས་ལེན་པའི་ཡོན་ཏན་གཞན་བསྟན་པ་དང༌། མཁས་རྨོངས་ཀྱི་འཆིང་གྲོལ་གྱི་གཞིའི་བདག་ངོས་བཟུང་བ་དང་ལྔ། དང་པོ་ནི། རྩ་བར། རྣམ་བདུན་གྱིས་མེད་གང་དེ་ཇི་ལྟ་བུར། །ཡོད་ཅེས་རྣལ་འབྱོར་པས་འདིའི་ཡོད་མི་རྙེད། །དེས་དེ་ཉིད་ལའང་བདེ་བླག་འཇུག་འགྱུར་བས། །འདིར་དེའི་གྲུབ་པ་དེ་བཞིན་འདོད་པར་བྱ། །ཞེས་བདག་དང་ཤིང་རྟ་སོགས་རྣམ་པ་བདུན་པོ་གང་དུའང་མི་འཇོག་པར་བཏགས་ཙམ་དུ་བཞག་པ་ལ་མཐར་འཛིན་སྤང་སླ་བའི་ཡོན་ཏན་ཡོད་དེ། བདག་དང་ཤིང་རྟ་རང་བཞིན་གྱིས་གྲུབ་པ་ཞིག་ཡིན་ན་རྣམ་པ་བདུན་གྱིས་བཙལ་བ་ན་ངེས་པར་ཤིང་རྟའི་ཡན་ལག་དང་ངོ་བོ་ཐ་དད་པ་ཡིན་པའམ་ཡན་ལག་དང་གཅིག་ཡིན་པ་སོགས་བདུན་པོ་གང་རུང་ཞིག་ཡིན་པར་རྙེད་དགོས་ཀྱང༌། རྣ༷མ་པ་བདུ༷ན་གྱི༷ས་བཙལ་བ་ན་ཡོད་པར་རྙེད་དུ་མེ༷ད་པའི་ཤིང་རྟ་ག༷ང་ཡིན་པ་དེ༷་ནི་ཇི༷་ལྟ༷་བུ༷ར་ན་རང་བཞིན་གྱིས་ཡོ༷ད་དོ་མེད་དོ་ཞེ༷ས་རྟོགས་ནས། རྣ༷ལ་འབྱོ༷ར་བ༷ས་ཤིང་རྟ་འདི༷འི་ཡོ༷ད་པ་དེ་བདུན་པོ་གང་དུ་ཡང་མི༷་རྙེ༷ད་ལ། ཤིང་རྟ་རང་བཞིན་གྱིས་མེད་པ་དང་ཐ་སྙད་དུ་ཡོད་པར་རྟོགས་པའི་ཚུལ་དེ༷ས་ཀུན་རྫོབ་ཀྱི་རྣམ་བཞག་འཐད་ལྡན་དུ་རྙེད་པ་མ་ཟད་དེ༷་ཁོ་ན་ཉི༷ད་ལ༷འ༷ང་བདེ༷་བླ༷ག་ཏུ་འཇུ༷ག་པར་འགྱུ༷ར་ལ། དེས་མཐར་འཛིན་སྤང་བའི་ཕྱིར་རོ། །རྒྱུ་མཚན་དེ་བ༷ས་ན་དབུ་མ་པའི་རང་ལུགས་འཇོག་བའི་སྐབས་འདི༷ར་ཤིང་རྟ་དང་བདག་དེ༷འི་གྲུ༷བ་པ༷་ཡི་ཚུལ་ལམ་ཤིང་རྟ་དང་གང་ཟག་སོགས་ཡོད་ཚུལ་ནི་རྣམ་པ་བདུན་དུ་མེད་པར་མ་བརྟགས་སྣང་ཙམ་དུ་གྲུབ་པའམ་ཡོད་པ་དེ༷་བཞི༷ན་ཏུ་འདོ༷ད་པ༷ར་བྱ༷འོ། །རང་འགྲེལ་ལས། མཁས་པ་དག་གིས་ཕྱོགས་འདི་ནི་སྐྱོན་མེད་ཅིང་ཕན་ཡོན་དང་བཅས་པའོ་སྙམ་དུ་བསམས་ཏེ་གདོན་མི་ཟ་བར་ཁས་བླང་བར་བྱའོ། །ཞེས་སོགས་འདིས་ནི་དབུ་མ་པ་ལ་ཁས་བླངས་མེད་པར་འདོད་པ་ཐམས་ཅདབསལ་ལོ། །

གཉིས་པ་དེ་ལ་རྩོད་པ་སྤང་བ་ནི།

ཁོ་ན་རེ། གོང་ལྟར་རྣམ་པ་བདུན་གྱིས་བཙལ་ན་ཡན་ལག་ཅན་ཤིང་རྟ་རང་བཞིན་གྱིས་མེད་པ་ཡིན་མོད། ཤིང་རྟའི་ཡན་ལག་ཚོགས་པ་ཙམ་ཞིག་ནི་རང་བཞིན་གྱིས་ཡོད་དོ་ཞེ་ན། རྩ་བར། ཤིང་རྟ་ཡོད་ཉིད་མིན་ན་དེ་ཡི་ཚེ། །ཡན་ལག་ཅན་མེད་དེའི་ཡན་ལག་ཀྱང་མེད། །ཅེས་ཆ་ཅན་སྣམ་བུ་ཚིག་པའི་ཐལ་བ་ལས་ཆ་ཤས་སྣལ་མ་ཡོད་པར་འཚོལ་བ་ཁྱོད་ནི་བཞད་གད་དུ་བྱ་རིགས་པ་ཞིག་ཡིན་ཏེ། ཤིང་རྟ་ལ་ལྟོས་ནས་ཤིང་རྟའི་ཡན་ལག་འཇོག་པས་ཐ་སྙད་དུ་ཤིང་རྟ་མེད་ན་ཤིང་རྟའི་ཡན་ལག་ཡོད་མི་སྲིད་ལ། དོན་དམ་པར་ཡང་ཤིང་རྟ་རང་བཞིན་གྱིས་གྲུབ་པ་དེ་ལ་ལྟོས་ནས་དེའི་ཡན་ལག་རང་བཞིན་གྱིས་གྲུབ་པར་འཇོག་དགོས་པས་ན་ཤི༷ང་རྟ༷་རང་བཞིན་གྱིས་ཡོ༷ད་པ་ཉི༷ད་མི༷ན་ན༷་དེ༷་ཡི༷་ཚེ༷། ཡ༷ན་ལ༷ག་ཅ༷ན་ཤིང་རྟ་རང་བཞིན་གྱིས་མེ༷ད་པས་ན་ཤིང་རྟ་དེ༷འི༷་ཡ༷ན་ལ༷ག་ཀྱ༷ང་རང་བཞིན་གྱིས་མེ༷ད་པའི་ཕྱིར་རོ། །

རྩ་བར། ཤིང་རྟ་ཚིག་ན་ཡན་ལག་མེད་དཔེ་བཞིན། །བློ་མེས་ཡན་ལག་ཅན་སྲེག་ཡན་ལག་གོ། །

དོན་འདི་ནི་དཔེ་འདི་ལས་ཤེས་པར་བྱ་བ་ནི་དཔེར་ན་ཡན་ལག་ཅན་ཤི༷ང་རྟ༷་མེས་ཚི༷ག་ན༷་ཡ༷ན་ལ༷ག་ཀྱང་མེས་ཚིག་ནས་མེ༷ད་པར་འགྱུར་བའི་དཔེ༷་དེ་བཞི༷ན་དུ། རྣམ་པ་བདུན་གྱིས་དཔྱད་པའི་གཙུབ་ཤིང་ལས་བྱུང་བའི་བདེན་མེད་རྟོགས་པའི་བློ༷་ཤེས་རབ་ཀྱི་མེ༷ས་ཡ༷ན་ལ༷ག་ཅ༷ན་ཤིང་རྟརང་བཞིན་གྱིས་གྲུབ་པ་དེ་མ་ལུས་པར་བསྲེ༷གས་ན། ཤེས་རབ་ཀྱི་མེ་སྦོར་བའི་བུད་ཤིང་དུ་གྱུརཔའི་ཤིང་རྟའི་ཡ༷ན་ལ༷ག་རྣམས་རང་བཞིན་གྱིས་གྲུབ་པ་དེ་ཡང་མེད་པར་རྟོགས་ནས་སྲེག་གོ༷། །

གསུམ་པ་ཤིང་རྟ་དང་བདག་གི་ཐ་སྙད་དག་དཔེ་དོན་དུ་སྦྱར་བ་ནི།

རྩ་བར། དེ་བཞིན་འཇིག་རྟེན་གྲགས་པས་ཕུང་པོ་དང༌། །ཁམས་དང་དེ་བཞིན་སྐྱེ་མཆེད་དྲུག་བརྟེན་ནས། །

བདག་ཀྱང་ཉེ་བར་ལེན་པོ་ཉིད་དུ་འདོད། །ཅེས་ཤིང་རྟ་ལ་སོགས་པའི་གཞི་རེ་རེའི་སྟེང་གི་བདེན་པ་གཉིས་མི་འཇིག་པར་བྱ་བ་དང་རྣལ་འབྱོར་བ་རྣམས་དེ་ཁོ་ན་ཉིད་ལ་བདེ་བླག་ཏུ་འཇུག་པར་བྱ་བའི་ཕྱིར་དུ་ཤིང་རྟ་རྣམ་པ་བདུན་གྱིས་དཔྱད་ནས་མི་རྙེད་ཀྱང་བརྟེན་ནས་གདགས་པ་ཙམ་དུ་གྲུབ་པ་དེ༷་བཞི༷ན་དུ། འཇི༷ག་རྟེ༷ན་ན་བདག་དེ་ཕུང་པོ་དང་ངོ་བོ་ཐ་དད་དང་ཕུང་པོ་དང་གཅིག་སོགས་རྣམ་པ་བདུན་དུ་བརྟགས་ནས་མི་འཛིན་པར་ཕུང་པོ་ལ་ངར་སྣང་བ་ཙམ་ལ་བདག་ཏུ་འཛིན་པར་གྲ༷གས་པ༷འི་སྒོ་ནས། ཉེ་བར་ལེན་པའི་ཕུ༷ང་པོ༷་ལྔ་ད༷ང༌། ཁམས་དྲུ༷ག་ད༷ང༌། དེ༷་བཞི༷ན་སྐྱེ༷་མཆེ༷ད་དྲུ༷ག་པོ་རྣམས་ལ་བརྟེ༷ན་ན༷ས། བད༷ག་ཀྱ༷ང་ཤིང་རྟ་ལྟར་ཉེ༷་བ༷ར་ལེ༷ན་པ་པོ༷་ཉི༷ད་དུ༷་འདོ༷ད་པ་ཡིན་ཏེ། བདག་ནི་ཕུང་པོ་སོགས་ལ་བརྟེན་ནས་བདག་ཏུ་སྣང་བ་དེ་ཡིན་པའི་ཕྱིར་ཏེ། དེ་དག་ལ་བརྟེན་ནས་བདག་ཏུ་བཏགས་པའི་ཕྱིར་རོ། །རྩ་བར། ཉེར་ལེན་ལས་ཡིན་འདི་ནི་བྱེད་པ་པོ་འང་ཡིན། །ཞེས་ཇི་ལྟར་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོའི་རྣམ་པར་གཞག་པ་འདི་འཇིག་རྟེན་གྱི་ཐ་སྙད་དུ་རྣམ་པར་གཞག་པ་དེ་བཞིན་དུ་འདིའི་ལས་དང་བྱེད་པ་པོའི་རྣམ་པར་གཞག་པ་ཡང་ཤིང་རྟ་ལྟར་ཁས་བླང་བར་བྱ་བ་ནི། བདག་དེས་ཉེ༷་བར་ལེ༷ན་པཕུང་པོ་ནི་བདག་དེས་ཉེ་བར་བླང་བྱའི་ལ༷ས་ཡི༷ན་ལ། བདག་འ༷དི་ནི༷་ཕུང་པོ་ཉེ་བར་ལེན་པརབྱེད་པའི་བྱེ༷ད་པོ༷འ༷ང་ཡི༷ན་ཞེས་རྣམ་པར་བཞག་པ་ཡིན་ནོ། །

བཞི་པ་བརྟེན་ནས་བཏགས་པའི་བདག་ཁས་ལེན་པའི་ཡོན་ཏན་གཞན་བསྟན་པ་ནི།

རྩབར། དངོས་ཡོད་མིན་ཕྱིར་འདི་ནི་བརྟན་མིན་ཞིང༌། །མི་བརྟན་ཉིད་མིན་འདི་ནི་སྐྱེ་འཇིག་མིན། །

འདི་ལ་རྟག་པ་ཉིད་ལ་སོགས་པ་ཡང༌། །ཡོད་མིན་དེ་ཉིད་དང་ནི་གཞན་ཉིད་མེད། །ཅེས་བདག་བཏགས་ཙམ་དུ་གྲུབ་ཀྱི་མཐར་འཛིན་གྱིས་བདག་བརྟན་པ་དང་རང་བཞིན་གྱིས་མི་བརྟན་པར་གྲུབ་པ་སོགས་སུ་སྒྲོ་བཏགས་པ་ལྟར་མ་གྲུབ་པས་ན་དངོ༷ས་པོ་སྟེ་རང་བཞིན་གྱིས་ཡོ༷ད་པ་མ༷་ཡི༷ན་པའི་ཕྱི༷ར་ན་བདག་འདི༷་ནི༷་བརྟ༷ན་པ་མི༷ན་ཞི༷ང༌། མི༷་བརྟ༷ན་པ་ཉི༷ད་དུ་རང་བཞིན་གྱིས་ཡོད་པ་མི༷ན་ལ་བདག་འདི༷་ནི༷་རང་བཞིན་གྱིས་སྐྱེ༷་བ་དང་རང་བཞིན་གྱིས་འཇི༷ག་པ༷་མིན་པ་དང༌། བདག་འདི༷་ལ༷་རྟ༷ག་པ༷་ཉི༷ད་དང་ལ༷་སོ༷གས་པས་རང་བཞིན་གྱིས་མི་རྟག་པར་གྲུབ་པ་ཡིན་པ༷་ཡ༷ང་ཡོ༷ད་པ་མི༷ན་ལ། ཕུང་པོ་ལས་དེ༷་ཉི༷ད་དེ་ཕུང་པོ་དང་གཅིག་ད༷ང་ནི༷་ངོ་བོ་གཞ༷ན་ཉི༷ད་དུ་རང་བཞིན་གྱིས་མེ༷ད་པ་ཡིན་ནོ། །དེས་ན་བདག་རྟག་པ་མ་ཡིན་ཏེ། ཚེ་སྔ་ཕྱིའི་བདག་གཉིས་ངོ་བོ་ཐ་དད་ཡིན་པའི་ཕྱིར། ཡང་བདག་ཆོས་ཅན། མི་བརྟན་པ་སྟེ་རང་བཞིན་གྱིས་མི་རྟག་པ་མ་ཡིན་ཏེ། རང་བཞིན་གྱིས་མི་རྟག་པ་ཡིན་ན་རྒྱུད་གཅིག་པའི་སྐྱེ་བ་སྔ་ཕྱིའི་བདག་གཉིས་རྒྱུད་གཅིག་མི་རུང་བའི་ཕྱིར། རྩ་ཤེས་ལས། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་དག་འབྱུང་དང་འཇིག་པ་ཡིན། །ཉེ་བར་བླངས་པ་ཅི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཞེས་གསུངས་སོ། །ཡང་བདག་རང་བཞིན་གྱིས་གྲུབ་པ་ཡོད་པ་མིན་པའི་ཤེས་བྱེད་དུ། མདོ་ལས། མི་བཟད་པ་ཡི་ཆོས་བཞི་ནི། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །སེམས་ཅན་ནམ་མཁའ་བྱང་ཆུབ་སེམས། །དེ་བཞིན་སངས་རྒྱས་ཆོས་རྣམས་སོ། །གལ་ཏེ་དེ་དག་རྫས་ཡོད་ན། །དེ་དག་ཡོངས་སུ་ཟད་འགྱུར་གྲང༌། །མེད་པ་དེ་དག་མི་ཟད་དེ། །དེ་ཕྱིར་དེ་དག་ཟད་མེད་གསུངས། །ཞེས་གསུངས་སོ། །དེ་བཞིའི་ནང་གི་སེམས་ཅན་རྫས་སུ་མེད་པས་མི་ཟད་པརགསུངས་པ་དེ་བདག་རང་བཞིན་གྱིས་མེད་པའི་ཤེས་བྱེད་དོ། །

ལྔ་པ་མཁས་རྨོངས་ཀྱི་འཆིང་གྲོལ་གྱི་གཞིའི་བདག་ངོས་བཟུང་བ་ནི།

རྩ་བར། གང་ལ་རྟག་ཏུ་འགྲོ་རྣམས་ངར་འཛིན་བློ། །རབ་ཏུ་འབྱུང་ཞིང་དེ་ཡི་གང་ཡིན་དེར། །ང་ཡིར་འཛིན་བློ་འབྱུང་བའི་བདག་དེ་ནི། །མ་བརྟགས་གྲགས་པར་གཏི་མུག་ལས་ཡིན་ནོ། །ཞེས་གང་འཆིང་རྒྱུའི་བདག་དེ་བཙལ་བ་ན་མུ་སྟེགས་པས་བདག་འཚོལ་བའི་རིགས་པས་ཕུང་པོ་ཉིད་བདག་ཏུ་མི་འཐད་པར་མཐོང་ནས་ཕུང་པོ་ལས་ངོ་བོ་ཐ་དད་པའི་རྟག་པའི་བདག་དང༌། རང་སྡེ་རྣམས་ཀྱིས་ཕུང་པོ་ལས་ངོ་བོ་ཐ་དད་པའི་བདག་མེད་པར་མཐོང་བ་དེས་འཁྲུལ་ནས་ཕུང་པོ་ལྔ་ཆར་དང་སེམས་དང་ཕུང་པོའི་ཚོགས་པ་བདག་ཏུ་འཇོག་ལ། དེ་འདྲའི་བདག་ནི་རྨོངས་པ་དག་གིས་འཆིང་གྲོལ་གྱི་གཞིའི་བདག་ཡིན་ལ། བདག་དེ་ལྟར་བཟུང་བས་འཁོར་བར་འཆིང་བ་ལས་གྲོལ་བ་མི་ཐོབ་བོ། །མཁས་པ་ཐལ་འགྱུར་བའི་ལུགས་ཀྱི་འཆིང་གྲོལ་གྱི་གཞིའི་བདག་ནི། སྔ་མ་དེ་དག་བདག་མ་ཡིན་པར་རིག་ནས། གཞི་ག༷ང་ཞིག་ལ༷་དུས་རྟ༷༷ག་ཏུ༷་དམིགས་རྒྱུའི་འགྲོ་བ་མི་དང་ཡི་དྭགས་དུད་འགྲོ་ལ་སོགས་པ་འགྲོ༷་བ་རྣ༷མས་ལ། དམིགས་ནས་ང༷ར་འཛི༷ན་གྱི་བློ༷་ར༷བ་ཏུ༷་འབྱུ༷ང་ཞི༷ང༌། ཡུལ་གྱི་བདག་དང༌། བདག་གི་བའི་གདགས་གཞི་དང་དེའི་དབང་དུ་བྱེད་རྒྱུའི་ནང་གི་མིག་སོགས་དང་ཕྱིའི་ཞྭ་གོས་ལ་སོགས་པ་བདག་དེ༷་ཡི༷་བདག་གི་བའི་གདགས་གཞི་ག༷ང་ཡི༷ན་པ་དེ༷ར་བརྟེན་ནས་ང༷་ཡི༷་བར་འཛི༷ན་པའི་བློ༷་འབྱུ༷ང་བ༷འི་ཡུལ་གྱི་ང་ཡི་བའི་བད༷ག་དེ༷་གཉིས་ནི༷། བདག་གི་བཏགས་དོན་ལ་མ༷་བརྟ༷གས་པར་བདག་དང་བདག་གི་བའི་གདགས་གཞི་ལས་བདག་དང་བདག་གིར་གྲ༷གས་པ༷ར་ཏེ་མཐོང་བའི་ངའོ་སྙམ་པའི་ཐ་སྙད་ཚད་མའི་ངོར། གཏི༷་མུ༷ག་གི་དབང་ལ༷ས་རང་བཞིན་གྱིས་གྲུབ་པར་སྣང་བ་ཙམ་ཡི༷ན་གྱི། རང་བཞིན་གྱིས་གྲུབ་པ་མ་ཡིན་ནོ༷། །རྩ་ཤེས་ལས། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང༌། །དེ་ཟད་པས་ན་སྐྱེ་བ་ཟད། །ཅེས་གསུངས་སོ། །

གཉིས་པ་བདག་གི་བ་རང་བཞིན་གྱིས་གྲུབ་པ་དགག་པ་ནི།

རྩ་བར། གང་ཕྱིར་བྱེད་པོ་མེད་ཅན་ལས་མེད་པ། །དེ་ཕྱིར་བདག་གི་བདག་མེད་པར་ཡོད་མིན། །དེ་ཕྱིར་བདག་དང་བདག་གི་སྟོང་ལྟ་ཞིང༌། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་བདག་རང་བཞིན་གྱིས་གྲུབ་པ་མེད་ན། བདག་གི་བ་རང་བཞིན་གྱིས་གྲུབ་པ་མེད་དེ། ག༷ང་གིར་ཕྱི༷ར་བྱེ༷ད་པ་པོ༷་རྫ་མཁན་མེ༷ད་པ་ཅ༷ན་གྱི་ལ༷ས་སུ་བྱ་བ་རྫ་མ་མེ༷ད་པ༷་དེ༷་ཡི་ཕྱི༷ར་ན་བད༷ག་གི༷་བ་རང་བཞིན་གྱི་གྲུབ་པ་ནི་བད༷ག་རང་བཞིན་གྱིས་གྲུབ་པ་མེ༷ད་པ༷ར་ཡོ༷ད་པ་མི༷ན་ནོ། །དེ༷་ཡི་ཕྱི༷ར་ན་བད༷ག་ད༷ང་བད༷ག་གི༷་བ་རང་བཞིན་གྱིས་གྲུབ་པས་སྟོ༷ང་བར་ལྟ༷་ཞི༷ང༌། དེའི་དོན་གོམས་པར་བྱེད་པའི་རྣ༷ལ་འབྱོ༷ར་པ༷་དེ༷་རྣ༷མ་པ༷ར་གྲོ༷ལ་པ༷ར་འགྱུ༷ར་རོ། །འཇིག་ལྟའི་དམིགས་ཡུལ་ལ་གང་ཟག་འཇོག་དགོས་ཏེ། རང་འགྲེལ་ལས། ༼འཇིག་ལྟ་༽དེའི་དམིགས་པ་ནི་བདག་ཁོ་ན་ཡིན་ཏེ། ངར་འཛིན་པ༼འི་འཇིག་ལྟ་༽ནི་དེའི་ཡུལ་ཅན་ཡིན་པའི་ཕྱིར། ཞེས་དང༌། རྟོག་གེ་འབར་བ་ལས། རྣམ་པར་ཤེས་པ་ནི་སྲིད་པ་ལེན་པའི་ཕྱིར་བདག་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །སྐབས་འདིའི་རང་ལུགས་ལ་གང་ཟག་གི་རྣམ་བཞག་ཡོད་དེ། མཚན་ཉིད་དང༌། སྒྲ་བཤད་དང༌། དབྱེ་བ་དང༌། ཐ་སྙད་དུ་འཇོག་ཚུལ་བཞི་ཡོད་པ་ལས། དང་པོ་ནི། གདགས་གཞི་ཕུང་པོ་ལ་བརྟེན་ནས་ང་དང་ང་ཡི་བ་གང་རུང་གི་ཐ་སྙད་འཇུག་པའི་དོན་དེ། བདག་གི་མཚན་ཉིད། གཉིས་པ་སྒྲ་བཤད་ནི། ང་ཆོས་ཅན། ཁྱོད་ཀྱི་སྒྲ་བཤད་དུ་ཡོད་དེ། བདག་ཏུ་ང་རྒྱལ་བས་བདག་དང༌། སྐྱེ་མཆེད་ཀྱི་སྒོ་ནས་ཡུལ་ལ་ཟག་པས་ན་གང་ཟག་དང༌། ནུས་པ་དང་ལྡན་པས་ན་སྐྱེས་བུ་དང༌། བདག་ལ་ཕན་འདོགས་པས་ན་བདག་གི་བ་ཞེས་བརྗོད་དོ། །གསུམ་པ་དབྱེ་བ་ལ། བདག་དང་བདག་གི་བ་གཉིས་དང༌། སོ་སྐྱེ་དང་འཕགས་པ་གཉིས་དང༌། སངས་འཕགས་དང་སེམས་ཅན་གཉིས་དང༌། ལྷ་སོགས་འགྲོ་བ་དྲུག་ལ་སོགས་པ་དུ་མ་ཡོད་དོ། །བཞི་པ་ཐ་སྙད་དུ་བདག་འཇོག་ཚུལ་ཡོད་དེ། བདག་དེ་གདགས་གཞིའི་སྟེང་ལ་གདགས་གཞི་དང་གཅིག་ཏུ་ཡོད་མེད་སོགས་རྣམ་པ་བདུན་དུ་བཙལ་ཀྱང་མི་རྙེད་པས་ན་བདག་དེའི་གདགས་གཞི་ལ་མིང་རྐྱང་བ་ཙམ་ཕར་བཏགས་པ་ལ་འཇོག་པའོ། །བདག་དང་ཤིང་རྟ་སོགས་གནད་བདུན་གྱིས་བཙལ་ན་མེད་པའི་ཟབ་མོ་དང༌། བདག་དང་ཤིང་རྟ་སོགས་གྲགས་པའི་ཚད་མས་གྲུབ་པའི་རྒྱ་ཆེ་བའི་ལམ་གཉིས་འཇོག་པ་ནི། འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོད་བྱེད་རྒྱལ་སྲས་ངང་བའི་རྒྱལ་པོ། རང་གི་འཁོར་རིགས་ཅན་གསུམ་གྱི་གདུལ་བྱའི་ངང་པའི་ཚོགས་མཐའ་ཡས་པས་བསྐོར་ནས་སྐུ་གསུམ་གྱི་རིན་པོ་ཆེའི་དགའ་ཚལ་ཡངས་པར་འཇུག་བྱེད་ཡིན་ཏེ། རྩ་བར། ཀུན་རྫོབ་དེ་ཉིད་གཤོགས་ཡངས་དཀར་པོ་རྒྱས་གྱུར་པ། །ཞེས་པ་ནས། རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེསགསུངས་པའི་ཕྱིར་རོ། །

༈ གསུམ་པ་བདག་དང་ཤིང་རྟའི་དཔྱད་པ་དངོས་པོ་གཞན་ལ་རིགས་བསྒྲེ་བ་ལ།

བུམ་སྣམ་སོགས་ཀྱི་དངོས་པོ་ལ་བསྒྲེ་བ། རྒྱུ་དང་འབྲས་བུའི་དངོས་པོ་ལ་བསྒྲེ་བ། དེ་ལ་གཞན་གྱི་རྩོད་པ་སྤངས་བ་དང་གསུམ། དང་པོ་ནི། རྩ་བར། བུམ་པ་སྣམ་བུ་རེ་ལྡེ་དམག་དང་ནགས་ཚལ་ཕྲེང་བ་ལྗོན་ཤིང་དང༌། །ཁང་ཁྱིམ་ཤིང་རྟ་ཕྲན་དང་འགྲོན་གནས་ལ་སོགས་དངོས་རྣམས་གང་དག་དང༌། །ཞེས་བདག་དང་ཉེར་ཕུང་གཉིས་ལ་ཤིང་རྟའི་དཔྱད་པ་དང་མཚུངས་པ་དེ་བཞིན་དུ། བུ༷མ་པ༷་དང༌། སྣ༷མ་བུ༷་དང༌། རེ༷་ལྡེ༷་དང༌། དམ༷ག་ད༷ང༌། ན༷གས་ཚ༷ལ་དང༌། ཕྲེ༷ང་བ༷་དང༌། ལྗོ༷ན་ཤི༷ང་ད༷ང༌། ཁ༷ང་ཁྱི༷མ་དང༌། ཤི༷ང་རྟ༷་ཕྲ༷ན་ད༷ང་མགྲོ༷ན་གན༷ས་ལ༷་སོ༷གས་པའི་དངོ༷ས་པོ་རྣ༷མས་ག༷ང་ཡིན་པ་ད༷ག་ད༷ང༌། ཞེས་བྱ་བ་དེ་དག་མ་དཔྱད་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན་ནོ། །རྩ་བར། དེ་བཞིན་གང་དག་སྒོ་ནས་སྐྱེ་འདིས་བསྙད་པ་དེ་རྣམས་རྟོགས་བྱ་སྟེ། །ཞེས་དེ༷་བཞི༷ན་བུམ་པ་སོགས་ལ་ཡན་ལག་ཅན་ཞེས་དང༌། མཆུ་སོགས་ལ་ཡན་ལག་ཞེས་སོགས་མིང་ག༷ང་ད༷ག་གི་སྒོ༷་ན༷ས་སྐྱེ༷་བོ་འདི༷ས་བསྙ༷ད་པ༷འམ་ཐ་སྙད་བཏགས་པའི་ཆོས་དེ༷་རྣ༷མས་ཐམས་ཅད་རྣམ་པ་བདུན་དུ་བཙལ་ན་ཡོད་པ་མིན་ཞིང་མ་དཔྱད་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན་པར་རྟོ༷གས་པར་བྱ༷་སྟེ༷། མ་བརྟག་པར་གྲགས་པ་ཁོ་ན་ཡིན་པར་ཤེས་བྱའོ། །རྩ་བར། གང་ཕྱིར་ཐུབ་དབང་དེ་ནི་འཇིག་རྟེན་ལྷན་ཅིག་རྩོད་མི་མཛད་ཕྱིར་རོ། །ཞེས་རྒྱུ་མཚན་ག༷ང་གི་ཕྱི༷ར་དེ་དག་ནི་འཇིག་རྟེན་ན་གྲགས་པ་ལྟར་འཇོག་རྒྱུའི་ཐ་སྙད་ཡིན་པ་ནི། ཐུ༷བ་པའི་དབང༷་པོ་དེ༷་ནི༷་འཇི༷ག་རྟེ༷ན་དང་ལྷ༷ན་ཅི༷ག་རྩོ༷ད་པ་མི༷་མཛ༷ད་པར་འཇིག་རྟེན་ན་གྲགས་ཤིང་གྲུབ་པའི་དོན་དེ་དག་ཞལ་གྱིས་བཞེས་པའི་ཕྱི༷ར་རོ༷། །རང་འགྲེལ་ལས། འཇིག་རྟེན་ང་དང་ལྷན་ཅིག་རྩོད་ཀྱི་ང་ནི་འཇིག་རྟེན་དང་མི་རྩོད་དོ་ཞེས་བྱ་བའི་ལུང་ལས་ན་འཇིག་རྟེན་གྱི་གྲགས་པ་ལ་གནོད་པར་མི་བྱའོ། །ཞེས་གསུངས་སོ། །དེ་ལ་ཤིང་རྟ་ཕྲན་ནི་ཇ་སིག་གསུམ་ཙམ་འགེལ་རུང་བ་སྟེ། འཁོར་ལོ་དང་བར་ཡང་ཡོད་པའི་ཁང་པ་གཅིག་ཡིན་ཟེར་ཏེ། འོ་ན་སྐྱེས་བུ་རྣམས་ཀྱིས་དངོས་པོ་རྣམས་ལ་ཐ་སྙད་གང་གི་སྒོ་ནས་ཇི་ལྟར་བསྙད་པའམ་འདོགས་པ་ཡིན་ཞེ་ན། རྩ་བར། ཡོན་ཏན་ཡན་ལག་འདོད་ཆགས་མཚན་ཉིད་དང་ནི་བུད་ཤིང་ལ་སོགས་དང༌། །ཡོན་ཏན་ཅན་ཡན་ལག་ཅན་ཆགས་དང་མཚན་གཞི་མེ་ལ་སོགས་དོན་དག །དེ་རྣམས་ཤིང་རྟའི་རྣམ་དཔྱད་བྱས་པས་རྣམ་བདུན་ཡོད་པ་མ་ཡིན་ཞིང༌། །དེ་ལས་གཞན་དུ་གྱུར་པར་འཇིག་རྟེན་གྲགས་པའི་སྒོ་ནས་ཡོད་པ་ཡིན། །ཞེས་མི་རིས་སྔོ་སངས་སོགས་ཡོ༷ན་ཏ༷ན་དང༌། གྱོ་མོ་སོགས་ཡ༷ན་ལ༷ག་དང༌། ཟག་བཅས་ཀྱི་ཡུལ་ཡིད་འོང་ལ་སྲེད་པ་ནི་འདོ༷ད་ཆ༷གས་དང༌། ལྟོ་ལྡིར་བ་དང་ཞབས་ཞུམ་པ་སོགས་མཚ༷ན་ཉི༷ད་དེ་ད༷ང་ནི༷། བུ༷ད་ཤི༷ང་བསྲེག་པར་བྱ་བ་ལ༷་སོ༷གས་པ་ལ་ལྟོས་ནས་གོ་རིམ་བཞིན་དུ་བུམ་པ་སོགས་ཡོ༷ན་ཏ༷ན་ཅ༷ན་དང༌། བུམ་པ་སོགས་ལ་ཡ༷ན་ལ༷ག་ཅ༷ན་དང༌།

ཡིད་འོང་ལ་ཆགས་པའི་སེམས་ཅན་ནམ་གང་ཟག་ནི་ཆ༷གས་པ་དང༷༌། བུམ་པ་མཚ༷ན་གཞི༷་སྟེ་མཚོན་བྱ་དང༌། མེ༷་དེས་སྲེག་པར་བྱེད་པ་ལ༷་སོག༷ས་པའི་དོན༷་དག༷་དེ༷་རྣ༷མས་འཇོག་པ་ནི་ཤི༷ང་རྟ༷འི་རྣ༷མ་པར་དཔྱ༷ད་པ་བྱ༷ས་པ༷ས་རྣ༷མ་པ་བདུ༷ན་དུ་བཙལ་བ་ན་ཡོ༷ད་པ༷་མ༷་ཡི༷ན་ཞི༷ང༌། དེ༷་ལ༷ས་གཞ༷ན་དུ༷་གྱུ༷ར་པ༷ར་འཇི༷ག་རྟེ༷ན་ན་གྲ༷གས་པ༷འི་སྒོ༷་ན༷ས་ཡོ༷ད་པ༷་ཡི༷ན་ཏེ། གྱོ་མོ་དང་མཆུ་སོགས་ཡན་ལག་ལ་ལྟོས་ན་བུམ་པ་ཡན་ལག་ཅན་དང༌། ཡན་ལག་ཅན་བུམ་པ་ལ་ལྟོས་ན་གྱོ་མོ་སོགས་ཡན་ལག་དང༌། སྔོ་སངས་ལ་སོགས་པའི་ཡོན་ཏན་ཡོད་པ་ལ་ལྟོས་ནས་བུམ་པ་ཡོན་ཏན་ཅན་ཞེས་སོགས་བཞག་པའི་ཐ་སྙད་ཐམས་ཅད་ནི་ཤིང་རྟའི་དཔྱད་པས་རྣམ་པ་བདུན་དུ་བཙལ་ན་མི་རྙེད་ཀྱང་འཇིག་རྟེན་ན་ཇི་ལྟར་བཞག་པ་དེ་ལ་ཐ་སྙད་ཚད་མས་གནོད་པ་མེད་པའི་ཕྱིར་རོ། །

གཉིས་པ་རྒྱུ་དང་འབྲས་བུའི་དངོས་པོ་ལ་བསྒྲེ་བ་ནི།

རྩ་བར། གལ་ཏེ་རྒྱུ་ཡིས་བསྐྱེད་པར་བྱ་བསྐྱེད་དེ་ལྟ་ན་དེ་རྒྱུ་ཡིན་ཞིང༌། །གལ་ཏེ་འབྲས་བུ་མི་སྐྱེད་ན་ནི་དེ་མེད་རྒྱུ་མེད་ཅན་དུ་འགྱུར། །

འབྲས་བུ་ཡང་ནི་རྒྱུ་ཡོད་གྱུར་ན་སྐྱེ་བར་འགྱུར་བ་དེ་ཡི་ཕྱིར། །ཞེས་ཡན་ལག་དང་ཡན་ལག་ཅན་གཉིས་དང་མཚན་ཉིད་མཚོན་བྱ་གཉིས་དང་བསྲེག་བྱ་དང་སྲེག་བྱེད་གཉིས་ལ་སོགས་པ་ཕན་ཚུན་ལྟོས་ནས་གྲུབ་པ་ཡིན་པ་མ་ཟད་རྒྱུ་འབྲས་གཉིས་ཀྱང་ཕན་ཚན་ལྟོས་ནས་གྲུབ་པ་ཡིན་གྱི་རང་བཞིན་གྱིས་གྲུབ་པ་མ་ཡིན་པ་ནི། ག༷ལ་ཏེ༷་རྒྱུ༷་ཡིན་པ་དེ་ཡི༷ས་རང་གིས་བསྐྱེ༷ད་པ༷ར་བྱ༷་བ་འབྲས་བུ་དེ་སྐྱེ༷ད་པར་བྱེད་པ་དེ༷་ལྟ༷ར་ཡིན་ན༷་འབྲས་བུ་དེ་ལ་ལྟོས་ནས་ས་བོན་ལ་སོགས་པ་དེ༷་རྒྱུ༷་ཡི༷ན་པར་འགྱུར་ཞི༷ང༌། ག༷ལ་ཏེ༷་རྒྱུ་དེས་འབྲ༷ས་བུ༷་མི༷་སྐྱེ༷ད་ན༷་ནི༷་སྐྱེད་པར་བྱེད་པའི་རྒྱུ་དེ༷་མེ༷ད་པས་འབྲས་བུ་དེ་རྒྱུ༷་མེ༷ད་པ་ཅ༷ན་དུ༷་འགྱུ༷ར་དགོས་ཀྱང༌། འབྲ༷ས་བུ༷་ཡ༷ང་ནི༷་རྒྱུ་མེད་པར་མི་སྐྱེ་བར་རྒྱུ༷་ཡོ༷ད་པར་གྱུ༷ར་ན༷་རྒྱུ་དེ་ལས་སྐྱེ༷་བ༷ར་འགྱུ༷ར་བ༷་དེ༷་ཡི༷་ཕྱི༷ར་རོ། །རྩ་བར། གང་ལས་གང་ཞིག་འགྱུར་བ་གང་ཞིག་ལས་སྔར་གང་ཞིག་འགྱུར་དེ་སྨོས། །ཞེས་གལ་ཏེ་རྒྱུ་འབྲས་གཉིས་རང་བཞིན་གྱིས་གྲུབ་པ་ཡིན་ན་ནི། མྱུ་གུ་དེ་རྒྱུ་ས་བོན་ག༷ང་ལ་བརྟེན་པ་ལ༷ས་འབྲས་བུར་གྱུར་པ་དང༌།

ས་བོན་དེ་འབྲས་བུ་མྱུ་གུ་གང༷་ལ༷་ལྟོས་ནས་རྒྱུར་གྲུབ་པའམ་རྒྱུར་འགྱུར་བ་དེ་གཉིས་ག༷ང་ཞི༷ག་ཏུ་འགྱུ༷ར་བ༷་ག༷ང་ཞི༷ག་སྟེ་རྒྱུ་འབྲས་དེ་གཉིས་ལ༷ས་སྔ༷ར་རྒྱུ་ག༷ང་ཞི༷ག་སྟེ་རྒྱུ་གང་ཡིན་པ་དེ་སྔ་མ་ཡིན་ནམ། འབྲས་བུ་དེ་སྔ་བར་འགྱུ༷ར་པ་དེ༷་གང་ཡིན་སྨྲོ༷ས་ཤིག རྩ་བར། གལ་ཏེ་ཁྱོད་ཀྱི་རྒྱུ་ཡིས་ཕྲད་ནས་འབྲས་སྐྱེད་བྱེད་ན་དེ་ཡི་ཚེ། །དེ་དག་ནུས་པ་གཅིག་པས་སྐྱེད་བྱེད་འབྲས་བུ་ཐ་དད་མེད་གྱུར་ཞིང༌། །སོ་སོར་ན་ནི་རྒྱུ་འདི་རྒྱུ་མིན་རྣམས་དང་ཁྱད་པར་མེད་འགྱུར་ལ། །

གཉིས་པོ་འདི་དག་སྤངས་ནས་རྟོག་པ་གཞན་ཡང་ཡོད་པར་འགྱུར་མ་ཡིན། །ཞེས་རྒྱུས་འབྲས་བུ་དང་ཕྲད་ནས་འབྲས་བུ་དེ་སྐྱེད་པར་བྱེད་དམ། མ་འཕྲད་པར་སྐྱེད་པར་བྱེད། ག༷ལ་ཏེ༷་ཁྱོ༷ད་ཀྱི༷་ལུགས་ལ་རྒྱུ༷་ཡི༷ས་འབྲས་བུ་དང་འཕྲ༷ད་ན༷ས་འབྲ༷ས་བུ་སྐྱེ༷ད་པར་བྱེ༷ད་པ་ཡིན་ན༷་ནི། དེ༷་ཡི༷་ཚེ༷་འཕྲད་པ་ཡང་རང་བཞིན་གྱིས་གྲུབ་པ་ཡིན་དགོས་ལ། རང་བཞིན་གྱིས་འཕྲད་པ་ནི་ཆ་ཐམས་ཅད་ནས་འཕྲད་དགོས་ཤིང༌། ཆ་ཐམས་ཅད་ནས་འཕྲད་པ་ནི་གཅིག་ཁོ་ནར་གྱུར་པ་ཡིན་ཕྱིར་རྒྱུ་དང་འབྲས་བུ་གཉིས་པོ་དེ༷་ད༷ག་ནུ༷ས་པ༷་གཅི༷ག་ཏུ་གྱུར་པ༷ས་ན། སྐྱེ༷ད་བྱེ༷ད་ཀྱི་རྒྱུ་དང་བསྐྱེད་བྱའི་འབྲ༷ས་བུ༷་གཉིས་ཐ༷་ད༷ད་མེ༷ད་པར་འགྱུ༷ར་ཞིང༌། རང་ལས་རང་སྐྱེས་པ་མི་སྲིད་པའི་ཕྱིར་རོ། །ཅི་སྟེ་སོ༷་སོ༷ར་ཏེ་རྒྱུས་འབྲས་བུ་དང་མ་འཕྲད་པར་རང་བཞིན་གྱིས་བསྐྱེད་ན༷་ནི༷། མྱུ་གུའི་རྒྱུ༷་འདི༷་མྱུ་གུའི་རྒྱུ༷་མི༷ན་པའི་བུམ་སྣམ་ལ་སོགས་པ་རྣ༷མས་ད༷ང་མྱུ་གུ་སྐྱེད་བྱེད་ཡིན་མིན་གྱི་ཁྱ༷ད་པ༷ར་མེ༷ད་པར་འགྱུ༷ར་ལ། རྒྱུ་འབྲས་གཉིས་རང་བཞིན་གྱིས་གྲུབ་པ་དང་རྒྱུས་འབྲས་བུ་བསྐྱེད་པ་རང་བཞིན་གྱིས་གྲུབ་པའི་ཕྱོགས་འདི་ལ་རྒྱུས་འབྲས་བུ་དང་འཕྲད་ནས་སྐྱེད་པ་དང་མ་འཕྲད་པར་བསྐྱེད་པའི་བརྟགས་པ་གཉི༷ས་པོ༷་འདི༷་ད༷ག་སྤ༷ངས་ནས་བརྟགས་པ་གཉིས་པོ་འདི་དག་མ་གཏོགས་པའི་རང་བཞིན་གྱིས་བསྐྱེད་ཚུལ་གྱི་རྟོ༷ག་པ༷འམ་བརྟགས་པར་བྱེད་ཚུལ་གཞ༷ན་ཡ༷ང་ཡོ༷ད་པ༷ར་འགྱུ༷ར་བ་མ༷་ཡི༷ན་པས། རང་བཞིན་གྱིས་གྲུབ་པའི་རྒྱུས་འབྲས་བུ་སྐྱེད་པར་མི་བྱེད་པ་ཁོ་ནའོ། །རྩ་བར། ཅི་སྟེ་ཁྱོད་ཀྱི་རྒྱུ་ཡིས་འབྲས་བུ་སྐྱེད་པར་མི་བྱེད་དེ་ཕྱིར་འབྲས། །ཞེས་བྱ་ཡོད་མིན། ཞེས་རྒྱུ་མཚན་དེས་ན་ཅི༷་སྟེ༷་དངོས་སྨྲ་བ་ཁྱོ༷ད་ཀྱི༷་ལུགས་ལྟར་དུ་རང་བཞིན་གྱིས་གྲུབ་པའི་རྒྱུ༷་ཡི༷ས་འབྲ༷ས་བུ༷་སྐྱེ༷ད་པ༷ར་མི༷་བྱེ༷ད་པ་དེ༷འི་ཕྱི༷ར་ན་འབྲ༷ས་བུ་ཞེ༷ས་བྱ༷་བ་དེ་རང་བཞིན་གྱིས་ཡོ༷ད་པ་མི༷ན་ཏེ། རང་བཞིན་གྱིས་གྲུབ་པའི་རྒྱུས་འབྲས་བུ་མི་བསྐྱེད་པའི་ཕྱིར་རོ། །ཁྱོད་ཀྱི་ལུགས་ལ་འབྲས་བུ་རང་བཞིན་གྱིས་མེད་ན་མེད་དགོས་ལ། འབྲས་བུ་ནི་རང་བཞིན་གྱིས་ཡོད་པ་ཞིག་མི་སྲིད་པས་ན་ཁྱོད་ཀྱི་ལུགས་ལ་འབྲས་བུ་མེད་པར་འགྱུར་ཞིང༌། རྩ་བར། འབྲས་བྲལ་རྒྱུ་ནི་རྒྱུ་མེད་ཅན་འགྱུར་ཡོད་པའང་མིན། །ཞེས་དེས་ན་འབྲ༷ས་བུ་བྲ༷ལ་བའམ་མེད་པར་རྒྱུ་དེ་རྒྱུ་ཡིན་པར་འཇོག་ནུས་ན་ནི། རྒྱུ༷་ནི༷་རྒྱུ་ཡིན་པར་འཇོག་བྱེད་ཀྱི་རྒྱུ༷་མཚན་མེ༷ད་པ་ཅ༷ན་དུ་འགྱུར༷་བ་ལ་རྒྱུར་འཇོག་བྱེད་ཀྱི་རྒྱུ་མཚན་མེད་པ་ཅན་གྱི་རྒྱུ་ཡོ༷ད་པ༷འ༷ང་མི༷ན་ནོ། །རྩ་བར། གང་ཕྱིར་འདི་དག་གཉིས་ཆར་ཡང་ནི་སྒྱུ་མ་དང་འདྲ་དེ་ཡི་ཕྱིར། །བདག་ལ་སྐྱོན་དུ་མི་འགྱུར་འཇིག་རྟེན་པ་ཡི་དངོས་པོ་རྣམས་ཀྱང་ཡོད། །ཅེས་འོ་ན་དབུ་མ་པས་ཀྱང་རྒྱུས་འབྲས་བུ་བསྐྱེད་པར་ནི་ཁས་ལེན་པས་འཕྲད་མ་འཕྲད་ཀྱི་བརྟགས་པའི་སྐྱོན་གཉིས་ཡོད་དོ་སྙམ་ན་མེད་དེ། རྒྱུ་མཚན་ག༷ང་གི་ཕྱི༷ར་ཞེ་ན་རྒྱུ་འབྲས་འདི༷་ད༷ག་གཉི༷ས་ཆ༷ར་ཡ༷ང་ནི༷་སྟེ་གཉིས་ཀ་ཡང་རང་བཞིན་གྱིས་མ་གྲུབ་པ་སྒྱུ༷་མ༷་ད༷ང་འདྲ༷་བ་ཡིན་པ་དེ༷་ཡི༷་ཕྱི༷ར་ན། དབུ་མ་པ་བད༷ག་ལ༷་རྒྱུས་འབྲས་བུ་དང་འཕྲད་ནས་བསྐྱེད་དམ་མ་ཕྲད་པར་བསྐྱེད་པའི་ཕྱོགས་གཉིས་ཀའི་སྐྱོ༷ན་དུ༷་ཡོད་པར་མི༷་འགྱུ༷ར་ཞིང༌། འཇི༷ག་རྟེ༷ན་ལ་གྲགས་པ༷་ཡི༷་རྒྱུ་འབྲས་དང་ཤིང་རྟ་ལ་སོགས་པའི་དངོ༷ས་པོ༷་རྣ༷མས་ཀྱ༷ང་ཡོ༷ད་པའི་ཕྱིར་རོ། །

གསུམ་པ་དེ་ལ་གཞན་གྱི་རྩོད་པ་སྤང་བ་ལ།

རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་བཀག་པ་ལ་ཡང་སྐྱོན་མཚུངས་པའི་རྩོད་པ་དང༌། རང་ལ་སྐྱོན་མི་མཚུངས་པའི་ལན་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། སུན་འབྱིན་འདིས་སུན་དབྱུང་བྱ་ཕྲད་ནས་འབྱིན་ནམ་མ་ཕྲད་པར། །ཡིན་ཞེས་ཉེས་པ་འདི་ནི་ཁྱོད་ལའང་འགྱུར་བ་མ་ཡིན་ནམ། །གང་ཚེ་སྐད་སྨྲ་ཞིང་རང་ཕྱོགས་ཁོ་ན་རྣམ་འཇོམས། །དེ་ཚེ་ཁྱོད་ཀྱི་སུན་འབྱུང་སུན་ནི་འབྱིན་པར་ནུས་མ་ཡིན་ཡིན། །ཞེས་དངོས་སྨྲ་ན་རེ། ཁྱེད་དབུ་མ་པ་ལ་ཡང་རྒྱུ་འབྲས་འཕྲད་མ་འཕྲད་བཏགས་ནས་འཕྲད་ནས་འབྲས་བུ་བསྐྱེད་པ་མི་འཐད་པ་དང༌། མ་འཕྲད་པར་རང་བཞིན་གྱིས་བསྐྱེད་པ་མི་འཐད་པའི་ཉེས་པ་ཡོད་པ་ནི་ངེད་ཅག་དང་མཚུངས་ཏེ། དབུ་མ་པ་ཁྱོད་ཀྱི་གཞན་སྐྱེ་འགོག་པའི་སྦྱོར་ངག་དང་ཐལ་འགྱུར་ལ་སོགས་པའི་སུ༷ན་འབྱི༷ན་པ་འདི༷ས། གཞན་སྐྱེ་འདོད་པ་ལ་སོགས་པའི་སུ༷ན་འབྱུ༷ང་བྱ༷། དེ་དང་འཕྲ༷ད་ན༷ས་སུན་འབྱི༷ན་པ་ཡིན་ན༷མ། འོན་ཏེ་མ༷་འཕྲ༷ད་པ༷ར་སུན་འབྱིན་པ་ཡི༷ན་ཞེ༷ས་བརྟགས་པའི་ཉེ༷ས་པ༷་འདི༷་ནི༷་དབུ་མ་པ་ཁྱོ༷ད་ལ༷འ༷ང་ཡོད་པར་འགྱུ༷ར་བ༷་མ༷་ཡི༷ན་ན༷མ་ཡིན་ནོ་ཞེ་ན། དེས་ན་ཁྱེད་དབུ་མ་པ་དག་གིས་ཁོ་བོ་ཅག་གི་རྒྱུས་འབྲས་བུ་རང་བཞིན་གྱིས་བསྐྱེད་པར་བཤད་པ་དེ་བརྟགས་པ་གཉིས་ཀྱི་སྒོ་ནས་སུན་དབྱུང་བ་དེས་ནི། ཁྱོད་རང་དབུ་མ་པ་དག་གི་སུན་འབྱིན་གྱི་ངག་ཐམས་ཅད་ཀྱང་སུན་དབྱུང་བ་ཡིན་ཏེ། དབུ་མ་དག་གིས་ག༷ང་གི་ཚེ༷་སུན་འབྱིན་ལྟར་སྣང་དེ༷་སྐ༷ད་སྨྲ༷་ཞི༷ང་གཞན་ཕྱོགས་སུན་འབྱིན་མི་ནུས་པར་ར༷ང་ཕྱོ༷གས་ཁོ༷་ན༷་རྣ༷མ་པར་འཇོ༷མས་པར་བྱེད་པ༷། དེ༷་ཡི་ཚེ༷་དབུ་མ་པ་ཁྱོ༷ད་ཀྱི༷ས་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་སོགས་འགོག་པའི་སུན་འབྱིན་གྱིས་སུ༷ན་དབྱུ༷ང་བྱ་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པར་འདོད་པ་སོགས་སུ༷ན་ནི༷་འབྱི༷ན་པ༷ར་ནུ༷ས་པ་མ༷་ཡི༷ན་པའི་ཕྱིར་རོ། །གཞན་ཡང༌། རྩ་བར། གང་ཕྱིར་རང་གི་ཚིག་ལའང་ཐལ་བ་མཚུངས་པའི་ལྟག་ཆོད་ཀྱི། །རིགས་པ་མེད་པར་དངོས་མཐའ་དག་ལ་སྐུར་འདེབས་དེ་ཡི་ཕྱིར། ། ཁྱོད་ནི་སྐྱེ་བོ་དམ་པས་བཞེད་མི་འགྱུར་ཞིང་གང་གི་ཕྱིར། །ཁྱོད་ལ་རང་ཕྱོགས་མེད་པས་སུན་ཅི་ཕྱིན་དུ་རྒོལ་བའང་ཡིན། །ཞེས་རྒྱུ་མཚན་ག༷ང་གི་ཕྱི༷ར་ན་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་འགོག་བྱེད་ཀྱི་ར༷ང་གི༷་ཚི༷ག་བརྟགས་པ་གཉིས་པོ་ལ༷འ༷ང༌། ཕ་རོལ་པོ་ལ་ཉེས་སྐྱོན་འཕངས་པའི་ཐ༷ལ་བ༷་དེ་རང་ལ་ཡང་མཚུ༷ངས་པར་ཡོད་པ༷འི་ལྟ༷ག་ཆོ༷ད་ཀྱི༷་སྟེ་སུན་འབྱིན་ལྟར་སྣང་གི་རི༷གས་པ༷་ཡང་དག་མེ༷ད་པ༷ར་རྒྱུས་འབྲས་བུ་བསྐྱེད་པ་དང༌། སུན་འབྱིན་གྱིས་སུན་འབྱིན་པ་ལ་སོགས་པའི་དངོ༷ས་པོ་མཐ༷འ་ད༷ག་ལ༷་སྐུ༷ར་བ་འདེ༷བས་པ་དེ༷་ཡི༷་ཕྱི༷ར་ན། དབུ་མ་པ་ཁྱོ༷ད་ནི༷་སྐྱེ༷་བོ༷་ད༷མ་པ༷ས་བཞེ༷ད་པར་ཏེ་འདོད་པར་མི༷་འགྱུ༷ར་ཞི༷ང༌། རྒྱུ་མཚན་ག༷ང་གི༷་ཕྱི༷ར་ཞེ་ན། དབུ་མ་པ་ཁྱོ༷ད་ལ༷་གཞན་སུན་འབྱིན་གྱི་ཚིག་གིས་རང་ཕྱོགས་ཀྱང་སུན་འབྱུང་བར་བྱེད་པ་ལས། གཞན་སུན་འབྱིན་གྱི་ངག་གིས་རང་གི་འདོད་ལུགས་ལ་མི་གནོད་པར་བྱས་ཏེ་ར༷ང་ཕྱོ༷གས་བཞག་པ་མེ༷ད་པ༷་ཡིན་པ༷ས་དབུ་མ་པ་ཁྱོད་ནི་སུ༷ན་ཅི༷་ཕྱི༷ན་དུ༷་སྟེ་གཞན་ཕྱོགས་སུན་འབྱིན་པ་དེ་ཕྱིན་ཅི་ལོག་ཏུ་རྒོ༷ལ་བ༷འ༷ང་ཡི༷ན་ཏེ། སུན་འབྱིན་ཕྱིན་ཅི་ལོག་ཏུ་རྒོལ་བ་ནི་གཞན་ཕྱོགས་སེལ་བ་ཁོ་ན་ལས་རང་ཕྱོགས་བཞག་པ་མེད་པར་གཞན་ཕྱོགས་སེལ་བ་ཁོ་ན་ལ་ཞུགས་པ་ཙམ་ཡིན་པའི་ཕྱིར་རོ་ཞེ་ན། གཉིས་པ་རང་ལུགས་ལ་མི་མཚུངས་པའི་ལན་བསྟན་པ་ལ། རང་ཕྱོགས་ལ་སུན་འབྱིན་དང་སྒྲུབ་པ་འཐད་ཚུལ། གཞན་གྱི་ཐལ་བ་མི་མཚུངས་པའི་རྒྱུ་མཚན་གསལ་བར་བཤད། རང་བཞིན་མེད་པ་སྒྲུབ་ནུས་པ་བཞིན་དུ་གཞན་གྱིས་བཟློག་སྟེ་སྒྲུབ་མི་ནུས་པ། འདིར་མ་བཤད་པའི་སུན་འབྱིན་ལྷག་མ་ཤེས་པར་བྱེད་ཚུལ་བཞི། དང་པོ་ལ། ཐ་སྙད་དུ་གཞན་ཕྱོགས་སུན་འབྱིན་པ་ཁས་ལེན་ཚུལ་དང༌། རང་གི་ཕྱོགས་སྒྲུབ་པ་ཁས་ལེན་ཚུལ་དང་གཉིས། དང་པོ་ནི། རྩ་བར། སུན་འབྱིན་པས་སུན་དབྱུང་བྱ་མ་ཕྲད་སུན་ནི་འབྱིན་བྱེད་དམ། །

འོན་ཏེ་ཕྲད་ནས་ཡིན་ཞེས་སྨྲས་ཟིན་ཉེས་པ་འདིར་གང་ལ། །ངེས་པར་ཕྱོགས་ཡོད་དེ་ལ་འགྱུར་གྱི་བདག་ལ་ཕྱོགས་འདི་ནི། །ཡོད་པ་མིན་པས་ཐལ་བར་འགྱུར་བ་འདི་ནི་སྲིད་མ་ཡིན། །ཞེས་བདག་གིས་ཁྱེད་ཅག་ལ་འཕངས་པའི་ཐལ་བ་དེ་ཚུར་བཟློག་པའི་སྐྱོན་དེ་ཁྱོད་རང་ལ་འཇུག་གི་ཁོ་བོ་དབུ་མ་པ་ལ་འཇུག་པ་མ་ཡིན་ཏེ། སུ༷ན་འབྱི༷ན་པ༷ས་ཏེ་སུ༷ན་འབྱིན་བྱེད་ཀྱིས་སུན་དབྱུ༷ང་བྱ༷་དེ། དེ་དང་མ༷་འཕྲ༷ད་པར་སུ༷ན་ནི༷་འབྱི༷ན་པར་བྱེ༷ད་ད༷མ། འོ༷ན་ཏེ༷་འཕྲ༷ད་ན༷ས་སུན་འབྱིན་པ་ཡི༷ན་ཞེ༷ས་བརྟགས་པ་སྔར་སྨྲ༷ས་ཟི༷ན་པའི་ཉེ༷ས་པ༷་འདི་ནི། སྐབས་འདི༷ར་རྒོལ་བ་པོ་ག༷ང་ལ༷་ངེ༷ས་པ༷ར་སུན་དབྱུང་བྱ་འབྱིན་བྱེད་རང་བཞིན་གྱིས་གྲུབ་པར་ཁས་ལེན་པའི་ཕྱོ༷གས་ཡོ༷ད་པ་དེ༷་ལ༷་སྐྱོན་དུ་འགྱུ༷ར་གྱི༷། བད༷ག་དབུ་མ་པ་ལ༷་རང་བཞིན་གྱིས་གྲུབ་པའི་དོན་ཁས་ལེན་པའི་ཕྱོ༷གས་འདི༷་ནི༷་ཡོ༷ད་པ༷་མི༷ན་པ༷ས། སུན་འབྱིན་གྱིས་སུན་དབྱུང་བྱ་དེ་འཕྲད་མ་འཕྲད་གཉིས་ཀའི་སྒོ་ནས་སུན་འབྱིན་པར་བྱེད་པ་མི་འཐད་པར་ཐ༷ལ་བ༷ར་འགྱུ༷ར་བ༷་ཡི་སྐྱོན་འདི༷་ནི༷་བདག་ལ་སྲི༷ད་པ་སྟེ་ཡོད་པ་མ༷་ཡི༷ན་པའི་ཕྱིར་ཏེ། རང་འགྲེལ་ལས། སུན་འབྱིན་པ་དང་སུན་དབྱུང་བྱ་གཉི་ག་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་ཕྲད་པ་དང་མ་ཕྲད་པའི་བསམ་པ་མི་བྱེད་དོ། །ཇི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་ཅི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་འགྱུར་རམ། འོན་ཏེ་མ་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་འགྱུར། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཁོ་བོ་ནི་སྐྱེས་པའི་ཆོས་ཀྱིས་མ་སྐྱེས་པའི་ཐོབ་པ་འཐོབ་པར་མི་འདོད་ལ། མ་སྐྱེས་པས་ཀྱང་མ་སྐྱེས་པའི་ཐོབ་པ་འཐོབ་པར་མི་འདོད་དོ། །ཤཱ་རིའི་བུས་སྨྲས་པ། ཚེ་དང་ལྡན་པ་རབ་འབྱོར་ཡང་ཅི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དམ། རབ་འབྱོར་གྱིས་སྨྲས་པ། ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་ཡང་ཡོད་མངོན་པར་རྟོགས་པ་ཡང་ཡོད་མོད་ཀྱི། གཉིས་ཀྱི་ཚུལ་གྱིས་ནི་མ་ཡིན་ནོ། །ཚེ་དང་ལྡན་པ་ཤཱ་རིའི་བུ་ཐོབ་པ་དང་མངོན་པར་རྟོགས་པ་ནི་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་ལ། རྒྱུན་དུ་ཞུགས་པ་དང༌། ལན་ཅིག་ཕྱིར་འོང་བ་དང༌། ཕྱིར་མི་འོང་བ་དང༌། དགྲ་བཅོམ་པ་དང༌། རང་སངས་རྒྱས་དང༌། བྱང་ཆུབ་སེམས་དཔའ་ཡང་འཇིག་རྟེན་གྱི་ཐ་སྙད་དུ་ཡིན་གྱི་དོན་དམ་པར་ནི་ཐོབ་པ་མེད་ཅིང་མངོན་པར་རྟོགས་པ་མེད་དོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །འདིར་ཇི་ལྟར་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་སྐྱེས་པའམ་མ་སྐྱེས་པའི་ཆོས་ཀྱིས་ཐོབ་པ་འཐོབ་པ་བཀག་ཅིང་གཉིས་ཀྱང་དངོས་པོ་མེད་པ་ལ་མི་རིགས་པའི་ཕྱིར། མ་བརྟགས་པར་འཇིག་རྟེན་གྱི་ཐ་སྙད་དུ་ཐོབ་པར་ཁས་བླངས་པ་དེ་བཞིན་དུ། སུན་དབྱུང་བར་བྱ་བ་དང་སུན་འབྱིན་པ་དག་ཀྱང་ཕྲད་པའམ་མ་ཕྲད་པར་མ་ཡིན་མོད་ཀྱི། འོན་ཀྱང་ཐ་སྙད་དུ་སུན་འབྱིན་པས་སུན་དབྱུང་བ་སུན་འབྱིན་པར་བྱེད་དོ་ཞེས་ཤེས་པར་བྱའོ། །

ཞེས་གསུངས་སོ། །གཉིས་པ་རང་གི་ཕྱོགས་གྲུབ་པ་ཁས་ལེན་ཚུལ་ནི། རྩ་བར། ཇི་ལྟར་ཁྱོད་ཀྱིས་ཉི་མའི་དཀྱིལ་འཁོར་ལ་ཡོད་ཁྱད་པར་རྣམས། །གཟུགས་བརྙན་ལ་ཡང་གཟས་གཟུང་ལ་སོགས་རྣམས་ཚེ་མཐོང་འགྱུར་ལ། །ཉི་མ་དང་ནི་གཟུགས་བརྙན་རྣམ་པ་ཕྲད་དང་མ་ཕྲད་པར། །

མི་རིགས་མོད་ཀྱི་བརྟེན་ནས་ཐ་སྙད་ཙམ་ཞིག་འབྱུང་འགྱུར་ཞིང༌། །མི་བདེན་བཞིན་དུའང་རངགི་བྱད་བཞིན་མཛེས་པར་བསྒྲུབ་བྱའི་ཕྱིར། །དེ་ནི་ཡོད་པ་ཇི་ལྟར་དེ་བཞིན་འདིར་ཡང་ཤེས་རབ་གདོང༌། །སྦྱང་བར་བྱ་ལ་ནུས་པ་མཐོང་བར་གྱུར་པའི་གཏན་ཚིགས་ནི། འཐད་པ་དང་བྲལ་ལས་ཀྱང་བསྒྲུབ་བྱ་རྟོགས་ཞེས་ཤེས་པར་བྱ། །ཞེས་ཁོ་བོ་ཅག་དབུ་མ་པའི་ལུགས་ལ་སུན་དབྱུང་བྱ་འབྱིན་བྱེད་རང་བཞིན་གྱིས་གྲུབ་པ་མེད་ཀྱང་བདེན་གྲུབ་འགོག་པའི་སུན་འབྱིན་གྱིས་བདེན་གྲུབ་དང༌། བདེན་གྲུབ་སྨྲ་བ་རྣམས་སུན་དབྱུང་ནས་བདེན་མེད་སྒྲུབ་པ་ལ་སོགས་པའི་རང་ཕྱོགས་སྒྲུབ་པ་འཐད་དེ། ཇི༷་ལྟ༷ར་དངོས་སྨྲ་ཁྱོ༷ད་ཀྱི༷ས་དཔེར་ན་ཉི༷་མ༷འི་དཀྱི༷ལ་འཁོ༷ར་དང་བྱད་བཞིན་ལ༷་ཡོ༷ད་པའི་ཁྱ༷ད་པ༷ར་གཟས་བཟུང་བ་ལ་སོགས་དང༌། ནག་ནག་པོའི་དྲི་མ་ལ་སོགས་པ་རྣ༷མས་ནི། ཆུ་ནང་དུ་ཉི་མའི་དཀྱིལ་འཁོར་དང་བྱད་བཞིན་གྱི་གཟུ༷གས་བརྙ༷ན་མཐོང་བ་ལ༷་ཡ༷ང་བརྟེན་ནས། ཉི་མ་གཟ༷ས་བཟུ༷ང་བ་དང༌། གདོང་ལ་དྲི་མས་གོས་པ་ལ༷་སོ༷གས་པ་རྣ༷མས་ཀྱི་ཚེ༷་མཐོ༷ང་བར་འགྱུ༷ར་ལ༷། དེ་ཚེ་ཉི༷་མ༷་དང་བྱད་བཞིན་གཉིས་པོ་ད༷ང་ནི༷། དེ་གཉིས་འབྲས་བུ་གཟུ༷གས་བརྙ༷ན་གཉིས་པོ་རང་བཞིན་གྱིས་རྣ༷མ་པ༷་ལ་འཕྲ༷ད་ནས་གཟུགས་བརྙན་གཉིས་སྐྱེ་བ་ད༷ང༌། མ༷་འཕྲ༷ད་པ༷ར་གཟུགས་བརྙན་དེ་གཉིས་རང་བཞིན་གྱིས་སྐྱེ་ཞེས་བཏགས་དོན་བཙལ་ནས་དཔྱད་པ་ན་ཉི་མ་དང་བྱད་བཞིན་གྱི་རྒྱུ་ལས་གཟུགས་བརྙན་གཉིས་སྐྱེ་བ་མི༷་རི༷གས་མོ༷ད་ཀྱི༷། འོན་ཀྱང་ཉི་མ་དང་བྱད་བཞིན་ལ་བརྟེ༷ན་ན༷ས་ཐ༷་སྙ༷ད་ཀྱི་བློ་ལ་སྣང་བའི་སྒོ་ནས་བཞག་ཙ༷མ་གྱི་གཟུགས་བརྙན་ཞི༷ག་འབྱུ༷ང་བར་འགྱུ༷ར་ཞི༷ང༌། འབྱུང་བའི་གཟུགས་བརྙན་དེ་ཡང་མི༷་བདེ༷ན་བཞི༷ན་དུ༷འ༷ང་གཟུགས་བརྙན་དེའི་རྒྱུ་ལས་ཉི་མའི་དཀྱིལ་འཁོར་གྱི་ཁྱད་པར་གཟས་བཟུང་བ་རྟོགས་པ་དང༌། ར༷ང་གི༷་གདོང་དྲི་མས་གོས་པ་དག་མཐོང་ནས་རང་གི་བྱ༷ད་བཞི༷ན་གྱི་དྲི་མ་བཀྲུས་ཏེ་བྱད་བཞིན་མཛེ༷ས་པ༷ར་བསྒྲུ༷བ་པར་བྱ༷འི་ཕྱི༷ར་ན། མི་བདེན་པའི་གཟུགས་བརྙན་དེ༷་ལས་ནི༷་ཉི་མའི་དཀྱིལ་འཁོར་རྟོགས་པ་དང༌། གདོང་གི་དྲི་མ་བཀྲུས་ནས་མཛེས་པར་བྱེད་ནུས་པ་ཡོ༷ད་པ༷་ཇི༷་ལྟ༷ར་དེ༷་བཞི༷ན། སུན་དབྱུང་བྱའི་ལོག་རྟོག་སོགས་སུན་འབྱིན་པའི་སྐབས་འདི༷ར་ཡ༷ང་སུན་དབྱུང་བྱ་འབྱིན་བྱེད་རང་བཞིན་གྱིས་མེད་ཀྱང༌། བདེན་མེད་རྟོགས་པའི་ཤེ༷ས་ར༷བ་སྐྱེས་བུའི་གདོ༷ང་བ་དང་འདྲ་བའི་སྒྲིབ་བྱེད་ཀྱི་དྲི་མ་བདེན་འཛིན་གྱི་མ་རིག་པ་སྦྱ༷ང་བ༷ར་བྱ༷་བ་ལ༷་ནུ༷ས་པ༷་མཐོ༷ང་བ༷ར་འགྱུ༷ར་བ༷འི་སྟེ་བདེན་འཛིན་གྱི་ཞེན་ཡུལ་སུན་དབྱུང་བའི་སྒོ་ནས་བདེན་འཛིན་སེལ་བར་བྱེད་ནུས་པ་ཅན་གྱི་གཟུགས་བརྙན་ལྟ་བུའི་གཏ༷ན་ཚི༷གས་ནི༷། རང་བཞིན་གྱིས་ཡོད་པར་སྒྲུབ་པའི་འཐ༷ད་པའམ་རིགས་པ༷་ཡང་དག་ད༷ང་བྲ༷ལ་བར་རྟོགས་བྱེད་ཀྱི་གཅིག་དུ་བྲལ་དང་རྟེན་འབྲེལ་ལ་སོགས་པའི་གཏན་ཚིགས་ལ་བརྟེན་པ་ལ༷ས་ཀྱ༷ང་བསྒྲུ༷བ་བྱ༷་མྱུ་གུ་བདེན་མེད་སོགས་རྟོ༷གས་པ་ཡིན་ཞེ༷ས་ཤེ༷ས་པ༷ར་བྱ༷་བ་ཡིན་པའི་ཕྱིར་ཏེ། མི་བདེན་པའི་གཟུགས་བརྙན་ལ་གདོང་མཛེས་པར་བྱེད་པའི་ནུས་པ་ཡོད་པ་བཞིན་དུ་རང་བཞིན་གྱིས་མ་གྲུབ་པའི་གཏན་ཚིགས་གཟུགས་བརྙན་ལྟ་བུ་རྣམས་ཀྱིས། གདོང་གི་དྲི་མ་ལྟ་བུའི་བདེན་འཛིན་གྱི་མ་རིག་པའི་ཞེན་ཡུལ་སུན་དབྱུང་བའི་སྒོ་ནས་བསལ་ཏེ། བདེན་མེད་རྟོགས་པའི་ཤེས་རབ་ཀྱི་གདོང་མཛེས་པར་བསྒྲུབ་ནུས་པའི་ཕྱིར་རོ། །རང་འགྲེལ་ལས། ཇི་སྐད་དུ་འཕགས་པའི་ལྷས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོ་ལའང༌། །

ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་བྱ་བ་དང༌། དེ་བཞིན་དུ། སྟོང་པ་ཉིད་ཀྱིས་བརྩད་བྱས་ཏེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་བྱ་བ་གསུངས་སོ། །འདིས་ནི་སྐྱེད་པར་བྱེད་པའི་རྒྱུ་ཡང་རྣམ་པར་བཤད་པར་བྱའོ། །ཞེས་གསུངས་སོ། །འཐད་པ་དང་བྲལ་ལས་ཀྱང་ཞེས་པའི་ཀྱང་སྒྲས་གཏན་ཚིགས་མ་ཟད་ཐལ་འགྱུར་གྱི་སུན་འབྱིན་གྱིས་ཀྱང་སུན་དབྱུང་བྱ་རྣམས་སུན་འབྱིནནུས་ཞེས་པ་སྡུད་དོ། །

གཉིས་པ་གཞན་གྱི་ཐལ་བ་མི་མཚུངས་པའི་རྒྱུ་མཚན་གསལ་བར་བཤད་པ་ནི།

རྩ་བར། གལ་ཏེ་རང་གི་བསྒྲུབ་བྱ་གོ་བྱེད་གཏན་ཚིགས་དངོས་གྲུབ་དང༌། །དངོས་སུ་གོ་བྱ་ཉིད་འགྱུར་བསྒྲུབ་བྱའི་ངོ་བོའང་ཡོད་འགྱུར་ན། །ཕྲད་པ་ལ་སོགས་རིགས་པ་ཉེ་བར་སྦྱོར་བར་འགྱུར་ཞིག་ན། །དེ་ཡང་ཡོད་པ་མིན་པས་ཁྱོད་ཀྱི་ཡི་ཆད་འབའ་ཞིག་ཡིན། །ཞེས་ག༷ལ་ཏེ༷་མྱུ་གུ་བདེན་མེད་གོ་བྱེད་ཀྱི་རྟགས་རྟེན་འབྲེལ་ལ་སོགས་པ་ར༷ང་གི༷་བསྒྲུ༷བ་བྱ༷་གོ༷་བྱེ༷ད་གཏན་ཚི༷གས་ཀྱི་དངོ༷ས་པོའམ་གཏན་ཚིགས་ཀྱི་ངོ་བོ་རང་བཞིན་གྱིས་གྲུ༷བ་པ་ད༷ང༌། མྱུ་གུ་བདེན་མེད་ལ་སོགས་པ་གཏན་ཚིགས་ལ་བརྟེན་ནས་དངོ༷ས་སུ༷་གོ༷་བྱ༷་ཉི༷ད་དུ་འགྱུ༷ར་བ་བསྒྲུ༷བ་བྱ༷འི་ངོ༷་བོ༷འ༷ང་རང་བཞིན་གྱིས་གྲུབ་པ་ཡོ༷ད་པར་གྱུ༷ར་ན༷་ནི། བསྒྲུབ་བྱ་དང་སྒྲུབ་བྱེད་ཕྲ༷ད་པ༷་དང༌། ལ༷་སོ༷གས་པས་མ་འཕྲད་པར་བསྒྲུབ་བྱ་བདེན་མེད་སོགས་སྒྲུབ་པ་དང༌། དགག་བྱ་བདེན་གྲུབ་སོགས་སུན་འབྱིན་པ་ཡིན་ཞེས། རྒྱུས་འབྲས་བུ་རང་བཞིན་གྱིས་བསྐྱེད་པ་ལ་འཕྲད་མ་འཕྲད་བརྟགས་པའི་རི༷གས་པ༷་དེ་སུན་འབྱིན་བྱ་འབྱིན་བྱེད་ལ་ཡང་ཉེ༷་བ༷ར་སྦྱོ༷ར་བ༷ར་འགྱུ༷ར་བ་ཞི༷ག་ཡིན་ན༷་ཡང༌། ངེད་ཀྱི་ལུགས་ལ་བསྒྲུབ་བྱ་སྒྲུབ་བྱེད་རང་བཞིན་གྱིས་གྲུབ་པ་དེ༷་ཡ༷ང་ཡོད་པ༷་མི༷ན་པ༷ས་ན། ཆོས་རྣམསཀྱི་གནས་ཚུལ་ཁས་ལེན་ཚུལ་མ་དག་པའི་ཕྱོགས་ལ་ངེད་ཅག་གིས་བཀོད་པའི་འཕྲད་མ་འཕྲད་ཀྱིསྐྱོན་དེ། ཆོས་ཀྱི་གནས་ཚུལ་ཁས་ལེན་ཚུལ་དག་པའི་ཕྱོགས་ལ་ཚུར་ལ་ཁྱོ༷ད་ཀྱི༷ས་བཀོད་པ་འདིནི་ཡི༷་ཆ༷ད་པ་སྟེ་ཡིད་འབྱུང་བའི་གནས་འབ༷འ་ཞི༷ག་ཡི༷ན་པའི་ཕྱིར་རོ། །

གསུམ་པ་རང་བཞིན་མེད་པ་སྒྲུབ་ནུས་པ་བཞིན་དུ་གཞན་གྱིས་བཟློག་སྟེ་སྒྲུབ་མི་ནུས་པ་ནི།

རྩ་བར། དངོས་རྣམས་མཐའ་དག་དངོས་པོ་མེད་པར་རྟོགས་སུ་གཞུག་པར་ནི། །ནུས་པ་ཆེས་སླ་ཇི་ལྟ་དེ་ལྟར་རང་བཞིན་གཞན་དག་ལ། །ཁོང་དུ་ཆུད་པར་བདེ་བླག་ཏུ་ནི་ནུས་པ་མ་ཡིན་ནོ། །རྟོག་གེ་ངན་པའི་དྲ་བས་འཇིག་རྟེན་ཅི་སྟེ་འདིར་བཅོལ་བྱེད། ཅེས་དབུ་མ་པ་དག་གིས་སྒྱུ་མ་དང་རྨི་ལམ་ལ་སོགས་པ་ཕྱི་རྒོལ་དངོས་སྨྲ་རང་ལ་མི་བདེན་པར་གྲགས་པའི་དཔེ་ཁོ་ནས། དངོ༷ས་སྨྲ་རྣ༷མས་ལ་དངོས་པོ་རྣམས་མཐ༷འ་ད༷ག་དངོ༷ས་པོ༷་སྟེ་རང་བཞིན་གྱིས་གྲུབ་པ་མེ༷ད་པ༷ར་རྟོ༷གས་སུ༷་གཞུ༷ག་པ༷ར་ནི༷་ནུ༷ས་པ༷་ཆེ༷ས་སླ༷་བ་ཡིན་ལ། དེ་སླ་བ་ཡིན་པ་ཇི༷་ལྟ༷་བ་དེ༷་ལྟ༷ར་དུ་ནི་དངོས་སྨྲ་དག་གིས་ར༷ང་བཞི༷ན་གྱིས་གྲུབ་པ་དེ་གཞ༷ན་དབུ་མ་པ་ད༷ག་ལ༷། ཁོ༷ང་དུ༷་ཆུ༷ད་པ༷ར་བྱེད་པ་དེ་བདེ༷་བླ༷ག་ཏུ༷་ནི༷་སྒྲུབ་ནུ༷ས་པ༷་མ༷་ཡི༷ན་ཏེ། གཉིས་ཀ་གྲུབ་པའི་དཔེ་མཐུན་སྣང་བ་མེད་པ་ཡིན་ནོ༷། །ཁྱོད་ཀྱིས་འཇིག་རྟེན་པ་རྣམས་ནི་དར་གྱི་སྲིན་བུ་ལྟར་རང་གི་བདེན་འཛིན་གྱི་རྣམ་རྟོག་གི་སྦུབས་ཀྱིས་བཏུམ་པའི་སྟེང་དུ། བདེན་གྲུབ་སྒྲུབ་བྱེད་ཀྱི་རྟོ༷ག་གེ༷་ང༷ན་པ༷འི་སྲད་བུས་བྲེས་པའི་དྲ༷་བ༷ས་འཇི༷ག་རྟེ༷ན་པ་རྣམས་ཅི༷་སྟེ༷་འཆིང་བར་བྱེད་དེ་བྱེད་པར་མི་རིགས་པར་སྐབསའདི༷ར་དངོས་སྨྲ་ཁྱོད་སུ་ཞིག་གིས་བཅོ༷ལ་བར་བྱེ༷ད་པ་ཡིན་ཏེ་མི་རིགས་སོ། །

བཞི་པ་འདིར་མ་བཤད་པའི་སུན་འབྱིན་ལྷག་མ་ཤེས་པར་བྱེད་ཚུལ་ནི།

རྩ་བར། སུན་འབྱིན་ལྷག་མ་གོང་དུ་བསྟན་པ་ཡང་ནི་ཤེས་བྱས་ནས། །ཕྲད་པ་ལ་སོགས་ཕྱོགས་ཀྱི་ལན་གྱི་ཆེད་དུ་འདིར་བཏང་བྱ། །སུན་ཅི་ཕྱིན་དུ་རྒོལ་བ་པོ་ཡང་ཇི་ལྟར་ཡོད་མིན་པ། །དེ་སྐད་སྔར་བཤད་ལྷག་མ་ཕྱོགས་འདི་ཉིད་ཀྱིས་རྟོགས་པར་བྱ། །ཞེས་འདིར་དབུ་མ་པས་མྱུ་གུ་སྐྱེ་བ་སོགས་རང་ངོས་ནས་མ་གྲུབ་པར་རྟེན་ཅིང་འབྲེལ་བར་འབྱུང་བ་ཙམ་དང༌། གང་ཟག་སོགས་རང་གི་གདགས་གཞི་ལ་བརྟེན་ནས་བརྟགས་པ་ཙམ་ཡིན་པར་བཞག་པའི་སྐབས་རྣམས་སུ། དངོས་སྨྲ་བའི་དངོས་པོ་རང་བཞིན་གྱིས་གྲུབ་པར་འདོད་པའི་ཕྱོགས་ལ་དབུ་མ་པས་གཞན་སྐྱེས་ལ་ཧ་ཅང་ཐལ་བ་སོགས་སུ༷ན་འབྱི༷ན་མང་དུ་བཤད་པ་རྣམས་ཀྱི་ལྷ༷ག་མ༷་གོ༷ང་དུ༷་བསྟ༷ན་པའི་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ༷་ཡིན་ན་རྒྱུས་འབྲས་བུ་དེ་འཕྲད་ནས་སམ་མ་འཕྲད་པར་སྐྱེད་ཅེས་བརྟགས་པའི་སུན་འབྱིན་དེ་ཡ༷ང་ནི༷་ཤེ༷ས་པར་བྱ༷ས་ན༷ས། དངོས་སྨྲ་བས་དབུ་མ་བས་རྒྱུས་འབྲས་བུ་ཕྲ༷ད་པ༷་དང་ལ༷་སོ༷གས་པས་མ་འཕྲད་པར་སྐྱེད་ཅེས་བརྟགས་ནས་བཀག་པའི་ཕྱོ༷གས་ཀྱི༷་ལ༷ན་གྱི༷་སྟེ་ལན་གདབ་པའི་ཆེ༷ད་དུ༷། ཁྱོད་ཀྱིས་སུན་འབྱིན་ལ་ཡང་འཕྲད་མ་འཕྲད་བརྟགས་པའི་སྐྱོན་འབྱུང་ཞེས་རྩོད་པའི་སྐབས་འདི༷ར། བརྟགས་པ་དེ་རང་ལ་མི་མཚུངས་པའི་ལན་སྔ་མ་དེ་ལས་གཞན་ཡང་བཏ༷ང་བར་བྱ༷་སྟེ། གོང་དུ་སུན་འབྱིན་པས་སུན་སོགས་ཀྱིས་ལན་གདབ་པ་ནི་མཚོན་པ་ཙམ་ཡིན་པས་རང་ལ་རང་བཞིན་གྱིས་གྲུབ་པ་ཁས་ལེན་མེད་པའི་གནད་དེ་ལ་བརྟེན་ནས་ལན་སྣ་ཚོགས་བརྗོད་དུ་ཡོད་པའི་ཕྱིར་རོ། །ཁྱེད་དངོས་སྨྲ་དག་གིས་དབུ་མ་པས་བརྟགས་པ་གཉིས་ཀྱི་སྒོ་ནས་རྒྱུ་འབྲས་རང་བཞིན་གྱིས་གྲུབ་པ་བཀག་པ་དེས་རང་ལུགས་ཀྱང་བཀག་པར་འགྱུར་བས་ན་སུན་ཅི་ཕྱིན་དུ་རྒོལ་བ་ཡིན་ཞེས་བརྗོད་པ་ནི་དོན་མེད་པའི་གཏམ་ཡིན་ཏེ། དབུ་མ་པ་ལ་སུ༷ན་ཅི༷་ཕྱི༷ན་དུ༷་རྒོ༷ལ་བ༷་པོ༷་ཡ༷ང་ཇི༷་ལྟ༷ར་ཡོ༷ད་པ་མི༷ན་པ༷་ཡིན་པའི་ཕྱིར། དེར་ཐལ། སུན་ཅི་ཕྱིན་དུ་རྒོལ་བ་ནི་རང་གིས་ཁས་ལེན་པའི་ཕྱོགས་བཞག་ན་སྐྱོན་འབྱུང་གིས་དོགས་ནས་རང་གི་ཕྱོགས་ཐ་སྙད་དུ་ཡང་མ་བཞག་པ་དང༌། གཞན་ཕྱོགས་བཀག་པ་དོན་དམ་པར་གྲུབ་པར་འདོད་པ་དེ་ཡིན་པ་གང་ཞིག དབུ་མ་པས་ཐ་སྙད་དུ་དོན་དམ་པ་བདེན་པ་དང་ཀུན་རྫོབ་ཀྱི་རྣམ་བཞག་གཉིས་ཁས་ལེན་ཅིང༌། དོན་དམ་པར་ནི་གཞན་ཕྱོགས་སུན་འབྱིན་པ་ལ་སོགས་པའི་ཆོས་གང་ཡང་མེད་པར་འདོད་པས་སུན་ཅི་ཕྱིན་དུ་རྒོལ་མཁན་གྱི་ཐལ་འགྱུར་བ་མེད་པའི་ཕྱིར་རོ། །དེ༷་སྐ༷ད་སྔ༷ར་བཤ༷ད་པའི་སུན་འབྱིན་པའི་ལན་འདེབས་པ་ནི་ལྷ༷ག་མ༷་རྣམས་ནི། སུན་འབྱིན་ལྷག་མ་གོང་དུ་བསྟན་པ་ཞེས་སོགས་ཀྱིས་བཤད་པའི་ཕྱོ༷གས་འདི༷་ཉི༷ད་ཀྱི༷ས་རྟོ༷གས་པ༷ར་བྱ༷འོ། །སྐབས་འདིར་རང་འགྲེལ་ལས། དེ་ལ་དེ་ཉིད་དེ་ལས་འབྱུང་མིན་ཞེས་བྱ་བ་ནས་བརྩམས་ཏེ། རྣམ་དཔྱོད་པ་ན་མྱུར་དུ་གྲོལ་བར་འགྱུར། །ཞེས་བྱ་བའི་བར་འདིས་ནི་ཆོས་ཀྱི་བདག་མེད་པ་མངོན་པར་གསལ་བར་བྱས་སོ། །ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་འབྱུང་བར་ཞེས་བྱ་བ་ལ་སོགས་པ་ནས་འདི་ཡན་ཆད་ཀྱིས་ནི་གང་ཟག་གི་བདག་མེད་པ་གསལ་བར་བྱས་སོ། །ཞེས་སོ། །དེ་ཡན་ཆད་ཀྱིས་གང་ཟག་གི་བདག་མེད་རྒྱསཔར་བཤད་ཟིན་ཏོ། །

གསུམ་པ་དེས་གྲུབ་པའི་སྟོང་ཉིད་ཀྱི་རབ་དབྱེ་བཤད་པ་ལ།

སྟོང་པ་ཉིད་ཀྱི་དབྱེ་བ་མདོར་བསྟན་པ་དང༌། དབྱེ་བ་སོ་སོའི་དོན་རྒྱས་པར་བཤད་པ་དང་གཉིས། དང་པོ་ནི། རྩ་བར། བདག་མེད་འདི་ནི་འགྲོ་བ་རྣམས་དགྲོལ་ཕྱིར། །ཆོས་དང་གང་ཟག་དབྱེ་བས་རྣམ་གཉིས་གསུངས། །

ཞེས་ཆོས་རྣམས་རང་བཞིན་གྱིས་གྲུབ་པའི་བདག་གིས་སྟོང་པའི་བད༷ག་མེ༷ད་པ་འདི༷་ནི༷་ཉན་རང་འགྲོ་བ་རྣམས་འཁོར་བ་ལས་རྣམ་པར་གྲོལ་བར་བྱེད་པའི་ཆེད་དུ་གང་ཟག་གི་བདག་མེད་བསྟན། བྱང་སེམས་ཀྱི་འགྲོ༷་བ༷་རྣ༷མས་སྲིད་ཞི་གཉིས་ལས་རྣམ་པར་དགྲོ༷ལ་བར་བྱ་བའི་ཕྱི༷ར་དུ་བདག་མེད་གཉིས་ཀ་དང་ཁྱད་པར་དུ་ཆོས་ཀྱི་བདག་མེད་བསྟན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་བདག་མེད་པ་དང་གང་ཟག་གི་བདག་མེད་པ་དང་སྟོང་གཞི་ཆོས་ཅན་ཕུང་སོགས་ཀྱི་ཆོ༷ས་ད༷ང་ག༷ང་ཟ༷ག་གི་དབྱེ༷་བ༷འི་སྒོ་ནས་བདག་མེད་རྣ༷མ་པ་གཉི༷ས་སུ་གསུ༷ངས་པ་ཡིན་ནོ། །

སྐབས་འདིར་འཇུག་པ་རང་འགྲེལ་ལས། བདག་མེད་པ་རྣམ་པ་གཉིས་པོ་འདི་ནི་བཅོམ་ལྡན་འདས་ཀྱིས་འགྲོ་བ་རྣམ་པར་དགྲོལ་བར་བྱ་བའི་དོན་དུ་ཉེ་བར་བསྟན་ཏོ། །དེ་ལ་གང་ཟག་གི་བདག་མེད་པ་ནི་རང་སངས་རྒྱས་རྣམས་དང༌། ཉན་ཐོས་རྣམས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་བསྟན་ལ་བྱང་ཆུབ་སེམས་དཔའ་རྣམས་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་ནི་གཉི་ག་བསྟན་ཏོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་ཉིད་འདི་པ་ཙམ་མཐོང་མོད་ཀྱི། དེ་ལྟ་ན་ཡང་དེ་དག་ལ་ཆོས་ཀྱི་བདག་མེད་པ་ཡོངས་སུ་རྫོགས་པར་སྒོམ་པ་མེད་དེ། ཁམས་གསུམ་ན་སྤྱོད་པའི་ཉོན་མོངས་པ་སྤོང་བའི་ཐབས་ཙམ་ཞིག་ནི་ཡོད་དོ། །དེ་དག་ལ་གང་ཟག་གི་བདག་མེད་པ་མ་ལུས་པར་སྒོམ་པ་ནི་ཡོད་པར་རྣམ་པར་བཞག་གོ། །ཞེས་གསུངས་སོ། །འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་ལས། བྱང་སེམས་ཀྱི་ཤེས་པར་བྱ་བ་ལ་གང་ཟག་ལས་ཆོས་མང་བ་གང་ཞིག གང་ཤེས་པར་བྱ་རྒྱུའི་ཆོས་ཐམས་ཅད་རིགས་པ་བརྒྱ་ཕྲག་གིས་བདེན་མེད་དུ་གཏན་ལ་ཕབ་ནས་གོམས་པར་བྱེད་དགོས་པའི་ཕྱིར་རོ། །ཞེས་གསུངས་སོ། །ཉན་རང་གིས་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་པ་མེད་པའི་ཚུལ་དང༌། ཐེག་ཆེན་གྱིས་ཆོས་ཀྱི་བདག་མེད་རྫོགས་པར་སྒོམ་ཚུལ་ལ་དཔྱད་པར་བྱའོ། །རྩ་བར། དེ་ལྟར་སྟོན་པས་སླར་ཡང་འདི་ཉིད་ནི། །གདུལ་བྱ་རྣམས་ལ་ཕྱེ་སྟེ་རྣམ་མང་གསུངས། །སྤྲོས་པ་བཅས་པར་སྟོང་བ་ཉིད། །བཅུ་དྲུག་བཤད་ནས་མདོར་བསྡུས་ཏེ། །སླར་ཡང་བཞིར་བཤད་དེ་དག་ནི། །ཐེག་ཆེན་དུ་ཡང་བཞེད་པ་ཡིན། །ཞེས་དེ༷་ལྟ༷ར་ཐུགས་བརྩེ་བ་ཅན་སྟོ༷ན་པ༷ས་སླ༷ར་ཡ༷ང་བདག་མེད་གཉིས་པོ་འདི༷་ཉི༷ད་ནི༷་གདུ༷ལ་བྱ༷་རྣ༷མས་ལ༷་དེ་དག་གི་མོས་པ་དང་མཐུན་པར་རྒྱས་པར་ཕྱེ༷་སྟེ༷་རྣ༷མ་པ་མ༷ང་དུ་གསུ༷ངས་ཏེ། རྒྱལ་བའི་ཡུམ་ལས། སྤྲོ༷ས་པ་ད༷ང་བཅ༷ས་པ༷ར་ཏེ་རྒྱས་པར་བྱེད་ནས་སྟོ༷ང་པ༷་ཉི༷ད་བཅུ༷་དྲུ༷ག་གི་དབྱེ་བ་བཤ༷ད་ན༷ས། མདོ༷ར་བསྡུ༷ས་ཏེ༷་སླ༷ར་ཡ༷ང་སྟོང་ཉིད་ཀྱི་དབྱེ་བ་བཞི༷ར་བཤ༷ད་པ་གང་ཞིག དེ་འདྲའི་སྟོང་ཉིད་ཀྱི་དབྱེ་བ་རྣམས་ནི་ཐེག་ཆེན་གྱི་གདུལ་བྱ་ལ་བསྟན་པ་ཡིན་པས་ན་སྟོང་ཉིད་བཅུ་དྲུག་པོ་དེ༷་ད༷ག་ནི༷་ཐེ༷ག་ཆེ༷ན་དུ༷་ཡ༷ང་བཞེ༷ད་པར་རམ་བཤད་པ༷་ཡི༷ན་པའི་ཕྱིར་ཏེ། ཡུམ་གྱི་མདོ་ལས། རབ་འབྱོར་གཞན་ཡང༌། བྱང་ཆུབ་སེམས་དཔའ་ཐེག་པ་ཆེན་པོ་འདི་ལྟ་སྟེ། ནང་སྟོང་པ་ཉིད་དང༌།

ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་དང༌། སྟོང་པ་ཉིད་སྟོང་པ་ཉིད་དང༌། ཆེན་པོ་སྟོང་པ་ཉིད་དང༌། དོན་དམ་པ་སྟོང་པ་ཉིད་དང༌། འདུས་བྱས་སྟོང་པ་ཉིད་དང༌། འདུས་མ་བྱས་སྟོང་པ་ཉིད་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་དང༌། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད་དང༌། དོར་བ་མེད་པ་སྟོང་པ་ཉིད་དང༌། རང་བཞིན་སྟོང་པ་ཉིད་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་དང༌། མི་དམིགས་པ་སྟོང་པ་ཉིད་དང༌། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་དོ། །ཞེས་སྟོང་ཉིད་བཅུ་དྲུག་བསྟན་ནས། རབ་འབྱོར་གཞན་ཡང་དངོས་པོ་ནི་དངོས་པོས་སྟོང་ངོ། །དངོས་པོ་མེད་པ་ནི་དངོས་པོ་མེད་པས་སྟོང་ངོ། །རང་བཞིན་ནི་རང་བཞིན་གྱིས་སྟོང་ངོ། །གཞན་གྱི་དངོས་པོ་ནི་གཞན་གྱི་དངོས་པོས་སྟོང་ངོ། །ཞེས་སླར་ཡང་སྟོང་ཉིད་བཞི་བསྟན་པའི་ཕྱིར་རོ། །ཇི་སྐད་དུ་བསྟན་བཅོས་རྩ་ཤེས་ལས། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་མི་བྱ་ཞིང༌། །གཉིས་དངགཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་སོ། །

གཉིས་པ་དབྱེ་བ་སོ་སོའི་དོན་རྒྱས་པར་བཤད་པ་ལ།

སྟོང་ཉིད་བཅུ་དྲུག་ཏུ་ཕྱེ་བ་རྒྱས་པར་བཤད་པ་དང༌། སྟོང་ཉིད་བཞིར་ཕྱེ་བ་རྒྱས་པར་བཤད་པ་དང་གཉིས། དང་པོ་ལ། ནང་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་དང༌། ཆེན་པོ་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་དང༌། མཐའ་ལས་འདས་པ་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་དང༌། ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་དང་བཞི། དང་པོ་ལ་ནང་སྟོང་པ་ཉིད་བཤད་པ་དང༌། སྟོང་ཉིད་ལྷག་མ་གསུམ་བཤད་པ་དང་གཉིས། དང་པོ་ནི། རྩ་བར། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་མིག་ནི་མིག་གིས་སྟོང༌། །དེ་བཞིན་རྣ་བ་སྣ་དང་ལྕེ། །ལུས་དང་ཡིད་ཀྱང་བསྙད་པར་བྱ། །ཐེར་ཟུག་གནས་པ་མ་ཡིན་དང༌། །འཇིག་པ་མ་ཡིན་ཉིད་ཀྱི་ཕྱིར། །མིག་ལ་སོགས་པ་དྲུག་པོ་ཡི། །རང་བཞིན་མེད་ཉིད་གང་ཡིན་པ། །དེ་ནི་ནང་སྟོང་ཉིད་དུ་འདོད། །ཅེས་རྒྱུ་མཚན་ག༷ང་གི་ཕྱི༷ར་ན་མེའི་རང་བཞིན་ཚ་བ་ཡིན་པ་བཞིན་མིག་དེ༷་ཡི༷་ར༷ང་བཞི༷ན་ནི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དེ༷་ཡི༷ན་པའི་ཕྱི༷ར། མི༷ག་ནི༷་མི༷ག་རང་གི་ངོ་བོ་ཉིད་གང་གི༷ས་གྲུབ་པས་སྟོ༷ང་པ་ཡིན་ལ། དེ༷་བཞི༷ན་རྣ༷་བ༷་དང་སྣ༷་ད༷ང་ལྕེ༷་དང་ལུ༷ས་ད༷ང་ཡི༷ད་ཀྱ༷ང་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་རྒྱུ་མཚན་དང་བཅས་པ་གོང་ལྟར་བསྙ༷ད་པ༷ར་བྱ༷འོ། །མིག་སོགས་དྲུག་ནི་དོན་དམ་པར་གྲུབ་པའི་ཐེ༷ར་ཟུ༷ག་ཏུ་གན༷ས་པའི་སྔ་དུས་ན་ཡོད་པ༷་དེ་ཕྱིས་དུས་ནའང་མི་འཇིག་པར་གནས་པའི་རྟག་པ་མ༷་ཡི༷ན་པ་ད༷ང༌། དོན་དམ་པར་རང་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་འཇི༷ག་པ༷་ཡང་མ༷་ཡི༷ན་པ་ཉི༷ད་ཀྱི༷་ཕྱི༷ར་ན་ནང་གི་ཆོས་མི༷ག་ལ༷་སོ༷གས་པ༷་དྲུ༷ག་པོ༷་ཡི༷་ར༷ང་བཞི༷ན་གྱིས་གྲུབ་པ་མེ༷ད་པ་ཉི༷ད་ག༷ང་ཡི༷ན་པ༷་དེ༷་ནི༷་ན༷ང་སྟོ༷ང་པ་ཉི༷ད་དུ༷་འདོ༷ད་པ་ཡིན་ནོ། །རང་འགྲེལ་ལས། ཇི་སྐད་དུ། རང་བཞིན་རྒྱུ་དང་རྐྱེན་དག་ལས། །འབྱུང་བར་རིགས་པ་མ་ཡིན་ནོ། །རྒྱུ་དང་རྐྱེན་ལས་བྱུང་བ་ཡིན། །རང་བཞིན་བྱས་པ་ཅན་དུ་གྱུར། །རང་བཞིན་བྱས་པ་ཡིན་ནོ་ཞེས། །ཇི་ལྟ་བུར་ན་རུང་བར་འགྱུར། །རང་བཞིན་ཉིད་ནི་བཅོས་མིན་དང༌། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་གསུངས་སོ། །ཡང་ཅི་གང་ཞིག་སློབ་དཔོན་གྱིས་བསྟན་བཅོས་ལས་ཁྱད་པར་དུ་མཛད་པ་རྣམ་པ་དེ་ལྟ་བུའི་རང་བཞིན་སློབ་དཔོན་གྱིས་ཞལ་གྱིས་བཞེས་པ་ཞིག་ཡོད་དམ་ཞེ་ན། གང་གི་དབང་དུ་མཛད་ནས་བཅོམ་ལྡན་འདས་ཀྱིས་དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང༌། མ་བྱུང་ཡང་རུང་ཆོས་རྣམས་ཀྱི་ཆོས་ཉིད་འདི་ནི་གནས་པ་ཉིད་དོ་ཞེས་རྒྱས་པར་གསུངས་པ་ཆོས་ཉིད་ཅེས་བྱ་བ་ནི་ཡོད་དོ། །ཆོས་ཉིད་ཅེས་བྱ་བ་འདི་ཡང་ཅི་ཞིག མིག་ལ་སོགས་པ་འདི་དག་གི་རང་བཞིན་ནོ། །དེ་དག་གི་རང་བཞིན་ཡང་གང་ཞིག་ཅེ་ན། འདི་དག་ནི་བཅོས་མ་མ་ཡིན་པ་དང་གཞན་ལ་ལྟོས་པ་མེད་པ་གང་ཡིན་པ་སྟེ། མ་རིག་པའི་རབ་རིབ་དང་བྲལ་བའི་ཤེས་པས་རྟོགས་པར་བྱ་བའི་རང་གི་ངོ་བོའོ། །ཅི་དེ་ཡོད་དམ་མེད་དོ་ཞེས་དེ་སྐད་དུ་སྨྲ། གལ་ཏེ་དེ་མེད་ན་ནི་ཅིའི་དོན་དུ་བྱང་ཆུབ་སེམས་དཔའ་རྣམས་ཕ་རོལ་ཏུ་ཕྱིན་པའི་ལམ་སྒོམ་པར་འགྱུར་ཏེ། གང་གི་ཕྱིར་ཆོས་ཉིད་དེ་རྟོགས་པར་བྱ་བའི་ཕྱིར། བྱང་ཆུབ་སེམས་དཔའ་རྣམས་དེ་ལྟར་དཀའ་བ་བརྒྱ་ཕྲག་རྩོམ་པ་ཡིན་ནོ། །ཇི་སྐད་དུ། རིགས་ཀྱི་བུ་དོན་དམ་པ་ནི་སྐྱེ་བ་མེད་པ་དང༌། འགག་པ་མེད་པ་དང༌། འཇིག་པ་མེད་པ་དང༌། འོང་བ་མེད་པ་དང༌། འགྲོ་བ་མེད་པ་དང༌། ཡི་གེ་རྣམས་ཀྱིས་བརྗོད་པར་བྱ་བ་མ་ཡིན་པ་དང༌། ཡི་གེ་རྣམས་ཀྱིས་རབ་ཏུ་བསྙད་དུ་མེད་ཅིང་སྤྲོས་པས་རྟོགས་པ་མ་ཡིན་ཏེ། རིགས་ཀྱི་བུ་དོན་དམ་པ་ནི་བརྗོད་དུ་མེད་ཅིང་ཞི་བའཕགས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱའོ། །རིགས་ཀྱི་བུ་དོན་དམ་པ་ནི་དེ་བཞིནགཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང༌། ཞེས་སོགས་གསུངས་སོ། །

གཉིས་པ་སྟོང་ཉིད་ལྷག་མ་གསུམ་བཤད་པ་ནི།

རྩ་བར། གང་ཕྱིར་དེ་ཡི་རང་བཞིན་དེ། །ཡིན་ཕྱིར་གཟུགས་ནི་གཟུགས་ཀྱིས་སྟོང༌། །སྒྲ་དང་དྲི་རོ་རེག་བྱ་དང༌། །ཆོས་རྣམས་ཉིད་ཀྱང་དེ་བཞིན་ནོ། །གཟུགས་སོགས་རང་བཞིན་མེད་པ་ཉིད། །ཕྱི་རོལ་སྟོང་པ་ཉིད་དུ་འདོད། །ཅེས་ག༷ང་གི་ཕྱི༷ར་ན་གཟུགས་དེ༷་ཡི༷་ར༷ང་བཞི༷ན་ནི་གཟུགས་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དེ༷་སྟོང་གཞི་ཕྱི་རོལ་གྱི་ཆོས་ཀྱི་སྟོང་ཉིད་ཡི༷ན་པའི་ཕྱི༷ར་ན་ཕྱི་རོལ་གྱི་གཟུ༷གས་ནི༷་གཟུ༷གས་ཀྱི་ངོ་བོ་ཉིད་ཀྱི༷ས་གྲུབ་པས་སྟོ༷ང་བ་ཡིན་ལ། དེ་བཞིན་དུ་སྒྲ༷་ད༷ང་དྲི༷་དང་རོ༷་དང་རེ༷ག་བྱ༷་ད༷ང༌། ཆོ༷ས་རྣ༷མས་ཉི༷ད་ཀྱ༷ང་སྟོང་ཚུལ་དེ༷་བཞི༷ན་དུ་ཤེས་པར་བྱ་བ་ཡིན་ནོ༷། །གང་ཟག་གི་རྒྱུད་ཀྱིས་མ་བསྡུས་པའི་གཟུག༷ས་ལ་སོ༷གས་པ་ཡུལ་དྲུག་ར༷ང་བཞི༷ན་གྱིས་གྲུབ་པའི་སྟོང་པའི་རང་བཞིན་མེ༷ད་པ༷་ཉི༷ད་ནི། ཕྱི༷་རོ༷ལ་གྱི་སྟོ༷ང་པ༷་ཉི༷ད་དུ༷་འདོ༷ད་པ་ཡིན་ནོ། །འདི་མན་ཆད་ལ་སྟོང་གཞི་གང་དང་གང་ཡིན་པ་དེ་རང་བཞིན་གྱིས་གྲུབ་པས་སྟོང་པའི་རྒྱུ་མཚན་ལ། སྟོང་གཞི་དེའི་རང་བཞིན་དེ་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་པ་དེ་ཡིན་པ་འགོད་པ་དང༌། དེའི་རྒྱུ་མཚན་དུ་དོན་དམ་པར་ཐེར་ཟུག་ཏུ་གནས་པ་དང་འཇིག་པ་མིན་པ་གཉིས་འགོད་པ་རྣམས་ཤེས་པར་བྱའོ། །རྩ་བར། གཉིས་ཆར་རང་བཞིན་མེད་ཉིད་ནི། །ཕྱི་ནང་སྟོང་པ་ཉིད་ཡིན་ནོ། །ཞེས་ཕྱི་ནང་གཉི༷ས་ཆ༷ར་དུ་བཞག་པའི་དབང་རྟེན་ཁོག་པ་དང་རྒྱུད་ཀྱིས་བསྡུས་པའི་ལྡན་མིན་སོགས་ར༷ང་བཞི༷ན་གྱིས་གྲུབ་པ་མེ༷ད་པ་ཉི༷ད་ནི༷་ཕྱི༷་ན༷ང་སྟོ༷ང་པ༷་ཉི༷ད་ཡི༷ན་པར་ཤེས་པར་བྱ་བ་ཡིན་ནོ། །སྟོང་གཞི་ཤེས་རྒྱུད་ཀྱིས་བསྡུས་པས་ན་ནང་དང་དབང་པོས་མ་བསྡུས་པས་ན་ཕྱིའི་ཆོས་སུ་བཞག་པ་དེའི་ཆོས་ཉིད་ཡིན་པའོ། །རྩ་བར། ཆོས་རྣམས་རང་བཞིན་མེད་པ་ཉིད། །མཁས་པས་སྟོང་པ་ཉིད་ཅེས་བསྙད། །སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི། །ངོ་བོས་སྟོང་པར་འདོད་པ་ཡིན། །སྟོང་ཉིད་ཅེས་བྱའི་སྟོང་ཉིད་གང༌། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །སྟོང་ཉིད་དངོས་པོའི་བློ་ཅན་གྱིས། །འཛིན་པ་ཟློག་ཕྱིར་གསུངས་པ་ཡིན། །ཞེས་ཕྱི་ནང་གི་ཆོ༷ས་རྣ༷མས་ར༷ང་བཞི༷ན་གྱིས་གྲུབ་པ་མེ༷ད་པ༷་དེ་ཉི༷ད་ལ་ནི་དེ་ཁོ་ན་ཉིད་ལ་མཁ༷ས་པ༷འི་སྐྱེས་བུ་རྣམས་ཀྱིས་རང་བཞིན་སྟོ༷ང་པ༷་ཉི༷ད་ཅེ༷ས་བསྙད་པའི་རང་བཞིན་སྟོ༷ང་པ་ཉི༷ད་དེ༷་ཡ༷ང་སྟོ༷ང་པ་ཉི༷ད་ཀྱི༷་རང་གི་ངོ༷་བོ༷ས་གྲུབ་པས་སྟོ༷ང་པ༷ར་འདོ༷ད་པ༷་ཡི༷ན་ཞིང༌། དེ་འདྲའི་སྟོ༷ང་ཉི༷ད་ཅེ༷ས་བྱ༷འི་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོ༷ང་ཉི༷ད་ག༷ང་ཡིན་པ་དེ་ནི། སྟོ༷ང་པ་ཉི༷ད་སྟོ༷ང་པ་ཉི༷ད་དུ༷་འདོ༷ད་དེ༷་སྟོང་གཞི་སྟོང་ཉིད་བདེན་གྲུབ་ཀྱིས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར་རོ། །སྟོང་ཉིད་ཀྱི་སྟོང་ཉིད་འདི་ནི་སྟོ༷ང་ཉི༷ད་ལ་དངོ༷ས་པོ༷འི་སྟེ་བདེན་པར་འཛིན་པའི་བློ༷་ཅ༷ན་གྱི༷ས་བདེན་པར་འཛི༷ན་པ་བཟློ༷ག་པར་བྱ་བའི་ཕྱི༷ར་དུ་རྒྱལ་བའི་ཡུམ་ལས་གསུ༷ངས་པ༷་ཡི༷ན་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། །སྟོང་ཉིད་བདུད་རྩི་བསྟན་པར་མཛད། །གང་ལ་དེ་ལའང་འཛིནཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་གསུངས་སོ། །

གཉིས་པ་ཆེན་པོ་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་ནི།

རྩ་བར། སེམས་ཅན་སྣོད་ཀྱི་འཇིགརྟེན་ནི། །མ་ལུས་ཁྱབ་བྱེད་ཉིད་ཕྱིར་དང༌། །ཚད་མེད་དཔེ་ཡིས་མུ་མཐའ་ནི། །མེད་ཕྱིར་ཕྱོགས་རྣམས་ཆེན་པོ་ཉིད། །ཅེས་སྣོད་བཅུད་ཀྱི་འཇིག་རྟེན་གཉིས་ཀྱི་མཐའ་རྒྱ་ནི་ཟད་པའི་མཐར་ཐུག་པ་ནམ་ཡང་མེད་པའི་ཤིན་ཏུ་རྒྱ་ཆེ་བ་ཡིན་ལ། དེ་འདྲའི་རྒྱ་ཆེ་བའི་སྣོད་བཅུད་གཉིས་ཀྱང་ཤར་ལ་སོགས་པའི་ཕྱོགས་བཅུ་དང་ངོ་བོ་གཅིག་ཏུ་ཡོད་པ་ཅན་ཁོ་ན་ལས་གཞན་མེད་པས་ན་ཕྱོགས་བཅུ་ནི་སེ༷མས་ཅ༷ན་གྱི་འཇིག་རྟེན་དང་སྣོ༷ད་ཀྱི༷་འཇི༷ག་རྟེ༷ན་ནི༷། མ༷་ལུ༷ས་པ་ལ་ཁྱ༷བ་བྱེ༷ད་ཉི༷ད་ཡིན་པའི་ཕྱི༷ར་ད༷ང༌། ཕྱོགས་ནི་ཚ༷ད་མེ༷ད་པའི་དཔེ༷་ཡི༷ས་ཏེ་ཕྱོགས་བཅུ་ནི་ཚད་དང་མཐའ་མེད་པ་ཡིན་པས་ན་ཕྱོགས་རྣམས་ཀྱིས་ཁྱབ་པའི་སེམས་ཅན་ལ་དམིགས་ནས་བྱམས་སོགས་སྒོམ་པ་ཡང༌། མུ༷་མཐ༷འ་ནི༷་མེ༷ད་པ་སྟེ་ཚད་མེད་པ་ཡིན་པར་བཞག་པ་ཡིན་པའི་ཕྱི༷ར་ཕྱོ༷གསབཅུ་པོ་རྣ༷མས་ནི་ཆེ༷ན་པོ༷་ཉི༷ད་ཡིན་ནོ། །

རྩ་བར། འདི་དག་བཅུ་ཆར་ཕྱོགས་རྣམས་ཀྱིས། །སྟོང་པ་ཉིད་ནི་གང་ཡིན་དེ། །ཆེན་པོ་སྟོང་པ་ཉིད་ཡིན་ཏེ། །ཆེན་པོར་འཛིན་པ་བཟློག་ཕྱིར་གསུངས། །ཞེས་དེ་འདྲའི་ཤར་ལ་སོགས་པ་འདི༷་ད༷ག་བཅུ༷་ཆ༷ར་གྱི་ཕྱོ༷གས་རྣ༷མས་ཀྱི་རང་གི་ངོ་བོ་ཉིད་ཀྱི༷ས་གྲུབ་པས་སྟོ༷ང་པ༷་ཉི༷ད་ནི༷་ག༷ང་ཡི༷ན་པ་དེ༷་ནི། ཆེ༷ན་པོ༷་སྟོ༷ང་པ༷་ཉི༷ད་ཡི༷ན་ཏེ༷། སྟོང་གཞི་ཕྱོགས་བཅུའི་ཆེན་པོ་རང་བཞིན་གྱིས་གྲུབ་པས་སྟོང་ཆ་ཡིན་པའི་ཕྱིར། ཆེན་པོ་སྟོང་པ་ཉིད་འདི་བསྟན་པའི་དགོས་པ་ཡོད་དེ། ཕྱོགས་རྣམས་ནི་ཆེ༷ན་པོ༷ར་རམ་ཆེན་པོའི་ངོ་བོར་རམ་ཤར་སོགས་སུ་རང་བཞིན་གྱིས་གྲུབ་པར་འཛི༷ན་པ༷་བཟློ༷ག་པའི་ཕྱི༷ར་དུ་གསུ༷ངས་པ་ཡིན་པའི་ཕྱིར་རོ། །རྩ་བར། དེ་ནི་དགོས་པ་མཆོག་ཡིན་པས། །དོན་དམ་མྱ་ངན་འདས་པ་ཡིན། །དེ་ནི་དེ་ཡིས་སྟོང་ཉིད་གང༌། །དེ་ནི་དོན་དམ་སྟོང་ཉིད་དེ། །མྱ་ངན་འདས་དངོས་བློ་ཅན་གྱི། །འཛིན་པ་བཟློག་པར་བྱ་བའི་ཕྱིར། །དོན་དམ་མཁྱེན་པས་དོན་དམ་པ། །སྟོང་པ་ཉིད་ནི་བསྟན་པ་མཛད། །ཅེས་སྤྱིར་དོན་དམ་ཞེས་པའི་དོན་ལ་ཆོས་འདི་སྒྲུབ་པ་ལ་དོན་ཡོད་ཅེས་པ་ལྟ་བུའི་དགོས་པ་ལ་དོན་ཞེས་དང༌། དོན་ལྔ་ཞེས་པ་ལྟ་བུ་ཤེས་བྱ་ཡུལ་དོན་ཞེས་བརྗོད་པ་དང་གཉིས་ཡོད་པ་ལས། མྱང་འདས་ཆོས་སྐུ་དེ༷་ནི༷་དགོ༷ས་པ༷་མཆོ༷ག་ཡི༷ན་པ༷ས་ན། སྐབས་འདིའི་དོ༷ན་ད༷མ་པ་ནི་མྱ༷་ང༷ན་ལས་འད༷ས་པ༷་ཆོས་ཀྱི་སྐུ་དེ་ཉིད་ཡི༷ན་ཏེ། དེ་འདྲའི་མྱང་འདས་ཆོས་སྐུ་དེ༷་ནི༷་ཆོས་སྐུ་དེ༷་ཡི་རང་གི་ངོ་བོ་ཉིད་ཀྱིས་གྲུབ་པ་ཡི༷ས་སྟོ༷ང་པ་ཉི༷ད་ག༷ང་ཡིན་པ་དེ༷་ནི༷་དོ༷ན་ད༷མ་པ་སྟོ༷ང་པ་ཉི༷ད་དེ༷། སྟོང་གཞི་དོན་དམ་མྱང་འདས་ཆོས་སྐུ་རང་བཞིན་གྱིས་གྲུབ་པས་སྟོང་པ་ཉིད་ཡིན་པའི་ཕྱིར་རོ། །འདི་བསྟན་པ་ལ་དགོས་པ་ཡོད་དེ། མྱ༷་ང༷ན་ལས་འད༷ས་པ་ཆོས་ཀྱི་སྐུ་དེ་ལ་དངོ༷ས་སམ་བདེན་པར་འཛིན་པའི་བློ༷་ཅ༷ན་གྱི༷་བདེན་པར་འཛི༷ན་པ༷་བཟློ༷ག་པ༷ར་བྱ༷་བ༷འི་ཕྱི༷ར་དུ། དོ༷ན་ད༷མ་མྱང་འདས་ཀྱི་ཆོས་སྐུ་ཚུལ་བཞིན་དུ་མཁྱེ༷ན་པ༷ས་དོ༷ན་ད༷མ་པ༷་སྟོ༷ང་པ༷་ཉི༷ད་ནི༷་བསྟ༷ན་པ༷་ཡིན་པར་མཛ༷ད་པ་ཡིན་པའི་ཕྱིར་རོ། །རྩ་བར། རྐྱེན་ལས་བྱུང་ཕྱིར་ཁམས་གསུམ་པོ། །འདུས་བྱས་ཡིན་པར་ངེས་པར་བསྙད། །དེ་ནི་དེ་ཡིས་སྟོང་ཉིད་གང༌། །དེ་ནི་འདུས་བྱས་སྟོང་ཉིད་གསུངས། །ཞེས་རྒྱུ་དང་རྐྱེ༷ན་ལ༷ས་བྱུ༷ང་བའམ་རྒྱུ་དང་རྐྱེན་ལས་སྐྱེས་པ་ཡིན་པའི་ཕྱི༷ར་ན་ཁ༷མས་གསུ༷མ་པོ༷་ནི་འདུ༷ས་བྱ༷ས་ཡི༷ན་པ༷ར་ངེ༷ས་པ༷ར་བསྙ༷ད་པ་ཡིན་ཏེ། དེ་འདྲའི་འདུས་བྱས་ཁམས་གསུམ་པོ་དེ༷་ནི༷། ཁམས་གསུམ་པོ་དེ༷་ཡི་རང་བཞིན་གྱིས་གྲུབ་པ་ཡི༷ས་སྟོ༷ང་པ་ཉི༷ད་ག༷ང་ཡིན་པ་དེ༷་ནི༷་འདུ༷ས་བྱ༷ས་སྟོ༷ང་པ་ཉི༷ད་དུ་གསུ༷ངས་ཏེ། སྟོང་གཞི་ཁམས་གསུམ་གྱིས་འདུས་བྱས་བདེན་སྟོང་གི་སྟོང་ཉིད་ཡིན་པའི་ཕྱིར་རོ། །རྩ་བར། གང་ལ་སྐྱེ་གནས་མི་རྟག་ཉིད། །

དེ་དག་མེད་པ་འདུས་མ་བྱས། །དེ་ནི་དེ་ཡིས་སྟོང་ཉིད་གང༌། །དེ་ནི་འདུས་མ་བྱས་སྟོང་ཉིད། །

ཅེས་ནམ་མཁའ་ལ་སོགས་པའི་ཆོས་ག༷ང་ལ༷་རྒྱུ་ལས་སྐྱེ༷་བ་དང༌། གན༷ས་པ་ལས་གཞན་དུ་གྱུར་པ་དང༌། མི༷་རྟ༷ག་པ་ཉི༷ད་དེ་འཇིག་པ་དེ༷་ད༷ག་མེ༷ད་པ༷་ཡི་ཆོས་དེ་ནི་འདུ༷ས་མ༷་བྱ༷ས་ཡིན་ཏེ། དེ་འདྲའི་འདུས་མ་བྱས་དེ༷་ནི༷་འདུས་མ་བྱས་དེ༷་ཡི་རང་བཞིན་གྱིས་གྲུབ་པ་ཡི༷ས་སྟོ༷ང་པ་ཉི༷ད་ག༷ང་ཡིན་པ་དེ༷་ནི༷་འདུ༷ས་མ༷་བྱ༷ས་སྟོ༷ང་པ་ཉི༷ད་ཡིན་ཏེ། སྟོང་གཞི་འདུས་མ་བྱས་རང་བཞིན་གྱིས་གྲུབཔས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར་རོ། །གསུམ་པ་མཐའ་ལས་འདས་པ་སྟོང་པ་ཉིད་ལ་སོགསཔ་བཞི་བཤད་པ་ནི། རྩ་བར། གང་ལ་མཐའ་ནི་ཡོད་མིན་པ། །དེ་ནི་མཐའ་ལས་འདས་པར་བརྗོད། །དེ་དེ་ཁོ་ནས་སྟོང་པ་ཉིད། །མཐའ་ལས་འདས་པ་སྟོང་ཉིད་བསྙད། །ཅེས་ལྟོས་གྲུབ་བམ་རྟེན་འབྲེལ་ཙམ་གྱི་ཆོས་ག༷ང་ལ༷་རྟག་ཆད་ཀྱི་མཐ༷འ་ནི༷་ཡོ༷ད་པ་མི༷ན་པ༷་དེ༷་ནི༷་མཐ༷འ་ལ༷ས་འད༷ས་པ་ཡིན་པ༷ར་བརྗོ༷ད་པ་ཡིན་ཞིང༌། འདི་ནི་ཆོས་རྣམས་རང་བཞིན་གྱིས་མེད་པ་དང་གཏན་མེད་ཀྱང་མ་ཡིན་པའི་དབུས་ཀྱི་ཆ་སྣང་སྟོང་གཉིས་ཚོགས་དེ་ལ་མཐའ་ལས་འདས་པ་ཞེས་བརྗོད་པ་སྟེ། དེ་འདྲའི་མཐའ་ལས་འདས་པ་དེ༷་ནི་མཐའ་ལས་འདས་པ་དེ༷་རང་བཞིན་གྱིས་གྲུབ་པ་ཁོ༷་ན༷ས་སྟོ༷ང་པ༷་ཉི༷ད་དེ་ནི། མཐ༷འ་ལ༷ས་འད༷ས་པ༷་སྟོ༷ང་པ་ཉི༷ད་ཡིན་བསྙ༷ད་པར་ཡིན་ཏེ། སྟོང་གཞི་རྟག་ཆད་ཀྱི་མཐའ་ལས་འདས་པ་དབུས་ཀྱི་ཆ་བདེན་སྟོང་གི་སྟོང་ཉིད་ཡིན་པའི་ཕྱིར་རོ། །

འདི་ནི་ཆོས་ཐམས་ཅད་བདེན་པར་ཡང་མ་གྲུབ། གཏན་མེད་ཀྱང་མ་ཡིན་པའི་ཆ་ལ་བདེན་པར་འཛིན་པ་བཟློག་པའི་ཕྱིར་དུ་གསུངས་པ་ཡིན་ནོ། །རྩ་བར། ཐོག་མ་དང་པོ་ཐ་མ་མཐའ། །དེ་དག་མེད་པས་འཁོར་བ་ནི། །ཐོག་མ་ཐ་མ་མེད་པར་བརྗོད། །འགྲོ་འོང་བྲལ་ཕྱིར་རྨི་ལམ་ལྟའི། །སྲིད་འདི་དེ་ཡིས་དབེན་ཉིད་གང༌། །དེ་ནི་ཐོག་མ་དང་ཐ་མ། །མེད་པ་སྟོང་པ་ཉིད་དོ་ཞེས། །བསྟན་བཅོས་ལས་ནི་ངེས་པར་བསྙད། །ཅེས་འཁོར་བ་ནི་འདི་ཡན་ཆད་དུ་མ་བྱུང་ལ་འདི་ནས་བྱུང་ཞེས་པའི་ཐོ༷ག་མ༷་ད༷ང་པོ༷་ཡི་མཐའ་དང༌། སྤྱིར་འཁོར་བ་དེ་འདི་ཕྱིན་དུ་མི་འབྱུང་ཞེས་པའི་ཐ༷་མ༷་མཐ༷འ་དེ༷་ད༷ག་མེ༷ད་པ༷ས་ན་འཁོ༷ར་བ༷་ནི༷། ཐོ༷ག་མ༷་དང་ཐ༷་མ༷་མེ༷ད་པ་ཡིན་པ༷ར་བརྗོ༷ད་དེ། འཁོར་བ་ནི་དེ་འདྲའི་སྐྱེ་འཆི་ཅན་ཏུ་སྣང་ཡང་སྐྱེ་འཆིའི་འགྲོ༷་འོ༷ང་རང་བཞིན་གྱིས་གྲུབ་པ་དང་བྲ༷ལ་བའི་ཕྱི༷ར་ན་རྨི༷་ལ༷མ་ལྟ༷་བུའི་འཁོར་བའམ་སྲི༷ད་པ་འདི༷་སྲིད་པ་དེ༷་ཡི༷་རང་བཞིན་གྱིས་གྲུབ་པས་དབེ༷ན་པ་ཉི༷ད་ག༷ང་ཡིན་པ་དེ༷་ནི༷་ཐོ༷ག་མ༷་ད༷ང་ཐ༷་མ༷་མེ༷ད་པ༷་སྟོ༷ང་པ༷་ཉི༷ད་དོ༷་ཞེ༷ས། བསྟ༷ན་བཅོ༷ས་ཆེན་པོ་རྒྱལ་བའི་ཡུམ་ལ༷ས་ནི༷་ངེ༷ས་པ༷ར་བསྙད་དེ། སྟོང་གཞི་ཐོག་མ་དང་ཐ་མ་མེད་པའི་འཁོར་བ་བདེན་སྟོང་གི་སྟོང་ཉིད་ཡིན་པའི་ཕྱིར་རོ། །འཁོར་བ་ལ་ཐ་མ་ཡོད་མེད་སྔར་ཕར་ཕྱིན་གྱི་སྐབས་སུ་བཤད་ཟིན་པ་དེར་བལྟ་བར་བྱའོ། །རྩ་བར། དོར་བ་ཞེས་བྱ་འཐོར་བ་དང༌། །འབོར་བ་ལ་ནི་ངེས་པར་བརྗོད། །དོར་མེད་གཏོང་པ་མེད་པ་སྟེ། །འགའ་ཡང་དོར་མེད་གང་ཡིན་པའོ། །དོར་བ་མེད་པ་དེ་ཉིད་ཀྱིས། །དེ་ཉིད་སྟོང་པ་ཉིད་གང་ཡིན། །དེ་དེའི་ཕྱིར་ན་དོར་མེད་པ། །སྟོང་པ་ཉིད་ཅེས་བྱ་བར་བརྗོད། །ཅེས་དོ༷ར་བ༷་ཞེ༷ས་བྱ༷་བ་ནི་འཐོ༷ར་བ༷་ད༷ང་འབོ༷ར་བ༷་ལ༷་ནི༷་ངེ༷ས་པ༷ར་བརྗོ༷ད་པ་ཡིན་པས་ན། དེ་འདྲའི་དོ༷ར་བ་དེ་མེ༷ད་པ་ནི་རང་གི་ངོ་བོ་དེ་ཕར་ལ་གཏོ༷ང་བ༷་མེ༷ད་པ༷་སྟེ༷། ལམ་རང་གི་ངོ་བོ་འག༷འ་ཡ༷ང་སྟེ་ཅུང་ཟད་ཀྱང་དུས་ནམ་ཡང་དོ༷ར་བ་མེ༷ད་པའམ་དོར་དུ་མི་རུང་བའི་ཐེག་ཆེན་གྱི་ལམ་ག༷ང་ཡི༷ན་པ་དེ་ནི་དོར་བ་མེད་པ་ཡིན་པ༷འོ༷། །དེ་འདྲའི་དོ༷ར་བ༷་མེ༷ད་པ༷་དེ་ནི་རང་བཞིན་གྱིས་གྲུབ་པ་དེ༷་ཉི༷ད་ཀྱི༷ས་དེ༷་ཁོ་ན་ཉི༷ད་སྟོ༷ང་པ༷་ཉི༷ད་ག༷ང་ཡི༷ན་པ་དེ༷་ནི་དོར་བ་མེད་པ་ཐེག་ཆེན་གྱི་རང་བཞིན་གནས་ལུགས་ཡིན་པ་དེ༷འི་ཕྱི༷ར་ན༷་དོ༷ར་བ་མེ༷ད་པ༷་སྟོ༷ང་པ༷་ཉི༷ད་ཅེ༷ས་བྱ༷་བ༷ར་བརྗོ༷ད་དོ། །རྩ་བར། འདུས་བྱས་ལ་སོགས་ངོ་བོ་ཉིད། །གང་ཕྱིར་སློབ་མ་རང་སངས་རྒྱས། །རྒྱལ་སྲས་དེ་བཞིན་གཤེགས་རྣམས་ཀྱིས། །མ་མཛད་དེ་ཕྱིར་འདུས་བྱས་ལ། །སོགས་པ་རྣམས་ཀྱི་ངོ་བོ་ཉིད། །རང་བཞིན་ཉིད་དུ་བསྙད་པ་སྟེ། །དེ་ཉིད་ཀྱིས་དེ་སྟོང་ཉིད་གང༌། །དེ་ནི་རང་བཞིན་སྟོང་པ་ཉིད། །ཅེས་དེ་འདྲའི་སྟོང་ཉིད་དེ་ནི་འདུ༷ས་བྱ༷ས་ལ༷་སོ༷གས་པ་ཆོས་རྣམས་ཀྱི་ངོ༷་བོ༷་ཉི༷ད་ཆོས་ཉིད་དེ་ནི། རྒྱུ་མཚན་ག༷ང་གི་ཕྱི༷ར་ན་ཆོས་རྣམས་ཀྱི་ཆོས་ཉིད་དེ་ནི་སློ༷བ་མ༷་ཉན་ཐོས་དང༌། ར༷ང་སང༷ས་རྒྱ༷ས་དང༌། རྒྱ༷ལ་བའི་སྲ༷ས་པོ་བྱང་སེམས་དང༌། དེ༷་བཞི༷ན་གཤེ༷གས་པ་རྣ༷མས་ཀྱི༷ས་མ༷་མཛ༷ད་པ་སྟེ་བྱས་པ་མ་ཡིན་པར་གདོད་མ་ནས་ཆོས་རྣམས་ཀྱི་གཤིས་སུ་གནས་པ་དེ༷་ཡི་ཕྱི༷ར་ན་འདུ༷ས་བྱ༷ས་ལ༷་སོ༷གས་པ༷་རྣ༷མས་ཀྱི༷་ངོ༷་བོ༷་ཉི༷ད་ཆོས་ཉིད་ལ་རང་བཞིན་ཞེས་བཤད་པའི་ཕྱིར་ན་ར༷ང་བཞི༷ན་ཉི༷ད་དུ༷་བསྙ༷ད་པ༷འམ་རང་བཞིན་སྟོང་བ་ཉིད་ཅེས་བྱ་སྟེ༷་ཡིན་ནོ། །དེ་འདྲའི་ཆོས་ཉིད་རང་བཞིན་ཏེ། དེ༷་ཉི༷ད་ཀྱི་ངོ་བོ་ཉིད་ཀྱི༷ས་གྲུབ་པས་དེ༷་སྟོ༷ང་པ་ཉི༷ད་ག༷ང་ཡིན་པ་དེ༷་ནི༷་ར༷ང་བཞི༷ན་སྟོ༷ང་པ༷་ཉི༷ད་ཡིན་ཏེ། སྟོང་གཞི་ཆོས་རྣམས་ཀྱི་རངབཞིན་དེ་ཉིད་བདེན་པས་སྟོང་པའི་སྟོང་ཉིད་ཡིན་པའི་ཕྱིར་རོ། །

བཞི་པ་ཆོས་ཐམས་ཅད་སྟོང་པ་ཉིད་ལ་སོགས་པ་བཞི་བཤད་པ་ལ།

ཆོས་ཐམས་ཅད་སྟོང་པ་ཉིད་བཤད་པ་དང༌། རང་གི་མཚན་ཉིད་སྟོང་པ་ཉིད་བཤད་པ་དང༌། མི་དམིགས་པ་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཤད་པ་དང་གསུམ། དང་པོ་ནི། རྩ་བར། ཁམས་བཅོ་བརྒྱད་དང་རེག་དྲུག་དང༌། །དེ་ལས་བྱུང་བའི་ཚོར་བ་དྲུག །གཟུགས་ཅན་གཟུགས་ཅན་མིན་དེ་བཞིན། །འདུས་བྱས་འདུས་མ་བྱས་ཆོས་རྣམས། །ཆོས་དེ་དག་ནི་ཐམས་ཅད་ཀྱི། །དེ་དག་གིས་དབེན་སྟོང་ཉིད་གང༌། །ཞེས་སྟོང་གཞི་ཆོས་ཐམས་ཅད་ནི། མིག་སོགས་རྟེན་དབང་པོའི་ཁམས་དྲུག་དང༌། མིག་གི་རྣམ་ཤེས་སོགས་བརྟེན་པ་རྣམ་ཤེས་ཀྱི་ཁམས་དྲུག་དང༌། གཟུགས་སོགས་དམིགས་པ་ཡུལ་གྱི་ཁམས་དྲུག་སྟེ་ཁ༷མས་བཅོ༷་བརྒྱ༷ད་ད༷ང༌། མིག་གི་འདུས་ཏེ་རེག་པ་ནས་ཡིད་ཀྱི་འདུས་ཏེ་རེག་པའི་བར་རེ༷ག་པ་དྲུ༷ག་ད༷ང༌། མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ནས་ཡིད་ཀྱི་དེའི་བར་གྱི་རེག་པ་དེ༷་ལ༷ས་བྱུ༷ང་བ༷འི་ཚོ༷ར་བ༷་དྲུ༷ག་དང༌། བུམ་པ་ལྟ་བུའི་གཟུ༷གས་ཅ༷ན་དང༌། ཤེས་པ་ལྟ་བུའི་གཟུ༷གས་ཅ༷ན་མི༷ན་པ་དང༌། དེ༷་བཞི༷ན་དུ་འདུ༷ས་བྱ༷ས་དང་འདུ༷ས་མ༷་བྱ༷ས་ཀྱི་ཆོ༷ས་རྣ༷མས་ཡིན་ནོ། །དེ་འདྲའི་ཆོ༷ས་དེ༷་ད༷ག་ནི༷་ཐ༷མས་ཅ༷ད་ཀྱི༷་ཆོས་དེ༷་ད༷ག་རང་གི་ངོ་བོ་ཉིད་གང་གི༷ས་དབེ༷ན་པའི་སྟོ༷ང་པ་ཉི༷ད་ག༷ང་ཡིན་པ་དེ་ནི་ཆོས་ཐམས་ཅད་སྟོང་པཉིད་ཡིན་ཏེ། ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པས་སྟོང་ཆ་ཡིན་པའི་ཕྱིར་རོ། །

གཉིས་པ་རང་གི་མཚན་ཉིད་སྟོང་པ་ཉིད་བཤད་པ་ལ། མདོར་བསྟན་པ་དང༌། རྒྱས་པར་བཤད་པ། དོན་བསྡུ་བ་དང་གསུམ། དང་པོ་ནི། རྩ་བར། གཟུགས་རུང་ལ་སོགས་དངོས་མེད་གང༌། །དེ་ནི་རང་མཚན་སྟོང་པ་ཉིད། །ཅེས་གཟུགས་ཀྱི་མཚན་ཉིད་གཟུ༷གས་སུ་རུ༷ང་བ་ལ༷་སོ༷གས་པ་ནས་རྣམ་མཁྱེན་གྱི་མཚན་ཉིད་ཆོས་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་བར་གྱི་ཀུན་བྱང་གི་ཆོས་རྣམས་ཀྱི་རང་རང་གི་མཚན་ཉིད་རྣམས་དངོ༷ས་པོ་སྟེ་རང་བཞིན་གྱིས་གྲུབ་པ་མེ༷ད་པ་ག༷ང་ཡིན་པ་དེ༷་ནི༷་ར༷ང་གི་མཚ༷ན་ཉིད་སྟོ༷ང་པ༷་ཉི༷ད་ཡིན་ནོ། །སྐབས་འདིའི་མཚན་ཉིད་ནི་གཟུགས་ལ་སོགས་པའི་ཆོས་རྣམས་རང་རང་གི་རང་བཞིན་ནམ་རང་གི་དོན་དེ་ཤེས་བྱེད་དམ་མཚོན་བྱེད་ཀྱི་མཚན་ཉིད་རྣམས་ཡིན་གྱི་དོན་ལྡོག་ཡིན་མིན་ཅི་རིགས་ཡོད་པར་ཤེས་པར་བྱའོ། །

༈ གཉིས་པ་རྒྱས་པར་བཤད་པ་ལ་གསུམ།

གཞིའི་ཆོས་དང༌། ལམ་གྱི་ཆོས་དང༌། འབྲས་བུའི་ཆོས་ཀྱི་རང་གི་མཚན་ཉིད་དང་གསུམ། དང་པོ་ནི། རྩ་བར། གཟུགས་ནི་གཟུགས་རུང་མཚན་ཉིད་ཅན། །ཚོར་བ་མྱོང་བའི་བདག་ཉིད་ཅན། །འདུ་ཤེས་མཚན་མར་འཛིན་པ་སྟེ། །འདུ་བྱེད་མངོན་པར་འདུ་བྱེད་པའོ། །ཡུལ་ལ་སོ་སོར་རྣམ་རིག་པ། །རྣམ་ཤེས་རང་གི་མཚན་ཉིད་དོ། །ཕུང་པོ་སྡུག་བསྔལ་རང་མཚན་ཉིད། །ཁམས་ཀྱི་བདག་ཉིད་སྦྲུལ་གདུག་འདོད། །ཅེས་གཟུ༷གས་ནི༷་འདིའོ་ཞེས་ངོས་བཙུགས་ཏེ་གཟུ༷གས་སུ་རུ༷ང་བའི་མཚ༷ན་ཉི༷ད་ཅ༷ན་དང༌། ཚོ༷ར་བ༷་ནི་བདེ་སྡུག་བཏང་སྙོམས་གསུམ་པོ་ཅི་རིགས་མྱོང་བའི་བདག་ཉིད་དམ་མྱོ༷ང་བ༷འི་བད༷ག་ཉི༷ད་ཅ༷ན་དང༌། འདུ༷་ཤེ༷ས་ནི་ཕྱིའི་མཚན་མ་སྔོ་སེར་སོགས་དང་ནང་གི་མཚན་མ་བདེ་སྡུག་ལ་སོགས་པའི་ཁྱད་པར་རྣམས་མཚ༷ན་མ༷ར་འཛི༷ན་པ༷་ཡི་མཚན་ཉིད་ཅན་སྟེ༷། འདུ༷་བྱེ༷ད་ནི་རང་དང་མཚུངས་ལྡན་གྱི་སེམས་ཡུལ་ལ་མངོ༷ན་པ༷ར་འདུ༷་བྱེ༷ད་པའི་མཚན་ཉིད་ཅན་ཡིན་པ༷འོ༷། །མཚན་གཞི་ནི་ཕུང་པོ་བཞི་ལས་གཞན་པའི་འདུས་བྱས་ཐམས་ཅད་དོ། །མིག་གི་རྣམ་ཤེས་ནི་དོན་ལྔའི་ནང་གི་གཟུགས་ཀྱི་སྐྱེ་མཆེད་ཁོ་ན་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཅན་ཡིན་པ་ལ་སོགས་པ་གཟུགས་སྒྲ་ལ་སོགས་རང་རང་གི་ཡུ༷ལ་སོ་སོ་ལ༷་སོ༷་སོ༷ར་རྣ༷མ་པར་རི༷ག་པ༷་ནི་རྣ༷མ་ཤེ༷ས་ཀྱི་ར༷ང་གི༷་མཚ༷ན་ཉི༷ད་དོ༷། །ཕུ༷ང་པོ༷འི་ར༷ང་གི་མཚ༷ན་ཉི༷ད་སྡུ༷ག་བསྔ༷ལ་བ་དང༌། ཁ༷མས་བཅོ་བརྒྱད་པོ་རྣམས་ཀྱི༷་རང་གི་བད༷ག་ཉི༷ད་དམ་རང་གི་མཚན་ཉིད་ནི་སྦྲུ༷ལ་གདུ༷ག་པས་བཟུང་ན་གནོད་པ་བསྐྱེད་པ་ལྟར་སེམས་ཅན་རྣམས་འཁོར་བར་མི་གཏོང་བར་འཛིན་པ་དེ་ཡིན་པར་འདོ༷ད་དོ། །རྩ་བར། སྐྱེ་མཆེད་རྣམས་ནི་སངས་རྒྱས་ཀྱིས། །སྐྱེ་བའི་སྒོར་གྱུར་ཉིད་དུ་གསུངས། །ཞེས་སྐྱེ༷་མཆེ༷ད་རྣ༷མས་ཀྱི་མཚན་ཉིད་ནི༷་སང༷ས་རྒྱ༷ས་བཅོམ་ལྡན་འདས་ཀྱི༷ས་སྡུག་བསྔལ་སྐྱེ༷་བ༷འི་སྒོ༷ར་གྱུ༷ར་པ་ཉི༷ད་དུ༷་གསུ༷ངས་ཏེ། སྡུག་བསྔལ་འབྱུང་ཞིང་སྐྱེ་བའི་སྒོར་གྱུར་པ་ཉིད་ཀྱི་ཕྱིར་རོ། །རྩ་བར། རྟེན་ཅིང་འབྲེལ་པར་འབྱུང་བ་གང༌། །དེ་ནི་འདུ་འཕྲོད་མཚན་ཉིད་དོ། །ཞེས་རྟེ༷ན་ཅི༷ང་འབྲེ༷ལ་བ༷ར་འབྱུ༷ང་བ༷་བཅུ་གཉིས་པོ་ག༷ང་ཡིན་པ་དེ༷་ནི༷་མ་རིག་པའི་རྒྱུ་འདུ་བ་ལས་འབྲས་བུསའདུ་བྱེད་འཕྲོད་པའམ་འབྱུང་བ་ལ་སོགས་པ་ཕན་ཚུན་གཅིག་གི་རྒྱུ་ལས་གཅིག་འབྱུང་བའི་རྒྱུརྐྱེན་གྱི་འདུ༷་འཕྲོ༷ད་ཀྱི་མཚ༷ན་ཉི༷ད་ཅན་དུ་ཟད་དོ༷། །

གཉིས་པ་ལམ་གྱི་ཆོས་ཀྱི་རང་གི་མཚན་ཉིད་ནི།

རྩ་བར། གཏོང་བ་སྦྱིན་པའི་ཕ་རོལ་ཕྱིན། །

ཚུལ་ཁྲིམས་གདུང་མེད་མཚན་ཉིད་བཟོད། །ཁྲོ་མེད་མཚན་ཉིད་བརྩོན་འགྲུས་ཀྱི། །ཁ་ན་མ་ཐོམེད་ཉིད་དོ། །བསམ་གཏན་སྡུད་པའི་མཚན་ཉིད་ཅན། །ཤེས་རབ་ཆགས་མེད་མཚན་ཉིད་དོ། །

ཞེས་ལུས་དང་ལོངས་སྤྱོད་དགེ་རྩ་སོགས་ཡོངས་སུ་གཏོ༷ང་བ༷་ཡི་སེམས་པ་དེ་སྦྱི༷ན་པ༷འི་ཕ༷་རོ༷ལ་ཏུ་ཕྱི༷ན་པའི་མཚན་ཉིད་དང༌། ཚུ༷ལ་ཁྲི༷མས་ནི་ཉོན་མོངས་པའི་ཚ་གདུ༷ང་མེ༷ད་པའི་བསིལ་བ་ཐོབ་པ་མཚ༷ན་ཉི༷ད་ཅན་ཡིན་པ་དང༌། བཟོ༷ད་པ་ནི་ཁྲོ་བའི་ཡུལ་ལ་ཁྲོ༷་བ་མེ༷ད་པར་སེམས་ཀྱི་བསྲན་འཛུག་ནུས་པ་མཚ༷ན་ཉིད༷་ཅན་ནོ། །བརྩོ༷ན་འགྲུ༷ས་ཀྱི༷་ཁ༷་ན༷་མ༷་ཐོ༷་བ་མེ༷ད་པའི་དགེ་བ་རྣམས་རང་རྒྱུད་ལ་ཡོངས་སུ་འཛིན་པར་སྤྲོ་བའི་མཚན་ཉི༷ད་དོ། །བས༷མ་གཏ༷ན་ནི་དགེ་བའི་ཆོས་ཐམས་ཅད་རང་རྒྱུད་ལ་སྡུ༷ད་པར་བྱེད་པ༷འི་སེམས་རྩེ་གཅིག་ཏུ་གནས་པའི་མཚ༷ན་ཉི༷ད་ཅ༷ན་ཏེ། ཁ་ན་མ་ཐོ་བ་མེད་པ་ནི་རང་དོན་ཡིད་བྱེད་ཀྱི་བསམ་པ་མ་འདྲེས་པའི་ཐེག་ཆེན་གྱི་ལམ་མོ། །ཤེ༷ས་ར༷བ་ནི་ལམ་འབྲས་ཀྱི་ཆོས་རྣམས་ལ་བདེན་པར་ཆ༷གས་པ་མེ༷ད་པའི་མཚན་ཉིད་ཅན་ཉིད་དོ༷། །རྩ་བར། ཕ་རོལ་ཕྱིན་པ་དྲུག་རྣམས་ཀྱི། །མཚན་ཉིད་འདི་དག་ཡིན་པར་བརྗོད། །བསམ་གཏན་རྣམས་དང་ཚད་མེད་དང༌། །དེ་བཞིན་གཞན་གང་གཟུགས་མེད་པ། །དེ་དག་ཡང་དག་མཁྱེན་པ་ཡིས། །མི་འཁྲུགས་མཚན་ཉིད་ཅན་དུ་གསུངས། །ཞེས་ཕ༷་རོ༷ལ་ཏུ་ཕྱི༷ན་པ༷་དྲུ༷ག་པོ་རྣ༷མས་ཀྱི༷་མཚ༷ན་ཉི༷ད་ནི་བཤད་མ་ཐག་པ་འདི༷་ད༷ག་ཡི༷ན་པ༷ར་མདོ་ལས་བརྗོ༷ད་པ་ཡིན་ནོ། །བས༷མ་གཏ༷ན་དང་པོ་ལ་སོགས་པའི་བསམ་གཏན་བཞི་པོ་རྣ༷མས་ད༷ང་བྱམས་པ་ཚ༷ད་མེ༷ད་ལ་སོགས་པའི་ཚད་མེད་པ་བཞི་ད༷ང༌། དེ༷་བཞི༷ན་སྔ་མ་དེ་གཉིས་ལས་གཞ༷ན་པ་ག༷ང་ཡིན་པ་ནམ་མཁའ་མཐའ་ཡས་ཀྱི་སྙོམས་འཇུག་ལ་སོགས་པའི་གཟུ༷གས་མེ༷ད་པ༷་ཡི་སྙོམས་འཇུག་བཞི་དང་བཅུ་གཉིས་པོ་དེ༷་ད༷ག་ནི། ཡ༷ང་ད༷ག་མཁྱེ༷ན་པ༷་ཡི༷ས་མི༷་འཁྲུ༷གས་པ་སྟེ་ཁྲོ་བ་དང་བྲལ་བའི་མཚ༷ན་ཉི༷ད་ཅ༷ན་དུ༷་གསུ༷ངས་ཏེ། དེ་རྣམས་ནི་ཁྲོ་བ་སྤངས་པས་ཐོབ་དགོས་པས་ན་ཁྲོ་བ་མེད་པའི་མཚན་ཉིད་ཅན་ཡིན་པར་བསྟན་པའི་ཕྱིར་རོ། །རྩ་བར། བྱང་ཆུབ་ཕྱོགས་ནི་སུམ་ཅུ་བདུན། །ངེས་པར་འབྱུང་བྱེད་རང་མཚན་ཉིད། །ཅེས་བྱ༷ང་ཆུ༷བ་ཀྱི་ཕྱོ༷གས་ཀྱི་ཆོས་ནི༷་སུ༷མ་ཅུ༷་རྩ་བདུ༷ན་གང་དུ་ངེ༷ས་པ༷ར་འབྱུང་བའི་གནས་ཐར་བ་ལ་ངེས་པར་འབྱུ༷ང་བར་བྱེ༷ད་པའི་ར༷ང་གི༷་མཚ༷ན་ཉི༷ད་ཡིན་པའོ། །རྩ་བར། སྟོང་པ་ཉིད་ཀྱི་མཚན་ཉིད་ནི། །དམིགས་པ་མེད་པས་རྣམ་དབེན་ཉིད། །མཚན་མ་མེད་པ་ཞི་ཉིད་དེ། །གསུམ་པའི་མཚན་ཉིད་སྡུག་བསྔལ་དང༌། །གཏི་མུག་མེད། ཅེས་ཆོས་རྣམས་ཀྱི་ངོ་བོ་བདེན་གྲུབ་ཀྱིས་སྟོང་པའི་རྣམ་པར་ཐར་བའི་སྒོ་སྟོ༷ང་པ༷་ཉི༷ད་ཀྱི༷་མཚ༷ན་ཉི༷ད་ནི༷་བདེན་འཛིན་གྱི་དམི༷གས་པ༷་བདེན་གྲུབ་མེ༷ད་པ༷ས་ན་དཔྱིས་སུ་བདེན་འཛིན་གྱི་དྲི་མས་རྣ༷མ་པར་དབེ༷ན་པ་ཉི༷ད་དང༌། དངོས་པོ་རྣམས་ཀྱི་རྒྱུ་དང་དངོས་པོ་རྣམས་རྒྱུ་ཡིན་པའི་བདེན་པས་སྟོང་པའི་རྣམ་པར་ཐར་བའི་སྒོ་མཚ༷ན་མ༷་མེ༷ད་པ༷་ནི་རྒྱུ་བདེན་གྲུབ་ཀྱི་མཚན་མ་མ་དམིགས་པ་ཡིན་པས་ཞི༷་བའི་མཚན་ཉི༷ད་ཅ༷ན་དང༌། འབྲས་བུ་དང་དངོས་པོ་རྣམས་འབྲས་བུ་ཡིན་པའི་ཆ་བདེན་གྲུབ་ཀྱིས་སྟོང་པའི་རྣམ་པར་ཐར་པའི་སྒོ་གསུ༷མ་པ་སྨོན་པ་མེད་པ༷འི་མཚ༷ན་ཉི༷ད་ནི། བདེན་པར་གྲུབ་པའི་འབྲས་བུ་བཟང་ངན་གང་ཡང་མེད་པས་བདེན་གྲུབ་ཏུ་བཟུང་བའི་སྒོ་ནས་འཁོར་བའི་འབྲས་བུ་སྡུག་བསྔལ་ལ་སྨོན་པའི་ཡུལ་མེད་པ་དང༌། འབྲས་བུ་འཇིག་རྟེན་ལས་འདས་པའི་གོ་འཕང་ལ་ཡང་བདེན་པར་འཛིན་པའི་གཏི་མུག་གི་སྒོ་ནས་སྨོན་པའི་གནས་འདས་པའི་གོ་འཕང་བདེན་གྲུབ་མེད་པ་དེ་ཉིད་སྨོན་པ་མེད་པའི་རྣམ་ཐར་ཡིན་པས་ན་སྡུ༷ག་བསྔ༷ལ་ད༷ང་གཏི༷་མུ༷ག་མེ༷ད་པའི་མཚན་ཉིད་ཅན་ཡིན་ནོ། །རྩ་བར། རྣམ་ཐར་རྣམས་ཀྱི། མཚན་ཉིད་རྣམ་པར་གྲོལ་བྱེད་པའོ། །ཞེས་རྣ༷མ་པར་ཐ༷ར་པ་བརྒྱད་པོ་རྣ༷མས་ཀྱི༷་རང་གི་མཚ༷ན་ཉི༷ད་ནི་སྙོམས་འཇུག་གི་སྒྲིབ་པ་ལས་རྣ༷མ་པ༷ར་གྲོ༷ལ་བར་བྱེ༷ད་པ༷་དེ་ཡིན་ཏེ། རང་འགྲེལ་ལས། རྣམ་པར་ཐར་པ་བརྒྱད་ནི་འདི་ལྟ་སྟེ། གཟུགས་ཅན་གཟུགས་རྣམས་ལ་ལྟ་བ་ནི་རྣམ་པར་ཐར་པ་དང་པོའོ། །ནང་གཟུགས་སུ་འདུ་ཤེས་པས་ཕྱི་རོལ་གྱི་གཟུགས་རྣམས་ལ་ལྟ་བ་ཞེས་བྱ་བ་ནི་གཉིས་པའོ། །སྡུག་པའི་རྣམ་པར་ཐར་པ་བསམ་གཏན་བཞི་པའི་བདག་ཉིད་ཅན་ནི་གསུམ་པའོ། །གཟུགས་མེད་པ་བཞི་ནི་ཇི་སྐད་བཤད་པ་བཞིན་ནོ། །འདུ་ཤེས་དང༌། ཚོར་བ་འགོག་པ་ནི་བརྒྱད་པ་སྟེ། རྣམཔར་ཐར་པ་འདི་དག་ནི་སྙོམས་པར་འཇུག་པའི་སྒྲིབ་པ་ལས་གྲོལ་བར་བྱེད་པའི་ཕྱིར། རྣམཔར་གྲོལ་བར་བྱེད་པའི་མཚན་ཉིད་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་འབྲས་བུའི་ཆོས་ཀྱི་རང་གི་མཚན་ཉིད་ནི།

རྩ་བར། སྟོབས་རྣམས་ཤིན་ཏུ་རྣམཔར་ནི། །གཏན་ལ་འབེབས་པའི་རང་བཞིན་གསུངས། །ཞེས་འཆད་འགྱུར་གྱི་སྟོ༷བས་བཅུ་པོརྣ༷མས་ནི་ཡུལ་རྣམས་ཤི༷ན་ཏུ༷་རྣ༷མ་པ༷ར་ནི༷་གཏ༷ན་ལ༷་འབེ༷བས་པ༷འི་ར༷ང་བཞི༷ན་ཏེ་མཚན་ཉིད་ཅན་ཡིན་པར་གསུ༷ངས་སོ། །རྩ་བར། སྐྱོབ་པའི་མི་འཇིགས་པ་རྣམས་ནི། །ཤིན་ཏུ་བརྟན་པའི་ངོ་བོ་ཡིན། །ཞེས་ཆོས་ཐམས་ཅད་ཡང་དག་པར་རྫོགས་པར་སངས་རྒྱས་སོ་སྟེ་ངས་ཤེས་བྱའི་ཆོས་ཐམས་ཅད་ཕྱིན་ཅི་མ་ལོག་པར་ཚུལ་བཞིན་དུ་མ་ལུས་པར་ཐུགས་སུ་ཆུད་དོ་ཞེས་དང༌། ང་ཟག་པ་བག་ཆགས་དང་བཅས་པ་ཟད་དོ་ཞེས་དང༌། འདོད་ཆགས་ལ་སོགས་པ་འདི་ཐར་བ་ལ་བར་དུ་གཅོད་པའི་ཆོས་ཡིན་ནོ་ཞེས་དང༌། ས་ལམ་འདི་ལ་བརྩོན་ན་སྡུག་བསྔལ་ཟད་དོ་ཞེས་དམ་བཅས་པ་བཞི་ལ། དེ་དག་ནི་དེ་ལྟར་མིན་ནོ་ཞེས་ཆོས་མཐུན་གྱི་རྒོལ་བའི་གནོད་པ་ལ་མི་འཇིགས་པའི་མཁྱེན་པ་བཞི་པོ་ནི། སྐྱོ༷བ་པ༷འི་སངས་རྒྱས་ཀྱི་མི༷་འཇི༷གས་པ༷་བཞི་པོ་རྣ༷མས་ནི༷། ཤི༷ན་ཏུ༷་བརྟ༷ན་པ༷འི་ངོ༷་བོ༷་སྟེ་མཚན་ཉིད་ཅན་ཡི༷ན་ནོ། །རྩ་བར། སོ་སོ་ཡང་དག་རིག་རྣམས་ནི། །

སྤོབས་སོགས་ཆད་མེད་མཚན་ཉིད་ཅན། །ཞེས་ཆོས་དང་དོན་དང་ངེས་པའི་ཚིག་དང་སྤོབས་པ་སོ༷་སོ༷ར་ཡ༷ང་ད༷ག་པར་རི༷ག་པ་བཞི་པོ་རྣ༷མས་ནི༷། སྤོ༷བས་པ་ལ་སོ༷གས་པ་བཞི་པོ་ཆ༷ད་པ་སྟེ་ཟད་པའི་མཐར་གཏུགས་པ་མེ༷ད་པའི་མཚ༷ན་ཉི༷ད་ཅ༷ན་ནོ། །རྩ་བར། འགྲོ་ལ་ཕན་པ་ཉེར་སྒྲུབ་པ། །བྱམས་པ་ཆེན་པོ་ཞེས་བྱའོ། །ཞེས་སེམས་ཅན་མཐའ་དག་ལ་གནས་སྐབས་ཀྱི་ཕན་པ་ལྷ་མིའི་བདེ་བ་དང་མཐར་ཐུག་གི་བདེ་བ་ཐར་བ་དེ་བདག་གིས་བསྒྲུབ་འདོད་པའི་རྣམ་པ་ཅན་འགྲོ༷་བ་རྣམས་ལ༷་ཕ༷ན་པ༷་དང་བདེ་བ་ཉེ༷་བར་སྒྲུ༷བ་པ༷་ནི་བྱ༷མས་པ༷་ཆེ༷ན་པོ༷་ཞེ༷ས་བྱ༷འོ། །རྩ་བར། སྡུག་བསྔལ་ཅན་རྣམས་ཡོངས་སྐྱོབ་པའི། །ཐུགས་རྗེ་ཆེན་པོའོ། །ཞེས་སེམས་ཅན་མཐའ་དག་གི་རྒྱུད་ཀྱི་སྡུག་བསྔལ་མ་ལུས་པ་བདག་གིས་བསྒྲལ་འདོད་པའི་རྣམ་པ་ཅན་གྱི་སེམས་ཅན་སྡུ༷ག་བསྔ༷ལ་ཅ༷ན་རྣ༷མས་ཡོ༷ངས་སུ་སྐྱོ༷བ་པར་འདོད་པ༷འི་རྣམ་པར་མི་འཚེ་བ་དེ་ཐུ༷གས་རྗེ༷་ཆེ༷ན་པོ༷འི་མཚན་ཉིད་ཡིན་ནོ། །རྩ་བར། དགའ་བ་ནི། རབ་དགའི་མཚན་ཉིད། ཅེས་དག༷འ་བ༷་ཆེན་པོ་ནི༷། སེམས་ཅན་བདེ་བ་དང་མི་འབྲལ་བ་ལ་ར༷བ་ཏུ་དག༷འ་ཞིང་བདག་གིས་མི་འབྲལ་བར་བྱེད་འདོད་པའི་མཚ༷ན་ཉི༷ད་ཅན་དང༌། རྩ་བར། བཏང་སྙོམས་ནི། །མ་འདྲེས་མཚན་ཉིད་ཅན་ཞེས་བྱ། །ཞེས་བཏ༷ང་སྙོ༷མས་ཆེན་པོ་ནི༷་ཆགས་སྡང་གཉིས་པོ་དེ་དག་དང་མ༷་འདྲེ༷ས་པའི་མཚ༷ན་ཉི༷ད་ཅ༷ན་ཞེ༷ས་བྱ༷་བ་ཡིན་ནོ། །རྩ་བར། སངས་རྒྱས་ཆོས་ནི་མ་འདྲེས་པ། །བཅུ་དང་བརྒྱད་དུ་གང་འདོད་དག །གང་ཕྱིར་སྟོན་དེས་མི་འཕྲོགས་པ། །དེ་ཕྱིར་མི་འཕྲོགས་རང་མཚན་ཉིད། །ཅེས་སང༷ས་རྒྱ༷ས་ཀྱི་ཆོ༷ས་ནི༷་མ༷་འདྲེ༷ས་པ༷་བཅུ༷་ད༷ང་བརྒྱ༷ད་དུ༷་ག༷ང་འདོ༷ད་པ། དེ་ད༷ག་ནི། རྒྱུ་མཚན་ག༷ང་གི་ཕྱི༷ར་སྟོ༷ན་པ་ལ་སྐུ་ལ་འཁྲུལ་བ་མི་མངའ་བའི་མ་འདྲེས་པ་ལ་སྐུའི་སྤྱོད་པ་འཁྲུལ་བས་མི་འཕྲོགས་པ་སྟེ་གནོད་མི་ཐུབ་པ་ལ་སོགས་པ་མ་འདྲེས་པ་བཅོ་བརྒྱད་ལ་མི་མཐུན་པའི་ཕྱོགས་བཅོ་བརྒྱད་པོ་དེ༷ས་མི༷་འཕྲོ༷གས་པ༷འམ་ཚུར་མི་ཐུབ་པ་དེ༷་ཡི་ཕྱི༷ར་རོ། །གཞན་གྱིས་མི༷་འཕྲོ༷གས་པའི་ར༷ང་གི་མཚ༷ན་ཉི༷ད་ཅན་ཡིན་པའོ། །རང་འགྲེལ་ལས། འདི་ལྟ་སྟེ། རབ་འབྱོར་གང་གི་ནམ་ལ་དེ་བཞིན་གཤེགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་པ་དག་དང༌། གང་གི་ནམ་ལ་ལེན་པ་མི་མངའ་བར་མྱ་ངན་ལས་འདས་པར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པ་ལ་འཁྲུལ་པ་མི་མངའོ། །ཅ་ཅོ་མི་མངའོ། །

བསྙེལ་བ་མི་མངའོ། །ཐུགས་མཉམ་པར་མ་བཞག་པ་མི་མངའོ། །དེ་བཞིན་དུ་ཐ་དད་པའི་འདུ་ཤེས་དང༌། སོ་སོར་མ་བརྟགས་པའི་བཏང་སྙོམས་དང༌། འདུན་པ་ཉམས་པ་དང༌། བརྩོན་འགྲུས་ཉམས་པ་དང༌། དྲན་པ་ཉམས་པ་དང༌། ཏིང་ངེ་འཛིན་ཉམས་པ་དང༌། ཤེས་རབ་ཉམས་པ་དང༌། རྣམ་པར་གྲོལ་བ་ཉམས་པ་མི་མངའོ། །ལུས་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང༌། ངག་གི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང༌། ཡིད་ཀྱི་ལས་ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་ཀྱི་རྗེས་སུ་འབྲང༌། འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག མ་འོངས་པ་དང་ད་ལྟར་བྱུང་བ་ལ་ཡང་དེ་ལྟར་བརྗོད་པར་བྱའོ། །དེ་ལྟ་བུའི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་གང་དག་ཡིན་པ་དེ་དག་ནི་མི་འཕྲོགས་པའི་མཚན་ཉིད་ཅན་ཏེ། འཁྲུལ་པ་ལ་སོགས་པ་མི་མངའ་བས་གླགས་མེད་པ་ཉིད་ཀྱིས་ཐུབ་པར་མི་ནུས་པ་ཉིད་ཀྱི་ཕྱིར་རོ། །འདི་དག་གི་བཤད་པ་ནི་འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པ་ལས་རིག་པར་བྱའོ། །ཞེས་སོགས་རྒྱས་པར་གསུངས་ཡོད་པས་དེར་ཤེས་པར་བྱའོ། །རྩ་བར། རྣམ་ཀུན་མཁྱེན་ཉིད་ཡེ་ཤེས་ནི། །མངོན་སུམ་མཚན་ཉིད་ཅན་དུ་འདོད། །གཞན་ནི་ཉི་ཚེ་བ་ཉིད་ཀྱིས། །མངོན་སུམ་ཞེས་བྱར་མི་འདོད་དོ། །ཞེས་རྣ༷མ་པ་ཀུ༷ན་མཁྱེ༷ན་པ་ཉི༷ད་ཀྱི་ཡེ༷་ཤེ༷ས་ནི༷། ཤེས་བྱ་མ་ལུས་པ་ཐམས་ཅད་མངོ༷ན་སུ༷མ་དུ་མཁྱེན་པའི་མཚ༷ན་ཉི༷ད་ཅ༷ན་དུ༷་འདོ༷ད་དེ། རྣམ་མཁྱེན་ལས་གཞ༷ན་པའི་བློ་རྣམས་ནི༷་ཡུལ་ཉི༷་ཚེ༷་བ༷་ཙམ་ལ་འཇུག་པ་ཉི༷ད་ཀྱི༷ས་ཏེ་ཡུལ་ཉི་ཚེ་བ་ཙམ་རྟོགས་པའི་བློ་ཡིན་གྱི་ཤེས་བྱ་ཐམས་ཅད་ཅིག་ཆར་རྟོགས་པ་མ་ཡིན་པས་ཤེས་བྱ་ཐམས་ཅད་མངོ༷ན་སུ༷མ་དུམཁྱེན་པ་ཞེ༷ས་བྱ༷་བར་མི༷་འདོ༷ད་དོ༷། །

༈ གསུམ་པ་དོན་བསྡུ་བ་ནི།

རྩ་བར། གང་ཞིག་འདུས་བྱས་མཚན་ཉིད་དང༌། །འདུས་མ་བྱས་ཀྱི་མཚན་ཉིད་གང༌། །དེ་དེ་ཁོ་ནས་སྟོང་པ་ཉིད། །དེ་ནི་རང་མཚན་སྟོང་པ་ཉིད། །ཅེས་ག༷ང་ཞི༷ག་འདུ༷ས་བྱ༷ས་ཀྱི་ཆོས་རྣམས་ཀྱི་མཚ༷ན་ཉི༷ད་ད༷ང༌། འདུ༷ས་མ༷་བྱ༷ས་པའི་ཆོས་རྣམས་ཀྱི༷་མཚ༷ན་ཉི༷ད་ག༷ང་ཡིན་པ་དེ༷་དག་ནི། མཚན་ཉིད་དེ༷་དག་རང་བཞིན་གྱིས་གྲུབ་པ་དེ་ཁོ༷་ན༷ས་སྟོང་པའི་སྟོ༷ང་པ༷་ཉི༷ད་དེ༷་ནི༷་ར༷ང་གི་མཚ༷ན་ཉིད་སྟོ༷ང་པ༷་ཉི༷ད་ཡིན་ཏེ། ཆོས་རྣམས་ཀྱི་རང་གི་མཚན་ཉིདརྣམས་རང་བཞིན་གྱིས་གྲུབ་པས་སྟོང་ཆ་ཡིན་པའི་ཕྱིར་རོ། །

༈ གསུམ་པ་མི་དམིགས་པ་དང་དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་བཤད་པ་ནི།

རྩ་བར། ད་ལྟར་བ་འདི་མི་གནས་ཤིང༌། །འདས་དང་མ་འོངས་ཡོད་མ་ཡིན། །གང་དུ་དེ་དག་མི་དམིགས་པ། །དེ་ལ་མི་དམིགས་པ་ཞེས་བརྗོད། །མི་དམིགས་པ་དེ་རང་ངོ་བོ། །དེ་ཡིས་དབེན་པ་ཉིད་གང་དེ། །ཐེར་ཟུག་གནས་མིན་འཇིག་མིན་པས། །མི་དམིགས་ཞེས་བྱའི་སྟོང་ཉིད་དོ། །ཞེས་དུས་གསུམ་གྱི་ནང་གི་ད༷་ལྟ༷ར་བ༷་འདི༷་ནི་རང་གྲུབ་པའི་དུས་ཀྱི་སྐད་ཅིག་གཉིས་པ་ཕན་ཆད་དུ་མི༷་གན༷ས་ཤི༷ང་མེད་པ་དང༌། འད༷ས་པ་ནི་ད་ལྟར་བྱུང་བ་དེ་ཞིག་པ་ཡིན་པ་ད༷ང༌། མ༷་འོ༷ངས་པ་ནི་འབྱུང་འགྱུར་གྱི་དངོས་པོ་དེ་ད་ལྟར་མ་སྐྱེས་པ་ཡིན་པས་འདས་པ་དང་མ་འོངས་པ་གཉིས་ད་ལྟར་ཡོ༷ད་པ་མ༷་ཡི༷ན་པས་ན་དུས་ག༷ང་དུ༷་སྟེ་དུས་གང་གི་སྐབས་སུ་དུས་གསུམ་པོ་དེ༷་ད༷ག་ནི་ཕན་ཚུན་གཅིག་གི་དུས་སུ་ཅིག་ཤོས་མི༷་དམི༷གས་པ༷་སྟེ་མེད་པས་དུས་གསུམ་པོ་དེ༷་ལ༷་མི༷་དམི༷གས་པ༷་ཞེ༷ས་བརྗོ༷ད་པ་ཡིན་ཏེ། དེ་འདྲའི་མི༷་དམི༷གས་པ༷་དེ༷་ར༷ང་གི་ངོ༷་བོ༷་ཉིད་ཀྱིས་གྲུབ་པ་དེ༷་ཡི༷ས་དབེ༷ན་པ༷་ཉི༷ད་ག༷ང་ཡིན་པ་དེ༷་ནི། མི་དམིགས་པ་དུས་གསུམ་པོ་དེ་དོན་དམ་པར་ཐེ༷ར་ཟུ༷ག་ཏུ་གན༷ས་པ་མི༷ན་པ་དང༌། དོན་དམ་པར་འཇི༷ག་པ་མི༷ན་པ༷འི་ཕྱིར་ན་མི༷་དམི༷གས་པ་ཞེ༷ས་བྱ༷་བའི་སྟོ༷ང་པ་ཉི༷ད་དོ༷། ། རྩ་བར། རྐྱེན་ལས་བྱུང་ཕྱིར་དངོས་རྣམས་ལ། །འདུས་པ་པ་ཡི་ངོ་བོ་མེད། །འདུས་པ་པ་ནི་དེ་ཉིད་ཀྱིས། །སྟོང་ཉིད་དངོས་མེད་སྟོང་ཉིད་དོ། །ཞེས་རྒྱུ་རྐྱེ༷ན་འདུས་པ་ལ༷ས་བྱུ༷ང་བ་ཡིན་པའི་ཕྱི༷ར་ན། དངོ༷ས་པོ་རྣ༷མས་ལ༷་འདུ༷ས་པ༷་ཞེས་བརྗོད་ལ། དེ་ལྟར་རྒྱུ་རྐྱེན་འདུ༷ས་པ༷་ལས་བྱུང་བའི་འདུ་བ་པ༷་ཡི༷་ངོ༷་བོ༷་ནི་རང་བཞིན་གྱིས་གྲུབ་པ་མེ༷ད་པས་ན། རྐྱེན་ལས་བྱུང་བ་དེ་དག་དངོས་པོ་མེད་པ་ཞེས་བྱ་སྟེ། དེ་འདྲའི་འདུ༷ས་པ༷་པ༷་ནི༷་འདུ་བ་པ་དེ༷་ཉི༷ད་ངོ་བོ་ཉིད་ཀྱི༷ས་གྲུབ་པས་སྟོ༷ང་པཉི༷ད་ནི་དངོ༷ས་པོ་མེ༷ད་པའི་ངོ་བོ་ཉིད་ཀྱི་སྟོ༷ང་པ་ཉི༷ད་དོ། །

གཉིས་པ་སྟོང་ཉིད་བཞིར་ཕྱེ་བ་རྒྱས་པར་བཤད་པ་ལ་བཞི་ལས།

དང་པོ་དངོས་པོ་སྟོང་པ་ཉིད་ནི། རྩ་བར། དངོས་པོའི་སྒྲས་ནི་མདོར་བསྡུས་ན། །ཕུང་པོ་ལྔ་རྣམས་བརྗོད་པ་ཡིན། །དེ་རྣམས་དེ་ཡིས་སྟོང་ཉིད་གང༌། །དེ་དངོས་སྟོང་པ་ཉིད་དུ་བཤད། །ཅེས་དངོས་པོ་སྟོང་པ་ཉིད་ཅེས་བྱ་བའི་དངོ༷ས་པོ༷འི་སྒྲ༷ས་ནི༷་མདོ༷ར་བསྡུ༷ས་ན༷་ཕུ༷ང་པོ༷་ལྔ༷་པོ་རྣ༷མས་སོ་སོར་མ་ཕྱེ་བར་དངོས་པོའི་ཁོངས་སུ་བརྗོ༷ད་པ༷་ཡི༷ན་ཏེ། དེ་འདྲའི་དངོས་པོ་ཕུང་པོ་ལྔ་པོ་དེ༷་རྣ༷མས་ཕུང་པོ་ལྔ་པོ་དེ༷་ཡི༷་རང་བཞིན་གྱིས་གྲུབ་པས་སྟོ༷ང་པ་ཉི༷ད་ག༷ང་ཡིན་པ་དེ༷་དངོ༷ས་པོ་སྟོ༷ང་པ༷་ཉི༷ད་དུ༷་མདོ་ལས་བཤ༷དདེ། སྟོང་གཞི་དངོས་པོའི་ཆོས་རྣམས་ཀྱི་སྟོང་ཉིད་ཡིན་པའི་ཕྱིར་རོ། །

གཉིས་པ་དངོས་པོ་མེད་པ་སྟོང་པ་ཉིད་ནི།

རྩ་བར། མདོར་བསྡུས་ན་ནི་དངོས་མེད་པ། །

འདུས་མ་བྱས་ཆོས་རྣམས་ལ་བརྗོད། །དེ་ཉིད་དངོས་མེད་དེས་སྟོང་ཉིད། །དངོས་པོ་མེད་པ་སྟོང་ཉིད་དོ། །ཞེས་ནམ་མཁའ་ལ་སོགས་པའི་འདུས་མ་བྱས་རྣམས་སོ་སོར་མ་ཕྱེ་བར་མདོ༷ར་བསྡུ༷ས་ནས་བརྗོད་ན༷་ནི༷་དངོ༷ས་པོ་མེ༷ད་པ༷་ཞེས་པ་ནི་ནམ་མཁའ་དང་མྱང་འདས་ལ་སོགས་པའི་འདུ༷ས་མ༷་བྱ༷ས་ཀྱི་ཆོ༷ས་རྣ༷མས་ལ༷་བརྗོ༷ད་པ་ཡིན་ཏེ། དེ་འདྲའི་དངོས་པོ་མེད་པ་དེ༷་ཉི༷ད་དངོ༷ས་པོ་མེ༷ད་པ་དེ༷འི་རང་བཞིན་གྱིས་གྲུབ་པས་སྟོ༷ང་པ་ཉི༷ད་ནི། དངོ༷ས་པོ༷་མེ༷ད་པ༷་སྟོ༷ང་པ་ཉི༷ད་དོ༷། །

གསུམ་པ་རང་བཞིན་སྟོང་པ་ཉིད་ནི།

རྩ་བར། རང་བཞིན་ངོ་བོ་ཉིད་མེད་ནི། །རང་བཞིནཞེས་བྱའི་སྟོང་ཉིད་དེ། །འདི་ལྟར་རང་བཞིན་མ་བྱས་པས། །རང་བཞིན་ཞེས་ནི་བྱ་བར་བསྙད། །ཅེས་ར༷ང་བཞི༷ན་ཆོས་ཉིད་དེ་ངོ༷་བོ༷་ཉི༷ད་ཀྱིས་གྲུབ་པ་མེ༷ད་པ་དེ་ནི༷་ར༷ང་བཞི༷ན་ཞེ༷ས་བྱ༷འི་སྟོ༷ང་པ་ཉི༷ད་དེ༷། རྒྱུ་མཚན་ནི་འདི༷་ལྟ༷ར་ཆོས་ཉིད་ཀྱི་ར༷ང་བཞི༷ན་དེ་ནི་ཉན་ཐོས་ལ་སོགས་པས་མ༷་བྱ༷ས་པར་ཆོས་རྣམས་ཀྱི་རང་གཤིས་སུ་གནས་པ་ཡིན་པ༷ས་ར༷ང་བཞི༷ན་ཞེ༷ས་པ་ནི༷་ཆོས་ཉིད་ཀྱི་རང་བཞིན་ལ་རང་བཞིན་ཞེས་བྱ༷་བ༷ར་བསྙ༷ད་པ་ཡིན་ཏེ། རང་བཞིན་ངོ་བོ་ཉིད་ཀྱིས་གྲུབ་པས་སྟོང་ཆཡིན་པའི་ཕྱིར་རོ། །

བཞི་པ་གཞན་གྱི་ངོ་བོའི་སྟོང་པ་ཉིད་ནི།

རྩ་བར། སངས་རྒྱས་རྣམས་ནི་བྱུང་བ་འམ། །མ་བྱུང་ཡང་རུང་དངོས་སུ་ནི། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཡང་དག་མཐའ་དང་དེ་བཞིན་ཉིད། །དེ་གཞན་དངོས་པོའི་སྟོང་ཉིད་དོ། །ཞེས་སང༷ས་རྒྱ༷ས་རྣ༷མས་ནི༷་འབྱུ༷ང་བ༷འ༷མ་སྟེ་སངས་རྒྱས་རྣམས་བྱོན་ཏེ་རང་བཞིན་སྟོང་ཉིད་དེ་བསྟན་ཀྱང་རུང༌། སངས་རྒྱས་འཇིག་རྟེན་དུ་མ༷་བྱུ༷ང་ནས་མ་བསྟན་ན་ཡ༷ང་རུ༷ང༌། དངོ༷ས་སུ༷་ནི༷་སྟེ་དོན་དུ་ནི་དངོ༷ས་པོ༷་ཀུ༷ན་གྱི༷་རང་བཞིན་སྟོ༷ང་པ༷་ཉི༷ད་ནི། གཞ༷ན་ཏེ་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལས་མི་འདའ་བ་ཅན་གྱི༷་དངོ༷ས་པོ༷ར་ར༷བ་ཏུ༷་བསྒྲ༷གས་པ་སྟེ་ངོ་བོར་གནས་པ་དང༌། དེ་འདྲའི་གཞན་གྱི་ངོ་བོ་ཡ༷ང་ད༷ག་མཐ༷འ་ད༷ང་དེ༷་བཞི༷ན་ཉི༷ད་དེ་རང་བཞིན་གྱིས་གྲུབ་པས་སྟོང་པའི་སྟོང་པ་ཉིད་དེ་ནི། དེ༷༷་གཞ༷ན་དངོ༷ས་པོ༷འི་སྟོ༷ང་པ་ཉི༷ད་དོ༷། །སྐབས་འདིར་རང་འགྲེལ་ལས། གཞན་གྱི་དངོས་པོ་ནི་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །རྣམ་པ་གཅིག་ཏུ་ན་གཞན་གྱི་དངོས་པོ་ནི་ཡེ་ཤེས་ཕུལ་དུ་བྱུང་བས་རྟོགས་པར་བྱ་བའི་དངོས་པོ་སྟེ། དེ་ནི་དེ་ཉིད་ཀྱིས་སྟོང་ངོ༌། །ཡང་ན་ཕ་རོལ་ན་ཡོད་པ་ནི་གཞན་གྱི་དངོས་པོའོ། །ཞེས་གསུངས་སོ། །རི་ཆོས་ངེས་དོན་རྒྱ་མཚོ་ལས། གལ་ཏེ། སློབ་དཔོན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར། དེ་བཞིན་གཤེགས་པའི་སྙིང་པོ་ངེས་དོན་ཡིན་པ་བཀག་པ་མ་ཡིན་ནམ་ཞེ་ན། གསང་འདུས་ཀྱི་འགྲེལ་པ་སྒྲོན་གསལ་དུ་ནི་གསལ་པར་བསྟན་ཏེ། ཇི་སྐད་དུ། ཡི་གེ་ཨོཾ་ནི་དེ་བཞིན་གཤེགས་པའི་སྙིང་པོ་སྟེ་དེས་རྣལ་འབྱོར་པའི་མི་ཕྱེད་པའི་ལུས་བསྐྱེད་པས་ན། རྡོ་རྗེའི་སྐུ་ནི་ཐོབ་བྱེད་པའོ། །ཞེས་དང༌། རྒྱལ་བ་ཀུན་གྱི་གནས་ནི་སེམས་ཅན་ཐམས་ཅད་དེ་དེ་བཞིན་གཤེགས་པའི་སྙིང་པོ་ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །དབུ་མ་ལ་འཇུག་པར་ཡང༌། སངས་རྒྱས་རྣམས་ནི་བྱུང་བའམ། །མ་བྱུང་ཡང་རུང་དངོས་སུ་ན། །དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཡང་དག་མཐའ་དང་དེ་བཞིན་ཉིད༌། །དེ་གཞན་དངོས་པོའི་སྟོང་ཉིད་དོ། །གཞན་གྱི་དངོས་པོ་ནི་མཆོག་ཏུ་བྱུང་བའི་དེ་ཁོ་ན་ཉིད་དོ། །དེའི་མཆོག་ཏུ་བྱུང་བ་ཉིད་ནི་རྟག་ཏུ་ཡོད་པ་ཉིད་དོ། །ཞེས་པ་ཡང་བྱུང་བས་ནང་འགལ་གསུངས་པ་ཡིན་ནམ་ཅི་ཞེས་དཔྱད་པར་རིགས་ཏེ། སྔར་མཚན་ཉིད་པའི་དུས་ན་༼མུ་སྟེགས་པས་བརྟགས་པའི་བདག་དང་བདེ་གཤེགས་སྙིང་པོ་འདྲ་སྙམ་པ་༽དེ་འདྲའི་ཐུགས་རྟོག་སྐྱེས་ཀྱང་ཕྱིས་གསང་སྔགས་ཟབ་མོ་ལ་ཞུགས་པས་ཐུགས་སྐྱེད་ཐོན་ནས་གྲུབ་མཐའ་འགྱུར་པ་ཡིན་ནམ་སྙམ་དུ་ཡང་སེམས་སོ། །ཞེས་གསུངས་ལ། དེའི་ནང་ནས་དངོས་པོ་ཀུན་གྱི་སྟོང་པ་ཉིད། །གཞན་གྱི་དངོས་པོར་རབ་ཏུ་བསྒྲགས། །ཞེས་སོགས་ཀྱིས་གཞན་སྟོང་གསུངས་ཚུལ་ཡོད་མེད་གོང་དུ་བཀོད་པའི་རྩ་བར། སྟོང་ཉིད་དེ་ཡང་སྟོང་ཉིད་ཀྱི། །ངོ་བོས་སྟོང་པར་འདོད་པ་ཡིན། །སྟོང་ཉིད་ཅེས་བྱའི་སྟོང་ཉིད་གང༌། །སྟོང་ཉིད་སྟོང་ཉིད་དུ་འདོད་དེ། །ཞེས་སོགས་དང་རང་འགྲེལདང་གཉིས་ཀར་དོན་དམ་བདེན་པ་རང་སྟོང་གསུངས་པས་དཔྱད་པར་ཞུའོ། །རྩ་བར། ཤེས་རབ་ཕ་རོལ་ཕྱིན་ཚུལ་ལས། །དེ་དག་དེ་སྐད་རབ་ཏུ་བསྒྲགས། །ཞེས་དེ་འདྲ་བའི་སྟོང་ཉིད་བཅུ་དྲུག་དང་བཞི་པོ་དེ་དག་ནི་ཤེ༷ས་ར༷བ་ཀྱི་ཕ༷་རོ༷ལ་ཏུ་ཕྱི༷ན་པའི་ཚུ༷ལ་ལམ་གཞུང་རྒྱལ་བའི་ཡུམ་ལ༷ས། དབྱེ་བའི་གྲངས་དང་སྟོང་ཚུལ་དེ༷་ད༷ག་གོང་དུ་བཤད་པ་དེ༷་སྐ༷ད་དུ་ར༷བ་ཏུ༷་བསྒྲ༷གས་པ་སྟེ་བཤདཔ་ཡིན་ནོ། །

༈ ད་ནི་བཞི་པ་སའི་ཡོན་ཏན་བརྗོད་པའི་སྒོ་ནས་མཇུག་བསྡུ་བ་ནི།

རྩ་བར། དེ་ལྟར་བློ་གྲོས་ཟེར་གྱིས་སྣང་བ་གསལ་བྱས་པ། །རང་གི་ལག་ན་གནས་པའི་སྐྱུ་རུ་ར་བཞིན་དུ། །སྲིད་གསུམ་འདི་དག་མ་ལུས་གདོད་ནས་སྐྱེ་མེད་པར། །རྟོགས་དེ་ཐ་སྙད་བདེན་པའི་སྟོབས་ཀྱིས་འགོག་པར་འགྲོ། །ཞེས་སྔར་གོང་དུ་བཤད་པ་དེ༷་ལྟ༷ར་བདེན་མེད་ལ་རིགས་པ་དུ་མས་རྣམ་པར་དཔྱད་པ་ལས་བྱུང་བའི་བློ༷་གྲོ༷ས་ཀྱི་འོད་ཟེ༷ར་གྱི༷ས། སྟོང་ཉིད་མཐོང་བ་ལ་གེགས་བྱེད་པའི་བདེན་འཛིན་གྱི་མུན་པ་འཇོམས་བྱེད་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱི་སྣ༷ང་བ༷་གས༷ལ་བར་བྱ༷ས་པ༷་ཡི་བྱང་སེམས་ས་དྲུག་པ་དེས་དཔེར་ན་ར༷ང་གི་ལ༷ག་ན༷་གན༷ས་པ༷འི་སྐྱུ༷་རུ་༷ར༷་རློན་པའི་འབྲས་བུ་བཞི༷ན་དུ༷་སྲི༷ད་པ་གསུ༷མ་པོ་འདི༷་ད༷ག་མ༷་ལུ༷ས་པ་གདོ༷ད་མ་ན༷ས་རང་བཞིན་གྱིས་སྐྱེ༷་བ་མེ༷ད་པ༷ར་མངོན་སུམ་དུ་རྟོ༷གས་ཏེ༷། དེ་ལྟར་རྟོགས་པ་དེའི་སྒོ་ནས། ཐ༷་སྙ༷ད་བདེ༷ན་པ༷འི་སྟོ༷བས་ཀྱི༷ས་ཏེ་ཀུན་རྫོབ་ཐ་སྙད་ཙམ་དུ་འགོ༷ག་པ༷ར་འགྲོ༷་བའོ། །རྩ་བར། རྟག་ཏུ་འགོག་པར་གཏོགས་པའི་བསམ་ལྡན་ཡིན་མོད་ཀྱི། །འགྲོ་བ་མགོན་མེད་པ་ལ་སྙིང་རྗེའང་སྐྱེད་པར་བྱེད། །

ཅེས་འགོག་པ་ལ་ཡང་ཡང་སྙོམས་པར་འཇུག་པ་ལ། དེ་ལྟར་བྱང་སེམས་ས་དྲུག་པ་པ་དེ་དུས་རྟ༷ག་ཏུ༷་འགོ༷ག་པ་འོད་གསལ་དུ་མཉམ་པར་བཞག་པ༷ར་གཏོ༷གས་པ༷འི་འགོག་པ་ལ་ཐུགས་གཞོལ་བའི་བས༷མ་པ་དང་ལྡ༷ན་པ་ཡི༷ན་མོ༷ད་ཀྱི༷། འོན་ཀྱང་འགྲོ༷་བ༷་མགོ༷ན་མེ༷ད་པ༷་རྣམས་ལ༷་སྙི༷ང་རྗེ༷འང་སྐྱེ༷ད་པ༷ར་བྱེ༷ད་ཅིང་ཤིན་ཏུ་འཕེལ་བར་བྱེད་པ་ཡིན་ནོ། །རྩ་བར། དེ་གོང་བདེ་གཤེགས་གསུང་སྐྱེས་སངས་རྒྱས་འབྲིང་བཅས་ནི། །མ་ལུས་པ་རྣམས་བློ་ཡིས་ཕམ་པར་བྱེད་པའང་ཡིན། །ཞེས་དེ་འདྲའི་བྱང་སེམས་ས་དྲུག་པ་པ་དེས་ནི། ས་དྲུག་པ་དེ༷་ཡི་གོ༷ང་ས་བདུན་པའི་སྐབས་སུ་བདེ་༷གཤེ༷གས་གསུ༷ང་སྐྱེ༷ས་ཉན་ཐོས་རྣམས་སང༷ས་རྒྱ༷ས་འབྲི༷ང་བོ་རང་རྒྱལ་དང་བཅ༷ས་པ་ནི༷་མ༷་ལུ༷ས་པ༷་རྣ༷མས་ནི། བློ༷་ཡི༷་སྟོབས་ཀྱིས་ཕ༷མ་པ༷ར་བྱེ༷ད་པ་སྟེ་ཟིལ་གྱིས་གནོན་པ༷འ༷ང་ཡི༷ན་ཏེ། ས་དྲུག་པ་པ་དེས་ས་བདུན་པ་ཐོབ་པའི་ཚེ་ན་སྐད་ཅིག་རེ་རེ་ལ་འགོག་པ་ལ་སྙོམས་པར་འཇུག་ལྡང་ནུས་པའི་ཕྱིར་རོ། །རྩ་བར། ཀུན་རྫོབ་དེ་ཉིད་གཤོག་ཡངས་དཀར་པོ་རྒྱས་གྱུར་པ། །ངང་པའི་རྒྱལ་པོ་དེ་ནི་སྐྱེ་བོའི་ངང་པ་ཡིས། །མདུན་དུ་བདར་ནས་དགེ་བའི་རླུང་གི་ཤུགས་སྟོབས་ཀྱིས། །རྒྱལ་བའི་ཡོན་ཏན་རྒྱ་མཚོའི་ཕ་རོལ་མཆོག་ཏུ་འགྲོ། །ཞེས་ཀུ༷ན་རྫོ༷བ་རྒྱ་ཆེ་བའི་ལམ་གྱི་རིམ་པ་དང༌། དེ༷་ཁོ་ན་ཉི༷ད་རྟོགས་པའི་ཟབ་མོའི་ལམ་གྱི་རིམ་པའི་གཡས་གཡོན་གྱི་གཤོ༷ག་པ་རྒྱ་ཡང༷ས་པ་དཀ༷ར་པོ༷་རྒྱ༷ས་པར་གྱུ༷ར་པ༷་ཡི་ང༷ང་པ༷འི་རྒྱ༷ལ་པོ༷་ས་དྲུག་པ་པ་དེ༷་ནི༷། རང་ཉིད་ཀྱིས་རང་གི་གདུལ་བྱའི་ཚོགས་གཉིས་ཀྱིས་གཤོག་པ་དང་ལྡན་པའི་ངང་བར་གྱུར་པར་བྱས་པའི་སྐྱེ༷་བོ༷འི་ང༷ང་བ༷་ཡི༷ས་མདུ༷ན་དྲུང་དུ༷་བད༷ར་ན༷ས་སམ་བསྐོར་བའི་སྒོ་ནས། སྔོན་བསྐལ་བ་དུ་མར་བསགས་པའི་ཚོགས་གཉིས་ཀྱི་དགེ༷་བ༷འི་རླུ༷ང་གི༷་ཤུ༷གས་ཆེན་པོའི་སྟོ༷བས་ཀྱི༷ས། རྒྱ༷ལ་བ༷འི་ཡོ༷ན་ཏ༷ན་གྱི་རྒྱ༷་མཚོ༷འི་ཕ༷་རོ༷ལ་མཆོ༷ག་ཏུ༷་འགྲོ༷་བར་འགྱུར་བ་ཡིན་ནོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ལས་སེ༷མས་བསྐྱེ༷ད་པ༷་དྲུ༷ག་པའི་རྣམཔར་བཤད་པ༷འོ༷། །

བདུན་པ་རིང་དུ་སོང་བ་བཤད་པ།

བདུན་པ་རིང་དུ་སོང་བ་བཤད་པ་ནི།

རྩ་བར། རིང་དུ་སོང་བ་འདིར་ནི་སྐད་ཅིག་དང༌། །

སྐད་ཅིག་ལ་ནི་འགོག་པར་འཇུག་འགྱུར་ཞིང༌། །

ཐབས་ཀྱི་ཕ་རོལ་ཕྱིན་ལེགས་འབར་བ་ཐོབ། །

ཅེས་ས་བདུན་པ་རི༷ང་དུ༷་སོ༷ང་བ༷་འདི་ལ་གནས་པའི་བྱང་སེམས་ཀྱི་འདི༷ར་ནི༷། སྐ༷ད་ཅི༷ག་ད༷ང་སྐ༷ད་ཅི༷ག་ལ༷་ནི༷་སྟེ་སྐད་ཅིག་མ་རེ་རེ་ལ། སྔར་ས་དྲུག་པའི་སྐབས་སུ་ཐོབ་ཟིན་པའི་འགོ༷ག་པ༷ར་སྙོམསཔར་འཇུ༷ག་པར་འགྱུ༷ར་བ་ཡིན་ཞི༷ང་དེ་ལ་གནས་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་བྱང་ཆུབ་སེམས་དཔའི་ས་དྲུག་པ་ཡན་ཆད་བྱང་ཆུབ་སེམས་དཔའི་འགོག་པ་ལ་སྙོམས་པར་འཇུག་སྟེ། བྱང་ཆུབ་སེམས་དཔའི་ས་བདུན་པ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་ནི་སེམས་ཀྱི་སྐད་ཅིག་དང་སེམས་ཀྱི་སྐད་ཅིག་ལ་ཡང་འགོག་པ་ལ་སྙོམས་པར་འཇུག་ཅིང་ལྡང་སྟེ། འགོག་པ་མངོན་སུམ་དུ་བྱས་ཞེས་ནི་མི་བྱའོ། །ཞེས་རྒྱས་པར་གསུངས་སོ། །ཡང་ས་བདུནཔ་འདིར་ནི་ཐ༷བས་མཁས་ཀྱི༷་ཕ༷་རོ༷ལ་ཏུ་ཕྱི༷ན་པ་ལེ༷གས་པར་འབར༷་བ༷་སྟེ་ཆེས་ཡོངས་སུ་དག་པདང་འཐོ༷བ་པ་ཡིན་ཏེ། རང་འགྲེལ་ལས། འདིའི་ཐབས་ལ་མཁས་པའི་ཕ་རོལ་ཏུ་ཕྱིན་པ་ཆེས་ཡོངས་སུ་དག་པར་ཡང་འགྱུར་རོ། །ཤེས་རབ་ཉིད་རྣམ་པ་ཁྱད་པར་དུ་ཞུགས་པ་ལ་ཐབས་དང་སྨོན་ལམ་དང་སྟོབས་དང་ཡེ་ཤེས་ཞེས་ཤེས་པར་བྱ་སྟེ། རབ་ཏུ་རྣམ་པར་འབྱེད་པའི་གནས་སྐབས་ཁོ་ནར་ཤེས་རབ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཞེས་བརྗོད་ཀྱི་གཞན་དུ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱནརིན་ཆེན་སྒྲོན་མེ་ཞེས་བྱ་བ་ལས་སེ༷མས་བསྐྱེ༷ད་པ༷་བདུ༷ན་པའི་རྣམ་པར་བཤད་པ༷འོ༷། །

བརྒྱད་པ་ས་བརྒྱད་པ་མི་གཡོ་བ།

བརྒྱད་པ་ས་བརྒྱད་པ་མི་གཡོ་བ་ལ། ས་འདིར་སྨོན་ལམ་ལྷག་ཅིང་འགོག་པ་ལས་སློང་ཚུལདང༌། ཉོན་མོངས་ཐམས་ཅད་ཟད་པར་བསྟན་པ་དང༌། དབང་བཅུ་ཐོབ་པར་བསྟན་པ་དང་གསུམ། དང་པོ་ནི། རྩ་བར། ཡང་ཡང་སྔར་དགེ་ལས་ལྷག་ཐོབ་བྱའི་ཕྱིར། །གང་དུ་ཕྱིར་མི་ལྡོག་པ་ཉིད་འགྱུར་བ། །མི་གཡོ་དེ་ལ་བདག་ཉིད་ཆེ་དེ་འཇུག །ཅེས་ས་བདུན་པ་ལ་གནས་པའི་བྱང་སེམས་ཀྱི་དེ་ནི་ཡ༷ང་དང་ཡ༷ང་དུ་སྔ༷ར་གྱི་ཚོགས་གཉིས་ཀྱི་དགེ༷་བ་ལ༷ས་བརྒྱ་འགྱུར་སྟོང་འགྱུར་གྱི་ལྷ༷ག་པའི་ཚོགས་གཉིས་ཀྱི་དགེ་བ་ཐོ༷བ་པར་བྱ༷འི་ཕྱི༷ར་དུ། ས་ག༷ང་དུ༷་བྱང་སེམས་དེ་ཕྱི༷ར་མི༷་ལྡོ༷ག་པ༷་ཡི་གང་ཟག་ཉི༷ད་དུ་འགྱུ༷ར་བ༷་ཡི་ས་བརྒྱད་པ་མི༷་གཡོ༷་བ་དེ༷་ལ༷་བྱང་སེམས་བད༷ག་ཉི༷ད་ཆེ༷ན་པོ་དེ༷་འཇུ༷ག་པར་འགྱུར་ཏེ། ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་འདི་ལྟ་སྟེ་དཔེར་ན། རྒྱ་མཚོ་ཆེན་པོར་འགྲོ་བའི་གྲུ་བོ་ཆེ་ནི་རྒྱ་མཚོ་ཆེན་པོ་ལ་མ་ཐུག་གི་བར་དུ་ཆེད་དུ་བསྐྱོད་ཅིང་འགྲོ་བར་བྱ་བ་ཡིན་ཏེ། གང་གི་ཚེ་རྒྱ་མཚོ་ཆེན་པོ་ལ་ཕྱིན་མ་ཐག་ཏུ་རླུང་གི་དཀྱིལ་འཁོར་གྱིས་བསྐྱོད་ནས་ཆེད་དུ་འབད་མི་དགོས་པར་འགྲོ་སྟེ། དེས་རྒྱ་མཚོ་ཆེན་པོ་ལ་ཉིན་གཅིག་གིས་ཅི་ཆོད་པ་དེ་ནི་སྔོན་ཆད་དུ་བསྐྱོད་ཅིང་འགྲོ་བས་ལོ་བརྒྱར་ཡང་དེ་སྲིད་དུ་ཚད་མེད་པར་ཕྱིན་པར་མི་ནུས་སོ། །ཀྱེ་རྒྱལ་བའི་སྲས་དག་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་དགེ་བའི་རྩ་བའི་ཚོགས་ཤིན་ཏུ་བསགས་པ་ཐེག་པ་ཆེན་པོ་ཡང་དག་པར་བསྒྲུབས་པ་ཡང༌། བྱང་ཆུབ་སེམས་དཔའི་སྤྱོད་པའི་རྒྱ་མཚོར་ཕྱིན་ནས་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ཀྱིས་ཡུད་ཙམ་ཅིག་ལ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅི་ཙམ་གནོན་པ་དེ་ནི་སྔོན་གྱི་ཆེད་དུ་བྱ་བའི་ལས་ཀྱིས་བསྐལ་པ་འབུམ་དུ་ཡང་དེ་སྙེད་དུ་དཔག་ཏུ་མེད་པ་གནོན་པར་མི་ནུས་སོ། །ཞེས་གསུངས་པའི་ཕྱིར་རོ། །རྩ་བར། འདི་ཡི་སྨོན་ལམ་ཤིན་ཏུ་དག་འགྱུར་ཞིང༌། །རྒྱལ་བ་རྣམས་ཀྱིས་འགོག་ལས་སློང་བར་མཛད། །ཅེས་གཞན་ཡང་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ་འདི༷་ཡི༷་སྔོན་དོན་དམ་པའི་སེམས་དང་པོ་བསྐྱེད་སྐབས་སུ་སྨོན་ལམ་ཆེན་པོ་བཅུ་ལ་སོགས་པའི་སྨོན་ལམ་འབུམ་ཕྲག་གྲངས་མེད་པ་བཅུ་བཏབ་པའི་སྨོ༷ན་ལ༷མ་ཤི༷ན་ཏུ༷་ད༷ག་པའམ་སྨོན་ལམ་ཆེས་ལྷག་པར་འགྱུ༷ར་བ་ཡིན་ཏེ། ས་བརྒྱད་པ་འདིར་ནི་སྨོན་པའི་ཡུལ་དང་སྨོན་ལམ་འདེབས་ཚུལ་མཐའ་དག་ལ་ཆེས་མཁས་པ་ཡིན་ཞི༷ང༌། བཏབ་མ་ཐག་སྨོན་འབྲས་འགྲུབ་པར་བྱེད་ནུས་པའི་སྨོན་ལམ་གྱི་ངོ་བོར་གྱུར་པའི་ཤེས་རབ་ཁྱད་པར་ཅན་ས་བདུན་པ་མན་ཆད་ལ་མེད་པ་འདིར་ཐོབ་པའི་ཕྱིར་རོ། །ས་བརྒྱད་པ་ལ་གནས་པའི་བྱང་སེམས་འདི་འགོག་པ་ཆོས་ཉིད་ལ་མཉམ་པར་བཞག་པ་ན། རྒྱ༷ལ་བ༷་རྣ༷མས་ཀྱི༷ས་འགོ༷ག་པ་ལ་སྙོམས་པར་ཞུགས་པའི་ས་བརྒྱད་པའི་མཉམ་བཞག་ཡེ་ཤེས་དེ་ལ༷ས་སླར་ཡང་སློ༷ང་བ༷ར་མཛ༷ད་པ་ཡིན་ཏེ། རང་འགྲེལ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མི་གཡོ་བ་འདི་ནི་གཞོན་ནུའི་སར་རྣམ་པར་གཞག་སྟེ། དགུ་པར་ནི་རྒྱལ་ཚབ་ཐོབ་ལ། བཅུ་པར་ནི་འཁོར་ལོས་སྒྱུར་བ་ལྟར་རྒྱལ་བ་རྣམས་ཀྱིས་དབང་བསྐུར་རོ། །

བྱང་ཆུབ་སེམས་དཔའ་ས་མི་གཡོ་བར་འགོག་པ་ལ་སྙོམས་པར་ཞུགས་པར་གྱུར་པ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་འགོག་པ་ལས་སློང་བར་ཡང་མཛད་དོ། །ཇི་སྐད་དུ། ཀྱེ་རྒྱལ་བའི་སྲས་དག་དེ་ལྟར་བྱང་ཆུབ་སེམས་དཔའི་ས་མི་གཡོ་བ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་སྔོན་གྱི་སྨོན་ལམ་གྱི་སྟོབས་བསྐྱེད་པ་དང༌། ཆོས་ཀྱི་སྒོའི་རྒྱུན་དེ་ལ་གནས་པ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་རྣམས་དེ་བཞིན་གཤེགས་པའི་ཡེ་ཤེས་ཉེ་བར་བསྒྲུབ་པར་མཛད་དོ། །དེ་ལ་འདི་སྐད་ཅེས་ཀྱང་བཀའ་སྩལ་ཏེ། རིགས་ཀྱི་བུ་ལེགས་སོ་ལེགས་སོ། །

སངས་རྒྱས་ཀྱི་ཆོས་རྗེས་སུ་རྟོགས་པར་བྱ་བ་ལ་འདི་ནི་དོན་དམ་པའི་བཟོད་པ་ཡང་ཡིན་ན། འོན་ཀྱང་རིགས་ཀྱི་བུ་གང་ངེད་ཀྱི་སྟོབས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་ཕུན་སུམ་ཚོགས་པ་དེ་ཁྱོད་ལ་མེད་ཀྱི། སངས་རྒྱས་ཀྱི་ཆོས་ཕུན་སུམ་ཚོགས་པ་དེ་ཡོངས་སུ་བཙལ་བའི་ཕྱིར་སྦྱོར་བ་བྱོས་ཤིག །བརྩོན་འགྲུས་རྩོམས་ཤིག །བཟོད་པའི་སྒོ་འདི་ཉིད་ཀྱང་མ་དོར་ཞིག །རིགས་ཀྱི་བུ་ཁྱོད་ཀྱིས་དེ་ལྟར་ཞི་བའི་རྣམ་པར་ཐར་པ་ལ་གནས་པ་ཐོབ་ཀྱང་བྱིས་པ་སོ་སོའི་སྐྱེ་བོ་མ་ཞི་བ་རབ་ཏུ་མ་ཞི་བ་ཉོན་མོངས་པ་སྣ་ཚོགས་ཀུན་ཏུ་འབྱུང་བར་གྱུར་པ་རྣམ་པར་རྟོག་པ་རྣམ་པ་སྣ་ཚོགས་ཀྱིས་ཡིད་གཡེན་སྤྱོ་བ་འདི་དག་ལ་སོམསཤིག ཅེས་སོགས་གསུངས་སོ། །

གཉིས་པ་ཉོན་མོངས་ཐམས་ཅད་ཟད་པར་བསྟན་པ་ནི།

རྩ་བར། ཆགས་པ་མེད་པའི་བློ་ནི་སྐྱོན་རྣམས་དག་དང་ལྷན་ཅིག་མི་གནས་ཕྱིར། །ས་བརྒྱད་པ་ལ་དྲི་མ་དེ་དག་རྩར་བཅས་ཉེ་བར་ཞི་འགྱུར་ཞིང༌། །ཉོན་མོངས་ཟད་ཅིང་ཁམས་གསུམ་བླ་མར་གྱུར་ཀྱང་སངས་རྒྱས་རྣམས་ཀྱི་ནི། །འབྱོར་པ་མཁའ་ལྟར་མཐའ་བྲལ་མ་ལུས་ཐོབ་པར་ནུས་མ་ཡིན། །ཞེས་ས་བརྒྱད་པའི་ཉོན་མོངས་བདེན་འཛིན་གྱི་ཆ༷གས་པ༷་མེ༷ད་པ༷འི་བློ༷་ཡེ་ཤེས་ནི༷་ཆགས་སོགས་ཉོན་མོངས་པའི་སྐྱོ༷ན་རྣ༷མས་མ་ལུས་པ་ད༷ག་ད༷ང་ཡུན་རིང་དུ་མི་གནས་པར་ལྷ༷ན་ཅི༷ག་ཏུ་མི༷་གན༷ས་པའི་ཕྱི༷ར་ན་ས༷་བརྒྱ༷ད་པ༷་ལ༷་ནི་རྣམ་པར་མི་རྟོག་པ་སྟེ་སྐབས་འདིའི་རྣམ་པར་མི་རྟོག་པ་ནི་རྩོལ་བ་རགས་པའི་སྒོ་ནས་ཡུལ་ལ་མི་རྟོག་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉི་མ་ཤར་ནས་མུན་པ་ལྟ་བུའི་ཉོན་མོངས་པའི་དྲི༷་མ༷་དེ༷་ད༷ག་རྩ༷་བ་སྟེ་ས་བོན་དང་བཅ༷ས་པ་ཉེ༷་བ༷ར་ཞི༷་བར་འགྱུ༷ར་ཞི༷ང་སྤངས་པའོ། །

ས་བཅུ་པའི་མདོ་ལས། འདིར་དེ་ཉིད་ཀྱི་ཚེ་མྱ་ངན་ལས་འདས་པར་འགྱུར་ཏེ། ཞེས་དང༌། རང་འགྲེལ་ལས། ཁམས་གསུམ་ན་སྤྱོད་པ་གང་ཡིན་པ་དེ་དག་ཐམས་ཅད་ཀྱང་རྩ་བ་དང་བཅས་པར་ཞི་བ་ཁོ་ནར་འགྱུར་ལ། དེ་དེ་སྤངས་པས་ས་གསུམ་གྱི་བླ་མ་ཉིད་དུ་གྱུར་དུ་ཟིན་ཀྱང་བྱང་ཆུབ་སེམས་དཔའ་འདིས་གནས་སྐབས་དེར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་འབྱོར་པ་ཐོབ་པར་མི་ནུས་ཏེ། དེ་ཐོབ་པར་བྱ་བའི་ཕྱིར་འདིས་བསྒྲིམ་པར་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བཞིན་དུ་འཕགས་པ་ག་ཡཱ་མགོའི་རིའི་མདོ་ལས། གཞན་ཡང་མདོར་བསྡུས་པའི་ལམ་གཉིས་ཏེ། གཉིས་གང་ཞེ་ན། ཤེས་པའི་ལམ་དང་སྤོང་བའི་ལམ་མོ། །དེ་ལ་ཤེས་པའི་ལམ་ནི་ས་དང་པོ་ནས་བཟུང་སྟེ་ས་བདུན་པའི་བར་དུའོ། །སྤོང་བའི་ལམ་ནི་ས་བརྒྱད་པ་ནས་བཟུང་སྟེ་ས་བཅུ་པའི་བར་དུའོ། །ཞེས་གསུངས་སོ། །ས་བརྒྱད་པར་ཉོན་མོངས་སྤངས་པ་ནི་ས་བརྒྱད་པའི་སྟོད་ཙམ་དུ་ཡིན་གྱི་ཐོབ་མ་ཐག་ཏུ་སྤངས་པ་མིན་ནོ། །དེ་ལྟར་ས་བརྒྱད་པའི་སྐབས་སུ་ཉོ༷ན་མོ༷ངས་པ་མ་ལུས་པ་ཟ༷ད་ཅི༷ང་ཉོན་མོངས་རྒྱུད་ལ་ཡོད་པ་ལ་ཁམས་གསུམ་གྱི་འགྲོ་བ་དང་མི་མཐུན་པར་གྱུར་པའི་སྒོ་ནས། ས་གསུམ་མམ་ཁམ༷ས་གསུ༷མ་གྱི་བླ༷་མ༷ར་གྱུ༷ར་ཟིན་ཀྱ༷ང༌། ས་བརྒྱད་པ་པའི་བྱང་སེམས་འདིས་ཉོན་མོངས་པ་ཟད་པའི་སྐབས་དེར། སང༷ས་རྒྱ༷ས་རྣ༷མས་ཀྱི༷་ནི༷་སྟོབས་བཅུ་མཚན་དཔེ་ལ་སོགས་པའི་ཡོན་ཏན་གྱི་འབྱོ༷ར་བ༷་ནམ་མཁ༷འ་ལྟ༷ར་མཐ༷འ་དང་བྲ༷ལ་བ་མ༷་ལུ༷ས་པ་ཐམས་ཅད་ཐོ༷བ་པ༷ར་ནུ༷ས་པ་མ༷་ཡི༷ན་པས་ན། དེ་ཐོབ་པར་བྱ་བའི་ཕྱིར་དུ་བྱངསེམས་དེ་ས་བརྒྱད་པའི་སྐབས་འདིར་ཚོགས་བསགས་པ་ལ་བསྒྲིམ་པར་བྱ་དགོས་སོ། །

གསུམ་པ་དབང་བཅུ་ཐོབ་པར་བསྟན་པ་ནི།

གལ་ཏེ་ས་བརྒྱད་པ་འདིར་ཁམས་གསུམ་གྱི་ཉོན་མོངས་པ་སྤངས་ན་འཁོར་བར་སྐྱེ་བ་འགོག་པ་ཡིན་ཞིང༌། འཁོར་བར་སྐྱེས་ནས་སེམས་ཅན་གྱི་དོན་དངོས་སུ་སྒྲུབ་པའི་སྒོ་ནས་ཚོགས་མ་བསགས་པར་ཚོགས་རྫོགས་པར་བྱེད་ཚུལ་མེད་པས་ནས། ས་བརྒྱད་པའི་བྱང་སེམས་འདིས་སངས་རྒྱས་ཀྱི་རྒྱུའི་ཆོས་མ་ལུས་པ་ཇི་ལྟར་ཡོངས་སུ་རྫོགས་པར་བྱེད་ཅེ་ན། རྩ་བར། འཁོར་བ་འགགས་ཀྱང་དབང་རྣམས་བཅུ་པོ་ཐོབ་པར་གྱུར་ཞིང་དེ་དག་གིས། །སྲིད་པའི་འགྲོ་བར་རང་གི་བདག་ཉིད་སྣ་ཚོགས་སྟོན་པར་བྱེད་པར་འགྱུར། །

ཞེས་ལས་ཉོན་གྱིས་འཁོར་བར་སྐྱེ་བ་འགག་ཀྱང་ཚོགས་རྫོགས་པར་བྱེད་པ་འཐད་དེ། ས་བརྒྱད་པའི་བྱང་སེམས་འདིའི་ལས་ཉོན་གྱི་དབང་གིས་འཁོར་བར་འཁོ༷ར་བ༷་ནི་འག༷ག་ཀྱ༷ང༌། ས་བརྒྱད་པའི་སྐབས་འདིར་ཡེ་ཤེས་ལ་དབང་བ་ལ་སོགས་པའི་དབ༷ང་རྣ༷མས་བཅུ༷་པོ༷་ཐོ༷བ་པ༷ར་འགྱུ༷ར་བ་ཡིན་ཞི༷ང་དབང་བཅུ་པོ་དེ༷་ད༷ག་གི༷ས་ས་བརྒྱད་པའི་བྱང་སེམས་འདིས་ཡིད་ཀྱི་རང་བཞིན་གྱིས་ལུས་བཟུང་ནས་སྲི༷ད་པ༷འི་འགྲོ༷་བ༷་ར༷ང་གི༷་བད༷ག་ཉི༷ད་དམ་རང་གི་ལུས་སྣ༷་ཚོ༷གས་པ་མཐའ་ཡས་པ་སྟོ༷ན་ཅིང༌། སེམས་ཅན་གྱི་དོན་སྒྲུབ་པ༷ར་བྱེ༷ད་པ༷ར་འགྱུ༷ར་བའི་ཕྱིར་རོ། །དེ་ལ་དབང་བཅུ་ནི། རང་འགྲེལ་ལས། ཇི་སྐད་དུ། བསྐལ་པ་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པར་ཚེ་ཚད་བྱིན་གྱིས་རློབ་པས་ཚེ་ལ་དབང་བ་འཐོབ་པོ། །ཏིང་ངེ་འཛིན་ངེས་པར་སེམས་པ་དཔག་ཏུ་མེད་པའི་ཡེ་ཤེས་ཀྱིས་འཇུག་པས་སེམས་ལ་དབང་བ་འཐོབ་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་རྒྱན་བཀོད་པ་དུ་མས་རབ་ཏུ་བརྒྱན་པའི་བྱིན་གྱིས་རླབས་ཀུན་ཏུ་སྟོན་པས་ཡོ་བྱད་ལ་དབང་བ་འཐོབ་པོ། །ལས་ཀྱི་རྣམ་པར་སྨིན་པ་བྱིན་གྱི་རླབས་ཀྱིས་དུས་ཇི་ལྟ་བ་བཞིན་དུ་སྟོན་པས་ལས་ལ་དབང་བ་འཐོབ་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་དུ་སྐྱེ་བ་ཀུན་ཏུ་སྟོན་པས་སྐྱེ་བ་ལ་དབང་བ་འཐོབ་པོ། །སངས་རྒྱས་ཀྱི་ཞིང་དང༌། དུས་གང་དུ་ཅི་དགའ་བར་མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པས་སྨོན་ལམ་ལ་དབང་བ་འཐོབ་པོ། །འཇིག་རྟེན་གྱི་ཁམས་ཐམས་ཅད་སངས་རྒྱས་ཀྱིས་རབ་ཏུ་གང་བ་ཀུན་ཏུ་སྟོན་པས་མོས་པ་ལ་དབང་བ་འཐོབ་པོ། །སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་རྫུ་འཕྲུལ་གྱི་རྣམ་པར་འཕྲུལ་པ་ཀུན་ཏུ་སྟོན་པས་རྫུ་འཕྲུལ་ལ་དབང་པོ་འཐོབ་པོ། །དེ་བཞིན་གཤེགས་པའི་སྟོབས་དང༌། མི་འཇིགས་པ་དང༌། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་དང༌། མཚན་དང་དཔེ་བྱད་བཟང་པོ་དང༌། མངོན་པར་རྫོགས་པར་བྱང་ཆུབ་པ་ཀུན་ཏུ་སྟོན་པས་ཡེ་ཤེས་ལ་དབང་བ་འཐོབ་པོ། །མཐའ་དང་དབུས་མེད་པའི་ཆོས་ཀྱི་སྒོ་སྣང་བ་ཀུན་ཏུ་སྟོན་པས་ཆོས་ལ་དབང་བ་འཐོབ་པོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །ཞེས་གསུངས་སོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱནརིན་ཆེན་སྒྲོན་མེ་ཞེས་བྱ་བ་ལས་སེ༷མས་བསྐྱེ༷ད་པ༷་བརྒྱ༷ད་པའི་རྣམ་པར་བཤད་པ༷འོ༷།། །།

དགུ་པ་ལེགས་པའི་བློ་གྲོས་བཤད་པ།

དགུ་པ་ལེགས་པའི་བློ་གྲོས་བཤད་པ་ནི།

རྩ་བར། དགུ་པ་ལ་ནི་དེའི་སྟོབས་ལྟ་ཞིག་མཐའདག་རྫོགས་པར་དག་འགྱུར་ཞིང༌། །

དེ་བཞིན་ཡང་དག་རིག་ཆོས་རང་གི་ཡོན་ཏན་ཡོངས་སུ་དགཔའང་འཐོབ། །

ཅེས་ས་དགུ༷་པ༷་ལ༷་ནི༷་བྱང་ཆུབ་སེམས་དཔའ་དེ༷འི་སྟོ༷བས་ལྟ༷་ཞི༷ག་སྟེ། ཤེས་བྱའི་གནས་རྣམས་མཁྱེན་པ་དང་གཞན་དོན་སྒྲུབ་པ་ལ་སོགས་པ་ཚུལ་བཞིན་ཏུ་རྟོགས་པའི་ཤེས་རབ་སྟོབས་སུ་གྱུར་པའི་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་མཐ༷འ་ད༷ག་རྫོ༷གས་པ༷ར་ད༷ག་པའམ་ཆེས་ཁྱད་པར་ཅན་ཐོབ་པར་འགྱུ༷ར་བ་ཡིན་ཞི༷ང༌། ས་དགུ་པ་ལ་ནི་སྟོབས་ཀྱི་ཕར་ཕྱིན་རྫོགས་པ་ཏེཆེས་ཁྱད་པར་ཅན་ཐོབ་པ་དེ༷་བཞི༷ན་དུ་སོ་སོ་ཡ༷ང་ད༷ག་པར་རི༷ག་པ་བཞིའི་ཆོ༷ས་ཀྱི་ར༷ང་གི༷་ཡོ༷ན་ཏ༷ན་ཡོ༷ངས་སུ༷་ད༷ག་པ༷འ༷ང་འཐོ༷བ་སྟེ། ཆོས་སོ་སོ་ཡང་དག་པར་རིག་པ་དང༌། དོན་སོ་སོ་ཡང་དག་པར་རིག་པ་དང༌། ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་དང༌། སྤོབས་པ་སོ་སོ་ཡང་དག་པར་རིག་པ་བཞི་པོ་ཐོབ་པའི་ཕྱིར་རོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་ལས་སེ༷མས་བསྐྱེ༷ད་པ༷་དགུ༷་བའི་རྣམ་པར་བཤད་པ༷འོ༷།། །།

བཅུ་པ་ས་བཅུ་པ་བཤད་པ།

བཅུ་པ་ས་བཅུ་པ་བཤད་པ་ནི།

རྩ་བར། བཅུ་པའི་ས་ལ་དེ་ཡིས་ཀུན་ནས་སངས་རྒྱས་རྣམས་ལས་དབང་བསྐུར་བ། །

དམ་པ་ཐོབ་ཅིང་ཡེ་ཤེས་ལྷག་པར་མཆོག་ཏུ་འབྱུང་བར་འགྱུར་བའང་ཡིན། །

ཆར་སྤྲིན་རྣམས་ལས་ཆུ་ཆར་འབབ་པ་ཇི་ལྟར་དེ་བཞིན་འགྲོ་རྣམས་ཀྱི། །

དགེ་བའི་ལོ་ཐོག་ཆེད་དུ་རྒྱལ་སྲས་ལས་ཀྱང་ལྷུན་གྲུབ་ཆོས་ཆར་འབབ། །

ཅེས་བཅུ༷་པ༷འི་ས༷་ལ༷་གནས་པའི་བྱང་སེམས་དེ༷་ཡི༷ས་ཕྱོགས་བཅུ་པོ་ཀུ༷ན་ན༷ས་སང༷ས་རྒྱ༷ས་རྣ༷མས་ལ༷ས་འོད་ཟེར་ཆེན་པོའི་དབ༷ང་བསྐུ༷ར་བ༷་ད༷མ་པ༷འམ་མཆོག་འཐོ༷བ་ཅི༷ང་གནས་པ་ཡིན་ཏེ། བྱང་སེམས་ས་བཅུ་པ་འདིས་ས་བཅུ་པའི་སྐབས་འདིར་ཏིང་ངེ་འཛིན་གྲངས་མེད་པ་འབུམ་ཕྲག་བཅུ་ཐོབ་པའི་ཐ་མ་ལ། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་ཁྱད་པར་མེད་པར་དབང་བསྐུར་བ་དང་ལྡན་པ་ཞེས་བྱ་བའི་ཏིང་ངེ་འཛིན་མངོན་དུ་འགྱུར་རོ། །དེ་ནས་དེ་མ་ཐག་ཏུ་སྟོང་གསུམ་འབུམ་ཕྲག་བཅུའི་གཏོས་དང་མཉམ་པའི་རིན་པོ་ཆེ་ཆེན་པོའི་པདྨ་རིན་ཆེན་ཐམས་ཅད་ཀྱི་མཆོག་དང་ལྡན་པ་ཞེས་བྱ་བ་ནས། རྒྱས་པར་སྟོང་གསུམ་འབུམ་ཕྲག་བཅུ་ཚང་བའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་པདྨའི་འཁོར་དང་ལྡན་པ་འབྱུང་བར་འགྱུར་ཏེ། བྱང་སེམས་དེའི་ལུས་ཀྱང་དབུས་ཀྱི་པདྨ་དེ་དང་འཚམས་པར་གནས་སོ། །སྔ་མའི་ཏིང་ངེ་འཛིན་དེ་ཐོབ་མ་ཐག་ཏུ་པདྨ་དེ་ལ་འདུག་པར་སྣང་ངོ། །དེ་དེ་ལ་འདུག་པ་དང་མཉམ་དུ་སངས་རྒྱས་ཀྱི་ཞིང་ཀུན་ནས་གདན་འཛོམས་པའི་སངས་རྒྱས་རྣམས་ཀྱི་མཛོད་སྤུ་ནས་འོད་ཟེར་བྱུང་ནས་བྱང་སེམས་དེ་ལ་དབང་བསྐུར་བར་མཛད་དོ་ཞེས་བྱ་བའི་བར་དུ་ས་བཅུ་པའི་མདོ་ལས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །བྱང་སེམས་འདི་ལ་ཕར་ཕྱིན་བཅུའི་ནང་ནས་ཡེ༷་ཤེ༷ས་ཀྱི་ཕར་ཕྱིན་ལྷ༷ག་པ༷ར་མཆོ༷ག་ཏུ༷་ཕྱིན་པ་འབྱུ༷ང་བ༷ར་དག་པར་འགྱུ༷ར་པ༷འམ་ཡེ་ཤེས་ཀྱི་ཕར་ཕྱིན་ལྷག་པ་ཐོབ་པའ༷ང་ཡི༷ན་ནོ། །ཀུན་རྫོབ་འཛིན་པ་ལ་ཞུགས་པ་ནི། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟེ། འདི་གཉིས་ཀྱི་བྱེ་བྲག་ནི་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་དཔེར་ན་ཆ༷ར་སྤྲི༷ན་རྣ༷མས་ལ༷ས་འཇིག་རྟེན་པ་རྣམས་ཀྱི་ལོ་ཏོག་སྤེལ་བའི་ཆེད་དུ་ཆུ༷་ཆ༷ར་འབ༷བ་པ༷་ཇི༷་ལྟ༷ར་དེ༷་བཞི༷ན་དུ། གདུལ་བྱའི་འགྲོ༷་བ་རྣ༷མས་ཀྱི༷་དགེ༷་བ༷འི་ལོ༷་ཏོ༷ག་སྤེལ་བའི་ཆེ༷ད་དུ༷། རྒྱ༷ལ་བའི་སྲ༷ས་པོ་ས་བཅུ་པ་འདི་ལ༷ས་ཀྱ༷ང་རྩོལ་བ་རགས་པ་མེད་པའི་ལྷུ༷ན་གྱིས་གྲུ༷བ་པར་དམ་པའི་ཆོ༷ས་ཀྱི་ཆ༷ར་མངོན་པར་འབ༷བ་པ་ཡིན་ཏེ། རང་འགྲེལ་ལས། སྤྲིན་ཆེན་པོ་ལྟར་འཇིག་རྟེན་གྱི་དགེ་བའི་ལོ་ཐོག་མངོན་པར་སྤེལ་བའི་ཕྱིར། ལྷུན་གྱིས་གྲུབ་པར་དམ་པའི་ཆོས་ཀྱི་ཆར་ཡང་མངོན་པར་འབེབས་སོ། །ཞེས་གསུངས་པའི་ཕྱིར་རོ། །དགོངས་འགྲེལ་ལས། དེའི་ཕྱིར་ངས་ཐབས་ལ་མཁས་པའི་གསུམ་པོ་དེ་དག་གི་གྲོགས་སུ་གྱུར་པ་ཡིན་པར་ཡོངས་སུ་བསྟན་ཏོ། །ཞེས་དང༌། དེའི་ཕྱིར་སྨོན་ལམ་གྱི་ཕ་རོལ་ཏུ་ཕྱིན་པ་ནི་བརྩོན་འགྲུས་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །ཞེས་དང༌། དེའི་ཕྱིར་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་བསམ་གཏན་གྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ་གྱུར་པ་ཡིན་ནོ། །ཞེས་དང༌། དེའི་ཕྱིར་ངས་ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་གྲོགས་སུ། ཞེས་གསུངས་པའི་ཕྱིར་རོ། །དབུ༷་མ༷་ལ༷་འཇུ༷ག་པ༷འི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེསབྱ་བ་ལས་སེ༷མས་བསྐྱེ༷ད་པ༷་བཅུ༷་བའི་རྣམ་པར་བཤད་པ༷འོ༷།། །།

ས་བཅུའི་ཡོན་ཏན་བསྟན་པ།

གསུམ་པ་ས་བཅུའི་ཡོན་ཏན་བསྟན་པ་ལ། ས་དང་པོའི་ཡོན་ཏན་བཤད་པ་དང༌། ས་གཉིས་པ་ནས་བདུན་པའི་བར་གྱི་ཡོན་ཏན་བཤད་པ་དང༌། དག་པ་ས་གསུམ་གྱི་ཡོན་ཏན་བཤད་པ་དང་གསུམ།

ས་དང་པོའི་ཡོན་ཏན་བཤད་པ།

དང་པོ་ནི། རྩ་བར། དེའི་ཚེ་འདིས་ནི་སངས་རྒྱས་བརྒྱ་མཐོང་ཞིང༌། །དེ་དག་བྱིན་གྱིས་རླབས་ཀྱང་འདི་ཡིས་རྟོགས། །དེ་ཉིད་ཚེ་ན་བསྐལ་པ་བརྒྱར་གནས་ཤིང༌། །སྔོན་དང་ཕྱི་མའི་མཐར་ཡང་ཡང་དག་འཇུག །བློ་ལྡན་ཏིང་འཛིན་བརྒྱ་ཕྲག་སྙོམས་པར་འཇུག་ཅིང་གཏོང་བྱེད་དེ། །འཇིག་རྟེན་ཁམས་བརྒྱ་འདི་ཡིས་ཀུན་ནས་གཡོ་ཞིང་སྣང་བར་ནུས། །དེ་བཞིན་རྫུ་འཕྲུལ་གྱིས་དེ་སེམས་ཅན་བརྒྱ་ཕྲག་སྨིན་བྱེད་ཅིང༌། །བརྒྱ་ཕྲག་གྲངས་དང་རྗེས་འབྲེལ་ཞིང་དག་ཏུ་ཡང་འགྲོ་བར་འགྱུར། །དེས་ནི་ཆོས་ཀྱི་སྒོ་རྣམས་ཡང་དག་འབྱེད་བྱེད་ཐུབ་དབང་སྲས། །རང་གི་ལུས་ལ་ལུས་རྣམས་ཀུན་ནས་སྟོན་པར་བྱེད་པའང་ཡིན། །རང་གི་འཁོར་དང་བཅས་པས་མཛེས་འབྱོར་ལུས་ནི་རེ་རེ་ཞིང༌། །རྒྱལ་བའི་སྲས་པོ་བརྒྱ་ཕྲག་དག་དང་རྗེས་སུ་འབྲེལ་པའང་སྟོན། །ཞེས་དོན་དམ་པའི་སེམས་བསྐྱེད་པ་དང་པོ་ཐོབ་པ་དེ༷་ཡི་ཚེ༷། ས་དང་པོའི་བྱང་སེམས་འདི༷ས་ནི༷་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་ཡིན་ཏེ། ༡ སྐད་ཅིག་ཐང་ཅིག་ཡིད་ཙམ་གཅིག་ལ་སང༷ས་རྒྱ༷ས་བརྒྱ༷་མཐོ༷ང་བ་ཡིན་ཞི༷ང༌། ༢ སངས་རྒྱས་བརྒྱ་པོ་དེ༷་ད༷ག་གིས་རང་རྒྱུད་བྱི༷ན་གྱི༷ས་བརླ༷བས་ཀྱ༷ང་སྟེ་རང་རྒྱུད་བྱིན་གྱིས་བརླབས་པ་བྱང་སེམས་འདི༷་ཡི༷་རྟོ༷གས་པའམ་ཐོབ་པ། ༣ ས་དང་པོ་ལ་གནས་པ་དེ༷་ཉི༷ད་ཀྱི་ཚེ༷་ན༷་བསྐ༷ལ་པ༷་བརྒྱ༷ར་གན༷ས་ཤི༷ང་ཐོབ། ༤ བསྐལ་པ་བརྒྱ་ལ་སྔོ༷ན་ད༷ང་ཕྱི༷་མ༷འི་མཐ༷ར་ཡ༷ང་ཡ༷ང་ད༷ག་པར་འཇུ༷ག་པ་སྟེ་སྔོན་དང་ཕྱི་མའི་བསྐལ་པ་བརྒྱ་པ་ཡེ་ཤེས་ཀྱིས་མཐོང་ཞིང་རྟོགས་པ། ༥ བློ༷་ལྡ༷ན་བྱང་སེམས་ས་དང་པོ་པ་འདིས་ཏི༷ང་ངེ་འཛི༷ན་བརྒྱ༷་ཕྲ༷ག་གཅིག་ལ་སྙོ༷མས་པ༷ར་འཇུ༷ག་ཅི༷ང་དེ་ནས་གཏོ༷ང་བའམ་ལྡང་བར་ཡང་བྱེ༷ད་དེ། ༦ འཇི༷ག་རྟེ༷ན་གྱི་ཁ༷མས་བརྒྱ༷་བྱང་སེམས་འདི༷་ཡི༷ས་ཀུ༷ན་ན༷ས་གཡོ༷་ཞི༷ང༌། ༧ འཇིག་རྟེན་གྱི་ཁམས་བརྒྱ་གདུལ་བྱ་ལ་སྣ༷ང་བ༷ར་བྱེད་ནུ༷ས་པ། ༨ དེ༷་བཞི༷ན་རྫུ༷་འཕྲུ༷ལ་གྱི༷ས་བྱང་སེམས་དེ༷ས་སེ༷མས་ཅ༷ན་བརྒྱ༷་ཕྲ༷ག་གཅིག་སྨི༷ན་པར་བྱེ༷ད་པར་གྱུར་ཅི༷ང༌། ༩ བརྒྱ༷་ཕྲ༷ག་གི་གྲ༷ངས་ད༷ང་རྗེ༷ས་སུ་འབྲེ༷ལ་བ་སྟེ་བརྒྱ་ཕྲག་གི་གྲངས་དང་ལྡན་པའི་སངས་རྒྱས་ཀྱི་ཞི༷ང་ད༷ག་ཏུ༷་ཡ༷ང་འགྲོ༷་བ༷ར་འགྱུ༷ར་བ། ༡༠ བྱང་སེམས་དེ༷་ཡིས་ནི༷་ཆོ༷ས་ཀྱི༷་སྒོ༷་རྣ༷མས་ཏེ་ཆོས་སྒོ་བརྒྱ་ཕྲག་གཅིག་ཡ༷ང་ད༷ག་པར་འབྱེ༷ད་པར་བྱེད༷་པ། ༡༡ ཐུ༷བ་དབ༷ང་གི་སྲ༷ས་པོ་ས་དང་པོ་པ་འདིས་ར༷ང་གི༷་ལུ༷ས་གཅིག་ལ༷་ལུ༷ས་བརྒྱ་ཕྲག་རྣ༷མས་ཀུ༷ན་ན༷ས་སྟོ༷ན་པ༷ར་བྱེ༷ད་པ༷འ༷ང་ཡི༷ན་པ། ༡༢ ར༷ང་གི༷་འཁོ༷ར་ད༷ང་བཅ༷ས་པ༷ས་མཛེ༷ས་ཤིང་འབྱོ༷ར་བའི་ཡོན་ཏན་དང་ལྡན་པའི་ལུ༷ས་ནི༷་བརྒྱ་ཕྲག་པོ་རེ༷་རེ༷་ཞི༷ངཡང་རྒྱ༷ལ་བ༷འི་སྲ༷ས་པོ༷་བརྒྱ༷་ཕྲ༷ག་རེ་རེ་ད༷ག་ད༷ང་རྗེ༷ས་སུ༷་འབྲེ༷ལ་བ༷འ༷ང་སྟོ༷ན་པ་དང་སྐད་ཅིག་མགཅིག་ལ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པའོ། །འདིའི་བརྒྱའི་ཚབ་ཏུ་ས་རྗེས་མ་རྣམས་ཀྱིསྐབས་སུ་སྟོང་ཕྲག་སོགས་སྨོས་ནས་ཤེས་པར་བྱའོ། །

གཉིས་པ་ནས་བདུན་པའི་བར་གྱི་ཡོན་ཏན་བཤད་པ།

གཉིས་པ་ས་གཉིས་པ་ནས་བདུན་པའི་བར་གྱི་ཡོན་ཏན་བཤད་པ་ནི།

རྩ་བར། བློ་ལྡནརབ་ཏུ་དགའ་བར་གནས་པས་ཡོན་ཏན་དེ་དག་ནི། །

ཐོབ་པར་གྱུར་ནས་དེ་བཞིན་ཁོ་ནར་དྲི་མ་མེད་གནས་པས། །

དེ་དག་སྟོང་ནི་ཡང་དག་ཐོབ་པར་འགྱུར་ཏེ། །

ཞེས་བློ༷་ལྡ༷ན་ས་དང་པོ་ར༷བ་ཏུ༷་དག༷འ་བ༷ར་གན༷ས་པ༷ས། ཡོ༷ན་ཏ༷ན་བརྒྱ་ཕྲག་བཅུ་གཉིས་པོ་དེ༷་ད༷ག་གི་ནི༷་ཐོ༷བ་པ༷ར་གྱུ༷ར་ལ། དེ་ན༷ས་ས་གཉིས་པར་འཕོས་པ་ན་ས་དང་པོ་ལ་ཡོན་ཏན་སྡེ་ཚན་བཅུ་གཉིས་ཐོབ་པར་བྱེད་པ་དེ༷་བཞི༷ན་ཁོ༷་ན༷ར་རམ་དེ་ཁོ་ན་དང་འདྲ་བར་ས་གཉིས་པ་དྲི༷་མ༷་མེ༷ད་པ་ལ་གན༷ས་པའི་བྱང་ཆུབ་སེམས་དཔའ་གྱུར་པ༷ས་ནི། སྐད་ཅིག་ཡུད་ཙམ་གཅིག་ལ་ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་དེ༷་ད༷ག་སྟོ༷ང་ཕྲག་བཅུ་གཉིས་ནི༷་ཡ༷ང་ད༷ག་པར་འཐོ༷བ་པ༷ར་འགྱུ༷ར་བ༷་སྟེ། སྐད་ཅིག་མ་གཅིག་ལ་སངས་རྒྱས་སྟོང་ཕྲག་གཅིག་མཐོང་བ་ལ་སོགས་པའི་ཡོན་ཏན་ཐོབ་པའི་ཕྱིར་རོ། །རྩ་བར། ས་ལྔ་པོ། །འདི་དག་རྣམས་ལ་བྱང་ཆུབ་སེམས་དཔའ་ཡིས་ནི་འབུམ་ཕྲག་དང༌། །བྱེ་བ་ཕྲག་བརྒྱ་འཐོབ་ཅིང་དེ་ཡིས་བྱེ་བ་སྟོང་འགྱུར་འཐོབ། །དེ་ནས་བྱེ་བ་བརྒྱ་ཕྲག་སྟོང་འགྱུར་ཡང་འཐོབ་བྱེ་བ་ཕྲག །ཁྲག་ཁྲིག་ཕྲག་བརྒྱར་རྫོགས་པར་སྒྱུར་དང་སླར་ཡང་སྟོང་ཕྲག་ཏུ། །ཡང་དག་པར་ནི་སྒྱུར་བ་མཐའ་དག་རབ་ཏུ་འཐོབ་པར་འགྱུར། །ཞེས་ས་གསུམ་པ་དང༌། ས་བཞི་པ་དང༌། ས་ལྔ་པ་དང༌། ས་དྲུག་པ་དང༌། ས་བདུན་པ་དང༌། ས༷་ལྔ༷་པོ༷་འདི༷་ད༷ག་རྣ༷མས་ལ༷་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ལྔ་པོ་ཡི༷ས་ནི༷་རིམ་པ་བཞིན་དུ་ས་གསུམ་པར་ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་འབུ༷མ་ཕྲ༷ག་བཅུ་གཉིས་ད༷ང༌། བཞི་པར་བྱེ༷་བ༷་ཕྲ༷ག་བརྒྱ༷་པ་བཅུ་གཉིས་འཐོ༷བ་པ་འགྱུར་ཅི༷ང༌། ལྔ་པར་བྱང་ཆུབ་སེམས་དཔའ་དེ༷་ཡི༷ས་བྱེ༷་བ༷་སྟོ༷ང་འགྱུ༷ར་ཏེ་བྱེ་བ་ཕྲག་སྟོང་བཅུ་གཉིས་འཐོ༷བ་པ་དང༌། དེ༷་ན༷ས་དྲུག་པར་བྱེ༷་བ༷་བརྒྱ༷་ཕྲ༷ག་སྟོ༷ང་འགྱུ༷ར་བཅུ་གཉིས་ཡ༷ང་འཐོ༷བ་པ་དང༌། བདུན་པར་བྱེ༷་བ༷། ཁྲ༷ག་ཁྲི༷ག་ཕྲ༷ག་བརྒྱ༷ར་རྫོ༷གས་པ༷ར་བསྒྱུ༷ར་བ་བྱེ་བ་འབུམ་ད༷ང༌། དེ་ཉིད་སླ༷ར་ཡ༷ང་སྟོ༷ང་ཕྲ༷ག་ཏུ༷་ཡ༷ང་ད༷ག་པ༷ར་ནི༷་བསྒྱུ༷ར་བ༷་ཁྲག་ཁྲིག་འབུམ་ཕྲག་བཅུ་གཉིས་པོ་མཐ༷འ་ད༷ག་ར༷བ་ཏུ༷་འཐོ༷བ་པ༷རའགྱུ༷ར་བ་ཡིན་ནོ། །

དག་པ་ས་གསུམ་གྱི་ཡོན་ཏན་བཤད་པ།

གསུམ་པ་དག་པ་ས་གསུམ་གྱི་ཡོན་ཏན་བཤད་པ་ནི།

རྩ་བར། མི་གཡོའི་སར་གནས་རྣམརྟོག་མེད་པ་དེས། །

སྟོང་གསུམ་བརྒྱ་ཕྲག་སྟོང་བསྡོམས་འཇིག་རྟེན་ན། །

རྡུལ་ཚད་ཇི་སྙེད་ཡོདཔ་དེ་རྣམས་དང༌། །

གྲངས་མཉམ་ཡོན་ཏན་དག་ནི་འཐོབ་པར་འགྱུར། །

ཞེས་ས་བརྒྱད་པ་ཡན་ཆད་ཀྱི་ཡོན་ཏན་ནི་བརྩི་བའི་གྲངས་ཀྱིས་བགྲང་བར་མི་ནུས་པས་ན་རྡུལ་ཕྲ་རབ་ཀྱི་གྲངས་ཀྱིས་བསྟན་པ་ནི། མི༷་གཡོ༷་བའི་ས༷་བརྒྱད་པ་ལ་གན༷ས་པའི་བདེན་འཛིན་གྱི་རྣ༷མ་རྟོ༷ག་མེ༷ད་པ༷་དེ༷ས་ནི། ཡོན་ཏན་སྡེ་ཚན་བཅུ་གཉིས་པོ་རེ་རེ་སྟོ༷ང་གསུ༷མ་གྱི་འཇིག་རྟེན་གྱི་ཁམས་བརྒྱ༷་ཕྲ༷ག་སྟོ༷ང་བསྡོ༷མས་པ་སྟེ་དོན་ལ་སྟོང་གསུམ་གྱི་འཇི༷ག་རྟེ༷ན་གྱི་ཁམས་ན༷། རྡུ༷ལ་ཕྲ༷་རབ་ཀྱི་གྲངས་ཚད་ཇི༷་སྙེ༷ད་ཡོ༷ད་པ༷་དེ༷་རྣ༷མས་ད༷ང་གྲ༷ངས་མཉ༷མ་པའི་ཡོན༷་ཏ༷ན་གྱི་སྡེ་ཚན་ད༷ག་ནི༷་འཐོ༷བ་པ༷ར་འགྱུ༷ར་རོ། །རྩ་བར། ལེགས་པའི་བློ་གྲོས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དེས་སྔར་བསྟན་ཡོན་ཏན་དག །གྲངས་མེད་བརྒྱ་ཕྲག་སྟོང་དུ་ཡང་དག་པར། །བསྡོམས་པ་ཕྲག་བཅུའི་རྡུལ་ཚད་ཐོབ་པར་འགྱུར། །ཞེས་ས་དགུ་པ་ལེ༷གས་པ༷འི་བློ༷་གྲོ༷ས་ས་ལ༷་གན༷ས་པ༷་ཡི༷་བྱ༷ང་ཆུ༷བ་སེ༷མས་དཔའ་དེ༷ས་ནི། སྔ༷ར་བསྟ༷ན་པའི་ཡོ༷ན་ཏ༷ན་སྡེ་ཚན་བཅུ་གཉིས་པོ་དེ་དག༷་འཇིག་རྟེན་གྱི་ཁམས་གྲ༷ངས་མེ༷ད་པ་བརྒྱ༷་ཕྲ༷ག་སྟོ༷ང་དུ༷་ཡ༷ང་ད༷ག་པ༷ར་བསྡོ༷མས་པ༷་ཕྲག་བཅུ༷འི་རྡུལ་ཚད་དམ་དོན་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་གྲངས་མེད་པ་འབུམ་ཕྲག་བཅུའི་རྡུ༷ལ་ཕྲ་རབ་ཀྱི་གྲངས་ཚ༷ད་དང་མཉམ་པ་བཅུ་གཉིས་ཐོ༷བ་པ༷ར་འགྱུ༷ར་རོ། །རྩ་བར། རེ་ཞིག་བཅུ་པ་འདིར་དེའི་ཡོན་ཏན་དག །ངག་གི་སྤྱོད་ཡུལ་ལས་ཆེས་འདས་གྱུར་ཞིང༌། །ངག་གི་སྤྱོད་ཡུལ་མ་ཡིན་བསྡོམས་རྣམས་ནི། །རྡུལ་དག་ཇི་སྙེད་ཡོད་པ་དེ་སྙེད་འགྱུར། །ཞེས་ས་བཅུ་པ་ལ་སྡེ་ཚན་བཅུ་གཉིས་དང་དེ་ལས་གཞན་པའི་ཡོན་ཏན་མཐའ་ཡས་པ་ཡོད་པའི་ནང་ནས་རེ༷་ཞི༷ག་ས་བཅུ༷་པ༷་འདི༷ར་ས་བཅུ་པ་དེ༷འི་ཡོ༷ན་ཏ༷ན་སྡེ་ཚན་བཅུ་གཉིས་པོ་ད༷ག་ནི་ང༷ག་གི༷་སྤྱོ༷ད་ཡུ༷ལ་ལ༷ས་ཆེ༷ས་འད༷ས་པར་འགྱུ༷ར་བ་ཡིན་ཞི༷ང༌། དེ་འདྲའི་ང༷ག་གི༷་སྤྱོ༷ད་ཡུ༷ལ་མ༷་ཡི༷ན་པས་ཡོན་ཏན་སྡེ་ཚན་བཅུ་གཉིས་རེ་རེ་ཡང་བསྡོ༷མས་པ་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པའི་ཁམས་རྣ༷མས་ནི༷་རྡུ༷ལ་ཕྲ་རབ་ཀྱི་གྲངས་ད༷ག་ཇི༷་སྙེ༷ད་ཡོ༷ད་པ༷་དེ༷་སྙེ༷ད་ཀྱི་གྲངས་དང་མཉམ་པའི་ཡོན་ཏན་དག་འཐོབ་པར་འགྱུ༷ར་རོ། །གྲངས་མེད་བརྒྱ་ཕྲག་སྟོང་བཅུ་ནི། འཇིག་རྟེན་གྱི་ཁམས་གྲངས་མེད་པ་རེས་རེ་རེར་བརྩིས་ནས་དེ་འདྲ་བརྒྱ། དེ་བརྒྱ་པོ་རེ་རེར་བརྩིས་པའི་སྟོང༌། དེ་འདྲའི་དེ་རེ་རེར་བརྩིས་པས་བཅུའོ། །རྩ་བར། བ་སྤུའི་ཁུང་བུར་བྱང་ཆུབ་སེམས་རྣམས་དང༌། །ལྷན་ཅིག་རྫོགས་སངས་རྒྱས་སྐུ་བགྲང་འདས་དང༌། །དེ་བཞིན་ལྷ་དང་ལྷ་མིན་མི་དག་ཀྱང༌། །སྐད་ཅིག་སྐད་ཅིག་ལ་ནི་སྟོན་པར་ནུས། །ཞེས་གཞན་ཡང་བྱང་སེམས་པ་བཅུ་པ་པ་འདིས་ནི། སྤྲུལ་པ་སྟོན་པ་ལ་རྟོག་པ་རགས་པའི་ཀུན་སློང་གི་རྒྱུ་བ་མེད་པར་རང་གིས་ལུས་ཀྱི་བ༷་སྤུ༷འི་ཁུ༷ང་བུ༷ར་བྱ༷ང་ཆུ༷བ་སེ༷མས་དཔའི་འཁོར་གྱིས་བསྐོར་བ་རྣ༷མས་ད༷ང་ལྷ༷ན་ཅི༷ག་ཏུ་རྫོ༷གས་པའི་སང༷ས་རྒྱ༷ས་ཀྱི་སྐུ༷་བགྲ༷ང་བ་ལས་འད༷ས་པ་ད༷ང༌། དེ༷་བཞི༷ན་དུ་སངས་རྒྱས་བྱང་སེམས་ལས་གཞན་པའི་འགྲོ་བ་ལྔའི་འཁོར་བ་ལྷ༷་ད༷ང་ལྷ༷་མི༷ན་དང་མི༷་ལ་སོགས་པ་འཁོར་བའི་སེམས་ཅན་མཐའ་ཡས་པ་ད༷ག་ཀྱ༷ང་མ་འདྲེས་པར་བ་སྤུའི་ཁུང་བུ་རེ་རེའི་ནང་དུ་སྐ༷ད་ཅི༷ག་སྐ༷ད་ཅི༷ག་ལ༷་ནི་སྟོ༷ན་པ༷ར་ནུ༷ས་པཡིན་ནོ། །དེ་ཡན་ཆད་ཀྱིས་རྒྱུའི་ས་བཤད་ཟིན་ཏོ། །

གཉིས་པ་འབྲས་བུའི་ས་བཤད་པ།

གཉིས་པ་འབྲས་བུའི་ས་བཤད་པ་ལ། དང་པོར་སངས་རྒྱས་པའི་ཚུལ། སྐུ་དང་ཡོན་ཏན་གྱི་རྣམ་བཞག སྤྲུལ་པའི་སྐུ་བསྟན་པ། ཐེག་པ་གཅིག་ཏུ་བསྒྲུབ་པ། མངོན་པར་བྱང་ཆུབ་པ་དང་བཞུགསཔའི་དུས་ཀྱི་ཁྱད་པར་བཤད་པ་དང་ལྔ།

དང་པོར་སངས་རྒྱས་པའི་ཚུལ།

དང་པོ་ལ། དངོས་ཀྱི་དོན་དང༌། རྩོད་པ་སྤང་བ་དངགཉིས། དང་པོ་ནི། རྩ་བར། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་འགྱུར་པའི་ཕྱིར། །སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང༌། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། །ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་དེ་ཁྱོད་ཀྱིས་བརྙེས། །ཞེས་རྒྱུ་མཚན་ག༷ང་གི་ཕྱི༷ར་ན་དཔེར་ན་ན༷མ་མཁ༷འ་དྲི༷་མ་མེ༷ད་པ་ལ༷་ཟླ༷་ཟེར་གྱི་འོད་ཀྱི་སྣ༷ང་བས་འགྲོ་བ་རྣམས་ཀྱི་ལུས་གཟུགས་གས༷ལ་བ༷ར་གྱུ༷ར་པ༷འི་ཕྱི༷ར་ན་དེ་བཞིན་དུ། ཁྱོད་ཀྱིས་སྔོ༷ན་ཚེ༷་སངས་རྒྱས་ཀྱི་སའི་སྟོ༷བས་བཅུ༷་དངོས་སུ་སྐྱེ༷ད་པར་བྱེད་པ༷འི་ས༷་བཅུ་པ་ཐོབ་པའི་ཚེ་ལ༷། རང་གིས་སངས་རྒྱས་ཀྱི་ཆོས་བརྙེས་ནུས་པར་མཁྱེན་ནས་ཁྱོ༷ད་ཀྱི༷ས་སླ༷ར་ཡ༷ང་སངས་རྒྱས་ཀྱི་ཆོས་རྣམས་ཐོབ་པའི་ཕྱིར་དུ་ས་བཅུ་པ་ཆོས་ཀྱི་སྤྲིན་གྱི་ཚོགས་གཉིས་བསགས་པ་ལ་འབ༷ད་པར་གྱུ༷ར་པའི་འབྲས་བུ་མཐར་ཐུག་པ་དེ་ཐོབ་ཅི༷ང་བསལ་བར་མངོན་དུ་གྱུར་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ཆོས་ཅན། སྔོན་སློབ་ལམ་དུ་འོ༷ག་མི༷ན་དུ༷་ནི༷་སྟེ་འོག་མིན་གྱི་གནས་སུ་འབྲས་བུ་ག༷ང་གི༷་སྟེ་འབྲས་བུ་གང་ཐོབ་པར་བྱ་བའི་དོ༷ན་དུ༷་འབ༷ད་རྩོལ་མཛད་པར་གྱུ༷ར་པའི་གོ༷་འཕ༷ང་མཆོ༷ག་ཞི༷་བ༷། ས་ལམ་གྱི་ཡོ༷ན་ཏ༷ན་མ་ལུས་མཐ༷འ་ད༷ག་གི་མཐ༷ར་ཐུ༷ག་པ་མཚུ༷ངས་པ༷་མེ༷ད་པ་ཡི་བླ་ན་མེད་པའི་ཡེ་ཤེས་དེ༷་ནི་ཁྱོ༷ད་ཀྱི༷ས་བརྙེ༷ས་པ་ཡིན་ནོ། ། ཚིགས་རྐང་གཉིས་པ་འདི་པ་ཚབ་འགྱུར་ལ། སྔོན་ཚེ་སྟོབས་བཅུ་སོགས་ལ། ནག་ཚོའི་འགྱུར་ལས། སླར་ཡང་སྟོབས་བཅུ་བསྐྱེད་པའི་སྟོན་གྱི་ས་དེར་འབད་པ་མཛད་གྱུར་པ། །ཞེས་འབྱུང་བས་འགྱུར་ཅུང་མི་འདྲའོ། །རྩ་བར། ཇི་ལྟར་སྣོད་ཀྱི་དབྱེ་བས་མཁའ་ལ་དབྱེ་བ་མེད་དེ་ལྟར། །དངོས་བྱས་དབྱེ་བ་འགའ་ཡང་དེ་ཉིད་ལ་མེད་དེ་ཡི་ཕྱིར། །རོ་མཉམ་ཉིད་དུ་ཡང་དག་ཐུགས་སུ་ཆུད་པར་མཛད་གྱུར་ན། །མཁྱེན་བཟང་ཁྱོད་ཀྱིས་སྐད་ཅིག་གིས་ནི་ཤེས་བྱ་ཐུགས་སུ་ཆུད། །ཅེས་ཇི༷་ལྟ༷ར་ཏེ་དཔེར་ན་བུམ་པ་དང་མཁར་གཞོང་ལ་སོགས་པའི་སྣོ༷ད་ཀྱི༷་དབྱེ༷་བ་མི་འདྲ་བ་དུ་མ་ཡོད་ཀྱང༌། སྣོད་ཀྱི་དབྱེ་བ་མི་འདྲ་བ༷ས་སྣོད་རྣམས་ཀྱི་ནང་གི་ནམ་མཁ༷འ་ལ༷་ནི། ཐོགས་རེག་བཀག་ཙམ་དུ་གཅིག་པ་ལས་མི་འདྲ་བའི་དབྱེ༷་བ༷་མེ༷ད་པ་དེ༷་ལྟ༷ར་དུ། སྟོང་གཞི་གཟུགས་དང་ཚོར་བ་ལ་སོགས་པ་ལ་ནི། དངོས་པོ་སྟེ་རང་གི་རྒྱུ་རྐྱེན་གྱིས་མི་འདྲ་བར་བྱས་པའི་དབྱེ་བ་མི་འདྲ་བ་དུ་མ་ཡོད་ཀྱང༌། དངོ༷ས་པོས་བྱ༷ས་པ་སྟེ་རྒྱུ་མི་འདྲ་བར་བསྐྱེད་པའི་མི་འདྲ་དབྱེ༷་བ༷་འག༷འ་ཡ༷ང་དེ་དག་གི་ཆོས་ཉིད་དེ༷་ཁོ་ན་ཉི༷ད་ལ༷་ནི། མེ༷ད་དེ༷་ཡི༷་ཕྱི༷ར་ན་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉི༷ད་ནི་རོ་མཉམ་ཡིན་ལ། དེ་འདྲའི་རོ༷་མཉ༷མ་པ་ཉི༷ད་དུ༷་སྟེ་རོ་མཉམ་དེ་ཡང་ཁྱོད་ཀྱིས་མཁྱེན་པའི་སྐད་ཅིག་གཅིག་གིས་ཡ༷ང་ད༷ག་པར་ཐུ༷གས་སུ༷་ཆུ༷ད་པ༷ར་མཛ༷ད་པར་གྱུ༷ར་པ་ཡིན་པས་ན༷། མཁྱེ༷ན་པ་བཟ༷ང་པོ་ཅན་ཁྱོ༷ད་ཀྱི༷ས་སྐ༷ད་ཅི༷ག་གཅིག་གི༷ས་ནི༷་ཤེ༷ས་བྱ༷་མ་ལུས་པ་ཐམསཅད་ཐུ༷གས་སུ༷་ཆུ༷ད་པའི་ཡེ་ཤེས་བརྙེས་པ་ཡིན་པའི་ཕྱིར་རོ། །

གཉིས་པ་རྩོད་པ་སྤང་པ་ལ་གཉིས།

ཕྱོགས་སྔ་མ་འགོད་པ་དང༌། ལུགས་དེ་དགག་པ་དངགཉིས། དང་པོ་ནི། རྩ་བར། གང་ཚེ་ཞི་བ་དེ་ཉིད་ཡིན་ན་དེ་ལ་བློ་གྲོས་འཇུག་མི་འགྱུར། །བློམ་ཞུགས་པར་ཤེས་བྱའི་ཡུལ་ཅན་ངེས་པར་རིགས་པའང་མ་ཡིན་ལ། །ཀུན་ནས་ཤེས་མེད་པནི་ཤེས་པར་ཇི་ལྟར་འགྱུར་ཏེ་འགལ་བར་འགྱུར། །མཁྱེན་པོ་མེད་པར་ཁྱེད་ཀྱིས་གཞན་ལ་འདིལྟའོ་ཞེས་སུ་ཞིག་སྟོན། །ཞེས་ཁོ་ན་རེ། ཁྱེད་དབུ་མ་པས་དེ་ཁོ་ན་ཉིད་འཇོག་པ་ག༷ང་གི་ཚེ༷་རང་བཞིན་གྱིས་སྐྱེ་བ་ཞི༷་བ༷་དེ་དེ༷་ཁོ་ན་ཉི༷ད་ཡི༷ན་པར་འཇོག་ན༷་ནི། དེ་ཁོ་ན་ཉིད་དེ༷་ལ༷་བློ༷་གྲོ༷ས་ཏེ་ཤེས་རབ་འཇུ༷ག་པར་མི༷་འགྱུ༷ར་བར་འགྱུར། ཡུལ་ཅན་གྱི་བློ་དེ་ལ་ཡུལ་དེའི་རྣམ་པ་མ་ཤར་ན་བློ་དེ་ཡུལ་དེ་ལ་མི་འཇུག་པར་འགྱུར་ལ། ཡུལ་ཅན་གྱི་བློ༷་དེ་ཡུལ་དེ་ལ་མ༷་ཞུ༷གས་པ༷ར་ནི་ཤེ༷ས་བྱ༷འི་ཡུ༷ལ་ཅ༷ན་དེ་རང་འཛིན་པའི་བློ་དེས་ངེ༷ས་པའམ་རྟོགས་པ༷ར་རི༷གས་པ༷འ༷ང་མ༷་ཡི༷ན་ལ༷། བློས་ཤེས་པ་མ་ཡིན་པ་ནི། དེ་ཁོ་ན་ཉིད་བློས་ཤེས་སོ་ཞེས་ཇི་ལྟར་འཇོག་རིགས་ཏེ་མི་རིགས་པར་ཐལ། ཡུལགང་ཡིན་ཀྱང་ཡུལ་དེ་རང་འཛིན་པའི་བློས་ཀུ༷ན་ན༷ས་ཤེ༷ས་པ་སྟེ་ཤེས་རྒྱུ་མེ༷ད་པ༷་དེ་ནི༷། བློས་ཤེ༷སཔའམ་རྟོགས་པ་ནི་ཡིན་པ༷ར་ཇི༷་ལྟ༷ར་འགྱུ༷ར་ཏེ༷་མི་འགྱུར་ཏེ། བློས་ཤེས་རྒྱུ་མེད་པ་དེ་བློས་ཤེས་པཡིན་པ་ནི་འག༷ལ་བ༷ར་འགྱུ༷ར་བའི་ཕྱིར་རོ། །སངས་རྒྱས་རྣམས་ནི་དེ་ཁོ་ན་ཉིད་ལ་གཉིས་སྣང་ནུབནས་རྟག་ཏུ་ཞུགས་པ་ཡིན་ན། དེ་ཁོ་ན་ཉིད་རྟོགས་པའི་ཀུན་སློང་དང་དེ་ཁོ་ན་ཉིད་སྟོན་པའི་ཀུན་སློང་གི་རྟོག་པ་མེད་ལ། དེ་མེད་ན་དེ་ཁོ་ན་ཉིད་སྟོན་པའི་གང་ཟག་ཀྱང་མེད་པར་འགྱུར་ལ། དེ་མེད་ན་དེ་ཁོ་ན་ཉིད་མཁྱེ༷ན་པ་པོ༷་སྟེ་སྟོན་པ་པོ་མེ༷ད་པ༷ར་ཁྱོ༷ད་ཀྱི༷ས་གདུལ་བྱ་གཞ༷ན་ལ༷་དེ་ཁོ་ན་ཉིད་ནི་འདི༷་ལྟ༷་བུ༷འོ༷་ཞི༷ས་སུ༷་ཞི༷ག་གིས་སྟོ༷ན་པར་བྱེད་དེ་སྟོན་པ་པོ་མེད་ལ། དེ་མེད་ན་གཞན་གྱིས་བསྟན་པའི་ངག་ལས་གདུལ་བྱས་དེ་ཁོ་ན་ཉིད་རྟོགས་དགོས་པ་ཡིན་གྱི། དེ་ལས་གཞན་དུ་རྟོགསཚུལ་མེད་པས་དེ་ཁོ་ན་ཉིད་རྟོགས་མཁན་མེད་པར་འགྱུར་རོ་ཞེ་ན།

གཉིས་པ་ལུགས་དེ་དགག་པ་ལ་གཉིས།

དེ་ཁོ་ན་ཉིད་མི་འཐད་པའི་རྩོད་པ་སྤང་བ་དང༌། མཁྱེན་པ་པོ་མི་འཐད་པའི་རྩོད་པ་སྤང་བ་དང་གཉིས། དང་པོ་ནི། རྩ་བར། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམ་བསྟེན་ལས་དེ་ཡིས་དེ་ཉིད་རྟོགས་པ་ལྟ་བུ་སྟེ། །ཇི་ལྟར་སེམས་ནི་གང་གི་རྣམ་པ་ཅན་དུ་འགྱུར་བ་དེ་ཡིས་ཡུལ། །དེ་ཡོངས་ཤེས་པ་དེ་བཞིན་ཐ་སྙད་ཉེ་བར་བརྟེན་ནས་རིག་པ་ཡིན། །ཞེས་ཁྱོད་ཀྱི་རྩོད་པ་དེའི་སྐྱོན་མེད་དེ། དེ་ཁོ་ན་ཉིད་ནི་རང་བཞིན་གྱིས་གྲུབ་པས་སྟོང་པ་ཙམ་ཡིན་ཀྱང་ཐ་སྙད་དུ་བློས་ཤེས་པར་བྱར་ཡོད་པའི་ཕྱིར། དེར་ཐལ། ག༷ང་གི་ཚེ༷་ཆོས་རྣམས་རང་བཞིན་གྱིས་སྐྱེ༷༷་བ་མེ༷ད་པ་ནི་ཡུལ་དེ༷་ཁོ་ན་ཉི༷ད་ཡི༷ན་ཞི༷ང་དེའི་ཡུལ་ཅན་གྱི་བློ༷༷་ཡ༷ང་རང་བཞིན་གྱིས་སྐྱེ༷་བ༷་ད༷ང་བྲ༷ལ་བ༷་སྟེ་སྐྱེ་བ་མེད་པ་དེའི་རྣམ་པ་ཅན་དུ་སྐྱེས་ནས་དེ་གཉིས་ཆུ་ལ་ཆུ་བཞག་དུ་སོང་བ་དེ༷་ཡི་ཚེ༷། ཡུལ་དེ༷་ཡི་རྣ༷མ་པ་བསྟེ༷ན་པསྟེ་རྣམ་པ་འཛིན་པ་ཉིད་ལ༷ས་སྟེ་དེ་བཟུང་བ་ན། ཡུལ་ཅན་གྱི་བློ་དེ༷་ཡི༷ས་དེ༷་ཁོ་ན་ཉི༷ད་རྟོ༷གས་པ༷ལྟ༷་བུ༷་སྟེ༷། ཡང་ཡིན་ཏེ་ཡིན་པར་འཇོག་པའཽ། །འདིར། དེ་ཚེ་དེ་རྣམས་བསྟེན་ལས་དེ་ཡིས་དེ་ཉིདརྟོགས་པ་ལྟ་བུ་སྟེ། ཞེས་པ་ལ་ནག་ཚོའི་འགྱུར་ལས། དེ་ཚེ་དེའི་དེ་ཉིད་རྟོགས་པ་དེའི་རྣམ་པ་འཛིན་པ་ཉིད་ཡིན་ཏེ། ཞེས་པ་ལྟར་ལྟ་བུ་མེད་པ་དག་པར་གསུངས་པ་ཡོད་དོ། །ཇི༷་ལྟ༷ར་དེ་དཔེརན་སེ༷མས་ནི༷་སྔོན་པོ་ལ་སོགས་པའི་ཡུལ་ག༷ང་གི༷་རྣ༷མ་པ༷་ཅ༷ན་དུ༷་སྐྱེ་བར་འགྱུ༷ར་བ༷་ན། སེམས་ཅན་དེཡི༷ས་ཡུ༷ལ་སྔོན་པོ་ལ་སོགས་པའི་ཡུལ་གང་ཡིན་པ་དེ༷་ཡོ༷ངས་ཤེ༷ས་སོ་ཞེས་འཇིག་རྟེན་ན་བརྗོད་པ༷་དེ༷་བཞི༷ན་དུ། དེ་ཁོ་ན་ཉིད་རྟོགས་པའི་ཡུལ་ཅན་གྱི་ཤེས་པ་དེ་ཡུལ་དེ་ཁོ་ན་ཉིད་ཅི་འདྲ་བ་དེ་འདྲ་བའི་རྣམ་པ་ཅན་དུ་སྐྱེ་བ་ན། ཐ༷་སྙ༷ད་ཙམ་དུ་ཉེ༷་བ༷ར་བརྟེ༷ན་ན༷ས་དེ་ཁོ་ན་ཉིད་རི༷ག་པ་སྟེརྟོགས་པ༷་ཡི༷ན་པར་འཇོག་པ་བཞིན་ནོ། །

གཉིས་པ་མཁྱེན་པ་པོ་མི་འཐད་པའི་རྩོད་པ་སྤང་བ་ལ།

དངོས་ཀྱི་དོན་དང༌། དེའི་འཐད་པ་དངོས་བསྟན་པ་དང་གཉིས། དང་པོ་ནི། རྩ་བར། དེ་ཡི་ལོངས་སྤྱོད་རྫོགས་སྐུ་བསོད་ནམས་ཀྱིས། །ཟིན་དང་སྤྲུལ་པ་མཁའ་གཞན་ལས་དེའི་མཐུས། །སྒྲ་གང་ཆོས་ཀྱི་དེ་ཉིད་སྟོན་འབྱུང་བ། །དེ་ལས་འཇིག་རྟེན་གྱིས་ཀྱང་དེ་ཉིད་རིག །ཅེས་ཆོས་སྐུ་དེ་བཞིན་ཉིད་མངོན་སུམ་དུ་མཛད་པའིསངས་རྒྱས་དེ༷་ཡི༷་གཟུགས་ཀྱི་སྐུ་ནི། ཐེག་ཆེན་གྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རྒྱུར་གྱུར་པའི་ལོ༷ངསསྤྱོ༷ད་རྫོ༷གས་པའི་སྐུ༷། བསོ༷ད་ན༷མས་ཀྱི༷ས་ཟི༷ན་པ་སྟེ་བསོད་ནམས་ཀྱི་ཚོགས་བརྒྱ་ཕྲག་དུ་མས་མངོན་པར་བསྐྲུན་པ་ཡིན་པས་ན། བསོད་ནམས་བརྒྱས་བསྐྱེད་པའི་ལོངས་སྐུ་ལས་ཆོས་ཉིད་སྟོན་པའི་སྒྲ་འབྱུང་བ་དང༌། སྤྲུ༷ལ་པ༷་དང༌། ནམ་མཁ༷འ་དང༌། གཞ༷ན་རྩ་དང་ཤིང་དང་རྩིག་པ་དངབྲག་ལ་སོགས་པ་སེམས་མེད་པ་ལ༷ས་ཀྱང་ལོངས་སྐུ་དེའི༷་བྱིན་རླབས་ཀྱིས་མཐུ༷ས་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་སྒྲ༷་ག༷ང་ཞིག་འབྱུང་བ་དེ་ལས་ཀྱང་ཆོ༷ས་རྣམས་ཀྱི༷་དེ༷་ཁོ་ན་ཉི༷ད་སྟོ༷ན་པའི་སྒྲ་འབྱུ༷ང་བ༷་ཡིན་ལ། དེ་འདྲའི་ཆོས་སྟོན་པའི་སྒྲ་དེ༷་ལ༷ས་འཇི༷ག་རྟེ༷ན་གྱི་གདུལ་བྱ་སྣོད་དུ་གྱུར་པ་རྣམསཀྱི༷ས་ཀྱ༷ང་དེ༷་ཁོ་ན་ཉི༷ད་རི༷ག་པ་སྟེ་རྟོགས་པར་འགྱུར་བས་ན་དེ་ཁོ་ན་ཉིད་རྟོགས་མཁན་མེད་པའིསྐྱོན་མེད་དོ། །

གཉིས་པ་དེའི་འཐད་པ་དངོས་བསྟན་པ་ནི།

རྩ་བར། ཇི་ལྟར་རྫ་མཁན་སྟོབས་ཆེན་ལྡན་པས་འདིར། །ཡུན་རིང་འབད་པས་ཆེས་བསྐོར་འཁོར་ལོ་ནི། །དེ་རྩོལ་ད་ལྟ་སྐྱེས་པ་མེད་བཞིན་དུའང༌། །འཁོར་ཞིང་བུམ་པ་ལ་སོགས་རྒྱུར་མཐོང་ལྟར། །དེ་བཞིན་ད་ལྟ་སྐྱེས་རྩོལ་མེད་བཞིན་དུ། །ཆོས་ཀྱི་བདག་ཅན་སྐུ་ཉིད་ལ་བཞུགས་དེའི། །འཇུག་པ་སྐྱེ་བོའི་དགེ་དང་སྨོན་ལམ་གྱི། །ཁྱད་པར་གྱིས་འཕངས་ལས་ཆེས་བསམ་མི་ཁྱབ། །ཅེས་སངས་རྒྱས་རྣམས་དུས་རྟག་ཏུ་དེ་ཁོ་ན་ཉིད་ལ་རོ་གཅིག་ཏུ་མཉམ་པར་བཞག་པ་ཡིན་པས་ཆོས་སྟོན་འདོད་ཀྱི་རྟོག་པ་མེད་ཀྱང་ཆོས་སྟོན་པ་འཐད་དེ། ཇི༷་ལྟ༷ར་ཏེ་དཔེར་ན་རྫ༷་མཁ༷ན་སྟོ༷བས་ཆེ༷ན་པོ་དང་ལྡ༷ན་པ༷ས་འཇིག་རྟེན་འདི༷ར། ཡུ༷ན་རི༷ང་བོར་འབ༷ད་པ༷ས་ཆེ༷ས་སམ་འབད་པ་ཆེན་པོས་བསྐོ༷ར་བའི་འཁོ༷ར་ལོ༷་ནི༷། རྫ་མཁན་དེ༷་ཡི་འཁོར་ལོ་བསྐོར་བའི་འབད་རྩོ༷ལ་དེ་ད༷་ལྟ༷་ལ་སྐྱེ༷ས་པ༷་སྟེ་ད་ལྟ་འབད་རྩོལ་མེ༷ད་བཞི༷ན་དུ༷འ༷ང༌། འཁོར་ལོ་དེ་འཁོ༷ར་ཞི༷ང་བུ༷མ་པ༷་ལ༷་སོ༷གས་པའི་རྒྱུ༷ར་མཐོ༷ང་བ་ཇི་ལྟ༷ར་དེ༷་བཞི༷ན་དུ་ད༷་ལྟ༷་ལ་སྐྱེ༷ས་བུའི་རྩོལ༷་བ་མེད༷་བཞི༷ན་དུ༷་ཆོ༷ས་སྐུ་དེ་བཞིན་ཉིད་ཀྱི༷་བད༷ག་ཉིད་ཅ༷ན་གྱི་སྐུ༷་ཉི༷ད་ལ༷་ཐུགས་ཆུ་ལ་ཆུ་བཞག་པ་ལྟར་དབྱེར་མེད་རོ་གཅིག་ཏུ་ཞུ༷གས་པའི་སངས་རྒྱས་དེ༷འི་ཆོས་སྟོན་པའི་ཕྲིན་ལས་འཇུ༷ག་པ༷་ནི། གདུལ་བྱའི་སྐྱེ༷་བོ༷འི་སངས་རྒྱས་ལས་ཆོས་ཐོས་པར་འགྱུར་བྱེད་ཀྱི་དགེ༷་བའི་ལས་ཡོངས་སུ་བསགས་པ་ཡོངས་སུ་སྨིན་པ་ད༷ང༌། སངས་རྒྱས་ཀྱིས་ཀྱང་སྔོན་བྱང་སེམས་ཀྱི་སྐབས་སུ་ཐུགས་ཆོས་ཀྱི་དབྱིངས་ལས་གཡོ་བ་མེད་བཞིན་དུ། དུས་ལས་མི་འདའ་བར་གདུལ་བྱ་ལ་ཆོས་སྟོན་པའི་སྨོན་ལམ་བཏབ་པའི་སྨོ༷ན་ལ༷མ་གྱི༷་ཁྱ༷ད་པ༷ར་ཅན་གྱི༷ས་འཕ༷ངས་པའམ་སྨོན་ལམ་ཁྱད་པར་ཅན་དེའི་ཤུགས་ལ༷ས་རྟོག་པ་མེད་པར་ཆོས་སྟོན་པ་འབྱུང་བ་ཡིན་པས་ན། རྟོག་པ་མེད་པར་ཆོས་སྟོན་པ་འདི་ནི་ཆེ༷ས་ཤིན་ཏུ་བས༷མ་གྱིས་མི༷་ཁྱ༷བ་པ་ཡིན་པའི་ཕྱིར་རོ། །གང་ཕྱིར་ནམ་མཁའ་སོགས་ཤོ་ལོ་ཀ་གཉིས་ཀྱིས་ཆོས་སྐུ་མངོན་དུ་བྱསཚུལ་བསྟན་ནས། གང་ཚེ་ཞི་བ་སོགས་ཀྱིས་ཆོས་སྐུ་དེ་བཞིན་ཉིད་དེ་རྣམ་མཁྱེན་གྱིས་གཟིགསཚུལ་ལ་རྩོད་པ་དང་ལན་བསྟན་པ་ཡིན་ནོ། །

གཉིས་པ་སྐུ་དང་ཡོན་ཏན་གྱི་རྣམ་བཞག

གཉིས་པ་སྐུ་དང་ཡོན་ཏན་གྱི་རྣམ་བཞག་ལ་གཉིས།

སྐུའི་རྣམ་བཞག་དང༌། སྟོབས་ཀྱི་ཡོན་ཏན་གྱི་རྣམ་བཞག་པ་དང་གཉིས། དང་པོ་ལ། ཆོས་སྐུ་དང༌། ལོངས་སྐུ་དང༌། རྒྱུ་མཐུན་པའི་སྐུ་བཤད་པ་དང་གསུམ། དང་པོ་ནི། རྩ་བར། ཤེས་བྱའི་བུད་ཤིང་སྐམ་པོ་མ་ལུས་པ། །བསྲེགས་པས་ཞི་སྟེ་རྒྱལ་རྣམས་ཆོས་སྐུ་སྟེ། །དེའི་ཚེ་སྐྱེ་བ་མེད་ཅིང་འགག་པ་མེད། །སེམས་འགག་པ་དེ་སྐུ་ཡིས་མངོན་སུམ་མཛད། །ཅེས་བདེན་སྣང་གི་ཤེ༷ས་བྱ༷འི་བུ༷ད་ཤི༷ང་སྐ༷མ་པོ༷་མ༷་ལུ༷ས་པ༷་ཐམས་ཅད་ཡེ་ཤེས་ཀྱི་མེས་བསྲེ༷ག་པ༷ས་དྲི་མ་མཐའ་དག་དང་བྲལ་བའི་མཐར་ཐུག་གི་དེ་ཁོ་ན་ཉིད་རྣམ་རྟོག་ཞི༷་སྟེ་རྒྱ༷ལ་བ་རྣ༷མས་ཀྱི་ཆོ༷ས་ཀྱི་སྐུ༷་ཡིན་པ་སྟེ༷། དྲི་མ་མཐའ་དག་དང་བྲལ་བའི་དེ་བཞིན་ཉིད་ཡིན་པའི་ཕྱིར་རོ། །དེ་གང་གིས་མངོན་དུ་བྱེད་པ་ཡིན་ཞེ་ན། ལོངས་སྐུས་མངོན་དུ་བྱེད་པ་ཡིན་ཏེ། དེ་ཁོ་ན་ཉིད་ཀྱི་ཆོས་ཀྱི་སྐུ་འདི་ཐོབ་པ་དེ༷འི་ཚེ༷་སྐྱེ༷་བ༷་མེ༷ད་ཅི༷ང་འག༷ག་པ༷་མེ༷ད་པའི་དེ་ཁོ་ན་ཉིད་ཀྱི་ཆོས་སྐུ་དེ་ལ། དེའི་ཡུལ་ཅན་གྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཆུ་ལ་ཆུ་བཞག་པ་བཞིན་དབྱེར་མེད་པར་ཞུགས་པས་སེ༷མས་དང་སེམས་བྱུང་གི་རྣམ་རྟོག་ཐམས་ཅད་འག༷ག་པ༷་དེ༷་ནི་ལོངས་སྤྱོད་རྫོགས་པའི་སྐུ༷་ཡི༷ས་མངོ༷ན་སུ༷མ་མཛ༷ད་པ་སྟེ་མངོན་སུམ་དུ་ཐོབ་པ་ཡིན་པའི་ཕྱིར། རྡོ་རྗེ་གཅོད་པ་ལས། སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱའང་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །སྐབས་འདིར་རང་འགྲེལ་ལས། དེ་ལྟ་ན་ཡེ་ཤེས་ཀྱི་ཡུལ་དེ་ཁོ་ན་ཉིད་ལ་རྣམ་པ་ཐམས་ཅད་དུ་དེའི་ཡུལ་ཅན་སེམས་དང་སེམས་ལས་བྱུང་བ་རྣམས་མི་འཇུག་པས་སྐུ་ཁོ་ནས་མངོན་སུམ་དུ་མཛད་པར་ཀུན་རྫོབ་ཏུ་རྣམ་པར་གཞག་གོ། །ཞེས་སྐུ་ཁོ་ནས། ཞེས་པའི་དོན་ལ་དཔྱདཔར་ཞུའོ། །

གཉིས་པ་ལོངས་སྐུ་བཤད་པ་ནི།

རྩ་བར། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུརཅིང༌། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླདརྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བར་འགྱུར། །ཞེས་སྐུ་གང་གི་དེ་ཁོ་ན་ཉིད་ཀྱི་ཆོས་སྐུམངོན་དུ་མཛད་མཁན་གྱི་ལོངས་སྐུ་ནི་སེམས་སེམས་བྱུང་གི་རྟོག་པ་ཐམས་ཅད་ཞི་བའི་སྐུ་ཡིན་ཀྱང་ཞི༷་བའི་སྐུ༷་དེས་སེམས་ཅན་གྱི་དོན་མཛད་པའི་ནུས་པ་དཔ༷ག་བས༷མ་གྱི་ཤི༷ང་ལྟ༷ར་གས༷ལ་བར་གྱུ༷ར་པ་གང་འདུལ་གྱི་ཆོས་སྟོན་པའི་སྒོ་ནས་སེམས་ཅན་གྱི་དོན་བྱེད་པའི་ནུས་པ་ཡོད་པར་གསལ་བར་རྟོགས་པ་ཡིན་ཞིང༷༌། ཡི༷ད་བཞི༷ན་གྱི་ནོ༷ར་བུ༷་ལས་རྣམ་རྟོག་མེད་བཞིན་དུ་ལོངས་སྤྱོད་འབྱུང་བ་ཇི་བཞི༷ན་རྣ༷མ་པར་མི༷་རྟོ༷ག་པར་གདུལ་བྱའི་དོན་སྒྲུབ་པའི་ཕྱིར་རོ། །དེ་འདྲའི་ལོངས་སྤྱོད་རྫོགས་པའི་སྐུ་འདི་ནི་ཡུན་རིང་བོའི་བར་དུ་བཞུགས་པ་ཡིན་ཏེ། འགྲོ༷་བ་མ་ལུས་པ་ཐམས་ཅད་གྲོ༷ལ་བའི་བ༷ར་དུ༷་འཇི༷ག་རྟེ༷ན་ཏེ་གདུལ་བྱ་རྣམས་ཀྱི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་འབྱོ༷ར་བ་ཐམས་ཅད་བསྐྱེད་པའི་སླ༷ད་དུ་རྟ༷ག་པར་བཞུགས་པའི་ཕྱིར་རོ། །ལོངས་སྐུ་དེ་གདུལ་བྱ་ལ་ལ་སྣང་མི་སྣང་གི་ཁྱད་པར་ཡོད་དེ། ལོངས་སྐུ་འདི༷་ནི༷་གཉིས་སྣང་གི་སྤྲོ༷ས་པ་ད༷ང་བྲ༷ལ་བའི་ཟག་མེད་ཀྱི་ཤེས་རབ་ཐོབ་པའི་བྱང་འཕགས་ཁོ་ན་ལ༷་སྣ༷ང་བ༷ར་འགྱུ༷ར་བ་ཡིན་ཏེ། རང་འགྲེལ་ལས། བསོད་ནམས་བརྒྱའི་མཚན་གྱིས་བརྒྱན་པའི་སྐུ་འདི་ནི་བྱང་ཆུབ་སེམས་དཔའ་སྤྲོས་པ་དང་བྲལ་བ་རང་གི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་ཤེས་རབ་དྲི་མ་མེད་པའི་མེ་ལོང་ཐོབ་པ་རྣམས་ཁོ་ན་ལ་ཡོད་པ་ཉིད་དུ་སྣང་གི་སྤྲོས་པ་དང་བཅས་པ་རྣམས་ལནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་རྒྱུ་མཐུན་པའི་སྐུ་བཤད་པ་ལ།

སྐུ་དང་བ་སྤུའི་ཁུང་བུ་གཅིག་ཏུ་རང་གི་སྤྱོད་པ་ཀུན་སྟོན་ཚུལ་དང༌། གནས་དེར་གཞན་གྱི་སྤྱོད་པ་ཀུན་སྟོན་ཚུལ་དང༌། བཞེད་པ་མངའ་བསྒྱུར་བ་ཕུན་སུམ་ཚོགས་པ་བཤད་པ་དང་གསུམ། དང་པོ་ནི། རྩ་བར། ཐུབ་དབང་དུས་གཅིག་ཁོ་ནར་དེའི་རྒྱུ་མཐུན། །གཟུགས་སྐུ་གཅིག་ལ་རང་གི་སྐྱེ་གནས་སྐབས། །སྔར་འགགས་གསལ་དང་མ་འཆོལ་བྱུང་ཚུལ་ནི། །མ་ལུས་ཀྱིས་བཀྲ་མཐའ་དག་སྟོན་པར་མཛད། །ཅེས་ཐུ༷བ་པའི་དབ༷ང་པོས་དུ༷ས་གཅི༷ག་ཁོ༷་ན༷ར་ཆོས་ལོངས་ཀྱི་སྐུ་གཉིས་དེ༷འི་རྒྱུ༷་མཐུ༷ན་པའི་འབྲས་བུར་གྱུར་པའི་སྤྲུལ་སྐུའི་ཡོན་ཏན་གྱི་གཟུ༷གས་ཀྱི་སྐུ༷་གཅི༷ག་ལ༷། ར༷ང་གི༷་སྔོན་གྱི་སྐྱེ༷་བའི་གན༷ས་སྐ༷བས་སྔ༷ར་ཚེ་རབས་ཐོག་མེད་ནས་ད་ལྟ་ཡན་ཆད་ལ་འག༷ག་ཟིན་པའི་བར་གྱི་སྔོན་གྱི་སྐྱེ་རབས་ཀྱི་ཕྲེང་བ་མཐའ་དག་གས༷ལ་བ་ད༷ང་མ༷་འཆོ༷ལ་བར་བྱུ༷ང་བའི་ཚུ༷ལ་རྣམས་ནི༷་མ༷་ལུ༷ས་པ་རྣམས་ཀྱི༷ས་བཀྲ༷་བའམ་བྱུང་ཚུལ་མ་ལུས་པ་རབ་ཏུ་གྲངས་མང་བ་མཐ༷འ་ད༷ག་སྟོ༷ན་པ༷ར་མཛ༷ད་དོ། །རྩ་བར། སངས་རྒྱས་ཞིང་ཅི་འདྲ་དེར་ཐུབ་དབང་དང༌། །དེ་དག་སྐུ་སྤྱོད་མཐུ་སྟོབས་ཅི་འདྲ་དང༌། །ཉན་ཐོས་དགེ་འདུན་ཇི་སྙེད་ཇི་ལྟ་དང༌། །བྱང་ཆུབ་སེམས་རྣམས་དེར་གཟུགས་ཅི་འདྲ་དང༌། །ཅི་འདྲའི་ཆོས་དང་དེ་བདག་ཅི་འདྲ་དང༌། །ཆོས་ཐོས་སྤྱོད་པ་གང་ལ་སྤྱད་པ་དང༌། །སྦྱིན་གང་ཇི་ཙམ་དེ་དག་ལ་ཕུལ་བ། །དེ་ནི་མ་ལུས་སྐུ་གཅིག་ལ་སྟོན་མཛད། །ཅེས་དེ་ཡང་སྔོན་གྱིས་བྱུང་ཚུལ་མཐའ་དག་སྐུ་གཅིག་གིས་སྟོན་ཚུལ་དེ་རེ་ཞིག་སྦྱིན་པའི་ཕར་ཕྱིན་སྤྱོད་ཚུལ་སྟོན་པ་ལ་སྦྱར་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི་སྔོན་སྦྱིན་པའི་ཕར་ཕྱིན་ལ་སྤྱོད་པའི་ཚེ། སངས་རྒྱས་བཅོམ་ལྡན་འདས་གང་རྣམས་ལ་བསྙེན་བཀུར་མཛད་པ་དང༌། བསྙེན་བཀུར་བྱ་བའི་ཡུལ་གྱིས་སང༷ས་རྒྱ༷ས་ཐམས་ཅད་བཞུགས་པའི་ཞིང་བཻ་ཌཱུརྱའི་རང་བཞིན་ཅན་ལ་སོགས་པའི་ཞི༷ང་དང༌། དེ་ལ་བརྟེན་པའི་བཅུད་ཀྱི་རིགས་ཅི༷་འདྲ༷་བ་དེར༷་ཐུ༷བ་པའི་དབ༷ང་པོ་རྣམས་སྐུ་བལྟམས་པ་དང་རྒྱལ་སྲིད་སྤངས་པ་ལ་སོགས་པ་དེ་ད༷ང༌། སངས་རྒྱས་དེ༷་ད༷ག་གི་སྐུ༷་ཇི་འདྲ་བ་ཡིན་པ་དང༌། སངས་རྒྱས་དེའི་མཛད་སྤྱོ༷ད་ཀྱི་མཐུ༷་དང་སྟོ༷བས་ཇི༷་འདྲ༷་བ་ད༷ང༌། སངས་རྒྱས་དེ་དག་གི་འཁོར་ཉན༷་ཐོ༷ས་རྣམས་ཀྱི་དགེ༷་འདུ༷ན་ཇི༷་སྙེ༷ད་ཡོད་པ་དང༌། ཆོས་ལ་ནན་ཏན་གང་ཞིག་བྱས་པས་དགེ་འདུན་དུ་གྱུར་པ་ཇི༷་ལྟ༷་བ་སྟེ་ཇི་འདྲ་ཡིན་པ་ད༷ང༌། སངས་རྒྱས་ཀྱི་ཞིང་དེར་བྱ༷ང་ཆུ༷བ་སེ༷མས་དཔའ་རྣ༷མས་དེ༷ར་སྐུ་གཟུ༷གས་མཚན་དཔེས་སྤྲས་པ་སོགས་དང༌། ཆོས་གོས་དང་ཟས་དང་གནས་ཁང་ལ་སོགས་པ་ཉེར་སྤྱོད་ཇི༷་འདྲ༷་བ་ད༷ང་ལྡན་པ་དང༌། ཐེག་པ་གསུམ་ལས་བརྩམས་ཏེ་ཇི༷་འདྲ༷འི་ཆོ༷ས་བསྟན་པ་ད༷ང༌། ཞིང་དེ༷་ལ་བད༷ག་ཉིད་དམ་རང་ཉིད་བྲམ་ཟེའི་ལ་སོགས་པའིརིགས་གང་ཡིན་དང༌། ཁྱིམ་པ་དང་རབ་བྱུང་སོགས་ཇི༷་འདྲ༷་ཡིན་པ་ད༷ང༌། རང་གི་སངས་རྒྱས་དེལས་ཆོ༷ས་ཐོ༷ས་ནས་བསླབ་པ་ཁས་བླངས་ཏེ། བྱང་སེམས་ཀྱི་སྤྱོ༷ད་པ༷་ཆེ་ཆུང་ག༷ང་ལ༷་སྤྱ༷ད་པ༷་ད༷ང༌།

སྦྱི༷ན་པ་ག༷ང་དང་གང་ཡིན་པ་དེ་དུས་ཅི༷་ཙ༷མ་དུ་ཞིང་དེར་བཞུགས་པའི་སངས་རྒྱས་དང་བྱངསེམས་དང་ཉན་ཐོས་དེ༷་ད༷ག་ལ༷་བདག་གིས་ནབ་བཟའ་དང་རིན་པོ་ཆེའི་རྒྱན་ལ་སོགས་པའིཕུ༷ལ་བ༷་དང༌། དེ༷་དག་ནི༷་སྔར་ཚེ་རབས་རྣམས་སུ་དེ་འདྲ་བ་ཇི་སྙེད་ཡོད་པ་མ༷་ལུ༷ས་པ་ཐམས་ཅད་སྐུ༷་གཅི༷ག་གི་ངོས་ལ༷་སྟོ༷ན་པར་མཛ༷ད་པ་ཡིན་ནོ། །རྩ་བར། དེ་བཞིན་ཚུལ་ཁྲིམས་བཟོད་བརྩོན་ཏིང་འཛིན་དང༌། །ཤེས་རབ་སྤྱོད་ཚེ་སྔར་གྱི་གནས་སྐབས་གང༌། །མ་ཚང་མེད་དེ་དག ཅེས་དེ༷་བཞི༷ན་དུ་ཚུ༷ལ་ཁྲི༷མས་དང་བཟོ༷ད་པ་དང༌། བརྩོ༷ན་འགྲུས་དང༌། ཏི༷ང་ངེ་འཛི༷ན་ད༷ང༌། ཤེ༷ས་ར༷བ་ཀྱི་ཕར་ཕྱིན་རྣམས་ལ་སྤྱོ༷ད་ཚེ༷་གོང་གི་སྦྱིན་པའི་སྐབས་ལྟར་གྱི་ཚུལ་ཁྲིམས་སོགས་བདག་གིས་ཇི་འདྲ་བ་སྒོམ་པ་དང༌། ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་ཇི་འདྲ་བ་བྱུང་བ་ལ་སོགས་པའི་སྐྱེ་བ་སྔ༷ར་གྱི༷་གན༷ས་སྐ༷བས་ག༷ང་ཡིན་པ་མཐའ་དག་མ༷་ཚ༷ང་བ་མེ༷ད་པ་དེ༷་ད༷ག་ཐམས་ཅད་སྐུ་གཅིག་གིས་སྟོན་པར་མཛད་པའི་ཕྱིར་རོ། །རྩ་བར། ཉིད་སྤྱོད་པ་ཀུན། སྐུ་ཡི་བ་སྤུའི་ཁུང་བུའང་གསལ་བར་སྟོན། །ཞེས་སྐུ་གཅིག་ཉི༷ད་ལ་སྔོན་གྱི་སྤྱོད་པ་ཐམས་ཅད་ཅིག་ཆར་སྟོན་པར་མ་ཟད། སྔར་བཤད་པའི་སྔོན་གྱི་སྤྱོ༷ད་པ༷་མ་ལུས་པ་ཀུ༷ན་སྐུ༷་ཡི༷་བ༷་སྤུ༷འི་ཁོ༷ང་བུ༷་གཅིག་ཏུུ་འ༷ང་གས༷ལབ༷ར་སྟོ༷ན་པར་མཛད་པ་ཡིན་ནོ། །

གཉིས་པ་གནས་དེར་གཞན་གྱི་སྤྱོད་པ་ཀུན་སྟོན་ཚུལ་ནི།

རྩ་བར། སངས་རྒྱསགང་དག་འདས་དང་འབྱུང་འགྱུར་གང༌། །

གང་དག་ད་ལྟར་ནམ་མཁའི་མཐར་ཐུག་པར། །

གདངས་མཐོན་ཆོས་སྟོན་སྡུག་བསྔལ་གྱིས་བཟུང་བའི། །

འགྲོ་དབུགས་འབྱིན་ཞིང་འཇིག་རྟེན་བཞུགས་པ་དང༌། །

དང་པོའི་ཐུགས་བཟུང་བྱང་ཆུབ་སྙིང་པོའི་བར། །

དེ་དག་སྤྱོད་ཀུན་དངོས་རྣམས་མིག་འཕྲུལ་གྱི། །

རང་བཞིན་མཁྱེན་ནས་བདག་བཞིན་བ་སྤུ་ཡི། །

ཁུང་བུར་དུས་གཅིག་ལ་ནི་གསལ་བར་སྟོན། །

ཞེས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གང་ཟག་གཞན་གྱི་སྤྱོད་ཚུལ་མ་ལུས་པ་ཀུན་བ་སྤུའི་ཁུང་བུ་རེ་རེར་སྟོན་ནུས་པ་ཡིན་ཏེ། སང༷ས་རྒྱ༷ས་ག༷ང་ད༷ག་སྔར་འད༷ས་པ་ད༷ང༌། སངས་རྒྱས་གང་དག་མ་འོངས་པ་ན་འབྱུ༷ང་བར་འགྱུ༷ར་པ་ག༷ང་ཡིན་པ་དང༌། སངས་རྒྱས་ག༷ང་ད༷ག་ད༷་ལྟ༷ར་ན༷མ་མཁ༷འི་མཐ༷ར་ཐུ༷ག་པའི་འཇིག་རྟེན་གྱི་ཁམས་རྣམས་པ༷ར་གསུང་གི་གད༷ངས་མཐོ༷ན་པོའི་སྒོ་ནས་ཆོ༷ས་སྟོ༷ན་པ་སྟེ་ཆོས་བསྟན་ནས། སྡུ༷ག་བསྔ༷ལ་གྱི༷ས་བཟུ༷ང་བ་སྟེ་སྡུག་བསྔལ་གྱིས་གཟིར་བ༷འི་འགྲོ༷་བ་རྣམས་དབུ༷གས་འབྱི༷ན་ཞི༷ང་འཇི༷ག་རྟེ༷ན་ན་བཞུ༷གས་པ༷་ཐམས་ཅད་ད༷ང༌། དེ་འདྲའི་སངས་རྒྱས་ཐམས་ཅད་ཀྱིས་ད༷ང་པོ༷འི་ཐུ༷གས་བསྐྱེད་པ་ནས་བཟུ༷ང་བྱ༷ང་ཆུ༷བ་སྙི༷ང་པོ༷འི་བ༷ར་གྱི་དུས་གསུམ་གྱི་རྒྱལ་བ་དེ༷་ད༷ག་གི་སྤྱོ༷ད་པ་མ་ལུས་པ་ཀུ༷ན། དངོ༷ས་པོ་རྣ༷མས་ཀྱི་རང་བཞིན་ནི་མི༷ག་འཕྲུ༷ལ་གྱི༷་ར༷ང་བཞི༷ན་དང་བདེན་པར་མེད་པ་ལ་ཁྱད་པར་མེད་པར་མཁྱེ༷ན་ན༷ས་སྔར་བཤད་པའི་བད༷ག་གི་སྤྱོད་ཚུལ་སྟོན་པ་བཞི༷ན་དུ་བ༷་སྤུ༷་ཡི༷་ཁོ༷ང་བུ༷ར་དུ༷ས་གཅི༷ག་ལ༷་ནི༷་གས༷ལ་བ༷ར་སྟོ༷ན་ནུས་པའོ། །རྩ་བར། དེ་བཞིན་དུས་གསུམ་བྱང་ཆུབ་སེམས་དཔའ་དང༌། །རང་རྒྱལ་འཕགས་པ་ཉན་ཐོས་མ་ལུས་ཀྱི། །སྤྱོད་དང་དེ་ལྷག་སྐྱེ་བོའི་གནས་སྐབས་ནི། །ཐམས་ཅད་བ་སྤུའི་ཁུང་བུར་གཅིག་ཚེ་སྟོན། །ཞེས་སངས་རྒྱས་རྣམས་ཀྱིས་རང་དང་དུས་གསུམ་གྱི་རྒྱལ་བའི་སྔོན་གྱི་སྤྱོད་པ་ཀུན་བ་སྤུའི་ཁུང་བུར་སྟོན་པ་དེ༷་བཞི༷ན་དུ། དུ༷ས་གསུ༷མ་གྱི་བྱ༷ང་ཆུ༷བ་སེ༷མས་དཔ༷འ་ད༷ང༌། དུས་གསུམ་གྱི་ར༷ང་རྒྱ༷ལ་འཕ༷གས་པ༷་དང༌། ཉ༷ན་ཐོ༷ས་མ༷་ལུ༷ས་པ་རྣམས་ཀྱི༷་ཚེ་རབས་ཐམས་ཅད་ཀྱི་སྤྱོ༷ད་པ་མཐའ་དག་ད༷ང༌། དེ༷་དག་གི་ལྷ༷ག་མ་སེམས་ཅན་མཐའ་དག་གི་སོ་སོ་སྐྱེ༷་བོ༷འི་གན༷ས་སྐ༷བས་ཀྱི་སྤྱོད་པ་ནི༷་མ་ལུས་པ་ཐ༷མས་ཅ༷ད་བ༷སྤུ༷འི་ཁུ༷ང་བུ༷ར་དུས་གཅི༷ག་གི་ཚེ༷་སྟོ༷ན་ནུས་པ་ཡིན་པའི་ཡོན་ཏན་དང་ལྡན་པའོ། །

གསུམ་པ་བཞེད་པ་ལ་མངའ་དབང་བསྒྱུར་བ་ཕུན་སུམ་ཚོགས་པ་བཤད་པ་ནི།

རྩ་བར། དག་པ་འདི་ནི་བཞེད་པར་འཇུག་པ་ཡིས། །རྡུལ་གཅིག་ཡུལ་ལ་མཁའ་གཏུགས་འཇིག་རྟེན་དང༌། །འཇིག་རྟེན་མཐའ་ཡས་ཕྱོགས་ཁྱབ་རྡུལ་སྟོན་མོད། །རྡུལ་རགས་མི་འགྱུར་འཇིག་རྟེན་ཕྲ་མི་འགྱུར། །ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་རྟོག་པ་མེད་ཀྱང་ཐུགས་ལ་གང་བཞེད་པ་ཐམས་ཅད་ལ་མངའ་བསྒྱུར་བའམ་དབང་བསྒྱུར་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ཡིན་ཏེ། དྲི་མ་མ་ལུས་པ་ད༷ག་པ༷འི་སངས་རྒྱས་ཀྱི་མཛད་པ་འདི༷་ནི༷། རྟོག་པ་མེད་པར་ཐུགས་ལ་བཞེ༷ད་པ༷ར་འཇུ༷ག་པ༷་དེ་ཡི༷ས་རྡུ༷ལ་ཕྲ་རབ་གཅི༷ག་གི་ཡུ༷ལ་གྱི་ཁྱོན་ལ༷། ནམ་མཁ༷འ་ཡི་མཐས་གཏུ༷གས་པའི་སྣོད་བཅུད་ཀྱི་འཇི༷ག་རྟེ༷ན་མ་ལུས་པ་ཐམས་ཅད་སྟོན་པར་ནུས་པ་ད༷ང༌། འཇི༷ག་རྟེ༷ན་གྱི་ཁམས་མཐ༷འ་ཡ༷ས་པ་མ་ལུས་པའི་ཕྱོ༷གས་ཐམས་ཅད་ལ་ཁྱ༷བ་པར་རྡུ༷ལ་ཕྲ་རབ་གཅིག་གིས་སྟོ༷ན་པར་མཛད་པ་ཡིན་མོ༷ད་ཀྱང༌། དེ་ཚེ་རྡུ༷ལ་གཅིག་པོ་སྟེ་ར༷གས་པ་ཆེ་བར་ཡང་མི༷་འགྱུ༷ར་ལ། འཇི༷ག་རྟེ༷ན་ཁམས་དེ་ཕྲ༷་བ་སྟེ་ཆུང་བར་ཡང་མི༷་འགྱུ༷ར་བའོ། །རྩ་བར། རྣམ་རྟོག་མི་མངའ་ཁྱོད་ཀྱིས་སྲིད་མཐའི་བར། །སྐད་ཅིག་དེ་རེ་རེ་ལ་སྤྱོད་སྣ་ཚོགས། །ཇི་སྙེད་སྟོན་པ་དེ་སྙེད་འཛམ་བུའི་གླིང༌། །མ་ལུས་རྡུལ་གང་དེ་སྙེད་ལ་གྲངས་མེད། །ཅེས་གོང་བཞིན་དུ་རྣ༷མ་པར་རྟོ༷ག་པ་མི༷་མང༷འ་བ་སངས་རྒྱས་ཁྱོ༷ད་ཀྱི༷ས་སྲི༷ད་པ་འཁོར་བའི་མཐ༷འི་བ༷ར་དུ་སེམས་ཅན་འདུལ་བའི་སྤྱོད་པ་མཐའ་ཡས་པ་རྒྱུན་མི་འཆད་དུ་སྟོན་པར་མཛད་པ་ལས། དེའི་ནང་གི་སྐ༷ད་ཅི༷ག་མ་དེ༷་རེ༷་རེ༷་ལ༷་སྤྱོ༷ད་པ་སྣ༷་ཚོ༷གས་པ་ཇི༷་སྙེ༷ད་སྟོ༷ན་པ༷་དེ༷་སྙེ༷ད་ཀྱི་གྲངས་ནི། འཛ༷མ་བུ༷འི་གླི༷ང་མ༷་ལུ༷ས་པ་ནི་རྡུ༷ལ་ཕྲརབ་ཀྱི་གྲངས་ག༷ང་ཇི་སྙེད་ཡོད་པ་དེ༷་སྙེ༷ད་ཀྱི་གྲངས་ལ༷་གྲ༷ངས་དེ་སྙེད་མེ༷ད་པའི་ཕྱིར་རོ། །

གཉིས་པ་སྟོབས་ཀྱི་ཡོན་ཏན་གྱི་རྣམ་བཞག་ལ།

སྟོབས་བཅུ་མདོར་བསྟན་པ་དང༌། དེ་རྣམས་རྒྱས་པར་བཤད་པ་དང༌། ཡོན་ཏན་ཀུན་བརྗོད་མི་ནུས་པའི་ཚུལ་དང༌། ཡོན་ཏན་གཉིས་ཤེས་པའི་ཕན་ཡོན་དང་བཞི། དང་པོ་ནི། རྩ་བར། གནས་དང་གནས་མིན་མཁྱེན་སྟོབས་དང༌། །དེ་བཞིན་ལས་རྣམ་སྨིན་བློ་དང༌། །མོས་པ་སྣ་ཚོགས་ཐུགས་ཆུད་དང༌། །སྣ་ཚོགས་ཁམས་ནི་མཁྱེན་སྟོབས་དང༌། །དེ་བཞིན་དབང་མཆོག་མཆོག་མ་ཡིན། །མཁྱེན་དང་ཐམས་ཅད་དུ་འགྲོ་དང༌། །བསམ་གཏན་རྣམ་ཐར་ཏིང་འཛིན་དང༌། །སྙོམས་པར་འཇུག་སོགས་མཁྱེན་སྟོབས་དང༌། །སྔོན་གནས་དྲན་པ་མཁྱེན་པ་དང༌། །དེ་བཞིན་འཆི་འཕོ་སྐྱེ་བློ་དང༌། །ཟག་རྣམས་ཟད་པ་མཁྱེན་སྟོབས་ཏེ། །སྟོབས་ནི་བཅུ་པོ་འདི་དག་གོ། །ཞེས་སངས་རྒྱས་ཀྱི་སྟོབས་ལ་དབྱེ་ན་བཅུ་ཡོད་དེ། གན༷ས་ད༷ང་གན༷ས་མི༷ན་མཁྱེ༷ན་པའི་སྟོ༷བས་ད༷ང༌། དེ༷་བཞི༷ན་དུ་ལ༷ས་ཀྱི་རྣ༷མ་པར་སྨི༷ན་པ་མཁྱེན་པའི་བློ༷་སྟེ་སྟོབས་ད༷ང༌། མོ༷ས་པ༷་སྣ༷་ཚོ༷གས་པ་ཐུ༷གས་སུ་ཆུ༷ད་པའི་སྟོབས་ད༷ང༌། སྣ༷་ཚོ༷གས་པའི་ཁ༷མས་ནི༷་མཁྱེ༷ན་པའི་སྟོ༷བས་ད༷ང༌། དེ༷་བཞི༷ན་དུ་དབ༷ང་པོ་མཆོ༷ག་དང་མཆོ༷ག་མ༷་ཡི༷ན་པ་མཁྱེ༷ན་པའི་སྟོབས་ད༷ང༌། ཐ༷མས་ཅ༷ད་དུ༷་འགྲོ༷་བའི་ལམ་མཁྱེན་པའི་སྟོབས་ད༷ང༌། བས༷མ་གཏ༷ན་དང་རྣ༷མ་པར་ཐ༷ར་བ་དང་ཏི༷ང་ངེ་འཛི༷ན་ད༷ང༌། སྙོ༷མས་པ༷ར་འཇུ༷ག་པ་སོ༷གས་མཁྱེན་པའི་བློ༷་སྟེ་མཁྱེན་པའི་སྟོ༷བས་ད༷ང༌། སྔོ༷ན་གྱི་གན༷ས་རྗེས་སུ་དྲ༷ན་པ༷་མཁྱེ༷ན་པ༷འི་སྟོབས་ད༷ང༌། དེ༷་བཞི༷ན་དུ་འཆི༷་འཕོ༷དང་སྐྱེ༷་བ་དང་གནས་པ་མཁྱེན་པའི་བློ༷་སྟེ་མཁྱེན་པའི་སྟོབས་ད༷ང༌། ཟ༷ག་པ་རྣ༷མས་ཟ༷ད་པ༷མཁྱེ༷ན་པའི་སྟོ༷བས་ཏེ༷་སྟོ༷བས་ནི༷་བཅུ༷་པོ༷་འདི༷་ད༷ག་ཡིན་པར་ཡིན་པར་བཞག་གོ༷། །

གཉིས་པ་དེ་རྣམས་རྒྱས་པར་བཤད་པ་ལ།

གནས་དང་གནས་མིན་མཁྱེན་པ་སོགས་ཀྱི་སྟོབས་ལྔ་བཤད་པ་དང༌། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་སོགས་ཀྱི་སྟོབས་ལྔ་བཤད་པ་དང་གཉིས། དང་པོ་ནི། ༡ རྩ་བར། རྒྱུ་གང་ཞིག་ལས་གང་ཞིག་ངེས་པར་སྐྱེ་འགྱུར་བ། །དེ་ནི་དེ་ཡི་གནས་སུ་དེ་མཁྱེན་རྣམས་ཀྱིས་གསུངས། །བཤད་པ་ལས་བཟློག་གནས་མིན་ཤེས་བྱ་མཐའ་ཡས་པ། །མཁྱེན་པ་ཐོགས་པ་སྤངས་པ་དེ་ནི་སྟོབས་སུ་བཤད། །ཅེས་ས་བོན་དང་སློབ་ལམ་དང་རྣམ་མཁྱེན་ལྟ་བུའི་རྒྱུ༷་ག༷ང་ཞི༷ག་ལ༷ས། མྱུ་གུ་དང་ཐམས་ཅད་མཁྱེན་པ་དང་ཆོས་འཁོར་བསྐོར་བ་ལྟ་བུའི་འབྲས་བུ་ག༷ང་ཞི༷ག་ངེ༷ས་པ༷ར་སྐྱེ༷་བར་འགྱུ༷ར་བ༷་ཡི༷རྒྱུ་དེ༷་ནི༷། འབྲས་བུ་དེ༷་ཡི༷་གན༷ས་སུ༷་སྟེ་འབྲས་བུ་དེའི་གནས་ཡིན་པར་དེ༷་ལྟར་དུ་རབ་ཏུ་མཁྱེ༷ན་པའི་སངས་རྒྱས་བཅོམ་ལྡན་འདས་རྣ༷མས་ཀྱི༷ས་གསུ༷ངས་ཏེ། དཔེར་ན་མི་དགེ་བའི་ལས་ནི་རྣམ་སྨིན་ཡིད་དུ་མི་འོང་པ་འབྱུང་བའི་གནས་དང༌། ལམ་མངོན་རྟོགས་ནི་མྱང་འདས་སོགས་ཐོབ་བྱེད་ཀྱི་གནས་དང༌། རྣམ་མཁྱེན་ནི་ཆོས་འཁོར་བསྐོར་བ་བྱུང་བའི་གནས་ཡིན་པ་ལ་སོགས་པའོ། །དེ་ལྟར་བཤ༷ད་པ༷་ལ༷ས་བཟློ༷ག་པ་རྒྱུ་གང་ཞིག་ལས་འབྲས་བུ་གང་ཞིག་སྐྱེ་བར་མི་འགྱུར་བའི་རྒྱུ་དེ་ནི། འབྲས་བུ་དེའི་གནས་མ་ཡིན་པར་སངས་རྒྱས་རྣམས་ཀྱིས་གསུངས་པ། དཔེར་ན་དགེ་བ་ནི་རྣམ་སྨིན་ཡིད་མི་འོང་བའི་གནས་མ་ཡིན་པ་དང༌། མཐོང་ལམ་ཐོབ་པ་ནི་ལས་དབང་གིས་སྲིད་པ་བརྒྱད་པ་འབྱུང་བའི་གནས་མ་ཡིན་པ་དང༌། བདག་ལྟ་ནི་མྱང་འདས་ཐོབ་པའི་གནས་མ་ཡིན་ཞིང་གོ་སྐབས་མེད་པ་ལྟ་བུའོ། །དེ་འདྲ་བའི་གནས་དང་གན༷ས་མི༷ན་པའི་ཤེ༷ས་བྱ༷་མཐ༷འ་ཡ༷ས་པ༷་ཐམས་ཅད་མངོན་སུམ་དུ་མཁྱེ༷ན་པ༷་ལ་ཐོ༷གས་པ༷་སྤ༷ངས་པ་སྟེ་ཐོགས་པ་མེད་པའི་མཐར་ཐུག་གི་ཡེ་ཤེས་དེ༷་ནི༷་གནས་དང་གནས་མ་ཡིན་པར་མཁྱེན་པའི་སྟོ༷བས་སུ༷་སྟེ་སྟོབས་ཡིན་པར་མདོ་ལས་བཤ༷ད་དོ། །

འཕགས་པ་གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོ་ལས།

རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་དེ་བཞིན་གཤེགས་པའི་ཡེ་ཤེས་བླ་ན་མེད་པས་གནས་པ་ལ་ཡང་གནས་སུ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །གནས་མ་ཡིན་པ་ལ་ཡང་གནས་མ་ཡིན་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་ལ་གནས་ནི་གང་གནས་མ་ཡིན་པ་ནི་གང་ཞེ་ན། རིགས་ཀྱི་བུ་འདི་ནི་གནས་མ་ཡིན་ཞིང་གོ་སྐབས་མེད་དེ། གང་ལུས་ཀྱིས་ཉེས་པར་སྤྱད་པ་དང༌། ངག་གིས་ཉེས་པར་སྤྱད་པ་དང༌། ཡིད་ཀྱིས་ཉེས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང་སྡུག་པ་དང་དགའ་བ་དང་ཡིད་དུ་འོང་བར་འགྱུར་བ་འདི་ནི་གནས་མེད་དོ། །འདི་ནི་གནས་ཡིན་ཞིང་གོ་སྐབས་ཡོད་པ་སྟེ། གང་ལུས་ཀྱིས་ལེགས་པར་སྤྱད་པ་དང༌། ངག་གིས་ལེགས་པར་སྤྱད་པ་དང༌། ཡིད་ཀྱིས་ལེགས་པར་སྤྱད་པའི་རྣམ་པར་སྨིན་པ་འདོད་པ་དང༌། སྡུག་པ་དང༌། དགའ་བ་དང༌། ཡིད་དུ་འོང་བར་འགྱུར་བ་འདི་ན་གནས་ཡིན་ནོ། །ཞེས་སོགས་སོ། ། ༢ ད་ནི་ལས་དང་རྣམ་པར་སྨིན་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ཏེ་བཤད་པ་ལ། རྩ་བར། འདོད་དང་མི་འདོད་དེ་ལས་བཟློག་དང་ཟད་དངོས་ཀྱི། །ལས་དང་དེ་ཡི་རྣམ་སྨིན་ཤིན་ཏུ་སྣ་ཚོགས་ལའང༌། །མཁྱེན་པ་ནུས་མཐུ་ཐོགས་མེད་སོ་སོར་འཇུག་འགྱུར་བ། །དུས་གསུམ་ཤེས་བྱ་ཁྱབ་མཛད་དེ་ནི་སྟོབས་སུ་འདོད། །ཅེས་འདོ༷ད་པ་སྟེ་དགེ་བའི་ལས་ད༷ང༌། མི༷་འདོ༷ད་པ་སྟེ་མི་དགེ་བའི་ལས་ཏེ་མ་འདྲེས་པའི་ལས་གཉིས་དང༌། དེ༷་གཉིས་ལ༷ས་བཟློ༷ག་པ་འདྲེས་མའི་ལས་ད༷ང༌། མཐོང་ལམ་མཉམ་བཞག་གི་ངོ་བོར་གྱུར་པའི་སེམས་པ་ལྟ་བུ་ཟག་བཅས་ཀྱི་ལས་ངན་པ་ཐམས་ཅད་ཟ༷ད་པར་བྱེད་པའི་ཟག་མེད་ཀྱི་དངོ༷ས་ཀྱི༷་ལས་དང༌།

ལས༷་མཐའ་ཡས་པ་དེ་དང༷་དེ༷་ཡི༷་འབྲས་བུ་རྣ༷མ་སྨི༷ན་ཤི༷ན་ཏུ༷་མི་འདྲ་བ་སྣ༷་ཚོ༷གས་པ་བསམ་ལས་འདས་པ་རྣམས་ལ༷འ༷ང༌། མཁྱེ༷ན་པ༷་ནུ༷ས་མཐུ༷་ཐོ༷གས་པ་མེ༷ད་པར་སོ༷་སོ༷ར་འཇུ༷ག་པར་འགྱུ༷ར་བ༷་ཅན་དུ༷ས་གསུ༷མ་གྱིས་བསྡུས་པའི་ལས་མཐའ་དག་དང་དེ་དག་གི་འབྲས་བུའི་ཚོགས་མཐའ་ཡས་པའི་ཤེ༷ས་བྱ༷་མ་ལུས་པ་ལ་ཁྱ༷བ་པར་མཛ༷ད་པའི་མཐར་ཐུག་གི་ཡེ་ཤེས་དེ༷་ནི༷་ལས་ཀྱི་འབྲས་བུ་མཁྱེན་པའི་སྟོ༷བས་སུ༷་འདོ༷ད་དོ། །མདོ་ལས། དེ་བཞིན་གཤེགས་པས་འདས་པ་དང༌། མ་འོངས་པ་དང༌། ད་ལྟར་བྱུང་བའི་ལས་རྣམས་དང་ལས་ཡང་དག་པར་བླངས་པ་རྣམས་གནས་དང་རྒྱུ་དང༌། དངོས་པོ་དང༌། རྣམ་པར་སྨིན་པ་ལ་མཁས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་རབ་ཏུ་ཤེས་ཤེ་ན། རིགས་ཀྱི་བུ་འདི་ལ་འདས་པའི་ལས་ཡང་དག་པར་བླངས་པ་གང་དག་པའི་རྒྱུ་ལས་བྱུང་བ་མི་དགེ་བ་དང་བྲལ་བ་གང་མ་འོངས་པའི་དུས་ན། དགེ་བའི་རྒྱུ་འབྱིན་པ་དེ་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ལས་ཡང་དག་པར་བླངས་པ་གང་མི་དགེ་བའི་རྒྱུ་ལས་བྱུང་བ་དགེ་བ་དང་བྲལ་བ་གང་མ་འོངས་པའི་དུས་ན་མི་དགེ་བའི་རྒྱུ་འབྱིན་པ་དེ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ཞེས་སོགས་གསུངས་སོ། ། ༣ ད་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། འདོད་ཆགས་སོགས་ཀྱི་འབྱུང་བའི་སྟོབས་ཀྱིས་འདོད་པ་ནི། །ཤིན་ཏུ་སྣ་ཚོགས་དམན་འབྲིང་གང་ཡང་ཁྱད་འཕགས་འདོད། །དེ་ལས་གཞན་རྣམས་ཀྱིས་གཡོགས་མོས་ལའང་མཁྱེན་པ་ནི། །དུས་གསུམ་འགྲོ་བ་མ་ལུས་ཁྱབ་པ་སྟོབས་ཞེས་བྱ། །ཞེས་དཔེར་ན་འདོད་ཆགས་ཀྱི་ས་བོན་ཤས་ཆེ་བའི་རྒྱུ་ལས་འཁོར་བ་ལ་མོས་ཤིང་འདོད་པ་དང་གཟུགས་མཛེས་པ་ལ་འདོད་པའམ་མོས་པ་དང༌། ཞེ་སྡང་གི་ས་བོན་ལས་གཞན་ལ་གནོད་པ་བྱེད་པ་ལ་མོས་པ་དང༌། ཉན་ཐོས་ལམ་གྱི་རྒྱས་འགྱུར་གྱི་ས་བོན་གྱི་རྒྱུ་ལས་ཉན་ཐོས་ཐེག་པ་ལ་མོས་པ་ལ་སོགས་ལྟ་བུ་འདོ༷ད་ཆ༷གས་དང་དེས་མཚོན་ནས་ཞེ་སྡང་ལ་སོགས་པའི་ཉོན་མོངས་པ་རྣམས་དང༌། སོ༷གས་ཀྱི༷ས་བསྡུས་པ་དད་པ་ལ་སོགས་པ་རྣམས་ཀྱིས་འབྱུ༷ང་བ༷འི་ས་བོན་གྱི་སྟོ༷བས་ཀྱི༷ས་བསྐྱེད་པའི་མོས་པའམ་འདོ༷ད་པ༷་ནི༷། སེམས་ཅན་གྱི་གྲངས་བཞིན་དུ་ཤི༷ན་ཏུ༷་མི་འདྲ་བ་སྣ༷་ཚོ༷གས་པའི་མོས་པ་དམ༷ན་པ་དང་འབྲི༷ང་དང༌། མོས་པ་ག༷ང་ཡ༷ང་ཁྱ༷ད་པར་དུ་འཕ༷གས་པའི་འདོ༷ད་པའམ་མོས་པ་མཐའ་ཡས་པ་དེ་དག་དང༌། དེ་དག་ཀྱང་དཔེར་ན་ཉན་ཐོས་ཐེག་པ་ལ་མོས་པའི་ས་བོན་ལ་རང་ལས་གཞན་པའི་ཉན་ཐོས་ལམ་སྒོམ་པའི་བག་ཆགས་ཀྱིས་གསོས་བཏབ་པ་ལྟ་བུ། མོས་པ་དེ༷་ལ༷ས་གཞ༷ན་པའི་དགེ་སྡིག་གི་ཆོས་ཀུན་ཏུ་སྤྱོད་པ་རྣ༷མས་ཀྱི༷ས་སྔར་གྱི་མོས་པའི་ས་བོན་དེ་གཡོ༷གས་པ་སྟེ་སྒྲིབ་པའི་ས་བོན་ལས་སྐྱེས་པའི་མོ༷ས་པའི་རིགས་དུས་གསུམ་གྱིས་བསྡུས་པ་མཐའ་ཡས་པ་ལ༷འ༷ང༌། མཁྱེ༷ན་པ༷་ནི༷་དུ༷ས་གསུ༷མ་དུ་འགྲོ༷་བ༷་སྟེ་མཁྱེན་པ་དུས་གསུམ་གྱི་མོས་པ་ཐམས་ཅད་ལ་འཇུག་པའི་སྒོ་ནས་མོས་པའི་ཤེས་བྱ་མ༷་ལུ༷ས་པ་ལ་ཁྱ༷བ་པ༷་ཡི་མཐར་ཐུག་གི་ཡེ་ཤེས་ནི་མོས་པ་སྣ་ཚོགས་མཁྱེན་པའི་སྟོ༷བས་ཞེ༷ས་བྱ་༷བའོ། །མདོ་ལས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང༌། གང་ཟག་གཞན་རྣམས་ཀྱི་མོས་པ་དུ་མ་དང༌། མོས་པ་སྣ་ཚོགས་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་སོགས་གསུངས་སོ། །༤ ད་ནི་ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། སངས་རྒྱས་ཁམས་ཀྱིས་རྣམ་པར་དབྱེ་ལ་མཁས་རྣམས་ཀྱིས། །མིག་སོགས་དག་གི་རང་བཞིན་གང་དེ་ཁམས་སུ་གསུངས། །རྫོགས་པའི་སངས་རྒྱས་རྣམས་ཀྱི་མཁྱེན་པ་མཐའ་ཡས་ཤིང༌། །རྣམ་ཀུན་ཁམས་ཀྱི་ཁྱད་པར་ལ་འཇུག་སྟོབས་སུ་འདོད། །ཅེས་སང༷ས་རྒྱ༷ས་བཅོམ་ལྡན་འདས་ཆོས་ཐམས་ཅད་ཀྱི་རིགས་སམ་ཁ༷མས་མཐའ་དག་རྣམས་ཀྱི༷ས་རྣ༷མ་པ༷ར་དབྱེ༷་བ་ལ༷་མཁ༷ས་པ་རྣ༷མས་ཀྱི༷ས། མི༷ག་གི་ཁམས་དང༌། སོ༷གས་པས་བསྡུས་པ་རྣ་བ་ནས་ཡིད་ཀྱི་བར་དྲུག་དང༌། གཟུགས་ནས་ཆོས་ཀྱི་བར་དྲུག་དང༌། མིག་གི་རྣམ་ཤེས་ནས་ཡིད་ཀྱི་རྣམ་ཤེས་ཀྱི་བར་དྲུག་སྟེ་ཁམས་བཅོ་བརྒྱད་དང༌། གཞན་ཡང་ཁམས་བཅོ་བརྒྱད་པོ་དེ་ད༷ག་གི༷་ར༷ང་བཞི༷ན་ནང་སྟོང་པ་ཉིད་དང་ཕྱི་སྟོང་པ་ཉིད་ལ་སོགས་པ་ག༷ང་ཡིན་པ་དེ༷་ཁ༷མས་སུ༷་གསུ༷ངས་ལ། རྫོ༷གས་པ༷འི་སང༷ས་རྒྱ༷ས་རྣ༷མས་ཀྱི༷་མཁྱེ༷ན་པ༷་མཐ༷འ་ཡ༷ས་ཤི༷ང་ཆོས་ཐམས་ཅད་ཀྱི་རབ་དབྱེ་རྣ༷མ་པ་མཐའ་ཡས་པ་ཀུ༷ན་ཁ༷མས་ཀྱི༷་ལྡོག་པའི་ཁྱ༷ད་པ༷ར་ལ༷་འཇུ༷ག་པ་ནི་ཁམས་སྣ་ཚོགས་མཁྱེན་པའི་སྟོ༷བས་སུ༷་འདོ༷ད་དོ། །མདོ་ལས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་མིག་གི་ཁམས་དང༌། གཟུགས་ཀྱི་ཁམས་དང༌། མིག་གི་རྣམ་པར་ཤེས་པའི་ཁམས་རབ་ཏུ་ཤེས་སོ། །ནང་སྟོང་པ་ཉིད་དང༌། ཕྱི་སྟོང་པ་ཉིད་དང༌། ཕྱི་ནང་སྟོང་པ་ཉིད་རབ་ཏུ་ཤེས་སོ། །དེ་བཞིན་དུ་ཁམས་བཅོ་བརྒྱད་ཆར་ཡང་སྟོང་པ་ཉིད་གསུམ་གསུམ་དང་སྦྱར་བར་བྱའོ། །ས་ལ་སོགས་པའི་ཁམས་ཀྱང་རབ་ཏུ་ཤེས་སོ། །ཞེས་སོགས་གསུངས་སོ། ། ༥ ད་ནི་དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། ཀུན་ཏུ་རྟོག་སོགས་ཆེས་རྣོ་ཉིད་ནི་མཆོག་བཞེད་ལ། །འབྲིང་གནས་སྐབས་དང་རྟུལ་ཉིད་མཆོག་མིན་པར་བཤད་དང༌། །མིག་ལ་སོགས་དང་ཕན་ཚུན་སྒྲུབ་ནུས་ཆུབ་པ་ལ། །རྣམ་པ་ཐམས་ཅད་མཁྱེན་པ་ཆགས་མེད་སྟོབས་སུ་གསུངས། །ཞེས་བདེན་གྲུབ་ཏུ་སྒྲོ་འདོགས་པའི་ཀུན་རྟོག་ནི་ཆགས་སོགས་བསྐྱེད་པ་ལ་དབང་བྱེད་པས་ན་དབང་པོ་སྟེ། དེ་འདྲའི་ཀུ༷ན་ཏུ༷་རྟོ༷ག་པ་དང༌། སོ༷གས་པའི་དད་བརྩོན་དྲན་པ་ཏིང་ངེ་འཛིན་ཤེས་རབ་རྣམས་ཆེ༷ས་རྣོ༷་བ་ཉི༷ད་ནི༷་དབང་པོ་མཆོག༷་ཡིན་པར་བཞེ༷ད་ལ༷། དད་སོགས་དབང་འབྲི༷ང་གི་གན༷ས་སྐ༷བས་ད༷ང༌། དད་སོགས་རྟུ༷ལ་བ་ཉི༷ད་དང་གཉིས་ནི་དབང་པོ་མཆོ༷ག་མི༷ན་པ༷ར་བཤ༷ད་ད༷ང༌། མི༷ག་ལ༷་སོ༷གས་པ་ནས་ཀུན་ཤེས་ད༷ང་ལྡན་པའི་བར་གྱི་དབང་པོ་ཉེར་གཉིས་བཟུང་དགོས་པར་རང་འགྲེལ་ལས་བཤད་པ་དང༌། དེ་ལྟར་མིག་དབང་གིས་ཡིད་དབང་བསྐྱེད་པ་དང་དད་པས་དྲན་པ་བསྐྱེད་པ་དང་དྲན་པས་དད་པ་བསྐྱེད་པ་ལ་སོགས་པ་ཕ༷ན་ཚུ༷ན་འབྲས་བུ་བསྒྲུ༷བ་པའམ་འབྲས་བུ་བསྐྱེད་ནུ༷ས་པའི་ངོ་བོ་མ་ལུས་པ་རྣམས་ཐུགས་སུ་ཆུ༷བ་པའམ་ཆུད་པ༷་ལ༷། རྣ༷མ་པ༷་ཐ༷མས་ཅ༷ད་དུ་མཁྱེ༷ན་པ༷་ཆ༷གས་ཐོགས་མེ༷ད་པར་འཇུག་པའི་མཐར་ཐུག་གི་ཡེ་ཤེས་ནི་དབང་པོ་མཆོག་དང་མཆོག་མིན་མཁྱེན་པའི་སྟོ༷བས་སུ༷་གསུ༷ངས་ཏེ། མདོ་ལས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་སེམས་ཅན་གཞན་དག་དང༌། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །རིགས་ཀྱི་བུ་དེ་བཞིན་གཤེགས་པས་ཇི་ལྟར་སེམས་ཅན་གཞན་དག་དང༌། གང་ཟག་གཞན་རྣམས་ཀྱི་དབང་པོའི་རིམ་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཤེ་ན། རིགས་ཀྱི་བུ་འདི་ལ་དེ་བཞིན་གཤེགས་པས་སེམས་ཅན་དབང་པོ་རྟུལ་པོ་རྣམས་ཀྱང་སེམས་ཅན་དབང་པོ་རྟུལ་པོར་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །དེ་བཞིན་དུ་དབང་པོ་འབྲིང་ཡང་རབ་ཏུ་ཤེས་སོ། །དབང་པོ་རྣོན་པོ་ཡང་རབ་ཏུ་ཤེས་སོ། །ཞེས་སོགས་གསུངས་སོ། །

གཉིས་པ་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པ་སོགས་ཀྱི་སྟོབས་ལྔ་བཤད་པ་ནི།

༦ དེ་ནི་ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། ལམ་འགའ་རྒྱལ་བ་ཉིད་དང་འགའ་ཞིག་རང་རྒྱལ་གྱི། །བྱང་ཆུབ་དང་ནི་ཉན་ཐོས་བྱང་ཆུབ་ཡི་དྭགས་དང༌། །དུད་འགྲོ་ལྷ་མི་རྣམས་དང་དམྱལ་ལ་སོགས་འགྲོ་བ། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །ཅེས་ཐེག་ཆེན་ཚོགས་ལམ་ལྟ་བུ་ལ༷མ་འག༷འ་ཞིག་རྒྱ༷ལ་བ༷་ཡི་གོ་འཕང་ཉི༷ད་དུ་འགྲོ་བ་ད༷ང༌། རང་རྒྱལ་གྱི་ཚོགས་ལམ་ལྟ་བུ་ལམ་འག༷འ་ཞི༷ག་ར༷ང་རྒྱ༷ལ་གྱི༷་བྱ༷ང་ཆུ༷བ་ཏུ་འགྲོ་བ་ད༷ང་ནི༷། ཉན་ཐོས་ཚོགས་ལམ་ལྟ་བུ་ལམ་འགའ་ཞིག་ཉ༷ན་ཐོ༷ས་བྱ༷ང་ཆུ༷བ་ཏུ་འགྲོ་བ་དང༌། ཡི་དྭགས་སུ་འཕེན་བྱེད་ཀྱི་ལས་དང་ཉོན་མོངས་ལྟ་བུ་ལམ་འགའ་ཞིག་ཡི༷་དྭ༷གས་སུ་འགྲོ་བའི་ལམ་ད༷ང༌། དེ་བཞིན་དུ་དུ༷ད་འགྲོ༷་དང༌། ལྷ༷་དང་མི༷་རྣ༷མས་ད༷ང༌། དམྱ༷ལ་བ་རྣམས་སུ་འགྲོ་བའི་ལམ་དང༌། ལ༷་སོ༷གས་པའི་ཡང་དག་པར་ངེས་པའི་ལམ་དང༌། ལོག་པར་ངེས་པའི་ལམ་དང༌། ཡང་དག་པའི་ལམ་དང༌། ལོག་པའི་ལམ་ལ་སོགས་པ་ཀུན་ཏུ་འགྲོ༷་བ༷་ཡི་ལམ་མཐའ་ཡས་པ་དེ༷་རྣམས་ལ༷་མཁྱེ༷ན་པ༷་ཆ༷གས་ཐོགས་མེ༷ད་པའི་མཐར་ཐུག་གི་ཡེ་ཤེས་ནི། མཐ༷འ་ཡ༷ས་པར་འགྲོ་བའི་ལམ་མཁྱེན་པའི་སྟོ༷བས་སུ༷་འདོ༷ད་དོ། །མདོ་ལས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཀུན་ཏུ་འགྲོ་བའི་ལམ་ཤེས་པ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཇི་ལྟར་རབ་ཏུ་ཤེས་ཤེ་ན། ཡང་དག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །མ་ངེས་པ་དང་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གྱི་ཁམས་ཀྱང་རབ་ཏུ་ཤེས་སོ། །ངེས་པ་དང་བཅས་པའི་སེམས་ཅན་གྱི་ཁམས་ནི་འདི་ལྟར་རབ་ཏུ་ཤེས་སོ། །ཞེས་སོགས་གསུངས་སོ། ། ༧ ད་ནི་བསམ་གཏན་དང༌། རྣམ་པར་ཐར་པ་སོགས་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། འཇིག་རྟེན་མཐའ་ཡས་རྣལ་འབྱོར་བྱེ་བྲག་ལ་ཐ་དད། །བསམ་གཏན་རྣམ་ཐར་བརྒྱད་གང་ཞི་གནས་གང་དག་དང༌། །སྙོམས་འཇུག་ཁྱད་པར་གང་དག་གཅིག་དང་བརྒྱད་གྱུར་པ། །དེ་ལ་མཁྱེན་པ་ཐོགས་མེད་འདི་ནི་སྟོབས་སུ་བཤད། །ཅེས་ནམ་མཁས་ཁྱབ་པའི་འཇིག༷་རྟེ༷ན་གྱི་ཁམས་མཐ༷འ་ཡ༷ས་པ་ན་བཞུགས་པའི་རྣ༷ལ་འབྱོ༷ར་བའི་བྱེ༷་བྲ༷ག་གམ་རྣལ་འབྱོར་བའི་ཁྱད་པར་མི་འདྲ་བ་མཐའ་ཡས་པའི་སྒོ་ནས་དབྱེ་བ་ལ༷་ཐ༷་ད༷ད་པ་མཐའ་ཡས་པའི་བས༷མ་གཏ༷ན་བཞི་དང༌། རྣ༷མ་པར་ཐ༷ར་བ་བརྒྱ༷ད་དང་ག༷ང་ཞི༷་གན༷ས་ཀྱི་ཏིང་ངེ་འཛིན་ག༷ང་ད༷ག་ད༷ང༌། སྙོ༷མས་འཇུ༷ག་གི་ཁྱ༷ད་པ༷ར་ག༷ང་ད༷ག་འགོག་སྙོམས་གཅི༷ག་ད༷ང་བསམ་གཟུགས་བརྒྱ༷ད་དུ་གྱུ༷ར་པ༷་སྟེ་མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་སྟེ། དེ༷་དག་མ་ལུས་པ་ཐམས་ཅད་ལ༷་མཁྱེ༷ན་པ༷་ཐོ༷གས་པ་མེ༷ད་པའི་མཐར་ཐུག་གི་ཡེ་ཤེས་འདི༷་ནི༷། བསམ་གཏན་དང༌། རྣམ་པར་ཐར་པ་སོགས་མཁྱེན་པའི་སྟོ༷བས་སུ༷་བཤ༷ད་དོ། །མདོ་ལས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་བསམ་གཏན་དང༌། རྣམ་པར་ཐར་པ་དང༌། ཏིང་ངེ་འཛིན་དང༌། སྙོམས་པར་འཇུག་པ་དང༌། ཀུན་ནས་ཉོན་མོངས་པ་དང༌། རྣམ་པར་བྱང་བའི་ལྡང་བ་ཤེས་པ་ཐམས་ཅད་ཡང་དག་པ་ཇི་ལྟ་བ་བཞིན་དུ་རབ་ཏུ་ཤེས་སོ། །ཞེས་སོགས་གསུངས་སོ། །༨ ད་ནི་སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། ཇི་སྲིད་གཏི་མུག་དེ་སྲིད་སྲིད་གནས་འདས་བདག་དང༌། །སེམས་ཅན་གཞན་རེ་རེ་ཡི་སྲིད་པ་སེམས་ཅན་ནི། །ཇི་སྙེད་དེ་སྙེད་མཐའ་ཡས་གཞིར་བཅས་ཡུལ་ཕྱོགས་དང༌། །༼རྣམ་པ་དང་བཅས་མཁྱེན་པ་གང་ཡིན་སྟོབས་སུ་བཤད། །༽བཅས་རྣམས་ལ་བློ་གང་དང་གང་ཡིན་སྟོབས་སུ་བཤད། །ཅེས་བདག་རྒྱུད་ལ་དུས་ཇི༷་སྲི༷ད་ཀྱི་བར་དུ་གཏི༷་མུ༷ག་ཡོད་པ་དེ༷་སྲི༷ད་ཀྱི་བར་དུ་ཐོག་མེད་ནས་སྲི༷ད་པ་འཁོར་བར་གན༷ས་པའི་ཚེ་ནས། སྔར་འད༷ས་པའི་དུས་རྣམས་སུ་བད༷ག་གི་སྐྱེ་བ་སྔ་མ་དང་དེའི་སྐྱེ་བ་སྔ་མ་སོགས་ཐོག་མེད་ཀྱི་བར་གྱི་སྔར་གྱི་སྐྱེ་བའི་སེམས་ཅན་གྱི་གྲངས་ད༷ང༌། དེ་བཞིན་དུ་མཁའ་ཁྱབ་ཀྱི་སེ༷མས་ཅ༷ན་གཞ༷ན་མ་ལུས་པ་དེ་དག་རེ༷་རེ༷་ཡི༷་སྔོན་གྱི་སྲི༷ད་པ༷་ཡི་སེ༷མས་ཅ༷ན་གྱི་གྲངས་ནི༷་ཇི༷་སྙེ༷ད་ཡོད་པ་དེ༷་སྙེ༷ད་ཀྱི་སེམས་ཅན་མཐ༷འ་ཡ༷ས་པ་ཐམས་ཅད་རང་རང་གི་སྔོན་བསགས་པའི་གཞི༷ར་བཅ༷ས་པ་དང༌། དེ་འདྲའི་རང་དང་གཞན་གྱི་སྐྱེ་བ་སྔ་མའི་སེམས་ཅན་རྣམས་ཀྱི་དབྱིབས་དང་ཁ་དོག་ཅི་འདྲ་བའི་རྣམ་པ་དང༌། ཡུལ་འདི་འདྲ་བ་ནས་ཡུལ་འདི་འདྲ་བ་ཞིག་དུ་སྐྱེ་བའི་ཡུ༷ལ་ཕྱོ༷གས་ད༷ང་བཅ༷ས་པ་སྟེ། དེ་ལྟར་རང་གཞན་གྱི་སྔ་མའི་སྐྱེ་བའི་གྲངས་ཀྱི་སེམས་ཅན་ཐམས་ཅད་རྒྱུ་དང་བཅས་པ་དང༌། རྣམ་པ་དང་བཅས་པ་དང༌། ཡུལ་ཕྱོགས་དང་བཅས་པ་དེ་རྣ༷མས་ལ༷་མཁྱེན་པའི་བློ༷་ཐོགས་པ་མེད་པ་ག༷ང་ད༷ང་ག༷ང་ཡི༷ན་པ་དེ་ནི། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོ༷བས་སུ༷་བཤ༷ད་དེ། མདོ་ལས། དེ་སེམས་ཅན་དེའི་སྔོན་གྱི་གནས་རྗེས་སུ་དྲན་ནོ། །སྔོན་གྱི་རྒྱུ་ཇི་ལྟ་བུ་དང༌། རྒྱུ་གང་གིས་སེམས་ཅན་གང་ཀུན་ཏུ་བྱུང་བ་དེའི་སྔོན་གྱི་རྒྱུ་དེ་བཞིན་གཤེགས་པས་རབ་ཏུ་ཤེས་ཏེ་ཤེས་ནས་ཀྱང་དེ་བཞིན་དུ་ཆོས་སྟོན་ཏོ། །སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྒྱུ་བ་འདས་པ་ཡང་དེ་བཞིན་གཤེགས་པས་རབ་ཏུ་ཤེས་སོ། །ཞེས་སོགས་གསུངས་སོ། ། ༩ ད་ནི་འཆི་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། སེམས་ཅན་རྣམས་ཀྱི་སེམས་ཅན་རེ་རེའི་འཆི་འཕོ་དང༌། །སྐྱེ་གང་འཇིག་རྟེན་ལ་གནས་ནམ་མཁའི་མཐར་ཐུག་དང༌། །བཀྲ་མང་དེ་ལ་མཁྱེན་པ་དུས་དེར་འཇུག་པ་ཡིས། །མ་ཆགས་རྣམ་ཀུན་ཡོངས་དག་མཐའ་ཡས་སྟོབས་སུ་འདོད། །ཅེས་མཁའ་ཁྱབ་ཀྱི་སེ༷མས་ཅ༷ན་མ་ལུས་པ་རྣ༷མས་ཀྱི༷་སེ༷མས་ཅ༷ན་རེ༷་རེ༷འི་ད་ལྟའི་འཆི༷་འཕོ༷་ད༷ང༌། དེའི་ཕྱི་མའི་སྐྱེ་བ་དང༌། དེ་ཡང་འཆི་འཕོ་བ་དང་ཡང་སྐྱེ་བ་ལ་སོགས་པ་མཐའ་ཡས་པ་དང༌། དེ་འདྲའི་སྐྱེ༷་བ་ག༷ང་ཡིན་པ་དེ་ཡང་འཇི༷ག་རྟེ༷ན་གྱི་ཁམས་གང་ལ༷་གན༷ས་ན༷མ་མཁ༷འི་མཐ༷ར་ཐུ༷ག་པ་དང༌། སྣ་ཚོགས་པའི་ལས་མི་འདྲ་བའི་བཟོ་བོས་དབྱིབས་དང་ཁ་དོག་སྣ་ཚོགས་པའི་བཀྲ༷་བར་བཟོས་པ་ཤིན་ཏུ་མ༷ང་པོ་དེ༷་དག་ལ༷། མཁྱེ༷ན་པ༷་སྐྱེ་འཆི་ནམ་བྱེད་པའི་དུ༷ས་དེ༷ར་འཇུ༷ག་པ༷་ཡི༷་སྒོ་ནས། མ༷་ཆ༷གས་པའམ་ཐོགས་པ་མི་མངའ་བ་སྐྱེ་འཆིའི་རྣ༷མ་པ་ཀུ༷ན་ཏུ་ཡོ༷ངས་སུ་ད༷ག་པས་ན་ཡུལ་མཐ༷འ་ཡ༷ས་པ་མཁྱེན་པ་ནི། འཆི་འཕོ་དང་སྐྱེ་བ་མཁྱེན་པའི་སྟོ༷བས་སུ༷་འདོ༷ད་དོ། །མདོ་ལས། དེ་ལ་དེ་བཞིན་གཤེགས་པའི་ལྷའི་མིག་ནི་འདི་ཡིན་ཏེ། མིག་དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཆོས་ཀྱི་དབྱིངས་ཀྱིས་ཀླས་པ་ནམ་མཁའི་ཁམས་ཀྱི་མཐས་གཏུགས་པ། ཚད་མེད་གྲངས་མེད་པ་བགྲང་བ་ལས་ཤིན་ཏུ་འདས་པའི་སངས་རྒྱས་ཀྱི་ཞིང་དེ་དག་ན་ཞིང་དུ་སྣང་བ་གང་ལ་ལ་སེམས་ཅན་གྱི་རྗེས་སུ་བཟུང་བ་འཇིག་པ་དང་འཆགས་པ་དེ་དག་མཐོང་ངོ༌། །གང་ལ་ལ་སེམས་ཅན་དུ་སྣང་བ་འཆི་འཕོ་བ་དང་སྐྱེ་བ་དང་བདེ་འགྲོ་དང་ངན་འགྲོ་དང་ལས་ཇི་ལྟ་བ་བཞིན་དུ་ཉེ་བར་འགྲོ་བ་དེ་དག་ཐམས་ཅད་མཐོང་ངོ༌། །ཞེས་སོགས་གསུངས་སོ། ། ༡༠ ད་ནི་ཟག་པ་ཟད་པ་མཁྱེན་པའི་སྟོབས་ཀྱི་དབང་དུ་བྱས་ནས་བཤད་པ་ལ། རྩ་བར། རྣམ་ཀུན་མཁྱེན་པའི་སྟོབས་ཀྱིས་མྱུར་དུ་རྒྱལ་རྣམས་ཀྱི། །ཉོན་མོངས་དང་ནི་བག་ཆགས་དང་བཅས་འཇིག་འགྱུར་དང༌། །སློབ་མ་ལ་སོགས་ཉོན་མོངས་བློ་ཡིས་འགོག་པ་ཡང༌། །དེ་ལ་མཁྱེན་པ་ཆགས་མེད་མཐའ་ཡས་སྟོབས་སུ་འདོད། །ཅེས་རྣ༷མ་པ་ཀུ༷ན་མཁྱེ༷ན་པ༷འི་སྟོ༷བས་བཅུའི་ཡེ་ཤེས་ཀྱི༷ས་མྱུ༷ར་དུ༷་སྐད་ཅིག་ལ། རྒྱ༷ལ་བ་རྣ༷མས་ཀྱི༷་ཆགས་སོགས་ཉོ༷ན་མོ༷ངས་པ་ད༷ག་ནི༷་བ༷ག་ཆ༷གས་ཤིན་ཏུ་ཕྲ་བ་ད༷ང་བཅ༷ས་པ་འཇི༷ག་འགྱུ༷ར་སྟེ་བཅོམ་པར་བྱས་པའི་སྤངས་པ་ད༷ང༌། སློ༷བ་མ༷་ཉན་ཐོས་དང༌། ལ༷་སོ༷གས་པས་རང་རྒྱལ་རྣམས་ཀྱི་ཉོ༷ན་མོ༷ངས་པ་རྣམས་བློ༷་སྟེ་ཟག་མེད་ཀྱི་ཤེས་རབ་ཀྱི་སྟོབས་དེ་ཡི༷ས་འགོ༷ག་པ༷་སྟེ་སྤངས་པའི་སྤངས་པ་རྣམས་ག༷ང་ཡིན་པ་དེ༷་དག་ལ༷། མཁྱེ༷ན་པ༷་ཆ༷གས་པ་སྟེ་ཐོགས་པ་མེ༷ད་པའི་མཐར་ཐུག་གི་ཡེ་ཤེས་ནི། མཐ༷འ་ཡ༷ས་པའི་ཟག་པ་ཟད་པའི་སྟོ༷བས་སུ༷་འདོ༷ད་དོ། །མདོ་ལས། རིགས་ཀྱི་བུ་གཞན་ཡང་དེ་བཞིན་གཤེགས་པས་ཟག་པ་ཐམས་ཅད་ཟད་པས་བདག་གི་སྐྱེ་བ་ནི་ཟད། ཚངས་པར་སྤྱོད་པ་ནི་བསྟེན། བྱ་བ་ནི་བྱས་ཏེ་འདི་ལས་སྲིད་པ་གཞན་མི་ཤེས་སོ་ཞེས་ཏེ། ཟག་པ་མེད་པ་སེམས་རྣམ་པར་གྲོལ་བ་ཤེས་རབ་རྣམ་པར་གྲོལ་བ་རང་གི་མངོན་པར་ཤེས་པ་མངོན་སུམ་དུ་བྱས་ནས་དེ་ཉེ་བར་བསྒྲུབས་ཏེ་གནས་སོ། །དེ་བཞིན་གཤེགས་པའི་ཟག་པ་ཟད་པ་ཤེས་པ་དེ་ནི་རྣམ་པར་དག་པ་དྲི་མ་མེད་པ་ཡོངས་སུ་དག་པ་འོད་གསལ་བ་བག་ཆགས་ཀྱིམཚམས་སྤྱོར་བ་ཐམས་ཅད་ཡང་ཡང་དག་པར་བཅོམ་པའོ། །ཞེས་སོགས་གསུངས་སོ། །

གསུམ་པ་ཡོན་ཏན་ཀུན་བརྗོད་མི་ནུས་པའི་ཚུལ་ནི།

རྩ་བར། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདིར་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །ཞེས་དཔེར་ན་གཤོག་པའི་ཤུགས་སྟོབས་ཀྱིས་བྱ་གཞན་ཐམས་ཅད་ཟིལ་གྱིས་གནོན་པའི་ནམ་མཁའ་ལྡིང་མཁའ་ལ་འཕུར་བ་ན། འཕུར་བའི་ཡུལ་ན༷མ་མཁ༷འ་མེ༷ད་པ་སྟེ་ནམ་མཁའ་ཟད་པ༷ས་འད༷བ་ཆ༷གས་ཀྱི་དབང་པོ་མཁའ་ལྡིང་དེ་ལྡོ༷ག་པ༷ར་མི༷་འགྱུ༷ར་གྱི༷། འཕུར་བའི་དུས་འདི༷ར་ནི༷་འཕུར་འཕུར་བས་ནམ་ཞིག་ནི་ར༷ང་གི་མཐུ༷་སྟོབས་ཟ༷ད་པ༷ས་ལྡོ༷ག་པ༷ར་འགྱུ༷ར་བ་དཔེ་དེ༷་བཞི༷ན་དུ་སློ༷བ་མ༷་ཉན་ཐོས་དང༌། དེ་ད༷ང་བཅ༷ས་པའི་རང་སངས་རྒྱས་དང༌། སང༷ས་རྒྱ༷ས་ཀྱི་སྲ༷ས་ས་ཆེན་པོ་ལ་བཞུགས་པ་རྣ༷མས་ཀྱིས་ཀྱང༌། སང༷ས་རྒྱ༷ས་ཀྱི༷་ཡོ༷ན་ཏ༷ན་ཟད་པའི་མཐར་ཐུག་པ་མེད་པ་ནམ་མཁ༷འ་ལྟ༷ར་མཐ༷འ་ཡ༷ས་པ་དག་རྫོགས་པར་མ༷་བརྗོ༷ད་པ་སྟེ་བརྗོད་མ་ནུས་པར་ལྡོ༷ག་པ༷ར་འགྱུ༷ར་བ་ཡིན་ནོ། །རྩ་བར། དེའི་ཕྱིར་བདག་འདྲས་ཁྱོད་ཡོན་འདི་དག་ཅི། །ཤེས་པ་དང་ནི་བརྗོད་པར་ནུས་འགྱུར་རམ། །འོན་ཀྱང་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱིས། །བཤད་ཕྱིར་དོགས་སྤངས་ཅུང་ཟད་ཙམ་ཞིག་སྨྲས། །ཞེས་ཉན་ཐོས་སོགས་མ་ཟད་སངས་རྒྱས་རང་ཉིད་ཀྱིས་ཀྱང་བསྐལ་པ་གྲངས་མེད་པའི་བར་དུ་སངས་རྒྱས་ཀྱི་ཡོན་ཏན་དེ་བརྗོད་པར་མཛད་ཀྱང་ཡོན་ཏན་རྣམས་བརྗོད་པས་མཐའ་ཟིན་པ་མི་སྲིད་པ་དེ༷འི་ཕྱི༷ར་ན་འགྲེལ་བ་མཛད་པ་པོ་ཟླ་བ་བད༷ག་འདྲ༷ས་ནི་སངས་རྒྱས་ཁྱོ༷ད་ཀྱི་ཡོ༷ན་ཏན་འདི༷་ད༷ག་ནི། ཅི༷་ཤེ༷ས་པ༷་ད༷ང་ནི༷་བརྗོ༷ད་པ༷ར་ནུ༷ས་པར་འགྱུ༷ར་ར༷མ་སྟེ་མི་འགྱུར་རོ། །དེ་ལྟར་བདག་ལ་རང་སྟོབས་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་གྱི་ཆ་ཤས་ཙམ་ཡང་ཤེས་ནུས་པ་མེད་མོད། འོ༷ན་ཀྱ༷ང་སྟོབས་བཅུ་ལ་སོགས་པ་སངས་རྒྱས་ཀྱི་ཡོན་ཏན་གོང་དུ་བཤད་པ་དེ༷་ད༷ག་ནི་འཕ༷གས་པ༷་ཀླུ༷་སྒྲུ༷བ་ཞབས་ཀྱི༷ས་བཤ༷ད་པའི་ཕྱི༷ར་ན་དེ་ལ་བརྟེན་ནས་བདག་གིས་དོ༷གས་པ་སྤ༷ངས་པ་སྟེ་ཐེ་ཚོམ་མེད་པར་ཡོན་ཏན་ཅུ༷ང་ཟ༷དཙ༷མ་ཞི༷ག་སྨྲ༷ས་པ་ཡིན་ནོ། །

བཞི་པ་ཡོན་ཏན་དེ་གཉིས་ཤེས་པའི་ཕན་ཡོན་བསྟན་པ་ནི།

མདོར་བསྡུ་ན་བསྟན་བཅོས་འདི་ལས་སངས་རྒྱས་ཀྱི་ཡོན་ཏན་ཟབ་པ་སྟེ་ཆོས་ཉིད་དང་རྒྱ་ཆེ་བ་ཉེ་བར་བསྟན་ཏོ། །རྩ་བར། ཟབ་མོ་སྟོང་པ་ཉིད་ཡིན་ཏེ། །ཡོན་ཏན་གཞན་རྣམས་རྒྱ་ཆེ་བའོ། །ཟབ་དང་རྒྱ་ཆེའི་ཚུལ་ཤེས་པས། །ཡོན་ཏན་འདི་དག་ཐོབ་པར་འགྱུར། །ཞེས་སངས་རྒྱས་ཀྱི་ཡོན་ཏན་རྣམས་མདོར་ན་བསྟན་བཅོས་འདི་ལས་སངས་རྒྱས་ཀྱིས་ཡོན་ཏན་ལ་ཟབ་པའི་ཡོན་ཏན་དང་རྒྱ་ཆེ་བའི་ཡོན་ཏན་དང་གཉིས་བཤད་པའི་ནང་གི་ཟ༷བ་མོ༷་ཡི་ཡོན་ཏན་ནི། སངས་རྒྱས་ཀྱི་རྒྱུད་ཀྱི་སྟོ༷ང་པ༷་ཉི༷ད་ཆོས་སྐུ་ཡི༷ན་ཏེ༷། དེ་ལས་གཞན་པ་ས་བཅུ་གཅིག་གི་ཡོན་ཏན་རྣམས་དང་སྟོབས་བཅུ་ལ་སོགས་པའི་ཡོ༷ན་ཏ༷ན་གཞན་རྣ༷མས་ནི་རྒྱ༷་ཆེ༷་བ༷འི་ཡོན་ཏན་ཡིན་ནོ། །དེ་འདྲ་བའི་ཟ༷བ་པ་ད༷ང་རྒྱ༷་ཆེ༷་བའི་ཡོན་ཏན་གྱི་ཚུ༷ལ་ལེགས་པར་ཤེ༷ས་པའི་གང་ཟག་གིས་ནི། ཡོན་ཏན་དེ་གཉིས་ཤེས་ནས་བསྒོམས་པ༷ས་སངས་རྒྱས་ཀྱི་ཡོ༷ན་ཏ༷ན་གཉིས་པོ་མཐའ་དག་པ་འདི༷་ད༷ག་འཐོ༷བ་པ༷ར་འགྱུ༷ར་བཡིན་ནོ། །

གསུམ་པ་སྤྲུལ་པའི་སྐུ་བསྟན་པ།

གསུམ་པ་སྤྲུལ་པའི་སྐུ་བསྟན་པ་ནི།

རྩ་བར། སླར་ཡང་མི་གཡོའི་སྐུ་མངའ་ཁྱོད་ཀྱིས་སྲིདགསུམ་བྱོན་ནས་སྤྲུལ་རྣམས་ཀྱིས། །

གཤེགས་པ་དང་ནི་བལྟམས་དང་བྱང་ཆུབ་ཞི་བའི་འཁོརལོའང་སྟོན་པར་མཛད། །

དེ་ལྟར་ཁྱོད་ཀྱིས་འཇིག་རྟེན་གཡོ་བག་སྤྱོད་ཅན་རེ་བའི་ཞགས་པ་ནི། །

མང་པོས་བཅིངས་པ་མ་ལུས་ཐུགས་རྗེས་མྱ་ངན་འདས་པར་བཀྲི་བར་མཛད། །

ཅེས་སངས་རྒྱས་བཅོམ་ལྡན་འདས་ལ་སྤྲུལ་པའི་སྐུ་ཕུན་སུམ་ཚོགས་པ་མངའ་སྟེ། རང་གི་ཐུགས་དང་དབྱེར་མེད་རོ་གཅིག་ཏུ་སོང་བའི་དེ་བཞིན་ཉིད་ཀྱི་ཆོས་སྐུ་བརྙེས་ཟིན་ཀྱང༌། སླ༷ར་ཡ༷ང་དེ་ཁོ་ན་ཉིད་ལ་མཉམ་པར་བཞག་པ་ལ་མི༷་གཡོ༷འི་སྐུ༷་སྟེ་མཉམ་བཞག་ལས་མི་གཡོ་བར་སྐུ་གཅིག་པུ་དེ་ཡང་གཡོ་བ་མི་དགོས་པར་འཇིག་རྟེན་གྱི་ཁམས་མཐའ་ཡས་པ་རྣམས་སུ་ཅིག་ཆར་བྱོན་ནུས་པའི་སྐུ་མང༷འ་བ་ཁྱོ༷ད་ཀྱི༷ས། འཇིག་རྟེན་གྱི་ཁམས་མཐའ་ཡས་པ་དག་གི་ས་འོག་ས་སྟེང་ས་བླའི་སྲི༷ད་པ་གསུ༷མ་དུ་བྱོ༷ན་ན༷ས་སྤྲུ༷ལ་པའི་སྐུ་མཐའ་ཡས་པ་རྣ༷མས་ཀྱི༷ས། དགའ་ལྡན་ནས་མི་ཡུལ་དུ་གཤེ༷གས་པ༷་ད༷ང་ནི༷། སྐུ་བལྟ༷མས་པ་ད༷ང༌། གདུལ་བྱ་རྣམས་ལ་བྱ༷ང་ཆུ༷བ་མྱང་འདས་ཞི༷་བ༷འི་གྲོང་དུ་བགྲོད་བྱེད་ཀྱི་ཆོས་ཀྱི་འཁོ༷ར་ལོ༷འ༷ང་སྟོ༷ན་པ༷ར་མཛ༷ད་ཅིང༌། དེ༷་ལྟ༷ར་བཅོམ་ལྡན་འདས་ཁྱོ༷ད་ཀྱི༷ས་འཇི༷ག་རྟེ༷ན་གཡོ༷་བ༷ག་སྟེ་སེམས་ཅན་གྱི་ཁམས་སྤྱོ༷ད་པ་སྣ་ཚོགས་པ་ཅ༷ན། རེ༷་བའི་བཞག་པའམསྲེད་པ༷འི་ཞ༷གས་པ༷་ནི༷་རབ་ཏུ་དམ་པོ་མ༷ང་པོ༷ས་བཅི༷ངས་པ༷་མ༷་ལུ༷ས་པ་རྣམས། གྲགས་པ་དང་ལན་སོགས་ལ་མི་ལྟོས་པར་ཐུ༷གས་རྗེ༷ས་མྱ༷་ང༷ན་ལས་འད༷ས་པ༷ར་དཀྲི༷་བ༷ར་རམ་འགོད་པརམཛ༷ད་པའི་ཕྱིར་རོ། །གཡོ་བག་སྤྱོད་ཅན་སྤྱོད་ཅེས་པ་ལ་འགྱུར་སྣ་ཚོགས་ཡོད་དོ། །

བཞི་པ་ཐེག་པ་གཅིག་ཏུ་སྒྲུབ་པ།

བཞི་པ་ཐེག་པ་གཅིག་ཏུ་སྒྲུབ་པ་ནི།

རྩ་བར། གང་ཕྱིར་འདི་ནི་དེ་ཉིད་ཤེས་ལས་དྲི་མ་མཐའ་དག་སེལ་བ་ནི། །

ལྷུར་བྱེད་གཞན་མེད་ཆོས་རྣམས་དེ་ཉིད་རྣམ་འགྱུར་དབྱེ་བའང་བསྟེན་མིན་ཞིང༌། །

དེ་ཉིད་ཡུལ་ཅན་བློ་གྲོས་འདི་ཡང་ཐ་དད་འགྱུར་བ་མ་ཡིན་པ། །

དེ་ཡི་ཕྱིར་ན་ཁྱོད་ཀྱིས་འགྲོ་ལ་ཐེག་པ་མི་མཉམ་དབྱེར་མེད་བསྟན། །

ཞེས་རྒྱུ་མཚན་ག༷ང་གི་ཕྱི༷ར་ན་ཐེག་པ་གསུམ་གྱི་གང་ཟག་གིས་སྒྲིབ་པ་སྤོང་བར་བྱེད་པའི་སྐབས་འདི༷་ནི༷་ཆོས་རྣམས་ཀྱི་དེ༷་ཁོ་ན་ཉི༷ད་ཤེ༷ས་པ་སྟེ་རྟོགས་པའི་ཡེ་ཤེས་དེ་ལ༷ས། གཞན་པའི་སྒྲིབ་གཉིས་ཀྱི་དྲི༷་མ༷་མཐ༷འ་ད༷ག་སེ༷ལ་བ༷ར་བྱེད་པ་ལ་ནི༷། ལྷུ༷ར་བྱེ༷ད་པ་སྟེ་གཙོར་བོར་གྱུར་པའི་ལམ་གཞ༷ན་མེ༷ད་པར་བསྟན་ལ། ཐེག་པ་གསུམ་གས་རང་རང་གི་སྤང་བྱ་སྤོང་བའི་ཐབས་སུ་ངེས་པར་སྒོམ་དགོས་པའི་ཆོ༷ས་རྣ༷མས་ཀྱི་དེ༷་ཁོ་ན་ཉི༷ད་ཀྱང་མི་འདྲ་བའི་རྣ༷མ་འགྱུ༷ར་གྱི་དབྱེ༷་བ༷་བསྟེ༷ན་པ་སྟེ་མི་འདྲ་བའི་ཁྱད་པར་གྱི་ངོ་བོ་ཅུང་ཟད་ཀྱང་ཡོད་པ་མི༷ན་ཞི༷ང་ཐེག་པ་གསུམ་གས་བསྒོམ་བྱའི་ཆོས་རྣམས་ཀྱི་དེ༷་ཁོ་ན་ཉི༷ད་ནི་ཆོས་རྣམས་བདེན་གྲུབ་བཀག་པ་ཙམ་དེ་ཉིད་ཁོ་ན་ཡིན་པས་ན། ཉན་རང་བྱང་སེམས་གསུམ་གའི་རྒྱུད་ཀྱི་དེ་ཁོ་ན་ཉིད་ཀྱི་ཡུ༷ལ་ཅ༷ན་གྱི་བློ༷་གྲོ༷ས་སམ་ཡུལ་ཅན་གྱི་ཡེ་ཤེས་གསུམ་པོ་འདི༷་ཡ༷ང་འཛིན་སྟངས་མི་འདྲ་བའི་ཐ༷་ད༷ད་པར་འགྱུ༷ར་བ༷་ཡང་མ༷་ཡི༷ན་པ༷་དེ༷་ཡི༷་ཕྱི༷ར་ན༷་ཁྱོ༷ད་ཀྱི༷ས་གདུལ་བྱའི་འགྲོ༷་བ་ཉན་རང་སོགས་ཐམས་ཅད་ལ༷་ཐེ༷ག་པ༷་གཞན་དང་མི༷་མཉ༷མ་པའི་དབྱེ༷ར་མེ༷ད་པ་སྟེ་རྟོགས་པའི་རིགས་གཅིག་པའི་ཐེག་པ་གཅིག་བསྟ༷ན་པ་ཡིན་ནོ། །ཐོག་མ་ནས་གདུལ་བྱ་ཐམས་ཅད་ཐེག་པ་ཆེན་པོ་ལ་འཇུག་པར་མི་མཛད་པར་ཐེག་པ་གསུམ་བསྟན་པའི་རྒྱུ་མཚན་ཅི་ཞེ་ན། བསྟན་པ་འདི་དགོངས་པ་ཅན་ཉིད་དུ་བཤད་པ། རྩ་བར། གང་ཕྱིར་འགྲོ་ལ་ཉེས་པ་སྐྱེད་བྱེད་སྙིགས་མ་འདི་དག་ཡོད་གྱུར་པ། །དེ་ཕྱིར་འཇིག་རྟེན་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང༌། །བདེ་གཤེགས་གང་ཕྱིར་ཁྱོད་ལ་མཁྱེན་རབ་ཐུགས་རྗེའི་ཐབས་དང་ལྷན་ཅིག་པ། །མངའ་དང་གང་ཕྱིར་བདག་གིས་སེམས་ཅན་དགྲོལ་ཞེས་ཁྱོད་ཀྱིས་ཞལ་བཞེས་ཏེ། །ཞེས་ག༷ང་གི་ཕྱི༷ར་འགྲོ༷་བ་རྣམས་ལ༷་ཉེ༷ས་པ༷་སྟེ་ཉོན་མོངས་པ་ཤས་ཆེན་པོ་སྐྱེ༷ད་བྱེ༷ད་ཀྱི་རྒྱུར་གྱུར་པའི་སྙི༷གས་མ༷་ལྔ་པོ་འདི༷་ད༷ག་ཡོ༷ད་པར་གྱུ༷ར་པ༷་ཡི་སྙིགས་མ་ལྔ་པོ་དེ་དག་གིས་ནི་སངས་རྒྱས་ལ་དོན་གཉེར་གྱི་བསམ་པ་རྒྱུད་ལ་མི་སྐྱེ་བར་བྱེད་པ་དེ༷་ཡི་ཕྱི༷ར་ན། འཇི༷ག་རྟེ༷ན་དེ་གདུལ་བྱ་ཁ་ཅིག་ས༷ངས་རྒྱ༷ས་ཀྱིས་སྤྱོ༷ད་ཡུ༷ལ་ཏེ་སངས་རྒྱས་ཀྱི་ཡོན་ཏན་གཏི༷ང་ཟ༷བ་པ་ལ༷་དོན་གཉེར་བསྐྱེད་དེ་ཐེག་ཆེན་གྱི་ལམ་ལ་བརྟེན་ནས་འཇུ༷ག་པར་མི༷་འགྱུ༷ར་བས་ན། དེ་དག་ལ་རེ་ཞིག་ཐེག་ཆེན་མ་བསྟན་པ་ཡིན་ཞི༷ང༌། བདེ༷་བར་གཤེ༷གས་པ་ག༷ང་ཕྱི༷ར་ཁྱོ༷ད་ལ༷་གདུལ་བྱ་འདུལ་བའི་ཐབས་མཁྱེན་པའི་མཁྱེ༷ན་ར༷བ་དང༌། གདུལ་བྱའི་དོན་སྒྲུབ་པ་ལ་བསྙེལ་བ་མི་མངའ་བའི་ཐུ༷གས་རྗེ༷འི་ཐ༷བས་ད༷ང༌། གཉིས་ཀ་ལྷ༷ན་ཅི༷ག་པ༷་མང༷འ་བ་ད༷ང༌། ག༷ང་གི་ཕྱི༷ར་སྔོན་བྱང་སེམས་ཀྱི་དུས་སུ་བད༷ག་གི༷ས་སེ༷མས་ཅ༷ན་ཐམས་ཅད་དགྲོ༷ལ་བར་བྱའོ་ཞེ༷ས་ཁྱོ༷ད་ཀྱི༷ས་ཞ༷ལ་གྱིས་བཞེ༷ས་པ་དེ་ཉིད་བསྒྲུབ་དགོས་པ་དེ༷་ཡིན་ནོ། །རྩ་བར། དེ་ཕྱིར་མཁས་པས་རིན་པོ་ཆེ་ཡི་གླིང་དུ་ཆས་པའི་སྐྱེ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། །

ཁྱོད་ཀྱིས་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞི་བའི་ཚུལ་ལ་ཡིད། །སྦྱར་བར་མཛད་ཅིང་རྣམ་པར་དབེན་ལ་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས། །ཞེས་རྒྱུ་མཚན་དེ༷་ཡི་ཕྱི༷ར་འགྲོ་བ་རྣམས་ཐེག་པ་ཆེན་པོ་ལ་འཇུག་པ་ལ་གེགས་བྱེད་པའི་རྐྱེན་མང་པོ་འདི་དག་ཡོད་ཅིང་འཇིག་རྟེན་རྣམས་ཀྱང་གདོན་མི་ཟ་བར་མྱ་ངན་ལས་འདས་པ་ལ་འགོད་པར་བྱ་དགོས་པ་ནི། དཔེར་ན་དེད་དཔོན་ཐབས་ལ་མཁ༷ས་པ༷ས་རྒྱ་མཚོའི་ནང་ནས་རི༷ན་པོ༷་ཆེ༷་ཡི་གླི༷ང་དུ༷་ཆ༷ས་པ༷འི་སྟེ་འགྲོ་བའི་ཚེ། འགྲོ་མཁན་གྱི་སྐྱེ༷་བོའི་ཚོ༷གས་རྣམས་ཀྱི༷་ཡུན་རིང་པོར་བགྲོད་པའི་ང༷ལ་བ༷་ཉེ༷ར་སེ༷ལ་བའི་ཕྱིར་དུ་རིན་པོ་ཆེའི་གླིང་དུ་གྲོ༷ང་ཁྱེ༷ར་ཡི༷ད་དུ་འོ༷ང་བ་རྒྱ་མཚོའི་རིན་པོ་ཆེའི་གླིང་དུ་མ་སླེབས་པའི་བ༷ར་དུ༷་རྣ༷མ་པ༷ར་བཀོ༷ད་པ་སྟེ་རྣམ་པར་སྤྲུལ་པ་ལྟ༷ར་དུ། བཅོམ་ལྡན་འདས་ཁྱོ༷ད་ཀྱི༷ས་ཐེ༷ག་པ༷་ཆེན་པོ་ཐོབ་བྱེད་ཀྱི་ཐབས་སུ་གྱུར་པའི་ཉན་རང་གི་ཐེག་པ་འདི༷་ནི༷། སློ༷བ་མ༷་ཉན་ཐོས་དང༌། དེས་མཚོན་པའི་རང་རྒྱལ་གྱི་རིགས་ཅན་རྣམས་ནི། སྡུག་བསྔལ་ཉེ༷་བ༷ར་ཞི༷་བ༷འི་ཚུ༷ལ་ལམ་ཐར་བའི་བདེ་བ་ལ༷་ཡི༷ད་སྦྱོ༷ར་བར་མཛད་པ་ཡིན་པར་གྱུར་ཅི༷ང༌། དེས་ན་ཉན་རང་གི་རིགས་ཅན་རྣམས་ཀྱིས་རང་རང་གི་ལམ་སྒོམ་པའི་སྟོབས་ཀྱིས་སེམས་རྒྱུད་འཁོར་བའི་ཉོན་མོངས་པ་རྣ༷མ་པ༷ར་དབེ༷ན་པ་ལའང་ཉོན་མོངས་པ་ལས་བློ༷་སྦྱ༷ངས་ཟིན་པ་རྣ༷མས་ལ༷། ལོ༷གས་སུ༷་སྟེ་ཕྱིས་ནསཐེག་པ་ཆེན་པོ་གསུ༷ངས་པ་ཡིན་པའོ། །

ལྔ་པ་མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་ཀྱི་ཁྱད་པར་བཤད་པ།

ལྔ་པ་མངོན་པར་བྱང་ཆུབ་པ་དང་བཞུགས་པའི་དུས་ཀྱི་ཁྱད་པར་བཤད་པ་ལ།

མངོན་པར་བྱང་ཆུབ་པའི་དུས་དང༌། བཞུགས་པའི་དུས་ཀྱི་ཁྱད་པར་བཤད་པ་དང་གཉིས།

དང་པོ་ནི། རྩབར། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཞིང་སངས་རྒྱས་ཡུལ་དག་ན། །ཕྲ་རབ་རྡུལ་གྱི་རྡུལརྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་བསྐལ་བ་དེ་སྙེད་དེ། །འོན་ཀྱང་ཁྱོད་ཀྱི་གསང་བ་འདི་ནི་བསྙད་བགྱི་མ་ལགས་སོ། །ཞེས་བདེ༷་བ༷ར་གཤེ༷གས་པ༷་ཁྱོད་ཀྱིས་མ༷་ལུ༷ས་པའི་ཕྱོ༷གས་བཅུའི་ཞི༷ང་སང༷ས་རྒྱ༷ས་ཀྱི་ཡེ་ཤེས་ཀྱི་ཡུ༷ལ་དུ་གྱུར་པ་ཇི་སྙེད་ཡོད་པའི་འཇིག་རྟེན་གྱི་ཞིང་དེ་ད༷ག་ན༷། རྡུལ་ཕྲ༷་ར༷བ་ཀྱི་རྡུ༷ལ་གྱི༷་རྡུ༷ལ་གྲངས་རྣ༷མས་བདོ༷ག་པ་སྟེ་ཡོད་པ༷ར་གྱུ༷ར་པ༷་ཇི༷་སྙེ༷ད་པ་༷ཡི་གྲངས་དེ་ཙམ། བྱ༷ང་ཆུ༷བ་ཀྱི་མཆོ༷ག་ར༷བ་ད༷མ་པ༷ར་གཤེ༷གས་པ༷འི་ཚུལ་བསྟན་པའི་བསྐ༷ལ་པ༷འང་དེ༷་སྙེ༷ད་ཀྱི་གྲངས་དེ༷་ཡོད་པའི་ཕྱིར་རོ། །འོ༷ན་ཀྱ༷ང་སྟེ་སངས་རྒྱས་ཀྱི་ཡོན་ཏན་དེ་ལྟར་ཡོད་པ་ཡིན་ཀྱང་སངས་རྒྱས་ཁྱོ༷ད་ཀྱི༷་གས༷ང་བ༷་འདི༷་ནི༷་གདུལ་བྱ་ཁ་ཅིག་ལ་བཤ༷ད་པར་བགྱི༷་བ་མ༷་ལ༷གས་ཏེ་བཤད་པར་བྱ་བ་མ་ཡིན་ཏེ། རང་འགྲེལ་ལས། འདི་ནི་སྔོན་དགེ་བའི་རྩ་བ་མ་བསགས་པ་རྣམས་ཀྱིས་ལྷག་པར་མོས་པར་བྱ་བར་དཀའ་བའི་ཕྱིར་ན་བསྙད་པར་བྱ་བ་མ་ཡིན་ཏེ། འགའ་ཞིག་ཏུ་དེ་ལ་ལྷག་པར་མོས་པར་བྱེད་པ་རྣམས་ལབསོད་ནམས་གཞལ་དུ་མེད་པ་བསགས་པར་བྱ་བའི་ཕྱིར་བཤད་དོ། །ཞེས་གསུངས་སོ༷། །

གཉིས་པ་བཞུགས་པའི་དུས་ཀྱི་ཁྱད་པར་བཤད་པ་ནི།

རྩ་བར། རྒྱལ་བ་ཇི་སྲིད་འཇིག་རྟེནམཐའ་དག་མཆོག་ཏུ་རབ་ཞི་བར། །འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། །ཤེས་རབ་ཡུམ་གྱིས་བསྐྱེད་པ་དེ་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། །ཞེས་དུས་གསུམ་གྱི་རྒྱ༷ལ་བ༷་རྣམས་ཀྱི་མ་འོངས་པའི་སྐུ་ཚེའི་ཚད་ནི་དུས་ཇི༷་སྲི༷ད་དུ་འཇི༷ག་རྟེ༷ན་ཏེ་གདུལ་བྱ་མཐ༷འ་ད༷ག་གོ་འཕང་མཆོ༷ག་ཏུ༷་ར༷བ་ཏུ༷་ཞི༷་བ༷ར་འགྲོ༷་བ༷་མི༷ན་པ་སྟེ་གོ་འཕང་མཆོག་ཏུ་ཞི་བ་སངས་རྒྱས་སུ་མ་གྱུར་པ་ཡིན་ཞི༷ང༌། འདུས་མ་བྱས་ཀྱི་ན༷མ་མཁ༷འ་རྣ༷མ་པར་འཇི༷ག་པར་འགྱུ༷ར་བ་མི༷ན་པ་སྟེ་ནམ་མཁའ་མ་ཞིག་གི་བར་དེ༷་སྲི༷ད་དུ༷་གནས་པ་ཡིན་ཏེ། སངས་རྒྱས་ནི་ལམ་ཤེ༷ས་ར༷བ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཡུ༷མ་གྱི༷ས་ནམ་མཁའ་གནས་ཀྱི་བར་དུ་བཞུགས་པའི་སྐུ་ཅན་དུ་བསྐྱེ༷ད་པ༷་དེ༷་ལ་གཞན་དོན་ཁུར་དུ་ཁྱེར་བའི་ཐུ༷གས་བརྩེ༷་བའི་མ༷་མ༷་ཡི༷ས་ཡང་ཡང་བསྐྱང་པའི་དབང་གིས་འཁོར་བ་མ་སྟོང་བར་དུ་བཞུགས་པའི་ཚུ༷ལ་ལུ༷གས་འདི་བྱེ༷ད་པ་ཡིན་པ༷ས་ན། དེ་འདྲ་བའི་སངས་རྒྱས་ཁྱོད་ལ་ར༷བ་ཏུ༷་ཞི༷་བ༷ར་འགྱུ༷ར་བ༷་ག༷་ལ༷་མང༷འ་སྟེ་མི་མངའ་བའོ། །གང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབ་པར་བྱ་བའི་ཕྱིར་དུས་མུ་མཐའ་མེད་པར་འདི་དག་གསོ་བར་བྱེད་པ་སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཅི་འདྲ་བ་ཞིག་ཅེ་ན། རྩ་བར། གཏི་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བ་ཡི། །སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་བརྩེ་ཇི་ལྟ་བ། །དེ་ལྟར་དུག་ཟོས་ཉེན་པའི་བུ་ལ་མ་ཡིས་སྡུག་བསྔལ་མིན། །དེས་ན་མགོན་པོ་མཆོག་ཏུ་རབ་ཞིར་གཤེགས་པར་འགྱུར་མ་ལགས། །ཞེས་འདོད་ཡོན་ལ་བདེན་པར་འཛིན་པའི་གཏི༷་མུ༷ག་གི་སྐྱོ༷ན་གྱི༷ས། འཇི༷ག་རྟེ༷ན་པ་རྣམས་འདོད་ཡོན་ལྔའི་ཁ༷་ཟ༷ས་དུག་དང་བཅ༷ས་པ་ཡང་ཡང་ཟ༷་བ༷་པོ་ཡི༷་སྐྱེ༷་བོ༷། སངས་རྒྱས་ཉི༷ད་ཀྱི༷་ན༷ང་མི༷་སྟེ་སངས་རྒྱས་ཉིད་ཀྱིས་བདག་གིར་མཛད་པ་དེ༷་རྣམས་ལ༷། སངས་རྒྱས་ཁྱོ༷ད་བརྩེ༷་བ་ཆེན་པོ་སྐྱེ་བ་ཇི༷་ལྟ༷ར་བ༷། དེ༷་ལྟ༷ར་དུ་ནི་དུ༷ག་ཟོ༷ས་ནས་ནད་ཀྱིས་ཉེ༷ན་པ༷འི་བུ༷་གཅིག་པུ་ལ༷་མ༷་ཡི༷ས་སྡུ༷ག་བསྔ༷ལ་གྱི་ཡིད་སྐྱོ་བ་མི༷ན་པ་དེ༷ས་ན༷་མགོ༷ན་པོ༷་སངས་རྒྱས་རྣམས་ནི་མཆོ༷ག་ཏུ༷་ར༷བ་ཏུ་ཞི༷ར་གཤེ༷གས་པ༷ར་འགྱུ༷ར་བ་མ༷་ལ༷གས་པ་ཡིན་ནོ། ། རྩ་བར། གང་གི་ཕྱིར་ན་མི་མཁས་དངོས་དང་དངོས་པོ་མེད་པར་ཞེན་པའི་བློ་ཅན་གྱིས། །སྐྱེ་དང་འཇིག་གནས་སྐབས་དང་སྡུག་དང་མི་སྡུག་བྲལ་ཕྲད་ཀྱིས་བསྐྱེད་སྡུག་བསྔལ་དང༌། །སྡིག་ཅན་འགྲོ་བ་ཐོབ་པ་དེ་ཕྱིར་འཇིག་རྟེན་ཐུགས་བརྩེའི་ཡུལ་དུ་རབ་དོང་བས། །བཅོམ་ལྡན་ཐུགས་རྗེས་ཁྱོད་ཐུགས་ཞི་ལས་བཟློག་པས་ཁྱོད་ལ་མྱ་ངན་འདའ་མི་མངའ། །ཞེས་ག༷ང་གི༷་ཕྱི༷ར་ན༷་དེ་ཁོ་ན་ཉིད་ཀྱི་དོན་ལ་མི༷་མཁ༷ས་པའི་གང་ཟག་ཁ་ཅིག་གིས་དངོ༷ས་པོ་ལ་བདེན་པར་ཞེན་པ་ད༷ང༌། ཁ་ཅིག་རྒྱུ་འབྲས་ཀྱི་དངོ༷ས་པོ༷་ཐམས་ཅད་མེ༷ད་པ༷ར་ཞེ༷ན་པ༷འི་བློ༷་ཅ༷ན་གཉིས་ཀྱི་ནང་གི་སྔ་མ་ལས་འབྲས་ལ་ཡིད་ཆེས་ཏེ་ལྷ་དང་མིར་སྐྱེ་བ་ཡོད་པར་ལྟ་བ་རྣམས་ཀྱི༷ས་ནི། སྐྱེ་བའི་གནས་སྐབས་ཏེ་སྐྱེ༷་བའི་སྡུག་བསྔལ་ད༷ང༌། འཇི༷ག་པའི་གན༷ས་སྐ༷བས་ཏེ་འཆི་བའི་སྡུག་བསྔལ་ད༷ང་ཡུལ་སྡུ༷ག་པ་དང༷་མི༷་སྡུ༷ག་པ་རིམ་བཞིན་བྲ༷ལ་བ་དང་འཕྲ༷ད་པ་གཉིས་ཀྱི༷ས་བསྐྱེ༷ད་པའི་སྡུ༷ག་བསྔ༷ལ་མྱོང་བར་འགྱུར་བ་ད༷ང༌། ཕྱི་མ་རྒྱུ་འབྲས་ཀྱི་དངོས་པོ་མེད་པར་ལྟ་བའི་བློ་ཅན་རྣམས་ཀྱིས་ནི་སྡི༷ག་ཏོ་ཅ༷ན་གྱི་འགྲོ༷་བ༷་དམྱལ་བ་ལ་སོགས་པའི་ངན་འགྲོའི་སྡུག་བསྔལ་འཐོ༷བ་པ༷་དེ༷་ཡི་ཕྱི༷ར་དང༌། དེ་འདྲའི་འཇི༷ག་རྟེ༷ན་གྱི་སྐྱེ་བོ་མ་ལུས་པ་ཐམས་ཅད་ཐུབ་པ་ཁྱོད་ཀྱི་དུས་དང་རྣམ་པ་ཀུན་ཏུ་ཐུ༷གས་བརྩེ༷འི་ཡུ༷ལ་དུ༷་ར༷བ་ཏུ་དོ༷ང་བ་སྟེ་ཐུགས་བརྩེ་བ་ཆེན་པོའི་ཡུལ་དུ་གྱུར་བ༷ས་ན། དེ་འདྲའི་སེམས་ཅན་མ་ལུས་པ་ལ་བཅོ༷མ་ལྡ༷ན་འདས་ཀྱིས་དུས་རྒྱུན་དུ་གཟིགས་པའི་ཐུ༷གས་རྗེ༷ས། ཁྱོ༷ད་ཀྱི་ཐུ༷གས་ནི་ཞི༷་བ་ཕྱོགས་གཅིག་པར་གཞོལ་བ་ལ༷ས་ཟློ༷ག་པར་བྱེད་པ་ཡིནཔ༷ས་ཁྱོ༷ད་ལ༷་ཞི་བ་ཕྱོགས་གཅིག་པར་མྱ༷་ང༷ན་ལས་འད༷ས་པ་མི༷་མང༷འ་བར་འགྲོ་བའི་དོན་སྒྲུབཔ་ལ་རྟག་པར་འཇིག་རྟེན་དུ་བཞུགས་པའོ། །

གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ།

གསུམ་པ་བསྟན་བཅོས་ཇི་ལྟར་བརྩམས་པའི་ཚུལ་ནི།

རྩ་བར། ལུགས་འདི་དགེ་སློང་ཟླ་གྲགས་ཀྱིས། །

དབུ་མའི་བསྟན་བཅོས་ལས་བཏུས་ནས། །

ལུང་ཇི་བཞིན་དང་མན་ངག་ནི། །

ཇི་ལྟ་བ་བཞིན་བརྗོད་པ་ཡིན། །

འདི་ལས་གཞན་ན་ཆོས་འདི་ནི། །

ཇི་ལྟར་མེད་པ་དེ་བཞིན་དུ། །

འདིར་འབྱུང་ལུགས་ཀྱང་གཞན་ན་ནི། །

མེད་ཅེས་མཁས་རྣམས་ངེས་པར་མཛོད། །

ཅེས་མགོན་པོ་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བའི་དབུ་མ་ལ་འཇུག་པའི་བཤད་ལུ༷གས་འདི༷་དགེ༷་སློ༷ང་དཔལ་ལྡན་ཟླ༷་གྲ༷གས་ཀྱི༷ས། དབུ༷་མ༷འི་བསྟ༷ན་བཅོ༷ས་རྩ་བ་ཤེས་རབ་སོགས་ལ༷ས་བཏུ༷ས་ན༷ས་ངེས་དོན་གྱི་མདོ་རྣམས་ཀྱི་ལུ༷ང་ཇི༷་ལྟ་བ་བཞི༷ན་ད༷ང༌། འཕགས་པ་ཀླུ་སྒྲུབ་ཀྱི་མ༷ན་ང༷ག་ནི༷་ཇི༷་ལྟ༷་བ༷་བཞི༷ན་དུ་བརྗོ༷ད་པ༷་ཡི༷ན་ནོ། །རྩ་ཤེས་ལ་སོགས་པའི་དབུ་མའི་གཞུང་ལུགས་འདི༷་ལ༷ས་གཞ༷ན་པའི་སེམས་ཙམ་གྱི་བསྟན་བཅོས་ལ་སོགས་པའི་ནང་ན༷་ཟབ་མོ་སྟོང་པ་ཉིད་ཀྱི་ཆོ༷ས་འདི༷་ནི༷། ཇི༷་ལྟ༷ར་ཕྱིན་ཅི་མ་ལོག་པར་བཤད་པ་མེ༷ད་པ༷་དེ༷་བཞི༷ན་དུ༷། ཁོ་བོ་ཅག་གིས་བརྒལ་ལན་དང་བཅས་ཏེ་རིགས་པ་སྣ་ཚོགས་ཀྱི་སྒོ་ནས་བཤད་པའི་དབུ་མ་ལ་འཇུག་པ་འདི༷ར་འབྱུ༷ང་བ་སྟེ་ཇི་ལྟར་ལུ༷གས་ཀྱ༷ང་སྟེ་ལུགས་འདི་ཡང་སེམས་ཙམ་པའི་བསྟན་བཅོས་ལ་སོགས་པའི་བསྟན་བཅོས་གཞ༷ན་ན༷་ནི༷་བཤད་པ་མེ༷ད་ཅེ༷ས་མཁ༷ས་པ་རྣ༷མས་ཀྱིས་ངེ༷ས་པར་མཛོ༷ད་ཅིག དེ་ངེས་པར་འབྱེད་དགོས་པའི་རྒྱུ་མཚན་ནི། འཇུག་པའི་གཞུང་འདིར་ཆོས་ཐམས་ཅད་དོན་དམ་པར་རང་མཚན་གྱིས་གྲུབ་པ་མེད་པར་མ་ཟད། ཐ་སྙད་དུ་རང་མཚན་གྱིས་གྲུབ་པ་མེད་པར་བཤད་ཅིང༌། བཤད་པ་ལྟར་ཆོས་ཐམས་ཅད་གདོད་མ་ནས་རང་མཚན་གྱིས་གྲུབ་པ་ཅུང་ཟད་ཀྱང་མེད་པས། དོན་འདི་ཉིད་མ་རྟོགས་པར་ཐར་བ་ཙམ་ཡང་མི་ཐོབ་ལ། བྱེ་མདོ་སེམས་གསུམ་གྱིས་དོན་དམ་བདེན་པར་བཤད་པ་ཐམས་ཅད་ལུགས་འདིར་དོན་དམ་བདེན་པར་བཞེད་པ་མ་ཡིན་ལ། དེར་མ་ཟད་རང་རྒྱུད་པས་ཀྱང་རང་མཚན་གྱིས་གྲུབ་པ་བཞག་པ་ཡིན་པས་དེའི་ལུགས་ཀྱི་བདེན་པ་གཉིས་ཀྱང་མི་འཐད་དོ། །དེས་ན་ཟླ་བ་གྲགས་པ་རང་གི་ལུགས་ཀྱི་དབུ་མ་འདི་ནི་སེམས་ཙམ་པ་དང་ཐུན་མོང་བ་མ་ཡིན་པར་མ་ཟད། མགོན་པོ་ཀླུ་སྒྲུབ་དང་འཕགས་པ་ལྷའི་དགོངས་པ་འགྲེལ་བའི་ལེགས་ལྡན་དང་ཞི་འཚོ་སོགས་དབུ་མ་པ་གཞན་གྱི་ལུགས་དང་ཡང་ཐུན་མོང་མ་ཡིན་པར་མཁས་པ་རྣམས་ཀྱིས་ཤེས་པར་གྱིས་ཤིག་ཅེས་འདོམས་པ་ཡིན་ནོ། །རང་འགྲེལ་ལས། ལུགས་འདི་ནི་ཐུན་མོང་མ་ཡིན་ནོ་ཞེས་མཁས་པ་རྣམས་ཀྱིས་ངེས་པར་བྱའོ། །དེ་ཉིད་ཡིན་ཕྱིར་སློབ་དཔོན་གྱི་ཐུགས་དགོངས་མི་ཤེས་ཤིང་དོན་གྱི་དེ་ཁོ་ན་ཉིད་ངེས་པར་ཟིན་པ་མེད་པར་ཡི་གེ་ཙམ་ངེས་པས་འཇིགས་པར་འགྱུར་བ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ཆོས་འདི་ཡོངས་སུ་སྤངས་པས་དེའི་ཕྱིར་བསྟན་བཅོས་ཀྱི་དོན་གྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་བསྟན་པར་བྱ་བའི་ཕྱིར། དབུ་མའི་བསྟན་བཅོས་ལ་འཇུག་པ་འདི་སྦྱར་བ་ཡིན་ནོ་ཞེས་བཤད་པ། ཞེས་གསུངས་སོ། །རྩ་བར། ཀླུ་སྒྲུབ་བློ་མཚོ་ཤིན་ཏུ་རྒྱ་ཆེའི་ཁ་དོག་གིས་འཇིགས་པས། །སྐྱེ་བོས་ལུགས་བཟང་གང་དག་རྒྱང་རིང་སྤངས་པས་དེ་ཡི་ཚིག །ལེའུར་བྱས་པའི་ཁ་འབུས་ཀུ་མུ་ཏ་ཁ་ཕྱེ་བའི་ཆུས། །ད་ལྟ་ཟླ་བ་གྲགས་པ་རེ་རྣམས་རབ་ཏུ་སྐོང་བར་བྱེད། །ཞེས་འཕགས་པ་ཀླུ༷་སྒྲུ༷བ་ཀྱི་ཟབ་མོ་སྟོང་ཉིད་རྟོགས་པའི་བློ༷་གྲོས་ཀྱི་རྒྱ་མཚོ༷་ཤི༷ན་ཏུ༷་རྒྱ༷་ཆེ༷འི་གཏིང་དཔག་པར་དཀའ་བའི་ངམ་གནག་པའི་ཁ༷་དོ༷ག་གི༷ས་འཇི༷གས་ཤིང་སྐྲག་པ༷ས། སེམས་ཙམ་པ་ལ་སོགས་པའི་སྐྱེ༷་བོ༷ས་ཀླུ་སྒྲུབ་ཀྱི་ལུ༷གས་བཟ༷ང་པོ་ཟབ་མོ་དེ་ཁོ་ན་ཉིད་ག༷ང་ད༷ག་རྒྱ༷ང་རི༷ང་དུ་སྤ༷ངས་མོད་ཀྱང༌། གསུང་རབ་ལས་བཤད་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་ནི་འཕགས་པ་ཀླུ་སྒྲུབ་ཀྱིས་དབུ་མ་ལས་བཤད་པ་ལས་གཞན་དུ་མིན་པར་བདག་གིས་ཤེས་རབ་ཀྱིས་རྙེད་པ༷ས་ན། དབུ་མ་རྩ་བའི་གཞུང་དེ༷་ཡི༷་ཚི༷ག་ལེ༷འུ༷ར་བྱ༷ས་པ༷འི་ཁ༷་འབུ༷ས་པའི་ཀུ༷་མུ༷་ཏ༷་ཁ༷་ཕྱེ༷་བ༷འི་ནང་གི་དེ་ཁོ་ན་ཉིད་ཀྱི་བདུད་རྩིའི་ཆུ༷ས། ཀུ་མུ་ཏ་ཁ་འབྱེད་མཁན་ད༷་ལྟ༷་ཟླ༷་བ༷་གྲ༷གས་པ༷་ནི་ཡིད་ལ་རེ༷་བ་རྣ༷མས་ར༷བ་ཏུ་སྐོ༷ང་བར་བྱེ༷ད་པའི་ཕྱིར་རོ། །རང་འགྲེལ་ལས། གལ་ཏེ་གནས་བརྟན་དབྱིག་གཉེན་དང༌། ཕྱོགས་ཀྱི་གླང་པོ་དང༌། ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་ཡི་གེ་ཙམ་ཐོས་པས་འཇིགས་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན། དེ་སྐད་དུ་སྨྲའོ། །ཞེས་སོ། །ཡང་ཟབ་མོའི་དོན་འདི་སུ་ཞིག་གིས་རྟོགས་ཞེ་ན། རྩ་བར། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་འགྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱིས་ཐུགས་སུ་ཆུད་མི་འགྱུར། །དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི། །གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་བར་བྱ། །ཞེས་དེ༷་ཁོ་ན་ཉི༷ད་ཀྱི་དོན་བཤ༷ད་ཟི༷ན་པའི་ཟ༷བ་མོ༷་སྔར་འཇི༷གས་སུ་རུ༷ང་བ་འདི༷་ནི༷། སྔོ༷ན་ཚེ་རབས་གཞན་དུ་སྟོང་ཉིད་ལ་ལྷག་པར་མོས་པའི་བག་ཆགས་གོ༷མས་པའི་རྒྱུ་ཉི༷ད་ལ༷ས། སྐྱེ༷་བོ༷་ཡི༷ས་ཏེ་སྐྱེ་བོ་རྣམས་ཀྱིས་ངེ༷ས་པ༷ར་རྟོ༷གས་པར་འགྱུ༷ར་བ་ཡིན་གྱི། ཟབ་མོའི་དོན་འདི༷་ནི༷་གསུང་རབ་མང་དུ་ཐོས་པ་གས༷ན་པ་རྒྱ༷་ཆེ༷་བ་ཡིན་ཡ༷ང་བསྟན་བཅོས་མཛད་པ་པོ་གཞ༷ན་གྱི༷ས་ཐུ༷གས་སུ༷་ཆུ༷ད་པར་མི༷་འགྱུ༷ར་བ་དེ༷་ཡི་ཕྱི༷ར་ན་དབུ་མ་པའི་ལུགས་ཀྱི་དོན་དམ་བདེན་པ་ལས་གཞན་པའི་དོན་དམ་པ་སྟོན་པའི་ཚུ༷ལ་ལུ༷གས་སངས་རྒྱས་ཀྱི་དགོངས་པར་མ་སོང་བའི་ར༷ང་བློ༷ས་སྦྱ༷ར་བ༷་ཡི་སེམས་ཙམ་པ་ལ་སོགས་པའི་ལུགས་འདི༷་ད༷ག་མཐོ༷ང་ན༷ས། དཔེར་ན་བད༷ག་ཏུ༷་བརྗོ༷ད་པ༷་སྟེ་གང་ཟག་གི་བདག་ཡོད་པར་སྟོན་པ་ཡི༷་མུ་སྟེགས་མེད་པའི་གཞུ༷ང་ལུ༷གས་རྣ༷མས་ལ་དགའ་བའི་བློ་དོར་བ་ལྟ༷ར། སློབ་དཔོན་གཞ༷ན་གྱི་ལུ༷གས་ཀྱིས་བཞེ༷ད་པའི་གཞུ༷ང༌། དབུ་མ་པའི་ལུགས་འདི༷་ལ༷ས་གཞ༷ན་པ་རྣམས་ལ༷དག༷འ་བའི་བློ༷་དོ༷ར་བ༷ར་བྱ༷་བ་ཡིན་པར་ཟླ་བ་གྲགས་པས་སྐབས་འདིར་བཤད་དོ། །

བཞི་པ་བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ།

བཞི་པ་བསྟན་བཅོས་བརྩམས་པའི་དགེ་བ་བསྔོ་བ་ནི།

རྩ་བར། སློབ་དཔོན་ཀླུ་སྒྲུབ་ལུགས་བཟང་བསྙད་ལས་བདག་གི་བསོད་ནམས་ཕྱོགས་ཀྱི་མཐར། །

ཁྱབ་ཅིང་ཡིད་མཁའ་ཉོན་མོངས་ཀྱིས་སྔོར་སྟོན་ཀའི་རྒྱུ་སྐར་ལྟར་དཀར་བའམ། །

སེམས་ཀྱི་སྦྲུལ་ལ་གདེངས་ཀའི་ནོར་བུ་དང་འདྲ་གང་ཞིག་ཐོབ་པ་དེས། །

འཇིག་རྟེན་མ་ལུས་དེ་ཉིད་རྟོགས་ནས་མྱུར་དུ་བདེ་གཤེགས་སར་བགྲོད་ཤོག །

ཅེས་སློ༷བ་དཔོ༷ན་འཕགས་པ་ཀླུ༷་སྒྲུ༷བ་ཀྱི་དབུ་མའི་ལུ༷གས་བཟ༷ང་པོ་དེ་ཉིད་ལུང་དང་རིགས་པའི་ཚོགས་ཤིན་ཏུ་གསལ་བའི་སྒོ་ནས་བསྙ༷ད་པ་སྟེ་བཤད་པ་ལ༷ས་བྱུང་བའི་བད༷ག་གི༷ས་བསོ༷ད་ན༷མས་རྒྱ་ཆེན་པོ་བསགས་པ་དེ་ནི་ཕྱོ༷གས་ཀྱི༷་མཐ༷ར་ཁྱ༷བ་ཅི༷ང་ཡི༷ད་ཀྱི་ནམ་མཁ༷འ་ཉོ༷ན་མོ༷ངས་པའི་ཚོགས་ཀྱི༷ས་སྔོ༷ར་རམ་གནག་པར་བྱས་པའི་དཀྱིལ་དུ་སྟོ༷ན་ཀ༷འི་རྒྱུ༷་སྐ༷ར་ལྟ༷ར་ཤིན་ཏུ་དཀ༷ར་བ་ཐོབ་པ༷འ༷མ། རྩོམ་པ་པོའི་སེ༷མས་ཀྱི༷་སྦྲུ༷ལ་ལ༷་སྟེ་རྩོམ་པ་པོའི་སེམས་ཀྱི་སྦྲུལ་གྱི་གདེ༷ངས་ཀ༷འི་ནོ༷ར་བུ༷་ད༷ང་འདྲ༷་བ་ག༷ང་ཞི༷ག་ཐོ༷བ་པ༷་དེ༷ས། སེམས་ཅན་གྱི་འཇི༷ག་རྟེ༷ན་མ༷་ལུ༷ས་པ་རྣམས་ཀྱིས་ཟབ་མོའི་དེ༷་ཁོ་ན་ཉི༷ད་ཇི་ལྟ་བ་བཞིན་དུ་རྟོ༷གས་ན༷ས་མྱུ༷ར་དུ༷་བདེ༷་བརགཤེ༷གས་པའི་ས༷་ཀུན་ཏུ་འོད་ཅེས་བྱ་བར་བགྲོ༷ད་པར་ཤོ༷ག་ཅིག་ཅེས་སྨོན་པའོ། །

བཞི་པ་མཇུག་གི་དོན་ལ་གཉིས།

སློབ་དཔོན་གང་གིས་མཛད་པ། ལོ་པཎ་གང་གིས་བསྒྱུར་བ་དང་གཉིས། དང་པོ་ནི། རྩ་བར། དབུ་མ་ལ་འཇུག་པའི་བཤད་པ་ཟབ་པ་དང་རྒྱ་ཆེ་བའི་ཚུལ་གསལ་བར་བྱེད་པ། སློབ་དཔོན་ཟླ་བ་གྲགས་པ་ཐེག་པ་མཆོག་ལ་ཐུགས་གཞོལ་བ། མི་འཕྲོགས་པའི་མཁྱེན་རབ་དང་ཐུགས་རྗེ་མངའ་བ། རི་མོར་བྲིས་པའི་བ་དྲུས་མ་ལས་འོ་མ་བཞོས་པས་བདེན་པར་ཞེན་པ་བཟློག་པར་མཛད་པས་སྦྱར་བ་རྫོགས་སོ། །ཞེས་དབུ༷་མ༷་ལ༷་འཇུ༷ག་པ༷་འཕགས་པ་ཀླུའི་ལུགས་ཀྱི་ཟ༷བ་པ༷་ད༷ང་རྒྱ༷་ཆེ༷་བ༷འི་ཚུ༷ལ་གས༷ལ་བ༷ར་བྱེ༷ད་པ༷། ཡུལ་ས་མན་ཏར་སྐུ་འཁྲུངས་པའི་སློ༷བ་དཔོ༷ན་ཆེན་པོ་དཔལ་ལྡན་ཟླ༷་བ༷་གྲ༷གས་པ༷། རིག་པ་འཛིན་པ་དང་སྒྱུ་མ་ལྟ་བུའི་ཏིང་ངེ་འཛིན་བརྙེས་པར་གྲགས་པ། བླ་ན་མེད་པ་ཐེ༷ག་པ༷་མཆོ༷ག་ལ༷་ཐུ༷གས་རབ་ཏུ་གཞོ༷ལ་བ༷། མི་མཐུན་པའི་ཕྱོགས་ཀྱིས་མི༷་འཕྲོ༷གས་པ༷འི་མཁྱེ༷ན་ར༷བ་ད༷ང༌། ཐུ༷གས་རྗེ༷་ཕུལ་དུ་བྱུང་བ་མང༷འ་བ༷། རི༷་མོ༷ར་བྲི༷ས་པ༷འི་བ༷་དྲུ༷ས་མ༷་ལ༷ས་འོ༷་མ༷་བཞོ༷ས་པ༷ས་སེམས་ཅན་གྱི་བདེ༷ན་པ༷ར་ཞེ༷ནཔ༷་བཟློ༷ག་པ༷ར་མཛ༷ད་པ༷ས་སྦྱ༷ར་བ༷་རྫོ༷གས་སོ༷། །

གཉིས་པ་ལོ་པཎ་གང་གིས་བསྒྱུར་བ་ནི།

ཁ༷་ཆེ༷འི་ཡུ༷ལ་གྱི༷་གྲོ༷ང་ཁྱེ༷ར་དཔེ༷་མེ༷ད་ཀྱི༷་དབུ༷ས་རི༷ན་ཆེ༷ན་སྦ༷ས་པ༷འི་གཙུ༷ག་ལ༷ག་ཁ༷ང་དུ༷་ཁ༷་ཆེ༷འི་རྒྱ༷ལ་པོ༷་དཔ༷ལ་འཕ༷གས་པ༷་ལྷ༷འི་སྐུ༷་རི༷ང་ལ༷། རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་ཏི༷་ལ༷་ཀ༷་ཀ༷་ལ༷་ཤ༷་སྟེ་ཐིག་ལེའི་བུམ་པ་ད༷ང༌། བོ༷ད་ཀྱི༷་ལོ༷་ཙཱ༷་བ༷་ཚ༷བ་ཉི༷་མ༷་གྲ༷གས་ཀྱི༷ས་ཁ༷་ཆེ༷འི་དཔེ༷་ད༷ང་མཐུ༷ན་པ༷ར་བསྒྱུ༷ར། ཕྱི༷ས་ར༷་ས༷་ར༷་མོ༷་ཆེ༷ར་རྒྱ༷་ག༷ར་གྱི༷་མཁ༷ན་པོ༷་ཀ༷་ན༷་ཀ༷་ཝ༷རྨ༷་སྟེ་གསེར་གྱི་གོ་ཆ་ད༷ང༌། ལོ༷་ཙཱ༷་བ༷་དེ༷་ཉི༷ད་ཀྱི༷ས་ཉི༷་འོ༷ག་ཤ༷ར་ཕྱོ༷གས་པ༷འི་དཔེ༷་ད༷ང་གཏུ༷གས་ཤི༷ང༌། ལེ༷གས་པ༷ར་བཅོ༷ས་ན༷ས་འཆད་ཉན་གྱིས་གཏ༷ན་ལ༷་ཕ༷བ་པ༷འོ༷། །བོད་ཀྱི་མཁས་དབང་མང་པོས་མཛད་པའི་དབུ་མ་འཇུག་པའི་འགྲེལ་བ་མང་དུ་ཡོད་པའི་ལུགས་གཅིག་གི་རྗེས་སུ་འབྲང་བ་མ་ཡིན་པར་དབུ་མ་འཇུག་པའི་རང་འགྲེལ་དང་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་སོགས་རྒྱ་བོད་ཀྱི་གཞུང་ལུགས་མང་པོ་ལ་བརྟེན་ནས་ཟླ་བའི་འཇུག་པ་རྩ་འགྲེལ་འདི་གཞུང་ལུགས་ཧ་ཅང་གལ་ཆེ་བ་ཡིན་པས་གཞུང་འདི་སྤེལ་བ་ཡིན་ལ། དེ་ཡང་ཚིག་སྦྱོར་གྱིས་མ་བརྒྱན་པར་གོ་ནུས་སུ་བཀོད་ལ། དཔེར་ན་མཛོད་ལྟ་བུ་འཆད་ཚེ་གཙོ་བོར་ཁ་ཆེ་བྱེ་བྲག་སྨྲ་བའི་ལུགས་སུ་འཆད་དགོས་ལ། དེ་ཡང་བཀྲལ་ཚུལ་ཅུང་མི་འདྲ་བ་དག་རང་ལུགས་ཀྱི་དམ་པ་གོང་མའི་བཞེད་ཚུལ་ལྟར་ལུང་རིགས་དང་ལྡན་ན་བཤད་དགོས་པ་ལྟར་གཞན་སྟོང་གི་ལུགས་ལྟར་མ་ཡིན་པར་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ཇི་ལྟ་བ་བཞིན་བྲིས་ལ། ཁ་ཅིག་འཇུག་པ་འདིའི་སྐབས་སུ་གཞན་སྟོང་བསྟན་པར་འདོད་པ་ཡོད་ཀྱང་བཤད་པ་ཡང་དག་ཏུ་མ་མཐོང་ངོ། །གཞན་སྟོང་སྙིང་པོ་ལས། ཁྱད་པར་ཐལ་འགྱུར་བ་རྣམས་ནི་གྲུབ་མཐའི་རྣམ་གཞག་འཇོག་བཞིན་དུ། གཞན་གྱི་རྩོད་པ་ལ་འཛེམ་པའི་ཕྱིར་གང་ཡང་ཁས་མི་ལེན་པ་དང༌། ངེས་ཤེས་མ་སྐྱེས་ཀྱང་ལོག་རྟོག་ཟློག་པར་འདོད་པ་སོགས་འཁྲུལ་བ་ཡིན་ལ། གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་བདེན་པར་མེད་པ་དང༌། བདེན་མེད་ཙམ་དེ་ཡང་བདེན་པར་མ་གྲུབ་པ་སོགས་ནི་མ་ནོར་བ་ཡིན་ནོ། །ཞེས་གསུངས་པ་ལས། གང་ཡང་ཁས་མི་ལེན་པ། ཞེས་པ་ནི་སྔ་རྒོལ་དང་ཕྱི་རྒོལ་གཉིས་ཀའི་མཐུན་སྣང་དུ་གྲུབ་པའི་ཆོས་ཅན་དང་རྟགས་དང་ཆོས་སོགས་མི་དགོས་པར་ཕྱི་རྒོལ་གྱི་ཁས་བླངས་ཀྱིས་གྲུབ་པ་ལས་ཐལ་འགྱུར་བ་རང་ལ་ཆོས་ཅན་སོགས་མཐུནསྣང་བ་གྲུབ་དགོས་པའི་ཁས་ལེན་མེད་པ་ལ་ཟླ་བའི་རང་གཞུང་དང་བསྟུན་ན་བཤད་དགོས་པརསྣང་ངོ། །ཡང་དེར་ངེས་ཤེས་མ་སྐྱེས་ཀྱང་ལོག་རྟོག་ཟློག་པར་འདོད་པ། ཞེས་པའི་དོན་ནི་ངེས་ཤེས་མ་སྐྱེས་ཀྱང་གནོད་བྱེད་དམ་ནང་འགལ་མཐོང་བའི་ཚེ་ལོག་རྟོག་ཀུན་བཏགས་མངོན་གྱུར་བཟློག་པ་ཡིན་པར་འདོད་པ་ཡིན་ནམ་དཔྱད་དགོས་སོ། །སྤྱིར་རྗེ་བཙུན་ཏཱ་ར་ནཱ་ཐའི་བླ་མ་མང་ཆེ་བ་བཀའ་བརྒྱུད་པ་སོགས་ཡིན་པས་དམ་པ་གང་གི་གསུང་ན་ས་བཀའི་གསུང་སྒྲོས་མང་དུ་སྣང་ངོ། །འཇུག་པའི་རང་ལུགས་དང་དཔལ་ལྡན་ཇོ་ནང་གི་འདོད་པ་གཉིས་ལ་ཁྱད་པར་གཙོ་བོ་བཅུ་ནི། ༡ ཕྱི་དོན་འདོད་མི་འདོད་དང༌། ༢ ཀུན་གཞི་མི་འདོད་དང་འདོད་པའི་ཁྱད་པར། ༣ རང་རིག་མི་འདོད་པ་དང་འདོད་པའི་ཁྱད་པར། ༤ ཚད་མ་གསར་རྟོགས་མི་དགོས་པ་དང་དགོས་པའི་ཁྱད་པར། ༥ ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་འདོད་མི་འདོད་དང༌། ༦ ཐེག་གསུམ་ཀྱི་ཐར་བ་ཐོབ་པ་ལ་ཆོས་ཀྱི་བདག་མེད་རྟོགས་དགོས་མི་དགོས་དང༌། ༧ དོན་དམ་བདེན་པ་རང་བཞིན་གྱིས་གྲུབ་པའི་སྟོང་མི་སྟོང་གི་ཁྱད་པར་དང༌། ༨ རང་མཚན་གྱིས་གྲུབཔ་མེད་པ་དང་ཡོད་པའི་ཁྱད་པར་དང༌། ༩ ཡང་ལོག་གི་ཀུན་རྫོབ་མི་འདོད་པ་དང་འདོད་པའི་ཁྱད་པར་དང༌། ༡༠ དེ་བཞིན་གཤེགས་པའི་སྙིང་པོ་སྟོན་པའི་མདོ་སོགས་འཁོར་ལོ་ཐ་མ་དྲང་དོན་ངེས་དོན་གྱི་མདོར་འདོད་པའི་ཁྱད་པར་སོགས་ཡོད་དོ། །རྗེ་བདག་ཉིད་ཆེན་པོའི་བཞེད་པའི་ཐལ་འགྱུར་བའི་དཀའ་གནས་བརྒྱད་ནི། ༡ ཚོགས་དྲུག་ལས་ངོ་བོ་ཐ་དད་པའི་ཀུན་གཞི་རྣམ་ཤེས་དང༌། ༢ རང་རིག་དང༌། ༣ རང་རྒྱུད་ཀྱི་སྦྱོར་བ་ཁས་མི་ལེན་པ་གསུམ་དང༌། ༤ ཕྱིདོན་ཁས་ལེན་པ་དང༌། ༥ ཉན་རང་གི་ཐར་བ་ཐོབ་པ་ལ་རང་བཞིན་མེད་པར་རྟོགས་དགོས་པར་འདོད་པ་དང༌། ༦ ཆོས་ཀྱི་བདག་འཛིན་ཉོན་སྒྲིབ་ཏུ་འདོད་པ་དང༌། ༧ ཞིག་པ་དངོས་པོ་འདོད་པ་དང༌། ༨ དེའི་རྒྱུ་མཚན་གྱིས་དུས་གསུམ་དངོས་པོར་འདོད་པ་དང་བརྒྱད་བཤད་དོ། །དབུ་མ་འཇུག་པའི་རྩ་བའི་ཚིག་གི་གོ་རིམ་དང་སྒྲ་གདངས་སོགས་མ་བསྒྱུར་བར་ཇི་བཞིན་བཤད་ཡོད་དོ། །འོན་ཀྱང་འཇུག་ཊཱིཀ་རབ་གསལ་སྣང་བའི་རྒྱན་གྱིས་རྗེ་བློ་བཟང་གྲགས་པ་དང་ཀུན་མཁྱེན་འཇམ་དབྱངས་བཞད་པ་ལྟར་བཤད་ལ། དེ་ལས་གཞན་པའི་ཇོ་ནང་བའི་མཁས་དབང་ཁྲོད་ན་འཇུག་འགྲེལ་བརྩམས་ཡོད་པ་མ་མཐོང་བས་ཇོ་ནང་གི་སྔོན་བྱོན་དམ་པ་གོང་མས་ཟླ་བ་གྲགས་པའི་རང་ལུགས་ཀྱི་བཤད་པ་ཇི་ལྟ་བ་བཞིན་དུ་ཟླ་བ་གྲགས་པའི་རྩ་འཇུགབཞི་གསུམ་གྱི་འགྲེལ་བ་ལ་རྟེན་ནས་བློས་གང་ནུས་ཀྱིས་བཤད་པའོ།། །།

འདིར་སྨྲས་པ།

འགྲོ་རྣམས་ཞི་བསིལ་ཕན་བདེའི་གནས་མཆོག་ཏུ། །

བགྲོད་པའི་ཆོས་སྒོ་སྐལ་ལྡན་མོས་པ་བཞིན། །

སྣ་ཚོགས་གྲངས་མེད་དཔག་པར་མི་ནུས་པ། །

བཅོམ་ལྡན་ཐུགས་བརྩེས་ལེགས་པར་འདོམས་པར་མཛད། །

ཡུམ་གསུམ་ངེས་དོན་ཟབ་མོའི་རྨད་བྱུང་མདོར། །

སྟོན་པ་རྣམ་འདྲེན་ཤཱཀྱའི་རྒྱལ་པོ་ཡིས། །

གསུང་དབྱངས་དྲུག་ཅུའི་ཚངས་པའི་སྒྲ་བརྒྱ་དེས། །

བྱམས་བརྩེས་འགྲོ་ལ་ཇི་བཞིན་གསལ་བར་བསྟན། །

ཟབ་དོན་ཇི་བཞིན་འགྲེལ་ལ་ཟླ་མེད་པ། །

རྒྱལ་བའི་ལུང་བསྟན་དཔལ་མགོན་ཀླུ་སྒྲུབ་ཀྱིས། །

ལུང་རིགས་འོད་སྟོང་གཟི་འོད་སྣང་བ་ཡིས། །

རྟེན་འབྲེལ་ཟབ་མོའི་པད་ཚལ་རྒྱས་པར་བྱས། །

ཀླུ་སྒྲུབ་མཆོག་གི་ཟབ་རྒྱས་དབུ་མའི་ལམ། །

འཕགས་པ་ལྷ་ཡིས་ཡང་དག་རྟོགས་པ་ཡི། །

རྟེན་འབྲེལ་ཟབ་མོའི་གནས་ཚུལ་ཚུལ་ཇི་བཞིན། །

འགྲོ་ལ་ཕན་ཕྱིར་ལེགས་པར་བཤད་པ་མཛད། །

སངས་རྒྱས་བསྐྱངས་ཀྱིས་རང་མཚན་གྱིས་གྲུབ་པ། །

བདེན་གཉིས་གང་དུ་ཅུང་ཟད་མེད་མོད་ཀྱང༌། །

རྟེན་ཅིང་འབྲེལ་འབྱུང་རྣམ་བཞག་གནོད་པ་མེད། །

ཐལ་འགྱུར་ལུགས་སུ་ཡང་དག་གསལ་བར་མཛད། །

ཀླུ་ཡི་དགོངས་པ་རང་མཚན་རང་རྒྱུད་དུ། །

གྲུབ་པའི་རྣམ་བཞག་ལེགས་ལྡན་འབྱེད་ཀྱིས་བཀྲལ། །

ལུགས་འདི་ཟླ་གྲགས་ལུང་རིགས་རྡོ་རྗེ་ཡིས། །

བཀག་ནས་ཐལ་འགྱུར་ཀུན་དའི་ཚལ་དུ་བཞད། །

ཆོས་ཟབ་བདག་བློས་མ་དཔོགས་པར། །

ལོག་པའི་ཉེས་བཤད་ཉེས་པའི་ཚོགས། །

ཆོས་སྤྱན་ལྡན་ལ་བཟོད་པར་ཞུ། །

བདག་གི་དྲི་མར་མ་གྱུར་ཅིག །

ཟབ་རྒྱས་ཆོས་ཚུལ་བཤད་པའི་རབ་དཀར་ཅི་མཆིས་པས། །

འགྲོ་རྣམས་སྒྲིབ་གཉིས་རྒུད་པ་མཐའ་དག་ཀུན་བསལ་ཏེ། །

སྐུ་བཞིའི་རིན་ཆེན་གླིང་དུ་དེད་དཔོན་མགོན་པོ་མཆོག །

རྒྱལ་བ་གོ་འཕངས་རང་མིན་མྱུར་དུ་ཐོབ་པར་སྨོན། །

དེ་མ་ཐོབ་པའི་སྐྱེ་བ་ཀུན་ཏུ་ཡང༌། །

བཤེས་གཉེན་མཆོག་གིས་ཚུལ་བཞིན་རྗེས་བཟུང་སྟེ། །

ཀུན་མཁྱེན་ལམ་མཆོག་སྒྲུབ་ལ་གེགས་མེད་པར། །

འཇུག་པས་ས་ལམ་མ་ནོར་བགྲོད་པར་ཤོག །

ཞི་བདེ་མ་ལུས་འབྱུང་བའི་གནས་གཅིག་པུ། །

ཐུབ་པའི་ལུང་རྟོགས་འདོད་འཇོའི་དཔག་བསམ་ཤིང༌། །

བཤད་སྒྲུབ་འཛིན་པའི་ངུར་སྨྲིག་རྒྱ་མཚོ་ཆེ། །

གཏན་བདེའི་དཔལ་གྱིས་ས་གསུམ་ཁྱབ་གྱུར་ཅིག །

ཅེས་དབུ་མ་ལ་འཇུག་པའི་ཚིག་དོན་ཟླ་བ་གྲགས་པའི་དགོངས་རྒྱན་རིན་ཆེན་སྒྲོན་མེ་ཞེས་བྱ་བ་འདི་ནི་སྔར་བློ་ལྡན་དུ་མས་བསྐུལ་བ་ལ་བརྟེན་ནས་དཔལ་ལྡན་ཟླ་བ་གྲགས་པའི་ལུགས་ལས་བརྩམས་ནས་རང་དང་སྐལ་བ་མཉམ་པ་ལ་ཕན་ཕྱིར་དུ་བཤད་པ་དང༌། རང་ཡང་ཟབ་མོ་རང་སྟོང་གི་ལྟ་བ་ལ་བག་ཆགས་ཁྱད་པར་ཅན་འཇོག་པའི་ཆེད་དུ། ངག་དབང་དངོས་གྲུབ་དཔལགྱིས་རང་ལོ་ལྔ་བཅུ་ང་གཉིས་པ་རབ་བྱུང་བཅུ་བདུན་པའི་འཕར་བ་ལྕགས་གླང་ལོའི་མགོ་ཟླ་བའིནང་དུ་ཉིན་ཉི་ཤུ་ལྷག་ལ་དཔེ་ཁྲིད་དུ་མའི་ཞར་ལ་བྲིས་ནས་ཚེས་ཉེར་ལྔ་ལ་མཇུག་རྫོགས་པར་བྲིས་པའོ།། །།འདིས་ཀྱང་ཀུན་མཁྱེན་རྒྱལ་བའི་བསྟན་པ་ཕྱོགས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུནརིང་དུ་གནས་པར་གྱུར་ཅིག། དགེའོ། །རྒྱལ་བར་གྱུར་ཅིག། །།

པར་བྱང་སྨོན་ཚིག

ཆོས་ཚུལ་ཟབ་མོའི་གནས་ཀུན་རབ་གསལ་བའི། །

རྒྱལ་བསྟན་མི་ནུབ་རྒྱལ་མཚན་འཛིན་པའི་དཔྱིད། །

སྐྱེས་བུ་དམ་པའི་མཛད་འཕྲིན་ཡང་སྙིང་ཉིད། །

གསུང་གི་རྣམ་དཀར་པདྨ་དཀར་བོའི་ཕྲེང༌། །

སྐལ་ལྡན་གདུལ་བྱའི་བློ་གྲོས་གསོས་སྨན་དུ། །

པར་བསྐྲུན་བྱས་པའི་རྣམ་དཀར་ཆུ་ཀླུང་འདི། །

དུས་གསུམ་བསགས་པའི་མཚོ་ཆེན་དང་འདྲེས་ནས། །

འགྲོ་རྣམས་སྲིད་པའི་ཚ་གདུང་སེལ་བར་སྨོན། །

ཞེས་པ་འདི་ཡང་བཙུན་པ་ངག་དབང་དངོས་གྲུབ་དཔལ་གྱིས་སྨྲས་པའོ། །