cover

གསུང་འབུམ་པོད་ཉི་ཤུ་པ། རྟགས་རིགས་ཀྱི་ཟིན་བྲིས་སོགས།

དཔལ་ལྡན་རྒྱལ་བ་ཇོ་ནང་པའི་དཔེ་ཚོགས།

དགེ་བཤེས་དངོས་གྲུབ་དཔལ།

གངས་ལྗོངས་རིས་མེད་མཐོ་སློབ་ཀྱི་རྩོམ་སྒྲིག་སྡེ་ཚན།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྟགས་ཀྱི་མཚན་ཉིད་བཤད་སྐབས་ཀྱི་དོགས་དཔྱོད།

རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་ཀྱི་ཟིན་བྲིས་རིགས་ལམ་རྟོག་གེའི་གད་རྒྱངས་ཞེས་བྱ་བ་བཞུགས་སོ། །ཡང་དག་ལྟ་བ་འཁོར་ལོས་བསྒྱུར་རྒྱལ་མཆོག ། རླབས་ཆེན་ཚོགས་གཉིས་དཔུང་གིས་མདུན་དྲངས་ཏེ། །ཉོན་མོངས་དགྲ་རྣམས་རྨེག་ནས་འཇོམས་མཛད་པ། །ཐུབ་དབང་ལྷ་ཡི་ལྷ་མཆོག་གཙུག་གིས་མཆོད། །རྣམ་དག་དད་གསུམ་སྙིང་ནས་འཛུམ་པ་ན། །ཟབ་གསལ་རྣོ་བའི་ཤེས་རབ་སྤྲིན་གྱི་བཅུད། །ཡང་དག་ལེགས་བཤད་དཔྱིད་དུ་འཇོ་བའི་གཉེན། །རྗེ་བཙུན་བརྟན་པའི་འཁོར་ལོས་ཤིས་པ་སྩོལ། །ལུང་དང་མངོན་པར་རྟོགས་པའི་ཡོན་ཏན་གྱིས། །འཕགས་བོད་མཁས་དང་གྲུབ་པ་བྱེ་བའི་ཁྲོད། །རྒྱུ་སྐར་དབུས་ན་ཟླ་ལྟར་མངོན་འཕགས་པ། །ཀུན་མཁྱེན་ཀུན་དའི་གཉེན་ལ་གུས་པས་འདུད། །གང་གསུང་ལེགས་བཤད་བདུད་རྩིའི་ཐིགས་པ་ཙམ། །རྣ་བར་སོན་པའི་འཁོར་བའི་གཅོང་རོང་ལས། །ཐར་མཛད་དགེ་ལེགས་བྱེ་བའི་གཞི་གཅིག་པུ། །བཤེས་གཉེན་དམ་པའི་ཞབས་པད་གཙུག་གིས་མཆོད། །བདེ་བར་གཤེགས་པའི་གསུང་རབ་ཆུ་གཏེར་ཆེ། །ཡང་དག་རིགས་པའི་ལམ་གྱིས་བསྲུབས་པ་ལས། །བྱུང་བའི་བདུད་རྩིའི་ཟས་མཆོག་རྟགས་རིགས་གཞུང༌། །བཤེས་གཉེན་དམ་པའི་གསུང་བཞིན་བྲི་བར་བྱ། །དེ་ལ་འདིར་ཇོ་ནང་ཡང་དར་བསྟན་པའི་བྱེད་པོ་དགེ་བཤེས་ངག་དབང་དངོས་གྲུབ་དཔལ་བཟང་པོ་མཆོག་གིས་འཆད་ཁྲིད་གནང་བའི་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་ཀྱི་དོགས་དཔྱོད་རྣམས་རང་དང་སྐལ་བ་མཉམ་པའི་གསར་སློབ་ལས་དང་པོ་པ་རྣམས་ཀྱི་བློ་གྲོས་ཀྱི་སྒོ་མོ་ཡངས་པོར་ཕྱེ་བའི་ཆེད་དུ་དཔེ་ཁྲིད་སྐབས་ཀྱི་རྟགས་གསལ་རྣམས་གཞིར་བཟུང་བའི་ཐོག་རང་ལུགས་ཀྱི་བསྡུས་རྟགས་སོགས་ཀྱི་ལུང་རེ་ཟུང་ཁ་སྣོན་དང་བཅསཟིན་བྲིས་སུ་འགོད་པར་བྱ།

རྟགས་ཀྱི་མཚན་ཉིད་བཤད་སྐབས་ཀྱི་དོགས་དཔྱོད།

རྟགས་ཀྱི་མཚན་ཉིད་བཤད་སྐབས་ཀྱི་དོགས་དཔྱོད།

རྣམ་འགྲེལ་གྱི་ལེའུའི་གོ་རིམ་ལ་རང་དོན་རྗེས་དཔག་གི་ལེའུ་དང་པོ་དང་ཚད་མ་གྲུབ་པའི་ལེའུ་གཉིས་པ་དང༌། མངོན་སུམ་ལེའུ་གསུམ་པ་དང་གཞན་དོན་རྗེས་དཔག་གི་ལེའུ་བཞི་བར་བསྟན་པ་ཡིན་པར་ཐལ། འདོད་ན། རྣམ་འགྲེལ་སྐབས་སུ་རང་དོན་ལེའུ་དང་པོར་བསྟན་པའི་རྒྱུ་མཚན་དེ་རྣམ་འགྲེལ་རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར། ཞེས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་པའི་རྒྱུ་མཚན་གྱིས་གསུངས་པ་ཡིན་པར་ཐལ། འདོད་ན། ཚད་མ་མདོ་ཆོས་ཅན། ཁྱོད་ཀྱི་སྐབས་སུ་རང་དོན་རྗེས་སུ་དཔག་པའི་ལེའུ་དེ་དང་པོར་བསྟན་དགོས་པར་ཐལ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་སུ་དཔག་པར་རག་ལས་པའི་ཕྱིར། ཁྱབ་པ་གོང་གི་ལུང་གིས་གྲུབ་ཅིང༌། འདོད་མི་རིགས་ཏེ། ཚད་མ་མདོའི་ལེའུ་དྲུག་གི་གོ་རིམ་མངོན་སུམ་ལེའུ། རང་དོན་ལེའུ། གཞན་དོན་ལེའུ། དཔེ་བརྟག་པའི་ལེའུ། སེལ་བ་བརྟག་པའི་ལེའུ། ལྟག་ཆོད་བརྟག་པའི་ལེའུ་སྟེ་དྲུག་བསྟན་པའི་དང་པོར་མངོན་སུམ་ལེའུ་བསྟན་པའི་ཕྱིར་ན་འགའ་ཞིག་གིས་འདིའི་དོན་དང་དོན་མ་ཡིན་པ་རིམ་བཞིན་སློབ་དཔོན་ཕྱོགས་གླང་གི་ཚད་མའི་གཞུང་དང༌། མུ་སྟེགས་པའི་ཚད་མའི་གཞུང་ལ་བྱེད་པར་ཤཱཀྱ་བློས་གསུངས་པས་དེ་གཉིས་རྣམ་པར་འབྱེད་པའི་ཕྱིར་མདོ་རང་ལས་དེ་ལྟར་བསྟན་ཚུལ་མེད་ལ། རྣམ་འགྲེལ་ནི་མདོའི་འགྲེལ་བ་ཡིན་པས་རང་དོན་ལེའུ་དང་པོར་བསྟན་ཟེར་ན། འོ་ན་ཚད་མ་རྣམ་ངེས་སུ་རང་དོན་རྗེས་དཔག་གི་ལེའུ་དང་པོར་བསྟན་པར་ཐལ། དོན་སློབ་དཔོན་གྱིས་གསུངས་པའི་ཚད་མའི་གཞུང་དང༌། དོན་མ་ཡིན་པ་ཕྱི་རོལ་པའི་ཚད་མའི་གཞུང་རྣམས་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་ཤིང་རྣམ་ངེས་ནི་ཚད་མ་མདོའི་འགྲེལ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་ངེས་སུ་མདོ་དང་མཐུན་པར་མངོན་སུམ་ལེའུ་དང་པོར་བསྟན་པའི་ཕྱིར་ན་དཔྱད། རང་ལུགས་ལ་ཚད་མ་མདོ་དང་རྣམ་ངེས་གཉིས་ཀྱི་སྐབས་སུ་མངོན་སུམ་དང་པོར་བཤད་པ་ནི། གདུལ་བྱའི་རྒྱུད་ལ་སྐྱེ་བའི་རིམ་པའི་དབང་དུ་མཛད་ནས་གསུངས་ལ། རྣམ་འགྲེལ་སྐབས་སུ་ལོག་རྟོག་དགག་པ་གཙོ་བོར་བྱས་ནས་བཤད་པ་ཡིན་ཞིང༌། རྣམ་འགྲེལ་གྱིས་ལོག་རྟོག་དེ་བསལ་མི་ནུས་ན་རྣམ་ངེས་ལས་གསུངས་ཀྱང་ལོག་རྟོག་དེ་བཟློག་མི་ནུས་ལ། རྣམ་འགྲེལ་ལ་བརྟེན་ནས་ལོག་རྟོག་དེ་བསལ་ན་རྣམ་ངེས་སུ་དགོས་པ་གཞན་མེད་པས་རྣམ་ངེས་ལས་ལེའུའི་གོ་རིམ་ལས་དང་པོ་མདོ་དང་མཐུན་པར་མངོན་སུམ་ལེའུ་དང་པོར་གསུངས་སོ། །གཞན་ཡང་རང་འགྲེལ་ལས་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ཞེས་པའི་དོན་ནི། སློབ་དཔོན་ཤཱཀྱ་བློས་འགྲེལ་བཤད་དུ། དོན་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས་མཛད་པའི་ཚད་མ་ཉིད་ལ་སོགས་པ་ཡིན་ཏེ། རིགས་པ་དང་ལྡན་པའི་ཕྱིར། དོན་མ་ཡིན་པ་ནི་མུ་སྟེགས་བྱེད་ཀྱིས་བྱས་པ་ཡིན་ཏེ། རིགས་པ་དང་མི་ལྡན་པའི་ཕྱིར། དེ་གཉིས་རྣམ་པར་འབྱེད་པ་ནི་རིགས་པ་དང་ལྡན་པ་དང་རིགས་པ་དང་མི་ལྡན་པ་ཉིད་དུ་རྣམ་པར་འཇོག་པའོ། །ཞེས་དང༌། བྲམ་ཟེ་ཆེན་མོ་བདེ་བྱེད་དགའ་བས། དོན་ནི་དོན་དམ་དུ་ཡོད་པའི་ངོ་བོ། དོན་མ་ཡིན་པ་ནི་དེ་ལས་བཟློག་པ་སྟེ། ཞེས་གསུངས་པས་རང་ལུགས་ལ་དེ་གཉིས་ལས་གང་འཐད་དང༌། རྒྱན་མཁན་པོ་དང་ཡ་མ་རི་ན་གཉིས་ཀྱིས་ལེའུ་དང་པོ་ལ་ཚད་གྲུབ་ལེའུ་འཇོག་པ་དང་བོད་འགྲེལ་འགའ་ཞིག་ཏུའང་ཚད་གྲུབ་ལེའུ་དང་པོར་གསུངས་ཡོད་མོད། རང་ལུགས་རིན་འཕྲེངལས་རང་དོན་ལེའུ་དང་པོར་གསུངས་སོ། །༈ ཡང་རྣམ་འགྲེལ་སྐབས་སུ་རང་དོན་རྗེས་དཔག་དང་པོར་བཤད་པའི་རྒྱུ་མཚན་ལ་དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་པའི་རྒྱུ་མཚན་གྱིས་བཞག་པ་མི་འཐད་པར་ཐལ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་མངོན་སུམ་ལ་རག་ལས་པའི་ཕྱིར། མ་གྲུབ་ན། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་མངོན་སུམ་ལ་རག་ལས་པར་ཐལ། མཐར་ཐུག་ན་གཞལ་བྱ་འཇལ་བ་མངོན་སུམ་ལ་རག་ལས་པའི་ཕྱིར། དེར་ཐལ། མཐར་གཏུགས་ན་གཞལ་བྱ་རྣམས་རང་མཚན་ཁོ་ན་ལ་བརྟེན་པ་གང་ཞིག རང་མཚན་རྣམས་རྣམ་པར་གཞལ་བ་མངོན་སུམ་ལ་རག་ལས་པའི་ཕྱིར། དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། གཞལ་བྱ་རང་མཚན་ཁོ་ན་འོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། རྣམ་འགྲེལ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་ཕྱིར། འདོད་ན། མཐར་ཐུག་ན་གཞལ་བྱ་འཇལ་བ་མངོན་སུམ་ལ་རག་ལས་པ་ཡིན་པར་ཐལ། མཐར་གཏུགས་ན་གཞལ་བྱ་རྣམས་རང་མཚན་ཁོ་ན་ལ་བརྟེན་པ་གང་ཞིག རང་མཚན་རྣམས་རྣམ་པར་གཞལ་བ་མངོན་སུམ་ལ་རག་ལས་པའི་ཕྱིར། འདོད་ན། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་མངོན་སུམ་ལ་རག་ལས་པར་ཐལ། འདོད་པའི་ཕྱིར། འདོད་ན། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་མངོན་སུམ་ལ་རག་ལས་པ་མ་ཡིན་པར་ཐལ། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་པའི་ཕྱིར། མ་གྲུབ་ན། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་རྗེས་དཔག་ལ་རག་ལས་པ་ཡིན་པར་ཐལ། རྣམ་འགྲེལ་རང་འགྲེལ་ལས། དོན་དང་དོན་མ་ཡིན་པ་རྣམ་པར་འབྱེད་པ་ནི་རྗེས་སུ་དཔག་པ་ལ་བརྟེན་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། འདིའི་སྐབས་སུ་རྣམ་འགྲེལ་དུ་རངདོན་རྗེས་དཔག་གི་ལེའུ་དང་པོར་བསྟན་པའི་རྒྱུ་མཚན་བསྟན་པ་ཡིན་པའི་ཕྱིར་ན་དཔྱད། ༈ གཏན་ཚིགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། རྟགས་ཡིན་ན་གཏན་ཚིགས་སུ་བཀོད་པ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པས་བཀོད་མི་ཤེས་པའི་རྟགས་ཆོས་ཅན། གཏན་ཚིགས་སུ་བཀོད་པ་ཡིན་པར་ཐལ། རྟགས་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པས་བཀོད་མི་ཤེས་པའི་རྟགས་ཆོས་ཅན། ཁྱོད་གཏན་ཚིགས་སུ་བཀོད་པའི་སྦྱོར་བ་ཡོད་པར་ཐལ། འདོད་ན། དེ་ཆོས་ཅན། ཁྱོད་དམ་བཅའ་བས་རྟགས་སུ་བཀོད་ཤེས་པར་ཐལ། འདོད་ན། དེ་ཆོས་ཅན། ཁྱོད་སངས་འཕགས་ཀྱིས་རྟགས་སུ་བཀོད་ཤེས་པར་ཐལ། འདོད་ན། དམ་བཅའ་བས་བཀོད་མི་ཤེས་པའི་རྟགས་ཀྱང་དམ་བཅའ་བས་རྟགས་སུ་བཀོད་ཤེས་པར་ཐལ། སྔ་མའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་མི་ནུས་ཏེ། དམ་བཅའ་བས་བཀོད་མི་ཤེས་པའི་རྟགས་ཞེས་པའི་མི་ཞེས་པ་དགག་ཚིག་ཡིན་ཞིང༌། ཚིག་དེས་དམ་བཅའ་བས་རྟགས་སུ་བཀོད་ཤེས་པ་དེ་དགག་པ་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པས་བཀོད་མི་ཤེས་པའི་རྟགས་ཆོས་ཅན། གཏན་ཚིགས་སུ་བཀོད་པ་མ་ཡིན་པར་ཐལ། འདོད་ན། སངས་རྒྱས་འཕགས་པས་བཀོད་མི་ཤེས་པའི་རྟགས་ཆོས་ཅན། གཏན་ཚིགས་སུ་བཀོད་པ་ཡིན་པར་ཐལ། རྟགས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྟགས་དང་དཔེ་གཉིས་ལས་དང་པོའི་མཚན་ཉིད། གཏན་ཚིགས་སུ་བཀོད་པ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། ཡོད་མེད་གང་རུང་ཡིན་ན་རྟགས་ཡིན་པས་ཁྱབ་སྟེ། དེ་གང་རུང་ཡིནན་གཏན་ཚིགས་སུ་བཀོད་པ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་གཏན་ཚིགས་སུ་བཀོད་པ་རྟགས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། གཏན་ཚིགས་སུ་བཀོད་པ་རྟོགས་ན་རྟགས་རྟོགས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཏན་ཚིགས་སུ་བཀོད་པ་རྟོགས་ན་རྟགས་རྟོགས་པས་ཁྱབ་པར་ཐལ། གཏན་ཚིགས་སུ་བཀོད་པ་རྟོགས་ན་གཏན་ཚིགས་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་ཀྱི་མཚན་ཉིད་ལ་རྟགས་སུ་བཀོད་པ་འཇོག་དགོས་ཤིང༌། རྟགས་སུ་བཀོད་པ་རྟོགས་ན་རྟགས་རྟོགས་པས་ཁྱབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཏན་ཚིགས་ཀྱི་མཚན་ཉིད་ལ་རྟགས་སུ་བཀོད་པ་འཇོག་དགོས་པར་ཐལ། གཏན་ཚིགས་ཀྱི་མཚན་ཉིད་འཇོག་རྒྱུ་ཡོད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རྟགས་སུ་བཀོད་པ་རྟོགས་ནརྟགས་རྟོགས་པས་ཁྱབ་པར་ཐལ། དེའི་ཚིག་ཟུར་གྱི་རྟགས་རྟོགས་དགོས་པའི་ཕྱིར་ན་དཔྱད། ༈ རི་བོང་རྭ་རྟགས་ཀྱི་མཚན་གཞི་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། མཚན་གཞི་ནི། རི་བོང་རྭ་དང་བྱས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། ཁྱོད་རྟགས་མ་ཡིན་པ་ལས་ལོག་པའི་གཞི་གང་ཞིག ཁྱོད་རྟོགས་ནས་རྟགས་མ་རྟོགས་པའི་གང་ཟག་ཡོད་པར་ཐལ། ཁྱོད་རྟགས་ཀྱི་མཚན་གཞི་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དེ་གཞི་དེའི་མཚན་གཞི་ཡིན་པ་ལ་ཆོས་དེ་གཞི་དེ་མ་ཡིན་པ་ལས་ལོག་པའི་གཞི་གང་ཞིག ཆོས་དེ་རྟོགས་ནས་གཞི་དེ་མ་རྟོགས་པའི་གང་ཟག་ཡོད་དགོས་པའི་ཕྱིར། དེར་ཐལ། དེ་མཚན་གཞིའི་དོན་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་རྟོགས་ནས་རྟགས་མ་རྟོགས་པའི་གང་ཟག་ཡོད་པར་ཐལ། རི་བོང་རྭ་རྟགས་ཀྱི་མཚན་གཞི་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། རི་བོང་རྭ་རྟོགས་པའི་གང་ཟག་ཡོད་པར་ཐལ། རི་བོང་རྭ་རྟོགས་ནས་རྟགས་མ་རྟོགས་པའི་གང་ཟག་ཡོད་པའི་ཕྱིར། འདོད་ན། རི་བོང་རྭ་རྟོགས་པའི་ཚད་མ་ཡོད་པར་ཐལ། རི་བོང་རྭ་རྟོགས་པའི་གང་ཟག་ཡོད་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། ཚད་མའི་རྟོགས་པར་བྱ་བ་ཡིན་པར་ཐལ། ཁྱོད་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། གཞལ་བྱ་ཡིན་པར་ཐལ། ཚད་མའི་རྟོགས་པར་བྱ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མས་རྟོགས་པར་བྱ་བ་གཞལ་བྱའི་མཚནཉིད་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་རི་བོང་རྭ་ཆོས་ཅན། རྟགས་ཡིན་པར་ཐལ། འདོད་ན། རི་བོང་རྭ་ཆོས་ཅན། རྟགས་དངོས་གནས་པ་ཡིན་པར་ཐལ། རྟགས་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། རྟགས་དངོས་གནས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཆོས་དེ་དངོས་གནས་པ་ཡིན་ན་ཆོས་དེ་ཡང་དག་ཡིན་དགོས་པའི་ཕྱིར། དེར་ཐལ། ཆོས་དེ་ཡང་དག་དང་ཆོས་དེ་ལྟར་སྣང་ཡིན་པའི་ཚད་ཡོད་པའི་ཕྱིར་ན་སྐབས་ཐོབ་ཀྱི་གོ་བ་མི་འདྲ་བ་མང་དུ་ཡོད་པ་སྟེ། རྟགས་ཡིན་ན་རྟགས་ཡང་དག་ཡིན་པས་མ་ཁྱབ་པ་དང་མངོན་སུམ་དང་སྒྲུབ་ངག་ལ་མངོན་སུམ་དང་སྒྲུབ་ངག་ཡང་དག་གིས་ཁྱབ་པ་གྲུབ་པས་ཅུང་དཀའ་བའི་གནས་སུ་སྣང་བས་བློལྡན་རྣམས་ཀྱིས་དཔྱད་པར་བྱའོ། །༈ ཡང་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་ན་ཁྱོད་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པར་ཐལ། འདོད་ན། དེ་ལ་འདོད་ལན་བཏབ་པས་སྒྲ་མི་རྟག་པ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པར་འདོད་ཟེར་ན། སྒྲ་མི་རྟག་པ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་མ་ཡིན་པར་ཐལ། སྒྲ་མི་རྟག་པ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། སྒྲ་འཇོག་ཟེར་ན། སྒྲ་མི་རྟག་པ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་མ་ཡིན་པར་ཐལ། སྒྲ་མི་རྟག་པ་སྒྲ་ཆོས་ཅན། མི་རྟག་སྟེ། སྒྲ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པའི་ཕྱིར་ན་ཐལ་འགྱུར་འདི་ལ་འདོད་རྟགས་ཁྱབ་གསུམ་གང་གིས་ལན་བཏབ་ཀྱང་གོང་དང་དངོས་འགལ་དུ་འགྲོ་བས་དེ་སྒྲས་ཞིབ་ཆ་རེ་གྲགསཀྱང༌། དེའང་ཁུངས་ཐུབ་པ་ཞིག་མི་སྣང་ངོ༌། །༈ ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། སྐད་ཅིག་མ་ཆོས་ཅན། བྱས་པ་དང་གཅིག་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། སྐད་ཅིག་མ་ཆོས་ཅན། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་ལ་ཁྱོད་འཇོག་དགོས་པའི་ཕྱིར། དེར་ཐལ། དེའི་རྟགས་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། ཁྱབ་སྟེ། དེའི་བསྒྲུབ་བྱ་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་འཇོག་དགོས་ཤིང༌། དེའི་རྟགས་སྐད་ཅིག་མ་དེ་བསྒྲུབ་བྱ་བྱསརྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། ༈ ཡང་ན་སྐད་ཅིག་མ་ཆོས་ཅན། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པར་ཐལ། ཁྱོད་བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཁྱོད་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་དགོས་པ་གང་ཞིག རིགས་པ་ཀུན་ནས་མཚུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར། ཁྱབ་སྟེ། སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་ན་ཁྱོད་སྒྲ་ཆོས་ཅན། མི་རྟག་སྟེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་ཡིན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། རང་ལུགས་རྟགས་རིགས་ལས། ཁྱོད་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཏན་ཚིགས་སུ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར། དེར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །༈ ཡང་བྱས་རྟགས་ཀྱིས་སྒྲ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། བྱས་རྟགས་ཀྱིས་རྗེས་ཁྱབ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་རྗེས་ཁྱབ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་མི་ནུས་ཏེ། བྱས་རྟགས་ཀྱིས་རྗེས་ཁྱབ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པ་གང་ཞིག དེ་སྒྲུབ་ཀྱི་རྟགས་ཡང་དག་དེ་ལ་བྱས་པ་བཞག་ན་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་རྟགས་ཀྱིས་རྗེས་ཁྱབ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པར་ཐལ། བྱས་རྟགས་ཀྱིས་ཚུལ་གསུམ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར། དེར་ཐལ། བྱས་པ་རྟགས་སུ་བཀོད་པའི་ཚུལ་གསུམ་ཡོད་པ་ཡིན་པའིཕྱིར་རོ། །༈ ཡང་བྱས་རྟགས་ཀྱིས་ཐལ་འགྱུར་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་ལ་དེ་ལྟར་ཁྱབ་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་ཐལ་འགྱུར་གཟུགས་སུ་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། བྱས་རྟགས་ཀྱིས་ཐལ་འགྱུར་གཟུགས་སུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་རྟགས་ཀྱིས་ཐལ་འགྱུར་གཟུགས་སུ་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པ་གང་ཞིག དེ་ལ་བྱས་པ་བཞག་ན་ཁྱབ་པ་གྲུབ་མི་ཐུབ་པའི་ཕྱིར། དང་པོ་གྲུབ་སྟེ། བྱས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་གཟུགས་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱས་པ་ཡིན་ན་གཟུགས་ཡིན་པས་ཁྱབ་པ་མ་གྲུབ་པའི་ཕྱིར་ན་དཔྱད་དགོས་ལ། དོགས་དཔྱོད་འགའ་ཞིག་ཏུ་བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་བྱེད་ཚིག་སྦྱར་ཏེ་བཀོད་ན་ཆོས་ཅན་སྐྱོན་ཅན་དང་བྱས་རྟགས་ཀྱི་སྒྲ་ཆོས་ཅན་ཞེས་འབྲེལ་སྒྲ་སྦྱར་ན་ཆོས་ཅན་མ་གྲུབ་ཅེས་ལན་གནང་འདུག་ནའང་རིགས་པས་དཔྱད་ཚེ་དེའང་ཕུགས་ཐུབ་པ་ཞིག་ཏུ་མི་སྣང་ཞིང༌། ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་ཀྱང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་མ་ཁྱབ་སྟེ། བྱས་རྟགས་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་བཀོད་པ་ན་སྐད་ཅིག་མ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་མིན་ཞེས་ཞིབ་ཆབྱེད་མཁན་ཡོད་ན་ཡང་ཤེས་བྱེད་ཡང་དག་ཏུ་མི་སྣང་བས་དཔྱད། ༈ ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། གཞི་གྲུབ་ན། བྱས་རྟགས་ཀྱིས་ཁྱོད་དུ་སྒྲུབ་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པ་ཡོད་པས་ཁྱབ་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། བྱས་རྟགས་ཀྱིས་ཁྱོད་དུ་སྒྲུབ་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། གསར་དུ་མི་བསླུ་བའི་ཤེས་པ་ཆོས་ཅན། བྱས་པ་དང་གཅིག་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཚད་མར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། གསར་དུ་མི་བསླུ་བའི་ཤེས་པ་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཚད་མར་སྒྲུབ་པར་བྱེད་པའི་རྟགས་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཚད་མར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། གསར་དུ་མི་བསླུ་བའི་ཤེས་པ་བྱས་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཚད་མར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པརྟོགས་པའི་རྗེས་དཔག་ཚད་མར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་བྱས་པ་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། ཁྱོད་གཞི་གྲུབ་ན་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། འདོད་ན། ཁྱོད་ཁྱོད་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་པར་ཐལ། ཁྱོད་གཞི་གྲུབ་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་ཡིན་པར་ཐལ། ཁྱོད་ཁྱོད་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་མི་ནུས་ཏེ། ཁྱོད་གཞི་མ་གྲུབ་པའི་ཕྱིར། གོང་དུ་ཁྱོད་གཞི་གྲུབ་ན་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་མ་ཁྱབ་ཟེར་ན། འོ་ན་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་སྟེ་ཟེར་ནས་རྟགས་བཀོད་དུ་བཅུགས་ན་འགའ་ཞིག་རྩོད་གཞི་ཆིག་རྐྱང་གང་ཞིག གཞི་གྲུབ་པའི་ཕྱིར་ཞེས་བཀོད་མཁན་སྣང་ཡང༌། དེ་ལརང་རྩོད་གཞིར་བླངས་ཏེ་དཔྱད་ན་སྔར་དང་གཅིག་ཏུ་ཆགས་པར་སྣང་ངོ༌། །༈ ཡང་གཞི་གྲུབ་ན་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་པ་གྲུབ་པས་ཁྱབ་པར་ཐལ། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་ན་ཁྱོད་དང་གཅིག་ཡིན་པས་ཁྱབ་པ་གྲུབ་པས་ཁྱབ་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཁྱོད་ཁྱོད་དང་གཅིག་པ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་གཅིག་ཡིན་པར་ཐལ། འདོད་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་གཅིག་མ་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་ཐ་དད་ཡིན་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། ཤེས་བྱ་ཡོད་པར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་མ་ཡིན་པར་ཐལ། དེ་ལྟར་ཁས་བླངས་པས་ཤེས་བྱའི་སྟེང་དུ་ཁས་ལེན་འགྲོ་དགོས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་དང་ཚད་མ་གཉིས་ཀ་མ་ཡིན་པར་ཐལ། འདོད་ན། ཤེས་བྱ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་མི་རྟག་པའི་བྱེ་བྲག་དང་ཚད་མ་གཉིས་ཀ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། གཞི་གྲུབ་ན་ཡོད་པར་རྟོགས་པའི་ཚད་མ་མི་རྟག་པ་དང་ཚད་མ་གཉིས་ཀ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར་ན་དཔྱད།

རྟགས་ཡང་དག་གི་མཚན་ཉིད་བཤད་སྐབས་ཀྱི་དོགས་དཔྱོད།

རྟགས་ཡང་དག་གི་མཚན་ཉིད་བཤད་སྐབས་ཀྱི་དོགས་དཔྱོད།

རིག་པ་ཅན་གྱི་ལུགས་ལ་སྔ་མ་ལྡན་པའམ་རྒྱུ་རྟགས་ཡང་དག་འདོད་ཀྱང་རང་ལུགས་ལ་རྒྱུ་རྟགས་ཡང་དག་མི་འདོད་པར་ཐལ། འདོད་མི་ནུས་ཏེ། བྱས་པའི་རྒྱུ་དེ་དངོས་པོའི་རྒྱུར་གྱུར་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་དེའི་རྒྱུ་གང་ཡིན་པ་རྟགས་སུ་བཀོད་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པའི་རྒྱུ་ཆོས་ཅན། དངོས་པོའི་རྒྱུར་གྱུར་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དངོས་པོའི་རྒྱུར་གྱུར་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་གང་ཞིག དངོས་པོའི་རྒྱུར་གྱུར་པའི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར། དང་པོ་སླ། ཕྱི་མ་དེར་ཐལ། དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་མ་ཡིན་པ་གང་ཞིག འགལ་རྟགས་དང་མ་ངེས་པའི་རྟགས་གང་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མ་གྲུབ་པའི་རྟགས་བཅུ་བཞིའམ་བཅོ་ལྔ་བོ་གང་ཡང་མ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། བྱས་པའི་རྒྱུའི་རྟགས་ཀྱིས་དངོས་པོའི་རྒྱུར་གྱུར་པའི་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་རྣལ་མ་ངེས་པ་གང་ཞིག དེ་སྒྲུབ་ཀྱི་འགལ་རྟགས་དང་མ་ངེས་པའི་རྟགས་གང་ཡིན་ཡང་ཁྱབ་པ་རྣལ་མ་མ་ངེས་དགོས་པའི་ཕྱིར། དེར་ཐལ། རང་ལུགས་རྟགས་རིགས་ལས། མ་ངེས་པའི་རྟགས་ཡིན་ན་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་ཡང་མ་ངེས་པ་དགོས་པའི་ཕྱིར་རོ། །ཞེས་དང༌། འགལ་རྟགས་ཡིན་ན་རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་དེ་སྒྲུབ་ཀྱི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན། མཁས་པ་འགའ་ཞིག་གིས་རྟགས་དེ་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་གསུངས་ལ། ཡང་འགའ་ཞིག་གིས་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ལ་དངོས་ཀྱི་མ་ངེས་པའི་གཏན་ཚིགས་དང་ལྷག་ལྡན་གྱི་གཏན་ཚིགས་གཉིས་དང་དེ་གཉིས་གང་ཡང་མ་ཡིན་པའི་གཏན་ཚིགས་གསུམ་གསུངས་པ་ལས་ཕྱི་མ་དེ་ཡིན་པར་གསུངསཔས་རང་ལུགས་ལ་གང་འཐད་དཔྱད། ༈ ཡང་རིགས་གཏེར་རང་འགྲེལ་གྱི་ལུགས་ལ་རིག་པ་ཅན་གྱིས་ཚུལ་བཞི་བ་ཅན་གྱི་རྟགས་འདོད་པ་གསུངས་པ་མི་འཐད་པར་ཐལ། སྔ་མ་དང་ལྡན་པ་དང༌། ལྷག་མ་དང་ལྡན་པ་དང༌། སྤྱི་མཐོང་བ་སྟེ་གསུམ་ལས་མི་འདོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཚད་མ་མདོའི་རང་འགྲེལ་ལས། རིག་པ་ཅན་ན་རེ། དེ་སྔོན་དུ་སོང་བ་ཅན་གྱི་རྗེས་སུ་དཔག་པ་ནི་གསུམ་སྟེ། སྔ་མ་དང་ལྡན་པ། ལྷག་མ་དང་ལྡན་པ་དང༌། སྤྱི་མཐོང་བ་ཅན་ནོ་ཞེས་ཟེར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རིགས་གཏེར་ལུགས་ལ་ཕྱི་རོལ་རིག་པ་ཅན་གྱིས་རྟགས་གསུམ་ལས་མི་འདོད་པ་མི་འཐད་པར་ཐལ། རིག་པ་ཅན་དག་གིས་ཚུལ་བཞི་བ་ཅན་གྱི་རྟགས་འདོད་པའི་ཕྱིར། དེར་ཐལ། རིགས་གཏེར་རང་འགྲེལ་ལས། ཡང་རིག་པ་ཅན་པ་འགའ་ཞིག་ཆོས་ཅན་ལ་གྲུབ་པ་སྔ་མ་ཅན་དང༌། མཐུན་ཕྱོགས་ལ་ཡོད་པ་ལྷག་མ་ཅན་དང༌། མི་མཐུན་ཕྱོགས་ལ་མེད་པ་སྤྱི་མཐོང་བ། མངོན་སུམ་དངལུང་གཉིས་ཀྱིས་མི་གནོད་པ་འགལ་བ་མེད་པ་སྟེ་ཚུལ་བཞི། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་ཚུལ་དྲུག་པ་ཅན་གྱི་རྟགས་དེ་རྟགས་ཡང་དག་གི་མཚན་ཉིད་དང་དེ་ལས་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་འདོད་པ་ཡིན་པར་ཐལ། འདོད་ན། སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་རྟགས་ཚུལ་དང་པོར་ཕྱོགས་ཆོས་ཞེས་བཤད་པ་འཐད་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། སློབ་དཔོན་དབང་ཕྱུག་སྡེས་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཤད་ན་དགོས་པ་མེད་པར་འདོད་པའི་ཕྱིར། དེར་ཐལ། སློབ་དཔོན་ཛྙ་ན་ཤྲཱིའི་རྣམ་ངེས་འགྲེལ་བཤད་ལས། འདིར་སློབ་དཔོན་དབང་ཕྱུག་སྡེ་ན་རེ། དགོས་པ་མེད་པའི་ཕྱིར་གདགས་པར་མི་བྱའོ་ཞེ་ན། ཞེས་གསུངས་པའི་ཕྱིར། འདོད་ན། སློབ་དཔོན་དབང་ཕྱུག་སྡེས་རྟགས་ཚུལ་དང་པོ་ལ་ཕྱོགས་ཆོས་ཞེས་བཤད་ན་དགོས་པ་མེད་པར་འདོད་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་ཚུལ་དྲུག་འདྲེན་པའི་ཚེ་ཚུལ་དང་པོར་ཕྱོགས་ཆོས་ཞེས་བགྲང་བའི་ཕྱིར། དེར་ཐལ། རང་ལུགས་རྟགས་རིགས་ལས། ཚུལ་དྲུག་ནི། ཕྱོགས་ཆོས་དང༌། མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་འགྲོ་དང༌། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་པ་དང༌། དམ་བཅའ་ལ་ཚད་མས་གནོད་པ་མེད་པའི་ཡུལ་ཅན་དང༌། ལོག་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མ་མེད་པའི་བརྗོད་པར་འདོད་པའི་གྲངས་གཅིག་པ་དང༌། ལྔ་བོ་དེ་བློ་ཡུལ་དུ་ངེས་པའི་ཤེས་པ་ཉིད་དང་དྲུག་གོ །ཞེས་གསུངས་པའི་ཕྱིར་ན་དཔྱད་དགོས་ལ་རྒྱསཔར་ཕྱོགས་སྒྲའི་སྐབས་སུ་དཔྱད་པར་འགྱུར་རོ། །༈ ཡང་སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་ཚུལ་དྲུག་ཚང་བ་ཡིན་ན་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། འདོད་ན། གཞལ་བྱ་རྟག་པ་ལ་ཡོད་པར་མ་མཐོང་ཞིང་མི་རྟག་པ་ལ་མཐོང་ཙམ་གྱི་རྒོལ་བའི་ངོར་གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། གཞལ་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་དྲུག་ཚང་བའི་ཕྱིར། དེར་ཐལ། ཕྱོགས་ཆོས་གང་ཞིག རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱང་གྲུབ། དམ་བཅའ་ལ་ཚད་མས་གནོད་པ་མེད། ལོག་ཕྱོགས་སྒྲུབ་བྱེད་ཀྱི་ཚད་མའང་མེད། ལྔ་བོ་དེ་བློ་ཡུལ་དུ་ངེས་པའི་ཤེས་པ་སྟེ་དྲུག་པོ་རེ་རེ་ནས་ཚང་བའི་ཕྱིར། རྟགས་གཉིས་པ་དང་གསུམ་པ་གཉིས་གྲུབ་སྟེ། རྟགས་གཞལ་བྱ་དེ་མཐུན་ཕྱོགས་མི་རྟག་པ་ལ་མཐོང་ཙམ་དང་མི་མཐུན་ཕྱོགས་རྟག་པ་ལ་མ་མཐོང་བ་ཙམ་གྲུབ་པའི་ཕྱིར། ཁྱབ་སྟེ། སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་མཐུན་ཕྱོགས་ལ་མཐོང་ཙམ་གྱིས་རྗེས་ཁྱབ་དང༌། མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་པར་འདོད་པའི་ཕྱིར། དེར་ཐལ། མཐུན་ཕྱོགས་མཐའ་དག་ལ་ཡོད་པ་དང་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་ན་ཚུར་མཐོང་སོ་སྐྱེས་རྣམས་ཀྱིས་རྗེས་ཁྱབ་དང་ལྡོག་ཁྱབ་གྲུབ་པར་མི་འགྱུར་བའི་ཕྱིར། མ་གྲུབ་ན། དེར་ཐལ། ལུང་འགལ་ལས། སློབ་དཔོན་དབང་ཕྱུག་སྡེ་ན་རེ། རྟགས་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་གྱིས་ལྡོག་ཁྱབ་གྲུབ་དགོས། གཞན་དུ་ན་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་ན་ཚུར་མཐོང་གིས་ལྡོག་ཁྱབ་གྲུབ་པ་དཀའ་བར་འདོད་དོ། །ཞེས་གསུངས་པའི་ཕྱིར། རྟགས་བཞི་བ་གྲུབ་སྟེ། དམ་བཅའ་སྒྲ་མི་རྟག་པ་ལ་ཚད་མས་གནོད་པ་མེད་པའི་ཡུལ་ཅན་དང་ལྡན་པའི་ཕྱིར། རྟགས་ལྔ་བ་གྲུབ་སྟེ། སྒྲ་མི་རྟག་པའི་ལོག་ཕྱོགས་སྒྲ་རྟག་པར་སྒྲུབ་པའི་ཚད་མའམརྟགས་ཡང་དག་མེད་པའི་ཕྱིར་རོ། །༈ སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་རྟགས་ཡང་དག་ཡིན་ན་ཚུལ་དྲུག་ཚང་བ་ཡིན་པས་ཁྱབ་པར་ཐལ། འདོད་ན། གཞལ་བྱ་ཆོས་ཅན། ཁྱོད་གཞལ་བྱ་མི་རྟག་པ་ལ་མ་མཐོང་བའི་རྒོལ་བའི་ངོར་སྒྲ་རྟག་པར་སྒྲུབ་པའི་ཚུལ་དྲུག་ཚང་བ་ཡིན་པར་ཐལ། ཁྱོད་དེ་འདྲའི་རྒོལ་བའི་ངོར་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། གཞལ་བྱ་ཆོས་ཅན། ཁྱོད་དེ་འདྲའི་རྒོལ་བའི་ངོར་སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་འདྲའི་རྒོལ་བའི་ངོར་སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང་ལྡོག་ཁྱབ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་རིན་འཕྲེང་ལས། རྟགས་ཡང་དག་ཏུ་ཐལ། དེ་ཡི་ཕྱོགས་ཆོས་དང་ལྡོག་ཁྱབ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དེ་སྒྲུབ་ཕྱོགས་ཆོས་ཀྱི་གྲུབ་པ་སླ་ཞིང༌། དེ་སྒྲུབ་ཀྱི་ལྡོག་ཁྱབ་གྲུབ་པའི་ཕྱིར། དེར་ཐལ། དེ་འདྲའི་རྒོལ་བས་རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་ཡིན་པའི་ཕྱིར། ཁྱབ་སྟེ། སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་ལྡོགཁྱབ་ཀྱི་དོན་ལ་རྟགས་དེ་མི་མཐུན་ཕྱོགས་ལ་མ་མཐོང་བ་ཙམ་དེ་འཇོག་དགོས་པའི་ཕྱིར། ༈ རང་ལུགས་ལ་ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། རྟགས་ཡང་དག་ཡིན་ན་ཚུལ་གསུམ་ཡིན་པས་ཁྱབ་པར་ཐལ། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཚུལ་གསུམ་ཡིན་པར་ཐལ། རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀ་ཡིན་པར་ཐལ། ཚུལ་གསུམ་ཡིན་པའི་ཕྱིར། འདོད་ན། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀའི་ཡིན་པ་ཡོད་པར་ཐལ། བྱས་པ་དེ་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་འགལ་བ་ཡིན་པའི་ཕྱིར། དེར་ཐལ། རིགས་ཐིགས་ལས། རྗེས་སུ་འགྲོ་བ་དང་ལྡོག་པ་དག་ནི་ཕན་ཚུན་རྣམ་པར་གཅོད་པའི་འགལ་བའོ། །ཞེས་དང༌། རྣམ་ངེས་ལས། འོ་ན་རྟགས་ཚུལ་གཉིས་པར་འགྱུར་རོ་ཞེ་ན་མ་ཡིན་ཏེ། རྗེས་སུ་འགྲོ་བ་དང༌། ལྡོག་པ་དག་ཕན་ཚུན་ཐ་དད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱི་ཡིན་པ་མེད་པར་ཐལ། རྗེས་ཁྱབ་དང་ལྡོག་ཁྱབ་འགལ་བ་ཡིན་པའི་ཕྱིར། འདོད་ན། ཚུལ་གསུམ་གྱི་ཡིན་པ་མེད་པར་ཐལ། རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱི་ཡིན་པ་མེད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཚུལ་གསུམ་མ་ཡིན་པར་ཐལ། ཚུལ་གསུམ་གྱི་ཡིན་པ་མེད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཚུལ་གསུམ་ཡིན་པར་ཐལ། རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་རིན་འཕྲེང་ལས། ཚུལ་གསུམ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། རྣམ་འཇོག་ཡིན་པས་སོ། །ཞེས་དང༌། རང་ལུགས་རྟགས་རིགས་མཐའ་དཔྱོད་ལས། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་ཏེ། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་ཟུར་དཔྱད་ཉིན་བྱེད་སྣང་བ་ལས། ཚུལ་གསུམ་ཡིན་པ་མ་ཡིན་པའི་ཆོས་གཅིག་ཀྱང་མེད་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྟགསཡང་དག་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་རིགས་སྒོའི་སྐབས་སུ་རྟགས་ཡང་དག་གི་མཚན་ཉིད་ལ་ཚུལ་གསུམ་ཚང་བ་དེ་བཞག་པ་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། ཚུལ་གསུམ་ཚང་བ་རྟགས་ཡང་དག་གི་མཚན་ཉིད་ཡིན་པ་གང་ཞིག དེ་གཞི་ལ་སྦྱོར་ཚུལ་ཡོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་ཡོད་ན་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བ་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བ་ཡོད་པའི་ཕྱིར། མ་གྲུབ་ན། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བ་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡོད་པ་གང་ཞིག སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱང་ཡོད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡོད་པར་ཐལ། བྱས་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། འགལ་མ་ངེས་མ་གྲུབ་གསུམ་སྟེ། མཚན་ཉིད་ནི་རིམ་པ་ལྟར། ཕྱོགས་ཆོས་གང་ཞིག རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཕྱོགས་ཆོས་འཁོར་ལོ་ལས། སྟེང་འོག་གཉིས་ལ་ཡང་དག་གཉིས། །ལོགས་གཉིས་འགལ་བ་གཉིས་ཡིན་ཏེ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀ་ཡོད་པར་ཐལ། འདུས་མ་བྱས་ཀྱི་ཆོས་དེ་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཀྱི་ཆོས་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་རྟག་པ་དང་འབྲེལ་ཞིང༌། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཟུར་དང་པོ་དེར་ཐལ། འདུས་མ་བྱས་ཀྱི་ཆོས་དེ་རྟག་པ་དང་ཐ་དད་གང་ཞིག རྟག་པ་ལྡོག་ན་འདུས་མ་བྱས་ཀྱི་ཆོས་དེ་ལྡོག་པས་ཁྱབ་པའི་ཕྱིར། གོང་གི་ཟུར་གཉིས་པ་དེར་ཐལ། འདུས་མ་བྱས་ཀྱི་ཆོས་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་འགལ་རྟགས་དང་མ་ངེས་པའི་རྟགས་གང་ཡང་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པ་ཞེས་པའི་ཚིག་གིས་འགལ་རྟགས་དང་མ་ངེས་པའི་གཏན་ཚིགས་རྣམས་སེལ་བ་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། ཟུར་དང་པོས་འགལ་རྟགས་དང༌། ཟུར་གཉིས་པས་དངོས་ཀྱི་མ་ངེས་པ་དང༌། ཟུར་གསུམ་པས་འགལ་བ་ལྷག་ལྡན་དང༌། ཐུན་མོང་མ་ཡིན་པའི་མ་ངེས་པ་དང༌། ཟུར་བཞི་བས་ཡང་དག་ལྷག་ལྡན་གྱི་མ་ངེས་པ་རྣམས་སེལ་བ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བ་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་དང༌། སྒྲ་རྟག་པར་སྒྲུབ་པའི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་ཀྱང་ཡོད་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་ན། སྒྲ་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚང་བ་ཡོད་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྒྲ་ཆོས་ཅན། ཁྱོད་རྟག་པ་ཡིན་པར་ཐལ། ཁྱོད་རྟག་པརསྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར་ན་དཔྱད། ༈ རང་ལུགས་ལ་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་དེ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། དབྱེ་ན་རྟགས་ཡང་དག་དང་ལྟར་སྣང་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་དང༌། རྟགས་སུ་བཀོད་ཅིང་ཚུལ་གསུམ་མ་ཚང་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཚད་མའི་སྟོབས་ཀྱིས་ངེས་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར་ཞེས་བཀོད་པ་ན། གཞལ་བྱ་དེ་དེ་སྒྲུབ་ཀྱི་གཏན་ཚིགས་ཡིན་པ་གང་ཞིག དེའི་བསྒྲུབ་བྱ་ལ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པ་དེ་འཇོག་དགོས་པའི་ཕྱིར། ཁྱབ་སྟེ། གཞལ་བྱ་དེ་དེ་སྒྲུབ་ཀྱི་རྟགས་དང་སྒྲ་མི་རྟག་པ་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་འཇོག་ན་གཞལ་བྱ་སྒྲ་མི་རྟག་པར་སྒྲུབ་པའི་གཏན་ཚིགས་སུ་འཇོག་དགོས་པའི་ཕྱིར། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པར་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པར་སྒྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཏན་ཚིགས་ཡིན་ན་སྒྲ་མི་རྟག་པའི་གཏན་ཚིགས་ཡིན་དགོས་པའི་ཕྱིར། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཞལ་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་འཁོར་ལོ་ལས། ཟུར་བཞི་དངོས་ཀྱི་མ་ངེས་པ། །ཞེསགསུངས་པའི་ཕྱིར་ན་དཔྱད། ༈ ཡང་སངས་རྒྱས་འཕགས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གང་ཟག་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་འཕགས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གང་ཟག་ཡིན་པར་ཐལ། ཆོས་ཐམས་ཅད་ཚད་མའི་སྟོབས་ཀྱིས་ངེས་པའི་གང་ཟག་ཡིན་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གང་ཟག་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། སངས་རྒྱས་འཕགས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། རྟགས་ཡང་དག་དང་ལྟར་སྣང་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་ཚད་མའི་སྟོབས་ཀྱིས་ངེས་པའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་རྟགས་ཡང་དག་ཡིན་ན་ཚུལ་གསུམ་ཡིན་པས་ཁྱབ་པར་ཐལ། ཚུལ་གསུམ་ཡིན་པ་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། ཚུལ་གསུམ་ཡིན་པར་ཐལ། རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། རྟགས་ཡང་དག་ཏུ་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། རི་བོང་རྭ་རྟགས་ཡང་དག་ཏུ་བཀོད་འདོད་པའི་རྒོལ་བ་ཡོད་པའི་ཕྱིར། ཁྱབ་སྟེ། ཆོས་དེ་བསྒྲུབ་བྱར་བཀོད་འདོད་པའི་རྒོལ་བ་ཡོད་ན་ཆོས་དེ་བསྒྲུབ་བྱར་བཟུང་བས་ཁྱབ་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་དང༌། རྣམ་འགྲེལ་རིན་འཕྲེང་ལས། འཕངས་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ན་བསྒྲུབ་བྱར་འདོད་དགོས་ཞེས་སྟོན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། རྟགས་ཡང་དག་ཏུ་བཀོད་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་སུ་བཀོད་པ་ཡིན་ན་རྟགས་ཡིན་པས་ཁྱབ་པ་གང་ཞིག རིགས་པ་མཚུངས་པའིཕྱིར་ན་དཔྱད། ༈ ཡང་སྒྲུབ་པར་བྱེད་པ་དང༌། ཤེས་པར་བྱེད་པ་དང༌། གཏན་ཚིགས་རྣམས་མིང་གི་རྣམ་གྲངས་ཡིན་པར་ཐལ། འདོད་ན། གཏན་ཚིགས་ཡིན་ན་ཤེས་པར་བྱེད་པ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། ཤེས་པར་བྱེད་པ་ཡིན་པར་ཐལ། གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། ཤེས་པར་བྱེད་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་པར་བྱེད་པ་དང་མཚན་ཉིད་གཉིས་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དེར་ཐལ། ཆོས་རྗེ་ཉ་དབོན་པའི་དྲིས་ལན་ཡིད་ཀྱི་མུན་སེལ་ལས། ཤེས་པར་བྱེད། གོ་བར་བྱེད། རྟོགས་པར་བྱེད་པས་མཚན་ཉིད་ཅེས་པའི་བརྡ་བྱས་པ་ཡིན། ཞེས་གསུངས་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། ཤེས་པར་བྱེད་པ་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། ཐར་འབྱུང་སྦས་པའི་རྟོག་གེའི་སྐད་ལས། སྒྲུབ་པར་བྱེད་པ་དང༌། ཤེས་པར་བྱེད་པ་དང༌། གཏན་ཚིགས་དང༌། ཁྱབཔར་བྱ་བ་ཞེས་པ་རྟགས་ཀྱི་མིང་གཞན་རྣམས་སོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ གཞན་ཡང་དངོས་པོ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། མཚོན་བྱེད་ཡིན་པའི་ཕྱིར། དེར་ཐལ། རྟགས་ཡིན་པའི་ཕྱིར། ཁྱབ་སྟེ། དུལ་བ་ལྷའི་འགྲེལ་བ་སློབ་ཕན་ལས། འདིས་མཚོན་པར་བྱེད་པས་ན་རྟགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། མཚོན་བྱེད་ཡིན་པར་ཐལ། འདོད་ན། དངོས་པོ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ། མཚོན་བྱེད་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་རྗེ་ཉ་དབོན་པའི་དྲིས་ལན་ལས། དེ་བཞིན་དུ་མཚོན་པར་བྱེད་པས་མཚན་ཉིད་དེ། མཚོན་ཞེས་པ་གོ་བའམ་རྟོགས་སམ་ཤེས་ཟེར་བའི་དོན་ཡིན། ཞེས་གསུངས་པའི་ཕྱིར་ན་དཔྱད།

ཤེས་འདོད་ཆོས་ཅན་བཤད་སྐབས་ཀྱི་དོགས་དཔྱོད།

ཤེས་འདོད་ཆོས་ཅན་བཤད་སྐབས་ཀྱི་དོགས་དཔྱོད།

དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་ཡིན་ན་ཤེས་འདོད་ཆོས་ཅན་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པ་རྟོགས་ཟིན་པའི་གང་ཟག་གི་ངོར་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། དེ་འདྲའི་གང་ཟག་གི་ངོར་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སྒྲ་དེ་སྒྲ་མི་རྟག་པ་རྟོགས་ཟིན་པའི་གང་ཟག་གི་ངོར་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་ཡང་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པར་ཁས་ལེན་མི་ཐུབ་པའི་ཕྱིར། དེར་ཐལ། འབའ་མདའ་བླ་མའི་རྟགས་རིགས་རྩོམ་འཕྲོ་ལས། དེས་ན་སྒྲ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་ཟིན་པའི་གང་ཟག་གི་ངོར་སྒྲ་དེ་ཆོས་ཅན་ཡིན་ཀྱང༌། ཤེས་འདོད་ཆོས་ཅན་མ་ཡིན་ཏེ། དེས་སྒྲ་མི་རྟག་པ་རྟོགས་ཟིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་དེ་སྒྲ་མི་རྟག་པ་རྟོགས་ཟིན་པའི་གང་ཟག་གི་ངོར་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། སྒྲ་དེ་སྒྲ་མི་རྟག་པར་རྟོགས་ཟིན་པའི་གང་ཟག་གི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞིར་བཟུང་བ་ཡིན་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། རང་ལུགས་རྟགས་རིགས་ལས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྩོད་གཞིར་བཟུང་བ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད། ཅེསགསུངས་པའི་ཕྱིར་རོ། །༈ ཡང་ཤེས་འདོད་ཆོས་ཅན་ཡིན་ན་བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་ཡིན་པར་ཐལ། ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། བསྒྲུབ་བྱའི་ཕྱོགས་གཅིག་ཡིན་པར་ཐལ། འདོད་མི་ནུས་ཏེ། བསྒྲུབ་བྱ་དངོས་ཡིན་པའི་ཕྱིར། ཁྱབ་སྟེ། བསྒྲུབ་བྱ་དངོས་ཡིན་ན་བསྒྲུབ་བྱའི་ཕྱོགས་གཅིག་མ་ཡིན་དགོས་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཕྱོགས་གཅིག་ཡིན་ན་བསྒྲུབ་བྱ་མཚན་ཉིད་པ་མ་ཡིན་དགོས་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཕྱོགས་གཅིག་ཡིན་པ་ལ་བསྒྲུབ་བྱ་བཏགས་པ་བ་ཡིན་དགོས་པའི་ཕྱིར། དེར་ཐལ། སྐབས་འདིའི་བསྒྲུབ་བྱའི་ཕྱོགས་གཅིག་ཅེས་པ་རྟགས་ཚུལ་དང་པོ་གཏན་ལ་འབེབས་སྐབས་ཀྱི་ཕྱོགས་ཏེ་ཤེས་འདོད་ཆོས་ཅན་ལ་བྱེད་དགོས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། བསྒྲུབ་བྱའི་ཕྱོགས་གཅིག་ཡིན་པའི་རྒྱུ་མཚན་གྱིས་བསྒྲུབ་བྱ་བཏགས་པ་བ་ཡིན་པར་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེའི་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་གསུངས་པའི་ཕྱིར་ན་མཁས་པ་གཞན་གྱིས་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ལའང་ཕྱོགས་བཏགས་པ་བ་གང་ཞིགཅེས་སྦྱར་ཡོད་པས་དཔྱད་རྒྱུ་ཡོད་ལ་རྒྱས་པར་སྐབས་གཞན་དུ་འཆད་པར་འགྱུར་རོ། །༈ ཡང་བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་རིམ་པ་ལྟར། བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ། ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་འདོད་ཆོས་ཅན་ཡིན་ན་བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སྦྱོར་བ་དེའི་ཤེས་འདོད་ཆོས་ཅན་ཡིན་ན་སྦྱོར་བ་དེའི་བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་ཆོས་ཅན། སྒྲ་ཆོས་ཅན། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་ཡིན་པར་ཐལ། སྒྲ་ཆོས་ཅན། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སྒྲ་ཆོས་ཅན། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་བསྒྲུབ་བྱའི་ཆོས་མེད་པའི་ཕྱིར། དེར་ཐལ། དེ་ལྟ་བུའི་སྦྱོར་བ་དེ་རྩོད་གཞི་དང་རྟགས་ཙམ་བཀོད་པའི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྩོད་གཞི་དང་རྟགས་ཙམ་བཀོད་པའི་སྦྱོར་བ་ཞེས་པའི་ཙམ་སྒྲས་གཅད་བྱ་ངོས་འཛིན་རྒྱུ་ཡོདཔའི་ཕྱིར་ན་དཔྱད། ༈ ཡང་ཤེས་འདོད་ཆོས་ཅན་རྟོགས་ན་བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་རྟོགས་པས་ཁྱབ་པར་ཐལ། བསྒྲུབ་བྱ་སྤྱི་ཡི་ཕྱོགས་གཅིག་གང་ཞིག བསྒྲུབ་བྱའི་ཆོས་ཀྱི་དཔག་གཞིར་བཟུང་བ་དེ་ཤེས་འདོད་ཆོས་ཅན་གྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཤེས་འདོད་ཆོས་ཅན་རྟོགས་ན་བསྒྲུབ་བྱའི་ཕྱོགས་གཅིག་རྟོགས་པས་ཁྱབ་པར་ཐལ། འདོད་ན། ཤེས་འདོད་ཆོས་ཅན་རྟོགས་ན་བསྒྲུབ་བྱ་རྟོགས་པས་ཁྱབ་པར་ཐལ། ཤེས་འདོད་ཆོས་ཅན་རྟོགས་ན་བསྒྲུབ་བྱའི་ཕྱོགས་གཅིག་རྟོགས་དགོས་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཆོས་དེའི་ཕྱོགས་གཅིག་རྟོགས་ན་ཆོས་དེ་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། ཆོས་དེའི་ཕྱོགས་གཅིག་མཐོང་ན་ཆོས་དེ་མཐོང་དགོས་པའི་ཕྱིར། མ་གྲུབ་ན། ཆོས་དེའི་ཕྱོགས་གཅིག་མཐོང་ན་ཆོས་དེ་མཐོང་དགོས་པར་ཐལ། མདུན་རིའི་ཕྱོགས་མཐོང་ན་མདུན་རི་མཐོང་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དམ་བཅའ་བས་དགོན་འདིའི་མདུན་རི་མ་མཐོང་བར་ཐལ། མདུན་རིའི་ཕྱོགས་གཅིག་མཐོང་བས་མདུན་རི་མཐོང་བར་མི་འཇོག་ལ་མདུན་རིའི་ཕྱོགས་ཀུན་ནས་མ་མཐོང་བའི་ཕྱིར་དང༌། ཡང་རྒྱ་མཚོའི་ཕྱོགས་གཅིག་མཐོང་བས་རྒྱ་མཚོ་མཐོང་བར་མི་འགྱུར་བ་དང་ཆུ་བོ་ཧུབ་གང་བཏུངས་པས་ཆུ་བོ་འཐུང་བར་མི་འགྱུར་བའི་སྐྱོན་ཡོད་པའི་ཕྱིར་ན་དཔྱད། ༈ ཤེས་འདོད་ཆོས་ཅན་ལ་དབྱེ་ན་རྟགས་ཡང་དག་དང༌། འགལ་མ་ངེས་མ་གྲུབ་པའི་ཆོས་ཅན་བཞིར་དབྱེ་བ་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་ཆོས་ཅན་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པས་ཁྱབ་པར་ཐལ། འདོད་ན། བུམ་པ་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། བུམ་པ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། མིག་ཤེས་ཀྱི་གཟུང་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་གྱི་ཆོས་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། རྣམ་ངེས་རང་འགྲེལ་ལས། མ་ཡིན་ཏེ། ཆོས་ཅན་ཐམས་ཅད་ཀྱི་ཆོས་ཡིན་པ་དགག་པའི་ཕྱིར་ཏེ། ཞེས་པ་ནས། མིག་གིས་གཟུང་བ་ཡིན་པའི་ཕྱིར་ཞེས་པ་ལ་སོགས་པ་སྤངས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། དེ་སྒྲུབ་ཀྱི་ཆོས་ཅན་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་ཆོས་ཅན་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་ཆོས་ཅན་ཡིན་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་དགོས་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གི་ཆོས་ཅན་དེ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་དབྱེ་བ་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། དབྱེ་ན་རྟགས་ཡང་དག་དང༌། འགལ་མངེས་མ་གྲུབ་པའི་ཆོས་ཅན་བཞིའོ། །ཞེས་གསུངས་པའི་ཕྱིར་རོ། །༈ ཡང་མ་གྲུབ་པའི་ཤེས་འདོད་ཆོས་ཅན་ཆོས་ཅན། ཤེས་འདོད་ཆོས་ཅན་གྱི་དབྱེ་བ་ཡིན་པར་ཐལ། འདོད་ན། མ་གྲུབ་པའི་ཤེས་འདོད་ཆོས་ཅན་དེ་ཤེས་འདོད་ཆོས་ཅན་གྱི་དབྱེ་བ་མ་ཡིན་པར་ཐལ། མ་གྲུབ་པའི་ཤེས་འདོད་ཆོས་ཅན་དང་ཤེས་འདོད་ཆོས་ཅན་གཉིས་ལ་ཁྱབ་ཆེ་ཆུང་མེད་པའི་ཕྱིར། ཁྱབ་སྟེ། ཆོས་དེ་གཞི་དེའི་དབྱེ་བ་ཡིན་པ་ལ་ཆོས་དེ་གཞི་དེ་ལས་ཁྱབ་ཆུང་བ་ཡིན་དགོས་པའི་ཕྱིར། དེར་ཐལ། ཆོས་དེ་གཞི་དེའི་དབྱེ་བ་ཡིན་པའི་ཚད་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་སྒྲ་མ་ཡིན་པ་ལས་ལོག་པ་དང་མཉན་བྱ་གཉིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། སྒྲ་མ་ཡིན་པ་ལས་ལོག་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། དེར་ཐལ། སྒྲ་མ་ཡིན་པ་ལས་ལོག་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དུ་བཟུང་བ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དུ་བཟུང་བ་ཡིན་པར་ཐལ། རྒོལ་བ་གང་ཡང་རུང་བ་ཞིག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དུ་བཟུང་བ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མ་ཡིན་པ་ལས་ལོག་པ་ཤེས་འདོད་ཆོས་ཅན་དུ་འཛིན་འདོད་ནས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་སྦྱོར་བ་འགོད་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་འདྲའི་རྒོལ་བ་དེས་སྒྲ་མ་ཡིན་པ་ལས་ལོག་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དུ་འཛིན་འདོད་ནས་སྦྱོར་བ་བཀོད་ན་སྒྲ་མ་ཡིན་པ་ལས་ལོག་པ་དེ་སྦྱོར་བ་དེའི་ཤེས་འདོད་ཆོས་ཅན་དུ་འཛིན་དགོས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར། །ཞེས་དང༌། མ་བརྗོད་ན་ཡང་འདོད་པ་ནི། །སྐབས་ལས་རྟོགས་པར་འགྱུར་བ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དུ་བཟུང་བ་ཡིན་པའི་ཕྱིར། འདོད་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲ་སྒྲུབ་པ་ཡིན་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་ན། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། སྒྲ་སྒྲུབ་པ་ཡིན་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། ཁྱབ་སྟེ། རང་ལུགས་རྟགས་རིགས་ལས། སྒྲ་མ་ཡིན་པ་ལས་ལོག་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། སྒྲ་སྒྲུབ་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དགག་པ་ཡིན་པའི་ཕྱིར། ཞེས་གསུངས་པའིཕྱིར་ན་དཔྱད། ༈ དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀ་ཡིན་ན་ཕྱོགས་ཆོས་མ་གྲུབ་པས་ཁྱབ་པར་ཐལ། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་རྩོད་གཞི་དང་དེ་སྒྲུབ་ཀྱི་རྟགས་གཉིས་ཀ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྩོད་གཞི་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་རྟགས་ཀྱང་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་རྩོད་གཞི་ཡིན་པར་ཐལ། སྦྱོར་བ་གང་ཡང་རུང་བ་ཞིག་གི་རྩོད་གཞི་ཡིན་པའི་ཕྱིར། དེར་ཐལ། བྱས་པ་བདག་མེད་དུ་སྒྲུབ་པའི་རྩོད་གཞི་ཡིན་པའི་ཕྱིར། རྟགས་པ་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་རྟགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་པའི་ཕྱིར། དེར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། ཡོད་མེད་གང་རུང་ཡིན་ན་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པས་ཁྱབ་པའི་ཕྱིར། དེར་ཐལ། རང་ལུགས་རྟགས་རིགས་ལས། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། ཁྱོད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡོད་པའི་ཕྱིར། དེར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀར་བཀོད་པ་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀར་བཀོད་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཞེས་དང༌། རང་ལུགས་རྟགས་རིགས་ལས། དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀར་ཆོས་གཅིག་བཀོད་པ་ཡིན་ན་ཕྱོགས་ཆོས་མ་གྲུབ་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ བཏགས་ཡོད་ཆོས་གསུམ་ཚང་བ་དེ་སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། སྒྲ་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་རྟོགས་ནས་སྒྲ་མཚོན་བྱ་ཡིན་པར་མ་རྟོགས་པའི་གང་ཟག་ཡོད་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སྒྲ་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པ་རྟོགས་ན་སྒྲ་མཚོན་བྱ་ཡིན་པར་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་བཏགས་ཡོད་ཀྱི་ཆོས་གསུམ་ཚང་བ་ཡིན་པར་རྟོགས་པ་ལ་བཏགས་ཡོད་ཀྱི་ཆོས་གསུམ་ག་རེ་རེ་ནས་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། བཏགས་ཡོད་ཀྱི་ཆོས་གསུམ་ག་རྟོགས་པ་ལ་སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་གང་ཡིན་པ་ལས་གཞན་པའི་ཆོས་གང་གི་མཚོན་བྱ་མི་བྱེད་པ་སྟེ་གསུམ་པོ་རྟོགས་དགོས་པའི་ཕྱིར། དེར་ཐལ། བཏགས་ཡོད་ཀྱི་ཆོས་གསུམ་ག་འདྲེན་པའི་ཚེ་ན་སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚན་ཉིད་ལས་གཞན་པའི་ཆོས་གང་གི་མཚན་བྱ་མི་བྱེད་པ་དེ་འདྲེན་དགོས་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། རྣམ་བཞག་ཆོས་གསུམ་ནི། སྤྱིར་མཚོན་བྱ་ཡིན་པ། རང་གི་མཚན་ཉིད་ལས་གཞན་པའི་མཚོན་བྱ་མིན་པ། རང་གི་མཚན་གཞི་ལས་གྲུབ་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བ་རྟོགས་པ་ལ་སྤྱིར་མཚོན་བྱ་རྟོགས་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་རྟོགས་ན་སྒྲ་སྤྱིར་མཚོན་བྱ་ཡིན་པར་རྟོགས་པས་ཁྱབ་པར་ཐལ། འདོད་ན། སྒྲ་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་རྟོགས་ན་སྒྲ་མཚོན་བྱ་ཡིན་པར་རྟོགས་པས་ཁྱབ་པར་ཐལ། སྒྲ་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་རྟོགས་ན་སྒྲ་སྤྱིར་མཚོན་བྱ་ཡིན་པར་རྟོགས་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། སྒྲ་སྤྱིར་མཚོན་བྱར་ཡིན་པར་རྟོགས་ན་སྒྲ་མཚོན་བྱ་ཡིན་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། སྒྲ་སྤྱིར་མཚོན་བྱར་ཡིན་པར་རྟོགས་ན་སྒྲ་མཚན་ཉིད་གཏན་མ་ཞིང༌། མཚོན་བྱ་ཁོ་ན་ཡིན་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། སྤྱིར་ཞེས་པའི་ནུས་པ་སྐབས་འདིར་མཚན་ཉིད་གཏན་མ་ཡིན་པར་མཚོན་བྱ་ཁོ་ན་ཡིན་ཞེས་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་སྤྱིར་མཚོན་བྱ་རྟོགས་ན་སྒྲ་མཚོན་བྱ་ཡིན་པར་རྟོགས་དགོས་པར་ཐལ། འདོད་ན། སྒྲ་བཏགས་ཡོད་ཆོས་གསུམ་ཚང་བ་རྟོགས་ན་སྒྲ་མཚོན་བྱ་ཡིན་པར་རྟོགས་པས་ཁྱབ་པར་ཐལ། སྒྲ་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་རྟོགས་ན་སྒྲ་སྤྱིར་མཚོན་བྱ་ཡིན་པར་རྟོགས་དགོས་པའི་ཕྱིར། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་ཁྱོད་དུ་རྟོགས་ན་སྒྲ་མཚོན་བྱ་ཡིན་པར་རྟོགས་དགོས་པའི་ཕྱིར། འདོད་མི་ནུས་ཏེ། རང་ལུགས་རྟགས་རིགས་ལས། སྒྲ་མཚོན་བྱར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བ་དེ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་སྤྱིར་མཚོན་བྱར་རྟོགས་པ་ལ་སྒྲ་མཚོན་བྱ་ཡིན་པར་རྟོགས་མི་དགོས་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། སྒྲ་སྤྱིར་ཤེས་བྱ་ཡིན་པ་རྟོགས་པ་ལ་སྒྲ་ཤེས་བྱ་རྟོགས་དགོས་པའི་ཕྱིར་ན་སྤྱིར་མཚོན་བྱ་རྟོགས་ཚུལ་ནིམཚོན་བྱ་དོན་གྱི་རྟོགས་ཚུལ་ཡིན་ཞེས་འབའ་ལང་རྟགས་རིགས་ལས་གསུངས་སོ། །༈ མཉན་བྱ་སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་པར་ཐལ། རྟགས་རིགས་ལས། མཉན་བྱ་ཆོས་ཅན། མཚོན་བྱ་ཡིན་པར་ཐལ། སྒྲ་མཚོན་བྱར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་ཡིན་ན་སྒྲའི་སྐྱེ་མཆེད་ཡིན་པས་ཁྱབ་པར་ཐལ། མཉན་བྱ་སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་སྒྲ་ཆོས་ཅན། སྒྲའི་སྐྱེ་མཆེད་ཡིན་པར་ཐལ། མཉན་བྱ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྣ་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། སྒྲའི་སྐྱེ་མཆེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཚུར་མཐོང་གི་རྣ་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། རྣ་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། དབང་ཤེས་ལྔ་བོ་གང་གི་གཟུང་བྱ་ཡིན་པ་ལ་སོ་སྐྱེས་ཀྱི་དབང་ཤེས་ཀྱི་གཟུང་བྱ་ཡིན་དགོས་པའི་ཕྱིར། དེར་ཐལ། རྣ་ཤེས་དང་མིག་ཤེས་སོགས་གང་ཡང་རུང་བའི་གཟུང་བྱ་ཡིན་ན་རྣ་ཤེས་དང་མིག་ཤེས་སོགས་ཀྱི་གཟུང་བྱ་ཡིན་མི་དགོས་པའི་ཕྱིར། མ་གྲུབ་ན། འོ་ན་སངས་འཕགས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་དགོས་པར་ཐལ། མིག་ཤེས་གང་ཡང་རུང་ཞིག་གི་གཟུང་བྱ་ཡིན་ན་མིག་ཤེས་ཀྱི་གཟུང་བྱ་ཡིན་དགོས་པའི་ཕྱིར། འདོད་ན། ཆོས་ཐམས་ཅད་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། སངས་འཕགས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དེར་ཐལ། མདོ་ལས། དེ་བཞིན་དུ་སྤྱན་གྱིས་ཀྱང་ཆོས་ཐམས་ཅད་རྟོགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། སངས་འཕགས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། མ་ཁྱབ་ན། མིག་ཤེས་ཀྱི་གཟུང་བྱ་ཡིན་པ་ལ་ཚུར་མཐོང་གི་མིག་ཤེས་ཀྱི་གཟུང་བྱ་ཡིན་དགོས་པར་ཐལ། མ་ཁྱབ་པ་དེའི་ཕྱིར། འདོད་ན། རྣ་ཤེས་ཀྱི་གཟུང་བྱ་ཡིན་པ་ལ་ཚུར་མཐོང་གི་རྣ་ཤེས་ཀྱི་གཟུང་བྱ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་པའི་སྒྲ་ཆོས་ཅན། རྣ་ཤེས་ཀྱི་གཟུང་བྱ་མ་ཡིན་པར་ཐལ། ཚུར་མཐོང་གི་རྣ་ཤེས་ཀྱི་གཟུང་བྱ་མ་ཡིན་པའི་ཕྱིར་ན་རིགས་ལམ་ཐོར་བུ་ལས། གཟུགས་ཡིན་ན་གཟུགས་ཀྱི་སྐྱེ་མཆེད་ཡིན་པས་ཁྱབ་པར་ཐལ། སྒྲ་ཡིན་ན་སྒྲའི་སྐྱེ་མཆེད་ཡིན་པས་ཁྱབ་པའི་ཕྱིར་ན་འགའ་ཞིག་མ་ཁྱབ་ཟེར་ཡང་ཁོ་བོས་རྟགས་མ་གྲུབ་ཅེས་ལན་འདེབས་པ་ཡིན་ཏེ། ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་སྒྲ་དེ་ཡིན་པའི་ཕྱིར། ཞེས་གསུངས་མོད། རང་ལུགས་ལ་བསྡུས་གྲྭའི་སྤྱི་དོན་སོགས་སུ་སྒྲ་དང་སྒྲའི་སྐྱེ་མཆེད་དོན་གཅིག་པར་གསུངས་པ་དང་རང་ལུགས་རྟགས་རིགས་སུའང་མཉན་བྱ་སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད་དུ་གསུངས་པས་བློ་ལྡན་རྣམས་ཀྱིས་དཔྱདཔར་བྱའོ། །༈ རང་ལུགས་ལ་མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་འཁོར་ལོ་ལས། དབུས་ན་ཐུན་མོང་མིན་མ་ངེས། །ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། དང་པོ་ལ་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང་བ་བཞི་སྟེ། རིམ་པ་བཞིན། དཔེར་ན་སྒྲ་མི་རྟག་སྟེ། མཉན་བྱ་ཡིན་པས་སོ། །རྟག་སྟེ། མཉན་བྱ་ཡིན་པས་སོ། །ཞེས་གསུངས་པའི་པྱིར། འདོད་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཉན་བྱ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ནང་གི་ཁྱབ་པ་ལས། རྒོལ་བ་རྨོངས་ལ་ལྟོས་པ་ཡིན། །ཞེས་དང༌། ནང་གི་ཁྱབ་པ་བློ་ལྡན་ལ་འོ། །ཞེས་དང༌། ཆོས་རྗེ་ཉ་དབོན་པའི་ཚད་ཊཱིཀ་ཡིད་ཀྱི་མུན་སེལ་ལས། མཁས་གྲུབ་ཤནྟི་བ་ཡང་རྨོངས་པ་ལ་དཔེ་དགོས་པས། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགསཡང་དག་ཡིན་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ མཉན་བྱ་དེ་རྒོལ་བ་དབང་རྟུལ་ལ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ལྟར་སྣང་དང༌། དབང་རྣོན་ལ་རྟགས་ཡང་དག་ཏུ་བཞག་པ་ཡིན་པར་ཐལ། འདོད་ན། མཉན་བྱ་དེ་དབང་རྟུལ་ལ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་དེ་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་མེད་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་དཔེ་ཡང་དག་ཡོད་པའི་ཕྱིར། དེར་ཐལ། དུང་གི་མཉན་བྱ་སྐད་ཅིག་ཐ་མ་དེ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དུང་གི་མཉན་བྱ་སྐད་ཅིག་ཐ་མའི་སྟེང་དུ་མཉན་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་ངེས་ནས་སྒྲ་མི་རྟག་པ་ཡིན་པར་མ་ངེས་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་མ་ངེས་པའི་སྔ་རོལ་ཏུ་ཁྱབ་པ་ངེས་པའི་གཞིར་རུང་བ་དེ། དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་གི་དོན་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དུང་གི་མཉན་བྱ་སྐད་ཅིག་ཐ་མ་མི་རྟག་པར་ངེས་ན་སྒྲ་མི་རྟག་པར་ངེས་མི་དགོས་པའི་ཕྱིར། དེར་ཐལ། དུང་གི་མཉན་བྱ་སྐད་ཅིག་ཐ་མ་ཚུར་མཐོང་རྣམས་ཀྱི་མངོན་སུམ་གྱིས་གྲུབ་ཐུབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་འགྲེལ་ལེའུ་གསུམ་པ་ལས། འདི་ལྟར་རྟགས་མེད་བྱིས་པར་གྱི། །སྐྱེ་བོས་ཕྱིས་འབྱུང་བ་དང་ནི། །འབྲེལ་མེད་མར་མེ་ལ་སོགས་ཀྱི། །འཇིག་པ་མཐོང་བས་ཡོངས་གཅོད་ཉིད། །ཅེས་དང༌། དེའི་ཐད་ཀྱི་རིན་ཕྲེང་ལས། བྱིས་པའི་སྐྱེ་བོས་ཀྱང་རིགས་འདྲ་ཕྱིས་འབྱུང་མེད་པའི་མར་མེ་དང་གློག་ལ་སོགས་པ་འཇིག་པར་ངེས་ནུས་ཤིང༌། རིགས་འདྲ་གཞན་འབྱུང་ཡོད་པའི་རི་ལ་སོགས་པ་རྟག་པར་འཁྲུལ་བས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དུང་གི་མཉན་བྱ་སྐད་ཅིག་ཐ་མའི་སྟེང་དུ་མི་རྟག་པར་རྟོགས་ན་སྒྲ་མི་རྟག་པ་རྟོགས་མི་དགོས་པར་ཐལ། འདོད་ན། དུང་གི་མཉན་བྱ་སྐད་ཅིག་ཐ་མ་ཆོས་ཅན། ཁྱོད་མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པར་ཐལ། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱ་སྒྲ་མི་རྟག་པ་མ་ངེས་པའི་སྔ་རོལ་ཏུ་དེ་སྒྲུབ་ཀྱི་ཁྱབ་པ་ངེས་པའི་གཞི་རུང་བ་ཡིན་པའི་ཕྱིར། འདོད་ན། མཉན་བྱའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་དཔེ་ཡང་དག་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། མཉན་བྱ་རྒོལ་བ་དབང་རྟུལ་ལའང་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་ཡོད་པ་གང་ཞིག གཞན་རྒྱུ་མཚན་མེད་པའི་ཕྱིར། འདོད་མི་ནུས་ཏེ། ནང་གི་ཁྱབ་པ་ལས། རྒོལ་བ་རྨོངས་ལ་ལྟོས་པ་ཡིན། །ཞེས་དང༌། ཉ་ཚད་ལས། མཁས་གྲུབ་ཤནྟི་བ་ཡང་རྨོངས་པ་ལ་དཔེ་དགོས་པས། ཞེས་པ་ནས། ནང་གི་ཁྱབ་པར་བཤད་དེ་ལེགས་སམ་སྙམ་མོ། །ཞེས་གསུངས་པའི་ཕྱིར། ཡང་ན་དེ་སྒྲུབ་ཀྱི་མཐུན་དཔེ་ཡང་དག་ཡོད་པར་ཐལ། གསལ་བྱེད་ཀྱི་ཡི་གེ་ཀ་ཞེས་པ་དེ་ཡིན་པའི་ཕྱིར་ན་དཔྱད་ཚུལ་གོང་དང་མཚུངས་ལ། རྗེ་རྟ་ནག་པས་སེ་གོལ་གྱི་མཉན་བྱ་མཐུནདཔེར་བཟུང་ན་མཉན་བྱ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཡང་གསུངས་སོ། །༈ ཡང་མཉན་བྱ་ཆོས་ཅན། རྒོལ་བ་དབང་རྟུལ་ལ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་པ་མི་འཐད་པར་ཐལ། རྒོལ་བ་དབང་རྟུལ་ལ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། རྒོལ་བ་དབང་རྟུལ་དེས་སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་མ་ངེས་པའི་སྔ་རོལ་ཏུ་མཉན་བྱ་མི་རྟག་པ་ཡིན་པར་རྟགས་ཀྱི་བྱེད་པ་ལ་བརྟེན་ནས་བསྒྲུབ་པ་ཡོད་པའི་ཕྱིར། དེར་ཐལ། མཉན་བྱ་ཆོས་ཅན། མི་རྟག་པ་ཡིན་ཏེ། དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་བཀོད་ནས་སྦྱོར་བ་དེ་སྒྲུབ་ཀྱི་རྟགས་དོན་བྱེད་ནུས་པའི་བྱེད་པ་ལ་བརྟེན་ནས་མཉན་བྱ་མི་རྟག་པར་གྲུབ་པ་ཡོད་པའི་ཕྱིར། དེར་ཐལ། འཐད་ལྡན་ལས། གལ་ཏེ་མཉན་བྱ་ཉིད་ནི་མཉན་ཤེས་བསྐྱེད་པ་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་མ་ངེས་པའི་སྔ་རོལ་ཏུ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་ངེས་པའི་རྒོལ་བ་དབང་རྟུལ་ཡོད་པར་ཐལ། འདོད་ན། དེའི་འདྲའི་རྒོལ་བ་ལ་མཉན་བྱ་དེ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པར་ཐལ། ཕྱིས་སུ་རྒོལ་བ་དེ་ལ་ཁྱབ་འབྲེལ་ངག་གིས་དངོས་སུ་མ་བསྟན་པར་སྒྲ་མཉན་བྱ་ཡིན་ནོ་ཞེས་གཏན་ཚིགས་འབའ་ཞིག་བརྗོད་པ་ཙམ་གྱིས་མཉན་བྱ་རྟགས་ཡང་དག་ཏུ་འགྱུར་བའི་ཕྱིར། དེར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་སྔོན་དུ་ངེས་པའི་རྒོལ་བ་ལ་ཕྱིས་སུ་བྱས་ན་མི་རྟག་པས་ཁྱབ་པ་དངོས་སུ་བརྗོད་མི་དགོས་པར་སྒྲ་བྱས་སོ་ཞེས་ཕྱོགས་ཆོས་རྐྱང་བ་བརྗོད་པས་རྒོལ་བ་དེ་ལ་རྟགས་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་འགྲོ་བའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པ་ཟད། །ཅེས་དང༌། དེའི་ཐད་ཀྱི་འགྲེལ་བཤད་རིན་ཕྲེང་ལས། དེ་སྒྲུབ་ཀྱི་ཕྱོགས་ཆོས་མི་ཤེས་ཤེས་རུང་དུ་ཡོད་ཅིང༌། དེ་ཡི་ཁྱབ་འབྲེལ་ཤེས་པའི་མཁས་པ་ཆོས་ཅན། ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ངག་གིས་དངོས་སུ་བསྟན་ནུས་མི་དགོས་ཏེ། སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ཞིག་བརྗོད་པས་ཀྱང་ཆོག་པས་སོ། །དུ་བ་ལའང་སྦྱར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྒོལ་བ་དབང་རྟུལ་ལའང་མཐུན་དཔེ་མེད་པར་རྟགས་ཡང་དག་ཏུ་སོང་བ་ཡོད་པར་ཐལ། འདོད་མི་ནུས་ཏེ། སྐབས་འདིར་རྣམ་འགྲེལ་རྩ་བ་དང་རིནའཕྲེང་གཉིས་ཀར་རྒོལ་བ་མཁས་པ་ལ་སྦྱར་བའི་རྒྱུ་མཚན་ཡོད་པའི་ཕྱིར་ན་དཔྱད། ༈ཡང་རང་ལུགས་ལ་མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་ངེས་ཤིང༌། མཉན་བྱ་མི་རྟག་པར་ངེས་ནས་སྒྲ་མི་རྟག་པ་མ་ངེས་པའི་རྒོལ་བ་ཡོད་པར་ཐལ། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། མཉན་བྱ་སྒྲར་ངེས་པའི་སྟེང་ནས་མཉན་བྱ་མི་རྟག་པར་ངེས་ན་སྒྲ་མི་རྟག་པ་ངེས་དགོས་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་རྟོགས་ཚུལ་ཡང་མཉན་བྱ་དང་སྒྲ་ཡི་མིང་དོན་གྱི་འབྲེལ་བ་ངེས་ནས་མཉན་བྱ་མི་རྟག་པ་རྟོགས་ཚུལ་ལས་ལྷག་ཅིག་མེད་པའི་ཕྱིར་ན་དཔྱད་དགོས་ལ། མཁས་པ་གཞན་གྱིས་འདི་ལ་གསུངས་ཟིན་མི་འདྲ་བ་གཉིས་ཡོད་དེ། རྣམ་ངེས་དར་ཊཱིཀ་དང་རྗེ་བཙུན་པའི་རྣམ་འགྲེལ་སོགས་སུ་མཉན་བྱ་མི་རྟག་པར་ཚད་མས་ངེས་པའི་རྗེས་སུ་མཉན་བྱ་དང་སྒྲའི་མིང་དོན་གྱི་འབྲེལ་བ་ཚད་མས་ངེས་པའི་གང་ཟག་ཡིན་ན། སྒྲ་མི་རྟག་པར་ཚད་མས་ངེས་པའི་གང་ཟག་ཡིན་དགོས་པར་གསུངས་ལ། རིགས་རྒྱན་དང་རྣམ་བཤད་སོགས་སུ་མཉན་བྱ་ལ་མི་རྟག་པས་ཁྱབ་པ་སྔར་ངེས། དེའི་རྗེས་སུ་མཉན་བྱ་སྒྲའི་ཐུན་མོང་མ་ཡིན་པའི་ཆོས་སུ་ངེས། དེའི་རྗེས་སུ་སྒྲ་མི་རྟག་པར་ངེསཀྱང་ཚུལ་གསུམ་གྱི་བྱེད་པ་ལ་བརྟེན་ནས་ངེས་པ་མིན་པར་གསུངས་སོ། །༈ ཡང་བཀའ་བཞི་བ་བསོད་ནམས་བཟང་པོའི་གཏན་ཚིགས་དོན་བསྡུས་དང༌། འགྲེལ་བཤད་རིན་འཕྲེང་གཉིས་ལས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་མ་གསུངས་ཤེ་ན། དེ་མི་འཐད་པར་ཐལ། གཏན་ཚིགས་དོན་བསྡུས་གཞིར་བཞག་ནའང་མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཁས་ལེན་དགོས་པའི་ཕྱིར། དེར་ཐལ། ཚ་ཞིང་སྲེག་པ་དེ་མེ་འཚེད་བྱེད་ཅེས་པའི་སྒྲ་བཤད་པའི་རྒྱུ་མཚན་འཇུག་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་འདོད་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གཏན་ཚིགས་དོན་བསྡུས་ལས། མེ་ཆོས་ཅན། འཚེད་བྱེད་ཅེས་པའི་སྒྲ་བཤད་པའི་རྒྱུ་མཚན་གྱིས་འཇུག་རུང་སྟེ། ཚ་ཞིང་སྲེག་པ་ཡིན་པའི་ཕྱིར་ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་གཉིས་ཀ་མཚན་ཉིད་དེས་མཚོན་བྱ་དེའི་སྟེང་དུ་གཞི་དེ་ཡིན་པར་སྒྲུབཔ་མཚུངས་པའི་ཕྱིར་རོ། །༈ ཡང་མཁས་པ་གཞན་གྱི་ལུགས་ལ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག དེ་སྒྲུབ་ཀྱི་ཁྱབ་པ་གཉིས་ཀའང་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་སླ། རྟགས་དེར་ཐལ། གཏན་ཚིགས་འཁོར་ལོ་ལས། དབུས་ན་ཐུན་མོང་མིན་མ་ངེས། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཏུ་སོང་བའི་རྒོལ་བ་ཡོད་པའི་ཕྱིར། དེར་ཐལ། སྒྲ་དང་མཉན་བྱའི་མིང་དོན་གྱི་འབྲེལ་བ་མ་ངེས་པའི་སྔ་རོལ་ཏུ་མཉན་བྱ་མི་རྟག་པ་ཁོ་ན་ལ་ཡོད་པར་ངེས་པའི་རྒོལ་བ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྣམ་ངེས་དར་ཊཱིཀ་ལས། ཁྱབ་པ་གྲུབ་ཟིན་མ་བརྗེད་པའི་རྗེས་སུ་སྒྲ་དང་མཉན་བྱ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་ངེས་པར་བྱས་པས། མཉན་བྱས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་ལ། དེའི་རྗེས་སུ་རྟགས་དེ་ལ་བརྟེན་ནས་སྒྲ་མི་རྟག་པ་གསར་དུ་ངེས་པར་བྱར་ཡོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་འགྲེལ་མཐའ་དཔྱོད་ལས། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་སྲིད་པའི་ཕྱིར་ན་ཤིན་ཏུ་མ་ཁྱབ་སྟེ། དམིགས་བསལ་ལ་དེ་འདྲ་སྲིད་ཀྱང༌། སྤྱིར་བཏང་ལ་དེ་དེ་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་གཏན་ཚིགས་ཡིན་ལ། དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཁྱད་པར་འབྱེད་དགོས་པའི་ཕྱིར། ཞེས་གསུངས་ལ། གོང་གི་རྣམ་ངེས་དར་ཊཱིཀ་གི་ལུང་དོན་རྗེ་བཙུན་པའི་རྣམ་འགྲེལ་དུ། འཐད་ལྡན་གྱི་ལུགས་ལྟར་ཡིན་པ་གསུངས་ཀྱང༌། རང་ལུགས་ལ་འཐད་ལྡན་ལྟར་ན་མཉན་བྱ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཏུ་མི་བཞེད་དེ། ཆོས་རྗེ་ཉ་དབོན་པའི་ཚད་ཊཱིཀ་ལས། ཆོས་མཆོག་དང་བྲམ་ཟེ་གཉིས་ཀྱིས་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་བཤད་ལ། རྒྱལ་དབང་བློ་དང་ཤནྟི་པས་རྟགས་ཡང་དག་ཏུ་བཞེད་དོ། །ཞེས་གསུངས་སོ། །དེས་ན་འཐད་ལྡན་མཁན་པོའི་ལུགས་ལ་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པས་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་མེད་དམ་དཔྱད་དགོས་ཏེ། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་མིན་དེ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་བའི་རྒོལ་བཡོད་མེད་ལ་ལྟོས་པའི་ཕྱིར་ན་དཔྱད། ༈ སྒྲ་ཚད་མས་ངེས་པའི་གང་ཟག་ཡིན་ན་སྒྲ་སྒྲར་ཚད་མས་ངེས་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། འདོད་ན། ཁྱོད་ཁྱོད་རང་ཡིན་ན་ཁྱོད་རྟོགས་པའི་གང་ཟག་ཡིན་ན་ཁྱོད་ཁྱོད་དུ་རྟོགས་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། ཁྱོད་རྟོགས་པའི་གང་ཟག་ཡིན་ན་ཁྱོད་ཁྱོད་དུ་རྟོགས་པའི་གང་ཟག་ཡིན་དགོས་པར་ཐལ། ཁྱོད་ཁྱོད་རང་ཡིན་པའི་ཕྱིར། འདོད་ན། ཤེས་བྱ་བློའི་ཡུལ་བྱ་རུང་རྟོགས་པའི་གང་ཟག་ཡིན་ན་ཤེས་བྱ་ཤེས་བྱ་རྟོགས་པའི་གང་ཟག་ཡིན་པས་ཁྱབ་པར་ཐལ། ཤེས་བྱ་བློའི་ཡུལ་དུ་བྱ་རུང་རྟོགས་པའི་གང་ཟག་ཡིན་ན་ཤེས་བྱ་རྟོགས་པའི་གང་ཟག་ཡིན་དགོས་པའི་ཕྱིར། འདོད་ན། ཤེས་བྱ་བློའི་ཡུལ་དུ་བྱ་རུང་ཆོས་ཅན། གང་ཟག་དེས་ཁྱོད་རྟོགས་ན་ཤེས་བྱ་ཤེས་བྱ་ཡིན་པར་རྟོགས་པས་ཁྱབ་པར་ཐལ། འདོད་ན། ཤེས་བྱ་བློའི་ཡུལ་དུ་བྱ་རུང་ཆོས་ཅན། གང་ཟག་དེས་ཁྱོད་རྟོགས་ན་ཤེས་བྱ་ཤེས་བྱ་ཡིན་པར་རྟོགས་པས་མ་ཁྱབ་པར་ཐལ། ཁྱོད་ཤེས་བྱ་ཤེས་བྱ་ཡིན་པའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། ཤེས་བྱ་བློའི་ཡུལ་དུ་བྱ་རུང་ཡིན་པ། ཤེས་བྱ་ཤེས་བྱ་ཡིནཔའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ན་དཔྱད། ༈ གཞན་ཡང་སྒྲ་དང་མི་རྟག་པ་གཉིས་ཆོས་ཅན། ཁྱོད་རྟོགས་ན་ཁྱོད་ཁྱོད་ཡིན་པར་རྟོགས་དགོས་པར་ཐལ། ཁྱོད་ཁྱོད་རང་ཡིན་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་སྒྲ་དང་མི་རྟག་པ་གཉིས་སྒྲ་དང་མི་རྟག་པ་གཉིས་ཡིན་པར་རྟོགས་པར་ཐལ། ཁྱོད་ཀྱིས་སྒྲ་དང་མི་རྟག་པ་གཉིས་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་དང་མི་རྟག་པ་གཉིས་རྟོགས་པར་ཐལ། ཁྱོད་ཀྱིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་དོན་གསུམ་རྟོགས་པའི་ཕྱིར། དེར་ཐལ། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྩོད་གཞི་དང་རྟགས་གཉིས་ཀ་རྟོགས་པར་ཐལ། ཁྱོད་ཀྱིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་དོན་གསུམ་རྟོགས་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་སྒྲ་དང་མི་རྟག་པ་གཉིས་ཀ་རྟོགས་པར་ཐལ། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་དང་མི་རྟག་པ་གཉིས་སྒྲ་དང་མི་རྟག་པ་གཉིས་ཀ་ཡིན་པར་རྟོགས་པར་ཐལ། ཁྱོད་གང་ཟག་གང་ཞིག ཁྱོད་ཀྱིས་སྒྲ་དང་མི་རྟག་པ་གཉིས་རྟོགས་པའི་ཕྱིར། འདོད་ན། གང་ཟག་དེས་སྒྲ་དེ་སྒྲ་དང་མི་རྟག་པ་གཉིས་ཀ་ཡིན་པར་རྟོགས་པར་ཐལ། དེས་སྒྲ་དང་མི་རྟག་པ་གཉིས་ཀ་སྒྲ་དང་མི་རྟག་པ་གཉིས་ཡིན་པར་རྟོགས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་རྟོགས་པར་ཐལ། ཁྱོད་ཀྱིས་སྒྲ་དེ་སྒྲ་དང་མི་རྟག་པ་གཉིས་ཀ་ཡིན་པར་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་ཡིན་པའི་ཕྱིར་ནདཔྱད་པར་བྱའོ། །

བསྒྲུབ་བྱའི་ཆོས་བཤད་སྐབས་ཀྱི་དོགས་དཔྱོད།

བསྒྲུབ་བྱའི་ཆོས་བཤད་སྐབས་ཀྱི་དོགས་དཔྱོད།

སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར་ཟེར་ན་རང་ལུགས་ལ་ཁྱབ་པ་མ་གྲུབ་པོ། །འོ་ན་སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། འདོད་ན། སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་གང་ཡང་རུང་བ་ཞིག་གི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། སྦྱོར་བ་དེ་སྒྲ་མི་རྟག་པ་བསྒྲུབ་བྱར་བཟུང་བའི་སྦྱོར་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་ཡིན་མིན་དེ་སྒྲ་མི་རྟག་པ་བསྒྲུབ་བྱར་བཟུང་བའི་སྦྱོར་བ་ཡིན་མིན་གྱིས་འཇོག་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་ཡིན་ཚུལ་ཡོད་པའི་ཕྱིར། གོང་དུ་འདོད་ན། སྐད་ཅིག་མ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ནདཔྱད། ༈ ཡང་སྐད་ཅིག་མ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱང་ཡིན་མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཀྱང་ཡིན་མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡོད་པ་ལ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་མཚན་མཚོན་གཉིས་ཀ་ཡིན་པའི་གཞི་མཐུན་པ་ཡོད་དགོས་པའི་ཕྱིར། དེར་ཐལ། མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པ་ལ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡོད་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས་དེ་ཡོད་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། དེར་ཐལ། རང་ལུགས་རྟགས་རིགས་ལས། དང་པོ་དོན་སྒྲུབ་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན་མཚན་ཉིད་ཡིན་པའི་གཞི་མཐུན་པ་ཡོདཔའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཚང་བའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་རྟགས་ཡང་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་གིས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་མ་རྟོགས་པར་ཐལ། བྱས་པ་དེ་རྒོལ་བ་དེའི་ངོར་སྒྲ་མི་རྟག་པར་བྱེད་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་སྒྲ་སྐད་ཅིག་མ་མ་རྟོགས་པར་ཐལ། ཁྱོད་ཀྱིས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་དེ་མ་རྟོགས་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་སྒྲ་སྐད་ཅིག་མ་རྟོགས་པར་ཐལ། ཁྱོད་གང་ཟག་གང་ཞིག་ཁྱོད་གང་ཡང་རུང་བ་ཞིག་གིས་སྒྲ་སྐད་ཅིག་མ་རྟོགས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གང་ཟག་གང་ཡང་རུང་བ་ཞིག་གིས་རྟོགས་ན་གང་ཟག་གིས་རྟོགས་པར་འཇོག་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། གང་ཟག་གང་ཡང་རུང་བས་རྟོགས་ན་གང་ཟག་གིས་རྟོགས་པར་འཇོག་དགོས་སོ། །ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གཉིས་ལས་དང་པོ་སླ་ཞིང༌། ཕྱི་མ་གྲུབ་སྟེ། སྒྲ་སྐད་ཅིག་མ་རྟོགས་ནས་སྒྲ་མི་རྟག་པ་ལ་ཤེས་འདོད་ཞུགས་པའི་རྒོལ་བ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་ཡིན་པ་གང་ཞིག དེས་སྒྲ་སྐད་ཅིག་མ་རྟོགས་པའི་ཕྱིར། དང་པོ་མ་གྲུབ་ན། དེ་འདྲའི་རྒོལ་བ་དེ་ཆོས་ཅན། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་ཡིན་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཆོས་དོན་གསུམ་ཚད་མས་ངེས་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་ཤེས་འདོད་ཞུགས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་སྐད་ཅིག་མ་དེ་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་རྟོགས་ཟིན་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། དེར་ཐལ། བྱས་པ་དེ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་འགོད་པ་སྐབས་བབ་ཀྱི་ཕྱིར་རྒོལ་ལ་བྱས་པ་དེ་དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་ཡང༌། སྤྱིར་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གང་ཡིན་ལ་བྱས་པ་དེ་དེ་སྒྲུབ་ཀྱི་དོན་དང་ཐ་སྙདགཉིས་ཀར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་སྙམ་སྟེ་དཔྱད་དོ། །༈ ཡང་རྟག་པ་མ་ཡིན་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། རྟག་པ་མ་ཡིན་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། དེར་ཐལ། གང་ཟག་དེས་གཞི་སྒྲ་ཡི་སྟེང་དུ་མི་རྟག་པ་རྟོགས་པ་ལ་སྒྲའི་སྟེང་དུ་རྟག་པ་མ་ཡིན་པ་རྟོགས་དགོས་པ་གང་ཞིག རྟག་པ་མ་ཡིན་པ་དེ་དེ་སྒྲུབ་ཀྱི་རྟགས་སུ་མ་བཀོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མི་རྟག་པ་མ་ཡིན་པ་ལས་ལོག་པ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་རྒྱུ་མཚན་ལ་གོང་གི་རྒྱུ་མཚན་དེ་ལས་ལྷག་མེད་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དང་པོ་གྲུབ་སྟེ། སྒྲའི་སྟེང་དུ་མི་རྟག་པ་གྲུབ་ན་སྒྲའི་སྟེང་དུ་རྟག་པ་རྣམ་བཅད་དུ་ཁེགས་དགོས་པའི་ཕྱིར། མ་ཁྱབ་ན་ཁྱབ་པར་ཐལ། རྟག་པ་དང་རྟག་པ་མ་ཡིན་པ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། ཁྱབ་སྟེ། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པ་ལ་གཞི་དེའི་སྟེང་དུ་ཅིག་ཤོས་ཡོངས་གཅོད་དུ་གྲུབ་ན་ཅིག་ཤོས་རྣམ་བཅད་དུ་ཁེགས་པ་དང༌། གཞི་དེའི་སྟེང་དུ་ཅིག་ཤོས་རྣམ་བཅད་དུ་ཁེགས་ན་ཅིག་ཤོས་ཡོངས་གཅོད་དུ་གྲུབ་པ་ཞིག་དགོས་པའི་ཕྱིར་རོ། །རྟག་པ་དང་མི་རྟག་པ་གཉིས་དངོས་འགལ་མིན་ཟེར་ན་མི་འཐད་དེ། གཏན་ཚིགས་དོན་བསྡུས་ལས། རྟག་མི་རྟག་ལྟ་བུ་ཚད་མས་གནོད་པ་དངོས་དང༌། བྱས་པ་དང་རྟག་པ་ལྟ་བུ་ཚད་མས་གནོད་པའི་སྟོབས་ཀྱིས་འགལ་བ་སྟེ། བརྒྱུད་འགལ་ལོ་ཞེས་བྱ་བ་ནི་མཁས་པ་ཉ་ཡི་བཞེད་པ་སྟེ། གཞུང་ལུགས་ཀྱི་གནད་ཀྱི་དོན་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ༈ ཡང་སྦྱོར་བ་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་ན་སྦྱོར་བ་དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པར་ཐལ། འདོད་ན། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཁྱབ་གྲུབ་པ་ཐལ། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པའི་ཕྱིར། མ་གྲུབ་ན། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པར་ཐལ། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་གྲུབ་པའི་ཕྱིར། དེར་ཐལ། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། གོང་དུ་འདོད་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་གྲུབ་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། སྦྱོར་བ་དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པ་ལ་དེ་སྒྲུབ་ཀྱི་རྟགས་དེ་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་ཡིན་པས་ཁྱབ་པ་གྲུབ་དགོས་པའི་ཕྱིར། དེར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་ཚུལ་ཡོད་པའི་ཕྱིར་ན་དཔྱད་དགོས་ལ། དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་ན་དེ་སྒྲུབ་ཀྱི་དངོས་ཁྱབ་གྲུབ་པས་མ་ཁྱབ་ཟེར་ན་མི་འཐད་དེ། རང་ལུགས་རྟགས་རིགས་ལས། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྗེས་ཁྱབ་མ་གྲུབ་པའི་ཕྱིར། དེར་ཐལ། ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་རྟགསཀྱིས་དེ་སྒྲུབ་ཀྱི་དངོས་ཁྱབ་མ་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །༈ གཏན་ཚིགས་དོན་བསྡུས་ལས། སྒྲུབ་རྟགས་ཡང་དག་གི་མཚན་ཉིད་ལ་ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པ་དེ་བཞག་པ་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་ཡིན་ན་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་སྒྲུབ་པ་ཡིན་པས་ཁྱབ་པར་ཐལ། འདོད་ན། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་སྒྲུབ་པ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་དགག་པ་ཡིན་པའི་ཕྱིར། དེར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་ལ་མི་རྟག་པ་འཇོག་དགོས་པ་གང་ཞིག དེ་དགག་པ་ཡིན་པའི་ཕྱིར། དང་པོ་སླ། ཕྱི་མ་དེར་ཐལ། རྣམ་འགྲེལ་རང་འགྲེལ་ལས། འབྲས་བུའི་སྒོ་ནས་དགག་པ་ནི། སྒྲ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་པ་དང༌། མ་རིག་པ་དང༌། མ་སྐྱེས་པ་དང༌། བདག་མེད་པ་དང༌། མི་རྟག་པ་རྣམས་སོ། །ཞེས་དང༌། ཤཱཀྱ་བློའི་འགྲེལ་བཤདལས། མི་རྟག་པ་ནི་རྟག་པ་ཡིན་པ་རྣམ་པར་བཅད་པའི་དགག་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་དགག་པ་ཡིན་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་མི་རྟག་པ་དགག་པ་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་དེ་དགག་པ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། སྒྲུབ་རྟགས་དང་དགག་རྟགས་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་དང༌། གང་ཞིག་བསྒྲུབ་བྱའི་ཆོས་དགག་པ་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དགག་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྣམ་འགྲེལ་ལས། རང་བཞིན་ཡོད་ཙམ་དང༌། །འབྲེལ་བ་ཅན་གྱི་ངོ་བོ་ཡང༌། །ཞེས་དང༌། དེའི་ཐད་ཀྱི་འགྲེལ་བཤད་རིན་འཕྲེང་ལས། བྱས་པ་ལྟ་བུ་ཡང་རང་གི་རང་བཞིན་དུ་ཡོད་ཙམ་དང་འབྲེལ་བ་ཅན་གྱི་མི་རྟག་པ་གོ་བར་བྱེད་དོ། །ཞེས་གསུངསཔའི་ཕྱིར་རོ། །༈ ཡང་ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པ་སྒྲུབ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པར་ཐལ། སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པར་ཐལ། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པའི་ཕྱིར། འདོད་ན། བསྒྲུབ་བྱའི་སྒྲུབ་པ་མ་ཡིན་པར་ཐལ། བསྒྲུབ་བྱའི་ཆོས་དགག་པ་ཡིན་པའི་ཕྱིར། དེར་ཐལ། དགག་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དགག་སྒྲུབ་གཉིས་ཀའི་ཡིན་པ་ཡོད་པར་ཐལ། བསྒྲུབ་བྱའི་ཆོས་དེ་དེ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དགག་སྒྲུབ་གཉིས་འགལ་བ་ཡིན་པའི་ཕྱིར། དེར་ཐལ། རང་ལུགས་བསྡུས་གྲྭ་ལས། དགག་པ་མ་ཡིན་པར་ཐལ། སྒྲུབ་པ་ཡིན་པའི་ཕྱིར། ཞེས་གསུངས་པའིཕྱིར་རོ། །༈ ཡང་དགག་རྟགས་ཡང་དག་མ་ཡིན་པར་ཐལ། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་དགག་པ་མ་ཡིན་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཆོས་དགག་པ་མ་ཡིན་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པར་ཐལ། ཤེས་བྱ་དང་ཡོད་པ་སོགས་སྒྲུབ་པ་ཡིན་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རང་ལུགས་ལ་དངོས་མེད་ཀྱི་ཆོས་ལ་དགག་པས་མ་ཁྱབ་པར་སྒྲུབ་པ་ཞིག་ཡོད་པ་གང་ཞིག་དེ་འདྲའི་དངོས་མེད་དུ་གྱུར་པའི་སྒྲུབ་པ་ལ་ཡོད་པ་དང་ཤེས་བྱ་སོགས་མ་བཞག་ན་གཞན་འཇོག་རྒྱུ་མི་རྙེད་པའི་ཕྱིར། དང་པོ་གྲུབ་སྟེ། གཏན་ཚིགས་དོན་བསྡུས་ལས། སྒྲུབ་པ་ལ་དངོས་པོར་ཡོད་པའི་སྒྲུབ་པ་དང་མེད་པའི་སྒྲུབ་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་སྒྲུབ་པ་ཡིན་པ་བཞིན་དུ་བསྒྲུབ་བྱའི་ཆོས་ཀྱང་སྒྲུབ་པ་ཡིན་པའི་ཕྱིར། འདོད་ན། བསྒྲུབ་བྱའི་ཆོས་དགག་པ་མ་ཡིན་པར་ཐལ། བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པའི་ཕྱིར། འདོད་ན། ཚུལ་གསུམ་གང་ཞིག བསྒྲུབབྱའི་ཆོས་དགག་པ་མ་ཡིན་པར་ཐལ། འདོད་ན། དགག་རྟགས་ཡང་དག་མ་ཡིན་པར་ཐལ། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་དགག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཞི་གྲུབ་ན་རང་ཉིདདགག་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་ཡོད་པས་ཁྱབ་པའི་ཕྱིར་ན་དཔྱད། ༈ རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཡོད་ན་སྦྱོར་བ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ་ཡོད་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་ཡོད་པར་ཐལ། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་བསྒྲུབ་བྱའི་ཆོས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་སྦྱོར་བའི་ཤེས་འདོད་ཆོས་ཅན་མེད་པའི་ཕྱིར། དེར་ཐལ། དེ་འདྲའི་སྦྱོར་བ་རྟགས་དང་བསྒྲུབ་བྱའི་ཆོས་ཙམ་ལས་རྩོད་གཞི་མི་ལྡན་པའི་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། རྟགས་དང་བསྒྲུབ་བྱའི་ཆོས་ཙམ་ལས་རྩོད་གཞི་མི་ལྡན་པའི་སྦྱོར་བ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་ཙམ་ལས་བསྒྲུབ་བྱའི་ཆོས་དང་རྩོད་གཞི་མི་ལྡན་པའི་སྦྱོར་བ་ཡོད་པའི་ཕྱིར། དེར་ཐལ། རྟགས་ཙམ་བཀོད་པའི་སྦྱོར་བ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྟགས་ཙམ་བཀོད་པའི་ཐལ་འགྱུར་ཡོད་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རང་ལུགས་བསྡུས་གྲྭ་ལས། རྟགས་ཙམ་བཀོད་པའི་ཐལ་འགྱུར། ཞེས་གསུངས་པའི་ཕྱིར། འདོད་ན། རྟགས་དང་བསྒྲུབ་བྱའི་ཆོས་ཙམ་བཀོད་པའི་སྦྱོར་བ་དང་ཐལ་འགྱུར་ཡོད་པར་ཐལ། རྟགས་ཙམ་བཀོད་པའི་སྦྱོར་བ་དང་ཐལ་འགྱུར་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་སྦྱོར་བ་ཆོས་ཅན། རྟགས་དང་བསྒྲུབ་བྱའི་ཆོས་ཙམ་བཀོད་པའི་སྦྱོར་བ་ཡིན་པར་ཐལ། འདོད་ན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་སྦྱོར་བའི་ཤེས་འདོད་ཆོས་ཅན་མེད་པར་ཐལ། དེ་འདྲའི་སྦྱོར་བ་དེ་རྟགས་དང་བསྒྲུབ་བྱའི་ཆོས་ཙམ་བཀོད་པའི་སྦྱོར་བ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་སྦྱོར་བའི་ཤེས་འདོད་ཆོས་ཅན་ཡོད་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། དེ་ལ་འདོད་ལན་བཏབ་པས་སྒྲ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་མ་ཡིན་པར་འདོད་ཅེས་བརྩི་དགོས་པ་གང་ཞིག དེ་ལྟར་འདོད་ལན་མི་ཐེབས་པའི་ཕྱིར། དང་པོ་སླ། རྟགས་གཉིས་པ་གྲུབ་སྟེ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་འཇོག་རྒྱུ་ཡོད་པའི་ཕྱིར་ན། སྒྲ་འཇོག་ཟེར་ན། འོ་ན་སྒྲ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་ཡིན་པར་ཐལ། འདོད་ན། སྒྲ་སྒྲ་ཆོས་ཅན་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཡང་ན་མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་ཡོད་པར་ཐལ། སྒྲ་སྒྲ་ཆོས་ཅན་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་མ་ཡིན་པར་ཐལ། འདོད་མི་ནུས་པ་སླ། ཡང་ན་མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་ཡོད་པའི་ཕྱིར། དེར་ཐལ། སྦྱོར་བ་དེའི་བསྒྲུབ་བྱའི་ཆོས་ཡོད་པའི་ཕྱིར། ཁྱབ་སྟེ། རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ་བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། རང་གི་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་སོ། །ཞེས་དང༌། རང་ལུགས་རྟགས་རིགས་ལས། རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དཔག་བྱར་བཟུང་བའི་དཔག་བྱའི་ཆོས་དེ། བསྒྲུབ་བྱའི་ཆོས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །༈ བསྒྲུབ་བྱའི་ཆོས་ལ་དབྱེ་ན་རྟགས་ཡང་དག་དང་འགལ་མ་ངེས་མ་གྲུབ་པའི་བསྒྲུབ་བྱའི་ཆོས་བཞིར་དབྱེ་བ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། བསྒྲུབ་བྱའི་ཆོས་ལ་མགྲུབ་པའི་བསྒྲུབ་བྱའི་ཆོས་ཀྱིས་ཁྱབ་པའི་ཕྱིར་ན་དཔྱད། ༈ ཡང་བསྒྲུབ་བྱའི་ཆོས་ལ་དབྱེ་ན་དངོས་ཀྱི་བསྒྲུབ་བྱའི་ཆོས་དང༌། ཤུགས་ཀྱི་བསྒྲུབ་བྱའི་ཆོས་གཉིས་ཡོད་པར་ཐལ། འདོད་ན། བསྒྲུབ་བྱའི་ཆོས་ལ་ཤུགས་ཀྱི་བསྒྲུབ་བྱའི་ཆོས་ཡོད་པར་ཐལ། འདོད་ན། དེ་མེད་པར་ཐལ། བསྒྲུབ་བྱའི་ཆོས་ཡིན་ན་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཆོས་ཡིན་ན་རང་ཉིད་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་སྦྱོར་བ་ཡོད་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་མ་བཟུང་དེ་རང་ཉིད་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་སྦྱོར་བ་ཡོད་མེད་ལ་བལྟ་དགོས་པའི་ཕྱིར། དེར་ཐལ། བསྒྲུབ་བྱའི་ཆོས་ཡིན་མིན་དེ་རང་ཉིད་བསྒྲུབ་བྱའི་ཆོས་སུ་བཟུངབའི་སྦྱོར་བ་ཡོད་མེད་ལ་ལྟ་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར་ན་དཔྱད། ༈ སྐད་ཅིག་མ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བ་ཡིན་པར་ཐལ། འདོད་ན། སྐད་ཅིག་མ་དེ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་རྒྱུ་མཚན་ཡོད་པར་ཐལ། འདོད་ན། ཞོག སྐད་ཅིག་མ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བའི་རྒྱུ་མཚན་དེ་སྐབས་ཀྱི་རྒོལ་བས་ཤེས་འདོད་ཆོས་ཅན་སྒྲ་ཡི་སྟེང་དུ་བསྒྲུབ་བྱའི་ཆོས་མི་རྟག་པ་གྲུབ་པ་ན་དེའི་སྟེང་དུ་སྐད་ཅིག་མ་གྲུབ་དགོས་པའི་རྒྱུ་མཚན་གྱིས་ཡིན་ཟེར་ན། འོ་ན། རྟག་སྟོང་ཆོས་ཅན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྐབས་ཀྱི་རྒོལ་བས་སྒྲ་མི་རྟག་པ་རྟོགས་པ་ན་སྒྲ་ཁྱོད་དུ་རྟོགས་དགོས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཚུལ་གསུམ་གང་ཞིག ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་གཟུང་བྱ་ཡང་ཡིན། དགག་པ་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། དང་པོ་སླ། ཕྱི་མ་དེར་ཐལ། རྟག་སྟོང་དེ་ཡིན་པའི་ཕྱིར། རྟགས་ཁས་ཟེར་ན་དཔྱད་དགོས་ལ། སྐད་ཅིག་མ་དེ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་རྒྱུ་མཚན་དེ་སྒྲུབ་ཀྱི་སྐབས་བབ་ཀྱི་རྒོལ་བ་མཁས་པ་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྒྲ་ཡི་སྟེང་དུ་སྐད་ཅིག་མ་དཔག་འདོད་ཡོད་པ་གང་ཞིག དེ་འདྲའི་རྒོལ་བས་སྒྲ་མི་རྟག་པ་དངོས་སུ་གྲུབ་པ་ན་སྒྲ་སྐད་ཅིག་མའངདངོས་སུ་གྲུབ་འགྲོ་བས་ཡིན་ནམ་སྙམ་མོ། །༈ བདག་མེད་ཡིན་ན་ཁྱོད་སྒྲ་ཁྱོད་དུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་ཁྱོད་དུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་སྒྲ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། སྒྲ་མི་རྟག་པ་སྒྲ་སྒྲར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་སྒྲ་ཆོས་ཅན། སྒྲ་ཡིན་ཏེ་ཞེས་པའི་སྦྱོར་བའི་བསྒྲུབ་བྱའི་ཆོས་ལ་སྒྲ་འཇོག་དགོས་པའི་ཕྱིར། དེར་ཐལ། དེའི་བསྒྲུབ་བྱའི་ཆོས་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་སྒྲ་སྒྲར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པ་སྒྲ་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་ཆོས་ཅན། ཁྱོད་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། རང་ལུགས་རྟགས་རིགས་ལས། ཁྱོད་སྒྲ་ཁྱོད་དུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡིན་པར་ཐལ། ཁྱོད་བདག་ཏུ་མ་གྲུབ་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་འདིའི་དཔྱད་ཚུལ་དང་འདྲ་བ་གོང་རྟགས་ཀྱི་མཚན་ཉིད་བཤད་སྐབས་སུའང་ཅུང་ཙམ་བཤདཡོད་པས་དེར་གཟིགས་ཏེ་དེ་སྒྲའི་ཞིབ་ཆ་ཡོད་མེད་སོགས་ལ་དཔྱད་པར་བྱའོ། །

མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད་སྐབས་ཀྱི་དོགས་པ།

མཐུན་ཕྱོགས་དང་མི་མཐུན་ཕྱོགས་བཤད་སྐབས་ཀྱི་དོགས་པ།

དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡོད་པ་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་གཉིས་ཀའི་དོན་མཐུན་པ་ཞིག་ཡོད་མི་དགོས་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པ་ལ་ཁྱོད་དང་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གཉིས་ཀ་དེ་སྒྲུབ་ཀྱི་བསྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་ཡིན་པར་མཐུན་པ་དགོས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཞེས་པའི་ཕྱོགས་དེ་བསྒྲུབ་བྱའི་ཆོས་ལ་བྱས་ནས་ཆོས་ཐ་དད་པ་གཉིས་བསྒྲུབ་བྱའི་ཆོས་དེ་ཡིན་པར་མཐུན་པས་མཐུན་ཕྱོགས་ཞེས་བཤད་དགོས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡོད་པ་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་དོན་མཐུན་པ་ཞིག་ཡོད་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་ལས། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དང་བསྒྲུབ་བྱའི་ཆོས་ཀྱི་སྤྱིའི་དོན་མཐུན་པ་དེ། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་ལྟར་དོན་མི་མཐུན་པ་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱི་མཚན་ཉིད་ཟེར་ན། འོ་ན་གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་མེད་པར་ཐལ། སྒྲ་དང་རྟག་པར་ཆོས་མཐུན་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རིགས་སྒོའི་སྐབས་སུ་གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཐམས་ཅད་ལ་འཇུག་པ་གསུངས་པ་ཡིན་པར་ཐལ། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་ཐམས་ཅད་ལ་འཇུག་པ་ཡིན་པར་ཐལ། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ། ཁྱོད་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཐམས་ཅད་ལ་འཇུག་པ་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། གཞལ་བྱ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་སྒྲུབ་པའི་མེད་པ་མི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། སྒྲ་རྟག་པར་སྒྲུབ་པའི་མེད་པ་མི་མཐུན་ཕྱོགས་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། གཞལ་བྱ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། ཁྱབ་སྟེ། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པ་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་སྒྲ་རྟག་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་མཐའ་དག་ལ་འཇུག་པ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་རིགས་སྒོ་ལས། སྒྲ་རྟག་པ་ལ་སོགས་པའི་ཆོས་སྒྲུབ་པར་བྱ་བ་ལ་གཞལ་བྱ་ཡིན་པའི་ཕྱིར་ཞེས་བྱ་བའི་གཏན་ཚིགས་ནི་མཐུན་ཕྱོགས་དང་མི་མཐུན་པའི་ཕྱོགས་ཐམས་ཅད་ལ་འཇུག་པའི་ཐུན་མོང་གི་མ་ངེས་པ་ཞེས་བྱའོ། །ཞེས་དང༌། ཚད་མ་མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་སེ་ར་རྗེ་བཙུན་པའི་ཕྱོགས་ཆོས་འཁོར་ལོ་གཏན་ཚིགས་དགུའི་རེ་མིག་འགོད་ཚུལ་ལས། རེ་མིག་དང་པོ་སྒྲས་ཟིན་ལ། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་བཀོད་པ་སྒྲས་བརྗོད་ལྟ་བུ་ཡིན། དོན་ལ། སྒྲ་ཆོས་ཅན། རྟག་སྟེ། གཞལ་བྱ་ཡོད་པའི་ཕྱིར། དཔེར་ན་ནམ་མཁའ་དང་བུམ་པ་བཞིན། ཞེས་པ་ལྟ་བུ་ཡིན་ཏེ། གཞལ་བྱ་ཡོད་པ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་ཁྱབ་བྱེད་དུ་འཇུག་པའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་ཞིབ་ཆ་གསུངས་མོད། དེ་ལྟར་ན་སྒྲ་ཆོས་ཅན། རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བའི་རྟགས་དེ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པར་ཚད་མ་མདོ་ལས་གསུངས་པས་བྱས་པས་སྒྲ་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་མ་ཁྱབ་པས་ལུང་དོན་སྔར་བཞིན་བཞག་ན་སྒྲ་ཆོས་ཅན། རྟག་པ་ཡིན་ཏེ། བྱས་པ་ཡོད་པའི་ཕྱིར་ཞེས་གསུངས་པའི་དོན་ཡིན་ཟེར་དགོས་ལ། དེ་ལྟར་ན་གཏན་ཚིགས་འཁོར་ལོ་ལས། ལོགས་གཉིས་འགལ་བ་གཉིས་ཡིན་ཏེ། །ཞེས་ལོགས་གཉིས་ཀྱི་སྦྱོར་བ་འགལ་རྟགས་ཀྱི་སྦྱོར་བ་ཡིན་པར་གསུངས་པས་སྒྲ་ཆོས་ཅན། རྟག་པ་ཡིན་ཏེ། བྱས་པ་ཡོད་པའི་ཕྱིར་ཞེས་བཀོད་ན་སྦྱོར་བ་དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་མ་ངེས་པས་གཏན་ཚིགས་འཁོར་ལོའིལུང་དོན་གོང་ལྟར་བཞག་ན་འདི་ལྟར་དཔྱད་པར་བྱའོ། །༈ མཐུན་ཕྱོགས་དེ་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཡིན་པར་ཐལ། རིགས་ཐིགས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བསྒྲུབ་བྱའི་ཆོས་མཐུན་ཕྱོགས་ཀྱི་བྱེ་བྲག་ཡིན་པར་ཐལ། མཐུན་ཕྱོགས་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། བསྒྲུབ་བྱའི་ཆོས་བྱེ་བྲག་མ་ཡིན་པའི་ཕྱིར། དེར་ཐལ། བདག་མེད་ཡིན་ན་བསྒྲུབ་བྱའི་ཆོས་ཡིན་པས་ཁྱབ་པའི་ཕྱིར་རོ། །༈ ཡང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། རིགས་ཐིགས་ལས། མཐུན་པའི་ཕྱོགས་ནི་བསྒྲུབ་པར་བྱ་བའི་ཆོས་ཀྱི་སྤྱི་དང་དོན་མཐུན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་དང་དོན་མཐུན་པ་དེ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དེ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར་ན་སྐབས་འདིའི་བསྒྲུབ་བྱའི་ཆོས་ཀྱི་སྤྱི་ཞེས་པ་དང་སྤྱིར་སྤྱི་ཞེས་པ་མི་འདྲའམ་དཔྱད་པརབྱའོ། །༈ བུམ་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་བ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་དེ་མཐུན་ཕྱོགས་ཀྱི་མཚན་ཉིད་དུ་ཁ་ཅིག་གིས་བཞག་པ་མི་འཐད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མེད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པ་ཡིན་པའི་ཕྱིར། མ་ཁྱབ་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཆོས་ཅན། ཁྱོད་ཀྱིས་སྟོང་ན་ཁྱོད་མེད་དགོས་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མིས་སྟོང་ན་མི་མེད་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། གྲོང་ཁྱེར་མིས་མ་སྟོང་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། རི་ཆོས་ངེས་དོན་རྒྱ་མཚོ་ལས། གྲོང་ཁྱེར་མིས་སྟོང་པ་ཐལ་ལོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་ན་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མེད་དགོས་པར་ཐལ། མིས་སྟོང་ན་མི་མེད་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མེད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་སྟོང་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་ལས། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱིས་མི་སྟོང་བ་དེ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཆོས་དེ་ཁྱོད་ཀྱི་བྱེ་བྲག་ཡིན་ན་ཆོས་དེ་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། འདུས་བྱས་ཆོས་ཅན། ཆོས་དེ་ཁྱོད་ཀྱི་བྱེ་བྲག་ཡིན་ན་ཆོས་དེ་དངོས་པོའི་རྟགས་ཀྱིས་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། རང་རྒྱུ་ལས་སྐྱེས་པ་ཆོས་ཅན། ཁྱོད་དངོས་པོའི་རྟགས་ཀྱིས་སྒྲ་འདུས་བྱས་སུ་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་མ་ཡིན་པར་ཐལ། ཁྱོད་འདུས་བྱས་ཀྱི་བྱེ་བྲག་ཡིན་པའི་ཕྱིར། མ་གྲུབ་ན། རང་རྒྱུ་ལས་སྐྱེས་པ་ཆོས་ཅན། ཁྱོད་འདུས་བྱས་ཀྱི་བྱེ་བྲག་ཡིན་པར་ཐལ། ཁྱོད་འདུས་བྱས་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་གྲུབ་པའི་ཕྱིར། དེར་ཐལ། ཁྱོད་འདུས་བྱས་ཡིན། ཁྱོད་འདུས་བྱས་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་འདུས་བྱས་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། དང་པོ་གཉིས་སླ། རྟགས་ཕྱི་མ་གྲུབ་སྟེ། བུམ་པ་དེ་ཡང་དེ་ཡིན། ཀ་བ་དེ་ཡང་དེ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་རང་རྒྱུ་ལས་སྐྱེས་པ་མ་ཡིན་ཞིང་འདུས་བྱས་ཡིན་པའི་ཕྱིར། དེར་ཐལ། བུམ་པ་རང་རྒྱུ་ལས་སྐྱེས་པ་མ་ཡིན་པ་གང་ཞིག བུམ་པ་འདུས་བྱས་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བུམ་པ་རང་རྒྱུ་ལས་སྐྱེས་པའི་རྒྱུ་མཚན་དེ་བུམ་པ་བུམ་པའི་རྒྱུ་ལས་སྐྱེས་པའི་རྒྱུ་མཚན་གྱིས་མ་ཡིན། དེ་ལས་གཞན་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། འོ་ན་བུམ་པ་རང་དང་གཅིག་ཡིན་པར་ཐལ། བུམ་པ་བུམ་པ་དང་གཅིག་ཡིན་པ་གང་ཞིག རྒྱུ་མཚན་སྔ་མ་དང་འདྲ་བའི་ཕྱིར། འདོད་མི་ནུས་ཏེ། རང་དང་གཅིག་གི་ཡིན་པ་ཡོད་པ་དང༌། བུམ་པ་དང་རང་དང་ཡིན་ཁྱབ་མཉམ་པར་ཐལ་བ་སོགས་ཐལ་བ་མང་བོ་ཡོད་པའི་ཕྱིར། རྩ་བར་འདོད་མི་ནུས་ཟེར་ན། དེ་མི་འཐད་དེ། རྟགས་རིགས་ལས། མི་རྟག་པ་ཆོས་ཅན། ཆོས་དེ་ཁྱོད་ཀྱི་བྱེ་བྲག་ཡིན་ན་ཆོས་དེ་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་མཡིན་དགོས་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་བ་དེ། མཐུན་ཕྱོགས་ཀྱི་མཚན་ཉིད་དུ་འཇོག་དགོས་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་བ་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། འདོད་ན། བདག་མེད་ཡིན་ན་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། བདག་མེད་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་བ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བདག་མེད་ཡིན་ན་སྒྲ་བདག་མེད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་པ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་པ་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་ཆོས་ཅན། མཐུན་ཕྱོགས་ཡིན་པར་ཐལ། བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མི་མཐུན་ཕྱོགས་མཐུན་ཕྱོགས་མ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་རིགས་ཐིགས་ལས། མི་མཐུན་པའི་ཕྱོགས་ནི་མཐུན་པའི་ཕྱོགས་མ་ཡིན་པ་དེ། དེ་ལསགཞན་པ་དང༌། དེ་དང་འགལ་བ་དང༌། དེ་མེད་པའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་དང་མེ་ཡོད་པ་དོན་གཅིག་ཡིན་པར་ཐལ། འདོད་ན། ཚང་མང་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པར་ཐལ། མེ་ཡོད་པ་ཡིན་པའི་ཕྱིར། འདོད་ན། ཚང་མང་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དགག་ཆོས་ཡིན་པའི་ཕྱིར། དེར་ཐལ། མེ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་མེ་འཇོག་དགོས་པ་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་མེ་བཞག་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ལོག་ཕྱོགས་གང་ཡིན་པ་དགག་ཆོས་སུ་འཇོག་དགོས་པས་མེ་མ་ཡིན་པ་དེ་དེ་སྒྲུབ་ཀྱི་དགག་ཆོས་སུ་འཇོག་དགོས་པའི་ཕྱིར། འདོད་ན། ཚང་མང་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དགག་ཆོས་ཡིན་པར་ཐལ། མེ་མ་ཡིན་པ་ཡིན་པའི་ཕྱིར། འདོད་ན། ཚང་མང་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དགག་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚང་མང་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། མ་གྲུབ་ན། ཚང་མང་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པར་ཐལ། མེ་ཡོད་པ་ཡིན་པའི་ཕྱིར། རྟགས་ཁྱབ་གཉིས་རེ་རེ་ནས་གྲུབ་སྟེ། རྟགས་རིགས་ལས། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་ཀྱི་འགོད་ཚུལ་དང་མཐུན་པར་མི་སྟོང་བ་དེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཀྱི་མཚན་ཉིད། དེ་དང་མེ་ཡོད་པ་དོན་གཅིག མཚན་གཞི་ནི། ཚང་མང་སོགས་སོ། །ཞེསགསུངས་པའི་ཕྱིར་རོ། །༈ མཚོན་བྱ་མ་ཡིན་པ་བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཡིན་པར་ཐལ། འདོད་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། ཁྱོད་བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་མ་ཡིན་པར་ཐལ། ཁྱོད་བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བུམ་པ་མཚོན་བྱར་སྒྲུབ་པར་བྱེད་པའི་དགག་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། ཁྱོད་བུམ་པ་མཚོན་བྱར་སྒྲུབ་པའི་དགག་བྱའི་ཆོས་ཡིན་པར་ཐལ། ཁྱོད་མཚོན་བྱའི་ལོག་ཕྱོགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཀྱི་ལོག་ཕྱོགས་གང་ཡིན་པ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་དོན་དུ་འཇོག་དགོས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་དོན་ཡོད་པའི་ཕྱིར། གོང་དུ་འདོད་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། བུམ་པ་མཚོན་བྱར་སྒྲུབ་པའི་དགག་ཆོས་ཡིན་པར་ཐལ། འདོད་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། བུམ་པ་མཚོན་བྱར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། བུམ་པ་མཚོན་བྱར་སྒྲུབ་པའི་དགག་ཆོས་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མཚོན་བྱ་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། དེས་ན་མཚོན་བྱ་མ་ཡིན་པ་བུམ་པ་མཚོན་བྱར་སྒྲུབ་པའི་མཐུན་ཕྱོགས་ཡིན་ལ། དེ་དང་རིགས་འདྲ་བ་གཞན་ལ་ཡང་ཤེས་པར་བྱའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ འགལ་རྟགས་ཀྱི་སྦྱོར་བ་ཡིན་ན་སྦྱོར་བ་དེའི་རྟགས་དེ་ལ་མཐུན་ཕྱོགས་དེ་གཏན་ནས་མེད་པ་ཞིག་དགོས་པར་ཐལ། འདོད་ན། མཉན་བྱ་ཆོས་ཅན། མཚོན་བྱ་ཡིན་ཏེ། རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་ཆོས་ཅན། ཁྱོད་ཀྱི་རྟགས་དེ་ལ་མཐུན་ཕྱོགས་དེ་གཏན་ནས་མེད་པར་ཐལ། ཁྱོད་འགལ་རྟགས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། འདོད་ན། རྫས་ཡོད་ཆོས་གསུམ་ཚང་བ་ལ་མཚོན་བྱ་གཏན་ནས་མེད་པར་ཐལ། འདོད་མི་ནུས་ཏེ། རྫས་ཡོད་ཆོས་གསུམ་ཚང་བ་ལ་མཚོན་བྱ་ཡོད་པའི་ཕྱིར། མ་གྲུབ་ན། རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། ཁྱོད་ལ་མཚོན་བྱ་ཡོད་པར་ཐལ། ཁྱོད་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། ཁྱོད་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། མཚོན་བྱ་ཡིན་ཏེ། རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་ཆོས་ཅན། ཁྱོད་ཀྱི་རྟགས་དེ་ལ་མཐུན་ཕྱོགས་དེ་ཡོད་པར་ཐལ། དེ་སྒྲུབ་ཀྱི་རྟགས་རྫས་ཡོད་ཆོས་གསུམ་ཚང་བ་ལ་དེ་སྒྲུབ་ཀྱི་མཐུན་ཕྱོགས་མཚོན་བྱ་ཡོད་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། མཚོན་བྱ་ཡིན་ཏེ། རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་ཆོས་ཅན། ཁྱོད་ཀྱི་རྟགས་དེ་ལ་མཐུན་ཕྱོགས་དེ་གཏན་ནས་མེད་པར་ཐལ། ཁྱོད་འགལ་རྟགས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་ལས། འགལ་རྟགས་ཀྱི་མཐུན་ཕྱོགས་ལྟར་རྟགས་ལ་གཏན་ནས་མེད་པའི་མཐུན་ཕྱོགས་དང༌། ཞེས་གསུངས་པའི་ཕྱིར་ན་མཚན་ཉིད་དེ་ལ་མཚོན་བྱ་ཡོད་ཅེས་པ་དང༌། རྟགས་དེ་ལ་མཐུན་ཕྱོགས་ཡོད་ཅེས་པསོགས་ཅུང་མི་འདྲའམ་དཔྱད། ༈ ཡང་ཤེས་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་ཡོད་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་གང་ཡང་རུང་བ་ཞིག་ལ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་ཤེས་བྱ་ལ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཤེས་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ཡིན་ཞིང༌། ཁྱོད་ལ་ཡོད་པས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་ཡོད་པར་འཇོག་དགོས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ལ་ཡོད་ན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་མཐའ་དག་ལ་ཡོད་མི་དགོས་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་མེད་པར་ཐལ། ཁྱོད་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མི་མཐུན་ཕྱོགས་མཐའ་དག་ལ་མེད་པའི་ཕྱིར། དེར་ཐལ། རྩོལ་བྱུང་མ་ཡིན་པའི་ཕྱོགས་གཅིག་ཆུ་སྒྲ་སོགས་ལ་ཡོད་ཀྱང༌། རྩོལ་བྱུང་མ་ཡིན་པའི་ཕྱོགས་གཅིག་ནམ་མཁའ་སོགས་ལ་མེད་པའི་ཕྱིར། དེར་ཐལ། མི་རྟག་པ་དུང་སྒྲ་རྩོལ་བྱུང་དུ་སྒྲུབ་པའི་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པའི་རྟགས་ཡིན་པར་གསུངས་པའི་ཕྱིར། དེར་ཐལ། ཚད་མ་མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་དང༌། རྟགས་རིགས་ལས། གསུམ་པ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཆ་གཉིས་སུ་འཇུག་པ་ནི། དཔེར་ན་དུང་སྒྲ་རྩོལ་བ་ལསབྱུང་བར་སྒྲུབ་པར་བྱེད་པ་ལ་མི་རྟག་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །༈ ཡང་ཆུ་ཀླུང་ཆོས་ཅན། མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མེད་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། འདོད་ན། ཆུ་ཀླུང་ཆོས་ཅན། ཁྱོད་མེད་པར་ཐལ། ཁྱོད་སྦྱོར་བ་གང་ཡང་རུང་བའི་མེད་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། ཁྱབ་སྟེ། སྦྱོར་བ་དེ་སྒྲུབ་ཀྱི་མེད་པའི་མི་མཐུན་ཕྱོགས་ཡིན་པ་ལ་མེད་པ་ཡང་ཡིན་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཀྱང་ཡིན་དགོས་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས་ཡིན་པ་ལ་སྒྲ་མི་རྟག་པར་སྒྲུབ་པའི་མི་མཐུནཕྱོགས་ཀྱང་ཡིན། མེད་པ་ཡང་ཡིན་དགོས་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། སྒྲ་མི་རྟག་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས་ཡིན་པར་ཐལ། སྒྲ་མི་རྟག་སྒྲུབ་ཀྱི་མི་མཐུན་ཕྱོགས་གང་ཞིག མེད་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་སྐབས་སུ་སྒྲ་མི་རྟག་པར་སྒྲུབ་པའི་མེད་པ་མི་མཐུན་ཕྱོགས་ཀྱི་དོན་བསྟན་པ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས་ཡིན་ན་མེད་པས་ཁྱབ་པར་ཐལ། འདོད་ན། ཆུ་ཀླུང་ཆོས་ཅན། མེད་པ་ཡིན་པར་ཐལ། མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མེད་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། མེས་གཞི་འགར་གྲང་རེག་འགོག་པ་ན་ཆུ་ཀླུང་ལྟ་བུ་མེད་པའི་མི་མཐུན་ཕྱོགས། ཞེས་གསུངས་པའི་ཕྱིར་ན་དེ་སྒྲུབ་ཀྱི་མེད་པའི་མི་མཐུན་ཕྱོགས་ཞེས་པ་དང༌། དེསྒྲུབ་ཀྱི་མེད་པ་མི་མཐུན་ཕྱོགས་ཞེས་པ་ལ་ཅུང་མི་འདྲ་བའི་ཁྱད་ཡོད་དམ་དཔྱད། ༈ ཡང་ཆུ་ཀླུང་ཆོས་ཅན། མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མེད་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། འདོད་ན། ཆུ་ཀླུང་ཆོས་ཅན། མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མི་མཐུན་ཕྱོགས་ཡིན་པར་ཐལ། མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མེད་པའི་མི་མཐུན་ཕྱོགས་ཡིན་པའི་ཕྱིར། འདོད་ན། ཆུ་ཀླུང་ཆོས་ཅན། མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མི་མཐུན་ཕྱོགས་མ་ཡིན་པར་ཐལ། མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། གང་ཟག་གང་རུང་བའི་ངོར་ཆུ་ཀླུང་དེ་མེས་གཞི་འགར་གྲང་རེག་འགོག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་པའི་ཕྱིར། དེར་ཐལ། ཆུ་ཀླུང་ཐུར་དུ་འབབ་པ་དེ་ཡང་མེ་འབར་བའི་རང་བཞིན་དུ་སྣང་བའི་ཚད་མ་རྒྱུད་ལྡན་གྱི་གང་ཟག་ཡོད་པའི་ཕྱིར། དེར་ཐལ། ཚ་དམྱལ་བའི་གང་ཟག་ལ་ཆུ་ཀླུང་དེ་མེའི་རང་བཞིན་དུ་སྣང་བའི་ཕྱིར། དེར་ཐལ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྣང་གཞིའི་དངོས་པོ་གཅིག་ལ་ཡང་སྣང་མཁན་གྱི་ཡིད་ཐ་དད་པའི་དབང་གིས་དངོས་པོ་མི་འདྲ་བ་སྣ་ཚོགས་པ་གསལ་སྣང་དུ་ཤར་བ་ཙམ་མ་ཡིན་པར་དེ་དང་དེའི་དོན་བྱེད་ནུས་པར་སྣང་བའི་ཕྱིར། ཕྱི་རོལ་གྱི་དོན་མ་གྲུབ་པར་འདོད་པ་ཡིནནོ། །ཞེས་གསུངས་པའི་ཕྱིར། ༈ སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་ལ་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པ་ལ་ནམ་མཁའ་འཇོག་དགོས་པའི་ཕྱིར། དེར་ཐལ། ནམ་མཁའ་རྟག་པ་ཡིན་པས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཡིན་ཡང༌། ནམ་མཁའ་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པས་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཀྱི་སྒྲ་བཤད་དུ་མེད་པའི་མུ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་དང་སྒྲ་གཉིས་ཆོས་ཅན། རྟག་པར་ཆོས་མི་མཐུན་པར་ཐལ། འདོད་མི་ནུས་ཏེ། ནམ་མཁའ་དང་སྒྲ་གཉིས་རྟག་པར་ཆོས་མཐུན་པའི་ཕྱིར། དེར་ཐལ། ནམ་མཁའ་དང་སྒྲ་གཉིས་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། ནམ་མཁའ་དང་སྒྲ་གཉིས་ཆོས་ཅན། དངོས་པོ་ཡིན་པར་ཐལ། ཡོད་པ་གང་ཞིག རྟག་པ་མ་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས། འདོད་མི་ནུས་ཏེ། རྟག་དངོས་གཉིས་དངོས་པོ་མིན་པ་བཞིན་དུ་ནམ་མཁའ་དང་སྒྲ་གཉིས་ཀྱང་དངོས་པོ་ཡིན་པ་ཁས་ལེན་མི་བཏུབ་པའི་ཕྱིར། འདོད་ན། ནམ་མཁའ་དང་སྒྲ་གཉིས་ཆོས་ཅན། རྟག་པ་ཡིན་པར་ཐལ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་དང་སྒྲ་གཉིས་ཆོས་ཅན། ཁྱོད་རྟག་པར་ཆོས་མཐུན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། ཁྱོད་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པར་ཐལ། ཁྱོད་རྟག་པ་གང་ཞིག སྒྲ་མི་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་ལས། ཁྱོད་དང་སྒྲ་གཉིས་རྟག་པར་ཆོས་མི་མཐུན་པའི་ཕྱིར་ཏེ། ཁྱོད་རྟག་པ་གང་ཞིག སྒྲ་མི་རྟག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ༈ མི་མཐུན་ཕྱོགས་མེད་པར་ཐལ། འདོད་ན། མི་མཐུན་དཔེ་མེད་པར་ཐལ། མི་མཐུན་ཕྱོགས་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་མེད་པར་ཐལ། མི་མཐུན་དཔེ་མེད་པའི་ཕྱིར། ཁྱབ་སྟེ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡོད་པ་ལ་མི་མཐུན་དཔེ་ཡོད་དགོས་པའི་ཕྱིར། དེར་ཐལ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡིན་པ་ལ་མི་མཐུན་ཕྱོགས་ལ་རྟགས་དེ་མེད་པར་སྟོན་པ་ཞིག་དགོས་པའི་ཕྱིར། དེར་ཐལ། ཚད་མ་རིགས་སྒོ་ལས། ཆོས་མི་མཐུན་པ་ཡང་གང་ལ་བསྒྲུབ་པར་བྱ་བ་མེད་པ་རྟགས་མེད་པ་ཉིད་དུ་སྟོན་པ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། མི་མཐུན་ཕྱོགས་ཡོད་པར་ཐལ། ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་ན་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་སྦྱོར་སྐོར་གང་ཡང་རུང་བའི་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་སྒྲ་བདག་མེད་དུ་སྒྲུབ་པའི་སྦྱོར་བའི་དེའི་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར་རོ། །ཡང་ན་རྟགས་རིགས་ལས། མཐུན་ཕྱོགས་མི་མཐུན་ཕྱོགས་དང་དངོས་འགལ་ཡིན་ཀྱང༌། མི་མཐུན་ཕྱོགས་མཐུན་ཕྱོགས་དང་དངོས་འགལ་མ་ཡིན་ཏེ། མིམཐུན་ཕྱོགས་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ༈ ཡང་མི་མཐུན་ཕྱོགས་མེད་ཀྱང་སྒྲ་མི་རྟག་སྒྲུབ་ལྟ་བུའི་སྦྱོར་བ་དེ་སྒྲུབ་ཀྱི་མི་མཐུན་ཕྱོགས་ཡོད་པར་ཐལ། རྟགས་རིགས་ལས། དེས་ན་གཞུང་རྣམས་སུ་མི་མཐུན་ཕྱོགས་ཀྱི་མཚན་ཉིད་སོགས་གསུངས་པ་སྒྲ་མི་རྟག་སྒྲུབ་ལྟ་བུའི་གཞི་ལ་སྦྱར་དགོས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་སྒྲུབ་ལྟ་བུའི་སྦྱོར་བའི་མི་མཐུན་ཕྱོགས་མེད་པར་ཐལ། ཡོད་མེད་གང་རུང་ཡིན་ན་སྒྲ་མི་རྟག་སྒྲུབ་ལྟ་བུའི་སྦྱོར་བའི་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་སྒྲུབ་ལྟ་བུའི་སྦྱོར་བའི་མཐུན་ཕྱོགས་ཡིན་པ་ལ་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་མི་དགོས་པའི་ཕྱིར། དེར་ཐལ། ལྟ་བུའི་སྒྲ་སྦྱར་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་ན་སྒྲ་མི་རྟག་སྒྲུབ་ལྟ་བུའི་མཐུན་ཕྱོགས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། ཡོད་མེད་གང་རུང་ཡིན་ན་སྒྲ་མི་རྟག་སྒྲུབ་ལྟ་བུའི་མཐུན་ཕྱོགས་ཡིན་པས་ཁྱབ་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་ན་སྒྲ་མི་རྟག་སྒྲུབ་ལྟ་བུའི་མཐུན་ཕྱོགས་ཡིན་དགོས་པ་གང་ཞིག ཡོད་མེད་གང་རུང་ཡིན་སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྒྲ་མི་རྟག་སྒྲུབ་ལྟ་བུའི་མི་མཐུན་ཕྱོགས་མེད་པར་ཐལ། ཡོད་མེད་གང་རུང་ཡིན་ན་སྒྲ་མི་རྟག་སྒྲུབ་ལྟ་བུའི་མཐུན་ཕྱོགས་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། མི་མཐུན་ཕྱོགས་མེད་པའི་རྒྱུ་མཚན་དེ་ཡོད་མེད་གང་རུང་ཡིན་ན་མཐུན་ཕྱོགས་ཡིན་པས་ཁྱབ་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་ལས། དེས་ན་གཞུང་རྣམས་སུ་མི་མཐུན་ཕྱོགས་ཀྱི་མཚན་ཉིད་སོགས་གསུངས་པ་སྒྲ་མི་རྟག་སྒྲུབ་ལྟ་བུའི་གཞི་ལ་སྦྱར་དགོས་སོ། །ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །༈ ཕྱོགས་སྒྲ་འཇུག་ཡུལ་ལ་དངོས་བཏགས་ཅི་རིགས་ཀྱི་སྒོ་ནས་གསུམ་ཡོད་པར་གསུངས་པ་ལས་ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་ལ་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པ་གསུངས་པ་ཡིན་པར་ཐལ། འདོད་ན། ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་ཆོས་ཅན། ཁྱོད་ཕྱོགས་བཏགས་པ་བ་ཡིན་པར་ཐལ། ཁྱོད་ཕྱོགས་སྒྲ་བཏགས་མིང་དུ་འཇུག་པའི་གཞི་ཡིན་པའི་ཕྱིར། འདོད་ན། ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་ཆོས་ཅན། ཁྱོད་དང་ཕྱོགས་གཉིས་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་ཕྱོགས་བཏགས་པ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་ཆོས་དེ་བཏགས་པ་བ་ཡིན་ན་ཁྱོད་དང་ཆོས་དེ་གཉིས་ཀའི་གཞི་མཐུན་མི་སྲིད་དགོས་པའི་ཕྱིར། དེར་ཐལ། ཚད་མ་མདོ་ལས། བཏགས་པའི་ཕྱིར་ན་མི་སྲིད་ཕྱིར། །འབངས་ལ་རྒྱལ་བོ་བཏགས་པ་བཞིན། །ཞེས་གསུངས་པའི་ཕྱིར། འདོད་ན། ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་ཆོས་ཅན། ཁྱོད་དང་ཕྱོགས་གཉིས་ཀྱི་གཞི་མཐུན་མེད་པར་ཐལ། ཁྱོད་ཕྱོགས་བཏགས་པ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། དེར་ཐལ། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེའི་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནས་བརྗོད། །ཅེས་གསུངས་པའི་ཕྱིར། འདོད་ན། ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་དང་ཕྱོགས་གཉིས་ཀྱི་གཞི་མཐུན་མེད་པར་ཐལ། འདོད་མི་ནུས་ཏེ། སྒྲ་མི་རྟག་པ་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པ་ཆོས་ཅན། ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་དང་ཕྱོགས་གཉིས་ཀ་ཡིན་པར་ཐལ། ཕྱོགས་ཆོས་ཀྱི་ལྟོས་ཡུལ་ཤེས་འདོད་ཆོས་ཅན་ཡིན་པ་གང་ཞིག ཕྱོགས་ཡིན་པའི་ཕྱིར། དང་པོ་དེར་ཐལ། ཁྱོད་ཤེས་འདོད་ཆོས་ཅན་དུ་བཟུང་བའི་སྦྱོར་བ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ཡིན་པའི་ཕྱིར། གཉིས་པ་དེར་ཐལ། ཁྱོད་བསྒྲུབ་བྱ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པའི་ཕྱིར། ༈ ཡང་ཕྱོགས་སྒྲ་དངོས་སུ་འཇུག་པའི་ཡུལ་ཡིན་ན་ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པས་ཁྱབ་པར་ཐལ། འདོད་ན། ཕྱོགས་ཆོས་ཅན། ཆོས་དང་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། ཕྱོགས་སྒྲ་དངོས་སུ་འཇུག་པའི་ཡུལ་ཡིན་པའི་ཕྱིར། མ་གྲུབ་ན། ཕྱོགས་ཆོས་ཅན། ཁྱོད་ཕྱོགས་སྒྲ་དངོས་སུ་འཇུག་པའི་ཡུལ་ཡིན་པར་ཐལ། ཁྱོད་ཕྱོགས་ཞེས་བརྗོད་པའི་སྒྲ་དངོས་མིང་དུ་འཇུག་པའི་འཇུག་གཞི་ཡིན་པའི་ཕྱིར། མ་གྲུབ་ན། ཕྱོགས་ཆོས་ཅན། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲ་དངོས་མིང་དུ་འཇུག་པའི་འཇུག་གཞི་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲ་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་རྒྱས་པར་ཕྱོགས་སྒྲའི་དོགས་དཔྱོད་ཅིག་ལོགས་སུ་སྤྲོའོ། །

ཕྱོགས་ཆོས་བཤད་སྐབས་ཀྱི་དོགས་དཔྱོད།

ཕྱོགས་ཆོས་བཤད་སྐབས་ཀྱི་དོགས་དཔྱོད།

དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་མ་ཡིན་པར་ཐལ། གཞན་ལུགས་དགག་པའི་སྐབས་སུ་དེ་ཕྱོགས་སྔའི་འདོད་པར་བཀོད་ནས་དགག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཀྱི་མཚན་ཉིད་དུ་བཞག་ན་མཚན་མཚོན་གྱི་ཁྱབ་པ་སྒོ་བརྒྱད་འགྲིག་པ་གང་ཞིག དེདེའི་མཚན་ཉིད་མིན་པའི་རྒྱུ་མཚན་མེད་པའི་ཕྱིར་ན་དཔྱད། ༈ ཡང་སྒྲ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། སྒྲ་ཆོས་ཅན། ཁྱོད་ཀྱིས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་ཆོས་ཅན། ཁྱོད་ཀྱི་གཞི་རྟགས་ཐ་དད་མེད་པར་ཐལ། ཁྱོད་ཀྱི་རྟགས་དེ་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གཞི་རྟགས་ཐ་དད་དུ་མེད་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། སྒྲ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་གཞི་རྟགས་ཐ་དད་ནས་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གཞི་རྟགས་ཐ་མི་དད་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གཞི་རྟགས་ཐ་དད་ནས་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་གཞི་རྟགས་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། དེར་ཐལ། རྟག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། དེ་མི་འཐད་པར་ཐལ། རྟགས་རིགས་ལས། སྒྲ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཁྱོད་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད་པར་བྱའོ། །༈ མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་དང་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་ཡང་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་ཡིན་པར་གསུངས་པ་ཡིན་པར་ཐལ། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་ཡོད་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་དང་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་མེད་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པ་རྟོགས་ཟིན་པའི་རྒོལ་བའི་ངོར་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཅན་ཡོད་ཀྱང་ཤེས་འདོད་ཆོས་ཅན་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། འབའ་མདའ་བླ་མའི་རྟགས་རིགས་རྩོམ་འཕྲོ་ལས། དེས་ན་སྒྲ་དེ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པ་རྟོགས་ཟིན་པའི་གང་ཟག་གི་ངོར་སྒྲ་དེ་ཆོས་ཅན་ཡིན་ཀྱང་ཤེས་འདོད་ཆོས་ཅན་མ་ཡིན་ཏེ། དེས་སྒྲ་མི་རྟག་པ་ལ་ཤེས་འདོད་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་མེད་པར་ཐལ། འདོད་མི་ནུས་ཏེ། རྟགས་རིགས་ལས། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་དེ་དང་ཐ་དད་པའི་ཚུལ་གྱིས་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། ཞེས་གསུངས་པའི་ཕྱིར་ནདཔྱད། ༈ བྱས་པའི་རྟགས་ཀྱིས་སྒྲ་རྟག་དངོས་སུ་སྒྲུབ་པའི་རྟགས་ཆོས་དོན་གསུམ་མེད་པར་ཐལ། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་རྟག་དངོས་སུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་མེད་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བྱས་པའི་རྟགས་ཀྱིས་སྒྲ་རྟག་དངོས་སུ་སྒྲུབ་པའི་བསྒྲུབ་ཆོས་ཡོད་མེད་ཅེས་པ་དེ་བྱེ་བྲག་རྟག་པའི་དངོས་པོ་ཡོད་མེད་ལ་ཁས་ལེན་མི་འགྲོ་བའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་རྟག་མི་རྟག་གཉིས་རྟག་པར་ཁས་ལེན་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། རྣམ་འགྲེལ་ལས། ཆོས་དང་ཆོས་ཅན་རྣམས་བརྟགས་པ། །ཞེས་གསུངས་པའི་ཕྱིར། བྱས་པའི་རྟགས་ཀྱིས་སྒྲ་རྟག་དངོས་སུ་སྒྲུབ་པའི་རྟགས་ཆོས་དོན་གསུམ་ཡོད་པར་ཁས་ལེན་དགོས་པར་ཐལ། རིགས་པ་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་ལས། རྩ་བར་འདོད་མི་ནུས་ཏེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་མེད་པའི་ཕྱིར། དེར་ཐལ། རྟག་དངོས་ཀྱི་དངོས་པོ་མེད་པའིཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རང་ལུགས་ལ་ཕྱོགས་ཆོས་ཀྱི་མཚན་ཉིད་ལ་ཤེས་འདོད་ཆོས་ཅན་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་འཇོག་དགོས་པ་ཡིན་པར་ཐལ། འདོད་ན། ཕྱོགས་ཆོས་ཡིན་ན་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པས་ཁྱབ་པར་ཐལ། ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ན་གོང་གི་མཚན་ཉིད་དེའི་དོན་ཚང་བས་ཁྱབ་པར་ཐལ། འདོད་ན། སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་ལྟར་ཚད་མས་སྟོབས་ཀྱིས་གྲུབ་པའི་རྟགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། རང་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་ལྟར་ཚད་མས་སྟོབས་ཀྱིས་གྲུབ་པའི་རྟགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་ལྟར་ཚད་མས་སྟོབས་ཀྱིས་གྲུབ་པའི་རྟགས་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་ལྟར་གྲུབ་པ་གང་ཞིག ཚད་མས་སྟོབས་ཀྱིས་གྲུབ་པའི་རྟགས་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་ལྟར་གྲུབ་པར་ཐལ། འགོད་ཚུལ་དང་སྒྲུབ་ཚུལ་ཡིན་སྒྲུབ་གང་ཞིག སྒྲ་ཁྱོད་ཡིན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་ལྟར་གྲུབ་པའི་དོན་ཡིནཔའི་ཕྱིར། དེར་ཐལ། དེའི་དོན་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་སྒྲ་ཆོས་ཅན། ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པར་ཐལ། ཕྱོགས་ཆོས་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་སྒྲ་ཆོས་ཅན། ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་མ་ཡིན་པར་ཐལ། དེའི་ཚིག་ཟུར་གྱི་ཡོད་པའི་དོན་མ་ཚང་བའི་ཕྱིར། དེར་ཐལ། ཁྱོད་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། རྟོག་གེའི་སྐད་ལས། ཡོད་པ་ཞེས་སྨོས་པས་མ་གྲུབ་པ་བསལ་ཏེ། ཞེས་གསུངསཔའི་ཕྱིར་ན་དཔྱད། ༈ ཡང་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཡིན་པ་གང་ཞིག དེའི་ཚིག་ཟུར་གྱི་ཉིད་དང་ཚད་མས་ངེས་པའི་དོན་རེ་རེ་ནས་ཚང་བའི་ཕྱིར། དང་པོ་མ་གྲུབ་ན། སྒྲ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྐྱོན་མེད་ལ་འགོད་ཚུལ་དང་མཐུན་པའི་དོན་ཚང་བ་གང་ཞིག ཡོད་པའི་ཕྱིར། དང་པོ་དེར་ཐལ། དེ་སྒྲུབ་ཀྱི་འགོད་ཚུལ་དང་སྒྲུབ་ཚུལ་ཡིན་སྒྲུབ་གང་ཞིག སྒྲ་ཁྱོད་ཡིན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། དང་པོ་གྲུབ་སྟེ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད། སྒྲུབ་ཚུལ་ཡིན་སྒྲུབ་ཡིན། སྒྲ་ཁྱོད་ཡིན། སྒྲ་ཆོས་ཅན་གྱི་སྟེང་དུ་ཁྱོད་ཡིན་པའི་ཕྱིར། ཁྱབ་སྟེ། འགོད་ཚུལ་དང་མཐུན་པའི་དོན་ཡང་ཡིན་འགོད་ཀྱི་དབང་དུ་བྱས་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པ་དང༌། དེའི་སྟེང་དུ་རྟགས་དེ་ཡིན་པ་ལ་བྱེད། ཅེས་གསུངས་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། ཚད་མས་དམིགས་པ་ཡིན་པའི་ཕྱིར་ན་སྤྱིར་ཡོད་པ་དང་སྐབས་འདིའི་ཡོད་པའི་དོན་མི་འདྲ་བ་ཡིན་ནོ། །འོན་ཀྱང་སྒྲ་དེ་སྒྲའི་སྟེང་དུ་ཡོད་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་དེ་ལ་འགོད་ཚུལ་དང་མཐུན་པར་ཡོད་པའི་ཚད་དང༌། ཆོས་དེ་ལ་ཡོད་པའི་ཚད་སོགས་ཅུང་དཀའ་བས་ཞིབ་ཏུ་དཔྱད་དགོས་ལ། རྣམ་འགྲེལ་རིན་འཕྲེང་དུ། བྱས་པ་ཆོས་ཅན། སྒྲ་མི་རྟག་སྒྲུབ་ཀྱི་ཕྱོགས་ཆོས་ཡིན་ཏེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྒྲ་ཡི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་རྟགས་ཡིན་པས་སོ། །ཞེས་དང༌། གཏན་ཚིགས་དོན་བསྡུས་ལས་ཀྱང༌། རང་གི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཀྱི་སྟེང་དུ་འགོད་ཚུལ་ལྟར་ཚད་མས་སྟོབས་ཀྱིས་གྲུབ་པའི་རྟགས་སོ། །ཞེས་གཞུང་དེ་གཉི་གར་ཡོད་པ་དང་ཁོ་ན་མཚན་ཉིད་ཀྱི་ཟུར་ལ་མ་སྦྱར་བས་དེ་ལྟར་ན་སྒྲ་དེའང་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་འགྱུར་བའི་ཕྱིརན་ལུང་དེ་གཉིས་ཀའི་དགོངས་པ་འཚོལ་དགོས་སོ། །༈ ཕྱོགས་ཆོས་ལ་དབྱེ་ན་རྟགས་ཡང་དག་དང་འགལ་མ་ངེས་པའི་ཕྱོགས་ཆོས་གསུམ་ཡོད་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། ཕྱོགས་ཆོས་ལ་འགལ་རྟགས་དང་མ་ངེས་པའི་ཕྱོགས་ཆོས་མེད་པའི་ཕྱིར། དེར་ཐལ། ཕྱོགས་ཆོས་ཡིན་ན་དེ་གཉིས་གང་རུང་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཕྱོགས་ཆོས་ཡིན་ན་ཡང་དག་གི་ཕྱོགས་ཆོས་ཡིན་དགོས་པའི་ཕྱིར། མ་གྲུབ་ན། ཕྱོགས་ཆོས་ཡིན་ན་ཡང་དག་གི་ཕྱོགས་ཆོས་ཡིན་དགོས་པར་ཐལ། ཕྱོགས་ཆོས་ཡིན་ན་ཡོད་པ་ཡིན་དགོས་པ་གང་ཞིག ཡོད་ན་ཡང་དག་གི་ཕྱོགས་ཆོས་ཡིན་དགོས་པའི་ཕྱིར། ཕྱི་མ་དེར་ཐལ། ཡོད་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། ཕྱོགས་ཆོས་ལ་དབྱེ་ན་རྟགས་ཡང་དག་དང་འགལ་མ་ངེས་པ་གསུམ་གྱི་ཕྱོགས་ཆོས་མེད་པར་ཐལ། འདོད་མི་ནུས་ཏེ། གཏན་ཚིགས་དོན་བསྡུས་ལས། ཡང་དག་གི་ཕྱོགས་ཆོས། མ་ངེས་པའི་ཕྱོགས་ཆོས། འགལ་བའི་ཕྱོགསཆོས་ཏེ་གསུམ་མོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་ཕྱོགས་ཆོས་ལ་དབྱེ་ན། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུར་དབྱེ་བ་ཡིན་པར་ཐལ། འདོད་ན། ཕྱོགས་ཆོས་ལ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུར་གྲངས་ངེས་པ་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་རྣམས་ཆོས་ཅན། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་བོ་གང་རུང་ཡིན་པར་ཐལ། ཕྱོགས་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ལས་སྟེང་འོག་གཉིས་ལ་ཡང་དག་གཉིས། །ཞེས་པའི་སྐབས་ནས་བསྟན་པའི་ཡང་དག་གཉིས་པོ་གང་རུང་མ་ཡིན། ལོགས་གཉིས་འགལ་བ་གཉིས་ཡིན་ཏེ། །ཞེས་པའི་སྐབས་ནས་བསྟན་པའི་འགལ་རྟགས་གཉིས་པོ་གང་ཡང་མ་ཡིན། ཟུར་བཞི་དངོས་ཀྱི་མ་ངེས་པ། །ཞེས་པའི་སྐབས་ནས་བསྟན་པའི་དངོས་ཀྱི་མ་ངེས་པ་བཞི་པོ་གང་ཡང་མ་ཡིན། དབུས་ན་ཐུན་མོངས་མིན་མ་ངེས། །ཞེས་པའི་སྐབས་ནས་བསྟན་པའི་ཐུན་མོང་མ་ཡིནཔའི་མ་ངེས་པ་ཡང་མ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ལས་ལྔ་བའམ་དབུས་མ་དེ་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་གཏན་ནས་མེད་པར་ཐལ། ཚད་མ་མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །རྣམ་གསུམ་མི་མཐུན་ཕྱོགས་ལ་ཡང༌། །ཡོད་མེད་རྣམ་པ་གཉིས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་སྒྲ་རྟག་པར་སྒྲུབ་པའི་མི་མཐུན་ཕྱོགས་ལ་གཏན་ནས་མེད་པར་ཐལ། སྒྲ་ཆོས་ཅན། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་དེ་ཕྱོགས་ཆོས་ཅན་གྱི་གཏན་ཚིགས་དགུ་ལས་དབུས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་འཁོར་ལོ་ལས། གཞལ་བྱ་བྱས་དང་མི་རྟག་དང༌། །བྱས་དང་མཉན་བྱ་རྩོལ་བྱུང་དང༌། །མི་རྟག་རྩོལ་བྱུང་ལུས་ཅན་མིན། །རྟག་དང་མི་རྟག་རྩོལ་བྱུང་དང༌། །རྟག་དང་རྟག་དང་རྟག་པ་དང༌། །རྩོལ་བྱུང་མིན་དང་མི་རྟག་དང༌། །རྟག་པ་ལ་ནི་སྒྲུབ་པ་བཀོད། །ཅེས་དང༌། གཏན་ཚིགས་དོན་བསྡུས་ལས། རྟག་སྟེ། མཉན་བྱ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། མི་རྟག་པ་ལ་གཏན་ནས་མེད་པར་ཐལ། སྒྲ་རྟག་སྒྲུབ་ཀྱི་མིམཐུན་ཕྱོགས་ལ་གཏན་ནས་མེད་པའི་ཕྱིར་ན་དཔྱད། འདིའི་ཞིབ་ཆ་རྟགས་རིགས་སུ་གསལ། ༈ ཡང་རྟག་པ་ལ་རེག་བྱ་ཅན་ཡིན་མིན་གཉིས་ཡོད་པར་ཐལ། རེག་བྱ་ཅན་མིན་པ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ཡིན་པའི་ཕྱིར། མ་གྲུབ་ན། རེག་བྱ་ཅན་མིན་པ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པ་ཡིན་པར་ཐལ། མདོ་ལས། ཕྱོགས་ཆོས་མཐུན་ཕྱོགས་ཡོད་མེད་དང༌། །རྣམ་གཉིས་རེ་རེ་དག་ལ་ཡང༌། །ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། ཕྱི་མ་གསུམ་མཐུན་ཕྱོགས་ལ་ཆ་གཉིས་པར་མཚུངས་ལ། ཞེས་གསུངས་པའི་ཕྱིར། འདོད་ན། རྟག་པ་ལ་རེག་བྱ་ཅན་ཡིན་མིན་གཉིས་ཡོད་པར་ཐལ། འདོད་མི་ནུས་ཏེ། རྟག་པ་ལ་རེག་བྱ་ཅན་མེད་པའི་ཕྱིར། དེར་ཐལ། རེག་བྱ་ཅན་ཡིན་ན་དངོས་པོ་ཡིན་དགོས་པའི་ཕྱིར་ན་བྱེ་བྲག་པའི་བློ་ངོ་ལ་ལྟོས་ཏེ་བཤད་པ་ཡིན་པར་རང་ལུགས་རྟགས་རིགསསུ་གསུངས་སོ། །༈ རྩོལ་བྱུང་དེ་དུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། གཏན་ཚིགས་འཁོར་ལོ་ལས། སྟེང་འོག་གཉིས་ལ་ཡང་དག་གཉིས། །ཞེས་གསུངས་པའི་ཕྱིར། འདོད་ན། དུང་སྒྲ་ཡིན་ན་རྩོལ་བྱུང་ཡིན་པས་ཁྱབ་པར་ཐལ། རྩོལ་བྱུང་དེ་དུང་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དུང་སྒྲ་ལ་སྐྱེས་བུའི་རྩོལ་བ་ལས་མ་བྱུང་བའི་སྒྲ་ཞིག་ཡོད་པའི་ཕྱིར། དེར་ཐལ། སྐྱེས་བུའི་བསོད་ནམས་ཀྱི་དབང་གིས་དུང་སྒྲ་ལས་ཆོས་ཀྱི་སྡོམ་བཞི་གསུངས་པ་ཡོད་པའི་ཕྱིར། དེར་ཐལ། རྔ་སྒྲ་ལ་དེ་ལྟ་བུ་ཡོད་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར་དང༌། ཡང་ན་དུང་འདྲིལ་ཏེ་དངོས་པོ་གཞན་དང་འཕྲད་ནས་གྲག་པའི་སྒྲ་དེདུང་སྒྲ་ཡིན་པ་གང་ཞིག དེའང་སྐྱེས་བུའི་རྩོལ་བ་ལས་མ་བྱུང་བའི་ཕྱིར་ན་དཔྱད། ༈ འགོད་ཚུལ་དང་མཐུན་པའི་དོན་ལ་ཡིན་འགོད་ཀྱི་དབང་དུ་བྱས་ན་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པ་དང༌། དེའི་སྟེང་དུ་རྟགས་དེ་ཡིན་པ་དེ་འཇོག་དགོས་པར་ཐལ། འདོད་ན། རི་བོང་རྭ་ཆོས་ཅན། འགོད་ཚུལ་དང་མཐུན་པའི་དོན་ཚང་བར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པ་དང༌། དེའི་སྟེང་དུ་རྟགས་དེ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་ཡིན་པའི་ཕྱིར་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པ་ལ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་ཁྱོད་ཡིན་དགོས་ཟེར་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་ཁྱོད་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟགས་དེ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་འགོད་ཚུལ་དང་མཐུན་པའི་དོན་ཚང་བའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དུ་འགྲོ་རྒྱུ་དེ་ཆོས་ཅན། ཁྱོད་རྟག་པ་ཡིན་པར་ཐལ། ཁྱོད་དང་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར། དེརཐལ། ཤེས་བྱ་དེ་ཡིན་པའི་ཕྱིར་ན་དཔྱད། ༈ ཡོད་པ་ཞེས་པའི་ཚིག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་བསལ་བ་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་མེད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དེ་ཕྱོགས་ཆོས་མ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་ཟུར་གྱི་ཡོད་པ་ཞེས་པའི་སེལ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་དེ་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་ཟུར་གྱི་ཡོད་པ་ཞེས་པའི་སེལ་བྱ་ཡིན་པར་ཐལ། འཐད་ལྡན་ལས། ཡོད་པ་ཞེས་པའི་ཚིག་གིས་མིག་ཤེས་ཀྱི་བཟུང་བྱ་ཡིན་པའི་ཕྱིར་ཞེས་བྱ་བ་ལ་སོགས་པའི་མ་གྲུབ་པ་བསལ་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཆོས་ཅན། ཁྱོད་ཕྱོགས་ཆོས་མ་ཡིན་པར་ཐལ། ཁྱོད་ཕྱོགས་ཆོས་ཀྱི་མཚན་ཉིད་ཀྱི་ཚིག་ཟུར་གྱི་ཡོད་པ་ཞེས་པའི་སེལ་བྱ་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གྲུབ་པའི་གཏན་ཚིགས་མེད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྦྱོར་བ་གང་ཡང་རུང་བའི་རྟགས་ལྟར་སྣང་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་ལས། སྦྱོར་བ་གང་ཡང་རུང་བའི་རྟགསལྟར་སྣང་ཡིན་ན་རྟགས་ལྟར་སྣང་ཡིན་མི་དགོས་ལ། ཞེས་གསུངས་པའི་ཕྱིར་རོ། །༈ ཡང་ཡོད་པ་ཞེས་པའི་ཚིག་གིས་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་བསལ་བ་ཡིན་པར་ཐལ། འདོད་ན། དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་ན་ཡོད་པ་ཞེས་པའི་ཚིག་གིས་སེལ་ནུས་པས་ཁྱབ་པར་ཐལ། འདོད་མི་ནུས་ཏེ། ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་རྣམས་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་གང་ཞིག དེ་ཡིན་ན་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་མ་ཚང་བས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཡོད་པ་ཆོས་ཅན། ཁྱོད་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་འགོད་ཚུལ་དང་མཐུན་པར་ཡོད་པའི་དོན་མ་ཚང་བར་ཐལ། དེ་སྒྲུབ་ཀྱི་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའིགཏན་ཚིགས་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་དེའི་ཚིག་ཟུར་གྱི་ཁོ་ནའམ་ཉིད་ཅེས་པའི་ཚིག་གིས་ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་སེལ་བ་ཡིན་པར་ཐལ། འདོད་ན། ཕྱོགས་གཅིག་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་ན་དེའི་ཚིག་ཟུར་གྱི་ཁོ་ནའི་དོན་མ་ཚང་བས་ཁྱབ་པར་ཐལ། འདོད་ན། དུ་བ་ཡོད་པ་ཆོས་ཅན། ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་ཀྱི་མཚན་ཉིད་ཟུར་གྱི་ཁོ་ནའི་དོན་མ་ཚང་བར་ཐལ། ཁྱོད་ལ་ལ་མེ་ཡོད་པར་སྒྲུབ་པའི་ཕྱོགས་གཅིག་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དུ་བ་ཡོད་པ་དེ་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ལ་ལ་མེ་ཡོད་པར་རྟོགས་པའི་རྗེས་དཔག་གི་རྟེན་དུ་གྱུར་པའི་གཏན་ཚིགས་ཡང་དག་ལ་དུ་བ་ཡོད་པ་དེ་འཇོག་དགོས་པའི་ཕྱིར། དེར་ཐལ། དེའི་རྟེན་དུ་གྱུརཔའི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་དེ་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། འདོད་ན། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་དེ་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་རྒྱུ་མཚན་དེ་ལྗོན་ཤིང་ལ་མཚན་མོ་ལོ་མ་འཁུམས་ནས་ཉལ་མི་ཉལ་གཉིས་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཆོས་ཅན། ཁྱོད་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། ཁྱོད་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་ཡོད་པ་ཉིད་མ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་ལ་ཁྱོད་ཡིན་མིན་གཉིས་ཡོད་པའི་ཕྱིར། ཁྱབ་སྟེ། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་དེ་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་རྒྱུ་མཚན་ལ་དེ་ལྟར་བཀོད་པ་གང་ཞིག་རིགས་པ་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་དེ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པའི་རྟགས་ཡང་དགཡོད་པའི་ཕྱིར་ན་དཔྱད།

རྗེས་ཁྱབ་དང་ལྡོག་ཁྱབ་བཤད་སྐབས་ཀྱི་དོགས་པ།

རྗེས་ཁྱབ་དང་ལྡོག་ཁྱབ་བཤད་སྐབས་ཀྱི་དོགས་པ།

མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ངེས་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེའི་ཟུར་རེ་རེའི་སེལ་བྱ་མ་ངེས་པའི་གཏན་ཚིགས་དང༌། འགལ་རྟགས་གང་ཡང་མ་ཡིན་པའི་ཕྱིར། རེ་རེ་ནས་སླ། གོང་གི་རྟགས་དང་པོ་མ་གྲུབ་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དང་ཐ་དད། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལྡོག་སྟོབས་ཀྱིས་ཁྱོད་ལྡོག་པར་ངེས་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དང་གཅིག་ཡིན་པར་ཐལ། ཡོད་པ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དང་ཐ་དད་མ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་དང་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དང་གཅིག་ཡིན་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་མི་རྟག་པའི་བྱེ་བྲག་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་ལས། མི་རྟག་པ་ཆོས་ཅན། ཆོས་དེ་ཁྱོད་ཀྱི་བྱེ་བྲག་ཡིན་ན་ཆོས་དེ་སྒྲ་ཁྱོད་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་མ་ཡིན་དགོས་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་གྲུབ་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དང་ཐ་དད། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལྡོག་ན་ཁྱོད་ལྡོག་པར་ངེས་པ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་གང་ཞིག དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ངེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་པ་གང་ཞིག རང་གི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། དེ་མི་འཐད་པར་ཐལ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཤེས་བྱ་ཤེས་བྱེད་ཐ་དད་ཕྱིར། །ཞེས་གསུངས་པའི་ཕྱིར། དེ་བཞིན་རྣམ་འགྲེལ་རང་འགྲེལ་དང་རྟགས་རིགས་སོགས་སུའང་མ་ཡིན་པར་སྒྲུབ་པའི་ཕྱིར་རོ། །༈ འབྲེལ་མ་གྲུབ་པར་རྗེས་ཁྱབ་གྲུབ་སྟངས་མེད་པར་ཐལ། རང་འགྲེལ་ལས། འབྲེལ་བ་མེད་པར་ནི་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གང་ཡང་ངེས་མི་ནུས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། འབྲེལ་བ་གྲུབ་པར་ཐལ། རྗེས་ཁྱབ་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་ཟུར་དཔྱད་ལས། སྤྱིར་རྗེས་ཁྱབ་མ་ཡིན་པའི་ཆོས་གཅིག་ཀྱང་མེད་དེ། ཚུལ་གསུམ་ཡིན་པ་མ་ཡིན་པའི་ཆོས་གཅིག་ཀྱང་མེད་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། རྗེས་ཁྱབ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། འབྲེལ་བ་གྲུབ་པར་ཐལ། རྗེས་ཁྱབ་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཐ་དད་ཡིནཔར་ཐལ། འབྲེལ་བ་གྲུབ་པའི་ཕྱིར་ན་དཔྱད། ༈ བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པའི་ཕྱིར། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ཐལ། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་མེད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་རྟག་པ་ལ་ཡོད་པའི་ཕྱིར། དེར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དེ་གཞི་དེ་ལ་ཡོད་པའི་ཚད་ཡོད་པའི་ཕྱིར་ན་དཔྱད། ༈ བྱས་པའི་རྒྱུའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་གྲུབ་ཀྱང་དེ་སྒྲུབ་ཀྱི་རྗེས་ཁྱབ་མ་གྲུབ་པར་ཐལ། འདོད་ན། བྱས་པའི་རྒྱུ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་འབྲེལ་བ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་མཐུན་པར་ཡོད་པར་ངེས་པ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པའི་རྒྱུ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་འབྲེལ་བ་གྲུབ་པར་ཐལ། མི་རྟག་པ་དང་འབྲེལ་བ་གྲུབ་པའི་ཕྱིར། དེར་ཐལ། མི་རྟག་པ་དང་ཕན་ཚུན་ཐ་དད། མི་རྟག་པ་བཀག་ན་ཁྱོད་ཁེགས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། ཕན་ཚུན་ཐ་དད་ཅིང༌། དེ་བཀག་ནས་དེ་ཁེགས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། མ་ཁྱབ་མཚམས་ཀྱི་རྟགས་དང་པོ་སླ། ཕྱི་མ་གྲུབ་སྟེ། མི་རྟག་པ་ལྡོག་ན་བྱས་པའི་རྒྱུ་ལྡོག་དགོས་པའི་ཕྱིར། དེར་ཐལ། མི་རྟག་པ་མེད་ན་བྱས་པའི་རྒྱུ་མེད་དགོས་པའི་ཕྱིར། དེར་ཐལ། མི་རྟག་པ་མེད་ན་གང་དྲན་དྲན་ཡིན་པསཁྱབ་པའི་ཕྱིར་ན་དཔྱད། ༈ ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་ན་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་གྲུབ་པས་ཁྱབ་པར་ཐལ། འདོད་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་གྲུབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་གྲུབ་པའི་ཕྱིར། ཁྱབ་སྟེ། ཐལ་འགྱུར་དེ་དང་སྦྱོར་བ་དེའི་དངོས་ཁྱབ་གྲུབ་ཚུལ་ཡོད་པའི་ཕྱིར། ཡང་ན་གཞལ་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་དང་རྗེས་ཁྱབ་གྲུབ་པར་ཐལ། ཅིའི་ཕྱིར་ན། གཞལ་བྱ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་དང་རྗེས་ཁྱབ་མ་གྲུབ་པའི་རྒྱུ་མཚན་དེ་གཞལ་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་མེད་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། བྱས་པ་བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དངོས་ཁྱབ་དང་རྗེས་ཁྱབ་གཉིས་རེ་རེ་མ་གྲུབ་པར་ཐལ། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་མེད་པའི་ཕྱིར་ན་དཔྱད་དགོས་ལ་དོགས་པཕྱོགས་ཙམ་ཞིག་གོང་དུའང་སོང་ཟིན། ༈ ཡང་བྱས་པའི་རྒྱུ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་གང་ཞིག དེ་སྒྲུབ་ཀྱི་ལྟར་སྣང་གསུམ་པོ་གང་ཡངམ་ཡིན་པའི་ཕྱིར་ན་འདིའི་དཔྱད་པ་གོང་དུ་སོང་ཟིན་ཏོ། །༈ རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་ལ་མཐུན་ཕྱོགས་ལ་ཡོད་པ་ཁོ་ན་ཞེས་སྦྱར་ན་རྟགས་དེས་མཐུན་ཕྱོགས་ལ་ཁྱབ་དགོས་པར་ཐལ། རྟགས་རིགས་ལས། རྟོག་གེའི་སྐད་ལས། ཡོད་པའི་སྒྲའི་སྔོན་དུ་ཁོ་ནའི་ཡི་གེས་ནི་ཕྱོགས་དང་མཐུན་པ་ཐམས་ཅད་ལ་ཁྱབ་པར་བྱེད་པ་མ་ཡིན་ཡང༌། རྩོལ་བ་ལས་བྱུང་བའི་གཏན་ཚིགས་ཉིད་དུ་བཤད་དེ། ཞེས་གསུངས་པའི་ཕྱིར། འདོད་ན། གཞི་དེ་ཆོས་དེ་ལ་ཡོད་པ་ཁོ་ན་ཡིན་པ་ལ་གཞི་དེས་ཆོས་དེ་ལ་ཁྱབ་དགོས་པར་ཐལ། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། སྒྲ་མཚོན་བྱར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་ཡོད་པ་ཁོ་ན་མ་ཡིན་པར་ཐལ། ཁྱོད་ཀྱིས་སྒྲ་ལ་མ་ཁྱབ་པའི་ཕྱིར། དེར་ཐལ། སྒྲ་ཡིན་ན་ཁྱོད་ཡིན་པས་མ་ཁྱབཔའི་ཕྱིར་ན་དཔྱད། ༈ རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་ལ་མཐུན་ཕྱོགས་ལ་ཡོད་པ་ཁོ་ན་ངེས་པ་ཞེས་སྦྱར་རིགས་པར་ཐལ། དེའི་ཚིག་ཟུར་གྱི་ཁོ་ན་ཞེས་པའི་ཚིག་ཕྲད་དེ་གཞན་ལྡན་རྣམ་གཅོད་ཡིན་པའི་ཕྱིར། དེར་ཐལ། ཁྱད་གཞི་དང་ཁྱད་ཆོས་བར་དུ་ཁོ་ནའི་ཚིག་ཕྲད་སྦྱར་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། ཆོས་ཀྱི་ཚིག་ཕྲད་ཐ་དད་པར། །བྱེད་པས་མི་ལྡན་གཞན་ལྡན་པ། །ཤིན་ཏུ་མི་སྲིད་རྣམ་གཅོད་ཕྱིར། །ཁྱད་པར་ཁྱད་ཅན་དག་དང༌། །བྱ་བ་དག་ནི་ལྷན་ཅིག་བརྗོད། །ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཁྱད་གཞི་ཡོད་པ་དང་ཁྱད་ཆོས་ངེས་པ་གཉིས་ཀྱི་བར་དུ་ཁོ་ནའི་ཚིག་ཕྲད་སྦྱར་བ་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། རྟགས་རིགས་ལས། དེ་སྒྲུབ་ཀྱི་རྗེས་ཁྱབ་ལ་གཞན་ལྡན་རྣམ་གཅོད་དགོས་པ་གང་ཞིག མི་ལྡན་རྣམ་གཅོད་སྦྱར་མི་རུང་བའི་ཕྱིར། དང་པོ་གྲུབ་སྟེ། ཁོ་ནའི་སྒྲ་ཡོད་པའི་སྔར་སྨོས་པ་ནི། དེ་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་ཀྱང་མ་ཁྱབ་པས་རྩོལ་བྱུང་གི་རྟགས་ཀྱིས་དུང་སྒྲ་མི་རྟག་པར་སྒྲུབ་པ་ལྟ་བུའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་བསྟན་པའི་ཆེད་ཡིན་པའི་ཕྱིར་ཏེ། ཞེས་གསུངས་པའིཕྱིར་ན་དཔྱད། ༈ བྱས་པ་མེད་པའི་དུས་སུ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་པ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ངེས་པར་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་མེད་པའི་དུས་སུ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་གང་ཞིག སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་འགལ་མ་ངེས་གཉིས་པོ་གང་ཡང་མ་ཡིན་པའི་ཕྱིར། དང་པོ་དེར་ཐལ། སྒྲ་བྱས་པ་མེད་པའི་དུས་སུ་བྱས་པ་ཡིན་པ་གང་ཞིག ཕྱོགས་ཆོས་ཀྱི་ཟུར་གཞན་རྣམས་ཚང་བའི་ཕྱིར། རྟགས་དང་པོ་མ་གྲུབ་ན། སྒྲ་ཆོས་ཅན། བྱས་པ་མེད་པའི་དུས་སུ་བྱས་པ་ཡིན་པར་ཐལ། བྱས་པ་མེད་པའི་དུས་སུ་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། བྱས་པ་མེད་པའི་དུས་སུ་ཡོད་པ་གང་ཞིག བྱས་པ་མེད་པའི་དུས་སུ་རྟག་པ་མ་ཡིན་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་མེད་པའི་དུས་སུ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་འགལ་རྟགས་དང་མ་ངེས་པའི་གཏན་ཚིགས་གང་ཡང་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཁྱབ་པ་རྣལ་མ་ངེས་པའི་ཕྱིར། རྩ་བར་འདོད་ན། བྱས་པ་མེད་པའི་དུས་སུ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་གང་ཞིག སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་པའི་ཕྱིར། འདོད་ན། བྱས་པ་མེད་པའི་དུས་སུ་བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་མེད་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། ཁྱོད་མེདཔའི་དུས་སུ་ཁྱོད་མེད་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར་རོ། །༈ རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་པ་གང་ཞིག རང་གི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དེ། རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་པ་གང་ཞིག རང་གི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ། ཞེས་གསུངས་པའི་ཕྱིར། འདོད་ན། རྗེས་ཁྱབ་ཡོད་ན་རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་པ་གང་ཞིག རང་གི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཡོད་དགོས་པར་ཐལ། རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་པ་གང་ཞིག རང་གི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་དེ་རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། རང་གི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་ངེས་པ་གང་ཞིག རང་གི་མཐུན་ཕྱོགས་ཁོ་ན་ལ་ཡོད་པར་ངེས་པ་ཡོད་པར་ཐལ། རྗེས་ཁྱབ་ཡོད་པའི་ཕྱིར། དེར་ཐལ། བདག་མེད་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དེ་ལ་འདོད་ལན་བཏབ་པས་རང་སྒྲ་བཤིག་དགོས་ལ་རང་སྒྲ་བཤིག་ནས་འདོད་ལན་བཏབ་ན་མི་རིགསཔའི་ཕྱིར་རོ། །༈ ཡང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་འབྲེལ་ཞིང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཡིན་པར་ཐལ། རྟགས་རིགས་ལས། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་འབྲེལ་ཞིང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་འབྲེལ་ཞིང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་འབྲེལ་ཞིང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་འབྲེལ་བ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་འབྲེལ་ཞིང༌། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་ཆོས་ཅན། ཁྱོད་ཁྱོད་དང་འབྲེལབ་མ་གྲུབ་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར་ན་དཔྱད། ༈ རྗེས་ཁྱབ་ལ་དབྱེ་ན་རང་དོན་སྐབས་ཀྱི་རྗེས་ཁྱབ་དང་གཞན་དོན་སྐབས་ཀྱི་རྗེས་ཁྱབ་གཉིས་ཡོད་པར་ཐལ། རྟགས་རིགས་ལས། གཉིས་པ་དབྱེ་བ་ནི། རང་དོན་སྐབས་དང་གཞན་དོན་སྐབས་ཀྱི་རྗེས་ཁྱབ་དང་ལྡོག་ཁྱབ་གཉིས་གཉིས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་དོན་སྐབས་ཀྱི་རྗེས་ཁྱབ་དང་རྗེས་ཁྱབ་གཉིས་ལ་ཁྱབ་ཆེ་ཆུང་མེད་པའི་ཕྱིར་ན་དཔྱད། ༈ ཡང་རྗེས་ཁྱབ་ལ་དབྱེ་ན་རྟགས་ཡང་དག་གི་ཁྱབ་པ་གཉིས་དང༌། རྟགས་ལྟར་སྣང་གི་ཁྱབ་པ་གཉིས་ཡོད་པར་ཐལ། འདོད་ན། རྟགས་ལྟར་སྣང་གི་རྗེས་ཁྱབ་ཡོད་པར་ཐལ། རྟགས་ལྟར་སྣང་གི་ཁྱབ་པ་གཉིས་ཡོད་པའི་ཕྱིར། འདོད་ན། རྟགས་ལྟར་སྣང་གི་རྗེས་ཁྱབ་མེད་པར་ཐལ། རྟགས་ལྟར་སྣང་མེད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཆོས་དེ་མེད་ན་ཆོས་དེའི་ཁྱད་ཆོས་དེ་མེད་དགོས་པའི་ཕྱིར། དེར་ཐལ། རྩ་ཤེས་ལས། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པ་ག་ལ་འགྱུར། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་ཟུར་དཔྱད་ལས། གཞི་གྲུབ་ནརྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་གྱི་ཡོད་པ་ཞེས་པས་ཐུན་མོང་མ་ཡིན་པའི་མ་ངེས་གཏན་ཚིགས་རྣམས་སེལ་བ་ཡིན་པར་ཐལ། དུལ་བ་ལྷས། འདིར་ཡོད་པ་སྨོས་པས་ནི་ཐུན་མོང་མ་ཡིན་པའི་མ་ངེས་པ་བསལ་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་སྒྲུབ་ཀྱི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་ན་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཞེས་པའི་དོན་མ་ཚང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་པ་ཞེས་པའི་དོན་མ་ཚང་བར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་འཁོར་ལོ་ལས། དབུས་ན་ཐུན་མོང་མིན་མ་ངེས། །ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། མཉན་བྱ་སྒྲ་མི་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། དེར་ཐལ། མཉན་བྱ་དེ་མི་རྟག་པ་ལཡོད་པའི་ཕྱིར་ན་དཔྱད། ༈ རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་གྱི་ངེས་པ་ཞེས་པས་ལྷག་ལྡན་གྱི་གཏན་ཚིགས་སེལ་བ་ཡིན་པར་ཐལ། འདོད་ན། དེའི་སེལ་བྱ་ལ་ལྷག་ལྡན་གྱི་གཏན་ཚིགས་ལས་གཞན་མི་འཇོག་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྒྲ་རྟག་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་གྱི་ངེས་པའི་དོན་ཚང་བར་ཐལ། སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་མ་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྐབས་ཀྱི་རྒོལ་བས་སྒྲ་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་ཡོད་པར་ངེས་པར་ཐལ། ཁྱོད་ལ་སྒྲ་རྟག་སྒྲུབ་ཀྱི་རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་གྱི་ངེས་པའི་དོན་ཚང་བའི་ཕྱིར། དེར་ཐལ། ཁྱོད་སྒྲ་རྟག་སྒྲུབ་ཀྱི་ལྷག་ལྡན་གྱི་གཏན་ཚིགས་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་ལས། དེའི་ཚིག་ཟུར་གྱི་ངེས་པ་ཞེས་པའི་དོན་ཚང་བར་ཐལ། ཐེ་ཚོམ་གྱི་ལྷག་མ་དང་ལྡན་པའི་གཏན་ཚིགས་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་མི་ནུསཏེ། ཁྱོད་སྒྲ་རྟག་སྒྲུབ་ཀྱི་མཐུན་ཕྱོགས་ལ་མེད་པའི་ཕྱིར་རོ། །༈ ཡང་རྗེས་ཁྱབ་ཀྱི་མཚན་ཉིད་ཟུར་གྱི་ངེས་པ་ཞེས་པས་ལྷག་ལྡན་གྱི་གཏན་ཚིགས་སེལ་བ་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་ན་དེའི་ཚིག་ཟུར་གྱི་ངེས་པའི་དོན་མ་ཚང་བས་ཁྱབ་པར་ཐལ། འདོད་ན། སྨྲ་པ་བོ་ཆོས་ཅན། དེ་སྒྲུབ་ཀྱི་སྐབས་བབས་ཀྱི་རྒོལ་བས་ཁྱོད་སྐྱེས་བུ་འདི་ཆགས་པ་དང་བྲལ་བར་སྒྲུབ་པའི་མཐུན་ཕྱོགས་ལ་འཇུག་པར་མ་ངེས་པར་ཐལ། ཁྱོད་སྐྱེས་བུ་འདི་ཆགས་བྲལ་བར་སྒྲུབ་པའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྒོལ་བས་སྨྲ་བ་པོ་ཆགས་བྲལ་ལ་ཡོད་པར་མ་རྟོགས་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་རྒོལ་བས་ཆགས་བྲལ་མ་ངེས་པར་ཐལ། འདོད་མི་ནུས་ཏེ། དེས་ཆགས་བྲལ་རྟོགས་པའི་ཕྱིར། དེར་ཐལ། རྒོལ་བ་དེས་ཆགས་བྲལ་གྱིས་སྟོང་བ་རྟོགས་པའི་ཕྱིར། ཁྱབ་སྟེ། གང་ཟག་དེས་རྟག་པས་སྟོང་བ་རྟོགས་ན་རྟག་པ་རྟོགས་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར་ན་དཔྱད།

འབྲས་རྟགས་ཡང་དག་བཤད་སྐབས་ཀྱི་དོགས་དཔྱོད།

འབྲས་རྟགས་ཡང་དག་བཤད་སྐབས་ཀྱི་དོགས་དཔྱོད།

སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་དེ་འབྲས་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བའི་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་ཡིན་པར་ཐལ། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དུ་བ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་འབྲེལ་མ་ཡིན་པའི་ཕྱིར། དེར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དངོས་མེད་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་མ་ཡིན་པའི་ཕྱིར། དེར་ཐལ། དེསྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དངོས་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་དེ་འབྲས་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པར་ཐལ། རྟགས་རིགས་སུ་ཁ་ཅིག་གི་འདོད་པ་ལ་སྦྱར་ནས་དགག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་དེ་འབྲས་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པའི་རྒྱུ་མཚན་དེ་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་མེད་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་ཡོད་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ཅན། འདུས་བྱས་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། ཁྱབ་སྟེ། རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་དང༌། ཐེག་མཆོག་དབུ་མ་ལས། དངོས་མེད་རྒྱུ་དང་བཅས་པར་འདོད། །ཅེས་གསུངས་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་ཡིན་པར་ཐལ། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དངོསམེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །༈ དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་ཡོད་པར་སྒྲུབ་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་པ་མེ་མ་ཡིན་པ་ལས་ལོག་པའི་མེའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། འབྲས་རྟགས་ཡང་དག་ནི་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེའི་འབྲས་བུ་ཡིན་པའི་རྟགས་ཡང་དག་ཅིག་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། རྒྱུ་ལ་རང་བཞིན་ཇི་སྙེད་ཅིག །མེད་ན་མི་འབྱུང་འབྲས་བུ་ནི། །གཏན་ཚིགས། ཞེས་དང༌། འགྲེལ་བཤད་རིན་འཕྲེང་ལས། རྒྱུ་མེ་ལ་ཡོད་པའི་་རང་བཞིན་ཇི་སྙེད་ཅིག་རྒྱུ་མེད་ན་མི་འབྱུང་བའི་འབྲས་བུ་དུ་བ་ནི་ཆོས་ཅན། དུ་ལྡན་ལ་ལ་མེ་གོ་བྱེད་ཀྱི་གཏན་ཚིགས་ཡིན་ཏེ། དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་ཕྱི་མ་གྲུབ་སྟེ། མེའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་ལས། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་བཟུང་རྒྱུ་མེ་མ་ཡིན་པ་ལས་ལོག་པའི་མེའི་འབྲས་བུ་ཡིན་པའི་ཕྱིར་ཏེ། མེའི་འབྲས་བུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་ཐལ་འགྱུར་ལ་འདོད་ལན་བཏབ་ན་མི་འཐད་དེ། དུ་བ་དུ་ལྡན་ལ་ལ་མེ་མ་ཡིན་པ་ལས་ལོག་པའི་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་མ་ཡིན་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར་ན། འབྲས་རྟགས་ཡང་དག་ཡིན་པ་ལ་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབཔ་བཟུང་དགོས་པའི་རྒྱུ་མཚན་ལ་དཔྱད། ༈ ཡང་འབྲས་རང་གི་རྟགས་གཉིས་པོ་གང་ཡིན་ན་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བ་ཞིག་དགོས་པར་ཐལ། རང་འགྲེལ་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ། གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་གཉིས་ཀྱིས་བསྒྲུབ་བྱ་དགག་པ་ཡང་སྒྲུབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་ཡང་དག་གང་ཞིག བསྒྲུབ་བྱ་དགག་པ་སྒྲུབ་པའི་རྟགས་ལ་དགག་རྟགས་ཡང་དག་གིས་ཁྱབ་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲུབ་རྟགས་དང་དགག་རྟགས་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་དང༌། གང་ཞིག་བསྒྲུབ་བྱའི་ཆོས་དགག་པ་ཡིན་པའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཤཱཀྱ་བློའི་འགྲེལ་བཤད་ལས། དངོས་པོ་ཁོ་ན་སྒྲུབ་ཅེས་མི་བྱ་སྟེ། དགག་པ་ཡང་སྒྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་གཉིས་པོ་ལ་དེ་སྒྲུབ་ཀྱི་དགག་རྟགས་ཡིན་པ་ཞིག་ཡོད་པར་ཐལ། དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་གཉིས་ཀྱིས་བསྒྲུབ་བྱ་དགག་པ་ཡང་སྒྲུབ་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་གང་ཡིན་ན་དེ་ལ་སྒྲུབ་རྟགས་ཡང་དག་གིས་ཁྱབ་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། འབྲས་རང་མ་དམིགས་པའི་རྟགས་གསུམ་སྟེ། མཚན་ཉིད་རིམ་པ་ལྟར། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བའི་དང༌། གང་ཞིག བསྒྲུབ་བྱའི་ཆོས་ལབདག་གཅིག་ཏུ་འབྲེལ་བའི་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་དུ་བ་ཆོས་ཅན། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་བའི་མེ་ཡོད་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་པས་ཁྱབ་པར་ཐལ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་བའི་མེ་ཡོད་པར་སྒྲུབ་པའི་དགག་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེ་བཟུང་བའི་ཕྱིར། དེར་ཐལ། དུ་ལྡན་ལའི་སྟེང་དུ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་དང༌། མེ་གཉིས་ཀ་རེ་རེ་ནས་ཡོད་པར་བསྒྲུབ་འདོད་པའི་རྒོལ་བ་དེས་བཟུང་བའི་ཕྱིར། དེར་ཐལ། དེ་ལྟར་ཞེ་འདོད་ལ་འཛིན་འདོད་པའི་རྒོལ་བ་ཡོད་པ་གང་ཞིག ཞེ་འདོད་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེར་བཟུང་ན་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་བཟུང་དགོས་པའི་ཕྱིར། དང་པོ་སླ། ཕྱི་མ་མ་གྲུབ་ན། དེ་དགོས་པར་ཐལ། འགྲེལ་བཤད་རིན་ཆེན་འཕྲེང་བ་ལས། འཕངས་པའི་ཞེ་འདོད་ཀྱི་བསྒྲུབ་བྱ་ཡིན་ན་བསྒྲུབ་བྱར་འདོད་དགོས་ཞེས་སྟོན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་མེ་མ་ཡིན་པ་ལ་ལས་ལོག་པའི་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་པས་མ་ཁྱབ་པར་ཐལ། དུ་བའི་རྟགས་ཀྱིས་དུ་ལྡན་གྱི་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་པས་མ་ཁྱབ་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་ལས། དེ་སྒྲུབ་ཀྱི་ཆོས་ཡིན་ན་དགག་པ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མེ་མ་ཡིན་པ་ལས་ལོག་པའི་མེ་དང་གཅིག་ཡིན་པསཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །༈ འཇིག་པའི་ངང་ཅན་དེ་གཟུགས་ལ་སོགས་པའི་ཕུང་བོ་རྣམས་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། འཇིག་པའི་ངང་ཅན་གྱི་རྟགས་ཀྱིས་གཟུགས་ལ་སོགས་པའི་ཕུང་བོ་རྣམས་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ། འཇིག་པའི་ངང་ཅན་དེ་གཟུགས་ལ་སོགས་པའི་ཕུང་བོ་རྣམས་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཟུགས་ལ་སོགས་པའི་ཕུང་བོ་འཇིག་པའི་ངང་ཅན་དུ་རྟོགས་པ་ལ་གཟུགས་ལ་སོགས་པའི་ཕུང་བ་རྣམས་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། གཟུགས་ལ་སོགས་པའི་ཕུང་པོ་འཇིག་པའི་ངང་ཅན་ནམ་རང་བཞིན་ཅན་ཡིན་པར་རྟོགས་ཚུལ་དེ་གཟུགས་ལ་སོགས་པའི་ཕུང་བོ་གྲུབ་ཙམ་ནས་ཕྱིས་འབྱུང་གི་རྒྱུ་གཞན་ལ་ལྟོས་པར་མེད་པར་རང་ཉིད་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པར་རྟོགས་ཚུལ་དེ་ཡིན་པའི་ཕྱིར། འདོད་ན། འཇིག་པའི་ངང་ཅན་དེ་གཟུགས་ལ་སོགས་པའི་ཕུང་བོ་རྣམས་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་སྐྱོན་མེད་མེད་པའི་ཕྱིར། འདོད་མི་ནུས་ཏེ། སློབ་དཔོན་ཛེ་ཏཱ་རིས། སྦྱོར་བ་ནི་འཇིག་པའི་ངང་ཅན་ཡིན་པ་དེ་ནི། རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པ་ཡིན་ཏེ། དཔེར་ན་གློག་ལ་སོགས་པ་ལྟ་བུའོ། །གཟུགས་ལ་སོགས་པའི་ཕུང་བོ་དེ་དག་ཀྱང་རང་གྲུབ་པའི་ཚེ་འཇིག་པའི་ངང་ཅན་ཡིནནོ། །ཞེས་བྱ་བ་ནི་རང་བཞིན་གྱི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། ༈ ཡང་འཇིག་པའི་ངང་ཅན་ཡིན་ན་རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པས་ཁྱབ་པར་ཐལ། འདོད་ན། མི་རྟག་པ་ཆོས་ཅན། རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པ་ཡིན་པར་ཐལ། འཇིག་པའི་ངང་ཅན་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། རང་གྲུབ་པའི་སྐད་ཅིག་གཉིས་པར་མི་གནས་པ་མ་ཡིན་པར་ཐལ། རང་གྲུབ་པའི་སྐད་ཅིག་གཉིས་པའི་དུས་སུ་ཁྱོད་ཡོད་པའི་ཕྱིར། དེར་ཐལ། མི་རྟག་པ་གྲུབ་པའི་སྐད་ཅིག་གཉིས་པའི་དུས་དེ་མི་རྟག་པ་གནས་པའི་དུས་ཡིན་པའི་ཕྱིར། དེར་ཐལ། མྱུ་གུའི་སྐད་ཅིག་སྔ་ཕྱི་བར་གསུམ་གའི་དུས་མྱུ་གུའི་གནས་དུས་ཡིན་པའི་ཕྱིར། མ་གྲུབ་ན། མྱུ་གུའི་སྐད་ཅིག་སྔ་ཕྱི་བར་གསུམ་གའི་དུས་མྱུ་གུའི་གནས་དུས་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། མྱུ་གུ་གནས་དུས་ནི་མྱུ་གུའི་རྒྱུན་མ་འགགསཔའི་བར་གྱི་སྐད་ཅིག་སྔ་ཕྱི་ཐམས་ཅད་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་ན་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པས་ཁྱབ་པར་ཐལ། འདོད་ན། རི་བོང་རྭ་ཆོས་ཅན། རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པར་ཐལ། རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རི་བོང་རྭའི་བཟུང་བ་མེད་པའི་ཕྱིར། འདོད་ན། རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་ན་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པས་ཁྱབ་པ་མེད་པར་ཐལ། འདོད་མི་ནུས་ཏེ། རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་ན་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པས་ཁྱབ་པའི་ཕྱིར། དེར་ཐལ། སློབ་དཔོན་ལྷ་དབང་བློའི་འགྲེལ་བཤད་ལས། སྦྱོར་བ་ནི་གང་གི་བཟུང་བ་རྟོག་པ་བྲལ་བཡིན་པ་དེ་ནི་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ༈ ཡང་རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་ན་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པས་ཁྱབ་པར་ཐལ། སློབ་དཔོན་ལྷ་དབང་བློའི་འགྲེལ་བཤད་ལས། སྦྱོར་བ་ནི་གང་གི་བཟུང་བ་རྟོག་པ་བྲལ་བ་ཡིན་པ་དེ་ནི་རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པར་ཐལ། རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། རང་གི་གཟུང་བ་རྟོག་པ་དང་བྲལ་བ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། མངོན་སུམ་རྟོག་དང་བྲལ་བ་ནི། །མངོན་སུམ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་ལས། མངོན་སུམ་རྟོག་པར་འདོད་པ་སོགས་འགོག་པ་ལ། རྟོག་བྲལ་ཡོངས་སྤྱོད་༼གཅོད་༽དུ་སྒྲུབ་པ་ནི། མངོན་སུམ་ཆོས་ཅན། ཁྱོད་རྟོག་བྲལ་དུ་ཁྱོད་རང་གིས་མ་གྲུབ་པར་ཚད་མ་རྫས་གཞན་གྱིས་སྒྲུབ་མི་དགོས་ཏེ། ཁྱོད་རྟོག་བྲལ་གྱི་ཤེས་པར་ཁྱོད་རང་གིས་འགྲུབ་པར་འགྱུར་བའིཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་སྐབས་འདིའི་རྟོག་པ་དང་བྲལ་ཞེས་པའི་རྟོག་པ་དེ་རྟོག་པ་དང་རྟོག་མེད་གཉིས་སུ་ཕྱེས་པའི་རྟོག་པ་ལ་བྱེད་པ་མིན་པར་ཡུལ་ངེས་པ་དང་བྲལ་མ་བྲལ་ལ་བྱེད་ཟེར་ན། འོ་ན་ཡིད་དཔྱོད་ཆོས་ཅན། རང་གི་བཟུང་བ་ལས་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་པར་ཐལ། རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར། མ་གྲུབ་ན། ཡིད་དཔྱོད་ཆོས་ཅན། རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་པར་ཐལ། རང་ཡུལ་ངེས་པ་དང་བྲལ་བའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། རང་ཡུལ་མ་ངེས་པའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། ཡིད་དཔྱོད་ཆོས་ཅན། ཡུལ་མ་ངེས་པའི་བློ་ཡིན་པར་ཐལ། རང་ཡུལ་མ་རྟོགས་པའི་བློ་ཡིན་པའི་ཕྱིར། མ་གྲུབ་ན། ཡིད་དཔྱོད་ཆོས་ཅན། མ་རྟོགས་པའི་བློ་ཡིན་པར་ཐལ། མ་རྟོགས་པའི་བློའི་མཚན་གཞི་ཡིན་པའི་ཕྱིར། མ་གྲུབ་ན། ཡིད་དཔྱོད་མ་རྟོགས་པའི་བློའི་མཚན་གཞི་ཡིན་པར་ཐལ། བློ་རིག་གསེར་གྱི་ཉི་མ་ལས། རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་མི་འདྲེན་པའི་རིག་པ་དེ། མ་རྟོགས་པའི་བློའི་མཚན་ཉིད། མཚན་གཞི་ནི། ཡིད་དཔྱོད་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ཡིད་དཔྱོད་ཀྱིས་བཟུང་བ་ལྟར་གྲུབ་པའི་ཕྱིར། དེར་ཐལ། ཡིད་དཔྱོད་ཀྱི་མཚན་ཉིད་ཟུར་དུརང་ཡུལ་བདེན་པ་ཞེས་སྦྱར་བའི་རྒྱུ་མཚན་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་མ་རིག་པ་ཆོས་ཅན། རང་གི་བཟུང་བ་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ཏེ། རང་གི་བཟུང་བ་རྟོག་པ་དང་བྲལ་བ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ཕྱོགས་ཆོས་གྲུབ་པར་ཐལ། འདོདམི་ནུས་ཏེ། སྦྱོར་བ་དེའི་རྩོད་གཞིའི་སྟེང་དུ་རྟགས་དེ་གྲུབ་པ་ལ་བསྒྲུབ་བྱ་གྲུབ་དགོས་པའི་ཕྱིར། མ་གྲུབ་ན། སྦྱོར་བ་དེའི་རྩོད་གཞིའི་སྟེང་དུ་རྟགས་དེ་གྲུབ་པ་ལ་བསྒྲུབ་བྱ་གྲུབ་དགོས་པར་ཐལ། མ་རིག་པའི་བཟུང་བ་རྟོག་པ་དང་བྲལ་བ་རྟོགས་པ་ལ་མ་རིག་པའི་བཟུང་བ་ཕྱི་ཅི་ལོག་ཏུ་གྱུར་པ་རྟོགས་དགོས་པའི་ཕྱིར། དེར་ཐལ། མ་རིག་པའི་བཟུང་བ་རྟོག་པ་དང་བྲལ་བ་རྟོགས་པ་ལ་མ་རིག་པ་རང་གི་བཟུང་བ་ལྟར་མ་གྲུབ་པ་རྟོགས་དགོས་པའི་ཕྱིར། དེར་ཐལ། མ་རིག་པའི་བཟུངབ་རྟོག་པ་དང་བྲལ་བ་རྟོགས་ཚུལ་ཡོད་པའི་ཕྱིར་ན་དཔྱད། ༈ དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་ལ་དེ་བྱུང་དུ་འབྲེལ་བ་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་ལ་དེ་བྱུང་དུ་འབྲེལ་བ་མ་གྲུབ་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དངོས་མེད་ཡིན་པའི་ཕྱིར། དེར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་ཆོས་ཅན། ཁྱོད་དངོས་མེད་ཡིན་པར་ཐལ། ཁྱོད་དང་དངོས་མེད་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། མེ་ཡོད་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། མེ་ཡོད་པ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དངོས་མེད་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་ཡིན་པ་གང་ཞིག དངོས་མེད་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། མེ་ཡོད་པ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་ཡིན་པར་ཐལ། མེ་ཚད་མས་དམིགས་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་ཡིན་པའི་ཕྱིར། དེར་ཐལ། མེ་ཚད་མས་དམིགས་པའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པརསྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་འཇོག་རྒྱུ་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། མེ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པར་ཐལ། དུ་བ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་འབྲས་རྟགས་ཡང་དག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མེ་མ་ཡིན་པ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དགག་བྱའི་ཆོས་ཡིན་པར་ཐལ། མེ་དེ་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། མེ་མ་ཡིན་པ་ཆོས་ཅན། ཁྱོད་དུ་ལྡན་ལའི་སྟེང་དུ་ཁེགས་པར་ཐལ། ཁྱོད་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པར་བྱེད་པའི་དགག་བྱའི་ཆོས་ཡིན་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལའི་སྟེང་དུ་ཁེགས་པར་ཐལ། དུ་ལྡན་ལའི་སྟེང་དུ་མེ་མ་ཡིན་པ་ཁེགས་པ་གང་ཞིག ཁྱོད་མེ་མ་ཡིན་པའི་བྱེ་བྲག་ཡིན་པའི་ཕྱིར། རྟགས་དང་པོ་ཁས། ཁྱབ་སྟེ། སྤྱི་ཁེགས་པས་བྱེ་བྲག་ཁེགས་དགོས་པའི་ཕྱིར། དེར་ཐལ། མཚོ་ཊཱིཀ་ལས། སྤྱི་བཀག་པས་བྱེ་བྲག་ཁེགས་པའི་ཕྱིར་དང༌། སྤྱི་བསྒྲུབས་པས་བྱེ་བྲག་མི་འགྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་ཕྱི་མ་གྲུབ་སྟེ། ཁྱོད་མེ་མ་ཡིན་པའི་བྱེ་བྲག་ཏུ་བཞག་ནས་སྤྱི་བྱེ་བྲག་གི་རྟགས་གསུམ་ག་གྲུབ་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། ཚང་མང་བཞིན། ལ་འདི་ལ་དུ་བ་ཡོད་དོ་ཞེས་པའི་ངག་དེ་སྦྱོར་བ་ཡིན་པར་ཐལ། རིགས་ཐིགས་ལས། འབྲས་བུའི་སྦྱོར་བ་ནི། གང་ན་དུ་བ་ཡོད་ན་མེ་ཡོད་པས་ཁྱབ། ཚང་མང་བཞིན། ལ་འདི་ལ་དུ་བ་ཡོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་ལྟ་བུའི་ངག་དེ་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྒྲུབ་ངག་དང་སྦྱོར་བ་གཉིས་འགལ་བའི་ཕྱིར། དེར་ཐལ། དེ་གཉིས་འགོད་པའི་དུས་དང་བྱེད་ལས། ངོ་བོ་སོགས་རེ་རེ་ནས་མི་འདྲ་བའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་ཚང་མང་བཞིན་ལ་འདི་ལ་དུ་བ་ཡོད་དོ་ཞེས་པ་དེ་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ལ་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་དཔེར་ན་ཚང་མང་བཞིན་ལ་འདི་ལ་དུ་བ་ཡོད་དོ་ཞེས་པ་དེ་འཇོག་དགོས་པར་ཐལ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་འགོད་རྒྱུ་ཡོད་པའི་ཕྱིར་རམ། ཡང་ན་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྒྲུབ་ངག་ཡང་དག་ལ་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ་ཞེས་པ་དེ་འཇོག་དགོས་པ་གངཞིག རིགས་པ་མཚུངས་པའི་ཕྱིར། ༈ ཡང་མེའི་རང་བཞིན་གསལ་བ་དང་དམར་འབར་བ་ལྡོག་ན་དུ་བ་ལྡོག་པར་མ་ངེས་པ་སྟེ། དེ་ཡང་གཙུབ་ཤིང་གཙུབ་པ་ལས་དུ་བ་བྱུང་ལ་མེ་དམར་འབར་བ་སོགས་མ་བྱུང་བའི་གཞི་དེར་དུ་བ་ཡོད་ཀྱང་མེ་དམར་འབར་བ་སོགས་མེད་པའི་རྒྱུ་མཚན་གྱིས་དུ་བ་དེ་མེའི་རང་བཞིན་གསལ་བ་དང་དམར་འབར་བ་རྣམས་གོ་བྱེད་ཀྱི་གཏན་ཚིགས་ཡང་དག་མ་ཡིན་པར་རང་འགྲེལ་ལས་གསུངས་ཤེ་ན། འོ་ན་དུ་བ་ཆོས་ཅན། མེ་གོ་བྱེད་ཀྱི་རྟགས་ཡང་དག་ཡིན་པར་མ་ངེས་པར་ཐལ། མེ་ལྡོག་ན་ཁྱོད་ལྡོག་པར་མ་ངེས་པའི་ཕྱིར། མ་གྲུབ་ན། མེ་ལྡོག་ན་དུ་བ་ལྡོག་པར་མ་ངེས་པར་ཐལ། ནམ་མཁའི་དུ་བ་སྔོ་ལོང་དང་ལྡན་པའི་གཞིར་མེ་མེད་ཀྱང་དུ་བ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཙུབ་ཤིང་བཙུབ་པ་ལས་དུ་བ་བྱུང་ལ་མེ་དམར་འབར་བ་སོགས་མ་བྱུང་བའི་གཞི་དེར་དུ་བ་ཡོད་ཀྱང་མེ་དམར་འབར་བ་སོགས་མེད་པའི་རྒྱུ་མཚན་གྱིས་དུ་བ་དེ་མེའི་རང་བཞིན་གསལ་བ་དང་དམར་འབར་བ་རྣམས་གོ་བྱེད་ཀྱི་གཏན་ཚིགས་ཡང་དག་མ་ཡིན་པར་གསུངས་པ་་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། གཞི་དེར་མེའི་རང་བཞིན་གསལ་བ་དང༌། མེ་དམར་འབར་བ་མེད་ཀྱང་ཚ་ཞིང་སྲེག་པ་ཡོད་པས་མེ་མེད་པའི་སྐྱོན་མེད་ཅེས་སློབ་དཔོན་གྱིས་ལན་བཏབ་པ་ཡིན་པའི་ཕྱིར། ཞེས་དང༌། རྣམ་ངེས་རྩ་བའི་རང་འགྲེལ་ལས། དུ་བ་མེ་ལས་མི་འཁྲུལ་བ་ཅི་ཡིན་ཞེ་ན། བུད་ཤིང་གི་འགྱུར་བའི་ཁྱད་པར་དང་ཚ་བ་ཉིད་མེ་ཡིན་པས་སྐྱོན་མེད་དོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། གཞི་དམིགས་བསལ་བས་བར་ཆོད་ན་གཉིས་ཀ་ལ་མ་ཁྱབ་ཅིང༌། སྤྱིར་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་དང་མེའི་རང་བཞིན་གསལ་བ་དང་དམར་འབར་བ་གཉིསཡོད་པས་ཁྱབ་པ་ངེས་པའི་ཕྱིར་ན་མི་མཚུངས་པའི་རྒྱུ་མཚན་ལ་དཔྱད། ༈ དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་དུ་གྲུབ་པ། འབྲས་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། རང་ལུགས་རྟགས་རིགས་ལས། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་དུ་གྲུབ་པ་དེ། འབྲས་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་ཡིན་པར་ཐལ། འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དངོས་མེད་ཡིན་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་ཆོས་ཅན། ཁྱོད་དངོས་མེད་ཡིན་པར་ཐལ། ཁྱོད་དང་དངོས་མེད་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། ཤེས་བྱ་དེ་ཡིན་པའི་ཕྱིར། མ་གྲུབ་ན། ཤེས་བྱ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དངོས་མེད་གཉིས་ཀ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་ཡིན་པ་གང་ཞིག དངོས་མེད་པའི་ཕྱིར། དང་པོ་གྲུབ་སྟེ། ཁྱོད་སྒྲ་ཤེས་བྱར་སྒྲུབ་པའི་སྦྱོར་བ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དངོས་མེད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་དངོས་མེད་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དེ་གཉིས་ལ་དེ་བྱུང་འབྲེལ་གྲུབ་པ་ལ་ཆོས་དེ་གཉིས་ཀ་དངོས་པོ་ཡིན་དགོས་པའི་ཕྱིར། དེར་ཐལ། དེ་བྱུང་འབྲེལ་ཡིན་པ་ལ་རྫས་ཐ་དད་ཡིན་དགོས་པའི་ཕྱིར། ཁྱབ་སྟེ། རྫས་ཐ་དད་ཡིན་པ་ལ་རྫས་ཡིན་དགོས་པའི་ཕྱིར། དེར་ཐལ། རང་རེའི་བསྡུས་གྲྭའི་མཐའ་དཔྱོད་ལས། རྫས་ཐ་དད་མ་ཡིན་པར་ཐལ། རྫས་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་གཉིས་ཆོས་ཅན། རྫས་མ་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། གཏན་ཚིགས་དོན་བསྡུས་ལས། བདག་གཅིག་འབྲེལ་བ་དང༌། དེ་བྱུང་འབྲེལ་བ་སྟེ། དེ་དང་རྫས་ཐ་དད་མ་ཡིན་ཞིང༌། དེ་ཡི་ཁྱབ་བྱ་ཡིན་པ་དང༌། དེ་དང་རྫས་ཐདད་ཅིང་དེ་ཡི་ཁྱབ་བྱ་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རང་འགྲེལ་ལས་གལ་ཏེ་དེ་ལས་སྐྱེས་པའི་ཕྱིར་འབྲས་བུ་གོ་བར་བྱེད་པ་ཡིན་ན་ཞེས་སོགས་ཀྱི་སྐབས་སུ་མེ་ལས་དུ་བ་སྐྱ་བོ་སྐྱེ་བར་མཐོང་བས་སྐྱ་བོ་མེ་གོ་བྱེད་དུ་ཐལ་བ་འཕངས་པ་ཡིན་པར་ཐལ། འདོད་ན། དུ་བ་སྐྱ་བོ་མེ་ལས་སྐྱེས་ཀྱང་སྐྱ་བོ་མེ་ལས་མ་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། མེ་ལས་སྐྱ་བོ་མ་སྐྱེས་པ་ཁས་ལེན་དགོས་པར་ཐལ། དུ་བ་སྐྱ་བོ་མེ་ལས་སྐྱེས་ཀྱང་སྐྱ་བོ་མེ་ལས་མ་སྐྱེས་པའི་ཕྱིར། འདོད་ན། ཤར་ཕྱོགས་ཀྱི་ཞིང་ལས་རང་འབྲས་ནས་མྱུག་སྐྱེས་ཀྱང་ནས་མྱུག་མ་སྐྱེས་པར་ཐལ། འདོད་པའི་ཕྱིར། འདོད་ན། ནས་མྱུག་གི་ས་བོན་ཤར་ཕྱོགས་ཀྱི་ཞིང་དུ་མེད་པར་ཐལ། ཤར་ཕྱོགས་ཀྱི་ཞིང་ལས་ནས་མྱུག་མ་སྐྱེས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ནས་མྱུག་གི་ས་བོན་ལྡན་པའི་གཞི་མེད་པར་ཐལ། ཕྱོགས་བཞིའི་ཞིང་ནང་དུ་མེད་པ་གང་ཞིག དེ་ལས་གཞི་གཞན་དུ་མ་དམིགས་པའི་ཕྱིར། དང་པོ་གྲུབ་སྟེ། ཕྱོགས་བཞིའི་ཞིང་དུ་རང་རང་གི་ནས་མྱུག་གི་ས་བོན་ཡོད་ཀྱང༌། ནས་མྱུག་གི་ས་བོན་ཞིང་དེ་དག་ཏུ་མ་དམིགས་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། ཤར་ཕྱོགས་ཀྱི་ཞིང་དུ་ནས་མྱུག་གི་ས་བོན་ཡོད་པར་ཐལ། འདོད་ན། ཤར་ཕྱོགས་ཀྱི་ཞིང་ལས་ནས་མྱུག་ཀྱང་སྐྱེས་པར་ཐལ། འདོད་ན། ཁྱོད་ལས་རང་འབྲས་ནས་མྱུག་སྐྱེས་ན་ནས་མྱུག་སྐྱེས་པས་ཁྱབ་པར་ཐལ། འདོད་ན། ཁྱོད་ལས་རང་འབྲས་སྐྱ་བོ་སྐྱེས་ན་སྐྱ་བོ་སྐྱེས་པས་ཁྱབ་པར་ཐལ། ཁྱོད་ལས་རང་འབྲས་ནས་མྱུག་སྐྱེས་ན་ནས་མྱུག་སྐྱེས་པས་ཁྱབ་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། ཡང་རང་འབྲས་ནས་མྱུག་ཁྱོད་ལས་སྐྱེས་ན་ནས་མྱུག་ཁྱོད་ལས་སྐྱེས་པས་མ་ཁྱབ་ཟེར་ན། ཁྱོད་ལས་རང་འབྲས་ཉན་རང་དང་ཐུབ་དབང་སྐྱེས་ན་ཉན་རང་དང་ཐུབ་དབང་ཁྱོད་ལས་སྐྱེས་མི་དགོས་པར་ཐལ། འདོད་ན། ཐུབ་དབང་བཅོམ་ལྡན་འདས་ལས་ཉན་རང་སྐྱེས་པ་དང༌། ཐུབ་པ་སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་པ་མ་ཡིན་པར་ཐལ། ཁྱོད་ལས་རང་འབྲས་ཉན་རང་དང་ཐུབ་དབང་སྐྱེས་ན་ཉན་རང་དང་ཐུབ་དབང་ཁྱོད་ལས་སྐྱེས་མི་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངསཤིང༌། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་གྲུབ་པར་ཐལ། འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་བདག་གཅིག་པའི་འབྲེལ་བ་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་གྲུབ་པ་ལ་དེ་དང་རྫས་ཐ་དད་ཡིན་དགོས་པ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པ་ལ་དེ་དང་རྫས་ཐ་དད་མ་ཡིན་དགོས་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། གཏན་ཚིགས་དོན་བསྡུས་ལས། བདག་གཅིག་འབྲེལ་བ་དང༌། དེ་བྱུང་འབྲེལ་བ་སྟེ། དེ་དང་རྫས་ཐ་དད་མ་ཡིན་ཞིང༌། དེ་ཡི་ཁྱབ་བྱ་ཡིན་པ་དང༌། དེ་དང་རྫས་ཐ་དད་ཅིང་དེ་ཡི་ཁྱབ་བྱ་ཡིན་པའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པར་ཐལ། རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། འབྲས་རང་མ་དམིགས་པའི་རྟགས་གསུམ་སྟེ། མཚན་ཉིད་ནི་རིམ་པ་ལྟར། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་དེ་བྱུང་དུ་འབྲེལ་བའི་དང༌། གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བའི་དང༌། ཞེས་གསུངས་པའི་ཕྱིརན་དཔྱད། ༈ འབྲས་རྟགས་ཡང་དག་དང་འདུས་བྱས་གཉིས་དོན་གཅིག་ཡིན་པར་ཐལ། འདོད་ན། རྣམ་མཁྱེན་ཆོས་ཅན། འབྲས་རྟགས་ཡང་དག་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པར་ཐལ། ཁྱོད་རྟོགས་ན་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཁྱོད་རྟོགས་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པས་ཁྱབ་པར་ཐལ། ཁྱོད་རྟོགས་ན་ཆོས་ཐམས་ཅད་རྟོགས་དགོས་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་རྣམ་མཁྱེན་གྱི་དམིགས་རྣམ་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་པ་དེའི་དམིགས་རྣམ་རྟོགས་རྒྱུ་ཡོད་པ་གང་ཞིག་ལ་ཤེས་པ་དེའི་དམིགས་རྣམ་མ་རྟོགས་པར་ཤེས་པ་དེ་རྟོགས་མི་ནུས་པས་ཁྱབ་པའི་ཕྱིར། དེར་ཐལ། སྔོ་འཛིན་མིག་ཤེས་དང་སེར་འཛིན་མིག་ཤེས་གཉིས་རྟོགས་ཚུལ་གྱི་ཁྱད་པར་ཡོད་པའི་ཕྱིར་ན། ཉ་ཊཱིཀ་གི་སྐབས་ལྔ་བར་སྔོ་འཛིན་མིག་ཤེས་རྟོགས་ན་སྔོན་པོ་རྟོགས་པས་ཁྱབ་པ་གསུངས་ཏེ། དེ་དང་ལྷན་གཅིག་ནི་དུས་གཅིག དམིགས་པ་ནི་རྟོགས་པ་ངེས་པ་ནི་ཁྱབ་པ་སྟེ། དུས་གཅིག་རྟོགས་པས་ཁྱབ་ཅེས་པ་སྟེ། གཅིག་རྟོགས་ན་གཅིག་རྟོགས། གཅིག་མ་རྟོགས་ན་གཅིག་ཤོས་ཡང་མི་རྟོགས་པས་ཁྱབ་པས་སོ། །ཞེས་དང༌། གསེར་ཕྲེང་དུ་དམིགས་རྣམ་མ་བཅད་པར་ཤེས་པའི་རབ་དབྱེ་རྟོགསཔར་མི་ནུས་པར་གསུངས་པས་དཔྱད་པར་བྱའོ། །༈ ཡང་ཆོས་བཅུ་བའི་མདོ་ལས། དུ་བ་ལས་ནི་མེར་ཤེས་དང༌། །ཆུ་སྐྱར་ལས་ནི་ཆུ་ཤེས་ལྟར། །ཞེས་ཆུ་སྐྱར་རམ་ཆུ་བྱ་དེ་དེ་ལྡན་གྱི་གཞི་དེར་ཆུ་ཡོད་པར་གོ་བྱེད་ཀྱི་རྟགས་ཡང་དག་ཡིན་ཞེས་གསུངས་པ་ཡིན་པར་ཐལ། འདོད་ན། ཆུ་བྱ་ཡོད་ན་ཆུ་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆུའི་དགག་གཞིར་ཆུ་ཡོད་པར་ཐལ། ཆུའི་དགག་གཞིར་ཆུ་བྱ་ཡོད་པའི་ཕྱིར། དེར་ཐལ། གཞིར་དེར་ཆུ་བྱ་འཕུར་ནས་འགྲོ་བ་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་རུ་མཚོན་ལས་ཤིང་རྟ་རྗེས་སུ་དཔོག་པ་ས་སྡེར་གསུངས་པས་རུ་མཚོན་ཡོད་ན་ཤིང་རྟ་ཡོད་པས་ཁྱབ་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། རུ་མཚོན་ནི་རུ་དར་དང་མཚོན་ཆ་ལ་བྱེད་པ་གང་ཞིག དེ་ཡོད་ན་ཤིང་རྟ་ཡོད་པས་མ་ཁྱབ་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། རྣལ་འབྱོར་སྤྱོད་པའི་ས་ལས། དཔེར་ན་རུ་མཚོན་ལས་ཤིང་རྟ་རྗེས་སུ་དཔག་པ་དང༌། དུ་བ་ལས་མེ་དང༌། ནོག་དང་རྭ་ལས་བ་ལང་དང༌། ཞེས་གསུངས་པའི་ཕྱིར། མ་ཁྱབ་ན། དཔུང་ཚོགས་ཡན་ལག་བཞི་ལྡན་གྱི་རུ་མཚོན་དེ་ཤིང་རྟ་རྗེས་སུ་དཔོག་བྱེད་ཡིན་ཞེས་བཀྲལ་ན། འོ་ན་དཔུང་ཚོགས་ཡན་ལག་བཞི་ལྡན་གྱི་རུ་མཚོན་ཆོས་ཅན། ཁྱོད་གཞི་དེར་ཤིང་རྟ་དཔོག་བྱེད་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། གཞི་དེར་ཁྱོད་ཡོད་པ་གྲུབ་ན་ཤིང་རྟ་ཡོད་པ་གྲུབ་དགོས་པའི་ཕྱིར། དེར་ཐལ། གཞི་དེར་དཔུང་ཚོགས་ཡན་ལག་བཞི་ཡོད་པར་རྟོགས་དགོས་པ་གང་ཞིག དཔུང་ཚོགས་ཡན་ལག་བཞིའི་གྲངས་སུ་ཤིང་རྟའི་དཔུང་དེ་གཅིག་ལ་འདྲེན་དགོས་པའི་ཕྱིར་དང༌། དེ་བཞིན་དུ་ནོག་དང་རྭ་ཡོད་ན་བ་ལང་ཡོད་པས་ཁྱབ་མིན་ལའང་དཔྱད་དོ། །རུམཚོན་ཞེས་པ་དེབ་དཀར་ལས་མདུང་ལ་བྱེད་པར་གསུངས་ཡོད། ༈ ཡང་སེར་སྣ་དང་བྲལ་བ་དེ་སྐྱེས་བུ་ཕ་རོལ་པོ་དད་པ་ཅན་ཡིན་པར་དཔོག་བྱེད་ཀྱི་གཏན་ཚིགས་ཡང་དག་ཡིན་ཟེར་ན། སེར་སྣ་དང་བྲལ་ན་དད་པ་ཅན་ཡིན་པས་ཁྱབ་པར་ཐལ། འདོད་ན། བུམ་པ་ཆོས་ཅན། དད་པ་ཅན་ཡིན་པར་ཐལ། སེར་སྣ་དང་བྲལ་བ་ཡིན་པའི་ཕྱིར། དེར་ཐལ། ཁྱོད་ལ་སེར་སྣ་དང་མི་ལྡན་པའི་ཕྱིར། མ་ཁྱབ་སེར་སྣ་དང་བྲལ་བ་ལ་དང་པོ་སེར་སྣ་ཡོད་ནས་ཕྱིས་བྲལ་བ་ཞིག་དགོས་ཟེར་ན། ཆོས་ཉིད་ཆོས་ཅན། སེར་སྣ་དང་བྲལ་བ་མ་ཡིན་པར་ཐལ། ཁྱོད་ལ་སེར་སྣ་དང་པོར་མི་ལྡན་པའི་ཕྱིར། དེར་ཐལ། སྒྲིབ་གཉིས་ཀྱིས་གདོད་མ་ནས་དག་པའི་ཕྱིར། མ་གྲུབ་ན། དེར་ཐལ། མདོ་ལས། ཟད་པ་གཉེན་པོས་ཟད་པ་མ་ཡིན་ཏེ། །གདོད་ནས་ཟད་པས་དེའི་ཕྱིར་ཟད་ཅེས་བྱ། །ཞེས་གསུངས་པའི་ཕྱིར། ཡང་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་སྤངས་པ་འགོག་བདེན་ཆོས་ཅན། དད་པ་ཅན་ཡིན་པར་ཐལ། སེར་སྣ་དང་བྲལ་བ་ཡིན་པའི་ཕྱིར། དེར་ཐལ། ཉོན་མོངས་པ་མཐའ་དག་དང་བྲལ་བའི་འགོག་བདེན་ཡིན་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། དད་པ་ཅན་ཡིན་པ་ལ་གང་ཟག་ཡིན་དགོས་པའི་ཕྱིར། དེར་ཐལ། དེའིསྐབས་ཀྱི་ཅན་ཞེས་པ་བདག་སྒྲ་ལ་འཇུག་པའི་ཕྱིར་ན་དཔྱད་པར་བྱའོ། །༈ ཡང་བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་ན་བློ་ལྡན་བྱང་ཆུབ་སེམས་དཔའ་ཡིན་པས་ཁྱབ་པར་ཐལ། མདོ་སྡེ་རྒྱན་ལས། བརྩེ་དང་སྙན་པར་སྨྲ་བ་དང༌། །བརྟན་པ་ཉིད་དང་ལག་བསྐྱང་དང༌། །དགོངས་པ་ཟབ་མོ་ངེས་འགྲེལ་བ། །འདི་དག་བློ་ལྡན་རྣམས་ཀྱི་རྟགས། །ཞེས་གསུངས་པའི་ཕྱིར། འདོད་ན། དྲུག་པ་ལྷག་བསམ་པ་ཆོས་ཅན། བྱང་ཆུབ་སེམས་དཔའ་ཡིན་པར་ཐལ། བརྩེ་བ་སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར། དེར་ཐལ། རྒྱུ་འབྲས་མན་ངག་བདུན་ལས་ལྔ་བ་རྒྱུད་ལས་སྐྱེས་ཟིན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་འབྲས་མན་ངག་བདུན་ལས་ལྔ་བ་ལ་སྙིང་རྗེ་ཆེན་པོ་འཇོག་དགོས་པའི་ཕྱིར། གོང་དུ་འདོད་ན། དྲུག་པ་ལྷག་བསམ་པ་ཆོས་ཅན། བྱང་ཆུབ་སེམས་དཔའ་མ་ཡིན་པར་ཐལ། བྱང་ཆུབ་ཀྱི་སེམས་རྒྱུད་ལ་མ་སྐྱེས་པའི་གང་ཟག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གང་ཟག་དེ་བྱང་ཆུབ་སེམས་དཔའ་ཡིན་པ་ལ་དེའི་རྒྱུད་ལ་བྱངཆུབ་ཀྱི་སེམས་བསྐྱེད་སྐྱེས་དགོས་པའི་ཕྱིར་ན་དཔྱད། ༈ འབྲས་རྟགས་ཡང་དག་ལ་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་སོགས་ལྔ་དབྱེ་བ་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དོན་དེ་དག་བསྟན་བཅོས་ཚད་མ་རྣམ་འགྲེལ་དུ་འབྲས་རྟགས་ལྔ་སོགས་ཀྱིས་བཤད་དེ། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ནི། ཞེས་གསུངས་པའི་ཕྱིར། འདོད་ན། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཆོས་ཅན། ཁྱོད་འབྲས་རྟགས་ཡང་དག་གི་དབྱེ་བ་ཡིན་པར་ཐལ། འདོད་ན། རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཆོས་ཅན། ཁྱོད་འབྲས་རྟགས་ཡང་དག་གི་དབྱེ་བ་མ་ཡིན་པར་ཐལ། ཁྱོད་འབྲས་རྟགས་ཡང་དག་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཞི་དེ་ཆོས་དེའི་དབྱེ་བ་ཡིན་པ་ལ་གཞི་དེ་ཆོས་དེ་ལས་ཁྱབ་ཆུང་བ་ཡིན་དགོས་པའི་ཕྱིར། དེར་ཐལ། གཞི་དེ་ཆོས་དེའི་དབྱེ་བ་ཡིན་པའི་ཚད་ཡོད་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། འབྲས་རྟགས་ཡང་དག་ཡིན་ན་རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པས་ཁྱབ་པ་གང་ཞིག རྒྱུ་དངོས་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་ན་འབྲས་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། དེ་ལྟར་མ་ཁྱབ་པའིསྐྱོན་མེད་པའི་ཕྱིར་ན་དཔྱད། ༈ ཟག་བཅས་ཀྱི་ཤེས་པ་དེ་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། མཚན་གཞི་ནི་ཡོད་དེ། ཟག་བཅས་ཀྱི་ཤེས་པ་དེ་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཤེས་པ་ཆོས་ཅན། ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཤེས་པ་ཆོས་ཅན། ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེའི་འབྲས་བུ་ཡིན་པར་ཐལ། ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། ཟག་བཅས་ཀྱི་ཤེས་པ་དེ་རང་རྒྱུ་སྔོན་སོང་གི་འབྲས་བུ་ཡིན་པར་ཐལ། ཟག་བཅས་ཀྱི་ཤེས་པ་དེ་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་རྒྱུ་དེའི་འབྲས་བུ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཟག་བཅས་ཀྱི་ཤེས་པ་དེ་རངརྒྱུ་སྔོན་སོང་གི་འབྲས་བུ་ཡིན་ཚུལ་མེད་པའི་ཕྱིར་ན་དཔྱད་པར་བྱའོ། །༈ ཡང་ཟག་བཅས་ཀྱི་ཤེས་པ་དེ་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ཟག་བཅས་ཀྱི་ཤེས་པ་དེ་ཆོས་ཅན། ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། ཟག་བཅས་ཀྱི་ཤེས་པ་དེ་ཆོས་ཅན། ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་གང་ཡིན་པ་དེ་དང་འབྲེལ་བ་མ་གྲུབ་པའི་ཕྱིར། མ་གྲུབ་ན། ཟག་བཅས་ཀྱི་ཤེས་པ་དེ་ཆོས་ཅན། ཁྱོད་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་གང་ཡིན་པ་དེ་དང་འབྲེལ་བ་མ་གྲུབ་པར་ཐལ། ཁྱོད་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་གང་ཡིན་པ་དེ་མེད་པའི་ཕྱིར། མ་གྲུབ་ན། ཟག་བཅས་ཤེས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ལྷས་བྱིན་གྱི་ཆགས་བཅས་ཀྱི་ཤེས་པ་རང་རྒྱུ་སྔོན་སོང་དུ་སྒྲུབ་པའི་བསྒྲུབ་བྱའི་ཆོས་གང་ཡིན་པ་དེ་མེད་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་ལ་རང་རྒྱུ་སྔོན་དུ་སོང་བ་དེ་འཇོག་དགོས་པ་གང་ཞིག རང་རྒྱུ་སྔོན་སོང་མེད་པའི་ཕྱིར། དང་པོ་སླ། ཕྱི་མ་མ་གྲུབ་ན། རང་གི་རྒྱུ་སྔོན་དུ་སོང་བ་མེད་པར་ཐལ། རང་གི་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། རང་གི་རྒྱུ་ཡོད་པར་ཐལ། འདོད་ན། རང་གི་རྒྱུ་མེད་ན་རང་མེད་པས་ཁྱབ་པར་ཐལ། རང་གི་རྒྱུ་ཡོད་པའི་ཕྱིར། འདོད་ན། ཤེས་བྱ་ཆོས་ཅན། རང་མེད་པར་ཐལ། རང་གི་རྒྱུ་མེད་པའི་ཕྱིར། དེར་ཐལ། ཁྱོད་དངོས་མེད་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་དུ་བ་དེ་ནམ་མཁའི་དུ་བ་མེ་སྔོན་དུ་སོང་བར་སྒྲུབ་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དུ་བ་ཡིན་ན་མེ་སྔོན་དུ་སོང་བས་ཁྱབ་པར་ཐལ། དུ་བ་དེ་ནམ་མཁའི་དུ་བ་མེ་སྔོན་དུ་སོང་བར་སྒྲུབ་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། མེ་དང་དུས་མཉམ་པའི་དུ་བ་ཆོས་ཅན། མེ་སྔོན་དུ་སོང་བ་ཡིན་པར་ཐལ། དུ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མེ་དང་དུས་མཉམ་པའི་དུ་བ་ཆོས་ཅན། མེ་སྔོན་དུ་སོང་བ་མ་ཡིན་པར་ཐལ། ཁྱོད་མེ་དང་དུས་མཉམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། མེ་སྔོན་སོང་བ་ལ་མེ་དེ་ཁྱོད་ཀྱི་སྔ་རོལ་ཏུ་གྲུབ་དགོས་པའི་ཕྱིར། འདོད་ན། མེ་དང་དུས་མཉམ་པའི་དུ་བ་ཆོས་ཅན། མེ་སྔོན་དུ་སོང་བ་མ་ཡིན་པར་ཐལ། ཁྱོད་དང་མེ་གཉིས་དུས་མཉམ་ཡིན་པའི་ཕྱིར། འདོད་ན། མེ་དང་དུས་མཉམ་པའི་དུ་བ་ཆོས་ཅན། མེ་སྔོན་དུ་སོང་བ་ཡིན་པར་ཐལ། དུ་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དུ་བ་དེ་ནམ་མཁའི་དུ་བ་མེ་སྔོན་དུ་སོང་བར་སྒྲུབ་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དུ་བ་དེ་ནམ་མཁའི་དུ་བ་མེ་སྔོན་དུ་སོང་བར་སྒྲུབ་པའི་རྒྱུ་སྔོན་སོང་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། ནམ་མཁའི་དུ་བ་ཆོས་ཅན། མེ་སྔོན་དུ་སོང་སྟེ། དུ་བ་ཡིན་པའི་ཕྱིར། ཞེས་པ་ལྟབུ་རྒྱུ་སྔོན་སོང་སྒྲུབ་པ་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རེ་འགའ་བ་དེ་སྡུག་བསྔལ་གྱི་ཕུང་བོ་འདི་རྒྱུ་བཅས་སུ་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། རེ་འགའ་བ་ཡིན་ན་རང་རྒྱུ་དང་བཅས་པ་ཡིན་པས་ཁྱབ་པར་ཐལ། རེ་འགའ་བ་དེ་སྡུག་བསྔལ་གྱི་ཕུང་བོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བུམ་པའི་ལྡོག་པ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་པར་ཐལ། རེ་འགའ་བ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ལྡོག་པ་ཆོས་ཅན། རེ་འགའ་བ་ཡིན་པར་ཐལ། རེ་འགའ་བའི་རྟག་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ལྡོག་པ་རེ་འགའ་བའི་རྟག་པ་ཡིན་པར་ཐལ། རེ་འགའ་བའི་རྟག་པ་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། བུམ་པའི་ལྡོག་པ་ཆོས་ཅན། རེ་འགའ་བ་ཡིན་པར་ཐལ། རེ་འགའ་བའི་རྟག་པ་ཡིན་དགོས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་རྒྱུ་དང་བཅས་པ་ཡིན་པར་ཐལ། རེ་འགའ་བ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྣམ་འགྲེལ་ལས། རེ་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་རེ་འགའ་བའི་འདུས་བྱས་ལ་དགོངས་ཟེར་ན། འོ་ན་རེ་འགའ་བའི་འདུས་བྱས་ཡིན་ན་རང་རྒྱུ་དང་བཅས་པས་ཁྱབ་པར་ཐལ། ལུང་དོན་འཐད་པའི་ཕྱིར། འདོད་ན། རེ་འགའ་བའི་འདུས་བྱས་ཡིན་ན་རང་རྒྱུ་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པའི་ལྡོག་པ་ཆོས་ཅན། རང་རྒྱུ་ཡོད་པར་ཐལ། རེ་འགའ་བའི་འདུས་བྱས་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པའི་ལྡོག་པ་ཆོས་ཅན། རེ་འགའ་བའི་འདུས་བྱས་ཡིན་པར་ཐལ། རེ་འགའ་བ་ཡིན་པ་གང་ཞིག འདུས་བྱས་ཡིན་པའི་ཕྱིར། རྟགས་དང་པོ་སྔར་བསྒྲུབས་ཟིན། རྟགས་གཉིས་པ་མ་གྲུབ་ན། བུམ་པའི་ལྡོག་པ་ཆོས་ཅན། འདུས་བྱས་ཡིན་པར་ཐལ། དངོས་མེད་ཀྱི་ཆོས་ཡིན་པའི་ཕྱིར། ཁྱབསྟེ། རྩ་ཤེས་ལས། དངོས་དང་དངོས་མེད་འདུས་བྱས་ཡིན། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་རེ་འགའ་བའི་འདུས་བྱས་དེ་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་ཡིན་པར་ཐལ། རྣམ་འགྲེལ་ལས། རེ་འགའ་བ་ཉིད་ཡིན་པས་ན། །སྡུག་བསྔལ་འདི་རྒྱུ་བཅས་ཉིད་གྲུབ། །ཅེས་གསུངས་པའི་ཕྱིར། འདོད་ན། རེ་འགའ་བའི་འདུས་བྱས་ཆོས་ཅན། ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་རྒྱུ་སྤྱི་སྒྲུབ་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། རེ་འགའ་བའི་འདུས་བྱས་ཆོས་ཅན། ཁྱོད་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་དེ་བྱུང་འབྲེལ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རེ་འགའ་བའི་འདུས་བྱས་ཆོས་ཅན། ཁྱོད་ཉེར་ལེན་གྱི་ཕུང་པོ་རང་རྒྱུ་དང་བཅས་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་དེ་བྱུང་འབྲེལ་མ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་རང་རྒྱུ་དང་བཅས་པ་འཇོག་དགོས་པ་གང་ཞིག ཁྱོད་རང་རྒྱུ་དང་བཅས་པ་དང་དེ་བྱུང་འབྲེལ་མ་གྲུབ་པའི་ཕྱིར། དང་པོ་སླ། ཕྱི་མ་མ་གྲུབ་ན། རེ་འགའ་བའི་འདུས་བྱས་དེ་རང་རྒྱུ་དང་བཅས་པ་དང་དེ་བྱུང་འབྲེལ་མ་གྲུབ་པར་ཐལ། རེ་འགའ་བའི་འདུས་བྱས་དེ་རང་རྒྱུ་དང་བཅས་པའི་འབྲས་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། རེ་འགའ་བའི་འདུས་བྱས་དེ་རང་རྒྱུ་དང་བཅས་པའི་འབྲས་བུ་མ་ཡིན་པར་ཐལ། རེ་འགའ་བའི་འདུས་བྱས་དང་རང་རྒྱུ་དང་བཅས་པ་གཉིས་ཡིན་ཁྱབ་མཉམ་པ་ཡིན་པའི་ཕྱིར། དེར་ཐལ། རེ་འགའ་བའི་འདུས་བྱས་ཡིན་ན་རང་རྒྱུ་དང་བཅས་པ་ཡིན་པས་ཁྱབ། རང་རྒྱུདང་བཅས་པ་ཡིན་ན་རེ་འགའ་བའི་འདུས་བྱས་ཡིན་པས་ཁྱབ་པའི་ཕྱིར་ན་དཔྱད་པར་བྱའོ། །༈ རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ་སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། སྔོར་སྣང་དབང་ཤེས་ཆོས་ཅན། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་ཡིན་པར་ཐལ། འདོད་ན། སྔོར་སྣང་དབང་ཤེས་སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་ཡིན་པར་ཐལ། འདོད་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། མི་སྐྱེ་བའི་དངོས་པོ་ཡིན་པར་ཐལ། སྔོར་སྣང་དབང་ཤེས་སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་པའི་ཕྱིར། མ་གྲུབ་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། སྔོར་སྣང་དབང་ཤེས་སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་པར་ཐལ། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་པའི་ཕྱིར། མ་གྲུབ་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་པར་ཐལ། སྔོན་པོ་མེད་པའི་ཕྱིར། རྟགས་སླ། ཁྱབ་སྟེ། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ལ་སྔོན་པོ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་ལ་སྔོན་པོ་ལས་གཞན་མེད་པར་་ཐལ། སྔོར་སྣང་དབང་ཤེས་ཀྱི་རྒྱུ་གང་ཞིག སྔོར་སྣང་དབང་ཤེས་ཀྱི་ཡུལ་ཡིན་པ་དེ་ལ་སྔོན་པོ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། ཁྱབ་སྟེ། དེ་སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། དེ་ཡི་རྒྱུ་གང་ཞིག དེ་ཡི་ཡུལ་ཡིན་པ། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་པར་ཐལ། སྔོན་པོ་མེད་པའི་ཕྱིར། འདོད་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། མི་སྐྱེ་བའི་དངོས་པོ་ཡིན་པར་ཐལ། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྣམ་འགྲེལ་ལས། རྒྱུ་གཞན་དག་ནི་ཡོད་ན་ཡང༌། །དབང་པོའི་བློ་དང་ལྡན་པའི་ཕྱིར། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་ཐལ་འགྱུར་ལ་འདོད་ཟེར་ན། སྔོན་པོ་མེད་པའི་ས་ཕྱོགས་ཆོས་ཅན། མི་སྐྱེ་བའི་དངོས་པོ་མ་ཡིན་པར་ཐལ། སྐྱེ་བའི་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། རྒྱུ་རྐྱེན་ལསསྐྱེ་བའི་དངོས་པོ་ཡིན་པའི་ཕྱིར། དེར་ཐལ། དངོས་པོ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་སྔོར་སྣང་དབང་ཤེས་ཆོས་ཅན། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་ཡིན་པར་ཐལ། འདོད་ན། སྔོར་སྣང་དབང་ཤེས་སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་ཡིན་པར་ཐལ། འདོད་ན། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་ན་སྔོར་སྣང་དབང་ཤེས་མི་སྐྱེ་བའི་དངོས་པོ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་ན་སྔོར་སྣང་དབང་ཤེས་མི་སྐྱེ་བས་ཁྱབ་པར་ཐལ། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་ན་སྔོར་སྣང་དབང་ཤེས་མི་སྐྱེ་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་ན་སྔོར་སྣང་དབང་ཤེས་མེད་པས་ཁྱབ་པར་ཐལ། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་ན་སྔོར་སྣང་དབང་ཤེས་མི་སྐྱེ་བས་ཁྱབ་པའི་ཕྱིར། འདོད་ན། སྔོན་པོའི་དགག་གཞིར་ཆོས་ཅན། སྔོར་སྣང་དབང་ཤེས་མེད་པར་ཐལ། སྔོར་སྣང་དབང་ཤེས་ཀྱི་དམིགས་རྐྱེན་མེད་པའི་ཕྱིར། འདོད་ན། སྔོན་པོའི་དགག་གཞིར་ཆོས་ཅན། སྔོར་སྣང་དབང་ཤེས་ཡོད་པར་ཐལ། གཞི་གང་ཡང་རུང་བ་སྔོན་པོར་སྣང་བའི་དབང་ཤེས་ཡོད་པའི་ཕྱིར། ཁྱབ་སྟེ། གཞི་དེ་སྔོན་པོར་སྣང་བའི་བློ་ཡིན་ན་སྔོན་པོར་སྣང་བའི་བློ་ཡིན་དགོས་པའི་ཕྱིར། དེར་ཐལ། གཞི་དེ་གཟུགས་སུ་འཛིན་པའི་བློ་ཡིན་ན་གཟུགས་འཛིན་གྱི་བློ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། གཞི་དེ་གཟུགས་སུ་འཛིན་པའི་བློ་ཡིན་ན་གཟུགས་འཛིན་གྱི་བློ་ཡིན་དགོས་པར་ཐལ། གཞི་དེ་གཟུགས་སུ་འཛིན་པའི་མིག་ཤེས་ཡིན་ན་གཟུགས་འཛིན་མིག་ཤེས་ཡིན་དགོས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྔོན་པོའི་དགག་གཞིར་ཁ་དོག་དཀར་བོ་ཅན་གྱི་གོང་བུ་དེ་ལ་དམིགས་པའི་སྔོར་སྣང་དབང་ཤེས་སྐྱེ་བ་ཡོད་པའི་ཕྱིར། དེར་ཐལ། སྔོན་པོའི་དགག་གཞིར་སྔོན་པོ་སྣང་བའི་ཚད་མ་སྐྱེ་བ་མེད་ཀྱང༌། གངས་རི་སྔོར་སྣང་ལྟ་བུའི་ལོག་ཤེས་སྐྱེ་བ་ཡོདཔའི་ཕྱིར་ན་དཔྱད། ༈ ཡང་རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ་སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ་སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པའི་རྒྱུ་ཁྱད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ་སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ་སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་རྟོགས་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། རང་གི་དམིགས་རྐྱེན་མེད་ན་མི་སྐྱེ་བའི་དངོས་པོ་དེ་སྔོར་སྣང་དབང་ཤེས་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུ་དེ་རྟོགས་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་དགོས་པར་ཐལ། རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་རྟོགས་ན་སྔོར་སྣང་དབང་ཤེས་ཀྱི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་རྟོགས་པ་ལ་རང་སྒྲའི་སྙེག་གཞི་དང་བཅས་ཏེ་རྟོགས་དགོས་པ་གང་ཞིག རང་སྒྲའི་སྙེག་གཞི་རྩོད་གཞི་དེ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར། དང་པོ་མ་གྲུབ་སྟེ། རང་སྒྲའི་སྙེག་གཞི་དང་བཅས་པར་མ་རྟོགས་ན་རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་ཡོད་པར་རྟོགས་དགོས་ལ་དེ་ལྟ་ན་མི་འཐད་པའི་ཕྱིར། དེར་ཐལ། རང་གི་དེ་མ་ཐག་རྐྱེན་ལས་གཞན་པའི་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། རང་གི་དེ་མ་ཐག་རྐྱེན་ལསགཞན་པའི་རྒྱུ་མེད་པར་ཐལ། རང་གི་རྒྱུ་མེད་པའི་ཕྱིར་རོ། །༈ བུར་རོ་ད་ལྟ་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དང་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་བུར་གཟུགས་ད་ལྟ་བ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར། མ་གྲུབ་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་དང་བུར་གཟུགས་ད་ལྟ་བ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་མ་གྲུབ་པར་ཐལ། ཁྱོད་དང་བུར་གཟུགས་ད་ལྟ་བ་གཉིས་དུས་མཉམ་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུ་འབྲས་ཡིན་པ་ལ་སྔ་ཕྱི་རིམ་ཅན་དུ་གྲུབ་དགོས་པའི་ཕྱིར། དེར་ཐལ། རྟོག་དཔྱོད་ཀྱི་ས་ལས། སྐྱེ་ལ་འགོག་པའི་རྒྱུ་བྱེད་ཀྱི། མ་སྐྱེས་ལ་མ་འགགས་པས་ནི་མ་ཡིན་ནོ། །ཞེས་དང༌། རྣམ་འགྲེལ་ལས། མེད་པ་སྔར་ནུས་མེད་ཕྱིར་དང༌། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། ཟུར་གཉིས་པ་གྲུབ་སྟེ། དུས་མཉམ་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བ་དང་བུར་གཟུགས་ད་ལྟ་བ་གཉིས་ཆོས་ཅན། རྒྱུ་འབྲས་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དང་བུར་གཟུགས་ད་ལྟ་བ་གཉིས་ལ་རྒྱུ་འབྲས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཁ་ནང་བུར་རྡོག་ཆོས་ཅན། གཟུགས་ད་ལྟ་བ་ཡོད་དེ། རོ་ད་ལྟ་བ་ཡོད་པའི་ཕྱིར་ཞེས་པ་ལྟ་བུ་རྒྱུ་ཆོས་དཔོག་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་བ་མ་གྲུབ་པའི་ཕྱིར། དེར་ཐལ། ཤཱཀྱ་བློའི་འགྲེལ་བཤད་ལས། དངོས་སུ་རྟགས་ཉིད་ཡིན་པས་ནི་མིན་ཏེ། འབྲེལ་བ་མེད་པའི་ཕྱིར་རོ། །ཞེས་དང༌། རོ་ལས་དངོས་སུ་གཟུགས་རྗེས་སུ་དཔོག་པ་ནི་མིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར་ཟེར་ན། འདིའི་སྐོར་ལ་མཁས་པ་རྣམས་ཀྱིས་བཞེད་པ་མི་མཐུན་པ་མང་དུ་སྨྲས་ཏེ། གཏན་ཚིགས་དོན་བསྡུས་སུ་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ཡིན་པར་གསུངས་ལ། དེ་མཚུངས་སུ་རྗེ་བདག་ཉིད་ཆེན་པོས་ཀྱང༌། བུར་རོ་ད་ལྟ་བ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་ཡིན་པ་དང་རྒྱུ་ཆོས་རྗེས་དཔག་གི་འབྲས་རྟགས་ཡང་དག་གི་མཚན་ཉིད་ཟུར་ལའང་རྟགས་ཆོས་དུས་མཉམ་པ་ཞེས་སྦྱར་རོ། །སྒོ་མང་ཡིག་ཆའི་སྐབས་སུ་འདིའི་རིགས་རྟགས་ཆོས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་གསུངས་པ་དང༌། རྭ་སྟོད་རྟགས་རིགས་དང་ཡོངས་འཛིན་རྟགས་རིགས་སོགས་ལས་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ལ་དངོས་ཀྱི་མ་ངེས་པ་དང༌། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་དང༌། དེ་གཉིས་གང་ཡང་མ་ཡིན་པའི་གཏན་ཚིགས་ཏེ་གསུམ་ལས་ཕྱི་མ་ཡིན་པར་གསུངས་པ་དང༌། ཡིག་ཆ་ལ་ལར། ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་གསུངས་པ་སྟེ་བཞེད་ཚུལ་སྣ་ཚོགས་པ་ཡོད་པས་གང་འཐད་ལུང་རིགས་ཀྱིས་རྣམ་པར་བརྟགས་ནས་དཔྱད་དགོས་ལ། རྒྱས་པར་འོག་དུས་མཉམ་ལ་བརྟེན་པའི་རྩོད་པ་བཤད་སྐབས་སུ་འཆདཔར་འགྱུར། ༈ རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་དེ་མྱུ་གུ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པར་སྒྲུབ་པའི་རྒྱུ་ཚོགས་གྲངས་ཚང་གི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། རང་གི་ཉེར་ལེན་གྱི་རྒྱུ་སོགས་རྒྱུ་ཚོགས་ཚང་ན་རང་གིས་འབྲས་བུ་དེ་ཉིད་བསྐྱེད་པར་ངེས་པས་ཁྱབ་པར་ཐལ། འདོད་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་བསྐྱེད་པར་ངེས་པས་ཁྱབ་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་སོགས་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་གི་ཉེར་ལེན་གྱི་རྒྱུ་སོགས་རྒྱུ་ཚོགས་ཚང་བས་ཁྱབ་པའི་ཕྱིར། འདོད་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཞིང་ཆོས་ཅན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་ཕྱོགས་ཆོས་གང་ཞིག དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པའི་ཕྱིར། དང་པོ་སླ། ཕྱི་མ་གྲུབ་སྟེ། དེ་སྒྲུབ་ཀྱི་རྟགས་དེ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་གང་ཞིག རྗེས་ཁྱབ་ཀྱི་མཚན་ཉིད་ཀྱི་ཟུར་གཞན་རྣམས་ཀྱང་ཚང་བའི་ཕྱིར། འདོད་ན། ནས་ས་ཆུ་ལུད་དྲོ་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཞིང་ཆོས་ཅན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་ནས་ས་ཆུ་ལུད་དྲོ་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་ཁྱབ་པ་མ་ངེས་པའི་ཕྱིར། དེར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པ་མ་ངེས་པའི་ཕྱིར། མ་གྲུབ་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པ་མ་ངེས་པར་ཐལ། རྣམ་འགྲེལ་ལས། མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དང་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ནས་ས་ཆུ་ལུད་དྲོ་གཤེར་རྣམས་དུས་དང་མཚམས་པར་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་སོགས་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་གི་ཉེར་ལེན་གྱི་རྒྱུ་སོགས་རྒྱུ་ཚོགས་ཚང་བས་ཁྱབ་པའི་ཕྱིར། མ་གྲུབ་ན། ནས་ས་ཆུ་ལུད་དྲོད་གཤེར་སོགས་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་གི་ཉེར་ལེན་གྱི་རྒྱུ་སོགས་རྒྱུ་ཚོགས་ཚང་བས་ཁྱབ་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་སོགས་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྣམ་འགྲེལ་རང་འགྲེལ་ལས། རུང་བ་ཉིད་ཀྱང་རྒྱུ་ཚོགས་པ་ཁོ་ནས་རྗེས་སུ་དཔག་པར་བྱ་སྟེ། མ་ཚོགས་པ་ལ་ཤིན་ཏུ་ནུས་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཞིང་དེ་ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམས་པར་ཚོགས་པའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་གསུངས་པའི་ཕྱིར། རྒྱས་པར་འོག་སྔ་ཕྱི་ལ་ལྟོས་པའི་རྩོད་པའིསྐབས་སུ་འཆད་པར་འགྱུར་རོ། །༈ ཡང་རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་དེ་མྱུ་གུ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པར་སྒྲུབ་པའི་རྒྱུ་ཚོགས་གྲངས་ཚང་གི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་དེ་མྱུ་གུ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པར་སྒྲུབ་པའི་རྒྱུ་ཚོགས་གྲངས་ཚང་གི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་དེ་མྱུ་གུ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་ཆོས་ཅན། མྱུ་གུ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པར་སྒྲུབ་པའི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དེ་དང་དེ་བྱུང་འབྲེལ་གྱི་འབྲེལ་བ་མ་གྲུབ་པའི་ཕྱིར། དེར་ཐལ། རང་གི་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གྱི་རྒྱུ་ཚོགས་གྲངས་མ་ཚང་ན་མི་སྐྱེ་བའི་དངོས་པོ་དེ་རང་གི་རྒྱུ་རྐྱེན་དུ་མ་ཚོགས་པ་ལས་སྐྱེ་དགོས་པ་དེདང་དེ་བྱུང་གི་འབྲེལ་བ་གྲུབ་ཚུལ་མེད་པའི་ཕྱིར་ན་དཔྱད། ༈ ཡང་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ཚང་ན་རྒྱུ་འབྲས་ཡིན་པས་ཁྱབ་པར་ཐལ། འདོད་ན། ཙན་དན་གྱི་མེ་དང་དུ་བ་གཉིས་ཆོས་ཅན། རྒྱུ་འབྲས་ཡིན་པར་ཐལ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ཚང་བའི་ཕྱིར། མ་གྲུབ་ན། ཙན་དན་གྱི་མེ་དང་དུ་བ་གཉིས་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ཚང་བར་ཐལ། ཐོག་མར་ཙན་དན་གྱི་མེ་དང་དུ་བ་གཉིས་ཀ་མ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་ཙན་དན་གྱི་མེ་རྫས་ཁོ་ན་གསར་དུ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་དུ་བ་ཡུལ་གཞན་ནས་འོང་བ་ལྟ་བུ་མ་ཡིན་པར་གཞི་དེ་ཉིད་དུ་གསར་དུ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་ཙན་དན་གྱི་མེ་དང་དུ་བ་གཉིས་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་ཙན་དན་གྱི་མེ་མ་དམིགས་པའི་མངོན་སུམ་གཅིག དེའི་རྗེས་སུ་དུ་བ་ཡུལ་གཞན་དུ་སོང་བ་ལྟ་བུ་མ་ཡིན་པར་གཞི་དེ་ཉིད་དུ་མ་དམིགས་པའི་མངོན་སུམ་གཅིག་སྟེ། ཕྲུགས་གསུམ་མམ་ཡ་དྲུག་པོ་རེ་རེ་ནས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། ཙན་དན་གྱི་མེ་ལས་གཞན་པའི་མེ་མ་དམིགས་པའི་ས་ཕྱོགས་དེར་ཙན་དན་གྱི་མེ་དང་དུ་བ་གཉིས་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་པོ་རེ་རེ་ནས་ཡོད་པའི་ཕྱིར། མ་གྲུབ་ན། ཙན་དན་གྱི་མེ་ལས་གཞན་པའི་མེ་མ་དམིགས་པའི་ས་ཕྱོགས་དེར་ཙན་དན་གྱི་མེ་དང་དུ་བ་གཉིས་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་པོ་རེ་རེ་ནས་ཡོད་པར་ཐལ། ཙན་དན་གྱི་མེ་ལས་གཞན་པའི་མེ་མ་དམིགས་པའི་གཞི་དེར་ཙན་དན་གྱི་མེ་དམིགས་པའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་དང་ཙན་དན་གྱི་མེ་མ་དམིགས་པའི་རྗེས་སུ་དུ་བ་དེའང་ཡུལ་གཞན་དུ་སོང་བ་ལྟ་བུ་མ་ཡིན་པར་གཞི་དེ་ཉིད་དུ་དུ་བ་མ་དམིགས་པའི་མངོན་སུམ་གྲུབ་པའི་ཕྱིར། དེར་ཐལ། གཞི་དེར་ཡོད་པའི་དུ་བ་ལ་ཙན་དན་གྱི་དུ་བས་ཁྱབ་པའི་ཕྱིར། འདོད་ན། ཙན་དན་གྱི་མེ་དང་དུ་བ་གཉིས་ཆོས་ཅན། རྒྱུ་འབྲས་ཡིན་པར་ཐལ། ཁྱོད་རྒྱུ་འབྲས་སུ་ངེས་པའི་ཚད་མ་ཡོད་པའི་ཕྱིར། དེར་ཐལ། རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ཡོད་པའི་ཕྱིར། འདོད་ན། ཙན་དན་གྱི་མེ་དང་དུ་བ་གཉིས་ཆོས་ཅན། རྒྱུ་འབྲས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཙན་དན་གྱི་མེ་ལྡོག་ན་དུ་བ་ལྡོག་པས་ཁྱབ་པར་ཐལ། ཙན་དན་གྱི་མེ་དང་དུ་བ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར། འདོད་ན། ཙན་དན་གྱི་དགག་གཞི་ཆོས་ཅན། དུ་བ་མ་དམིགས་པར་ཐལ། ཙན་དན་གྱི་མེ་མེད་པའི་ཕྱིར། འདོད་མི་ནུས་ཏེ། ཤུག་པའི་དུ་བ་དང་ལྕི་བའི་དུ་བ་སོགས་དམིགས་པའི་ཕྱིརན་དཔྱད། ༈ ཡང་རྒྱུ་འབྲས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ལས་སྔར་དུ་བ་མ་དམིགས་པའི་མངོན་སུམ་དང་དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་དེ་རྒྱུ་མེད་ལས་སྐྱེས་པར་འཛིན་པའི་ལོག་རྟོག་བཟློག་པ་ཡིན་པར་ཐལ། འདོད་ན། སྔར་དུ་བ་མ་དམིགས་པའི་མངོན་སུམ་དང་དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཉིས་ཀ་གྲུབ་ན་དུ་བ་རྒྱུ་མེད་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ལྡོག་པས་ཁྱབ་པར་ཐལ། འདོད་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དུ་བ་རྒྱུ་མེད་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ཁེགས་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྔར་དུ་བ་མ་དམིགས་པའི་མངོན་སུམ་དང་དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཉིས་ཀ་གྲུབ་པའི་ཕྱིར། དེར་ཐལ། རྒྱང་འཕེན་པས་ཐོག་མར་གཞི་ཚང་མང་ལྟ་བུའི་ནང་དུ་དུ་བ་མ་དམིགས་པ་དང་ཕྱིས་དུ་བ་དམིགས་པ་མངོན་སུམ་གྱིས་གྲུབ་པ་གང་ཞིག མངོན་སུམ་དུ་ཕྱི་རོལ་རྒྱང་འཕེན་པས་མི་བསྙོན་པའི་ཕྱིར། འདོད་ན། རྒྱང་འཕེན་པའི་རྒྱུད་ལ་དུ་བ་རྒྱུ་མེད་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ཁེགས་པར་ཐལ། རྒྱང་འཕེན་པའི་རྒྱུད་ལ་སྔར་དུ་བ་མ་དམིགས་པའི་མངོན་སུམ་དང་དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཉིས་ཀ་གྲུབ་པའི་ཕྱིར། འདོད་ན། རྒྱང་འཕེན་པའི་རྒྱུད་ལ་དུ་བ་རྒྱུ་མེད་ལས་སྐྱེ་བར་འཛིན་པའི་ལོག་རྟོག་མ་ཁེགས་པར་ཐལ། དུ་བ་རྒྱུ་མེད་ལས་སྐྱེ་བར་འདོད་པའི་ལོག་རྟོག་དེ་རྒྱང་འཕེན་པའི་རྒྱུད་ལ་འཇོག་དགོས་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། རྒྱང་འཕེན་གྱིས་རྒྱུ་མེད་ལས་འབྱུང་བར་འདོད་པའི་ལོག་རྟོག་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྒྱང་འཕེན་པའི་རྒྱུད་ལ་སྔར་དུ་བ་མ་དམིགས་པའི་མངོན་སུམ་དང་དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཉིས་ཀ་གྲུབ་པའི་ཕྱིར། ཁྱབ་སྟེ། དེ་ཉིད་ལས། སྔར་གྱི་དུ་བ་མ་དམིགས་པའི་མངོན་སུམ་དང༌། དེའི་རྗེས་སུ་དུ་བ་དམིགས་པའི་མངོན་སུམ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་རྒྱུ་མེད་ལས་སྐྱེ་བ་ཁེགས་པའི་ཕྱིར་ཏེ། དེ་གཉིས་ཀས་བྱེད་པ་ལ་བརྟེན་ནས་དུ་བ་རེ་འགའ་བའིདངོས་པོ་ཡིན་པར་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ལས་ཟུང་ཕྱི་མ་གཉིས་ཀ་གྲུབ་ན་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ལྡོག་པས་ཁྱབ་པར་ཐལ། འདོད་ན། མདོ་སྡེ་བ་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ཁེགས་པར་ཐལ། ཁྱོད་ཀྱི་རྒྱུད་ལ་མེ་དུ་རྒྱུ་འབྲས་ངེས་བྱེད་ཀྱི་ཚད་མ་ཕྲུགས་གསུམ་ལས་ཟུང་ཕྱི་མ་གཉིས་གྲུབ་པའི་ཕྱིར། འདོད་ན། མདོ་སྡེ་བའི་རྒྱུད་ལ་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་ལོག་རྟོག་མེད་པར་ཐལ། འདོད་ན། མདོ་སྡེ་བའི་རྒྱུད་ལ་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བར་འཛིན་པའི་ལོག་རྟོག་ཡོད་པར་ཐལ། མདོ་སྡེ་བས་བདེན་གྲུབ་ཀྱི་མེ་ལས་དུ་བ་སྐྱེ་བར་འདོད་པ་གང་ཞིག བདེན་གྲུབ་ཀྱི་མེ་དུ་བའི་རྒྱུ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། མདོ་སྡེ་བས་བདེན་གྲུབ་ཀྱི་མེ་ལས་དུ་བ་སྐྱེ་བར་འདོད་པར་ཐལ། མདོ་སྡེ་བའི་ལུགས་ལ་བདེན་གྲུབ་ཀྱི་མེ་དང་མེ་གཉིས་དོན་གཅིག་ཡིན་པའི་ཕྱིར། དེར་ཐལ། མདོ་སྡེ་བའི་ལུགས་ལ་བདེན་གྲུབ་དང་དངོས་པོ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། མདོ་སྡེ་བའི་ལུགས་ལ་བདེན་གྲུབ་དང་དངོས་པོ་གཉིས་དོན་གཅིག་ཡིན་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། དངོས་པོ། འདུས་བྱས། མི་རྟག་པ། ཕུང་པོ། རང་མཚན། འདུ་བྱེད། གཞན་དབང་རྣམས་མདོ་སྡེ་བ་ཡན་ཆད་ཀྱི་ལུགས་ལ་དོན་གཅིག མདོ་སྡེ་བའི་ལུགས་ལ་དེ་རྣམས་དང༌། མངོན་གྱུར། དོན་དམ་བདེན་པ། བདེན་པར་གྲུབ་པ། རང་གི་མཚན་གྱིས་གྲུབ་པ་རྣམས་དོན་གཅིག་གོ །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བདེན་གྲུབ་ཀྱི་མེ་ཆོས་ཅན། ཁྱོད་ལས་དུ་བ་འབྱུང་བ་དང་ཁྱོད་དུ་བའི་རྒྱུར་འཛིན་པའི་བློ་དེ་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་ཡིན་པར་ཐལ། ཁྱོད་དུ་བའི་རྒྱུ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། བརྒྱ་བྱིན་གྱི་སྤྱི་བོ་ལས་དུ་བ་འབྱུང་བར་འཛིན་པའི་བློ་དེ་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། མེ་མེད་པར་བརྒྱ་བྱིན་གྱི་སྤྱི་བོར་ཡང་དུ་བ་ཡོད་པར་འདོད་པའི་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བདེན་གྲུབ་ཀྱི་མེ་མེད་པའི་ཕྱིར། མ་གྲུབ་ན། བདེན་གྲུབ་ཀྱི་མེ་མེད་པར་ཐལ། བདེན་གྲུབ་ཀྱི་དངོས་པོ་མེད་པའི་ཕྱིར། མ་གྲུབ་ན། བདེན་གྲུབ་ཀྱི་དངོས་པོ་མེད་པར་ཐལ། དབུ་མ་པའི་རང་ལུགས་ལ་བདེན་གྲུབ་ཀྱི་དངོས་པོ་ཁས་མི་ལེན་པའི་ཕྱིར། དེར་ཐལ། ཉ་ཊཱིཀ་ལས། དབུ་མ་པའི་མཚན་ཉིད། ཐེག་ཆེན་པ་གང་ཞིག དོན་དམ་པར་བདེན་དངོས་ཁས་མི་ལེན་པ། ཞེས་གསུངས་པའི་ཕྱིར། འདོད་ན། བདེན་གྲུབ་ཀྱི་མེ་ཆོས་ཅན། ཁྱོད་དུ་བའི་རྒྱུ་ཡིན་པར་འཛིན་པའི་བློ་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་ཡིན་པར་ཐལ། འདོད་ན། མདོ་སྡེ་བའི་རྒྱུད་ལ་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་ཡོད་པར་ཐལ། དེའི་རྒྱུད་ལ་དུ་བ་དེ་བདེན་གྲུབ་ཀྱི་མེ་ལས་སྐྱེ་བར་འཛིན་པའི་བློ་ཡོད་པའི་ཕྱིར། འདོད་ན། མདོ་སྡེ་བའི་རྒྱུད་ལ་མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་མེད་པར་ཐལ། མདོ་སྡེ་བས་མེ་དུ་རྒྱུ་འབྲས་སུ་ངེས་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། ཚད་མ་ཟུང་ཕྱི་མ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་མི་མཐུན་པའི་རྒྱུ་ལས་སྐྱེ་བ་ཁེགས་པ་ཡིན་ཏེ། ཚད་མ་ཟུང་དེ་གཉིས་ཀྱི་བྱེད་པ་ལ་བརྟེན་ནས་དུ་བ་དེ་མེས་ཕན་བཏགས་སྟོབས་ཀྱིས་མེ་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་གྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །དེས་ན་རང་ལུགས་ཀྱིས་འདོད་པའི་རྒྱུ་གང་ཡིན་པ་དེ་ལ་བརྟེན་མི་དགོས་པར་རྒྱུ་གཞན་ལ་བརྟེན་ནས་སྐྱེ་བར་འདོད་པ་དེ། མི་མཐུན་པ་རྒྱུར་འཛིན་པའི་ལོག་རྟོག་གི་ཚད་དུབཞག་ན་འཐད་དམ་དཔྱད།

རང་བཞིན་གྱི་རྟགས་ཡང་དག་སྐབས་ཀྱི་དོགས་དཔྱོད།

རང་བཞིན་གྱི་རྟགས་ཡང་དག་སྐབས་ཀྱི་དོགས་དཔྱོད།

དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་ཡིན་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་པ་གང་ཞིག རང་བཞིན་གྱི་རྟགས་ཡང་དག་ཡིན་ནའང་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག་བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་ཡིན་པས་ཁྱབ་པའི་ཕྱིར། དང་པོ་མ་གྲུབ་ན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་ཡིན་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིགབསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་གྱི་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་གྲུབ་པ་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་གྲུབ་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་འབྲེལ་བ་གྲུབ་པ་གང་ཞིག དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་དེ་བྱུང་འབྲེལ་གྱི་འབྲེལ་བ་མ་གྲུབ་པའི་ཕྱིར། གཉིས་པ་གྲུབ་སྟེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་དངོས་མེད་ཡིན་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ལ་བདགགཅིག་ཏུ་འབྲེལ་གྱི་འབྲེལ་བ་གྲུབ་པའི་ཕྱིར་ན་དཔྱད། ༈ ཡང་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བའི་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་དེ་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། ཁ་ཅིག་ན་རེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བ་ཞེས་ཟེར་ན། ཞེསགསུངས་པའི་ཕྱིར་དཔྱད་པར་བྱའོ། །༈ ཡང་མེ་ཚད་མས་མ་དམིགས་པ་ཆོས་ཅན། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་རང་བཞིན་གཅིག་ཡིན་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་མ་ཁྱབ་པའི་སྐྱོན་ཡིན་པའི་ཕྱིར། འདོད་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། དེར་ཐལ། མཚན་མོའི་རྒྱ་མཚོར་མེ་ཚད་མས་དམིགས་པའི་ཕྱིར། མ་གྲུབ་ན། མཚན་མོའི་རྒྱ་མཚོར་མེ་ཚད་མས་དམིགས་པར་ཐལ། མཚན་མོའི་རྒྱ་མཚོར་མེ་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཚན་མོའི་རྒྱ་མཚོར་གྲུ་གཟིངས་ཀྱི་སྟེང་དུ་མེ་འབུད་པ་ཡོད་པའི་ཕྱིར། འདོད་ན། མཚན་མོའི་རྒྱ་མཚོར་མེ་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། མེ་ཚད་མས་མ་དམིགས་པ་དེ་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། མེ་ཚད་མས་མ་དམིགས་པ་དེ་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་དང་རང་བཞིན་གཅིག་ཡིན་ན་རང་བཞིན་གྱི་རྟགས་ཡང་དག་ཡིན་པས་ཁྱབ་ཟེར་ན། མེ་ཚད་མས་མ་དམིགས་པ་ཆོས་ཅན། མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་འགྲོ་རྒྱུའི་ཆོས་དང་རང་བཞིན་གཅིག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། མེ་མེད་མཚན་མོའི་རྒྱ་མཚོར་དགོངས་ཤེ་ན། དེ་མི་འཐད་པར་ཐལ། མེ་ཚད་མས་མ་དམིགས་པ་དེ་མེ་མེད་མཚན་མོའི་རྒྱ་མཚོར་མེ་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་རྟོགས་པའི་གང་ཟག་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གང་ཡིན་པ་དེ་རྟོགས་པའི་གང་ཟག་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་དགོས་པར་ཐལ། གང་ཟག་དེས་མེ་མེད་མཚན་མོའི་རྒྱ་མཚོ་རྟོགས་ན་མེ་མེད་མཚན་མོའི་རྒྱ་མཚོ་མེ་མེད་མཚན་མོའི་རྒྱ་མཚོ་ཡིན་པར་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། མེ་མེད་མཚན་མོའི་རྒྱ་མཚོ་མེ་མེད་མཚན་མོའི་རྒྱ་མཚོ་ཡིན་པར་རྟོགས་པ་ལ་མེ་མེད་མཚན་མོའི་རྒྱམཚོར་མེ་མེད་པ་རྟོགས་དགོས་པའི་ཕྱིར་ན་དཔྱད། ༈ སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་ཐལ། འདོད་ན། སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་ལ་བྱས་པའི་གསལ་བའི་དབྱེ་བ་རེ་རེ་ཁྱད་གཞིར་བཟུང་སྟེ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་དགོས་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་དེས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སློབ་དཔོན་དབང་ཕྱུག་སྡེའི་ལུགས་ལ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་རྟོགས་པའི་རྗེས་དཔག་མེད་པའི་ཕྱིར། མ་གྲུབ་ན། དེའི་ལུགས་ལ་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་མི་རྟག་པར་རྟོགས་པའི་རྗེས་དཔག་མེད་པར་ཐལ། དེ་འདྲའི་རྗེས་དཔག་རྒྱུད་ལྡན་གྱི་གང་ཟག་མེད་པའི་ཕྱིར། མ་གྲུབ་ན། དེ་འདྲའི་རྗེས་དཔག་རྒྱུད་ལྡན་གྱི་གང་ཟག་མེད་པར་ཐལ། དེ་འདྲའི་གང་ཟག་ལ་ཚུར་མཐོང་སོ་སོའི་སྐྱེ་བོ་མི་འཇོག་པ་གང་ཞིག ཐམས་ཅད་མཁྱེན་པ་ཡང་མི་འཇོག་པའི་ཕྱིར། དང་པོ་གྲུབ་སྟེ། ལུང་འགལ་གྱི་རྣམ་བཞག་ལས། གཞན་དུ་ན་མི་མཐུན་ཕྱོགས་མཐའ་དག་ལ་མེད་པར་ངེས་དགོས་ན་ཚུར་མཐོང་གིས་ལྡོག་ཁྱབ་གྲུབ་པ་དཀའ་བར་འདོད་དོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཐམས་ཅད་མཁྱེན་པའི་རྒྱུད་ལ་རྗེས་དཔག་ཡོད་ན་ཐམས་ཅད་མཁྱེན་པའི་རྒྱུད་ལ་འཁྲུལ་ཤེས་ཡོད་པར་འགྱུར་བའི་སྐྱོན་འོངབའི་ཕྱིར་ན་དཔྱད། ༈ རང་ལུགས་ལ་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་ཐལ། འདོད་ན། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་ལ་བྱས་པའི་གསལ་བའི་དབྱེ་བ་རེ་རེ་ནས་ཁྱད་གཞིར་བཟུང་སྟེ་དེ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་མི་དགོས་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མས་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བྱས་པའི་གསལ་བའི་དབྱེ་བ་ཐམས་ཅད་ཆོས་ཅན། ཁྱོད་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་ན་ཁྱོད་ཁྱད་གཞིར་འཛིན་མི་དགོས་པར་ཐལ། འདོད་ན། བྱས་པའི་གསལ་བའི་དབྱེ་བ་ཐམས་ཅད་ཆོས་ཅན། ཁྱོད་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་ན་ཁྱོད་ཁྱད་གཞིར་འཛིན་དགོས་པར་ཐལ། ཁྱོད་རྟག་སྟོང་དུ་རྟོགས་ན་ཁྱོད་ཁྱད་གཞིར་འཛིན་དགོས་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། ཁྱོད་རྟག་སྟོང་དུ་རྟོགས་ན་ཁྱོད་ཁྱད་གཞིར་འཛིན་མི་དགོས་པར་ཐལ། ཅིའི་ཕྱིར་ཟེར་ན། སྒྲ་ཆོས་ཅན། ཁྱོད་རྟགསྟོང་དུ་རྟོགས་ན་ཁྱོད་ཁྱད་གཞིར་འཛིན་དགོས་ཏེ་ཟེར་ནས་དཔྱད་པར་བྱའོ། །༈ ཡང་བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་ལ་བྱས་པའི་གསལ་བའི་དབྱེ་བ་རེ་རེ་ནས་ཁྱད་གཞིར་བཟུང་སྟེ་དེ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་མི་དགོས་པར་ཐལ། འདོད་ན། གང་ཟག་དེས་བྱས་པའི་གསལ་བའི་དབྱེ་བ་ཐམས་ཅད་རྟོགས་ན་བྱས་པའི་གསལ་བའི་དབྱེ་བ་རེ་རེ་ནས་རྟོགས་མི་དགོས་པར་ཐལ། བྱས་པའི་གསལ་བའི་དབྱེ་བ་མཐའ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པ་ལ་བྱས་པའི་གསལ་བའི་དབྱེ་བ་རེ་རེ་ནས་ཁྱད་གཞིར་བཟུང་སྟེ་དེ་དག་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་མི་དགོས་པའི་ཕྱིར། འདོད་ན། གང་ཟག་དེས་ཆོས་ཐམས་ཅད་རྟོགས་ན་བུམ་པ་རྟོགས་མི་དགོས་པར་ཐལ། གང་ཟག་དེས་བྱས་པའི་གསལ་བའི་དབྱེ་བ་ཐམས་ཅད་རྟོགས་ན་བྱས་པའི་གསལ་བའི་དབྱེ་བ་རེ་རེ་ནས་རྟོགས་མི་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཆོས་ཐམས་ཅད་རྟོགས་ནས་བུམ་པ་མ་རྟོགསཔའི་གང་ཟག་ཅིག་འཇོག་དཀའ་བའི་ཕྱིར་ན་དཔྱད་པར་བྱའོ། །༈ ཡང་བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་ཀྱིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པར་ཐལ། འདོད་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་ཀྱིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་ཆོད་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་ཕྱིར། མ་གྲུབ་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་རྟོགས་པར་ཐལ། ཁྱོད་ཀྱིས་གཞི་བྱས་པའི་སྟེང་དུ་སྒྲ་མི་རྟག་པ་རྟོགས་པའི་ཕྱིར། མ་གྲུབ་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མས་གཞི་བྱས་པའི་སྟེང་དུ་སྒྲ་མི་རྟག་པ་རྟོགས་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མས་གཞི་བྱས་པའི་སྟེང་དུ་སྒྲའི་རྟག་སྟོང་རྟོགས་པའི་ཕྱིར། མ་གྲུབ་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་ཀྱིས་གཞི་བྱས་པའི་སྟེང་དུ་སྒྲའི་རྟག་སྟོང་རྟོགས་པར་ཐལ། ཁྱོད་ཀྱིས་བྱས་པའི་སྟེང་དུ་རྟག་པས་སྟོང་པར་ངེས་པའི་ཕྱིར། ཁྱབ་སྟེ། རྟག་པས་སྟོང་པར་ངེས་ན་སྒྲའི་རྟག་པས་སྟོང་པར་ངེས་དགོས་པའི་ཕྱིར། མ་གྲུབ་ན། སྒྲའི་རྟག་པ་ཆོས་ཅན། བྱས་པ་རྟག་སྟོང་དུ་ངེས་པ་ན་བྱས་པ་ཁྱོད་ཀྱིས་སྟོང་པར་ངེས་དགོས་པར་ཐལ། ཁྱོད་རྟག་པའི་མིང་གི་ལྡོག་པས་ཁྱད་པར་དུ་ཕྱེས་པའི་གསལ་བའི་དབྱེ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་རང་འགྲེལ་ལས། དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པ་ལ་ནི་དེ་གཉིས་རང་བཞིན་འབྲེལ་བ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་རྟག་སྟོང་དུ་རྟོགས་ན་བྱས་པ་སྒྲའི་རྟག་སྟོང་དུ་རྟོགས་དགོས་པར་ཐལ། འདོད་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་ཀྱིས་གཞི་བྱས་པའི་སྟེང་དུ་སྒྲའི་རྟག་པས་སྟོང་བ་རྟོགས་པར་ཐལ། ཁྱོད་ཀྱིས་བྱས་པའི་སྟེང་དུ་རྟག་པས་སྟོང་པར་ངེས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བྱས་ན་མི་རྟག་པས་ཁྱབ་པ་འཇལ་བའི་རྗེས་དཔག་ཚད་མ་ཆོས་ཅན། ཁྱོད་ཀྱིས་གཞི་བྱས་པའི་སྟེང་དུ་སྒྲའི་མི་རྟག་པ་རྟོགས་པར་ཐལ། ཁྱོད་ཀྱིས་གཞི་བྱས་པའི་སྟེང་དུ་སྒྲའི་རྟག་པས་སྟོང་བ་རྟོགས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་འཇལ་བའི་ཚད་མ་ཆོས་ཅན། ཁྱོད་ཀྱིས་སྒྲའི་མི་རྟག་པ་རྟོགས་པར་ཐལ། ཁྱོད་ཀྱིས་གཞི་བྱས་པའི་སྟེང་དུ་སྒྲའི་མི་རྟག་པ་རྟོགས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྗེས་ཁྱབ་འཇལ་བའི་ཚད་མ་ཆོས་ཅན། ཁྱོད་ཀྱིས་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བསྒྲུབ་བྱ་རྟོགས་པར་ཐལ། ཁྱོད་ཀྱིས་སྒྲའི་མི་རྟག་པ་རྟོགས་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པ་དང་སྒྲའི་མི་རྟག་པ་གཉིས་ཀ་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ལ་འཇོག་མཉམ་ཡིན་པའི་ཕྱིར། དེར་ཐལ། ཚད་མ་མདོ་ལས། མཚུངས་པ་བསྒྲུབ་བྱ་ཉིད་ཡིན་ན། །གཉིསཔོ་ཕན་ཚུན་བརྟེན་པ་ཅན། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་ཁྱོད་ཆོས་དེའི་མིང་གི་ལྡོག་པའི་གསལ་བའི་དབྱེ་བ་ཡིན་ན་ཆོས་དེས་སྟོང་པ་རྟོགས་ན་ཁྱོད་ཀྱིས་སྟོང་པ་རྟོགས་པས་ཁྱབ་པར་ཐལ། རྣམ་འགྲེལ་རང་འགྲེལ་ལས། དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པ་ལ་ནི་དེ་གཉིས་རང་བཞིན་འབྲེལ་བ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་མ་ཡིན་པ་ཆོས་ཅན། ཁྱོད་ཀྱིས་སྟོང་པ་རྟོགས་ན་གསེར་བུམ་མ་ཡིན་པས་སྟོང་པ་རྟོགས་པས་ཁྱབ་པར་ཐལ། གསེར་བུམ་མ་ཡིན་པ་ཁྱོད་ཀྱི་མིང་གི་ལྡོག་པའི་གསལ་བའི་དབྱེ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དངུལ་བུམ་བུམ་པ་མ་ཡིན་པས་སྟོང་པ་རྟོགས་པའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་དངུལ་བུམ་གསེར་བུམ་མ་ཡིན་པས་སྟོང་བ་རྟོགས་པར་ཐལ། ཁྱོད་ཀྱིས་གསེར་བུམ་བུམ་པ་མ་ཡིན་པས་སྟོང་པ་རྟོགས་པའི་ཕྱིར། འདོད་ན། དངུལ་བུམ་བུམ་པ་མ་ཡིན་པས་སྟོང་པ་རྟོགས་པའི་གང་ཟག་ཆོས་ཅན། ཁྱོད་ཀྱིས་དངུལ་བུམ་གསེར་བུམ་མ་ཡིན་པས་སྟོང་བ་མ་རྟོགས་པར་ཐལ། དངུལ་བུམ་གསེར་བུམ་མ་ཡིན་པས་སྟོང་བ་རྟོགས་རྒྱུ་མེད་པའི་ཕྱིར། མ་གྲུབ་ན། དངུལ་བུམ་ཆོས་ཅན། ཁྱོད་གསེར་བུམ་མ་ཡིན་པས་སྟོང་བ་རྟོགས་རྒྱུ་མེད་པར་ཐལ། ཁྱོད་གསེར་བུམམ་ཡིན་པ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་སྐབས་བབ་ཀྱི་རྒོལ་བར་ཐེ་ཚོམ་དང་སྒྲོ་འདོགས་མེད་ན་བསྒྲུབ་བྱ་དེ་སྒྲུབ་བྱེད་དུ་བཀོད་པའི་རྟགས་དེ་རྟགས་ཡང་དག་ཏུ་མི་འགྱུར་བ་ཡིན་པར་ཐལ། འདོད་ན། སྒྲ་མི་རྟག་པ་ལ་ཡིད་དཔྱོད་ཙམ་གྱིས་ངེས་པ་རྙེད་པའི་བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། བྱས་པ་ཁྱོད་ཀྱི་ངོར་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ལ་དེ་སྒྲུབ་ཀྱི་བསྒྲུབ་བྱར་ཐེ་ཚོམ་མེད་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཞེས་དང༌། རང་འགྲེལ་ལས། སྒྲོ་འདོགས་པའི་ལོག་པར་རྟོག་པ་དང༌། ཐེ་ཚོམ་མེད་ན་སྒྲ་དང་རྟགས་དག་འཇུག་པར་མི་འགྱུར་ཞིང༌། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ཡིད་དཔྱོད་ཀྱིས་ངེས་པ་རྙེད་ན་དེ་ལ་ཐེཚོམ་མེད་དགོས་པའི་ཕྱིར་ན་དཔྱད། ༈ ཡང་ཕྱི་རོལ་པས་སྒྲ་རྟོག་སྒྲུབ་འཇུག་ཏུ་ཁས་བླངས་པ་ལ་བུམ་འཛིན་རྟོག་པ་བུམ་པ་མི་རྟག་པ་ལ་སྒྲུབ་འཇུག་ཡིན་ན་བུམ་པ་མི་རྟག་པ་རྟོགས་དགོས་པ་གསུངས་པ་ཡིན་པར་ཐལ། འདོད་ན། བུམ་འཛིན་རྟོག་པ་ཆོས་ཅན། ཁྱོད་བུམ་པ་མི་རྟག་པ་ལ་སྒྲུབ་འཇུག་ཡིན་ན་ཁྱོད་ཀྱིས་བུམ་པ་མི་རྟག་པ་རྟོགས་པས་ཁྱབ་པར་ཐལ། འདོད་ན། ཁྱོད་བུམ་པ་མི་རྟག་པ་ལ་སྒྲུབ་འཇུག་ཡིན་ན་ཁྱོད་ཀྱིས་བུམ་པ་མི་རྟག་པ་རྟོགས་པས་ཁྱབ་པར་ཐལ། འདོད་ན། སོ་སྐྱེས་རྒྱུད་ཀྱི་བུམ་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཀྱིས་བུམ་པ་མི་རྟག་པ་རྟོགས་པར་ཐལ། ཁྱོད་བུམ་པ་མི་རྟག་པ་ལ་སྒྲུབ་འཇུག་ཡིན་པའི་ཕྱིར། དེར་ཐལ། ཁྱོད་བུམ་པ་ལ་སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དེ་ཕྱིར་དངོས་པོ་མཐོང་བ་ཡི། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །འཁྲུལ་བས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བུམ་འཛིན་མིག་ཤེས་བུམ་པ་ལ་འཇུག་པ་གང་ཞིག དེ་ལ་སེལ་འཇུག་མ་ཡིན་པའི་ཕྱིར། དང་པོ་སླ། ཕྱི་མ་དེར་ཐལ། ཁྱོད་རྟོག་མེད་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། རྟོག་མེད་ཤེས་པ་སྣང་བས་འཇུག །སྒྲ་རྟགས་རྟོག་པ་སེལ་བས་འཇུག །ཅེས་གསུངས་པའི་ཕྱིར། གོང་དུ་བུམ་པ་མི་རྟག་པ་ལ་སྒྲུབ་འཇུག་ཡིན་ན་བུམ་པ་མི་རྟག་པ་རྟོགས་མི་དགོས་ཟེར་ན། དེས་ན་ཕྱི་རོལ་པས་སྒྲ་རྟོག་སྒྲུབ་འཇུག་ཏུ་ཁས་བླངས་པ་ལ་གང་ལ་སྒྲུབ་འཇུག་ཏུ་སོང་བའི་ཡུལ་དེ་རྟོགས་དགོས་པར་ཐལ་བའི་ཐལ་བ་བཏང་བ་མ་ཡིན་པར་ཐལ། འདོད་མི་ནུས་ཏེ། རང་འགྲེལ་ལས། སྒྲོ་འདོགས་པའི་ལོག་པར་རྟོག་པ་དང་ཐེ་ཚོམ་མེད་ན་སྒྲ་དང་རྟགས་དག་འཇུག་པར་མི་འགྱུར་ཞིང༌། གུས་པས་འཚོལ་བ་དང༌། དོན་དུ་གཉེར་བར་མི་བྱེད་དོ། །ཞེས་གསུངས་པའི་ཕྱིར་ན་གཞན་སྡེས་ཁས་བླངས་ཀྱི་སྒོ་ནས་བསྒྲུབས་པཡིན་ནམ་སྙམ་མོ། །༈ དོན་མི་འགྱུར་གྱི་ཐེ་ཚོམ་ཆོས་ཅན། ཐེ་ཚོམ་དང་སྒྲོ་འདོགས་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། འདོད་ན། དོན་མི་འགྱུར་གྱི་ཐེ་ཚོམ་ཆོས་ཅན། ཁྱོད་སྒྲོ་འདོགས་མ་ཡིན་པར་ཐལ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་པའི་ཕྱིར། མ་གྲུབ་ན། འོ་ན་སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པའི་བློ་དེ་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ལ་སྒྲ་རྟག་པ་འཇོག་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་བློ་དེའི་འཛིན་སྟངས་ཡུལ་སྒྲ་མི་རྟག་པ་འཇོག་དགོས་པར་ཐལ། སྒྲ་རྟག་གམ་མི་རྟག་ཕལ་ཆེར་རྟག་ལས་ཆེ་སྙམ་པའི་བློ་དེའི་འཛིན་སྟངས་ཀྱི་ཡུལ་ལ་སྒྲ་རྟག་པ་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་བློ་དེ་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཡུལ་ཡོད་པར་ཐལ། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ལ་སྒྲ་མི་རྟག་པ་བཞག་པ་གང་ཞིག དེ་ཡོད་པའི་ཕྱིར། འདོད་ན། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་བློ་དེ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་སུན་ཕྱུང་བ་མེད་པར་ཐལ། ཁྱོད་ཀྱི་ཞེན་ཡུལ་ཡོད་པའི་ཕྱིར། འདོད་ན། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་ལས་ཆེ་སྙམ་པའི་བློ་དེ་ཆོས་ཅན། ཁྱོད་ཀྱི་ཞེན་ཡུལ་སུན་ཕྱུང་བ་ཡོད་པར་ཐལ། ཁྱོད་སྤོང་བའི་གཉེན་པོ་ཡོད་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། འདོད་དང་སྡང་སོགས་སྤངས་པ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་གང་གི་མིན། །ཞེས་དང༌། འདི་ཡུལ་སུན་ཕྱུང་མེད་པ་ནི། །དེ་སྤོང་པ་ནི་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར་ན་ཆ་མཉམ་པའི་ཐེ་ཚོམ་དང་དོན་འགྱུར་དང་དོན་མི་འགྱུར་གྱི་ཐེ་ཚོམ་རྣམས་ཀྱི་འཛིནསྟངས་ཡུལ་འཇོག་མཚམས་དཀའ་བས་དཔྱད་པར་བྱའོ། །༈ དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་ཁྱོད་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པས་ཁྱབ་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། བུམ་པ་ཆོས་ཅན། ཁྱོད་གསེར་གྱི་ལྟོ་ལྡིར་བ་མི་རྟག་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་ཁྱོད་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པས་ཁྱབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་གསེར་གྱི་ལྟོ་ལྡིར་བ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། གསེར་གྱི་ལྟོ་ལྡིར་བ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་བུམ་པ་དང་བདག་གཅིག་འབྲེལ་ཡིན་པས་ཁྱབ་པར་ཐལ། འདོད་ན། མི་རྟག་པ་ཆོས་ཅན། བུམ་པ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། གསེར་གྱི་ལྟོ་ལྡིར་བ་མི་རྟག་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། མི་རྟག་པ་ཆོས་ཅན། བུམ་པ་མེད་ན་ཁྱོད་མེད་པས་ཁྱབ་པར་ཐལ། ཁྱོད་བུམ་པ་དང་བདག་གཅིག་འབྲེལ་ཡིན་པའི་ཕྱིར། འདོད་ན། བུམ་པའི་དགག་གཞིར་ཆོས་ཅན། མི་རྟག་པ་མེད་པར་ཐལ། བུམ་པ་མེད་པའི་ཕྱིར། འདོད་མི་ནུས་པ་སླ། རྩ་བར་འདོད་མི་ནུས་ཟེར་ན་དེའང་མི་འཐད་དེ། རྟགས་རིགས་མཐའ་དཔྱོད་ལས། ཡང་ན་དེ་སྒྲུབ་ཀྱི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་ཁྱོད་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པས་ཁྱབ་པའི་གཏན་ཚིགས་དེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་ཁྱོད་དེ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པས་ཁྱབཔའི་གཏན་ཚིགས་ཞེས་དཔེ་སྔ་མ་རྣམས་སུ་དེ་སྒྲ་ཞིག་ཆད་པ་ཡིན་ནམ་དཔྱད། ༈ ཡང་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པའི་གཏན་ཚིགས་དེ། རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། གང་ཞིག བསྒྲུབ་བྱའི་ཆོས་ལ་བདག་གཅིག་ཏུ་འབྲེལ་བའི་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་གང་ཡིན་རྒྱུ་དེ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེ་ཡོད་པ་འཇོག་པ་གང་ཞིག དེ་དང་བདག་གཅིག་འབྲེལ་གྱི་འབྲེལ་བ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེ་ལས་གཞན་མི་འཇོག་པར་ཐལ། འདོད་ན། མེ་ཚད་མས་དམིགས་པ་ཆོས་ཅན། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེ་ལས་གཞན་མི་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དུ་བ་ཆོས་ཅན། མེ་ཡོད་པ་དང་བདག་གཅིག་འབྲེལ་ཡིན་པར་ཐལ། མེ་ཡོད་པ་དང་འབྲེལ་བ་གྲུབ་པ་གང་ཞིག དེ་དང་དེ་བྱུངའབྲེལ་གྱི་འབྲེལ་བ་མ་གྲུབ་པའི་ཕྱིར་ན་དཔྱད། ༈ དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་ན། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག ཁྱོད་ཅེས་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་འཕངས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། རང་བཞིན་དག་པ་བ་དང༌། ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་གཉིས་ཏེ། ཕྱི་མ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། རང་བཞིན་གྱི་རྟགས་གང་ཞིག ཁྱོད་ཅེས་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་མ་འཕངས་པ་དང་འཕངས་པའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཅེས་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་འཕངས་པ་ཡིན་པར་ཐལ། དོན་བྱེད་ནུས་པ་དེ་ཁྱོད་ཀྱི་ལྟོས་པ་བྱེད་ཆོས་གང་ཞིག ཁྱོད་ཅེས་པའི་སྒྲས་དོན་བྱེད་ནུས་པ་འཕངས་པའི་ཕྱིར། དང་པོ་གྲུབ་སྟེ། ཆོས་དེའི་ལྟོས་པ་བྱེད་ཆོས་ཡིན་པའི་ཚད་ཡོད་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཅེས་པའི་སྒྲས་དོན་བྱེད་ནུས་པ་འཕངས་པར་ཐལ། ཁྱོད་ཅེས་པའི་སྒྲས་དོན་བྱེད་ནུས་པ་བརྗོད་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཅེས་པའི་སྒྲས་དོན་བྱེད་ནུས་པ་བརྗོད་པར་ཐལ། ཁྱོད་རྟོགས་པའི་བློས་དོན་བྱེད་ནུས་པ་རྟོགས་པའི་ཕྱིར། ཁྱབ་སྟེ། སྒྲ་རྟོག་ཡུལ་ལ་འཇུག་ཚུལ་མཚུངས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། སྤྱི་བརྗོད་ངང་ ཚུལ་ཅན་འདྲ་ཞིང༌། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་གསུངས་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། ཁྱོདཅེས་པའི་སྒྲས་དོན་བྱེད་ནུས་པ་འཕངས་པར་ཐལ། འདོད་ན། དངོས་པོ་ཆོས་ཅན། ཁྱོད་ཅེས་པའི་སྒྲས་ལྟོས་པ་བྱེད་ཆོས་འཕངས་པར་ཐལ། འདོད་ན། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་སྒྲུབ་པའི་ཁྱད་པར་ལྟོས་པ་བའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག ཁྱོད་ཅེས་པའི་སྒྲས་ལྟོས་པ་བྱེད་ཆོས་འཕངས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཏན་ཚིགས་དོན་བསྡུས་ལས། རང་བཞིན་དག་པ་བ་དང༌། ཁྱད་པར་ལྟོས་པ་བའི་རང་བཞིན་གྱི་རྟགས་གཉིས་ཏེ། ཕྱི་མ་གཉིས་ཀྱི་མཚན་ཉིད་རིམ་པ་ལྟར། རང་བཞིན་གྱི་རྟགས་གང་ཞིག ཁྱོད་ཅེས་པའི་སྒྲས་རང་གི་ལྟོས་པ་བྱེད་ཆོས་མ་འཕངས་པ་དང་འཕངས་པའོ། །དང་པོ་ནི་སྒྲ་མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་རོ། །འདིར་རྟ་ནག་རྣམ་འགྲེལ་དང་རིགས་རྒྱན་གཉིས་ཀར་དངོས་པོ་ཞེས་པའི་སྒྲས་དོན་བྱེད་ནུས་པ་འཕེན་པར་གསུངས་ལ་ཐར་ལམ་གསལ་བྱེད་དུ་མི་འཕེན་པར་གསུངས། འདིའི་སྐབས་སུ་མཁས་པ་ལ་ལས་དངོས་པོ་ཞེས་པའི་སྒྲས་ལྟོས་པ་བྱེད་ཆོས་འཕངས་ཀྱང་དངོས་པོ་ཞེས་པའི་ཚིག་གིས་ལྟོས་པ་བྱེད་ཆོས་མ་འཕངས་པའི་ཞིབ་ཆ་བྱས་ཏེ། དེའང་བྱས་པ་ཞེས་པའི་ཚིག་གིས་ལྟོས་པ་བྱེད་ཆོས་ཚིག་ནུས་ལ་འཕེན་ནུས་པ་དང་དངོས་པོ་ཞེས་པའི་ཚིག་གིས་ཚིག་ནུས་ལ་རང་གི་ལྟོས་པ་བྱེད་ཆོས་འཕེན་པའི་ནུས་པ་མེད་པར་བཤད་པས་དཔྱོད་ཅིག་དང༌། གཞུང་འགའ་རེར་ཁྱད་པར་བྱེད་ཆོས་ཀྱི་དོན་ལ་ཁྱོད་རང་བརྗོད་པ་དེའི་ཚེ་གང་ཞིག་གི་ཁྱད་པརདུ་བྱས་ནས་བརྗོད་དགོས་པའི་ཆོས་ལ་ཤིག་ལ་འཇོག་པར་གསུངས་སོ། །༈ རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་གྲུབ་པ་ལ་ཚད་མ་གསུམ་ཚང་དགོས་པས་ཁྱབ་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་པ་ལ་རྗེས་སུ་འགྲོ་ལྡོག་གི་ཚད་མ་གསུམ་ཚང་དགོས་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་བྱེད་ཀྱི་ཚད་མ་གསུམ་ཚང་བར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་གྲུབ་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་གྲུབ་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་མ་ཚང་བར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་མེད་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་མེད་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། རྟག་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་པ་གང་ཞིག སྒྲ་མི་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་ཀྱང་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་པར་ཐལ། ཡོད་མེད་གང་རུང་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། རྟག་པ་སྒྲ་མི་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་དགག་བྱའི་ཆོསའཇོག་རྒྱུ་ཡོད་པའི་ཕྱིར། ༈ ཡང་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་ན་ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཚང་བས་ཁྱབ་པར་ཐལ། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཚང་བར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པའི་ཕྱིར། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་ཡོད་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཡོད་པའི་ཕྱིར། འདོད་ན། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་འགོག་པའི་ཚད་མ་མེད་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་དང་དགག་བྱའི་ཆོས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། དེར་ཐལ། བྱས་པའི་བྱེ་བྲག་དེ་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པའི་བྱེ་བྲག་ཆོས་ཅན། བྱས་པའི་བྱེ་བྲག་གི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱི་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། བྱས་པའི་བྱེ་བྲག་ཆོས་ཅན། ཁྱོད་བྱས་པའི་བྱེ་བྲག་གི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། བྱས་པའི་བྱེ་བྲག་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་ཁོ་ན་ལ་འགོད་ཚུལ་དང་མཐུན་པར་ཡོད་པ་ཉིད་དུ་ཚད་མས་ངེས་པ་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ན་མངོན་ཚད་ཀྱི་ཐ་སྙདལྟར་ན་མ་ཁྱབ་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །༈ ཡང་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་ན་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཡོད་པས་ཁྱབ་པར་ཐལ། འདོད་ན། རབ་བྱུང་བ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དམ་བཅའ་བ་སྡོམ་པ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཚང་བར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དམ་བཅའ་བ་སྡོམ་པ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་གྲུབ་པའི་ཕྱིར། འདོད་ན། རྟགས་དེ་ལ་དགག་བྱའི་ཆོས་འགོག་པའི་ཚད་མ་ཡོད་པར་ཐལ། རབ་བྱུང་བའི་རྟགས་ཀྱིས་དམ་བཅའ་བ་སྡོམ་པ་མ་ཡིན་པར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཚང་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་རྟགས་རབ་བྱུང་བ་ལ་དགག་བྱའི་ཆོས་སྡོམ་པ་འགོག་པའི་ཚད་མ་ཡོད་པར་ཐལ། འདོད་མི་ནུསཏེ། རབ་བྱུང་བ་ལ་སྡོམ་པ་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་དེ་སྒྲུབ་ཀྱི་རྗེས་ཁྱབ་གྲུབ་ན་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཡོད་པས་ཁྱབ་པར་ཐལ། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཚང་བར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་རྗེས་ཁྱབ་གྲུབ་པའི་ཕྱིར། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་དགག་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་ཡོད་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་རྗེས་ཁྱབ་ངེས་བྱེད་ཀྱི་ཚད་མ་གསུམ་ཡོད་པའི་ཕྱིར། འདོད་ན། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་དགག་ཆོས་དངོས་འགལ་དུ་ངེས་པའི་ཚད་མ་མེད་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་དགག་ཆོས་དངོས་འགལ་མ་ཡིན་པའི་ཕྱིར། དེར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་དང་དགག་བྱའི་ཆོས་གཉིས་ཀྱི་གཞི་མཐུན་ཡོད་པའི་ཕྱིར། མ་གྲུབ་ན། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་དང་དགག་བྱའི་ཆོས་གཉིས་ཀྱི་གཞི་མཐུན་ཡོད་པར་ཐལ། མཚོན་བྱ་མ་ཡིན་པ་དེ་ཡིན་པའི་ཕྱིར། མ་གྲུབ་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་དང་དགག་བྱའི་ཆོས་གཉིས་ཀྱི་གཞི་མཐུན་ཡིན་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱང་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་ཆོས་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། མཚོན་བྱ་མ་ཡིན་པ་ཆོས་ཅན། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་དགག་བྱའི་ཆོས་ཡིན་པར་ཐལ། བཏགས་ཡོད་ཆོས་གསུམ་ཚང་བའི་རྟགས་ཀྱིས་བུམ་པ་མཚོན་བྱར་སྒྲུབ་པའི་བསྒྲུབ་བྱའི་ཆོས་ཀྱི་ལོག་ཕྱོགས་གང་ཡིན་པ་དེ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་དོནཡོད་པའི་ཕྱིར་ན་དཔྱད། ༈ འབྲེལ་བ་མེད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་ངེས་མི་ནུས་པས་ཁྱབ་པར་ཐལ། འདོད་ན། འབྲེལ་བ་མ་གྲུབ་ན་རྗེས་ཁྱབ་དང་ལྡོག་ཁྱབ་གང་ཡང་ངེས་མི་ནུས་པས་ཁྱབ་པར་ཐལ། འདོད་ན། བྱས་པ་ཆོས་ཅན། རྗེས་ཁྱབ་དང་ལྡོག་ཁྱབ་མ་གྲུབ་པར་ཐལ། འབྲེལ་བ་མ་གྲུབ་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། འབྲེལ་བ་མ་གྲུབ་པར་ཐལ། ཐ་དད་མ་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། རྗེས་ཁྱབ་མ་གྲུབ་པར་ཐལ། འབྲེལ་བ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། འབྲེལ་བ་མེད་པར་རྗེས་སུ་འགྲོ་བ་དང་ལྡོག་པ་དག་གང་ཡང་ངེས་པ་མེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། རྗེས་ཁྱབ་མ་གྲུབ་པར་ཐལ། འདོད་མི་ནུས་ཏེ། ཚུལ་གསུམ་གྲུབ་པའི་ཕྱིར། དེར་ཐལ། རྟགས་ཡང་དག་ཡིན་པའི་ཕྱིར། ༈ ཡང་བྱས་མི་རྟག་གི་འབྲེལ་བའི་དོན་ལྡོག་གི་ཕྱོགས་གཅིག་བྱས་པ་མི་རྟག་པ་ལས་ཐ་དད་ནི་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་པ་ཡིན་པར་ཐལ། འདོད་ན། བྱས་མི་རྟག་ཐ་དད་དུ་རྟོགས་པའི་མངོན་སུམ་གྱི་སྟོབས་ཀྱི་གྲུབ་ཅེས་པའི་མངོན་སུམ་དེ་སོ་སྐྱེས་རྒྱུད་ལ་ཡོད་པར་ཐལ། འདོད་ན། བྱས་མི་རྟག་ཐ་དད་དུ་རྟོགས་པའི་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་ཅེས་པའི་མངོན་སུམ་དེ་སོ་སྐྱེས་རྒྱུད་ལ་མེད་པར་ཐལ། བྱས་མི་རྟག་ཐ་དད་དུ་རྟོགས་པའི་མངོན་སུམ་གྱི་སྟོབས་ཀྱིས་གྲུབ་ཅེས་པའི་མངོན་སུམ་དེ་སོ་སྐྱེས་རྒྱུད་ལ་ཡོད་ན་བྱས་མི་རྟག་ཐ་དད་མངོན་སུམ་དུ་རྟོགས་པའི་བློ་ཞིག་འཇོག་དགོས་པའི་ཕྱིར། མ་གྲུབ་ན། བྱས་མི་རྟག་ཐ་དད་མངོན་སུམ་གྱི་སྟོབས་ཀྱིས་རྟོགས་ན་མངོན་སུམ་དེས་རྟོགས་མི་དགོས་པར་ཐལ། འདོད་ན། བྱས་མི་རྟག་ཐ་དད་མངོན་སུམ་གྱི་སྟོབས་ཀྱིས་རྟོགས་ན་མངོན་སུམ་དེས་རྟོགས་དགོས་པར་ཐལ། མངོན་སུམ་དེའི་བྱེད་པ་ལ་བརྟེན་ནས་བྱས་མི་རྟག་ཐ་དད་ལ་ངེས་པ་འདྲེན་དགོས་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། དང་བོ་ནི། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་ངེས་པ་འདྲེན་ནུས་པ་དེ། བློ་དེས་ཆོས་དེ་རྟོགས་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། དེར་ཐལ། མངོན་སུམ་དེའི་སྟོབས་ཀྱིས་རྟོགས་པའི་ཚད་ཡོད་པའི་ཕྱིར། དེས་ན་རང་ལུགས་ལ་བྱས་མི་རྟག་ཐ་དད་ནི་སོ་སྐྱེས་རྒྱུད་ཀྱི་མངོན་སུམ་བཞི་གང་གིས་མ་རྟོགས་ལ་མངོན་སུམ་གྱི་སྟོབས་ཀྱིསརྟོགས་ན་མངོན་སུམ་གང་གི་སྟོབས་ཀྱིས་རྟོགས་སོགས་ལ་ཞིབ་ཏུ་དཔྱད། ༈ ཡང་ཁྱོད་འཇིག་པར་གྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པ་དེ་ཆོས་ཅན། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ཁྱོད་འཇིག་པར་གྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པ་དེ་ཆོས་ཅན། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། དེ་དགོས་པར་ཐལ། བྱས་པ་འཇིག་པར་གྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པ་དེ་རྟོགས་ན་བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པར་རྟོགས་དགོས་པའི་ཕྱིར། དེར་ཐལ། བྱས་པ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པར་རྟོགས་ཚུལ་དེ་བྱས་པ་འཇིག་པར་གྱུར་བ་རང་ལས་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རང་རྒྱུ་ལས་འཇིག་པར་སྐྱེས་པར་རྟོགས་ཚུལ་ལས་ལྷག་མེད་པའི་ཕྱིར། དེར་ཐལ། རང་གྲུབ་ཙམ་ནས་འཇིག་ངེསཡིན་པར་རྟོགས་ཚུལ་ཡོད་པའི་ཕྱིར་ན་དཔྱད།

མ་དམིགས་པའི་རྟགས་བཤད་སྐབས་ཀྱི་དོགས་དཔྱོད།

མ་དམིགས་པའི་རྟགས་བཤད་སྐབས་ཀྱི་དོགས་དཔྱོད།

དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མེད་དགག་ཡིན་དགོས་པ་དེ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་མ་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་དུ་དེ་ཕྱོགས་སྔར་བླངས་ནས་དགག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོདན། མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མེད་དགག་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མེད་དགག་ཡིན་པས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མ་ཡིན་དགག་ཡིན་དགོས་པ་རྣམས་འབྲས་རང་གི་རྟགས་གཉིས་པོ་གང་རུང་དུ་འདུ་བའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་མ་ཡིན་དགག་ཡིན་དགོས་པ་རྣམས་འབྲས་རང་གི་རྟགས་གཉིས་པོ་གང་རུང་དུ་འདུ་བར་ཐལ། འབྲས་རང་གི་རྟགས་གཉིས་པོས་ཀྱང་དགག་པ་སྒྲུབ་པའི་ཕྱིར། དེར་ཐལ། ཤཱཀྱ་བློའི་འགྲེལ་བཤད་ལས། དངོས་པོ་ཁོ་ན་སྒྲུབ་ཅེས་མི་བྱ་སྟེ། དགག་པ་ཡང་སྒྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འབྲས་རང་རྟགས་གཉིས་ཀྱི་བསྒྲུབ་བྱ་ལ་དགག་པ་བཟུང་བ་ཡོད་པར་ཐལ། འདོད་ན། མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེད་དགག་བཟུང་བས་ཁྱབ་པར་ཐལ། བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་དང་མ་ཡིན་དགག་བཟུང་བའི་རྟགས་ཡང་དག་ཐམས་ཅད་འབྲས་རང་གཉིས་པོ་གང་རུང་དུ་འདུ་བའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། ཁ་ཅིག་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོསཡིན་ན་མེད་དགག་ཡིན་དགོས་པ་ཞེས་ཟེར་ན། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་དགག་པ་བཟུང་བའི་རྟགས་ཡང་དག་དེ་ལ་མ་དམིགས་པའི་རྟགས་ཡང་དག་གིས་མ་ཁྱབ་པར་ཐལ། མ་དམིགས་པའི་རྟགས་ཡང་དག་ལ་དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མེད་དགག་བཟུང་བ་ཞིག་དགོས་པའི་ཕྱིར། དེར་ཐལ། ཤཱཀྱ་བློའི་འགྲེལ་བཤད་དུ། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཁོ་ན་ཞེས་བྱ་ཡི་དངོས་པོ་ཁོ་ན་སྒྲུབ་ཅེས་མི་བྱ་སྟེ། དགག་པ་ཡང་སྒྲུབ་པའི་ཕྱིར་རོ། །གཅིག་ནི་དགག་པ་ཁོ་ནའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་དགག་པ་བཟུང་བའི་རྟགས་ཡང་དག་དེ་ལ་དགག་རྟགས་ཡང་དག་གིས་མ་ཁྱབ་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་དགག་པ་བཟུང་བའི་རྟགས་ཡང་དག་དེ་ལ་སྒྲུབ་རྟགས་ཡང་དག་ཅིག་ཡོད་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་དགག་པ་བཟུང་བའི་རྟགས་ཡང་དག་དེ་ལ་དགག་རྟགས་ཡང་དག་གིས་མ་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དགག་པ་དངོས་སུ་རྟོགས་པའི་རྟོག་པ་ལ་དགག་རྟོག་མ་ཡིན་པ་ཡོད་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་དགག་པ་བཟུང་བའི་རྟགས་ཡང་དག་དེ་ལ་སྒྲུབ་རྟགས་ཡང་དག་ཅིག་ཡོད་པའི་ཕྱིར། འདོད་ན། སྒྲུབ་རྟོག་ཡིན་ན་རང་གི་ཡུལ་ལ་སྒྲུབ་པ་ཡོད་མི་དགོས་པར་ཐལ། འདོད་ན། བུམ་འཛིན་རྟོག་པ་ཡིན་ན་ཁྱོད་ཀྱི་རྟོགས་བྱ་ལ་བུམ་པ་ཡོད་མི་དགོས་པར་ཐལ། སྒྲུབ་རྟོག་ཡིན་ན་རང་གི་ཡུལ་ལ་སྒྲུབ་པ་ཡོད་མི་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ན་དེ་གཉིས་ཅུང་མི་འདྲ་ཟེར་དགོས་ཀྱང་ཆོས་དེ་འཛིན་པའི་རྟོག་པ་ཡིན་པའི་ཚད་སོགས་ལ་དཀའ་བར་འགྱུར་བས་བློ་ལྡན་རྣམས་ཀྱིས་དཔྱོད། དཔྱད་པ་འདི་གོང་ལྟར་ཕྱོགས་སྔའི་ལུགས་གཞིར་བཞག་སྟེ་དཔྱད་ན་ཆོག་ལ། རང་ལུགས་ལ་བསྒྲུབ་བྱ་མ་ཡིན་དགག་རྣམས་སྒྲུབ་པའི་གཏན་ཚིགས་དག་དགག་རྟགས་ཡིན་པའི་ཤེས་བྱེད་ནི། ཛྙཱ་ན་ཤྲཱིས། ཕྱི་མ་གཅིག་ནི་དགག་པའི་གཏན་ཚིགས་ཏེ། མཡིན་པར་དགག་པའི་སྒྲུབ་པར་བྱ་བ་དང་ལྡན་པའོ། །ཞེས་གསུངས་པའི་ཕྱིར་རོ། །༈ ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པ་དེ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། མ་དམིགས་པའི་རྟགས་ཡང་དག་ཡིན་ན་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པས་ཁྱབ་པར་ཐལ། འདོད་ན། ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པར་ཐལ། མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པར་ཐལ། ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། དགག་པ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་མཐའ་དཔྱོད་ལས། སྒྲུབ་པ་མེད་པར་ཐལ། གཟུགས་སྒྲུབ་པ་མ་ཡིན་པའི་ཕྱིར། འདོད་མི་ནུས། ཞེས་གསུངས་པའི་ཕྱིར། འདོད་ན། གཟུགས་ཆོས་ཅན། དགག་པ་མ་ཡིན་པར་ཐལ། འདོད་ན། གཟུགས་ཆོས་ཅན། དགག་པ་ཡིན་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པར་ཐལ། ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་དགག་པ་ཡིན་དགོས་པའི་ཕྱིར། དེར་ཐལ། མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། མ་དམིགས་པའི་ཡང་དག་གི་མཚན་ཉིད་ཡོད་དེ། དེ་སྒྲུབ་ཀྱི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ནདགག་པ་ཡིན་དགོས་པ་དེ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རང་ལུགས་ལ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ལ་དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་ཡིན་པ་དེ་འཇོག་དགོས་པར་ཐལ། འདོད་ན། དུ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པ་ཡིན་པར་ཐལ། ཁྱོད་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། ཁྱོད་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ཡང་དག་གཉིས་པོ་གང་ཡང་མ་ཡིན་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རང་གི་རྟགས་ཡང་དག་གཉིས་པོ་གང་ཡང་མ་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་སྒྲུབ་རྟགས་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་སྒྲུབ་པ་ཡིན་པ་དང༌། གང་ཞིག བསྒྲུབ་བྱའི་ཆོས་དགག་པ་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དུ་བ་ཆོས་ཅན། ཁྱོད་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་དེ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པ་མ་ཡིན་པ་གང་ཞིག མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའང་མ་ཡིན། ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པ་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་མེད་པའི་ཐ་སྙད་དོན་མཐུན་མི་འཇུག་པའི་ཕྱིར། དེར་ཐལ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པའི་ཐ་སྙད་དོན་མཐུན་འགོག་པ་མ་ཡིན་པའི་ཕྱིར། དེར་ཐལ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པའི་ཐ་སྙད་དོན་མཐུན་ཡོད་པའི་ཕྱིར། དེར་ཐལ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོདཔའི་ཕྱིར་ན་དཔྱད། ༈ ཡང་མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་ཡིན་པས་ཁྱབ་པར་ཐལ། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་མ་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པ་ཡིན་མིན་ལ་ཐེ་ཚོམ་ཟ་བ་ཡིན་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཤ་ཟ་མེད་པ་དང་མེད་པའི་ཐ་སྙད་དོན་མཐུན་འཇུག་མི་འཇུག་དང༌། དེ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འཇུག་མི་འཇུག་སོགས་ཐེ་ཚོམ་ཡིན་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ཐེ་ཚོམ་ཡིན་པའི་ཕྱིར་ན་དཔྱད། ༈ དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་དེ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་ཡིན་ན་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ་ཡིན་པའི་ཕྱིར། དེར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྒྲ་ལ་སྒྲ་མི་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་རྟག་པ་མེད་པའི་ཕྱིར། དེར་ཐལ། སྒྲའི་སྟེང་དུ་མི་རྟག་པ་ཡོངས་གཅོད་དུ་གྲུབ་པའི་ཕྱིར། ཁྱབ་སྟེ། སྒྲའི་སྟེང་དུ་མི་རྟག་པ་ཡོངས་གཅོད་དུ་གྲུབ་ན་རྟག་པ་རྣམ་བཅད་ལ་ཁེགས་དགོས་པའི་ཕྱིར། དེར་ཐལ། རྟག་མི་རྟག་གཉིས་ཀ་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། རྟག་མི་རྟག་ལྟ་བུ་ཚད་མས་གནོད་པ་དངོས་དང༌། བྱས་པ་དང་རྟག་པ་ལྟ་བུ་ཚད་མས་གནོད་པའི་སྟོབས་ཀྱིས་འགལ་བ་སྟེ། བརྒྱུད་འགལ་ལོ་ཞེས་བྱ་བ་ནི་མཁས་པ་ཉ་ཡིས་བཞེད་པ་སྟེ། གཞུང་ལུགས་ཀྱི་གནད་ཀྱི་དོན་ཡིནནོ། །ཞེས་གསུངས་པའི་ཕྱིར་དཔྱད།

མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་སྐབས་ཀྱི་དོགས་དཔྱོད།

མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་སྐབས་ཀྱི་དོགས་དཔྱོད།

སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་ལས་གཞན་པའི་གང་ཟག་ཡིན་ན་གཞན་གྱི་རྒྱུད་ཚོད་གཟུང་མི་རིགས་པས་ཁྱབ་པར་ཐལ། འདོད་ན། གཞན་སེམས་ཤེས་པའི་སོ་སྐྱེས་ཆོས་ཅན། ཁྱོད་ཀྱིས་གང་ཟག་གཞན་གྱི་རྒྱུད་ཚོད་འཛིན་མི་རིགས་པར་ཐལ། སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་མ་ཡིན་པའི་ཕྱིར། མ་གྲུབ་ན། གཞན་སེམས་ཤེས་པའི་སོ་སྐྱེས་ཆོས་ཅན། སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་མ་ཡིན་པར་ཐལ། ཁྱོད་སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར། འདོད་ན། གཞན་སེམས་ཤེས་པའི་སོ་སྐྱེས་ཆོས་ཅན། ཁྱོད་ཀྱིས་གང་ཟག་གཞན་གྱི་རྒྱུད་ཚོད་འཛིན་མི་རིགས་པར་ཐལ། འདོད་ན། གཞན་སེམས་ཤེས་པའི་སོ་སྐྱེས་ཆོས་ཅན། ཁྱོད་ཀྱིས་གང་ཟག་གཞན་གྱི་རྒྱུད་ཚོད་འཛིན་རིགས་པར་ཐལ། ཁྱོད་ཀྱིས་གང་ཟག་གཞན་གྱི་རྒྱུད་ཚོད་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་སངས་རྒྱས་བཅོམ་ལྡན་འདས་ལྟ་བུ་ལས་གཞན་པའི་གང་ཟག་ཡིན་པའི་ཕྱིར། ཁྱབ་སྟེ། མདོ་ལས། གང་ཟག་གིས་གང་ཟག་ཚོད་བཟུང་བར་མི་བྱ་སྟེ། ཉམས་པར་འགྱུར་ཏ་རེ། ཞེསགསུངས་པའི་ཕྱིར་ན་དཔྱད། ༈ བསྐལ་དོན་གསུམ་ཡོད་པར་ཐལ། རྣམ་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ། །མེད་ལ་མི་འཇུག་འབྲས་བུ་ཅན། །ཞེས་གསུངས་པའི་ཕྱིར། འདོད་ན། བསྐལ་དོན་ཡོད་པར་ཐལ། བསྐལ་དོན་གསུམ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། གཞི་གྲུབ་ན་བསྐལ་དོན་མ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་ཚད་མ་གསུམ་པོ་གང་རུང་འཇུག་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་ཚད་མ་གསུམ་པོ་གང་རུང་འཇུག་པས་ཁྱབ་པར་ཐལ། གཞི་གྲུབ་ན་ཚད་མ་གསུམ་པོ་གང་རུང་གིས་རྟོགས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་ཚད་མ་གསུམ་པོ་གང་རུང་གིས་རྟོགས་པས་ཁྱབ་པར་ཐལ། གཞི་གྲུབ་ན་ཚད་མས་རྟོགས་པས་ཁྱབ་པའི་ཕྱིར། འདོད་ན། བསྐལ་དོན་མེད་པར་ཐལ། ཚད་མ་གསུམ་པོ་གང་ཡང་མི་འཇུག་པའི་ཡུལ་མེད་པའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། ཚད་མ་རྣམས་ནི་མི་འཇུག་པ་མི་དམིགས་པ་ཡིན་ནོ། །དེ་དག་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡོད་པའི་ཤེས་པ་དང་སྒྲ་དང་ཐ་སྙད་གདག་པའི་འབྲས་བུ་ཅན་ཡིན་པའི་ཕྱིར་རོ། །ཞེས་དང༌། ཤཱཀྱ་བློས། མི་དམིགས་པའི་དབང་དུ་བྱས་ན། ཚད་མ་རྣམས་ནི་མི་འཇུག་པ་ཞེས་བྱ་བ་ལ་སོགས་པ་སྨོས་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། བསྐལ་དོན་མེད་པར་ཐལ། ཚད་མ་རྣམས་མི་འཇུག་པ་མེད་པའི་ཕྱིར། འདོད་ན། བསྐལ་དོན་ཡོད་པར་ཐལ། བསྐལ་དོན་རྣམ་པ་གསུམ་ཡོད་པའི་ཕྱིར། དེར་ཐལ། རྣམ་ངེས་ལས། ཡུལ་དང་དུས་དང་རང་བཞིན་གྱིས་བསྐལ་བས་ན་བསྐལ་བ་རྣམ་པ་གསུམ་སྟེ། དེ་དག་ལ་ནི་མ་དམིགས་པ་གོ་བར་བྱེདཔ་ཡིན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་པར་ཐལ། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་མི་རིགས་པར་ཐལ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་ཐེ་ཚོམ་མི་ཟ་བའི་ཕྱིར། དེར་ཐལ། ཤ་ཟ་ཚད་མས་མ་དམིགས་པ་ལ་ཐེ་ཚོམ་མི་ཟ་བའི་ཕྱིར། མ་གྲུབ་ན། ཤ་ཟ་ཚད་མས་མ་དམིགས་པ་ལ་ཐེ་ཚོམ་མི་ཟ་བར་ཐལ། ཤ་ཟ་ཚད་མས་དམིགས་པ་ཡིན་པར་ཁས་ལེན་ཐུབ་པའི་ཕྱིར། དེར་ཐལ། ཤ་ཟ་ཡོད་པ་གཞུང་ལས་གསུངས་པའི་ཕྱིར། མ་གྲུབ་ན། ཤ་ཟ་ཡོད་པ་གཞུང་ལས་གསུངས་པར་ཐལ། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་བོ་རྣམས་དང་ཤ་ཟ་དང༌། །ཞེས་གསུངས་པའི་ཕྱིར། འདོད་ན། ཤ་ཟ་ཡོད་པར་ཁས་ལེན་ཐུབ་པར་ཐལ། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་མི་རིགས་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། དེ་འདྲའི་ཐལ་འགྱུར་གྱི་རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་པར་ཐལ། ཤ་ཟ་ཚད་མས་མ་དམིགས་པའི་ཕྱིར་ཟེར་ན། རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་ཏེ། ཞེས་གསུངས་པའི་ཕྱིར་ན་སྐབས་ཀྱི་རྒོལ་བས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་པའི་དོན་ཡིན་ཞེ་ན། འོ་ན་སྐབས་ཀྱི་ཕྱི་རྒོལ་གྱིས་རྟགས་ལ་ཐེ་ཚོམ་ཟ་ན་རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་པས་ཁྱབ་པར་ཐལ། འདོད་ན། སྐབས་ཀྱི་ཕྱི་རྒོལ་གྱིས་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་ན་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་པས་ཁྱབ་པར་ཐལ། སྐབས་ཀྱི་ཕྱི་རྒོལ་གྱིས་རྟགས་ལ་ཐེ་ཚོམ་ཟ་ན་རྟགས་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་ཞེས་ལན་འདེབས་དགོས་པར་ཐལ། ཁྱོད་ཀྱིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་བསྒྲུབ་བྱ་ལ་ཐེ་ཚོམ་ཟ་བའི་ཕྱིར། དེར་ཐལ། བྱས་པ་དེ་ཁྱོད་ཀྱི་ངོར་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཞེསགསུངས་པའི་ཕྱིར་ན་དཔྱད། ༈ མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ན་སྣང་རུང་གི་རྟགས་ཡང་དག་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ན་སྣང་རུང་གི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་རང་ཉིད་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་དེ་སྒྲུབ་ཀྱི་སྣང་རུང་གི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རང་ཉིད་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་དེ་སྒྲུབ་ཀྱི་རྟགས་ཡང་དག་ཏུ་སོང་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། གཞི་གྲུབ་ན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། འདོད་ན། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ན་སྣང་རུང་གི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ན་སྣང་རུང་གི་རྟགས་ཡང་དག་ཡིན་པས་ཁྱབ་པ་མེད་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། ཁ་ཅིག་མི་སྣང་བ་མ་དམིགས་པའི་རྟགས་ཡིན་ན་སྣང་རུང་མདམིགས་པའི་རྟགས་ཡིན་པས་ཁྱབ་ཟེར་ན། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་གཙོ་བོ་བསྐལ་དོན་ཡང་ཡིན། དེ་སྒྲུབ་ཀྱི་ཚུལ་གསུམ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཕྱི་རྒོལ་དེ་ལ་བསྐལ་དོན་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཕྱི་རྒོལ་དེ་ལ་བསྐལ་དོན་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་ཕྱི་རྒོལ་དེས་རྟོགས་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་ཤ་ཟ་འཇོག་པ་གང་ཞིག ཤ་ཟ་དེ་སྐབས་ཀྱི་ཕྱི་རྒོལ་དེས་རྟོགས་པའི་ཕྱིར། རྟགས་དང་པོ་དེར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་འཇོག་རྒྱུ་ཡོད་པའི་ཕྱིར། གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་ཕྱིརྒོལ་གང་ཡང་རུང་བས་ཤ་ཟ་རྟོགས་པའི་ཕྱིར་ན་དཔྱད། ༈ བདག་མེད་ཡིན་ན་བསྐལ་དོན་མ་ཡིན་པས་མ་ཁྱབ་པའི་སྐྱོན་ལ་མདུན་གྱི་གཞི་འདིར་ཤ་ཟ་དེ་འཇོག་དགོས་པར་ཐལ། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་ཡིན་པའི་རྒྱུ་མཚན་དེ་མདུན་གྱི་དམ་བཅའ་བ་ལ་བསྐལ་དོན་སོང་བའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། འོ་ན་མདུན་གྱི་དམ་བཅའ་བ་ལ་བསྐལ་དོན་དུ་སོང་ན་བསྐལ་དོན་ཡིན་པས་ཁྱབ་པར་ཐལ། འདོད་ན། གང་ཟག་གང་ཡང་རུང་བ་ལ་བསྐལ་དོན་ཡིན་ན་བསྐལ་དོན་ཡིན་པས་ཁྱབ་པར་ཐལ། མདུན་གྱི་དམ་བཅའ་བ་ལ་བསྐལ་དོན་དུ་སོང་ན་བསྐལ་དོན་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དམ་བཅའ་བ་ཆོས་ཅན། བསྐལ་དོན་ཡིན་པར་ཐལ། གང་ཟག་གང་ཡང་རུང་བ་ལ་བསྐལ་དོན་ཡིན་པའི་ཕྱིར། མ་གྲུབ་ན། དམ་བཅའ་བ་ཆོས་ཅན། གང་ཟག་གང་ཡང་རུང་བ་ལ་བསྐལ་དོན་ཡིན་པར་ཐལ། དམ་བཅའ་ཡོད་མེད་གང་དུ་ཁས་ལེན་མི་བཏུབ་ཅིང༌། ཁྱོད་ལ་ཚད་མ་གསུམ་པོ་གང་ཡང་མི་འཇུག་པའི་གང་ཟག་ཅིག་ཡོད་པའི་ཕྱིར་ན་གང་ཟག་དེ་དང་དེའི་ངོར་བསྐལ་དོན་ཡོད་ཀྱང༌། སྤྱིར་བསྐལ་དོན་མེད་ཅེས་ཞིབ་ཆ་དགོས་སམ་དཔྱད་དགོས་ལ། རྗེའི་སྡེ་བདུན་ཐུང་ངུ་ལས། གང་ཟག་དེའི་བསྐལ་དོན་གྱི་མཚན་ཉིད། ཡོད་ཀྱང་གང་ཟག་དེའི་ཚད་མ་ལ་བལྟར་མི་རུང་བ། ཞེས་གསུངས་སོ། །༈ ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པ་མ་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་ཡོད་པའི་ཕྱིར། མ་གྲུབ་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་ཡོད་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་ན་ཤ་ཟ་བསྐལ་དོན་དུ་སོང་བས་ཁྱབ་པ་མེད་པའི་ཕྱིར། དེར་ཐལ། མདུན་གྱི་གཞིར་ཤ་ཟ་ཡོད་མེད་གང་དུ་ཁས་ལེན་མི་ཐུབ་ན་ཤ་ཟ་ཡོད་མེད་གང་དུ་ཁས་ལེན་མི་ཐུབ་པས་ཁྱབ་པ་མེད་པའི་ཕྱིར། སྤྱིར་ཤ་ཟ་ཡོད་པར་ཁས་ལེན་ཞིང་མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ལ་ཐེ་ཚོམ་ཟ་བའི་གང་ཟག་ཡོད་པའི་ཕྱིར། མ་གྲུབ་ན། སྤྱིར་ཤ་ཟ་ཡོད་པར་ཁས་ལེན་ཞིང་མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ལ་ཐེ་ཚོམ་ཟ་བའི་གང་ཟག་ཡོད་པར་ཐལ། མདུན་གྱི་དམ་བཅའ་བ་དེ་ཡིན་པའི་ཕྱིར། དེར་ཐལ། མདུན་གྱི་དམ་བཅའ་བས་སྤྱིར་ཤ་ཟ་ཡོད་པ་ལུང་ཚད་མར་བརྟེན་ནས་ཡོད་པར་ཁས་ལེན་ཐུབ་ལ་མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ལ་ཐེ་ཚོམ་ཟ་བའི་ཕྱིར། འདོད་ན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་ཡོད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། འདོད་མི་ནུས་ཏེ། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་དེ་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་དེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་ལ། ཞེས་གསུངས་པའི་ཕྱིར་ན་འདི་ལ་ཞིབ་ཆ་སྣ་ཚོགས་པ་ཞིག་མཛད་ཀྱང་ཡིག་ཆ་ལ་ལར་སྦྱོར་བ་དེར་དྲུག་སྒྲའི་སྐབས་སུ་གཞི་རྩིས་ཕྱེད་གཞི་རྩིས་རྐྱང་རྩིས་སོགས་ཀྱིས་ལན་འདེབས་ཚུལ་ཡོད་པ་ལས་འདིར་གཞི་རྩིས་ཀྱིས་འདོད་ལན་བཏབ་སྟེ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་མདུན་གྱི་གཞི་འདིར་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེདཔར་འདོད་ཅེས་ལན་འདེབས་ལུགས་གསུངས་པ་དེ་འཐད་དམ་དཔྱོད། ༈ ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་དགག་བྱའི་ཆོས་ཀྱི་རྒྱུ་མ་དམིགས་པ་རྟགས་སུ་བཀོད་པ་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་དགག་བྱའི་ཆོས་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་ཀྱི་རྒྱུ་ཡིན་པར་ཐལ། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་དང་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་གཉིས་ཡོད་པར་ཐལ། དེ་གཉིས་རྒྱུ་འབྲས་ཡིན་པའི་ཕྱིར། འདོད་མི་ནུས་པ་སླ། ཁ་ཅིག དེ་གཉིས་རྒྱུ་འབྲས་མིན་ཡང་ཤ་ཟ་ངེས་བྱེད་ཀྱི་ཚད་མ་དེ་ཤ་ཟ་ངེས་བྱེད་ཀྱི་རྒྱུ་ཞེས་པའི་དོན་ཡིན་ཟེར་ན། ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་དེ་སྒྲུབ་ཀྱི་རྒྱུ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། རྒྱུ་མ་དམིགས་པ་རྟགས་སུ་བཀོད་ཅེས་པའི་རྒྱུ་དེ་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་དེ་འཇོག་པའི་ཕྱིར། འདོད་མི་ནུས་ཏེ། ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་ན་ཕྱོགས་ཆོས་གྲུབ་མ་གྲུབ་ལ་ཐེ་ཟ་བའི་ཕྱིར། དེར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་ཡོད་མེད་ལཐེ་ཚོམ་ཟ་བའི་ཕྱིར་ན་དཔྱད། ༈ ཤ་ཟ་ཡོད་ན་ཤ་ཟ་ཡོད་དགོས་པར་ཐལ། འདོད་ན། ཤ་ཟ་མེད་ན་ཤ་ཟ་མེད་དགོས་པར་ཐལ། ཤ་ཟ་ཡོད་ན་ཤ་ཟ་ཡོད་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། འདོད་ན། གཞི་གྲུབ་ན་ཤ་ཟ་མེད་ན་ཤ་ཟ་མེད་པས་ཁྱབ་པར་ཐལ། འདོད་ན། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་མེད་ན་ཤ་ཟ་མེད་དགོས་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། ཤ་ཟ་མེད་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་མེད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཤ་ཟ་ཡོད་པར་ལུང་ལས་གསུངས་པའི་ཕྱིར་ན་མདུན་གྱི་གཞི་འདིར་ཆོས་ཅན། ཡོད་པ་དང་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཞེས་པའི་ཐལ་འགྱུར་ལ་འདོད་ལན་བཏབ་པས་གཞི་རྩིས་ཀྱིས་ལན་འདེབས་པ་སྟེ། མདུན་གྱི་གཞི་འདིར་ཡོད་པ་དང་མདུན་གྱི་གཞི་འདིར་ཡོད་པ་གཉིས་ཡིན་ཁྱབ་མཉམ་ཡིན་པར་འདོད་ཅེས་རྩི་རིགས་ཞེས་གུང་ཐང་བློ་གྲོས་ཀྱིས་གསུངས་པས་འདི་ལྟར་རུངངམ་དཔྱད། ༈ ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ལྷ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ཁྱོད་ཀྱི་རྒྱུད་ལ་ལྷ་ཡོད་པར་ངེས་པའི་ཚད་མ་མེད་ན་ཁྱོད་ཀྱིས་ལྷ་ཡོད་པར་དམ་བཅའ་མི་རིགས་པས་ཁྱབ་པར་ཐལ། ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ཀྱི་ལྷ་ངེས་བྱེད་ཀྱི་ཚད་མ་མེད་པ་དེ་མདུན་གྱི་གཞི་འདིར་ལྷ་ཡོད་པ་བསྐལ་དོན་དུ་སོང་བའི་གང་ཟག་གིས་ལྷ་ཡོད་ཅེས་དམ་བཅའ་མི་རིགས་པར་སྒྲུབ་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་རྒྱུ་མཚན་ཡོད་པའི་་ཕྱིར། འདོད་ན། ཁྱོད་ཀྱིས་ལས་རྒྱུ་འབྲས་ཡོད་པར་མ་ངེས་ན་ཁྱོད་ཀྱིས་ལས་རྒྱུ་འབྲས་ཡོད་པར་དམ་བཅའ་མི་རིགས་པས་ཁྱབ་པར་ཐལ། འདོད་ན། དམ་བཅའ་བ་ཆོས་ཅན། ཁྱོད་ཀྱིས་ལས་རྒྱུ་འབྲས་ཡོད་པར་དམ་བཅའ་མི་རིགས་པར་ཐལ། ཁྱོད་ཀྱིས་ལས་རྒྱུ་འབྲས་ཡོད་པར་ཚད་མས་མ་ངེས་པའི་ཕྱིར། འདོད་ན། དམ་བཅའ་བ་ཆོས་ཅན། ཁྱོད་ཀྱིས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་དང༌། འདུས་བྱས་ཐམས་ཅད་མི་རྟག་པ་སོགས་སུ་དམ་བཅའ་མི་རིགས་པར་ཐལ། ཁྱོད་ཀྱིས་དེ་དག་མ་རྟོགས་པའི་ཕྱིར། འདོད་ན། དམ་བཅའ་བ་ཆོས་ཅན། ཁྱོད་ཀྱིས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་མི་རིགས་པར་ཐལ། ཁྱོད་ཀྱིས་འདུས་བྱས་ཐམས་ཅད་མི་རྟག་པར་དམ་བཅའ་མི་རིགས་པའི་ཕྱིར། འདོད་མི་ནུས་ཏེ། ཁྱོད་ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་པའི་ཕྱིར། ཁྱབ་སྟེ། ནང་བ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་ཡིན་པ་ལ་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པ་ཞིག་དགོས་པའི་ཕྱིར། དེར་ཐལ། གྲུབ་མཐའི་རྣམ་བཞག་ལེགས་བཤད་འདོད་འཇོ་ལས། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཁས་ལེན་པའི་ནང་བ་སངས་རྒྱས་པ་དེ། ནང་བའི་གྲུབ་མཐའ་སྨྲ་བའི་མཚན་ཉིད། ཅེསགསུངས་པའི་ཕྱིར་ན་དཔྱད། ༈ དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག རང་གི་དངོས་མིང་གི་མཐར་མེད་པ་ལྟ་བུའི་དགག་ཚིག་སྦྱར་བའི་ཆོས་དེ། དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག རང་གི་དངོས་མིང་གི་མཐར་མེད་པ་ལྟ་བུའི་དགག་ཚིག་སྦྱར་བའི་ཆོས་དེ། དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མི་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གང་ཞིག རང་གི་དངོས་མིང་གི་མཐར་མེད་པ་ལྟ་བུའི་དགག་ཚིག་སྦྱར་བའི་ཆོས་ཡིན་ན་དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པར་སྒྲུབ་པའི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པར་སྒྲུབ་པའི་མི་སྣང་བའི་མ་དམིགས་པའི་རྟགས་ཡང་དག་གང་ཞིག རང་གི་དངོས་མིང་གི་མཐར་མེད་པ་ལྟ་བུའི་དགག་ཚིག་སྦྱར་བའི་ཆོས་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། རི་བོང་རྭ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པར་སྒྲུབ་པའི་མི་སྣང་བའི་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པར་སྒྲུབ་པའི་མ་དམིགས་པའི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་སྣང་རུང་གི་རྟགས་ཡང་དག་མ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་དེ་སྣང་དུ་མི་རུང་བའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། རི་བོང་རྭ་མེད་པ་ཆོས་ཅན། རང་གི་དངོས་མིང་གི་མཐར་མེད་པ་ལྟ་བུའི་ཚིག་སྦྱར་བའི་ཕྱིར་ཏེ། རང་མིང་མཐར་མེད་པ་ཞེས་པའི་ཚིག་ཐོན་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར། འདོད་ན། རི་བོང་རྭ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པར་སྒྲུབ་པའི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་མི་ནུས་ཏེ། སྤྱིར་བཏང་དང་བརྟགས་པ་མཐའ་བཟུང་གང་གིས་དབང་དུ་བྱས་ཀྱང་ཁྱོད་དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འབྲེལ་ཟླ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འབྲེལ་ཟླ་མ་དམིགས་པའི་དོན་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་ལྟར་ན་རི་བོང་རྭ་དེ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲེལ་ཡུལ་ཡིན་དགོས་པ་ལས་མ་ཡིན་པའི་ཕྱིར་ཏེ། སྤྱིར་བཏང་མ་ཡིན་པར་མ་ཟད། བརྟགས་པ་མཐའ་བཟུང་གི་དབང་དུ་བྱས་ནའང་མ་ཡིན་པའི་ཕྱིར་རོ། །༈ མ་དམིགས་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པ་དེ། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཡིན་ན་མ་དམིགས་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པས་ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མ་དམིགས་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། ནམ་མཁའ་དེ་མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཆོས་ཅན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་དེ། ནམ་མཁའ་ཡོད་པའི་ཕྱིར་ཞེས་བཀོད་པ་ན་ནམ་མཁའ་དེ་སྒྲུབ་ཀྱི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་ཏུ་སོང་བ་གང་ཞིག ནམ་མཁའ་དེ་སྒྲུབ་ཀྱི་མི་སྣང་བའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སླ། འདོད་ན། ནམ་མཁའ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ནམ་མཁའ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མ་དམིགས་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པར་ཐལ། དེ་སྒྲུབ་ཀྱི་མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། མ་དམིགས་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པ་དེ། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། ནམ་མཁའ་ཆོས་ཅན། མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པར་ཐལ། འདོད་མི་ནུས་ཏེ། མེད་དགག་ཡིན་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། ནམ་མཁའ་ཆོས་ཅན། དགག་པ་ཡིན་པར་ཐལ། མེད་དགག་ཡིན་པའི་ཕྱིར། དེར་ཐལ། འདུས་མ་བྱས་ཡིན་པའིནམ་མཁའ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་མ་ཡིན་དགག་དང་སྒྲུབ་པ་གཉིས་ཡོད་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་མ་ཡིན་དགག་དང་སྒྲུབ་པ་གཉིས་མེད་པར་ཐལ། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་སྒྲུབ་པ་ཁོ་ནས་ཁྱབ་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་སྒྲུབ་པ་ཁོ་ནས་ཁྱབ་པར་ཐལ། དེ་སྒྲུབ་ཀྱི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་ཡོངས་གཅོད་དུ་གྲུབ་པ་ཞིག་དགོས་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཡོངས་གཅོད་དུ་གྲུབ་པ་ལ་སྒྲུབ་པས་ཁྱབ་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། བཞི་པ་དགག་པ་དང་སྒྲུབ་པ་ལ་མཚན་ཉིད་ནི་རིམ་པ་ལྟར། བློས་རྣམ་བཅད་དུ་གྲུབ་པ་དང་ཡོངས་གཅོད་དུ་གྲུབ་པ་ཞེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། མ་དམིགས་པའི་ཚུལ་གསུམ་གང་ཞིག ཡོངས་གཅོད་དུ་གྲུབ་པ་དེ་འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པའི་དབང་གིས་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། མ་དམིགས་པའི་ཚུལ་གསུམ་གང་ཞིག རྣམ་གཅད་དུ་གྲུབ་པ་དང༌། ཡོངས་གཅོད་དུ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་སྒྲུབ་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་མ་ཡིན་དགག་དང་སྒྲུབ་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། མི་སྣང་བའི་འགལ་ཟླ་དམིགས་པའི་རྟགས་ཡང་དག་ལ་མ་ཡིན་དགག་དང་སྒྲུབ་པ་གཉིས་ཡོད་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། མ་དམིགས་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་ཀྱི་འགལ་ཟླར་གྱུར་པའི་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཡིན་པ་དེ། དེ་སྒྲུབ་ཀྱི་་འགལ་ཟླ་དམིགས་པའི་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར་དང༌། གཞནཡང་རིགས་པས་ཀྱང་འགལ་དམིགས་ལ་མ་ཡིན་དགག་ཡོད་པ་གྲུབ་པའི་ཕྱིར།

སྣང་རུང་མ་དམིགས་པའི་སྐབས་ཀྱི་དོགས་དཔྱོད།

སྣང་རུང་མ་དམིགས་པའི་སྐབས་ཀྱི་དོགས་དཔྱོད།

འགལ་དང་འབྲས་བུ་དག་སྒྲུབ་དང༌། །རྒྱུ་དང་ངོ་བོ་ལྟར་རུང་བའི། །བདག་ཉིད་དང་ནི་མ་གྲུབ་པ། །མེད་དོན་ཅན་མི་དམིགས་རྣམ་བཞི། །ཞེས་པའི་སྐབས་སུ་དངོས་བསྟན་རང་བཞིན་འགལ་སོགས་བཞི་བསྟན་ནས་དང་པོའི་ཞར་ལ་ཁྱབ་བྱེད་འགལ་དམིགས་དང་བཞི་བའི་ཞར་ལ་ཁྱབ་བྱེད་མ་དམིགས་པ་བསྟན་པ་ཡིན་པར་ཐལ། འདོད་ན། དེ་ལྟར་བསྟན་པའི་རྒྱུ་མཚན་དེ་རང་བཞིན་འགལ་དམིགས་ཀྱི་རྟགས་ཀྱིས་མེ་སྟོབས་ཆེན་པོའི་ཁྱད་པར་ནོན་པའི་གཞི་དེར་གྲང་རེག་ཁེག་ཐུབ་ན་གྲང་རེག་ལས་ཁྱབ་ཆུང་བ་བ་མོའི་རེག་པ་ལྟ་བུ་ཁེག་ཐུབ་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། གཞི་དེར་གྲང་རེག་མེད་པར་བསྟན་ན་གཞི་དེར་བ་མོའི་རེག་པ་མེད་པར་བསྟན་པས་ཁྱབ་པར་ཐལ། རང་བཞིན་འགལ་དམིགས་བསྟན་པའི་ཤུགས་ལ་ཁྱབ་བྱེད་འགལ་དམིགས་བསྟན་པའི་རྒྱུ་མཚན་དེ་དེ་ལྟར་ཡིན་པའི་ཕྱིར། འདོད་ན། གཞི་དེར་ཤིང་མེད་པར་བསྟན་ན་གཞི་དེར་ཤ་བ་མེད་པར་བསྟན་པས་ཁྱབ་པར་ཐལ། གཞི་དེར་གྲང་རེག་མེད་པར་བསྟན་ན་གཞི་དེར་བ་མོའི་རེག་པ་མེད་པར་བསྟན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བློ་དེས་གཞི་དེར་ཤིང་མེད་པར་རྟོགས་ན་གཞི་དེར་ཤ་བ་མེད་པར་རྟོགས་པས་ཁྱབ་པར་ཐལ། སྒྲ་དེས་གཞི་དེར་ཤིང་མེད་པར་བསྟན་ན་གཞི་དེར་ཤ་བ་མེད་པར་བསྟན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། སྒྲ་རྟོག་གཉིས་ཡུལ་ལ་འཇུག་ཚུལ་མཚུངས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། སྤྱི་བརྗོད་ངང་ཚུལ་ཅན་འདྲ་ཞིང༌། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་གསུངས་པའི་ཕྱིར། འདོད་ན། ཤིང་མེད་པའི་རྟགས་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་དེ་ཆོས་ཅན། ཁྱོད་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པ་རྟོགས་པར་ཐལ། ཁྱོད་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤིང་མེད་པར་རྟོགས་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། འདོད་ན། གཞི་དེར་ཤིང་མེད་པ་རྟོགས་ན་གཞི་དེར་ཤ་བ་མེད་པ་རྟོགས་མི་དགོས་པར་ཐལ། འདོད་ན། གཞི་དེར་ཁྱབ་ཆེ་བ་གྲང་རེག་དང་ཤིང་སོགས་མེད་པར་བསྟན་ན་དེ་ལས་ཁྱབ་ཆུང་བ་བ་མོའི་རེག་པ་དང་ཤ་བ་སོགས་མེད་པར་བསྟན་མི་དགོས་པར་ཐལ། འདོད་ན། འགལ་དང་འབྲས་བུ་དག་སྒྲུབ་དང༌། །ཞེས་སོགས་ཀྱིས་དང་པོ་རང་བཞིན་འགལ་དམིགས་བསྟན་པའི་ཤུགས་ལ་ཁྱབ་བྱེད་འགལ་དམིགས་བསྟན་པ་མ་ཡིན་པར་ཐལ། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། དང་པོའི་ཞར་ལ་ཁྱབ་བྱེད་འགལ་དམིགས་དང༌། བཞི་བའི་ཞར་ལ་ཁྱབ་བྱེད་མ་དམིགས་པ་བསྟན་ཏོ། །ཞེས་གསུངས་པའི་ཕྱིར་ན་དང་པོ་དང་བཞི་བ་གཉིས་ཀའིཞར་ལ་ཁྱབ་བྱེད་འགལ་དམིགས་དང་ཁྱབ་བྱེད་མ་དམིགས་པ་བསྟན་ཚུལ་ལ་དཔྱད། ༈ བུད་ཤིང་དེ་གཞི་དེ་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། སྤྱིར་ཆོས་ཅན། གྲང་རེག་མེད་པར་ཐལ། བུད་ཤིང་ཡོད་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། གྲང་རེག་གཞི་གྲུབ་པའི་ཕྱིར། འདོད་ན། བུད་ཤིང་དེ་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། བུད་ཤིང་ཡོད་ན་གྲང་རེག་མེད་པས་ཁྱབ་པ་མ་གྲུབ་པའི་ཕྱིར། འདོད་ན། མེའི་རྒྱུ་གང་དག་རྟགས་སུ་བཀོད་ན་གྲང་རེག་འགོག་པའི་རྟགས་ཡང་དག་ཏུ་མི་འགྱུར་བས་ཁྱབ་པར་ཐལ། འདོད་ན། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཆོས་ཅན། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དང་ལྡན་པའི་གཞིར་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་ན། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་ཆོས་ཅན། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དང་ལྡན་པའི་གཞིར་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དང་ལྡན་པའི་གཞིར་གྲང་རེག་མེད་པར་སྒྲུབ་པའི་ཚུལ་གསུམ་ཡིནཔའི་ཕྱིར་ན་དཔྱད། ༈ ཡང་བུད་ཤིང་ཆོས་ཅན། མེའི་རྒྱུ་ཡིན་པར་ཐལ། འདོད་ན། མེ་ཡོད་ན་བུད་ཤིང་ཡོད་པས་ཁྱབ་པར་ཐལ། འདོད་ན། ཤིང་གི་དགག་གཞིར་ཆོས་ཅན། མེ་མེད་པར་ཐལ། བུད་ཤིང་མེད་པའི་ཕྱིར། མ་གྲུབ་ན། ཤིང་གི་དགག་གཞིར་ཆོས་ཅན། བུད་ཤིང་མེད་པར་ཐལ། ཤིང་མེད་པའི་ཕྱིར། ཁྱབ་སྟེ། བུད་ཤིང་ཡིན་ན་ཤིང་ཡིན་དགོས་པའི་ཕྱིར། དེར་ཐལ། བུད་ཤིང་གི་དོན་ཡོད་པའི་ཕྱིར། འདོད་ན། བུད་ཤིང་མེད་ན་མེ་མེད་པས་མ་ཁྱབ་པར་ཐལ། འདོད་ན། བུད་ཤིང་ཆོས་ཅན། མེའི་རྒྱུ་མ་ཡིན་པར་ཐལ། འདོད་མི་ནུས་ཏེ། རྣམ་ངེས་ལས། འབྲས་བུའི་གྲུབ་ན་རྒྱུས་ཅིའི་ཕྱིར་མི་འགྲུབ་ཅེ་ན། རྒྱུའི་སྒོ་ནས་མིན་ཏེ། འཁྲུལ་བའི་ཕྱིར། དཔེར་ན་འདི་ལ་གྲང་རེག་མེད་དེ། བུདཤིང་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཐལ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་གཞི་དེར་གྲང་རེག་མེད་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བ་ཡིན་པར་ཐལ། འདོད་ན། ཐལ་བ་ཡོད་ན་གཞི་དེར་གྲང་རེག་མེད་པས་མ་ཁྱབ་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། གཞི་དེར་ཐལ་བ་ཡོད་ན་གཞི་དེར་གྲང་རེག་མེད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་དེར་ཐལ་བ་ཡོད་ན་གཞི་དེར་གྲང་རེག་མེད་པས་ཁྱབ་པར་ཐལ། གཞི་དེར་ཐལ་བ་ཡོད་ན་གཞི་དེར་མེ་ཡོད་དགོས་པའི་ཕྱིར། མ་གྲུབ་ན། གཞི་དེར་ཐལ་བ་ཡོད་ན་གཞི་དེར་མེ་ཡོད་པས་ཁྱབ་པར་ཐལ། ཐལ་བ་མེའི་འབྲས་བུ་ཡིན་པའི་ཕྱིར། ཁྱབ་སྟེ། ཐལ་བ་མེའི་འབྲས་བུ་ཡིན་ན་མེ་ལྡོག་ན་ཐལ་བ་ལྡོག་དགོས་པའི་ཕྱིར། འདོད་ན། གཞི་དེར་ཐལ་བ་ཡོད་ན་གཞི་དེར་གྲང་རེག་མེད་པས་ཁྱབ་པར་ཐལ། འདོད་ན། ཐལ་བའི་རྟགས་ཀྱིས་གཞི་དེར་གྲང་རེག་མེད་པར་སྒྲུབ་པའི་ཁྱབ་པ་འཁྲུལ་བ་མ་ཡིན་པར་ཐལ། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། གཞན་དུ་འཁྲུལ་འགྱུར་མི་གྲང་བ། །སྒྲུབ་པ་ལ་ནི་ཐལ་བ་བཞིན། །ཞེས་གསུངསཔའི་ཕྱིར་ན་དཔྱད། ༈ དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་གཞི་དེར་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་ན། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་གཞི་དེར་གྲང་རེག་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་དེ་དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེའི་ཡུན་ལ་ཕྱོགས་ཁྱབ་ངེས་མི་ནུས་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་ཆོས་ཅན། ཁྱོད་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་ཡུན་ལ་སྐབས་བབས་ཀྱི་རྒོལ་བས་ཕྱོགས་ཆོས་དང་ཁྱབ་པ་ངེས་མི་ནུས་པའི་ཕྱིར། འདོད་ན། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། གཞི་གྲུབ་ན་ཚུལ་གསུམ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། ཚུལ་གསུམ་མ་ཡིན་པའི་ཆོས་གཅིག་ཀྱང་མེད་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་ཟུར་དཔྱད་ཉིན་བྱེད་སྣང་བ་ལས། དེ་སྒྲུབ་ཀྱི་རྗེས་ཁྱབ་མ་ཡིན་པ་ཡོད་ཀྱང༌། སྤྱིར་རྗེས་ཁྱབ་མ་ཡིན་པའི་ཆོས་གཅིག་ཀྱང་མེད་དེ། ཚུལ་གསུམ་ཡིན་པ་མ་ཡིན་པའི་ཆོས་གཅིག་ཀྱང་མེད་པའི་ཕྱིར། དེར་ཐལ། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་ཆོས་ཅན། རྟགས་ཡང་དག་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། འདོད་ན། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་ཆོས་ཅན། རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་མེད་པའི་ཕྱིར། མ་གྲུབ་ན། དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ཅན་གྱི་མེའི་དངོས་རྒྱུ་ནུས་པ་ཐོགས་མེད་དེ་ཆོས་ཅན། ཁྱོད་རྟགས་ཡང་དག་ཏུ་སོང་བའི་རྒོལ་བ་མེད་པར་ཐལ། ཁྱོད་ཀྱི་ཡུན་ཚད་ལ་དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ལས་མེད་པ་གང་ཞིག དེའི་ཡུན་ལ་ཕྱོགས་ཆོས་དང་ཁྱབ་པ་ངེས་མི་ནུས་པའི་ཕྱིར། དང་པོ་སླ། གཉིས་པ་གྲུབ་སྟེ། རྣམ་ངེས་ལས། རྟགས་མཐོང་བ་ལས་འབྲེལ་བ་ལ་ལྟོས་ཏེ་རྗེས་སུ་དཔག་པར་བྱ་བ་རྟོགས་པས་ན་སྐད་ཅིག་མ་གཅིག་ལ་བར་ཆད་མེད་པའི་དེའི་སྔ་རོལ་མེ་མངོན་སུམ་དུ་རྟོགས་པར་འགྱུར་རོ། །ཞེས་དང༌། རྟགས་རིགས་མཐའ་དཔྱོད་ལས། ཁྱོད་ཀྱི་ཡུན་ཚད་ལ་དུས་མཐའི་སྐད་ཅིག་མ་གཅིག་གི་ཡུན་ཚད་ལས་མེད་པ་གང་ཞིག དེའིཡུན་ལ་ཕྱོགས་ཁྱབ་ངེས་མི་ནུས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །༈ དེ་སྒྲུབ་ཀྱི་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའི་ཚུལ་གསུམ་དེ། སྣང་རུང་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའི་ཚུལ་གསུམ་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། དངོས་མེད་ཀྱི་ཆོས་ཆོས་ཅན། ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། ནམ་མཁའ་རྟག་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དངོས་མེད་ཀྱི་ཆོས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའི་ཚུལ་གསུམ་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་མེད་པ་མ་ཡིན་པ་གང་ཞིག དགག་བྱའི་ཆོས་ལ་མེད་པའི་ཐ་སྙད་འཇུག་རུང་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་མེད་པ་མ་ཡིན་པར་ཐལ། ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་ཡོད་པའི་ཕྱིར། དེར་ཐལ། ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་ལ་མི་རྟག་པའམ་རྟག་པ་མ་ཡིན་པ་དེ་འཇོག་པ་གང་ཞིག དེ་ཡོད་པའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་ལ་མེད་པའི་ཐ་སྙད་མི་འཇུག་པའི་ཕྱིར། དེར་ཐལ། ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་ཡོད་པའི་ཕྱིར། ཁྱབ་སྟེ། ཁྱོད་ལ་མེད་པ་ཞེས་པའི་ཐ་སྙད་འཇུག་ན་ཁྱོད་མེད་པ་ཡིན་དགོས་པའི་ཕྱིར། དེར་ཐལ། མི་སྟོབས་ལྡན་ལ་སེང་གེ་ཞེས་པའི་སྒྲ་མི་འཇུག་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དངོས་མེད་ཀྱི་ཆོས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའི་ཚུལ་གསུམ་མ་ཡིན་པར་ཐལ། འདོད་ན། དངོས་མེད་ཀྱི་ཆོས་ཆོས་ཅན། ནམ་མཁའ་རྟག་པར་སྒྲུབ་པའི་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། ནམ་མཁའ་རྟག་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། དེ་སྒྲུབ་ཀྱི་དགག་བྱའི་ཆོས་མེད་པའམ། མེད་པའི་ཐ་སྙད་འཇུག་རུང་ཡིན་པའི་ཚུལ་གསུམ་མོ། །ཞེས་གསུངས་པའི་ཕྱིར་ན་འདིའི་ཐད་ཀྱི་གཏན་ཚིགས་དོན་བསྡུས་སུ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་མེད་པའམ། མེད་པའི་ཐ་སྙད་འཇུག་རུང་མ་ཡིན་པའི་ཚུལ་གསུམ་མོ། །ཞེས་གསུངས་ཀྱང་དེ་ནི་ཡིག་ནོར་ཡིན་པར་དོགས་ཏེ། དགེ་བཤེས་རིན་པོ་ཆེའི་དཔེ་ཁྲིད་སྐབས་སུ་མེད་པའི་ཐ་སྙད་འཇུག་རུང་ཡིན་པའི་ཚུལ་གསུམ་ཞེས་འགྲེལ་བཤད་གནང་བ་དང༌། གཞན་དུ་ན་མེད་པའི་ཐ་སྙད་འཇུག་རུང་ཡིན་པ་ཞེས་བྲིས་ན་འབྲེལ་གྱི་མ་ཡིན་པའི་ཚུལ་གསུམ་ཞེས་བྲིས་ན་གཏན་ཚིགས་དོན་བསྡུས་རང་གི་གོང་དུ་མ་དམིགས་པའི་མཚན་ཉིད་གསུངས་སྐབས། དེ་སྒྲུབ་ཀྱི་རང་གི་ཤེས་འདོད་ཆོས་ཅན་ལ་དགག་བྱའི་ཆོས་མེད་པའམ་མེད་པའི་ཐ་སྙད་འཇུག་རུང་དུ་སྒྲུབ་པའམ་ཡོད་ངེས་ཀྱི་ཐ་སྙད་དོན་མཐུན་འགོག་པའི་ཚུལ་གསུམ། ཞེས་པ་དང་འགལ་བར་འགྱུར་བས་དཔྱད། ༈ ཡང་མི་སྣང་བ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ལ་དེ་སྒྲུབ་ཀྱི་མ་དམིགས་པའི་ཚུལ་གསུམ་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ་འཇོག་དགོས་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་མ་དམིགས་པའི་ཚུལ་གསུམ་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་ཡིན་ན་དེ་སྒྲུབ་ཀྱི་སྣང་རུང་གི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། འདོད་ན། ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་ཚད་མ་མེད་པ་ཆོས་ཅན། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་སྣང་རུང་གི་རྟགས་ཡང་དག་ཡིན་པར་ཐལ། མདུན་གྱི་གཞི་འདིར་ཤ་ཟ་བསྐལ་དོན་དུ་སོང་བའི་གང་ཟག་གི་རྒྱུད་ལ་ཤ་ཟ་ངེས་བྱེད་ཀྱི་བཅད་ཤེས་མེད་པར་སྒྲུབ་པའི་མ་དམིགས་པའི་ཚུལ་གསུམ་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་སྣང་རུང་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་ཡིན་པའི་ཕྱིར། དང་པོ་སླ། ཕྱི་མ་གྲུབ་སྟེ། དེའི་དགག་བྱའི་ཆོས་སུ་བཏགས་པའི་དོན་ལ་ཤ་ཟ་འཇོག་དགོས་པ་གང་ཞིག ཤ་ཟ་དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་ལ་སྣང་དུ་རུང་བའི་ཕྱིར་ན་གོང་མི་སྣང་བ་མ་དམིགསཔའི་སྐབས་སུ་དཔྱད་པ་ལྟར་དཔྱད། ༈ མེ་མེད་པ་དེ་མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པའི་སྣང་རུང་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། མེ་མེད་མཚན་མོའི་རྒྱ་མཚོར་མེ་ཡོད་པའི་ཕྱིར། མ་གྲུབ་ན། མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་པར་ཐལ། འདོད་ཁམས་ཀྱི་རྡུལ་རགས་པ་ཡོད་པའི་ཕྱིར། ཁྱབ་སྟེ། མཛོད་ལས། འདོད་ན་དབང་པོ་མེད་པ་དང༌། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ཅེས་གསུངས་པའི་ཕྱིར་ན་མ་ཁྱབ་མེ་རྡུལ་སོགས་ཡོད་པ་ལ་དགོངས་ཤེ་ན། འོ་ན་མེ་མེད་མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་པར་ཐལ། མེ་རྡུལ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཁྱད་གཞི་མེ་མེད་པར་ཁྱད་པར་མེ་རྡུལ་ཡོད་ཚུལ་མེད་པའི་ཕྱིར། དེར་ཐལ། དབུ་མ་འཇུག་པ་ལས། གང་ཕྱིར་ཡན་ལག་ཅན་མེད་ཡན་ལག་དག །མེད་པའི་དབྱིབས་ཙམ་ཤིང་རྟ་རིགས་མ་ཡིན། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཟེར་ནའང་མི་འཐད་དེ། རྟགས་རིགས་མཐའ་དཔྱོད་ལས། མཚན་གཞི་ནི། མེ་མེད་མཚན་མོའི་རྒྱ་མཚོར་དུ་བ་མེད་པར་སྒྲུབ་པ་ལ་མེ་མེད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པ་ལ་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པ་ཞིག་ཡིན་དགོས་པར་ཐལ། འབྲེལ་ཟླ་མ་དམིགས་པའི་དོན་ཡོད་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པ་ཡིན་པར་ཐལ། ཁྱོད་སྒྲ་བདག་མེད་དུ་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་ཡོད་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པའི་རྟགས་ཡང་དག་ཡོད་པའི་ཕྱིར། དེར་ཐལ། བདག་ཏུ་ཚད་མས་མ་དམིགས་པ་དེ་ཡིན་པའི་ཕྱིར། འདོད་ན། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་མེད་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་མེད་པའི་ཕྱིར། མ་གྲུབ་ན། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་མེད་པར་ཐལ། གཞི་གྲུབ་ན་སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་མ་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པའི་ཚུལ་གསུམ་མ་ཡིན་པར་ཐལ། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པའི་ཚུལ་གསུམ་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡང་ཡིན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། སྣང་རུང་མ་དམིགས་པའི་ཚུལ་གསུམ་ཡང་ཡིན། དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་བཏགས་པའི་དོན་གྱི་འབྲེལ་ཡུལ་མ་གྲུབ་པ་རྟགས་སུ་བཀོད་པ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ་དེ། དེ་སྒྲུབ་ཀྱི་སྣང་རུང་མ་དམིགས་པའི་འབྲེལ་ཟླ་མ་དམིགསཔའི་རྟགས་ཡང་དག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ན་དཔྱད། ༈ དགག་གཞིའི་སྟེང་དུ་དགག་བྱའི་ཆོས་དང་ཁྱབ་མཉམ་པ་སྣང་དུ་རུང་བའི་དུས་ཡིན་ན་རང་བཞིན་མ་དམིགས་པའི་རྟགས་འཇུག་དུས་ཡིན་པས་ཁྱབ་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དགག་གཞིའི་སྟེང་དུ་ཁྱབ་མཉམ་པ་མངོན་སུམ་ལ་སྣང་དུ་རུང་ན་རང་བཞིན་མ་དམིགས་པའི་རྟགས་འཇུག་དུས་ཡིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཤིང་མེད་པའི་རྟགས་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་ན་ཤ་བ་མེད་པར་སྒྲུབ་པའི་དགག་བྱའི་ཆོས་ཤ་བ་དང་ཁྱབ་མཉམ་པ་ཡོད་ན་ཤིང་གིས་དབེན་པའི་བྲག་རྫོང་དུ་སྣང་དུ་རུང་བ་ཞིག་ཡོད་པའི་ཕྱིར། མ་གྲུབ་ན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་དང་ཁྱབ་མཉམ་པ་སྣང་དུ་རུང་བའི་དུས་ཤིག་མེད་པར་ཐལ། འདོད་ན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཅིག་མེད་པར་ཐལ། རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་ན་དེའི་འཇུག་དུས་ལ་དགག་བྱའི་ཆོས་དང་ཁྱབ་མཉམ་པ་དགག་གཞི་དེར་སྣང་དུ་རུང་བའི་དུས་ཡིན་པས་ཁྱབ་པ་གང་ཞིག ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་དང་ཁྱབ་མཉམ་པ་སྣང་དུ་རུང་བའི་དུས་མེད་པའི་ཕྱིར། འདོད་ན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡོད་པར་ཐལ། ཤ་བ་ཚད་མས་མ་དམིགས་པ་དེ་ཡིན་པའི་ཕྱིར། དེར་ཐལ། དེ་དེ་སྒྲུབ་ཀྱི་སྣང་རུང་གི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་གང་ཞིག གཞན་རྣམས་གང་ཡང་མ་ཡིན་པའི་ཕྱིར། འདོད་ན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་དང་ཁྱབ་མཉམ་པ་སྣང་དུ་རུང་བའི་དུས་ཡིན་པ་ཡོད་པར་ཐལ། འདོད་ན། ཤིང་མེད་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་དགག་བྱའི་ཆོས་དང་ཁྱབ་མཉམ་པ་དགག་གཞི་དེར་སྣང་དུ་རུང་བའི་དུས་ཤིག་ཡོད་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། དགག་གཞི་དེར་དགག་བྱའི་ཆོས་དང་ཁྱབ་མཉམ་པ་སྣང་དུ་རུང་བའི་དུས་ཡིན་ན་རང་བཞིན་མ་དམིགས་པའི་རྟགས་འཇུག་པའི་དུས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དགག་གཞིའི་སྟེང་དུ་དགག་བྱའི་ཆོས་དང་ཁྱབ་མཉམ་པ་སྣང་དུ་རུང་བའི་དུས་ཡིན་ན་རང་བཞིན་མ་དམིགས་པའི་རྟགས་འཇུག་དུས་ཡིན་པས་ཁྱབ་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དགག་གཞིའི་སྟེང་དུ་ཁྱབ་མཉམ་པ་མངོན་སུམ་ལ་སྣང་དུ་རུང་རང་བཞིན་མ་དམིགས་པའི་རྟགས་འཇུག་དུས་ཡིན་ལ། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ བྱས་པ་མ་ཡིན་པ་ལས་ལོག་པའི་བྱས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་དགག་བྱའི་ཆོས་ཀྱི་འབྲེལ་ཡུལ་བཀག་པ་རྟགས་སུ་བཀོད་པ་མ་ཡིན་པའི་ཕྱིར། འདོད་ན། བྱས་པ་མ་ཡིན་པ་ལས་ལོག་པའི་བྱས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་སྣང་རུང་གི་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་འགལ་དམིགས་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དང་པོ་སླ། ཕྱི་མ་མ་གྲུབ་ན། བྱས་པ་མ་ཡིན་པ་ལས་ལོག་པའི་བྱས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་སྣང་རུང་གི་འགལ་ཟླ་དམིགས་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མ་དམིགས་པའི་ཚུལ་གསུམ་གང་ཞིག ཡོངས་གཅོད་དུ་གྲུབ་པ་མ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། མ་དམིགས་པའི་ཚུལ་གསུམ་གང་ཞིག ཡོངས་གཅོད་དུ་གྲུབ་པ་དེ། འགལ་ཟླ་དམིགས་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། གཉིས་པ་ལ་འབྲེལ་ཟླ་མ་དམིགས་པ་དང་འགལ་ཟླ་དམིགས་པའི་དབང་གིས་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། མ་དམིགས་པའི་ཚུལ་གསུམ་གང་ཞིག རྣམ་བཅད་དུ་གྲུབ་པ་དང་ཡོངས་གཅོད་དུ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་མ་ཡིན་པ་ལས་ལོག་པའི་བྱས་པ་ཆོས་ཅན། ཡོངས་གཅོད་དུ་གྲུབ་པ་མ་ཡིན་པར་ཐལ། སྒྲུབ་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཡོངས་གཅོད་དུ་གྲུབ་པ་ཡིན་ན་སྒྲུབ་པ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། ཡོངས་གཅོད་དུ་གྲུབ་པ་ཡིན་ན་སྒྲུབ་པ་ཡིན་དགོས་པར་ཐལ། ཡོངས་གཅོད་དུ་གྲུབ་པ་དེ་སྒྲུབ་པའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། བཞི་བ་ལ་དགག་པ་དང་སྒྲུབ་པ་ལ་མཚན་ཉིད་ནི་རིམ་པ་ལྟར། བློས་རྣམ་བཅད་དུ་གྲུབ་པ་དང་ཡོངས་གཅོད་དུ་གྲུབ་པ་ཞེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་མ་ཡིན་པ་ལས་ལོག་པའི་བྱས་པ་ཆོས་ཅན། སྒྲུབ་པ་ཡིན་པར་ཐལ། ཡོངས་གཅོད་དུ་གྲུབ་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། བྱས་པ་མ་ཡིན་པ་ལས་ལོག་པའི་བྱས་པ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། དེར་ཐལ། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དགག་པ་ཡིན་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དགག་པ་ཡིན་པར་ཐལ། བསྡུས་གྲྭའི་མཐའ་དཔྱོད་ལས། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་ཆོས་ཅན། སྒྲུབ་པ་མ་ཡིན་པར་ཐལ། དགག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་གོང་དུ་གཏན་ཚིགས་དོན་བསྡུས་སྐབས་སུ་དགག་སྒྲུབ་ཀྱི་མཚན་ཉིད་བཞག་པ་ལྟར། སྤྱིར་རྣམ་བཅད་དུ་གྲུབ་པ་དང་ཡོངས་གཅོད་དུ་གྲུབ་པ་ལ་དགག་པ་དང་སྒྲུབ་པས་ཁྱབ་ཀྱང་འབྲེལ་ཟླ་མ་དམིགས་པ་དང་འགལ་དམིགས་ཀྱི་རྟགས་ཡང་དག་སྐབས་སུ་རྣམ་བཅད་དང་ཡོངས་གཅོད་དེ་དགག་སྒྲུབ་ཁོ་ན་ལ་གོ་བ་མ་ཡིན་པར་འབྲེལ་ཟླ་མ་དམིགས་པའི་རྟགས་རྣམས་དགག་ཕྱོགས་ནས་རྟགས་བཀོད་པ་སྟེ། དཔེར་ན་དུ་བ་མེད་པའི་ཕྱིར། མེ་ཚད་མས་མ་དམིགས་པའི་ཕྱིར་ཞེས་དགག་ཕྱོགས་རྐྱང་བ་རྟགས་འགོད་ཀྱིན་ཡོད་པ་དང༌། འགལ་དམིགས་ཀྱི་རྟགས་ཡང་དག་རྣམས་ལ་སྒྲུབ་ཕྱོགས་ནས་བཀོད་པ་སྟེ། དཔེར་ན། ཆོས་དེ་ཡོད་པའི་ཕྱིར་དང་ཆོས་དེ་ཡིན་པའི་ཕྱིར་ཞེས་འགལ་དམིགས་ལ་སྒྲུབ་ཕྱོགས་ནས་བཀོད་པ་ལས་དགགཕྱོགས་ནས་གཏན་ཚིགས་བཀོད་པ་མི་སྣང་བའི་རྒྱུ་མཚན་གྱིས་ཡིན་ནམ་དཔྱད། ༈ མ་དམིགས་པའི་སྣང་རུང་གི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྲོ་རྒྱུའི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ་ཡིན་ན་སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། ཤིང་མེད་པ་ཆོས་ཅན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཚད་མས་མ་དམིགས་པ་རྟོགས་ཤིང༌། དེར་ཤ་བ་མེད་པར་མ་རྟོགས་པའི་གང་ཟག་ལ་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་མ་དམིགས་པའི་སྣང་རུང་གི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྲོ་རྒྱུའི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། དེ་སྒྲུབ་ཀྱི་ཁྱབ་བྱེད་མ་དམིགས་པའི་སྣང་རུང་གི་རྟགས་ཡང་དག་གི་མཚན་ཉིད། གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྲོ་རྒྱུའི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ། ཞེས་གསུངས་པའི་ཕྱིར། འདོད་ན། ཤིང་མེད་པ་ཆོས་ཅན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཚད་མས་མ་དམིགས་པ་རྟོགས་ཤིང༌། དེར་ཤ་བ་མེད་པར་མ་རྟོགས་པའི་གང་ཟག་ལ་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དེ་སྒྲུབ་ཀྱི་སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རྒྱུ་དང་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པ་ལ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་དགོས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། རྒྱུ་དང་ཁྱབ་བྱེད་མ་དམིགས་པ་ནི་གཉིས་ཀའི་གཏན་ཚིགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཤིང་མེད་པ་ཆོས་ཅན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཚད་མས་མ་དམིགས་པ་རྟོགས་ཤིང༌། དེར་ཤ་བ་མེད་པར་མ་རྟོགས་པའི་གང་ཟག་ལ་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་མི་ནུས་ཏེ། སྐབས་བབ་ཀྱི་ཕྱིརྒོལ་དེས་དོན་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་ཟིན་པའི་ཕྱིར་ན་དཔྱད། ༈ ཤིང་མེད་པ་དེ་ཤིང་གིས་དབེན་པའི་བྲག་རྫོང་ན་ཤ་བ་མེད་པར་སྒྲུབ་པའི་སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ཤིང་མེད་པ་ཆོས་ཅན། ཁྱོད་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་གྲུབ་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཤིང་མེད་པའི་རྟགས་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་ཕྱོགས་ཆོས་གྲུབ་པ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་གྲུབ་པས་ཁྱབ་པར་ཐལ། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤིང་མེད་པར་རྟོགས་ན་ཤིང་གིས་དབེན་པའི་བྲག་རྫོང་ན་ཤ་བ་མེད་པར་ངེས་དགོས་པའི་ཕྱིར། མ་གྲུབ་ན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤིང་མེད་པར་རྟོགས་ན་ཤིང་གིས་དབེན་པའི་བྲག་རྫོང་ན་ཤ་བ་མེད་པར་ངེས་དགོས་པར་ཐལ། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤིང་མེད་པར་རྟོགས་ན་ཤིང་གིས་དབེན་པའི་བྲག་རྫོང་ན་ཤིང་དུ་གྱུར་པའི་ཤ་བ་མེད་པར་ངེས་དགོས་པའི་ཕྱིར། མ་གྲུབ་ན། ཤིང་དུ་གྱུར་པའི་ཤ་བ་ཆོས་ཅན། ཤིང་མེད་པ་ངེས་ན་ཁྱོད་མེད་པར་ངེས་དགོས་པར་ཐལ། ཁྱོད་ཤིང་གི་མིང་གི་ལྡོག་པས་ཁྱད་པར་དུ་བྱས་པའི་གསལ་བའི་དབྱེ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དེའི་ཕྱིར་གཅིག་ལོག་པས་གཞན་ལྡོག་པར་འདོད་པ་ནི། དེ་གཉིས་རང་བཞིན་འབྲེལ་བ་འགའ་ཞིག་ཀྱང་འདོད་པར་བྱ་དགོས་སོ། །ཞེས་དང༌། ནང་གི་ཁྱབ་པའི་རང་འགྲེལ་ལས། དེ་མེད་པས་ཀྱང་སྤྱི་ལ་དམིགས་པའི་ཁྱབ་པ་ཡོངས་སུ་གཅོད་དོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། ཤིང་དུ་གྱུར་པའི་ཤ་བ་ཆོས་ཅན། ཁྱོད་ཤིང་གི་མིང་གི་ལྡོག་པས་ཁྱད་པར་དུ་བྱས་པའི་གསལ་བ་ཡིན་པར་ཐལ། ཁྱོད་ཀྱི་མིང་ཟུར་དུ་ཤིང་ཞེས་པའི་མིང་དེ་ཐོན་པའི་ཕྱིར། འདོད་ན། ཤིང་གིས་སྟོང་པའམ་ཤིང་མེད་པ་ངེས་ན་ཤིང་དུ་གྱུར་པའི་ཤ་བ་མེད་པར་ངེས་དགོས་པར་ཐལ། འདོད་ན། ཤིང་མེད་པའི་རྟགས་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་ན་ཤིང་དུ་གྱུར་པའི་ཤ་བ་མེད་པར་ངེས་པར་ཐལ། ཁྱོད་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤིང་མེད་པར་ངེས་པའི་ཕྱིར། འདོད་ན། ཤིང་མེད་པའི་རྟགས་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་མེད་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་ན་ཤ་བ་མེད་པར་ངེས་པར་ཐལ། ཁྱོད་ཀྱིས་ཤིང་གིས་དབེན་པའི་བྲག་རྫོང་ན་ཤིང་དུ་གྱུར་པའི་ཤ་བ་མེད་པར་ངེས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། གང་ཟག་དེས་ཤིང་གིས་དབེན་པའི་བྲག་རྫོང་ན་ཤིང་དུ་གྱུར་པའི་ཤ་བ་མེད་པར་ངེས་པ་ལ་ཤིང་དང་ཤ་བའི་གཞི་མཐུན་མེད་པ་ངེས་དགོས་པའི་ཕྱིར། དེརཐལ། གཞི་དེར་ཤིང་དུ་གྱུར་པའི་ཤ་བ་མེད་པར་ངེས་ཚུལ་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་མ་དམིགས་པའི་སྣང་རུང་གི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྲོ་རྒྱུའི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བ་ཡིན་ན་སྣང་རུང་གི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། བུམ་པ་ཚད་མས་མ་དམིགས་པ་ཆོས་ཅན། ལྟར་རུང་བུམ་པས་དག་པའི་མདུན་གྱི་གཞི་འདིར་བུམ་པ་མེད་པར་སྒྲུབ་པའི་ཁྱབ་བྱེད་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། ལྟར་རུང་བུམ་པས་དག་པའི་མདུན་གྱི་གཞི་འདིར་བུམ་པ་མེད་པར་སྒྲུབ་པའི་མ་དམིགས་པའི་སྣང་རུང་གི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་དགག་བྱའི་ཆོས་སུ་འགྲོ་རྒྱུའི་བདག་གཅིག་པའི་ཁྱབ་བྱེད་བཀག་པ་རྟགས་སུ་སྦྱར་བའི་རྟགས་ཡང་དག་ཡིན་པའི་ཕྱིར། དང་པོ་སླ། གཉིས་པ་མ་གྲུབ་ན། བུམ་པ་ཚད་མས་དམིགས་པ་དེ་བུམ་པ་ཡོད་པའི་ཁྱབ་བྱེད་མ་ཡིན་པར་ཐལ། འདོད་ན། བུམ་པ་ཚད་མས་དམིགས་པ་དེ་བུམ་པ་ཡོད་པའི་ཁྱབ་བྱེད་ཡིན་པར་ཐལ། བུམ་པ་ཚད་མས་དམིགས་པ་དང་བུམ་པ་ཡོད་པ་གཉིས་ཕན་ཚུན་ཐ་དད་གང་ཞིག བུམ་པ་ཚད་མས་དམིགས་པ་མེད་ན་བུམ་པ་ཡོད་པ་མེད་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། ཁྱོད་ཆོས་དེ་དང་ཁྱབ་བྱེད་ཡིན་པའི་ཚད་ལ་ཁྱོད་ཆོས་དེ་དང་ཕན་ཚུན་ཐ་དད་ཁྱོད་མེད་ན་ཆོས་དེ་མེད་པས་ཁྱབ་པ་དེ་འཇོག་དགོས་པའི་ཕྱིར། དེར་ཐལ། གྲུབ་མཐའ་བློ་གྲོས་མིག་འབྱེད་ལས། ཁྱོད་ཆོས་དེ་དང་ཕན་ཚུན་ཐ་དད་ཁྱོད་མེད་ན་ཆོས་དེ་མེད་པས་ཁྱབ་པ་དེ་ཁྱོད་ཆོས་དེ་དང་ཁྱབ་བྱེད་ཀྱི་མཚན་ཉིད། ཅེས་གསུངསཔའི་ཕྱིར་ན་དཔྱད། ༈ བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པ་དེ་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པ་དེ་ཆོས་ཅན། གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་རང་བཞིན་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། དགག་བྱའི་ཆོས་ཀྱི་རང་བཞིན་བཀག་པའི་དངོས་པོ་རྟགས་ཀྱི་གཙོ་བོར་རྣམ་པ་གསལ་བ་བཀོད་པའི་མ་དམིགས་པའི་ཚུལ་གསུམ་གང་ཞིག ཐ་སྙད་འབའ་ཞིག་པ་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བདེན་གྲུབ་ཀྱི་གཅིག་དང་དུ་མ་གང་རུང་དུ་མ་གྲུབ་པ་དེ་ཆོས་ཅན། གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་གཞི་ལམ་རྣམ་གསུམ་བདེན་མེད་དུ་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་མཚན་ཉིད་དང་མཚོན་བྱ་གཉིས་བཟུང་བ་ཡིན་པའི་ཕྱིར། དེར་ཐལ། བདེན་པར་མེད་པ་དང་བདེན་པར་ཚད་མས་མ་དམིགས་པ་གཉིས་ཀ་བཟུང་བའི་ཕྱིར། འདོད་མི་ནུས་ཏེ། ཐེག་མཆོག་དབུ་མ་ལས། དེ་ཕྱིར་ཐ་སྙད་རྟགས་ཀྱིས་སྒྲུབ་པར་འདོད། །ཅེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། འདི་ནི་ཐ་སྙད་འབའ་ཞིག་སྒྲུབ་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར་ན་འདིའི་སྐོར་ལ་དཔྱད་པར་བྱ་བ་མང་དུ་ཡོད་ཀྱང་རྟགསརིགས་རྩོད་སྐབས་སུ་དགོས་པ་ཆེར་མ་མཐོང་བས་དེ་ཙམ་མོ། །༈ དུ་བ་མེད་པ་ཆོས་ཅན། དུ་བས་དབེན་པའི་ར་བ་ན་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པའི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དུ་བ་མེད་པ་ཆོས་ཅན། དུ་བས་དབེན་པའི་ར་བ་ན་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པར་ཐལ། དུ་བས་དབེན་པའི་ར་བ་ན་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པའི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དུ་བ་དེ་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་ཀྱི་འབྲེལ་ཡུལ་ཡིན་པར་ཐལ། དུ་བ་མེད་པ་དུ་བས་དབེན་པའི་ར་བ་ན་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པའི་འབྲེལ་ཟླ་མ་དམིགས་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། དུ་བའི་དངོས་རྒྱུ་དུ་བ་དང་འབྲེལ་བར་ཐལ། དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་དུ་བ་དང་འབྲེལ་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དུ་བའི་དངོས་རྒྱུ་ཆོས་ཅན། དུ་བ་ལ་ལྟོས་པར་ཐལ། དུ་བ་དང་འབྲེལ་བ་ཡིན་པའི་ཕྱིར། འདོད་ན། དུ་བའི་དངོས་རྒྱུ་ཆོས་ཅན། དུ་བའི་འབྲས་བུ་ཡིན་པར་ཐལ། དུ་བ་དང་ངོ་བོ་ཐ་དད་གང་ཞིག དུ་བ་ལྟོས་པའི་ཕྱིར། ཁྱབ་སྟེ། ཆོས་དེ་དང་དོན་གཞན་པའི་ཚུལ་གྱིས་ལྟོས་ན་ཆོས་དེའི་འབྲས་བུ་ཡིན་དགོས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ལྟོས་ཕྱིར་འབྲས་བུ་ཉིད་དུ་བརྗོད། །ཅེས་གསུངས་པའི་ཕྱིར། དུ་བ་མེད་པ་དེ་དུ་བས་དབེན་པའི་ར་བ་ན་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པར་བྱེད་པའི་དངོས་འབྲས་མ་དམིགས་པའི་རྟགས་ཡང་དག་མིན་ཟེར་ན། དེ་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དཔེར་ན་དུ་བས་དབེན་པའི་ར་བ་ན་དུ་བའི་དངོས་རྒྱུ་ནུས་པ་ཐོགས་མེད་མེད་པར་སྒྲུབ་པ་ལ་དུ་བ་མེད་པལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་ཚུལ་གསུམ་ཡིན་པ་དེ་ལྷན་གཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་ཡང་དག་དང་དེ་སྒྲུབ་ཀྱི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་རྟགས་ཡང་དག་གཉིས་ཀའི་ཡིན་པ་ཡོད་པར་ཐལ། དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་ཚུལ་གསུམ་ཡིན་པ་དང༌། དགག་བྱའི་ཆོས་དང་ཕན་ཚུན་སྤང་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་ཚུལ་གསུམ་ཡིན་པ་གཉིས་ཀྱི་ཡིན་པ་ཡོད་པའི་ཕྱིར། མ་གྲུབ་ན། དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་ཚུལ་གསུམ་ཡིན་པ་དང༌། དགག་བྱའི་ཆོས་དང་ཕན་ཚུན་སྤང་འགལ་ལ་བརྟེན་པའི་སྒོ་ནས་མི་མཐུན་པར་གནས་པའི་འགལ་ཟླ་དམིགས་པའི་སྣང་རུང་གི་ཚུལ་གསུམ་ཡིན་པ་གཉིས་ཀྱི་ཡིན་པ་ཡོད་པར་ཐལ། དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་དུ་སོང་ན་དགག་བྱའི་ཆོས་དང་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་དུ་སོང་ན་དགག་བྱའི་ཆོས་དང་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པར་ཐལ། དགག་བྱའི་ཆོས་དང་འགལ་བ་ཡིན་ན་དགག་བྱའི་ཆོས་དང་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། འགལ་བ་ཡིན་ན་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། འགལ་བ་ཡིན་ན་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། འགལ་བ་དང་ཕན་ཚུན་སྤང་འགལ་དོན་གཅིག་ཡིན་པ་སྔར་བཤད་ཟིན། ཞེས་གསུངས་པའི་ཕྱིར། འདོད་ན། ལྷན་ཅིག་མི་གནས་འགལ་ཡིན་ན་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པར་ཐལ། འདོད་ན། དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་དུ་སོང་ན་དགག་བྱའི་ཆོས་དང་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པར་ཐལ། ལྷན་ཅིག་མི་གནས་འགལ་ཡིན་ན་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་ཡང་དག་དང་དེ་སྒྲུབ་ཀྱི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་རྟགས་ཡང་དག་གཉིས་ཀའི་ཡིན་པ་ཡོད་པར་ཐལ། དགག་བྱའི་ཆོས་དང་ལྷན་ཅིག་མི་གནས་འགལ་དུ་སོང་ན་དགག་བྱའི་ཆོས་དང་ཕན་ཚུན་སྤང་འགལ་ཡིན་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་ཡང་དག་དང་དེ་སྒྲུབ་ཀྱི་ཕན་ཚུན་སྤང་འགལ་ལ་བརྟེན་པའི་རྟགས་ཡང་དག་གཉིས་ཀའི་ཡིན་པ་མེད་པར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ལས། གཞུང་ཚད་ཐུབ་གང་ན་ཡང་ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་གཏན་ཚིགས་དང༌། ཕན་ཚུན་སྤངས་འགལ་ལ་བརྟེན་པའི་འགལ་ཟླ་དམིགས་པའི་རྟགས་གཉིས་ཀྱི་ཡིན་པ་མ་གསུངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱདཔར་བྱའོ། །༈ མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་རྒྱུན་ཆགས་པ་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་ཆོས་ཅན། རང་བཞིན་འགལ་དམིགས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་ན་གྲང་རེག་མེད་པས་ཁྱབ་པར་ཐལ། འདོད་ན། འཛམ་བུ་གླིང་འདིར་ཆོས་ཅན། གྲང་རེག་མེད་པར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་ན་འགའ་ཞིག་འདིའི་རྟགས་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་འཇོག་པ་ལ་མེ་མི་འཇོག་པས་འཛམ་བུ་གླིང་འདིར་མེ་ཡོད་ཀྱང་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མིན་ཟེར་ན། འོ་ན་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་གྲང་རེག་རྒྱུན་ཆགས་སུ་གནས་པ་མེད་པར་སྒྲུབ་པ་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་ཆོས་ཅན། རང་བཞིན་འགལ་དམིགས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དགག་བྱའི་ཆོས་ཀྱི་རང་བཞིན་འགལ་བ་རྟགས་སུ་བཀོད་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། དེར་ཐལ། དེའི་རྟགས་ལ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་འཇོག་པ་གང་ཞིག དེ་གྲང་རེག་གི་རང་བཞིན་དང་འགལ་བ་ཡིན་པར་ཁས་ལེན་མི་ཐུབ་པའི་ཕྱིར། རྟགས་དང་པོ་གྲུབ་པ་ཁས་ལེན་མི་ཐུབ་སྟེ། དེ་སྒྲུབ་ཀྱི་རྟགས་ལ་མེ་འཇོག་དགོས་པའི་ཕྱིར། དེར་ཐལ། རང་བཞིན་འགལ་དམིགས་ཞེས་བརྗོད་པའི་རྒྱུ་མཚན་དེ་ཡང་གྲང་རེག་གི་རང་བཞིན་དེ་དང་འགལ་བ་མེ་ཡིན་ལ། མེ་དེ་དམིགས་པ་རྟགས་སུ་བཀོད་པའི་རྒྱུ་མཚན་གྱིས་དེ་ལྟར་བཞག་པ་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དེ་ལ་རང་བཞིན་འགལ་དམིགས་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། གྲང་རེག་གི་རང་བཞིན་དེ་དང་འགལ་བ་མེ་ཡིན་ལ། མེ་དེ་དམིགས་པ་རྟགས་སུ་བཀོདཔས་ན་དེ་ལྟར་བརྗོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །༈ ཡང་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། གྲང་རེག་མེད་པར་ཐལ། འདོད་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། གྲང་རེག་ཡོད་པར་ཐལ། གྲང་རེག་མཐོང་བའི་ཚད་མ་ཡོད་པའི་ཕྱིར། མ་གྲུབ་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། གྲང་རེག་མཐོང་བའི་ཚད་མ་ཡོད་པར་ཐལ། གྲང་བའི་སྡུག་བསྔལ་ཤུགས་ཆེན་པོ་མྱོང་བའི་གྲང་དམྱལ་བ་ཡོད་པའི་ཕྱིར། ཁྱབ་སྟེ། གྲང་དམྱལ་བའི་གང་ཟག་གིས་མེ་དེ་ཡང་གྲང་རེག་ཏུ་སྣང་བ་དང༌། ཡི་དྭགས་ཀྱིས་ཟླ་བའི་འོད་ཀྱང་ཚ་རེག་ཏུ་མཐོང་བ་སོགས་གང་ཞིག དེ་དག་གིས་མཐོང་བ་ལྟར་མཐོང་བྱེད་ཀྱི་བློ་ཚད་མར་འཇོག་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། འཕགས་པ་ཐོགས་མེད་ཀྱི་ཐེག་པ་ཆེན་པོ་བསྡུ་བ་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པ་འདོད་པ་ཡིན། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། རིགས་དྲུག་སོ་སོ་ལ་ལས་སྣང་གི་དབང་གིས་སྣང་བ་སྣ་ཚོགས་སུ་གྲུབ་པ་ལ་བརྟེན་ནས་ཕྱི་དོན་དུ་མ་གྲུབ་པ་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྣང་གཞིའི་དངོས་པོ་གཅིག་ལ་ཡང་སྣང་མཁན་གྱི་ཡིད་ཐ་དད་པའི་དབང་གིས་དངོས་པོ་མི་འདྲ་བ་སྣ་ཚོགས་པ་གསལ་སྣང་དུ་ཤར་བ་ཙམ་མ་ཡིན་པར་དེ་དང་དེའི་དོན་བྱེད་ནུས་པར་སྣང་བའི་ཕྱིར། ཕྱི་རོལ་གྱི་དོན་མ་གྲུབ་པར་འདོད་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། མེ་སྟོབས་ཆེན་པོས་ཁྱབ་པའི་གཞིར་གྲང་རེག་ཡོད་པར་ཐལ། གྲང་རེག་མཐོང་བའི་ཚད་མ་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་རིགས་དྲུག་གི་སྣང་གཞིའི་རླན་གཤེར་ཕོར་གང་ཆོས་ཅན། ཆུ་དང་རྣག་ཁྲག་བདུད་རྩི་སོགས་ཡིན་པར་ཐལ། ཁྱོད་ཆུ་དང་རྣག་ཁྲག་བདུད་རྩི་ཁང་བཟང་རྣམས་སྣང་བའི་ཚད་མ་རེ་རེ་ནས་ཡོད་པའི་ཕྱིར། དེར་ཐལ། མིའི་རྒྱུད་ལ་ཁྱོད་ཆུར་སྣང་བའི་ཚད་མ་དང༌། ཡི་དྭགས་ལ་རྣག་ཁྲག་དང་ལྷ་ལ་བདུད་རྩི་དང་ཉ་ལ་ཁང་བཟང་དུ་སྣང་བའི་ཚད་མ་རེ་རེ་ནས་ཡོད་པའི་ཕྱིར། དེར་ཐལ། ཐེག་བསྡུས་ལས། ཡི་དྭགས་དུད་འགྲོ་མི་རྣམས་དང༌། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །ཞེས་དང༌། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། སྣང་བ་སེམས་སུ་སྒྲུབ་པའི་རིགས་པ་འཕགས་པ་ཐོགས་མེད་ཀྱི་ཐེག་པ་ཆེན་པོ་བསྡུས་པར་གསུངས་པ་ནི། ཞེས་པའི་མཇུག་ཏུ་གསལ་ཞིང་རྒྱས་པར་གསུངས་པའི་ཕྱིར། འདོད་ན། ཆུ་དང་རྣག་ཁྲག་ཁང་བཟང་སོགས་ཀྱི་ཡིན་པ་ཡོད་པར་ཁས་བླངས་དགོས་པའི་ཐལ་བ་བཟློག་མེད་དུ་འབབ་པར་འགྱུར་ལ། ཡང་འགའ་ཞིག་རླན་གཤེར་ཕོར་གང་བདུད་རྩི་སོགས་མིན་ཡང་རླན་གཤེར་ཕོར་གང་གི་གོ་ས་ན་བདུད་རྩི་དང་ཆུ་ཕོར་བ་གང་སོགས་ཡོད་ཟེར་བའང་མི་འཐད་དེ། དེ་འདྲའི་གཟུགས་ཅན་དེ་དག་ཐོགས་བཅས་ཀྱི་གཟུགས་མ་ཡིན་པར་འགྱུར་བའི་ཕྱིར། དེར་ཐལ། རང་གི་གོ་སར་རང་འདྲའི་གཟུགས་ཅན་གཞན་འབྱུང་བ་ཡོད་པའི་ཕྱིར། ཁྱབ་སྟེ། དེ་ལ་དང་པོ་ནི། རང་གི་ཡུལ་དུ་གཞན་སྐྱེ་བའི་གེགས་བྱེད་པ་སྟེ། གཟུགས་ཅན་དག་གཅིག་གི་གོ་སར་གཅིག་རྡུགས་༼ནས་གཟུགས་ཅན་གཉིས་པ་མི་འབྱུང་༽པའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ལ་འདོད་བཏབ་ན། དེའང་མི་འཐད་པར་ཐལ། ཆུ་དང་བདུད་རྩི་སོགས་གཟུགས་ཅན་བཅུ་བོ་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། མཛོད་རྩ་བ་ལས། ཐོགས་དང་བཅས་པ་གཟུགས་ཅན་བཅུ། །ཞེས་གསུངས་པའི་ཕྱིར་ན་དཔྱད་དགོས་ལ་གུང་ཐང་བློ་གྲོས་ཀྱི་མཛོད་དུ། ཡི་དྭགས་སོགས་ལ་དེ་ལྟར་སྣང་བའི་ཚད་མ་ཡོད་ཀྱང་རྟོགས་པའི་ཚད་མ་མེད་ཅེས་ཞིབ་ཆ་སྣང་འདུག་མོད། དེའང་དཀའ་བར་སྣངབས་བློ་གྲོས་དང་ལྡན་པ་དག་གིས་ལུང་རིགས་བརྒྱ་ཕྲག་གིས་དཔྱད་པར་ཞུའོ། །༈ ཡང་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་ན་གྲང་རེག་རྒྱུན་ཆགས་སུ་གནས་པ་མེད་པས་ཁྱབ་པར་ཐལ། འདོད་ན། གྲང་རེག་སྟོབས་ཆེན་ལྡན་པའི་གཞིར་ཆོས་ཅན། གྲང་རེག་རྒྱུན་ཆགས་སུ་གནས་པ་མེད་པར་ཐལ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། མ་གྲུབ་ན། གྲང་རེག་སྟོབས་ཆེན་ལྡན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པར་ཐལ། གྲང་རེག་དང་གནོད་མེད་དུ་ལྷན་ཅིག་པར་གནས་པའི་ཟད་པར་གྱི་མེ་ཡོད་པའི་ཕྱིར། མ་གྲུབ་ན། གྲང་རེག་སྟོབས་ཆེན་ལྡན་པའི་གཞིར་ཆོས་ཅན། གྲང་རེག་དང་གནོད་མེད་དུ་ལྷན་ཅིག་པར་གནས་པའི་ཟད་པར་གྱི་མེ་ཡོད་པར་ཐལ། ཟད་པར་གྱི་མེ་དེས་གྲང་རེག་གི་གཞིར་ཁྱབ་པའི་ཕྱིར། མ་གྲུབ་ན། ཟད་པར་གྱི་མེ་དེས་གཟུགས་ཅན་གྱི་གཞན་གྱི་གོ་སར་མ་ཁྱབ་པར་ཐལ། འདོད་ན། ཟད་པར་གྱི་མེ་སྤྲུལ་པ་ལ་དགོས་པ་མེད་པར་འགྱུར་བས་དཔྱད། ༈ ཡང་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་ཕྱོགས་ཀྱི་གཞིར་ཆོས་ཅན། གྲང་རེག་རྒྱུན་ཆགས་སུ་གནས་པ་མེད་དེ། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་རང་བཞིན་འགལ་དམིགས་ཀྱི་རྟགས་སྦྱོར་ཡང་དག་ཡིན་པར་ཐལ། འདོད་ན། དེ་འདྲའི་སྦྱོར་བ་དེ་རང་བཞིན་འགལ་དམིགས་ཀྱི་རྟགས་སྦྱོར་ཡང་དག་མ་ཡིན་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་དེ་རང་བཞིན་འགལ་དམིགས་ཀྱི་རྟགས་མ་ཡིན་པའི་ཕྱིར། མ་གྲུབ་ན། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་དེ་རང་བཞིན་འགལ་དམིགས་ཀྱི་རྟགས་མ་ཡིན་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་དེ་ཁྱབ་བྱ་འགལ་དམིགས་ཀྱི་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་དེ་ཁྱབ་བྱ་འགལ་དམིགས་ཀྱི་རྟགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་དགག་བྱའི་ཆོས་ལ་གྲང་རེག་འཇོག་དགོས་པ་གང་ཞིག དེ་དང་འགལ་བ་ཚ་རེག་དང༌། ཚ་རེག་གི་ཁྱབ་བྱ་མེ་དེ་རྟགས་སུ་བཀོད་པ་ཡིན་པའིཕྱིར་ན་དཔྱད། ༈ རང་གྲུབ་ཙམ་ནས་འཇིག་ངེས་དེ་བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་སྒྲུབ་པའི་ངེས་པའི་ལྟོས་པ་འགོག་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། རང་གྲུབ་ཙམ་ནས་འཇིག་ངེས་དེ་བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་སྒྲུབ་པའི་ངེས་པའི་ལྟོས་པ་འགོག་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རང་གྲུབ་ཙམ་ནས་འཇིག་ངེས་ཀྱི་རྟགས་ཀྱིས་བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་ཕྱིར། མ་གྲུབ་ན། རང་གྲུབ་ཙམ་ནས་འཇིག་ངེས་ཀྱི་རྟགས་ཀྱིས་བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཐལ། བུམ་པ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པ་རྟོགས་ན་བུམ་པ་འཇིག་པ་ཕྱིས་འབྱུང་གི་རྒྱུ་དོན་གཞན་ལ་ལྟོས་པ་མེད་པར་རྟོགས་པས་ཁྱབ་པའི་ཕྱིར། དེར་ཐལ། འདུསབྱས་དེ་དང་དེ་རང་གྲུབ་ཙམ་ནས་འཇིག་ངེས་ཡིན་པར་རྟོགས་ཚུལ་ཡོད་པའི་ཕྱིར་ན་དཔྱད། ༈ གོས་དཀར་པོ་རང་གྲུབ་ཙམ་ནས་ཚོན་ཅན་དུ་མེད་པར་སྒྲུབ་པ་ལ་ཚོན་ཅན་དུ་འགྱུར་བ་ལ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་དེ་ལྟོས་པས་ངེས་པ་འགོག་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། གོས་དཀར་པོ་རང་གྲུབ་ཙམ་ནས་ཚོན་ཅན་དུ་མེད་པར་ཐལ། འདོད་ན། གོས་དཀར་པོ་དེ་དམར་པོར་བསྒྱུར་བ་ལ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་ནས་དམར་བོར་བསྒྱུར་དགོས་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། གོས་དཀར་པོ་དང་ཚོན་དམར་བོས་ཁ་བསྒྱུར་བའི་རས་དམར་བོ་གཉིས་དུས་མཉམ་དུ་གྲུབ་པ་ཡིན་པའི་ཕྱིར། མ་གྲུབ་ན། རས་དཀར་པོ་ཞིག་འཐག་ནས་ཕྱིས་སུ་ཚོན་དམར་པོས་ཁ་བསྒྱུར་བ་ན་ཐོག་མར་རས་འཐག་པ་པོས་རས་དམར་བོ་འཐག་པ་མ་ཡིན་པར་ཐལ། གང་ཟག་དེས་ཐོག་མར་རས་འཐག་པ་ན་རས་དམར་བོ་དེ་མ་གྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། རས་དམར་པོ་འཐག་མཁན་གྱི་གང་ཟག་མེད་པར་ཐལ། ཐོག་མར་རས་དེ་འཐག་པ་ན་རས་དམར་པོ་དེ་མ་འཐག་པ་གང་ཞིག ཕྱིས་ཚོན་གྱིས་ཁ་བསྒྱུར་བ་ན་ཡང་འཐག་པ་མ་ཡིན་ཕྱིར། ཕྱི་མ་མ་གྲུབ་ན། རས་དེ་ཚོན་གྱིས་ཁ་བསྒྱུར་ན་རས་དེ་འཐག་པས་ཁྱབ་པར་ཐལ། འདོད་མི་ནུས་པ་སླ། གོང་གི་རྟགས་དང་པོ་མ་གྲུབ་ན། དེ་འདྲའི་གང་ཟག་དེས་རས་དཀར་བོ་འཐག་པ་ན་རས་དཀར་པོ་དང་དམར་པོ་གཉིས་འཐག་པ་ཡིན་པར་ཐལ། འདོད་ན། གང་ཟག་དེས་རས་དཀར་པོ་འཐག་པ་ན་རས་དཀར་པོ་དང་ཚོན་དམར་བོས་ཁ་བསྒྱུར་བའི་རས་དམར་བོ་གཉིས་དུས་མཉམ་དུ་འཐག་པ་ཡིན་པར་ཐལ། འདོད་ན། རས་དཀར་པོ་འཐག་པ་ན་རས་དཀར་པོ་དང་ཚོན་དམར་བོས་ཁ་བསྒྱུར་བའི་རས་དམར་བོ་གཉིས་དུས་མཉམ་དུ་གྲུབ་པ་ཡིན་པར་ཐལ། འདོད་ན། ཁ་བསྒྱུར་དགོས་ཀྱི་རས་དམར་པོ་གྲུབ་ན་ཁ་བསྒྱུར་ཟིན་པའི་རས་དམར་པོ་གྲུབ་པས་ཁྱབ་པར་ཐལ། འདོད་ན། རས་དམར་པོ་གྲུབ་ཙམ་ནས་ཚོན་ཅན་དུ་ཡོད་པར་ཐལ། ཁ་བསྒྱུར་དགོས་ཀྱི་རས་དམར་པོ་གྲུབ་ན་ཁ་བསྒྱུར་ཟིན་པའི་རས་དམར་པོ་གྲུབ་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། གོས་དཀར་པོ་རང་གྲུབ་ཙམ་ནས་ཚོན་ཅན་དུ་མེད་པར་སྒྲུབ་པ་ལ་ཚོན་ཅན་དུ་འགྱུར་བ་ལ་ཕྱིས་འབྱུང་གི་རྒྱུ་ལ་ལྟོས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན་འདི་དང་མཚུངས་པ་ཕར་ཕྱིན་དང་མཛོད་ཀྱི་སྐབས་སུ་བྱུང་བ་བཞིན་མི་ཕལ་བ་བརྒྱའི་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་འཁོར་བསྒྱུར་གཅིག་འཕེན་བྱེད་དུ་བསྒྱུར་བ་ན་འཁོར་བསྒྱུར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ནམ་བསགས་པ་ཡིན་མིན་དང༌། བཞི་བའི་སོ་སྐྱེས་གནས་སུ་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་ཕྱིས་བསམ་གཏན་སྤེལ་སྒོམ་བྱས་ནས་འོག་མིན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་སུ་ཁ་བསྒྱུར་བ་ན་དེར་སྐྱེ་བ་འཕེན་བྱེད་ཀྱི་ལས་དེ་སོ་སྐྱེས་ཀྱིས་བསགས་པ་ཡིན་ནམ་འཕགས་པས་བསགས་པ་ཡིན། དང་པོ་ལྟར་ན་མི་འཐད་དེ། སོ་སྐྱེས་དེས་འོག་མིན་དུ་སྐྱེ་བ་འཕེན་བྱེད་ཀྱི་ལས་བསགས་མི་ནུས་པའི་ཕྱིར། དེར་ཐལ། ཕྱིས་བསམ་གཏན་སྤེལ་སྒོམ་བྱེད་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། གཉིས་པ་ལྟར་ནའང༌། བདེན་པ་མཐོང་ལ་འཕེན་པ་མེད། །ཅེས་གསུངས་པས་འཕགས་པའི་རྟེན་ལ་ལས་གསར་བསགས་མེད་པར་གསུངས་པས་མི་འཐད་པའི་ཕྱིར་ན་དཔྱད་རྒྱུ་མང་དུ་སྣང་མོད་རྟགས་རིགས་ཀྱི་སྐབས་འདིར་མཁོ་གལ་དུ་མ་མཐོངབས་མ་སྤྲོས་སོ། །

བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ་སོགས་བཤད་སྐབས་ཀྱི་དོགས་དཔྱོད།

བསྒྲུབ་བྱའི་ཆོས་ཀྱི་སྒོ་ནས་དབྱེ་བ་སོགས་བཤད་སྐབས་ཀྱི་དོགས་དཔྱོད།

ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བ་དེ་སྒྲུབ་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། སྒྲུབ་རྟགས་ཡང་དག་ཡིན་ན་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བས་ཁྱབ་པར་ཐལ། འདོད་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་བའི་མེ་ཡོད་པར་སྒྲུབ་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བ་ཡིན་པར་ཐལ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དུ་བ་ཆོས་ཅན། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། འབྲས་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བ་མེད་པར་ཐལ། དུ་བ་དེ་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་འབྲས་རྟགས་ཡང་དག་ཏུ་ཁས་ལེན་མི་ཐུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། འབྲས་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བ་ཡོད་པར་ཐལ། འབྲས་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་བ་ཡོད་པའི་ཕྱིར། མ་གྲུབ་ན། འབྲས་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་གི་བསྒྲུབ་བྱའི་ཆོས་ལ་མ་ཡིན་དགག་བཟུང་བ་ཡོད་པར་ཐལ། ཤཱཀྱ་བློའི་འགྲེལ་བཤད་ལས། གཉིས་ཁོ་ན་ཞེས་ངེས་པར་བཟུང་བར་བྱ་ཡི་དངོས་པོ་སྒྲུབ་པ་ཁོ་ན་ཞེས་བྱ་བ་ནི་མ་ཡིན་ཏེ། འདི་གཉིས་ཀྱི་དགག་པ་ཡང་སྒྲུབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་རྟགས་ཡང་དག་ལ་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བས་མ་ཁྱབ་པར་ཐལ། འབྲས་རང་གི་རྟགས་གཉིས་པོ་སྒྲུབ་རྟགས་ཡང་དག་ཏུ་འདོད་པ་གང་ཞིག འདི་གཉིས་ཀྱི་བསྒྲུབ་བྱ་དགག་པ་ཡང་སྒྲུབ་པར་ཁས་བླངས་པའི་ཕྱིར། རྟགས་དང་པོ་གྲུབ་ན། འབྲས་རང་གི་རྟགས་གཉིས་པོ་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། རང་འགྲེལ་གཉིས་ལས། དེ་ལ་གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་གཅིག་ནི་དགག་པའི་གཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་དགོས་པར་ཐལ། ཚུལ་གསུམ་གང་ཞིག་བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་བཟུང་བ་དེ་སྒྲུབ་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲུབ་རྟགས་དང་དགག་རྟགས་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། ཚུལ་གསུམ་གང་ཞིག བསྒྲུབ་བྱའི་ཆོས་ལ་སྒྲུབ་པ་ཡིན་པ་དང༌། གང་ཞིག་བསྒྲུབ་བྱའི་ཆོས་དགག་པ་ཡིན་པའོ། །ཞེས་གསུངས་པའི་ཕྱིར། གཞན་ཡང་སྒྲུབ་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ལ་དགག་པ་བཟུང་བ་ཡོད་མེད་དང༌། སྒྲུབ་རྟགས་ཡང་དག་གི་དངོས་ཀྱི་བསྒྲུབ་བྱའི་ཆོས་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་མིན་སོགས་གོང་དུ་བསྒྲུབ་བྱའི་ཆོས་བཤད་སྐབས་སུ་དོགས་པ་འགའ་ཞིག་བྲིས་ཡོད་པས་དེར་གཟིགས་པར་འཚལ། འདིར་བསྐྱརདུ་བྲིས་ན་ཟློས་པའི་སྐྱོན་དུ་འགྱུར་བ་ལས་དགོས་པ་ལྷག་པོ་མ་མཆིས་པས་མ་བྲིས་སོ། །༈ དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་མིན་དེ་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་གཏན་ཚིགས་ཡིན་མིན་གྱི་སྒོ་ནས་འཇོག་དགོས་པ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་མིན་དེ་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་མིན་གྱི་སྒོ་ནས་འཇོག་པ་ལས་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པ་ཡིན་མིན་གྱིས་འཇོག་མི་ཐུབ་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས་དེ་དངོས་སྟོབས་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས་དེ་དངོས་སྟོབས་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དངོས་སྟོབས་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་མིན་ཚུལ་གསུམ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པ་ཡིན་མིན་གྱིས་འཇོག་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཚུལ་གསུམ་དངོས་པོའི་སྟོབས་ཀྱིས་གྲུབ་པའི་གཏནཚིགས་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས་ཡིན་ན་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། འདོད་ན། མི་རྟག་པ་ཡིན་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ལ་སྒྲ་མི་རྟག་པ་འཇོག་པ་གང་ཞིག དེ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པ་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཡིན་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོ་སྟོབས་ཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས་དེ་དངོས་སྟོབས་ཀྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དངོས་སྟོབས་ཀྱི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་པོ་སྟོབསཞུགས་ཀྱི་གྲུབ་པའི་ཚུལ་གསུམ་ཡིན་པའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རིགས་པ་དེའི་བསྒྲུབ་བྱ་དེ་གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་པ་དང༌། དེ་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་ལ་ལུང་ལ་བརྟེན་ནས་ངེས་མི་དགོས་པར་རིགས་པ་ཙམ་གྱིས་རྟོགས་ནུས་པའི་ཆོས་དེ་དངོས་སྟོབས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱའི་དོན་ལ་འཇོག་དགོས་པ་ཡིན་པར་ཐལ། འདོད་ན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་རྟགས་དེའི་བསྒྲུབ་བྱ་དེ་ཆོས་ཅན། དངོས་སྟོབས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པར་ཐལ། རིགས་པ་དེའི་བསྒྲུབ་བྱ་དེ་གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་པ་དང༌། དེ་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་ལ་ལུང་ལ་བརྟེན་ནས་ངེས་མི་དགོས་པར་རིགས་པ་ཙམ་གྱིས་རྟོགས་ནུས་པའི་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་རྟགས་དེའི་བསྒྲུབ་བྱ་དེ་ཆོས་ཅན། རིགས་པ་དེའི་བསྒྲུབ་བྱ་དེ་གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་པ་དང༌། དེ་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་ལ་ལུང་ལ་བརྟེན་ནས་ངེས་མི་དགོས་པར་རིགས་པ་ཙམ་གྱིས་རྟོགས་ནུས་པའི་ཆོས་ཡིན་པར་ཐལ། རིགས་པ་ལ་བརྟེན་ནས་སྒྲུབ་པ་ལས་མངོན་སུམ་གྱིས་ངེས་མི་ནུས་ཤིང་ལུང་ལ་བརྟེན་ནས་ངེསམི་དགོས་པའི་ཆོས་ཡིན་པའི་ཕྱིར་ན་དཔྱད། ༈ དངོས་སྟོབས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་ན་གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་པ་དང༌། དེ་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་པས་ཁྱབ་པར་ཐལ། འདོད་ན། སྒྲ་བྱས་པ་ཆོས་ཅན། རིགས་པ་དེའི་བསྒྲུབ་བྱ་དེ་གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་པ་དང༌། དེ་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་པ་དེ་ཡིན་པར་ཐལ། དངོས་སྟོབས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ་སྒྲ་བྱས་པ་དེ་སོ་སྐྱེས་རྣམས་ཀྱིས་མངོན་སུམ་དུ་རྟོགས་ནུས་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའོ། །དེའི་ཚུལ་སྒྲུབ་པ་ལ་ཕྱོགས་ཆོས་སྒྲུབ་པ་དང༌། ཁྱབ་པ་སྒྲུབ་པའོ། །དང་པོ་ནི་འདིའི་ཕྱོགས་ཆོས་རྒོལ་བ་ཕལ་ཆེར་གྱིས་མངོན་སུམ་གྱིས་གྲུབ་ལ། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་བྱས་པ་ཆོས་ཅན། སོ་སྐྱེས་རྣམས་ཀྱིས་མངོན་སུམ་དུ་གྲུབ་མི་ནུས་པར་ཐལ། དངོས་སྟོབས་ཀྱི་རྟགས་ཡང་དག་གི་བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། རིགས་པ་དེའི་བསྒྲུབ་བྱ་དེ་གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་དགོས་ལ། དེ་ནི་སྐབས་དེར་མངོན་སུམ་གྱིས་ངེས་མི་ནུས་ལ་ལུང་ལ་བརྟེན་ནས་ངེས་མི་དགོས་པརརིགས་པ་ཙམ་གྱིས་རྟོགས་ནུས་པའི་ཆོས་དེའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ དངོས་སྟོབས་ཀྱི་རིགས་པ་ནི་རྟགས་དེ་ཡིན་ན་བསྒྲུབ་བྱ་དེ་ཡོད་དགོས་པས་ཁྱབ་པར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དངོས་སྟོབས་ཀྱི་རིགས་པ་ནི་རྟགས་དེ་ཡིན་ན་བསྒྲུབ་བྱ་དེ་ཡོད་དགོས་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཚད་མས་དམིགས་པ་ཆོས་ཅན། བུམ་པ་ཡོད་པར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཡིན་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་བུམ་པ་ཡོད་པ་ཡོད་པས་ཁྱབ་པ་མ་གྲུབ་པའི་ཕྱིར། མ་གྲུབ་ན། བུམ་པའི་དགག་གཞིར་ཆོས་ཅན། བུམ་པ་ཡོད་པ་ཡོད་པར་ཐལ། ཚད་མས་དམིགས་པ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ཚད་མས་དམིགས་པ་བུམ་པ་ཡོད་པར་སྒྲུབ་པར་བྱེད་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། ཚད་མས་དམིགས་པ་ཆོས་ཅན། བུམ་པ་ཡོད་པར་སྒྲུབ་པའི་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། བུམ་པ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་གང་ཞིག གྲགས་རྟགས་ཡང་དག་དང༌། ཡིད་ཆེས་ཀྱི་རྟགས་གང་ཡང་མ་ཡིན་པའི་ཕྱིར། དང་པོ་སླ། ཟུར་གཉིས་པ་གྲུབ་སྟེ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དེ་གྲགས་པ་ཙམ་མམ་འདོད་པ་ཙམ་གྱིས་བཞག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། གྲགས་རྟགས་ནི། དངོས་སྟོབས་ཀྱི་རྟགས་ལྟ་བུ་མ་ཡིན་པར་སྒྲུབ་གཞི་དེ་བསྒྲུབ་བྱའི་ཆོས་དེ་ཡིན་པར་བརྡ་འདོད་ཙམ་གྱིས་བཞག་པ་ཞིག་དགོས་སོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བུམ་པ་མི་རྟག་པ་བརྡ་འདོད་ཙམ་གྱིས་བཞག་པ་མ་ཡིན་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། གོང་གི་རྟགས་ཟུར་གསུམ་པ་གྲུབ་སྟེ། བུམ་པ་ཡོད་པ་ཤིན་ཏུ་ལྐོག་གྱུར་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། དེའི་བསྒྲུབ་བྱ་ཡང་ཤིན་ལྐོག་ཡིན་དགོས་ལ། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ རྟོག་ཡུལ་ན་ཡོད་པ་དེ་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། རྟོག་ཡུལ་ན་ཡོད་པ་ཡིན་ན་ཟླ་སྒྲས་བརྗོད་རུང་ཡིན་པས་ཁྱབ་པར་ཐལ། རྟོག་ཡུལ་ན་ཡོད་པ་དེ་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། རྟོག་ཡུལ་ན་ཡོད་པ་ཡིན་ན་བུམ་པ་ཞེས་བརྗོད་རུང་བ་ཡིན་པས་ཁྱབ་པར་ཐལ། རྟོག་ཡུལ་ན་ཡོད་པ་ཡིན་ན་ཟླ་སྒྲས་བརྗོད་རུང་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། རྟོག་ཡུལ་ན་ཡོད་པ་ཡིན་ན་རྐུན་མ་ཞེས་བརྗོད་རུང་བས་ཁྱབ་པར་ཐལ། རྟོག་ཡུལ་ན་ཡོད་པ་ཡིན་ན་ཟླ་བ་དང་བུམ་པ་ཞེས་བརྗོད་རུང་བ་ཡིན་པས་ཁྱབ་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། འདོད་ན། འདོད་ན། སངས་རྒྱས་ཆོས་ཅན། ཁྱོད་ལ་རྐུན་མ་ཞེས་བརྗོད་རུང་བར་ཐལ། ཁྱོད་རྟོག་ཡུལ་ན་ཡོད་པའི་ཕྱིར། འདོད་ན། སངས་རྒྱས་ཆོས་ཅན། ཁྱོད་ལ་རྐུན་མ་ཞེས་བརྗོད་མི་རུང་བར་ཐལ། ཁྱོད་ལ་རྐུན་མ་ཞེས་བརྗོད་ན་ཉེས་པ་འབྱུང་བའི་ཕྱིར། དེར་ཐལ། སངས་རྒྱས་ལརྐུན་མ་ཞེས་བརྗོད་ན་སྐུར་འདེབས་སུ་འགྱུར་བའི་ཕྱིར་ན་དཔྱད། ༈ ཡང་བྱས་པ་ཆོས་ཅན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཚུལ་གསུམ་གྲགས་པས་གྲུབ་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། ཚུལ་གསུམ་གྲགས་པས་གྲུབ་པའི་གཏན་ཚིགས་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཚུལ་གསུམ་གྲགས་པས་གྲུབ་པ་ཡིན་པར་ཐལ། ཁྱོད་རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་གྲགས་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། གྲགས་པ་ཙམ་གྱིས་གྲུབ་པ་ཡིན་པར་ཐལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། དེར་ཐལ། རི་བོང་ཅན་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན། འགའ་ཞིག རི་བོང་ཅན་བྱས་པ་ཡིན་པ་དང་བྱས་ན་ཟླ་སྒྲས་བརྗོད་རུང་ཡིན་པས་ཁྱབ་པ་གྲགས་པ་ཙམ་གྱིས་གྲུབ་པའི་དོན་ཡིན་ཞེ་ན། འོ་ན་རི་བོང་ཅན་བྱས་པ་ཡིན་པ་དེ་གྲགས་པ་ཙམ་གྱིས་གྲུབ་པ་ཡིན་པར་ཐལ། འདོད་ན། ཟླ་བ་བྱས་པ་ཡིན་པ་དེ་གྲགས་པ་ཙམ་གྱིས་གྲུབ་པ་ཡིན་པར་ཐལ། རི་བོང་ཅན་བྱས་པ་ཡིན་པ་དེ་གྲགས་པ་ཙམ་གྱིས་གྲུབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། སྒྲ་བྱས་པ་ཡང་གྲགས་པ་ཙམ་གྱིས་གྲུབ་པ་ཡིན་པར་ཐལ། སྔ་མའི་རྒྱུ་མཚན་དེའི་ཕྱིར། འདོད་ན། སྒྲ་བྱས་པ་ཡིན་པ་དང་སྒྲ་མི་རྟག་པ་ཡིན་པ་རྣམས་ནི་འཇིག་རྟེན་ན་གྲགས་པ་ཙམ་གྱིས་བཞག་པ་མ་ཡིན་པར་ཐལ། ཀུན་རྫོབ་གནས་ཐབས་ཀྱི་དབང་དུ་བྱས་ན་སྒྲའི་རང་བཞིན་མི་རྟག་པ་དང་བྱས་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། རང་བཞིན་ཡོད་ཙམ་དང༌། །འབྲེལ་བ་ཅན་གྱི་ངོ་བོཡང༌། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་འབྲས་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་འབྲས་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། སྒྲ་ཁྱོད་དུ་རྟོགས་ན་སྒྲ་མི་རྟག་པ་ཡིན་པར་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་རྟོགས་ན་སྒྲ་མི་རྟག་པར་རྟོགས་དགོས་པར་ཐལ། སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་རྟོགས་པ་ལ་སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ལྟར་དུ་གྲུབ་པ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་རྟོགས་པ་ལ་སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ལྟར་དུ་གྲུབ་པ་རྟོགས་དགོས་པར་ཐལ། སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་རྟོགས་ཚུལ་ཡོད་པའི་ཕྱིར་རམ། ཡང་ན་སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་རྟོགས་པ་ལ་སྒྲ་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ལྟར་དུ་གྲུབ་པ་རྟོགས་དགོས་པར་ཐལ། སྒྲ་མི་རྟག་པར་རྗོད་བྱེད་ཀྱི་སྒྲ་དེས་དོན་མཐུན་དུ་བརྗོད་མིན་དེ་སྒྲ་མི་རྟག་པར་བརྗོད་པའི་རྗོད་བྱེད་ཀྱི་སྒྲ་དེས་བརྗོད་པ་ལྟར་གྲུབ་མིན་གྱི་སྒོ་ནས་འཇོག་དགོས་པའི་ཕྱིར། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པའི་ཕྱིར། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པའི་ཕྱིར། ཞེས་པ་ལྟ་བུའོ། །ཞེས་གསུངསཔའི་ཕྱིར་ན་དཔྱད། ༈ ཡང་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་མེད་པའི་ཕྱིར། མ་གྲུབ་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་མེད་པར་ཐལ། ཁྱོད་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་མེད་པའི་ཕྱིར། མ་གྲུབ་ན། སྤྱིར་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཡིན་པའི་ཕྱིར། མ་གྲུབ་ན། སྤྱིར་ཆོས་ཅན། མི་རྟག་པར་རྗོད་བྱེད་ཀྱི་སྒྲ་དོན་མཐུན་གྱིས་བརྗོད་པ་མ་ཡིན་པར་ཐལ། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་དང་མི་རྟག་པར་རྗོད་བྱེད་ཀྱི་སྒྲ་དོན་མཐུན་གྱིས་བརྗོད་ན་མི་རྟག་པར་འཛིན་པའི་བློ་དོན་མཐུན་ཡོད་དགོས་པར་ཐལ། འདོད་ན། མི་རྟག་པར་བརྗོད་པའི་རྗོད་བྱེད་ཀྱི་སྒྲ་དོན་མཐུན་མེད་པར་ཐལ། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་མེད་པར་ཐལ། མི་རྟག་པར་བརྗོད་པའི་རྗོད་བྱེད་ཀྱི་སྒྲ་དོན་མཐུན་མེད་པའི་ཕྱིར། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་མེད་པའི་ཕྱིར། འདོད་མི་ནུས་ཏེ། གཏན་ཚིགས་དོན་བསྡུས་ལས། སྒྲ་ཆོས་ཅན། མི་རྟག་སྟེ། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པའི་ཕྱིར། ཞེས་པ་ལྟབུའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་ཤིན་ལྐོག་གམ་གཞལ་བྱའི་གནས་གསུམ་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པར་སྔ་རྒོལ་ཡང་དག་གིས་དོན་མཐུན་དུ་སྨྲས་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་བྱ་ཤིན་ལྐོག་གམ་གཞལ་བྱའི་གནས་གསུམ་པ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་དངོས་སྟོབས་རྗེས་དཔག་གི་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། རྗེས་དཔག་རང་གི་སྤྱོད་ཡུལ་ལ། །ལུང་ལ་ལྟོས་པ་མེད་པར་བཤད། །ཅེས་དང༌། དེ་ལྟར་ཡུལ་གཉིས་རྣམ་དག་ན། །དེ་ནི་བསྟན་བཅོས་ཡོངས་འཛིན་པར། །འདོད་པའི་དུས་ཡིན། ཞེས་དང༌། གནས་གསུམ་པ་ནི་འཕོ་བ་ན། །ལུང་འདྲེན་པ་ནི་མཁས་པའི་ལུགས། །ཞེས་གསུངསཔའི་ཕྱིར་ན་དཔྱད། ༈ དཔྱད་གསུམ་དག་པའི་ལུང་ཆོས་ཅན། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དཔྱད་གསུམ་དག་པའི་ལུང་ཆོས་ཅན། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཆོས་དོན་གསུམ་རྟོགས་པ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་དེ་རྟོགས་འགྲོ་བ་ཡིན་པའི་ཕྱིར། མ་གྲུབ་ན། དཔྱད་གསུམ་དག་པའི་ལུང་གི་རྟགས་ཀྱིས་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཆོས་དོན་གསུམ་རྟོགས་པ་ན་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་དགོས་པར་ཐལ། དཔྱད་གསུམ་དག་པའི་ལུང་གི་རྟགས་ཀྱིས་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཆོས་དོན་གསུམ་རྟོགས་པ་ན་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་རྟོགས་པ་ལ་རང་སྒྲས་སྙེག་གཞི་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དེ་ལ་གོ་ནས་དེའི་བསྟན་བྱ་ལ་མི་བསླུ་ཡིན་པ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། འོ་ན་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་དེས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་མ་རྟོགས་པར་ཐལ། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པ་མ་རྟོགས་པའི་ཕྱིར། དེར་ཐལ། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་མེད་པའི་ཕྱིར། མ་གྲུབ་ན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་མེད་པར་ཐལ། རང་གི་བསྟན་བྱ་མེད་པའི་ཕྱིར། དེར་ཐལ། རང་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་འདིར་རང་གི་བསྟན་བྱའི་དོན་མི་བསླུ་བ་རྟོགས་པ་ལ་རང་སྒྲས་སྙེག་གཞི་བཞག་ནས་དེའི་དོན་མི་བསླུ་བ་ཡིན་མིན་རྟོགས་མི་དགོས་པར་རང་གིབསྟན་བྱའི་དོན་ལ་མི་བསླུ་བ་རྟོགས་ཚུལ་ཞིག་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་དཔྱད་གསུམ་དག་པའི་ལུང་ཆོས་ཅན། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དཔྱད་གསུམ་དག་པའི་ལུང་ཆོས་ཅན། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་ཡིད་ཆེས་ཀྱི་རྟགས་ཡང་དག་མ་ཡིན་པར་ཐལ། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པ་རྟོགས་པ་ལ་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པ་རྟོགས་པ་ལ་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་རྟོགས་དགོས་པར་ཐལ། ལུང་དེ་དཔྱད་གསུམ་དག་པའི་ལུང་ཡིན་པར་རྟོགས་པ་ལ་ལུང་དེས་བསྟན་པ་ལྟར་གྲུབ་པ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། དེ་ལས་ལྷག་གི་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་རྟོགས་སྟངས་མེད་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། ལུང་དེ་དཔྱད་གསུམ་དག་པའི་ལུང་ཡིན་པར་རྟོགས་པ་ལ་ལུང་དེས་བསྟན་པ་ལྟར་གྲུབ་པ་རྟོགས་དགོས་པར་ཐལ། ལུང་དེས་གཞལ་བྱའི་གནས་གསུམ་གང་བསྟན་ན་དེ་ལ་ཚད་མ་གསུམ་གྱིས་གནོད་པ་མེད་པར་རྟོགས་དགོས་པའི་ཕྱིར། དེརཐལ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་ཚུལ་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་ལུང་ཡིན་ན་དཔྱད་གསུམ་དག་པའི་ལུང་ཡིན་པས་ཁྱབ་པར་ཐལ། འདོད་ན། ཤིན་ལྐོག་ཁོ་ན་སྟོན་པའི་ལུང་ཆོས་ཅན། དཔྱད་གསུམ་དག་པའི་ལུང་ཡིན་པར་ཐལ། འདོད་ན། ཤིན་ལྐོག་ཁོ་ན་སྟོན་པའི་ལུང་ཆོས་ཅན། མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ་ཡིན་པར་ཐལ། དཔྱད་གསུམ་དག་པའི་ལུང་ཡིན་པའི་ཕྱིར། ཁྱབ་སྟེ། དཔྱད་གསུམ་གྱིས་དག་ཚུལ་དེ། མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ་དང༌། མ་མཐོང་བ་ཅུང་ཟད་ལྐོག་གྱུར་སྟོན་པའི་ཆ་རྣམས་ལ་དངོས་སྟོབས་ཀྱིས་གནོད་པ་མེད་པ་དང༌། མ་མཐོང་བ་ཤིན་ཏུ་ལྐོག་གྱུར་སྟོན་པའི་ཆ་ལ་རང་ཚིག་འགལ་བ་སོགས་ཀྱིས་གནོད་པ་མེད་པ་སྟེ་གསུམ་པོ་འཇོག་དགོས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། མཐོང་དང་མ་མཐོང་དངོས་པོ་ཡི། །དོན་དེ་དག་ལ་མངོན་སུམ་དང༌། །རྗེས་སུ་དཔག་རྣམ་གཉིས་ཀྱིས་ཀྱང༌། །གནོད་མེད་འདི་ནི་མི་བསླུ་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཤིན་ལྐོག་ཁོ་ན་སྟོན་པའི་མདོ་ཆོས་ཅན། མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ་ཡིན་པར་ཐལ། དཔྱད་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། འདོད་ན། ཤིན་ལྐོག་ཁོ་ན་སྟོན་པའི་ལུང་ཆོས་ཅན། ཁྱོད་ཀྱི་བསྟན་བྱར་གྱུར་པའི་མཐོང་བ་མངོན་གྱུར་ཡོད་པར་ཐལ། ཁྱོད་མཐོང་བ་མངོན་གྱུར་སྟོན་པའི་ཆ་ལ་མངོན་སུམ་ཚད་མས་གནོད་པ་མེད་པ་ཡིན་པའི་ཕྱིར། འདོད་ན། ཤིན་ལྐོག་ཁོ་ན་སྟོན་པའི་ལུང་ཆོས་ཅན། ཁྱོད་ཀྱི་བསྟན་བྱར་གྱུར་པའི་མཐོང་བ་མངོན་གྱུར་མེད་པར་ཐལ། ཁྱོད་ཀྱི་བསྟན་བྱ་ལ་ཤིན་ལྐོག་ཁོ་ནས་ཁྱབ་པའི་ཕྱིར། དེར་ཐལ། ཁྱོད་ཤིན་ལྐོག་ཁོ་ན་སྟོན་པའི་ལུང་ཡིན་པའི་ཕྱིར། མ་གྲུབ་ན། འོ་ན་ཤིན་ལྐོག་ཁོ་ན་སྟོན་པའི་ལུང་མེད་པར་ཐལ། འདོད་མི་ནུས་ཏེ། སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱིས་བདེ། །ཞེས་པའི་ལུང་དང༌། གཞན་ལས་འབྲས་ཕྲ་ཞིངཕྲ་བ་རྣམས་སྟོན་པའི་ལུང་སོགས་རེ་རེ་ནས་ཤིན་ལྐོག་ཁོ་ན་སྟོན་པའི་ལུང་ཡིན་པའི་ཕྱིར་རོ། །༈ ཡང་དཔྱད་གསུམ་དག་པའི་ལུང་དེ། ལུང་དེ་དང་དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དཔྱད་གསུམ་གྱིས་དག་པའི་ལུང་ཆོས་ཅན། ཆོས་ཐམས་ཅད་སྟོན་པའི་མདོ་དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དཔྱད་གསུམ་གྱིས་དག་པའི་ལུང་ཆོས་ཅན། ཆོས་ཐམས་ཅད་སྟོན་པའི་མདོ་དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། གང་ཟག་དེས་ཆོས་ཐམས་ཅད་སྟོན་པའི་མདོ་དེ་དཔྱད་གསུམ་དག་པའི་ལུང་ཡིན་པར་རྟོགས་ན་ཆོས་ཐམས་ཅད་སྟོན་པའི་མདོ་དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། གང་ཟག་དེས་ཆོས་ཐམས་ཅད་སྟོན་པའི་མདོ་དེ་དཔྱད་གསུམ་དག་པའི་ལུང་ཡིན་པར་རྟོགས་ན་ཆོས་ཐམས་ཅད་སྟོན་པའི་མདོ་དེ་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་རྟོགས་དགོས་པར་ཐལ། གང་ཟག་དེས་ཆོས་ཐམས་ཅད་སྟོན་པའི་མདོ་དེ་དཔྱད་གསུམ་དག་པའི་ལུང་ཡིན་པར་རྟོགས་ན་ཆོས་ཐམས་ཅད་སྟོན་པའི་མདོ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། གང་ཟག་དེས་ཆོས་ཐམས་ཅད་སྟོན་པའི་མདོ་རྟོགས་པ་ལ་ཆོས་ཐམས་ཅད་སྟོན་པའི་མདོའི་བརྗོད་བྱ་རྟོགས་དགོས་པའི་ཕྱིར། དེར་ཐལ། ཆོས་ཐམས་ཅད་རྟོགས་པའི་བློ་རྟོགས་པ་ལ་བློ་དེའི་ཡུལ་རྣམས་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། ཆོས་ཐམས་ཅད་རྟོགས་པའི་བློ་རྟོགས་པ་ལ་བློ་དེའི་ཡུལ་རྣམས་རྟོགས་དགོས་པར་ཐལ། གང་ཟག་དེས་སྔོ་འཛིན་མིག་ཤེས་དང་སེར་འཛིན་མིག་ཤེས་གཉིས་རྟོགས་ཚུལ་སོ་སོ་ནས་ཡོད་པའི་ཕྱིར། ཡང་ན་སྔོ་འཛིན་མིག་ཤེས་རྟོགས་ན་སྔོན་པོ་རྟོགས་དགོས་པར་ཐལ། སྔོ་འཛིན་མིག་ཤེས་དང་སྔོན་པོ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། ཁྱབ་སྟེ། ཉ་ཊཱིཀ་ལས། ལྷན་ཅིག་པ་ནི་དུས་གཅིག་དམིགས་པ་ནི་རྟོགས་པ་ངེས་པ་ནི་ཁྱབ་པ་སྟེ། དུས་གཅིག་རྟོགས་པས་ཁྱབ་ཅེས་པ་སྟེ། གཅིག་རྟོགས་ན་གཅིག་རྟོགས། གཅིག་མ་རྟོགས་ན་གཅིག་ཤོས་ཡང་མི་རྟོགས་པས་ཁྱབ་པས་སོ། །ཞེས་གསུངས་པའི་ཕྱིར། དེ་བཞིན་དུ་སློབ་དཔོན་ཆོས་མཆོག་གི་འཐད་ལྡན་དུའང་གསུངས་སོ། །མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། ཆོས་ཐམས་ཅད་རྟོགས་པའི་བློ་རྟོགས་ན་བློ་དེའི་ཡུལ་དེ་རྟོགས་དགོས་པར་ཐལ། འདོད་ན། ཆོས་ཐམས་ཅད་སྟོན་པའི་མདོ་རྟོགས་པ་ལ་མདོ་དེའི་བརྗོད་བྱ་རྟོགས་དགོས་པར་ཐལ། ཆོས་ཐམས་ཅད་རྟོགས་པའི་བློ་རྟོགས་པ་ལ་བློ་དེའི་ཡུལ་རྣམས་རྟོགསདགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར་ན་དཔྱད། ༈ ཡང་ཉེས་ཟད་ཀྱི་ཚིག་ཁྱད་པར་གསུམ་ལྡན་གྱི་ཚིག་ཡིན་ན་རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པས་ཁྱབ་པར་ཐལ། འདོད་ན། གང་ཟག་གི་བདག་ཡོད་པར་བསྟན་པའི་མདོ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པར་ཐལ། ཉེས་ཟད་ཀྱི་ཚིག་ཁྱད་པར་གསུམ་ལྡན་གྱི་ཚིག་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་བཤད་རིན་ཕྲེང་ལས། ཤིན་ལྐོག་སྟོན་པའི་བཅོམ་ལྡན་འདས་ཀྱི་བཀའ་ཆོས་ཅན། རང་གི་དོན་ལ་སྐྱེས་བུ་མི་བསླུ་སྟེ། ཉེས་པ་མཐའ་དག་ཟད་པའི་ཚིག་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། གང་ཟག་གི་བདག་ཡོད་པར་བསྟན་པའི་མདོ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་ཡིན་པར་ཐལ། འདོད་ན། གང་ཟག་གི་བདག་ཡོད་པར་བསྟན་པའི་མདོ་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་བ་མ་ཡིན་པར་ཐལ། རང་གི་བསྟན་བྱ་གཞི་མ་གྲུབ་པའི་ཕྱིར། དེར་ཐལ། རང་གི་བསྟན་བྱའམ་བརྗོད་བྱ་ལ་གང་ཟག་གི་བདག་འཇོག་དགོས་པ་གང་ཞིག གང་ཟག་གི་བདག་གཞི་མ་གྲུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། འོ་ན་གང་ཟག་གི་བདག་ཡོད་པར་བསྟན་པའི་མདོ་མེད་པར་ཐལ། འདོད་མི་ནུས་ཏེ། མདོ་ལས། དགེ་སློང་དག་ལས་བྱེད་པ་པོའི་གང་ཟག་ཡང་ཡོད། ཁུར་འཁུར་བ་པོའི་གང་ཟག་ཡང་ཡོད་དེ། རྟག་པར་ཡང་ང་མི་སྨྲ་ལ། མི་རྟག་པར་ཡང་ང་མི་སྨྲའོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། གང་ཟག་གི་བདག་གཞི་མ་གྲུབ་པར་ཐལ། གང་ཟག་གི་བདག་ཡོད་པ་མ་ཡིན་པའི་ཕྱིར། དེར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གང་ཟག་གི་བདག་ཡོད་པ་མ་ཡིན་ཏེ། དེ་ཡོད་པ་ཚད་མ་གང་གིས་ཀྱང་མ་དམིགས་པའི་ཕྱིར། ཞེས་གསུངསཔའི་ཕྱིར་ན་དཔྱད། ༈ རང་ལུགས་ལ་ཡིད་ཆེས་ཀྱི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་ཡོད་པར་ཐལ། འདོད་ན། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་མ་དམིགས་པའི་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་གཉིས་ཡོད་པར་ཐལ། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་ཡོད་པའི་ཕྱིར། འདོད་ན། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་མ་དམིགས་པའི་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་གཉིས་མེད་པར་ཐལ། ཡིད་ཆེས་ཀྱི་རྟགས་ཡང་དག་ཐམས་ཅད་འབྲས་རྟགས་སུ་འདུ་བ་ཡིན་པའི་ཕྱིར། མ་གྲུབ་ན། ཡིད་ཆེས་ཀྱི་རྟགས་ཡང་དག་ཐམས་ཅད་འབྲས་རྟགས་སུ་འདུ་བ་ཡིན་པར་ཐལ། འགྲེལ་བཤད་རིན་ཆེན་འཕྲེང་བ་ལས། འབྲས་རྟགས་སུ་འདུས་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་མེད་པར་ཐལ། ཡིད་ཆེས་ཀྱི་རྟགས་ཡང་དག་འབྲས་རྟགས་སུ་འདུ་བ་ཡིན་པའི་ཕྱིར། འདོད་ན། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་མ་དམིགས་པའི་རྟགས་ཡང་དག་དང་རང་བཞིན་གྱི་རྟགས་ཡང་དག་གཉིས་དང་འབྲས་རྟགས་ཡང་དག་སྟེ་གསུམ་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། ཡིད་ཆེས་འབྲས་རྟགས་ནི་མཚོན་པ་སྟེ། འབྲས་རང་མ་དམིགས་པ་གསུམ་དུ་དབྱེར་རུང་ངོ༌། །ཞེས་དང༌། རྟགས་རིགས་མཐའ་དཔྱོད་ལས། ཡིད་ཆེས་ཀྱི་རྟགས་ཡང་དག་ལ་དབྱེ་ན། རང་ཡིན་གྱི་འབྲས་རང་མ་དམིགས་པའིརྟགས་ཡང་གསུམ་ཡོད་དེ། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་འགའ་ཞིག་ཡིད་ཆེས་རྟགས་ཡང་དག་ནི་ལུང་ལ་བརྟེན་ནས་བསྒྲུབ་བྱ་ཤིན་ལྐོག་དེ་བསྒྲུབ་པ་ལྟ་བུ་ཞིག་ཏུ་སྣང་མོད། གཞུང་ཕལ་མོ་ཆེར་གོང་ལྟར་དཔྱད་གསུམ་གྱིས་དག་པའི་ལུང་ལ་བརྟེན་ནས་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ་ཞེས་པའི་ལུང་རང་གི་བསྟན་བྱའི་དོན་ལ་མི་བསླུ་བར་སྒྲུབ་པར་གསུངས་པ་ཅི་ཞེ་ན། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་ཕར་ཕྱིན་ལས་འདི་ལྟར་གསུངས་ཏེ། རྣམ་རྟགས་མཚན་མ་དེ་དང་ལྡན་པའི་བྱང་སེམས་དེ་ཆོས་ཅན། གནས་སྐབས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན་ཏེ། དེར་ཡུམ་གྱི་མདོ་ལས་གསུངས་པའི་ཕྱིར། ཞེས་པའོ། །འདིའི་ཕྱོགས་ཆོས་ནི་མངོན་སུམ་གྱིས་འགྲུབ་ཅིང༌། ཁྱབ་འབྲེལ་ནི། དེ་ལྟར་སྟོན་པའི་ལུང་ཆོས་ཅན། རང་གི་བསྟན་བྱའི་དོན་ལ་མི་བསླུ་སྟེ། དཔྱད་པ་གསུམ་གྱིས་དག་པའི་ལུང་ཡིན་པའི་ཕྱིར། ཞེས་པའི་རྟགས་ལ་བརྟེན་ནས་ངེས་པར་བྱེད་དོ། །ཞེས་གསུངས་སོ། །ཡང་འགའ་ཞིག་སྦྱིན་པའི་ལོངས་སྤྱོད་ཁྲིམས་ཀྱི་བདེ། །ཞེས་པའི་བསྟན་དོན་ཤིན་ལྐོག་མ་ཡིན་པར་ཐལ། སྦྱིན་པ་ལས་ལོངས་སྤྱོད་འབྱུང་བ་མྱོང་བས་གྲུབ་པའི་ཕྱིར་ཞེ་ན། འདིར་སྦྱིན་པ་བྱིན་པ་ལ་བརྟེན་ནས་ལོངས་སྤྱོད་འབྱུང་བ་ཙམ་ལ་བྱེད་པ་མ་ཡིན་པར་མངོན་པ་ཀུན་ལས་བཏུས་པ་ལས། ལས་དགེ་བ་དང་མི་དགེ་བ་དེ་ཉིད་གནས་དང༌། དངོས་པོ་དང༌། རྒྱུ་དང༌། རྣམ་པར་སྨིན་པ་དང༌། རབ་ཏུ་དབྱེ་བས་ནི་བསམ་གྱིས་མི་ཁྱབ་སྟེ། ཞེས་གསུངས་པ་བཞིན་སྦྱིན་པ་ཁྱད་པར་བཞི་ལྡན་གྱི་ལ་བརྟེན་ནས་འབྲསབུ་དེ་དང་དེ་འབྱུང་བ་ཤིན་ལྐོག་ཡིན་ཞེས་པའི་དོན་དུ་བཤད་ན་རུང་ངམ་སྙམ་མོ། །༈ ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ། འདོད་ན། ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། གཞི་གྲུབ་ན་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་ཐ་སྙད་འབའ་ཞིག་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། གཞི་གྲུབ་ན་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་རང་ཉིད་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་ཡོད་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཞོག་བྱས་པ་ལ་སྒྲ་མི་རྟག་པར་སྒྲུབ་པ་ལ་སྐད་ཅིག་མ་ཆོས་ཅན་ཟེར་ན། སྒྲ་མི་རྟག་པར་སྒྲུབ་པ་ལ་སྐད་ཅིག་མ་ཆོས་ཅན། རང་ཉིད་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་ཡོད་པར་ཐལ། སྒྲ་ཆོས་ཅན། བདག་མེད་ཡིན་ཏེ། སྒྲ་མི་རྟག་པར་སྒྲུབ་པ་ལ་སྐད་ཅིག་མ་ཡིན་པའི་ཕྱིར་ཞེས་བཀོད་པ་ན་ཁྱོད་དེ་སྒྲུབ་ཀྱི་རྟགས་ཡང་དག་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚན་ཉིད་དང་མཚོན་བྱ་གཉིས་ཡིན་པའི་གཞི་མཐུན་པ་གྲུབ་པའི་ཕྱིར། དང་པོ་དེར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་མ་གྲུབ་ན། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚན་ཉིད་དང་མཚོན་བྱ་གཉིས་ཡིན་པའི་གཞི་མཐུན་པ་གྲུབ་པར་ཐལ། བདག་མེད་དང་བདག་ཏུ་ཚད་མས་མ་དམིགས་པ་གཉིས་རེ་རེ་ནས་དེ་ཡིན་པའི་ཕྱིར། འདོད་ན། གཞི་གྲུབ་ན་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པས་ཁྱབ་པར་ཐལ། འདོད་ན། ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། གཞི་གྲུབ་ན་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། ཐ་སྙད་འབའ་ཞིག་སྒྲུབ་པའི་རྟགས་ཡང་དག་གི་མཚན་ཉིད། དེ་སྒྲུབ་ཀྱི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱ་ཡང་ཡིན་མཚོན་བྱ་ཡིན་པའི་གཞི་མཐུན་པ་ཡོད་ལ་མཚན་ཉིད་ཡིན་པའི་གཞི་མཐུན་པ་མེད་པའིདེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ཡང་དག་གི་ངོར་ཁྱོད་དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཏུ་ཁས་ལེན་མི་རིགས་པའི་ཕྱིར། མ་གྲུབ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱི་ངོར་བྱས་པ་དེ་དེ་སྒྲུབ་ཀྱི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་སྐད་ཅིག་མ་རྟོགས་པའི་ཕྱིར། མ་གྲུབ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་སྐད་ཅིག་མ་རྟོགས་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གང་ཡང་རུང་བ་ཞིག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་སྐད་ཅིག་མ་རྟོགས་པའི་ཕྱིར། མ་གྲུབ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གང་ཡང་རུང་བ་ཞིག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་སྐད་ཅིག་མ་རྟོགས་པར་ཐལ། སྒྲ་སྐད་ཅིག་མ་ངེས་ཟིན་མ་བརྗེད་ལ་སྒྲ་མི་རྟག་པ་མ་རྟོགས་པའི་རྒོལ་བ་ལ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཏུ་སོང་བས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཡིན་པ་གང་ཞིག དེས་སྒྲ་སྐད་ཅིག་མ་རྟོགས་པའི་ཕྱིར། འདོད་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྒྲུབ་ཀྱི་བསྒྲུབ་བྱ་སྒྲ་སྐད་ཅིག་མ་རྟོགས་པར་ཐལ། འདོད་ན། བྱས་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་དོན་སྒྲུབ་ཀྱི་རྟགས་ཡང་དག་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་དོན་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་ཟིན་པའི་ཕྱིར། ཁྱབ་སྟེ། སྒྲ་མི་རྟག་པ་རྟོགས་ཟིན་ན་བྱས་པ་དེ་སྒྲ་མི་རྟག་པ་རྟོགས་ཟིན་པའི་རྒོལ་བ་ལ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཏུ་མི་འགྱུར་བས་ཁྱབ་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དངོས་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་བྱར་གྱུར་པའི་མཚན་མཚོན་གཉིས་ཡོད་པའི་ཕྱིར། དེར་ཐལ། བྱས་པ་དེ་དོན་དང་ཐ་སྙད་གཉིས་ཀ་སྒྲུབ་པརབྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས་དེ་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་ཡིན་ན་དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས་ཡིན་པར་ཐལ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་ན་ཁྱོད་ཡིན་པས་ཁྱབ་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་འགོད་ཚུལ་ཡིན་འགོད་གང་ཞིག དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས་པའི་ཕྱིར། འདོད་མི་ནུས་ཏེ། རྟག་པ་དང་ནམ་མཁའ་སོགས་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཡིན་པ་གང་ཞིག རྟག་པ་དང་ནམ་མཁའ་སོགས་ཁྱོད་མ་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས་མ་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས་ཡིན་པར་ཐལ། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་ཚུལ་གསུམ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། དང་པོའི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་མཐའ་དག་ལ་འཇུག་པའི་ཚུལ་གསུམ་པའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། བྱས་པ་ཆོས་ཅན། མཐུན་ཕྱོགས་ལ་ཁྱབ་བྱེད་དུ་འཇུག་པའི་རྟགས་ཡང་དག་ཡིན་པར་ཐལ། རང་ཉིད་མཐུན་ཕྱོགས་ལ་ཁྱབབྱེད་དུ་འཇུག་པའི་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་ཡོད་པའི་ཕྱིར་ན་དཔྱད། ༈ རྩོལ་བྱུང་དེ་དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཆ་གཉིས་སུ་འཇུག་པའི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་མི་རྟག་པ་ལ་རྩོལ་བྱུང་ཡིན་མིན་གྱི་ཆ་གཉིས་གྲུབ་པར་ཐལ། འདོད་ན། མི་རྟག་པ་ཡིན་ན་རྩོལ་བྱུང་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཞོག་བྱས་པ་ལ་ཆུ་སྒྲ་ཆོས་ན་ཟེར་ན། ཆུ་སྒྲ་ཆོས་ཅན། རྩོལ་བྱུང་ཡིན་པར་ཐལ། སྐྱེས་བུའི་རྩོལ་བ་ལས་བྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན། ཆུ་སྒྲ་ཆོས་ཅན། སྐྱེས་བུའི་རྩོལ་བ་ལས་བྱུང་བ་ཡིན་པར་ཐལ། སྐྱེས་བུས་ལས་བསགས་པ་ལས་བྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན། ཆུ་སྒྲ་སྐྱེས་བུས་ལས་བསགས་པ་ལས་བྱུང་བ་ཡིན་པར་ཐལ། ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་སྐྱེས་བུས་ལས་བསགས་པ་ལས་བྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། མཛོད་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ཡིན་ན་རྩོལ་བྱུང་ཡིན་པས་ཁྱབ་པར་ཐལ། འདོད་ན། རྩོལ་བྱུང་དེ་དུང་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་རྣམ་གཉིས་སུ་འཇུག་པའི་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་མི་ནུས་ཏེ། རྟགས་རིགས་མཐའ་དཔྱོད་ལས། གཉིས་པའི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་འགའ་ཞིག་ལ་མི་འཇུག་པའི་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་གཏན་ཚིགས། དཔེར་ན། དུང་སྒྲ་མི་རྟག་པར་སྒྲུབ་པ་ལརྩོལ་བྱུང་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དང༌། ལྟོས་ནས་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དེ་རིམ་བཞིན་རང་དོན་དང་གཞན་དོན་གྱི་རྟགས་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་ཡིན་པར་ཐལ། རང་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དེ་མ་ཡིན་པར་ཐལ། གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་པར་ཐལ། རང་ཉིད་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་ཡོད་པའི་ཕྱིར། མ་ཁྱབ་ན། འོ་ན་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཅིག་མེད་པར་ཐལ། རང་ཉིད་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་ཡོད་ན་རང་ཉིད་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་པར་འཇོག་མི་ཐུབ་པ་གང་ཞིག དེ་ལས་གཞན་གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་པ་ཞིག་འཇོག་མི་ཐུབ་པའི་ཕྱིར། གོང་དུ་འདོད་ན། བྱས་པ་ཆོས་ཅན། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དེ་མ་ཡིན་པར་ཐལ། གཞན་དོན་སྐབས་ཀྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། རང་དོན་དང་གཞན་དོན་གྱི་རྟགས་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དང༌། ལྟོས་ནས་ཚུལ་གསུམ་པའི་རྟགས་སུ་གྲུབ་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དེ་མ་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའི་རྟགས་སུ་གྲུབ་པ་དེ་མ་ཡིན་པ་མི་འཐད་པར་ཐལ། སྔ་རྒོལ་གྱིས་ཕྱི་རྒོལ་ལ་བསྒྲུབ་བྱ་རྟོགས་པའི་ཐབས་སུ་བསྟན་པ་ལ་མ་ལྟོས་པར་ཚུལ་གསུམ་པའིརྟགས་སུ་གྲུབ་པ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་འགོད་པ་པོ་སྔ་རྒོལ་ལ་མ་ལྟོས་པར་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་ཡོད་པར་ཐལ། རང་དོན་སྐབས་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར། འདོད་ན། འགོད་པ་པོ་སྔ་རྒོལ་ལ་མ་ལྟོས་པར་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་མེད་པར་ཐལ། སྔ་རྒོལ་གྱིས་ཕྱོགས་ཆོས་མ་རྟོགས་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པས་ཁྱབ་པའི་ཕྱིར། དེར་ཐལ། ཚད་མ་མདོའི་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱི་རྒོལ་བ་དག་ལ་ངེས་པར་བཟུང་ངོ། །ཞེས་གསུངས་པའི་ཕྱིར་ན་སྐབསཐོབ་ཀྱི་གོ་བ་འདྲ་མིན་སོགས་ལ་དཔྱད།

རྟགས་ཡང་དག་གི་གྲངས་ངེས་བཤད་སྐབས་ཀྱི་དོགས་དཔྱོད།

རྟགས་ཡང་དག་གི་གྲངས་ངེས་བཤད་སྐབས་ཀྱི་དོགས་དཔྱོད།

རྟགས་ཡང་དག་ལ་འབྲས་རང་མ་དམིགས་པ་གསུམ་དུ་གྲངས་ངེས་པ་སྒྲུབ་བྱེད་ལ་འབྲེལ་བ་ལ་གཉིས་སུ་ངེས་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། མ་དམིགས་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་ལ་འབྲས་རང་མ་དམིགས་པ་གསུམ་དུ་གྲངས་ངེས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་ལ་གཉིས་སུ་ངེས་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དེ་ནི་རྣམ་གསུམ་ཉིད། །མེད་ན་མི་འབྱུང་ངེས་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། མ་དམིགས་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་ལ་གཉིས་སུ་ངེས་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་ཀྱི་འབྲེལ་བ་ལ་བདག་གཅིག་པའི་འབྲེལ་བ་ཡོད་པ་གང་ཞིག དེ་བྱུང་འབྲེལ་གྱི་འབྲེལ་བ་སྟེ་གཉིས་ཡོད་པའི་ཕྱིར། དང་པོ་གྲུབ་སྟེ། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་སྒྲ་བདག་མེད་དུ་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་བ་དེ་དེ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་རྟག་དངོས་གཉིས་ཀྱིས་སྟོང་པའི་མེ་ཡོད་པར་སྒྲུབ་པའི་རྟགས་ཆོས་ཀྱི་འབྲེལ་བ་དེ་དེ་ཡིན་པའི་ཕྱིར། འདོད་ན། མ་དམིགས་པའི་རྟགས་ཡང་དག་ཆོས་ཅན། ཁྱོད་ལ་འབྲས་རྟགས་དང་རང་བཞིན་གྱི་རྟགས་གཉིས་མེད་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་ཁྱོད་དང་སྦྱོར་བ་དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་རྣམས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། སྦྱོར་བ་དེ་སྒྲུབ་ཀྱི་ཁྱོད་དང་སྦྱོར་བ་དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་རྣམས་འགལ་བ་ཡིན་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་མ་དམིགས་པའི་རྟགས་ཡང་དག་ལ་དགག་རྟགས་དགོས་པ་དང༌། སྦྱོར་བ་དེ་སྒྲུབ་ཀྱི་འབྲས་རང་གི་རྟགས་ལ་སྒྲུབ་རྟགས་ཡང་དག་གིས་ཁྱབ་པའི་ཕྱིར། དེར་ཐལ། རྣམ་འགྲེལ་རང་འགྲེལ་ལས། གཉིས་ནི་དངོས་པོ་སྒྲུབ་པ་ཡིན་ལ་གཅིག་ནི་དགག་པའིགཏན་ཚིགས་སོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་དེ་དེ་འདྲའི་ཤར་ཕྱོགས་ཀྱི་ཞིང་རང་འབྲས་ནས་མྱུག་སྐྱེ་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པར་ཐལ། འདོད་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པས་ཁྱབ་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་དེ་དེ་འདྲའི་ཤར་ཕྱོགས་ཀྱི་ཞིང་རང་འབྲས་ནས་མྱུག་སྐྱེ་རུང་དུ་སྒྲུབ་པའི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། སྐད་ཅིག་དང་པོ་ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡང་ཡིན། སྐད་ཅིག་གཉིས་པར་བྱ་རོག་གིས་འདོར་ངེས་ཡིན་པའི་ཞིང་དེ་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྐད་ཅིག་དང་པོ་ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡང་ཡིན། སྐད་ཅིག་གཉིས་པར་བྱ་རོག་གིས་འདོར་ངེས་ཡིན་པའི་ཞིང་དེ་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་མ་ཡིན་པར་ཐལ། རང་གི་འབྲས་བུར་གྱུར་པའི་ནས་མྱུག་ཅིག་གཞི་མ་གྲུབ་པའི་ཕྱིར། མ་ཁྱབ་ན། སྲན་མའི་ས་བོན་ལས་རང་འབྲས་ནས་མྱུག་སྐྱེ་རུང་བར་ཐལ། ཅིའི་ཕྱིར་ཟེར་ན། དེ་ལས་རང་འབྲས་ནས་ཀྱི་མྱུ་གུ་སྐྱེ་མི་རུང་བའི་རྒྱུ་མཚན་དེ་དེའི་འབྲས་བུར་གྱུར་པའི་ནས་མྱུག་གཞི་མ་གྲུབ་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། སྐད་ཅིག་དང་པོ་ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡང་ཡིན། སྐད་ཅིག་གཉིས་པར་བྱ་རོག་གིས་འདོར་ངེས་ཡིན་པའི་ཞིང་དེ་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་མི་རུང་བར་ཐལ། ཁྱོད་ཀྱི་འབྲས་བུར་གྱུར་པའི་ནས་མྱུག་གཞི་མ་གྲུབ་པའི་ཕྱིར། འདོད་ན། སྐད་ཅིག་དང་པོ་ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡང་ཡིན། སྐད་ཅིག་གཉིས་པར་བྱ་རོག་གིས་འདོར་ངེས་ཡིན་པའི་ཞིང་དེ་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པའི་ཞིང་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར། །རྗེས་སུ་དཔོག་པ་གང་ཡིན་པ། །དོན་གཞན་ལ་ནི་མི་ལྟོས་ཕྱིར། །དེ་ནི་རང་བཞིན་ཡིན་པར་བརྗོད། །ཅེས་དང༌། རྟགས་རིགས་མཐའ་དཔྱོད་ལས། དང་པོ་གྲུབ་སྟེ། དེ་དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པའི་ཞིང་དེ་དེ་འདྲའི་ཤར་ཕྱོགས་ཀྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། འདོད་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་མ་ཁྱབ་པར་ཐལ། འདོད་ན། ཞོག་བྱས་པ་ལ། སྐད་ཅིག་གཉིས་པར་ཆུ་ལོག་གིས་འདེད་ངེས་ཀྱི་དེ་འདྲའི་ཞིང་ཆོས་ཅན་ཟེར་ན། སྐད་ཅིག་གཉིས་པར་ཆུ་ལོག་གིས་འདེད་ངེས་ཀྱི་དེ་འདྲའི་ཞིང་དེའི་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པར་ཐལ། སྐད་ཅིག་གཉིས་པར་ཆུ་ལོག་གིས་འདེད་ངེས་ཀྱི་དེ་འདྲའི་ཞིང་ཡང་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། ཁྱབ་སྟེ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་དེ་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དེ་འདྲའི་ཞིང་གང་ཡང་རུང་བ་ཞིག་གི་ནང་དུ་སླར་ཡང་སོ་ནམ་གྱི་ལས་ཀ་བྱས་ཏེ་ནས་མྱུག་སྐྱེ་བ་སྲིད་པའི་ཕྱིར། འདོད་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་པར་ཐལ། དེ་ལ་མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། ཐེ་ཚོམ་ཟ་ཟེར་ན། འོ་ན་ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་ཡིན་ན་རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པས་ཁྱབ་མ་ཁྱབ་ཐེ་ཚོམ་ཡིན་པར་ཐལ། འདོད་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་དེ་དེ་འདྲའི་ཤར་གྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་ལ་ཐེ་ཚོམ་ཡིན་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པ་གང་ཞིག ཁྱབ་པ་གྲུབ་མ་གྲུབ་ལ་ཐེ་ཚོམ་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཞིང་དེ་དེ་འདྲའི་ཤར་གྱི་ཞིང་དེར་རང་འབྲས་ནས་མྱུག་སྐྱེ་ངེས་སུ་སྒྲུབ་པའི་ཁྱབ་པ་མ་ངེས་པ་ཁས་ལེན་ཐུབ་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དང་སྲིད་ཕྱིར་རོ། །ཞེསགསུངས་པའི་ཕྱིར་ན་དཔྱད། ༈ རང་འབྲས་ནས་མྱུག་སྐྱེ་སྲིད་ན་རང་འབྲས་ནས་མྱུག་སྐྱེ་རུང་བས་ཁྱབ་པར་ཐལ། འདོད་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པར་ཐལ། རང་འབྲས་ནས་མྱུག་སྐྱེ་སྲིད་པའི་ཕྱིར། མ་གྲུབ་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་སྲིད་པར་ཐལ། རྐྱེན་ཆུ་ལུད་སོགས་དང་འཕྲད་ན་སྐྱེ་སྲིད་པའི་ཕྱིར། འདོད་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་མ་ཡིན་པར་ཐལ། རང་འབྲས་ནས་མྱུག་གི་རྒྱུ་ཚོགས་མ་ཚང་བའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་ན་རང་འབྲས་ནས་མྱུག་གི་རྒྱུ་ཚོགས་ཚང་དགོས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། རུང་བ་ཉིད་ཀྱང་རྒྱུ་ཚོགས་པ་དག་ཁོ་ནས་རྗེས་སུ་དཔོག་པར་བྱེད་དེ། མ་ཚོགས་པ་ལ་ཤིན་ཏུ་ནུས་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་མ་ཡིན་པར་ཐལ། འདོད་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པར་ཐལ། རང་འབྲས་ནས་མྱུག་སྐྱེ་སྲིད་པའི་ཕྱིར། ཁྱབ་སྟེ། འདིར་ནས་མྱུག་སྐྱེ་རུང་བའི་དོན་དེ་སྐྱེ་སྲིད་པ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། རང་འགྲེལ་ལས། འདིར་རུང་བ་ནི་སྲིད་པའི་དོན་ཡིན་གྱིཁྱབ་པའི་དོན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་རང་འབྲས་ནས་མྱུག་སྐྱེ་རུང་ཡིན་ན་རང་འབྲས་ནས་མྱུག་གི་རྒྱུ་ཚོགས་ཚང་བས་ཁྱབ་པར་ཐལ། འདོད་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་གི་རྒྱུ་ཚོགས་ཚང་བར་ཐལ། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པའི་ཕྱིར། མ་གྲུབ་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་པར་ཐལ། རང་འབྲས་ནས་མྱུག་གི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། སྐམ་སར་གནས་པའི་ནས་ཀྱི་ས་བོན་ཆོས་ཅན། རང་འབྲས་ནས་མྱུག་གི་རྒྱུ་ཡིན་པར་ཐལ། རང་འབྲས་ནས་མྱུག་གི་ས་བོན་ཡིན་པའི་ཕྱིར། ཁྱབ་སྟེ། རང་འབྲས་ནས་མྱུག་གི་ས་བོན་ཡིན་པ་ལ་རང་འབྲས་ནས་མྱུག་འབྱུང་རུང་གི་རྒྱུ་ཡིན་དགོས་པའིཕྱིར། དེར་ཐལ། དངོས་པོ་དེ་དང་དེའི་ས་བོན་ཡིན་པའི་ཚད་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་རང་འབྲས་ནས་མྱུག་སྐྱེ་རུང་ཡིན་ན་རང་འབྲས་ནས་མྱུག་གི་རྒྱུ་ཚོགས་ཚང་བས་ཁྱབ་པར་ཐལ། འདོད་ན། གང་ཟག་དེ་འཚང་རྒྱ་རུང་ཡིན་པ་ལ་འཚང་རྒྱ་བའི་རྒྱུ་ཚོགས་ཚང་དགོས་པར་ཐལ། རང་འབྲས་ནས་མྱུག་སྐྱེ་རུང་ཡིན་ན་རང་འབྲས་ནས་མྱུག་གི་རྒྱུ་ཚོགས་ཚང་བས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དགེ་རྩ་ཆད་པའི་གང་ཟག་ཆོས་ཅན། འཚང་རྒྱ་བའི་རྒྱུ་ཚོགས་ཚང་བར་ཐལ། འཚང་རྒྱ་རུང་ཡིན་པའི་ཕྱིར། མ་གྲུབ་ན། དགེ་རྩ་ཆད་པའི་གང་ཟག་ཆོས་ཅན། འཚང་རྒྱ་རུང་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སངས་རྒྱས་པའི་རིགས་ཡོད་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་གྲུབ་སྟེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང༌། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང༌། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་དང༌། སངས་རྒྱས་ཡེ་ཤེས་སེམས་ཅན་ཚོགས་ཞུགས་ཕྱིར། །ཞེས་གསུངས་པའི་ཕྱིར། འདོད་ན། དགེ་རྩ་ཆད་པའི་གང་ཟག་ཆོས་ཅན། འཚང་རྒྱ་རུང་ཡིན་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སངས་རྒྱས་པའི་རིགས་ཡོད་པའི་ཕྱིར། འདོད་ན། དགེ་རྩ་ཆད་པའི་གང་ཟག་ཆོས་ཅན། འཚང་རྒྱ་རུང་མ་ཡིན་པར་ཐལ། འཚང་རྒྱ་བའི་རྒྱུ་ཚོགས་མ་ཚང་བའི་ཕྱིར། ཁྱབ་སྟེ། རང་འགྲེལ་ལས། མ་ཚོགས་པ་ནི་ཤིན་ཏུ་ནུས་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་རང་རེའི་ཕར་ཕྱིན་མཐའ་དཔྱོད་ལས། མྱུ་གུ་སྐྱེ་རུང་ཞེས་པ་དང་འཚང་རྒྱ་རུང་ཞེས་པ་གཉིས་ཅུང་མི་འདྲ་བར་སྣང་ངོ༌། །ཞེས་གསུངས་པ་ལྟར་མྱུ་གུ་སྐྱེ་རུང་ལ་རྒྱུ་ཚོགས་ཚང་བས་ཁྱབ་ཀྱང་འཚང་རྒྱ་རུང་ལ་རྒྱུ་ཚོགས་ཚང་མི་དགོས་ཞེས་བཤད་ན་རུང་ངམ་སྙམ་ལ། ཚད་ཊཱིཀ་ཐར་གསལ་དུ་ཡང་དེ་ལྟབུ་ཞིག་གསུངས་སོ། །༈ ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཤར་གྱི་ཞིང་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་ངེས་ཡིན་པར་ཐལ། འདོད་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཤར་གྱི་ཞིང་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་ངེས་མ་ཡིན་པར་ཐལ། འགྱུར་བ་དང་འབྲེལ་བ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྣམ་འགྲེལ་ལས། ཚོགས་པའི་འབྲས་བུ་ནུས་པ་རྣམས། །འགྱུར་བ་དང་འབྲེལ་འབྲས་བུ་ལ། །མ་ངེས་པ་ནི་ཉིད་ཡིན་ཏེ། །གེགས་བྱེད་པ་དག་སྲིད་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཤར་གྱི་ཞིང་ཆོས་ཅན། འགྱུར་བ་དང་འབྲེལ་བར་ཐལ། རང་འབྲས་ནས་མྱུག་སྐྱེ་བ་ལ་འགྱུར་བ་དང་འབྲེལ་བ་ཡིན་པའི་ཕྱིར། མ་གྲུབ་ན། ནས་ས་ཆུ་ལུད་དྲོད་གཤེར་རྣམས་དུས་དང་འཚམ་པར་ཚོགས་པ་ཚང་བའི་ཤར་གྱི་ཞིང་ཆོས་ཅན། རང་འབྲས་ནས་མྱུག་སྐྱེ་བ་ལ་འགྱུར་བ་དང་འབྲེལ་བ་ཡིན་པར་ཐལ། རང་འབྲས་ནས་མྱུག་སྐྱེ་བ་ལ་དཔྱིད་དུས་སུ་ས་བོན་བཏབ་སྟེ། སྟོན་དུས་སུ་ལོ་ཐོག་སྨིན་པ་སོགས་འགྱུར་བ་དང་འབྲེལ་བ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་དོན་ཡོད་པའི་ཕྱིར་ན་དཔྱད། ༈ རང་ལུགས་ལ་བུ་རོ་ད་ལྟ་བ་དེ་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་དང་རྟགས་ལྟར་སྣང་ལས་གང་ཡིན་མིན་སོགསགོང་འབྲས་རྟགས་སྐབས་སུ་དཔྱད་ཟིན་པས་དཔྱད། ༈ བུར་རོ་ད་ལྟ་བ་ཆོས་ཅན། ཁྱོད་ཀྱི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་རྟོགས་པའི་རྗེས་དཔག་སྐྱེས་པ་ཡོད་པར་ཐལ། འདོད་ན། བུར་རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པའི་རྗེས་དཔག་གཅིག་དང་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་གཅིག་དང་རྗེས་དཔག་མི་འདྲ་བ་གཉིས་སྐྱེ་བ་ཡིན་པར་ཐལ། འདོད་ན། བུར་རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པའི་རྗེས་དཔག་གཅིག་དང་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་གཅིག་དང་རྗེས་དཔག་མི་འདྲ་བ་གཉིས་སྐྱེ་བ་མ་ཡིན་པར་ཐལ། དེ་འདྲའི་རྗེས་དཔག་གཉིས་ཅིག་ཅར་དུ་སྐྱེ་བ་མ་ཡིན་པ་གང་ཞིག རིམ་ཅན་དུ་སྐྱེ་བ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་འདྲའི་རྗེས་དཔག་གཉིས་ཅིག་ཅར་དུ་སྐྱེ་བ་མ་ཡིན་པར་ཐལ། ཡིད་བློ་རྟོག་པ་རྫས་ཐ་དད་པ་གཉིས་ཅིག་ཅར་དུ་སྐྱེ་བ་མེད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལེའུ་གསུམ་པ་ལས། རྟོག་གཉིས་ཅིག་ཅར་མཐོང་བ་མེད། །ཅེས་དང༌། འདི་ལྟར་རྣམ་པར་རྟོག་པ་ནི། །རིམ་གྱིས་འཇུག་ཕྱིར་ཡང་དག་རྟོག །ཅེས་གསུངས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་འདྲའི་རྗེས་དཔག་གཉིས་རིམ་ཅན་དུ་སྐྱེ་བ་མ་ཡིན་པར་ཐལ། ཁ་ནང་བུ་རམ་གོང་བའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པའི་རྗེས་དཔག་སྔོན་དུ་སྐྱེས་པ་མ་ཡིན་པ་གང་ཞིག ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོདཔར་རྟོགས་པའི་རྗེས་དཔག་སྔོན་དུ་སྐྱེ་བ་མ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་བུར་རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པ་ན་ཁ་ནང་བུ་རམ་གོང་བའི་སྟེང་དུ་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པས་ཁྱབ་པར་ཐལ། འདོད་ན། དེ་ལྟར་ཁྱབ་པའི་རྒྱུ་མཚན་དེ་བུར་རོ་དང་བུར་གཟུགས་གཉིས་ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་བ་གྲུབ་པའི་རྒྱུ་མཚན་གྱིས་འཇོག་དགོས་པར་ཐལ། རྣམ་འགྲེལ་ལས། ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལས་སོགས་པ་རོས་རྟོགས་པ། །ཞེས་གསུངས་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པ་ན་ཁ་ནང་བུ་རམ་གོང་བའི་སྟེང་དུ་བདག་མེད་དུ་གྱུར་པའི་བུར་གཟུགས་རྟོགས་དགོས་པར་ཐལ། བུར་རོ་དང་བདག་མེད་དུ་གྱུར་པའི་བུར་གཟུགས་གཉིས་ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་བ་གྲུབ་པའི་ཕྱིར། འདོད་ན། བུར་རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྒོལ་བ་ཡིན་ན་ཁ་ནང་བུ་རམ་གོང་བའི་སྟེང་དུ་བདག་མེད་དུ་གྱུར་པའི་བུར་གཟུགས་ད་ལྟ་བ་ཡོད་པར་རྟོགས་པས་ཁྱབ་པར་ཐལ། འདོད་ན། བུར་རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྒོལ་བ་ཡིན་ན་བདག་མེད་རྟོགས་པས་ཁྱབ་པར་ཐལ། དེ་འདྲའི་གང་ཟག་ཡིན་ན་བདག་མེད་དུ་གྱུར་པའི་བུར་གཟུགས་རྟོགས་པས་ཁྱབ་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། གང་ཟག་དེས་བདག་མེད་དུ་གྱུར་པའི་བུར་གཟུགས་རྟོགས་ན་བདག་མེད་དང་བུར་གཟུགས་གཉིས་ཀྱི་གཞི་མཐུན་རྟོགས་དགོས་པའི་ཕྱིར། དེར་ཐལ། བདག་མེད་དུ་གྱུར་པའི་བུར་གཟུགས་རྟོགས་ཚུལ་ཡོད་པའི་ཕྱིར་ན་དཔྱད་དགོས་ལ། འདིར་ཁ་ཅིག་གོང་གི་རྣམ་འགྲེལ་གྱི་ལུང་དོན་རྟོགས་དཀའ་སླ་མེད་པའི་ཚོགས་པ་གཅིག་ལ་རག་ལས་པའི་འབྲེལ་བ་གྲུབ་ན་དེ་ལྟར་རྟོགས་དགོས་ཞེས་པའི་དོན་ཡིན་ཟེར་ན། དེ་མི་འཐད་པར་ཐལ། གཟུགས་སྒྲ་དྲི་རོ་སོགས་ལའང་དཀའ་སླའི་རིམ་པ་ཡོད་པའི་ཕྱིར། དེར་ཐལ། གཞུང་ལུགས་རྣམས་ཀྱི་སྐབས་སུ་སྐྱེ་མཆེད་ལྔའི་གོ་རིམ་ལ་དང་པོ་གཟུགས་དང་དེ་ནས་སྒྲ་སོགས་བསྟན་པའི་རྒྱུ་མཚན་ཡོད་པའི་ཕྱིར། ཡང་གོང་རྣམ་འགྲེལ་དུ་གསུངས་པ་ནི་ཚོགས་པ་གཅིག་ལ་རག་པས་ཞེས་རྒྱུ་མཚན་བསྟན་པ་མ་ཡིན་པར་ཚོགས་པ་གཅིག་ལ་རག་ལས་པའི། །གཟུགས་ལ་སོགས་པ་ཞེས་འབྲེལ་སྒྲ་སྦྱར་ཏེ་དེ་སྒྲུབ་ཀྱི་བསྒྲུབ་བྱ་རྟོགས་པ་ན་རོ་ད་ལྟ་བ་དང་ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་སོགས་རྟོགས་ནུས་ཞེས་པའི་དོན་དུ་རུང་ངམ་དཔྱད་དགོས་ལ། དེ་ཡང་ཚོགས་པ་གཅིག་ལ་རག་ལས་པའི་གཟུགས་ཆོས་ཅན། རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་དེ་སྒྲུབ་ཀྱི་བསྒྲུབ་བྱ་གྲུབ་པ་ན་ཁྱོད་རྟོགས་དགོས་ཏེ་ཟེརནས་སྔ་མའི་ཞིབ་ཆ་ལ་དཔྱད་དོ། །

གཏན་ཚིགས་ལྟར་སྣང་བཤད་སྐབས་ཀྱི་དོགས་དཔྱོད།

གཏན་ཚིགས་ལྟར་སྣང་བཤད་སྐབས་ཀྱི་དོགས་དཔྱོད།

གཏན་ཚིགས་ལྟར་སྣང་མེད་པར་ཐལ། གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་གི་བརྗོད་བྱ་མ་གྲུབ་པར་ཐལ། གཏན་ཚིགས་ལྟར་སྣང་མེད་པའི་ཕྱིར། འདོད་ན། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་ཆོས་ཅན། གཞུང་རྣམ་དག་མ་ཡིན་པར་ཐལ། ཁྱོད་ཀྱི་བརྗོད་བྱ་མ་གྲུབ་པའི་ཕྱིར། ཁྱབ་སྟེ། བསྡུ་བ་ལས། དོན་མེད་དོན་ལོག་ཅེས་གསུངས་པའི་ཕྱིར། འདོད་ན། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་ཆོས་ཅན། ཁྱོད་ཀྱི་བརྗོད་བྱ་གྲུབ་པར་ཐལ། ཁྱོད་གཞུང་རྣམ་དག་ཡིན་པའི་ཕྱིར། འདོད་ན། གཏན་ཚིགས་ལྟར་སྣང་ཡོད་པར་ཐལ། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཞུང་གི་བརྗོད་བྱ་གྲུབ་པའི་ཕྱིར། ཁྱབ་སྟེ། གཞུང་དེའི་བརྗོད་བྱ་ལ་གཏན་ཚིགས་ལྟར་སྣང་འཇོག་དགོས་པའི་ཕྱིར་ན། གཞུང་དེའི་བརྗོད་བྱ་ལ་སྦྱོར་བ་གང་ཡང་རུང་བའི་གཏན་ཚིགས་ལྟར་སྣང་འཇོག་ཟེར་ན། འོ་ན་སྦྱོར་བ་གང་ཡང་རུང་བའི་གཏན་ཚིགས་ལྟར་སྣང་ཆོས་ཅན། ཚུལ་གསུམ་ལས་གཞན་ཡིན་པར་ཐལ། གཏན་ཚིགས་ལྟར་སྣང་དེ་ལས་གཞན། །ཞེས་པའི་གཏན་ཚིགས་ལྟར་སྣང་ལ་ཁྱོད་འཇོག་དགོས་པ་གང་ཞིག དེ་ལས་གཞན་ཞེས་པའི་དེ་སྒྲའི་བསྙེག་གཞི་ལ་ཚུལ་གསུམ་འཇོག་དགོས་པའི་ཕྱིར། དང་པོ་ཁས། ཕྱི་མ་དེར་ཐལ། དེ་སྒྲའི་བསྙེག་གཞི་འཇོག་རྒྱུ་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་གཏན་ཚིགས་ལྟར་སྣང་མེད་ཀྱང་སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡོད་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པ་མི་འཐད་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པ་དང་སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པ་གཉིས་འགལ་བ་ཡིན་པའི་ཕྱིར། མ་གྲུབ་ན། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་ཆོས་ཅན། ཁྱོད་ཡིན་པ་དང་མ་ཡིན་པ་གཉིས་འགལ་བ་ཡིན་པར་ཐལ། ཁྱོད་ཡིན་པ་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། བྱས་པ་ཆོས་ཅན། སྦྱོར་བ་དེ་སྒྲུབ་ཀྱི་ཚུལ་གསུམ་ཡིན་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་ཟུར་དཔྱད་ལས། གཞི་གྲུབ་ན་རྟགས་ཡངདག་ཡིན་པས་ཁྱབ་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ༈ ཡང་རྟགས་ལྟར་སྣང་ཡོད་པར་ཐལ། རྟགས་ལྟར་སྣང་གི་མཚན་ཉིད་ཡོད་པའི་ཕྱིར། མ་གྲུབ་ན། རྟགས་ལྟར་སྣང་གི་མཚན་ཉིད་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྟགས་སུ་བཀོད་ཅིང༌། ཚུལ་གསུམ་མ་ཚང་བ། ཞེས་གསུངས་པའི་ཕྱིར་ན་ཁ་ཅིག་སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ལ་དགོངས་ཤེ་ན། སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་ཡོད་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ལྟར་སྣང་མེད་པར་ཐལ། གཞི་གྲུབ་ན་སྦྱོར་བ་དེ་སྒྲུབ་ཀྱི་གཏན་ཚིགས་ཡང་དག་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རྟགས་ལྟར་སྣང་མེད་པའི་རྒྱུ་མཚན་དེ་གཞི་གྲུབ་ན་རྟགས་ཡང་དག་ཡིན་པས་ཁྱབ་པའི་རྒྱུ་མཚན་གྱིས་ཡིན་པའི་ཕྱིར། དེར་ཐལ། རྟགས་ལྟར་སྣང་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར་ན་དཔྱད་དགོས་ལ་རང་ལུགས་རྟགས་རིགས་སུ་འདི་ལྟར་གསུངས་ཏེ། སྦྱོར་བ་གང་ཡང་རུང་བའི་རྟགས་ལྟར་སྣང་ཡིན་ན་རྟགས་ལྟར་སྣང་ཡིན་མི་དགོས་ལ། སྦྱོར་བ་གང་ཡང་རུང་བའི་རྟགས་ཡང་དག་ཡིན་ན་རྟགས་ཡང་དག་ཡིན་དགོས་པ་ནི། གཙོ་ཆེ་ཆུང་དང་གསུང་རབ་ཀྱི་བརྡ་ཆད་ཀྱི་དབང་གིས་ཡིན་ནོ། །ཞེས་གསུངས་སོ། །༈ ཡང་དེ་སྒྲུབ་ཀྱི་རྟགས་ལྟར་སྣང་ཡིན་ན་དེ་སྒྲུབ་ཀྱི་ཚུལ་གསུམ་མ་ཡིན་པས་ཁྱབ་པར་ཐལ། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པ་ཡོད་པར་སྒྲུབ་པའི་ཚུལ་གསུམ་མ་ཡིན་པར་ཐལ། སྒྲ་རྟག་པ་ཡོད་པར་སྒྲུབ་པའི་རྟགས་ལྟར་སྣང་ཡིན་པའི་ཕྱིར། དེར་ཐལ། སྒྲ་རྟག་པ་ཡོད་པར་སྒྲུབ་པའི་བསྒྲུབ་བྱ་མ་གྲུབ་པའི་ཕྱིར། གོང་དུ་འདོད་མི་ནུས་ཏེ། གཞལ་བྱ་དེ་སྒྲ་རྟག་པ་ཡོད་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། མ་གྲུབ་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པ་ཡོད་པར་སྒྲུབ་པའི་ཚུལ་གསུམ་ཡིན་པར་ཐལ། སྒྲ་རྟག་པ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག སྒྲ་རྟག་པ་ཡོད་པར་སྒྲུབ་པའི་རྗེས་ཁྱབ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། སྒྲ་ཆོས་ཅན། རྟག་པ་ཡོད་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བའི་ཕྱོགས་ཆོས་དང་རྗེས་ཁྱབ་གྲུབ་པའི་ཕྱིར། ཟུར་དང་པོ་སླ། ཟུར་གཉིས་པ་མ་གྲུབ་ན། སྒྲ་ཆོས་ཅན། རྟག་པ་ཡོད་པ་ཡིན་ཏེ། གཞལ་བྱ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བའི་རྗེས་ཁྱབ་གྲུབ་པར་ཐལ། དེ་སྒྲུབ་ཀྱི་སྦྱོར་བའི་རྟགས་གཞལ་བྱ་དེ་དེ་སྒྲུབ་ཀྱི་སྦྱོར་བའི་བསྒྲུབ་བྱའི་ཆོས་རྟག་པ་ཡོད་པ་དང་འབྲེལ་ཞིང༌། དེ་སྒྲུབ་ཀྱི་སྦྱོར་བའི་མཐུན་ཕྱོགས་རྟག་པ་ཡོད་པ་ཁོ་ན་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ངེས་པ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། གཞལ་བྱ་ཆོས་ཅན། ཁྱོད་རྟག་པ་ཡོད་པ་དང་འབྲེལ་བ་ཡིན་པར་ཐལ། ཁྱོད་རྟག་པ་ཡོད་པ་དང་ཐ་དད། རྟག་པ་ཡོད་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། གཞལ་བྱ་ཆོས་ཅན། དེ་སྒྲུབ་ཀྱི་སྦྱོར་བའི་མཐུན་ཕྱོགས་རྟག་པ་ཡོད་པ་ཁོ་ན་ལ་འགོད་ཚུལ་དང་མཐུན་པ་ཡོད་པ་ངེས་པ་ཡིན་པར་ཐལ། ཁྱོད་རྟག་པ་ཡོད་པ་ཁོ་ན་ལ་ཡོད་པར་ངེས་པ་ཡིན་པའི་ཕྱིར། མ་གྲུབ་ན། གཞལ་བྱ་ཆོས་ཅན། ཁྱོད་རྟག་པ་ཡོད་པ་ཁོ་ན་ལ་ཡོད་པར་ངེས་པ་ཡིན་པར་ཐལ། ཁྱོད་ཡིན་ན་རྟག་པ་ཡོད་པ་ཡིན་པས་ཁྱབ་པའི་ཕྱིར་ན་དཔྱད།

མ་གྲུབ་པའི་གཏན་ཚིགས་བཤད་སྐབས་ཀྱི་དོགས་དཔྱོད།

མ་གྲུབ་པའི་གཏན་ཚིགས་བཤད་སྐབས་ཀྱི་དོགས་དཔྱོད།

རང་ལུགས་ལ་རྟགས་ལྟར་སྣང་གསུམ་འཆད་པའི་གོ་རིམ་ལ་དང་པོ་མ་གྲུབ་པའི་གཏན་ཚིགས་དང༌། དེའི་རྗེས་སུ་འགལ་མ་ངེས་པའི་གཏན་ཚིགས་གཉིས་བཤད་པ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། འགལ་མ་ངེས་མ་གྲུབ་པའི་གཏན་ཚིགས་ཞེས་བགྲང་དགོས་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། གཉིས་པ་རྟགས་ལྟར་ལ་དབྱེ་ན། འགལ་མ་ངེས་མ་གྲུབ་གསུམ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། འགལ་མ་ངེས་མ་གྲུབ་པའི་གཏན་ཚིགས་ཞེས་བགྲང་བར་མི་འཐད་པར་ཐལ། མ་གྲུབ་པའི་གཏན་ཚིགས་དང༌། དེའི་རྗེས་སུ་འགལ་མ་ངེས་པའི་གཏན་ཚིགས་གཉིས་བཤད་པ་ཡིན་པའི་ཕྱིར། མ་གྲུབ་ན། མ་གྲུབ་པའི་གཏན་ཚིགས་དང༌། དེའི་རྗེས་སུ་འགལ་མ་ངེས་པའི་གཏན་ཚིགས་གཉིས་བཤད་པ་ཡིན་པར་ཐལ། རྟགས་རིགས་ལས། མ་གྲུབ་པའི་གཏན་ཚིགས་དང༌། འགལ་བའི་གཏན་ཚིགས་དང༌། མ་ངེས་པའི་གཏན་ཚིགས་དང་གསུམ། ཞེས་གསུངས་པའི་ཕྱིར་ན་གཏན་ཚིགས་དོན་བསྡུས་དངརྟགས་རིགས་གཉིས་ཀྱི་འཆད་པའི་གོ་རིམ་མི་འདྲ་བའི་རྒྱུ་མཚན་ལ་དཔྱད་དགོས་སོ། །༈ སྦྱོར་སྐོར་གང་རུང་གི་རྟགས་སུ་བཀོད་ཅིང༌། ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་དེ་སྦྱོར་སྐོར་གང་རུང་གི་མ་གྲུབ་པའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་པར་ཐལ། འདོད་ན། དེ་མ་ཡིན་པར་ཐལ། སྦྱོར་སྐོར་གང་རུང་གི་རྟགས་སུ་བཀོད་ཅིང༌། ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་རྟོགས་ན་མ་གྲུབ་པའི་གཏན་ཚིགས་རྟོགས་དགོས་པའི་ཕྱིར། དེར་ཐལ། སྦྱོར་སྐོར་གང་རུང་གི་རྟགས་སུ་བཀོད་ཅིང༌། ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་རྟོགས་ན་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པ་རྟོགས་དགོས་པའི་ཕྱིར། ཁྱབ་སྟེ། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པ་རྟོགས་ན་ཕྱོགས་ཆོས་རྟོགས་དགོས་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཕྱོགས་ཆོས་རྟོགས་ན་ཕྱོགས་ཆོས་ཀྱི་མཚན་ཉིད་ཟུར་གྱི་ཡོད་པ་སོགས་རྟོགས་པ་གང་ཞིག དེ་རྟོགས་པ་ལ་ཡོད་པའི་སེལ་བྱ་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་རྟོགས་དགོས་པའི་ཕྱིར། རྟགས་སླ། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེགཔར། །དེ་ཡི་དངོས་མེད་འཛིན་མི་ནུས། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་ཁྱོད་ཀྱི་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་དེ་གཞི་མ་གྲུབ་ན་ཁྱོད་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། རྣམ་འགྲེལ་ལས། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་གསུངས་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་ཀྱིས་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་འགྲོ་རྒྱུ་མེད་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་གཏན་ཚིགས་ཡང་དག་ཡིན་པའི་ཕྱིར། དེར་ཐལ། དགག་རྟགས་ཡང་དག་ལ་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་ཡང་མ་གྲུབ་པའི་གཏན་ཚིགས་སུ་མི་འགྱུར་བའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལེའུ་བཞི་བ་ལས། དེ་ལྟར་འདོད་པའི་བསྒྲུབ་བྱ་ལ། །གནོད་པ་འགའ་ཡང་མེད་པ་ཉིད། །གཉིས་ཀ་བསྒྲུབ་བྱ་ཉིད་ཡིན་ན། །ཆོས་ཅན་བསྒྲུབ་བྱ་ཉིད་ཡིན་ན། །ཆོས་ཅན་ལ་ནི་གནོད་པ་གང༌། །བསྒྲུབ་པར་བྱ་བས་ཆོས་འགོག་པས། །དེས་ནི་དེ་ལ་གནོད་ཅེས་བརྗོད། །ཅེས་དང༌། རྟགས་རིགས་ལས། དགག་རྟགས་ལ་ཆོས་ཅན་གཞི་མ་གྲུབ་པ་བཟུང་བ་ཡོད་དེ། ཞེས་གསུངས་པའི་ཕྱིར། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་ན་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་མི་དགོས་པར་ཐལ། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། མ་གྲུབ་སྦྱར་བ་བརྗོད་བྱ་མིན། །ཞེས་གསུངས་པའི་ཕྱིར་ན་མ་ཁྱབ། རང་ཉིད་ཡིན་ན་ཡོད་དགོས་པ་ཅན་གྱི་དངོས་པོར་གྱུར་པའི་སྒྲུབ་རྟགས་ཡང་དག་གི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་ན་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་ཞེས་པའི་དོན་ཡིན་ཞེ་ན། འོ་ན་བྱས་པ་ཆོས་ཅན། ཁྱོད་ཀྱིས་རྟགས་ཀྱིས་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་ལ་གཞི་མ་གྲུབ་པ་བཟུང་ན་ཁྱོད་སྦྱོར་བ་དེ་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། ཁྱོད་ཡིན་ན་ཡོད་དགོས་པ་ཅན་གྱི་དངོས་པོར་གྱུར་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། ཁྱོད་དངོས་པོ་ཁོ་ན་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དངོས་པོ་ཁོ་ན་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་བ་གང་ཞིག ཁྱོད་ཡིན་ན་ཡོད་དགོས་པ་ཅན་གྱི་དངོས་པོར་གྱུར་པའི་སྒྲུབ་རྟགས་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བྱས་པ་ཆོས་ཅན། ཁྱོད་དངོས་པོ་ཁོ་ན་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་དངོས་པོ་ཁོ་ན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཁོ་ན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མེད་པར་ཐལ། བྱས་པ་དངོས་པོ་ཁོ་ན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དངོས་པོ་ཁོ་ན་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མའི་རྟེན་དུ་གྱུར་པའི་གཏན་ཚིགས་ཡང་དག་ཡོད་པའི་ཕྱིར། དེར་ཐལ། དངོས་པོ་ཁོ་ན་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་ཡོད་པའི་ཕྱིར། དེར་ཐལ། དངོས་པོ་ཁོ་ན་མི་རྟག་པ་ཡིན་པའི་ཕྱིར་ན་དཔྱད། ཡང་ན་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་དགོས་པར་ཐལ། ཚད་མ་མདོའི་རང་འགྲེལ་ལས། ཕྱོགས་ཀྱི་ཆོས་ནི་རྒོལ་བ་དང་ཕྱིར་རྒོལ་བ་གཉིས་ཀ་ལ་ངེས་པར་བཟུང་ངོ༌། །དེ་བཞིན་དུ་མཐུན་པའི་ཕྱོགས་ལ་ཡོད་པ་དང༌། མེད་པ་ཞེས་བྱ་བ་ལ་སོགས་པ་དག་ལ་ཡང༌། ཅི་རིགས་པར་བརྗོད་པར་བྱའོ། །ཞེས་ཅི་རིགས་པའི་དཔེ་དོན་སྦྱར་ཚུལ་ཡོདཔའི་ཕྱིར་ན་དཔྱད། ༈ ཡང་ཁ་ཅིག་དེ་སྒྲུབ་ཀྱི་དགག་རྟགས་ལ་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་བ་ཡོད་ཀྱང༌། སྒྲུབ་རྟགས་ཡང་དག་གིས་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་ན་ཕྱོགས་ཆོས་མ་གྲུབ་པས་ཁྱབ་ཟེར་ན། རྟོག་ཡུལ་ན་ཡོད་པ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་རི་བོང་རྭ་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པར་ཐལ། རྟོག་ཡུལ་ན་ཡོད་པ་དེ་རི་བོང་རྭ་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་སྒྲུབ་རྟགས་ཡང་དག་གང་ཞིག དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་བ་ཡིན་པའི་ཕྱིར། ཕྱི་མ་སླ། དང་པོ་མ་གྲུབ་ན། རྟོག་ཡུལ་ན་ཡོད་པ་ཆོས་ཅན། རི་བོང་རྭ་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་སྒྲུབ་རྟགས་ཡང་དག་ཡིན་པར་ཐལ། རི་བོང་རྭ་ཟླ་སྒྲས་བརྗོད་རུང་དུ་སྒྲུབ་པའི་ཚུལ་གསུམ་གང་ཞིག དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུ་བཟུང་རྒྱུ་དེ་སྒྲུབ་པ་ཡིན་པའི་ཕྱིར། ཕྱི་མ་གྲུབ་སྟེ། ཟླ་སྒྲས་བརྗོད་རུང་སྒྲུབ་པ་ཡིན་པའི་ཕྱིར། དེར་ཐལ། དངོས་མེད་དུ་གྱུར་པའི་སྒྲུབ་པ་ཡོད་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། དང་པོ་དེར་ཐལ། གཏན་ཚིགས་དོན་བསྡུས་ལས། དངོས་པོར་ཡོད་པའི་སྒྲུབ་པ་དང་མེད་པའི་སྒྲུབ་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར། ཡང་འགའ་དངོས་པོར་གྱུར་པའི་སྒྲུབ་རྟགས་ཀྱི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་ན་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་དགོས་ཞེས་པའི་དོན་ཡིན་ཞེ་ན། རི་བོང་རྭ་ཆོས་ཅན། བདག་མེད་དུ་རྟོགས་པའི་ཚད་མ་དངོས་པོ་ཡིན་ཏེ། བདག་མེད་དུ་རྟོགས་པའི་ཚད་མ་དོན་བྱེད་ནུས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་ལ་དངོས་པོར་གྱུར་པའི་སྒྲུབ་རྟགས་བཀོད་པ་གང་ཞིག དེ་སྒྲུབ་ཀྱི་ཤེསའདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་བ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་ན་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་མ་གྲུབ་པས་མ་ཁྱབ་པར་ཐལ། འདོད་ན། ཁྱབ་པར་ཐལ། མ་ཁྱབ་པའི་སྐྱོན་མེད་པའི་ཕྱིར། མ་གྲུབ་ན། ཞོག་བྱས་པ་ལ་རི་བོང་རྭ་ཆོས་ཅན། བདག་མེད་ཡིན་ཏེ། བདག་ཏུ་ཚད་མས་མི་དམིགས་པ་ཡིན་པའི་ཕྱིར། ཞེས་པའི་སྦྱོར་བ་ཆོས་ཅན་ཟེར་ན། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་གཞི་མ་གྲུབ་པ་བཟུང་ཡང་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པར་ཐལ། འདོད་མི་ནུས་ཏེ། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་གཞི་གྲུབ་པའི་ཕྱིར། དེར་ཐལ། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་དེ་ལ་རང་རྟེན་ཆོས་དང་ཆོས་ཅན་འབའ་ཞིག་པ་གཉིས་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་རང་རྟེན་ཆོས་ཅན་ཡོད་པ་གང་ཞིག དེ་སྒྲུབ་ཀྱི་ཆོས་ཅན་འབའ་ཞིག་པ་ཡོད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་རང་རྟེན་ཆོས་ཅན་ཡོད་པར་ཐལ། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་དེ་ལ་རི་བོང་རྭའི་སྒྲ་དོན་འཇོག་པའི་ཕྱིར། མ་གྲུབ་ན། བདག་ཏུ་ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་ཤེས་འདོད་ཆོས་ཅན་དེ་ལ་རི་བོང་རྭའི་སྒྲ་དོན་འཇོག་པར་ཐལ། ཚད་མས་མ་དམིགས་པའི་རྟགས་ཀྱིས་རི་བོང་རྭ་མེད་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་ལ་རི་བོང་རྭའི་སྒྲ་དོན་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། མ་དམིགས་པའི་རྟགས་ཀྱིས་གཙོ་བོ་ཡོད་པ་མ་ཡིན་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་དེ་ལ་གཙོ་བོའི་སྒྲ་དོན་འཇོག་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མདོའི་རང་འགྲེལ་ལས། གཙོ་བོ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར། ཞེས་དང༌། རྣམ་འགྲེལ་ལས། སྒྲ་དོན་ཆོས་ནི་རྣམ་པ་གསུམ། །ཞེས་དང༌། འགྲེལ་བཤད་རིན་འཕྲེང་ལས། གཙོ་བོ་རང་མཚན་ཁོ་ན་ཆོས་ཅན་དུ་བྱས་པའི་ཆོས་མ་ཡིན་ཏེ། གཙོ་བོའི་སྒྲ་དོན་གྱི་ཆོས་སུ་ཕྱོགས་གླང་གིས་གསུངས་པས་སོ། །ཞེས་གསུངས་པའི་ཕྱིར་ན་འགའ་ཞིག་སློབ་དཔོན་གྱིས་བཀོད་པའི་གཙོ་བོ་ཆོས་ཅན། ཡོད་པ་མིན་ཏེ། མ་དམིགས་པའི་ཕྱིར་ཞེས་པའི་སྦྱོར་བའི་ཤེས་འདོད་ཆོས་ཅན་ལ་གཙོ་བོའི་སྒྲ་དོན་འཇོག་པ་ལས་གཞན་དག་ལ་མི་འཇོག་ཟེར་ན། འོ་ན་སློབ་དཔོན་གྱིས་བཀོད་པའི་གཙོ་བོ་ཆོས་ཅན། ཡོད་པ་མིན་ཏེ། མ་དམིགས་པའི་ཕྱིར་ཞེས་པའི་སྦྱོར་བའི་ཚུལ་གསུམ་མ་གྲུབ་པར་ཐལ། དེའི་ཤེས་འདོད་ཆོས་ཅན་ལ་གཙོ་བོའི་སྒྲ་དོན་འཇོག་པ་གང་ཞིག གཙོ་བོའི་སྒྲ་དོན་ཡོད་པ་ཡིན་པས་མ་དམིགས་པ་ཡིན་པར་གྲུབ་རྒྱུ་མེད་པའི་ཕྱིར་དང༌། དེ་མི་འཐད་པར་གཙོ་བོར་སྣང་བ་ཆོས་ཅན་དུ་འཇོག་པའི་རྒྱུ་མཚན་ནི་དབུ་མ་སྣང་བ་ལས། གཙོ་བོ་ཉིད་ཆོས་ཅན་དུ་བཟུང་ནས་དགག་དགོས་ཀྱི། དེ་མིན་ན་དེ་རྣམ་འགྱུར་སྣ་ཚོགས་ཀྱི་ཉེར་ལེན་ཡིན་པ་ཁེགས་ཀྱང༌། གཙོ་བོ་རང་ལྡོག་ནས་མི་ཁེགས་པར་འགྱུར་ལ། རྟགས་ཚད་མས་ངེས་པའི་གཞི་ནི་གཙོ་བོར་སྣང་བ་ཉིདལ་བཞེད་དོ། །ཞེས་གསུངས་པའི་ཕྱིར། ༈ དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པ་ལ་རྟགས་དེ་གཞི་མ་གྲུབ་པ་དང་རྩོད་གཞི་དེ་རྟགས་དེ་མ་ཡིན་པ་ཞིག་དགོས་ཟེར་ན། དངོས་པོ་ཁོ་ན་ཆོས་ཅན། བྱས་པ་ཁྱོད་མ་ཡིན་པར་ཐལ། བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། དངོས་པོ་ཁོ་ན་ཆོས་ཅན། ཁྱོད་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བྱས་པ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་གང་ཞིག དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ལས་གཞན་མ་གྲུབ་པའི་གཏན་ཚིགས་གང་ཡང་མ་ཡིན་པའི་ཕྱིར། འདོད་ན། གང་ཟག་གི་བདག་དེ་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། དངོས་པོ་ཁོ་ན་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། དངོས་པོ་ཁོ་ན་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ཞེས་པའི་ཁོ་ནའི་ཚིག་ཕྲད་དེ་གཞན་ལྡན་རྣམ་གཅོད་ཀྱི་ཚིག་ཕྲད་ཡིན་པའི་ཕྱིར་དང༌། ཡང་ན་དངོས་པོ་ཁོ་ན་ཆོས་ཅན། བྱས་པ་ཁྱོད་མ་ཡིན་པར་ཐལ། ཁྱོད་བྱས་པ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པ་ལ་རྟགས་དེ་གཞི་མ་གྲུབ་པ་དང་རྩོད་གཞི་དེ་རྟགས་དེ་མ་ཡིན་པ་གཉིས་ཆར་གྱི་སྒོ་ནས་འཇོག་པ་ལས་རྟགས་དེ་གཞི་མ་གྲུབ་པ་ཙམ་གྱིས་འཇོག་མི་ཐུབ་པའི་ཕྱིར། མ་གྲུབ་ན། ཚད་མས་མ་དམིགས་པ་ཆོས་ཅན། ཁྱོད་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་རྟགས་ཀྱི་ངོ་བོ་མེད་ནས་མ་གྲུབཔའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་མེད་པ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། རི་བོང་རྭ་བདག་མེད་དུ་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་ཀྱིས་རྟགས་ཀྱིས་རི་བོང་རྭ་བདག་མེད་དུ་སྒྲུབ་པའི་རྩོད་གཞི་དེ་རྟགས་དེ་དང་འབྲེལ་བ་མེད་པའི་ཕྱིར། དེར་ཐལ། རི་བོང་རྭ་བདག་ཏུ་ཚད་མས་མ་དམིགས་པ་དང་འབྲེལ་བ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། བདག་ཏུ་ཚད་མས་མ་དམིགས་པ་དང་ཐ་དད་ཡིན་པར་ཐལ། བདག་ཏུ་ཚད་མས་མ་དམིགས་པ་དང་འབྲེལ་བ་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། བདག་ཏུ་ཚད་མས་མ་དམིགས་པ་དང་སོ་སོ་བའི་ཆོས་ཡིན་པར་ཐལ། བདག་ཏུ་ཚད་མས་མ་དམིགས་པ་དང་ཐ་དད་ཡིན་པའི་ཕྱིར། འདོད་ན། རི་བོང་རྭ་ཆོས་ཅན། ཆོས་ཡིན་པར་ཐལ། བདག་ཏུ་ཚད་མས་མ་དམིགས་པ་དང་སོ་སོ་བའི་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཏན་མེད་ཡིན་པའི་ཕྱིར། རྩ་བར་མ་ཁྱབ་སྟེ། སྦྱོར་སྐོར་གང་རུང་གི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་རྩོད་གཞི་དེ་རྟགས་དེ་དང་བདག་གཅིག་པ་དང་དེ་བྱུང་གི་འབྲེལ་བ་གང་རུང་གྲུབ་མིན་གྱིས་འཇོག་པ་མིན་པར་རྩོད་གཞི་དེ་རྟགས་དེ་ཡིན་མིན་གྱི་སྒོ་ནས་འཇོག་ཟེར་ན། འོ་ན་མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྩོད་གཞི་སྒྲ་དེ་ཁྱོད་ཡིན་པར་མ་གྲུབ་པའི་ཕྱིར། འདོད་ན། མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་རྒོལ་ཕྱི་རྒོལ་གཉིས་ཀ་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། གཉིས་ཀ་ལ་མ་གྲུབ་པ་ནི། སྒྲ་ཆོས་ཅན། རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པས་སོ། །ཞེསགསུངས་པའི་ཕྱིར་ན་དཔྱད། ༈ ཡང་མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། མིག་ཤེས་ཀྱི་གཟུང་བྱ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། སྒྲ་ཁྱོད་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། སེམས་ཅན་གྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་གང་ཞིག སངས་རྒྱས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དང་བོ་མ་གྲུབ་ན། སྒྲ་ཆོས་ཅན། སེམས་ཅན་གྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། བ་ལང་སྤྱོད་ཀྱི་མི་རྣམས་དང་འཛམ་བུ་གླིང་གི་མི་རྣམས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། དེ་ཡིན་པར་ཐལ། ཚད་ཆེན་ལས། སྦྲུལ་རྣམས་མིག་གིས་ཉན་པ་ཡིན། །དེ་ཡང་དེ་ལྟར་གྲགས་པ་ཡིན། །ཞེས་དང༌། མདོ་དྲན་པ་ཉེར་བཞག་ལས། འཛམ་བུ་གླིང་ན་སྦྲུལ་ཉིད་ཀྱི་མིག་གིས་སྒྲ་ཐོས་པ་དེ་བཞིན་དུ་བ་ལང་སྤྱོད་ན་མིག་ཉིད་ཀྱིས་ཐོས་པའོ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་སྟེ་སྒྲ་སངས་རྒྱས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་རྟགས་མ་གྲུབ་ན། སྒྲ་ཆོས་ཅན། སངས་རྒྱས་ཀྱི་མིག་ཤེས་ཀྱི་གཟུང་བྱ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། མདོ་ལས། དེ་བཞིན་གཤེགས་པའི་སྤྱན་གྱིས་ཀྱང་ཆོས་ཐམས་ཅད་གཟིགས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མིག་ཤེས་གཟུང་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། གཉིས་པ་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་ནི། དཔེར་ན། མིག་ཤེས་ཀྱི་གཟུང་བྱ་དེ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནསམ་གྲུབ་པའི་གཏན་ཚིགས་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་དེ་ཡོད་ཀྱང༌། ཕྱོགས་གཅིག་ལ་རྟགས་དེ་མེད་ན་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་ཆོས་ཅན། ཁྱོད་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་དེ་སྒྲུབ་ཀྱི་ཤེས་འདོད་ཆོས་ཅན་བྱས་པའི་ཕྱོགས་གཅིག་ལ་ཡོད་ཀྱང༌། བྱས་པའི་ཕྱོགས་གཅིག་ལ་མེད་པའི་ཕྱིར། དེར་ཐལ། བྱས་པའི་ཕྱོགས་གཅིག་དངོས་པོ་དང་དོན་བྱེད་ནུས་པ་སོགས་ལ་ཡོད་ཀྱང༌། བྱས་པའི་ཕྱོགས་གཅིག་སྒྲ་དང་མི་རྟག་པ་སོགས་ལ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། དངོས་པོ་དང་དོན་བྱེད་ནུས་པ་སོགས་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པའི་ཕྱིར། གཉིས་པ་གྲུབ་སྟེ། སྒྲ་དང་མི་རྟག་པ་གཉིས་རེ་རེ་སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་མ་ཡིན་པའི་ཕྱིར། གོང་དུ་འདོད་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་ཆོས་ཅན། བྱས་པ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་མི་རྟག་པར་སྒྲུབ་པའི་ཚུལ་གསུམ་ཡིན་པ་དེ་བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡིན་པར་ཐལ། བྱས་པ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་སྒྲུབ་པར་བྱེད་པའི་རྟགས་ཡང་དག་ཡོད་པའི་ཕྱིར་ན། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་དེ་ཡོད་ཀྱང༌། ཕྱོགས་གཅིག་ལ་རྟགས་དེ་མེད་ན་དེ་སྒྲུབ་ཀྱི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་མི་འཇོག་པར་ཆོས་ཅན་དེ་རྟགས་དེ་ཡིན་པར་མ་གྲུབ་པ་ཞིག་དགོས་ཤེ་ན། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཆོས་ཅན། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཆོས་ཅན་དེ་ཁྱོད་ཡིན་པར་གྲུབ་པའི་ཕྱིར། མ་གྲུབ་ན། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཆོས་ཅན། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཆོས་ཅན་དེ་ཁྱོད་ཡིན་པར་གྲུབ་པར་ཐལ། ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཆོས་ཅན་གྱི་སྟེང་དུ་འགོད་ཚུལ་དང་མཐུན་པར་གྲུབ་པའི་ཕྱིར། དེར་ཐལ། འབའ་མདའ་བླ་མའི་རྟགས་རིགས་རྩོམ་འཕྲོ་ལས། མཚན་མོ་ལོ་མ་འཁུམས་ནས་ཉལ་བའི་རྟགས་ཀྱིས་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་རྟགས་དེ་ཆོས་ཅན་ལྗོན་ཤིང་གི་སྟེང་དུ་འགོད་ཚུལ་དང་མཐུན་པའང་ཡིན། ཞེས་གསུངསཔའི་ཕྱིར་རོ། །༈ ཡང་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་དེ་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། མཚན་མོ་ལོ་མ་འཁུམས་ནས་ཉལ་བ་དེ་ལྗོན་ཤིང་སེམས་ལྡན་དུ་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ལྗོན་ཤིང་ལ་མཚན་མོ་ལོ་མ་འཁུམས་ནས་ཉལ་མི་ཉལ་གཉིས་ཡོད་པས་མི་ཉལ་བ་ཁས་ལེན་ཐུབ་པ་དེ་མ་ཡིན་པའི་ཕྱིར། དེར་ཐལ། ལྗོན་ཤིང་དེ་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཡིན་པའི་ཕྱིར། མ་གྲུབ་ན། ལྗོན་ཤིང་དེ་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཡིན་པར་ཐལ། ལྗོན་ཤིང་ལ་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཡོད་པའི་ཕྱིར། མ་ཁྱབ་ན། འོ་ན་ལྗོན་ཤིང་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཡིན་ན་ལྗོན་ཤིང་ཡིན་ན་མཚན་མོ་ལོ་མ་འཁུམས་ནས་ཉལ་བ་ཡིན་པས་ཁྱབ་པར་ཐལ། འདོད་ན། མདུན་གྱི་དམ་བཅའ་བ་མཚན་མོ་ཉལ་བ་མ་ཡིན་པར་ཐལ། མདུན་གྱི་དམ་བཅའ་བཡིན་ན་མཚན་མོ་ཉལ་བས་མ་ཁྱབ་པའི་ཕྱིར་ན་དཔྱད། ༈ ཡང་ལྗོན་ཤིང་སེམས་ལྡན་མ་ཡིན་པར་ཐལ། འདོད་ན། ལྗོན་ཤིང་སེམས་ལྡན་ཡིན་པར་ཐལ། ལྗོན་ཤིང་ལ་སེམས་ཡོད་པའི་ཕྱིར། མ་གྲུབ་ན། ལྗོན་ཤིང་ལ་སེམས་ཡོད་པར་ཐལ། ལྗོན་ཤིང་ལ་ཚད་མ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། ལྗོན་ཤིང་ལ་ཚད་མ་ཡོད་པར་ཐལ། བུམ་པ་ལ་ཚད་མ་ཡོད་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། དང་པོ་མ་གྲུབ་ན། བུམ་པ་ལ་ཚད་མ་ཡོད་པར་ཐལ། བུམ་པ་ལ་ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་གྲུབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། བུམ་པ་ལ་ཚད་མ་ཡོད་པ་གང་ཞིག དེ་ལ་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་མེད་པའི་ཕྱིར། དང་པོ་གྲུབ་སྟེ། བུམ་པ་ལ་ཡོད་པར་རྟོགས་པའི་ཚད་མ་དང༌། དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཏེ། རྣམ་མཁྱེན་ཡོད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། ལྗོན་ཤིང་ལ་ཚད་མ་ཡོད་པར་ཐལ། འདོད་ན། ལྗོན་ཤིང་ལ་སེམས་ཡོད་པར་ཐལ། ལྗོན་ཤིང་ལ་ཚད་མ་ཡོད་པའི་རྒྱུ་མཚན་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་ཁྱབ་ན། དེ་སྒྲུབ་ཀྱི་མ་གྲུབ་པའི་རྟགས་ལ་མ་གྲུབ་པའི་གཏན་ཚིགས་བཅུ་བཞིའམ་བཅོ་ལྔ་དབྱེ་བར་མི་འཐད་པར་ཐལ། ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་རྣམས་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འདུས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྒྲ་དེ་རྩོལ་བྱུང་ཡིན་པར་ཁས་ལེན་མི་ཐུབ་པའི་ཕྱིར། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཞེས་པའི་གཞི་རྟགས་ཀྱི་འབྲེལ་བ་དེ་རྩོད་གཞི་དེ་རྟགས་དེ་ཡིན་པ་ཙམ་ལས་འབྲེལ་བ་མཚན་ཉིད་པ་ལ་མི་བྱེད་པའི་ཕྱིར་ན་དཔྱད། ༈ ཡང་རྩོལ་བྱུང་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། རྩོལ་བྱུང་ཆོས་ཅན། སྒྲ་ཁྱོད་མ་ཡིན་པར་ཐལ། འདོད་ན། སྒྲ་ཆོས་ཅན། རྩོལ་བྱུང་ཡིན་པར་ཐལ། སྐྱེས་བུའི་རྩོལ་བ་ལས་བྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། སྐྱེས་བུའི་རྩོལ་བ་ལས་བྱུང་བ་ཡིན་པར་ཐལ། སྐྱེས་བུས་ལས་བསགས་པ་ལས་བྱུང་བ་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་སྐྱེས་བུས་ལས་བསགས་པ་ལས་བྱུང་བ་ཡིན་པར་ཐལ། འཇིག་རྟེན་གྱི་སྣོད་བཅུད་ཐམས་ཅད་སྐྱེས་བུས་ལས་བསགས་པ་ལས་བྱུང་བ་ཡིན་པའི་ཕྱིར། དེར་ཐལ། མཛོད་རྩ་བ་ལས། ལས་ལས་འཇིག་རྟེན་སྣ་ཚོགས་སྐྱེས། །ཞེས་དང༌། མཛོད་འགྲེལ་མངོན་པའི་རྒྱན་ལས། སྣོད་བཅུད་ཀྱི་འཇིག་རྟེན་སྣ་ཚོགས་པ་དེ་དག་སུས་བྱས་པ་ཡིན་སྙམ་ན། གཙོ་བོ་དང་དབང་ཕྱུག་སོགས་ཀྱིས་བྱས་པ་མ་ཡིན་གྱི། སེམས་ཅན་རྣམས་ཀྱི་ལས་དགེ་བ་དང་མི་དགེ་བ་སྣ་ཚོགས་ལས་སྣོད་བཅུད་ཀྱི་འཇིག་རྟེན་བཟང་ངན་སྣཚོགས་པ་འདི་སྐྱེས་པ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་རྩོལ་བྱུང་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་དེ་སྒྲ་ལ་རྩོལ་བྱུང་ཡིན་མིན་གཉིས་ཡོད་པའི་རྒྱུ་མཚན་གྱིས་ཡིན་པར་ཐལ། འདོད་ན། རྩོལ་བྱུང་ཆོས་ཅན། ཁྱོད་བུམ་པ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ཕྱོགས་གཅིག་ལ་རྟགས་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། བུམ་པ་ལ་ཁྱོད་ཡིན་མིན་གཉིས་གྲུབ་པའི་ཕྱིར། དེར་ཐལ། བུམ་པ་ལ་རྩོལ་བྱུང་མ་ཡིན་པ་ཡོད་པའི་ཕྱིར། དེར་ཐལ། སངས་རྒྱས་ཚེ་དཔག་མེད་ཀྱི་བུམ་པ་དེ་ཡིན་པའི་ཕྱིར་དང༌། དེ་བཞིན་དུང་སྒྲ་དང་རྔ་སྒྲལའང་རྩོལ་བྱུང་མིན་པ་ཡོད་པའི་ཕྱིར་རོ། །༈ རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཡིན་པར་སྒྲུབ་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་རྟོག་བྲལ་ཡིན་ཡང་མ་འཁྲུལ་བའི་རིག་པ་མ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཡིན་པར་སྒྲུབ་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། རྟོག་མེད་འཁྲུལ་ཤེས་ཡིན་པར་ཐལ། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། རྟོག་མེད་འཁྲུལ་ཤེས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་པའི་ཕྱིར། དེར་ཐལ། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་འཛིན་སྟངས་ཡུལ་ཟླ་བ་གཉིས་འཇོག་པ་གང་ཞིག ཟླ་བ་གཉིས་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱི་འཛིན་སྟངས་ཡུལ་ལ་ཟླ་བ་གཉིས་འཇོག་པར་ཐལ། ཟླ་བ་གཉིས་འཛིན་པའི་དབང་ཤེས་ཀྱི་འཛིན་སྟངས་ཡུལ་ལ་ཟླ་བ་གཉིས་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། བུམ་པ་གཉིས་འཛིན་པའི་དབང་ཤེས་ཀྱི་འཛིན་སྟངས་ཡུལ་བུམ་པ་གཉིས་འཇོག་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། ཟླ་བ་གཉིས་ཡོད་པར་ཐལ། ཟླ་བ་བཅུ་གཉིས་ཡོད་པའི་ཕྱིར། དེར་ཐལ། ལོ་གཅིག་ལ་ཟླ་བ་བཅུ་གཉིས་དང་ཞག་གི་དབང་དུ་བྱས་ན་ཞག་སྐོར་སུམ་བརྒྱ་དྲུག་ཅུཡོད་པའི་ཕྱིར་ན་དཔྱད། ༈ རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཡིན་པར་སྒྲུབ་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་རྟོག་བྲལ་མ་འཁྲུལ་བའི་རིག་པ་མ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་རིག་པ་དེ་ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཡིན་པར་སྒྲུབ་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པར་ཐལ། མངོན་སུམ་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། མངོན་སུམ་ཚད་མ་ཡིན་པར་ཐལ། ཚད་མ་གང་ཞིག རྗེས་དཔག་ཚད་མ་ཡིན་པའི་ཕྱིར། ཕྱི་མ་སླ། དང་པོ་མ་གྲུབ་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་རྟོགས་ཀྱི་བློ་ཡིན་པའི་ཕྱིར། མ་གྲུབ་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱིས་ཡུལ་མ་རྟོགས་པར་ཐལ། འདོད་ན། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱིས་ཟླ་བའི་ཁ་དོག་མ་རྟོགས་པར་ཐལ། འདོད་ན། དུང་སེར་སྣང་གི་དབང་ཤེས་ཀྱིས་དུང་གི་དབྱིབས་མ་རྟོགས་པར་ཐལ། ཟླ་བ་གཉིས་སྣང་གི་དབང་ཤེས་ཀྱིས་ཟླ་བའི་ཁ་དོག་མ་རྟོགས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། དུང་སེར་སྣང་གི་དབང་ཤེས་དུང་གི་དབྱིབས་ལ་མ་འཁྲུལ་བས་འདོད་པའི་དོན་ཐོབ་པར་སློབ་དཔོན་རྒྱལ་དབང་བློས་བཞེད་པའི་ཕྱིར། དེར་ཐལ། དེས་མཛད་པའི་འགྲེལ་བ་ལས། དེ་ལྟ་མོད་ཀྱང་སེར་པོ་ལ་འཁྲུལ་དབྱིབས་ལ་མ་འཁྲུལ་བས་འདོད་པས་དོན་ཐོབ་པའི་ཕྱིར། མངོན་སུམ་ཉིད་དུ་རྣམ་པར་བཞག་སྟེ། ཞེས་གསུངས་པའི་ཕྱིར། རིགས་པས་ཀྱང་གྲུབ་སྟེ། མོ་ཊ་དང་གྲུ་སོགས་སུ་ཞུགས་ཏེ་འགྲོ་བ་ན་ལམ་ཁར་ཡོད་པའི་ལྗོན་ཤིང་དང་ཁང་པ་སོགས་འགྲོ་བར་སྣང་ཡང༌། དེ་དག་གི་ཁ་དོག་གང་ཡིན་སོགས་རྟོགས་ཐུབ་པ་མངོན་སུམ་གྱིས་གྲུབ་པའི་ཕྱིར་ན་དཔྱད། ༈ ཡང་མངོན་སུམ་ཡིན་ན་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པས་ཁྱབ་པར་ཐལ། སྤྱིར་རྟོག་བྲལ་མ་འཁྲུལ་བ་རིག་པ་དེ་སྔོ་འཛིན་དབང་མངོན་དེ་མངོན་སུམ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡིན་ཡང་ཟླ་བ་གཉིས་སྣང་གི་དབང་ཤེས་མངོན་སུམ་ཡིན་པར་སྒྲུབ་པའི་རྟགས་ཀྱི་ཕྱོགས་གཅིག་ལ་ཆོས་ཅན་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། སྔོ་འཛིན་དབང་མངོན་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པར་ཐལ། འདོད་ན། སྔོ་འཛིན་དབང་མངོན་ཆོས་ཅན། མ་འཁྲུལ་བའི་རིག་པ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། སྔོ་འཛིན་དབང་མངོན་ཆོས་ཅན། མ་འཁྲུལ་བའི་རིག་པ་མ་ཡིན་པར་ཐལ། འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། ཀུན་རྫོབ་སྣང་བའི་ཕྱིར། ཁྱབ་སྟེ། བདེན་གཉིས་གསལ་བའི་ཉི་མ་སོགས་ལས་རྣམ་མཁྱེན་ལ་ཀུན་རྫོབ་ཀྱི་ཆོས་རྣམས་མི་སྣང་བ་སྒྲུབ་ཚུལ་ཡོད་པའི་ཕྱིར་དང༌། ཡང་ན་སྔོ་འཛིན་དབང་མངོན་ཆོས་ཅན། འཁྲུལ་བའི་རིག་པ་ཡིན་པར་ཐལ། ཕྱི་རོལ་དོན་དུ་གྲུབ་པར་སྣང་བའི་ཕྱིར། དེར་ཐལ། རང་ལུགས་ལ་སྔོན་འཛིན་དབང་མངོན་སོགས་ལ་ཕྱི་དོན་སྣང་བའི་རྒྱུ་མཚན་གྱིས་མངོན་སུམ་གྱི་མཚན་ཉིད་ལ། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཙམ་གྱིས་མི་ཆོག་པར་རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཤེས་པ་དེ་འཇོག་དགོས་པའི་ཕྱིར། དེར་ཐལ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་གཉིས། དེ་གཉིས་ཀའི་མཚན་ཉིད་རིམ་བཞིན། རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱིས་མ་འཁྲུལ་བའི་གསར་དུ་མིབསླུ་བའི་ཤེས་པ་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ན་དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀར་ཆོས་གཅིག་བཀོད་པས་ཁྱབ་པར་ཐལ། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་རྩོད་གཞི་དང་རྟགས་གཉིས་ཀར་ཆོས་གཅིག་བཀོད་པ་མ་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་རྩོད་གཞིར་ཆོས་གཅིག་མ་བཀོད་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་རྩོད་གཞིར་ཆོས་གཅིག་བཀོད་པ་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་རྩོད་གཞིར་ཀ་བུམ་གཉིས་འཇོག་དགོས་པ་གང་ཞིག ཀ་བུམ་གཉིས་ཆོས་གཅིག་མ་ཡིན་པའི་ཕྱིར། རྟགས་སླ། འདོད་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་རྩོད་གཞིར་ཆོས་གཅིག་བཀོད་པ་ཡིན་པར་ཐལ། ཁྱོད་ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པ་ལ་དེ་སྒྲུབ་ཀྱི་རྩོད་གཞི་དང་རྟགས་གཉིས་ཀར་ཆོས་གཅིག་བཀོད་པ་ཞིག་དགོས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། ཆོས་ཅན་གཏན་ཚིགས་དངོས་གྱུར་ནི། །ཤེས་བྱེད་ཉིད་དུ་མ་གྲུབ་ཕྱིར། །ཞེས་གསུངས་པའི་ཕྱིར། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཀ་བུམ་གཉིས་མི་རྟག་པར་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་ཀ་བུམ་གཉིས་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། ཀ་བུམ་གཉིས་ཆོས་ཅན། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་ཁྱོད་མི་རྟག་པར་སྒྲུབ་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། ཁྱོད་ཁྱོད་ཀྱི་རྟགས་ཀྱིས་ཁྱོད་མི་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་བདགམེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀར་ཆོས་གཅིག་བཀོད་ན་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་སུ་འགྱུར་བས་ཁྱབ་པར་ཐལ། འདོད་ན། བྱས་པ་ཆོས་ཅན། རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་དང་བསྒྲུབ་བྱའི་ཆོས་གཉིས་ཀར་ཁྱོད་བཀོད་པ་ཡིན་པའི་ཕྱིར། དེར་ཐལ། སྦྱོར་བ་དེ་སྒྲུབ་ཀྱི་རྟགས་སུ་བཀོད་པ་གང་ཞིག སྦྱོར་བ་དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་སུའང་བཀོད་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ། བདག་མེད་ཡིནཔའི་ཕྱིར། ༈ ཡང་མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་ཆོས་གཉིས་ཐ་དད་ནས་མེད་པར་ཐལ། མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཆོས་གཉིས་ཐ་དད་ནས་མེད་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་ཆོས་གཉིས་ཐ་དད་ནས་མེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གསལ་གཉིས་ཐ་མི་དད་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་ཆོས་གཉིས་ཐ་དད་ནས་མེད་པའི་ཕྱིར། འདོད་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གསལ་གཉིས་ཐ་མི་དད་མ་ཡིན་པར་ཐལ། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གསལ་གཉིས་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མི་རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གསལ་གཉིས་ཕན་ཚུན་ཐ་དད་ཡིན་པར་ཐལ། རྟག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཚད་མའི་བསྟན་བཅོས་བསྡུས་གྲྭ་ཡིད་ཀྱི་མུན་སེལ་ལས། རྟག་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་ཐ་མི་དད་མ་ཡིན་པར་ཐལ། ཁྱོད་ཀྱིརྟགས་གསལ་གཉིས་ཀ་ཕན་ཚུན་ཐ་དད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་ནས་མེད་པར་ཐལ། མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མ་ཡིན་པར་ཐལ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་ནས་མེད་པའི་ཕྱིར། འདོད་མི་ནུས་ཏེ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་དངོས་མིང་སོ་སོ་བའི་གོ་བྱ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གཅིག་ཡིན་ན་མིང་ཡང་གཅིག་ཡིན་དགོས་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། གཅིག་དང་ཐ་དད་ལ་མཚན་ཉིད་ནི་རིམ་པ་ལྟར། ཆོས་གང་མིང་གཅིག་ལ་བརྟེན་ནས་དོན་སྤྱི་གཅིག་ཏུ་འཆར་དུ་རུང་བ་དང༌། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཞེས་པའི་བརྗོད་པའི་སྒྲ་དང༌། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་ཆོས་ཞེས་བརྗོད་པའི་སྒྲ་གཉིས་སོ་སོ་བ་ཡིན་པ་རྣ་ཤེས་ཚད་མས་མངོན་སུམ་གྱིས་གྲུབ་པའི་ཕྱིར་དང༌། ཡང་ན་མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་དངོས་མིང་སོ་སོ་བ་ཡིན་པར་ཐལ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཞེས་པའི་བརྗོད་པའི་སྒྲ་དེ་མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཀྱི་དངོས་མིང་ལས་གཞན་གྱི་དངོས་མིང་མིན་པ་དང༌། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་ཆོས་ཞེས་བརྗོད་པའི་སྒྲ་དེ་མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་བསྒྲུབ་ཆོས་ཀྱི་དངོས་མིང་ཡིན་པ་ལས་གཞན་གྱི་དངོས་མིང་མ་ཡིན་པའི་ཕྱིར། འདོད་ན། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་གཉིས་ཐ་དད་ཡིན་པར་ཐལ། འདོད་ན། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་ནས་ཡོད་པར་ཐལ། མི་རྟག་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་གཉིས་ཐ་དད་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཆོས་ཐ་དད་ནས་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་ལས། དང་པོ་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པ་ནི། དཔེར་ན། མི་རྟག་པ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཆོས་ཐ་དད་མེད་ནས་མགྲུབ་པའི་གཏན་ཚིགས་ཡིན་པའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་གསུམ་པོ་དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་བརྒྱད་འདྲེན་པའི་སྐབས་སུ་དེ་གསུམ་རེ་རེ་ནས་བགྲང་བའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཆོས་ཐ་དད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་དེ་བློ་ལ་ལྟོས་ནས་མ་གྲུབ་པའི་རྟགས་ཀྱི་དབྱེ་བ་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ལ། ཤེས་འདོད་མེད་ནས་མ་གྲུབ་པ་དང༌། ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་དང་གཉིས། ཞེས་གསུངས་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྟེང་ནས་ཕྱོགས་ཆོས་མ་གྲུབ་པའི་གནད་ཀྱིས་མ་ཡིན་པར་སྐབས་བབ་ཀྱི་རྒོལ་བའི་བློ་སྐྱོན་དབང་གིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་སུ་སོང་བ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་བློ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་དོན་ཡིན་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་སྟེང་ནས་ཕྱོགས་ཆོས་མ་གྲུབ་པའི་གནད་ཀྱིས་མ་ཡིན་པར་སྐབས་བབ་ཀྱི་རྒོལ་བའི་བློ་སྐྱོན་དབང་གིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱོགས་ཆོས་མ་གྲུབ་པའི་གཏན་ཚིགས་སུ་སོང་བ་མ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། སྐབས་བབ་ཀྱི་རྒོལ་བའི་བློ་སྐྱོན་དབང་ཙམ་གྱིས་མ་ཡིན་པར་དོན་སྟེང་ནས་ཕྱོགས་ཆོས་མ་གྲུབ་པའི་གནད་ཀྱིས་མ་གྲུབ་པའི་གཏན་ཚིགས་སུ་སོང་བ་དེ། དོན་ལ་ལྟོས་ཏེ་མ་གྲུབ་པའི་གཏན་ཚིགས་ཀྱི་དོན་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། དང་པོ་ལ། གཞི་མ་གྲུབ་པའི་དབང་གིས་མ་གྲུབ་པ་དང༌། གཞི་རྟགས་ཀྱི་འགྲེལ་བ་མེད་ནས་མ་གྲུབ་པ་དང༌། ཕྱོགས་གཅིག་ལ་ལྟོས་ཏེ་མགྲུབ་པ་དང༌། ཐ་དད་མེད་ནས་མ་གྲུབ་པ་དང་བཞི། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ འདུས་བསགས་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པའི་ཕྱིར། མ་གྲུབ་ན། འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། འདུས་བསགས་དེ་མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། འགྲེལ་བཤད་རིན་འཕྲེང་ལས། དང་པོ་ནི། མིག་སོགས་ཆོས་ཅན། གཞན་དོན་བྱེད་དེ། འདུས་བསགས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཕྱོགས་ཆོས་ཡིན་པར་ཐལ། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། མིག་སོགས་གཞན་དོན་བྱེད་པར་སྒྲུབ་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཤེས་འདོད་མེད་ནས་མ་གྲུབ་པ་ནི། མིག་སོགས་ཆོས་ཅན། གཞན་དོན་ཙམ་ཞིག་བྱེད་དེ། འདུས་བསགས་ཡིན་པས་སོ། །ཞེས་པ་ལྟ་བུའོ། །ཞེསགསུངས་པའི་ཕྱིར་ན་དཔྱད། ༈ ཡང་མིག་སོགས་ཀྱིས་གཞན་དོན་ཙམ་ཞིག་བྱེད་པ་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། མིག་སོགས་ཆོས་ཅན། གཞན་དོན་ཙམ་ཞིག་བྱེད་དེ། འདུས་བསགས་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། མིག་སོགས་ཀྱིས་རང་དོན་མི་བྱེད་པར་ཐལ། མིག་སོགས་ཀྱིས་གཞན་དོན་ཙམ་ཞིག་བྱེད་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་དོན་ཙམ་ཞིག་བྱེད་ཅེས་པའི་ཙམ་སྒྲས་གཅད་བྱ་ངོས་འཛིན་རྒྱུ་ཡོད་པའི་ཕྱིར། འདོད་ན། མིག་སོགས་ཀྱིས་རང་དོན་མི་བྱེད་པར་ཐལ། མིག་སོགས་ཀྱིས་གཞན་དོན་ཙམ་བྱེད་པ་གང་ཞིག དེའི་ཙམ་སྒྲས་རང་དོན་བྱེད་པ་བཅད་པ་ཡིན་པའི་ཕྱིར། འདོད་ན། དམ་བཅའ་བའི་མིག་གིས་རང་དོན་མི་བྱེད་པར་ཐལ། མིག་གིས་རང་དོན་མི་བྱེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱི་མིག་གིས་ཀྱང་གཞན་དོན་ལས་རང་དོན་མི་བྱེད་པར་ཐལ། དམ་བཅའ་བའི་མིག་གིས་གཞན་དོན་ལས་རང་དོན་མི་བྱེད་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཉན་ཐོས་ཀྱིས་གཞན་དོན་བསྒྲུབས་པ་ཡོད་པར་ཐལ། ཉན་ཐོས་ཀྱི་མིག་གིས་གཞན་དོན་ཁོ་ན་བསྒྲུབས་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཉན་ཐོས་ཀྱིས་རང་དོན་འབའ་ཞིག་ལས་གཞན་དོན་མི་བྱེད་པས་ཁྱབ་པའི་ཕྱིར། དེར་ཐལ། རྒྱལ་སྲས་ལག་ལེན་ལས། རང་དོན་འབའ་ཞིག་བསྒྲུབས་པའི་ཉན་རང༌། །ཞེས་གསུངས་པའི་ཕྱིར་ན། འདིར་གསུངས་པའི་རང་དོན་གཞན་དོན་དང་གོང་དུ་བཤད་པའི་གཞན་དོན་ཙམ་ཞིག་ཅེས་པའིགཞན་དོན་མི་འདྲའམ་དཔྱད། ༈ སྒྲ་ལ་ཐེ་ཚོ་ཟ་བའི་རྒོལ་བ་ལ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྦྱོར་བ་ལྟར་སྣང་ཡིན་པར་ཐལ། སྒྲ་ལ་ཐེ་ཚོ་ཟ་བའི་རྒོལ་བ་ལ་བྱས་པ་དེ་སྒྲ་མི་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་རྒྱུ་མཚན་འཐད་པའི་ཕྱིར། འདོད་ན། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྦྱོར་ཡང་དག་མ་ཡིན་པར་ཐལ། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྦྱོར་བ་ལྟར་སྣང་ཡིན་པའི་ཕྱིར། འདོད་ན། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྦྱོར་བ་ཡང་དག་ཡིན་པར་ཐལ། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྦྱོར་བ་ཡང་དག་ཏུ་སོང་བའི་རྒོལ་བ་ཡོད་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། སྦྱོར་བ་དེ་དང་དེ་སྦྱོར་བ་ཡང་དག་ཡིན་མིན་དེ་སྦྱོར་བ་ཡང་དག་ཏུ་སོང་བའི་རྒོལ་བ་ཡོད་མེད་ལ་ལྟ་དགོས་པའི་ཕྱིར། དེར་ཐལ། སྦྱོར་བ་དེ་དང་དེ་སྦྱོར་བ་ཡང་དག་ཡིན་པའི་ཚད་ཡོད་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྦྱོར་བ་ཡང་དག་ཏུ་སོང་བའི་རྒོལ་བ་ཡོད་པར་ཐལ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་ཡང་དག་གང་ཡང་རུང་བ་ཞིག་ཡོད་པའི་ཕྱིར། དེར་ཐལ། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་དང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་གཉིས་ཀ་ལ་ཐུན་མོང་དུ་བཀོད་པའི་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་འགོད་པ་ཡོད་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། དེ་འདྲའི་སྦྱོར་བ་དེ་སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཡིན་པ་གང་ཞིག་སྦྱོར་བ་དེ་སྦྱོར་བ་ཡང་དག་ཏུ་སོང་བའི་རྒོལ་བ་ཡོད་པའི་ཕྱིར། དང་པོ་མ་གྲུབ་ན། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་དང༌། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་གཉིས་ཀ་ལ་ཐུན་མོང་དུ་བཀོད་པའི་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་སྒྲ་ཆོས་ཅན། མི་རྟག་པ་ཡིན་ཏེ། བྱས་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་སྦྱོར་བ་ཡིན་པར་ཐལ། སྒྲ་ལ་ཐེ་ཚོམ་ཟ་བའི་རྒོལ་བ་དང༌། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱིར་རྒོལ་ཡང་དག་གཉིས་ལ་བཀོད་པའི་སྦྱོར་བ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། སྦྱོར་བ་དེ་འགོད་ཡུལ་གྱི་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའིཕྱིར་རྒོལ་ཡང་དག་དེ་དེ་ཡིན་པའི་ཕྱིར་ན་དཔྱད། ༈ མཚན་མོའི་རྒྱ་མཚོའི་སྐྱ་རྫས་མཐོང་ནས་དེ་དུ་བ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་དུ་བ་མཚན་མོའི་རྒྱ་མཚོར་མེ་ཡོད་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། དུ་བ་ཆོས་ཅན། མཚན་མོའི་རྒྱ་མཚོའི་སྐྱ་རྫས་མཐོང་ནས་དེ་དུ་བ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་མཚན་མོའི་རྒྱ་མཚོར་མེ་ཡོད་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། དེ་འདྲའི་རྒོལ་བས་མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་མི་ཟ་བའི་ཕྱིར། དེར་ཐལ། དེ་འདྲའི་རྒོལ་བས་མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་དེ། དུ་བ་ཡོད་པའི་ཕྱིར་ཞེས་པའི་སྦྱོར་བའི་རྟགས་དུ་བའི་ངོ་བོ་རྟོགས་པའི་ཕྱིར། དེར་ཐལ། མཚན་མོའི་རྒྱ་མཚོའི་སྐྱ་རྫས་མཐོང་ནས་དེ་དུ་བ་ཡིན་མིན་ལ་ཐེ་ཚོམ་ཟ་ན་དེ་འདྲའི་རྒོལ་བས་དུ་བ་མ་རྟོགས་པས་ཁྱབ་པ་མེད་པའི་ཕྱིར། འདོད་ན། དུ་བ་དེ་མཚན་མོའི་རྒྱ་མཚོའི་སྐྱ་རྫས་མཐོང་ནས་དེ་དུ་བ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར་མཚན་མོའི་རྒྱ་མཚོར་མེ་ཡོད་པར་སྒྲུབ་པའི་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། སྐབས་ཀྱི་རྒོལ་བས་དེ་སྒྲུབ་ཀྱི་རྟགས་ཀྱི་ངོ་བོ་དེ་རྟོགས་པའི་ཕྱིར། འདོད་མི་ནུས་ཏེ། རྟགས་རིགས་ལས། རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབ་པའི་གཏན་ཚིགས་ནི། དཔེར་ན། མཚན་མོའི་རྒྱ་མཚོར་སྐྱ་རྫས་མཐོང་ནས་དེ་དུ་བ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་རྒོལ་བ་ལ་དུ་བ་དེ། མཚན་མོའི་རྒྱ་མཚོར་མེ་ཡོད་པར་སྒྲུབ་པར་བྱེད་པའི་རྟགས་ཀྱི་ངོ་བོ་ལ་ཐེ་ཚོམ་ཟ་ནས་མ་གྲུབཔའི་གཏན་ཚིགས་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ༈ ཡང་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་ན་ཤེས་འདོད་ཆོས་ཅན་སྐྱོན་མེད་མེད་པས་ཁྱབ་པར་ཐལ། འདོད་ན། དངོས་པོ་ཆོས་ཅན། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར། མ་གྲུབ་ན། དངོས་པོ་ཆོས་ཅན། ཁྱོད་ཀྱི་རྟགས་ཀྱིས་དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པར་ཐལ། དོན་བྱེད་ནུས་པ་དེ་དེ་ཡིན་པའི་ཕྱིར། དེར་ཐལ། དོན་བྱེད་ནུས་པ་དེ་སྒྲུབ་ཀྱི་རྩོད་གཞིར་བཟུང་བ་གང་ཞིག དོན་བྱེད་ནུས་པ་དངོས་པོ་ཡིན་པར་ངེས་ནས་དོན་བྱེད་ནུས་པ་མི་རྟག་པ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་རྒོལ་བ་ཡོད་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་ཤེས་འདོད་ཆོས་ཅན་སྐྱོན་མེད་ཡོད་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་ཤེས་འདོད་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པ་གང་ཞིག གཞན་བཅུ་བཞི་བོ་གང་ཡང་མ་ཡིན་པའི་ཕྱིར། འདོད་ན། དངོས་པོ་ཆོས་ཅན། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་མ་ཡིན་པར་ཐལ། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་མ་གྲུབ་པའི་གཏན་ཚིགས་མ་ཡིན་པ་གང་ཞིག དེ་སྒྲུབ་ཀྱི་འགལ་རྟགས་དང་མ་ངེས་པའི་གཏན་ཚིགས་གཉིས་པོ་གང་ཡང་མ་ཡིན་པའི་ཕྱིར། དང་པོ་ཁས། ཕྱི་མ་སླ། འདོད་ན། དངོས་པོ་ཆོས་ཅན། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པར་ཐལ། དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་གང་ཞིག དེ་སྒྲུབ་ཀྱི་རྟགས་ལྟར་སྣང་མ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དངོས་པོའི་རྟགས་ཀྱིས་དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་ཕྱིར་རྒོལ་ཡང་དག་མེད་པའི་ཕྱིར། དེར་ཐལ། དངོས་པོའི་རྟགས་ཀྱིས་དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་ནས་བསྒྲུབ་བྱ་ལ་ཤེས་འདོད་ཞུགས་པའི་རྒོལ་བ་མེད་པའི་ཕྱིར། མ་གྲུབ་ན། དངོས་པོའི་རྟགས་ཀྱིས་དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་ནས་བསྒྲུབ་བྱ་ལ་ཤེས་འདོད་ཞུགས་པའི་རྒོལ་བ་མེད་པར་ཐལ། གང་ཟག་དེས་དངོས་པོའི་རྟགས་ཀྱིས་དོན་བྱེད་ནུས་པ་མི་རྟག་པར་སྒྲུབ་པའི་རྗེས་ཁྱབ་ཚད་མས་ངེས་ན་དངོས་པོ་མི་རྟག་པ་ཚད་མས་ངེས་དགོས་པའི་ཕྱིར། རྟགས་སླ། ཁྱབ་སྟེ། དངོས་པོ་མི་རྟག་པ་ཡིན་པར་ཚད་མས་ངེས་ནས་དོན་བྱེདནུས་པ་དངོས་པོ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་རྒོལ་བ་གཞི་མ་གྲུབ་པའི་ཕྱིར་རོ། །༈ ཡང་བྱས་པ་མ་རྟོགས་པའི་གང་ཟག་གིས་བྱས་པ་རྟགས་སུ་བཀོད་ན་བྱས་པ་དེ་སྒྲུབ་ཀྱི་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་འགྱུར་བས་ཁྱབ་པར་ཐལ། བྱས་པ་མ་རྟོགས་པའི་གང་ཟག་ཡིན་ན་གང་ཟག་དེས་རྩོད་གཞིར་འགྲོ་རྒྱུ་དེ་བྱས་པ་ཡིན་པར་མ་རྟོགས་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། སྒྲ་བྱས་པ་མ་རྟོགས་པའི་གང་ཟག་གིས་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་བཀོད་ན་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པས་ཁྱབ་པའི་ཕྱིར། འདོད་ན། མི་རྟག་པ་མ་རྟོགས་པའི་གང་ཟག་གིས་མི་རྟག་པ་རྟགས་སུ་བཀོད་ན་མི་རྟག་པ་དེ་སྒྲུབ་ཀྱི་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་དགོས་པར་ཐལ། བྱས་པ་མ་རྟོགས་པའི་གང་ཟག་གིས་བྱས་པ་རྟགས་སུ་བཀོད་ན་བྱས་པ་དེ་སྒྲུབ་ཀྱི་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་དགོས་པའི་ཕྱིར། འདོད་ན། དམ་བཅའ་བས་བཀོད་པའི་སྒྲ་ཆོས་ཅན། བདག་མེད་ཡིན་ཏེ། མི་རྟག་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་སྦྱོར་བ་ཡིན་ན་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པས་ཁྱབ་པར་ཐལ། དམ་བཅའ་བས་མི་རྟག་པ་མ་རྟོགས་པའི་ཕྱིར། འདོད་ན། དམ་བཅའ་བས་མི་རྟག་པ་རྟགས་སུ་བཀོད་པའི་སྦྱོར་བ་ཡིན་ན་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པས་ཁྱབ་པར་ཐལ། འདོད་ན། དམ་བཅའ་བས་མི་རྟག་པ་རྟགས་སུ་བཀོད་པའི་སྦྱོར་བ་ཡིན་ན་སྦྱོར་བ་ཡང་དག་མ་ཡིན་པས་ཁྱབ་པར་ཐལ། དམ་བཅའ་བས་མི་རྟག་པ་རྟགས་སུ་བཀོད་པའི་སྦྱོར་བ་ཡིན་ན་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པས་ཁྱབ་པའི་ཕྱིར། འདོད་ན། དམ་བཅའ་བ་ལ་མི་རྟག་པ་རྟགས་ཡང་དག་ཏུ་སོང་བའི་སྦྱོར་བ་འགོད་རྒྱུ་མེད་པར་ཐལ་ལོ་ཞེ་ན་དཔྱད། ༈ ཡང་མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་ཡིན་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པར་ཐལ། མིག་ཤེས་ཀྱི་གཟུང་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། གཉིས་ཀ་ལ་མ་གྲུབ་པ་ནི། སྒྲ་ཆོས་ཅན། རྟག་སྟེ། མིག་ཤེས་ཀྱི་བཟུང་བྱ་ཡིན་པས་སོ། །ཞེས་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན། གཏན་ཚིགས་དོན་བསྡུས་སུ་མ་གྲུབ་པའི་གཏན་ཚིགས་བཅུ་བཞི་འདྲེན་སྐབས་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་མ་བགྲང་བ་ནི་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་སུ་བསྡུས་པ་ཡིན་ཏེ། གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གོ་དོན་ནི་རྩོད་གཞི་དེའི་སྟེང་དུ་རྟགས་དེ་འགོད་ཚུལ་ལྟར་མ་གྲུབ་པ་ཡིན་པ་གང་ཞིག རྒོལ་ཕྱི་རྒོལ་གཉིས་ཀས་སྒྲ་མིག་ཤེས་ཀྱི་བཟུང་བྱར་ཚད་མས་མ་གྲུབ་པའི་རྒྱུ་མཚན་གྱིས་ཡིན་ནམ་སྙམ་ལ། གུང་ཐང་རྟགས་རིགས་ལས་ཀྱང་དེ་ལྟར་གསུངས་སོ། །འོན་ཀྱང་གཞི་རྟགས་ཀྱི་འབྲེལ་བ་མེད་ནས་མ་གྲུབ་པའི་གཏན་ཚིགས་དེ་དོན་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་དང༌། རྒོལ་ཕྱིར་རྒོལ་གཉིས་ཀ་ལ་ལྟོས་ནས་མ་གྲུབ་པའིགཏན་ཚིགས་དེ་རྒོལ་བ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པས་དཔྱད།

འགལ་རྟགས་བཤད་སྐབས་ཀྱི་དོགས་དཔྱོད།

འགལ་རྟགས་བཤད་སྐབས་ཀྱི་དོགས་དཔྱོད།

དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་ཅིང༌། རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་ན་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་པས་ཁྱབ་པར་ཐལ། འདོད་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག སྒྲ་རྟག་པར་སྒྲུབ་པར་བྱེད་པའི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་མ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། མ་ངེས་པའི་རྟགས་ལ་ཐུན་མོང་མིན་པ་དང༌། ཐུན་མོང་གི་མ་ངེས་པའི་རྟགས་གཉིས་ཏེ། ཞེས་པ་ནས། དབྱེ་ན་དང་པོ་ལ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང་བ་བཞི་སྟེ། རིམ་པ་བཞིན་དཔེར་ན་སྒྲ་མི་རྟག་སྟེ་མཉན་བྱ་ཡིན་པས་སོ། །རྟག་སྟེ། མཉན་བྱ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། མ་གྲུབ་ན། མཉན་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། འགལ་མ་ངེས་མ་གྲུབ་གསུམ་སྟེ། མཚན་ཉིད་ནི་རིམ་པ་ལྟར། ཕྱོགས་ཆོས་གང་ཞིག རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོགཏུ་ངེས་པ་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ སྤྱིར་རྟགས་སུ་བཀོད་པ་ཐམས་ཅད་རྟགས་ཡང་དག་དང༌། རྟགས་ལྟར་སྣང་གཉིས་སུ་ངེས་པ་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་རྟགས་ལྟར་སྣང་གང་རུང་ཡིན་པར་ཐལ། རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་རྟགས་སུ་བཀོད་པ་ཡིན་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་དང་རྟགས་ལྟར་སྣང་གང་རུང་མ་ཡིན་པར་ཐལ། རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པ་གང་ཞིག རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་ཡང་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་པ་ཆོས་ཅན། རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། རྣམ་མཁྱེན་དུ་ངེས་ནས་རྣམ་མཁྱེན་མི་རྟག་པ་ཡིན་མིན་ལ་ཤེས་འདོད་ཞུགས་པའི་རྒོལ་བ་མེད་པའི་ཕྱིར། དེར་ཐལ། རྣམ་མཁྱེན་བྱས་པ་ཡིན་པར་ངེས་པའི་རྒོལ་བ་ཡིན་ན་རྣམ་མཁྱེན་ངེས་པས་ཁྱབ་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། གང་ཟག་དེས་རྣམ་མཁྱེན་རྟོགས་ན་རྣམ་མཁྱེན་མི་རྟག་པ་ཡིན་པར་རྟོགས་པས་ཁྱབ་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་རྟོགས་ན་རྣམ་མཁྱེན་མི་རྟག་པ་ཡིན་པར་རྟོགས་པས་ཁྱབ་པར་ཐལ། རྣམ་མཁྱེན་རྟོགས་ན་ཆོས་ཐམས་ཅད་རྟོགས་དགོས་པའི་ཕྱིར། དེར་ཐལ། རྣམ་མཁྱེན་རྟོགས་ན་རྣམ་མཁྱེན་ཀྱི་དམིགས་རྣམ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། ཁྱོད་རྟོགས་ན་ཁྱོད་ཀྱི་དམིགས་རྣམ་རྟོགས་དགོས་པར་ཐལ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། སྔོན་འཛིན་མིག་ཤེས་རྟོགས་ན་སྔོན་པོ་རྟོགས་པས་ཁྱབ་པའི་རྒྱུ་མཚན་ཡོད་པའི་ཕྱིར། མ་གྲུབ་ན། སྔོན་འཛིན་མིག་ཤེས་ཆོས་ཅན། ཁྱོད་རྟོགས་ན་སྔོན་པོ་རྟོགས་པས་ཁྱབ་པར་ཐལ། ཁྱོད་དང་སྔོན་པོ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། ལྷན་གཅིག་དམིགས་ངེས་ཞེས་པའི་དམིགས་པ་དེ་གཅིག་རྟོགས་ན་ཅིག་ཤོས་ཀྱང་རྟོགས་པའི་དོན་དུ་སྦྱར་བའི་ཕྱིར། དེར་ཐལ། ཉ་ཊཱིཀ་ལས། ལྷན་གཅིག་པ་ནི་དུས་གཅིག དམིགས་པ་ནི་རྟོགས་པ། ངེས་པ་ནི་ཁྱབ་པ་སྟེ། དུས་གཅིག་ཏུ་རྟོགས་པས་ཁྱབ་ཅེས་པ་སྟེ། གཅིག་རྟོགས་ན་གཅིག་རྟོགས། གཅིག་མ་རྟོགས་ན་གཅིག་ཤོས་ཡང་མི་རྟོགས་པས་ཁྱབ་པས་སོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། རྣམ་ངེས་ལས། ལྷན་ཅིག་དམིགས་པ་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་མ་གྲུབ་ན། བྱས་པ་ཆོས་ཅན། རྣམ་མཁྱེན་མི་རྟག་པར་སྒྲུབ་པའི་རྟགས་ལྟར་སྣང་མ་ཡིན་པར་ཐལ། རྣམ་མཁྱེན་མི་རྟག་པར་སྒྲུབཔའི་རྟགས་ལྟར་སྣང་གསུམ་པོ་གང་ཡང་མ་ཡིན་པའི་ཕྱིར། རྟགས་སླའོ། །༈ འགལ་རྟགས་ལ་སྦྱོར་བའི་སྒོ་ནས་དབྱེ་ན་འབྲས་རང་མ་དམིགས་པའི་འགལ་རྟགས་གསུམ་ཡོད་པར་ཐལ། འདོད་ན། འགལ་རྟགས་ལ་འབྲས་རང་མ་དམིགས་པའི་འགལ་རྟགས་གསུམ་མེད་པར་ཐལ། འགལ་རྟགས་ལ་རང་བཞིན་གྱི་འགལ་རྟགས་དང༌། འབྲས་བུའི་འགལ་རྟགས་གཉིས་ལས་མ་དམིགས་པའི་འགལ་རྟགས་མེད་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། དབྱེ་ན་དང་པོ་ལ། རང་བཞིན་འགལ་བ་དང༌། འབྲས་བུ་འགལ་བ་གཉིས་སམ། ཞེས་གསུངས་པའི་ཕྱིར། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ན་སྦྱོར་བ་དེ་སྒྲུབ་ཀྱི་རང་བཞིན་འགལ་རྟགས་དང་འབྲས་བུའི་འགལ་རྟགས་གང་རུང་ཡིན་པས་ཁྱབ་པར་ཐལ། འདོད་ན། ཤིང་མེད་པ་ཆོས་ཅན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཡོད་པར་སྒྲུབ་པའི་རང་བཞིན་འགལ་རྟགས་དང་འབྲས་བུའི་འགལ་རྟགས་གང་རུང་ཡིན་པར་ཐལ། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཡོད་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། དེར་ཐལ། ཤིང་མེད་པ་དེ་ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཡོད་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག དེ་སྒྲུབ་ཀྱི་རྗེས་སུ་འགྲོ་ལྡོག་གི་ཁྱབ་པ་ཕྱིན་ཅི་ལོག་ཏུ་ངེས་པ་ཡིན་པའི་ཕྱིར། འདོད་ན། ཤིང་མེད་པ་ཆོས་ཅན། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཡོད་པར་སྒྲུབ་པའི་རང་བཞིན་འགལ་རྟགས་དང་འབྲས་བུའི་འགལ་རྟགས་གང་རུང་མ་ཡིན་པར་ཐལ། ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཡོད་པར་སྒྲུབ་པའི་རང་བཞིན་འགལ་རྟགས་མ་ཡིན་གང་ཞིག ཤིང་གིས་དབེན་པའི་བྲག་རྫོང་དུ་ཤ་བ་ཡོད་པརསྒྲུབ་པའི་འབྲས་བུའི་འགལ་རྟགས་ཀྱང་མ་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། འདོད་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་སྒྲུབ་པའི་འགལ་རྟགས་མ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་ཡིན་པའི་ཕྱིར། དེར་ཐལ། དེ་སྒྲུབ་ཀྱི་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་ཡོད་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཆོས་ཀྱི་ངོ་བོ་དང༌། ཁྱད་པར་དང༌། ཆོས་ཅན་གྱི་ངོ་བོ་དང༌། ཁྱད་པར་འགོག་པའི་འགལ་རྟགས་བཞི་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་འགོག་པའི་འགལ་རྟགས་མ་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་འགོག་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཆོས་ཀྱི་ངོ་བོ་འགོག་པའི་རྟགས་ཡང་དག་ཡིན་པར་ཐལ། སྒྲ་རྟག་པ་འགོག་པའི་རྟགས་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན། སྒྲ་རྟག་པ་འགོག་པའི་རྟགསཡང་དག་ཡིན་པར་ཐལ། སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་པའི་ཕྱིར་ན་དཔྱད། ༈ འདུས་བསགས་ཆོས་ཅན། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་སྒྲུབ་པར་བྱེད་པའི་འགལ་རྟགས་ཡིན་པར་ཐལ། འདོད་ན། འདུས་བསགས་ཆོས་ཅན། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་སྒྲུབ་པར་བྱེད་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། འདུས་བསགས་ཆོས་ཅན། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་གཞན་དོན་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་མ་ཡིན་པར་ཐལ། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཁྱོད་ཡིན་པར་གྲུབ་མེད་པའི་ཕྱིར། མ་གྲུབ་ན། མིག་སོགས་འདུས་པ་མ་ཡིན་པའི་ཡུལ་ཅན་ཆོས་ཅན། འདུས་བསགས་མ་ཡིན་པར་ཐལ། མེད་པ་ཡིན་པའི་ཕྱིར། དེར་ཐལ། འདུས་པ་མ་ཡིན་པའི་ཡུལ་ཅན་ཞེས་པའི་དོན་དེ་སྐད་ཅིག་དུ་མ་འདུས་པའང་མ་ཡིན། རྡུལ་དུ་མའང་འདུས་པ་མ་ཡིན་པའི་རྣམ་འགྱུར་སྣ་ཚོགས་ལོངས་སྤྱོད་པའི་ཡུལ་ཅན་དེ་འཇོག་དགོས་པ་གང་ཞིག དེ་ལ་གྲངས་ཅན་པས་འདོད་པའི་བདག་ཤེས་རིག་གི་སྐྱེས་བུ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར་རོ། །༈ ཡང་འདུས་མ་བྱས་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པར་ཐལ། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཆོས་ཅན་གྱི་ངོ་བོ་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། འདུས་མ་བྱས་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་རྟགས་མ་ཡིན་པར་ཐལ། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་གྲུབ་ན། འདུས་མ་བྱས་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་མ་ངེས་པ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། འདུས་མ་བྱས་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་མ་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་ན། འདུས་མ་བྱས་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཕྱོགས་ཆོས་གང་ཞིག དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་ཁྱབ་པ་རྣལ་མ་དང་ཕྱིན་ཅི་ལོག་གང་དུ་མ་ངེས་པ་ཡིན་པའི་ཕྱིར། འདོད་ན། འདུས་མ་བྱས་ཆོས་ཅན། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། དངོས་གྱུར་གྱི་ནམ་མཁའ་རྟག་པར་སྒྲུབ་པའི་འགལ་རྟགས་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། དཔེར་ན་བྱེ་བྲག་པས་སངས་རྒྱས་པ་ལ་དངོས་གྱུར་གྱི་ནམ་མཁའ་རྟག་པརསྒྲུབ་པ་ལ་འདུས་མ་བྱས་བཀོད་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་བྱེ་བྲག་པས་སངས་རྒྱས་པ་ལ་བཀོད་པའི་ནམ་མཁའ་ཆོས་ཅན། དངོས་པོ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་དེ་འགལ་རྟགས་ཀྱི་སྦྱོར་བ་ཡིན་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་གྲུབ་པར་ཐལ། སྦྱོར་བ་དེ་འགལ་རྟགས་ཀྱི་སྦྱོར་བ་ཡིན་པའི་ཕྱིར། འདོད་ན། བྱེ་བྲག་པས་སངས་རྒྱས་པ་ལ་བཀོད་པའི་ནམ་མཁའ་ཆོས་ཅན། དངོས་པོ་ཡིན་ཏེ། འདུས་མ་བྱས་ཡིན་པའི་ཞེས་པའི་སྦྱོར་བ་དེ་སྒྲུབ་ཀྱི་ཕྱོགས་ཆོས་མ་གྲུབ་པར་ཐལ། སྦྱོར་བ་དེའི་རྟགས་དེ་སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། སྔ་རྒོལ་བྱེ་བྲག་པས་ནམ་མཁའ་འདུས་མ་བྱས་ཡིན་པར་མ་གྲུབ་པའི་ཕྱིར། ཁྱབ་སྟེ། སྔ་རྒོལ་ལ་ལྟོས་ནས་མ་གྲུབ་པའི་གཏན་ཚིགས་ཀྱི་དོན་ཡོད་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། བྱེ་བྲག་པས་ནམ་མཁའ་མ་རྟོགས་པའི་ཕྱིར། མ་གྲུབ་ན། རྟགས་རིགས་མཐའ་དཔྱོད་ལས། བྱེབྲག་པས་ནམ་མཁའ་མ་རྟོགས་པས། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་སྒྲུབ་པར་བྱེད་པའི་འགལ་རྟགས་ཡིན་པར་ཐལ། འདོད་ན། འདུས་བསགས་ཆོས་ཅན། མིག་སོགས་གཞན་དོན་སྒྲུབ་པར་བྱེད་པའི་ཕྱོགས་ཆོས་ཡིན་པར་ཐལ། མིག་སོགས་གཞན་དོན་སྒྲུབ་པར་བྱེད་པའི་འགལ་རྟགས་ཡིན་པའི་ཕྱིར། འདོད་ན། མིག་སོགས་ཆོས་ཅན། འདུས་བསགས་ཡིན་པར་ཐལ། འདོད་ན། གཙོ་བོ་འདུས་བསགས་ཡིན་པར་ཐལ། མིག་སོགས་འདུས་བསགས་ཡིན་པའི་ཕྱིར། ཁྱབ་སྟེ། མིག་སོགས་ཞེས་པའི་སོགས་ཁོངས་ནས་ཤེས་བྱ་ཉེར་གསུམ་བཏོན་ནས་ཉེར་བཞི་ཆོས་ཅན་དུ་འཛིན་པ་ཡིན་པའི་ཕྱིར། དེར་ཐལ། རྟགས་རིགས་ལས། མིག་སོགས་ཞེས་པའི་སོགས་ཁོངས་ནས་ཤེས་བྱ་ཉེར་གསུམ་བཏོན་ནས་ཉེར་བཞི་ཆོས་ཅན་དུ་འཛིན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཙོ་བོ་འདུས་བསགས་ཡིན་པར་ཐལ། མིག་སོགས་འདུས་བསགས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། གཙོ་བོ་ཆོས་ཅན། ཡོད་པར་ཐལ། འདུས་བསགས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་མདོའི་རང་འགྲེལ་ལས། གཙོ་བོ་ལ་སོགས་པ་ནི་ཡོད་པ་མ་ཡིན་ཏེ། མ་དམིགསཔའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་དཔྱད།

མ་ངེས་པའི་གཏན་ཚིགས་བཤད་སྐབས་ཀྱི་དོགས་དཔྱོད།

མ་ངེས་པའི་གཏན་ཚིགས་བཤད་སྐབས་ཀྱི་དོགས་དཔྱོད།

གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་ལ་ཐེ་ཚོམ་ཟ་བ་དེ་མ་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པ་ལ་དེ་སྒྲུབ་ཀྱི་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཞིག་དགོས་པའི་ཕྱིར། དེར་ཐལ། ཕྱོགས་ཆོས་གང་ཞིག ཁྱབ་པ་ལ་ཐེ་ཚོམ་ཟ་བ་དེ་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། འགལ་མ་ངེས་མ་གྲུབ་པའི་གཏན་ཚིགས་གསུམ་སྟེ། མཚན་ཉིད་ནི་རིམ་པ་ལྟར། ཕྱོགས་ཆོས་གང་ཞིག རྗེས་སུ་འགྲོ་ལྡོག་ཕྱིན་ཅི་ལོག་ཏུ་ངེས་པ་དང༌། ཕྱོགས་ཆོས་གང་ཞིག ཁྱབ་པ་ལ་ཐེ་ཚོམ་ཟ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཁྱབ་པ་ལ་ཐེ་ཚོམ་ཟ་བ་ཡིན་པར་ཐལ། སྒྲ་རྟག་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ཁྱབ་པ་ལ་ཐེ་ཚོམ་ཟ་བ་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་སྒྲ་རྟག་སྒྲུབ་ཀྱི་ཕྱོགས་ཅན་དུ་སོང་བའི་གང་ཟག་གིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་མེད་པ་ངེས་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། ཆོས་དེ་མེད་པར་རྟོགས་ན་ཆོས་དེ་ལ་ཐེ་ཚོམ་ཟ་ཚུལ་མེད་པས་ཁྱབ་པའི་ཕྱིར། དེར་ཐལ། ཆོས་དེ་ཡོད་མེད་གང་རུང་དུ་རྟོགས་ན་ཆོས་དེ་ཐེ་ཚོ་ཟ་ཚུལ་མེད་པས་ཁྱབ་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་སྒྲུབ་ཀྱི་ཕྱོགས་ཅན་དུ་སོང་བའི་གང་ཟག་གིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཁྱབ་པ་མེད་པ་ངེས་པར་ཐལ། གཞལ་བྱའི་རྟགས་ཀྱིས་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་ཕྱོགས་ཅན་དུ་སོང་བའི་གང་ཟག་གིས་གཞལ་བྱ་ཡིན་ན་མི་རྟག་པ་ཡིན་པས་ཁྱབ་པ་མེད་པར་ངེས་ན་སྒྲ་རྟག་པ་ལ་ཤེས་འདོད་མི་ཞུགས་པས་མ་ཁྱབ་པའི་ཕྱིར་རོ། །༈ མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། མ་ངེས་པའི་རྟགས་ལ་ཐུན་མོང་མིན་པ་དང༌། ཐུན་མོང་གི་མ་ངེས་པའི་རྟགས་གཉིས་ཏེ། ཞེས་པ་ནས། དབྱེ་ན་དང་པོ་ལ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང་བ་བཞི་སྟེ། རིམ་པ་བཞིན་དཔེར་ན་སྒྲ་མི་རྟག་སྟེ་མཉན་བྱ་ཡིན་པས་སོ། །རྟག་སྟེ། མཉན་བྱ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིས་མཉན་བྱ་དེ་མི་རྟག་པ་ལ་མ་མཐོང་བར་ཐལ། མཉན་བྱ་དེ་སྒྲ་མི་རྟག་པར་སྒྲུབ་པའི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང་བའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིས་མཉན་བྱ་དེ་མི་རྟག་པ་ལ་མཐོང་བར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིས་མཉན་བྱ་མི་རྟག་པར་མཐོང་བའི་ཕྱིར། དེར་ཐལ། གང་ཟག་དེའི་རྒྱུད་ལ་མཉན་བྱ་མི་རྟག་པར་མཐོང་བའི་བློ་ཡོད་པའི་ཕྱིར། མ་གྲུབ་ན། གང་ཟག་དེའི་རྒྱུད་ལ་མཉན་བྱ་མི་རྟག་པར་མཐོང་བའི་བློ་ཡོད་པར་ཐལ། གང་ཟག་དེའི་རྒྱུད་ལ་མཉན་བྱ་རྟོགས་པའི་རྣ་ཤེས་ཚད་མ་ཡོད་པའི་ཕྱིར། མ་ཁྱབ་ན། གང་ཟག་དེའི་རྒྱུད་ལ་མཉན་བྱ་རྟོགས་པའི་རྣ་ཤེས་ཚད་མ་ཆོས་ཅན། ཁྱོད་ཀྱིས་མཉན་བྱ་མི་རྟག་པ་མཐོང་བར་ཐལ། ཁྱོད་སྒྲུབ་འཇུག་གི་བློ་གང་ཞིག ཁྱོད་ཀྱིས་མཉན་བྱ་མཐོང་བའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། དེའི་ཕྱིར་དངོས་པོ་མཐོང་བ་ཡི། །ཡོན་ཏན་མཐའ་དག་མཐོང་བ་ཉིད། །འཁྲུལ་བས་ངེས་པར་མི་བྱེད་པས། །སྒྲུབ་པ་རབ་ཏུ་འཇུག་པ་ཡིན། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དང་པོ་གྲུབ་སྟེ། རྟོག་མེད་ཤེས་པ་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རྟོག་མེད་ཤེས་པ་སྣང་བས་འཇུག །ཅེས་གསུངས་པའི་ཕྱིར་ན་དཔྱད། སྤྱིར་མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡིན་མིན་གྱི་དཔྱད་པ་མང་དུ་ཡོད་ཀྱང་རགས་རིམཙམ་ཞིག་གོང་དུ་སོང་ཟིན་ཏོ། །༈ ཡང་སྐབས་འདིའི་མཐོང་མ་མཐོང་དེ་ངེས་མ་ངེས་ཀྱི་དོན་ཡིན་པ་ལས་མཐོང་མ་མཐོང་གི་དོན་མིན་ཟེར་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིས་མཉན་བྱ་མི་རྟག་པ་མཐོང་བར་ཐལ། སྐབས་འདིའི་མཐོང་མ་མཐོང་གི་དོན་དེ་ངེས་མ་ངེས་ལ་སྦྱར་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིས་སྒྲ་མི་རྟག་པ་མཐོང་བར་ཐལ། ཕྱི་རྒོལ་དེས་མཉན་བྱ་མི་རྟག་པ་མཐོང་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་ཆོས་ཅན། ཁྱོད་ཀྱིས་མི་རྟག་པ་མཐོང་བར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པ་མཐོང་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་ཆོས་ཅན། ཁྱོད་ཀྱིས་མི་རྟག་པ་མ་མཐོང་བར་ཐལ། ཁྱོད་སོ་སྐྱེས་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུད་བླ་མ་ལས། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་བ་བཟློག་པ་སྟེ། །ཞེས་གསུངས་པའི་ཕྱིར། འདོད་ན། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིས་སྒྲ་མི་རྟག་པ་མ་མཐོང་བར་ཐལ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིས་མི་རྟག་པ་མ་མཐོང་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མཉན་བྱ་སྒྲ་མི་རྟག་པར་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་སུ་སོང་བའི་ཕྱི་རྒོལ་གྱིརྒྱུད་ཀྱི་སྒྲ་འཛིན་དབང་ཤེས་ཀྱིས་མཐོང་བའི་ཕྱིར་ན་དཔྱད། ༈ སྲོག་ཡོད་པ་ཆོས་ཅན། གསོན་ལུས་བདག་མེད་དུ་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། འདོད་ན། སྲོག་ཡོད་པ་ཆོས་ཅན། གསོན་ལུས་བདག་མེད་དུ་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་གསོན་ལུས་བདག་མེད་དུ་སྒྲུབ་པའི་ཁྱབ་པ་རྣལ་མ་མ་ངེས་པ་དེ་མ་ཡིན་པའི་ཕྱིར། དེར་ཐལ། སྲོག་ཡོད་པ་ཡིན་ན་བདག་མེད་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། སྲོག་ཡོད་པ་ཆོས་ཅན། གསོན་ལུས་བདག་མེད་དུ་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་མ་ཡིན་པར་ཐལ། ཁྱོད་ཀྱི་རྟགས་ཀྱིས་གསོན་ལུས་བདག་མེད་དུ་སྒྲུབ་པའི་ཁྱབ་པ་རྣལ་མ་ངེས་པའི་ཕྱིར། རྟགས་ཁས། འདོད་ན། སྲོག་ཡོད་པ་ཆོས་ཅན། གསོན་ལུས་བདག་མེད་དུ་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། གསོན་ལུས་བདག་མེད་དུ་སྒྲུབ་པའི་ཐུན་མོང་མ་ཡིན་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། མ་ངེས་པའི་རྟགས་ལ་ཐུན་མོང་མིན་པ་དང༌། ཐུན་མོང་གི་མ་ངེས་པའི་རྟགས་གཉིས་ཏེ། ཞེས་པ་ནས། དབྱེ་ན་དང་པོ་ལ། མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང༌། མི་མཐུན་ཕྱོགས་ལ་ཡོད་ཀྱང་མ་མཐོང༌། མེད་ནས་མ་མཐོང་བ་བཞི་སྟེ། རིམ་པ་བཞིན་དཔེར་ན་སྒྲ་མི་རྟག་སྟེ་མཉན་བྱ་ཡིན་པས་སོ། །རྟག་སྟེ། མཉན་བྱ་ཡིན་པས་སོ། །གསོན་ལུས་ཆོས་ཅན། བདག་ཡོད་དེ། སྲོག་ཡོད་པས་སོ། །བདག་མེད་དེ། སྲོག་ཡོད་པས་སོ་ཞེས་པ་ལྟབུའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པར་བྱེད་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་ཡིན་མིན་གྱི་དཔྱད་པ་རྣམས་གོང་མཐུན་ཕྱོགས་མི་མཐུན་ཕྱོགས་བཤད་སྐབས་སུ་སོང་ཟིན་པས་འདིར་བསྐྱར་དུ་འབྲི་མི་དགོས་ཀྱང༌། གོང་དུ་གཟིགས་ནས་དེ་ལྟརདཔྱད་དོ། །༈ རི་བོང་རྭ་མ་ཡིན་པ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པའི་ཐུན་མོང་གི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ཡིན་ན་ཁྱོད་ཡིན་པས་ཁྱབ་ན་ཁྱོད་དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་ཡིན་དགོས་པར་ཐལ། རི་བོང་རྭ་མ་ཡིན་པ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་དང་མི་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་གང་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་རྟགས་ཡང་དག་མ་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་ཡོད་པའི་ཕྱིར། རྟགས་ཁས། མ་ཁྱབ་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་ཡིན་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཁྱབ་བྱེད་དུ་ཡོད་པའི་ཕྱིར། རྟགས་ཁས་ཁྱབ་པ་སླ། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མི་མཐུན་ཕྱོགས་ལ་ཡོད་པའི་ཕྱིར། འདོད་ན། བདག་ཏུ་ཚད་མས་མ་དམིགས་པ་ཆོས་ཅན། སྒྲ་བདག་མེད་དུ་སྒྲུབ་པའི་རྗེས་ཁྱབ་མ་ཡིན་པར་ཐལ། སྒྲ་བདག་མེད་དུ་སྒྲུབ་པའི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་རྗེས་ཁྱབ་ཡིན་པ་ལ་དེ་སྒྲུབ་ཀྱི་མཐུན་ཕྱོགས་ཁོ་ན་ལ་ཡོད་པ་ཡིན་དགོས་པའི་ཕྱིར། དེར་ཐལ། རིགས་སྒོ་ལས། མཐུན་པའི་ཕྱོགས་ཉིད་ལ་ཡོད་པ། ཞེས་དང༌། རྣམ་ངེས་རང་འགྲེལ་ལས། དེ་བཞིན་དུ་མཐུན་པ་ཉིད་ལ་ཡང་ངོ༌། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཟེར་ན། མི་འཐད་དེ། རྟགས་རིགས་མཐའ་དཔྱོད་ལས། དང་པོ་མཐུན་ཕྱོགས་མི་མཐུན་ཕྱོགས་གཉིས་ཀ་ལ་ཁྱབ་བྱེད་དུ་འཇུག་པ་ནི། དཔེར་ན། སྒྲ་རྟག་པར་སྒྲུབ་པར་བྱེད་པ་ལ་རི་བོང་རྭ་མ་ཡིན་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ངག་སྨྲ་བ་དེ་འདོད་ཆགས་དང་བྲལ་བ་བསྐལ་དོན་དུ་སོང་བའི་རྒོལ་བའི་ངོར་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་འདི་ཆགས་བྲལ་དུ་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་གཏན་ཚིགས་ཡིན་པར་ཐལ། འདོད་ན། ངག་སྨྲ་བའི་རྟགས་ཀྱིས་འདོད་ཆགས་དང་བྲལ་བ་བསྐལ་དོན་དུ་སོང་བའི་རྒོལ་བའི་ངོར་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་འདི་ཆགས་བྲལ་དུ་སྒྲུབ་པའི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་མི་མཐུན་ཕྱོགས་ལ་འཇུག་པར་ངེས་པར་ཐལ། ངག་སྨྲ་བ་དེ་འདོད་ཆགས་དང་བྲལ་བ་བསྐལ་དོན་དུ་སོང་བའི་རྒོལ་བའི་ངོར་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་འདི་ཆགས་བྲལ་དུ་སྒྲུབ་པའི་འགལ་བ་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་འདོད་ཆགས་དང་བྲལ་བ་མ་ཡིན་པ་རྟོགས་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་ངག་སྨྲ་བའི་སྐྱེས་བུ་ཕ་རོལ་པོ་འདི་ཆགས་བྲལ་དུ་སྒྲུབ་པའི་མི་མཐུན་ཕྱོགས་རྟོགས་པའི་ཕྱིར། འདོད་ན། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་འདོད་ཆགས་དང་བྲལ་བ་རྟོགས་པར་ཐལ། དེ་སྒྲུབ་ཀྱི་ཕྱོགས་ཆོས་ཅན་དུ་སོང་བའི་རྒོལ་བས་འདོད་ཆགས་དང་བྲལ་བ་མ་ཡིན་པ་རྟོགས་པའི་ཕྱིར། ཁྱབ་སྟེ། སྤྱོད་འཇུག་ལས། བཏགས་པའི་དངོས་ལ་མ་རེག་པར། །དེ་ཡི་དངོས་མེད་འཛིན་མི་ནུས། །ཞེས་གསུངས་པའི་ཕྱིརན་དཔྱད། ༈ ཡང་མ་ངེས་པའི་གཏན་ཚིགས་ཡིན་ན་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མིང་གི་རྣམ་གྲངས་ཡིན་པའི་ཕྱིར། དེར་ཐལ། ཤཱཀྱ་བློའི་འགྲེལ་བཤད་ལས། ལྷག་མ་དང་ལྡན་པའི་སྒྲ་འདི་ནི་མ་ངེས་པའི་རྣམ་གྲངས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་འཇུག་པར་ངེས་ནས་གང་རུང་ལས་ལྡོག་མི་ལྡོག་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་ཡིན་པར་ཐལ། སྒྲ་རྟག་པར་སྒྲུབ་པའི་ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་ལས། ལྷག་ལྡན་གྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། དེ་སྒྲུབ་ཀྱི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་འཇུག་པར་ངེས་ནས་གང་རུང་ལས་ལྡོག་མི་ལྡོག་ཐེ་ཚོམ་ཟ་བའི་ཐུན་མོང་བའི་མ་ངེས་པའི་གཏན་ཚིགས། ཞེས་གསུངས་པའི་ཕྱིར། གཞལ་བྱ་ཆོས་ཅན། སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གང་རུང་ལ་འཇུག་པར་ངེས་ནས་གང་རུང་ལས་ལྡོག་མི་ལྡོག་ལ་ཐེ་ཚོམ་ཟ་བའི་གཏན་ཚིགས་པར་ཐལ། འདོད་མི་ནུས་ཏེ། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་མཐུན་ཕྱོགས་དང་མི་མཐུན་ཕྱོགས་གཉིས་ཀ་ལ་ཡོད་པར་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། དེར་ཐལ། གཞལ་བྱ་དེ་སྒྲ་རྟག་པར་སྒྲུབ་པའི་ཐུན་མོང་གི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པའི་ཕྱིར། མ་ཁྱབ་ན། ཁྱབ་པ་ཡོད་པར་ཐལ། རྟགས་རིགས་ལས། དེ་སྒྲུབ་ཀྱི་ཐུན་མོང་གི་དངོས་ཀྱི་མ་ངེས་པའི་གཏན་ཚིགས་ཀྱི་མཚན་ཉིད། མ་ངེས་པའི་གཏན་ཚིགས་གང་ཞིག རང་ཕྱོགས་ཆོས་ཅན་དུ་སོང་བའི་གང་ཟག་གིས་མཐུན་ཕྱོགས་ལ་ཡོད་པར་ངེས་མི་མཐུན་ཕྱོགས་ལ་ཡོད་པར་ངེས་པ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། གཏན་ཚིགས་འཁོར་ལོ་ལས། ཟུར་བཞི་དངོས་ཀྱི་མ་ངེས་པ། །ཞེས་གསུངསཔའི་ཕྱིར་ན་དཔྱད་པར་བྱའོ། །

གཞན་དོན་རྗེས་དཔག་སྐབས་ཀྱི་དོགས་དཔྱོད།

གཞན་དོན་རྗེས་དཔག་སྐབས་ཀྱི་དོགས་དཔྱོད།

རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་དེ་སྒྲུབ་ངག་ཡང་དག་གི་མཚན་ཉིད་ཡིན་པར་ཐལ། འདོད་ན། སྒྲུབ་ངག་ཡང་དག་ཡིན་ན་རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཡིན་པས་ཁྱབ་པར་ཐལ། དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར། འདོད་ན། སྒྲ་ནི་མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར། དཔེར་ན་བུམ་པ་བཞིན། བུམ་པ་བྱས་པ་བཞིན་དུ་སྒྲ་ཡང་བྱས། དེའི་ཕྱིར་སྒྲ་མི་རྟག་ཅེས་པའི་སྒྲུབ་ངག་ཡན་ལག་ལྔ་ལྡན་དེ་ཆོས་ཅན། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཡིན་པར་ཐལ། སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། དེ་འདྲའི་སྒྲུབ་ངག་ཡན་ལག་ལྔ་ལྡན་དེ་སྒྲུབ་ངག་ཡང་དག་ཡིན་པར་ཐལ། རང་ལུགས་ལ་སྒྲུབ་ངག་ཡན་ལག་ལྔ་ལྡན་དང་གཉིས་ལྡན་གང་སྦྱར་ན་ཆོག་པའི་ཕྱིར། དེར་ཐལ། ཐེག་མཆོག་དབུ་མ་ལས། ཡན་ལག་གཉིས་ལྔ་ཅི་འདོད་སྦྱོར་དུ་རུང༌། །ཞེས་དང༌། དེའི་ཐད་ཀྱི་ཟིན་བྲིས་ལས། རྗོད་བྱེད་ཀྱི་ཚིག་རྒྱས་བསྡུས་ལ་ཁྱད་པར་མེད་པའི་ཕྱིར། སྒྲུབ་ངག་ཡན་ལག་གཉིས་ནས་ལྔ་ལྡན་གྱི་བར་ཅི་འདོད་དུ་སྦྱོར་དུ་རུང་ངོ༌། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་ངག་ཡན་ལག་ལྔ་ལྡན་ཆོས་ཅན། སྒྲུབ་ངག་ཡང་དག་ཡིན་པར་ཐལ། འདོད་ན། སྒྲུབ་ངག་ཡན་ལག་ལྔ་ལྡན་ཆོས་ཅན། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཡིན་པར་ཐལ། སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། མ་ཁྱབ་ན་ཁྱབ་པ་ཡོད་པར་ཐལ། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་དེ་སྒྲུབ་ངག་ཡང་དག་གི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། ཚད་མ་མདོ་ལས། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་དང༌། རྟགས་རིགས་མཐའ་དཔྱོད་ལས། གཞན་དོན་རྗེས་དཔག་གམ་སྒྲུབ་ངག་ཡང་དག་གི་མཚན་ཉིད། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་དེའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་ངག་ཡན་ལག་ལྔ་ལྡན་ཆོས་ཅན། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཡིན་པར་ཐལ། འདོད་མི་ནུས་ཏེ། དེ་ལྷག་ཆད་ཀྱི་སྐྱོན་དང་བྲལ་བ་མ་ཡིན་པ་གང་ཞིག ཡན་ལག་གཉིས་ལྡན་ཡང་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། ཅིའི་ཕྱིར་སྒྲུབ་ངག་ཡན་ལག་ལྔ་ལྡན་འདི་ལྷག་ཆད་ཀྱི་སྐྱོན་དང་བཅས་ཞེ་ན། ཁྱབ་པ་བརྗོད་པ་ཆད་པ་དང་དམ་བཅའ་ཉེར་གཏོད་དང་འཇུག་སྡུད་གསུམ་ལྷག་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཡན་ལག་གཉིས་ལྡན་ལ་ཕྱོགས་ཆོས་བརྗོད་པ་དང་ཁྱབ་པ་བརྗོད་པ་གཉིས་འཇོག་དགོས་པ་གང་ཞིག སྒྲུབ་ངག་ལྔ་ལྡན་ལ་ཁྱབ་པ་བརྗོད་པ་མ་ཚང་བའི་ཕྱིར། དེར་ཐལ། རྟགས་རིགས་མཐའ་དཔྱོད་ལས། ཁྱབ་པབརྗོད་པ་ཆད་པ་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་ཚད་མ་མདོ་ལས། རང་གི་མཐོང་དོན་རབ་གསལ་བྱེད། །ཅེས་པའི་སྐབས་སུ་རང་ལུགས་ལ་གཞན་དོན་རྗེས་དཔག་ཡིན་ན་ཐོག་མར་རྗོད་པ་པོ་རང་གིས་རྟོགས་དགོས་བསྟན་པ་ཡིན་པར་ཐལ། འདོད་ན། བྱས་ན་མི་རྟག་པ་ཁྱབ་པ་མ་རྟོགས་པའི་གང་ཟག་གི་ངག་ཚིག་ཏུ་གྱུར་པའི་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། །ཞེས་པའི་ངག་དེ་ཆོས་ཅན། སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ། དེ་འགོད་པ་པོ་རང་གིས་མ་རྟོགས་པའི་ཕྱིར། འདོད་ན། མི་རྟག་པ་གང་ཟག་དེས་མ་རྟོགས་ན་གང་ཟག་དེའི་ངག་ཚིག་ཏུ་གྱུར་པའི་མི་རྟག་པ་ཞེས་བརྗོད་པའི་སྒྲ་རྗོད་བྱེད་ཀྱི་སྒྲ་དོན་མཐུན་དུ་མི་འགྱུར་བར་ཐལ། བྱས་ན་མི་རྟག་པ་ཁྱབ་པ་མ་རྟོགས་པའི་གང་ཟག་གི་ངག་ཚིག་ཏུ་གྱུར་པའི་གང་བྱས་ན་མི་རྟག་པས་ཁྱབ། དཔེར་ན་བུམ་པ་བཞིན། སྒྲ་ཡང་བྱས་སོ། །ཞེས་པའི་ངག་དེ་སྒྲུབ་ངག་ཡང་དག་ཏུ་མི་འགྱུར་བའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། མི་རྟག་པ་གང་ཟག་དེས་མ་རྟོགས་ན་གང་ཟག་དེའི་ངག་ཚིག་ཏུ་གྱུར་པའི་མི་རྟག་པ་ཞེས་བརྗོད་པའི་སྒྲ་རྗོད་བྱེད་ཀྱི་སྒྲ་དོན་མཐུན་ཡིན་པར་ཐལ། སྒྲ་དེས་བརྗོད་པར་ལྟར་དོན་ལ་གྲུབ་པའི་ཕྱིར། ཁྱབ་སྟེ། རྗོད་བྱེད་ཀྱི་སྒྲ་དོན་མཐུན་ཡིན་པའི་ཚད་ཡོད་པའི་ཕྱིར་ན་དཔྱད། ༈ ཡང་སྒྲུབ་ངག་ཡང་དག་ཡིན་ན་རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཡིན་པས་ཁྱབ་པར་ཐལ། འདོད་ན། ཕྱོགས་ཆོས་མ་ཤེས་ཤེས་རུང་དུ་ཡོད་ཀྱང་ཁྱབ་འབྲེལ་ཤེས་ཟིན་པའི་མཁས་པ་ལ་བཀོད་པའི་སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ཞིག་བརྗོད་པའི་སྒྲུབ་ངག་དེ་ཆོས་ཅན། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཡིན་པར་ཐལ། སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། མ་གྲུབ་ན། ཕྱོགས་ཆོས་མ་ཤེས་ཤེས་རུང་དུ་ཡོད་ཀྱང་ཁྱབ་འབྲེལ་ཤེས་ཟིན་པའི་མཁས་པ་ལ་བཀོད་པའི་སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ཞིག་བརྗོད་པའི་སྒྲུབ་ངག་དེ་སྒྲུབ་ངག་ཡང་དག་ཡིན་པར་ཐལ། དེ་འདྲའི་རྒོལ་བ་ལ་སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ཞིག་བརྗོད་པ་ཙམ་གྱིས་ཆོག་པ་ཡིན་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། མཁས་པ་རྣམས་ལ་ནི། །གཏན་ཚིགས་འབའ་ཞིག་བརྗོད་པར་ཟད། །ཅེས་དང༌། འགྲེལ་བཤད་རིན་འཕྲེང་ལས། དེ་སྒྲུབ་ཀྱི་ཕྱོགས་ཆོས་མི་ཤེས་ཤེས་རུང་དུ་ཡོད་ཅིང༌། དེ་ཡི་ཁྱབ་འབྲེལ་ཤེས་པའི་མཁས་པ་ཆོས་ཅན། ཁྱོད་ཀྱི་ངོར་དེ་སྒྲུབ་ཀྱི་ཁྱབ་འབྲེལ་ངག་གིས་དངོས་སུ་བསྟན་ནུས་མི་དགོས་ཏེ། སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ཞིག་བརྗོད་པས་ཀྱང་ཆོག་པས་སོ། །དུ་བ་ལའང་སྦྱར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཕྱོགས་ཆོས་མ་ཤེས་ཤེས་རུང་དུ་ཡོད་ཀྱང་ཁྱབ་འབྲེལ་ཤེས་ཟིན་པའི་མཁས་པ་ལ་བཀོད་པའི་སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ཞིག་བརྗོད་པའི་སྒྲུབ་ངག་དེ་ཆོས་ཅན། སྒྲུབ་ངག་ཡང་དག་ཡིན་པར་ཐལ། འདོད་ན། ཕྱོགས་ཆོས་མ་ཤེས་ཤེས་རུང་དུ་ཡོད་ཀྱང་ཁྱབ་འབྲེལ་ཤེས་ཟིན་པའི་མཁས་པ་ལ་བཀོད་པའི་སྒྲ་བྱས་སོ་ཞེས་ཕྱོགས་ཆོས་འབའ་ཞིག་བརྗོད་པའི་སྒྲུབ་ངག་དེ་ཆོས་ཅན། སྒྲུབ་ངག་ཡང་དག་མ་ཡིན་པར་ཐལ། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་མ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། ངག་ཡན་ལག་གཉིས་ལྡན་ཏེ་ཕྱོགས་ཆོས་དང་ཁྱབ་པ་བརྗོད་པ་གཉིས་ཀ་མ་ཚང་བའི་ཕྱིར། དེར་ཐལ། དེ་འདྲའི་སྒྲུབངག་དེ་ཕྱོགས་ཆོས་འབའ་ཞིག་བརྗོད་པའི་ངག་ཡིན་པའི་ཕྱིར་ན་དཔྱད། ༈ ཡང་རང་ལུགས་ལ་སྒྲུབ་ངག་ཡང་དག་འཆད་སྐབས་སུ་ཡན་ལག་གཉིས་ལྡན་ལས་བཤད་མི་རིགས་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། རང་ལུགས་ལ་ཚིག་གི་སྐྱོན་ཕྲན་བུ་ལ་མ་ལྟོས་པར་ཡན་ལག་གཉིས་ལྔ་གང་བརྗོད་ན་ཆོག་པ་ཡིན་པའི་ཕྱིར། མ་གྲུབ་ན། རང་ལུགས་ལ་ཚིག་གི་སྐྱོན་ཕྲན་བུ་ལ་མ་ལྟོས་པར་ཡན་ལག་གཉིས་ལྔ་གང་བརྗོད་ན་ཆོག་པ་ཡིན་པར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། ལྷག་ཆད་ཀྱི་སྐྱོན་ཕྲན་བུ་ལ་ལྟོས་པ་མེད་པས་དོན་གྱི་གཙོ་བོ་རྣམ་པ་གཉིས་པོ་དེ་གྲུབ་ན། རྗོད་བྱེད་ཀྱི་ཚིག་རྒྱས་བསྡུས་ལ་ཁྱད་པར་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་ངག་ལ་ཚིག་གི་སྐྱོན་ཡོན་གཙོ་བོར་མི་བྱེད་པར་དོན་གྱི་ཆ་ནས་འཇོག་པ་ཡིན་པར་ཐལ། འདོད་ན། དེ་མི་འཐད་པར་ཐལ། སྒྲུབ་ངག་ལ་ཚིག་གི་སྐྱོན་ཡོན་ལས་དོན་ལ་མ་ལྟོས་པའི་ཕྱིར། དེར་ཐལ། རྣམ་ངེས་ལས། གཞན་གྱི་དོན་གྱི་རྗེས་སུ་དཔག་པར་ཚིག་གི་སྐྱོན་ཡོན་གཙོ་བོར་བྱེད་པ་ཡིན་གྱི། དོན་གྱི་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ གཞན་དོན་རྗེས་དཔག་དང་སྒྲུབ་ངག་ཡང་དག་གཉིས་དོན་གཅིག་ཡིན་པར་ཐལ། འདོད་ན། སྒྲུབ་ངག་ཡང་དག་ཡིན་ན་གཞན་དོན་རྗེས་དཔག་ཡིན་པས་ཁྱབ་པར་ཐལ། གཞན་དོན་རྗེས་དཔག་དང་སྒྲུབ་ངག་ཡང་དག་གཉིས་དོན་གཅིག་ཡིན་པའི་ཕྱིར། རྟགས་རིགས་མཐའ་དཔྱོད་ལས། གཞན་དོན་རྗེས་དཔག་གམ་སྒྲུབ་ངག་ཡང་དག ཅེས་གདམ་ང་སྦྱར་བའི་རྒྱུ་མཚན་ཡོད་པའི་ཕྱིར་དང༌། འབའ་མདའི་བསྡུས་གྲྭ་ལས། གཉིས་པ་དང་སྒྲུབ་ངག་ཡང་དག་དོན་གཅིག་གོ །ཞེས་གསུངས་པའི་ཕྱིར། འདོད་ན། རང་གིས་རང་ལ་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་སྒྲུབ་ངག་ཡང་དག་དེ་ཆོས་ཅན། གཞན་དོན་རྗེས་དཔག་ཡིན་པར་ཐལ། སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རང་གིས་རང་ལ་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་སྒྲུབ་ངག་ཡང་དག་དེ་ཆོས་ཅན། སྒྲུབ་ངག་ཡང་དག་ཡིན་པར་ཐལ། རང་གིས་ངེས་པའི་ཚུལ་གསུམ་ལྷག་ཆད་དང་བྲལ་བར་གསལ་བར་སྟོན་པའི་ངག་ཡན་ལག་གཉིས་ལྡན་ཡིན་པའི་ཕྱིར། དེར་ཐལ། དེའི་ཟུར་རྣམས་རེ་རེ་ནས་ཚང་བའི་ཕྱིར། འདོད་ན། རང་གིས་རང་ལ་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་སྒྲུབ་ངག་ཡང་དག་དེ་ཆོས་ཅན། གཞན་དོན་རྗེས་དཔག་ཡིན་པར་ཐལ། འདོད་ན། རང་གིས་རང་ལ་གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་སྒྲུབ་ངག་ཡང་དག་དེ་ཆོས་ཅན། གང་ཟག་གཞན་ལ་ཚུལ་གསུམ་དྲན་པའི་དྲན་ཤེས་སྐྱེ་བའི་ཆེད་དུ་བཀོད་པའི་ངག་ཡིན་པར་ཐལ། གཞན་དོན་རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། གཞན་ལ་བསྟན་པ་བྱ་ཉིད་ཕྱིར། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་ལས། གཞན་ལ་བསྟན་བྱ་ཕྱིར་རྒོལ་གྱི་དོན་ནམ་ཆེད་ཡིན་པས་གཞན་དོན། ཞེས་གསུངས་པའིཕྱིར་ན་དཔྱད། ༈ གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་སྒྲུབ་ངག་ཡང་དག་དེ་ཆོས་ཅན། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡིན་པར་ཐལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་གཞི་ཡིན་པའི་ཕྱིར། འདོད་ན། གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་སྒྲུབ་ངག་ཡང་དག་དེ་ཆོས་ཅན། ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ཅིང་ལྡོག་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་ཡིན་པར་ཐལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། ངག་གི་རང་བཞིན་ལ་སྒྲུབ་ངག་དང་ཐལ་འགྱུར་གཉིས་སོ། །དང་པོ་ལ་ཆོས་མཐུན་སྦྱོར་དང༌། མི་མཐུན་སྦྱོུར་གྱི་སྒྲུབ་ངག་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ཅིང༌། ལྡོག་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། གང་བྱས་ན་མི་རྟག་པས་ཁྱབ་དཔེར་ན་བུམ་པ་བཞིན། སྒྲ་ནི་བྱས་སོ་ཞེས་བཀོད་པའི་སྒྲུབ་ངག་ཡང་དག་དེ་ཆོས་ཅན། ཁྱོད་ཀྱིས་དངོས་སུ་བརྗོད་པའི་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་ཡོད་པར་ཐལ། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་དངོས་སུ་བརྗོད་པའི་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་མེད་པར་ཐལ། ཁྱོད་ཀྱིས་དངོས་སུ་བརྗོད་པའི་སྦྱོར་བ་གང་གིའང་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་མེད་པའི་ཕྱིར། མ་གྲུབ་ན། ཞོག་བྱས་པ་ལ་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བའི་ཕྱོགས་ཆོས་དང་རྗེས་ཁྱབ་གཉིས་དངོས་སུ་བརྗོད་ཟེར་ན། འོ་ན་གང་བྱས་ན་མི་རྟག་པས་ཁྱབ་ཅེས་པའི་ངག་དེས་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་བརྗོད་པར་ཐལ། འདོད་ན། བྱས་ན་མི་རྟག་པས་ཁྱབ་པ་ཆོས་ཅན། ཁྱོད་བརྗོད་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་བརྗོད་མི་དགོས་པར་ཐལ། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་མ་ཡིན་པ་གང་ཞིག གཞན་ཁྱོད་བརྗོད་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་བརྗོད་དགོས་པའི་རྒྱུ་མཚན་མེད་པའི་ཕྱིར། དང་པོ་མ་གྲུབ་ན། བྱས་ན་མི་རྟག་པས་ཁྱབ་པ་ཆོས་ཅན། ཁྱོད་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་མ་ཡིན་པར་ཐལ། ཁྱོད་བྱས་པ་དང་གཅིག་མ་ཡིན་པའི་ཕྱིར། ཁྱབ་སྟེ། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་ཡིན་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྟགས་ཡིན་དགོས་པའི་ཕྱིར། རྟགས་གཉིས་པ་མ་གྲུབ་ན། དེ་ལས་རྒྱུ་མཚན་གཞན་གྱིས་བྱས་ན་མི་རྟག་པས་ཁྱབ་པ་བརྗོད་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་བརྗོད་མི་དགོས་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་རྟོགས་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་རྟོགས་མི་དགོས་པའི་ཕྱིར། ཁྱབ་སྟེ། སྒྲ་རྟོག་ཡུལ་ལ་འཇུག་ཚུལ་མཚུངས་པའི་ཕྱིར། དེར་ཐལ། རྣམ་འགྲེལ་ལས། སྤྱི་བརྗོད་ངང་ཚུལ་ཅན་འདྲ་ཞིང༌། །རྟོག་པའང་དེ་དང་དོན་གཅིག་ན། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་རྟོགས་ན་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྗེས་ཁྱབ་རྟོགས་པས་ཁྱབ་པར་ཐལ། བྱས་ན་མི་རྟག་པས་ཁྱབ་པ་རྟོགས་ན་བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་རྗེས་ཁྱབ་རྟོགས་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། དུ་བ་ཡོད་ན་མེ་ཡོད་པར་རྟོགས་པའི་ནག་རྫི་རྒན་པོ་དེ་ཆོས་ཅན། ཁྱོད་ཀྱིས་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྗེས་ཁྱབ་རྟོགས་པར་ཐལ། ཁྱོད་ཀྱིས་དུ་བ་ཡོད་ན་མེ་ཡོད་པས་ཁྱབ་པ་རྟོགས་པའི་ཕྱིར། འདོད་ན། དུ་བ་ཡོད་ན་མེ་ཡོད་པར་རྟོགས་པའི་ནག་རྫི་རྒན་པོ་དེ་ཆོས་ཅན། ཁྱོད་ཀྱིས་དུ་བའི་རྟགས་ཀྱིས་དུ་ལྡན་ལ་ལ་མེ་ཡོད་པར་སྒྲུབ་པའི་རྗེས་ཁྱབ་མ་རྟོགས་པར་ཐལ། ཁྱོད་ཀྱིས་རྗེས་ཁྱབ་མ་རྟོགས་པའི་ཕྱིར། དེར་ཐལ། ཁྱོད་ཀྱིས་རྗེས་ཁྱབ་ཅེསཔའི་མིང་ཡང་གཞི་གང་ལ་སྦྱོར་དགོས་མི་ཤེས་པའི་ཕྱིར་ན་དཔྱད། ༈ ཡང་སྒྲུབ་ངག་གཉིས་ཀ་འགོད་ཡུལ་གྱི་རྒོལ་བ་གཅིག་མེད་པར་ཐལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་འགོད་ཡུལ་གྱི་རྒོལ་བ་ཡིན་ན་དེས་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་བཀོད་པ་ལ་བརྟེན་ནས་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་བཀོད་པའི་དགོས་པ་གྲུབ་འགྲོ་བའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། སྒྲུབ་ངག་གཉིས་ཀ་གང་ཟག་གཅིག་ལ་བརྗོད་པ་དེ་རིགས་པ་ཡིན་པའི་ཕྱིར། དེར་ཐལ། རིགས་སྒོ་ལས། རེ་ཞིག་འགལ་བ་དང་མ་ངེས་པའི་གཉེན་པོར་གཉིས་ཀ་བརྗོད་པ་གང་ཡིན་པ་འདི་ནི་རིགས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲུབ་ངག་གཉིས་ཀ་འགོད་ཡུལ་གྱི་རྒོལ་བ་གཅིག་ཡོད་པར་ཐལ། འདོད་ན། དེ་མེད་པར་ཐལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་གིས་ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ནས་ལྡོག་ཁྱབ་ཤུགས་ལ་བརྗོད་པ་ལ་བརྟེན་ནས་སྐབས་བབ་ཀྱི་རྒོལ་བས་ལྡོག་ཁྱབ་རྟོགས་འགྲོ་བ་གང་ཞིག དེ་ལས་ལྷག་གི་ཆོས་མི་མཐུན་སྦྱོར་གྱི་སྒྲུབ་ངག་བཀོད་པ་ལ་དགོས་པ་མེད་པའི་ཕྱིར། དང་པོ་དེར་ཐལ། ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་དོན་ལ་ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ནས་ལྡོག་ཁྱབ་ཤུགས་ལ་བརྗོད་པ་དེ་འཇོག་དགོས་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཆོས་མཐུན་སྦྱོར་དང༌། མི་མཐུན་སྦྱོུར་གྱི་སྒྲུབ་ངག་ཡང་དག་གཉིས་ཏེ། མཚན་ཉིད་ནི་རིམ་པ་ལྟར། དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ཅིང༌། ལྡོག་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡངདག་དང༌། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་གི་མཚན་ཉིད་ལ་དེ་སྒྲུབ་ཀྱི་ཕྱོགས་ཆོས་དང་རྗེས་ཁྱབ་དངོས་སུ་བརྗོད་ཅིང༌། ལྡོག་ཁྱབ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་དེ་འཇོག་དགོས་པར་ཐལ། འདོད་ན། སྦྱོར་བ་དེ་སྒྲུབ་ཀྱི་རྗེས་ཁྱབ་དངོས་སུ་བརྗོད་ན་དེ་སྒྲུབ་ཀྱི་ལྡོག་ཁྱབ་ཤུགས་ལ་བརྗོད་པས་ཁྱབ་པར་ཐལ། འདོད་ན། ཡོད་པ་གང་ཞིག དངོས་པོ་མ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་བརྗོད་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཆོས་ཅན། ཁྱོད་ཀྱིས་ནམ་མཁའ་ཆོས་ཅན། རྟག་པ་ཡིན་ཏེ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ལྡོག་ཁྱབ་ཤུགས་ལ་བརྗོད་པ་ཡིན་པར་ཐལ། ཁྱོད་ནམ་མཁའ་ཆོས་ཅན། རྟག་པ་ཡིན་ཏེ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་རྗེས་ཁྱབ་དངོས་སུ་སྟོན་པའི་ཆོས་མཐུན་སྦྱོར་གྱི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་སྒྲུབ་ངག་ཡང་དག་ཆོས་ཅན། ཁྱོད་རྟག་པ་མ་ཡིན་ན་ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་ཡིན་པར་ཐལ། ནམ་མཁའ་ཆོས་ཅན། རྟག་པ་ཡིན་ཏེ། ཡོད་པ་གང་ཞིག དངོས་པོ་མ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བའི་ལྡོག་ཁྱབ་ཤུགས་ལ་སྟོན་པའི་སྒྲུབ་ངག་ཡང་དག་ཡིན་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། རྟག་པ་མ་ཡིན་ན་ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་ཤུགས་ལ་བརྗོད་པའི་སྒྲུབ་ངག་ཡང་དག་མེད་པའི་ཕྱིར། དེར་ཐལ། རྟག་པ་མ་ཡིན་ན་ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པས་ཁྱབ་པ་མ་གྲུབ་པའི་ཕྱིར། མ་གྲུབ་ན། རི་བོང་རྭ་ཆོས་ཅན། ཡོད་པ་གང་ཞིག དངོས་པོ་མ་ཡིན་པ་མ་ཡིན་པར་ཐལ། རྟག་པ་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་སླ། འདོད་མི་ནུས་ཏེ། དེ་ལྟར་ཁས་བླངས་པས་རི་བོང་རྭ་ཡོད་པ་གང་ཞིག དངོས་པོ་ཡིན་པར་ཁས་བླངས་པར་འགྱུར་འགྲོ་བའི་ཕྱིར། དེར་ཐལ། དེར་ཐལ། དངོས་པོ་མ་ཡིན་པ་མ་ཡིན་པ་ཟེར་ན་དགག་པ་གཉིས་ཀྱིས་རྣལ་མགོ་བའི་ཕྱིར་ན་དཔྱད་པར་བྱའོ། །༈ ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་དེ་བསྒྲུབ་བྱའི་མཚན་ཉིད་ཡིན་པར་ཐལ། འདོད་ན། བསྒྲུབ་བྱ་ཡིན་ན་ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་པས་ཁྱབ་པར་ཐལ། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་དེ་བསྒྲུབ་བྱའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། བསྒྲུབ་བྱ་ཆོས་ཅན། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། བསྒྲུབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། བསྒྲུབ་བྱ་ཆོས་ཅན། བསྒྲུབ་བྱ་ཡིན་པར་ཐལ། བསྒྲུབ་བྱ་ཞེས་པའི་དངོས་མིང་འཇུག་པའི་འཇུག་གཞི་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་ཅེས་པའི་མིང་གི་འཇུག་གཞི་ཡིན་ན་ཁྱོད་ཡིན་དགོས་པའི་ཕྱིར། དེར་ཐལ། སེངྒེ་མ་ཡིན་ན་སེངྒེ་ཞེས་པའི་མིང་དེ་ཁྱོད་ལ་མི་འཇུག་པས་ཁྱབ་པའི་ཕྱིར། མ་གྲུབ་ན། སེངྒེ་མ་ཡིན་ན་སེངྒེ་ཞེས་པའི་མིང་དེ་ཁྱོད་ལ་མི་འཇུག་པས་ཁྱབ་པར་ཐལ། བསྡུས་གྲྭའི་མཐའ་དཔྱོད་ལས། སེངྒེ་ཞེས་པའི་མིང་ཁྱོད་ལ་མི་འཇུག་པར་ཐལ། ཁྱོད་སེངྒེ་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། བསྒྲུབ་བྱ་ཆོས་ཅན། ཁྱོད་ཁྱོད་ཅེས་པའི་སྒྲའི་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་མཐའ་དཔྱོད་ལས། ཁྱོད་ཁྱོད་ཅེས་པའི་སྒྲའི་དངོས་མིང་དུ་འཇུག་པའི་གཞི་ཡིན་པར་ཐལ། ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བསྒྲུབ་བྱ་ཆོས་ཅན། བསྒྲུབ་བྱ་ཡིན་པར་ཐལ། འདོད་ན། བསྒྲུབ་བྱ་ཆོས་ཅན། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། བསྒྲུབ་བྱ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཚད་མ་མདོ་ལས། བསྡུས་པ་བསྒྲུབ་བྱ་ཡིན་པའི་ཕྱིར། །ཆོས་དང་ཆོས་ཅན་ཁ་ཡར་བ། །དངོས་སུ་མིན་ཡང་དེ་ཕྱོགས་གཅིག །ཡིན་ཕྱིར་བསྒྲུབ་བྱར་བཏགས་ནསབརྗོད། །ཅེས་གསུངས་པའི་ཕྱིར་ན་དཔྱད། ༈ བསྒྲུབ་བྱ་ཡིན་ན་ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་པས་ཁྱབ་པར་ཐལ། འདོད་ན། མི་རྟག་པ་ཆོས་ཅན། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། བསྒྲུབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། བསྒྲུབ་བྱ་ཡིན་པར་ཐལ། རྟགས་ཀྱི་བསྒྲུབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། མི་རྟག་པ་ཆོས་ཅན། རྟགས་ཀྱི་བསྒྲུབ་བྱ་ཡིན་པར་ཐལ། རྟགས་ཀྱི་དཔག་བྱར་གྱུར་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། འདིར་ཐ་མ་རྟགས་དང་རྟགས་ཅན་གྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་བསྒྲུབ་བྱ་ལ་མཚན་ཉིད། རྟགས་ཀྱི་དཔག་བྱར་གྱུར་པའོ། །ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་མ་གྲུབ་ན། མི་རྟག་པ་ཆོས་ཅན། རྟགས་ཀྱི་དཔག་བྱར་གྱུར་པ་ཡིན་པར་ཐལ། ཁྱོད་མི་རྟག་པ་གསར་སྒྲུབ་ཀྱི་རྟགས་དེའི་དཔག་བྱར་གྱུར་པ་ཡིན་པའི་ཕྱིར། དེར་ཐལ། མི་རྟག་པ་གསར་སྒྲུབ་ཀྱི་རྟགས་ཡང་དག་ཡོད་པའི་ཕྱིར། འདོད་ན། མི་རྟག་པ་ཆོས་ཅན། བསྒྲུབ་བྱ་ཡིན་པར་ཐལ། འདོད་ན། མི་རྟག་པ་ཆོས་ཅན། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། བསྒྲུབ་བྱའི་མཚན་ཉིད། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ན་དཔྱད། ༈ ཡང་གཞན་དོན་བསྒྲུབ་བྱ་ཡིན་ན་ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་དེ་ཡིན་པས་ཁྱབ་པར་ཐལ། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བ་ཡིན་པར་ཐལ། གཞན་དོན་བསྒྲུབ་བྱ་ཡིན་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཕྱི་རྒོལ་གྱིས་མ་གྲུབ་པར་ཐལ། ངོ་བོའི་དོན་སོགས་ཆོས་ལྔ་ཚང་བའི་ཕྱིར། ཁྱབ་སྟེ། ངོ་བོའི་དོན་ཚང་བ་ལ་ཕྱི་རྒོལ་གྱིས་གྲུབ་ཟིན་པ་བསལ་ནས་མ་གྲུབ་པ་ཞིག་དགོས་པའི་ཕྱིར། དེར་ཐལ། འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། ཕྱོགས་དེའི་མཚན་ཉིད་སྟོན་པའི་ཚིག་ཟུར་གྱི་ངོ་བོ་དང་ཁོ་ནའི་ཚིག་ཕྲད་དང་འདོད་པ་དང༌། བདག་ཉིད་ཅེས་པའི་ཚིག་གིས་ཆོས་ཅན། རིམ་བཞིན་རྣམ་དཔྱད་ལ་ཕྱིར་རྒོལ་གྱིས་གྲུབ་ཟིན་དང་སྒྲུབ་བྱེད་དུ་བཀོད་བཞིན་པ་དང༌། ཞེས་པ་ནས། རིམ་བཞིན་ཡོངས་གཅོད་ལ་ཕྱོགས་ཡིན་ན་ཕྱིར་རྒོལ་གྱིས་གྲུབ་མ་ཟིན་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཕྱིར་རྒོལ་གྱིས་མ་གྲུབ་པར་ཐལ། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། ཕྱིར་རྒོལ་གྱིས་གྲུབ་པར་ཐལ། ཕྱིར་རྒོལ་གང་རུང་ཞིག་གིས་གྲུབ་པའི་ཕྱིར། དེར་ཐལ། ཕྱིར་རྒོལ་གང་རུང་ཞིག་གིས་རྟོགས་པའི་ཕྱིར། ཁྱབ་སྟེ། སྐབས་འདིའི་གྲུབ་མ་གྲུབ་ཅེས་པ་རྟོགས་མ་རྟོགས་ཀྱི་དོན་ལ་བྱེད་དགོས་པའི་ཕྱིར། འདིའི་ཕྱིར་རྒོལ་དེ་ཕྱིར་རྒོལ་སྤྱི་ཙམ་ལ་མི་བྱེད་པར་སྐབས་བབ་ཀྱི་ཕྱི་རྒོལ་བྱེད་ཟེར་ན། སྒྲ་མི་རྟག་པ་རྟོགས་ཟིན་པའི་རྒོལ་བ་ལ་སྒྲ་མི་རྟག་པ་བསྒྲུབ་བྱ་མ་ཡིན་པར་ཐལ་བ་དང༌། སྒྲ་མི་རྟག་པ་རྟོགས་ཟིན་པའི་རྒོལ་བའི་ངོར་བྱས་པ་དེ་སྒྲ་མི་རྟག་སྒྲུབ་ཀྱི་རྟགས་ཡང་དག་ཡིན་མིན་དང༌། དཔལ་ལྡན་ཆོས་ཀྱི་གྲགས་པའི་ངོར་བྱས་པ་བསྒྲུབ་བྱ་གང་སྒྲུབ་པའིརྟགས་ཡང་དག་ཡིན་མིན་སོགས་ལ་དཔྱད་པར་བྱའོ། །༈ ཡང་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་གྱི་ཁོ་ན་ཞེས་པས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་བསལ་ནས་ད་ལྟ་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་དགོས་ཞེས་བསྟན་པ་ཡིན་པར་ཐལ། འདོད་ན། དེ་མ་ཡིན་པར་ཐལ། དཔེ་རྟགས་མ་གྲུབ་པ་དེ་བསྒྲུབ་བྱ་ཡིན་སྙམ་པ་དེ་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཟུར་གྱི་རང་ཉིད་དང་འདོད་པའི་སྒྲས་བསལ་བ་ཡིན་པའི་ཕྱིར། དེར་ཐལ། འགྲེལ་བཤད་རིན་ཆེན་འཕྲེང་བ་ལས། རང་ཉིད་འདོད་སྒྲས་དཔེ་རྟགས་མ་གྲུབ་པ་ད་ལྟ་བསྒྲུབ་བྱ་ཡིན་པ་གཅོད་དེ། དེ་སྔར་རྒོལ་གྱིས་ད་ལྟ་བསྒྲུབ་བྱར་མི་འདོད་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཀྱི་ཟུར་དུ་ཁོ་ན་སྨོས་པ་དོན་མེད་པར་ཐལ། དེའི་སེལ་བྱ་ལོགས་སུ་མི་འཇོག་པ་གང་ཞིག དགོས་པ་གཞན་འཇོག་མི་ཐུབ་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེའི་སེལ་བྱ་ལོགས་སུ་མི་འཇོག་པར་ཐལ། གལ་ཏེ་བཞག་ན་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་བསལ་ནས་ད་ལྟ་སྒྲུབ་བྱེད་དུ་བཀོད་བཞིན་པ་དེ་འཇོག་དགོས་ལ། དེ་རང་ཉིད་དང་འདོད་སྒྲས་སེལ་བ་ཡིན་པའི་ཕྱིར། ཕྱི་མ་ཁས་ཟུར་དང་པོ་གྲུབ་སྟེ། རྟགས་རིགས་མཐའ་དཔྱོད་ལས། ཁོ་ན་ཞེས་པས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་རུང་གི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་ནམ་སྙམ་པའི་ལོག་རྟོག་བསལ་ནས་ད་ལྟ་སྒྲུབ་བྱེད་དུ་བཀོད་བཞིན་པ་མ་ཡིན་པ་དགོས་ལ། ཞེས་གསུངས་པའི་ཕྱིར། གོང་དུ་འདོད་ན། གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཟུར་དུ་ཁོ་ན་སྨོས་པ་དོན་མེད་པར་ཐལ། འདོད་མི་ནུས་ཏེ། ཚད་མ་མདོ་ལས། ངོ་བོ་ཁོ་ན་བསྟན་བྱ་བ། །རང་ཉིད་འདོད་དང་མ་བསལ་བ། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་ལས། ཁོ་ན་ཞེས་པའི་སྒྲ་ཆོས་ཅན། དོན་ཡོད་དེ། དེ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་པ་བཅད་པའི་ཆེད་ཡིན་པས་སོ། །ཞེསགསུངས་པའི་ཕྱིར་ན་དཔྱད། ༈ ཡང་གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཟུར་ལ་ཁོ་ན་ཞེས་པའི་སྒྲ་སྦྱར་དགོས་པར་ཐལ། འདོད་ན། གཞན་དོན་བསྒྲུབ་བྱའི་མཚན་ཉིད་ཟུར་ལ་ཁོ་ན་ཞེས་པའི་སྦྱར་མི་དགོས་པར་ཐལ། རིགས་སྒོའི་སྐབས་སུ་ཁོ་ནའི་སྒྲ་མ་སྦྱར་ཡང་སེལ་བྱ་མཐའ་དག་འདོད་པ་ཞེས་པའི་ཚིག་སོགས་ཀྱིས་སེལ་བའི་ཕྱིར། དེར་ཐལ། འགྲེལ་བཤད་རིན་འཕྲེང་ལས། རིགས་སྒོར་ཡང་ཁོ་ནའི་སྒྲ་སྦྱོར་དགོས་པར་འགྱུར་ཏེ། མ་འོངས་པར་འཁྲིད་བྱེད་བསྒྲུབ་བྱའི་སྒྲ་ཡོད་ཅེས་པས་སོ། །ཞེ་ན། རིགས་སྒོར་བསྒྲུབ་བྱའི་མཚན་ཉིད་སྟོན་པའི་འདོད་པར་གྱུར་པའི་ཚིག་ཆོས་ཅན། ཁྱོད་ཀྱིས་མ་འོངས་པ་ན་བསྒྲུབ་བྱར་འགྱུར་བའི་དཔེ་རྟགས་མ་གྲུབ་པ་ད་ལྟ་གཞན་དོན་བསྒྲུབ་བྱ་ཡིན་པ་འགོག་སྟེ། དེ་དེ་ཡིན་པར་འཕེན་ནུས་ཀྱི་ཡན་ལག་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། ཁོ་ནའི་སྒྲ་ཚད་མ་ཀུན་བཏུས་ལས། ངོ་བོ་ཁོ་ན་ཞེས་སྨོས་པའི་ཕྱིར་ན་ཀུན་བཏུས་ལས་ཁོ་ན་སྨོས་པ་དང་རིགས་སྒོའི་སྐབས་སུ་ཁོ་ན་མ་སྨོས་པའི་རྒྱུ་མཚན་ལ་དཔྱད་དགོས་ཤིང༌། གཏན་ཚིགས་དོན་བསྡུས་སུའང༌། གཞན་དོན་བསྒྲུབ་བྱ་འཆད་སྐབས་ངོ་བོ་སོགས་ཀྱི་དོན་གསུངསཀྱང་ཁོ་ནའི་དོན་མ་གསུངས་པའི་རྒྱུ་མཚན་གང་ཡིན་ལ་ཞིབ་ཏུ་དཔྱད། ༈ ཡང་ཐར་བ་ཆོས་ཅན། ཆོས་དང་ཤེས་འདོད་ཆོས་ཅན་གྱི་ཚོགས་དོན་ཡིན་པར་ཐལ། བསྒྲུབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། ཐར་བ་ཆོས་ཅན། བསྒྲུབ་བྱ་ཡིན་པར་ཐལ། ལམ་གྱི་བསྒྲུབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། ཐར་བ་ཆོས་ཅན། ལམ་གྱི་བསྒྲུབ་བྱ་ཡིན་པར་ཐལ། འཕགས་པའི་ལམ་གྱི་བསྒྲུབ་བྱ་ཡིན་པའི་ཕྱིར། མ་གྲུབ་ན། ཐར་བ་ཆོས་ཅན། འཕགས་པའི་ལམ་ལ་བརྟེན་ནས་ཁྱོད་སྒྲུབ་པ་ཡོད་པའི་ཕྱིར། ཁྱབ་སྟེ། དེའི་སྐབས་ཀྱི་བསྒྲུབ་བྱ་དང་སྒྲུབ་བྱེད་སོགས་རེ་རེ་ནས་འཇོག་རྒྱུ་ཡོད་པའི་ཕྱིར། འདོད་ན། ཐར་བ་ཆོས་ཅན། བསྒྲུབ་བྱ་ཡིན་པར་ཐལ། ལམ་གྱི་བསྒྲུབ་བྱ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་གང་ཡང་རུང་བ་ཞིག་གི་བསྒྲུབ་བྱ་ཡིན་ན་བསྒྲུབ་བྱ་ཡིན་པའི་དགོས་པའི་ཕྱིར་ན་གཏན་ཚིགས་དོན་བསྡུས་ལས། གཉིས་པ་ཤུགས་བསྟན་བསྒྲུབ་བྱའི་རང་བཞིན་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྣམ་པར་བཞག་འཇོག་གི །འཐོབ་བྱ་ཐོབ་བྱེད་ཀྱི། གཞལ་བྱ་འཇལ་བྱེད་ཀྱི། རྟགས་དང་རྟགས་ཅན་གྱི་བསྒྲུབ་བྱ་སྒྲུབ་བྱེད་ལྔ་ལས། འདིར་ཐ་མ་རྟགས་དང་རྟགས་ཅན་གྱི་བསྒྲུབ་བྱ་སྒྲུབ་བྱེད་ཀྱི་དབང་དུ་བྱས་པའི་བསྒྲུབ་བྱ་ལ་མཚན་ཉིད། རྟགས་ཀྱི་དཔག་བྱར་གྱུར་པའོ། །ཞེས་གསུངས་པར་བརྟགས་ན་ཐར་བ་དང་ཐམས་ཅད་མཁྱེན་པ་སོགས་ལམ་གྱི་བསྒྲུབ་བྱ་ཡིན་ཀྱང་རྟགས་ཀྱི་བསྒྲུབ་བྱ་མིན་ཞེས་བཤད་ན་འཐད་དམ་ལུང་རིགས་སྨྲ་བ་རྣམསཀྱིས་དཔྱད་པར་བྱའོ། །སྨྲས་པ། མ་དཔྱད་ཚིག་གི་གོ་བ་རབ་རིབ་ལ། །བརྟགས་ཤིང་དཔྱད་ཚེ་ཆུ་ཡི་རི་མོ་འདྲ། །ངེས་བརྟན་མེད་པའི་གཞུང་དོན་གོ་ལོག་ལས། །དང་པོར་རིགས་པའི་འཕྲུལ་འདིར་ནན་གྱིས་སྦྱོངས། །དྲི་མེད་རིགས་པའི་ལམ་བཟང་རྒྱང་བོར་ཏེ། །ད་དུང་དེ་ལ་མི་མཐུན་སྨྲ་བ་རྣམས། །འཇམ་དཔལ་དགྱེས་པའི་ཞལ་བཟང་ཕྱོགས་གླང་ལ། །བསྟན་ནས་འདི་རྩོམས་གསུངས་པ་དོན་མེད་དམ། །བློ་གྲོས་ཉིན་བྱེད་དབང་པོའི་སྣང་བ་ཡིས། །ཡང་དག་རིགས་པའི་ལམ་བཟང་གསལ་མཛད་པ། །ཕྱོགས་གླང་གྲགས་པའི་གཞུང་བཟང་ལ་བརྟེན་ནས། །རྨད་བྱུང་གཏམ་གྱི་སྦྱོར་བ་འདི་བྱས་སོ། །ཚེར་མའི་ཤིང་ལས་སྦྲང་རྩི་བྱུང་བར་ལྟར། །རང་བཟོའི་གཟུ་ལུམས་སྤངས་ཏེ་དམ་པའི་གསུང༌། །ཇི་བཞིན་བཀྲལ་ལ་ལེགས་བཤད་ཆ་མཆིས་ན། །གཟུར་གནས་མཁས་པར་མཆོད་ཡོན་ཚུལ་དུ་བསྟར། །ཟབ་མོའི་གནས་ལ་ཡིན་ལུགས་དཔྱོད་པའི་བློ། །སྲིན་བུ་མེ་ཁྱེར་ལས་ཀྱང་གཟི་ཆུང་མོད། །ལྷག་བསམ་ཟླ་འོད་མཁའ་ནས་འཛུམ་པ་ན། །འདི་ལྟར་བཤད་པའི་ཀུ་མུད་བཞད་པ་ལགས། །འོན་ཀྱང་བདག་བློ་རྨོངས་པའི་དབང་གྱུར་ཏེ། །འགལ་དང་འཁྲུལ་བའི་ནོངས་པ་ཅི་མཆིས་པ། །སྔར་བསགས་སྡིག་ལྟུང་ཚོགས་དང་ལྷན་ཅིག་ཏུ། །ཆོས་ཀྱི་སྤྱན་ལྡན་རྣམས་ལ་སྙིང་ནས་འཆགས། །འདིར་འབད་དགེ་བའི་བསོད་ནམས་ཅི་མཆིས་པ། །ཀུན་མཁྱེན་རྒྱལ་བའི་ལུགས་བཟང་ཀུ་མུ་ད། །རིགས་ལམ་རྒྱུ་སྐར་བདག་པོའི་སྣང་བ་ཡིས། །རྟག་པར་བཞད་པའི་གཉེན་དུ་གྱུར་ཅིག་གུ། །འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་ཡིས། །བདག་གཞན་འགྲོ་ཀུན་སྲིད་པའི་བཙོན་ར་ལས། །ཐར་ཏེ་རླབས་ཆེན་ཚོགས་གཉིས་ཡོངས་རྫོགས་ནས། །བདེ་ཆེན་ཐར་བའི་གནས་སུ་སླེབས་གྱུར་ཅིག ། ཅེས་རྟགས་རིགས་ཀྱི་རྣམ་བཞག་ལེགས་བཤད་དྲི་མ་མེད་པའི་འོད་ཀྱི་དོགས་དཔྱོད་རེག་ཟིན་རིགས་ལམ་རྟོག་གེའི་གད་རྒྱངས་ཞེས་པ་འདི་ནི་བསླབ་གསུམ་གྱི་ཡོན་ཏན་མངོན་པར་མཐོ་ཞིང༌། འཆད་རྩོད་རྩོམ་གསུམ་གྱི་ལེགས་བཤད་ཉིན་བྱེད་དབང་པོའི་སྣང་བ་རིས་སུ་མ་ཆད་པར་རྟག་ཏུ་འཕྲོ་བའི་༧དགེ་བའི་བཤེས་གཉེན་ཆེན་མོ་ངག་དབང་དངོས་གྲུབ་དཔལ་བཟང་བོའི་སྡེ་གང་གི་སྐུ་གསུང་ཐུགས་གསུམ་གྱི་མཛད་པ་སྤྱི་དང༌། བྱེ་བྲག་གསུང་གི་ལེགས་བཤད་རྒྱ་མཚོ་ལྟ་བུ་ལས་ཐིགས་པ་ཙམ་རེ་སྐལ་ལྡན་སྐྱེ་བོའི་ཚོགས་ཀྱི་མ་རིག་པའི་གདུང་བ་སེལ་བའི་གསོས་སུ་ཕུལ་ནུས་ན་ཇི་མི་སྙམ་པའི་ཀུན་སློང་དང་བཅས། བཤེས་གཉེན་ལྗོན་པའི་དབང་པོ་གང་གི་ཐུགས་བརྩེ་བའི་གྲིབ་བསིལ་འོག་ཉེ་བར་འཚོ་བའི་འདུ་གསུམ་པ་ཉིན་ཡུལ་འཕྲིན་ལས་རྒྱ་མཚོར་འབོད་པས་རང་ལོ་བཅུ་དགུ་བ་ན་རྟགས་རིགས་གསར་རྩོད་སྐབས་ཁོང་རིན་པོ་ཆེས་རྟགས་རིགས་བཀའ་ཁྲིད་གནང་བ་ལས་དོགས་དཔྱོད་ཀྱི་སྐོར་ཛ་འགོའི་རི་ཁྲོད་བྱང་ཆུབ་ཆོས་རྫོང་ནས་སུག་བྲིས་ཀྱིས་རེག་ཟིན་དུ་བཏབ་ཅིང༌། ཕྱིས་གློག་ཀླད་དུ་ཕབ་ནས་དཔར་སྐྲུབ་རེ་ཐུབ་ན་རྟགས་རིགས་གསར་རྩོད་པ་རྣམས་ལ་ཕན་པ་ཕྲན་བུ་རེ་འབྱུང་སྲིད་སྙམ་པའི་ཀུན་སློང་སྔར་ནས་ཡོད་ཀྱང་སྙོམ་ལས་དང་ལེ་ལོའི་དབང་དུ་སོང་ནས་རིམ་འགྱངས་སུ་ལུས་པ་ད་ལན་གློག་ཀླད་དུ་ཕབ་སྟེ་མཇུག་རྫོགས་པར་བྱས་པ་ཡིན་པ་ལ། དེ་ཡང་དོགས་དཔྱོད་རྣམས་དཔྱད་པའི་གཞིར་བཀོད་པ་ལས་རང་ལུགས་འཐད་ལྡན་མ་ཡིན་པ་ཤེས་པར་བྱའོ། །འདིས་ཀྱང་དཔལ་ལྡན་ཕྱོགས་གླང་ཡབ་སྲས་ཀྱི་དྲི་མ་མེད་པའི་རིགས་པའི་ལམ་བཟང་ལ་བརྟེན་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་རྒྱལ་བསྟན་རིན་པོ་ཆེ་སྒོ་ཀུན་ནས་དར་ཞིང་རྒྱས་པ་དང༌། གཟུར་གནས་བློ་གསལ་བྱེ་བའི་ཐོསབསམ་སྒོམ་པའི་ཤེས་རབ་ཀྱི་མྱུ་གུ་བཟང་པོ་སྐྱེ་བའི་རྒྱུ་བྱེད་གྱུར་ཅིག སརྦ་མངྒལཾ།

བློ་རིག་ཟིན་བྲིས་ལེགས་བཤད་གསེར་གྱི་ཉི་མའི་མཛེས་རྒྱན།

བློ་རིག་ཟིན་བྲིས་ལེགས་བཤད་གསེར་གྱི་ཉི་མའི་མཛེསརྒྱན་ཞེས་བྱ་བ་བཞུགས་སོ། །

ངོ་མཚར་ཕུལ་བྱུང་མཁྱེན་པའི་རྣམ་དཔྱོད་རོལ་རྩེད་རྩེ་དགུའི་ཉམས་འགྱུར་གྱིས། །ཕྲ་ཞིབ་ལང་ཚོའི་ཁེངས་ལྡན་ཤེས་བྱ་རི་དྭགས་མིག་ཅན་འཁྱུད་ལེགས་པས། །ཟབ་གསལ་གཉིས་མེད་བདེ་ཆེན་གྱིས་མྱོས་དམར་སེར་གཟུགས་ཀྱི་རྣམ་པ་ཅན། །འཛུམ་ལྡན་ཚེམས་དཀར་ཆུ་འཛིན་དབུས་ནས་བློ་གྲོས་ཆར་གྱི་དགེ་ལེགས་སྩོལ། །ཀེ་ལ་ཤ་ཡི་མདངས་ལྟར་རབ་དཀར་སྔོན་མེད་ཟླ་བ་གསར་བའི་སྐུ། །མཚན་བཟང་དང་འདྲེས་འཇོ་སྒེག་ཉམས་ཀྱིས་སྲིད་གསུམ་ཀུནྡའི་དཔལ་བཅོམ་ནས། །མཆུ་སྒྲོས་ཨུཏྤལ་དམར་པོ་འཛུམ་པས་གཙུག་ལག་བྱེ་བ་གླུར་ལེན་པའི། །དབྱངས་ཅན་མ་ཁྱོད་མགྲིན་པར་བཞུགས་ལ་ངག་གི་འདོད་པ་འཇོ་བར་མཛོད། །མཁྱེན་ཡངས་ཟླ་བའི་མ་མ་ལས་འོངས་རིག་པའི་རྩལ་ཆེན་ཉམས་དགུ་ཡིས། །འཕགས་བོད་མཁས་རློམ་དྲེགས་ལྡན་གཉིས་འཐུང་ཁེངས་པའི་སྲོག་གི་གཞི་བཅོམ་ནས། །ཆོས་ཀྱི་གནས་ལུགས་བཟང་བོའི་ལུས་ལ་ཚིག་སྦྱོར་རྒྱན་གྱིས་ལེགས་སྤུད་པ། །སྨྲ་བའི་ཁྱུ་མཆོག་བླ་མ་དམ་པས་དགེ་ལེགས་ཡང་ནས་ཡང་དུ་སྩོལ། །གང་གི་རྣམ་དཔྱོད་གྲུ་གཟིངས་མཐའ་ཀླས་རིག་གནས་རྒྱ་མཚོར་ཆེར་བགྲོད་ནས། །ལེགས་བཤད་ནོར་བུའི་ཕྲེང་བ་སྙན་འགྱུར་ཚིག་གི་སྲད་བུར་ལེགས་བརྒྱུས་ཏེ། །སྐལ་བཟང་གཞོན་ནུའི་བཟང་པོའི་ལུས་ལ་མཛེས་པའི་རྒྱན་དུ་གནང་བ་ཡི། །མུ་ཏིག་དཀར་བོའི་ཕྲེང་བ་གཞོན་ནུ་བྱེ་བའི་མགུལ་ལ་བདག་གིས་བརྒྱན། །དེ་ལ་འདིར་དེང་དུས་སུ་ཀུན་མཁྱེན་ཇོ་ནང་བའི་བསྟན་པའི་གསལ་བྱེད་ཀྱི་སྒྲོན་མེ་གཅིག་པུར་གྱུར་བ་ལུང་དང་རིགས་པའི་གཏེར་མཛོད། ཉམས་དང་རྟོགས་པའི་དབང་ཕྱུག་སངས་རྒྱས་བསྟན་པའི་ཀ་ཆེན། སྐལ་བཟང་གི་བུ་སློབ་ཡོངས་ལ་དགོས་འདོད་ཆར་བཞིན་དུ་འབབ་པའི་༧དགེ་བའི་བཤེས་གཉེན་རྗེ་དངོས་གྲུབ་དཔལ་མཆོག་གིས་མཛད་པའིབློ་རིག་ལེགས་བཤད་གསེར་གྱི་ཉི་མ་སྤྱི་དོན་བྱས་ནས། དེའི་མཐའ་དཔྱད་ཀྱི་ཚུལ་དུ་དམ་པགང་གིས་བློ་རིག་འཆད་ཁྲིད་སྐབས་སུ་དོགས་གཅོད་མཛད་པ་རྣམས་ཟིན་བྲིས་དགོད་པ་ལ།

ཡུལ་ཅན་བློའི་རྣམ་བཞག་དང༌།

ཡུལ་ཅན་བློའི་རྣམ་བཞག་དང༌།

ཡུལ་གྱི་རྣམ་བཞག་གི་སྐོར་གཉིས། ཡུལ་ཅན་བློའི་རྣམ་བཞག་དང༌། ཡུལ་གྱི་རྣམ་བཞག་གི་སྐོར་གཉིས། དང་པོ་ལ། མཚན་ཉིད་དང་དབྱེ་བ་བཤད་པའི་མཐའ་དཔྱད་པ་གཉིས། དང་པོ་མཚན་ཉིད་བཤད་པའིསྐབས་ཀྱི་མཐའ་དཔྱད་པ་ནི། བློ་རིག་ལས། རང་རིག་ཆོས་ཅན། རང་ཡུལ་གྱི་རྣམ་པ་མ་ཤར་བར་ཐལ། ཡུལ་ཡུལ་ཅན་གྱི་གཉིས་སྣང་ནུབ་པའི་བློ་ཡིན་པའི་ཕྱིར་ན་མ་ཁྱབ། ཅེསགསུངས་པ་ལ། རང་རིག་ཆོས་ཅན། རང་ཡུལ་གྱི་རྣམ་པ་མ་ཤར་བར་ཐལ། རང་ཡུལ་གྱི་རྣམ་པ་དེ་རང་དང་གཅིག་ཏུ་མ་ཤར་བ་གང་ཞིག ཐ་དད་དུ་མ་ཤར་བའི་ཕྱིར། དང་པོ་མ་གྲུབ་ན། རང་རིག་ཡིན་ན་རང་ཡུལ་གྱི་རྣམ་པ་དེ་རང་དང་གཅིག་ཏུ་ཤར་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། སྣང་ཚུལ་ལ་འཁྲུལ་བར་ཐལ། སྣང་གནས་མི་མཐུན་པའི་ཤེས་པ་ཡིན་པའི་ཕྱིར་ཏེ། དེའི་སྣང་ཡུལ་ཀུན་རྫོབ་གསརབྱུང་གི་རྣམ་མཁྱེན་དེ་དེ་དང་གཅིག་མ་ཡིན་པ་གང་ཞིག དེ་རང་དང་གཅིག་ཏུ་སྣང་བའི་ཕྱིར། རྟགས་དང་པོ་སླ། གཉིས་པ་ཁས། གོང་དུ་འདོད་མི་ནུས་ཏེ། སངས་རྒྱས་ས་ན་འཁྲུལ་བ་མི་མངའ་བའི་ཕྱིར་ཏེ། དབུ་མ་སྒོམ་རིམ་ལས། འཕགས་པས་འཁྲུལ་བ་མ་གཟིགས་ཕྱིར། །ཞེས་གསུངས་སོ། །ཡང་དེ་ཆོས་ཅན། འཁྲུལ་བར་ཐལ། དོན་ལ་མེད་པའི་ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཁྱབ་སྟེ། བདེན་གཉིས་གསལ་བའི་ཉི་མ་ལས། འཁྲུལ་བ་སྣང་བར་ཐལ། དོན་ལ་མེད་པའི་ཀུན་རྫོབ་ཁམས་གསུམ་པ་སྣང་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཞེས་དང༌། ཡང་དེ་ཉིད་ལས། སངས་རྒྱས་ཀྱི་ཡེ་ཤེས་ཆོས་ཅན། ཕྱིན་ཅི་ལོག་ཏུ་ཐལ། ཀུན་རྫོབ་ཁམས་གསུམ་པ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཞེས་དང༌། ཡང་དེ་ལས། རྣམ་མཁྱེན་ཆོས་ཅན། རྣམ་པར་མི་རྟོག་པའི་ཡེ་ཤེས་མིན་པར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། ཁྱབ་པ་ཡོད་དེ། ཞེས་དང༌། ཡང་དེ་ལས། རྣམ་མཁྱེན་ཆོས་ཅན། འཁྲུལ་བ་གཟིགས་པར་ཐལ། རྣམ་རྟོག་དང་མ་བྲལ་བར་ཐལ། མ་རིག་བག་ཆགས་མ་བཅོམ་པར་ཐལ། མ་དག་པའི་མུན་པ་ཡོད་པར་ཐལ། ཀུན་རྫོབ་ཁམས་གསུམ་སྣང་བའི་ཕྱིར། ཞེས་གསུངས་པའི་ཕྱིར། གོང་དུ་རྣམ་མཁྱེན་མྱོང་བའི་རང་རིག་ལ་རྣམ་མཁྱེན་དེ་རང་དང་ཐ་དད་པའི་ཚུལ་གྱིས་ཤར་ཟེར་ན། འོ་ན་དེ་ཆོས་ཅན། ཁྱོད་ལ་ཡུལ་ཡུལ་ཅན་གྱི་གཉིས་སྣང་ཡོད་པར་ཐལ། རང་ཡུལ་རྣམ་མཁྱེན་དེ་རང་དང་ཐ་དད་པའི་ཚུལ་དུ་སྣང་བའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དབུ་མ་རྒྱན་ལས། དེ་ཡི་རང་གི་རིག་པ་ནི། །བྱ་དང་བྱེད་པའི་དངོས་པོ་མིན། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་འདྲའི་རང་རིག་ཆོས་ཅན། རང་ཡུལ་སྣང་བ་མ་ཡིན་པར་ཐལ། བློས་ཡུལ་དེ་སྣང་ཚུལ་ལ་གཅིག་དང་ཐ་དད་གང་རུང་ལས་མེད་པ་གང་ཞིག དེ་གང་གི་ཚུལ་གྱིས་མ་སྣང་བའི་ཕྱིར། རྟགས་དང་པོ་ཚད་གྲུབ། ཕྱི་མ་ཁས། འདོད་མི་རིགས་ཏེ། རང་ཡུལ་སྣང་བའི་རིག་པ་བློའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༢༧༣ལས། རང་ཡུལ་སྣང་བའི་རིག་པ་བློའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རང་རིག་ཡིན་ན་རང་ཡུལ་སྣང་བས་ཁྱབ་པར་ཐལ། དེ་ཡིན་ན་བློ་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན་སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡུལ་གྱི་རྣམ་པ་སྣང་བར་ཐལ། རང་ཡུལ་སྣང་བའི་ཕྱིར། མ་ཁྱབ་ཟེར་ན། དེ་ཆོས་ཅན། རང་ཡུལ་གྱི་རྣམ་པ་སྣང་བར་ཐལ། རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་ཡུལ་དངོས་སུ་རྟོགས་པའི་ཕྱིར། ཁྱབ་སྟེ། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ་བློ་དེས་ཡུལ་དེ་དངོས་སུ་རྟོགས་པའི་དོན་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༤༦༣ལས། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ། བློ་དེས་ཡུལ་དེ་དངོས་སུ་རྟོགས་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་ཡུལ་གྱི་རྣམ་པ་སྣང་བར་ཐལ། རང་ཡུལ་གྱི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། རང་རིག་ལ་ཡུལ་དེའི་རྣམ་པ་ཤར་ཡང་ཡུལ་གྱི་རྣམ་པ་མི་འཆར་བའི་ཞིབ་ཆ་འབྱེད་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༤༦༤ལས། རང་རིག་ལ་ཡུལ་དེའི་རྣམ་པ་ཤར་བ་ཡོད་ཀྱང་ཡུལ་གྱི་རྣམ་པ་ཤར་བ་མེད་དོ། །ཞེས་ས་པའི་ཕྱིར། འདོད་མི་ནུས་ཏེ། རང་རིག་ལ་རང་ཡུལ་གྱི་རྣམ་པ་ཤར་བ་ཡོད་པའི་ཕྱིར་ཏེ། ཡུལ་གཟུང་རྣམ་ཤར་བ་གང་ཞིག གཟུང་རྣམ་དེ་བློ་དེ་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པའི་འདྲ་རྣམ་ལ་བྱེད་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བསྡུས་གྲྭའི་སྤྱི་དོན་༤༦༤ལས།རང་རིག་ལ་ཡུལ་གཟུང་རྣམ་དེའི་རྣམ་པ་ཤར་བ་ཡིན་པའི་དོན་གྱིས་རང་རིག་ལ་ཡུལ་དེའི་རྣམ་པ་ཤར་བ་ཡིན། ཞེས་གསུངས་པའི་ཕྱིར། རྟགས་ཕྱི་མ་གྲུབ་སྟེ། བསྡུས་གྲྭའི་སྤྱི་དོན་༤༦༣ལས། དེ་ཡང་དེའི་རྣམ་པ་ཤར་ཞེས་པ་ནི་དཔེར་ན་ཡུལ་བུམ་པའི་རྣམ་པ་ནི་བུམ་འཛིན་ཤེས་པ་དེ་བུམ་པའི་རྣམ་པ་རུ་སྐྱེས་པ་དེ་ཡིནཔས་བུམ་འཛིན་ཤེས་པའི་གཟུང་རྣམ་དེ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་ཡུལ་སྣང་ཡང་རང་ཡུལ་གྱི་རྣམ་པ་མ་སྣང་བའི་ཞིབ་ཆ་འབྱེད་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༢༥༤ལས། རང་ཡུལ་ཤར་ཡང་རང་ཡུལ་གྱི་རྣམ་པ་ཤར་མི་དགོས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་བསྡུས་གྲྭའི་སྤྱི་དོན་༣༤༠ལས། འོ་ན་རང་རིག་ལ་རང་ཡུལ་གྱི་རྣམ་པ་ཤར་བར་ཐལ། རང་ཡུལ་སྣང་བའི་ཕྱིར་ཞེ་ན། མ་ཁྱབ་སྟེ། རང་ཡུལ་ཤར་ཡང་རང་ཡུལ་གྱི་རྣམ་པ་ཤར་མི་དགོས་པའི་ཕྱིར་རོ། །རང་ཡུལ་གྱི་རྣམ་པ་ནི་འདྲ་རྣམ་སྟེ་ཡུལ་གྱི་རྣམ་ལྡན་དུ་སྐྱེས་པ་ལ་བྱེད་པ་ཡིན་པས་རང་རིག་ནི་རིག་བྱ་རིག་བྱེད་གཉིས་མེད་པ་ཡིན་པས་ཡུལ་གཞན་གྱི་རྣམ་ལྡན་སྐྱེ་བ་མེད་དོ། །ཞེས་འདྲ་རྣམ་མ་ཤར་གསུངས་པ་ལ་འདྲ་རྣམ་གཞན་རིག་གི་ཤེས་པ་ཡིན་ན་དེ་ཉམས་སུ་མྱོང་བའི་རང་རིག་གིས་མྱོང་མིན་སོགས་ཀྱིས་དཔྱད་དོ། །བློ་རིག་ལས། གཉིས་པ་རང་ལུགས་བཞག་པ་ལ། རང་ཡུལ་སྣང་བའི་རིག་པ་དེ། བློའི་མཚན་ཉིད། ཅེས་དང༌། རྣམ་འགྲེལ་ལས། དེ་ལྟར་བློ་ལ་བློ་འདོད་ན། །བློ་ནི་རང་ཉིད་རིགཔར་གྲུབ། །ཅེས་དང༌། རིན་ཕྲེང་༣༦༤ལས། ཚུལ་དེ་བློ་ཕྱི་མ་ལ་སྔ་བློའི་རྣམ་པར་སྣང་བརའདོད་ན་དེ་ཡི་ཕྱིར། རང་ཉིད་རིག་པར་གྲུབ་པར་ཐལ་ལོ། །ཞེས་གསུངས་པ་ལ་རང་ཡུལ་སྣངབའི་རིག་པ་དེ། བློའི་མཚན་ཉིད་མ་ཡིན་པར་ཐལ། རིག་པ་བློའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༢༧༣ལས། བློ་དང་ཤེས་པ་གཉིས་མཚོན་བྱ་དང༌། རིག་པ་དང་གསལ་བ་གཉིས་ནི་རིམ་བཞིན་སྔ་མ་གཉིས་ཀྱི་མཚན་ཉིད་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། རིག་པ་ཆོས་ཅན། མཚན་མཚོན་གཉིས་ཀ་ཡིན་པར་ཐལ། མཚན་ཉིད་ཡིན་པ་གང་ཞིག མཚོན་བྱ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག ཕྱི་མ་གྲུབ་པའི་ཕྱིར། རྟགས་དང་པོ་ཁས་བླངས་ཤིང་ཕྱི་མ་གྲུབ་སྟེ། མྱོང་བར་སྐྱེས་པ་དེ་རིག་པའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གཏན་ཚིགས་དོན་བསྡུས་ལས། དང་པོ་ལ་བེམ་རིག་གཉིས་སོ། །མཚན་ཉིད་རིམ་པ་ལྟར་རྡུལ་དུ་གྲུབ་པ་དང༌། མྱོང་བར་སྐྱེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། རིག་པ་ཆོས་ཅན། མཚན་མཚོན་གཉིས་ཀ་ཡིན་པར་ཐལ། མཚན་ཉིད་ཡིན་པ་གང་ཞིག མཚོན་བྱ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་མི་ནུས་ཏེ། མཚན་མཚོན་གཉིས་འགལ་བ་ཡིན་པའི་ཕྱིར། དེར་ཐལ། མཚན་ཉིད་ཡིན་པ་ལ་མཚོན་བྱ་གཏན་མ་ཡིན་ཞིང་མཚན་ཉིད་ཁོ་ན་ཡིན་པ་ཞིག་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༡༥ལས། བློ་ཡུལ་དུ་བྱ་རུང་ཆོས་ཅན། སྤྱིར་མཚན་ཉིད་ཡིན་ཏེ། སྤྱིར་ཞེས་པ་ཁྱོད་མཚོན་བྱ་གཏན་མ་ཡིན་ཞིང་མཚན་ཉིད་ཁོ་ན་ཡིན་ཞེས་པ་ཡིན་ལ། ཞེས་དང༌། ཡང་དེ་ཉིད་༡༦ལས། མཚན་ཉིད་དང་མཚོན་བྱ་གཉིས་འགལ་བ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད། ཡང་བློ་ཆོས་ཅན། མཚན་ཉིད་གཉིས་ཀྱི་མཚོན་བྱ་ཡིན་པར་ཐལ། རང་ཡུལ་སྣང་བའི་རིག་དང་རིག་པ་གཉིས་ཀ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་རིགས་ཏེ། མཚན་ཉིད་གཉིས་ཀྱིས་མཚོན་ན་མཚོན་བྱ་དེ་ཡང་གཉིས་སུ་འགྱུར་བའི་ཕྱིར་ཏེ། རིགས་གཏེར་ལས། མཚན་ཉིད་གཉིས་ཀྱིས་མཚོན་ན་ནི། །མཚོན་བྱ་དེ་ཡང་གཉིས་སུ་འགྱུར། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་༡༨ལས། མཚོན་བྱ་ཡིན་ན་མཚན་ཉིད་གཅིག་གི་མཚོན་བྱ་ལས་མ་ཡིན་པས་ཁྱབ། མཚན་ཉིད་ཡིན་ན་མཚོན་བྱ་གཅིག་གི་མཚན་ཉིད་ལས་མ་ཡིན་པས་ཁྱབ་བོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཚོན་བྱ་ཚད་མ་གཅིག་པུ་ལ་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས་མཚན་ཉིད་གཉིས་གསུངས་པའི་ཕྱིར། དེར་ཐལ། ཀུན་བཏུས་ས་འགྲེལ་༤༢ལས། རིགས་པའི་དབང་ཕྱུག་ཉིད་ཀྱིས་མཚོན་བྱ་དང་ཚད་མ་གཅིག་ལ་མཚན་ཉིད་མི་བསླུ་བའི་ཤེས་པ་དང་མ་རྟོགས་དོན་གྱི་གསལ་བྱེད་གཉིས་གསུངས་པའིཕྱིར་དང༌། ཞེས་གསུངས་པའི་ཕྱིར་རོ། །ཡང་བློ་དེས་ཡུལ་དེ་རིག་པའི་དོན་བློ་དེས་ཡུལ་དེ་སྣང་བ་ལ་བྱེད་ཟེར་ན། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་ཚད་མ་ཆོས་ཅན། སྒྲ་རྟག་སྟོང་མ་རིག་པར་ཐལ། སྒྲ་རྟག་སྟོང་མི་སྣང་བའི་ཕྱིར། ཡང་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཆོས་ཅན། ཆོས་ཐམས་ཅད་རིག་པ་མ་ཡིན་པར་ཐལ། ཆོས་ཐམས་ཅད་མི་སྣང་བའི་ཕྱིར། དེར་ཐལ། ཀུན་རྫོབ་ཀྱི་ཆོས་མི་སྣང་བའི་ཕྱིར། དེར་ཐལ། ཆོས་ཉིད་སྣང་བའི་ཕྱིར། ཁྱབ་སྟེ། ཆོས་ཉིད་རྣམ་འབྱེད་ལས། དེ་སྣང་ཆོས་ཉིད་མི་སྣང་ཞིང༌། །དེ་མི་སྣང་བའི་ཆོས་ཉིད་སྣང༌། །ཞེས་གསུངས་པའི་ཕྱིར། ཡུལ་རིག་པའི་དོན་རྟོགས་པ་ལ་བྱེད་ཟེར་ན། སྒྲ་རྟག་འཛིན་རྟོག་པ་ཆོས་ཅན། རིག་པ་མ་ཡིན་པར་ཐལ། ཡུལ་གང་ཡང་མ་རྟོགས་པའི་ཕྱིར། རིག་པའི་དོན་ཡུལ་སྣང་པ་དང་རྟོགས་པ་གང་རུང་ལ་བྱེད་ཟེར་ན། སྐྱེས་བུ་ཆོས་ཅན། རིག་པ་ཡིན་པར་ཐལ། ཡུལ་སྣང་པ་དང་རྟོགས་པ་གང་རུང་ཡིན་པའི་ཕྱིར་ཟེར་ན་དཔྱད། བློ་རིག་ལས། གསལ་བའི་བེམ་མིན་དེ། རང་ཤེས་པ་ཡིན་པའི་མཚན་ཉིད་ཅེས་དང༌། རྣམ་འགྲེལ་ལས། དེའི་ཕྱིར་ངེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོ་རབ་གསལ་ཞིང༌། །ཞེས་དང༌། རིན་ཕྲེང་༣༦༥ལས། ངེད་ཀྱི་ལུགས་ལ་བློ་ཆོས་ཅན། རང་ཉིད་རབ་ཏུ་གསལབ་ཡིན་ཏེ། གསལ་བའི་ངོ་བོ་སྟེ་རིག་པ་ཡིན་པས་སོ། །ཞེས་གསུངས་པའི་གསལ་བ་དེ་རང་གི་ངོ་བོ་གསལ་བ་ལ་བྱེད་པ་མ་ཡིན་པ་གང་ཞིག ཡུལ་གསལ་བ་ལ་བྱེད་པ་མ་ཡིན་པའི་ཕྱིར་ཟེར་ན། དེ་ཡང་བསྡུས་གྲྭའི་སྤྱི་དོན་༢༠༦ལས། གསལ་བ་ཞེས་པ་ནི་གྲོགས་ལ་མ་ལྟོས་པར་རང་གི་ངོ་བོ་ཡུལ་གསལ་བའི་རང་བཞིན་ཅན་ཡིན་པ་གང་ཞིག་ཅེས་དང༌། ཡངན་བསྡུས་གྲྭའི་སྤྱི་དོན་༢༧༣ལས། རང་ཡུལ་གསལ་བའི་བེམ་མིན་ཤེས་པའི་མཚན་ཉིད་ཅེས་གསུངས་པའི་ཕྱིར། འདོད་ན། རྟོག་བཅས་ཀྱི་ཤེས་པ་ཆོས་ཅན། རང་ཡུལ་གསལ་བའི་བེམ་མིན་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡུལ་གསལ་བར་སྣང་བ་ཡིན་པར་ཐལ། རང་ལ་རང་ཡུལ་གསལ་ཚུལ་ཡོད་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་མེད་ཤེས་པ་ཡིན་པར་ཐལ། རང་ཡུལ་གསལ་བར་སྣང་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་གསུངས་པའི་ཕྱིར་ཟེར་ན་ཡུལ་གསལ་ཚུལ་དེ་གཉིས་མི་འདྲཟེར་དགོས་སམ་དཔྱད། ཡང་གསལ་བའི་བེམ་མིན་ཆོས་ཅན། ཁྱོད་ཤེས་པའི་མཚན་ཉིད་མ་ཡིན་པར་ཐལ། ཤེས་པ་སྒྲུབ་པ་ཡིན་པ་གང་ཞིག ཁྱོད་དགག་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཆོས་དེ་གཉིས་མཚན་མཚོན་ཡིན་ན། ཆོས་དེ་གཉིས་དགག་སྒྲུབ་ཀྱི་རྣམ་པ་མཚུངས་དགོས་པའི་ཕྱིར་ཏེ། མིང་དོན་གྱི་འབྲེལ་བ་ངེས་པའི་རྟོག་པ་གཅིག་གི་ངོར་དེ་གཉིས་ཀྱི་རྣམ་པ་འཆར་ཚུལ་མཚུངསདགོས་པས། དགག་རྟོག་དང་སྒྲུབ་རྟོག་མི་འགལ་བར་ཐལ་བའི་སྐྱོན་ཡོད་པའི་ཕྱིར། དཔེརན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་རྟོག་ངོར་ཤར་བ་ན། དེ་ལ་བུམ་པའོ་སྙམ་པའི་མིང་དོན་སྦྱོར་བའི་ངེས་ཤེས་ལྷག་པོ་དྲངས་པ་ཙམ་གྱིས་བུམ་པའི་ཐ་སྙད་རྟོགས་ཚུལ་རྫོགས་ཤིང༌། བུམ་པའི་རྣམ་པ་ཟུར་བ་འཆར་རྒྱུ་མེད་པ་གང་ཞིག དེ་དང་མཚུངསཔའི་ཕྱིར། དེ་ལྟར་མིན་ན། སྐྱེས་པ་མི་རྟག་པའི་མཚན་ཉིད་དུ་ཁས་བླངས་པ་ལ། གནོད་བྱེད་གང་ཡང་མེད་པར་འགྱུར་མིན་དཔྱད། བློ་རིག་ལས། ཁ་ཅིག་གིས། ཚད་མིན་གྱི་བློ་ལ་བཅད་ཤེས་ལོག་ཤེས་ཐེ་ཚོམ་སྣང་ལ་མ་ངེས་པ་བཞིར་ངེས་ཟེར་ན། ཞེས་ཚད་མིན་གྱི་བློ་ལ་བཅད་ཤེས་ལོག་ཤེས་ཐེ་ཚོམ་སྣང་ལ་མ་ངེས་པ་བཞིར་ངེས་པར་འདོད་པའི་ཕྱོགས་སྔ་མ་ས་སྐྱ་པཎྜི་ཏ་ཡིན་ཟེར་མཁན་ཡོད་ཀྱང་དེ་མི་འཐད་པར་ཐལ། ས་སྐྱ་པཎྜི་ཏས་ཡིད་དཔྱོད་མི་བཞེད་པ་བདེན་ཡང་ཚད་མིན་གྱི་བློ་ལ་བཅད་ཤེས་ལོག་ཤེས་ཐེ་ཚོམ་སྣང་ལ་མ་ངེས་པ་བཞིར་ངེས་པར་མི་བཞེད་པའི་ཕྱིར། དེརཐལ། ཚད་མབཅད་ཤེས་དང་སྣང་ལ་མ་ངེས་པ་གཉིས་མི་བཞེད་པའི་ཕྱིར། དང་པོ་བཅད་ཤེས་མི་བཞེད་དེ། རིགས་གཏེར་ལས། བཅད་ཤེས་རིགས་པས་མཐའ་བཅད་ན། །མ་རྟོགས་པ་དང་ལོག་རྟོག་དང༌། །ཡང་ན་ཚདིན་ལ་མ་ཉིད་འགྱུར་གྱི། །དེ་ལས་གཞན་པའི་བློ་མི་སྲིད། །ཅེས་གསུངས་པའི་ཕྱིར། སྣང་ལ་མ་ངེས་པ་མི་བཞེད་དེ། རིགས་གཏེར་ལས། གལ་ཏེ་སྣང་ལ་མ་ངེས་པ། །ཚད་མ་མིན་ན་མངོན་སུམ་ཀུན། །ཚད་མར་མིན་འགྱུར་མངོན་སུམ་ལ། །ངེས་པ་ཉིད་ནི་བཀག་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། ཡང་ས་སྐྱ་པཎྜི་ཏས་ཚད་མིན་ལ་གསུམ་དུ་ངེས་པར་བཞེད་པའི་ཕྱིར་ཏེ། རིགས་གཏེར་ལས། མ་རྟོགས་ལོག་རྟོག་ཐེ་ཚོམ་སྟེ། །ཚད་མའི་འགལ་ཟླ་རྣམ་པ་གསུམ། །ཞེས་གསུངས་པའི་ཕྱིར། དེ་འདོད་ན་ས་སྐྱ་པཎྜི་ཏའི་ལུགས་གཞིར་བཞག་རྒྱུ་མཚན་ལ་མ་བརྟེན་པར་སྒྲ་མཐའ་གཅིག་ཏུ་མི་རྟག་པར་འཛིན་ཡང་དེ་ལ་ཚད་མས་ངེས་པ་མ་རྙེད་པའི་ཚད་མིན་གྱི་བློ་ཞིག་འདོད་དགོས་པ་གང་ཞིག དེ་དེ་གསུམ་གང་ཡང་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། ཚད་མ་མདོ་ལས། དོན་གོ་རྣམ་གཉིས་མཐའ་གཅིག་ཏུ། །ཞེས་གསུངས་པའི་ཕྱིར། ཁོང་གི་ལུགས་ལ་རྟགས་ཕྱི་མ་མ་གྲུབ་ཟེར་དགོས་པའི་ཕྱིར་ཏེ། དེ་འདྲ་བའི་བློ་དེ་ཐེ་ཚོམ་ཡིན་པར་འདོད་པའི་ཕྱིར་ཏེ། རིགས་གཏེར་ལས། ཡིད་དཔྱོད་རྟགས་ལ་གཏན་མི་ལྟོས། །དམ་བཅའ་ཙམ་ཡིན་ཐེ་ཚོམ་འགྱུར། །ཞེས་དང༌། རིགས་གཏེར་རང་འགྲེལ་དུ་གྲགས་པ་ལས། རྟགས་མི་འགོད་པར་ཡོད་ཅེས་དམ་བཅའ་རྐྱང་པ་ནི་ཐེ་ཚོམ་དུ་སྔར་བཤད་ཟིན་ལ་ཞེས་གསུངས་པའི་ཕྱིར། འདོད་ན། རྒྱུ་མཚན་ལ་མ་བརྟེན་པར་སྒྲ་མཐའ་གཅིག་ཏུ་མི་རྟག་པར་འཛིན་ཡང་དེ་ཚད་མས་ངེས་པ་མ་རྙེད་པའི་ཚད་མིན་གྱི་བློ་དེ་ཆོས་ཅན། ཐེ་ཚོམ་མ་ཡིན་པར་ཐལ། ཡུལ་གཏན་ལ་མ་ཕབ་པར་ཡིད་གཉིས་སུ་འཇུག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། འཇམ་དཔལ་རྩ་རྒྱུད་ལས། དད་ལྡན་ཡིད་གཉིས་ཐེ་ཚོམ་ནི། །ཞེས་དང༌། སློབ་དཔོན་མཁས་པ་དཔལ་སྦྱང་དཀའ་བའི་ཟླ་བས་མཛད་པའི་ཀཽ་མུ་དི་ཞེས་བྱ་བའི་དཀའ་འགྲེལ་སྡེ་བསྟན་ག་པོད་ན་བཞུགས་པ་ལས། ཐེ་ཚོམ་དུ་གྱུར་ཅེས་བྱ་བ་ནི་སོམ་ཉིར་གྱུར་པའོ། །ཡིད་གཉིས་ནི་དེའི་ཐེ་ཚོམ་མ་བཅད་པའི་ཕྱིར། ཡིད་གཉིས་ཉིད་དུ་གྱུར་པས་ཞེས་དང༌། སློབ་དཔོན་འཇམ་དཔལ་གྲགས་པས་མཛད་པའི་ཐེག་པ་ཆེན་པོའི་མདོའི་འགྲེལ་པ་གྲགས་པའི་ཕྲེང་བ་ཞེས་བྱ་བ་སྡེ་སྟན་ཉི་པོད་ན་བཞུགས་པ་ལས། ཡིད་གཉིས་ནི་ཐེ་ཚོམ་མོ། །ཞེས་གསུངས་པའི་ཕྱིར། རྩ་བའི་ཁ་ཅིག་དེས་ཚད་མིན་གྱི་བློ་ཡིན་ན་བཅད་ཤེས་ལོག་ཤེས་ཐེ་ཚོམ་སྣང་ལ་མ་ངེས་པ་བཞི་བོ་གང་རུང་ཡིན་པས་ཁྱབ། དེ་བཞི་གང་ཡང་མ་ཡིན་པའི་ཚད་མིན་གྱི་བློ་ཡིད་དཔྱོད་ཟེར་བ་ཞིག་མེད་ཅེས་གསུངས་པ་ཨེ་རེད། དེ་ཡིན་ན་དེ་ལ་ཆོས་དེའི་དོན་གོ་ཡང་ཐེ་ཚོམ་མ་ཆོད་པ་ཞིག་དང་ཆོད་ཟིན་པ་གཉིས་མེད་པར་ཐལ། ཚད་མིན་གྱི་བློ་ཡིན་ན་དེ་བཞི་གང་རུང་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མདོ་ལས། དོན་གོ་རྣམ་གཉིས་མཐའ་གཅིག་ཏུ། །ཞེས་དང། དེའི་རང་འགྲེལ་ལས། མཐའ་གཅིག་ཏུ་ངེས་པ་དང། མཐའ་གཅིག་ཏུ་མ་ངེས་པའོ། །ཞེས་དང། མཐའ་ཅིག་ཏུ་མ་ངེས་པ་ཅན་ཉིད་ཀྱི་དོན་གྱི་གོ་བ་ནི་ཚད་མ་མ་ཡིན་ཏེ། ཐེ་ཚོམ་གྱི་རྒྱུ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་ཕྱོགས་སྔ་མ་དེའི་ལུགས་ལ་དོན་གོ་ཡང་མཐའ་གཅིག་ཏུ་མ་གོ་བའི་ཚད་མིན་གྱི་བློ་ཞིག་ངེས་པར་ཁས་ལེན་དགོས་ལ། དེས་ན་དེ་འདྲའི་ཚད་མིན་གྱི་བློ་དེ་ཆོས་ཅན། ཚད་མིན་བཞི་བོ་གང་རུང་ཡིན་པར་ཐལ། ཚད་མིན་གྱི་བློ་ཡིན་པའི་ཕྱིར། འདོད་མི་རིགས་པར་ཐལ། དེ་བཅད་ཤེས་མ་ཡིན་པ་གང་ཞིག ལོག་ཤེས་མ་ཡིན། ཐེ་ཚོམ་མ་ཡིན། སྣང་ལ་མ་ངེས་པའི་བློ་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། དེ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་ལ་བསྣན་ནས་འཇུག་པའི་ཤེས་པ་མ་ཡིན་ཕྱིར། ཁྱབ་སྟེ། ཚད་མ་མདོ་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ག་པ་མེད་འགྱུར་དྲན་སོགས་བཞིན། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་རིག་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་རྣམ་འགྲེལ་ལས། ཡོན་ཏན་སྤྱི་གནས་གཅིག་པ་ལ། །འཁྲུལ་བའི་ལོག་པས་ཤེས་པར་འགྱུར། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གསུམ་པ་གྲུབ་སྟེ། རང་ཡུལ་ལ་རྩེ་གཉིས་སུ་འཇུག་པ་མ་ཡིན་ཕྱིར། ཁྱབ་སྟེ། འཇམ་དཔལ་རྩ་རྒྱུད་ལས། དད་ལྡན་ཡིད་གཉིས་ཐེ་ཚོམ་ནི། །རྣམ་བྲལ་ཆོས་ལ་མཉེས་གཤིན་པ། །བདེ་བར་གཤེགས་ལ་དད་བསྐྱེད་ནས། །ཞེས་དང༌། མདོ་སྡུད་པ་ལས། དེ་ལ་ངེས་པར་གྱུར་པའི་བར་དུ་གཅོད་པའི་ཐེ་ཚོམ་གང་ཞེ་ན། ཐེ་ཚོམ་གང་གིས་ངེས་པར་གྱུར་པ་ལ་མི་འཇུག་པ་སྟེ། ངེས་པའི་ས་ཁོང་དུ་ཆུད་པར་མི་འགྱུར་བ་འདི་ནི་ངེས་པར་གྱུར་པའི་བར་དུ་གཅོད་པའི་ཐེ་ཚོམ་སྟེ། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་བཞི་བ་གྲུབ་སྟེ། རང་གི་འཇུག་ཡུལ་གསལ་བར་སྣང་བ་ཡང་ཡིན་རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པ་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །

གཉིས་པ་དབྱེ་བ་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

གཉིས་པ་དབྱེ་བ་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ལ།

བློ་རིག་བདུན་དུ་དབྱེ་བ། རྟོགསཔའི་བློ་དང་མ་རྟོགས་པའི་བློ་གཉིས་སུ་དབྱེ་བ། ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ། རྟོག་བཅས་དང་རྟོག་མེད་གཉིས་སུ་དབྱེ་བ། འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིསསུ་དབྱེ་བ། སེམས་སེམས་བྱུང་བཤད་པའི་དོགས་གཅོད་དང་དྲུག དང་པོ་བློ་རིག་བདུན་དུ་དབྱེ་བ་ལ། ཡིད་དཔྱོད། སྣང་ལ་མ་ངེས་པ། བཅད་ཤེས། ལོག་ཤེས། ཐེ་ཚོམ། མངོན་སུམ། རྗེས་དཔག་གི་དོགས་གཅོད་དང་བདུན་ཡོད་པ་ལས།

དང་པོ་ཡིད་དཔྱོད་ཀྱི་རྣམ་བཞག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

དང་པོ་ཡིད་དཔྱོད་ཀྱི་རྣམ་བཞག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ནི།

བསྡུས་གྲྭའི་སྤྱི་དོན་ལས། མྱོང་སྟོབས་དང་རང་གི་རྟེན་གཏན་ཚིགས་གཉིས་གང་རུང་ལ་བརྟེན་ནས་དངོསསུ་སྒྲོ་འདོགས་གཅོད་པའི་ངེས་པ་དང་བྲལ་ཞིང་རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་གསརདུ་ཞེན་པའི་ཞེན་རིག་དེ། ཡིད་དཔྱོད་ཀྱི་མཚན་ཉིད། ཅེས་གསུངས་པའི་མཚན་ཉིད་ཀྱི་ཟུརལ་མྱོང་སྟོབས་ཀྱིས་ངེས་པ་དང་བྲལ་ཞེས་པས་མངོན་སུམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་གཅོད་པ་ཨེ་རེད། ཡིན་ན་མངོན་སུམ་ཡིན་ན་རང་ཡུལ་མྱོང་སྟོབས་ཀྱིས་ངེས་པས་ཁྱབ་པར་ཐལ། དེས་དེ་གཉིས་ཀྱི་གཞི་མཐུན་གཅོད་ཚུལ་ཡོད་པའི་ཕྱིར། འདོད་ན། སྣང་ལ་མ་ངེས་པའི་བློ་རྣམས་ཆོས་ཅན། རང་ཡུལ་མྱོང་སྟོབས་ཀྱིས་ངེས་པ་ཡིན་པར་ཐལ། མངོནསུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གྲུབ་སྟེ། བསྡུས་གྲྭའི་སྤྱི་དོན་༢༩༦ལས། སྣང་ལ་མ་ངེས་པའི་བློ་ཡིན་ན་མངོན་སུམ་ཡིན་པས་ཁྱབ། ཅེས་གསུངས་པའི་ཕྱིར། འདོད་ན། སྣང་ལ་མ་ངེས་པའི་བློ་རྣམས་ཆོས་ཅན། རང་ཡུལ་མྱོང་སྟོབས་ཀྱིས་ངེས་པ་ཡིན་པར་ཐལ། མངོན་སུམ་ཡིན་པའི་རྟགས་ཁྱབ་ཁས། འདོད་མི་རིགས་ཏེ། འབའ་མདའི་བསྡུས་གྲྭ་༢༧༥ལས། རང་གི་འཇུག་ཡུལ་རང་མཚན་གསལ་བར་སྣང་བ་ཡང་ཡིན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་བའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚནཉིད། ཅེས་གསུངས་པའི་ཕྱིར། འདོད་ན། སྣང་ལ་མ་ངེས་པའི་བློ་དག་གིས་ཡུལ་ངེས་པ་མ་ཡིན་པར་ཐལ། འདོད་ན། མངོན་སུམ་ཡིན་རང་ཡུལ་མྱོང་སྟོབས་ཀྱིས་ངེས་པའི་མ་ཁྱབ་པར་ཐལ། འདོད་ན། མཚན་ཉིད་ཀྱི་ཟུར་ལ་མྱོང་སྟོབས་ཀྱིས་ངེས་པ་དང་བྲལ་ཞེས་པས་མངོན་སུམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་གཅོད་པ་མ་ཡིན་པར་ཐལ། འདོད་ན། དེ་མི་རིགས་པར་ཐལ། བསྡུས་གྲྭའི་སྤྱི་དོན་༢༧༢ལས། མཚན་ཉིད་ཀྱི་ཟུར་ལ་མྱོང་སྟོབས་ཀྱིས་ངེས་པ་དང་བྲལ་ཞེས་པས་མངོན་སུམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་ཡོད་པ་གཅོད་དེ། ཞེསགསུངས་པའི་ཕྱིར། མ་ཁྱབ་དེས་མངོན་སུམ་ཚད་མ་དང་ཡིད་གཅོད་ཀྱི་གཞི་མཐུན་གཅོད་པའི་དོན་ཡིན་ཟེར་ན། འོ་ན་ཡིད་དཔྱོད་ཀྱི་མཚན་ཉིད་ཀྱི་ཟུར་ལ་མངོན་སུམ་དང་ཡིད་དཔྱོད་ཀྱི་གཞི་མཐུན་གཅོད་བྱེད་དེ་གང་ཡིན། གསར་དུ་ཞེན་པ་ཞེས་པས་གཞི་མཐུན་གཅོདཟེར་ན། མཚན་ཉིད་ཟུར་མྱོང་སྟོབས་ཀྱིས་ངེས་པ་ཞེས་སྦྱར་བ་ལ་རྣམ་བཅད་ཡོངས་གཅོད་ཀྱི་དགོས་པ་ལྷག་པོ་གང་ཡང་མེད་པར་ཐལ། མངོན་སུམ་དང་མངོན་སུམ་ཚད་མ་དང་ཡིད་དཔྱོད་རྣམས་ཀྱི་གཞི་མཐུན་ཡོད་པ་གསར་དུ་ཞེན་པ་ཞེས་པས་གཅོད་ནུས་པ་གང་ཞིག དེ་ལས་གཞན་པ་དེ་སྦྱར་བའི་དགོས་པ་གང་ཡང་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་ཟད་པར་ཆུའི་ཏིང་ངེ་འཛིན་ཐོག་མར་སྒོམ་པའི་ཡིད་དཔྱོད་ཡོད་དམ་མེད། ཡོད་ན། དེ་ཆོས་ཅན། རང་ཡུལ་བདེན་པ་ལ་མཐའ་གཅིག་ཏུ་གསར་དུ་ཞེན་པའི་ཞེན་པ་ཡིན་པར་ཐལ། ཡིད་དཔྱོད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རང་ཡུལ་བདེན་པ་ཞེས་པ་ཡུལ་གྱི་གནས་ཚུལ་མ་ནོར་བ་ཞིག་ལ་བྱེད་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༢༧༡ལས། རང་ཡུལ་བདེན་པ་སྟེ་ཡུལ་གྱི་གནས་ཚུལ་མ་ནོར་བ་ཞིག་ལ། ཞེས་གསུངས་པའི་ཕྱིར། ཟད་པར་ཆུའི་ཏིང་ངེ་འཛིན་ཐོག་མར་སྒོམ་པའི་ཡིད་དཔྱོད་མེད་ན། ཟད་པར་ཆུའི་ཏིང་ངེ་འཛིན་ཐོག་མར་སྒོམ་པའི་དེ་འདྲའི་ཏིང་ངེ་འཛིན་དེ་བློ་རིག་གང་ཡིན། ལོག་ཤེས་ཡིན་ཟེར་ན་མི་འཐད་དེ། བསྡུས་གྲྭའི་སྤྱི་དོན་༢༧༩ལས། ཟད་པར་གྱི་ཏིང་ངེ་འཛིན་རྟོག་བཅས་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་པ་གང་ཞིག དེ་ལོག་ཤེས་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྒྲ་མི་རྟག་སྒྲུབ་ཀྱི་ཚུལ་གསུམ་ངེས་བཞིན་པའི་ངང་ནས་སྒྲ་མི་རྟག་པ་ལ་འཇུག་པའི་ཡིདདཔྱོད་ཡོད་དམ་མེད། ཡོད་ན་དེ་ཆོས་ཅན། མྱོང་སྟོབས་དང་རང་གི་རྟེན་གཏན་ཚིགས་གཉིས་གང་རུང་ལ་བརྟེན་ནས་དངོས་སུ་སྒྲོ་འདོགས་གཅོད་པའི་ངེས་པ་དང་བྲལ་བ་ཡིན་པརཐལ། ཡིད་དཔྱོད་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། རང་གི་རྟེན་གཏན་ཚིགས་ལ་བརྟེན་པའི་ངེས་པ་དང་བཅས་པ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་ཡིད་དཔྱོད་ཀྱིས་ཡུལ་རྟོགས་པར་ཐལ། བསྡུས་གྲྭའི་སྤྱི་དོན་༢༧༢ལས། དེས་ན་ཡིད་དཔྱོད་རྒྱུན་ཅི་ཙམ་རིང་ཡང་གསར་རྟོགས་ཡིན་ནོ། །ཞེས་དང༌། དགོས་སོགས་ཆོས་བཞི་ཡོད་པར་གོ་བའི་ཡིད་དཔྱོད་དེས་ཡུལ་རྟོགས་པའི་ཕྱིར་ཏེ། འདུལ་བ་མཚོ་ཊིཀ་༦ལས། དགོས་སོགས་ཆོས་བཞི་ཡོད་པར་གོ་བ་ལ་བརྟེན་ནས་རྣམ་བཅད་དུ་ལོག་རྟོག་བཞི་དང་ཐེ་ཚོམ་བཞི་སྟེ་བརྒྱད་བསལཔ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན། དེ་ནི་ཐོས་བྱུང་ཙམ་གྱིས་ངེས་ཤེས་བསྐྱེད་པས་ལོག་རྟོག་བཞི་དང༌། དགོས་སོགས་ཆོས་བཞི་ཕལ་ཆེར་མེད་ལས་ཆེ་སྙམ་པའི་ཐེ་ཚོམ་བཞི་བསལ་བའི་དོན་ཡིན་ཏེ། འདུལ་བ་མཚོ་ཊིཀ་༧ལས། དགོས་སོགས་ཆོས་བཞི་ཡོད་སྟོན་གྱི་ངག་ཆོས་ཅན། ངག་དོན་ལ་ངེས་ཤེས་བསྐྱེད་མི་ནུས་པར་ཐལ། ངག་དོན་ལ་འབྲེལ་བ་མེད་པའི་ཕྱིར་རོ་ཞེ་ན། ཚད་མས་བསྡུས་པའི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར་རམ། ཐོས་བྱུང་གི་ངེས་ཤེས་བསྐྱེད་མི་ནུས་པར་ཐལ་ཟེར། དང་པོ་ལྟར་ན་འདོད་ཅིང༌། གཉིས་པ་ལྟར་ན་ཁྱབ་པ་མ་གྲུབ་པོ། །ཞེས་གསུངས་པའི་ཕྱིར། འོན་ཀྱང་ལོག་རྟོག་དང་ཐེ་ཚོམ་དག་གི་ཞེན་ཡུལ་མེད་པར་མ་རྟོགས་པར་དེ་དག་སེལ་ནུས་མིན་དཔྱད། ཡང་གོང་གི་སྤྱི་དོན་གྱི་ལུང་ལ་ཡིད་དཔྱོད་སྐད་ཅིག་གཉིས་པ་དང༌། ཞེན་ནས་ཡུན་རིང་ལོན་པའི་ཡིད་དཔྱོད་དག་ལ་གསར་དུ་ཞེན་པའི་དོན་ཚང་ཚུལ་དཔྱད། གཞན་ཡང་ཡིད་དཔྱོདཡིན་ན་ཡུལ་ལ་གོ་བ་ལེགས་པར་ཆགས་དགོས་སམ་མི་དགོས། དགོས་ན་སོ་སོའི་སྐྱེ་བོ་རང་ག་བ་སྒྲ་མི་རྟག་པ་ལ་གོ་བ་མ་ཆགས་པའི་རྒྱུད་ཀྱི་སྒྲ་མི་རྟག་པ་ཡིན་ནོ་སྙམ་དུ་འཛིན་པའིརྟོག་པ་ཆོས་ཅན། ཡིད་དཔྱོད་མ་ཡིན་པར་ཐལ། གོ་བ་ལེགས་པར་ཆགས་པའི་བློ་མ་ཡིན་པའི་ཕྱིར། འདོད་ན། དེ་འདྲའི་རྟོག་པ་དེ་བློ་རིག་གང་ཡིན་སྨྲ་རྒྱུ་ཡོད་དགོས། ཡིད་དཔྱོད་ལ་གོ་བ་ལེགས་པར་འཆགས་པ་མི་དགོས་ཟེར་ན། ཚད་མ་མདོའི་སྒྲ་བྱུང་དགག་པའི་ལེའུ་ལས། སྒྲ་ཡི་བརྗོད་པར་བྱ་བའི་དོན། །ཇི་བཞིན་དོན་ནི་བརྟག་པ་གང། །ཞེས་པའི་དོན་དེ་ཞི་འཚོའི་ཚད་ཆེན་སྒྲ་བྱུང་འགོག་པའི་ལེའུ་ལས། སྒྲ་ལས་བྱུང་བ་གང་ཡིན་པ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྒྲ་མི་རྟག་པ་ལ་གོ་བ་འཆགས་པའི་ཡིད་དཔྱོད་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་རྟོགས་པར་ཐལ། ཁྱོད་ཀྱི་བྱེད་པ་ལ་བརྟེན་ནས་སྒྲ་མི་རྟག་པ་ལ་ངེས་པ་འདྲེན་ནུས་པའི་ཕྱིར་ཏེ། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་དེ་སྒྲ་མི་རྟག་པ་ངེས་པའི་ངེས་པ་ཡིན་པ་གངཞིག དེ་འདྲེན་ནུས་པའི་ཕྱིར་ཟེར་ན་མ་ཁྱབ། བསེ་ངག་དབང་བཀྲ་ཤིས་ཀྱི་བློ་རིག་ཟིནབྲིས་ལས། བློ་དེའི་བྱེད་པ་ལ་བརྟེན་ནས་ངེས་པ་འདྲེན་པ་ལ་ཆོས་དེ་ལ་སྒྲོ་འདོགས་ཆོད་པའི་སྒོ་ནས་ངེས་དགོས་པར་གསུངས་ཡོད་པས་དཔྱད་དོ། །

གཉིས་པ་སྣང་ལ་མ་ངེས་པའི་རྣམ་བཞག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

གཉིས་པ་སྣང་ལ་མ་ངེས་པའི་རྣམ་བཞག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ནི།

བློ་རིག་ལས། རང་གི་འཇུག་ཡུལ་གསལ་བར་སྣང་བ་ཡང་ཡིན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མ་འཁྲུལ་བའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚན་ཉིད་ཅེས་གསུངས་པ་ལ། ལྡན་མིན་འདུ་བྱེད་གསལ་བར་སྣང་བ་ཡང་ཡིན། རང་ཡུལ་དེ་དག་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མ་འཁྲུལ་བའི་རིག་པ་དེ་ཆོས་ཅན། སྣང་ལ་མ་ངེས་པའི་བློ་ཡིན་པར་ཐལ། མཚན་ཉིད་དེའི་ཕྱིར། འདོད་མི་ནུས་ཏེ། སྣང་ལ་མ་ངེས་པའི་བློ་ལ་རང་གི་འཇུག་ཡུལ་རང་མཚན་གསལ་བར་སྣང་བ་ཞིག་དགོསཔ་གང་ཞིག རང་ལུགས་ལ་ལྡན་མིན་འདུ་བྱེད་རང་མཚན་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། རྟགས་དང་པོ་དེར་ཐལ། བསྡུས་གྲྭའི་སྤྱི་དོན་༢༧༥ལས། རང་གི་འཇུག་ཡུལ་རང་མཚན་གསལ་བར་སྣང་བ་ཡང་ཡིན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་རིག་པ་དེ། སྣང་ལ་མ་ངེས་པའི་བློའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། དེ་མདོ་སྡེ་བའི་ལུགས་ཡིན་ཟེར་ན། མདོ་སྡེ་བའི་ལུགས་གཞིར་བཞག་ན་དངོསམེད་ཀྱི་ཆོས་རྣམས་གསལ་བར་སྣང་ནས་དེ་མ་ངེས་པའི་བློ་ཡོད་ཆོག་པར་ཐལ། མེད་པ་རི་བོང་གི་རྭ་ལྟ་བུ་གསལ་བར་སྣང་བའི་བློ་ཡོད་པ་གང་ཞིག དེ་ཡོད་ན་ཡོད་པའི་ཆོས་འདུསམ་བྱས་པའི་ནམ་མཁའ་ལྟ་བུ་དངོས་མེད་ཀྱི་ཆོས་བློ་ལ་གསལ་བར་སྣང་མི་ནུས་པའི་རྒྱུ་མཚནམེད་པའི་ཕྱིར། རྟགས་དང་པོ་དེར་ཐལ། བསྡུས་གྲྭའི་སྤྱི་དོན་༢༧༥ལས། མེད་པ་གསལ་སྣང་ཅན་གྱི་རྟོག་མེད་ལོག་ཤེས་ལྟ་བུ། ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་རྒྱུ་མཚན་མེད་པ་རྟགས་མ་གྲུབ་ཟེར་ན། དེའི་རྒྱུ་མཚན་གང་ཡིན་དྲིས་ནས་ཐོག་མེད་ནས་གོམས་པས་བདག་གསལ་བར་སྣང་བའི་ཡིད་ཤེས་ཡོད་ལ། ཐོག་མེད་ནས་གོམས་པས་འདུས་མ་བྱས་པའི་ནམ་མཁའ་གསལ་བར་སྣང་བའི་ཡིད་ཤེས་ཡོད་མི་ཆོག་པའི་རྒྱུ་མཚན་གང་ཡིན་དང༌། སོ་སོའི་སྐྱེ་བོ་ཐ་མལ་བའི་རྒྱུད་ཀྱི་འདུས་མ་བྱས་ཀྱི་ནམ་མཁའ་འཛིན་པའི་ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་བའི་ཡིད་ཤེས་སོགས་ཀྱིས་དཔྱད། ཡང་རང་ལུགས་ལ་བདག་མེད་གསལ་བར་སྣང་བའི་སྣང་ལ་མ་ངེས་པའི་བློ་མེད་པར་ཐལ། བདག་མེད་དེ་འཇུག་ཡུལ་མ་ཡིན་པའི་ཕྱིར་ཏེ། ཚད་མའི་འཇུག་ཡུལ་ལ་གཞལ་བྱ་རང་མཚན་ཁོ་ན་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་འགྲེལ་བ་རིན་ཆེན་འཕྲེང་བ་༡༥༩ལས། གཞལ་བྱ་གཉིས་ལས་རང་མཚན་ཁོ་ན་ཚད་མའི་འཇུག་ཡུལ་དང༌། ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད། ཡང་རང་ལུགས་ལ་སྣང་ལ་མ་ངེས་པའི་བློའི་རྣམ་བཞག་བྱེད་པ་མི་འཐད་པར་ཐལ། གཏནཚིགས་དོན་བསྡུས་ལས་སྤྱིར་བློ་རིག་གི་སྐོར་རྒྱས་པར་གསུངས་ལ་སྣང་ལ་མ་ངེས་པའི་བློ་མ་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་གྲུབ་སྟེ། ཚད་མིན་གྱི་བློ་ལ་མ་རྟོགས་པའི་བློ་དང༌། ལོག་རྟོག ཐེ་ཚོམ། དཔྱད་ཤེས་དང་བཞི་ལས་གཞན་མ་གསུངས་པའི་ཕྱིར་ཏེ། གཏན་ཚིགས་དོན་བསྡུས་ལས། གཉིས་པ་ཚད་མིན་གྱི་བློ་ལ་མ་རྟོགས་པའི་བློ་དང༌། ལོག་རྟོག་ཐེ་ཚོམ་དཔྱད་ཤེས་དང་བཞི་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་དུས་ཀྱི་སྒྲ་འཛིན་རྣ་ཤེས་དེ་སྣང་ལ་མ་ངེསཔའི་བློ་ཡིན་པར་ཁས་ལེན་དགོས་པའི་ཕྱིར་ཏེ། དེས་རང་གི་འཇུག་ཡུལ་སྒྲ་དེ་གསལ་བརསྣང་བ་གང་ཞིག རང་ཡུལ་མ་ངེས་པའི་ཕྱིར། ཁྱབ་སྟེ། སྣང་ལ་མ་ངེས་པའི་བློ་ཁས་ལེན་པ་དག་གིས་དེ་ལྟ་བུ་ལས་གཞན་པའི་སྣང་ལ་མ་ངེས་པའི་བློ་ཞིག་མི་བཞེད་པའི་ཕྱིར་ཟེར་བའམ། ཡང་ན་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་དུས་ཀྱི་སྒྲ་འཛིན་རྣ་ཤེས་དེ་སྣང་ལ་མ་ངེས་པའི་བློ་ཡིན་པར་ཁས་ལེན་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༢༧༦ལས། དང་པོ་སྣང་ལ་མ་ངེས་པའི་དབང་མངོན་ནི། མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་སྒྲ་འཛིན་དབང་མངོན་ལྟ་བུ། ཞེས་གསུངས་པའི་ཕྱིར། ཡང་སྣང་ལ་མ་ངེས་པའི་བློ་ཁས་མི་ལེན་པ་དག་གི་ལུགས་ལ་སོ་སོ་སྐྱེ་བོ་ཐ་མལབ་དག་གི་རྒྱུད་ཀྱི་ཐུང་མཐའི་སྐད་ཅིག་མའི་ངོ་བོར་གྱུར་བའི་ཡིད་མངོན་ཡོད་པར་ཁས་ལེནཔ་གང་ཞིག དེ་རང་གི་འཇུག་ཡུལ་གསལ་བར་སྣང་བ་ཡང་ཡིན་རང་ཡུལ་མ་ངེས་པ་ཡང་ཡིན་ན། སྣང་ལ་མ་ངེས་པ་ཡིན་པར་ཁས་ལེན་དགོས་མིན་དང༌། རང་རིག་ཁས་ལེན་པ་དག་གི་ལུགས་ལ་རྒྱང་འཕེན་པའི་རྒྱུད་ན་དུ་བ་གློ་བུར་བའི་རྟགས་ཀྱིས་ལ་ཕར་རྒྱབ་ན་མེ་ཡོད་པར་རྟོགས་པའི་རྗེས་དཔག་ཡོད་པ་གང་ཞིག དེ་ཡོད་ན་དེ་ཉམས་སུ་མྱོང་བའི་རང་རིག་ཡོད་དགོས་ལ། རང་རིག་དེ་ཚད་མ་ཡིན་པར་ཁས་བླངས་ན་རྒྱང་འཕེན་པས་རྗེས་དཔག་ཚད་མ་རྟོགས་པར་ཁས་བླངས་དགོས་པས་མི་འཐད་ལ། དེས་ན་དེ་འདྲའི་རང་རིགདེ་སྣང་ལ་མ་ངེས་པའི་བློ་ལས་འོས་མེད་ཡིན་མིན་དཔྱད། ཡང་རྣམ་མཁྱེན་ཆོས་ཅན། སྣང་ལ་མ་ངེས་པའི་བློ་ཡིན་པར་ཐལ། རང་གི་འཇུག་ཡུལ་གསལ་བར་སྣང་བ་ཡང་ཡིན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག གཉིས་པ་གྲུབ་པའི་ཕྱིར། གཉིས་པ་མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། རང་ཡུལ་མ་ངེས་པ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་མ་འཁྲུལ་བའི་རིག་པ་ཡིན་པར་ཐལ། རང་ཡུལ་མ་ངེས་པ་ཡིན་པ་གང་ཞིག མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དེ་ཆོས་ཅན། རང་ཡུལ་ངེས་པ་མ་ཡིན་པར་ཐལ། ངེས་ཤེས་མ་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་ཟེར་དགོས་ཏེ། ངེས་པ་དང་ངེས་ཤེས་གཉིས་མི་འདྲ་བའི་ཕྱིར་ཏེ། གཞལ་བྱ་ཅན་གྱི་བློ་ཡིན་ན་ངེས་པ་ཡིན་པས་ཁྱབ་ཀྱང༌། ངེས་ཤེས་ལ་རྟོག་བཅས་ཀྱི་བློ་ཞིག་དགོས་པའི་ཕྱིར་ཏེ། བློ་རིག་ལེགས་བཤད་གསེར་གྱི་ཉི་མ་ལས། ལུང་དེའི་དོན་ནི་མངོན་སུམ་རྟོག་བྲལ་ཡིན་པས་ངེས་ཤེས་ངེས་རྟོག་གིས་ངེས་མི་ནུས་ཞེས་པ་ལུང་དེའི་དོན་ཡིན་པའི་ཕྱིར། དེར་ཐལ། མཛོད་ལས། ངེས་པར་རྟོག་དང་རྗེས་དྲན་པའི། །རྣམ་པར་རྟོག་པའི་རྣམ་མི་རྟོག །ཅེས་གསུངས་པ་ལྟར་ཞིབ་ཆ་འབྱེད་དགོས་སོ། །ཡང་བློ་རིག་ལས། རྣལ་འབྱོར་མངོན་སུམ་ཡིན་ན་རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་ངེས་པས་ཁྱབ་པའི་ཕྱིར། རྟགས་གྲུབ་སྟེ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོས་མཐོང་ཉིད་ནས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། ཞེས་གསུངས་པ་ལ་རྣམ་མཁྱེན་མི་རྟག་པ་མངོན་སུམ་དུ་རྟོགས་པའི་ཉན་ཐོས་མཐོང་ལམ་ཆོས་ཅན། རང་ཡུལ་རྣམ་མཁྱེན་མི་རྟག་པ་དེ་དང་གྲུབ་བདེ་དབྱེརམེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་ངེས་པ་ཡིན་པར་ཐལ། རང་ཡུལ་རྣམ་མཁྱེན་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། འདོདན། དེ་ཆོས་ཅན། རྣམ་མཁྱེན་མངོན་སུམ་དུ་རྟོགས་པར་ཐལ། རྣམ་མཁྱེན་རྣམ་མཁྱེན་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམམཁྱེན་སངས་རྒྱས་ཁོ་ནའི་མངོན་སུམ་གྱི་ཡུལ་ཡིན་པའི་ཕྱིར། དེར་ཐལ། ཤེར་ཕྱིན་སྔོནམེད་ལེགས་བཤད་༤༩ལས། ཡང་དག་པར་ན་སངས་རྒྱས་ཀྱི་རྣམ་པར་ཐར་པ་ནི། སངསརྒྱས་ཁོ་ནའི་སྤྱོད་ཡུལ་ལས་གཞན་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། གོང་དུ་རྣམ་མཁྱེན་རྣམ་མཁྱེན་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་མིན་ཟེར་ན། སྒྲ་དངསྒྲ་མི་རྟག་པ་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་ཡིན་ལ། རྣམ་མཁྱེན་དང་རྣམ་མཁྱེན་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་མིན་པའི་རྒྱུ་མཚན་དང༌། གྲུབ་བདེ་རྫས་གཅིག་དང༌། གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་དག་ལ་དཔྱད་པར་བྱའོ། །ཡང་བློ་རིག་ལས། ཁ་ཅིག་ན་རེ། རང་ཡུལ་དུ་གྱུར་བའི་འདུས་བྱས་མངོན་སུམ་དུ་མཐོང་བའི་མངོན་སུམ་ཡིན་ན། རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་རྟོགས་པས་ཁྱབ་པར་ཐལ། རྣམ་འགྲེལ་ལས། ཚད་མ་གཞན་གྱིས་བརྟག་བྱ་གང། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་དང༌། འགྲེལ་བ་རིན་འཕྲེང་༢༡ལས། སྒྲ་འཛིན་མངོན་སུམ་ཆོས་ཅན། སྒྲ་དེ་ཕར་ཡིན་པའི་སྒྲ་ཡི་ཡོན་ཏན་བྱས་སོགས་སྒྲུབ་ཆོས་མཐའ་དག་མཐོང་སྟེ། སྒྲ་རང་མཚན་རང་གི་བཟུང་དོན་དུ་བྱས་ནས་མཐོང་བའི་ཕྱིར། ཞེས་གསུངས་པའི་ཕྱིར་ན་མ་ཁྱབ་སྟེ། ཆོས་དེ་མངོན་སུམ་དུ་མཐོང་ན་མངོན་སུམ་དུ་རྟོགས་པས་མ་ཁྱབ་པའི་ཕྱིར། ཞེས་གསུངས་པ་ལ། བློ་དེ་ལ་ཡུལ་དེ་སྣང་ན་བློ་དེས་མཐོང་བས་ཁྱབ་པར་ཐལ། ཆོས་དེ་མངོན་སུམ་དུ་མཐོང་ན་མངོན་སུམ་དུ་རྟོགས་པས་མ་ཁྱབ་པའི་ཕྱིར། འདོད་ན། སོ་སོའི་སྐྱེ་བོ་དག་གིས་སྒྲ་མི་རྟག་པ་མངོན་སུམ་དུ་མཐོང་བར་ཐལ། དེ་མངོན་སུམ་དུ་སྣང་བའི་ཕྱིར། འདོད་ན། བདེན་པ་མངོན་སུམ་དུ་མཐོང་བར་ཐལ། སྒྲ་མི་རྟག་པ་མངོན་སུམ་དུ་མཐོང་བའི་ཕྱིར། འདོད་མི་ནུས་ཏེ། རྒྱུད་བླ་མ་ལས། སོ་སོ་སྐྱེ་བོ་ཕྱིན་ཅི་ལོག །བདེན་པ་མཐོང་ལ་ཟློག་པ་སྟེ། །ཞེས་གསུངས་སོ། །ཡང་མཐོང་ལམ་ཐོབ་པར་ཐལ། བདེན་པ་མངོན་སུམ་དུ་མཐོང་བའི་ཕྱིར། ཁྱབ་སྟེ། མཛོད་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས་པའི་ཕྱིར། ཡང་བློ་དེས་ཡུལ་དེ་མཐོང་ན་ཡུལ་དེ་རྟོགས་དགོས་པར་ཐལ། བློ་དེ་ཡུལ་དེ་ལ་འཇུག་ན་རྟོགས་དགོས་པའི་ཕྱིར་ཏེ། རྟོག་པ་དེ་ཡུལ་དེ་ལ་འཇུག་ན་ཡུལ་དེ་རྟོགས་དགོས་པའི་ཕྱིར། དེར་ཐལ། ཕྱིར་རོལ་བས་སྒྲ་རྟོག་སྒྲུབ་འཇུག་ཏུ་ཁས་བླངས་པ་ལ་རང་ལུགས་ཀྱིས་ཚད་མ་གཞན་དང་སྒྲ་གཞན་འཇུག་པ་དོན་མེད་པར་ཐལ་བའི་ཐལ་བ་འཕེན་ཚུལ་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཚད་མ་རྣམས་ཀྱིས་བརྟག་བྱ་གང༌། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །ཅེས་དང༌། རང་འགྲེལ་༢༤༣ལས། ཚད་མ་གཞན་དང་སྒྲ་གཞན་འཇུག་པའི་ཕྱིར་ཏེ། ཞེས་དང༌།དེ་ཉིད་ལས། དེ་ལ་ཚད་གཞན་འཇུག་པའི་གོ་སྐབས་མེད་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་བློ་རིག་ལས། དང་པོ་སྣང་ལ་མ་ངེས་པར་གྱུར་བའི་དབང་པོའི་མངོན་སུམ་ནི། མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་རྣ་བས་སྒྲ་ཆེནཔོ་ཐོས་པའི་སྒྲ་འཛིན་དབང་མངོན་ལྟ་བུ་ཡིན་ཏེ། ཞེས་གསུངས་པ་དེ་ལྟར་རང་ལུགས་ལ་མི་འཐད་པར་ཐལ། རང་ལུགས་ཀུན་གཞི་རྣམ་ཤེས་ཁས་ལེན་པའི་ལུགས་ཡིན་པ་གང་ཞིག་ཀུན་གཞི་ཁས་ལེན་པ་དག་གི་ལུགས་ལ་སྤྱིར་ཀུན་གཞི་ལས་རྣམ་ཤེས་རིགས་མི་མཐུན་པ་དུ་མ་ཅིག་ཆར་སྐྱེ་བ་ཡོད་ཀྱང༌། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་གནས་སྐབས་སུ་ཤིན་ཏུ་གསལ་བའི་སེམས་གཅིག་གིས་ཀུན་གཞི་ལ་སྒྲ་འཛིན་སོགས་རྣམ་ཤེས་གཞན་སྐྱེ་བའི་ནུས་པ་བཅོམ་ནས་གནས་སྐབས་དེར་མི་སྐྱེ་བ་ཡིན་ཏེ། རྣམ་འགྲེལ་མངོན་གསུམ་ལེའུ་ལས། ཅིག་ཆར་རིགས་མི་མཐུན་སྐྱེ་ཡང༌། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཀུན་གཞི་ལས་གཞན་འབྱུང་བ་མིན། །ཞེས་དང༌། རྣམ་འགྲེལ་འགྲེལ་བ་རིན་ཆེན་ཕྲེང་བ་༣༧༥ལས། འོ་ན་ཀུན་གཞི་ཁས་ལེན་པའི་ལུགས་ལ་ཀུན་གཞི་འཇུག་ཤེས་ཀྱི་རྒྱུ་ཡིན་པས། ཡིད་ཤེས་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་སྐྱེས་བུ་ཆོས་ཅན། དེ་ཡི་ཚེ་སྒྲ་འཛིན་སྐྱེ་བར་ཐལ། ཀུན་གཞི་ཡོད་པས་སོ་ཞེ་ན། དེ་ཡི་ལུགས་ལ་ཀུན་གཞི་འཇུག་ཤེས་ཀྱི་རྒྱུ་ཡིན་པས་ཀུན་གཞི་ལས་འཇུགཤེས་རིགས་མི་མཐུན་པ་ཅིག་ཆར་སྐྱེ་བ་ཡོད་ན་ཡང༌། སྐྱེས་བུ་དེ་ཆོས་ཅན། རང་རྒྱུད་ཀྱི་ཀུན་གཞི་ལས་དེ་ཡི་ཚེ་ཡུལ་གཞན་འཛིན་པ་འབྱུང་བ་མ་ཡིན་ཏེ། ཤིན་ཏུ་གསལ་བའི་སེམསགཅིག་གི་སྟེ་ཡིད་ཤེས་གཟུགས་མཛེས་ལ་ལྷག་པར་ཆགས་པས་དེ་ཡི་ཚེ། ཀུན་གཞི་ཡུལ་གཞན་འཛིན་པ་སྐྱེད་པའི་ནུས་པ་ཉམས་པར་བྱས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོདམི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་༢༧༦ལས། དང་པོ་སྣང་ལ་མ་ངེས་པའི་དབང་མངོན་ནི། མིག་གིས་གཟུགས་ཡིད་འོང་མཐོང་བ་ལ་ལྷག་པར་ཆགས་པའི་གནས་སྐབས་ཀྱི་སྒྲ་འཛིནདབང་མངོན་ལྟ་བུ། ཞེས་དང༌། རྣམ་འགྲེལ་ལེའུ་གསུམ་པ་ལས། ཡིད་གཅིག་ཡིན་ཕྱིར་གཞན་ལ་ནི། །ཆགས་པ་གཞན་ལ་མི་འགྲོའི་ཕྱིར། །ཤེས་གཞན་མི་སྐྱེ་ཞེ་ན་མིན། །ལ་ལར་ཅིག་ཅར་འབྱུང་ཕྱིར་རོ། །ཞེས་དང༌། རྣམ་འགྲེལ་འགྲེལ་བ་རིན་པོ་ཆེའི་ཕྲེང་བ་༣༧༥ལས། བྱེ་བྲག་པ་ན་རེ། གལ་ཏེ་ཡིད་བྱེད་རྟོག་པ་རྡུལ་ཕྲན་ཙམ་ཞིག་ཡིན་པའི་ཕྱིར་གཞན་སྣང་ལ་ཞུགས་ཏེ་དྲི་ལ་ཆགས་པ་ན། གཞན་མིག་སོགས་ལ་མི་འགྲོ་བས་ཕྱིར། དྲི་འཛིན་ལས་ཤེས་པ་གཞན་མི་སྐྱེ་ཞེ་ན། ཆོས་ཅན། བློ་དུ་མ་ཅིག་ཆར་མི་འབྱུང་བ་མིན་པར་ཐལ། སྐབས་ལ་ལར་འཇུག་ཤེས་དྲུག་ཅིག་ཆར་སྐྱེ་བ་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་མི་འཐད་པར་ཐལ། ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་དུས་སུ་གང་ཟག་དེའི་རྒྱུད་ལ་དབང་ཤེས་གཞན་མི་སྐྱེ་བ་སྔར་བསྒྲུབས་ཟིན་པ་ལྟར་ཡིན་ལ། ཅུང་ཟད་ཆགས་པའི་དུས་ཀྱི་དབང་ཤེས་ནི་སྣང་ལ་མ་ངེས་པ་མིན་པར་གཞན་ལས་ངེས་པའི་ཚད་མ་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༠༡ལས། གཞན་ལས་ངེས་ཀྱི་ཚད་མ་ལ་དབྱེ་ན།མངོན་སུམ་དང་པོ་པ་དང༌།མངོན་སུམ་ཡིད་མ་གཏད་དང༌།འཁྲུལ་རྒྱུ་ཅན་དང་གསུམ། ཞེས་པ་ནས། གཉིས་པ་ནི།ཡིད་གཟུགས་མཛེས་པ་ལ་ཆགས་པའི་དུས་ཀྱི་སྒྲ་རྟོགས་པའི་རྣ་ཤེས་ལྟ་བུ་སྟེ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཡིད་གཟུགས་མཛེས་པ་ལ་ཆགས་པའི་དུས་ཀྱི་སྒྲ་རྟོགས་པའི་རྣ་ཤེས་དེས་ཡུལ་རྟོགས་མི་ནུས་པའི་ཕྱིར་ཏེ། དེ་དུས་སུ་ཡིད་མིག་གི་སྒོར་ལ་ཞུགས་པས་གཟུགས་ལས་ཡུལ་གཞན་སྒྲ་སོགས་རྟོགས་མི་ནུས་པའི་ཕྱིར་ཏེ། རྣམ་འགྲེལ་ལེའུ་གསུམ་པ་ལས། འཇུག་པ་མཚུངས་ལ་མཚུངས་པའི་ཕྱིར། །མས་ཅད་ཚེ་གཞན་རྟོགས་མི་འགྱུར། །ཞེས་དང༌། རྣམ་འགྲེལ་འགྲེལ་བ་རིན་པོ་ཆེའི་ཕྲེང་བ་༣༧༦ལས། འཇུག་ཤེས་དྲུག་པོ་ཐམས་ཅད་དུས་མཉམ་དུ་འཇུག་པའི་ཚེ་ན་ཆོས་ཅན། དྲི་ལས་གཞན་རྟོགས་པར་མི་འགྱུར་བར་ཐལ། ཡིད་སྣ་སྒོར་ཞུགས་པར་མཚུངས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། གུང་ཐང་བློ་གྲོས་ཀྱི་བློ་རིག་མཐའ་དཔྱོད་ན་རྣམ་འགྲེལ་གྱི་ལུང་དེ་དག་གིས་དངོས་སུ་ཡིད་གཟུགས་མཛེས་པ་ལ་ལྷག་པར་ཆགས་པའི་དུས་སུ་སྒྲ་འཛིན་མི་སྐྱེ་བ་བསྟན་ཀྱང༌། ཤུགས་ལ་ཡིད་གཏད་པའི་ནུས་པ་ཆེ་ཆུང་གིས་སྒྲ་འཛིན་པའི་སྣང་ལ་མ་ངེས་པ་དང༌། གཞན་ལས་ངེས་ཀྱི་ཚད་མ་གཉིས་སྐྱེ་བར་བསྟན་པས་འགལ་བ་མེད་དོ་ཞེས་གསུངས་ཡོད་པས་དཔྱད་དོ། །

གསུམ་པ་བཅད་ཤེས་ཀྱི་རྣམ་བཞག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

གསུམ་པ་བཅད་ཤེས་ཀྱི་རྣམ་བཞག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ནི།

མངོན་སུམ་ཡིན་ན་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པས་ཁྱབ་པར་ཐལ། འཐད་ལྡན་ཆེ་བ་ལས། མངོན་སུམ་དང་རྗེས་སུ་དཔག་པ་དག་གི་སྐད་ཅིག་མ་དང་པོ་ནི་ཚད་མ་ཡིན་ལ། དེའི་རྒྱུན་དུ་གྱུར་བ་གྲུབ་པ་དང་བདེ་བ་ཐ་མི་དད་པ་ཕྱི་མ་རྣམས་ཚད་མ་ཡིན་པ་སྤངསཔ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། ཁྱོད་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་ཐལ། ཁྱོད་མངོན་སུམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྟོག་གེའི་སྐད་ལས། འདིའི་སྤྱོད་ཡུལ་སྔར་མེད་པ་ཡིན་པས་སྔར་མ་གཏོགས་པའི་སྤྱོད་ཡུལ་ཅན་ནོ། །ཞེས་གསུངས་པའི་ཕྱིར། །སྔར་གྱི་འཐད་ལྡན་ཆེ་བའི་ལུང་དོན་རྒྱུན་མཐའི་སྔ་ལོགས་ཀྱི་མངོན་སུམ་ལ་དགོངས་ཟེར་ན། རྒྱུན་མཐའི་སྔ་ལོགས་ཀྱི་མངོན་སུམ་རྒྱུད་ཆད་ཁ་མ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེའི་སྐད་ཅིག་གཉིས་པ་མེད་པའི་ཕྱིར། དེར་ཐལ། དེ་རྒྱུན་ཆད་ཁ་མ་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུན་ཆད་ཁ་མ་ཡིན་ཚུལ་ཡོད་པའི་ཕྱིར། ཡང་རྒྱུན་མཐའི་སྔ་ལོགས་ཀྱི་རྒྱུན་ལྡན་གྱི་མངོན་སུམ་ལ་དགོངས་ཟེར་ན། བག་ཆགས་ཀྱི་ངོ་བོར་འཕོས་ཁ་མའི་རྒྱུན་མཐའི་སྔ་ལོགས་ཀྱི་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། དེའི་སྐད་ཅིག་གཉིས་པ་ཤེས་པ་མ་ཡིན་པའི་ཕྱིར་ཏེ། དེའི་སྐད་ཅིག་གཉིས་པ་བག་ཆགས་ཡིན་པ་གང་ཞིག བག་ཆགས་ལྡན་མིན་འདུ་བྱེད་ཡིན་པའི་ཕྱིར། ཡང་རྒྱུན་མཐའི་སྔ་ལོགས་ཀྱི་རྒྱུན་སྐད་ཅིག་གཉིས་པ་ཤེས་པ་རྒྱུན་ལྡན་གྱི་མངོན་སུམ་ལ་དགོངས་ཟེར་ན། རྒྱུན་མཐའི་སྔ་ལོགས་ཀྱི་རྣལ་འབྱོར་མངོན་སུམ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་ནུས་ཏེ། འབའ་མདའ་བ་ཐུབ་བསྟན་དགེ་ལེགས་རྒྱ་མཚོའི་ཕུང་ལྔའི་རབ་བྱེད་ལས། རྣལ་འབྱོར་མངོན་སུམ་ནི་སྐད་ཅིག་དང་པོ་མ་ཟད་གཉིས་པ་སོགས་ཀྱང་ཚད་མ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། །ཡང་མངོན་སུམ་དང་རྗེས་སུ་དཔག་པའི་སྐད་ཅིག་མ་གཉིས་པ་བཅད་ཤེས་ཡིན་ཞེས་པའི་སྐད་ཅིག་གཉིས་པ་དེ་མངོན་སུམ་དང་རྗེས་སུ་དཔག་པའི་རང་དུས་དེ་ལས་དུས་སྐད་ཅིག་གཉིས་པ་ལ་བྱེད་པ་མ་ཡིན། དེ་དག་གི་རང་དུས་ལ་དུས་སྐད་ཅིག་སྔ་ཕྱི་བར་གསུམ་ཕྱེས་པའི་སྐད་ཅིག་གཉིས་པ་ལ་བྱེད་པ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། འོ་ན་ཚ་རེག་སྐད་ཅིག་གཉིས་པ་དང༌། གྲངས་རེག་སྐད་ཅིག་གཉིས་པ་དེ་ཡང་རང་དུས་དེ་ལས་དུས་སྐད་ཅིག་གཉིས་པ་ལ་བྱེད་པ་ཡིན་པར་ཐལ། མངོན་སུམ་དང་རྗེས་དཔག་ལ་དེའི་ཕྱིར། འདོད་ན། ཚ་རེག་དང་གྲང་རེག་གཉིས་སྐད་ཅིག་དང་པོ་འཕྲད། སྐད་ཅིག་གཉིས་པར་ནུས་ཆུང་དུ་བྱས་ནས་སྐད་ཅིག་གསུམ་པ་དང་བཞི་བ་དག་ལ་རྒྱུད་ནས་བཅོམ་དགོས་པ་མ་ཡིན་པར་ཐལ། ཚ་རེག་དང་གྲངས་རེག་སྐད་ཅིག་གཉིས་པ་དེ། དེ་གཉིས་ཀྱི་རང་དུས་དེ་ལས་དུས་སྐད་ཅིག་གཉིས་པ་ལ་བྱེད་པ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་ལས། ཚ་གྲང་གཉིས་ནི་སྐད་ཅིག་དང་པོ་ལ་ཕྲད།གཉིས་པ་ལ་གྲང་རེག་སྐད་ཅིག་དང་པོས་དངོས་ཀྱི་ཉེར་ལེན་དང་ཚ་རེག་དང་པོས་ལྷན་ཅིག་བྱེད་རྐྱེན་བྱས་ནས་གྲང་རེགད་ཅིག་གཉིས་པ་ནུས་ཆུང་གི་དངོས་པོར་བསྐྱེད། ཞེས་པ་ནས། དེ་ནས་སྐད་ཅིག་བཞི་པ་ལ་ཚ་རེག་སྐད་ཅིག་བཞི་པ་སྐྱེས་པ་དང་གྲང་རེག་གི་རྒྱུན་ལྡོག་པ་དུས་མཉམ་ཞིང་འདི་དུསསུ་ཚ་བའི་གནོད་བྱ་ལྡོག་པའི་དུས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཚ་རེག་དང་གྲང་རེག་སྐད་ཅིག་གཉིས་པ་དེ་རང་དུས་ལ་དུས་སྐད་ཅིག་སྔ་ཕྱི་བར་གསུམ་གྱི་སྐད་ཅིག་གཉིས་པ་ལ་བྱེད་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། མངོན་སུམ་དང་རྗེས་དཔག་སྐད་ཅིག་གཉིས་པ་ཡང་རང་དུས་ལ་དུས་སྐད་ཅིག་སྔ་ཕྱི་བར་གསུམ་ཕྱེས་པའི་སྐད་ཅིག་གཉིས་པ་ལ་བྱེད་པ་ཡིན་པར་ཐལ། ཚ་གྲང་ལ་དེའི་ཕྱིར། འདོད་ན། མངོན་སུམ་དང་རྗེས་དཔག་ཚད་མ་སྐད་ཅིག་གཉིས་པ་བཅད་ཤེས་མ་ཡིན་པར་ཐལ། དེའི་སྐད་ཅིག་གཉིས་པའི་དུས་དེ་ཚད་མ་དེ་གཉིས་ཀྱི་གནས་དུས་ལ་བྱེད་པའི་ཕྱིར། རྟགས་ཁས། འདོདམི་རིགས་ཏེ། ཚད་མ་མདོ་ལས། ཡང་ཡང་ཤེས་པ་མ་ཡིན་ཏེ། །ཞེས་དང། རང་འགྲེལ་ལས། གང་ལན་གཅིག་མ་ཡིན་པར་དོན་དེ་ཉིད་སོ་སོར་ངོ་ཤེས་པ་ཡོད་མོད། དེ་ལྟ་ན་ཡང་ཚད་མ་གཞན་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད། བློ་རིག་ལས། མཚན་ཉིད། དབྱེ་བ་གཉིས། དང་པོ་ནི། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་སླར་རྟོགས་པའི་བློ་དེ་བཅད་ཤེས་ཀྱི་མཚན་ཉིད་ཡིན་ཏེ། ཞེས་པའི་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་སླར་རྟོགས་ཚུལ་དེ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་རྟོགས་ཚུལ་སོ་སོར་མེད་པར་རྟོགས་པ་ལ་བྱེད་ཟེརན། འོ་ན་སྔོན་འཛིན་མིག་ཤེས་ཚད་མ་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མ་དང་རྟོགས་ཚུལ་སོ་སོ་མེད་པར་དེས་རྟོགས་ཟིན་པའི་དོན་དེ་རྟོགས་པ་མ་ཡིན་པའི་ཕྱིར། དེར་ཐལ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མ་དེས་རྟོགས་ཚུལ་མེད་པར་དེས་མ་རྟོགས་པའི་དོན་སྔོན་པོ་སྐད་ཅིག་གཉིས་པ་གསར་དུ་རྟོགསཔའི་ཕྱིར། མ་ཁྱབ་རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་ཟིན་པའི་དོན་སྔོན་པོ་དེ་རང་འདྲེན་དང་རྟོགས་ཚུལ་སོ་སོ་མེད་པར་རྟོགས་པས་བཅད་ཤེས་ཡིན་པར་བཞག་པ་ཡིན་ཟེརན། རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མས་རྟོགས་པའི་དོན་སྔོན་པོ་དེ་རང་འདྲེན་དང་རྟོགས་ཚུལ་སོ་སོ་མེད་པརརྟོགས་པའི་ཕྱིར། རྟོགས་ཚུལ་སོ་སོ་མེད་པར་རྟགས་མ་གྲུབ། རྣམ་མཁྱེན་སྐད་ཅིག་དང་པོས་རྣམ་མཁྱེན་སྐད་ཅིག་དང་པོ་དང་དུས་མཉམ་པའི་ཆོས་རྣམས་རང་དུས་སུ་ད་ལྟ་བའི་ཚུལ་གྱིས་རྟོགས་པ་དང༌། རྣམ་མཁྱེན་སྐད་ཅིག་དང་པོས་ཕྱིས་འབྱུང་གི་ཆོས་དག་རང་དུས་སུ་མ་འོང་བའི་ཚུལ་གྱིས་རྟོགས་ལ། རྣམ་མཁྱེན་སྐད་གཉིས་པས་རྣམ་མཁྱེན་སྐད་ཅིག་དང་པོ་དང་དུས་མཉམ་པའི་ཆོས་རྣམས་རང་དུས་སུ་འདས་པའི་ཚུལ་གྱིས་རྟོགས་པ་དང༌། རྣམ་མཁྱེན་སྐད་ཅིག་དང་པོའི་ཕྱིས་འབྱུང་གི་ཆོས་དག་རང་དུས་སུ་ད་ལྟ་བའི་ཚུལ་གྱིས་རྟོགས་པས་རྟོགས་ཚུལ་མི་གཅིག་པ་ཡོད་པས་དེ་ཚད་མར་བཞག་པ་ཡིན་ཟེར་ན། དེ་ལྟར་ན་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་འདྲེན་བྱེད་ཀྱི་ཚད་མ་སྔ་མ་དང་རྟོགས་ཚུལ་སོ་སོར་ཡོད་པ་རྣམ་མཁྱེན་སྐད་ཅིག་གཉིས་པ་དང་སྒོ་ཀུནནས་མཚུངས་པའི་ཕྱིར། ཟེར་བ་དང༌། བསྡུས་གྲྭའི་སྤྱི་དོན་༣༩༡ལས། རྣམ་མཁྱེན་སྐད་ཅིག་དང་པོའི་དུས་སུ་རྣམ་མཁྱེན་སྐད་ཅིག་གཉིས་པ་སོགས་དང་དུས་མཉམ་དུ་འབྱུང་བའིབུམ་པ་དང་དུས་མཉམ་དུ་གྲུབ་པའི་ཆོས་ཉིད་སོགས་བྱུང་བ་དང་གྲུབ་པ་མ་ཡིན་པས་རྣམ་མཁྱེན་སྐད་ཅིག་དང་པོའི་རང་དུས་སུ་དེ་དག་གྲུབ་པ་དང་བྱུང་བའི་ཚུལ་དུ་མཁྱེན་ཚུལ་མེདལ། སྐད་ཅིག་གཉིས་པའི་དུས་སུ་དེ་དག་གསར་དུ་བྱུང་བ་དང་གྲུབ་པའི་ཚུལ་དུ་མཁྱེན་པའི་དེ་གསར་རྟོགས་ལ་འཇོག་དགོས་པར་སྣང་ངོ༌། །ཞེས་དང༌། དེ་ཉིད་༡༩༠ལས། སྐད་ཅིག་གཉིས་པ་ལ་སོགས་པས་ཀྱང་རང་དང་དུས་མཉམ་དུ་བྱུང་བ་དང་གྲུབ་པ་རྣམས་གསརགྲུབ་ཀྱི་ཚུལ་དུ་གསར་དུ་ཅིག་ཆར་མཁྱེན་ཕྱིར་རྣམ་མཁྱེན་ལ་གསར་རྟོགས་ཀྱི་ཚད་མ་མ་ཡིན་པ་མེད་པའི་ཕྱིར་རོ། །ཞེས་གསུངས་པ་དག་གིས་དཔྱད། ཡང་རྣམ་མཁྱེན་ཡིན་ན་ཚད་མ་ཡིན་པས་ཁྱབ་ན། སངས་རྒྱས་འཕགས་པའི་རྒྱུད་ལ་བཅད་ཤེས་མེད་དགོས་མིན་དགོས་ན། ཁྱོད་བཅད་ཤེས་ཡིན་ན་སངས་རྒྱས་འཕགས་པའི་རྒྱུད་ལ་ཁྱོད་མེད་པས་ཁྱབ་པར་ཐལ། འདོད་ན། དབང་མངོན་སྐད་ཅིག་གཉིས་པ་ཆོས་ཅན། སངས་རྒྱས་འཕགས་པའི་རྒྱུད་ལ་ཁྱོད་མེད་པར་ཐལ། ཁྱོད་བཅད་ཤེས་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ་ཟེར་དགོསསམ་དཔྱད། ཡང་སྔོན་འཛིན་མིག་ཤེས་སྐད་ཅིག་གཉིས་པ་ཆོས་ཅན། ཚད་མ་ཡིན་པར་ཐལ། སྔོན་པོ་སྐད་ཅིག་གཉིས་པ་ལ་ཚད་མ་ཡིན་པའི་ཕྱིར་ཏེ། དེས་སྔོན་པོ་སྐད་ཅིག་གཉིས་པ་རྟོགས་པ་གང་ཞིག རྟོགས་ཟིན་རྟོགས་པ་མ་ཡིན་པའི་ཕྱིར། གོང་དུ་སྔོན་པོ་སྐད་ཅིག་གཉིས་པ་ལ་ཚད་མ་ཡིན་ན་ཚད་མ་ཡིན་པས་མ་ཁྱབ་ཟེར་ན། དེ་ལྟར་ན་སྔོན་པོ་ལ་ཚད་མ་ཡིན་ན་ཚད་མ་ཡིན་མི་དགོས་པར་ཐལ། སྔོན་པོ་སྐད་ཅིག་གཉིས་པ་ལ་ཚད་མ་ཡིན་ན་ཚད་མ་ཡིན་མི་དགོས་པ་གང་ཞིག རིགས་པ་རྣམ་པ་ཀུན་ཏུ་མཚུངས་པའི་ཕྱིར་ཟེར་བ་དང༌། ཡང་སྔོན་པོ་སྐད་ཅིག་གཉིས་པ་ལ་དཔྱད་ཤེས་ཡིན་ན་དཔྱད་ཤེས་ཡིན་དགོས་ན། སྒྲ་ལ་དཔྱད་ཤེས་ཡིན་ན་དཔྱད་ཤེས་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་༤༢༢ལས། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་སྒྲ་ལ་དཔྱད་ཤེས་ཡིན་ཀྱང་དཔྱད་ཤེས་མ་ཡིན་པ་བཞིན་ནོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་༣༨༢ལས། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་དེ་ཡུལ་སྒྲ་ལ་བཅད་ཤེས་ཡིན་པ་གང་ཞིག བཅདཤེས་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་རྟོགས་ཀྱི་རྗེས་དཔག་ཆོས་ཅན། ཁྱོད་སྒྲ་རྟོགས་པའི་དཔྱད་ཤེས་ཡིན་པར་ཐལ། ཁྱོད་སྒྲ་ལ་དཔྱད་ཤེས་ཡིན་པའི་ཕྱིར་ན་ཟེར་ན། བསེ་ངག་དབང་བཀྲ་ཤིས་ཀྱི་བློ་རིག་ཟུར་རྒྱན་ལས་སྒྲ་ལ་བཅདཤེས་ཡིན་ན། སྒྲ་རྟོགས་པའི་བཅད་ཤེས་ཡིན་མི་དགོས་དེས་སྒྲ་མ་རྟོགས་གསུངས། སྒྲ་ལ་བཅད་ཤེས་ཡིན་པའི་རྒྱུ་མཚན་སྒྲ་རྟོགས་ཟིན་མ་བརྗེད་པའི་ངང་ནས་སྒྲ་མི་རྟག་པར་རྟོགསཔའི་རྗེས་དཔག་ཏུ་གྱུར་བ་ཡིན་པས་སྒྲ་ལ་བཅད་ཤེས་སུ་བཞག་པ་ཡིན་གསུངས་ཡོད། བསྡུསགྲྭའི་སྤྱི་དོན་༣༨༢ལས། དེ་སྒྲ་ལ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། སྔར་ནས་སྒྲ་ཡང་ཚད་མས་ངེས་སྒྲ་བྱས་པར་ཡང་ཚད་མས་ངེས་པའི་སྒོ་ནས་སྒྲ་མི་རྟག་པརརྟོགས་པའི་རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འདྲ་ཡིན་ན་སྒྲ་ཚད་མས་རྟོགས་ཟིན་པའི་རྗེས་སུ་སླར་ཡང་རྟོགས་ཟིན་གྱི་སྒྲ་དེ་བཟུང་ནས་མི་རྟག་པར་ངེས་དགོས་པའི་ཕྱིར་རོ། །ཡང་བསེ་ངག་དབང་བཀྲ་ཤིས་ཀྱི་བློ་རིག་ཟིན་བྲིས་ལས། དེ་ཆོས་ཅན། ཁྱོད་ཀྱིས་སྒྲ་རྟོགས་པར་ཐལ། ཁྱོད་སྒྲ་ལ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་པའི་ཕྱིར་ན་མ་ཁྱབ། དེར་ཐལ། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་རྒྱུད་ལྡན་གྱི་གང་ཟག་སྒྲ་ལ་རྟོགས་ཟིན་བྱེད་པ་མ་ཉམས་པའི་སྒོ་ནས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐྱེ་བ་ལ་དེ་སྒྲ་ལ་རྟོགས་ཟིན་རྟོགས་པའི་རིག་པར་བཞག་པ་ཡིན་པའི་ཕྱིར། ཞེས་གསུངས་འདུག་པས་དཔྱད་པར་བྱའོ། །ཡང་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན།བཅད་ཤེས་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར་ཏེ། གསར་དུ་མི་སླུ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། རིག་པ་གང་ཞིག གསར་དུ་མི་སླུ་བར་སྐྱེས་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། མི་སླུ་བའི་ངོ་བོར་སྐྱེས་པའི་ཕྱིར་ཟེར་ན་མ་ཁྱབ་ཟེར་དགོས་ཤིང༌། རྟགས་གྲུབ་སྟེ། མི་སླུ་བའི་འདུས་བྱས་ཡིན་ན་གསར་དུ་མི་སླུ་བའི་ངོ་བོར་སྐྱེས་པས་ཁྱབ་པའི་ཕྱིར་ཟེར་ན་དཔྱད། ཡང་རྣམ་མཁྱེན་ཆོས་ཅན། བཅད་ཤེས་ཡིན་པར་ཐལ། རྟོགས་ཟིན་རྟོགས་པའི་རིག་པ་ཡིན་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེར་ཐལ། རྟོགས་ཟིན་གཞལ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། རྟོགས་ཟིན་མཁྱེན་པའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། དེ་ཆོས་ཐམས་ཅད་མཁྱེན་པའི་རིག་པ་ཡིན་པ་གང་ཞིག རྟོགས་ཟིན་ཆོས་དང་ཡོད་པ་ཡིན་པའི་ཕྱིར། རྟགས་དང་པོ་དེར་ཐལ། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་དེ་རྣམ་མཁྱེན་གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། ཕར་ཕྱིན་ཉ་ཊིཀ་༡༣༡ལས། དང་པོ་ནི། ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་མཐར་ཐུག་གམ་ཆོས་ཐམས་ཅད་བདེན་པའི་སྐྱེ་མེད་དུ་རྟོགས་ཤིང་དོན་གཉིས་མཐར་ཐུག་པ་སྟེ། ཞེས་གསུངས་པའི་ཕྱིར། གོང་དུ་རྟོགས་ཟིན་རྟོགས་པའི་རིག་པ་ཡིན་ན་བཅད་ཤེས་ཡིན་པས་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། རྟོགས་ཟིན་རྟོགས་པའི་རིག་པ། བཅད་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༥༩ལས། རྟོགས་ཟིན་རྟོགས་པའི་རིག་པ། དཔྱད་ཤེས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར།

བཞི་བ་ལོག་ཤེས་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

བཞི་བ་ལོག་ཤེས་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ནི།

བསྡུས་གྲྭའི་སྤྱི་དོན་༣༧༣ལས། དེས་ན་རང་གི་འཛིན་སྟངས་ཀྱི་ཡུལ་མེད་པའི་རིག་པ་ལོག་ཤེས་ཀྱི་མཚན་ཉིད་དུ་མི་རུང་སྟེ། ཞེས་གསུངས་པ་མི་འཐད་པར་ཐལ། རང་གི་འཛིནསྟངས་ཀྱི་ཡུལ་མེད་པའི་རིག་པ་ཡིན་ན་ལོག་ཤེས་ཡིན་པའི་ཁྱབ་པས་ཕྱིར་ཏེ། དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་ཡིན་ན་ལོག་ཤེས་ཡིན་པའི་ཁྱབ་པས་ཕྱིར། དེར་ཐལ། དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་ཡིན་ན་ལོག་རྟོག་ཡིན་པའི་ཁྱབ་པས་ཕྱིར་ཏེ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་ནི་རིམ་པ་ལྟར་ཞེས་པ་ནས་དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། མི་སྡུག་པའི་ཏིང་ངེ་འཛིན་རྟོག་བཅས་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་༣༧༣ལས། མི་སྡུག་པའི་ཏིང་ངེ་འཛིན་རྟོག་བཅས་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་པ་གང་ཞིགདེ་ལོག་ཤེས་མ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། རང་གི་འཛིན་སྟངས་ལ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། རང་གི་འཛིན་སྟངས་ལ་འཁྲུལ་བ་ལ་མ་ཤེས་པའི་དབང་གིས་ཞེ་ཐག་པ་ནས་དེ་མ་ཡིནཔ་ལ་དེར་འཛིན་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༧༣ལས། ཟད་པར་ཆུའི་ཏིང་ངེ་འཛིན་རྟོག་བཅས་ཀྱིས་ས་གཞི་ཐམས་ཅད་ཆུས་གང་བ་མེད་པ་ལ་མེད་པར་མ་ཤེས་པའི་དབང་གིས་ཞེ་ཐག་པ་ནས་ཡོད་པར་འཁྲུལ་བ་མ་ཡིན་པས་དེའི་འཛིན་སྟངས་ཀྱི་ཡུལ་མེད་ཀྱང་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བ་མིན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། མ་ཤེས་པའི་དབང་གིས་འཁྲུལ་བ་ཞེས་པའི་མ་ཤེས་པ་དེ་རྒྱུད་ལྡན་གྱི་གང་ཟག་གིས་མ་ཤེས་པ་ལ་བྱེད་པ་མ་ཡིན་པ་གང་ཞིག བློ་ཁོ་རང་གིས་མ་ཤེས་པ་ལ་བྱེད་པ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། བདག་མེད་རྟོགས་ཟིན་པའི་གང་ཟག་གི་རྒྱུད་ཀྱི་བདག་འཛིན་ལྷན་སྐྱེས་ཆོས་ཅན། རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བ་མ་ཡིན་པར་ཐལ། རང་རྒྱུད་ལྡན་གྱི་གང་ཟག་གིས་མ་ཤེས་པའི་དབང་གིས་དེ་མ་ཡིན་པ་ལ་དེར་འཛིན་པ་མ་ཡིན་པའི་ཕྱིར་མི་འཐད་དོ། །གོང་དུ་བློ་ཁོ་རང་གིས་མ་ཤེས་པ་ལ་བྱེད་ཟེར་ན། མི་སྡུག་པའི་ཏིང་ངེ་འཛིན་རྟོག་བཅས་ཆོས་ཅན། རང་གི་འཛིན་སྟངས་ལ་འཁྲུལ་བ་ཡིན་པར་ཐལ། བློ་ཁོ་རང་གིས་མ་ཤེས་པའི་དབང་གིས་དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་མི་སྡུག་པའི་ཏིང་ངེ་འཛིན་རྟོག་བཅས་ཆོས་ཅན། ལོག་ཤེས་ཡིན་པར་ཐལ། དབུ་མ་ཐེག་མཆོག་ལས། མི་སྡུག་ལ་སོགས་ལོག་པའི་འདུ་ཤེས་ཀྱང༌། །དགོས་པའི་དབང་གིས་ཡང་དག་ཡིན་པར་འགྱུར། །ཞེས་དང༌། དེའི་ཟིན་བྲིས་༢༣ལས། ཆགས་ཡུལ་ཀེང་རུས་སུ་འདུ་ཤེས་པ་ལ་སོགས་མི་སྡུག་པའི་འཇུག་ཤེས་རྣམས་སྤྱིར་ལོག་པའི་འདུ་ཤེས་ཡིན་ཀྱང༌། དགོས་པ་གྲོལ་བའི་རྒྱུར་འགྲོ་བའི་ཕྱིར་ཡང་དག་པའི་འདུ་ཤེས་ཀྱི་མིང་གིས་བསྟན་ནོ། །ཞེས་གསུངས་པ་སོགས་ཀྱིས་དཔྱད། ཡང་གཏན་ཚིགས་དོན་བསྡུས་ལས། མཚན་ཉིད་ནི་རིམ་པ་ལྟར་ཞེས་པ་ནས་དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་དང༌། ཞེས་དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་ལོག་རྟོག་གི་མཚན་ཉིད་དུ་གསུངས་པས། གངས་རི་སྔོ་སྣང་གི་དབང་ཤེས་ཆོས་ཅན། ལོག་རྟོག་ཡིན་པར་ཐལ། དེ་མ་ཡིན་པ་ལ་དེར་འཛིན་གྱི་བློ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རྟོག་པ་ཡིན་པར་ཐལ། ལོག་རྟོག་ཡིན་པའི་ཕྱིར། ཁྱབ་སྟེ། ལོག་རྟོག་ཅེས་པའི་ཚིག་ཟུར་གྱི་རྟོག་པ་དེ་རྟོག་བཅས་རྟོག་མེད་ཀྱི་རྟོག་པ་ལ་བྱེད་དགོས་པའི་ཕྱིར་ཏེ། དེའི་ཚིག་ཟུར་གྱི་རྟོག་པའི་དོན་ཡོད་པའི་ཕྱིར་ཟེར་ན། དེ་རྟོག་པ་ལ་བྱེད་དགོས་སམ་སོ་སོར་ལོག་པར་འཛིན་པ་ཙམ་ལ་བྱེ་དགོས་མིན་དཔྱད་དོ། །

ལྔ་བ་ཐེ་ཚོམ་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

ལྔ་བ་ཐེ་ཚོམ་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ནི།

བློ་རིག་ལས། དང་པོ་ལ་ཁ་ཅིག་ན་རེ། ཐེ་ཚོམ་ཡིན་ན་རྩ་ཉོན་ཡིན་པས་ཁྱབ་ཟེར་ན། ཞེས་གསུངས་པ་ལ་ཐེ་ཚོམ་ཡིན་ན་རྩ་ཉོན་ཡིན་པས་ཁྱབ་པར་ཐལ། རང་ཡུལ་ལ་རང་སྟོབས་ཀྱིས་རྩེ་གཉིས་སུ་འཇུག་པའི་རྩ་ཉོན་དེ། །ེ་ཚོམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༧༠ལས། རང་ཡུལ་ལ་རང་སྟོབས་ཀྱིས་རྩེ་གཉིས་སུ་འཇུག་པའི་རྩ་ཉོན་དེ། །ཐེ་ཚོམ་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རིགས་ངེས་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ཕྱི་རོལ་དོན་དུ་གྲུབ་བམ་མ་གྲུབ་སྙམ་པའི་ཐེ་ཚོམ་ཆོས་ཅན། ཐེ་ཚོམ་མ་ཡིན་པར་ཐལ། རྩ་ཉོན་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་དེར་ཐལ། ཉོན་མོངས་པ་སྤངས་ཟིན་པའི་གང་ཟག་གི་རྒྱུད་ཀྱི་བློ་ཡིན་པའི་ཕྱིར། རྩ་བར་འདོད་ན། དེ་ཆོས་ཅན། ཐེ་ཚོམ་ཡིན་པར་ཐལ། ཡུལ་གཏན་ལ་མ་ཕེབས་པར་ཡིད་ གཉིས་སུ་གྱུར་བའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། དེ་ཐེ་ཚོམ་གྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་བློ་ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་༣༧༡ལས། དགྲ་བཅོམ་པའི་རྒྱུད་ཀྱི་གཟུགས་ཕྱི་དོན་དུ་གྲུབ་བམ་མ་གྲུབ་སྙམ་པའི་ཐེ་ཚོམ་དེ་གཟུགས་ཕྱི་དོན་དུ་གྲུབ་བམ་མ་གྲུབ་སྙམ་པའི་ཐེ་ཚོམ་ཡིན་གྱི་ཐེ་ཚོམ་མ་ཡིན་ཏེ། །ཐེ་ཚོམ་ལ་རྩ་ཉོན་གྱིས་ཁྱབ་པར་གསུངས་པའི་ཕྱིར་རོ། །ཞེས་དང༌། དེ་ཉིད་ལས། རྩ་ཉོན་ཞེས་པས་དགྲ་བཅོམ་པའི་རྒྱུད་ཀྱི་གཟུགས་ཕྱི་དོན་དུ་གྲུབ་བམ་མ་གྲུབ་ཕལ་ཆེར་མ་གྲུབ་ལས་ཆེ་སྙམ་པའི་ཐེ་ཚོམ་དེ་ཐེ་ཚོམ་ཡིན་པ་གཅོད་དེ། རང་སྟོབས་ཀྱི་རྩེ་གཉིས་སུ་འཇུག་པའི་རིག་པ་ཡིན་ཀྱང་རྩ་ཉོན་མ་ཡིན་པའི་ཕྱིར་ཏེ། དགྲ་བཅོམ་པའི་རྒྱུད་ཀྱི་བློ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་རིགས་ཏེ། བདེན་པ་རྣམས་ལ་ཡིད་གཉིས་ཟ་བའི་བློ་དེ་ཐེ་ཚོམ་ཡིན་པའི་ཕྱིར་ཏེ། མངོན་པ་ཀུན་བཏུས་༩ལས། ཐེ་ཚོམ་གང་ཞེ་ན། བདེན་པ་རྣམས་ལ་ཡིད་གཉིས་ཟ་བ་སྟེ་ཞེས་དང༌། ཀུན་བཏུས་ས་འགྲེལ་༡༠༠ལས། ཐེ་ཚོམ་གང་ཞེ་ན། དེ་ནི་ཉོན་མོངས་ཅན་མ་ཡིན་པ་ཕྱོགས་འདི་ན་ལྷ་ཡོད་དམ་མེད་སྙམ་པ་ལྟ་བུ་ཤེས་བྱའི་སྒྲིབ་པས་བསྡུས་པའང་ཡོདམོད། འདིར་ནི་ཉོན་མོངས་པ་ཅན་དམིགས་ཡུལ་ལས་འབྲས་དང་དཀོན་མཆོག་ཀྱང་བདེན་བཞིར་འདུ་བས་འཕགས་པའི་བདེན་པ་བཞི་པོ་རྣམས་ལ་ཡིད་གཉིས་ཟ་ཞིང་ཡོད་མེད་ལ་སོགས་པ་མཐའ་གཞན་དུ་དོགས་པ་དང་བཅས་པས་བློ་སྣ་ཚོགས་སུ་བྱེད་པ་སྟེ། ངེསཔ་མ་སྙེད་ན་བླང་དོར་མི་རྩོམ་པས་དག་པའི་ཕྱོགས་རྣམས་ལ་སྤྲོ་བས་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ནོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་ཐེ་ཚོམ་ཆོས་ཅན། རྩ་ཉོན་ཡིན་པར་ཐལ། རྩ་ཉོན་དྲུག་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། རྩ་ཉོན་དྲུག་གྲངས་འདྲེན་པའི་ཚེ་ན་ཁྱོད་གཅིག་ལ་འདྲེན་དགོས་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང༌། །མ་རིག་ཐེ་ཚོམ་ལྟ་བ་སྟེ། །དེ་དྲུག་རྩ་བའི་ཉོན་མོངས་སོ། །ཞེས་གསུངས་པའི་ཕྱིར། ཡང་རྩ་ཉོན་དྲུག་གྲངས་འདྲེན་པའི་ཚེ་ན་ཁྱོད་གཅིག་ལ་འདྲེན་དགོས་པའི་རྒྱུ་མཚན་གྱིས་རྩ་ཉོན་ཡིན་པར་སྒྲུབ་ནུས་ན། མ་རིག་པ་ཆོས་ཅན། རྩ་ཉོན་ཡིན་པར་ཐལ། རྩ་ཉོན་དྲུག་གྲངས་འདྲེན་པའི་ཚེ་ན་ཁྱོད་གཅིག་ལ་འདྲེན་དགོས་པའི་ཕྱིར། རྟགས་གོང་གི་གཏན་ཚིགས་དོན་བསྡུས་ཀྱི་ལུང་གིས་གྲུབ་ཅིང༌། འདོད་མི་ནུས་ཏེ། མ་རིག་པ་ལ་ཉོན་མོངས་ཅན་མ་ཡིན་པའི་ཤེས་སྒྲིབ་ཅིག་ཡོད་པའི་ཕྱིར་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས༡༤༨ལས། སྤྱིར་དེ་ལྟ་བུའི་མ་རིག་པ་དེ་ཡང༌། ཉོན་མོངས་པ་ཅན་གྱི་མ་རིག་པ་དང༌། ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་གཉིས་ལས། ཕྱི་མ་དེ་ནི་ཐམས་ཅད་མཁྱེན་པ་ཐོབ་པ་ལ་གེགས་བྱེད་པ་ཤེས་བྱའི་སྒྲིབ་པ་ཡིན་ལ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཐེ་ཚོམ་དེ་རྩ་ཉོན་མ་ཡིན་ན། དེ་སེམས་བྱུང་ང་གཅིག་པོ་གང་ཡང་མིན་པར་འགྱུར་མིན་སོགས་ཀྱིས་དཔྱད། ཡང་རང་གི་ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་བློ་ཡིན་ན་ཐེ་ཚོམ་ཡིན་པས་ཁྱབ་པར་ཐལ། བློ་རིག་ལས། རང་གི་ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་བློ་དེ། ཐེ་ཚོམ་གྱི་མཚན་ཉིད་ཡིན་ཏེ། ཞེས་དང༌། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་བློ་ཞེས་གསུངསཔའི་ཕྱིར། འདོད་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་གཙོ་སེམས་ཆོས་ཅན། དེར་ཐལ། དེའི་ཕྱིར། དེར་ཐལ། ཡུལ་གཏན་ལ་མ་ཕབ་པ་གང་ཞིག ཡིད་གཉིས་སུ་གྱུར་བ་ཡིན་པའི་ཕྱིར། ཕྱི་མ་དེར་ཐལ། ཐེ་ཚོམ་དང་དེ་གཉིས་ཡུལ་ལ་རྩེ་གཉིས་སུ་འཛིན་པའི་རྣམ་པ་ཅན་དུ་མཚུངས་པའི་ཕྱིར་ཟེར་བ་དང༌། བསྡུས་གྲྭའི་སྤྱི་དོན་༣༧༡ལས། དེས་ན་རང་ཡུལ་ལ་རྩེ་གཉིས་པའི་བློ་ཐེ་ཚོམ་གྱི་མཚན་ཉིད་དུ་བྱས་ན་དགྲ་བཅོམ་པའི་རྒྱུད་ཀྱི་དེ་འདྲའི་ཐེ་ཚོམ་དང༌། །ཐེ་ཚོམ་དང་མཚུངས་ལྡན་གྱི་གཙོ་སེམས་དང་ཚོར་བ་སོགས་ཀྱང་ཐེ་ཚོམ་དུ་འགྱུར་ལ། ཞེས་གསུངས་པའི་ཕྱིར། ཡང་རང་གི་ཡུལ་གཏན་ལ་མ་ཕེབས་པར་ཡིད་གཉིས་སུ་གྱུར་བའི་སེམས་བྱུང་དེ། དེའི་མཚན་ཉིད་ཡིན་ཟེར་ན། ཐེ་ཚོམ་དང་མཚུངས་ལྡན་གྱི་ཚོར་བ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར། ཡང་རང་གི་ཡུལ་གཏན་ལ་མ་ཕེབས་པར་རང་སྟོབས་ཀྱི་ཡིད་གཉིས་སུ་གྱུར་བའི་བློ་དེ། དེའི་མཚན་ཉིད་ཡིན་ཟེར་ན། དེ་མི་འཐད་པར་ཐལ། རང་ལུགས་ལ་སེམས་སེམས་བྱུང་གི་མཚན་ཉིད་ཀྱི་ཟུར་ལ་རང་སྟོབས་གཞན་སྟོབས་སྦྱར་བ་མི་འཐད་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་༧༨ལས། དེ་ཡང་མཐའ་གཅིག་ཏུ་ངེས་པ་མེད་དེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་སྒྲ་རྟག་གམ་མི་རྟག་སྙམ་དུ་རྩེ་གཉིས་སུ་འཛིན་པ་ཡིན་པར་ཐལ། དེའི་རྒྱུད་ན་དེ་འདྲའི་ཐེ་ཚོམ་མངོན་གྱུར་དུ་ཡོད་པའི་ཕྱིར་ཏེ། དེ་སྒྲ་མི་རྟག་པར་སྒྲུབ་བྱེད་ཀྱི་གཏན་ཚིགས་ཡང་དག་འགོད་པ་སྐབས་སུ་བབ་པའི་རྒོལ་བ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། གཏན་ཚིགས་ཐེ་ཚོམ་ལ་བརྗོད་ཕྱིར། །ཞེས་གསུངས་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། བྱས་རྟགས་ཀྱིས་སྒྲ་མི་རྟག་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གིས་སྒྲ་མཐའ་གཅིག་ཏུ་མི་རྟག་པ་ཡིན་པར་འཛིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ན་སྒྲ་མཐའ་གཅིག་ཏུ་མི་རྟག་པར་འཛིན་པའི་ཡིད་དཔྱོད་མངོན་གྱུར་དུ་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་བློ་རིག་ལས། གཉིས་པ་དབྱེ་བ་ནི། དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་ཡོད། ཅེས་གསུམ་པ་མི་རིགས་པར་ཐལ། ཐེ་ཚོམ་ལ་དབྱེ་བ་དོན་འགྱུར་དང་དོན་མི་འགྱུར་གཉིས་སུ་འདུ་བའམ། ཡང་ན་ཆ་མཉམ་པ་དང་ཤས་ཆེར་འཛིན་པ་གཉིས་སུ་འདུ་བའི་ཕྱིར་ཏེ། གཏན་ཚིགས་དོན་བསྡུས་ལས་དབྱེ་བ་གཉིས་རེ་གཉིས་རེ་བྱས་ནས་གསུངས་པ་ལས་གསུམ་དུ་མ་བྱས་པ་ལ་རྒྱུ་མཚན་ཡོད་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། གསུམ་པ་ལ་མངོན་གྱུར་དང་བག་ལ་ཉལ་གཉིས་སམ། དོན་འགྱུར་དང་དོན་མི་འགྱུར་གཉིས་སམ། ཆ་མཉམ་པ་དང་ཤས་ཆེར་འཛིན་པ་གཉིས་སོ། །ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད། ཡང་དོན་འགྱུར་གྱི་ཐེ་ཚོམ། དོན་མི་འགྱུར་གྱི་ཐེ་ཚོམ། ཆ་མཉམ་པའི་ཐེ་ཚོམ་དང་གསུམ་གྱི་འཛིན་སྟངས་ཀྱི་ཡུལ་སོ་སོ་ནས་གང་ལྟར་འཇོག་དགོས། སྒྲ་རྟག་གམ་མི་རྟག་ཕལ་ཆེརམི་རྟག་པ་དེ་དོན་འགྱུར་གྱི་ཐེ་ཚོམ་གྱི་འཛིན་སྟངས་ཀྱི་ཡུལ་ཡིན་ཟེར་ན། སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་པ་དེ་ཡོད་པ་དང་མེད་པ་གང་ཡིན། དེ་ཡོད་པ་ཡིན་ན། དོན་འགྱུར་གྱི་ཐེ་ཚོམ་ཆོས་ཅན། རང་གི་ཞེན་ཡུལ་སུན་བྱུང་བའི་སྒོ་ནས་སྤང་ཚུལ་མེད་པར་ཐལ། རངགི་ཞེན་ཡུལ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། སྤང་བྱའི་སྒྲིབ་པ་ཡིན་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། གོང་དུ་སྒྲ་རྟག་གམ་མི་རྟག་ཕལ་ཆེར་མི་རྟག་པ་དེ་མེད་པ་ཡིན་ཟེར་ན། སྒྲ་ཆོས་ཅན། རྟག་གམ་མི་རྟག་ཕལ་ཆེར་མི་རྟག་པ་མ་ཡིན་པར་ཐལ། འདོད་ན། སྒྲ་ཕལ་ཆེ་བ་འཇིག་རྒྱུ་ཡོད་མེད་གཉིས་ལས་ཡོད་པ་མ་ཡིན་ན་འཇིག་རྒྱུ་མེད་པས་རྟག་པར་ཐལ་མིན་སོགས་ལ་དཔྱད།

དྲུག་པ་མངོན་སུམ་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

དྲུག་པ་མངོན་སུམ་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ལ།

མངོན་སུམ་ཡང་དག་གི་མཐའ་དཔྱད་པ་དང། མངོན་སུམ་ལྟར་སྣང་གི་མཐའ་དཔྱད་པ་གཉིས། དང་པོ་ལ་གཞན་ལུགས་དགག་པའི་སྐབས་ཀྱི་མཐའ་དཔྱད་པ་དང༌། རང་ལུགས་བཞག་པའི་སྐབས་ཀྱི་མཐའ་དཔྱད་པ་གཉིས་ལས། དང་པོ་ནི། བློ་རིག་ལས། ཚད་མ་མདོ་ལས། མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་པའི་ལུང་དོན་མ་གྲུབ་པར་ཐལ། འཕྲལ་གྱི་འཁྲུལ་རྒྱུས་བསླད་པའི་དུང་སེར་སྣང་གི་དབང་ཤེས་མངོན་སུམ་ཡིན་པའི་ཕྱིར་ཟེར་ན། དེ་ལ་རྒྱལ་དབང་བློས་མ་ཁྱབ་སྟེ། དེ་འདྲའི་དབང་ཤེས་དེ་དུང་སེར་པོ་ལ་མངོན་སུམ་ལྟར་སྣང་དང། དུང་གི་དབྱིབས་ལ་མངོན་སུམ་ཡིན་པ་མི་འགལ་བ་ཡིན་པར་འདོད་དེ། དེས་མཛད་པའི་འགྲེལ་བར། དེ་ལྟ་མོད་ཀྱང་སེར་པོ་ལ་འཁྲུལ་དབྱིབས་ལ་མ་འཁྲུལ་བས་འདོད་པའི་དོན་ཐོབ་པའི་ཕྱིར། མངོན་སུམ་ཉིད་དུ་རྣམ་པར་བཞག་སྟེ། ཞེས་གསུངསསོ། །སློབ་དཔོན་ཆོས་མཆོག་ན་རེ། དེ་མི་འཐད་པར་ཐལ། དུང་སེར་པོར་སྣང་བའི་དབང་ཤེས་དེ་ལ་སེར་པོས་མ་བསླད་པའི་ཆ་གཅིག་མེད་པར་འདོད་པའི་ཕྱིར་ཏེ། འཐདལྡན་ཆུང་བ་ལས། ལོག་ཤེས་ཡིན་ན་ཤིང་དང་ཇི་ལྟར་ཕྲད་ཅེ་ན། ཅུང་ཟད་ཀྱང་ཕྲད་པ་མེད་དེ། གང་ཡོངས་སུ་བཅད་པའི་ཤིང་ནི་རྣམ་པ་སྣ་ཚོགས་སུ་འགྲོ་བ་དེ་ ཡིན་ལ། ཤིང་ནི་འགྲོ་བ་མེད་པས་ཅུང་ཟད་ཀྱང་ཕྲད་པ་མེད་དོ། །ཞེས་གསུངས་པའི་ཕྱིར་རོ། །ཞེས་གསུངས་པ་ལ་རང་ལུགས་དེ་གཉིས་གང་ལྟར་ཁས་ལེན། དང་པོ་རྒྱལ་དབང་བློ་ལྟར་ཁས་ལེན་ཟེར་ན། ལྗོན་འགྲོ་བར་སྣང་བའི་དབང་ཤེས་དེ་ལྗོན་ཤིང་ལ་མ་འཁྲུལ་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་ཏེ། དེའི་ཡུལ་གྱི་ལྗོན་ཤིང་དེ་གཅིག་ཏུ་མི་སྡོད་པར་འགྲོ་བ་དེ་ལས་གཞན་པའི་ཤིང་གང་ཡང་མེད་པ་གང་ཞིག ཤིང་རང་མཚན་པ་ནི་གང་དུ་ཡང་འགྲོ་བ་མེད་པས་དེ་ནི་ཤིང་རང་མཚན་པ་མ་ཡིན་ཞིང༌། དེ་ལ་སྣང་བའི་གཅིག་ཏུ་མི་སྡོད་པའི་ཤིང་དེ་མེད་པ་ཡིན་པའི་ཕྱིར། མ་ཁྱབ་ན། དུང་སེར་སྣང་གི་དབང་ཤེས་ཆོས་ཅན། ཁྱོད་དུང་གི་ཁ་དོག་ལ་འཁྲུལ་ཡང་དུང་ལ་མ་འཁྲུལ་བར་ཐལ། ཁྱོད་ཀྱིས་དུང་སེར་བོར་སྣང་ཞིང་སྣང་བྱའི་དུང་ལ་སེར་བོས་མ་སླད་པའི་ཆ་ཅུང་ཟད་མེད་པས་དུང་ལ་འཁྲུལབར་མི་འཇོག་པ་གང་ཞིག རྒྱུ་མཚན་གཞན་མེད་པའི་ཕྱིར། དེའི་རྒྱུ་མཚན་གྱིས་ཡིན་ཟེར་ན། ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་ཆོས་ཅན། ལྗོན་ཤིང་ལ་འཁྲུལ་བར་ཐལ། ཁྱོད་ལ་ལྗོན་ཤིང་འགྲོ་བར་སྣང་བ་གང་ཞིག སྣང་བྱའི་ལྗོན་ཤིང་ལ་འགྲོ་བར་མི་སྣང་བའི་ཆ་ཅུང་ཟད་ཀྱང་མེད་པའི་ཕྱིར་ཟེར་བ་དང༌། ཡང་དེ་འདྲའི་དབང་ཤེས་དེ་དུང་སེར་པོ་ལ་མངོན་སུམ་ལྟར་སྣང་དང། དུང་གི་དབྱིབས་ལ་མངོན་སུམ་ཡིན་པ་མི་འགལ་བ་ཡིན་པར་འདོད་པ་ལྟར་མི་འཐད་དེ། དེ་ལྟར་ཡུལ་སོ་སོ་ལ་ལྟོས་ནས་རྣམ་བཞག་འཐད་ལྡན་མཛད་ན་མངོན་སུམ་དང་མངོན་སུམ་ལྟར་སྣང་གི་གཞི་མཐུན་སྲིད་པ་དང༌། ཚད་མ་དང་ཚད་མིན་དང༌། རྟོག་པ་དང་མངོན་སུམ་གྱི་གཞི་མཐུན་སྲིད་པར་ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་ཏེ། ཕར་ཕྱིན་མདོ་ལུགས་མ་༡༡༠ལས། ཡུལ་གཅིག་ལ་མ་ལྟོས་པར་ཡུལ་ཐ་དད་པའི་སྒོ་ནས་གཟུང་རྟོག་དང་འཛིན་རྟོག་གཉིས་ཡིན་དུ་འཇོག་ན། རྗེས་དཔག་ལ་སོགས་པ་རྟོག་པ་ཐམས་ཅད་ལ་ཡང༌། ཡུལ་ཐ་དད་པའི་སྒོ་ནས་ལ་ལ་ལ་ལྟོས་ནས་[རྟོག་པ་དང་ལ་ལ་ལ་ལྟོས་ནས་]མངོན་སུམ་དུ་འགྱུར་བའི་ཕྱིར་མངོན་སུམ་དང་རྟོག་པ་གཉིས་ཡིན་སྲིདཔར་ཧ་ཅང་ཐལ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། རང་ལུགས་སློབ་དཔོན་རྒྱལ་དབང་བློ་ལྟར་ཁས་ལེན་མི་ལེན་པར་ཆོས་མཆོག་ལྟར་ཁས་ལེན་དགོས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སོ་སྐྱེ་ཐ་མལ་བའི་རྒྱུད་ཀྱི་ཉི་ཟླའི་དཀྱིལ་འཁོར་མཐོང་བའི་དབང་ཤེས་ཡིན་ན་འཁྲུལ་བ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་ཉི་ཟླའི་དཀྱིལ་འཁོར་གྱི་ཚད་ལ་འཁྲུལ་བས་ཁྱབ་པ་གང་ཞིག དེའི་ཚད་ལ་འཁྲུལ་ན་དེའི་ཆ་མཐའ་དག་ལ་འཁྲུལ་བར་སློབ་དཔོན་ཆོས་མཆོག་གིས་བཞེད་པའི་ཕྱིར། རྟགསདང་པོ་དེར་ཐལ། ཉི་མའི་དཀྱིལ་འཁོར་དབུས་ནས་ཐད་ཀར་དཔག་ཚད་ལྔ་བཅུ་རྩ་གཅིགདང༌། ཟླ་བའི་དཀྱིལ་འཁོར་ཐད་ཀར་དཔག་ཚད་ལྔ་བཅུ་མཐའ་སྐོར་གྱི་རྒྱ་ལ་གཉིས་ཀ་ལ་སྔ་མའི་སུམ་འགྱུར་རེ་ཡོད་པ་གང་ཞིག སོ་སྐྱེས་ཐ་མལ་བའི་དབང་ཤེས་ཀྱིས་གྲུ་གང་ཟླུམ་པོར་བསྐོར་བ་ཙམ་ལས་ཆེ་བར་མི་སྣང་བའི་ཕྱིར། རྟགས་དང་པོ་གྲུབ་སྟེ། མཛོད་ལས། ཉི་ཟླ་ལྷུན་པོའི་ཕྱེད་ནའོ། །དཔག་ཚད་ལྔ་བཅུ་གཅིག་དང་བཅས། །ཞེས་དང༌། མཛོད་འགྲེལ་ཟླ་ཟེར་༡༣༠ལས། ཚད་ནི་ཟླ་བའི་དབུས་ཀྱི་ཐད་ཀར་དཔག་ཚད་ལྔ་བཅུ་དང༌། ཉི་མའི་ཐད་ཀར་ལྔ་བཅུ་རྩ་གཅིག་དང་མཐའ་སྐོར་གྱི་རྒྱ་ལ་ནི་རང་རང་གི་སུམ་གྱུར་དང་བཅས་པའོ། །ཞེས་གསུངས་པའི་ཕྱིར། གོང་གི་རྩ་རྟགས་གྲུབ་སྟེ། འཐད་ལྡན་ཆུང་བ་ལས། ལོག་ཤེས་ཡིན་ན་ཤིང་དང་ཇི་ལྟར་ཕྲད་ཅེ་ན། ཅུང་ཟད་ཀྱང་ཕྲད་པ་མེད་དེ། གང་ཡོངས་སུ་བཅད་པའི་ཤིང་ནི་རྣམ་པ་སྣ་ཚོགས་སུ་འགྲོ་བ་དེ་ཡིན་ལ། ཤིང་ནི་འགྲོ་བ་མེད་པས་ཅུང་ཟད་ཀྱང་ཕྲད་པ་མེད་དོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་༣༣༠ལས། སློབ་དཔོན་ཆོས་མཆོག་གིས་ནི་དུང་སེར་སྣང་གི་དབང་ཤེས་དང་ལྗོན་ཤིང་འགྲོ་བར་སྣང་བའི་དབང་ཤེས་གཉིས་ལ་མ་འཁྲུལ་བའི་ཆ་ཅུང་ཟད་ཀྱང་མེད་དེ། དུང་སེར་པོར་སྣང་བའི་དབང་ཤེས་སེར་པོ་ལ་འཁྲུལ་བ་མ་ཟད་དབང་ཤེས་དེའི་རང་ཡུལ་གྱི་དུང་གི་དབྱིབས་དེ་ཡང་སེར་པོའི་རྫསལས་གྲུབ་པ་མ་ཡིན་པའི་དབྱིབས་ཅུང་ཟད་མེད་ལ། སེར་པོའི་རྫས་སུ་གྲུབ་པའི་དབྱིབས་ནི་ཅུང་ཟད་ཀྱང་མེད་པས་དུང་སེར་པོར་སྣང་བའི་དབང་ཤེས་དེ་ལ་སེར་པོས་མ་སླད་པའིཆ་ཅུང་ཟད་ཀྱང་མེད་ཕྱིར་དེ་དུང་གི་དབྱིབས་ལ་འཁྲུལ་བ་གང་ཞིག ལྗོན་ཤིང་འགྲོར་སྣངགི་དབང་ཤེས་དེའི་སྣང་ཡུལ་གྱི་ལྗོན་ཤིང་དེ་ནི་གཅིག་ཏུ་མི་སྡོད་པར་འགྲོ་བ་དེ་ལས་གཞནཔའི་ཤིང་གང་ཡང་མེད་ལ། ཤིང་རང་མཚན་པ་ནི་གང་དུ་ཡང་འགྲོ་བ་ཅུང་ཟད་ཀྱང་མེད་པས་དེ་ནི་ཤིང་རང་མཚན་པ་ནི་མ་ཡིན་ཞིང༌།གཅིག་ཏུ་མི་སྡོད་པར་འགྲོ་བའི་ཤིང་ནི་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །དེས་ན་དབང་ཤེས་སྔ་མས་སེར་པོ་དང་དབྱིབས་གང་ཡང་ཐོབ་པ་མེད་ལ། ཕྱི་མས་འགྲོ་བའི་ལྗོན་ཤིང་གང་ཡང་ཐོབ་པ་མེད་པར་གསུངས་སོ། །ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད། ཡང་རླངས་འཁོར་ཁ་ལོ་བས་རླངས་འཁོར་སྐོར་བཞིན་པའི་དུས་ཀྱི་མིག་ཤེས་ཡིན་ན་ལམ་ལ་འཁྲུལ་བས་ཁྱབ་པར་ཁས་ལེན་དགོས་ལ། དེ་ལྟར་ན་དེས་ལམ་ལ་བལྟས་ནས་རླངས་འཁོར་སྐོར་བ་དང་མ་བལྟས་ནས་སྐོར་བ་གཉིས་ཁྱད་པར་མེད་པར་ཐལ། སྐབས་དེར་བལྟས་ཀྱང་མ་བལྟས་ཀྱང་དེ་ལ་ལམ་གྱི་དབྱིབས་དང་ཁ་དོག་རྟོགས་པའི་མིག་ཤེས་མེད་པའི་ཕྱིར་ཟེར་བ་དང༌། ཡང་ཤར་ཕྱོགས་ནས་ཉི་ཟླའི་དཀྱིལ་འཁོར་ཤར་མ་ཐག་མཐོང་བའི་མིག་ཤེས་ཡིན་ན་འཁྲུལ་བའི་ཁྱབ་པར་ཐལ། དེའི་ཚེ་དེས་ཉི་ཟླའི་དཀྱིལ་འཁོར་རི་བོ་ལ་འབྱར་བ་ལྟ་བུར་སྣང་བའི་ཕྱིར། ཟེར་ན་དཔྱད། གཉིས་པ་རང་ལུགས་བཞག་པའི་སྐབས་ཀྱི་མཐའ་དཔྱད་པ་ལ།

མཚན་ཉིད་ལ་དཔྱད་པ།

མཚན་ཉིད་ལ་དཔྱད་པ།

མཚན་ཉིད་ལ་དཔྱད་པ་དང༌། དབྱེ་བ་ལ་དཔྱད་པ་གཉིས། དང་པོ་ནི། ཡང་མངོན་སུམ་ཡིན་ན་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཁྱབ་པར་ཐལ། བློ་རིག་ལས། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་དེ། མངོན་སུམ་གྱི་མཚན་ཉིད། ཅེས་དང༌། བསྡུས་གྲྭའི་སྤྱི་དོན་༣༢༩ལས། རྟོག་བྲལ་མ་འཁྲུལ་བའི་རིག་པ།མངོན་སུམ་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། སོ་སྐྱེས་ཐ་མལ་བའི་སྔོན་འཛིན་དབང་མངོན་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པར་ཐལ། མངོན་སུམ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མ་འཁྲུལ་བའི་ཤེས་པ་མ་ཡིན་པར་ཐལ། འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། སྔོན་པོ་ལ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། དུང་སེར་པོ་མ་ཡིན་བཞིན་དུ་སེར་པོར་སྣང་ན་དུང་ལ་འཁྲུལ་དགོས་པ་གང་ཞིག རིགས་པ་མཚུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། སྔོན་པོ་ཕྱི་དོན་དུ་མ་གྲུབ་བཞིན་དུ་ཕྱི་དོན་དུ་གྲུབ་པར་སྣང་བའི་ཕྱིར། དེར་ཐལ། དེ་ལ་སྔོན་པོ་སྣང་བའི་ཚེ་ན་ནང་འཛིན་པ་ལ་མ་ལྟོས་པར་ཕྱི་རོལ་ཏུ་རྡུལ་རྫས་བསགས་སྟོབས་ལས་གྲུབ་པ་ལྟ་བུའམ། ནང་འཛིན་པ་ལ་མ་ལྟོས་པར་ཕྱི་རོལ་རྒྱང་ཆད་ཀྱི་ཚུལ་གྱིས་སྣང་བའི་ཕྱིར། གོང་དུ་སྐྱེས་བུ་ཐ་མལ་བའི་སྔོན་འཛིན་དབང་མངོན་འཁྲུལ་བའི་ཤེས་པ་ཡིན་པར་འདོད་ཟེར་ན། སོ་སྐྱེས་ཐ་མལ་བའི་སྔོ་འཛིན་དབང་མངོན་ཆོས་ཅན། འཁྲུལ་བའི་ཤེས་པ་མ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར་ཏེ། མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༢༩ལས། རྟོག་བྲལ་མ་འཁྲུལ་བའི་རིག་པ།མངོན་སུམ་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། དེ་ལ་རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱི་འཁྲུལ་རྒྱུས་མ་སླད་པའི་རིག་པ་དེ་མངོན་སུམ་གྱི་མཚན་ཉིད་ཅེས་པའི་དོན་ཡིན་ཟེར་ན། ཐོག་མེད་ནས་གོམ་པས་བདག་གསལ་བར་སྣང་བའི་ཡིད་ཤེས་ཆོས་ཅན། མངོན་སུམ་ཡིན་པར་ཐལ། རྟོག་པ་དང་བྲལ་ཞིང་འཕྲལ་རྐྱེན་གྱི་འཁྲུལ་རྒྱུས་མ་སླད་པའི་རིག་པ་ཡིན་པའི་ཕྱིར་རོ། །ཡང་ན་རྟོག་པ་དང་བྲལ་ཞིང་བག་ཆགས་གཏན་བྱུང་གི་མི་བསླུ་བའི་ཤེས་པ་དེ། མངོན་སུམ་གྱི་མཚན་ཉིད་ཡིན་ཏེ། རྣམ་ངེས་ལས། གཞན་བག་ཆགས་བརྟན་པའི་ཕྱིར་འཁོར་བ་ཇི་སྲིད་པར་རྗེས་སུ་འབྲེལ་བ་དེ་ནི་ཐ་སྙད་དུ་མི་བསླུ་བ་ལ་ལྟོས་ཏེ་འདིར་ཚད་མ་ཡིན་ནོ། །ཞེས་དང། དེའི་འཐད་ལྡན་ལས། རྣམ་པར་རིག་པ་ཙམ་དུ་སྨྲ་བ་ལ་ནི། སློབ་དཔོན་གྱིས་བག་ཆགས་བརྟན་དང་མི་བརྟན་པ་དག་གི་རྣམ་པར་བཞག་པ་མཐོང་ལ། ཞེས་གསུངས་པའི་ཕྱིར། འདོད་ན། རྣམ་མཁྱེན་ཆོས་ཅན། རྟོག་པ་དང་བྲལ་ཞིང་བག་ཆགས་གཏན་བྱུང་གི་མི་བསླུ་བའི་ཤེས་པར་ཐལ། མངོན་སུམ་ཡིན་པའིཕྱིར། འདོད་ན། དེ་ཆོས་ཅན། བག་ཆགས་གཏན་བྱུང་གི་མི་བསླུ་བ་མ་ཡིན་པར་ཐལ། བག་ཆགས་བརྟན་པོའི་དབང་གིས་བྱུང་བ་མ་ཡིན་པའི་ཕྱིར་ཏེ། བག་ཆགས་མཐའ་དག་སྤངས་པའི་གང་ཟག་གི་ཤེས་པ་ཡིན་པའི་ཕྱིར། ཟེར་ན་དཔྱད། ཡང་སྔོ་འཛིན་མིག་ཤེས་ཆོས་ཅན། མ་འཁྲུལ་བའི་རིག་པ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་ཆོས་ཅན། མ་འཁྲུལ་བའི་རིག་པ་མ་ཡིན་པར་ཐལ། འཁྲུལ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། འཁྲུལ་བའི་གཟུགས་ཤེས་ལྡན་མིན་འདུ་བྱེད་གསུམ་པོ་གང་རུང་ཡིན་པའི་ཕྱིར། དེར་ཐལ། འཁྲུལ་བའི་དངོས་པོ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། འཁྲུལ་བའི་ཆོས་མ་ཡིན་པར་ཐལ། འདོད་མི་ནུས་ཏེ་བསླུ་བའི་ཆོས་དང་རྫུན་པའི་ཆོས་ཡིན་པའི་ཕྱིར་ཏེ། རྩ་ཤེས་ལས། འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་དང༌། དབུ་མ་ཐེག་མཆོག་ལས། ཀུན་རྫོབ་ཡིན་ཕྱིར་སྤྱིར་ནི་རྫུན་པ་ཉིད། །ཅེས་གསུངས་པའི་ཕྱིར། ཟེར་ན་དཔྱད། ཡང་སྔོ་འཛིན་མིག་ཤེས་ཆོས་ཅན། འཁྲུལ་བའི་ཤེས་པ་ཡིན་པར་ཐལ། འཁྲུལ་བ་སྣང་བའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། སྔོན་པོ་དེ་འཁྲུལ་བ་གང་ཞིག དེ་སྣང་བའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་རྫོབ་སྣང་ན་འཁྲུལ་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། བདེན་གཉིས་གསལ་བའི་ཉི་མ་ལས། འཁྲུལ་བ་སྣང་བར་ཐལ། དོན་ལ་མེད་པའི་ཀུན་རྫོབ་ཁམས་གསུམ་པ་སྣང་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཡོད་དེ། ཞེས་གསུངས་པའི་ཕྱིརཟེར་བ་དང༌། ཡང་སྔོ་འཛིན་མིག་ཤེས་ཆོས་ཅན། འཁྲུལ་བར་ཐལ། བག་ཆགས་ཀྱི་དབང་གིས་སྔོན་པོ་ཕྱི་རོལ་ཏུ་སྣང་བའི་ཕྱིར། ཁྱབ་སྟེ། མདོ་སྡེ་ལང་ཀར་གཤེགས་པ་ལས། བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། །དོན་དུ་སྣང་བ་ཤིན་ཏུ་འབྱུང༌། །དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད།

གཉིས་པ་དབྱེ་བའི་སྐབས་ཀྱི་མཐའ་དཔྱད་པ།

གཉིས་པ་དབྱེ་བའི་སྐབས་ཀྱི་མཐའ་དཔྱད་པ་ལ།

དབང་མངོན། ཡིད་མངོན། རང་རིག་མངོན་སུམ། རྣལ་འབྱོར་མངོན་སུམ་གྱི་མཐའ་དཔྱད་པ་དང་བཞི་ཡོད་པ་ལས། དང་པོ་ནི། བསྡུས་གྲྭའི་སྤྱི་དོན་༣༣༤ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་ཞིང་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ་དབང་མངོན་གྱི་མཚནཉིད།མཚན་གཞི་ནི།བུམ་འཛིན་མིག་ཤེས་དང་སྒྲ་འཛིན་རྣ་ཤེས་ལྟ་བུའོ། །ཞེས་གསུངས། མཚན་ཉིད་དེའི་ཟུར་ལ་གཞན་རིག་སྦྱར་བའི་དགོས་པ་ནི། དབང་མངོན་ཉམས་སུ་མྱོང་བའི་རང་རིག་གཅོད་པའི་ཆེད་ཡིན་ཏེ། བསྡུས་གྲྭའི་སྤྱི་དོན་༣༣༥ལས། གཞན་རིག་ཅེས་པས་ནི་རང་རིག་དབང་མངོན་ཡིན་པ་གཅོད་བྱེད་ཡིན་ཏེ།དབང་ཤེས་ཉམས་སུ་མྱོང་བའི་རང་རིག་རྣམས་ཀྱང་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་བའི་རྟོག་བྲལ་མ་འཁྲུལབའི་རིག་པ་ཡིན་ཀྱང་གཞན་རིག་མ་ཡིན་པའི་ཕྱིར།ཟུར་ཕྱི་མ་དེར་ཐལ། ཁ་ཕྱིར་བལྟས་ཀྱི་ཤེས་པ་མ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལ། དབང་མངོན་ཆོས་ཅན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་བ་མ་ཡིན་པར་ཐལ། དབང་པོ་གཟུགས་ཅན་པ་དེ་ཁྱོད་ཀྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མ་ཡིན་པའི་ཕྱིར་ཏེ། དེ་ཁྱོད་ཀྱི་ཐུན་མོང་གི་བདག་རྐྱེན་ཡིན་པའི་ཕྱིར་ཏེ། དབང་པོ་གཟུགས་ཅན་པ་དེ་ཁྱོད་དང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་གཉིས་ཀའི་བདག་རྐྱེན་ཡིན་པའི་ཕྱིར། མ་གྲུབན། དེ་ཆོས་ཅན། དེར་ཐལ། དབང་པོ་གཟུགས་ཅན་པ་དེ་ཁྱོད་ཀྱི་བདག་རྐྱེན་ཡིན་པ་གང་ཞིག དབང་ཤེས་ཉམས་སུ་མྱོང་བའི་རང་རིག་གི་བདག་རྐྱེན་ཡིན་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། བསྡུས་གྲྭའི་སྤྱི་དོན་༣༣༥ལས། དབང་ཤེས་ཉམས་སུ་མྱོང་བའི་རང་རིག་རྣམས་ཀྱང་བདག་རྐྱེན་དབང་པོ་གཟུགས་ཅན་པ་ལས་བྱུང་བའི་རྟོག་བྲལ་མ་འཁྲུལ་བའི་རིག་པ་ཡིན་ཀྱང༌། ཞེས་གསུངས་པའི་ཕྱིར། གོང་དུ་དབང་པོ་གཟུགས་ཅན་པ་དེ་དབང་མངོན་དང་དབང་ཤེས་ཉམས་སུ་མྱོང་བའི་རང་རིག་གཉིས་ཀའི་ཐུན་མོང་གི་བདག་རྐྱེན་ཡིན་ནདབང་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མ་ཡིན་པས་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། ཐུན་མོང་མ་ཡིན་པའི་བདག་རྐྱེན་ཡིན་ཚུལ་ཡོད་པའི་ཕྱིར། མ་ཁྱབ། གཙོ་སེམས་གཞན་དང་ཐུན་མོང་མ་ཡིན་པའི་བདག་རྐྱེན་ལ་བྱེད་ཟེར་ན། དབང་པོ་གཟུགས་ཅནཔ་ཆོས་ཅན། དབང་མངོན་གྱི་ཐུན་མོང་མ་ཡིན་པའི་བདག་རྐྱེན་མ་ཡིན་པར་ཐལ། དབང་མངོན་དང་དེས་དྲངས་པའི་ཡིད་མངོན་གཉིས་ཀྱི་ཐུན་མོང་གི་བདག་རྐྱེན་ཡིན་པའི་ཕྱིར། དེར་ཐལ། དེ་དབང་མངོན་གྱི་བདག་རྐྱེན་ཡིན་པ་གང་ཞིག དབང་མངོན་གྱིས་དྲངས་པའི་ཡིད་མངོན་གྱི་བདག་རྐྱེན་ཡིན་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། དེ་དབང་མངོན་གྱིས་དྲངས་པའི་ཡིད་མངོན་གྱི་རྐྱེན་ཡིན་པ་གང་ཞིག དེ་ཡིན་ན་དེའི་བདག་རྐྱེན་མ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན། དེས་དེ་རང་དབང་དུ་མི་སྐྱེད་པའི་ཕྱིར་ཏེ། དངོས་སུ་མི་བསྐྱེད་པར་གཞན་ལ་བརྒྱུད་ནས་བསྐྱེད་དགོས་པའི་ཕྱིར་ཟེར་དགོས་སམ་དཔྱད་དོ། །

གཉིས་པ་ཡིད་མངོན་གྱི་མཐའ་དཔྱད་པ།

གཉིས་པ་ཡིད་མངོན་གྱི་མཐའ་དཔྱད་པ་ལ།

སྔོ་འཛིན་དབང་མངོན་སྐད་ཅིག་དང་པོས་བཟུང་ཟིན་འཛིན་པའི་སྔོ་འཛིན་དབང་མངོན་སྐདཅིག་གཉིས་པ་ཆོས་ཅན། མངོན་སུམ་བཞིར་ཕྱེ་བའི་ཡིད་མངོན་ཡིན་པར་ཐལ། རང་འདྲེན་བྱེད་ཀྱི་དབང་མངོན་ལས་བྱུང་ཞིང་དེའི་གཟུང་དོན་སྐད་ཅིག་གཉིས་པ་འཛིན་པའི་ཆནས་བཞག་པའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༣༦ལས། རང་འདྲེན་བྱེད་ཀྱི་དབང་མངོན་ལས་བྱུང་ཞིང་དེའི་གཟུང་དོན་སྐད་ཅིག་གཉིས་པ་འཛིན་པའི་ཆ་ནས་བཞག་པའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ། མངོན་སུམ་བཞིར་ཕྱེ་བའི་ཡིད་མངོན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དེར་ཐལ། རང་འདྲེན་གྱི་སྔོན་འཛིན་དབང་མངོན་སྐད་ཅིག་དང་པོ་ལསབྱུང་བ་གང་ཞིག དེའི་གཟུང་དོན་སྐད་ཅིག་གཉིས་པ་འཛིན་པའི་ཆ་ནས་བཞག་པའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་ཡིན་པའི་ཕྱིར། རྟགས་ཕྱི་མ་དེར་ཐལ། དབང་མངོན་དེས་བཟུང་ཟིན་པའི་གཟུང་དོན་སྐད་ཅིག་གཉིས་པ་དེ་མངོན་སུམ་དུ་འཛིན་པའི་ཆ་ནས་བཞག་པ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༣༦ལས། དབང་མངོན་དེས་བཟུང་ཟིན་པའི་གཟུང་དོན་སྐད་ཅིག་གཉིས་པ་དེ་མངོན་སུམ་དུ་འཛིན་པ་ཡིན་པའི་ཆ་ནས་ཡིད་མངོན་དུ་བཞག་པའི་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ། ཞེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། དེ་དེའི་ཆ་ནས་མི་འཇོག་ན་འཇོག་བྱེད་གཞན་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་འཕགས་རྒྱུད་ཀྱི་དབང་པོའི་མངོན་སུམ་གྱིས་དེ་མ་ཐག་རྐྱེན་ལས་བྱུང་བའི་ཡིད་ཤེས་རྟོག་བྲལ་མ་འཁྲུལ་བའི་གཞན་རིག་དེ་ཆོས་ཅན། འདིར་བསྟན་ཡིད་མངོན་ཡིན་པར་ཐལ། དབང་པོའི་མངོན་སུམ་གྱིས་དེ་མ་ཐག་རྐྱེན་ལས་བྱུང་བའི་ཡིད་ཤེས་རྟོག་བྲལ་མ་འཁྲུལ་བའིགཞན་རིག་ཡིན་པའི་ཕྱིར། ཁྱབ་སྟེ། བློ་རིག་ལས། འདིར་དངོས་སུ་བསྟན་པའི་ཡིད་མངོན་གྱི་མཚན་ཉིད། དབང་པོའི་མངོན་སུམ་གྱིས་དེ་མ་ཐག་རྐྱེན་ལས་བྱུང་བའི་ཡིད་ཤེསརྟོག་བྲལ་མ་འཁྲུལ་བའི་གཞན་རིག་ཅེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། འདིར་བསྟན་ཡིད་མངོན་སོ་སོ་སྐྱེ་བོ་ཁོ་ནའི་རྒྱུད་ལ་འཇོག་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་ཟུར་དཔྱད་ལས། འདིར་བསྟན་ཡིད་མངོན་སོ་སྐྱེ་ཁོ་ན་ལ། ཞེས་གསུངས་པའི་ཕྱིར། འདོད་ན། འདིར་བསྟན་ཡིད་མངོན་ཡིན་ན་སྣང་ལ་མ་ངེས་པའི་བློ་ཡིན་པས་ཁྱབ་པར་ཐལ། དེ་ཡིན་ན་སོ་སྐྱེའི་རྒྱུད་ཀྱི་མངོན་སུམ་བཞིར་ཕྱེ་བའི་ཡིད་མངོན་ཡིན་པའི་ཁྱབ་པས་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༣༧ལས། དེས་ན་སོ་སྐྱེའི་རྒྱུད་ཀྱི་མངོན་སུམ་བཞིར་ཕྱེ་བའི་ཡིད་མངོནཡིན་ན་སྣང་ལ་མ་ངེས་པའི་བློ་ཡིན་པས་ཁྱབ་སྟེ།དེ་ནི་དུས་མཐའི་སྐད་ཅིག་མའི་ཡུན་ཚད་ཅན་ཡིན་པ་གང་ཞིགདུས་མཐའི་སྐད་ཅིག་མའི་ཡུན་ལ་རང་གི་གཞལ་བྱ་གསལ་བར་སྣང་ཡང་ངེས་ནུས་པའི་སོ་སྐྱེའི་བློ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སོ་སྐྱེའི་རྒྱུད་ཀྱི་དབང་མངོན་གྱིས་དྲངས་པའི་ཡིད་མངོན་ཡིན་ན་དུས་མཐའི་སྐད་ཅིག་མའི་ཡུནཚད་ལས་ཡུན་རིང་པོར་མི་སྐྱེ་དགོས་པའི་རྒྱུ་མཚན་གང་ཡིན་བརྟག་དགོས། ཡང་འདིར་ལྟར་ཡིད་མངོན་ཆོས་ཅན། ཁྱོད་ལ་ཚད་མ་ཡོད་པར་ཐལ། སློབ་དཔོན་གྱིས་ཡིད་མངོན་གྱི་རྣམ་བཞག་མཛད་པ་ལ། མུ་སྟེགས་རྣ་བ་མ་ཕུག་པས་ཡིད་མངོན་ཞེས་པའི་ཚད་མ་མེད་དེ། ཡོད་ན་དབང་ཤེས་ཀྱི་བཟུང་བ་འཛིན་ན་ཚད་མ་མིན་པར་འགྱུར་བའི་སྐྱོན་དང༌། དབངམངོན་གྱིས་མ་བཟུང་བའི་དོན་འཛིན་ན་ལོང་བས་གཟུགས་མཐོང་བར་ཐལ་བའི་སྐྱོན་བརྗོདཔ་ལ། སློབ་དཔོན་ཆོས་གྲགས་ཀྱིས་དེའི་ལན་གསུང་སྐབས་སུ་འདིར་བསྟན་ཡིད་མངོན་ལ་ཚད་མ་མེད་པའི་ལན་གསུངས་རིགས་ལ་མ་གསུངས་པའི་ཕྱིར་ཟེར་བ་དག་གིས་རྩོད་ཚུལ་འོག་ནས་འཆད་འགྱུར་དག་གིས་ཤེས་པར་བྱའོ། །ཡང་འཕགས་པའི་རྒྱུད་ན་སྔོན་འཛིན་དབང་མངོན་གྱིས་དྲང་བའི་ཡིད་མངོན་ཞིག་ཡོད་དམམེད། ཡོད་ན་གོང་གི་འདིར་བསྟན་ཡིད་མངོན་གྱི་མཚན་ཉིད་དང༌། མངོན་སུམ་བཞིར་ཕྱེས་པའི་ཡིད་མངོན་གྱི་མཚན་ཉིད་ཚང་མིན་ཚང་ན། དེ་དག་ལ་ཚད་མ་དང་དུས་མཐའི་སྐད་ཅིག་མ་ལས་རིང་བའི་ཡུན་ཚད་ཅན་ཡོད་པར་འགྱུར་མིན་བརྟག་པར་བྱའོ། །ཡང་བློ་རིག་ལས། འདིར་བསྟན་ཡིད་མངོན་སྐྱེ་ཚུལ་ལ། ཚད་མ་རྣམ་འགྲེལ་གྱི་འགྲེལ་བཤད་རིན་ཆེན་ཕྲེང་བ་ལས། འདིར་ཆོས་མཆོག་སོགས་དབང་ཤེས་ཀྱི་རྒྱུན་མཐར་ཡིད་མངོན་གཅིག་སྐྱེ་ཞིང་རྒྱུན་མེད་པར་བཞེད་དོ། །ཆུ་མིག་པ་དབང་ཤེས་སྐད་ཅིག་གཉིས་པ་མན་ཡིད་མངོན་དུ་བཞེད། བྲམ་ཟེ་ཆེན་པོ་འགྲོས་གསུམ་པ་བཞེད། ད་ལྟ་དེ་འཐད་པར་བྱེད་པ་མང་ངོ། །ཞེས་གསུངས་པ་ལ། རང་ལུགས་ལ་དེ་དག་ལས་བྲམ་ཟེ་ཆེན་པོའི་ལུགསའགྲོས་གསུམ་པ་ཅན་དེ་འཐད་པ་ཡིན་ཏེ། བསྡུས་གྲྭའི་སྤྱི་དོན་༣༣༨ལས། ལུགས་དེ་གསུམ་གྱི་སྔ་ཕྱི་གཉིས་མི་འཐད་ཅིང་བར་བ་མངོན་སུམ་འགྲོས་གསུམ་པ་ཅན་དེ་འཐད་པརའདོད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། བྲམ་ཟེ་ཆེན་པོའི་ལུགས་འགྲོས་གསུམ་པ་ཅན་དེ་མ་ཡིན་པའི་ཕྱིར་ཏེ། བྲམ་ཟེའི་གཞུང་བོད་དུ་འགྱུར་བ་གངནའང་མེད་པས་དེ་ལ་ཁུངས་མེད་ཅིང་དེ་ནི་བྲམ་ཟེའི་བཞེད་པ་ཡིན་ཞེས་བོད་སྔ་མ་རྣམས་ལ་གྲགས་པ་ཙམ་ཡིན་པའི་ཕྱིར། དེར་ཐལ། དེ་ལྟར་རྗེ་ཡབ་སྲས་ཀྱིས་བཞེད་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་ལས། རྗེ་ཡབ་སྲས་ལ་སོགས་པའི་ནི་ཞེས་པ་ནས། དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་དང་དུས་མཉམ་དུ་སྐྱེ་བ་ཡང་བྲམ་ཟེའི་བཞེད་པ་མ་ཡིན་ཏེ།བྲམ་ཟེའི་གཞུང་པོད་དུ་འགྱུར་བ་གང་ནའང་མེད་པས་དེ་ལ་ཁུངས་མེད་ཅིང་དེ་ནི་བྲམ་ཟེའི་བཞེད་པ་ཡིན་ཞེས་བོད་སྔ་མ་རྣམས་ལ་གྲགས་པ་ཙམ་དུ་ཟད་པའི་ཕྱིར། ཞེས་དང༌། ཞེས་གསུངས་པའི་ཕྱིར། འདོད་མི་རིགས་ཏེ། བྲམ་ཟེ་ཆེན་པོ་འགྲོས་གསུམ་པ་བཞེད་པ་དེ་གོང་གི་རིན་ཕྲེང་གི་ལུང་དང༌། བསྡུས་གྲྭའི་སྤྱི་དོན་༣༣༧ལས། བྲམ་ཟེ་ཤང་དཀར་ནན་ཏའི་ལུགས་ལ་དང་པོར་དབང་མངོན་སྐད་ཅིག་མ་གཅིག་སྐྱེ།དེ་ནས་དབང་མངོནསྐད་ཅིག་དང་པོས་བདག་རྐྱེན་བྱས་ནས་དབང་མངོན་སྐད་ཅིག་གཉིས་པ་དང༌། ཡིད་མངོནསྐད་ཅིག་དང་པོ་གཉིས་དུས་མཉམ་དུ་སྐྱེ། དེ་ནས་མཐར་འགགས་པའི་བར་དབང་མངོན་དང་ཡིད་མངོན་གཉིས་དུས་མཉམ་དུ་སྐྱེ་བ་ཡིན་ལ། འདི་རྫས་རིགས་གཅིག་ཀྱང་ལྡོག་པ་རིགས་མི་གཅིག་པའི་ཁ་ཕྱིར་བལྟས་ཀྱི་དབང་མངོན་ཡིད་མངོན་གཉིས་དང༌། མངོན་སུམདེ་གཉིས་ཀྱི་སྟེང་གི་ལྡོག་པ་རིགས་གཅིག་པའི་རང་རིག་མངོན་སུམ་དང་མངོན་སུམ་འགྲོསགསུམ་པ་ཡིན་པ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། དབང་མངོན་སྐད་ཅིག་གཉིསཔའི་དུས་ནས་དབང་མངོན་དང་ཡིད་མངོན་དུས་མཉམ་དུ་སྐྱེ་བ་ཡིན་པར་ཐལ། འདོད་པའིཕྱིར། འདོད་མི་ནུས་ཏེ། གང་ཟག་གཅིག་གི་རྒྱུད་ལ་དུས་མཉམ་དུ་དབང་མངོན་དང་ཡིད་མངོན་སྐྱེ་བ་མེད་པའི་ཕྱིར་ཏེ། མདོ་ལས། གང་ཟག་རྣམས་ནི་རྣམ་པར་ཤེས་པའི་རྒྱུན་རེ་རེ་བའོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། དཔེར་ན་སོ་སྐྱེའི་རྒྱུད་ལ་མིག་གིས་གཟུགས་གསལ་བར་མཐོང་བཞིན་པའི་དུས་སུ་གཟུགས་གསལ་བར་སྣང་བའི་ཡིད་མངོན་མེད་པ་བཞིན་སྒོ་ལྔའི་ཤེས་པ་སྐྱེ་བའི་དུས་སུ་ནི་ཡིད་མངོན་མེད་ལ། ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད་དོ། །ཡང་བློ་རིག་ལས། སློབ་དཔོན་ཆོས་མཆོག་གིས་འདིར་བསྟན་ཡིད་མངོན་ཤིན་ལྐོག་ཡིན་པས་མདོ་ལས། གཟུགས་ཤེས་པ་ནི་རྣམ་པ་གཉིས་ཏེ། མིག་དང་ཡིད་ལ་བརྟེན་པའོ། །ཞེསདང། ཚད་མ་མདོ་ལས། ཡིད་ཀྱང་དོན་དང། ཞེས་པ་ལྟ་བུའི་ལུང་ལ་བརྟེན་ནས་རྟོགས་དགོས་པར་འདོད་དེ། འཐད་ལྡན་ཆུང་བ་ལས། ཡིད་ཀྱི་མངོན་སུམ་བཤད་པ་ནི་གྲུབ་པའི་མཐའ་ལ་གྲགས་པ་ཙམ་ཡིན་གྱི་འདི་སྒྲུབ་པར་བྱེད་པའི་ཚད་མ་ཡོད་པ་མ་ཡིན་ནོ། །ཞེསནགསུངས་པའི་ཕྱིར་རོ། །ཞེས་འདིར་བསྟན་ཡིད་མངོན་ཤིན་ཏུ་ལྐོག་གྱུར་དང་དེ་སྒྲུབ་བྱེད་དངོས་སྟོབས་ཀྱི་གཏན་ཚིགས་མེད་པའི་རྒྱུ་མཚན་དེ་དུས་མཐའི་སྐད་ཅིག་མའི་ཡུན་ཚདཅན་ཡིན་པས་རེད་དམ། དེ་ཡིན་ན། དུས་མཐའི་སྐད་ཅིག་མའི་ངོར་བོར་གྱུར་བའི་སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཟེར་ན་དངོས་སྟོབས་ཀྱི་རྟགས་ཡང་དག་ཡིན་མིན་དཔྱད། ཡང་འདིར་བསྟན་ཡིད་མངོན་ལུང་ལ་བརྟེན་ནས་རྟོགས་ཚུལ་ལུང་དེ་རྟགས་སུ་བྱས་པ་ཡིནནམ་མིན། ལུང་དེ་རྟགས་སུ་སོང་ནས་རྟོགས་ཚུལ་མིན་ན་དེ་རྟོགས་པའི་ཚད་མ་དེ་ལུང་ཙམལས་སྐྱེས་པའི་ཚད་མར་གྱུར་ན་ཕྱི་རོལ་བ་བཞིན་དུ་སྒྲ་བྱུང་ཚད་མ་ཁས་ལེན་དགོས་མིན་དང༌། ལུང་དེ་རྟགས་སུ་བྱས་པས་རྟོགས་ཚུལ་ཡིན་ན་ཚད་མ་མདོའི་ཡིད་ཀྱང་དོན་དང། ཞེས་པ་ལྟ་བུའི་ལུང་དེ་རྟོགས་སུ་བཀོད་པའི་དེ་སྒྲུབ་བྱེད་ཀྱི་སྦྱོར་བ་གང་ལྟར་འགོད་དགོསདཔྱད། ཡང་སློབ་དཔོན་ཆོས་མཆོག་གི་ལུགས་ལ་འདིར་བསྟན་ཡིད་མངོན་ཤིན་ཏུ་ལྐོག་གྱུར་དང་དེ་སྒྲུབ་བྱེད་དངོས་སྟོབས་ཀྱི་གཏན་ཚིགས་མེད་པ་མི་འཐད་པར་ཐལ། དེ་སྒྲུབ་བྱེད་ཀྱི་གཏནཚིགས་ཡོད་པའི་ཕྱིར་ཏེ། སློབ་དཔོན་ཆོས་གྲགས་ཀྱིས་མུ་སྟེགས་རྣ་བ་མ་ཕུག་པའི་ངོར་ལ་ཡིད་མངོན་སྒྲུབ་བྱེད་ཀྱི་རིགས་པ་ཡང་དག་བཀོད་པའི་ཕྱིར། དེར་ཐལ། སློབ་དཔོན་ཕྱོགས་ཀྱི་གླང་པོས་ཡིད་མངོན་གྱི་རྣམ་བཞག་མཛད་པ་ལ་མུ་སྟེགས་རྣ་བ་མ་ཕུག་པས་ཡིདམངོན་ཞེས་པའི་ཚད་མ་མེད་དེ། ཡོད་ན་དབང་ཤེས་གྱིས་བཟུང་བ་འཛིན་ནམ་མ་བཟུང་བ་འཛིན། དབང་ཤེས་ཀྱིས་སྔར་མྱོང་བ་ཉིད་འཛིན་ན། ཡིད་ནི་ཚད་མ་ཉིད་མ་ཡིན་པར་འགྱུར་ཏེ། དྲན་པ་བཞིན། ཞེས་ཏེ། དེས་མ་མཐོང་བའི་དོན་འཛིན་ན། ལོང་པ་ཡིས་ཀྱང་གཟུགས་མཐོང་པར་འགྱུར་ཏེ། ཡིད་ཡོད་པས་སོ་ཞེ་ན། ཞེས་རྩོད་པ་ལ། རིགས་པའི་དབང་ཕྱུག་གིས་དེའི་ལན་གསུངས་པའི་སྒོ་ནས་དེ་དག་གི་འདོད་པ་དགག་ཚུལ་ཡོད་པའི་ཕྱིར་ཏེ། རྣམ་འགྲེལ་བ་རིན་པོ་ཆེའི་ཕྲེང་བ་༣༠༠ལས། གཉིས་པ་ཡིད་མངོན་ལ། མདོར། ཡིད་ཀྱང་དོན་མེད་ཀྱང་ཞེས་པ་འགྲེལ་བ་ལ། རྩོད་པ་དགོད། གཞན་ལན་དགག རྒལ་ལན་བསྟན། འཕྲོས་དོན་བཤད་པའོ། །དང་པོ་ནི། སྣལ་མ་ཕུག་པ་ན་རེ། ༼མཆན། མཁས་གྲུབ་རྗེས་རྣམ་འགྲེལ་ཊཱིཀ་ཆེན་དང༌། ཐར་ལམ་གསལ་བྱེད་གཉིས་ཡིད་ཀྱི་མངོན་གྱི་སྐབས་སུ་རྣ་བ་མ་ཕུག་པ་ཞེས་དང༌། འདུལ་བ་མཚོ་ཊཱིཀ་ལས་དགོས་འབྲེལ་འཆད་སྐབསསུ་མུ་སྟེགས་རྣ་མ་ཕུག་པ་ན་རེ་ཞེས་གསུངས་འདུག་པས་དེ་རྣམས་ཀྱི་ཕྱོགས་སྔ་གཅིག་པརསེམས་སོ་འོན་ཀྱང་བརྟག༽ཡིད་མངོན་ཞེས་པའི་ཚད་མ་མེད་དེ། ཡོད་ན་དབང་ཤེས་ཀྱི་བཟུང་བ་འཛིན་ནམ་མ་བཟུང་བ་འཛིན། དབང་ཤེས་ཀྱིས་སྔར་མྱོང་བ་ཉིད་འཛིན་ན། ཡིདནི་ཚད་མ་ཉིད་མ་ཡིན་པར་འགྱུར་ཏེ། དྲན་པ་བཞིན། ཞེས་ཏེ། དེས་མ་མཐོང་བའི་དོན་འཛིན་ན། ལོང་པ་ཡིས་ཀྱང་གཟུགས་མཐོང་པར་འགྱུར་ཏེ། ཡིད་ཡོད་པས་སོ་ཞེ་ན། གཉིས་པ་ནི། དེ་ཡི་ལན་དུ། སློབ་དཔོན་གྱི་སློབ་མ་ཁ་ཅིག ཡིད་མངོན་དེས་དབང་ཤེས་ཀྱི་བཟུང་ཟིན་འཛིན་ཟེར་རོ། །དབང་མངོན་གྱི་བཟུང་དོན་དེ་སྐད་ཅིག་མ་ཡིན་ནམ་མིན། ཡིན་ན། ཡིད་མངོན་གྱི་དེ་མ་ཐག་རྐྱེན་དབང་མངོན་གྱི་བཟུང་དོན་ཆོས་ཅན། ཡིད་མངོན་གྱིས་བཟུང་དོན་དུ་བྱས་ནས་མཐོང་བ་ཡོད་པ་མ་ཡིན་པར་ཐལ། དེ་དངོས་རྒྱུའི་དུས་འདས་པའི་ཕྱིར། དེ་ཡི་དེ་མ་ཐག་རྐྱེན་གྱི་རྒྱུར་གྱུར་པའི་སྐད་ཅིག་མ་ཡིན་པའི་ཕྱིར། སྐདཅིག་མིན་ན་ཡིད་མངོན་ཆོས་ཅན། ཚད་མ་སྤྱི་ཡི་མཚན་ཉིད་ལས་ཁྱད་པར་དང་བཅས་བརྗོདཔར་བྱ་དགོས་པར་ཐལ། དབང་སྔོན་གྱི་བཟུང་དོན་རྟག་པ་འཛིན་པའི་ཚད་མ་ཡིན་པའི་ཕྱིར། དབང་པོ་ཅན་དེ་དབང་སྔོན་སྐད་ཅིག་ཕྱི་མ་རྣམས་དང། གཞན་ཡིད་མངོན་དག་ནི་ཆོས་ཅན། སྔར་མ་རྟོགས་སྒྲུབ་པར་བྱེད་པའི་ཚད་མར་ཇི་ལྟར་འདོད་དེ། མ་ཡིན་པར་ཐལ། རང་གི་ཚད་མ་སྔ་མས་བྱ་བ་བསྒྲུབ་བྱ་ལས་ལ་ནི་ཁྱད་པར་ཅུང་ཟད་མི་བྱེད་པར། བཟུང་ཟིན་སྣན་ནས་འཛིན་པའི་ཕྱིར། དེ་འདྲའི་བློ་ཐམས་ཅད་ཆོས་ཅན། དེ་ཅིག་ཆར་འབྱུང་བར་འགྱུར། བཟུང་དོན་རྟག་པའི་དངོས་པོ་ལ་སྐྱེ་བའི་ཕྱི་རྟག་ཀྱང་རྐྱེན་ལ་ལྟོས་ནས་རིམ་བཞིན་སྐྱེ་ཞེ་ན། དབང་སྔོན་གྱི་བཟུང་དོན་དེ་ལ་ཆོས་ཅན། རྐྱེན་ལ་ལྟོས་ནས་འབྲས་བུ་སྐྱེད་པར་འགལ་བར་ཐལ། རྐྱེན་གཞན་གྱིས་ཁྱད་པར་བྱར་ཡོད་པ་མ་ཡིན་པ་བཞིན་ནོ། །གསུམ་པ་ནི། དེས་དེ་འཛིན་ན་སྐྱོན་ཡོད་པ་དེ་ཕྱིར་ཡིད་མངོན་ཆོས་ཅན། དེ་མ་ཐག་རྐྱེན་དབང་སྔོན་གྱི་ཡུལ་ལས་ཡུལ་གཞན་ཉིད་འཛིན་པར་བྱེད་དེ། དེ་ཡི་སྐད་ཅིག་གཉིས་པ་རང་གི་བཟུང་དོན་ཡིན་པས་སོ། །ཡིད་སྔོན་ཅི་འདྲ་ཞིག་ཞེ་ན། དབང་པོའི་རྣམ་པར་ཤེས་པ་མ་འཁྲུལ་བ་ཞིག་རང་གི་མཚུངས་པ་དེ་མ་ཐག་རྐྱེན་དུ་བྱས་པ་ལས་བྱུང་བའི་ཡིད་ཤེས་རྟོག་མེད་ཞིག་གོ། ལོང་བ་ཆོས་ཅན། ཁྱོད་ཀྱི་ཡིད་མངོན་གྱིས་གཟུགས་མཐོང་བ་མ་ཡིན་ཏེ། གཟུགས་འཛིན་དབང་ཤེས་མེད་པས་སོ། །ཁྱབ་སྟེ། ཡིད་མངོན་དེ་མ་ཐག་རྐྱེན་དབང་སྔོན་བསྐྱེད་དགོས་པ་དེའི་ཕྱིར། གལ་ཏེ་ཡིད་མངོན་གྱིས་དབང་སྔོན་གྱིས་མ་བཟུང་བ་འཛིན་ན། ཆོད་པ་དང། སྐལ་བ་སོགས་ཀྱང་འཛིན་པར་འགྱུར་ཅེ་ན། ཡིད་མངོན་ཆོས་ཅན། ཐག་རྐྱེན་དབང་སྔོན་གྱི་ཡུལ་ལས་གཞན་པའི་ཡུལ་འཛིན་ན་ཡང། ཆོད་སྐལ་སོགས་འཛིན་པ་མ་ཡིན་ཏེ། འཛིན་ན་ཡང་ངེས་པ་སྟེ། ཐག་རྐྱེན་དབང་སྔོན་གྱི་བཟུང་དོན་སྐད་ཅིག་གཉིས་པ་བཟུང་དོན་དུ་འཛིན་པར་འདོད་པ་ཡིན་པས་སོ། །དེ་ཡིན་ཏེ། རང་དོན་རྗེས་འགྲོའི་དོན་ལྟོས་བཅས་ཡིན་ཏེ། ཐག་རྐྱེན་དབང་ཤེས་རང་གི་བཟུང་དོན་སྐད་ཅིག་དང་པོ་ལས་སྐྱེས་པའི་དེ་ཡི་སྐད་གཅིག་གཉིས་པ་གྲོགས་སུ་ཡོད་པ་ཅན་གྱི་དབང་སྐྱེས་བློ་མ་འཁྲུལ་བ་ནི་ཡིད་མངོན་དེ་ཡི་རྒྱུ་སྟེ་ཐག་རྐྱེན་ཡིན་པ་དེ་ཡི་ཕྱིར། འདིར་ཆོས་མཆོག་སོགས་དབང་ཤེས་ཀྱི་རྒྱུན་མཐར་ཡིད་སྔོན་གཅིག་སྐྱེ་ཞིང་རྒྱུན་མེད་པར་བཞེད་དོ། །ཆུ་མིག་པ་དབང་ཤེས་སྐད་ཅིག་གཉིས་པ་མན་ཡིད་མངོན་དུ་བཞེད། བྲམ་ཟེ་ཆེན་པོ་འགྲོས་གསུམ་མ་བཞེད། ད་ལྟ་དེ་འཐད་པར་བྱེད་པ་མང་ངོ། །ཞེས་གསུངས་པས་དཔྱད་པར་བྱོའོ། །

གསུམ་པ་རང་རིག་མངོན་སུམ་གྱི་མཐའ་དཔྱད་པ།

གསུམ་པ་རང་རིག་མངོན་སུམ་གྱི་མཐའ་དཔྱད་པ་ལ།

བློ་རིག་ལས། དང་པོ་ནི། འཛིན་རྣམ། རང་རིག་གི་མཚན་ཉིད། རྟོག་བྲལ་མ་འཁྲུལ་བའི་འཛིན་རྣམ། རང་རིག་མངོན་སུམ་གྱི་མཚན་ཉིད། ཅེས་གསུངས་པའི་འཛིན་རྣམ་གྱི་གོ་དོན་གང་འཇོག རང་གི་བདག་ཉིད་དུ་གྱུར་པ་སྟེ་རང་ཉིད་ཡིན་པར་གྱུར་བའི་ཡུལ་ལ་ཁ་ནང་ཁོ་ནར་ཕྱོགས་ནས་འཛིན་པའི་རྣམ་པའི་ཆ་དེ་ལ་བྱེད་དགོས་ཏེ། བསྡུས་གྲྭའི་སྤྱི་དོན་༣༣༩ལས། འཛིན་རྣམ་གྱི་ཤེས་པ་ནི་རང་གི་བདག་ཉིད་དུ་གྱུར་པ་སྟེ་རང་ཉིད་ཡིན་པར་གྱུར་བའི་ཡུལ་ལ་ཁ་ནང་ཁོ་ནར་ཕྱོགས་ནས་འཛིན་པའི་རྣམ་པའི་ཆ་དེ་རང་རིག་ཡིན་ཞེས་པའོ། །ཞེས་གསུངས་པའི་ཕྱིར་ཟེར་ན། རང་ཡུལ་ཤེས་པ་ཁོ་ན་ཉམས་སུ་མྱོང་བའི་རྗེས་དཔག་རྟོགས་པའི་རྗེས་དཔག་ཆོས་ཅན། འཛིན་རྣམ་ཡིན་པར་ཐལ། རང་གི་བདག་ཉིད་དུ་གྱུར་པ་སྟེ་རང་ཉིད་ཡིན་པར་གྱུར་བའི་ཡུལ་ལ་ཁ་ནང་ཁོ་ནར་ཕྱོགས་ནས་འཛིན་པ་ཡིནཔའི་ཕྱིར། འདོད་ན། དེ་ཆོས་ཅན། རང་རིག་ཡིན་པར་ཐལ། འཛིན་རྣམ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར་ཟེར་ན་བརྟག་གཞན་ཡང་རང་རིག་ཡིན་ན་རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བས་ཁྱབ་པར་ཐལ། རང་རིག་ཡིན་ན་འཛིན་རྣམ་ཡིན་པའི་ཁྱབ་པས་ཕྱིར། རྟགས་ཁས། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། འཛིན་རྣམ་གྱི་ཤེས་པ་ནི་རང་གི་བདག་ཉིད་དུ་གྱུར་པ་སྟེ་རང་ཉིད་ཡིན་པར་གྱུར་པའི་ཡུལ་ལ་ཁ་ནང་ཁོ་ནར་ཕྱོགས་ནས་འཛིན་པའི་རྣམ་པའི་ཆ་དེ་རང་རིག་ཡིན་ཞེས་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བ་མ་ཡིན་པར་ཐལ། ཕྱི་རོལ་གྱི་ཆོས་ཉམས་སུ་མྱོང་བའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཕྱི་རོལ་གྱི་ཆོས་ཉམས་སུ་མྱོང་པར་ཐལ། སྔོན་པོ་ཉམས་སུ་མྱོང་བའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། སྔོན་པོ་ཉམས་སུ་མྱོང་པར་ཐལ། སྔོན་པོ་རྟོགས་པའི་ཕྱིར་ཟེར་ན་མ་ཁྱབ་པ་འདྲ་ཡང༌། དཔྱད་ཚུལ་ཞིག་ལ་ཁྱབ་སྟེ། བློ་དེ་དང་དེས་ཡུལ་དེ་མྱོང་ཚུལ་ཡོད་པའི་ཕྱིར་ཟེར་དགོས། གོང་གི་རྟགས་གྲུབ་སྟེ། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། སྔོན་པོ་རྟོགས་པར་ཐལ། སྔོ་འཛིན་མིག་ཤེས་རྟོགས་པའི་ཕྱིར། ཁྱབ་སྟེ། སྔོ་འཛིན་མིག་ཤེས་རྟོགས་ན་སྔོན་པོ་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་རྟོགས་ན་སྔོན་པོ་རྟོགས་དགོས་པར་ཐལ། སྔོ་འཛིན་མིག་ཤེས་དང་སྔོན་པོ་གཉིས་ལྷན་ཅིག་དམིགས་ངེས་ཡིན་པའི་ཕྱིར། རྟགས་ཁྱབ་གྲུབ་སྟེ། ཚད་མ་རྣམ་ངེས་ལས། ལྷན་ཅིག་དམིགས་པར་ངེས་པའི་ཕྱིར། །སྔོ་དང་དེ་བློ་གཞན་མ་ཡིན། །ཞེས་དང༌། ཕར་ཕྱིན་ཉ་ཊིཀ་༣༠༣ལས། དེ་དང་ལྷན་ཅིག་ནི་དུས་གཅིག་དམིགས་པ་ནི་རྟོགས་པ་ངེས་པ་ནི་ཁྱབ་པ་སྟེ། དུས་གཅིག་རྟོགས་པས་ཁྱབ་ཅེས་པ་སྟེ། གཅིག་རྟོགས་ན་གཅིག་རྟོགས། གཅིག་མ་རྟོགས་ན་གཅིག་ཤོས་མི་རྟོགས་པས་ཁྱབ་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། སྔོན་པོ་རྟོགས་པར་ཐལ། སྔོན་འཛིན་མིག་ཤེས་རྟོགས་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བ་མ་ཡིན་པར་ཐལ། སྔོན་པོ་ཉམས་སུ་མྱོང་བའི་ཕྱིར། གཞན་ཡང་དོན་དམ་བདེན་པ་ཆོས་ཅན། ཁ་ནང་ཁོ་ནར་ཕྱོགས་པ་ཡིན་པར་ཐལ། འཛིན་རྣམ་ཡིན་པའི་ཕྱིར་ཏེ། རང་རིག་ཡིན་པའི་ཕྱིར། དེར་ཐལ། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། བདག་རིག་གཞན་རིག་ཐམས་ཅད་པ། །ཞེས་དང༌། པཎྜི་ཏ་ཆེན་པོ་རཏྣ་ཀཱིརྟིས་མཛད་པའི་ཆོས་སྐུའི་དཀྱིལ་འཁོར་གྱི་ལྷ་ལ་བསྟོད་པ་སྡེ་བསྟན་ཀ་པོད་ན་བཞུགས། ལས།ཉ་དབོན་པའི་གཞི་ལམ་འབྲས་གསུམ་ལས་བརྩམས་པའི་དྲིས་ལན་ཡིད་ཀྱི་མུན་སེལ་ལས་སློབ་དཔོན་སྒྲ་གཅན་འཛིན་གྱི་ཤེར་ཕྱིན་གྱི་བསྟོད་པའི་ཚིག་ཡིན་པར་གསུངས། སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །ཞེས་དང༌། བཀའ་བསྡུ་བཞི་བ་ལས། རང་རིག་འདི་མིན་རང་རིག་གཞན་མཆོག་ཡིན། །ཞེས་དང༌། ཟབ་དོན་ཉེར་གཅིག་ལས། རང་རིག་ལ་ཡང་ཀུན་རྫོབ་དོན་དམ་གཉིས་ཡོད་པར་བཞེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། དོན་དམ་བདེན་པ་ཆོས་ཅན། ཁ་ནང་ཁོ་ནར་ཕྱོགས་པ་མ་ཡིན་པར་ཐལ། ཕྱི་ནང་གི་ཆོས་ཐམས་ཅད་ཁྱད་པར་མེད་པར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་མཁྱེན་པའི་ཕྱིར་ཏེ། ཀུན་མཁྱེན་ཡིན་པའི་ཕྱིར་ཏེ། དོན་དམ་པའི་མཚན་ཡང་དག་པར་བརྗོད་པ་ལས། ཀུན་མཁྱེན་ཀུན་རིག་དམ་པ་པོ། །ཞེས་དང༌། བཀའ་བསྡུ་བཞི་བ་ལས། དོན་དམ་ཆོས་སྐུ་ངོ་བོ་ཉིད་སྐུ་དག །རིག་པ་མིན་ཕྱིར་ཀུན་མཁྱེན་མིན་པར་འགྱུར། །ཀུན་མཁྱེན་མིན་ན་སངས་རྒྱས་མིན་པར་འགྱུར། །སངས་རྒྱས་མིན་ན་ཆོས་སྐུ་མིན་པར་འགྱུར། །འདོད་ན་ཆོས་ཅན་དང་ཡང་འགལ་བར་འགྱུར། །ཞེས་གསུངས་པའི་ཕྱིར། གོང་དུ་ཕྱི་ནང་གི་ཆོས་ཐམས་ཅད་ཁྱད་པར་མེད་པར་མཁྱེན་ན་ཁ་ནང་ཁོ་ནར་ཕྱོགསཔ་མ་ཡིན་པས་མ་ཁྱབ་ཟེར་ན། ཁྱབ་པར་ཐལ། ཁ་ནང་ཁོ་ནར་ཕྱོགས་ཚུལ་ཡོད་པའི་ཕྱིར། མ་ཁྱབ། རང་དང་བདག་ཉིད་གཅིག་པའི་ཤེས་ཉམས་སུ་མྱོང་བ་ལས་གཞན་ཉམས་སུ་མི་མྱོང་བ་ལ་བྱེད་ཟེར་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་ཉམས་སུ་མྱོང་བ་ལས་གཞན་ཉམས་སུ་མི་མྱོང་བ་ཡིན་པར་ཐལ། ཁ་ནང་ཁོ་ནར་ཕྱོགས་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། དོན་དམ་བདེན་པ་ཉམས་སུ་མྱོང་བ་གང་ཞིག དོན་དམ་བདེན་པ་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་དང་བདག་ཉིད་གཅིག་མ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་དོན་དམ་བདེན་པ་ལ་རྩེ་གཅིག་པའི་ཉམས་བཞག་ཡེ་ཤེས་ཡིན་པའི་ཕྱིར་ཏེ། སངས་རྒྱས་ཀྱི་ཐུགས་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱུད་བླ་མ་ལས། མཉམ་པར་མ་བཞག་ཐུགས་མི་མངའ། །ཞེས་གསུངས་པའི་ཕྱིར། གོང་གི་རྟགས་གཉིས་པ་དེ་གཉིས་བདག་ཉིད་གཅིག་མ་ཡིན་པ་གྲུབ་སྟེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་ཅན། །ཞེས་གསུངས་པའི་ཕྱིར། གཞན་ཡང་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རངདང་བདག་ཉིད་གཅིག་པའི་ཤེས་པ་ཉམས་སུ་མྱོང་བ་ཡིན་པར་ཐལ། རང་དང་བདག་ཉིདགཅིག་པའི་ཤེས་པ་ཉམས་སུ་མྱོང་བ་ལས་གཞན་ཉམས་སུ་མི་མྱོང་བ་ཡིན་པའི་ཕྱིར་ཏེ། རངརིག་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་སྣང་བ་ཡིན་པར་ཐལ། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ལ་ཀུན་རྫོབ་ཀྱི་སྣང་བ་ཡོད་པར་ཐལ། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་སྣང་བའི་ཕྱིར། འདོད་མི་ནུས་ཏེ། བག་ཆགས་མཐའ་དག་སྤངས་པའི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། སངས་རྒྱས་ལ་རླན་གཤེར་ཕོར་གང་དེ་ལྷ་ལྟར་བདུད་རྩི་དང༌། མི་ལྟར་ཆུ་དང༌། ཡི་དྭགས་ལྟར་སྣག་ཁྲག་སོགས་རིགས་དྲུག་གང་གི་སྣང་བ་ལྟར་མི་སྣང་བའི་རྒྱུ་མཚན་ཡོད་པའི་ཕྱིར་ཏེ། བདེན་གཉིས་གསལ་བའི་ཉི་མ་ལས། ཆུ་ལྟ་བུའི་དངོས་པོ་གཅིག་ལ་རིགས་དྲུག་གིས་མཐོང་སྣང་མི་འདྲ་བ་དྲུག་ཏུ་མཐོང་བར་བཤད་པས། སངས་རྒྱས་ལ་གང་དུ་སྣང་བར་འགྱུར། ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཆོས་ཅན། ཁྱོད་ལ་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་མི་སྣང་བར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་གང་ཡང་མི་སྣང་བར་ཐལ། རང་དང་བདག་ཉིད་གཅིག་པ་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་མི་སྣང་བ་གང་ཞིག དེ་ལས་གཞན་མི་སྣང་བའི་ཕྱིར། འདོད་ན། ཁ་ནང་ཁོ་ནར་ཕྱོགས་པ་མ་ཡིན་པར་ཐལ། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཉམས་སུ་མྱོང་བ་མ་ཡིན་པའི་ཕྱིར། འདོད་ན། འཛིན་རྣམ་མ་ཡིན་པར་ཐལ། ཁ་ནང་ཁོ་ནར་ཕྱོགས་པའི་ཤེས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༣༩ལས། འཛིན་རྣམ་གྱི་ཤེས་པ་ནི་རང་གི་བདག་ཉིད་དུ་གྱུར་པ་སྟེ་རང་ཉིད་ཡིན་པར་གྱུར་བའི་ཡུལ་ལ་ཁ་ནང་ཁོ་ནར་ཕྱོགས་ནས་འཛིན་པའི་རྣམ་པའི་ཆ་དེ་རང་རིག་ཡིན་ཞེས་པའོ། །ཞེས་གསུངས་པའི་ཕྱིར། གོང་དུ་ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་འཛིན་རྣམ་མ་ཡིན་པར་འདོད་ཟེར་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་རིག་མ་ཡིན་པར་ཐལ། འཛིན་རྣམ་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། འཛིན་རྣམ་རང་རིག་གི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༣༩ལས། འཛིན་རྣམ་རང་རིག་གི་མཚན་ཉིད་ཅེས་གསུངས་པའི་ཕྱིར། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་རང་རིག་མ་ཡིན་པར་འདོད་ཟེར་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་སུ་མྱོང་བའི་རང་རིག་མེད་པར་ཐལ། འདོད་པའི་ཕྱིར། འདོད་ན། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཆོས་ཅན། ཁྱོད་ཉམས་སུ་མྱོང་བའི་རང་རིག་ཡོད་པར་ཐལ། ཁྱོད་གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཞན་རིག་གི་ཤེས་པ་གང་དང་གང་ཡིན་ན་དེ་འཇོག་བྱེད་རང་རིག་མེད་པར་གཞན་རིག་གིས་འཇོག་དགོས་ན་ཐུག་མེད་ཀྱི་རིགས་པས་གནོད་པ་ཡོད་པའི་ཕྱིར་ཏེ། རྩོད་ཟློག་ལས། གལ་ཏེ་ཚད་མ་གཞན་རྣམས་ཀྱིས། །གྲུབ་པོ་སྙམ་ན་ཐུག་པ་མེད། །ཅེས་དང༌། དེའི་རང་འགྲེལ་ལས། ཤེས་པ་གཞན་གྱིས་ཉམས་སུ་མྱོང་ན་ཐུག་པ་མེད་པར་ཐལ་བར་འགྱུར་རོ། །ཞེས་གསུངས་སོ། །ཡང་གཞན་རིག་གི་ཤེས་པ་གང་དང་གང་ཡིན་ན་དེ་ཤེས་པ་ཡིན་པར་རང་རིག་གིས་གྲུབ་དགོས་ཏེ། ཚད་མ་རྣམ་ངེས་ལས། དམིགས་པ་མངོན་སུམ་མ་ཡིན་ན། །དོན་མཐོང་རབ་ཏུ་གྲུབ་མ་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སངས་རྒྱས་སའི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བ་ཡིན་པར་ཐལ། རང་རིག་ཡིན་པའི་ཕྱིར། འདོདན། སངས་རྒྱས་སའི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བ་མ་ཡིན་པར་ཐལ། གཞན་རིག་གི་ཤེས་པ་ཡིན་པའི་ཕྱིར། མ་གྲུབ་ན། སངས་རྒྱས་སའི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། གཞན་རིག་གི་ཤེས་པ་ཡིན་པར་ཐལ། སངས་རྒྱས་སའི་རང་རིག་ཡིན་ན་གཞན་རིག་ཡིན་པའི་ཁྱབ་པས་ཕྱིར་ཏེ། ཕར་ཕྱིན་ཉ་ཊིཀ་༣༩་ལས། གལ་ཏེ་རང་རིག་ཡིན་ན་གཞན་རིག་པར་འགལ་ལོ་ཞེ་ན། ས་བཅུ་བའི་བར་དུ་ནི་དེ་གཉིས་འགལ་ལ་སངས་རྒྱས་ཀྱི་ས་ལ་འགལབ་དེ་དག་མི་བསམ་སྟེ་བསམ་གྱིས་མི་ཁྱབ་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་སའི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིགཔའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སངསརྒྱས་སའི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་ཉམས་སུ་མྱོང་བ་ཡིན་པར་ཐལ། ཁ་ནང་བལྟས་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཁ་ནང་བལྟས་ཀྱི་ཤེས་པའི་ཚད་ཡོད་པའི་ཕྱིར་ཟེར་ན་དཔྱད། གཞན་ཡང་སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་གིས་མྱོང་བྱའི་སྔོ་འཛིན་མིགཤེས་ཉམས་མྱོང་གི་རང་རིག་དང་བདག་ཉིད་གཅིག་པའི་ཤེས་པ་དེ་ལ་སྔོ་འཛིན་མིག་ཤེསམི་འཇོག་པ་གང་ཞིག དེ་ལས་གཞན་མི་འཇོག་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། སྔོ་འཛིན་མིག་ཤེས་ཆོས་ཅན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་དེ་དང་བདག་ཉིད་གཅིག་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་ཆོས་ཅན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་དེ་དང་བདག་ཉིད་གཅིག་མ་ཡིན་པར་ཐལ། ཁྱོདསྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་དེའི་རྒྱུ་ཡིན་པའི་ཕྱིར། མ་གྲུབ་ན། སྔོན་འཛིན་མིག་ཤེས་ཆོས་ཅན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་དེའི་རྒྱུ་ཡིན་པར་ཐལ། དེའི་དམིགས་རྐྱེན་ཡིན་པའི་ཕྱིར། དེར་ཐལ དེའི་དམིགས་རྐྱེན་ཡོད་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་སྣང་བ་མ་ཡིན་པར་ཐལ། རང་དང་བདག་ཉིད་གཅིག་པའི་ཤེས་པ་ཁོ་ན་སྣངཞེས་པའི་ཤེས་པ་དེ་ལ་སྔོ་འཛིན་མིག་ཤེས་མི་འཇོག་པར་ཁས་བླངས་ཟིན་པ་གང་ཞིག དེལས་གཞན་འཇོག་རྒྱུ་མི་རྙེད་པའི་ཕྱིར་ཟེར་ན་དཔྱད། ཡང་ཤེས་པ་ཀུན་ཆོས་ཅན། རང་རིག་པའི་ཤེས་པ་ཡིན་པར་ཐལ། རང་གིས་རང་རིག་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་དེར་ཐལ། རང་གིས་རང་མི་རིག་ན་རིག་པ་ཡིན་པར་འགལ་བ་ཡིན་པའི་ཕྱིར་ཏེ། བཀའ་བསྡུ་བཞི་བའི་དོན་བསྟན་རྩིས་ཆེན་པོའི་འགྲེལ་བ་ལས། རང་མི་རིག་ན་རིག་པར་འགལ་བས། ཞེས་དང༌། རྣམ་འགྲེལ་འགྲེལ་བཤད་རིན་པོ་ཆེའི་འཕྲེང་བ་༢༠༧ལས། ཤེས་པ་ཀུན་ཆོས་ཅན། རང་གི་ངོ་བོ་ལ་མངོན་སུམ་ཡིན་ཏེ། རང་གི་ངོ་བོ་ལ་སྒྲ་དོན་མིན་ཞིང་མྱོང་བ་དེའི་ཕྱིར། ཞེས་གསུངས་པའི་ཕྱིར་རོ། །ཡང་སྔོན་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་ཆོས་ཅན། རང་རིག་མ་ཡིན་པར་ཐལ། ཡུལ་སྔོ་འཛིན་མིག་ཤེས་དང་སྔོ་འཛིན་མིག་ཤེས་ཉམས་མྱོང་གི་རང་རིག་སྟེ། ཡུལ་དང་ཡུལ་ཅན་གྱི་དབྱེ་བ་ཡོད་པའི་ཕྱིར། ཁྱབ་སྟེ། ཡུལ་དང་ཡུལ་ཅན་གྱི་དབྱེ་བ་ཡོད་ཕྱིན་རང་རིག་ཏུ་མི་འགྲུབ་པ་ཡིན་པའི་ཕྱིར་ཏེ། ཐེག་མཆོག་དབུ་མའི་ཟིན་བྲིས་ལས། གལ་ཏེ་ཡུལ་ཡུལ་ཅན་གྱི་དབྱེ་བ་ཡོད་ཕྱིན་རང་དུ་མི་འགྲུབ་མོད། ཅེས་དང༌། བསྡུས་གྲྭའི་སྤྱི་དོན་༣༤༠ལས། དེ་ལ་ཡུལ་ཡུལ་ཅན་གཉིས་མེད་ཀྱང་རང་ཡུལ་སྣང་བའི་ཕྱིར། དེར་ཐལ། རངགིས་རང་ཉིད་མཐོང་བའི་ཕྱིར།ཁྱབ་སྟེ། རང་གིས་རང་ཉིད་མཐོང་ན་ཡུལ་ཡང་རང་ཉིད་ཡིན་པ་གང་ཞིག ཅེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། རང་རིག་གི་ཡུལ་ཙམ་མ་ཟད་མྱོང་བྱའི་ཡུལ་ལ་རང་ལས་ཐ་དད་པ་ཡོད་པའི་ཕྱིར་ཏེ། གཙོ་སེམས་ཉམས་སུ་མྱོང་བའི་རང་རིག་གི་མྱོང་བྱའི་ཡུལ་ལ་དེ་དང་མཚུངས་ལྡན་གྱི་ཀུན་འགྲོ་ལྔ་བོ་ཡོད་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་༣༤༡ལས། གཙོ་སེམས་ཀུན་འགྲོ་ལྔ་དང་དྲུག་སྐྱེ་ཚེ་དེ་རེ་རེ་ལ་རང་རིག་རེ་རེ་ཡོད་དམ་ཞེ་ན་མེད་དེ།གཙོ་སེམས་རང་གིས་རང་མཐོང་བའི་རང་རིག་དེས་གཙོ་སེམས་ཀུན་འགྲོ་ལྔ་དང་བཅས་པ་མཐོང་བ་ཡིན་པས་དེ་དག་ལ་རང་རིག་གི་ཤེསཔ་གཅིག་ལས་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། དེ་ལ་རང་རིག་གིས་ཐ་དད་པ་ཙམ་གྱི་ཡུལ་མྱོང་ཡང་བདག་ཉིད་ཐ་དད་པའི་ཡུལ་མི་མྱོང་ཟེར་ན། གཙོ་སེམས་ཉམས་སུ་མྱོང་བའི་རང་རིག་གི་ཉམས་སུ་མྱོང་བྱའི་སེམས་བྱུང་དག་རང་རིག་དེ་དང་བདག་ཉིད་ཐ་དད་ཡིན་པའི་ཕྱིར་ཏེ། སེམས་བྱུང་དེ་དག་རང་འཁོར་དུ་འགྲོ་ཡུལ་གྱི་གཙོ་སེམས་དང་བདག་ཉིད་ཐ་དད་ཡིན་པའི་ཕྱིར་ཏེ། དེ་དང་རྒྱུ་འབྲས་ཡིན་པའི་ཕྱིར། དེར་ཐལ། ཕན་ཚུན་མཚུངས་ལྡན་གྱི་རྒྱུ་ཡིན་པའི་ཕྱིར་ཏེ། མཛོད་ལས། མཚུངས་ལྡན་རྒྱུ་ནི་སེམས་དག་དང༌། །སེམས་བྱུང་རྟེན་མཚུངས་ཅན་རྣམས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རང་རིག་ཁས་ལེན་མཁན་དག་གིས་རང་རིག་ལ་ཡུལ་ཡུལ་ཅན་གྱི་དབྱེ་བ་མེད་པར་འདོད་པའི་ཕྱིར་ཏེ། སློབ་དཔོན་ཟླ་བས་བྱ་བྱེད་གཅིག་ཏུ་ཐལ་བའི་རིགས་པས་དགག་ཚུལ་ཡོད་པའི་ཕྱིར། དེར་ཐལ། དབུ་མ་འཇུག་པ་ལས། བྱེད་པོ་ལས་དང་བྱ་བ་གཅིག་མིན་པས། །དེ་ཉིད་ཀྱིས་དེ་འཛིན་པར་རིགས་མ་ཡིན། །ཞེས་དང༌། འཇུག་པ་རང་འགྲེལ་ལས། བདག་རིག་པར་བྱེད་དོ་ཞེས་རིག་པར་བྱ་བཞིན་པའི་བདག་ཉིད་ལས་ཀྱི་དངོས་པོར་འགྱུར་ལ་རིག་པར་བྱ་བ་དེ་ཉིད་ཀྱང་བྱེད་པ་པོ་ཡིན་ཞིང་དེའི་བྱ་བ་ཡང་ཐ་མི་དད་པ་ཉིད་ཡིན་པསབྱེད་པ་པོ་དང་ལས་དང་བྱ་བ་གཅིག་ཏུ་ཐལ་བར་འགྱུར་ན། འདི་དག་གཅིག་པ་ཉིད་དུ་ནི་མ་མཐོང་ངོ༌། །འདི་ལྟར་གཅོད་པ་པོ་དང་ཤིང་དང་གཅོད་པའི་བྱ་བ་གཅིག་པ་ནི་མ་ཡིན་ནོ། །འདི་ལས་ཀྱང་རང་རིག་པ་ཡོད་པ་མ་ཡིན་པས་དེ་ཉིད་ཀྱིས་དེ་འཛིན་པ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཟེར་ན་སློབ་དཔོན་ཟླ་བའི་ལུགས་ལ་རྣམ་མཁྱེན་གྱིས་རྣམ་མཁྱེན་རྟོགས་མིན་རྟོགས་ན་བྱ་བྱེད་གཅིག་ཏུ་ཐལ་མིན་དང༌། མ་རྟོགས་ན་རྣམ་མཁྱེན་ཀུནམཁྱེན་མ་ཡིན་པར་ཐལ་བ་དང༌། རང་ལུགས་ལ་བྱ་བྱེད་གཅིག་ཏུ་ཐལ་བས་གནོད་པ་མེདཚུལ་ལ་དཔྱད། ཡང་རང་ལུགས་ལ་རང་རིག་ཁས་ལེན་མི་རིགས་པར་ཐལ། རང་རིག་ཡོད་ན་རལ་གྲིའི་སོ་རང་ཉིད་ཀྱིས་རལ་གྲིའི་སོ་རང་ཉིད་གཅོད་པའི་སྐྱོན་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཙུག་ན་རིན་པོ་ཆེས་ཞུས་པའི་མདོ་ལས། འདི་ལྟ་སྟེ། དཔེར་ན་རལ་གྲིའི་སོ་དེ་ཉིད་ཀྱིས་རལ་གྲིའི་སོ་དེ་ཉིད་གཅོད་པར་མི་ནུས་པ་དང༌། སོར་མོའི་རྩེ་མོ་དེ་ཉིད་ཀྱིས་སོར་མོའིརྩེ་མོ་དེ་ཉིད་ལ་རེག་པར་མི་ནུས། ཞེས་དང༌། སྤྱོད་འཇུག་ལས། འཇིག་རྟེན་གྱི་ནི་མགོན་པོས་ཀྱང༌། །སེམས་ཀྱིས་སེམས་མི་མཐོང་ཞེས་དང༌། །རལ་གྲིའི་སོ་ནི་རང་ལ་རང༌། །ཇི་ལྟར་མི་གཅོད་དེ་བཞིན་ཡིད། །ཅེས་གསུངས་པའི་ཕྱིར་ཟེར་ན། དེ་ནི་བདེན་དངོས་སུ་གྲུབ་པའི་རང་རིག་འགོག་པའམ། གཞན་སྟོང་དབུ་མའི་རྒྱན་ལས། རིག་བྱ་རིག་བྱེད་གསལ་བྱ་གསལ་བྱེད་དག །དྲན་མྱོང་ནུས་པ་རང་རིག་ལྟོས་པ། །བཀག་གིས་རང་རིག་ཙམ་ཞིག་བཀག་པ་མེད། །ཅེས་གསུངས་པ་ལྟར་ཡིན་ནོ། །ཡང་བསྡུས་གྲྭའི་སྤྱི་དོན་༣༤༠ལས། རང་རིག་འདོད་མཁན་ནི།རིགས་པའི་རྗེས་འབྲང་གི་མདོ་སྡེ་བ་དང༌། རིགས་པའི་རྗེས་འབྲང་གི་སེམས་ཙམ་པ་དང༌།རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གསུམ་ག་ཡིན་ལ།བྱེ་སྨྲ་དང༌།ལུང་གི་རྗེས་འབྲང་གི་མདོ་སྡེ་བ་དང༌། མདོ་སྡེ་སྤྱོད་པའི་རང་རྒྱུད་པ་དང༌། །ལ་འགྱུར་བ་བཞིས་རང་རིག་ཁས་མི་ལེན་ནོ། །ཞེས་ལུང་གི་རྗེས་འབྲང་གི་མདོ་སྡེ་བས་རང་རིག་ཁས་མི་ལེན་པར་གསུངས་པ་མི་འཐད་པར་ཐལ། མདོ་སྡེ་བ་ཡིན་ན་རང་རིག་ཁས་བླངས་པས་ཁྱབ་པའི་ཕྱིར་ཏེ། ཉ་ཊཱིཀ་ལས། མདོ་སྡེ་པའི་མཚན་ཉིད་ནི། ཉན་ཐོས་པ་གང་ཞིག བློ་རང་རིག་ཡོད་པར་འདོད་པའོ། །ཞེས་གསུངས་པའི་ཕྱིར། ཡང་བློ་རིག་ལས། མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་དང་པོ་ལྟ་བུ་ཚད་མ་དང། དེ་འདྲའི་སྐད་ཅིག་གཉིས་པ་ལྟ་བུ་བཅད་ཤེས་དང། ཞེས་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་གཉིས་པ་བཅད་ཤེས་ཡིན་པར་གསུངས་པ་ལ། དེ་ཆོས་ཅན། བཅད་ཤེས་མ་ཡིན་པར་ཐལ། མིག་ཤེས་སྐད་ཅིག་དང་པོ་ལ་བཅད་ཤེས་མ་ཡིན་པ་གང་ཞིག མིག་ཤེས་སྐད་ཅིག་གཉིས་པ་ལ་བཅད་ཤེས་མ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་གཉིས་པ་མིག་ཤེས་སྐད་ཅིག་དང་པོ་དང་བདག་ཉིད་ཐ་དད་པ་ཡིན་པས་དེས་དེ་ལ་ཁ་ཕྱོགས་པ་མ་ཡིན་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་གཉིས་པ་མིག་ཤེས་སྐད་གཉིསཔ་ལ་ཚད་མ་ཡིན་པའི་ཕྱིར་ཏེ། དེས་དེ་རྟོགས་ཚུལ་སྔར་མེད་པའི་སྒོ་ནས་གསར་དུ་རྟོགས་པའི་ཕྱིར། ཡང་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་སྐད་ཅིག་གཉིས་པ་དེ་གཉིས་གང་ལ་བཅད་ཤེས་མིན་ཀྱང་མིག་ཤེས་ལ་བཅད་ཤེས་ཡིན་པས་བཅད་ཤེས་སུ་བཞག་དགོས་ཟེར་ན། དེ་མིག་ཤེས་སྐད་ཅིག་གཉིས་པ་ལ་ཚད་མ་ཡིན་པས་ཚད་མར་བཞག་དགོས་པརཐལ། རིགས་པའི་གནད་མཚུངས་པའི་ཕྱིར་ཟེར་ན་དཔྱད། ཡང་བློ་རིག་ལས། སྣང་ལ་མ་ངེས་པའི་རང་རིག་ནི། སོ་སྐྱེས་ཀྱི་རྒྱུད་ཀྱི་དུས་མཐའི་སྐད་ཅིག་མ་གཅིག་གི་དབང་དུ་བྱས་པའི་རང་རིག་དང་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམསམྱོང་གི་རང་རིག་ལྟ་བུའོ། །ཞེས་གསུངས་པ་ལ། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་མྱོང་གི་རང་རིག་སྣང་ལ་མ་ངེས་པ་ཡིན་པའི་རྒྱུ་མཚན་རྒྱང་འཕེན་པས་རྗེས་དཔག་ཚད་མ་ཁས་མི་ལེན་པས་ཡིན་ནམ། ཡིན་ན་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་ཐལ་འགྱུར་བའི་རྒྱུད་ཀྱི་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། སྣང་ལ་མ་ངེས་པ་ཡིན་པར་ཐལ། འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་ཐལ་འགྱུར་བས་རང་རིག་ཁས་མི་ལེན་པའི་ཕྱིར། འདོད་མི་ནུས་ཏེ། དེ་འདྲའི་རང་རིག་ཚད་མ་ཡིན་པའི་ཕྱིར་ཏེ། དེ་འཁོར་ལོ་བར་བའི་རྗེས་འབྲང་གི་དབུ་མ་ཐལ་འགྱུར་བའི་རྒྱུད་ཀྱི་མིག་ཤེས་འཇོག་བྱེད་ཀྱི་རང་རིག་ཚད་མ་ཡིན་པའི་ཕྱིར། དེར་ཐལ། དེའི་རྒྱུད་ཀྱི་མིག་ཤེས་འཇོག་བྱེད་ཀྱི་རང་རིག་ཚད་མ་ཡོད་པའི་ཕྱིར་ཏེ། དེའི་རྒྱུད་ལ་མིག་ཤེས་དྲན་པའི་དྲན་པ་ཡོད་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་སྒྲུབ་བྱེད་ཀྱི་རིགས་པའི་སྐོར་ནས་ཅུང་ཟད་དཔྱད་ན། བློ་རིག་ལས། སྔོན་འཛིན་མིག་ཤེས་ཆོས་ཅན། རང་མྱོང་ཅན་གྱི་ཤེས་པ་ཡིན་ཏེ། རང་དྲན་པའི་དྲན་ཤེས་ཡོད་པའི་ཤེས་པ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། དེ་འདྲའི་སྦྱོར་བ་དེ་རང་རིག་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དག་ཡིན་པར་ཐལ། ལུང་དེའི་ཕྱིར། འདོད་ན། དེ་འདྲའི་སྦྱོར་བ་ཆོས་ཅན། རང་རིག་སྒྲུབ་བྱེད་ཀྱི་སྦྱོར་བ་མ་ཡིན་པར་ཐལ། སྦྱོར་བ་གང་ཞིག ཁྱོད་ཀྱི་བསྒྲུབ་བྱ་རྟོགས་ན་རང་རིག་རྟོགས་མི་དགོས་པའི་ཕྱིར། མ་གྲུབ་ན། སྔོ་འཛིན་མིག་ཤེས་རང་མྱོང་ཅན་གྱི་ཤེས་པ་ཡིན་པར་རྟོགས་ན་སྔོན་འཛིན་མིག་ཤེས་རང་ཉམས་སུ་མྱོང་བའི་རང་རིག་ཡོད་པར་རྟོགསདགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་མྱོང་ཅན་གྱི་ཤེས་པ་རྟོགས་ན་རང་རིག་རྟོགས་པས་ཁྱབ་པར་ཐལ། སྔོ་འཛིན་མིག་ཤེས་རང་མྱོང་ཅན་གྱི་ཤེས་པ་ཡིན་པར་རྟོགས་ན་སྔོན་འཛིན་མིག་ཤེས་རང་ཉམས་སུ་མྱོང་བའི་རང་རིག་ཡོད་པར་རྟོགས་དགོས་པའི་ཕྱིར། རྟགས་ཁས། འདོད་ན། སྔོ་འཛིན་མིག་ཤེས་ཆོས་ཅན། རང་མྱོང་ཅན་གྱི་ཤེས་པ་ཡིན་ཏེ། རང་དྲན་པའི་དྲན་ཤེས་ཡོད་པའི་ཤེས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། རང་རིག་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དག་མ་ཡིན་པར་ཐལ། ཁྱོད་ཀྱི་བསྒྲུབ་བྱའི་ཆོས་རྟོགས་ན་རང་རིག་རྟོགས་དགོས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། རང་རིག་སྒྲུབ་བྱེད་ཀྱི་སྦྱོར་བ་ཡོད་པའི་ཕྱིར་ཟེར་ན། སྦྱོར་བ་དེའི་བསྒྲུབ་བྱ་རྟོགས་པ་ཙམ་གྱིས་རང་རིག་མི་འགྲུབ་ན་ཡང་སྦྱོར་བ་དེའི་རྟགས་ལས་རྟགས་གཞན་ལ་བརྒྱུད་མི་དགོས་པར་སྤྱོར་བ་དེའི་རྟགས་ལས་རང་རིག་ཡོད་པར་རྟོགས་པའི་རྗེས་དཔག་སྐྱེ་ནུས་པས་ན་དེ་རང་རིག་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དག་ཡིན་ནོ། །འོན་ཀྱང་མགོ་མཚུངས་ཀྱི་རིགས་པས་དཔྱད་ན། སྦྱོར་བ་དེའི་བསྒྲུབ་བྱ་རྟོགས་ན་རང་རིག་རྟོགས་མི་དགོས་ན་དེ་རང་རིག་སྒྲུབ་བྱེད་ཀྱི་སྦྱོར་བ་མ་ཡིན་དགོས་པར་ཐལ། སྦྱོར་བ་དེ་དང་དེའི་བསྒྲུབ་བྱ་རྟོགས་ན་སྒྲ་མི་རྟག་པ་རྟོགས་མི་དགོས་ན་སྦྱོར་བ་དེ་སྒྲ་མི་རྟག་པར་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དག་མ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། སྒྲ་ཆོས་ཅན། བྱས་པ་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་ཡིན་པར་ཐལ། སྦྱོར་བ་དེ་སྒྲ་མི་རྟག་པར་སྒྲུབ་པའི་སྦྱོར་བ་ཡང་དག་ཡིན་པ་ལ་དེའི་བསྒྲུབ་བྱ་རྟོགས་ན་སྒྲ་མི་རྟག་པ་རྟོགས་མི་དགོས་པ་གང་ཞིག གཞན་དེ་མ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན་དཔྱད། གཞན་ཡང་སྔོན་འཛིན་མིག་ཤེས་དྲན་པའི་དྲན་ཤེས་ཡོད་ན་སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཡོད་པས་ཁྱབ་པར་ཐལ། གོང་གི་སྦྱོར་བ་དེ་དྲན་པའི་རྟགས་ཀྱིས་སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཡོད་པར་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དགཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཁྱོད་གཞན་རིག་གི་ཤེས་པ་ཡིན་ན་ཁྱོད་དྲན་པའི་དྲན་ཤེས་གང་ཟག་དེའི་རྒྱུད་ལ་ཡོད་ན་ཁྱོད་ཉམས་སུ་མྱོང་བའི་རང་རིག་གང་ཟག་དེའི་རྒྱུད་ལ་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། ལྷས་སྦྱིན་གྱི་མིག་ཤེས་ཆོས་ཅན། མཆོད་སྦྱིན་གྱི་རྒྱུད་ན་ཁྱོད་ཉམས་སུ་མྱོང་བའི་རང་རིག་ཡོད་པར་ཐལ། ཁྱོད་དྲན་པའི་དྲན་ཤེས་མཆོད་སྦྱིན་གྱི་རྒྱུད་ལ་ཡོད་པའི་ཕྱིར་ཟེར་བ་དང༌། སྤྱིར་ཁྱོད་དྲན་པའི་དྲན་ཤེས་ཡོད་ན་ཁྱོད་ཉམས་སུ་མྱོང་བའི་རང་རིག་ཡོད་པས་ཁྱབ་པར་ཐལ། དྲན་པའི་རྟགས་ཀྱིས་རང་རིག་སྒྲུབ་ཚུལ་ཡོད་པའི་ཕྱིར་ཟེར་ན་དཔྱད། སྤྱིར་རང་རིག་སྒྲུབ་བྱེད་ཀྱི་རིགས་པ་ཚད་མ་རྣམ་འགྲེལ་ལས་བཤད་པ་ལ་གྲགས་ཆེ་བ་གསུམ་ཡོད་དེ། དམིགས་མྱོང་སོ་སོར་འབྱེད་པའི་རིགས་པ་དང༌། གསལ་བའི་རང་བཞིན་རིག་པའི་རིགས་པ་དང༌། དུས་ཕྱིས་དྲན་པའི་རིགས་པ་དང་གསུམ་ཡོད་པ་ལས། དང་པོ་ནི། རྣམ་འགྲེལ་ལས། དེས་ན་ཤེས་པ་ཐམས་ཅད་ཀྱི། །དམིགས་མྱོང་དག་ནི་ཐ་དད་ཡིན། །དོན་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། །ཞེས་གསུངས་པ་དེའི་དོན་སྦྱོར་ནི། སྔོན་འཛིན་མིག་ཤེས་ཆོས་ཅན། ཁྱོད་ཀྱི་དམིགས་པ་དང་མྱོང་བ་ཐ་དད་པ་ཡིན་ཏེ། དམིགས་བྱ་སྔོན་པོའི་ངོ་བོར་མ་སྐྱེས་ཀྱང་དེ་དང་འདྲ་བ་དེ་ལ་དམིགས་པ་དང༌། མྱོང་བྱེད་རང་ཉིད་མྱོང་བྱའི་ངོ་བོར་གསལ་བར་སྐྱེས་པས་མྱོང་བྱ་དེ་མྱོང་བར་འཇོག་དགོསཔའི་ཕྱིར། དཔེར་ན་རྣལ་འབྱོར་བའི་རྒྱུད་ཀྱི་གཞན་རྒྱུད་ཀྱི་སྡུག་བསྔལ་ལ་དམིགས་པའི་ཤེས་པ་དེས་སྡུག་བསྔལ་དམིགས་ཀྱང་དེ་མ་མྱོང་བ་བཞིན་ནོ། །ཞེས་པ་ལྟར་འགོད་དགོས་སོ། །དེ་ལས་དཔྱད་པ་བྱེད་ཚུལ་ཞིག སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། ཆོས་དེ་རྟོགས་ན་ཆོས་དེ་ཉམས་སུ་མྱོང་བས་ཁྱབ་པར་ཐལ། སྔོ་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རང་རིག་གིས་སྔོན་འཛིན་མིག་ཤེས་ཉམས་སུ་མྱོང་བའི་རྒྱུ་མཚན་དེ་རྟོགས་པའིརྒྱུ་མཚན་མ་ཡིན་རྒྱུ་མཚན་གཞན་ཡོད་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། སངས་རྒྱས་འཕགས་པ་ཆོས་ཅན། དམ་བཅའ་བའི་སྡུག་བསྔལ་མྱོང་པར་ཐལ། དམ་བཅའ་བའི་སྡུག་བསྔལ་རྟོགས་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། སྤྱིར་བཏང་གི་མྱོང་བའི་ཚད་ཡོད་པའི་ཕྱིར་ཟེར་ནས་རང་རིག་གིས་མྱོང་ཚུལ་དང༌། ཚོར་བས་མྱོང་ཚུལ་དང༌། ལྕེ་ཤེས་ཀྱིས་རོ་མྱོ་ཚུལ་དང༌། སྡུག་བསྔལ་མྱོང་ཚུལ་སོགས་ལ་དཔྱད་དོ། །གཉིས་པ་གསལ་བའི་རང་བཞིན་གྱི་རིགས་པ་ནི། རྣམ་འགྲེལ་ལས། དེའི་ཕྱིར་ངེད་ཀྱི་བློ་རང་ཉིད། །གསལ་བའི་ངོ་བོར་རབ་གསལ་ཞིང༌། །གཞན་དེར་ངོ་བོར་འཕོ་བ་ཡིས། །གསལབ་ན་ནི་རབ་གསལ་ཉིད། །ཅེས་གསུངས་པ་དེའི་དོན་སྦྱོར་ནི། དཔལ་ཆོས་ཀྱི་གྲགས་པ་ངེད་ཀྱི་ལུགས་ལ་སྔོན་འཛིན་ཆོས་ཅན། གསལ་བའི་བདག་ཉིད་དུ་འཇོག་པའི་ཚུལ་རྣམ་པ་གཉིས་ཡོད་དེ། རང་ཉིད་གསལ་བའི་ངོ་བོར་རབ་ཏུ་སྐྱེས་པས་རང་ཉིད་གསལ་ཞིང་སྔོ་སོགས་ཤེས་པ་དེ་ཡི་རྣམ་པའི་ངོ་བོར་འཕོ་བ་ཡིས་ཡུལ་རབ་ཏུ་བྱེད་པའི་ཕྱིར་རོ། །ཞེས་པ་ལྟར་འགོད་དགོས་སོ། །དེ་ལ་ངོ་བོ་གསལ་བའི་ཚད་དང༌། ཡུལ་གསལ་བའི་ཚད་སོ་སོར་དྲིས་ནས་བློ་ཡིན་ན་རང་ཡུལ་གསལ་བའི་བེམ་མིན་ཡིན་དགོས་མིན་དང༌། རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་པ་སོགས་ཀྱིས་སྔར་ལྟར་དཔྱད། གསུམ་པ་ནི། ཚད་མ་ཀུན་བཏུས་ལས། དུས་ཕྱིས་དྲན་པ་ལས་ཀྱང་སྟེ། །ཚུལ་གཉིས་དང་ནི་རང་རིག་གྲུབ། །མ་མྱོང་བས་འདི་མེད་ཕྱིར་རོ། །ཞེས་དང༌། རྣམ་འགྲེལ་ལས། དྲན་པ་ལས་ཀྱང་བདག་རིག་གྲུབ། །ཅེས་གསུངས་པ་དེའི་དོན་སྦྱོར་ནི། སྔོན་འཛིན་མིག་ཤེས་ཆོས་ཅན། མྱོང་བྱེད་ཡོད་དེ། དུས་ཕྱིས་དྲན་པ་ཡོད་པའི་ཕྱིར། དཔེར་ན། གཟུགས་བཞིན་ཞེས་པ་ལྟར་འགོད་དགོས། དེ་ལ་དཔྱད་པ་བྱེད་ཚུལ་ཞིག་བཀོད་ན། དུས་ཕྱིས་ཡུལ་དེ་དྲན་པའི་དྲན་པ་ཡོད་ན་དེའི་སྔོན་དུ་ཡུལ་དེ་མྱོང་བའི་ངེས་པ་མེད་པར་ཐལ། སྔར་ཡུལ་མྱོང་ནས་ཡུལ་ཅན་མ་མྱོང་ཡང་ཡུལ་ཡུལ་ཅན་དུ་འབྲེལ་བའི་སྟོབས་ཀྱིས་དུས་ཕྱིས་ཡུལ་ཅན་དྲན་པའི་དྲན་པ་སྐྱེ་ནུས་པའིཕྱིར། དཔེར་ན། དགུན་དུས་སུ་བྱི་བས་རྨུགས་པ་ན་རྨུགས་པ་མྱོང་ནས་དུག་ཞུགས་པ་མ་མྱོང་ཡང་དུས་ཕྱིས་འབྲུག་གི་སྒྲ་ཐོས་པས་དུག་བསླངས་པར་གྱུར་པ་ན་སྔར་བྱི་བས་རྨུགསཔའི་དུས་སུ་དུག་ཞུགས་པར་འདུག་སྙམ་དུ་དྲན་པ་སྐྱེ་བ་བཞིན་ཡིན་པའི་ཕྱིར་ཏེ། སྤྱོད་འཇུག་ལས། གལ་ཏེ་རང་རིག་ཡོད་མིན་ན། །རྣམ་ཤེས་དྲན་པར་ཇི་ལྟར་འགྱུར། །གཞན་མྱོང་བ་ན་འབྲེལ་པ་ལས། །དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་གསུངས་པས་དེ་དག་གི་དོན་ལ་ཞིབ་མོར་དཔྱད་པར་བྱའོ། །

བཞི་བ་རྣལ་འབྱོར་མངོན་སུམ་གྱི་མཐའ་དཔྱད་པ།

བཞི་བ་རྣལ་འབྱོར་མངོན་སུམ་གྱི་མཐའ་དཔྱད་པ་ལ།

ཚད་མ་མདོ་ལས། རྣལ་འབྱོར་རྣམས་ཀྱི་བླ་མས་བསྟན། །མ་འདྲེས་པ་ཡི་དོན་ཙམ་མཐོང༌། །ཞེས་དང༌། མདོའི་རང་འགྲེལ་ལས། རྣལ་འབྱོར་བ་རྣམས་ཀྱིས་ཀྱང་ལུང་ལས་རྣམ་པར་རྟོག་པ་དང་མ་འདྲེས་པའི་དོན་ཙམ་མཐོང་བ་ནི་མངོན་སུམ་མོ། །ཞེས་དང༌། རྣམ་འགྲེལ་ལས། རྣལ་འབྱོར་ཤེས་པ་སྔར་བཤད་པ། །དེ་དག་གི་དེ་གོམས་བྱུང་ཡིན། །ཞེས་དང༌། འགྲེལ་བཤད་རིན་ཆེན་འཕྲེང་བ་༣༡༡ལས། རྣལ་འབྱོར་པའི་ཤེས་པ་ཐམས་ཅད་མངོན་སུམ་མིན་གྱི། སྔར་ལེའུ་གཉིས་པར་བཤད་པའི་བདེན་བཞི་དེ་དག་གི་རྣམ་པ་བཅུ་དྲུག་མངོན་སུམ་གྱིས་མཐོང་བའི་བློ་དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་ཡིན་ཏེ། ཡང་དག་པའི་དོན་བསྒོམས་པ་ལས་བྱུང་བའི་འཕགས་པའི་རྟོག་བྲལ་མ་འཁྲུལ་བའི་ཤེས་པ་ཡིན་པའིཕྱིར། ཞེས་གསུངས་པའི་དོན། བློ་རིག་ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཞི་ལྷག་ཟུང་འབྲེལ་གི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཡུལ་ཡང་དག་པའི་དོནལ་རྟོག་བྲལ་མ་འཁྲུལ་བའི་མཁྱེན་པ། རྣལ་འབྱོར་མངོན་སུམ་གི་མཚན་ཉིད། ཅེས་གསུངས་པ་ལ། ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཆོས་ཅན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཞི་ལྷག་ཟུང་འབྲེལ་གི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཡུལ་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་མཁྱེན་པ་ཡིན་པར་ཐལ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར་ཏེ། ཕར་ཕྱིན་ཉ་ཊིཀ་ལས། ཡེ་ཤེས་ཆོས་ཉིད་གསལ་སྣང་ཅན་ཡིན་པས་རྣལ་འབྱོར་མངོན་སུམ་དུ་ཁས་བླང་དགོས་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། ཐེག་ཆེན་སྦྱོར་ལམ་མཉམ་བཞག་ཡེ་ཤེས་ཆོས་ཅན། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་དུ་གྱུར་བའི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་རང་ཡུལ་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་མཁྱེན་པ་མ་ཡིན་པར་ཐལ། རྟོག་བྲལ་མ་འཁྲུལབའི་མཁྱེན་པ་མ་ཡིན་པའི་ཕྱིར་ཏེ། རྟོག་བྲལ་མ་ཡིན་པའི་ཕྱིར། དེར་ཐལ། རྟོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་ཡུལ་ཆོས་ཉིད་བདེན་པ་ལ་རྟོག་མེད་ཡིན་པར་ཐལ། ཆོས་ཉིད་ལ་རྩེ་གཅིག་པའི་མཉམ་བཞག་གང་ཞིག རྟོག་མེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡུལ་ཆོས་ཉིད་སྒྲ་སྤྱི་དོན་སྤྱི་བྲལ་བའི་སྒོ་ནས་རྟོགས་པར་ཐལ། དེ་རྟོགས་པའི་རྟོག་མེད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་ཡུལ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པར་ཐལ། རང་ཡུལ་ཆོས་ཉིད་སྒྲ་སྤྱི་དོན་སྤྱི་བྲལ་བའི་སྒོ་ནས་རྟོགས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དེས་རྗེས་སུ་མཐོང་ལམ་ཐོབ་པ་དེའི་ཚེ་ཆོས་ཉིད་མངོན་སུམ་དུ་གསར་དུ་རྟོགས་པ་ཡིན་པའི་ཕྱིར་ཏེ། མཛོད་ལས། མ་མཐོང་མཐོང་ཕྱིར་མཐོང་བའི་ལམ། །ཞེས་གསུངས་པའི་ཕྱིར། ཡང་གོང་དུ་དེ་རྣལ་འབྱོར་མངོན་སུམ་ཡིན་པར་འདོད་མི་རིགས་ཏེ། སྔོན་མེད་ལེགས་བཤད་ལས། རྣལ་འབྱོར་མངོན་སུམ་གྱིས་རྟོགས་པ་ནི་མ་ཡིན་པ་དང། ཞེས་དང༌། རྣལ་འབྱོར་མངོན་སུམ་གྱི་མཚན་ཉིད་གཏན་ཚིགས་དོན་བསྡུས་ལས། སྒོམ་བྱུང་འཕགས་པའི་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཞེས་པའོ། །ཉན་ཐོས་འཕགས་པའི་རྒྱུད་ཀྱི་སྒོམ་བྱུང་ཤེས་པ་རྟོག་བྲལ་མ་འཁྲུལ་བ་ཞེས་སོགསའདོན་པ་བསྒྱུར་རོ། །ཞེས་སོགས་དང་འགལ་བར་འགྱུར་བར་སྣང་བས་བརྟག་པར་བྱའོ། །ཡང་རྣལ་འབྱོར་མངོན་སུམ་ཡིན་ན་རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིགཔ་ཐམས་ཅད་མངོན་སུམ་དུ་ངེས་པས་ཁྱབ་པར་ཐལ། རྣམ་འགྲེལ་ལས། བློ་གྲོས་ཆེན་པོ་མཐོང་ཉིད་ནས། །རྣམ་པ་ཐམས་ཅད་ངེས་པར་བྱེད། །ཅེས་གསུངས་པའི་ཕྱིར། འདོད་ན། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཀུན་གཞིའི་རྣམ་ཤེས་མི་རྟག་པ་མངོན་སུམ་དུ་རྟོགས་པའིརྣལ་འབྱོར་མངོན་སུམ་ཆོས་ཅན། རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་ངེས་པར་ཐལ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཉན་རང་དགྲ་བཅོམ་པའི་རྒྱུད་ཀྱི་ཀུན་གཞི་རྣམ་ཤེས་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། ཀུན་གཞི་རྣམ་ཤེས་ངེས་པར་ཐལ། ཀུན་གཞི་རྣམ་ཤེས་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་ངེས་པ་གང་ཞིག ཀུན་གཞིའི་རྣམ་ཤེས་དེ་ཀུན་གཞིའི་རྣམ་ཤེས་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པའི་ཆོས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་ཀུན་གཞིའི་རྣམ་ཤེས་རྟོགས་པར་ཐལ། ཁྱོད་ཀྱི་རྒྱུད་ན་ཀུན་གཞིའི་རྣམ་ཤེས་རྟོགས་པའི་བློ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཉན་རང་དགྲ་བཅོམ་པ་ཆོས་ཅན། ཁྱོད་ལ་ཀུན་གཞིའི་རྣམ་ཤེས་བསྟན་རིགས་པར་ཐལ། ཁྱོད་ཀྱིས་ཀུན་གཞིའི་རྣམ་ཤེས་རྟོགས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། མདོ་སྡེ་དགོངས་པ་ངེས་འགྲེལ་ལས། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོ་རྒྱུན་བཞིན་འབབ། །བདག་ཏུ་རྟོགས་པར་འགྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། རྟོགས་ན་དེ་ལ་བསྟན་ན་མི་རིགས་པའི་རྒྱུ་མཚན་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ལོངས་སྐུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། རང་ཡུལ་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་ངེས་པར་ཐལ། རྣལ་འབྱོར་མངོན་སུམ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཉན་ཐོས་དགྲ་བཅོམ་པའི་རྒྱུད་ཀྱི་ལོངས་སྐུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་རྣལ་འབྱོར་མངོན་སུམ་ཆོས་ཅན། ལོངས་སྐུ་ངེས་པར་ཐལ། ལོངས་སྐུ་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མངོན་སུམ་དུ་ངེས་པའི་ཕྱིར། ཁྱབ་སྟེ། ལོངས་སྐུ་དེ་ལོངས་སྐུ་མི་རྟག་པ་དང་གྲུབ་བདེ་དབྱེར་མེད་པའི་རྫས་གཅིག་པའི་ཆོས་ཡིན་པའི་ཕྱིར། འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་ལོངས་སྐུ་ངེས་པར་ཐལ། ཁྱོད་ཀྱི་རྒྱུད་ན་ལོངས་སྐུ་ངེས་པའི་བློ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཉན་ཐོས་དགྲ་བཅོམ་པ་ཆོས་ཅན། ཁྱོད་ཀྱིས་ལོངས་སྐུ་མ་ངེས་པར་ཐལ། ལོངས་སྐུ་ཁྱོད་ཀྱིས་མ་ངེས་པ་ཡིན་པའི་རྒྱུ་མཚན་གྱིས་ཟབ་པ་ཡིན་པར་འཇོག་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་འགྲེལ་ལས། རྟོག་པའི་དྲྭ་བ་རྣམ་བསལ་ཅིང༌། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་དང༌། འགྲེལ་བ་རིན་ཕྲེང་༣ལས། ཉན་རང་སོགས་ཀྱི་སྤྱོད་ཡུལ་མིན་པས་ཟབ་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད་དོ། །ཡང་བློ་རིག་ལས། བརྩེ་བ་དང་བདག་མེད་རྟོགས་པའི་ཤེས་རབ་རེ་རེ་ནས་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་བསྒོམས་པ་ལས་བསྒོམ་བྱའི་དོན་ལ་གསལ་སྣང་རབ་ཀྱིས་མཐར་ཕྱིན་འབྱུངརུང་ཡིན་ཏེ། རྟེན་བརྟན་པ་གོམས་པར་བྱས་ཟིན་འབད་རྩོལ་བསྐྱར་མ་ལ་མི་ལྟོས་པའི་སེམས་རྒྱུད་ཀྱི་ཆོས་ཡིན་པའི་ཕྱིར། དཔེར་ན། འདོད་ཆགས་བཞིན། ཞེས་དང༌། རྣམ་འགྲེལ་ལས། དེ་ཕྱིར་ཡང་དག་ཡང་དག་མིན། །གང་གང་ཤིན་ཏུ་བསྒོམས་གྱུར་པ། །བསྒོམསཔ་ཡོངས་སུ་རྫོགས་པ་ན། །དེ་གསལ་མི་རྟོག་བློ་འབྲས་ཅན། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་༣༡༢ལས། དེ་ཕྱིར་ནས་བློ་འབྲས་ཅན་གྱི་བར་ལ། ཟད་པར་ས་སོགས་སྒོམ་པ་རྫོགས་པའི་སོ་སྐྱེའི་བློ་ཆོས་ཅན། དེ་ལྟར་གོམས་པས་གོམས་ཡུལ་གསལ་བར་སྣང་བ་སྐྱེར་རུང་སྟེ། དེ་ཡི་རྒྱུ་ཚང་བས་སོ། །ཞེས་གསུངས་པ་ལ། དེ་འདྲའི་སྦྱོར་བ་དེ་ཆོས་ཅན། རྣལ་འབྱོར་མངོན་སུམ་སྒྲུབ་བྱེད་ཀྱི་སྦྱོར་བ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱ་གྲུབ་ན་རྣལ་འབྱོར་མངོན་སུམ་གྲུབ་མི་དགོས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། སྒྲ་ཆོས་ཅན། བྱས་པ་ཡིན་ཏེ། རྒྱུ་རྐྱེན་ལས་སྐྱེས་བའི་ཕྱིར་ཞེས་པའི་སྦྱོར་བ་དེ་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་མ་ཡིན་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་འདོད་ཆགས་ཆོས་ཅན། གོམས་རྐྱེན་དང་མ་བྲལ་བར་གོམས་པ་ལས་གོམས་བྱའི་དོན་ལ་གསལ་སྣང་རབ་ཀྱི་མཐར་ཕྱིན་འབྱུང་རུང་ཡིན་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཆོས་གཉིས་ལྡན་གྱི་མཐུན་དཔེ་ཡང་དག་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དེ་ཆོས་ཅན། རྟོག་མེད་ཀྱི་ཤེས་པ་ཡིན་པར་ཐལ། རང་ཡུལ་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར། ཁྱབསྟེ། རྣམ་འགྲེལ་ལས། གསལ་བར་སྣང་བ་ཅན་བློ་གང༌། །དེ་ནི་དེ་ལ་རྟོག་མེད་འདོད། །ཅེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཉོན་མོངས་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཉོན་མོངས་པ་ཡིན་ན་རྟོག་བཅས་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱི་དོན་ལས། ཉོན་མོངས་པ་ཡིན་ན་རྟོག་བཅས་ཡིན་པས་ཁྱབ་པའི་ཕྱིར་ཞེས་གསུངས་པའི་ཕྱིར། འདོན་ན། འདོད་ཆགས་ཆོས་ཅན། ཡུལ་གསལ་བར་སྣང་བ་མ་ཡིན་པར་ཐལ། རྟོག་བཅས་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཚད་མ་རྣམ་འགྲེལ་ལས། རྣམ་པར་རྟོག་དང་རྗེས་འབྲེལ་ནི། །དོན་གསལ་སྣང་བ་ཅན་མ་ཡིན། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་༣༡༢ལས། ཤེས་པ་ཆོས་ཅན། གསལ་བར་སྣང་བའི་བློ་ཡིན་ན་རྟོག་མེད་ཡིན་ཏེ། རྣམ་རྟོག་རྗེས་སུ་འབྲེལ་བ་ལས་རྣམ་རྟོག་ཡིན་ན་དོན་གསལ་བར་སྣང་བ་མིན་པས་སོ། །དེར་ཐལ། རྟོག་པའི་ཡུལ་གསལ་བར་སྣང་བ་ཡོད་ན། རྨི་ལམ་ན་ཡང་དྲན་པ་དེ་དང་དེ་འདྲའི་དོན་ལྡན་མིན་པས་ཏེ། རྨི་ལམ་གྱི་དྲན་པ་དེ་དེ་ལྟར་དྲན་དགོས་པ་ལ་མི་གསལ་བར་དྲན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། འདོད་ཆགས་ཆོས་ཅན། ཡུལ་གསལ་བར་སྣང་བ་མེད་པར་ཐལ། འདོད་པའི་ཕྱིར། འདོད་མི་རིགས་ཏེ། ཐོག་མེད་ནས་འདོད་ཆགས་ཀྱིས་ཡུལ་ལ་གོམས་ནས་གོམས་པ་རྫོགས་པ་གང་ཞིག ཡུལ་ཡང་དག་པ་བདེན་བཞི་མི་རྟག་བཅུ་དྲུག་ལྟ་བུ་དང༌། ཡང་དག་མིན་པ་ཆགས་ཡུལ་དང༌། ཟད་པར་གྱི་ཏིང་ངེ་འཛིན་གྱི་ཡུལ་དག་ལ་གོམས་པ་རྫོགས་ན་གསལ་སྣང་བྱུང་བ་སེམས་ཀྱི་ཆོས་ཉིད་ཡིན་པའི་ཕྱིར་ཏེ། ཚད་མ་རྣམ་འགྲེལ་ལས། མི་གཙང་ཟད་པར་ས་ལ་སོགས། །ཡང་དག་མིན་པའང་བསྒོམས་པ་ཡིན། །སྟོབས་ཀྱིས་སྤྲུལ་པ་རྟོག་མེད་དང༌། །གསལ་བར་སྣང་བ་ཅན་དུ་མཐོང༌། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་༣༡༢ལས། མི་གཙང་ནས་ཅན་དུ་མཐོང་གི་བར་ལ། མི་བསྡུག་པ་དང་ཟད་པར་ས་ལ་སོགས་པ་མི་བདེན་པའི་དོན་བསྒོམས་པས་གོམས་ཡུལ་གསལ་བར་སྣང་བ་སངས་རྒྱས་པའི་གྲུབ་མཐའ་ལས་བཤད་པས་སོ། །ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད། འོན་ཀྱང་འདོད་ཆགས་ལ་ཡུལ་གསལ་བར་སྣང་ཞེས་པ་དེ་ནི་སྒྲ་སྤྱི་དོན་སྤྱི་བྲལ་བའི་སྒོ་ནས་གསལ་བར་སྣང་བ་མིན་པར་ཆགས་ཡུལ་དེ་མདུནན་ཡོད་པ་ལྟ་བུའི་སྣང་བ་ཤར་བ་ལ་བྱེད་དགོས་པ་འདྲ་སྟེ། བསྡུས་གྲྭའི་སྤྱི་དོན་༣༤༥ལས། དཔེར་ན། འདོད་ཆགས་བཞིན།འདོད་ཆགས་དང་འཇིགས་པ་མྱ་ངན་སོགས་གོམས་པ་ལས་རང་ཡུལ་ལ་གསལ་སྣང་འབྱུང་སྟེ། འདོད་ཆགས་གོམས་པ་ལས་ཆགས་ཡུལ་མདུན་ན་གནས་པ་ལྟ་བུར་མཐོང་ནས་ལག་པས་འཇུ་བ་དང༌། སུ་ཞིག་ཞེས་སྨྲ་བ་དང༌། འཇིགས་པ་གོམས་པས་འཇིགས་པའི་དངོས་པོ་དེ་མཐོང་ནས་མཚོན་ཆ་ལེན་པ་སོགས་དང༌། བུ་ཤི་བའི་མྱ་ངན་ལ་གོམས་པས་བུ་མཐོང་ནས་དེ་ལ་ངག་སྨྲ་བ་སོགས་འབྱུང་བའི་ཕྱིར།རྟགས་རེ་རེ་ནས་ཁྱབ་སྟེ། བློ་ལ་སྣང་བའི་ཡུལ་ལ་ལུས་ངག་གི་བྱེད་པ་འཇུག་པ་ནི་གསལ་བར་སྣང་བའི་ཡུལ་ལ་ཡིན་གྱི་མི་གསལ་བའི་ཡུལ་ལ་ལུས་ངག་གི་བྱེད་པ་འཇུག་པ་མེད་པའི་ཕྱིར། ཟུར་ཕྱི་མ་དེར་ཐལ།རྟོག་པ་ལ་སྣང་བའི་ཡུལ་ཙམ་ལ་ལུས་ངག་གི་བྱེད་པ་འཇུག་པ་མ་མཐོང་བའི་ཕྱིར། ཞེས་དང༌། ཚད་མ་རྣམ་འགྲེལ་ལས། །རྐུན་པོ་རྨི་སོགས་ཀྱིས་བསླད་པས། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པ་མཐོང་བར་འགྱུར། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་༣༡༢ལས། ཤེས་བྱ་ཆོས་ཅན། གོམས་པ་གོམས་ཡུལ་གསལ་བར་སྣང་བ་ཡོད་དེ། འདོད་ཆགས་དང་འཇིགས་པ་དང། མྱ་ངན་གྱིས་བརླབས་ཏེ་སྨྱོ་བ་དང། རྐུན་པོ་དང། རྨི་ལམ་ལ་སོགས་ཀྱིས་སེམས་སླད་པས་ཡང་དག་པ་མིན་པའི་གོམས་ཡུལ་མདུན་ན་གནས་པ་བཞིན་དུ་ནི་མཐོང་བ་ཡོད་པས་སོ། །ཞེས་གསུངས་པའི་ཕྱིར། ཡང་གོམས་རྐྱེན་དང་མ་བྲལ་བར་བསྒོམས་པ་ལས་བསྒོམ་བྱའི་དོན་ལ་གསལ་སྣང་རབ་ཀྱིས་མཐར་ཕྱིན་འབྱུང་རུང་ཡིན་ན་སློབ་པ་ལམ་གྱི་སྐབས་སུ་བདག་མེད་དང་བདེན་མེད་སྒོམ་ནས་སངས་རྒྱས་པ་དེའི་ཚེ་གོམས་པ་མཐར་ཕྱིན་ནས་གསལ་བར་སྣང་དགོས་པ་ལ་དེའི་ཚེ་ཀུན་རྫོབ་ཀྱི་སྣང་བ་མཐའ་དག་ནུབ་ནས་ཀུན་རྫོབ་མི་སྣང་བ་ཆོས་ཉིད་འབའ་ཞིགསྣང་བ་ཡིན་པའི་ཕྱིར་ཏེ། སུམ་ཅུ་པ་ལས། དེ་ཚེ་ཆོས་ཉིད་འབའ་ཞིག་ལུས་པར་ཟད། །ཅེས་གསུངས་པ་སོགས་ཀྱིས་སྔར་ལྟར་སངས་རྒྱས་ལ་ཀུན་རྫོབ་སྣང་མིན་དཔྱད་དོ། །

གཉིས་པ་མངོན་སུམ་ལྟར་སྣང་གི་མཐའ་དཔྱད་པ།

གཉིས་པ་མངོན་སུམ་ལྟར་སྣང་གི་མཐའ་དཔྱད་པ་ལ།

མདོར། འཁྲུལ་དང་ཀུན་རྫོབ་ཤེས་པ་དང། །རྗེས་དཔག་རྗེས་སུ་དཔག་ལས་བྱུང། །དྲན་དང་མངོན་འདོད་ཅེས་བྱའོ། །མངོན་སུམ་ལྟར་སྣང་རབ་རིབ་བཅས། །ཞེས་རྟོག་པ་མངོནསུམ་ལྟར་སྣང་དྲུག་དང་རྟོག་མེད་མངོན་སུམ་ལྟར་སྣང་གཅིག་སྟེ་བདུན་དུ་བྱས་ནས་གསུངསཔའི་དོན་རྣམ་འགྲེལ་ལས། མངོན་སུམ་ལྟར་སྣང་རྣམ་པ་བཞི། །རྟོག་པའི་ཤེས་པ་རྣམ་གསུམ་དང༌། །རྟེན་བསླད་པ་ལས་བྱུང་བ་ཅན། །རྟོག་པ་མེད་པ་གཅིག་ཡིན་ནོ། །ཞེས་ཀུན་རྫོབ་ཤེས་པ་ལ་བརྡ་རྟེན་ཅན་དང༌། འཁྲུལ་དང་ཞེས་པའི་དོན་སྨིག་རྒྱུ་ཆུར་འཛིན་ལྟ་བུ་ལ་དོན་གཞན་ལ་སྒྲོ་འདོགས་པ་དང༌། ལྷག་མ་བཞི་ལྐོག་ཏུ་གྱུར་བའི་དོན་ཅན་དུ་བྱས་ནས་རྟོག་པ་མངོན་སུམ་ལྟར་སྣང་གསུམ་གསུངས་པ་མི་འཐད་པར་ཐལ། ཀུན་རྫོབ་ཤེས་པ་ཡང་ལྐོག་གྱུར་དོན་ཅན་དུ་བསྡུ་དགོས་པའི་ཕྱིར་ཏེ། དེ་ལྐོག་གྱུར་དོན་ཅན་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་སྟེ། ཀུན་རྫོབ་ཤེས་པ་རིགས་པ་ཅན་པས་དབང་ཤེས་རྟོག་མེད་དུ་འདོད་པའི་ལོག་རྟོག་སེལ་བའི་ཆེད་དུ་རྣམ་འགྲེལ་ལས་ལོགས་སུ་བཤད་པ་ཙམ་ཡིན་པའིཕྱིར། དེར་ཐལ། ཚད་མ་མདོ་ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་གཉིས་རིགས་པ་ཅན་པས་དབང་ཤེས་དང་རྟོག་མེད་དུ་འདོད་པའི་ལོག་རྟོག་སེལ་བའི་ཆེད་དང༌། ཕྱི་མ་བཞི་དེའི་མཐུན་དཔེ་རུ་གསུངས་པ་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། དབང་སྐྱེས་མིན་པར་གྲུབ་དོན་དུ། །གཉིས་བཤད་འཁྲུལ་པ་མཐོང་ཕྱིར་རོ། །རྗེས་དཔག་སོགས་གྲུབ་བརྗོད་པ་ནི། །སྔ་མ་གཉིས་ཉིད་བསྒྲུབ་ཕྱིར་རོ། །ཞེས་དང༌། འགྲེལ་བཤད་རིན་ཆེན་འཕྲེང་བ་༣༡༣ལས། འཁྲུལ་དང་ཀུན་རྫོབ་ཤེས་པ་གཉིས་ཆོས་ཅན། རྟོག་པ་མངོན་སུམ་ལྟར་སྣང་དུ་བསྟན་པ་ལ་དགོས་པ་ཡོད་དེ། དབང་སྐྱེས་དེ་དབང་ཤེས་མིན་པར་གྲུབ་དོན་དུ་དེར་བཤད་པས་སོ། །དེར་འཆད་པའི་རྒྱུ་མཚན་ནི། དེ་ཆོས་ཅན། །དེ་ཡོད་དེ་རིགས་པ་ཅན་སོགས་ཁྱེད་གསུམ་འཁྲུལ་པ་དབང་ཤེས་སུ་འཁྲུལ་པ་མཐོང་བའི་ཕྱིར། རྗེས་དཔག་སོགསབཞི་ཆོས་ཅན་རྟོག་པར་གྲུབ་ཀྱང་མངོན་སུམ་ལྟར་སྣང་དུ་བརྗོད་པ་ལ་ནི་དོན་ཡོད་དེ། སྔ་མ་གཉིས་ཉིད་དབང་ཤེས་མིན་པའི་བསྒྲུབ་པའི་མཐུན་དཔེར་བསྟན་པའི་ཆེད་དུ་དེ་ལྟར་བསྟན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། རིགས་པ་ཅན་པས་སྔ་མ་གཉིས་དབང་ཤེས་སུ་འཁྲུལ་བ་བཞིན་རྗེས་སུ་དཔག་པ་ལས་བྱུང་བའམ་རྟགས་ཅན་རྗེས་དཔག་ཡང་དེས་དབང་ཤེས་སུ་འཁྲུལ་རིགས་པར་ཐལ། རྟགས་ཅན་རྗེས་དཔག་དེས་ཀྱང་གཟུགསའཛིན་དབང་མངོན་དང་ཡུལ་ཉེ་བར་འཇུག་པའི་ཕྱིར། ཁྱབ་སྟེ། རིགས་པ་ཅན་པས་སྔ་མ་གཉིས་དབང་ཤེས་སུ་འཁྲུལ་བའི་རྒྱུ་མཚན་གཟུགས་འཛིན་པས་དབང་མངོན་དང་ཡུལ་ཉེབར་འཇུག་པས་ཡིན་པའི་ཕྱིར་ཏེ། རྣམ་འགྲེལ་ལས། །བརྡ་རྟེན་ཅན་དང་དོན་གཞན་ལ། །སྒྲོ་འདོགས་རྣམ་པར་རྟོག་པ་དག །མངོན་སུམ་ཉེར་འཇུག་ཅན་ཉིད་ཕྱིར། །འགའ་ཚེ་འཁྲུལ་པའི་རྒྱུ་ཡིན་ནོ། །ཞེས་དང༌། འགྲེལ་བཤད་རིན་ཆེན་འཕྲེང་བ་༣༡༤ལས། དེ་གཉིས་དབང་ཤེས་སུ་འཁྲུལ་རྒྱུ་ཅི་ཞེ་ན། བརྡ་རྟེན་དང་དོན་གཞན་ལ་སྒྲོ་འདོགས་པའི་རྣམཔར་རྟོག་པ་དག་ཆོས་ཅན། དུས་འགའ་ཞིག་གི་ཚེ་དབང་ཤེས་འཁྲུལ་པའི་རྒྱུ་ཡོད་པ་ཡིན་ཏེ། གཟུགས་འཛིན་དང་དམིགས་རྒྱུར་འཛིན་པའི་མངོན་སུམ་དང། ཉེ་བར་འཇུག་པའི་རྒྱུ་མཚན་གྱིས་དེར་འཁྲུལ་བས་སོ། །ཞེས་གསུངས་པས་དཔྱད། ཡང་གཏན་ཚིགས་རིགས་པའི་དོན་བསྡུས་ལས། གཉིས་པ་མངོན་སུམ་ལྟར་སྣང་ལ་མཚནཉིད་རང་གི་སྣང་ཡུལ་ལ་འཁྲུལ་པའི་བློ། ཞེས་གསུངས་པ་ལ། རང་གི་སྣང་ཡུལ་ལ་འཁྲུལཔའི་བློ་ཆོས་ཅན། མངོན་སུམ་ལྟར་སྣང་གི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ། མངོན་སུམ་ལྟར་སྣང་གི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་མཚོན་བྱ་མངོན་སུམ་ལྟར་སྣང་གི་མཚན་ཉིད་བྱེད་པ་ལས་གཞན་གྱི་མཚན་ཉིད་མི་བྱེད་པ་ཡིན་པར་ཐལ། མངོན་སུམ་ལྟར་སྣང་གི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། མངོན་སུམ་ལྟར་སྣང་ལས་གཞན་པའི་མཚན་ཉིད་བྱེད་པར་ཐལ། འཁྲུལ་ཤེས་ཀྱི་མཚན་ཉིད་བྱེད་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་འཁྲུལ་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༤༨༡ལས། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ། འཁྲུལ་ཤེས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རྟོག་མེད་མངོན་སུམ་ལྟར་སྣང་ཡིན་ན་རང་གི་བདག་རྐྱེན་དབང་པོ་སླད་པ་ལས་སྐྱེས་པའི་ཞེན་བྲལ་གྱི་བློ་ཡིན་པས་ཁྱབ་པར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། དབྱེ་ན་རྟོག་པ་དང་རྟོག་མེད་མངོན་སུམ་ལྟར་སྣང་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། རང་གི་སྣང་ཡུལ་ལ་འཁྲུལ་པའི་ཞེན་བློ་དང་རང་གི་བདག་རྐྱེན་དབང་པོ་སླད་པ་ལས་སྐྱེསཔའི་ཞེན་བྲལ་གྱི་བློའོ། །ཞེས་གསུངས་པའི་ཕྱིར། འདོད་ན། བདག་གསལ་བར་སྣང་བའི་ཡིད་ཤེས་དང༌། རྨི་ལམ་གསལ་བར་སྣང་བའི་ཡིད་ཤེས་གཉིས་ཆོས་ཅན། རང་གི་བདག་རྐྱེན་དབང་པོ་སླད་པ་ལས་སྐྱེས་པའི་ཞེན་བྲལ་གྱི་བློ་ཡིན་པར་ཐལ། རྟོག་མེད་འཁྲུལཤེས་ཡིན་པའི་ཕྱིར། འདོད་ན། གཉིད་དང་བག་ཆགས་སོགས་ཀྱིས་བསླད་པའི་དབང་གིས་རང་གི་སྣང་ཡུལ་དེ་ཕྱིན་ཅི་ལོག་ཏུ་སྣང་ན་རང་གི་སྣང་ཡུལ་ལ་འཁྲུལ་བས་ཁྱབ་པར་ཐལ། བདག་གསལ་བར་སྣང་བའི་ཡིད་ཤེས་དང༌། རྨི་ལམ་གསལ་བར་སྣང་བའི་ཡིད་ཤེས་གཉིས་རང་གི་བདག་རྐྱེན་དབང་པོ་སླད་པས་སྣང་ཡུལ་ལ་འཁྲུལ་ཚུལ་ཡོད་པའི་ཕྱིར། འདོད་ན། ཕལ་བའི་སྔོ་འཛིན་མིག་ཤེས་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ་ཡིན་པར་ཐལ། བག་ཆགས་ཀྱི་དབང་གིས་རང་གི་སྣང་ཡུལ་སྔོན་པོ་དེ་ཕྱི་དོན་དུ་མ་གྲུབ་བཞིན་དུ་ཕྱི་རོལ་དོན་དུ་གྲུབ་པར་སྣང་བའི་ཕྱིར་ཟེར་ན་དཔྱད། ཡང་བསྡུས་གྲྭའི་སྤྱི་དོན་༣༤༨ལས། བསླད་པ་མངོན་སུམ་ལྟར་སྣང་ལ་བཞི་ཡོད་དེ། འཁྲུལརྒྱུ་ཡུལ་ལ་ཡོད་པའི་རྟོག་མེད་ལོག་ཤེས་དང༌།འཁྲུལ་རྒྱུ་རྟེན་ལ་ཡོད་པའི་དེ་དང༌། འཁྲུལ་རྒྱུ་གནས་ལ་ཡོད་པའི་དེ་དང༌། འཁྲུལ་རྒྱུ་དེ་མ་ཐག་རྐྱེན་ལ་ཡོད་པའི་དེ་དང་བཞི་ཡོད་པའིཕྱིར། དང་པོ་ནི། འགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་མོ་ཡུག་ཏུ་བར་མ་ཆད་པར་སྣང་བའི་དབང་ཤེས་ལྟ་བུ་སྟེ། ཞེས་གསུངས་པ་མི་འཐད་པར་ཐལ། འགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་མོ་ཡུག་ཏུ་བར་མ་ཆད་པར་སྣང་བའི་དབང་ཤེས་མ་འཁྲུལ་བའི་ཤེས་པ་ཡིནཔའི་ཕྱིར་ཏེ། སྒྱུ་མའི་རྟ་སྣང་བའི་དབང་མངོན་དང༌། སྨིག་རྒྱུའི་ཆུ་སྣང་བའི་དབང་མངོན་མ་འཁྲུལ་བའི་ཤེས་པ་ཡིན་པ་གང་ཞིག དེ་གཉིས་འཁྲུལ་མ་འཁྲུལ་ལ་མཚུངས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༥༠ལས། སྒྱུ་མའི་རྟ་སྣང་བའི་དབང་མངོན་དང༌། སྨིག་རྒྱུའི་ཆུ་སྣང་བའི་དབང་མངོན་ལ་སོགས་པ་ནི་མ་འཁྲུལ་བའི་ཤེས་པ་ཡིན་པསཅེས་གསུངས་པའི་ཕྱིར། འདོད་ན་སྔར་གྱི་ལུང་དང་འགལ། གོང་གི་རྟགས་གཉིས་པ་གྲུབ་སྟེ། སྒྱུ་མའི་རྟ་རྟར་སྣང་བའི་དབང་ཤེས་དང༌། སྨིག་རྒྱུའི་ཆུ་ཆུར་སྣང་བའི་དབང་ཤེས་གཉིས་འཁྲུལ་ཡང་སྒྱུ་མའི་རྟ་སྣང་བའི་དབང་མངོན་དང༌། སྨིག་རྒྱུའི་ཆུ་སྣང་བའི་དབང་མངོན་མ་འཁྲུལ་བ་ཡིན་ཞེས་ཞིབ་ཆ་འབྱེད་དགོས་པ་བཞིན། འགལ་མེ་འཁོར་ལོ་འཁོར་མོ་ཡུག་ཏུ་བར་མ་ཆད་པ་འཁོར་མོ་ཡུག་ཏུ་བར་མ་ཆད་པར་སྣང་བའི་དབང་ཤེས་འཁྲུལབ་ཡིན་ཡང་འགལ་མེ་མྱུར་དུ་བསྐོར་བ་ལས་འཁོར་མོ་ཡུག་ཏུ་བར་མ་ཆད་པར་སྣང་བའི་དབང་ཤེས་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཁྱད་པར་འབྱེད་དགོས་པར་མཚུངས་པའི་ཕྱིརཟེར་ན་དཔྱད། ཡང་སྒྱུ་མའི་རྟ་སྣང་བའི་དབང་མངོན་མ་འཁྲུལ་བའི་ཤེས་པ་ཡིན་ན་སྒྱུ་མའི་རྟ་འཇོག་བྱེད་ལ་སྒྱུ་མའི་རྟ་སྣང་བའི་སྐབས་སུ་སྒྱུ་མའི་རྟའི་འོག་གི་ས་གཞི་སྣང་བའི་དབང་མངོན་འཇོག་པ་ལ་དགོས་པ་མེད་པར་ཐལ། སྒྱུ་མའི་རྟ་སྣང་བའི་དབང་མངོན་མ་འཁྲུལ་བའི་ཤེས་པ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། སྒྱུ་མའི་རྟ་འཇོག་བྱེད་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པས་སྒྱུ་མའི་རྟ་རྟ་མ་ཡིན་པར་འཛིན་པའི་རྟོག་པ་ཉམས་མྱོང་གི་རང་རིག་དང༌། མདོ་སྡེ་སྤྱོད་པའི་རང་རྒྱུད་པས་སྒྱུ་མའི་རྟ་སྣང་བའི་སྐབས་སུ་སྒྱུ་མའི་རྟའི་འོག་གི་ས་གཞི་སྣངབའི་དབང་མངོན་འཇོག་པར་འདོད་པ་ལས། མདོ་སྡེ་བའི་ལུགས་ལ་ཕྱི་མ་ལྟར་ཁས་ལེན་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༥༠ལས། སྒྱུ་མའི་རྟ་ཡོད་པར་འཇོག་བྱེད་ཀྱི་ཚད་མ་ནི། རྣལ་འབྱོར་སྤྱོད་པའི་རང་རྒྱུད་པ་ལྟར་ན་སྒྱུ་མའི་རྟ་རྟ་མ་ཡིན་པར་འཛིན་པའི་རྟོག་པ་ཉམས་སུ་མྱོང་བའི་རང་རིག་གིས་སྔར་སྒྱུ་མའི་རྟ་དམིགས་སོ་སྙམ་དུ་ཡུལ་ཅན་གྱིསཡུལ་སྒྱུ་མའི་རྟ་དམིགས་པ་དྲན་པའི་ངེས་ཤེས་རང་སྟོབས་ཀྱིས་འདྲེན་ཅིང༌། སྒྱུ་མའི་རྟ་དམིགས་པ་དྲན་པའི་ངེས་ཤེས་ཀྱིས་སྒྱུ་མའི་རྟ་ཡོད་པར་འཇོག་པས་ན་རང་རིག་གིས་སྟོབསཤུགས་ཀྱིས་སྒྱུ་མའི་རྟ་འཇོག་པ་དང༌། དྲན་པ་དེ་ངེས་ཤེས་ཀྱིས་དངོས་སུ་སྒྱུ་མའི་རྟ་ཡོད་པར་འཇོག་པ་ཡིན་ནོ། །མདོ་སྡེ་སྤྱོད་པའི་རང་རྒྱུད་པ་ལྟར་ན་དབང་ཤེས་འཁྲུལ་བ་ལ་སྒྱུ་མའི་རྟ་རྟར་སྣང་བའི་དུས་སུ་བར་སྐབས་སུ་འོག་གི་ས་གཞི་དང་བར་སྣང་སོགས་ལ་ཚད་མར་སོང་བའི་མིག་གི་དབང་ཤེས་ཞིག་ཀྱང་སྐྱེ་བར་སྲིད་ལ་དེ་ལ་སྒྱུ་མའི་རྟ་ཡང་སྣང་བས་ན་དབང་ཤེས་དེས་སྒྱུ་མའི་རྟ་ཡོད་པར་འཇོག་པ་དང༌། དེ་འདྲའི་དབང་ཤེས་ཀྱིས་སྒྱུ་མའི་རྟའི་སྣང་བ་ཡོད་པ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ཞིང་ངེས་ཤེས་ཀྱི་རྟོག་པ་དེས་ཀྱང་སྒྱུམའི་རྟ་ཡོད་པར་འཇོག་པས་ན་དབང་ཤེས་དང་ངེས་པའི་རྟོག་པ་གཉིས་པོ་དེ་སྒྱུ་མའི་རྟ་འཇོགབྱེད་ཀྱི་ཚད་མ་ཡིན་ནོ། །མདོ་སྡེ་བའི་འདོད་པ་ནི་ཕྱི་མ་ལྟར་རོ། །ཞེས་གསུངས་པའི་ཕྱིར། འདོད་མི་རིགས་ཏེ། མདོ་སྡེ་བའི་ལུགས་ལ་སྒྱུ་མའི་རྟའི་འོག་གི་ས་གཞི་མེད་པའི་ཕྱིར་ཏེ། སྒྱུ་མའི་རྟ་སྟེང་འོག་བྲལ་བའི་རྟག་པ་ཡིན་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་༣༥༡ལས། སྒྱུ་མའི་རྟ་དེ་ནི་རྟོག་པས་བཞག་པའི་ཀུན་བཏགས་ཀྱི་ཆོས་དང་རྟག་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། སྒྱུ་མའི་རྟ་རྟག་པ་ཡིན་ན་སྒྱུ་མའི་རྟ་ལ་མགོ་ཡོད་མེད་དང་དེའི་མགོ་ལ་སྲབ་འཇོག་རྒྱུ་ཡོད་མེད་དང༌། བསྡུས་གྲྭའི་སྤྱི་དོན་༣༥༢ལས། ཐལ་འགྱུར་བས་སྨིག་རྒྱུའི་ཆུ་དང་སྒྱུ་མའི་རྟ་དང་དུང་སེར་པོ་སོགས་གཟུགས་ཀྱི་སྐྱེ་མཆེད་དུ་བཞག་པ་ཡིན་ལ། དེ་དག་དེ་ཡིན་པའི་རྒྱུ་མཚན་ནི།དཔེར་ན།སྒྱུ་མའི་རྟ་དང་དུད་འགྲོའི་རྟ་གཉིས་མིག་ཤེས་ལ་སྣང་བ་ཙམ་ལ་ནི་ཁྱད་པར་མེད། དོན་སྟེང་དུ་རང་ངོས་ནས་གྲུབ་མ་གྲུབ་དཔྱད་ན་ནི་མེད་པ་འདྲ་མཉམ་ཡིན་པས་ན་དེ་གཉིས་ཀྱི་གཟུགས་ཕན་ཚུན་ཅིག་ཤོས་མིག་ཤེས་ཀྱི་གཟུང་བྱ་ཡིན་ན་ཅིག་ཤོས་ཀྱང་ཡིན་དགོས། ཅིག་ཤོས་མིན་ན་ཅིག་ཤོས་ཀྱང་མིན་དགོས་པའི་ཕྱིར་ཞེས་བཞེད་པའོ། །ཞེས་གསུངས་པ་སོགས་ཀྱིས་དཔྱད། ཡང་བློ་རིག་ལས། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ། མངོན་སུམ་ལྟར་སྣང་གི་མཚན་ཉིད། མཚན་གཞི་ནི། རྗེས་དཔག་ལྟ་བུའོ། །ཞེས་གསུངས་པ་ལ། རྗེས་དཔག་ཆོས་ཅན། མངོན་སུམ་ཡིན་པར་ཐལ། མངོན་སུམ་ལྟར་སྣང་ཡིན་ན་མངོན་སུམ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྟགས་ལྟར་སྣང་ཡིན་ན་རྟགས་ཡིན་དགོས་པ་གང་ཞིག མཚུངས་པའི་ཕྱིར། རྟགས་ཕྱི་མ་མ་གྲུབ་ན། མཚུངས་པར་ཐལ། སྤྱིར་བཏང་གི་གཞི་དེ་ཆོས་དེ་ལྟར་སྣང་ཡིན་པ་ལ་གཞི་དེ་ཆོས་དེ་ཡིན་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱིར་བཏང་གི་གཞི་དེ་ཆོས་དེ་ལྟར་སྣང་ཡིན་པའི་ཚད་ཡོད་པའི་ཕྱིར་ཟེར་ནས་གཞི་དེ་ཆོས་དེ་ལྟར་སྣང་ཡིན་པའི་ཚད་ལ་གང་འཇོག་དཔྱད། ཡང་གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ་ཡིན་པར་ཐལ། མངོན་སུམ་ལྟར་སྣང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ་མ་ཡིན་པར་ཐལ། འཁྲུལ་ཤེས་མ་ཡིན་པའི་ཕྱིར། མ་གྲུབ་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། འཁྲུལ་ཤེས་མ་ཡིན་པར་ཐལ། ཁྱོད་འཁྲུལ་མེད་ཉིད་དུ་རྟོགས་རྒྱུ་ཡོད་པའི་ཕྱིར། མ་གྲུབ་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། ཁྱོད་འཁྲུལ་མེད་ཉིད་དུ་རྟོགས་རྒྱུ་ཡོད་པར་ཐལ། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཞེས་བརྗོདཔའི་སྒྲ་དེ་ལ་བརྟེན་ནས་ཁྱོད་འཁྲུལ་མེད་ཉིད་དུ་གོ་ནུས་པ་ཡིན་པའི་ཕྱིར། མ་གྲུབ་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཞེས་བརྗོད་པའི་སྒྲ་ཆོས་ཅན། ཁྱོད་ལ་བརྟེནནས་གངས་རི་སྔོན་པོར་སྣང་བའི་དབང་ཤེས་དེ་འཁྲུལ་མེད་ཉིད་དུ་གོ་ནུས་པར་ཐལ། ཁྱོདགངས་རི་སྔོན་པོར་སྣང་བའི་དབང་ཤེས་ཀྱི་དངོས་མིང་ཡིན་པའི་ཕྱིར། ཁྱབ་སྟེ། ཁྱོད་ཆོས་དེའི་དངོས་མིང་ཡིན་ན་ཁྱོད་ལ་བརྟེན་ནས་ཆོས་དེ་འཁྲུལ་མེད་ཉིད་དུ་གོ་ནུས་པ་ཞིག་དགོསཔའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་འགྲེལ་ལས། བློ་ནི་འཁྲུལ་པ་མི་འཇུག་པ། །རྟག་ཏུ་དངོས་དང་སྒྲོ་འདོགས་ལ། །སེང་གེ་བྲམ་ཟེའི་ཁྱེའུ་ལ། །དེ་ལྟར་བརྗོད་པའང་འཇིག་རྟེན་ཡོད། །ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་གངས་རི་སྔོ་སྣང་གི་དབང་ཤེས་ཆོས་ཅན། མ་འཁྲུལ་བ་ཡིན་པར་ཐལ། ཁྱོད་ཀྱི་སྣང་ཡུལ་རང་མཚན་ཡིན་པའི་ཕྱིར། ཁྱབ་སྟེ། ཤིང་གི་སྤྱི་བློ་ཆོས་ཅན། མ་འཁྲུལ་བ་ཡིན་པར་ཐལ། ཁྱོད་ཀྱི་སྣང་ཡུལ་རང་མཚན་ཡིན་པའི་ཕྱིར། ཞེས་བཀོད་པ་དེ་དང༌། ཤིང་གི་སྤྱི་བློ་ཆོས་ཅན། ཁྱོད་ཀྱི་སྣང་ཡུལ་རང་མཚན་མ་ཡིན་ཏེ། ཁྱོད་འཁྲུལ་ཤེས་ཡིན་པའི་ཕྱིར་ཟེར་བའི་སྒོ་ནས་འཁྲུལ་བ་ཡིན་མིན་སྒྲུབ་ཚུལ་ཡོད་པ་གང་ཞིག རྟགས་དེ་ལ་ཁྱབ་བ་ཡོད་དགོས་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། རྣམ་འགྲེལ་ལས། དེ་ཡིས་ཇི་ལྟར་ཀུན་བརྟགསཔ། །དེ་ནི་དམ་པའི་དོན་དུ་མེད། །གསལ་བ་རྣམས་ནི་རྗེས་མི་འགྲོ། །རྗེས་འགྲོ་གཞན་ནི་སྣང་བ་མེད། །ཅེས་དང༌། འགྲེལ་བཤད་རིན་འཕྲེང་༣༠ལས། དེ་ཡི་ནས་དོན་དུ་མེད་ལ། ཤིང་སྤྱི་ཆོས་ཅན། དོན་དམ་དུ་མེད་དེ། ཤིང་གི་སྤྱི་བློས་སྒྲོ་བཏགས་པས་སོ། །རང་མཚན་ཡོད་ན་གསལ་བ་དང་གཅིག་གམ་རྫས་ཐ་དད། གཅིག་ན་གསལ་བ། བ་ལང་ནག་སྒུར་ཆོས་ཅན། བ་ལང་གི་རིགས་སྤྱི་དང་གཅིག་མ་ཡིན་ཏེ། དཀར་ཟལ་ལ་རྗེས་སུ་མི་འགྲོ་བས་སོ། །གཉིས་པ་ལྟར་ན། བ་ལང་གི་གསལ་བ་ཆོས་ཅན། རང་ལ་རྫས་གཞན་དུ་གྱུར་པའི་ཁྱོད་ཀྱི་སྤྱི་མེད་པར་ཐལ། ཡོད་ན་མངོན་སུམ་གྱིས་དམིགས་དགོས་པ་ལ་མ་དམིགས་པས་སོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་བློ་ཡིན་ན་རང་གི་འཛིན་སྟངས་ཀྱི་ཡུལ་མེད་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ་ཡིན་ན་རང་གི་སྣང་ཡུལ་མེད་དགོས་པར་ཐལ། མཚུངས་པའི་ཕྱིར། འདོད་ན། གངས་རི་སྔོན་པོར་སྣང་བའི་དབང་ཤེས་ཆོས་ཅན། རང་གི་སྣང་ཡུལ་མེད་པར་ཐལ། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་བའི་བློ་ཡིན་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། དེ་འཁྲུལ་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱི་དོན་ལས། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ་འཁྲུལ་ཤེས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་སྣང་ཡུལ་མེད་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། སྣང་ཡུལ་ཤེས་པ་ཀུན་ལ་ཡོད་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སྣང་ཡུལ་ཤེས་པ་ཀུན་ལ་ཡོད། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རྗེས་དཔག་ཡིན་ན་འཁྲུལ་ཤེས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། རང་གི་སྣང་ཡུལ་རྟོགས་པའི་རྗེས་དཔག་ཆོས་ཅན། འཁྲུལ་ཤེས་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་གི་སྣང་ཡུལ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་སྣང་ཡུལ་ལ་འཁྲུལ་པར་ཐལ། འཁྲུལ་ཤེས་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། རང་གི་སྣང་ཡུལ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་སྣང་ཡུལ་ལ་མ་འཁྲུལ་པར་ཐལ། རང་གི་སྣང་ཡུལ་རྟོགས་པའི་ཕྱིར། ཁྱབ་སྟེ། བུམ་པ་རྟོགས་ན་བུམ་པ་ལ་མ་འཁྲུལ་བས་ཁྱབ་པ་གང་ཞིག མཚུངས་པའི་ཕྱིར་ཟེར་ན་དཔྱད་དོ། །

བདུན་པ་རྗེས་དཔག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

བདུན་པ་རྗེས་དཔག་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ལ།

རྗེས་དཔག་ཡིན་ན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པས་ཁྱབ་པར་ཐལ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། མི་འཇིག་པའི་ཆོས་ཀྱི་རྟགས་ལ་རྟེན་ནས་ནམ་མཁའ་རྟག་པར་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་རྟེན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་པ་ཁས་ཟེར་ན། རྗེས་དཔག་ཡིན་ན་རང་གི་རྟེན་ཚུལ་གསུམ་པའི་རྟགས་བཀོད་པ་ལ་བརྟེན་ནས་སྐྱེས་པ་ཡིན་པས་ཁྱབ་ཀྱང༌། རྗེས་དཔག་ཡིན་ན་རང་གི་རྟེན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པས་མ་ཁྱབ་ཟེར་དགོས་ཏེ། བསྡུས་གྲྭའི་སྤྱི་དོན་༣༥༤ལས། བཀོད་པ་ཞེས་པ་ནི་རྗེས་དཔག་ཕལ་ཆེར་གྱི་རྒྱུ་རྟགས་ཡང་དག་དེ་མ་ཡིན་ཀྱང་རྟགས་ཡང་དག་བཀོད་པ་དེ་ཡིན་པར་སྟོན་པའི་ཆེད་དུ་ཡིན་ཏེ།དཔེར་ན། ནམ་མཁའ་ཆོས་ཅན། ཤེས་བྱ་ཡིན་ཏེ། རྟག་པ་ཡིན་པའི་ཕྱིར་ཞེས་རྟག་པའི་རྒྱུ་མཚན་ལ་བརྟེན་ནས་ནམ་མཁའ་ཤེས་བྱ་ཡིན་པར་ངེས་པའི་རྗེས་དཔག་ནི་རྟགས་སམ་རྒྱུ་མཚན་རྟག་པའི་རྒྱུ་ལས་བྱུང་བ་མ་ཡིན་ལ་རྟགས་རྟག་པ་བཀོད་པའི་རྒྱུ་ལས་བྱུང་བ་ཡིན་པ་ལྟ་བུའོ། །ཞེས་གསུངས་པས་དཔྱད། ཡང་བློ་རིག་ལས། རྗེས་དཔག་གི་མཚན་ཉིད། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་དངོས་སུ་བརྟེན་ནས་རང་གི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་ཤེས་པ། ཞེས་གསུངས་པ་ལ། རྗེས་དཔག་ཡིན་ན་རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་དངོསསུ་བརྟེན་པས་ཁྱབ་པར་ཐལ། ལུང་དེའི་ཕྱིར། འདོད་ན། བསྒྲུབ་བྱ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་དངོས་སུ་བརྟེན་པ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་དངོས་སུ་བརྟེན་པ་མ་ཡིན་པར་ཐལ། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་བརྒྱུད་ནས་བརྟེན་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་བརྒྱུད་ནས་བརྟེན་པ་ཡིན་པར་ཐལ། ཚུལ་གསུམ་པའི་རྟགས་བཀོད་པའི་རྗེས་སུ་སྒྲུབ་ངག་བཀོད་པ་ལས་དྲན་པ་དངོས་སུ་སྐྱེས་དྲན་པ་ལས་རང་དོན་རྗེས་དཔག་སྐྱེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྣམ་ངེས་ལས། མ་ཡིན་ཏེ། འཇུག་པ་ཐ་དད་པའི་ཕྱིར་རོ། །ཞེས་དང༌། དེའི་འཐད་ལྡན་ལས། བརྒྱུད་པའི་ཁྱད་པར་མེད་པ་ཡིན་ཡང་དངོས་ཀྱི་འདི་དག་གི་བྱ་བ་ནི་ཐ་དད་པ་ཡོད་པ་ཡིན་ནོ། །ཞེས་དང༌། བློ་རིག་ལས། རྗེས་དཔག་ནི་རྟགས་བཀོད་པ་ལས་སྐྱེས་པའི་དྲན་པ་ལས་དངོས་སུ་སྐྱེས་པ་ཞིག་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རྗེས་དཔག་ཡིན་ན་རང་གི་རྟེན་རྟགས་ཡང་དག་ལ་དངོས་སུ་བརྟེན་པས་ཁྱབ་ན། འོ་ན། བུར་རོ་ད་ལྟ་བའི་རྟགས་ལ་བརྟེན་ནས་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་དུས། ཁ་ནང་བུར་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་རྟོགས་པའི་རྗེས་དཔག་གཅིག་དང༌། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་མི་འདྲ་བ་གཉིས་སྐྱེས་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། དུ་བའི་བུད་ཤིང་འགྱུར་བ་བཞིན། །ནུས་པ་འཇུག་པ་མེད་པར་ནི། །རོ་མེད་དེ་ཉིད་གཞན་གི་རྒྱུ། །དེ་ལྟར་འདས་དུས་གཅིག་རྣམས་རྟོགས། །ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་འཐད་པར་ཐལ། དེ་གཉིས་ཅིག་ཆར་དུ་སྐྱེས་པ་མ་ཡིན་པ་གང་ཞིག རིམ་གྱིས་སྐྱེས་བ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ན། འཛིན་སྟངས་མི་མཐུན་པའི་རྟོག་པ་གཉིས་གཅིག་ཆར་དུ་སྐྱེས་པ་ཡོད་པར་ཐལ། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་རྟོགས་པའི་རྗེས་དཔག་གཅིག་དང༌། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུསཔ་ཡོད་པར་རྟོགས་པའི་རྗེས་དཔག་གཉིས་འཛིན་སྟངས་མི་འདྲ་བ་ཡིན་པ་གང་ཞིག ཅིག་ཆར་དུ་སྐྱེས་པ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་ཁས། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། རྟོགས་གཉིས་ཅིག་ཆར་འཇུག་པ་མེད། །ཅེས་གསུངས་པའི་ཕྱིར། འདོད་ན། དེ་གཉིས་ཆོས་ཅན། རིམ་གྱིས་སྐྱེས་བ་ཡིན་པར་ཐལ། སྐྱེས་པ་གང་ཞིག ཅིག་ཆར་དུ་སྐྱེས་པ་མ་ཡིན་པའི་ཕྱིར། འདོད་ན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་སྔོན་ལ་སྐྱེས་བ་དང༌། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་རྟོགས་པའི་རྗེས་དཔག་རྗེས་ལ་སྐྱེས་པ་ཡིན་པར་ཐལ། དེ་གཉིས་རིམ་གྱིས་སྐྱེས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་རྟོགས་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་མ་ཡིན་པར་ཐལ། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་བརྟེན་ནས་དངོས་སུ་སྐྱེས་པ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་བརྟེན་ནས་བརྒྱུད་ནས་སྐྱེས་པ་དེ་ཡིནཔའི་ཕྱིར། མ་གྲུབ་ན། དེར་ཐལ། ཁྱོད་དང་ཁྱོད་ཀྱི་རྟེན་ཏུ་གྱུར་བའི་གཏན་ཚིགས་ཡང་དག་གཉིས་ཀྱི་བར་དུ་རྒྱུ་གཞན་ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུ་རོ་སྔ་མ་ལ་བུར་གཟུགས་ཕྱི་མའི་ཐོགས་པ་མེད་པའི་ལྷན་ཅིག་བྱེད་རྐྱེན་བྱེད་པའི་ནུས་པ་ཡོད་པར་རྟོགས་པའི་རྗེས་དཔག་གིས་ཆོད་པའི་ཕྱིར། འདོད་ན། ཁ་ནང་བུ་རམ་གོང་བུའི་སྟེང་དུ་བུར་གཟུགས་ད་ལྟ་བ་རྟོགས་པའི་རྗེས་དཔག་ཆོས་ཅན། རྗེས་དཔག་མ་ཡིན་པར་ཐལ། རང་གི་རྟེན་ཚུལ་གསུམ་པའི་རྟགས་ཡང་དག་ལ་བརྟེན་ནས་དངོས་སུ་སྐྱེས་པ་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་མི་རྟག་པ་གསར་དུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་གི་རྟེན་གཏན་ཚིགས་ཡང་དག་ལ་བརྟེན་ནས་སྐྱེས་པ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། རང་གི་རྟེན་གཏན་ཚིགས་ཡང་དག་ལ་བརྟེན་ནས་སྐྱེས་པ་མ་ཡིན་པར་ཐལ། རང་གི་རྟེན་གཏན་ཚིགས་ཡང་དག་མེད་པའི་ཕྱིར། མ་གྲུབ་ན། བྱས་པ་ཆོས་ཅན་ཟེར་ན། བྱས་པ་ཆོས་ཅན། མི་རྟག་པ་གསར་དུ་རྟོགས་པའི་རྗེས་དཔག་གི་རྟེན་དུ་གྱུར་པའི་གཏན་ཚིགས་ཡང་དག་མ་ཡིན་པར་ཐལ། ཁྱོད་མི་རྟག་པ་གསར་དུ་རྟོགས་པའི་རྗེས་དཔག་གི་རྟེན་དུ་གྱུར་བའི་གཏན་ཚིགས་ཡང་དག་ཏུ་སོང་བའི་སྦྱོར་བ་འགོད་རྒྱུ་མེད་པའི་ཕྱིར། མ་གྲུབ། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པ་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན་ཟེར་ན། དེ་འདྲའི་སྦྱོར་བ་ཆོས་ཅན། མི་རྟག་པ་གསར་དུ་རྟོགས་པའི་རྗེས་དཔག་གི་རྟེན་དུ་གྱུར་བའི་གཏན་ཚིགས་ཡང་དག་གི་སྦྱོར་བ་མ་ཡིན་པར་ཐལ། མི་རྟག་པ་གསར་སྒྲུབ་ཀྱི་སྦྱོར་བ་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། མི་རྟག་པ་གསར་སྒྲུབ་ཀྱི་སྦྱོར་བ་མ་ཡིན་པར་ཐལ། དེ་འདྲའི་ཕྱི་རྒོལ་ཡང་དག་གི་ངོར་མི་རྟག་པ་གསར་དུ་སྒྲུབ་མི་དགོས་པའི་ཕྱིར། མ་གྲུབ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་གི་ངོར་མི་རྟག་པ་གསར་དུ་སྒྲུབ་མི་དགོས་པར་ཐལ། དེས་མི་རྟག་པ་རྟོགས་ཟིན་པའི་ཕྱིར། མ་གྲུབ་ན། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་ཕྱི་རྒོལ་ཡང་དག་ཆོས་ཅན། ཁྱོད་ཀྱིས་མི་རྟག་པ་རྟོགས་ཟིན་པར་ཐལ། ཁྱོད་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་རྟོགས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཁྱོད་ཀྱིས་དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་རྟོགས་པར་ཐལ། དེ་སྒྲུབ་ཀྱི་རྟགས་ཆོས་དོན་གསུམ་རྟོགས་རྒྱུ་ཡོད་པ་གང་ཞིག ཁྱོད་དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་ཡིན་པའི་ཕྱིར། ཁྱབ་སྟེ། དེ་སྒྲུབ་ཀྱི་ཕྱི་རྒོལ་ཡང་དག་གི་དོན་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་རྗེས་དཔག་ཡིན་ན་ཚུལ་གསུམ་རྟོགས་པའི་བློ་སྔོན་དུ་སོང་བས་ཁྱབ་པར་ཐལ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། གསུང་རབ་ཀྱི་ཐ་སྙད་ལ་མ་བྱང་བའི་ཕྱུགས་རྫི་རྒན་པོའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། ཚུལ་གསུམ་རྟོགས་པའི་བློ་སྔོན་དུ་སོང་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། གསུང་རབ་ཀྱི་ཐ་སྙད་ལ་མ་བྱང་བའི་ཕྱུགས་རྫི་རྒན་པོ་ཆོས་ཅན། ཚུལ་གསུམ་རྟོགས་པར་ཐལ། ཚུལ་གསུམ་རྟོགས་པའི་བློ་སྔོན་དུ་སོང་བའི་ཕྱིར། མ་གྲུབ་ན། གསུང་རབ་ཀྱི་ཐ་སྙད་ལ་མ་བྱང་བའི་ཕྱུགས་རྫི་རྒན་པོ་ཆོས་ཅན། ཁྱོད་ཀྱིས་ཚུལ་གསུམ་རྟོགས་པའི་བློ་སྔོན་དུ་སོང་པར་ཐལ། ཁྱོད་ཀྱི་རྒྱུད་ན་ཚུལ་གསུམ་རྟོགས་པའི་བློ་སྔོན་དུ་སོང་བའི་བློ་ཡོད་པའི་ཕྱིར། མ་གྲུབ་ན། དེ་ཡོད་པར་ཐལ། གསུང་རབ་ཀྱི་ཐ་སྙད་ལ་མ་བྱང་བའི་ཕྱུགས་རྫི་རྒན་པོའི་རྒྱུད་ཀྱི་རྗེས་དཔག་དེ་དེ་ཡིན་པའི་ཕྱིར། མ་གྲུབ་ན། གསུང་རབ་ཀྱི་ཐ་སྙད་ལ་མ་བྱང་བའི་ཕྱུགས་རྫི་རྒན་པོའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། ཚུལ་གསུམ་རྟོགས་པའི་བློ་སྔོན་དུ་སོང་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར། མ་ཁྱབ་སྟེ། ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེ་དགོས་ཞེས་པའི་ལུང་གི་དོན་ཡིན་ཟེར་ན། འོ་ན་བྱས་པ་ལ་བརྟེན་ནས་སྐྱེས་ན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པས་ཁྱབ་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་ཚུལ་གསུམ་པའི་རྟགས་ལ་བརྟེནནས་སྐྱེས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཁྱོད་ཚུལ་གསུམ་ཡིན་ཁྱོད་ལ་བརྟེན་ནས་སྐྱེས་ན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པས་ཁྱབ་པར་ཐལ། བྱས་པ་ལ་བརྟེན་ནས་སྐྱེས་ན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེ་དགོས་པའི་རྒྱུ་མཚན་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཀུན་རྫོབ་ཀྱི་བློ་ཡིན་ན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པས་ཁྱབ་པར་ཐལ། དེ་ཡིན་ན་ཚུལ་གསུམ་གང་ཡང་རུང་བ་ཞིག་ལ་བརྟེན་ནས་སྐྱེས་པས་ཁྱབ་པའི་ཕྱིར་ཏེ། རང་གི་རྒྱུ་གང་ཡིན་པ་དེ་ཚུལ་གསུམ་ཡིན་པ་གང་ཞིག དེ་ལས་སྐྱེས་པས་ཁྱབ་པའི་ཕྱིར། འདོད་ན། རྗེས་དཔག་རྣམ་གཉིས་རང་དོན་ནི་ཟེར་མི་དགོས་པར་ཐལ། ཀུན་རྫོབ་ཀྱི་བློ་ཡིན་ན་ཚུལ་གསུམ་པའི་རྟགས་ལ་བརྟེན་ནས་སྐྱེས་པས་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་མདོ་ལས། རྗེས་དཔག་རྣམ་གཉིས་རང་དོན་ནི། །ཚུལ་གསུམ་རྟགས་ལས་དོན་མཐོང་ཡིན། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། རྗེས་དཔག་ཡིན་པར་ཐལ། རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་ཤིང་རང་གི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག་ཡིན་པའི་ཕྱིར། མ་གྲུབ་ན། རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་ཤིང་རང་གི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག་ཡིན་པར་ཐལ། རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་པ་གང་ཞིག རང་གི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག་ཡིན་པའི་ཕྱིར། རྟགས་ཕྱི་མ་ཁས། རྟགས་དང་པོ་མ་གྲུབ་ན། རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་པ་ཡིན་པར་ཐལ། རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ཞིང་བརྒྱུད་ནས་སྐྱེས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ཞིང་བརྒྱུད་ནས་སྐྱེས་པ་ཡིན་པར་ཐལ། རྗེས་དཔག་སྐད་ཅིག་དང་པོ་རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་དངོས་སུ་སྐྱེས་པ་གང་ཞིག ཁྱོད་རྗེས་དཔག་སྐད་ཅིག་དང་པོའི་དངོས་འབྲས་ཡིན་པའི་ཕྱིར། གོང་དུ་ཁྱབ་སྟེ། དེ་རྗེས་དཔག་གི་མཚན་ཉིད་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། སྤྱི་དོན་༣༥༣ལས། རང་གི་རྟེན་རྟགས་ཡང་དག་བཀོད་པ་ལ་བརྟེན་ནས་སྐྱེས་ཤིང་རང་གི་གཞལ་བྱ་ལྐོག་གྱུར་ལ་མི་བསླུ་བའི་ཞེན་རིག་དེ། རྗེས་དཔག་གི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྔར་སྒྲ་ཡོད་པ་རྟོགས་ནས་བརྗེད་ཟིན་པ་ཞིག་ལ་རྟགས་མ་བཀོད་པར་སྒྲ་ཡོད་པར་བརྗོད་པས་སྔར་གྱི་བག་ཆགས་གསོས་ནས་སྒྲ་ཡོད་པར་རྟོགས་པ་ཡོད་དམ་མེད། ཡོད་ན་དེ་ཆོས་ཅན། རྗེས་དཔག་ཡིན་པར་ཐལ། གསར་རྟོགས་ཀྱི་རྟོག་པ་ཚད་མ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། རང་གི་རྟེན་གཏན་ཚིགས་བཀོད་པ་ལ་རྟེན་པ་མ་ཡིན་པའི་ཕྱིར། གོང་དུ་དེ་ཙམ་གྱིས་བག་ཆགས་སད་པ་མེད་ཟེར་ན། དེའི་བག་ཆགས་སད་པའི་རྐྱེན་ལ་ངེས་པར་གཏན་ཚིགས་བཀོད་དགོས་པའི་རྒྱུ་མཚན་གང་ཡིན་དཔྱད་དོ། །

གཉིས་པ་རྟོགས་པའི་བློ་དང་མ་རྟོགས་པའི་བློ་གཉིས་སུ་དབྱེ་བའི་སྐབས་ཀྱི་མཐའ་དཔྱད་འཆད་པ།

གཉིས་པ་རྟོགས་པའི་བློ་དང་མ་རྟོགས་པའི་བློ་གཉིས་སུ་དབྱེ་བའི་སྐབས་ཀྱི་མཐའ་དཔྱད་འཆད་པ་ལ།

དང་པོ་རྟོགས་པའི་བློ་ནི། རྣམ་འགྲེལ་ལེའུ་དང་པོ་ལས། ངེས་པ་རྣམས་ཀྱིས་མ་ངེས་ལ། །དེ་ནི་ཇི་ལྟར་དེ་ཡུལ་ཡིན། །ཞེས་དང༌། འགྲེལ་བཤད་རིན་ཆེན་ཕྲེང་བ་༢༥ལས། གཞན་ཡང་ནས་དེ་ཡུལ་ཡིན་ལ། སྒྲ་མི་རྟག་པ་ཆོས་ཅན། སྒྲ་ངེས་པའི་རྟོག་པའི་བཟུང་ཡུལ་མ་ཡིན་པར་ཐལ། དེ་ངེས་ཤེས་ཡིན་པ་གང་ཞིག དེས་མ་ངེས་པས་སོ། །འོ་ན་མངོན་གསུམ་གྱིས་མཐོང་བཞིན་དུ་མི་ངེས་པ་ཅི་ཞེ་ན། མངོན་སུམ་ནས་རྣམ་པ་སྤངས་ལ་སྒྲ་འཛིན་མངོནསུམ་ཆོས་ཅན། སྒྲའི་སྐད་ཅིག་སོགས་བཟུང་བ་ཡིན་ཏེ། སྒྲ་རང་མཚན་བཟུང་དོན་དུ་བྱས་ནས་འཛིན་པས་སོ། །ཞེས་གསུངས་པ་ལ། ཚུལ་གསུམ་འཇལ་བའི་ཚད་མ་ཆོས་ཅན། སྒྲུབ་བྱ་རྟོགས་པའི་བློ་ཡིན་པར་ཐལ། ཁྱོད་ཀྱི་བྱེད་པ་ལ་བརྟེན་ནས་སྒྲུབ་བྱ་ལ་ངེས་པ་འདྲེན་ནུས་པའི་ཕྱིར། དེར་ཐལ། ཁྱོད་ཀྱི་བྱེད་པ་ལ་བརྟེན་ནས་སྒྲུབ་བྱ་ངེས་པའི་རྗེས་དཔག་ཚད་མ་འདྲེན་ནུས་པའི་ཕྱིར། གོང་དུ་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་ངེས་པ་འདྲེན་ནུས་པ་དེ། བློ་དེས་ཆོས་དེ་རྟོགས་པའི་མཚནཉིད་ཡིན་པའི་ཕྱིར་ཏེ། སྤྱི་དོན་༤༦༡ལས། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་ངེས་པ་འདྲེན་ནུས་པ་དེ། བློ་དེས་ཆོས་དེ་རྟོགས་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། མ་ཁྱབ། བློ་རིག་ལས། བློ་དེའི་བྱེད་པ་ལ་བརྟེན་ནས་ཆོས་དེ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ་དེ། བློ་དེའི་ཆོས་དེ་རྟོགས་པའི་མཚན་ཉིད། ཅེས་གསུངས་པ་ལྟར་ཡིན་ཟེར་ན། སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་སྐད་ཅིག་གཉིས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་འདྲེན་པ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་རྟོགས་པའི་བློ་ཡིན་པའི་ཕྱིར། འདོད་མི་རིགས་པར་ཐལ། ཁྱོད་ཀྱིས་སྒྲ་རྟག་པར་འཛིན་པའི་རྟག་འཛིན་ཀུན་བརྟགས་བཅད་སྟོབས་ཀྱིས་སྒྲ་མི་རྟག་པ་ལ་ངེས་པ་འདྲེན་པ་མ་ཡིན་པ་གང་ཞིག སྒྲོ་འདོགས་གཞན་བཅད་སྟོབས་ཀྱིས་ངེས་པ་འདྲེན་པ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། དེ་མི་རིགས་པར་ཐལ། སྒྲ་རྟག་པར་འཛིན་པའི་རྟག་འཛིན་ཀུན་བརྟགས་དེའི་སྔ་རོལ་ནས་སྒྲ་མི་རྟག་པ་རྟོགས་པའི་རྗེས་དཔག་སྐད་ཅིག་དང་པོས་བཅད་ཟིན་པས་གཅོད་མི་དགོས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༤༧༦ལས། དཔྱད་ཤེས་ཀྱིས་ཚད་མ་སྔ་མས་བཅད་ཟིན་པས་གཅོད་མི་དགོས་པས་ན། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། གཞན་ཡང་དེ་ལ་རྣམ་མཁྱེན་སྐད་ཅིག་གཉིས་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་འདྲེན་པ་ཡིན་པར་ཐལ། ཁྱོད་སྒྲ་མི་རྟག་པ་རྟོགས་པའི་བློ་ཡིན་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། དེའི་བཅད་བྱའི་སྒྲོ་འདོགས་དེ་སངས་རྒྱས་འཕགས་པའི་རྒྱུད་ལ་མི་འཇོག་པ་གང་ཞིག སེམས་ཅན་གྱི་རྒྱུད་ལ་མི་འཇོག་པའི་ཕྱིར། རྟགས་གཉིས་པ་མ་གྲུབ། སེམས་ཅན་གྱི་རྒྱུད་ལ་འཇོག་ཟེར་ན། དེ་མི་རིགས་པར་ཐལ། དེས་རྣམ་མཁྱེན་སྐད་ཅིག་དང་པོས་བཅད་ཟིན་པའི་སེམས་ཅན་གྱི་རྒྱུད་ཀྱི་སྒྲོ་འདོགས་ཤིག་མ་བཅད་པ་གང་ཞིག དེས་མ་བཅད་པའི་སྒྲོག་འདོགས་ཤིག་བཅད་པ་མ་ཡིན་པའི་ཕྱིར། དང་པོ་མ་གྲུབ་ཟེར་ན། འོ་ན་སྒྲོ་འདོགས་གཅོད་པ་ཐུག་མེད་ཡིན་པར་ཐལ། སྐད་ཅིག་སྔ་མ་སྔ་མས་བཅད་ཟིན་པ་དེ་སྐད་ཅིག་ཕྱི་མ་ཕྱི་མས་ཡང་བསྐྱར་གཅོད་དགོས་པའི་ཕྱིར། འདོད་ན། སྤང་བྱ་སྤང་བ་ཐུག་མེད་དང༌། བར་ཆད་མེད་ལམ་ཐུག་མེད་དུ་འགྱུར་མིན་དཔྱད། ཡང་ཚད་མས་སྒྲོ་འདོགས་གཅོད་པའི་བྱ་བ་མི་བྱེད་པར་ཐལ། རང་དུས་སུ་སྒྲོ་འདོགས་གཅོད་པའི་བྱ་བ་མི་བྱེད་པ་གང་ཞིག རང་དུས་ལས་དུས་སྐད་ཅིག་གཉིས་པའི་དུས་སུ་སྒྲོ་འདོགས་གཅོད་པའི་བྱ་བ་མི་བྱེད་པའི་ཕྱིར། རྟགས་དང་པོ་མ་གྲུབ་ཟེར་ན། དེས་རང་དུས་སུ་སྒྲོ་འདོགས་གཅོད་པའི་བྱ་བ་མི་བྱེད་པར་ཐལ། དེས་སྒྲོ་འདོགས་གཅོད་པའི་བྱ་བ་དེ་དེའི་འབྲས་བུ་ཡིན་པ་གང་ཞིག རང་གི་འབྲས་བུ་རང་དུས་སུ་བྱེད་པ་མ་ཡིན་པའི་ཕྱིར་ཏེ། རང་དུས་སུ་བྱེད་རྒྱུའི་འབྲས་བུ་མེད་པའི་ཕྱིར། གོང་དུ་རང་དུས་དེ་ལས་དུས་སྐད་ཅིག་གཉིས་པའི་དུས་སུ་སྒྲོ་འདོགས་གཅོད་པའི་བྱ་བ་བྱེད་པ་ཡིན་ཟེར་ན། ཚད་མ་ཆོས་ཅན། རང་དུས་དེ་ལས་དུས་སྐད་ཅིག་གཉིས་པའི་དུས་སུ་སྒྲོ་འདོགས་གཅོད་པའི་བྱ་བ་མི་བྱེད་པར་ཐལ། རང་དུས་དེ་ལས་དུས་སྐད་ཅིག་གཉིས་པའི་དུས་སུ་ཁྱོད་འགག་ཟིན་ནས་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་བློ་དེས་ཆོས་དེ་ངེས་པ་ན་རང་དང་འཛིན་སྟངས་འགལ་བའི་སྒྲོ་འདོགས་གཅོད་དགོསཔ་ཡིན་པར་ཐལ། རྣམ་འགྲེལ་ལས། ངེས་པ་དང་ནི་སྒྲོ་འདོགས་ཡིད། །གནོད་བྱ་གནོད་བྱེད་ངོ་བོའི་ཕྱིར། །འདི་ནི་སྒྲོ་འདོགས་དབེན་པ་ལ། །འཇུག་ཅེས་བྱ་བར་ཤེས་པ་ཡིན། །ཞེས་དང༌། འགྲེལ་བཤད་རིན་འཕྲེང་༢༢ལས། སྔོན་པོ་སྔོ་མིན་དུ་སྒྲོ་འདོགས་སྔར་ཡོད་མི་སེལ་ཡང་སེལ་པའི་ཡུལ་ཅན་ཡིན་ཏེ། མི་སེལ་ཡང་རང་རྒྱུད་ལ་ལྡན་བཞིན་པའི་སྐྱེས་བུས་རང་གི་ངེས་ཚུལ་ལས་ལྡོག་ཕྱོགས་ཀྱི་ཆར་སྒྲོ་མ་བཏགས་པའི་རང་ཡུལ་ངེས་པའི་རྣམརྟོག་ཡིན་པས་སོ། །རྟགས་གྲུབ་སྟེ། ངེས་པ་ནས་ཤེས་པ་ཡིན་ལ། ཆོས་ཅན་རྟགས་དེར་ཐལ། ངེས་ཤེས་དོན་མཐུན་ཡིན་པས་སོ། །ཁྱབ་སྟེ། ངེས་པ་དང་ལྡོག་ཕྱོགས་སུ་སྒྲོ་འདོགས་པ་ནི། གནོད་བྱ་གནོད་བྱེད་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་ངེས་པའི་རྗེས་དཔག་རྒྱུད་ལ་སྐྱེས་ན་སྒྲ་རྟག་འཛིན་གྱི་སྒྲོ་འདོགས་རྒྱུད་ལ་མེད་དགོས་པ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ལྟར་སྣང་གྱུར་མ་ཐག་པའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སྒྲ་རྟག་འཛིན་མེད་པར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པར་རྟོགས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། བྱས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པར་བྱེད་པའི་ཕྱི་རྒོལ་ལྟར་སྣང་གྱུར་མ་ཐག་པའི་གང་ཟག་ཆོས་ཅན། ཁྱོད་ཀྱི་རྒྱུད་ལ་སྒྲ་རྟག་འཛིན་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ལ་སྒྲ་རྟག་འཛིན་ལྷན་སྐྱེས་ཡོད་པའི་ཕྱིར་ཟེར་ནས་དཔྱད། ཡང་སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ཆོས་ཅན། རང་གི་བྱེད་པ་ལ་རྟེན་ནས་སྒྲ་མི་རྟག་པ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་འདྲེན་ནུས་པ་དེ་ཡིན་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༤༧༦ལས། ཡིད་དཔྱོད་ཀྱིས་སྒྲ་མི་རྟག་པ་དངོས་སུ་རྟོགས་པའི་ཤུགས་ལ་སྒྲ་རྟག་མེད་རྟོགས་པ་ལྟ་བུ་ཡིན་ཏེ། ཞེསདང༌། ཡང་དེ་༤༧༦ལས། གཉིས་པ་ཚད་མིན་གྱི་རྟོགས་པའི་བློའི་དབྱེ་བ་ལ། དཔྱད་ཤེས་དང༌། ཡིད་དཔྱོད་གཉིས་ཡོད་དེ། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ཆོས་ཅན། རང་གིས་གཅོད་བྱའི་སྒྲ་རྟག་འཛིན་གྱི་ཞེན་ཡུལ་སུན་བྱུང་བ་ཡིན་པར་ཐལ། རང་གིས་གཅོད་བྱའི་སྒྲ་རྟག་འཛིན་བཅད་པའི་ཕྱིར། ཁྱབ་སྟེ། རྣམ་འགྲེལ་ལས། །འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ཆོས་ཅན། རང་གིས་གཅོད་བྱའི་སྒྲ་རྟག་འཛིན་གྱི་ཞེན་ཡུལ་མེད་པར་རྟོགས་པ་ཡིན་པར་ཐལ། དེའི་ཞེན་ཡུལ་སུན་བྱུང་བའི་ཕྱིར། འདོད་ན། དེ་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་བློ་རིག་ལས། བློ་དེ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་དེ། བློ་དེས་ཡུལ་དེ་དངོས་སུ་རྟོགས་པའི་མཚན་ཉིད། ཅེས་པ་ནས་བློ་དེ་ལ་ཆོས་དེའི་རྣམ་པ་མ་ཤར་བར་ཆོས་གཞན་གྱི་རྣམ་པ་ཤར་བའི་སྒོ་ནས་ཆོས་དེ་ལ་སྒྲོ་འདོགས་བཅད་ནས་ངེས་པ་འདྲེན་ནུས་པ་དེ། ཆོས་དེ་ཤུགས་ལ་རྟོགས་པའི་མཚན་ཉིད། ཅེས་གསུངས་པ་ལ། བུམ་པ་ཆོས་ཅན། བློ་དེས་རྣམ་པ་ཤར་བའི་སྒོ་ནས་རྟོགས་པའི་དོན་ཡིན་པར་ཐལ། བློ་དེས་དངོས་སུ་རྟོགས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། བློ་དེས་རྣམ་པ་ཤར་བའི་སྒོ་ནས་རྟོགས་པའི་དོན་མ་ཡིན་པར་ཐལ། བློ་དེས་རྣམ་པ་མ་ཤར་བའི་སྒོ་ནས་རྟོགས་པའི་དོན་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། བློ་དེས་རྣམ་པ་མ་ཤར་བའི་སྒོ་ནས་རྟོགས་པ་ཡིན་པར་ཐལ། བློ་དེས་ཤུགས་ལ་རྟོགས་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། བློ་དེས་ཤུགས་ལ་རྟོགས་པ་ཡིན་པར་ཐལ། རང་ཉིད་ཤུགས་ལ་རྟོགས་པའི་བློ་དེས་ཤུགས་ལ་རྟོགས་པ་ཡིན་པའི་ཕྱིར། མ་ཁྱབ་ཟེར་དགོས་པ་འདྲ་ཡང་མ་གྲུབ་ཟེར་ན། བུམ་པ་ཆོས་ཅན། རང་ཉིད་ཤུགས་ལ་རྟོགས་པའི་བློ་དེས་ཤུགས་ལ་རྟོགས་པ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། གོང་དུ་ཁྱབ་སྟེ། བློ་དེས་རྣམ་པ་མ་ཤར་བའི་སྒོ་ནས་རྟོགས་པ་ཡིན་ན་བློ་དེས་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་མ་ཡིན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། དེར་ཐལ། བློ་དེས་རྣམ་པ་མ་ཤར་སྒོ་ནས་རྟོགས་ཅེས་པའི་མ་སྒྲ་དགག་ཚིག་ཡིན་པ་གང་ཞིག དེའི་དགག་བྱ་ལ་བློ་དེས་རྣམ་པ་ཤར་བ་དེ་འཇོག་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། བློ་དེས་རྣམ་པ་མ་ཤར་བའི་སྒོ་ནས་རྟོགས་ཅེས་པའི་དགག་ཚིག་དེའི་དགག་བྱ་འཇོག་རྒྱུ་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་མེད་དགག་དངོས་སུ་རྟོགས་པའི་བློ་ཡིན་ན་ཤུགས་རྟོགས་ཀྱི་བློ་མ་ཡིན་པས་ཁྱབ་པའིཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༤༦༦ལས། མེད་དགག་དངོས་སུ་རྟོགས་པའི་བློ་ཡིན་ན་ཤུགས་རྟོགས་ཀྱི་བློ་མ་ཡིན་པས་ཁྱབ་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། གང་ཟག་བདེན་གྲུབ་ཀྱིས་སྟོང་བ་དངོས་སུ་རྟོགས་པའི་བློ་ཆོས་ཅན། ཁྱོད་ཀྱི་ཤུགས་རྟོགསམེད་པར་ཐལ། ཁྱོད་མེད་དགག་དངོས་སུ་རྟོགས་པའི་བློ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། དེས་ཕུང་པོ་བདེན་མེད་ཤུགས་ལ་རྟོགས་པ་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་ཟུར་དཔྱད་ལས། དེས་གང་ཟག་བདེན་གྲུབ་ཀྱིས་སྟོང་བ་དངོས་སུ་རྟོགས་པའི་ཤུགས་ལ་ཕུང་པོ་བདེན་མེད་ཤུགས་ལ་རྟོགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར་ཟེར་ན། བསྡུས་གྲྭའི་སྤྱི་དོན་གྱི་གསུངས་ཚུལ་ལྟར་ན་མདོ་སྡེ་བའི་ལུགས་ལ་མེད་དགག་དངོས་རྟོགས་ཀྱི་བློ་ཡིན་ན་ཤུགས་རྟོགས་མ་ཡིན་པས་ཁྱབ་ཀྱང༌། དབུ་མ་པའི་ལུགས་ལ་མེད་དགག་དངོས་རྟོགས་ཀྱི་བློ་ལ་ཤུགས་རྟོགས་ཡོད་པས་ཁྱད་པར་འབྱེད་དགོས་པར་ཐལ། བསྡུས་གྲྭའི་སྤྱི་དོན་༤༦༧ལས། དབུ་མ་བའི་ལུགས་ལ་མེད་དགག་གི་ཆོས་དངོས་སུ་རྟོགས་པའི་བློ་ལ་ཆོས་གཞན་སྒྲུབ་པ་དང་མ་ཡིན་དགག་ཤུགས་ལ་རྟོགས་པ་ཡོད་པར་ཐལ། ཡུལ་སྟོང་ཉིད་ཀྱི་སྣང་བ་དང་ཡུལ་ཅན་ཡེ་ཤེས་རང་ཉིད་ཀྱི་སྣང་བ་ལ་སོགས་པ་སྤྲོས་པ་གངཡང་མེད་པའི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ཀྱིས་སྟོང་ཉིད་ཡོད་པ་དེ་དང་ཡུལཅན་ཡེ་ཤེས་རང་ཉིད་གཉིས་ཤུགས་ལ་རྟོགས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དབུ་མ་པའི་ལུགས་ལ་མེད་དགག་ཆོས་ཅན། རང་དངོས་སུ་རྟོགས་པའི་བློ་ལ་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང༌། སྒྲུབ་པ་གང་རུང་འཕེན་པ་ཡོད་པར་ཐལ། རང་དངོས་སུ་རྟོགས་པའི་བློས་ལ་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང༌། སྒྲུབ་པ་གང་རུང་ཤུགས་ལ་རྟོགས་པ་ཡོད་པའི་ཕྱིར། འདོད་མི་ནུས་ཏེ། མེད་དགག་གི་དོན་ཡོད་པའི་ཕྱིར་ཟེར་ན་དཔྱད། གཉིས་པ་མ་རྟོགས་པའི་བློ་ནི། བློ་རིག་ལས། རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་མི་འདྲེན་པའི་རིག་པ་དེ། མ་རྟོགས་པའི་བློའི་མཚན་ཉིད། ཅེས་གསུངས་པ་ལ། དེ་ཡིན་ན་མ་རྟོགས་པའི་བློ་ཡིན་པས་ཁྱབ་པར་ཐལ། དེ་མ་རྟོགས་པའི་བློའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྣོད་བཅུད་རུལ་བར་སྒོམ་པའི་ཏིང་འཛིན་ཆོས་ཅན། མ་རྟོགས་པའི་བློ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་མི་འདྲེན་པའི་རིག་པ་ཡིན་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་སྟེ། དེས་འདོད་ཆགས་སྤོང་བའི་ཐབས་སུ་སྣོད་བཅུད་རུལ་བའི་རྣམ་པ་རེ་བསྒོམ་བྱའི་ཚུལ་དེ་ལེགས་པར་རྟོགས་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༤༨༠ལས། མི་སྡུག་པའི་ཏིང་ངེ་འཛིན་རྟོག་བཅས་དང་རྟོག་མེད་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་ཀྱང་མ་རྟོགས་པའི་བློ་མ་ཡིན་པའི་ཕྱིར་ཏེ།དེ་རང་ཡུལ་རྟོགས་པའི་བློ་ཡིན་པའི་ཕྱིར་ཏེ།འདོད་ཆགས་སྤོང་བའི་ཐབས་སུ་སྣོད་བཅུད་རུལ་བའི་རྣམ་པ་རེ་བསྒོམ་བྱའི་ཚུལ་དེ་ལེགས་པར་རྟོགས་པའི་བློ་ཡིན་པའི་ཕྱིརརོ། །ཞེས་གསུངས་པའི་ཕྱིར། འདོད་ན། དེས་དེ་རྟོགས་ཚུལ་དང༌། སློབ་པའི་སའི་ཐབས་ཁྱད་པར་ཅན་གྱི་བློ་ཡིན་ན་ཡུལ་རྟོགས་པས་ཁྱབ་མིན་དཔྱད། ཡང་སྐད་ཅིག་དང་པོའི་སྐབས་སུ་ཡུལ་དེ་རྟོགས་ནས་སྐད་ཅིག་གཉིས་པ་ནས་བརྒྱལ་འགྲོ་བའི་གང་ཟག་གི་རྒྱུད་ཀྱི་བློ་ཆོས་ཅན། མ་རྟོགས་པའི་བློ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་མི་འདྲེན་པའི་རིག་པ་དེ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། དེ་ཆོས་ཅན། རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་མི་འདྲེན་པའི་རིག་པ་ཡིན་པར་ཐལ། རང་གི་གཞལ་བྱ་ལ་སྒྲོ་འདོགས་བཅད་སྟོབས་ཀྱིས་ངེས་པ་འདྲེན་པ་ལ་རང་གི་རྒྱུན་ཕྱི་མའི་ངེས་པ་འདྲེན་དགོས་པ་གང་ཞིག དེས་རང་གི་རྒྱུན་ཕྱི་མའི་ངེས་པ་འདྲེན་ཚུལ་མེད་པའི་ཕྱིར་ཟེར་ན་དཔྱད་དོ། །

གསུམ་པ་ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ་བཤད་པའི་སྐབས་ཀྱི་མཐའ་དཔྱད་འཆད་པ།

གསུམ་པ་ཚད་མ་དང་ཚད་མིན་གཉིས་སུ་དབྱེ་བ་བཤད་པའི་སྐབས་ཀྱི་མཐའ་དཔྱད་འཆད་པ་ལ།

ཚད་མའི་མཐའ་དཔྱད་པ་དང༌། ཚད་མིན་གྱི་མཐའ་དཔྱད་པ་གཉིས། དང་པོ་ལ་ཚད་མའི་ངོ་བོ་ལ་དཔྱད་པ་དང༌། དབྱེ་བ་ལ་དཔྱད་པ་དང༌། གྲངས་ངེས་ལ་དཔྱད་པ་གསུམ། དང་པོ་ནི། ཚད་མ་མདོ་ལས། ཚད་མར་གྱུར་བ་འགྲོ་ལ་ཕན་བཞེད་པ། །ཞེས་དང༌། རྣམ་འགྲེལ་ལེའུ་གཉིས་པ་ལས། ཚད་མ་བསླུ་མེད་ཅན་ཤེས་པ། །དོན་བྱེད་ནུས་པར་གནས་པས་ན། །མི་བསླུ། ཞེས་དང༌། འགྲེལ་བཤད་རིན་ཆེན་ཕྲེང་བ་༡༢༨ལས། འོ་ན་ཚད་མའི་མཚན་ཉིད་དམ་ངོ་བོ་ཇི་ལྟ་བུ་ཞེ་ན། རང་གིས་གཞལ་བ་ལྟར་གྱི་འཇུག་ཡུལ་ལ་སྐྱེས་བུ་བསླུ་བ་མེད་པ་ཅན་གྱི་ཡང་དག་ཤེས་པ་ཡིན་པས་སོ། །མི་ཤེས་མི་འཁྲུལ་བ་ལྟ་བུ་མཚན་གཞིར་འཛིན་པར་བཟུང་ངོ། །མི་བསླུ་བ་དེ་ཉིད་འཆད་དེ། ཐ་སྙད་པའི་ཚད་མ་ཆོས་ཅན། རང་གི་འཇུག་ཡུལ་ལ་མི་བསླུ་བ་ཡིན་ཏེ། རང་གིས་གཞལ་བ་ལྟར་གྱི་དངོས་པོ་དོན་བྱེད་ནུས་པར་གནས་པ་སྟེ་རྟོགས་ནས་ཞུགས་པས་སྐྱེས་བུས་འཇུག་ཡུལ་ཐོབ་པར་བྱེད་པས་སོ། །དེ་ཉིད་མི་བསླུ་བའི་རྒྱུ་ཡིན་པའི་ཕྱིར་མི་བསླུ་བར་བརྗོད་ཅེས་བྱའོ། །ཞེས་གསུངས་པ་ལ། དཔྱད་ཤེས་ཆོས་ཅན། ཚད་མ་ཡིན་པར་ཐལ། རང་གིས་གཞལ་བ་ལྟར་གྱི་འཇུག་ཡུལ་ལ་སྐྱེས་བུ་བསླུ་བ་མེད་པ་ཅན་གྱི་ཡང་དག་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་བཤད་རིན་ཆེན་ཕྲེང་བ་༡༢༨ལས། འོ་ན་ཚད་མའི་མཚན་ཉིད་དམ་ངོ་བོ་ཇི་ལྟ་བུ་ཞེ་ན། རང་གིས་གཞལ་བ་ལྟར་གྱི་འཇུག་ཡུལ་ལ་སྐྱེས་བུ་བསླུ་བ་མེད་པ་ཅན་གྱི་ཡང་དག་ཤེས་པ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཚད་མ་ལ་གསར་རྟོགས་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལེའུ་གཉིས་པ་ལས། མ་ཤེས་དོན་གི་གསལ་བྱེད་ཀྱང༌། །ཞེས་དང༌། འགྲེལ་བཤད་རིན་ཆེན་ཕྲེང་བ་༡༢༩ལས། ཤེས་བྱ་ཆོས་ཅན། མི་བསླུ་བ་མཚན་ཉིད་ཀྱི་ཟུར་དུ་བཞག་པ་ལ་ཀུན་རྫོབ་ཤེས་པ་སོགས་ཚད་མར་ཐལ་བའི་སྐྱོན་མེད་དེ། ཚད་མ་སྔ་མས་མ་ཤེས་པའི་དོན་གསར་དུ་གསལ་བྱེད་དེ། རྟོགས་པ་ཡང་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། ཀྱང་ནི་མི་བསླུ་བར་བསྡུད་དོ། །རང་གི་འཇུག་ཡུལ་གསར་དུ་རྟོགས་པའི་བློ་ཚད་མའི་མཚན་ཉིད་དོ། །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། མཚོན་བྱ་ཚད་མ་གཅིག་པུ་ལ་རིགས་པའི་དབང་ཕྱུག་ཆོས་ཀྱི་གྲགས་པས་མཚན་ཉིད་གཉིསགསུངས་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་༤༢ལས། རིགས་པའི་དབང་ཕྱུག་ཉིད་ཀྱིས་མཚོན་བྱ་དང་ཚད་མ་གཅིག་ལ་མཚན་ཉིད་མི་བསླུ་བའི་ཤེས་པ་དང་མ་རྟོགས་དོན་གྱི་གསལ་བྱེད་གཉིས་གསུངས་པའི་ཕྱིར་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཚད་མ་ཡོད་ན་རང་གི་གཞན་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པས་ཁྱབ་པར་ཐལ། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་པ་གངཞིག མཚན་མཚོན་ལ་ཡོད་ཁྱབ་མཉམ་གྲུབ་དགོས་པའི་ཕྱིར། དང་པོ་གྲུབ་སྟེ། གཏན་ཚིགས་དོན་བསྡུས་ལས། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པར་ཐལ། ཚད་མ་ཡོད་པའི་ཕྱིར། དེར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁྱབ་གཉིས་ཀ་གྲུབ་སྟེ། བསྡུས་གྲྭའི་སྤྱི་དོན་ལས། ཚད་མ་ཡོད་ན་དེ་ཡོད་པས་མ་ཁྱབ་སྟེ། བུམ་པ་ལ་ཚད་མ་ཡོད་པ་གང་ཞིགདེ་ལ་རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་རིག་པ་མེད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་ལ་སེམས་ཡོད་པར་ཐལ། བུམ་པ་ཡོད་པར་རྟོགས་པའི་སེམས་ཡོད་པའི་ཕྱིར། འདོད་ན། ལྗོན་ཤིང་ལ་སེམས་ཡོད་པར་ཐལ། བུམ་པ་ལ་སེམས་ཡོད་པའི་བློ་རྩེ་གཏད་ཚུལ་ཡོད་པའི་ཕྱིར། འདོད་ན། ལྗོན་ཤིང་ལ་སེམས་ལྡན་པར་ཐལ། དེ་ལ་སེམས་ཡོད་པའི་ཕྱིར། འདོད་ན། ལྗོན་ཤིང་ཆོས་ཅན། སེམས་ཅན་ཡིན་པར་ཐལ། སེམས་ལྡན་ཡིན་པའི་ཕྱིར། ཁྱབ་སྟེ། ཅན་ལྡན་གཉིས་དོན་གཅིག་པའི་ཕྱིར་ཟེར་བ་དང༌། གོང་དུ་བུམ་པ་ཆོས་ཅན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་ཡོད་པར་ཐལ། ཚད་མ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ཟེར་ན། བུམ་པ་ཆོས་ཅན། རང་གི་གཞལ་བྱ་ལ་གསར་དུ་མི་བསླུ་བའི་ཤེས་པ་མེད་པར་ཐལ། རང་གི་གཞལ་བྱ་མེད་པའི་ཕྱིར། དེར་ཐལ། རང་ཡུལ་ཅན་མ་ཡིན་པའི་ཕྱིར། ཟེར་ན་དཔྱད། ཡང་བློ་རིག་ལས། གསར་དུ་མི་བསླུ་བའི་ཤེས་པ། ཚད་མའི་མཚན་ཉིད། ཅེས་གསུངས་པ་ལ། ཚད་མ་རྟོགས་ན་གསར་དུ་མི་བསླུ་བའི་ཤེས་པ་དང་ཚད་མ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་རྟོགས་པས་ཁྱབ་པར་ཐལ། གསར་དུ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། དཔལ་ལྡན་ཟླ་བ་གྲགས་པ་ཆོས་ཅན། གསར་དུ་མི་བསླུ་བའི་ཤེས་པ་དང་ཚད་མ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་རྟོགས་པར་ཐལ། ཚད་མ་རྟོགས་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དཔལ་ལྡན་ཟླ་བ་གྲགས་པ་ཆོས་ཅན། གསར་དུ་མི་བསླུ་བའི་ཤེས་པ་ཚད་མའི་དོན་ཡིན་པར་ཁས་ལེན་པར་ཐལ། གསར་དུ་མི་བསླུ་བའི་ཤེས་པ་ཚད་མའི་མཚན་ཉིད་དུ་བྱས་ནས་དེ་གཉིས་ཀྱི་མིང་དོན་གྱི་འབྲེལ་བ་རྟོགས་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། དཔལ་ལྡན་ཟླ་བས་ཚད་མ་ཡིན་ན་གསར་རྟོགས་ཡིན་དགོས་པ་ནི་དངོས་སྨྲ་བས་སྒྲོ་བཏགས་ཡིན་གྱི་བཏགས་དོན་བཙལ་ན་ནི་ཆོས་གང་ཡང་ཡོད་པར་འཇོག་ཏུ་མེད་པས་ཚད་མ་ལ་གསར་རྟོགས་ཀྱིས་མ་ཁྱབ་པར་འདོད་པའིཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། ཚད་མ་ཡིན་ན་གསར་རྟོགས་ཡིན་དགོས་པ་ནི་དངོས་སྨྲ་བས་སྒྲོ་བཏགས་པ་ཡིན་པར་བཞེད་པའི་ཕྱིར། དེར་ཐལ། བཏགས་དོན་བཙལ་ན་ནི་ཆོས་གང་ཡང་ཡོད་པར་འཇོག་ཏུ་མེད་པས་ཞེས་གསུངས་པའི་ཕྱིར་ཟེར་ན་ཚད་མ་རྟོགས་ན་གསར་དུ་མི་བསླུ་བའི་ཤེས་པ་རྟོགས་པས་ཁྱབ་མིན་དཔྱད། ཡང་བློ་རིག་ལས། སྨིག་རྒྱུ་ཆུར་འཛིན་གྱི་མིག་ཤེས་ལ་ཤེས་པ་ཞེས་པའི་དོན་ཚང་བ་གང་ཞིག མི་བསླུ་བ་ཞེས་པའི་དོན་མ་ཚང་བའི་ཕྱིར། ཞེས་གསུངས་པ་ལ། སྨིག་རྒྱུ་ཆུར་འཛིན་གྱི་མིག་ཤེས་ཆོས་ཅན། ཁྱོད་ལ་མི་བསླུ་བའི་དོན་ཚང་པར་ཐལ། ཁྱོད་ལ་ཡུལ་མི་བསླུ་བའི་དོན་ཚང་བའི་ཕྱིར། མ་གྲུབ་ན། སྨིག་རྒྱུ་ཆུར་འཛིན་གྱི་མིག་ཤེས་ཆོས་ཅན། ཡུལ་མི་བསླུ་བའི་དོན་ཚང་པར་ཐལ། ཡུལ་མི་བསླུ་བ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཡུལ་མི་བསླུ་བ་ཡིན་པར་ཐལ། གཞི་གྲུབ་པའི་ཕྱིར། ཁྱབ་སྟེ། གཞི་གྲུབ་དང་ཡུལ་མི་བསླུ་བ་གཉིས་དོན་གཅིག་ཡིན་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་ཟུར་དཔྱད་ལས། དེ་དང་གཞི་གྲུབ་དོན་གཅིག །ཞེས་གསུངས་པའི་ཕྱིར། འདོད་ན། སྨིག་རྒྱུ་ཆུར་འཛིན་གྱི་མིག་ཤེས་ཆོས་ཅན། མི་བསླུ་བའི་དོན་ཚང་བར་ཐལ། ཡུལ་མི་བསླུ་བའི་དོན་ཚང་བའི་ཕྱིར། རྟགས་ཁས། ཁྱབ་སྟེ། སྐབས་འདིའི་མི་བསླུ་བ་ལ་ཡུལ་མི་བསླུ་བ་དང་ཡུལ་ཅན་མི་བསླུ་བ་གཉིས་ཡོད་པའི་ཕྱིར། མ་གྲུབ་ན། དེར་ཐལ། བསྡུས་གྲྭའི་སྤྱི་དོན་ལས། སྐབས་འདིའི་མི་བསླུ་བ་ལ་ཡུལ་མི་བསླུ་བ་དང༌། ཡུལ་ཅན་མི་བསླུ་བ་གཉིས་ཡོད་པས་ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཚད་མ་ཆོས་ཅན། མི་བསླུ་བ་མ་ཡིན་པར་ཐལ། བསླུ་བ་ཡིན་པའི་ཕྱིར། མ་གྲུབ་ན། ཚད་མ་ཆོས་ཅན། བསླུ་བ་ཡིན་པར་ཐལ། འདུས་བྱས་ཡིན་པའི་ཕྱིར། ཁྱབ་སྟེ། དབུ་མ་རྩ་བ་ཤེས་རབ་ལས། འདུས་བྱས་ཐམས་ཅད་བསླུ་བའི་ཆོས། །ཞེས་གསུངས་པའི་ཕྱིར་ཟེར་ན་སྐབས་ཐོབ་སྐབས་ཐོབ་ཀྱི་མི་བསླུ་བའི་དོན་སོ་སོར་ཤེས་པར་བྱས་ནས་ཞིབ་ཆ་འབྱེདདགོས་སོ། །ཡང་བློ་རིག་ལས། ཚད་མའི་མཚན་ཉིད་ཀྱི་ཟུར་དུ་ཤེས་པ་སྨོས་པས་ནི་བྱེ་བྲག་སྨྲ་བས་མིག་དབང་གཟུགས་ཅན་པ་ཚད་མར་འདོད་པ་དང༌། རིག་བྱེད་པས་རིག་བྱེད་རྟག་པ་དང་རང་བྱུང་གི་ཚད་མར་འདོད་པ་ལ་སོགས་པ་བསལ་བའི་ཆེད་ཡིན་ཏེ། ཞེས་གསུངས་པ་ལྟར་གཞན་སྡེས་བྱེད་པ་པོ་དབང་ཕྱུག་རྟག་པ་རང་བྱུང་གི་ཚད་མའི་སྐྱེས་བུའམ་ཡུལ་ཀུན་མཁྱེན་པ་ཡིན་པར་ཁས་བླངས་པ་ལ། རང་ལུགས་ཀྱིས་ཡུལ་དངོས་པོ་ལ་ཚད་མ་ཡིན་པར་ཐལ། ཡུལ་ཐམས་ཅད་ལ་ཚད་མ་ཡིན་པའི་ཕྱིར། འདོད་ན། དབང་ཕྱུག་ཆོས་ཅན། རྟག་པ་མིན་པར་ཐལ། ཡུལ་མི་རྟག་པ་རྟོགས་པའི་ཕྱིར། ཁྱབ་སྟེ། ཡུལ་ཤེས་བྱ་མི་རྟག་པ་ཉིད་ཡིན་ན། དེ་འཇལ་བྱེད་ཀྱི་ཚད་མ་དེ་ཡང་མི་བརྟན་པ་ཡིན་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། ཚད་མ་རྟག་པ་ཉིད་ཡོད་མིན། །དངོས་ཡོད་རྟོགས་པ་ཚད་ཕྱིར་དང༌། །ཤེས་བྱ་མི་རྟག་པ་ཉིད་ཀྱིས། །དེ་ནི་མི་བརྟན་ཉིད་ཕྱིར་རོ། །རིམ་བཞིན་སྐྱེ་བ་ཅན་དག་ནི། །རྟག་ལས་སྐྱེ་བ་མི་འཐད་ཕྱིར། །བལྟོས་པ་མི་རུང་བ་ཡི་ཕྱིར། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་༡༣༡ལས། ཚད་མ་རྟག་པ་ཡོད་དེ། དབང་ཕྱུག་གི་ཤེས་པ་རྟག་པས་སོ་ཞེ་ན། ཤེས་བྱ་ཆོས་ཅན། ཚད་མ་ཡིན་པའི་རྟག་པའི་དངོས་པོ་ཉིད་ཡོད་པ་མིན་པར་ཐལ། ཚད་མ་དེ་དངོས་པོར་ཡོད་པ་རྟོགས་པའི་བློ་ཡིན་པའི་ཕྱིར་ཁྱབ་སྟེ། ཡུལ་ཤེས་བྱ་མི་རྟག་པ་ཉིད་ཀྱིས་ན་ཡུལ་ཅན་དེ་ནི་མི་བརྟན་པ་ཉིད་ཡིན་དགོས་པའི་ཕྱིར་རོ། །དབང་ཕྱུག་གི་ཤེས་པ་མི་རྟག་ཀྱང་དབང་ཕྱུག་རྟག་གོ་ཞེ་ན། དབང་ཕྱུག་གི་ཤེས་པ་དག་ནི་ཆོས་ཅན། དབང་ཕྱུག་རྟག་པ་ལས་སྐྱེ་བ་མི་འཐད་པར་ཐལ། རིམ་བཞིན་སྐྱེ་བ་ཅན་ཡིན་པའི་ཕྱིར་རྟག་ཀྱང་རྐྱེན་ལ་ལྟོས་ནས་ཤེས་པའི་རིམ་བཞིན་བསྐྱེད་ཅེ་ན། དབང་ཕྱུག་ཆོས་ཅན། ཁྱོད་ལས་ཚད་མ་རིམ་བཞིན་སྐྱེ་བ་མིན་པར་ཐལ། རང་གི་རྐྱེན་ལ་ལྟོས་པ་མི་རུང་བའི་ཕྱིར་ཏེ། རྒྱུ་རྐྱེན་གྱི་རྣམ་པ་འགས་ཀྱང་ཕན་གདགས་བྱ་མིན་པའི་ཕྱིར་ཏེ། རྟག་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཡུལ་ཤེས་བྱ་མི་རྟག་པ་ཉིད་ཡིན་ན། དེ་འཇལ་བྱེད་ཀྱི་ཚད་མ་དེ་མི་བརྟན་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། མི་རྟག་པ་རྟོགས་པའི་ཆོས་དབྱིངས་ཡེ་ཤེས་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། ཡུལ་མི་རྟག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། ཆོས་དབྱིངས་ཡེ་ཤེས་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་ཆེན་དྲི་མེད་འོད་ལས། སྐད་ཅིག་གཅིག་དང་དུ་མ་དང་བྲལ་བའི་ཡེ་ཤེས་ནི་རྒྱལ་བ་རྣམས་ཀྱི་དེ་ཁོ་ན་ཉིད། །ཅེས་གསུངས་པའི་ཕྱིར། གོང་གི་རྣམ་འགྲེལ་གྱི་ལུང་དོན་ནི། རི་ཆོས་ངེས་དོན་རྒྱ་མཚོ་ལས། དེ་བཞིན་དུ་ཚད་མ་རྟག་པ་ཉིད་ཡོད་མིན། ཞེས་པ་ལ་སོགས་པ་ཡང་ཀུན་རྫོབ་ཀྱི་ཚད་མ་ལ་དགོངས་པ་ཡིན་གྱི་དོན་དམ་གྱི་ཚད་མ་ལ་དགོས་པ་མ་ཡིན་ཞིང། འགའ་ཞིག་ཏུ་ཤེས་པ་གང་ཡིན་འདུས་བྱས་སུ་སྟོན་པ་རྣམས་ཀྱང་ཀུན་རྫོབ་ཀྱི་ཤེས་པ་ལ་དགོངས་པ་ཡིན་གྱི་དོན་དམ་གྱི་ཤེས་པ་ལ་དགོངས་པ་མ་ཡིན་ལ། ཞེས་གསུངས་པའི་ཕྱིར་རོ། གཉིས་པ་དབྱེ་བའི་མཐའ་དཔྱད་པ་ལ།

མངོན་རྗེས་ལ་དཔྱད་པ།

མངོན་རྗེས་ལ་དཔྱད་པ།

མངོན་རྗེས་ལ་དཔྱད་པ་དང༌། རང་ལསངེས་པའི་ཚད་མ་དང་གཞན་ལས་ངེས་པའི་ཚད་མ་ལ་དཔྱད་པ་གཉིས། དང་པོ་ལ། བུམ་པ་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། མངོནསུམ་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། མངོན་སུམ་ཚད་མ་ཡིན་པར་ཐལ། མངོན་སུམ་གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། བུམ་པ་ཆོས་ཅན། མངོན་སུམ་གསར་དུ་མི་བསླུ་བའི་རིག་པ་ཡིན་པར་ཐལ། མངོན་སུམ་གསར་རྟོགས་གང་ཞིག མངོན་སུམ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། མ་གྲུབ་ན། རྟགས་གྲུབ་པར་ཐལ། རྟགས་དང་པོ་གྲུབ་པ་གང་ཞིག རྟགས་གཉིས་པ་གྲུབ་པའི་ཕྱིར། ཕྱི་མ་མ་གྲུབ་ཟེར་ན། བུམ་པ་ཆོས་ཅན། མངོན་སུམ་མི་བསླུ་བའི་རིག་པ་ཡིན་པར་ཐལ། མངོན་སུམ་ཡོད་པའི་ཕྱིར། གོང་དུ་མངོན་སུམ་ཚད་མ་ཡིན་ན། རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ་ཡིན་པས་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དེ་མངོན་སུམ་གྱི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བློ་རིག་ལས་དང༌། སྤྱི་དོན་༣༩༣གཉིས་ལས། རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་རིག་པ། མངོན་སུམ་ཚད་མའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། ཟེར་ན་དཔྱད། ཡང་བུམ་པ་ཆོས་ཅན། རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་འཛིན་རྣམ་ཡིན་པར་ཐལ། རང་རིག་མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་རིག་ལས་དང༌། སྤྱི་དོན་༣༩༤གཉིས་ལས། རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་འཛིན་རྣམ། རང་རིག་མངོན་སུམ་ཚད་མའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། གོང་དུ་རྟགས་མ་གྲུབ་ཟེར་ན། བུམ་པ་ཆོས་ཅན། རང་རིག་མངོན་སུམ་ཡིན་པར་ཐལ། རང་རིག་ཡོད་པའི་ཕྱིར་ཟེར་བ་སོགས་སྔར་ལྟར་དཔྱད། ཡང་སོ་སྐྱེས་ཀྱི་རྒྱུད་ཀྱི་སྔོ་འཛིན་མངོན་སུམ་སྐད་ཅིག་དང་པོ་ཆོས་ཅན། གསར་རྟོགས་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། འདོད་མི་རིགས་ཏེ། དེས་ཡུལ་མ་རྟོགས་པའི་ཕྱིར། མ་གྲུབ་ན། དེར་ཐལ། ཐུང་མཐའི་སྐད་ཅིག་མའི་ཡུན་ཚད་ཅན་གྱི་སོ་སྐྱེས་ཀྱི་བློ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། ཐུང་མཐའི་སྐད་ཅིག་མའི་ཡུན་ཚད་ཅན་ཡིན་པར་ཐལ། ཐུང་མཐའི་སྐད་ཅིག་གི་ཡུན་ཚད་ཀྱིས་ཁྱོད་འགག་ནས་ཁྱོད་སྐད་ཅིག་གཉིས་པ་གྲུབ་དགོས་པའི་ཕྱིར། རྟགས་དེར་ཐལ། ཁྱོད་སྐད་ཅིག་མ་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་བུམ་པ་ཆོས་ཅན། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ་ཡིན་པར་ཐལ། རྗེས་དཔག་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པ་དེ། རྗེས་དཔག་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གཏན་ཚིགས་དོན་བསྡུས་ལས། གསུམ་པ་གྲངས་ངེས་ཀྱི་སྒོ་ནས་དབྱེ་བ་ལ་མངོན་སུམ་དང་རྗེས་དཔག་སྟེ། མཚན་ཉིད་ནི་རིམ་པ་ལྟར། རྟོག་པ་དང་བྲལ་ཞིང་མ་འཁྲུལ་བའི་ཡང་དག་ཤེས་པ་དང། ཚུལ་གསུམ་པའི་རྟགས་ལས་རང་གི་གཞལ་བྱ་ལྐོག་གྱུར་ལ་གསར་དུ་མི་སླུ་བའི་ཤེས་པའོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་༣༩༥ལས། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་གསར་དུ་མི་བསླུ་བའི་ཞེན་རིག རྗེས་དཔག་ཚད་མའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན། དེ་ནི་རྗེས་དཔག་གི་ཚད་མའི་མཚན་ཉིད་ཡིན་པར་དགོངས་པ་འདྲ་སྟེ། བློ་རིག་ལས། རང་གི་རྟེན་རྟགས་ཡང་དག་ལ་བརྟེན་ནས་གསར་དུ་མི་བསླུ་བའི་ཞེན་རིག རྗེས་དཔག་གི་ཚད་མའི་མཚན་ཉིད། ཅེས་གསུངས་པའི་ཕྱིར་ཟེར་ན། རྗེས་དཔག་ཚད་མའི་མཚན་ཉིད་དང༌། རྗེས་དཔག་གི་ཚད་མའི་མཚན་ཉིད་ལ་ཁྱད་པར་ཡོད་མེད་དཔྱད། གཉིས་པ་རང་ལས་ངེས་པའི་ཚད་མ་དང་གཞན་ལས་ངེས་པའི་ཚད་མའི་མཐའདཔྱད་པ་ནི། རྣམ་འགྲེལ་ལས། རང་ལས་རང་གི་ངོ་བོ་རྟོགས། །ཐ་སྙད་ལས་ནི་ཚདམ་ཉིད། །བསྟན་བཅོས་རྨོངས་པ་བཟློག་བྱེད་ཡིན། །ཞེས་དང༌། འགྲེལ་བཤད་རིན་ཕྲེང་༡༢༩ལས། མི་བསླུ་བས་ཚད་མར་ཇི་ལྟར་གྲུབ་ཅེ་ན། དོན་ལ་མེ་ཡིན་ཅིང་རྟོག་པས་མེ་ཡིན་མིན་ཐེ་ཙོམ་ཟ་བའི་རྒྱང་རིང་པོའི་རྫས་ཁ་དོག་དམར་པོ་འཛིན་པའི་མངོན་སུམ་ཆོས་ཅན། རང་མྱོང་བའི་རང་རིག་མངོན་སུམ་ལས་རང་གི་ངོ་བོ་ཤེས་པ་ཡིན་པའི་ཆ་དེ་རྟོགས་པ་སྟེ། དངོས་སུ་ངེས་པར་གྱུར་ཏེ། ཚད་མ་ཡིན་པས་སོ། །དེ་ཚད་མ་གང་ལས་ངེས་ཞེ་ན། ཆོས་ཅན། རང་མྱོང་གིས་མ་ངེས་ཀྱང་ཚད་མར་ངེས་བྱེད་ཡོད་དེ། ཐ་སྙད་དེ་ཕྱིས་བྱུང་གི་དོན་བྱེད་པའི་ཡུལ་ཅན་གྱི་ཤེས་པ་ལས་ཚད་མ་ཉིད་དུ་ངེས་པར་འགྱུར་བའི་ཕྱིར། ཐ་སྙད་ལས་ཚད་མར་རྟོགས་ན་དེའི་མཚན་ཉིད་སྟོན་པའི་བསྟན་བཅོས་དོན་མེད་དོ་ཞེ་ན། དེའི་མཚན་ཉིད་སྟོན་པའི་བསྟན་བཅོས་ཆོས་ཅན། ཐ་སྙད་ལས་རྟོགས་ཀྱང་དོན་མེད་མིན་པར་ཐལ། ཚད་མ་ཡིན་མིན་གྱི་རྣམ་དབྱེ་ལ་རྨོངས་པ་བཟློག་བྱེད་ཡིན་པའི་ཕྱིར། ཞེས་གསུངསཔ་ལ། རྗེས་དཔག་ཡིན་ན་རང་ལས་ངེས་ཀྱི་ཚད་མ་ཡིན་པས་ཁྱབ་པར་ཐལ། རྣམ་ངེས་ལས། མངོན་སུམ་ཡང་ནི་དོན་མེད་ན། །མི་འབྱུང་བ་ལ་ཚད་མ་ཡིན། །ཞེས་དང༌། གཏན་ཚིགས་དོན་བསྡུས་ལས། དབྱེ་བ་ནི། རྗེས་དཔག་ཀུན་དང། རྣལ་འབྱོར་མངོན་སུམ། རང་རིག་མངོན་སུམ། ཡུལ་གྱིས་དོན་བྱེད་བཞིན་པར་སྣང་བའི་མངོན་སུམ། གོམས་པ་ཅན་གྱི་མངོན་སུམ་རྣམས་རང་ལས་ངེས་པ་ཡིན་ནོ། །དོན་སྔར་མ་མཐོང་དང་པོར་མཐོང་བའི་དང་པོ་པ་དང། ཡིད་མ་གཏད་པ་དང། འཁྲུལ་རྒྱུ་ཅན་གྱི་མངོན་སུམ་རྣམས་གཞན་ལས་ངེས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། དོན་ལ་ཤུག་པའི་མེ་ཡིན་ཞིང་རྟོག་པས་ཤུག་པའི་མེ་མ་རྟོགས་པའི་སྐབས་ཀྱི་ལ་ལ་མེ་ཡོད་པར་ངེས་པའི་རྗེས་དཔག་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དོན་ལ་ཤུག་པའི་མེ་ཡིན་ཞིང་རྟོག་པས་ཤུག་པའི་མེ་མ་རྟོགས་པའི་སྐབས་ཀྱི་ལ་ལ་མེ་ཡོད་པར་ངེས་པའི་རྗེས་དཔག་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། གཞན་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་ཡུལ་སྟེང་དུ་མ་གྲུབ་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་ཡུལ་སྟེང་དུ་མ་གྲུབ་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་དེ་ལའི་མེ་ཤུག་པའི་མེ་ཡིན་པ་དེ་ཡིན་པ་གང་ཞིག དེ་ཡུལ་སྟེང་དུ་མ་གྲུབ་ན་རང་ཉིད་མི་འབྱུང་བ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་ཡིན་པའི་ཕྱིར། རྟགས་དང་པོ་མ་གྲུབ་ན། དོན་ལ་ཤུག་པའི་མེ་ཡིན་ཞིང་རྟོག་པས་ཤུག་པའི་མེ་མ་རྟོགས་པའི་སྐབས་ཀྱི་ལ་ལ་མེ་ཡོད་པར་ངེས་པའི་རྗེས་དཔག་ཆོས་ཅན། རང་གི་གཞལ་བྱའི་བདག་ཉིད་མཐར་ཐུག་དེ་ལའི་མེ་ཤུག་པའི་མེ་ཡིན་པ་དེ་ཡིན་པར་ཐལ། དོན་ལ་མེའི་ཁ་དོག་ཡིན་ཞིང་རྒྱང་རིང་པོ་ནས་ཁ་དོག་དམར་ལམ་པ་ཙམ་རྟོགས་པའི་དབང་མངོན་དེས་གཞལ་བྱའི་བདག་ཉིད་མཐར་ཐུག་ལ་དམར་ལམ་པ་མེའི་ཁ་དོག་ཡིན་པ་དེ་འཇོག་དགོས་པ་གང་ཞིག མཚུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རང་ལས་ངེས་པའི་ཚད་མ་ཡིན་ན། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པས་ཁྱབ་པར་ཐལ། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༩༩ལས། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་དེ། རང་ལས་ངེས་ཀྱི་ཚད་མའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་ཡིན་པར་ཐལ། རང་ལས་ངེས་པའི་ཚད་མ་ཡིན་པའི་ཕྱིར། རྟགས་དེར་ཐལ། རང་རིག་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། དབྱེ་བ་ནི། རྗེས་དཔག་ཀུན་དང། རྣལ་འབྱོར་མངོན་སུམ། རང་རིག་མངོན་སུམ། ཡུལ་གྱིས་དོན་བྱེད་བཞིན་པར་སྣང་བའི་མངོན་སུམ། གོམས་པ་ཅན་གྱི་མངོན་སུམ་རྣམས་རང་ལས་ངེས་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། དེ་རང་རིག་ཚད་མ་ལ་དགོངས་པ་ཡིན་ཟེར་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་ཚད་མ་ཆོས་ཅན། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་ཡིན་པར་ཐལ། རང་ལས་ངེས་པའི་ཚད་མ་ཡིན་པའི་ཕྱིར། རྟགས་མ་གྲུབ། དེ་མེད་ཟེར་ན། འོ་ན་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཚད་མ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཡུལ་རྟོགས་པའི་བློ་མ་ཡིན་པར་ཐལ། འདོད་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་ཆོས་ཅན། ཡུལ་རྟོགས་པའི་བློ་ཡིན་པར་ཐལ། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཤེས་པ་ཡིན་པའི་ཆ་དེ་རྟོགས་པའི་ཕྱིར། རྟགས་མ་གྲུབ་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། རང་མྱོང་བའི་རང་རིག་མངོན་སུམ་དེས་རང་གི་ངོ་བོ་ཤེས་པ་ཡིན་པའི་ཆ་དེ་རྟོགས་པར་ཐལ། ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། འགྲེལ་བཤད་རིན་འཕྲེང་༡༢༩ལས། མངོན་སུམ་ཆོས་ཅན། རང་མྱོང་བའི་རང་རིག་མངོན་སུམ་ལས་རང་གི་ངོ་བོ་ཤེས་པ་ཡིན་པའི་ཆ་དེ་རྟོགས་པ་སྟེ། དངོས་སུ་ངེས་པར་གྱུར་ཏེ། ཚད་མ་ཡིན་པས་སོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་ཚད་མ་ཡོད་པར་ཐལ། འདོད་ན། རྒྱང་འཕེན་པའི་རྒྱུད་ན་རྗེས་དཔག་ཉམས་སུ་མྱོང་བའི་རང་རིག་ཚད་མ་ཆོས་ཅན། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་ཡིན་པར་ཐལ། རང་ལས་ངེས་པའི་ཚད་མ་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། རང་གི་གཞལ་བྱའི་དོན་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་རྟོགས་པར་ཐལ། རང་གི་གཞལ་བྱའི་དོན་ཡུལ་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདེན་པར་བྱེད་པའི་ཕྱིར། ཁྱབ་སྟེ། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་མི་འབྱུང་བའི་འབྲེལ་བ་ངེས་པ་ལ་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ངེས་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་མ་ངེས་པར་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ཚུལ་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རྗེས་དཔག་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༤༠༠ལས། དེ་བཞིན་དུ་རྣལ་འབྱོར་མངོན་སུམ་ཐམས་ཅད་དང༌། རང་རིག་མངོན་སུམ་དུ་གྱུར་བའི་ཚད་མ་དང༌། རྗེས་དཔག་ཚད་མ་ཐམས་ཅད་དང༌། ཕའི་རྒྱུད་ཀྱི་བུའི་གཟུགས་འཛིན་པའི་དབང་མངོན་གོམས་པ་ཅན་ལ་སོགས་པ་མངོན་སུམ་གོམས་པ་ཅན་རྣམས་རང་ལས་ངེས་ཀྱི་ཚད་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ཆོས་ཅན། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་ཡིན་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱིས་རྗེས་དཔག་རྟོགས་པར་ཐལ། ཁྱོད་ཀྱི་རྒྱུད་ན་རྗེས་དཔག་རྟོགས་པའི་བློ་ཡོད་པའི་ཕྱིར། མ་གྲུབ་ན། རྒྱང་འཕེན་པ་ཆོས་ཅན། ཁྱོད་ཀྱི་རྒྱུད་ན་རྗེས་དཔག་རྟོགས་པའི་བློ་ཡོད་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་རྗེས་དཔག་དེས་རྗེས་དཔག་རྟོགས་པའི་ཕྱིར། མ་གྲུབ་ན། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་དེས་རྗེས་དཔག་རྟོགས་པར་ཐལ། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་དེས་རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པའི་ཕྱིར། ཁྱབ་སྟེ། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་མི་འབྱུང་བའི་འབྲེལ་བ་ངེས་པ་ལ་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་ངེས་དགོས་པའི་ཕྱིར། མ་གྲུབ་ན། དེར་ཐལ། རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་མ་ངེས་པར་རྒྱང་འཕེན་པའི་རྒྱུད་ཀྱི་རྗེས་དཔག་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ཚུལ་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་བློ་རིག་ལས། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་མ་གྲུབ་ན་རང་ཉིད་མིའབྱུང་བ་ལ་ངེས་པ་གཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད། མཚན་གཞི་ནི། དོན་ལ་མེའི་ཁ་དོག་ཡིན་ཞིང་རྒྱང་རིང་པོ་ནས་ཁ་དོག་དམར་ལམ་པ་ཙམ་རྟོགས་པའི་དབང་མངོན་ལྟ་བུའོ། །ཞེས་གསུངས་པ་ལ། དོན་ལ་མེའི་ཁ་དོག་ཡིན་ཞིང་རྒྱང་རིང་པོ་ནས་ཁ་དོག་དམར་ལམ་པ་ཙམ་རྟོགས་པའི་དབང་མངོནཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དོན་ལ་མེའི་ཁ་དོག་ཡིན་ཞིང་རྒྱང་རིང་པོ་ནས་ཁ་དོག་དམར་ལམ་པ་ཙམ་རྟོགས་པའི་དབང་མངོན་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། རངགི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པརང་སྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རངསྟོབས་ཀྱིས་འདྲེན་ནུས་པའི་ཚད་མ་ཡིན་པར་ཐལ། རང་གི་གཞལ་བྱའི་དོན་ཁ་དོག་དམརལམ་པ་དེ་དོན་སྟེང་དུ་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབསཀྱིས་འདྲེན་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། རང་གི་གཞལ་བྱའི་དོན་ཁ་དོག་དམར་ལམ་པ་དེ་རང་སྟོབས་ཀྱིས་རྟོགས་པའི་ཕྱིར་ཟེར་བ་དང༌། ཡང་དེ་ཆོས་ཅན། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་གྲུབ་པ་མེད་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པ་རང་སྟོབས་ཀྱིས་འདྲེན་ནུས་པར་ཐལ། རང་གི་གཞལ་བྱ་ཡིན་ན་ངེས་པ་རང་སྟོབས་ཀྱིས་འདྲེན་པས་ཁྱབ་པའི་ཕྱིར། མ་གྲུབ་ན། ཞོག་ཟེར། དམར་ལམ་པ་མེའི་ཁ་དོག་ཡིན་པ་ཆོས་ཅན་ཟེར་ན། དམར་ལམ་པ་མེའི་ཁ་དོག་ཡིན་པ་ཆོས་ཅན། ཁྱོད་དོན་ལ་མེའི་ཁ་དོག་ཡིན་ཞིང་རྒྱང་རིང་པོ་ནས་ཁ་དོག་དམར་ལམ་པ་ཙམ་རྟོགས་པའི་དབང་པོའི་མངོན་སུམ་དེས་གཞལ་བྱ་མ་ཡིན་པར་ཐལ། ཁྱོད་དེས་མ་རྟོགས་པའི་ཕྱིར། དེའི་གཞལ་བྱ་མཐར་ཐུག་ཡིན་ཟེར་ན། དམར་ལམ་པ་མེའི་ཁ་དོག་ཡིན་པ་ཆོས་ཅན། ཁྱོད་དེའི་གཞལ་བྱ་ཡིན་པར་ཐལ། ཁྱོད་དེའི་གཞལ་བྱ་མཐར་ཐུག་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། བློ་དེ་དང་དེའི་གཞལ་བྱ་མཐར་ཐུག་ཡིན་པའི་ཚད་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་བསྡུས་གྲྭའི་སྤྱི་དོན་༤༠༡ལས། གཉིས་པ་གཞན་ལས་ངེས་ཀྱི་ཚད་མ་ནི། རང་གི་གཞལ་བྱའི་ཡུལ་སྟེང་དུ་དོན་མ་གྲུབ་ན་རང་ཉིད་མི་འབྱུང་བའི་འབྲེལ་བ་ལ་ངེས་པགཞན་སྟོབས་ཀྱིས་འདྲེན་པར་བྱེད་པའི་ཚད་མ་དེ། གཞན་ལས་ངེས་ཀྱི་ཚད་མའི་མཚན་ཉིད།མཚན་གཞི་ནི། ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཨུཏྤལ་འཛིན་པའི་མིག་གི་མངོན་སུམ་ལྟ་བུ་དེ་ཡིན་ཏེ། ཞེས་གསུངས་པ་ལ། ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཨུཏྤལ་འཛིན་པའི་མིག་གི་མངོན་སུམ་ཆོས་ཅན། གཞན་ལས་ངེས་ཀྱི་ཚད་མ་མ་ཡིན་པར་ཐལ། རང་ལས་ངེས་ཀྱི་ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། ཨུཏྤལ་ངོ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་ཨུཏྤལ་འཛིན་པའི་མིག་གི་མངོན་སུམ་ཆོས་ཅན། རང་ལས་ངེས་ཀྱི་ཚད་མ་ཡིན་པར་ཐལ། ཚད་མ་གང་ཞིག་ཡུལ་དེ་རང་ཉིད་ཀྱིས་སམ། རང་སྟོབས་ཀྱིས་དངོས་སུ་ངེས་ཤེས་འདྲེན་ནུས་གང་རུང་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། གཉིས་པ་ལ་རང་ལས་ངེས་ཀྱི་ཚད་མ་དང། གཞན་ལས་ངེས་ཀྱི་ཚད་མ་གཉིས་སོ། །མཚན་ཉིད་ནི་རིམ་པ་ལྟར། ཚད་མ་གང་ཞིག་ཡུལ་དེ་རང་ཉིད་ཀྱིས་སམ། རང་སྟོབས་ཀྱིས་དངོས་སུ་ངེས་ཤེས་འདྲེན་ནུས་གང་རུང་ཡིན་པ་དང། ཞེས་གསུངས་པའི་ཕྱིར་རོ། །

གསུམ་པ་ཚད་མའི་གྲངས་ངེས་ལ་དཔྱད་པ།

གསུམ་པ་ཚད་མའི་གྲངས་ངེས་ལ་དཔྱད་པ་ནི།

ཚད་མ་མདོར། མངོན་སུམ་དང་ནི་རྗེས་སུ་དཔག །ཚད་མའོ་མཚན་ཉིད་གཉིསགཞལ་བྱ། །དེ་ལ་རབ་སྦྱོར་ཕྱིར་ཚད་མ། །གཞན་ནི་ཡོད་པ་མ་ཡིན་ནོ། །ཞེས་དང༌། རྣམ་འགྲེལ་ལེའུ་གསུམ་པ་ལས། གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་དང༌། འགྲེལ་པ་རིན་ཕྲེང་༢༢༦ལས། ཚད་མའི་གྲངས་ངེས་བྱེད་པ་ན་ཆོས་ཅན། ཚད་མའི་ཁྱད་པར་ལ་མངོན་སུམ་རྗེས་དཔག་གཉིས་སུ་གྲངས་ངེས་ཏེ། གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་ཚད་མའི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པས་ཚད་མ་ལ་གཉིས་སུ་གྲངས་ངེས་པར་སྒྲུབ་པ་ཨེ་རེད། ཡིན་ན། ཁྱོད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་ན་ཁྱོད་ལ་གཉིས་སུ་གྲངས་པའི་ཁྱབ་པར་ཐལ། འདོད་ན། མངོན་སུམ་ཚད་མ་ཆོས་ཅན། ཁྱོད་ལ་གཉིས་སུ་གྲངས་ངེས་པར་ཐལ། ཁྱོད་ཀྱི་གཞལ་བྱ་ལ་རང་སྤྱི་གཉིས་སུ་གྲངས་ངེས་པའི་ཕྱིར། རྟགས་དེར་ཐལ། མངོན་སུམ་ཚད་མའི་གཞལ་བྱ་ལ་རང་སྤྱི་གཉིས་ཡོད་པ་གང་ཞིག དེ་གཉིས་ལས་གཞན་པའི་དེའི་གཞལ་བྱ་མེད་པའི་ཕྱིར་ཟེར་ན། ཚད་མའི་གཞལ་བྱ་ཙམ་མ་ཡིན་པར་ཚད་མའི་སྣང་ཡུལ་གྱི་གཞལ་བྱ་ལ་གཉིས་སུ་གྲངས་ངེས་པས་སྒྲུབ་དགོས་ཏེ། འགྲེལ་བ་རིན་ཕྲེང་༢༤༣ལས། ཚད་མའི་སྣང་ཡུལ་རང་སྤྱི་གཉིས་སུ་བཞེད་པའི་མཁས་མཆོག་ཡིན་པས་སོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་༣༩༥ལས། ཚད་མ་ལ་ཆོས་ཅན། གཉིས་སུ་གྲངས་ངེས་ཏེ། དེ་ལ་མངོན་སུམ་ཚད་མ་དང༌། རྗེས་དཔག་ཚད་མ་གཉིས་སུ་གྲངས་ངེས་པའི་ཕྱིར་ཏེ། རང་མཚན་སྣང་ཡུལ་དུ་བྱེད་པའི་མངོན་སུམ་ཚད་མ་དང༌། །སྤྱི་མཚན་སྣང་ཡུལ་དུ་བྱེད་པའི་རྗེས་དཔག་ཚད་མ་དང་གཉིས་སུ་གྲངས་ངེས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཟེར་ན་གཞལ་བྱ་རང་སྤྱི་གཉིས་སུ་གྲངས་ངེས་པས་ཚད་མ་ལ་གཉིས་སུ་གྲངས་ངེས་སྒྲུབ་པའི་སྦྱོར་བ་བཀོད་ཚུལ་དང༌། དོན་དམ་བདེན་པ་གཞལ་བྱ་རང་སྤྱི་གང་རུང་ཡིན་མིན་སོགས་ལ་དཔྱད། ཡང་རྣམ་འགྲེལ་ལེའུ་གསུམ་པ་ལས། མངོན་སུམ་ལྐོག་ཏུ་གྱུར་བ་ལས། །གཞལབྱ་གཞན་ནི་ཡོད་མ་ཡིན། །དེ་ཕྱིར་གཞལ་བྱ་གཉིས་ཉིད་ཀྱིས། །ཚད་མ་གཉིས་སུ་བཞེདཔ་དང༌། །གཞལ་བྱ་གཉིས་ནི་མཐོང་བའི་ཕྱིར། །གསུམ་གཅིག་གྲངས་ནི་བསལ་བ་ཡིན། །ཞེས་དང༌། འགྲེལ་བ་རིན་ཕྲེང་༢༤༥ལས། གཞལ་བྱའི་དབྱེ་བ་བྱེད་པ་ན་ཆོས་ཅན། གཞལ་བྱ་མངོན་ལྐོག་གཉིས་སུ་ངེས་ཏེ། མངོན་ལྐོག་ལས་མ་རྟོགས་པའི་གཞལ་བྱ་གཞན་ཡོད་པ་མིན་པས་སོ། །གཞལ་བྱ་གཉིས་ཉིད་ཀྱིས་ནས་བཞེད་པ་དང་ལ། ཚད་མའི་གྲངས་ངེས་བྱེད་པ་ན་ཆོས་ཅན། ཚད་མ་རྫས་ཡོད་ལ་མངོན་རྗེས་གཉིས་སུ་ངེས་པ་འཐད་དེ། གཞལ་བྱ་གཉིས་སུ་ངེས་པས་སོ། །གཞལ་བྱ་གཉིས་ནས་གསུམ་གྱི་གྲངས་བསལ་བ་ཡིན་ལ། ཆོས་ཅན་མངོན་རྗེས་ལས་མ་རྟོགས་པའི་སྒྲ་བྱུང་ཉེར་འཇལ་ལ་སོགས་པའི་ཚད་མ་གསུམ་པ་བསལ་བ་ཡིན་ཏེ། གཞལ་བྱ་གཉིས་སུ་ངེས་པས་སོ། །ཞེས་དང༌། བློ་རིག་ལས། ཚད་མ་ཆོས་ཅན། ཁྱོད་ལ་མངོན་རྗེས་གཉིས་སུ་ངེས་ཏེ། གཞལ་བྱ་ལ་མངོན་ལྐོག་གཉིས་སུ་ངེས་ཤིང་མངོན་གྱུར་དངོས་སུ་འཇལ་བའི་མངོན་སུམ་ཚད་མ་དང༌། གཞལ་བྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་རྗེས་དཔག་ཡིན་པ་ཉིད་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། ཚད་མ་ཆོས་ཅན། ཁྱོད་ལ་མངོན་རྗེས་གཉིས་སུ་ངེས་ཏེ། གཞལ་བྱ་མངོན་ལྐོག་གཉིས་སུ་ངེས་ཤིང་མངོན་གྱུར་དངོས་སུ་འཇལ་བའི་མངོན་སུམ་ཚད་མ་དང༌། གཞལ་བྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་རྗེས་དཔག་ཡིན་པ་ཉིད་ཡིན་པའི་ཕྱིར་ཞེས་པའི་སྦྱོར་བ་ཆོས་ཅན། ཚད་མའི་གྲངས་ངེས་སྒྲུབ་བྱེད་ཀྱི་སྦྱོར་བ་མ་ཡིན་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྟོགས་ན་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པར་རྟོགས་དགོས་པའི་ཕྱིར། མ་གྲུབ་ན། དེ་ཆོས་ཅན། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྟོགས་ན་ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པར་རྟོགས་དགོས་པར་ཐལ། དེ་སྒྲུབ་ཀྱི་བསྒྲུབ་བྱའི་ཆོས་རྟོགས་ན་ཁྱོད་ལ་མངོན་རྗེས་གཉིས་སུ་ངེས་པར་རྟོགས་དགོས་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཁྱོད་ལ་མངོན་རྗེས་གཉིས་སུ་ངེས་པར་རྟོགས་པ་ལ་ཁྱོད་སྒྲའི་འཇུག་གཞི་རྟོགས་དགོས་པ་གང་ཞིག ཁྱོད་སྒྲའི་འཇུག་གཞི་ལ་ཚད་མ་ལས་གཞན་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་ཚད་མ་ཆོས་ཅན། ཁྱོད་ལ་མངོན་རྗེས་གཉིས་སུ་ངེས་ཏེ། གཞལ་བྱ་ལ་མངོན་ལྐོག་གཉིས་སུ་ངེས་ཤིང་མངོན་གྱུར་དངོས་སུ་འཇལ་བའི་མངོན་སུམ་ཚད་མ་དང༌། གཞལབྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་རྗེས་དཔག་ཡིན་པ་ཉིད་ཡིན་པའི་ཕྱིར། ཞེས་པའི་རྟགས་གྲུབ་པར་ཐལ། དེ་ཚད་མའི་གྲངས་ངེས་སྒྲུབ་བྱེད་ཀྱི་སྦྱོར་བ་ཡང་དག་ཡིན་པའི་ཕྱིར། འདོད་ན། གཞལ་བྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་ཡིན་ན་རྗེས་དཔག་ཡིན་པས་ཁྱབ་པར་ཐལ། གཞལ་བྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་རྗེས་དཔག་ཡིན་པ་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རྣམ་མཁྱེན་ཆོས་ཅན། རྗེས་དཔག་ཡིན་པར་ཐལ། གཞལ་བྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་ཡིན་པའི་ཕྱིར། ཁྱབ་པ་ཁས། མ་གྲུབ་ན། རྣམ་མཁྱེན་ཆོས་ཅན། གཞལ་བྱ་ལྐོག་གྱུར་དངོས་སུ་འཇལ་བའི་ཚད་མ་ཡིན་པར་ཐལ། དོན་དམ་བདེན་པ་དངོས་སུ་འཇལ་བའི་ཚད་མ་ཡིན་པའི་ཕྱིར། ཁྱབ་སྟེ། དོན་དམ་བདེན་པ་ལས་ལྷག་གི་གཞལ་བྱ་ལྐོག་གྱུར་ཞིག་གཞི་མ་གྲུབ་པའི་ཕྱིར་ཟེར་ན་དཔྱད། ཡང་ཚད་མ་ལ་མངོན་རྗེས་གཉིས་སུ་གྲངས་ངེས་ན། ཚད་མ་ཆོས་ཅན། མངོན་རྗེས་གཉིས་པོ་གང་རུང་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། རྫས་སྤྱི་མ་ཡིན་ཟེར་ན། ཚད་མ་ཆོས་ཅན། མངོན་རྗེས་གཉིས་པོ་གང་རུང་མ་ཡིན་པར་ཐལ། གང་རུང་ཡིན་པ་ལ་རྫས་སྤྱི་མ་ཡིན་པའི་ཕྱིར། རྟགས་ཁས། འདོད་མི་ནུས་ཏེ། ཚད་མ་ལ་མངོན་རྗེས་གཉིས་སུ་དབྱེ་བ་དེ་ཕུང་སུམ་སེལ་བའི་དབྱེ་བ་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༩༦ལས། མངོན་རྗེས་གང་རུང་མ་ཡིན་པའི་ཕུང་སུམ་པའི་ཚད་མ་དང་རང་སྤྱི་གཉིས་ཀ་སྣང་ཡུལ་དུ་བྱེད་པའི་ཚད་མ་མེད་པས་ན་མངོན་རྗེས་གཉིས་ཡིན་གྱི་ཚད་མ་ཕུང་སུམ་པ་ཡང་མེད་པའི་ཕྱིར་ཏེ། རྣམ་འགྲེལ་ལས།གཞལ་བྱ་གཉིས་ཕྱིར་ཚད་མ་གཉིས། །ཞེས་གསུངས་པའི་དགོངས་པ་དེ་ལྟར་ཡིན་པའི་ཕྱིར། ཞེས་དང༌། ཡང་དེ་ཉིད་༣༩༧ལས། དེ་ལྟར་ཚད་མ་ལ་གཉིས་སུ་གྲངས་ངེས་པ་ནི་ཕུང་སུམ་སེལ་བ་ཡང་ཡིན་ཀྱང་གཙོ་བོར་ལོག་རྟོག་སེལ་བའི་གྲངས་ངེས་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཡང་ཚད་མ་དང་གཅིག་ཏུ་གྱུར་བའི་ཚད་མ་ཆོས་ཅན། མངོན་རྗེས་གཉིས་པོ་གང་རུང་ཡིན་པར་ཐལ། རྫས་སྤྱི་གཉིས་འགོ་ཆོད་ཚད་མ་ཡིན་པའི་ཕྱིར་ཟེར་ན་དཔྱད་དོ། །

གཉིས་པ་ཚད་མིན་གྱི་མཐའ་དཔྱད་པ།

གཉིས་པ་ཚད་མིན་གྱི་མཐའ་དཔྱད་པ་ལ།

བློ་རིག་ལས། གཉིས་པ་དབྱེ་བ་ལ། བཅད་ཤེས་དང། ཡིད་དཔྱོད་དང། སྣང་ལ་མ་ངེས་པའི་བློ་དང། ཐེ་ཚོམ་དང། ལོག་ཤེས་དང་ལྔ་ཡོད་ལ། དེ་དག་གི་ངོ་བོ་སོགས་གོང་དུ་བཤད་ཟིན་ཏོ། །ཞེས་ཡིད་དཔྱོད་ཚད་མིན་དུ་གསུངས་པ་ལ་དཔྱད་ན། ཡིད་དཔྱོད་ཆོས་ཅན། ཚད་མིན་གྱི་ཤེས་པ་མ་ཡིན་པར་ཐལ། ཚད་མ་ཡིན་པའི་ཕྱིར། མ་གྲུབ་ན། ཡིད་དཔྱོད་ཆོས་ཅན། ཚད་མ་ཡིན་པར་ཐལ། གསར་དུ་མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དེར་ཐལ། གསར་རྟོགས་གང་ཞིག མི་བསླུ་བའི་རིག་པ་ཡིན་པའི་ཕྱིར། དང་པོ་གྲུབ་སྟེ། སྤྱི་དོན་༣༦༤ལས། ཡིད་དཔྱོད་ནི་རྒྱུན་ཅི་ཙམ་རིང་ཡང་གསར་རྟོགས་ཡིན་ནོ། །ཞེས་གསུངས་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། ཡུལ་ཅན་མི་བསླུ་བ་ཡིན་པའི་ཕྱིར་ཏེ། རང་ཡུལ་རང་གིས་གཞལ་བ་ལྟར་གྲུབ་པའི་བློ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་རིག་ལས། ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་མི་བསླུ་བ་ནི། ཡུལ་ཁོ་ན་ཡིན་ན་ཡུལ་སྟེང་དུ་ཚད་མས་གཞལ་བ་ལྟར་གྲུབ་པ། ཡུལ་ཅན་ཡིན་ན་དེའི་སྟེང་དུ་རང་གི་གཞལ་བྱ་གཞལ་བ་ལྟར་གྲུབ་པ་ཞིག་དགོས་སམ་སྙམ་སྟེ། ཞེས་དང༌། ལྷ་དབང་བློའི་འགྲེལ་བ་ལས། དོན་གྱི་རང་གི་ནུས་པ་གྲུབ་ནས་ཇི་ལྟར་འདོད་པའི་དོན་དེ་ལྟ་བུའི་ངོ་བོ་མི་བསླུ་བ་ནི་ཡུལ་གྱི་ཆོས་དང། ཞེས་དང། ཤེས་པ་མི་བསླུ་བ་ནི་ཡུལ་ཅན་གྱི་ཆོས་ཅན་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །འདོད་མི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་༣༩༠ལས། སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་དེ་ཡུལ་མི་བསླུ་བ་ཡིན་ཀྱང་ཡུལ་ཅན་མཐའ་གཅིག་ཏུ་མི་བསླུ་བ་མ་ཡིན་པའི་ཕྱིར། དེའི་སྒྲ་མི་རྟག་པར་བཟུང་བ་དེ་རྒོལ་བས་བསྒྱུར་ནུས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པར་འཛིན་པའི་ཡིད་དཔྱོད་ཆོས་ཅན། ཡུལ་ཅན་མི་བསླུ་བ་ཡིན་པར་ཐལ། མི་བསླུ་བའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། རང་ཡུལ་རང་གིས་གཞལ་བ་ལྟར་གྲུབ་པའི་རིག་པ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༨༩ལས། རང་ཡུལ་རང་གིས་གཞལ་བ་ལྟར་གྲུབ་པའི་རིག་པ།མི་བསླུ་བའི་ཤེས་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། གོང་དུ་ཁྱབ་པ་མེད་དེ། ཚད་མའི་མཚན་ཉིད་ཀྱི་ཟུར་གྱི་མི་བསླུ་བ་དང༌། མི་བསླུ་བའི་ཤེས་པ་ཞེས་པའི་མི་བསླུ་བ་གཉིས་མིང་འདྲ་ཡང་དོན་མི་འདྲ་སྟེ། བསྡུས་གྲྭའི་སྤྱི་དོན་༣༨༩ལས། ཚད་མའི་མི་བསླུ་བ་ནི་ཡུལ་མི་བསླུ་བ་གཞིར་བཞག་པའི་སྟེང་དུ་ཡུལ་ཅན་གྱི་འཛིན་སྟངས་བསྒྱུར་མི་ནུས་པའི་མི་བསླུ་བ་དང༌།འདི་ནི་ཡུལ་མི་བསླུ་བས་ཡུལ་ཅན་གྱི་འཛིན་སྟངས་དོན་མཐུན་ལ་མི་བསླུ་བ་ཞེས་བྱེད་པས་ཚད་མའི་མི་བསླུ་བ་དང་མི་འདྲའོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད།

བཞི་བ་རྟོག་བཅས་དང་རྟོག་མེད་གཉིས་སུ་དབྱེ་བའི་མཐའ་དཔྱད་འཆད་པ།

བཞི་བ་རྟོག་བཅས་དང་རྟོག་མེད་གཉིས་སུ་དབྱེ་བའི་མཐའ་དཔྱད་འཆད་པ་ལ།

རྟོག་བཅས་ཀྱི་མཐའ་དཔྱད་པ་དང༌། རྟོག་མེད་ཀྱི་མཐའ་དཔྱད་པ་གཉིས། དང་པོ་ལ། རྟོག་པའི་མཚན་ཉིད་ལ་དཔྱད་པ་དང༌། དབྱེ་བ་ལ་དཔྱད་པ་གཉིས། དང་པོ་ནི། བློ་རིག་ལས། རྟོག་པ་ཡིན་ན་སྒྲ་སྤྱི་ཁྱོད་ཀྱི་སྣང་ཡུལ་ཡིན་པས་ཁྱབ་ཟེར་ན། བ་ལང་གི་རྒྱུད་ཀྱི་བུ་འཛིན་རྟོག་པ་ཆོས་ཅན། སྒྲ་སྤྱི་སྣང་ཡུལ་དུ་བྱས་པའི་རྟོག་པ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། བརྡ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པ་ཡིན་པའི་ཕྱིར། ཞེས་གསུངས་པ་ལ། བརྡ་མི་ཤེས་པའི་གང་ཟག་གི་རྒྱུད་ཀྱི་རྟོག་པ་ཡིན་ན་སྒྲ་སྤྱི་སྣང་ཡུལ་དུ་བྱས་པའི་རྟོག་པ་མ་ཡིན་པས་ཁྱབ་ན། བ་གླང་ཆོས་ཅན། ཁྱོད་ཀྱི་རྒྱུད་ཀྱི་རྟོག་པ་ཡིན་ན་སྒྲ་སྤྱི་སྣང་ཡུལ་དུ་བྱས་པའི་རྟོག་པ་མ་ཡིན་པས་ཁྱབ་པར་ཐལ། ཁྱོད་བརྡ་མི་ཤེས་པའི་གང་ཟག་ཡིན་པའི་ཕྱིར། འདོད་ན། བ་གླང་ཆོས་ཅན། ཁྱོད་ཀྱི་རྒྱུད་ན་སྒྲ་འཛིན་རྣ་ཤེས་ཀྱིས་དྲངས་པའི་རྟོག་པ་མེད་པར་ཐལ། ཁྱོད་ཀྱི་རྒྱུད་ཀྱི་རྟོག་པ་ཡིན་ན་སྒྲ་སྤྱི་སྣང་ཡུལ་དུ་བྱས་པའི་རྟོག་པ་མ་ཡིན་པས་ཁྱབ་པའི་ཕྱིར། མ་ཁྱབ་ཟེར་ན། ཁྱབ་པར་ཐལ། སྒྲ་འཛིན་རྣ་ཤེས་ཀྱིས་དྲངས་པའི་རྟོག་པ་དེ་ལ་སྒྲ་གྲག་པའི་རྣམ་པ་ཅན་གྱི་སྤྱི་དེ་སྣང་དགོས་པའི་ཕྱིར། ཁྱབ་སྟེ། སྒྲ་སྤྱི་ནི་མིང་གི་མཚན་མའམ་སྒྲ་གྲག་པའི་རྣམ་ཆ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་༣༢༢ལས། དེ་ལའང་སྒྲ་དོན་འདྲེས་པར་སྣང་ཚུལ་གཉིས་ཡོད་དེ། །ོག་མར་བུམ་པ་ཞེས་བརྗོད་པ་ན་སྒྲ་རང་མཚན་པ་དེ་བརྗོད་ཟིན་པ་ན་འགགས་ཀྱང་བུམ་པ་ཞེས་བརྗོད་པའི་སྒྲ་གྲག་པའི་རྣམ་པ་ཅན་གྱི་སྒྲ་སྤྱི་དེ་ཉིད་ཤར་བའིསྒོ་ནས་ལྟོ་ལྡིར་ཞབས་ཞུམ་གྱི་ཆ་འདྲའི་བུམ་པའི་དོན་སྤྱི་དེ་ཡང་སྔ་མའི་སྒྲ་སྤྱི་དེ་དང་འདྲེས་ནས་སྣང་བ་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་སྒྲ་དོན་འཛིན་པའི་རྟོག་པ་ཆོས་ཅན། སྒྲ་དོན་སྣང་ཡུལ་དུ་བྱེད་པའི་ཞེན་རིག་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། བློ་རིག་ལས། སྒྲ་དོན་སྣང་ཡུལ་དུ་བྱེད་པའི་ཞེན་རིག རྟོག་པའི་མཚན་ཉིད་ཅེས་གསུངས་པའི་ཕྱིར། འདོད་ན། སྒྲ་དོན་འཛིན་པའི་རྟོག་པ་ཆོས་ཅན། སྒྲ་དོན་ཁྱོད་ཀྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་ཀ་ཡིན་པར་ཐལ། སྒྲ་དོན་ཁྱོད་ཀྱི་སྣང་ཡུལ་ཡིན་པ་གང་ཞིག འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། འདོད་ན། སྒྲ་དོན་འཛིན་པའི་རྟོག་པ་ཆོས་ཅན། སྒྲ་དོན་ལ་འཁྲུལ་བ་ཡིན་པར་ཐལ། ཁྱོད་རྟོག་པ་གང་ཞིག སྒྲ་དོན་ཁྱོད་ཀྱི་སྣང་ཡུལ་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱི་དོན་༣༢༥ལས། རྟོག་པ་ཡིན་ན་སྣང་ཡུལ་ལ་མ་འཁྲུལ་བ་མི་སྲིད་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་དོན་འཛིན་པའི་རྟོག་པ་ཆོས་ཅན། སྒྲ་དོན་ལ་འཁྲུལ་བ་མ་ཡིན་པར་ཐལ། ཁྱོད་རྟོག་པ་དོན་མཐུན་གང་ཞིག སྒྲ་དོན་ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། འདོད་ན། རྟོག་པ་དོན་མཐུན་གྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་འགལ་བ་ཡིན་པར་ཐལ། རྟོག་པ་དོན་མཐུན་ཡིན་ན་སྣང་ཡུལ་ལ་འཁྲུལ་བ་དང༌། འཛིན་སྟངས་ཀྱི་ཡུལ་ལ་མ་འཁྲུལ་བ་དགོས་པའི་ཕྱིར། འདོད་མི་ནུས་ཏེ། བུམ་པའི་དོན་སྤྱི་དེ་རྟོག་པ་དོན་མཐུན་གྱི་སྣང་ཡུལ་དང་འཛིན་སྟངས་ཀྱི་ཡུལ་གཉིས་ཀ་ཡིན་པའི་ཕྱིར། རྟགས་དེར་ཐལ། བུམ་པའི་དོན་སྤྱི་དེ་རྟོག་པ་དོན་མཐུན་གྱི་སྣང་ཡུལ་ཡིན་པ་གང་ཞིག རྟོག་པ་དོན་མཐུན་གྱི་འཛིན་སྟངས་ཀྱི་ཡུལ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེ་བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་པ་གང་ཞིག བུམ་འཛིན་རྟོག་པའི་སྣང་ཡུལ་ཡིན་ན། རྟོག་པ་དོན་མཐུན་གྱི་སྣང་ཡུལ་ཡིན་དགོས་པའི་ཕྱིར། གོང་གི་རྟགས་གཉིས་པ་གྲུབ་སྟེ། བུམ་པའི་དོན་སྤྱི་དེ། བུམ་པའི་དོན་སྤྱི་འཛིན་སྟངས་ཀྱི་ཡུལ་དུ་བྱས་པའི་རྟོག་པའི་འཛིན་སྟངས་ཀྱི་ཡུལ་ཡིན་པ་གང་ཞིག དེའི་འཛིན་སྟངས་ཀྱི་ཡུལ་ཡིན་ན། རྟོག་པ་དོན་མཐུན་གྱི་འཛིན་སྟངས་ཀྱི་ཡུལ་ཡིན་དགོས་པའི་ཕྱིར་ཟེར་ན་དཔྱད། ཡང་སྒོམ་བྱུང་གི་རྟོག་པ་ཆོས་ཅན། བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་བློ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། གཏན་ཚིགས་དོན་བསྡུས་ལས། བརྗོད་བྱ་རྗོད་བྱེད་འདྲེས་རུང་སྣང་བའི་བློ། ཞེས་གསུངས་པའི་ཕྱིར། འདོད་ན། དེ་ཆོས་ཅན། བརྗོད་བྱ་རྗོད་བྱེད་འདྲེས་རུང་དུ་སྣང་བའི་བློ་མ་ཡིན་པར་ཐལ། བརྗོད་བྱ་རྗོད་བྱེད་འདྲེས་མི་རུང་བའི་རྟོག་པ་ཡིན་པའི་ཕྱིར། རྟགས་དེར་ཐལ། བརྗོད་བྱ་རྗོད་བྱེད་འདྲེས་མི་སྲིད་པའི་རྟོག་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དེའི་སྐབས་ཀྱི་རྗོད་བྱེད་དེ་སྒྲ་སྤྱི་ལ་བྱེད་དགོས་པ་གང་ཞིག སྒོམ་བྱུང་གི་རྟོག་པ་སྒྲ་སྤྱི་ཟད་པའི་རྟོག་པ་ཡིན་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། དེའི་སྐབས་ཀྱི་རྗོད་བྱེད་ཡིན་ཚུལ་ཡོད་པའི་ཕྱིར། ཟེར་ན་དཔྱད། ཡང་བུམ་པའི་སྒྲ་སྤྱི་ཁོ་ན་འཛིན་པའི་རྟོག་པ་ཆོས་ཅན། རང་ཡུལ་གྱི་དོན་སྤྱི་སྣང་བ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༣༢༡ལས། དེ་ཡང་རང་ཡུལ་དེའི་དོན་སྤྱི་མི་སྣང་བའི་རྟོག་པ་གཏན་མེད་ལ། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པའི་སྒྲ་སྤྱི་ཁོ་ན་འཛིན་པའི་རྟོག་པ་ཆོས་ཅན། རང་ཡུལ་གྱི་དོན་སྤྱི་སྣང་བ་ཡིན་པར་ཐལ། རྟོག་པ་ཡིན་པའི་ཕྱིར། རྟགས་མ་གྲུབ་ཟེར་ན། དེ་ཡིན་པར་ཐལ། བུམ་པའི་སྒྲ་སྤྱི་ཁོ་ན་འཛིན་པའི་རྟོག་པ་ཡོད་པའི་ཕྱིར། རྟགས་མ་གྲུབ་ན། དེར་ཐལ། བུམ་པའི་བརྡ་ལ་མ་བྱང་བའི་གང་ཟག་གི་བུམ་པའི་མིང་འཛིན་པའི་རྟོག་པ་དེ་དེ་ཡིན་པའི་ཕྱིར་ཏེ། བསྡུས་གྲྭའི་སྤྱི་དོན་༣༢༢ལས། བུམ་པའི་བརྡ་ལ་མ་བྱང་བའི་གང་ཟག་གིས་བུམ་པའི་མིང་འཛིན་པ་ལྟ་བུ་བུམ་པའི་སྒྲ་སྤྱི་ཁོ་ན་འཛིན་པའི་རྟོག་ངོར་བུམ་པའི་སྒྲ་སྤྱི་དེ་སྒྲ་གྲག་པའི་རྣམ་པ་ཅན་ཁོ་ནར་སྣང་བ་ཡིན་གྱི། ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པའི་སྒྲ་སྤྱི་ཁོ་ན་འཛིན་པའི་རྟོག་པ་ཆོས་ཅན། རང་ཡུལ་གྱི་དོན་སྤྱི་མི་སྣང་བར་ཐལ། བུམ་པའི་སྒྲ་སྤྱི་ཁོ་ན་འཛིན་པ་ཡིན་པའི་ཕྱིར། ཁྱབ་སྟེ། ཁོ་ནའི་ཚིག་གི་གཅོད་བྱ་ཡོད་པའི་ཕྱིར། ཟེར་ན་ཁོ་ནའི་ཚིག་གིས་བུམ་པའི་དོན་སྤྱི་སྣང་བ་བཅད་ཀྱང་བུམ་པའི་མིང་གི་དོན་སྤྱི་སྣང་བ་གཅོད་མིན་དང༌། བུམ་པའི་སྒྲ་སྤྱི་རྐྱང་བ་འཛིན་པའི་རྟོག་པ་དང༌། བུམ་པ་སྒྲ་སྤྱི་རྐྱང་བས་འཛིན་པའི་རྟོག་པ་དག་ལ་དཔྱད།

གཉིས་པ་རྟོག་པའི་དབྱེ་བ་ལ་དཔྱད་པ།

གཉིས་པ་རྟོག་པའི་དབྱེ་བ་ལ་དཔྱད་པ་ལ།

སྣོད་བཅུད་རུལ་བར་བསྒོམ་པའི་མི་སྡུག་པའི་ཏིང་ངེ་འཛིན་ཆོས་ཅན། རང་ཡུལ་ཡོད་པའི་རྟོག་པ་ཡིན་པར་ཐལ། རྟོག་པ་དོན་མཐུན་ཡིན་པའི་ཕྱིར། ཁྱབ་སྟེ། སྤྱི་དོན་༣༢༤ལས། རང་ཡུལ་ཡོད་པའི་རྟོག་པ་རྟོག་པ་དོན་མཐུན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། མ་ཁྱབ་མཚམས་ཀྱི་རྟགས་དེར་ཐལ། སྤྱི་དོན་༣༢༤ལས། མཚན་གཞི་ནི། བུམ་འཛིན་རྟོག་པ་དང༌། སྣོད་བཅུད་རུལ་བར་བསྒོམ་པའི་མི་སྡུག་པའི་ཏིང་ངེ་འཛིན་ཏུ་གྱུར་བའི་རྟོག་པ་ལྟ་བུ། ཞེས་གསུངས་པའི་ཕྱིར། རྩ་བར་འདོད་ན། སྣོད་བཅུད་རུལ་བར་བསྒོམ་པའི་མི་སྡུག་པའི་ཏིང་ངེ་འཛིན་ཆོས་ཅན། ཁྱོད་ཀྱི་འཛིན་སྟངས་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་རང་ཡུལ་ཡོད་པའི་རྟོག་པ་ཡིན་པའི་ཕྱིར་ཟེར་ན། མ་ཁྱབ་ཟེར་དགོས་པ་འདྲ་སྟེ། སྤྱི་དོན་༣༢༤ལས། དེ་བཞིན་དུ་ཟད་པར་གྱི་ཏིང་ངེ་འཛིན་ལ་སོགས་པ་ཐབས་ཁྱད་པར་ཅན་གྱི་རྟོག་པ་རྣམས་ཀྱི་འཛིན་སྟངས་ཀྱི་ཡུལ་མེད་ཀྱང་རང་ཡུལ་ཡོད་པའི་རྟོག་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། ཡང་དེ་རྟོག་པ་དོན་མཐུན་མ་ཡིན་པར་ཐལ། ལོག་པའི་འདུ་ཤེས་ཡིན་པའི་ཕྱིར་ཏེ། དབུ་མ་ཐེག་མཆོག་ལས། མི་སྡུག་ལ་སོགས་ལོག་པའི་འདུ་ཤེས་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཟད་པར་གྱི་ཏིང་ངེ་འཛིན་ཡིན་ན་ལོག་པའི་འདུ་ཤེས་ཡིན་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། སངས་རྒྱས་སའི་རྣམ་མཁྱེན་གྱི་ངོ་བོར་གྱུར་པའི་ཟད་པར་གྱི་ཏིང་ངེ་འཛིན་ཆོས་ཅན། དེར་ཐལ། དེའི་ཕྱིར། རྟགས་དེར་ཐལ། སངས་རྒྱས་ས་ན་ཟད་པར་གྱི་ཏིང་ངེ་འཛིན་ཡོད་པའི་ཕྱིར། རྟགས་དེར་ཐལ། བསྟན་བཅོས་མངོན་རྟོགས་རྒྱན་ལས། ཟད་པར་བཅུ་ཡི་བདག་ཉིད་དང༌། །ཞེས་གསུངས་པའི་ཕྱིར། འདོད་ན། སངས་རྒྱས་སའི་རྣམ་མཁྱེན་གྱི་ངོ་བོར་གྱུར་པའི་ཟད་པར་གྱི་ཏིང་ངེ་འཛིན་ཆོས་ཅན། ལོག་པའི་འདུ་ཤེས་ཡིན་པར་ཐལ། ཟད་པར་གྱི་ཏིང་ངེ་འཛིན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། སངས་རྒྱས་ས་ན་ལོག་པའི་འདུ་ཤེས་མེད་པའི་ཕྱིར་ཏེ། ཕྱིན་ཅི་ལོག་ཐམས་ཅད་སྤངས་ཟིན་པའི་ཕྱིར་ཟེར་ན་དཔྱད། ཡང་རང་ཡུལ་མེད་པའི་རྟོག་པ། རྟོག་པ་དོན་མི་མཐུན་གྱི་མཚན་ཉིད་ཡིན་པརཐལ། སྤྱི་དོན་༣༢༤ལས། རང་ཡུལ་མེད་པའི་རྟོག་པ། རྟོག་པ་དོན་མི་མཐུན་གྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རང་ཡུལ་མེད་པའི་རྟོག་པ་ཡོད་པར་ཐལ། རང་ཡུལ་མེད་པའི་རྟོག་པ། རྟོག་པ་དོན་མི་མཐུན་གྱི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། རང་ཡུལ་མེད་པའི་རིག་པ་ཡོད་པར་ཐལ། རང་ཡུལ་མེད་པའི་རྟོག་པ་ཡོད་པའི་ཕྱིར། འདོད་ན། རང་ཡུལ་མི་རིག་པའི་རིག་པ་ཡོད་པར་ཐལ། རང་ཡུལ་མེད་པའི་རིག་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། རིག་བྱེད་མ་ཡིན་པའི་རིག་པ་ཡོད་པར་ཐལ། རང་ཡུལ་མི་རིག་པའི་རིག་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། རིག་བྱེད་དམ་སྟོན་བྱེད་མ་ཡིན་པའི་རིག་པ་ཡོད་པར་ཐལ། རིག་བྱེད་མ་ཡིན་པའི་རིག་པ་ཡོད་པའི་ཕྱིར། རྟགས་ཁས། འདོད་ན། ཡུལ་ཅན་ཡིན་ན་རིག་བྱེད་དམ་སྟོན་བྱེད་ཡིན་པས་མ་ཁྱབ་པར་ཐལ། རིག་པ་ཡིན་ན་རིག་བྱེད་དམ་སྟོན་བྱེད་ཡིན་པས་མ་ཁྱབ་པའི་ཕྱིར། འདོད་མི་ནུས་ཏེ། གཏན་ཚིགས་དོན་བསྡུས་ལས། གཉིས་པ་ཡུལ་དང་ཡུལ་ཅན་དུ་དབྱེ་བ་ལ། མཚན་ཉིད་རིམ་པ་ལྟར་རིག་པར་བྱ་བ་དང༌། རིག་བྱེད་དམ་སྟོན་བྱེད་ཡིན་པའོ། །ཞེས་གསུངས་པས་དཔྱད། ཡང་སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་ཞེན་རིག་དེ། ཐོས་བྱུང་དུ་གྱུར་བའི་རྟོགཔའི་མཚན་ཉིད་ཡིན་པར་ཐལ། སྤྱི་དོན་༣༢༥ལས། སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་ཞེན་རིག ཐོས་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་ཞེན་རིག་ཡིན་ན་མིང་ལ་དམིགས་པས་ཁྱབ་པར་ཐལ། དེ་ཡིན་ན་ཐོས་བྱུང་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། ཉ་ཊིཀ་ལས། དེ་ལ་མིང་ལ་དམིགས་པའི་ཤེས་རབ་ནི་ཐོས་པའི་ཤེས་རབ་པོ། །ཞེས་དང༌། མཛོད་ལས། ཐོས་སོགས་ལས་བྱུང་བློ་རྣམས་ནི། །མིང་དང་གཉིས་ཀ་དོན་ཡུལ་ཅན། །ཞེས་གསུངས་པའི་ཕྱིར། འདོད་ན། བུམ་པ་སྒྲ་སྤྱི་ཙམ་གྱི་སྒོ་ནས་འཛིན་པའི་ཞེན་རིག་ཆོས་ཅན། མིང་ལ་དམིགས་པ་ཡིན་པར་ཐལ། ཐོས་བྱུང་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། བུམ་པའི་མིང་ལ་དམིགས་པ་ཡིན་པར་ཐལ། མིང་ལ་དམིགས་པ་གང་ཞིག མིང་གཞན་མ་དམིགས་པའི་ཕྱིར། འདོད་ན། བུམ་པའི་མིང་ལ་བརྟེན་ནས་བུམ་པ་ལ་དམིགས་ན་བུམ་པའི་མིང་ལ་དམིགས་དགོས་པར་ཐལ། བུམ་པ་སྒྲ་སྤྱི་ཙམ་གྱིས་སྒོ་ནས་འཛིན་པའི་ཞེན་རིག་དེས་བུམ་པའི་མིང་ལ་དམིགས་པའི་རྒྱུ་མཚན་ཡོད་པའི་ཕྱིར། འདོད་ན། ཆོས་དེ་ལ་བརྟེན་ནས་གཞི་དེ་འཛིན་ན་ཆོས་དེ་འཛིན་དགོས་པར་ཐལ། སྔ་མའི་རིགས་པ་དེའི་ཕྱིར། འདོད་ན། བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པ་འཛིན་པའི་རྗེས་དཔག་ཆོས་ཅན། བྱས་པ་ལ་དམིགས་པར་ཐལ། བྱས་པའི་རྟགས་ལ་བརྟེན་ནས་སྒྲ་མི་རྟག་པ་འཛིན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་ན། དེ་ཆོས་ཅན། བྱས་པ་མི་རྟག་པར་འཛིན་པར་ཐལ། བྱས་པ་ལ་དམིགས་པ་གང་ཞིག རང་གི་དམིགས་ཡུལ་གང་ཡིན་རྒྱུ་དེ་མི་རྟག་པར་འཛིན་པའི་ཕྱིར་ཟེར་ན་དཔྱད། ཡང་སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་པའི་ཞེན་རིག་ཡིན་ན། ཡིད་ཆེས་པའི་ལུངཚད་མ་ལས་སྐྱེས་པས་ཁྱབ་པར་ཐལ། དེ་ཡིན་ན་ཐོས་བྱུང་ཡིན་པའི་ཁྱབ་པའི་ཕྱིར། ཁྱབ་སྟེ། ཉ་ཊིཀ་ལས། དབྱིག་གཉེན་ནི་དེ་ལྟ་ན་བསམ་བྱུང་དུ་འདོད་པའི་ཤེས་རབ་དེ་མིང་ལ་དམིགས་ཆ་ནས་ཐོས་བྱུང་དང་དོན་ལ་དམིགས་ཆ་ནས་སྒོམ་བྱུང་དུ་སོང་བས་བསམ་བྱུང་དངོས་མི་རྙེད་པས། ཡིད་ཆེས་པའི་ལུང་ཚད་མ་ལས་སྐྱེས་པའི་དང། རིགས་པས་ངེས་པར་བརྟགས་པ་ལས་སྐྱེས་པའི་དང། ཏིང་ངེ་འཛིན་ལས་སྐྱེས་པའི་ཤེས་རབ་གསུམ་ལ་རིམ་པ་བཞིན་དུ་བཞེད་དོ། །ཞེས་གསུངས་པའི་ཕྱིར། འདོད་ན། བྱས་པའི་རྟགས་ལ་བརྟེན་ནས་སྡུག་བདེན་མི་རྟག་པར་འཛིན་པའི་ཐོས་བྱུང་ཆོས་ཅན། ཡིད་ཆེས་པའི་ལུང་ཚད་མ་ལས་སྐྱེས་པ་ཡིན་པར་ཐལ། ཐོས་བྱུང་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དངོས་སྟོབས་ཀྱི་རྟགས་ལ་བརྟེན་པ་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་ཡུལ་དེ་ལ་སྒྲ་སྤྱི་ཙམ་གྱི་སྒོ་ནས་ངེས་པ་རྙེད་ན་ཡུལ་དེ་ལ་ངེས་པ་རྙེད་པས་ཁྱབཔར་ཐལ། ཐོས་བྱུང་ལ་བརྟེན་ནས་མཐའ་གཅིག་འཛིན་གྱི་ལོག་རྟོག་གཅོད་ནུས་པའི་ཕྱིར། ཁྱབ་སྟེ། ལོག་རྟོག་གང་དང་གང་ཡིན་ན་དེ་གཅོད་པ་ལ་དེའི་ཞེན་ཡུལ་སུན་ཕྱུང་དགོས་པའི་ཕྱིར་ཏེ། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་དང༌། འགྲེལ་བ་རིན་ཕྲེང་༢༠༢ལས། བྱེ་བྲག་པ་སོགས་ཀྱི་ཐར་པ་འདོད་པའི་སྐྱེས་བུ་ཆོས་ཅན། བདག་གི་བ་ལ་ཆགས་བྲལ་མིན་པར་ཐལ། བདག་ལ་ཆགས་པའི་ཕྱིར། ཆོས་ཅན་བདག་ལ་ཆགས་པ་དང་བྲལ་བའི་རྒྱུ་ཡང་ཡོད་པ་མ་ཡིན་པར་ཐལ། བདག་ཉེས་མེད་ཡོན་ཏན་ཅན་དུ་ཞེན་པས་སོ། །གཉིས་པ་ནི། གལ་ཏེ་ཉེས་མེད་ཡིན་ཡང། བདག་ལ་ཆགས་པ་སྐྱོན་བཅས་ཡིན་པས་སྔ་མ་དེ་མ་ཁྱབ་བོ་ཞེ་ན། དེ་ལས་ཅིར་འགྱུར་དྲིས་པས་དེ་ལ་སྐྱོན་དུ་བལྟས་ནས་སྤོང་བར་འགྱུར་ཞེ་ན། ཁྱེད་ཀྱི་ཐར་འདོད་དེ་ཆོས་ཅན། བདག་ཆགས་དེ་སྤོང་བར་ནུས་པ་མ་ཡིན་པར་ཐལ། བདག་ཆགས་དེ་ཡི་ཡུལ་བདག་དེ་ལ་བདེན་པར་ཞེན་པ་སུན་དབྱུང་བ་མེད་པར་ཞེན་པས་སོ། །བྱེ་བྲག་པའི་རྒྱུད་ཀྱི་འདོད་པ་བདག་ཆགས་ཆོས་ཅན། བདག་ལ་ཞེན་པ་སུན་མ་བཏོན་པར་ཕྱི་རོལ་ཚེར་མ་འདོན་པའི་ཚུལ་དག་གིས་ཁྱོད་སྤོང་ནུས་པ་མ་ཡིན་པར་ཐལ། ཁྱོད་སྤོང་བ་ནི་ཡུལ་བདག་ལ་ཡོན་ཏན་དེ་དག་མཐོང་བ་སྟེ། བདག་ཡོན་ཏན་ཅན་དུ་ཞེན་པ་སྤང་བའི་སྒོ་ནས་ཁྱོད་སྤོང་དགོས་པས་སོ། །རྟགས་གྲུབ་སྟེ། བདག་ཡོན་ཏན་ཅན་དུ་ཞེན་པའི་བློ་དང་རྒྱུ་འབྲས་སུ་འབྲེལ་བས་སོ། །ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་གྲུབ་སྟེ། འདུལ་བ་མཚོ་ཊིཀ་ལས། གཉིས་པ་རྣམ་བཅད་ཀྱི་དགོས་པ་ནི། དགོས་སོགས་ཆོས་བཞི་ཡོད་པར་གོ་བ་ལ་བརྟེན་ནས་རྣམ་བཅད་དུ་ལོག་རྟོག་བཞི་དགོས་པ་མེད་ངེས་འབྲེལ་པ་མེད་ངེས་བརྗོད་བྱ་མེད་ངེས་ཉིང་དགོས་མེད་སྙམ་པ་བཞི་དང༌། དགོས་པ་ཕལ་ཆེར་མེད་ལ་ཆེ་སྙམ་པ་ལ་སོགས་པ། ཐེ་ཚོམ་བཞི་སྟེ་བརྒྱད་བསལ་བ་རྣམ་བཅད་ཀྱི་དགོས་པ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། ཁྱབ་སྟེ། དེའི་སྐབས་སུ་ལོག་རྟོག་དང་ཐེ་ཚོམ་དེ་དག་སེལ་བྱེད་ཐོས་བྱུང་ཡིན་པར་གསུངས་པའི་ཕྱིར་ཏེ། མཚོ་ཊིཀ་ལས། ངག་གིས་ཐོས་བྱུང་ཤེས་རབ་ཀྱི་བློ་ཡུལ་དུ་ལོག་རྟོག་བསལ་ནུས་པས་སྐྱོན་དང་པོ་དམ་བཅའ་བུད་པའི་སྐྱོན་མེད་ལ། ཚད་མས་བསྡུས་པའི་བློ་ཡུལ་དུ་ལོག་རྟོག་བསལ་ན་མི་ནུས་པས་སྐྱོན་གཉིས་པ་རྟགས་དང་དཔེ་བཀོད་པ་དོན་མེད་དུ་ཐལ་བའི་སྐྱོན་མེད་དོ། །ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཐོས་བྱུང་གི་དོན་ལ་སེམས་ནས་ཚད་མས་ངེས་པ་རྙེད་པའི་ཞེན་རིག་ཡིན་ནབསམ་བྱུང་དུ་གྱུར་བའི་རྟོག་པ་ཡིན་པས་ཁྱབ་པར་ཐལ། སྤྱི་དོན་༣༢༥ལས། ཐོས་བྱུང་གི་དོན་ལ་བསམ་ནས་ཚད་མས་ངེས་པ་རྙེད་པའི་ཞེན་རིགབསམ་བྱུང་དུ་གྱུར་བའི་རྟོག་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། སྒོམ་བྱུང་དུ་གྱུར་བའི་རྟོག་པ་ཆོས་ཅན། བསམ་བྱུང་དུ་གྱུར་བའི་རྟོག་པ་ཡིན་པར་ཐལ། ཐོས་བྱུང་གི་དོན་ལ་བསམ་ནས་ཚད་མས་ངེས་པ་རྙེད་པའི་ཞེན་རིག་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཡིན་ན་བསམ་བྱུང་ཡིན་པས་ཁྱབ་པརཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་དེ་བསམ་བྱུང་ཡིན་པའི་ཕྱིར། དེར་ཐལ། སྤྱི་དོན་༣༢༥ལས། མཚན་གཞི་ནི། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཚད་མ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། རྗེས་དཔག་ཡིན་ན་བསམ་བྱུང་ཡིན་པས་ཁྱབ་པར་ཐལ། སྒྲ་མི་རྟག་པར་རྟོགས་པའི་རྗེས་དཔག་ཡིན་ན་བསམ་བྱུང་ཡིན་པའི་ཁྱབ་པའི་ཕྱིར། རྟགསཁས། འདོད་ན། རྗེས་དཔག་ལ་ཐོས་བྱུང་ཞིག་མེད་པར་ཐལ། རྗེས་དཔག་ཡིན་ན་བསམ་བྱུང་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། འདོད་ན། རྗེས་དཔག་ལ་ཐོས་བྱུང་ཡོད་པར་ཐལ། ཐལ་འགྱུར་བའི་ལུགས་ལ་རྗེས་དཔག་ལ་ཐོས་བྱུང་ཡོད་པའི་ཕྱིར། རྟགས་དེར་ཐལ། སྤྱི་དོན་༤༤༢ལས། གཉིས་པ་རྗེས་དཔག་གི་དབྱེ་བ་ལ། ཐལ་འགྱུར་ལ་རྟེན་པའི་རྗེས་དཔག་དང༌། རྟགས་སྦྱོར་ལ་རྟེན་པའི་རྗེས་དཔག་གཉིས་དང༌། ཐོས་བྱུང་གི་རྗེས་དཔག་དང༌། བསམ་བྱུང་གི་རྗེས་དཔག་གཉིས་དང༌། ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད།

གཉིས་པ་རྟོག་མེད་ཀྱི་མཐའ་དཔྱད་པ།

གཉིས་པ་རྟོག་མེད་ཀྱི་མཐའ་དཔྱད་པ་ནི།

རང་ཡུལ་གསལ་བར་སྣང་བའི་བློ་ཡིན་ན་རྟོག་མེད་ཡིན་པས་ཁྱབ་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློའོ། །ཞེས་དང༌། རྣམ་འགྲེལ་མངོན་སུམ་ལེའུ་ལས། གསལ་བར་སྣང་བ་ཅན་བློ་གང། །དེ་ནི་རྟོག་མེད་གཉི་གར་ཡང། །དེ་ལྟ་མིན་ན་རྟོག་པ་ཡིན། །ཞེས་དང༌། འགྲེལ་བ་རིན་འཕྲེང་༣༡༦ལས། གཉིད་ལོག་པའམ་སད་པ་ན། གསལ་བར་སྣང་བ་ཅན་གྱི་བློ་གང་ཡིན་པ་དེ་ནི་རྟོག་མེད་ཡིན་པས་ཁྱབ། སྔོ་འཛིན་མིག་ཤེས་བཞིན། སད་ལོག་གཉིས་ཀར་ཡང་གསལ་བ་དེ་ལྟ་མིན་པར། མི་གསལ་ལ་འདྲེས་པར་སྣང་ན། རྟོག་པ་ཡིན་པས་ཁྱབ། དྲན་ཤེས་བཞིན། ཞེས་དང༌། རྣམ་འགྲེལ་ལས། རྟོག་པའི་དྲ་བ་རྣམ་བསལ་བས། །གསལ་བ་ཉིད་དུ་སྣང་བ་ཡིན། །ཞེས་དང༌། འགྲེལ་བ་རིན་འཕྲེང་༣༡༢ལས། རྣལ་འབྱོར་མངོན་སུམ་ཆོས་ཅན། སྒྲ་དོན་འཛིན་པའི་རྟོག་པའི་དྲྭ་བ་རྣམ་པ་བསལ་བ་ཡིན་ཏེ། སྒོམ་ཡུལ་བསལ་བ་ཉིད་དུ་སྣང་བས་སོ། །ཞེས་གསུངས་སོ། འདོད་ན། རྟོག་པ་ཀུན་ཆོས་ཅན། རྟོག་མེད་ཡིན་པར་ཐལ། རང་ཡུལ་གསལ་བར་སྣང་བའི་བློ་ཡིན་པའི་ཕྱིར་ཏེ། ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། བསྡུས་གྲྭའི་སྤྱི་དོན་༢༠༥ལས། རང་ཡུལ་གསལ་བའི་བེམ་མིན་ཤེས་པའི་མཚན་ཉིད། ཅེས་གསུངས་པའི་ཕྱིར། ཟེར་ན་གོང་བློའི་མཚན་ཉིད་ཀྱི་སྐབས་ལྟར་དཔྱད། ཡང་ཀུན་གཞི་རྣམ་ཤེས་ཆོས་ཅན། རང་ཡུལ་གསལ་བར་སྣང་བར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། རྟགས་དེར་ཐལ། འབའ་མདའི་སྦྱོར་ཊིཀ་སྤྱི་དོན་༥༠ལས། རིག་པ་གསལ་དེང་ངེ་བའི་རྟོག་མེད་ཅིག་མངོན་དུ་གྱུར་ཏེ། དེ་ནི་འདིར་ཀུན་གཞི་རྣམ་ཤེས་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་གཞི་རྣམ་ཤེས་ཆོས་ཅན། རང་ཡུལ་གསལ་བར་སྣང་བར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་མི་ནུས་ཏེ། ཀུན་གཞི་རྣམ་ཤེས་དེ་ངོ་བོ་གསལ་ལ་ཡུལ་གྱི་རྣམ་པ་མི་གསལ་བ་ཡིན་པའི་ཕྱིར་ཏེ། སུམཅུ་པ་ལས། རྣམ་པར་རིག་པ་མི་རིག་པ། །ཞེས་དང༌། ཐེག་ཟིན་༧༣ལས། རྣམ་པར་རིག་པ་ནི་ཤེས་པ་རང་གི་ངོ་བོ་ཤིན་ཏུ་གསལ་བ་ཡིན་ལ། འོན་ཀྱང་ཡུལ་གྱི་རྣམ་པ་མི་གསལ་བས་ན་མ་རིག་པའོ། །ཞེས་གསུངས་པའི་ཕྱིར། ཟེར་ན་དེ་ནི་འདི་དང་འདིའོ་ཞེས་མི་རིག་པ་ལ་དགོངས་པར་སྣང་སྟེ། སུམ་ཅུ་པའི་བཤད་པ་༡༥༩ལས། ལེན་པ་དེ་ལ་འདིའོ་ཞེས་རིག་པར་མི་ནུས་པས་དེའི་ཕྱིར་མི་རིག་པ་ཞེས་བྱའོ། །གནས་ཀྱི་རྣམ་པར་རིག་པ་སྣོད་ཀྱི་འཇིག་རྟེན་གནས་པར་རྣམ་པར་རིག་པ་སྟེ། དེ་ཡང་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པར་འབྱུང་བས་མི་རིག་པ་ཞེས་བྱའོ། །ཞེས་གསུངས་སོ། །ཡང་གཏན་ཚིགས་དོན་བསྡུས་ལས། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློའོ། །ཞེས་གསུངས་པ་ལ། རྟོག་མེད་ཀྱི་ཤེས་པ་ཡོད་ན། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློ་ཡོད་པའི་ཁྱབ་པར་ཐལ། དེ་དེའི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། སྤྱིར་ཆོས་ཅན། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློ་ཡོད་པར་ཐལ། རྟོག་མེད་ཀྱི་ཤེས་པ་ཡོད་པའི་ཕྱིར། འདོད་ན། སྤྱིར་ཆོས་ཅན། རང་ཡུལ་ཡོད་པར་ཐལ། རང་ཡུལ་གྱི་རྣམ་པ་གསལ་བར་སྣང་བའི་བློ་ཡོད་པའི་ཕྱིར། འདོད་ན། སྤྱིར་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ། རང་ཡུལ་ཡོད་པའི་ཕྱིར། འདོད་ན། གཟུགས་སུ་གྱུར་བའི་ཡུལ་ཅན་དང༌། གཟུགས་མ་ཡིན་པའི་ཡུལ་ཅན་གང་ཡིན་དང༌། གཟུགས་མ་ཡིན་པའི་ཡུལ་ཅན་ཡིན་ཟེར་ན་བློ་དང་གང་ཟག་གང་རུང་དུ་ཐལ་མིན་སོགས་ཀྱིས་དཔྱད་དོ། །

ལྔ་བ་འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བའི་མཐའ་དཔྱད་པ།

ལྔ་བ་འཁྲུལ་ཤེས་དང་མ་འཁྲུལ་བའི་ཤེས་པ་གཉིས་སུ་དབྱེ་བའི་མཐའ་དཔྱད་པ་ལ།

རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ་ཡིན་ན། འཁྲུལ་ཤེས་ཡིན་པས་ཁྱབ་པར་ཐལ། སྤྱི་དོན་༤༨༡ལས། རང་གི་སྣང་ཡུལ་ལ་འཁྲུལ་བའི་རིག་པ། འཁྲུལ་ཤེས་ཀྱི་མཚན་ཉིད། ཅེས་གསུངས་པའི་ཕྱིར། འདོད་ན། རྒྱང་རིང་བོའི་གཟུགས་སོགས་རང་གི་ཚད་ལས་ཆུང་བར་སྣང་བའི་མིག་ཤེས་ཀུན་ཆོས་ཅན། འཁྲུལ་ཤེས་ཡིན་པར་ཐལ། རང་གི་སྣང་ཡུལ་ལ་འཁྲུལ་བའི་ཕྱིར། རྟགས་དེར་ཐལ། དེའི་ཚད་ལ་འཁྲུལ་བའི་ཕྱིར། ཁྱབ་སྟེ། རང་གི་སྣང་ཡུལ་ལ་འཁྲུལ་བ་ལ། སྣང་ཡུལ་གྱི་ཆ་ཐམས་ཅད་ལ་འཁྲུལ་མི་དགོས་པའི་ཕྱིར། དེར་ཐལ། སྤྱི་དོན་༤༨༢ ལས། འཁྲུལ་ཤེས་ཡིན་ན་རང་གི་སྣང་ཡུལ་གྱི་ཆ་ཐམས་ཅད་ལ་འཁྲུལ་མི་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། དེ་དག་གི་སྐོར་གོང་མངོན་སུམ་གྱི་སྐབས་སུ་དཔྱད་ཟིན་པ་ལྟར་རོ། །ཡང་རང་ལུགས་ལ་བདེན་སྣང་ཅན་གྱི་བློ་ཡིན་ན་འཁྲུལ་ཤེས་ཡིན་དགོས་པར་ཐལ། སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་ལས། དེ་ལྟར་རྣམ་པར་དཔྱད་ན་བདེན་པར་གྲུབ་པ་མེད་ཀྱང་འཁྲུལ་ཤེས་ལ་སྣ་ཚོགས་སུ་སྣང་བ་རྨི་ལམ་ལྟ་བུའི་གཟུགས་སམ་ལུས་འདི་ལ་རྟོག་དཔྱོད་དང་ལྡན་པའི་མཁས་པ་སུ་ཞིག་ཆགས་པར་བྱེད་དེ་ཆགས་ཤིང་ཞེན་པར་ནི་རིགས་པ་མ་ཡིན་ནོ། །ཞེས་དང༌། མདོ་སྡེའི་རྒྱན་གྱི་རྣམ་པར་བཤད་པ་ཐེག་ཆེན་རབ་གསལ་སྣང་བ་ལས། ཡང་དག་པ་མ་ཡིན་པའི་ཀུན་ཏུ་རྟོག་པ་གཞན་དབང་རྣམ་པར་ཤེས་པ་དེ་ལ་དཔྱད་ན་རྣམ་པ་ཀུན་ཏུ་གཟུང་བ་དང་འཛིན་པ་གཉིས་པོ་དུས་རྟག་ཏུ་མེད་ཀྱང་འཁྲུལ་ཤེས་ལ་གཟུང་འཛིན་གཉིས་སུ་སྣང་བར་འགྱུར་བ་མི་འགལ་བས་དོན་དམ་པར་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དང། ཞེས་གསུངས་པའི་ཕྱིར། འདོད་ན། དབང་ཤེས་རྟོག་མེད་ཚད་མ་རྣམས་དང༌། བདེན་སྣང་ཅན་གྱི་ཉན་རང་འཕགས་པའི་ལམ་རྟོག་མེད་དག་ཆོས་ཅན། འཁྲུལ་བར་ཐལ། བདེན་སྣང་དང་བཅས་པའི་ཕྱིར། འདོད་མི་ནུས་ཏེ། མངོན་སུམ་ཡིན་པའི་ཕྱིར། ཁྱབ་སྟེ། ཐུབ་པའི་དགོངས་རྒྱན་ལས། ཐ་སྙད་དུ་རྨི་ལམ་ལ་སོགས་པ་བཞིན་ཇི་ལྟར་གྲགས་པའི་དོན་ལ་མི་སླུ་བ་ཙམ་ལ་དེ་མ་འཁྲུལ་པར་བརྗོད་པ་འབའ་ཞིག་གོ། །ཞེས་དང༌། ཡང་ཐུབ་པའི་དགོངས་རྒྱན་ལས། ཉན་ཐོས་ལ་སོགས་པའི་རྣལ་འབྱོར་པའི་མངོན་སུམ་དེ་ནི་གང་ཟག་ལ་བདག་མེད་པ་ཉིད་ཙམ་མངོན་དུ་བྱེད་པར་ཞུགས་པ་ཉིད་ཀྱི་ཕྱིར། དེ་ལ་མི་སླུ་བ་ཉིད་ཀྱིས་མངོན་སུམ་ཚད་མ་སྟེ། ཞེས་དང༌། རྣམ་འགྲེལ་ལས། མངོན་སུམ་རྟོག་བྲལ་མ་འཁྲུལ་བ། །ཞེས་དང༌། ཀ་མ་ལ་ཤཱི་ལའི་དེ་ཁོ་ན་ཉིད་བསྡུས་པའི་དཀའ་འགྲེལ་ལས། དེའི་ཕྱིར་མངོན་སུམ་ནི་ཡོད་པའི་རང་གི་མཚན་ཉིད་ནི་ཡུལ་ཅན་ཉིད་ཡིན་པའི་ཕྱིར་གདོན་མི་ཟ་བར་རྟོག་པ་དང་བྲལ་བ་དང༌། ཚད་མ་ཡིན་པའི་ཕྱིར་མ་འཁྲུལ་པར་འགྱུར་བར་བྱ་དགོས་སོ། །ཞེས་གསུངས་པའི་ཕྱིར་རོ། །ཡང་རང་ལུགས་ལ་ཀུན་རྫོབ་ཀྱི་སྣང་བ་ཡོད་པའི་བློ་མཐའ་དག་འཁྲུལ་ཤེས་ཡིན་པརཐལ། སྤྱོད་པ་ལ་འཇུག་པའི་རྣམ་པར་བཤད་པ་གཞུང་དོན་རབ་གསལ་ལས། ཀུན་རྫོབ་ནི། མ་བརྟགས་ན་ཉམས་དགའ་ཞིང་སྐྱེ་འཇིག་དང་བཅས་པའི་ཆོས་ཅན་འཁྲུལ་ཤེས་མ་འགགས་ཀྱི་བར་དུ་དོན་བྱེད་ནུས་པར་སྣང་བ་སྟེ། ཞེས་དང༌། བླང་དོར་རབ་གསལ་ལས། ཀུན་རྫོབ་འཁྲུལ་ཤེས་ཇི་སྲིད་གནས་ཀྱིས་བར། །རྒྱུ་འབྲས་བསླུ་བ་མེད་པར་བདེན་པ་སྟེ། །ཞེས་དང༌། རྒྱུད་བླ་མའི་བསྟན་བཅོས་ཀྱི་རྣམ་པར་བཤད་པ་ངེས་དོན་རབ་གསལ་ལས། ཀུན་རྫོབ་འཁྲུལ་ཤེས་ལ་སྣང་ཙམ་དུ་ཡོད་པ་དང། དོན་དམ་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་ཡོད་པ་འགོག་པ་ནི་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར། འདོད་ན། ཐེག་ཆེན་འཕགས་པའི་རྗེས་སུ་ཡི་རངས་དང་བསྔོ་བ་སྒོམ་ལམ་དག་དང༌། ཀུན་རྫོབ་གསར་བྱུང་གི་རྣམ་མཁྱེན་ཉམས་མྱོང་གི་རང་རིག་སོགས་ཀྱིས་དཔྱད་དོ། །

དྲུག་པ་སེམས་སེམས་བྱུང་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ།

དྲུག་པ་སེམས་སེམས་བྱུང་བཤད་པའི་སྐབས་ཀྱི་མཐའ་དཔྱད་པ་ལ།

དེ་གཉིསཀའི་མཚན་ཉིད་བཤད་པའི་དང༌། མཚུངས་ལྡན་རྣམ་པ་ལྔ་མཚུངས་བཤད་པའི་དང༌། དེ་གཉིས་རྫས་ཐ་དད་བཤད་པའི་དང༌། དེ་གཉིས་ཀྱི་དབྱེ་བ་བཤད་པའི་མཐའ་དཔྱད་པ་དང་བཞི་ལས། དང་པོ་ནི། དོན་གྱི་ངོ་བོ་རིག་པར་བྱེད་པའི་ཤེས་པ་ཡིན་ན་སེམས་ཡིན་པས་ཁྱབ་པར་ཐལ། དོན་གྱི་ངོ་བོ་རིག་པར་བྱེད་པའི་ཤེས་པ་དེ། སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། བློ་རིག་ལས། དོན་གྱི་ངོ་བོ་རིག་པར་བྱེད་པའི་ཤེས་པ་དེ། སེམས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། ཞེས་དང༌། དབུས་མཐའ་རྣམ་འབྱེད་ལས། དེ་ལ་དོན་མཐོང་རྣམ་པར་ཤེས། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོན་འཛིན་མིག་ཤེས་ཀྱི་འཁོར་གྱི་སེམས་བྱུང་ཚོར་བ་ཆོས་ཅན། སེམས་ཡིན་པར་ཐལ། དོན་གྱི་ངོ་བོ་རིག་པར་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། དེས་སྔོན་པོའི་དོན་གྱི་ངོ་བོ་མཐོང་བའི་ཕྱིར། དེར་ཐལ། སྔོན་པོ་མཐོང་བའི་ཕྱིར་ཟེར་ན། མ་ཁྱབ་ཟེར་དགོས་པ་འདྲ་ཡང༌། དཔྱད་ཚུལ་ཞིག་ལ། སྔོ་འཛིན་མིག་ཤེས་ཀྱི་འཁོར་གྱི་སེམས་བྱུང་ཚོར་བ་ཆོས་ཅན། དོན་གྱི་ངོ་བོ་མཐོང་བར་ཐལ། དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་ཞིང༌། དོན་གྱི་ངོ་བོ་གཞན་སྟོབས་ཀྱིས་མཐོང་བའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སེམས་དང་སེམས་བྱུང་གི་མཚན་ཉིད་ནི་རིམ་པ་ལྟར་ཞེས་པ་ནས། དོན་གྱི་ཁྱད་པར་རང་སྟོབས་ཀྱིས་རིག་ཅིང༌། དོན་གྱི་ངོ་བོ་གཞན་སྟོབས་ཀྱིས་རིག་པའི་བློའོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོ་འཛིན་མིག་ཤེས་ཀྱི་འཁོར་གྱི་སེམས་བྱུང་ཚོར་བ་ཆོས་ཅན། སེམས་ཡིན་པར་ཐལ། དོན་གྱི་ངོ་བོ་རིག་པར་བྱེད་པའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། ཟེར་ནས་དཔྱད། ཡང་སྔོ་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། དོན་གྱི་ཁྱད་པར་མི་མཐོང་བར་ཐལ། དོན་གྱི་ངོ་བོ་ཙམ་མཐོང་བའི་ཤེས་པ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། དབུས་མཐའི་དབྱིག་འགྲེལ་༡༤༢ལས། དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ། །ཞེས་དང༌། ཀུན་བཏུས་ས་འགྲེལ་༧༦ལས། དོན་གྱི་ངོ་བོ་རིག་པར་བྱེད་པ་སེམས་དང༌། དོན་གྱི་ཁྱད་པར་རིག་པར་བྱེད་པ་སེམས་ལས་བྱུང་བའོ། །ཞེས་གསུངས་པའི་ཕྱིར། གོང་དུ་དོན་གྱི་ངོ་བོ་ཙམ་མཐོང་ན་ཁྱད་པར་མི་མཐོང་བའི་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། དོན་ཙམ་ཞེས་པའི་ཙམ་སྒྲས་ཁྱད་པར་མཐོང་བ་བཅད་པའི་ཕྱིར། དེར་ཐལ། བློ་བརྟན་གྱི་འགྲེལ་བཤད་༢༣༥ལས། དེ་ལ་དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ་ཞེས་བྱ་བ་ལ་ཙམ་ཞེས་བྱ་བའི་སྒྲ་ནི། ཁྱད་པར་སེལ་བའི་ཕྱིར་ཏེ་ཁྱད་པར་མི་འཛིན་གྱི་དངོས་པོའི་རང་གི་ངོ་བོ་ཙམ་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྔོ་འཛིན་མིག་གི་རྣམ་པར་ཤེས་པ་ཆོས་ཅན། དོན་གྱི་ཁྱད་པར་མི་མཐོང་བར་ཐལ། དོན་གྱི་ངོ་བོ་ཙམ་མཐོང་བའི་ཤེས་པ་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་རིགས་ཏེ། གཙོ་སེམས་ཡིན་ན་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ཅིང༌། དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་རིག་པའི་བློ་ཡིན་པས་ཁྱབ་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། སེམས་དང་སེམས་བྱུང་གི་མཚན་ཉིད་ནི་རིམ་པ་ལྟར་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ཅིང༌། དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་རིག་པའི་བློ། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། སེམས་ཀྱིས་དོན་གྱི་ངོ་བོ་རང་སྟོབས་དང༌། དོན་གྱི་ཁྱད་པར་གཞན་སྟོབས་ཀྱིས་མཐོང་བའི་ངེས་པ་མེད་པའི་ཕྱིར། དེར་ཐལ། ཀུན་བཏུས་ས་འགྲེལ་༧༨ལས། དེའང་མཐའ་གཅིག་ཏུ་ངེས་པ་མེད་དེ། ཡིད་ཤེས་ཀྱིས་མིག་ཤེས་དང་འགྲོགས་ནས་གཟུགས་འཛིན་པ་ལྟ་བུ་སེམས་ཀྱིས་དོན་གྱི་ངོ་བོ་འཛིན་པ་དང༌། འདུ་ཤེས་ཀྱིས་དད་པའི་ཡུལ་འཛིན་པ་ལྟ་བུ་སེམས་བྱུང་གི་དོན་གྱི་ཁྱད་པར་འཛིན་པ་ཡང༌། གཞན་དང་གྲོགས་སྟོབས་ཀྱིས་འཛིན་པས་ན་གཞན་སྟོབས་སུ་ཐལ་བའི་ཕྱིར་དང༌། ཞེས་གསུངས་པས་དཔྱད། ཡང་རི་བོང་གི་རྭ་འཛིན་པའི་སེམས་ཆོས་ཅན། དོན་གྱི་ངོ་བོ་རིག་པར་བྱེད་པའིཤེས་པ་ཡིན་པར་ཐལ། སེམས་ཡིན་པའི་ཕྱིར། འདོད་ན། དེ་ཆོས་ཅན། ཁྱོད་ཀྱིས་རིག་བྱའི་དོན་གྱི་ངོ་བོ་ཡོད་པར་ཐལ། ཁྱོད་དོན་གྱི་ངོ་བོ་རིག་པའི་ཤེས་པ་ཡིན་པའི་ཕྱིར། འདོདན། འདོད་མི་ནུས་པར་ཐལ། རི་བོང་གི་རྭ་འཛིན་པའི་སེམས་དེས་རང་ཡུལ་དུ་གྱུར་བའི་དོན་གྱི་ངོ་བོ་མཐོང་ཡང་དོན་གྱི་ངོ་བོ་མ་མཐོང་ཞེས་ཞིབ་ཆ་འབྱེད་དགོས་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་༢༧༦ལས། སེམས་ཡིན་ན་རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་རིག་པ་ཡིན་པས་ཁྱབ། སེམས་ཡིན་ན་དོན་གྱི་ངོ་བོ་རང་སྟོབསཀྱིས་མཐོང་བའི་རིག་པ་ཡིན་པས་མ་ཁྱབ་སྟེ།རི་བོང་གི་རྭ་འཛིན་པའི་སེམས་དེ། སེམས་ཡིན་ཀྱང༌། དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་བློ་མ་ཡིན་པའི་ཕྱིར།རྟགས་ཕྱི་མ་དེར་ཐལ། རི་བོང་གི་རྭ་འཛིན་པའི་སེམས་ཀྱིས་རང་སྟོབས་ཀྱིས་མཐོང་བྱའི་ཡུལ་གྱི་དོན་རི་བོང་གི་རྭའི་ངོ་བོ་མེད་པའི་ཕྱིར་རོ། །ཞེས་གསུངས་པས་དཔྱད། ཡང་སེམས་སེམས་བྱུང་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། དོན་གྱི་ངོ་བོ་མཐོངབའི་བློ་དང༌། དོན་གྱི་ཁྱད་པར་མཐོང་བའི་བློ་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། དེརཐལ། དོན་གྱི་ངོ་བོ་དང༌། དོན་གྱི་ཁྱད་པར་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། དེར་ཐལ། རྟེན་ལྟ་བུར་བློ་ལ་སྣང་བའི་ཆོས་དང༌། བརྟེན་པ་ལྟ་བུར་བློ་ལ་སྣང་བའི་ཆོས་གཉིས་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ས་འགྲེལ་༧༦ལས། །དེའང་གཟུགས་སྒྲ་ལ་སོགས་པའི་ཆོས་ཅན་རྟེན་ལྟ་བུར་སྣང་བ་ནི་དོན་གྱི་ངོ་བོ་ཡིན་ལ། དེ་རྣམས་དམིགས་པར་བྱེད་པ་རྣམ་པར་ཤེས་པའི་ཚོགས་བརྒྱད་ནི་སེམས་ཡིན་ཞིང༌། བདེ་སྡུག་གི་གནས་ཡིད་དུ་འོང་མི་འོང་ལ་སོགས་པ་དངོས་པོ་དེའི་ཆོས་བརྟེན་པ་ལྟ་བུར་སྣང་བནི་དོན་གྱི་ཁྱད་པར་ཡིན་ལ། དེ་རྣམས་དམིགས་པར་བྱེད་པ་ཚོར་བ་ལ་སོགས་པ་ལྔ་བཅུ་རྩ་གཅིག་ནི་སེམས་ལས་བྱུང་བ་ཡིན་ནོ། །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་༢༧༡ལས། རྟེན་ལྟ་བུར་བློ་ལ་སྣང་བའི་ཆོས་དོན་གྱི་ངོ་བོ་སྟེ། དཔེར་ན་བུམ་པ་ལྟ་བུ།བརྟེན་པ་ལྟ་བུར་བློ་ལ་སྣང་བའི་ཆོས་དོན་གྱི་ཁྱད་པར་ཏེ།དཔེར་ན།ལྟོ་ལྡིར་བའི་སྟེང་གི་བུམ་པ་ཡིན་པ་དེ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གོང་གི་མ་ཁྱབ་མཚམས་ཀྱི་རྟགས་དེར་ཐལ། གཞི་གྲུབ་ན་རྟེན་ལྟ་བུར་བློ་ལ་སྣང་བའི་ཆོས་ཡིན་པས་ཁྱབ་པ་གང་ཞིག གཞི་གྲུབ་ན་བརྟེན་པ་ལྟ་བུར་བློ་ལ་སྣང་བའི་ཆོས་ཡིན་པས་ཁྱབ་པའི་ཕྱིར། རྟགས་དང་པོ་གྲུབ་སྟེ། གཞི་གྲུབ་ན་རང་གི་ཁྱད་ཆོས་ཀྱི་རྟེན་དུ་བློ་ལ་སྣང་བས་ཁྱབ་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། གཞི་གྲུབ་ན་རང་གི་རྟེན་དེ་ལ་བརྟེན་པ་ལྟ་བུར་བློ་ལ་སྣང་བའི་ཁྱབ་པའི་ཕྱིར། ཟེར་ན་དཔྱད།

གཉིས་པ་མཚུངས་ལྡན་རྣམ་པ་ལྔ་མཚུངས་བཤད་པའི་མཐའ་དཔྱད་པ།

གཉིས་པ་མཚུངས་ལྡན་རྣམ་པ་ལྔ་མཚུངས་བཤད་པའི་མཐའ་དཔྱད་པ་ནི།

སེམས་སེམས་བྱུང་རྣམས་རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་རྣམ་པ་ལྔས་མཚུངས་པ་ཡིན་པར་ཐལ། ཀུན་བཏུས་ས་འགྲེལ་༧༦ལས། རྟེན་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པའོ། །ཞེས་དང༌། མཛོད་ལས། རྟེན་དང་དམིགས་དང་རྣམ་བཅས་དང༌། །མཚུངས་པར་ལྡན་པའང་རྣམ་པ་ལྔ། །ཞེས་གསུངས་པའི་ཕྱིར། འདོད་ན། སྐྱེས་བུ་ལྷས་སྦྱིན་གྱི་མིག་ཤེས་ཚོར་བ་ཆོས་ཅན། མིག་གི་རྣམ་པར་ཤེས་པ་དང་རྟེན་མཚུངས་པ་ཡིན་པར་ཐལ། མིག་གི་རྣམ་པར་ཤེས་པ་དང་མཚུངས་ལྡན་ཡིན་པའི་ཕྱིར། འདོད་ན། མིག་གི་རྣམ་པར་ཤེས་པའི་རྟེན་དབང་པོ་ཡིན་ན་སྐྱེས་བུ་ལྷས་སྦྱིན་གྱི་མིག་ཤེས་ཀྱི་ཚོར་བའི་རྟེན་དབང་པོ་ཡིན་པའི་ཁྱབ་པར་ཐལ། དེ་གཉིས་རྟེན་དབང་པོ་མཚུངས་པ་ཡིན་པའི་ཕྱིར། འདོད་ན། མིག་དབང་ཆོས་ཅན། སྐྱེས་བུ་ལྷས་སྦྱིན་གྱི་མིག་ཤེས་ཀྱི་ཚོར་བའི་རྟེན་མིག་གི་དབང་པོ་ཡིན་པར་ཐལ། མིག་གི་རྣམ་པར་ཤེས་པའི་རྟེན་དབང་པོ་ཡིན་པའི་ཕྱིར། འདོད་ན། མིག་དབང་ཆོས་ཅན། སྐྱེས་བུ་ལྷས་སྦྱིན་གྱི་མིག་གི་དབང་པོ་ཡིན་པར་ཐལ། སྐྱེས་བུ་ལྷས་སྦྱིན་གྱི་མིག་ཤེས་ཀྱི་ཚོར་བའི་རྟེན་དབང་པོ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། སྐྱེས་བུ་ལྷས་སྦྱིན་ལས་གང་ཟག་གཞན་རྒྱུད་ཀྱི་དབང་པོ་ལ་སྐྱེས་བུ་ལྷས་སྦྱིན་གྱི་མིག་ཤེས་ཀྱི་ཚོར་བ་བརྟེན་ཚུལ་མེད་པའི་ཕྱིར། ཟེར་ན་དཔྱད། ཡང་མིག་དབང་རྒྱུད་ལྡན་གྱི་གང་ཟག་གི་སྐྱེ་བ་སྔ་མའི་རྒྱུད་ཀྱི་མིག་ཤེས་ཀྱི་ཚོར་བ་ཆོས་ཅན། མིག་དབང་ལ་རྟེན་པ་ཡིན་པར་ཐལ། མིག་གི་རྣམ་པར་ཤེས་པ་དང༌། ཁྱོད་གཉིས་རྟེན་དབང་པོ་མཚུངས་པ་ཡིན་པའི་ཕྱིར། ཁྱབ་སྟེ། མིག་གི་རྣམ་པར་ཤེས་པ་དང༌། དེའི་འཁོར་གྱི་ཚོར་བ་གཉིས་རྟེན་མཚུངས་ཞེས་པའི་རྟེན་དེ་མིག་དབང་འཇོག་དགོས་པའི་ཕྱིར། དེར་ཐལ། ཀུན་བཏུས་ས་འགྲེལ་༧༦ལས། མིག་ཤེས་མིག་གི་དབང་པོ་ལ་བརྟེན་པ་ན་དེའི་འཁོར་ཚོར་བའང་མིག་གི་དབང་པོ་ལ་བརྟེན་པ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། གོང་དུ་མིག་དབང་རྒྱུད་ལྡན་གྱི་གང་ཟག་གི་སྐྱེ་བ་སྔ་མའི་རྒྱུད་ཀྱི་མིག་ཤེས་ཀྱི་ཚོར་བ་དེ་མིག་དབང་ལ་རྟེན་པ་ཡིན་ཟེར་ན། དེ་ཆོས་ཅན། མིག་དབང་ལ་རྟེན་པ་མ་ཡིན་པར་ཐལ། མིག་དབང་གི་སྔ་ལོགས་སུ་བྱུང་བ་ཡིན་པའི་ཕྱིར། དེར་ཐལ། མིག་དབང་རྒྱུད་ལྡན་གྱི་གང་ཟག་གི་སྔ་ལོགས་སུ་བྱུང་བ་ཡིན་པའི་ཕྱིར། དེར་ཐལ། དེའི་སྐྱེ་བ་སྔ་མའི་གང་ཟག་གི་རྒྱུད་ཀྱི་ཤེས་པ་ཡིན་པའི་ཕྱིར། གོང་དུ་མིག་དབང་རྒྱུད་ལྡན་གྱི་གང་ཟག་གི་སྐྱེ་བ་སྔ་མའི་རྒྱུད་ཀྱི་མིག་ཤེས་ཀྱི་ཚོར་བ་དེ་མིག་གི་རྣམ་པར་ཤེས་པ་དང་མཚུངས་ལྡན་མིན་ཟེར་ན། དེ་ཆོས་ཅན། མིག་གི་རྣམ་པར་ཤེས་པ་དང་མཚུངས་ལྡན་ཡིན་པར་ཐལ། མིག་གི་རྣམ་པར་ཤེས་པའི་འཁོར་ཡིན་པའི་ཕྱིར། དེར་ཐལ། མིག་གི་རྣམ་པར་ཤེས་པ་གང་ཡང་རུང་བའི་འཁོར་ཡིན་པའི་ཕྱིར། ཁྱབ་སྟེ། རྒྱལ་བོ་གང་ཡང་རུང་བའི་འཁོར་ཡིན་ན་རྒྱལ་བོའི་འཁོར་ཡིན་དགོས་པའི་ཕྱིར། དེར་ཐལ། རྒྱལ་པོ་གང་ཡང་རུང་བའི་ཡུལ་ཡིན་ན་རྒྱལ་པོའི་ཡུལ་ཡིན་དགོས་པའི་ཕྱིར། དེར་ཐལ། མི་གང་ཡང་རུང་བའི་ཡུལ་ཡིན་ན་མི་ཡུལ་ཡིན་དགོས་པའི་ཕྱིར། ཟེར་ན་དཔྱད། ཡང་སེམས་དང་སེམས་བྱུང་གཉིས་རྣམ་པ་མཚུངས་པ་ཡིན་པར་ཐལ། དེ་གཉིས་མཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དབུས་མཐའི་འགྲེལ་བཤད་ལས། དེ་དག་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པར་ལྡན་པ་ཡིན་གྱི། གཙོ་བོ་རྣམ་པར་ཤེས་པ་དང་འཁོར་སེམས་བྱུང་ཁྱད་པར་མེད་པར་ཐལ་བར་འགྱུར་བས་རྣམ་པ་མཚུངས་པ་ནི་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་ཟེར་ན། འདོད་མི་ནུས་ཏེ། སེམས་དང་སེམས་བྱུང་གཉིས་ཀྱིས་གཟུགས་ལ་སོགས་པའི་རྣམ་པ་མཐུན་པར་འཛིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ས་འགྲེལ་༧༩ལས། སེམས་དང་སེམས་བྱུང་གཉི་གས་གཟུགས་ལ་སོགས་པའི་རྣམ་པ་མཐུན་པར་འཛིན་པས་རྣམ་པ་མཚུངས་པར་བཞག་ཅིང༌། ཞེས་གསུངས་པའི་ཕྱིར། སྔ་མའི་ལུང་དེའི་དོན་ནི། ཀུན་བཏུས་ས་འགྲེལ་༧༧ལས། དབུས་མཐའི་འགྲེལ་བཤད་ལས། དེ་དག་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཉིད་ཀྱིས་མཚུངས་པར་ལྡན་པ་ཡིན་གྱི། གཙོ་བོ་རྣམ་པར་ཤེས་པ་དང་འཁོར་སེམས་བྱུང་ཁྱད་པར་མེད་པར་ཐལ་བར་འགྱུར་བས་རྣམ་པ་མཚུངསཔ་ནི་མ་ཡིན་ནོ། །ཞེས་པའི་ལུང་དང་ཡང་འགལ་བར་འགྱུར་རོ། །ཞེས་རྩོད་ན། ལན་ལ་གཉིས་ལས། ཞེས་པ་ནས། གཉིས་པ་རང་ལུགས་ནི། སེམས་དང་སེམས་བྱུང་གཉི་གས་གཟུགས་ལ་སོགས་པའི་རྣམ་པ་མཐུན་པར་འཛིན་པས་རྣམ་པ་མཚུངས་པར་བཞག་ཅིང༌། གཟུགས་སོགས་ཀྱི་ངོ་བོའི་རྣམ་པ་དང་ཁྱད་པར་གྱི་རྣམ་པ་མི་འདྲ་བར་འཛིན་པས། མི་མཚུངས་པའི་ཁྱད་པར་ཡང་རྣམ་པར་འཇོག་སྟེ། དཔེར་ན་མིག་ཤེས་ཀྱིས་གཟུགས་ཀྱི་ངོ་བོ་རྣམ་པ་འཛིན་པ་ན། དེའི་འཁོར་རེག་པས་གཟུགས་ཀྱི་ཁྱད་པར་སྡུག་མི་སྡུག་ལ་སོགས་པའི་རྣམ་པ་འཛིན་ཞིང༌། ཞེས་གསུངས་པའི་ཕྱིར། ཡང་སེམས་དང་དེའི་འཁོར་ཀུན་འགྲོ་ལྔ་པོ་དུས་མཉམ་ཡིན་པར་ཐལ། དེ་རྣམསམཚུངས་ལྡན་རྣམ་པ་ལྔ་མཚུངས་ཡིན་པའི་ཕྱིར། འདོད་ན། སེམས་ཀྱི་འཁོར་ཀུན་འགྲོ་ལྔའི་ནང་གི་རེག་པ་དང་ཚོར་བ་གཉིས་ཆོས་ཅན། དུས་མཉམ་པ་ཡིན་པར་ཐལ། དུས་མཚུངས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་རིམ་ཅན་དུ་བྱུང་བ་ཡིན་པའི་ཕྱིར། དེར་ཐལ། རེག་པའི་རྐྱེན་གྱིས་ཚོར་བ་བྱུང་དགོས་པ་ཡིན་པའི་ཕྱིར་ཏེ། མདོ་ལས། རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སེམས་ཀྱི་འཁོར་ཀུན་འགྲོ་ལྔའི་ནང་གི་རེག་པ་དང་ཚོར་བ་གཉིས་ཆོས་ཅན། དུས་མཚུངས་མ་ཡིན་པར་ཐལ། དུས་ཅིག་ཅར་དུ་བྱུང་བ་མ་ཡིན་པའི་ཕྱིར། རྟགས་ཁས། ཁྱབ་སྟེ། ཀུན་བཏུས་ས་འགྲེལ་༧༦ལས། དུས་མཚུངས་པ་ནི། དུས་ཅིག་ཅར་དུ་འབྱུང་བ་མིག་ཤེས་ནམ་བྱུང་བ་ན་དེའི་འཁོར་ཚོར་བའང་འབྱུང་བ་ལྟ་བུའོ། །ཞེས་གསུངས་པའི་ཕྱིར། འདོད་མི་རིགས་པར་ཐལ། དུས་མཚུངས་ཡིན་པ་ལ་སྐྱེ་འགག་གནས་གསུམ་ཅི་རིགས་མཚུངས་པ་ཙམ་གྱིས་ཆོག་པའི་ཕྱིར། དེར་ཐལ། བསྡུས་གྲྭའི་སྤྱི་དོན་༢༨༦ལས། མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་སྐྱེ་འགགས་གནས་གསུམ་ཅི་རིགས་པ་དུས་མཉམ་པ་ཡིན་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། མཚུངས་ལྡན་གྱི་སེམས་སེམས་བྱུང་དག་རྒྱུ་འབྲས་དུས་མཉམ་པ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་༨༠ལས།རང་ལུགས་ནི། དཔེར་ན་ཚོགས་པ་ཚར་གཅིག་ལ་སྐྱེས་པའི་རོ་གཟུགས་རྒྱུ་འབྲས་ཀྱང་ཡིན་ལ་དུས་མཉམ་པའང་མི་འགལ་བ་བཞིན་དུ། གཙོ་འཁོར་དུ་གྱུར་པའི་སེམས་སེམས་བྱུང་ཡང་ཕན་ཚུན་སྐད་ཅིག་སྔ་མ་དག་གི་རྒྱུ་ལས་འབྱུང་བས་རྒྱུ་འབྲས་ཀྱང་ཡིན་ལ། ལྷན་ཅིག་མི་འབྲལ་བར་འབྱུང་བས་དུས་མཚུངས་པའང་ཡིན་ཏེ། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་རྫས་མཚུངས་ཡིན་ན་གྲངས་མཉམ་པ་ཡིན་དགོས་པར་ཐལ། ཀུན་བཏུས་ས་འགྲེལ་༧༦ལས། རྫས་མཚུངས་པ་ནི། རིགས་འདྲ་གྲངས་མཉམ་པ་སྟེ། ཞེས་གསུངས་པའི་ཕྱིར། འདོད་ན། མིག་གི་རྣམ་པར་ཤེས་པ་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་གཉིས་ཆོས་ཅན། རྫས་མཚུངས་མ་ཡིན་པར་ཐལ། རིགས་འདྲ་གྲངས་མཉམ་མ་ཡིན་པའི་ཕྱིར། དེར་ཐལ། མིག་གི་རྣམ་ཤེས་གཅིག་གི་འཁོར་དུ་སེམས་བྱུང་ཀུན་འགྲོ་ལྔ་ཡོད་པའི་ཕྱིར། དེ་ལ་ཁ་ཅིག་རྣམ་ཤེས་གཅིག་གི་འཁོར་ལ་ཚོར་བ་གཅིག་མ་གཏོགས་གཉིས་མི་འབྱུང་བ་ལྟ་བུ་ལ་དགོངས་ཟེར་ན། དེ་མི་རིགས་པར་ཐལ། མིག་གི་རྣམ་པར་ཤེས་པ་གཅིག་གི་འཁོར་དུ་ཚོར་བ་དུ་མ་འབྱུང་བའི་ཕྱིར། དེར་ཐལ། མིག་གི་རྣམ་པར་ཤེས་པ་གཅིག་གི་འཁོར་དུ་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་ག་འབྱུང་བའི་ཕྱིར། དེར་ཐལ། མིག་གི་རྣམ་ཤེས་གཅིག་གི་འཁོར་དུ་ཚོར་བ་བདེ་བ་འབྱུང་བ་གང་ཞིག སྡུག་བསྔལ་ཡང་འབྱུང༌། བཏང་སྙོམ་ཡང་འབྱུང་བའི་ཕྱིར། མ་ཁྱབ་སྟེ། བདེ་བ་འབྱུང་བ་དེའི་འཁོར་ལ་གཞན་གཉིས་མི་འབྱུང་བའི་ཕྱིར་ཟེར་ན། ལྷས་སྦྱིན་གྱི་མིག་གི་རྣམ་པར་ཤེས་པ་ཆོས་ཅན།ཁྱོད་ཀྱི་འཁོར་དུ་ཚོར་བ་བདེ་བ་མི་འབྱུང་བར་ཐལ། ཁྱོད་ཀྱི་འཁོར་དུ་ཚོར་བ་སྡུག་བསྔལ་འབྱུང་བའི་ཕྱིར་ཟེར་ན་དཔྱད་དོ། །

གསུམ་པ་དེ་གཉིས་རྫས་ཐ་དད་ལ་དཔྱད་པ།

གསུམ་པ་དེ་གཉིས་རྫས་ཐ་དད་ལ་དཔྱད་པ་ནི།

སེམས་སེམས་བྱུང་རྣམསརྫས་ཐ་དད་ཡིན་པར་ཐལ། ཀུན་བཏུས་ས་འགྲེལ་༨༤ལས། གནས་སྐབས་དེ་དག་ཕན་ཚུན་བྱེད་ལས་ཐ་དད་ཡོད་ན་ནི་མཚན་ཉིད་མི་འདྲ་བས་རྫས་ཐ་དད་དུ་གྲུབ་ཅིང༌། མེད་ན་ཡང་གནས་སྐབས་ཐ་དད་དུ་བརྟག་པ་དོན་མེད་པའི་སྐྱོན་ཅན་དུ་འགྱུར་བའི་ཕྱིར་དང༌། །ཞེས་གསུངས་པའི་ཕྱིར། འདོད་ན། རྟོག་པ་ཡིད་ཤེས་ཀྱི་འཁོར་གྱི་སེམས་བྱུང་རྣམས་ཆོས་ཅན། རྟོག་པ་ཡིད་ཤེས་དང་རྫས་ཐ་དད་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། གང་ཟག་གཅིག་གི་རྒྱུད་ལ་ཡིད་ཤེས་རྟོག་པ་གཅིག་མངོན་དུ་གྱུར་བའི་ཚེ་ན་རྟོག་པ་རྫས་ཐ་དད་པ་དུ་མ་ཅིག་ཆར་དུ་མངོན་དུ་གྱུར་བ་ཡིན་པར་ཐལ། རྟོག་པ་ཡིད་ཤེས་དེ་དང་མཚུངས་ལྡན་གྱི་སེམས་སེམས་བྱུང་རྣམས་རྟོག་པ་རྫས་ཐ་དད་པ་གང་ཞིག ཅིག་ཆར་དུ་མངོན་དུ་གྱུར་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རྣམ་འགྲེལ་ལས། རྟོག་གཉིས་ཅིག་ཆར་མཐོང་བ་མེད། །ཅེས་གསུངས་པའི་ཕྱིར། ཟེར་བ་དང༌། ཡང་སེམས་སེམས་བྱུང་རྣམས་རྫས་གཅིག་ཡིན་པར་ཐལ། སེམས་ལས་རྫས་ཐ་དད་པའི་སེམས་བྱུང་ཞིག་མེད་པའི་ཕྱིར། དེར་ཐལ། ཁམས་གསུམ་གྱི་ཆོས་གང་ཡང་སེམས་ལས་རྫས་ལོགས་སུ་མེད་པའི་ཕྱིར། དེར་ཐལ། མདོ་ལས། ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ། །ཞེས་གསུངས་པའི་ཕྱིར་ཟེར་ན། དེའི་དོན་ནི། ཀུན་བཏུས་ས་འགྲེལ་༨༥ལས། ཕྱི་རོལ་གྱི་དོན་མེད་པ་ལ་དགོངས་ནས་མཚུངས་ལྡན་དང་བཅས་པའི་སེམས་ཙམ་མོ་ཞེས་སྟོན་པ་སྟེ། ཞེསགསུངས་སོ། །ཡང་སེམས་སེམས་བྱུང་རྣམས་རྫས་ཐ་དད་མ་ཡིན་པར་ཐལ། སེམས་སེམས་བྱུང་རྣམས་སྐྱེད་བྱེད་བག་ཆགས་གཅིག་གིས་སྣང་བ་ཡིན་པའི་ཕྱིར། ཁྱབ་སྟེ། གཟུང་འཛིན་གཉིས་རྫས་ཐ་དད་དུ་མ་གྲུབ་པའི་རྒྱུ་མཚན་དེ་ཡིན་པའི་ཕྱིར། དེར་ཐལ། འཛིན་པ་ལས་ལོགས་སུ་གཟུང་བ་རྫས་ཐ་དད་དུ་མ་གྲུབ་ཚུལ་ཡོད་པའི་ཕྱིར་ཟེར་ན་དཔྱད།

བཞི་བ་དེ་གཉིས་ཀྱི་དབྱེ་བ་བཤད་པའི་མཐའ་དཔྱད་པ།

བཞི་བ་དེ་གཉིས་ཀྱི་དབྱེ་བ་བཤད་པའི་མཐའ་དཔྱད་པ་ལ།

སེམས་ཀྱི་དབྱེ་བའི་སྐོར་ལ་དཔྱད་པ་དང༌། སེམས་བྱུང་གི་དབྱེ་བའི་སྐོར་ལ་དཔྱད་པ་གཉིས། དང་པོ་ནི། ཀུན་གཞི་རྣམ་ཤེས་ཆོས་ཅན། ཡུལ་གྱི་རྣམ་པ་མི་གསལ་བ་ཡིན་པར་ཐལ། སུམ་ཅུ་པ་ལས། རྣམ་པར་རིག་པ་མི་རིག་པ། །ཞེས་གསུངས་པའི་ཕྱིར། འདོད་མི་རིགས་པར་ཐལ། དེའི་མི་རིག་པ་ཞེས་པའི་དོན་འདི་དང་འདིའོ་ཞེས་མི་རིག་པ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། སུམ་ཅུ་པའི་བཤད་པ་༡༥༩ལས། ལེན་པ་འདི་ལ་འདིའོ་ཞེས་རིག་པར་མི་ནུས་པས་དེའི་ཕྱིར་མི་རིག་ཅེས་བྱའོ། །ཞེས་གསུངས་པའི་ཕྱིར། འདོད་མི་རིགས་པར་ཐལ། དེའི་དོན་རྣམ་པ་མི་གསལ་བ་ལ་བྱེད་དགོས་པའི་ཕྱིར། དེར་ཐལ། ཐེག་མཆོག་དབུ་མའི་ཟིན་བྲིས་༧༣ལས། འོན་ཀྱང་ཡུལ་གྱི་རྣམ་པ་མི་གསལ་བས་ན་མ་རིག་པའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཀུན་གཞི་རྣམ་ཤེས་ཆོས་ཅན། རང་ཡུལ་གསལ་བར་སྣང་བ་ཡིན་པར་ཐལ། རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། དེར་ཐལ། སྤྱོར་དྲུག་སྤྱི་དོན་༥༠ལས། རིག་པ་གསལ་དང་ངེ་བའི་རྟོག་མེད་ཅིག་མངོན་དུ་གྱུར་ཏེ། དེ་ནི་འདིར་ཀུན་གཞི་རྣམ་ཤེས་དང༌། ཞེས་གསུངས་པའི་ཕྱིར་ཟེར་ན་དཔྱད། ཡང་ཀུན་གཞི་རྣམ་ཤེས་ལ་རྣམ་སྨིན་ཞིག་དགོས་པར་ཐལ། སུམ་ཅུ་པ་ལས། དེ་ལ་ཀུན་གཞི་རྣམ་ཤེས་ནི། །རྣམ་སྨིན་ས་བོན་ཐམས་ཅད་པ། །ཞེས་གསུངས་པའི་ཕྱིར། འདོད་ན། ལྷག་མེད་དགྲ་བཅོམ་པའི་ཀུན་གཞི་རྣམ་ཤེས་ཆོས་ཅན། རྣམ་སྨིན་ཡིན་པར་ཐལ། ཀུན་གཞི་རྣམ་ཤེས་ཡིན་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། ལྷག་མེད་དགྲ་བཅོམ་པ་ལ་རྣམ་སྨིན་གྱི་ཕུང་པོའི་ལྷག་མ་མེད་པའི་ཕྱིར། དེར་ཐལ། ལྷག་མེད་དགྲ་བཅོམ་ཞེས་པའི་ལྷག་མེད་ཡིན་ཚུལ་ཡོད་པའི་ཕྱིར། ཡང་གོང་དུ་ལྷག་མེད་དགྲ་བཅོམ་པའི་ཀུན་གཞི་རྣམ་ཤེས་མེད་པར་ཐལ། དགྲ་བཅོམ་ཐོབ་པ་དེའི་ཚེ་ཀུན་གཞི་རྣམ་ཤེས་བཟློག་པ་ཡིན་པའི་ཕྱིར། དེར་ཐལ། སུམ་ཅུ་པ་ལས། དགྲ་བཅོམ་ཉིད་ན་དེ་བཟློག་གོ །ཞེས་གསུངས་པའི་ཕྱིར། འདོད་མི་ནུས་པར་ཐལ། དགྲ་བཅོམ་པའི་རྒྱུད་ལ་ཀུན་གཞི་རྣམ་ཤེས་ཡོད་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་༡༣༤ལས། དགྲ་བཅོམ་པའི་ཀུན་གཞི་ལ་མ་ཁྱབ་པའི་ཕྱིར་རོ། །ཞེས་དང༌། ཟིན་བྲིས་༧༢ལས། ཇི་སྲིད་སངས་མ་རྒྱས་ཀྱི་བར་དུ་ཀུན་གཞི་ཡོད་ཀྱང་སོ་སོ་སྐྱེ་བོའི་ཀུན་གཞི་དང་ཆེས་མི་འདྲ་བ་ཡིན་ནོ། །ཞེས་གསུངས་སོ། །ཉོན་ཡིད་ཡིན་ན་ཀུན་གཞི་རྣམ་ཤེས་ལ་དམིགས་ནས་ངར་སེམས་པའི་རྣམ་པ་ཅན་འཁོར་ཉོན་མོངས་པ་བཞི་དང་འགྲོགས་པའི་གཙོ་སེམས་ཡིན་པས་ཁྱབ་པར་ཐལ། ཀུན་གཞི་རྣམ་ཤེས་ལ་དམིགས་ནས་ངར་སེམས་པའི་རྣམ་པ་ཅན་འཁོར་ཉོན་མོངས་བ་བཞི་དང་འགྲོགས་པའི་གཙོ་སེམས་དེ། ཉོན་ཡིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། ཉོན་ཡིད་ཡིན་ན་ངར་སེམས་པ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བདག་མེད་རྟོགས་པའི་རྗེས་དཔག་མངོན་དུ་གྱུར་བའི་སོ་སོའི་སྐྱེ་བོའི་རྒྱུད་ལ་ཉོན་ཡིད་མངོན་གྱུར་དུ་མེད་པར་ཐལ། ངར་སེམས་པ་མངོན་གྱུར་བ་མེད་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། བྱིས་པ་སོ་སོ་སྐྱེ་བོ་དག་ལ་ཉོན་ཡིད་རྟག་ཏུ་མངོན་དུ་གྱུར་བ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་༡༥༣ལས། བྱིས་པ་རྣམས་ཀྱི་རྒྱུད་ལ་ང་དགེ་བ་བྱེད་དོ་ཞེས་པ་ལ་སོགས་པ་ངར་འཛིན་རྟག་ཏུ་འབྱུང་ལ། ཞེས་གསུངས་པའི་ཕྱིར། འདོད་ན། བདག་མེད་རྟོགས་པའི་རྗེས་དཔག་མངོན་དུ་གྱུར་བའི་སོ་སོའི་སྐྱེ་བོའི་རྒྱུད་ལ་ཉོན་ཡིན་མངོན་གྱུར་དུ་ཡོད་པར་ཐལ། བྱིས་པ་སོ་སོ་སྐྱེ་བོ་དག་ལ་ཉོན་ཡིད་རྟག་ཏུ་མངོན་དུ་གྱུར་བ་ཡིན་པའི་ཕྱིར། རྟགས་ཁས། དེ་མི་རིགས་པར་ཐལ། བདག་མེད་རྟོགས་པའི་རྗེས་དཔག་དེ་ཉོན་ཡིད་ཀྱི་ཞེན་ཡུལ་མེད་པར་རྟོགས་པའི་བློ་ཡིན་པའི་ཕྱིར། དེ་འདོད་ན། བདག་མེད་རྟོགས་པའི་རྗེས་དཔག་མངོན་དུ་གྱུར་ཚེ་ཉོན་ཡིན་མངོན་གྱུར་བ་བཟློག་དུས་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་མི་ནུས་ཏེ། ཉོན་ཡིད་བཟློག་དུས་དགྲ་བཅོམ་ཐོབ་པ་དང༌། འགོག་པ་ལ་སྙོམས་པར་འཇུག་པ་དང༌། འཇིག་རྟེན་ལས་འདས་པའི་ལམ་ཐོབ་གསུམ་ལས་གཞན་མེད་པའི་ཕྱིར། དེར་ཐལ། སུམ་ཅུ་པ་ལས། རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ན་མེད། །འཇིག་རྟེན་འདས་པའི་ལམ་ནའང་མེད། །ཞེས་གསུངས་པའི་ཕྱིར་རོ། །འཇུག་ཤེས་དྲུག་པོ་གང་རུང་ཡིན་ན་རང་ཡུལ་གཟུགས་སོགས་ལ་སོ་སོར་འཇུག་པས་ཁྱབ་པར་ཐལ། རང་ཡུལ་གཟུགས་སོགས་ལ་སོ་སོར་འཇུག་པའི་རྒྱུན་མི་བརྟན་པར་གྱུར་པའི་གཙོ་སེམས་དེ། འཇུག་ཤེས་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་ན། མིག་གི་རྣམ་པར་ཤེས་པ་ཡིན་ན་རང་ཡུལ་གཟུགས་སོགས་ལ་སོ་སོར་འཇུག་པས་ཁྱབ་པར་ཐལ། དེ་ཡིན་ན་འཇུག་ཤེས་ཡིན་པའི་ཁྱབ་པས་ཕྱིར། འདོད་ན། སངས་འཕགས་ཀྱི་མིག་གི་རྣམ་པར་ཤེས་པ་ཆོས་ཅན། དེར་ཐལ། དེའི་ཕྱིར། འདོད་མི་རིགས་པར་ཐལ། སངས་འཕགས་ཀྱི་མིག་ཤེས་དོན་ལྔ་བོ་སོགས་ཆོས་ཐམས་ཅད་ལ་འཇུག་པ་ཡིན་པའི་ཕྱིར། དེར་ཐལ། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཞེས་དང༌། དེའི་ས་འགྲེལ་༡༨༠ལས། དབང་པོ་ལྔ་གཞན་དུ་གྱུར་ན་དབང་པོ་ལྔ་བོ་ཐམས་ཅད་དོན་ལྔ་བོ་ཐམས་ཅད་ལ་འཇུག་པ་དང༌། ཞེས་གསུངས་པ་དང༌། འཛམ་བུ་གླིང་གི་སྦྲུལ་དང༌། བ་གླང་སྤྱོད་ཀྱི་མིའི་མིག་གི་རྣམ་པར་ཤེས་པས་དཔྱད་དོ། །

གཉིས་པ་སེམས་བྱུང་གི་དབྱེ་བའི་སྐོར་ལ་དཔྱད་པ།

གཉིས་པ་སེམས་བྱུང་གི་དབྱེ་བའི་སྐོར་ལ་དཔྱད་པ་ནི།

སྐྱེས་བུ་ལྷས་སྤྱིན་གྱི་ཚོར་བ་ཆོས་ཅན། སེམས་ཀུན་གྱི་འཁོར་དུ་འགྲོ་བ་ཡིན་པར་ཐལ། ཀུན་འགྲོ་ཡིན་པའི་ཕྱིར། རྟགས་དེར་ཐལ། ཚོར་བ་ཡིན་པའི་ཕྱིར། ཁྱབ་སྟེ། ཚོར་བ་དེ་ཀུན་འགྲོ་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་དོན་བསྡུས་ལས། ཚོར་བ་འདུ་ཤེས་སེམས་པ་དང༌། །རེག་པ་ཡིན་བྱེད་ཀུན་འགྲོ་ལྔའོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཚོར་བ་ཡིན་ན་ཀུན་འགྲོ་ཡིན་པས་ཁྱབ་པར་ཐལ། ཚོར་བ་དེ་ཀུན་འགྲོ་ཡིན་པའི་ཕྱིར། རྟགས་ཁས། འདོད་ན། སྐྱེས་བུ་ལྷས་སྤྱིན་གྱི་ཚོར་བ་ཆོས་ཅན། སེམས་ཀུན་གྱི་འཁོར་དུ་འགྲོ་བ་ཡིན་པར་ཐལ། ཀུན་འགྲོ་ཡིན་པའི་ཕྱིར། ཁྱབ་སྟེ། སུམ་ཅུ་བའི་བཤད་པ་༡༧༢ལས།སེམས་ཐམས་ཅད་ཀྱི་འཁོར་དུ་འགྲོ་བས་ཀུན་ཏུ་འགྲོ་བ་དག་གོ །ཞེས་དང༌། བསྡུས་གྲྭའི་སྤྱི་དོན་ལས། ཚོར་སོགས་ལྔ་པོ་ཆོས་ཅན། ཁྱོད་ལ་ཀུན་འགྲོ་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ལྔ་བོ་ནི་དགེ་མི་དགེ་ལུང་མ་བསྟན་གྱི་སེམས་མ་ལུས་པ་ཀུན་གྱི་འཁོར་དུ་རྗེས་སུ་འགྲོ་བའི་སེམས་བྱུང་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟར་བརྗོད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར། འདོད་ན། སྐྱེས་བུ་ལྷས་སྤྱིན་གྱི་ཚོར་བ་ཆོས་ཅན། སྐྱེས་བུ་མཆོད་སྤྱིན་གྱི་སེམས་ཀྱི་འཁོར་དུ་འགྲོ་བ་ཡིན་པར་ཐལ། སེམས་ཀུན་གྱི་འཁོར་དུ་འགྲོ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་གཉིས་རྟེན་མཚུངས་ཡིན་ཚུལ་མེད་པའི་ཕྱིར་ཟེར་ན་དཔྱད། ཡང་འདོད་ཁམས་ཀྱི་ཚོར་བ་ཆོས་ཅན། ཁམས་གསུམ་པོ་རིས་སུ་མ་ཆད་པར་ཀུན་ལ་འགྲོ་བ་ཡིན་པར་ཐལ། ཀུན་འགྲོ་ཡིན་པའི་ཕྱིར། ཁྱབ་སྟེ། ཐེག་མཆོག་དབུ་མའི་ཟིན་བྲིས་༧༤ལས། ཀུན་འགྲོ་ཞེས་པའི་དོན་ནི། ཁམས་གསུམ་པོ་རིས་སུ་མ་ཆད་པར་ཀུན་ལ་འགྲོ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། འདོད་ཁམས་ཀྱི་ཚོར་བ་ཆོས་ཅན། གཟུགས་ཁམས་པའི་སེམས་ཀྱི་འཁོར་དུ་འགྲོ་བ་ཡིན་པར་ཐལ། ཁམས་གསུམ་པོ་རིས་སུ་མ་ཆད་པར་ཀུན་ལ་འགྲོ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། ཁམས་སོ་སོའི་སེམས་ཡིན་པའི་ཕྱིར་ཟེར་ན་དཔྱད། ཡང་ཚོར་བ་སྡུག་བསྔལ་ཆོས་ཅན། ཁྱོད་དང་བྲལ་བའི་སེམས་མེད་པར་ཐལ། ཁྱོད་ཀུན་འགྲོ་ཡིན་པའི་ཕྱིར། ཁྱབ་སྟེ། ཀུན་བཏུས་ས་འགྲེལ་ལས། ཚོར་བ་ཀུན་འགྲོ་ཡིན་པས་དེ་དང་བྲལ་བའི་སེམས་མི་སྲིད་ཅིང༌། ཞེས་གསུངས་པའི་ཕྱིར། འདོད་མི་ནུས་ཏེ། ཁམས་གོང་མ་ན་ཚོར་བ་སྡུག་བསྔལ་མེད་པའི་ཕྱིར་ཟེར་བ་དང༌། ཡང་རེག་པ་བྱུང་མ་ཐག་པའི་སེམས་ཆོས་ཅན། ཁྱོད་ཀྱི་འཁོར་དུ་ཚོར་བ་སྐྱེས་པར་ཐལ། ཁྱོད་སེམས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། རེག་པའི་རྐྱེན་གྱིས་ཚོར་བ་སྐྱེད་དགོས་པའི་ཕྱིར་ཏེ། མདོ་ལས། རེག་པའི་རྐྱེན་གྱིས་ཚོར་བ་དང༌། ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད། ཡང་ཡུལ་ངེས་ལྔ་བོ་གང་རུང་ཡིན་ན་དགེ་བ་ཡིན་དགོས་པར་ཐལ། བསྡུས་གྲྭའི་སྤྱི་དོན་༣༠༥ལས། འདིར་ཡུལ་ངེས་ལྔ་ག་དགེ་བ་ཡིན་དགོས་པའི་ཕྱིར། ཞེས་གསུངས་པའི་ཕྱིར། འདོད་ན། དྲན་པ་ཡིན་ན་དགེ་བ་ཡིན་པས་ཁྱབ་པར་ཐལ། དྲན་པ་ཡིན་ན་ཡུལ་ངེས་ལྔ་བོ་གང་རུང་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་པ་ཁས། འདོད་ན། ཆགས་ཅན་གྱིས་ཆགས་ཡུལ་ཡང་ནས་ཡང་དུ་དྲན་པའི་དྲན་པ་ཆོས་ཅན། དགེ་བ་ཡིན་པར་ཐལ། དྲན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། འདོད་མི་ནུས་ཏེ། བསྡུས་གྲྭའི་སྤྱི་དོན་༣༠༩ལས། མདོར་ན་དྲན་པ་ཉོན་མོངས་ཅན་དེ་ཉོན་མོངས་པ་དང་མཚུངས་ལྡན་གྱི་དྲན་པ་ཐམས་ཅད་ནི་འདྲིས་པའི་དངོས་པོ་ལ་དམིགས་ནས་རང་སྟོབས་ཀྱིས་མི་བརྗེད་པའི་རྣམ་པ་ཅན་ཡིན་ཀྱང༌། དེ་དྲན་པའི་རྫས་ཡིན་གྱི་དྲན་པ་མ་ཡིན་ཏེ། ཞེས་གསུངས་པའི་ཕྱིར་རོ། །ཡང་ཉོན་མོངས་པ་དུག་གསུམ་ཆོས་ཅན། རྩ་ཉོན་མ་ཡིན་པར་ཐལ། ཉེ་ཉོན་ཡིན་པའི་ཕྱིར། དེར་ཐལ། སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར། ཁྱབ་སྟེ། ཆོས་མངོན་པ་ཀུན་ལས་བཏུས་པ་ལས། ཡང་འདོད་ཆགས་ནི་སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པའོ། །ཞེ་སྡང་དང་གཏི་མུག་ནི་སེམས་ལས་བྱུང་བའི་ཉེ་བའི་ཉོན་མོངས་པ་སྟེ། ཞེས་དང༌། ཀུན་བཏུས་ས་འགྲེལ་༤༠༦ལས། རྩ་བའི་ཉོན་མོངས་པ་དྲུག་པོ་གང་ཡིན་པ་དེ་དག་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཆ་ནས་ཉེ་བའི་ཉོན་མོངས་པ་རྣམས་ཀྱང་ཡིན་ནོ། །ཞེས་གསུངས་པའི་ཕྱིར། འདོད་ན། ཉོན་མོངས་པ་དུག་གསུམ་ཆོས་ཅན། ཉེ་ཉོན་མ་ཡིན་པར་ཐལ། རྩ་ཉོན་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། འདོད་ཆགས་ཁོང་ཁྲོ་ང་རྒྱལ་དང༌། །མ་རིག་ཐ་ཚོམ་ལྟ་བ་སྟེ། །དེ་དྲུག་རྩ་བའི་ཉོན་མོངས་སོ། །ཞེས་གསུངས་པའི་ཕྱིར། གོང་དུ་རྩ་ཉོན་ཡིན་ན་ཉེ་ཉོན་མ་ཡིན་པས་མ་ཁྱབ་ཟེར་ན། དེ་ཁྱབ་པར་ཐལ། རྩ་ཉོན་དྲུག་དང༌། ཉེ་ཉོན་ཉི་ཤུ་ཞེས་གྲངས་བཟུང་ནས་སོ་སོར་གསུངས་པའི་རྒྱུ་མཚན་ཡོད་པའི་ཕྱིར་ཟེར་ན་དཔྱད། ཡང་གཉིད་ཆོས་ཅན། གཞན་འགྱུར་གྱི་སེམས་བྱུང་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། གཉིད་དང་འགྱོད་དང་རྟོག་དཔྱོད་དེ། །བཞི་ནི་གཞན་དུ་འགྱུར་བའོ། །ཞེས་གསུངས་པའི་ཕྱིར། འདོད་ན། གཉིད་ཆོས་ཅན། དགེ་མི་དགེ་ལུང་མ་བསྟན་གྱི་སེམས་གང་དང་མཚུངས་ལྡན་དུ་གྱུར་ན་དེ་དང་དེ་བཞིན་དགེ་མི་དགེ་ལུང་མ་བསྟན་གསུམ་དུ་གྱུར་བ་ཡོད་པར་ཐལ། གཞན་འགྱུར་གྱི་སེམས་བྱུང་ཡིན་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། གཉིད་ཡིན་ན་གཏི་མུག་གི་ཆར་གཏོགས་པ་ཡིན་དགོས་པའི་ཕྱིར། དེར་ཐལ། མངོན་པ་ཀུན་བཏུས་ལས། གཉིད་གང་ཞེ་ན་ཞེས་པ་ནས། གཏི་མུག་གི་ཆར་གཏོགས་པ་སྟེ། ཞེས་གསུངས་པའི་ཕྱིར། དེ་ནི་མི་དགེ་བའི་གཉིད་ལ་དགོངས་པ་ཡིན་པའི་ཕྱིར་ཏེ། ཀུན་བཏུས་ས་འགྲེལ་༡༡༦ལས། དེའང་མི་དགེ་བའི་གཉིད་ལ་དགོངས་པ་སྟེ། ཞེས་གསུངས་པའི་ཕྱིར། ཟེར་ན། འོ་ན་གཉིད་ཆོས་ཅན། སྒྲིབ་པ་མ་ཡིན་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། ཕར་ཕྱིན་ཉ་ཏིཀ་༤༢༩ལས། དྲོད་ཐོབ་པ་ནས་གཉིད་སོགས་སྒྲིབ་པ་ལྔ་མེད་པར་བཤད་པས། ཞེས་གསུངས་པའི་ཕྱིར། དེའི་དོན་ནི་ཕར་ཕྱིན་ཉ་ཏིཀ་༤༢༩ལས། གཉིད་ལ་གཉིས་ལས། འཇུག་པ་རང་དབང་མེད་པར་སྡུད་བྱེད་ཉེ་ཉོན་གྱི་གཉིད་མེད་ཀྱང༌། ཆེད་དུ་བྱིན་གྱིས་རླབས་པའི་ལུས་རྒྱས་པར་བྱེད་པ་དགེ་བར་བགྲང་བའི་གཉིད་ནི་ས་དེ་དག་ནའང་ཡོད་པས་སྐྱོན་མེད་དོ། །ཞེས་གསུངས་པ་ལྟར་ཡིན་ཟེར་ན། འོ་ན་གཉིད་ཡིན་ན་འཇུག་པ་རང་དབང་མེད་པར་སྡུད་བྱེད་ཡིན་མི་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། དེ་མི་རིགས་པར་ཐལ། ཀུན་བཏུས་ས་འགྲེལ་༡༡༦ལས། ངོ་བོ་ནི། འཇུག་པ་རང་དབང་མེད་པར་སེམས་ནང་དུ་བསྡུས་སྟེ། ཞེས་གསུངས་པའི་ཕྱིར། ཟེར་ན་དཔྱད་དོ། །

རྩ་བའི་ས་བཅད་གཉིས་པ་ཡུལ་གྱི་རྣམ་བཞག་ལ་དཔྱད་པ།

རྩ་བའི་ས་བཅད་གཉིས་པ་ཡུལ་གྱི་རྣམ་བཞག་ལ་དཔྱད་པ་ནི།

རིག་པར་བྱ་བ་དེ་ཡུལ་གྱི་མཚན་ཉིད་ཡིན་པར་ཐལ། གཏན་ཚིགས་དོན་བསྡུས་ལས། རིག་པར་བྱ་བ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། ཡུལ་ཅན་དེའི་ཡུལ་ཡིན་ན་ཡུལ་ཅན་དེའི་རིག་པར་བྱ་བ་ཡིན་དགོས་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་ཆོས་ཅན། བུམ་པ་ཞེས་བརྗོད་པའི་སྒྲའི་རིག་པར་བྱ་བ་ཡིན་པར་ཐལ། དེའི་ཡུལ་ཡིན་པའི་ཕྱིར། འདོད་ན། བུམ་པ་ཞེས་བརྗོད་པའི་སྒྲ་ཆོས་ཅན། རིག་བྱེད་ཡིན་པར་ཐལ། བུམ་པ་དེ་ཁྱོད་ཀྱི་རིག་བྱ་ཡིན་པའི་ཕྱིར། འདོད་ན། ཡུལ་ཅན་ཡིན་ན་རིག་བྱེད་ཡིན་པས་ཁྱབ་པར་ཐལ། བུམ་པ་ཞེས་བརྗོད་པའི་སྒྲ་དེ་རིག་བྱེད་ཡིན་པའི་ཕྱིར། འདོད་ན། ཡུལ་ཅན་གྱི་མཚན་ཉིད་ཀྱི་ཟུར་ལ་རིག་བྱེད་དམ་སྟོན་བྱེད་ཅེས་ཟུར་གཉིས་སྦྱར་མི་དགོས་པར་ཐལ། ཡུལ་ཅན་ཡིན་ན་རིག་བྱེད་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས་ཟེར་ན་དཔྱད། ཡང་གཏན་ཚིགས་དོན་བསྡུས་ལས། རིག་པར་བྱ་བ་དང་ཞེས་པའི་རིག་པར་བྱ་ཚུལ་དེ་སྣང་ཚུལ་ཡིན་ཟེར་ན། བློ་དེའི་ཡུལ་ཡིན་ན་བློ་དེ་ལ་སྣང་བས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་པ་མ་ཡིན་པ་ལས་ལོག་པ་ཆོས་ཅན། བུམ་འཛིན་རྟོག་པ་ལ་སྣང་བར་ཐལ། བུམ་འཛིན་རྟོག་པའི་ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེས་དེ་ཤུགས་ལ་རྟོགས་པ་ཡིན་པའི་ཕྱིར། ཡང་རིག་པར་བྱ་བ་ཞེས་པའི་རིག་ཚུལ་དེ་རྟོགས་ཚུལ་ཡིན་ཟེར་ན། བློ་དེའི་ཡུལ་ཡིན་ན་བློ་དེས་རྟོགས་པས་ཁྱབ་པར་ཐལ། འདོད་པའི་ཕྱིར། འདོད་ན། བུམ་འཛིན་སྣང་ལ་མ་ངེས་པ་ཆོས་ཅན། བུམ་པ་རྟོགས་པར་ཐལ། བུམ་པ་དེ་ཁྱོད་ཀྱི་ཡུལ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། དེ་བུམ་པ་ལ་སྣང་ལ་མ་ངེས་པ་ཡིན་པའི་ཕྱིར། དེར་ཐལ། ཆོས་ཅན་དེའི་ཕྱིར་ཟེར་ན་དཔྱད། ཡང་གཞི་གྲུབ་ན་གཞལ་བྱ་མངོན་གྱུར་ཡིན་པས་ཁྱབ་པར་ཐལ། གཞི་གྲུབ་ན་རྟོགས་པ་པོའི་མངོན་སུམ་གྱིས་གྲུབ་པའི་དོན་ཡིན་པས་ཁྱབ་པའི་ཕྱིར། ཁྱབ་སྟེ། རྟོགས་པ་པོའི་མངོན་སུམ་གྱིས་གྲུབ་པའི་དོན་གཞལ་བྱ་མངོན་གྱུར་གྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རྟོགས་པ་པོའི་མངོན་སུམ་དང༌། ཞེས་གསུངས་པའི་ཕྱིར། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། གཞལ་བྱ་མངོན་གྱུར་ཡིན་པར་ཐལ། རྟོགས་པ་པོའི་མངོན་སུམ་གྱིས་གྲུབ་པའི་དོན་ཡིན་པའི་ཕྱིར། རྟགས་ཁྱབ་ཁས། འདོད་ན། སྒྲ་མི་རྟག་པ་ཆོས་ཅན། གཞལ་བྱ་མངོན་གྱུར་མ་ཡིན་པར་ཐལ། གཞལ་བྱ་ཅུང་ཟད་ལྐོག་གྱུར་ཡིན་པའི་ཕྱིར། དེར་ཐལ། རྗེས་དཔག་མཚན་ཉིད་པའི་གྲུབ་པའི་དོན་ཡིན་པའི་ཕྱིར། ཁྱབ་སྟེ། རྗེས་དཔག་མཚན་ཉིད་པའི་གྲུབ་པའི་དོན་དེ། གཞལ་བྱ་ཅུང་ཟད་ལྐོག་གྱུར་གྱི་དོན་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། རྗེས་དཔག་མཚན་ཉིད་པས་དང༌། ཞེས་གསུངས་པའི་ཕྱིར། ཟེར་བ་དང༌། ཡང་གཞལ་བྱ་ཤིན་ཏུ་ལྐོག་གྱུར་དག་ཆོས་ཅན། གཞལ་བྱ་མངོན་གྱུར་ཡིན་པར་ཐལ། རྟོགས་པ་པོའི་མངོན་སུམ་གྱིས་གྲུབ་པའི་དོན་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། གཞལ་བྱ་ཤིན་ལྐོག་ཡིན་པའི་ཕྱིར། ཁྱབ་སྟེ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་ཡིན་ན་ལུང་ཙམ་གྱིས་གྲུབ་པའི་དོན་ཡིན་དགོས་པའི་ཕྱིར། དེར་ཐལ། ལུང་ཙམ་གྱིས་གྲུབ་པའི་དོན་དེ། གཞལ་བྱ་ཤིན་ཏུ་ལྐོག་གྱུར་གྱི་མཚན་ཉིད་ཡིན་པའི་ཕྱིར། དེར་ཐལ། གཏན་ཚིགས་རིགས་པའི་དོན་བསྡུས་ལས། ལུང་ཙམ་གྱིས་གྲུབ་པའི་དོན་ཞེས་གསུངས་པའི་ཕྱིར་ཟེར་ན་རྣམ་དཔྱོད་ཀྱི་གློག་ཞགས་རབ་ཏུ་མྱུར་བའི་གཞོན་ནུ་རིགས་པའི་གཏེར་མཛོད་དག་གིས་ལོག་རྟོག་དང་ཐེ་ཚོམ་གྱི་མགོ་བོ་གཞོམ་པར་བྱ་དགོས་སོ། །སྨྲས་པ། ལེགས་བཤད་ལུང་རིགས་རོ་བརྒྱའི་བཅུད་བཟང་འདིས། །གཞོན་ནུ་གངས་སེང་བརྒྱ་ཡི་ལུས་གསོས་པས། །ལུང་རིགས་གཡུ་ཡི་རལ་བ་འབུམ་རྒྱས་ནས། །ཐུབ་བསྟན་བདག་པོས་ས་ཆེན་གང་བར་ཤོག ། གངས་རིའི་ཕྲེང་བས་བསྐོར་བའི་ས་ཆེན་འདིར། །ལུང་རིགས་མཆེ་སྡེར་རྒྱས་པའི་ཁྱུ་ཚོགས་ཀྱིས། །གཡོ་ཅན་ཝ་མོའི་སྡེ་རིགས་མཐར་སྤྲད་ནས། །རྒྱལ་བསྟན་གངས་ཀྱི་ལྷུན་པོ་རྟག་བརྟག་ཤོག ། དུས་གསུམ་བསགས་པའི་དགེ་བའི་མཐུ་བཙན་པོས། །བསྟན་འཛིན་བླ་མའི་སྐུ་ཚེ་རབ་བརྟན་ནས། །མཛད་ཕྲིན་ཉི་ཟླའི་འོད་ཀྱིས་སྲིད་གསུམ་གྱི། །ལུས་ཅན་འགྲོ་བློའི་མུན་པ་སེལ་བར་ཤོག ། བདག་སོགས་འགྲོ་རྣམས་འདི་ནས་སྐྱེ་བ་ཀུན། །མཚན་ལྡན་བླ་མའི་བརྩེ་བས་རྗེས་བཟུང་ནས། །ངེས་འབྱུང་བྱང་སེམས་སྟོང་ཉིད་ལྟ་བ་དག ། རྒྱུད་ལ་སྐྱེས་ནས་ས་ལམ་མཐར་ཕྱིན་ཤོག ། ཅེས་པ་འདི་དཔལ་ལྡན་བླ་མ་དམ་པ་དགེ་བཤེས་ཡིད་བཞིན་ནོར་བུ་རྗེ་ངག་དབང་དངོས་གྲུབ་དཔལ་མཆོག་གིས་བློ་རིག་ལེགས་བཤད་གསེར་གྱི་ཉི་མའི་དཔེ་ཁྲིད་གནང་སྐབས་སུདོགས་གཅོད་གནང་བ་དག་དམ་པ་གང་གི་སློབ་མིང་འཛིན་པ་གྱང་སྒང་རབ་གསལ་དུ་འབོདཔས་ཟིན་བྲིས་སུ་བཏབ་པ་དགེའོ།