Nitartha Digital Library
Tibetan
 
no previousམཆོད་བརྗོད།next

མཆོད་བརྗོད།

བདེ་ལེགས་ཀུན་འབྱུང་རིན་ཐང་མེད་པའི་སྐུ། །སྲིད་པ་གསུམ་གྱི་མ་རིག་མུན་ཁྲོད་ན། །ཐར་པའི་ལམ་སྟོན་རྣམ་དག་སྒྲོན་མེ་འཛིན། །མཚན་མཆོག་དོན་ལྡན་གསེར་གླིང་པ་ལ་འདུད། །བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་ལན་གསུམ་དུ་བསྐོར། མྱ་ངན་ལས་འདས་པའི་འོག་ཏུ་བསྟན་བཅོས་རྩོམ་པ་པོ་རྣམས་ཀྱིས་རིམ་པ་བཞིན་དུ་གསལ་བར་མཛད། བཀའ་བསྟན་བཅོས་དེ་གཉིས་ཀྱིས་འཇིག་རྟེན་ན་བསྟན་པ་རྒྱས་པར་བཞུགས། །བསྟན་པ་ཐེག་པ་ཆེ་ཆུང་གཉིས། ཐེག་ཆེན་ལ་སྔགས་དང་། ཕ་རོལ་ཏུ་ཕྱིན་པ་གཉིས་སུ་གནས་པ་དེ་ཐམས་ཅད་ཀྱི་བརྗོད་བྱ་དངོས་དང་བརྒྱུད་པས་བདག་འཛིན་སྤང་བ་དང་གཞན་གཅེས་པར་འཛིན་པ་གཉིས་བསྟན། དེ་ཡང་སྤང་བྱ་བདག་འཛིན་དང་། བླང་བྱ་གཞན་དོན་གཉིས་ལས་མེད་པས། བསྟན་པ་ཉམས་སུ་ལེན་པ་རྣམས་ཀྱིས་ཆོས་གང་ཉམས་སུ་བླངས་ཀྱང་ཆོས་དེ་གཉིས་སུ་འཁྱེར་ཤེས་དགོས་པས། དེ་ལྟར་ཉམས་སུ་བླངས་སོ། །དེ་ལྟར་ཤེས་ན་ཆོས་མ་ནོར་བ་ཡིན། སངས་རྒྱས་ཀྱི་དགོངས་པའི་སྟེང་དུ་བསླབ་བོ། །འོ་ན་དོན་དེ་གཉིས་ཀ་བསྟན་བཅོས་རྣམས་བལྟས་ནས་ཉམས་སུ་བླངས་པས་ཆོག་གམ་སྙམ་ན། མི་ཆོག་སྟེ། རྒྱུད་དཀྲུགས། གཞུང་བཅུས། མན་ངག་ཁོང་ན་གབ། མཐའ་དྲུག་གིས་རྒྱས་བཏབ་ནས་བླ་མའི་མན་ངག་ལ་བལྟོས་པར་མཛད་དོ། །དེའི་ནང་ནས་ཐེག་པ་ཆེན་པོའི་གདམས་པ་ཐུན་མོང་མ་ཡིན་པ་འདིའི་དབང་དུ་བྱས་ནས། ཇོ་བོ་ཆེན་པོ་ལ་བླ་མ་གསུམ་གྱི་མན་ངག་མངའ་སྟེ། དང་པོ་བླ་མ་རཀྵི་ཏ་ལ་ཞུས་པ་མངའ་འོ། །བླ་མ་འདིས་དངོས་སུ་སྐུའི་བརླ་ལས་ཤ་བཅད་ནས་སྦྱིན་པ་བཏང་། ཇོ་བོའི་ཞལ་ནས། ལྟ་བ་དམན་ཀྱང་ད་ཙམ་ཕྱག་རྒྱ་ཆེན་པོ་ཐོབ་ངེས་གསུང་། འདིའི་ལྟ་བ་ནི་ཉན་ཐོས་བྱེ་བྲག་ཏུ་སྨྲ་བ། ལུང་དབྱུག་པ་གསུམ་གྱི་ཕྲེང་བ། རིག་པ་རྟ་དབྱངས་ཀྱི་མདོ་སྡེ་སྐྱེས་རབས་སོ། །གཉིས་པ་བླ་མ་བྱམས་པའི་རྣལ་འབྱོར་པ་ལ་ཞུས་པ་མངའ་སྟེ། ཀུ་ས་ལི་ཆུང་བ་ཡིན་ཏེ། བྱམས་པ་ཁོ་ན་ཁྱད་པར་དུ་བསྒོམས་པས་འདི་སྐད་གྲགས་སྐད། འདིའི་ལྟ་བ་མི་གནས་པ། ལུང་ནམ་མཁའི་སྙིང་པོ། རིག་པ་སློབ་དཔོན་ཞི་བ་ལྷའི་བསླབ་བཏུས་དང་སྤྱོད་འཇུག་གི་རྗེས་སུ་འབྲང་ངོ་། །གསུམ་པ་བླ་མ་གསེར་གླིང་པ་ལ་ཞུས་པ་མངའ་སྟེ། འདིའི་ལྟ་བ་བདག་འཛིན་མི་སྤོང་བར་དེ་ཉིད་རྒྱུ་མཚན་དུ་བྱས་ནས་སྦྱང་བ་མུ་སྟེགས་པ་དང་ཐུན་མོང་ངོ་། །ལུང་དྲི་མ་མེད་པར་གྲགས་པས་ཞུས་པ། རིག་པ་བྱང་ཆུབ་སེམས་དཔའི་སའི་རྗེས་སུ་འབྲང་བ་སྟེ། འཕགས་པ་བྱམས་པ་ནས་བརྒྱུད་པའི་གདམས་ངག་གོ །དེ་ལ་ད་རེས་ཀྱི་ཆོས་འདི་བླ་མ་གསེར་གླིང་པ་ལ་ཞུས་པའི་གདམས་ངག་ཡིན། དེ་ཡང་དྲི་མ་མེད་པར་གྲགས་པས་ཞུས་པའི་མདོ་ལས། འཇིག་ཚོགས་ལ་ལྟ་བ་སངས་རྒྱས་ཀྱི་གདུང་ཡིན་ནོ། །ཞེས་བཤད་པ་ལ་བརྟེན་ཏེ། དཔེར་ན་པདྨ་ས་གཞི་སྒོ་གདུང་ལས་མི་སྐྱེ། འདམ་རྫབ་ལས་སྐྱེ་བ་བཞིན་དུ་སྲེད་པའི་རླན་སྐམ་ཐག་བཅད་པའི་ཉན་ཐོས་ཀྱི་རྒྱུ་ལ་མི་སྐྱེ། སོ་སོ་སྐྱེ་བོ་འཆིང་བ་མཐའ་དག་དང་བཅས་པའི་རྒྱུད་ལ་བྱང་ཆུབ་ཀྱི་སེམས་སྐྱེའོ། །དེས་ན་བདག་འཛིན་འདི་ལ་བརྟེན་ནས་སངས་རྒྱས་ཀྱི་རྒྱུ་ཐུན་མོང་མ་ཡིན་པ་བདག་གཞན་བརྗེ་བའི་བྱང་ཆུབ་ཀྱི་སེམས་སྦྱང་དུ་ཡོད་པས་ན་བདག་འཛིན་འདི་ཉིད་སངས་རྒྱས་ཀྱི་གདུང་ཡིན་ནོ། །འདི་བླ་མ་གསེར་གླིང་པས་ཇོ་བོ་ལ་ཐུགས་དམ་གྱི་སྙིང་པོར་གནང་བས་ཇོ་བོས་བླ་མ་གཞན་དང་མི་སྙོམ་པར་དད་གུས་ཆེན་པོ་མཛད་དོ། །ང་ལ་སེམས་བཟང་པོ་སྟིག་པ་གཅིག་ཡོད་པ་འདི་བླ་མ་གསེར་གླིང་པའི་བཀའ་དྲིན་ཡིན་པས། ངའི་བཀའ་རྒྱུད་འདི་ལ་བྱིན་རླབས་ཡོད་ཀྱི་གསུངས། ཇོ་བོའི་ཞལ་ནས། སྔགས་ཕ་རོལ་ཏུ་ཕྱིན་པ་རྣམས་ནས་ཆོས་འདིའི་སྒོར་ཞུགས་པའི་དོད་ཕལ་ཆེ་བའི་གཉེན་པོ་མེད་པ་ཡིན་གསུང་སྐད། ཇོ་བོས་དགེ་བཤེས་སྟོན་པ་ལ་ཐུགས་དམ་གྱི་གཉེན་པོར་གནང་བ་ཡིན་ནོ། །དགེ་བཤེས་སྟོན་པ་ལ་སློབ་མ་མང་ཡང་སྲས་ཀྱི་ཐུ་བོ་ལྟ་བུ་སྐུ་མཆེད་གསུམ་ཡིན་ཏེ། སྤྱན་སྔ་རིན་པོ་ཆེའི་ཞལ་ནས། ཐོག་མར་མཉམ་སྟེ། དེ་ནས་བརྗེ་བ་བསྒོམ་པ་ཡིན་གསུང་སྐད། དེ་ནི་བླ་མ་བྱམས་པའི་རྣལ་འབྱོར་པའི་ལུགས་ཡིན་གསུངས། པོ་ཏོ་བའི་ཞལ་ནས། ངས་རྭ་སྒྲེང་གི་ཤུག་པའི་གསེབ་ཀྱི་དགེ་བསྙེན་རྒན་པོ་དེ་ལ་ཐོབ་པ་ན། བླ་མ་གསེར་གླིང་པའི་ལུགས་ཀྱི་དང་པོ་ཉིད་ནས་བརྗེ་བ་བསྒོམ་པ་གཅིག་ཏུ་ཐོས་གསུང་སྐད། ད་རེས་པོ་ཏོ་བའི་གདམས་པ་སྟོན་པ་ཡིན་ནོ། །འདི་ལ་དོན་བདུན་ཏེ། སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ་དང་། དངོས་གཞི་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་དང་། རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་འཁྱེར་བ་དང་། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ་དང་། བློ་འབྱོངས་པའི་ཚད་བསྟན་པ་དང་། བློ་སྦྱོང་གི་དམ་ཚིག་བསྟན་པ་དང་། བློ་སྦྱོང་གི་བསླབ་བྱ་བསྟན་པའོ། །


no previousམཆོད་བརྗོད།next