སྔོན་འགྲོ་རྟེན་གྱི་ཆོས་བསྟན་པ།

དང་པོ་སྔོན་འགྲོ་རྟེན་གྱི་ཆོས་ནི།  དང་པོ་སྔོན་འགྲོ་དག་ལ་བསླབ། །ཅེས་པས་བསྟན་ཏེ། ཇོ་བོ་ནས་བརྒྱུད་པའི་བླ་མ་ཚད་ལྡན་གཅིག་ལ་བརྟེན་ནས་སྐྱེས་བུ་གསུམ་ལ་བློ་རིམ་པ་སྦྱངས་ནས་ཚད་དུ་ལོངས་པར་བྱས་ཏེ། སྨོན་འཇུག་ཏུ་སེམས་བསྐྱེད་ནས་དེ་དག་གི་བསླབ་བྱ་ཚུན་ཆད་ལེགས་པར་ཤེས་པ་གཅིག་བློ་སྦྱོང་འདིའི་རྟེན་དུ་དགོས་པས་སྔོན་དུ་འགྲོ་བའི་ཆོས་སོ། །རྟེན་དེས་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པ་ལ་ཐུན་མགོ་ལ་བྲོད་པ་བསྐྱེད་པའི་ཆེད་དུ་ཆོས་འདི་རྣམས་དར་རེ་བསམས་ཏེ། དལ་འབྱོར་ཐོབ་པ་དོན་ཡོད་པར་བསམས་ལ། དེ་ཆུད་མ་ཟོས་པར་བྱེད་པ་ལ་ཆོས་བྱེད་དགོས་ཏེ། །ཆོས་ཀྱི་མཆོག་ཀྱང་འདི་ཡིན་སྙམ་དུ་བསམ། དལ་འབྱོར་ཐོབ་ཀྱང་ཚེ་ལ་ལོངས་མེད་ལ། །ཕྱི་མར་དགེ་སྡིག་གཉིས་ཀྱི་བདེ་སྡུག་ལ་ལོངས་སྤྱོད་པས་དགེ་བའི་ལས་ཀྱི་མཆོག་ཀྱང་འདི་ཡིན། འཁོར་བ་ལས་ཐར་བར་བྱེད་པའི་ལམ་ཡང་འདི་ལས་ཟབ་པ་མེད་པ་ཡིན། བདག་གཞན་དོན་དུ་སངས་རྒྱས་སྒྲུབ་པའི་རྒྱུའི་མཆོག་ཀྱང་འདི་ཡིན་སྙམ་དུ་བསམས་ཏེ། དེ་ཡང་བློ་སྦྱོང་འདོད་པའི་གནས་སྐབས་ཐམས་ཅད་དུ་སྦྱང་བར་མ་ངེས་སྦྱོང་སྙིང་མི་འདོད་པ་ན་ཡང་བསམ་མོ། །