Nitartha Digital Library
Tibetan
 
previousརྐྱེན་ངན་བྱང་ཆུབ་ལམ་དུ་འཁྱེར་བ།next

རྐྱེན་ངན་བྱང་ཆུབ་ལམ་དུ་འཁྱེར་བ།

གསུམ་པ་རྐྱེན་ངན་གྲོགས་སུ་བསྒྱུར་བ་ནི། སྣོད་བཅུད་སྡིག་པ་ཁོལ་བའི་ཚེ། །རྐྱེན་ངན་བྱང་ཆུབ་ལམ་དུ་སྒྱུར། །ཞེས་པ་སྟེ། སེམས་ཅན་དང་འབྱུང་བའི་གནོད་པ་ཅི་བྱུང་ཡང་རུང་སྟེ། ཐམས་ཅད་ནི་རང་གི་སྐྱེ་བ་སྔོན་མ་ལ་སྡིག་པ་སྤྱད་པའི་འབྲས་བུ་ཡིན་ཏེ། དེ་ལ་ཆོས་རྒྱུས་མེད་པ་རྣམས་རྐྱེན་ངན་བར་ཆད་དུ་བྱེད་དོ། །ཆོས་སྒོར་ཞུགས་པ་རྣམས་ཀྱིས་བལྟས་ན། སྤྱན་སྔ་བས་ཤ་བོ་སྒང་པ་བ་ལ་གསུངས་པ་ལ་ལུས་ཀྱི་ན་ཚ་དང་། སེམས་ཀྱི་སྡུག་བསྔལ་དེ་ཐམས་ཅད་སྦྱང་བའི་བློ་ཡོད་ན། བླ་མ་དཀོན་མཆོག་གིས་བྱིན་རླབས་དངོས་གྲུབ་སྟེར་བའི་ཐབས་གསུངས་པ་བཞིན་ཡིན་གསུངས་པས། རྐྱེན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སྦྱོང་བའི་གྲོགས་སུ་བསྒྱུར་བར་བྱའོ། །འདི་ལ་གཉིས། བསམ་པ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་དང་། སྦྱོར་བ་ཁྱད་པར་ཅན་བསགས་སྦྱང་གཉིས་ལ་འབད་པའོ། །དེ་ལ་ཐོག་མར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ལ་བརྟེན་ནས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་སློང་བ་བསྟན་ནོ། །ཇི་ལྟར་ལམ་དུ་བྱ་ན། ཐོག་མ་མེད་པ་ནས་དགྲ་ཟིན་གྱི་རུ་མ་ཕྱེད་པས་སྤང་བླང་ངོས་མ་ཟིན། ཆོས་བྱས་ཚད་བདག་འཛིན་གྱི་ཆོས་སུ་སོང་བས་ནོར་རོ། །ཐར་པ་དང་ཐམས་ཅད་མཁྱེན་པ་ལ་སྔ་འདྲིས་གང་ཡང་ཉེར་མ་སོང་བས་ད་རེས་དགྲ་ཟིན་གྱི་རུ་ཕྱེད་ལ། ཆོས་ལམ་དུ་བྱའོ། །དེ་ལ་དགྲ་རང་ཡིན། ཟིན་སེམས་ཅན་ཡིན། རང་ལ་དགྲར་བལྟས་ལ་སྤང་བ་དང་། གཞན་ལ་ཟིན་དུ་བཟུང་ལ་གཅེས་པར་ལྟ་བ་གཉིས་ལས་མེད་པ་ཡིན་ནོ། །དེ་ལ་དགྲ་རང་ཡིན་པའི་གཏན་ཚིགས་ནི། ལེ་ལན་ཐམས་ཅད་གཅིག་ཏུ་བདའ། །ཞེས་པས་རང་ལ་དགྲར་བཟུང་བ་བསྟན་ཏེ། རང་ལ་མི་འདོད་པའི་དངོས་པོ་ཅི་བྱུང་ཡང་གྱོད་གཞན་ལ་མ་བདའ་བར་ང་རང་གི་བདག་ཏུ་བཟུང་བས་ལན་པ་ཡིན་སྙམ་དུ་བསམས་ལ་གྱོད་ཐམས་ཅད་རང་གི་ནང་དུ་བརྡལ་ཏེ། འཇིག་རྟེན་དག་ན་འཚེ་བ་གང་ཡོད་དང་། །འཇིག་རྟེན་སྡུག་བསྔལ་ཇི་སྙེད་ཡོད་པ་ཀུན། །དེ་ཀུན་བདག་ཏུ་འཛིན་པ་ལས་གྱུར་ན། །འདྲེ་ཆེན་དེ་ཀོས་བདག་ལ་ཅི་ཞིག་བྱ། །ཞེས་དང་། བདག་ཡོད་ན་ནི་གཞན་དུ་ཤེས། །བདག་གཞན་ཆ་ལས་འཛིན་དང་སྡང་། །དེ་གཉིས་དང་ནི་འབྲེལ་བ་ལས། །ཉེས་པ་ཐམས་ཅད་འབྱུང་བ་ཡིན། །ཞེས་དང་། བདག་ཉིད་སྐྱོན་བཅས་གཞན་ལ་ཡང་། །ཡོན་ཏན་རྒྱ་མཚོར་ཤེས་བྱས་ནས། །བདག་འཛིན་ཡོངས་སུ་དོར་བ་དང་། །གཞན་བླང་བ་ནི་བསྒོམ་པར་བྱ། །ཞེས་གསུངས་སོ། །འཇིག་རྟེན་ན་རང་ལ་སྐྱོན་དང་ཉེས་པའི་ཚོགས་ཡོད་དོ་ཅོག་བདག་ཏུ་འཛིན་པ་ལ་འབྱུང་བ་ཡིན་ཏེ། ཐོག་མ་མེད་པ་ནས་ང་མེད་པ་ལ་ངར་བཟུང་། གནས་གར་སྐྱེས་པའི་ལུས་འདི་ལ་བདག་མེད་པར་བདག་ཏུ་བཟུང་ནས་འདིའི་ཁ་འཛིན་སྐྱོར་ཁ་འདི་འདོད་མི་འདོད་གཉིས་ཀྱི་དགག་སྒྲུབ་བྱེད་ནས། གཞན་ལ་གཡོ་སྒྱུ་ཁྲམ་གསུམ་བྱེད་བྱེད་ནས་ཉོན་མོངས་པ་དང་ལས་ངན་བསགས་ནས་ཐོག་མ་མེད་པ་ནས་སྤྱིར་འཁོར་བ་མཐའ་མེད། དགོས་ངན་སོང་གསུམ་གྱི་སྡུག་བསྔལ་དཔག་ཏུ་མེད་པ་ཐམས་ཅད་འདིས་ལན་དུ་བཅུག བསྐལ་པ་གྲངས་མེད་འདས་གྱུར་ཡང་། །ངལ་བ་ཆེན་པོ་དེ་ལྟ་བུས། །ཁྱོད་ཀྱིས་སྡུག་བསྔལ་འབའ་ཞིག་བསྒྲུབ། །ཅེས་གསུངས་པས་ད་དུང་ཡང་འདི་ལ་དགྲར་མ་བལྟས་རིང་ལ་འདིས་རང་བདེ་འབའ་ཞིག་བསྒྲུབ་པས་ལས་ངན་བསགས་ནས་འཁོར་བ་མཐའ་མེད་དུ་སྡུག་བསྔལ་སྔར་བས་ཆེས་དྲག་ལ་ཡུན་རིང་བར་ད་སྡོད་འཁྱམས་སུ་འཇུག་པས་དུས་གསུམ་གྱི་སྡུག་བསྔལ་ཐམས་ཅད་བདག་ལ་གཅེས་པར་འཛིན་པ་འདིས་བསྐྱེད་ནས་འདུག་གོ །འོ་ན་འདི་ཐོག་མ་མེད་པ་ནས་བདག་གསོད་བྱེད་གཤེད་མར་འདུག་པས་འཁོར་བ་ཐོག་མ་མེད་པ་ནས་ཤི་ཚད་གཞན་གྱིས་མ་བསད། རང་གིས་བསད་ནས་འདུག་པ་སྙམ་དུ་བསམས་ལ། མ་འགལ་ལ་སོ་བལྟམས་པ་གཅིག་བྱས་ལ་རང་ལ་དགྲར་བཅག་གི་བཟུང་བར་བྱའོ། །འོ་ན་དགྲ་བོ་དེ་གང་ན་འདུག་ན་བདག་གི་སྙིང་གི་ནང་ན་འདུག་གོ །ཞི་བ་ལྷའི་ཞལ་སྔ་ནས་ཀྱང་། དེ་ལྟར་ཡུན་རིང་རྒྱུན་ཆགས་དགྲར་གྱུར་པ། །གནོད་པའི་ཚོགས་རབ་འཕེལ་བའི་རྒྱུ་གཅིག་པུ། །བདག་གི་སྙིང་ལ་ངེས་པར་གནས་བྱས་ནས། །བདག་ལ་འཁོར་བར་བདེ་བ་ག་ལ་ཡོད། །ཅེས་གསུངས་སོ། །འདི་གནས་པ་མགོ་ལ་གནས་ཀྱང་རྒྱལ་ཁ་མིག་ལ་མི་བྱེད་པ་འདི་རེ་མི་འཐད་སྙམ་དུ་བསམས་ལ་དེ་ལྟར་ཉེས་དམིགས་ཅན་གྱི་བདག་ཏུ་འཛིན་པ་དེའི་དམིགས་པའམ་གནས་ནི་གནས་གར་སྐྱེས་པའི་ལུས་འདི་ཡིན་ཏེ། ཚེ་ཐོག་མ་མེད་པ་ནས་ང་མེད་ལ་ངར་བཟུང་། བདག་མེད་པ་ལ་བདག་ཏུ་བཟུང་ཞིང་སྡུག་བསྔལ་ཐམས་ཅད་འབྱུང་བའི་ཉེས་དམིགས་ཅན། མི་རོ་བམ་ནག རྣག་དང་ཁྲག་གི་དུམ་བུ། ཆུ་སེར་གྱི་རྐྱལ་བུ་འདི་ལ་གཅེས་པར་བཟུང་ནས་བལྟ་ཞིང་བསྲུང་བ་ནི། དཔེར་ན་གཅེར་བུར་ཕྱུང་ནས་ཚེར་མ་ཁུར་གཅིག་ཁུར་བ་དང་འདྲ་སྟེ། སློད་ན་བདེ་བ་ལ་རང་དོན་བྱས་ནས་བདེ་བ་གཅིག་འོང་སྙམ་ནས་བསྡམས་པ་བཞིན་དུ་སྡུག་ཏུ་འགྲོའོ། །ཞི་བ་ལྷའི་ཞལ་ནས་ཀྱང་། འཇིག་རྟེན་སྡུག་བསྔལ་ཇི་སྙེད་པ། །དེ་ཀུན་རང་བདེ་འདོད་ལས་བྱུང་། །འཇིག་རྟེན་བདེ་བ་ཇི་སྙེད་པ། །དེ་ཀུན་གཞན་བདེ་འདོད་ལས་བྱུང་། །མང་དུ་བཤད་ལྟ་སྨོས་ཅི་དགོས། །བྱིས་པ་རང་གི་དོན་བྱེད་དང་། །ཐུབ་པ་གཞན་གྱི་དོན་མཛད་པ། །འདི་གཉིས་ཀྱི་ནི་ཁྱད་པར་ལྟོས། །ཞེས་གསུངས་སོ། །དེས་ན་ཐོག་མ་མེད་པ་ནས་བདག་ལ་གནོད་པ་འབའ་ཞིག་བྱེད་པའི་ཉོན་མོངས་པ་ཐམས་ཅད་ཀྱི་ནང་ནས་ཀྱང་བདག་ཏུ་འཛིན་པ་འདི་ཡིན་ཏེ། ཡ་གི་དགེ་བའི་བཤེས་གཉེན་ནས། མ་གི་སྲོ་ཤིག་ཡན་ཆད་ལ་སྡིག་པ་བསོག་པར་བྱེད་པའི་སྡིག་ཅན་ཕྲག་དོག་ཅན་དེ་འདིར་འདུག་པ་ཡིན། བདག་འཁོར་བ་ལས་ཐར་དུ་མི་སྟེར་བར་འཆིང་བར་བྱེད་ཅིང་། མི་དང་མི་མ་ཡིན་གྱི་གནོད་བྱེད་ཐམས་ཅད་སྤྱན་འདྲེན་མཁན། ཕུང་བྱེད་འུག་མགོ་ཅན་དེ་ནི་ང་དང་བདག་ཏུ་འཛིན་པར་བྱ་བ་རང་དོན་འབའ་ཞིག་བསྒྲུབ་པའི་བློ་ཅན་འདིར་འདུག་པ་སྙམ་དུ་བསམས་ལ་དགྲ་ལ་དགྲར་ངོ་ཤེས་པར་བྱའོ། །ཞི་བ་ལྷའི་ཞལ་ནས། འདི་ཡིས་བརྒྱ་ཕྲག་ཐམས་ཅད་དུ། །འཁོར་བར་བདག་ལ་གནོད་པ་བྱས། །ད་ནི་འཁོན་རྣམས་དྲན་བྱས་ཏེ། །ཁྱོད་ཀྱི་རང་དོན་བསམ་པ་གཞོམ། །ཞེས་གསུངས་སོ། །ད་དུང་ཡང་ཁྱོད་ཀྱི་སུན་མི་ཐོན་སྙམ་ན། སྔར་དང་མི་འདྲ། ད་རེས་བླ་མ་བསྟེན། མདོ་སྡེ་བལྟས་པས་དགྲར་ཤེས་སོ་ལོ། ཁྱོད་ཀྱི་ཁོ་བོ་གར་བརླག་པའི། །སྔོན་གྱི་དུས་དེ་གཞན་ཡིན་གྱི། །ང་མཐོང་ཁྱོད་ད་གང་དུ་འགྲོ། །ཁྱོད་ཀྱི་དྲེགས་པ་ཀུན་གཞོམ་བྱ། །ཞེས་སོ། །དེ་ལྟར་བསམས་ལ་དགྲར་བཟུང་ཞིང་རང་དོན་གྱི་བསམ་པ་བྱུང་རེས་ཀྱིས་ཁྱོད་ཆ་ཡོད་ཀྱིས་བྱས་ལ། ཕག་སྣ་རེར་གཏུན་པོ་རེ་རྒྱབ་ལ་བཏང་གསུངས། དེས་ན་ཐེག་པ་ཆེན་པོའི་ཆོས་མཐའ་དག་ལ་བརྗོད་བྱ་བདག་ཏུ་འཛིན་པ་ལིངས་ཀྱིས་བཏང་བ་དང་། སེམས་ཅན་རྩིར་གྱིས་བཟུང་ལ་བདག་འཛིན་ལ་ཅི་གནོད་དང་། སེམས་ཅན་ལ་ཅི་ཕན་གཉིས་ལས་མེད་པ་ཡིན་གསུངས། གཞན་ཡང་བཀའ་བསྟན་བཅོས་མཐའ་དག་ཉོན་མོངས་པ་འདུལ་བའི་ཆེད་དུ་གསུངས་པ་ཡིན་པས། དེས་འདུལ་རྒྱུ་ཉོན་མོངས་པ་ཡིན། ཉོན་མོངས་པ་ལ་སྤྱིར་བརྒྱད་ཁྲི་བཞི་སྟོང་ཡོད། དེ་ཐམས་ཅད་བསྡུས་ན་ཉིས་བརྒྱ་བཅུ་གཉིས། དེ་བསྡུས་ན་དྲུག་རྩ་བ་དང་ཉི་ཤུ་ཉེ་བའོ། །དེ་བསྡུ་ན་དུག་ལྔ་དང་དུག་གསུམ་མོ། །དེ་ཡང་བསྡུས་ན་བདག་ཏུ་འཛིན་པ་གཅིག་པུར་འདུག་པས། དེ་ཆེར་བཏུལ་བ་ལ་སྐྱིད་ཆེར་ཡོད། འབྲིང་ལ་འབྲིང་། ཆུང་ངུ་ལ་ཆུང་ངུ་། ཡེ་མ་བཏུལ་བ་ལ་སྐྱིད་ཡེ་མི་ཡོང་བ་ཡིན། དེ་ལ་སྡུག་བསྔལ་གྱི་རྩ་བ་བདག་འཛིན་ཡིན། སྐྱོན་དང་ཉེས་པ་ཐམས་ཅད་འདི་ལ་བརྟེན་པ་ཡིན་པས། ད་ནི་རང་གི་ལུས་སེམས་ལ་ཞེན་པ་བཏང་ལ་དགྲར་བཟུང་དགོས། དེ་ཡང་གཙོ་བོར་ལུས་ལ་ཞེན་པ་བཏང་དགོས་ཏེ། ཞི་བ་ལྷའི་ཞལ་ནས། བདག་ལུས་གང་ལ་ཆགས་པ་ཡི། །འཇིགས་གནས་ཆུང་ལ་འཇིགས་སྐྱེ་བ། །འཇིགས་པ་སྐྱེ་བའི་ལུས་འདི་ལ། །སུ་ཞིག་དགྲ་བཞིན་སྡང་མི་བྱེད། །ཅེས་གསུངས་སོ། །ཐོག་མ་མེད་པ་ནས་ལུས་འདིའི་དོན་དུ་ཇི་ལྟ་བུའི་འབད་པ་ནི་བྱས་ཀྱང་ལུས་རང་གི་ངོ་བོ་བེམ་པོར་འདུག་པ་ལ་ཕན་གནོད་བྱས་པ་ལ་དགའ་སྡུག་མི་འདུག སེམས་ནི་དངོས་མེད་སྟོང་པར་འདུག་ལ། ད་ལྟ་ཀུན་རྫོབ་ཏུ་སྣང་བ་འདི་རྒྱུ་རྐྱེན་ལས་བྱུང་བས་ན་ངོ་བོ་མེད་ཅིང་རྒྱུ་འབྲས་སྐད་ཅིག་གིས་འགགས་ནས་སྐྱེས་ནས་གྲུབ་པ་མི་འདུག དེས་ན་དེ་གོང་དུ་དོན་མེད་པའི་འགལ་བ་བྱས་ནས་འདུག་སྙམ་དུ་བསམ་པས་ད་རང་ལ་དགྲར་བཟུང་ལ་འཇིག་རྟེན་གྱི་ལྷ་མ་སྲིན་སྡེ་བརྒྱད་དང་། བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་པོ་ཐམས་ཅད་ར་མདའ་བཟློག་ལ། ཁྱོད་ཀྱིས་བདག་གི་གྲོགས་མཛོད་ལ་བདག་འཛིན་འདི་བརླག་པར་མཛད་དུ་གསོལ། བདག་གི་ཕུང་པོ་ལྔ་པོ་འདི་དངོས་མེད་སྟོང་པར་མཛད་དུ་གསོལ་ཞེས་སྦྱང་ངོ་། །དེ་ལྟར་མཛད་པའི་སྒོ་ནས་ད་རེས་ཀྱི་ཚེ་ཐུང་འདི་ལ་བདག་འཛིན་གྱི་འགོང་པོ་འདི་ཅི་ཐུལ་ཞིག་མཛད་འཚལ་གསུངས། ཤ་པོ་བའི་ཞལ་ནས་ཇི་སྲིད་རང་ལ་དགྲར་མ་མཐོང་རིང་ལ་བླ་མ་ལ་སོགས་སུས་ཀྱང་སྐྱོབ་པར་མི་ནུས། དགྲར་མཐོང་ན་ཕན་འདོགས་སུ་འོང་གསུངས། དེ་ལྟར་རང་ལ་དགྲར་བལྟས་ན་མི་མ་ཡིན་དང་འབྱུང་པོའི་གནོད་པ་བྱུང་ཡང་དགྲ་ལ་གནོད་པ་བྱས་པ་ཡིན། བདག་འཛིན་དང་འཐབ་པའི་གྲོགས་སུ་བྱུང་བ་ཡིན་ནོ། །བདག་གི་ཕྱོགས་ན་དམག་དཔུང་ཆེ་བ་གཅིག་ཡིན་པས། གནོད་བྱེད་ལ་ཞེ་སྡང་སྐྱེས་པར་མི་འཐད་པས་དགའ་བར་བལྟའོ། །དེ་ཙམ་ན་རྐྱེན་ངན་གྱི་འཕྲང་ལས་གྲོལ་བའི་ཆོས་བཤའ་མ་གཅིག་གདོད་འོང་བ་ཡིན་གསུངས། །དེ་ཙམ་ན་ཟིན་པར་སླེབ་པའོ། །ཚུལ་དེ་ལྟར་ད་རེས་རང་གཞན་གཉིས་ལ་དགྲ་ཟིན་གཉིས་སུ་ཕྱེ་ལ་སྦྱང་ངོ་། །རེས་རང་ལ་དགྲ་ཟིན་གཉིས་སུ་ཕྱེ་ལ་སྦྱངས་ཏེ། རང་དོན་བསྒྲུབ་པའི་བསམ་སྦྱོར་ལ་སྐྱ་མིང་དག་གིས་བཏགས། གཞན་དོན་བསྒྲུབ་པའི་བསམ་སྦྱོར་ལ་ཆོས་མིང་གིས་གདགས་ལ། དགེ་བཤེས་འབན་གྱིས་རྗེས་སུ་འབྲང་ལ་ལག་པ་གཡས་གཡོན་གཉིས་ལ་སྤང་བླང་བྱའོ། །དགེ་བཤེས་འབན་གྱི་ཞལ་སྔ་ནས། ང་ནི་སེམས་ཀྱི་མཁར་སྒོ་གཅིག་ཏུ་གཉེན་པོའི་མདུང་ཐུང་གཅིག་མནན་ལ་སྡོད་པ་མིན་པ་གཞན་བྱ་རྒྱུ་མི་རྙེད། ཁོ་བསྒྲིམ་ན་ང་ཡང་བསྒྲིམ། ཁོ་སློད་ན་ང་ཡང་སློད་གསུངས། ཁྱོད་ཆ་ཡོད་ཀྱི་བྱས་ལ་ཕག་སྣ་རེ་ལ་གཏུན་པོ་རེ་རྒྱབ་ལ་བཏང་གསུངས། མདོ་བསྟན་བཅོས་མཐའ་དག་གིས་བདག་འཛིན་སྤང་བ་ལས་བྱ་རྒྱུ་གཞན་མེད་པ་བསྟན་པའོ། །དེས་ནི་རང་ལ་དགྲར་བལྟས་ལ་བདག་འཛིན་སྤང་བ་བསྟན་ཏེ། ཤ་པོ་བའི་གསུང་གིས་འགོང་པོ་མགོ་རྫོངས་ཀྱི་ཆོས་ཞེས་ཐ་སྙད་འདོགས་པའོ། །གཉིས་པ་སེམས་ཅན་ལ་ཟིན་དུ་བཟུང་ལ་གཅེས་པར་བལྟ་བ་ནི། ཀུན་ལ་བཀའ་དྲིན་ཆེ་བར་བསྒོམ། །ཞེས་པས་བསྟན་ཏེ། འདི་ལ་ཤ་པོ་བའི་གསུང་གི །ཤ་ཁྱེར་ཁྲག་ཁྱེར་གྱི་ཆོས། ཞེས་གསུངས་སོ། །ལྟས་ངན་གཡང་དུ་ལེན་པའི་ཆོས་ཞེས་ཟེར་རོ། །གནོད་བྱེད་དེ་ཉིད་ལ་ཆེད་དུ་དམིགས་པའི་བྱམས་པ་དང་། སྙིང་རྗེ་བསྒོམས་ནས་གཏོང་ལེན་གཉིས་སྦྱོང་བའོ། །ཐོག་མར་བྱམས་པ་བསྒོམ་པ་ནི། བདག་ལ་གནོད་པ་བྱེད་པའི་མི་དང་མི་མ་ཡིན་པ་འདིས་ཐོག་མ་མེད་པ་ནས་བདག་གི་ཕ་མ་ཉེ་དུ་འབྲེལ་བ་རྒྱ་ཤུག་གི་ཚིག་གུ་ལས་མང་བ་ཙམ་བྱས་པས། བྱམས་པའི་མིག་གིས་བལྟ་བལྟ་བ། བརྩེ་བའི་སེམས་ཀྱིས་འཛིན་འཛིན་པ། གནོད་པ་དང་མི་ཕན་པ་ལས་སྐྱོབ་སྐྱོབ་པ། ཕན་པ་དང་བདེ་བ་ཐམས་ཅད་ཀྱིས་ཕན་འདོགས་པའི་དྲིན་ཅན་འབའ་ཞིག་ཏུ་འདུག་ཨང་སྙམ་དུ་ཤེས་པ་ཉེ་དུངས་པ་བསྐྱེད་ལ། སྙིང་གི་ནང་དུ་བཅུག་ཀྱང་ཚ་བ་མི་འོང་བའམ། སྙིང་གི་དུམ་བུ་བཞིན་དུ་བལྟའོ། །ཇོ་བོའི་ཞལ་ནས། རང་གི་ལྷ་དང་བླ་མ་ཞེས་གསུངས། ཡང་སྙིང་རྗེ་བསྒོམ་པ་ནི། ད་ལྟ་བདག་ལ་གནོད་པ་འདི་ཡིན་ནི་མ་ཡིན། གནོད་པ་འདི་འཁྲུལ་ནས་བྱེད་པ་ཡིན། ཐོག་མ་མེད་པའི་དུས་ན་སྡིག་སྡུག་གཏམ་ངན་ཐམས་ཅད་ལ་མ་འཛེམ་པར་བདག་གི་དོན་བྱས་པས་ཉོན་མོངས་པ་དང་ལས་ངན་བསགས་པས་འཁོར་བ་མཐའ་མེད་དུ་འཁྱམས་ཤིང་སྡུག་བསྔལ་ཉམས་སུ་བླངས། དེ་ཐམས་ཅད་ཀྱི་ལེ་ལན་ཡང་བདག་ལ་ཐུག་ནས་འདུག ད་ལྟར་ཡང་བདག་གཞན་དོན་དུ་བྱང་ཆུབ་བསྒྲུབ་པ་ལ་བདག་གི་ལས་ངན་གྱིས་མ་རྒན་དབང་མེད་དུ་བསྐུལ་ནས་བར་ཆད་བྱས་པས་སེམས་ཅན་ཐམས་ཅད་ཀྱི་བདེ་བ་ལ་བར་ཆད་བྱས་པ་ཡིན་པས་སྐྱེ་བ་ཕྱི་མ་ལ་དམྱལ་བར་འགྲོ་བའི་ལེ་ལན་ཡང་བདག་ལ་ཐུག་པས་འདི་སྙིང་རེ་རྗེ་སྙམ་དུ་ཤ་རྗེན་ལ་མེ་སྐར་ཕོག་པ་ལྟ་བུའི་སྙིང་རྗེ་བསྒོམ་མོ། །ཚུལ་དེ་ལྟར་གནོད་བྱེད་དེ་ཉིད་ལ་ཆེད་དུ་གཏད་པའི་བྱམས་སྙིང་རྗེ་བསྒོམ། དེ་ལྟར་བསྒོམས་པས་མི་མ་ཡིན་ལ་ལས་ཀྱི་བྱས་པའི་མངོན་ཤེས་ཕྲ་མོ་ཡོད་པས། འོ་ཅག་གིས་མར་ཤེས་པ་ཙམ་གྱིས་ཁོང་གིས་བུར་ཤེས་ནས་འོང་། དེ་ལྟར་མ་སྨད་ཀྱི་བསམ་པ་བྱུང་བ་ན་གནོད་པ་བྱེད་པ་ག་ལ་འོང་སྟེ་བདག་གིས་ཀུན་ལ་མ་བཞིན་བྱས་ན་ཀུན་གྱིས་བདག་ལ་བུ་བཞིན་བྱེད་པ་ཆོས་ཉིད་ཡིན་པས་དེ་ཙམ་ན་སྡུག་བསྔལ་ལས་གྲོལ་བར་འགྱུར་ཏེ། སྡུད་པ་ལས། མི་ཡི་འཇིག་རྟེན་འབྱུང་པོའི་གདོན་དང་ནད་མང་བ། །ཕན་དང་སྙིང་བརྩེར་ལྡན་པས་བདེན་པའི་བྱིན་གྱིས་ཞི། །ཞེས་གསུངས་སོ། །དེ་ལྟར་གནོད་བྱེད་ལ་བྱམས་པ་དང་སྙིང་རྗེ་བསྒོམས་པས། འོ་ན་ཐོག་མ་མེད་པ་ནས་འདིས་ང་ལ་ཕན་པ་འབའ་ཞིག་བསྒྲུབ་ནས་འདུག་པ་ལ་ངས་གནོད་པ་འབའ་ཞིག་བསྐྱལ་ནས་འདུག་ཨང་སྙམ་དུ་བསམས་ལ། ད་ནི་ངས་ཀྱང་ལན་དུ་ཕན་གདགས་གནོད་པ་ལས་སྐྱབས་སྙམ་དུ་བསམས་ལ་དེ་ཉིད་ལ་གཏོང་ལེན་གཉིས་སྤེལ་ཞིང་སྦྱང་བར་བྱའོ། །འཇིག་རྟེན་ན་ཡོད་པའི་མཛེ་དང་ནད་ཐམས་ཅད་རང་གི་སྟེང་དུ་བླང་བར་བྱའོ། །རང་གི་ཡང་ཚེ་མཇུག་དང་སྐྱེ་བ་ཕྱི་མ་ལ་སྨིན་རྒྱུའི་ལས་ངན་ཐམས་ཅད་ད་ལྟའི་ན་ཚ་འདི་ཉིད་ཀྱི་སྟེང་དུ་བླངས་ལ་དགའ་བ་བསྒོམ་མོ། །ཡང་འདི་ལྟར་སྦྱང་ངོ་། །མི་མ་ཡིན་པ་འདུག་པ་མདུན་དུ་སྤྱན་དྲངས་ལ། ཁྱོད་ཀྱིས་ངའི་མ་བྱས་པ་གྲངས་ཀྱི་ནི་མི་ཆོད། ངས་ཁྱོད་ཀྱི་ཤ་ཟོས་པ་དང་། ཁྲག་འཐུངས་པ་དང་། རུས་པ་མུར་བ་དང་། ལྤགས་པ་གྱོན་པ་དང་། ནུ་ཞོ་འཐུངས་པ་རྣམས་སྟོང་གསུམ་སྣོད་དུ་ཆུང་། བསད་པ་དང་བརྒྱབ་པ་དང་། འཕྲོག་པ་ཡང་གྲངས་ཀྱིས་མི་ཆོད་པ་བྱས་པས་དེའི་ལན་ཆགས་ད་རེས་སྙེག་ཏུ་བྱུང་བ་ཡིན་པས། དེ་ཐམས་ཅད་ཀྱི་དྲིན་དང་ལན་ཆགས་ད་རེས་ཁྱེར་བར་བྱ། ད་ཁྱེད་དབང་ང་ལ་འོས་བཀའ་དྲིན་ཆེ་སྙམ་དུ་བསམ་ལ། ཤ་ལ་དགྱེས་ན་ཤ་ཟོ། ཁྲག་ལ་དགྱེས་ན་ཁྲག་ཐུངས། རུས་པ་ལ་དགྱེས་ན་རུས་པ་མུར། ལྤགས་པ་ལ་དགྱེས་ན་ལྤགས་པ་བཤུས་ལ་གྱོན། རིངས་ན་རྗེན་པར་ཟོ། མི་རིངས་ན་ཚོས་ལ་ཟོ་བྱས་ལ་ལུས་འདི་ལྟོས་པ་མེད་པར་དེ་ལ་སྦྱིན་པ་བཏང་། འགྲོ་དྲུག་སེམས་ཅན་ཐམས་ཅད་ལ། །ཕྱོགས་བཞིར་གཏོར་མ་བཏང་ལ་སྦྱིན། །འབའ་ཟ་འབུ་ཁྱེར་བྱེད་པ་ནི། །བདག་ནི་ནམ་ཞིག་འགྱུར་ཞིག་གུ །སྙམ་དུ་སྦྱངས་ཞེས། པོ་ཏོ་བས་གསུངས་སྐད། དེ་ནས་མི་མ་ཡིན་པ་དེ་ཀོག་གིས་ལངས་ནས་བྱུང་ནས་བདག་གི་སྤྱི་བོ་ནས་རྐང་མཐིལ་ཡན་ཆད་ཁ་དམར་འདག་འདག་ཟོས་པས་གནས་སྐབས་སུ་ལུས་འགྲངས་ཏེ། གནོད་པའི་སེམས་ཞི་ཞིང་ཕན་སེམས་དང་ལྡན། ཞར་ལ་སྡིག་པ་དག་པར་བསམ། ཡང་སྐད་ཅིག་གིས་ནང་དུ་ལུས་གྲུབ་ཅིང་ཡང་ཟོས་པར་བསམ། དེ་ལྟར་ཡང་དང་ཡང་དུ་བསམ། ལུས་བརྒྱ་སྟོང་དུ་གཏུབས་ལ་ཡུལ་ཐམས་ཅད་དུ་སྟེར་བར་བསམ། ཁྱད་པར་དུ་ལུས་སེམས་འདི་གཉན་ས་ཐམས་ཅད་དུ་བཤའ་བར་བྱའོ། །དེ་ནས་ལུས་འདི་ཁོར་དབང་བ་ཡིན་སྙམ་དུ་བསམས་ལ། དགེ་སྦྱོང་ཐམས་ཅད་འདི་ཉིད་ཀྱི་ཆེད་དུ་བྱ། མཇུག་དགེ་བ་ཡང་དེ་ལ་བསྔོ། ཁྱད་པར་དུ་མི་མ་ཡིན་ཡོད་སར་ལུས་འདི་སེམས་ཀྱིས་བོར་ལ་དེར་དམར་ཉོག་རྩེར་གཏུབ་ལ་ད་ཟོ་ཞིག་ཅེས་བསམ་མོ། །དེ་ནས་ལུས་གཅེས་འཛིན་བཏང་སྟེ། བདག་གིས་སེམས་ཅན་ཐམས་ཅད་ལ། ལུས་འདི་ཅི་བདེར་བྱིན་ཟིན་གྱིས། །སྡིག་སོགས་ཅི་དགར་བྱེད་ལ་རག །འདི་ཡི་ཁ་དས་ཅི་ཞིག་བྱ། །ཞེས་སོ། །དེས་ནི་སེམས་ཅན་ལ་ཟིན་དུ་བཟུང་ནས་གཅེས་པར་བལྟ་བ་བསྟན་ཏེ། དེ་ལྟར་དགྲ་ཟིན་རྣམ་པ་གཉིས་སུ་རུ་ཕྱེད་པར་བྱས་ནས་སྦྱང་དགོས་པ་ཡིན། ཤ་པོ་བའི་ཞལ་ནས། དགྲ་རང་ལ་ཚོལ། ལྷ་འདྲེ་ལ་ཚོལ། །དགེ་མི་དགེ་བ་ལ་ཚོལ། སྐྱིད་པ་སྡུག་བསྔལ་ལ་ཚོལ་གསུངས། གླང་རི་ཐང་བའི་ཞལ་ནས་ཀྱང་། ཇི་ལྟ་བུའི་པོ་ཏི་ཟབ་མོ་ཞིག་ཞལ་ཕྱེ་ཡང་། སྐྱོན་ཐམས་ཅད་རང་གི་ཡིན། ཡོན་ཏན་ཐམས་ཅད་ཇོ་བོ་སེམས་ཅན་གྱི་ཡིན། དེའི་གནད་ཀས་ཁྱེ་དང་། རྒྱལ་ཁ་གཞན་ལ་བྱིན་ལ། གྱོང་དང་བུབ་ཁ་རང་གིས་བླང་སྙམ་དུ་སེམས་པ་དེ་མིན་པ་གོ་རྒྱུ་གཞན་མ་རྙེད་གསུངས། ཤ་པོ་བའི་ཞལ་ནས། དེ་ལས་གོ་རྒྱུ་ལྷག་པ་གཅིག་རྙེད་ན་སྐྱོན་ཡིན་གསུངས། མདོར་ན་སྡེ་སྣོད་ཐམས་ཅད་ལས་གོ་རྒྱུ་དེ་ལས་གཞན་མི་རྙེད་གསུངས། དེས་ནི་ཀུན་རྫོབ་བྱང་སེམས་ལ་བརྟེན་ནས་རྐྱེན་ངན་ལམ་དུ་བླང་བ་བསྟན་ཏེ། དེའི་མོད་ལ་ཡང་གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་སྦྱང་བ་ལ་བརྟེན་ནས་རྐྱེན་ངན་ལམ་དུ་བླང་བ་ནི། ལྟ་བ་གསུམ་དང་ནམ་མཁའ་མཛོད། །རྣལ་འབྱོར་བསྲུང་བ་བླ་ན་མེད། །འཁྲུལ་སྣང་སྐུ་བཞིར་བསྒོམ་པ་ཡིས། །སྟོང་ཉིད་བསྲུང་བ་བླ་ན་མེད། །ཅེས་པས་བསྟན་ཏེ། ད་ལྟ་འཁོར་འདས་གནོད་བྱ་གནོད་བྱེད་ལ་སོགས་པ་ཕྱི་ནང་སྣོད་བཅུད་དུ་སྣང་བ་འདི་ཐམས་ཅད་ནི་རང་གི་སེམས་ཉིད་འཁྲུལ་པའི་སྣང་བ་འབའ་ཞིག་ཡིན་པར་ཐག་རྦད་ཀྱིས་བཅད། ཀུན་རྫོབ་འཁྲུལ་པའི་སྣང་བ་ཙམ་དུ་གཉིས་ཀས་གནོད་པ་སྐྱེལ་ལོང་མེད། དགག་སྒྲུབ་བྱ་ལོང་མེད་པར་སྐད་ཅིག་གིས་འགགས་པས་ཀུན་རྫོབ་ཙམ་དུ་ཡང་གནོད་བྱ་གནོད་བྱེད་དུ་གྲུབ་པ་མེད་དོ། །དོན་དམ་པར་ཆོས་གང་ཡང་ཡེ་ནས་གྲུབ་པ་མེད་དོ། །ནམ་མཁའ་རྣམ་པར་དག་པའི་དཀྱིལ་ལྟ་བུ་གཅིག་ཡིན་ནོ། །བདག་ཀྱང་རིག་པ་དངོས་མེད་ཡིན། གནོད་བྱེད་ཀྱང་རིག་པ་དངོས་མེད་ཡིན་པས་གནོད་བྱ་གནོད་བྱེད་དུ་གྲུབ་པ་མེད་དོ། །ཐམས་ཅད་སྟོང་པ་ཉིད་ཡིན་ཏེ། སྟོང་པ་ཉིད་ལ་སྟོང་པ་ཉིད་ཀྱི་གླགས་མི་རྙེད་དོ། །དཔེར་ན་ཤར་ཕྱོགས་ཀྱི་ནམ་མཁས་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་གནོད་པ་བྱ་མི་ནུས་པ་བཞིན། གནོད་པ་བྱ་མི་ནུས་སོ། །དེས་ན་ད་ལྟར་གྱི་སྣང་བ་འདི་སེམས་ཉིད་འཁྲུལ་པའི་སྣང་བ་ཡིན་པས་བདག་དང་གནོད་བྱ་དང་། ནད་ཐམས་ཅད་རང་གི་རྟོག་པ་ལས་མ་གཏོགས་པ་ཅིའི་ངོ་བོར་ཡང་མ་གྲུབ་པ་ཡིན་ཏེ། ཆོས་ནས་ཀྱང་། རང་གི་སེམས་ཉིད་བདུད་ཅེས་བྱ། །རང་གི་སེམས་ཉིད་གེགས་ཞེས་བྱ། །གེགས་ཀུན་རྣམ་པར་རྟོག་ལས་བྱུང་། །དེ་བས་རྣམ་པར་རྟོག་པ་སྤངས། །ཞེས་གསུངས་སོ། །དེ་ལྟར་རང་གི་རྟོག་པ་ཡོད་པར་བཟུང་། བདེན་པར་བཟུང་། སེམས་ལས་ཐ་དད་དུ་བཟུང་། སྐྱོན་ཅན་དུ་བཟུང་བས་འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་ཡིན། དེས་ན་ཐམས་ཅད་རང་གི་རྟོག་པ་ལས་ཕྱི་རོལ་ན་བགེགས་སུ་གྱུར་པ་མེད་པས་སྤང་བྱ་རང་གི་རྟོག་པ་ཙམ་པོ་དེ་ཉིད་ཡིན་ནོ། །དེ་ལྟར་དཔྱད་ན་རང་གི་སེམས་སུ་འདུས་པས། སེམས་ལ་དཔྱད་ན་སྟོང་པ་ཉིད་དུ་འདུག་པས་རང་གི་སེམས་ཉིད་འོད་གསལ་བ་དང་སེམས་ཅན་ཐམས་ཅད་ཀྱི་སེམས་ཉིད་འོད་གསལ་བ་དང་། སངས་རྒྱས་ཀྱི་ཐུགས་མཁྱེན་པའི་ཡེ་ཤེས་ལ་ཐ་དད་མེད་དེ། ཐམས་ཅད་ཆོས་ཀྱི་སྐུ་གཅིག་པ་ཡིན་པས་ན་སུ་ལ་གནོད། སུས་གནོད། ཇི་ལྟར་གནོད། དོན་དམ་པར་གང་ཡང་ཐ་དད་དུ་གྲུབ་པ་མེད་ལ། ཀུན་རྫོབ་ཏུ་ནད་དང་གདོན་ཐམས་ཅད་རང་གི་རྟོག་པར་འདུག་ལ། རྟོག་པ་ཆོས་སྐུར་འདུག་ཨང་སྙམ་དུ་བསམ་ལ་གང་དུ་ཡང་མི་རྟོག་པར་རང་དགར་ལྷོད་ཀྱིས་གློད་ལ་བཞག་གོ །ངན་སྐྱུག་བོར་བ་བཞིན་དུ་ཞེན་མེད་དུ་བཞག །མཛེ་རོ་བཞིན་དུ་དགོས་མེད་དུ་བཞག །བདག་པོ་ཤི་བའི་ཁང་སྟོང་བཞིན་དུ་ཞེན་མེད་དུ་བཞག་གོ །དེ་ལྟར་ཆོས་ཐམས་ཅད་ཡེ་ནས་མ་གྲུབ་པར་འདུག་པ་ལ་ད་ནི་ནམ་མཁའི་མདུད་པ་མ་ཁྲོལ་བ་བཞིན་ནམ། རུས་སྦལ་སྤུའི་ཞགས་པ་དམ་པོས་བཅིངས་པ་བཞིན་དུ་སོང་ནས་འདུག་སྟེ། རང་སེམས་བདུད་དུ་ལངས་ཤིང་། ང་རང་གི་རྟོག་པས་བཅིངས་ནས་སྡུག་བསྔལ་ལ་འཁྲུལ་ནས་འདུག་པ་སྙམ་དུ་བསམས་ལ། ན་ཡིས་དོགས། འདྲེས་གནོད་དུ་དོགས། ན་ཚ་དྲག་ཏུ་རེ་བ་ལ་སོགས་པའི་རེ་དོགས་དང་། དགག་སྒྲུབ་ཀྱི་རྟོག་པ་ཐམས་ཅད་སྟོང་པ་ཉིད་ཀྱི་ངང་དུ་བཞག་ཅིང་ཆོས་ཉིད་ཀྱི་ངང་དུ་གློད་པར་བྱའོ། །དེ་ཙམ་ལ་ཡིད་བཏགས་མ་བཟོད་ནས་ཐུབ་ཆོམ་དང་། འོད་དང་། ཐུ་བ་ནས་འཐེན་པ་དང་། མིང་ནས་འབོད་པ་དང་། དེ་ཙམ་ན་འདར་ཡོད་པ་དང་། སྐྱི་ཟིང་བ་དང་། ཤེས་པ་བཅུ་ལོག་པ་བྱུང་། དེ་ཙམ་ན་བློ་གཉིས་ལས། རང་གི་སེམས་སུ་འདུག་པས། འཆར་ལུགས་ཡིན་སྙམ་དུ་རང་གི་སེམས་སུ་ཐག་བཅད་ལ་བཞག་གོ །དེ་ལྟར་བསམ་པ་དང་བློ་བདེ་འབོལ་གྱིས་འགྲོ། ལུས་དང་སེམས་ཆ་ཆ་ནས་རང་སར་གནས་པ་འབྱུང་ངོ་། །དེ་འཕྲོག་ལ་ཨ་པ་རང་སེམས་སུ་འདུག་པ་སྙམ་ན། མི་རྟོག་པ་རྗེན་གྱིས་དེ་དུས་ན་འཆར་བར་འགྱུར་རོ། །དེས་ན་ནད་དང་གདོན་དང་རང་ཉིད་གསུམ་ལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་དཔྱད་ན་ཡེ་ནས་སྐྱེ་མ་མྱོང་བ་དེ་སྐྱེ་མེད་ཆོས་སྐུ་ཡིན། མ་སྐྱེས་པ་ལ་དགག་རྒྱུ་མེད་པས་འགག་པ་མེད་པ་དེ་འགག་མེད་ལོངས་སྤྱོད་རྫོགས་པའི་སྐུ་ཡིན། སྐྱེ་འགག་གིས་སྟོང་པའི་བར་ན་གནས་པ་མེད་པས་གནས་པ་མེད་པ་དེ་གནས་མེད་སྤྲུལ་སྐུ་ཡིན། དེ་ལྟར་དུས་གསུམ་གང་ན་ཡང་མ་གྲུབ་པ་དེ་དངོས་པོ་མེད་པས། དངོས་པོ་མེད་པ་དེ་ངོ་བོ་ཉིད་ཀྱི་སྐུ་ཡིན་ནོ། །དེ་ལྟར་ནད་དང་གདོན་རང་གི་སེམས་གསུམ་ལས་འབྲས་བུ་སྐུ་བཞི་ལོགས་ན་མེད་པ་དེ་ཉིད་སྐུ་བཞིར་བལྟ་བར་བྱའོ། །དེ་ལྟར་རྟོགས་པ་སྐྱེས་ཚད་སྐུ་བཞི་ལག་བཅངས་སུ་གཏོད་པར་ཤེས་པར་བྱའོ། །རྟོགས་པ་སྐྱེས་ཚད་ཆོས་ཉིད་ཀྱི་རང་བརྡར་གོ་བར་བྱའོ། །ནད་དང་གདོན་ཐམས་ཅད་སྐུ་དྲིན་ཅན་དུ་བལྟ་བར་བྱའོ། །འདི་ནི་སྐུ་བཞི་ངོ་སྤྲོད་ཀྱི་གདམས་ངག་ཅེས་བྱ་བ་ཡིན་ནོ། །དེས་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་རྐྱེན་ངན་ལམ་དུ་བྱས་པ་བསྟན་ཏོ། །དེ་ལྟར་བྱང་ཆུབ་ཀྱི་སེམས་གཉིས་བསྒོམ་པའི་རྗེས་སམ། ཤུགས་ལ་རེ་དོགས་གཅོད་པའི་ལྟ་བ་འདི་ལྟར་བསམ་མོ། །འོ་ན་གནོད་བྱེད་འདིས་ང་བྱང་ཆུབ་ཀྱི་སེམས་གཉིས་སྦྱོང་བ་ལ་བཀོད་ནས་འདུག་པས་འདིས་ང་ལ་བྱང་ཆུབ་ལག་བཅངས་སུ་གཏོད་པར་འདུག་པས་འདི་བཀའ་དྲིན་རེ་ཆེ་སྙམ་དུ་བསམ་མོ། །གཞན་ཡང་རྒྱུ་སྡིག་པ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འདི་ལྟ་བུ་འབྱུང་བ་ཡིན་པས། ཁྱོད་སྡུག་བསྔལ་མི་འདོད་ན་དེའི་རྒྱུ་སྡིག་པ་སྦྱོངས་ཤིག ཕྱིན་ཆད་སྡིག་པ་སྤོངས་ཤིག་པའི་བྱ་གཏོང་དུ་བྱུང་བ་ཡིན་པས་བཀའ་དྲིན་ཆེ་སྙམ་དུ་བསམས་ལ། དེས་ན་གནོད་བྱེད་འདི་དག་གཉེན་པོ་དང་བྲལ་བས་ཉོན་མོངས་པ་སྐྱེས་ནས་མ་ཚོར་བར་འདུག་པ་དེ་སྦྲོན་དུ་བྱུང་བ་ཡིན་པས་འདི་ངེས་པར་བླ་མའི་སྤྲུལ་པ་ཡིན་སྙམ་དུ་སྙིང་ཐག་པ་ནས་དགའ་བར་བལྟའོ། །གཞན་ཡང་གནོད་བྱེད་འདིས་བདག་ལ་སྐྱེ་བ་སྔ་མའི་ལས་ངན་གྱིས་ཕྱི་མ་ལ་ངེས་པར་ངན་སོང་དུ་སྐྱེ་བ་གཅིག་གི་སྡུག་བསྔལ་འདིར་དྲངས་པས་ངན་སོང་གི་དོང་ཁ་བཟུང་ནས་འདུག་པས་འདི་དྲིན་རེ་ཆེ་སྙམ་དུ་བསམ། འོ་ན་འདིས་བདག་ལ་ཕན་པ་དེ་ཙམ་དུ་བསྒྲུབ་ནས་འདུག་པས་འདི་བླ་མ་དཀོན་མཆོག་གི་འཕྲིན་ལས་པ་གཅིག་ཏུ་ངེས་པར་ཡིན་སྙམ་དུ་བསམས་ལ། འདོད་པ་ཡིད་དུ་འོང་བ་སྙིང་དུ་སྡུག་པར་བལྟའོ། །ན་ཚ་སྡུག་བསྔལ་ལ་ཡོན་ཏན་དེ་ཙམ་ཡོད་པར་བལྟ་ལ་དེ་ལྟར་བསམ་མོ། །དེ་ནི་མཛེ་བྱུང་ཡང་ཕྱི་མའི་སྡུག་བསྔལ་འགྲོངས། ཚེ་འདི་ནི་དར་གཅིག་ཡིན། མཛེ་དང་ན་ཚ་མ་བྱུང་ན་ཚེ་འདིའི་ཤོམ་ར་སྣ་ཚོགས་ཀྱིས་རྒྱུད་གཟིངས་ཤིང་སྡིག་བསོག་བྱེད་པ་འདི་འཕྲོ་རྦད་ཀྱིས་བཅད་དུ་བཅུག་ནས་ཆོས་དང་མཇལ་བས་ལུས་ཀྱི་སྙིང་པོ་ལེན་འཚེང་བ་ཡིན་སྙམ་དུ་བསམ་ལ། མཛེ་དང་ན་ཚ་ལ་སྙིང་ཐག་པ་ནས་བཅོས་མ་མ་ཡིན་པར་དགའ་བར་བལྟའོ། །གཞན་ཡང་ན་ཚ་སྡུག་བསྔལ་འདིས་བདག་ལ་ངེས་འབྱུང་གི་བློ་བསྐྱེད་པར་འདུག་སྟེ། སྡུག་བསྔལ་མེད་ན་ངེས་འབྱུང་མི་སྐྱེའོ། །བདག་གི་རྒྱུད་ཀྱི་ཉོན་མོངས་པ་ཐམས་ཅད་ངེས་པར་སེལ་བས་ཆོས་རྣམས་ཀྱི་དགོངས་པ་བསྒྲུབ་པར་འདུག་ཀྱང་དྲིན་རེ་ཆེ། སྐྱོ་བས་དྲེགས་པ་སེལ་བར་བྱེད། །ཅེས་སོ། །ཡང་ཐེག་ཆེན་གྱི་རྩ་བ་སྙིང་རྗེ་ཡང་འདྲེན་པར་བྱེད་དོ། །འཁོར་བ་པ་ལ་སྙིང་རྗེ་སྐྱེ། །ཞེས་སོ། །འོ་ན་སྡུག་བསྔལ་འདིས་བདག་གི་སྡུག་བསྔལ་ཐམས་ཅད་སེལ། བདེ་བ་ཐམས་ཅད་བསྒྲུབ་པར་འདུག་པས། དེས་ན་འདིས་བདག་ལ་ཕན་འདོགས་པར་འདུག་པ་ཨང་སྙམ་དུ་བསམ། དེ་ལྟར་བླ་མ་དང་མཁན་པོས་སྡོམ་པ་ཕོག་ཆོས་བསྟན་པས་དྲིན་ཆེ་བ་བཞིན་དུ་སེམས་ཅན་དང་འབྱུང་པོས་ཀྱང་བྱང་ཆུབ་བསྒྲུབ་པའི་གྲོགས་བྱས་པས་ཐམས་ཅད་ཀྱང་དགེ་བཤེས་སུ་བསམ། བཀའ་དྲིན་ཆེ་སྙམ་དུ་བསྒོམ་པར་བྱའོ། །བློ་འདི་ལྟར་སྦྱོང་ཤེས་པ་ན་ལུས་ངག་ཡིད་གསུམ་གྱི་རྩོམ་པ་ཐམས་ཅད་དང་། དབང་པོའི་ཡུལ་དུ་གྱུར་ཚད་ཐམས་ཅད་ཚོགས་གཉིས་སུ་གྱུར་པས་འདི་ནས་ཆུད་མི་ཟ་བའི་ཆོས་འབྱུང་ངོ་། །བསྐལ་པ་གྲངས་མེད་གསུམ་གྱི་མགོ་འདི་ནས་རྩོམ་པ་ཡིན་གསུངས། དེས་ནི་བསམ་པ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་གཉིས་སྦྱང་བ་བསྟན་ཏོ། །སྦྱོར་བ་ཁྱད་པར་ཅན་བསགས་སྦྱངས་གཉིས་ལ་འབད་པས་རྐྱེན་ངན་བྱང་ཆུབ་ཀྱི་ལམ་དུ་བསྒྱུར་བ་ནི། སྦྱོར་བ་བཞི་ལྡན་ཐབས་ཀྱི་མཆོག །ཅེས་པས་བསྟན་ཏེ། སྡུག་བསྔལ་བྱུང་བ་ན་བདེ་འདོད་ཀྱི་དམིགས་པ་ཤོར་ནས་ཡོང་ངོ་། །དེ་ཙམ་ན་དེས་འདྲེན་པའི་རྐྱེན་བྱས་ནས་འདི་ལྟར་བསྐུལ་དུ་བྱུང་བར་བསམས་ཏེ། སྦྱོར་བ་དང་པོ་ཚོགས་བསགས་པ་ནི། ཁྱོད་སྡུག་བསྔལ་དང་བྲལ་བའི་བདེ་བ་འདོད་ན་བདེ་བ་ཐམས་ཅད་ཀྱི་རྒྱུ་བླ་མ་དང་དཀོན་མཆོག་ལ་དད་གུས་སྒོམས་ཤིག ཚོགས་བསོག་པའི་བསྐུལ་ཞིང་དུ་བྱུང་བ་ཡིན་གྱི་སྙམ་དུ་བསམས་ལ། དཀོན་མཆོག་གི་མཆོད་པ། དགེ་འདུན་ལ་བསྙེན་བཀུར་དང་། འབྱུང་པོ་ལ་གཏོར་མ་དང་། སྐྱེ་བོའི་སྦྱིན་གཏོང་རྒྱ་ཆེ་བར་བྱས་ལ་རེ་དོགས་འགོག་པའི་གསོལ་བ་བཏབ་སྟེ། བླ་མ་དཀོན་མཆོག་ལ་མཎྜལ་དང་མཆོད་པ་འབུལ། དད་གུས་བསྒོམ། སྐྱབས་འགྲོ་དང་སེམས་བསྐྱེད་བྱ། གསོལ་བ་བཏབ་སྟེ། བདག་གིས་ནི་མི་ཤེས་པས་ཁྱོད་ཀྱི་ཇི་ལྟར་ལེགས་པར་མཛོད་ཅིག་ཅེས་དགའ་དུང་པའི་གསོལ་བ་བཏབ་སྟེ། ན་བ་ལེགས་ན་ན་བར་གསོལ། །སོས་པ་ལེགས་ན་སོས་པར་གསོལ། །ཤི་བ་ལེགས་ན་ཤི་བར་གསོལ། །ཚེ་རིང་ལེགས་ན་ཚེ་རིང་གསོལ། །ཚེ་ཐུང་ལེགས་ན་ཚེ་ཐུང་གསོལ། །ཐམས་ཅད་བྱང་ཆུབ་སྐལ་ལྡན་ཤོག །ཅེས་བྱའོ། །སྦྱོར་བ་གཉིས་པ་སྡིག་པ་སྦྱང་བ་ནི། ཡང་ཁྱོད་སྡུག་བསྔལ་འདི་མི་འདོད་ན་རྒྱུ་སྡིག་པ་སྤོངས་ཤིག་པའི་བྱ་གཏང་དུ་བྱུང་བ་ཡིན་སྙམ་དུ་བསམས་ལ་སྟོབས་བཞིའི་སྒོ་ནས་སྡིག་པ་སྦྱང་བ་ལ། དཀོན་མཆོག་གི་སྤྱན་སྔར་བཟོད་གསོལ་དང་། བཤགས་པའི་ཆོ་ག་རྒྱས་པ་རྣམས་ཡང་ཡང་བྱའོ། །སྦྱོར་བ་གསུམ་པ་གདོན་ལ་མཆོད་པ་ནི། གནོད་བྱེད་ལ་གཏོར་མ་བྱིན་ལ་བློ་ལ་བཏུབ་པ་རྣམས་ཀྱིས་འདི་ལྟར་བྱ། གནོད་བྱེད་མདུན་དུ་བཀུག་ལྷར་བསམས་ལ། ཁྱོད་ཀྱིས་བདག་བྱང་ཆུབ་ཀྱི་སེམས་གཉིས་ལ་བཀོད། བདག་གི་བདེ་བ་བསྒྲུབ་པ་དང་སྡུག་བསྔལ་སེལ་བའི་གྲོགས་བྱས་པས་བཀའ་དྲིན་ཆེ་སྟེ། ད་དུང་ཡང་སེམས་ཅན་གྱི་སྡུག་བསྔལ་ཐམས་ཅད་བདག་གི་ནད་འདིའི་སྟེང་དུ་སྨིན་པར་མཛད་དུ་གསོལ། ཁྱོད་གཞན་དུ་མི་གཤེགས་པར་བདག་གི་ལུས་འདི་ལ་ཞུགས་ལ། ནད་འདི་མི་དྲག་པར་འདིར་ཡུན་རིང་དུ་སྦྱོར་བར་མཛད་དུ་གསོལ། ཞེས་བྱའོ། །ལུས་སེམས་བདེ་འབོལ་བཏང་ལ་རེ་དོགས་དང་བདེ་འདོད་ཀྱི་རྟོགས་པ་རྦད་ཀྱིས་བཅད་ལ་བཞག་གོ །སྙིང་ཐག་པ་ནས་ཉམ་ང་བར་མི་བྱ་བར་དོན་དུ་གཉེར་བའི་དགའ་བ་ཁྱད་པར་ཅན་བྱའོ། །དེ་ལྟར་མི་ནུས་པས་ཆེད་དུ་གཏད་པའི་བྱམས་པ་དང་སྙིང་རྗེ་བསྒོམ། བདག་སེམས་ཅན་གྱི་དོན་བྱེད་པ་ལ་ཁྱོད་ཀྱིས་བར་ཆད་བྱས་པས་ཁྱོད་སྐྱེ་བ་ཕྱི་མ་ལ་དམྱལ་བར་སྐྱེ་བར་འགྱུར་བ་ཡིན། ངས་ཟང་ཟིང་དང་ཆོས་ཀྱི་ཕན་གདགས་པར་བྱ་ཡི་ཁྱོད་ཀྱིས་གནོད་པ་མ་བྱེད་པར་སོང་ཞིག་བྱས་ལ་བདེན་པ་བརྡར་རོ། །གནོད་བྱེད་ལྷར་སེམས་པ་ནི་མི་ངན་རྒྱལ་པོའི་གདན་སར་བཞག་པ་དང་འདྲ་སྟེ། གནོད་པ་བྱེད་མི་ནུས། དེ་ཡང་ལུགས་གཅིག་ཡིན། སྦྱོར་བ་བཞི་པ་ཆོས་སྐྱོང་ལ་མཆོད་ལ་གཏོར་མ་ཕུལ་ལ་སྒྲུབ་པ་ལ་བར་ཆད་མི་འབྱུང་བར་མཛད་དུ་གསོལ། ཇི་ལྟར་སངས་རྒྱས་ཀྱི་སྤྱན་སྔར་ཞལ་གྱིས་བཞེས་ཤིང་དམ་བཅས་པ་དྲན་པར་མཛོད་ཅིག ཅེས་གསོལ་བ་གདབ། དེ་ལྟར་ལྷ་དང་བླ་མ་ལ་མཆོད་པ་དབུལ་ཞིང་གསོལ་བ་གདབ་པ་དང་། སྡིག་པ་སྦྱང་བ་དང་། གདོན་ལ་མཆོད་པ་དང་། ཆོས་སྐྱོང་ལ་མཆོད་པ་དང་། ཆོས་བཞི་པོ་དེ་ལ་འབད་པས་བསླབ་པར་བྱའོ། །དེས་རྐྱེན་ངན་ལམ་དུ་བྱས་པའི་དངོས་གཞི་བསྟན་ནས། ད་ནི་འདིའི་ཐུན་མཚམས་ཀྱི་རྣལ་འབྱོར་བསྟན་པ་ནི། འཕྲལ་ལ་གང་ཐུབ་བསྒོམ་དུ་སྦྱར། ཅེས་པའོ། །གློ་བུར་དུ་རྐྱེན་ངན་བྱུང་བ་ན། །བྱང་ཆུབ་ཀྱི་སེམས་འཕྲལ་འཕྲལ་དུ་སྦྱོང་སྟེ། མཛེ་དང་། ལྷོག་རྒོད་དང་། ཁྲོམ་བརྡུངས་དང་། བརྡུངས་ཙོག་དང་། ནོར་འཕྲོག་པ་དང་། མཚོན་རྒྱབ་པ་དང་། །མཐུན་རྐྱེན་མ་འཛོམས་པ་ལ་སོགས་པ་མདོར་ན་མི་མ་ཡིན་གྱི་གནོད་པ་དང་། སྡུག་བསྔལ་དྲག་པོ་སྲན་མི་བཟོད་པ་བྱུང་ན་འཇིག་རྟེན་གྱི་ཁམས་ན་ཡང་འདི་ཁོ་ན་འདྲ་བ་དཔག་ཏུ་མེད་པ་ཡོད་པས་སྙིང་རྗེ་སྙམ་དུ་བསམས་ལ། དེ་ཐམས་ཅད་བློས་འུབ་ཀྱིས་རང་གི་སྡུག་བསྔལ་དེའི་སྟེང་དུ་བླངས་པས། སྔར་བས་ཆེ་བ་སྙིང་འགས་པ་ཙམ་དུ་བསམ། དེ་འཕྲོ་ལ་གནོད་བྱེད་འདིས་བདག་གི་བྱང་སེམས་སྦྱངས་པ་དང་བཟོད་པ་བསྒོམ་པའི་བླ་མ་བྱས་བཀའ་དྲིན་ཆེ་སྙམ་དུ་བསམས། སྡུག་བསྔལ་དེ་དག་གཞན་ལ་འདུག་པ་མཐོང་བའི་འཕྲོ་ལ་ཡང་རང་གི་འཕྲལ་ལ་བླང་བར་བྱའོ། །ཡང་ཆགས་སྡང་གིས་ཉོན་མོངས་པ་དྲག་པོ་སྲན་མི་བཟོད་པ་སྐྱེས་པ་ན་ཡང་སྔ་མ་བཞིན་བསམ་ལ་གཞན་གྱིས་བླང་ངོ་། དེ་འཕྲོ་གཞན་དེ་དག་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་ནས་བདེ་བ་དང་ལྡན་པར་བསམ་མོ། །རྐྱེན་ངན་བྱང་ཆུབ་ཏུ་བྱ་བ་ཐམས་ཅད་ཀྱི་རེ་དོགས་རྣམ་པ་གཉིས་འགོག་པ་ཡིན། དེ་གཉིས་མ་ཁེགས་རིང་ལ་རྐྱེན་ངན་ལམ་དུ་འཁྱེར་མི་ནུས་སོ། །མཐར་ཐུག་རེ་དོགས་དང་བྲལ་བའི་ལམ་ལ་སྐྱེལ་ཡང་དེ་ལྟ་བུའི་དུས་ན་དགྲ་ཟིན་གཉིས་སུ་སྦྱོང་བ་ནི་ཤིང་སྐྱོགས་པོ་སྲོང་བ་དང་འདྲའོ། །ཞེས་གླང་རི་ཐང་པ་གསུང་ངོ་། །


previousརྐྱེན་ངན་བྱང་ཆུབ་ལམ་དུ་འཁྱེར་བ།next