cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་དང་པོ།

སྙན་རྩོམ་འབེལ་གཏམ་གཅེས་བཏུས།

ཁྱབ་བདག་པདྨ་སྐལ་བཟང་།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

དེ་ཡང་རིལ་པོའི་ས་ལྒང་གི་གོ་ལ་ཆེན་མོའམ། ཡངས་པའི་འཛམ་གླིང་གི་ས་གཞིའི་ཁྱོན་འདིར། གདོད་མའི་མིའི་རིགས་ཀྱི་འགྲོ་བ་ཐོག་མར་ཆགས་ནས་ད་ལྟའི་བར་དུ་རིགས་དང་། བྱད་དབྱིབས། ཁ་དོག ཆ་ལུགས་མི་གཅིག་པའི་མིར་གྱུར་པ་ཐམས་ཅད་ཕུགས་འདུན་གཅིག་མཚུངས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྱུར་ཕྱིར། དུས་རབས་ནས་དུས་རབས་སུ་གཞོམ་གཞིག་བྲལ་བའི་སྙིང་སྟོབས་དང་ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་རྩལ་རྒྱུན་མ་ཆད་པར་ཕྱུང་བ་ལས། ཆེས་རིན་ཐང་དང་བྲལ་བའི་གནའ་དེང་གི་རིག་གནས་སྣ་ཚོགས་སོས་ཀའི་དུས་ཀྱི་མེ་ཏོག་ལྟར་ཤར་ནུབ་འཛམ་གླིང་གི་ཁྱོན་ཀུན་ཏུ་བཞད་པར་གྱུར། དེ་མཚུངས་ཁ་བའི་རི་བོས་ཡོངས་སུ་བསྐོར་བའི་ལྗོངས་ཏེ་ཉི་མ་དང་ཆེས་ཉེ་བའི་མཐོ་སྒང་གི་ས་ཆར་གནས་འཆའ་བའི་བོད་མི་རིགས་ཀྱིས་ཀྱང་གདོད་མའི་དུས་རབས་ནས་རང་བྱུང་ཁམས་ཆེན་མོ་ལ་འཐབ་འཁྲུགས་ཀྱིས་འཚོ་བ་རོལ་བ་སོགས་ཀྱི་འཕེལ་འགྲོས་ཀྱི་བརྒྱུད་རིམ་བརྒལ་བའི་ལོ་ཟླའི་ནང་། དཔའ་མཛངས་ཀྱི་སྙིང་སྟོབས་དང་བློ་གྲོས་ཀྱི་ཉིང་ཁུ་བསྲུབས་པ་ལས། གངས་ལྗོངས་བཅུ་ཕྲག་རིག་པ་ཞེས་རིན་ཐང་དང་བྲལ་བའི་ཤེས་རིག་གི་ནོར་བུ་གཞན་མཚུངས་དང་བྲལ་བ་མིའི་རིགས་ལ་ལེགས་སྐྱེས་སུ་ཕུལ་ཞིང་། དེ་ལས་གངས་ཅན་བོད་ཀྱི་སྙན་ངག་རིག་པ་ནི་སྙན་འཇེབས་དབྱངས་སུ་རྫོགས་པའི་ངག་རིག་སྒྱུ་རྩལ་ཁོ་ན་ཞིག་དང་། སྡེབ་ལེགས་སྟར་ལ་བསྒྲིགས་པའི་ཡིད་འཕྲོག་ཚིག་ཕྲེང་ཙམ་ཞིག་མིན་པར། འདི་ནི་གངས་རིའི་མཁའ་དབྱིངས་ནས་འཕུར་བའི་སྙན་ངག་གི་དབྱངས་རྟ་ཡིན་ཕྱིར། བརྗིད་ཆགས་གངས་རིའི་དཀར་མདངས་དང་། གཡུ་མཚོ་སྔོན་མོའི་མཛེས་མདངས། སྤང་ལྗོངས་མེ་ཏོག་གི་མཚར་མདངས་བཅས་ཡིད་དབང་འཕྲོག་པའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དག་རི་མོར་བྲིས་པའི་གཟུགས་བརྙན་ལྟར་འདི་ལས་མཐོང་ཐུབ་ལ། འདི་ནི་མི་རིགས་ཀྱི་སྙིང་ཁོང་ནས་བླངས་བའི་གླུ་དབྱངས་ཡིན་པས། འཚོ་བའི་གནས་སྟངས་དང་། ཡུལ་སྲོལ་གོམས་གཤིས། བསམ་པའི་ཁྱེར་སོ་སོགས་ངོ་མཚར་བའི་ཐུན་མིན་ཁྱད་ཆོས་ཀྱང་མངོན་ཐུབ་པར་བརྟེན། བོད་དང་བོད་རིག་པར་དོ་སྣང་ཞིབ་འཇུག་གནང་མཁན་གྱི་མཁས་དབང་ཞིབ་འཇུག་པ་དག་གི་དགོས་མཁོའི་ཆེད་དང་། སྙན་ངག་གི་གནས་ལ་སྦྱང་བར་བརྩོན་པའི་གསར་སྐྱེས་ན་གཞོན་གྱི་ཁྱུ་ཚོགས་ལ་མཚོན་དཔེའི་ཕྱིར་དུ། སྐྱབས་རྗེ་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེའི་སྙན་རྩོམ་འབེལ་གཏམ་ག ཅེས་བསྡུས་ཞེས་པའི་དཔེ་དེབ་འདི་བཞིན་ངེད་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་ཞུས་པ་ཡིན། ཁོང་གིས་ལྗགས་རྩོམ་གནང་བའི་བཅད་ལྷུག་དང་སྤེལ་མའི་རྩོམ་རིག་ཡོངས་ལ། སྡེབ་ལེགས་སྙན་འཇེབས་ཀྱི་ཉམས་འགྱུར་དང་། ཡིད་འཕྲོག་ཚིག་རྒྱན་གྱི་སྒེག་ཉམས་སོགས་སྙན་ངག་སྤྱིའི་རྩོམ་རིག་གི་སྒྱུ་རྩལ་དང་ལྡན་པས་མ་ཚད། རྩོལ་སྒྲིག་བཙན་ཐབས་ཀྱིས་སྦྱར་བའི་ཚིག་སྦྱོར་མ་ཡིན་པར། རྣམ་དཔྱོད་ཀྱི་ཀློང་ནས་འབད་མེད་དུ་བརྡོལ་བའི་རང་བྱུང་གི་སྙན་ངག་གམ་སྙན་འཇམ་བརྗིད་ཆགས་ཀྱི་ཉམས་བརྒྱ་རང་བཞིན་གྱིས་རྫོགས་པ་ཞིག་ཡིན་གཤིས། གནའ་བོའི་སྲོལ་རྒྱུན་རྩོམ་རིག་གི་བརྗིད་ཉམས་ཀྱི་སྲོག་ལུས་མ་དོར་ཁར། དེང་རབས་རང་མོས་སྙན་ངག་གི་ཚིག་རྒྱན་གྱིས་མཛེས་པར་སྤྲས་ཡོད་པ་དང་། བརྗོད་བྱ་དོན་གྱི་ཆ་ནས་གཞན་ཕན་གྱི་སྙིང་རྗེ་དང་། ཞི་བདེའི་བསམ་སྤྱོད་སོགས་བསྟན་ཡོད་པ་མ་ཟད་ཆེས་ཟབ་ཁྱད་དང་ལྡན་པའི་ནང་བསྟན་མཚན་ཉིད་རིག་པའི་སྙིང་དོན་མཐར་ཐུག་ཏུ་གྱུར་པ་སྟོང་ཉིད་ཀྱི་ལྟ་བ་དང་། སེམས་ཀྱི་གནད་གསང་། ཚེ་སྲོག་གི་གསང་བ་སོགས་དོན་དམ་གྱི་གནས་ལུགས་ཟབ་མོ་རྣམས་གསལ་བར་བསྟན་ཡོད་པ་བཅས། ཚིག་དོན་ཕུན་སུམ་ཚོགས་པའི་དཔེ་དེབ་གསར་པ་འདི་ཀློག་པ་པོ་རྣམས་ལ་དྲི་མ་མེད་པའི་ཁ་རྟགས་གསར་པ་ཞིག་གམ་བདུད་རྩིའི་མཆོད་ཆང་མངར་མོ་ཞིག་དང་མཚུངས་པའི་ལེགས་སྐྱེས་སུ་འགྱུར་བའི་སྨོན་འདུན་ཞུ།།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

རྩོམ་པ་པོའི་རྣམ་ཐར་རགས་བསྡུས།

སྐྱབས་རྗེ་གྲུབ་པའི་དབང་པོ་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེ་ནི་༡༩༤༣ལོར་བོད་མདོ་ཁམས་ཉི་མ་ཤར་ཕྱོགས་ཀྱི་སའི་ཆ། དལ་འབབ་རྫ་ཆུའི་སྟོད་རྒྱུད་དགེ་རྩེ་འགབ་མ་ཞེས་པའི་སྡེ་བར་ངོ་མཚར་བའི་མཚན་ལྟས་དང་བཅས་སྐུ་འཁྲུངས། བྱིས་པའི་དུས་ཉིད་ནས་སྐྱེས་ཐོབ་ཀྱི་མཁྱེན་རབ་དང་། བྱང་སེམས་ཀྱི་བསླབ་སྤྱོད་སོགས་དམ་པའི་མངོན་རྟགས་རང་ཆས་སུ་མངའ། དེ་ནས་རིང་པོར་མ་ལོན་པར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མ་བཀའ་ལུང་གཅིག་མཐུན་གྱིས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་རོལ་རིགས་བརྒྱའི་ཁྱབ་བདག་མཁན་ཆེན་པདྨ་བཛྲ་རྩལ་གྱི་སྐུ་ཕྲེང་གསུམ་པར་ངོས་བཟུང་སྟེ། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སའི་གསེར་ཁྲིར་མངའ་གསོལ་མཛད། འཇམ་དབྱངས་མཁྱེན་བརྩེ་དང་། རྫོགས་ཆེན་དྲུག་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་པདྨ་ཚེ་དབང་སོགས་སྐྱེས་ཆེན་མང་པོ་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད་དང་། སྨིན་གྲོལ་གདམས་ངག་གི་ཟབ་གནད་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན་པས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་གྱུར། བར་སྐབས་རྒྱལ་བསྟན་ཉམས་རྒུད་དུ་ཕྱིན་པའི་དུས་ཀྱི་ཡོ་ལང་སྟོབས་སུ་བདོ་བའི་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་། རྗེ་འདི་ཉིད་ལའང་རྡུང་རྡེག་བརྡབ་གསིག་གི་རྐྱེན་ངན་སྣ་ཚོགས་བྱུང་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱི་དོར་མཛད་པའི་མིག་དཔེར་མཁས་བཙུན་བཟང་པོའི་མངའ་བདག་ཏུ་བཞུགས་པ་ནས། གངས་ལྗོངས་བསྟན་པ་ཡང་དར་གྱི་སྐབས་སུ་བླ་ན་མེད་པའི་ཐུགས་སྟོབས་ཀྱི་གོ་ཆ་བགོས་ཏེ་ཆེས་ཉམས་པར་ཕང་པའི་ཆོས་དང་རིག་གཞུང་སླར་གསོའི་བྱ་གཞག་ལ་རླབས་ཆེན་མཛད་རྗེས་སྤྱི་དང་། ཁྱད་པར་ཡུལ་མདོ་ཁམས་ཤར་གྱི་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཧའི་ལྔ་རིག་ཆོས་གྲྭ་ཆེན་མོ་གཞི་ཁྱོན་ཆེ་བའི་སླར་གསོ་དང་རྒྱ་སྐྱེད་གནང་སྟེ་གངས་ལྗོངས་ཆོལ་གསུམ་ནས་ཕེབས་པའི་ན་གཞོན་སྡེ་སྣོད་འཛིན་པ་སྟོང་ཕྲག་འགའ་བསྐྱེད་བསྲིང་གནང་བ་དང་ཆབས་ཅིག རིས་སུ་མ་ཆད་པའི་ཆོས་སྡེ་མང་པོར་དབང་ལུང་གདམ་ཁྲིད་ཀྱི་རྒྱུན་དང་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་པ་སོགས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་མཛད་རྒྱུན་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་ཚེ་སྲོག་བསྩལ་བ་དང་། དེ་མཚུངས་ཨ་རི། དབྱིན་ཇི། ཧྥ་རན་སི། སུད་སི། འཇར་མེན་སོགས་ཕྱི་གླིང་པའི་རྒྱལ་ཁབ་ཁག་མང་པོར་བསྟུད་མར་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ལ་འཇུག་འདོད་ཀྱི་ཆེད་མཁས་དང་། ཞིབ་འཇུག་པ། ཆོས་དད་པ་སོགས་རིགས་མི་གཅིག་པའི་སྐྱེ་བོ་མང་པོའི་སེམས་ཁམས་ལ་གཞན་ཕན་དང་ཞི་བདེའི་བདེ་དྲོད་བསྩལ་བ་སོགས་ལེགས་མཛད་ཕྲིན་ལས་ཀྱི་འོད་སྣང་གསར་པ་ཕྱོགས་ཀྱི་མུ་མཐར་ཁྱབ་པ་སྐྱོང་བཞིན་བསྟན་དང་འགྲོ་བའི་དཔལ་མགོན་དུ་འཚོ་ཞིང་གཞེས་པ་ལགས་སོ།།

དུས་རབས་ཉེར་གཅིག་པའི་གངས་ལྗོངས་གཞོན་ནུའི་ཁྱུ་ཚོགས་ལ་སྤྲིངས་པའི་མཆིད་གཏམ་དུས་ཀྱི་སྒྲ་དབྱངས་ཞེས་བྱ་བ།

དུས་ཀྱི་ལྷ་སྟེ་དུས་ཀྱི་བདག།
དུས་གསུམ་མཉམ་ཉིད་གཅིག་ཏུ་བཟླུམ།།
དུས་དགྲའི་དབང་པོ་འཇིགས་བྱེད་རྒྱལ།།
དུས་འདིར་དགེ་ལེགས་མཆོག་བྱིན་ཅིག།
ལས་རླུང་དབུ་རྨོག་བཙན་པོའི་ཤེ་མོང་གིས།།
ས་ཆེན་ཆོས་ཀྱིས་སྐྱོང་བ་བོད་ཀྱི་རྗེ།།
རིགས་གསུམ་སྒྱུ་འཕྲུལ་མེས་དབོན་རྣམ་གསུམ་གྱི།།
བཀའ་དྲིན་དྲན་པའི་ཐལ་མོ་སྤྱི་བོར་འདུད།།
རྒྱལ་རྣམས་གསང་གསུམ་ཡེ་ཤེས་གཅིག་བསྡུས་འཕྲུལ།།
རྩོད་ལྡན་ཡང་མཐར་མི་ཡི་བརྫུར་བྱོན་པ།།
བསྟན་ལ་སྟོན་པ་གཉིས་པ་མཚུངས་མེད་རྗེ།།
གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གཙུག་ཏུ་བསྙེན།།
ཤིན་ཏུ་མཛེས་པའི་ལང་ཚོའི་འཇོ་སྒེག་དང་།།
འགྲོག་པའི་ཚེ་གཡང་འདོད་དགུའི་དཔལ་འཛིན་མ།།
བཀྲ་ཤིས་ཚེ་རིང་མཆེད་ལྔ་འཁོར་དང་བཅས།།
བོད་སྐྱོང་བསྟན་མའི་ཚོགས་ཀྱིས་ཕུན་ཚོགས་སྤེལ།།
དབང་དྲག་སྒྱུ་མ་གློག་གི་ཟློས་གར་གྱིས།།
ཁམས་གསུམ་དབང་སྒྱུར་སྣང་སྲིད་དགྲ་ལྷའི་གཙོ།།
གེ་སར་ནོར་བུ་དགྲ་འདུལ་དཔའ་བརྟུལ་དཔུང་།།
རྨ་འཁོར་འབུམ་དང་བཅས་པས་བཀྲ་ཤིས་སྒྲུབས།།
སྟོང་པ་ཐིག་ལེར་ཤར་བའི་མཁའ་མཁའ་མཁའ།།
བདེ་སྐྱིད་ཟུང་འབྲེལ་མིག་གིས་ཉེར་མཚོན་པའི།།
ལོ་རབས་གསར་པའི་ཐོག་མའི་དུས་མཚམས་སུ།།
རང་ཡུལ་གངས་རིའི་འདས་དོན་ལྷག་པར་དྲན།།
བར་མེད་དུས་ཀྱི་འཁོར་ལོ་རྟག་འཁོར་བའི།།
དུས་ཀྱི་ཆ་ཤས་རྫོགས་པའི་ཐ་མའི་ཆ།།
ཐིག་ལེར་ཤར་བའི་དུས་བརྡ་སྒྲོག་དང་ལྷན།།
གངས་ཕྲུག་གཞོན་ནུའི་ཚོགས་ལ་མཆིད་འདི་གསོལ།།
དབུ་འཕང་མཁའ་རུ་བསྙེགས་པའི་གངས་རི་དཀར།།
སྙན་གྲགས་ཉི་ཟླའི་རྣ་ཆ་གཡོ་བའི་ཚེ།།
མ་བསྡུས་ན་བུན་སོ་མའི་མགུལ་ཆིངས་ཀྱིས།།
མཛེས་མདངས་ལྷག་པར་སྤུད་ལ་ཉམ་མི་ང་།།
གནམ་སྔོན་མཐོངས་སུ་རྒྱུ་བའི་གློག་མ་སྤྲིན།།
ལྷོ་རླུང་བསེར་བུའི་ངད་དང་ཉི་གཞོན་ཟེར།།
སྣ་ཚོགས་རྐྱེན་གྱིས་བསྒྱུར་བའི་ལོ་རྒྱུས་མདངས།།
གངས་རི་དཀར་པོའི་མདོག་དང་ལྷན་ཅིག་གསལ།།
ཡངས་བའི་ས་གཞིའི་རྩེ་མོ་གངས་རིའི་ཏོག།
གཙང་ཆེན་ཆུ་བརྒྱའི་འགོ་མོ་གངས་དཀར་ཆབ།།
གདུང་དྲུག་རུས་ཀྱི་གྲོལ་ཕུགས་ཆོས་ལྡན་ཞིང་།།
གངས་ལྗོངས་ས་མཐོའི་སྙན་གྲགས་སྲིད་ན་མཐོ།།
ཡངས་བའི་ས་གཞི་ཕ་མཐའ་མི་མངོན་རྩྭ་ལྗང་འབྲས་བུས་རྟག་ཕྱུག་ཅིང་།།
དྭངས་པའི་གཡུ་མཚོ་གཏན་དུ་རབ་འཁྱིལ་དགོས་འདོད་ནོར་བུའི་གཏེར་ཁ་འཛོམ།།
ཤིན་ཏུ་དཀོན་པའི་རི་སྐྱེས་སྲོག་ཆགས་བག་ཕེབས་དལ་གྱིས་རྒྱུ་བའི་གནས།།
ས་ཡི་སྟེང་ན་མངོན་པར་མཐོ་བའི་རང་བྱུང་བོད་ཀྱི་མཛེས་སྡུག་མཚར།།
རིན་ཐང་འཛམ་གླིང་ནོར་གྱིས་བསྒྲུན་མིན་ཞིང་།།
བསྐལ་པ་བྱེ་བར་བཙལ་ཀྱང་མཇལ་དཀའ་བའི།།
ཆོས་རིག་ནོར་བུའི་མཛོད་འདིའི་ཆ་ཤས་ཙམ།།
ས་འདི་སིལ་བུར་བསིལ་ཀྱང་རྙེད་མི་འགྱུར།།
སྔོན་བྱོན་མེས་པོས་ངལ་བརྒྱས་དྲངས་གྱུར་ཐུན་མིན་མདོ་སྔགས་ཆོས་ཚུལ་ཆེ།།
ལོ་སྟོང་གཅེས་པའི་སྲོག་གིས་བསྲུངས་བྱས་སྐྱེ་དགུའི་མིག་གཅིག་ནོར་བུའི་མཛོད།།
ཕྱི་མའི་དུས་འདིར་ཤིན་ཏུ་བརྒལ་དཀའི་འཕྲང་ལ་གཅུར་བའི་ཉག་ཕྲའི་ཟུངས།།
གངས་རིའི་ལ་རྒྱའི་བཅུད་ཀྱིས་གསོ་འདི་དེང་གི་གངས་གཞོན་ཕྲག་ཏུ་བབས།།
གཞན་ལུགས་ཤེས་བྱ་ངོམས་མེད་འདྲེན་འོས་ཀྱང་།།
རང་ལུགས་ཡལ་བར་མི་འདོར་གལ་དུ་ཆེ།།
སྔོན་བྱོན་མཁས་པས་བཞག་པའི་རིག་གཞུང་ལ།།
སྲོལ་རྒྱུན་གོག་པོར་བརྩིས་ན་ཤིན་ཏུ་ནོངས།།
ར་མིན་ལུག་མིན་སྐད་སྣ་འདྲེས་མའི་འཆོལ་གཏམ་གདོལ་ཚིག་ཁ་ནས་སྨྲ།།
སྐྱ་མིན་སེར་མིན་ཡ་མ་ཟུང་གི་ཆ་ལུགས་འདྲེས་མས་རང་མཚང་འདོན།།
མནོག་ཆུང་འདོད་ཡོན་ཁེ་གྲགས་གཉེར་ལ་བསྟན་བླ་འཚོང་བའི་སྙིང་མེད་པོ།།
མེས་པོའི་མཚན་སྙན་དོང་དུ་སྦ་བའི་མ་བོས་གཤེད་པོ་ཀྱེ་མ་ཧུད།།
མགོ་སེར་སྐྲ་མདོག་བསྒྱུར་ཀྱང་མཐིང་མིག་མིན།།
སྐད་ལོག་ཁ་ནས་སྨྲས་ཀྱང་བོད་མིའི་གདོང་།།
གཞན་རྗེས་མ་ཟིན་རང་ཁྱུ་ལས་བུད་པའི།།
རང་མཚང་ཚོང་འདུས་ཁྲོམ་ལ་ཅི་ཕྱིར་འདོན།།
མི་རབས་བརྒྱུད་པའི་གནའ་བོའི་རྟེན་རྫས་ཕ་ནོར་རྒྱ་མཚོའི་ཕ་རོལ་བསྐྱལ།།
དམ་པའི་ཞལ་ནས་སྙན་དུ་བརྒྱུད་པའི་གདམས་ངག་ཟབ་མོ་ཟོང་དུ་བརྗེས།།
ད་དུང་ཨོ་རྫོབ་ནང་ལ་ངོམ་པའི་མ་རབས་སྐྱེ་བོའི་རིགས་འདི་དག།
ར་བ་གངས་རིའི་ཕྱི་རོལ་འོབས་སུ་རྟག་ཏུ་བསྐྲད་ན་ཤིན་ཏུ་བདེ།།
ཉམ་ཆུང་བོད་མིའི་གདུང་རྒྱུད་ལྷག་བསམ་གཤིས།།
ནམ་ཡང་འགྱུར་བ་མེད་པའི་གཞོན་ཆུང་ཚོགས།།
ཐོག་མར་རང་རིགས་ཞེན་པ་དཀར་པོའི་མཐུས།།
ལྔ་ཕྲག་རིག་པའི་གནས་ལ་བྱང་བ་གཅེས།།
ཟབ་དང་རྒྱ་ཆེའི་རིགས་ལམ་གཏིང་ཟབ་ཀུན་གྱི་མཐའ་རྒྱ་ཆོད་དཀའ་ཡང་།།
གུས་རྟག་སྦྱོར་བའི་བརྩོན་པ་དྲག་པོས་རང་བློར་འཚམས་པའི་བཅུད་བསྡུས་ཏེ།།
གཞན་ཕན་དཔལ་གྱི་ལེགས་ཚོགས་འགྱེད་པའི་བཀྲ་ཤིས་མཆོད་སྤྲིན་དཔལ་བརྒྱ་བ།།
ན་མཉམ་ཚོགས་པའི་སློབ་གྲལ་དབུས་ན་རང་གི་མེས་པོའི་རྣ་ཆར་ཟུངས།།
ཤེས་བྱའི་གནས་ལ་ཟད་པ་མེད་པའི་ཕྱིར།།
གང་ཞིག་གཅེས་པ་བླངས་པའི་དེ་མ་ཐག།
ལུགས་གཉིས་ལེགས་ཚོགས་སྤེལ་བའི་དགོས་གནད་དུ།།
གཞན་ལུགས་རིག་པའི་མཛོད་ལ་རང་དབང་བྱ།།
ཤིན་ཏུ་འཐས་པའི་རང་གཤིས་གྱོང་པོས་ཕྱོགས་གཅིག་བལྟ་བའི་གླེན་རྟགས་དང་།།
ཧ་ཅང་འཆོས་སླའི་ཤེལ་དཀར་མདོག་འཛིན་གྱང་སྟེང་འཇག་མའི་རྣམ་ཐར་བཅས།།
གཉིས་མཐར་མ་ལྷུང་རང་གཤིས་བཟང་པོས་ངོམས་མེད་ཡོན་ཏན་བསྲེལ་བྱས་ན།།
གཞན་ཕན་ལྷག་བསམ་དྲང་པོའི་ཤུགས་བཅས་ཡང་རྩེའི་སྤོ་ལ་མངོན་པར་མཐོ།།
དེང་དུས་རྒྱལ་བསྟན་ཉི་མ་མ་ནུབ་ཅིང་།།
དམ་པའི་སྐྱེས་མཆོག་ད་དུང་བཞུགས་གྱུར་ཀྱང་།།
ཟོག་པོ་རྫུན་རྐྱལ་བྲིན་པའི་སྐབས་ཕྱེད་ན།།
ཕྱིས་ནས་སྨྱོན་པའི་རང་གཏམ་ཅིས་མི་བརྡོལ།།
རྒྱལ་བའི་ལུང་རྟོགས་མདོ་སྔགས་བསྟན་པ་ཆ་ཚང་དར་བ་གངས་རིའི་ལྗོངས།།
འདི་གཅིག་ཁོ་ན་འཛམ་གླིང་རྒྱན་མཆོག་ཁམས་གསུམ་སྲིད་པའི་གཅེས་ནོར་ཏེ།།
སེམས་ཡོད་ཤེས་ལྡན་བོད་མི་ཡོངས་ཀྱིས་སྙིང་ལ་རུས་པ་ཆེར་བཅངས་ནས།།
འདི་ཉིད་གངས་ཀྱི་ར་བ་དཀར་མོར་རྟག་ཏུ་བསྲུང་ལ་མ་གཡེལ་རེམ།།
ཐུབ་པའི་བསྟན་བཤིག་ཕྱི་ནས་མ་ཡིན་ཏེ།།
སེང་གེའི་གསོབ་བཞིན་ལག་དམར་ནང་ནས་འབུད།།
དེ་ཡང་ཆོས་བརྫུས་མཁན་ལས་གཞན་མིན་ཕྱིར།།
དུས་དང་དུས་སུ་དག་ཐེར་བྱ་བ་གཅེས།།
རྒྱལ་བའི་བསྟན་པ་དངུལ་གྱིས་མ་ཡིན་ཐོབ་དང་གསེར་ཁྲིས་དེ་བས་མིན།།
རིགས་དང་རུས་མིན་དཔུང་དང་སྟོབས་ཤུགས་ཧམ་ཤེད་རང་ཆེས་མ་ཡིན་པར།།
དམ་པའི་ཚུལ་དགུའི་ཡོན་ཏན་གཅིག་པུས་འཛིན་དང་སྲུང་དང་སྤེལ་བའི་ཕྱིར།།
ཆེན་པོའི་མིང་དང་གོ་སས་བསླུས་མང་བཅོས་མའི་གསོབ་ལ་ཟོན་མཛོད་ཅིག།
ལས་དང་སྐལ་བ་མཆོག་ཏུ་མ་ལྡན་ན།།
གདམས་ངག་ཟོང་དུ་མ་འཚོང་སྐུ་ཚེ་རིང་།།
དུས་བབས་དགོས་གནད་ཤིན་ཏུ་མ་ཆེ་ན།།
མཐའ་མི་ཁྲི་ལ་མ་འདོན་བོད་མིའི་རྒྱུད།།
ལ་རྒྱའི་ཁ་བྱང་ཁ་ལ་བཀོད་པའི་སྟོང་བཤད་ཚིག་གིས་དོན་མི་འགྲུབ།།
ཐད་ཀའི་ལྟད་མོ་ངག་ལ་འཁྲི་བའི་ཡིག་ཚོགས་སྤེལ་བ་མཐུ་ཆུང་བས།།
རང་ངོས་ལྷག་བསམ་བཙོ་མའི་གསེར་བཞིན་རང་མདངས་ལྷག་པར་ངོམ་བྱས་ན།།
རེ་རེ་ཚོགས་པའི་ཐུན་མོང་བོད་མིའི་ཡ་རབས་བསམ་སྤྱོད་དཔལ་ཡོན་འཕེལ།།
སྟོན་པ་གཅིག་གིས་བསྐྱངས་པའི་བསྟན་པ་ལ།།
ཕྱོགས་རིས་ཁ་འཛིན་མ་ཆེ་གཅིག་ཏུ་དྲིལ།།
ཤ་ཁྲག་གཅིག་ལས་མཆེད་པའི་གདུང་རྒྱུད་ལ།།
ནང་འཐབ་ཕུང་དཀྲུག་མ་བྱེད་མཐུན་པར་སྒྲིལ།།
ཕྱི་རོལ་དངོས་པོའི་མཐུན་རྐྱེན་ཚོགས་མིན་གནས་སྐབས་ཙམ་གྱི་སྣང་ཚུལ་ཏེ།།
དམ་པའི་ཆོས་དང་དྲི་མེད་རིག་གཞུང་རང་གིས་བྱི་དོར་ལེགས་བྱས་ནས།།
ཡ་རབས་དམ་པའི་ངང་ཚུལ་དང་བཅས་སྲིད་འདིའི་ལེགས་ཆ་བཀུག་གྱུར་ན།།
གངས་རིའི་གཟི་མདངས་རྒྱང་ནས་འཚེར་ཞིང་བོད་མིའི་གཟུགས་བརྙན་རྣམ་པར་བཀྲ།།
ཚེ་གཅིག་རེ་སྟོང་བཅང་བ་ངལ་བའི་རྒྱུ།།
རྟག་ཏུ་གཞན་ལ་བརྟེན་པ་ངོ་ཚའི་གཞི།།
རྒྱུན་དུ་འཁང་ར་བྱས་ཀྱང་འབྲས་བུས་དབེན།།
ནམ་ཡང་རྗེས་སུ་ལུས་ན་ཀུན་གྱིས་བརྙས།།
འབྲོག་པའི་རྩྭ་ཐང་སློབ་གྲྭས་ཁེངས་ན་འབྲོག་ཕྲུག་མི་ཡི་གྲལ་འགོར་སླེབ།།
ཞིང་སྡེའི་རི་གྲོང་མཁས་པས་ཁྱབ་ན་ཞིང་པའི་སེར་ཀ་ཤུགས་ལ་སོས།།
ཐམས་ཅད་གཅིག་མཐུན་བསམ་པ་མཉམ་ན་མི་རྗེས་མི་ཡིས་ཟིན་སླ་སྟེ།།
དབྱངས་གསལ་སོ་བཞིའི་སྡེབ་ལེགས་ཕྲེང་ཚོགས་ལྷ་ཡི་སྐད་དུ་བརྩི་ཡང་སྲིད།།
ཕ་ནོར་ཆང་ལ་བརྗེས་ན་མཛངས་པ་མིན།།
རིགས་མཐུན་རལ་ཁ་འགྲན་ན་དཔའ་བོ་མིན།།
ལྷག་བསམ་ཀུན་སྤྱོད་མ་གཙང་ཡ་རབས་མིན།།
རྒྱང་མིག་ཕྱི་ཐག་མ་མཐོང་མཁས་པ་མིན།།
རྣམ་ཤེས་ཕྲ་མོ་རླུང་གིས་སྐྱོད་པའི་འཆི་གསོན་སྟོན་ཀའི་སྦྲང་མ་ལ།།
ཡིད་བརྟོན་མ་མཆིས་བཟའ་མི་ནང་འཐབ་ཕྱིས་ནས་འགྱོད་པའི་གཞི་མ་ཡིན།།
འགྱོད་མེད་མི་ཚེ་སྐྱིད་ལ་འཁྱོལ་བ་འཇིག་རྟེན་ཚེ་འདིའི་བདེ་སྐྱིད་དེ།།
ནང་གི་བདེ་བ་ཆོས་ལས་རྙེད་ན་འདི་བདེ་ཕྱི་མའི་ལམ་སྣ་ཟིན།།
རྔུལ་ཆུས་བསགས་པའི་དངོས་ནོར་ཕྲ་མོའི་རྫས།།
མཐའ་མར་གཞན་གྱི་ལོག་འཚོའི་རྒྱུར་འགྱུར་བས།།
ལོངས་སྤྱོད་ལྷག་མ་བུ་ཚའི་ཤེས་ཡོན་གྱི།།
རྟེན་དུ་ཐོངས་དང་རང་གཞན་ཀུན་ལ་ཕན།།
ཡངས་པའི་མཐོ་སྒང་རབ་ཏུ་རྒྱ་ཆེའི་རི་ཀླུང་དག་ལ་ཁ་གྲམ་པའི།།
ཤིན་ཏུ་གྲངས་ཉུང་བོད་མིའི་གདུང་རྒྱུད་གདུང་དྲུག་རུས་ལས་མཆེད་པའི་མི།།
རང་རིགས་མ་འཆོལ་གཙང་མའི་རིགས་རྒྱུད་དྲི་མེད་རུས་པ་དཀར་པོའི་མདངས།།
གཏན་དུ་སྲུང་བ་འབྱུང་འགྱུར་ལས་སྐལ་ཕྱི་མའི་དུས་ན་ལྷག་པར་གསལ།།
རིན་ཐང་གཞལ་དུ་མེད་པའི་རིག་གཞུང་གིས།།
ཀུན་ནས་ཕྱུག་པའི་བསིལ་ལྗོངས་ནོར་བུའི་གླིང་།།
རང་གིས་རང་ཉིད་ལད་དུ་མ་འཇུག་དང་།།
ས་ཡི་སྟེང་ན་དབུ་འཕང་ཡུན་དུ་མཐོ།།
དབུ་དཀར་རྒན་པོས་གྲལ་གྱི་འགོ་འཛིན་བློ་དང་ཤེས་བྱའི་གཏེར་སྒོ་འབྱེད།།
ཕ་མ་སློབ་དཔོན་བཀུར་སྟིས་བཀྱག་ཅིང་གུས་བཅས་ཞེ་སས་རྒྱུན་དུ་འདུད།།
ཉམ་ཆུང་དབུལ་པོ་དྭ་ཕྲུག་མགོན་མེད་རྟག་ཏུ་བྱམས་དང་སྙིང་རྗེས་སྐྱོང་།།
ཆོས་ལྡན་ཞིང་ཁམས་ཁ་བ་རི་བའི་སྲོལ་བཟང་ནམ་ཡང་མ་སྣུབས་ཤིག།
ཤར་ནུབ་མཐའ་ཡི་རྒྱ་མཚོའི་འགྲམ་ངོགས་ཚུན།།
རྫུན་མའི་གཏམ་གྱི་ཉོ་ཚོང་མཐོང་མཐོང་ནས།།
རིགས་མཐུན་གྲོགས་དང་ཕྲད་ན་སྤྲོ་བ་འཕེལ།།
ཡིད་གཅུགས་གཏམ་གྱི་ཕྲེང་བ་རྫོགས་མཐའ་བྲལ།།
ཀུན་རྟོག་སེམས་ཀྱི་རི་མོ་རྣམ་བཀྲ་བ།།
འདོད་འབྱུང་ངག་ལས་འཕོས་པའི་ཨ་དར་ཤ།།
ལེགས་བྱས་དགའ་བ་བརྒྱ་བའི་རོ་ཉམས་ཅན།།
ལྷུག་པོར་སྨྲ་བའི་མགྲིན་པ་ཡངས་ལ་བཏེགས།།
ཨེ་མ། ཕ་རུས་དཀར་པོ་གངས་དཀར་གྱི་རིགས་རྒྱུད་ལས་ཆད་ཅིང་། མ་ཁུངས་གཙང་མ་མཐོ་སྒང་གི་ལྷུམས་རྒྱ་ལས་གྲོལ་བའི་གངས་གཞོན་ན་མཉམ་ཕོ་མོ་ཚོ། འཛམ་གླིང་སྲིད་པའི་ཡང་རྩེ་ན་འགྱིང་བའི་གངས་རི་ཤེལ་དཀར་གྱི་མཆོད་རྟེན་ལྟ་བུ་འདིའི་རྩེ་མོ་མཐིང་མདོག་གི་ནམ་མཁར་ཟུག་ཅིང་། རྩ་བ་ཡངས་པའི་ས་ཆེན་དུ་བརྟན་པའི་ལོ་རྒྱུས་ཀྱི་དུས་རིམ་ནང་། དབྱར་ཉི་འོད་དང་ཆར་ཆུ། དགུན་གྲང་རླུང་དང་བུ་ཡུག་གང་གི་སྐབས་སུའང་མདོག་མི་འགྱུར་བར་བརྟན་པ་འདི་ནི་ང་ཚོའི་ཡང་མེས་ཀྱི་བླ་རི་རེད། མེས་པོའི་བླ་ཡིད་དུང་ངེར་འཁོར་བའི་གངས་རི་དཀར་པོ། ཁྱེད་ལ་བྱང་རླུང་ངར་མའི་རེག་བྱ་དང་། ཐོག་སེར་འཁྲུགས་པའི་རྦབ་རྒོད་ཀྱིས་མ་གོས་པར་སྔར་བཞིན་ཤར་གྱི་རྒྱ་མཚོ་ཆེན་པོར་ཞལ་ཕྱོགས་ཏེ་ལྷང་ངེར་འགྱིང་བ་ནི་ངོ་མཚར། འདས་དུས་ཀྱི་རྣམ་ཤེས་ཕྲ་མོ་ཇི་འདྲའི་མང་པོ་ཞིག་གིས་ཁྱེད་ལ་བསྐོར་ཏེ་ཡ་མཚན་གྱི་བསྟོད་བསྔགས་ཕུལ་བའི་མག་མོག་གི་ལོ་རྒྱུས་རྙིང་པའི་རི་མོ་གསལ་ལ་མི་གསལ་གྱི་རྗེས་ཤུལ་རེ་ཙམ་མཆིས་སྲིད། དུས་རབས་གསར་པའི་གངས་ཕྲུག་ཚོ། འདས་མ་ཐག་པའི་ལོ་ངོ་སྟོང་གི་སྔ་རོལ་ན་ས་འདི་མ་སངས་སྤུན་དགུས་བདག་པའི་རྗེས་ཐོག་ཏུ་མེས་དབོན་དྲ་མས་ཡ་རབས་ཀྱི་སྲོལ་བཟང་གཏོད་པ་ཚུན། རང་རིགས་གཙང་མའི་རིགས་རུས་སུ་འཁྲུངས་པའི་མཁས་བརྒྱ་གྲུབ་སྟོང་བྱོན་ནས། རིན་བྲལ་ཆོས་དང་རིག་གཞུང་གི་བང་མཛོད་བསྐྲུན་གནང་བའི་ཕྱག་རྗེས་དུས་རབས་ཕྱི་མའི་བགོ་སྐལ་དུ་བཞག་པ་ད་དུང་བཞུགས་པའི་གསུང་རབ་ཀྱི་པོ་སྟི་འབུམ་ཕྲག་མང་པོ་བྲག་རི་ལྟར་མཐོ་བ་འདི་དག་གིས་མཚོན་ཐུབ་ལ། འཆད་ཉན་སློབ་ཁྲིད་ཀྱི་རྒྱུན་དང་མན་ངག་ལག་ལེན་གྱི་ཞལ་ཤེས་མེད་ན་ལྡེའུ་མིག་མེད་པའི་བང་མཛོད་དང་། ཡི་དྭགས་གཏེར་གྱི་སྒོ་སྲུང་བཞིན་བེད་མེད་དུ་འགྱུར་མོད། དེང་གི་དུས་སུ་ད་དུང་ཡང་གནས་ལྔ་རིག་པའི་མཛོད་ལ་མངའ་དབང་སྒྱུར་བའི་རང་རིགས་མཁས་གྲུབ་ཀྱི་རྒྱུན་འཚོ་ཞིང་གཞེས་པའི་བཀའ་དྲིན་ལས་བསླབ་གསུམ་ཉམས་ལེན་གྱི་ཚེ་སྲོག་གསར་པའི་བསྟན་རྒྱུན་དང་བཅས་བཞུགས་པ་ནི་གངས་རི་དཀར་པོའི་སྙིང་བཅུད། མེས་པོས་བཞག་པའི་ཕ་ནོར། གཞན་མཚུངས་བྲལ་བའི་ཁྱད་ཆོས་སུ་སེམས། བོད་དུ་དམ་ཆོས་སྤེལ་བའི་ཆོས་འབྱུང་། ཆོལ་གསུམ་རིགས་རུས་ཆད་པའི་གདུང་རབས། རྒྱལ་བློན་དྲ་མ་བྱོན་པའི་རྣམ་ཐར། གླིང་རྗེ་གེ་སར་རྒྱལ་པོས་མཐའ་བཞི་དབང་དུ་བསྡུས་ལུགས། རྫོང་ཆེན་ནོར་གྱི་སྒོ་མོ་བོད་ལ་ཕྱེས་པའི་གནས་ཚུལ་སོགས་ངོ་མཚར་བའི་ལོ་རྒྱུས་ཀྱི་སྣང་བརྙན་འབུམ་ཕྲག་མང་པོ་དུས་རབས་གསར་རྙིང་གི་ལེ་ཚན་བརྗེས་པའི་ཤོག་ལྷེ་རེ་རེ་བཞིན་གལ་ཆེའི་དོན་སྙིང་དང་ལྡན་པ་ཤ་སྟག་ལ། སྐབས་རེར་སྐྱིད་པའི་ཁོང་བགད་སྙིང་ནས་ཤོར་བ་དང་། མཚམས་རེར་སྐྱོ་བའི་མིག་ཆུ་དབང་མེད་དུ་འབབ་པ་སོགས་འཇིག་རྟེན་སྤྱིའི་འགྱུར་འགྲོས་ཀྱི་སྣང་ཚུལ་ལྟར་རྗེས་དྲན་མངོན་རྟོགས་ཀྱི་རི་མོ་རྣམ་པར་བཀྲ་བས། སྔར་བྱོན་མེས་པོའི་མཁས་མཛངས་ཀྱི་རྣམ་ཐར་དང་། བོད་མི་དཔའ་བོའི་སྙིང་སྟོབས་ཀྱི་སེམས་ཤུགས་མངོན་ཐུབ་པ་མ་ཟད་འདས་དོན་རི་མོའི་རྒྱབ་ལྗོངས་སུ་ཉམས་པ་མེད་པར་ལྷམ་མེར་གསལ། དུས་རབས་ཉེར་གཅིག་པའི་གསར་སྐྱེས་ཀྱི་གངས་ཕྲུག་ཚོ། ཁྱེད་ཚོའི་འཕར་རྩའི་ཁྲག་རྒྱུན་ནི་གངས་དཀར་ཆབ་ཏུ་བཞུས་པའི་ཉིང་ཁུ་ལས་བྱུང་ཞིང་། ཁྱེད་ཅག་གི་ལང་ཚོའི་བཀྲག་མདངས་ནི་ས་མཐོའི་མཁའ་རླུང་དྭངས་མོས་བསྐྱེད་བསྲིངས་བ་ཞིག་རེད། ཁྱེད་ཚོས་དུས་རབས་རྙིང་པའི་ལོ་སྟོང་གི་བྱུང་བར་ཕྱི་མིག་ཞོར་དུ་བལྟས་རྗེས་མདུན་དུ་འཆར་བའི་འོད་ཟེར་ནི། དུས་རབས་གསར་པའི་མ་འོངས་རྒྱང་རིང་གི་མདུན་ལྗོངས་དང་ཕུགས་བསམ་མ་ཡིན་ནམ། དེང་དུས་ས་གཞིའི་གོ་ལ་རིལ་མོར་གནས་འཆའ་ཞིང་རང་བྱུང་གི་ཁོར་ཡུག་ཆེན་པོ་འདིར་མཉམ་དུ་འཚོ་བའི་སྲོག་ལྡན་དག་གི་ནང་ནས་མཐོ་རིམ་དུ་གྱུར་པའི་སྲོག་ཆགས་རྐང་གཉིས་མིའི་རིགས་སུ་གྱུར་པ་ཐམས་ཅད་མདུན་ཕྱོགས་སུ་བསྐྱོད་སྐབས། རང་རེ་གངས་རི་དཀར་པོའི་རྒྱུད་དུ་འཁྲུངས་བའི་དཔའ་བོ་ཕོ་མོ་དག་ཞུམ་པར་ག་ལ་འོས། རྨོངས་གཉིད་སྟུག་པོས་ཡུན་རིང་འཐུམ་ཆེས་ན་རྔ་མ་མེད་པའི་བྱོལ་སོང་གི་ཁྱུར་གཏོགས་སྲིད། དེས་ན་ལོ་སྟོང་ཀླད་པར་ཉལ་བའི་རྙིང་ཞེན་ཀྱི་བག་འཁུམ་གཏོར་ནས། སྔར་མེད་ཚན་རིག་གི་གསལ་སྒྲོན་ལག་ཏུ་ཐོགས་ཏེ་མཛེས་སྡུག་ལྡན་པའི་གངས་ལྗོངས་གསར་པ་བསྐྲུན་ཆེད་གོམ་གང་ཕྱི་ནུར་མེད་པར། དུས་ཚོད་སྐར་ཆ་བརྩོན་ལེན་གྱིས་མདུན་དུ་མཆོང་བར་འོས། ང་ཚོས་མེས་པོས་བཞག་པའི་ཕ་ནོར་རང་གི་ཡུལ་ནས་བསྲུང་བ་དང་འབྲེལ་ཤེས་རིག་གསར་པ་ཁ་སྣོན་གྱི་བཅུད་དུ་བླངས་ཏེ་གངས་ལྗོངས་ཀྱི་དཔལ་ཡོན་སྤེལ་བ་ལས། རེ་སྟོང་དང་འཁང་རས་ཉི་འོད་དྲོད་ཁུག་གི་ནམ་ཟླ་སྐྱེལ་བའི་ལོང་ཁོམ་ག་ལ་ཡོད། བར་མེད་རྒྱུན་དུ་འཁོར་བའི་དུས་ཚོད་ཀྱིས་ཁྱོད་རང་བསྒུག་མི་སྲིད་ཅིང་། མགོ་སྐྱེས་གནག་སྣུམ་གྱི་ལྗོན་ཚལ་མདོག་འགྱུར་བ་ཤིན་ཏུ་སླ་བས། དེང་གི་དུས་རབས་གསར་པའི་ཅོང་བརྡ་བཞིན་ཞོགས་པའི་སྐྱ་རེངས་ཀྱི་ཕོ་ཉས་ཉིན་རེ་བཞིན་ཁྱེད་ལ་བསྐུལ་འདེད་གཏོང་གི་ཡོད། ལང་ཚོ། ནམ་ཟླ། དུས་བཞིའི་ནམ་ཟླ་འགྱུར་བའི་ལྟད་མོས་ཁྱེད་ཀྱི་ལང་ཚོ་འཕྲོག་བཞིན་ཡོད་ལ། རྒ་ན་ཤི་བའི་སྡུག་བསྔལ་ལ་སྐྱེས་ཚད་བཟུར་ཐབས་མེད་པས་ཧ་ཅང་འདོད་ལ་བརྔམས་པའི་ལས་ཐབས་ཀྱིས་རང་གི་མི་ཚེའི་བདེ་བ་དང་སྙན་གྲགས་དགྲ་ལྟར་འཇོམས་པ་མ་ཟད་ཕྱི་མར་ཡ་ང་བའི་རྣམ་སྨིན་གྱི་ཚོར་བ་རྩུབ་མོ་བསྐྱེད་སྲིད། ཀུན་སྤྱོད། ལས་འབྲས། འཚེ་བ་གཞན་ལ་བྱས་ན་གནོད་ལན་རང་ལ་འཁོར་བ་བྲག་ཅའི་སྒྲ་སྐད་ཀྱི་དཔེས། རྒྱུ་རྣམ་དཀར་ལས་ཀྱི་ས་བོན་གྱིས་འབྲས་བུ་བདེ་བའི་མེ་ཏོག་བསྐྱེད་པས་བསམ་བཟང་གཞན་ལ་ཕན་པའི་ཀུན་སྤྱོད་གཙང་མས་རང་ཉིད་བྱི་དོར་བྱེད་པ་ལུགས་གཉིས་ཀྱི་སྲོག་ཏུ་མཐོང་། ཤེས་ཡོན། ལེ་ལོ། མི་ཚེ་གློག་གི་ཟློས་གར་གྱི་འགྲོས་མྱུར་བས་ལ་འུར་བརྩོན་པའི་ཤུགས་དྲག་མ་བསྐྱེད་ན་ལེ་ལོ་སྒྱིད་ལུག་གི་རྨོངས་པའི་འཆིང་བ་ལས་ནམ་ཡང་ཐར་ཐབས་མེད་པས། ངོམས་པ་མེད་པར་ཤེས་ཡོན་སྦྱང་བརྩོན་ལ་མ་འབད་ན་ཡིད་སྨོན་ཚིག་གིས་དོན་མི་འགྲུབ་ཅིང་། རང་གི་རྐང་པས་རང་ཉིད་ཐེག་པ་རང་གི་ལུས་ཟུངས་སྟོབས་དང་ལྡན་པར་རང་ཉིད་ཀྱིས་འབད་རིགས་པ་སྨོས་ཅི་དགོས། མཐུན་སྒྲིལ། ཕྱོགས་ཞེན། ས་ཆ་ཡུལ་རིས་ཆུང་བ་དང་གྲུབ་མཐའི་ཕྱོགས་ཞེན་ངན་པས་དེ་སྔ་བརླགས་པའི་ཕམ་ཉེས་ཀྱི་ཉམས་མྱོང་ལྡོག་ཕྱོགས་ཀྱི་དགེ་རྒན་དུ་བསྟེན་ནས། མཐུན་སྒྲིལ་གོང་བུ་གཅིག་གྱུར་གྱིས་མདུན་དུ་བསྐྱོད་ན་གངས་ལྗོངས་བདེ་སྐྱིད་ཀྱི་ལམ་ཆེན་དུ་གཞན་རིགས་དང་དཔུང་གདང་སྦྲེལ་ཏེ་བསྐྱོད་ཐུབ་པར་སྙམ། དུས་རབས་གསར་པའི་གངས་ཕྲུག་ཚོ། ཁྱེད་ཚོའི་དཀར་ལ་དམར་བའི་རང་བྱུང་གི་བཞིན་རས་ལ་སྨུག་ཅིང་སྣུམ་པའི་མཐོ་སྒང་གི་མཛེས་མདངས་བཀྲ་བས། དྲག་ཆར་རླུང་འཚུབ་ལ་ཉམ་ང་བྲལ་བའི་དཔའ་གདེང་མཚོན་ཐུབ་ལ། ཁྲ་ཆུང་སྤྱན་གྱི་ཟུར་མིག་དང་། ཚེམས་དཀར་དུང་ཕྲེང་གི་འཛུམ་མདངས་ཀྱིས་བརྩེ་དུང་དང་གཅེས་སེམས་ལྷང་ལ་འབུད་པའི་ཞོར་དུ། སྨིན་མ་བསྡུས་པའི་གཡོ་འགུལ་དང་། འབུར་ཚུགས་སྤྱན་གྱི་འོད་མདངས་ལས། མི་མངོན་པའི་སྟོབས་ཤུགས་ཀྱིས་བརླིང་ཞིང་བརྗིད་པའི་ལྐོག་གྱུར་གྱི་ཉམས་ཤིག་བག་ཙམ་མཚོན་ཐུབ། དུས་རབས་ཉེར་གཅིག་པའི་ན་གཞོན་བོད་ཕྲུག་ཚོ། ཁྱེད་ཚོའི་ཀྱག་ཀྱོག་གི་འགྲོ་ལམ་ལ་ཉེར་འཚེ་མེད་པར། འོད་འབར་མདུན་ལམ་གྱི་ཕྱོགས་སུ་བསྐྱོད་སྐབས་བསམ་སྤྱོད་ཚང་མས་ཡར་ཐོན་དུས་རབས་ཀྱི་རྗེས་ཟིན་པར་སྨོན། ཡང་དུ་སྨོན། ཡང་ནས་ཡང་དུ་སྨོན། རང་རིགས་རུས་ལ་ཞེན་པའི་ལྷག་བསམ་གྱི་རང་མདངས་གངས་རི་དཀར་པོའི་ཁ་དོག་དང་མཚུངས་པའི་དྲི་མེད་རབ་དཀར་གྱི་ཁ་དར་གསར་པ་ཞིག དུས་རབས་གསར་ཚེས་ཀྱི་བཀྲ་ཤིས་པའི་རྟེན་འབྲེལ་ལེགས་མཚོན་དུ་འབུལ་ན། བཀྲ་ཤིས་རྟགས་ཀྱི་རི་མོས་མངོན་པར་མཚན་པའི་ལྷ་རྫས་འདི། ལང་ལོང་དུ་གཡོ་བའི་སྨུག་སྤྲིན་དཀར་གཙང་ཞིག་ཏུ་གྱུར་ནས། མེས་པོའི་བླ་རི་བརྗིད་ཆགས་ཀྱི་མགུལ་བའི་རྒྱན་དུ་ནམ་ཡང་འཁྱུད་པས། བོད་ཁམས་ཡོངས་སུ་བཀྲ་ཤིས་བདེ་སྐྱིད་འཕེལ་བ་དང་། མ་མཐོང་འབྱུང་འགྱུར་གྱི་རིགས་མཐུན་དག་ལ་འདས་དོན་ལོ་རྒྱུས་ཀྱི་རི་མོའི་ཉམས་འགྱུར་བཀྲག་མདངས་འབར་བ་བསྐལ་པའི་མཐར་ཡང་གནས་པའི་མཚོན་རྟགས་སུ་འགྱུར་བའི་སྨོན་འདུན་ཞུ།།
དམ་པའི་ལྷ་གྲལ་ཆོས་ཀྱིས་བཙུན་གྱུར་ཅིང་།།
ཕ་ཁུའི་སྐུ་ཚེ་རི་རྒྱལ་བཞིན་དུ་བརྟན།།
དར་མའི་དབུ་འཕང་དགུང་ལས་མཐོ་བ་དང་།།
བོད་ཕྲུག་གཞོན་པའི་ཁ་ལས་དར་གྱུར་ཅིག།
ངལ་བའི་རྐང་རྗེས་འཁུན་པའི་སྒྲ་བཅས་མི་འདོད་རླུང་གི་སྐྱེལ་མ་ཅན།།
འཇིག་རྟེན་རྣམ་བཀོད་སྨྱོན་པའི་ཟློས་གར་གཟུང་འཛིན་སྒྱུ་མའི་གྲོང་ཁྱེར་ལས།།
ཤེས་རབ་ཟབ་མོའི་སྲོག་གི་ཟུངས་ཆེན་འགྲོ་བའི་མིག་ཏུ་རབ་སྒྲུབ་སྟེ།།
སྡུག་བསྔལ་མཐར་བྱེད་ཞི་བའི་ས་བོན་སྙིང་ལ་འཁྲུངས་པའི་བཀྲ་ཤིས་ཤོག།
ཅེས་དུས་རབས་ཉི་ཤུ་པ་མཇུག་བསྒྲིལ་བའི་འཕོ་མཚམས་ཏེ་སྤྱི་ལོ་༡༩༩༩ལོའི་ཟླ་༡༢པའི་ཚེས་༣༡གི་མཐའ་མཇུག་གི་སྐར་ཆ་དྲུག་ཅུ་ཐམ་པ་རྫོགས་ནས་ཐབས་ཤེས་ཟུང་འབྲེལ་གྱི་ཨང་གཟུགས་ལ་སྟོང་ཆེན་དབྱིངས་ཀྱི་ཐིག་ལེ་སུམ་འགྲིག་གིས་བརྒྱན་པའི་དུས་རབས་ཉེར་གཅིག་པའི་ཐོག་མའི་དུས་བརྡའི་ཅོང་སྒྲ་སྒྲོག་པ་དང་མཉམ་དུ་ཤར་མཐའི་རྒྱ་མཚོའི་འགྲམ་ངོགས་ཀྱི་གྲོང་ཁྱེར་ཆེན་པོ་ཧྲང་ཧེ་ནས་བྲིས་པའོ།།

དུས་ལ་དཔྱད་པ་སྒྱུ་མའི་སྣང་བརྙན།

དུས་ཞེས་པ་སྲིད་གསུམ་རྔམ་ཟས་སུ་ཟ་མཁན་དེ་ཉིད་ཀྱང་ཟ་བ་པོ་དུས་དགྲའི་དབང་པོ་ཞེས་པ་དུས་ལས་འདས་ཤིང་ཐ་མལ་གྱི་སྣང་ཤེས་ལས་རིང་དུ་བརྒལ་བ། ཤིན་ཏུ་ཕྲ་ཞིང་ཀུན་ལ་ཁྱབ་པའི་མཁྱེན་པ་མངའ་བ་པོ། བཅུ་དྲུག་ལོ་ལོན་གྱི་གཞོན་ལུས་རྟག་ཏུ་འཆང་བ། སྐབས་རེར་འཇིགས་པའི་གད་མོ་ཆེན་པོ་གད་རྒྱང་དུ་སྒྲོག་ཅིང་འཇིགས་བྱེད་སྟོབས་འཆང་རྡོ་རྗེའི་ལུས་སུ་ཡང་སྟོན་པ་དེ་ཉིད་དང་། གང་དང་མི་ཕྱེད་ཟུང་དུ་འབྲེལ་བ་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་མཛེས་སྡུག་གི་ལྷ་མོ་སྲིད་པ་གསུམ་གྱི་སྙན་པའི་སྒྲ་དབྱངས་ཀྱི་བདག་པོ་གང་ཡིན་པ་དེ་ལའང་འདུད་པ་དང་བཅས། དུས་ཀྱི་རིག་པ་དུས་བརྡའི་ཚུལ་དུ་སྒྲོག་པའི་གཏམ་སྨྲ་བར་འདོད་ནས་སྨྱུག་ཁ་དེ་ཕྱོགས་སུ་སྒྱུར་ཏོ།
གྲོགས་པོ་མིའི་རིགས་དག རང་རེས་འདས་པ་ལ་ཕྱི་མིག་དང་མ་འོངས་པ་ལ་རྒྱང་བལྟས་ཤིག་བྱས་ཚེ། དེ་རིང་གི་སྣང་བ་དང་ད་ལྟའི་སྣང་ཡུལ་འདི་དག་འཕྲལ་འཕྲལ་ཡལ་བ། དཔེར་ན་འགྲོས་ཤིན་དུ་མྱུར་བའི་འགྲུལ་སྐྱེལ་མེ་འཁོར་གྱི་སྒེ་ཁོང་ནས་ལམ་འགྲམ་གྱི་ལྗོན་ཤིང་གི་བསྟར་ཕྲེང་ལ་བལྟས་པ་ནང་བཞིན་རེད། ངའི་རྒྱུན་སྤྱོད་ཀྱི་ཅ་ལག་དང་། ཁང་ཁྱིམ། ཐ་ན་ང་ཞེས་གདག་ཡུལ་གྱི་ལུས་འདི་ཡང་ཁར་སང་དེ་མ་ཡིན་པར་ཁར་སང་གི་དེ་བྱུང་ནས་ཡལ་བ་འདས་པའི་ཕྱོགས་སུ་བསྐྱོད་ཟིན་པའམ། འཇིགས་སུ་རུང་བའི་ཁ་ཆེན་གནམ་ས་ལྟར་གདང་ཞིང་། རྔམ་ཞིང་རྣོ་བའི་མཆེ་བ་གངས་རི་ལྟར་གཙིགས་པའི་འདྲེ་རྒོད་མ་རུངས་པ་དེས་བཟས་ཟིན་པ་རེད། རང་རེས་དེ་ཙམ་ཤོད་པའི་སྐར་ཆ་ཁ་ཤས་ནང་ངའི་སྨྱུག་རྩེ་བསྒུལ་བའི་བར་ནས་གར་སོང་ཆ་མེད་ཀྱིས་རང་རེའི་མི་ཚེའི་ནང་རིན་བྲལ་གྱི་སྐར་ཆ་ཁ་ཤས་ཁྱུར་མིད་བཏང་ནས་མི་ཚེའི་ཚད་ལས་འཛད་པར་གྱུར་པ་རེད། སྐར་མདའ་མཁའ་ནས་རྒྱུག་པའི་ཡུན་དང་མི་ཚེའི་མཐའ་རུ་གཏུགས་པའི་ཡུན་གཉིས་ཟད་པའི་ཆ་ནས་འདྲ་ངེས་རེད།
མདུན་ཕྱོགས་ཀྱི་རྨ་ཆུའི་གཙང་ཆབ་ལོ་སྟོང་གི་སྔོན་ནས་འདི་བཞིན་ཡོད་པར་རློམ་པ་གང་ཞིག ཞིབ་ཏུ་བལྟས་ན་ད་ནངས་ཀྱི་རྨ་ཆུ་དེ་དོ་ནུབ་ཀྱི་རྨ་ཆུ་འདི་མིན་པར་ད་ནངས་ཀྱི་རྨ་ཆུ་དེ་མ་ཐག་ནས་འདས་པའི་ཕྱོགས་སུ་བསྐྱོད་ཟིན་པ་རེད། དེ་བཞིན་དབུགས་ཐེངས་གཅིག་གི་འབྱིན་འཇུག་དང་། ཆུ་ཐིགས་བགྲངས་བའི་སྐར་གྲངས་ཀྱི་ཉིན་ཞག་གཅིག་གི་ཆུ་ཚོད་གཞལ་བའི་ལོ་མང་སྔོན་གྱི་བྱིས་པ་མཐོང་ན་དགའ་བ་ཁྱོད་དང་། ད་ལྟའི་དུས་ཀྱི་གཞོན་ནུ་མཛེས་མདངས་བཀྲ་བ་ཁྱོད། མ་འོངས་དུས་ཀྱི་རྒན་འཁོག་འཇིགས་སུ་རུང་བ་ཁྱོད་བཅས་ཀྱི་གསོན་གཟུགས་དབང་པོ་མ་ཉམས་པ་གསུམ་ཁྱོད་ཀྱི་མདུན་དུ་བྱུང་ན། ཁྱོད་ངོ་མ་གང་ལ་ངོས་འཛིན། གསུམ་པོ་ཁྱོད་ཡིན་ན་ཁྱོད་གསུམ་དུ་འགྱུར་ཞིང་དེ་ལྟར་ན་རགས་པར་བརྩིས་ན་ལོ་རེར་ཁྱོད་རེ་དང་། ཕྲ་བར་བརྩིས་ན་སྐད་ཅིག་རེར་ཁྱོད་རེ་འབྱུང་བས་ཁྱོད་བགྲངས་ཀྱིས་མི་ལོངས་པ་ཞིག་ཏུ་འགྱུར་བ་དང་། ཞིབ་ཏུ་བརྟགས་ན་སྐད་ཅིག་དེ་ཡང་ཆ་ཤས་སུ་བསིལ་ན་མཛུབ་མོ་འཛུགས་ས་ཞིག་མེད་པས། ཁྱོད་མེད་པར་ཡང་འགྱུར། མེད་པ་ཡང་མ་ཡིན་རང་གཞན་ཀུན་གྱི་མཐོང་སྣང་ལ་མངོན་སུམ་དུ་ཡོད་མོད། ཡོད་པར་མི་འགྲུབ་པ་དབྱེ་ཞིབ་བྱས་མ་ཐག་པ་ནང་བཞིན་རེད།
གོང་དུ་བཤད་པ་དེ་ལྟར་ལུས་བྱིས་གཞོན་དར་རྒུད་ཀྱི་རིམ་པ་དང་བསྟུན་ཏེ་འགྱུར་བ་བདེན། འགྱུར་བ་དེ་ཡང་ཟླ་བ་མང་པོའམ་ལོ་མང་པོའི་མཚམས་ནས་འགྱུར་ཐེངས་རེ་བྱེད་པ་མ་ཡིན་པར་སྐད་ཅིག་སྐད་ཅིག་གིས་འགྱུར་ནས་སྔོན་མའི་ཤུལ་རྗེས་མར་མེད་པ་ལྟ་བུ་ཞིག་ཏུ་དེ་ལྟར་བརྟགས་ན་ཡིན་མོད་ཀྱང་། སེམས་རྣམ་ཤེས་ཀྱི་རྒྱུན་འདི་ཤེས་རྒྱུད་གཅིག་གིས་བསྡུས་པས་ང་དང་པོ་བྱིས་པའི་སྐབས་ཀྱི་ང་དང་། ད་ལྟའི་དུས་ཀྱི་ང་། མ་འོངས་པའི་ང་བཅས་ང་རང་རེད་སྙམ་ན། སེམས་དངོས་མེད་ཡོད་ལ་མེད་ལ་འདི་དེ་བས་ཀྱང་མི་བརྟན་པ་ཞིག་སྟེ། བྱིས་གཞོན་དར་རྒུད་ཀྱི་ལུས་ཀྱི་རྒྱུད་རིམ་བཞིན། སེམས་ཀྱང་བྱིས་པ་བསམ་མེད་གཏམ་སྤྱོད་བསླབ་དགོས་པ་ཞིག་ནས། རྩེད་རྒོད་བག་མེད་ཅན་གྱི་གཞོན་ནུའི་སེམས་དང་། སེམས་ཤུགས་སྙིང་སྟོབས་ལྡན་པའི་དར་མའི་སེམས། སེམས་ཆུང་བློ་སྣ་ཐུང་བའི་རྒན་པོ་བཅས་ཀྱི་སེམས་རྩ་རླུང་ཐིག་ལེའི་དར་རྒུད་དང་བསྟུན་ནས། ཕྱིའི་ལུས་འགྱུར་བ་དང་མཚུངས་པར་འགྱུར་བ་ཡིན་པས་གཅིག་གི་ཐོག་ཏུ་མི་སྡོད། ཁྱད་པར་དུ་སེམས་རྣམ་པར་རྟོག་པ་ད་ལྟ་སྐྱེས་པ་ད་ལྟར་ཡལ་བས། དེ་ལ་ང་ཞེས་པའི་འདོག་ཡུལ་བརྟན་པོ་ཞིག་ལོ་སྟོང་དུ་བཙལ་ཀྱང་མི་རྙེད།
ཡང་རང་རེའི་འཁོར་ཡུག་ལ་བལྟས་ན། ད་ནངས་ཉིན་བྱེད་ཤར་རིའི་ཕྲག་པར་ཤར་བ་ནས་དོ་དགོང་ཉི་མ་ནུབ་རིའི་ཕང་པར་ཡིབས་པ་དང་། སོ་ཀའི་མེ་ཏོག་ཁ་འབུས་པ་ནས་སྟོན་སེར་རླུང་བུས་ཤིང་ལོ་བསྐྱོད་པ། དབྱར་གྱི་སྦྲང་ཆར་མཁའ་ལས་འཇོ་བ་དང་དགུན་གྲང་ཁ་བས་རི་ལུང་གཡོགས་པའི་བར་གྱི་མིག་འཕྲུལ་ལྟ་བུའི་འགྱུར་འགྲོས་མྱུར་མོ་འདི་དག་གིས་གཞལ་ན། རྒྱ་མཚོའི་འགྲམ་གྱི་བྲག་རྡོ་མཚོ་རླབས་ཀྱིས་བྱུགས་པའི་འཇམ་མདངས་དང་། ལྷུན་བརྗིད་གངས་དཀར་གྱི་རི་རྩེ་རླུང་གིས་བརྡར་བའི་འགྱུར་བག ལོ་འབུམ་ལོན་པའི་འཁྱག་རོམ་རིན་པོ་ཆེ་སྤུག་ཏུ་འགྱུར་བ་བཅས་ནི་ཤིན་ཏུ་དལ་མོའི་འགྱུར་འགྲོས་སུ་མངོན།
སྐད་ཆ་དེ་དག་བསྐྱུར་ནས་དོན་གྱི་སྙིང་པོ་བཤད་ན། ཡང་ཏིག་ཕྱི་ནང་སྣོད་བཅུད་བརྟན་དང་གཡོ་བ་ཐམས་ཅད་ཟ་བ་པོ་འཇིགས་སུ་རུང་བ་དེ་སུ་ཡིན་ཁྱོད་ཀྱིས་ཨེ་ཤེས། ཁྱོད་དང་འབྲལ་བ་མེད་པར་ཉིན་མཚན་རི་མོ་དཀར་ནག་གི་ལམ་ནས་དེས་ཁྱོད་ཀྱི་ཚེ་སྲོག་ཇེ་ཐུང་དུ་གཏུང་གི་ཡོད། སྙིང་རྩ་འཕར་ཐེངས་རེ་རེས་ཁྲག་རྒྱུན་གྱི་འཁོར་ཡུན་ཇེ་ཐུང་དུ་འགྲོ་བ་དང་། སྐྲ་དཀར་གཉེར་མ་རེ་རེས་ཀྱང་གདོང་གི་གཟི་བྱིན་འཕྲོག་པ་མངོན་ཐུབ་པ་དང་། དབྱར་གསུམ་གྱི་མེ་ཏོག་མདངས་མཚར་བ་དྲི་ཞིམ་ལོ་འདབ་རྒྱས་པ་སྐྱེ་བོ་དགའ་བའི་མིག་རྒྱན་དེ། དགུན་གསུམ་གྲང་རེག་གིས་བཅོམ་ནས་འདབ་ལོ་རྙིང་པ་མི་གཙང་གད་སྙིགས་ཕྱགས་དར་གྱི་ཁྲོད་དུ་འཁྱམས་པ་འདིས་ཀྱང་གདོན་འདྲེ་ཆེན་པོ་དེའི་སྙིང་རྗེ་མེད་པའི་གདོང་རིས་མཚོན་ཐུབ། དེ་ནི་གཞན་མ་ཡིན་པར་དུས་ཞེས་པ་དེ་རེད། དུས་ཀྱིས་གསོ་བར་བྱེད་ཅིང་མཐར་གསོད་ཅིང་ཟ་བར་བྱེད། ཉ་བས་ཉ་མོ་གསོ་བར་བྱེད་ཅིང་མཐར་གསོད་ཅིང་ཟ་བར་བྱེད་པ་དང་མཚུངས། ལོ་ཁྲིའི་སྔོན་གྱི་མིས་བཟོས་མཁར་རྫོང་དང་། རྡོ་ཆས་ལྕགས་རིགས་ཀྱི་མཚོན་ཆ་དང་ཐོན་སྐྱེད་ལག་ཆས་དེ་དུས་ཀྱི་མཆོག་དང་ཕལ་བའི་མིའི་རིགས་ཀྱི་ཆབ་དཔལ་རིག་གསུམ་གྱི་ལག་རྗེས་སོགས་བྱུང་ནས་ཡལ་བའི་འདས་པའི་ཕྱགས་དར་གྱི་ཕུང་པོར་སྤུངས་པ་ཡང་དུས་ཞེས་བྱ་བ་དེས་བཟས་པ་རེད།
རླུང་སྣ་ཚོགས་རྩུབ་བརྡར་ལས་སྤྲིན་གྱི་རོལ་བ་བྱུང་ཞིང་། སྤྲིན་ལས་ཆུ་ཡི་སྙིང་པོ་ཆགས་པའི་ཆུའི་ཕུང་པོ་རིལ་མོར་ས་གཞི་བཀོད་པའི་ཆགས་རིམ་དུས་ཀྱིས་བྱས་ཤིང་། རླུང་རིགས་ལྔའི་འཕྲོ་གཞི་ལས་སེམས་ཅན་གྱི་སྲོག་བྱུང་བ་ནས་མི་ལ་སོགས་པའི་སྲོག་ལྡན་ཐམས་ཅད་མཐར་རེ་རེ་བཞིན་མེད་པར་བཏང་བ་པོ་ཡང་འཇིགས་བྱེད་དུས་འདི་ཡིན། ལོ་ངོ་དུང་ཕྱུར་མང་པོར་སྡོད་པའི་རང་རེའི་རྟེན་གཞི་ས་ལྒང་རྒན་པོ་འདི་ཡང་སྐད་ཅིག་རེ་རེ་བཞིན་འགྱུར་ནས་མཐར་མེ་ཆུ་རླུང་གསུམ་འཁྲུགས་པའི་ཆོ་འཕྲུལ་གྱིས་ཁྱུར་མིད་དུ་བཏང་མཁན་འདི་ཡང་དུས་ཡིན་ཏེ། དུས་ཀྱིས་དངོས་པོ་ཀུན་ལ་དབང་བྱེད་པ་དང་ཀུན་ལ་ཁྱབ་ཅིང་འཇུག་མོད། ཁོ་རང་ཟང་ཐལ་བས་ང་ཚོས་ཕར་ལ་ཁོ་འཚིར་གནོན་དབང་སྒྱུར་བྱ་བ་དང་ཁོ་ལ་ཡ་ལན་སློག་པའི་ནུས་པ་ཡོད་མཁན་ཆེར་མ་བྱུང་། རྒྱལ་ཕམ་འཐབ་འཛིང་གི་བྱ་རིམ་ནང་རང་ཉིད་གཡུལ་ལས་རྒྱལ་བའི་ཐབས་ལམ་ཉག་གཅིག་ཕ་རོལ་པོའི་གནས་ཚུལ་ཞིབ་རྟོགས་དགོས་པ་དེ་ཡིན་པས། དང་ཐོག་ང་ཚོས་དུས་ཀྱི་རིག་པས་འཇིགས་བྱེད་ཟ་རྔམ་ཅན་གྱི་དུས་དེ་ལ་ཞིབ་འཇུག་ཅིག་བྱ་འོས།
རང་རེས་དུས་དེའི་ལུས་ཚད་གཞལ་སྐབས་སྐྱེས་བུ་དར་མ་ལུས་ཁམས་སྙོམ་པ་ཞིག་གི་ཉིན་ཞག་ཕྲུག་གཅིག་ལ་དབུགས་འབྱིན་རྔུབ་ཐེངས་ཉི་ཁྲི་ཆིག་སྟོང་རྒྱུ་བ་དེས་ཚད་གཞི་བྱས་ཏེ་ཉིན་ཞག་དང་ཚེས་ཞག་ཁྱིམ་ཞག་ལ་སོགས་པ་གཏན་ལ་འབེབ་ཅིང་། ཉི་ཟླ་སྐར་མའི་འགྲོས་དང་ས་གཞིའི་འཁོར་ཕྱོགས་བཅས་ཀྱིས་རགས་པ་དུས་བཞི། ཕྲ་བ་ཆུ་ཚོད་དང་སྐར་ཆ་ལ་སོགས་པའི་ཁོས་ཡན་ལག་དང་ཉིང་ལག་གི་འཕོ་འགྱུར་བརྩི་བ་རེད། དེ་ལྟ་བུའི་ས་ཁམས་རིག་པ་དང་གནམ་རིག་གིས་དུས་ཀྱི་འགྲོས་ལ་བལྟ་ཚུལ་དང་མཐོང་འབྲས་རང་རེ་སའི་གོ་ལ་འདིར་ཆགས་པའི་མིའི་མཐུན་སྣང་དུ་གཅིག་ཀྱང་དུས་མཉམ་གྱི་གོ་ལ་དང་འཁོར་སྐར་གཞན་གྱི་སྲོག་ཆགས་ཀྱི་མཐོང་སྣང་དེ་ལྟར་ཡིན་པའི་ངེས་པ་མེད། གང་ལགས་ཤེ་ན། རང་རེའི་དབང་པོ་ཐ་ཤལ་བ་འདིའི་སྣང་ཡུལ་དང་། འདི་ལས་ལྷག་པའི་དབང་པོ་ཅན་གྱི་སྤྱོད་ཡུལ་དུ་གྱུར་པ་གཅིག་མཚུངས་མིན་པས་རེད། ངས་རྩོམ་ཡིག་ཅིག་གི་ནང་དུ་བྲིས་མྱོང་བ་ལྟར་མིག་གཉིས་ཅན་གྱི་མཐོང་སྣང་འདི་མིག་གསུམ་ལྡན་པས་གཞན་དུ་མཐོང་སྲིད། རང་ཉིད་མགོ་བོ་ཐུར་དུ་བསྟན་ནས་བལྟས་ན་གཞན་དག་མགོ་བོ་ཐུར་དུ་བལྟས་པ་མཐོང་བ་བཞིན་ཏེ། དྷ་དྷུ་ར་ཟོས་པའི་མིག་གི་མཐོང་ཚུལ་དེ་མ་ཟོས་པ་དང་མི་གཅིག མི་གཅིག་གིས་དྷ་དྷུ་ར་ཟོས་པའི་མཐོང་བ་འཁྲུལ་བར་བརྩི་ཡང་། ཐམས་ཅད་ཀྱིས་དེ་བཟས་ཏེ་མ་ཟོས་པ་གཅིག་བྱུང་ན་གཅིག་པུ་དེའི་སྣང་བ་འཁྲུལ་བར་བརྩི་སྲིད། དེར་བརྟེན་རང་རེའི་མ་འཁྲུལ་བའི་སྣང་བ་འདི་ཡང་རང་རེ་ལས་ལྷག་པའི་དབང་པོ་ཅན་ཞིག་གིས་བལྟས་ན་དེ་ཡང་འཁྲུལ་བར་མཐོང་སྲིད་པ་ལྟར། དུས་ལ་བལྟ་ལུགས་དང་མཐོང་ཚུལ་ཡང་མཐའ་གཅིག་ཏུ་ཚད་ངེས་པ་ཅན་བཟུང་དཀའ།
གནའ་སྔོན་མ་ཞིག་ལ་སྒྱུ་མའི་རིག་སྔགས་ལ་མཁས་པའི་མི་ཞིག་དང་ཁོའི་གྲོགས་པོ་བན་དེ་ཞིག་གཉིས་ཤིན་ཏུ་འདྲིས་པོ་ཡོད། ཉིན་ཞིག་ལ་ཁོང་གཉིས་དུས་རྒྱུན་ལྟར་མཉམ་དུ་འཛོམས་ནས་སྒྱུ་མ་མཁན་དེས་གྲོགས་པོ་མཆོག་ལ་གསོལ་ཇ་དྲངས་ཏེ་གཉིས་ཀ་མཉམ་དུ་ཁ་བརྡ་གང་འཚམ་བྱས། གློ་བུར་དུ་བན་དེ་དེས་ཅི་ཞིག་དྲན་པ་ནང་ལྟར་སྒྱུ་མ་མཁན་དེ་ལ་ཕྱོགས་ཏེ་ངས་ཁྱོད་ཀྱི་སྒྱུ་མའི་མིག་འཁྲུལ་གྱི་ལྟད་མོ་ལ་བལྟ་འདོད་ཡོད་པས་ཁྱོད་ཀྱིས་སྒྱུ་མའི་མིག་འཁྲུལ་གྱི་ལྟད་མོ་ཞིག་ཅིས་ཀྱང་ང་ལ་སྟོན་ཞེས་ལབ་པས་སྒྱུ་མ་མཁན་དེ་དགོད་ཙམ་བྱས། དེ་ནས་ཅང་མ་འགོར་བར་སྒྱུ་མ་མཁན་དེས་སྒོ་བལྟས་ཤིག་བྱས་ཏེ་ཁྱེད་འདིར་ཕེབས་དང་ཟེར་བ་ལྟར་བན་དེ་དེར་ཕྱིན་པས། སྒོ་འགྲམ་དེར་རྟ་མཆོག་སྔོ་ནག་ཐིག་ལེས་བརྒྱན་པ། མགོ་འཕང་མཐོ་ཞིང་གཟུགས་དབྱིབས་མཛེས་པ། རི་མོ་མཁན་མཁས་པས་བྲིས་པའི་རྟ་མཆོག་ལས་ཀྱང་ལྷག་པ་ཞིག་བཏགས་འདུག་པ་སྒྱུ་མ་མཁན་དེས་འདི་ཁྱོད་ཀྱིས་ཉོ་འམ་ཉོས་ན་བཙོང་ཆོག་ཟེར། བན་དྷེ་གཞོན་ནུ་དེས་འདི་འདྲའི་རྟ་མཆོག་ཁྱད་འཕགས་ཤིག་ཁྱོད་ཀྱིས་གང་ནས་རྙེད། ཉོས་ན་རིན་གོང་ཇི་ཙམ་དགོས་ཞེས་དྲིས་པར། དེས་རྟའི་རིན་ཐང་འགྲོས་གོམ་གྱིས་འབྱེད། དང་པོར་ཞོན་ནས་རྟའི་བཟང་ཞན་གཟིགས་དང་། དེ་ནས་རྟའི་རིན་གོང་ཐད་ང་རང་གྲོགས་པོ་གཉིས་ཀྱི་བར་ཤོད་བདེ་ཞེས་ཟེར་བ་དང་། བན་དྷེ་ཅི་བསམ་དང་འདི་དྲན་མེད་པར་རྟ་གོང་ལ་བུད་པ་དང་སྒྱུ་མ་མཁན་དེས་སྲབ་མདའ་ལག་ལ་བཞག་སྟེ་རྟའི་གྲུག་ཐོག་ཏུ་ལྕག་ཚན་ཚ་ཐག་ཆོད་པ་ཞིག་ཞུས་པས། རྟ་མཆོག་མཆོང་རྩལ་དང་བཅས་ཏེ་མདའ་ཉག་ཕྲན་གཞུ་རྒྱུད་ལས་ཐོན་པ་ལྟར་མཐོ་རི་བོའི་རྩེ། དམའ་ལུང་ཆེན་གྱི་གཞུང་། ཐང་ཆེན་གྱི་དཀྱིལ། གཙང་ཆེན་གྱི་འགྲམ་སོགས་བརྒྱུད་དེ་དུས་ཡུན་ཉིན་ཞག་ཁ་ཤས་རིང་ལ་འགྲོས་མགྱོགས་དལ་དང་དབུགས་འཐེན་ལྷོད་ཙམ་ཡང་མི་བྱེད་པར་ལ་ཁྲི་ཆུ་སྟོང་བརྒལ་ནས་རྒྱུས་མེད་ཀྱི་ས་ཆ། མི་མེད་ཀྱི་ལུང་སྟོང་ཞིག་ཏུ་འཕངས་ཏེ་རྟ་དེ་གར་སོང་གི་རྗེས་འགོ་ཙམ་ཡང་མ་མཐོང་བར་ལུས། བན་དྷེ་ཆ་མེད་ཀྱི་གཞན་ཡུལ་རྒྱུས་མེད་ཀྱི་ལུང་སྟོང་དེ་ནས་རྒྱུ་མས་སྐེད་རག། མཆི་མས་སྐོམ་རྩི་བྱས་ཏེ་ལ་ལུང་མང་པོ་བརྒལ་ནས་སོང་སོང་བའི་དུས་མཐའ་ཞིག་ལ་འབྲོག་ཁྱིམ་མི་ཚང་ཐར་ཐོར་རེ་ཡོད་ས། རྟ་ནོར་ལུག་གི་འཚོ་རྟེན་ལ་འཚོ་སྐྱོང་བྱེད་པའི་ས་ཆ་ཞིག་ཏུ་སླེབ། དེར་བན་དྷེ་ལྟོ་ཧྲུལ་གོས་སྐྱ་འཁྱག་ལྟོག་གིས་མནར་བ་དེས་འབྲོག་ཁྱིམ་དེ་ཚོར་སློང་མོ་བྱས་པས། སློང་ཟས་ངན་ངོན་རེས་ཞག་འགའ་འཚོ་ཙམ་བྱུང་། དེ་མུས་འབྲོག་སྡེ་དེར་ཁྱི་འཁྱམས་ལྟར་ཉུལ་བཞིན་ལྟོ་ཕྱིད་ཙམ་བྱུང་བའི་རྗེས་ཞིག་ལ་ཡུལ་དེའི་ཁ་སྐད་ཀྱང་འདྲིས་ནས་སྐད་བརྡ་ཅུང་ཟད་འཕྲོད་པས། ས་ཆ་དེ་ཡང་ནང་ཆོས་ལ་དད་པ་བྱེད་སའི་ས་ཆ་ཞིག་ཏུ་ཁེལ་སྟབས་འབྲོག་མི་འགས་ཁྱེད་རང་གིས་ཆོས་འདྲ་ཀློག་འདོན་ཤེས་སམ་ཟེར་བར། ཀློག་འདོན་བྱང་ཆུབ་པ་ཡོད་བྱས་པས་དེ་དག་གིས་ཨ་མཆོད་དུ་བཀུར་ནས་ཡུན་རིང་ཀློག་འདོན་གྱི་ཡོན་གནས་སུ་གྱུར་ཏེ་དེའི་ཡོན་གྱིས་དུས་རིང་འཚོ་ཐབས་བྱས། དེ་ལྟར་དགེ་བའི་གཤེས་གཉེན་དང་བྲལ་ནས་ལོ་མང་སོང་མཐར་གྲོགས་ངན་གྱི་དབང་ལས་བན་ཧྲུལ་བསླབ་པར་བརྩིས་མེད་དུ་གཏོང་མཁན་ཞིག་ཏུ་གྱུར་ཏེ། ཡུལ་དེའི་བུད་མེད་ཅིག་དང་འགབ་མཐུན་བྱུང་ནས་ཁྱིམ་སར་བབས། རྟ་ནོར་ལུག་གསུམ་གྱི་འཚོ་སྐྱོང་བྱས། སྡུག་སྡིག་པ་གཉིས་དང་འབགས་ནས་གཞིས་འཁོར་བ་བཟུང་སྟེ་ཡུན་རིང་སོང་མཐར་བུ་དང་བུ་མོ་ཁ་ཤས་བྱུང་། དེ་དག་རེ་རེ་བཞིན་གཉོར་སྐྱོང་བྱེད་པའི་ཚེ་བྱིས་པ་དེ་དག་ན་ཡིས་དོགས། འཆི་ཡིས་དོགས། གྲང་གིས་དོགས། ལྟོགས་ཀྱིས་དོགས། བུ་ན་བ་ལས་ཀྱང་རང་ཉིད་འཆི་བ་འདམ་པའི་སེམས་ཁུར་གྱིས་གཅེས་སྐྱོང་བྱས། ཅུང་ཟད་ནར་སོན་པའི་ཚེ་ཕ་མའི་ཁར་མི་ཉན། བྱིས་པ་དང་བྱིས་པའི་བར་འཛིང་རྩོད་འཐབ་མོ་བྱེད་ཅིང་། ནོར་དུ་རུང་བའི་ཅ་དངོས་བཅག་དཀྲུག་བྱེད། མཐོང་ས་ནས་སློང་། མི་མཐོང་ས་ནས་བརྐུ། དེ་འདྲའི་སྡུག་སྔལ་སྣ་ཚོགས་ཀྱིས་ཉེན་པ་དང་ཆབས་ཅིག བཟའ་མི་ནང་འཐབ་ནུབ་འཐབ། བྱེ་རྒྱུ་མེད་པའི་བཟའ་ངན་ལ་བརྗེད་རྒྱུ་མེད་པའི་ཚིག་ངན་རྒྱུན་མི་ཆད་པ་ནས། ཐ་ན་བཟའ་མི་གཉིས་བར་བརྡུང་རེས་མ་ཤི་ཙམ་པ་ཐེངས་འགའ་ཡང་བྱ་དགོས་བྱུང་། དེ་ལྟ་བུའི་བཟའ་མི་ཡི་དྭགས་འདྲ་བ་མང་པོས་མཐའ་བསྐོར་ཏེ། ཟས་ངན་ངོན་དང་། གོས་འབེས་ཧྲུལ་ཙམ་གྱིས་མུ་གེ་དང་འཁྱག་གྲིར་མ་ཤི་ཙམ་གྱི་འཚོ་བས་ནམ་ཟླ་སྡུག་གིས་བསྐྱལ། བྱིས་པ་དེ་དག་ཅུང་ཟད་ཉྭ་ཆོག་ནས་ཡུན་རིང་ཙམ་སོང་བས་དགའ་དགའ་ལྟར་བྱེད་ཀྱང་། ཕ་མ་གཉིས་ན་ཚོད་ཡོལ་ཏེ་སྔར་དང་པོ་ཕ་མའི་གཅེས་ཕྲུག དེ་རྗེས་བན་ཆུང་བཙུན་པ། བར་དུ་ཁྱིམ་བདག་ཕོ་གཞོན། ད་ལྟ་རྒན་འཁོག་བྱ་ཆད་ཐང་ལ་ལྷུང་འདྲ། གཅིག་ཏུ་ལོ་ན་མཐོ་བ། གཉིས་སུ་བཟའ་གཡོག་སྡུག་ཁུར་ཁ་མི་སོས་ནམ་མི་ལང་བའི་སྟེང་། གསུམ་ནས་བཟའ་འཛིང་བར་མ་ཆད་པ་སོགས་སྡུག་བསྔལ་འཕར་མ་མང་པོས་མནར་བས། ནང་གཅོང་གཅོང་ནད་དང་ན་ཚས་མནར། ཕྱི་གཅོང་གཅོང་རླུང་དང་ལྷགས་པས་མནར་ཏེ་ཉམ་ཐག་པ་ཡི་དྭགས་དངོས་མཐོང་ལྟ་བུ་ཀུན་གྱིས་མཐོང་མི་འདོད་པའི་ཡུལ་དུ་གྱུར། འོན་ཀྱང་བཟའ་མི་མང་ཞིང་འཚོ་རྟེན་ཉུང་བའི་སྟབས་ཀྱིས་ལས་མཐའ་ལོག་ནས་རི་ལ་རི་དྭགས་རྔོན་དུ་ཉིན་རེ་བཞིན་འགྲོ་ནས། རྫ་ཁྲ་ཡག་དཀྱིལ་གྱི་རྣ་བ་དང་། སྤང་སེར་ཡུའི་ཟུར་གྱི་རྒོ་བ། ནགས་མ་རི་ཡི་ཤྭ་བ། སྤང་ཐང་ཆེན་དཀྱིལ་གྱི་རྐྱང་ཁྱུ་བཅས་ལ་གསོད་སེམས་འཆང་སྟེ། མེ་མདའ་ཁྲ་རིང་ལག་ཏུ་བཟུང་། རྫས་མདེལ་མེ་ཕྲེང་སྐེད་ལ་བཏགས་ནས་སྔ་དྲོ་རྫ་སྒང་འགྲིམ། འབྲོང་མོའི་རྫ་ལམ་གཅོད། དགོང་མོ་རི་ཟུར་ཤེར། ཤྭ་ཕོའི་བསིལ་རྩྭ་ཟ་བ་བསྒུག ཝ་མོ་ཆུ་འཐུང་། གྲུམ་པ་ཚང་འཚོལ། ཕྱི་བ་རྩྭ་ཟན། ཐ་ན་རི་བོང་བྱ་ཀླག་ཚུན་མིག་གིས་མཐོང་ཚད་ཀྱི་སྲོག་ལ་རྔམ། སོད་ཚད་ཀྱི་ཤ་ཁྲག་ཟས་སུ་བྱས་ཏེ་མི་ཚེ་ཕྱེད་ཀ་བསྐྱལ་བས་ལོ་གཞོན་པའི་སྐབས་སུ་རྫས་མེ་མདེལ་གྱི་དུད་པ་སྦྲེལ་ནས། རྫ་ཁྲ་ཡག་ཤ་ཡི་བང་མཛོད་དུ་སྒྱུར་ནུས་ཀྱང་། ད་ལྟ་ལུས་ལྷུ་དྲུག་གི་ཚིགས་དང་རུས་པ་ན། མཁལ་སྐེད་རྒྱུས་པ་ནད་ཀྱིས་བཟུང་། ཁྲ་ཆུང་མིག་གིས་རྒྱང་མིག་མི་མཐོང་། བསྡད་ན་ལང་མི་ཐུབ། ལང་ན་སྡོད་མི་ཐུབ་པའི་གནས་སུ་གྱར་ཏེ། ས་དོ་ཆད་པའི་སྡོད་ལུགས་དང་། བྱ་ལ་འཇབ་པའི་འགྲོ་ལུགས་སོགས་ཀྱི་ཁྱད་ཆོས་ཚང་ནས་རྒ་བའི་རྒུད་པས་མནར་ཆེས་པས། མིག་ཡ་ཐེར་གྱིས་མ་ཐེར་བཀབ། ཁ་སོ་མེད་ཀྱི་རྐྱལ་སྟོང་བརྡབས་ནས་བལྟས་ན་ཐག་རིང་གི་གཟུགས་མི་མཐོང་། བོས་ན་རོགས་པའི་གཏམ་མི་ཐོས། གཏམ་བཤད་འདོད་ཁ་ལྕེས་མི་བཟློ་བའི་ཚད་ལ་སླེབ་སྟེ། རི་ལ་རི་དྭགས་གསོད་དུ་འགྲོ་ཁུལ་བྱས་ཀྱང་ལག་སྟོང་དུ་ལོག་པ་ཇེ་མང་དུ་གྱུར། འོན་ཀྱང་ད་དུང་སྡུག་རུས་ཀྱིས་ནང་བ་མོས་ལྷམ་བྱས། ནུབ་སྐར་མས་ཞྭ་བྱས་ཏེ་ཉིན་རེ་བཞིན་རྔོན་བྱེད་ཏུ་འགྲོ། དེ་ལྟར་མི་ཚེ་སྐྱེལ་བའི་ཚེ་སྨད་ཀྱི་ཉིན་ཞིག་ལ། ཡང་སྔོན་བཞིན་བཟའ་མ་སྨད། པང་བུ་ཕྲུག་ཁ་གསོ་བའི་ཆེད་དུ་རྩྭ་རྩི་ཤིང་གཉིས་དང་མཉམ་འགྲོག རླུང་བསེར་མ་གཉིས་དང་མཉམ་རྒྱུག་གིས་སོང་སོང་ནས། མཐར་རི་ཁུག་གད་ནག་ཅིག་གི་འཁྲིས་ནས་དགོ་ཡུ་མ་ཕྲུ་གུ་བཙས་མ་ཐག་པ་ལུས་ཟུངས་ཟད་པ་ཞིག་ལ་རྩིབ་མདའ་སྤྲད་ནས་གསོད་རྒྱུ་རྙེད་དེ། དགོང་མོ་དགོ་རོ་དེ་ཕྲག་ལ་ཁུར། མེ་མདས་ལག་རྟེན་བྱས་ཏེ་གྱོལ་མ་མཐེང་གིས་ཁྱིམ་དུ་འོང་བའི་ཁྱིམ་དང་ཐག་ཉེའི་ཆུ་ཕ་རིར་སླེབ་སྐབས། བྱིས་པ་གསུམ་གྱི་ཆུང་བ་དེས་ཨ་ཕ་སླེབ་བྱུང་ཟེར་ནས་དགའ་བའི་སྐད་འབོད་དང་བཅས་ཕ་འོངས་བའི་ཕྱོགས་ལ་རྒྱུག་ཤར་གློད་པས་ཟམ་སྟེང་ནས་ལྷུང་སྟེ་ཆུས་ཁྱེར། དེ་མཐོང་བ་དང་བྱིས་པ་གཞན་མིང་སྲིང་གཉིས་གཅིག་འཕྲོར་གཅིག་ཆུ་ནང་ལ་མཆོང་ཙ་ན། ཨ་མ་རྒན་མོ་དེས་ངུ་འབོད་ཆེན་པོ་གཅིག་བྱས་ཏེ་ཚམ་ཚོམ་མེད་པར་རྒྱུག་ཐེངས་གཅིག་གིས་བྱིས་པ་གསུམ་གྱི་རྗེས་སུ་ཆུ་ནང་ལ་མཆོངས་ནས་བཟའ་མི་ཐམས་ཅད་དུས་གཅིག་ལ་ཤི་བ་མཐོང་བས་རྒད་པོ་སྡུག་བསྔལ་གྱི་ཡུས་ཀྱིས་བརྒྱལ་ནས་འགྱེལ། གང་འཚམས་ཤིག་ལ་དྲན་པ་སོས་ཏེ་མེ་མདའ་གོག་པོ་དེ་ལ་ལག་རྟེན་བྱས་ཏེ་ཡར་ལང་བ་དང་མར་འགྱེལ་ནས་ནག་ཐུམ་མེར་སོང་བའི་བར་ཞིག་ནས། ནམ་ལང་བ་ལྟར་སད་པའི་སྣང་བ་ལྟ་བུ་ཤར་ནས་རང་གིས་རང་ལ་བལྟས་ཚེ་གྲོགས་པོའི་ཁྱིམ་ནས་དབྱུག་དུམ་ཞིག་ལ་ལག་རྟེན་གྱིས་གོག་བགྲོད་བྱ་བཞིན་འདུག་པ། གྲོགས་པོ་སྒྱུ་མ་མཁན་དེས་ད་ཡར་ལོང་ལ་ཇ་གསོལ་ཟེར་བ་དང་ཡར་ལངས་ནས་ཞིབ་ཏུ་བལྟས་ཚེ། སྔར་གྱི་ཇ་ཕོར་བ་གང་པོ་ད་དུང་དྲོད་ཡལ་མི་འདུག དེ་ལྟར་དུས་མ་འགྱུར་བར་སྣང་བ་འགྱུར་བས་བན་ཆུང་ཧང་སང་སྟེ་ཡུད་ཙམ་ཞིག་ལ་རང་གིས་རང་ལ་ཡིད་མི་ཆེས་པའི་འདང་རྒྱག་གི་ནང་དུ་ལྷུང་། དེ་འདྲའི་འཁྲུལ་སྣང་གིས་མནར་བ་ཡང་ཡང་སེམས་ལ་འཁོར་ཚེ་སྙིང་མེད་འཁོར་བའི་ཆོས་ལ་སྙིང་པོ་ཡེ་ནས་མེད་པའི་བཅོས་མ་མ་ཡིན་པའི་ངེས་འབྱུང་ཤུགས་དྲག་པོ་རྒྱུད་ལ་སྐྱེས་ནས་རི་ལ་སྒོམ་པས་མཐར་རང་གཞན་གཉིས་དོན་འགྲུབ་པའི་གྲུབ་ཆེན་ཞིག་ཏུ་གྱུར་ནས་ནམ་མཁའ་ཇི་སྲིད་འཁོར་བ་མ་སྟོངས་ཀྱི་བར་དུ་སྤྲུལ་བས་གཞན་དོན་མཛད་ནུས་པ་ཞིག་ཏུ་གྱུར་པར་གྲགས་སོ།
དེ་ལྟར་ན་མི་གཅིག་གི་ཇ་ཡུན་ཐུང་ངུ་ཞིག་རིང་གཅིག་ཤོས་ཀྱི་འཁྲུལ་སྣང་དུ་མི་ཚེ་རིང་པོ་ཞིག་གི་དུས་ཚོད་ལ་སྡུག་བསྔལ་མྱོང་ལོང་གཏད་པ་འདི་གཉིས་གཅིག་བདེན་གཅིག་རྫུན་གྱི་མཐོང་གཅོད་དཀའ་སྟེ། དཔེ་གཞན་ཞིག་གི་ཐོག་ནས་བཤད་ན། ཁང་པ་ཞིག་གི་ནང་དུ་མངོན་ཤེས་ཡོད་པ་ཞིག་དང་མེད་པ་ཞིག་སྟེ་མི་གཉིས་བསྡད་པའི་གཅིག་ཤོས་གཉིད་ནས་རྨི་ལམ་གྱི་འཁྲུལ་སྣང་ཤར་བཞིན་པའི་སྐབས་ན། མངོན་ཤེས་ཅན་སད་པའི་སྣང་བ་ཡིན་པས་གཅིག་ཤོས་ཀྱིས་རྨི་ལམ་འཁྲུལ་སྣང་གི་དགའ་སྡུག་བདེན་དུ་བཟུང་བར་གད་མོ་འཆོར་ངེས་རེད། དེ་བཞིན་དུ་རང་རེའི་ད་ལྟའི་བདེ་སྡུག་བར་མའི་སྣང་བ་འདི་རང་རེ་ལས་ལྷག་པའི་དབང་པོ་དང་ལྡན་པ་ཞིག་གིས་བལྟས་ན། དེ་བཞིན་གད་མོ་འཆོར་ཡུལ་ཞིག་ཡིན་པ་སྔར་གྱི་སྒྱུ་མའི་འཁྲུལ་སྣང་བཞིན་ཡིན་ངེས་རེད། དེས་ན་དུས་ཟེར་བ་ཐམས་ཅད་ཟས་སུ་ཟ་མཁན་གྱི་འཇིགས་སུ་རུང་བ་དེ་ཡང་མཐོང་སྣང་སྣ་ཚོགས་ཀྱི་ངོས་ནས་འགྱུར་བ་ཅན་ཞིག་ཡིན་སྟབས། འདི་ཉིད་ཀྱི་སྲོག་ངོ་མ་རྒྱུས་ལོན་པར་བྱས་ན་ང་ཚོས་ཁོ་ལ་ཡ་ལན་སྤྲོད་ཐུབ་པ་དང་། དུས་དེ་ལ་ཕར་དབང་སྒྱུར་བྱས་ཏེ་འདུལ་ཐུབ་པ་ཞིག་བྱུང་ནས། སྲོག་ལྡན་ཐམས་ཅད་དུས་ཀྱི་ཉེན་ཁ་ལས་གྲོལ་བ་ཞིག་བྱུང་ན་མིའི་རིགས་ནས་ང་ཚོ་དང་མཉམ་དུ་ས་ལྒང་རིལ་མོའི་ཁྱིམ་གཅིག་ལ་མཉམ་དུ་འཚོ་བའི་སྲོག་ལྡན་ཐམས་ཅད་ལ་ཕན་ཡོད་ཀྱི་ལག་རྗེས་གསར་པ་ཆེས་རིན་ཐང་དང་ལྡན་པ་ཞིག་ཞོག་པ་རེད་ཨང་། ང་ཚོ་ཉིན་རེ་བཞིན་མལ་ནས་ལྡང་། ཟས་ཟ། ལས་ཀར་ཕྱིན། དགུང་མོ་ཉལ། ཡང་ལང་ཡང་ཉལ་དེ་འདྲ་ཐེངས་མ་ཁ་ཤས་ཀྱི་མཚམས་དུས་ཟེར་བ་ཁོས་ཟ་རྒྱུ་ཉག་གཅིག་ཡིན་པ་མ་ཟད། ད་དུང་ནམ་ཟ་འདིར་ཟའི་ངེས་པ་མེད། ཁོས་ཕྲ་བའི་ཆ་ནས་སྐད་ཅིག་རེ་རེ་བཞིན་རྨུག་ཟ་བྱ་བཞིན་ཡོད་ཀྱང་། རགས་པའི་ཆ་ནས་མཐར་ཁྱུར་མིད་དུ་བཏང་བའི་དུས་ཚོད་དེ་ནམ་ཡིན་ཙམ་ཞིག་ཉམ་ཆུང་བ་རང་རེས་མི་ཤེས། ཤིང་སྤྲེལ་ལོ་འདིར་རྒྱ་གར་རྒྱ་མཚོ་གཡོ་ཐེངས་གཅིག་གིས་མི་འབུམ་ཕྲག་ཁ་ཤས་ནས་སྲོག་ཆགས་ཕྲ་མོ་དེ་ལས་མང་བ་ཞིག་སྲོག་དུས་གཅིག་ཏུ་བཅད་པ་ལྟ་བུ་ཚར་གཅོད་དྲག་པོ་མཚམས་རེར་འབྱུང་བ་དང་། དུས་རྒྱུན་དུ་མི་གྲངས་མང་བའི་གྲོང་ཁྱེར་རེའི་སྐར་ཆ་རེ་ལའང་མི་མང་པོ་ཤི་བ་རྒྱུན་མི་ཆད་པ་ལྟ་བུའི་རྒྱུན་ལྡན་གྱི་འཇམ་པོས་ཟ་བ་བཅས་ཐམས་ཅད་སྲིད་གསུམ་རྔམ་ཟས་ཀྱི་བདག་པོ་ཁོའི་ཆོ་འཕྲུལ་རེད།
ཡང་བསྐྱར་ང་ཚོས་རང་རེའི་ཕ་མྱེས་ཡང་མྱེས་ཡང་རབས་ཐུག་མེད་ཚུན་ཆད་ཟ་མཁན་གྱི་དུས་ཞེས་པའི་འཇིགས་རྔམ་ཅན་དེའི་གདོང་ལ་བཅར་ཏེ་ཁོའི་གནད་ལ་འཕིག་པའི་མཚང་འདོན་ཞིག་བྱས་ན། དུས་ཞེས་པ་དེ་འདས་དང་མ་འོངས་ད་ལྟ་གསུམ་གྱི་ཁོངས་སུ་མ་འདུས་པ་ཞིག་མེད། ཁྱོད་འདས་པ་བྱུང་ནས་ཡལ་བའི་དངོས་མེད་མེད་པ་དང་གཅིག་པ་རེད། མ་འོངས་པ་མ་བྱུང་པ་མོ་ཤམ་ཀྱི་བུ་དང་རི་བོང་གི་རྭ་ནམ་མཁའི་པདྨོ་བཅས་མེད་པའི་དཔེ་ལྟར་མེད་པ་ཞིག་རེད། མེད་པ་གཉིས་ཀྱི་བར་དུ་ད་ལྟ་ཞེས་པ་ཞིག་གང་ནས་འོངས། ཁྱོད་གལ་ཏེ་ཡོད་པའི་དབང་དུ་བཏང་ནས་ཡོད་པ་ཆ་ཡིས་གཞལ་ན་ཁྱོད་ཀྱི་ཆ་སྔོན་མ་འདས་པ་རེད། ཆ་རྗེས་མ་མ་འོངས་པ་རེད། དེ་མིན་པའི་ད་ལྟའི་ཆ་ཞིག་ཡོད་མི་ལོ་བ་གོང་བཞིན་རེད། དེ་ལྟར་ན་རགས་པ། ཕྲ་བ། ཕྲ་བ་ཆ་ཤས། ཆ་ཤས་ཆ་མེད། ཆ་མེད་ཡུལ་མེད་དུ་གཏན་ལ་ཕབས་ན་ཡུལ་མེད་སྟོང་པ་ལས་གཞན་ཅི་ཡང་མེད། འདྲེ་འབག་གྱོན་པའི་མི་ཞིག་གིས་སྐྲག་བསླངས་བས་ཐམས་ཅད་རྒྱང་སྐྲག་ཁུར་དུས། བློ་ཁོག་ཆེ་བའི་མི་ཞིག་ཡང་ཅིག་འགྲམ་དུ་བཅར་ནས་གདོང་འབག་བཤུས་ན་རང་མཚང་ལྷང་ལ་བུད་པ་དང་གཅིག་མཚུངས་རེད།
དུས་གསུམ་གྱི་དུས་ལས་འདས་པའི་བཞི་པའི་དུས་ཀྱི་ཆ། དུས་གསུམ་དུས་མེད་ཀ་དག་སྟོང་པ་ཆེན་པོའི་དུས་ཞེས་བྱ་བ་འཕོ་འགྱུར་དང་བྲི་གང་གཏན་ནས་མེད་པ། སྐྱེ་འཆི་བགྲེས་རྒུད་དང་བྲལ་བ། ཀུན་ལ་ཁྱབ་པ་རྟག་བརྟན་གཞོམ་གཞིག་དང་བྲལ་བ། མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཞེས་ཀྱང་ཟེར་བ་དེ་ཉིད་ནི། འཇིགས་པར་བྱེད་པ་སྲིད་གསུམ་རྔམ་ཟས་སུ་ཟ་མཁན་གྱི་དུས་ཀྱང་ཟ་བ་པོ་ཡིན་པས་ན། རང་རེ་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་བའི་སེམས་ཀྱི་ཡིད་བཞིན་རིན་པོ་ཆེའི་གཏེར་དེ་ཉིད་ཀྱི་རང་ངོ་མཇལ་ན། དུས་ཀྱིས་ཉེན་ཏེ་འཆི་བའི་འཇིགས་སྐྲགས་ཐམས་ཅད་རང་སར་ཞི་ངེས་རེད། དེ་ནི་ཕྱིའི་དུས་གཟའ་སྐར་ཉི་ཟླའི་འཁོར་བགྲོད་ཀྱིས་བརྩིས་པའི་དུས་བཞིའི་འགྱུར་བའི་འཁོར་ཕྱོགས་དང་། ནང་གི་དུས་ཁམས་དྲུག་ལྡན་གྱི་མིའི་ལུས་ཀྱི་རྩ་རླུང་ཐིག་ལེའི་འཕོ་བ་ཆེ་ཆུང་ཕྲ་རགས་རླུང་གི་འབྱུང་འཇུག་གི་སྣང་ཚུལ། གཞན་གྱི་དུས་ལས་རླུང་དག་པའི་ཡེ་ཤེས་ཀྱི་རླུང་དབྱིངས་སུ་འཁྱིལ་བས་རྩ་ཁམས་དག་པའི་རང་མདངས། ཁྱད་དུ་འཕགས་པའི་ཡོན་ཏན་མང་པོ་ཞིག་འབྱུང་འདུས་ཤ་ཁྲག་རགས་པའི་ལུས་རྟེན་འདི་ལས་རྙེད་དེ། དྭངས་མ་འོད་དང་འབྲེལ་བའི་ལུས་སུ་གྱུར་ཚེ་གནམ་ས་ཁ་གདབ་ཀྱང་སྐྲག་འཇིགས་ཞེ་ལ་མེད་པའི་ཚད་ལ་སླེབ་པ་རེད། དེ་སྐབས་མེ་རྫས་དང་འཁྲུལ་འཁོར་སོགས་ཅ་ལག་ཐབས་རྡུགས་ལ་བརྟེན་མི་དགོས་པར་འཇིག་རྟེན་གཞན་དུ་འཕུར་བསྐྱོད་ཐུབ་པ་མ་ཟད་འཇིག་རྟེན་དེ་དག་གི་སེམས་དང་སྔོན་དང་ཕྱི་མའི་མཐའ་མཐོང་བའི་དབང་པོ་ཁྱད་པར་ཅན་བརྙེས་པ་ལས་གཞན། ད་ལྟ་རང་རེས་མྱོང་ཚོར་མ་མྱོང་བའི་བདེ་བ་ཁྱད་པར་ཅན་རྙེད་སྲིད་པ་རེད།
དེ་ལྟར་ན་དུས་ཞེས་པ་འདས་དང་མ་འོངས་ད་ལྟའི་ཆ་ཡིས་གཞལ་ཏེ་བཙལ་ནས་མ་རྙེད་པའི་སྟོང་པ་དེའི་སྟོང་ཚུལ་ལ་གཞལ་ན། ཡོད་ཀྱང་མ་རྙེད་པ་རྫི་བོའི་ཕྱུགས་བོར་བ་བཙལ་ནས་མ་རྙེད་པ་ལྟ་བུ་འཚོལ་སྟངས་སྡུག་ནས་མ་རྙེད་པ་དང་། མེད་ནས་མ་རྙེད་པ་ནམ་ཁའི་པདྨོ་མ་རྙེད་པ་ལྟ་བུ་རྙེད་རྒྱུ་མེད་ནས་མ་རྙེད་པ། ཡང་རྟ་ལ་བ་གླང་མེད་པ། བ་གླང་རྟ་མ་ཡིན་པའི་སྟོང་ཚུལ་སོགས་སྟོང་པའི་སྟོང་ལུགས་མང་ཡང་། སྟོང་བཞིན་དུ་སྣང་། སྣང་བཞིན་དུ་སྟོང་པ། སྣང་བས་མེད་མཐའ་སེལ་ཞིང་། སྟོང་པས་ཡོད་མཐའ་སེལ་བ། སྟོང་རྟེན་འབྱུང་དབྱེར་མེད་ཀྱི་ངེས་པ་བརྟན་པོ་ཞིག་མཐོང་ཐུབ་པ་འདི་ཉིད་བྱ་རིམ་འདིའི་ལམ་སྣེ་ཐོག་མར་རྙེད་པའི་སྒོ་དམ་པ་ཞིག་རེད། སྒོ་འདི་མཐོང་བ་ཙམ་གྱིས་ཕན་ཐོག་མེད་དེ་མ་མཐོང་རྒྱང་གི་གཏམ་རྒྱུད་སྙན་པོ་ཉན་པ་བཞིན་ལས་དེའི་ཚོར་སྣང་ངོ་མ་ཉམས་སུ་མྱོང་མི་ཐུབ། དེ་མ་ཐུབ་ན་ཡི་དྭགས་གཏེར་སྲུང་ནང་བཞིན་ཏེ། ནང་ཆོས་ཀྱི་རིག་གཞུང་ནང་དུ་འཕེན་བྱེད་དགེ་བས་འཕང་རྫོགས་བྱེད་མི་དགེ་བས་རྫོགས་པའི་ལས་བསགས་པ་ཡི་དྭགས་སུ་སྐྱེ་བའི་རིགས་འགའ་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པའི་བདག་པོར་སྐྱེ་བ་བླངས་ཀྱང་། དེ་དག་ལ་སྤྱོད་ཚེ་སྡུག་བསྔལ་གྱི་ཚོར་བ་འབྱུང་བས་སྤྱོད་དབང་མེད་པའི་རིགས་ཤིག་ཡོད་པར་བཤད་པ་དེ་དང་འདྲ་བས། ང་ཚོས་རིན་ཐང་ཅན་གྱི་ལྟ་བ་རྙེད་པ་དེ་ཉིད་སོ་སོའི་ལུས་སེམས་ཀྱི་ཐོག་ཏུ་བེད་སྤྱོད་བཏང་ནས་ལུས་སེམས་འདི་ཉིད་ད་ལྟའི་འདི་ལས་ཁྱད་པར་དུ་འཕགས་པ། རྒ་ན་འཆི་བའི་སྡུག་བསྔལ་སོགས་དུས་ཀྱིས་མནར་གཅོད་བཏང་བའི་སྡུག་བསྔལ་ལས་མངོན་སུམ་དུ་ཐར་ཐབས་བྱ་དགོས།
རང་རེས་ཡང་བསྐྱར་བསམ་བློ་ཞིག་བཏང་ན་དུས་ཞེས་ཐམས་ཅད་ཟ་བ་པོ་འཇིགས་སུ་རུང་བ་ཞིག་ཡོད་པར་བློས་བཏགས། དེ་ལ་ཞིབ་འཇུག་བྱས་ནས་ཁོ་ལ་འཇིགས་པའི་གནས་མེད་པར་ཡང་བློས་བཏགས་པ་ཡིན་པས། བྱད་བཞིན་མེ་ལོང་ལ་བལྟས་པ་དང་། མེ་ལོང་ངོར་བྱད་བཞིན་ཤར་བའི་དོན་འདི་ཞིབ་པར་བརྟགས་ན། བྱད་མེད་ན་མེ་ལོང་ངོར་ཤར་རྒྱུ་ཞིག་མི་ཡོང་བས། དེ་ལྟར་ན་རྩ་བ་ཕར་ཕྱོགས་དེ་ལ་ཐུག་མེད་པར། རྩ་བ་རང་ཁོངས་ལ་ཟུག་པ་ཧ་གོ་བའི་སྐབས་འདིར་རི་བོང་ཅལ་འདྲོག་མི་བྱེད་པར་གནད་ངོ་མ་ཡོད་སར་མེ་བཙའ་ཐེབས་པ་ཞིག་བྱ་དགོས། མཚོ་འགྲམ་ཞིག་ཏུ་ཤིང་སྡོང་ཆེན་པོ་ཞིག་ཡོད་པ་སྟོན་ཁའི་རླུང་གིས་བསྒུལ་ནས་ཤིང་ལོ་ཆེ་བ་ཞིག་མཚོ་ནང་དུ་ཅལ་ཞེས་པའི་སྒྲ་དང་བཅས་ལྷུང་བ། ཉེ་འཁོར་དུ་རྩྭ་ཟ་བཞིན་ཡོད་པའི་རི་བོང་ཞིག་གིས་ཐོས་ནས་བྲོས་ཕྱིན། རི་དྭགས་གཞན་གྱིས་ཁྱོད་དེ་ལྟར་བྲོས་པ་ཅིས་ཉེས་དྲིསཔས། རི་བོང་གིས་ཅལ་ཞེས་པའི་སྲོག་ཆགས་འཇིགས་སུ་རུང་བ་ཞིག་སླེབ་འདུག་མྱུར་མོར་བྲོས་བྱས་པས། རི་དྭགས་དང་གཅན་གཟན་མང་པོ་ཞིག་གཞན་ཟེར་རྗེས་རྒྱུག་གིས་མཉམ་དུ་འུར་གྱིས་བྲོས། དོན་དེ་སེངྒེས་ཐོས་ནས་ང་རང་གཅན་གཟན་ཡོངས་ཀྱི་རྒྱལ་པོ་སེངྒེ་ཡིན་པས་བྲོས་ན་ངོ་ཚ་སྙམ་སྟེ། ཅལ་ཞེས་པ་དེ་གང་ན་འདུག་ཁོ་བོས་ཚར་བཅད་པར་བྱའོ་ཞེས་སྨྲས་ཏེ། རི་བོང་གིས་གང་དུ་ཡོད་པའི་ལོ་རྒྱུས་ཞིབ་མོར་བསྙད་པས་སེངྒེས་སྣེ་ཁྲིད་དེ་ཅལ་གང་དུ་ཡོད་པའི་གནས་དེར་སླེབ་པ་དང་། སེངྒེ་ང་རྒྱལ་དང་བཅས་ཤིང་སྡོང་འཁྲིས་ཀྱི་བྲག་སྟེང་ནས་མཚོ་ནང་དུ་བལྟས་པ་ན་ཁོ་རང་དང་འདྲ་བའི་གཅན་གཟན་རལ་བ་ཅན་ཞིག་གིས་རྫིག་ཉམས་དང་བཅས་མཚོ་ནང་ནས་ཡར་བལྟས་པ་མཐོང་དུས། སེངྒེས་རང་ཉིད་ཀྱི་གཟུགས་བརྙན་ཡིན་པར་མ་ཤེས་ཏེ་ཁྲོས་ནས་ངར་སྐད་བསྒྲགས་པས། དེས་ཀྱང་དེ་བཞིན་བྱེད་པར་སེངྒེ་ཤིན་ཏུ་ཁྲོས་ཏེ་མཆོངས་ཐེངས་གཅིག་གིས་མཚོ་ནང་དུ་མཆོངས་ནས་མཚོ་ནང་དུ་ལྷུང་སྟེ་ཤི་བ་རེད།
རང་རེ་ཕྱོགས་གཅིག་ནས་བལྟས་ན་མི་ཞེས་པ་མཐོ་རིམ་གྱི་སྲོག་ཆགས་སྲོག་ཆགས་གཞན་ཐབས་ཀྱིས་དབང་དུ་བསྡུ་ཞིང་འདུལ་ཐུབ་མཁན་ཞིག་རེད། ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན་ཉམ་ཆུང་ཞིང་གཞན་དབང་དུ་གྱུར་པ་རྟག་ཏུ་འཇིགས་སྐྲགས་གིས་དུས་འདའ་དགོས་པ་འདི་ཤིན་ཏུ་འགྱོད། རང་རེ་ས་ཆུ་མེ་རླུང་འབྱུང་བ་བཞིའི་གནོད་འཚེ་ལ་སྐྲག་དགོས་ཤིང་རྐུན་ཇག་གཅན་གཟན་ཁྲིམས་ཀྱི་འཇིགས་པ་ལ་སྐྲག་དགོས། ཚ་གྲང་བཀྲེས་སྐོམ་གཉེན་བཤེས་གཏན་འབྲལ་ལ་སྐྲག་དགོས་པ་དང་། ཐོག་དང་གཡང་ས་རྦབ་དང་ནད་རིགས་ལ་སྐྲག་དགོས། སྐྲག་དགོས་པའི་གཞི་རྩ་ཉུག་ན་སྲོག་འདི་གཅེས་ཆེ་བས་ཡིན་ན། སྲོག་འདི་བརྟེན་སའི་ལུས་འདི་ཆུ་ལྦུར་ལྟར་སྙིང་པོ་མེད་པ། ཚ་རེག་དང་འཕྲད་ན་ཚིག་འགྲོ་བ། གྲང་རེག་དང་འཕྲད་ན་འཁེང་འགྲོ་བ། ཁབ་དང་ཚེར་མས་འབིག རྡོ་དང་ཤིང་གིས་ཧྲལ་སླ་ཞིང་། ཆུ་ཆད་ན་སྐམ་འགྲོ་བ། མཁའ་རླུང་མེད་ན་འཚུབ་འགྲོ་བ། འགལ་རྐྱེན་དེ་དག་དང་མ་འཕྲད་ཀྱང་ཡུན་རིང་མི་བརྟན་པར་རྙིང་འགྲོ་བ་སྟེ། མདོར་ན་སྐྲག་དགོས་པའི་རྩ་བ་དེད་ན་མི་གཙང་བའི་རྫས་སོ་དྲུག་ཚོགས་པའི་ལུས་འདི་ལ་སེམས་རྣམ་ཤེས་ཀྱི་རྒྱུད་བརྟེན་པའི་བེམ་ཤེས་འདི་གཉིས་ཀ་འབྲལ་དོགས་རྐྱང་པས་སྐྲག་དགོས་པ་རེད། དེས་ན་གོང་གི་ཅལ་གྱི་གཏམ་རྒྱུད་ལྟར་ཅལ་ཞེས་པ་སྐྲག་དགོས་ས་ཞིག་མིན་པར་དང་པོ་ནས་ཤེས་ན་རི་དྭགས་དང་གཅན་གཟན་དེ་ལྟར་འུར་འདྲོག་བྱེད་མི་དགོས་ཤིང་། སེངྒེའི་སྲོག་ཀྱང་འདོར་མི་དགོས་མོད། དེ་ལྟར་རང་བཞིན་ངོ་མ་ཤེས་ནས་རྨོངས་པས་བསླད་དེ་རང་སྡུག་རང་གིས་ཉོས་པ་རེད།
རང་རེའི་ད་ལྟའི་ལུས་སེམས་ཀྱི་སྡུག་བསྔལ་མང་པོ་ཞིག་རང་གིས་རང་ཉིད་ལ་བཟོ་གི་ཡོད་པ་རེད། འདོད་ཆགས་དང་། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག་ཅེས་པའི་ལྷན་སྐྱེས་ཀྱི་དུག་ལྔ་པོ་འདིའི་གཞན་དབང་དུ་ཤོར་ནས་མི་འདོད་པའི་གོད་ཆག་མང་པོ་ཞིག་རང་མགོར་འདྲེལ་གིན་ཡོད། རང་ཕྱོགས་ལ་ཆགས་པའི་འདོད་ཆགས་དང་། གཞན་ཕྱོགས་ལ་སྡང་བའི་ཞེ་སྡང་། གཉིས་མཉམ་བླང་དོར་མི་ཤེས་པའི་གཏི་མུག རང་ཉིད་ཆེ་མཐོར་རློམ་པའི་ཁེངས་དྲེག་གམ་ང་རྒྱལ། གཞན་གྱི་དཔལ་ལ་འཁུ་བའི་ཕྲག་དོག་བཅས་གནོད་པར་བྱེད་པའི་དགྲ་བོ་འདི་དག་གི་དབང་དུ་མ་ཤོར་ནས་ཇི་ཙམ་རང་དབང་ཐོབ་པ་དེ་ཙམ་བདེ་བ་ཐོབ་པ་ཡིན། དེ་ཡང་གཉེན་གྱི་ཕྱོགས་ལ་ཆགས་པ་ཆུང་ན་ལུས་སེམས་ཀྱི་སྡུག་བསྔལ་ཆུང་ཞིང་། ནོར་རྫས་ལ་ཆགས་ཞེན་ཆུང་ན་ཐ་ན་ཧམ་ཟོས་ཇག་རྐུན་གྱི་ཁྲིམས་འགལ་སོགས་ལས་རང་ཤུགས་ཀྱིས་གཡོལ་ཐུབ། ཞེ་སྡང་གིས་རང་རྒྱུད་མ་འཁྲུགས་ན་གཞན་དང་འགྲོག་བདེ་ཞིང་། རང་ཉིད་ཀྱི་སྙིང་ནད་སོགས་འབྱུང་འཁྲུགས་ཀྱི་གནོད་པ་འགོག་ཐུབ། རྩ་ཤིང་དང་རྫས་རིགས་ཀྱི་སྨན་ཅི་ཙམ་བཏུང་བ་ལས་ཀྱང་ཞེ་སྡང་ཁྲོས་འཁྲུགས་མེད་པ་འདི་ལུས་ཁམས་བདེ་བའི་སྨན་མཆོག་ཡིན་ཞིང་ཚེ་རིང་རྒས་སྲའི་སྨན་གཅིག་པུ་ཡིན། གལ་ཏེ་དགྲ་བོ་གཞོམ་དགོས་པའི་དབང་དུ་བཏང་ཡང་འཇམ་པོས་འཇམ་པོ་འཇོམས་ཤིང་འཇམ་པོས་རྩུབ་མོའང་འཇོམས་ཞེས་མཁས་རྣམས་མགྲིན་གཅིག་ཏུ་སྨྲ། གཏི་མུག་མེད་པ་ཤེས་རབ་སྟེ་ཤེས་རབ་ཡོད་ན་བྱ་བ་གང་སྒྲུབ་ཀྱང་ལས་སླ། ཤེས་དང་བམ་བསོད་ནམས་ལྡན་པའི་བསམ་དོན་ཉི་མ་ཤར་བ་ལྟར་འགོག་རྐྱེན་མེད་པ་དང་། ཤེས་རབ་དང་བསོད་ནམས་མེད་པའི་བྱ་བ་མར་མེའི་འོད་བཞིན་འགལ་རྐྱེན་མང་བས་འགྲུབ་དཀའ་བར་བཤད། ང་རྒྱལ་ཆེ་བ་ནི་ཡོན་ཏན་མེད་པའི་སྐྱོན་ཡིན། རང་ཉིད་གཞན་ལས་ལྷག་སྙམ་གྱི་ང་རྒྱལ་གྱིས་ལྟོ་བ་སྦོས་པས་ཡོན་ཏན་མེད་པའི་སྐྱེ་བོ་དེ་དག་ཡོན་ཏན་ཅན་ལ་ལྷག་པར་སྡང་བ་ནི། གངས་ཀྱི་ཡུལ་དུ་དགུན་སྐྱེས་ཀྱི་ལོ་ཏོག་ལྟས་ངན་དུ་སྒྲོག་པ་བཞིན་ཏེ། ང་རྒྱལ་གྱི་དབང་གིས་གནོད་པ་མང་པོ་ཞིག་རང་ཐོག་ཏུ་འདྲེན། དེ་བཞིན་ཕྲག་དོག་ཅན་གྱི་མི་ལ་ཐམས་ཅད་སུན། ཕྲག་དོག་ཅན་ལ་མགུ་དུས་མེད་གསུངས་པ་ལྟར། ཕྲག་དོག་ཅན་རང་ཉིད་ཀྱང་བདེ་བའི་དུས་མེད། དེ་ལྟར་ན་དེ་དག་འདུལ་ཐབས་ཞེ་སྡང་ལྟ་བུར་དཔེ་མཚོན་བྱས་ན། ཕྱི་རོལ་གྱི་དགྲ་བོ་བཏུལ་ཞིང་ཇེ་མང་དུ་འགྱུར་བས། ནང་གི་རང་ཉིད་ཀྱི་ཞེ་སྡང་གི་དགྲ་བོ་བཏུལ་ན་ཕྱི་རོལ་གྱི་དགྲ་བོ་ཐམས་ཅད་ཐུལ་ཟིན། རྐང་པར་ཚེར་མ་མི་ཟུག་པའི་ཆེད་དུ་ས་སྟེང་ཀོ་བས་གཡོག་དགོས་ན་དེ་སྙེད་ཀྱི་ཀོ་བས་མི་ལྡེང་ཞིང་། རང་ཉིད་ཀྱི་ལྷམ་མཐིལ་ཀོ་བས་གཡོག་ན་ས་སྟེང་ཀོ་བས་གཡོག་པ་དང་མཚུངས་ཞེས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ལྟར་ཡིན། དེང་སང་ནང་ཆོས་ལ་དད་པ་བྱེད་པའི་ཆོས་པ་འགས། རང་ཉིད་ཀྱི་ལས་ཀ་དང་འཚོ་བ་མ་གཞི་ནས་ཁུར་པོ་ཆེན་པོ་ཞིག་ཡིན་པ་ཐེག་དཀའ་བཞིན་པ་དེའི་ཐོག་ཏུ་ཆོས་སྒྲུབ་རྒྱུ་དེ་ཡང་ཁུར་པོ་གཞན་ཞིག་ཏུ་གྱུར་ཏེ་ཆོས་དང་འཇིག་རྟེན་གྱི་ཁུར་པོ་མང་པོས་མཉམ་དུ་མནན་ནས། སེམས་པ་འཚུབ་ཅིང་གཅིག་སྒྲུབ་གཅིག་ཤོར་གྱིས་མཐར་ཐུག་གཉིས་ཀ་མ་འགྲུབ་པ་ཡང་མང་རབ་མཐོང་། དེ་ནི་དམ་ཆོས་ཚུལ་བཞིན་སྒྲུབ་མ་ཤེས་པས་ལན་པ་ཡིན་ཏེ་དམ་ཆོས་བསླད་མེད་སེམས་ཀྱི་བདུད་རྩི་རུ་བསྟེན་བསམ་ན་འཚོ་བ་དངོས་ལ་ཕན་པ་ཡོད་པའི་ཕྱོགས་ནས་བརྩམས་ཏེ་ཉམས་བཞེས་བྱ་འོས། གོང་དུ་སྨོས་པ་ལྟར་ཆགས་སྡང་ཆུང་ཞིང་། ཤེས་རབ་ཀྱི་སྒྲོན་མེ་བསྟེན་ནས་རང་རྒྱུད་བཟང་པོར་འཆོས་ཤེས་ན་འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་དང་གཞན་ཕན་དམ་ཆོས་ཀྱི་སྙིང་པོ་གཉིས་ཀ་ཟུང་དུ་འབྲེལ་བས་ལས་ཀ་དང་འཚོ་བར་ཕན་ཐོག་ཡོད་པས་སྐྱིད་པའི་ཉི་མ་རང་མགོ་ལ་འདྲེན་ཐུབ། གཞན་གནོད་གཞི་བཅས་སྤངས་བས་གཞན་སྲོག་གཅོད་པ་དང་གཞན་ལ་དངོས་བརྒྱུད་ནས་གནོད་པའི་བསམ་སྤྱོད་ཆེ་ཕྲ་དོར་བས་རང་དང་འཁོར་ཡུག་བདེ་བ། འཁྲིས་ཀྱི་མིས་མི་ཚད་གླིང་འདིར་མཉམ་དུ་འཚོ་བའི་བྱ་བྱེའུ་རི་དྭགས་སོགས་ཀྱང་བདེ་བས་འདི་དང་ཕྱི་མར་ཕན་པའི་དམ་ཆོས་ཀྱང་ངང་གིས་འགྲུབ་པ་མ་ཡིན་ནམ།
དེ་ལྟར་ན་བརྗོད་བྱ་ངོ་མ་དུས་ཀྱིས་ཟ་བའི་འཇིགས་པར་སྐྲག་པ་དེ་ཡང་དོན་ངོ་མའི་ཐོག་ནས་བཤད་ན་འཆི་བས་ཉེན་པར་སྐྲག་པ་སྟེ། ང་ཚོའི་དུས་ལ་ཞིབ་འཇུག་བྱས་ནས། དུས་གསུམ་གྱི་ཆ་ཡིས་གཞལ་ཀྱང་མ་རྙེད་པའི་སྟོང་ལ་སྣང་བ་ཞིག་ཏུ་གཏན་ལ་ཕབས་པ་ལྟར། དུས་དེ་དང་ཆབས་ཅིག་ཏུ་རླུང་གི་རྟ་དང་འགྲོག་པའི་སེམས་ཉོན་མོངས་དང་རྣམ་རྟོག་ཡན་ཤོར་འདི་ཡང་དུས་གསུམ་གྱི་ཆ་ཡིས་གཞལ་ན། གཞི་མེད་རྩ་བྲལ་ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་པ་སྟོང་ལ་གསལ་བ་ཞིག་ཏུ་མཐོང་སྲིད། དེའི་ཚེ་འགལ་འདུའི་ཆ་དེ་ལྟ་བུ་གཉིས་མྱོང་ཚོར་ངོ་མའི་ཐོག་ནས་ཟུང་དུ་སྦྲེལ་ཐུབ་པའི་དུས་སུ་སྔར་གྱི་སེམས་རྣམ་པར་རྟོག་པ་ཡན་ཤོར་དེ་ཅུང་ཟད་དབང་དུ་འདུས་པའམ་ལས་སུ་རུང་བར་གྱུར་པས། ཁོའི་སྟེང་ནས་སྦྱོང་བརྡར་བྱས་པ་ཡིན་ན་གནས་འགྱུར་དང་ཡར་ཐོན་ཡོང་རྒྱུ་ཡོད་པའི་ལམ་བུ་གསར་པར་ཡིད་ཆེས་ཀྱི་གདེང་རྙེད་པ་ཡིན། དེའི་ཚེ་ཤིན་ཏུ་སྦས་པའི་ཉམ་ཆུང་གྱི་ནའི་འཚོ་བར་བརྟེན་ནས་གྲོགས་བྱ་དང་རི་དྭགས། གནས་བྲག་ཕུག་དང་ས་ཁུང་། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ལ་རྒྱབ་ཀྱིས་ཕྱོགས་པ། གུ་ཡངས་བློ་བདེ་གང་ལྟར་བྱས་ཀྱང་སྐྱིད་པ། ཇི་ལྟར་གནས་ཀྱང་བདེ་བ། བདེ་དྲོད་ཀྱི་ཉི་མ་ནང་ནས་ཤར་བ། ཨ་འཐས་འདིར་སྣང་གི་ཞེན་པ་རང་སར་ཆོད་པ། ཉམས་དང་རྟོགས་པས་རང་རྒྱུད་གྲོལ་ཡོད་པའི་རྟགས་སུ་ཉོན་མོངས་ཆུང་ཞིང་། ཐུགས་རྗེའི་བརྩེ་བས་གཞན་རྒྱུད་མ་རུངས་པ་འདུལ་ནུས་པའི་རྟགས་སུ་སྙིང་རྗེ་ཆེ་བ་སྟེ། དེ་ལྟ་བུའི་དུས་ཀྱི་ཉེན་ཁ་ལས་གྲོལ་བའི་ཉམས་མྱོང་ཅན་དང་འཕྲད་ནས་དེས་བསླབ་པ་ཇི་བཞིན་ལག་ལེན་དུ་བསྟར་ན། དུས་ཀྱི་འཇིགས་པའི་ཉེན་ཁ་ལས་རང་ཉིད་གྲོལ་བ་མ་ཟད། གཞན་རིགས་མཐུན་རྐང་གཉིས་མིའི་འགྲོ་བ་ནས་སྲོག་དང་ལྡན་པའི་སེམས་ལྡན་ཡོངས་ལ་ལམ་དེ་བསྟན་པས་ཕན་པ་རྒྱ་ཆེན་འབྱུང་སྲིད།
སྔོན་བྱོན་དམ་པ་ཞིག་གིས། ང་འཆི་བས་འཇིགས་ནས་རི་ལ་བྲོས། །ནམ་འཆི་ཆ་མེད་སྒོམ་སྒོམ་ནས། །འཆི་མེད་གཉུག་མའི་བཙན་ས་ཟིན། །ད་འཆི་བའི་འཇིགས་ལས་གྲོལ་ནས་ཐལ། །ཞེས་གསུངས་ཡོད། འཆི་བའི་འཇིགས་པ་ནི་དུས་ཀྱི་ཉེན་ཁ་སྟེ་དུས་ཀྱིས་ཁམ་ཟས་བྱེད་པ་ལ་སྐྲག་ནས། བྲེལ་ཟིང་སྡུག་བསྔལ་ཅན་གྱི་གྲོང་ལས་བྲོས་ཏེ་མི་མེད་རི་ཁྲོད་ཀྱི་དབེན་པའི་གནས་སུ་སོང་ནས། ནམ་འཆི་ཆ་མེད་ཀྱི་མི་རྟག་པ་སྒོམ་པས་སྒོ་བྱས་ཏེ་འཆི་བའི་འཇིགས་པ་ལས་བྱོལ་བའི་ཐབས་གཅིག་པུར་སྦྱང་ནས་བྱང་ཆུབ་པར་ཁོང་དུ་ཆུད་དེ། སྦྱང་འབྲས་མངོན་དུ་གྱུར་པས། ད་ལྟ་ང་ཤི་འགྲོ་བསམ་པ་དང་། ཤི་ནས་ཅི་རེད་འགྲོ་བསམ་པའི་འཇིགས་སྐྲག་ལས་གྲོལ་བ་མ་ཟད། འཆི་མེད་ཀྱི་བཙན་ས་སྟེ་ཡེ་ནས་འཕོ་འགྱུར་བགྲེས་རྒུད་མེད་པ་གཉུག་མ་བདེ་བ་ཆེན་པོའི་དོན་གྱི་བཙན་ས་ཟིན་སོང་ཞེས་གསུངས་པ་དེ་ལྟ་བུའི་མན་ངག་གམ་ཐབས་དམ་པ་དང་འཕྲད་ན་དུས་ཀྱི་ཉེན་ཁ་ལ་སྐྲག་མི་དགོས་ཤིང་བསམ་མི་དགོས་པའི་ཐབས་རྙེད་པ་ཡིན་པས། འཆི་མེད་ཚེ་ཡི་རིལ་བུ་ངོ་མ་དེའི་རིན་ཐང་ལ་སྒོར་དུང་ཕྱུར་མང་པོས་གཞལ་དུ་མེད་པ་མ་ཟད། འཛམ་གླིང་གི་རྒྱུ་ནོར་ཐམས་ཅད་ལས་ཀྱང་རིན་ཐང་ཆེ་ངེས་རེད། གང་ལགས་ཤེ་ན། འཛམ་གླིང་གི་རྒྱུ་ནོར་ཐམས་ཅད་ཁྱེད་ལ་དབང་ཞིང་། མིའི་རིགས་ཡོངས་རྫོགས་ཁྱེད་ཀྱི་མངའ་འབངས་སུ་གྱུར་ཀྱང་། དེ་ལས་རྒྱུ་ནོར་སྐར་ཆ་གཅིག་ཙམ་ཁྱེར་དབང་དང་རོགས་མི་གཅིག་ཀྱང་མཉམ་དུ་ཁྲིད་དབང་མེད་པ་ཕར་ཞོག རང་ཉིད་ཀྱིས་གཅེས་པར་བཟུང་བའི་ལུས་ཀྱང་བསྐྱུར་ནས་དུས་ཀྱི་ལམ་པོ་ཆེར་འགྲོ་བའི་གནས་སྐབས་ན། ཁྱོད་ལ་འཛམ་གླིང་དབང་ཡང་དེ་དུས་ཕན་མི་ཐོགས། དེ་བས་འཆི་བ་མེད་པའི་ལམ་རྙེད་ན་འཆི་བ་མེད་པའི་སྲོག་ཐོབ་པ་ཡིན་པས། འཆི་མེད་ཀྱི་སྲོག་དང་ལྡན་པ་ཞིག་ལ་དེའི་སྤྱོད་ཡུལ་དུ་གྱུར་པའི་ལོངས་སྤྱོད་ཀྱི་ཚད། འཛམ་གླིང་གི་ནོར་ཕྱོགས་གཅིག་ཏུ་སྤུངས་པས་ཀྱང་འགྲན་དུ་མེད་པའི་ཚུལ། རང་རེ་ཤ་ཡི་མིག་ཅན་འཁྲུལ་བའི་སྣང་ཤེས་དང་མ་བྲལ་བ་ཞིག་གིས་ཤོད་མི་ཐུབ་པ་སྨོས་ཅི་དགོས། དེའི་ཚེ་ཆོས་གཞུང་ལས་བཤད་པའི་བདེ་བ་ཅན་གྱི་ཞིང་ཁམས་ལྟ་བུ་ཞིག་ལ་དཔེ་བླངས་ན་མ་གཏོགས། སྡུག་བསྔལ་གསུམ་གྱིས་མནར་བའི་འཚོ་བས་དེ་ལ་མཚོན་ཐབས་བྲལ།
སྐབས་འདིར་རྩོམ་པ་པོ་རང་ཉིད་ཀྱང་འཇིག་རྟེན་འདི་ལས་འདས་པའི་ཡིད་ཡུལ་གྱི་ཞིང་ཁམས་ཡིད་སྨོན་གྱི་གནས་སྐྱེ་འཆི་བགྲེས་རྒུད་དང་བྲལ་ཞིང་། མི་སྙན་པའི་སྒྲ་དང་། ཡིད་མི་བདེ་བའི་མིང་ཡང་མེད་པ། ཉོན་མོངས་དང་སྡུག་བསྔལ་མེད་པ་རྒྱ་ཁྱོན་ཕྱོགས་མཐའ་དང་བྲལ་བ་ཞིག་ལ་ཡིད་འཁོར་ནས་འབྲི་མཚམས་འདིར། མདུན་གྱི་འབྲི་ལྕོག་སྟེང་གི་དུས་ཚོད་འཁོར་ལོར་བལྟས་པས་གོང་གི་སྒྱུ་མ་མཁན་གྱི་ལོ་རྒྱུས་ལྟར། ཆུ་ཚོད་སྐར་མ་ཞེ་ལྔ་ལས་སོང་མེད་ཀྱང་སེམས་ཀྱི་འཆར་ཡན་འཇིག་རྟེན་འདི་ལས་བརྒལ་བས་ཁེར་དགོད་དང་བཅས་འབྲི་མཚམས་འདིར་བཞག་ནས་རྒྱུན་གྱི་དགེ་སྦྱོར་ལ་འབུང་བར་ཆས་སོ།།

འདུན་མ་གསར་པའི་ཁ་བརྡ།

རྐང་གཉིས་ནང་གི་གཙོ་བོ་མཆོག།
སྨྲ་བའི་རྒྱལ་པོ་ཟླ་མེད་གཅིག།
དྲང་སྲོང་ཆེན་པོ་ལྷའི་ཡང་ལྷ།།
འགྲོ་བའི་བླ་མས་ཤིས་པ་སྒྲུབས།།
ལེ་ཚན་དང་པོ།
ལུས་སྲོག་ཕ་མས་བསྐྱེད་པའི་མི་ཡི་ལུས།།
དགེ་སྲོག་དམ་པའི་མགོན་གྱིས་མ་སྐྱབས་ན།།
སྨྲ་ཤེས་དུད་འགྲོར་གཏོགས་པའི་ཕྱི་མའི་མཐར།།
ཉམ་ཐག་འགྱོད་པའི་གདུང་ཡུས་སུ་ལ་ཕོ།།
རྟག་ཏུ་གཞན་ལ་བལྟ་བའི་མིག་སྒོ་ན།།
ལོག་ལམ་སྒྱུ་མའི་མིག་འཕྲུལ་མཐའ་མེད་ཀྱང༌།།
དེ་རིང་རང་ལ་བལྟ་བའི་མེ་ལོང་ལས།།
ལེགས་ཉེས་གནད་ཀྱི་ལྟད་མོ་མཐོང་ཡང་སྲིད།།
ས་འདིའི་སྟེང་དུ་སྲོག་དང་ལྡན་པའི་འགྲོ་བ་སེམས་ལྡན་འགའ་ཞིག་སྐམ་དང་ལ་ལ་ཆུ་མཚོ་སོགས་སུ་གནས་བཅས་ཏེ་རང་རང་གི་ཚེ་སྲོག་གི་རྒྱུན་གྱིས་འཚོ་བ་དུས་རབས་རིམ་འདས་དང་བསྟུན་པ་འདི་བཞིན་ཏེ། མཁའ་དང་ས་གཞིར་རྒྱུ་བའི་སེམས་ཡོད་དེ་དག་ཐམས་ཅད་སྐྱེ་ཚུལ་དང་གཟུགས་དབྱིབས་མི་འདྲ་ཞིང༌། འདུ་ཤེས་ཀྱི་སྣང་ཡུལ་ཐ་དད་ཀྱང༌། ཉོན་མོངས་ཆགས་སྡང་རྨོངས་གསུམ་གྱི་ནད་ཀྱིས་གདུང་ཞིང༌། སྲིད་རྩ་མ་རིག་པའི་གདོན་གྱིས་ཟིན་པའི་འཁྲུལ་སྣང༌། དཔེ་བཞག་ན་ཐང་ཁྲོམ་ཟོས་པའི་མིའི་སྣང་ཤེས་ལྟ་བུ་ཡིན་པར་འདྲ་བ་དང༌། དེར་མ་ཟད་བདེ་བའི་རོ་ལ་ཆགས་ཤིང་བདེ་བ་དོན་གཉེར་བྱེད་པའི་ཆ་ནས་ཀྱང་རྣམ་པ་ཀུན་ཏུ་མཚུངས། དལ་མེད་བྲེལ་བ་གཅིག་པུས་ཉིན་མཚན་འདའ་ཞིང་། དེ་ཡང་རང་རང་གིས་བདེ་བར་རློམ་པ་དེ་ཉིད་འབད་པས་སྒྲུབ་པའི་ཆེད་ཡིན་པ་དང༌། སྐྱེ་རྒ་ན་འཆིའི་བདུད་ཀྱི་ཆུ་བོ་བཞིའི་རྦ་ལ་གཡེང་བཞིན་པ་ཡང་འདྲ། འོན་ཀྱང་འདས་པའི་དུས་རིང་གི་སྐྱེ་བ་ཡང་སྔོན་ནས་ད་ལྟའི་བར་བསགས་པའི་རྒྱུ་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་སྣ་ཚོགས་ཀྱི་སྟོབས་སམ་རང་རྒྱུ་སྔ་མའི་བྱེད་ནུས་ཀྱིས་སེམས་ཅན་དེ་དག་རེ་རེ་དང་རེ་རེ་མི་འདྲ་བའི་འབྲས་བུ་སྐྱིད་སྡུག་བར་མའི་ཚོར་བ་སྣ་ཚོགས་མྱོང་བཞིན་པ་ཙམ་གྱིས་མ་ཚད། ལུས་ཀྱི་གྲུབ་ཚུལ་དང་སེམས་ཀྱི་དཔྱོད་སྟངས་ལ་ཡང་ཁྱད་པར་ཡོད། སྲིད་གསུམ་འགྲོ་དྲུག་གིས་བསྡུས་པའི་སེམས་ཅན་གྱི་ནང་ནས་རང་རེའི་མཐོང་ཆོས་སུ་གྱུར་པ་མི་ལས་གཞན་པའི་སེམས་ཅན་དུད་འགྲོའི་རིས་གྱུར་ཡིན་ཞིང༌། མིའི་འཇིག་རྟེན་ཞེས་མི་ཡིས་བཏགས་པའི་ཁམས་འདིར་དུད་འགྲོ་དང་མི་གཉིས་སྐམ་མཚོ་མཁའ་གསུམ་གྱི་རྟེན་གཞིའི་གནས་ལ་མ་ལྟོས་པར་ས་ལྒང་རིལ་མོ་འདིའི་སྟེང་ནས་འཚོ་བ་མཉམ་དུ་སྐྱེལ་བའི་ཁྱིམ་མཚེས་ཡིན་པ་དང༌། སྤྱོད་ཡུལ་འགའ་ཞིག་མི་གཅིག་པ་མ་གཏོགས། ཟ་འཐུང་ཉལ་གཉིད་བྱེད་ཤེས་པ་སོགས་ཀྱི་ཐད་སྤྱིའི་ཆ་ནས་འདྲ་སྟེ། དུད་འགྲོ་འགས་ཀྱང་བཟའ་བཏུང་གསོག་འཇོག་དང༌། ཆེ་བས་ཆུང་བ་སོགས་བསད་ནས་ཟ་བ། རང་སྡེ་དང་གཞན་ཕྱོགས་རིས་སུ་བཅད་པའི་དགྲ་གཉེན་ཆགས་སྡང་དང་བཅས། སྐབས་འགར་ང་ཤི་ཁྱོད་སོས་ཀྱི་འཐབ་འཁྲུགས་བྱེད་ཅིང༌། བཟའ་ཚོ་ནང་མི་ལྟ་བུའི་གཅེས་པའི་གཉེན་ཉེ་ལ་ཆགས་ཞེན་དང་འབྲེལ་པའི་བྱམས་བརྩེ་ཡོད་ཅིང་དེ་དག་ཤི་སྐབས་སེམས་སྡུག་གསོག་ཤེས་ཤིང༌། སྲོག་ཆགས་འགའ་རེས་ཟླ་བོ་ཤི་སྐབས་ཚེ་གང་པོར་སྡུག་གསོག་ནས་ཉམ་ཐག་པའང་ཡོད་སྐད་ལ། རང་རེ་མིས་ཀྱང་ཟ་འཐུང་ཉལ་ལང་བཤང་གཅི་འདོར་བ་སོགས་དང་རྒྱུ་ཟས་གསོག་སྒྲུབ། འཐབ་མོ་འཁོན་རྩོད་ཙམ་བྱེད་པས་ནི་སྲོག་ཆགས་དུད་འགྲོ་ལས་ལྷག་པའི་ཁྱད་ཆོས་ཅང་འདོན་ཐུབ་མེད་དེ། ད་དུང་དུད་འགྲོ་འགར་མཁའ་ལ་འཕུར་བའི་གཤོག་རྩལ་ལྡན་ཞིང༌། འགའ་རེར་མཚོ་ཆེན་རྐྱལ་གྱིས་གཅོད་པའི་རྩལ་ཤུགས་ཡོད། ལ་ལར་མི་བརྒྱ་ཚོ་མང་པོའི་ཤེད་སྟོབས་ཡོད་པ་མ་ཟད། དཔའ་རྔམ་ཟིལ་ཤུགས་དང་ལྡན་པ་ཡང་བགྲང་ལས་འདས་པས། མིས་ཐད་ཀར་དེ་དག་གི་འགྲན་ཡ་མི་ཕེར་བའི་ཕྱོགས་ཀྱང་མང་པོ་ཡོད། དུད་འགྲོ་ལ་མེད་ཅིང་མི་ལ་ཡོད་པའི་ཁྱད་ཆོས་ནི་ནང་གི་རྣམ་དཔྱོད་ཀྱི་རྩལ་དང༌། བསམ་བློའི་འཁྱེར་སོ། དེ་དག་དང་འབྲེལ་བའི་བྱ་སྤྱོད་ཁྱད་འཕགས་དག་ཡིན། དེ་ལྟ་ན་རང་རེ་འཛམ་གླིང་ཤར་ནུབ་ལྷོ་བྱང་གི་ཡུལ་གང་དུ་ཁྱིམ་ཚང་གང་ཞིག་གི་ཕ་མ་སུའི་པང་དུ་སྐྱེས་པ་ནས་སྐྱིད་མ་སྡུག་གི་འཇིག་རྟེན་འདིའི་ལྟད་མོ་དང་པོར་མཐོང་བ་ནས་བཟུང་དགའ་སྐྱོ་བར་མའི་སྣང་བ་དང་འགྲོག་པ་ལས། དང་པོའི་འགོ་བཙས་མ་ཐག་པའི་ངུ་སྐད་ནས་བརྩམས་ཏེ་ཐ་མའི་མཇུག་ཤི་བའི་སྐབས་ཀྱི་མིག་ཆུ་སྐྱ་མོས་བསྡུས་པ་རེད། དེའི་བར་གྱི་ལུས་ཀྱི་བྱ་བ་ཐམས་ཅད་དཀའ་ངལ་དང་སྡུག་སྦྱོང་ཅན། ངག་གི་སྐད་སྒྲ་ཐམས་ཅད་ངུ་ངག་དང་འཁུན་སྒྲ། སེམས་ཀྱི་འཆར་སྒོ་ཐམས་ཅད་ཟོས་མི་བདེ་བ་རྨི་ལམ་འཁྲུགས་པའི་སྣང་བ་ལྟར་ཡིན་པས། དོན་ངོ་མའི་སྟེང་ནས་བཤད་ན། ང་ཞེས་གདག་སའི་སྒོ་ལུས་ངག་ཡིད་གསུམ་འདི་ལ་བདེ་དུས་སྐད་ཅིག་ཀྱང་ཡོང་མ་མྱོང་བ་འདི་རེད། སྐྱིད་མ་སྡུག་གི་འཇིག་རྟེན་འདིའི་སྐྱིད་སྡུག་བར་མའི་ཚོར་བ་མྱང་བའི་ནང་གསེས་སྐྱིད་ཅེས་པ་འདི་ཡང་སྡུག་བསྔལ་རགས་པའི་ཚོར་སྣང་དེ་ཙམ་མི་ཆེ་བའི་སྐབས་ལ་བདེ་བར་འཛིན་པ་ཙམ་སྟེ། ནང་པའི་རིག་གཞུང་གིས་སྡོམ་ཚིག་བྱས་པའི་སྡུག་བསྔལ་གྱི་སྡུག་བསྔལ་དང༌། འགྱུར་བའི་སྡུག་བསྔལ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཏེ་སྡུག་བསྔལ་གསུམ་གྱི་ནང་ནས། འདུ་བྱེད་ཀྱི་སྡུག་བསྔལ་ལ་ངོས་འཛིན་པ་དེར་འདུ་ཤེས་འཁྲུལ་ནས། རང་རེ་འཁོར་བའི་སེམས་ཅན་གྱིས་སྡུག་བསྔལ་མ་གཏོགས་མྱངས་མ་མྱོང་བའི་ཆ་ནས་དེ་ལ་བདེ་བའི་མིང་བཏགས་པ་མ་གཏོགས། དོན་ལ་ཟག་བཅས་ལྷ་མིའི་བདེ་བའང་སྡུག་བསྔལ་ལས་མ་འདས་པ། དཔེར་ན། སྤུ་ཉག་ལག་མཐིལ་དུ་བཞག་ན་དེ་ལ་རེག་ཚོར་མེད་པ་ལྟར་ཡང༌། དེ་མིག་གི་ནང་དུ་སོང་ན་ཟུག་རྔུ་སྟེར་བ་བཞིན། ཟག་མེད་ནང་གི་བདེ་བ་ངོ་མ་མྱངས་མྱོང་བ་ཞིག་གིས་བལྟས་ན་དེ་ཉིད་སྡུག་བསྔལ་དུ་མཐོང༌། དེ་བཞིན་སྡུག་བསྔལ་གཞན་གཉིས་ལས་སྡུག་བསྔལ་གྱི་སྡུག་བསྔལ་ནི་སྡུག་བསྔལ་བརྩེགས་མར་མྱོང་བ་སྟེ། སྡུག་ཉིས་བརྩེགས་ཀྱིས་མི་ཚད་སུམ་བརྩེགས་དང་བཞི་བརྩེགས་སོགས་ཡོང་བཞིན་པ། དཔེར་ན་དབུལ་ཕོངས་ཀྱིས་ཉེན་པའི་སྟེང་ལུས་ལ་བཅོས་ཐབས་མེད་པའི་ནད་ཕོག དེའི་སྟེང་ནང་མི་གཉེན་ཉེ་གློ་བུར་ཤི་བ་དང༌། འཁྲིས་ཀྱི་བུ་ཚའམ་སྤུན་སྲིང་དག་གིས་བྱམས་པོ་མི་བྱེད། དུས་མཚུངས་དགྲ་བོས་སྡང་ཞིང་བརྙས་པ་བྱུང་བའི་ཁར། ཟུར་གྱི་མ་ཉེས་ཁ་ཡོག་གིས་མི་སྙན་པ་སྒྲོག་པས་ཡིད་མི་བདེ་བ་སོགས་སྡུག་བསྔལ་གྱི་རིགས་བགྲང་ལས་འདས་པ་མྱོང་བ་མྱིས་སྐྱིད་མི་ཁྱག་ཀྱང་སྡུག་ཁྱག་ཟེར་བའི་དཔེ་བཞིན་རེད། འགྱུར་བའི་སྡུག་བསྔལ་ལ་བསམ་ན། ད་ལྟ་ཅུང་ཟད་བདེ་ཡང་འཕྲལ་དུ་ཉམས་མི་དགའ་བའི་སྡུག་བསྔལ་གྱི་ཚོར་བར་འགྱུར་བ། དགའ་སྐྱིད་ཉམས་སུ་བསྟར་བའི་དེ་མ་ཐག་གློ་བུར་དུ་ནད་དྲག་པོ་ཐེབས་པའམ། ས་གཡོ་མེ་དགྲ་སོགས་འབྱུང་བཞིའི་འཇིགས་པ་བྱུང་བ། ཐོབ་ཐང་དང་གོ་གནས་ཤོར་བ། གྲོགས་ཀྱིས་བསླུས་པ། སྟབས་མ་ལེགས་པར་མཁའ་དང་ས་གཞིའི་བགྲོད་ལམ་ནས་ཆག་སྒོ་བྱུང་སྟེ་སྲོག་གི་ཉེན་ཁར་འཕྲད་པ། ཚེ་གཅིག་བསགས་པའི་ནོར་རྫས་དམར་ཐང་ཅན་དགྲ་རྐུན་གྱིས་འཕྲོགས་སམ་བརྐུས་པ་སོགས་ཤིན་ཏུ་མང༌། དེས་ན་ལུས་ཀྱིས་མྱོང་ཚད་སྡུག་བསྔལ་ཏེ། གང་ཟག་གཅིག་གི་སྐྱེས་ནས་འཆི་བའི་བར་གྱི་བྱུང་རིམ་ལ་ཕྱིར་བལྟས་བྱས་ན། ཆུང་བྱིས་པ་དམར་རློན་གྱི་སྐབས་རང་ལུས་རང་ཚུགས་མི་ཐུབ་ཅིང༌། གཞན་ལ་བརྡ་སྤྲོད་པའི་མཐུ་མེད་པས་མི་གཙང་མཆིལ་སྣབས་འདོར་བ་ཙམ་ལ་ཡང་རང་ལུས་རང་བདག་མི་ཐུབ་པས། ལྟོགས་སྐོམ་དྲོ་གྲང་སོགས་གང་བྱུང་གཞན་ལ་བརྟེན་པ་ལས་ཐབས་མེད། མ་དང་མ་མ་སོགས་དེ་དག་གིས་བྱམས་པོ་བྱེད་པའི་ཁུལ་བྱས་ཀྱང་འདོད་པ་ཇི་བཞིན་བསྐང་མི་ཐུབ་པས་སྡུག་བསྔལ་ཤིན་ཏུ་མང་བ་བྱིས་པ་རང་ཉིད་ལས་གཞན་གྱིས་མི་ཤེས། བྱིས་པའི་དུས་ཀྱི་ལོ་ཟླ་དེ་ན་ཚོད་དར་ལ་བབས་པའི་འདུ་འཛིའི་བྲེལ་ཟིང་གིས་དུས་འདའ་སླ་བ་དང་མི་འདྲ་བར་སྡུག་བསྔལ་དེ་དག་གིས་མནར་ཡུན་ཤིན་ཏུ་རིང་བའི་སྣང་བ་སྟེར་བ། དཔེར་ན་ནད་པ་ཟུག་གཟེར་ཅན་གྱི་སྡུག་བསྔལ་མྱོང་བའི་དུས་ཚོད་སྐར་ཆ་རེ་དང༌། ནད་མེད་ཟོ་བཟང་གི་མིའི་དུས་ཚོད་བརྒལ་སྟངས་ཀྱི་ཚོར་སྣང་མི་འདྲ་བ་ལྟ་བུ་ཡིན། ཅུང་ཟད་ནར་སོན་ནས་ལོ་ན་བཞི་ལྔ་ཡར་མར་ལ་སླེབ་སྐབས་མི་གཙང་བརླན་གཤེར་གྱི་རྫིང་འདམ་ལས་ཐོན་ཙམ་དང༌། ཟས་སྐོམ་དྲོ་གྲང་སོགས་ཀྱི་འདོད་མོས་གོ་བརྡ་འཕྲོད་ཙམ་ཡང༌། སེམས་ཀྱི་ནུས་པ་མ་སྨིན་པའི་དབང་གིས་བྱ་བའི་འཇུག་ལྡོག་མི་ཤེས་པས། གང་བྱས་གཞན་གྱི་བཀོད་འདོམ་འོག་གཅུན་ནས་རང་དབང་མེད་པས་སྡུག་བསྔལ་བར་མ་ཟད། རང་ནུས་ཀྱིས་ཐ་ན་རང་སྲོག་སྲུང་བའི་བྱ་ཐབས་མེ་ཆུ་གཡང་ས་མཚོན་ཆ་ཙམ་ལ་ཡང་འཛེམ་བག་མི་ཤེས། དེ་ནས་ལོ་ན་བདུན་བརྒྱད་ནས་བཅུ་གྲངས་བརྒྱུད་དེ་ཉི་ཤུའི་སྐོར་བར་གྱི་བྱིས་གཞོན་གྱི་སྐབས། ང་དང་ཁྱོད་ཅེས་བྱ་བའི་གཏམ་གྱི་བཤད་སྟངས་ཙམ་དང༌། གོམ་པའི་འདེགས་འཇོག་སྒྱུར་བའི་ལུས་ཀྱི་སྤྱོད་པ་སོགས། ལུས་ངག་གི་བྱ་སྤྱོད་དང་སྨྲ་བརྗོད་ཆུང་ཙག་ནས་བརྩམས་ཏེ། ལེགས་ཉེས་བླང་དོར། ཡིག་རྩིས། རིག་གནས། སྒྱུ་རྩལ། སེམས་ཁམས་སོགས་ཀྱི་ཤེས་བྱ་མཐའ་དག་སློབ་སྦྱོང་གིས། ཉིན་མཚན་བར་མེད་ལུས་སེམས་གདུང་བས་ཚར་བཅད་དེ་སྐྱོ་སུན་ངལ་བ་བརྒྱ་ཕྲག་གིས་འབད་པ་སྣ་ཚོགས་བསྟེན་པས་ཤ་ཐང་ཆད། དེའི་འབྲས་བུར་ནམ་ཞིག་ན་མཉམ་གཞོན་ནུའི་ཁྲོད་ནས་མི་རྗེས་མིས་ཟིན་པ་ཡང་བརྒྱ་ལམ་རེས་འགའ་སྟེ། སྦྱང་འབྲས་ཀྱི་ཆུ་ཚད་དམའ་བ་དང༌། བསམ་སྤྱོད་གྲོགས་ངན་གྱིས་དམན་པར་བསྒྱུར་བ། རིགས་མཐུན་ནང་ཚན་གྱི་བརྙས་བཅོས་མྱང་བ་སོགས་ཀྱི་སྡུག་བསྔལ་བཤད་ན་མི་རྫོགས་པའི་ལོ་རྒྱུས་སྣ་ཚོགས་འགོག་མེད་ཐོག་ཏུ་འབབ་པ་ལས་གཞན། ཁྱིམ་གཞིས་ཀྱི་འབྱོར་མཁོས་ཞན་པ་དང༌། རྒྱབ་རྟེན་གྱི་མགོ་འདྲེན་མེད་པ་སོགས་ལས་དབང་རླུང་རྟ་དར་རྒུད་སྣ་ཚོགས་སུ་བསྐོས་པའི་སྐྱིད་སྡུག་ཆ་མ་སྙོམ་པའི་འཇིག་རྟེན་སྤྱིའི་རྒུད་པའི་ཉམ་ཉེས་ཀྱིས་རྟག་ཏུ་གཟིར་བ་གཡོལ་ཐབས་བྲལ། དེ་བཞིན་ལོ་ཟླའི་ཆུ་རྒྱུན་བར་མེད་དུ་བཞུར་བའི་འགྲོས་ཀྱིས་ལང་ཚོ་དར་ལ་བབས་པའི་སྐབས་མི་ཚེའི་བྱ་བའི་མདུན་ལམ་ལ་ཕྱོགས་ཏེ་རང་ནུས་ཀྱི་བྱ་བར་འཇུག་ཁུལ་བྱས་ཀྱང༌། འཇིག་རྟེན་སྲིད་པ་མིའི་འགྲོ་བའི་ཁམས་འདིར་ཡང་ན་ཡོན་ཏན་དང༌། ཡང་ན་དཔལ་འབྱོར་གྱི་ལག་སྣེ་མི་ཟད་པ་ཞིག་མེད་ན། གར་སོང་གི་ལམ་སྣེ་རྡོ་ལ་ཐུག་ནས། ངན་ཐུར་འགྲོ་སྒྲོ་ཁ་ཐུར་བསྟན་ལྟ་བུའི་སྐབས། ཉིན་བྱེད་གསལ་བའི་འོད་མདངས་ཀྱང་མོག་པོར་སྣང་ཞིང༌། དགའ་ཚལ་སྐྱིད་པའི་སྤྲོ་གླིང་ཡང་སུན་པ་སྟེར་བའི་ངམ་གྲོག་དང་གཉིས་སུ་མེད། ཁྱད་པར་དུ་སྦྱངས་པས་ཐོབ་པའི་ཤེས་བྱ་རིག་པའི་གནས་མང་པོར་ཐོགས་པ་མེད་པ་དང༌། སྐྱེ་བས་ཐོབ་པའི་རྣམ་དཔྱོད་བློ་གྲོས་ཀྱི་རྩལ་བཟང་པོ་ཞིག་མེད་ན། ཕ་མེས་ཀྱིས་བཞག་པའི་དངོས་རྫས་ཇི་ལྟར་མང་ཡང་ཕན་ཐོགས་ཆུང་སྟེ། མེས་པོའི་ཚེ་གསོག་གི་རྒྱུ་ནོར། བུ་རྒྱུད་ངན་པས་ཉིན་གཅིག་གི་རྒྱན་སྐུག་ལ་ཤོར་ནས་བརླག་པ་ལྟ་བུའོ། དུས་དེ་ཡི་སྐབས་སུ་ཕན་ཐོགས་ཅན་གྱི་ནོར་རྫས་ནི། མཁས་པའི་ཡོན་ཏན་དང་ཡ་རབས་སྤྱོད་བཟང་ལྡན་ཞིང་ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་ལྡན་ལ་ཁོང་ཡངས་བློ་དཀྱེལ་ཆེ་བ་གཅིག་པུ། རང་ཉིད་ཀྱི་མདུན་ལམ་གྱི་གསལ་སྒྲོན་དང༌། ཁོར་ཡུག་མཛེས་ཤིང་སྐྱིད་པའི་མ་རྩ་ཡིན། འོན་ཀྱང་འདོད་རྔམ་དང་ཕྱོགས་ཞེན། ཕྲག་དོག་དང་གནོད་སེམས། ཡ་ང་དང་གདུག་རྩུབ་ཀྱི་རླུང་དམར་འཚུབ་པའི་ཟང་ཟིང་གི་འཇིག་རྟེན་འདི་ནས། འདམ་སྐྱེས་པདྨ་འདམ་གྱིས་མ་གོས་པ་ལྟ་བུའི་སྤྱོད་གཙང་ཡོན་ཏན་ཅན་གྱི་དྲང་ཐིག་གཟུར་གནས་ཀྱི་གཙོ་བོ་འབྱུང་བ་ཉིན་སྐར་ཙམ་སྟེ། བསམ་སྤྱོད་འཁྱོག་ལ་འཆང་བའི་སྤྱི་ཚོགས་ཀྱི་ནང་ནས་བདེན་གྱིས་སྐྱེས་ཤིང་དྲང་ལ་རྒས་པའི་མིའི་འགྲིམ་ལམ་ཅུང་ཟད་དོག་གམ་སྙམ་པའི་ཚོར་བའང་ལྡོག་མེད་དུ་སྟེར་བ་སོགས། མདོར་ན་མི་ཚེའི་འགྲོ་ལམ་དཀའ་ཁག་ཅན་གྱི་ལ་མོ་བརྒལ་རྒྱུའི་ལ་འདབས་ལ་ཞུགས་པའི་གོམ་པ་ལྗིད་མོ་སྤོ་མཁན་ཚོའི་མདུན་ན་ཡོད་པའི་ལྐོག་གྱུར་འཇིགས་པ་ཅན་གྱི་འཕྲང་ལམ་ལ་བསམ་ན་སྙིང་རྗེའི་གནས་ཏེ། དེ་དག་གི་འཚོ་བ་དང་བྱ་བཞག་གི་ཁུར་པོ་ལྗིད་པོའི་ཁུར་གྱིས་ཚད་གཞི་མི་འདྲ་བར་ནོན་པ་དང་ཆབས་ཅིག་མྱ་ངན་གདུང་བའི་ཤུགས་རིང་འདོན་པ་དང་མཉམ་དུ། དེ་ཚོས་འདས་པའི་དུས་ཀྱི་བྱིས་པའི་བགྲང་བྱར་ཕ་མའི་གམ་གྱི་རྩེད་རའི་ལོ་ཟླ་ལ་ཡང་བསྐྱར་སེམས་པ་ཤོར་སྙམ་བགྱིད་ཀྱང༌། འདས་དོན་ནི་ཕྱིས་མི་འབྱུང་བའི་ལོ་རྒྱུས་ཀྱི་ཕྱགས་དར་ཕུང་པོར་སྔར་ནས་སྤུངས་ཟིན་པས། བྱུང་ནས་ཡལ་བའི་རྗེས་ཤུལ་ཡང་རིམ་གྱིས་མི་མངོན་པའི་དབྱིངས་སུ་ཡལ་བ་ལས་མ་འདས། དེའི་སྐབས་བརྩེ་བས་བསྐྱངས་བའི་ཕ་མ་དང༌། མཐུན་པར་འགྲོགས་པའི་གཅེན་གཅུང༌། དྲིན་ལྡན་གྱི་སློབ་དཔོན། ཡ་རབས་བཟང་པོའི་འགྲོག་བཤེས་དག་ཡིད་ལ་འཁོར་ཡང་གཏན་དུ་འགྲོག་རྒྱུའི་སྐལ་བ་དམན་པའི་ཡིད་གདུང་ལ་བཟོད་ཐབས་མེད་པ་དང༌། སྐྱིད་ལ་སྐྱིད་ངོ་མ་ཤེས་ཤིང་དྲིན་ལན་དུས་སུ་མ་འཁོར་བའི་རང་བྱས་ལས་ཀྱིས་འགྱོད་ཀྱང༌། འགྱོད་འཕྱིས་སྐྱོ་ཤས་ཀྱི་གདུང་བ་སེལ་ཐབས་མེད་པའི་ལེ་ལན་རང་ལ་འཁོར། དེ་ལྟ་བུའི་འཁྲུལ་བའི་སྣང་ཤེས་ཀྱིས་བསྒྱུར་བའི་འཁོར་བས་བསྡུས་པའི་འཇིག་རྟེན་འདི་མེའི་འོབས་དང༌། སྲིན་མོའི་གླིང༌། དུག་སྦྲུལ་གདུག་པ་ཅན་གྱི་ཚང༌། རལ་གྲི་རྣོན་པོའི་སོ་སོགས་ལྟ་བུར་གསུངས་པ་བདེན་དོན་དངོས་ཏེ། མེའི་འོབས་སུ་ལྷུང་ན་ཚིག་ཅིང་བསྲེག་པ་ལྟར། འཇིག་རྟེན་གྱི་བྱ་བར་ཞུགས་ཤིང་ལྷག་པར་སྒྲུབ་སྟངས་ཉེས་ན་ཚིག་ཅིང་བརླག་པར་བྱེད། སྲིན་མོའི་གླིང་དུ་སླེབ་ན་དང་པོ་བསླུ་ཁྲིད་ཀྱིས་ཁ་བྲིད། དེ་ནས་གསོན་པོར་ཟ་བ་བཞིན་འཇིག་རྟེན་གྱི་འདོད་ཡོན་ལ་རྔམ་ཞིང་ཞེན་ཆེ་ན་རང་སྲོག་དེ་མར་གཅོད་པའི་ལག་དམར་རང་ལས་འབུད། དུག་སྦྲུལ་གྱི་རང་གཤིས་གདུག་རྩུབ་ཅན་ཡིན་པ་བཞིན་དུ། ཉོན་མོངས་ཆགས་སྡང་ལ་སོགས་པའི་སྨྱོ་ནད་འཁྲུགས་པའི་གཞན་དབང་ཅན་གྱི་མི་ཚོགས་ནས་མ་རུངས་གདུག་པའི་དུག་གི་ཁ་རླངས་དང་འདྲ་བའི་ཉེས་སྐྱོན་འབྱུང་རྒྱུར་གཡོལ་ཐབས་བྲལ། རལ་གྲི་རྣོན་པོའི་སོ་ཁར་རེག་ན་རྨ་བྱེད་པ་བཞིན། འཇིག་རྟེན་འཁྲུལ་བའི་བྱ་བཞག་ལ་སྟབས་གཟབ་མ་བྱས་ཕྱིན། ལུས་སེམས་ལ་ཉམས་མི་དགའ་བའི་རྨས་ཕོག་ཉེན་ཡོད། ཁྱད་པར་དེང་གི་དུས་རབས་འདིར་ཤེས་བྱ་གློག་རྡུལ་རྫས་འཕྲུལ་གྱི་སྦྱོར་བས་བྱ་བཞག་སྣ་ཚོགས་ཀྱི་ཁ་ལོ་བསྒྱུར་ཏེ་ཕྱོགས་གཅིག་ནས་སྟབས་བདེ་ལྟ་བུར་བསྐྲུན་ཀྱང༌། ཕྱོགས་གཅིག་ཤོས་ནས་དུས་ངན་འགུག་པའི་གཡབ་མོ། མ་རབས་སྤྱོད་ངན་གྱི་སྒོ་དུ་མ་རང་ཤུགས་ཀྱིས་འབྱེད་པ་དང་མཉམ་དུ་གཞོན་ཆུང་ཀླད་མེད་འགའི་བླ་སྲོག་འཁྱམ་པོ་དབང་མེད་བེམ་པོའི་རྡུལ་རྫས་སྒྱུ་མའི་རིག་སྔགས་རྫུན་མའི་ཡུལ་ལྗོངས་ལ་ཞེན་ནས་ཆོས་སྲིད་ལུགས་གཉིས་ཀྱི་མདུན་ལམ་གལ་ཆེན་སྟོར་བའང་བྱུང་དང་འབྱུང་བཞིན་ཕྱིས་ཀྱང་འབྱུང་འགྱུར་ལྡོག་མེད་ལ། འདི་དག་མིག་འཕྲུལ་ལས་ཀྱང་མྱུར་བའི་འཇིག་རྟེན་གྱི་རྒུད་པ་ཞེས་བྱ་བ་སྟེ། ཡུལ་ངན་གྱི་མཐུ་ནི་དུག་ལས་ཀྱང་ཤུགས་དྲག་ཅིང་ངན་འགོ་བར་སླ་བ་ཡིན་པས་ཡུལ་ངན་གྱིས་བྲིད་པའི་རྗེས་སུ་ཆུ་སྣ་བཞིན་རྒྱུག་པའི་བླ་ཚེ་འཁྱམས་པོར་འགྲོག་པའི་རྣམ་ཤེས་ནི་ཐར་མེད་མུན་པའི་བཙོན་ར་འཇིགས་པ་ཅན་དུ་ཚུད་པར་ཀུན་ནས་མཚུངས། འཇིག་རྟེན་མིའི་འཚོ་བའི་སྣ་མང་བྱ་བའི་ཁུར་པོ་གཅིག་ལས་གཅིག་ལྕི་ཞིང་། བློ་སྣ་སྤོས་རྒྱའི་རི་མོ་ནམ་ཡང་མཐའ་ལ་གཏུག་པ་མེད། གོང་མ་ཇི་ཙམ་བཀུར་ཡང་མགུ་དུས་མི་ཡོང༌། ཡོངས་ལ་སྙོམས་པའི་མཁས་མཛངས་བྱམས་བརྩེའི་གཟིགས་པ་ཅན་དཀོན་པས། མངོན་ལྐོག་ཕྲ་མའི་རིག་སྔགས་མཁན་གྱིས་རྒྱལ་ཁ་བློན། ཚོས་ཁ་ཉི་མས་བསྒྱུར་ཏེ། དཀར་ནག་གོ་ལྡོག་ཏུ་བཏང་སྲིད་ཅིང་དྲང་བདེན་ལས་གཡོན་ཅན་བྲིན་པ་མང་། འོག་མ་ཅི་ཙམ་བསྐྱངས་ཀྱང་མགུ་དུས་དཀོན་ཏེ། སྔར་བསགས་བསོད་ནམས་དམན་པས་འབྱོར་འཁོས་ཞན་ཡང་བློ་བརྟན་སེམས་རྒྱ་ཡངས་ན་དབང་འབྱོར་འབུམ་ལས་ལྷག་ཀྱང༌། དེ་འདྲ་ཤིན་ཏུ་དཀོན་པས་ཕར་ལ་ཤ་ཚའི་སེམས་ཀྱིས་ཕན་པ་བརྒྱ་ཕྲག་གིས་བསྐྱངས་ཀྱང༌། ཚུར་ལ་དེ་ལས་ལྡོག་པའི་བློ་ལོག་ངན་སེམས་འཆང་བ། སྔ་དྲོ་རྟ་ཕོ་ཆས་ཀྱིས་གསོས་ན། ཕྱི་དྲོ་དྲིན་ལན་འཕྲ་ཁས་འཇལ་མཁན་མང༌། མཉམ་པོ་མཉམ་པོའི་ཁྱུ་དང་འགྲོག་ཐབས་དཀའ་སྟེ། གཅིག་ངོ་ལོན་ན་གཉིས་ངོ་མི་ལོན། གཅིག་དགའ་བའི་བྱ་དངོས་ལ་གཞན་འགའ་དེ་ཙམ་མི་དགའ། དཔེ་ཁྲ་དང་འུག་པ་ནེ་ལེ་གསུམ། ཁྱིམ་སྤོ་ཐོ་གཅིག་ལ་སྔས་བྱས་ཀྱང༌། ཁྲས་ནམ་མཁའ་ཨེ་ལང་། འུག་པས་མུན་པ་ཨེ་རུབ། ནེ་ལེས་ས་ཆུ་ནམ་དྲོས་བསམ་པའི་བསམ་པ་མ་གཅིག་པ་ལྟ་བུའི། རང་འདོད་དམིགས་ཡུལ་མ་གཅིག་པའི་མི་མང་ནམ་ཡང་མཉམ་དུ་མགུ་ཐབས་མེད། ཐམས་ཅད་མགུ་ཐབས་རྒྱལ་བས་ཀྱང་མི་ཐོན་ཞེས་པའི་དཔེ་འདི་ལས་བྱུང༌། འབྱོར་ཕྱུག་དོ་མི་མཉམ་ཞིང༌། བཙན་གཉོམ་མཐོ་དམན་མི་གཅིག་པའི་སྣ་མང་བྱ་བའི་རྙོག་འཛིང་གི་བྲེལ་ཟིང་སྡོམ་གྱི་དྲ་རྒྱའི་འཆིང་ཐག་ལྟ་བུའི་གཟེབ་ནས། ཅུང་ཟད་རྒྱལ་བར་གྱུར་ན་འཁོན་གྱི་གཞིར་འགྱུར་ཞིང༌། ཕམ་ཞིང་ཉམ་ཉེས་གྱུར་ན་རང་ཉིད་སྡུག་བསྔལ། རྒྱལ་ཕམ་སྤངས་བའི་ཕ་རོལ་གྱི་ཞི་བར་གནས་པའི་ལམ་འཇམ་པོ་དར་དཀར་ལྟ་བུ་ཡོད་ཀྱང་དེའི་རེག་བྱར་རང་སྐྱོན་དུག་སྦྲུལ་གྱི་ཚོར་བས་མ་བཟོད་ནས། ཕྱིར་ཞིང་སྡུག་བསྔལ་གྱི་ཚོར་བས་ཉམས་པར་འགྱུར། མི་ཚེའི་ཉི་མ་ཚད་ལ་བཙུགས་ནས་ཟས་བསྐྱུར་གཉིད་བརྗེད། ལུས་སེམས་བྲེལ་ལ་བཀོད་དེ་ཉིན་གཅིག་སྐྱིད་པའི་ཚོར་སྣང་ཙམ་ཡང་མེད་པར། ལོ་ཟླའི་ཕྲེང་བ་ནམ་སོང་མ་ཤེས་པར། དགུང་ཉི་མའི་ཕྱི་དྲོའི་གྲིབ་ཆེན་སྒུར་བ་ལྟ་བུའི་ན་ཚོད་ཡོལ་བར་ཕྱོགས། གཞོན་པའི་མཛེས་མདངས་ཉམས། གདོང་ལ་སྡུག་བསྔལ་གྱི་གཉེར་རིས་མྱ་ངན་ཉམ་ཐག་གི་རི་མོ་བཀྲུས་ཀྱང་འདག་ཐབས་མེད་པའི་འཆི་བདག་གི་རྟགས་ཐམ་ཕོག་པས་ཉམ་ཐག ཚེ་ཕྱེད་ལ་མོའི་ཐུར་བབ་དང་འདྲ་བའི་སྐབས་ལ་ཁེལ་དུས། ད་རུང་ལོ་བརྒྱར་འབད་ཀྱང་འཇིག་རྟེན་འཁྲུལ་བའི་བྱ་བ་འདིའི་འགྲུབ་པའི་ཕ་མཐའ་མི་མངོན་མི་དཔོག་པས་སྐྱོ་སུན་ངལ་བརྒྱའི་ཤུགས་རིང་བར་མེད་དུ་འབྱིན་པ་དང་ཆབས་ཅིག ལུས་སེམས་གུད་པའི་རྒུད་པས་ཀུན་ནས་མནར་བཞིན་ཡི་ཆད་འགྱོད་གདུང་གི་མགུ་འཁང་བར་མེད་ཆུ་བོའི་རྒྱུན་བཞིན་སྒྲོག་པ་ན། བྱམས་པས་བསྐྱངས་བའི་བུ་ཚ་ཡང་རབས་དང་བཅས་པས་ཀྱང་བཏགས་ན་གདོས། གཤིབ་ན་མཚང་དུ་རིག་སྟེ་སྙིང་ཉེ་བ་རིམ་གྱིས་རིང་དུ་འགྲོ་ཞིང༌། ཁོར་ཡུག་སྙིང་ཉེའི་གྲོགས་དག་ཀྱང་གཤིས་འགྱུར་བའི་དུས་དེར་མདུན་དུ་ཡོད་པའི་རྒྱ་ལམ་ནི། ཐོབ་ཤོར་གཉིས་ཀྱི་ནང་ནས་ཤོར་དང༌། རྒྱལ་ཕམ་གཉིས་ཀྱི་ནང་ནས་ཕམ་པ། ལེགས་བྱས་ཐམས་ཅད་གཞན་གྱི་དཔལ་དང༌། ཉེས་བྱས་ཐམས་ཅད་རང་གི་བྱུར་ལས། གཉིས་ཀ་མིན་པའི་རང་སར་སྡོད་ཐབས་མེད་པ། རང་བྱས་ལས་ཀྱི་སོ་ནམ་ཚེ་སྟོད་བཏབ་པའི་ས་བོན་ཚེ་སྨད་རང་གི་ལུས་ཐོག་ཏུ་སྨིན་པ་རེད། ད་དུང་མ་ཤིའི་ཚེ་ཡི་གཞུག་མའི་བགྲོད་ལམ་ལ་རྒྱང་བལྟས་བྱས་ཚེ་མིག་ལམ་དུ་འཆར་བའི་ཁོར་ཡུག་དང་མདུན་ལྗོངས་ནི། སུ་དང་འགྲོག་ཀྱང་གནོད་པ་ཅན། གང་ཞིག་ཉན་ཀྱང་མི་སྙན་པའི་སྒྲ། གང་ལ་བསམ་ཡང་འཆི་བར་སྨོན་པ་ལས་མ་འདས་པའི་འབྱུང་བཞི་རྒུད་པའི་སྡུག་བསྔལ། སེམས་ཤེད་ཉམས་པའི་ཡི་མུག བླ་བརྡོལ་སྨྲ་བའི་འཆོལ་གཏམ་དང་བཅས་པའི་རྒ་བའི་རྒུད་པ་ཐོག་ཏུ་བབས་དུས། སྔར་ཞིག་ངོ་ཤེས་མིན་ཀྱང་ཡིན་མདོག གཉེན་ཉེ་མིན་ཀྱང་ཡིན་ཁུལ། ལྷག་བསམ་དང་བརྩེ་ཞེན་མེད་ཀྱང་ཡོད་ཉམས་ཀྱིས་གུས་ཤིང་གམ་དུ་བཅར་བའི་མི་ཚོགས་ལས་གཞན། ལུས་ཀྱི་ཤ་ཁྲག་དྲོན་པོའི་ཆ་ཤས་སྟེར་དགོས་ཀྱང་ཕངས་སེམས་མེད་པའི་ནང་མི་དག་ཀྱང༌། རྒྱང་དུ་ཀེ་རེར་ལང་བའི་ཡ་ངའི་ཁོར་ཡུག་ཉམས་མི་དགའ་ཞིང༌། ཡུལ་ལྗོངས་འཇིགས་སྐྲག་ཅན་དུ་སྣང་བའི་གཤིན་ཡུལ་ཕྱི་མའི་ལམ་ཆེན་དང་ཉེ་བའི་གྲོགས་མེད་ཁེར་རྐྱང་གི་རྐང་ལམ་ཕྲ་མོ་དེ་ནི། འཇིག་རྟེན་འདིའི་ཐོག་ཏུ་སྐྱེས་པ་ཐམས་ཅད་ཀྱི་མཐར་ཐུག་གི་བརྒྱུད་ལམ་ཉག་གཅིག་ཡིན། སོང་སོང་རྐང་པའི་རྗེས་ཀྱིས་ས་སྟེང་བཀང་བ་སོང་ཚད་མཐུད་ན་ལེ་དབར་ཁྲི་ཕྲག་མང་པོར་བསྐྱོད་ཟིན་ཀྱང་སོང་བའི་སོང་གོ་མ་ཆོད་ནས་སྒྱུ་ལུས་གུད་པའི་མཐའ་འདིར་ཐུག བལྟས་བལྟས་མིག་གིས་མཐོང་ཚད་བཟང་ངན་སྣོད་བཅུད་ཀྱི་སྣང་བ་མ་མཐོང་བསམ་པ་མེད་ཀྱང་བལྟ་གོ་ཆོད་པའི་དོན་འབྲས་བརྟགས་ན་ཤིན་ཏུ་ཉུང༌། བཤད་བཤད་ཚིག་གི་ལོང་གཏམ་སྐྱེས་ནས་ད་ལྟའི་བར་བཤད་པའི་བཤད་ཚད་ཡི་གེར་བྲིས་ན་མཛོ་རྒྱབ་དོ་པོ་ཁ་གྲངས་ཅན་ཡོད་ཀྱང༌། གཏམ་བཤད་པའི་བཤད་གོ་མ་ཆོད། ད་འཆི་བདག་ཡ་མེད་བདུད་རྒན་གྱི་འགྲམ་རྩར་བཅར་ནས་གདོང་གཏུག་བྱེད་པའི་ཉིན་མོ། སེམས་གཏད་སའི་དཔའ་གདེང་འདི་ཡོད་བསམ་པ་གཅིག་ཀྱང་མེད་རྒྱུ་འདི་རྨི་ལམ་རེད་དམ་མངོན་སུམ་རེད། རྨི་ལམ་ཡིན་ན་དགའ་བ་ལ། མ་འཁྲུལ་མྱུར་དུ་སད་པའི་སྨོན་ལམ་འདེབས་པའི་ས་ཚོད་ཡིན་པས། གཞན་མགོ་བསྐོར་ན་བསྐོར་ཆུང༌། རང་མགོ་བསྐོར་ན་བསྐོར་ཆེན་ཞེས་པའི་དཔེ་ལྟར། རང་བསམ་རང་གིས་མི་བཏང་ཀ་མེད། རང་གིས་རང་ལ་དྲི་བ་བྱས་ན། ད་སྔ་སྐྱེས་ནས་ས་སྟེང་གི་ལྟད་མོ་མཐོང་སྟེ་ཇི་ཙམ་སོང༌། ཕྱིས་འབྱུང་གཡར་པོའི་སྒྱུ་ལུས་ནམ་ཞིག་འབྱུང་བཞིའི་རང་སར་དེངས་བའི་ཚོད་རྩིས་ཨེ་ཡོད། སྐྱེས་ནས་འཆི་བའི་བར་གྱི་མི་ཚེའི་ཉི་མ་དེ་གཅིག་བྱས་ན་རིང་བར་བརྩི་སྟེ། ཚེ་རིང་ལོ་བརྒྱ་ཐུབ་པའི་སྨོན་ལམ་དངོས་སུ་འགྲུབ་པའི་དབང་དུ་བཏང་ན། ལོ་བརྒྱར་སྡོད་པའི་དུས་ཚིགས་དབྱར་སྟོན་དགུན་དཔྱིད་བརྒྱ་ཐམ་པ། དེ་དང་མཚུངས་པའི་ལོ་སར་དགའ་སྟོན་ཐེངས་བརྒྱ་བྱས་ཀྱང༌། ཐོག་མར་སྐྱེས་པའི་དབུགས་ཀྱི་རྒྱུ་བ་དང་པོ་ནས་དེའི་ཚོད་ཀྱི་ཚེ་ཟད་པ། ལྟག་ཆུ་ཆད་པའི་རྫིང་ལྟ་བུའི་ཚེ་ལ་སྣོན་པ་མེད་པས་སྐད་ཅིག་སྐར་མའི་ཡུན་གྱིས་ཀྱང་ཟད་ཅིང་འཆི་ལ་དེ་ཙམ་ཉེ་སྟེ། ལོ་བརྒྱའི་ནང་གི་ཕྱེད་ལྔ་བཅུ་གཉིད་དང༌། དེའི་ཕྱེད་ཉེར་ལྔ་ཟས་སྐོམ་གཡོ་བསྐོལ་འགྲོ་འདུག་སྒྲིག་ཤོམ་གཉེན་དོན་སོགས་ལ་སོང་ནས། དེ་ཕྱེད་བཅུ་གཉིས་དང་ཕྱེད་ཀྱིས་སློབ་སྦྱོང་གི་གོ་སྐབས་ཙམ་ཡང་མི་ལྡེང་མོད། དེ་ཕྱེད་མི་ལོ་དྲུག་བདུན་ནི་བྱ་བ་སྣེ་གཅིག་གི་མཐའ་ཡང་མ་འཁྱོལ་ནས་གར་སོང་མ་གོ་བར་འདའ་བ་དང༌། སྙིགས་དུས་ལོ་བརྒྱར་སྡོད་པའང་ཤིན་ཏུ་དཀོན་ན། དོན་དུ་ན་ཚོད་ཆུང་ནས་ཆེ། གཞོན་ནས་རྒན་གྱི་བར་དུ་འབད་ནས་དོན་དུ་གཉེར་པའི་མཐར་ཐུག་གི་དམིགས་ཡུལ་བདེ་སྐྱིད་ཅེས་པ་དེ་མིང་ཚིག་སྟོང་པ་ཞིག་ལས་ལག་ཏུ་སོན་མ་མྱོང་བ། བྱིས་པས་ནམ་ཟླ་དབྱར་གྱི་འཇའ་ཚོན་འཛིན་འདོད་ཀྱིས་དེད་པ་དང༌། འདིར་སྣང་བདེ་ལ་རྟག་བརྟན་མེད་པ་སེར་བའི་རིལ་བུ་ནོར་བུར་བརྩིས་ཏེ་ཕུགས་ནོར་དུ་འཆང་བ་དང་གཉིས་སུ་མ་མཆིས། དེ་ལྟར་ན་ལོ་བརྒྱས་ཟད་པའི་མི་ཚེ་དང༌། སེ་གོལ་གཏོགས་པའི་སྐད་ཅིག་གི་ཡུན་གཉིས་ཟད་པའི་ཆ་ནས་འདྲ་བ་དང༌། མི་འདྲ་ས་དེ་ཚེ་གང་བསགས་པའི་སྡིག་སྡུག་གཏམ་ངན་གྱི་ཕུང་པོ་ཤུལ་དུ་སྒོས་ཁུར་ལ་ལུས་པ་དེ་ཡིན། སའི་གོ་ལའི་གཞི་གཅིག་ཏུ་གནས་པའི་རི་དྭགས་སོགས་དུད་འགྲོ་དག་ཀྱང་ཟས་སྐོམ་གྱིས་བྲེལ་ནས་ཚེ་ཚད་རྫོགས་པ་དང༌། ལུས་སེམས་བྲལ་ཏེ་སྐྱེ་བས་འགོ་བཟུང་། ཤི་བས་མཐའ་བསྡུས་པ་ལ་ཁྱད་པར་མེད་པས། མི་དང་དུད་འགྲོའི་འབྱེད་ཆོས་འགྲེང་སྟེ་འགྲོ་བ་དང་དུད་དེ་འགྲོ་བའི་ཁྱད་པར་ཙམ་ལས་གཞན་གྱི་ཁྱད་ཆོས་མ་མཐོང་བ་མ་ཟད། མཐོ་ལ་ཕྲག་དོག དམན་ལ་བརྙས་སྡང༌། མཉམ་པར་འགྲན་སེམས་སོགས་ཀྱིས་རྐྱེན་པའི་སྡུག་བསྔལ་རགས་པ་མི་ལ་ལྷག་མོ་ཡོད་པ་མ་ཟད། རྟག་ཏུ་གཞན་ལ་འཚེ་ཞིང་རང་གཞན་མི་རབས་དང་སྡེ་རིས། ཐ་ན་རང་བྱུང་ཁོར་ཡུག་གི་ཁམས་དང་བཅས་པར་གནོད་འཚེ་སྐྱེལ་བའི་བྱ་ངན་ཡང་མིའི་ཁུངས་ནས་འབྱུང་བ་ལས། གནོད་པ་ཅན་གྱི་གཅན་གཟན་གཏུམ་པོ་དུག་སྦྲུལ་གདུག་པ་ཅན་ཆུ་སྲིན་འཇིགས་སུ་རུང་པ་དག་གིས་ཀྱང་དེ་འདྲའི་གནོད་ཚབས་ཆེན་པོ་བྱེད་མི་ཐུབ། རང་གི་ལུས་ལ་ཚེར་མ་ཟུག་པའམ་མེ་སྟག་ཆུང་ངུའི་གནོད་པ་བྱུང་བའང་མི་བཟོད་ན། གཞན་ལ་གྲི་མཚོན་གྱིས་རྡེག་པའམ། དུག་ཅན་གྱི་ཁ་ཟས་སྤྲོད་པ་སོགས་ཇི་ལྟར་ཕོད། རང་ཉིད་ལ་གཞན་གྱིས་མི་སྙན་པ་སྒྲོག་པའི་ཟུར་ཙམ་ཐོས་ཀྱང་ཁྲོས་འཁྲུགས་ཀྱི་ང་རོ་འབྱིན་ན། གཞན་ལ་གྱ་ཚོམ་ཚིག་གིས་ངོས་སམ་ལྐོག་ནས་ངན་སྨྲས་བྱེད་པ་ཤིན་ཏུ་བླུན། འཇུངས་དང་སེར་སྣས་བསགས་པའི་རང་ནོར་ཏིལ་འབྲུ་ཙམ་ཡང་གཞན་ལ་ཤོར་ན་ལུས་ཀྱི་ཤ་ནས་བཅད་པ་ལྟ་བུའི་ཕངས་སེམས་བྱེད་བཞིན། གཞན་ནོར་ཇི་མི་སྙམ་པར་འཇམ་དང་རྩུབ་མོའི་གཡོ་ཐབས་སྣ་ཚོགས་ཀྱིས་ལེན་པའི་བརྐུས་འཕྲོག་བྱེད་པར་ག་ལ་རུང༌། ལས་དེ་དག་གིས་གཞན་ལ་གནོད་པར་རློམ་ཀྱང༌། གནོད་ཡུལ་ངོ་མ་རང་ཉིད་ཡིན་ཏེ། ལེ་ལན་རྔ་དང་བྲག་ཅའི་དཔེ་བཞིན་འབྱུང་བ་དང༌། ཕ་རོལ་དགྲ་ཟླས་སྨད་པ་བྱེད་མི་དགོས་པར་རང་གིས་རང་ཉིད་བརླག་པ་ཙམ་དུ་མ་ཟད། གཞན་ལ་ངན་བཤད་བླ་བཙག་སོགས་ཀྱིས། རྟ་མགྱོགས་པར་ཀི་སྒྲས་ངར་བསླངས་བ་བཞིན་དེ་བས་ཀྱང་ཕ་རོལ་པོའི་སྟོབས་བསྐྱེད་པའི་གྲོགས་སུ་མེ་ཆེན་ལ་རླུང་གིས་ཤུགས་བསྣན་པ་བཞིན་འགྱུར་སྲིད། གཅིག་ཤོས་དམ་པའི་རིགས་ཅན་ཡིན་ན་དེ་ལ་དགེ་བསྐུལ་གྱི་ལྕགས་འདེབས་སུ་འགྱུར་བའི་ཞོར་དུ་རང་ཉིད་ལ་རྣམ་སྨིན་ལྷག་ཏུ་ལྕི་བ་སོགས་གནོད་སེམས་གཞན་ལ་འཆང་ན་ངན་འབྲས་རང་ལ་འཁོར་བ་ཆོས་ཉིད་ཡིན།
ཉེས་སྤྱོད་ལོག་ལམ་མུན་པར་གཏན་འཐོམ་པའི།།
རྨོངས་པ་གཉིད་ལས་སློང་བའི་བརྡས་བསྐུལ་ཚེ།།
ལེགས་སྐྱེས་འདུན་མ་གསར་པ་དང་འགྲོག་ནས།།
གཏན་བདེའི་སྣང་བའི་ཟེར་ལ་ཅིས་མི་ཕྱོགས།།
སྐྱིད་སྡུག་གོ་ནོར་སྐྱིད་མཐའ་སྡུག་ལ་འཛད།།
ཤེས་པ་ཀླད་ལོག་སྣང་བ་དགྲ་རུ་ཤར།།
ངལ་བའི་རྐང་རྗེས་གཡང་ལ་ཕྱོགས་གྱུར་ཚེ།།
ཡི་ཆད་ངལ་འཚོའི་བག་ཕེབས་དང་དུ་ལོངས།།
ལེ་ཚན་ཕྱི་མ།
སྲོལ་བཟང་མི་ཡི་ཆོས་ལུགས་ལེགས་སྤྱད་ན།།
ལེགས་བྲིས་ལྷ་ཡི་འབྱོར་བ་རང་ལ་དབང༌།།
མཐོ་རིས་ལྷ་མིའི་ཐེམ་སྐས་བཟང་བརྒྱུད་པས།།
གཏན་བདེའི་ཐར་བ་མི་རིང་གམ་ན་གནས།།
མ་རབས་སྤྱོད་ངན་མིང་མེད་དོང་དུ་སྦས།།
ཡ་རབས་དྲ་མའི་བསམ་སྤྱོད་ལེགས་བསྟེན་ན།།
ས་འདི་བཟང་པོའི་དཔལ་གྱིས་ལེགས་འཁྱུད་དེ།།
དགེ་ལེགས་སྐྱིད་པའི་དུས་བཟང་རྫོགས་མཐའ་བྲལ།།
འོ་ན་བདེ་སྐྱིད་ཟེར་བ་དེ་གཏན་ནས་ཐོབ་རྒྱུ་མེད་པ་ཞིག་དང༌། མི་ཐམས་ཅད་དུད་འགྲོ་ལས་ཅུང་ཟད་ཀྱང་ཁྱད་དུ་མ་འཕགས་པ་ཤ་སྟག་རེད་དམ་ཟེར་ན། དེ་ལྟར་ག་ལ་ཡིན། མིའི་རིགས་འདི་མཐོ་རིམ་སྲོག་ཆགས་ཀྱི་གྲས་སུ་འདྲེན་པའི་ཁྱད་ཆོས་གཙོ་བོ་ནི། དེ་ལ་བསམ་བློའི་ནུས་པ་ཡོད༌། ནུས་པ་དེ་བེད་སྤྱོད་བྱ་རྒྱུའི་རྣམ་དཔྱོད་མེད་ན་མི་གཟུགས་ཙམ་དུ་གྲུབ་ཀྱང་བྱེད་ལས་ཀྱི་ཆ་ནས་གླེན་ལྐུག་དུད་འགྲོ་དང་གཉིས་སུ་མ་མཆིས་པའམ། ད་དུང་དེ་ལས་ཀྱང་ཞན་པར་འགྱུར་སྲིད་དེ། སྲོག་ཆགས་དོམ་ཁྲ་ལ་སོགས་པ་མི་རྣམས་ཀྱིས་གཅེས་ནོར་སྙིང་རྗེ་པོའི་གྲས་སུ་འཛིན་ཞིང༌། རང་བཞིན་གྱིས་མི་ལ་སྤྲོ་སྣང་སྟེར་བའི་རིགས་དེ་དག་མི་ཕལ་བ་ལས་རིན་ཐང་ཆེ་བར་མངོན། གལ་ཏེ་མིའི་བསམ་བློའི་ནུས་པ་རང་ཉིད་ཀྱིས་བེད་སྤྱོད་བཏང་ཤེས་པ་ཡིན་ན། དེ་ནི་ཟད་མཐའ་མེད་པའི་གཏེར་མཛོད་དང༌། ཅི་བསམ་འགྲུབ་པའི་རིན་ཆེན་ཡིན་པ་མ་ཟད་རང་གཞན་གཉིས་ཕན་གྱི་སྨན་མཆོག་ཀྱང་ཡིན་པས། རང་ལ་ཡོད་པའི་རིན་ཐང་ཅན་གྱི་གཏེར་མཛོད་འདོན་སྤེལ་གྱི་དབང་གིས་ཕུལ་དུ་བྱུང་བའི་བསམ་སྤྱོད་དང་ལྡན་པའི་མི་དེ་ནི། མིའི་ནང་གི་ནོར་བུ་ཡིན། མི་ཐམས་ཅད་ཁ་ལག་སྤྱོད་གསུམ་སྤྱི་མཐུན་གྱིས་འདྲ་ཞིང༌། བསམ་སྤྱོད་དམན་པར་ཞུགས་པ་དག་གིས་གོང་བཤད་ལྟར་དུད་འགྲོའི་རིགས་ལས་ལྷག་པའི་ཁྱད་ཆོས་འདོན་མི་ཐུབ་པ་དེ་ལྟ་ན་ཡང༌། མིའི་ནང་ནས་ཁྱད་དུ་འཕགས་པའི་མིའི་ལྷ་ལས་ལྷག་པའི་རིན་ཐང་ནི་དེ་ལས་ལྡོག་སྟེ་འགྲོ་བ་ཡོངས་ཀྱི་བླ་ན་མཐོ་བའི་ཚུལ་གྱིས་མངོན་ཐུབ། དབང་པོ་ཚང་བའི་མི་ཀུན་སྨྲ་ཤེས་དོན་གོ་ཙམ་ཡིན་པའི་ཆ་ནས་འདྲ་ཞིང༌། བདེ་བ་དོན་གཉེར་གྱི་འདུན་པ་ཡོད་པར་འདྲ་བ་མ་ཟད། ཁམས་དྲུག་ཚང་ཞིང་ཟ་ཉལ་འགྲོ་འཆག་གི་སྤྱོད་ལམ་གྱི་ཐད་ལ་ཡང་འདྲ་མོད། ནང་གི་རྣམ་དཔྱོད་ཡོད་མེད་དང་རྣམ་དཔྱོད་བཟང་ངན་གྱི་ཆ་ནས་མི་དང་མི་མི་འདྲ་ཞིང༌། དེའི་བྱེད་ལས་བཟང་ངན་གྱི་ཆ་ནས་སྐྱིད་སྡུག་མི་འདྲ་བའི་འཇིག་རྟེན་གྱི་བཀོད་པ་སྣ་ཚོགས་འདི་བྱུང་བ་རེད། འགའ་ཞིག་གིས་མིའི་བསམ་བློ་སྙིང་གི་ནུས་པ་ལ་བརྟེན་པར་སྙམ་ཞིང༌། ལ་ལས་ཀླད་ཆེན་གྱི་ནུས་པར་ངོས་འཛིན། ཡང་སྙིང་གཉིས་ཀ་མེད་ན་མི་འབྱུང་སྟེ། དེ་གཉིས་ཀྱི་འབྲེལ་ཐག་དབང་རྩའི་མ་ལག་གིས་བྱས་ཏེ་རྟེན་ཅིང་འབྲེལ་འབྱུང་གི་ཚོགས་པར་བརྟེན་ནས། དྲོད་དབུགས་འདུས་པའི་སྲོག་ལས་ཤེས་པ་བེམ་པོར་གནས་འཆའ་བའི་ད་ལྟའི་མི་ལུས་གསོན་པོ་འདི་བྱུང་བ་ནས། སེམས་སམ་ཡིད་ཀྱི་རྣམ་ཤེས་འདིས་འཇིག་རྟེན་ཀུན་ལ་དབང་སྒྱུར་བ་མ་ཟད་འཇིག་རྟེན་ལས་འདས་པའི་ལྟད་མོ་སྣ་ཚོགས། འདིའི་སྦྱོང་བརྡར་དང་སྒྱུར་བཀོད་འཕེལ་རིམ་ལས་འབྱུང་ཐུབ། ད་ལྟ་རང་རེས་ང་ཞེས་འདོགས་སའི་སྒོ་ལུས་ངག་ཡིད་གསུམ་ལས་སེམས་འདི་རྒྱལ་པོ་ལྟ་བུ་དང༌། གཞན་ལུས་ངག་གཉིས་གཡོག་པོ་ལས་བྱ་བ་ལྟ་བུར་གྱུར་བའི་མཆོག་དམན་ནམ་གཙོ་ཕལ་འདི་ཅི་ལས་ཤོར་བ་ཡིན་ནམ་སྙམ་ན། སེམས་སམ་རྣམ་ཤེས་འདི་གཟུགས་ཅན་ལ་གནས་འཆའ་བའི་གཟུགས་སུ་མ་གྲུབ་པ་ཞིག་ཡིན་ཕྱིར། ཁོ་རི་བྲག་ལ་མི་ཐོགས་པ་མ་ཟད། འདས་དང་མ་འོངས་ཀྱི་མཐར་གང་བསམ་གྱིས་བགྲོད་ཐུབ་ཅིང༌། ཁོ་ནམ་མཁའ་ལྟར་རྒྱ་ཆེ་བས་ཁོའི་ནང་དུ་མི་ཤོང་བ་མེད་པ་དང༌། ཁོའི་ནུས་པར་ཟད་པ་མེད་ཅིང་སྐྱེ་འཆིའི་དངོས་པོར་མ་གྲུབ་པ་དང༌། རྟག་པ་སྒྱུར་དུ་མེད་པའི་མཐར་ཡང་མ་ལྷུང་ཞིང༌། ཁོས་སྤྲུལ་སྒྱུར་སྣ་ཚོགས་བྱ་ནུས་པ་སོགས་ཀྱི་ནུས་པ་ཁྱད་འཕགས་ལྡན་པས། སྒོ་གསུམ་ལས་སེམས་དབང་སྒྱུར་མཁན་དང༌། ལུས་ངག་གཉིས་དབང་སྒྱུར་བྱ་ཡུལ་དུ་གྱུར་པ་རེད། དེ་ལས་ཀྱང་ངག་ནི་ལུས་ཀྱི་རྩ་རླུང་གི་ནུས་པའི་རྣམ་པ་འགྱུར་བའི་བྱེད་ནུས་ཙམ་ཞིག་སྟེ། སྒྲ་གདངས་དང་ངག་ཚིག་ཏུ་འཕོས་པ་ཐམས་ཅད་སེམས་ཉིད་ཡི་གེའི་ཡིད་བཞིན་རིན་ཆེན་གྱི་སྤྲིན་ལས་བྱུང་བ་ཞིག་ཡིན། ལུས་འདི་རྡུལ་ཕྲན་ཚོགས་པའི་ཕུང་པོར་རིལ་པོ་གཅིག་འཛིན་དུ་འཁྲུལ་བ་མ་གཏོགས། འདི་འདུས་པ་ཡིན་ཕྱིར་འབྲལ་བའི་ཆོས་ཅན། ནམ་ཞིག་ཚོགས་པ་ཞིག་སྟེ་འབྱུང་བཞིའི་ཀློང་དུ་རང་དེངས་རེད་རྒྱུའི་དངོས་པོ། རགས་པ་རྒྱུན་དང་ཕྲ་བ་སྐད་ཅིག་གིས་མི་རྟག་པའི་ཆོས། མདུན་ཕྱོགས་འཇིག་པའི་ཕྱོགས་སུ་འགྲོ་བས་འགྲོ་བའམ་ཕུང་པོ་འཇིག་པའི་ཚོགས་ལ་བདག་ཏུ་ཞེན་པའམ་བརྟེན་པས་འཇིག་རྟེན་ཞེས་བཏགས་པ་སྟེ། སེམས་ཀྱི་ནུས་པས་ཕྱོགས་དུས་ཐམས་ཅད་ལ་ཁྱབ་ཐུབ་པ་དང་མི་འདྲ་བར་ལུས་ལ་ནུས་པ་ཆུང་ངུ་ལས་མེད་དེ། དུས་ཀྱིས་མཚོན་ན་མ་འོངས་པའི་ཕྱོགས་སུ་མ་གཏོགས་འདས་པའི་ཕྱོགས་སུ་འགྲོ་མི་ཐུབ་པ། བརྒྱད་ཅུའི་རྒན་པོ་སྔར་གྱི་གཞོན་ནུའི་ལོ་རབས་ལ་ཕྱིར་སླེབ་ཐབས་མེད་པ་ལྟ་བུ་རེད། དེའི་ཕྱིར་ན་ལུས་ནུས་མེད་བྲན་གཡོག་ལྟ་བུའི་བདེ་སྡུག་འདི་སེམས་རྒྱལ་པོ་ལྟ་བུའི་བཀོད་འདོམ་ལ་རག་ལས་ཏེ། སེམས་ཀྱི་བཀོད་འདོམ་འདི་ནི་རྡུལ་སྙིང་གི་སྟོབས་ནུས་བཞིན་བཟང་ངན་གང་གི་ཕྱོགས་སུ་སྤྱད་ན་ནུས་པ་དེ་བཞིན་ཐོན་ཐུབ། དེས་ན་རྒྱུ་ནོར་རི་ནས་བཙལ། གྲོགས་བཟང་གཞན་ནས་རྙེད་མི་དགོས་ཏེ། རང་ལ་ཡོད་པའི་རིན་ཆེན་རང་གིས་བཟང་པོའི་ཕྱོགས་སུ་བེད་སྤྱོད་ཤེས་དང་མི་ཤེས་ཀྱི་ཐད་འདི་ནས། མཁས་བླུན། ཕྱུག་དབུལ། སྐྱིད་སྡུག མཐོ་དམན། བཟང་ངན་ཐམས་ཅད་ཤོར་བ་ཡིན་ཏེ། བདེ་བ་དོན་གཉེར་གྱི་འདུན་པ་བཅང་མཁན་ཐམས་ཅད་ཀྱི་བློ་གྲོས་ཀྱི་སྒོ་མོ་ཆེ་འདི་ན་ཡོད་ཀྱང་ཡོད་པ་ཡོད་པར་མ་ཤེས། འབྱེད་བྱེད་ཀྱི་ལྡེ་མིག་རང་ལག་ན་ཡོད་ཀྱང༌། དེ་ཡིན་པ་ཡིན་པར་མ་ཤེས་མ་མཐོང་བའི་འཁྲུལ་ཤེས་མུན་འཐོམ་ཅན་འདི་ནས་མགོ་བརྩམས་ཏེ་བདེ་སྡུག་གི་ལམ་ཁ་དབྲག་གཉིས་སུ་གྱེས་པ་རེད། དེའི་ལམ་དེ་གཉིས་ལ་ཡ་རབས་བཟང་པོའི་ལམ་དང༌། མ་རབས་ངན་སྤྱོད་ཅན་གྱི་ལམ་ཞེས་ཟེར་ཞིང༌། ཡ་རབས་ཀྱི་ལམ་ནི་བཟང་མེ་ལྕེ་གྱེན་དུ་འགྲོ་བའི་དཔེ་བཞིན་ཡར་གྱི་མིག་ལྟོས་སུ་འགྲོ་བ་དང༌། གཅིག་ཤོས་ངན་ཆུ་རྒྱུན་ཐུར་ལ་རྒྱུག་པའི་དཔེ་ལྟར་འོག་ནས་འོག་གམ་དམན་ནས་དམན་པར་བགྲོད་པའི་ལམ་ཡིན། སྡུག་གིས་མགོ་བཟུང་སྐྱིད་ཀྱིས་མཐའ་སྐྱོང་བ་དེ་ཡ་རབས་ཀྱི་ལམ་དང༌། སྐྱིད་ཀྱིས་མགོ་བཟུང་སྡུག་གིས་མཐའ་བསྡུ་བ་དེ་མ་རབས་ཀྱི་ལམ་ཡིན། དེ་ཡང་ཞིབ་ཏུ་བཤད་ན། ངན་གོམས་ཀྱི་བག་ཆགས་འཐུག་པ་རྡོག་ཁ་ཐུར་གཏད་ལ་ལོབས་པ་ཞིག་གིས་གྱེན་དུ་ཕྱོགས་པའི་བགྲོད་ལམ་ལ་བགྲོད་པ་དཀའ་ལས་ཅན་དུ་མཐོང་བ་ལྟར། བཟང་པོའི་གཤིས་སྤྱོད་བསླབ་པར་མ་གོམས་པའི་དབང་གིས་དང་པོ་བསླབ་པའི་ཚེ་བརྩོན་པ་སྐྱེད་པར་བྱེད་དགོས་པས་དཀའ་སྡུག་ལྟ་བུར་མཐོང་ཡང༌། གཟར་མོའི་བྲག་ལ་མ་འགོས་ན། བདེ་མོའི་ཐང་ལ་མི་སླེབ་ཅེས་པའི་ཁ་རྒྱུན་ལྟར། གང་འཚམས་ནས་སྐྱིད་པའི་སྤྲོ་གླིང་གི་ཐང་ཆེན་ལ་སླེབ་པ་ལྟ་བུའི། སྣ་ཚོགས་རིག་པའི་གནས་ལ་བྱང་བའི་ཤེས་བྱ་ཡོན་ཏན་སྣ་ཚོགས་ཀྱི་མེ་ཏོག་བཀྲ་ཞིང༌། ཁོང་ཡངས་བློ་དཀྱེལ་ཆེ་བའི་ཐང་ཆེན་ཤོང་ཡངས་བར། རང་གཞན་འཕྲལ་ཡུན་དུ་བདེ་བའི་རི་གླིང་གི་བཀོད་པ་བྱེ་བྲག་པས་མཛེས་པས་མ་ཟད། རི་རབ་རྩེ་ནས་རི་ཕྲན་མཐོང་བ་ལྟར་མངོན་ལྐོག་འདི་ཕྱིའི་གནད་གསང་རྟོགས་པས་གང་ཅིར་ཉམ་མི་ང་བ་སེང་གེས་གངས་རིའི་གཏན་སྲིད་ཟིན་ནས་ཡ་ང་བག་ཚ་མེད་པ་དང་འདྲ། མ་རབས་ཀྱི་ལམ་དེ་ངན་སྤྱོད་སྣ་དགུའི་གཞན་དབང་དུ་གྱུར་པ་ཞིག་ལ་མཚོན་ན། དབང་ལྔ་ཡུལ་ལྔར་ཞེན་པའི་འདོད་ཞེན་གྱིས་ཐོག་མར་སྐྱིད་པའི་སྣང་བའམ་སྲེད་པའི་ཉེར་ལེན་ཙམ་སྟེར་བ་ཇི་ལྟ་བུ་ཞིག་ཡིན་སྙམ་ན། ཚ་དམྱལ་དུ་སྐྱེ་རན་ཁར་ལུས་གྲང་བའི་རེག་བྱ་འདི་ལས་ལྡོག་སྟེ་དྲོ་བ་ཞིག་བྱུང་ན་སྙམ་པའི་དྲོ་བའི་རེག་བྱར་སྲེད་པའམ་ཆགས་པར་གྱུར་བའི་དེ་མ་ཐག་དམྱལ་མེས་བསྲེགས་པའི་སྡུག་བསྔལ་མྱོང་བ་ལྟ་བུ་སྟེ། ཕྱེ་ལེབ་འོད་ལ་ཆགས་ནས་མར་མེས་བསྲེགས་པ་བཞིན་མུ་མཐའ་མེད་པའི་སྡུག་བསྔལ་གྱི་རྦ་ཀློང་དུ་ཚུད་པ་ཡིན། དེ་ལྟ་བུའི་ཡ་རབས་དང་མ་རབས་ཀྱི་ལམ་དེ་གཉིས་གང་དུ་ཞུགས་ནས་དེར་སླེབ་ཡོད་པ་སྤྱོད་པའི་རྟགས་ཀྱིས་འབྱེད་པ་ཡིན་ཏེ། མ་ཨ་མའི་པང་ནས་དང་པོར་སྐྱེས་སྐབས་ཐོད་པའི་ངོས་ལ་ཡ་རབས་ཅེས་པའི་ཁ་བྱང་བཀོད་ནས་ཡོད་པ་ཞིག་མིན་ཞིང༌། མ་རབས་ལ་དེ་བཞིན་རྟགས་ཐམ་ནག་པོའི་རི་མོ་བཀོད་མེད་ཀྱང༌། སྐྱེས་ནས་ལོ་ནར་སོན་པའི་རང་གཤིས་དང་མཐུན་པའི་སྤྱོད་པ་བཟང་ངན་གྱིས་ཡ་རབས་དང་མ་རབས་སོ་སོར་འབྱེད་པ་ཡིན། དེ་དག་རིགས་མཐུན་ཕྱོགས་གཅིག་ཏུ་འགྱེས་པའང་དུད་འགྲོའི་ཁྱུ་དང་མཚུངས། ལུས་ངག་གི་སྤྱོད་པ་ནི་བསམ་པའི་ཀུན་སློང་སྔོན་དུ་སོང་བ་ཞིག་གམ། སེམས་རྒྱལ་པོ་ལྟ་བུའི་བཀོད་འདོམ་གྱི་འོག་ནས་བྱུང་བ་ཞིག་ཡིན་སྟབས། ལུས་ངག་གི་སྤྱོད་པ་བཟང་ངན་བྱེད་པོ་སེམས་ཀྱི་བསམ་པ་བཟང་ཞན་ལ་རག་ལས། འཇིག་རྟེན་འདིའི་སྟེང་གི་སྲོག་ཆགས་སེམས་ལྡན་ཚང་མར་རང་གཤིས་མི་འདྲ་བ་རེ་ཡོད་ཅིང༌། མི་ཡིན་པར་གཅིག་པ་མ་ཟད། ཕ་མ་གཅིག་པའི་སྤུན་མཆེད་ཡིན་ཀྱང་རང་གཤིས་འདྲ་མཚུངས་ཡིན་པའི་ངེས་པ་མེད། ཁ་ཤས་གཤིས་བཟང་སྤྱོད་ལམ་འཇམ་པ་དང༌། ལ་ལ་རྒྱུད་རྩུབ་རང་བཞིན་ངན་པ་འབྱུང་བ་དེ་ཀུན་སོ་སོའི་རང་གཤིས་སམ་རང་བཞིན་ཡིན་པས་སྤྱིར་བཏང་གིས་བཤད་ན། དཔེ་ལྕགས་རིགས་ཤིག་ལ་བཞག་ན། གསེར་དངུལ་ཟངས་རག་ལྕགས་དང་ཞ་ཉེ་སོགས་གང་ཡིན་གྱི་རང་བཞིན་དེ་ག་ལས་བསྒྱུར་དུ་མེད་པ་དང༌། ཤིང་རིགས་ཤིག་ལ་མཚོན་ན། ཙན་དན་དང་ཨ་གར། ཤིང་ཕྲན་ཕལ་བ་སོགས་གང་ཡིན་དེ་ཉིད་ལས་གཞན་དུ་འགྱུར་ཐབས་མེད་ཀྱང༌། མགར་བ་མཁས་པས་ལྕགས་རིགས་དམན་པར་ལྷ་སྐུ་དང་ཞིང་ཁམས་ཀྱི་མཛེས་དབྱིབས་སུ་བསྐྲུན་ཅིང༌། གསེར་རྩི་དང་དངུལ་ཞུན་གྱིས་རྒྱན་བཏགས་ན་བཟང་པོའི་དངོས་པོར་འགྱུར་བ་དང༌། ཤིང་རིགས་ཐ་ཤལ་བར་བཟོ་རིགས་མཁས་པས་ཉེར་སྤྱད་བཟང་པོར་བསྒྱུར་ན་རིན་ཐང་དང་ལྡན་པར་འགྱུར་བ་བཞིན། ཡ་རབས་དམ་པའི་རིགས་གཞུང་གིས་སློབ་གཅུན་བྱས་ན་རང་གཤིས་ཞན་པའི་དམན་པ་ཡིན་ཀྱང་བཟང་པོའི་ཕྱོགས་སུ་འགྱུར་བ་ཡོད། ཡང་བཟང་པོ་ཡ་རབས་ཀྱི་གཤིས་ཙམ་ལྡན་ཀྱང༌། གྲོགས་ངན་གྱིས་བསྒྱུར་བའམ། ཤེས་བྱ་ཡོན་ཏན་གྱི་སྦྱངས་པས་མ་འདང་བ། རྒྱུ་བཟང་དམན་པའི་ཡོ་ཆས་སུ་སྒྱུར་པ་ལ་རྩིས་འདང་མེད་པ། ཙན་དན་སོལ་བར་གྱུར་པ་དང༌། གསེར་ཟངས་མདེལ་མཚོན་དུ་གྱུར་པ་ལྟ་བུའི་ངན་སྐྱོན་གྱིས་བསླད་པས་ཀྱང་བཟང་ངན་གྱི་འབྲས་བུ་འབྱིན་པའི་བྱེ་བྲག་ཕྱེད་དེ། གྲོགས་ངན་པ་དང་འགྲོག་ན་རྐྱེན་ངན་གྱི་རྟགས་སྟོན། བཟང་ཡ་རབས་དང་འགྲོག་ན་དོན་ཆེན་གྱི་མཐའ་རྙེད་ཅེས་པའི་གཏམ་དཔེ་བཞིན་ཡིན། གཤིས་བཟང་ཅན་གྱི་མི་དེ་གྲོགས་བཟང་པོའི་སྐྱོར་མ་དང་བཅས། སློབ་དཔོན་བཟང་པོའི་སློབ་སྟོན་གྱི་ཞལ་གྱི་བདུད་རྩིས་བསྐྱངས་ན་གསེར་ལ་རྒྱལ་བའི་སྐུ་བཞེངས་པ་དང༌། ཙན་དན་ས་མཆོག་ལ་བཀྲིས་རྟགས་བརྒྱད་བརྐོས་པ་དང་འདྲ་བས། ཀུན་གྱི་དང་བ་འདྲེན་པ་དང་ཆབས་ཅིག་སྤྲོ་སྣང་དང་སིམ་པ་ཐུན་མིན་སྟེར་ཞིང༌། གཤིས་བཟང་དཔྱོད་ལྡན་ཡོན་ཏན་མཐའ་དག་གིས་འབྱོར་བའི་མི་གཅིག་གིས་ཀྱང༌། མི་གྲངས་ཐེར་འབུམ་ཕྲག་ཁྲིག་མང་པོའི་བདེ་སྐྱིད་ཀྱི་མགོ་འདོན་ཐུབ་ཅིང༌། སྤྱོད་ངན་གདུག་རྩུབ་ཅན་གྱི་མི་ངན་རེ་རེས་ཀྱང་ཡུལ་ཁམས་སྡེ་འབངས་མང་པོ་དཀྲུགས་ཐུབ་པ་མ་ཚད། འཛམ་གླིང་མི་བདེའི་ངན་གཞི་ཡང་མི་ངན་རེ་གཉིས་ཀྱིས་འཇོག་སྲིད། དེ་ལྟར་ན། ཡང་དག་པའི་ལམ་ལ་ཞུགས་དང་མ་ཞུགས་ཀྱི་ཁྱད་པར་གྱིས་སམ། ཡ་རབས་དང་མ་རབས་ཀྱི་བསམ་སྤྱོད་ཀྱིས་མིའི་བཟང་ངན་ཕྱེ་མོད། མིང་ལ་ཡང་དག་པའི་ལམ་ཞེས་བཏགས་པ་ཙམ་ལ་ཡང་དོན་གྱིས་ཡང་དག་པའི་ལམ་ཡིན་པའི་ངེས་པ་མེད་དེ། ས་ཕྱོགས་འགའ་ཞིག་ནས་ཕ་བསད་པ་ལ་རྒྱལ་རྔ་བརྡུང་བའི་དཔེ་ཡོད་པར་བཤད་པ་དང༌། ཙི་ཏ་རྐང་གཅིག་གི་ཡུལ་ནས་རྐང་གཉིས་པ་ལ་མི་རུ་མི་བརྩི་བ་བཞིན་ཏེ། ཡང་དག་དང་མ་དག་ཀྱང་ཚིག་ལ་མི་རྟོན་དོན་ལ་རྟོན། དོན་མཐར་ཐུག་བདེན་པའི་ར་སྤྲོད་ཀྱི་རྒྱབ་རྟེན་དང་འབྲལ་ཐབས་མེད། དེས་ན་བདེན་དོན་འགྱུར་མེད་བསྲེག་བཅད་བརྡར་བའི་གསེར་ལན་བརྒྱར་བཞུ་བཏུལ་བྱས་པ་བཞིན་གྱི་ལོག་པའི་དྲི་མས་མ་སྦག་པའི་ཡང་དག་པའི་ལམ་དེར་ཞུགས་པའམ་འཇུག་པའི་གང་ཟག་དེ་ཡ་རབས་ཀྱི་མི་དང༌། ལམ་དེ་ལ་ཡ་རབས་བཟང་པོའི་ལམ་ཞེས་བྱ། དེ་ལྟ་བུའི་ལམ་དེ་ཡང་དག་པ་ཡིན་མིན་སུས་སྟངས་གཅོད་དགོས་པ་རེད་ཟེར་ན། རྨོངས་པའི་གཞན་དབང་ཅན་གྱི་གང་ཟག་གཅིག་གིས་ཀྱང་དེའི་སྟངས་གཅོད་པར་མི་ནུས་ཏེ། རང་རང་གི་འདོད་ཕྱོགས་ཡང་མ་དག་པའི་བལྟ་ཕྱོགས་ཉི་ཚེ་བས་བཅིངས་བས། དེ་དག་གི་དབང་དུ་བཏང་ན་རང་ཉིད་གང་དུ་མོས་པ་དང༌། གང་ཟག་དང་ལམ་ལུགས་སུ་དང་གང་ལ་དགའ་བ་དེ་དང་དེར་བཟང་པོ་དང་བཟང་པོའི་ལམ་དུ་བརྩི་མོད། དེ་ཡང་རྟག་མི་ཐུབ་པ་ནམ་ཞིག་བཟང་པོ་ངན་པ་དང༌། ངན་པ་བཟང་པོར་མཐོང་བའི་འདུ་ཤེས་འགྱུར་སྲིད་པས། བྱིས་པའི་བློ་ཅན་བསམ་རྒྱ་ཆུང་ངུ་ཅན་གྱིས་ཡང་དག་པའི་ལམ་དབྱེ་ཞིབ་ཀྱི་ཁ་ཚོན་མི་ཆོད། འོ་ན་ཇི་ལྟར་འོས་ཤེ་ན། བདེན་དོན་དེ་བདེན་དོན་ཡིན་མིན་ཡང་དག་པའི་བདེན་དོན་རང་གིས་ཐག་གཅོད་དགོས་ཏེ། གསེར་ལན་བརྒྱར་བརྟགས་ཀྱང་གསེར་ལས་མི་འགྱུར་བའི་སྔ་མའི་དཔེས་མཚོན། ལམ་དེར་ཞུགས་ན་མཐར་ཐུག་མི་བསླུ་བའི་ཡིད་ཆེས་བློ་གཏད་ཕེར་བ། དེ་ཡང་གང་ཟག་རེ་རེ་གཉིས་གཉིས་སམ་ཚོགས་པ་དང་སྡེ་ཚན་བྱེ་བྲག་པའི་ཁེ་ཕན་ཙམ་མ་ཡིན་པར། སྲོག་ལྡན་སེམས་ཡོད་ཐམས་ཅད་བདེ་བར་འགོད་ཐུབ་པའི་ཐབས་ལམ་དེ་ཡང་དག་པའི་ལམ་ཡིན་ཞིང༌། དེར་འབད་པའི་བསམ་པ་དང་སྤྱོད་པ་ཡོད་མཁན་དེ་ལ་ཡ་རབས་བཟང་པོའི་མི་ཞེས་ཟེར་ཞིང་དེ་ལྟར་དོན་ལ་ཡང་གྲུབ། འདུན་པ་དེ་ལྟ་བུ་སྔོན་དུ་འགྲོ་བས། ཡང་དག་མིན། ཡ་རབས་ཞན་གང་བཤད་ཀྱང་མཐར་གཏུག་ན་བདེ་བ་དོན་གཉེར་དང་བདེ་བ་ཐོབ་པའི་ཐབས་ལམ་བསླུ་མེད་ཅིག་འཚོལ་བ་ལ་ཤོད་ཀྱིན་ཡོད་པ་དང་། དེའི་ཕྱོགས་སུ་ཉེ་དང་མི་ཉེའི་ཐད་ནས་མི་བཟང་ངན། ཡ་རབས་དང་མ་རབས་ཏུ་ཕྱེ་བ་ཡིན་པས། གཏམ་འདི་ཐོག་མར་གླེང་བའི་འཕྲོ་གཞི་ལྟར། ཐམས་ཅད་བདེ་བའི་དོན་དུ་རྒྱུག་བཞིན་ཡོད་པའི་སྐབས་འདིར། བདེ་བ་འདོད་མཁན་ཐམས་ཅད་ལ་བདེ་བ་ཡི་རང་སེམས་ཚིམ་པ་འཕྲལ་ཡུན་ཀུན་ཏུ་བདེ་བ། མི་བདེ་བའི་མིང་ཡང་མེད་པ་ཞིག་ཐོབ་ཐུབ་པའི་ལམ་དེ་ལམ་ཡང་དག་དང༌། དེའི་ལམ་དེ་སྟོན་ནུས་པ་དེ་ལ་ལམ་སྟོན་བཟང་པོ། ལམ་དེར་ཞུགས་པའི་གང་ཟག་དེ་ལ་ཡ་རབས་ཀྱི་ལམ་ལ་ཞུགས་པའི་སྐྱེས་མཆོག་ཟེར། དེ་ལས་ལྡོག་སྟེ་རང་ཉིད་གཅིག་པུའམ། རང་ཉིད་ཀྱི་ཁོར་ཡུག་གི་སྡེ་རིས་བྱེ་བྲག་པ་ཞིག་བདེ་བའི་ཆེད། གཞན་ལ་གནོད་པ་བྱེད་པའི་ལམ་དེ་ཡང་མ་དག་པའི་ལམ་དང༌། དེར་ཞུགས་ནས་རང་གཞན་ཕུང་ལ་སྦྱོར་མཁན་དེར་མ་རབས་ཟེར། རང་རེས་དོན་དུ་གཉེར་བཞིན་པའི་བདེ་བ་དེ་ལ་རིགས་གཉིས་ཡོད་དེ། ལུས་དང་སེམས་ཀྱི་བདེ་བ་གཉིས་ཡིན། ང་ཞེས་འདོག་གཞི་ལུས་སེམས་གཉིས་ལས་གཞན་མེད་པས། བདེ་བ་དོན་གཉེར་ཡང་དེ་གཉིས་ཀྱི་ཕྱིར་ཡིན་ན། བདེ་བའི་རིགས་ཀྱང་ལུས་སེམས་ཀྱི་བདེ་བ་གཉིས་ལ་འདུ་བ་སྟེ། དེ་གཉིས་ཀྱི་ནང་ནས་ཀྱང་སེམས་ཀྱི་བདེ་བ་རྙེད་རྒྱུ་འདི་བདེ་བ་གཞན་གཅིག་གིས་ཀྱང་དོ་ཟླ་མེད་ཅིང༌། སེམས་ཀྱི་བདེ་བ་ནང་དུ་མེད་ན་ཕྱི་རོལ་ཡོ་བྱད་སོགས་ཀྱི་དངོས་པོའི་མཐུན་རྐྱེན་གྱིས་ལུས་ཀྱི་བདེ་བ་ཙམ་ལས་བསྐྱེད་མི་ཐུབ་པ་དང་། སེམས་མ་བདེ་ཕྱིན་ལུས་ལ་མཐུན་རྐྱེན་ཇི་ཙམ་ཚོགས་ཀྱང་བདེ་བའི་མིང་དོན་གཉིས་ཀ་མེད་པ་ནི། རྒྱལ་པོའི་རྒྱལ་ས་མ་བདེ་ན་འབངས་བདེ་བའི་སྐབས་མེད་པ་བཞིན་ཏེ། ཕྱི་དངོས་པོའི་འབྱོར་བས་ཕྱུག་པའི་འཛམ་གླིང་གི་མི་མང་པོ་ཞིག་སེམས་ཁམས་མི་བདེ་བའི་ནད་ཀྱིས་ཟིན་བཞིན་ཡོད་པ་མ་ཟད། འགའ་ཞིག་རང་སྲོག་རང་གིས་གཅོད་དགོས་པའི་སེམས་གཅོང་གིས་མནར་བ་བྱུང་དང་འབྱུང་བཞིན་པ་འདི་དག་གིས་ཀྱང་ར་སྤྲོད་ཐུབ། སེམས་སྐྱིད་པའི་ཉིན་མོ་ཉལ་ས་རྟ་ར་ཡིན་ཀྱང་སྐྱིད་པར་ཚོར་ལ། ཡིད་མི་བདེ་བའི་ཟས་རྙེད་སྐབས་ཤིག་ལ་སྡོད་གནས་རྒྱལ་པོའི་ཕོ་བྲང་ཡིན་ཀྱང་སྤྲོ་སྣང་མེད་པ་འདིས་ཀྱང་མཚོན་ཐུབ། མི་རྣམས་ཀྱིས་ཕྱུག་པོ་ཡོང་ན་སྐྱིད་པའི་གཞི་མ་ཡིན་པར་སྙམ། དེ་ལ་དཔྱད་པ་བྱས་ན་མི་ལ་ལུས་སེམས་གཉིས་ཡོད་པས་ཕྱུག་པོ་བྱེད་པ་ཡང་ལུས་སེམས་གཉིས་ཀའི་ཕྱུག་པོ་བྱེད་འོས། དེས་ན་མི་ཞིག་ཕྱུག་པོ་བྱེད་པ་ལ་ཕྱི་དངོས་པོའི་འབྱོར་བས་ཕྱུག་པ་དེ་ཕྱུག་པོ་ངོ་མ་མིན་པས་མི་ཚད་དོན་ལ་དབུལ་པོ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། ཟང་ཟིང་སྒྱུ་མའི་ནོར་གྱིས་ཇི་ཙམ་འབྱོར་ཀྱང་ཚིམ་པ་མེད་པར་ལན་ཚྭའི་ཆུ་བཞིན་ད་རུང་འདོད་པ་ངང་གིས་འཕེལ་ནས་སྐམ་ཆགས་ཀྱིས་གདུང་བས། ནོར་མེད་དབུལ་པོ་ལས་ཀྱང་ཉམ་ཐག ནང་གི་བསམ་པའི་དཔལ་ཡོན་གྱི་འབྱོར་བས་ཕྱུག་ན། དེ་དོན་གྱི་ཕྱུག་པོ་ངོ་མ་ཡིན་ཏེ། དེའི་འབྱོར་བ་དེར་ཟད་པའི་མཐའ་མེད་ཅིང་ཇི་ཙམ་སྤྱད་ཀྱང་ངང་གིས་འཕེལ། དེས་འཇིག་རྟེན་འདི་དང་འདི་ལས་འདས་པའི་ལེགས་ཚོགས་མང་པོའི་སྒོ་འཕར་འབྱེད་ཐུབ་པ་མ་ཟད། ཤེས་རབ་ཀྱི་མིག་དེས་ཐབས་བཟང་པོ་ཐམས་ཅད་བསྡུས་ཏེ་རང་དང་གཞན་གྱི་རྒུད་པ་ཡོད་ཚད་སེལ་བར་བྱེད་ཐུབ། ནང་གི་འབྱོར་བ་ཕུན་སུམ་ཚོགས་པ་དང་ལྡན་པའི་མི་དེ་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འབྱོར་བས་ཀྱང་འགྲན་དུ་མེད་པའི་བདེ་སྐྱིད་དང་ལྡན་ཞིང༌། དེས་རང་གིས་རྙེད་པའི་བདེ་བའི་ལམ་དེར་གཞན་བརྩེ་བས་རྗེས་སུ་ཁྲིད་པར་ཉིན་མཚན་ཀུན་ཏུ་བརྩོན་པར་བྱེད། འཛམ་གླིང་གི་མིའི་འཇིག་རྟེན་འདི་ཡར་རྒྱས་ཀྱི་ཆུ་ཚད་མཐོན་པོར་སླེབ་དགོས་ན། ཤེས་ལྡན་མི་སྣ་མིང་དོན་མཚུངས་པ་གཞན་ཕན་ཅན་མང་པོས་ཁེངས་དགོས། དེ་བཞིན་ཡུལ་རིས་གཅིག གྲོང་ཚོ་ཞིག ཁྱིམ་ཚང་གཅིག་ལ་མཚོན་ན་ཡང་དེ་ལྟར་ཤེས་ཡོན་དང་བྱམས་བརྩེ་སྙིང་རྗེས་དྲངས་བའི་བསམ་སྤྱོད་བཟང་པོ་ཡོད་མེད་ཀྱིས་ཡུན་གྱི་བདེ་སྡུག་གི་ཁ་ལོ་པ་བྱེད་པ་དང་མི་གཅིག་གི་མི་ཚེའི་བདེ་སྡུག་ལ་དཔྱད་ན་ཡང་དེ་ལྟར་ཡིན། དེས་ན་ཕྱི་ཚུལ་མི་ཡིན་པར་འདྲ་ཡང༌། ནང་གི་བློ་མིག་མི་འདྲ་བ་ལ་བརྟེན་ཏེ་སྐྱིད་སྡུག་ལེགས་ཉེས་ཀྱི་ཐོབ་ཤོར་བྱུང་བ་ཡིན་ན། ཤེས་ཡོན་དེ་ཇི་ལྟར་འཚོལ་དགོས་སྙམ་ན། ཤེས་རབ་ཀྱི་མིག་རྣམ་དཔྱོད་ཀྱིས་སྒྲུབ་པ་ལ། ཤེས་རབ་འཕེལ་བའི་སྒོ་ཐོས་པ་ཡིན་པས་དང་པོ་ཐོས་པ་འཚོལ་དགོས། ལེགས་ཚོགས་བརྒྱ་ཕྲག་འབྱུང་བའི་སྒོ་འཕར་ཐོས་པ་མི་སྒྲུབ་པར། དོན་ཆེན་བསྐྱུར་ནས་དོན་ཆུང་གི་བྱ་བས་དུས་ཚོད་བྲོན་དུ་བཅུག་པ་ནི་བླུན་རྟགས་ཡིན། ཤེས་རབ་ཡོད་ན་ཉི་མའི་འོད་ཟེར་གཅིག་གིས་སྐར་ཚོགས་ཟིལ་གྱིས་མནན་པ་བཞིན། སྟོབས་དང་ལྡན་པའི་མ་རུངས་པའི་དགྲ་ཐམས་ཅད་ཤེས་རབ་གཅིག་གིས་འཇོམས་ནུས་པ་དང༌། ལོག་པའི་ལམ་གྱི་མུན་པ་ཐམས་ཅད་ཀྱང་ཤེས་རབ་གཅིག་གིས་སེལ་ནུས། ཐོས་པ་འཚོལ་ནས་མཁས་པ་བྱེད་པ་ལ། མ་ཤེས་པ་བསླབས་ནས་ཤེས་པ་བྱེད་དགོས། བསླབས་ནས་ཤེས་པ་མ་གཏོགས་མ་བསླབ་པར་ཤེས་པ་ས་སྟེང་ན་དཀོན། དེ་ཡང་དམ་པའི་ལེགས་བཤད་བཟང་པོའི་ལམ་སྟོན་མུན་པའི་སྒྲོན་མེ་ལྟ་བུ་ཞིག་ལ་སྦྱང་དགོས་པ་ལས། ལོག་པའི་ཤེས་རབ་འཕེལ་བའི་ངན་གཡོ་བརྩེ་བྲལ་གྱི་རིགས་ལ་སྦྱངས་ན་ཕུང་བར་བྱེད། ཤེས་བྱ་ཡོན་ཏན་མ་བསླབ་པར་རང་གར་བསྡད་ན་མི་ཚེའི་མཐར་ཐུག་ཉིན་ཡང་བཟང་སྐྱེད་མེད་པར་ལག་སྟོང་དུ་ལུས་པར་ངེས། འཇིག་རྟེན་ཐོག་གི་བཟང་ཆ་མཛེས་ཆ་ལེགས་པའི་ཆ་ཐམས་ཅད་འབད་པས་དོན་གཉེར་བྱས་ཏེ་བསྒྲུབས་པའི་འབྲས་བུ་ཤ་སྟག་སྟེ། དོན་གཉེར་གྱི་བརྩོན་པ་མེད་ན་བཟང་པོའི་ཕྱོགས་ཀྱི་ཡོན་ཏན་ཐོབ་མི་ཐུབ་ལ། ནང་གི་ཡོན་ཏན་མེད་ན་ཕྱིའི་དཔལ་འབྱོར་གྱིས་བདེ་བ་རྙེད་ཐབས་བྱེད་པའི་བསམ་པ་འབྲས་མེད་རེ་སྟོང༌། དགུན་གྱི་ལྗོན་ཤིང་ལ་འབྲས་བུ་འཐོག་རེ་བྱས་ཏེ་བསྒུག་པ་དང་མཚུངས། གལ་ཏེ་རང་ཉིད་ལ་ནང་གི་བསམ་པའི་དཔལ་ཡོན་གྱིས་ཕྱུག་པ་སོགས་ཀྱི་ཡོན་ཏན་ཡོད་ན། རེ་ཞིག་རྒུད་པ་ལྟ་བུར་གྱུར་ཀྱང་རིང་པོར་མི་འགོར་བར་བདེ་བའི་འབྲས་བུ་འབྱིན་པ་ནམ་ཟླ་དཔྱིད་ཀའི་ལྗོན་ཤིང་བཟང་པོ་དང་འདྲ་བ་རེད། ཡིན་ན་ཡང་བྱ་བ་གང་ཐད་ནས་ཚོད་རན་པ་ཞིག་གི་ཐོག་ཏུ་འདུག་དགོས། ཚོད་ཟིན་ཚུགས་ཐུབ་གནད་ཀྱི་གལ་མདོ་ཡིན། རིགས་བཟང༌། རུས་མི་དམན། ལོངས་སྤྱོད་ཀྱི་འབྱོར་བས་མི་ཕོང༌། ཡོན་ཏན་ཆེ་བསམ་རྒྱུའི་བསམ་བློ་སྐྱེས་ནས་ཁེངས་བར་གྱུར་ན། རང་བས་ཡན་ལ་ལྟོས་དང༌། རེ་རེའི་ཡན་ན་རེ་རེ་ཡོད། རྫ་ཁྲ་ཡག་ཡན་ན་གངས་ཡོད། གངས་དཀར་པོའི་ཡན་ན་གནམ་ཡོད་ཟེར་དཔེ་ལྟར། རྒྱ་མཚོའི་སྦལ་བར་མ་འཕྲད་ན་ཁྲོན་པའི་སྦལ་བས་ཁོ་རང་བས་ཡན་ལ་མེད་སྣང་ཤར་བ་དང་འདྲ་སྟེ། བསམ་ཚད་ཡིན་རྒྱུའི་ངེས་པ་མེད་པའི་ཧ་གོ་རྒྱུད་ལ་སྦྱར་དགོས། ཡང་སྐབས་འགར་ཧ་ཅང་ཞུམ་ཆེས་ནས། སེམས་ཕམ་ཡི་ཆད་དེ་རྔ་མ་སྒྱིད་ཁུག་ཏུ་འདྲེན་མི་དགོས། རང་བས་མན་དུ་ཡོད་པའང་མི་ཉུང་བ་ཤེས་པར་བྱས་ཏེ། མིག་གིས་དམའ་བལྟས་སེམས་ཀྱིས་དམན་ལམ་མ་བསྙེགས་དང་མི་ཡིན་ལུགས་ཚང་མ་གཅིག་པ་རེད། བློ་རིག་པ་རང་ཉིད་ལ་ལྷན་སྐྱེས་ཀྱིས་ཡོད། ཐབས་ཤེས་རབ་གཉིས་ཀས་མ་ཕོང་ན། ཁྱིམ་ཀ་བཞིའི་གདུང་མ་གར་བཙུགས་རེད་བསམ་སྟེ། སེམས་འཕང་གྱེན་ལ་བསྟོད་ནས་བརྩོན་པ་དང་སྙིང་སྟོབས་བསྐྱེད་དེ་རང་ཉིད་ཡོན་ཏན་དང་ལྡན་པར་བྱ་དགོས། མི་བརྟན་བློ་མང་གཏམ་དང་བྱ་བར་ངེས་པ་མེད་ཅིང་འགྲོ་འདུག་ཁྱི་བཞིན་སྐྱེན་པ། མ་བརྟགས་མུ་ཅོར་སྨྲ་བའི་གཏམ་དང༌། ཅོལ་ཆུང་ཐོ་ཅོའི་བྱ་བ་གྱ་ཚོམ་དུ་རྩོམ་མཁན་གྱི་མི་དེ་རིགས། རི་རྩེའི་ཆུ་རྒྱུན་བཞིན་མཐོ་ཡང་དམའ་སར་ལྷུང༌། མི་གཞི་བརྟན་ཅིང་བག་ཡོད་ཚུགས་ཐུབ་སྨྲ་བ་ཉུང༌། དུས་ལ་བབ་ཚེ་དོན་དང་ལྡན་པའི་གཏམ་སྨྲ་བ། རྒྱུན་དུ་འཛུམ་བག་ལྡན་ཞིང་གཏིང་གི་གཤིས་དཔོག་དཀའ་བའི་སྐྱེས་བུ་དེ་ལ་ལྷ་ཡང་འཇིགས་པ་སྐྱེ་སྟེ། ནམ་ཞིག་མ་བསྡུས་སྐྱེ་བོས་རང་བཞིན་གྱིས་བཀུར་བ་ཆོས་ཉིད་ཡིན། ཡུལ་ཁམས་ཀྱི་བདག་པོ་རྒྱལ་པོ་ལ་སོགས་པ་ལ་ཡུལ་དེ་ནས་གུས་བརྩི་ཞུ་ཡང༌། ཡུལ་གཞན་ནས་དེ་ཙམ་མིན་ལ། ཡོན་ཏན་ལྡན་པ་ནི་ཡུལ་ཁམས་ཐམས་ཅད་དང་ཁྱད་པར་གཞན་ཡུལ་ནས་བརྩི་བཀུར་ཆེ་བས། རྒྱལ་པོའི་རྒྱལ་སྲིད་ལས་ཀྱང་དོན་ཆེ་བའི་ཡོན་ཏན་ལ་རང་དབང་ཡོད་བཞིན་མི་འབད་པ་ནི། སེམས་མེད་བེམ་པོ་དང་འདྲ་ཞིང་བླུན་པོའི་ནང་གི་ཆེས་བླུན་པོ་ཡིན། མཁས་བླུན་ཟེར་བ་དེ། དོན་ཆེན་སྒྲུབ་པའི་བློ་རྒྱ་དང་ལེགས་ཉེས་འབྱེད་པའི་རྣམ་དཔྱོད་ཡོད་མེད་ལ་ཟེར། མཁས་པ་ཡིན་ན་གཞུག་ནས་ཇི་ཡོང་ཤེས། མྱིག་ཅན་ཡིན་ན་སྔུན་ན་ཅི་ཡོད་རིག ཅེས་པའི་དཔེ་ལྟར། བྱ་བ་གང་དང་གང་ཞིག་ལ་འཇུག་ལྡོག་དང༌། སྐྱེས་བུ་གང་དང་གང་ཞིག་གི་བཟང་ངན་ཐམས་ཅད་མངོན་དུ་གྱུར་ཚེ་སུས་ཀྱང་ཤེས་མོད། ས་བོན་གང་དང་གང་ཞིག་ལ་ནུས་པ་གང་ཞིག་ལྡན་པ་དཔོག་པ་བཞིན་མ་འོངས་བྱ་བ་གང་དག་ལ་རྗེས་འབྲས་ཇི་ལྟར་འབྱུང་བ་སྐྱེས་ཕོ་རབ་ཀྱི་མཁྱེན་པ་རབ་རིབ་ཅེས་པའི་གཏམ་དཔེ་ལྟར་སྔོན་ནས་དཔགས་ཐུབ་ན་མཁས་པ་ཡིན། ལེགས་པར་བཤད་པའི་ངག་འཆི་སོས་ཀྱི་ལྷའི་བདུད་རྩི་ལྟ་བུ་ཐོས་ཀྱང་དེ་ལ་གནད་ཆེན་དུ་མི་བརྩི་ཞིང༌། དོན་ཆེན་བསྐྱུར་ནས་དོན་ཆུང་ལ་གཡེང་བའི་ཁོལ་བོར་མི་ཚེ་བཅད་པ་དེ་བླུན་པོ་ཡིན་པའི་རྟགས་རེད། དེས་ན་ཐོག་མར་ཤེས་རབ་ཀྱི་མིག་བསྒྲུབ། དེ་ནས་གང་འདོད་ཀྱི་ལས་ལ་ཞུགས་ན། མིག་ལྡན་གཡང་སར་ཉམ་མི་ང་བ་བཞིན་ལེགས་པ་སྤེལ་ཞིང་ཉེས་པ་འགོག་ཐུབ། སྐྱེ་བོ་ཕལ་བ་འདོད་ཡོན་གྱིས་མི་ངོམས་པ་བཞིན་དུ། མཁས་པ་ལེགས་བཤད་ལ་ངོམས་པ་མེད་པས་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསླབ་ལ་འབད་ན་དེ་བཞིན་ཡོན་ཏན་གྱི་ཚོགས་མང་དུ་འཕེལ་བ་ཡིན། ཕྱི་ཐག་མིག་རྒྱང་རིང་བའི་ཡ་རབས་བཟང་པོའི་ཡོན་ཏན་ཅན་དེས། ཚུར་ལ་གནོད་པ་སྐྱེལ་བའི་དགྲ་བོར་ཡང་ཕར་ལ་བུ་བཞིན་བསྐྱངས་བས། ཐ་མར་དགྲ་བོ་དབང་དུ་གྱུར་ནས་དགྲ་ཐབས་ཀྱིས་འདུལ་བ་ཡང༌། ཁོང་ཡངས་བློ་རྒྱ་ཆེ་ཞིང་ཐབས་ལ་མ་རྨོངས་པའི་ཡོན་ཏན་ཡིན། འཇམ་པོས་རྩུབ་པོ་འཇོམས་པ་ལས་རྩུབ་པོས་རྩུབ་པོ་གཏན་དུ་འཇོམས་པ་མི་སྲིད། གྲོགས་ངན་པའི་རླུང་གིས་ནམ་ཡང་གཡོ་མི་ཐུབ་ཅིང༌། བློ་བརྟན་གཤིས་ཀ་བཟང་བའི་ངང་ཚུལ་རི་དབང་བཞིན་དུ་བརྟན་ན། ལེགས་ཚོགས་ཐམས་ཅད་སྤྲིན་བཞིན་རང་ཤུགས་ཀྱིས་འདུ། རང་རེས་རྒྱུན་དུ་ལུས་ལ་བྱི་དོར་བྱེད་ཅིང༌། དེ་ལ་ཟས་གོས་སོགས་འདོད་ཡོན་ཐམས་ཅད་བསྟབས་ཏེ་གཅེས་སྐྱོང་བྱེད། ནམ་མཁའ་ནས་འབྲུག་སྐད་དྲག་པོ་གྲགས་པ་ཐོས་ཀྱང་ངའི་ལུས་ལ་ཐོག་གིས་མི་བརྒྱག་གམ་སྙམ་པའི་འཇིགས་སྐྲག་ཅན་གྱི་ཚོར་སྣང་ཚ་ཟིང་བ་དབང་མེད་དུ་སྐྱེ་ན། ང་ཞེས་འདོག་སའི་རྡུལ་ཕྲན་ཚོགས་པའི་ལུས་འདི་འདྲ་སྔར་ནས་གྲངས་མེད་བརྗེས་ཟིན་ཞིང༌། ད་ལྟའི་འདི་ཡང་ཅ་ལག་རྙིང་པ་བཞིན་རྒས་ནས་ནུས་པ་ཟད་དེ་བེད་མེད་དུ་འགྱུར་བ། ཕྱགས་དར་ཁྲོད་དུ་གཡུག་རྒྱུའི་དངོས་པོ་ཆག་རོ་གཞན་ཐམས་ཅད་དང་མ་འདྲ་བའི་ཁྱད་ཆོས་ཟུར་པ་ཅི་ཡང་མེད། དེ་བས་ཐོག་མེད་ནས་རྒྱུན་ཆགས་པའི། རྒྱུ་ས་བོན་རིགས་འདྲ་སྔོན་སོང་གི་མཐུ་ལས། འབྲས་བུ་བདེ་སྡུག་རིགས་འདྲ་མྱོང་བའི་སེམས་འདི་ལ་བྱི་དོར་དང་བཟང་པོར་འཆོས་པའི་བྱ་ཐབས་བརྩམས་ནས་ཉེས་སྤྱོད་ཀྱི་གཡང་ལ་གཟོབ་པ་ལྷུར་ལེན་འོས། འོན་ཀྱང་རང་རེས་དེའི་འདིང་མ་ཕོག་པར། སེམས་ཀུན་བྱེད་རྒྱལ་པོ་བདག་མེད་རྒྱ་ཡན་དུ་བོར། དེ་ལ་ལེགས་སྤེལ་ཉེས་འགོག་གི་མེལ་ཚེ་ཙམ་མ་བྱས་པར། ལུས་གནས་སྐབས་རིང་བེད་སྤྱད་རྒྱུའི་བྲན་འཁོར་ལྟ་བུ་ལ་གཅེས་སྤྲས་བྱེད་མདོག་བྱས་ཀྱང༌། དོན་གྱི་ཐོག་ནས་གཅེས་ལུགས་ངོ་མ་དེ་མ་ཤེས་པས། སེམས་ལང་ཤོར་བདག་མེད་དབང་ཆ་ཅན་དེའི་བཀོད་འདོམ་ངན་པའི་འོག ཐམས་ཅད་ལོག་པར་མཐོང་ནས་དགྲ་རུ་བཅད་པས་དགྲ་མང་བར་བྱས། ཡོད་ཚད་རང་ལ་དབང་འདོད་ཀྱི་ཧམ་སེམས་འདོད་རྔམ་ངན་པས་མི་ཚེ་ཕུང་བར་བྱས། རྟག་ཏུ་ཁོག་དོག་ཁྲོས་འཁྲུགས་མ་ཞི་བའི་གཅོང་ནད་འདིས་ལུས་སེམས་ཁོར་ཡུག་དང་བཅས་པ་ཉམས་མི་དགའ་བར་བསྒྱུར་བའི་ཕུང་ཀྲོལ་འདི་ཡང༌། སེམས་ལམ་ལ་མ་བཞག་ནས་ངན་རེངས་སུ་ཤོར་བའི་དབང་ལས་བྱུང་བ་ཡིན། ལྡུམ་རའི་ནང་གི་མེ་ཏོག་ལ་ཆུ་ལུད་དྲོད་བཤེར་གྱི་མཐུན་རྐྱེན་ཚོགས་པར་བྱས་ཏེ་བསྐྱེད་དགོས་པ་དང༌། ལྗོན་ཤིང་དེ་དག་ཀྱང་དེ་བཞིན་ཡལ་ག་དང་ལོ་མའི་སྐྱེ་ཚུགས་དང་བཟོ་ལྟ་སྐྱེས་བུའི་འདོད་པ་བཞིན་མཛེས་པར་འཆོས་ན་བཅོས་སུ་ཡོད་པས། མིའི་སེམས་ཇི་ལྟར་འཆོས་སུ་མེད་དེ་བཅོས་པར་སླ། རིན་ཐང་ཅན་གྱི་རང་གི་སེམས་རང་གིས་གཅེས་པར་བསྐྱངས་ཏེ་བཟང་རིན་ཐང་ཅན་དུ་འགྱུར་བ་ཞིག་བྱེད་དམ། ངན་སྐྱུགས་སྣ་དགུའི་འབྱུང་རྩར་གྱུར་པ། གཞན་ཕར་ཞོག་རང་ཉིད་ཀྱང་ཁྲེལ་གཞི་ཞིག་ཏུ་སྒྱུར། དེ་གཉིས་གང་བྱེད་རྩ་བ་རང་ལ་ཐུག་པ་ཡིན། བསམ་པ་བཟང་པོར་འཆོས་རྒྱུ་དང་རང་ཉིད་ཡོན་ཏན་དང་ལྡན་པར་བྱེད་རྒྱུ་དེ། དཔེ་ཀློག་དང་གཞན་གྱི་ཁ་ནས་གླེང་བ་ཐོས་པ་རྐྱང་བས་མི་ཆོག དེ་ལ་ངེས་པར་བདེན་པ་རེད་སྙམ་པའི་ངེས་ཤེས་འདྲོང་བ་ཞིག་གིས་ཀྱང་ཕན་ཐོགས་ཆེན་པོ་མི་འབྱུང་སྟེ། ཡོན་ཏན་རང་ལ་མེད་ན་མི་གཞན་ལ་ཡོད་པ་ཤེས་པས་རང་ལ་ཡོད་གོ་མི་ཆོད། དཔེར་ན་དབུལ་པོས་ཕྱུག་པོའི་རྒྱུ་ནོར་གླེང་བ་དང་འདྲ། དེ་བས་འཕྲལ་མ་ཉིད་དུ། ད་ལྟ་ཉིད་དུ། བཟང་ཡོན་ཏན་ཉམས་ལ་ཕན་པ་རང་གིས་ལེན་རྒྱུ་དེ་ཕྱིར་བཞག་མི་བྱེད་ནས། སྟན་ལ་བསྡད་ཡོད་པའི་སྐབས་གོ་བ་བཟང་པོའི་ངེས་ཤེས་རྙེད་ན་དེའི་སྟེང་ནས་རང་སེམས་ལ་བསྒྱུར་བཀོད་དང༌། སྤྱོད་ལམ་ངན་པ་བཟང་པོར་འཆོས། ལམ་ནས་འགྲོ་བཞིན་ཡོད་པའི་སྐབས་དམ་པའི་ལེགས་བཤད་ཐོས་པའམ་དྲན་པས་རྐྱེན་བྱས་ཏེ། དེ་ལ་མོས་པ་བྱུང་ན་དུས་དེའི་སྟེང་ནས་འཕྲལ་མ་ཉིད་དུ་རང་སེམས་ཐད་ལ་བཞག རང་སྤྱོད་ཚད་ལ་གཞལ་ནས་རང་རྒྱུད་ལ་བྱི་དོར་དང་གཙང་སྦྲ་བྱས་ན། རིན་པ་སྦྱིན་མི་དགོས་པའི་འཛམ་གླིང་ནོར་ལས་ལྷག་པའི་རིན་ཐང་ཅན་རང་རྒྱུད་ནས་རྙེད་པ་ཡིན། དེ་སྔའི་ཉམ་ཉེས་ཐམས་ཅད་མ་ཤེས་པའམ་ཤེས་ཀྱང་ཕྱི་བཞག་བྱས་པ་ལས་བྱུང༌། དགའ་སྡུག་ཡུལ་གྱི་བསླུ་ཁྲིད་འདི། ངོ་མ་བཤད་ན། འདི་ཡུལ་གྱི་སྟེང་ན་མེད་སེམས་ཀྱི་སྟེང་ན་ཡོད། རང་ཉིད་ཀྱི་འཁྲུལ་བའི་སྣང་ཤེས་ཕྱི་རུ་ཤར་བ་ཡིན། བྱད་མེ་ལོང་དུ་ཤར་ཀྱང་ཤར་རྒྱུ་རང་གི་བྱད་ཡིན། དཔེར་ན་ཆགས་ཞེན་བྱེད་སའི་མི་ཞིག་ལ་མཚོན་ན། འགའ་རེས་དེ་ལ་ཕ་མར་མཐོང༌། ལ་ལས་དེ་ལ་སྤུན་སྲིང་དུ་མཐོང༌། འགའ་ཞིག་གིས་དེ་ལ་དགྲ་རུ་འཛིན། ཆགས་ཅན་གྱིས་ཆགས་ཡུལ་དུ་མཐོང༌། འབུ་སྦྲང་སོགས་ཀྱིས་ཟས་སུ་སྣང་བའི་འཁྲུལ་ཤེས་མང་པོ་དེ་ཙམ་ལ། འདི་ཡིན་དེ་མིན་གྱི་ཁ་ཚོན་སུ་ཡིས་གཅོད། སེམས་སྐྱིད་པའི་ཉི་མར་གྲོག་རོང་ཡིན་ཀྱང་ཉམས་དགའི་ལྗོངས་དང༌། སྡུག་ཁོག་ནད་ཞེ་ལ་ཡོད་པའི་ཉིན་མོ་སྤྲོ་གླིང་ཡིན་ཀྱང་ཉམས་མི་དགའ་བར་མཐོང་བའི་དཔེས་མཚོན་ཐུབ། བླུན་པོས་བདེ་སྡུག་ཐམས་ཅད་གཞན་ལས་བྱུང་བར་བསམ་སྟེ། དུས་རྟག་ཏུ་ཡུལ་ལ་འདོར་ལེན་གྱིས་ཆགས་སྡང་དགའ་སྡུག་བྱེད་པ་དེ། ཁྱིས་རྡོ་ལ་བསྙེགས་ནས་རྡོ་དེད་པས་སླར་ཡང་རྡོ་མང་པོ་ཕོག་པ་བཞིན་དང་། མཁས་པས་བདེ་སྡུག་རང་ལས་བྱུང་བར་ཤེས་ནས། དེའི་གཞི་རྩ་ནང་དུ་བློ་ཕྱོགས་ཏེ་བདག་ཉིད་ལ་རྟོག་ཅིང་བག་ཡོད་པར་གནས་པ་སེངྒེས་རྡོ་འཕེན་མཁན་གྱི་མི་དེའི་རྩ་བ་དེད་པ་བཞིན་ཡིན། བདེ་སྡུག་གི་གཞི་རྩ་སྤོང་ལེན་ལ་མཁས་དང་མི་མཁས་ཀྱིས་བདེ་སྡུག་ཁོད་མི་སྙོམས་པའི་བཟང་ངན་སྐྱིད་སྡུག་སྣ་ཚོགས་ཅན་གྱི་འགྲོ་བ་འདི་བྱུང་བ་རེད། སྐྱིད་པའི་གཞི་མ་རང་སེམས་ན་ཡོད་པས་སྐྱིད་པོ་རང་གིས་མ་བྱས་ན་གཞན་གྱིས་སྐྱིད་པོ་སྤྲད་ཐབས་མེད། སྔོན་སོང་འདས་པའི་སྐྱིད་ལ་དེ་དུས་སྐྱིད་པོ་ཡིན་པ་རེད་སྙམ་པས་སྐྱིད་གོ་མི་ཆོད་དེ། འདས་ཟིན་གྱི་བྱ་བས་ད་ལྟར་ཕན་མི་ཐོགས། ན་ནིང་གི་དྲོད་རླངས་ཀྱིས་ད་ལོའི་གྲང་ལྷགས་མི་སེལ་བ་དང་འདྲ། མ་འོངས་པའི་སྐྱིད་ལ་རེ་བསྒུག་བྱས་ཀྱང་མ་འོངས་པའི་མཐའ་ལ་ཟད་པ་མེད་ཅིང༌། མ་འོངས་སྐྱིད་པའི་ཉི་མ་མ་ཤར་བའི་སྔུན་ལ། ཚེ་སྲོག་གི་མཇུག་མཐའ་སྟོན་དུས་ཀྱི་མེ་ཏོག་ལྟ་བུ་དེ་དུས་ཀྱི་བ་མོས་ཉེན་སྲིད། མིན་ཀྱང་རྒས་ཤིང་རྒུད་པའི་མལ་མཐའ་ནས་གང་ཡང་སྐྱིད་དུ་མི་ཚོར། དེས་ན་ད་ལྟའི་ཐད་ཀར་ཡོད་པའི་འཚོ་བ་དང་ཁོར་ཡུག བྱ་བཞག་ཐམས་ཅད་རང་ཉིད་ཀྱི་སེམས་ཁོང་ཡངས་ཤིང་བློ་རྒྱ་ཆེ་བ་དེས་སྐྱིད་པོ་རང་སེམས་ཀྱིས་བསྐྲུན་ཏེ། སྐྱིད་ལ་སྐྱིད་ངོ་ཤེས་པར་བྱས་ན་དེ་ལ་སྐྱིད་པ་སྟོང་གི་ཡང་རྩེ་ཟེར་ཆོག སྐྱིད་ཕྱི་ནས་མ་བཙལ་ནང་དུ་སྐྲུན་ཞེས་པའི་གདམས་ངག་ཚིག་གཅིག་འཛམ་གླིང་ནོར་གྱིས་མི་ཁུག་པའི་གསང་ཚིག་འདི། ཕྱི་རབས་རིགས་མཐུན་གྱི་འགྲོ་བར་བརྩེ་བས་ལེགས་སྐྱེས་སུ་བཞག་པ་ཡིན། རང་ཉིད་མི་འདོད་པ་བཞིན་གཞན་ཐམས་ཅད་ཀྱིས་སྡུག་བསྔལ་མི་འདོད་ཅིང༌། རང་ཉིད་འདོད་པ་བཞིན་གཞན་ཐམས་ཅད་ཀྱིས་ཀྱང་བདེ་བ་འདོད་པས་རང་ལུས་ལ་དཔེ་བླངས་ནས་གཞན་ལ་གནོད་པ་མི་སྐྱེལ་བའི་བསམ་པ་བཟང་པོ་ཡོད་ན། སེམས་སུ་སྲོག་ཆགས་ཐམས་ཅད་ལ་བྱམས་སྙིང་རྗེ་ཡོད་པའི་དབང་གིས་ལུས་ངག་གིས་ཀྱང༌། ལུས་ཀྱིས་གཞན་ལ་འཚེ་བ་མི་བྱེད་ཅིང༌། ཐ་ན་གོམ་པ་སྤོས་པ་ཚུན་ཆད་ཞི་དུལ་ཅན་དུ་འགྱུར། ངག་གིས་ཁྲོ་ཚིག་དང་གཏུམ་དྲག་གི་ང་རོས་མ་རུངས་འཆོལ་གཏམ་མི་བཤད་པར་གུས་ཚིག་དང་ཞེ་ས། སྙན་པར་སྨྲ་ཞིང་ཡིད་ལ་འབབ་པའི་གཏམ་བཤད། དེས་ཕ་རོལ་པོ་དགའ་ཞིང་དེ་དང་བཤེས་པར་གྱུར་ནས་གྲོགས་བཟང་པོ་འཕར་མ་རྙེད་པ་མ་ཟད། རང་གཞན་ཀུན་ལ་ཕན་པའི་གྲོས་བཟང་འདུན་མ་གསར་པའི་དོན་འབྲས་འབྱུང་ཞིང༌། བསམ་བཟང་སྤྱོད་གཙང་སྙན་པར་སྨྲ་བའི་མི་ལ་དངོས་ཡོད་མི་ལས་གཞན་པའི་དངོས་མེད་ཡིད་གཟུགས་དང་འོད་ལུས་སུ་གནས་པའི་ལྷ་སོགས་འགྲོ་བ་གཞན་དག་ཀྱང་དགའ་ཞིང་དེ་ལ་སྲུང་སྐྱོབ་བྱེད། གྲོགས་བཟང་པོ་དང་བཅས་ཐབས་མཁས་བློ་དང་ལྡན་པས། དུས་དང་དུས་མིན་གྱི་གནད་ལ་མཁས་པར་བྱས་ཏེ། བྱ་བ་བཟང་པོ་རླུང་ཡོད་ཀྱི་མེ་བཞིན་དུས་ཐོག་ཏུ་བརྩམ་པར་བྱས་ན། འཇིག་རྟེན་གྱི་བཟང་པོའི་དཔལ་དང་ལེགས་པའི་ཡོན་ཏན་ཐམས་ཅད་དེ་ལ་དབང་བ་བཞིན་དུ་འགྱུར། བསམ་པ་ངན་པ་གཞན་ལ་འཚག་ན། སྦྱོར་བ་རྩུབ་མོ་རང་ལ་འབབ་པའི་དཔེ་བཞིན། བསམ་ངན་ཁོག་ལ་བཅང་ན་རང་ལ་སྐྱིད་པའི་སྐབས་མེད་ཅིང་སེམས་རྒྱུད་རྟག་ཏུ་འཁྲུགས་པས་འདུ་བ་ཆ་མ་སྙོམས་ཏེ་ལུས་ཁམས་འཁྲུགས་ཏེ་རྒས་སླ། ནད་མང༌། ཚེ་སྲོག་གི་བར་ཆད་དུ་གྱུར་ནས་དུས་མིན་འཆི་བའི་རྐྱེན་བྱེད། གནོད་པ་ཕ་རོལ་དགྲ་ཟླར་མ་ཐེངས་པའི་སྔུན་ལ་རང་ཐོག་ཏུ་བབས། གཞན་གནོད་གཞི་དང་བཅས་པས་རང་རྒྱུད་ལ་འབྲས་བུ་ངན་པ་ཡིད་མི་འོང་བ་སྐྱེད་པའི་ས་བོན་བཞག་པ་མ་ཟད། གཞན་རྒྱུད་འཚིག་པར་བྱེད་པའི་བསམ་སྤྱོད་སྨྲ་བ་དང་བཅས་པས། རང་གཞན་ཁོར་ཡུག་གི་མི་དང་བཅས་པ་མི་བདེ། དུད་འགྲོ་སྒོ་ཕྱུགས་ཡིན་ཀྱང་བདག་པོ་སྤྱོད་རྩུབ་བསམ་ངན་ཅན་གྱི་སྒོར་སྐྱེས་པ་ལས་ངན་དམིགས་བསལ་བ་བསགས་པའི་འབྲས་བུར་སྨྲ་བ་ལྟར་ཏེ། གཤིས་བཟང་བག་ཡོད་ཀྱིས་ཀུན་ནས་བསླངས་བའི་གཏམ། སྨྲས་ཚད་དོན་དང་ལྡན་པ། སྙན་ཞིང་ཡི་གར་འཇོ་བ་དེས། བཤད་མཁན་དམ་པའི་སྐྱེས་བུར་དཔོགས་ཤིང་བཤད་པའི་ལེགས་བཤད་ཀྱི་སྦྱོར་བས་སྣ་ཚོགས་སྐྱེ་བོའི་ཡིད་སྣང་དབང་མེད་དུ་འགུག་ཅིང༌། ནང་གི་མུན་པ་སེལ་བའི་བློ་གྲོས་ཀྱི་ཉིན་བྱེད་ཕྱོགས་མེད་དུ་འཆར་བས། འབྲེལ་ཚད་བཟང་པོའི་ལམ་དུ་ཁྲིད་པའི་རང་གཞན་གྱི་དོན་ཆེན་ངང་གིས་འགྲུབ། གང་བྱས་གཞན་ཕན་གྱི་ལམ་དང་མ་བྲལ་བས་རང་དོན་ཞོར་འབྱུང་དུ་འགྲུབ་པ་ཡིན་ཏེ། ཐུབ་པའི་དབང་པོས་གཞན་དོན་མཛད་པས་དོན་གཉིས་ལྷུན་གྱིས་གྲུབ་པ་དང༌། སེམས་ཅན་རྨོངས་པས་རྟག་ཏུ་རང་དོན་བསྒྲུབས་ཀྱང་རང་དོན་ཙམ་ཡང་མ་འགྲུབ་པའི་དཔེ་དམ་པའི་གཞུང་ལུགས་ནས་བཤད་པས་མཚོན། རང་རེས་བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་འདེབས་ཤིང༌། དེར་སྐྱེ་བའི་རྒྱུ་བཞི་བསྒྲུབས་ན་ངེས་པར་སྐྱེ་བར་བཤད་ཀྱང༌། ལུས་རྟེན་འདིར་རང་ཅག་ཐམས་ཅད་ཀྱིས་མཐོང་ས་འདི་ནས། ལུས་འདི་མ་སྤངས་བར་དེར་བགྲོད་མི་ཐུབ་པས་ངང་ཐུང་ཅན་ལ་ཅུང་ཟད་འཕྱིས་དྲགས་ཡོད། དེ་བས་རང་ཉིད་ཀྱི་སེམས་ད་ལྟ་ཉིད་ནས་བསྒྱུར་བཀོད་བཏང་སྟེ། བདེ་བ་ཅན་གྱི་སེམས་ཐོབ་པ་གྱིས་དང༌། སྣང་ཡུལ་ཐམས་ཅད་བདེ་བ་ཅན་གྱི་བཀོད་པ་དང་འདྲ་བར་བདེ་བའི་ཚོར་སྣང་སྦྱིན་པ་ཞིག་ངེས་པར་བྱེད་ཐུབ། རྟེན་འདིར་བདེ་བ་ཅན་དུ་སྐྱེས་པ་དང་འདྲ། ལུས་ཤུགས་ཀྱིས་སྒྲུབ་པའི་ནུས་པ་ལས་ལྡབ་འབུམ་འགྱུར་བྱེ་བ་དུང་ཕྱུར་མང་པོས་སེམས་ཀྱིས་སྐད་ཅིག་གཅིག་ལ་བསྒྲུབས་པའི་ནུས་པ་ཆེ་སྟེ། སེམས་ཉིད་ཡིད་བཞིན་རིན་ཆེན་གྱི་སྤྲིན་ལ་ཟད་པའི་མཐའ་མེད་ཅིང་ཕ་མཐའ་མི་དཔོག་པ། ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང༌། འདོད་འབྱུང་གི་བུམ་པ་ཐམས་ཅད་ཀྱི་མཚན་ཉིད་འདི་ལ་ཚང་ཞིང༌ཚང་བ་ལས་ཀྱང་ལྷག་སྟེ། སེམས་ཀྱི་དམ་པ་རིན་ཆེན་བྱང་ཆུབ་ཀྱི་སེམས་དེ་ནོར་བུའི་ནང་གི་ནོར་མཆོག་ཡིན། རང་གཞན་ཐམས་ཅད་ཀྱི་བསམ་དོན་ཐམས་ཅད་འགྲུབ་པའི་ནོར་བུ་དེ་དེ་ཡིན། ལུས་ཀྱིས་བསྐལ་བར་ཕྱིན་ཀྱང་བགྲོད་མི་ནུས་པའི་སྟོང་ཁམས་ཡིད་ཀྱིས་སྐད་ཅིག་ལ་འཁོར་བ་དང༌། སེམས་དང་ངག་ཐ་མལ་བས་གཞལ་ཐབས་མེད་པའི་ཤིན་ཏུ་ཕྲ་ཞིབ་ལྐོག་གྱུར་གྱི་དོན། སེམས་ཀྱི་དམ་པ་ཆོས་ཉིད་ཀྱི་རིགས་པ་ཚད་མས་གཞལ་ཐུབ་པ་དང་མངོན་དུ་འགྱུར་ཐུབ་པ་སོགས། ཡ་མཚན་ངོ་མཚར་བའི་སེམས་ཀྱི་གནད་གསང་གི་ནང་གི་དེ་ཉིད་ལ་མི་དཔྱོད་པར། དུད་འགྲོ་དང་འདྲ་བར་ཉི་མ་གང་འཁྱོལ་དང༌། སྡུག་བསྔལ་རྒྱུ་འབྲས་ལ་ཁོར་མོར་སྤྱོད་པ་འདི་ནི་སྨྲ་ཤེས་ཀྱི་རོ་དང༌། སྲོག་མེད་བེམ་པོའི་ངང་ཚུལ་ཙམ་ལས་མ་འདས་སོ། འགྲོ་བ་མིའི་རིགས་སུ་གྱུར་བ་ཐམས་ཅད་བྱམས་སྙིང་རྗེའི་སེམས་དང་མི་འབྲལ་བའི་གཞན་ཕན་གྱི་བསམ་པ་དང་ལྡན་པའི་ཡ་རབས་བཟང་པོའི་སྤྱོད་ལམ་ཅན་ཤ་སྟག་ཡིན་ན། ས་འདི་བཟང་པོའི་དཔལ་གྱིས་འཁྱུད་ཅིང༌། འཛམ་གླིང་ཞི་ཞིང་བདེ་བའི་ཞིང་ཁམས་ཤིག་ཏུ་འགྱུར་སྲིད་མོད། འཁོར་བའི་མཐའ་མ་མ་མཐོང་ཞིང༌། མ་དག་པའི་སྣང་ཤེས་འཕྲལ་དུ་ལྡོག་དཀའ་བས་དེ་ལྟར་ཀུན་གྱི་མཐུན་སྣང་དུ་གྲུབ་དཀའ་ཡང༌། རང་མཁོས་དང་བསྟུན་པའི་ནང་གི་ཞི་བདེའི་སྒྲོན་མེ་རང་ཉིད་ཀྱི་སེམས་ཁོང་ནས་སྦར་ན། དེའི་རེ་རེ་ཚོགས་པའི་ཐུན་མོང་གི་འོད་སྣང་སྟོབས་བསྐྱེད་པས། ཁོར་ཡུག་ཆུང་ངུ་འདིས་གཙོས་པའི་གླིང་ལྔ་མཚོ་བཞིས་མཚོན་ཉི་ཟླའི་འོད་སྣང་གིས་ཁྱབ་པའི་ཡུལ་ཀུན་དོན་གྱི་ཤམ་བྷ་ལར་བསྒྱུར་ཐུབ་ཅིང༌། དེ་ན་མི་བདེ་སྡུག་བསྔལ་གྱི་མིང་ཡང་མི་གྲགས་ལ། འབད་མེད་རོ་བརྒྱ་ལྡན་པའི་ཞལ་ཟས། ཆད་མེད་བདུད་རྩིའི་རྒྱུན་གྱི་བཏུང་བ་དང༌། གོས་བཟང་རེག་ན་འཇམ་པའི་ལྷ་རྫས། རིན་ཆེན་རིན་ཐང་བྲལ་བའི་རྒྱན་དང་ཕོ་བྲང་། སྐྱེད་ཚལ་དཀོར་མཛོད་དང་བཅས་པ་རང་ཆས་སུ་ལྡན་པ་ལས་གཞན། རིགས་མཐུན་རིགས་གཟུགས་ཀྱིས་འབྱོར་ཞིང་ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་དང་ལྡན་པའི་ཟག་བྲལ་ནང་གི་དགའ་སྟོན་ལ་རྟག་ཏུ་སྤྱོད་པའི་གྲོགས་བཟང་སྤྱོད་པ་གཙང་མ་ཅན་དག་དང་ལྷན་ཅིག་འགྲོག་སྟེ། སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་ལམ་སྟེགས་མཐོན་པོར་མཉམ་དུ་ཆས་པའི་སྐལ་བཟང་གིས་དུས་འདའ་ཞིང༌། འཆི་མེད་ལྷ་ཡི་རྔ་སྒྲ་དང་མཚུངས་པའི་གཡས་འཁྱིལ་སྙན་པའི་དབྱངས་རྟས་བསྐུལ་བའི་ངོམས་པ་མེད་པའི་དགའ་སྟོན་ཉམས་བརྒྱའི་རོ་མངར་ལ་ལོངས་སུ་སྤྱོད་པས་དུས་འདའ་བར་འགྱུར་རོ།།
རྟག་ཏུ་བག་ཡོད་སྒོ་གསུམ་ཞི་ཞིང་དུལ།།
འཛུམ་དཀར་མདངས་ཀྱིས་མ་འདྲིས་མགྲོན་པོ་བསུ།།
གཞན་ཕན་སྙིང་རྗེའི་ཤུགས་ཀྱིས་ཡིད་གཞུངས་པའི།།
ཡ་རབས་སྐྱེ་བོས་ས་འདི་མཛེས་གྱུར་ཅིག།
བླུན་པོ་ལོག་འཚོས་བསྒྱིངས་བའི་དྲག་ཤུལ་གྱི།།
ཁྲོས་འཁྲུགས་སྦྱོར་བ་རྩུབ་མོ་ཉེར་ཞི་ནས།།
ཞི་བསིལ་སྙིང་གི་བདུད་རྩིའི་དགའ་སྟོན་ཆེར།།
རྟག་ཏུ་སྤྱོད་པའི་སྐལ་བ་མཆོག་ལྡན་ཤོག།
ཅེས་རབ་རྒྱན་ལྕགས་སྟག་ལོའི་དབྱར་མགོའི་འདུས་སྡེའི་ཞི་ཁྲོའི་བསྙེན་མཚམས་སྐབས། རྫོགས་ཆེན་འབྲུག་སྤྲུལ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེའི་གསུང་བསྐུལ་དང༌། བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་དེང་རབས་ཀྱི་མིའི་སེམས་ཁམས་ཀྱི་དཀའ་ངལ་སེལ་བའི་རྩོམ་ཡིག ཡིག་རིགས་གཞན་འགར་སྒྱུར་གཞི་ཞིག་བྲིས་ཞེས་རིང་མོ་ཞིག་ནས་བསྙད་དོན་བཞིན། གཉིས་ཀའི་དཔྱད་གཞིར་རུང་པའི་ཐོག་མའི་ས་བོན་ཙམ་དུ་ལེ་ཚན་གཉིས་ཤིག་འདི་བཞིན་འཕྲོས་གཏམ་འཇིག་རྟེན་ཕལ་བའི་ཁ་བརྡའི་འགྲོས་ལྟར་གང་བྱུང་ཅི་བབ་ཏུ་བཤད་པ། པདྨ་ཐང་གི་འདབ་དྲུག་པདྨའི་རང་སྤྱིལ་ཆུང་ངུའི་མཚམས་མལ་ནས་པདྨ་སྐལ་བཟང་དེས་བྲིས།།

དབུ་ཕྱག་རྫོགས་གསུམ་གྱི་ལྟ་བའི་ཟབ་གནད་ལས་ཅུང་ཟད་གླེང་བའི་གཏམ་བདུད་རྩིའི་མཆོད་སྤྲིན།

མི་ཤིགས་སེམས་ཀྱི་རྡོ་རྗེ་སྟོང་པའི་གཟུགས།།
སྤྲོས་པའི་དྲི་མས་ཡོངས་དབེན་མཚན་དཔེའི་བདག།
ཟུང་འཇུག་མཉམ་ཉིད་ཉག་གཅིག་ཐིག་ལེའི་སྐུར།།
ཡེ་རྫོགས་རེ་དོགས་བྲལ་བའི་བརྡ་ཕྱག་འཚལ།།
སྣ་ཚོགས་བློ་ཡི་ཀུན་རྟོག་སྒྱུ་མའི་འཕྲུལ།།
སྨྲ་བ་ངག་གི་ལམ་གྱིས་ཉེར་མཚོན་པ།།
གཡོ་བྱེད་རླུང་གིས་བསྐུལ་བའི་རི་མོའི་གར།།
འདི་ན་ཐོལ་བྱུང་སྒྱུར་བའི་མངོན་རྟོགས་ངོམ།།
ཤིན་ཏུ་ཆགས་བྲལ་ཞི་བའི་མཉམ་བཞག་ཀྱང་།།
སྙན་འཇེབས་ཚངས་པའི་གླུ་ཡིས་སད་བྱེད་དེ།།
ཤུགས་དྲག་བརྩོན་པས་འགྲུས་པའི་ངལ་འཚོའི་གཞིར།།
སྨྲ་བའི་ཟླ་བ་འཇིག་རྟེན་དགའ་བའི་རྒྱན།།
གང་ཁྱེད་དམ་པའི་སྒྱུ་འཕྲུལ་དམ་པའི་མགོན།།
བསྟན་ལ་སྟོན་པའི་ཞལ་སྐྱིན་མཚུངས་བྲལ་དུ།།
བསྟན་འཛིན་ཟོལ་མའི་ཁྲོད་ན་བཀྲག་འབར་བའི།།
དགའ་བ་དེས་ཀྱང་གཏམ་སྒོ་འབྱེད་ལ་བྲེལ།།
མདོ་ཁམས་ཉི་མ་ཤར་གྱི་དབྱིག་འཛིན་གཞིའི།།
དཔལ་གྱི་རི་བོས་མཚན་པའི་ཆོས་གྲྭ་ཆེར།།
མཆོག་སྐུའི་མཚན་དཔེའི་དཀྱིལ་འཁོར་ཡོངས་ཤར་བས།།
བསམ་ཞིང་སྤྲོ་བའི་མགྲིན་གླུ་ཅིས་མི་འབྱིན།།
མ་བརྟགས་ཉམས་སུ་དགའ་བ་སྲིད་པའི་གྲོང་།།
བསླུ་བྱེད་ཉིད་དུ་བརྟག་ན་གྲུབ་མོད་ཀྱང་།།
ཡུལ་ལྔས་བྲིད་པའི་ཅོལ་ཆུང་སྣང་ཤེས་ལ།།
ངེས་ཤེས་འཁར་བ་བརྟན་པོ་རྙེད་སྲིད་དམ།།
འབྱོར་ན་དགའ་ཞིང་རྒུད་ན་ཞུམ་གྱུར་ཀྱང་།།
ཇི་ཙམ་འབྱོར་ཡང་ངོམས་མེད་དེ་ཡིས་སླར།།
རྒུད་པ་འདྲེན་པའི་ངལ་བས་ཡིད་ཕྱུང་ནས།།
གྱི་ནའི་འཚོ་གོས་ཙམ་ལ་སེམས་པ་ཤོར།།
དེ་བཞིན་གཉེན་དང་སྙན་པའི་གཏམ་དག་ལ།།
ཆགས་ཤིང་བརྒྱགས་པའི་མངོན་རློམ་ཇི་སྙེད་ཀུན།།
ཡིད་བརྟོན་བྲལ་བའི་ཤ་ཐང་ཆད་གྱུར་ནས།།
བས་མཐའི་ནགས་སུ་བག་ཡངས་རྒྱུ་བ་སྐྱིད།།
སྣང་སྲིད་དག་མཉམ་ལྷ་ཡི་གསང་གསུམ་དུ།།
བལྟ་བའི་བློ་མཐུ་ཞན་པ་འདི་ཡི་ཚེ།།
སུ་དང་འགྲོགས་ཀྱང་སྐྱོན་གྱི་ཚེར་མ་ཡིས།།
འབིགས་སྙམ་ཞི་བའི་ནགས་ལ་ཡིད་ཕྱོགས་གྱུར།།
དྲོད་བཅུད་ཉི་མའི་ཟེར་གྱིས་གསོ་འགྱུར་ཞིང་།།
བསིལ་ཟེར་ཟླ་བའི་ཐིགས་པ་འགྲེམ་བྱེད་པའི།།
ཡིད་འོང་བྲག་རིའི་ཁང་བཟང་ཉམས་དགའ་བ།།
གཡོ་མེད་དྲང་པོར་སྲོང་བའི་རྒྱལ་ས་ལགས།།
མཐོ་ལ་ཕྲག་དོག་མཉམ་པར་འགྲན་སེམས་དང་།།
དམན་ལ་བརྙས་བཅས་འབྱོར་རྒུད་འདུ་འབྲལ་གྱི།།
ཟུག་རྔུའི་ཚོར་བ་དྲག་པོའི་མྱ་ངན་སྒྲས།།
དཔྱོད་ལྡན་སུ་ཞིག་མི་སུན་ཅི་ལ་སྲིད།།
འགའ་ལས་ལོག་འཚོས་བསྒྲུབས་པའི་མ་དག་ནོར།།
འགའ་ཡི་གྲགས་སྐམ་ཉོ་བའི་ཚོང་ཟོང་གིས།།
སྙིང་པོའི་བསྟན་ལ་བསྲི་ཞུ་ཆུང་མཐོང་ནས།།
ཡང་དག་འཕགས་པའི་ནོར་ལ་རློམ་སེམས་སྐྱེས།།
དག་སྣང་སྔགས་ཀྱི་ལམ་ཡིན་ཏིང་འཛིན་མཐུ།།
བསམ་མི་ཁྱབ་ཀྱང་བསྐྱེད་རྫོགས་གདེང་མེད་པའི།།
ཐོ་ཅོའི་འུར་འབོད་གྲོང་བའི་བྲིན་ཆོག་འདིས།།
གཞན་མགོ་བསྐོར་སྙམ་རང་མགོ་འཐོམ་པར་ཟད།།
རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་ཚངས་སྤྱོད་གོས།།
རྟགས་ཀྱིས་ཆེ་བའི་རྟགས་ཙམ་འཛིན་པ་ཡི།།
ཁྱིམ་པ་གོས་དམར་ཁྱིམ་པ་སུན་འབྱིན་མཁན།།
མངོན་པའི་ང་རྒྱལ་ཅན་དེས་བསྟན་འདི་དཀྲུགས།།
གྲངས་མེད་མུན་པའི་བློ་ཅན་སྐྱེ་བོ་དག།
ལོང་བའི་གྲོང་ཁྱེར་ཆེན་པོར་འཛུད་པ་ཡི།།
ལོང་བས་ལོང་བའི་ལམ་སྟོན་སྡིག་པའི་བཤེས།།
མཐོང་ཚེ་ངུ་མ་དགོད་ཀྱི་ཚོར་བ་སྦྱིན།།
བཀུར་སྟིའི་དར་གྱིས་ལྕིབས་ཀྱང་ངན་པའི་གཤིས།།
དུག་ཅན་སྦྲུལ་བཞིན་རིང་མིན་མངོན་འགྱུར་བའི།།
རང་འདོད་གདུག་རྩུབ་ཆེ་བའི་དཔོན་མ་བླར།།
རིང་དུ་བྱོལ་ན་རང་ཉིད་བདེ་བར་འཁུམ།།
ཉེ་ན་མགུ་འཁང་མང་ཞིང་བརྙས་ཐབས་བྱེད།།
རིང་ན་བྱས་པ་མི་གཟོ་རང་ཆེར་རློམ།།
བར་མའི་ས་རུ་མི་སྡོད་ཨུ་ཚུགས་ཅན།།
འཁོར་སློབ་འདི་ཡང་སུན་པ་སྐྱེ་བའི་རྒྱུ།།
སྟེང་ན་དཔོན་མེད་འོག་ན་འབངས་མེད་ཅིང་།།
རེ་ལྟོས་གཉེན་མེད་བྱམས་སྡང་ཡུལ་མེད་པར།།
རང་དབང་རང་ཆེའི་རེ་དོགས་མཐའ་གྲོལ་བ།།
ཡངས་བའི་རྒྱལ་ཁམས་ཀུན་གྱི་བླ་ན་བརྗིད།།
ལྟར་སྣང་ཀུན་དང་མཐུན་པས་འགྲོག་པ་བདེ།།
ཡ་རབས་རང་གཤིས་གཙང་མའི་སྤྱོད་པ་བཟང་།།
ཚུགས་ཐུབ་དམ་བཅའ་བརྟན་པའི་ངང་ཚུལ་ལ།།
ལྷས་ཀྱང་དགའ་བའི་མེ་ཏོག་ཅིས་མི་འཐོར།།
སྐྱེས་བུའི་ཚེ་སྲོག་མི་བརྟན་ཉག་ཕྲའི་རྒྱུན།།
ལན་གཅིག་རྙེད་པའི་རིན་ཐང་གཞལ་བྱའི་ཕྱིར།།
ཉམ་ཐག་འགྲོ་ལ་བརྩེ་བའི་གཞན་ཕན་བློ།།
ཡུན་དུ་བསྲེལ་བ་དམ་པ་མཁས་པའི་སྲོལ།།
ད་དུས་རྒྱལ་བསྟན་རྒུད་ལ་ཕྱོགས་གྱུར་ཅིང་།།
བསྟན་སྲོག་རླན་བྲལ་ལྗང་བུ་བཞིན་མཐོང་ན།།
སྙིང་སྟོབས་བརྟན་པོའི་གོ་ཆ་ཆེར་བསྒོས་ནས།།
ཞུམ་པ་མེད་པ་དཔའ་ཆེན་དེད་དཔོན་མཆོག།
སྣ་ཚོགས་རེ་བའི་ཡིད་ཅན་མང་པོའི་འགྲོར།།
དགྲ་གཉེན་རིས་སུ་མ་ཆད་བཏང་སྙོམས་བློས།།
ཐབས་ལ་མཁས་པས་གཞན་དོན་ལྷུར་བྱེད་པར།།
ནམ་ཞིག་དགྲ་བོ་ཡིན་ཡང་འདུད་པར་ངེས།།
འགྲོ་ལ་མ་བཞིན་བུ་ལྟར་བརྩེ་བ་ཡི།།
བྱམས་དང་སྙིང་རྗེས་རང་རྒྱུད་གཏམས་བྱས་པའི།།
ཉེས་བརྒྱའི་གཉེན་པོ་བྱང་ཆུབ་སེམས་ཀྱི་སྨན།།
ཁོང་དུ་བསྐྱིལ་བས་འདི་ཕྱིའི་ཟུག་རྔུ་འབྱིན།།
རྣམ་དག་ཚུལ་ཁྲིམས་གཙང་མས་གཞི་བྱས་ཏེ།།
ཕ་རོལ་ཕྱིན་པ་དྲུག་གི་གྲོགས་དང་བཅས།།
སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར་བའི།།
སྐྱེས་བུ་མཆོག་དེ་གོང་ནས་གོང་དུ་འགྲོ།
རྣམ་བཞིའི་བསྡུ་བའི་ཕྲིན་ལས་ཀུན་དགའི་སྨན།།
ལུགས་ཟུང་རྒྱལ་ཐབ་སྐྱོང་ལ་ཆེར་མཛེས་ཀྱང་།།
ཧ་ཅང་མི་བསྲུན་འདོད་ཆེན་སྐྱེ་བོ་འགར།།
དུག་ཏུ་གྱུར་ནས་ལོག་པར་བསྒྲུབ་པའང་སྲིད།།
ཐར་བའི་ལམ་གྱི་མིག་གཅིག་རྒྱལ་བའི་བསྟན།།
ལུང་དང་རྟོགས་པའི་བདག་ཉིད་ཟབ་རྒྱས་ཆོས།།
ཤེས་རབ་གསུམ་གྱིས་སྒྲུབ་པ་མཐར་ཕྱིན་པའི།།
བསྟན་འཛིན་སྐྱེས་བུ་མཚུངས་བྲལ་བསྟན་པའི་རྒྱན།།
ཚིག་གི་ལམ་ནས་དོན་གྱི་བཅུད་མྱོང་བའི།།
ཐོས་པའི་ཤེས་རབ་ཐོག་མར་བསྟེན་བྱ་སྟེ།།
ཐོས་དོན་བསམ་པས་གཏན་ལ་དབབ་བྱས་ན།།
སྒོམ་བྱུང་ཤེས་རབ་ཡར་ངོའི་ཟླ་བཞིན་འཕེལ།།
རྙོགས་བྲལ་ཞི་བར་གནས་པའི་བསམ་གཏན་ལ།།
མཚན་བཅས་མཚན་མ་མེད་པའི་ཏིང་འཛིན་བརྟན།།
ལྷག་མཐོང་བདག་མེད་རྟོགས་པའི་ཤེས་རབ་ཀྱིས།།
གཉིས་བློའི་རྒྱུ་བ་ཟད་ལ་གཅིག་ཏུ་བརྩོན།།
འཁོར་ལོ་བར་བའི་བསྟན་བྱ་སྟོང་པ་ཉིད།།
མཐའ་བྲལ་དབུ་མས་གཏན་ལ་ཕབ་པའི་དོན།།
མདོ་སྔགས་གཞུང་དང་གདམས་པ་དཀྱུས་གཅིག་ཏུ།།
འབབ་པའི་མན་ངག་ཚད་མས་བཙལ་བར་བྱ།།
མ་བཅོས་སེམས་ཀྱི་གནས་ལུགས་རྣལ་མའི་དོན།།
སྣང་སྟོང་རིས་སུ་མ་ཆད་བདག་མེད་དོན།།
རང་གསལ་བློ་འདས་རིག་སྟོང་རྗེན་པའི་ཞལ།།
རང་ངོ་ཤེས་པ་དེ་སྲིད་འབད་པ་གཅེས།།
སྣང་བའི་ཡུལ་གྱིས་ཕྱི་ནས་མ་ལྷད་ཅིང་།།
འཛིན་པའི་སེམས་ཀྱིས་ནང་ནས་མ་བཅིངས་པའི།།
ད་ལྟའི་ཤེས་པ་བཟོ་མེད་སྤྲོས་བྲལ་དུ།།
རང་བབ་བཞག་པ་རང་གསལ་མངོན་སུམ་གནད།།
ཕྱོགས་ཆ་དབུས་བྲལ་དུས་གསུམ་འཕོ་འགྱུར་མེད།།
འཛིན་ཞེན་རང་ཡལ་སྒོམ་མེད་ཡེངས་སུ་མེད།།
མ་བཅོས་ལྟ་བའི་རྒྱལ་པོའི་ངང་བསྐྱང་བ།།
ཆོས་སྐུའི་དགོངས་པ་གཡོ་མེད་དེ་བཞིན་ཉིད།།
མཚན་མའི་སྒྲོ་འདོགས་གྲུབ་མཐའི་ཞེ་འདོད་ཞིག།
གཟུང་འཛིན་ཀུན་རྟོག་སེམས་ཀྱི་རྙོགས་མ་ཞི།།
རང་བབ་ངང་ལ་ལྷོད་ཀྱིས་སུས་བཞག་པར།།
ཡུལ་མེད་རང་བྱུང་ཡེ་ཤེས་རྗེན་སང་འཆར།།
དེ་ཚེ་སྐྱེ་མེད་གཤིས་ཀྱི་རང་མདངས་ལས།།
འགག་མེད་རྩལ་གྱི་སྣ་ཚོགས་རོལ་བ་ཀུན།།
འཛིན་མེད་རང་སར་ཡལ་བའི་རྩལ་སྦྱངས་པས།།
ཆབ་རོམ་ཆུར་བཞིན་གཉིས་མེད་མཉམ་པ་ཉིད།།
རྗེས་ཐོབ་ཚོགས་དྲུག་ཡུལ་གྱི་སྣང་ཆ་ཀུན།།
རིག་པའི་གཤིས་སུ་གློད་པས་རྩོལ་མེད་དུ།།
གནས་འགྱུ་ཁྱད་མེད་མཉམ་རྗེས་དབྱེར་མེད་པར།།
སྤང་གཉེན་འཁོར་འདས་གཞི་རྫོགས་ཆོས་སྐུར་གྲོལ།།
རྒྱུ་འབྲས་ཐེག་པའི་རྣམ་གྲངས་མཐའ་ཡས་ཀྱང་།།
ཐེག་མཆོག་རྩེ་མོ་འོད་གསལ་སྙིང་ཐིག་གི།
སྦྱོར་དངོས་རྗེས་ཀྱི་རིམ་པར་ཀུན་མཐུན་པས།།
དབུ་ཕྱག་རྫོགས་གསུམ་ལམ་གནད་གཅིག་ཏུ་དྲིལ།།
སྤྱོད་པ་ཟང་མས་ལྟ་བ་འཆིང་བྱེད་ཅིང་།།
ལྟ་བ་ཧད་པོས་སྤྱོད་པ་རླུང་ཁྱེར་གྱི།།
འགལ་འདུའི་ལྟ་སྤྱོད་གོལ་སྒྲིབ་ཀུན་ཆོད་ལ།།
སྡོམ་གསུམ་མི་འགལ་ངེས་པའི་གནད་དུ་སྐྱོལ།།
ཀ་དག་ངོ་བོ་སྐྱོང་བ་ཁྲེགས་ཆོད་དང་།།
ལྷུན་གྲུབ་རྒྱན་དུ་ཤར་བའི་ཐོད་རྒལ་གཉིས།།
མི་སློབ་ཟུང་འཇུག་ལམ་གྱི་རྩ་བ་སྟེ།།
རིམ་དང་གཅིག་ཆར་དབང་པོའི་རིམ་པས་ཕྱེ།།
བླ་མ་ཕྱི་རུ་མི་བཞུགས་ནང་དུ་སྟེ།།
མཚོན་བྱེད་བརྡ་ཡི་བླ་མར་ལྟོས་མིན་པར།།
ནང་དུ་རིག་པའི་དབྱིངས་དང་དབྱེར་མེད་པའི།།
མཚོན་བྱ་དོན་གྱི་བླ་མ་འདུ་འབྲལ་མེད།།
མི་འགྱུར་ལྷུན་གྲུབ་མཁའ་མཉམ་ཡངས་པའི་དོན།།
སྤྱི་བླུགས་རྫོགས་པ་རིག་པ་རྩལ་གྱི་དབང་།།
དགོངས་ཀློང་གཅིག་ཏུ་འདྲེས་པ་བརྡ་ཡི་ཆོས།།
བསྐུར་ཐོབ་བྲལ་བའི་ངང་ནས་ནོད་པ་གཅེས།།
སྒྲིབ་གཉིས་དབྱིངས་དག་ཚོགས་གཉིས་ངང་གིས་རྫོགས།།
བདེན་གཉིས་དབྱེར་མེད་བློ་བྲལ་ཆོས་སྐུར་མཐོང་།།
གཉིས་སྣང་འཁྲུལ་བའི་གཞི་རྩ་ཆོད་པ་ན།།
དག་པ་གཉིས་ལྡན་ད་ལྟའི་སངས་རྒྱས་དངོས།།
ནམ་ཞིག་ལུས་རྒྱའི་སྦུབས་ལས་གྲོལ་བའི་ཚེ།།
ཁྱུང་ཕྲུག་སྒོ་ངར་གཤོག་རྩལ་རྫོགས་པ་བཞིན།།
ནང་གསལ་ཕྲ་བའི་ཡེ་ཤེས་མ་རྨུགས་པ།།
གནམ་སྟོང་ཟླ་བ་ཇི་བཞིན་དབྱིངས་སུ་འཁྱིལ།།
མ་དང་མཁའ་འགྲོའི་ཞལ་རླངས་མ་ཡལ་ཀུན་བཟང་དགོངས་བཅུད་སྙིང་ཐིག་ཆེའི།།
ཀློང་ཆེན་དགོངས་པའི་གསང་མཛོད་བརྟོལ་བས་མཚུངས་བྲལ་མན་ངག་ཟབ་དགུ་ཚང་།།
དགུ་ལྡན་བརྒྱུད་པའི་བྱིན་རླབས་མ་ཡལ་སྙན་བརྒྱུད་གདམས་པའི་བརྒྱུད་ཐག་ཉེ།།
བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་ཐོབ་ལས་དགོངས་པའི་འདྲ་འབག་དབྱངས་སུ་གྱེར།།
མ་མཐོང་རྒྱང་གི་གཏམ་རྒྱུད་རྣ་བའི་རྒྱན།།
སྙིང་མེད་བྲག་ཆའི་སྤུན་གྱུར་བདོལ་བའི་གཏམ།།
འདི་ཡང་རྟེན་འབྱུང་སྒྱུ་མའི་ངང་ཚུལ་ཏེ།།
བརྟགས་ཤིང་དཔྱད་ན་དབྱེར་མེད་སྣང་སྟོང་མཚོན།།
སྐྱེ་བས་ཐོབ་པའི་མཁྱེན་རབ་ཉག་མ་ཤིན་ཏུ་ཆེས་ཕྲའི་མཐར་ཐུག་ཅིང་།།
སྦྱང་སྟོབས་གོམས་པའི་ཐོས་བསམ་བརྩོན་པ་ནམ་མཁའི་པདྨོའི་རྗེས་འགྲོ་བས།།
ས་ཆེན་འཕགས་པའི་མཉམ་བཞག་ཡེ་ཤེས་ཟབ་ལས་ཆེས་ཟབ་གསང་བ་ཆེར།།
བྱིས་བློས་གཞལ་བའི་འོལ་ཚོད་སྨྲ་བ་སྤྱི་བརྟོལ་མུ་ཅོར་འདི་ཙམ་ལགས།།
མཐའ་ཡས་བརྒལ་དཀའ་ཤེས་བྱ་རྒྱ་མཚོའི་འཇིངས།།
རྣམ་དཔྱོད་གྲུ་བོས་སྒྲོལ་བའི་བར་གསེང་དུ།།
ཉམས་མཚར་གཏམ་གྱི་ཡིད་འོང་མཚོ་གླིང་ཡང་།།
བཤུལ་རིང་ངལ་འཚོའི་འབབ་སྟེགས་འགྱུར་སྙམ་བྲིས།།
གནག་རྗེས་ཕྲ་མོ་ཆུ་ཡིས་དགང་སླ་བློ་ཆུང་རིག་པས་མགུ་སླ་ཡང་།།
རྒྱ་མཚོའི་སྣོད་ནི་དེ་ལྟ་མ་ཡིན་མཁས་པའི་དགོངས་ཕུགས་དེ་བས་ཟབ།།
དེ་ཕྱིར་ལུགས་གཉིས་གླེང་གཞིའི་འཕྲོས་དོན་མདོ་སྔགས་གཞུང་ལུགས་གདམས་པའི་མཛོད།།
བདག་གིར་བགྱིད་ལ་ཕྱི་མཐར་ལྟོས་མིན་མྱུར་བའི་ཤུགས་འཆང་གཏམ་འདིས་བསྐུལ།།
དེང་དུས་རྒྱལ་བསྟན་ཉི་མ་ཟེར་ལ་ཕྱོགས།།
ངན་རྟོག་འབྱུང་པོའི་བྱ་ཡི་མིག་སྒོ་ཡངས།།
ཡ་རབས་བློ་མིག་མུན་པར་ཕྱོགས་པའི་ཚེ།།
གང་ཁྱོད་ཟླ་བའི་འོད་དཀར་འདི་ན་ཚེས།།
ཕྱོགས་འཛིན་ངོ་དགའི་འཕྲུལ་ལ་མི་དགྱེས་ཤིང་།།
ཆོས་བརྒྱད་སྨྱོན་པའི་གར་དང་མཛའ་མིན་པར།།
མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་མངའ་བ།།
ཁྱོད་ཐུགས་དམ་པའི་རང་གཤིས་གསེར་ལྟར་གསལ།།
སྔོན་དུས་འཕགས་ཡུལ་དཔལ་ལྡན་ཟླ་བ་གྲགས།།
དེ་རྗེས་བོད་ཡུལ་དབུས་སུ་ཀློང་ཆེན་ཞབས།།
ཕྱི་དུས་མདོ་ཁམས་སྨད་ན་གཞན་ཕན་པ།།
དེང་འདིར་པདྨའི་མཚན་འཆང་ཁྱོད་རབ་བསྔགས།།
ས་འདི་མཁས་གྲུབ་བྱེ་བའི་བསྟི་གནས་ལ།།
གླིང་འདི་འཆད་རྩོད་རྩོམ་པའི་འབྱུང་གནས་ཏེ།།
མཁས་མང་ཚོགས་པའི་ཁྱུ་མཆོག་གདོང་ལྔ་པ།།
རྒྱལ་བསྟན་གངས་རིའི་སྤོ་ན་ལྷག་པར་རྔམ།།
བསྟན་པ་མི་ཤེས་བསྟན་བླ་རིན་མེད་འཚོང་།།
ཆེན་པོའི་གསོབ་འཆང་ལོག་པའི་ཨོ་རྫོབ་ཅན།།
ཡང་དག་ལུང་དང་རིགས་པས་ཚར་བཅད་པ།།
བསྟན་ལ་བྱི་དོར་བགྱིས་པའི་མཆོག་ཏུ་སེམས།།
བླུན་པོ་ལོག་འཚོས་བརྒྱགས་པའི་ངུར་སྐད་ཀྱིས།།
ཉམ་ཆུང་མཁས་པའི་དབུ་འཕང་སྨད་པ་ཡི།།
བསྟན་སེལ་རྙོགས་མ་བསླངས་བའི་བ་གླང་གདོང་།།
ནམ་ཙམ་རིགས་མཐུན་ཁྱུ་རུ་འབུད་པར་ནུས།།
མཐོ་ལ་བསྒུར་ཞིང་དམན་ལ་འགྱིང་བག་སྟོན།།
མཁས་པའི་གཏམ་ལས་བླུན་པོའི་གསེར་དངུལ་གཅེས།།
ཟས་ཕྱིར་འབྲང་བའི་དོན་མེད་ཀུ་ཅོ་མཁན།།
དེ་ཡང་དེ་ཡི་ཕྱོགས་སུ་གླན་པར་འོས།།
རང་མགོ་དངུལ་གྱིས་འདོན་པའི་སྤྲུལ་རྫུན་དང་།།
ཕ་མེས་ཁ་སྟབས་མཁས་པའི་རིག་འཛིན་གདུང་།།
ཕྲག་དོག་འཁུན་སྒྲ་ལྡིར་བའི་བླ་གཟུགས་བཅས།།
འདི་དག་བསྟན་པ་ཉམས་པའི་ལྟས་སུ་མཐོང་།།
དེ་སླད་ཐོས་བསམ་སྒོམ་པས་དུས་འདའ་ཞིང་།།
མཁས་བཙུན་བཟང་པོའི་ཡོན་ཏན་ཁྱད་དུ་འཕགས།།
འཆད་རྩོད་རྩོམ་པས་བསྟན་པ་འཛིན་བྱེད་པའི།།
འདུས་པའི་སྡེ་ཡིས་ས་སྟེང་ཁེངས་ལ་སྨོན།།
དབང་བཞིས་རྒྱུད་སྨིན་དམ་སྡོམ་རྣམ་པར་དག།
གདམས་པས་རྒྱུད་གྲོལ་གྲུབ་པའི་ལམ་རྟགས་བརྙེས།།
དཀྱིལ་འཁོར་རྒྱ་མཚོའི་བྱེད་པོར་དབང་བསྒྱུར་བ།།
བསྟན་འཛིན་དམ་པས་གདུལ་བྱ་སྐྱོང་བར་འདུན།།
མི་བསྲུན་སྡིག་ཅན་ལོག་པའི་མངའ་ཐང་ཅན།།
སྡོམ་པ་མིན་པའི་ཆང་གིས་མྱོས་གྱུར་དག།
ཡང་དག་ལྟ་བའི་དམིགས་རྣམ་རྙེད་དང་ལྷན།།
ཐར་བའི་སྲོག་རྩ་བརྟན་པར་ཤོག་ཅིག་གུ།
ཧ་ཅང་སྨྲ་ཐལ་ཆེས་ན་རང་ཡང་སུན།།
འབྲེལ་མེད་གཏམ་གྱིས་ངག་འཆལ་སྣ་ཚོགས་སྡུད།།
དོན་མེད་སྐྱེ་བོར་སྙིང་སྐྲན་འཇུག་སྲིད་པས།།
རེ་ཞིག་སོར་མོའི་འདུ་འགོད་འདི་རུ་བསྐྱུངས།།
ལྟར་སྣང་བཅད་རྒྱ་དམ་མཚམས་ལ།།
ཕྱི་ནང་འཕྲིན་སྒོ་བསྡམས་ལགས་ཀྱང་།།
དམ་པའི་བཀའ་ཟློག་ཉེས་ལྕིའི་ཕྱིར།།
ཐུན་བར་དུས་ཐུང་སྤྱད་དེ་བྲིས།།
ཞེས་མཆོག་སྤྲུལ་ཉི་ཟླ་སྐར་གསུམ་གྱི་ནང་ཚན་མཁན་ཆེན་གཞན་དགའི་ཡང་སྲིད་རིན་པོ་ཆེའི་བཀའ་བཞིན་དཔེ་ཁྲིད་ཀྱིས་བྲེལ་བའི་སྐུ་ངལ་གསོ་བའི་ཆེད་དུ། རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཤར་ཐོས་བསམ་ནོར་བུའི་གླིང་གི་ཉེ་ཞོལ་རང་སྤྱིལ་ཆུང་ངུའི་དགའ་ཚལ་གྱི་མཚམས་མལ་ནས། གུང་ཐུན་ཞིག་གི་བར་སེང་ལ་སྙུག་ཤར་རྒྱུག་ཐེངས་གཅིག་གི་མཚར་རྩེད་དུ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་པདྨ་སྐལ་བཟང་དེས་སྤེལ།།

གནད་གསུམ་ལྡན་པའི་ཉམས་ལེན་བླ་མའི་ཞལ་ལུང་།

མ་ཆགས་མཚོར་འཁྲུངས་པདྨ་རྒྱལ།།
དྲི་མེད་འོད་ཟེར་འཇིགས་བྲལ་གླིང་།།
དབྱེར་མེད་བླ་མ་གུ་ཎའི་ཞབས།།
སྒོ་གསུམ་གུས་པའི་རྒྱན་དུ་མཆོད།།
མ་བཅོས་ཟང་ཐལ་ད་ལྟའི་ཤེས་པ་འདི།།
ཆོས་སྐུའི་དགོངས་པ་ཀ་དག་ཆེན་པོ་རུ།།
ཡེ་ནས་གནས་པའི་བཞུགས་ཚུལ་ངོ་ཤེས་པ།།
རང་ངོ་རང་ཐོག་འཕྲོད་པ་དང་པོའི་གནད།།
ཡུལ་མེད་རང་གསལ་རྗེན་པའི་གནས་ལུགས་དེའི།།
སྒོམ་མེད་ཡེངས་སུ་མེད་པའི་ངང་བསྐྱང་བ།།
བླུན་སྒོམ་སེམས་ལས་འདས་པའི་རྫོགས་ཆེན་ཏེ།།
ཆིག་ཐོག་བློ་ཐག་ཆོད་པ་གཉིས་པའི་གནད།།
བཟང་ངན་རྟོག་པས་གཤིས་ལ་མ་གོས་པ།།
རང་ཤར་རང་གྲོལ་རྗེས་མཐུད་འཛིན་ཞེན་མེད།།
ཡང་སྲིད་ཉེར་ལེན་ལས་དང་བག་ཆགས་བྲལ།།
གྲོལ་ཐོག་གདེང་དུ་འཆའ་བ་གསུམ་པའི་གནད།།
གནད་གསུམ་ཚང་བའི་ལྟ་བ་དེ།།
བློས་བྱས་ཚིག་ལ་མི་ལྟོས་ཤིང་།།
འཛིན་མེད་བློ་འདས་སྒོམ་པ་ཡིས།།
བཟོ་མེད་སྤྱོད་པའི་རང་གཤིས་སྟོན།།
དེ་ཚེ་འབྲས་བུ་རེ་དང་དོགས་པ་ཡི།།
འཕྲང་ལས་གྲོལ་བའི་བྱར་མེད་རྣལ་འབྱོར་པ།།
གང་བྱུང་བློ་བདེ་ཅི་བྱུང་དེས་ཆོག་གི།
གཞི་བདེའི་ངང་དུ་བློ་བདེ་ཨེ་མ་རྨད།།
ནམ་ཞིག་འབྱུང་བཞི་མཐའ་ནས་བསྡུད་པའི་ཚེ།།
དབྱིངས་དང་རིག་པའི་གནད་ལ་གོམས་བྱས་ཏེ།།
ཕ་གཅིག་བླ་མའི་ཐུགས་དང་དབྱེར་མེད་དུ།།
མངོན་འཚང་རྒྱ་བའི་མྱུར་ལམ་དང་དུ་ལོངས།།
ཐོལ་བྱུང་སྨྲས་པའི་ཚིག་གི་མཆིད།།
དོན་གྱི་གདམས་པར་མ་མཆིས་ཀྱང་།།
ཡིད་དཔྱོད་ལས་འདས་བྱར་མེད་གནད།།
འབྲས་བུའི་ཐུས་ཀར་ཚང་སྙམ་བགྱིད།།
ཅེས་རྫོགས་གྲྭ་དགེ་སྦྱོང་རྒན་བུ་ཐུབ་བསྟན་མཁས་གྲུབ་ཀྱི་ངོར་པདྨ་སྐལ་བཟང་གིས་བྲིས།།

ནགས་ཀྱི་བསམ་གཏན་པ་ལ་ཕུལ་བའི་འཕྲིན་ཀ་ལ་པིང་ཀའི་གླུ་དབྱངས།

མི་ཟད་ཚིག་གི་དཔལ་འཆང་ཚིག་གི་མཛོད།།
དཔག་ཡས་ཚིག་ལ་དབང་བསྒྱུར་ཚིག་མཐའ་ཡས།།
བདེན་ཚིག་མངའ་བ་ཚིག་བདག་སྨྲ་བའི་ལྷས།།
གྲོས་འདེབས་སྨྲ་བའི་ཚིག་ལ་ཤིས་པ་སྒྲུབས།།
ནང་གི་མུན་པ་སེལ་བ་ཉིན་མོའི་མགོན།།
རྣ་བའི་དཔྱིད་དུ་སྙན་པ་རྒྱུད་མང་སྒྲ།།
ངོ་མཚར་སྨན་གྱི་བསུང་ལྡན་ཚིག་གི་སྐྱེས།།
སྙིང་གི་དགའ་སྟོན་སྦྱིན་པའི་ཆོ་གས་བྲེལ།།
འདི་ན་སྲིད་དང་ཞི་ཞེས་ལྟོས་གྲུབ་ཆོས།།
སྐྱིད་དང་སྡུག་པའི་རྣམ་འགྱུར་སྣ་ཚོགས་ཅན།།
རེ་དོགས་འཛིན་པའི་ཉེར་ལེན་ཀུན་རྟོག་རིས།།
ཡ་མཚན་ལྟད་མོའི་ཡུལ་ལྗོངས་ཨེ་མ་མཚར།།
སྔར་སོང་འདས་པའི་ལོ་ཟླ་རིང་མོའི་ཕྲེང་།།
མི་ཚེའི་འདོམ་གྱིས་གཞལ་བའི་བརྒལ་དཀའི་ཁུར།།
སྐྱིད་སྡུག་འདྲེས་མའི་ལྟད་མོར་ཡང་བསམ་ཚེ།།
སྐྱོ་སུན་ངལ་བའི་མིག་ཆུ་བོས་པ་བཞིན།།
འདུས་པ་མི་བདེན་འབྲལ་བའི་ཆོས་ཅན་ཏེ།།
འབྲལ་བ་མི་བདེན་འཕྲད་པས་སླུ་བྱེད་པའི།།
འཇིག་རྟེན་འདིར་སྣང་བདེ་སྡུག་སྒྱུ་མའི་ཆོས།།
བརྟན་པ་མིན་པའི་བློ་སྣ་ནང་དུ་སྟུངས།།
གང་ཞིག་སྙན་པའི་གྲགས་པ་འཇོམས་བྱེད་ཅིང་།།
མི་མཐུན་ཕས་ཀྱི་རྒོལ་བའི་གཡབ་མོ་བ།།
ཆགས་དང་སྡང་ཞེས་རྨོངས་པའི་རྒུད་པ་ཅན།།
ཁོང་ནས་གཞིལ་བའི་གཉེན་པོ་ནང་དུ་བསྟེན།།
དྲིན་བྱས་དྲིན་ལ་མི་བརྩི་ལོག་པས་འཇལ།།
ངན་ཡུས་བགྲངས་བས་མི་ལོངས་ཀུན་གྱི་གཤིས།།
སྙིགས་སྤྱོད་གཞན་ལས་མཐོང་བའི་མེ་ལོང་དེ།།
རང་རྒྱུད་གཙང་མའི་བྱི་དོར་བྱེད་པའི་གཉེན།།
མཐོ་ལ་ཕྲག་དོག་མཉམ་པར་འགྲན་སེམས་དང་།།
དམན་ལ་བརྙས་བཅས་ཉོན་མོངས་འཕེལ་བའི་གྲོགས།།
ཅོལ་ཆུང་བྱིས་པ་རྨོངས་པའི་སྙིང་ཁམས་ཅན།།
ཉེ་འགྱང་བར་མའི་ས་རུ་འགྲོག་པ་བདེ།།
ལོག་འཚོས་བསགས་པའི་ནོར་རྫས་རི་བོའི་གཏོས།།
ཟད་ཀྱིས་དོགས་པའི་མིག་མེད་སའི་སྲིན་བུ།།
མེལ་ཚེའི་ཆོ་གས་འདའ་བའི་གྱི་ནའི་སྲོག།
ཐར་བའི་ཟུངས་སུ་བརྟས་པའི་སྐལ་བ་ཕྲ།།
རྙེད་དཀའ་འཇིགས་སླ་ཟང་ཟིང་སྒྱུ་མའི་ནོར།།
ཇི་སྙེད་བདོག་པའི་དངོས་པོ་ཕྲ་རགས་ཀུན།།
ཐར་བའི་ལམ་མཆོག་བསྟན་པའི་སྒྲོན་མེ་ཆེའི།།
སྲོག་གི་སྣོན་མར་ལྷག་བསམ་དག་པས་འབུལ།།
གདན་གསུམ་ལྷ་སྐུར་ཤེས་པའི་དག་དྲན་དང་།།
མི་གཙང་སྲིན་འབུའི་རྐྱལ་བའི་ཞེན་ལོག་དག།
སྐབས་ཀྱི་སྤྱོད་ཡུལ་རྒྱུན་དུ་དལ་རྟེན་ལུས།།
མཐའ་གཉིས་སྤང་བའི་འཚོ་བས་ཅིས་ཀྱང་སྲུངས།།
རྒྱལ་བས་གསུངས་པའི་བརྒྱད་ཁྲིའི་ཆོས་ཀྱི་སྒོ།།
གཅིག་ཏུ་བསྡུས་པའི་བསླབ་གསུམ་ནོར་བུའི་མཛོད།།
གང་གིས་འཛིན་པའི་སྐྱེས་བུ་ཉམ་ཞན་ཡང་།།
འཁོར་བསྒྱུར་སྟོང་གི་དཔལ་གྱིས་འགྲན་ནུས་མིན།།
མི་བསླུ་གཏན་གྱི་སྐྱབས་གྱུར་རིན་ཆེན་གསུམ།།
རྩ་གསུམ་སྐུ་གསུམ་ཀུན་འདུས་བྱང་ཆུབ་སེམས།།
རང་སེམས་བླ་མར་ཤེས་པའི་ངེས་ཤེས་ཀྱིས།།
སྐྱབས་སུ་འགྲོ་བའི་ཡིད་དམ་བརྟན་པོར་འཆའ།།
མཐའ་ཡས་འགྲོ་བའི་སྡུག་བསྔལ་དོས་དྲག་པོས།།
ཀུན་ནས་བསླངས་བའི་བཅོས་མིན་སྙིང་རྗེའི་ཤུགས།།
བཟོད་མེད་མིག་ཆུའི་རྒྱུན་དང་རྟག་འགྲོགས་པའི།།
སྙིང་རྗེ་བསྒོམ་པ་རྒྱལ་སྲས་སྤྱི་ཡི་སྲོལ།།
ཉམ་ཐག་འགྲོ་འདི་ཞི་བའི་སར་འགོད་པའི།།
སྨོན་དང་འཇུག་པའི་བདག་ཉིད་རིན་ཆེན་སེམས།།
རྩོལ་བ་མཆོག་གིས་ལེན་པའི་སྙིང་སྟོབས་ཅན།།
དཔའ་ཆེན་དམ་པའི་རྗེས་འགྲོ་གཡོ་བ་མེད།།
ངར་འཛིན་ལྷན་སྐྱེས་རྨོངས་པའི་གདོན་ཆེན་གྱི།།
ཤུགས་རིང་རླུང་གིས་བདས་པའི་མྱ་ངན་མེ།།
ཞི་བསིལ་བདག་མེད་རྟོགས་པའི་ཤེས་རབ་ཆུས།།
གཞིལ་བའི་གཏན་བདེའི་ངལ་འཚོར་ཅིས་མི་ཕྱོགས།།
འགྱོད་མེད་གཏོང་བས་ཕྱོགས་བྲལ་མགྲོན་བསུ་ཞིང་།།
བཅོས་མིན་ཁྲིམས་ཀྱིས་རང་རྒྱུད་རྣམ་པར་སྲུང་།།
ཆོས་ཉིད་ཤེས་པའི་བཟོད་པར་ལེགས་གོམས་པས།།
འཆི་བ་སྙིང་ནས་དྲན་པའི་བརྩོན་པ་སྐྱེད།།
གཡེང་བ་མེད་པའི་བསམ་གཏན་མཆོག་བསྟེན་ཞིང་།།
རྣམ་འབྱེད་ཤིན་ཏུ་ཕྲ་བའི་ཤེས་རབ་ཀྱིས།།
སྣང་དང་སྟོང་པ་གཉིས་སུ་མ་མཆིས་པའི།།
བདེན་གཉིས་ཟབ་མོའི་གནད་རྣམས་རྟོགས་པར་བྱ།།
སོ་ཐར་འདུལ་བའི་བཅས་ཁྲིམས་མིག་བཞིན་སྲུང་།།
བྱང་སེམས་བསླབ་པའི་གནས་ཀུན་སྲོག་ལྟར་བརྩི།།
སྨིན་གྲོལ་སྔགས་ཀྱི་དམ་ཚིག་སྙིང་ལས་གཅེས།།
འདི་འདྲས་འཁོར་བའི་ཕ་རོལ་ཐག་མི་རིང་།།
སྤྱི་འབྱམས་གོ་ཡུལ་ལྟ་བའི་དམིགས་རྣམ་གྱིས།།
ངེས་ཤེས་དོན་གྱི་མདུད་པ་ཁྲོལ་དཀའ་བས།།
ཕྲ་ཞིབ་འབྱེད་པའི་བློ་ཡི་རྒྱང་མཐོང་གིས།།
འགལ་འདུའི་ཐེ་ཚོམ་ནང་ནས་གཅོད་པ་ཟབ།།
ཇི་སྙེད་ཐོས་དང་བསམ་པའི་རྣམ་གྲངས་ཀུན།།
གདམ་པར་དྲིལ་བའི་མན་ངག་སྙིང་པོའི་བཅུད།།
རྒྱུད་ལ་མ་སྨིན་མཁས་བརྒྱ་པོད་སྟོང་གི།
རྒྱང་རིང་གཏམ་གྱི་ཉན་བཤད་ངལ་བའི་རྒྱུ།།
ཅིར་སྣང་བླ་མར་ཤར་བའི་མོས་གུས་ཀྱིས།།
ཐུགས་རྒྱུད་དགོངས་པའི་བྱིན་རླབས་འདྲེན་ནུས་པའི།།
ལམ་བཟང་བླ་མའི་རྣལ་འབྱོར་ལ་གོམས་པས།།
འཁོར་བའི་འཁྲུལ་སྣང་དག་པའི་གཞི་ལ་གཞོལ།།
རིམ་དགུའི་ཐེག་པའི་ཡང་རྩེ་རྫོགས་པ་ཆེ།།
སྡེ་གསུམ་སྙིང་པོའི་ཞུན་ཁུ་མན་ངག་སྡེའི།།
ཡང་གསང་བླ་ན་མེད་པའི་ཉེ་ལམ་ནས།།
སྲིད་པའི་སྣང་ཤེས་ཆོས་སྐུའི་གཞི་ལ་སྡུས།།
དམིགས་བསམ་བརྗོད་པ་བྲལ་བའི་གནས་ལུགས་དོན།།
སྟོང་ཆེན་ཀ་དག་དབྱིངས་ཀྱི་ཡེ་ཤེས་དང་།།
ལྷུན་གྲུབ་འོད་གསལ་ཟུང་དུ་འཇུག་པ་ཡིས།།
གཡོ་མེད་ཐིག་ལེ་ཉག་གཅིག་མངོན་དུ་བྱོས།།
ཁྲེགས་ཆོད་སྟོང་པའི་ཡེ་ཤེས་དོན་གྱི་གཞི།།
ཐོད་རྒལ་སྣང་བའི་འོད་གསལ་ལམ་གྱི་ཆོས།།
ཟུང་འཇུག་གཉིས་མེད་སྙིང་ཐིག་གསང་བའི་ལམ།།
འཁོར་འདས་ཡེ་གྲོལ་དགོངས་པར་ལ་བཟླ་འཚལ།།
སེམས་འཛིན་ཞི་བར་གནས་པའི་བསམ་གཏན་དང་།།
མ་སྒོམ་འཁྲུལ་བར་འབྱམས་པའི་གནས་འགྱུ་ཡིས།།
མི་ཚེའི་ཉི་མ་གྲོན་ལས་རིང་ཕྱོགས་ཏེ།།
སྐྱེ་འགག་ཡེ་གྲོལ་རིག་སྟོང་རྗེན་པར་ལྟོས།།
གང་ཤར་རང་གྲོལ་གཟུང་འཛིན་མདུད་རྒྱ་གྲོལ།།
ཆོས་ཟད་བློ་འདས་མཉམ་རྗེས་དབྱེར་མེད་དུ།།
ཅོག་བཞག་བཞི་དང་མི་གཡོ་གསུམ་ལྡན་གྱིས།།
འཕོ་མེད་གཉུག་མའི་བཙན་ས་བདག་གིར་གྱིས།།
ལེགས་ཚོགས་ཀུན་གྱི་འབྱུང་གནས་རྙེད་དཀའི་ལུས།།
འཚོ་ཞིང་བརྟས་པའི་ཚེ་རིང་ལོ་བརྒྱའི་དཔལ།།
ནད་མེད་སྲོག་གི་ཀ་བ་བརྟན་གྱུར་ན།།
མཐོ་རིས་འབྱོར་བའི་ཕུལ་ཏེ་དགའ་བར་འོས།།
མི་བརྟན་འབྱུང་བཞི་རྙིང་པའི་རྒུད་པ་ཡིས།།
ཟག་བཅས་སྒྱུ་ལུས་སྙིགས་མ་དོར་གྱུར་ཀྱང་།།
རྒྱང་སྙན་གཞི་ཡི་འོད་གསལ་ཆོས་སྐུའི་ཞལ།།
མཇལ་ལ་མ་པང་བུ་བཞིན་ཅིས་མི་སྤྲོ།།
ད་ལྟ་ཤི་ཡང་འགྱོད་པའི་བྲེལ་ཚུབ་མེད།།
ཡུན་རིང་བསྡད་ཀྱང་མི་སུན་བག་དང་ལྡན།།
རེ་དོགས་ནང་ནས་ཆོད་པའི་གུ་ཡངས་པོའི།།
མི་ཚེའི་ལྷག་མ་དམ་པའི་ཆོས་ཀྱིས་འཚོ།།
གྲུབ་པའི་དྲང་སྲོང་བསྟི་བའི་སྙིང་པོའི་མགུལ།།
ནགས་ཀྱི་ར་བས་སྲུང་བའི་སྐྱེད་མོའི་ཚལ།།
ཆོས་མཐུན་ཡ་རབས་ཚོགས་དང་རི་སྐྱེས་ཁྱུ།།
བག་ཡངས་རྒྱུ་བ་དལ་བའི་གནས་དེར་ཕྱོགས།།
འདྲེན་མཆོག་སངས་རྒྱས་དངོས་མཚུངས་ཡོན་ཏན་མགོན།།
རིགས་བདག་གྲུབ་པའི་དབང་ཕྱུག་འཇིགས་ཀུན་བྲལ།།
འབྲལ་མེད་མི་ཤིགས་སྙིང་ལ་རྟག་བཞུགས་ན།།
ས་སྟེང་བླ་མས་གང་ཡང་ཅི་ཞིག་བྱ།།
སོ་ཀའི་དྲོད་རླུང་འཇམ་པོས་ཡོངས་བསུས་པའི།།
དཔྱིད་ཀྱི་རྒྱལ་མོས་གསུང་སྙན་སྒྱུར་བའི་ཚེ།།
དགའ་སྐྱོ་འདྲེས་མའི་སྣང་བ་ཤར་བའི་དུས།།
ཉམས་དགའ་གླུ་རུ་ལེན་པས་སྐྱོ་གྲོགས་གྱིས།།
དབྱར་གསུམ་སྦྲང་ཆར་ཟིལ་མའི་རྒྱུན་བཟང་གིས།།
མེ་ཏོག་སྣ་ཚོགས་འདབ་རྒྱ་གྲོལ་བའི་ཚེ།།
བདེ་སྟོང་ཉམས་ཀྱི་རྩལ་བརྒྱ་འབར་གྱུར་ན།།
མི་ཟད་དོ་ཧའི་རྒྱང་གླུ་བར་མེད་ལོངས།།
སྟོན་གནམ་དྭངས་པའི་མཁའ་ལ་རབ་རྒྱུ་བའི།།
སྤྲིན་དཀར་འཇའ་ཚོན་བཀྲ་བའི་གུར་ཁྱིམ་ཅན།།
ཕ་གཅིག་བླ་མའི་དྲུང་དུ་བསྐྱོད་མཐོང་ན།།
བུ་གཅིག་སེམས་ཀྱི་འཆར་ཚུལ་འཕྲིན་དུ་བསྐུར།།
དགུན་གྲང་བུ་ཡུག་ཅན་གྱི་འཐོར་རླུང་གི།
ཤུགས་དྲག་ང་རོས་ཕྱོགས་རྣམས་རྨོངས་གྱུར་ཅིང་།།
སྐྱོ་སུན་འཇིགས་དང་ཉམ་ངས་གདུང་བའི་ཚེ།།
བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་ཡང་ཡང་ཞུས།།
གང་བྱས་སྣང་བ་བདེ་བའི་གླུ་ཆུང་གིས།།
གཞི་མེད་ཡེ་གྲོལ་ལྟ་བའི་གདེང་བསྐྱེད་ཅིང་།།
བྱར་མེད་ཤུགས་འབྱུང་རིག་པའི་ཉམས་རྩལ་གྱིས།།
གང་ཤར་འཁྲུལ་བ་དབྱིངས་སུ་རྩ་བདར་ཆོད།།
འབྱོར་ན་དཀོན་མཆོག་མཐུ་ཡིན་ཚོགས་གཉིས་སོག།
དབུལ་ཡང་ཆོག་ཤེས་དམ་པའི་ནོར་གྱིས་འཚེང་།།
སྐྱིད་ན་བླ་མའི་དྲིན་ཡིན་ཐུགས་ཡིད་སྲེ།།
སྡུག་ཀྱང་རོ་སྙོམས་བསྒོམ་པའི་བོགས་འདོན་ཡིན།།
ས་འདི་ཡ་རབས་སྐྱེ་བོས་སྟོང་གྱུར་ཅིང་།།
དཔང་གྱུར་སྐྱེ་བོ་ཟད་པའི་དུས་ཉེ་ན།།
ཞི་བའི་ནགས་སམ་བས་མཐའི་དབེན་གནས་སུ།།
སྨྲ་བ་བསྐྱུངས་ཏེ་གནས་པ་ཀུན་ནས་བདེ།།
རང་གིས་རང་ལ་མོལ་བའི་གྲོས་ཀྱི་མཆིད།།
ཁྱེད་ལ་ཞོར་དུ་བྲིས་པའི་ཚིག་གི་ཕྲེང་།།
མ་བརྟགས་བབ་ཅོལ་སྨྲས་པའི་གདོལ་གཏམ་གྱིས།།
སྐབས་དང་སྐབས་སུ་དགྱེས་པ་བསྒྲུབ་ཀྱང་སྲིད།།
ཧ་ཅང་སྨྲ་བ་མང་ན་སུན་པ་བསྐྱེད།།
འབྲི་ཀློག་ཡིག་རིགས་མང་པོ་ཁུར་གྱི་གཞི།།
དོན་མེད་གཏམ་ཉོབ་རྣམ་གཡེང་རྒྱུར་མཐོང་ནས།།
འདུ་འགོད་སོར་མོའི་ངལ་བ་མཚམས་འདིར་བཞག།
ཞེས་པའང་ཆོས་སྡེ་ཆེན་པོའི་ནུབ་ཕྱོགས་ཀྱི་སྒྲུབ་རིའི་མགུལ་བ་མེ་ཏོག་དང་སྨན་ཤིང་སྣ་ཚོགས་ཀྱིས་མཛེས་པའི་ཚལ་ན་བསྟི་བ། བསླབ་གསུམ་ནོར་གྱིས་ཕྱུག་པའི་གནས་བརྟན་སྡེ་སྣོད་འཛིན་པ་ཐུབ་བསྟན་རྣམ་པར་དག་པའི་སྡེའི་བཞེད་སྐོང་དུ་ཤར་ཐོས་བསམ་ནོར་བུའི་གླིང་གི་ཉེ་ཞོལ་རང་སྤྱིལ་ཆུང་ངུའི་མཚམས་མལ་ཐུན་སེང་ཞིག་ལ་པདྨ་སྐལ་བཟང་གིས་བྲིས་ཏེ་ཕུལ།།

གཏན་ལེགས་འདུན་མ་གྲོས་སུ་འདེབས་པའི་གཏམ་ཐུང་།

གང་ཐུགས་མཁྱེན་པའི་ཉི་མས་ལན་བརྒྱར་ཡང་།།
མ་བཏང་བརྩེ་ཆེན་སྣང་བས་རབ་འཁྱུད་པ།།
མཚུངས་མེད་འདྲེན་པ་འཇིགས་བྲལ་བླ་མ་དེས།།
བདག་དང་ཁྱོད་བཅས་འབྲལ་མེད་རྟག་ཏུ་སྐྱོངས།།
ཡིད་ཀྱི་ཆུ་གཏེར་འཕྱོ་བའི་ཀུན་རྟོག་རླབས།།
སྣ་ཚོགས་གྱ་གྱུའི་རི་མོ་བགྲང་འདས་ཀྱང་།།
གཏན་ལེགས་འདུན་མ་གྲོས་སུ་བགྲོ་བའི་གཏམ།།
སླར་ཡང་གཞོན་ཆུང་ཁྱེད་ཕྱོགས་ཅུང་ཟད་མོལ།།
འདི་ན་སྲིད་རྩའི་གདོན་གྱིས་རིང་བཏབ་ཅིང་།།
ལས་ཉོན་སྒྲོག་གིས་འཆིང་བའི་མར་གྱུར་འགྲོ།།
ཐོག་མཐའ་དབུས་བྲལ་སྲིད་པའི་ཁྲི་མུན་ལས།།
སྒྲོལ་འདི་ཐོག་མའི་གཏམ་གྱི་གླེང་བའི་སྒོ།།
ལྷ་ཡུལ་ལྷ་ཡི་དཔལ་ལས་མངོན་མཐོ་ཞིང་།།
ལྷ་དང་མི་ཡི་འབྱོར་བས་བསྒྲུན་མིན་པའི།།
ཚངས་སྤྱོད་ངུར་སྨྲིག་གསར་པའི་བླ་གོས་མཆོག།
རྟེན་འདིར་ཐོབ་པ་མ་སྨད་བསོད་ནམས་འབྲས།།
ལེགས་དང་ཉེས་ཞེས་བྱ་བ་ལྟོས་གྲུབ་ཆོས།།
བཟང་ངན་བླང་དོར་བློ་ཡི་འཇུག་ལྡོག་ཙམ།།
དེ་ཕྱིར་ལེགས་བྱས་ལུགས་ཟུང་བྱེ་བའི་སྒོ།།
འབྱེད་ལ་དམ་པའི་གཞུང་གི་ལྡེ་མིག་ཚོལ།།
ཆུ་ལས་འོ་མ་འབྱེད་པ་ངང་པའི་བུ།།
དལ་རྟེན་སྙིང་པོ་ལོན་པ་མཁས་པའི་ཕུལ།།
ནམ་ཞིག་གཏན་གྱི་འདུན་མ་མ་ཉེས་ན།།
ལུགས་གཉིས་སྲོལ་ལས་དྲ་མའི་ཡང་རྩེར་བརྩི།།
བྱིས་གཞོན་དར་རྒུད་ལང་ཚོའི་རྣམ་འགྱུར་གྱིས།།
ནང་དུ་བློ་ཡི་འགྱུར་བག་བགྲང་ཡས་ཀྱང་།།
འདུན་ཕུགས་ཆོས་ལ་འཆའ་བའི་ཆུ་མིག་རྒྱུན།།
སྡིག་གྲོགས་ཡུར་བའི་ཕྱོགས་སུ་མ་འགྲོ་ཀྱེ།།
སྲིད་འབྱོར་དབྱར་གྱི་རྩྭ་བཞིན་སྙིང་པོ་མེད།།
ཆོས་བརྒྱད་འཕྲལ་སྣང་བདེ་སྟེ་བསླུ་བའི་ཆོས།།
གང་ལའང་ཞེན་མེད་ཆོག་ཤེས་དམ་པའི་ནོར།།
སྔར་ཞིག་རྒྱལ་བའི་སྲས་ཀྱི་སྤྱོད་ཡུལ་ལགས།།
དགྲ་ཞེས་རྩོད་ཟླ་མི་འཚོལ་མི་མཛའ་མེད།།
གྲོགས་ཞེས་སྙིང་ཉེ་མ་བསྲེལ་རྣམ་གཡེང་ཆུང་།།
ཆགས་སྡང་འདུ་འགོད་བྱ་བྲེལ་ཀུན་བསྐྱུང་ན།།
རང་གི་རང་ཚུགས་གསེར་བཞིན་ལྷམ་མེར་གསལ།།
དྲང་པོ་མི་ཡི་སྲིད་ལུགས་ལེགས་བསྐྱང་ན།།
ལྷ་ཆོས་ལྷ་ཡི་སྲོལ་དང་མི་འགལ་ཕྱིར།།
ཡ་རབས་དྲ་མའི་སྤྱོད་དང་རྗེས་བསྟུན་པ།།
དྲན་ཤེས་ལྡན་པ་མིག་གི་བདུད་རྩིར་མཐོང་།།
ཕྱོགས་རེའི་ཁ་འཛིན་ཆགས་སྡང་རིས་སུ་བཅད།།
དོན་ཆུང་གཙིགས་སུ་འཛིན་པའི་གུ་དོག་བློ།།
སྤངས་ནས་མཐོང་བ་ཡངས་པའི་སྒོ་ཕྱེས་ཏེ།།
དུས་གསུམ་གནད་ཀྱི་མེ་ལོང་བྱི་དོར་བགྱིད།།
སྐྱོ་སུན་འཇིགས་སླ་ལྦུ་བ་ལྟ་བུའི་སེམས།།
ཆེན་པོ་སྒྲུབ་པའི་སྣོད་དུ་རུང་མིན་པས།།
མི་ཤིགས་སྙིང་སྟོབས་བརྟན་པོ་མེད་གྱུར་ན།།
ལུགས་གཉིས་བྱ་བ་འགྲུབ་པའི་དཔེ་མ་མཆིས།།
མནོག་ཆུང་ཚེ་འདིའི་བྲེལ་བས་གཡེང་ཆེ་ན།།
དོན་ཆེན་ཕྱི་མའི་སོ་ཚིས་བརླག་པས་ཉེན།།
རང་དོན་འབའ་ཞིག་གཉེར་པའི་བློ་ཆུང་གིས།།
གཞན་དོན་ལྟ་ཞིག་རང་དོན་འགྲུབ་མི་འགྱུར།།
དེ་ཕྱིར་གཞན་ཕན་དག་པས་ཉེར་དྲངས་ཏེ།།
ནམ་མཁའ་ཇི་སྲིད་འགྲོ་ཁམས་མ་རྫོགས་པར།།
མར་གྱུར་འགྲོ་འདི་སྐྱོབ་ལ་མི་སྐྱོ་བ།།
དཔའ་ཆེན་སེམས་དཔའི་རྣམ་ཐར་མཆོག་ལ་སློབས།།
ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཞེས།།
དམ་པས་ཡང་ཡང་བསྔགས་པའི་ནོར་བུའི་མཆོག།
རང་ལ་ཡོད་པ་གཞན་ལ་མི་རེའི་ཕྱིར།།
བརྩོན་པས་བྱི་དོར་བགྱི་བ་སྙིང་གི་གཏམ།།
མཐའ་ཡས་ཤེས་བྱ་རྒྱ་མཚོའི་ཆུ་བོའི་གཏེར།།
རྣམ་དཔྱོད་ཧུབ་ཀྱིས་འཐུང་ལ་ཞུམ་མེད་པའི།།
ཐོས་བསམ་མཁྱེན་རྒྱ་མཁའ་ཡི་མཐས་གཏུགས་ན།།
ཕྱི་ནས་ཆོས་ཀྱི་ཁྲི་ལ་མངོན་པར་མཐོ།།
ཡུན་ཐུང་མི་ཚེའི་བགྲོད་པ་རབ་མྱུར་བས།།
སྐད་ཅིག་སྐར་མའི་ཆར་ཡང་ལོངས་མེད་ན།།
ནོར་ཕྱིར་རྒྱ་མཚོར་ཞུགས་པའི་དེད་དཔོན་བཞིན།།
གང་ཞིག་ལེགས་པ་དུས་སུ་འདམ་པ་གཅེས།།
ཉམ་ཆུང་བྱེའུས་མཁའ་མཐའ་མི་དཔོག་ཅིང་།།
གཞན་ཕན་རྒན་མོའི་བསམ་བཟང་ཆོད་ཆུང་བས།།
སྙིང་སྟོབས་བརྟན་པོའི་སྲོག་གི་ཀ་བ་ལ།།
ལུང་རིགས་བཙན་པོའི་ཡ་ལད་བསྒོ་བ་མཆོག།
རྒུད་ཚེ་གཉེན་ཡང་འབྲོས་ཤིང་དར་བའི་མོད།།
དགྲས་ཀྱང་འདུད་པ་འཇིག་རྟེན་ཆོས་ཉིད་ཕྱིར།།
རང་ལ་གཅེས་པ་གཞན་ནས་མི་སྲིད་ན།།
རང་དྲིན་རང་ལ་ཆེ་བ་གདམས་པའི་མཐིལ།།
ཀུན་དང་སྔར་འདྲིས་ལྟ་བུས་མཐུན་པར་འགྲོགས།།
སུ་ལའང་རང་རྒྱུས་མ་འཆོར་བློ་འཁེལ་དཀོན།།
དམ་པའི་མགོན་དང་ཆོས་མཐུན་གྲོགས་པོ་ལས།།
མཛའ་བཤེས་གསུམ་པ་ཆགས་སྡང་འབྱུང་བའི་གཞི།།
ཐམས་ཅད་མགུ་ཐབས་མེད་པས་ཁད་ཀྱིས་སྐྱུར།།
གྲོགས་ཀྱི་མཐུན་འཇུག་སྒྲུབ་པ་ངལ་བའི་རྒྱུ།།
དབྱིངས་ནས་རྒྱལ་བའི་ཐུགས་ཀྱིས་མི་ཁྲེལ་བའི།།
རང་བློ་མགུ་ན་ཡོངས་འཛིན་དམ་པ་ཡིན།།
རྟག་ཏུ་རྒྱུད་དུལ་རང་གཞན་དགེ་ལ་སྦྱོར།།
གཡོ་དང་སྒྱུ་མེད་དྲང་པོའི་ངག་གིས་འཚོ།།
རང་ཚུགས་མི་ཤོར་དམ་པའི་ལྷ་གྲལ་བསྙེགས།།
ཡ་རབས་སྐྱེ་བོ་འཕགས་པའི་ལམ་སྟེགས་ཡིན།།
བརྟན་དང་གཡོ་བ་འདི་ཀུན་སྙིང་པོ་མེད།།
བླ་སློབ་འདུས་ཤིང་ཚོགས་པ་སྐད་ཅིག་ཙམ།།
མི་བརྟན་འགྱུར་བའི་ཆོས་ཀྱིས་ཡིད་དབྱུང་ནས།།
རྟག་ཏུ་འཆི་བ་སེམས་པ་མཁས་པའི་ཚུལ།།
རྟོག་གེ་མགོ་མཁྲེགས་སྣང་བ་འགལ་འདུ་ཅན།།
གདེང་མེད་རྣལ་འབྱོར་མུན་པའི་ཨོ་ཟོབ་ཅན།།
མཐའ་གཉིས་སྤང་བ་དྲང་སྲོང་རྗེས་འགྲོ་བའི།།
ཐར་བའི་ལམ་སྟོན་ས་མཁན་བཟང་པོ་ཡིན།།
སྲིད་རྩ་མ་རིག་ཉོན་མོངས་ཀྱིས་བསྐྱེད་པའི།།
ལྷན་སྐྱེས་ངར་འཛིན་དགྲ་ཆེན་གཞོམ་པ་ལ།།
བདག་མེད་རྟོགས་པའི་ཤེས་རབ་གཉེན་པོའི་མཚོན།།
ཐོས་པས་བསྟེན་པ་མ་འཆོལ་ཐོག་མའི་ལས།།
ལུང་དང་རིགས་པས་ལེགས་གྲུབ་ལྟ་བའི་གནད།།
མ་ནོར་གཏན་ལ་འབེབས་པའི་བློ་ཡི་མིག།
ཟབ་མོ་དབུ་མའི་གཞུང་ལ་འདྲིས་བྱས་ཏེ།།
སྤྲོས་བྲལ་ནང་གི་དེ་ཉིད་མཐོང་ལ་འབད།།
ཐོག་མར་ཐོས་པ་ཕྱོགས་མེད་བཙལ་བྱ་ཞིང་།།
ཐོས་དོན་རྒྱུད་ལ་སྦྱོར་བ་བསམ་པའི་རབ།།
བསམ་དོན་རྩེ་གཅིག་སྒོམ་པ་མཐར་ལམ་སྟེ།།
མཉན་བསམ་སྒོམ་པ་གོ་མ་ལོག་པར་འཚལ།།
ཡོངས་རྫོགས་རྒྱལ་བསྟན་ལྷ་ལམ་ཡངས་པོའི་གཞིར།།
ཟབ་ལས་ཆེས་ཟབ་ཐེག་རྩེའི་ཉིན་བྱེད་དབང་།།
ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་བརྒྱུད་པའི་སྲོལ།།
མཐར་ཐུག་ལྟ་བའི་འཁྱེར་སོ་དེ་རུ་སྐྱོལ།།
སྣང་བཞི་མཐར་ཕྱིན་རྟོགས་པའི་ཕ་ཕོགས་ཐོབ།།
ཟད་པའི་སར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས།།
རིག་འཛིན་བརྒྱུད་པའི་གྲལ་ན་ཆེས་མཛེས་པ།།
ཕ་རྗེས་བུ་ཡིས་བསྙེག་འདི་རིགས་ཀྱི་ལས།།
གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་གནད།།
ངེས་ཤེས་ནང་ནས་འདྲོངས་པའི་གདེང་ལྡན་ན།།
སྲིད་དང་ཞི་བར་རེ་དོགས་གཏན་བྲལ་བས།།
རིག་སྟོང་རྗེན་པའི་རང་ཞལ་རྟག་ཏུ་མཐོང་།།
མི་ཆོས་མ་ཕེར་ལྷ་ཆོས་ཡས་ལ་བོར།།
རང་ཉིད་མགོ་འཁོར་གཞན་ལ་ལམ་རྒྱུས་སྟོན།།
ལོག་པའི་ས་མཁན་བདུད་ཀྱི་བཤེས་གཉེན་ཏེ།།
བདག་དང་བདག་འདྲར་ཕྱིན་ཆད་གྲོས་མ་འདྲི།།
གང་ཁྱེད་སྔར་བསགས་བསོད་ནམས་བྱེ་བའི་རྒྱུས།།
རིགས་གཟུགས་ལང་ཚོ་མི་དམན་ཤེས་རབ་མྱུར།།
བསླབ་བརྩོན་ཐོས་བསམ་འབད་པ་རྒྱུན་བསྐྱང་ན།།
ཕྱི་ནས་བསྟན་སྲོག་འཛིན་ལ་ཉམ་མི་ང་།།
མཁའ་དཀྱིལ་ཉི་ཟླས་གསལ་བའི་ཡངས་པའི་གཞིར།།
སྣ་ཚོགས་ལས་ཀྱིས་འབྱོར་ཕྱུག་ཐ་དད་ཀྱང་།།
འཆད་རྩོད་རྩོམ་ལ་ཐོགས་མེད་མཁས་པའི་ཁྲི།།
བདག་གིར་བྱེད་པའི་རང་དབང་ལག་ན་གནས།།
དེང་དུས་རྒྱལ་བསྟན་ཉི་མ་ནུབ་རིར་ཕྱོགས།།
ངན་རྟོག་འབྱུང་པོའི་བྱ་ཡི་སྐད་གསང་མཐོ།།
བསྟན་འཛིན་ཟོལ་མས་བསྟན་སེལ་སློང་བའི་ཚུལ།།
བསམ་ནས་སྙིང་ལ་རུས་པ་བསྐྱེད་ཅིག་ཨང་།།
ངེས་འབྱུང་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་ཤིང་།།
ནང་དུ་ཏིང་འཛིན་མི་གཡོ་བྱམས་ལ་གནས།།
ཤེས་རབ་ཆེན་པོས་རྨོངས་ཚོགས་གཏན་གཞོམ་པའི།།
དགེ་བའི་དཔལ་གྱིས་གྲོགས་ཁྱོད་རྟག་སྲུངས་ཤོག།
གཏམ་འདི་གཞན་གྱིས་མཐོང་ན་ཞེ་ཁྲེལ་རྒྱུ།།
ཚུལ་འདི་རང་ལ་མེད་ཀྱང་ལྷག་བསམ་དག།
ཁྱེད་གསུང་བཀའ་ལན་བཟློ་བའི་ཆེད་ཙམ་དུ།།
མ་བརྟགས་ཐོལ་བྱུང་མཆིད་འདི་ཁྱེད་ལ་བྲིས།།
མདོ་མེད་འཆལ་ངག་རྣམ་གཡེང་སྐྱེ་བའི་རྒྱུ།།
དོན་མེད་གཏམ་ཉོབ་སོར་མོ་ངལ་བའི་གཞི།།
སྣ་ཚོགས་སྤོས་རྒྱའི་རི་མོ་མཐའ་མེད་ཕྱིར།།
རེ་ཞིག་སྨྲ་བ་བསྡམས་ནས་ཨ་མཚར་ཕུལ།།
རབ་རྒྱན་ལྕགས་རྟ་རྒྱལ་ཟླའི་ཡར་ཚེས་ཀྱི་སྔ་དྲོའི་ཐུན་གསེང་ཞིག་ལ་པདྨ་སྐལ་བཟང་གིས་སྤེལ།།

ལུགས་གཉིས་བླང་དོར་འབྱེད་པའི་ནང་མཆིད།

འཇིགས་མེད་སྨྲ་བའི་རྒྱལ་པོ་ལྷ་མིའི་གཙོ།།
མཚུངས་བྲལ་ཡན་ལག་དྲུག་ཅུའི་དབྱངས་རྫོགས་པ།།
བདེན་གསུང་རྡོ་རྗེའི་ལྗགས་ལྡན་རྒྱལ་རྣམས་ཀྱིས།།
ཤིས་པའི་མེ་ཏོག་ཁྱོད་ལ་བསྙིལ་གྱུར་ཅིག།
སྲིད་ན་མཆོག་ཏུ་གཅེས་པ་སྲོག་གི་རྒྱུན།།
ཚེ་ཡི་ཉག་ཐག་སྲིན་བུའི་དར་སྐུད་ལ།།
མི་རྟག་སྲིན་མོའི་འདོམ་གྱིས་གཞལ་བའི་ཁྱོན།།
དོན་དང་ལྡན་པར་བགྱིད་པ་མཛངས་པའི་ཕུལ།།
སྲིད་འདིའི་བདེ་འབྱོར་བསླུ་བྱེད་ངལ་བའི་རྒྱུ།།
སུ་དང་འགྲོགས་ཀྱང་སྐྱོན་ལྡན་སུན་པའི་གཞིར།།
མཐོང་ནས་འཁོར་བའི་གནས་ལ་ཡིད་འབྱུང་བ།།
དམ་པའི་ལས་ལམ་དགེ་བའི་སྣོད་དུ་བསྔགས།།
གཅིག་ཏུ་བདེ་ལ་ཞེན་པའི་ཡིད་ཅན་ཀུན།།
སྡུག་བསྔལ་གསུམ་གྱི་ཚོར་བས་ཉམ་ཉེས་པ།།
ཡལ་བར་མི་འདོར་བརྩེ་བས་རབ་བསྐུལ་ཏེ།།
ཐར་ལམ་མིག་ཏུ་བསྟེན་པ་དམ་པའི་ཚུལ།།
རྒྱལ་བས་ཆོས་ཀྱི་འཁོར་ལོ་རིམ་གསུམ་གྱིས།།
ཟབ་དང་རྒྱ་ཆེའི་སྒོ་འཕར་རབ་དབྱེས་ཀྱང་།།
དང་པོའི་ལས་ཅན་ཐར་བ་དོན་གཉེར་པས།།
བཤེས་གཉེན་བསྟེན་ནས་འཇུག་པ་མ་འཆོལ་ལས།།
གཞུང་ལུགས་རྒྱ་མཚོར་ཐོས་པའི་མིག་རྒྱང་སྲིང་།།
མི་འཕྲོག་རྣམ་དཔྱོད་རྩལ་གྱིས་གཏིང་མཐའ་དཔོག།
མ་ནོར་དགོངས་པའི་གནད་གསང་དབྱིག་གི་མཆོག།
ཤེས་རབ་གསུམ་གྱིས་ལག་ཏུ་ལེན་པ་གཅེས།།
བརྒྱད་ཁྲི་བཞི་སྟོང་ལ་སོགས་ཆོས་ཀྱི་ཕུང་།།
མཐའ་ཡས་ཤེས་བྱའི་ཕ་མཐའ་མི་མངོན་པ།།
གནད་དུ་དྲིལ་བ་རྒྱུད་ལ་ལེགས་སྦྱོར་བ།།
ཐོས་དོན་བསམ་ཞིང་སྒོམ་པ་དཔྱོད་ལྡན་སྲོལ།།
གཞན་ཕན་བསམ་པས་དྲངས་པའི་ངེས་འབྱུང་གི།
སོ་ཐར་ཚུལ་ཁྲིམས་སྤོང་སེམས་གོམས་པ་ཡིས།།
བྱང་སེམས་བསླབ་པའི་གཞི་ལ་སློབ་བྱས་ཏེ།།
མཐར་གྱིས་གསང་ཆེན་སྙིང་པོའི་ལམ་ལ་བསྙེན།།
གྲངས་མེད་བསྐལ་པར་བསགས་པའི་ཚོགས་གཉིས་དང་།།
སྐྱེ་བ་དུ་མའི་གོམ་བགྲོད་བུལ་བའི་འགྲོས།།
བསྐྱུངས་ནས་མེས་པོའི་གཤེགས་ཤུལ་བགྲོད་གཅིག་ལམ།།
ཆིག་ཆོད་ཚེ་འདིར་ཟད་པའི་ས་རུ་སྐྱོལ།།
རང་གིས་རང་ཉིད་བརྙས་པ་ལེ་ལོ་སྟེ།།
སངས་རྒྱས་རང་ལ་ཡོད་པ་མདོ་སྔགས་ལུགས།།
དེ་ཕྱིར་ལྟ་སྒོམ་སྤྱོད་པའི་གནད་ཤེས་ན།།
གཞན་དྲིང་མི་འཇོག་བག་ཡངས་བློ་བདེར་འབྱུང་།།
དུས་འདི་སྙིགས་མ་ཡིན་པས་བཟང་བྱེད་དཀོན།།
འགྲོ་འདི་དམུ་རྒོད་ཡིན་པས་མགུ་ཐབས་བྲལ།།
ཐམས་ཅད་བདེན་མེད་ཕྱིར་ན་རྨི་ལམ་ལྟར།།
རེ་དོགས་ནང་ནས་བཅད་ན་བཙན་ས་ཟིན།།
མ་རབས་སྡིག་སྤྱོད་གཡོ་སྒྱུས་འཚོ་བྱེད་པའི།།
དམན་པ་བསྟེན་པས་ཕུང་ཞིང་ཐད་ཀས་ཀྱང་།།
འཕེལ་བར་མི་གཏུབ་དམ་པའི་ལྗོན་ཤིང་ལ།།
བརྟེན་ན་འཁྲིལ་ཤིང་ཇི་བཞིན་རྩེར་སླེབ་འགྱུར།།
མ་བརྟགས་ཐོ་ཅོའི་སྤྱོད་པའི་གཤོག་ཟུང་ངོམ།།
ཕྲག་དོག་ཟུག་རྔུའི་མདུང་ཐུང་བསྣུན་བྱེད་པའི།།
རིགས་མཐུན་ཆོས་པའི་གཟུགས་འཆང་བྱིས་བློ་ཅན།།
ཉེ་རིང་བར་མའི་འཛུམ་གྱིས་སྲུང་བ་མཆོག།
ཇི་ཙམ་བསྐྱང་ཡང་མགུ་འཁང་སྤེལ་བའི་རྒྱུ།།
གང་ལྟར་འབད་ཀྱང་འགྲུབ་པའི་མཐའ་དཀོན་ཕྱིར།།
གཉེན་འཁོར་ཡུལ་སྡེའང་ཆགས་སྡང་གཞིར་མཐོང་ནས།།
མཁས་པས་ཧ་ཅང་སྡང་དང་ཞེན་པ་མིན།།
ཡང་དག་མི་ཡི་ཆོས་ལུགས་ལེགས་སྤྱད་ན།།
མཐོ་རིས་ལྷ་ཡི་གོ་འཕང་གམ་ན་གནས།།
ལྷ་དང་མི་ཡི་རྟེན་མཆོག་དམ་པ་ལས།།
ཐར་བ་སྐས་དང་ཐེམ་པའི་ཚུལ་ལ་སོམས།།
མཐོ་ཞིང་འབྱོར་ན་ལྐོག་ནས་སྨོད་བྱེད་ཅིང་།།
དམའ་ཞིང་དབུལ་ན་ངོས་ནས་སུན་འབྱིན་བྱེད།།
ཕྲག་དོག་གདོན་གྱིས་བུས་པའི་འཐོར་རླུང་གིས།།
མི་གཡོ་རི་རྒྱལ་བཞིན་དུ་བརྟན་པར་བྱོས།།
འཕྲལ་སྣང་འགྲོགས་བདེ་ཁོང་ཡངས་ཚིག་རབ་གསལ།།
གཞུང་བཟང་ཕྱི་ཐག་རིང་ཞིང་བཟོད་བསྲན་ལྡན།།
གལ་ཆེན་གནས་ལ་མི་ཤིགས་སྙིང་གི་སྟོབས།།
རྡོ་རྗེའི་ཁམས་ལྟར་འགྱུར་བ་མེད་པ་མཆོག།
སྐད་ཅིག་ཆས་དགོས་མི་བརྟན་གཡར་པོའི་ལུས།།
ལང་ཚོ་དར་ཚེ་ལུགས་ཟུང་ལེགས་པའི་སྲོལ།།
ཕུལ་བྱུང་བསྔགས་འོས་ལག་རྗེས་མེད་གྱུར་ན།།
མི་ཞེས་མིང་གི་ཐོ་ཡོར་རྩམ་པའི་གྲོན།།
རླབས་ཆེན་བསྟན་སྲིད་བྱ་བའི་ཁུར་ལེན་པའི།།
ལྷག་བསམ་འདུན་པ་བཟང་པོ་དར་དྲག་པས།།
དོན་མཐུན་ན་མཉམ་ཚོགས་པའི་མདུན་བདར་ཏེ།།
འཇིགས་མེད་སྨྲ་བའི་ཁྲི་ལ་བསྙེམ་མི་འཚལ།།
ཇི་ཞིག་དུས་ན་རྒ་བའི་ཕོ་ཉ་བ།།
ན་ཚོད་ཡོལ་བའི་དུས་བརྡས་བསྐུལ་གྱུར་ཚེ།།
བློ་སྣ་སྤོས་རྒྱའི་རི་མོ་མཐའ་བསྡུས་ཏེ།།
ནང་གི་དེ་ཉིད་མཇལ་ལ་མངོན་པར་ཕྱོགས།།
བྲག་དཀར་ལྗོན་ཤིང་སྟུག་པོའི་མེལ་ཚེ་ཅན།།
ཡིད་འོང་ཆུ་འཛིན་ཆབ་ཀྱིས་ལེགས་བྲན་པའི།།
འདབ་ལྡན་གེ་སར་བཞད་པའི་ཚལ་ཆེན་པོར།།
དབེན་གསུམ་དམ་པའི་རྒྱལ་ས་ཅིས་མི་བཟུང་།།
དེ་ན་མཁའ་དང་ས་གཞི་ལྷུན་པོའི་སྤོ།།
རི་བོའི་ཁོང་སེང་དག་ནས་རྙེད་མིན་པའི།།
ཞི་བའི་རོ་མཆོག་བསམ་གཏན་བདུད་རྩིའི་བཅུད།།
བཏུང་བའི་དཔལ་ལ་ལྷས་ཀྱང་འགྲན་ནུས་མིན།།
གང་ཁྱོད་བསླབ་པ་མཆོག་ལྡན་ཡིད་གཞུང་དྲང་།།
ཡ་རབས་སྤྱོད་པ་ལྷུར་ལེན་ཚེས་གསུམ་ཟླའི།།
རང་མདངས་གསལ་ལས་ཆེས་གསལ་བཅོ་ལྔའི་ཟླར།།
འཕེལ་ཞིང་ནམ་ཡང་བྲི་བར་མ་གྱུར་ཅིག།
དེ་སྐད་ཐོལ་བྱུང་རི་མོའི་འཕྲུལ།།
མདོ་ཁམས་ཤར་ཕྱོགས་མི་ཉག་པ།།
ཤྲཱི་སེང་ཆོས་གྲྭའི་ཆོས་ཁྲིམས་ཆེ།།
རིག་པ་འོད་ཟེར་གསུང་བཞིན་བྲིས།།
རབ་རྒྱན་ལྕགས་ལུག་ཧོར་ཟླ་བཅུ་གཉིས་པའི་བཤོལ་ཟླའི་མར་ངོས་ཚེས་བཅུའི་བར་གྱི་ཐུན་གསེང་ལ་པདྨ་སྐལ་བཟང་དེས།།

དབེན་པའི་ནགས་སུ་བསྐུལ་བ་དྲང་སྲོང་རྒན་པོའི་མགྲིན་གླུ།

དུས་གསུམ་རྒྱལ་བའི་ཞལ་སྐྱིན་འགྲོ་བའི་སྐྱབས།།
འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་སྐྱེས།།
མགོན་དེའི་རྗེས་ཞུགས་བཟང་པོའི་ལས་འཕྲོ་ཅན།།
སྡེ་སྣོད་འཛིན་པའི་མཆེད་དེར་ཡང་འདི་གསོལ།།
བྱས་བྱས་ཟིན་པ་མེད་པའི་བྲེལ་དོ་ཡིས།།
སྔར་སོང་ས་འདིར་རྒྱུ་བའི་འགྲོ་མང་བསླུས།།
ཕྱིས་འབྱུང་འདིར་སྣང་ལས་ལ་རྒོད་པོ་ཡི།།
དབང་འབྱོར་སྲོག་གི་ཟུངས་བཅས་འཇོམས་པར་ངེས།།
སྐྱིད་ཀྱང་སྐྱིད་མཐའ་སྡུག་གིས་ཟིན་པ་དང་།།
འབྱོར་ཡང་མི་བརྟན་ཕུང་དཀྲོལ་འབྱུང་བའི་གཞི།།
སྙིང་མེད་འཁོར་བའི་ཆོས་ཀྱིས་ཡིད་དབྱུང་ནས།།
བློ་སྣ་ལྷ་དང་བླ་མའི་ཕྱོགས་དེར་གཏོད།།
དེར་ཡང་སྙིགས་མའི་དུས་ཀྱི་རང་རྟགས་ཀྱིས།།
དམར་སེར་བདུད་ཀྱི་བཤེས་གཉེན་ལོག་འཚོ་མཁན།།
ཆོས་མིན་ཆོས་སུ་བརྫུས་པའི་ཁ་ཁྱེར་གྱིས།།
ལམ་མིན་ལོག་པར་ཁྲིད་ལ་ཟོན་ཞིག་མཛོད།།
གང་དུ་དམ་པ་བཞུགས་པའི་གནས་མཆོག་དེར།།
ངང་གིས་རང་བཞིན་ཞི་བའི་དཔལ་ཐོབ་ཅིང་།།
མཚུངས་པ་མེད་པའི་ཟབ་དོན་རོལ་མོའི་སྒྲས།།
ཀླག་ཅོར་བདུད་ཀྱི་རིགས་ཀྱང་སྙན་པར་སྨྲ།།
གང་ལ་སེམས་ཀྱི་དམ་པ་མཆོག་མངའ་བའི།།
བླ་མེད་ཡོན་ཏན་རྫོགས་པའི་བཤེས་གཉེན་ཆེར།།
མི་འཕྲོག་དད་པའི་མྱུ་གུ་ཁ་འབུས་པའི།།
ཐལ་སྦྱར་སྤྱི་བོར་འཆང་བའི་ཕྱག་གིས་བཏུད།།
རྨད་བྱུང་དམ་ཆོས་བདུད་རྩི་མངར་པོའི་སྐྱེས།།
སྲིད་པའི་ཟུག་རྔུ་འཇོམས་མཛད་གདམས་པའི་བཅུད།།
ཡང་དང་ཡང་དུ་འཐུང་བའི་སྐལ་བཟང་ལ།།
ངོམས་པ་མེད་པའི་གུས་རྟག་བརྩོན་པ་སྐྱེད།།
མཐའ་ཡས་གཞལ་དཀའ་ཤེས་བྱའི་གནད་མཐའ་དག།
མ་རྟོགས་ལོག་པར་རྟོགས་པ་དྲུང་འབྱིན་ཕྱིར།།
ཐོས་བསམ་སྒོམ་པའི་ཤེས་རབ་རྣོན་པོ་ཡིས།།
མ་ནོར་གཏན་ལ་དབབ་པ་དམ་པའི་ལུགས།།
གཅིག་ཏུ་བརྟན་པ་མིན་པའི་མི་ཚེའི་ནོར།།
དུས་ཀྱི་རྐུན་པོར་འཆོར་བའི་ཉེན་བཅས་ཕྱིར།།
ངམ་ནག་གཤིན་རྗེའི་བསུ་མ་དང་འཕྲད་ཀྱང་།།
འཇིགས་པ་མེད་པའི་དཔའ་གདེང་རྙེད་པར་མཛོད།།
ཤིན་ཏུ་མི་རྟག་འཇིགས་པའི་ངུ་འབོད་ཅན།།
མ་རུང་རླབས་བཅས་མི་སྲུན་འཚེ་བས་གཙེས།།
བརྒལ་དཀའ་འཁོར་བའི་རྒྱ་མཚོ་ཉམ་ང་བར།།
དེང་ནས་མཛའ་བ་མིན་པའི་ཕྱི་ཕྱག་འཚོལ།།
དེ་བས་དམ་པས་བསྔགས་པའི་རི་བོའི་ལྗོངས།།
ཁོར་ཡུག་མྱ་ངན་མེད་པའི་ལྗོན་པས་མཛེས།།
རྩྭ་དང་ལོ་མའི་སྤྱིལ་བུ་ཉམས་དགའ་བར།།
བག་ཡངས་བློ་བདེར་ཉལ་བ་མེས་པོའི་སྲོལ།།
དེར་ནི་བྲག་རིའི་བ་གམ་མཛེས་པའི་ངོགས།།
ཉི་གཞོན་གསར་པའི་མདངས་ཀྱིས་འཁྱུད་བྱེད་ཅིང་།།
ཟླ་བ་བདུད་རྩིས་བྲན་པའི་ཐིགས་པའི་ཆབ།།
གཡུ་ཤུག་ལོ་མའི་རྒྱན་དུ་བོས་པ་བཞིན།།
དེ་ན་འདབ་ཆགས་དུལ་བའི་སྐད་སྙན་དང་།།
ལྷུང་ལྷུང་དལ་གྱིས་འབབ་པའི་ཆུ་ཕྲན་སྒྲ།།
དྲི་བཞོན་འཇམ་པོས་བསུས་པའི་དགའ་སྟོན་གྱིས།།
ཏིང་འཛིན་ཞི་བའི་ཡིད་ཀྱང་འགུགས་པར་བྱེད།།
ཐོག་མེད་འཁོར་བའི་དུས་ནས་ད་ལྟའི་བར།།
ཤ་ཁྲག་དྲ་བའི་སྦུབས་སུ་འཆིང་བྱེད་པའི།།
ལྷན་སྐྱེས་ངར་འཛིན་གདོན་གྱི་མཚང་རིག་ནས།།
མ་དག་ལུས་ཀྱི་མཐའ་མ་དེ་རུ་བསྙིལ།།
མང་པོ་མང་པོའི་ཚོགས་ཀྱིས་མ་བཀུར་ཀྱང་།།
གཅིག་པུ་གཅིག་པུར་བསྡད་ན་བློ་བདེ་ཞིང་།།
ཆེན་པོ་ཆེན་པོའི་གྲལ་དུ་མ་ཚུད་ཀྱང་།།
དམ་པ་དམ་པས་བསྔགས་འདིས་རྒྱལ་བ་དགྱེས།།
ཞེས་པའང་ཤིན་ཏུ་གཤིས་བཟང་འགྲོགས་བཤེས་དམ་པའི་རྣམ་ཐར་འཆང་བ་གསུང་གི་ང་རོས་དབྱངས་རྟ་འདྲེན་པ་ལ་ཆེས་ཞུམ་པ་དང་བྲལ་བའི་སྐུ་ཞབས་སྡེ་སྣོད་འཛིན་པ་པདྨ་མགོན་པོ་ལ་ཉམས་མཚར་དུ་བྲིས་ཏེ་ཕུལ་བ་པདྨའི་མིང་ཅན་དེས་སོ།།

ཐར་བའི་གཏམ་ངེས་དོན་འདུན་བཟང་།

ངོ་མཚར་མཆོག་ཏུ་ཞི་བ་འདུས་མ་བྱས།།
བདུད་རྩི་དམ་པ་ཐར་ལམ་སྟོན་པའི་མིག།
སྙིང་གི་མུན་སེལ་རྣམ་གྲོལ་བདེ་བའི་ལམ།།
དམ་པའི་ཆོས་ཀྱིས་སླར་ཡང་རྟག་ཏུ་སྲུངས།།
ཡིད་གཅུགས་མཛའ་བའི་ཆོས་ཀྱི་མཆེད་མཆོག་ལ།།
སྨོན་འདྲིན་བདེན་པའི་ངག་ལས་འཕོས་པའི་གཏམ།།
ཟོལ་མེད་འཁྱོག་ལ་མ་དྲང་གཡོ་མེད་ཚིག།
ཐོལ་བྱུང་གང་དྲན་རི་མོའི་འགྲོས་སུ་བཀོད།།
ཡིད་ཀྱི་ཆུ་གཏེར་འཕྱོ་བའི་ཀུན་རྟོག་རླབས།།
བརྒལ་དཀའི་ལ་ལུང་གྱ་གྱུའི་རི་མོ་འབུམ།།
གཅིག་ཏུ་མི་བརྟན་འགྱུར་བའི་རྫུ་བག་འདིས།།
ཐོག་མཐའ་མི་དཔོག་སྲིད་འདིར་རིང་ནས་འཕྱན།།
སྲིད་འབྱོར་སྒྱུ་མའི་ནོར་གྱིས་བསླུས་པ་མང་།།
སྙན་གྲགས་བྲག་ཅའི་སྒྲ་བཞིན་དོན་ལ་མེད།།
གཅེས་པར་བསྐྱངས་བའི་ལུས་ཀྱང་འདོར་ངེས་ན།།
དལ་འབྱོར་དོན་ལྡན་བྱ་བ་མ་ནོར་ལས།།
རང་མིན་གཞན་ལ་གྲོས་ཀྱི་རེ་ཐག་བཅད།།
ཆོས་མིན་གཞན་ལ་བློ་གཏད་རྟོད་ཕུར་འདོན།།
བླ་མ་མཆོག་དང་ཆོས་མཐུན་གྲོགས་པོ་ལས།།
མཛའ་བཤེས་གསུམ་པ་མི་བསྲེལ་སྙིང་གི་གཏམ།།
ངན་གོམས་བློ་ཡི་བག་ཆགས་ཤུགས་དྲག་པས།།
དང་པོར་བཟོད་བསྲན་ཆོས་ཀྱིས་རྒྱུད་དུལ་ན།།
ཕྱིས་ནས་ཉོན་མོངས་གཉེན་པོས་ལེགས་བཅོམ་པས།།
བག་ཉལ་ཕྲ་བའི་སྒྲིབ་པ་གཞོམ་ལ་དཔའ།།
ཁོག་ཡངས་དཀྱེལ་ཆེ་བརྟན་བརླིང་སྤྲོ་བ་ཆེ།།
འདོད་ཆུང་ཆོག་ཤེས་བློ་སྣ་ཐུང་ལ་སྒམ།།
དགའ་སྡུག་མི་སྔ་བློ་གཏིང་དཔོག་དཀའ་བ།།
འདི་འདྲས་བྱ་བ་གང་སྒྲུབ་ལག་ན་གནས།།
དེ་སླད་དམ་པའི་གཞུང་ལ་འདྲིས་བྱས་ཏེ།།
བློ་སྣ་ལས་རུང་གདམས་ངག་སེམས་ལ་གླན།།
བག་ཡོད་ཚུལ་ལྡན་ཤེས་རབ་ནང་ནས་རྒྱས།།
རང་གཞན་གཉིས་ཕན་འདུན་མ་ལེགས་ལ་སོམས།།
འཁོར་དང་མྱ་ངན་འདས་ཞེས་བཏགས་པའི་ཆོས།།
འཆིང་དང་གྲོལ་ཞེས་བྱ་བའང་ལྟོས་གྲུབ་སྟེ།།
གདོད་མའི་ཡེ་གཞི་ཀུན་བཟང་དགོངས་པའི་ཞལ།།
མ་བཅོས་མཉམ་པར་བཞག་པའི་རང་མདངས་ཙམ།།
སྤྲོས་བྲལ་གཏན་ལ་དབབ་པ་ཟབ་དོན་གནད།།
སྤྲོས་མེད་ངང་ལ་བཞག་པ་རྒྱལ་གསུང་མཐིལ།།
རོ་མཉམ་རྗེན་པའི་ཡེ་ཤེས་འཆར་སྲིད་ན།།
བཟང་ངན་རེ་དོགས་གཏིང་ནས་ཆོད་དམ་སྙམ།།
མ་སྒོམ་རྗེན་པར་བཞག་པའི་འོད་གསལ་དང་།།
རྩོལ་བཅས་ཉམས་ལ་ཞེན་པའི་གོལ་ཤོར་གཉིས།།
འབྱེད་ལ་རྟོགས་ལྡན་རྒན་པོའི་སྟོང་ལྟ་ལས།།
དཔྱད་གསུམ་དག་པའི་ཚད་མའི་རིགས་ལམ་རྣོ།།
ཡང་དག་ལྟ་བའི་དམིགས་རྣམ་ངེས་པ་དང་།།
ས་ལམ་གཞིར་རྫོགས་འབྲས་བུའི་ཐུས་ཀ་ཚང་།།
ཟབ་ལས་ཆེས་ཟབ་ཀློང་ཆེན་དགོངས་པའི་མཛོད།།
རྣམ་བདུན་ནོར་བུའི་མཆོག་འདི་གཅེས་པར་ཟུངས།།
ཐོག་མར་ཐོས་པས་ཤེས་བྱ་གཏན་ལ་ཕབ།།
བར་དུ་བསམ་པས་མན་ངག་གཅེས་དགུ་ཟུངས།།
ཐ་མར་སྒོམ་པས་བདེན་མཐོང་ཟད་སར་སྐྱེལ།།
བག་ཡངས་བློ་བདེའི་གཏན་འདུན་འཕྱུག་པ་མེད།།
དམ་པའི་རྗེས་སྙོགས་རྩ་གསུམ་ལྷ་སྲུང་དགྱེས།།
དངོས་གྲུབ་གཉིས་ཐོབ་མཆོག་གི་རྒྱལ་སར་བསྙེགས།།
དོན་གཉིས་ལྷུན་གྲུབ་རྒྱལ་བའི་དགོངས་པ་རྫོགས།།
འཕྲལ་བདེ་ཕུགས་སྐྱིད་ངོ་མཚར་ཨ་ལ་ལ།།
དེ་སྐད་སྔར་ནས་བསྐུལ་བ་ཡི།།
བཀའ་དོན་བསྙེལ་ནས་འབྲི་བ་ལུས།།
སླར་ཡང་བསྐུལ་བཞིན་ཚིགས་བཅད་འགའ།།
སྨྱུག་ཤར་རྒྱུག་ཐེངས་གཅིག་གིས་ཕུལ།།
ཤར་ཐོས་བསམ་ནོར་བུའི་གླིང་གི་སྐུ་ཞབས་སྡེ་སྣོད་འཛིན་པ་བསྟན་འཛིན་རྒྱལ་མཚན་གྱི་ངོར་བྲིས་པའོ།།

བསླབ་བྱ་སྙིང་གི་བདུད་རྩི།

ཚོགས་ཀྱི་དབུས་ན་ཆེན་པོའི་དཔལ་འཆང་ཞིང་།།
ཞལ་གྱི་གསུང་གིས་ངོ་མཚར་བཅས་ཁྲིམས་སྟོན།།
ཨོ་རྒྱན་མཁན་པོའི་རིང་ལུགས་འཛིན་པའི་གྲྭའི།།
སྡོམ་བརྩོན་ཡོན་ཏན་ཅན་ཁྱེད་དར་ཅིག་གསོན།།
ལུས་འདི་ཆུ་ཡི་ཆུ་བུར་ལྟ་བུ་སྟེ།།
ཚེ་འདི་ནམ་གཞུག་དུས་ཀྱི་སྦྲང་མར་མཚུངས།།
ལང་ཚོ་མི་བརྟན་དབྱར་གྱི་འཇའ་འདྲ་ན།།
འདི་ཕྱིའི་དོན་ཆེན་ལྷུར་ལེན་འདུན་མའི་རྩེ།།
ཡང་དག་མི་ཡི་ཆོས་ལུགས་ལེགས་སྤྱད་ན།།
མཐོ་རིས་ལྷ་ཡུལ་བགྲོད་པ་ཐག་མི་རིང་།།
མི་དང་ལྷ་ཡི་ཆོས་ཀྱིས་ཐར་བ་ཡང་།།
གམ་ན་གནས་པ་བཞིན་ཞེས་ལུང་གིས་བསྔགས།།
དེ་ཕྱིར་མི་ལུས་ཞེས་བྱ་རྐང་གཉིས་པར།།
ཤེས་པ་བེམ་པོའི་སྒྲོག་གིས་བཅིངས་ཚུན་ཆད།།
མི་ཆོས་ཡ་རབས་ལུགས་ལ་མ་བརྟེན་ན།།
སྨྲ་ཤེས་པ་ཡི་ཕྱུགས་ཀྱི་གྲངས་སུ་འགྲོ།།
སེམས་ནི་བདེ་སྡུག་ཀུན་བྱེད་རྒྱལ་པོ་སྟེ།།
རྒྱལ་པོ་ཡུལ་ཕྱིར་ཆུ་བཞིན་རྒྱུག་ཆེས་ན།།
ལུས་ངག་འཁོར་གྱི་དལ་མེད་བྲེལ་དོ་ཡིས།།
ངལ་བརྒྱའི་གཅོང་རོང་རླབས་དྲག་བསུ་བར་བྱེད།།
ཆོག་ཤེས་ཀུན་མཐུན་ཡང་དག་ལྟ་ལ་མོས།།
ཕན་པའི་སེམས་འཆང་སྒྱུ་མེད་དྲང་པོར་སྨྲ།།
ཧ་ཅང་ཆགས་སྡང་མི་ཆེ་ངང་རྒྱུད་དལ།།
བློ་བརྟན་ཕྱི་ཐག་རིང་བ་མཛངས་པའི་ཕུལ།།
སྨྲ་བ་ཉུང་ཞིང་སྨྲས་པ་དོན་དང་ལྡན།།
ཚིག་འཇམ་དམ་པ་བཀུར་ཞིང་དམན་པ་སྐྱོང་།།
རང་མཉམ་འགྲོགས་བདེ་བཞིན་གསལ་གཏིང་མི་དཔོག།
བརྗིད་ལྡན་རྣམ་དཔྱོད་ཅན་དེར་ལྷ་ཡང་མགུ།།
རྐུ་དང་རྫུན་སྨྲ་གསོད་གཅོད་སྨྱོས་འགྱུར་ཆང་།།
ཡ་རབས་ཁྱིམ་པ་དག་གིས་སྤང་འོས་ན།།
ངུར་སྨྲིག་རྒྱལ་མཚན་འཆང་བའི་མཆོད་ཡུལ་གྱིས།།
གཏམ་དུ་སྨྲ་བའང་མི་རིགས་རྒྱང་དུ་སྤོངས།།
རང་འདོད་ཕུགས་བཅུགས་ཕྲག་དོག་ཕྲ་མར་དགའ།།
ངོས་ལྐོག་མི་ཐུབ་དགའ་སྡུག་འགྱུར་བ་ཆེ།།
སྡིག་ལ་དགའ་ཞིང་དམན་སྡང་ཕྱི་ཚིས་ཆུང་།།
གྲོགས་ངན་འཛུམ་བཅས་རིང་པོའི་ས་རུ་ཞོགས།།
བརྟགས་ཤིང་དཔྱད་ན་ཕྱི་ནས་འགྱོད་པ་ཆུང་།།
མཁས་ཤིང་དུལ་ན་ཀུན་གྱིས་བསྟོད་ཅིང་བཀུར།།
དྲན་ཤེས་བག་ཡོད་གཉེན་པོ་ལེགས་བསྟེན་པའི།།
སྐྱེས་བུ་དེ་ནི་ཡར་གྱི་ཟླ་བཞིན་འཕེལ།།
རླབས་ཆེན་གཞན་ཕན་བྱ་བར་འབྱུང་འཇུག་མཁས།།
ཀུན་ལ་སྙོམས་པའི་སྙིང་སྟོབས་སྤོབས་པ་ཅན།།
ཇི་ལྟར་རྒྱུ་སྐར་དབུས་ཀྱི་ཉི་ཟླ་བཞིན།།
མང་པོ་ཚོགས་པའི་གྲལ་ན་ངང་གིས་མཛེས།།
རྣམ་མང་འདོད་ཡོན་སྲིད་པའི་བདེ་འབྱོར་ལ།།
དང་པོ་ཉིད་ནས་ཆགས་བྲལ་མ་གྱུར་ཀྱང་།།
མི་བརྟན་བསླུ་བྲིད་སྒྱུ་མའི་གར་མཁན་གྱི།།
རང་མཚང་མཐོང་བའི་ཞེན་ལོག་བསྐྱེད་པ་གཅེས།།
མུ་མེད་སྡུག་བསྔལ་དྲག་པོས་གཟིར་བ་ཡི།།
མ་རྣམས་མཐོང་ན་མཆི་མ་བཀུ་བ་ཡི།།
སྙིང་རྗེའི་སེམས་མཆོག་རྒྱལ་སྲས་སྤྱི་ཡི་ནོར།།
སྙིང་གི་ནོར་བུར་འཛིན་པ་མ་ནོར་ལམ།།
ཐོག་མེད་འཁོར་བའི་ཁྲི་མུན་ཆེན་པོ་ཡིས།།
རིང་ནས་མནར་བའི་འགྲོ་འདི་སྒྲོལ་བྱེད་པའི།།
སྨོན་དང་འཇུག་པའི་བདག་ཉིད་བྱང་ཆུབ་སེམས།།
རྟག་ཏུ་རྒྱུད་ལ་བསྟེན་པ་གདམས་པའི་སྲོག།
མ་རིག་སྲིད་རྩའི་གདོན་གྱིས་བསྐྱེད་པ་ཡི།།
ལྷན་སྐྱེས་ངར་འཛིན་མུན་པའི་རུ་མཚོན་ཅན།།
བརྒྱད་ཁྲིའི་གཡུལ་དུ་དཔའ་བའི་རྡོ་རྗེའི་མཚོན།།
བདག་མེད་ཤེས་རབ་སྣང་བ་འཆང་བར་མཛོད།།
རབ་འབྱམས་མདོ་སྔགས་བཀའ་དང་དགོངས་འགྲེལ་སོགས།།
ཇི་སྙེད་ཤེས་བྱའི་ཐུག་མཐའ་ནམ་མཁའི་ཁྱོན།།
ཡུན་ཐུང་མི་ཚེའི་འདོམ་གྱིས་ཆུན་དཀའ་ཡང་།།
གནད་དུ་དྲིལ་ནས་བཅུད་དུ་བཏུང་བ་མཆོག།
སྙིང་པོའི་ཡང་ཞུན་དམ་པའི་དོན་ཟབ་ཀུན།།
བླ་མའི་མན་ངག་རང་གི་མྱོང་བ་དང་།།
བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་ཐོབ་པ་ཡིས།།
ས་ལམ་ཆིག་ཆོད་བྱེད་པ་མཁས་པའི་རབ།།
སྟོང་པ་རྟེན་འབྱུང་དངོས་པོའི་ཆོས་ཉིད་ཀྱིས།།
སྣང་བ་མི་བདེན་སྒྱུ་མར་མངོན་རློམ་ཡང་།།
ལྟ་སྤྱོད་དངོས་འགལ་བདེན་གཉིས་ཡ་བྲལ་གྱིས།།
མ་སྨིན་ནེ་ཙོའི་མཁན་པོ་བསླུས་པ་མང་།།
སེམས་ཀྱི་གཤིས་ལ་གང་ཡང་མ་གྲུབ་པས།།
རང་གྲོལ་གཉུག་མའི་བཙན་ས་ཟིན་སྙམ་ཡང་།།
ཉོན་མོངས་ཡན་པར་ཤོར་བའི་འཆལ་སྤྱོད་ཀྱིས།།
མགོ་འཁོར་བཟའ་གཡོག་རྟོགས་ལྡན་ཕུང་བ་མང་།།
དེ་ཕྱིར་ཚངས་སྤྱོད་དལ་རྟེན་གྲུ་གཟིངས་ཆེ།།
གཤེས་གཉེན་དམ་པའི་དེད་དཔོན་ལ་བསྟེན་ནས།།
ཐོས་བསམ་སྒོམ་པའི་སྐྱ་བས་ལེགས་བསྐུལ་ན།།
ཐར་བའི་སྐམ་ས་རང་གི་ལག་ཏུ་གནས།།
དམ་པའི་མགོན་དང་འགྲོགས་པའི་དུས་བཟང་འདིར།།
ཐོས་པ་རྒྱ་མཚོའི་གླིང་ནས་ཉེར་འཁྲུངས་པའི།།
ལེགས་བཤད་རིན་བྲལ་ནོར་བུ་གཅིག་ཉིད་ཀྱང་།།
ཕན་པའི་བདུད་རྩིར་བསྲེལ་བ་དོན་གྱི་མཆོག།
ས་འདི་ཧྲིལ་པོར་ཉུལ་ཞིང་བཙལ་གྱུར་ཀྱང་།།
དམ་པའི་གཞུང་དང་དམ་གཙང་གྲོགས་མཆོག་ལས།།
ཕན་པའི་བསླབ་བྱ་ལུས་སྐྱེད་ཕ་ལས་ཀྱང་།།
ཐོབ་པར་དཀའ་ཕྱིར་རང་དྲིན་རང་ཆེ་མཛོད།།
ཤྲཱི་སེང་ཆོས་གྲྭའི་ཚོགས་ཆེན་ཞལ་ངོ་ཞིག་ལ་གདམས་པའོ།།

གང་དྲན་རི་མོར་བཀོད་པ་ངག་གི་ཟློས་གར།

འཁྲུལ་དང་ཅ་ཅོའི་དྲི་མ་རིང་སྤངས་པའི།།
བདེན་གསུང་ཚངས་པའི་དབྱངས་ལས་འཕོས་མིན་ཡང་།།
གསོང་པོར་སྨྲ་བའི་སྡེབ་ལེགས་ངག་གི་དཔལ།།
ཡ་རབས་སྐྱེ་བོའི་རྣ་བའི་དཔྱིད་དུ་འབབ།།
མཆོག་དང་མཆོག་མིན་བར་མའི་འགྲོའི།།
ཐ་དད་བསམ་པའི་རྗེས་མཐུན་ཞིང་།།
ཚིག་གིས་འགྲུབ་པའི་འཕྲུལ་ཆེན་པོར།།
ངག་ནི་ཡིད་ཀྱི་ཟློས་གར་ཉིད།།
མཁའ་དང་ཉི་ཟླ་ལྷུན་པོའི་ཚོགས་ཀྱིས་ཀྱང་།།
རྟག་ཏུ་མ་ཡིན་མཇལ་དཀའ་ཐུབ་པའི་བསྟན།།
དེ་འཛིན་སྐྱོང་དང་སྤེལ་བའི་རླབས་ཆེན་ཁུར།།
དུས་སུ་འཛིན་པའི་ངག་ནི་དོན་དང་ལྡན།།
གཏན་ལེགས་འདུན་མ་ལྷ་ཆོས་ཏེ།།
དེ་ཡང་ཡང་དག་མི་ཆོས་ཉིད།།
རིན་ཆེན་གསེར་གྱི་རྒྱན་ཆ་སྟེ།།
དེ་ཡང་རང་བཞིན་ཡང་དག་གསེར།།
རླབས་ཆེན་ཕུལ་བྱུང་སྙིང་སྟོབས་བརྟན་པོ་ཡིས།།
ས་ཆེན་དཔུང་པས་འདེགས་པའི་མཐུ་ཕྲ་ཡང་།།
གཞོན་ལུས་ལང་ཚོས་སྒེག་པའི་རྣམ་དཔྱོད་ཀྱིས།།
བསྟན་ལ་སྲི་ཞུར་བགྱི་བ་དམ་པའི་ཚུལ།།
ཡོངས་རྫོགས་ཐུབ་བསྟན་དར་བ་གངས་ལྗོངས་ཀྱི།།
དར་རྒུད་རི་མོར་ཡོངས་བྲིས་མེས་པོ་ཡི།།
གཟུགས་བརྙན་གཙང་མའི་ཡིད་ལ་ལེགས་བཀོད་པ།།
བྱི་དོར་བགྱིད་པ་སྲོག་དང་ལྡན་པའི་སྲོལ།།
ཡ་རབས་དྲ་མའི་རྗེས་ཞུགས་དམ་པའི་འགྲོ།།
དམན་པའི་སྤྱོད་པས་ནམ་ཡང་མི་བརྫི་སྟེ།།
ལོག་ལམ་བསླུ་བྲིད་སྒྱུ་མའི་གར་མཁན་ལ།།
ཐོག་མ་ཉིད་ནས་བྱོལ་བ་གནད་དུ་སེམས།།
ཕན་སེམས་གཅིག་ཏུ་དཀར་བའི་གོང་བུ་རུ།།
རྨ་མེད་དམ་བཅའི་ལག་རྗེས་ཉེར་བཀོད་ན།།
ཕྱི་ནས་རྫོགས་ལྡན་གསར་པའི་དགའ་སྟོན་རྩེར།།
ཞུམ་པ་མེད་པའི་གྲལ་དུ་འགྱིང་བར་ངེས།།
སྒྲ་རུ་གྲགས་པ་རྟེན་འབྱུང་བརྡ་ཡི་དོན།།
ངག་ཏུ་བརྗོད་པ་བྲག་ཅའི་རྗེས་འགྲོ་སྟེ།།
བླང་དོར་འབྱེད་པའི་བློ་ཡིས་ལེགས་གཞལ་ན།།
ལྷག་བསམ་བྲེ་ཡི་ཆ་ཤས་འགེང་ཡང་སྲིད།།
རྣམ་མང་བློ་སྣ་སྤོས་རྒྱའི་འགྲོས།།
ཚིག་ཏུ་བརྗོད་པའི་མཐའ་དབེན་ཕྱིར།།
ཉག་གཅིག་དོན་གྱི་སྙིང་པོ་ལ།།
ཡང་ཡང་བལྟ་བ་གནད་ཀྱི་གསང་།།
ལན་གཅིག་ལམ་འགྲུལ་ཟླ་ཡི་གྲོགས་པོ་རུ།།
ལས་ཀྱིས་འབྲེལ་བའི་རཏྣའི་མཚན་ཅན་ལ།།
ལད་མོ་ཙམ་མིན་ལེ་ལོ་སྤང་བའི་མཆིད།།
ལས་སྨོན་དག་པའི་མཚམས་སྦྱོར་དང་བཅས་བྲིས།།
རབ་རྒྱན་ས་འབྲུག་ནག་ཟླའི་ཚེས་བཟང་པོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་ཟབ་སྦྱོང་དགེ་རྒན་ཞིག་གི་ངོར་ལམ་ཞོར་རླངས་འཁོར་ཐོག་བྲིས་ཏེ་འཕྲལ་ཕུལ།།

སྤྲིངས་ཡིག་སྤྲིན་དཀར་གྱི་བླ་བྲེ།

ཆོས་ཀྱི་མཚན་ཅན་ཆོས་མཛོད་འཆང་།།
ཆོས་ལ་མངོན་དགའ་རབ་ཏུ་དགའ།།
དགའ་བདེར་འགྲོ་བ་འགོད་མཛད་པ།།
ཆོས་དགའ་མཆོག་ལ་མཆིད་འདི་འབུལ།།
ཐ་མལ་ཟོལ་བསྟོད་མ་ཡིན་གཅམ་བུའི་ངག།
ཡོན་པོར་བརྗོད་མིན་བླ་བརྡོལ་སྨྲ་བའང་མིན།།
གང་ཁྱོད་གཞོན་ནུའི་མ་བཅོས་དྲང་པོའི་གཤིས།།
ཡ་རབས་དམ་པའི་རྗེས་འགྲོར་ཁོ་བོས་བསྔགས།།
སྔར་ཞིག་ཁྱེད་ཀྱིས་སྡེབ་ལེགས་ཀྱི།།
ཚིག་ལ་དྲངས་པའི་གསུང་གི་སྐྱེས།།
བསྩལ་བས་སྤྲོ་བ་རབ་བརྟས་ཏེ།།
ལན་གཅིག་མ་ཡིན་ཡང་ཡང་བལྟས།།
རྒྱལ་ཁམས་ཉུལ་བའི་འཕྲོས་གཏམ་དང་།།
སྣ་ཚོགས་བྱ་བའི་ལྟད་མོ་བཅས།།
འགའ་ཞིག་དྲང་དང་ལྡོག་ཕྱོགས་ཀྱི།།
མཚོན་དཔེའི་སློབ་དཔོན་གཉིས་པར་བྱུང་།།
འོན་ཀྱང་ཉིན་མཚན་དུས་ཀྱི་ཆ།།
རེ་དོགས་མི་ཚེའི་གཞན་དབང་ཅན།།
དོན་མེད་བྲེལ་བའི་མཐས་གཏུགས་ཏེ།།
འཕྲིན་ལན་འབྲི་བ་ད་རེས་ཙམ།།
དུས་འདིར་རྒྱལ་བསྟན་ཉི་མ་དབང་རིར་ཆས།།
འདོད་ལྷ་སྡེར་བཅས་མུན་པའི་དཔུང་སྟུག་ཚེ།།
ཡ་རབས་སྐྱེ་བོའི་བློ་མིག་ཟུམ་གྱུར་པས།།
ལྷག་བློའི་མེ་ཁྱེར་རང་གི་འོད་ལ་བསྙེགས།།
ཆགས་སྡང་རྨོངས་པས་བསྐྱེད་པའི་ཆོས་བརྒྱད་དུག།
ཤེས་བཞིན་བཏུང་བའི་ཚོར་བ་རྩུབ་པོའི་རོ།།
རྣམ་མང་ངལ་ལྡན་བླ་མིང་འདིས་སུན་ནས།།
བདག་ཡིད་བྱ་བཏང་བཙུན་ཆུང་ཁྱེད་ཕྱོགས་འཁོར།།
སྐབས་འགར་རི་སུལ་དབེན་པའི་གནས།།
མི་མེད་ལུང་སྟོང་འགྲིམ་ན་བསམ།།
ཐེངས་རེར་བླ་སློབ་ཚོགས་པའི་འཁོར།།
དམར་སེར་འདུས་པ་བསྐྱང་ན་སྙམ།།
ཚོགས་སུ་མང་ཐོས་འདུས་པའི་གྲལ་འཛིན་དང་།།
གཅིག་པུར་སྒྲུབ་ལ་གཞོལ་བའི་ངང་ཚུལ་གཉིས།།
འགལ་འདུ་མ་ཡིན་ལུང་རྟོགས་བསྟན་པའི་ཁུར།།
དོ་མཉམ་ཕྲག་པར་ས་ཆེན་འདེགས་སྙམ་བགྱིད།།
ཟླ་བྲལ་མེས་པོས་བཞག་པའི་ལུགས་ཟུང་སྲོལ།།
དཀའ་ཐུབ་སྲོག་གིས་བསྲུངས་བའི་སྙིང་པོའི་ནོར།།
ངོ་འཛིན་ཕྲ་མའི་ཕྱོགས་སུ་འདོར་བྱེད་པ།།
མ་ཤི་རུལ་བའི་ཀླད་མེད་རང་མཚང་ཉིད།།
རིན་ཆེན་དབྱིག་གི་རི་བོ་ཡང་།།
གྲགས་ཆེན་དོན་ལ་གནས་པ་དཀོན།།
དྭངས་བསིལ་ཆུ་མིག་ཆུང་ངུ་ཡིས།།
རྟག་ཏུ་སྐྱེ་འགྲོའི་སྐོམ་པ་སེལ།།
སྔར་ཞིག་གསང་ཆེན་དར་བ་ཨོ་ཌའི་ཡུལ།།
མ་ཡིན་འཕགས་ཡུལ་དཔལ་གྱི་ནཱ་ལེནྡྲ།།
རང་མིན་བཤད་སྒྲུབ་བསྟན་པའི་གནས་གསུམ་པ།།
སེངྒེས་མཚན་པའི་རི་བོའི་མགུལ་བར་བརྗིད།།
དེང་དུས་སྔོན་བྱུང་རི་མོའི་ལོ་རྒྱུས་ཏེ།།
བསྟན་འཛིན་ཕལ་ཆེར་རྒྱང་མཐོང་འཇའ་ཚོན་འདྲ།།
ཐང་ཆད་ཉོན་མོངས་བརྒྱ་ཡིས་ངལ་གྱུར་ཚེ།།
སེམས་མཐུན་གྲོས་མོལ་ཡིད་གཅུགས་ཁྱེད་ལ་བཅོལ།།
དེ་སླད་དུས་ལས་མི་གཡོལ་བའི།།
རྒྱ་མཚོའི་རླབས་དང་རྟ་བདུན་འགྲོས།།
ཇི་བཞིན་རིངས་བའི་ངང་ཚུལ་གྱིས།།
དོན་མཐུན་དགྱེས་ཞལ་འཛོམ་པར་ཕྱོགས།།
ཇི་སྙེད་ས་གཞིར་འབབ་པའི་ཆུ་བོའི་ཀླུང་།།
དལ་མེད་དྲ་བའི་འགྲོས་སུ་རབ་རྒྱུ་ཡང་།།
ནམ་ཞིག་རྒྱ་མཚོ་བཞི་ཡི་ཁོངས་ཉིད་དུ།།
སླར་ཡང་འཁྱིལ་བའི་དཔེ་ལ་དགོངས་མཛོད་ཀྱེ།།
དུས་ཞེས་སྲིད་གསུམ་རྔམ་ཟས་ཅན།།
མི་བརྟན་གློག་གི་ཟློས་གར་མཁན།།
འགྱུར་བཅས་འཇིགས་པའི་ཆོས་མཐོང་ནས།།
སྲོག་ལྡན་ལ་འུར་བརྩོན་པར་རིགས།།
བསིལ་ལྗོངས་གཙང་མར་སྐྱེས་པའི་ན་མཉམ་ཁྱུ།།
རང་ཡུལ་བདེ་ལ་མི་འབད་ཅང་སྲིད་དམ།།
ཕ་རྗེས་བུ་ཡིས་བསྙེགས་པའི་གཡར་དམ་ཅན།།
སོར་གསུམ་ཁ་ཕོ་མི་བཅང་བོད་ཕྲུག་སུ།།
གང་ཁྱོད་ཟླ་གཞོན་འཛུམ་པའི་ལང་ཚོའི་དཔལ།།
ཉེར་འཚེའི་དྲི་མས་མ་ལྷད་རྟག་བཞུགས་ནས།།
བསླབ་གསུམ་ཡོན་ཏན་རྫོགས་པའི་བཅུ་དྲུག་ཆ།།
རྟག་ཏུ་འགྲིབ་མེད་རྒྱས་པས་ཤིས་གྱུར་ཅིག།
འཁྲུལ་དང་འཁྲུལ་འཛིན་ཕྲ་བའི་བག་ལ་ཉལ།།
བདག་མེད་རྟོགས་པའི་རལ་གྲིས་ཡོངས་བཅད་དེ།།
ནང་གི་ཉི་མ་སྙིང་ལ་ཤར་གྱུར་ནས།།
མཁྱེན་པའི་སྣང་བ་ཁྱོད་ལ་རྒྱས་གྱུར་ཅིག།
གང་དྲན་ཤོག་བུར་འགོད་པའི་གྱ་གྱུའི་རིས།།
བརྡ་སྦྱོར་ཚིག་གིས་བསྙད་པ་འཕྲིན་གྱི་གཏམ།།
སྤོས་ངད་ལྡན་ཞེས་ཁྲིན་ཏུའུ་གྲོང་ཁྱེར་ནས།།
སྲོད་ཅིག་པདྨའི་མིང་གིས་བྲིས་ཏེ་ཕུལ།།

བསླབ་བྱ་སྙིང་གི་མུན་སེལ།

མཁྱེན་པས་ཤེས་བྱའི་དེ་ཉིད་ཇི་བཞིན་གཟིགས།།
བརྩེ་བས་གདུལ་བྱའི་འགྲོ་ཚོགས་རྗེས་སུ་འཛིན།།
བླ་མ་མཆོག་དང་དབྱེར་མེད་ལྷག་པའི་ལྷས།།
རྟག་ཏུ་དགེ་བའི་ཤིས་པ་ཁྱོད་ལ་སྩོལ།།
ལེགས་སམ་འོན་ཏེ་ཉེས་པའི་གཞིར་གྱུར་པའི།།
འདུན་མའི་རྩ་བ་རང་གི་སེམས་རྒྱུད་དེ།།
དེ་ཡང་དྲང་པོ་དང་ནི་འཁྱོག་པོ་རུ།།
བཟང་ངན་བསམ་པས་ལམ་གྱི་གྱེས་གཞིར་དབྱེ།།
ཐོག་མེད་དུས་ནས་སྲིད་པའི་དྲ་བ་རུ།།
ལས་ཉོན་རྒྱ་ཡིས་འཐུམས་པའི་འགྲོ་བའི་རྒྱུད།།
རིང་ནས་གོམས་པའི་ལས་རླུང་ཤུགས་དྲག་པས།།
ལུགས་འབྱུང་སྲིད་པའི་ཆུ་རྒྱུན་ཐུར་དུ་འཕྱོ།།
གཅིག་ཏུ་བདེ་ལ་ཞེན་པའི་ཡིད་ཅན་དག།
སྡུག་བསྔལ་ལག་ཏུ་བླངས་པའི་རྒྱུ་འབྲས་ལ།།
རྨོངས་པའི་དམུས་ལོང་བདེ་བའི་སྐབས་མེད་ཕྱིར།།
ཐོག་མར་ཤེས་རབ་དམིགས་བུ་འཚོལ་བ་གཅེས།།
ཆོས་རྗེས་འབྲང་བའི་དབང་རྣོན་རྣམ་དཔྱོད་ཀྱིས།།
བདེན་གཉིས་ཕྱི་ནང་ཤེས་བྱའི་ཆོས་རྣམས་ཀུན།།
ཚད་མ་གསུམ་གྱིས་གཏན་ལ་ཉེར་དབབ་ན།།
ནང་གི་མུན་སེལ་ཉིན་བྱེད་ཁོང་ནས་འཆར།།
ཡང་དག་ལྟ་བའི་དམིགས་རྣམ་ལུང་རིགས་ཀྱིས།།
ཇི་བཞིན་རྙེད་པའི་ཐོས་བསམ་སྒོམ་པའི་གསང་།།
ལྟ་སྒོམ་སྤྱོད་པའི་གནད་ཀྱིས་ཐེབས་གྱུར་ན།།
འདི་བདེ་ཕྱི་སྐྱིད་རང་གཞན་བདེ་ལ་འགོད།།
གང་ཁྱོད་ཆུང་ངུའི་དུས་ནས་ཆོས་ལམ་ཞུགས།།
གཞོན་ནུར་ཚངས་སྤྱོད་ཐར་བའི་རྒྱལ་མཚན་འཆང་།།
གཤེས་གཉེན་མཆོག་བསྟེན་ཐོས་པ་ལྷུར་ལེན་པ།།
སྔོན་བསགས་བསོད་ནམས་མཐུ་ལས་གཞན་ཅི་ཞིག།
རང་རྒྱུད་ཁྲིམས་ཀྱི་བསླབ་པས་ཡོངས་སུ་བསྡམས།།
ཤེས་རབ་གསུམ་གྱིས་ཤེས་བྱའི་སྒྲོ་འདོགས་བཅད།།
རྩེ་གཅིག་བསྒོམ་པའི་ཏིང་འཛིན་བརྟན་གྱུར་ན།།
བསྟན་འཛིན་ཚོགས་པའི་དབུས་ན་ལྷམ་མེར་འབར།།
འགྲོ་འདི་དམུ་རྒོད་ཡིན་པས་ཡ་རབས་ཉུང་།།
དུས་འདི་སྙིགས་མའི་ཕྱིར་ན་བཟང་བྱེད་སྨོད།།
ཐམས་ཅད་ཀུན་བཏགས་ཕྱིར་ན་ཡུལ་ཕྱིར་བློ།།
དབང་མེད་འབྲང་བ་བསམ་མེད་སྨྱོན་པའི་གར།།
ནམ་ཡང་ཀུན་དང་མཐུན་པས་མི་མཛའ་མེད།།
སུ་ཡང་སྒོས་མཛའ་མེད་པས་ཁོང་ཡངས་བརྟན།།
ནམ་ཞིག་དམ་བཅའི་རི་མོ་སྙིང་གི་རྒྱ།།
མི་འགྱུར་ཀུན་ལ་གསལ་བ་དམ་པའི་ཚུལ།།
བསམ་དཀར་ཕ་མ་ཡིན་མོད་རྨོངས་པས་བླུན།།
དཔྱོད་ལྡན་གཞན་ལ་སྲིད་ཀྱང་བློས་འཁེལ་དཀོན།།
ཐམས་ཅད་མགུ་ཐབས་མེད་ཕྱིར་རང་གི་བློས།།
སྔར་བསམ་ཕྱི་མནོ་ཞིབ་པ་བྱ་བའི་ཐབས།།
ཇི་ལྟར་གསེར་གླིང་མཐོང་བས་མི་འཚེངས་ཤིང་།།
རང་ལ་ནོར་བུ་དབང་ན་ངོམས་པ་ལྟར།།
དེ་བཞིན་གཞུང་ལུགས་རབ་འབྱམས་ཐོས་པའི་བཅུད།།
བསམ་སྒོམ་རྒྱུད་ལ་འབྱོར་འདི་མན་ངག་མཆོག།
ཁ་འཛིན་བཤད་ཡམ་ཚིག་གི་རོ་མ་ཡིས།།
ངེས་དོན་སྙིང་པོའི་གནད་ལ་མི་ཕིགས་པས།།
ངེས་ཤེས་རྩ་བརྡར་ཆོད་པའི་གསེར་འགྱུར་རྩིས།།
ཐེབས་ན་ས་བཅུའི་བགྲོད་པ་ཐག་མི་རིང་།།
གཞན་ཕན་བསམ་པ་འཕྲལ་ཕུགས་བདེ་བའི་རྒྱུ།།
བྱང་སེམས་སྤྱོད་པ་རྒྱ་མཚོར་རྟག་ཏུ་སློབ།།
སྲིད་རྩའི་བདག་འཛིན་ཕྲ་རགས་འགོང་པོའི་གདོན།།
བདག་མེད་རྟོགས་པའི་ཤེས་རབ་མཚོན་གྱིས་ཐུལ།།
ནམ་ཞིག་ན་ཚོད་སྨིན་ཞིང་ཡོལ་བའི་དུས།།
ཀློང་ཆེན་དགོངས་པས་རིག་པའི་རྩལ་སྦྱང་ནས།།
གུ་ཡངས་བློ་བདེའི་མལ་ན་ཁོང་ལྷོད་པའི།།
མེས་པོའི་ཞབས་རྗེས་བསྙེག་པ་གདམས་པའི་མཐིལ།།
སྙིགས་དུས་སྐྱེ་བོའི་རྣམ་འགྱུར་ངོ་ལྐོག་མང་།།
རང་བློ་ཉི་ཚེའི་འགྱུ་བ་མི་བརྟན་རྒོད།།
ཐམས་ཅད་དུག་ལྔའི་ནད་པ་སུན་པའི་གནས།།
རེ་དོགས་ནང་ནས་ཆོད་ན་སྐྱིད་པའི་རབ།།
ཧ་ཅང་རིང་པོའི་བློ་སྣ་སྤོས་རྒྱའི་རིས།།
ཡུན་ཐུང་མི་ཚེའི་ཚད་ཀྱིས་གཞལ་མིན་ཡང་།།
བསྟན་དོན་རླབས་ཆེན་སྤྱོད་པའི་དམ་བཅའི་ཁུར།།
ཉམས་མེད་ཕྲག་ཏུ་ལེན་པ་སྙིང་གི་གཏམ།།
ཕྱི་ལྟར་འདུལ་འཛིན་ཀུན་སྤྱོད་མཆོག་ཏུ་གཙང་།།
ནང་ལྟར་བྱང་སེམས་བསླབ་པ་མི་ཉམས་སྲུང་།།
གསང་བ་གསང་ཆེན་རྟོགས་པའི་ཕ་ཕོགས་ཐོབ།།
སྡོམ་གསུམ་མཆོག་ལྡན་ཤིས་པས་དགེ་གྱུར་ཅིག།
ཅེས་རས་པ་བསྟན་འཛིན་བཟང་པོ་མཆོག་ལ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་གདམས་པའོ།།

གསོང་པོར་སྨྲ་བའི་བདེན་གཏམ་སྙིང་གི་བདུད་རྩི།

ལེགས་གསུང་ཡིད་འཇེབས་ཚངས་པའི་དབྱངས་སྙན་གྱིས།།
མ་ལུས་གདུལ་བྱར་དྲང་པོའི་ལམ་སྟོན་ཅིང་།།
ཞི་བའི་བདུད་རྩིས་འགྲོ་བའི་དབུགས་འབྱིན་པའི།།
རྣམ་འདྲེན་ལྷ་མིའི་སྟོན་པས་དགེ་ལེགས་སྩོལ།།
སྔར་སོང་འདས་པའི་གཟུགས་བརྙན་ཡིད་ཀྱི་ཡུལ།།
ཕྱིས་འབྱུང་བློ་སྣའི་རི་མོ་མཐའ་ལ་རྡུགས།།
འདུན་ལེགས་གཏན་བདེའི་གཏམ་བཟང་ཆེས་དཀོན་པས།།
ངས་འདིར་ཐོག་མར་འདུན་མའི་ཕུགས་སོ་གླེང་།།
ཚེ་འདི་རླུང་དཀྱིལ་མར་མེ་བརྟན་པར་དཀའ།།
ལུས་འདི་གནོད་མང་ཆུ་ཡི་ཆུ་བུར་ཏེ།།
ད་རེས་གདམས་པའི་བཅུད་དང་འཕྲད་པའི་ཚེ།།
ཐར་བའི་སྲོག་རྒྱུན་གསོ་བ་མ་ནོར་ལས།།
བསྟན་དང་སྟོན་པའི་བདག་ཉིད་འདུལ་བའི་གཞུང་།།
སྤང་བླང་མིག་གི་ཐུར་མར་རབ་བསྟེན་ནས།།
ཉེས་ལྟུང་རྙོགས་མའི་དྲི་མ་དྲུང་འབྱིན་པའི།།
ཟླ་འོད་བདུད་རྩིའི་ཐིགས་པ་རྒྱུན་དུ་ལོངས།།
རྟེན་བཟང་རྙེད་དཀའ་ངུར་སྨྲིག་དར་ཆེན་གྱིས།།
རྨད་བྱུང་ཆོས་ཀྱི་གྲུ་གཟིངས་ལེགས་དྲངས་པས།།
འགྲོ་ཚོགས་ཐར་བའི་སྐམ་སར་འཁྲིད་བྱེད་པའི།།
དེད་དཔོན་དམ་པར་འགྱུར་བ་འདུན་མའི་རྩེ།།
དུས་འདིར་ལ་ལ་འབྱོར་ཞིང་ལ་ལ་རྒུད།།
ལ་ལ་རྨོངས་ཞིང་ལ་ལ་འཚིག་པ་དག།
བསླུ་མེད་རྒྱུ་འབྲས་གཤིས་ཀྱི་ཆོས་ཉིད་དེ།།
ལེགས་པར་བརྟག་ན་དེ་ཡང་བསླུ་བའི་ཆོས།།
གང་ཞིག་གཡོ་དང་སྒྱུ་ཡི་དཔྱངས་ཐག་གིས།།
ཤེས་བཞིན་རང་ཉིད་འཆིང་བ་ནོངས་མིན་པར།།
བཟང་པོ་ཁས་དམན་ངན་པ་ལང་ཤོར་བ།།
རྨོངས་པས་མཁས་པ་སུན་འབྱིན་སྙིགས་མའི་རྟགས།།
ཐོས་པའི་རྒྱང་སྙན་མཐོང་བའི་ཡུལ་ན་དཀོན།།
མཐོང་བའི་འཇའ་གཟུགས་ལག་ཏུ་ལོན་ཐབས་དཀའ།།
སྙིང་མེད་གཏམ་གྱི་སྨིག་རྒྱུས་བསླུས་མང་ཕྱིར།།
ཞིབ་ཏུ་དཔྱད་ན་ཀུན་ཀྱང་སྙིང་པོ་ཆུང་།།
སྙིང་མེད་ཆོས་ཀྱིས་སྔར་ནས་སུན་ཕྱུང་ཡང་།།
ལུགས་འབྱུང་སྲིད་རྩའི་གདོན་ཆེན་ཤུགས་དྲག་པས།།
འཁྲུལ་བའི་གསང་ལ་མེ་རྩས་མ་ཐེབས་ན།།
ནད་འདིས་མནར་ཞིང་གདོན་འདིས་ཡང་ཡང་བསླུ།།
འགྱུ་བའི་རྩ་ལ་རྒྱུ་བའི་རླུང་གི་རྟར།།
ནང་རྩལ་རིག་གདངས་འཕྱེ་བོ་ཞོན་པའི་འཕྲུལ།།
རྣམ་རྟོག་ཅེས་བྱ་སྤུན་བུའི་ཆོམ་རྐུན་དེས།།
སྔར་བསླུས་བསླུས་པ་མང་བས་ད་ཡང་དོགས།།
རྣམ་དག་ཁྲིམས་ཀྱིས་རྒྱུད་བསྡམས་ངང་རྒྱུད་བཟང་།།
གཞན་ཕན་དགེ་ལ་སྦྱོར་ཞིང་ཆོག་ཤེས་ཆེ།།
དམ་པའི་གཞུང་བཟང་ཆོས་ཀྱི་ཉིང་ཁུའི་བཅུད།།
ཡང་ཡང་འཐུང་ན་ཐར་བའི་ལུས་ཟུངས་བརྟས།།
ཕྱི་རུ་བསླབ་བརྩོན་སྦྱང་ཡོན་དག་ལ་གནས།།
ནང་དུ་ཐོས་པས་རྒྱུད་དུལ་ཉོན་མོངས་ཆུང་།།
གསང་བ་སེམས་ཀྱི་འཕྲོ་འདུ་དབྱིངས་སུ་དག།
བྱིན་བརྒྱུད་རྟོགས་པ་འཕོས་པ་རེ་བའི་ཡུལ།།
དམ་པའི་དྲུང་དུ་བསྙེན་པའི་སྐལ་ཐོབ་པ།།
བཟང་པོའི་ལས་ཀྱི་འཕྲོ་ལ་སྤྱོད་ལགས་མོད།།
དུས་ངན་གྲོགས་ཀྱི་གསར་འགྲོགས་དཔོག་དཀའ་བས།།
རིགས་མཐུན་ཁྲོད་དུ་གནས་ཚེ་ཟོན་བཅུག་འཚལ།།
ཧ་ཅང་མཐུན་པ་སྔ་ན་ཕྱིས་ནས་འགྱོད།།
ཨུ་ཚུགས་ཀྱོག་པོའི་ལམ་ལ་བགྲོད་པར་དཀའ།།
འགྲོག་བདེ་གཏིང་མི་དཔོག་པའི་འཛུམ་བག་གིས།།
མི་ཡིད་འཛིན་པ་ཡ་རབས་སྐྱེ་བོའི་གཤིས།།
ངལ་བ་བརྒྱ་ཡི་གོམ་སྟབས་འཁྱོལ་པོས་ས་གཞི་འདོམ་ལ་གཞལ་བྱས་ཤིང་།།
འབྱུང་འགྱུར་རེ་བའི་ནམ་མཁའི་མུ་ཁྱུད་ཆུ་འཛིན་ཐོད་དུ་བཅིངས་གྱུར་ཀྱང་།།
འདིར་སྣང་མི་བརྟན་གློག་གི་ཟློས་གར་ཟ་ཟའི་ལམ་དུ་འཁྲུགས་གྱུར་ན།།
ཆོས་མཐུན་གྲོགས་ཀྱི་འབྲལ་ཁའི་འཕྲིན་ཆུང་ཐག་རིང་མགྲོན་པོའི་སྐྱོ་གྲོགས་ལྷག།
གཅེས་པའི་སྲོག་དང་ཟུངས་ཁྲག་དྲོན་མོ་ཡང་།།
བསྟན་ལ་སྨན་ཕྱིར་བཏང་བས་བདག་ཚིམས་ཏེ།།
བྲན་དང་མངག་གཞུག་ལ་སོགས་དཀའ་བའི་ཁུར།།
ལྷག་བསམ་ལྷད་མེད་གཅིག་པུས་དང་དུ་བླངས།།
ད་སྟེ་རྒུད་པའི་སྒྱུ་ལུས་སྟོབས་དམན་ཞིང་།།
དབང་སྟོབས་ཞན་པས་མི་ལུས་ཕྱེད་ཙམ་ཕྱིར།།
བས་མཐའི་སྤྱིལ་བུར་གྱི་ནས་སྲོག་འཚོ་བའི།།
བརྟུལ་ཞུགས་བསྟེན་པ་ཁོ་བོའི་སྤྱོད་ཡུལ་ལགས།།
ཕྱིས་ཤིག་གྲུབ་པའི་གནས་མཆོག་དཔལ་གྱི་རི།།
སེང་གེས་མཚན་པའི་ལྗོངས་སུ་མཇལ་སྲིད་ཚེ།།
སླར་ཡང་རོ་མངར་གླེང་འོས་གཏམ་གྱི་མཆིད།།
ལྷུག་པའི་གེ་སར་དགོད་ལ་ཅིས་མི་སྤྲོ།།
ཁྱེད་ཉིད་སྐུ་གཟུགས་ཚ་བས་གནོད་མ་གྱུར།།
བདག་ཀྱང་བཤུལ་ལམ་རིང་པོར་བདེར་བགྲོད་དེ།།
གཞི་ལམ་བྱེས་གསུམ་བདེ་བའི་བཀྲ་ཤིས་རྒྱུན།།
མཆོག་གསུམ་དམ་པའི་མགོན་གྱིས་ཀུན་ནས་སྩོལ།།
ཞེས་ཡུལ་གངས་ལྗོངས་ཤར་ཕྱོགས་རྫ་རྒྱུད་པ་པདྨ་སྐལ་བཟང་དེས་ར་ཉག་དཔལ་སྤྲུལ་རིན་པོ་ཆེར་འགྲོ་ཁར་བྲེལ་ཚུབ་ངང་རྒྱ་གར་ལྷོ་ཕྱོགས་ནས་བྲིས།།

བསླབ་བྱ་ཟླ་བའི་སྒྲོན་མེ།

རྫོགས་ཆེན་སྡེ་གསུམ་ཀློང་དགུའི་མན་ངག་མཛོད།།
རྫོགས་ཆེན་བཀའ་བབས་མཛོད་འཛིན་ཤིང་རྟ་ཆེ།།
རྫོགས་ཆེན་བསྟན་པའི་མངའ་བདག་འཁོར་ལོའི་མགོན།།
རྫོགས་ཆེན་གྲུབ་པའི་དབང་ཕྱུག་སྲས་བཅས་རྒྱལ།།
ཆོས་དང་ཆོས་མིན་མི་ཤེས་ཆོས་པའི་གཟུགས།།
རྣམ་གཡེང་འདུ་འཛིས་བག་མེད་འཕྱན་གྱུར་ན།།
ལོ་ཟླའི་དམག་གིས་མི་ཚེའི་དཔུང་བཅོམ་སྟེ།།
དོན་ཆེན་སྙིང་པོའི་ནོར་བུ་འཕྲོག་ཀྱང་སྲིད།།
ཚེ་ཕྱེད་གཉིད་དང་དེ་ཕྱེད་བྱ་བས་བྲེལ།།
དེ་ཡི་ཕྱེད་ཀ་ལྟོ་གོས་གཡོག་ཏུ་རྒྱུག།
དལ་ཁོམ་ཅུང་ཟད་མེད་པའི་མིའི་ལུས་རྟེན།།
སྡུག་བསྔལ་གསུམ་གྱི་ཁོལ་པོར་ཉམ་རེ་ང་།།
དལ་འབྱོར་ཚང་བའི་ལུས་རྟེན་རྙེད་པར་དཀའ།།
འགྲོ་བའི་ཚེ་སྲོག་རླུང་ནང་མར་མེ་འདྲ།།
འཁོར་བ་གང་སྐྱེས་སྡུག་བསྔལ་གཅོང་རོང་སྟེ།།
ཐར་བའི་ལམ་མཆོག་མྱུར་དུ་བསྟེན་པར་རིགས།།
བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན།།
གནས་སྐབས་བརྒྱད་གཉིས་འཇིགས་ལས་རབ་གྲོལ་ཏེ།།
མཐར་ཐུག་སྲིད་ཞིར་མི་གནས་ཡེ་ཤེས་སྐུ།།
མཁའ་མཉམ་རྟག་པ་དམ་པའི་དཔལ་ཐོབ་ཤོག།
ཅེས་དཔལ་བསམ་ཡས་ཀྱི་རྣམ་དག་ཁྲིམས་ཁང་གླིང་བསྐྱར་གསོའི་ཐོག་མའི་དབུ་འབྱེད་ཀྱི་སོ་ཐར་སྡོམ་རྒྱུན་འབུལ་སྐབས་རྫོགས་ཆེན་པདྨ་སྐལ་བཟང་ངམ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་དབུས་གཙང་ཕྱོགས་ཀྱི་རང་ཉིད་ཀྱི་མཁན་བུ་ཁ་ཤས་ལ་བྲིས་པའོ།།

དོན་གཉེར་ཅན་འགའ་ལ་འདོམས་པ་ཐར་ལམ་གསལ་བའི་སྒྲོན་མེ།

སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་མཐུ་སྡོམ་པ།།
རྣམ་པ་མི་ཡི་ཟོལ་འཆང་རིགས་བརྒྱའི་བདག།
དྲན་པས་སྲིད་དང་ཞི་བའི་འཇིགས་སྐྱོབ་པ།།
དམ་པའི་མགོན་གྱིས་ཁྱོད་ལ་རྟག་ཏུ་སྲུངས།།
འདིར་སྣང་སྐྱིད་སྡུག་འདྲེས་མའི་མི་ཡུལ་འདིར།།
དོན་མེད་ཆགས་སྡང་བྱ་བྱེད་སྤོས་རྒྱའི་རིས།།
ཟད་པ་མེད་པས་མི་ཚེ་མཐར་གཏུགས་པའི།།
གྱོང་འདིས་གཏན་གྱི་འདུན་ཕུགས་བརླགས་པ་ཕངས།།
ཡུན་ཐུང་མི་ཚེའི་ཉི་མ་ཟེར་ལ་ཉེ།།
འཆི་བདག་བདུད་ཀྱི་སོ་བ་བང་རེ་མགྱོགས།།
ལོང་མེད་སྒྲུབ་ལ་བརྩོན་པ་མ་བསྐྱེད་ན།།
ཕྱིས་འདིར་འགྱོད་པའི་མཆི་མ་སུ་ལ་འདོར།།
དམ་པའི་མགོན་བཅས་ཡ་རབས་གྲོགས་པོའི་ཁྱུར།།
རིང་དུ་གོམས་པའི་བཅོས་མིན་རང་གི་གཤིས།།
ཇི་ལྟར་ཙནྡན་ནགས་སུ་སྡོང་དུམ་བཞིན།།
སྐྱོན་གཞན་ངན་པའི་དྲི་ཡིས་བརྫི་ནུས་མིན།།
ཅོལ་ཆུང་བྱིས་པ་དགའ་བསྐྱེད་འདིར་སྣང་བདེ།།
ཆགས་སྡང་སྒྲོག་གིས་འཆིང་བྱེད་གཉེན་གྲོགས་ཁྱིམ།།
འདུ་འཛིའི་གནས་ཀྱི་གཡེང་བ་རབ་སྤངས་ནས།།
གཅིག་པུར་རི་ལ་དམ་པའི་རྒྱལ་ས་ཟུངས།།
སྙིང་ལ་མ་རིག་གདོན་ཆེན་ཉལ་བ་ཡི།།
བཤེས་མེད་སྐྱབས་བྲལ་མར་གྱུར་འགྲོ་ཚོགས་ཀུན།།
དམ་ཆོས་ཉི་མས་ནང་གི་མུན་བསལ་བའི།།
བརྩེ་ཆེན་དམ་བཅའ་བརྟན་པོ་ཕྲག་ཏུ་ཁུར།།
སྣང་བ་ཡུལ་གྱིས་བྲིད་པའི་འཁྲུལ་རྟོག་གིས།།
གནས་ལུགས་གཤིས་ཀྱི་ངོ་བོ་སྒྲིབ་པའི་ཚེ།།
གསལ་དྭངས་རྙོགས་པ་བྲལ་བའི་ཡེ་ཤེས་ལ།།
ཁོ་ཐག་ནང་ནས་གཅོད་པ་གདམས་པའི་མཆོག།
འགྱུ་དྲན་ཀུན་རྟོག་ཕྲ་མོའི་སྤུན་པ་ཡིས།།
ཉོན་མོངས་རྣམ་རྟོག་རྦ་རླབས་དཀྲུག་གྱུར་ཚེ།།
རང་ཞི་རང་སར་གྲོལ་བའི་གནད་མཐོང་ནས།།
བློས་བྱས་བཅོས་མའི་སྒོམ་པ་རྒྱང་དུ་སྐྱུར།།
འོད་གསལ་འདུས་མ་བྱས་པ་སེམས་ཀྱི་ཆོས།།
མ་བཅོས་རང་སར་བཞག་པའི་དེ་ཁོ་ན།།
སྒོམ་མེད་དྲན་པས་ཟིན་པའི་རྣལ་འབྱོར་ལ།།
མཉམ་རྗེས་འདོར་ལེན་བྲལ་བའི་སྤྱོད་པས་སྐྱོངས།།
སྐྱིད་འདོད་རྒྱགས་ཕྱེ་སྒྲུབ་པ་ཆོས་པའི་བདུད།།
གོ་ཡུལ་སྟོང་འདང་མུན་ལྟ་ལོག་པའི་ལམ།།
རེ་དོགས་ནང་ནས་ཆོད་པའི་བློ་ཡི་གདེང་།།
ཕ་གཅིག་བླ་མའི་གསུང་ལ་དཔང་པོར་བཅོལ།།
མ་དག་འབྱུང་བཞིའི་ལུས་ཀྱི་སྙིགས་མ་ལས།།
གཟུང་འཛིན་དྲན་རྟོག་སྲོག་རླུང་ལས་ཀྱི་གཞི།།
དབྱིངས་སུ་དག་པའི་ཡེ་རླུང་དྷུ་ཏི་རུ།།
ཞུགས་གནས་ཐིམ་པའི་འཕོ་བྲལ་སྲོག་ཐོབ་མཛོད།།
མི་གཡོ་གསུམ་ལྡན་སྒོམ་མེད་མཉམ་བཞག་གིས།།
དྲི་བྲལ་ཀ་དག་དབྱིངས་ཀྱི་ཞལ་མཐོང་བས།།
རིག་གདངས་རིག་པའི་མ་ལ་ཐིམ་པའི་ཚེ།།
གཞི་སྣང་ལྷུན་གྲུབ་འོད་གསལ་དག་པར་ལྟོས།།
མཁའ་ཁྱབ་སེམས་ཅན་བགྲང་ཡས་མར་གྱུར་འགྲོ།།
ཐེག་གསུམ་ལམ་གྱི་འཇུག་པར་ཡོངས་བཀྲི་བའི།།
གང་འདུལ་སྒྱུ་འཕྲུལ་དེར་སྣང་འགྲོ་དོན་གྱིས།།
སྲིད་པ་བདག་གིར་བྱེད་པའི་མཐུ་ལ་བརྩོན།།
རང་གཞན་སྒྱུ་ལུས་གཡར་པོ་ཡ་མ་བརླ།།
འགལ་རྐྱེན་གསར་པའི་འཚེ་བས་མ་གཟན་ན།།
སླར་ཡང་མི་འགྱང་དགྱེས་ཞལ་འཛོམས་པ་ཡི།།
བདེན་ཚིག་སྨོན་པའི་རི་མོ་ངས་ཀྱང་འབྲི།།
ནམ་ཞིག་འབྱུང་བཞི་མ་ལ་ཐིམ་པའི་ཚེ།།
དབྱིངས་སྣང་ལྷུན་གྲུབ་དག་པའི་ཞིང་མཆོག་ཏུ།།
མི་འབྲལ་ཚོམ་བུ་གཅིག་ཏུ་འཚང་རྒྱ་བའི།།
བསླུ་མེད་རྟེན་འབྲེལ་དག་པས་དགའ་བར་གྱིས།།
ཞེས་པའང་བོད་བསྟན་པ་ཡང་དར་གྱི་ཐོག་མའི་དུས་འགོར་ཨོ་རྒྱན་སྨིན་གྲོལ་གླིང་དུ་དགོན་སྡེ་འགའི་འདུས་ཚོགས་ལ་འདུས་པ་མདོ་དབང་ཆེན་མོ་དང་བསྟན་རྩ་འདུལ་བའི་སྡོམ་རྒྱུན་འབུལ་སྐབས་ཀྱི་བར་གསེང་ཞིག་ལ་ཕྱོགས་ནས་ཕེབས་པའི་དད་ལྡན་དོན་གཉེར་ཅན་གྱི་སློབ་བུ་འགའི་ངོར་པདྨའི་མིང་གིས་བྲིས།།

བསྙེལ་གསོའི་འཕྲིན་ཐུང་།

མ་བཅོས་ཟང་ཐལ་རིག་པའི་ཀློང་ཡངས་ལས།།
གང་ཤར་འགག་མེད་རོལ་རྩལ་སྣང་བའི་ཆ།།
ངོ་མཚར་སྒྱུ་མ་གློག་གི་མིག་འཕྲུལ་གྱིས།།
ཡ་མཚན་སྙིང་གི་དགའ་སྟོན་ཅིར་ཡང་བྱིན།།
གཞན་ཕན་ཟླ་བ་དམ་པའི་བཅུ་དྲུག་ཆ།།
སྟོང་ཆེན་དབྱིངས་ཀྱི་གཞི་ལས་མ་གཡོས་བཞིན།།
འགག་མེད་ཚེས་གསུམ་སྣང་བའི་འོད་དཀར་ཅན།།
ཉ་གང་གསུང་གི་རང་མདངས་འགྱུར་བ་མེད།།
མཁའ་ལ་ཆུ་འཛིན་ཕུང་པོ་རབ་དཀྲིགས་པ།།
ས་དང་ཆུ་མཚོའི་དྲོད་ཀྱི་རླངས་ལས་ཏེ།།
དུས་ཀྱིས་བསྐུལ་བའི་ལས་སྟོབས་རླུང་གི་ཤུགས།།
དུས་ལ་བབས་པའི་ངག་གིས་ཉེ་བར་སྦྲན།།
མ་བརྟག་མུ་ཅོར་སྨྲ་བའི་ཐོ་ཅོ་དང་།།
གྱ་གྱུའི་འཁྱོག་ལ་འཆང་བའི་ངན་རྟོག་དག།
ཚེ་རབས་སྔ་མའི་སྐབས་སུའང་སྤངས་སྲིད་ན།།
ཟོལ་མེད་བདེན་པའི་ངག་ལ་སུ་མི་མགུ།།
རང་ཡུལ་ཕྱོགས་འཛིན་འཚུབ་མས་ཉེར་བདས་པའི།།
གློ་བུར་འགལ་རྐྱེན་སྤྲིན་ལས་རིང་བྱོལ་ན།།
འཆི་མེད་ལྷ་ལམ་དབེན་པའི་ཚལ་ཡངས་སུ།།
ཉམས་དགའ་རིག་པའི་གྲོགས་བཅས་བག་ཡངས་རྒྱུ།།
དཔལ་གྱི་སེངྒེས་མཚན་པའི་རི་བོའི་ལྗོངས།།
གྲགས་པའི་མཚན་སྙན་གཡོ་བའི་དོ་ར་རུ།།
ལུང་རིགས་རྩལ་གསུམ་ནང་ནས་རབ་རྫོགས་པ།།
གངས་གཞོན་སེང་ཕྲུག་ཁྱུ་ན་ཁྱེད་རབ་མཛེས།།
འདི་འོག་ལྷུག་བཀོད་ཀྱི་འཕྲིན་ཡིག་མ་དཔེ་མ་ཚང་བས་མཚམས་འདིར་བཞག་ཅེས་སྒྲིག་པ་པོས།།

ཤུགས་འབྱུང་ཉམས་ཀྱི་ཐོལ་གླུ།

སྣང་བ་ཀ་ནས་དག་པའི་སྟོང་ཉིད་ཀྱི་གཤིས་ལ།།
ལྷུན་གྲུབ་རིག་པའི་འཆར་སྒོ་རྟེན་འབྲེལ་དུ་ཤར་བས།།
གང་སྣང་གླུ་རུ་ལེན་པ་རྣལ་འབྱོར་གྱི་ཁྱད་ཆོས།།
ཉམས་དགའ་བག་ཡངས་མེས་པོའི་ཞབས་རྗེས་ལ་སྙེག་འགྲོ།།
ཨ་འཐས་བློས་བཏགས་བདེན་ཞེན་རྟོག་པ་ཡི་དྲ་བ།།
ཐེག་བརྒྱད་གྲུབ་མཐའི་གཟེབ་ལས་རྒྱ་ཡན་དུ་གྲོལ་བའི།།
རྩོལ་བྲལ་ཤུགས་འབྱུང་རིག་པའི་བུ་ཆུང་གི་རྩེད་འཇོ།།
བྱར་མེད་བློ་འདས་ཡངས་པའི་ཐང་ཆེན་དུ་སྒྱུར་འགྲོ།།
སྤྲིན་དཀར་ལ་ཐོད་བཅིངས་པའི་ས་འཛིན་གྱི་རྩེ་མོས།།
སྔོ་སངས་ནམ་མཁའ་འབིག་པའི་བྲག་དཀར་གྱི་མགུལ་བར།།
གཡུ་ཤུག་ལྗོན་པའི་སྐྱོ་གྲོགས་ཁུ་བྱུག་གིས་བྱེད་པའི།།
རང་བྱུང་དབེན་པའི་གནས་མཆོག་རྣལ་འབྱོར་གྱི་སྐྱེད་ཚལ།།
སྟོན་ཟླ་མཁའ་ལ་རྒྱུ་བའི་ཟེར་ཕྲེང་གི་ཐིགས་པ།།
ཡིད་འོང་བྲག་རིའི་ཐེམ་པའི་མཛེས་བཅུད་དུ་བབས་ཚེ།།
ལྷུང་ལྷུང་དལ་གྱིས་འབབ་པའི་ཆུ་ཕྲན་གྱི་རང་སྒྲས།།
ཞི་བསིལ་མཆོག་གི་བདུད་རྩི་སྙིང་དབུས་སུ་བསྐྱལ་སོང་།།
ཕྱི་རུ་ནམ་ཟླ་དུས་བཞིའི་འགྱུར་བ་ཡི་ལྟད་མོ།།
ནང་དུ་རྩ་རླུང་ཐིག་ལེའི་ཞུགས་གནས་དང་འགྲོག་པས།།
གསང་བ་འཕོ་བྲལ་དབུ་མ་ཆེན་པོ་ཡི་སྲོག་ཏུ།།
མི་ཤིགས་མཁའ་ཡི་ཕྱག་རྒྱ་གཡོ་མེད་དུ་བརྟན་སོང་།།
འཁོར་འདས་བདེ་སྡུག་བླང་དོར་གཉིས་འཛིན་གྱི་བློ་ལས།།
མ་དག་འཁྲུལ་བའི་སྣང་བ་བར་མེད་དུ་འཕྱན་པས།།
རྟོགས་པའི་ཡེ་ཤེས་དམ་པའི་ཕ་ཕོགས་ཤིག་ཞུས་ལ།།
གཉིས་མཉམ་ཆིག་ཆོད་བདེ་བའི་ངལ་བསོ་རུ་ཕེབས་ཤོག།
པདྨ་ཐང་གི་ལོ་གསུམ་བཅད་རྒྱ་པ་ཞིག་མཚམས་གྲོལ་ཁར་ཕུལ་བའི་ཡིག་ཆུང་།

འདིར་སྣང་བྱ་བའི་སོ་ཚིས་བསླུ་བྲིད་ཀྱི་གར་མཁན།།
མི་བརྟན་སྙིང་པོ་མེད་པའི་འཇའ་ཚོན་གྱི་རང་མདངས།།
དགའ་སྡུག་སེམས་ཀྱི་རི་མོ་གཏད་ཡལ་ལ་བཏང་སྟེ།།
འོད་གསལ་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་ལས་མ་འདའ།།
ཆོས་ཀུན་དུ་མ་རོ་གཅིག་ཆོས་དབྱིངས་ཀྱི་རྫོང་ཆེན།།
འོད་གསལ་སྣང་བའི་འཆར་སྒོ་རྟེན་འབྲེལ་གྱི་རང་གཤིས།།
མཉམ་རྗེས་དབྱེར་མེད་མ་བཅོས་རང་བབ་ལ་ཞོག་དང་།།
སེམས་ཉིད་ཆོས་སྐུའི་རྒྱལ་ས་རང་དབང་དུ་སྒྱུར་འགྲོ།།
ལྟ་བའི་མཐར་ཐུག་ཁྲེགས་ཆོད་ཡེ་བབ་ཀྱི་སོར་བཞག།
སྒོམ་པའི་སྙིང་པོ་ཐོད་རྒལ་སྣང་བཞི་ཡི་ལམ་ནས།།
མ་འབད་རིག་འཛིན་རྣམ་བཞིའི་མྱུར་ལམ་གྱི་རྩེ་མོར།།
མངོན་འཚང་རྒྱ་བ་སྙིང་ཐིག་བརྒྱུད་པ་ཡི་ཁྱད་ཆོས།།
མདོར་ན་ཅིར་སྣང་སྣ་ཚོགས་ཆོས་ཉིད་ཀྱི་རོལ་བ།།
བཟང་ངན་སྐྱིད་སྡུག་གང་བྱུང་ལམ་རྐྱེན་གྱི་གྲོགས་སུ།།
སྐུ་གསུམ་རིག་པའི་ཀློང་དུ་ཤར་གྲོལ་ལ་ཐོངས་དང་།།
ཡང་སངས་རྒྱས་པའི་དངོས་གྲུབ་གཞན་རྐྱེན་ལ་མི་ལྟོས།།
ཞེས་ཀྱང་སྨྲས་སོ།།

རང་སློབ་ཨ་མདོ་བར་གདམས་པ་སྒྱུ་མ་ལྕགས་གྲོང་མ།

འདིར་སྣང་སྒྱུ་མ་ལྕགས་ཀྱི་གྲོང་ཁྱེར་གྱི་དབུས་ན།།
འདུས་བྱས་ཉེར་ལེན་སྡུག་བསྔལ་སུམ་བརྩེགས་ཀྱི་ཕུང་པོར།།
རྟེན་མེད་རིག་པའི་བུ་ཆུང་གྲོགས་མེད་དུ་འཐུམ་པའི།།
འཁྲུལ་སྣང་ཉམ་ངའི་འཁོར་ལོ་ནམ་ཞིག་ན་ལྡོག་སྲིད།།
སྣང་བ་མི་བདེན་བསླུ་བྲིད་སྒྱུ་མ་ཡི་གར་མཁན།།
སྟོང་པ་ཕྱོགས་གཅིག་བདེན་གཉིས་ཡ་བྲལ་གྱི་ལྟ་བ།།
སྣང་སྟོང་ཟུང་འཇུག་འོད་གསལ་བདེ་ཆེན་གྱི་རོལ་བས།།
ལྟ་བསྒོམ་སྤྱོད་འབྲས་དག་པའི་རྣལ་འབྱོར་དེ་བདེའོ།།
སོང་སོང་ས་མཐའ་བསྐོར་བའི་རྐང་རྗེས་ཀྱི་བུ་ལོན།།
ལོ་ཟླའི་བྲོན་ལ་བསྐུར་བའི་ངལ་བ་དེ་བསྐྱུར་ནས།།
གདན་ཧྲུལ་རྡོ་ལ་བཀོད་པའི་སྡུག་རུས་ཀྱི་སྒོམ་བསྲན།།
ཉམས་ལེན་སྙིང་པོར་དྲིལ་བ་འཆུག་མེད་ཀྱི་ལས་ཡིན།།
གཡོ་མེད་མཉམ་པར་བཞག་པའི་བསམ་གཏན་གྱི་ཏིང་འཛིན།།
བཞུགས་སྟངས་གསུམ་དང་མི་འབྲལ་ཉམས་མྱོང་གི་རྒྱུན་ལས།།
གཟིགས་སྟངས་གསུམ་གྱིས་གཅུན་པའི་སྣང་བཞི་ཡི་ལྟད་མོས།།
འཁོར་འདས་གཞི་ཟད་ཡེ་གྲོལ་རྒྱལ་ས་ཆེར་སྙོགས་ཤིག།
བླ་མ་ཕྱི་རུ་མི་བཞུགས་རང་སེམས་ཀྱི་ངོ་བོ།།
རིག་སྟོང་གདོད་མའི་རང་ཞལ་འཕོ་བྲལ་གྱི་བླ་མ།།
བྱིན་རླབས་གཞན་དུ་མ་ཚོལ་བདེ་སྟོང་གི་ཡེ་ཤེས།།
རྟོགས་པའི་ཕ་ཕོགས་བཟང་པོ་བྱིན་བརྒྱུད་ཀྱི་དངོས་གྲུབ།།
ཡ་ཀི་རྫོགས་པའི་སངས་རྒྱས་ཐོབ་འདོད་ཀྱི་རེ་བ།།
མ་ཀི་ན་རཀ་དམྱལ་བར་ལྟུང་སྙེམས་ཀྱི་དོགས་པ།།
རེ་དོགས་གཉིས་འཛིན་སྤང་བླང་བྱ་བྱེད་ལས་གྲོལ་ཚེ།།
ཕ་རྗེས་བུ་ཡིས་ཟིན་པའི་བྱ་བྲལ་དེ་གུ་ཡངས།།
ལྟ་བ་སྤྲོས་བྲལ་ཆོས་དབྱིངས་ཀ་དག་གི་ངོ་བོ།།
ཡེངས་མེད་བསྒོམ་པ་ངང་བཞག་ཆུ་རྒྱུན་གྱི་རྣལ་འབྱོར།།
མཉམ་རྗེས་དབྱེར་མེད་སྤྱོད་པ་ལྷུན་གྲུབ་ཀྱི་རྫོང་ཆེན།།
འབྲས་བུ་རེ་དོགས་བྲལ་བའི་ཕ་གཞིས་དེ་ངོ་མཚར།།
རིག་རྩལ་རྟོག་པ་སོ་མའི་གར་མཁན་གྱི་རྩལ་ལས།།
ངག་ཚིག་རྫུན་པའི་བརྡ་རིས་སོར་མོ་ཡི་འདུ་འགོད།།
མེད་སྣང་སྒྱུ་མའི་རང་གཟུགས་ཡི་གེ་ཡི་རོལ་པ།།
འདི་ཡང་རྟེན་ཅིང་འབྲེལ་འབྱུང་སྟོང་ཉིད་ཀྱི་གཤིས་ལུགས།།
མཚོ་སྙིང་གུ་རུའི་སྒྲུབ་གནས་ངོ་མཚར་གྱི་ཞིང་ཁམས།།
རུ་དམ་པདྨའི་ཡང་དབེན་ཡབ་མེས་ཀྱི་གཤེགས་ཤུལ།།
མཁའ་སྤྱོད་ས་ལ་འཕོས་པའི་འོག་མིན་གྱི་ཞིང་ཁམས།།
གང་དགའ་སྐབས་ཀྱི་སྤྱོད་ཡུལ་ངེས་མེད་དུ་འགྲིམ་འོས།།
རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་པདྨ་ཡང་རྫོང་འོད་གསལ་བདེ་ཆེན་ཤེལ་ཀྱི་ཕུག་པ་ནས་པདྨ་བཞད་པའི་འབངས་པདྨ་སྐལ་བཟང་དེས་བྲིས་ཕུལ།།

མོས་གུས་སྒོམ་དུ་ཤར་བའི་ཉམས་དབྱངས།

སྐྱབས་གནས་ཀུན་འདུས་དྲིན་ལྡན་རྗེ་བཙུན་གྱི་བླ་མ།།
མི་འབྲལ་སྤྱི་གཙུག་རྒྱན་ལ་འབྲལ་མེད་དུ་བཞུགས་ནས།།
དབང་བཞིའི་ཡེ་ཤེས་བྱིན་རླབས་བདུད་རྩི་ཡི་ཆུ་རྒྱུན།།
སྐལ་ལྡན་མོས་པའི་བུ་ལ་ཆད་མེད་དུ་སྩོལ་ཅིག།
སྙིང་དབུས་མི་ཤིགས་དྭངས་མའི་ཐིག་ལེ་ཡི་ངོ་བོར།།
རང་སེམས་བླ་མར་ཤེས་པའི་མོས་གུས་ཀྱི་གདན་ལ།།
རིག་སྟོང་རིག་པའི་དབྱིངས་སུ་རོ་གཅིག་ཏུ་བཞུགས་ཏེ།།
དབྱིངས་རིག་དབྱེར་མེད་ཆོས་སྐུའི་དགོངས་པ་ཡིས་སྐྱོངས་ཤིག།
བློ་བྲལ་གཉུག་མའི་ཡེ་ཤེས་བསལ་བཞག་དང་བྲལ་བ།།
ཟང་ཐལ་མཁའ་ལྟར་ཡངས་བའི་གཤིས་ཐོག་ལ་བཞག་པས།།
ལྷུན་གྲུབ་སྣང་བའི་འོད་གསལ་འགོག་མེད་དུ་འཆར་བའི།།
ཟུང་འཇུག་བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་དེ་སྩོལ་ཤོག།
མོས་གུས་སྒོམ་དུ་ཤར་བའི་མཉམ་བཞག་གི་ངང་ལས།།
རྗེས་ཐོབ་འཁྲུལ་བ་བྲལ་བའི་ཆོས་དབྱིངས་སུ་སད་དེ།།
རོ་མཉམ་དགོངས་པའི་རྩལ་ཆེན་ཚེ་ལུས་འདིར་རྫོགས་ནས།།
བླ་མ་མཆོག་དང་དགོངས་ཀློང་དབྱེར་མེད་དུ་གྱུར་ཅིག།
མ་རྟོག་འཁྲུལ་བར་འཕྱན་པའི་འགྲོ་ཁམས་ཀྱི་འཁྲུལ་སྣང་།།
རང་གྲོལ་གཉུག་མའི་གཞི་ལ་རང་དག་ཏུ་སོང་ནས།།
བདེ་ཆེན་འགྱུར་མེད་ཟུང་འཇུག་སྐུ་བཞི་ཡི་རྒྱལ་སར།།
མཐའ་ཡས་སེམས་ཅན་ཕྱམ་གཅིག་གྲོལ་བ་རུ་སྨོན་ནོ།།
སྲིང་ཆུང་དོན་འགྲུབ་སྒྲོལ་མའི་ངོར་ཐོལ་བྱུང་དུ་བྲིས་སོ།།

ནགས་ལ་བསྐུལ་བའི་གྲོས་འདུན་དུམ་ཆོད་མ།

འདེག་འཇོག་གོམ་པའི་རྐང་རྗེས་ས་ཆེན་འདིར་བཀྲམས་ཀྱང་།།
ངོ་མཚར་ལྟད་མོས་མ་འཚེང་ཁྲ་ཆུང་གི་སྤྱན་མིག།
ཡ་ཐོད་གཉེར་མ་བརྩེགས་པའི་སྐྲ་དཀར་དང་འགྲོག་ནས།།
ཐག་རིང་ཕྱི་མའི་ཡུལ་ལ་རྒྱང་བལྟས་འདི་སྐྱོའོ།།
གྱ་གྱུའི་ཆུ་རིས་འཁྲིགས་པའི་མྱ་ངམ་གྱི་ཐང་དུ།།
ཡིད་འོང་ལྗོན་པས་སྲུང་བའི་སྐྱེད་ཚལ་ལ་བསྙེགས་ཀྱང་།།
བྱེ་ཚན་མདག་མའི་རེག་བྱ་རྩུབ་མོ་ཡིས་བསུས་པས།།
ཡི་ཆད་ངལ་བའི་འཁུན་སྒྲ་ཤོར་བ་འདི་ཉམ་ཐག།
མེད་ན་མི་ཆོག་ཡོ་བྱད་ཟང་ཟིང་གི་དངོས་པོ།།
ཡོད་ན་ཕུང་དཀྲོལ་མི་བདེ་སྡུག་བསྔལ་གྱི་གཞི་མ།།
འདོད་ཡོན་ནོར་ལ་རྔམ་པའི་གདོན་ཆེན་གྱི་འགོང་པོ།།
ཨར་གཏད་ཞེན་མེད་སྒྱུ་མའི་རྣལ་འབྱོར་འདི་ལྷག་གོ།
ཁ་དཀར་ངོ་འཛུམ་སྟོན་ཚེ་གཉེན་བཤེས་ལས་བྱམས་ཀྱང་།།
ངོ་ནག་བཞིན་གཉེར་སྡུད་ཚེ་དགྲ་ལས་ཀྱང་གཏུམ་པའི།།
གསར་འགྲོག་ཡིད་མི་བརྟན་པའི་གྲོགས་ངན་གྱིས་བསླུས་ཚེ།།
གཅིག་པུར་ནགས་ཀྱི་བདེ་ལ་གཞོལ་བ་ཉིད་མཆོག་གོ།

རྩོམ་ལན་འཕྲིན་ཐུང་རྐང་བརྒྱད་མ།

ཀུན་གྱི་མཐའ་རུ་ཉུལ་བའི་བྱ་བཏང་གི་སྤྱོད་པ།།
རྒྱལ་ཁམས་ཡངས་བའི་བླ་ན་མངོན་མཐོ་ཡི་གྲགས་སྙན།།
ཤུགས་འབྱུང་གླུ་ཡིས་བསྐུལ་བའི་བསྟོད་དབྱངས་དང་འགྲོག་ནས།།
བཀྲ་ཤིས་བྱེ་བའི་མེ་ཏོག་ཁྱེད་ཕྱོགས་ལ་བསྙིལ་ཡོང་།།
བསྟོད་ན་ཅི་དགའ་ཆོས་བརྒྱད་གདོན་འདྲེ་ཡི་གཡབ་མོ།།
སྨད་ན་བཟང་སྟེ་མཚང་འདོན་ཉམས་མྱོང་གི་བོགས་འབྱིན།།
རེ་དོགས་གཉིས་འཛིན་སེམས་ཀྱི་རྟོད་ཕུར་དེ་བཏོན་ན།།
རྒྱ་གྲོལ་ནམ་མཁའི་རྣལ་འབྱོར་གུ་ཡངས་ཀྱི་བློ་བདེ།།
རྫོགས་གྲྭ་ཞིག་གི་རྩོམ་ལན་དུ་བྲིས།།

གུ་ཡངས་བློ་བདེའི་རྒྱང་གླུ།

ཆེན་པོའི་གསོབ་འཆང་རྫུན་གྱི་ཟློས་གར།།
མི་བདེན་མེ་ལོང་གཟུགས་བརྙན་མཐོང་ནས།།
ཟིན་མེད་བྲེལ་དོས་ལོ་ཟླ་ཟད་བྱེད།།
ཨོ་རྫོབ་ཅན་ལ་ཕྱི་ཕྱག་འཚལ་ཡོད།།
གཅེས་པའི་ལུས་ཀྱི་ཟུངས་ཁྲག་དྲོན་པོ།།
ལྷག་བསམ་དག་པའི་རྟ་དང་སྦྱར་ནས།།
བསྟན་སྲོག་འཐུད་པའི་གསོས་སུ་བསྟབས་པའི།།
ལེགས་བྱས་དགའ་བས་ཡིད་སེམས་བདེ་སོང་།།
གྲགས་པའི་དོན་མིན་མི་ལུས་ཕྱེད་པོས།།
ཅུང་ཟད་འབད་པའི་མངོན་སུམ་ལག་རྗེས།།
འབྱུང་འགྱུར་ཕན་དང་བདེ་བའི་ལམ་མཚོན།།
མ་མཐོང་ཕྱི་རབས་སྐལ་བར་བཞག་ཡོད།།
སྐྱིད་ཀྱང་མི་རྟག་སྡུག་གི་བསུ་མ།།
མཐོ་ཡང་མི་བརྟན་དམའ་འབེབས་གཞི་མ།།
རེ་དོགས་མི་ཚེའི་འཕྲང་ལ་བཟུར་ནས།།
གུ་ཡངས་བློ་བདེར་སྐྱིད་ཉལ་བརྒྱག་འགྲོ།།
སྨྱུག་གསར་ཞིག་གིས་གང་བྱུང་དུ་བྲིས་པའོ།།

བླ་མ་རྒྱང་འབོད་བྱིན་རླབས་མྱུར་འཇུག་ཅེས་བྱ་བ།

གཞི་དབྱིངས་འགྱུར་མེད་ཀ་དག་ཆོས་སྐུ་ཡི་བླ་མ།།
གཞི་སྣང་ལྷུན་གྲུབ་ཁ་སྦྱོར་བདུན་ལྡན་གྱི་ངོ་བོ།།
མ་འགག་རོལ་རྩལ་གང་འདུལ་ཐུགས་རྗེ་ཡི་བདག་ཉིད།།
སྐུ་གསུམ་འདུས་ཞལ་དྲིན་ཆེན་བླ་མ་དེ་མཁྱེན་ནོ།།
ཆོས་ཟད་ཆོས་སྐུའི་བླ་མ་ཀློང་ཆེན་གྱི་རབ་འབྱམས།།
བརྒྱུད་གསུམ་འདུས་པའི་ཤིང་རྟ་འཇིགས་བྲལ་དེ་གླིང་པ།།
གཞི་གྲོལ་གདོད་མའི་སར་ཕྱིན་ཡོན་ཏན་གྱི་མགོན་པོ།།
གཉིས་མེད་བླ་མ་མ་ཏི་ས་ར་དེ་མཁྱེན་ནོ།།
གདོད་ནས་འཁྲུལ་མ་མྱོང་བའི་རང་རིག་གི་ངོ་བོ།།
ཡེ་སྟོང་བྲི་གང་བྲལ་བ་སངས་རྒྱས་ཀྱི་དགོངས་པ།།
མངོན་སུམ་རང་ངོ་སྤྲད་པའི་དྲིན་ལྡན་གྱི་བླ་མ།།
མི་འབྲལ་སྙིང་དབུས་ཙིཏྟའི་པདྨོ་རུ་རྟག་རོལ།།
ཚེས་ཆེན་བཅོ་ལྔའི་དུང་ཟླ་མཁའ་ལམ་ལ་ཤར་ཚེ།།
གང་སྐུའི་མཚན་དཔེའི་དཀྱིལ་འཁོར་མིག་ལམ་དུ་ཤར་བྱུང་།།
རིག་སྟོང་བདེན་འཛིན་བྲལ་བའི་རང་གཤིས་སུ་བཞག་དུས།།
འགྱུར་མེད་སྐུ་ཡི་བྱིན་རླབས་ལུས་འདི་ལ་སྩོལ་ཅིག།
དབྱར་གསུམ་ཁུ་བྱུག་སྙན་པའི་མགྲིན་གླུ་ཞིག་སྒྲོག་ཚེ།།
གང་གསུང་དམ་པའི་ཆོས་ཀྱི་རང་སྒྲ་དེ་དྲན་བྱུང་།།
གྲག་སྟོང་སྐྱེ་འགག་བྲལ་བའི་ངོ་བོ་ལ་བཞག་ཚེ།།
འགག་མེད་གསུང་གི་བྱིན་རླབས་མགྲིན་པ་རུ་ཞུགས་མཛོད།།
སྤྲིན་བྲལ་སྟོན་ཟླའི་ནམ་མཁའ་ལྷོང་རྐྱེན་དང་བྲལ་ཚེ།།
གང་ཐུགས་གཡོ་བ་མེད་པའི་དགོངས་སྤྱོད་དེ་དྲན་བྱུང་།།
འགྱུ་དྲན་བསལ་བཞག་བྲལ་བའི་རང་ངོ་ལ་གློད་སྐབས།།
འཁྲུལ་མེད་ཐུགས་ཀྱི་བྱིན་རླབས་སྙིང་དབུས་སུ་སྩོལ་ཤོག།
ཉིན་དྲན་མཚན་དྲན་ཉིན་མཚན་འགོར་མེད་དུ་ཁྱེད་དྲན།།
དྲན་པའི་གདུང་ཡུས་སྙིང་གི་མུན་པ་རུ་འཁྱིལ་ཚེ།།
གང་ཐུགས་ཟེར་སྟོང་འབར་བའི་འོད་གསལ་གྱི་ཐིག་ལེས།།
ནང་གི་ཉིན་བྱེད་རྣལ་འབྱོར་སྙིང་དབུས་སུ་སྐྱོལ་མཛོད།།
བླ་མ་ཕྱི་རུ་མི་བཞུགས་རང་སེམས་ཀྱི་ངོ་བོ།།
སྐྱེ་འགག་འཕོ་འགྱུར་བྲལ་བའི་གནས་ལུགས་དེ་བསྒོམས་པས།།
སྒྲིབ་གཉིས་གཟུང་འཛིན་འཆིང་བ་རང་ས་རུ་ཞི་བའི།།
དགོངས་བརྒྱུད་འཕོ་བ་ཐོབ་པའི་དངོས་གྲུབ་ཅིག་སྩོལ་ཤོག།
ཅེས་རྗེ་བླ་མ་དམ་པ་བློ་གྲོས་རྒྱ་མཚོ་ཞི་བར་གཤེགས་པའི་གསོལ་དགོངས་ནང་བྱ་བྲལ་ཀུ་སཱ་ལི་པ་རྫོགས་ཆེན་འབུམ་སྐྱབས་ལགས་དང་ནུ་མོ་དོན་འགྲུབ་སྒྲོལ་མ་རྣམ་གཉིས་ཀྱི་ངོར་པདྨ་སྐལ་བཟང་དེས་བྲིས་པའོ།།

གང་བྱུང་སྐྱིད་སྡུག་རོ་སྙོམས་སུ་ཤར་བའི་བླ་མའི་གསོལ་འདེབས་བྱིན་རླབས་མཆོག་སྩོལ་ཞེས་བྱ་བ།

ཆོས་སྐུའི་བླ་མ་ཆོས་ཉིད་སྤྲོས་པ་བྲལ།
ལོངས་སྐུའི་བླ་མ་མཚན་རྫོགས་ཡོན་ཏན་འབར།།
སྤྲུལ་སྐུའི་བླ་མ་མཁྱེན་གཉིས་ཡེ་ཤེས་རྒྱས།།
སྐུ་གསུམ་ཀུན་འདུས་བླ་མར་གསོལ་བ་འདེབས།།
བླ་མ་ཕྱི་རུ་མི་བཞུགས་ནང་དུ་སྟེ།།
སེམས་ཉིད་རྫོགས་པའི་སངས་རྒྱས་གདོད་མའི་གཤིས།།
རྒྱལ་ཀུན་ངོ་བོ་མཁའ་མཉམ་གསང་གསུམ་གྱིས།།
འབྲལ་མེད་སྙིང་གི་དབུས་ནས་རྟག་སྐྱོངས་ཤིག།
འདིར་སྣང་མཐོ་རིས་འབྱོར་བ་ཀུན་ཚོགས་པས།།
སྐྱིད་པའི་ཡང་རྩེར་སྙེམས་ལ་ཕྱོགས་གྱུར་ཚེ།།
ཁྱེད་སྐུའི་གཟི་བྱིན་འབར་བའི་ཚམ་རྔམ་གྱིས།།
ཆོས་བརྒྱད་ཞེན་པའི་རི་བོ་རྩེ་ནས་སྙིལ།།
མི་འདོད་འཕྲལ་རྐྱེན་ངན་པའི་ཐོག་བརྫིས་ཀྱིས།།
སྐྱོ་སུན་སྡུག་གི་སྙིང་སྐྲན་འཆའ་ཉེའི་སྐབས།།
ཁྱེད་གསུང་བདུད་རྩིའི་བཅུད་ཀྱིས་དབུགས་ཕྱུངས་ནས།།
སྙིང་གི་བདེ་ཆེན་ནང་ནས་སྦར་བར་མཛོད།།
ཨ་འཐས་འཁྲུལ་བའི་རང་གཟུགས་རྨོངས་པའི་ཁམས།།
ལུང་དུ་མ་བསྟན་གཡེང་བས་དུས་བྲོན་ན།།
ཁྱེད་ཐུགས་རྡོ་རྗེ་རྣོན་པོའི་ཡེ་ཤེས་ཀྱིས།།
རྣམ་འབྱེད་ཤེས་རབ་འབར་བའི་བློ་མཐུ་སྩོལ།།
མདོར་ན་ལེགས་ཉེས་སྐྱིད་སྡུག་གང་བྱུང་ཡང་།།
རོ་སྙོམས་རྟོགས་པའི་བྱིན་བརྒྱུད་ཡོངས་རྫོགས་ཏེ།།
མ་ནོར་དྲི་མེད་ལྟ་བསྒོམ་སྤྱོད་པ་ཡིས།།
གཞི་ལམ་འབྲས་བུའི་ཡོན་ཏན་མཐར་ཕྱིན་ཤོག།
ཅེས་པའང་ཤྲཱི་སེང་ཆོས་གྲྭའི་སྡེ་སྣོད་འཛིན་པ་འཇིགས་མེད་སྟོབས་ལྡན་གྱི་ངོར་པདྨ་སྐལ་བཟང་གིས་འཕྲལ་བྲིས།

བྱ་བཏང་རི་ཉལ་གྱི་འདུན་མ་ཆག་གང་མ།

ཀ་དག་ཆོས་སྐུའི་བླ་མ་ཀུན་བཟང་གི་སངས་རྒྱས།།
ལྷུན་གྲུབ་ལོངས་སྐུའི་བླ་མ་རྡོ་རྗེ་ཡི་སེམས་དཔའ།།
གང་འདུལ་སྤྲུལ་སྐུའི་བླ་མ་དགའ་རབ་ཀྱི་དཔའ་བོ།།
ཀུན་འདུས་དྲིན་ཅན་བླ་མ་རིགས་བདག་ཏུ་རྟག་བཞུགས།།
དལ་འབྱོར་རྙེད་པར་དཀའ་བ་ཡིད་བཞིན་གྱི་ནོར་འདྲ།།
ཚེ་ལ་རྟག་བརྟན་མེད་པ་ནམ་མཁའ་ཡི་ན་བུན།།
འཁོར་བ་སྡུག་བསྔལ་རང་བཞིན་ཐར་མེད་ཀྱི་བཙོན་ར།།
དཀར་ནག་ལས་ཀྱི་རྒྱུ་འབྲས་བདེ་སྡུག་ནི་བསླུ་མེད།།
དམ་པའི་བཤེས་གཉེན་ཐར་པའི་ལམ་སྟོན་གྱི་སྒྲོན་མེ།།
དད་དང་སྙིང་རྗེ་བྱང་སེམས་དམ་ཆོས་ཀྱི་གཞི་རྩ།།
སྐྱབས་འགྲོ་སེམས་བསྐྱེད་སྒྲིབ་སྦྱང་ཚོགས་བསགས་ཀྱི་སྒོ་ནས།།
ལམ་གནད་ཀུན་འདུས་བླ་མའི་རྣལ་འབྱོར་དང་མ་འབྲལ།།
གཞི་དབྱིངས་ཀ་ནས་དག་པ་ཡེ་སྟོང་གི་རང་བཞིན།།
སྒྲིབ་གཉིས་མུན་པས་མ་གོས་དྲི་མེད་ཀྱི་འོད་གསལ།།
ལྷུན་གྲུབ་ཡོན་ཏན་རྒྱ་མཚོ་རང་ཆས་སུ་རྫོགས་པའི།།
མ་བཅོས་བདེ་ཆེན་མཉམ་ཉིད་ཕྱོགས་མེད་དུ་ཁྱབ་བདལ།།
མཐའ་བརྒྱད་སྤྲོས་པས་མ་གོས་སྟོང་གསལ་གྱི་རིག་པ།།
འགགས་མེད་ཐིག་ལེ་ཆེན་པོའི་ཡེ་ཤེས་ཀྱི་རང་མདངས།།
སྣང་སྟོང་སྒྲིབ་གཡོག་བྲལ་བའི་སྐུ་གསུམ་གྱི་ལམ་སྣང་།།
ཆོས་ཟད་མ་བཅོས་ཆོས་སྐུའི་ཡེ་ཀློང་དུ་སྐྱིལ་མཛོད།།
འཁྲུལ་དང་འཁྲུལ་འཛིན་རྙོག་པ་ཆོས་དབྱིངས་སུ་དྭངས་བས།།
ནང་གསལ་སྐུ་དང་ཡེ་ཤེས་རྒྱ་མཚོ་ཡི་མངའ་བདག།
ཐིམ་ལ་མ་རྨུགས་ཕྲ་བའི་དབྱིངས་རུམ་དུ་ཞུགས་པས།།
མཁའ་མཉམ་གཞན་དོན་འཕྲིན་ལས་འབད་མེད་དུ་རྟག་འབྱུང་།།
གཞི་བདེ་ཆོས་དབྱིངས་རྗེན་པའི་གནས་ལུགས་ཀྱི་རང་ཞལ།།
ལམ་བདེ་མ་བཅོས་ཞེན་མེད་ཟང་ཐལ་གྱི་རང་ངོ་།།
འབྲས་བདེ་སྐུ་གསུམ་ལྷུན་རྫོགས་འཕོ་བྲལ་དུ་དག་པའི།།
བདེ་ཆེན་ནང་གི་ཉི་མ་སྙིང་དབུས་སུ་བསྟེན་མཛོད།།
མི་ཚེ་ཆོས་ལ་བསྒྲིལ་བའི་གཅེན་གཅུང་གི་སྣང་ཚུལ།།
ཆགས་མེད་རི་ལ་ཉལ་བའི་བྱ་བཏང་གི་བརྟུལ་ཞུགས།།
མི་ཚེའི་ཚད་ལ་བཙུགས་པའི་ལས་སྨོན་གྱི་མཐའ་མར།།
མཁའ་སྤྱོད་དག་པའི་ཞིང་ལ་སྡེབས་གཅིག་ཏུ་ཆས་འགྲོ།།
ཞེས་གཅུང་ཆོས་མཛད་མའི་སྐྱོ་བ་བསང་ཕྱིར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་ངོགས་ལྗོན་ཤིང་ཏ་མ་ལའི་བསྟར་ཕྲེང་གཡོ་བས་གྲིབ་བསིལ་འགུག་པའི་ཚལ་ནས་བྲིས་པའོ།།

ལམ་གནད་ཨ་མཐའ་ཅན།

འདས་པའི་རྗེས་མ་གཅོད་པའི་རང་གསལ་ལ།།
མ་འོངས་མདུན་མ་བསུས་པའི་རང་ཤར་སེམས།།
རྗེས་མེད་མཁའ་ལྟར་དྭངས་བའི་རང་གྲོལ་གཤིས།།
ནམ་ཡང་གཡོ་མེད་རྟོག་བྲལ་གཤིས་སུ་ཨ།།
རང་སློབ་བཙུན་རྒན་མ་ཞིག་གིས་ཤོག་བྱང་ཞིག་སྤྲད་ནས་འཕྲལ་དུ་ཅིག་བྲི་རོགས་ཟེར་བར་དེ་ཐོག་ནས་བྲིས་།

ཤྲཱི་སེང་ཆོས་གྲྭ་ཆེན་པོའི་རབ་གནས་མེ་གླང་ལོའི་འཛིན་གྲྭ་དང་པོའི་སློབ་ཚོགས་ཡོངས་ལ་ཕུལ་བའི་ཞུ་འཕྲིན།

ཁྱེད་རྣམས་ནི་ལང་ཚོའི་མྱུ་གུ་འབུས་མ་ཐག་པ་དང་། མི་ཚེའི་ཉི་གཞོན་གྱི་ཞོགས་པའི་དུས་ཚོད་དུ་ཁེལ་བ་ལྟ་བུ་ཞིག་ཡིན། ཁྱེད་རྣམས་ནི་མ་འོངས་པའི་གངས་ལྗོངས་དང་ཕ་ཡུལ་འདིའི་བདག་པོ་རེད་ལ། གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་པོ་འདིའི་བསྟན་རྒྱུན་འཛིན་མཁན་ཡང་རེད། ཁྱེད་ཚོ་ནི་ཕ་མ་དང་མཁན་སློབ་ཀྱི་གཅེས་ཕྲུག་རེད་ལ། འབྱུང་འགྱུར་གསར་པའི་མདུན་ལྗོངས་ཀྱི་གཅེས་ནོར་ཡང་ཡིན། ཁྱེད་ཚོ་དེ་འདྲའི་མཐོང་ཆེན་པོ་དང་དེ་འདྲའི་རེ་བ་ཆེན་པོ་བྱ་ཡུལ་ཞིག་ཡིན་པས། ཁྱེད་ཚོ་ལས་དགའ་བ་དང་། ཁྱེད་ཚོ་ལས་སྤྲོ་བ་ལྡན་འོས་པ་སུ་ཞིག་ཡོད། འོན་ཀྱང་སྤྲོ་སྣང་ཡོད་པ་གཅིག་པུས་མི་ཆོག་པར། ཞུམ་པ་མེད་པའི་སྤོབས་པ་ཡང་ཡོད་དགོས། ཕ་མ་དང་མཁན་སློབ་ཀྱི་རེ་འདུན་དེ་ནི་ཁྱེད་ཚོའི་ངོས་ནས་མ་འོངས་རང་བསྟན་སྤེལ་བའི་ལས་ཁུར་ལྗིད་པོ་ཞིག་ཡིན་པས་སྙིང་སྟོབས་དང་བརྩོན་འགྲུས་ཅན་ཞིག་མིན་ན། རེ་འདུན་གནང་བ་དེ་སྟོང་པར་འགྱུར་སྲིད། དུས་ཚོད་ཅེས་པའི་དབང་ཆེན་འདི་སྐད་ཅིག་ཀྱང་མི་སྡོད་པར་མི་ཚེ་དང་མཉམ་དུ་མ་འོངས་པའི་ཕྱོགས་སུ་འགྲོ་བཞིན་ཡོད། འདིས་དེ་སྔ་གཞོན་ནུ་ཕྱི་དལ་ཅན། བླ་གྲྭ་ལོག་འཚོ་མཁན། རྐུན་ཇག་ཧམ་སེམས་ཅན། མ་རབས་གདོལ་སྤྱོད་མཁན་སོགས་མང་པོ་ཞིག་བཅོམ་ནས་ལག་པ་སྟོང་པར་གཏམ་ངན་ཙམ་ཤུལ་དུ་བསྐྱུར་ཏེ་འཇིག་རྟེན་ཕྱི་མའི་ལམ་དུ་བཏང་ཟིན། བླུན་རྨོངས་ལེ་ལོ་ཅན་མང་པོ་ཞིག་ལ་སྐྲ་དཀར་དང་གཉེར་མའི་རྟགས་ཐམ་བརྒྱབས་ནས། འབྱུང་བཞི་རྒུད་པར་བྱེད་པའི་རྒ་བའི་ཆད་ལས་དྲག་པོས་ཚར་བཅད་སོང་། ཡང་ཡ་རབས་དམ་པའི་སྐྱེ་བོ་མང་པོ་ཞིག་འདིས་བདེ་ནས་བདེ་བར་བགྲོད་པའི་ལམ་དུ་བསྐྱལ་བ་དང་། དེ་དག་གི་ཞལ་གྱི་བདུད་རྩི་མངར་པོའི་ལེགས་སྐྱེས་མང་པོ་ཞིག་རང་རེ་ཕྱི་རབས་པ་རྣམས་ལ་འགྲེམས་ཀྱིན་ཡོད། ལོ་རྒྱུས་ནི་མདུན་ཕྱོགས་སུ་བསྐྱོད་བཞིན་ཡོད་ལ། དེར་བསྟུན་ཁྱེད་ཅག་གི་ལང་ཚོ་ཡང་རིམ་གྱིས་དར་ལ་བབས་པར་འགྱུར་བས་ཇི་སྲིད་ཀྱི་བར་དུ་སང་ཉིན་ལ་ཟད་པ་མེད་ཅིང་། དེ་རིང་གི་ཉི་མ་སླར་ལོག་མི་སྲིད་པས། ལ་འུར་མགོ་ལ་མེ་ཤོར་ལྟ་བུའི་བརྩོན་པ་བརྒྱ་འགྱུར་བསྐྱེད་དེ་གནས་ལྔ་རིག་པའི་ཡོན་ཏན་སྦྱང་པ་གལ་ཆེ་ཞིང་སོ་སོའི་གཤིས་རྒྱུད་བཟང་པོར་འཆོས་པ་བརྗེད་མི་རུང་། བཟང་པོའི་གྲོགས་དང་བླ་མར་བསྟེན་ན་རང་ཉིད་བཟང་པོར་འགྱུར་བ་དང་། དེ་བཞིན་ངན་པར་བསྟེན་ན་རི་ལུང་གཟར་མོའི་ཆུ་རྒྱུན་བཞིན་ཐུར་དུ་ཕྱོགས་པ་གདོན་མི་ཟ་བས་རང་གིས་རང་ཉིད་གཅུན་པ་རང་དྲིན་རང་ལ་ཆེ་བའི་མན་ངག་ཡིན། ཤེས་བྱ་ནམ་མཁའི་གཟའ་སྐར་ལྟར་ཟད་པ་མེད་ཀྱང་། གང་ཞིག་གཅེས་པ་དེ་ཉིད་ཐོག་མར་བཟུང་ནས་ཆུ་ཐིགས་བསག་པས་རྒྱ་མཚོར་འགྱུར་བ་ལྟར་རིམ་གྱིས་སྦྱང་ན་ཤེས་བྱ་ཡིན་པའི་སྟབས་ཀྱིས་མི་ཤེས་པ་མེད། སོས་དལ་སྒྱིད་ལུག་གིས་རྣམ་གཡེང་གི་དགྲ་བོའི་དབང་དུ་ཤོར་ན། ལོ་བརྒྱ་སོང་ཡང་སྦྱང་འབྲས་བཟང་པོའི་སྐྱེད་ཐོན་མི་སྲིད་པས། ནོར་བུའི་གླིང་དུ་ན་མཉམ་འདྲ་བར་བསླེབས་ནས། ལག་པ་སྟོང་པར་རང་ཉིད་གཅིག་པུ་ཕྱིར་ལོག་མི་རུང་། མདོར་ན། གནས་སྐབས་རང་ཉིད་ཀྱི་མི་ཚེ་འདིར་སྐྱིད་པོ་ཡོང་བ་དང་། ཚེ་འདིའི་ཕ་མའི་དྲིན་ལན་གསོབ་པ། ད་ལྟའི་མཁན་སློབ་དགེ་བའི་བཤེས་ཀྱི་ཐུགས་རེ་མི་སྟོང་པ། ཡུལ་ཁམས་དང་རེ་ལྟོས་ཅན་ལ་ཕན་ཐོག་པ། རང་ཉིད་གང་ལ་སྐྱེས་པའི་བསྟན་ཆུས་འགྲུབ་པ་བཅས་དང་། མཐར་ཐུག་རང་གཞན་གཉིས་ཕན་གྱི་བྱང་ཆུབ་ཆེན་པོ་སྒྲུབ་པར་འདོད་པ་ཞིག་ཡིན་ཚེ། ངེས་པར་འབྱུང་བའི་སོ་ཐར་གྱི་སྡོམ་པ་ཚུལ་བཞིན་སྲུང་བའི་རྨང་གཞིའི་སྟེང་། སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་ལ་བློ་སྦྱང་ནས། གཞན་ཕན་བྱང་ཆུབ་སེམས་ཀྱི་བསླབ་བྱ་དང་མི་འགལ་བར། རིམ་གྱིས་གསང་སྔགས་དག་སྣང་གི་སྒོར་ཞུགས་ཏེ་བསླབ་པ་གསུམ་གྱི་ཉམས་ལེན་གྱིས་མི་ཚེའི་མཐར་དབྱུང་བ་ནི་ཕ་མེས་དམ་པ་གོང་མ་ཐང་དཀར་རྒོད་པོའི་གཤེགས་ཤུལ་ཡིན་པས། དེ་དག་གི་རྗེས་བསྙེག་པར་ནུས་ན་ཕ་ཤུལ་བུ་ཡིས་ཟིན་པ་ཞེས་བྱ་བ་དེ་ཡིན། ཐོག་མར་ཁྱེད་ཅག་གིས་བླང་དོར་འདོམས་པའི་མཁན་སློབ་ལ་ཕ་མ་ལས་ལྷག་པའི་གུས་བརྩི། ཆོས་ཀྱིས་བསྡུས་པའི་མཆེད་གྲོགས་ལ་སྤུན་ཟླ་ལས་ལྷག་པའི་མཛའ་བརྩེ། དམ་པའི་གཞུང་བཟང་དྲི་མ་མེད་པ་ལ་སྨན་འཆི་སོས་ཀྱི་བདུད་རྩི་ཐོབ་པ་ལས་ལྷག་པའི་དོན་གཉེར་མཛོད་དང་། སྐྱིད་པའི་ཉི་མ་རྗེས་ནས་འཆར་བ་ད་གཟོད་ཁོ་བོས་སྨྲས་པ་བདེན་ནམ་གཟིགས་དང་གསལ་ཞེས། ཁྱེད་འཛིན་གྲྭ་ཐོག་མར་དབུ་ཚུགས་པའི་རྟེན་འབྲེལ་ལེགས་ལམ་དཀར་པོའི་མཚོན་བྱེད་དུ་བཀྲ་ཤིས་པའི་མཛོད་དར་ཉིན་མོ་བདེ་ལེགས་བཅས། དཔལ་གྱི་སེངྒེས་མཚན་པའི་རི་བོའི་ཁོང་སེང་གི་མཚམས་མལ་ཐུན་བར་ནས་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་བྲིས་ཕུལ།།

ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་ངང་ཚུལ།

སྲིད་འདིར་ཆེ་བ་ཚངས་དབང་ལྷ་ཡི་བདེ་འབྱོར་དག་ཀྱང་གཅིག་ཏུ་བརྟན་མིན་གཡོ་ཞིང་འགྱུར་བའི་འདུས་བྱས་ཀྱི།།
རང་མཚང་ཉིད་ལས་སྐྱོ་བས་ཡིད་དབྱུང་ཞི་བསིལ་དམ་ཆོས་ལེགས་གསུང་བཀའ་དང་དགོངས་འགྲེལ་དོན་གྱི་སྙིང་པོའི་བཅུད།།
ངེས་འབྱུང་ལམ་གྱི་སྲོག་ཏུ་འཛིན་མཁས་རྣམ་དག་ཁྲིམས་ཀྱི་བརྟུལ་ཞུགས་ལ་གནས་དྲང་སྲོང་རྗེས་ཞུགས་གང་ཟག་ཆེ།།
འཕྲལ་ཡུན་དགེ་བའི་གཏན་ལེགས་འདུན་མ་དོན་གཉིས་འབྲས་ལྡན་ཐར་དང་ཐམས་ཅད་མཁྱེན་པ་མཆོག་ལ་རིངས་བར་ཕྱོགས།།
ཆགས་སོགས་ཉོན་མོངས་དུག་ཅན་ཚེར་མའི་ཚལ།།
ཞི་བར་མ་གྱུར་དེ་སྲིད་སྡུག་བསྔལ་གྱི།།
ཟུག་རྔུར་བཅས་ཕྱིར་ཆོས་འདུལ་པདྨའི་མཚོར།།
ཞུགས་པའི་སྐྱེས་བུ་ངང་པའི་དེད་དཔོན་བཞིན།།
གསེར་མདོག་བཙོད་དང་གུར་གུམ་མདངས་འཛིན་སྟོན་པས་གནང་བའི་རྣམ་གསུམ་ངུར་སྨྲིག་རྒྱལ་མཚན་མཛེས་པས་ཡོངས་སྤྲས་ཤིང་།།
དྲན་དང་ཤེས་བཞིན་བག་ཡོད་དང་བཅས་སྤྱོད་ལམ་གཙང་ལྡན་འཁྲིལ་བག་ཆགས་པའི་གོམ་སྟབས་དལ་བུས་ས་ཆེན་གནོན།།
བཅུ་གཉིས་སྦྱང་བའི་ཡོན་ཏན་ལ་གནས་ཉིས་བརྒྱ་ལྔ་བཅུའི་ཁྲིམས་ལས་མི་འདའ་དམ་པའི་ཚུལ་དགུའི་བདག་ཉིད་ཅན།།
ཤཱཀྱའི་རྗེས་ཞུགས་ཐུབ་པའི་བསྟན་འཛིན་ས་གསུམ་འགྲོ་བའི་གཙུག་གིས་བཏུད་པའི་ཚོགས་གཉིས་དཔལ་གྱི་ཞིང་སར་བརྗིད།།
འཇིག་རྟེན་རིན་ཆེན་སྤུངས་པས་སྒྱུ་མའི་ལུས།།
བརྒྱན་པའི་བློ་ཆུང་བྱིས་པ་མང་མཐོང་ཡང་།།
བསླབ་གསུམ་ནོར་བུའི་རྒྱན་གྱིས་ཡོངས་སྤུད་པའི།།
ཕུལ་བྱུང་སྡེ་སྣོད་འཛིན་པ་བརྒྱ་ལམ་ཙམ།།
དཀར་གསལ་ཟླ་བ་ཀུན་ནས་རྒྱས་འདྲའི་ཞལ་གྱི་དཀྱིལ་འཁོར་གནག་སྣུམ་དབུ་སྐྲའི་ལན་ཚར་གཡོ་མིན་དབུ་ཟླུམ་མཛེས།།
ཁྲ་ཟིལ་ཐོ་རངས་སྐར་ཆེན་འཛུམ་ལྟའི་སྤྱན་ཟུང་འདོད་ཡོན་གཟུགས་ལ་གཡེང་མིན་དམའ་བའི་ས་ལ་མཉམ་པར་གཟིགས།།
ལྷ་ཡི་རྔར་མཚུངས་ཚངས་དབྱངས་གསུང་ནི་ཅ་ཅོའི་ངག་དང་ནམ་ཡང་མཛའ་མིན་དབྱངས་སྙན་དམ་པའི་ཆོས་སུ་སྒྲོག།
མཆོག་ཏུ་མི་གཡོ་མཁའ་འདྲའི་ཐུགས་ཀྱང་ཀུན་ཉོན་རླུང་གིས་རྟག་ཏུ་མི་རྫི་བྱང་ཆུབ་སེམས་དང་ཏིང་འཛིན་བརྟན།།
ཉི་ཟླ་བྱེ་བའི་དཔལ་གྱིས་མཚོན་མིན་ཞིང་།།
གཏེར་དང་ནོར་བུའི་མཛོད་ཀྱིས་བསྒྲུན་མིན་པའི།།
ཞི་དུལ་ལྟ་ན་སྡུག་པའི་གཟུགས་འཆང་བ།།
འཕགས་ནོར་བདུན་གྱིས་མཛེས་བྱས་སྲིད་འདིར་རྨད།།
ཟོག་པོ་ཁྲམ་རྐྱལ་གཡོ་སྒྱུའི་མཁན་པོ་འཇིག་རྟེན་བསླུ་བྱེད་གྲུབ་གཏེར་རྫུན་མའི་ལྟར་སྣང་མིག་གི་བསྐྱེད་རིམ་དང་།།
ཕྱོགས་རེར་ཞེན་པའི་ལྟ་གྲུབ་ཁ་འཛིན་ཆོས་བརྒྱད་ལྷུར་ལེན་ཆགས་སྡང་དྲག་པོའི་ཀུན་དཀྲིས་ཅན་གྱི་བཙུན་པའི་གཟུགས།།
གནས་སྐབས་གཞན་དང་མཐར་ཐུག་རང་བསླུའི་བསྟན་སེལ་ཆོམ་པོ་བདུད་ཀྱི་བཤེས་གཉེན་ལོག་འཚོས་བརྒྱགས་པའི་གཟི་མདངས་ཅན།།
སྙིགས་མའི་རང་མཚང་ཕྱི་རུ་ཤར་བའི་ལྟས་དག་མཐོང་ནས་དང་བའི་སེམས་པ་ཚངས་སྤྱོད་དུལ་བ་ཁྱེད་ལ་ཤོར།།
གང་གཱའི་ཀླུང་གི་རྡུལ་མཉམ་བསྐལ་པ་རུ།།
རྒྱལ་དང་སྲས་རྣམས་བསྙེན་པའི་དགེ་ལས་ཀྱང་།།
བདེ་གཤེགས་བསྟན་ལ་བསླབ་པ་གཅིག་འཛིན་པའི།།
བསོད་ནམས་དུས་འདིར་འཕགས་ཞེས་རྒྱལ་བས་གསུངས།།
དེ་སླད་ཐུབ་པ་མཆོག་གི་བསྟན་པ་ཕྱི་ཡི་མཁར་དང་མངའ་ཐང་གིས་མིན་འདུ་འཛིའི་འཁོར་གྱིས་དེ་བས་མིན།།
ནང་དུ་འདིར་སྣང་བདེ་ལ་ཞེན་པའི་སྟོབས་འབྱོར་གྱིས་མིན་ཆེ་དགུས་འདུད་པའི་སྙན་གྲགས་བཀུར་སྟིའི་ལ་རྒྱས་མིན།།
ཚུལ་གནས་ཐོས་དང་བསམ་སྒོམ་སྟོབས་ཀྱི་ཤེས་རབ་ཆེ་དང་གཞན་ཕན་དག་པས་དེ་ལ་རི་མོར་བགྱིད་པའི་ཕྱིར།།
ཚངས་སྤྱོད་དགེ་སྦྱོང་གཞོན་ནུའི་གཟུགས་བརྙན་ཡི་གེའི་ལམ་ནས་རི་མོར་བྲིས་འདིས་དེར་མོས་ཀུན་ཀྱང་དེ་འདྲར་ཤོག།
ཅེས་ཤར་མི་ཉག་པ་ཉན་ཤུལ་མཁན་པོ་མདོ་སྡེ་མཆོག་གི་ངོར་དུས་དེབ་ཅིག་གི་དགོས་མཁོར་༡༩༨༨ལོར་རྫོགས་ཆེན་ནས་པདྨའི་མིང་ཅན་དེས་བྲིས།།

ཟུངས་ཁྲག་དྲོན་པོས་རི་མོར་བཀོད་པ་རྗེས་དྲན་མངོན་རྟོགས་ཀྱི་སྣང་བརྙན།

སྲིད་པར་གནས་ཀུན་བདེ་ལ་ཡིད་ཆགས་པས།།
སྲིད་པའི་འཁྲུལ་སྣང་གྱ་གྱུའི་རྨི་ལམ་འགྲོས།།
སྐྱིད་སྡུག་སྤེལ་མའི་གདུང་བས་རབ་མནར་བ།།
ཀུན་ཀྱང་གཅེས་པའི་སྲོག་གི་རིམ་གྲོའི་ཆེད།།
ལུས་སྲོག་ཕ་མས་བསྐྱེད་པའི་འབྱུང་བཞིའི་ཁམས།།
ཤིན་ཏུ་དར་བ་ལང་ཚོའི་བཀྲག་འབར་བའི།།
སྙིང་གི་ཟུངས་ཁྲག་དྲོན་པོས་བསྟན་པའི་སྲོག
གསོ་བའི་སྐལ་བཟང་དགའ་བ་མངོན་དུ་བྱས།།
གང་ཚེ་ཐོག་མེད་དུས་རིང་བགྲང་ཡས་པར།།
སྣ་ཚོགས་འཁྲུལ་བའི་ལུས་སྣང་མང་བརྗེས་ཀྱང་།།
རྒྱལ་བསྟན་གསོ་བའི་ཟུངས་སུ་ལེགས་བསྟབས་པའི།།
རྟེན་བཟང་རྙེད་པ་བརྒྱ་ལམ་རེས་འགའ་ཙམ།།
དེ་ཡང་བྱང་ཕྱོགས་བསིལ་ལྡན་གངས་ལྗོངས་སུ།།
རྒྱལ་བསྟན་དར་བའི་ཕྱི་མོ་སྔ་འགྱུར་པ།།
དེ་ཡི་ལུང་རྟོགས་བསྟན་པའི་བསྟི་གནས་ཆེ།།
རྫོགས་ཆེན་པ་ཞེས་གྲགས་པའི་བ་དན་མཐོ།།
འོན་ཀྱང་རྒྱལ་བསྟན་ཉིན་བྱེད་དབང་རིར་ཕྱོགས།།
དེ་འཛིན་མཁས་གྲུབ་ཚོགས་ཀྱང་དགུང་དུ་ཡལ།།
ཡ་རབས་སྐྱེ་བོའི་བློ་མིག་ཉམས་གྱུར་ཅིང་།།
རྒུད་པའི་འཐོར་རླུང་མ་བོས་མགྲོན་དུ་ཕྱོགས།།
དེ་ཚེ་ལས་རླུང་ཤར་གྱི་རི་བོའི་རྩེར།།
སྙིང་སྟོབས་མཁའ་ལ་འཕུར་བའི་རྩལ་ཤུགས་ཅན།།
ལྷག་བསམ་ཆ་ཡི་དཀྱིལ་འཁོར་ཡོངས་རྫོགས་པའི།།
ཉ་གང་དུང་ཟླ་དཀར་ཆུང་ཁོ་བོ་ཙམ།།
ལན་གཅིག་ཙམ་དུ་མ་ཡིན་ཚེ་རབས་འགར།།
འབྲེལ་བའི་མེ་ཏོག་ཕོག་པ་འཇིགས་བྲལ་ཞབས།།
གང་མཚན་ཟེགས་མའི་ཆ་ཤས་ཙམ་ཕྱིར་ཡང་།།
བརྣག་དཀའི་ཚོར་བ་རྩུབ་མོ་དང་དུ་བླངས།།
ངམ་ནག་བྲག་རིའི་གྲིབ་མ་སྟུག་པོས་བྱང་རླུང་འདྲེན་པའི་དབལ་ཚ་ཞིང་།།
གྲོག་རོང་ཕྲ་མོའི་ཡ་ངའི་ལམ་སྣེར་འཇིགས་རུང་འཆི་བདག་རྐན་སྒྲ་རྡེབ།།
ནད་མེད་ཟོ་བཟང་ཁོ་ལག་རབ་རྒྱས་ལྷ་ཡུལ་ལྷ་ལ་འགྲན་པའི་ལུས།།
སྐད་ཅིག་མི་བརྟན་གཤིན་རྗེའི་འཕྲང་སྒོར་ཤི་གསོན་གྱེས་པའི་མཚམས་ལ་ཕྱིན།།
མདུན་ནས་གློག་ལྟར་མྱུར་བའི་འཆི་བདག་རྩལ།།
ཉམ་ཆུང་སྲོག་ལ་རྒོལ་བའི་དྲག་ཤུགས་ཀྱིས།།
དབང་མེད་དྲན་པའི་ཚོར་བ་ཉམས་བྱས་ཏེ།།
མུན་ནག་འཇིག་རྟེན་ཕྱི་མའི་གྲོང་སྒོར་བསྐྱལ།།
མཁྲང་ཞིང་རྒྱས་པའི་ལུས་ཀྱི་ཡན་ལག་འདམ་བུའི་ཉག་མ་ཇི་བཞིན་བཅོམ།།
གདོང་དང་ལུས་ཀྱི་རྨ་ཁ་དག་ལས་ཁྲག་རྒྱུན་དྲོན་པོ་ཆུ་ལྟར་བཞུར།།
ཤིན་ཏུ་ཉག་ཕྲའི་དབུགས་ཀྱི་རྒྱུ་བ་འཕར་རྩ་དང་འགྲོག་རབ་ཞན་པའི།།
བཟོད་དཀའི་ཚོར་བ་དྲག་པོའི་ཤུགས་ཀྱིས་རེ་ཞིག་སེམས་མེད་བརྒྱལ་བར་གྱུར།།
ལྷག་བློ་གཅིག་ཏུ་དཀར་བའི་བདེན་མཐུ་དང་།།
ལྷ་དང་བླ་མས་བསྲུངས་པའི་ནུས་སྟོབས་ཀྱིས།།
སླར་ཡང་དབུགས་ཀྱི་རྒྱུ་བ་དང་པོ་ཞིག།
ཚེ་སྲོག་གསར་པའི་ལུས་ཀྱི་བཅུད་དུ་བྱུང་།།
ཁོར་ཡུག་གཤིན་རྗེའི་མདུན་ས་ཇི་བཞིན་ཁྲག་གི་མཚོ་མོ་འཁྱིལ་གྱུར་ཅིང་།།
ལུས་ལ་ཙནྡན་དམར་པོས་བྱུགས་བཞིན་ཁྲག་གིས་སྦགས་པའི་ཟུངས་ཉམས་པས།།
ལྡང་བའི་སྐབས་བྲལ་སྟོབས་མེད་ཉམ་ཆུང་ཟུག་རྔུའི་འཁུན་སྒྲ་བར་མེད་སྒྲོག། ལམ་མགྲོན་ཟླ་ཡི་གྲོགས་པོ་དག་ཀྱང་མ་བཟོད་མཆི་མའི་ཆར་རྒྱུན་འཐོར།།
དེར་ནི་སྟོན་ཀའི་རླུང་གིས་བདས་པ་ཡི།།
བྲུལ་བའི་ཤིང་ལོ་ས་ན་གཡོ་བ་ཡིས།།
མྱ་ངན་ཉམ་ཐག་གདུང་བའི་ཡུས་དང་བཅས།།
མཉམ་དུ་འགྲེ་ཞིང་ལྡོག་པའི་ངང་ཚུལ་སྟོན།།
ཁེར་སྐྱེས་རྩྭ་ཡི་འཇག་མའི་བཤུག་གླུ་དང་།།
སྤྱང་ཐང་དར་མའི་ཤ་ཡི་ངུ་ཟུག་གཉིས།།
དྲག་བཞུར་ཆུ་བོའི་རླབས་ཀྱི་ངར་སྒྲ་བཅས།།
དུས་གཅིག་ཉམ་ཐག་སྙིང་གི་ན་ཚར་སྨིན།།
གྲི་ཡིས་གཤགས་ཤིང་གཟོང་གིས་རབ་འབིག་སོག་ལེས་དྲས་དང་ལྕགས་ཀྱིས་དཔྱངས།།
དུམ་བུར་བཅག་ཅིང་ཕྱེ་མར་འཐག་པའི་གསོན་པོའི་རུས་པ་མཛེར་མས་བཏབ།།
རལ་བའི་རྨ་ཁ་ཁབ་ཀྱིས་བཙེམས་སོགས་ཤིན་ཏུ་བཟོད་དཀའ་དྲག་པོའི་དཔྱད།།
ཉམས་སུ་མྱངས་ལས་ཇི་ཞིག་ལྟར་སྟེས་ད་ལྟའི་མི་ལུས་ཕྱེད་པོ་བྱུང་།།
སྐྱེ་བ་གཅིག་ལ་འཆི་བ་ལན་གཉིས་ལན་མང་གཤགས་ཤིང་གཏུབ་པའི་དཔྱད།།
ཡིད་དུ་མི་འོང་ཚོར་བས་གཟིར་ཡང་རང་དོན་ཆ་ཙམ་མ་འདྲེས་པའི།།
ལྷག་བསམ་གཙང་མའི་སྙིང་སྟོབས་བརྒྱ་འགྱུར་སྲོག་གི་ཀ་བ་བརྟན་པོ་བཅས།།
མདུན་དུ་འཕྱོ་བའི་སྙིང་གི་རླབས་དྲག་དགུང་སྔོན་སྤྲིན་པའི་རྗེས་སུ་བསྙེགས།།
མཐའ་ལམ་གཟར་མོ་བྲག་རིའི་ཐེམ་སྐས་ཅན།།
མི་སྲུན་སྐྱེ་བོ་ལམ་འཕྲང་མེལ་ཚེ་བ།།
ཉམ་ངའི་ཚ་གདུང་དུག་ཅན་ཁ་ཟས་སོགས།།
ངལ་བརྒྱས་བརྒལ་ནས་འཕགས་པའི་ཡུལ་དུ་བརྟོལ།།
གཡང་ས་ཅན་གྱི་ནགས་ལམ་ཀྱོག་པོ་དང་།།
འཇིགས་ཅན་རི་ལ་རྐང་འགྲོས་བཀོད་པའི་ཚེ།།
རིན་ཐང་ནོར་གྱིས་བསྒྲུན་མིན་སྔ་མའི་ལུས།།
དྲན་ཚེ་རྒུད་པའི་གོག་བགྲོད་ལྷག་པར་སྐྱོ།།
རྒྱང་སྙན་གཏམ་གྱི་རོ་ལ་རྗེས་ཆགས་བློ་གྲོས་མོག་པོའི་འོལ་ཚོད་དང་།།
ཅོལ་ཆུང་བློ་མིག་འཇུར་བུའི་འཕྲང་ལམ་ཧ་ཅང་སྒྲིན་པོའི་གུ་དོག་བློ།།
གཉིས་མཐར་མ་ལྷུང་གཞུངས་པོའི་བློ་ཡིས་མ་མཐོང་འབྱུང་འགྱུར་ལྟད་མོའི་ཡུལ།།
དཔྱད་གསུམ་ཚད་མའི་སྲང་ལ་འདེགས་བཞིན་མང་པོ་དགའ་བའི་འགྲོས་དང་བསྟུན།།
སྲིད་ན་གཅེས་པའི་སྲོག་དང་རང་གི་ལུས།།
རིན་བྲལ་མི་ཚེའི་འཁོར་ལོའི་ལོ་དང་ཟླ།།
ཇི་སྙེད་བདོག་པའི་དངོས་པོ་ཡོངས་བཏང་ནས།།
བསྟན་སྲོག་དམ་པའི་ནོར་མཆོག་གཅིག་པུར་འདུན།།
བསོད་ནམས་འོ་མའི་མཚོ་ཆེན་མ་སྲུབ་པར།།
དགོས་འདོད་བདེ་འབྱུང་གཙུག་རྒྱན་འབྱུང་མིན་ཡང་།།
བཤེས་མེད་ཡུས་དང་བཅས་པའི་མི་རྣམས་ལ།།
རེ་ཞིག་དགའ་བའི་ངལ་འཚོའི་ཚོར་སྣང་བྱིན།།
སྙིང་གི་དམ་བཅའ་སྙིང་ལ་བརྟན་པའི་མི་འགྱུར་རྡོ་ཡི་རི་མོ་ལ།།
སྣ་ཚོགས་བཀོད་པའི་གཟུགས་བརྙན་འབུམ་བཀྲ་འཇིག་རྟེན་ལས་ཀྱི་རྗེས་འགྲོ་བའི།།
ངོ་མཚར་བཟང་ངན་འཆར་སྣང་མ་འདྲེས་རེ་དོགས་རྗེས་འགྲོ་སྤོས་རྒྱའི་རིས།།
འདི་ན་ཉུང་ངུའི་ཚིག་གིས་མཚོན་མིན་དྲང་པོར་སྲོང་བའི་གནམ་ཐིག་ཙམ།།
ཁྲག་གིས་སྦགས་པའི་བཤུལ་ལམ་ངལ་བ་ཅན།།
བགྲང་བྱའི་ཕྲེང་བ་གསུམ་ཉེའི་དུས་རིང་པོའི།།
སྣང་བརྙན་མངོན་སུམ་གཟུགས་སུ་བཀོད་པ་འདིས།།
ཟོལ་མེད་ལྷག་བསམ་དག་པའི་ཆ་ཤས་མཚོན།།
སྔར་ཞིག་གྲུབ་པའི་དབང་ཕྱུག་འཇིགས་བྲལ་པས།།
གསུང་གིས་དབུགས་ཕྱུང་འདའ་ཁའི་ཞལ་ཆེམས་བསྩལ།།
མི་ཤིགས་ཚེ་ཡི་གོ་ཆ་བདག་ལ་བསྒོས།།
རྟེན་འདིར་དཔོན་སློབ་འགྲོག་པའི་ཞལ་གྱེས་གྱུར།།
བཤེས་བྲལ་ཐང་དུ་འཁྱམས་པའི་དྭ་ཕྲུག་ལ།།
ཐུགས་དགོངས་རྫོགས་པར་བྱེད་པའི་སྟོབས་ཕྲ་ཡང་།།
ཅུང་ཟད་བྱས་པའི་ལག་རྗེས་སྙིམ་པའི་རྡུལ།།
དེ་ཡང་དམ་པའི་བྱིན་བརླབས་མཐུ་རུ་ངེས།།
གཅེས་སྲོག་ཕ་དང་མ་ཡིས་བསྐྱེད་གྱུར་ཅིང་།།
དགེ་སྲོག་དམ་པའི་མགོན་གྱིས་གནང་བ་ཡི།།
སྙིང་ཁྲག་དྭངས་མས་བསྟན་པའི་སྲོག་གསོ་བའི།།
སྐལ་བ་བཟང་པོས་རྟེན་འདི་དོན་ལྡན་བྱས།།
དེ་ཚུལ་ཉུང་ངུའི་ཚིག་གི་གླེང་གཞིའི་མཆིད།།
ཉོག་པོའི་གཏམ་ལ་ཆགས་པའི་ཕྱི་རབས་པར།།
འདས་དོན་མིག་ལ་འཆར་བའི་གཟུགས་ཅན་བཞིན།།
སླར་ཡང་ལྟད་མོའི་ཡུལ་དུ་ངས་འདིར་འབྲི།།
ཤུགས་དྲག་མ་རུང་རྩུབ་མོའི་མཚོན་མདེལ་འོག།
སྣོད་བཅུད་རྒུད་པས་ཕྱོགས་རྣམས་རྨོངས་བྱས་པས།།
ཡི་ཆད་སྐྱེ་བོའི་བློ་མཐུ་ཉམས་གྱུར་ཚེ།།
ལྷག་བསམ་ཁུར་ཆེན་འདེགས་ནུས་སྲིད་མཐའ་ཙམ།།
ཉམ་ཆུང་སྲོག་གི་གོང་ཐང་མི་ཆེ་ཞིང་།།
ཁྲག་དྲོན་ས་ལ་ཕོས་པའི་རིན་ཆུང་ཡང་།།
ཅུང་ཟད་ཐོབ་པའི་དངུལ་དངོས་ཕྲ་མོ་ཡིས།།
ཐོག་མའི་རྨང་བྱས་བསྟན་པའི་ས་བོན་བསྐྲུན།།
རྒྱལ་བསྟན་ཉི་མ་སྔར་ནས་ཆུ་ལྷར་ཕྱོགས།།
ལྗོངས་འདིར་དམ་པའི་སྣང་བས་ཡོངས་སྤངས་བས།།
མུན་པའི་གྲོང་ཁྱེར་རྒུད་པའི་མཐར་སོན་ཚེ།།
སྐྱོ་བའི་ཡི་ཆད་སྙིང་གི་འཁྱག་རོམ་ཉིད།།
ལུགས་ཟུང་ལྟ་བའི་མིག་ལ་རབ་རིབ་ལྡང་།།
ཤེས་བྱར་དཔྱོད་པའི་བློ་གྲོས་འཐོམས་གྱུར་པའི།།
སྲོག་ལྡན་བེམ་པོའི་ངང་ཚུལ་མ་བཟོད་དེ།།
ངས་འདིར་ཐོག་མར་མཁས་པའི་སྙན་པ་གསོས།།
རྙོག་མར་གྱུར་པ་སྙིགས་མའི་གཞན་དབང་གིས།།
རྒུད་པ་རབ་བདོ་བཟང་པོའི་ལོ་རྒྱུས་ཕྲེང་།།
འདས་པའི་ཕྱགས་དར་ཕུང་པོར་སྦས་ཟིན་པས།།
ཡ་རབས་རྐང་རྗེས་རི་མོ་མཐའ་ནས་ཡལ།།
ལ་ལ་བསམ་དཀར་སྨོན་པའི་རྗེས་འགྲོ་ཞིང་།།
འགའ་ཞིག་སྙིང་མེད་གཡོ་བའི་བེམ་པོའི་གཟུགས།།
གཞན་འགའ་རྟགས་ཙམ་བསྟན་པར་འཛིན་མཐོང་ནས།།
ཁོ་བོའི་བློ་ཡིད་ལུང་དང་རྟོགས་པར་ཕྱོགས།།
གང་དག་མཐོན་པོའི་ཁྲི་ལ་དགྱེས་མིན་གྲགས་སྐམ་སྟོང་པར་དེ་བས་མིན།།
མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་མངའ་དམ་པའི་རང་གཤིས་མཚུངས་པ་མེད།།
ཉིན་སྐར་ལས་ཀྱང་ཆེས་ཆེར་དཀོན་པའི་མི་ཡི་ནོར་བུ་རབ་བསྲེལ་ཏེ།།
ཤིན་ཏུ་ཉག་ཕྲའི་བསྟན་སྲོག་གཉིས་པ་བཤད་དང་སྒྲུབ་པའི་ཟུངས་ཀྱིས་མཐུད།།
མདོ་ཁམས་ཤར་ལྷོའི་རུ་དམ་པདྨའི་ཚལ།།
རེ་ཞིག་སྟོང་པའི་སྨག་ལ་ཕྱོགས་གྱུར་ཀྱང་།།
བསྙེང་བ་མེད་པའི་སེངྒེའི་སྒྲ་ཆེན་གྱིས།།
དཔལ་གྱི་སེངྒེའི་རི་བོ་གཉིད་ལས་བསླངས།།
དུས་རིང་རེ་སྨོན་མཐུན་པའི་སྐལ་བཟང་ཁྱུར།།
ཐེག་གསུམ་ཆོས་ཀྱི་དགའ་སྟོན་འགྱེད་པའི་ཕྱིར།།
ཡང་འདིར་གཡས་འཁྱིལ་ཆོས་དུང་དཀར་མོའི་སྒྲས།།
ཁོར་ཡུག་རི་བོའི་ལྗོངས་ཀུན་ཁྱབ་པར་བྱས།།
གྱང་ཧྲུལ་གོག་པོའི་སེར་ཀ་རེ་རེས་འདས་དོན་རི་མོ་མཚོན་བྱེད་ཅིང་།།
ཤིན་ཏུ་སྐྱོ་བའི་འཇག་མའི་བཤུག་གླུས་སྙིང་གི་བསྟན་པ་དཀྲུག་བྱེད་པའི།།
ལོ་རྒྱུས་རྙིང་པའི་ངལ་དུབ་བསལ་ནས་མཛེས་པའི་ལེ་ཚན་གསར་པ་རུ།།
སྐལ་བཟང་བློ་ཡི་དགའ་སྟོན་འགྱེད་ཕྱིར་ངལ་འཚོའི་རྐང་སྟེགས་ངས་འདིར་བཀོད།།
ཕྱོགས་བཞིར་གླིང་བཞི་མཚམས་བརྒྱད་གླིང་ཕྲན་ཏེ།།
བར་མཐོངས་རོལ་མཚོ་འདུ་ཁང་རི་རབ་རྩེར།།
མདོ་སྔགས་ཉི་ཟླ་ཟུང་གི་ལྕོག་མཛེས་པ།།
སྔར་མེད་ཤྲཱི་སེང་ཆོས་གྲྭའི་རྟེན་གཞི་བཙུགས།།
དམར་སེར་དགེ་འདུན་འདུས་པ་སྟོང་ཕྲག་འགས།།
འཆད་རྩོད་རྩོམ་པའི་སྒྲ་ཆེན་སྒྲོག་དང་ལྷན།།
རྒྱལ་བསྟན་ནོར་བུ་སྲི་ཞུའི་རྒྱལ་མཚན་རྩེར།།
མཆོད་པའི་སྙན་པས་ཕྱོགས་རྣམས་འགེངས་པར་བྱས།།
རྒྱལ་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་དཔྱད་གསུམ་དག་པས་གཏན་ལ་ཕབ།།
མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་རྣམ་དཔྱོད་ཧུབ་ཀྱིས་ཉེར་འཐུང་བའི།།
དོན་གྱི་བསྟན་འཛིན་སྟོན་པའི་རྒྱལ་ཚབ་ངུར་སྨྲིག་འཛིན་པའི་ཚོགས་རྒྱས་པས།།
བསྟན་བླ་འཚོང་བའི་དམར་སེར་རྟགས་ཅན་ས་འོག་འབྱུང་པོའི་གནས་སུ་བསྐྲད།།
སྲིད་ན་དཀོན་པ་སྲིད་པའི་མིག་གཅིག་པུ།།
ས་སྟེང་གསེར་ལས་དཀོན་པ་དམ་པའི་གསེར།།
ལྷག་བསམ་དངུལ་ཆུའི་སྦྱོར་བས་ཡོངས་བསྡུས་ཏེ།།
དམ་པའི་ཆོས་ཀྱི་རྔ་ཆེན་ངས་འདིར་བརྡུངས།།
ཇི་ལྟར་པདྨའི་ཚལ་དུ་རྐང་དྲུག་དང་།།
དེ་ཡི་རྫིང་བུར་ངང་མོ་འཁོར་བ་བཞིན།།
ཡ་རབས་བློ་དང་ལྡན་པའི་གཞོན་ནུའི་ཁྱུ།།
མ་བོས་ཕྱོགས་ཀྱི་མགྲོན་པོར་ངང་གིས་འདུས།།
བཤད་དང་སྒྲུབ་པའི་ས་བོན་རེ་རེར་སྙིང་གི་ཟུངས་ཀྱིས་སྲོག་བྱིན་ཅིང་།།
དེ་འཛིན་གཞོན་ནུའི་སྙིང་ཁམས་རེ་རེར་ཁྲག་གིས་བསྐྲུན་པའི་སྟོབས་ཤུགས་བསྣན།།
ནམ་ཡང་ནུབ་མེད་ལག་རྗེས་གསར་པས་བསྟན་དང་འགྲོ་བའི་གསོས་བྱས་པའི།།
དགའ་བ་དང་བཅས་བརྩེ་བའི་འཛུམ་གྱིས་ཕྱི་རབས་གྲོགས་པོར་གྱེས་ཕྱག་ཕུལ།།
ཤ་ཁྲག་ལུས་ཀྱི་སྙིགས་མ་རྡུལ་དུ་དེངས།།
རུས་གོང་དཀར་པོའི་ཚོགས་པ་ཞིག་གྱུར་ཀྱང་།།
ཉམས་པ་མེད་པའི་བསྟན་རྒྱུན་སྲོག་ལྡན་པ།།
སྲིད་འདིར་བསྐྲུན་པའི་དགའ་བ་གང་གིས་མཚོན།།
མི་ལོ་སུམ་ཅུའི་དཀའ་བའི་ལོ་ཟླར་ངལ་བའི་རྐང་རྗེས་ས་འདིར་བཀོད་པའི་ལྷག་བློ་དང་།།
ཟུངས་ཁྲག་དྲོན་པོས་བསྟན་སྲོག་གསོས་པའི་དགའ་བའི་ཡིད་ཀྱི་ཤུགས་དྲག་མེ་ལྕེ་སྟོབས་ལྡན་པ།།
གཉིས་སུ་མ་ཡིན་ལྷན་ཅིག་འདྲེས་པའི་ལོ་རྒྱུས་སྣང་བརྙན་གསོན་པོའི་གཟུགས་འཆང་གཡོ་བ་ཅན།།
མ་མཐོང་འབྱུང་འགྱུར་རིགས་མཐུན་གྲོགས་པོའི་དུང་སེམས་མཚོན་ཕྱིར་ཁྲག་གི་རི་མོར་ཆེད་དུ་བཀོད།།
ཁོ་བོ་པདྨས་མཚན་པའི་སྐལ་བཟང་མིང་།།
མཐའ་ཡས་མི་མཇེད་ཞིང་ན་རབ་གྲགས་པ།།
རེ་རེས་བཤད་སྒྲུབ་པདྨའི་དགའ་ཚལ་གྱིས།།
སྐལ་བཟང་འགྲོ་ལ་དགེ་ལེགས་རྟག་སྦྱིན་ཤོག།
ལེགས་བྱས་བསོད་ནམས་མཁའ་ལ་འཕུར་བའི་ཆུ་འཛིན་སྟུག་པོའི་གྲིབ་བསིལ་ལས།།
ཕན་དང་བདེ་བའི་གྲུ་ཆར་གསར་པ་སྐྱེ་དགུའི་ཞིང་སར་རྟག་དབབ་སྟེ།།
དགེ་བཅུའི་མྱུ་གུའི་སྙིང་པོ་ཅན་གྱི་སྙེ་མ་སྦོམ་པོ་རབ་བརྟས་པར།།
བླ་མེད་སྐུ་བཞིའི་འབྲས་བུ་སྨིན་པས་མཐའ་ཀླས་འགྲོ་ཁམས་རྟག་ཕྱུག་ཤོག།
བདག་ཀྱང་སྲིད་འདིར་སྐྱེ་དགུའི་ཉེར་འཚོར་གྱུར།།
ནམ་ཞིག་ཤ་རུས་ཞིག་པའི་སྙིགས་མ་དང་།།
མིང་ཙམ་གྱིས་ཀྱང་འགྲོ་བའི་རེ་སྐོང་བ།།
འདོད་འབྱུང་ཡིད་བཞིན་ནོར་བུ་ལྟ་བུར་ཤོག།
རྟེན་འདིར་ཅུང་ཟད་བསགས་པའི་རྣམ་དཀར་དང་།།
དུས་གསུམ་བསགས་བྱས་དགེ་རྩ་ཇི་སྙེད་ཀུན།།
ཚེ་འདིའི་ལུས་སྲོག་སྐྱེད་པའི་ཕ་མས་གཙོས།།
མཁའ་མཉམ་ཡིད་ཅན་བདེ་བའི་རྒྱུར་གྱུར་ཅིག།
ནམ་མཁའ་ཇི་སྲིད་དགྲ་གཉེན་བར་མའི་འགྲོའི།།
མགོན་དང་དཔུང་གཉེན་དམ་པར་བདག་གྱུར་ནས།།
ཟུངས་ཁྲག་དྲོན་པོས་བསྟན་པའི་སྲོག་མཐུད་པའི།།
སྐལ་བཟང་ཕྱིས་ཀྱང་ཐོབ་པར་ཡང་ཡང་སྨོན།།
ཞེས་པ་འདི་རབ་རྒྱན་ཆུ་ཕག་ནས་བཟུང་ལོ་གསུམ་འགོར་བའི་ཁྲག་གི་བཤུལ་ལམ་རིང་མོའི་སྣང་བརྙན་དང་། དུས་ངན་བདོ་བའི་ཁོར་ཡུག་གི་མཐུན་རྐྱེན་ཤིན་ཏུ་ཞན་པའི་དུས་སྐབས་སུ་ཉག་ཕྲའི་བསྟན་སྲོག་གསར་པ་མཐུད་པའི་ཚུལ་རང་ཉིད་ཀྱི་ཟུངས་ཁྲག་དྲོན་པོས་ཡི་གེར་བཀོད་དེ། དུས་དེར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་རང་སྤྱིལ་དུ་བཞག་པ་འདྲ་བཤུས་བྱེད་པོ་པདྨ་སྐལ་བཟང་རང་ཉིད་དོ།།

ཉམས་སད་བདེན་པའི་རང་སྒྲ།

འཕགས་ཆེན་མི་ཡི་བརྫུར་ཞུགས་གུ་ཎའི་ཞབས།།
སྐྱབས་མཆོག་གྲུབ་པའི་དབང་ཕྱུག་འཇིགས་བྲལ་པ།།
དབྱེར་མེད་སྙིང་དབུས་རྒྱན་དུ་རྟག་མཆོད་དེ།།
སྣ་ཚོགས་སྐྱོ་གླུ་ཉམས་མཚར་ཚིགས་སུ་སྡེབ།།
འཁོར་བས་བསྡུས་པའི་འཇིག་རྟེན་མི་ཡུལ་འདིར།།
ལས་ཀྱིས་བསྐྱེད་པའི་བདེ་སྡུག་སྣ་ཚོགས་ཀྱང་།།
ཉམ་ཆུང་སྐྱེ་བོར་བཀོད་པའི་ཐོད་པའི་རིས།།
རྟག་ཏུ་གཡང་སར་ཕྱོགས་འདི་ཉམས་མི་དགའ།།
ལྷག་བསམ་དུང་ཟླ་དཀར་པོའི་རང་མདངས་ལས།།
བཅོས་མིན་ལེགས་བྱས་གཟུགས་བརྙན་རྣམ་བཀྲ་ཡང་།།
ཕྲག་དོག་ཅན་ལ་མིག་གི་ཚེར་མ་རུ།།
ཤར་བའི་གདོན་འདིས་སླར་ཡང་དཀྲུག་པར་བྱས།།
དབྱེན་སྦྱོར་ཕྲ་མས་ལྷད་པའི་རྒྱལ་ཁྲིམས་མཐུ།།
ཉམ་ཆུང་སྲོག་ལ་གཟས་པའི་དབལ་ཚ་བ།།
ལྕེ་གཉིས་སྐྱོད་པའི་ཁྲོ་གཏུམ་ཚམ་རྔམ་དང་།།
འགྲོག་པའི་དུག་མདའ་ཉེས་མེད་བུ་ལ་ཉེ།།
རྫུན་པས་བདེན་པ་རྫུན་པར་སྒྱུར་བྱེད་ཅིང་།།
འཁྱོག་པོས་དྲང་པོ་འཁྱོག་ལ་འཆང་བ་ཡི།།
གཡོ་ཅན་སྒྱུ་མའི་རིག་སྔགས་མཁན་པོ་ཡིས།།
མི་མངོན་ལྐོག་གི་མདའ་མོ་བདག་ལ་ཕྱོགས།།
དྲག་པོའི་རྒྱལ་ཁྲིམས་འཆི་བདག་མདུན་གྱི་ས།།
རབ་དམར་ཁྲག་གིས་སྦགས་པའི་གཤིན་ཐང་ཆེར།།
ཉེས་མེད་ཉམ་ཆུང་བཙན་གྱིས་བདས་གྱུར་པ།།
ཕ་གསོད་དགྲ་བོ་ཡིན་ཡང་ཅང་ཕོད་དམ།།
བཅུ་ལོན་བྱིས་པའི་དུས་ནས་ང་ལྔའི་བར།།
ལུས་སྲོག་ཡལ་བར་དོར་བའི་ངལ་བ་བརྒྱས།།
བསྟན་ལ་རི་མོར་བགྱིས་པའི་ཡང་མཐའ་འདིར།།
ཡིད་མཐུན་ཚོགས་པའི་ཁྱུ་ནས་འབྲལ་དགོས་སྐྱོ།།
ལན་གཅིག་རུ་དམ་པདྨའི་ར་བ་རུ།།
རེ་ཞིག་གསེར་གྱི་པདྨའི་མདངས་ནུབ་ཀྱང་།།
ཞུམ་མེད་རྩ་བ་བརྟན་པའི་དགེ་མཚན་གྱིས།།
དག་པའི་རང་མདོག་ཕྱིས་ཤིག་མངོན་ཡང་སྲིད།།
དུས་ཀྱིས་བསྐུལ་བའི་ཁུ་བྱུག་མོན་དུ་ཆས།།
སྟོན་བསེར་རླུང་བུའི་ཁྲོད་དུ་འདབ་ལྡན་ཡལ།།
ནམ་ཞིག་གྲང་བས་སྦྲེབས་གྱུར་ཉམ་ཐག་ཚེ།།
རྗེས་དྲན་ཡིད་ཀྱི་མེ་ལོང་སྐྱོ་བའི་རྒྱུ།།
ནོར་བུ་རང་ལག་ཡོད་པ་འདམ་དུ་དོར།།
བཅོས་མའི་མཆིང་བུ་བསྲེལ་བ་རྨོངས་པའི་ལས།།
རང་མིག་རང་གིས་གཅར་བའི་མུན་འཐོམས་ཁྱུ།།
ནམ་ཞིག་འགྱོད་ཀྱང་དེ་ཚེ་ཅུང་ཟད་འཕྱིས།།
འཇིགས་རུང་ཁྲིམས་ཀྱི་ཁྲི་མུན་བཙན་པོའི་སྒོར།།
ཡང་གཅིག་མ་ཚུད་བླ་མའི་བཀའ་དྲིན་ཏེ།།
དྲང་པོར་དགའ་བའི་གཟུར་གནས་ཡ་རབས་དང་།།
བདག་བློ་བདེན་པའི་མཐུ་ཡི་སྟོབས་ལས་བྱུང་།།
སྤྱུགས་པས་མི་སྐྱོ་རབ་དགའ་ཁོང་ནས་འབྱིན།།
གཤེ་བས་མི་སུན་དམ་བཅའ་སྙིང་ལ་བཀོད།།
དམ་པའི་རྗེས་འགྲོ་བསྟན་པའི་གསོས་གྱུར་ན།།
སུ་མ་མགུ་ཡང་ཞེ་བློ་ནང་ནས་བདེ།།
ཆགས་སྡང་སྒྲོག་ལས་གྲོལ་བའི་བྱ་མ་རྟ།།
རང་དབང་རྒྱལ་ཁམས་ཉུལ་བའི་འཕྱོར་འགྲོས་ཅན།།
རྣམ་དཔྱོད་གཤོག་ཡངས་བརྐྱང་བའི་རྩལ་ཤུགས་ཀྱིས།།
རེ་དོགས་གཡང་སའི་འཕྲང་ལས་རིང་དུ་འཕགས།།
དག་པའི་གསེར་མཆོག་གང་དུ་ཕྱིན་ཀྱང་བྲིན།།
ངང་པ་པདྨའི་མཚོ་ལ་གདམ་ཀ་མེད།།
རྒྱལ་ཁམས་གཞུང་བཟང་མཐུན་པའི་གྲོགས་དབུས་སུ།།
མ་སྨད་གཏན་གྱི་འདུན་མའི་ཡང་རྩེར་བསྙེགས།།
རྒ་བའི་བགྲང་བྱ་རྒུད་པའི་མཐར་ཕྱོགས་ཤིང་།།
སྐྱོན་བྲལ་དབང་པོ་སྐྱོན་གྱིས་ཉམ་ཉེས་ཀྱང་།།
ཞུམ་མེད་སྙིང་སྟོབས་སྙིང་གི་རླབས་དྲག་རྒྱུན།།
བར་སྣང་མཐོན་པོའི་སྤྲིན་བཞིན་མཐོན་པོར་གཡོ།།
ཁྲོས་འཁྲུགས་ཟུག་རྔུས་རང་ཉིད་འཚིག་དང་ལྷན།།
ཕྲག་དོག་མཁྲིས་པའི་ནད་ཀྱིས་རབ་མནར་བ།།
མུན་པའི་བློ་ཅན་རྐང་གཉིས་བྱོལ་སོང་ཁྱུ།།
བསམས་ཤིང་དཔྱད་ཚེ་སྙིང་རྗེ་ཁོ་ནའི་ཡུལ།།
ངས་འདིར་ཚངས་པར་སྤྱོད་པའི་ཚུལ་མནོས་པས།།
གཤེ་ལ་སླར་མི་གཤེ་བའི་བརྟུལ་ཞུགས་ལ།།
གོམས་པའི་མཐུ་ལས་ཕྱི་མའི་དུས་ཀྱི་ཆར།།
བྱམས་པའི་སྟོབས་ཀྱིས་འདི་ཀུན་གདུལ་ནུས་ཤོག།
འགའ་ཞིག་བདག་ལ་སྡང་བས་འཁུ་བྱེད་པ།།
དེ་ཡི་སྡིག་འབྲས་བདག་ལ་སྨིན་གྱུར་ཅིང་།།
བདག་གིས་མ་ཉེས་རྣམ་དཀར་བདེན་པའི་སྟོབས།།
དེ་ཡི་བདེ་དགེ་འཕེལ་བའི་གསོས་སུ་སྨོན།།
འགྲོ་ལ་སྨན་ཞིང་བསྟན་པའི་གསོས་གྱུར་ན།།
བདག་ལུས་ཚལ་བར་བཀས་ཀྱང་མི་འགྱོད་སླར།།
ཁྱོད་ཀུན་བདེ་ཐོབ་སྡིག་པའི་ས་བོན་གྱིས།།
ཁྱོད་ལ་གོས་པར་མ་གྱུར་བདག་གིས་སྨོན།།
འོན་ཀྱང་སྙིང་ལ་ཉལ་བའི་མུན་པའི་རྒྱུས།།
བྲོ་ནད་རྩུབ་མོའི་ཚོར་བ་སླར་བསྐྱེད་པས།།
གཞན་ཕན་ནང་གི་བདུད་རྩི་མ་ཐོབ་པར།།
རེ་ཞིག་ཁྱོད་ལ་རྒྱལ་བའི་མཐུ་ཡང་བརྡུགས།།
དེང་སང་གཞན་འགའ་བཅོས་མའི་གཟུགས་བརྙན་ལ།།
ཆེན་པོའི་མིང་གི་ཐ་སྙད་མངོན་སྒྲོག་ཀྱང་།།
སེངྒེའི་གསོབ་བཞིན་རང་མཚང་འདོན་པ་འདིས།།
བསྟན་པའི་ཆོམ་རྐུན་ང་ཞེས་བསྒྲགས་དང་མཚུངས།།
དམ་པའི་མཚན་གྱི་ནོར་བུ་དོང་དུ་སྦས།།
མི་གཙང་འདམ་རྫབ་རྐྱལ་བ་ཐོད་དུ་བཅིངས།།
བསྟན་པའི་སྲོག་རྩ་འཇོམས་པའི་མ་བོས་གཤེད།།
ཆེན་པོའི་མིང་དང་གོ་སས་རྟག་ཏུ་བསླུས།།
དམ་ཆོས་ཟོང་དུ་འཚོང་བའི་ལོག་འཚོའི་རྫས།།
འཕྱོན་མ་སྒེག་མོར་འབུལ་བའི་གཏོང་ཕོད་ཅན།།
བསྟན་ཞབས་སྡུད་པའི་དམར་སེར་གོས་ཅན་གྱིས།།
ཁྱོད་བསྟན་ཉམས་པར་བྱས་སོ་གྲུབ་པའི་དབང་།།
བདེན་གཏམ་དར་གྱིས་ལྕིབས་ཀྱང་ལོག་པར་འཛིན།།
ངན་གྲོགས་དུག་ཤིང་སྡོང་པོར་རྟག་ཏུ་འཁྲིལ།།
གནོད་པའི་ཁ་རླངས་སྟུག་པོའི་གྲིབ་མ་ཅན།།
ངན་པའི་རང་གཤིས་མཐོང་ཚེ་ལྷག་པར་སྐྱོ།།
རིགས་མཐུན་བླུན་པོའི་དབུས་ན་ཀུ་ཅོ་འབྱིན།།
མི་མཐུན་མཁས་པའི་སྤྱན་སྔར་ཞེ་ནོངས་པའི།།
བླ་དཔོན་ངན་པའི་འབངས་སུ་མཆི་བ་ལས།།
རྫ་བྲག་ལྷུན་པོའི་བ་གམ་བསྙེག་ན་བདེ།།
འོད་དཀར་ཟླ་བས་ལ་མོ་བརྒྱབས་པའི་དུས།།
དགུ་ཚིགས་མུན་པའི་སྐྱོ་གྲོགས་ཀྱིས་སུན་ཏེ།།
སྐྱ་རེངས་སྣང་བའི་རང་ལམ་སྙོག་པ་ཡི།།
ཕྱིས་འདིར་ཉིན་བྱེད་སྣང་བའི་ཟེར་ལ་ཕྱོགས།།
ཐོས་བརྩོན་ཞི་བ་དུལ་བ་ངང་རྒྱུད་བཟང་།།
ཁྲིམས་ལྡན་མཁས་པའི་ཁྱུ་མཆོག་བཟོད་ཅིང་བརྟན།།
རྟག་ཏུ་དམ་པའི་ཚུལ་གནས་མི་འཕྲོག་སྐུ།།
ས་འོག་བཟང་པོའི་གསེར་ལྟར་མཚུངས་པ་མེད།།
བྱམས་ཐུགས་བརྩེ་བ་ཆེན་པོ་མ་བཞིན་དང་།།
མཆོག་གི་སྣང་བ་སྦྱིན་པ་ཉིན་མོར་བྱེད།།
འདོད་དགུ་འབྱུང་བ་དཔག་བསམ་ཤིང་ཆེན་ཏེ།།
ཡིད་བཞིན་ནོར་མཆོག་མི་ཡི་རིན་ཆེན་ཉིད།།
མཐོང་ཐོས་ཐར་ལམ་འགོད་པའི་ས་མཁན་ཏེ།།
འབྲེལ་ཚད་ལོག་པར་མི་ལྟུང་དམ་པའི་མགོན།།
བཀའ་ལུང་རྟགས་ཀྱིས་ཆེ་བའི་མཚན་མ་ཅན།།
མི་མཆོག་སྐྱེ་བོའི་དབུས་ན་ལྷམ་མེར་གསལ།།
ཉིན་བྱེད་མདངས་ཀྱིས་པད་ཚལ་འཛུམ་པ་དང་།།
ཟླ་གཞོན་བདུད་རྩིས་ཀུ་མུད་རྒྱས་བྱེད་ལྟར།།
དམ་པའི་མགོན་བཅས་ཡ་རབས་སྐྱེ་བོའི་ཁྱུ།།
ངང་གིས་འཕེལ་ཞིང་བསོད་ནམས་ཚོགས་རབ་རྒྱས།།
འདས་དོན་ཚིག་གིས་མཚོན་པའི་སོར་མོའི་རྗེས།།
ད་ལྟའི་ལྟད་མོའི་ལམ་དུ་ཆེས་བཀྲ་ཡང་།།
བློ་ཆུང་བློ་ཡི་སྤྱོད་ཡུལ་ལས་འདས་པའི།།
འབྱུང་འགྱུར་བརྡ་ཡི་རི་མོ་ཁོག་ན་གསལ།།
བར་མེད་རྒྱུན་དུ་འཁོར་བའི་དུས་ཀྱི་འགྲོས།།
ལོ་ཟླའི་ཆ་ཡིས་བསགས་པའི་ལེ་ཚན་ལས།།
ངོ་མཚར་གསང་བའི་ཡ་མཚན་འཕྲུལ་གྱི་གར།།
མ་བཙལ་རང་གྲུབ་རྒྱན་དུ་ཤར་ཡང་སྲིད།།
སྲིད་ན་རྙེད་པར་དཀའ་བ་ཨུ་དུམ་ཝར།།
ལན་གཅིག་ལག་ཏུ་ཐོབ་པ་མཆོད་བྱེད་པའི།།
བློ་ལྡན་སྐྱེ་བོའི་ཁྱུ་ཚོགས་དེར་འདུས་ཏེ།།
གྲགས་པའི་དཔལ་ཡང་དེ་ལ་འཁྱུད་པ་བཞིན།།
དེར་ནི་ལས་སྨོན་དངུལ་ཆུའི་སྦྱོར་བ་ཡིས།།
གཅིག་ཏུ་བསྡུས་པའི་རིགས་མཐུན་བཟང་པོའི་གསེར།།
མ་བགྲོས་ལྷན་ཅིག་ཚོགས་པའི་རང་མདོག་དེ།།
རྒྱལ་བསྟན་མཆོད་སྡོང་མཛེས་པའི་རྒྱན་དུ་ཆེ།།
ཀྱེ་མ་རིགས་བརྒྱའི་ཁྱབ་བདག་ཡོན་ཏན་མགོན།།
གཙུག་གི་རྒྱན་མཆོག་ཨོ་རྒྱན་འཇིགས་བྲལ་པ།།
བཀའ་དྲིན་འཁོར་མེད་པདྨ་ནོར་བུའི་ཞབས།།
རྣམ་གསུམ་དྲན་པའི་ཡུས་ཀྱིས་དེང་འདིར་འབོད།།
འདི་ན་འགའ་ཞིག་རྨོངས་པའི་གཞན་དབང་གིས།།
དམུས་ལོང་མུན་པར་ཕྱོགས་པའི་བརྟུལ་ཞུགས་འཛིན།།
གཞན་འགའ་ཕྲག་དོག་མཁྲིས་པའི་ནད་སྐྱོན་གྱིས།།
རང་འདོད་ཕྱོགས་ལྷད་འགལ་བའི་ཆོ་གས་འདའ།།
ལོང་བས་ལོང་བའི་ས་མཁན་ཁྲེལ་བའི་གཞི།།
མགོ་མེད་ལུས་ཀྱི་སྟངས་སྟབས་ཡི་མུག་རྒྱུ།།
རྡོ་ལ་ནོར་བུར་བརྩི་བ་དེ་བས་ནོངས།།
དམ་པས་བཏང་བའི་ས་འདི་བཅུད་དང་བྲལ།།
སྐྱོན་ལྡན་མིག་གིས་གང་སྣང་སྣྲེལ་ཞིར་མཐོང་།།
བློ་ཆུང་བློ་ཡིས་ཕྱི་མའི་མཐའ་མི་དཔོག།
སྤྱོད་ངན་གཡབ་མོས་དུས་ངན་མགྲོན་དུ་འགུག།
བྱུར་ཆེན་དྲངས་པའི་ཀླན་ཀ་གང་དུ་འཚོལ།།
ཤུགས་དྲག་ལོག་པའི་རླུང་གིས་བུས་པ་ཡི།།
གདུང་བའི་མེ་ཆེན་གཞིལ་བའི་སྐབས་ཕྲ་ན།།
མགོན་ཁྱེད་ཐུགས་རྗེའི་ཆུ་འཛིན་སྟུག་པོ་ལས།།
བརྩེ་བའི་གྲུ་ཆར་འབེབ་པ་མ་འཕྱིས་སམ།།
ཤར་གྱི་སྤྲིན་ཆུང་དཀར་མོས་ཚད་འཛིན་པའི།།
ངོ་མཚར་མཚལ་ཡིག་གསང་བའི་བཀའ་རྟགས་རྒྱ།།
སྙིང་གི་གྭའུར་བཀོད་པའི་རེ་ལྟོས་ཅན།།
ད་དུང་ཐུགས་བློས་འདོར་བ་ཅང་ཕོད་དམ།།
ཞལ་ཆེམས་སྙིང་གི་བདུད་རྩིའི་བཅུད་ཆེན་པོ།།
མི་འབྲལ་ཡིད་ཀྱི་དྭངས་མར་ཉེར་བཟུང་ནས།།
ཞུམ་མེད་བློ་གྲོས་ཡངས་པོའི་ཤུགས་འཆང་བའི།།
མ་བཅོས་གོམ་སྟབས་བརྟན་པོར་ཉམ་མི་ང་།།
འབྱོར་ཅན་བླུན་པོའི་དྲེགས་པའི་འགྱིང་འགྲོས་དང་།།
མི་སྲུན་གཏུམ་པོའི་རྩུབ་སྤྱོད་སྟག་གི་མཆེ།།
མ་རུང་ཕྲ་མའི་སྒྱུ་ཐབས་མཁན་པོ་བཅས།།
ཀུན་ཐུབ་དམ་བཅའི་ཕ་ཝང་མཆོག་ཏུ་བརྟན།།
ཅོལ་ཆུང་བྱིས་པའི་བློ་ཡི་ཆུ་སྣ་དང་།།
རྙིང་ཞེན་རྨོངས་པའི་ཨུ་ཚུགས་ལོག་ལམ་ལས།།
རིང་དུ་འདས་པའི་རང་གཤིས་གྱོང་པོའི་འགྲོས།།
རང་དབང་བདེ་བའི་ཐང་ན་གཅིག་པུར་རྒྱུ།།
བསླུ་མཁས་རང་འདོད་ཅན་གྱི་དཔོན་མ་བླ།།
ལྕེ་གཉིས་གར་སྟབས་སྐྱོད་པའི་གཡོག་མ་གྲྭ།།
ནང་རུལ་ཨོ་རྫོབ་ཅན་གྱི་དགོན་མ་ཁྱིམ།།
གཏན་དུ་སྤངས་ནས་རྒྱལ་ཁམས་ཉུལ་བ་སྐྱིད།།
བདག་བློ་རྩེ་གཅིག་གཏོད་པའི་སྐྱབས་ཁྱེད་གསུམ།།
རིན་ཆེན་གསུམ་གྱི་ངོ་བོར་གུས་བསྙེན་ན།།
མི་འབྲལ་སྙིང་གི་དབུས་སུ་རྟག་བཞུགས་ནས།།
ནང་གི་སྒྲོན་མེ་ཤེས་རབ་མེ་ཆེན་སྦོར།།
ཐེ་ཚོམ་བློ་ཡི་མདུད་པ་རབ་འགྲོལ་ཞིང་།།
མ་ནོར་ལམ་གྱི་འཇུག་ངོགས་བསྟན་དང་བཅས།།
གཞི་དབྱིངས་མི་ཤིགས་དོན་གྱི་རྒྱལ་ས་ཆེར།།
དགོངས་ཀློང་དབྱེར་མེད་རང་ཞལ་མཇལ་དུ་ཆུག།
ནམ་མཁའ་ཇི་སྲིད་འཁོར་བ་མ་སྟོང་བར།།
འབྲལ་མེད་གདུལ་བྱའི་དཔལ་དུ་ཡོངས་ཤར་ནས།།
སྣ་ཚོགས་གཟུགས་ཀྱིས་འགྲོ་ཁམས་རྒྱ་མཚོའི་རྡུལ།།
ཉག་གཅིག་ཐིག་ལེའི་གོང་བུར་བཟླུམ་གྱུར་ཅིག།
ཅེས་མི་ཚེའི་བགྲོད་ལམ་གྱི་འཕྲང་འགག་ཕྲ་མོའི་གྲས་ལས་ཕྱི་ཡུལ་ཕྲག་དོག་དུག་མུན་གྱི་འཚུབ་མ་གཉིས་པ་ལྡང་བའི་སྐབས་ཏེ། རབ་གནས་མེ་ཁམས་བྱི་གླང་དུས་མཚམས་ཀྱི་གཡོ་འགུལ་འཕོ་འགྱུར་སྐབས་རྡོ་ར་དཀར་མོ་གསང་བའི་གནས་ཆེན་གྱི་མདུན་ཐང་ཡངས་པོའི་ནེའུ་གསིང་གི་ཐོད་དེར། སྤྲིན་ཆར་ཟིམ་བུའི་ཁྲོད་ཀྱི་མཁའ་དབྱིངས་ནས་ཟླ་བྲལ་ངང་མོ་ཞིག་གི་དབྱངས་སྙན་སྐྱོ་གླུའི་མགྲིན་གླུ་སྒྲོག་པ་མཐོང་ཐོས་ཀྱི་རྐྱེན་ལས་གནས་དེ་ནས་འབྲི་འགོ་བརྩམས་ཏེ་ཕྱིས་ཤིག་ལྷ་ལྡན་ཆོས་ཀྱི་ཞིང་ཁམས་ཀྱི་ནོར་གླིང་ཕོ་བྲང་ཆེན་པོའི་ཉེ་ཞོལ་སེངྒེ་གནམ་མཆོངས་དཔལ་གྱི་རི་བོའི་འགྱིང་ཁུག་གི་རང་སྤྱིལ་དགའ་ཚལ་ནས་མཐར་དབྱུང་བ་རྒྱལ་ཁམས་པ་པདྨའི་མིང་ཅན་དེས་སོ།།

ཀ་རྩོམ་ཀ་ལིའི་རང་སྒྲ།

ཀ་མད་སུམ་ཅུའི་གསལ་བྱེད་ཡིག་ཚོགས་ཕྲེང་།།
ཁ་བ་རི་བའི་རྗོད་འདོད་ངག་གི་སྒྲོས།།
ག་ལེར་དཔྱད་ན་ཞིབ་མོའི་རྣམ་དབྱེ་ཅན།།
ང་རོ་དབྱངས་དང་ལྡན་པའི་འདོག་འཕུལ་མཛེས།།
ཅ་ཅོའི་ཅོལ་གཏམ་མ་ཡིན་བོད་མིའི་སྐད།།
ཆ་ལུགས་ཆོས་དང་མཐུན་པའི་ངག་ལ་མཛའ།།
ཇ་ཆང་མགྲོན་ལ་འབུལ་བའི་ཞེ་སར་བཅས།།
ཉ་མོ་ཆབ་ལ་ཇི་བཞིན་འཇུག་པ་མྱུར།།
ཏ་ལ་ར་མགོ་སྦྱར་བའི་རྟོག་གེ་བ།།
ཐ་སྙད་ཚིག་ལ་འཆེལ་བའི་སྒོམ་ཆེན་ཚོགས།།
ད་དུང་མགོ་བོ་འཁོར་བའི་ཡིག་རྨོངས་ཁྱུས།།
ན་མ་རེ་བཞིན་ང་ཡི་ཚིག་དོན་སོམས།།
པ་བ་ཡབ་ཀྱིས་མ་ཤེས་རིག་པའི་གནས།།
ཕ་རོལ་གྲོགས་ཀྱིས་མ་བསླབ་ཡ་རབས་སྤྱོད།།
བ་ལང་ཕྱུགས་ཀྱི་ཟླ་བོས་རྙེད་མིན་པའི།།
མ་རིག་མུན་པའི་གསལ་སྒྲོན་ང་ཡིས་བྱེད།།
ཙ་ཙིག་བྱ་བའི་འཕྲོ་ལ་ཟད་དུས་མེད།།
ཚ་གྲང་དུཿཁར་འཕྱན་ན་ཤིན་ཏུ་ངལ།།
ཛ་བྷྱོ་ཕཊ་སྒྲ་གཅིག་པུས་དགྲ་མི་ཐུལ།།
ཝ་སྐྱེས་གཙུག་ཏུ་བཀུར་བ་དེ་བས་ནོངས།།
ཞ་རའི་གཡག་འདྲོག་མ་བྱེད་ཞིབ་པར་སོམས།།
ཟ་འཐུང་དུད་འགྲོ་ཡིན་ཡང་ཞོར་ལ་འབྱུང་།།
འ་འུར་ངང་དུ་དུས་ཚོད་མི་འཛད་པར།།
ཡ་རབས་དམ་པའི་ལམ་དུ་ང་རྗེས་སྙོགས།།
ར་བ་གངས་རི་ཅན་གྱི་མགོ་ནག་ཁྱུའི།།
ལ་ཐོད་དཀར་པོ་བཅིངས་བའི་ཡང་མེས་དང་།།
ཤ་ནས་ཆད་པའི་ཕྱི་རབས་ཚ་རྒྱུད་ཚོའི།།
ས་སྟེང་སྙན་གྲགས་ཡི་གེ་ང་ཡིས་སྲུང་།།
ཧ་གོ་དོན་མ་རྟོགས་པའི་ཐེ་ཚོམ་དང་།།
ཨ་གསར་ཐང་ལྷོད་ཅན་གྱི་རིགས་མཐུན་འགར།།
ཧ་ཧེའི་རྩེད་ཞོར་སྨྲས་པའི་འཕྲིན་ཐུང་འདི།།
ཨ་མཚར་ཡི་གེའི་རང་སྒྲའི་ཟོལ་དུ་བྲིས།།

ཀ་རྩོམ་ལུགས་ལྡོག་དབྱངས་ལྡན་དགའ་བའི་རོལ་མོ་ཞེས་བྱ་བ།

ཨ་ལ་ལ་ཞེས་དགའ་བའི་དབྱངས་སྙན་དང་།།
ཧ་ཧེའི་དགོད་སྒྲ་ལྡན་པའི་འཛུམ་བག་བཅས།།
ས་སྟེང་འཁོད་པའི་རང་རིགས་སྤུན་གྲོགས་ཚོར།།
ཤ་ཚ་ལྷག་བསམ་ལྡན་པའི་མཆིད་འདི་གསོལ།།
ལ་ལ་ལོག་ལྟ་ཅན་གྱི་རིགས་འདི་འགའ།།
ར་རིལ་འཁོར་གྱི་དབུས་སུ་བཀུར་བྱས་ཀྱང་།།
ཡ་རབས་སྐྱེ་བོའི་དབུ་འཕང་སྨད་སྲིད་པས།།
འ་འུར་རྟོག་དཔྱོད་གཏམ་གྱིས་རྣ་བ་གཟན།།
ཟ་འོག་དར་སྣའི་ལོག་འཚོའི་རྫས་ཀྱིས་འབྱོར།།
ཞ་ཞི་བྱིས་པ་བསླུ་བའི་ཐབས་མཁས་ཅན།།
ཝ་སྐྱེས་སེངྒེར་བརྫུས་པ་མང་བས་ན།།
ཛ་དྲག་ཆེ་ཡང་བབ་བརླིང་བརྟན་པ་གལ།།
ཚ་གྲང་ཁྱད་བསད་བསྙེན་སྒྲུབ་མ་ལོངས་བར།།
ཙ་ཀ་ལི་དང་ཕྱག་གི་དབང་བསྐུར་གྱིས།།
མ་རྒན་འགྲོ་བའི་མགོ་བོ་རྨོངས་བྱས་ན།།
བ་ལྟར་བླུན་པའི་སུག་རྗེས་སུ་ལ་སྦེད།།
ཕ་རོལ་བསྟན་པའི་དགྲ་བོ་ཕྱི་ན་མེད།།
པ་བ་ཨ་མ་བུ་ཚར་ལྷག་བརྩེ་བས།།
ན་རཀ་དམྱལ་བར་སྐྱེ་བའི་རྒྱུ་འགོག་ན།།
ད་ལྟ་རང་གི་རིགས་རྒྱུད་བྱི་དོར་གཟོབས།།
ཐ་སྙད་རིག་པའི་གནས་རྣམས་ཐོགས་མེད་བསླབ།།
ཏ་ཐཱ་ག་ཏའི་དགོངས་དོན་ཚུལ་བཞིན་རྟོགས།།
ཉ་མོ་མཚོ་ལ་ཇི་བཞིན་འཇུག་པ་བདེ།།
ཇ་ཆང་འདོད་ཡོན་ཞེན་པ་ཆུང་དེ་ལྷག།
ཆ་ལུགས་ཆོས་དང་མཐུན་པའི་མིག་ལྟོས་འཛིན།།
ཅ་ག་རིན་ཆེན་རྒྱུ་ནོར་གཏོང་ལ་དགྱེས།།
ང་ཁྱོད་ཕྱོགས་དང་རིས་བྲལ་འགྲོ་བའི་མགོན།།
ག་རུ་བཞུགས་ཀྱང་དམ་ཆོས་ཉི་མ་གསལ།།
ཁ་བ་རི་བའི་རྒྱན་མཆོག་མིའི་ནོར་བུ།།
ཀ་དག་གདོད་མའི་རྒྱལ་སར་དབང་འབྱོར་ཚེ།།
ཨོ་ཌི་ཡ་ནའི་སློབ་དཔོན་ཆེན་པོས་ཀྱང་།།
ཨེ་མ་ཧོ་ཞེས་ངོ་མཚར་དབྱངས་སྙན་བསྩལ།།
ཨུ་རྒྱན་དྷུ་མ་ཐ་ལའི་གྲོང་ཁྱེར་གྱི།།
ཨི་ཐིའི་རྒྱ་དང་ལྡན་པའི་གཏམ་མིན་ཡང་།།
ཨ་ཕྲེང་བསྟར་ལ་བརྒྱུས་པའི་ཚིག་གི་ཚོགས།།
ཨ་ཡིག་ཐ་མའི་སྐྱེ་མེད་དབྱིངས་སུ་བསྡུས།།
དུས་རབས་ཉེར་གཅིག་པ་གསར་ཚེས་ཀྱི་ཟླ་བ་དང་པོར་པེ་ཅིང་ནས་པདྨ་སྐལ་བཟང་གིས་བྲིས།།

ཀ་རྩོམ་མུན་སེལ་སྒྲོན་མེ།

ཀ་བ་གཡུ་འབྲུག་རིས་ཀྱི་ཁང་བཟང་གི་དབུས་ན༎
ཁ་དོག་འཇའ་འོད་འཁྲུགས་པའི་ཟློས་གར་གྱི་བྲོ་རར༎
ག་ལེར་འགྱིང་ཉམས་སྟོན་པའི་ལྕམ་དྲལ་གྱི་ན་གཞོན༎
ང་ཡི་གྲོགས་པོ་རིགས་མཐུན་གདུང་དྲུག་གི་ཕུ་ནུ༎
ཅ་ཅོ་རྣ་བར་གཟན་པའི་སྒྲ་དབྱངས་དང་འགྲོག་པའི༎
ཆ་བྱད་སྤྲེལ་མ་མི་ཡི་པྲ་ཚག་གི་ཆས་གོས༎
ཇ་ལ་དམར་པོ་བཅིངས་བའི་རང་རིགས་ལ་མི་མཛའ༎
ཉ་ཉོག་གཏམ་གྱིས་རང་མཚང་ཕྱི་རོལ་དུ་འདོན་ཡོང་༎
ཏ་རེ་སྒྲོལ་མའི་ཞལ་འདོན་ངག་སྒོ་ལ་མེད་ཀྱང་༎
ཐ་མག་དུག་རྫས་འགྲེམ་པའི་ངན་སློབ་ཀྱི་གདོན་འདྲེས༎
ད་ལྟ་ཕལ་ཆེར་ཆང་རག་རྒྱན་པོ་ཡི་ཞོར་དུ༎
ན་ཚོད་གཞོན་པའི་གཅེས་སྲོག་འཕྲོག་པ་འདིར་གཟོབས་མཛོད༎
པ་བ་ཨ་མའི་བློ་གཏད་སྙིང་སྡུག་གི་གཅེན་གཅུང་༎
ཕ་མྱེས་སྤྲེལ་རྒན་རྒྱལ་པོའི་གདུང་རིགས་ཀྱི་རྒྱུད་འཛིན༎
བ་ལང་ཕྱུགས་ལྟར་བླུན་པའི་སྲོལ་ངན་འདི་སྤོངས་ལ༎
མ་རིག་རྨོངས་པ་སེལ་བའི་ཤེས་རབ་ཅིག་བསྟེན་རན༎
ཙ་ར་ཅུང་ཟད་འཕྱིས་པའི་ཕ་ནོར་གྱི་རྟེན་གསུམ༎
ཚ་གྲང་ཁྱད་དུ་བསད་པའི་རིགས་གཞུང་གི་བང་མཛོད༎
ཛ་དྲག་ཇི་ཙམ་ཆེ་ཡང་བྲོན་དངུལ་དང་མ་བརྗེ༎
ཝ་ཁུང་དུ་བས་བདུགས་འདྲའི་རྗེས་འགྱོད་ཅིག་ཁུག་ངེས༎
ཞ་གི་ཞི་གི་མདོ་མེད་མནོག་ཆུང་གི་བྱ་བ༎
ཟ་ཁ་འཐུང་མྱིག་བཙག་པའི་མིག་རྒྱང་འདི་སྐྱུངས་ལ༎
འ་ཅག་འགྲོ་བ་མི་ཡི་མདུན་གྲལ་ལ་སླེབ་ཆེད༎
ཡ་རབས་ལྷག་བསམ་གཙང་མའི་ཀུན་སྤྱོད་ཅིག་བསྟེན་འཚལ༎
ར་སྐྱེས་མགོ་ལ་བཞག་པའི་རིལ་མ་ཡི་དཔེ་བཞིན༎
ལ་ལ་ལང་ཤོར་ངན་པ་བཀུར་སྟི་ཡིས་བཀྱག་ཀྱང་༎
ཤ་ཚ་སྙིང་རྗེ་མེད་པའི་གཤིས་ངན་གྱི་སྤྱོད་པས༎
ས་སྟེང་ངན་དཔེ་འཇོག་པའི་གཏམ་དོན་ལ་ཟོན་མཛོད༎
ཧ་རི་ཧུ་རེས་ཧོད་རྒྱུག་སྣང་མེད་དུ་ཤོར་ན༎
ཧ་གོ་དོན་མ་རྟོགས་པའི་ན་གཞོན་གྱི་གསར་བུའི༎
ཨ་གསར་གཏམ་ལ་ཆགས་པའི་མི་ཚེ་ཡི་མདུན་ལམ༎
ཨ་ལོང་སྒོར་མོར་བཀུག་འདྲའི་གད་ཁུག་ལ་གཅུར་སྲིད༎
ཨ་ལ་དེ་ཙམ་གར་ཡིན་ཐོལ་བྱུང་གི་བརྡོལ་ཚིག།
ཨ་ཅང་ཞུ་ཕོད་མ་བསམ་སྙིང་ཁོང་གི་བདེན་གཏམ༎
ཨ་མཚར་རྩེད་མོའི་ཚུལ་གྱིས་ཡིག་རིས་སུ་བཀོད་པ༎
ཨ་རོགས་རིགས་མཐུན་གྲོགས་ཀྱི་སྤྱན་ལམ་དུ་ཤོར་ཐལ༎
༡༩༩༩ལོར་པདྨ་སྐལ་བཟང་གིས་བྲིས༎

ཀ་རྩོམ་གསལ་བྱེད་མེ་ལོང་ཞེས་བྱ་བ།

ཀ་མ་ལར་འཁྲུངས་པདྨ་རྒྱལ་པོའི་བསྟན།།
ཁ་བའི་ལྗོངས་སུ་འཛིན་མཁས་རྫོགས་ཆེན་པ།།
ག་རུ་བཞུགས་ཀྱང་ཕན་བདེའི་གྲགས་སྙན་ཅན།།
ང་ཡི་རིགས་ཀྱི་བདག་པོར་གུས་པས་བསྙེན།།
ཅ་ག་རིན་ཆེན་ནོར་གྱིས་བསྒྲུན་མིན་པའི།།
ཆ་བྱད་ངུར་སྨྲིག་གསར་པའི་རྒྱལ་མཚན་ཆེ།།
ཇ་དར་གསེར་དངུལ་སྟོང་གིས་མ་བསླུས་པ།།
ཉ་རྒྱས་ཟླ་བ་རྒྱུ་སྐར་དབུས་བཞིན་མཛེས།།
ཏ་ཐཱ་ག་ཏའི་བསྟན་པ་ལུང་རྟོགས་ཆོས།།
ཐ་མའི་དུས་འདིར་འཛིན་སྲུང་སྤེལ་བ་ཡི།།
ད་ལྟའི་རིགས་མཐུན་ཚོགས་ན་ལྷམ་མེ་བ།།
ན་མཉམ་སྐྱེ་བོའི་ཁྲོད་དུ་སྤོབས་སེམས་མཐོ།།
པ་སངས་རྒྱུ་སྐར་མཛེས་ཀྱང་བེམ་པོའི་གཟུགས།།
ཕ་ལམ་གོང་ཐང་ཆེ་ཡང་རྡོ་ཡི་རིགས།།
བ་གམ་མངོན་མཐོར་འགྱིང་བའི་མིང་ཆེན་འགའ།།
མ་རབས་རིགས་སུ་གཏོགས་འདི་ཅི་ཡིས་ནོངས།།
ཙ་རིའི་སྨྱུག་ལྟར་དྲང་བའི་ལྷག་བསམ་དང་།།
ཚ་གྲང་ཁྱད་དུ་གསོད་པའི་སྙིང་སྟོབས་ཀྱིས།།
ཛ་ཧུའི་རྒྱུན་བཞིན་བརྩོན་པའི་ཤུགས་བསྐྱེད་ན།།
ཝ་སྐྱེས་གདོལ་བའི་ཁྱུ་ཚོགས་ཅིས་མི་ཞུམ།།
ཞྭ་མོ་ཚོན་གྱིས་བསྒྱུར་བའི་ཁ་དོག་དང་།།
ཟ་ཆོག་བྲིན་ཚོང་མཁས་པའི་ཁ་སྟབས་ལ།།
འ་འུར་གྲུབ་མཐའི་ཆགས་སྡང་སྲེལ་བྱེད་པ།།
ཡ་རབས་དྲ་མའི་རིགས་སུ་སུ་ཡིས་འཛིན།།
ར་བ་གངས་རིས་བསྐོར་བའི་ཡུལ་ལྗོངས་སུ།།
ལ་ལ་ཙམ་མིན་རུས་པ་དཀར་པོའི་མདངས།།
ཤ་ཚའི་རིགས་རྒྱུད་གཅིག་གིས་སྦྲེལ་གྱུར་པ།།
ས་སྟེང་གཉེན་གྱི་དྭངས་མ་གཞན་ལས་ལྷག།
ཧ་ལའི་དུག་དང་མ་འདྲེས་བསམ་དཀར་གཏམ།།
ཨ་མ་རྒན་མོའི་ངག་བཞིན་ཤ་ཚའི་ཚིག།
ཧ་ལམ་སྦ་གསང་མེད་པར་གསོང་པོ་རུ།།
ཨ་མཚར་རྩེད་མོའི་ཚུལ་དུ་ཤར་མར་བྲིས།།
ཨི་ལྡན་དབྱངས་ཀྱིས་སྦྲེལ་བའི་ཚིག་གི་ཕྲེང་།།
ཨུ་དུམ་བཱ་ར་ལྟ་བུར་དཀོན་མིན་ཡང་།།
ཨེ་ཝཾ་ཟུང་འཇུག་བརྗོད་བྲལ་ནཱ་དའི་སྒྲ།།
ཨོ་ཟོབ་བཅོས་མའི་ངག་ལས་ཁྱད་དུ་འཕགས།།
ཞེས་པའང་དཔལ་གྱི་བསམ་ཡས་སུ་རབ་བྱུང་གྲྭ་ཚང་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང་ཆེན་འབུལ་སྐབས་གུང་སེང་ཞིག་གི་སྐར་ཆར་ཀུ་རེའི་ཚུལ་དུ་བྲིས་ནས་ཁམས་གྲྭ་ཞིག་ལ་བྱིན་པའོ།།

པདྨའི་རང་མདངས།

གངས་ར་ཉེར་ལྔའི་ནང་ཚན་ཡོན་ཏན་གྱི་གནས་མཆོག།
མ་དང་མཁའ་འགྲོ་འདུ་བའི་ཨོ་རྒྱན་གྱི་སྦས་ལུང་།།
འཇའ་ལུས་འོད་སྐུར་གྲོལ་བའི་རིག་འཛིན་གྱི་གཤེགས་ཤུལ།།
འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་གདན་ས།།
འཆད་རྩོད་རྩོམ་ལ་ཟླ་བྲལ་ལུང་རིགས་ཀྱི་བང་མཛོད།།
མཁས་པ་བརྒྱ་དང་གྲུབ་པ་སྟོང་ཕྲག་གི་བསྟི་གནས།།
མདོ་སྔགས་ལེགས་བཤད་འབྱུང་གནས་ཤྲཱི་སེང་གི་ཆོས་གྲྭ།།
འཛམ་གླིང་མཛེས་པའི་རྒྱན་ཆར་རྩོད་མེད་དུ་འཕགས་སོ།།
ལྷོ་ཕྱོགས་པདྨ་རྒྱས་པའི་དགའ་ཚལ་གྱི་དབུས་ནས།།
རང་བྱུང་པདྨའི་རྒྱལ་ཚབ་སྙིང་ཐིག་གི་བདག་པོའི།།
དོན་བརྒྱུད་དགོངས་པ་འཕོས་པའི་པདྨ་ཡི་རང་མདངས།།
གངས་ལྗོངས་པད་ཚལ་བཞད་པའི་ཐིག་ལེ་རུ་སྨིན་སོང་།།
ཤྲཱི་སེང་ཆོས་གྲྭའི་དབྱར་གྱི་སྤྲོ་སེང་སྐབས་ཤིག་ལ་ཞལ་ཆོས་འགའི་ངོར་བྲིས།།

ཤྲཱི་སེང་ཆོས་གྲྭའི་ལྷོ་ལུང་རིགས་བསམ་འཕེལ་གླིང་གིས་མཁན་སློབ་ཆོས་གསུམ་གྱི་ཟློས་གར་འཁྲབ་སྐབས་ཀྱི་བཀྲ་ཤིས་སྨོན་ཚིག

གངས་ལྡན་བསིལ་ལྗོངས་ཡངས་པའི་ཞིང་ཁམས་ཀྱི་དབུས་ན།།
ཕུལ་བྱུང་བསོད་ནམས་བྱེ་བའི་ལས་སྨོན་གྱིས་བསྐྲུན་པའི།།
མཁན་སློབ་ཆོས་རྒྱལ་ཉི་ཟླ་སྐར་གསུམ་གྱི་སྣང་བ།།
དུས་གཅིག་ཤར་བའི་བཀྲ་ཤིས་དགེ་མཚན་འདི་རྨད་བྱུང་།།
ཕུན་ཚོགས་དགའ་བ་བརྒྱ་བ་སྡེ་བཞི་ཡི་འབྱོར་བ།།
ལས་ཀླུང་དབང་སྟོབས་བཙན་པོའི་ཤིང་རྟ་ཡིས་དྲངས་ཏེ།།
ཆོས་ལྡན་ཡངས་པའི་ལྗོངས་ཞེས་མཚན་སྙན་གྱི་བ་དན།།
སྲིད་པའི་བླ་རུ་བསྒྲེངས་བའི་གྲགས་སྙན་འདི་ངོ་མཚར།།
སྐལ་བཟང་ཐར་ལམ་འགོད་པའི་ཆོས་མཛོད་ཀྱི་སྒོ་འཕར།།
ལུང་རིགས་རྒྱལ་རྔ་གསར་པའི་འཆད་ཉན་གྱི་སྲོལ་བཟང་།།
སྨིན་གྲོལ་གདམས་པའི་ཉིང་ཁུ་བྱིན་བརྒྱུད་ཀྱི་ཕ་ཕོགས།།
ཅིག་ཆར་ཐོབ་འདི་དགའ་བ་འབུམ་ཕྲག་གི་དང་རྩེ།།
རྒྱལ་གསུང་འཁོར་ལོ་ཐོག་མཐའ་བར་གསུམ་གྱི་ཆོས་སྒོ།།
བཀའ་གཏེར་དག་སྣང་བཀའ་བབས་བརྒྱུད་སྲོལ་གྱི་མན་ངག།
ཟབ་ལས་ཆེས་ཟབ་ཀུན་བཟང་དགོངས་པ་ཡི་གན་མཛོད།།
མདོ་སྔགས་ཆོས་གཏེར་མི་ཟད་བདལ་བ་འདི་སྤྲོའོ།།
རྒྱལ་བསྟན་དར་བའི་ཕྱི་མོ་སྔ་འགྱུར་གྱི་རིང་ལུགས།།
ཆེ་བ་དྲུག་གིས་འཕགས་པའི་རྫོགས་ཆེན་གྱི་བསྟན་པ།།
མི་ཉམས་བླ་རུ་བསྒྲེངས་བའི་ཡ་མཚན་གྱི་གཏམ་ལ།།
ལྷར་བཅས་སྐྱེ་དགུའི་རྣ་བ་དབང་མེད་དུ་ཕྱོགས་སོང་།།
ས་འདི་གསེར་ཕྱེས་བཀང་ཞིང་ཆུ་གཏེར་གྱི་རྒྱུན་བཞི།།
སྣ་ཚོགས་ནོར་བུའི་རྒྱན་གྱིས་སྤུད་པས་ཀྱང་མཚོན་མིན།།
ཡང་ཟབ་སྡེ་གསུམ་ཀློང་དགུའི་ཕ་ནོར་གྱིས་ཕྱུག་པའི།།
གུ་ཡངས་བྱར་མེད་རྒྱལ་པོའི་རྒྱལ་སྲིད་འདི་ཁྱད་འཕགས།།
ལས་སྟོབས་དབུ་རྨོག་བཙན་པོའི་ཤེ་མོང་གི་མཐུ་ཡིས།།
སུམ་ཉིས་འཛམ་གླིང་འཛིན་མར་དབང་བསྒྱུར་གྱི་བཀའ་རྟགས།།
མུན་གླིང་ཆོས་ཀྱི་སྒྲོན་མེ་བཏེགས་པ་ཡི་རྣམ་ཐར།།
གངས་ལྗོངས་ཆོས་སྲིད་སྲོལ་བཟང་སུ་ཡིས་ཀྱང་འགྲན་དཀའ།།
མཁས་བཙུན་བཟང་པོའི་མཆོག་གཅིག་ངུར་སྨྲིག་གི་རོལ་གར།།
མཐའ་བྲལ་དབུ་མའི་སྲོལ་འབྱེད་བདེན་གཟིགས་ཀྱི་རྒྱལ་སྲས།།
འཕགས་ཡུལ་མཁས་པའི་གཙུག་རྒྱན་པཎ་གྲུབ་ཀྱི་ཁྱུ་མཆོག།
མཁན་ཆེན་བྱང་ཆུབ་སེམས་དཔའ་རྒྱལ་བསྟན་འདིའི་མིག་ཡིན།།
དུས་གསུམ་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་ཀྱི་ངོ་བོ།།
དཀྱིལ་འཁོར་ཀུན་གྱི་གཙོ་བོ་ཧེ་རུ་ཀ་ཆེན་པོ།།
འཆི་མེད་དྭངས་མ་ཚེ་ཡི་དངོས་གྲུབ་ལ་དབང་འབྱོར།།
རྡོ་རྗེའི་སྐུ་བརྙེས་མཚོར་འཁྲུངས་རྒྱལ་བ་མཆོག་རྒྱལ་ལོ།།
བསིལ་ལྡན་གངས་རིས་བསྐོར་བའི་བོད་ཆེན་གྱི་ལྗོངས་འདི།།
ལྷ་ཡུལ་ལྷ་ལས་འཕགས་པའི་ཆོས་ཚིགས་ཀྱི་ཡུལ་དབུས།།
ནང་བཅུད་སྐྱེ་འགྲོའི་ཚོགས་ཀུན་ཆོས་འབྱོར་གྱིས་ཕྱུག་པའི།།
ཡབ་མེས་སྤྲེལ་རྒན་རྒྱལ་པོའི་གདུང་བརྒྱུད་འདི་མཆོག་གོ།
རི་བྲག་ར་བའི་ཚོགས་རྣམས་སྒྲུབ་གནས་སུ་བྱིན་བརླབས།།
སྡེ་གཉིས་འདུས་པའི་ཚོགས་ཀྱིས་ས་སྟེང་ཡོངས་ཁེངས་ཤིང་།།
ཆོས་ནོར་ཟབ་མོའི་གཏེར་གྱིས་ཡུལ་ལུང་ཀུན་འགེངས་པའི།།
བདེ་སྐྱིད་སྙན་གསུམ་འཛོམས་པའི་བོད་ཡུལ་འདི་ཉམས་དགའ།།
དགའ་བའི་གླུ་དབྱངས་སྙན་མོའི་ངག་རྟ་ལ་དྲངས་ཞིང་།།
སྐྱིད་པའི་རྐང་བྲོ་བདེ་བའི་ཉམས་འགྱུར་དང་འགྲོགས་ནས།།
གདུང་དྲུག་རུས་ལས་མཆེད་པའི་གདོང་དམར་གྱི་བོད་ཕྲུག།
སྤྲོ་བའི་རླབས་ཕྲེང་རྒྱ་མཚོའི་ཆུ་གཏེར་ལ་འགྲན་སོང་།།
འདི་བདེ་ལྷ་མིའི་ཐེམ་སྐས་མཐོ་རིས་ཀྱི་ཁང་བཟང་།།
ཕྱི་སྐྱིད་ཐར་བའི་བཙན་ས་སྐུ་བཞི་ཡི་རྒྱལ་ཐབ།།
འཕྲལ་ཕུགས་འདུན་མ་ལེགས་པའི་ལུགས་གཉིས་ཀྱི་དགའ་སྟོན།།
གཞོན་ཆུང་ལང་ཚོ་རྒྱས་པའི་རྩེ་འཇོ་ལ་འགྲིག་སོང་།།
མཁའ་ལ་ཆུ་འཛིན་འཁྲིགས་པའི་འཇའ་སྤྲིན་གྱི་ཀློང་ནས།།
རྩ་གསུམ་ལྷ་ཡི་དངོས་གྲུབ་སྦྲང་ཆར་དུ་འཇོ་ཞིང་།།
ས་ལ་རྩི་བཅུད་རྒྱས་པའི་སྐྱེད་ཚལ་གྱི་དོ་རར།།
བརྒྱུད་གསུམ་བླ་མའི་བྱིན་རླབས་འབྲས་བཟང་དུ་སྨིན་སོང་།།
རྟེན་འབྲེལ་ལེགས་ལམ་གསར་པའི་དུས་སྟོན་གྱི་སྐབས་འདིར།།
ཚོགས་པ་ལྷ་མིའི་འདུ་བ་བཀྲ་ཤིས་དང་འགྲོགས་ཏེ།།
གཞི་བྱེས་ལམ་གསུམ་བདེ་བའི་བཀྲ་ཤིས་ཀྱི་དཔལ་གྱིས།།
ས་སྟེང་འགྲོ་བའི་ཚོགས་ཀུན་བཀྲ་ཤིས་ཀྱིས་ཁྱབ་ཤོག།
བཀྲ་ཤིས་ཀུན་གྱི་རྩ་བ་རྒྱལ་བསྟན་གྱི་སྙིང་པོ།།
བཀྲ་ཤིས་བཤད་སྒྲུབ་དར་བ་མཁས་པ་ཡི་བསྟི་གནས།།
བཀྲ་ཤིས་ཤྲཱི་སེང་ཆོས་གྲྭའི་དགའ་ཚལ་མཆོག་རྒྱས་ཏེ།།
བཀྲ་ཤིས་བསྟན་པ་དར་བའི་བཀྲ་ཤིས་ཤིག་ཞུའོ།།

བཀྲ་ཤིས་གཡང་འཁྱིལ།

རྫོགས་ཆེན་ཡུལ་ལ་ཆོས་ཀྱི་ལོ་ཏོག་རྒྱས།།
དཔལ་གྱི་སེངྒེའི་རི་ནས་ཆོས་ཆར་འབེབས།།
གྲགས་སྙན་གཡུ་འབྲུག་སྔོན་མོ་ནམ་མཁར་ལྡིར།།
འབྲི་རྫ་ཟལ་མོ་སྒང་ན་བཀྲ་ཤིས་འཁྱིལ།།
རུ་དམ་པདྨའི་ལུང་ནས་གསེར་འོད་འབར།།
དམར་སེར་དགེ་འདུན་འདུས་པས་ས་སྟེང་ཁྱབ།།
མདོ་སྔགས་ལུང་རྟོགས་བཤད་སྒྲུབ་བསྟན་པ་དར།།
གངས་ཅན་ལྗོངས་སུ་བཀྲ་ཤིས་གཞི་རྩ་ཚུགས།།
འཛམ་གླིང་ཤར་གྱི་རྩེ་མོ་བོད་ཡུལ་དབུས།།
ཕུན་ཚོགས་འདོད་རྒུའི་གཡང་འཁྱིལ་ལྷ་ཡི་གནས།།
ཚོགས་གཉིས་བསོད་ནམས་དཔལ་གྱིས་མངོན་མཐོ་བའི།།
བཀྲ་ཤིས་དམ་པས་ས་སྟེང་ཡོངས་ཁྱབ་ཤོག།
རྫོགས་ཆེན་འབྲོག་རུ་སྡེ་པའི་ལས་ཞོར་རིག་རྩལ་ཚོགས་པ་ཞིག་གི་རྣམ་ཐར་འཁྲབ་ཚན་མཇུག་བསྡུའི་དགའ་འཁྱིལ་རང་འགྲོས་ཀྱི་དབྱངས་རྟར་སྐྱོན་རྒྱུར་བྲིས།།

དགུ་རོང་རྒྱལ་པོའི་ཆོས་སྲིད་གདན་རབས་སྐྱེ་ཕྲེང་གི་བྱུང་བ་བརྗོད་པའི་དེབ་ཀྱི་མགོ་བརྗོད་དུ་བྲིས་པའི་རྩོམ་ཐུང་།

ཆོས་ཀྱི་འཁོར་ལོས་དབང་སྒྱུར་མིའི་རྒྱལ་པོ།།
སྡེ་བཞིའི་དཔལ་གྱིས་འཁྱུད་པའི་གྲགས་སྙན་གྱིས།།
གངས་ཀྱི་མུ་ཁྱུད་བརྟོལ་བའི་མངའ་ཐང་གི།
རྒྱ་ཁྱོན་ཤར་མཐའི་རྒྱ་མཚོའི་ཕ་མཐར་བསྙེགས།།
ལྷ་ཆོས་ཡ་རབས་དྲ་མའི་སྲོལ་འཛིན་པའི།།
གདན་རབས་ངོ་མཚར་ནོར་བུའི་ཕྲེང་བ་འདི།།
ཡ་རབས་སྐྱེ་བོའི་རྣ་བའི་རྒྱན་དུ་ལོངས།།

དཔེ་བསྐྲུན་གསལ་བཤད་ངོ་མཚར་མེ་ལོང་།

རྒྱལ་བ་ཉི་མ་ཡེ་ཤེས་དཔག་མེད་མཛོད།།
ཡོན་ཏན་འོད་སྣང་རོལ་བ་མི་ཟད་པས།།
རྡུལ་སྙེད་རྡུལ་གཅིག་གིས་བསྡམས་གདུལ་བྱའི་ཞིང་།།
མ་ལུས་སྣང་བའི་འཕྲིན་ལས་ཚད་མཐའ་ཡས།།
གང་དུ་ཆོ་འཕྲུལ་ཡོངས་ཤར་གངས་ཆེན་མཚོའི།།
ཕྱག་མཐིལ་སྤོས་ཆུའི་པདྨའི་ཟེའུ་འབྲུའི་ཆར།།
ཞིང་ཁམས་རྣམ་བཀོད་མི་མཇེད་འཇིག་རྟེན་འདིར།།
སྒྲོན་མའི་བསྐལ་པ་བཟང་པོའི་དགེ་མཚན་ཤར།།
འདྲེན་པ་ཐུབ་མཆོག་རྒྱལ་རིགས་ཤཱཀྱའི་ཏོག།
གང་དུ་མངོན་སངས་རྒྱས་པའི་དེ་མ་ཐག།
སྐུ་གསུམ་སྟོན་པར་སྣང་བའི་ངོ་མཚར་འབུམ།།
དེ་བཞིན་ཉིད་དབྱིངས་གཡོ་བ་མེད་ལས་སྣང་།།
སྣ་ཚོགས་མོས་པ་ཐ་དད་རྗེས་ཕྱོགས་པའི།།
འགྲོ་མང་ཁམས་ལ་གང་འདུལ་དེར་སྟོན་གྱིས།།
རིམ་དང་རིམ་མིན་གཅིག་ཅར་གྲོལ་བ་ཡི།།
མདོ་སྔགས་དམ་ཆོས་བདུད་རྩིའི་ཆར་ཆེན་ཕབས།།
དེ་ལྟར་རྒྱལ་བས་ཐེག་གསུམ་ཆོས་འཁོར་བསྐོར།།
བཀའ་བསྡུས་པཎ་གྲུབ་རིམ་པར་བྱོན་པའི་ཚུལ།།
སོ་བྱང་སྔགས་ཀྱི་རབ་ཏུ་དབྱེ་བ་བཅས།།
ཆོས་འབྱུང་གཏམ་གྱི་རོལ་མོ་འདི་རུ་འཁྲོལ།།
ཐུབ་པས་ལུང་བསྟན་བསིལ་ལྡན་བོད་ལྗོངས་སུ།།
མཁན་སློབ་ཆོས་རྒྱལ་འཛོམས་པའི་རྟེན་འབྲེལ་ལས།།
མདོ་སྔགས་ལམ་བཟང་ཟུང་དུ་འབྲེལ་བ་ཡི།།
ཡ་མཚན་སྲིད་པའི་ཁམས་སུ་མངོན་པར་མཐོ།།
ཁྱད་ཆོས་ཆེ་བ་དྲུག་གིས་ཁྱད་འཕགས་ཤིང་།།
མཁས་བཙུན་གྲུབ་པའི་ཁྱུ་མཆོག་རྨད་བྱུང་པ།།
རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྔ་འགྱུར་པའི།།
བསྟན་པའི་བབ་སོ་གཏེར་གྱི་བྱུང་བའི་ཚུལ།།
མཆོག་ཏུ་རྒྱ་ཆེའི་རིང་བརྒྱུད་བཀའ་མ་དང་།།
ཤིན་ཏུ་ཟབ་པ་ཉེ་བརྒྱུད་གཏེར་མའི་ཆོས།།
བྱིན་རླབས་མ་ཉམས་དག་སྣང་བརྒྱུད་པར་བཅས།།
ཇི་བཞིན་མ་འདྲེས་བཀྲ་བའི་མེ་ལོང་འདིར།།
ཁྱད་པར་རྒྱལ་བའི་དབང་པོ་མཚོ་སྐྱེས་རྗེ།།
སྐལ་ལྡན་སྙིང་གི་བུ་དགུ་རྗེ་འབངས་གྲོགས།།
ཟབ་གཏེར་མངའ་བདག་གཏེར་སྟོན་བརྒྱ་རྩ་ཡི།།
ངོ་མཚར་ཕྱི་ནང་གསང་བའི་རྣམ་ཐར་གསལ།།
ཕྱི་མའི་དུས་འདིར་སྔ་འགྱུར་རྒྱལ་བའི་བསྟན།།
ངེས་དོན་སྙིང་པོ་ལུང་དང་རྟོགས་པའི་ཆོས།།
བཤད་དང་སྒྲུབ་པས་འཛིན་སྲུང་སྤེལ་བ་ཡི།།
སྔ་འགྱུར་གདན་ས་དྲུག་གི་བྱུང་བ་བརྗིད།།
ཚེ་གཅིག་འོད་སྐུར་གྲོལ་བའི་མན་ངག་དང་།།
འཇའ་ལུས་འཕོ་བ་ཆེན་པོའི་གདམས་པ་ཡི།།
མ་སྒོམ་མངོན་འཚང་རྒྱ་བའི་མྱུར་ལམ་གྱིས།།
སྲིད་རྩ་ཧྲུལ་པོར་བགྱིས་པའི་གཏམ་འདི་སྙན།།
ངག་ལས་ངག་གི་འདོད་འཇོ་བློ་གྲོས་གཟི།།
ཐོག་མེད་དུས་རིང་གོམས་པའི་བག་ཆགས་མཐུ།།
སད་ལས་ཇི་བཞིན་སྨྲ་ལ་སྤོབས་པའི་དབང་།།
མཚུངས་མེད་སྨྲ་བའི་རྒྱལ་པོས་བྱིན་པར་ངེས།
ཞེས་རྒྱལ་མོ་རོང་གཡུ་སྒྲ་སྙིང་པོ་པཎ་ཆེན་ཉེར་ལྔའི་སྐྱེ་བ་བསྟུད་མར་བཞེས་པའི་ཕྱི་མའི་མཐར། རུ་དམ་གངས་ཀྱི་ར་བར་ཨ་གྲོའི་མཁན་ཆེན་ཡེ་ཤེས་རྒྱ་མཚོར་རྣམ་པར་འཕྲུལ་བའི་ཡང་སྲིད་དཔལ་ཡུལ་གྱི་མཁན་པོ་དཀོན་མཆོག་བསྟན་འཛིན་ནམ་རྫོགས་ཆེན་གྱི་སྤྲུལ་སྐུ་པདྨ་ངོ་མཚར་རང་བྱུང་གྲུབ་པའི་རྡོ་རྗེས་དཔལ་ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་རྙིང་མའི་ཆོས་འབྱུང་ངོ་མཚར་ཚད་མ་སུམ་ལྡན་ཞེས་པ་འདི་ཉིད་བརྩམས་ནས་དཔེ་བསྐྲུན་གནང་བའི་གསལ་བཤད་དུ། ཤར་ཟླ་རླུང་སྔོན་མོ་དལ་གྱིས་འབབ་པའི་གཡས་འགྲམ་དུ་སྐྱེ་བའི་སྲིད་པ་བླངས་པ་རྫོགས་ཆེན་པདྨ་སྐལ་བཟང་ངམ་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་དང་བའི་བློས་བྲིས་པའོ།།

བྱེས་བགྲོད་ཅིག་གི་རྗེས་དྲན།

ཚ་ལམ་གཅིག་གིས་འགྱང་བའི་བཤུལ་ལམ་གྱི་ས་ལ།།
ཉིན་གསུམ་ཉི་མའི་དུས་ཚོད་འགྲོ་སྟབས་ལ་ཟད་པས།།
མཐར་ཐུག་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཡི་འཕོང་ལ།།
ཆལ་ཆོལ་སློག་ཧྲུལ་བཅས་པར་འཐམ་ས་ཞིག་རྙེད་སོང་།།
ཞལ་རས་བྱང་ཐང་ཐལ་བའི་སྙིགས་མ་ཡིས་གཡོགས་དུས།།
སྤྱན་མིག་ཁྲ་ཆུང་མི་གཙང་ས་རྡུལ་གྱིས་བཀང་སོང་།།
མཐོ་སྒང་ལྷགས་རླུང་སྤུ་གྲི་ངར་མ་ཡི་རེག་བྱས།།
ལུས་ཀྱི་ཚོར་བ་གོས་ཀྱིས་འཐུམ་བཞིན་དུ་ཕྲོགས་སོ།།
ཁོང་ལ་ཞལ་རྩེད་ཞུས་པས།།
ང་ཡང་གད་མོ་ཤོར་སོང་།།
དགྱེས་སྤྲོའི་དྲོད་རླངས་འཐིབས་པས།།
ལ་མོ་ནམ་བརྒྱབས་མ་ཤེས།།
མིང་ཆེན་དཔོན་གྱི་སྐུ་དབང་དབུ་རྣ་ལྟར་མཐོ་ཡང་།།
ཐ་མལ་འབངས་ཀྱི་སྐྱིད་སྡུག་གབ་དོན་བཞིན་གཟིགས་དཀའ།།
ཀ་ཁ་ག་ངའི་སྡེབ་སྦྱོར་བོད་ཡིག་གི་སྲོག་རྩ།།
ཚ་གྲང་ཁྱད་དུ་བསད་པའི་རིན་ཐང་གིས་ཉོས་ཡོད།།
ཤྲཱི་སེང་དཔལ་གྱི་རི་བོའི་གདན་ས་ཡི་མཐིལ་ལ།།
རས་གུར་དཀར་པོ་ཕུབ་པའི་མཐུན་རྐྱེན་ལ་བརྟེན་དུས།།
རང་རིགས་གཙང་མའི་ལ་རྒྱ་སྙིང་ཁོང་ནས་འཛིན་མཁན།།
ལྷག་བསམ་ལྷད་མེད་འཆང་མཁན་རེ་རེ་དང་གཉིས་གཉིས།།
ད་ལྟ་རྒྱ་གྲོང་ཁྲ་མོའི་ཚོམས་ཆེན་གྱི་དཀྱིལ་ནས།།
ང་ཆེ་ང་བཟང་ཆེ་བ་རང་ཉིད་ཀྱིས་འདོན་དུས།།
ཞལ་རག་ཆང་ཕོར་གསེར་ཞལ་བར་སྣང་ལ་བཏེགས་པའི།།
གསུང་གི་སྒྲ་སྐད་གཅིག་བས་གཅིག་ཤོས་ཀྱིས་མཐོ་སོང་།།
ཆུ་ཆེན་གཙང་པོའི་འགོ་མོ་གངས་དཀར་ལ་ཐུག་ཡོད།།
ཆུ་རྒྱུན་ཡངས་པའི་ཞིང་ས་གཤིན་པོ་ལ་དྲངས་སོང་།།
སྟོན་གསུམ་ཞིང་ལ་འབྲུ་དྲུག་ལོ་ཏོག་ཏུ་སྨིན་དུས།།
ཆབ་བདག་གངས་ཀྱི་རི་བོ་སྙིང་དབུས་ནས་མ་བརྗེད།།
ཁ་མཚར་གཏམ་གྱི་རྩེད་མོ།།
ཤོག་དཀར་ངོས་ལ་བྲིས་ཡོད།།
ཤོག་བྱང་རླུང་གིས་ཁྱེར་ན།།
བྱ་ལམ་ནམ་མཁར་རྗེས་མེད།།
ཅེས་༡༩༨༡ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རྫོགས་ཆེན་ཤྲཱི་སེང་དུ་ཐོག་མའི་དབུ་འཛུགས་ཀྱི་ཉེར་བསྡོགས་སུ། སྐྱབས་རྗེ་མཆོག་སྤྲུལ་གཟན་དཀར་རིན་པོ་ཆེ་དང་མཉམ་དུ་གྲོགས་སྐུ་ཞབས་སྡེ་དགེའི་ཆོས་དགའ་ལགས་བཅས་ངལ་བརྒྱར་འཛེམ་མེད་དུ་བསྐྱོད་སྐབས་ཀྱི་སེར་ཤུལ་ཕྱོགས་སུ་ཕེབས་པའི་བྱེས་བགྲོད་དུམ་ཞིག་གི་གནས་ཚུལ་འཁོད་པ་ཅན་རྗེས་དྲན་དུ་རྩེད་མཚར་ངང་ཕྱིས་ཤིག་ལ་བྲིས་པའོ།།

ཤྲཱི་སེང་ལྔ་རིག་ཆོས་གྲྭའི་གྲ་སྒྲིག་འཛིན་གྲྭའི་བྱིས་པའི་རྩེད་རར་སྤྲིངས་པའི་ལེགས་སྨོན་བཀྲ་ཤིས་དགའ་བའི་དབྱངས་སྙན།

འཛམ་གླིང་འཛིན་མའི་ཡང་རྩེ་བོད་ཆེན་ལྗོངས།།
མདོ་ཁམས་ཉི་མ་ཤར་གྱི་མཁས་པའི་གནས།།
གྲགས་པའི་མུ་ཁྱུད་སྙན་པའི་སྒྲ་དབྱངས་ཅན།།
རྫོགས་ཆེན་ཤྲཱི་སེང་ལྔ་རིག་ཆོས་གྲྭ་མཛེས།།
བསླབ་གསུམ་ཡོངས་རྫོགས་ཆོས་གོས་རྣམ་གསུམ་འཆང་།།
སྡེ་སྣོད་གསུམ་འཛིན་མདོ་སྔགས་གཞུང་ལུགས་མཁས།།
འཆད་རྩོད་རྩོམ་པས་བཤད་སྒྲུབ་བསྟན་པ་སྤེལ།།
སྔར་མེད་ནཱ་ལེནྡྲ་འདི་བསྟན་པའི་རྒྱན།།
དགུང་སྔོན་ཨིནྡྲ་ནཱི་ལའི་མཎྜལ་ལ།།
དཀར་གསལ་གངས་ཀྱི་རི་བོའི་མུ་ཏིག་མཛེས།།
ལྗོན་ཤིང་འབྲས་བུས་བརྒྱན་པའི་སྐྱེད་ཚལ་ལ།།
གསུང་སྙན་ཁུ་བྱུག་སྔོན་མོས་དྲུག་འགྱུར་སྒྲོག།
གཡུ་འབྲུག་གྱེན་ལ་འགྲོ་བའི་ནོར་བུའི་རིར།།
གླིང་བཞིའི་ཕྱྭ་གཡང་འདུ་བའི་ས་དཔྱད་འཛོམས།།
ལྷོ་ཆབ་བདུད་རྩི་འོ་མའི་ཆུ་རྒྱུན་དེས།།
ཆོས་གཡང་བྱིན་བརྒྱུད་འཕེལ་བའི་ངོ་མཚར་སྟོན།།
གངས་ཅན་བོད་ཀྱི་ལྷ་གཅིག་པདྨ་སྐྱེས།།
འཕགས་བོད་གྲུབ་བརྙེས་མང་པོས་བྱིན་གྱིས་བརླབས།།
མཁས་དབང་གསེར་རིའི་ཕྲེང་ཚར་བགྲང་ཡས་བྱོན།།
རྫོགས་ཆེན་རུ་དམ་གདན་ས་ཕྱོགས་ཀུན་གྲགས།།
གསེར་ཏོག་རྒྱ་ཕིབས་མཛེས་པའི་ཆོས་ཀྱི་གྲྭར།།
ལུང་རིགས་བརྒལ་བརྟག་སྨྲ་བའི་བཙུན་གཞོན་ཚོགས།།
བཅུ་ཕྲག་རིག་པའི་ལུས་ཟུངས་རབ་རྒྱས་ཤིང་།།
ཐོས་བསམ་ལང་ཚོའི་འབྱོར་བས་བག་ཡོད་རྒྱུ།།
ལྗོན་ཤིང་ཡལ་འདབ་གཡོ་བའི་སྨན་ལྗོངས་སུ།།
ཤེལ་བྲག་ཁང་བཟང་མཛེས་པའི་བ་གམ་ན།།
གཡོ་མེད་ཏིང་འཛིན་སྒོམ་པའི་རྣལ་འབྱོར་པས།།
སྡེ་གསུམ་ཀློང་དགུའི་དགོངས་པའི་ཉམས་དབྱངས་འཐེན།།
བསོད་ནམས་དགའ་བ་ཡར་འཁྱིལ་ལྷའི་ཕོ་བྲང་།།
བདེ་མཆོག་པདྨ་བདལ་བ་སའི་ཐིག་ལེ།།
སྡེ་བཞིའི་དཔལ་གྱིས་མངོན་མཐོ་རྫོགས་ཆེན་པའི།།
ཆོས་སྲིད་བསྟན་པ་སྲིད་མཐར་རྒྱས་གྱུར་ཅིག།
མཁས་མང་འབུམ་ཕྲག་རོལ་གནས་དགའ་བའི་ཚལ།།
དཔལ་གྱི་སེངྒེས་མཚན་པའི་ཆོས་ཀྱི་གྲྭ།།
ཐུབ་བསྟན་ཉིན་བྱེད་བཤད་སྒྲུབ་དར་རྒྱས་གླིང་།།
ནམ་ཡང་ནུབ་པ་མེད་པར་བརྟན་གྱུར་ཅིག།
ལུང་རིགས་དབྱར་གྱི་འབྲུག་སྒྲ་ཕྱོགས་ཀུན་ལྡིར།།
གཞན་ཕན་བདུད་རྩིའི་གྲུ་ཆར་འབད་མེད་འཇོ།།
རྟག་ཏུ་འཆད་རྩོད་རྩོམ་པའི་འབྲས་བཟང་སྨིན།།
དགེ་ལེགས་བྱེ་བའི་དུས་བཟང་རྫོགས་མ་གྱུར།།
མཁའ་ལ་རྩ་གསུམ་ལྷ་ཡི་འཇའ་སྤྲིན་འཁྲིགས།།
ས་ལ་ཀླུ་རྒྱལ་ཕྱུག་མོའི་ནོར་མཛོད་གཏམས།།
བར་ན་བཤད་སྒྲུབ་ཆོས་ཀྱི་སྡེ་ཆེན་རྒྱས།།
བཀྲ་ཤིས་དམ་པས་ས་སྟེང་ཀུན་ཁྱབ་ཤོག།
ཅེས་ཆོས་གྲྭ་ཆེན་པོའི་སློབ་གྲྭའི་གཞུང་ལས་ཁང་ཚོམས་ཆེན་ཕུན་ཚོགས་ཤར་ནས་ལས་ཞོར་དུ་བྲིས་པའོ།།

ཀློང་ཆེན་མཛོད་བདུན་གྱི་པར་བྱང་སྨོན་ཚིག

རིམ་དགུའི་ཐེག་པའི་ཡང་རྩེ་རྫོགས་པ་ཆེ།།
ཟབ་པའི་དོན་མཆོག་སྙིང་པོར་དྲིལ་བའི་མཛོད།།
མ་ནོར་འཕགས་པའི་ལམ་བཟང་རྙེད་དཀའི་གཏེར།།
གླིང་བཞིའི་ནོར་གྱིས་བསྒྲུན་མིན་འདི་རྨད་བྱུང་།།
ངོ་མཚར་ཀློང་ཆེན་དགོངས་པའི་གསང་མཛོད་ལས།།
ཕྱུང་བའི་བརྡ་རིས་མཁའ་འགྲོའི་སྙིང་ཁྲག་བཅུད།།
ལས་ཅན་སྐལ་བར་བཀྲམ་པའི་དགེ་མཚན་རྒྱུན།།
སྤེལ་བའི་ལེགས་བྱས་ལྗིད་པོར་ས་འདི་ཞུམ།།
དགེ་འདིས་མར་གྱུར་མཁའ་མཉམ་འགྲོ་བའི་ཚོགས།།
མཐའ་མེད་འཁོར་བའི་མཚོ་ལས་རིང་གྲོལ་ཏེ།།
གདོད་མའི་གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་ཆེར།།
ཆོས་སྐུའི་རྒྱལ་སྲིད་མཆོག་ལ་མངའ་བརྙེས་ཤོག།
ཡོན་སྦྱོར་བྱེད་པོ་བླ་མ་ཚེ་འཕེལ་གྱིས།།
ཕྱི་མོ་པར་དུ་འགོད་པའི་སྨོན་ཚིག་ཕྲེང་།།
ཤཱཀྱའི་དགེ་སྦྱོང་ལུང་རྟོགས་རྒྱལ་མཚན་ནམ།།
པདྨ་སྐལ་བཟང་ཞེས་བྱས་འཕྲལ་མར་བྲིས།།

རྒྱང་རིང་གི་འཕྲིན་ཐུང་།

ཆོས་དང་སྲིད་ཀྱི་ལེགས་ཚོགས་དཔལ།།
ཆོས་བཞིན་འབྱེད་པའི་རྣམ་དཔྱོད་ཅན།།
ཆོས་ཀྱི་མཆེད་པོ་ཆོས་སྤྱན་ལྡན།།
ཆོས་མཛད་མཆོག་དེའི་མདུན་དྲུང་དེར།།
བཤུལ་རིང་ལམ་དང་རི་ཆུ་ཡུལ་ལྗོངས་དང་།།
ཡུན་རིང་དུས་ཀྱིས་དབང་མེད་བསྐལ་ན་ཡང་།།
བརྩེ་སེམས་སྙིང་ཉེའི་དགའ་བའི་གཏམ་གྱི་མཆིད།།
གམ་ན་གནས་པ་ཇི་བཞིན་འདི་ན་ཕུལ།།
ཁྱོད་ཐུགས་ཟོལ་མེད་དྲང་པོའི་ལྷག་བསམ་དང་།།
བརྟན་མཁས་ཡོན་ཏན་མཆོག་ལྡན་ཀུན་སྤྱོད་གཙང་།།
མཐོང་ན་རབ་མཛེས་གཞོན་ནུའི་ཟླ་བཞིན་བཅས།།
ནམ་ཡང་མིག་གི་ལམ་དུ་མངོན་སུམ་བཞིན།།
གྲོགས་མེད་གཅིག་པུར་རྒྱུ་བས་མི་སྐྱོ་ཞིང་།།
སྙིང་སྟོབས་སྲོག་གི་ཀ་བ་སྦོམ་པ་དང་།།
འདོད་འབྱུང་དལ་རྟེན་འཚོ་ཁམས་བརྟན་པ་བཅས།།
རི་མོའི་ལམ་ནས་གསལ་བས་བདག་ཡིད་སྤྲོ།།
འདི་ན་བདག་བཅས་གཞི་བྱེས་གྲྭ་ཞུགས་འགས།།
ཇི་ལྟར་ལོང་བས་བ་རྔའི་དཔེ་བཞིན་དུ།།
བརྩོན་པའི་ལས་ལ་འགྲུབ་པའི་མཐའ་འཚོལ་བ།།
གཡར་དམ་སྙིང་ལ་འཆང་བཞིན་བདེ་བར་བདོག།
དེ་བཞིན་ཁྱེད་ཀྱི་ཡུམ་དང་སྐུ་མཆེད་བཅས།།
ཁྱེད་ལ་འཕྲེང་བའི་སེམས་ཡུས་ཆེ་ཙམ་ལས།།
མི་འདོད་ཉེར་འཚེས་དབེན་ཞིང་རང་སྐལ་གྱི།།
ཆོས་དང་མཐུན་པའི་བགྱི་བ་མི་དམན་གནས།།
གང་ཞིག་རྒྱང་གི་གཏམ་རྒྱུད་རྣར་སྙན་ཡང་།།
གང་དུ་ཕྱིན་པའི་ཡུལ་ཀུན་སུན་པའི་གནས།།
འདི་ཡང་འཁོར་བས་བསྡུས་པའི་སྡུག་བདེན་གྱི།།
ཆ་ཤས་ཕྱིར་ན་སྒྱུ་མའི་ལྟད་མོ་ཙམ།།
བསགས་པའི་ཟོང་དང་སྦྱངས་པའི་ཡོན་ཏན་ལས།།
ཀུན་ཏུ་བྲིན་པའི་ཚོང་ཟོང་མ་མཐོང་ཞིང་།།
གཉིས་ཀྱིས་དབུལ་བའི་འཁོས་ཆུང་བདག་འདྲའི་རིགས།།
གཅིག་པུར་བསེ་རུའི་བརྟུལ་ཞུགས་བཟུང་བར་འོས།།
ཤིན་ཏུ་བརྟན་མིན་མི་ཚེའི་དུས་ཀྱི་རྒྱུན།།
བགྲོད་པ་མྱུར་བའི་གློག་གི་གར་སྟབས་ཡུན།།
བསམ་པའི་བློ་སྣ་མ་བསམ་ཡུར་བའི་རྗེས།།
ཤོར་དོགས་ཆུ་མིག་རང་ས་བཟུང་སྙམ་བགྱིད།།
རང་ཁ་སོས་ཙམ་ས་འོག་སྲིན་བུའི་ལས།།
རང་ལམ་སྙོག་པ་ནགས་ཀྱི་བྱེའུས་འགྲུབ།།
རླབས་ཆེན་བསྟན་དོན་ས་ཆེན་དཔུང་པ་ཡིས།།
འདེག་ལ་མི་ཞུམ་གནམ་འོག་ཕོ་རྒོད་ཉིད།།
སྔར་བྱོན་དམ་པའི་གསུང་གི་དབུགས་འབྱིན་དང་།།
ཆོས་སྲིད་གཏམ་གྱི་ལ་རྒྱའི་ཞེན་ཕྱོགས་ཀྱིས།།
བསྟན་སྲིད་བྱ་བའི་ཁུར་ཆེན་འདེག་སྙམ་ཡང་།།
བོང་བུའི་ཁལ་བཞིན་རེ་དོགས་གོམ་སྟབས་ཕྲ།།
ཁྱེད་ཀྱང་ཐག་རིང་ལམ་ལ་བགྲོད་པའི་དུས།།
འདུ་འཁྲུག་ལ་སོགས་རྐྱེན་གྱིས་མ་གཙེས་པར།།
མི་རིང་རང་གི་ཡུལ་ལ་ཉེར་ཕྱོགས་ནས།།
དགྱེས་ཞལ་མྱུར་འཛོམ་ཡོང་བར་གཅིག་ཏུ་རེ།།
སྲིད་ན་མཛེས་ཤིང་གྲགས་པའི་ཉི་ཟླས་ཀྱང་།།
གླིང་བཞི་བསྐོར་ནས་འཁོར་བཞིན་ཁྱོད་ཀྱིས་ཀྱང་།།
གཞན་ཡུལ་འགྲིམ་ནས་རང་ཡུལ་སྐྱོང་བ་ཡི།།
བྱོན་བཞུགས་གནས་བབ་དུས་ལ་བསྟུན་པར་འོས།།
འཕགས་ཡུལ་ཀླུ་དབང་བྱོན་པའི་གནས་མཆོག་དེར།
མང་ཐོས་ཆོས་བཞིན་སྤྱོད་པ་ལེགས་མོད་ཀྱང་།།
ཤྲཱི་ཞེས་གྲགས་པའི་རང་ཡུལ་གདན་ས་ཆེར།།
རང་ཆུས་རང་གིས་འཚོ་བ་རེ་བའི་མཐིལ།།
སྔོན་བྱོན་དམ་པས་བྱིན་གྱིས་བརླབས་པའི་གནས།།
མེས་དང་ཡང་མེས་བླ་ཡིད་འཁོར་བའི་ཡུལ།།
ལས་སྨོན་བཙན་པོས་ཤ་ཁྲག་བསྐྱེད་པའི་ལྗོངས།།
གངས་རིའི་རང་ས་བཟུང་བ་ཕ་བཟང་རྒྱུད།།
སྣ་ཚོགས་མཐོང་ཐོས་མི་ཡུལ་ལྟད་མོ་ལས།།
རང་ལ་དགོས་པའི་ཐབས་མཆོག་རྙེད་སྲིད་ཀྱང་།།
རང་དོན་ཡལ་བར་དོར་བའི་ཕ་གཞིས་ལ།།
འཐོར་བརླག་དུས་ཀྱི་རྐུན་པོས་གཙེས་པ་མང་།།
མཚན་སྙན་མཁའ་མཐར་གྲགས་པའི་ཤྲཱི་སེང་དུ།།
ཐོས་བརྩོན་བྱེས་ཀྱི་མཁས་མཆོག་མང་འཕེལ་ཡང་།།
རང་སའི་མི་གོ་ཆོད་པ་ཉིན་སྐར་ཙམ།།
ཡུལ་བྱོལ་ཁྱིམ་ས་བཟུང་བ་དེ་བས་མང་།།
བདག་འདྲ་ཕྱི་ནང་མ་ངེས་ཟུར་མི་འགས།།
བསྟན་སྲིད་བཟུང་བ་མིང་གི་ཐོ་ཡོར་ཏེ།།
དགོས་པའི་དུས་སུ་མགྱོགས་པའི་བང་མེད་ན།།
ལམ་སྣེའི་འཕྲང་ལ་རྟ་མཆོག་འཕྱང་མོ་ཉུག།
བདག་གི་གཅུང་མོ་དོན་སྒྲོལ་གྱིས།།
ཁྱོད་ཕྱོགས་སེམས་ཁྲལ་རྒྱུན་དུ་བྱེད།།
གང་ཁྱེད་མི་ཡུལ་རྒྱུས་མེད་དུ།།
འཕྲོད་བཞེས་མ་ལྷོད་ཞུས་ཞེས་འདུན།།
སྣ་ཚོགས་བྲེལ་དོས་གཡེངས་བ་ཡིས།།
སྐབས་རེར་འཕྲིན་ལན་འབྲི་བར་འགྱངས།།
ཁུག་ཀྱོག་འཕྲིན་སྐྱེལ་འགྲུལ་བཞུད་ཞན།།
མི་འཕྲོད་དོགས་པས་ཐེངས་འགར་ལུས།།
འོན་ཀྱང་དགའ་སྡུག་སྤེལ་མའི་བློས།།
བསྙེན་མཚམས་བཅད་རྒྱའི་ཐུན་གསེང་དུ།།
བྲིས་ནས་བཤོལ་ཟླའི་ཚེས་གསུམ་ཉིན།།
འཕྲིན་གྱི་ཕོ་ཉ་འདི་བཞིན་བཏང་།།

མ་བཅོས་གཟུགས་བརྙན།

མཁའ་དཀྱིལ་རླུང་ལ་བརྟེན་པའི་ཆུ་ཡི་ཕུང་པོ།།
མཚོ་ཆེན་རྣམ་བཞིས་བཏེགས་པའི་ས་གཞིའི་རྩེ་མོ།།
དཀར་གསལ་གངས་རིས་མཚན་པའི་ངོ་མཚར་བསིལ་ལྗོངས།།
འཛམ་གླིང་མཛེས་པའི་རྒྱན་དུ་མ་བཅོས་ལྷམ་མེ།།
མགོ་ནག་འཕྱེ་བོའི་རིགས་ཀྱི་གཡོ་ཡིས་མ་སྦགས།།
སྐྲ་སེར་མཐིང་མིག་ཅན་གྱི་སྒྱུ་ཡིས་མ་ལྷད།།
དྲང་བདེན་རང་བཞིན་གཙང་མའི་གཤིས་སྤྱོད་བཟང་པོ།།
ནམ་ཡང་འགྱུར་མེད་བོད་མིའི་མ་བཅོས་གཤིས་ཀ།
ལྐོག་གྱུར་ལྷག་བསམ་དག་པ་གནམ་སྟོང་ཟླ་བ།།
རེ་སྨོན་ཚེས་གསུམ་ཚེས་རུའི་ལུས་སྟོབས་རྒྱས་ནས།།
བཟང་གསུམ་ཆ་ཤས་རྫོགས་པའི་བཅོ་ལྔའི་དུང་ཟླ།།
སྐྱེ་རྒུའི་མིག་ལ་མཛེས་པ་མ་བཅོས་གཟུགས་བརྙན།།
སློབ་ཕྲུག་ན་གཞོན་ཕོ་མོ་འགའི་ངོར་མདོ་སྟོད་ནས་བྲིས།།

མཚམས་སྦྱོར་བཻཌཱུར་ཞུན་མའི་ཐིག་ལེ།

ལྷན་སྐྱེས་སྲིད་རྩའི་གདོན་གྱིས་ཉེར་བསྐྱེད་པའི།།
ཉོན་མོངས་བྲོ་ནད་ཟུག་རྔུ་རྩུབ་མོ་ཡིས།།
གདུང་བའི་འགྲོ་བ་སྐྱོབ་མཛད་བཻཌཱུརྱ།།
བཅོམ་ལྡན་སྨན་གྱི་བླ་མ་གཙུག་ན་རྒྱལ།།
མཆོག་གསུམ་ཟླ་བའི་འོད་དཀར་དྭངས་མའི་ཁམས།།
བདུད་རྩིའི་ཐིག་ལེར་འདྲིལ་བའི་འཚོ་བྱེད་སྨན།།
བརྟན་གཡོའི་བཅུད་འདུས་མི་ཤིགས་ཚེ་ཡི་རྫས།།
འཆི་བ་མེད་པའི་སྲོག་གི་ཟུངས་སུ་བསྔགས།།
ལུགས་འབྱུང་རྟེན་འབྲེལ་སྲིད་པའི་འཁོར་ལོའི་གཞིར།།
སྐྱེ་རྒ་ན་འཆིའི་རྩིབས་རྣོན་དྲག་འབར་བ།།
གཞོམ་ལ་མི་ཕྱེད་རྡོ་རྗེའི་ཟིལ་སྟོང་ལྡན།།
གསོ་བྱེད་ཚེ་ཡི་རིག་པ་མཆོག་ཏུ་རྨད།།
འབྱུང་ཁམས་འཕེལ་ཟད་འཁྲུགས་པའི་རྣམ་འགྱུར་བརྒྱས།།
སྐད་ཅིག་རེར་བགྲང་བརྣག་དཀའི་ཚོར་བས་ཀྱང་།།
མནར་མེད་དམྱལ་བའི་ལྟད་མོར་འགོད་བྱེད་ན།།
ཡིད་ཅན་ངལ་འཚོའི་འབབ་སྟེགས་འདི་ལས་སུ།།
གཙུག་ཕུད་ཕུན་བུར་བཅིངས་བའི་ཤེས་རབ་ལྷ།།
བསོད་ནམས་ཚོགས་ཀྱིས་མགྲོན་དུ་ཁུག་གྱུར་པ།།
མཁྱེན་པ་རབ་རྒྱས་བརྩེ་བའི་ཐུགས་རྗེའི་ཁུར།།
འདེགས་ལ་བརྟན་པ་ས་ཆེན་སེམས་དཔར་དཔོག།
ལ་ལ་གཞུང་ལུགས་ལྟ་བའི་མིག་ལྡོང་ཞིང་།།
འགའ་ཞིག་ཕྲག་དོག་ཚེར་མའི་གདོན་གྱིས་ཟིན།།
གཞན་འགའ་འོལ་ཚོད་མྱུལ་བའི་རྐྱལ་སྟོང་ཐོགས།།
དོན་མཐུན་བརྩེ་བའི་བཤེས་གཉེན་ཕ་ལས་ལྷག།
ཤར་ནུབ་ཉི་ཟླའི་བགྲོད་ལམ་ཤིན་ཏུ་རིང་།།
མཁའ་དང་ས་གཞིའི་བར་ཁད་དེ་བས་འགྱང་།།
མཁས་དང་གཅིག་ཤོས་ཁྱད་པར་དེ་བཞིན་ཏེ།།
གངས་ལྗོངས་གསོ་རིག་སྨྲ་ལ་ཁྱོད་གཅིག་མཆོག།
བགྲང་ཡས་བཀའ་དྲིན་གཞལ་དཀའི་ཕ་མཐའི་ཁྱོན།།
སྲིད་པའི་ཟོང་གིས་བསྒྲུན་མིན་དབྱིག་གི་མཆོག།
རྒྱུད་དོན་ཆུ་ཤེལ་ནོར་བུའི་བྱི་དོར་ལས།།
གསུང་རྒྱུན་བདུད་རྩིའི་མཚོ་ཆེན་འདི་རུ་བསྐྱིལ།།
ཞེས་ཚིགས་སུ་བཅད་པ་སངས་རྒྱས་སྨན་གྱི་བླ་མ་མཆེད་བརྒྱད་ཀྱི་གྲངས་སུ་བཀོད་པས་སྔུན་བསུས་ཏེ་བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོ་སྨན་སྦྱོར་གྱི་ཆོ་ག་དག་མཁས་པའི་དབང་པོ་མཆོག་གི་གསུང་རྒྱུན་འཁྲུལ་མེད་ཀྱིས་བརྒྱན་ཏེ་རིག་པའི་འབྱུང་གནས་བོད་གངས་ཅན་པ་རང་གི་ཡི་གེ་དང་། རྒྱ་ནག་པོའི་ཡིག་རིགས་ཤན་སྦྱར་གྱིས་འགོད་པ་ལ། ཞེས་འདི་ལྟར་མཚམས་སྦྱར་ནས་བྲིས་ན་འཐུས་སམ་སྙམ་པས་དཔྱད་འཚལ་ཞེས་རང་ཉིད་ཀྱི་རིགས་དབོན་གསོ་རིག་སྨྲ་བ་རིག་འཛིན་དབང་མོ་ལགས་ཀྱིས་དགེ་རྒན་གྱི་ཞལ་རྒྱུན་ཕྱོགས་སྒྲིག་ཡིག་རིགས་གཉིས་སུ་འགོད་པའི་བཞེད་སྐོང་དུ་པདྨ་སྐལ་བཟང་དེས་བྲིས།།

ལྷག་བསམ་གྱི་རང་མདངས་ལ་སྔགས་པ།

མཁས་བཙུན་བཟང་པོའི་གྲགས་པས་ཕྱོགས་ཀུན་ཁྱབ།།
བསླབ་གསུམ་རྒྱལ་མཚན་འཛིན་པའི་ཁྱུ་ཡི་མཆོག།
ཟླ་བྲལ་གྲགས་པའི་དཔལ་འཆང་རྫོགས་ཆེན་པའི།།
བསྟན་པའི་རྒྱལ་མཚན་སྒྲེང་ལ་ཁྱེད་གཅིག་སྔགས།།
མ་བཅོས་རང་བྱུང་དོན་གྱི་ཡེ་ཤེས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས།།
ལྷུན་གྲུབ་རང་སྣང་འོད་གསལ་མ་འགག་རྒྱ་ཆད་ཕྱོགས་རྣམས་ཀུན་བྲལ་བ།།
མཐའ་གྲོལ་རིས་མེད་མཉམ་བདལ་ཆེན་པོ་ལྟ་བའི་རྩེ་མོ་རྡོ་རྗེ་ཐེག།
ཡང་ཟབ་ཀློང་ཆེན་དགོངས་པའི་གསང་མཛོད་སྙིང་ཐིག་སྙིང་པོའི་ཡང་ཞུན་རྨད།།
གངས་ཅན་ཤར་ཕྱོགས་ས་ཡི་ལྟེ་བ་རྨ་ཡུལ་གཡང་གི་ར་བ་ཆེའི།།
རིགས་གསུམ་གཅིག་བསྡུས་པདྨའི་ཐུགས་སྤྲུལ་གེ་སར་རྒྱལ་པོའི་ངོ་མཚར་མཚན།།
སྲིད་པའི་ཁྱོན་ན་གྲགས་སྙན་འབར་ལས་གཞན་ཕན་འབུམ་ཕྲག་བརྩེགས་པའི་མདངས།།
དེང་འདིར་ཐེབས་རྩའི་ཚོགས་པའི་འཕྲིན་ལས་ཚོགས་གཉིས་བསོད་ནམས་དཔལ་གྱིས་མཛེས།
མགོ་ལོག་རྨ་ཡུལ་དུ་བསྟན་པ་སྤེལ་བའི་ངོ་ཚབ་པ་སྤྲུལ་སྐུ་ཚེ་རིང་ལྷ་རྒྱལ་ལ་བྲིས་ཏེ་བསྐུར།

རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་བདུན་པའི་རྗེས་དྲན་ཕྱག་རྟགས་ཀྱི་བླ་གོས་ཕུལ་བའི་སྨོན་ཚིག

འདི་ན་དུག་ལྔས་རབ་གཟིར་སྙིགས་མའི་འགྲོ།།
ལོག་སྤྱོད་མུན་པར་ཕྱོགས་པས་ཉམ་ང་བར།།
བསྟན་དང་སྟོན་པའི་བདག་ཉིད་ཆོས་འདུལ་གཞུང་།།
ཡང་དག་སྣང་བ་སྦྱིན་པའི་ཉིན་བྱེད་མཆོག།
སྲིད་འདིའི་འབྱོར་བའི་ཚོགས་རྣམས་གཅིག་བསྡམས་པས།།
ཕྱོགས་ཙམ་མཚོན་མིན་རྣམ་དག་ཚུལ་ཁྲིམས་ཀྱིས།།
ས་གསུམ་དགེ་བའི་ངོ་མཚར་ཀུན་སྡུད་པའི།།
ཕུན་ཚོགས་ལྷར་བཅས་འགྲོ་བའི་གཙུག་ན་རྨད།།
འཆར་ཁའི་མཚམས་སྤྲིན་གསར་པའི་ལང་ཚོ་ལ།།
གུར་གུམ་ཆབ་ཀྱིས་བྲན་ལྟའི་གཙང་མའི་གོས།།
ཕུལ་བས་དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱན།།
མི་ནུབ་སྲིད་པའི་བླ་རུ་རྟག་བརྟན་ཤོག།
བསླབ་གསུམ་རིན་ཆེན་མཛོད་ལ་དབང་བྱེད་ཅིང་།།
ངུར་སྨྲིག་བླ་གོས་མཛེས་པའི་རྒྱན་འཆང་བ།།
ཚངས་སྤྱོད་ཡང་དག་སྡོམ་པས་རྒྱུད་དུལ་བའི།།
འདུས་པའི་ཚོགས་ཀྱིས་ས་འདི་གང་གྱུར་ཅིག།

བྲིས་གཟུགས་ཀྱི་ཀ་དཔེ་ཞིག་གི་མཇུག་བྱང་།

བརྗོད་འདོད་ངག་གི་རྣམ་རིག་མཚོན་བྱེད་པ།།
བརྡ་ཐབས་འཕྲུལ་གྱི་སྣང་བརྙན་གསར་པའི་སྒོ།།
སོར་མོའི་འདུ་འགོད་ལ་ཆགས་ངོ་མཚར་གཟུགས།།
དཔྱོད་ལྡན་སྐྱེ་བོ་དགའ་བའི་རྒྱན་དུ་ལོངས།།

ཞབས་དཀར་བཀའ་འབུམ་གྱི་པར་བྱང་ཤིས་ཚིག་ཕན་བདེའི་གྲུ་ཆར།

ཟབ་དོན་མན་ངག་སྡེ་གསུམ་ཀློང་དགུའི་བཅུད།།
སྙིང་པོར་དྲིལ་བ་རིག་འཛིན་དགོངས་པའི་མཐིལ།།
ལྟ་བའི་གནད་དུ་བསྡུས་པ་རྡོ་རྗེའི་ལུང་།།
དབང་རབ་ལས་སྐལ་ལྡན་པ་གཅིག་པུའི་ཡུལ།།
ཕྱོགས་རེའི་ལྟ་གྲུབ་སྡང་ཞེན་ཁ་འཛིན་ལས།།
རིང་དུ་གྲོལ་བའི་སྙིང་པོའི་ལམ་སྟོན་མཁན།།
གངས་ལྗོངས་གྲུབ་པའི་ཁྱུ་མཆོག་ཞབས་དཀར་པའི།།
བཀའ་དྲིན་ཕྱི་རབས་འགྲོ་བའི་ཕྱག་གི་ཡུལ།།
ལེགས་བྱས་འོ་མའི་མཚོ་ལས་ཉེར་ཐོན་པའི།།
རྣམ་དཀར་སྟོན་གྱི་ཟླ་གཞོན་གསར་པའི་གཟུགས།།
དགེ་ཚོགས་སྐར་ཕྲན་ཕལ་གྱིས་བསྒྲུན་མིན་པ།།
རྒྱལ་བསྟན་མཆོད་སྡོང་མཁའ་ལམ་མཛེས་པའི་རྒྱན།།
ལེགས་བཤད་རིན་ཐང་གཞལ་མེད་ནོར་བུའི་ཕྲེང་།།
མི་ཟད་འཇོ་བའི་གཏེར་གྱི་ཕྱི་མོའི་འཕྲུལ།།
མདོ་སྔགས་ཡོན་ཏན་རྒྱ་མཚོའི་བདག་རྐྱེན་ལ།།
བསྟེན་འདི་ཡི་རངས་འབུམ་གྱིས་བསྔགས་འོས་ཉིད།།
དགེ་ཚོགས་ཆུ་ཐིགས་བྱང་ཆེན་རྒྱ་མཚོར་འདྲེས།།
ཚོགས་གཉིས་སྤྲིན་གྱི་བླ་བྲེ་ཆེར་དཀྲིགས་ཏེ།།
ཕན་བདེའི་ཆར་གྱིས་འགྲོ་ཀུན་རྟག་སྐྱོང་ཞིང་།།
བྱང་ཆུབ་སེམས་ཀྱི་མྱུ་གུ་ཆེར་འཁྲུངས་ཤོག།
དེའི་མཐུས་རྒྱལ་བསྟན་སྙིང་པོ་ལུང་རྟོགས་ཆོས།།
འཛིན་མཛད་བཤད་དང་སྒྲུབ་པའི་བདག་ཉིད་ཅན།།
འཁོར་ལོ་གསུམ་གྱི་མཛད་པས་དུས་འདའ་བའི།།
དམར་སེར་འདུས་པའི་སྡེ་ཚོགས་རྟག་རྒྱས་ཤོག།
གང་ན་འཚོ་གཞེས་བསྟན་འཛིན་དམ་པའི་མགོན།།
འགྲོ་བའི་བཤེས་གྱུར་ཐར་བའི་ལམ་སྟོན་མཁན།།
ཀུན་ཀྱང་རྡོ་རྗེའི་ཁྲི་ལ་རྟག་བརྟན་ནས།།
ཕུལ་བྱུང་ཐུགས་ཀྱི་བཞེད་པ་ཡོངས་འགྲུབ་ཤོག།
བཀའ་གཏེར་ཟབ་དོན་མན་ངག་ཐང་མར་བདལ།།
མདོ་སྔགས་ལྟ་སྒོམ་མ་ནོར་མཁས་གྲུབ་གཙོ།།
རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་སྔ་འགྱུར་པའི།།
བསྟན་པ་མི་ཉམས་མཐའ་རྒྱས་ཡུན་གནས་ཤོག།
ཅེས་པའང་གངས་ལྗོངས་མཁས་དང་གྲུབ་པའི་ཁྱུ་མཆོག་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་གསུང་འབུམ་པར་བྱང་སྨོན་ཚིག་ཏུ་ཤར་མདོ་སྨད་གནམ་རྫོང་ཕྱུག་མོ་དན་ཏིག་ཤེལ་གྱི་མཆོད་རྟེན་དང་ཉེ་བའི་སའི་ཕུར་ཐོགས་སྟོང་གི་བསྟི་གནས་ཀྱི་མཆོག་སྤྲུལ་འཇམ་དབྱངས་ཆོས་འཕེལ་གྱིས་སྐྱེས་དང་བཅས་བཀའ་ནན་གནང་བའི་ངོར། རྫོགས་ཆེན་པདྨ་བཛྲའི་སྐྱེ་མིང་གསུམ་པར་སྒྲོ་བཏགས་པ་པདྨ་སྐལ་བཟང་དེས། ཤྲཱི་སེང་ཆོས་གྲྭའི་ཤར་གླིང་གི་དགའ་བའི་ཚལ་ནས་འཕྲལ་མར་བྲིས་པ་འདི་ཡང་བཀྲ་ཤིས་ལེགས་ཚོགས་འཕེལ་བའི་རྒྱུར་གྱུར་ཅིག།

རང་ཉིད་ཀྱི་འདྲ་པར་ཞིག་དང་སྦྲགས་ཏེ་ཕུལ་བའི་ཡིག་རིས།

མ་རིག་རྒྱུ་ལས་བསྐྱེད་པའི་འདུ་བྱེད་ཀྱི།།
འཕེན་རྫོགས་བྱེད་པའི་ལས་ཀྱི་འབྲས་སྨིན་པ།།
རྣམ་ཤེས་ཁྱེའུ་ཆུང་ཞུགས་པའི་མིང་གཟུགས་རྟེན།།
ལུགས་འབྱུང་སྲིད་པའི་འཁོར་ལོར་འདི་ན་འཁྱམས།།
ཐོག་མར་བྱིས་པ་མཐིང་གི་སྐྲ་ཅོག་ཅན།།
བར་དུ་ན་གཞོན་དུང་གི་སོ་སྒོས་མཛེས།།
མཐའ་མ་དགེ་སྦྱོང་རྒན་བུ་མགོ་རེག་གཟུགས།།
མི་བརྟན་སྒྱུ་མའི་གཟིགས་མོར་སུ་ཡིད་རྟོན།།
ཡང་མཐར་རུས་གོང་པགས་པའི་ཚོགས་དག་ཀྱང་།།
རྡུལ་གྱི་ཆ་ཤས་སོ་སོར་དེངས་གྱུར་ཚེ།།
དཀར་ནག་འབྲས་བུ་མྱོང་བའི་ལེན་པ་པོ།།
གཞན་དུ་ཡོད་པའི་འཁྲུལ་སྣང་ཆོས་འདི་མཚར།།
མངའ་ཐང་ཆེ་བ་རྒྱལ་པོའི་རྒྱལ་སྲིད་ནས།།
ཉམ་ཆུང་གྱི་ནས་འཚོ་བའི་ཁ་སྟབས་ཀུན།།
གཅིག་ཅར་འཕྲོག་པའི་དུས་ཀྱི་ཕོ་ཉ་ལ།།
ཆོས་ཀྱི་ཟོན་གྱིས་རྟག་ཏུ་མེལ་ཚེ་འོས།།
ཚེ་གཅིག་སྐྱིད་སྡུག་སྒྱུ་མའི་གར་མཁན་འདྲ།།
སྣ་ཚོགས་སྣང་བ་ཡུལ་གྱི་བསླུ་བྲིད་དེ།།
སྔར་འཁྱམས་འཁྲུལ་བའི་ཐ་མ་འདིས་སྐྱོ་ནས།།
ཐོག་མཐའ་དབུས་མེད་འཁོར་བའི་གནས་འདིར་སུན།།
འོན་ཀྱང་མཁས་མཐར་གཏུགས་པའི་མར་གྱུར་འགྲོ།།
གདོད་མའི་རྒྱལ་སྲིད་མཆོག་ལ་འགོད་ནུས་པའི།།
ནང་གི་ནུས་པ་སྟོབས་སུ་མ་གྱུར་བར།།
མཐའ་གཉིས་སྤངས་པའི་དམ་བཅས་རྟག་འཚོར་སྨོན།།
རྟེན་འདིར་དད་ཅིང་དགའ་དང་བཀུར་བའམ།།
འགའ་ཞིག་གཤེ་ཞིང་མི་སྙན་སྒྲོག་པའང་རུང་།།
ཇི་སྙེད་འབྲེལ་ཀུན་དམ་པའི་སེམས་གཉིས་ཀྱི།།
གསེར་འགྱུར་རྩི་ཡིས་རྟག་ཏུ་བཏང་མ་གྱུར།།

རང་ཉིད་ཀྱི་འདྲ་པར་ཞིག་གི་རྒྱབ་ལོགས་སུ་བྲིས་པའི་ཡིག་རིས།

གཅེས་སྲོག་ཕ་མས་བསྐྱེད་པའི་ཤ་ཁྲག་རྟེན།།
ལན་གཅིག་རུ་དམ་ལུང་པར་ལས་ཀྱིས་བསྐོས།།
རྣམ་པར་འགྱུར་བའི་སྣང་བརྙན་རྟེན་འབྲེལ་སྒོ།།
ཕྱིས་འདིར་དྲན་པའི་ཡིད་ཀྱི་མེ་ལོང་གསལ།།
སྐྱེ་ཀུན་སྨོན་པས་འབྲེལ་བ་རྫོགས་ཆེན་པའི།།
ཆོས་སྲིད་བ་དན་བསྒྲེངས་བའི་གཡར་དམ་ཆེར།།
ཟུངས་ཁྲག་དྲོན་མོས་སྦགས་པའི་ཤུལ་རྗེས་དང་།།
ངལ་བརྒྱའི་ཚོར་བའི་མྱོང་བ་ཡང་འདིར་མངོན།།
དཔོག་དཀའི་མ་འོངས་གསར་པའི་མདུན་ལྗོངས་དང་།།
བརྒལ་དཀའི་འདས་དོན་ལ་ལུང་རི་མོའི་འགྲོས།།
ཧ་ཅང་ཞུམ་པ་མིན་པའི་ཆོད་སེམས་བཅས།།
སྣ་ཚོགས་ལྐོག་གྱུར་ཆོས་ཀྱང་འདི་ལས་འབྱེད།།
ཡུན་ཐུང་མི་ཚེའི་ཉི་མ་གློག་གི་ཕྲེང་།།
སྐད་ཅིག་མི་བརྟན་འགྱུར་བའི་གྱ་གྱུ་མང་།།
དེས་ཀྱང་མཚོན་པ་མིན་པའི་ལྷག་བསམ་ཟླ།།
ཆ་ཡིས་གཞལ་དཀའི་ཕན་བདེའི་ག་བུར་སྟུག།
གང་ཞིག་མཐོང་ཐོས་གཏམ་གྱིས་གླེང་བ་དང་།།
ཡིད་ལ་བྱེད་དམ་གཟུགས་བརྙན་ཙམ་གྱིས་ཀྱང་།།
སྐྱེ་བའི་མཐའ་མ་རྙེད་བགྱིད་མཐའ་ཡས་པའི།།
འགྲོ་ཚོགས་སྒྲོལ་བའི་ཉེར་འཚོར་བདག་འགྱུར་ཤོག།
ཅེས་པའང་རང་ཉིད་ཀྱི་འདྲ་པར་ཞིག་གི་རྒྱབ་ལོགས་སུ་བྲིས་པའོ།།

དྲན་སྐུལ།

ཟླུམ་པོའི་ས་གཞིར་འཁོད་པའི་སྲོག་ལྡན་ཁྱུ།།
ཀུན་ཀྱང་བདེ་བའི་རོ་ལ་རྗེས་ཆགས་པས།།
ཤིན་ཏུ་བྲེལ་བའི་ངལ་བརྒྱའི་གོམ་སྟབས་ཀྱིས།།
ཚེ་ཡི་མཐའ་ལ་གཏུགས་འདི་སྐྱོ་བའི་གར།།
མི་གཙང་མགྲོན་ཁང་ལུས་ཀྱི་ཤ་ཁྲག་རུས།།
མྱུར་དུ་འབྱུང་བཞིའི་བག་ལ་ཞ་འགྱུར་བས།།
རིང་པོར་འཚོ་རྩིས་བླུན་པོའི་བློ་སྣ་འདིས།།
གཏན་གྱི་འདུན་མ་ཉེས་ན་ཧ་ཅང་ཕངས།།
རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས།།

ཉིན་ཞིག་གི་ཉིན་ཐོའི་རྩོམ་ཐུང་རང་འགྲོས་མ།

ཕྱི་རུ་ཅུང་ཟད་འབྱོར་བའི་རྐྱེན་ཚོགས་ཀྱང་།།
ནང་དུ་སེམས་ཀྱི་ལང་ཚོའི་རྟེན་གཞིས་དབེན།།
ནུབ་མཐའི་ཡུལ་འདིའི་ཡིད་ཅན་འགྲོ་ཀུན་གྱིས།།
རྣམ་དཀར་རྒྱལ་བའི་འཕྲིན་ལས་ལ་རེག་ཤོག།
ཉིན་བྱེད་ལྷོ་བགྲོད་འཆར་ནུབ་ཕྱོགས་མཉམ་ཞིང་།།
སྣང་བའི་གོ་སྐབས་མུན་པས་ཡོངས་འཕྲོག་པར།།
སླར་ཡང་བྱང་བགྲོད་སྣང་བའི་སྐབས་ཕྱེད་པ།།
ཇི་བཞིན་དམ་ཆོས་ཉིན་བྱེད་རྟག་འཆར་ཤོག།
མཐའ་ཡས་འགྲོ་བའི་ཉེར་འཚོར་བདག་འགྱུར་བའི།།
རྣམ་དག་སྨོན་པའི་རང་གཟུགས་ཡིད་བཞིན་དབང་།།
འབྲེལ་ཚད་བདེ་ལ་འགོད་པའི་རྟེན་འབྱུང་མཐུས།།
ས་འདི་དགེ་བའི་བཀྲ་ཤིས་རྟག་འཆར་ཤོག།
ཤར་ནུབ་རྒྱལ་ཁམས་ཉུལ་བའི་ཡུལ་སྐོར་པ།།
བོད་བན་ཆོས་ཀྱི་གླེགས་བམ་སྨྲ་བ་ཅན།།
པདྨའི་མིང་མཐའ་བཟང་པོས་བརྒྱན་པ་དེས།།
འགྲུལ་བཞུད་ཞག་སའི་གནས་མལ་སྟོབ་དེར་བྲིས།།
ཤིང་བྱ་ལོར་ཡོ་རོབ་ནུབ་མཐའི་ཡུལ་གྲུ་དགུན་དུས་ཉི་ཞལ་མཐོང་བ་དཀོན་པའི་ས་ཆ་ཞིག་ནས་བྲིས་ཏེ་གནས་དེར་བཞག།

མགྲོན་བརྡའི་མཆིད་བྱང་གི་ལེགས་མཚོན།

རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་རྟག་བྱོན་པའི།།
མཁས་བཙུན་གྲུབ་པ་སྟོང་གི་མེས་པོའི་ཁྱིམ།།
མདོ་ཁམས་རྫ་རྒྱུད་ཆོས་ཀྱི་ཞིང་ཁམས་ཆེར།།
ངོ་མཚར་དགའ་སྟོན་གསར་པ་དེང་འདིར་ཤར།།
ཚོགས་གཉིས་བསོད་ནམས་སྤུངས་བའི་ཤེ་མོང་སྟོབས།།
ཁུར་དུ་ལྕི་བས་མ་བཟོད་ནོར་འཛིན་ཡང་།།
ལྷ་ཕྲུག་དགའ་བས་རྩེན་པའི་མཁའ་ལམ་ན།།
གཡུ་འབྲུག་སྦྲུམ་མའི་ཟོལ་གྱིས་བསྟོད་པར་བྱེད།།
མཁས་མང་ཚོགས་པའི་ལྷ་གྲལ་ཆོས་ཀྱིས་མཛེས།།
ཕུན་ཚོགས་དགོས་འདོད་ནོར་བུའི་གཏེར་ཁ་རྡོལ།།
མི་ཟད་སྡེ་བཞིའི་དཔལ་གྱིས་མངོན་མཐོ་བའི།།
ཡ་མཚན་དགྱེས་སྟོན་གནས་འདིར་སྤྱོན་མཛོད་ཀྱེ།།
ཁྲིམས་ལྡན་མཁས་པའི་ཁྱུ་མཆོག་མི་འཕྲོག་སྐུ།།
མཚན་དཔེའི་ཁོ་ལག་རྫོགས་པའི་ཚངས་དབྱངས་གསུང་།།
འཇམ་སྙན་དལ་གྱིས་འབབ་པའི་འཛུམ་དཀར་གྱི།།
འོད་ཟེར་དྲ་བས་ཁྱེད་ལ་བསུ་བར་བྱེད།།
མ་འདྲིས་མཛའ་བ་མི་ཕྱེད་ཡིད་གཅུགས་མཆིད།།
བརྩེ་ཆེན་ཀྱོ་བས་མ་བཏང་ཕྱག་རྒྱའི་གར།།
ཡང་ཡང་ཡིད་ལ་འཕྲེང་བའི་མངོན་རྟོགས་ཀྱི།།
བཀྲ་ཤིས་བྱེ་བས་ཁྱེད་ལ་དགེ་མཚན་བསྙིལ།།
མི་འཕྲོག་གསང་གསུམ་རྡོ་རྗེའི་ལྷུན་པོ་རྟག་བརྟན་ཆོས་ཁམས་མངོན་འཐས་པར།།
མཐའ་ཡས་འཕྲིན་ལས་སྤྲིན་གྱི་འོད་ཟེར་འདུ་འབྲལ་སྤངས་བའི་ཡ་མཚན་འབུམ།།
རྒྱང་སྙན་གླིང་བཞིའི་ངོ་མཚར་ལེ་ཚན་འབྲུག་སྒྲ་གསར་པའི་རོལ་མོར་བཅས།།
གྲགས་པའི་གདུགས་དཀར་མཁའ་ན་འཕུར་བས་མཐའ་ཡི་མུ་ཁྱུད་བརྒྱན་གྱུར་ཅིག།

མདོ་སྨད་ཀྱི་ཙོང་ཁའི་རི་བོའི་དུས་དེབ་གསར་འདོན་ལ་བྲིས་པའི་ཤིས་ཚིག

བརྟུལ་ཞུགས་མཆོག་གྲུབ་འཆི་མེད་སྐུ་བརྙེས་མཚོ་སྐྱེས་པདྨས་བྱིན་གྱིས་རླབས།།
མཁྱེན་པའི་གཏེར་མངའ་འཇམ་མགོན་བླ་མ་བློ་བཟང་རྒྱལ་བའི་གཟུགས་སྐུ་ངོམ།།
རླབས་ཆེན་མེས་པོའི་མཁས་མཛངས་ཕྱག་རྗེས་ངོ་མཚར་བྱེ་བས་རབ་མཛེས་པའི།།
གངས་ལྗོངས་མདོ་སྨད་ཙོང་ཁའི་རི་བོའི་གྲགས་སྙན་སྲིད་པའི་ཁྱོན་ན་འབར།།
དགེ་མཚན་འབུམ་ཕྲག་དུས་གཅིག་འཁྱིལ་བའི་ངོ་མཚར་གཏམ་གྱི་རོལ་མཚོ་ལ།།
རྗེས་སུ་ཆགས་པའི་རྣམ་དཔྱོད་ཆུ་རླུང་ཕྱོགས་ནས་སྡུད་པའི་རྨད་བྱུང་གཟུགས།།
དུས་ཀྱིས་བསྐུལ་བའི་མཚར་སྡུག་སྣང་བརྙན་རི་མོའི་ཟོལ་གྱི་བྱ་མ་རྟ།།
གངས་རིའི་གཟི་མདངས་ཕྱོགས་སུ་སྦྲན་པའི་འགྱུར་མེད་རང་གཤིས་འདི་ན་བཀྲ།།

ཆུ་སྤྲེའི་ལོ་སར་སྨོན་ཚིག

བདེ་ལེགས་བཀྲ་ཤིས་ཀྱི་སྣང་བ་དམ་པའི་རྒྱལ་མཚན་ཆེན་པོ་ས་གསུམ་སྐྱེ་དགུའི་བླ་ན་མི་ནུབ་པར་རྟག་ཏུ་མངོན་པར་མཐོ་བར་གྱུར་ཅིག
མཚུངས་མེད་འདྲེན་པ་མི་མཆོག་སྟོབས་བཅུའི་བདག།
སྤངས་རྟོགས་མཐར་ཕྱིན་འགྲོ་བའི་ཕན་བདེའི་གཉེན།།
ལྷར་བཅས་ཆེ་དགུའི་གཙུག་ན་ལྷམ་མེ་བ།།
རྒྱལ་བ་དོན་ཀུན་གྲུབ་པས་ཤིས་པ་སྩོལ།།
རྒྱལ་ཀུན་གསུང་གི་དབང་ཕྱུག་སྨྲ་བའི་ཉི།།
མི་ཟད་གཟུངས་སྤོབས་བློ་གྲོས་སྣང་བའི་བདག།
རྨོངས་མུན་གཅིག་ཅར་གཞིལ་བའི་མཐུ་འཆང་བ།།
གཞོན་ནུ་ཟུར་ཕུད་ཅན་དེས་བཀྲ་ཤིས་སྒྲུབས།།
ཟབ་རྒྱས་རྒྱལ་བའི་ཆོས་ཚུལ་གཏེར་གྱི་མཛོད།།
ཡང་དག་ལྟ་བའི་དམིགས་རྣམ་ལྡེའུ་མིག་གིས།།
ཇི་བཞིན་འབྱེད་པའི་རྒྱན་དྲུག་མཆོག་གཉིས་དེ།།
དགེ་ལེགས་བྱེ་བའི་དཔལ་གྱིས་གཙུག་ན་མཆོད།།
དབང་མདོག་དགྲ་ལྷའི་རྒྱལ་པོ་ཡང་ལེ་བེར།།
སྙིང་ཐིག་བསྟན་པའི་སྲུང་མ་མ་གཟའ་རྡོར།།
བཀྲ་ཤིས་ཚེ་ཡི་དཔལ་འཛིན་མཆེད་ལྔ་ཡིས།།
མི་འབྲལ་དགྱེས་པའི་ལྷ་ཞལ་རྟག་ཏུ་ངོམ།།
ཡ་ད་དེ་རིང་བོད་རབ་བྱུང་བཅུ་བདུན་པའི་ནང་ཚན་ཆུ་ཕོ་སྤྲེལ་གྱི་ལོའི་གནམ་ལོ་གསར་པའི་འཛུམ་ཞལ་གསར་དུ་ངོམ་པའི་དུས་ཚེས་བཟང་པོ། དཀར་ཕྱོགས་དགའ་བ་དང་པོའི་ཚེས་གཅིག བཀྲ་ཤིས་པའི་ཉི་མ། དོན་འགྲུབ་པའི་ཐོ་རེངས། ཕུན་སུམ་ཚོགས་པའི་ནམ་ལངས། གཞི་བྱེས་འཛོམས་པའི་ཉི་ཤར་གྱི་སྐབས་སུ། སྤྱིར་འཛམ་གླིང་ཡངས་པའི་ཐ་གྲུར་གནས་འཆའ་བའི་ཤ་ཁྲག་རིགས་རུས་གཅིག་ལས་མཆེད་པའི་བོད་མི་མཆོག་དམན་བར་གསུམ། བྱེ་བྲག་རང་རིགས་ཕན་བདེའི་གཞི་རྩ། རྨད་བྱུང་བསྟན་སྲིད་ཀྱི་རྩ་ལག ཐུགས་བསྐྱེད་འགྲན་ཟླ་དང་བྲལ་བས་སྤྱི་དོན་ཁུར་དུ་བཞེས་པ་དག་དང་། ཁྱད་པར་ཆོས་གླིང་འདིའི་བོད་མདོ་དབུས་ཁམས་གསུམ། རྒྱལ་ཕྱི་ནང་ནས་ཕེབས་པའི་རིས་མེད་བསྟན་པ་འཛིན་པའི་བཤེས་གཉེན་མཁན་སྤྲུལ་དགེ་སློབ་སྡེ་སྣོད་འཛིན་པ་ཡོངས་ལ་ལོ་སར་དགྱེས་སྟོན་གྱི་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། ད་ཐོག་མར་དར་དཀར་པོ་མཆོག་ཏུ་གཙང་ཞིང་སྲིད་ན་རིང་བ། བཀྲ་ཤིས་པའི་རྟགས་ཀྱི་རི་མོས་མངོན་པར་བཀྲ་བ། མཛོད་དར་ཉིན་མོ་བདེ་ལེགས་ཀྱིས། བསྟན་པ་དར་ཞིང་སྐུ་ཚེ་རིང་བ། མཛད་བཟང་དར་དཀར་ཡུག་གཅིག་ལ། ནམ་ཡང་དྲི་མས་མ་གོས་པའི་བརྡ་མཚོན་དང་། ཕྱེ་མར་ཟས་ཀྱི་ཕུད་མཆོག་ཞིབ་དཀར་རྩམ་པའི་ཕུང་པོ་ལ། མར་དཀར་བདའ་རུས་རྒྱན་བཏགས། གཡང་དཀར་ལུག་གི་གཟུགས་ཀྱིས་བརྒྱན་པ་དེས། བཀྲ་ཤིས་ཞལ་དྲོ་བསོད་ནམས་གཡང་དུ་འདུ། ལྷ་གཡང་མི་ལ་འཁོར། ཟས་བཅུད་ཕུན་སུམ་ཚོགས་པའི་བརྡ་ཆོས། མདའ་དར་དར་ཚོན་སྣ་ལྔ་ལ་དངུལ་དཀར་གཡའ་མེད་ཀྱི་མེ་ལོང་བཏགས་པ་གཡས་སུ་ལན་གསུམ་བསྐོར་བས། བཤད་སྒྲུབ་བསྟན་པ་དར་བའི་ཆོས་གཡང་། གངས་ལྗོངས་བདེ་སྐྱིད་འཛོམས་པའི་སྲིད་གཡང་། ལོངས་སྤྱོད་མངའ་ཐང་འཛོམས་པའི་ནོར་གྱི་གཡང་ཐམས་ཅད་དུས་འདི་རུ་འཛོམས་པའི་རྟེན་འབྲེལ་མཆོག་ཏུ་འགྲིགས་པས་མི་ཚད། ཚེ་ལྷ་ཚེ་དཔག་མེད་མགོན། ཚེ་འཛིན་གྲུབ་པའི་རྒྱལ་མོ། ཚེ་བདག་ལྷ་མོ་མགྱོགས་མ། འཆི་མེད་པདྨ་འབྱུང་གནས་བཅས་ཀྱིས་འདིར་འདུས་པའི་དཔོན་སློབ་ཚོགས་པ་ཀུན་ལ་མི་ཤིགས་ཚེ་ཡི་དངོས་གྲུབ། མི་འགྱུར་བཅུད་ཀྱི་དྭངས་མ། མི་ནུབ་སྲོག་གི་རྟེན་ཕུར་བཙུགས་ནས། སྐུ་ཚེ་ཉི་ཟླ་དང་མཉམ། དབང་ཐང་རི་རྒྱལ་བས་མཐོ། ལོངས་སྤྱོད་རྒྱ་མཚོ་བཞིན་འཁྱིལ། མངའ་ཐང་གླིང་བཞི་ལས་རྒྱས་པའི་རྟེན་འབྲེལ་མ་བསྒྲིག་རང་འགྲིག་ཏུ་འགྲིགས་པ་ཡིན། ད་ལྷ་བསང་སྤྲིན་དཀར་ཕྱུག་མོས་བར་སྣང་ཡོངས་སུ་ཁྱབ་པར་བདུད་རྩི་འོ་མའི་གསེར་སྐྱེམས་བྲན་པས་དཀར་ཕྱོགས་ལྷ་དང་སྲུང་མའི་ངོ་སོ་དགུང་ལ་བསྟོད། འཇིགས་རུང་རླུང་རྟའི་བ་དན་མཁའ་ལ་གཡོ་བས་དགྲ་ལྷ་ཝེར་མ་ངང་གིས་འདུ། དེ་ལས་ཀྱང་མདོ་གླིང་བསྟན་པའི་སྲུང་མ་སྐུ་རྗེ་སེང་ཆེན་རྒྱལ་པོ། འཛམ་གླིང་སྲིད་པའི་དུང་ཟླ་འབུམ་པའི་རྒྱ་ཚ་ཞལ་དཀར། མུ་བ་གཡང་གི་རྟེན་ཕུར་འབུམ་པའི་རོང་ཚ་དམར་ལེབ། དཔའ་བརྟུལ་སུམ་ཅུའི་བླ་གནས་སྤྱི་དཔོན་སྣང་ཆུང་གཡུ་སྟག་སོགས་དཔའ་བརྟུལ་ཕུ་ནུའི་འཁོར་ཚོགས་དགྱེས་བཞིན་འདུས་ནས་བུ་ལ་མ་ལྟར་འཁྲི་ཞིང་སྐྱོང་སྟེ། དགོས་འདོད་ནོར་བུའི་ཞགས་པས་དངོས་གྲུབ་གཡང་གི་སྣ་འདྲེན། ཟིལ་གནོན་གསུང་གི་ང་རོས་ཁམས་གསུམ་སྐྱེ་འགྲོའི་བླ་ཡིད་བསྡུད། དཔའ་བརྗིད་བཙན་པའི་དབུ་རྨོག་གིས་གཡུལ་རྒྱལ་ལྷ་ཡི་རྔ་སྒྲ་སྒྲོགས་པ་སོགས། ལས་བཞི་ལྷུན་གྲུབ་ཀྱི་ལ་ཉེ་ཚེ་རིང་གནམ་གྱི་ཤེ་མོང་གིས་མཉམ་དུ་བསྡུས་པའི་རྟེན་འབྲེལ་མཆོག་ཏུ་དགེ། ད་གནམ་ལོའི་རྒྱལ་པོ་སྤྲེའུ་འདི། སྔོན་སྤྲེལ་རྒན་བྱང་ཆུབ་སེམས་དཔས་བོད་མིའུ་གདུང་དྲུག་གི་རིགས་རུས་བསྐྱེད་པས་མི་རྒྱུད་ལྷ་ལས་འཕོས་པའི་ཆེ་བ། སྤྲེལ་ཧ་ནུ་མ་རྡས་རྒྱ་གར་མ་གྷ་དྷ་རུ་བྱང་སེམས་ཤཱཀྱའི་སྲས་པོ་ལ་སྦྲང་རྩི་ཕུལ་བས་ཚོགས་གཉིས་བསོད་ནམས་རྫོགས་པའི་ཆེ་བ། སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་དེ་སློབ་དཔོན་པདྨ་འབྱུང་གནས་ཀྱི་དུས་སྟོན་དང་། གནས་མཆོག་དེ་ཝི་ཀོ་ཊའི་གནས་སྒོ་འབྱེད་པའི་དུས་ཀྱི་ཆེ་བ། སྤྲེལ་ཧ་ནུ་མནྠས་སྲིན་པོའི་རྒྱལ་ཁམས་མཆོངས་ཐེངས་གཅིག་གིས་བརླགས་པས་མངའ་ཐང་སྟོབས་རྩལ་གྱི་ཆེ་བ་སོགས་ཆེ་བའི་ལོ་རྒྱུས་སྣ་ཚོགས་དང་ལྡན་པའི་སྤྲེལ། འབྱུང་ཁམས་ཆུ་ལ་དབང་བའི་གནམ་ལོ་གསར་ཚེས་འདིར། མཁའ་ལ་ཉི་ཟླ་སྐར་གསུམ། ས་ལ་མི་ནོར་ཆོས་གསུམ། བར་ན་བདེ་སྐྱིད་སྙན་གསུམ་འཛོམས་ནས། སྐྱིད་པའི་གླུ་དང་རྩེད་འཇོ། དགའ་བའི་བྲོ་དང་ཟློས་གར་སོགས་འགྲོ་ཀུན་དགའ་བདེའི་དཔལ་ལ་འདི་བཞིན་དུས་ཇི་སྲིད་བར་དུ་རོལ་ནས། ས་སྟེང་ཉི་འོག་གི་འགྲོ་བ་མི་ཡི་རིགས་སུ་གྱུར་བ་ཀུན་ལ། ཞི་བ་བྱང་ཆུབ་ཀྱི་སེམས་མཆོག་བརྙེས་ནས་གནོད་སེམས་ཕྲག་དོག་དང་བྲལ་ཏེ་ཕན་ཚུན་ཕ་མ་དང་སྤུན་ཟླའི་འདུ་ཤེས་ནམ་ཡང་མི་ལྷོད་པ་དང་། སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་བསྟན་པ་དྲི་མེད་ལུང་དང་རྟོགས་པའི་སྙིང་པོ་ཅན་འཇིག་རྟེན་གྱི་ཁམས་སུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། བསྟན་འཛིན་ས་ཆེན་གྱི་སེམས་དཔའ་བསམ་བཞིན་མིའི་རྣམ་རོལ་དུ་བྱོན་པ་དག་གི་སྐུ་ཚེ་ཞབས་པད་བརྟན་ཅིང་། ཐུགས་བཞེད་གེགས་མེད་དུ་འགྲུབ་པ་དང་། ཤར་མདོ་ཁམས་འཛིན་མའི་ལྟེ་བ། རི་བོ་དཀར་གསལ་གྱི་ཕང་བར། སྟེང་ན་སྤྲིན་དཀར་གྱི་བླ་བྲེ་དྲེས། འོག་ན་མེ་ཏོག་གི་གདན་བཏིང་། གཡུ་མཚོ་ཡོན་ཆབ་ཀྱི་བཀོད་མཛེས། ས་གཞི་རྩི་བཅུད་ཀྱི་འབྲས་བུས་གཏམས་པའི་གྲགས་ཆེན་གླིང་དཀར་གྱི་ས་ཆ། གཡུ་འབྲུག་གྱེན་འགྲོ། གསེར་ཉ་མཇིང་བསྣོལ་གྱི་དཔྱད་དང་ལྡན་པ་མཁས་པའི་ལྗགས་ཀྱི་ས་དབྱིབས་སུ་གླིང་བཞི་རི་རབ་ཀྱི་བཀོད་པར་ཆགས་པ། གྲགས་ཆེན་དོན་དང་ལྡན་པའི་ཤྲཱི་སེང་ཆོས་གྲྭ་ཐུབ་བསྟན་ཉིན་བྱེད་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་དང་། སྒྲུབ་རི་མེ་ཏོག་བརྩེགས་པའི་རི་བོའི་མགུལ་བར་ཆགས་པའི་སྒྲུབ་སྡེ་གསང་ཆེན་འོད་གསལ་ངེས་དོན་གླིང་བཅས་སུ་བསྟི་ཞིང་བཞུགས་པའི་དགེ་འདུན་པ། འཆད་རྩོད་རྩོམ་པའི་མངའ་བདག མཁས་ཤིང་གྲུབ་པའི་དབང་ཕྱུག དམ་པའི་ཚུལ་དགུའི་བདག་ཉིད་འཆང་བའི་བསླབ་བརྩོན་སྦྱང་ཡོན་ལ་གནས་པའི་དམར་སེར་འདུས་པའི་སྡེ་ཆེན་པོས་བར་སྣང་གི་ཁ་དོག་ཆོས་གོས་ཀྱི་མདངས་ཀྱིས་བསྒྱུར་ཞིང་། ཆུ་གཏེར་བཞིའི་སྐ་རགས་ཀྱིས་ཡོངས་སུ་བཅིངས་པའི་ས་གཞི་ཆེན་པོར་འཁོད་པའི་འགྲོ་བ་མིའི་རིགས་ཀུན་གསང་ཆེན་ཆོས་ལ་འཛུད་པའི་ཕྲིན་ལས་ཀྱི་འཇུག་པ་ཡངས་པོ་འགོག་མེད་དུ་ཤར་བའི་སྨོན་ལམ་ཇི་བཞིན་དུ་འགྲུབ་པར་ཤོག་ཅིག་གུ།
སླར་ཡང་སྨྲས་པ།
ལྗོངས་འདིར་སྡེ་བཞི་དགེ་བཅུའི་འབྱོར་བ་རྒྱས།།
གླིང་འདིར་འཆད་རྩོད་རྩོམ་པའི་སྣང་བ་དར།།
ས་འདིར་དམ་པའི་ཆོས་ཀྱི་ཉི་མ་ཤར།།
ཚེ་འདིར་བསམ་དགུ་འགྲུབ་པའི་བཀྲ་ཤིས་ཤོག།
དུས་ཀྱི་རྒུད་པ་མིང་གི་ལྷག་མར་ཞི།།
སྣོད་བཅུད་ཕྱྭ་གཡང་བསོད་ནམས་སྤྲིན་བཞིན་འདུ།།
ལེགས་ཚོགས་མཛད་བརྒྱའི་སྒོ་འཕར་ཡངས་པོར་ཕྱེད།།
ཆོས་སྲིད་དཔལ་གྱིས་འབྱོར་བའི་བཀྲ་ཤིས་ཤོག།
གཞལ་བྱ་བདེན་གཉིས་ཕྱི་ནང་ཤེས་བྱའི་ཆོས།།
འཇལ་བྱེད་ཚད་མ་གསུམ་གྱི་ཡང་དག་བློས།།
གཞལ་ལས་ལྟ་སྒོམ་སྤྱོད་པའི་གདེང་རྙེད་པ།།
མཁས་དང་གྲུབ་པའི་ཁྱུ་མཆོག་ཤྲཱི་སེང་པ།།
སྔར་མེད་གངས་ལྗོངས་མཛེས་བྱེད་ནོར་བུའི་རྒྱན།།
གྲགས་པའི་མུ་ཁྱུད་གླིང་བཞིའི་རྣ་ལོང་ཅན།།
ནམ་ཡང་ནུབ་མེད་འཕེལ་རྒྱས་ཡུན་གནས་པའི།།
བཀྲ་ཤིས་དཔལ་གྱིས་ས་གསུམ་ཡོངས་འགེངས་ཤོག།
ཅེས་ལོ་དེའི་ལོ་སར་ཤིས་ཚིག་གི་གཏམ་སྒྲ་འཛིན་འཁོར་ལོར་སྒྲ་པར་བླངས་ཏེ་མཚམས་མལ་ནས་ཕུལ་བ་ཕྱིས་ཡིག་ཐོག་ཏུ་བཤུས་པའོ།།

ལོ་སར་ཞིག་གི་ཤིས་སྨོན།

གནམ་ལོ་གསར་པ་གསར་དུ་ཚེས་པའི་རྟེན་འབྲེལ་དགེ་བའི་དུས་བཟང་ལ།།
སྟེང་ནས་ལྷ་ཡིས་བདུད་རྩིའི་ཆར་འབེབས་ཆུ་འཛིན་གཡོ་བ་མཁའ་ལ་ལྡིང་།།
བར་གྱི་སྐྱེ་དགུ་སྡེ་བཞིའི་འབྱོར་བས་རྟག་ཏུ་ཕྱུག་ཅིང་མཐུན་པར་འགྲོགས།།
འོག་གི་ས་གཞིར་འབྲས་བཟང་དུས་སྨིན་ཀུན་ནས་དགེ་བའི་བཀྲ་ཤིས་འཕེལ།།
ཁྱད་པར་གངས་ལྡན་ཁ་བ་དཀར་པོའི་ལྗོངས།།
འཛམ་གླིང་འཛིན་མའི་ཁྱོན་གྱི་རྩེ་མཐོན་པོར།།
ལུགས་ཟུང་སྙན་པའི་བ་དན་གཡོ་བའི་གཏམ།།
གླིང་བཞིའི་རྣ་བའི་རྒྱན་དུ་འབྲལ་མ་གྱུར།།
མཚམས་མལ་ཐུན་གསེང་ཞིག་ནས་སློབ་ཚོགས་ཡོངས་ལ་ཕུལ་བའོ།།

བྱ་མ་རྟའི་ཕག་ལོའི་ལོ་སར་སྨོན་ཚིག

བཀྲ་ཤིས་ལུགས་གཉིས་གཤོག་པས་མཁར་བགྲོད་ཅིང་།།
ཕུན་ཚོགས་སྡེ་བཞིའི་རྐང་པས་ས་ན་མགྱོགས།།
དབང་ཐང་རླུང་གི་ཤུགས་ལྡན་མྱུར་རྩལ་ཅན།།
དར་རྒྱས་དགེ་བའི་འཕྲིན་སྐྱེལ་བྱ་མ་རྟས།།
འབྱུང་ཁམས་ཤིང་ལ་དབང་བའི་ལོ་ཡི་བདག།
རྡོ་རྗེའི་སྣ་ཅན་བརྗིད་པའི་དུས་ཀྱི་ཆར།།
གངས་ལྗོངས་བསྟན་དང་དེ་འཛིན་དམ་པའི་མགོན།།
ལོ་ཁྲིར་བརྟན་པའི་བཀྲ་ཤིས་སྨོན་ཚིག་ཞུ།།
དཔལ་གྱི་སེངྒེས་མཚན་པའི་རི་བོའི་ལྗོངས་ན་གནས་འཆའ་བའི་ལུང་རིགས་གཡུ་རལ་གྱི་ལན་བུ་ཕྱོགས་བརྒྱར་གཡོ་ཞིང་གཟུངས་སྤོབས་བློ་གྲོས་ཀྱི་སྡེར་བཞི་མཆོག་ཏུ་བགྲད་པ། སྙིང་སྟོབས་བཟོད་བརྩོན་གྱི་རྩལ་གསུམ་ནང་ནས་རྒྱས་པའི་གངས་གཞོན་སེང་ཕྲུག་གི་ཁྱུ་ཚོགས། གོམ་སྟབས་གཅིག་མཚུངས་ཀྱིས་དམ་པ་གོང་མའི་ཞབས་རྗེས་བསྙེགས་ནས་ལུགས་ཟུང་ལེགས་ཚོགས་ཀྱི་བཀྲ་ཤིས་པའི་ཡང་རྩེར་མདུན་དུ་མཆོངས་ཤིག།
ཅེས་ཤྲཱི་སེང་ཆོས་གྲྭའི་སེང་ལྡེང་སྒོ་ཆེན་དུ་བྱ་མ་རྟ་ཞེས་པའི་ཁ་བྱང་ཅན་གྱི་སྒམ་ཆུང་། ལྷག་བསམ་གྱི་རེ་འདུན་དང་འདྲ་མིན་གྱི་དགོངས་འཆར་མཚན་ཐོ་མི་འགོད་པར་འཕེན་ས་ཞིག་ཡོད་པ་དེའི་ཟུར་དུ་རང་ཉིད་ཀྱི་ལག་བྲིས་རྟ་མཆོག་གཡུ་རྔོག་གཤོག་ཟུང་ཅན། རྩལ་གྱིས་མཁའ་དབྱིངས་མཐོན་པོར་འཕུར་བའི་མཛེས་རིས་ཤིག་དང་མཉམ་དུ་བྲིས་པའོ།།

སྨོན་བྱང་བཀྲ་ཤིས་ཉིས་བརྩེགས་མ།

འོད་དཔག་མེད་མགོན་ཐུགས་ཀའི་ཧྲཱིཿཡིག་དབང་མདོག་ཞུན་མར་འདྲེས་པའི་བཅུད།།
མ་ཆགས་མདངས་ལྡན་པདྨའི་རྩེར་སྨིན་ཡ་མཚན་གཟུགས་སྐུའི་བཀོད་པ་ཅན།།
རྒྱལ་ཀུན་སྤྱི་གཟུགས་པདྨ་ཀཱ་ར་རང་བྱུང་རྒྱལ་བ་གཉིས་པ་དེས།།
སྙིགས་ལྔས་གཟིར་བའི་འགྲོ་འདི་སྐྱོང་ཞིང་རྫོགས་ལྡན་གསར་པ་མགྲོན་དུ་ཁུག།
ཡོངས་རྫོགས་རྒྱལ་བསྟན་སྙིང་བཅུད་ཤིང་རྟ་བརྒྱད།།
མི་ནུབ་དར་ཞིང་མངའ་ཐང་ཡུན་དུ་རྒྱས།།
གངས་ལྗོངས་རིགས་རུས་གཅིག་པའི་ཆོལ་གསུམ་འབངས།།
མཐུན་ཞིང་འབྲོག་པའི་དབུ་འཕང་རྟག་མཐོ་ཤོག།
མཁས་པ་མཁས་པ་ཚོགས་པའི་ལྷ་གྲལ་གྱི།།
དམ་པ་དམ་པ་ཇི་བཞིན་གྲགས་པའི་དཔལ།།
ཚེ་རབས་ཚེ་རབས་རྣམས་སུ་མི་འབྲལ་བའི།།
བཀྲ་ཤིས་བཀྲ་ཤིས་གང་དེས་འགྲོ་ཀུན་སྲུངས།།

བཀྲ་ཤིས་ཆོས་དབྱངས།

རྣམ་དཀར་བསིལ་སྦྱིན་ཕན་བདེའི་ཆུ་འཛིན་ལས།།
འགྲོ་བློའི་སྒྲིབ་གཉིས་དྲི་མ་སེལ་བ་དང་།།
དད་དང་སྙིང་རྗེའི་མྱུ་གུ་རབ་རྒྱས་པའི།།
ཆོས་ཀྱི་ཆར་བ་འབེབས་པའི་བཀྲ་ཤིས་ཤོག།
རིགས་གཟུགས་འབྱོར་བའི་ལང་ཚོ་མཐུ་བརྟས་པས།།
གཡུ་རྒྱལ་ལྷ་ཡི་བ་དན་ཆེར་གཡོ་ཞིང་།།
འདོད་འབྱུང་བསམ་འཕེལ་དབང་གི་གཟི་འོད་ཅན།།
བུ་ནོར་དཔལ་གཡང་འཛོམས་པའི་བཀྲ་ཤིས་ཤོག།
ཕ་གཅིག་བླ་མའི་ཞལ་ལས་ལེགས་འོང་བའི།།
གདམ་ཟབ་བདུད་རྩིའི་ཉིང་ཁུས་རྟག་མྱོས་པས།།
འབད་མེད་མཐོ་རིས་གྲོང་དུ་མྱུར་སྙེག་པའི།།
ཐར་བའི་ཐེམ་སྐས་ཚུགས་པའི་བཀྲ་ཤིས་ཤོག།
གངས་ལྗོངས་ཆོས་ལྡན་ཡངས་པའི་རྒྱལ་ཁམས་ཆེར།།
དགེ་མཚན་སྣང་བ་དཀར་པོ་རྟག་ཤར་བས།།
བསྟན་དང་འགྲོ་བའི་དཔལ་ཡོན་རབ་རྒྱས་ཏེ།།
མངའ་ཐང་མི་ནུབ་མཐའ་རྒྱས་བཀྲ་ཤིས་ཤོག།
བསིལ་ལྡན་གངས་ལྗོངས་ནོར་བུའི་བང་མཛོད་ཆེར།།
འབྲུ་དང་ཕྱུགས་ཀྱི་གཏེར་ཁ་ཐང་མར་བརྡལ།།
ཕུན་ཚོགས་དགོས་འབྱུང་ཡིད་བཞིན་འདོད་དགུའི་གཏེར།།
མི་ཟད་འཕེལ་ཞིང་རྒྱས་པའི་བཀྲ་ཤིས་ཤོག།
རྒྱལ་བསྟན་གངས་རིའི་དབུས་ཀྱི་སེང་ཆེན་མཆོག།
མདོ་སྨད་རུ་དམ་གྲུབ་དབང་རྫོགས་ཆེན་པའི།།
བཤད་སྒྲུབ་ལུང་རྟོགས་བསྟན་པའི་རྒྱལ་མཚན་ཆེ།།
མི་ནུབ་སྲིད་མཐར་གནས་པའི་བཀྲ་ཤིས་ཤོག།
ས་གསུམ་སྲིད་པའི་མུན་སེལ་ནོར་བུའི་མཆོག།
མཁས་མང་ཉི་ཟླ་སྐར་གསུམ་འཛོམ་པའི་གནས།།
ཤྲཱི་སེང་དཔལ་གྱི་ཆོས་གྲྭ་ཆེན་པོ་དེ།།
འཛམ་གླིང་རྒྱན་དུ་བརྟན་པའི་བཀྲ་ཤིས་ཤོག།
བཀྲ་ཤིས་མི་འགྱུར་གཡུང་དྲུང་ཆེན་པོའི་གཞིར།།
མཁའ་མཉམ་འགྲོ་བ་ཀུན་གྱི་མིག་གཅིག་པུ།།
བསྟན་འཛིན་མཁས་གྲུབ་བསྟན་པའི་སྒྲོན་མེ་རྣམས།།
སྐུ་ཚེ་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག།
ས་གསུམ་དགེ་བའི་བཀྲ་ཤིས་ཉིན་མོའི་མགོན།།
མཆོག་གསུམ་དམ་པའི་བཀྲ་ཤིས་དང་འགྲོག་ནས།།
དུས་གསུམ་དགེ་བའི་བཀྲ་ཤིས་ཆེན་པོ་ཡིས།།
ཕུན་ཚོགས་སྣང་བའི་བཀྲ་ཤིས་རྟག་འབར་ཤོག།

ཁམས་འདུས་གླུ་ཐུང་།

མཐོན་པོའི་ཨ་སྔོན་གནམ་ནས་འཕུར་བའི་ལྷ་བྱ་ཁྲུང་ཁྲུང་དཀར་མོ་ལགས།།
གང་ཁྱེད་གཤོག་ཡངས་དཀར་པོ་བརྐྱངས་ནས་ཤར་གྱི་ཕྱོགས་སུ་འཕུར་བའི་དུས།།
ཤར་གྱི་ཆུ་འཛིན་དཀར་པོའི་བང་རིམ་འཇའ་འོད་འཁྲིགས་པའི་འོག་ཤེད་ན།།
ང་ཡི་སྙིང་གི་དྭངས་བཅུད་བཞུགས་པ་དེ་ལ་ཁྱེད་ཀྱིས་འཕྲིན་འདི་གསོལ།།
འདི་ན་ཤུགས་དྲག་ལས་ཀྱིས་མནར་བའི་སྐྱབས་མེད་གདུང་བས་རབ་གཟིར་བས།།
གང་ཁྱེད་འབོད་པའི་སྨྲེ་སྔགས་རིང་པོ་མགྲིན་པའི་དབྱངས་ཀྱིས་བསྐུལ་ལགས་ན།།
ཁྱེད་ཀྱི་འཕྲིན་ལན་ཟེར་མ་རླུང་དང་ནམ་མཁའི་སྤྲིན་དང་གཙང་རྒྱས་ཆབ།།
དབྱར་གྱི་རྔ་དང་དཔྱིད་ཀྱི་རྒྱལ་མོ་ཉི་གཞོན་བཅས་ལ་བསྐུར་རོགས་མཛོད།།

གྲྭ་ས་དྲན་གླུ།

ཤར་གྱི་ཁྲི་གདུགས་ཉི་མ་ནམ་མཁའ་ལ་ཤར་དུས།།
ཤྲཱི་སེང་དཔལ་གྱི་ཆོས་གྲྭ་ཆེན་པོ་དེ་དྲན་བྱུང་།།
དམར་སེར་མཚམས་སྤྲིན་མཛེས་པའི་ལང་ཚོ་དེ་མཐོང་དུས།།
སྡོམ་བརྩོན་འདུས་པ་བརྒྱ་ཕྲག་སྟོང་ཕྲག་དེ་དྲན་བྱུང་།།
ལྷོ་ཡི་གཡུ་འབྲུག་སྔོན་མོའི་གསུང་སྙན་དེ་ལྡིར་དུས།།
ཆོས་དུང་གཡས་འཁྱིལ་དཀར་པོའི་གསུང་སྙན་དེ་དྲན་བྱུང་།།
ཨ་ལ་ལ་ཧོ་གངས་ལྗོངས་མཁས་པ་ཡི་འབྱུང་གནས།།
འཛམ་གླིང་མཛེས་པར་བྱེད་པའི་རྒྱན་ཆ་ཡི་མཆོག་གྱུར།།
མདོ་ཁམས་འཛིན་མའི་ཚོགས་གཉིས་བསོད་ནམས་ཀྱི་ཞིང་ས།།
ང་ཡི་གྲྭ་ས་ཤྲཱི་སེང་ཆོས་གླིང་དེ་དྲན་དུས།།
སྣང་བ་དགའ་ཞིང་སེམས་པ་སྐྱིད་པ་ཡི་ངང་ནས།།
དབང་མེད་གླུ་ཡི་འགྱུར་ཁུག་ཤུགས་འབྱུང་དུ་ཐལ་ལོ།།
མདོ་སྨད་གྲྭ་རྒྱུན་པ་འགའ་ཕྱིར་རང་ཡུལ་དུ་ལོག་སྐབས་ཁོང་ཚོའི་དྲན་རྟེན་དུ་བྲིས་པའོ།།

ཆོས་གྲྭ་དྲན་གླུ།

ཤར་ཕྱོགས་ནམ་མཁའི་མཐོངས་ཀྱི།།
ཞོགས་པའི་མཚམས་སྤྲིན་མཐོང་དུས།།
ཤྲཱི་སེང་ཆོས་གྲྭ་ཆེན་པོའི།།
དམར་སེར་འདུས་པ་དྲན་བྱུང་།།
ཤར་རིའི་ཕྲག་པའི་རྩེ་ནས།།
ཉི་གཞོན་འོད་ཟེར་འཕྲོ་དུས།།
གསེར་ཁྲི་སེར་པོའི་སྟེང་གི།
མཚུངས་མེད་བླ་མ་དྲན་བྱུང་།།
ཡིད་འོང་པདྨའི་ཚལ་ནས།།
རྐང་དྲུག་མགྲིན་གླུ་ལྡིར་དུས།།
ན་མཉམ་ཆོས་ཀྱི་གྲོགས་པོའི།།
འཆད་རྩོད་རྩོམ་པ་དྲན་བྱུང་།།
འདི་ཡང་དབུས་གཙང་པ་འགར་བྲིས་ནས་བྱིན་པའོ།།

རྫོགས་ཆེན་རྟ་བསང་ཆེན་མོའི་དུས་སྟོན་ལ་རྟེན་འབྲེལ་ཤིས་བརྗོད།

ཨོཾ་སྭ་སྟི།
མཐའ་ཡས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག།
རྩ་གསུམ་ཌཱཀྐིའི་ཚོགས་རྗེ་པདྨ་སྐྱེས།།
གངས་ལྗོངས་སྐྱབས་གཅིག་ལྷག་པའི་ལྷ་མཆོག་དེས།།
སྙིགས་ལྔས་གཟིར་བའི་འགྲོ་འདི་རྟག་ཏུ་སྐྱོངས།།
མ་ལུས་རྒྱལ་བསྟན་བཤད་སྒྲུབ་མཁའ་ལམ་དུ།།
འཆད་རྩོད་རྩོམ་པའི་ཉི་ཟླའི་སྣང་བ་ཅན།།
མཁས་དང་གྲུབ་པའི་རི་གླིང་བཀོད་མཛེས་པ།།
གྲུབ་དབང་རྫོགས་ཆེན་བརྒྱུད་པར་བཅས་པ་རྒྱལ།།
སྲིད་ན་རྣམ་པར་ཆེ་བའི་མཐུ་འཆང་བ།།
ནག་པོའི་རྩ་ལག་སྙིང་ལ་ཞུགས་པའི་དཔུང་།།
མཐར་བྱེད་རྡོ་རྗེ་རྣོན་པོའི་མཚོན་ཐོགས་པ།།
སྐྱེས་མཆོག་འཛམ་གླིང་རྒྱལ་པོས་དགེ་ལེགས་སྩོལ།།
མྱུར་མགྱོགས་རླུང་གིས་བསྐུལ་བའི་ལས་ཀྱི་ཤུགས།།
དབུ་རྨོག་བཙན་པོའི་གོ་ཆར་ཉེར་འགྲོགས་པའི།།
གཡུལ་རྒྱལ་ལྷ་ཡི་བ་དན་ཆེར་གཡོ་བ།།
དགྲ་བླ་ཝེར་མའི་ཚོགས་ཀྱིས་ཤིས་པ་སྒྲུབས།།
དྭངས་གསལ་གངས་རིའི་ཞལ་དཀར་མཐོན་པོ་དང་།།
མཚོ་རྫིང་རྫ་བྲག་ལྷུན་པོར་གནས་འཆའ་བའི།།
དཀར་ཕྱོགས་སྐྱོང་བའི་ལྷ་ཀླུ་ཐ་ཚིག་ཅན།།
ཟོ་དོར་ཡུལ་ལྷའི་དབུ་འཕང་དགུང་དུ་བསྟོད།།
ལྕགས་ཁམས་མཐིང་གིས་གསོས་པའི་མྱུར་མགྱོགས་རྟ།།
གནམ་ལོའི་རྒྱལ་པོའི་ཕུན་ཚོགས་དབྱར་དུས་ཀྱི།།
རྟ་བསང་ཆེན་མོའི་ངོ་མཚར་འཕྲུལ་གྱི་གཏམ།།
རྫོགས་ལྡན་སྐྱེ་རྒུའི་དཔལ་དུ་ཉམས་མེད་སྨོན།།
རྫོགས་ཆེན་རྟ་བསང་ཆེན་མོའི་དུས་སྟོན་ལ་རྟེན་འབྲེལ་ཤིས་བརྗོད་དུ་པདྨ་སྐལ་བཟང་གིས་འཕྲལ་བྲིས།།

མ་བྱེད་དྲུག་གི་ཁ་བརྡ།

བླ་བཙག་རྐང་འདྲེན་མ་བྱེད།།
རང་སྨ་རང་གིས་འབེབ་ཡོང་།།
བསམ་ངན་གནོད་སེམས་མ་འཆང་།།
ངན་ལན་རང་ལ་འཁོར་ཡོང་།།
རྐུ་རྫུན་སྲོག་གཅོད་མ་བྱེད།།
དམྱལ་བར་སྐྱེ་བའི་རྒྱུ་རེད།།
ལོག་ལྟ་བསྐུར་འདེབས་མ་བྱེད་།།
བསོད་ནམས་ཟད་པའི་རྒྱུ་ཡིན།།
བཟང་དྲིན་ངན་གྱིས་མ་འཇལ།།
འགྱོད་པ་རྗེས་ནས་སླེབ་ཡོང་།།
ངན་དཔེ་གཞན་ལ་མ་འཇོག།
གྲགས་པ་ངན་པས་ཁྱབ་ཡོང་།།
ཞེས་གཞོན་ཆུང་ལྡོམ་པོ་པ་འགར་བྲིས་སོ།།

བདུག་རྫས་ཤིག་གི་ཁ་བྱང་།

སྣ་ཚོགས་སྨན་སྤོས་བདུད་རྩིའི་དུད་སྤྲིན་གྱིས།།
མི་གཙང་གྲིབ་གདོན་དག་ཅིང་བསང་གྱུར་ཏེ།།
ཚེ་རིང་ནད་མེད་འབྱོར་ཕྱུག་ཕུན་སུམ་ཚོགས།།
རྟག་ཏུ་དགའ་བདེའི་དཔལ་ལ་སྤྱོད་གྱུར་ཅིག།

དུས་དེབ་ཅིག་གི་མགོ་བརྗོད།

ལམ་མིན་གྱི་ནའི་མུན་པར་འཕྱན་པའི་སྙིང་རྗེའི་ཡུལ་གྱུར་སྙིགས་དུས་འགྲོ།།
རྒུད་པའི་གཡང་ལ་ཉེ་བར་ཕྱོགས་པའི་ལ་བརྒྱའི་འཁུན་སྒྲ་མ་བཟོད་ནས།།
ངལ་འཚོའི་དབུགས་འབྱིན་ལ༵མ་སྟོ༵ན་སྒྲོ༵ན་མེ༵་གཟི་མདངས་གསར་པའི་འོད་དཀར་ཅན།།
འདི་ན་འགྲེམ་པའི་ལེགས་སྐྱེས་མཆོག་འདི་སྔོན་མེད་དཔྱིད་ཀྱི་རྒྱལ་མོའི་དབྱངས།།
ཉེས་སྤྱོད་སྟུག་པོའི་སྤྲིན་གྱི་རུམ་ནས་ཉེར་ཐོན་ངོ་མཚར་ཟླ་གཞོན་གཟུགས།།
རྣམ་དཔྱོད་རི་བོང་མཚན་མས་རབ་མཛེས་སྐྱེ་དགུའི་མཁའ་ན་རྟག་བརྗིད་པའི།།
ཚེས་གསུམ་སྣང་བའི་ཡོན་ཏན་ཡར་འཕེལ་ཆ་གང་བཅུ་དྲུག་ལུས་རྫོགས་པས།།
འགྲོ་འདི་རྫོགས་ལྡན་དཔལ་ལ་འགོད་པའི་དགེ་མཚན་བྱེ་བས་ཤིས་གྱུར་ཅིག།
རྫོགས་ཆེན་པདྨ་སྐལ་བཟང་དེས་སོ།།

པདྨ་ཐང་གི་ཇོ་མདུན་གསེར་ཀོང་གསར་པ་ཆ་ཡི་འདབ་ར་སོ་སོར་བརྐོས་པའི་མདོ་དང་སྔགས་ཀྱི་སྨོན་ལམ།

ཀ་དག་སྟོང་ཉིད་ཆོས་སྐུའི་ཀོང་བུ་རུ།
ལྷུན་གྲུབ་བདེ་ཆེན་ལོངས་སྐུའི་མར་ཁུ་བསྐྱིལ།
ཟུང་འཇུག་སྤྲུལ་སྐུའི་ཕྲིན་ལས་འོད་སྣང་གིས།
འགྲོ་ཀུན་མ་རིག་མུན་པ་ཡོངས་གསལ་ཤོག
རབ་འབྱམས་ཞིང་ཁམས་རྒྱ་མཚོ་རྡུལ་སྙེད་ཀྱི།།
དཔག་ཡས་བདེ་གཤེགས་རྒྱ་མཚོ་སྲས་བཅས་ལ།།
སྣང་གསལ་མཆོད་སྤྲིན་རྒྱ་མཚོ་འདི་ཕུལ་བས།།
མཐའ་ཡས་འགྲོ་ཁམས་རྒྱ་མཚོ་དོང་སྤྲུག་ཤོག།

གཏེར་བུམ་སྦ་སྐབས་ཤིག་ལ་བྲིས་པའི་ཤིས་སྨོན།

ཧཱུྃ་ཧྲཱིཿབྷྲུྃཿ
མི་འགྱུར་ཀ་ནས་དག་པའི་ཆོས་དབྱིངས་ཆེར།།
རང་ཤར་ལྷུན་གྱིས་གྲུབ་པའི་རོལ་བའི་རྩལ།།
འགག་མེད་རྒྱན་དུ་ཤར་བའི་སྲིད་ཞིའི་དཔལ།།
ཉམས་མེད་བཅུད་དུ་དྲིལ་ཏེ་གནས་འདིར་སྦ།།
ལུང་རྟོགས་ཡོན་ཏན་མཁས་བཙུན་གྲུབ་པའི་དཔལ།།
དམ་པ་ཆོས་ཀྱི་བཅུད་གཡང་འདིར་སྦ་བས།།
བཤད་དང་སྒྲུབ་པའི་སྣང་ཆེན་རབ་རྒྱས་ཏེ།།
དགེ་འདུན་འདུས་པས་ས་ཆེན་གང་གྱུར་ཅིག།
འདོད་འབྱུང་ནོར་བུའི་གཡང་དང་དགོས་འདོད་དཔལ།།
ཟད་མེད་ནོར་གྱི་བང་མཛོད་འདིར་སྦ་བས།།
ལོངས་སྤྱོད་འབྱོར་བ་མངའ་ཐང་མཐའ་རྒྱས་ནས།།
མི་ཟད་ནམ་མཁའི་མཛོད་ལ་དབང་སྒྱུར་ཤོག།
མཐོ་རིས་འབྱོར་བ་རྒྱ་མཚོའི་ཕུན་ཚོགས་དཔྱིད།།
མགྲོན་དུ་འགུག་པའི་བདེ་སྐྱིད་འདིར་སྦ་བས།།
རྣམ་མང་འདོད་པའི་ཡོན་ཏན་ཀུན་ཚོགས་པའི།།
བདེ་དགའ་རྒྱ་མཚོ་རྟག་ཏུ་ཉམས་མ་གྱུར།།
རིམ་གཉིས་གསང་ཆེན་གསང་བའི་ལམ་མཆོག་གི།།
ཐར་ལམ་གདམས་པའི་ཡང་མཛོད་འདིར་སྦ་བས།།
གྲུབ་གཉིས་ཡིད་བཞིན་གཏེར་ལ་དབང་འབྱོར་བའི།།
ངོ་མཚར་སྣང་བའི་སྒྲོན་མེ་རྟག་འབར་ཤོག།
འཁོར་འདས་སྲིད་དང་ཞི་བའི་དཔལ་དང་གཡང་།།
མ་ལུས་བཅུད་དུ་དྲིལ་བའི་གཏེར་གྱི་བུམ།།
རིན་ཆེན་འདུས་པའི་ས་གཞིའི་སྙིང་བཅུད་དུ།།
སྦས་ཤིང་གཏམས་པས་སྣོད་བཅུད་བཀྲ་ཤིས་ཤོག།

བསྙེན་མཚམས་པ་ཞིག་གི་སྒྲུབ་རྟེན་རྡོར་སེམས་སྐུ་ཙཀ་ཀྱི་རྒྱབ་ལོགས་སུ་བྲིས་པའི་སྨོན་ཚིག

བསམ་ཡས་དཀྱིལ་འཁོར་ཀུན་གྱི་སྤྲོ་གཞི་སྟེ།།
སེམས་ཉིད་གདོད་ནས་དག་པ་རྡོ་རྗེ་སེམས།།
སྣང་བ་ཕྱོགས་སུ་མ་ཆད་བློ་འདས་དབྱིངས།།
འོད་གསལ་སྒྱུ་མའི་གསལ་སྣང་དང་འགྲོག་ཤོག།
ཅེས་བྲིས།།

དུས་དེབ་ཅིག་གི་ཆེད་བརྗོད།

མཛའ་བ་གཅིག་ཏུ་མི་ཕྱེད་རིགས་མཐུན་ཁྱུ།།
དོན་མཐུན་མཉམ་པོར་གནས་པའི་སྤོབས་སེམས་མཆིད།།
འཕེལ་འགྲིབ་ལས་རླུང་དབང་ཐང་རི་མོ་དང་།།
འགྲོག་འདི་ས་ཆེན་ཟླུམ་པོའི་གཏམ་དུ་མཚར།།

རེ་སྨོན།

འཇིགས་བཅས་གཡོ་བ་ཅན་གྱི་འཇིག་རྟེན་འདིའི།།
ཕྲ་རགས་སྲོག་གིས་བསྡུས་པའི་ཡིད་ཅན་རྣམས།།
ཕན་ཚུན་བྱམས་དང་སྙིང་རྗེས་རྟག་འཚོ་བའི།།
ཞི་དང་བདེ་བས་ཀུན་ནས་ཤིས་གྱུར་ཅིག།

གཏམ་འདོད་པ་ཞིག་གི་ཤོག་བྱང་ངོར་བྲིས་པའི་ཚིག་ཐུང་།

ལ་ལ་ལ་ལའི་རྗེས་ཞུགས་ལོག་པར་འགྲོ།།
འགའ་ཡིས་འགའ་ཡི་ངོ་སྲུང་གཏམ་གྱིས་འཚོ།།
འཇིག་རྟེན་རྫུན་གྱི་གར་མཁན་འཕྲུལ་པོ་ཆེ།།
ངོ་མཚར་སྒྱུ་མའི་རྒྱལ་རབས་ལྟད་མོའི་ཡུལ།།
པདྨའི་མིང་ཅན་དེས།།

རྩོམ་སར་ཞིག་གི་འགོ་བརྗོད།

བསིལ་ལྡན་གངས་རིའི་ཡང་བཅུད་ལྔ་རིག་ནོར།།
འཛམ་གླིང་འཛིན་མའི་རྩེ་ན་མངོན་མཐོ་བ།།
ཕ་ནོར་བུ་ལ་བཞག་པའི་མེས་པོའི་སྲོལ།།
སྲོག་གི་ཟུངས་སུ་བསྟེན་པ་བུ་རབ་གཤིས།།
ཞེས་བྲིས།།

སྙན་རྩོམ་ཞིག་གི་དེབ་ཀྱི་འགོ་བརྗོད།

མཐོང་སྨོན་སྒ་ཡུལ་གསེར་ལྡན་དལ་འགྲོའི་རྒྱུན།།
རླབས་དཀར་མཁའ་ལ་རྩེན་པའི་སྙིང་བཅུད་ཀྱིས།།
བསྐྱངས་པའི་མཁས་མང་བསིལ་ལྡན་གངས་རིའི་རྒྱན།།
འདི་ན་ས་ཆེན་ཟླུམ་པོའི་ཕྲག་པར་མཛེས།།
སྟར་ལེགས་ཚིགས་སུ་སྡེབས་པའི་སྙན་འགྱུར་དབྱངས།།
དོན་བཟང་བཅུད་ཀྱིས་བརླིང་བའི་ཡ་མཚན་འབུམ།།
ངོ་མཚར་གཏམ་ལ་དགྱེས་པའི་རྣམ་དཔྱོད་ཅན།།
ཡ་རབས་སྐྱེ་བོའི་མདུན་སར་ལྷག་པར་བརྗིད།།
སྙིང་ལ་དགའ་བའི་མཆོག་སྟེར་ཚིག་གི་བདག།
ངག་ལ་སྙན་འཇེབས་དཔལ་སྦྱིན་མཚོ་བྱུང་མ།།
གཉིས་སུ་མ་ཡིན་ཟུང་འཇུག་སྒྱུ་འཕྲུལ་གྱི།།
དགའ་ཆེན་རོལ་མོས་རྟག་ཏུ་སྲུང་གྱུར་ཅིག།
མཆོག་ཏུ་མི་འགྱུར་ཀུན་ཁྱབ་འདུས་མ་བྱས།།
མཁའ་མཉམ་དྲི་བྲལ་རྟགས་ཀྱི་ཕྱག་རྒྱའི་ལྷས།།
མི་ཟད་གཟུངས་སྤོབས་བློ་གྲོས་ནོར་བུའི་མཛོད།།
གཅིག་ཆར་འཛིན་པའི་སྣང་བ་ཁྱེད་ལ་སྩོལ།།
རབ་གནས་ཆུ་ལུག་ཧོར་ཟླ་༨པའི་ཚེས་༢༩ལ་མཚོ་བྱུང་པདྨ་དགྱེས་པའི་འབངས་པདྨ་སྐལ་བཟང་དེས་བྲིས།།

བསྟན་རྒྱས་སྨོན་ལམ།

རྨད་བྱུང་ཆེ་བ་དྲུག་ལྡན་སྔ་འགྱུར་པའི།།
རིང་ལུགས་འཛིན་མཁས་རྫོགས་ཆེན་གཡག་ཟེར་པ།།
ཐུབ་བསྟན་ལུང་རྟོགས་ནོར་བུའི་དགའ་ཚལ་ཆེའི།།
བསྟན་པ་འཕེལ་རྒྱས་ཕྱོགས་མཐར་ཁྱབ་གྱུར་ཅིག།
ཅེས་སྔ་འགྱུར་བསྟན་པ་འཛིན་པའི་བསྟི་གནས་གཡག་ཟེར་པའི་འཚོགས་འདོན་སྟབས་བདེའི་བསྟན་རྒྱས་སྨོན་ལམ་དང་འབྲེལ་བཤད་གྲྭ་གླིང་བཞིར། ཤར་ཆོས་འཁོར་གླིང་། ལྷོ་ནོར་འཕེལ་གླིང་། ནུབ་འདོད་འབྱུང་གླིང་། བྱང་ཐར་པ་གླིང་ཞེས་མཚན་གསར་བཏགས།།
ཡོངས་རྫོགས་རྒྱལ་བསྟན་ནགས་ཀླུང་འཐུག་པོ་ནས།།
སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི།།
བསྟན་པའི་སྲོག་འཛིན་ཁྲི་འདུས་དར་རྒྱས་གླིང་།།
བསྟན་པ་མི་ཉམས་སྲིད་མཐར་ཡུན་གནས་ཤོག།

རྨེ་ཡུལ་ཁྲི་དར་རྒྱས་གླིང་དགོན་པའི་བསྟན་རྒྱས་སྨོན་ལམ་བསྡུས་པ།

ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ།།
དེ་ཡི་བཤད་དང་སྒྲུབ་པའི་འབྱུང་གནས་ཆེ།།
མདོ་ཁམས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི།།
བསྟན་པ་སྲིད་མཐར་རྒྱས་པའི་བཀྲ་ཤིས་ཤོག།
རྨད་བྱུང་གསང་ཆེན་སྙིང་པོའི་དགོངས་པའི་བཅུད།།
ཚེ་གཅིག་རྫོགས་སངས་རྒྱས་པའི་མྱུར་ལམ་ཅན།།
རྫོགས་ཆེན་ཐར་ལམ་དཀར་པོའི་ཆོས་ཀྱི་གླིང་།།
མི་ནུབ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག།
ཐའེ་ཝན་གྱི་རྫོགས་ཆེན་ཐར་ལམ་དཀར་པོའི་ཆོས་ཚོགས་ལ་བྲིས།།
#div1 རྫོགས་ཆེན་རིག་པ་ཆོས་ཚོགས།

བརྒྱུད་གསུམ་བྱིན་ཐོབ་མཆོག་གི་རིག་པ་འཛིན།།

མན་ངག་ཟབ་དོན་སྙིང་པོའི་གསང་མཛོད་བརྙེས།།

རིས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ།།

ལས་རབ་གླིང་པའི་བསྟན་པ་འཕེལ་གྱུར་ཅིག།

རྫོགས་ཆེན་རིག་པ་ཆོས་ཚོགས་ལ་བྲིས།།

མི་རྟག་སྟོན་པའི་དུས་བརྡ།

ཡངས་པའི་ས་ཆེན་ཟླུམ་པོ་བར་མེད་དུ།།
འཁོར་ལས་དུས་གསུམ་དུས་ཀྱང་དེ་བཞིན་ཏེ།།
ཉིན་མཚན་ཆ་ཡིས་དབྱེ་བའི་འཇིགས་བྱེད་དགྲས།།
བསྐལ་ཆེན་དུ་མའི་སྲོག་ཀྱང་འཇོམས་པར་བྱེད།།

དུས་དེབ་ཅིག་ལ་མིང་གསར་བཏགས་པ་དང་འབྲེལ་བའི་འགོ་བརྗོད།

སྔར་བྱོན་མེས་པོའི་ཡིད་གཟུགས་གསོན་པོ་ཡིས།།
ཕྱི་ཐག་འཆང་བའི་ན་མཉམ་རིགས་མཐུན་ཁྱུར།།
ཉི་ཟླའི་མིག་ཟུང་ཕྱོགས་པའི་ལོ་ཟླའི་འགྲོས།།
རྒ་བའི་རྐང་སྟེགས་ངལ་བར་འགོད་བགྱིད་དམ།།
ཞེས་དུས་དེབ་ཀྱི་མིང་ལ་མེས་པོའི་བླ་ཡིད་བསྙེགས་པའི་གངས་རིའི་འོད་མདངས་ཞེས་བཏགས་ཏེ་བྲིས།།

བུམ་གཏེར་ཞིག་གི་ཁ་བྱང་།

རིགས་བཞིའི་ཛམ་ལྷ་རྒྱལ་ཆེན་རྣམ་ཐོས་སྲས།།
དཔལ་ཆེན་མོ་དང་ནོར་རྒྱུན་ལྷ་མོ་ཡིས།།
བརྟན་གཡོ་སྲིད་དང་ཞི་བའི་ལེགས་ཚོགས་ཀུན།།
འདིར་ཁུག་འདིར་སྡུས་ནུབ་མེད་འཕེལ་གྱུར་ཅིག།

རྩོམ་ཐུང་རྒྱུག་བྲིས་མ།

རྒྱལ་ཀུན་ཡབ་གྱུར་གཞོན་ནུའི་སྐུ།།
འཇམ་དཔལ་རྡོ་རྗེའི་རྣོན་པོ་ཡིས།།
མི་ཟད་སྤོབས་པའི་གཏེར་བསྩལ་ནས།།
ཟླ་མེད་མཁས་པའི་དབང་པོར་ཤོག།

འཇམ་དབྱངས་སྐུ་པར་ཞིག་གི་རྒྱབ་ཏུ་བྲིས་པ།།

སྨོན་ཚིག་བསྟན་དར་མ།

མཆོག་གསུམ་ཟླ་བ་བདུད་རྩིའི་ཐིག་ལེ།།
མི་འབྲལ་གདུལ་བྱའི་མཁའ་ལ་ཤར་ནས།།
འོད་དཀར་ཕན་བདེའི་སྣང་བ་དམ་པས།།
འགྲོ་ཀུན་བདེ་བའི་བཀྲ་ཤིས་འཕེལ་ཤོག།
ལུགས་ཟུང་དགའ་བ་གཡས་སུ་འཁྱིལ་བའི།།
གདེངས་ཅན་འཇོག་པོའི་གཙུག་གི་ནོར་བུ།།
བསིལ་ལྡན་ཡངས་པའི་མགྲོན་དུ་ཁུག་ནས།།
མ་སྨད་བསོད་ནམས་དཔལ་གྱིས་འབྱོར་ཤོག།
སྔ་འགྱུར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ།།
ཐུབ་བསྟན་ཉིན་མོར་བྱེད་པའི་ཕོ་བྲང་།།
བཤད་སྒྲུབ་མདོ་སྔགས་ཆོས་ཀྱི་དགའ་ཚལ།།
འཛམ་གླིང་མཛེས་པའི་རྒྱན་དུ་བརྟན་ཤོག།
ལྷ་མཆོག་འཇམ་དཔལ་གཞོན་ནུའི་མཐུ་ཡིས།།
ཤེས་རབ་གསར་པའི་འོད་སྣང་འབར་ཏེ།།
སྙིང་གི་མུན་པ་ནང་ནས་སེལ་བའི།།
བཀྲ་ཤིས་མཆོག་གིས་བསྟན་པ་དར་ཤོག།

འཚམ་འདྲི་ཞིག་གི་ཐུགས་གསོས།

མཁའ་དང་ས་གཞིའི་བར་ཐག་རྒྱང་རིང་ཞིང་།།
མདོ་དབུས་ཤར་ནུབ་དེ་བཞིན་འགྱང་མོད་ཀྱང་།།
རིགས་མཐུན་གྲོགས་ཀྱི་ལྷག་བསམ་སྣོད་གཅིག་པས།།
གམ་ན་གནས་པ་ཇི་བཞིན་ཤིན་ཏུ་ཉེ།།

སྲུང་མའི་སྙན་ཤལ་འདོད་གསོལ།

བདག་སོགས་རྨོངས་པར་གྱུར་པའི་གཞན་དབང་གིས།།
འགལ་ཉེས་འཁྲུགས་པར་གྱུར་པའི་ལས་བསགས་པ།།
དམིགས་མེད་ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་།།
རོ་གཅིག་དག་མཉམ་ཆེན་པོར་བཤགས་བགྱིད་ན།།
གཉིས་མེད་ཚངས་པའི་དགྱེས་ཞལ་ད་ངོམ་ལ།།
བྱང་ཆུབ་བར་དུ་བུ་བཞིན་སྐྱོང་མཛོད་ཅིག།
ཅེས་པེ་ཧར་དཀོར་མཛོད་གླིང་དུ་སྲུང་མའི་འཁུ་ལྡོག་ཞི་ཕྱིར་སྙན་ཤལ་ཞིག་གི་ལོགས་སུ་པདྨ་སྐལ་བཟང་དེས་བྲིས་པའོ།།
བདག་ཅག་མ་རིག་རྨོངས་པའི་དབང་གྱུར་པས།།
ལྷ་ཁྱོད་སྐུ་གསུང་ཐུགས་དང་འགལ་གྱུར་པའི།།
བག་མེད་ནོངས་པར་གྱུར་པ་ཅི་བགྱིས་པ།།
དག་མཉམ་དབྱིངས་ཀྱི་ངོ་བོར་བཤགས་བགྱིད་ན།།
མི་དམིགས་ཚངས་པ་མཆོག་གི་དངོས་གྲུབ་ཀྱིས།།
རེ་བའི་འབྲས་བུ་ཡོངས་སུ་བཀང་བ་དང་།།
ཐོགས་མེད་རྣམས་བཞིའི་ཕྲིན་ལས་རབ་འབྱམས་ཀྱིས།།
རྣལ་འབྱོར་བུ་བཞིན་སྐྱོང་བའི་གདོང་གྲོགས་མཛོད།།
ཅེས་པ་འདིའང་པེ་ཧར་གྱི་སྙན་ཤལ་ཞིག་གི་ངོར་བྲིས་པའོ།།

ཡང་ལེ་བེར་གྱི་སྙན་ཤལ་འདོད་གསོལ།

པདྨ་དབང་གི་བཀའ་ཉན་དྲེགས་པའི་རྗེ།།
གནོད་སྦྱིན་རྒྱལ་པོ་ཙིའུ་དམར་པོ་ཡིས།།
དམ་ལྡན་སྐྱོང་ལ་དམ་མེད་སྙིང་རྗེས་སྒྲོལ།།
རྣམ་བཞིའི་ལས་ཀུན་ཐོགས་མེད་མ་གཡེལ་ཞིག།

མ་གཟའ་རྡོར་གསུམ་གྱི་སྙན་ཤལ་འདོད་གསོལ།

དབུ་དགུ་སྤྱན་སྟོང་གདུག་པའི་ཁ་རླངས་ཅན།།
དྲང་སྲོང་གཟའ་ཡི་དགེ་བསྙེན་ཆེན་པོ་དང་།།
མ་མགོན་ལྕམ་དྲལ་རྡོ་རྗེ་ལེགས་པ་ཡིས།།
དམ་ལྡན་བརྒྱུད་པར་བཅས་ལ་མེལ་ཚེ་མཛོད།།
ཅེས་མཚོ་སྔོན་ཕྱོགས་ནས་སྙན་དར་རེའི་ངོས་སུ་བྲིས།།

གྱང་འགེལ་མདོ་བྱང་གི་རྩོམ་ཐུང་འགའ།

སྣ་ཚོགས་འཇིག་རྟེན་ལས་ཀྱིས་རྣམ་བཀོད་འགྲོ་ཁམས་གཡོ་བའི་སྲིད་པ་རུ།།
ཀུན་ནས་ཡོངས་འཕྱན་ཉེས་བརྒྱའི་ཟུག་རྔུས་རྟག་ཏུ་གཟིར་གྱུར་ཉམ་ཐག་ཁྱུ།།
རྣམ་གྲོལ་ཞི་བ་དགའ་ཆེན་ཡེ་ཤེས་སྒྱུ་འཕྲུལ་མངོན་རྫོགས་སྐུ་བཞིའི་སར།།
མ་འབད་ཡོངས་གྲོལ་བཀྲ་ཤིས་མཆོག་རབ་ཕུན་ཚོགས་སྣང་བ་འབར་གྱུར་ཅིག
ཕྱི་ལོ་ཉིས་སྟོང་བདུན་ལོར་པདྨ་སྐལ་བཟང་དེས།
འདམ་སྐྱེས་པདྨོ་འདམ་གྱིས་མ་གོས་ལྟར།།
སྲིད་གསུམ་འཁོར་བའི་སྐྱོན་གྱིས་མ་གོས་པའི།།
རང་བྱུང་ཡེ་ཤེས་ཐིག་ལེ་གཅིག་ཀློང་།།
འགྲོ་ཀུན་ཕྱམ་གཅིག་གདོད་མའི་སར་ཕྱིན་ཤོག།
རབ་གནས་ས་སྟག་ཧོར་ཟླ་༡༡པའི་ཚེས༢༥ལ་རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས།

གང་ཞིག་མཆོག་གསུམ་སྐྱབས་འགྲོ་བ།།
དེ་ཡི་བསོད་ནམས་ཚད་མེད་དེ།།
ཡང་དག་ལམ་ཞུགས་སྐྱེ་བོ་གང་།།
བདེ་ནས་བདེ་བའི་ཕྱོགས་སུ་འགྲོ།།
རབ་གནས་ས་སྟག་ལོར་རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས།
ཉམ་ཆུང་ཚེ་ལོ་བཅུ་པའི་དུས་ངན་དང་།།
བརྒྱར་ཁྲིར་འཚོ་བའི་དཔལ་ཡོན་ལོངས་སྤྱོད་བཅས།།
སྤྱི་མཐུན་ལས་ཀྱི་འགྱུར་བའི་མཐོང་སྣང་སྟེ།།
དྲང་ངེས་རྒྱལ་གསུང་དགོངས་དོན་ཚད་མས་འབྱེད།།
ནམ་ཟླའི་འགྱུར་བ་དུས་བཞིའི་རྗེས་འགྲོ་ཞིང་།།
སྐྱེ་འགྲོའི་བདེ་སྡུག་སྣ་ཚོགས་ལས་ཀྱིས་བཀོད།།
ལས་ཀྱི་བྱེད་པོ་སེམས་ཅན་རང་ཉིད་དེ།།
སྐྱིད་སྡུག་ལམ་གྱི་འདམ་ག་རང་ལ་རག།

ཐག་རིང་ཡུལ་ལ་བཏང་བའི་མཆིད་གཏམ་ཞིག

གང་ཁྱེད་སྐུ་འཚོ་བརྟན་ཐོས་ཡིད་སྤྲོ་ལྷག་པར་བརྟས། འདིར་ངོས་དང་ཆོས་གྲྭར་འཁོད་པའི་དགེ་སློབ་དག་གསར་འཚེས་དབེན་མུས་སུ་སྔར་བཞིན་གྱང་ཧྲུལ་གོག་པོའི་ཉེ་འཁྲིས་སུ་རྐང་རྗེས་རྙིང་པ་ཞིག་ཡིད་ཀྱིས་འཚོས་ནས། ས་མཐོའི་གྲང་རེག་གིས་ཐལ་སྐྱར་གྱུར་པའི་ཐལ་མོ་སྙིང་གར་སྦྱོར་བཞིན་རེ་བའི་མིག་ཟུང་མཁའ་མཐར་ཕྱོགས་ཏེ་གནས། བགྲང་བྱའི་འཁོར་ལོ་ཡུད་ཙམ་གྱིས་འཁོར་ནས་གྲོགས་གཞོན་སྐྱེས་དག་ཀྱང་ན་ཚོད་སྨིན་པའི་མཉེར་མདུད་ངོམ་པར་ཕྱོགས་པའི་ཚེ། ན་ནིང་གི་དཔྱིད་རླུང་དྲོན་པོས་ད་ལོའི་ས་ཆུ་གསོ་བའི་རེ་འབྲས་ཡལ་བའི་འདྲེན་བྱེད་འབྱེད་འཛུམ་གྱི་མོད་ལ། དོན་མཐུན་གྱི་གྲོགས་འགའ་རྒྱང་རིང་གི་མཐོན་པོའི་ཁྲི་ལ་འགྱིང་ཟིན་ཞིང་། ལ་ལ་ཞིག་དམན་པའི་སྟངས་སྟབས་ཀྱིས་རྒྱ་ལམ་ཞོལ་མའི་ཐེམ་འོག་ཏུ་སྒུར་མ་དགྱེ་ཡིས་འདུད་བཞིན་པ་ནས། ངའི་འཁྲིས་སུ་ད་དུང་གསལ་ལ་མི་གསལ་བའི་ལམ་སྣེ་མངོན་པ་དང་ཆབས་ཅིག མཚན་མོར་གདུང་གསེབ་ནས་རྒྱ་ཙིག་གི་ཐུག་ཆོམ་དང་། ཉིན་མོར་གླིང་བར་གྱི་གྲོགས་གཞོན་ཉམ་ཆུང་འགའི་དཔེ་ཀློག་གི་སྒྲ་སྔར་བཞིན་གྲག་གིན་ཡོད་ཅིང་། ཕུ་ཆུ་དྲག་པོ་བརྡབས་པའི་རང་སྒྲ་ནི་བར་མེད་རྒྱུན་ལྡན་དུ་གནས། ཞོགས་པའི་ཆོས་དུང་དཀར་མོའི་སྒྲ་དབྱངས་མཁའ་དབྱིངས་སུ་འཁྱིལ་བས་སོ་ཀའི་དུས་བཟང་བཅུ་ཕྲག་བསུས་པའི་དུས་རིང་ནང་། འདབ་ཡངས་ཟེའུ་འབྲུ་རྒྱས་པའི་སེར་ཆེན་མེ་ཏོག་ཁྲི་སྟོང་མང་པོ་བཞད་པ་སུ་ཞིག་གིས་བགྲང་བར་ནུས། འོན་ཀྱང་སྒོ་མདུན་གྱི་གྲམ་ཐང་སྐྱ་མོ་སྔར་བཞིན་མི་འགྱུར་བར་གངས་དཀར་ཆབ་ཏུ་བཞུས་པའི་ཆུ་རྒྱུན་གྱིས་ཀྱང་ནེམ་མ་ཕོག་པར་གནས་པ་ལ་མགུ་འཁང་གི་དཔྱད་པ་བརྗོད་པའི་སྙན་ཚིག་གི་རི་མོ་ཕལ་ཆེར་ཡང་ཁ་བའི་མེ་ཏོག་རྡོ་ཚན་གྱིས་བཞུ་བའི་ལོ་རྒྱུས་རྙིང་པའི་རྗེས་ཤུལ་ལ་སྙོགས། མེས་པོའི་བླ་ཡིད་དུང་ངེར་འཁོར་བའི་ལ་རྩེ་ཁྲ་བོའི་ཉེ་འཁོར་དུ་འཁྲི་བའི་རྣམ་ཤེས་ཕྲ་མོ་དག་ལ་དྲི་གསུར་གྱི་མགྲོན་སྟོན་དང་མཉམ་དུ་དགོངས་སེལ་ཞུ་བའི་མཆོད་ཆང་འབུལ་ཆེད་སྨིན་མ་བསྡུས་པའི་གླུ་ངག་གི་ཉམས་འགྱུར་ཡིད་སྐྱོའི་མངོན་རྟགས་དང་འདྲེས་པ་ནི་དེང་དུས་ཀྱི་སྣང་ཚུལ་ཡིན་པ་བཅས་ཡིད་མཐུན་ཕེབས་པར་སྨྲ་བའི་སྔ་རོལ་དུ་གང་བྱུང་བླ་བརྡོལ་སྨྲ་བའི་མཆིད་གཏམ་སྟེ། རང་རེ་འགྲོགས་ཡུན་རིང་བས་རྣམ་ཀུན་དྲན་པའི་ཀློང་ནས་ཁྱེད་ཀྱི་སྣང་བརྙན་ཡལ་བ་མེད། ཁྱེད་ལ་ལུགས་གཉིས་ཀྱི་མཁྱེན་དཔྱོད་མངའ་ཞིང་། གུ་ཡངས་ཀྱི་བློ་དཀྱེལ་ཆེ་བས་ཐག་རིང་གི་བཤུལ་ལམ་བསྙེགས་ཀྱང་། རིགས་ཀྱི་རུས་པ་དཀར་པོ་སྐྱེད་པའི་ཕ་ཡུལ་གྱི་རི་ཆུ་བརྗེད་པ་ག་ལ་སྲིད། དེས་ན་ཁྱེད་གཞན་ཡུལ་དུ་སྐྱོད་བཞིན་རང་ཡུལ་དུ་བསྐོར་ཏེ་དཔལ་གྱི་སེང་ཆེན་འགྱིང་བའི་བསྟི་གནས་ཀྱི་ཉེ་འཁོར་དུ་ཕེབས་དང་། ཁྱེད་ཀྱི་སྣང་སྤྱོད་འགྱུར་མིན་ལ་མ་ལྟོས་པར་ངས་ཁྱེད་ཀྱི་རྒྱབ་ཀྱི་རྟེན་ས་དང་། མདུན་གྱི་རྟེན་ཕུར་བྱ་བར་འགྱུར་བ་མི་སྲིད། ཤྭ་ཡུ་མོའི་རུམ་དུ་སྦས་པར་གྲགས་པའི་བསྐལ་པར་གནས་པའི་སྦས་ལུང་གཉིད་ལས་བསླངས་ཏེ། གསར་གཏོད་ཀྱི་ལག་རྗེས་མཉམ་དུ་འཇོག་པར་ཁྱེད་ཀྱང་ཞུམ་པ་ཡོད་སྣང་མེད། དེས་ན་ཁྱེད་ཀྱིས་མི་ཡུལ་གྱི་ས་རྒོད་དུ་གནས་སྐབས་ཀྱི་མགྲོན་གཞིས་ལས་མི་འཆའ་བར་རང་ཡུལ་ཕ་མེས་ཀྱི་རྗེས་ཤུལ་གསོ་བའི་རང་ཉིད་ཀྱི་རིན་ཐང་ངོམ་པ་དུས་ལས་གཡོལ་མི་རུང་བའི་དོན་ཆེན་དུ་སེམས་ཞེས། ཁྱེད་ཀྱི་གཏན་འདུན་འགྲུབ་པའི་སྨོན་འདུན་དང་བཅས། པདྨ་སྐལ་བཟང་དེས་རང་སྤྱིལ་མཐོན་མཐིང་པདྨའི་དགའ་ཚལ་ནས་བྲིས་ཏེ་ཕུལ།།

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་དུས་དེབ་གསར་འདོན་ལ་ཤིས་པ་བརྗོད་པའི་འཕྲིན་ཐུང་།

གཤིས་བཟང་སྤྱོད་པས་ཡ་རབས་མགྲོན་དུ་འགུགས།།
ཕུན་ཚོགས་གྲགས་སྙན་དབྱར་གྱི་རྔ་ལ་འགྲན།།
མེས་པོའི་སྲོལ་བཟང་དྲ་མའི་ཕྱག་རྗེས་ཀྱིས།།
གངས་རི་དཀར་པོའི་དབུ་རྣ་དགུང་དུ་བསྟོད།།
སྣ་ཚོགས་ཤེས་བྱའི་རྒྱུ་སྐར་བགྲང་ཡས་ཀྱང་།།
རྣམ་དཔྱོད་ཉིན་མོར་བྱེད་པས་དབང་བྱས་ཏེ།།
ཇི་སྙེད་ལེགས་པའི་དཔལ་ཀུན་སྡུད་གྱུར་ན།།
དེ་ཚེ་འདོད་དགུའི་བསམ་དོན་ངང་གིས་འགྲུབ།།
ཧ་ཅང་དོག་པོའི་བློ་མིག་འཇུར་བུའི་འཕྲང་།།
ངལ་བའི་རྐང་རྗེས་དང་འགྲོག་འཁུན་པའི་སྒྲས།།
སུན་པ་སྤོང་ལ་གུ་ཡངས་བློ་རྒྱའི་ཐང་།།
རིང་པོའི་གཟིགས་རྒྱང་བསྟེན་ན་ལྷག་པར་བདེ།།
སྟོང་གཏམ་ལ་རྒྱའི་ཁ་ཕོ་མི་ཆེ་ཞིང་།།
གཞན་མཚང་བཟློ་བའི་བཞད་གད་མི་སློང་ཡང་།།
ལྷག་བསམ་རང་མདངས་དཀར་པོའི་དྲི་བྲལ་གཤིས།།
མ་བཅོས་གངས་རིའི་གྲོགས་ལ་འཕྲིན་དུ་ཕུལ།།
རྫོགས་ཆེན་པདྨ་སྐལ་བཟང་གིས་སོ།།

པདྨ་ཐང་གི་རྡོ་རིང་ངོས་ཀྱི་ཡི་གེ་རྗེས་དྲན་མངོན་རྟགས་ཀྱི་སྣང་བརྙན།

ཆོས་དབྱིངས་ཀ་ནས་དག་པ་ཆོས་སྐུའི་ཐུགས།།
ལྷུན་གྲུབ་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས།།
སྣ་ཚོགས་གདུལ་བྱའི་རེ་སྐོང་སྤྲུལ་བའི་སྐུ།།
སྐུ་གསུམ་རྒྱལ་བས་སྙིགས་མའི་འགྲོ་འདི་སྐྱོངས།།
དུས་རིང་སྲིད་པའི་ཚ་གདུང་གྱིས་གཟིར་བའི།།
སྐྱོ་སུན་ཉེས་བརྒྱས་མནར་གྱུར་ཉམ་ཐག་མགྲོན།།
དབུགས་འབྱིན་ངལ་འཚོའི་གཞིར་གྱུར་པདྨའི་ཚལ།།
བསམ་གཏན་ཞི་བའི་གནས་མཆོག་འདིར་སྤྱོན་ཀྱེ།།
དུས་གསུམ་དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་བའི་ཕྱི་མའི་དུས་ཀྱི་གངས་ལྗོངས་རྒྱལ་བསྟན་ཡང་དར་སྐབས། ངོས་པདྨ་སྐལ་བཟང་གིས་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ངོ་མཚར་གངས་རྒྱན་གསེར་གྱི་པདྨའི་གཙུག་ལག་ཁང་རྟེན་བརྟེན་པའི་བཞེངས་བསྐྲུན་དང་བཅས། དབང་ཁྲིད་མན་ངག་གདམས་ཟབ་ཀྱི་རྒྱུན་སྤེལ་ནས། འོད་གསལ་རྫོགས་ཆེན་སྒོམ་པའི་གདན་ས་གསར་བཏབ་ཀྱི་ཆོས་སྡེ་ཆེན་པོ་བཙུགས་ཏེ། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་རང་ལུགས་བརྒྱུད་པ་རྩ་བའི་བསྟན་སྲོག་མཐུད་ནས་སྙིང་པོའི་བསྟན་ལ་རི་མོར་བགྱིས་པའི་ལག་རྗེས་མི་ནུབ་རྣམ་པར་རྒྱལ་བའི་བྱ་བཞག་ཕྱི་མ་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་རྗེས་དྲན་མངོན་རྟགས་ཀྱི་སྣང་བརྙན་མངོན་སུམ་ཡི་གེའི་གཟུགས་རིས་སུ་བཀོད་པ་འདིས་ཀྱང་མ་མཐོང་ཕྱི་རབས་ཀྱི་གྲོགས་པོའི་ཕྱོགས་སྟོན་ལམ་རྟགས་ཀྱི་བརྡ་མཚོན་དང་ངལ་འཚོའི་སེམས་ཀྱི་གསོས་སྨན་བྱེད་པར་གྱུར་ཅིག
གང་ན་རླབས་ཆེན་ཐུགས་བསྐྱེད་རྟ་བདུན་གྱིས།།
དྲངས་བའི་བསྟན་འཛིན་ཉིན་བྱེད་འོད་སྟོང་ཅན།།
མང་ཐོས་ཟླ་གཞོན་རྒྱུ་སྐར་ཚོགས་བཀྲ་བས།།
ཡངས་བའི་ས་ཆེན་དོག་པོར་བྱེད་ལ་སྨོན།།
བྱེ་ཕྲག་ས་ཡའི་ཞིང་མང་གཞལ་དཀའི་འགྲོའི།།
མི་ཟད་ཟུག་རྔུའི་སྡུག་བསྔལ་མཐར་བྱེད་པ།།
དེ་སྲིད་བདག་གི་སྐྱེས་རབས་སྣ་ཚོགས་པས།།
མ་ལུས་འགྲོ་བའི་རྒུད་པ་ཀུན་སེལ་ཤོག།
བོད་རབ་གནས་ཆུ་རྟ་ཧོར་ཟླ་༦ཚེས་༤རྒྱལ་བས་ཆོས་འཁོར་བསྐོར་བའི་དུས་ཆེན་ཉིན་ཏེ། དུས་རབས་ཉེར་གཅིག་པའི་ལོ་རབས་བཅུ་པའི་ལོ་གཉིས་པ་༢༠༠༢ལོའི་ཟླ་ཚེས་ལ།།

སྐལ་བཟང་ལེགས་སྐྱེས་ཀྱི་གཟེངས་བསྟོད་རྟགས་མའི་འགྲེམ་བྱང་།

ང་ཡི་ཟུངས་ཁྲག་དྲོན་པོ་ས་ལ་ཕོས་པའི་ཟིལ་ཐིགས། ལྷག་བསམ་ཞུན་མའི་ཕབས་ཀྱིས་ཡང་ཡང་སྦྲུས་པའི་ལེགས་སྐྱེས་ཀྱི་རང་མདངས་འདི་ཉིད། སྐྱེ་དགུའི་བདེ་སྐྱེད་ཀྱི་གཞི་རྩ་གངས་ལྗོངས་ནང་བསྟན་ཆོས་དང་རིག་གཞུང་མི་ཉམས་དར་སྤེལ་གྱི་ངོ་མཚར་མཛད་འཕྲིན་གསར་པར། བསྔགས་བརྗོད་གཟེངས་སུ་བསྟོད་པའི་ལེགས་མཚོན་དུ་ཕུལ་བ། འབྱུང་འགྱུར་ཕྱི་མའི་དུས་ཀྱི་ཆར་རང་བསྟན་ལ་རྒྱས་སྲུང་བའི་མཛད་བཟང་ཟླ་བྲལ་གྱི་རྒྱུན། འཛམ་གླིང་སྲིད་པའི་བླ་ན་བདལ་བའི་བཀྲ་ཤིས་སྨོན་འདུན་དང་བཅས། བོད་རབ་བྱུང་་་་་པའི་་་་་ལོའི་ཧོར་ཟླ་་་་་ཚེས་་་་་ལ།

གྲྭ་གཞོན་སློབ་གཅུན་གྱི་བགྲོ་གླེང་གཏམ་ཐུང་།

ཤྲཱི་སེང་ཆོས་གྲྭར་ཞུགས་པའི་འབྲོག་རུའི་གྲྭ་གཞོན་རྣམས་ནི་གདན་ས་རང་གི་གཞི་གྲྭ་ཡིན་པས་གཞན་གྱི་མིག་དཔེར་འོས་པ་ཞིག་དགོས་སྟབས། དེ་དག་གི་རིན་བྲལ་མི་ཚེའི་དུས་ཚོད་འཕྲོ་བརླག་ཏུ་མི་འགྲོ་ཞིང་། བསླབ་ལ་བརྩོན་པ་ཡར་བསྐུལ་གྱི་ཆེད་དུ། ཉེ་ཆར་ཆོས་གྲྭས་དམིགས་བསལ་གྱི་འཆར་གཞི་ཞིག་བཞག་སྟེ་སློབ་དུས་རྗེས་མར་རྒྱུགས་བླངས་ཀྱི་ཚད་གཞི་ལྟར། རྨང་གཞིའི་རྒྱུགས་འཕྲོད་མཁན་གྱིིས་མུ་མཐུད་ཆོས་གྲྭར་ཕྱག་དཔེ་གཟིགས་རྒྱུ་དང་། རྒྱུགས་མི་འཕྲོད་མཁན་རྣམས་གནས་སྐབས་རིང་དགོན་གཞུང་གི་མཐོང་བརྒྱུད་ཀྱི་ཕྱག་ལེན་སྦྱོང་སར་ཕེབས་རྒྱུའི་བཀོད་སྒྲིག་གནང་ཚོད་ལ། དེ་ཡང་གྲྭ་གཞོན་དེ་དག་ལ་ཁྱིམ་མིས་སེམས་ཁུར་བྱེད་པ་ལྟར་ཆོས་གྲྭའི་མཁན་སློབ་ཀྱིས་ཀྱང་ཐུགས་ཁུར་གནང་མུས་ཡིན་པར་བརྟེན། འདི་དག་རྣམ་གཡེངས་ཀྱི་དབང་དུ་ཤོར་དོགས་དང་སྤྱོད་ངན་ལོབས་དོགས་ཀྱིས་བརྩོན་པ་སློབ་སྦྱོང་ལ་འདོན་ཆེད་རྒྱུགས་སྤྲད་ལེན་ལག་བསྟར་བྱ་རྒྱུ་ཆེད་དུ་བཟོས་པ་རེད། གལ་ཏེ་ཁོང་དག་རེ་བ་ཆེ་ན་གུང་སེང་གི་ཟླ་འདིའི་རིང་བསྐྱར་སྦྱོང་འཛིན་གྲྭ་ཞིག་བཙུག་ན་རྒྱུགས་འཕྲོད་རྒྱུར་ཕན་ཐོག་ཡོད་པའི་བསམ་ཚུལ་བཏོན་མྱོང་། གང་ལྟར་སློབ་དུས་རྗེས་མར་རྒྱུགས་མ་འཕྲོད་ཚེ་དཔེ་ཆ་དང་འདོན་ཆ་གཉིས་ཀ་མི་ཤེས་མཁན་ཞིག་ཏུ་འགྱུར་ཉེན་ཆེ་བར་བརྟེན་དགོན་གཞུང་གི་མཐོང་བརྒྱུད་ཕྱག་ལེན་སྦྱངས་ན་བསྟན་པ་སྤྱི་དང་གང་ཟག་སྒེར་པ་གཉིས་ཀར་ཕན་ཐོག་ཆེ་བར་ཐུགས་བསམ་བཞེས་པ་རེད། རྒྱུགས་ལེན་རྒྱུ་དེ་འཛམ་གླིང་སྤྱིའི་སློབ་གསོའི་ཆུ་ཚད་མཐོར་འདེགས་ཀྱི་ཐབས་ཤེས་ཤིག་རེད།
རྒྱུགས་སྤྲོད་ཞེས་པ་དང་གནས་དབྱུང་བཏང་ཞེས་པའི་ཚིག་གཉིས་ནང་དོན་ཐ་དད་རེད་ལ་བེད་སྤྱོད་བྱ་ས་ཡང་སོ་སོ་རེད། ཐེངས་འདིའི་རྒྱུགས་ལེན་གྱི་འཆར་གཞིར་གོ་བ་ལོག་སྒྲུབ་བྱ་མཁན་དང་གོ་བརྡ་མ་འཕྲོད་པ་འདུག་ན་ཡང་བསྐྱར་དགེ་སློབ་བམ་བླ་སློབ་བར་གླེང་མོལ་བཀའ་འདྲི་ཞུས་པ་བརྒྱུད་དེ་ཆོས་གྲྭ་རང་ཉིད་དང་འབྲེལ་བའི་གནད་དོན་ཆོས་གྲྭ་རང་ཉིད་ཀྱིས་མཐའ་གཙང་ཐག་གཅོད་བྱ་བ་ལས་དབྱེན་སྦྱོར་པའི་རྩེད་ཆས་སུ་གྱུར་ན་རྗེས་འབྲས་མི་བཟང་བར་དཔྱད་འོས། ལས་ཟུར་པ་ང་ལ་མཚོན་ན་ཁུར་ཐང་མི་ཆེ་ཡང་དེ་སྔ་ངའི་རྗེས་སུ་འབྲངས་ཏེ་བྱིས་པ་ནས་དར་མའི་ན་ཚོད་ཡོལ་རན་བར་དུ་མི་ཚེ་མཉམ་སྐྱེལ་བྱས་པའི་བག་ཆགས་ཀྱིས་འཕྲིན་འདི་བྲིས་པ་ཡིན། རྒྱུགས་ཀྱང་མི་སྤྲད་དགོན་དུའང་མི་འགྲོ་ན་སང་ལོའི་སོ་ཀར་པདྨ་ཐང་དུ་ཤོག་དང་ངས་ཁྱེད་ཚོར་སློབ་སྦྱོང་གི་གོ་སྐབས་ཡོད་པ་བྱེད། ང་ངོ་མས་ལུགས་ཀྱི་བསྟན་བཅོས་ཀྱང་སློབ། དེ་རྗེས་རྒྱུགས་སྤྲད་འདོད་དང་། དགོན་དུ་འགྲོ་འདོད་བྱ་མཁན་གཉིས་ཀ་ཡོད་སྲིད་ཅིང་། ཁག་ཁུ་ཚུར་ལ་བཞག་ནས་གཡང་དུ་མཆོང་མཁན་ཉུང་དུ་འགྲོ་སྲིད་པའི་རེ་བ་དང་བཅས་བབ་འཕྲོས་ཀྱི་གཏམ། རི་ཁྲོད་པ་པདྨའི་མིང་ཅན་དེས་འབྲེལ་ཡོད་ཀུན་གྱི་དཔྱད་གཞིར་བྲིས།།

སི་ཁྲོན་ཞིང་ཆེན་བོད་སྐད་རྒྱང་གྲགས་ལས་ཁུངས་ཀྱི་༡༩༨༥ལོའི་ལོ་སར་ཀྱི་དགོས་མཁོར་བྲིས་པའི་ཤིས་ཚིག

ཨོཾ་སྭ་སྟི། ས་གསུམ་ན་མཆོག་ཏུ་དགེ་བའི་བཀྲ་ཤིས་ཀྱི་སྣང་བ་ཆེན་པོ་མཆོག་གསུམ་དམ་པའི་འོད་ཀྱིས་སྲིད་ཞིའི་ལེགས་ཚོགས་འཕེལ་བའི་དགེ་ལེགས་ཀྱི་ཤིས་པ་སྩོལ་ཅིག
དེ་རིང་ནི་བོད་རབ་བྱུང་བཅུ་བདུན་པའི་ཐོག་མའི་ལོ་གྲངས་གསུམ་པ། དཀར་པོ་ཞེས་པ་ས་མོ་སྦྲུལ་གྱི་ལོའི་གནམ་ལོ་གསར་པའི་འཛུམ་ཞལ་གསར་དུ་ངོམ་པའི་ཚེས་གཅིག དཀར་ཕྱོགས་ཀྱི་དགའ་བ་དང་པོ། རེས་གཟའ་འོད་ཟེར་དགུ་པ་དང་སྐར་མ་བྱི་བཞིན་འཛོམས་པའི་དུས་ཚེས་བཟང་པོ། གནམ་ལ་སྐར་མ་ཡག ས་ལ་དུས་ཚོད་ལེགས། བར་གྱི་རྟེན་འབྲེལ་དང་ལ་ཉེ་བཟང་བའི་བཟང་གསུམ་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཀྱི་ཉི་མ་འདི་ལ། ཐོག་མར་ངེད་ལས་ཁུངས་ཀྱིས་འཛམ་གླིང་འཛིན་མའི་ཡང་རྩེ་ན་འཕགས་པའི་དཀར་གསལ་གངས་རིའི་ཕྲེང་བ་དཀར་པོས་ཕྱོགས་ཀུན་ནས་བསྐོར་བའི་བསིལ་ལྡན་བོད་ཀྱི་ལྗོངས་ཆེན་པོའི། བོད་མིའུ་ལྡོང་དྲུག་གི་རུས་ཆེན་གཅིག་ལས་ཆད་ཅིང་ཆོལ་ཁ་རྣམ་པ་གསུམ་གྱི་ཡངས་བའི་གཞི་ལ་གནས་འཆའ་བའི་སྤུན་ཟླ་གངས་ཅན་པ་རྒྱལ་ཕྱི་ནང་དུ་འཁོད་པ་ཀུན་ལ་བཀྲ་ཤིས་ལུགས་ལེགས་ཀྱི་འཚམས་འདྲི་དང་གུས་འདུད་ཞུ་རྒྱུ་ཡིན། གསལ་བྱེད་ཉི་ཟླའི་སྒྲོན་མེས་ཡོངས་སུ་སྣང་བར་བྱེད་པའི་གནམ་འོག་ན་གནས་པའི་སྐྱེ་དགུའི་ལོ་རྒྱུས་ཀྱི་ཁྲོད་ན། རབ་ཏུ་སྙན་པའི་གྲགས་པ་དཀར་པོའི་གླེང་གཞིས་ཕྱོགས་ཀུན་ཁྱབ་པར་བྱས་པའི་བོད་དང་བོད་ཆེན་པོའི་ལྗོངས་ཀྱི་སྔར་བྱོན་མེས་པོའི་རླབས་ཆེན་གྱི་མཛད་རྗེས། བར་མེད་དུས་ཀྱི་རྣམ་འགྱུར་བགྲང་བྱའི་ཕྲེང་སྟར་ལ་བརྒྱུས་པའི་འདས་པའི་ལེ་ཚན་གྱི་གཟུགས་བརྙན་དག་འགོག་ཏུ་མི་གཏུབ་པར་རང་རེའི་ཡིད་ངོར་བཀྲ་བ་ལས། ལོ་རབས་དགུ་བཅུ་པ་འཆར་ཉེའི་གནམ་ལོ་གསར་ཚེས་འདི་ལ། ཉིན་བྱེད་འཆར་ཁའི་སྐྱ་རེངས་ཀྱི་བསུ་མ་ལྟ་བུའི་མ་འོངས་བོད་གསར་འཛུགས་བསྐྲུན་གྱི་མདུན་ལྗོངས་མཛེས་པོ་མངོན་དུ་བྱེད་པའི་སྤུན་ཟླ་མཆོག་དམན་ཡོངས་ཀྱི་ལྷག་བསམ་ཟླ་མེད་ཀྱི་མཛད་པ་མཐའ་དག་ཡོངས་སུ་འགྲུབ་པའི་ཤིས་སྨོན་ཞུ་བ་དང་། གཅིག་ཏུ་བརྟན་པ་མིན་པའི་ལོ་ཟླའི་འགྲོས་ལས། རིན་བྲལ་དུས་ཀྱི་སྐར་ཆ་བརྩོན་ལེན་གྱིས་མེས་པོས་བཞག་པའི་སྲོལ་རྒྱུན་བཟང་པོ་ཉམས་མེད་ཐོག རང་རིགས་རྒན་པ་རྣམས་ཀྱི་བཞེད་དོན་འགྲུབ་པ་དང་། གཞོན་ནུའི་ལང་ཚོ་དོན་དང་ལྡན་པ། ལོ་ཆུང་བྱིས་པའི་ཡོན་ཏན་འཕེལ་བ། ཀུན་ཀྱང་ཚེ་རིང་ནད་དང་བྲལ་ནས་མིག་རྒྱང་རིང་པོའི་ཕུགས་བསམ་མངོན་གྱུར་ཡོང་བའི་རེ་སྨོན་ཚེས་གསུམ་གྱི་ཟླ་བ། ཉ་གང་བཅོ་ལྔའི་དུང་ཟླ་རུ་ཆ་ཡིས་འཕེལ་བའི་རྟེན་འབྲེལ་བཟང་པོའི་ལེགས་མཚོན་ཁ་དབྱངས་སུ་བསྒྲགས་པས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་རྒྱུན་མི་ཆད་པར། བསིལ་ལྡན་གངས་རིའི་ལྗོངས་འདིར་ངོ་མཚར་འདོད་དགུའི་དཔལ་ཡོན་གཅིག་ཏུ་འཁྱིལ་བའི་བདེ་སྐྱིད་སྙན་གསུམ་འཛོམ་པའི་དགའ་སྟོན་གྱི་འདུ་བ་རྒྱུན་མི་ཆད་པའི་རྟེན་འབྲེལ་ཞུ་བ་ཡིན།།
ཞེས་རྒྱང་སྒྲོག་པ་ཞིག་གི་ངོར་བྲིས།།

གངས་ལྗོངས་མཛེས་པར་བྱེད་པའི་མྱུ་གུ་གསར་པ།

བསིལ་ལྡན་གངས་རིས་མཚན་པའི་ལྗོངས་ཆེན་པོའི་མདོ་ཁམས་སའི་ཐིག་ལེར། གཡས་ནས་འབྲི་ཆུ་དང་། གཡོན་ནས་རྫ་ཆུ་འབབ་པའི་རི་བོ་རྩེ་མོ་གནམ་ལ་བསྙེགས་པའི་གཡོན་ཟུར་དུ། བོད་ཀྱི་གནས་ལྔ་རིག་པ་ཡན་ལག་དང་བཅས་པ་མཁས་ཚུལ་གསུམ་གྱིས་དར་བར་བྱེད་པའི་བསྟི་གནས་མཆོག་ཏུ་གྱུར་པ་ཉག་ཅིག་ཏུ་སྔར་ནས་ཡོངས་སུ་གྲགས་པ་ཞིག་ཡོད་པ་ནི། གངས་རིའི་ལྗོངས་ཀྱི་ནཱ་ལེནྡྲའི་གཙུག་ལག་ཁང་གཉིས་པར་འབོད་པ། ངེས་གསང་བསྟན་པའི་ཆུ་འགོ། རུ་དམ་རྫོགས་ཆེན་དཔལ་སེངྒེ་རིའི་ལྔ་རིག་ཆོས་གྲྭ་ཞེས་བྱ་ལ། དེ་ཉིད་དུས་རབས་བཅོ་བརྒྱད་པའི་དུས་མཇུག་ཏུ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་ཕྱག་བཏབ་ཅིང་། གནས་དེར་གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་རིམ་བྱོན་དང་། རྫོགས་ཆེན་དཔལ་སྤྲུལ། འཇུ་མི་ཕམ། མདོ་མཁྱེན་བརྩེ། མཁན་ཆེན་པད་རྡོར། མཁན་ཆེན་གཞན་དགའ་སོགས་འཛམ་གླིང་ན་མཚན་སྙན་གྱི་གྲགས་པ་མཐོ་བའི་མཁས་དབང་གསེར་རིའི་ཕྲེང་བ་ལྟ་བུ་དག་བྱོན། དེ་དག་གིས་ཆོས་གྲྭ་ཆེན་པོ་རིམ་བཞིན་འཛིན་སྐྱོང་སྤེལ་བ་ནས་ད་ལྟའི་བར་མཁན་རབས་ལྔ་བཅུ་ཙམ་དུ་ཟིན། དེ་སྔའི་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་། བོད་སྤྱི་དང་བྱེ་བྲག་གི་བསྟན་པའི་ཉམས་རྒུད་སྐབས་གཏོར་བརླག་ཚབས་ཆེན་ཐེབས་པ་སྨོས་མེད་ལ། ཉེ་བའི་ལོ་ཤས་ཀྱི་གོང་དུ་སྔར་བྱོན་དམ་པའི་ཕྱག་རྗེས་ཀྱིས་བརྗིད་པའི་གནས་མཆོག་དེར། འབྲེལ་ཡོད་རིམ་པ་གོང་མའི་མཁས་མཛངས་དུས་ལས་མི་གཡོལ་བའི་མཛུབ་ཁྲིད་འོག་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་བཙུགས་གནང་བ་དང་མཉམ་དུ། རྩ་བ་དེ་ལས་འཁྲུངས་བའི་མེ་ཏོག་གིས་རྒྱལ་ཡོངས་ཀྱི་ས་གནས་དང་སྡེ་ཁག་མང་པོའི་རིག་གནས་ཀྱི་ལྡུམ་ར་མཛེས་པའི་རྒྱན་ཆར་གྱུར་དང་འགྱུར་བཞིན་པ་ལས། བོད་ས་ཕོ་འབྲུག་གི་གནམ་ལོ་འདིའི་ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་བཟང་པོར། སླར་ཡང་དཔལ་སེངྒེ་རིའི་ཆོས་གྲྭ་ཆེན་པོ་དངོས་སུ་དབུ་ཚུགས་པའི་སླར་གསོའི་མཛད་སྒོ་སྤེལ་བ་རེད། ཉིན་དེར་འབྲེལ་ཡོད་སྡེ་ཁག་གི་དབུ་ཁྲིད་འགན་བཞེས་མི་སྣ་དངོས་སུ་ཕེབས་པ་དང་། ས་གནས་མང་པོའི་སྐད་ལུགས་དང་རྒྱན་ཆས་མི་གཅིག་པའི་སེར་སྐྱ་ཕོ་མོ་རྒན་གཞོན་སྟོང་ཕྲག་མང་པོ་དེར་མ་བསྡུས་རང་བཞིན་གྱིས་འདུས་ནས་དགའ་འཛོམ་གྱིས་དུས་ཆེན་རོལ་བ་དང་། ཞིང་ཆེན་དང་། ས་གནས། དགོན་སྡེ་བཅས་ཁག་བརྒྱད་ཅུ་ལྷག་གི་ན་གཞོན་གྱི་སློབ་མ་བརྒྱ་ཕྲག་ཁ་ཤས་ཀྱང་དེར་འཚང་ཁ་དང་བཅས་བཤད་གྲྭར་ཞུགས་པ་རེད། རྒྱ་ནག་པོའི་སློབ་དཔོན་ཤྲཱི་སེང་ཧའི་སྐུ་རྗེས་རང་བྱོན་དུ་གསལ་བའི་ཤེས་རབ་ཀྱི་རལ་གྲིའི་དབྱིབས་དང་མཚུངས་པའི་སློབ་གླིང་གི་འཁོར་ཡུག་སྤང་ལྗོངས་མེ་ཏོག་གིས་མཛེས་པའི་ཚལ་དེར་མཛད་སྒོའི་དུས་སྟོན་ལ་ཞུགས་པའི་མི་ཚོགས་ཀྱིས་ཁེངས་ཤིང་། རྒྱང་རིང་ནས་མཐོང་བའི་འཕྱོར་སྒོ་ཆེན་མོའི་དཀྱིལ་དབུས་སུ་གསེར་གྱི་འཁོར་ལོས་བརྒྱན་པ་དང་། (ས་ཡི་བླ་ན་མངོན་པར་མཐོ་བའི་སྐྱེ་རྒུ་བདེ་བའི་ལམ་གྱི་འཇུག་ངོགས)ཞེས་པའི་གསེར་ཡིག་ཆེན་པོ་དག་འབུར་བྲིས་སུ་མངོན་པ་གསལ་བས་མགྲོན་པོ་བསུ་བར་བྱེད་ཅིང་། གླིང་གི་ཤར་སྒོ་ཆེན་མོའི་སྒོ་ཐོད་དུ་ཤེས་རབ་ཀྱི་རལ་གྲི་ལྟ་ན་མཛེས་པས་བརྒྱན་པར། (གངས་རིའི་ལྗོངས་ཀྱི་ནཱ་ལེནྡྲ་གཉིས་པ་དཔལ་སེངྒེ་རིའི་ཆོས་གྲྭ་ཆེན་པོ་ཐུབ་བསྟན་ཉིན་བྱེད་བཤད་སྒྲུབ་དར་རྒྱས་གླིང་)ཞེས་ཕྲེང་ཤར་དུ་བྲིས་པ་དག་མཐོང་བའི་ཐད་ཀར་ཆོས་གྲྭའི་རིགས་ལམ་གྱི་ཆོས་ར་དང་། འཛིན་གྲྭ་ཁག་གི་སློབ་ཁང་། སྤྱི་ཁྱབ་ཚོགས་ཁང་ཆེན་མོ་བཅས་མིག་གི་ལམ་དུ་མངོན་པར་འཆར་བ་དང་མཉམ་དུ། སྭ་སྟི་ཞེས་པའི་སྒྲས་དྲངས་པའི་ལེགས་སྦྱར་གཏམ་གྱི་སྦྱོར་བས་སྣ་དྲངས་ཏེ་བཀྲ་ཤིས་པའི་མེ་ཏོག་གཏོར་ནས། ལྷ་དར་དཀར་པོས་ལྕིབས་པའི་འབུལ་མཚོན་གྱ་ནོམ་པའི་ལེགས་སྐྱེས་དང་བཅས་པས་སྐུ་མགྲོན་བསུ་སྐྱེལ་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བའི་དུས་མཚུངས་སུ་བློ་གསལ་གཞོན་ནུའི་སློབ་མ་མང་པོ་ཞིག་གིས་ཚོགས་བཤད་དང་བགྲོ་གླེང་གིས་མཁས་པ་མགུ་བའི་དགའ་སྟོན་གྱི་ཡོ་ལང་ཅིར་ཡང་བཤམས་པས་ཉི་མ་གསུམ་གྱི་དུས་ཚོད་ཀྱང་ཐུང་ངུར་བྱས་ཤིང་། མཛད་སྒོའི་གཞུག་མར་སྟག་སེང་ཁྱུང་འབྲུག་གི་འཆམ་རྩལ་ཡིད་དུ་འོང་བས་ཕྱོགས་ཀྱི་མགྲོན་པོ་དང་ལྟད་མོ་བ་ཀུན་ཚིམ་པར་བྱས། སྙན་གྲགས་འབྲུག་ལ་འགྲན་པའི་བརྡ་ཆོས་སུ་གཡུ་འབྲུག་སྔོན་མོའི་འཆམ་ཚན་གྱིས་མཛད་སྒོའི་མཇུག་བསྒྲིལ་ནས་སླར་ཡང་འཛོམ་པའི་གྱེས་ཕྱག་ཞུས་མོད། འབྱུང་ཆར་ད་དུང་རྒྱལ་ཕྱི་ནང་གི་རིགས་མི་གཅིག་པའི་སློབ་ཚོགས་དང་དཔྱད་ཞིབ་པ་དེ་བས་མང་བ་ཞིག་ངང་གིས་འདུ་ངེས་རེད། རིགས་གྲྭ་འདིའི་སློབ་ཁྲིད་ཀྱི་འཆར་གཞི་ནི། བོད་ཀྱི་གནས་ལྔ་རིག་པ་ཡན་ལག་དང་བཅས་པ་འཆད་ཉན་ཐོས་བསམ་སྔར་སྲོལ་ལྟར་ཏེ། གཞུང་ཆེན་བཅུ་གསུམ་ཆ་ལག་དང་བཅས་པ་རྒྱ་གཞུང་མཁན་ཆེན་གཞན་དགའི་མཆན་འགྲེལ་གྱི་ཐོག་ནས་འཆད་རྒྱུ་དང་། སྒྱུ་འཕྲུལ་གསང་བ་སྙིང་པོའི་འཆད་ཁྲིད་མཛད་རྒྱུ། ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། ཁྱད་པར་དུ་ཀློང་ཆེན་པ་ཡབ་སྲས་བརྒྱུད་པར་བཅས་པའི་གསུང་རབ་སོགས་ཚད་ལྡན་རིས་མེད་ཀྱི་ཡིག་ཆ་ཀུན་ཟུར་ཁྲིད་དང་དཔྱད་གཞིར་མཛད་དེ། ནང་དོན་རིག་པ་གཙོར་བཟུང་གི་ཐོག་ནས་རིག་གནས་གཞན་དང་ཟུང་འབྲེལ་གྱིས་ལོ་རིམ་དང་འཛིན་གྲྭའི་རིམ་པ་བརྒལ་ནས། སློབ་ཡུན་ལོ་གྲངས་གཞི་ཚན་གསུམ་གྱིས་གཞི་འབྲིང་མཐོ་རིམ་གྱི་སློབ་མཐར་དབྱུང་རྒྱུ་རེད། སློབ་མའི་ཡོན་ཚད་དངོས་ལ་དཔག་པའི་ཤེས་ཡོན་གྱི་གོ་མིང་ཡོད་པའི་སློབ་ཐོན་ལག་ཁྱེར་དང་ལྡན་པས་རིམ་པར་ཐོན་རྒྱུ་དང་། ཕྱོགས་གཞན་ཞིག་ནས་རྫོགས་ཆེན་སྙིང་ཐིག་གི་རྩ་རླུང་འོད་གསལ་གྱི་ཁྲིད་སྐོར་སོགས་སྡེ་གསུམ་ཀློང་དགུའི་ཐུན་མིན་གབ་པ་མངོན་དུ་ཕྱུང་བའི་ཁྲིད་སྦྱང་གི་རིམ་པ་ནས་བརྒྱུད་དེ་བཤད་སྒྲུབ་མདོ་སྔགས་ཟུང་དུ་སྦྲེལ་བའི་འཆར་འགོད་བྱས་ཡོད། འདིའི་སློབ་ཁྲིད་ཀྱི་གཙོ་སྐྱོང་གནང་བའི་དགེ་བའི་བཤེས་གཉེན་མཁན་པོ་དང་། དགེ་རྒན། སྐྱོར་དཔོན་བཅས་ནི་མདོ་ཁམས་གཙོ་བོར་བྱས་པའི་ས་ཕྱོགས་དག་ནས་རིས་མེད་མཁས་པའི་དབང་པོ་མང་པོ་ཞིག་རིམ་པར་གདན་འདྲེན་ཞུ་རྒྱུ་དང་། འདིར་ཞུགས་པའི་སློབ་མ་ནི་ན་གཞོན་གྱི་དགེ་འདུན་པ་ཡིན་ཞིང་། ཟུར་དུ་རྟེན་ལུས་མཆོག་དམན་ལ་མ་ལྟོས་པར། གཞོན་དར་ཤེས་ཡོན་སྦྱོང་འདོད་ཡོད་མཁན་ཀུན་དེར་ཞུགས་པའི་གོ་སྐབས་རྒྱུན་དུ་ཡོད་པ་དང་། ས་ཕྱོགས་གཞན་ནས་ཕེབས་པའི་དོན་མཐུན་གྱི་སློབ་གྲོགས་གསར་པ་ཚོར་ནམ་དུ་ཡང་དགའ་བསུ་ཞུ་བ་དང་། བཞུགས་གནས་སོགས་ཀྱི་རོགས་སྐྱོར་དང་བཀོད་སྒྲིག་བྱ་རྒྱུ་རེད། ཐེངས་འདིའི་བཤད་གྲྭ་སླར་གསོའི་བྱ་བཞག་ནི་ས་ཆ་དེ་གའི་རང་རིགས་ཀྱི་རིག་གནས་དར་སྤེལ་བཏང་རྒྱུར་ལྷག་བསམ་མི་དམན་པའི་དབང་པོ་སྐྱོན་ཅན་གྱི་ཆོས་ལུགས་མི་སྣ་ཞིག་དང་། གཞོན་ནུའི་བཤད་གྲྭ་བའི་སེམས་ཤུགས་རྐྱང་པར་བརྟེན་ནས་རང་སྟོབས་ཀྱིས་བྱེད་སྒོ་སྣ་ཚོགས་སྤེལ་བ་ལས། ཐོག་མའི་རྨང་གཞིའི་འཛུགས་བསྐྲུན་གྱི་དངོས་པོའི་མཐུན་རྐྱེན་ཧ་ཅང་ཞན་པོ་རེད། ཡིན་ན་ཡང་བོད་མི་རིགས་རང་ཉིད་ཀྱི་རིག་གནས་དར་སྤེལ་དང་། སྐྱེ་རྒུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བསྟན་སླར་གསོའི་ལུགས་མཐུན་གྱི་བྱ་བཞག་ཆུང་ངུ། གསར་དུ་འབུས་པའི་མྱུ་གུ་གསར་པ་འདིས་མ་འོངས་པར་མེས་པོས་བཞག་པའི་འོད་སྟོང་འབར་བའི་རིག་གནས་ཀྱི་བང་མཛོད་ཕྱུར་བུར་འགེངས་པ་དང་ཆབས་ཅིག གཞོན་ནུའི་མི་རབས་མང་པོའི་རིག་གནས་འཚར་ལོངས་ཡོང་བའི་ས་བོན་བཟང་པོར་འགྱུར་བའི་རེ་སྨོན་དང་མིག་རྒྱང་སྲིང་བཞིན་པ་ཡིན། ཞེས་པ་འདི་ཤྲཱི་སེང་ཆོས་གྲྭ་སླར་གསོ་རྒྱ་སྐྱེད་ཀྱི་ཐོག་མའི་དབུ་འཛུགས་མཛད་སྒོའི་ལས་བྲེལ་གྱི་ཞོར་དུ་གསར་འགོད་པ་འགའི་རེ་བ་ལྟར་པདྨ་སྐལ་བཟང་རང་གིས་བྲིས།།

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་གནང་བའི་གསུང་བཤད།

༢༠༠༨ལོར།
ད་དེ་རིང་འདི་ནས་ཁྱེད་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་སློབ་ཚང་མ་དང་མཉམ་དུ་འཛོམས་ནས་ཐུགས་འཕྲད་ཡོང་ནི་བོ་འདི་ལ་ངའི་སེམས་ནས་སྤྱིར་བཏང་དང་ཐུན་མོང་བ་མ་ཡིན་པའི་དགའ་སྤྲོ་ཆེན་པོ་ཡོད། སྤྱིར་ན་མིའི་རིགས་སུ་གྱུར་པ་སུ་དང་གང་ཅན་པོ་ཡིན་ཀྱང་རིགས་མཐུན་སྡེ་རིས་གཅིག་གི་ནང་ཚན་གྱི་འགྲོ་བ་ཡིན་ན་རིག་དགའ་མཐོང་སྐྱིད་ལོས་ཡོད་རེད། ཁྱད་པར་དུ་ཡབ་ཆེན་སྤྲེལ་རྒན་རྒྱལ་པོ་དང་མ་ཡུམ་བྲག་སྲིན་གཉིས་ཀའི་ཤ་ཁྲག་རིགས་རུས་ལས་ཆད་པའི་གདོང་དྲུག་ཆོལ་གསུམ་གྱི་བོད་མི་ནང་ཚགས་མཉམ་དུ་འཛོམས་ན་དེ་བས་ཀྱང་སྤུན་ཟླ་མིང་སྲིང་གི་འདུ་ཤེས་ཀྱི་སྟེང་ནས་དུང་སེམས་ཡོད་རྒྱུ་དེ་རིགས་ཀྱི་རུས་པ་དཀར་པོའི་ལ་རྒྱས་མ་བཏང་བའི་ཞེན་ཕྱོགས་དམིགས་བསལ་བ་ཞིག་ཀྱང་ལོས་ཡིན་རེད། ཡང་དགོས་སུ་བོད་ཡིག་སློབ་གྲྭ་འདི་ལ་མཚོན་ན། ད་ནས་བརྩིས་པའི་འདས་པའི་ལོ་གྲངས་སུམ་ཅུ་ལ་ཉེ་བའི་ཡར་སྔོན་གྱི་དུས་སྐབས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་པའི་ནང་ཞིག་ལ། བོད་མི་རིགས་རང་ཉིད་ཀྱི་མེས་པོས་བཞག་པའི་རིག་གནས་དེ་ཉམས་དམའ། ཉག་ཕྲ། ཤི་གསོན་གལ་འགག་ལ་ཐུག་པའི་ཉེན་ཁ་ཅན་གྱི་མཐའ་མཇུག་གི་དུས་ཚོད་ཅིག་ལ་ཁེལ་བའི་སྐབས་སུ། དམ་པ་དུ་མའི་ཐུགས་བསྐྱེད་དང་ལས་སྨོན་དུས་ལ་བབ་པའི་རྟེན་འབྲེལ་མཉམ་གཅིག་ཏུ་ཚོགས་ནས་རིན་ཐང་ཅན་གྱི་བོད་མི་རིགས་ཀྱི་རིག་གནས་དེ་འཕྲལ་སྐྱོབ་གནང་རྒྱུའི་འཆར་འགོད་ཀྱི་འོག་ནས། ཁམས་སྡེ་དགེ་རིག་པ་འབྱུང་བའི་གནས་དེར་བོད་ཡིག་སློབ་གྲྭ་འདི་བཙུགས་བཞག་ན། ཕྱོགས་གང་ཅིའི་ཐད་ཀྱི་དགོས་པ་དགེ་མཚན་ཆེ་གི་གསུང་རྒྱུའི་ཡུལ་ཁ་རྒྱུ་མཚན་ལ་བལྟས་ཏེ། ལོ་རྒྱུས་ཀྱི་མཚན་སྙན་ལྡན་པའི་རྫོགས་ཆེན་ཤྲཱི་སིང་ཆོས་གྲྭའི་གདན་སའི། མཁས་པའི་ལྗགས་སམ་ཤེས་རབ་ཀྱི་རལ་གྲིའི་ས་དབྱིབས་ཅན་དེར་སློབ་གྲྭ་བཙུགས་རྒྱུའི་རྟེན་འབྲེལ་འགྲིགས་ནི་ཡིན་ན། ཞིང་ཆེན་བོད་ཡིག་སློབ་གྲྭ་འདི་ཐོག་དང་པོར་འཁྲུངས་སའི་ས་ཆ་དེ་གང་ན་ཡིན་ནི་རེད་ཟེར་ན། ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གཡོན་ལུང་། རྫོགས་ཆེན་རུ་དམ་ལུང་ཡིན་ནི་རེད། དེ་ཡིན་པའི་སྟབས་ཀྱིས་རྫོགས་ཆེན་ཤྲཱི་སིང་ཆོས་གྲྭའིི་གྲྭ་སའི་གྲྭ་བ་དང་ནི་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་གཉིས་ཀ། སྡོང་པོ་གཅིག་ལས་གྱེས་པའི་ཡལ་ག ས་ཆ་གཅིག་ལ་བཞད་པའི་མེ་ཏོག མ་གཅིག་གི་པང་ནས་འཁྲུངས་པའི་སྐྱ་སེར་སྤུན་གཉིས་འདྲ་ཞིག་ཡིན་ན། དེ་རིང་ཁར་སང་ལ་དང་ལུང་བ་ཆུ་ཁྲི་རི་སྟོང་གིས་བརྒྱངས་ཡོད་ན་ཡང་། སྙིང་ཉེ་བའི་སྤུན་མཆེད་ཀྱི་བསམ་པ་ལ་ཉེ་རིང་ཡོད་མི་ལོ་རྒྱུའི་འདུན་ཐང་གི་ཐོག་ནས། ངས་དེ་རིང་མཇལ་འཛོམས་ཀྱི་སྐབས་འདིར་དམིགས་བསལ་གྱི་དགའ་སྤྲོ་ཡོད་ཟེར་སྤྱད་དེ་ཡིས་ཡིན། དུས་གསུམ་གྱི་དུས་ཀྱི་འཁོར་ལོ་དེ་བར་མེད་དུ་མདུན་ཕྱོགས་སུ་འཁོར་གིན་ཡོད་ན། དེའི་རང་འགྲོས་དང་བསྟུན་ཡོང་ན་དུས་ཚོད་ཟེར་རྒྱུ་དེ་འགྲོ་མགྱོགས་པ་ཡིན་ནི་རེད། མྱིག་གཅིག་གི་སྟབས་སྒྱུར་གྱིས་མྱི་ལོ་བཅུ་ཕྲག་གསུམ་ལ་ཉེ་བའི་དུས་ཚོད་རིང་པོ། དུས་རབས་གཅིག་གི་སུམ་ཆ་མ་ཟིན་ཙམ་ཞིག་བུད་འགྲོ་གི་ཡོད་གི། དེ་ཡོད་ན། དུས་ཕྱི་རེས་ཀྱི་དགེ་སློབ་ལས་བཟོ་བ་དང་བཅས་པ་གསར་པ་ཚོའི་ངོ་མི་ཤེས་ཞལ་མི་འཚོ་ཡང་། བོད་ཡིག་སློབ་གྲྭའི་དགེ་སློབ་ཅིག་རེད་ཟེར་དུས་བརྩེ་དུང་དང་དགའ་ཞེན་གཞན་ལས་ཟབ་ནི་ཞིག་ཡིན་པས་མི་ཚད། གདེང་འཇོག་གི་ཚོད་ཀྱང་གཞན་དང་མ་འདྲ་བའི་མཐོན་པོ་ཞིག་ལ་བརྩི་གི་ཡོད། ལོ་ངོ་བཅུ་ཕྲག་གསུམ་ལ་ཉེ་བའི་དུས་རིང་གི་ནང་ལ་སྐྱོན་མེད་འཚར་ལོངས་བྱུང་བའི་སློབ་གྲྭ་འདི། དང་ནས་མ་བསམ་ལྷུན་གྱིས་གྲུབ་གྲུབ་ཁར་ཡོད་ནི་ཞིག་ཅི་ལ་ཡིན། འདི་ཡང་འཇིག་རྟེན་ཐོག་གི་བྱ་བཞག་ངོ་མཚར་ཅན་གཞན་དང་འདྲ་བར། ཕྱི་ནང་གསང་གསུམ་གྱི་དཀའ་ངལ་དང་འཕྲང་འགག་མང་པོ་ཞིག་བརྒྱུད་དེ་མཚར་ལོངས་བྱུང་ནི་ཞིག་ཡིན་ན། འདི་དབུ་ཁྲིད་རྒན་རིམ་པ་དང་དགེ་རྒན་རྒན་རབས་པ་ཐམས་ཅད་ཀྱི་དཀའ་སྡུག་གི་རྔུལ་ཆུ་དྲོན་མོས་བསྐྲུན་ཡོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་ཞིག་རེད། འདི་མིའི་རིགས་ལ་ཕུལ་བའི་ལེགས་སྐྱེས་ཀྱི་རྣམ་གྲངས་ཁྱད་པར་ཅན་ཞིག་ཡིན་ནིའི་མི་ཚད། འདི་ནམ་པའི་ལྷག་བསམ་དཀར་པོའི་ཐུགས་རེ་སློབ་སྟོན་དང་། སློབ་མ་ཁྲི་སྟོང་མང་པོའི་སེམས་ཁམས་ཀྱི་ནུས་སྟོབས་གཉིས་ཀ་ཐད་ཀ་ཐད་གི་འབྲེལ་ནས་བསྡད་ཡོད་པ་ཞིག་རེད་བསམ་གི། འདི་ལྟར་བསམ་བློ་བཏང་ན། འདས་པའི་ལོ་ངོ་བཅུ་ཕྲག་གསུམ་གྱི་ཡར་སྔོན་དུ། བོད་ཡིག་སློབ་གྲྭ་ཐོག་མར་འཛུགས་རྒྱུའི་དཀའ་ངལ་ཅན་གྱི་སྔོན་འགྲོའི་ཆ་རྐྱེན་བསྐྲུན་པའི་སྐབས་སུ། ངས་ཀྱང་ད་བཞུགས་ཀྱི་དབུ་ཁྲིད་བགྲེས་རིམ་པ་འདི་ཚོ་དང་མཉམ་དུ་དཔུང་གདང་སྦྲེལ་ནས། འདིའི་དཀའ་ངལ་ཅན་གྱི་འཕྲང་ལམ་ལ་གོམ་ཁ་མཉམ་ཕྱོགས་རེ་བྱེད་མྱོང་། རྒྱལ་སྲས་ཞི་བ་ལྷས། འདས་པ་ཐམས་ཅད་མཐོང་མི་འགྱུར། །དེ་དེ་དྲན་པའི་ཡུལ་དུ་འགྱུར། །ཞེས་གསུངས་པ་ལྟར་འདས་པའི་ལོ་རྒྱུས་ཐམས་ཅད་རྗེས་དྲན་གྱི་ཡུལ་དུ་གྱུར་པ་ཙམ་ཞིག་རེད། ངས་དེ་དུས་ཀྱི་བྱ་བ་དང་འབྲེལ་བའི་རྩོམ་ཡིག་ཅིག་གི་ནང་དུ་ཡང་འདི་འདྲ་ཞིག་འབྲི་མྱོང་། ཚ་ལམ་གཅིག་གིས་འགྱང་བའི་བཤུལ་ལམ་གྱི་ས་ལ། །ཉིན་གསུམ་ཉི་མའི་དུས་ཚོད་འགྲོ་སྟབས་ལ་ཟད་པས། །མཐར་ཐུག་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཡི་འཕོང་ལ། །ཆལ་ཆོལ་སློག་ཧྲུལ་བཅས་པར་འཐམ་ས་ཞིག་རྙེད་སོང་། །ཞེས་པ་ཞིག་འབྲི་མྱོང་། དེ་ལ་མཐུད་དེ་དེའི་འཕྲོ་ནས་མར་ལ། ཞལ་རས་བྱང་ཐང་ཐལ་བའི་སྙིགས་མ་ཡིས་གཡོགས་དུས། །སྤྱན་མིག་ཁྲ་ཆུང་མི་གཙང་ས་རྡུལ་གྱིས་བཀང་སོང་། །མཐོ་སྒང་ལྷགས་རླུང་སྤུ་གྲི་ངར་མ་ཡི་རེག་བྱས། །ལུས་གྱི་ཚོར་བ་གོས་ཀྱིས་འཐུམ་བཞིན་དུ་འཕྲོག་སོང་། །ཟེར་རྒྱུ་ཞིག་འབྲི་མྱོང་། དེ་ཚོ་དེའི་སྐབས་ཀྱི་བྱ་བཞག་དང་འབྲེལ་བའི་ནང་དོན་གྱི་འབྲེལ་བཤད་རྒྱག་རྒྱུ་ཡོད་ནི་དག་དག་རེད། ད་དུང་དེ་འདྲ་འགའ་རེ་བྲིས་ཡོད་ས་ཡོད། དུས་ཟེར་རྒྱུའི་སྲིད་གསུམ་རྔམ་ཟས་སུ་བྱེད་ནིའི་དབང་ཆེན་འདིའི་དབང་འོག་ནས། དེའི་སྐབས་སུ་མཐུན་ཕྱོགས་ཀྱི་ནུས་པ་གལ་ཆེན་འདོན་ནིའི་མྱི་སྣ་འགའ་རེ་ཞིག་དུས་ཀྱི་ཆོས་ཉིད་དུ་གྱུར་ནས། འཇིག་རྟེན་ཕྱི་མའི་ལམ་ཆེན་དུ་བུད་སོང་ནི་ཚོ་སྐད་ཆ་འདི་འདྲའི་སྐབས་ལ་རྗེས་དྲན་ཡོང་རྒྱུ་ཞིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་དེ་མདུན་ཕྱོགས་སུ་བཞུར་བའི་འགྲོ་ལམ་གྱི་ཐོག་ན། མཚམས་མཚམས་སུ་གཡང་གཟར་དང་བྲག་རོང་། མཚམས་མཚམས་སུ་བདེ་ཐང་དང་སྤང་ལྗོངས། འདྲ་མི་འདྲར་ཐུག་རྒྱུ་ཡོད་རྒྱུ་དེ་འཇིག་རྟེན་གྱི་བྱ་བ་སྤྱིའི་ཆོས་ཉིད་ཡིན་ནི་རེད། ད་ལྟའི་སྐབས་འདིར་བབ་ན་འདས་པའི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས། བྱ་བའི་མཐའ་མཇུག་གི་ཕྱོགས་སྡོམ་ཞིག་བརྒྱབས་ན། བྱས་པའི་ལས་ལ་གྲུབ་པའི་མཐའ་ཞིག་ཡོད་སོང་ནས། སྔར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་གདན་སར་ཐོག་མའི་ས་བོན་བཏབ་པའི་སློབ་གྲྭ་དེའི། གཡུར་དུ་ཟ་བའི་འབྲས་བུ་དེ་ཆོལ་གསུམ་བོད་ཁམས་ཀྱི་ས་ཆ་སོ་སོ་ལ་སྨིན་པས་མི་ཚད། ཡོན་ཏན་གྱི་དྲི་བསུང་དེ་ཡངས་བའི་ས་ཆེན་ཟླུམ་པོའི་ཁྱོན་དུ་ཁྱབ་དང་ཁྱབ་འགྱུར་ཡིན་ན། དེ་རིང་མཇལ་འཛོམས་ཀྱི་སྐབས་འདིར། ཁྱེད་དགེ་སློབ་དབུ་ཁྲིད་དང་བཅས་པའི་ངོ་མཚར་བའི་མཛད་རྗེས་ལ་ངས་རྗེས་སུ་ཡི་རང་གི་བསྔགས་བརྗོད་འབུལ་བ་དང་ཆབས་ཅིག་ཏུ། ཁྱེད་དགེ་སློབ་དབུ་ཁྲིད་ལས་བཟོ་པ་དང་བཅས་པར་འཚམས་འདྲི་ཞུ་རྒྱུ་དེ་ངའི་སྐད་ཆ་དང་པོ་ཡིན། ང་དེ་རིང་འདིར་འོང་ནས་ལྷག་དོན་དམིགས་བསལ་ཅན་གྱི་ཁ་བརྡ་འདི་བཤད་དགོས་བསམ་རྒྱུ་ཅང་མེད། ང་ལ་མཚོན་ན་འདས་པའི་ལོ་ཟླ་རིང་མོའི་ནང་ལ་ལོ་རྒྱུས་ཀྱི་འཕེལ་འགྲིབ་དང་སྤྱི་ཚོགས་ཀྱི་དར་རྒུད་མང་པོ་ཞིག་གི་ཆར་དྲག་རླུང་འཚུབ་གཤགས་ཏེ་ཡོང་ནི་ཞིག་རེད། བོད་གངས་རིའི་ལྗོངས་ནས་གངས་ཆུ་སིལ་མ་འཐུང་ནས་ནར་སོན་ན་ཚོད་ཡོལ་སོང་ནིའི་བོད་ཀྱི་བླ་སྤྲུལ་རྒན་གྲས་ཤིག་ཡིན་ན། རང་སྐལ་ལ་བབ་པའི་བསྟན་པའི་སྲོག་དེ་རང་ཉིད་ཀྱི་སྲོག་གིས་བསྲུངས་ནིའི་ལྷག་བསམ་འཆང་བའི་བརྒྱུད་རིམ་གྱི་ཐོག་ནས། དེ་རིང་ཁར་སང་སྒྲུབ་པ་སྙིང་པོར་བྱེད་པའི་དུས་ལ་བབ་ནས། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་གནས་དབེན་པའི་རི་ཁྲོད་ནས་གྲོགས་བྱ་དང་རི་དྭགས་བྱས་ཏེ་འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བར་ཕྱི་ཕྱག་འཚལ་གི་ཡོད་རྒྱུའི་འདུན་པ་བསྐྱེད་གི་ཡོད་ནི་ཞིག་ཡིན་ན། རྒྱ་གྲོང་དཀྱིལ་འདིར་ཡོང་ནས་གཏམ་ཉོག་གིས་ལུང་བ་བཀང་གི་བསྡད་ན་སྙིང་པོ་མི་ཆེ་གི མི་ཆེ་གི་སྟེ། གཅིག་ན་སྨྲ་ཤེས་དོན་གོ་མིའི་མཚན་ཉིད་ཡིན་ནི་རེད། མྱི་དང་མྱི་ཐུག་དུས་ཁྱོད་ཨེ་བདེ་ང་ཨེ་ཡག་ཟེར་རྒྱུའི་སྐད་ཆ་རེ་ཡོང་རྒྱུ་བོ་ཐོབ་ཡིན་ནིའི་མི་ཚད། གཏམ་ཚིག་གསུམ་གྱི་སྐད་ཆ་མ་བཤད་ན། ཕ་བུ་ཡིན་ཀྱང་གོ་བརྡ་མི་འཇག ལམ་གོམ་གསུམ་གྱི་གོམ་པ་མ་སྤོས་ན། སྒོ་ཐེམ་ཡིན་ཀྱང་ལ་མོ་མི་ཁེས་ཞེས་པའི་དཔེ་ཡིན་དུས། སྨྲ་བ་ངག་གི་སྒོ་རེད། ངག་ནས་ཚིག་བརྗོད། ཁ་ནས་གཏམ་བཤད་དེས་། ནང་སེམས་ཀྱི་དགའ་སྡུག་གི་རྣམ་རིག་མཚོན་དར་རྒྱུ་དང་། ངས་གནའ་ཡང་རྩོམ་ཡིག་ཅིག་གི་ནང་དུ། ཤར་ནུབ་མཐའ་ཡི་རྒྱ་མཚོའི་འགྲམ་ངོགས་ཚུན། །རྫུན་མའི་གཏམ་གྱི་ཉོ་ཚོང་མཐོང་མཐོང་ནས། །རིགས་མཐུན་གྲོགས་དང་འཕྲད་ན་སྤྲོ་བ་འཕེལ། །ཡིད་གཅུགས་གཏམ་གྱི་ཕྲེང་བ་རྫོགས་མཐའ་བྲལ། །ཟེར་རྒྱུ་ཞིག་བྲི་མྱོང་། དེ་དང་འདྲ་བར་ངོ་མ་འཛམ་གླིང་ཤར་ནུབ་ལྷོ་བྱང་ལ་ཉི་མའི་རང་འགྲོས་དང་རླུང་འགྲོས་གཉིས་ཀར་བསྟུན་ནས། གཡས་སྐོར་གཡོན་སྐོར་མང་པོ་ཞིག་བརྒྱབས་ན། སྐྲ་སེར་པོ་དང་ནག་པོ་ཅན། མྱིག་སྔོན་པོ་དང་རག་རག་ཅན་ལ་མ་ལྟོས་པར། གནམ་འོག་གི་མྱི་སྣ་མཐོ་དམན་དྲག་ཞན་མང་པོ་ཞིག་ལ་འབྲེལ་འདྲིས་བྱས་ན། མྱི་ཡིན་ཚད་པོ་བདེ་བ་འདོད་པར་གཅིག་མཚུངས་དང་སྡུག་བསྔལ་མི་འདོད་པར་གཅིག་མཚུངས་རེད། ཐམས་ཅད་པོ་རྒ་ན་འཆི་བའི་སྡུག་བསྔལ་གྱིས་མནར་བཞིན་ཡོད་པའི་ཉམ་ཐག་སྙིང་རྗེའི་ཡུལ་དུ་གྱུར་པ་ཡང་གཅིག་མཚུངས་རེད། རེད་ཏེ། སྙིགས་མའི་བསམ་སྤྱོད་དམ་ཀླ་ཀློའི་ལྟ་སྤྱོད་དེ་ཕྱི་འཇམ་ནང་རྩུབ། ཁ་འཇམ་ཁོག་རྩུབ། ཁ་བཤད་དོན་ལ་མེད་པའི་རྫུན་མའི་གཏམ་གྱིས་གཡོ་རྒྱུའི་འཁོར་ལོ་བསྐོར་གི་ཡོད་ནི་བོ་རིག་རིག་གི། རང་ཡུལ་གངས་རིའི་ལྗོངས་སུ་རིགས་མཐུན་ཁྱུ་གཅིག་གི་མཉམ་དུ་ཚོགས་ན། གང་ལྟར་བཤད་རུང་ལྷག་བསམ་ལྷད་མེད་ཀྱི་དྲང་གཏམ་རྗེན་པ་གླེང་སའི་རང་ཁྱིམ་གྱི་ཚོར་སྣང་འདྲ་བོ་འགོག་མེད་དུ་ཡོང་རྒྱུ་ཞིག་ཡིན་ནི་རེད། དེ་ཡང་ངོ་མ་བཤད་ན་རིགས་ཀྱི་ཞེན་པ་དཀར་པོ་དེ་རང་ཡུལ་ལ་ཡོད་པའི་ཤ་ཞེན་གྱིས་དྲུད་པའི་བསམ་པ་ཕྱོགས་རེ་བ་ཞིག་རྡ་ཡིན་རྒྱུ་རེད། དེ་འདྲ་ཡིན་དུས་ཡིད་སེམས་མཐུན་པའི་མི་དང་འཕྲད། ལས་རིགས་གཅིག་པའི་གྲོགས་པོ་རྙིང་པ་དང་ཐུག་དུས། མི་བཤད་སྨྲས་ཀྱང་སྔོན་སོང་བག་ཆགས་ཀྱི་རྗེས་དེད་དེ། སེམས་ཀྱི་བསམ་དོན་ངག་གི་སྨྲ་བ་བརྒྱུད་ནས་ཁ་བརྡ་གླེང་མོལ་ཞོར་འབྱུང་དུ་ཡོང་རྒྱུ་ཞིག་ཡིན་ནི་རེད། ཁྱད་པར་དུ་རྔ་ལ་དབྱུ་གུས་བསྣུན་བཞག་ན་སྐད་ཀྱི་རང་སྒྲ་ཞིག་མི་གྲག་ཁ་མེད། ཁྱོས་ཅིག་ཤོད་ཟེར་དུས་ཡ་མི་ཟེར་ཐབས་མེད། རང་ཐང་གི་ཁ་ལ་ཅི་ཡོང་གང་དྲན་ཅི་བྱུང་གི་ཁ་བརྡའི་འགོ་ཞིག་གླེང་ནི་རེད། གཏམ་རྣམས་ཐམས་ཅད་འདོད་པའི་དབང་དུ་འགྲོ། །ཆུ་རྣམས་ཐམས་ཅད་ལུང་པའི་ཕྱོགས་སུ་འབབ། །ཟེར་ནི་རེད། མྱིས་སྐད་ཆ་བཤད་ན་ནང་སེམས་ཀྱི་བསམ་བློའི་གཟུགས་བརྙན་གྱི་རི་མོ་དེ་མ་བྲིས་རང་གསལ་དུ་དོད་འཇོག་རྒྱུའི་འདོད་ཕྱོགས་སུ་འགྲོ་རྒྱུ་བོ་ཆོས་ཉིད་ཡིན་ནི་རེད། དེ་ཡིན་སོང་ན། འུག་ཚོ་འདིར་ཡོད་ཚང་མ་མང་ཆེ་བར་མཚོན་ན་རང་རེ་སྐྱ་སེར་གྱི་ཁྱད་པར་ཙམ་རེ་རེད་མ་གཏོགས། ཐོས་བསམ་ཤེས་རབ་ཀྱི་མིག་བསྟེན་ཏེ། ཤེས་བྱ་ཡོན་ཏན་གྱི་མཐའ་རྒྱ་བཅད་གི་ཡོད་པའི་དམིགས་ཡུལ་བསམ་ཕྱོགས་ལས་རིགས་ཕྱོགས་ཀྱིས་གཅིག་པ་དག་དག་ཡིན་ན། རང་རེའི་ལས་སྒོ་དང་བསྟུན་ཏེ་མིའི་རིགས་ཀྱི་བདེ་སྡུག་དང་འབྲེལ་བའི། གཏམ་གྱི་གླེང་གཞི་གཞན་ཞིག་གི་ཐོག་ཏུ་ཁ་ཕྱོགས་བསྒྱུར་ནས། འུག་ཆ་གས་མི་རིགས་རིག་གནས་ཀྱི་སྐོར་ནས་བསམ་བློ་ཞིག་བཏང་ན། རིག་གནས་འདི་མི་རིགས་ཀྱི་བླ་སྲོག་ཅིག་རེད། རིག་གནས་འདི་མིའི་རིགས་ཀྱི་ནོར་བུ་ཞིག་རེད། རིག་གནས་འདི་མི་རིགས་ཀྱི་བླ་སྲོག་རེད་ཟེར་དགོས་སྤྱད་ཅི་རེད་ཟེར་ན། མྱི་ཞིག་ལ་བླ་སྲོག་མེད་ན་དེའི་མྱི་དེ་ཤི་བོ་ཞིག་རེད། མི་རིགས་ཤིག་ལ་རང་གི་རིག་གནས་ཀྱི་བླ་སྲོག་དེ་མེད་ན། དེའི་མི་རིགས་དེ་ཡང་ཤི་བོ་ཞིག་ཏུ་འགྱུར་རྒྱུ་རེད། བླ་སྲོག་ལྟ་བུའི་མི་རིགས་ཀྱི་རིག་གནས་དེ་མེད་ན། མི་རིགས་སྤྱིའི་ཐད་ནས་ཇི་ལྟ་བུ་ཞིག་ཡིན་ནི་རེད་ཟེར་ན། སྔོན་སོང་འདས་པའི་ལོ་རྒྱུས་ཀྱི་གནའ་དཔེ་ཞིག་ཏུ་འགྱུར་ཏེ། ཆག་བཞག་ན། གནའ་མི་ལོ་དུང་ཕྱུར་གྱི་ཡར་སྔོན་དུ་འཛམ་གླིང་ན་སྲོག་ཆགས་ཁྱད་མཚར་ག་གེ་མོ་ཞེས་པ་ཞིག་ཡོད་མྱོང་ནི་རེད་ཟེར་ནས་བཤད་ནི་ལྟ་བུ་ཞིག་ཉིན་ཞིག་ལ་རེད་མི་འགྲོ་བའི་ཐབས་ཡོད་ནི་མ་རེད། མི་རིགས་ཀྱི་རིག་གནས་དེ་རང་གིས་མ་ཤེས་བཞག་ན། གང་ཟག་སྒེར་ངོས་ནས་ཇི་ལྟ་བུ་ཞིག་ཡིན་ནི་རེད་ཟེར་ན། གཞན་རྗེས་མ་ཟིན་རང་ཁྱུ་ནས་བུད་སོང་ནིའི་གཅིག་གི་གྲབས་ཏུ་མི་ཐེ་ནི། གཉིས་ཀྱི་ས་གོ་མི་ཆོད་ནིའི། རྒྱ་མིན་བོད་མིན། སྤྲ་མིན་སྤྲེལ་མིན། བྱོལ་སོང་རྔ་ལི་མེད་ནི་ཞིག་རེད་འགྲོ་ནི་རེད། རིག་གནས་འདི་མིའི་རིགས་ཀྱི་ནོར་བུ་ཡིན་ནི་རེད། རིག་གནས་འདི་མིའི་རིགས་ཀྱི་ནོར་བུ་ཡིན་སྤྱད་གང་རེད་ཟེར་ན། མིའི་རིགས་ཡར་རྒྱས་ཀྱི་ཐོག་ནས་ཐུན་མོང་གི་བདེ་སྐྱིད་དང་ཞི་བདེ་ཞིག་བསྐྲུན་དགོས་ནི་ཡིན་ན། རིག་གནས་དར་སྤེལ་གྱི་ཚད་མཐོན་པོའི་བསམ་བློའི་ཆུ་ཚད་ངེས་ཅན་ཞིག་གི་ཐོག་ཏུ་མ་ཐོན་ན་མིའི་རིགས་ཡོངས་རྫོགས་བདེ་ཐབས་ཡོད་ནི་མ་རེད། ཁྱད་པར་དུ་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དེ། འཛམ་གླིང་རིག་གནས་བང་མཛོད་ཀྱི་ནང་གི་ཁྱད་པར་འཕགས་པའི་ནོར་བུ། ནོར་བུའི་ནང་གི་ནོར་མཆོག ནོར་བུ་མཐོན་ཀ་འོད་འབར་ཞིག་ཡིན་རྒྱུར་ངོ་གནོང་མི་དགོས་གི མྱིའི་སེམས་ཁམས་ཀྱི་ནང་གི་བདེ་སྐྱིད་བསྐྲུན་ཐབས་དང་། ཚེ་སྲོག་གི་གསང་བ་ལྐོག་གྱུར་གྱི་ཚད་གཞལ་སྤྱད། འདི་དང་ཕྱི་མའི་བདེ་སྐྱིད་སྒྲུབ་རྒྱུར་མེད་དུ་མི་རུང་བ་ཞིག་ཡིན་ནི་རེད། འདིའི་རྒྱུ་མཚན་ཚན་རིག་གི་ཆུ་ཚད་མཐོ་ཞིང་མཐོ་ན། མ་དང་མུ་གི་ར་ཇེ་འཕྲོད་ཡོང་རྒྱུ་ཞིག་རེད། ད་ལྟའི་ཚན་རིག་པས་མ་རིག་ཚད་པོ་མེད་ནི་མ་རེད། མ་མཐོང་ནི་མང་ནི་རེད། མ་མཐོང་ཕྱིར་ན་མེད་པ་མིན། །གསུང་ནི་རེད། ད་ལྟའི་སྤྱི་ཚོགས་ཀྱི་ཚོད་དང་བསྟུན་ན་ཡང་ཧ་ལམ་ཤེས་ཐུབ་རྒྱུ་ཅན། ཕྱིའི་མཐུན་རྐྱེན་གྱི་འབྱོར་བ་རྒྱས་ཤིན་རྒྱས་ན། དེ་དང་བསྟུན་ཏེ་ནང་བསམ་པའི་གནས་ཚད་ཇེ་མཐོར་མ་སོང་དུས། ཕྱི་ནང་གཉིས་ཀ་དོ་མི་མཉམ་ནས་སྡུག་བསྔལ་གསར་པ་མང་པོ་ཞིག་ཡོང་གི་འདུག་ནི་རེད། དེ་རྒྱུ་མཚན་ཅི་ཞིག་ལ་ཐུག་ནི་རེད་ཟེར་ན། ནང་སེམས་ཁམས་ཀྱི་སྨན་དེ་མ་འཐུང་། ཆོས་ཀྱི་ཤེས་ཡོན་གྱིས་དབུལ་སོང་བས་རེད། མྱི་ལ་བདེ་སྡུག་ཡོང་སའི་གཞི་རྟེན་ལུས་སེམས་གཉིས་ཀ་མ་གཏོགས་ཡོད་ནི་མ་རེད། ཕྱིའི་དངོས་པོས་ནང་སེམས་ཀྱི་བདེ་བ་ངོ་མ་དེ་ཐོབ་ཐུབ་ནི་མ་རེད། ནང་རིག་པས་མྱིའི་སེམས་ཁམས་ཀྱི་སྡུག་བསྔལ་སེལ་ཐུབ་པས་མ་ཚད་སེམས་ཁམས་ཀྱི་བདེ་སྐྱིད་སྤེལ་ཐུབ་ནི་རེད། ལུས་སེམས་གཉིས་ཀའི་ནང་གི་གཙོ་བོ་སེམས་ཡིན་ནི་རེད། སེམས་དུལ་བའི་ཡོན་ཏན་ཞིག་ནང་ན་མེད་ན། ཚེ་གཅིག་ལ་སེམས་མི་སྐྱིད་དེ་རེ་དོགས་དག་དག་གི་ངང་ནས་མི་ཚེ་བསྐྱལ་དགོས་ནི་ཞིག་ཡོང་ནི་རེད། མིག་སྔའི་ཚན་རིག་པ་མཁས་ཆེན་དག་གིས་ཕྱིའི་དངོས་ཁམས་ཀྱི་སྟེང་ནས་རྡུལ་རྫས་ཕྲ་མོའི་དབྱེ་ཞིབ་ཙམ་ཞིག་བྱས་ནི་རེད་སྟེ། ཆེས་ཕྲ་བའི་ཆ་མེད་ཀྱི་སྟེང་དུ་སླེབ་དུས་མཐའ་མེད་རེད་ཟེར་ནས་བསྐྱུར་རྒྱུ་མ་གཏོགས་དངོས་མཐའ་དངོས་མེད་དང་། རྟོག་མཐའ་མི་རྟོག་པ། ཐམས་ཅད་ཆོས་ཉིད་དུ་གཏན་ལ་ཕབ་ནས། རྟེན་འབྲེལ་གྱི་གཤིས་སྟོང་ཉིད། སྟོང་ཉིད་ཡིན་པས་ཅིར་ཡང་སྒྱུར་དུ་རུང་བ་ལ་སོགས་པ་བཤད་ཐུབ་གི་ཡོད་ནི་མ་རེད། ཁྱད་པར་དུ་ནང་སེམས་ཁམས་ཀྱི་དབྱེ་ཞིབ་ཀྱི་ཐད་ནས། ཚེ་སྲོག་གི་གསང་བ་ལ་སོགས་པ་ཡུལ་ལྐོག་གྱུར་དང་ཤིན་ཏུ་ལྐོག་གྱུར་ལ་ཐུག་དུས། སྤྱིར་ནང་པའི་ཆོས་དང་རིག་གཞུང་། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་དང་སྲོག་གཅིག་ཏུ་འབྲེལ་བའི་བོད་ཀྱི་གནའ་བོའི་རིག་གནས་འདི། མེད་ཐབས་མེད་པའི་མིའི་རིགས་ཀྱི་ཁྱད་ནོར་རྩ་ཆེན་ཞིག་ཡིན་རྒྱུ་འདི། ཤེས་རབ་ཀྱི་མིག་དང་ལྡན་ནི། ལེགས་ཉེས་ཀྱི་རྒྱང་ཐག་རིག་ནི་ཞིག་གིས་རྟོགས་ཐུབ་ནི་རེད། དེ་རིང་ཁར་སང་ཐམས་ཅད་གི་ཁ་ན་ཡོད་རྒྱུའི་འཆམ་མཐུན་གྱི་སྤྱི་ཚོགས་ཁ་བཤད་དོན་ལ་གནས་ནི་ཞིག་འཛུགས་དགོས་ནི་ཡིན་ན། མིའི་རིགས་ནང་ཕན་ཚུན་དུ་བརྩེ་སེམས་ལྷད་མེད་རེ་མ་མཐར་ཡང་ཡོད་དགོས་ནི་རེད། དེ་ཡང་ངོ་མ་བཤད་ན་རྩ་བ་སྙིང་རྗེ་ལ་ཐུག་ནི་རེད། གཞན་གནོད་གཞི་དང་བཅས་པ་སྤང་། གཞན་ཕན་གཞི་དང་བཅས་པ་སྒྲུབ་རྒྱུ་དེ་ནང་པའི་ཐེག་ཆེན་གྱི་ཆོས་ཀྱི་གཞི་རྩ་རེད། སྙིང་རྗེས་དྲངས་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མེད་ཐབས་མེད་ཐེག་ཆེན་མདོ་སྔགས་གཉིས་ཀའི་གཞུང་རྟ་རེད། དེས་ན་འཛམ་གླིང་གི་མྱི་ཐམས་ཅད། དེའི་ནང་ནས་དབང་འཛིན་པ་ཡོད་ཚད་པོ་སྙིང་རྗེའི་རྩ་བ་ཅན་གྱི་ནང་ཆོས་ལ་ལག་བསྟར་བྱེད་ནི་དག་དག་ཡིན་ན། རྒྱལ་མཚམས་དང་མཐའ་སྲུང་དམག མཚོན་ཆ་ལ་སོགས་པ་གཅིག་ཀྱང་དགོས་དོན་ཡོད་ནི་མ་རེད། དེ་སྐབས་འཇིགས་བསྐུལ་བའི་འཇབ་རྒོལ་ཟེར་བ་ཞིག་ཀྱང་ཡོད་ནི་མ་རེད། དེ་འདྲ་མ་ཡོད་དུས་འཛམ་གླིང་ཁྱིམ་ཚང་གཅིག་གྱུར་གྱི་ཇི་འདྲའི་འཆམ་མཐུན་ཆེན་པོ་ཞིག་མི་ཡོང་། ཡིན་ན་ཡང་། སེམས་ཕངས་བ་ཞིག་ལ། ཐམས་ཅད་ཕན་སེམས་ཅན་དག་དག་མིན་པའི་སྟབས་ཀྱིས་སྙིགས་མའི་རྒུད་པ་ལ་བཟློག་རྒྱུ་མ་ཡོད་ནི་རེད། རེད་ཏེ། རང་ལག་ལ་ཡོད་རྒྱུའི་ནང་བཟའ་ཚང་། སྡེ་ཚན་དང་ལས་ཁུངས། སློབ་གྲོགས་དང་ལས་གྲོགས། སུ་དང་སུའི་བར་དུ་ཡིན་ན་ཤ་ཚ་སྙིང་རྗེའི་སེམས་ཞིག་ཡོད་ན། དེ་ཡོད་མཁན་རང་གི་འཁོར་ཡུག་ཆུང་ཆུང་དེ་འཆམ་མཐུན་ཡོང་བའི་སྟེང་ནས། རང་བདེ་གཞན་སྐྱིད། ལས་ཀའི་སྟབས་བདེ། ལས་ལམ་དྲངས་རྒྱུ་ལ་སོགས་པ་དགོས་པ་དགེ་མཚན་མང་པོ་ཞིག་དེའི་ཁུངས་ནས་ཡོང་གི་ཡོད་ནི་རེད། བོད་ལ་གངས་རི་ནགས་ཚལ་ཁ་ཤས་ཡོད་པས་འཛམ་གླིང་གི་མགྲོན་པོའི་བློ་ཡིད་འགུག་ཐུབ་ནི་མ་རེད། འཛམ་གླིང་གི་ས་ཆ་གཞན་དུ་མཚོ་གངས་རི་ཡུལ་ལྗོངས་མཛེས་ས་མང་ནི་རེད། ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། དེ་དང་འབྲེལ་བའི་བོད་མིའི་གཤིས་རྒྱུད་གཙང་མ། བཅོས་མིན་གྱི་སྤྲོ་སྣང་དང་། བདེན་དྲང་ཡོད་པ་དེ་ལ་བསམ་སྟེ་འཛམ་གླིང་གི་མྱི་མང་པོ་ཞིག་གིས་གདེང་འཇོག་བྱེད་གི་ཡོད་ན། གཞན་ལ་མེད་པའི་ཁྱད་ནོར་དེ་རང་གིས་བདག་བྱེད་ཐུབ་དང་མི་ཐུབ་བོད་མི་རང་ཉིད་ལ་རག་ལས་གི། དེ་ཡང་མི་རེ་ངོ་རེ་དང་ཐད་ཀ་ཐད་གི་འབྲེལ་བསྡད་ཡོད་ནི་བོའི་རྒྱུ་མཚན་ཉམས་མྱོང་གི་སྟེང་ནས་ཞིབ་འཇུག་བྱས་པའི་ཕྱོགས་སྡོམ་གྱི་སྐད་ཆ། ངའི་སྐད་ཆ་གཉིས་པ་དེ་དེ་ཡིན། དེའི་སྟེང་ནས་མི་རིགས་རང་གི་རིག་གནས་ཀྱིས་གཙོས་པའི་རིག་གནས་ཡོན་ཏན་སློབ་རྒྱུ་དེ་དཔའ་བོའི་ལག་ཏུ་ལག་ཆ་བཞག་བཏང་ནི་འདྲ་ཞིག་རེད། དེ་མེད་ན་དཔའ་བོ་ལག་རྡུམ་ཞིག་རེད། རེད་སྟེ་བསམ་སྤྱོད་གཙང་མའི་སྲོག་དེ་ཡོད་དགོས་གི་མ་གཏོགས། ལྷག་བསམ་དང་དྲང་བདེན་གྱི་ནུས་པས་མ་འདང་བའི་གུས་དེས་ཤེས་ཡོན་དེ་རྙོག་དྲ་བྱེད་སྤྱད་ཀྱི་ལག་ཆ་ཞིག་ཏུ་གྱུར་ཏེ་ཕན་པ་མེད་པའི་ཐོག་ཏུ་གནོད་པ་རུ་འགྱུར་རྒྱུ་མང་ནི་རེད། འུག་ཚོས་གེ་སར་གྱི་སྒྲུང་བཤད་དུས། སྟག་གླིང་གཡུལ་འགྱེད་ཀྱི་སྐབས་ཞིག་ལ་སྟག་གཟིག་ནོར་རྫོང་ཕབ་དུས། སྟག་གཟིག་བཙན་ལྷ་དཔའ་བོ་དེས་བཙན་རྟ་དམར་པོ་རླུང་གཤོག་གི་གོང་དུ་བུད་དེ་གཅིག་གིས་ཀྱང་མ་དོས་ནས་ཤོར་གི་ཡོད་དུས་ཞིག་ལ། ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱིས་བྱ་རྟ་ཁྱུང་གཤོག་སྔོན་པོ་ཆིབས་ཏེ་རྗེས་ནས་ཡར་ལ་དེད་ཡོང་དུས། བཙན་ལྷས་ཕྱིར་བལྟས་ཤིག་བྱས་ཏེ་གླུ་བླང་ནི་ཡིན་མོ། བྱ་གོ་སེར་མ་ལ་ཁྱི་གཅིག་འཁྲུངས། །དེ་ཡང་རང་དགྲ་རང་གཤེད་རེད། །བྱིས་སེར་མ་ལ་ཁྲ་གཅིག་འཁྲུངས། །དེ་ཡང་རང་དགྲ་རང་གཤེད་རེད། །སྟག་གཟིག་ཡུལ་ལ་ཁྱུང་གཤོག་འཁྲུངས། །དེ་ཡང་རང་དགྲ་རང་གཤེད་རེད། །ཅེས་སྨྲས་ནི་ཅན་པོ། མྱི་གཤིས་ངན་སྙིང་རྗེ་ཕན་སེམས་ལ་རྒྱ་ཐམས་ཅད་གཅིག་ཀྱང་མེད་ནི་ཞིག་ལ་ཡོན་ཏན་ཞིག་འབྱོར་བའི་དབང་དུ་བཏང་ཡང་། གཤེད་མའི་ལག་ཏུ་མཚོན་ཆ་བཞག་བཏང་ནི་འདྲ་འདྲ། ཕན་པ་མེད་པའི་སྟེང་ལ་གནོད་དུ་འགྱུར་ནས་ཐ་མ་རང་གཞན་གཉིས་ཕུང་རེད་འགྲོ་གི། ཡ་རབས་སྤྱོད་བཟང་དང་སྙིང་རྗེའི་བསམ་པ་ཞིག་གཏིང་ནས་མེད་ནི་ཡིན་ན། དེའི་གྲུབ་ཆའི་གཙོ་བོ་ལ་རྒྱ་ལྷག་བསམ་རི་ལྟར་བརྟན་ནི་ཞིག་ཡོང་དོན་ཡོད་ནི་མ་རེད། དེ་མ་ཡོད་དུས། མི་རིགས་ཀྱི་ཤ་ཞེན་ཙམ་ཡང་མེད་ནི་ཞིག་གིས་མིའི་རིགས་ལ་བཟང་པོའི་ལག་རྗེས་འཇོག་རྒྱུ་དང་། འགྲོ་བ་སེམས་ཅན་ལ་ཕན་པའི་བྱ་ལས་སྒྲུབ་རྒྱུ་དེ། དེ་བས་ཕ་ཚད། མི་དོས་གནམ་གྱི་སྐར་མ་ལ་ལག་རྙོབ་བྱས་ནི་འདྲ་ཞིག་ཡིན་ནི་རེད། ལ་མ་གཞི་བཤད་ན། ལ་རྒྱ་ཁ་སྟོང་གི་སྒྲོབ་གཏམ་བཤད་གི་བསྡད་ནིའི་མཚམས་མ་ལག་ལེན་ཕར་རྒྱབ་ཏུ་ལུས་སོང་ནི་ཡིན་ན། ལ་རྒྱའི་ཁ་བྱང་ལ་སྙིང་པོ་མ་ཡོད་ནི་རེད། མི་རིགས་ཀྱི་ལ་རྒྱ་རྣམ་དག་ཅིག་འཆང་བསམ་ན། གུ་དོག་ཕྱོགས་རེ་བའི་མིག་སྒོས་ཐུང་སར་མི་བལྟ་ནས། ཁོངས་ཡངས་བློ་རྒྱ་ཆེ་བའི་རྣམ་དཔྱོད་ཀྱིས་རྒྱང་རིང་ལ་བལྟས་ཏེ། མིའི་རིགས་ཀྱི་ཁྱིམ་ཚང་ཆེན་པོ་དེ་འཚོ་གནས་བདེ་སྐྱིད་གསར་པའི་ནང་དུ་བསྐྱོད་ཐུབ་སྤྱད་གི་བློ་སྟོབས་དང་། གསར་གཏོད་ཀྱི་སྒོ་མོ་དེ་བོད་མིའི་ཆོས་དང་རིག་གཞུང་གིས་ལྡེ་མིག་བྱས་ཏེ། སྟག་ཤ་ར་རི་གསུམ་གྱི་རྩེ་ལ་སོང་ན། གཏམ་སྙན་གྲགས་ལུང་གསུམ་གྱི་མདོ་ལ་ཁྱབ་པའི་བདེ་སྐྱིད་གསར་པའི་སྒོ་འཕར་ཞིག་འབྱེད་རྒྱུའི་མིག་དཔེ་འཛམ་གླིང་ལ་སྟོན་ཐུབ་ན། དེ་བོད་མི་རིགས་ཀྱི་ལ་རྒྱ་ངོ་མ་བོ། ལོ་ངོ་བརྒྱ་ཕྲག་སོང་ན་འོད་མདངས་ཇེ་ཆེར་འགྲོ་ནི་བོ་རེད་བསམ་གི། དེ་འདྲ་ཡིན་དུས། གཞོན་ནུའི་མི་རབས་འདི་མ་འོངས་འཇིག་རྟེན་གྱི་བདག་པོ་དང་། ཕྱི་རབས་འབྱུང་འགྱུར་གྱི་མིའི་རིགས་ཀྱི་ལས་སྐལ་སྐྲུན་མཁན། ཡ་རབས་བཟང་པོའི་ལུགས་སྲོལ་གྱི་རྒྱུན་མཐུད་མཁན་ཡིན་ན། གཞོན་ནུའི་མི་རབས་ཀྱི་ཕྲག་ཏུ་བབ་པའི་ལས་འགན་དེ་ཡང་མོ་མ་རེད་ལ། ཁྱད་པར་དུ་མ་འོངས་གངས་ལྗོངས་ཀྱི་སྐྱིད་སྡུག་དེ། ད་ལྟའི་མི་རབས་ཀྱི་ལས་རྒྱུན་ལ་རག་ལས་སོང་ནི་ཞིག་ཡིན་དུས། རྒན་དར་གཞོན་གསུམ་སུ་ལ་བབ་ན། ལོ་རྒྱུས་ཀྱི་དཔེ་མཚོན་མ་རེད་ན་ཡང་། ལོ་རྒྱུས་ཀྱི་ནག་ཉེས་མི་ཁུར་བའི་མདུན་སྐྱོད་ཀྱི་གོམ་ཆེན་སྔུན་དུ་སྤོ་དགོས་རྒྱུ་དེ་ཐུན་མོང་སྤྱིའི་འོས་འགན་ཞིག་རེད་བསམ་གི། མདོ་ཚིག་གི་རྩ་བ་ཚུར་ལ་བསྡུས་ན། ཤེས་རིག་ཡོན་ཏན་གྱིས་རྒྱུད་ཕྱུག་པའི་གང་ཟག་ཡིན་པ་གང་ཞིག་ལ། བྱམས་སྙིང་རྗེ་དང་ལྷག་བསམ་ལྷད་མེད་ཀྱི་ནུས་པ་དང་ལྡན་ནི་ཞིག་དགོས་རྒྱུ་དེ། བཟང་པོ་ཀུན་ལྡན་གྱི་སློབ་མ་ཞིག་གསོ་སྐྱོང་སྤྲད་རྒྱུའི་ཆ་རྐྱེན་གྱི་གཙོ་བོ་ཡིན་པས་མི་ཚད། དུས་རབས་ཀྱི་དགོས་མཁོ་དང་མི་རིགས་ཀྱི་རེ་འདུན་དང་མཐུན་པའི་མྱི་ཚད་ལྡན་ཞིག་གི་ཆ་ཚད་ཀྱང་ཡིན་ནི་རེད། དེས་ན་ཕྱོགས་གཅིག་ནས་ཤེས་རིག་ཡོན་ཏན་ཡོད་པ་དང་ཆབས་ཅིག་ཏུ། ཕྱོགས་གཅིག་ནས་བྱམས་དང་སྙིང་རྗེ་ཡོད་དགོས་རྒྱུ། བྱམས་དང་སྙིང་རྗེ་ཡོད་རྒྱུ་དེ་ཡང་། རང་ཉིད་ཀྱི་ཕ་མ་སྤུན་གྲོགས་ལ་གཅེས་ཞེན་ཡོད་རྒྱུའི། ཆགས་ཞེན་དང་འབྲེལ་བའི་སྙིང་རྗེ་དང་བྱམས་པ་ཆུང་ཆུང་གཅན་གཟན་སྟག་མོ་དང་ལ་ཁའི་རི་སྤྱང་ལ་ཡོད་རྒྱུ་དེ་འདྲ་ཞིག་གིས་མི་ཚད་པར། སྙིང་རྗེ་ཆུང་ཆུང་དེ་ཡར་ལ་ལག་ཆགས་གི་བཞག་སྟེ། གྲོགས་ཤེས་རབ་དང་འབྲེལ་བའི་སྙིང་རྗེ་ཆེ་ཙམ་ཞིག་ལ་སྦྱངས་ནས། སྲོག་ལྡན་ཐམས་ཅད་ལ་ཤ་ཚ་སྙིང་རྗེ་ཡོད་ནི་ཞིག་བྱེད་རྒྱུ་དེ། ཡོན་ཏན་ཀུན་གྱི་རྩ་བ། ཕྱིའི་སྤྱོད་ལམ་བཟང་པོའི་ཕྱོགས་ལ་འཆོས་རྒྱུའི་ཐབས་ལམ་ཉག་གཅིག་རེད། དེའི་ཕྱིར་རང་མི་འདོད་པ་རྒྱུ་མཚན་དུ་བྱས་ཏེ། གཞན་ལ་གནོད་པ་མི་བསྐྱལ་བའི་ཤེས་ཡོན་སྦྱང་བའི་ལག་རྗེས་དེ། འབྱུང་འགྱུར་མིའི་རིགས་ནས་འགྲོ་བ་སེམས་ཅན་ཡོངས་ལ་ཕན་ཐོག་ཡོད་པའི་ཕྱོགས་སུ་འགྱུར་ཐུབ་པའི་དེ་འདྲའི། བུ་བཟང་། བོ་བཟང་རེ་བྱེད་རྒྱུ་བོ་མ་འཆུག་ཟེར་ནས། ཞི་ལུ་བྱིས་མོ་ཆ་ག་ལ་རིགས་ཀྱི་རུས་པ་དཀར་པོས་ལྷག་བསམ་གྱིས་བསྐུལ་བའི་སྙིང་གཏམ་གྱི་སྐད་ཆ་གསུམ་པ་ཡིན། དེ་རིང་འདི་ནས་གཏམ་ཚིག་གསུམ་གྱི་སྐད་ཆ་བཤད་ནི་བོ་དེ་ཡིན། ངས་རྒྱུན་དུ་ཉིན་མཚན་དུས་དྲུག་ཏུ་སྨོན་ལམ་ཅི་ཞིག་བརྒྱག་གི་ཡོད་ནི་རེད་ཟེར་ན། ང་རྫོགས་ཆེན་པདྨ་སྐལ་བཟང་མྱིག་གིས་རིག་ཚད། རྣ་བས་ཐོས་ཚད། ང་ལ་དགའ་ནས་དང་བ་སྟོན་མཁན། ང་ལ་སྡང་ནས་འཁོན་དུ་འཛིན་མཁན། ང་ལ་ཟས་ཀྱི་འདུ་ཤེས་བཞག་མཁན་གྱི་འབུ་སྦྲང་ལ་སོགས་པ། མདོར་ན་བཟང་ངན་ལས་ཀྱིས་འབྲེལ་ཚད། ཐ་ན་ངའི་ལུས་པོ་བརྒྱུད་ནས་རླུང་གི་རྫི་ཕྱོགས་ཕོག་ཚད་ཀྱི་སྲོག་ལྡན་ཐམས་ཅད་ནས་བཟུང་སྟེ་བདེ་ནས་བདེ་བའི་ལམ་དུ་འགྲོ་བར་ཤོག་ཟེར་ནས་སྨོན་ལམ་དེ་བརྒྱག་གི་ཡོད་ན། དེ་རིང་ཡང་དེ་བཞིན་དུ་ང་མཐོང་ཐོས་དྲན་རེག་གི་གྲོགས་པོ་ཐམས་ཅད་ཀྱང་སྡུག་བསྔལ་མེད་པའི་གཏན་བདེ་ཐོབ་པར་ཤོག་ཟེར་བའི་སྨོན་ལམ་དེ་བརྒྱག་ནི་རེད། དེ་དང་ཆབས་ཅིག་ཏུ་ནམ་པ་ལྷན་རྒྱས་རེ་རེ་ལ་ངའི་རྩོམ་ཡིག་བོད་ཡིག་དེབ་རེ་ཕྱག་རྟགས་ཀྱི་ཚུལ་དུ་དཔྱད་གཞིའི་དགོས་མཁོར་འབུལ་རྒྱུ་ཡོད། ཕལ་ཆེར་ཕྱག་ཏུ་འབྱོར་ཡོད་ཚོད་རེད། མཇུག་མཐར་ཁྱེད་དགེ་སློབ་དབུ་ཁྲིད་དང་བཅས་པ་ཐམས་ཅད་སྐུ་ཁམས་བདེ་ཐང་ཡོང་བའི་ཐོག་ནས་མཛད་བརྒྱ་ལེགས་འགྲུབ་ཡོང་རྒྱུའི་སྨོན་འདུན་གྱིས་ཚིག་མཐའ་བརྒྱན་ནས་ངའི་སྐད་ཆ་འདི་ནས་མཚམས་འཇོག་ཞོར་དུ་ངའི་རྩོམ་ཡིག་གི་དེབ་འདིའི་ནང་ན། འཇམ་དབྱངས་ཀྱི་སྒྲུབ་ཐབས་ཉུང་བསྡུས་ཤིག་ཡོད། ཁྱེད་སློབ་ཚོགས་ཡོངས་ཀྱི་ཤེས་རིག་ཡོན་ཏན་དབྱར་མཚོ་བཞིན་དུ་རྒྱས། མི་ཟད་གཟུངས་དང་སྤོབས་པའི་གཏེར་ལ་དབང་འབྱོར་བའི་ཆེད་དུ། ངས་འདི་ནས་ཚར་གཅིག་འདོན་འཇོག འདི་ལ་ལུང་རྒྱུན་སྤེལ་ཞེས་སྨྲས་ཀྱང་ཆོག་ནི་རེད། འདི་ཡང་བོད་རང་གི་སློབ་གསོའི་བྱ་བཞག་གི་རྒྱུན་སྲོལ་གྱི་ནང་གི་བརྒྱུད་པ་ཁུངས་ལ་གཏུག་པའི་ལོ་རྒྱུས་ཀྱི་དོན་སྙིང་དང་། ཐུན་མིན་བྱིན་རླབས་ཀྱི་ནུས་པ་འདྲེན་རྒྱུའི་བྱེད་ཐབས་གཞན་ཞིག་ཡིན་པ་ནམ་པ་ཚང་མས་མཁྱེན་བཞིན་པ་རེད།།
བརྙན་སྡུད་འོད་སྡེར་ལས་བཤུས།།

ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་སྐབས་ཀྱི་སྐད་བསྐུར་སྒྲ་བརྙན་སླར་ཡི་གེར་ཕབས་པ།

ལྕགས་ཕོ་སྟག་ལོའི་ཧོར་ཟླ་༧པའི་ཚེས༡། ༢༠༡༠ལོའི་སྤྱི་ཟླ༨་པའི་ཚེས་༡༡ཉིན།
ད་རེས་ངའི་ཕུལ་བྱུང་ཆོས་ཀྱི་མཆེད་པོ་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་རིན་པོ་ཆེའི་ཡང་སྲིད་དེ་མ་ཐག་པ། དམ་པ་གོང་མའི་བཞུགས་ཁྲི་ལ་མངའ་གསོལ་ཁྲི་འདོན་གྱི་མཛད་སྒོ་བསྐྱངས་བའི་སྐབས་འདིར། ང་རྫོགས་ཆེན་པདྨ་སྐལ་བཟང་གིས་འབྲེལ་ཡོད་ལྷ་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག་ས་ཁ་ཐག་རིང་པོས་ཕྱེས་ཡོད་ཀྱང་སེམས་བར་ཐག་ཉེ་བའི་སྐད་བསྐུར་སྒྲ་ངོ་མ་འདི་བཞིན་དུ་བསྐུར་ནི་ཡིན། སྐད་ཆ་འདི་འདྲའི་སྐབས་སུ་སྐུ་གོང་མའི་རྣམ་ཐར་དང་སྣང་བརྙན་ཡིད་ལ་འཁོར་རྒྱུ་ཞིག་རེད། ཆོས་ཟབ་མོ་གཅིག་གིས་བསྡུས། བླ་མ་གཅིག་ལ་བསྟེན། དེའི་ཐོག་ཏུ་ལུགས་གཉིས་གཙུག་ལག་ཟུང་གི་བྱ་བཞག་ཁྱད་པར་ཅན་མང་པོས་འབྲེལ་བའི་རྡོ་རྗེའི་མཆེད་པོ་ཟེར་རྒྱུ་དེ་ནི། འཇིག་རྟེན་པའི་ཤ་ཁྲག་རིགས་རུས་གཅིག་ལས་ཆད་པའི་སྤུན་ཉེ་དགའ་མཆེད་ཅིག་གིས་བརྒྱ་སྟོང་གི་ཆར་ཡང་འགྲན་རྒྱུ་མེད་པའི། ཇི་སྲིད་བྱང་ཆུབ་སྙིང་པོའི་བར་དུ། མེ་མར་དང་དེའི་སྡོང་བུ་བཞིན་དུ་མི་འབྲལ་འགྲོག་པའི་སྨོན་ལམ་འདེབས་ས་ཡིན་ནི་རེད། རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་ཚང་དང་ངེད་གཉིས། སྔར་ཆོས་ར་གཅིག་གི་ནང་དུ་བླ་མ་གཅིག་གི་མདུན་ནས་གདམས་ངག་མཉམ་དུ་ཞུས་པའི་སྙིང་ཉེ་བའི་ཆོས་ཀྱི་མཆེད་པོ་ཐུན་མོང་མ་ཡིན་པ་ཡིན་ན། དུས་རབས་ཉི་ཤུ་པའི་དུས་སྐེད་དུ། དུས་བསྐལ་བའི་འགྱུར་འགྲོས་ཀྱི་དབང་གིས་མྱི་ལོ་བཅུ་ཕྲག་གཉིས་གསུམ་གྱི་རིང་དུ་སོ་སོར་གྱེས་ཏེ་ཡུལ་དུས་ཀྱིས་བསྐལ་སོང་ནི་རེད། ཡིན་ན་ཡང་སྔར་གྱི་ཐུགས་བསྐྱེད་དང་སྨོན་ལམ་གཅིག་ཏུ་མཐུན་པ་དུས་ལ་བབས་པའི་སྟབས་ཀྱིས་ཡང་དར་བསྟན་པའི་མེ་རོ་བསླང་བའི་སྐབས་འདིར། ཡང་བསྐྱར་མཉམ་དུ་འཛོམས་རྒྱུའི་སྐལ་བ་ཡོད་སོང་ནི་ཞིག་གིས་མི་ཚད། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་རྩ་བའི་གདན་ས་ནས། དམ་པ་གོང་མའི་སྐུ་དྲིན་གསོབ་སྤྱད་དུ། རབ་སྒྲུབ་པའི་མཆོད་པ་མན་ངག་རྫོགས་པ་ཆེན་པོའི་དབང་ཁྲིད་ལུང་གསུམ་གྱི་རྒྱུན་སྤེལ་ཏེ། ངེས་གསང་སྙིང་པོའི་བསྟན་པ་འཛིན་སྐྱོང་སྤེལ་བའི་བྱ་བཞག་རླབས་ཆེན་མཉམ་དུ་སྒྲུབ་རྒྱུའི་གོ་སྐབས་བྱུང་ནི་རེད། ངས་ཁོང་ལ་དེའི་སྐོར་རྣམས་སུ་ཕུལ་བའི་བསྟོད་དབྱངས་མེ་ཏོག་གི་ཆུན་པོ་དང་། ཐུན་མིན་ཆོས་ཀྱི་མཆེད་པོར་ཕུལ་བའི་འཕྲིན་ངོ་མཚར་སྤྲིན་གྱི་རོལ་མོ། ད་རུང་རྟོགས་ལྡན་རིན་པོ་ཆེ་ལ་ཕུལ་བའི་ནང་མཆིད་ཟེར་བའི་རྩོམ་ཡིག་དེ་ཚོའི་ནང་དུ་གཟིགས་དང་འདས་དོན་རྗེས་དྲན་གྱི་སྣང་བརྙན་མངོན་གྱུར་ཞིག་དང་འདྲ་རྒྱུ་རེད། ཁྱོད་སྐུའི་དཔག་བསམ་ལྗོན་པའི་དབང་ཐང་ཀླུང་། །བརྒྱད་ཅུའི་ཡང་མཐར་འཛེག་པའི་གཞོམ་བྲལ་ཚེ། །རུ་དམ་དུས་དགྲའི་དབང་པོའི་ཕོ་བྲང་ཆེར། །འཆི་མེད་སྲོག་གི་ཕ་མཁར་ཅིས་མི་བརྟན། །ཞེས་སྨྲས་པ་དང་། ད་དུང་དེའི་གཞུག་ཏུ། ཟོལ་མེད་སྙིང་གི་གཏམ་དོན་ཟུངས་ཀྱི་ཁྲག །རྡོ་རྗེའི་དམ་ཚིག་ལ་བརྟེན་སྲོག་གི་རྫས། །བདག་ཡིད་ཁོང་པར་འཁྱིལ་བའི་ཚིག་གི་ཕྲེང་། །འདའ་བཀའི་རྒྱ་ཡིས་བཅིངས་ཏེ་ཁྱེད་ཕྱོགས་བརྫངས། །ཞེས་སོགས་སྤྱིར་ཕ་རྗེས་བུ་ཡིས་སྙོགས། བླ་མའི་ཆོས་རྒྱུན་སློབ་མས་འཚོ། །སྐུ་དྲིན་ཆོས་ཀྱི་བསབས། ཆོས་བརྒྱུད་འཆུག་མེད་དུ་ཟུང་སྟེ། དམ་པ་གོང་མའི་ཞབས་རྗེས་སུ་བསྙེག་རྒྱུ་དེ། རང་སྐལ་ཐོག་ཏུ་བབས་པའི་ལས་འགན་རེད། དེའི་ཕ་རོལ་ཏུ་ད་རུང་ལེགས་ཚོགས་བརྒྱ་ཕྲག་གི་འབྱུང་གནས། བསྟན་དང་འགྲོ་བར་ཕན་པའི་གཞི་རྩ་ངོ་མ། སྐུ་ཚེ་ཡུན་བརྟན་ཕྱོགས་ཀྱི་ཐུགས་བསམ་ཆེར་བཞེས་མཛད་དགོས་སྐོར་ལ་སོགས་པའི་ནང་ཞུས་མང་པོ་བྱས་མྱོང་བས་མི་ཚད། མཐར་སྐུ་བསྙུན་བཞེས་པའི་དུས་སུ་ཡང་། ངས་བཞུགས་ཞུས་ཕུལ་ནས་ཟླ་བ་གཉིས་ཀྱི་རིང་སྐུ་ཚེའི་འདུ་བྱེད་བྱིན་གྱིས་བརླབས་ནས་རང་དབང་གིས་བཞུགས་པ་རེད། འདུས་བྱས་རྟག་པ་མེད་པའི་བརྡ་ཆོས་སུ། རྡོ་རྗེའི་སྐུ་བརྙེས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱང་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་བཞིན་དུ། དུས་སྙིགས་མའི་སེམས་ཅན་གྱི་བསོད་ནམས་དང་བསྟུན་ཏེ། སྐུ་ཚེའི་མཛད་པའི་མཐའ་བསྡུས། མཐའ་མའི་ཞལ་ཆེམས་ང་ལ་བཞག་སྟེ་ཞིང་ཁམས་གཞན་དུ་ཐུགས་གཏད་ན། བླ་མ་ཚང་སྐུ་འདས་བཞུགས་གཉིས་ཀའི་སྐབས་སུ། ང་ས་ཆ་དེར་ཐེངས་གཉིས་ལ་ཡོང་མྱོང་ནི་རེད། ཡོང་རྒྱུ་དེ་ཡང་ཨ་སྐྱོང་དགོན་ཡུལ་གཉིས་དང་རྫོགས་ཆེན་ཚང་བར་ལོ་རྒྱུས་ཀྱི་ཐད་ནས་སྤྱིའི་འབྲེལ་བ་ཡོད་རྒྱུ་དང་། ང་དང་ངའི་ཆོས་ཀྱི་མཆེད་པོ་སྒེར་གྱི་འབྲེལ་བ་ཡོད་རྒྱུ་གཉིས་ཀའི་ཐད་ནས་ཡོང་ནི་ཞིག་རེད། ང་ཡོང་ཐེངས་རྗེས་མ་ཁོང་གི་མཛད་པའི་འཕྲོ་མ་འདས་གཞུག་གི་བྱ་ལས་སྒྲུབ་རྒྱུ་ང་ལ་བབས་ཡོད་པའི་རྐྱེན་གྱིས་ཡོང་ནི་རེད། གསེར་གྱི་ཉི་མ་སེར་པོས་ལ་བརྒྱབས་ན། དུང་གི་ཟླ་བ་དཀར་པོ་ཚེས་རྒྱུ་ཡོད་གི། ངས་ཀྱང་བསྒྲུབ་འོས་པའི་བྱ་བའི་འགན་འཁྲི་རང་ཐོག་ཏུ་བླངས་ནས། གཅིག་མཆོག་གསུམ་ལྷ་དང་བླ་མར་གསོལ་བཏབ། གཉིས་རྟོགས་ལྡན་བླ་མ་ཁོང་རང་གི་མངོན་རྟོགས་གསལ་སྣང་གི་རྟགས་དང་མཚན་མར་གཞི་བཟུང་། གསུམ་རྟེན་གསུམ་ཁྱད་པར་ཅན་གྱི་མདུན་ནས་བྱ་བཞག་འདིའི་སྔ་བར་ཕྱི་གསུམ་གྱི་ལེགས་ཉེས་བདེན་པ་བརྡར་ནས། ངས་ཡང་སྲིད་ངོས་འཛིན་བྱས་ནི་རེད། བླ་མ་ཚང་གི་ཐུགས་དམ་དཀྲོག་སར་ང་ཡོང་བའི་སྐབས་སུ། སང་ཕོད་སྤྲུལ་སྐུ་ཁྲི་འདོན་གྱི་སྐབས་ལ་ང་སླེབ་ཡོང་ཞེས་སྨྲས་ནི་ཡིན། སང་ཕོད་ཀྱིས་མི་ཚད་ལོ་གཉིས་གསུམ་ལ་འགྱང་ན་ཡང་། ད་དུངཡོང་རྒྱུའི་འདང་ཡོད་མོད། གནས་དུས་རྐྱེན་དབང་གིས་མྱི་ལོ་དགུའི་མཚམས་འདིར་མ་སླེབ་བར་དུ་ཁྲི་འདོན་བྱ་རྒྱུ་མ་གྲུབ་ནི་རེད། ངའི་མྱི་ཚེའི་བྱ་རིམ་གྱི་ནང་ནས་ང་རང་ཉིད་ལ་ཡང་འགྲོ་ཚོད་འདུག་ཚོད་ཅིག་ཡོད་སོང་ནི་རེད། དེ་ལ་བསྟུན་ན་ང་ཕར་ལ་ཡོང་རྒྱུ་གནད་མི་ཆེ་གི། སྐུ་གོང་མའི་རྣམ་ཐར་བཞིན་དུ་སྤྲུལ་སྐུ་ཚུར་རྫོགས་ཆེན་ལ་བྱོན་བཞག་ན། དོན་གྱི་ཁྲི་འདོན་རང་དབང་གིས་བྱེད་ཆོག་གི། སྐུ་ཡོན་གསན་བཞེས་ཀྱི་དགེ་ལམ་འཕྲག་ཤུལ་འདི་ན་ཡོད་ནི་རེད་ཅེས་སྨྲས་པ་དང་། ཁྱད་པར་དུ་ན་ནིང་ད་ཚོད་ཀྱི་སྐབས་སུ་པདྨའི་ཐང་ནས་མྱི་ངོ་ངོ་མ་བསུ་སར་སང་འགྲོ་གནངས་འགྲོ་བྱས་ཀྱང་། རྟེན་འབྲེལ་གྱི་འདུན་པ་བསམ་ཐོག་ནས་བཟུར་བར་གྱུར་པ་ཚང་མའི་ཞེ་ལ་གསལ་བཞིན་པ་ཡིན་ན། བྱ་བ་ཁྲ་ཁྲ་ཁྲིག་ཁྲིག་གིས་ལ་བརྒྱབས་ནི་རེད། བྱ་བ་སྔོན་སོང་བྱ་རྒྱལ་རྒོད་པོས་མི་དོས་ཟེར་རྒྱུ་དེ་རེད། ད་ལྟའི་སྐབས་ལ་ངའི་ངོས་ནས་སྐད་ཆ་ཚིག་གཅིག་བཤད་རྒྱུ་དེ། བསྟན་འཛིན་གྱི་སྐྱེས་བུ་བསྟན་འགྲོའི་དོན་ལ་སླར་ཡང་མིའི་གཟུགས་སུ་བྱོན་ན། དེའི་སྐུ་ཚེའི་མཛད་འཕྲིན་ལ་སོགས་པའི་ཐད་ནས། གཅིག་ས་ནས་སྐུ་གོང་མའི་ཐུགས་བསྐྱེད་སྨོན་ལམ་ལ་ཡང་ལྟོས་ཡོད་ཀྱང་། གཉིས་ས་ནས་གདུལ་བྱ་རང་གི་བསགས་པ་བསོད་ནམས་ལ་ཡང་ལྟོས་ཡོད་རྒྱུ་ཅན་ཞིག་ཡིན་དུས། ཚང་མས་དམ་ཚིག་རྣམ་པར་དག་པ་ངོས་ལྐོག་མེད་ནི་ཞིག་བསྲུངས་ནས། དགོན་གྱི་བླ་སྤྲུལ་གྲྭ་ཚང་དང་བཅས་པ་ནས་སྡེ་བའི་མགོ་བ་ཡུལ་མི་དང་བཅས་པ་ཐམས་ཅད་སེམས་མཐུན་བསམ་པ་ཆིག་སྒྲིལ་གྱིས། མྱི་གཅིག་བསམ་པའི་སེམས་འདྲ་འདྲ། རྟ་གཅིག་གོམ་པའི་འགྲོས་འདྲ་འདྲ་ཞིག་གིས། བྱ་བ་ཐམས་ཅད་གྲོས་ཀྱིས་སྒྲུབ། དེ་ཡང་སྤྱི་སེམས་ལྷག་བསམ་རྣམ་དག་གིས་གཞི་བཟུང་། བློ་ཕུགས་བླ་མ་དཀོན་མཆོག་ལ་གཏད། ལས་རྒྱུ་འབྲས་བསླུ་མེད་ལ་ཡིད་ཆེས་ཀྱི་སྟེང་ནས། དགེ་སྒྲུབ་སྡིག་སྤང་གིས་ཡ་རབས་བཟང་པོའི་བྱ་སྤྱོད་ལ་བསླབ་རྒྱུ་དང་། མ་རབས་མཐའ་ཆད་ཀྱི་བསམ་སྤྱོད་ལ་འཛེམ་རྒྱུ་དེ། སྤྱིར་གངས་ཅན་བོད་མིའི་ལས་སྐལ་རེད་ལ། སྒོས་ཁྱེད་དགོན་ཡུལ་གཉིས་ཀའི་མ་འོངས་ཆོས་སྲིད་ཀྱི་ལེགས་ཚོགས་གོང་འཕེལ་དུ་འགྲོ་རྒྱུའི་གནད་གསང་དེ་ན་ཡོད་གི་བསམ་གི། དེ་མཐའ་མའི་སྐད་ཆ་ཚིག་གཅིག་ཡིན། ཁྲི་སྟོན་གྱི་དམིགས་བསལ་རྟེན་འབྲེལ་ལེགས་སྨོན་གྱི་ཤིས་ཚིག་ཡིག་ཐོག་ཏུ་བྲིས་ནས། རྫོགས་ཆེན་ཚང་གི་བསྟན་སྲིད་ཀྱི་བདག་པོ་རྫོགས་ཆེན་རིན་པོ་ཆེ་དང་། བསྟན་བདག་འགན་བཞེས་པ་ལྷན་རྒྱས་ཀྱི་ཕྱག་བརྒྱུད་ནས་བསྐུར་ཡོད། ད་རེས་མཁན་པོ་ཉི་ཚེ་དཔོན་གཡོག་འདིར་ཡོང་ནས། ང་ཡིན་གཅིག་མིན་གཉིས་ཐེངས་གཅིག་དེ་གར་ཡོང་དགོས་ཀྱི་ཨུ་ཚུགས་མཐའ་སྐྱེལ་བྱས་མཚམས་སུ། ངས་སྒྲ་ངོ་མ་བླངས་ཏེ་སྐད་བསྐུར་བྱས་ནི་ཡིན། ངས་དུས་རྒྱུན་དུ། ང་དང་བཟང་ངན་ལས་ཀྱིས་འབྲེལ་ཚད་བདེ་ནས་བདེ་བར་འགྲོ་རྒྱུའི་སྨོན་ལམ། སྨོན་ལམ་ཐམས་ཅད་ཀྱི་གཙོ་བོ་བྱས་ཏེ་འདེབས་གི་ཡོད། དེ་རིང་ཡང་དེ་ལྟར་དུ། ངའི་སྐད་གྱི་སྒྲ་ཙམ་སུས་ཐོས་ཀྱི་མཆོག་དམན་བར་མའི་འགྲོ་བ་ཐམས་ཅད། འདི་བདེ་ཕྱི་སྐྱིད་ཡོང་བར་ཤོག་ཟེར་ནས་སྨོན་པ་དང་མཉམ་དུ། ངའི་ཐུན་བར་གྱི་སྐད་ཆའི་མཚམས་འདི་ནས་འཇོག ཚང་མ་བདེ་མོ་གྱིས།།

རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་དྲུག་པ་འཚོགས་དབུ་ཚུགས་པའི་གསུང་བཤད།

༢༠༠༩ལོའི་ཟླ་ཚེས་ལ།
ཡ་ལགས་སོ། ད་འོ་ན་བདེ་ལེགས་བཀྲ་ཤིས་ཀྱི་སྣང་བ་ཆེན་པོས་ས་གསུམ་འཇིག་རྟེན་ཐམས་ཅད་ཡོངས་སུ་ཁྱབ་པར་གྱུར་ཅིག ད་རེས་འདི་ན་ཡུལ་དང་དུས་དང་ཕྱོགས་སོ་སོ་ནས་ཕེབས་པའི་རིས་མེད་བསྟན་པའི་གཙུག་རྒྱན་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་དང་། བསྟན་པའི་མཛེས་རྒྱན། བསྟན་འཛིན་གྱི་སྒྲོན་མེ། མཁན་སྤྲུལ་སྡེ་སྣོད་འཛིན་པ་ནམ་པ། བསླབ་པ་གསུམ་གྱིས་རྒྱུད་ཕྱུག་པའི་དགེ་འདུན་འདུས་པ་རྒྱ་མཚོ། དེ་མིན་གྱི་འཇིག་རྟེན་ཡང་དག་གི་ལྟ་ལ་དད། དཀོན་མཆོག་གསུམ་ལ་སྐྱབས་སུ་འཛིན་པའི་བསྟན་པའི་སྦྱིན་བདག རྒྱ་ཆེའི་ཆོས་དད་དམངས་ཚོགས་དང་བཅས་པ། ད་རེས་འདི་ན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ་མཉམ་དུ་འཛོམས་པ་འདི་ལ། ང་པདྨ་སྐལ་བཟང་གཉུག་མར་གནས་པ་གཞི་ལ་འདུག་པའི་གང་ཟག་ཡིན་པའི་ངོས་ནས་ནམ་པ་ཚང་མ་ལ་དགའ་བསུ་སྣེ་ལེན་གྱི་ཚུལ་དུ་གུས་འདུད་ཞུས་ནི་ཡིན།
འུག་སོ་བོད་ཁ་བ་ཅན་གྱི་ཞིང་ཁམས་ཀྱི་གདུང་དྲུག་རུས་ཀྱི་གྲོལ་ཕུགས་གཅིག་ལས་ཆད་པའི་གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་མྱི་སྣ་འདི་དམ་པའི་ཆོས་ཀྱིས་འཚོ། སྙིང་རྗེ་གཞན་ཕན་གྱི་སེམས་དང་ལྡན་པའི་རིགས་རྒྱུད་དང་ཆོས་བརྒྱུད་ལས་ཆད་ནི་ཡིན་པས་ན། བོད་གངས་ཅན་ཆོས་ལྡན་གྱི་ཡུལ་གྲུ་ཟེར་ནས་སྔར་ནས་ད་ལྟའི་བར་དུ་གྲགས་ཤིང་དོན་ལ་གྲུབ་ནི་ཞིག་ཡིན་ན། འདིའི་རྩ་བ་སངས་རྒྱས་ཀྱི་བསྟན་པ་ལ་ཐུག་བསྡད་ཡོད་པ་ཞིག་ཡིན་པས་མི་ཚད། མཐའ་ཡས་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་ཚུགས་དང་མི་ཚུགས་ཀྱི་དོན་ཆེན་དེ་ཡང་རྒྱལ་བའི་བསྟན་པ་དར་ནུབ་ལ་རག་ལས་པ་ཞིག་རེད། དེ་ཡིན་སོང་ན། དེ་རིང་ཁར་སང་སྙིགས་མ་ལྔ་བདོ་བའི་དུས་ཚོད་ལ་ཁེལ་བའི་སྟབས་ཀྱིས་རྒྱལ་བའི་བསྟན་པ་དར་ནུབ་ཇི་རིགས་པ་དང་བསྟུན་ནས། འཇིག་རྟེན་གྱི་ཁམས་སུ་ནད་མུག་མཚོན་འཁྲུགས་དར། འབྱུང་བཞིའི་འཇིགས་པ་ཡོང་རྒྱུ་དང་། ཁྱད་པར་དུ་ལྟ་བ་དང་ཉོན་མོངས་ཀྱི་སྙིགས་མ་ལ་ཁེལ་ཏེ་མི་དགེ་སྡིག་ལས་སྣ་ཚོགས་ཀྱི་ཁ་དར། རིགས་མཐུན་ནང་ཚན་ཡིན་ཀྱང་ནང་མི་འགྲིག ཆགས་སྡང་ཕྲག་དོག་གི་ཀུན་སློང་དྲག་པོས་དགེ་འདུན་འདུ་བའི་སྡེ་ཡང་དཀྲུགས་ནས་ཆོས་པའི་ཟོལ་གྱིས་ཆོས་མིན་བྱེད་པའི། སྤྱོད་ངན་རང་གིས་བྱེད་ནས་དུས་ངན་ཟེར། གསུང་རྒྱུའི་ལུང་བསྟན་གྱི་ཐོག་ཏུ་བབ་དུས། དམ་པའི་སྐྱེས་བུ་ཚོས་ཐུགས་ཞིང་ཁམས་གཞན་ལ་གཏད། བསྟན་པའི་སྙིང་པོ་ལུང་རྟོགས་དོན་གྱི་བསྟན་པ་ཉམས་དམའ་བའི་ཚོད་ལ་བརྒྱབས་ཡོད་ན། འདི་སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཞན་པའི་རྒུད་པ་སྟོབས་སུ་བདོ་བའི་ལེ་ལན་ཐོག་ཏུ་བབ་པ་ཞིག་རེད། འདི་འདྲ་འདི་འདྲ་བྱས་ནས་བསྟན་པའི་མངའ་ཐང་ཉམས་ནི་ཡིན་དུས། བསྟན་འགྲོ་ཡོངས་ལ་ཕན་ཐོག་ཡོང་བའི་ཆེད་དང་། བསྟན་སེལ་འགལ་རྐྱེན་འདི་ཚོ་ཞི་རྒྱུའི་ཆེད་དུ། སྤྱི་ཁྱབ་ཀྱི་བསོད་ནམས་བསགས་པའི་སྒོ་འཕར་ཆེ་བ་ཞིག་འབྱེད་ཐུབ་ན། འདི་དུས་ལ་བབ་པའི་སྦྲང་ཆར་ཞིག་ཡིན་རྒྱུ་རེད་བསམ་ནས། ད་རེས་ཀྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་དྲུག་པ་འདི་བཞིན་དུ་འཚོགས་ནི་ཡིན་ན། འདི་ན་བཞུགས་པའི་རྟེན་གསུམ་ཁྱད་པར་ཅན་འདི་ཚོས་དམིགས་རྟེན་བྱས་པའི་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྡུལ་སྙེད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་རྒྱ་མཚོ་མཆོད་ཡུལ་གྱི་ཞིང་ས་བྱས་ཏེ། འདུས་བྱས་རྫས་ཀྱི་མཆོད་པ་འདི་དག་གིས་མཚོན་པའི་དངོས་འབྱོར་ཡིད་སྤྲུལ་ཟག་བཅས་ཟག་མེད་ཀྱི་མཆོད་པ་རྒྱ་མཚོ་ཕུལ་བའི་དགེ་ཚོགས་ཀྱི་མཐུ་དེ་ལ་བརྟེན་ནས། མཐའ་ཡས་མར་གྱུར་གྱི་འགྲོ་བ་སེམས་ཅན་རྒྱ་མཚོ་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་གཏན་བདེ་རྫོགས་བྱང་གི་ས་ལ་འགོད་པའི་ཆེད་དུ། དམིགས་མེད་ཀྱི་ལྟ་བའི་རྩི་ཡིས་ཟིན་པར་མཛད་པ་དང་མཉམ་དུ། སྨོན་ལམ་རྒྱ་མཚོའི་མཐུ་བསྐལ་བ་རྒྱ་མཚོའི་བར་དུ་གྲུབ་ནས། དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་དམིགས་མེད་ཡེ་ཤེས་ཀྱི་ཚོགས་མཉམ་དུ་རྫོགས་ཏེ། རླབས་ཆེན་ཚོགས་གཉིས་རྫོགས་པའི་མཐུ་དེ་ལ་བརྟེན་ནས་མཐའ་ཡས་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཡིན་ན་དེ་ཉིད་དར་དང་མི་དར་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་ནི་ཡིན་དུས། བསྟན་འཛིན་གྱི་སྐྱེས་བུ་སྔ་རབས་བྱོན་པ་རྣམས་ཀྱི་ཐུགས་དགོངས་ལྷག་མ་རྫོགས་སྤྱད་དང་ནི། ད་ལྟར་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་བརྟན་ཐུགས་བཞེད་གེགས་མེད་དུ་འགྲུབ་པའི་ཆེད་དང་། གངས་ལྗོངས་མཐའ་དབུས་ཀྱིས་གཙོས་པའི་ཡངས་པའི་རྒྱལ་ཁམས་ཐམས་ཅད་བདེ་ཞིང་སྐྱིད། འཛམ་གླིང་ས་འདིའི་ཐོག་གི་འགྲོ་བ་མིའི་རིགས་སུ་གྱུར་པ་མཐོ་དམན་དྲག་ཞན་ཐམས་ཅད་པོ། ཕན་ཚུན་ཕ་མ་དང་སྤུན་ཟླ་ལྟ་བུའི་བྱམས་སྙིང་རྗེའི་འདུ་ཤེས་དང་ནམ་ཡང་མི་འབྲལ་བ་ནས། མཐར་ཐུག་སེམས་ཅན་ཐམས་ཅད་གཏན་བདེ་བླ་མེད་རྫོགས་བྱང་དུ་འགོད་རྒྱུའི་འདུན་པ་དེ་ལ་གཏད་དེ་ལྷག་བསམ་དེ་སྔོན་དུ་འགྲོ་བ་གཅིག་པུས་འདི་འཚོགས་ནི་ཡིན་ན། སྨོན་འདུན་ཇི་བཞིན་དུ་འགྲུབ་པའི་ཐུགས་བསྐྱེད་དང་ཐུགས་སྨོན་ཁྱེད་ནམ་པས་མཛད་པ་དང་ཆབས་ཅིག་ཏུ། ནམ་པ་ལྷན་རྒྱས་དད་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་ཉིན་ཞག་གསུམ་གྱི་རིང་དུ་གནས་འདིར་བཞུགས་ནས། བསམ་གཏན་སྒོམ་པའི་ཡང་དབེན་འདི་ནས་ཐུགས་བག་ཕེབས་པའི་སྐུ་ངལ་ཞིག་གསོ་མཛོད་ཞུ་བ་དང་མཉམ་དུ་ཞལ་འདོན་གསུང་ཆོག་གི་དབུ་དངོས་སུ་འཛུགས་རྒྱུའི་ཞུ་བསྐུལ་དང་སྣ་འདྲེན་ཞུས་ནི་ཡིན།།
བརྙན་སྡུད་འོད་སྡེར་ལས་བཤུས།།

རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་དྲུག་པ་འཚོགས་སྐབས་ཞལ་གྱེས་ཞུ་བའི་གསུང་བཤད།

ད་རེས་ཀྱི་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་དྲུག་པའི་སྐབས་འདིར། ས་མདོ་དབུས་ཁམས་གསུམ་གྱི་དགོན་སྡེ་སུམ་བརྒྱ་ཙམ་ཞིག་གི་བསྟན་འཛིན་གྱི་སྐྱེས་ཆེན་མཁན་སྤྲུལ་ནམ་པ་དབུར་བཞུགས་པའི་དགེ་འདུན་འདུས་པའི་ཞལ་གྲངས་སྟོང་ཕྲག་ཁ་ཤས་ཀྱིས་ཉི་མ་མང་པོའི་རིང་ལ་སེམས་བསྐྱེད་འབུམ་མཆོད་ཆེན་མོའི་ཞལ་འདོན་གསུངས་པ་དང་། བསྟན་དང་འགྲོ་བར་སྨན་པའི་ཐུགས་སྨོན་དང་ཐུགས་བསྐྱེད་རྒྱ་ཆེན་པོ་གནང་བ་ལ་ངས་འདི་ནས་ནམ་པ་ཚང་མ་ལ་བཀའ་དྲིན་དང་ཐུགས་རྗེ་ཆེ་ཞུས་ནི་ཡིན། དེ་དང་མཉམ་དུ་འདིའི་དགེ་བའི་རྩ་བ་འདིས་མཚོན་པའི་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་ཀྱི་དགེ་རྩ་དང་། ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་བ་ཐམས་ཅད་ཕྱོགས་གཅིག་ཏུ་བསྡུས་ཤིང་བསྡམས་པའི་མཐུ་དེས། སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན། བཤད་དང་སྒྲུབ་པ་གཉིས་ལྡན་གྱི་སྒོ་ནས་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་བསྟན་འགྲོའི་དཔལ་མགོན་རླབས་ཆེན་འཕྲིན་ལས་ཀྱི་མངའ་བདག གང་ན་འཚོ་ཞིང་གཞེས་པ་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་བརྟན། ཐུགས་བཞེད་གེགས་མེད་དུ་འགྲུབ། གངས་ཅན་མཐའ་དབུས་ཀྱིས་གཙོས་པའི་ཡངས་བའི་རྒྱལ་ཁམས་ཐམས་ཅད་དུ་ནད་མུག་མཚོན་འཁྲུགས་ཞི། ཆོས་ནོར་འདོད་ཐར་གྱི་བདེ་བཞིའི་དཔལ་གྱིས་འབྱོར། ཤིན་ཏུ་གདུག་པའི་བསམ་སྦྱོར་དང་ལྡན་པའི་སྐྱེ་བོ་མི་སྲུན་པ་ཡིན་ཀྱང་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་ནས། སའི་སྟེང་གི་སྐྱེ་བོ་མཆོག་དམན་ཐམས་ཅད་ཕན་ཚུན་ཕ་མ་དང་སྤུན་ཟླ་ལྟ་བུའི་བྱམས་སྙིང་རྗེའི་འདུ་ཤེས་དང་ནམ་ཡང་མི་འབྲལ་བ་ནས་འདི་ཕྱི་རང་གཞན་གཉིས་ཕན་གྱི་དམ་པའི་ལྷ་ཆོས་ལ་སྤྱོད་རྒྱུའི་འདུན་པ་སྐྱེ་རྒྱུ་ལ་སོགས་པ། མདོར་ན་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཏུ་བདེ་བའི་ཆེད་དུ། དགེ་རྩ་ཆུ་ཐིགས་ལྟ་བུ་འདི་རྫོགས་བྱང་རྒྱ་མཚོ་ཆེན་པོའི་ནང་དུ་ཡོངས་སུ་འདྲེས་པ། གང་བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་དམིགས་པ་མེད་པ་འཁོར་གསུམ་མཚན་མ་དང་བྲལ་བའི་བསྔོ་བ་འཕགས་པ་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་འདུན་པ་བསྐྱང་བ་ལ། ནམ་པ་ཐམས་ཅད་ཀྱིས་མཐུན་འགྱུར་གནང་བཞིན་པ་དང་ཆབས་ཅིག་ཏུ། ད་རེས་འདི་ན་གངས་ལྗོངས་མདོ་དབུས་ཁམས་གསུམ་གྱི་ས་ཆ་མང་པོའི་མྱི་སྣ་འཛོམས་ཡོད་ན། ཡབ་ཆེན་སྤྲེལ་རྒན་རྒྱལ་པོ་དང་ནི་མ་ཡུམ་བྲག་སྲིན་གཉིས་ཀའི་ཤ་ཁྲག་རིགས་རུས་ལས་ཆད་པའི་གདོང་དྲུག་ཆོལ་གསུམ་གྱི་བོད་མི་སྤུན་ཟླ་ཡོངས་ལ་སྒེར་གྱི་ཆ་འཕྲིན་བསྐུར་རྒྱུ་ལ། འཛམ་གླིང་ས་གཞིའི་རྩེ་མོ་ན་ནོར་བུའི་ཏོག་བཞིན་དུ་མངོན་པར་མཐོ་བའི་བོད་མིའི་མཚན་དང་སྙན་པ་དེ་མི་ཉམས་ཡུན་དུ་གནས་དང་མི་གནས་དེ། བོད་རང་ས་རང་ལག་ཏུ་ཡོད་རྒྱུའི་དམ་པའི་ལྷ་ཆོས་མདོ་སྔགས་ཟུང་འབྲེལ་གྱི་རིས་སུ་མ་ཆད་པའི་ཆོས་རིགས་གཞུང་འདི་དང་ཁ་བྲལ་ཐབས་མེད་ནི་ཞིག་ཡིན་ན། འདི་ནི། རལ་པས་མ་ཡིན་དབྱུག་པས་མིན། ལ་སོགས་པ་གསུངས་པ་ལྟར་གཞན་གང་གིས་ཀྱང་འཛིན་ཐབས་མེད། འདི་གང་ཟག་རང་རྒྱུད་དུ་བཞུགས་ནི་ཞིག་ཡིན་དུས་མཆོད་གནས་དགེ་འདུན་པ་ཐམས་ཅད་ཀྱིས་ནང་གང་ཟག་རང་རྒྱུད་ཀྱི་བསྟན་པ་དེ་རང་གིས་བྱི་དོར་བྱས་ཏེ། ཐུགས་མཐུན་ཁྲིམས་གཙང་གི་ཐོག་ནས་རེ་རེ་ཚོགས་པའི་ཐུན་མོང་གི་བསྟན་པ་གངས་རི་དཀར་པོའི་རྒྱན་ཆ་དེ། དུས་ཐམས་ཅད་དུ་དབུ་འཕང་མི་དམའ་ནས་ཡུན་དུ་གནས་ཐབས་དང་། སྐྱ་སེར་མཆོག་དམན་ཐམས་ཅད་ཀྱིས་མ་རབས་སྤྱོད་ངན་གྱི་བྱ་བ་ཐམས་ཅད་སྤངས། སྤྱི་དང་བྱེ་བྲག་གི་རིག་གནས་ཡོན་ཏན་ལ་ངོམས་མེད་དུ་བསླབ། མྱི་འདྲ་འདྲའི་ནང་ནས་མི་འདྲ་བའི་ཁྱད་ཆོས། འཛམ་གླིང་མྱིའི་ནང་ནས་འབུར་དུ་ཐོན་པའི་བསམ་པ་དང་སྤྱོད་པ་བཟང་པོ། ཐམས་ཅད་ཀུན་གྱིས་སྨོན་ས་ཞིག་མྱི་རེ་རེའི་ངོས་ནས་ཡིན་ན་བྱས་བསྡད་དེ། རིགས་ཀྱི་རུས་པ་དཀར་པོའི་ཕ་རུས་མ་ཁུངས་མི་བརྗེད་པའི་སྟེང་ནས། སེམས་མཐུན་བསམ་པ་ཆིག་སྒྲིལ་གྱི་གོང་བུ། མྱི་གཅིག་བསམ་པའི་སེམས་འདྲ་འདྲ། གཞོག་གཅིག་སྟ་རེའི་སོ་འདྲ་འདྲ་ཞིག་བྱེད་རྒྱུ་དེ་མྱི་རབས་སྔུན་མ་ཚོའི་བསམ་འདུན་རེད། མ་འོངས་ཡར་རྒྱས་ཀྱི་གཞི་མ་རེད། ཕྱིས་འབྱུང་མདུན་ལམ་གྱི་སྒྲོན་མེ་ཡིན་པས་མི་ཚད། མྱིག་གིས་དམའ་བལྟས། སེམས་ཀྱིས་དམན་ལམ་ལ་མི་བསྙགས་ཏེ། བློ་སེམས་འཕང་ཡར་ལ་བསྟོད་དང་། བསྒྲུབ་ན་མི་འགྲུབ་རྒྱུའི་བྱ་བ་ཞིག་སྲིད་ན་ཡོད་ནི་མ་རེད། དེས་ན་རང་དཔེ་གཞན་སྟོན་ཆོག་སྤྱད་གི་ཡ་རབས་ཚུལ་ལྡན་གྱི་བསམ་སྤྱོད་ཀྱི་ཐོག་ནས། བོད་མིའི་ཆོས་དང་རིག་གཞུང་གིས་འཛམ་གླིང་མིའི་རིགས་ཀྱི་སྤྱི་ཚོགས་འདི་ལ་བདེ་སྐྱིད་གསར་པའི་སྒོ་འཕར་ཞིག་འབྱེད་རྒྱུའི་ལམ་སྟོན་མིག་ལྟོས་ཕེར་སྤྱད་ཀྱི་སྣེ་ཁྲིད་བྱེད་རྒྱུ་ནི། སྐབས་ལ་ཁེལ་བའི་དགོས་དོན། ཕྲག་ཏུ་བབ་པའི་ལས་འགན་དུ་འཛིན་རྒྱུ་དེ་འཆུག་མི་ཉན་རྒྱུའི་བྱ་བ་ཞིག་རེད་ཟེར་རྒྱུ་དེ། ལྷག་བསམ་གཙང་མའི་སྐད་བསྐུར་ཡིན།
འདུས་པ་ཐམས་ཅད་འབྲལ་བའི་ཆོས་རེད། ནམ་པ་ཐམས་ཅད་སང་དང་གནངས་གི་རང་རང་སོ་སོའི་གནས་སུ་ཕེབས་རྒྱུ་ཡིན་ན། འབྲལ་བ་མི་རྟག་སླར་ཡང་འཛོམས་པའི་རྟེན་འབྲེལ་གྱིས། སང་ཕར་ལོའི་གནམ་ལོ་གསར་ཚེས་ཀྱི་ད་ལྟའི་དུས་ཚོད་ཀྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་རྗེས་མའི་སྐབས་སུ། གནས་འདི་ནས་སླར་ཡང་དགྱེས་ཞལ་འཛོམས་རྒྱུའི་སྨོན་འདུན་ཤིས་ཚིག་གིས་མཐའ་བརྒྱན་ཏེ་རེ་ཞིག་གྱེས་ཕྱག་འབུལ་ནི་ཡིན།།
རབ་འབྱམས་ཞིང་གི་རྒྱལ་བས་བསྟོད་དབྱངས་དང་།།
ལྷན་ཅིག་ཤིས་པའི་མེ་ཏོག་ཆར་འབེབ་ཅིང་།།
མཁས་རྣམས་དགྱེས་པའི་ལེགས་བཤད་འོད་ཟེར་སྤྲིན།།
སྤྲོ་བའི་མངོན་རྟོགས་རྡུལ་སྙེད་ཞིང་དུ་འགྲེམས།།
མཁའ་དང་མཉམ་པའི་རྒྱ་ཆེན་ཆོས་དབྱིངས་ཁམས།།
ཚོགས་གཉིས་དགེ་བའི་དཔལ་གྱིས་རྟག་ཁྱབ་ཅིང་།།
ལེགས་བྲིས་སྨོན་པའི་རང་གཟུགས་ཉམས་མེད་མཐུ།།
འགྲོ་ཁམས་ཐར་པའི་སྲོག་གི་ཟུངས་གྱུར་ཤོག།
རྡུལ་བྲལ་ཀུན་ཏུ་བཟང་པོའི་སྨོན་ལམ་མཐུ།།
ངོ་མཚར་བསོད་ནམས་བྱེ་བའི་གཟུགས་འཛིན་པ།།
ཟད་པ་མེད་པའི་དགེ་ལེགས་དུས་སྟོན་གྱིས།།
སྲིད་འདིའི་སྐྱིད་པའི་ཉི་མ་རྫོགས་མ་གྱུར།།
གྲགས་པའི་དྲི་བསུང་སྙན་པའི་རོ་མངར་ཅན།།
མཚར་སྡུག་ཉམས་བརྒྱས་སྒེགས་པའི་བསྟོད་དབྱངས་ཀྱིས།།
མགྲིན་པའི་འོ་མཚོ་རབ་བརྒྱན་པདྨའི་ཕྲེང་།།
དེང་འདིར་དཔྱོད་ལྡན་དགའ་བའི་སྐྱེས་སུ་བཏེགས།།
མཛའ་བ་གཅིག་ཏུ་མི་ཕྱེད་རིགས་མཐུན་ཁྱུ།།
དོན་མཐུན་མཉམ་པོར་གནས་པའི་སྤོབས་སེམས་མཆིད།།
འཕེལ་འགྲིབ་ལས་རླུང་དབང་ཐང་རི་མོ་དང་།།
འགྲོག་འདི་ས་ཆེན་ཟླུམ་པོའི་ཡ་མཚན་གཏམ།།
ཕུན་ཚོགས་མ་སྨད་སྡེ་བཞིའི་འབྱོར་བ་ཡིས།།
ངོ་མཚར་དགའ་སྟོན་རབ་རྒྱས་པདྨའི་ཚལ།།
གསང་ཆེན་སྨིན་གྲོལ་ཆོས་ཀྱི་གླིང་ཆེན་པོར།།
མི་འབྲལ་རྟག་ཏུ་འཛོམས་པའི་བཀྲ་ཤིས་ཤོག།
བརྙན་སྡུད་འོད་སྡེར་ལས་བཤུས།།

རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་བདུན་པ་འཚོགས་དབུ་ཚུགས་པའི་གསུང་བཤད།

༢༠༡༠ལོའི་ཟླ་ཚེས་ལ།
ཆོས་གྲོགས་ནམ་པ། སྐུ་ཁམས་བཟང་། ཁྱེད་ནམ་པ་མང་ཆེ་བ་ཕྱོགས་བཞི་མཚམས་བརྒྱད་ནས་ཕེབས་ཡོང་བའི་གློ་བུར་ལྷགས་པའི་དགེ་འདུན་པ། ས་ཐག་རིང་གི་སྐུ་མགྲོན་ཡིན་ནི་རེད། ཁྱེད་ནམ་པ་ཕེབ་ལམ་ནས་འོ་བརྒྱལ་ཆེ་ཨེ་ཐལ། གདན་ས་འདིའི་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བསྟན་པའི་བདག་པོ་སྐུ་བགྲེས་གཞོན་ལྷན་རྒྱས་ཀླད་ལ་བཞུགས་ས་ནས། ང་དང་བཅས་པའི་བཤད་སྒྲུབ་ལས་གསུམ་གྱི་གྲྭ་ཚང་ཁག་གི་བླ་གྲྭ་ཡོངས། དེ་ལ་ལྟོས་པའི་རྫོགས་ཆེན་འབྲོག་རུའི་སྡེ་བ། འབྲོག་རུ་བསོད་ནམས་ལྷ་སྡེའི་ད་ཡོད་ཚོ་ཤོག་བཅུ་གསུམ་དང་བཅས་པས། ཁྱེད་ནམ་པར་ཕེབས་བསྒུག་ཞུ་བ་དང་མཉམ་དུ། དགའ་བསུ་སྣེ་ལེན་ཞུ་བཞིན་ཡོད་ནི་རེད། དེས་མི་ཚད་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་དང་སློབ་བརྒྱུད་དུ་གཏོགས་པའི་བོད་མདོ་དབུས་ཁམས་གསུམ་ན་གནས་པའི་དགོན་སྡེ་མང་པོ་ཞིག་དང་། དེ་ལ་འཁྲི་བའི་མི་སྡེ་དང་བཅས་པས་ཀྱང་། དེ་རིང་ཚོགས་ར་འདི་དང་བཞུགས་སྒར་འདིའི་ཕྱོགས་ལ་ཡིད་སེམས་བསམ་པ་འཁོར་གི་ཡོད་ནི་རེད། དེ་དང་མཉམ་དུ་དབྱིངས་ན་བཞུགས་པའི་རྒྱལ་བ་སྲས་བཅས་དང་། དམ་པ་གོང་མ་རིམ་བྱོན། རྩ་གསུམ་སྲུང་མ་དང་བཅས་པས་དགེ་ལེགས་ཤིས་པའི་མེ་ཏོག་འཐོར་གི་ཡོད་པས་མི་ཚད། གནས་དང་ཡུལ་གྱིས་བསྐལ་བའི་གངས་ཅན་བོད་ཀྱི་ལྷ་སྐལ་རྣམ་པ་མིའི་གཟུགས་སུ་བྱོན་པ་དག་གིས་ཀྱང་ཐུགས་དགོངས་པའི་བྱིན་རླབས་ཀྱི་ཐུགས་རྩེ་འདི་ན་གཏད་ཡོད་ནི་རེད། རང་རེ་འདིར་ཡོད་ཀྱི་ནམ་པ་ཚང་མ་ཕྱོགས་གཅིག་ནས་བལྟས་ན་མགྲོན་དང་བདག་པོའི་ཚུལ་གྱི་གཞིས་མགྲོན་གྱི་རྣམ་པ་ཅན་ཞིག་ཡིན་ནི་རེད་རྡ། ཕྱོགས་གཅིག་ནས་བསམ་བློ་བཏང་ན་ཐམས་ཅད་པོ་རིགས་ཀྱི་རུས་པ་འཆུག་མེད་གདུང་དྲུག་རུས་ཀྱི་གྲོལ་ཕུགས་གཅིག་ལས་ཆད་དེ། མ་ཡུམ་གངས་ལྗོངས་ཀྱི་པང་ནས་གངས་ཆུ་སིལ་མས་སྙིང་ཁམས་ཀྱི་ཁྲག་རྩའི་འཕར་རྒྱུན་གྱི་བསྐྱེད་བསྲིངས་བའི། ཕ་རུས་མ་ཁུངས་གཅིག་ལ་ཐུག་པའི་གངས་ལྗོངས་ཀྱི་བུ་ཕྲུག་སྤུན་ཟླ་མིང་སྲིང་དག་དག་དང་། སྟོན་པ་གཅིག་གི་རྗེས་འཇུག བསྟན་པ་གཅིག་ལ་ཞུགས་པའི་ཆོས་ཀྱི་མཆེད་པོ་དག་དག་ཡིན་ན། འདི་རང་མྱི་རང་ཁྱིམ་ལ་སླེབ་པའི་གཞི་བྱེས་དགའ་འཛོམས་ཀྱི་ཉི་མ་ཞིག་དང་གོ་སྐབས་ཤིག་ཀྱང་ཡིན་ནི་རེད། དེ་འདྲ་ཡིན་དུས། སེམས་བསམ་པའི་བློ་རྩེ་གཅིག་ལ་མཐུན་པ་དང་། ལས་ཡག་ཉེས་སྐྱིད་སྡུག་གི་ཐོད་པའི་རི་མོ་གཅིག་ལ་བསྐོས་སོང་བའི་རིགས་མཐུན་གྲལ་གཅིག་ལ་མཉམ་དུ་འཚོགས་དུས་སྐྱིད་སྡུག་སེམས་ཀྱི་ཚོར་སྣང་བཤད་བསམ་རྒྱུའི་སྐད་ཆ་མང་ནི་རེད། འོན་ཀྱང་། རྩ་བ་དམ་པའི་ལྷ་ཆོས་ཀྱིས་འཚོ་བའི་ཆོས་ལྡན་བོད་ཀྱི་མྱི་ཡིན། དེའི་ནང་ནས་ཐེག་ཆེན་མདོ་སྔགས་ཀྱི་ཆོས་ལམ་ལ་ཞུགས། ལམ་བསླབ་གསུམ་ཉམས་བཞེས་ཀྱི་མཛད་པ་སྐྱོང་བའི་དམ་པའི་ལྷ་གྲལ་ཡིན། དེས་མི་ཚད་བསྟན་པ་ཆགས་འཇིག་གི་གལ་ཆེའི་གཉན་འཕྲང་ལ་སླེབ་པའི་དུས་རབས་ཀྱིས་སྤྲད་པའི་བསྟན་རྒྱུན་འཛིན་རྒྱུའི་ལས་ཁུར་ལྗིད་མོ་ཕྲག་ལ་མཉམ་ཁུར་བྱེད་མཁན་དག་དག་ཡིན་དུས། རང་སྐལ་ཐོག་ཏུ་བབས་པའི་ཐུན་མོང་གི་མཛད་ཕྱོགས་རྒྱལ་བསྟན་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་ཀྱི་སྐད་ཆ་དེ། གཏམ་གྱི་གླེང་གཞི་ལྟ་བུར་རང་ཤུགས་ཀྱིས་ཡོང་རྒྱུ་ཞིག་ཡིན་ནི་རེད། དེ་ལྟར་ན། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འཇིག་རྟེན་ཀྱི་ཁམས་ལ་བྱོན། དམ་པའི་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་ནས། མི་ལོ་ཉིས་སྟོང་ལྷག་གི་དུས་ཡུན་རིང་པོ་སོང་ན་ཡང་། དེའི་བསྟན་པ་ཆ་ཚང་གངས་ལྡན་རི་བོའི་ཁོངས་འདི་ན་ད་རུང་གནས་བཞིན་པ། དེ་རིང་ཁར་སང་ལྷོ་བརྒྱུད་བྱང་བརྒྱུད་རྒྱ་བརྒྱུད་ལ་སོགས་པའི་ཆོས་བརྒྱུད་མང་པོ་ཅི་ཞིག་བཤད་གི་བསྡད་ཀྱང་། ཐེག་ཆེན་མདོ་སྔགས་ཀྱི་ཆོས་ཚུལ་ཚང་ལ་མ་ནོར་བ་དར་སའི་བོད་གངས་ཅན་གྱི་ལྗོངས་འདི་ས་གཞི་རིལ་མོའི་འཇིག་རྟེན་འདིའི་སྟེང་གི་བསྟན་པ་རྣམ་དག་དར་སའི་ཆོས་ཚིགས་ཀྱི་ཡུལ་དབུས་བསྙོན་མེད་གཅིག་པུ་དེ་ཡིན་ན། སངས་རྒྱས་ཀྱི་བསྟན་པ་ནི་སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ། འགྲོ་བ་མིའི་རིགས་ལ་མཚོན་ན་དེ་བས་ཀྱང་རིན་ཐང་གཞལ་ཐབས་བྲལ་བའི་ནོར་བུ་རྩ་ཆེན་ཞིག་ཡིན་པས་མི་ཚད། འདི་ཆ་ཚང་ཉམས་ལེན་ལག་ལེན་གྱི་བརྒྱུད་པ་དང་བཅས་པ། ད་ལྟའི་སྐབས་སུ་གངས་ཅན་བོད་མིའི་ལག་ཏུ་ཡོད་ན། འདིའི་ཐོག་མའི་ལོ་རྒྱུས་འུ་ཚོ་གངས་ཅན་བོད་མིའི་ཡང་མེས་ཚོའི་རྣམ་ཐར་དང་འབྲེལ་བ་ལ་ཕྱིར་བལྟས་རྗེས་དྲན་ཞིག་བྱས་ན། བོད་བཙན་པོ་རིམ་བྱོན་གྱི་དུས་ཚོད་བསྟན་པ་སྔ་དར་གྱི་སྐབས་སུ། དང་པོ་བསྟན་པའི་དབུ་བརྙེས། བར་དུ་བསྟན་པའི་སྲོལ་གཏོད། ཐ་མ་བསྟན་པ་དར་ཞིང་རྒྱས་ན། དེའི་དུས་སུ་མཁན་སློབ་ཆོས་གསུམ་གདན་འཛོམས། སྤྲུལ་པའི་ལོ་པཎ་གྱིས་ཆོས་བསྒྱུར་ནས་ཆོས་མདོ་སྔགས་གཉིས་ཀྱི་བསྟན་པས་བོད་ཡུལ་དཀར་འཇམ་ཡུག་གཅིག་ཏུ་བདལ། དེས་མི་ཚད་ཆོས་སྲིད་ཟུང་གི་མངའ་ཐང་གིས་མཐའི་མི་ནོར་དབང་དུ་བསྡུ་ནི་ཞིག་རེད་མྱོང་ནི་རེད། དེའི་རྗེས་སུ་བསྟན་པའི་ཕྲ་ཉག་ཡོང་། ཁྱད་པར་དུ་འདུལ་བསྟན་ཉམས་དམས་ན། ཕྱི་དར་བསྟན་པའི་ཐོག་མ་ལ་དམར་གཡོ་གཙང་གསུམ་གྱིས་དམ་ཆོས་འདུལ་བའི་བསྟན་པ་མདོ་ཁམས་སྨད་ནས་སྤེལ། ལྷ་བླ་མ་ཡེ་ཤེས་འོད་ཁུ་དཔོན་གྱི་ཐུགས་བསྐྱེད་ཀྱི་མཐུ་ལ་སོགས་པར་བརྟེན་ནས། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན། ཁུ་རྔོག་འབྲོམ་གསུམ་གྱིས་བསྟན་རྒྱུན་བཟུང་། བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་བསྟན་སྲོལ་དར་ན། དུས་རབས་རིམ་ཅན་གྱི་སྐབས་སུ། བཀའ་བརྒྱུད་ཀྱི་མར་མི་དྭགས་གསུམ། ས་སྐྱའི་གོང་མ་རྣམ་ལྔ། ཤར་རྒྱལ་བ་ཙོང་ཁ་པ་ཡབ་སྲས་རྣམས་དང་། རྙིང་མའི་རོང་ཀློང་རྣམ་གཉིས་ལ་སོགས་པ་ཡབ་སྲས་ཆོས་བརྒྱུད་དང་བཅས་པ་ནམ་པས། ཡང་ཤར་ནུབ་རྒྱ་མཚོའི་ཆུ་མཐའ་ཚུན་ཆད་དུ། རྒྱལ་བསྟན་དྲི་མ་མེད་པས་ཁྱབ་པ་ཞིག་མཛད་པས་མི་ཚད། སྔ་ཕྱི་བར་གསུམ་དུ་རྒྱལ་བའི་བཀའ་དང་དགོངས་འབྲེལ། བཀའ་གཏེར་དག་སྣང་གི་ཆོས་སྐོར། མདོ་སྔགས་རིག་གནས་དང་བཅས་པ་སྤྱན་འདྲེན་བསྒྱུར་ཞུས་རྩོམ་གསུམ་གྱིས་གཏན་ལ་ཕབ་པ་དེ་ལ་བསམ་མནོ་བཏང་ན། གསུང་རབ་པོ་སྟི་བརྩིགས་བཞག་ན་རི་འདྲ་འདྲ་མང་པོ་ཡོད་རྒྱུ་དེ། ཡབ་མེས་དམ་པ་གོང་མའི་ཕྱག་རྗེས། རིན་ཐང་གཞལ་ཐབས་མེད་པའི་ནོར་བུ། བཀའ་གཙིགས་བཀའ་ཆེམས་ཀྱི་ཚུལ་དུ། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོར་བཞག་ནི་རེད། ཡང་སེམས་ཅན་གྱི་བསོད་ནམས་ཀྱིས་མ་ཆུམ་པའི་སྟོབས་ཀྱིས། འདས་མ་ཐག་པའི་དུས་རབས་ཉི་ཤུ་པའི་དུས་སྐེད་ཅིག་ནས། ཕྱི་དར་གྱི་བསྟན་པ་བོད་ནས་ནུབ་སྟེ། དུས་ངན་གྱི་རྒུད་པ་ཡུན་རིང་པོར་ཚེས་ན། ཉེ་བའི་ལོ་ངོ་བཅུ་ཕྲག་གཅིག་གཉིས་ཀྱི་ཡར་སྔོན་ནས། ཡང་དར་བསྟན་པའི་མེ་རོ་བསླང་ནི་ཡིན་ན། ཡང་སྔར་གྱི་དམ་པ་གོང་མ་ཚོའི་སློབ་བརྒྱུད། དམ་པའི་ཚུལ་དགུའི་ཡོན་ཏན་ཅན། མྱི་ལོ་སུམ་ཅུ་བཞི་བཅུའི་ཆར་དྲག་རླུང་འཚུབ་ལྟ་བུའི་རྐྱེན་ངན་གཤགས་ནས། བསྲེག་བཅད་བརྡར་བའི་གསེར་བཞིན་དུ་བུད་པའི། ཐུགས་བསྐྱེད་དུས་སྨིན་གྱི་བསྟན་འཛིན་གྱི་སྐྱེས་བུ་བགྲེས་རབས་པ་ཚོའི་བཀའ་དྲིན་གྱིས་སོ་བྱང་སྔགས་གསུམ་གྱི་རང་རྐང་གི་ཆོས་བརྒྱུད་མཐུད་དེ། དེང་སྐབས་ཀྱི་བསྟན་པའི་ཉི་མ་སེར་པོ་འདི་འཛམ་གླིང་སྤྱི་དང་བྱེ་བྲག་གི་ཀླད་ལ་ཤར་ནི་རེད། བོད་གངས་ཅན་གྱི་ལྗོངས་སུ་དར་བའི་བསྟན་པ་འདི་དེ་ལྟར་མི་རབས་མང་པོའི་གཅེས་པ་རང་སྲོག་དང་བསྡོས་ནས། འཛིན་སྲུང་སྤེལ་གསུམ་བྱས་ནི་ཞིག་ཡིན་པའི་རྒྱབ་ལྗོངས་མཁྱེན་བཞིན་པའི་སྟེང་ནས། ད་དུས་རབས་གསར་རྙིང་གི་འཕོ་མཚམས་མྱི་ཐོག་སྔུན་རྗེས་ཀྱི་བརྗེ་མཚམས་ལ་སླེབ་དུས། ཁྱེད་མི་རབས་གསར་པའི་ན་གཞོན་སྡེ་སྣོད་འཛིན་པའི་དཔུང་སྡེའི་རེས་ལ་བབས་ནི་ཡིན་ན། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་འཛིན་དགོས་རྒྱུ་ཞིག་ཡིན་སྟབས། འདི་སྐྱོན་བྲལ་དྲི་མ་མེད་པའི་སྟེང་ནས་འཚར་ལོངས་ཡོང་དགོས་ན། མཚམས་དང་མཚམས་སུ་བྱི་དོར་དྭངས་གཙང་མ་བྱས་ཐབས་མེད། སྲོག་འཚོ་བའི་ཆེད་དུ་ལུས་སྲུང་བ་ལས་ཀྱང་གལ་ཆེན་ཞིག་ཡིན་པ་དེ། རྔ་སྒྲའི་ཚིགས་བཅད་ལས། བདག་གིས་ནོར་ནི་བཏང་ལ་ལུས་སྲུང་ངོ། །ནོར་དང་ལུས་ཀྱང་གཏོང་ལ་སྲོག་སྲུང་ངོ་། །ནོར་དང་ལུས་དང་དེ་བཞིན་སྲོག་རྣམས་ཀྱང་། །ཐམས་ཅད་བཏང་ལ་འདིར་ནི་ཆོས་སྲུང་ངོ་། །གསུངས་པ་ལྟར་རེད། དམ་པའི་ཆོས་སམ་ཐུབ་པའི་བསྟན་པ་ལུང་རྟོགས་ཀྱི་བདག་ཉིད་ཅན། བཤད་དང་སྒྲུབ་པ་གཅིག་པུས་མ་གཏོགས་འཛིན་ཐབས་མེད། དེ་ཡང་ཕྱི་ན་མེད་ནང་ན་བཞུགས། ནང་གང་ཟག་རང་རྒྱུད་དུ་བཞུགས་པ་ཞིག་ཡིན་པས་ན། གང་ཟག་རང་རྒྱུད་དུ་བཞུགས་པའི་བསྟན་པ་ཆ་ཚང་དེ་གང་ཟག་སྒེར་ངོས་ནས་རང་བློ་དག་ངེས་ཀྱིས་དྭངས་གཙང་ཞིག་བྱས་ཚེ། རེ་རེ་ཚོགས་པའི་ཐུན་མོང་གི་བསྟན་པའི་མཆོད་སྡོང་ཆེན་པོ་དེ་འཇིག་རྟེན་གྱི་ཁམས་སུ་མི་ཉམས་བཀྲག་མདངས་ཡུན་དུ་འབར་ནི་རེད། དེ་དང་མཉམ་དུ་དེའི་བསྟན་པའི་དར་ཆེན་ལག་ཏུ་བཟུང་ཞིང་གངས་རི་དཀར་པོའི་རྒྱུད་དུ་འཁྲུངས་པའི་མ་འོངས་མི་རབས་རྗེས་མའི་བོད་ཕྲུག་དག་གི་ཁ་ལས་རླུང་རྟ་རང་ཤུགས་ཀྱིས་དར་ནི་རེད་བསམ་ནི་རེད། ཡིན་ན་ཡང་སེམས་ཅན་སྤྱི་མཐུན་དང་། སྡེ་རིས་བྱེ་བྲག་པ། གང་ཟག་སྒེར་བཙན་གྱི་སྐྱིད་སྡུག་ལས་ཀྱི་གཞན་དབང་། བསགས་པ་བསོད་ནམས་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་རྒྱུ་ཞིག་ཡིན་སྟབས། དེ་རིང་ཁར་སང་སྙིགས་མ་ལྔ་བདོ་ནག་ཕྱོགས་མི་དང་འདྲེ་བདུད་ཁ་དར་བའི་དུས་ཚོད། སློབ་དཔོན་དབྱིག་གཉེན་གྱིས། དེ་ལྟར་ཐུབ་པ་དག་གི་བསྟན་པ་ནི། །ལྐོག་མར་སྲོག་ཕྱིན་འདྲ་དང་དྲི་མ་རྣམས། །སྟོབས་དང་ལྡན་པའི་དུས་སུ་རིག་ནས་ནི། །ཐར་བ་འདོད་པ་དག་གིས་བག་ཡོད་གྱིས། །ཞེས་གསུངས་པ་ལྟར་དང་། ཨོ་རྒྱན་ཆེན་པོས་ཀྱང་། དུས་རྣམས་མི་འགྱུར་མི་རྣམས་འགྱུར་བ་ཡིན། གསུངས་ནི་རེད། དུས་འགྱུར་ཟེར་རུང་མྱིའི་སྤྱོད་པ་འགྱུར། སྙིགས་མའི་རང་རྟགས་ལྷང་ལ་བུད་ནི་རེད། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཡང་དག་པའི་མདོའི་ནང་ན། དགེ་སློང་དག ཤེས་པ་ནི་འགྲིབ། སྲོག་ནི་ཆད། ཚེའི་འདུ་བྱེད་ནི་དོར། སྟོན་པའི་བསྟན་པ་ཡང་ངེས་པར་འཇིག་པར་འགྱུར་ན། ཅིའི་ཕྱིར་བརྩོན་པ་དང་བརྟུལ་བ་བརྟན་པོས་སྒྲུབ་པར་མི་བྱེད། ཅེས་གསུངས་པ་ལྟར། འཚོ་བའི་སྲོག་ནི་རི་གཟར་གྱི་རྦབ་ཆུ་བཞིན་དུ་མྱུར་མགྱོགས་ཀྱིས་སྐད་ཅིག་སྐད་ཅིག་ལ་མི་འདུག་ནས་འགྲོ་བཞིན་པ་འདི་རེད། ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་ཡང་། གང་ལྟར་བཤད་རུང་ཉི་མས་ལ་བརྒལ་བའི་གྲིབ་སོ་ལྟ་བུ་ཞིག་ཡིན་ན། དུས་ཀྱི་དབང་གིས་དོན་གྱི་བསྟན་པ་འགྲིབ་ལ་ཉེ་བའི་སྙིགས་དུས་ཀྱི་རྒུད་པ་སྟོབས་སུ་བདོ་ལུགས་འདི་ལ་བསམ་ནས། བརྩོན་འགྲུས་དང་བརྟུལ་བ་བརྟན་པོས། ལོང་བས་གླང་རྔ་ལ་འཇུས་པ་དང་འདྲ་བ་ཞིག་གིས། ཐོས་བསམ་སྒོམ་གསུམ་གྱི་སྟེང་ནས་སྙིང་པོ་ཅི་ལོན་གང་ལོན་བྱེད་དགོས་ནི་རན་ནི་གཉིས་ཀའི་དུས་ཚོད་རེད་བསམ་གི། རེད་སྟེ། དོན་དག་འགའ་རེའི་ཐད་ནས། ལྷག་བསམ་དག་ཀྱང་བསམ་དོན་ལམ་དུ་འགྲོ་རྒྱུ་ལ། བསོད་ནམས་ཀྱི་ཤུགས་ཞིག་མེད་ན། མདའ་རྫས་མེད་པའི་མདེའུ་དང་འདྲ་བར། སྨོན་ལམ་བཏབ་ཀྱང་འབྲས་བུ་འབྱིན་དཀའ་ནི་ཡོད་ནི་རེད་མོ། རྒྱུ་མཚན་དེ་འདྲ་བ་ལ་བརྟེན་ནས། སེམས་བསྐྱེད་འབུམ་མཆོད་ཆེན་མོ་འདི་བཞིན་དུ་འཚོགས་ནས་ད་ལོ་ཐེངས་བདུན་པའི་བར་དུ་ཚོགས་བསགས་མཆོད་འབུལ་བྱས་ན། འདི་བསྟན་པ་དར་ཞིང་སེམས་ཅན་བདེ་རྒྱུའི་ཆེད། མི་འདོད་འཕྲལ་རྐྱེན་གྱི་བར་ཆད་ཞི་བའི་ཆེད། ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཆེད། ཚིག་གཅིག་ཏུ་བསྡུས་ན། སེམས་ཅན་ཐམས་ཅད་འཕྲལ་ཡུན་དུ་བདེ་བའི་རྒྱལ་བའི་མཛད་པ་གཅིག་པོ་དེ་སྒྲུབ་རྒྱུའི་དོན་དག་གཅིག་པུར་དམིགས་གི་ཡོད་ནི་རེད། དེ་ལྟར་དུ་ནམ་པ་ལྷན་རྒྱས་ཀྱིས་ཐུགས་སྨོན་གནང་ནས། རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ཏེ། འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་ནས། རླབས་ཆེན་ཚོགས་གཉིས་རྫོགས་པའི་མཐུ་དང་། ཆོས་ཉིད་ཆོས་ཅན་བསླུ་མེད་ཀྱི་བདེན་སྟོབས་ཀྱིས། སངས་རྒྱས་ཀྱི་བསྟན་པ་དར། སེམས་ཅན་ལ་བདེ་སྐྱིད་འབྱུང་། བསྟན་འཛིན་གྱི་སྐུ་ཚེ་བརྟན། མདོར་ན་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཏུ་བདེ་ཞིང་སྐྱིད་པའི་སྨོན་དོན་ཇི་བཞིན་དུ་འགྲུབ་རྒྱུའི་ཐུགས་དམིགས་ཟབ་མོ་ཁྱེད་ནམ་པས་གནང་མཛོད་ཞུ་རྒྱུ་དེ་སྐབས་དོན་གཏམ་གླེང་གི་སྙིང་པོ་ཡིན། གཏམ་ལ་ལ་ཚིག་མང་དོན་ཆུང་གི། འགའ་རེ་ཚིག་ཉུང་དོན་ཆེ་ནི་རེད། རིས་མེད་རྒྱལ་བའི་བསྟན་པ་ཐུབ་བསྟན་ཡོངས་སུ་རྫོགས་པ་དར་ཞིང་རྒྱས་པ་ལ། རེ་སྨོན་ཡིད་ཀྱི་མོས་པ་རྐྱང་པ་ཞིག་གིས་མི་ཚད་པར། བསོད་ནམས་བསགས་པ་སྔོན་སོང་གིས་དོན་བྱ་བ་དངོས་པོ་མྱིས་ལས་དགོས་རྒྱུ་ཞིག་ཡིན་སྟབས། ཐུགས་མཐུན་གོང་བུ་གཅིག་གྱུར་གྱི་སྟེང་ནས། བསྟན་པའི་རྒྱལ་མཚན་གྱི་དར་ཡུ་མཉམ་དུ་བཟུང་ན། སྲ་བརྟན་འགྱུར་བ་མེད་ནི་ཞིག་ཡོང་ནི་རེད། དེ་འཛིན་རྒྱུ་དེ་ལ། ཡང་མིན་ན་བརྒྱ་ཐག་གཅིག་གིས་ཆོད་པའི་ཁེབ་རྒྱ་ཅན་ཞིག་གི་བཀོད་འདོམ་གྱི་འོག་ཏུ་འདུ་དགོས་གི། དེ་མེད་པའི་རྒྱབ་སོ་ནས། བརྒྱ་ཁ་གཅིག་ཏུ་མཐུན་པའི་བསམ་པ་ཕྱོགས་གཅིག་ཏུ་འཁོར་ནས། གོམ་སྟབས་གཅིག་གྱུར་གྱིས་ཐུན་མོང་གི་བྱ་བ་སྒྲུབ་དགོས་སྟབས། ནམ་པ་ལྷན་རྒྱས་མིའི་ཚུལ་དུ་ཕེབས་ནི་རེད། མྱི་དང་མྱིའི་བར་དུ་གཏམ་བཤད་ནས་ཚིག་གིས་འབྲེལ་དགོས་ནི་ཡིན་པས། དང་པོ་སྔུན་ལ་མཉམ་འཛོམས་ཀྱིས་ངོ་ཞིག་མ་ཤེས་ཐབས་མེད་ཡིན་ཕྱིར། ད་རེས་གནས་འདི་ན་ཆོལ་གསུམ་བོད་ཀྱི་ས་ཆའི་དགོན་སྡེ་མང་པོའི་བསྟན་འཛིན་གཙོ་བོ་ལྷན་རྒྱས་ཞལ་འཛོམས་རྒྱུའི་སྐབས་ཕྱེས་ན། ཕྱོགས་གཅིག་ནས་ཚོགས་བསགས་མཆོད་འབུལ་དང་འབྲེལ་བའི་ཐུགས་སྨོན་གནང་རྒྱུ། ཕྱོགས་གཞན་ཞིག་ནས་ནམ་པ་ཚང་མས་གཅིག་ཞལ་གཅིག་གིས་འཚོ། གཅིག་རྒྱུས་གཅིག་གིས་ལོན་རྒྱུའི་གོ་སྐབས་འདི་དང་བསྟུན་ནས། མ་འོངས་དུས་རབས་གསར་པ་འདིའི་ནང་དུ་དུས་ཚོད་ཀྱི་འགྲོས་དང་བསྟུན་པའི་ཐུན་མོང་གི་བསྟན་པ་སྤྱིའི་འཕེལ་ཕྱོགས་དྭངས་གཙང་དག་ཐེར་བརྒྱུད་དེ། རྒྱལ་བསྟན་དྲི་མ་མེད་པ་འཛིན་སྲུང་སྤེལ་གསུམ་གནང་ཕྱོགས་ཀྱི་སྐོར་གྱི། ཐུགས་བློ་ཐབས་ཇུས་གསར་པའི་བློ་སྒོ་རེ་ཕྱེ་རེས་མཛད་རྒྱུའི་འདང་ཡང་བརྒྱབས་ཡོད་ནི་རེད། ས་སྐྱ་པཎ་ཆེན་གྱིས། ཡུང་བ་དང་ནི་ཚ་ལ་ལས། །ཁ་དོག་གཞན་ཞིག་འབྱུང་བར་འགྱུར། །གསུངས་པ་ལྟར། ངོ་མཚར་ཅན་གྱི་མཛད་ཕྱོགས་ཀྱི་ཐབས་དང་ལམ་གསར་པ་གཞན་དང་གཞན་ཡང་ཞོར་དུ་རྙེད་སྲིད་རྒྱུ་རེད་བསམ་ནི་ཡིན། གང་ལྟར་གནས་འདི་ནས། ནམ་པ་ཚང་མས་ཐུགས་ལྷོད་ལྷོད། བག་ཡངས་ཡངས་མཛད་དེ། འདི་རིས་མེད་ཆོས་མཛད་པ་ཡོངས་ཀྱི་བསྟི་གནས་དང་ཕ་ཁྱིམ་ཡིན་ན། ཡིན་ན་ཡིན་ནི་འདྲ་ཞིག་གི། རང་མྱི་རང་ཁྱིམ་དུ་འཁོར་བའི་ཐུགས་སེམས་དང་དགོངས་འདུན་མཛོད་ཞུ་བ་དང་མཉམ་དུ། མ་འོངས་ཐུན་མོང་གི་བསྟན་དོན་དང་འབྲེལ་བའི་དགོངས་འཆར་ནང་ལུགས་ཀྱིས་གནང་རྒྱུ་དང་། ཞལ་འདོན་གསུང་ཆོག་གི་དབུ་འཛུགས་རྒྱུའི་སྣ་འདྲེན་གི་བསྐུལ་མ་མཉམ་གཅིག་ཏུ་ཞུས་ནི་ཡིན།།

རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་ཐེངས་བདུན་པ་འཚོགས་སྐབས་ཞལ་གྱེས་ཞུ་བའི་གསུང་བཤད།

དུས་ཚོད་ཟེར་རྒྱུ་དེ་འགྲོ་མགྱོགས་པ་ཡིན་ནི་རེད། རགས་པ་རྒྱུན་གྱི་མི་རྟག་ཕྲ་བ་སྐད་ཅིག་གིས་མི་རྟག་ནས་སྐད་ཅིག་ཐང་ཅིག་གིས་འགྱུར་ཞིང་འགྲོ་བའི་མཚན་ཉིད་ཅན་ཞིག་ཡིན་ན། ཧྲིབ་ཙམ་ཞིག་གིས་ཉི་མ་གསུམ་གྱི་དུས་ཚོད་བུད་སོང་ནི་རེད། དུས་རྒྱུན་གྱི་མི་ཚེའི་དུས་ཚོད་དང་འགྲོག་པའི་བྱ་བ་ཆེ་ཆུང་ཐམས་ཅད་འདས་པའི་ལོ་རྒྱུས་ཀྱི་ཕྱོགས་ལ་སོང་ན། སོང་གིན་སོང་གིན་རྗེས་མེད་དུ་འགྲོ་རྒྱུ་ཞིག་རེད། འོན་ཀྱང་ད་རེས་ཀྱི་མཉམ་འཛོམས་ཆེན་མོའི་མཆོད་སྤྲིན་བསོད་ནམས་ཀྱི་སྒོ་འཕར་འབྱེད་པ་དང་མཉམ་དུ། ཐུགས་སྨོན་འདུན་པ་ཆིག་སྒྲིལ་གྱིས་འདུས་ཚོགས་འཚོགས་རྒྱུ་འདི་ནི། ལོ་རྒྱུས་ཀྱི་དོན་སྙིང་ལྡན་པའི་གངས་ལྗོངས་མདོ་ཁམས་ཀྱི་ཉི་མ་ཤར་ལྷོའི་ཕྱོགས་འདིའི་ཟིན་ཐོ་གསར་པ། རིས་མེད་རྒྱལ་བསྟན་ཡར་རྒྱས་ཀྱི་ཐུགས་མཐུན་མཚོན་པའི་མཚོན་རྟགས། དུས་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་ལམ་རྟགས་ཀྱི་རྡོ་རིང་ཞིག་དང་ལོ་རྒྱུས་ཀྱི་ལེ་ཚན་གསར་པ་ཞིག་རེད་བསམ་གི་ཡོད། རིས་མེད་ས་དགེ་བཀའ་རྙིང་གི། ངས་གྲུབ་མཐའ་ཁག་བཞི་ཟེར་གི་མེད། ཆོས་བརྒྱུད་ཁག་བཞི་ཟེར་གི་ཡོད། བཤད་བརྒྱུད་འདེག་པའི་ཀ་ཆེན་དང་སྒྲུབ་བརྒྱུད་འདྲེན་པའི་ཤིང་རྟ་ཚོའི། དབུ་ཞྭའི་ཁ་དོག་དང་ཤམ་ཐབས་ཀྱི་ཆགས་མགོ་བསྟན་ལུགས་ལ་མ་ལྟོས་པའི། དགོན་སྡེ་བརྒྱ་ཕྲག་ཁ་ཤས་ཤིག་གི་བསྟན་འཛིན་གྱི་སྐྱེས་ཆེན། མཁན་སྤྲུལ་ནམ་པ་དབུ་ལ་བཞུགས་ས་ནས་དགེ་འདུན་འདུས་པའི་ཞལ་གྲངས་ཁྲི་ཕྲག་ལ་ཉེ་བ་ཞིག་གིས། ཉི་མ་མང་པོའི་རིང་ལ། ཡན་ལག་བདུན་པའི་བསགས་སྦྱང་སྔོན་དུ་འགྲོ་བ་དང་འབྲེལ་ནས། དགོངས་སུ་གསོལ་བ་གསུམ་གྱིས་སད་བྱས། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞི་བཟུང་། དངོས་གཞི་དམ་བཅའ། མཇུག་རང་གཞན་དགའ་བ་སྒོམ་པ་དང་བཅས་པས་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། དེར་མ་ཟད། སངས་རྒྱས་ཕལ་པོ་ཆེའི་ནང་གི་སྡོང་པོ་བཀོད་པའི་མདོའི་བྱང་ཆུབ་སེམས་དཔའི་སྤྱོད་པ་རབ་འབྱམས་སྟོན་པའི་ཆ་ཤས་ལས་བཀོལ་བའི་སྨོན་ལམ། སྔོན་གཞོན་ནུ་ནོར་བཟང་གིས་འཕགས་པ་འཇམ་དཔལ་ནས་བྱམས་པའི་བར་གྱི་བཤེས་གཉེན་མང་པོ་བསྟེན་པའི་མཐར། ཀུན་ཏུ་བཟང་པོའི་སྤྱོད་པའི་དཀྱིལ་འཁོར་དུ་ཞུགས་ཏེ་ཐོབ་པའི་སྨོན་ལམ། སྨོན་ལམ་ཐམས་ཅད་ཀྱི་རྒྱལ་པོ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་གྱིས་གཙོ་བོ་མཛད་དེ། བསྟན་དང་འགྲོ་བར་སྨན་པའི་ཐུགས་སྨོན་རྒྱ་ཆེན་གནང་བ་ལ། ངས་འདི་ནས་ནམ་པ་ཐམས་ཅད་ལ་གུས་འདུད་དང་བཅས་ཏེ་བཀའ་དྲིན་ཆེ་ཞུས་ནི་ཡིན། འདིའི་དགེ་བའི་རྩ་བ་འདིས་མཚོན་པའི་རང་གཞན་སེམས་ཅན་ཐམས་ཅད་པོས། དུས་གསུམ་ཀུན་ཏུ་བསགས་པའི་ཟག་བཅས་ཀྱི་དགེ་རྩ་དང་ནི། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཟག་མེད་ཀྱི་དགེ་ཚོགས་ཐམས་ཅད། གཅིག་ཏུ་བསྡུས་ཤིང་བསྡམས་པའི་མཐུ་དེས། མར་གྱུར་ནམ་མཁས་གར་ཁྱབ་ཏུ་མ་ཁྱབ་པ་མེད་པའི་མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བ་དང་། དེ་མ་ཐོབ་པའི་གནས་སྐབས་སུ་ཕན་བདེ་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་སྔར་བྱོན་ཐམས་ཅད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེའི་ཞབས་པད་བརྟན། ཁྱད་པར་དུ་རླབས་ཆེན་འཕྲིན་ལས་ཀྱི་མངའ་བདག་ནམ་པའི་ཐུགས་བཞེད་གེགས་མེད་དུ་འགྲུབ། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་དང་དབྱར་གྱི་ཆུ་མཚོ་བཞིན་དུ་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ། ནད་མུག་མཚོན་འཁྲུགས་དང་འབྱུང་བཞིའི་འཇིགས་པ་ལ་སོགས་པ་མི་འདོད་པའི་རྐྱེན་ངན་ཐམས་ཅད་ཞི། ཁྱད་པར་དུ་མི་བསྲུན་གཟུ་ལུམ་བརླང་པོར་སྤྱོད་པའི་རིགས། དུས་རྟག་ཏུ་གཞན་ལ་འཚེ་བ་ཅན་དག་གི་གནོད་འཚེ་གདུག་པའི་བསམ་སྦྱོར་ཐམས་ཅད་ཞི་བ་ཙམ་གྱིས་མི་ཚད་རྒྱུད་བྱང་ཆུབ་ཀྱི་སེམས་དང་ལྡན་ནས། འཛམ་གླིང་ས་གཞིའི་གོ་ལ་ཟླུམ་པོ་འདིའི་ཐོག་ཏུ་ཡོད་པའི་མིའི་རིགས་ཐམས་ཅད་ཕན་ཚུན་ཕ་མ་དང་སྤུན་ཟླ་ལྟ་བུའི་མཛའ་བརྩེའི་མཐུན་སེམས་བྱམས་སྙིང་རྗེ་གཉིས་དང་མི་འབྲལ་བའི་སྟེང་ནས། འདི་ཕྱི་རང་གཞན་གཉིས་ཕན་གྱི་དམ་པའི་ལྷ་ཆོས་ཀྱིས་འཚོ་རྒྱུ། མདོར་བསྡུས་ན། དགེ་རྩ་འདིས་མཚོན་པའི་རང་གཞན་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བ། སྔར་རྒྱལ་བ་སྲས་དང་བཅས་པས་འཁོར་གསུམ་ཡོངས་སུ་དག་པས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་རྒྱུའི་འདུན་པ་བྱས་པ་ལ། ནམ་པ་ལྷན་རྒྱས་ཀྱིས་བདེན་ཚིག་མཐུན་འགྱུར་གྱིས་རྒྱས་འདེབས་གནང་དང་གནང་བཞིན་པ་ཡིན་ན། འདི་ལྟར་རིགས་མཐུན་ཆོས་ཀྱི་མཆེད་པོ་ནམ་པ་གནས་གཅིག་ཏུ་མཉམ་པོར་འཚོགས་རྒྱུ་འདི་ལ་བསམ་བློ་བཏང་ན། འདི་རྟ་རག་དཀར་ཉིན་ཉིན་རྒྱུག་རྒྱུ་ཞིག་དང་། སྡེ་གླིང་དཀར་ཉིན་ཉིན་འཛོམས་རྒྱུ་ཞིག་ཅི་ལ་ཡིན། སེམས་མཐུན་བསམ་པ་མཉམ་པའི་སྤུན་ཟླ་ཕུ་ནུ་དུས་གཅིག་ལ་བརྒྱ་སྐོར་རེའི་ནང་ནས་ཐེངས་རེར་མཉམ་པོར་འཛོམས་དུས། ཆུས་བསྟན་པའི་ཐུན་མོང་བསྟན་སྲིད་ཀྱི་བྱ་བཞག་དེ་ཡང་སེམས་ལ་མི་འཁོར་རྒྱུ་ཞིག་མིན་སྟབས། དེའི་སྐོར་གྱི་གླེང་མོ་རེ་ཡང་རང་ཤུགས་ཀྱིས་ཡོང་རྒྱུ་ཞིག་ཡིན་པས། དེར་ཆགས་བཞག་ན། མཚོ་ཆེན་པོ་ནོར་བུས་མ་བཏང་ནི་ཞིག་ལ་རྒྱ་མཚོ་བཅུད་དང་ལྡན་པ་ཟེར་ནི་རེད་མོ། དེ་ཡིན་ན་བོད་མཐོ་སྒང་དུ་ཆགས་པའི་མི་རིགས་འདིའི་སྙིང་བཅུད་ལ་རིན་ཐང་གཞལ་མེད་ཀྱི་ནོར་བུ་དམ་པའི་ཆོས་བཞུགས། སངས་རྒྱས་ཀྱི་བསྟན་པ་ཡོད་ནི་རེད། འདི་བོད་མི་རིགས་ཆགས་པའི་ཆགས་རྟེན་ཡིན་པས་མི་ཚད། འཛམ་གླིང་མིའི་རིགས་ནས་འགྲོ་བ་སེམས་ཅན་ཐམས་ཅད་ལ་ཕན་བདེ་ལེགས་ཚོགས་སྦྱིན་པའི་དགོས་འདོད་འབྱུང་བའི་ནོར་བུ་ཞིག་ཡིན་ནི་རེད། དེ་ཡིན་ན། འདིའི་རིན་ཐང་གཞལ་མེད་ཀྱི་ནོར་བུ་འདི་བྱི་དོར་གཅེས་སྤྲས་ཀྱི་སྒོ་ནས། བསླད་མེད་དྲི་མ་མེད་ནི་ཞིག་གི་ཐོག་ནས་ཡུན་དུ་ཉར་ཚགས་ཡག་པོ་བྱེད་རྒྱུ་དེ། སྤྱིར་བོད་མི་སྤྱི་བོ་གནམ་བསྟན། དེའི་ནང་ནས་མཆོད་གནས་དགེ་འདུན་པའི་དམིགས་ཀྱིས་བཀར་བའི་ཐུགས་འགན་ན་བབ་ཡོད་ནི་རེད། ཡོད་ན། འདི་དངོས་པོ་གཟུགས་ཅན་དུ་གྲུབ་པའི་ཅ་ལག་ཅིག་དང་མི་འདྲ་བར། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པོ་སྨྲ་བྱེད་དང་། །སྒྲུབ་པ་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་དུ། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་འདི་བཤད་སྒྲུབ་གཉིས་ཀ་རྐྱང་པས་མ་གཏོགས་གཞན་གྱིས་འཛིན་ཐབས་མེད་པ་གཞན་སེལ་རྣམ་བཅད་ཀྱི་སྒྲས་བསྟན་ནི་ཞིག་ཡིན་སྟབས། ཡོངས་གཅོད་ལ་ལུང་རྟོགས་ཀྱི་བསྟན་པ་བཤད་སྒྲུབ་ཀྱིས་འཛིན་དགོས་རྒྱུ་ཞིག་རང་ཤུགས་ཀྱིས་གྲུབ་ན། ནང་གང་ཟག་རང་རྒྱུད་ལ་བཞུགས་པའི་བསྟན་པ་ཆ་ཚང་དེ། རྗོད་བྱེད་སྡེ་སྣོད་གསུམ་ལ་ཐོས་བསམ་གྱི་སྟེང་ནས། བརྗོད་བྱ་བསླབ་པ་གསུམ་གྱི་ཉམས་ལེན་བྱས་ཏེ། རྒྱལ་བའི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་གནས་ཐབས་བྱེད་དགོས་དུས། མཚམས་དང་མཚམས། དུས་དང་དུས་སུ་རྒྱལ་བའི་བཀའ་དྲི་མ་མེད་པའི་དག་བྱེད་ཀྱི་ཆུས་གང་ཟག་རང་རྒྱུད་ཀྱི་བསླབ་པ་གསུམ་ལ་གཙང་སྦྲ་དག་ཐེར་བྱེད་དགོས་པ་དང་། དེ་ཡང་ཆུ་མགོ་སྦུག་ནས་དྭངས་དགོས་རྒྱུ་ཅན་དེ་འདྲ་ཡིན་པས། བསྟན་པ་གང་ཟག་གི་རྒྱུད་ན་བཞུགས། བཞུགས་པ་དེ་ཡང་འཛམ་གླིང་ས་གཞིའི་རྩེ་མོ་ན་ཡོད་པའི་བོད་མིའི་ལག་ཏུ་ཡོད་ན། བོད་མི་རིགས་ཀྱི་ཆགས་འཇིག་དེ་སངས་རྒྱས་བསྟན་པའི་སྲོག་དང་འབྲེལ། བསྟན་པའི་དར་ནུབ་འཕེལ་འགྲིབ་དེ་སྐྱེ་དགུའི་བདེ་སྡུག་ལས་དབང་དང་འབྲེལ་ནས་ཡོད་སྟབས་ཀྱིས། ད་ལྟའི་དུས་འདིའི་བོད་རིགས་རྒན་དར་གཞོན་གསུམ། སེར་སྐྱ་ཕོ་མོ་ཐམས་ཅད་ཀྱི་ཕྲག་ཏུ་བབ་པའི་ལས་འགན་དེ་ལྗིད་མོ་ཞིག་ཡིན་དོན་དེ་འདྲ་རེད། དེ་ལྟར་མིན་ན་འཛམ་གླིང་གི་སྟེང་ནས་མི་རིགས་རེ་རེ་གཉིས་རེའི་མྱིང་བོར་མ་བོར་ཅི་ཡོད། རྒྱ་མྱིང་བོད་མྱིང་ཕྱི་གླིང་བའི་མྱིང་ལ་སོགས་པ་མྱིང་གང་བཏགས་ན་ཡང་། མྱི་ཚེ་ཐུང་ཐུང་གི་ཉི་མ་ཁ་ཤས་ལ་འཚོ་རྒྱུའི་དོན་དུ་མྱིང་གི་ཁྱད་པར་མི་ཆེ་གི་བསམ་གི། ཡིན་ན་ཡང་མིའི་རིགས་ཡོངས་ལ་ཕན་ཐོགས་ཆེ་བའི་མིའི་རིགས་ཀྱི་ནོར་བུ་རྩ་ཆེན། མྱིའི་སེམས་ཁམས་ཀྱི་ནང་གི་སྨན། གདུང་སེལ་གྱི་བདུད་རྩི། འདི་ཕྱི་རང་གཞན་འཕྲལ་ཕུགས་ཐམས་ཅད་ཀྱི་བདེ་སྐྱིད་བདེ་བའི་འབྱུང་གནས་དེ་དམ་པའི་ཆོས་ཡིན། དམ་པའི་ཆོས་སྒྲ་ཚིག་གི་རྣམ་པར་ཤར་བའི་མདོ་སྔགས་ཆ་ཚང་བོད་ཀྱི་སྐད་དང་ཡི་གེའི་ཐོག་ཏུ་ཡོད། དེའི་ཉམས་ལེན་ལག་ལེན་གྱི་བརྒྱུད་པ་དང་བཅས་པ་བོད་མིའི་རྒྱུད་དུ་ཡོད་པའི་སྟབས་ཀྱིས། འདིའི་མཐོ་སྒང་གི་མི་རིགས་འདི་ཉམས་གུད་འཐོར་ཞིག་ཏུ་འགྲོ་མི་རུང་རྒྱུ་ཞིག་རེད། ཆུ་མགོ་ཆུ་མིག་ནས་སྐམ་སོང་ནི་ཡིན་ན། ཆུ་རྔ་ཕྱོགས་མཐའ་རུ་ཁྱབ་རྒྱུ་མ་ཡོད་པ་ལྟ་བུས་གནོད་པ་འཛམ་གླིང་ཡོངས་ནས་སེམས་ཅན་ཐམས་ཅད་ལ་ཡོད་ནི་ཞིག་རེད། བོད་འདི་འཇིག་རྟེན་འདིར་སྣང་གི་ཕྱིའི་དངོས་པོའི་མཐུན་རྐྱེན་གྱི་ཕྱོགས་ནས། གནས་སྐབས་ཀྱི་སྣང་ཚུལ་ལ་རྗེས་ལུས་ཀྱི་རྣམ་པ་ཅན་ཞིག་ཡིན་ཡང་། ནང་བསམ་པའི་འཚོ་བ་དམ་པའི་ཆོས་ཕྱོགས་ནས་ཆོས་ཚུལ་བཞིན་དུ་སྒྲུབ་ཐུབ་ན། ཕུན་སུམ་ཚོགས་པའི་སྔོན་ཐོན་ཅན་རེད། བོད་ཆོས་ཀྱིས་འཚོ་གི་ཡོད་ནི་རེད་རྡ། ཆོས་ཀྱི་ཆེད་དུ་བོད་འཚོ་དགོས་རྒྱུ་དེ་དུས་རབས་འདིར་གཅིག་ལ་གཅིག་ལྟོས་ཉ་ཆུ་གཉིས་ཀ་འབྲལ་མི་ལོ་བ་ལྟ་བུ་ཞིག་རེད། བོད་མིའི་ལག་ཏུ་ཆོས་མེད་ན་གཡུ་འབྲུག་གི་ལག་གི་ནོར་བུ་ཤོར་ནི་དང་གཅིག་པ་རེད་རྡ། ཆོས་བོད་མིས་མ་བཟུང་ན་གཞན་གྱིས་མི་ཟིན་པའི་ས་ཚོད། ནོར་བུ་ལག་ཏུ་བཟུང་མཁན་དེ་ཡང་གཡུ་འབྲུག་མིན་ན་མི་མཛེས་ནིའི་དཔེས་མཚོན་རྒྱུའི་དུས་རབས་ཤིག་ལ་ཁེལ་ཡོད་ནི་རེད། དེའི་ཕྱིར་ན་བོད་བརྒྱུད་ནང་བསྟན་ཀྱི་ཆོས་དང་རིག་གཞུང་འདི། བོད་མི་རང་ཉིད་ཀྱི་གཅེས་པའི་སྲོག་ལས་ཀྱང་གནད་ཆེན་དུ་བཟུང་ནས། སྲུང་སྐྱོབ་རང་རྒྱུད་ནས་བྱེད་དགོས་གི། དེ་ལྟར་དགོས་དུས། བོད་མི་སེར་སྐྱ་ཕོ་མོ་རྒན་གཞོན་ལ་མ་ལྟོས་པའི་མི་རེ་ངོ་རེ་བཞིན་གྱིས། ཆོས་རིགས་གཞུང་གི་ཤེས་ཚད་རང་རྒྱུད་ནས་ཇེ་མཐོར་བཏང་སྟེ། བྱམས་སྙིང་རྗེའི་སེམས་དང་མི་འབྲལ་བའི་ཡ་རབས་ཀྱི་ཀུན་སྤྱོད་བཟང་པོ། གཞན་གནོད་གཞི་དང་བཅས་པ་སྤངས་ཤིང་། གཞན་ཕན་གཞི་དང་བཅས་པ་སྒྲུབ་པའི་བསམ་སྦྱོར་གཉིས་ཀ་དང་མ་བྲལ་ན། རང་ཤུགས་ཀྱིས་འཛམ་གླིང་མིའི་རིགས་ཀྱི་མིག་དཔེར་འཛིན་ས་ཞིག་ཏུ་འགྱུར་བས་མི་ཚད། བོད་མིའི་ཤེས་ཡོན་དང་གཤིས་བཟང་གི་བསམ་སྤྱོད་དེ་ལ་བརྟེན་ནས། གདུང་དྲུག་ཆོལ་གསུམ་གྱི་ཁ་ལས་རླུང་རྟ་རང་ཤུགས་ཀྱིས་དར་ཏེ། ངས་དུས་རབས་ཉེར་གཅིག་པའི་གངས་ལྗོངས་གཞོན་ནུའི་ཁྱུ་ཚོགས་ལ་སྤྲིངས་བའི་གཏམ་གྱི་ནང་དུ། འཕྲལ་སྐད་ཀྱི་སྟེང་ནས་བྲིས་པའི། རིན་ཐང་གཞལ་དུ་མེད་པའི་རིག་གཞུང་གིས། །ཀུན་ནས་ཕྱུག་པའི་བསིལ་ལྗོངས་ནོར་བུའི་གླིང་། །རང་གིས་རང་ཉིད་ལད་དུ་མ་འཇུག་དང་། །ས་ཡི་སྟེང་ན་དབུ་འཕང་ཡུན་དུ་མཐོ། །ཞེས་པ་ལྟར། ཆོས་རིག་གཞུང་དང་འབྲེལ་བའི་རང་གཤིས་བཟང་པོའི་ཕྱོགས་སུ་འཆོས་ཐུབ་ན། གངས་ཅན་བོད་མིའི་དབུ་རྣ་དང་འགྲོག་པའི་གངས་རི་དཀར་པོའི་མཚོན་རྟགས་ལ་འོད་ཟེར་རྒྱང་ནས་འཚེར་ནི་རེད་བསམ་ནི་རེད། རང་གིས་རང་ཉིད་ལད་དུ་འཇུག་སྤྱད་དེ་གང་རེད་ཟེར་ན། མ་རབས་ཀྱི་བསམ་སྤྱོད་གཉིས་ཀའི་དབང་དུ་ཤོར་སོང་བས་ལན་ནི་རེད། ཡ་རབས་མ་རབས་ཕྱེ་སྤྱད་དེ་སྤྱོད་པས་ཕྱེ་གི། ཡ་རབས་རིགས་ཀྱི་གདོང་ན་པདྨ་མེད། །མ་རབས་རིགས་ཀྱི་ཀླད་ན་རྭ་མ་སྐྱེས། །ཇི་ལྟ་ཇི་ལྟར་སྤྱོད་པའི་ཁྱད་པར་གྱིས། །འཕྱོན་མའི་བུ་ཡི་རིགས་རྣམས་གསལ་བར་འབྱེད། །ཅེས་གསུངས་ལྟར་རེད། སྤྱོད་པ་དེ་ཡང་བསམ་པའི་ཀུན་སློང་སྔོན་དུ་སོང་ནི་ཞིག་ཡིན་ན། བསམ་པ་བཟང་པོ་སྙིང་གི་བཅུད་དང་མི་འབྲལ་བའི་བོད་མི་རེ་རེའི་ཤེས་ཡོན་དང་འབྲེལ་བའི་ཀུན་སྤྱོད་དང་བསམ་པའི་དཔལ་ཡོན་དེ། མི་རིགས་གཞན་གྱི་མྱི་སུ་གཅིག་གིས་ཀྱང་བསྡུར་ཐབས་མེད་པའི་ཁྱད་ཆོས་ཁྱད་པར་ཅན་གྱི་མིག་ལྟོས་སུ་གཟེངས་སུ་ཐོན་པའི་ཐོག འཛམ་གླིང་མིའི་རིགས་ཀྱི་སྣེ་ཁྲིད་བྱེད་ཐུབ་པ་ཞིག་གི་གནས་བབ་ཀྱི་སྟེང་ནས། མ་འོངས་འོད་སྟོང་འཕྲོ་བའི་མདུན་ལྗོངས་མངོན་གྱུར་བྱེད་ཐུབ་ནི་རེད། རིན་ཐང་རང་ལ་ཡོད་ན་གོང་ཚད་མྱིས་བརྒྱག་གི། འབྲུ་སྔོན་མོ་རླུང་ལ་ཕྱར་ན་ཡག་བཙོག་རླུང་གིས་ཕྱེ་ནི་རེད། བོད་མི་བརྒྱ་ཆ་བརྒྱ་པོས། མྱི་གཅིག་བསམ་པའི་སེམས་འདྲ། རྟ་གཅིག་གོམ་པའི་འགྲོས་འདྲ་འདྲ་ཞིག་གིས། བསམ་བློ་བཏང་ས་གཅིག་གྱུར་དེའི་ཐོག་ནས། ཤེས་ཡོན་སྦྱང་བརྩོན་དང་བསམ་སྤྱོད་བཟང་པོའི་ཕྱོགས་སུ་སྒྱུར་རྒྱུའི་སེམས་ཐག་གཙང་མ་ཞིག་བཅད་ཐུབ་དར་རྒྱུའི་དབང་དུ་བྱས་ན། ཉི་མ་སྔ་དྲོ་ཞིག་གི་མགོ་འགབ་ནས། བོད་མྱི་ཟེར་ན་ལྷ་མྱི། འགྲོ་བ་མིའི་རིགས་ཀྱི་ཡར་འཐེན་གྱི་སྣེ་ཁྲིད་ཅིག་རེད་ཐུབ་ནི་རེད། དེ་ཙམ་མིན་རུང་། བརྒྱ་ཆ་ལྔ་བཅུའི་མི་གྲངས་དེ་བཟང་ཡོན་ཏན་ཅན་ཡིན་ན། དེ་མིན་ལྔ་བཅུ་པོ་ཅུང་ཟད་ཞན་ན་ཡང་། མྱི་རེས་མྱི་རེ་ཡ་རབས་ཀྱི་ལམ་ལ་བཞག་རྒྱུ་ཡིན་ན་ཡང་མ་འདྲ་བ་རེད་མོད་རྡ་། དེ་ཙམ་མ་འགྲུབ་ཀྱང་། ལུང་པ་རེའི་ནང་ན་སྡེ་ཤོག་ཚོ་བ་རེ། ཚོ་བ་རེའི་ཀླད་ན་མཆོད་གནས་ཀྱི་འདུས་སྡེ་རེ་ཡོད་ན། དགོན་ལི་རེའི་བླ་གྲྭས་སྡེ་བ་རེའི་མང་ཚོགས་མང་ཆེ་བ་ཡ་རབས་བཟང་པོའི་བསམ་སྤྱོད་ཅན་དག་དག་ཏུ་བསྒྱུར་ཐུབ་ན་ཡང་། ཆོས་ལྡན་དག་པའི་ཞིང་ཁམས། མྱིང་དང་དོན་མཚུངས་ནི་ཞིག་དང་། བསྟན་འགྲོའི་དོན་ཆེན་ངང་གིས་འགྲུབ་ནི་ཞིག་ཡོང་ནི་རེད། དེ་འདྲ་བྱས་ཏེ་ཐུན་མོང་གི་བྱ་བ་དེ་རེ་རེ་ཚོགས་པའི་ཐུན་མོང་གིས་མ་བསྒྲུབ་ཚེ། ངས་ང་ལ་ཁུར་ཐང་མེད་རྡ། ཁོས་ཁོ་ལ་ཁུར་ཐང་མེད་བསམ་ནས། ཚང་མས་ལན་བལྟས་བརྒྱབས་ནས་བསྡད་བཞག་དུས། འགྲུབ་ཡོང་བའི་དུས་ཚོད་ཅིག་དང་སྒྲུབ་ཡོང་བའི་མྱི་ཞིག་ཡོད་ནི་མ་རེད། ཕྱོགས་རེའི་འཐེན་ཁྱེར་དང་། རང་འདོད་སྒེར་གཅོད། ས་ཁུག་ཆུང་ཆུང་གི་གུ་དོག་གི་བློ་སྣས་ད་སྔའི་མྱི་ཐོག་སྔུན་མའི་བོད་རང་ཡུལ་ཕུང་རབས་གི་ལོ་རྒྱུས་ལྡོག་ཕྱོགས་ཀྱི་དཔེ་རུ་བཟུང་ནས། མེ་ཏོག་གང་ལ་ཕོགས་པའི་ལྷ་སྐལ་ལས་ཀྱི་འབྲེལ་བ་ཡོད་སའི། ནང་མ་རེའི་རྗེས་ན་བུ་རེ་ཡོད་རྒྱུའི་རང་ལུགས་ཆོས་ཀྱི་བརྒྱུད་པའི་ཕྱག་བཞེས་མི་ཉམས་པའི་ཐོག་ནས། རིས་མེད་བསྟན་པའི་ལ་རྒྱ་ཕྱི་རུ་གཡང་དཀར་ཁྱུ་གཅིག་གི་ཐུན་མོང་སྤྱིའི་མགོ་རྣ་མཉམ་དུ་འཚོས་ན། ཕྱི་ནང་མེད་པའི་གྲོད་པུ་དང་། ཁ་མཐིལ་མེད་པའི་ཧོ་བུད་ཀྱི་རག་དུང་། འཇིག་རྟེན་ཁམས་ལ་ཡོད་ནི་འདྲ། ཅང་གི་གྲབ་ཏུ་མེད་ནི་འདྲ་དེ་འདྲ་དག་དག་མ་ཡིན་པའི་བོད་མི་ཚད་ལྡན་བསམ་ཤེས་ཅན་ཞིག་གི་གྲབ་ཏུ་འགྲོ་གི་བསམ་གི། དེ་ལྟར་རང་གི་མདུན་ལམ་རང་གིས་འཚོས་ཏེ། མ་འོངས་གསར་པའི་སྤྱིའི་མདུན་ལམ་མངོན་གྱུར་བྱ་རྒྱུ་ལ། མི་བརྒྱ་བསམ་པ་གཅིག་གྱུར་གྱི་མཐུན་ལམ་དང་ཐབས་མཁས་བློ་ཡི་ནུས་པ་དང་ལྡན་པའི་རྣམ་དཔྱོད། ནམ་ཡང་ཞུམ་པ་མེད་པའི་སྙིང་སྟོབས་ཏེ་དེ་དག་ངེས་པར་དུ་འཛོམས་དགོས་གི། རྙིང་ཞེན་རྨོངས་འཁུམ་གྱི་ཀླད་རྙིང་དོར་དགོས་ནི་རེད་རྡ། ཡ་རབས་མེས་པོའི་སྲོལ་རྒྱུན་མི་ཉམས་པར་འཛིན་དགོས་གི། གནས་ཚུལ་གསར་པའི་སྤྱི་ཚོགས་འཕེལ་རིམ་གྱི་རྗེས་དོས་དགོས་ནི་རེད་རྡ། རང་ཚུགས་བྱ་བའི་འཛིན་སྟངས་ཀྱི་ཁ་ཕྱོགས་ནོར་མི་ཉན་གི། རང་རེས་ད་ལྟའི་གནས་སྐབས་སུ་བྱ་བ་འགའ་རེའི་ཐད་ནས་སྣང་མེད་དུ་ཤོར་བ། མ་འོངས་ཕྱི་རབས་ཀྱི་བསྟན་དང་འགྲོ་བར་ཕན་གནོད་ཆེན་པོ་གཏུག་སྤྱད་རེད་རྒྱུ་ཡོད་ནི་རེད། ཆོས་གྲོགས་ནམ་པ། རྒྱལ་བསྟན་དྲི་མ་མེད་པ་དྭངས་གཙང་གིས་འཛིན་རྒྱུའི་ལམ་ལ་འགྲོ་བཞིན་པའི་གནས་སྐབས་ན། འདྲ་གཉིས་ནོར་དོགས་ཡོད་པའི་ལམ་གྱི་བཞི་མདོ་ལ་སླེབ་སྐབས། འཕྲང་འགག་སྒོ་བསལ་རྒྱུ་ཞིག་ལ། བླུན་པོ་དབང་འབྱོར་ཅན་གྱི་དབང་འོག་ཏུ་ནམ་ཡང་མི་འཛུལ་བའི་དཔའ་ཚོད་དང་ཆོད་སེམས་ཡོད་དགོས། ཁྱད་པར་དུ་བསྟན་འཛིན་ཟོལ་མས་བསྟན་པ་མགོ་ནས་བཤིགས་གི་བསམ་ན། གདུགས་དགུ་བརྩེགས་ཀྱི་མར་འོག གསེར་ཁྲི་སུམ་བརྩེགས་ཀྱི་ཡང་སྟེང་ན་ཡོད་རུང་ཕབ་འཇོག་ཆད་དགོས་ནི་རེད། དེ་དུས་བསྟན་པ་དང་སྟར་ཤ་བརྗེ་འཇོག་མི་ཉན། དེ་བརྗེས་ན་ལོ་རྒྱུས་ཀྱི་ནག་ཉེས་ཅན་དུ་ཁེལ་སྲིད། བསྟན་དོན་གལ་ཆེན་དང་འཕྲད་དུས་སྒེར་གྱི་ཉེན་ཁ་ལ་འཛེམ་རྒྱུ་ཡོད་ནི་མ་རེད། ཤི་རྒྱུ་ལ་སྐྲག་ན་དཔའ་བོ་ཅི་ལ་ཐོགས། སྒེར་དོན་ཆུང་ཆུང་གི་ཉེན་ཁ་ཞིག་ལ་འཛེམ་ནས་བསྟན་དོན་ཆེན་པོའི་བྱ་བཞག་བརླག་བཞག་ན། དེ་མཁས་མཛངས་ཅན་ག་ལ་ཡིན་ཏེ། ལྷག་བསམ་རྣམ་དཔྱོད་ཅན་དེ་བས་མ་རེད། ནད་ཤ་སྐྲན་མགོ་ནང་གིས་མི་ཚད་མྱིག་ནང་ན་ཡོད་ཀྱང་ལེན་འཇོག་དགོས་མ་གཏོགས། གང་འཚམ་ནས་སྲོག་ལ་གཟན་ཡོང་། དེ་འདྲ་དེས་མྱི་གཅིག་གི་མྱི་ཚེས་མི་ཚད་མྱི་ཐོག་མང་པོའི་ལོ་རྒྱུས་བརྫད་ཡོང་། མཁས་པ་ཡོན་ཏན་ཅན་གོང་དུ་བཀུར་རྒྱུའི་བློ་སྟོབས་དང་ནུས་པ་ཡོད་དགོས་ནི་རེད། དམ་པའི་ཚུལ་དགུའི་ཡོན་ཏན་ཅན་སློག་རིས་ཐེད་པོའི་འོག་ཏུ་ཡོད་ན་ཡང་བཀྱག་ཤེས་དགོས། ནོར་བུ་རྫབ་དོང་གི་ནང་ན་ཡོད་ཀྱང་། ཡར་ལ་བླངས་ནས་རྒྱལ་མཚན་གྱི་རྩེ་མོ་རུ་མཆོད་དང་། དགོས་འདོད་ངང་གིས་འབྱུང་ནི་རེད། དེ་ལྟར་བཟང་ངན་གཉིས་ཀ་ནོར་བུ་ཆུ་དྭངས་ཀྱི་ཚུལ་དུ་དབྱེ་བ་འབྱེད་རྒྱུ་དེ། མཁས་པའི་དམ་བཅའ་དང་པོ་རུ་བཟུང་སྟེ། འཇུག་ལྡོག་གནད་ཀྱི་སོ་མཚམས་མི་ནོར་བར་བརྩོན་པ་བསྐྱེད་ན། གཙུག་ལག་ཟུང་གི་བྱ་བ་གང་ཡིན་རུང་མི་འགྲུབ་རྒྱུ་ཞིག་སྲིད་པ་འདི་ན་ཡོད་ནི་མ་རེད། དང་ནས་དམན་ལམ་བསྙགས། རང་གིས་རང་ལ་སྒྱིད་ལུག་བྱས་བསྡད་ན་མ་ཁ་ཤི་ལོས་འགྲོ། དེས་ན་མགོ་དང་མ་ནས་མྱིག་ཆུང་ཆུང་ཞིག་གིས་ཐག་ཐུང་ས་ཞིག་ལ་བལྟས་ནས། ཕྱོགས་རེའི་ལྟ་གྲུབ་ཀྱི་ཁ་འཛིན། ནང་འགྲས་ཀྱི་གཞི་ཞིག་འཚོལ་གི་མི་འདུག་ནས། བསྟན་པ་ཡོངས་རྫོགས་ཐུན་མོང་གིས་སྲུང་རྒྱུའི་རྣོ་སོ་ཅི་ཡོད་ཕྱི་ལ་བསྐོར་དགོས་ནི་རེད། ཡིག་འབྲུ་ཁ་ཤས་འབྲི་ཤེས། ཚིག་ལྷུ་འགའ་རེ་སྒྲིག་ཤེས་པ་དང་། དམ་པ་གོང་མའི་གསུང་ཐམས་ཅད་འགལ་འདུ་ཅན་དུ་བཀྲལ་ནས། རང་ཉིད་མིན་པ་ལ་ནག་བཙུགས་ཏེ་ཕར་ལ་གཏོར་བ་ལས། དགོངས་པ་ཐམས་ཅད་འགལ་མེད་གནད་གཅིག་ཏུ་འདུས་ལུགས་ཚུར་ལ་སྒྲུབ་ཤེས་པ་གྱིས་དང་། གསར་གཏོད་ཀྱི་ལག་རྗེས་ཕན་ཐོགས་ཅན་དེ་རེད། དེའི་རིགས་ཀྱིས་དེབ་ཅིག་བྲིས་པ་དེ་ཤོག་ཉོབ་བཞག་ས་མི་ལོན་པའི་ཁུར་དུ་འགྲོ་ནི་མ་རེད། ཆོས་སྲིད་གང་གི་ཐད་ནས་ཡིན་ན་ཡང་མཐུན་པ་གཅིག་ཏུ་བསྡམས་ན། ཐུན་མོང་ལ་ཕན་ཐོགས་ཡོད་པའི་དུས་ཚོད་རེད། མང་པོ་གཅིག་ཏུ་བློ་མཐུན་ན། །ཉམ་ཆུང་གིས་ཀྱང་དོན་ཆེན་འགྲུབ། །སྲོག་ཆགས་གྲོག་མའི་ཚོགས་འདུས་པས། །སེངྒེའི་ཕྲུ་གུ་བསད་ཅེས་གྲགས། །གསུངས་པ་ལྟར་རེད། གཅིག་ཅུང་ཟད་གོང་དུ་བུད་གི་བསམ་དུས། དེ་ལ་ནང་ངན་དང་ཕྲག་དོག་བྱས་ཏེ། འོག་གི་མྱིས་དེ་མར་ལ་འཐེན། གོང་གི་མྱིས་དེ་ཡར་ལ་འཕར་གི་མ་གཞུག་དུས། རང་གཞན་གཉིས་ཀ་ངོ་ཤོར་བ་ཞིག་བྱས་ནས་གནམ་བལྟས་བྱེད་འདུག་དགོས་རྒྱུ་འདི། དེ་སྔའི་མྱི་ཐོག་ཁ་ཤས་རེ་ལ་དེ་འདྲ་བྱས་པས་ལན་ནི་རེད། གོ་སུས་ཆོད་ན་ཆོད་ནི་རེད། དཔའ་སུས་བྱས་ན་བྱས་ནི་རེད། གེ་སར་སྐྱེས་ན་གླིང་གི་བུ། རྒྱ་ཚ་སྐྱེས་ན་གླིང་གི་བུ་རེད། གོ་ཆོད་ཇི་ཙམ་མང་ན་རང་གཞན་ཚང་མའི་རྒྱན་རེད། དེ་ཙམ་ཕན་ཐོགས་ཅན་གྱི་ལག་རྗེས་མང་ཡོང་ནི་རེད། འཇིག་རྟེན་རྒན་པོའི་ཁ་རྒྱུན་ལ། སྒང་མཐོ་སར་བུད་ནས་ཐང་ཆེ་སར་ལྟོས།། སེམས་དྲང་མོ་བཟུང་ནས་དོན་ཆེན་པོ་སྒྲུབས།། ཞེས་ཟེར་སྲོལ་ཡོད། ཁོང་ཡངས་ཀྱི་བློ་རྒྱ་མི་ཆུང་ནི་ཞིག་མ་བསྐྱེད་ན། རྒྱང་རིང་གི་དམིགས་འབེན་ཡོད་པའི་བྱ་བ་ཆེན་པོ་ཞིག་འགྲུབ་དཀའ་ནི་རེད། མདོར་ན་བོད་གངས་ཅན་གྱི་ལྗོངས་སུ་དར་བའི་མདོ་སྔགས་གཉིས་ལྡན་གྱི་རིང་ལུགས། རྒྱ་ཟངས་འོ་མ་ལ་ཁ་མཐིལ། བུ་རམ་སྒོར་མོ་ལ་དཀྱིལ་ཟུར་མེད་པའི་བསྟན་པ་གྲུ་བཞི་ལམ་མེ་བ། རྒྱུད་ལུང་མན་ངག་གི་མངའ་བདག་གསང་ཆེན་སྔ་འགྱུར་པ། སྒྲུབ་བརྒྱུད་བསྟན་པའི་བཀའ་བབ་འགྲོ་མགོན་བཀའ་བརྒྱུད་པ། ལུང་རིགས་བཤད་སྒྲུབ་ཀྱི་བདག་པོ་དཔལ་ལྡན་ས་སྐྱ་པ། རྒྱལ་བསྟན་ཡོངས་རྫོགས་ཀྱི་མཛེས་རྒྱན་རི་བོ་དགེ་ལྡན་པ་ལ་སོགས་པ། སྟོན་པ་གཅིག་གི་རྗེས་སུ་ཞུགས། བསྟན་པ་གཅིག་གི་ཉམས་ལེན་ལ་གནད་དུ་འཛིན་པའི། གངས་ལྗོངས་བསྟན་པ་ཡོངས་རྫོགས་མི་ཉམས་ཕྱར་བ་གྲུ་འདེག་གིས་མཉམ་གཅིག་ཏུ་བཟུང་ནས། གདོང་དྲུག་ཆོལ་ཁ་གསུམ་གྱི་བོད་མི་སྤུན་ཟླ་ཐམས་ཅད་པོ། མཐུན་སྒྲིལ་གོང་བུ་གཅིག་གྱུར་སྲ་བརྟན་གྱི་ཐོག་ནས། ཁ་ལས་རླུང་རྟ་དར། དབང་ཐང་དཔལ་ཡོན་རྒྱས། གཞི་བྱེས་མཉམ་དུ་འཛོམས་ཏེ། བསྟན་དང་འགྲོ་བའི་ངལ་འཚོའི་དབུགས་འབྱིན་ཐོབ་ཐབས་བྱེད་རྒྱུ་དེ། དམིགས་ཡུལ་རེ་འདུན་གཉིས་ཀ རེ་སྨོན་ཁ་ནས་ཤོར་ནི་རྡ་གསུམ་པོ། སྙིང་ཉེའི་སྤུན་ཟླ་མཉམ་དུ་འཛོམས་སྐབས་སུ་འདི་ན་མེད་ནི་ཚོ་ལ་སྐད་བསྐུར་དང་ལྷན་དུ། གཏམ་ལྷད་མེད་གང་དྲན་བྱུང་རྒྱལ་གྱིས་ཞུས་པ་དེ་འདྲ་རེད། ད་ཡང་འདུས་པ་ཐམས་ཅད་མི་རྟག་འབྲལ་བའི་ཆོས་ཅན་ཡིན་ཡང་། འབྲལ་བ་མི་རྟག་སླར་ཡང་འཛོམས་རྒྱུའི་རྟེན་འབྲེལ་གྱིས། ཐེངས་རྗེས་མའི་སེམས་བསྐྱེད་འབུམ་མཆོད་ཆེན་མོ་རྣམ་པ་ཇི་ལྟར་འཚོགས་མིན་ལ་མ་ལྟོས་པར། སླར་ཡང་འཛོམས་པའི་བཀྲ་ཤིས་སྨོན་ལམ་གྱི་ཚིགས་སུ་བཅད་པས་མཐའ་བརྒྱན་ཏེ་གྱེས་ཕྱག་འབུལ་ནི་ཡིན།།
བཀྲ་ཤིས་ཡ་མཚན་འབུམ་གྱི་རླབས་ཕྲེང་གཡོ།།
བདེ་ལེགས་བསོད་ནམས་བྱེ་བའི་གཏེར་མཛོད་མཛེས།།
མཆོག་གསུམ་ཉི་ཟླའི་སྣང་བརྙན་རྟག་བཀྲ་བའི།།
ངོ་མཚར་མཆོད་སྤྲིན་རྒྱ་མཚོ་སྲིད་འདིའི་རྒྱན།།
ལེགས་བྱས་ཆ་ཡིས་བསགས་པའི་ཉ་གང་ཟླ།།
ལྷག་བསམ་རེ་སྨོན་དཀར་པོའི་རང་མདངས་ཅན།།
དེང་འདིར་རླབས་ཆེན་བསྟན་འགྲོའི་ཉེར་འཚོའི་གཞིར།།
གྲུ་འཛིན་མགོན་དེའི་ཐུགས་བསྐྱེད་བཞིན་འགྲུབ་ཤོག།
སྟོན་དང་བསྟན་པ་གཅིག་པའི་ཆོས་ཀྱི་མཆེད།།
ཕ་གཅིག་སྤུན་ལས་ལྷག་པའི་གཡར་དམ་ཅན།།
མཛའ་བ་མི་ཕྱེད་དམ་བཅའི་གཡུང་དྲུང་རིས།།
ཕྱི་མའི་མཐར་ཡང་ཉམས་པ་མེད་གྱུར་ཅིག།
རྒྱལ་བསྟན་ལུང་དང་རྟོགས་པའི་མཆོད་སྡོང་ཆེ།།
བཤད་དང་སྒྲུབ་པའི་སྲི་ཞུས་རྟག་མཛེས་པའི།།
མ་སྨད་སྙན་པ་སྟོང་གི་འཛུམ་དཀར་གཟི།།
ལྷུན་བརྗིད་གངས་རིའི་དཔལ་དང་རྟག་འགྲོག་ཤོག།
ལས་ཀླུང་སྟོབས་སུ་བདོ་བའི་བསོད་ནམས་ཤུགས།།
དབང་དྲག་གློག་གི་ཞགས་པ་དང་འགྲོག་པས།།
ཕྱོགས་དང་དུས་ཀྱི་ཐ་གྲུ་ཀུན་བཟླུམ་པའི།།
འཕྲིན་ལས་མུ་ཁྱུད་གསར་པས་མཛེས་གྱུར་ཅིག།
དྭངས་གཙང་བསྟན་པའི་སྲོག་གི་རྫོང་བཙན་པའི།།
མཁས་བཙུན་བཟང་པོའི་རིག་སྔགས་མེ་ཆེན་གྱིས།།
རྟགས་ལ་རེ་བའི་བསྟན་སེལ་ཆོམ་པོའི་རིགས།།
མཐར་བྱེད་དྲང་སྲོང་ཁྲོས་པའི་རིག་སྔགས་ངོམ།།
རྩོད་དུས་སྙིགས་མ་ལྔ་ཡི་རང་མཚང་གིས།།
ལས་ཀྱི་མཚན་མོར་ཕྱོགས་པའི་ཐུན་མཚམས་སུ།།
བསོད་ནམས་སྐྱ་རེངས་གསར་པས་མ་བཏང་བའི།།
རྒྱལ་བསྟན་ཉིན་བྱེད་འོད་སྣང་རྟག་འཆར་ཤོག།
མཐུན་པར་འགྲོག་པའི་ས་སྟེང་རྐང་གཉིས་ཁྱུ།།
གཞན་ཕན་སེམས་ཀྱི་བདུད་རྩིས་གཏན་འཚོ་ཞིང་།།
ཆོས་བཟང་ཐར་པའི་གྲུ་ལ་མཉམ་ཞུགས་ནས།།
ཕན་བདེའི་དགའ་ཚལ་མཆོག་ལས་ཉམས་མ་གྱུར།།
རྙོགས་བྲལ་དམིགས་པ་དག་པའི་ཡོངས་བསྔོའི་མཐུས།།
སྲིད་ཞིའི་ཕུན་ཚོགས་མགྲོན་དུ་བཀུག་བྱས་ཏེ།།
ཀུན་ཏུ་བཟང་པོའི་སྨོན་པར་རྗེས་ཕྱོགས་པའི།།
ས་གསུམ་དགེ་བའི་ཤིས་པ་དེང་འདིར་སྒྲུབས།།
ཐུབ་བསྟན་པདྨའི་འོ་མཚོར་མཉམ་རོལ་བའི།།
བརྩེ་བའི་གྲོགས་དང་འབྲལ་ཁའི་ངང་མོའི་ཁྱུས།།
ནམ་ཞིག་པདྨས་མཚན་པའི་དགའ་ཚལ་འདིར།།
མི་འབྲལ་སླར་ཡང་འཛོམས་པའི་གྱེས་ཕྱག་འབུལ།