གཏན་ལེགས་འདུན་མ་གྲོས་སུ་འདེབས་པའི་གཏམ་ཐུང་།
གང་ཐུགས་མཁྱེན་པའི་ཉི་མས་ལན་བརྒྱར་ཡང་།། མ་བཏང་བརྩེ་ཆེན་སྣང་བས་རབ་འཁྱུད་པ།། མཚུངས་མེད་འདྲེན་པ་འཇིགས་བྲལ་བླ་མ་དེས།། བདག་དང་ཁྱོད་བཅས་འབྲལ་མེད་རྟག་ཏུ་སྐྱོངས།། ཡིད་ཀྱི་ཆུ་གཏེར་འཕྱོ་བའི་ཀུན་རྟོག་རླབས།། སྣ་ཚོགས་གྱ་གྱུའི་རི་མོ་བགྲང་འདས་ཀྱང་།། གཏན་ལེགས་འདུན་མ་གྲོས་སུ་བགྲོ་བའི་གཏམ།། སླར་ཡང་གཞོན་ཆུང་ཁྱེད་ཕྱོགས་ཅུང་ཟད་མོལ།། འདི་ན་སྲིད་རྩའི་གདོན་གྱིས་རིང་བཏབ་ཅིང་།། ལས་ཉོན་སྒྲོག་གིས་འཆིང་བའི་མར་གྱུར་འགྲོ།། ཐོག་མཐའ་དབུས་བྲལ་སྲིད་པའི་ཁྲི་མུན་ལས།། སྒྲོལ་འདི་ཐོག་མའི་གཏམ་གྱི་གླེང་བའི་སྒོ།། ལྷ་ཡུལ་ལྷ་ཡི་དཔལ་ལས་མངོན་མཐོ་ཞིང་།། ལྷ་དང་མི་ཡི་འབྱོར་བས་བསྒྲུན་མིན་པའི།། ཚངས་སྤྱོད་ངུར་སྨྲིག་གསར་པའི་བླ་གོས་མཆོག། རྟེན་འདིར་ཐོབ་པ་མ་སྨད་བསོད་ནམས་འབྲས།། ལེགས་དང་ཉེས་ཞེས་བྱ་བ་ལྟོས་གྲུབ་ཆོས།། བཟང་ངན་བླང་དོར་བློ་ཡི་འཇུག་ལྡོག་ཙམ།། དེ་ཕྱིར་ལེགས་བྱས་ལུགས་ཟུང་བྱེ་བའི་སྒོ།། འབྱེད་ལ་དམ་པའི་གཞུང་གི་ལྡེ་མིག་ཚོལ།། ཆུ་ལས་འོ་མ་འབྱེད་པ་ངང་པའི་བུ།། དལ་རྟེན་སྙིང་པོ་ལོན་པ་མཁས་པའི་ཕུལ།། ནམ་ཞིག་གཏན་གྱི་འདུན་མ་མ་ཉེས་ན།། ལུགས་གཉིས་སྲོལ་ལས་དྲ་མའི་ཡང་རྩེར་བརྩི།། བྱིས་གཞོན་དར་རྒུད་ལང་ཚོའི་རྣམ་འགྱུར་གྱིས།། ནང་དུ་བློ་ཡི་འགྱུར་བག་བགྲང་ཡས་ཀྱང་།། འདུན་ཕུགས་ཆོས་ལ་འཆའ་བའི་ཆུ་མིག་རྒྱུན།། སྡིག་གྲོགས་ཡུར་བའི་ཕྱོགས་སུ་མ་འགྲོ་ཀྱེ།། སྲིད་འབྱོར་དབྱར་གྱི་རྩྭ་བཞིན་སྙིང་པོ་མེད།། ཆོས་བརྒྱད་འཕྲལ་སྣང་བདེ་སྟེ་བསླུ་བའི་ཆོས།། གང་ལའང་ཞེན་མེད་ཆོག་ཤེས་དམ་པའི་ནོར།། སྔར་ཞིག་རྒྱལ་བའི་སྲས་ཀྱི་སྤྱོད་ཡུལ་ལགས།། དགྲ་ཞེས་རྩོད་ཟླ་མི་འཚོལ་མི་མཛའ་མེད།། གྲོགས་ཞེས་སྙིང་ཉེ་མ་བསྲེལ་རྣམ་གཡེང་ཆུང་།། ཆགས་སྡང་འདུ་འགོད་བྱ་བྲེལ་ཀུན་བསྐྱུང་ན།། རང་གི་རང་ཚུགས་གསེར་བཞིན་ལྷམ་མེར་གསལ།། དྲང་པོ་མི་ཡི་སྲིད་ལུགས་ལེགས་བསྐྱང་ན།། ལྷ་ཆོས་ལྷ་ཡི་སྲོལ་དང་མི་འགལ་ཕྱིར།། ཡ་རབས་དྲ་མའི་སྤྱོད་དང་རྗེས་བསྟུན་པ།། དྲན་ཤེས་ལྡན་པ་མིག་གི་བདུད་རྩིར་མཐོང་།། ཕྱོགས་རེའི་ཁ་འཛིན་ཆགས་སྡང་རིས་སུ་བཅད།། དོན་ཆུང་གཙིགས་སུ་འཛིན་པའི་གུ་དོག་བློ།། སྤངས་ནས་མཐོང་བ་ཡངས་པའི་སྒོ་ཕྱེས་ཏེ།། དུས་གསུམ་གནད་ཀྱི་མེ་ལོང་བྱི་དོར་བགྱིད།། སྐྱོ་སུན་འཇིགས་སླ་ལྦུ་བ་ལྟ་བུའི་སེམས།། ཆེན་པོ་སྒྲུབ་པའི་སྣོད་དུ་རུང་མིན་པས།། མི་ཤིགས་སྙིང་སྟོབས་བརྟན་པོ་མེད་གྱུར་ན།། ལུགས་གཉིས་བྱ་བ་འགྲུབ་པའི་དཔེ་མ་མཆིས།། མནོག་ཆུང་ཚེ་འདིའི་བྲེལ་བས་གཡེང་ཆེ་ན།། དོན་ཆེན་ཕྱི་མའི་སོ་ཚིས་བརླག་པས་ཉེན།། རང་དོན་འབའ་ཞིག་གཉེར་པའི་བློ་ཆུང་གིས།། གཞན་དོན་ལྟ་ཞིག་རང་དོན་འགྲུབ་མི་འགྱུར།། དེ་ཕྱིར་གཞན་ཕན་དག་པས་ཉེར་དྲངས་ཏེ།། ནམ་མཁའ་ཇི་སྲིད་འགྲོ་ཁམས་མ་རྫོགས་པར།། མར་གྱུར་འགྲོ་འདི་སྐྱོབ་ལ་མི་སྐྱོ་བ།། དཔའ་ཆེན་སེམས་དཔའི་རྣམ་ཐར་མཆོག་ལ་སློབས།། ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ཞེས།། དམ་པས་ཡང་ཡང་བསྔགས་པའི་ནོར་བུའི་མཆོག། རང་ལ་ཡོད་པ་གཞན་ལ་མི་རེའི་ཕྱིར།། བརྩོན་པས་བྱི་དོར་བགྱི་བ་སྙིང་གི་གཏམ།། མཐའ་ཡས་ཤེས་བྱ་རྒྱ་མཚོའི་ཆུ་བོའི་གཏེར།། རྣམ་དཔྱོད་ཧུབ་ཀྱིས་འཐུང་ལ་ཞུམ་མེད་པའི།། ཐོས་བསམ་མཁྱེན་རྒྱ་མཁའ་ཡི་མཐས་གཏུགས་ན།། ཕྱི་ནས་ཆོས་ཀྱི་ཁྲི་ལ་མངོན་པར་མཐོ།། ཡུན་ཐུང་མི་ཚེའི་བགྲོད་པ་རབ་མྱུར་བས།། སྐད་ཅིག་སྐར་མའི་ཆར་ཡང་ལོངས་མེད་ན།། ནོར་ཕྱིར་རྒྱ་མཚོར་ཞུགས་པའི་དེད་དཔོན་བཞིན།། གང་ཞིག་ལེགས་པ་དུས་སུ་འདམ་པ་གཅེས།། ཉམ་ཆུང་བྱེའུས་མཁའ་མཐའ་མི་དཔོག་ཅིང་།། གཞན་ཕན་རྒན་མོའི་བསམ་བཟང་ཆོད་ཆུང་བས།། སྙིང་སྟོབས་བརྟན་པོའི་སྲོག་གི་ཀ་བ་ལ།། ལུང་རིགས་བཙན་པོའི་ཡ་ལད་བསྒོ་བ་མཆོག། རྒུད་ཚེ་གཉེན་ཡང་འབྲོས་ཤིང་དར་བའི་མོད།། དགྲས་ཀྱང་འདུད་པ་འཇིག་རྟེན་ཆོས་ཉིད་ཕྱིར།། རང་ལ་གཅེས་པ་གཞན་ནས་མི་སྲིད་ན།། རང་དྲིན་རང་ལ་ཆེ་བ་གདམས་པའི་མཐིལ།། ཀུན་དང་སྔར་འདྲིས་ལྟ་བུས་མཐུན་པར་འགྲོགས།། སུ་ལའང་རང་རྒྱུས་མ་འཆོར་བློ་འཁེལ་དཀོན།། དམ་པའི་མགོན་དང་ཆོས་མཐུན་གྲོགས་པོ་ལས།། མཛའ་བཤེས་གསུམ་པ་ཆགས་སྡང་འབྱུང་བའི་གཞི།། ཐམས་ཅད་མགུ་ཐབས་མེད་པས་ཁད་ཀྱིས་སྐྱུར།། གྲོགས་ཀྱི་མཐུན་འཇུག་སྒྲུབ་པ་ངལ་བའི་རྒྱུ།། དབྱིངས་ནས་རྒྱལ་བའི་ཐུགས་ཀྱིས་མི་ཁྲེལ་བའི།། རང་བློ་མགུ་ན་ཡོངས་འཛིན་དམ་པ་ཡིན།། རྟག་ཏུ་རྒྱུད་དུལ་རང་གཞན་དགེ་ལ་སྦྱོར།། གཡོ་དང་སྒྱུ་མེད་དྲང་པོའི་ངག་གིས་འཚོ།། རང་ཚུགས་མི་ཤོར་དམ་པའི་ལྷ་གྲལ་བསྙེགས།། ཡ་རབས་སྐྱེ་བོ་འཕགས་པའི་ལམ་སྟེགས་ཡིན།། བརྟན་དང་གཡོ་བ་འདི་ཀུན་སྙིང་པོ་མེད།། བླ་སློབ་འདུས་ཤིང་ཚོགས་པ་སྐད་ཅིག་ཙམ།། མི་བརྟན་འགྱུར་བའི་ཆོས་ཀྱིས་ཡིད་དབྱུང་ནས།། རྟག་ཏུ་འཆི་བ་སེམས་པ་མཁས་པའི་ཚུལ།། རྟོག་གེ་མགོ་མཁྲེགས་སྣང་བ་འགལ་འདུ་ཅན།། གདེང་མེད་རྣལ་འབྱོར་མུན་པའི་ཨོ་ཟོབ་ཅན།། མཐའ་གཉིས་སྤང་བ་དྲང་སྲོང་རྗེས་འགྲོ་བའི།། ཐར་བའི་ལམ་སྟོན་ས་མཁན་བཟང་པོ་ཡིན།། སྲིད་རྩ་མ་རིག་ཉོན་མོངས་ཀྱིས་བསྐྱེད་པའི།། ལྷན་སྐྱེས་ངར་འཛིན་དགྲ་ཆེན་གཞོམ་པ་ལ།། བདག་མེད་རྟོགས་པའི་ཤེས་རབ་གཉེན་པོའི་མཚོན།། ཐོས་པས་བསྟེན་པ་མ་འཆོལ་ཐོག་མའི་ལས།། ལུང་དང་རིགས་པས་ལེགས་གྲུབ་ལྟ་བའི་གནད།། མ་ནོར་གཏན་ལ་འབེབས་པའི་བློ་ཡི་མིག། ཟབ་མོ་དབུ་མའི་གཞུང་ལ་འདྲིས་བྱས་ཏེ།། སྤྲོས་བྲལ་ནང་གི་དེ་ཉིད་མཐོང་ལ་འབད།། ཐོག་མར་ཐོས་པ་ཕྱོགས་མེད་བཙལ་བྱ་ཞིང་།། ཐོས་དོན་རྒྱུད་ལ་སྦྱོར་བ་བསམ་པའི་རབ།། བསམ་དོན་རྩེ་གཅིག་སྒོམ་པ་མཐར་ལམ་སྟེ།། མཉན་བསམ་སྒོམ་པ་གོ་མ་ལོག་པར་འཚལ།། ཡོངས་རྫོགས་རྒྱལ་བསྟན་ལྷ་ལམ་ཡངས་པོའི་གཞིར།། ཟབ་ལས་ཆེས་ཟབ་ཐེག་རྩེའི་ཉིན་བྱེད་དབང་།། ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་བརྒྱུད་པའི་སྲོལ།། མཐར་ཐུག་ལྟ་བའི་འཁྱེར་སོ་དེ་རུ་སྐྱོལ།། སྣང་བཞི་མཐར་ཕྱིན་རྟོགས་པའི་ཕ་ཕོགས་ཐོབ།། ཟད་པའི་སར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས།། རིག་འཛིན་བརྒྱུད་པའི་གྲལ་ན་ཆེས་མཛེས་པ།། ཕ་རྗེས་བུ་ཡིས་བསྙེག་འདི་རིགས་ཀྱི་ལས།། གཞུང་ལུགས་གདམས་པར་ཤར་བའི་ཉམས་ལེན་གནད།། ངེས་ཤེས་ནང་ནས་འདྲོངས་པའི་གདེང་ལྡན་ན།། སྲིད་དང་ཞི་བར་རེ་དོགས་གཏན་བྲལ་བས།། རིག་སྟོང་རྗེན་པའི་རང་ཞལ་རྟག་ཏུ་མཐོང་།། མི་ཆོས་མ་ཕེར་ལྷ་ཆོས་ཡས་ལ་བོར།། རང་ཉིད་མགོ་འཁོར་གཞན་ལ་ལམ་རྒྱུས་སྟོན།། ལོག་པའི་ས་མཁན་བདུད་ཀྱི་བཤེས་གཉེན་ཏེ།། བདག་དང་བདག་འདྲར་ཕྱིན་ཆད་གྲོས་མ་འདྲི།། གང་ཁྱེད་སྔར་བསགས་བསོད་ནམས་བྱེ་བའི་རྒྱུས།། རིགས་གཟུགས་ལང་ཚོ་མི་དམན་ཤེས་རབ་མྱུར།། བསླབ་བརྩོན་ཐོས་བསམ་འབད་པ་རྒྱུན་བསྐྱང་ན།། ཕྱི་ནས་བསྟན་སྲོག་འཛིན་ལ་ཉམ་མི་ང་།། མཁའ་དཀྱིལ་ཉི་ཟླས་གསལ་བའི་ཡངས་པའི་གཞིར།། སྣ་ཚོགས་ལས་ཀྱིས་འབྱོར་ཕྱུག་ཐ་དད་ཀྱང་།། འཆད་རྩོད་རྩོམ་ལ་ཐོགས་མེད་མཁས་པའི་ཁྲི།། བདག་གིར་བྱེད་པའི་རང་དབང་ལག་ན་གནས།། དེང་དུས་རྒྱལ་བསྟན་ཉི་མ་ནུབ་རིར་ཕྱོགས།། ངན་རྟོག་འབྱུང་པོའི་བྱ་ཡི་སྐད་གསང་མཐོ།། བསྟན་འཛིན་ཟོལ་མས་བསྟན་སེལ་སློང་བའི་ཚུལ།། བསམ་ནས་སྙིང་ལ་རུས་པ་བསྐྱེད་ཅིག་ཨང་།། ངེས་འབྱུང་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་ཤིང་།། ནང་དུ་ཏིང་འཛིན་མི་གཡོ་བྱམས་ལ་གནས།། ཤེས་རབ་ཆེན་པོས་རྨོངས་ཚོགས་གཏན་གཞོམ་པའི།། དགེ་བའི་དཔལ་གྱིས་གྲོགས་ཁྱོད་རྟག་སྲུངས་ཤོག། གཏམ་འདི་གཞན་གྱིས་མཐོང་ན་ཞེ་ཁྲེལ་རྒྱུ།། ཚུལ་འདི་རང་ལ་མེད་ཀྱང་ལྷག་བསམ་དག། ཁྱེད་གསུང་བཀའ་ལན་བཟློ་བའི་ཆེད་ཙམ་དུ།། མ་བརྟགས་ཐོལ་བྱུང་མཆིད་འདི་ཁྱེད་ལ་བྲིས།། མདོ་མེད་འཆལ་ངག་རྣམ་གཡེང་སྐྱེ་བའི་རྒྱུ།། དོན་མེད་གཏམ་ཉོབ་སོར་མོ་ངལ་བའི་གཞི།། སྣ་ཚོགས་སྤོས་རྒྱའི་རི་མོ་མཐའ་མེད་ཕྱིར།། རེ་ཞིག་སྨྲ་བ་བསྡམས་ནས་ཨ་མཚར་ཕུལ།། རབ་རྒྱན་ལྕགས་རྟ་རྒྱལ་ཟླའི་ཡར་ཚེས་ཀྱི་སྔ་དྲོའི་ཐུན་གསེང་ཞིག་ལ་པདྨ་སྐལ་བཟང་གིས་སྤེལ།།
|