དབེན་པའི་ནགས་སུ་བསྐུལ་བ་དྲང་སྲོང་རྒན་པོའི་མགྲིན་གླུ།
དུས་གསུམ་རྒྱལ་བའི་ཞལ་སྐྱིན་འགྲོ་བའི་སྐྱབས།། འཆི་མེད་རྡོ་རྗེའི་སྐུ་བརྙེས་པདྨ་སྐྱེས།། མགོན་དེའི་རྗེས་ཞུགས་བཟང་པོའི་ལས་འཕྲོ་ཅན།། སྡེ་སྣོད་འཛིན་པའི་མཆེད་དེར་ཡང་འདི་གསོལ།། བྱས་བྱས་ཟིན་པ་མེད་པའི་བྲེལ་དོ་ཡིས།། སྔར་སོང་ས་འདིར་རྒྱུ་བའི་འགྲོ་མང་བསླུས།། ཕྱིས་འབྱུང་འདིར་སྣང་ལས་ལ་རྒོད་པོ་ཡི།། དབང་འབྱོར་སྲོག་གི་ཟུངས་བཅས་འཇོམས་པར་ངེས།། སྐྱིད་ཀྱང་སྐྱིད་མཐའ་སྡུག་གིས་ཟིན་པ་དང་།། འབྱོར་ཡང་མི་བརྟན་ཕུང་དཀྲོལ་འབྱུང་བའི་གཞི།། སྙིང་མེད་འཁོར་བའི་ཆོས་ཀྱིས་ཡིད་དབྱུང་ནས།། བློ་སྣ་ལྷ་དང་བླ་མའི་ཕྱོགས་དེར་གཏོད།། དེར་ཡང་སྙིགས་མའི་དུས་ཀྱི་རང་རྟགས་ཀྱིས།། དམར་སེར་བདུད་ཀྱི་བཤེས་གཉེན་ལོག་འཚོ་མཁན།། ཆོས་མིན་ཆོས་སུ་བརྫུས་པའི་ཁ་ཁྱེར་གྱིས།། ལམ་མིན་ལོག་པར་ཁྲིད་ལ་ཟོན་ཞིག་མཛོད།། གང་དུ་དམ་པ་བཞུགས་པའི་གནས་མཆོག་དེར།། ངང་གིས་རང་བཞིན་ཞི་བའི་དཔལ་ཐོབ་ཅིང་།། མཚུངས་པ་མེད་པའི་ཟབ་དོན་རོལ་མོའི་སྒྲས།། ཀླག་ཅོར་བདུད་ཀྱི་རིགས་ཀྱང་སྙན་པར་སྨྲ།། གང་ལ་སེམས་ཀྱི་དམ་པ་མཆོག་མངའ་བའི།། བླ་མེད་ཡོན་ཏན་རྫོགས་པའི་བཤེས་གཉེན་ཆེར།། མི་འཕྲོག་དད་པའི་མྱུ་གུ་ཁ་འབུས་པའི།། ཐལ་སྦྱར་སྤྱི་བོར་འཆང་བའི་ཕྱག་གིས་བཏུད།། རྨད་བྱུང་དམ་ཆོས་བདུད་རྩི་མངར་པོའི་སྐྱེས།། སྲིད་པའི་ཟུག་རྔུ་འཇོམས་མཛད་གདམས་པའི་བཅུད།། ཡང་དང་ཡང་དུ་འཐུང་བའི་སྐལ་བཟང་ལ།། ངོམས་པ་མེད་པའི་གུས་རྟག་བརྩོན་པ་སྐྱེད།། མཐའ་ཡས་གཞལ་དཀའ་ཤེས་བྱའི་གནད་མཐའ་དག། མ་རྟོགས་ལོག་པར་རྟོགས་པ་དྲུང་འབྱིན་ཕྱིར།། ཐོས་བསམ་སྒོམ་པའི་ཤེས་རབ་རྣོན་པོ་ཡིས།། མ་ནོར་གཏན་ལ་དབབ་པ་དམ་པའི་ལུགས།། གཅིག་ཏུ་བརྟན་པ་མིན་པའི་མི་ཚེའི་ནོར།། དུས་ཀྱི་རྐུན་པོར་འཆོར་བའི་ཉེན་བཅས་ཕྱིར།། ངམ་ནག་གཤིན་རྗེའི་བསུ་མ་དང་འཕྲད་ཀྱང་།། འཇིགས་པ་མེད་པའི་དཔའ་གདེང་རྙེད་པར་མཛོད།། ཤིན་ཏུ་མི་རྟག་འཇིགས་པའི་ངུ་འབོད་ཅན།། མ་རུང་རླབས་བཅས་མི་སྲུན་འཚེ་བས་གཙེས།། བརྒལ་དཀའ་འཁོར་བའི་རྒྱ་མཚོ་ཉམ་ང་བར།། དེང་ནས་མཛའ་བ་མིན་པའི་ཕྱི་ཕྱག་འཚོལ།། དེ་བས་དམ་པས་བསྔགས་པའི་རི་བོའི་ལྗོངས།། ཁོར་ཡུག་མྱ་ངན་མེད་པའི་ལྗོན་པས་མཛེས།། རྩྭ་དང་ལོ་མའི་སྤྱིལ་བུ་ཉམས་དགའ་བར།། བག་ཡངས་བློ་བདེར་ཉལ་བ་མེས་པོའི་སྲོལ།། དེར་ནི་བྲག་རིའི་བ་གམ་མཛེས་པའི་ངོགས།། ཉི་གཞོན་གསར་པའི་མདངས་ཀྱིས་འཁྱུད་བྱེད་ཅིང་།། ཟླ་བ་བདུད་རྩིས་བྲན་པའི་ཐིགས་པའི་ཆབ།། གཡུ་ཤུག་ལོ་མའི་རྒྱན་དུ་བོས་པ་བཞིན།། དེ་ན་འདབ་ཆགས་དུལ་བའི་སྐད་སྙན་དང་།། ལྷུང་ལྷུང་དལ་གྱིས་འབབ་པའི་ཆུ་ཕྲན་སྒྲ།། དྲི་བཞོན་འཇམ་པོས་བསུས་པའི་དགའ་སྟོན་གྱིས།། ཏིང་འཛིན་ཞི་བའི་ཡིད་ཀྱང་འགུགས་པར་བྱེད།། ཐོག་མེད་འཁོར་བའི་དུས་ནས་ད་ལྟའི་བར།། ཤ་ཁྲག་དྲ་བའི་སྦུབས་སུ་འཆིང་བྱེད་པའི།། ལྷན་སྐྱེས་ངར་འཛིན་གདོན་གྱི་མཚང་རིག་ནས།། མ་དག་ལུས་ཀྱི་མཐའ་མ་དེ་རུ་བསྙིལ།། མང་པོ་མང་པོའི་ཚོགས་ཀྱིས་མ་བཀུར་ཀྱང་།། གཅིག་པུ་གཅིག་པུར་བསྡད་ན་བློ་བདེ་ཞིང་།། ཆེན་པོ་ཆེན་པོའི་གྲལ་དུ་མ་ཚུད་ཀྱང་།། དམ་པ་དམ་པས་བསྔགས་འདིས་རྒྱལ་བ་དགྱེས།། ཞེས་པའང་ཤིན་ཏུ་གཤིས་བཟང་འགྲོགས་བཤེས་དམ་པའི་རྣམ་ཐར་འཆང་བ་གསུང་གི་ང་རོས་དབྱངས་རྟ་འདྲེན་པ་ལ་ཆེས་ཞུམ་པ་དང་བྲལ་བའི་སྐུ་ཞབས་སྡེ་སྣོད་འཛིན་པ་པདྨ་མགོན་པོ་ལ་ཉམས་མཚར་དུ་བྲིས་ཏེ་ཕུལ་བ་པདྨའི་མིང་ཅན་དེས་སོ།།
|