ཐར་བའི་གཏམ་ངེས་དོན་འདུན་བཟང་།
ངོ་མཚར་མཆོག་ཏུ་ཞི་བ་འདུས་མ་བྱས།། བདུད་རྩི་དམ་པ་ཐར་ལམ་སྟོན་པའི་མིག། སྙིང་གི་མུན་སེལ་རྣམ་གྲོལ་བདེ་བའི་ལམ།། དམ་པའི་ཆོས་ཀྱིས་སླར་ཡང་རྟག་ཏུ་སྲུངས།། ཡིད་གཅུགས་མཛའ་བའི་ཆོས་ཀྱི་མཆེད་མཆོག་ལ།། སྨོན་འདྲིན་བདེན་པའི་ངག་ལས་འཕོས་པའི་གཏམ།། ཟོལ་མེད་འཁྱོག་ལ་མ་དྲང་གཡོ་མེད་ཚིག། ཐོལ་བྱུང་གང་དྲན་རི་མོའི་འགྲོས་སུ་བཀོད།། ཡིད་ཀྱི་ཆུ་གཏེར་འཕྱོ་བའི་ཀུན་རྟོག་རླབས།། བརྒལ་དཀའི་ལ་ལུང་གྱ་གྱུའི་རི་མོ་འབུམ།། གཅིག་ཏུ་མི་བརྟན་འགྱུར་བའི་རྫུ་བག་འདིས།། ཐོག་མཐའ་མི་དཔོག་སྲིད་འདིར་རིང་ནས་འཕྱན།། སྲིད་འབྱོར་སྒྱུ་མའི་ནོར་གྱིས་བསླུས་པ་མང་།། སྙན་གྲགས་བྲག་ཅའི་སྒྲ་བཞིན་དོན་ལ་མེད།། གཅེས་པར་བསྐྱངས་བའི་ལུས་ཀྱང་འདོར་ངེས་ན།། དལ་འབྱོར་དོན་ལྡན་བྱ་བ་མ་ནོར་ལས།། རང་མིན་གཞན་ལ་གྲོས་ཀྱི་རེ་ཐག་བཅད།། ཆོས་མིན་གཞན་ལ་བློ་གཏད་རྟོད་ཕུར་འདོན།། བླ་མ་མཆོག་དང་ཆོས་མཐུན་གྲོགས་པོ་ལས།། མཛའ་བཤེས་གསུམ་པ་མི་བསྲེལ་སྙིང་གི་གཏམ།། ངན་གོམས་བློ་ཡི་བག་ཆགས་ཤུགས་དྲག་པས།། དང་པོར་བཟོད་བསྲན་ཆོས་ཀྱིས་རྒྱུད་དུལ་ན།། ཕྱིས་ནས་ཉོན་མོངས་གཉེན་པོས་ལེགས་བཅོམ་པས།། བག་ཉལ་ཕྲ་བའི་སྒྲིབ་པ་གཞོམ་ལ་དཔའ།། ཁོག་ཡངས་དཀྱེལ་ཆེ་བརྟན་བརླིང་སྤྲོ་བ་ཆེ།། འདོད་ཆུང་ཆོག་ཤེས་བློ་སྣ་ཐུང་ལ་སྒམ།། དགའ་སྡུག་མི་སྔ་བློ་གཏིང་དཔོག་དཀའ་བ།། འདི་འདྲས་བྱ་བ་གང་སྒྲུབ་ལག་ན་གནས།། དེ་སླད་དམ་པའི་གཞུང་ལ་འདྲིས་བྱས་ཏེ།། བློ་སྣ་ལས་རུང་གདམས་ངག་སེམས་ལ་གླན།། བག་ཡོད་ཚུལ་ལྡན་ཤེས་རབ་ནང་ནས་རྒྱས།། རང་གཞན་གཉིས་ཕན་འདུན་མ་ལེགས་ལ་སོམས།། འཁོར་དང་མྱ་ངན་འདས་ཞེས་བཏགས་པའི་ཆོས།། འཆིང་དང་གྲོལ་ཞེས་བྱ་བའང་ལྟོས་གྲུབ་སྟེ།། གདོད་མའི་ཡེ་གཞི་ཀུན་བཟང་དགོངས་པའི་ཞལ།། མ་བཅོས་མཉམ་པར་བཞག་པའི་རང་མདངས་ཙམ།། སྤྲོས་བྲལ་གཏན་ལ་དབབ་པ་ཟབ་དོན་གནད།། སྤྲོས་མེད་ངང་ལ་བཞག་པ་རྒྱལ་གསུང་མཐིལ།། རོ་མཉམ་རྗེན་པའི་ཡེ་ཤེས་འཆར་སྲིད་ན།། བཟང་ངན་རེ་དོགས་གཏིང་ནས་ཆོད་དམ་སྙམ།། མ་སྒོམ་རྗེན་པར་བཞག་པའི་འོད་གསལ་དང་།། རྩོལ་བཅས་ཉམས་ལ་ཞེན་པའི་གོལ་ཤོར་གཉིས།། འབྱེད་ལ་རྟོགས་ལྡན་རྒན་པོའི་སྟོང་ལྟ་ལས།། དཔྱད་གསུམ་དག་པའི་ཚད་མའི་རིགས་ལམ་རྣོ།། ཡང་དག་ལྟ་བའི་དམིགས་རྣམ་ངེས་པ་དང་།། ས་ལམ་གཞིར་རྫོགས་འབྲས་བུའི་ཐུས་ཀ་ཚང་།། ཟབ་ལས་ཆེས་ཟབ་ཀློང་ཆེན་དགོངས་པའི་མཛོད།། རྣམ་བདུན་ནོར་བུའི་མཆོག་འདི་གཅེས་པར་ཟུངས།། ཐོག་མར་ཐོས་པས་ཤེས་བྱ་གཏན་ལ་ཕབ།། བར་དུ་བསམ་པས་མན་ངག་གཅེས་དགུ་ཟུངས།། ཐ་མར་སྒོམ་པས་བདེན་མཐོང་ཟད་སར་སྐྱེལ།། བག་ཡངས་བློ་བདེའི་གཏན་འདུན་འཕྱུག་པ་མེད།། དམ་པའི་རྗེས་སྙོགས་རྩ་གསུམ་ལྷ་སྲུང་དགྱེས།། དངོས་གྲུབ་གཉིས་ཐོབ་མཆོག་གི་རྒྱལ་སར་བསྙེགས།། དོན་གཉིས་ལྷུན་གྲུབ་རྒྱལ་བའི་དགོངས་པ་རྫོགས།། འཕྲལ་བདེ་ཕུགས་སྐྱིད་ངོ་མཚར་ཨ་ལ་ལ།། དེ་སྐད་སྔར་ནས་བསྐུལ་བ་ཡི།། བཀའ་དོན་བསྙེལ་ནས་འབྲི་བ་ལུས།། སླར་ཡང་བསྐུལ་བཞིན་ཚིགས་བཅད་འགའ།། སྨྱུག་ཤར་རྒྱུག་ཐེངས་གཅིག་གིས་ཕུལ།། ཤར་ཐོས་བསམ་ནོར་བུའི་གླིང་གི་སྐུ་ཞབས་སྡེ་སྣོད་འཛིན་པ་བསྟན་འཛིན་རྒྱལ་མཚན་གྱི་ངོར་བྲིས་པའོ།།
|