དོན་གཉེར་ཅན་འགའ་ལ་འདོམས་པ་ཐར་ལམ་གསལ་བའི་སྒྲོན་མེ།
སྲས་བཅས་རྒྱལ་བའི་ཐུགས་བསྐྱེད་མཐུ་སྡོམ་པ།། རྣམ་པ་མི་ཡི་ཟོལ་འཆང་རིགས་བརྒྱའི་བདག། དྲན་པས་སྲིད་དང་ཞི་བའི་འཇིགས་སྐྱོབ་པ།། དམ་པའི་མགོན་གྱིས་ཁྱོད་ལ་རྟག་ཏུ་སྲུངས།། འདིར་སྣང་སྐྱིད་སྡུག་འདྲེས་མའི་མི་ཡུལ་འདིར།། དོན་མེད་ཆགས་སྡང་བྱ་བྱེད་སྤོས་རྒྱའི་རིས།། ཟད་པ་མེད་པས་མི་ཚེ་མཐར་གཏུགས་པའི།། གྱོང་འདིས་གཏན་གྱི་འདུན་ཕུགས་བརླགས་པ་ཕངས།། ཡུན་ཐུང་མི་ཚེའི་ཉི་མ་ཟེར་ལ་ཉེ།། འཆི་བདག་བདུད་ཀྱི་སོ་བ་བང་རེ་མགྱོགས།། ལོང་མེད་སྒྲུབ་ལ་བརྩོན་པ་མ་བསྐྱེད་ན།། ཕྱིས་འདིར་འགྱོད་པའི་མཆི་མ་སུ་ལ་འདོར།། དམ་པའི་མགོན་བཅས་ཡ་རབས་གྲོགས་པོའི་ཁྱུར།། རིང་དུ་གོམས་པའི་བཅོས་མིན་རང་གི་གཤིས།། ཇི་ལྟར་ཙནྡན་ནགས་སུ་སྡོང་དུམ་བཞིན།། སྐྱོན་གཞན་ངན་པའི་དྲི་ཡིས་བརྫི་ནུས་མིན།། ཅོལ་ཆུང་བྱིས་པ་དགའ་བསྐྱེད་འདིར་སྣང་བདེ།། ཆགས་སྡང་སྒྲོག་གིས་འཆིང་བྱེད་གཉེན་གྲོགས་ཁྱིམ།། འདུ་འཛིའི་གནས་ཀྱི་གཡེང་བ་རབ་སྤངས་ནས།། གཅིག་པུར་རི་ལ་དམ་པའི་རྒྱལ་ས་ཟུངས།། སྙིང་ལ་མ་རིག་གདོན་ཆེན་ཉལ་བ་ཡི།། བཤེས་མེད་སྐྱབས་བྲལ་མར་གྱུར་འགྲོ་ཚོགས་ཀུན།། དམ་ཆོས་ཉི་མས་ནང་གི་མུན་བསལ་བའི།། བརྩེ་ཆེན་དམ་བཅའ་བརྟན་པོ་ཕྲག་ཏུ་ཁུར།། སྣང་བ་ཡུལ་གྱིས་བྲིད་པའི་འཁྲུལ་རྟོག་གིས།། གནས་ལུགས་གཤིས་ཀྱི་ངོ་བོ་སྒྲིབ་པའི་ཚེ།། གསལ་དྭངས་རྙོགས་པ་བྲལ་བའི་ཡེ་ཤེས་ལ།། ཁོ་ཐག་ནང་ནས་གཅོད་པ་གདམས་པའི་མཆོག། འགྱུ་དྲན་ཀུན་རྟོག་ཕྲ་མོའི་སྤུན་པ་ཡིས།། ཉོན་མོངས་རྣམ་རྟོག་རྦ་རླབས་དཀྲུག་གྱུར་ཚེ།། རང་ཞི་རང་སར་གྲོལ་བའི་གནད་མཐོང་ནས།། བློས་བྱས་བཅོས་མའི་སྒོམ་པ་རྒྱང་དུ་སྐྱུར།། འོད་གསལ་འདུས་མ་བྱས་པ་སེམས་ཀྱི་ཆོས།། མ་བཅོས་རང་སར་བཞག་པའི་དེ་ཁོ་ན།། སྒོམ་མེད་དྲན་པས་ཟིན་པའི་རྣལ་འབྱོར་ལ།། མཉམ་རྗེས་འདོར་ལེན་བྲལ་བའི་སྤྱོད་པས་སྐྱོངས།། སྐྱིད་འདོད་རྒྱགས་ཕྱེ་སྒྲུབ་པ་ཆོས་པའི་བདུད།། གོ་ཡུལ་སྟོང་འདང་མུན་ལྟ་ལོག་པའི་ལམ།། རེ་དོགས་ནང་ནས་ཆོད་པའི་བློ་ཡི་གདེང་།། ཕ་གཅིག་བླ་མའི་གསུང་ལ་དཔང་པོར་བཅོལ།། མ་དག་འབྱུང་བཞིའི་ལུས་ཀྱི་སྙིགས་མ་ལས།། གཟུང་འཛིན་དྲན་རྟོག་སྲོག་རླུང་ལས་ཀྱི་གཞི།། དབྱིངས་སུ་དག་པའི་ཡེ་རླུང་དྷུ་ཏི་རུ།། ཞུགས་གནས་ཐིམ་པའི་འཕོ་བྲལ་སྲོག་ཐོབ་མཛོད།། མི་གཡོ་གསུམ་ལྡན་སྒོམ་མེད་མཉམ་བཞག་གིས།། དྲི་བྲལ་ཀ་དག་དབྱིངས་ཀྱི་ཞལ་མཐོང་བས།། རིག་གདངས་རིག་པའི་མ་ལ་ཐིམ་པའི་ཚེ།། གཞི་སྣང་ལྷུན་གྲུབ་འོད་གསལ་དག་པར་ལྟོས།། མཁའ་ཁྱབ་སེམས་ཅན་བགྲང་ཡས་མར་གྱུར་འགྲོ།། ཐེག་གསུམ་ལམ་གྱི་འཇུག་པར་ཡོངས་བཀྲི་བའི།། གང་འདུལ་སྒྱུ་འཕྲུལ་དེར་སྣང་འགྲོ་དོན་གྱིས།། སྲིད་པ་བདག་གིར་བྱེད་པའི་མཐུ་ལ་བརྩོན།། རང་གཞན་སྒྱུ་ལུས་གཡར་པོ་ཡ་མ་བརླ།། འགལ་རྐྱེན་གསར་པའི་འཚེ་བས་མ་གཟན་ན།། སླར་ཡང་མི་འགྱང་དགྱེས་ཞལ་འཛོམས་པ་ཡི།། བདེན་ཚིག་སྨོན་པའི་རི་མོ་ངས་ཀྱང་འབྲི།། ནམ་ཞིག་འབྱུང་བཞི་མ་ལ་ཐིམ་པའི་ཚེ།། དབྱིངས་སྣང་ལྷུན་གྲུབ་དག་པའི་ཞིང་མཆོག་ཏུ།། མི་འབྲལ་ཚོམ་བུ་གཅིག་ཏུ་འཚང་རྒྱ་བའི།། བསླུ་མེད་རྟེན་འབྲེལ་དག་པས་དགའ་བར་གྱིས།། ཞེས་པའང་བོད་བསྟན་པ་ཡང་དར་གྱི་ཐོག་མའི་དུས་འགོར་ཨོ་རྒྱན་སྨིན་གྲོལ་གླིང་དུ་དགོན་སྡེ་འགའི་འདུས་ཚོགས་ལ་འདུས་པ་མདོ་དབང་ཆེན་མོ་དང་བསྟན་རྩ་འདུལ་བའི་སྡོམ་རྒྱུན་འབུལ་སྐབས་ཀྱི་བར་གསེང་ཞིག་ལ་ཕྱོགས་ནས་ཕེབས་པའི་དད་ལྡན་དོན་གཉེར་ཅན་གྱི་སློབ་བུ་འགའི་ངོར་པདྨའི་མིང་གིས་བྲིས།།
|