ཟུངས་ཁྲག་དྲོན་པོས་རི་མོར་བཀོད་པ་རྗེས་དྲན་མངོན་རྟོགས་ཀྱི་སྣང་བརྙན།
སྲིད་པར་གནས་ཀུན་བདེ་ལ་ཡིད་ཆགས་པས།། སྲིད་པའི་འཁྲུལ་སྣང་གྱ་གྱུའི་རྨི་ལམ་འགྲོས།། སྐྱིད་སྡུག་སྤེལ་མའི་གདུང་བས་རབ་མནར་བ།། ཀུན་ཀྱང་གཅེས་པའི་སྲོག་གི་རིམ་གྲོའི་ཆེད།། ལུས་སྲོག་ཕ་མས་བསྐྱེད་པའི་འབྱུང་བཞིའི་ཁམས།། ཤིན་ཏུ་དར་བ་ལང་ཚོའི་བཀྲག་འབར་བའི།། སྙིང་གི་ཟུངས་ཁྲག་དྲོན་པོས་བསྟན་པའི་སྲོག གསོ་བའི་སྐལ་བཟང་དགའ་བ་མངོན་དུ་བྱས།། གང་ཚེ་ཐོག་མེད་དུས་རིང་བགྲང་ཡས་པར།། སྣ་ཚོགས་འཁྲུལ་བའི་ལུས་སྣང་མང་བརྗེས་ཀྱང་།། རྒྱལ་བསྟན་གསོ་བའི་ཟུངས་སུ་ལེགས་བསྟབས་པའི།། རྟེན་བཟང་རྙེད་པ་བརྒྱ་ལམ་རེས་འགའ་ཙམ།། དེ་ཡང་བྱང་ཕྱོགས་བསིལ་ལྡན་གངས་ལྗོངས་སུ།། རྒྱལ་བསྟན་དར་བའི་ཕྱི་མོ་སྔ་འགྱུར་པ།། དེ་ཡི་ལུང་རྟོགས་བསྟན་པའི་བསྟི་གནས་ཆེ།། རྫོགས་ཆེན་པ་ཞེས་གྲགས་པའི་བ་དན་མཐོ།། འོན་ཀྱང་རྒྱལ་བསྟན་ཉིན་བྱེད་དབང་རིར་ཕྱོགས།། དེ་འཛིན་མཁས་གྲུབ་ཚོགས་ཀྱང་དགུང་དུ་ཡལ།། ཡ་རབས་སྐྱེ་བོའི་བློ་མིག་ཉམས་གྱུར་ཅིང་།། རྒུད་པའི་འཐོར་རླུང་མ་བོས་མགྲོན་དུ་ཕྱོགས།། དེ་ཚེ་ལས་རླུང་ཤར་གྱི་རི་བོའི་རྩེར།། སྙིང་སྟོབས་མཁའ་ལ་འཕུར་བའི་རྩལ་ཤུགས་ཅན།། ལྷག་བསམ་ཆ་ཡི་དཀྱིལ་འཁོར་ཡོངས་རྫོགས་པའི།། ཉ་གང་དུང་ཟླ་དཀར་ཆུང་ཁོ་བོ་ཙམ།། ལན་གཅིག་ཙམ་དུ་མ་ཡིན་ཚེ་རབས་འགར།། འབྲེལ་བའི་མེ་ཏོག་ཕོག་པ་འཇིགས་བྲལ་ཞབས།། གང་མཚན་ཟེགས་མའི་ཆ་ཤས་ཙམ་ཕྱིར་ཡང་།། བརྣག་དཀའི་ཚོར་བ་རྩུབ་མོ་དང་དུ་བླངས།། ངམ་ནག་བྲག་རིའི་གྲིབ་མ་སྟུག་པོས་བྱང་རླུང་འདྲེན་པའི་དབལ་ཚ་ཞིང་།། གྲོག་རོང་ཕྲ་མོའི་ཡ་ངའི་ལམ་སྣེར་འཇིགས་རུང་འཆི་བདག་རྐན་སྒྲ་རྡེབ།། ནད་མེད་ཟོ་བཟང་ཁོ་ལག་རབ་རྒྱས་ལྷ་ཡུལ་ལྷ་ལ་འགྲན་པའི་ལུས།། སྐད་ཅིག་མི་བརྟན་གཤིན་རྗེའི་འཕྲང་སྒོར་ཤི་གསོན་གྱེས་པའི་མཚམས་ལ་ཕྱིན།། མདུན་ནས་གློག་ལྟར་མྱུར་བའི་འཆི་བདག་རྩལ།། ཉམ་ཆུང་སྲོག་ལ་རྒོལ་བའི་དྲག་ཤུགས་ཀྱིས།། དབང་མེད་དྲན་པའི་ཚོར་བ་ཉམས་བྱས་ཏེ།། མུན་ནག་འཇིག་རྟེན་ཕྱི་མའི་གྲོང་སྒོར་བསྐྱལ།། མཁྲང་ཞིང་རྒྱས་པའི་ལུས་ཀྱི་ཡན་ལག་འདམ་བུའི་ཉག་མ་ཇི་བཞིན་བཅོམ།། གདོང་དང་ལུས་ཀྱི་རྨ་ཁ་དག་ལས་ཁྲག་རྒྱུན་དྲོན་པོ་ཆུ་ལྟར་བཞུར།། ཤིན་ཏུ་ཉག་ཕྲའི་དབུགས་ཀྱི་རྒྱུ་བ་འཕར་རྩ་དང་འགྲོག་རབ་ཞན་པའི།། བཟོད་དཀའི་ཚོར་བ་དྲག་པོའི་ཤུགས་ཀྱིས་རེ་ཞིག་སེམས་མེད་བརྒྱལ་བར་གྱུར།། ལྷག་བློ་གཅིག་ཏུ་དཀར་བའི་བདེན་མཐུ་དང་།། ལྷ་དང་བླ་མས་བསྲུངས་པའི་ནུས་སྟོབས་ཀྱིས།། སླར་ཡང་དབུགས་ཀྱི་རྒྱུ་བ་དང་པོ་ཞིག། ཚེ་སྲོག་གསར་པའི་ལུས་ཀྱི་བཅུད་དུ་བྱུང་།། ཁོར་ཡུག་གཤིན་རྗེའི་མདུན་ས་ཇི་བཞིན་ཁྲག་གི་མཚོ་མོ་འཁྱིལ་གྱུར་ཅིང་།། ལུས་ལ་ཙནྡན་དམར་པོས་བྱུགས་བཞིན་ཁྲག་གིས་སྦགས་པའི་ཟུངས་ཉམས་པས།། ལྡང་བའི་སྐབས་བྲལ་སྟོབས་མེད་ཉམ་ཆུང་ཟུག་རྔུའི་འཁུན་སྒྲ་བར་མེད་སྒྲོག། ལམ་མགྲོན་ཟླ་ཡི་གྲོགས་པོ་དག་ཀྱང་མ་བཟོད་མཆི་མའི་ཆར་རྒྱུན་འཐོར།། དེར་ནི་སྟོན་ཀའི་རླུང་གིས་བདས་པ་ཡི།། བྲུལ་བའི་ཤིང་ལོ་ས་ན་གཡོ་བ་ཡིས།། མྱ་ངན་ཉམ་ཐག་གདུང་བའི་ཡུས་དང་བཅས།། མཉམ་དུ་འགྲེ་ཞིང་ལྡོག་པའི་ངང་ཚུལ་སྟོན།། ཁེར་སྐྱེས་རྩྭ་ཡི་འཇག་མའི་བཤུག་གླུ་དང་།། སྤྱང་ཐང་དར་མའི་ཤ་ཡི་ངུ་ཟུག་གཉིས།། དྲག་བཞུར་ཆུ་བོའི་རླབས་ཀྱི་ངར་སྒྲ་བཅས།། དུས་གཅིག་ཉམ་ཐག་སྙིང་གི་ན་ཚར་སྨིན།། གྲི་ཡིས་གཤགས་ཤིང་གཟོང་གིས་རབ་འབིག་སོག་ལེས་དྲས་དང་ལྕགས་ཀྱིས་དཔྱངས།། དུམ་བུར་བཅག་ཅིང་ཕྱེ་མར་འཐག་པའི་གསོན་པོའི་རུས་པ་མཛེར་མས་བཏབ།། རལ་བའི་རྨ་ཁ་ཁབ་ཀྱིས་བཙེམས་སོགས་ཤིན་ཏུ་བཟོད་དཀའ་དྲག་པོའི་དཔྱད།། ཉམས་སུ་མྱངས་ལས་ཇི་ཞིག་ལྟར་སྟེས་ད་ལྟའི་མི་ལུས་ཕྱེད་པོ་བྱུང་།། སྐྱེ་བ་གཅིག་ལ་འཆི་བ་ལན་གཉིས་ལན་མང་གཤགས་ཤིང་གཏུབ་པའི་དཔྱད།། ཡིད་དུ་མི་འོང་ཚོར་བས་གཟིར་ཡང་རང་དོན་ཆ་ཙམ་མ་འདྲེས་པའི།། ལྷག་བསམ་གཙང་མའི་སྙིང་སྟོབས་བརྒྱ་འགྱུར་སྲོག་གི་ཀ་བ་བརྟན་པོ་བཅས།། མདུན་དུ་འཕྱོ་བའི་སྙིང་གི་རླབས་དྲག་དགུང་སྔོན་སྤྲིན་པའི་རྗེས་སུ་བསྙེགས།། མཐའ་ལམ་གཟར་མོ་བྲག་རིའི་ཐེམ་སྐས་ཅན།། མི་སྲུན་སྐྱེ་བོ་ལམ་འཕྲང་མེལ་ཚེ་བ།། ཉམ་ངའི་ཚ་གདུང་དུག་ཅན་ཁ་ཟས་སོགས།། ངལ་བརྒྱས་བརྒལ་ནས་འཕགས་པའི་ཡུལ་དུ་བརྟོལ།། གཡང་ས་ཅན་གྱི་ནགས་ལམ་ཀྱོག་པོ་དང་།། འཇིགས་ཅན་རི་ལ་རྐང་འགྲོས་བཀོད་པའི་ཚེ།། རིན་ཐང་ནོར་གྱིས་བསྒྲུན་མིན་སྔ་མའི་ལུས།། དྲན་ཚེ་རྒུད་པའི་གོག་བགྲོད་ལྷག་པར་སྐྱོ།། རྒྱང་སྙན་གཏམ་གྱི་རོ་ལ་རྗེས་ཆགས་བློ་གྲོས་མོག་པོའི་འོལ་ཚོད་དང་།། ཅོལ་ཆུང་བློ་མིག་འཇུར་བུའི་འཕྲང་ལམ་ཧ་ཅང་སྒྲིན་པོའི་གུ་དོག་བློ།། གཉིས་མཐར་མ་ལྷུང་གཞུངས་པོའི་བློ་ཡིས་མ་མཐོང་འབྱུང་འགྱུར་ལྟད་མོའི་ཡུལ།། དཔྱད་གསུམ་ཚད་མའི་སྲང་ལ་འདེགས་བཞིན་མང་པོ་དགའ་བའི་འགྲོས་དང་བསྟུན།། སྲིད་ན་གཅེས་པའི་སྲོག་དང་རང་གི་ལུས།། རིན་བྲལ་མི་ཚེའི་འཁོར་ལོའི་ལོ་དང་ཟླ།། ཇི་སྙེད་བདོག་པའི་དངོས་པོ་ཡོངས་བཏང་ནས།། བསྟན་སྲོག་དམ་པའི་ནོར་མཆོག་གཅིག་པུར་འདུན།། བསོད་ནམས་འོ་མའི་མཚོ་ཆེན་མ་སྲུབ་པར།། དགོས་འདོད་བདེ་འབྱུང་གཙུག་རྒྱན་འབྱུང་མིན་ཡང་།། བཤེས་མེད་ཡུས་དང་བཅས་པའི་མི་རྣམས་ལ།། རེ་ཞིག་དགའ་བའི་ངལ་འཚོའི་ཚོར་སྣང་བྱིན།། སྙིང་གི་དམ་བཅའ་སྙིང་ལ་བརྟན་པའི་མི་འགྱུར་རྡོ་ཡི་རི་མོ་ལ།། སྣ་ཚོགས་བཀོད་པའི་གཟུགས་བརྙན་འབུམ་བཀྲ་འཇིག་རྟེན་ལས་ཀྱི་རྗེས་འགྲོ་བའི།། ངོ་མཚར་བཟང་ངན་འཆར་སྣང་མ་འདྲེས་རེ་དོགས་རྗེས་འགྲོ་སྤོས་རྒྱའི་རིས།། འདི་ན་ཉུང་ངུའི་ཚིག་གིས་མཚོན་མིན་དྲང་པོར་སྲོང་བའི་གནམ་ཐིག་ཙམ།། ཁྲག་གིས་སྦགས་པའི་བཤུལ་ལམ་ངལ་བ་ཅན།། བགྲང་བྱའི་ཕྲེང་བ་གསུམ་ཉེའི་དུས་རིང་པོའི།། སྣང་བརྙན་མངོན་སུམ་གཟུགས་སུ་བཀོད་པ་འདིས།། ཟོལ་མེད་ལྷག་བསམ་དག་པའི་ཆ་ཤས་མཚོན།། སྔར་ཞིག་གྲུབ་པའི་དབང་ཕྱུག་འཇིགས་བྲལ་པས།། གསུང་གིས་དབུགས་ཕྱུང་འདའ་ཁའི་ཞལ་ཆེམས་བསྩལ།། མི་ཤིགས་ཚེ་ཡི་གོ་ཆ་བདག་ལ་བསྒོས།། རྟེན་འདིར་དཔོན་སློབ་འགྲོག་པའི་ཞལ་གྱེས་གྱུར།། བཤེས་བྲལ་ཐང་དུ་འཁྱམས་པའི་དྭ་ཕྲུག་ལ།། ཐུགས་དགོངས་རྫོགས་པར་བྱེད་པའི་སྟོབས་ཕྲ་ཡང་།། ཅུང་ཟད་བྱས་པའི་ལག་རྗེས་སྙིམ་པའི་རྡུལ།། དེ་ཡང་དམ་པའི་བྱིན་བརླབས་མཐུ་རུ་ངེས།། གཅེས་སྲོག་ཕ་དང་མ་ཡིས་བསྐྱེད་གྱུར་ཅིང་།། དགེ་སྲོག་དམ་པའི་མགོན་གྱིས་གནང་བ་ཡི།། སྙིང་ཁྲག་དྭངས་མས་བསྟན་པའི་སྲོག་གསོ་བའི།། སྐལ་བ་བཟང་པོས་རྟེན་འདི་དོན་ལྡན་བྱས།། དེ་ཚུལ་ཉུང་ངུའི་ཚིག་གི་གླེང་གཞིའི་མཆིད།། ཉོག་པོའི་གཏམ་ལ་ཆགས་པའི་ཕྱི་རབས་པར།། འདས་དོན་མིག་ལ་འཆར་བའི་གཟུགས་ཅན་བཞིན།། སླར་ཡང་ལྟད་མོའི་ཡུལ་དུ་ངས་འདིར་འབྲི།། ཤུགས་དྲག་མ་རུང་རྩུབ་མོའི་མཚོན་མདེལ་འོག། སྣོད་བཅུད་རྒུད་པས་ཕྱོགས་རྣམས་རྨོངས་བྱས་པས།། ཡི་ཆད་སྐྱེ་བོའི་བློ་མཐུ་ཉམས་གྱུར་ཚེ།། ལྷག་བསམ་ཁུར་ཆེན་འདེགས་ནུས་སྲིད་མཐའ་ཙམ།། ཉམ་ཆུང་སྲོག་གི་གོང་ཐང་མི་ཆེ་ཞིང་།། ཁྲག་དྲོན་ས་ལ་ཕོས་པའི་རིན་ཆུང་ཡང་།། ཅུང་ཟད་ཐོབ་པའི་དངུལ་དངོས་ཕྲ་མོ་ཡིས།། ཐོག་མའི་རྨང་བྱས་བསྟན་པའི་ས་བོན་བསྐྲུན།། རྒྱལ་བསྟན་ཉི་མ་སྔར་ནས་ཆུ་ལྷར་ཕྱོགས།། ལྗོངས་འདིར་དམ་པའི་སྣང་བས་ཡོངས་སྤངས་བས།། མུན་པའི་གྲོང་ཁྱེར་རྒུད་པའི་མཐར་སོན་ཚེ།། སྐྱོ་བའི་ཡི་ཆད་སྙིང་གི་འཁྱག་རོམ་ཉིད།། ལུགས་ཟུང་ལྟ་བའི་མིག་ལ་རབ་རིབ་ལྡང་།། ཤེས་བྱར་དཔྱོད་པའི་བློ་གྲོས་འཐོམས་གྱུར་པའི།། སྲོག་ལྡན་བེམ་པོའི་ངང་ཚུལ་མ་བཟོད་དེ།། ངས་འདིར་ཐོག་མར་མཁས་པའི་སྙན་པ་གསོས།། རྙོག་མར་གྱུར་པ་སྙིགས་མའི་གཞན་དབང་གིས།། རྒུད་པ་རབ་བདོ་བཟང་པོའི་ལོ་རྒྱུས་ཕྲེང་།། འདས་པའི་ཕྱགས་དར་ཕུང་པོར་སྦས་ཟིན་པས།། ཡ་རབས་རྐང་རྗེས་རི་མོ་མཐའ་ནས་ཡལ།། ལ་ལ་བསམ་དཀར་སྨོན་པའི་རྗེས་འགྲོ་ཞིང་།། འགའ་ཞིག་སྙིང་མེད་གཡོ་བའི་བེམ་པོའི་གཟུགས།། གཞན་འགའ་རྟགས་ཙམ་བསྟན་པར་འཛིན་མཐོང་ནས།། ཁོ་བོའི་བློ་ཡིད་ལུང་དང་རྟོགས་པར་ཕྱོགས།། གང་དག་མཐོན་པོའི་ཁྲི་ལ་དགྱེས་མིན་གྲགས་སྐམ་སྟོང་པར་དེ་བས་མིན།། མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་མངའ་དམ་པའི་རང་གཤིས་མཚུངས་པ་མེད།། ཉིན་སྐར་ལས་ཀྱང་ཆེས་ཆེར་དཀོན་པའི་མི་ཡི་ནོར་བུ་རབ་བསྲེལ་ཏེ།། ཤིན་ཏུ་ཉག་ཕྲའི་བསྟན་སྲོག་གཉིས་པ་བཤད་དང་སྒྲུབ་པའི་ཟུངས་ཀྱིས་མཐུད།། མདོ་ཁམས་ཤར་ལྷོའི་རུ་དམ་པདྨའི་ཚལ།། རེ་ཞིག་སྟོང་པའི་སྨག་ལ་ཕྱོགས་གྱུར་ཀྱང་།། བསྙེང་བ་མེད་པའི་སེངྒེའི་སྒྲ་ཆེན་གྱིས།། དཔལ་གྱི་སེངྒེའི་རི་བོ་གཉིད་ལས་བསླངས།། དུས་རིང་རེ་སྨོན་མཐུན་པའི་སྐལ་བཟང་ཁྱུར།། ཐེག་གསུམ་ཆོས་ཀྱི་དགའ་སྟོན་འགྱེད་པའི་ཕྱིར།། ཡང་འདིར་གཡས་འཁྱིལ་ཆོས་དུང་དཀར་མོའི་སྒྲས།། ཁོར་ཡུག་རི་བོའི་ལྗོངས་ཀུན་ཁྱབ་པར་བྱས།། གྱང་ཧྲུལ་གོག་པོའི་སེར་ཀ་རེ་རེས་འདས་དོན་རི་མོ་མཚོན་བྱེད་ཅིང་།། ཤིན་ཏུ་སྐྱོ་བའི་འཇག་མའི་བཤུག་གླུས་སྙིང་གི་བསྟན་པ་དཀྲུག་བྱེད་པའི།། ལོ་རྒྱུས་རྙིང་པའི་ངལ་དུབ་བསལ་ནས་མཛེས་པའི་ལེ་ཚན་གསར་པ་རུ།། སྐལ་བཟང་བློ་ཡི་དགའ་སྟོན་འགྱེད་ཕྱིར་ངལ་འཚོའི་རྐང་སྟེགས་ངས་འདིར་བཀོད།། ཕྱོགས་བཞིར་གླིང་བཞི་མཚམས་བརྒྱད་གླིང་ཕྲན་ཏེ།། བར་མཐོངས་རོལ་མཚོ་འདུ་ཁང་རི་རབ་རྩེར།། མདོ་སྔགས་ཉི་ཟླ་ཟུང་གི་ལྕོག་མཛེས་པ།། སྔར་མེད་ཤྲཱི་སེང་ཆོས་གྲྭའི་རྟེན་གཞི་བཙུགས།། དམར་སེར་དགེ་འདུན་འདུས་པ་སྟོང་ཕྲག་འགས།། འཆད་རྩོད་རྩོམ་པའི་སྒྲ་ཆེན་སྒྲོག་དང་ལྷན།། རྒྱལ་བསྟན་ནོར་བུ་སྲི་ཞུའི་རྒྱལ་མཚན་རྩེར།། མཆོད་པའི་སྙན་པས་ཕྱོགས་རྣམས་འགེངས་པར་བྱས།། རྒྱལ་གསུང་བཀའ་དང་དགོངས་འགྲེལ་བསྟན་བཅོས་དཔྱད་གསུམ་དག་པས་གཏན་ལ་ཕབ།། མདོ་དང་སྔགས་ཀྱི་ཆོས་ཚུལ་རྒྱ་མཚོ་རྣམ་དཔྱོད་ཧུབ་ཀྱིས་ཉེར་འཐུང་བའི།། དོན་གྱི་བསྟན་འཛིན་སྟོན་པའི་རྒྱལ་ཚབ་ངུར་སྨྲིག་འཛིན་པའི་ཚོགས་རྒྱས་པས།། བསྟན་བླ་འཚོང་བའི་དམར་སེར་རྟགས་ཅན་ས་འོག་འབྱུང་པོའི་གནས་སུ་བསྐྲད།། སྲིད་ན་དཀོན་པ་སྲིད་པའི་མིག་གཅིག་པུ།། ས་སྟེང་གསེར་ལས་དཀོན་པ་དམ་པའི་གསེར།། ལྷག་བསམ་དངུལ་ཆུའི་སྦྱོར་བས་ཡོངས་བསྡུས་ཏེ།། དམ་པའི་ཆོས་ཀྱི་རྔ་ཆེན་ངས་འདིར་བརྡུངས།། ཇི་ལྟར་པདྨའི་ཚལ་དུ་རྐང་དྲུག་དང་།། དེ་ཡི་རྫིང་བུར་ངང་མོ་འཁོར་བ་བཞིན།། ཡ་རབས་བློ་དང་ལྡན་པའི་གཞོན་ནུའི་ཁྱུ།། མ་བོས་ཕྱོགས་ཀྱི་མགྲོན་པོར་ངང་གིས་འདུས།། བཤད་དང་སྒྲུབ་པའི་ས་བོན་རེ་རེར་སྙིང་གི་ཟུངས་ཀྱིས་སྲོག་བྱིན་ཅིང་།། དེ་འཛིན་གཞོན་ནུའི་སྙིང་ཁམས་རེ་རེར་ཁྲག་གིས་བསྐྲུན་པའི་སྟོབས་ཤུགས་བསྣན།། ནམ་ཡང་ནུབ་མེད་ལག་རྗེས་གསར་པས་བསྟན་དང་འགྲོ་བའི་གསོས་བྱས་པའི།། དགའ་བ་དང་བཅས་བརྩེ་བའི་འཛུམ་གྱིས་ཕྱི་རབས་གྲོགས་པོར་གྱེས་ཕྱག་ཕུལ།། ཤ་ཁྲག་ལུས་ཀྱི་སྙིགས་མ་རྡུལ་དུ་དེངས།། རུས་གོང་དཀར་པོའི་ཚོགས་པ་ཞིག་གྱུར་ཀྱང་།། ཉམས་པ་མེད་པའི་བསྟན་རྒྱུན་སྲོག་ལྡན་པ།། སྲིད་འདིར་བསྐྲུན་པའི་དགའ་བ་གང་གིས་མཚོན།། མི་ལོ་སུམ་ཅུའི་དཀའ་བའི་ལོ་ཟླར་ངལ་བའི་རྐང་རྗེས་ས་འདིར་བཀོད་པའི་ལྷག་བློ་དང་།། ཟུངས་ཁྲག་དྲོན་པོས་བསྟན་སྲོག་གསོས་པའི་དགའ་བའི་ཡིད་ཀྱི་ཤུགས་དྲག་མེ་ལྕེ་སྟོབས་ལྡན་པ།། གཉིས་སུ་མ་ཡིན་ལྷན་ཅིག་འདྲེས་པའི་ལོ་རྒྱུས་སྣང་བརྙན་གསོན་པོའི་གཟུགས་འཆང་གཡོ་བ་ཅན།། མ་མཐོང་འབྱུང་འགྱུར་རིགས་མཐུན་གྲོགས་པོའི་དུང་སེམས་མཚོན་ཕྱིར་ཁྲག་གི་རི་མོར་ཆེད་དུ་བཀོད།། ཁོ་བོ་པདྨས་མཚན་པའི་སྐལ་བཟང་མིང་།། མཐའ་ཡས་མི་མཇེད་ཞིང་ན་རབ་གྲགས་པ།། རེ་རེས་བཤད་སྒྲུབ་པདྨའི་དགའ་ཚལ་གྱིས།། སྐལ་བཟང་འགྲོ་ལ་དགེ་ལེགས་རྟག་སྦྱིན་ཤོག། ལེགས་བྱས་བསོད་ནམས་མཁའ་ལ་འཕུར་བའི་ཆུ་འཛིན་སྟུག་པོའི་གྲིབ་བསིལ་ལས།། ཕན་དང་བདེ་བའི་གྲུ་ཆར་གསར་པ་སྐྱེ་དགུའི་ཞིང་སར་རྟག་དབབ་སྟེ།། དགེ་བཅུའི་མྱུ་གུའི་སྙིང་པོ་ཅན་གྱི་སྙེ་མ་སྦོམ་པོ་རབ་བརྟས་པར།། བླ་མེད་སྐུ་བཞིའི་འབྲས་བུ་སྨིན་པས་མཐའ་ཀླས་འགྲོ་ཁམས་རྟག་ཕྱུག་ཤོག། བདག་ཀྱང་སྲིད་འདིར་སྐྱེ་དགུའི་ཉེར་འཚོར་གྱུར།། ནམ་ཞིག་ཤ་རུས་ཞིག་པའི་སྙིགས་མ་དང་།། མིང་ཙམ་གྱིས་ཀྱང་འགྲོ་བའི་རེ་སྐོང་བ།། འདོད་འབྱུང་ཡིད་བཞིན་ནོར་བུ་ལྟ་བུར་ཤོག། རྟེན་འདིར་ཅུང་ཟད་བསགས་པའི་རྣམ་དཀར་དང་།། དུས་གསུམ་བསགས་བྱས་དགེ་རྩ་ཇི་སྙེད་ཀུན།། ཚེ་འདིའི་ལུས་སྲོག་སྐྱེད་པའི་ཕ་མས་གཙོས།། མཁའ་མཉམ་ཡིད་ཅན་བདེ་བའི་རྒྱུར་གྱུར་ཅིག། ནམ་མཁའ་ཇི་སྲིད་དགྲ་གཉེན་བར་མའི་འགྲོའི།། མགོན་དང་དཔུང་གཉེན་དམ་པར་བདག་གྱུར་ནས།། ཟུངས་ཁྲག་དྲོན་པོས་བསྟན་པའི་སྲོག་མཐུད་པའི།། སྐལ་བཟང་ཕྱིས་ཀྱང་ཐོབ་པར་ཡང་ཡང་སྨོན།། ཞེས་པ་འདི་རབ་རྒྱན་ཆུ་ཕག་ནས་བཟུང་ལོ་གསུམ་འགོར་བའི་ཁྲག་གི་བཤུལ་ལམ་རིང་མོའི་སྣང་བརྙན་དང་། དུས་ངན་བདོ་བའི་ཁོར་ཡུག་གི་མཐུན་རྐྱེན་ཤིན་ཏུ་ཞན་པའི་དུས་སྐབས་སུ་ཉག་ཕྲའི་བསྟན་སྲོག་གསར་པ་མཐུད་པའི་ཚུལ་རང་ཉིད་ཀྱི་ཟུངས་ཁྲག་དྲོན་པོས་ཡི་གེར་བཀོད་དེ། དུས་དེར་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་རང་སྤྱིལ་དུ་བཞག་པ་འདྲ་བཤུས་བྱེད་པོ་པདྨ་སྐལ་བཟང་རང་ཉིད་དོ།།
|