cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་གཉིས་པ།

སྙན་རྩོམ་འབེལ་གཏམ་གཅེས་བཏུས།

ཁྱབ་བདག་པདྨ་སྐལ་བཟང་་།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དཔེ་སྐྲུན་གསལ་བཤད།

དེ་ཡང་རིལ་པོའི་ས་ལྒང་གི་གོ་ལ་ཆེན་མོའམ། ཡངས་པའི་འཛམ་གླིང་གི་ས་གཞིའི་ཁྱོན་འདིར། གདོད་མའི་མིའི་རིགས་ཀྱི་འགྲོ་བ་ཐོག་མར་ཆགས་ནས་ད་ལྟའི་བར་དུ་རིགས་དང་། བྱད་དབྱིབས། ཁ་དོག ཆ་ལུགས་མི་གཅིག་པའི་མིར་གྱུར་པ་ཐམས་ཅད་ཕུགས་འདུན་གཅིག་མཚུངས་ཀྱིས་རང་ཉིད་ཀྱི་སྤྱི་ཚོགས་འཚོ་བ་ཕུན་སུམ་ཇེ་ཚོགས་དང་བདེ་བླག་ངང་འཕེལ་རྒྱས་སུ་འགྱུར་ཕྱིར། དུས་རབས་ནས་དུས་རབས་སུ་གཞོམ་གཞིག་བྲལ་བའི་སྙིང་སྟོབས་དང་ཕུལ་དུ་བྱུང་བའི་བློ་གྲོས་ཀྱི་རྩལ་རྒྱུན་མ་ཆད་པར་ཕྱུང་བ་ལས། ཆེས་རིན་ཐང་དང་བྲལ་བའི་གནའ་དེང་གི་རིག་གནས་སྣ་ཚོགས་སོས་ཀའི་དུས་ཀྱི་མེ་ཏོག་ལྟར་ཤར་ནུབ་འཛམ་གླིང་གི་ཁྱོན་ཀུན་ཏུ་བཞད་པར་གྱུར། དེ་མཚུངས་ཁ་བའི་རི་བོས་ཡོངས་སུ་བསྐོར་བའི་ལྗོངས་ཏེ་ཉི་མ་དང་ཆེས་ཉེ་བའི་མཐོ་སྒང་གི་ས་ཆར་གནས་འཆའ་བའི་བོད་མི་རིགས་ཀྱིས་ཀྱང་གདོད་མའི་དུས་རབས་ནས་རང་བྱུང་ཁམས་ཆེན་མོ་ལ་འཐབ་འཁྲུགས་ཀྱིས་འཚོ་བ་རོལ་བ་སོགས་ཀྱི་འཕེལ་འགྲོས་ཀྱི་བརྒྱུད་རིམ་བརྒལ་བའི་ལོ་ཟླའི་ནང་། དཔའ་མཛངས་ཀྱི་སྙིང་སྟོབས་དང་བློ་གྲོས་ཀྱི་ཉིང་ཁུ་བསྲུབས་པ་ལས། གངས་ལྗོངས་བཅུ་ཕྲག་རིག་པ་ཞེས་རིན་ཐང་དང་བྲལ་བའི་ཤེས་རིག་གི་ནོར་བུ་གཞན་མཚུངས་དང་བྲལ་བ་མིའི་རིགས་ལ་ལེགས་སྐྱེས་སུ་ཕུལ་ཞིང་། དེ་ལས་གངས་ཅན་བོད་ཀྱི་སྙན་ངག་རིག་པ་ནི་སྙན་འཇེབས་དབྱངས་སུ་རྫོགས་པའི་ངག་རིག་སྒྱུ་རྩལ་ཁོ་ན་ཞིག་དང་། སྡེབ་ལེགས་སྟར་ལ་བསྒྲིགས་པའི་ཡིད་འཕྲོག་ཚིག་ཕྲེང་ཙམ་ཞིག་མིན་པར། འདི་ནི་གངས་རིའི་མཁའ་དབྱིངས་ནས་འཕུར་བའི་སྙན་ངག་གི་དབྱངས་རྟ་ཡིན་ཕྱིར། བརྗིད་ཆགས་གངས་རིའི་དཀར་མདངས་དང་། གཡུ་མཚོ་སྔོན་མོའི་མཛེས་མདངས། སྤང་ལྗོངས་མེ་ཏོག་གི་མཚར་མདངས་བཅས་ཡིད་དབང་འཕྲོག་པའི་རང་བྱུང་ཁོར་ཡུག་གི་མཛེས་སྡུག་དག་རི་མོར་བྲིས་པའི་གཟུགས་བརྙན་ལྟར་འདི་ལས་མཐོང་ཐུབ་ལ། འདི་ནི་མི་རིགས་ཀྱི་སྙིང་ཁོང་ནས་བླངས་བའི་གླུ་དབྱངས་ཡིན་པས། འཚོ་བའི་གནས་སྟངས་དང་། ཡུལ་སྲོལ་གོམས་གཤིས། བསམ་པའི་ཁྱེར་སོ་སོགས་ངོ་མཚར་བའི་ཐུན་མིན་ཁྱད་ཆོས་ཀྱང་མངོན་ཐུབ་པར་བརྟེན། བོད་དང་བོད་རིག་པར་དོ་སྣང་ཞིབ་འཇུག་གནང་མཁན་གྱི་མཁས་དབང་ཞིབ་འཇུག་པ་དག་གི་དགོས་མཁོའི་ཆེད་དང་། སྙན་ངག་གི་གནས་ལ་སྦྱང་བར་བརྩོན་པའི་གསར་སྐྱེས་ན་གཞོན་གྱི་ཁྱུ་ཚོགས་ལ་མཚོན་དཔེའི་ཕྱིར་དུ། སྐྱབས་རྗེ་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེའི་སྙན་རྩོམ་འབེལ་གཏམ་ག ཅེས་བསྡུས་ཞེས་པའི་དཔེ་དེབ་འདི་བཞིན་ངེད་དཔེ་སྐྲུན་ཁང་གིས་འགྲེམ་སྤེལ་ཞུས་པ་ཡིན། ཁོང་གིས་ལྗགས་རྩོམ་གནང་བའི་བཅད་ལྷུག་དང་སྤེལ་མའི་རྩོམ་རིག་ཡོངས་ལ། སྡེབ་ལེགས་སྙན་འཇེབས་ཀྱི་ཉམས་འགྱུར་དང་། ཡིད་འཕྲོག་ཚིག་རྒྱན་གྱི་སྒེག་ཉམས་སོགས་སྙན་ངག་སྤྱིའི་རྩོམ་རིག་གི་སྒྱུ་རྩལ་དང་ལྡན་པས་མ་ཚད། རྩོལ་སྒྲིག་བཙན་ཐབས་ཀྱིས་སྦྱར་བའི་ཚིག་སྦྱོར་མ་ཡིན་པར། རྣམ་དཔྱོད་ཀྱི་ཀློང་ནས་འབད་མེད་དུ་བརྡོལ་བའི་རང་བྱུང་གི་སྙན་ངག་གམ་སྙན་འཇམ་བརྗིད་ཆགས་ཀྱི་ཉམས་བརྒྱ་རང་བཞིན་གྱིས་རྫོགས་པ་ཞིག་ཡིན་གཤིས། གནའ་བོའི་སྲོལ་རྒྱུན་རྩོམ་རིག་གི་བརྗིད་ཉམས་ཀྱི་སྲོག་ལུས་མ་དོར་ཁར། དེང་རབས་རང་མོས་སྙན་ངག་གི་ཚིག་རྒྱན་གྱིས་མཛེས་པར་སྤྲས་ཡོད་པ་དང་། བརྗོད་བྱ་དོན་གྱི་ཆ་ནས་གཞན་ཕན་གྱི་སྙིང་རྗེ་དང་། ཞི་བདེའི་བསམ་སྤྱོད་སོགས་བསྟན་ཡོད་པ་མ་ཟད་ཆེས་ཟབ་ཁྱད་དང་ལྡན་པའི་ནང་བསྟན་མཚན་ཉིད་རིག་པའི་སྙིང་དོན་མཐར་ཐུག་ཏུ་གྱུར་པ་སྟོང་ཉིད་ཀྱི་ལྟ་བ་དང་། སེམས་ཀྱི་གནད་གསང་། ཚེ་སྲོག་གི་གསང་བ་སོགས་དོན་དམ་གྱི་གནས་ལུགས་ཟབ་མོ་རྣམས་གསལ་བར་བསྟན་ཡོད་པ་བཅས། ཚིག་དོན་ཕུན་སུམ་ཚོགས་པའི་དཔེ་དེབ་གསར་པ་འདི་ཀློག་པ་པོ་རྣམས་ལ་དྲི་མ་མེད་པའི་ཁ་རྟགས་གསར་པ་ཞིག་གམ་བདུད་རྩིའི་མཆོད་ཆང་མངར་མོ་ཞིག་དང་མཚུངས་པའི་ལེགས་སྐྱེས་སུ་འགྱུར་བའི་སྨོན་འདུན་ཞུ། །བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

རྩོམ་པ་པོའི་རྣམ་ཐར་རགས་བསྡུས།

སྐྱབས་རྗེ་གྲུབ་པའི་དབང་པོ་མཆོག་སྤྲུལ་པདྨ་སྐལ་བཟང་རིན་པོ་ཆེ་ནི་༡༩༤༣ལོར་བོད་མདོ་ཁམས་ཉི་མ་ཤར་ཕྱོགས་ཀྱི་སའི་ཆ། དལ་འབབ་རྫ་ཆུའི་སྟོད་རྒྱུད་དགེ་རྩེ་འགབ་མ་ཞེས་པའི་སྡེ་བར་ངོ་མཚར་བའི་མཚན་ལྟས་དང་བཅས་སྐུ་འཁྲུངས། བྱིས་པའི་དུས་ཉིད་ནས་སྐྱེས་ཐོབ་ཀྱི་མཁྱེན་རབ་དང་། བྱང་སེམས་ཀྱི་བསླབ་སྤྱོད་སོགས་དམ་པའི་མངོན་རྟགས་རང་ཆས་སུ་མངའ། དེ་ནས་རིང་པོར་མ་ལོན་པར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་། རྫོགས་ཆེན་ཡིད་བཞིན་ནོར་བུ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ། རྫོགས་ཆེན་ཀོང་སྤྲུལ་རིན་པོ་ཆེ་སོགས་དམ་པའི་སྐྱེས་ཆེན་དུ་མ་བཀའ་ལུང་གཅིག་མཐུན་གྱིས་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་རྣམ་རོལ་རིགས་བརྒྱའི་ཁྱབ་བདག་མཁན་ཆེན་པདྨ་བཛྲ་རྩལ་གྱི་སྐུ་ཕྲེང་གསུམ་པར་ངོས་བཟུང་སྟེ། སྔ་འགྱུར་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་སའི་གསེར་ཁྲིར་མངའ་གསོལ་མཛད། འཇམ་དབྱངས་མཁྱེན་བརྩེ་དང་། རྫོགས་ཆེན་དྲུག་པ། ཡོངས་འཛིན་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་པདྨ་ཚེ་དབང་སོགས་སྐྱེས་ཆེན་མང་པོ་བསྟེན་ཏེ་མདོ་སྔགས་རིག་གནས་ཀྱི་འཆད་ཁྲིད་དང་། སྨིན་གྲོལ་གདམས་ངག་གི་ཟབ་གནད་བཅས་བུམ་པ་གང་བྱོའི་ཚུལ་དུ་གསན་པས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པར་གྱུར། བར་སྐབས་རྒྱལ་བསྟན་ཉམས་རྒུད་དུ་ཕྱིན་པའི་དུས་ཀྱི་ཡོ་ལང་སྟོབས་སུ་བདོ་བའི་བགྲང་བྱ་བཅུ་ཕྲག་གཉིས་ལྷག་རིང་། རྗེ་འདི་ཉིད་ལའང་རྡུང་རྡེག་བརྡབ་གསིག་གི་རྐྱེན་ངན་སྣ་ཚོགས་བྱུང་ཡང་རྒྱལ་བའི་བསྟན་པ་རིན་པོ་ཆེ་བྱི་དོར་མཛད་པའི་མིག་དཔེར་མཁས་བཙུན་བཟང་པོའི་མངའ་བདག་ཏུ་བཞུགས་པ་ནས། གངས་ལྗོངས་བསྟན་པ་ཡང་དར་གྱི་སྐབས་སུ་བླ་ན་མེད་པའི་ཐུགས་སྟོབས་ཀྱི་གོ་ཆ་བགོས་ཏེ་ཆེས་ཉམས་པར་ཕང་པའི་ཆོས་དང་རིག་གཞུང་སླར་གསོའི་བྱ་གཞག་ལ་རླབས་ཆེན་མཛད་རྗེས་སྤྱི་དང་། ཁྱད་པར་ཡུལ་མདོ་ཁམས་ཤར་གྱི་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཧའི་ལྔ་རིག་ཆོས་གྲྭ་ཆེན་མོ་གཞི་ཁྱོན་ཆེ་བའི་སླར་གསོ་དང་རྒྱ་སྐྱེད་གནང་སྟེ་གངས་ལྗོངས་ཆོལ་གསུམ་ནས་ཕེབས་པའི་ན་གཞོན་སྡེ་སྣོད་འཛིན་པ་སྟོང་ཕྲག་འགའ་བསྐྱེད་བསྲིང་གནང་བ་དང་ཆབས་ཅིག རིས་སུ་མ་ཆད་པའི་ཆོས་སྡེ་མང་པོར་དབང་ལུང་གདམ་ཁྲིད་ཀྱི་རྒྱུན་དང་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་པ་སོགས་ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་མཛད་རྒྱུན་ཕྱི་མའི་མཐར་ཡང་ཉམས་པ་མེད་པའི་ཚེ་སྲོག་བསྩལ་བ་དང་། དེ་མཚུངས་ཨ་རི། དབྱིན་ཇི། ཧྥ་རན་སི། སུད་སི། འཇར་མེན་སོགས་ཕྱི་གླིང་པའི་རྒྱལ་ཁབ་ཁག་མང་པོར་བསྟུད་མར་ཕེབས་ཏེ་བོད་ཀྱི་ཆོས་དང་རིག་གཞུང་ལ་འཇུག་འདོད་ཀྱི་ཆེད་མཁས་དང་། ཞིབ་འཇུག་པ། ཆོས་དད་པ་སོགས་རིགས་མི་གཅིག་པའི་སྐྱེ་བོ་མང་པོའི་སེམས་ཁམས་ལ་གཞན་ཕན་དང་ཞི་བདེའི་བདེ་དྲོད་བསྩལ་བ་སོགས་ལེགས་མཛད་ཕྲིན་ལས་ཀྱི་འོད་སྣང་གསར་པ་ཕྱོགས་ཀྱི་མུ་མཐར་ཁྱབ་པ་སྐྱོང་བཞིན་བསྟན་དང་འགྲོ་བའི་དཔལ་མགོན་དུ་འཚོ་ཞིང་གཞེས་པ་ལགས་སོ། །བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་ནས།

གསང་ཆེན་བསྟན་པའི་སྒྲོན་མེ་ཆེན་པོ་མཚུངས་བྲལ་ཆོས་ཀྱི་རྒྱལ་པོ་འཇིགས་མེད་ཕུན་ཚོགས་འབྱུང་གནས་རིན་པོ་ཆེར་བསྟོད་སྨོན་ངོ་མཚར་ནོར་བུའི་དོ་ཤལ།

མཆོག་སྦྱིན་རྡོ་རྗེ་རྣོན་པོའི་ཡེ་ཤེས་གཏེར།།

སྙིང་གི་པདྨོར་བཀོད་པའི་འོད་ཟེར་གྱིས།།

སྐྱེ་དགུའི་ཡིད་ལ་དགའ་སྟོན་རྟག་འགྱེད་པའི།།

མི་ཟད་དགེ་བའི་སྤོབས་པ་འདི་ན་ཐོབ།།

དབྱངས་ཅན་མགྲིན་པའི་འོ་མཚོར་དགྱེས་རོལ་བས།།

ངག་ལ་སྙན་པར་སྨྲ་བའི་བྱིན་ཆགས་པ།།

བདེན་གསུང་ཚངས་པའི་དབྱངས་ཀྱི་ཡན་ལག་གི།།

ཆོ་ག་ཡོངས་སུ་རྫོགས་པའི་དཔལ་ལ་ཕྱོགས།།

འཇིགས་མེད་ཕྱོགས་ལས་རྣམ་རྒྱལ་གྲུབ་བརྒྱའི་གཙོ།།

ཕུན་ཚོགས་ཆེ་དགུའི་གཙུག་ན་མངོན་མཐོ་བ།།

སྲིད་ཞིའི་ལེགས་ཚོགས་འབྱུང་གནས་ཆོས་ཀྱི་རྗེར།།

བསྟོད་དབྱངས་སྙན་སྤྲིན་རོལ་མོ་འཁྲོལ་ལ་བྲེལ།།

གང་ཁྱེད་སྦས་པའི་རྣལ་འབྱོར་ས་ཡི་གསེར།།

འགལ་རྐྱེན་གཡའ་ཡིས་མ་གོས་དམ་པའི་གཤིས།།

ཚུལ་དགུའི་འོད་སྟོང་འབར་བའི་ངོ་མཚར་དབྱིག།

དུས་སུ་བབས་ཚེ་བཀྲག་མདངས་ལྷག་པར་འཚེར།།

སྟོན་མཚན་མཁའ་ལ་རྒྱུ་བའི་རི་བོང་འཛིན།།

རྣམ་མང་རྒྱུ་སྐར་དབུས་ན་ཉེར་མཛེས་བཞིན།།

མཁས་གྲུབ་བྱེ་བའི་གཙུག་རྒྱན་མིའི་ཟླ་བ།།

བསྟན་འཛིན་རྒྱུ་སྐར་ཚོགས་པའི་དབུས་ན་མཛེས།།

རྫ་ཡུལ་རྫ་ཆབ་སྔོན་མོའི་ཐིགས་ཕྲན་དང་།།

དམ་པའི་ཞལ་གྱི་བདུད་རྩི་འདྲེས་པ་ཡིས།།

ཁྱོད་སྐུའི་ཁོ་ལག་རྫོགས་དང་ལྷན་ཅིག་ཏུ།།

ནང་གི་ཡོན་ཏན་ཁོང་ནས་མ་རྒྱས་སམ།།

སྙིགས་དུས་བསྟན་པའི་སྒྲོན་མེ་ཐུབ་བསྟན་མཚན།།

ཡོངས་ཀྱི་འཁོར་ལོས་སྒྱུར་བ་འདྲེན་པའི་མཆོག།

གཙུག་ཏུ་བསྙེན་པའི་རྣམ་ཐར་སེངྒེའི་སྒྲས།།

སྲས་ཀྱི་ཐུ་བོར་ཁྱོད་གཅིག་ཀུན་ཏུ་གྲགས།།

གདོད་མའི་མགོན་པོ་མི་ཡི་བརྫུར་ཞུགས་པ།།

འཇིགས་མེད་གུ་ཎ་ན་ཐའི་མཚན་ཅན་གྱིས།།

དགོངས་བརྒྱུད་རྟོགས་པ་འཕོས་པའི་རྟེན་འབྲེལ་ལས།།

ས་ལམ་ཆིག་ཆོད་རྫོགས་པར་མ་གྱུར་ཏམ།།

དང་པོར་དམ་པའི་བཤེས་གཉེན་ལེགས་པར་བསྟེན།།

བར་དུ་ཐོས་བསམ་སྒོམ་པས་རང་རྒྱུད་དུལ།།

མཐའ་མར་གཞན་དོན་ཕྲིན་ལས་རྩིབས་སྟོང་གི།

ཆོས་ཀྱི་འཁོར་ལོས་ས་ཆེན་དབང་དུ་བྱས།།

བརྒྱད་གཉིས་གཞོན་ནུའི་དཔལ་འཛིན་མཁྱེན་རབ་གཏེར།།

གུར་གུམ་མདོག་ཅན་ཤེས་རབ་རལ་གྲི་འཆང་།།

ལྷག་པའི་ལྷ་མཆོག་རྡོ་རྗེ་རྣོན་པོ་ཡི།།

མཁྱེན་རབ་ཡེ་ཤེས་ཁྱོད་ལ་བཟླུམ་མིན་ནམ།།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མིག་མི་འཛུམ།།

དཀར་གསལ་ལང་ཚོའི་ཆ་རྫོགས་གངས་རིའི་མགོན།།

ལྷ་གཅིག་རྗེ་བཙུན་ཕྱག་ན་པདྨོ་ཡི།།

བརྩེ་ཆེན་ཐུགས་རྗེ་ཁྱོད་དང་གཉིས་སུ་མེད།།

སྲས་བཅས་རྒྱལ་བའི་ནུས་མཐུ་གཅིག་སྡོམ་པ།།

མཐིང་མདོག་མི་ཤིགས་རྡོ་རྗེའི་ཕྱག་མཚན་ཅན།།

གསང་བའི་མཛོད་འཛིན་གསང་བདག་དཔའ་བོ་ཡི།།

མཐུ་སྟོབས་དཔལ་མངའ་ཁྱོད་ལས་ལོགས་ན་སུ།།

རྒྱལ་བསྟན་ཉི་མ་ཆུ་ལྷར་ཕྱོགས་གྱུར་ཅིང་།།

དམ་པའི་འོད་སྣང་བག་ལ་ཞ་བའི་ཚེ།།

ཤར་རིའི་མཁའ་ལ་འཕགས་པའི་འོད་དཀར་ཅན།།

ཉ་རྒྱས་ཟླ་བ་དཀར་པོ་ཁྱོད་མིན་ནམ།།

ཡོངས་རྫོགས་བསྟན་པའི་ཕྱི་མོ་སྔ་འགྱུར་པ།།

ཆེ་བ་དྲུག་ལྡན་རིག་འཛིན་བརྒྱུད་པའི་སྲོལ།།

མི་ནུབ་མཁའ་མཐར་ཁྱབ་པའི་ཕྲིན་ལས་ཀྱི།།

གདུགས་དཀར་ཡངས་པོས་ས་ཆེན་འགེངས་འདི་རྨད།།

ཆེན་པོའི་མཚན་གྱི་མཁའ་དབྱིངས་མཐོར་བསྙེགས་ཀྱང་།།

སྐྱེས་སྦྱང་གཤོག་རྩལ་དམན་པས་སར་ལྷུང་བ།།

ཁྱིམ་བྱའི་འཕྱོར་འགྲོས་ལས་འདས་རྒོད་པོའི་རྩལ།།

གནམ་འཕང་མཐའ་རུ་གཅོད་ཁྱེད་སུ་ཡིས་འགྲན།།

སྙིགས་དུས་རྒུད་མུན་སྟོབས་སུ་བདོ་དང་ལྷན།།

སྣུམ་ཟད་མར་མེའི་མདངས་ལ་ཕྱོགས་པ་ཡི།།

ཤིན་ཏུ་ཉག་ཕྲའི་གསང་ཆེན་བསྟན་པའི་སྲོག།

བཤད་དང་སྒྲུབ་པས་གསོས་འདི་སུ་ཡིས་བརྗེད།།

ལ་ལ་ཕྱོགས་ཞེན་གྱི་ནས་འཆིང་གྱུར་ཅིང་།།

འགའ་ཞིག་རང་མཐོང་རྨོངས་པས་བསྒྲིབས་གྱུར་ཀྱང་།།

ཡང་དག་དམ་པའི་སྐྱེས་མཆོག་བཙོ་མའི་གསེར།།

ལན་བརྒྱར་བརྟགས་ཀྱང་རང་གཤིས་འགྱུར་སྲིད་དམ།།

རྨད་བྱུང་གསང་ཆེན་སྔ་འགྱུར་རྒྱལ་བའི་བསྟན།།

གྲགས་པའི་བ་དན་སྲིད་པའི་བླར་བསྒྲེངས་པ།།

མདོ་སྨད་གསེར་ལྗོངས་ལྔ་རིག་ཆོས་ཀྱི་གླིང་།།

སྙན་པའི་དཔལ་གྱིས་ས་གསུམ་ཀུན་ནས་མཛེས།།

དུས་ཀྱི་དབང་གིས་ཐུབ་པའི་ལུང་རྟོགས་བསྟན།།

མིང་གི་ལྷག་མར་ཕྱོགས་པའི་དེ་མ་ཐག།

བསྟན་ལ་སྟོན་པ་གཉིས་པ་མཚུངས་བྲལ་རྗེ།།

མ་སྨད་སྲིད་པའི་རྒྱན་དུ་ལྷག་པར་གསལ།།

ཐུན་མོང་ཐུན་མིན་མདོ་སྔགས་གཞུང་ལུགས་ཀུན།།

ཡང་དག་ལུང་དང་རིགས་པས་ཉེར་གཞལ་ཏེ།།

ཟླ་མེད་འཆད་རྩོད་རྩོམ་པའི་འཕྲིན་ལས་ཀྱི།།

རྒྱལ་རྔ་གསར་པས་ཁོར་ཡུག་བརྗིད་པར་བྱས།།

ཕྱོགས་རེར་ཐལ་རྒྱུག་མ་ཡིན་ཤེས་བྱའི་ཆོས།།

མཐའ་དག་གཏན་ལ་འབེབས་མཁས་རོང་ཀློང་རྗེའི།།

ཤིང་རྟའི་སྲོལ་འཛིན་གསང་ཆེན་སྔ་འགྱུར་པའི།།

བསྟན་སྲུང་ལྕགས་རི་ཆེན་པོ་དེང་འདིར་བསྐྲུན།།

ཡོངས་རྫོགས་རྒྱལ་བསྟན་གསེར་གྱི་མཆོད་སྡོང་ཆེར།།

ལུང་རྟོགས་ཡོན་ཏན་བྱེ་བའི་དཔལ་འབར་བ།།

ཁྱེད་གཅིག་རིན་ཆེན་ནོར་བུའི་ཕྲ་ཚོམས་ཏེ།།

ངོ་མཚར་འོད་སྣང་རྒྱང་རིང་ལྷག་པར་འཕེལ།།

ཡངས་པའི་ས་ཆེན་གཙུག་ན་མངོན་མཐོ་བ།།

འཇིག་རྟེན་སྒྲོན་མེ་དམ་ཆོས་དར་བའི་ཡུལ།།

བསིལ་ལྡན་གངས་རིའི་ལྗོངས་ཀྱི་མཚན་སྙན་སྒྲ།།

གླིང་ལྔ་མཚོ་བཞིར་ཁྱོད་ཀྱིས་ཁྱབ་པར་བྱས།།

ཐུབ་བསྟན་སྙིགས་མར་གྱུར་པའི་གཞན་དབང་གི།།

རྙོགས་མ་སྒྲུང་བར་བྱེད་ལ་བདུད་རྩིའི་བཅུད།།

རླབས་ཆེན་དག་བྱེད་གསར་པའི་རྒྱུན་འཇོ་བས།།

དྭངས་གཙང་བྱི་དོར་བཟང་པོ་ཁྱོད་ཀྱིས་བྱས།།

དོན་འགྲུབ་དགྲ་ལྷའི་རྒྱལ་པོ་ཡིད་བཞིན་དབང་།།

ནག་ཕྱོགས་བདུད་སྡེའི་གཤེད་དུ་ཆས་པའི་ཚེ།།

དཀར་ཕྱོགས་ལྷ་ཡི་རུ་མཚོན་སྲིད་པའི་རྩེར།།

སྒྲེང་མཛད་སྣང་ཆུང་གཡུ་ཡི་མེ་ཏོག་རྒྱལ།།

མངོན་སྤྱོད་ལས་ལ་གྲུབ་པའི་མཐུ་གོམས་པས།།

འཇིགས་རུང་དྲག་ཤུལ་རྡོ་རྗེའི་མེ་ཆར་གྱིས།།

མ་རུང་རྒྱལ་འགོང་འཇོམས་ལ་ཆེས་དཔའ་བ།།

བདུད་འདུལ་ལས་རབ་གླིང་པ་མཆོག་ཏུ་རྔམ།།

དབང་མཛད་དོན་ཡོད་ནོར་བུའི་འཕྲུལ་ཞགས་ཀྱིས།།

བརྟན་གཡོའི་དྭངས་བཅུད་འགུགས་དང་ལྷན་ཅིག་ཏུ།།

ཆེ་དགུའི་ཡིད་ཀྱི་བརྟན་པ་འཕྲོག་བྱེད་པ།།

ཟིལ་གནོན་གར་གྱི་དབང་ཕྱུག་ཉམས་བརྒྱ་འབར།།

ལས་རླུང་དབྱིངས་སུ་དག་པའི་དྭངས་མའི་སྲོག།

ཡེ་རླུང་དབུ་མར་འཁྱིལ་བའི་ནཱ་དའི་དབྱངས།།

མགྲིན་པའི་རྩ་མདུད་ལྷོད་པོར་ཉེར་ཆགས་པས།།

རྒྱང་སྙན་དྲི་ཟའི་གླུ་ཡི་ཁེངས་པ་འཕྲོག།

ཀུན་བཟང་ཐུགས་ཀྱི་ཡང་བཅུད་རྫོགས་པ་ཆེ།།

དབྱིངས་ཀྱི་མཁའ་འགྲོས་སྲུང་བའི་ཟབ་དོན་མཛོད།།

ཀློང་གསལ་དགོངས་པའི་བརྡ་རིས་གསང་བའི་རྒྱ།།

འགྲོལ་ལ་དགའ་རབ་དཔའ་བོ་གཉིས་སུ་མིན།།

གཟུང་དང་འཛིན་པས་མ་ལྷད་རིག་པའི་གཤིས།།

བློས་བྱས་བཅོས་མའི་གཟེབ་ལས་རྟག་གྲོལ་བ།།

རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་གནས་ལུགས་དོན།།

མངོན་སུམ་རང་གནད་ངེས་པས་ཚད་དུ་བསྐྱལ།།

རང་རིག་འཛིན་མེད་མ་བཅོས་རང་ཤར་ཀློང་།།

གང་སྣང་དག་པ་ཆོས་དབྱིངས་རྒྱན་དུ་ཤར།།

ཚོགས་དྲུག་རང་གྲོལ་བྱར་མེད་རྣལ་འབྱོར་པ།།

འཁོར་འདས་རེ་དོགས་སྤང་བླང་རྒྱ་ལས་གྲོལ།།

མཐའ་བྲལ་དབུ་མ་ཆེན་པོའི་ལྟ་བ་རྟོགས།།

ཟུང་འཇུག་ཕྱག་རྒྱ་ཆེན་པོའི་གོ་འཕང་བརྙེས།།

བློ་འདས་ཆོས་ཟད་རྫོགས་པ་ཆེན་པོར་ཕྱིན།།

གཞི་ལམ་འབྲས་བུའི་དོན་བཅུད་བདག་གིར་བྱས།།

གཞི་དབྱིངས་ཀ་དག་འོད་གསལ་ཆེན་པོ་རུ།།

ལྷུན་གྲུབ་སྣང་བ་བཞི་ཡི་རྩལ་རྫོགས་པས།།

འཕོ་ཆགས་མཚན་མའི་སྤྲོས་པ་ཡོངས་ཞི་བ།།

གདོད་མའི་རྒྱལ་སར་རང་དབང་སྒྱུར་ཁྱོད་བསྔགས།།

ཀུན་བརྟགས་མ་རིག་འཁྲུལ་བས་ལྷད་གྱུར་པའི།།

གཞན་དབང་འགལ་རྐྱེན་གདོན་ཚོགས་མཐར་བསྐྲད་དེ།།

ཡོངས་གྲུབ་ཚེ་ལྷའི་དཀྱིལ་འཁོར་མགོན་པོ་རུ།།

མི་འདའ་བསྐལ་པ་རྒྱ་མཚོར་རྟག་བརྟན་ཤོག།

དུས་གསུམ་མཚན་མས་དབེན་པའི་དུས་ཀྱི་ཆ།།

བཅུ་གཉིས་དུས་སྦྱོར་རྒྱུ་བའི་རླུང་གི་འགྲོས།།

འཕོ་བྲལ་དབུ་མའི་སྲོག་ཏུ་ཡོངས་ཚུད་པའི།།

བདེ་མཆོག་དང་པོའི་མགོན་དུ་ཞབས་བརྟན་གསོལ།།

ཉི་ཟླའི་ཚེ་དང་བརྟན་གཡོའི་སྙིང་པོའི་བཅུད།།

དྭངས་མར་དྲིལ་བའི་མི་ཤིགས་འོད་དཀར་མདངས།།

བླ་ཚེའི་ལྗོན་པར་བསྟིམ་པའི་འཆི་མེད་སྲོག།

གསང་གསུམ་གཡོ་བ་མེད་པའི་ཕྱག་རྒྱར་བརྟན།།

ཤིན་ཏུ་སྐལ་མེད་ལོག་ལྟའི་འཆིང་བ་ཅན།།

མ་རུང་བསམ་སྦྱོར་རྩུབ་པའི་རིགས་ཅན་ལ།།

དྲང་སྲོང་དམོད་པའི་ལས་ཀྱི་ཟིལ་ཤུགས་ཀྱིས།།

སྙིང་རྗེ་ཁྲོས་པའི་རང་གཟུགས་རྟག་ངོམ་ཤོག།

ཞབས་ཟུང་མི་ཤིགས་རྡོ་རྗེའི་རེ་ཁ་ཆེ།།

མི་འགྱུར་གཡུང་དྲུང་རིས་ཀྱིས་རྟག་སྲུང་བའི།།

ངོ་མཚར་ཆོ་གས་བཀྲ་ཤིས་རྫོགས་ལྡན་དཔྱིད།།

ཟླུམ་པོའི་ས་གཞིར་བསྐྱིལ་ལ་གཅིག་ཏུ་སྨོན།།

འཇིགས་མེད་སྤོབས་པའི་གཟི་བྱིན་ལྷ་ཡིས་བསྩལ།།

ཕུན་ཚོགས་བདེ་ལེགས་བརྒྱ་ཕྲག་ལྷུན་གྱིས་གྲུབ།།

ཕན་བདེའི་འབྱུང་གནས་ཡིད་བཞིན་འཁོར་ལོའི་སྒྱུར།།

སྲིད་ན་ཆེ་བའི་དཔལ་གྱིས་ཡུན་མཛེས་ཤོག།

མཐའ་ཡས་སེམས་ཅན་མ་བསྒྲལ་དེ་སྲིད་དུ།།

མགོན་པོ་ཁྱེད་ཀྱིས་དམ་བཅའི་ཁུར་བཟུང་ནས།།

ས་ཆེན་རྡུལ་དང་མཉམ་པའི་ཕྲིན་ལས་ཀྱི།།

སྣ་ཚོགས་རོལ་མོས་འགྲོ་ཀུན་རྗེས་འཛིན་ཤོག།

ལྷག་བསམ་ཕྱོགས་སུ་མ་ལྷུང་དྲང་པོའི་མདའ།།

རེ་སྨོན་སྣ་ཚོགས་དར་གྱིས་རབ་བརྒྱན་པ།།

ལེགས་ཚོགས་ངང་གིས་འདུ་བའི་གཡབ་མོ་ཅན།།

དེང་འདིར་དུས་རབས་གསར་པའི་སྐྱེས་སུ་འབུལ།།

ངག་ལ་བདེན་ཚིག་གྲུབ་པའི་རྟེན་འབྱུང་མཐུ།།

མཆོག་གསུམ་ལྷ་དང་སྲུང་མའི་མཐུན་འགྱུར་བཅས།།

འཛམ་གླིང་ས་མཐོའི་རྩེ་མོ་གངས་ཅན་ཤར།།

དགོས་འདོད་གཡང་དུ་འཁྱིལ་བའི་རྒྱན་ལ་བཀོད།།

ཅེས་དུས་རབས་ཉེར་གཅིག་པར་ཕྱོགས་པའི་དུས་མཚམས་སྤྱི་ལོ་མཁའ་མཁའ་མཁའ་མིག་སྟེ། སྟོང་པའི་ཐིག་ལེ་སུམ་སྦྲེལ་ལ་བདེ་སྐྱིད་ཟུང་འབྲེལ་གྱི་ཨང་གཟུགས་ཀྱིས་མཚན་པའི་གནམ་ལོའི་འཛུམ་ཞལ་གསར་དུ་ངོམ་པའི་སྔ་ནུབ་ཏུ། རྒྱ་ནག་པོའི་ཤར་ཕྱོགས་ཀྱི་གྲོང་ཁྱེར་ཧྲང་ཧེ་ཡི་ཐོག་ཁང་མཐོན་པོ་ཞིག་གི་ཡང་རྩེའི་རང་སྤྱིལ་ནས། དྲང་པོར་སྲོང་བའི་སྨྲ་བ་ལ་གཅིག་ཏུ་འདུན་པ་རྫོགས་ཆེན་པདྨ་སྐལ་བཟང་གི་སྨྱུག་རྩེ་ལས་ཐོན་པའོ།།

སྔ་འགྱུར་བསྟན་པའི་སྲོག་མཐུད་སྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུ་མཆོག་ལ་རྗེས་སུ་ཕྱོགས་པའི་བསྟོད་སྨོན་ཞབས་བརྟན་ཟུང་འབྲེལ་དོན་མཐུན་མདོང་མཐའ་དགའ་བའི་ཟློས་གར།

གྲངས་མེད་བསྐལ་པའི་སྔོན་ནས་སངས་རྒྱས་ཀྱང་།།

བརྩེ་ཆེན་སྙིང་རྗེས་ལྔ་བརྒྱ་ཐ་མའི་འགྲོར།།

བྱང་ཆུབ་ཞི་བ་དམ་པའི་ལམ་སྟོན་པ།།

རྒྱལ་བ་དོན་ཀུན་གྲུབ་པ་ལ་ཕྱག་འཚལ།།

རབ་འབྱམས་རྒྱལ་བ་ཀུན་གྱི་གསང་གསུམ་འཕྲུལ།།

སིནྡྷུའི་དྭངས་མཚོར་འཕོས་པའི་ཡ་མཚན་གར།།

འཆི་མེད་རྟག་པ་དམ་པའི་སྐུ་འཆང་བ།།

པད་འབྱུང་རྒྱལ་བ་གཉིས་པ་རྒྱལ་གྱུར་ཅིག།

མ་ལུས་ཕྱོགས་དུས་རྒྱལ་བའི་ཡེ་ཤེས་དཔྱིད།།

ཀུན་ཁྱབ་མཁའ་ཡི་རྡོ་རྗེ་སྒྱུ་མའི་འཕྲུལ།།

མི་ཟད་བློ་གྲོས་གཏེར་འཆང་གཞོན་ནུའི་གཟུགས།།

འཇམ་དཔལ་སྨྲ་བའི་ཉི་མས་དགེ་ལེགས་སྩོལ།།

མཚོ་བྱུང་ཟླ་བའི་ལྷ་མོ་ཚངས་དབང་སྲས།།

མཚར་སྡུག་ལང་ཚོས་མཛེས་པ་ངག་གི་ལྷ།།

སྙན་འགྱུར་འབུམ་གྱི་རྒྱུད་མངས་རྟག་འཁྲོལ་བ།།

སྒྲ་དབྱངས་ལྷ་མོ་མགྲིན་པར་དགྱེས་རོལ་ཅིག།

རྡུལ་བྲལ་ཚེ་དང་ཡེ་ཤེས་དཔག་མེད་མགོན།།

གྲུབ་པའི་རིག་འཛིན་དྲང་སྲོང་ཚེ་ཡི་ལྷས།།

མཐུན་འགྱུར་བདེན་ཚིག་གྲུབ་པའི་བཀྲ་ཤིས་ཀྱི།།

མེ་ཏོག་མན་ད་ར་བ་ཆར་དུ་སྙིལ།།

བདེ་བར་གཤེགས་པ་རིན་ཆེན་གཙུག་འཆང་མངོན་སུམ་མི་ཡི་ཟོལ་གྱིས་ཕེབས་པ་དག་ཆེན་མཆོག་གཟིགས་ལྔ་པ་ཆེས།།

མཁྱེན་པའི་མེ་ལོང་གཙང་མའི་ངོགས་སུ་མ་འདྲེས་ཇི་བཞིན་གང་གི་མཚན་སྒྲ་ཞུགས་དང་བལྟམས་པའི་ཡ་མཚན་ལྟས།།

མ་ནོར་མངོན་སུམ་གསལ་བའི་ལུང་དོན་བདེན་ཚིག་རྡོ་རྗེའི་བརྡ་ཡིས་དབུགས་དབྱུང་མཆོག་ཏུ་གཟེངས་བསྟོད་སྙན་པའི་སྒྲས།།

གངས་ཅན་ལྷོ་ཕྱོགས་བརྗིད་པར་བྱས་ཤིང་མདོ་གླིང་ཁམས་ཀུན་ཡོངས་སུ་འགེངས་པའི་ངོ་མཚར་སྣང་བས་ས་ཆེན་གཡོས།།

སྔོན་སྨོན་ཐུགས་བསྐྱེད་དམ་བཅའི་ཤིང་རྟ་ཆེ།།

སྐྱེ་དགུའི་བསོད་ནམས་སྐྱ་རེངས་ཀྱིས་དྲངས་ཚེ།།

རྨད་བྱུང་མཚན་དཔེའི་ཉིན་བྱེད་འོད་བརྒྱ་པ།།

རྒྱལ་བསྟན་གླིང་བཞིའི་མཁའ་ལ་ལྷམ་མེར་གསལ།།

སྐུ་མཆོག་མཚན་དཔེ་བརྒྱ་པའི་ཉིན་བྱེད་མཛེས།།

གསུང་གསང་འགག་མེད་ལྷ་ཡི་རྔ་སྒྲ་སྙན།།

གང་ཐུགས་སྒྲིབ་མེད་ཡེ་ཤེས་ཀུན་གསལ་མཁའ།།

གསང་གསུམ་ཡོན་ཏན་མི་ཟད་གངས་ཆེན་མཚོ།།

རྒྱལ་བསྟན་མིང་གི་ལྷག་མར་ཕྱོགས་གྱུར་ཅིང་།།

བསྟན་ཞབས་རྟགས་ཀྱིས་སྡུད་པའི་བསྟན་སེལ་གྱིས།།

རྒྱལ་བསྟན་རྙོགས་མར་གྱུར་པའི་དུས་ཀྱི་མཐར།།

གང་ཁྱོད་འདུལ་འཛིན་བསྟན་པའི་རྒྱན་གཅིག་བསྔགས།།

སྙིགས་དུས་རྒུད་པའི་མི་བཟད་འཐོར་རླུང་ཤིན་ཏུ་ཉམ་ངའི་ཉོན་མོངས་ཉེས་བརྒྱའི་དྲག་ཤུགས་ཀྱིས།།

བག་ཡོད་གོ་ཆ་ཉམས་པར་མ་བྱས་ཆེན་པོའི་ཚོགས་སུ་ཉིན་མོའི་སྐར་མའི་གྲངས་འཛིན་མོད།།

གང་ཁྱོད་གདོང་པ་ལྔ་པའི་དབང་པོས་རྨད་བྱུང་ཐུགས་སྟོབས་འགྲན་བྲལ་སྤོབས་པའི་རྩལ་དཀྲུགས་ཏེ།།

བསླབ་གསུམ་ལུས་སྟོབས་ནང་ནས་རྒྱས་པའི་མི་འཇིགས་སེངྒེའི་སྒྲ་ཆེན་བསྒྲགས་པས་བསྟན་འཛིན་ཟོལ་མའི་ཝ་སྐྱེས་བཀུམས།།

ཕྱི་ཚུལ་ཁ་དོག་བཅོས་པའི་ནོར་བུའི་གཟུགས།།

ནང་ཚུལ་ཆུ་ལ་བཀྲུས་པའི་རང་མདོག་སྟེ།།

དམ་པའི་རང་གཤིས་མ་བསླད་བཟང་པོའི་གསེར།།

བསྲེག་བཅད་བརྡར་བས་བཀྲག་མདངས་ལྷག་པར་འཚེར།།

འགའ་ཞིག་མིང་གི་གྲགས་སྐམ་ནམ་མཁའི་འཇའ།།

ལྟར་སྣང་བྱིས་པ་བྲིད་པའི་སྟོང་གཟུགས་ཙམ།།

གང་ཁྱེད་སྙན་པ་དོན་ལྡན་དབྱར་གྱི་རྔ།།

དོན་མཐུན་རྨ་བྱ་དགའ་བའི་གསོས་སུ་ཆེ།།

ཕུལ་བྱུང་སོ་ཐར་བསླབ་པའི་ཁྲིམས་ཀྱིས་དྲང་སྲོང་རྗེས་འགྲོའི་བརྟུལ་ཞུགས་བསྲུངས་པའི་ངུར་སྨིག་རྒྱལ་མཚན་སོ་མས་མཛེས།།

བྱང་སེམས་སྤྱོད་པ་རྒྱ་མཚོའི་མཐར་སོན་བྱ་དཀའི་སྤྱོད་པ་སྲོག་གི་ཟུངས་ཀྱིས་བསྟན་པའི་སྲོག་དབུགས་གཉིས་པ་མཐུད།།

གསང་སྔགས་ཟབ་ཆོས་བཀའ་གཏེར་མན་ངག་གདམས་པའི་མཛོད་འཆང་སྨིན་གྲོལ་དབང་ཕྱུག་རིགས་ཀུན་བདག་པོ་སྤྲུལ་བའི་སྐུ།།

གསང་གསུམ་ཡོན་ཏན་རིན་ཆེན་ཕུང་པོ་རིགས་གསུམ་སྒྱུ་འཕྲུལ་མི་ཡི་གར་སྒྱུར་པདྨའི་མཚན་འཆང་ནོར་བུའི་མཆོག།

བཤད་དང་སྒྲུབ་པའི་ཕྱག་རྗེས་ཟླ་བྲལ་བ།།

བསྟན་པའི་བཙས་སུ་བཞག་པའི་བཀའ་དྲིན་ལ།།

འབྱུང་འགྱུར་བསྐལ་བ་ཕྱི་མའི་དུས་མཐར་ཡང་།།

ཡི་རང་སྙན་པའི་གྲགས་དཀར་སྲིད་ན་འཁོར།།

ཤིན་ཏུ་སྙིགས་མར་གྱུར་པའི་གཞན་དབང་གི།།

མཐུས་ཀྱང་མ་ནོན་བསྟན་སྲོག་བསྲུངས་བ་ཡི།།

མི་ནུབ་མཛད་པའི་ཕྱག་རྗེས་རིན་བྲལ་བ།།

ཡུན་རིང་དུས་ན་བཀྲག་མདངས་ལྷག་པར་འཚེར།།

ངུར་སྨིག་རྒྱལ་མཚན་གསར་པའི་བླ་གོས་དང་།།

འགྲོགས་པའི་བསླབ་ལྡན་ཚངས་སྤྱོད་གཞོན་ནུའི་ཁྱུས།།

ས་འདི་མཛེས་པར་བྱས་པའི་ངོ་མཚར་གྱིས།།

བསྟན་ལ་རི་མོར་བགྱིས་སོ་པདྨའི་མཚན།།

སྔོན་སྨོན་བཙན་པོའི་ལས་རླུང་ཤུགས་ལྡན་སྐྱ་རེངས་གསར་པས་ཉེར་དྲངས་པའི།།

གཞན་ཕན་མཛད་བཟང་བཅུ་གཉིས་བདག་པོ་ཉིན་བྱེད་གཅིག་གི་འོད་ཟེར་གྱིས།།

གསང་ཆེན་སྔ་འགྱུར་གླིང་བཞིའི་མུན་པ་མ་ལུས་ཀུན་ནས་རབ་སེལ་བ།།

ཡོངས་རྫོགས་ཐུབ་བསྟན་མཁའ་ལམ་ཁྱོན་ན་སྔར་མེད་རྒྱན་དུ་ལྷག་པར་མཛེས།།

རྣམ་དག་ཁྲིམས་ཀྱི་བསླབ་པས་རྒྱུད་དུལ་ཞིང་།།

མི་གཡོ་རྙོགས་པ་རབ་ཞིའི་ཏིང་འཛིན་བརྟན།།

ཤེས་རབ་མཆོག་གིས་དེ་ཉིད་མངོན་གཟིགས་པས།།

རྒྱལ་རྣམས་མཁྱེན་པའི་མེ་ལོང་ཁྱེད་ལ་ཕྱོགས།།

འགྲོ་ལ་ལྷག་པར་བརྩེ་བའི་སྙིང་རྗེའི་ཆབ།།

བྱང་སེམས་མྱུ་གུ་གསར་པའི་གསོས་གྱུར་པས།།

སྨོན་འཇུག་བྱང་ཆུབ་སེམས་ཀྱི་འབྲས་བཟང་གིས།།

ཐུགས་རྒྱུད་སྨིན་པ་རྒྱལ་སྲས་ཁྱོད་གཅིག་བསྔགས།།

མཚན་བཟང་མཐོང་གྲོལ་མིག་གི་བདུད་རྩིས་སྐལ་བཟང་ཐར་པའི་སྲོག་སྦྱིན་ཞིང་།།

གཟི་ལྡན་མཚན་གྱི་རྣ་ལོང་དཔྱངས་པས་མི་མཐུན་ཉེས་པའི་ཚོགས་རབ་ཞི།།

གྲགས་པའི་དྲི་བསུང་འཁོར་བའི་ཕྱོགས་རྣམས་རྩུབ་མོའི་ཚོར་བའི་ཟུག་རྔུ་འབྱིན།།

མཐོང་ཐོས་དྲན་པས་རྒུད་པ་གཏན་འཇོམས་རྒྱལ་སྲས་སེམས་དཔའ་མཚུངས་མེད་བཤེས།།

ཁྱད་ཆོས་ཆེ་བ་དྲུག་གིས་ཁྱད་འཕགས་པའི།།

ཨོ་རྒྱན་མཁན་པོའི་རིང་ལུགས་སྔ་འགྱུར་པའི།།

མདོ་སྔགས་བསྟན་པའི་མེ་རོ་གཞིར་བཞེངས་སུ།།

སློང་ལ་སྟོན་པ་གཉིས་པ་ཁྱེད་འདྲ་དཀོན།།

འདིར་སྣང་བསླུ་བྲིད་བྱིས་པའི་འདུན་གྲོས་ཞེན་བྲལ་ལམ་ཁའི་རྡོ་བཞིན་བོར།།

རྐྱེན་སྣང་སྣ་ཚོགས་འཁྲུལ་བའི་ལྟད་མོ་རྩིས་མེད་སྒྱུ་མ་ལྟ་བུར་གཟིགས།།

སྣང་སེམས་རོ་མཉམ་གཟུང་འཛིན་མདུད་གྲོལ་བྱར་མེད་ཀུན་བཟང་དགོངས་པའི་མཛོད།།

བདག་གིར་བྱས་ལས་ཟང་ཐལ་གྲུབ་བརྒྱའི་མཆོད་གྲལ་གཙང་མར་རང་དབང་བསྒྱུར།།

འཁྲུལ་བ་ཀ་ནས་དག་པའི་གུ་ཡངས་གཤིས།།

རང་བབས་མ་བཅོས་རྗེན་པར་བཞག་པ་ཡིས།།

སྣང་སེམས་གཞི་གྲོལ་ཀུན་ཁྱབ་བདེ་བ་ཆེ།།

བྱ་བྲལ་ནམ་མཁའི་རྒྱལ་པོ་གཡོ་བ་མེད།།

ཡེ་གྲོལ་ཀ་ནས་དག་པའི་གཞི་དབྱིངས་ཆེར།།

རང་གདངས་ལྷུན་གྲུབ་སྣང་བཞིའི་རྩལ་རྫོགས་པས།།

ནང་གསལ་ཤིན་ཏུ་ཕྲ་བའི་རླུང་སེམས་ཆ།།

འཕོ་མེད་དྭངས་མར་བཟླུམས་ཁྱོད་མཆོག་ཏུ་བསྔགས།།

ཇི་སྲིད་སྲིད་པ་དེ་སྲིད་བར་དུ་སྐྱོ་བས་མི་དུབ་འགྲོ་སྒྲོལ་དམ་བཅའི་ཁུར་འཛིན་པའི།།

ཟླ་བྲལ་ཐུགས་བསྐྱེད་ཐུགས་དམ་བརྟན་པོ་བསྙེང་བ་བྲལ་བའི་འཇིགས་མེད་མི་ཤིགས་རྡོ་རྗེའི་སྲོག།

ཕྱོགས་ལས་རྣམ་རྒྱལ་རྒྱལ་རྔ་གསར་པའི་འཕྲིན་ལས་དང་འགྲོགས་ཕྱི་མ་ཕྱི་མའི་དུས་ཀྱི་མཐར།།

ཉམས་པ་མེད་པའི་ངོ་མཚར་རྣམ་ཐར་ཉི་ཟླའི་རྣ་ཆས་ཕྱོགས་ཀྱི་ཐ་གྲུ་མཛེས་པར་སྨོན།།

ངེས་གསང་ཐུབ་བསྟན་སྙིང་པོའི་རྒྱལ་ཐབས་མཁན།།

ལུང་རྟོགས་བཤད་དང་སྒྲུབ་པའི་མངའ་ཐང་ཅན།།

མཚུངས་བྲལ་སྔ་འགྱུར་རྒྱལ་བ་དཔལ་ཡུལ་པའི།།

མཚན་སྙན་འཛམ་གླིང་ཐ་གྲུར་རྟག་འབར་ཤོག།

ཀུན་ཁྱབ་མཁའ་དང་མཉམ་པའི་རྡོ་རྗེའི་སྐུ།།

རྡུལ་བྲལ་དྭངས་མའི་ལང་ཚོར་རྟག་ཤར་བས།།

ཇི་སྲིད་ནམ་མཁའ་གནས་པ་དེ་སྲིད་དུ།།

མཐའ་ཡས་འགྲོ་ཁམས་རྒྱ་མཚོའི་དཔལ་དུ་བརྟན།།

རིགས་གསུམ་སྒྱུ་འཕྲུལ་སེང་ཆེན་ཡིད་བཞིན་དབང་།།

དོན་འགྲུབ་དགྲ་ལྷའི་རྒྱལ་པོ་ཝེར་མ་དཀར།།

རྡོ་རྗེ་ཚེ་རྒྱལ་དཔའ་བརྟུལ་དང་སྨན་གྱིས།།

དེང་འདིར་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་སྲིངས།།

བླ་ཚེའི་དཔག་བསམ་ལྗོན་པའི་ཤིང་ཆེན་འཆི་བ་མེད་པའི་སྲོག་གིས་བསྲུངས།།

གྲུབ་པའི་དྲང་སྲོང་བགྲེས་རྒུད་བྲལ་བའི་གཞོན་ལུས་རྟག་ཏུ་འཕོ་འགྱུར་བྲལ།།

སྲ་བརྟན་བྲག་རི་ཆད་མེད་ཆུ་བོར་བྱ་དང་རི་དྭགས་རྟག་བདེ་བའི།།

ཚེ་རིང་དྲུག་གི་རྟེན་འབྱུང་དགེ་བས་རིང་འཚོའི་ཤིས་པ་དུས་འདིར་སྒྲུབས།།

ལྷ་དང་དྲང་སྲོང་གྲུབ་པའི་རིག་འཛིན་གྱིས།།

བརྟན་གཡོའི་ཚེ་བཅུད་ཡོངས་བསྡུས་དྭངས་མའི་དངོས།།

གང་གི་གསང་གསུམ་ལ་བསྟིམ་རྡོ་རྗེའི་ཁམས།།

བསྐལ་བ་རྒྱ་མཚོར་བརྟན་ལ་གཅིག་ཏུ་འདུན།།

གང་ཞབས་འོད་དམར་རྡུལ་ཕྲན་འཛིན་པའི་ཆུ་སྐྱེས་ཟླ་གཞོན་ནོར་བུའི་གཟུགས།།

དྲེགས་ལྡན་ཆེ་དགུའི་རལ་བའི་ཐོད་ཆིངས་ཟུར་ཕུད་རྩེ་མོས་རྟག་བསྙེན་པའི།།

གྲགས་སྙན་དཀར་པོའི་གཏམ་གྱི་རང་སྒྲ་གཡས་འཁྱིལ་བྱེ་བའི་མགྲིན་དབྱངས་ལ།།

འདི་ན་པདྨོ་རྣམ་པར་འཕྲུལ་བའི་འདོད་འཇོའི་ངག་གི་དགའ་སྟོན་སྤེལ།།

ལ་ལུང་རི་བོ་སྟོང་གིས་བསྐལ་ན་ཡང་།།

ལྷག་བློ་གོང་བུ་གཅིག་ཏུ་རྟག་འདྲིལ་བས།།

བདེན་སྟོབས་ཚིག་ལ་གྲུབ་པའི་ངག་གི་དཔལ།།

མི་འགྱུར་དགའ་བ་འཁྱིལ་བའི་རྒྱན་དུ་བྱས།།

ཞེས་པའང་སྔ་འགྱུར་བསྟན་པའི་མཛེས་རྒྱན་ཆེན་པོ་གང་གིས་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་པའི་བསྟན་པ་ཤིན་ཏུ་ཉམས་དམའ་ཉག་ཕྲའི་སྐབས། བསྟན་སྲོག་གཉིས་པ་མཐུད་པའི་ཐུགས་སྟོབས་འགྲན་བྲལ་བསྐྱེད་པའི་སྐུ་དྲིན་རིགས་མཐུན་ཕྱི་རབས་ཀྱི་འགྲོ་བས་བརྗེད་དུ་ཕངས་པའི་བློས་ཀུན་ནས་བསླངས་ཏེ་ཤིང་སྤྲེལ་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ཉིན། རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་ཡང་རྫོང་ཤེལ་གྱི་བྲག་ཕུག་ནས་བྲིས་ཏེ་མཆོག་སྤྲུལ་རིན་པོ་ཆེ་དཀོན་མཆོག་བསྟན་འཛིན་གྱི་ཕྱག་ཏུ་ཕུལ་བ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་རྫོགས་ཆེན་པདྨ་སྐལ་བཟང་དེས་སོ།།

ཕུལ་བྱུང་ཆོས་ཀྱི་མཆེད་པོ་མཆོག་ཏུ་གྱུར་པ་རྫོགས་ཆེན་རྟོགས་ལྡན་བློ་གྲོས་རྒྱ་མཚོ་རིན་པོ་ཆེར་བསྟོད་པ་བསྟོད་དབྱངས་མེ་ཏོག་གི་ཆུན་པོ།

རྡོ་རྗེ་རྣོན་པོའི་མཁྱེན་རབ་འོད་ཟེར་དང་།།

དབྱངས་ལྡན་ལྷ་མོའི་ཡིད་འཕྲོག་ཏམ་བུ་རས།།

འདི་ན་སྙན་པར་སྨྲ་བའི་ངག་གི་དཔལ།།

བསྟོད་པའི་ཕྲེང་བར་སྤེལ་ལ་ཤིས་པ་སྒྲུབས།།

ས་ཆེན་གསུམ་ན་མངོན་པར་བསྒྱིངས་པའི་དྲེགས་ལྡན་འཇིགས་བྱེད་ལྷ་ཆེན་ཡང་།།

ཕྱོགས་རེའི་མིག་ཅན་བློ་ཡི་མཐུ་ཞན་ཅོལ་ཆུང་བྱིས་པའི་ངོ་མཚར་ཙམ།།

དྲང་སྲོང་རྗེས་ཞུགས་དམ་པའི་དཀའ་ཐུབ་བདུད་ཀྱི་གཡུལ་ལས་རྣམ་རྒྱལ་བའི།།

གྲགས་སྙན་གཏམ་གྱི་རོ་ལ་རྗེས་ཆགས་བསྟོད་དབྱངས་མགྲིན་གླུ་སྒྲོག་ལ་བྲེལ།།

དང་པོར་དཀའ་སྤྱད་ཐོས་པ་ཕྱོགས་མེད་བཙལ།།

བར་དུ་ཐོས་དོན་བསམ་པས་སྒྲོ་འདོག་བཅད།།

ཐ་མར་བསམ་དོན་སྒོམ་པས་ཉམས་སུ་བླངས།།

དམ་པའི་རྒྱལ་ཚབ་མཆོག་ཁྱོད་ཁྱད་དུ་འཕགས།།

འཆད་ལ་ཐོགས་མེད་སྨྲ་བའི་ལྗགས་ལྡན་ཞིང་།།

རྩོད་ལ་ཞུམ་མེད་བརྒལ་བརྟག་ལུང་རིགས་མྱུར།།

རྩོམ་པའི་ཁྱུ་མཆོག་རྒྱལ་བའི་དགོངས་མཛོད་འཛིན།།

ཚུལ་དགུའི་བདག་ཉིད་གངས་རིའི་རྒྱན་མཆོག་བསྔགས།།

རྒྱལ་བསྟན་རྙོག་མར་གྱུར་པའི་གཞན་དབང་ལ།།

མ་བཟོད་དམ་བཅའི་ཐུགས་བསྐྱེད་མཐུ་བཙན་པས།།

ཉེས་ལྟུང་ཕྲ་མོས་ཆ་ཙམ་བརྫི་མིན་པའི།།

འདུལ་འཛིན་བསྟན་པའི་རྒྱན་གཅིག་སྲིད་ན་མཛེས།།

ཤིན་ཏུ་ཉག་ཕྲའི་རྒྱལ་བསྟན་ཉམ་དམའ་བའི།།

རྩོད་ལྡན་ཆེར་སྙིགས་དུས་ཀྱི་ཡང་མཐའ་རུ།།

བསྟན་ལ་སྟོན་པ་གཉིས་པ་བློ་གྲོས་ཞབས།།

སྨྲ་བའི་རྒྱལ་པོ་གང་ཁྱོད་མཚུངས་ཟླ་བྲལ།།

དཔལ་ལྡན་ཀླུ་ཡི་ལམ་སྲོལ་དབུ་མའི་གཞུང་།།

འགྲོལ་ལ་སྔ་ཕྱིའི་གངས་ཅན་མཁས་མང་ཁྲོད།།

སྔ་འགྱུར་རང་ལུགས་འཇོག་མཁས་རྫོགས་ཆེན་པའི།།

ལྟ་གྲུབ་གསལ་བར་བྱས་སོ་རྒྱ་མཚོའི་མཚན།།

དུས་འདིར་ཐུབ་པའི་བསྟན་པ་ནོར་ལ་འཛིན།།

འགའ་ཞིག་རྟགས་ལ་རེ་བས་བསྟན་ཞབས་སྡུད།།

ཁྱེད་ཀྱིས་བསྟན་པའི་སྙིང་པོ་ལུང་དང་རྟོགས།།

བཤད་དང་སྒྲུབ་པས་སྤེལ་འདིར་ལྷས་ཀྱང་བསྟོད།།

དམ་པའི་མགོན་གྱི་ཉིན་བྱེད་ནུབ་གྱུར་པའི།།

སྙིགས་དུས་མུན་པས་ཕྱོགས་རྣམས་ལྷད་པའི་ཚེ།།

གང་ཁྱོད་མཁའ་ལ་འཕགས་པའི་ཟླ་གཞོན་གྱིས།།

སྣང་བའི་འོད་དཀར་བྱིན་ལ་སུ་ཞིག་བསྙོན།།

རང་རྒྱུད་ཆོས་ཀྱིས་དུལ་བའི་མཛད་སྤྱོད་ཀྱིས།།

གཞན་སྣང་དགེ་ལ་བསྒྱུར་བའི་ངོ་མཚར་གཟུགས།།

མངོན་སུམ་མིག་ལ་སྣང་བའི་དགའ་སྟོན་གྱིས།།

ཀུན་ཡིད་འཕྲོག་པར་བྱས་སོ་བྱ་བྲལ་བ།།

རྟག་ཏུ་གཡོ་བའི་འཇིག་རྟེན་གར་མཁན་སླུ་བྱེད་རྫུན་མའི་མཚང་རིག་ནས།།

དབེན་པའི་ནགས་སུ་ཞི་བའི་ཏིང་འཛིན་དྲང་སྲོང་རྗེས་འགྲོའི་བསམ་གཏན་ལ།།

རྩེ་གཅིག་གཞོལ་ལས་རིག་པའི་རྩལ་རྫོགས་ལོངས་སྤྱོད་འཁོར་ལོའི་མདུད་གྲོལ་བ།།

རྨད་བྱུང་རྫོགས་ཆེན་དགོངས་མཛོད་ཀློང་བརྡོལ་ཁྱོད་མིན་གཉིས་པ་གཞན་སུ་ཞིག།

འཁོར་བའི་བདེ་སྡུག་སྣང་བའི་ཆོས་སུ་ཤར།།

སྣང་བའི་རྫུན་ཕུགས་སྟོང་པར་རང་དེངས་པས།།

སྣང་སྟོང་གཉིས་མེད་གཞི་གྲོལ་རྒྱ་ཡན་གྱི།།

ཅོག་བཞག་ངང་ལ་གནས་པ་ཁྱོད་གཅིག་བདེ།།

ཕྱི་ལྟར་སོ་ཐར་འདུལ་འཛིན་སེམས་དཔའ་ཆེ།།

ནང་ལྟར་བླ་མེད་གསང་སྔགས་ཧེ་རུ་ཀ།

གསང་བ་ས་ལམ་ཀུན་རྫོགས་གྲུབ་པ་བརྙེས།།

རྒྱལ་རྣམས་དགྱེས་པའི་ཞལ་འཛུམ་ཁྱེད་ལ་ངོམ།།

འདམ་སྐྱེས་པདྨ་འདམ་གྱིས་མ་གོས་གཡེང་བའི་དྲི་མས་ཁྱོད་ལ་མིན།།

དག་པའི་གསེར་མཆོག་གཡའ་དང་མི་མཛའ་གང་ཁྱོད་ཆོས་བརྒྱད་ཞེན་པར་མིན།།

དངུལ་ཆུ་དཀར་མོ་རྡུལ་དང་མི་འདྲེས་འདིར་སྣང་བདེ་ལ་དེ་བས་མིན།།

སྙིགས་དུས་བསྟན་འཛིན་རྒྱུ་སྐར་དབུས་ན་གང་ཁྱེད་ཉི་གཞོན་ལྷམ་མེར་འཕགས།།

བསྐལ་མང་ངལ་བའི་བགྲོད་པ་རིང་དུ་དོར།།

ས་ལམ་བརྩི་བའི་མཁན་པོ་རྒྱང་དུ་བཞག།

གཅིག་ཆོད་ཀུན་གྲོལ་ཀློང་ཆེན་བརྒྱུད་པའི་སྲོལ།།

ཕ་རྗེས་བུ་ཡིས་བསྙོགས་པ་ཁྱེད་ལ་སྨོན།།

ཡེ་སྟོང་ཀ་ནས་དག་པའི་གཞི་དབྱིངས་ཆེར།།

ལྷུན་གྲུབ་གཞི་སྣང་རིག་པའི་སྟོབས་རྫོགས་པས།།

མི་འགྱུར་གདོད་མའི་རྒྱལ་སར་དབང་སྒྱུར་པའི།།

བྱར་མེད་ལྷུན་རྫོགས་རྒྱལ་པོ་ཁྱོད་གཅིག་རྨད།།

སྡེ་གསུམ་ཀློང་དགུའི་ཟབ་པའི་གསང་མཛོད་ཤིན་ཏུ་ཐེག་རྩེའི་རྣལ་འབྱོར་གྱིས།།

སྣང་བཞི་མཐར་ཕྱིན་ཟད་པའི་སར་ཐུག་ཀུན་བཟང་དགོངས་པའི་རྩལ་རྫོགས་པ།།

ངེས་དོན་རྫོགས་ཆེན་ནམ་མཁའི་རྣལ་འབྱོར་འབྲེལ་ཚད་དོན་ལྡན་དམ་པའི་མགོན།།

དེང་དུས་གངས་ལྡན་ར་བའི་ཁྲོད་ན་ཁྱོད་མིན་ཁྱོད་འདྲ་ཉིན་སྐར་ཙམ།།

མདོ་ཁམས་རུ་དམ་གངས་ཀྱི་ར་བ་ཆེ།།

ངེས་གསང་བསྟན་པ་དར་བ་ཨོ་ཌིའི་ཚལ།།

སླར་ཡང་སྙིང་པོའི་ཆོས་ཀྱིས་མཛེས་བྱས་པའི།།

མཛད་བཟང་ཟླ་བྲལ་སྲིད་འདིའི་ཁྱོན་ན་བརྗིད།།

མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ།།

གང་གི་རྣམ་ཐར་སྙན་པའི་གྲགས་པ་དཀར།།

རྣ་བར་འཕྱངས་བའི་ཡིད་ཅན་འགྲོ་བའི་ཚོགས།།

སྲིད་པ་ཐ་མའི་ཕྱི་ཕྱག་བྱེད་ལ་འདུན།།

དེ་སྐད་མུ་ཅོར་སྨྲ་བའི་ངག་མིན་ཞིང་།།

མ་བརྟག་འུད་ཀྱིས་སྒྲོག་པའང་དེ་བས་མིན།།

དམ་པའི་ཡོན་ཏན་རང་གཤིས་བཟང་པོའི་གསེར།།

ཞིབ་མོའི་བློ་ཡིས་བཞུ་བརྟུལ་བགྱིས་ཏེ་སྨྲས།།

ནམ་མཁའ་ཇི་སྲིད་འཁོར་བ་སྟོངས་ཀྱི་བར།།

མཚན་དང་སྐུ་ཡི་བཀོད་པ་བསམ་ཡས་པས།།

སྣ་ཚོགས་གདུལ་བྱའི་རེ་བ་མཆོག་བསྐང་བའི།།

བཀྲ་ཤིས་དཔལ་གྱིས་ས་གསུམ་མཛེས་གྱུར་ཅིག།

ཅེས་པའང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བྱང་བཤད་སྒྲུབ་རྣམ་ངེས་གླིང་གི་གཞོན་ཆུང་རིགས་པ་སྨྲ་བ་དབང་ཆེན་དར་རྒྱས་ཀྱི་ངོར། ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་སྐྱེས་མིང་པདྨ་སྐལ་བཟང་དུ་འབོད་པ་དེས་རབ་གནས་ས་སྟག་ཧོར་ཟླ༧པའི་ཚེས་༥ལ་ཤར་ཐོས་བསམ་ནོར་བུའི་གླིང་གི་ཉེ་ཞོལ་རང་སྤྱིལ་གྱི་དགའ་བའི་ཚལ་མཐོན་མཐིང་ནོར་བུའི་འོད་ཀྱི་གུར་ཁང་ནས་བྲིས།།

གསང་ཆེན་བསྟན་པའི་སྒྲོན་མེ་གྲུབ་པའི་དབང་ཕྱུག་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱི་ཞབས་བརྟན་གསོལ་འདེབས་རྟག་བརྟན་ཚངས་པའི་སྒྲ་དབྱངས།

ཀུན་ཁྱབ་གདོད་ནས་འགྱུར་མེད་འཕོ་བྲལ་གཤིས།།

ཟུང་འཇུག་ཁ་སྦྱོར་བདེ་ཆེན་རྡོ་རྗེའི་སྐུ།།

རབ་འབྱམས་ཚེ་ལྷའི་ངོ་བོར་རྟག་བཞུགས་པའི།།

བདེན་ཚིག་གསུང་གི་མཐུ་བྱིན་རྒྱལ་རྣམས་སྩོལ།།

ཐུབ་པའི་ལུང་རྟོགས་བསྟན་པའི་སྙིང་པོའི་བཅུད།།

གསང་ཆེན་སྙིང་པོའི་རྒྱལ་མཚན་སྲིད་པའི་རྩེར།།

སྒྲེང་མཛད་གྲུབ་པའི་དབང་ཕྱུག་འཁོར་ལོའི་མགོན།།

ཞབས་པད་བསྐལ་བ་རྒྱ་མཚོར་བརྟན་གྱུར་ཅིག།

ཀུན་བརྟགས་མཚན་མའི་གདོན་ཚོགས་དབྱིངས་སུ་ཞི།།

གཞན་དབང་འཁྲུལ་བ་ལས་གྲོལ་གཉུག་མའི་གཤིས།།

ཡོངས་གྲུབ་ཚེ་ལྷའི་ངོ་བོར་རྟག་བརྟན་པའི།།

ངོ་མཚར་ཆོ་གས་སྲིད་པ་མཛེས་གྱུར་ཅིག།

རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་ཉིད་དབྱིངས།།

མ་འགགས་དྭངས་མ་བདེ་ཆེན་ཡེ་ཤེས་གཟུགས།།

ལྷུན་གྲུབ་མཚན་དཔེར་རྫོགས་པའི་ངོ་མཚར་དཔལ།།

མི་འགྱུར་རྡོ་རྗེའི་ཁམས་སུ་རྟག་བརྟན་ཤོག།

དག་ཆེན་ཡེ་ཤེས་སྒྱུ་མའི་རོལ་གར་གྱི།།

གཟུགས་སྐུའི་དཀྱིལ་འཁོར་རྡོ་རྗེའི་ཕུང་ཁམས་ཆེར།།

ཡ་མཚན་རྟགས་ཀྱི་ཕྱག་རྒྱ་མངོན་གྱུར་པ།།

གྲུབ་གཉིས་འདོད་དགུའི་གཏེར་དུ་འཚོ་གཞེས་གསོལ།།

བརྒྱུད་ལྡན་བླ་མའི་གདམས་ཟབ་བདུད་རྩིའི་བཅུད།།

ངོམས་མེད་རོལ་པའི་བརྟུལ་ཞུགས་རྩལ་རྫོགས་པས།།

གཞི་གྲོལ་གཉུག་མ་དོན་གྱི་རྒྱལ་ཐབ་ཆེར།།

དབང་སྒྱུར་ཆོས་ཀྱི་རྒྱལ་པོར་ཡུན་བཞུགས་ཤོག།

གཟོད་ནས་མི་འགྱུར་རྣམ་དག་ཐིག་ལེའི་སྐུ།།

སྣང་སྟོང་དབྱེར་མེད་རྡོ་རྗེ་ནམ་མཁའི་གཟུགས།།

འཁོར་འདས་མཉམ་ཉིད་སྲིད་ཞིའི་དྭངས་མའི་ཁམས།།

འཕོ་མེད་དབུ་མའི་སྲོག་ཏུ་གཏན་འཁྱིལ་ཤོག།

གསང་ཆེན་རྒྱུད་རྣམས་ཀུན་གྱི་གསང་བའི་མཛོད།།

མན་ངག་སྙིང་ཐིག་འོད་གསལ་རྫོགས་ཆེན་གྱི།།

ཐུན་མིན་རིག་འཛིན་རྣམ་བཞིའི་གསང་ལམ་ཆེའི།།

གསང་འཛིན་ཆོས་ཀྱི་ཁྲི་ལ་རྟག་བཞུགས་གསོལ།།

ཀ་དག་ཁྲེགས་ཆོད་ལྟ་བ་མངོན་གྱུར་ཅིང་།།

ལྷུན་གྲུབ་སྣང་བཞིའི་སྒོམ་པར་རྩལ་འབྱོངས་པས།།

སྣ་ཚོགས་འཕྲིན་ལས་སྤྱོད་པ་མཐར་ཕྱིན་པའི།།

འབྲས་སྣང་རྟག་ཁྱབ་དམ་པར་གཡོ་མེད་ཤོག།

ཕུན་ཚོགས་རྟག་པ་དམ་པའི་དགེ་ལེགས་མཐུ།།

རྡུལ་བྲལ་སྒྱུ་མའི་འཁོར་ལོར་ཡོངས་ཤར་བའི།།

བཀྲ་ཤིས་སྣང་བ་བྱེ་བའི་དཔལ་ཡོན་གྱིས།།

མཁའ་མཉམ་སྲིད་པའི་ཁྱོན་ཀུན་ཁྱབ་གྱུར་ཅིག།

གངས་ལྡན་ཤར་གྱི་རི་བོའི་འཕགས་པའི་ཞིང་།།

ས་ལ་སྤྱོད་པའི་འོག་མིན་པདྨའི་ལྗོངས།།

ཡ་ཆེན་ཨོ་རྒྱན་བསམ་གཏན་ཆོས་ཀྱི་གླིང་།།

ནུབ་མེད་སྲིད་མཐར་རྒྱས་པའི་བཀྲ་ཤིས་ཤོག།

ཅེས་པའང་རང་སློབ་བསོད་ནམས་རྒྱ་མཚོའི་ངོར་རྫོགས་ཆེན་པདྨ་སྐལ་བཟང་དེས། རུ་དམ་ཡང་དབེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་ནས་ཆོས་མཚམས་ཐུན་གསེང་ཞིག་ལ་འཕྲལ་མར་བྲིས་ཕུལ།།

ཐུན་མིན་ཆོས་ཀྱི་མཆེད་པོར་ཕུལ་བའི་འཕྲིན་ངོ་མཚར་སྤྲིན་གྱི་རོལ་མོ།

དེང་དུས་རྒྱལ་བསྟན་ཉི་མ་ནུབ་རིར་ཕྱོགས།།

ཡ་རབས་པདྨའི་ཚོགས་ཀྱང་ཟུམ་ལ་ཉེ།།

རྒུད་པའི་མུན་དང་ངན་སྤྱོད་འཐོར་རླུང་གིས།།

ས་འདི་མོག་པོར་བྱས་པ་ཀྱེ་མ་ཧུད།།

སྔར་ཞིག་སྙན་གྲགས་པདྨའི་དྲི་བསུང་གིས།།

དཔྱོད་ལྡན་རྐང་དྲུག་དབང་མེད་བཀུག་བྱས་པས།།

ཚེ་ལ་དབང་བའི་དྲང་སྲོང་རྒན་པོ་ཡང་།།

བརྒལ་བརྟག་སྤོབས་པའི་རོ་ལ་རྗེས་སུ་ཆགས།།

འཇིགས་མེད་ལྟ་སྒོམ་སྤྱོད་པའི་གདེང་རྙེད་ཅིང་།།

རྨད་བྱུང་གཞི་ལམ་འབྲས་བུའི་ཡོན་ཏན་རྫོགས།།

གདོད་མའི་མགོན་པོ་མི་ཡི་བརྫུར་ཞུགས་པ།།

ཁྱབ་བདག་བླ་མའི་ཞལ་རས་བསྙེལ་ལགས་སམ།།

དགོངས་བཅུད་རྟོགས་པའི་ཕ་ཕོགས་སོ་མའི་རྒྱུན།།

གངས་ཀྱི་སེང་ཆུང་དཀར་མོའི་འོ་མའི་བཅུད།།

དམ་པའི་གདན་ས་གསེར་གྱི་ཡོལ་གོ་རུ།།

བསྐྱིལ་བ་སྒྲུབ་པའི་མཆོད་པ་མཆོག་ཏུ་སེམས།།

ཕ་གཅིག་བླ་མའི་གསུང་གི་བདུད་རྩིའི་བཅུད།།

གུས་རྟག་སྦྱོར་བའི་འབད་པས་ཉེར་བླངས་པའི།།

མཁྱེན་རབ་ལུས་ཟུངས་རྒྱས་པ་འགའ་མཆིས་མོད།།

དྲིན་གཟོའི་ཐུགས་བསྐྱེད་དགེ་བ་གང་ཁྱེད་ཙམ།།

ཆབ་དཀར་རླབས་ཀྱི་ཟེགས་མས་མཆོད་བྱེད་པའི།།

ཚེ་རིང་གྲུབ་པའི་གནས་ཀྱི་ལྗོངས་ཆེན་པོའི།།

འབྲས་ལྡན་ལྗོན་པའི་ཕྲེང་ཚར་ཉམས་དགའ་བའི།།

ཡལ་ག་གཡོ་བས་གང་ཁྱེད་འབོད་པ་བཞིན།།

དེ་ན་ནགས་ཀྱི་བྱེའུ་སྐད་སྙན་ལྡན།།

རི་དྭགས་དུལ་བའི་ཚོགས་ཀྱང་བག་ཕེབས་རྒྱུ།།

གཡོ་མེད་རྡོ་བའི་ཁང་བཟང་ཉམས་དགའ་བ།།

ཟླ་ཞུན་སྒྲོན་མེར་བཅས་པས་ཁྱེད་སྒུག་འདྲ།།

ཡང་གཅིག་དཔལ་གྱི་སེངྒེས་མཚན་པ་ཡི།།

རི་བོའི་ལྗོངས་ཀྱི་གངས་གཞོན་སེང་ཕྲུག་ཁྱུས།།

སྔར་མེད་ལུང་རིགས་ང་རོ་ཉེར་སྒྲོག་པར།།

གང་ཁྱེད་གདོང་ལྔའི་དབང་པོ་མཆོག་རབ་མཛེས།།

ལྷུན་པོ་སྒྲུབ་རིར་མཛེས་པ་མེ་ཏོག་བརྩེགས།།

གསང་ཆེན་འོད་གསལ་ངེས་དོན་སྨིན་གྲོལ་གླིང་།།

སྤོང་བ་བསམ་གཏན་ལ་གནས་སྒོམ་ཆེན་ཁྱུར།།

ཁྱེད་ཉིད་ནང་གི་ཉི་མ་གཉིས་པར་བསྔགས།།

དུས་ཀྱིས་བསྐུལ་བའི་རྩི་བཅུད་དྲོད་ཀྱིས་སྨིན།།

རྟ་བདུན་འགྲོས་ཀྱིས་ཉིན་བྱེད་དབང་པོ་སྟེ།།

ཇི་ལྟར་རྔ་ལ་དབྱུ་གུའི་རྩོལ་བ་བཞིན།།

གྲོགས་ཀྱི་མཆིད་འདི་ཐུགས་ཀྱི་གནད་བསྐུལ་ཡིན།།

ཁྱོད་སྐུའི་དཔག་བསམ་ལྗོན་པའི་དབང་ཐང་རླུང་།།

བརྒྱད་ཅུའི་ཡང་མཐར་འཛེག་པའི་གཞོམ་བྲལ་ཚེ།།

རུ་དམ་དུས་དགྲའི་དབང་པོའི་ཕོ་བྲང་ཆེར།།

འཆི་མེད་སྲོག་གི་ཕ་མཁར་ཅིས་མི་བརྟན།།

ཀ་དག་འོད་གསལ་ནང་གི་དབྱིངས་ཆེན་པོར།།

ལྷུན་གྲུབ་སྣང་བ་བཞི་ཡི་རྩལ་རྫོགས་པའི།།

ས་ལམ་ཆིག་ཆོད་ཉི་ཟླའི་བགྲོད་པ་ཡང་།།

གནས་ཀྱིས་བྱིན་པའི་ཏིང་འཛིན་ཡིད་ལས་འགོངས།།

རིགས་ཀྱི་སྐྱེ་བ་བཞེས་པའི་སའི་ཐིག་ལེ།།

རྨ་ཡུལ་མུན་གླིང་སྣང་བའི་སྐབས་ཕྱེས་ནས།།

ཐོས་དང་བསམ་སྒོམ་ཁོ་ལག་རྫོགས་པའི་གནས།།

ད་ཙམ་ཕ་ཤུལ་མ་བཟུང་འཕྱིས་པར་དོགས།།

བྱ་བའི་ཆ་ལ་བྱིས་པའི་སྟོབས་འཆང་བ།།

བླུན་པོའི་ཨུ་ཚུགས་བྱེ་མའི་ཁང་བུ་ལ།།

འཕྲེང་བ་མིན་པའི་དམ་བཅའ་རྡོ་རྗེའི་སྙིང་།།

གཡེལ་བ་མེད་པའི་ཡལ་གམ་མ་ལྷོད་ཅིག།

དེ་སླད་སྐྱེ་བའི་ཕྲེང་བ་ཇི་སྙེད་དུ།།

དམ་པའི་མགོན་བཅས་མཉམ་དུ་འགྲོག་པ་ཡི།།

རྟེན་འབྱུང་བསླུ་བ་མེད་པའི་གཤིས་ལུགས་ལ།།

དགོངས་ནས་ཞབས་ཀྱི་འདེགས་འཇོག་གནས་འདིར་སྒྱུར།།

ཟོལ་མེད་སྙིང་གི་གཏམ་དོན་ཟུངས་ཀྱི་ཁྲག།

རྡོ་རྗེའི་དམ་ཚིག་ལ་བརྟེན་སྲོག་གི་རྫས།།

བདག་ཡིད་ཁོང་བར་འཁྱིལ་བའི་ཚིག་གི་ཕྲེང་།།

འདའ་དཀའི་རྒྱ་ཡིས་བཅིངས་ཏེ་ཁྱེད་ཕྱོགས་བརྫངས།།

སྙིང་གི་གསང་གཏམ་དོན་གྱིས་ལྕི་བའི་ནོར།།

ནམ་མཁའི་གཏེར་བཞིན་མངོན་པ་མིན་པའི་མཛོད།།

ནམ་ཞིག་དུས་སུ་བབས་ཚེ་ཇི་སྙེད་དོན།།

མ་འདྲེས་སོ་སོར་འབྱེད་ལ་སུ་ཡིས་བསྙོན།།

ལྷག་བསམ་ཟླ་གཞོན་བཞུས་པའི་སྙིང་པོའི་ཁམས།།

རེ་སྨོན་དགེ་བའི་རྟགས་ཀྱིས་མཚན་བྱས་ཏེ།།

གུས་བཅས་འདུད་པའི་རྣམ་འགྱུར་གཡོ་བ་ཅན།།

བཀྲ་ཤིས་རེ་ཁས་ལྕིབས་ཏེ་རིངས་བར་ཕུལ།།

ཞེས་བདེ་མཆོག་དུས་དགྲའི་དབང་པོའི་ཕོ་བྲང་ངམ་རྫོགས་ཆེན་གཤིན་རྗེའི་སྒྲུབ་ཕུག་ནས་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་བྲིས་པའོ།།

རྟོགས་ལྡན་རིན་པོ་ཆེ་ལ་ཕུལ་བའི་ནང་མཆིད།

དྲིན་ལྡན་བླ་མ་སངས་རྒྱས་དངོས་བྱོན་གྱི།།

ཞལ་གྱི་བདུད་རྩི་འཐུང་བའི་བགོ་སྐལ་ལ།།

མཉམ་དུ་སྤྱོད་པའི་ཕུལ་བྱུང་ཆོས་ཀྱི་མཆེད།།

མཆོག་གྱུར་ཁྱེད་ལ་སླར་ཡང་འཕྲིན་འདི་ཕུལ།།

དམ་པས་བྱིན་གྱིས་བརླབས་པའི་གདན་ས་ཆེ།།

གྲུབ་བརྙེས་རིག་འཛིན་གཤེགས་པའི་ས་སྤྱོད་ཞིང་།།

ལྗོངས་འདིའི་སྣོད་བཅུད་དགེ་བའི་ངོ་མཚར་ལ།།

གང་ཁྱེད་མགྲོན་དུ་ཕེབས་པ་དོན་དང་ལྡན།།

སྡེ་གསུམ་ཀློང་དགུའི་མན་ངག་གསང་བའི་མཛོད།།

ཟབ་དོན་སྙིང་ཐིག་བསྟན་པ་གཞིར་བཞེངས་སུ།།

བསླངས་བའི་ཡ་མཚན་དགེ་ལེགས་དཔལ་གྱི་གཏམ།།

ཕྱོགས་ཀྱི་ཐ་གྲུར་བསྐལ་པར་ཅིས་མི་གནས།།

གྲགས་པ་དོན་ལྡན་གྲུབ་པའི་གནས་མཆོག་འདིར།།

དམ་ཆོས་གསང་མཛོད་བརྟོལ་ལ་བྱེ་བ་བརྒྱའི།།

མི་མཇེད་ཁམས་ཀྱི་གནས་གསུམ་ལྷ་མང་ཚོགས།།

ཤིས་པའི་མེ་ཏོག་འཐོར་ལ་བྲེལ་བར་ངེས།།

རྒྱལ་བས་ཞི་བའི་གོ་འཕང་བརྙེས་པ་གང་།།

བྱང་ཆུབ་ཤིང་གི་དྲུང་ལས་གཞན་མིན་ཕྱིར།།

ཕ་ཤུལ་བུ་ཡིས་སྙོག་པའི་གནས་མལ་ཡང་།།

རྩེ་གཅིག་མི་གཡོ་གནས་འདིར་འཆའ་བ་བཟང་།།

མཁའ་དང་ས་གཞི་ཁྱུང་དང་བྱེའུ་བཞིན།།

མཆོག་དམན་མཐོ་དམའ་སྟོབས་ཀྱིས་དབྱེ་འགྱུར་ཏེ།།

ཉི་ཟླའི་འགྲོས་ལ་ཉམ་ཆུང་སྲིན་འབུས་ལྟར།།

ཟླ་བྲལ་གནས་ཀྱི་ཡོན་ཏན་གཞན་ལས་འཕགས།།

ན་བུན་གོས་བཟང་བཀླུབས་པའི་ཀེ་ལ་ཤར།།

ཟླ་འོད་བདུད་རྩིའི་ཐིགས་པ་སྟོབ་དང་ལྷན།།

ཡིད་འོང་བྲག་རིའི་བ་གམ་རབ་མཛེས་པར།།

ནང་གི་ཉི་མ་རྣལ་འབྱོར་སྙིང་ལ་ཤར།།

འདབ་བརྒྱ་གེ་སར་བཞད་པའི་ལང་ཚོའི་དཔལ།།

ཚང་ཚིང་གཡུ་ལོས་སྤུད་པའི་མཛེས་སྡུག་གར།།

དྲི་བཞོན་གསར་པས་བསྐུལ་བའི་འཕྱོར་ལྡེམ་ལ།།

ལྗོན་ཤིང་ཡལ་གའི་ཚོགས་ཀྱང་འགྲན་པ་བཞིན།།

རླབས་དཀར་དྲག་ཏུ་འཕྱོ་བའི་རྦབ་ཆུ་དང་།།

ངག་སྙན་བྱ་དང་བྱེའུའི་མགྲིན་གླུ་ཡིས།།

དམ་པའི་ཆོས་སྒྲ་བར་མེད་སྒྲོག་དང་བཅས།།

ཟག་མེད་ཡིད་ཀྱི་དགའ་སྟོན་རྣམ་པར་སྤེལ།།

རྩེ་བརྒྱད་ལྷུན་པོའི་སྤོ་ལས་དྭངས་པའི་མཁའ།།

རྩིབས་བརྒྱད་འཁོར་ལོའི་གཟུགས་སུ་སྣང་བ་ཡི།།

ཤར་ནུབ་ཉི་ཟླའི་ཟེར་མདངས་གསར་པ་ཉིད།།

སྟོང་གསལ་ཕྱི་ཡི་མཚོན་དཔེར་ངང་གིས་གྲུབ།།

འདབ་བརྒྱད་པདྨ་རྒྱས་པའི་གཤོང་ཡངས་པའི།།

ནེའུ་གསིང་ཆུ་གཙང་ཆབ་ཀྱིས་མ་བཏང་བས།།

བདེ་སྟོང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་།།

དབྱེར་མི་ཕྱེད་པའི་བརྡ་ཆོས་རྒྱན་དུ་ཤར།།

འཆི་མེད་ལྷ་ཡི་རྔ་སྒྲ་ཚངས་པའི་གདངས་།།

དབང་མདོག་ཧྲཱིཿཡིག་ཞུན་མར་བཅུད་འདྲིལ་བའི།།

ཚེ་རིང་བརྟན་གཡོའི་སྙིང་པོ་གཡུང་དྲུང་རིས།།

མི་ནུབ་རེ་ཁས་ཁྱེད་ལ་སྲུང་བར་ངེས།།

མཁས་པ་མཁས་པ་མང་པོ་བསྟི་བའི་གནས།།

གྲུབ་པ་གྲུབ་པ་མང་པོ་གཤེགས་པའི་ཤུལ།།

ཚེ་རབས་ཚེ་རབས་མང་པོར་འབྲེལ་བའི་ལྗོངས།།

དམ་པ་དམ་པ་ཁྱེད་ལ་ལྷག་པར་འཚམས།།

ཞི་བའི་ཏིང་འཛིན་གཡོ་མེད་ཅོག་བཞག་བཞིས།།

མ་བཅོས་མཉམ་པར་བཞག་པའི་འོད་གསལ་གྱིས།།

སྣང་གསུམ་འཕོ་བའི་བག་ཆགས་ཡོངས་གཞོམ་པའི།།

དོན་གྱི་རྒྱལ་ཐབ་གནས་འདིའི་ཕ་གཞིས་ལགས།།

སྙིང་ཐིག་སྙིང་པོའི་བསྟན་པ་རི་མོའི་གཟུགས།།

ཁ་ཁྱེར་ཟོང་དུ་འཚོང་བའི་དུས་མཐའ་འདིར།།

དོན་བརྒྱུད་བྱིན་རླབས་དགོངས་པའི་ཕ་ཕོགས་ཆེ།།

གནས་འདིར་བསྐྱིལ་བ་མ་ནོར་དམ་པའི་ལུགས།།

དེ་སླད་མཚུངས་བྲལ་འཇིགས་མེད་ཡོན་ཏན་མགོན།།

པདྨའི་མཚན་འཆང་ཡབ་མེས་བརྒྱུད་པའི་ནོར།།

ཁྱེད་ལ་གཉེར་དུ་གཏད་པའི་ཐུགས་བསྐྱེད་མཐའ།།

དུས་ལ་བབས་པའི་ཁུར་དུ་ཅིས་མི་འདེགས།།

ཚེ་རིང་གྲུབ་པའི་གནས་ཀྱི་སྨན་ལྗོངས་སུ།།

བཅུ་ཕྲག་བཞི་ཡི་བགྲང་བྱའི་ལྷག་མ་འདིར།།

སླར་ཡང་དམ་པའི་ཆོས་རྔ་རྡུང་བའི་སྒྲ།།

འདི་གཅིག་ཁོ་ནས་བསྟན་ལ་རི་མོར་བྱས།།

འོན་ཀྱང་ཉམས་པ་མེད་པའི་ཐུགས་སྟོབས་ཀྱིས།།

ཇི་སྲིད་བར་དུ་མཛད་པ་མཐར་དབྱུང་བའི།།

གཡར་དམ་ཁོ་ནས་ཡབ་མེས་གོང་མ་ཡི།།

བཀའ་དྲིན་འཚོབ་པར་ངེས་སོ་ཆོས་ཀྱི་གྲོགས།།

དེ་ཕྱིར་གཡོ་བའི་རླུང་གིས་ཉེར་བསྐུལ་བའི།།

རྩ་གནས་ཡི་གེའི་སྣང་བརྙན་རི་མོ་རུ།།

བབ་ཅོལ་བཀོད་པའི་ཟོལ་མེད་འཕྲིན་ཤོག་གིས།།

སྐབས་སུ་མ་སྨད་འདུན་མ་སྟོན་ཡང་སྲིད།།

མདོ་ཁམས་ཉི་མ་ཤར་གྱི་རི་བོའི་ལྗོངས།།

མཁས་གྲུབ་བྱེ་བས་མཛེས་པའི་དགའ་ཚལ་དུ།།

གང་ཁྱེད་དམ་པའི་ཞབས་པད་རྟག་བརྟན་པས།།

རྨད་བྱུང་ཆོས་ཀྱི་དགའ་སྟོན་རྟག་འགྱེད་ཤོག།

ཅེས་འདབ་བཟང་གཡུ་ལོས་སྤྲས་པའི་གུར་ཁང་། ཟླ་གཞོན་བདུད་རྩི་འཇོ་བའི་གནས་མལ། ཉི་ཟེར་དྲོད་ཀྱིས་སྐྱོང་བའི་འཁོར་ཁྱིམ། རང་བྱུང་ལྷུན་གྱིས་གྲུབ་པའི་ཁང་བཟང་། རྫོགས་ཆེན་པདྨའི་ཡང་རྫོང་ནས་པདྨ་དགྱེས་པའི་འབངས་སྐལ་བ་བཟང་པོས་མཚན་པ་དེས་རབ་གནས་ཤིང་གླང་ལོའི། དཔྱིད་གསུམ་ཁུ་བྱུག་སྙན་པའི་དུས་ཤིག་གི་ཞོགས་པའི་ཉི་ཤར་སྐབས་བྲིས་ཏེ་ཕུལ་བའོ།།

རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བདེན་ཚིག་རྡོ་རྗེའི་མགྲིན་དབྱངས།

ཨོཾ་སྭ་སྟི་སིདྡྷི།

བསླུ་མེད་མཆོག་གསུམ་རྩ་གསུམ་སྲུང་མ་དང་།།

རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་བགྲང་ཡས་ཚོགས།།

འཆི་མེད་རིག་འཛིན་གྲུབ་པའི་དྲང་སྲོང་གིས།།

དེང་འདིར་བདེན་ཚིག་གྲུབ་པའི་ཤིས་པ་སྩོལ།།

རིགས་ལྔའི་མཁའ་འགྲོ་འབུམ་ཕྲག་ཡངས་པའི་འཁོར།།

ཞིང་སྔགས་ལྷན་སྐྱེས་ཌཱཀྐིའི་ཚོགས་རྣམས་ཀྱིས།།

བསྟན་འཛིན་དམ་པའི་སྐུ་ཚེའི་འཕྲང་སོལ་ལ།།

མི་འགྱུར་བརྟན་པའི་གཡུང་དྲུང་རེ་ཁ་བཀོད།།

མགོན་ཁྱོད་འཕོ་བྲལ་དྭངས་མའི་ཡེ་ཤེས་སྐུར།།

མཐའ་ཡས་ཚེ་ལྷའི་དཀྱིལ་འཁོར་གཙོར་བཞེངས་ཏེ།།

མི་ཤིགས་ཁ་སྦྱོར་བདུན་གྱི་བདག་ཉིད་དུ།།

ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་གྱུར་ཅིག།

ཕྲ་རགས་བརྟན་གཡོའི་དྭངས་བཅུད་ཚེ་ཡི་དངོས།།

མ་ལུས་བཅུད་དུ་འདྲིལ་བའི་སྙིང་པོའི་སྲོག།

མི་ནུབ་ཨེ་ཝཾ་ཟུང་འཇུག་ཕྱག་རྒྱ་ཆེར།།

འཕོ་མེད་ཡོངས་གྲུབ་ཆེན་པོར་རྟག་བརྟན་གསོལ།།

གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ།།

ཁྱབ་བདག་འཇིགས་མེད་གུ་ཎ་ན་ཐ་ཡིས།།

ཆིག་བརྒྱུད་གདམས་པ་གཏད་པའི་ཐུགས་ཀྱི་སྲས།།

ངེས་གསང་བསྟན་པའི་རྒྱན་དུ་མི་འདའ་བཞུགས།།

ལས་རླུང་དབྱིངས་སུ་དག་པའི་ཡེ་ཤེས་རྒྱུན།།

འཕོ་བྲལ་དབུ་མའི་སྲོག་ཏུ་ཡོངས་ཚུད་པས།།

སྐྱེ་འཇིག་བགྲེས་བྲལ་འཆི་མེད་དམ་པའི་མགོན།།

མི་འགྱུར་རྡོ་རྗེའི་སྐུ་རུ་རྟག་བཞུགས་གསོལ།།

འགྱུར་མེད་སྐུ་ཡི་མཚན་བཟང་རྟག་ཏུ་བརྟན།།

ཟབ་གསང་གསུང་གི་སྒྲ་དབྱངས་རྒྱུན་མི་ཆད།།

གཡོ་མེད་ཐུགས་ཀྱི་དགོངས་པའི་རྩལ་ཆེན་རྫོགས།།

རྟག་པར་ཆོས་འཁོར་དང་བཅས་བཞུགས་པར་སྨོན།།

སྡེ་བཞིའི་དཔལ་གྱིས་མངོན་མཐོ་རུ་དམ་ལུང་།།

ཆོས་སྲིད་དགའ་བ་ཡར་འཁྱིལ་ལྷའི་མདུན་ས།།

འཆི་མེད་མཆོག་གྲུབ་པདྨའི་ཡང་རྫོང་ཆེར།།

གཡོ་མེད་ཏིང་འཛིན་བསྒོམ་པས་ཡུན་འཚོ་ཤོག།

ཚེ་རིང་ལྷ་ཡི་གནས་མཆོག་རབ་མཛེས་ལྗོངས།།

ཞི་བའི་བདུད་རྩི་འཐུང་བའི་མེས་པོའི་ཁྱིམ།།

བདག་གིར་བཞེས་ལས་རྩ་རླུང་འཕོ་བའི་ཁམས།།

འཕོ་མེད་དྭངས་མའི་ཐིག་ལེར་ཡོངས་བཟླུམ་ཤོག།

གདེངས་ཅན་ཆུ་གཏེར་བཞི་ཡི་སྐ་རགས་ཅན།།

ས་ཆེན་རལ་བའི་གཙུག་ན་མངོན་མཛེས་པ།།

དཔལ་ཀྱི་སེངྒེས་མཚན་པའི་རི་བོའི་སྤོར།།

གང་ཁྱེད་གདོང་ལྔའི་རྒྱལ་པོ་རྟག་བརྟན་ཤོག།

ཤུགས་དྲག་སྨོན་པས་བསྐུལ་བའི་བདེན་ཚིག་དང་།།

མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས།།

རིགས་བརྒྱའི་ཁྱབ་བདག་དཔལ་མགོན་བླ་མ་མཆོག།

བདག་སོགས་གདུལ་བྱའི་དཔལ་དུ་འཚོ་གཞེས་གསོལ།།

ལྷག་བསམ་དད་བརྒྱས་དྲངས་བའི་རེ་སྨོན་འབྲས།།

མཆོག་གསུམ་ལྷ་དང་སྲུང་མའི་བདེན་མཐུ་ཡིས།།

མ་ལུས་ཡོངས་སུ་འགྲུབ་པའི་ངོ་མཚར་དཔྱིད།།

ནུབ་མེད་དགེ་ལེགས་དཔལ་གྱིས་ཤིས་གྱུར་ཅིག།

གསང་གསུམ་ཉིན་བྱེད་མཁའ་ལ་རྟག་ཏུ་ཤར།།

ཕྲིན་ལས་འོད་ཟེར་བྱེ་བས་གླིང་བཞི་ཁྱབ།།

ལས་ཅན་གདུལ་བྱའི་པད་ཚལ་རབ་ཏུ་རྒྱས།།

བཀྲ་ཤིས་དགེ་བས་ས་གསུམ་ཡོངས་འགེངས་ཤོག།

ཅེས་པ་འདི་ཉིད་ཤྲཱི་སེང་ཆོས་གྲྭ་ཆེན་པོའི་ལྷོ་ལུང་རིགས་བསམ་འཕེལ་གླིང་གི་སྡེ་སྣོད་འཛིན་པ་བསྟན་འཛིན་བཟང་པོ་ལགས་ཀྱིས་བསྐུལ་ངོར། རབ་གནས་ས་སྟག་ཧོར་ཟླ་༧པའི་ཚེས་༥ལ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་ཤར་ཐོས་བསམ་ནོར་བུའི་གླིང་གི་ཉེ་ཞོལ་རང་སྤྱིལ་གྱི་དགའ་ཚལ་ནས་རྟེན་འབྱུང་དཀར་པོའི་ལེགས་སྨོན་དུ་བྲིས་པ་སྨོན་དོན་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག།

རྫོགས་ཆེན་རྟོགས་ལྡན་བློ་གྲོས་རྒྱ་མཚོའི་གསོལ་འདེབས་རྒྱུན་འདོན་བྱིན་རླབས་ཆར་འབེབ།

སྔོན་ཚེ་ཤཱཀ་ཐུབ་ཉེ་གནས་ཀུན་དགའ་བོ།།

གུ་རུའི་དྲུང་ན་རྣམ་སྣང་ལོ་ཙཱ་བ།།

དེང་འདིར་གསང་ཆེན་བསྟན་པའི་འཁོར་ལོའི་མགོན།།

བློ་གྲོས་རྒྱ་མཚོའི་ཞབས་ལ་གསོལ་བ་འདེབས།།

སྐྱེ་ཀུན་འབྲལ་མེད་རྗེས་སུ་འཛིན་གྱུར་ཅིག།

ཅེས་མཇུག་གི་ཚིག་རྐང་གཅིག་པོ་དེ་བསྣན་པས་ཚེ་རབས་རྗེས་འཛིན་གྱི་གསོལ་སྨོན་དུ་འགྱུར་པ་འདི་རྗེ་གང་གི་ཆོས་ཀྱི་མཆེད་པོ་པདྨ་སྐལ་བཟང་གིས་སྦྱར་བའོ།།

མཁན་ཆེན་ཆོས་དབྱིངས་ཁྱབ་བདལ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བདེན་པའི་མགྲིན་གླུ།

འཆི་མེད་ཐོག་མའི་མགོན་པོ་འོད་མཐའ་ཡས།།

རབ་འབྱམས་ཚེ་ལྷ་ཕོ་ཉ་མགྱོགས་མའི་ཚོགས།།

རྩ་གསུམ་སྲུང་མ་ཡེ་ཤེས་སྤྱན་ལྡན་གྱིས།།

དེང་འདིར་བདེན་ཚིག་གྲུབ་པའི་དགེ་ལེགས་སྩོལ།།

རྒྱལ་དབང་པདྨ་ཀཱ་རའི་སྒྱུ་འཕྲུལ་གར།།

ཆོས་དབྱིངས་མི་གཡོ་ལྷུན་མཉམ་ཡེ་རྫོགས་གཞིར།།

ཁྱབ་བདལ་གཟུང་འཛིན་རེ་དོགས་མདུད་གྲོལ་བ།།

རིགས་བདག་དཔལ་ལྡན་བླ་མ་ཞབས་བརྟན་གསོལ།།

འཇམ་དབྱངས་སྨྲ་བའི་ལྷ་ཡིས་རྗེས་བཟུང་བས།།

མི་ཟད་གཟུངས་དང་སྤོབས་པའི་གཏེར་གྲོལ་བ།།

རྨད་བྱུང་མཁས་པའི་དབང་ཕྱུག་སྨྲ་བའི་ཉི།།

ལྔ་རིག་སྣང་བའི་མཛོད་དུ་རྟག་པར་བཞུགས།།

ཐོས་བསམ་སྒྲུབ་ལ་གཞོལ་བའི་ཐུགས་སྟོབས་དང་།།

དཀའ་ཐུབ་བཟོད་ལ་གོམས་པའི་དམ་བཅའ་བརྟན།།

རྩེ་གཅིག་མཉམ་པར་བཞག་པའི་ཐུགས་རྗེའི་རྒྱུན།།

གསང་གསུམ་རྡོ་རྗེའི་ཆོས་སུ་རྟག་བརྟན་གསོལ།།

མ་བཅོས་དྲང་པོའི་ཡོན་ཏན་གསེར་བཟང་ཁམས།།

ཆོས་བརྒྱད་གཡའ་ཡི་དྲི་མར་མཛའ་མིན་པའི།།

རྣམ་ཐར་གཙང་མའི་རང་བཞིན་དབྱིག་གི་མཆོག།

རྒྱལ་བསྟན་མཆོད་སྡོང་རྒྱན་དུ་རྟག་མཛེས་ཤོག།

འཆད་ལ་ཐོགས་མེད་ཆོས་སྤྱན་རྡུལ་དང་བྲལ།།

རྩོད་པའི་ལྗགས་ལ་བརྒལ་བརྟག་གློག་དམར་གཡོ།།

རྩོམ་པས་ཡང་དག་ལམ་སྟོན་དགེ་བའི་བཤེས།།

གཡོ་མེད་འགྲོ་བའི་མགོན་དུ་རྟག་པར་བཞུགས།།

གང་ཁྱོད་ཆོས་བརྒྱད་ཞེན་ལས་རིང་གྲོལ་བའི།།

མཚན་སྙན་ལྷ་ཡིས་བྱིན་པའི་རྣ་ལོང་གིས།།

བསྟན་འཛིན་ཟོལ་མའི་གསེར་ཁྲི་མཐོན་པོའང་།།

མོག་པོར་བགྱིད་པའི་གཏམ་རྒྱུད་རྫོགས་མ་གྱུར།།

གང་སྐུ་དམར་སེར་གཞོན་ནུར་རྟག་བརྟན་ཞིང་།།

ལེགས་གསུང་མིག་མི་འཛུམ་པའི་སྒྱུ་འཕྲུལ་བརྟན།།

ཐུགས་གསང་ལག་ན་རྡོ་རྗེའི་རོལ་བར་བརྗིད།།

རིགས་གསུམ་སེམས་དཔའི་ངོ་བོར་རྟག་ཏུ་བཞུགས།།

ཆོས་ཉིད་ཆོས་ཅན་རྣམ་དག་བསླུ་མེད་དང་།།

ལྷག་བསམ་རྣམ་པར་དཀར་བའི་རྟེན་འབྱུང་གིས།།

གསོལ་བཏབ་སྨོན་པའི་འབྲས་བུ་བདེ་བླག་ཏུ།།

ཡིད་བཞིན་འགྲུབ་པའི་དགེ་ལེགས་འབར་གྱུར་ཅིག།

མི་ཤིགས་ཁ་སྦྱོར་བདུན་ལྡན་ཚེ་མཐའ་ཡས།།

ཚེ་ཡི་དཔལ་འཛིན་ལྷ་མོ་རྣམ་པར་རྒྱལ།།

ཡིད་བཞིན་འཁོར་ལོའི་ཕྱག་རྒྱར་ལེགས་བཞེངས་ཏེ།།

དབྱེར་མེད་རྟག་པ་དམ་པར་འཚོ་གཞེས་གསོལ།།

ཀ་དག་གཞི་དབྱིངས་ཆོས་སྐུའི་དགོངས་པའི་ཀློང་།།

ལྷུན་གྲུབ་སྣང་བཞི་མཐར་ཕྱིན་ལོངས་སྤྱོད་རྫོགས།།

ཡོངས་གྲུབ་འགྱུར་མེད་རྡོ་རྗེའི་ཆོས་བདུན་དུ།།

ཞིང་འདིའི་འགྲོ་བའི་མགོན་པོར་བརྟན་བཞུགས་གསོལ།།

ཅེས་པའང་དམ་པ་གང་གི་ཞལ་སློབ་ཀྱི་ཐུ་བོ་སྡེ་སྣོད་འཛིན་པ་བདེ་གསལ་མཆོག་གིས་བསྐུལ་བ་བཞིན་རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས་པའོ།།

ངེས་གསང་བསྟན་པའི་གཙུག་རྒྱན་མཆོག་སྤྲུལ་ཐུབ་བསྟན་ཉི་མ་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་བདེན་ཚིག་རྡོ་རྗེའི་སྒྲ་དབྱངས།

རབ་འབྱམས་ཕྱོགས་དུས་ཀུན་ན་རྟག་བཞུགས་པའི།།

མཆོག་གསུམ་ལྷ་དང་བདེན་ཚིག་གྲུབ་པའི་གཙོ།།

མ་ལུས་ཚེ་ལྷའི་དཀྱིལ་འཁོར་ཡོངས་རྫོགས་པས།།

དེང་འདིར་བདེན་ཚིག་འགྲུབ་པའི་མཆོག་སྩོལ་ཅིག།

རྨད་བྱུང་ཐུབ་པ་མཆོག་དང་དེ་ཡི་སྲས།།

ས་ཆེན་སེམས་དཔའ་རིགས་གསུམ་སྤྲུལ་པའི་གར།།

བསྟན་པའི་སྲོག་འཛིན་མཆོག་གི་སྤྲུལ་པའི་སྐུའི།།

ཞབས་པད་ཡོངས་སུ་བརྟན་པའི་མཐུན་འགྱུར་མཛོད།།

མཁྱེན་པའི་ཉི་མ་ཐུགས་ཀྱི་ཀློང་ནས་ཤར།།

སྨྲ་བའི་ཟླ་བ་ངག་གི་དཔལ་དུ་བཀོད།།

བསྟན་པའི་སྒྲོན་མེ་སྲིད་པའི་མིག་གཅིག་པུའི།།

གྲགས་པའི་དགེ་མཚན་སྲིད་ན་རྟག་འཆར་ཤོག།

རིམ་གཉིས་སྨིན་གྲོལ་གདམས་ཟབ་དགོངས་པའི་བཅུད།།

ལས་ཅན་དག་པའི་འཁོར་ལ་འགྲེམ་མཁས་པའི།།

རིགས་ཀུན་འདུས་པའི་ཁྱབ་བདག་དཀྱིལ་འཁོར་གཙོ།།

མཆོག་གི་རྡོ་རྗེ་སློབ་དཔོན་ཞབས་བརྟན་གསོལ།།

གང་སྐུ་དཔག་བསམ་ཤིང་དང་བུམ་བཟང་བཞིན།།

ཆོས་ཀྱི་མཛོད་ཀྱིས་འགྲོ་བའི་དབུལ་སེལ་བའི།།

གསང་གསུམ་མི་ནུབ་ནོར་བུའི་རྒྱལ་མཚན་དུ།།

དཔག་མེད་ཚེ་ལྷས་རྟག་ཏུ་བསྲུང་གྱུར་ཅིག།

ཨེ་དབྱིངས་སྟོང་ཆེན་མི་འགྱུར་བདེ་བ་ཆེར།།

ཝཾ་ཡིག་འཕོ་ཆགས་མཚན་མའི་སྤྲོས་ཀུན་བྲལ།།

ཡོངས་གྲུབ་འགྱུར་མེད་སྲོག་གི་སྙིང་པོ་རུ།།

མི་ཤིགས་དྭངས་མའི་ཐིག་ལེར་རྟག་བརྟན་ཤོག།

མཐོ་རིས་ལྷ་མང་དབུས་ན་ལྷ་དབང་དང་།།

མཁའ་ལམ་རྒྱུ་སྐར་ཁྲོད་ན་ཉི་ཟླ་བཞིན།།

ས་སྟེང་བསྟན་འཛིན་ཚོགས་ན་ལྷམ་མེ་བ།།

མི་ཉམས་རྡོ་རྗེའི་ཁྲི་ལ་རྟག་པར་བཞུགས།།

དགའ་རབ་དཔའ་བོ་པད་འབྱུང་བཱི་མ་ལ།།

ཐ་དད་མ་ཡིན་འཇིགས་བྲལ་རྒྱལ་བའི་འཕྲུལ།།

ཡང་ཟབ་མཁའ་འགྲོའི་སྙིང་བཅུད་གདམས་པའི་མཛོད།།

གསང་འཛིན་གསང་བའི་བདག་པོར་འཚོ་གཞེས་གསོལ།།

གང་ཁྱོད་ཡོན་ཏན་མཆོག་ལྡན་སའི་ཟླ་བ།།

ཆོས་བརྒྱད་གཡའ་ཡི་དྲི་མས་རིང་སྤངས་པས།།

སྦས་པའི་ཟོལ་འཆང་ས་གསུམ་འགྲོ་བའི་མགོན།།

མི་འདའ་རྡོ་རྗེའི་ཁམས་སུ་བརྟན་པར་བཞུགས།།

མཁྱེན་རབ་སྤོབས་པའི་རྩལ་གསུམ་ནང་ནས་རྫོགས།།

རྣམ་དཔྱོད་ལུང་རིགས་སྡེར་མོ་ཕྱི་རུ་བགྲད།།

མི་ཡི་སེངྒེ་སྙེམ་བྲལ་གདོང་ལྔ་པ།།

སྔ་འགྱུར་གངས་རིའི་སྤོ་ན་རྟག་བརྗིད་ཤོག།

ལྷག་བསམ་རབ་དཀར་དྲི་མེད་སྟོན་ཟླའི་ཞལ།།

རེ་བའི་ཆ་ཤས་རྫོགས་པའི་གོང་བུ་ཆེ།།

འགྲིབ་མེད་རྡོ་རྗེའི་ཚིག་གི་རྒྱས་བརྟན་པ།།

བཀྲ་ཤིས་སྣང་བའི་འོད་དང་འབྲལ་མ་གྱུར།།

བདག་སོགས་དེང་ནས་སྐྱེ་བའི་རབས་ཀུན་ཏུ།།

གང་ཁྱོད་དམ་པའི་མགོན་དང་མི་འབྲལ་ཞིང་།།

མཐའ་ཡས་འགྲོ་བ་སྒྲོལ་ལ་ཆེས་དཔའ་བ།།

མཆོག་གི་རྣམ་ཐར་གཙང་མའི་རྗེས་འགྲོ་ཤོག།

ཅེས་པའང་ལྕགས་ལའི་མཆོག་སྤྲུལ་བུ་ཕྲུག་རིན་པོ་ཆེ་དང་། གནས་ལྔ་རིག་པའི་མཛོད་འཆང་ཚང་སྦོ་དང་། བཀྲ་ཤིས། རྡོ་རྗེ་ལགས་བཅས་ཀྱི་གསུང་བསྐུལ་བཞིན། པདྨ་བཛྲའི་སྐྱེ་མིང་གསུམ་པར་སྒྲོ་བཏགས་པ་པདྨ་སྐལ་བཟང་གིས་རྒྱ་ནག་པོའི་གྲོང་ཁྱེར་པེ་ཅིང་གི་ནུབ་ཕྱོགས་ཀྱི་དགའ་བའི་ཚལ་ནས། རབ་རྒྱན་ས་སྦྲུལ་ཆོ་འཕྲུལ་ཟླ་བའི་ཉའི་སྲོད་འཁོར་ལ་བྲིས་པ་སྨོན་པ་དེ་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག།

མཁའ་འགྲོ་རྗེ་བཙུན་མ་ཟླ་གསལ་དབང་མོའི་ཞབས་བརྟན་གསོལ་འདེབས་བར་ཆད་བདུད་ལས་རྒྱལ་བའི་དབྱངས་སྙན།

སྭ་སྟི་སིདྡྷི།

ཀུན་ཁྱབ་མི་ཤིགས་སྟོང་ཆེན་ཕྱག་རྒྱའི་གར།།

བདེ་མཆོག་དགའ་བཞིའི་རོལ་མོར་རྟག་བསྒྱུར་བ།།

མཐའ་ཡས་རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་གྱིས།།

དེང་འདིར་བདེན་ཚིག་གྲུབ་པའི་ཤིས་པ་སྩོལ།།

འོད་མཚན་སྟོང་འབར་དཔག་མེད་ཚེ་ཡི་ལྷ།།

འཆི་མེད་མཆོག་གྲུབ་རྒྱལ་དབང་པདྨ་འབྱུང་།།

འཚོ་མཛད་སྨན་གྱི་བླ་མ་བཻཌཱུརྱས།།

བླ་ཚེའི་ལྗོན་པར་འཆི་མེད་སྲོག་བྱིན་ཅིག།

བདེ་ཆེན་ཆོས་སྐུའི་ཀློང་ན་ཤེར་ཕྱིན་ཡུམ།།

ལོངས་སྤྱོད་རྫོགས་སྐུའི་ཞིང་ན་ཁྲོས་མ་དཀར།།

གང་འདུལ་སྤྲུལ་སྒྱུར་ལབ་ཀྱི་སྒྲོལ་མ་སྟེ།།

དེང་འདིར་གཟུགས་སྐུར་སྣང་མཆོག་རྟག་བརྟན་གསོལ།།

མཚན་བཟང་ཟླ་བའི་དཀྱིལ་འཁོར་ཆ་རྫོགས་ཤིང་།།

ཟབ་གསལ་ནང་གི་ཉི་མ་ཁོང་ནས་འཆར།།

བདེ་སྟོང་དབང་མཛད་སྤྲིན་གྱི་གར་སྒྱུར་མ།།

མཁའ་མཉམ་བདེ་ཆེན་དཔལ་མོ་ཞབས་བརྟན་གསོལ།།

ཨེ་ཝཾ་ཟུང་འཇུག་མཉམ་ཉིད་རོལ་བའི་འཕྲུལ།།

བརྡ་ཐབས་གསང་བའི་ངོ་མཚར་སྣང་བརྙན་འབུམ།།

མངོན་གྱུར་རྟགས་ཀྱི་ཕྱག་རྒྱར་ཡོངས་སྒྱུར་བའི།།

གྲུབ་རིགས་ལས་ཀྱི་དབང་མོ་འཚོ་གཞེས་གསོལ།།

དགྲ་འདུལ་གེ་སར་རྡོ་རྗེ་ཚེ་ཡི་རྒྱལ།།

ཚེ་འཛིན་དང་སྨན་དགྲ་བླ་ཝེར་མ་ཡིས།།

ཁམས་གསུམ་བརྟན་གཡོའི་དྭངས་མ་ཚེ་ཡི་བཅུད།།

གཅིག་བསྡུས་སྲོག་གི་སྙིང་པོས་ཁྱོད་འཚོ་ཤོག།

རིགས་བཞིའི་མཁའ་འགྲོ་ཚེ་རིང་མཆེད་སྡེ་ལྔ་།།

གནས་ཡུལ་ཞིང་སྐྱོང་ཌཱཀྐི་བྱེ་བ་ཡིས།།

ཕྱོགས་བཞིའི་དར་ཐག་སྡུས་ལ་འགྱུར་མེད་ཁམས།།

མི་འདའ་རྟག་ཏུ་བརྟན་པའི་ཆོ་ག་སྒྲུབས།།

ས་སྤྱོད་དགའ་བ་ཡར་འཁྱིལ་ལྷའི་ཕོ་བྲང་།།

བཀྲ་ཤིས་ཚེ་ཡི་བཅུད་འདྲིལ་དགའ་བའི་ཚལ།།

པདྨས་བསྲུངས་པའི་ངེས་དོན་ཆོས་གླིང་ཆེར།།

གཡུང་དྲུང་རེ་ཁས་ཁྱེད་ཞབས་རྟག་མཛེས་ཤོག།

སྣ་ཚོགས་ཞིང་དང་སྐུ་ཡི་བཀོད་པ་ཡིས།།

མི་མཇེད་ཞིང་ཀུན་ཁྱབ་པའི་སྒྱུ་འཕྲུལ་མ།།

ནམ་མཁའ་ཇི་སྲིད་འཁོར་བ་སྟོངས་ཀྱི་བར།།

འབྲལ་མེད་བསྙེན་པའི་སྨོན་པ་འགྲུབ་གྱུར་ཅིག།

ཡང་གསང་ཐུགས་ཀྱི་ཐིག་ལེ་ལུས་མེད་ཀྱི།།

མཁའ་འགྲོའི་ཆོས་སྐོར་འཛིན་པ་རང་གྲོལ་གྱི།།

ཆོས་འཁོར་རྟག་ཏུ་བསྐོར་ཞིང་བཞུགས་པ་ཡི།།

བཀྲ་ཤིས་དགེ་བས་ཞབས་པད་བརྟན་གྱུར་ཅིག།

དགུ་བདུན་གསང་བའི་བར་ཆད་དབྱིངས་སུ་ཞི།།

བདུད་བགེགས་འབྱུང་པོའི་གཡུལ་ལས་རྣམ་པར་རྒྱལ།།

སྣ་ཚོགས་མཛད་པས་གདུལ་བྱའི་རེ་བ་སྐོང་།།

ཕུན་ཚོགས་སྡེ་བཞིའི་དཔལ་གྱིས་འབྱོར་གྱུར་ཅིག།

ཅེས་པའང་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བྱང་བཤད་སྒྲུབ་རྣམ་ངེས་གླིང་གི་སྐུ་ཞབས་ཞལ་ཟུར་པ་རིག་པ་འོད་ཟེར་མཆོག་གི་ངོར་རྫོགས་ཆེན་པདྨ་སྐལ་བཟང་དེས་རབ་གནས་ས་སྟག་ཧོར་ཟླ་༤པའི་ཚེས་༡༣ལ། མདོ་སྨད་ཙོང་ཁའི་ཆུ་འགྲམ་གནའ་མཁར་ཟི་ལིང་གྲོང་ཁྱེར་གྱི་རང་སྤྱིལ་ནས་སྨོན་པ་འདིས་ཀྱང་ཞབས་པད་བརྟན་པའི་རྟེན་འབྱུང་གི་སྒོ་འཕར་འབྱེད་པར་གྱུར་ཅིག།

མདོ་མང་བླ་མ་རིག་འཛིན་དཔལ་ལྡན་གྱི་ཞབས་བརྟན་གསོལ་འདེབས་དགེ་ལེགས་དཔལ་འཕེལ།

རྒྱལ་བ་དགྲ་རྒྱལ་དྲང་སྲོང་གྲུབ་པའི་གཙོ།།

མཆོག་གསུམ་ལྷ་དང་སྲུང་མ་མཐུ་རྩལ་ཅན།།

མ་ལུས་དཀར་ཕྱོགས་སྐྱོང་བའི་ཚོགས་ཀུན་གྱིས།།

ངག་ལ་བདེན་ཚིག་གྲུབ་པའི་མཆོག་སྩོལ་ཅིག།

ཕུན་ཚོགས་བརྟན་དང་གཡོ་བའི་དགེ་མཚན་བཅུད།།

གཅིག་ཏུ་འདྲིལ་བའི་སྲོག་རྟེན་དྭངས་མའི་རྫས།།

མི་ཤིགས་ཁ་སྦྱོར་བདུན་གྱི་གོང་བུ་རུ།།

ཨེ་ཝཾ་གཉིས་མེད་ཟུང་འཇུག་ངོ་བོར་སྐྱིལ།།

ཕུལ་བྱུང་གྲུབ་རིག་འཛིན་པ་འཁོར་ལོའི་མགོན།།

ཁྱབ་བདག་མཚུངས་མེད་དཔལ་ལྡན་བླ་མ་རྗེ།།

འཕོ་བྲལ་རྡོ་རྗེའི་ཁམས་སུ་རྟག་བརྟན་པའི།།

འཆི་མེད་ཚེ་ལྷའི་ངོ་བོར་ཞབས་བརྟན་གསོལ།།

གང་ཐུགས་རྙོག་མེད་སྒྲིབ་བྲལ་ཞི་བའི་ཁམས།།

རྩེ་གཅིག་མཉམ་པར་བཞག་པའི་ཏིང་འཛིན་རྒྱུན།།

བསྐྱེད་རྫོགས་དབྱེར་མེད་རིམ་གཉིས་རྣལ་འབྱོར་ལ།།

གོམས་པའི་རྣམ་ཐར་སྲིད་པའི་རྒྱན་གྱུར་ཅིག།

བདག་སོགས་དེང་ནས་འཁོར་བ་ཇི་སྲིད་དུ།།

དུས་ཀུན་འབྲལ་མེད་རྗེས་སུ་བཟུང་གྱུར་ཏེ།།

ནམ་མཁའ་ཇི་སྲིད་འགྲོ་ལ་དཔལ་སྟེར་བ།།

དམ་པ་ཁྱེད་དང་དགོངས་པ་མཉམ་པར་ཤོག།

ཅེས་པའང་རབ་གནས་ས་ཡོས་ལོར་སྟག་རོང་སྐལ་བཟང་གིས་བསྐུལ་ངོར་རྫོགས་ཆེན་པ་པདྨའི་མིང་ཅན་གྱིས་ཞོགས་ཐུན་ཞིག་གི་སྔ་རོལ་དུ་ཤྲཱི་སེང་ཆོས་གྲྭ་ནས་བྲིས་པའོ།།

བྱ་བཏང་ཀུ་ས་ལི་པ་མི་ཉག་རྒྱལ་སྒོའི་བླ་མ་སངས་རྒྱས་ཚེ་འཕེལ་གྱི་ཞབས་བརྟན་གསོལ་འདེབས་བདེན་ཚིག་གྲུབ་པའི་དབྱངས་སྙན།

རིག་སྟོང་ཟུང་འཇུག་མི་ཕྱེད་གཉུག་མའི་ལྷ།།

འཕོ་བྲལ་འཆི་མེད་གཡུང་དྲུང་དམ་པའི་མགོན།།

རྩ་གསུམ་ལྷ་དང་སྲུང་མ་རྒྱ་མཚོའི་ཚོགས།།

རྡོ་རྗེའི་བདེན་ཚིག་ཆེན་པོས་ཉེར་དགོངས་ཤིག།

ཕུལ་བྱུང་ཐུགས་བསྐྱེད་ཟླ་བའི་དཀྱིལ་འཁོར་ལ།།

ཡ་མཚན་མཛད་བཟང་རི་དྭགས་གཟུགས་བཀྲ་བ།།

དགེ་བའི་བཤེས་མཆོག་བསྟན་འཛིན་འགྲོ་བའི་མིག།

ཐུབ་བསྟན་སྙིང་པོའི་སྲོག་ཏུ་འཚོ་གཞེས་གསོལ།།

སངས་རྒྱས་བྱང་སེམས་རིག་པ་འཛིན་པའི་གཙོ།།

ཚེ་ཡི་དྲང་སྲོང་ལྷ་དང་གྲུབ་པའི་ཚོགས།།

འཕེལ་བྱེད་མགྱོགས་མ་མཐུ་ལྡན་བདེན་སྟོབས་ཀྱིས།།

བསྟན་འཛིན་མཆོག་གི་སྐུ་ཚེ་བརྟན་གྱུར་ཅིག།

སྔ་འགྱུར་ཟབ་གསང་གདེང་ཅན་རོལ་བའི་གནས།།

སྡེ་གསུམ་ཀློང་དགུའི་མ་དྲོས་འཁྱིལ་བའི་མཚོར།།

བྱར་མེད་རྒྱལ་པོ་ཀླུ་དབང་སྙེམ་བྲལ་བ།།

འཁྲུལ་ཞིག་འགྲོ་བའི་མགོན་པོ་བསྐལ་བརྒྱར་བཞུགས།།

ཨེ་ཝཾ་ཟུང་འཇུག་འགྱུར་མེད་བདེ་ཆེན་གཤིས།།

མཐའ་བྲལ་ནཱ་དའི་སྲོག་གི་སྙིང་པོ་རུ།།

གཞོམ་བྲལ་ལྷན་སྐྱེས་སྲིད་ཞིའི་བཅུད་འབར་བ།།

མི་འགྱུར་འདུས་མ་བྱས་པར་བཞུགས་གསོལ་འདེབས།།

རྣམ་པ་ཀུན་གྱི་མཆོག་ལྡན་སྟོང་ཉིད་དབྱིངས།།

མི་ཤིགས་ཁ་སྦྱོར་ཡན་ལག་བདུན་གྱི་དངོས།།

འགྱུར་མེད་དྭངས་མའི་ངོ་བོར་རྟག་བརྟན་པའི།།

བསླུ་མེད་བདེན་པའི་དགེ་ལེགས་འབར་གྱུར་ཅིག།

བཀྲ་ཤིས་ཀུན་གྱི་བཅུད་བསྡུས་བརྟན་གཡོའི་དཔལ།།

བཀྲ་ཤིས་འཁོར་འདས་ལེགས་ཚོགས་འཁྱིལ་བའི་བཅུད།།

བཀྲ་ཤིས་སྨོན་པའི་ཐིག་ལེར་ཡོངས་བཟླུམས་པ།།

བཀྲ་ཤིས་བདེན་ཚིག་དག་པས་འགྲུབ་གྱུར་ཅིག།

ཅེས་པའང་ཤར་མེ་ཉག་པ་ཆོས་དར་ལགས་ཀྱིས་བསྐུལ་ངོར་སྙོམ་ལས་པ་པདྨ་སྐལ་བཟང་དེས་ཕྱིས་ཞིག་མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་ཉེ་འགྲམ་ནས་ལས་ཞོར་ཞིག་ལ་བྲིས་ཏེ་བསྲིངས་བ་དགེ།

གཡུ་ཁོག་བྱ་བྲལ་གྱི་ཡང་སྤྲུལ་དམ་པ་མཉམ་མེད་རང་བྱུང་རྡོ་རྗེའི་ཞབས་བརྟན་གསོལ་སྨོན་འཆི་མེད་གྲུབ་པའི་རྔ་སྒྲ།

ཨོཾ་སྭ་སྟི།

བསླུ་མེད་མཆོག་གསུམ་རྩ་གསུམ་རྒྱ་མཚོ་དང་།།

མཐའ་ཡས་རབ་འབྱམས་ཚེ་ལྷའི་དཀྱིལ་འཁོར་གཙོ།།

ཕོ་ཉ་མགྱོགས་མ་གྲུབ་པའི་དྲང་སྲོང་གིས།།

དེང་འདིར་བདེན་ཚིག་གྲུབ་པའི་དགེ་ལེགས་སྩོལ།།

མཆོག་ཏུ་མི་འགྱུར་བདེ་ཆེན་རྡོ་རྗེའི་ཁམས།།

སྟོང་ཆེན་དབྱིངས་ཀྱི་ངོ་བོར་རྟག་བརྟན་པ།།

ཟུང་འཇུག་ཁ་སྦྱོར་ཡན་ལག་བདུན་གྱི་དངོས།།

འཕོ་བྲལ་དྭངས་མའི་སྲོག་ཏུ་རྟག་བརྟན་ཤོག།

སྣ་ཚོགས་བརྟན་དང་གཡོ་བའི་ཆོས་ཁམས་བཅུད།།

མི་ཤིགས་ཚེ་ཡི་གོང་བུར་དྲིལ་བའི་གཟུགས།།

ཇི་སྲིད་ནམ་མཁའ་གནས་གྱུར་དེ་སྲིད་དུ།།

གྲགས་པའི་དཔལ་གྱིས་ཀུན་ནས་བསྲུང་གྱུར་ཅིག།

བཱི་མའི་སྒྱུ་འཕྲུལ་འཇིགས་མེད་སྐལ་བཟང་མཚན།།

མཁས་པའི་ཁྱུ་མཆོག་ཡེ་ཤེས་སེངྒེའི་ཞབས།།

གྲུབ་བརྙེས་བྱ་བྲལ་ཆོས་དབྱིངས་རང་གྲོལ་དུ།།

སྐྱེ་བའི་ཕྲེང་བ་འཛིན་གང་ཞབས་བརྟན་གསོལ།།

ཟླ་བྲལ་མཉམ་མེད་མཁྱེན་པའི་ཀློང་ཆེན་པོར།།

མ་བཅོས་རང་བྱུང་དོན་གྱི་ཡེ་ཤེས་བརྙེས།།

རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཛིན་པ་མཆོག།

མི་འགྱུར་རྡོ་རྗེའི་ཁྲི་ལ་རྟག་བཞུགས་ཤོག།

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར།།

རིམ་གཉིས་གདམས་པས་སྐལ་ལྡན་སྨིན་ཅིང་གྲོལ།།

རྨད་བྱུང་ཐུགས་བསྐྱེད་གེགས་མེད་ངང་གིས་འགྲུབ།།

གསང་གསུམ་མཛད་པ་མཐར་ཕྱིན་བཀྲ་ཤིས་སྩོལ།།

ཨེ་དབྱིངས་བདེ་ཆེན་ཡེ་ཤེས་སྒྱུ་མའི་གར།།

ཝཾ་ཡིག་སྟོང་པའི་དབྱིངས་སུ་བསྡོམས་པ་ལས།།

གཉིས་མེད་ཐབས་ཤེས་བདེ་མཆོག་རོལ་བའི་རྒྱུན།།

མ་འགག་ལྷུན་གྲུབ་སྲིད་པའི་རྒྱན་དུ་བརྟན།།

མདོ་ཁམས་ས་ཡི་ལྟེ་བ་གཡུ་ཡི་མཁར།།

ཐེག་ཆེན་ཆོས་འཁོར་པདྨའི་དགའ་ཚལ་གྱི།།

ལུང་དང་རྟོགས་པའི་བདག་ཉིད་རྒྱལ་བའི་བསྟན།།

བཤད་དང་སྒྲུབ་པས་སྤེལ་ལ་བསྙེམ་བྲལ་ཤོག།

འཇིགས་བྲལ་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི།།

རིང་ལུགས་འཁོར་ལོ་གསུམ་གྱིས་འཛིན་པ་ཡི།།

མཛད་བཟང་མཁའ་མཐར་ཁྱབ་པའི་རྟེན་འབྲེལ་མཐུ།།

འགྲུབ་ལ་སྲས་བཅས་རྒྱལ་བས་མཐུན་འགྱུར་མཛོད།།

ཚོགས་གཉིས་བསོད་ནམས་སྤུངས་པའི་ཤེ་མོང་རྒྱས།།

བསླབ་གསུམ་ནོར་བུའི་རྒྱན་གྱིས་དུས་ཀུན་ཕྱུག།

སྡེ་བཞིའི་འབྱོར་བའི་དཔལ་གྱིས་མངོན་པར་མཐོ།།

ཕུན་ཚོགས་ལྔ་དང་རྟག་ཏུ་འབྲལ་མ་གྱུར།།

བཀྲ་ཤིས་རེ་སྨོན་དག་པའི་ཡར་གྱི་ཟླ།།

བཀྲ་ཤིས་བསམ་དོན་ཀུན་འགྲུབ་ཉ་གང་བའི།།

བཀྲ་ཤིས་རྟག་པ་དམ་པའི་དགེ་མཚན་གྱི།།

བཀྲ་ཤིས་སྣང་བས་ས་གསུམ་ཡོངས་ཁྱབ་ཤོག།

ཅེས་པའང་མཆོག་སྤྲུལ་རིག་འཛིན་ཟླ་འོད་དང་། སྐུ་ཞབས་དཔལ་ལྡན་རྡོ་རྗེ་ལགས་ལྷན་རྒྱས་ནས་བསྐུལ་ངོར་རབ་གནས་མེ་གླང་ཧོར་ཟླ་༥པའི་ཚེས་ལ་རྫོགས་ཆེན་པདྨ་སྐལ་བཟང་ངམ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་གནས་དེ་ཉིད་དུ་འདུས་མདོའི་སྨིན་དབང་ཕུལ་བའི་བར་གསེང་ཞིག་ལ་བྲིས་པའོ།།

སྔོན་དུས་བཱི་མའི་སྒྱུ་འཕྲུལ་འཇིགས་མེད་མཚན།།

བར་དུ་ཡེ་ཤེས་སེངྒེ་ཕྱི་མའི་དུས།།

བྱ་བྲལ་འཁྲུལ་ཞིག་ཆོས་དབྱིངས་རང་གྲོལ་ཏེ།།

མཉམ་མེད་རང་བྱུང་རྡོ་རྗེར་གསོལ་བ་འདེབས།།

རྡོ་གྲུབ་མཁན་ཆེན་རྣམ་བཞིའི་ཡ་གྱལ་མགར་བ་མཁན་པོའི་ཡང་སྤྲུལ་འཇིགས་མེད་འོད་གསལ་མཆོག་གི་ཞབས་བརྟན་གསོལ་འདེབས་བཀྲ་ཤིས་གྲུབ་པའི་དབྱངས་སྙན།

ཨོཾ་སྭ་སྟི་སིདྡྷི།

དགེ་ལེགས་ཡོན་ཏན་བྱེ་བའི་དཔལ་གྱི་མཛོད།།

མཐའ་ཡས་ཤེས་བྱའི་ཁམས་ལ་རྟག་ཁྱབ་པ།།

དཔག་མེད་ཚེ་ལྷའི་དཀྱིལ་འཁོར་རབ་འབྱམས་ཀྱིས།།

དེང་འདིར་བདེན་ཚིག་གྲུབ་པའི་མཐུ་བྱིན་སྩོལ།།

བརྟན་གཡོ་འཁོར་འདས་སྲིད་ཞིའི་དྭངས་མའི་བཅུད།།

མི་འགྱུར་ཚེ་ཡི་སྙིང་པོར་འདྲིལ་བའི་སྲོག།

འཕོ་མེད་རྡོ་རྗེའི་ཆོས་སུ་རྟག་བརྟན་པ།།

གཟི་དམར་དབང་གི་ཞགས་པས་དུས་འདིར་སྲུངས།།

ཀུན་བརྟགས་འཁྲུལ་བས་བསྐྱེད་པའི་བར་ཆད་བདུད།།

གཞན་དབང་མི་མཐུན་རྒུད་པ་ཉེར་ཞི་ནས།།

ཡོངས་གྲུབ་བྲི་གང་བྲལ་བ་གཉུག་མའི་ཚེ།།

གཞོམ་མེད་འཕོ་འགྱུར་བྲལ་བའི་ཐིག་ལེར་ཟླུམས།།

ངེས་འབྱུང་རྩ་བ་བརྟན་པའི་ཡང་དག་ཁྲིམས།།

ཚངས་སྤྱོད་ཐར་པའི་རྒྱལ་མཚན་སྲིད་པའི་བླར།།

བསྒྲེངས་མཛད་ངོ་མཚར་ལྷ་བརྒྱའི་གཙུག་གི་རྒྱན།།

ངུར་སྨྲིག་འཛིན་པའི་མཆོག་ཁྱེད་ཞབས་བརྟན་གསོལ།།

དང་པོར་དམ་པའི་བཤེས་གཉེན་སྤྱི་བོར་བསྙེན།།

བར་དུ་གདམས་ཟབ་བདུད་རྩི་བཅུད་དུ་བཞེས།།

མཐའ་མར་བསམ་བསྒོམ་ཆོ་ག་ཡོངས་རྫོགས་པ།།

ཏིང་འཛིན་གཡོ་མེད་གང་ཁྱེད་བསྐལ་བརྒྱར་བརྟན།།

མ་ལུས་ཆོས་ཀུན་ངོ་བོ་དེ་བཞིན་ཉིད།།

རྒྱལ་རྣམས་ཐུགས་ཀྱི་གསང་བ་ཆེན་པོའི་དབྱིངས།།

སོ་སོ་རང་རིག་འཕགས་པའི་དགོངས་སྤྱོད་ལ།།

དབང་འབྱོར་ཤེས་རབ་རྫོགས་ཁྱོད་རྟག་བརྟན་ཤོག།

འཇིགས་མེད་བདུད་ལས་རྣམ་རྒྱལ་རྡོ་རྗེའི་སྐུ།།

མཁའ་མཉམ་ཞིང་རྡུལ་མཉམ་པར་རྟག་བཀོད་དེ།།

འོད་གསལ་གསང་ཆེན་ངེས་དོན་སྙིང་པོའི་སྒྲས།།

འགྲོ་བློའི་ཡིད་ཀྱི་མུན་པ་མཐར་བྱེད་ཤོག།

གང་མཚན་སྐུ་ཡི་བཀོད་པའི་དཀྱིལ་འཁོར་གཟུགས།།

ཞབས་པད་རྡོ་རྗེའི་ཁྲི་ལ་རྟག་བརྟན་པའི།།

བཀྲ་ཤིས་རེ་ཁ་བསྒྱིངས་བའི་གཡུང་དྲུང་རིས།།

ནམ་ཡང་གཡོ་མེད་སྲིད་ཞིའི་དཔལ་དུ་ཤོག།

ཅེས་གྲུབ་དགོན་བླ་གྲྭ་སྤྱིའི་ཐུགས་བཞེད་བཞིན་ཁ་དབྱངས་བདེན་ཚིག་ཏུ་སྨོན་པ་ཤོ་ལོ་ཀ་བཀྲ་ཤིས་རྟགས་ཀྱི་གྲངས་ལྡན། དུས་མཐའི་ཆོས་སྨྲ་བ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་པདྨ་སྐལ་བཟང་དེས། རབ་རྒྱན་ལྕགས་སྟག་ཆུ་སྟོད་ཟླའི་ཡར་ཚེས་༡༣ཉིན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་ནས་འཆད་ཉན་ཐུན་གྱི་བར་གསེང་མཚམས་མལ་ནས་བྲིས།།

བླ་མ་ཚེ་འགྱུར་རིན་པོ་ཆེའི་ཡང་སྲིད་ཀྱི་ཞབས་བརྟན་གསོལ་འདེབས།

མཐའ་ཡས་བརྟན་དང་གཡོ་བའི་དྭངས་མའི་བཅུད།།

ཟད་མེད་ཚེ་ཡི་སྙིང་པོར་འདྲིལ་མཛད་ལྷ།།

དབང་མདོག་ཞུན་མའི་མཚན་དཔེར་ཡོངས་ཤར་བ།།

བཅོམ་ལྡན་ཚེ་ཡི་ལྷ་ཚོགས་དེང་འདིར་དགོངས།།

སྲིད་ཞིའི་ངོ་མཚར་དཔལ་རྣམས་གཅིག་བསྡུས་པ།།

གཉིས་ལ་མི་གནས་མཁྱེན་གཉིས་ཡེ་ཤེས་དཔལ།།

སྦྱིན་སོགས་ཚོགས་གཉིས་བྱེ་བས་བསྐྲུན་པའི་ཐབས།།

འདོམ་མཁས་དམ་པའི་རྒྱུ་འཕྲུལ་ཞབས་བརྟན་གསོལ།།

དམ་པས་སྔགས་པའི་བསོད་ནམས་གཞན་ཕན་མཛོད།།

བདག་གིར་བགྱིད་ལ་ཕྲག་གིས་དོག་པ་ཡི།།

མུན་པའི་བློ་ཅན་རྐང་གཉིས་བྱོལ་སོང་ཁྱུར།།

རིན་ཆེན་སྣང་བ་སྦྱིན་ཁྱེད་རྟག་བརྟན་གསོལ།།

མ་དྲངས་གྲོལ་པའི་ཁྲོད་གྱུར་ཁོར་ཡུག་གི།།

སྐྱོ་སུན་གདུང་བས་མ་བཅོས་ཚངས་སྤྱོད་དཔལ།།

ངུར་སྨྲིག་གསར་པའི་རྒྱལ་མཚན་རྩེར་མཆོད་པའི།།

བསྟན་པའི་མཛེས་རྒྱན་བཤེས་གཉེན་ཡུན་བཞུགས་གསོལ།

སླུ་བྱེད་འདོད་ཡོན་དུག་གི་ཚེར་མ་དང་།།

ནམ་ཡང་མཛའ་བ་མ་ཡིན་བག་ཡོད་མཚོན།།

དྲན་ཤེས་ཡུ་བ་འབྲོང་པོས་རྟག་སྲུང་བ།།

ཞུམ་པ་བྲལ་བའི་བཤེས་ཁྱེད་ཡུན་འཚོ་ཤོག།

བྱ་དཀའི་གནས་ལ་བརྩོན་པ་མི་ལྷོད་པའི།།

མཁྱེན་རབ་ལྷག་བསམ་ཟབ་མོའི་ཆུ་གཏེར་རྒྱུན།།

ལེ་ལོའི་འཕྲང་ལ་མ་བརྡུགས་སྙིང་སྟོབས་ཀྱི།།

རླབས་དཀར་འཕྱོ་བའི་མཛེས་སྡུག་རྟག་བཀྲ་ཤོག།

སྟོང་ཆེན་ཀ་དག་འདུས་མ་བྱས་པའི་དབྱིངས།།

སྣང་བ་མ་འགག་ལྷུན་གྲུབ་རོལ་མོའི་རྩལ།།

སྣ་ཚོགས་རྒྱན་དུ་འཆར་བའི་སྲིད་ཞིའི་འཕྲུལ།།

གང་ཐུགས་ཆོས་ཉིད་མཉམ་པར་རོ་གཅིག་ཤོག།

མཆོག་གསུམ་རྩ་བ་གསུམ་གྱི་བྱིན་མཐུ་དང་།།

རྟེན་ཅིང་འབྲེལ་འབྱུང་བསླུ་བ་མེད་པའི་མཐུས།།

བདེན་ཚིག་སྨོན་པའི་རི་མོ་བཀྲག་འབར་བས།།

ས་གསུམ་དགེ་བའི་བཀྲ་ཤིས་རྟག་སྦྱིན་ཤོག།

ཅེས་གཡག་ཟེར་བླ་མ་དགེ་ལེགས་ཀྱི་ངོར་རབ་གནས་ཆུ་རྟ་ལོའི་ཧོར་ཟླའི་ཚེས་ལ། ལྷ་གནས་ས་ལ་འཕོས་པའི་སྐྱེད་ཚལ་འོག་མིན་པདྨ་དྲྭ་བའི་ཕོ་བྲང་རང་བྱུང་པདྨ་ཡང་རྫོང་འོད་གསལ་ཆོས་དབྱིངས་རོལ་བའི་བྲག་རིའི་ཕུག་པ་ནས་རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས།།

མཁན་ཆེན་པདྨ་ཚེ་དབང་ལ་བརྟན་བཞུགས་འབུལ་སྐབས་ཀྱི་ལེགས་སྦྱར།

ཨོཾ་སྭ་སྟི།

མཚུངས་མེད་སྟོན་པ་དེའི་གསུང་དམ་པའི་ཆོས།།

དེ་འཛིན་དགེ་འདུན་འཕགས་ཚོགས་འདུས་པའི་སྡེ།།

རྣམ་གསུམ་རིན་ཆེན་གྲགས་པའི་གདུགས་དཀར་ཅན།།

བསླུ་མེད་མཆོད་འོས་སྤྱི་བོའི་རྒྱན་དུ་བསྙེན།།

མ་ལུས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་གར།།

སྐྱེ་འཆིའི་འཇིགས་བྲལ་རྡོ་རྗེའི་སྐུ་བརྙེས་པ།།

རྒྱལ་བའི་དབང་པོ་པདྨ་ཀཱ་ར་ཞེས།།

རྒྱལ་བ་གཉིས་པའི་ཞབས་ལ་མགོ་བོས་འདུད།།

མཐའ་ཡས་གཞལ་དཀའ་ཤེས་བྱའི་དེ་ཉིད་ཆོས།།

མ་འདྲེས་འབྱེད་པའི་མཁྱེན་རབ་འོད་སྣང་ཅན།།

ཡོངས་རྫོགས་རྒྱལ་བསྟན་མཁའ་ན་ལྷམ་མེ་བ།།

རོང་ཀློང་ཉི་ཟླ་ཟུང་གཅིག་གཙུག་ན་རྒྱལ།།

སྔ་འགྱུར་རྒྱལ་བསྟན་གངས་ཀྱི་ས་འཛིན་རྩེར།།

མི་འཇིགས་སྨྲ་བའི་དབང་པོ་གདོང་ལྔའི་རྒྱལ།།

མཁས་ཤིང་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ།།

ཡབ་སྲས་བརྒྱུད་པར་བཅས་པས་དེང་འདིར་སྐྱོངས།།

ཞེས་ཤིས་པ་སྒྲུབ་པའི་ཚིག་གིས་སྔུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་གནས་ཕུན་སུམ་ཚོགས་པ་ཛམྦུ་པྲིཀྵས་མངོན་པར་མཚན་པའི་ཡུལ་གླིང་ཆེན་པོ་འདིའི་གཙུག་གམ་བླ་ན་རྒྱལ་མཚན་གྱི་ཏོག་ལྟ་བུར་མངོན་པར་མཐོ་ཞིང་མཛེས་པ་བོད་གངས་ལྡན་ཆོས་ཀྱི་ཡུལ་གྲུ། འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་། རྒྱལ་བའི་དབང་པོ་པདྨ་སམ་བྷ་ཝས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས། མདོ་དང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆོས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་པ་དེ་ཉིད་ཀྱི་ཉི་མ་ཤར་ཕྱོགས་ཀྱི་ཆ། མདོ་ཁམས་རུ་དམ་གྱི་ལུང་པ་ཞེས་ཕུ་ན་དཀར་གསལ་གྱི་གངས་རི་རྒྱལ་པོ་གདན་ལ་བཞུགས་འདྲ། མདོ་ན་བྲག་དཀར་གྱི་ལྷུན་པོ་བཙུན་མོས་ཕྱག་རྒྱ་བཅས་འདྲ། བར་ན་གཡུ་མཚོ་སྔོན་མོ་བདུད་རྩིའི་ཡོན་ཆབ་བཤམས་འདྲ། གཞན་ཡང་ལྗོན་ཤིང་གི་ནགས་ཚལ། རང་བྱུང་གི་བྲག་སྐྱིབས། ནེའུ་སིང་གི་སྤང་ལྗོངས། འོ་མའི་ཆུ་རྒྱུན་སོགས་བཀོད་པས་མཛེས་པའི་ཁྱད་པར་སྐྱེས་བུ་བཟོ་ལ་མཁས་པའི་སོར་མོའི་འཕྲུལ་རྩལ་ལས་བྱུང་བར་འགྲན་བཟོད་པ། ཤར་ཉི་ཟླའི་གསེང་ལམ་ཡངས། ལྷོ་རིན་ཆེན་གྱི་རི་ཚོགས་སྤུངས། ནུབ་གླང་ཆེན་གྱི་རི་བོས་གཡོར། བྱང་རྫ་བྲག་གིས་ཆབ་སྒོ་བསྡམས། ཕྱོགས་བཞིར་སྲུང་བཞི། མཚམས་བཞིར་དཔལ་བཞི། མེས་དང་ཡང་མེས་ཀྱི་རི་བོ། བཀྲ་ཤིས་རྟགས་ཀྱི་མཚན་མ། ཆོས་འབྱུང་ནོར་བུའི་གཏེར་སྒོ་སོགས་ཕུན་སུམ་ཚོགས་པའི་སའི་དཔྱད་ཐམས་ཅད་མ་ཚང་བ་མེད་པའི་དཀྱིལ་དབུས། ལྷ་མཆོག་འཇམ་དཔལ་དཔའ་བོའི་ཕྱག་གི་རལ་གྲིས་མཚན་པ། མཁས་པའི་ལྗགས་ཀྱི་དབྱིབས་དང་ཡང་འདྲ་བའི་དཔལ་གྱིས་མཚན་པའི་སེངྒེའི་རི་བོ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་ཆོས་གླིང་ཆེན་པོའི་གཙུག་ལག་ཁང་དུ། དུས་ཕུན་སུམ་ཚོགས་པ་སྒྲོན་མེའི་བསྐལ་པ་བཟང་པོ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་གངས་ལྡན་བསིལ་མོའི་ལྗོངས་སུ་ཡང་དར་གྱི་སྐབས། གནམ་ལོའི་རྒྱལ་པོ་རྡོ་རྗེའི་སྣ་ཅན་གྱི་དབྱར་བྲི་བ་གང་བ་ཕུན་ཚོགས་ཡར་འཕེལ་གྱི་དུས། ལྷོ་ནུབ་སིནྡྷུ་རོལ་བའི་དྭངས་མཚོར་མ་ཆགས་པདྨའི་སྡོང་པོ་ལས་རྒྱལ་དབང་པདྨ་ཀཱ་ར་སྐུ་བརྫུས་ཏེ་འཁྲུངས་པའི་སྤྲེལ་གྱི་ཟླ་བའི་ཡར་ཚེས། སྟོན་པ་ཕུན་སུམ་ཚོགས་པ་གཞི་ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཐུགས་བསྐྱེད་བརྟན་པ། གསང་བ་སྔགས་ཀྱི་རྣལ་འབྱོར་ལ་ཉམས་ལེན་གནད་དུ་ཁེལ་བས་ལྟ་སྒོམ་སྤྱོད་འབྲས་མ་ནོར་བའི་ལམ་ནས་ས་དང་ལམ་གྱི་འབྲས་རྟགས་མངོན་དུ་གྱུར་པ། ཤེས་བྱ་རིག་པའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་རབ་ཀྱི་སྤྱན་རས་ཡངས་པ། འཆད་ལ་ཐོགས་པ་མེད་པ། རྩོད་ལ་འགྲན་ཟླ་དང་བྲལ་བ། བརྩམ་ན་མཚུངས་པ་མེད་པ་སོགས་དམ་པའི་ཚུལ་དགུའི་བདག་ཉིད་ཅན་དུ་རྨད་བྱུང་ཆོས་ཀྱི་ཁྲི་ཆེན་པོར་ཞབས་ཟུང་གཡོ་མེད་དུ་བཞུགས་པ་མཁན་ཆེན་རིན་པོ་ཆེ་པདྨ་ཚེ་དབང་མཆོག་ཉིད། འཁོར་ཕུན་སུམ་ཚོགས་པ་བོད་ཆོལ་ཁ་གསུམ་དང་འཛམ་གླིང་ཆོས་ལྡན་གྱི་ཡུལ་གྲུ་གཞན་དག་ནས་ཕེབས་པའི་ཕུལ་བྱུང་སྡེ་སྣོད་འཛིན་པ་ཕུང་པོ་ཡོན་ཏན་གྱིས་བརྒྱན་པའི་དམར་སེར་དགེ་འདུན་འདུས་པའི་སྡེ་ཆེན་པོ་དང་། ཆོས་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱི་གཞི་ལམ་འབྲས་གསུམ་ཡོངས་སུ་རྫོགས་པའི་རྣམ་བཞག་བསྟན་པ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཟབ་ཅིང་རྒྱ་ཆེ་ཚང་ལ་མ་ནོར་བ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་པོ་དག་གི་ཆོས་ཀྱི་སྒྲ་དབྱངས་དཔལ་གྱི་རི་བོའི་མགུལ་ནས་རྒྱུན་མི་ཆད་པར་སྒྲོག་བཞིན་པ་སྟེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྐབས་འདིར། ཕན་དང་བདེ་བ་རྒྱ་མཚོའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་གནས་པ་དང་སེམས་ཅན་ཐམས་ཅད་དཀོན་མཆོག་གི་སྣང་བ་དང་དུས་རྟག་ཏུ་མི་འབྲལ་བའི་ཆེད་སངས་རྒྱས་ཀྱི་བསྟན་པ་འཛིན་སྲུང་སྤེལ་བར་བྱེད་པ་ལ། བསྟན་པའི་སྙིང་པོ་ལུང་དང་རྟོགས་པའི་བདག་ཉིད་ཅན་ཡིན་ཕྱིར་དེ་ཉིད་བཤད་དང་སྒྲུབ་པ་ཁོ་ནས་སྤེལ་བར་བསྟན་པའི་གཞི་མའམ་བསྟན་རྩ་དངོས་ནི་དགེ་འདུན་རིན་པོ་ཆེ་ཡིན་པའི་དབང་གིས། ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་དེ་བྱི་དོར་བྱས་ན་དགོས་དགུ་ངང་གིས་འབྱུང་བ་བཞིན་བདག་རྐྱེན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ལྷ་དང་བཅས་པའི་མཆོད་འོས་དག་གོང་དུ་བཀུར་བ་ནི། དཔྱོད་ལྡན་ཡ་རབས་དམ་པའི་ལུགས་སྲོལ་ལས་མ་འདས་ཤིང་། སྔོན་སྨོན་སྟོབས་སུ་བདོ་བའི་ཐུགས་བསྐྱེད་དུས་སུ་སྨིན་པ་ཉིད་དུས་འདིར་བསྟན་པ་སྤེལ་བའི་དགོས་གནད་ཁྱད་པར་ཅན་དང་མཐུན་ཕྱིར། དེང་འདིར་མཁན་རིན་པོ་ཆེ་པདྨ་ཚེ་དབང་མཆོག་ལ་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཤར་སྒོ་སྲུང་བའི་པཎྜི་ཏ་དང་ཆོས་གྲྭའི་མཁན་ཆེན་ཁྲི་འཛིན་པའི་གོ་གནས་དང་འཇའ་ས་སྟབས་གཅིག་ཏུ་འབུལ་བ་དང་། སྐུའི་རིགས་དབོན་མཆོག་ལ་ཤྲཱི་སེང་ཆོས་གྲྭའི་སྤྱི་ཁྱབ་སྒྲིག་ཞིབ་པའི་མཚན་གནས་འབུལ་བ་ལགས་ན། རྩ་གསུམ་རྒྱལ་བ་སྲས་བཅས། དགྲ་བཅོམ་གནས་བརྟན་གཏད་རབས། དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཀུན་མཉེས་ཤིང་དགའ་བར་གྱིས་ལ་ཤིས་པའི་མེ་ཏོག་ཆར་དུ་སྙིལ་ཅིག དེ་ལྟར་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན་མཆོག ཚོགས་གཉིས་དཔལ་གྱི་ཞིང་ས་དམ་པ། སྙིགས་དུས་ཀྱི་རྒུད་སྐྱོབ་སྟོན་པའི་ཞལ་སྐྱིན། བསྟན་པའི་སྒྲོན་མེ་ཆེན་པོ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་རྨད་བྱུང་ཆོས་ཀྱི་ཁྲི་ཆེན་པོར་མངའ་གསོལ་ནས་ཆེན་པོའི་མཚན་གྱི་ཅོད་པན་བཞེས་པའི་དགའ་སྟོན་རྟེན་འབྱུང་གི་ལེགས་འབུལ་མཚོན་བྱེད་དུ། བཀྲ་ཤིས་པའི་ལྷ་དར་དཀར་པོ་ནང་མཛོད་ཉིན་མོ་བདེ་ལེགས་ཀྱིས་སྣ་དྲངས་ཏེ། སྐུ་རྟེན་འཕགས་མཆོག་སྤྱན་རས་གཟིགས་དབང་གི་སྐུ་བརྙན་བལ་ལུགས་ལི་ཁྲ་འབྱོན་ལེགས། གསུང་རྟེན་ཀློང་ཆེན་མཛོད་བདུན། ཐུགས་རྟེན་རྡོར་དྲིལ་་་་་། མཐའ་རྟེན་དར་རིང་དཀར་པོ་ཡུག་གཅིག་བཅས་སྤྱན་རས་གཡོ་བའི་འབབ་སྟེགས་ཀྱི་དངོས་འབུལ་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་དཔེ་བཞིན་འབུལ་ལམ་ཞུས་པ་ལགས་ན་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞེས་ཐོག སླད་ཀྱི་ཆར། གང་གི་གསང་གསུམ་ཡོན་ཏན་གྱི་ཕུང་པོ་ལེགས་ཚོགས་བྱེ་བའི་འབྱུང་གནས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཉིད། སྤྱིར་བསྟན་དང་འགྲོ་བའི་དཔལ་མགོན། སྒོས་སློབ་འབངས་ཡོངས་ཀྱི་དཔུང་གཉེན་ཆེན་པོར་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ནས། གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་བསྟན་པའི་བསྟི་གནས་ཤྲཱི་སེང་ཆོས་ཀྱི་གྲྭ་ཆེན་པོ་འདི་ཉིད་དུ་དུས་ནམ་ཡང་གཡོ་བ་མེད་པར་བཞུགས་ཏེ། ཞི་བསིལ་ཆོས་ཀྱི་བདུད་རྩིས་ལས་ཅན་གྱི་བུ་སློབ་བསྐྱང་བ་དང་ཆབས་ཅིག་རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཇི་བཞིན་དུ་འགྲུབ་པར་སྨོན་པ་དེ་དེ་བཞིན་དུ་འགྲུབ་པ་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛོད་ཅིག།

སླར་ཡང་སྨྲས་པ།

དེང་དུས་རྒྱལ་བསྟན་ཉིན་བྱེད་ནུབ་ལ་ཉེ།།

ངན་སྤྱོད་མུན་པས་ཕྱོགས་རྣམས་བསྒྲིབས་བྱས་ཚེ།།

ཆོས་ཚུལ་སྣང་བའི་འོད་དཀར་སྤྲོ་བ་ཅན།།

རྗེ་ཁྱོད་དཀར་གསལ་ཟླ་བ་གཞོན་ནུ་ཡིན།།

མི་ཤེས་ཡིད་ཀྱི་མུན་པ་གཏིང་ནས་སེལ།།

ལོག་རྟོགས་སྲིན་བྱའི་ཚོགས་རྣམས་མཐའ་རུ་བསྐྲད།།

བློ་ལྡན་བློ་ཡི་པད་ཚལ་བཞད་པའི་གཉེན།།

ཆོས་ཀྱི་རྗེ་ཁྱོད་ཉི་གཞོན་གཉིས་པ་ཡིན།།

མདོ་སྔགས་ཚང་ལ་མ་ནོར་བརྒྱུད་པའི་གཞུང་།།

འགལ་མེད་ཉམས་ལེན་གདམས་པའི་གནད་གཅིག་ཏུ།།

ཤེས་རབ་གསུམ་གྱིས་གཏན་ལ་འབེབ་མཁས་པ།།

མགོན་ཁྱོད་བསྟན་ལ་སྟོན་པ་གཉིས་པར་གྲགས།།

ར་བ་གངས་རིས་བསྐོར་བའི་རུ་དམ་ལྗོངས།།

ངོ་མཚར་མཁས་དང་གྲུབ་པའི་གདན་ས་ཆེའི།།

རྨད་བྱུང་རྒྱལ་བསྟན་གསེར་གྱི་མཆོད་སྡོང་ལ།།

མཆོག་ཁྱེད་དྲུག་དཀར་གཡུ་ཡི་ཕྲ་ཚོམ་མཛེས།།

ལྗོངས་འདིའི་ཕུན་ཚོགས་དཔལ་གྱིས་ལེགས་བསུས་པའི།།

མཁས་དང་གྲུབ་པའི་གདན་རབས་རིམ་བྱོན་གྱི།།

ནོར་བུའི་ཕྲེང་ཚར་བརྒྱུས་པའི་གྲལ་སྟར་ན།།

གང་ཁྱེད་ཛམ་བུའི་ཆུ་གསེར་ལྟ་ན་སྡུག།

སྡུག་བསྔལ་དུག་མཚོར་འཕྱན་པའི་ཉམ་ཐག་འགྲོར།།

མཛའ་བ་མི་ཕྱེད་སྙིང་རྗེའི་སྐྱ་བ་ཆེས།།

ཆོས་ཀྱི་གྲུ་ཡིས་འཁོར་བའི་ཕ་མཐའ་རུ།།

སྒྲོལ་བའི་དེད་དཔོན་སེམས་དཔའ་མཆོག་ཁྱེད་བསྔགས།།

བཅུ་གཉིས་སྦྱང་བའི་ཡོན་ཏན་ལ་གནས་ཤིང་།།

རྣམ་དག་ཁྲིམས་ཀྱིས་རྒྱུད་བསྡམས་རང་བཞིན་དུལ།།

མཁས་ཤིང་གྲུབ་པའི་ས་མཐོར་རབ་གཤེགས་པ།།

ཁྱོད་ཀྱི་རྣམ་ཐར་བློ་ཆུང་བློ་ལས་འགོང་།།

རྒྱལ་གསུང་ཟབ་དང་རྒྱ་ཆེའི་ཆོས་ཀྱི་ཕུང་།།

དེ་ཡི་དགོངས་འགྲེལ་འཕགས་བོད་མཁས་པའི་གཞུང་།།

རྣམ་དག་དཔྱད་གསུམ་ཚད་མས་ཉེར་བཀྲལ་བ།།

སྔ་འགྱུར་ཤིང་རྟའི་སྲོལ་འཛིན་ཁྱོད་ལས་སུ།།

ཕྱོགས་རེའི་གཞུང་ལུགས་ཉི་ཚེའི་རྣམ་དཔྱོད་ལས།།

རིང་དུ་བརྒལ་བ་ཤེས་བྱའི་ཕ་མཐར་སོན།།

ཐོགས་མེད་གནས་ལྔ་རིག་པའི་པཎྜི་ཏ།།

དེང་དུས་གངས་རིའི་ལྗོངས་ན་ཁྱོད་ལས་སུ།།

གང་ཁྱོད་གཞོན་ནུའི་དུས་ནས་ཞི་བ་ཡི།།

བརྟུལ་ཞུགས་མཆོག་ལ་གོམས་པའི་ཉེར་ལེན་གྱིས།།

ངུར་སྨྲིག་རྒྱལ་མཚན་གསར་པའི་དཔལ་འཆང་བ།།

འདུལ་འཛིན་ཁྱེད་འདྲ་སྲིད་འདིར་མཐོང་བ་ཉུང་།།

པདྨའི་སྦས་གནས་རུ་དམ་གངས་ཀྱི་རར།།

པདྨའི་མཚན་འཆང་ཐོགས་མེད་སྨྲ་བའི་དབང་།།

པདྨ་དཀར་པོ་ལྟར་བསྔགས་ངུར་སྨྲིག་འཛིན།།

པདྨའི་ལུང་གིས་བསྔགས་འོས་ཁྱོད་མིན་སུ།།

སྣང་བ་ཀུན་རྫོབ་སྟོང་པ་དོན་དམ་བདེན།།

གཉིས་སུ་མ་ཡིན་དབྱེར་མེད་མཉམ་ཉིད་དབྱིངས།།

ཇི་བཞིན་གཟིགས་པའི་ཤེས་རབ་སྤྱན་མཆོག་གིས།།

ཆོས་ཉིད་བདེན་པ་མཐོང་བ་ཁྱོད་འདྲ་དཀོན།།

བསྟན་འཛིན་ཟོལ་མས་རྒྱལ་བསྟན་དཀྲུགས་གྱུར་ཅིང་།།

ལོག་འཚོའི་དཔལ་གྱིས་བསྟན་བླ་འཚོང་བའི་ཚེ།།

ཡང་དག་ཚད་མའི་བཤེས་ཁྱེད་ལྷག་པར་ཡང་།།

དག་པའི་གསེར་བཞིན་མ་འདྲེས་ལྷམ་མེར་གསལ།།

ལས་རླུང་རང་སོར་བཞག་པའི་རྟོག་ཚོགས་རྒྱུན།།

ཉོན་རླུང་བག་ལ་ཞ་བའི་ཡེ་ཤེས་རླུང་།།

ནང་གསལ་ཕྲ་བའི་དབྱིངས་སུ་འཁྱིལ་བ་ཡི།།

ས་ལམ་ཆིག་ཆོད་རྫོགས་པ་ཁྱོད་མིན་སུ།།

དམ་པ་དམ་པ་མང་པོས་བསྔགས་པའི་ལྗོངས།།

མཁས་པ་མཁས་པ་དག་གིས་བསྟི་བའི་གནས།།

མང་ཐོས་མང་ཐོས་ཚོགས་པའི་དོ་ར་ན།།

ཡང་དག་ཡང་དག་ལམ་སྟོན་ཁྱོད་གཅིག་མཆོག།

ལོང་བས་ལོང་བ་ཁྲིད་པའི་ལམ་རྒྱུས་དང་།།

རྨོངས་པས་རྨོངས་པ་འདེགས་པའི་སྤྱི་བརྟོལ་ལས།།

རིང་དུ་ཕྱོགས་པའི་བདག་ཡིད་དྲང་པོའི་མདའ།།

ཁྱོད་ཐུགས་གཤིས་བཟང་འབེམ་གྱིས་དྲུད་པར་བྱས།།

རྡོ་ལ་རིན་ཐང་བརྩི་བ་བྱིས་པའི་སྲོལ།།

ནོར་ལ་སྙིང་པོར་འཛིན་པ་བླུན་པོའི་ལས།།

ཡོན་ཏན་ཀུན་ལྡན་ཡིད་བཞིན་ནོར་བུའི་མཆོག།

གཙུག་ན་བསྲེལ་བ་མ་སྨད་དམ་པའི་ལུགས།།

ཝ་སྐྱེས་ཚོགས་པའི་ནང་ན་སེངྒེ་དང་།།

མགྲིན་བཟང་ཁྱུ་ན་ཅང་ཤེས་རྟ་མཆོག་བཞིན།།

བླུན་པོའི་གྲལ་ན་མཁས་པ་མཛའ་མིན་ཏེ།།

དེང་འདིར་མཁས་པ་མཁས་པའི་དབུས་ན་མཛེས།།

རྫ་ཀླུང་དལ་གྱིས་འབབ་པའི་ལྷ་ཡི་ལྗོངས།།

ཆོས་ནོར་དཔལ་གྱིས་མཛེས་པའི་ཞིང་ཁམས་ཆེར།།

རིགས་ཀྱི་སྐྱེ་སྲིད་བཟུང་བའི་སྐྱེས་ཆེན་དག།

གནས་འདིའི་བཅུད་ལེན་མ་བཞེས་ཅང་ཡོད་དམ།།

སྙན་པའི་བ་དན་ས་ཡི་བླ་ན་མཐོ།།

གྲགས་པའི་གདུགས་དཀར་མཁའ་ཡི་མུ་ཁྱུད་འཛིན།།

ས་གསུམ་སྐྱེ་དགུའི་གཙུག་གིས་མངོན་མཆོད་པ།།

ཆོས་ཀྱི་གླིང་འདི་མཁས་པའི་བསྟི་གནས་ཡིན།།

ཕས་རྒོལ་ལྷག་མར་བྱེད་པའི་རུ་མཚོན་མཐོ།།

བརྒལ་བརྟག་ལུང་རིགས་མཚོན་ཆའི་འཁོར་ལོ་མྱུར།།

ཟིལ་གནོན་རྣམ་པར་རྒྱལ་བའི་རྒྱལ་མཚན་བརྗིད།།

རྒོལ་ངན་ཞུམ་པའི་བཙན་རྫོང་འདི་མིན་ནམ།།

ལྷུན་པོ་བྲག་དཀར་མཛེས་པའི་ཁོར་ཡུག་གི།

གཏན་འཁྱིལ་གཡུ་ཡི་མཚོ་མོའི་ཡོན་ཆབ་ངོས།།

དྭངས་ཤེལ་གཟའ་སྐར་བཀྲ་བའི་བརྡ་ཆོས་འདིས།།

ཁྱེད་ཀྱི་གདུལ་ཞིང་སར་པའི་ལམ་སྣེ་མཚོན།།

སྨུག་སྤྲིན་དལ་གྱིས་རྒྱུ་བའི་གླང་པོའི་ཁུར།།

ཆུ་བཅུད་ཆར་གྱི་ཟེགས་མས་ཡོངས་བལྟམས་པས།།

ལྕུག་ཕྲན་གཞོན་ནུའི་ཡལ་གའི་མེ་ཏོག་ཁུར།།

ལྕི་བར་བྱས་འདིས་ཁྱེད་ཀྱི་ཕྲིན་ལས་མཚོན།།

གནམ་སྔོན་ཆུ་འཛིན་དྲ་བའི་བང་རིམ་ནས།།

རྩ་གསུམ་ལྷ་ཡི་བུ་ཆུང་ཡིད་འོང་བརྒྱས།།

གཡུ་འབྲུག་སྦྲུམ་མའི་ཟོལ་གྱིས་ཁྱོད་ཉིད་ལ།།

དབང་མདོག་གློག་གི་མཇལ་དར་འབུལ་བར་བྱས།།

སྔོ་ལྗང་གཡུ་ཡི་ལོ་མའི་ཚང་ཚིང་གི།

ཕྲ་མོའི་གེ་སར་དགོད་པའི་ཡལ་འདབ་ཀྱི།།

དྲི་ཞིམ་ངད་པའི་བསུང་གིས་ཁྱེད་ཉིད་ལ།།

བདུག་པའི་སྤྲིན་ཚོགས་སྟོབ་ལ་ཕྱོགས་དང་མཚུངས།།

དལ་འབབ་གཡས་སུ་འཁྱིལ་བའི་ཆུ་ཀླུང་གི།

རླབས་ཕྲེང་ལྦུ་བ་དཀར་པོའི་རྩེ་གར་དང་།།

ལྷན་ཅིག་འགྲོགས་པའི་ཕུ་ཆུའི་སྒྲ་དབྱངས་ཀྱིས།།

ཁྱེད་ཀྱི་སྙན་པ་ཕྱོགས་བརྒྱར་སྒྲོག་ལ་བྲེལ།།

མ་སྨིན་ན་ཚོད་ཕྲ་བའི་རྐང་འཐུང་གི།

ཡལ་ག་རླུང་གིས་བསྐྱོད་པའི་ཉམས་འགྱུར་ལ།།

རོ་ལྡན་འབྲས་བུའི་ཁུར་གྱིས་དུད་པའི་གཏམ།།

དྲང་སྲོང་རྒན་པོའི་མེས་པོའི་ཚིག་ལས་ཐོས།།

ལྷུན་སྟུག་རྩེ་མོ་མཐོ་བའི་གངས་དཀར་ཞལ།།

ཉི་གཞོན་གསར་བས་བསུས་པའི་འཛུམ་བག་ཅན།།

ཁྱེད་ལ་དགེ་མཚན་སྒྲོག་པའི་བྱེད་པོ་རུ།།

གནས་འདིའི་ཡུལ་ལྷ་རྒན་པོས་བསྐོས་པར་ངེས།།

སྤྲིན་གཞོན་མཁའ་ལ་རྒྱུ་བའི་བར་སྣང་གི།

ཡིད་འོང་རླུང་བུས་བདས་པའི་བསིལ་བཅུད་ཕྲེང་།།

རབ་དཀར་ཁ་བའི་ཟོལ་གྱིས་ཁྱོད་ཉིད་ལ།།

ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བ་འདྲ།།

གནས་འདིར་གཡུང་དྲུང་འཆི་བ་མེད་པའི་དཔལ།།

ཡོན་ཏན་བདུད་རྩིའི་ཚེ་ཡི་བཅུད་སྦས་པས།།

བརྒྱད་གཉིས་གཞོན་ནུའི་ལང་ཚོའི་དྭངས་མའི་སྲོག།

ལོ་བརྒྱའི་མཐར་ཡང་འཛིན་པའི་བཅུད་ལེན་འགྲུབ།།

ཟླ་གཞོན་བདུད་རྩིས་བྲན་པའི་བྲག་རིའི་མགུལ།།

ཉི་ཟེར་དྲོད་བཅུད་ལེན་པའི་ལྗོན་ཚལ་དབུས།།

རང་བྱུང་ཤེལ་དཀར་ལྷུན་པོའི་ཕོ་བྲང་ཆེ།།

ཁྱོད་ཀྱི་བསམ་བཏན་གནས་སུ་བྱེད་པོས་བསྐྲུན།།

རྙོག་བྲལ་ཞི་བར་གནས་པའི་ཏིང་འཛིན་ལ།།

ལྷག་མཐོང་ཡེ་ཤེས་གསར་པའི་བཅུད་འདུས་པའི།།

ཟག་བྲལ་ལྷ་ཡི་བདེ་བའི་བདུད་རྩིའི་རོ།།

མེས་པོས་ཁྱེད་ཀྱི་སྐལ་བར་འདི་ན་བཞག།

སྡེ་བཞིའི་དཔལ་གྱིས་མངོན་མཐོ་བསོད་ནམས་ཕུལ།།

ལུགས་ཟུང་ལེགས་པའི་འདུན་མ་ཡར་ཟླར་ཕྱོགས།།

སྙན་གྲགས་དབྱར་གྱི་རྔ་གསང་ཕྱོགས་བརྒྱར་ལྡིར།།

སུམ་རྩེན་ལྷས་ཀྱང་སྨོན་པར་ཡིད་གཉིས་ཅི།།

གང་གི་གསང་གསུམ་མི་ཤིགས་ཡོན་ཏན་མཛོད།།

རྟག་བརྟན་འགྱུར་བ་མེད་པ་རྡོ་རྗེའི་ཁམས།།

ཤྲཱི་སེང་རྨད་བྱུང་ཆོས་ཀྱི་ཁྲི་ཆེན་པོར།།

ཞབས་ཟུང་གཡོ་མེད་བསྐལ་བརྒྱར་བརྟན་གྱུར་ཅིག།

དམ་ཆོས་ཉིན་བྱེད་གསར་པའི་སྣང་བ་འདིས།།

ཁོར་ཡུག་ཛམ་བུས་མཚན་པའི་ཡུལ་གླིང་འདིར།།

དགེ་ལེགས་སྐྱིད་ཀྱི་ཉི་མ་དུས་རྟག་ཏུ།།

འཆར་བའི་དགེ་མཚན་ཀུན་ནས་དགོད་གྱུར་ཅིག།

བཀྲ་ཤིས་གང་ཞིག་རབ་དམར་དབང་གི་མདོག།

བྱུ་རུའི་མདངས་འཛིན་ཚེ་དཔག་མེད་མགོན་གྱིས།།

འཆི་མེད་དྭངས་མའི་ཚེ་ཡི་བཅུད་བསྡུས་ཏེ།།

དེང་འདིར་སྐུ་ཚེ་རིང་བའི་བཀྲ་ཤིས་སྩོལ།།

བཀྲ་ཤིས་དམ་པ་སྟོན་ཟླ་གསར་པའི་མདོག།

ཚེ་སྦྱིན་རྣམ་རྒྱལ་ལྷ་མོ་འཁོར་བཅས་ཀྱིས།།

རྒས་མེད་ལང་ཚོའི་བཀྲག་མདངས་རབ་བསྐྱེད་དེ།།

རྟག་ཏུ་སྐུ་སྲོག་བརྟན་པའི་བཀྲ་ཤིས་སྩོལ།།

བཀྲ་ཤིས་མཆོག་རབ་དུང་དང་པད་རྩའི་མདོག།

སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མས།།

འཁོར་འདས་བརྟན་གཡོའི་ཚེ་བཅུད་ལེགས་བསྐྱིལ་བས།།

གཏན་དུ་སྐུ་ཁམས་བཟང་བའི་བཀྲ་ཤིས་སྩོལ།།

དམར་སེར་གུར་གུམ་གསར་པའི་ལང་ཚོ་ལ།།

བརྒྱད་གཉིས་གཞོན་ནུའི་མཚན་དཔེས་རབ་སྤྲས་པ།།

མཁྱེན་པའི་དབང་ཕྱུག་འཇམ་དཔལ་དཔའ་བོ་ཡིས།།

ཆོས་རབ་རྣམ་འབྱེད་སྣང་བའི་བཀྲ་ཤིས་སྩོལ།།

རབ་དཀར་གངས་ཀྱི་ལྷུན་པོར་ཉི་གཞོན་བརྒྱས།།

འཁྱུད་པའི་མདངས་འཛིན་འཕགས་མཆོག་མིག་མི་འཛུམ།།

སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་གིས།།

འགྲོ་ཀུན་སྡུག་བསྔལ་ཞི་བའི་བཀྲ་ཤིས་སྩོལ།།

མཐིང་ཞུན་དྭངས་མས་བྱུག་འདྲ་བཟོད་དཀའི་སྐུ།།

བདུད་དཔུང་ཟློག་བྱེད་རྡོ་རྗེའི་མཚོན་འཆང་བ།།

གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས།།

དེང་འདིར་བར་ཆད་སེལ་བའི་བཀྲ་ཤིས་སྩོལ།།

ལྷ་གཡང་མི་ལ་འདུ་བའི་བདེ་སྐྱིད་དང་།།

ཀླུ་ནོར་དཔལ་དུ་ཁུག་པའི་ཡ་མཚན་དཔྱིད།།

ཆོས་གཡང་མི་ནུབ་འཕེལ་བའི་ངོ་མཚར་གཏམ།།

ནམ་ཡང་ནུབ་མེད་རྒྱས་པའི་བཀྲ་ཤིས་ཤོག།

སྟེང་ན་བཀྲ་ཤིས་ཉི་ཟླ་སྐར་གསུམ་འཛོམས།།

བར་ན་བཀྲ་ཤིས་ལེགས་ཚོགས་ངང་གིས་འདུ།།

ས་ན་བཀྲ་ཤིས་འདོད་རྒུ་གཡང་དུ་འཁྱིལ།།

དུས་ཀུན་བཀྲ་ཤིས་དགེ་བས་ཁྱབ་གྱུར་ཅིག།

བཀྲ་ཤིས་ཀུན་གྱི་བཀྲ་ཤིས་སྙན་པའི་དཔལ།།

བཀྲ་ཤིས་དགེ་བའི་བཀྲ་ཤིས་གྲགས་པའི་སྟོབས།།

བཀྲ་ཤིས་ལེགས་པའི་བཀྲ་ཤིས་དཔལ་འབར་བས།།

བཀྲ་ཤིས་ཕྱོགས་དུས་བཀྲ་ཤིས་རྣམ་འཕེལ་ཤོག།

ཅེས་པའང་གནམ་སྔོན་འཁོར་ལོ་རྩིབས་བརྒྱད་གདུགས་ལྟར་ཟླུམ་ཞིང་། ས་གཞི་པདྨ་འདབ་བརྒྱད་ཡངས་ཤིང་རྒྱས་པའི་རུ་དམ་ས་ཡི་ལྟེ་བ་ཤྲཱི་སེང་དཔལ་གྱི་ཆོས་གྲྭ་ནས་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་བྲིས།།

རྟོགས་ལྡན་བློ་གྲོས་རྒྱ་མཚོ་རིན་པོ་ཆེར་བརྟན་བཞུགས་འབུལ་སྐབས་ཀྱི་ལེགས་སྦྱར།

བཀྲ་ཤིས་པར་གྱུར་ཅིག

ལྷ་ཡི་ལྷ་མཆོག་དྲི་མ་མེད།།

འདྲེན་པ་རྒྱལ་རིགས་ཤཱཀྱའི་སྲས།།

གཙུག་གི་རྒྱན་དུ་གུས་མཆོད་དེ།།

འདི་ན་གཏམ་གྱི་ཕྲེང་བ་སྤེལ།།

ཡིད་འོང་འདབ་མ་བཀྲ་བའི་གེ་སར་དབུས།།

མཚན་དཔེའི་གཟི་འོད་སྟོང་འབར་མཚོ་སྐྱེས་རྗེ།།

སྙིང་དབུས་ཙིཏྟའི་གནས་སུ་རྟག་རོལ་ནས།།

ཤིས་པའི་མེ་ཏོག་དུས་ཀུན་ཆར་དུ་སྙིལ།།

གྲུབ་པའི་དབང་ཕྱུག་རྒྱལ་བའི་རྒྱལ་ཚབ་མཆོག།

མཁས་ཤིང་གྲུབ་པའི་གྲགས་དཀར་སྙན་པ་ཅན།།

མདོ་ཁམས་རྫོགས་ཆེན་ཡབ་སྲས་བརྒྱུད་པར་བཅས།།

དེང་འདིར་དགྱེས་པའི་འཛུམ་ཞལ་ལྷུག་པར་བཀྲོལ།།

བརྗོད་འདོད་ཡིད་ཀྱི་ཀུན་རྟོག་གི།

སྣ་ཚོགས་རི་མོ་མཚོན་པའི་སྒོ།།

ངག་ལ་ངག་གི་འདོད་འཇོའི་ལྷས།།

སྙན་པར་སྨྲ་བའི་མཆོག་བྱིན་ཅིག།

ཅེས་བརྗོད་འདོད་ངག་གིས་སྔུན་བསུས་ཏེ། གང་གླེང་བར་བྱ་བ་ནི། གནས་ཕུན་སུམ་ཚོགས་པ་མདོ་ཁམས་ས་ཡི་ཐིག་ལེ་རུ་དམ་གངས་ཀྱི་ར་བ། རྒྱབ་རི་རྒྱལ་པོ་བཞུགས་འདྲ། མདུན་རི་མཆོད་པ་བཤམས་འདྲ། གཡས་རི་ནོར་བུ་སྤུངས་འདྲ། གཡོན་རི་ཡོལ་བ་དྲེས་འདྲའི་ལྟེ་བ་རི་བོ་ཤེས་རབ་ཀྱི་རལ་གྲིའི་དབྱིབས་དང་མཚུངས་པའི་སྟེང་དུ་ཆགས་པའི་གངས་ལྗོངས་མཁས་པའི་འབྱུང་གནས་ཤྲཱི་སེང་ཆོས་གྲྭ་ཆེན་པོའི་གྷནྡྷོ་ལ། དུས་ཕུན་སུམ་ཚོགས་པ་བོད་རབ་བྱུང་༡༧པའི་ས་ཕོ་སྟག་གི་ལོའི་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་བཟང་པོ་གསུམ་པའི་ཚེས་ལ། སྟོན་པ་ཕུན་སུམ་ཚོགས་པ་ལོ་ཆེན་བཻ་རོའི་རྣམ་འཕྲུལ། དམ་པའི་ཚུལ་དགུའི་མངའ་བདག གྲུབ་བརྙེས་རིག་འཛིན་གྱི་རྗེ་བོ། གྲུབ་དབང་རྫོགས་ཆེན་པའི་བསྟན་འཛིན་གྱི་སྐྱེས་བུ་ཆེན་པོ་རྟོགས་ལྡན་བླ་མ་དམ་པ་བློ་གྲོས་རྒྱ་མཚོ་རིན་པོ་ཆེ། འཁོར་ཕུན་སུམ་ཚོགས་པ་མདོ་ཁམས་རྒྱལ་བ་རྫོགས་ཆེན་པ་ཆོས་བརྒྱུད་དང་བཅས་པའམ་ཡུལ་གངས་ཅན་ཆོལ་གསུམ་གྱི་ས་ཆ་ནས་ཕེབས་པའི་བསླབ་གསུམ་འཆང་བའི་བླ་སྤྲུལ་མཁན་གསུམ་དགེ་འདུན་འདུས་པ་བརྒྱ་ཕྲག་མང་པོ། ཆོས་ཕུན་སུམ་ཚོགས་པ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་ཡང་གསང་བླ་ན་མེད་པའི་ཆོས་སྐོར་གྱི་སྨིན་བྱེད་དབང་། གྲོལ་བྱེད་ཁྲིད། གདམ་ཟབ་མན་ངག་གི་རིམ་པ་བཅས་ཀྱི་ཆོས་འཁོར་བསྐོར་བའི་དེ་མ་ཐག་པ་དགའ་སྟོན་རྟེན་འབྲེལ་གྱི་མཛད་སྒོའི་སྐབས་འདིར། ཐོག་མར་དཔལ་ལྡན་བླ་མ་དམ་པ་སྐུ་ཚེ་བསྐལ་བརྒྱར་ཞབས་པད་བརྟན་པའི་རྟེན་འབྱུང་དུ་སྐུ་ཁྲུས་གསོལ། བགེགས་བསྐྲད་སྲུང་འཁོར་སྒོམ། རྒྱལ་དབང་པདྨ་འབྱུང་གནས་རིག་འཛིན་འདུས་པའི་ངོ་བོར་བཞེངས་པའི་དཀྱིལ་འཁོར་གྱི་དལ་ཞལ་ཕྱེས་ནས་རིག་འཛིན་ཚེ་སྒྲུབ་བདུད་རྩིའི་བུམ་བཅུད་ཀྱི་སྒོ་ནས་བརྟན་བཞུགས་དང་། བཀྲ་ཤིས་པའི་རྟགས་རྫས་དང་། དཔལ་མགོན་བླ་མ་མཆོག་རྒྱལ་དབང་པདྨ་འོད་འབར་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ངོ་བོར་རྒྱལ་སྲིད་སྣ་བདུན་སོགས་ཀྱིས་མངའ་དབུལ་དང་། མཎྜལ་འབུལ་བའི་རིམ་པ་བཅས་སོང་ནས། འདིར་མཎྜལ་དང་འབྲེལ་བའི་དངོས་འབྱོར་ཟང་ཟིང་གི་འབུལ་མཚོན་སྤྱན་བསྟར་ཞུ་བ་ལ། ཐོག་མར་མཛོད་དར་དཀར་པོ་ཉིན་མོ་བདེ་ལེགས་ཀྱིས་སྣ་དྲངས་ཏེ། སྐུ་མི་འགྱུར་མཁྱེན་རབ་ཡེ་ཤེས་ཀྱི་བདག་པོར་བགྲེས་རྒུད་བྲལ་བའི་གཞོན་ནུའི་ལང་ཚོར་ཞབས་པད་བརྟན་པའི་རྟེན་འབྲེལ་དུ་འཇམ་དབྱངས་ཀྱི་སྐུ་བརྙན་ལི་ཁྲ་འབྱོན་ལེགས། གསུང་མི་འགག་ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་འགྲོ་ལ་འདོམས་པའི་རྟེན་འབྲེལ་དུ་མདོ་སྡེ་བསྐལ་པ་བཟང་པོའི་ཕྱག་དཔེ། ཐུགས་གཡོ་མེད་ཐབས་ཤེས་བདེ་སྟོང་གི་ཡེ་ཤེས་མཚོན་བྱེད་ཐུགས་རྟེན་རྡོར་དྲིལ་་་་་། བརྩེ་བཞེས་ཞུ་བ་དང་འབྱུང་ཆར་དཔལ་མགོན་བླ་མ་མཆོག་ཉིད་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན་ཞིང་རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་དུ་འགྲུབ་ནས་སླར་ཡང་མདོ་ཁམས་རྫོགས་ཆེན་པའི་བསྟན་པའི་སྙིང་བཅུད་དཔལ་ཀྱི་སེངྒེས་མཚན་པའི་རི་བོའི་ལྗོངས་སུ་གནས་འཆའ་བའི་ཆོས་གྲྭ་ཆེན་པོར་རྨད་བྱུང་ཆོས་ཀྱི་འཁོར་ལོ་རྟག་ཏུ་བསྐོར་བའི་སྨོན་འདུན་ཡང་ནས་ཡང་དུ་ཞུ་བ་ལགས།

སླར་སྨྲས་པ།

དྲི་མེད་དུང་མདོག་ཟླ་གཞོན་འཛུམ་ཟེར་ཅན།།

སྟོན་མཚན་མཁའ་ལ་འཕགས་པའི་འོད་དཀར་གྱིས།།

ཀུན་ནས་མཚོན་པ་མིན་པའི་ལྷག་བསམ་མདངས།།

གུས་བཅས་སོར་རྩེར་འགོད་པའི་དར་གྱིས་སྤུད།།

སྙིམ་པའི་མེ་ཏོག་དགོད་པའི་ཐལ་མོ་ཟུང་།།

སྤྱི་བོར་སྦྱོར་བའི་ཕྱག་བཅས་མགྲིན་པའི་སྒྲ།།

ངག་སྙན་བུང་བར་འཁུ་བའི་སྙན་སྤྲིན་གྱིས།།

ཕྱོགས་རྣམས་འགེངས་པའི་ཆོ་གར་བྲེལ་བས་བརྩོན།།

དཀར་གསལ་གངས་རིའི་མགུལ་ལས་བྱུང་བ་ཡི།།

ལྷོ་ཡི་ཆབ་དཀར་འོ་མའི་རྒྱུན་བཟང་གི།

གཡང་འཁྱིལ་གཡས་སུ་འཕྱོ་བའི་འཛུམ་རླབས་ཀྱིས།།

ཁྱེད་ལ་ཡང་ཡང་མཇལ་བའི་སྨོན་འདུན་ཞུ།།

འཇོ་སྒེག་མཛེས་ལྡན་ནགས་ཀྱི་ལྗོན་ཤིང་དག།

དྲི་བཞོན་དལ་བུས་བསྐུལ་བའི་ཕྱག་གཡོབ་ཀྱིས།།

སུན་པ་མེད་པར་ཡང་ཡང་འབོད་པའི་བརྡས།།

གང་ཁྱེད་སླར་ཡང་ཕེབས་པར་བསུ་དང་མཚུངས།།

ལྷུན་པོ་བྲག་རིའི་བ་གམ་མཐོན་པོའི་ཁྲིར།།

ཟླ་གཞོན་བདུད་རྩིའི་ཐིགས་པའི་ཟིལ་མངར་གྱིས།།

ལན་བརྒྱར་བཀྲུས་པའི་འཆི་མེད་དགའ་ཚལ་གྱིས།།

ཁྱོད་ལ་གནས་མལ་གསར་པ་སྟོབ་པར་བྱེད།།

བྱང་ཆུབ་ཞི་བའི་ལྗོན་ཤིང་དྲང་པོའི་རྩེར།།

ཤིང་བལ་རེག་ན་འཇམ་པའི་འཕྱང་འཕྲུལ་ལ།།

སྣ་བརྒྱའི་མེ་ཏོག་སར་པས་སྤུད་པ་ཡི།།

ཡལ་ག་དུད་པས་ཁྱེད་ཉིད་སླར་ཡང་བསྒུག།

དཔལ་གྱི་སེངྒེས་མཚན་པའི་རི་བོའི་ལྗོངས།།

ཐེག་གསུམ་ཆོས་སྒྲས་འགེངས་པའི་གླིང་ཆེན་པོའི།།

དམར་སེར་འདུས་པའི་སྡེ་ཡིས་གང་ཁྱོད་ལ།།

གྱེས་ནས་སླར་ཡང་མཇལ་བའི་འཛོམས་དར་འབུལ།།

འདིར་སྣང་སྲིད་པའི་བདེ་འབྱོར་རྩྭ་རྩེའི་ཟིལ།།

གཅིག་ཏུ་བརྟན་པ་མིན་པའི་འདུ་འབྲལ་གྱིས།།

སྐྱོ་བའི་མིག་ཆུ་འབྱིན་ལ་ཕྲག་དོག་པའི།།

ཞལ་བཞེས་དམ་བཅའི་རི་མོ་སྙིང་གི་གསོས།།

སྤྲིན་དཀར་བྱང་དུ་རྒྱུ་བའི་འདབ་མ་ཡིས།།

དེང་འདིར་ཁྱེད་ལ་སྐྱེལ་མ་བྱས་གྱུར་ཀྱང་།།

ཆུ་འཛིན་ལྷོ་རུ་འཁོར་བའི་སྦྲང་ཆར་གྱིས།།

སང་གི་གནམ་ལོ་ཤར་ཚེ་སླར་ཡང་བསུ།།

མདོ་ཁམས་རྨ་ཟླའི་སྒང་གཤོང་ཐག་རིང་ཞིང་།།

ལྷོ་བགྲོད་ཉི་མའི་འོད་མདངས་བསིལ་ན་ཡང་།།

འབྲལ་མེད་དུང་སེམས་གམ་གནས་ཇི་བཞིན་ཏེ།།

སྤྲོ་དགའི་ཡིད་ཀྱི་བདེ་དྲོད་ནང་ནས་འབར།།

ཕ་གཅིག་སྤུན་གྱི་བརྩེ་སེམས་རབ་བརྟན་ཞིང་།།

མ་གཅིག་སྲིང་དང་མིང་པོ་སྙིང་ཉེ་ཡང་།།

དྲིན་ལྡན་བླ་མ་གཅིག་གིས་བསྐྱངས་པ་ཡི།།

ཆོས་མཐུན་གྲོགས་ཀྱི་དུང་སེམས་དེ་བས་ཉེ།།

མཆོག་ཁྱེད་ཞི་བར་གནས་པའི་བསམ་གཏན་གྱི།།

སྒྲིབ་མེད་གཟིགས་པ་དག་པས་སྐྱོང་མཛོད་དང་།།

བདག་ཅག་དད་བཅས་གུས་པའི་བརྟུལ་ཞུགས་ཀྱིས།།

གང་ཞལ་ཡིད་ལ་གོམས་པའི་མངོན་རྟོགས་ངོམ།།

གང་སྐུ་སྙུན་བྲལ་འཚོ་མཛད་སྨན་བླས་སྲུངས།།

སྐུ་ཚེའི་ལྗོན་པ་ཚེ་འཛིན་མགྱོགས་མས་གསོས།།

བགྲེས་རྒུད་བྲལ་བ་འཆི་མེད་པདྨས་སྐྱོངས།།

འཕོ་བྲལ་རྟག་པ་དམ་པའི་སྐུ་ཐོབ་ཤོག།

གཞི་ལ་བཀྲ་ཤིས་ཆོས་འབྱོར་མཐའ་ནས་རྒྱས།།

ལམ་གྱི་བཀྲ་ཤིས་གེགས་མེད་གང་བསམ་བགྲོད།།

བྱེས་སུ་བཀྲ་ཤིས་ཐུགས་བཞེད་ལྷུན་འགྲུབ་པའི།།

གཞི་ལམ་བྱེས་གསུམ་བདེ་བའི་བཀྲ་ཤིས་ཤོག།

བཀྲ་ཤིས་དང་པོ་ཐིག་ལེ་ཉག་གཅིག་སྟེ།།

བཀྲ་ཤིས་གཉིས་པ་མཁྱེན་གཉིས་ཡེ་ཤེས་འབར།།

བཀྲ་ཤིས་གསུམ་པ་སྲིད་གསུམ་ཁྱོན་ན་བརྗིད།།

བཀྲ་ཤིས་བཞི་པ་སྡེ་བཞིའི་འབྱོར་བ་རྒྱས།།

བཀྲ་ཤིས་ལྔ་པ་ལམ་ལྔའི་ཡོན་ཏན་འབྱོར།།

བཀྲ་ཤིས་དྲུག་པ་ཕྱིན་དྲུག་སྤྱོད་པ་ཚང་།།

བཀྲ་ཤིས་བདུན་པ་འཕགས་ནོར་བདུན་གྱིས་ཕྱུག།

བཀྲ་ཤིས་བརྒྱད་པ་དངོས་གྲུབ་རྣམ་བརྒྱད་འབྱོངས།།

བཀྲ་ཤིས་དགུ་པ་ཐེག་དགུའི་ས་ལམ་རྫོགས།།

བཀྲ་ཤིས་དགུ་བརྩེགས་ཚང་བ་གྲངས་ཀྱི་གཞི།།

བཀྲ་ཤིས་ཡར་འཕེལ་སྲིད་པའི་ལྷ་རབས་གྲངས།།

བཀྲ་ཤིས་སྟོང་ཁམས་འགེངས་བའི་བཀྲ་ཤིས་ཕུལ།།

བཀྲ་ཤིས་འབུམ་གྱིས་རྟག་ཏུ་བཀྲ་ཤིས་ཤོག།

ཅེས་པ་འདི་རྫོགས་ཆེན་རུ་དམ་ར་བའི་ན་ཐང་དཀར་མོ་གཡང་འཁྱིལ་ནས་པདྨ་སྐལ་བཟང་དེས་བྲིས་པའོ།།

དུས་རབས་ཉེར་གཅིག་པའི་དུས་འགོའི་རྫོགས་ཆེན་པའི་གལ་ཆེའི་མཛད་སྒོའི་ལེགས་སྦྱར་ཞིག་གི་ཐོག་མཐའི་རྩོམ།

ཨོཾ་སྭ་སྟི།

བཀྲ་ཤིས་དགའ་བ་གཡས་འཁྱིལ་ནོར་བུའི་མཛོད།།

ཕུན་ཚོགས་དགེ་མཚན་མགྲོན་དུ་འགུག་པའི་གཉེན།།

རིན་ཆེན་གསུམ་གྱི་གྲགས་སྙན་བ་དན་དཀར།།

སྲིད་ན་མཐོ་བས་གཏན་དུ་སྲུང་གྱུར་ཅིག།

རྒྱལ་རྣམས་གསང་གསུམ་གཅིག་བསྡུས་མཚན་དཔེའི་འཕྲུལ།།

ངོ་མཚར་པདྨའི་སྡོང་པོའི་རྩེར་སྨིན་པ།།

འཕོ་ཆེན་དྭངས་མའི་སྐུ་བརྙེས་འགྲོ་བའི་མགོན།།

མཚོ་སྐྱེས་རྒྱལ་བ་གཉིས་པས་དགེ་ལེགས་སྩོལ།།

མཐའ་ཡས་ཞིང་རྡུལ་མཉམ་པའི་འགྲོ་མང་ཁམས།།

སྣ་ཚོགས་དམ་ཆོས་བདུད་རྩིས་ཉེར་སྐྱོང་བ།།

བརྒྱུད་གསུམ་དཔལ་མགོན་བླ་མ་མཆོག་རྣམས་ཀྱིས།།

འདི་ན་དགོངས་བརྒྱུད་བྱིན་རླབས་དཔལ་སྩོལ་ཅིག།

ཡོངས་རྫོགས་རྒྱལ་བསྟན་གངས་ཀྱི་ལྷུན་པོའི་སྤོར།།

ངོ་མཚར་སེངྒེ་སྲབ་མེད་རྟག་འཕྱོ་བའི།།

ལུགས་ཟུང་དཔལ་གྱིས་མངོན་མཐོ་རྫོགས་ཆེན་པ།།

ཡབ་སྲས་བརྒྱུད་པར་བཅས་པ་གཏན་དུ་རྒྱལ།།

སྔོན་ཚེ་རིག་འཛིན་བརྒྱུད་པའི་དམ་མནོས་ཤིང་།།

བཀའ་རྟགས་སྤྱི་བོར་བཀོད་པའི་དྲག་རྩལ་ཅན།།

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི།།

བཀའ་སྡོད་སྲུང་མས་དམ་ཉམས་དགྲ་བགེགས་སྒྲོལ།།

དབང་དྲག་སྒྱུ་མ་གློག་གི་ཟློས་གར་གྱིས།།

སྐྱེ་དགུའི་ཡིད་སེམས་འཆིང་བའི་དབང་མཛད་ལྷ།།

དོན་འགྲུབ་དགྲ་ལྷའི་རྒྱལ་པོ་དཔའ་བརྟུལ་དཔུང་།།

དཀར་ཕྱོགས་གཡུལ་ལས་རྒྱལ་བའི་རུ་མཚོན་ངོམས།།

དུང་ཟླ་མཁའ་ལ་ཚེས་པའི་བཞིན་མདངས་ལ།།

འཇིགས་རུང་སྡང་མིག་སྐར་ཆེན་གཡོ་བ་ཅན།།

ཞལ་དཀར་ལྷ་ཡི་དམག་དཔོན་ཝེར་མའི་གཙོ།།

འདི་ན་དབུ་འཕང་སྲིད་པའི་ཡང་རྩེར་བསྙེགས།།

ཞེས་བཀྲ་ཤིས་དགེ་བའི་གཏམ་ཚིགས་སུ་བཅད་པ་ཤོ་ལོ་ཀ་རྒྱལ་སྲིད་རིན་ཆེན་བདུན་གྱི་གྲངས་ལྡན་གྱིས་སྣ་དྲངས་ཏེ་་་་་།

སླར་ཡང་སྨྲས་པ།

བསྐལ་མང་སྔོན་ནས་སྤང་རྟོགས་མཐར་ཕྱིན་པ།།

བདེ་གཤེགས་རིན་ཆེན་གཙུག་ཏུ་སངས་རྒྱས་ཀྱང་།།

བརྩེ་ཆེན་ཐུགས་རྗེས་ཉམ་ཐག་གདུལ་བྱའི་ངོར།།

སྐྱེས་རབས་ངོ་མཚར་ཕྲེང་བ་བློ་ལས་འགོངས།།

ལན་གཅིག་ཙམ་དུ་མ་ཡིན་དམ་པའི་མགོན།།

གཙུག་གི་ནོར་བུར་མཆོད་པའི་ཆོ་ག་ཡིས།།

བྲེལ་ལ་གཅིག་ཏུ་གཡེང་བའི་ཚངས་དབང་ཡང་།།

ལྷ་རྫས་མཆོད་སྤྲིན་སྤྲོ་ལ་མངོན་དུ་ཕྱོགས།།

ཉོན་མོངས་ཉེས་བརྒྱས་ངལ་གྱུར་ཐ་དད་འགྲོ།།

བློ་གྲོས་མུན་པར་རབ་བསྙེགས་རྐང་གཉིས་ཁྱུའི།།

ལས་དབང་ཤུགས་དྲག་རི་གཟར་རྦབ་ཆུའི་རྒྱུན།།

ཐུར་དུ་ཕྱོགས་པ་འཁོར་བས་བསྡུས་པའི་ཆོས།།

གང་ཁྱོད་འཇིགས་ཀུན་བྲལ་བའི་ངོ་མཚར་དཔལ།།

མཁའ་ལམ་གླིང་བཞིའི་ཁྱོན་ན་བཀྲག་འབར་ཚེ།།

ཞལ་ལུ་དུང་ཟླ་དཀར་པོའི་གྲི་སྲིའི་ཀེགས།།

བཟློག་མེད་ལས་དབང་བཙན་པོའི་གཟའ་ཡིས་བསྒྲིབས།།

དེ་ཚེ་ཡི་ཆད་ཉམ་ཐག་དྭ་ཕྲུག་ཁྱུ།།

བཤེས་མེད་ཐང་ལ་འཁྱམས་པའི་མྱ་ངན་ཡུས།།

གདུང་དབྱངས་མིག་ཆུས་སྦྲན་པའི་ངུ་མ་གཏམ།།

ལོ་ཟླས་བགྲངས་བའི་མི་ཚེའི་འདོམ་ལ་གཞལ།།

ཞལ་ཆེམས་གསུང་གི་ཐ་མའི་དབུགས་དབྱུང་མཆིད།།

སྙིང་གི་རི་མོར་བཀོད་པའི་གཡར་དམ་ཅན།།

མི་འགྱུར་རི་ལྟར་བརྟན་པའི་དམ་བཅའི་ཁུར།།

སྲོག་གིས་སྲུང་བའི་དཀའ་ཐུབ་དང་དུ་བླངས།།

འོན་ཀྱང་སྟོབས་མེད་མུན་པའི་བཤུལ་ལམ་དུ།།

འཁྱར་འཁྱོར་གོམ་སྟབས་ལྗིད་པའི་རང་འགྲོས་ཀྱིས།།

དུས་རིང་ཕྱོགས་བསླད་སྣང་བའི་སྐབས་བྲལ་ཁྱུས།།

སྐྱ་རེངས་འོད་སྣང་མཐོང་བ་ཁྱེད་ཀྱི་མཐུ།།

ཤར་གྱི་ཆུ་འཛིན་དཀར་པོས་ཚད་བཟུང་བའི།།

ཡ་མཚན་བརྡ་ཡི་རི་མོའི་མངོན་རྟགས་ཅན།།

ཆུ་བུར་མིག་གིས་མ་འབྱེད་ནོངས་པའི་ཆ།།

གྲགས་རྗེས་འབྲངས་བའི་རྣམ་ཐར་བཟོད་པར་མཛོད།།

སྔོན་སྨོན་ཐུགས་བསྐྱེད་སྐྱ་རེངས་ཀྱིས་དྲངས་ཏེ།།

གཟུགས་སྐུ་མཚན་དཔེས་བརྒྱན་པའི་ཉིན་བྱེད་དབང་།།

མཁས་བཙུན་བཟང་པོའི་འོད་ཟེར་འབུམ་འཕྲོ་བ།།

དེང་འདིར་ཐུབ་བསྟན་གླིང་བཞིའི་མཁའ་ལ་བརྗིད།།

དམ་པའི་རྣམ་ཐར་རང་བཞིན་བཟང་པོའི་གསེར།།

བཞུས་ཁམས་བསྲེག་བཅད་བརྡར་བའི་རང་གཤིས་ལ།།

ར་རིའི་གཡའ་ཡིས་མ་གོས་དྲི་བྲལ་ཆས།།

བསྟན་ལ་རི་མོས་བགྱིས་སོ་གྲུབ་པའི་དབང་།།

རྣམ་དག་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་ཤིང་།།

མང་ཐོས་རྣམ་པར་འབྱེད་པའི་ཤེས་རབ་བཀྲ།།

ཏིང་འཛིན་བྱིན་བརྒྱུད་རྟོགས་པའི་ཕ་ཕོགས་བརྙེས།།

དོན་བརྒྱུད་རྟོགས་པའི་ཕ་གཞིས་ཁྱེད་ལ་དབང་།།

འདི་ན་རྒུད་པའི་ཡང་མཐར་རབ་བསྙེགས་པས།།

བསླབ་གསུམ་ནོར་ལས་ཟས་ནོར་ཟོང་བྲིན་ཞིང་།།

མཁས་པའི་གཏམ་ལས་བླུན་པོའི་དབང་འབྱོར་ལ།།

རིན་ཐང་བརྩི་བའི་རྨོངས་པ་སྙིང་རྗེའི་ཡུལ།།

མཁན་མིང་མང་ཡང་སྡེ་སྣོད་འཛིན་པ་དཀོན།།

སྤྲུལ་མིང་མང་ཡང་བསླབ་ལ་གནས་པ་དཀོན།།

ཚུལ་དགུའི་དམ་པའི་ཡོན་ཏན་བཀྲག་འབར་བ།།

སྲིད་འདིར་དཀོན་པའི་འཇིག་རྟེན་མིག་གཅིག་ཉིད།།

ནོར་གྱིས་མིང་དང་མིང་གིས་ཟུང་འཚོལ་བའི།།

མགར་བའི་ལག་ཆ་ལྟ་བུའི་སྤྲུལ་རྫུན་གྱི།།

དམར་སེར་རྟགས་ཀྱིས་བསྟན་ཞབས་སྡུད་མཐོང་ནས།།

ཁྱེད་ལ་བསྔགས་པའི་མེ་ཏོག་ལན་བརྒྱར་འཐོར།།

མ་རུངས་འཁོར་གནས་དུག་ཅན་སྦྲུལ་ཚང་ན།།

གནོད་པའི་ཁ་རླངས་སྟུག་པོའི་གྲིབ་མ་ཅན།།

རིང་དུ་སྤངས་པའི་རིག་སྔགས་མེ་ལྕེའི་མཐུས།།

ཁྱོད་ཀྱི་རྣམ་ཐར་རྒྱང་རིང་སྲིད་ན་འབར།།

ཐོས་པས་གཞུང་ལུགས་རབ་འབྱམས་འཚོལ་བྱེད་ཅིང་།།

བསམ་པས་ཐོས་དོན་ཚད་མ་གསུམ་གྱིས་དཔྱད།།

སྒོམ་པས་ཀུན་ཀྱང་གདམས་པའི་གནད་དུ་དྲིལ།།

ཉན་བསམ་སྒོམ་པའི་ཁོ་ལག་ནང་ནས་རྒྱས།།

འཆད་ལ་ཐོགས་མེད་མདོ་སྔགས་གཞུང་བརྒྱར་བྱང་།།

རྩོད་ལ་ཟླ་བྲལ་ལུང་དང་རིགས་པའི་མཛོད།།

རྩོམ་ལ་ལྗགས་ཡངས་རྣམ་དཔྱོད་མཚུངས་མེད་པར།།

གངས་ཅན་མཁས་པའི་དབུས་ན་རྟག་མཛེས་ཤོག།

མཁས་པས་ཤེས་བྱའི་ཆོས་ཀུན་གཏན་ལ་དབབ།།

བཙུན་པས་བསྟན་པ་ཆ་ཚང་བདག་གིར་བཞེས།།

བཟང་པོའི་ཡོན་ཏན་ལྷན་སྐྱེས་མཚུངས་མེད་པས།།

ཁྱོད་ལ་རྟག་ཏུ་བཀྲ་ཤིས་སྦྱིན་གྱུར་ཅིག།

བཤད་པས་ལུང་གི་ཆོས་ཀུན་འཛིན་མཛད་ཅིང་།།

སྒྲུབ་པས་རྟོགས་པའི་བསྟན་པ་སྤེལ་དང་ལྷན།།

སྣ་ཚོགས་ལས་ཀྱིས་རྒྱལ་བསྟན་སྲུང་བ་ཡི།།

འཁོར་ལོ་གསུམ་གྱི་མཛད་བཟང་མཐར་ཕྱིན་ཤོག།

དྲང་སྲོང་གྲུབ་པ་ལྷ་ཀླུའི་ཚེ་བཅུད་མདངས།།

གཅིག་ཏུ་དྲིལ་བའི་བརྟན་གཡོའི་དྭངས་མའི་ཁམས།།

འཕོ་བྲལ་རྡོ་རྗེའི་སྲོག་ཏུ་ཡོངས་སྨིན་པ།།

བསྐལ་བརྒྱར་འཚོ་ཞིང་གཞེས་པའི་དཔལ་དུ་ཤོག།

སྐུ་མཆོག་གཡོ་མེད་རྟག་བརྟན་གཞོམ་གཞིག་བྲལ།།

གསུང་དབྱངས་འགག་མེད་ནཱ་དའི་དབྱངས་སུ་སྒྲོག།

ཐུགས་ཉིད་མཁའ་ཁྱབ་སྟོང་གསལ་མཐའ་དབུས་བྲལ།།

གསང་གསུམ་མི་ཤིགས་རྟགས་ཀྱི་ཕྱག་རྒྱར་བརྟན།།

རྣམ་བཞིའི་འཕྲིན་ལས་མ་འབད་ལྷུན་གྱིས་རྫོགས།།

དོན་གཉིས་ལྷུན་གྲུབ་ཡིད་བཞིན་དབང་གི་རྒྱལ།།

ལུགས་ཟུང་རྒྱལ་མཚན་རྩེ་མོར་རྟག་བརྗིད་པའི།།

དགེ་མཚན་བྱེ་བས་ཁྱེད་ལ་སྲུང་གྱུར་ཅིག།

སྡེ་བཞི་དགེ་བཅུའི་དཔལ་གྱིས་མངོན་མཐོ་ཞིང་།།

ཆེ་དགུས་བཏུད་པའི་ཞབས་ཟུང་ནོར་བུའི་དབྱིག།

མི་འགྱུར་གཡུང་དྲུང་དམ་པའི་རེ་ཁ་ཡིས།།

རྟག་ཏུ་སྲུང་བའི་ངོ་མཚར་ཉམས་མ་གྱུར།།

ཡེ་སྟོང་ཀ་ནས་དག་པའི་གནས་ལུགས་ལ།།

ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་པས།།

སྐུ་གསུམ་ལམ་གྱི་སྣང་བར་རང་གྲོལ་བའི།།

ཆོས་ཟད་ཆོས་སྐུའི་རྒྱལ་སར་ཅིས་མི་བསྙོགས།།

སེམས་ཉིད་རྙོག་པ་བྲལ་བའི་ཞི་གནས་དང་།།

གསལ་དྭངས་ངར་དང་བཅས་པའི་ལྷག་མཐོང་དོན།།

གཉིས་པ་མིན་པའི་མཐའ་བྲལ་དེ་བཞིན་ཉིད།།

སོ་སོར་རྟོགས་པའི་ཤེས་རབ་བདག་གིར་མཛོད།།

ཐེག་བརྒྱད་གྲུབ་མཐའི་རྣམ་བཞག་བློ་རིམ་གྱིས།།

རེག་པར་མ་གྱུར་ཐེག་རྩེ་འབྲས་བུའི་རྒྱལ།།

ཆོས་སྐུའི་བསྟན་པ་རྨད་བྱུང་ཨ་ཏིའི་ལམ།།

མངོན་གྱུར་རྟོགས་པའི་ཕ་ཕོགས་ཁྱེད་ལ་དབང་།།

སྡེ་གསུམ་ཀློང་དགུའི་བཅུད་དྲིལ་མན་ངག་སྡེ།།

ཟབ་ལས་ཆེས་ཟབ་ཀློང་ཆེན་གསང་མཛོད་ཆེའི།།

དགོངས་བརྒྱུད་རྟོགས་པས་མྱོས་པའི་པའི་དོ་ཧའི་གླུས།།

དགའ་རབ་དཔའ་བོའི་གསང་མཛོད་ཅིས་མི་འཛིན།།

སྣང་ཡུལ་ཤེས་བྱར་བློ་ཡི་འཇུག་པ་ཞི།།

ཤེས་བྱེད་བློ་ཡི་འཛིན་པའི་ཀུན་རྟོག་སངས།།

རྟག་ཆད་མཐའ་འདས་ཐིམ་ལ་མ་རྨུགས་པའི།།

ནང་གསལ་ཕྲ་བའི་ཡེ་ཤེས་རྒྱན་དུ་ལོངས།།

ཀུན་ལ་སྙོམས་པའི་གསེར་གྱི་ཡུ་བ་འདྲོང་།།

ལུགས་ཟུང་ལེགས་པའི་འཕན་འཕུར་འཕྱང་འཕྲུལ་གཡོ།།

དགོས་འདོད་རེ་བ་སྐོང་བའི་གྲིབ་བསིལ་ཅན།།

བཀྲ་ཤིས་གདུགས་ཆེན་རྩིབ་མའི་ཁྱོན་ཡངས་བདལ།།

ཚོགས་ཟུང་བསོད་ནམས་བྱེ་བའི་མཚོ་ཆེན་ལས།།

མཁྱེན་གཉིས་ཡེ་ཤེས་རྒྱས་པའི་འཁྱུགས་རྩལ་རྫོགས།།

མཐའ་ཡས་འགྲོ་བའི་རྒུད་པ་རབ་ཞིའི་གཉེན།།

བཀྲ་ཤིས་གསེར་གྱི་ཉ་མོ་རྟག་ཏུ་མཛེས།།

མདོ་སྔགས་ཆོས་ཚུལ་མཁྱེན་པའི་ལྟོ་བ་ཡངས།།

རིམ་གཉིས་སྨིན་གྲོལ་ལམ་གྱི་ཁ་རྒྱན་མཛེས།།

གྲུབ་གཉིས་འདོད་འཇོ་ནོར་བུའི་བཅུད་ཀྱིས་གང་།།

བཀྲ་ཤིས་གཏེར་གྱི་བུམ་པ་དངོས་གྲུབ་མཛོད།།

ཉེས་སྐྱོན་འདམ་གྱིས་མ་གོས་མཆོག་ཏུ་མཛེས།།

ཕན་བདེའི་དྲི་བསུང་ཟིལ་མངར་བདུད་རྩི་ཡིས།།

སྐལ་བཟང་རྐང་དྲུག་མ་བོས་མགྲོན་དུ་འགུག།

བཀྲ་ཤིས་འདབ་ཡངས་པདྨ་རྣམ་པར་བཀྲ།།

སྔོན་སྦྱང་སྐྱེ་བ་ལྔ་པའི་རང་མདོག་དཀར།།

སྐྱེས་ཐོབ་མཁྱེན་པས་ཟབ་རྒྱས་ཆོས་སྒྲ་སྒྲོག།

བརྒྱ་བྱིན་ཕྱག་གི་ཆོས་འཁོར་བསྐུལ་བའི་རྫས།།

བཀྲ་ཤིས་གཡས་འཁྱིལ་དུང་གི་རང་སྒྲ་སྙན།།

ཐུགས་གསང་མཚོན་དུ་མེད་པའི་གཏིང་མཐའ་ལ།།

མཚན་འཛིན་བློ་ཡིས་དཔོག་མིན་ཕ་མཐའ་བྲལ།།

ཀུན་ཏུ་ཟབ་ཞི་འདུས་མ་བྱས་པའི་ཆོས།།

བཀྲ་ཤིས་དཔལ་གྱི་བེའུའི་ཁོང་གསེང་བརྗིད།།

སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཀ་བ་ལ།།

ཐེག་དགུའི་ས་ལམ་རྫོགས་པའི་འཕན་འཕུར་ལྡིང་།།

དོན་གཉིས་ལྷུན་གྲུབ་ནོར་བུའི་ཏོག་མཛེས་པ།།

བཀྲ་ཤིས་མི་ནུབ་རྒྱལ་མཚན་སྲིད་འདིར་མཐོ།།

ཉག་གཅིག་ཐིག་ལེར་ཟླུམ་པའི་ལྟེ་བ་ལས།།

རང་སྣང་ལྔ་ལྡན་ལོངས་སྐུའི་མུ་ཁྱུད་བཀྲ།།

གང་འདུལ་རྩིབས་སྟོང་སྤྲུལ་སྐུའི་བཀོད་པ་ཅན།།

བཀྲ་ཤིས་འཁོར་ལོས་ས་གསུམ་དབང་དུ་སྒྱུར།།

དཔོན་སློབ་རྟག་ཏུ་མི་འབྲལ་ལྷན་ཅིག་ཚོགས།།

སྐུ་ཚེ་ཡུན་དུ་མི་འགྱུར་སྲ་ཞིང་བརྟན།།

འཁོར་ལོ་གསུམ་གྱི་མཛད་བཟང་རབ་རྒྱས་པས།།

སྐྱིད་ལ་ཆོས་འབྱོར་འཕེལ་བའི་བཀྲ་ཤིས་ཤོག།

ཅེས་མཁན་སྤྲུལ་བགྲེས་གཞོན་སྤྱིའི་དགོངས་འདུན་ལྟར་མཛད་སྒོའི་ཡང་སྔའི་ཉིན་བྲིས་།

མཁའ་འགྲོ་མ་ཟླ་གསལ་དབང་མོ་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་གྱི་ལེགས་སྦྱར།

ཨོཾ་སྭ་སྟི།

གང་མཚན་གྲགས་པའི་འོད་ཟེར་སྟོང་འབར་བའི།།

ཆ་ཙམ་གྱིས་ཀྱང་སྐྱེ་འཆིའི་རྒུད་མུན་སེལ།།

ཚེ་དཔག་མེད་མགོན་རྒྱལ་བའི་ཉིན་བྱེད་དབང་།།

ནུབ་མེད་དད་བརྒྱའི་མཁའ་ལ་རྟག་པར་བཞུགས།།

མཐའ་ཡས་རྒྱལ་བའི་མ་ལུས་འཕྲིན་ལས་བདག།

ཟླ་གཞོན་བྱེ་བའི་མདངས་འཛིན་རྒྱལ་བའི་ཡུམ།།

སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མས།།

ཚེ་དབང་འདོད་དགུའི་དངོས་གྲུབ་ཆར་དུ་སྙིལ།།

ཡེ་ཤེས་དཔག་མེད་བརྟན་གཡོའི་བཅུད་དཔལ་འཛིན།།

ཞལ་གསུམ་ཕྱག་བརྒྱད་རྟགས་ཀྱི་ཕྱག་རྒྱ་འཆང་།།

མཆོག་གི་ལས་མཛད་རྡོ་རྗེ་རྣམ་རྒྱལ་མས།།

དེང་འདིར་འགལ་རྐྱེན་ཉེར་འཚེའི་རིགས་ཀུན་སོལ།།

མཁའ་མཉམ་གསང་བ་གསུམ་གྱི་སྒྱུ་འཕྲུལ་ཆེ།།

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོར་རོ་གཅིག་པ།།

འཆི་མེད་མཆོག་གྲུབ་རྒྱལ་པོ་པདྨ་སྐྱེས།།

མི་འབྲལ་ཚངས་པའི་རྒྱན་ལ་རྟག་ཏུ་མཆོད།།

ཅེས་རྒྱལ་དབང་ཚེ་དཔག་མེད་མགོན། རྒྱལ་ཡུམ་ཚེའི་ལྷ་མོ་རྣམ་གཉིས་དང་བཅས་པར་མཆོད་བརྗོད་དང་། རྣམ་གསུམ་ཚེ་ལྷའི་ངོ་བོར་གཅིག་ཏུ་རྫོགས་ཤིང་རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་གཅིག་ཏུ་བསྡམས་པའི་འཆི་མེད་མཚོར་འཁྲུང་རྒྱལ་བར་བསྟོད་ཅིང་བསྔགས་པའི་ཚིག་གིས་མདུན་བསུས་ཏེ། གང་གླེང་བར་བྱ་བ་དག་ཆེན་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ལྷན་སྐྱེས་ཞིང་སྔགས་ཀྱི་མཁའ་འགྲོ། ཐ་མལ་གདུལ་བྱའི་སྣང་ངོར་མིའི་གཟུགས་སུ་བྱོན་པ། ཧེ་རུ་ཀ་དཔལ་ཡེ་ཤེས་རྡོ་རྗེའི་སྐུའི་རིགས་རྒྱུད་པདྨའི་མྱུ་གུ་གསང་འཛིན་ཆོས་ཀྱི་བདག་མོ། ཌཱཀྐི་ཟླ་གསལ་དབང་མོ་མཆོག་མ་རུངས་དུས་ཀྱི་རྒུད་པའི་མི་བཟད་ཡ་ངའི་འཚེ་བས་ཀྱང་མ་ཚུགས་པར། ཐུགས་བསྐྱེད་སྨོན་པའི་རང་གཟུགས་མཐུ་རུ་བརྟས་པའི་གདན་གསུམ་མཚན་མའི་གཟུགས་སྐུ། སྐལ་ལྡན་གདུལ་བྱའི་བསོད་ནམས་ཀྱི་ཟུངས་སུ་དགོང་གྲངས་བརྒྱད་ཅུའི་ཡར་མཐར་འཚོ་ཞིང་གཞེས་པའི་གྱ་སྟོན་གྱི་འཁྲུངས་སྐར་དགའ་སྟོན་དང་འབྲེལ་ནས། འབྱུང་འགྱུར་ཕྱི་མའི་དུས་ཀྱི་ཆར་ཞབས་པད་ཡུན་དུ་བརྟན་ཅིང་ཐུགས་བཞེད་གེགས་མེད་དུ་གྲུབ་པའི་རྟེན་འབྱུང་མཚོན་བྱེད་དངོས་འབུལ་ཟང་ཟིང་གི་དགྱེས་སྟོན་སྤྱན་བསྟར་ཞུ་བ་ལ། བཀྲ་ཤིས་དར་དཀར་རིང་མོས་སྣ་དྲངས་ཏེ་འབུལ་ཡིག་ཟུར་གསལ་ལྟར་ཚན་གྲངས་སུམ་ཅུ་སོ་གཉིས་མཐའ་རྟེན་རས་དཀར་ཡུག་གཅིག་བཅས་ཕུལ་ནས།

སླར་སྨྲས་པ།

བརྟན་གཡོ་སྒྱུ་མའི་འོད་གསལ་བདེ་ཆེན་དབྱིངས།།

དོན་གཉིས་འདོད་པ་འཇོ་བའི་དགེ་མཚན་དཔྱིད།།

རབ་དཀར་ཚོགས་གཉིས་ཕུང་པོར་ལེགས་བསྐྱིལ་བས།།

སྨོན་པ་ཡིད་བཞིན་འཇོ་བའི་འབྲས་བུ་སྒྲུབས།།

འཕོ་མེད་རྟག་པ་དམ་པ་གཉུག་མའི་སྲོག།

མི་ཤིགས་དྭངས་མའི་དཔལ་ལ་རྗེས་ཆགས་པ།།

ཨ་ཡུར་ཚེ་ཡི་རྟེན་ཕུར་རྡོ་རྗེའི་ཁམས།།

གྲུབ་པའི་དགེ་མཚན་ཁྱོད་ལ་ངོམ་གྱུར་ཅིག།

གཞི་དབྱིངས་མ་བཅོས་དོན་གྱི་ཆོས་ཉིད་དང་།།

གཞི་སྣང་འོད་གསལ་མཆོག་གི་ཐིག་ལེའི་གཟུགས།།

ཟུང་འཇུག་འཕོ་མེད་བདེ་སྟོང་སྒྱུ་འཕྲུལ་སྤྲིན།།

བགྲེས་རྒུད་འཕོ་བྲལ་སྙིང་པོའི་སྲོག་འགྲུབ་ཤོག།

གཅིག་དང་དུ་མ་ལས་འདས་སྟོང་ཆེན་དབྱིངས།།

མཁའ་མཉམ་རྣམ་པ་ཀུན་དང་ལྡན་པའི་འཕྲུལ།།

མཆོག་ཏུ་མི་འགྱུར་རྟག་ཆེན་ཡེ་ཤེས་ཆེའི།།

རབ་འབྱམས་འཕྲིན་ལས་སྣང་བ་འགོག་མེད་ཤོག།

ས་འདི་མཁས་མང་ཀླུ་རྒྱལ་བསྟི་བའི་གནས།།

ངོ་མཚར་ནོར་བུའི་མཛོད་ལྡན་རོལ་བའི་མཚོ།།

གླིང་འདི་གསང་ཆེན་བསྟན་པའི་རྒྱལ་ས་ཆེ།།

གྲུབ་གཉིས་མི་ཟད་ས་ལ་སྤྱོད་པའི་ཞིང་།།

སྟེང་ན་རྩ་གསུམ་བྱིན་རླབས་སྦྲང་ཆར་འབེབ།།

ས་ལ་ལུང་རྟོགས་བསྟན་པའི་པད་ཚལ་རྒྱས།།

བར་ན་འདོད་དགུའི་ལེགས་ཚོགས་སྤྲིན་ལྟར་གཏིབས།།

སྡེ་བཞིའི་དཔལ་གྱིས་འབྱོར་བའི་བཀྲ་ཤིས་ཤོག།

བདག་ཀྱང་ཇི་སྲིད་འཁོར་བ་སྟོངས་ཀྱི་བར།།

རྡུལ་བྲལ་སྙིགས་མ་སྤང་བའི་ཆོས་ཀྱི་ལུས།།

ཐ་དད་འགྲོ་བའི་བློ་ངོར་རྟག་ཤར་བ།།

ཡེ་ཤེས་མེ་ལོང་དྭངས་མའི་སྐུར་སྣང་ཤོག།

ཅེས་རྫོགས་ཆེན་རུ་དམ་ཡང་དབེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་དབུའི་གཙུག་ལག་ཁང་ངོ་མཚར་གངས་རྒྱན་གསེར་གྱི་པདྨའི་གཙང་ཁང་དབུས་མ་ནས་མཆོད་སྤྲིན་གྱི་དྲ་བ་འཁྲིགས་པའི་དགེ་འདུན་འདུ་མང་གི་གྲལ་ནས་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་སྨོན་པའོ།།

མཁྱེན་འབྲུག་ཁྲི་སྟོན་གྱི་ལེགས་སྦྱར།

ཨོཾ་སྭ་སྟི།

སྟོན་མཆོག་ལྷ་མིའི་མཆོད་འོས་ཤཱཀྱའི་ཏོག།

འགོག་ལམ་བདེན་པའི་ངོ་བོ་དམ་པའི་ཆོས།།

རིག་གྲོལ་ཡོན་ཏན་མཆོག་ལྡན་དགེ་འདུན་ཏེ།།

རིན་ཆེན་རྣམ་གསུམ་སྤྱི་བོའི་རྒྱན་དུ་བསྙེན།།

མདོ་རྒྱུད་མན་ངག་ཆུ་གཏེར་བྱེ་བའི་མཛོད།།

མཁས་དང་གྲུབ་པའི་གདེངས་ཅན་རོལ་བའི་གནས།།

མ་དྲོས་ཀླུ་དབང་རྒྱལ་བ་རྫོགས་ཆེན་པ།།

ཡབ་སྲས་རིག་འཛིན་བརྒྱུད་པས་དེང་འདིར་སྐྱོངས།།

སྙིགས་དུས་རྒུད་པའི་མུན་པ་སྟོབས་ལྡན་ཚེ།།

ཤིན་ཏུ་ཉག་ཕྲའི་བསྟན་སྲོག་གཉིས་པའི་དབུགས།།

འབྱིན་ལ་སྣང་བ་དམ་པའི་མཐུ་འཆང་བ།།

མཆོག་སྤྲུལ་ཟླ་གཞོན་གསར་པ་ཟུང་དེ་རྒྱལ།།

སླར་ཡང་སྨྲས་པ།

རྣམ་དག་ཚུལ་ཁྲིམས་རྩ་བ་རབ་ཏུ་བརྟན།།

མཆོག་ཏུ་མི་གཡོ་ཏིང་འཛིན་ཡལ་ག་རྒྱས།།

ཤེས་རབ་ཆེན་པོའི་འབྲས་བུ་ཡོངས་སྨིན་པ།།

མཚན་བཟང་སྐུ་ཡི་ལྗོན་པ་རྟག་བརྟན་ཤོག།

ཡང་དག་བསྟན་ལ་བྱི་དོར་བྱེད་པའི་ཚེ།།

མངོན་ལྐོག་འཚེ་བའི་རིག་སྔགས་མཐུ་བདོ་བར།།

གྲུབ་པའི་དྲང་སྲོང་ཚེ་འཛིན་དཔལ་གྱི་ལྷས།།

མཆོག་ཁྱེད་རྣམ་གཉིས་ནམ་ཡང་བསྲུང་གྱུར་ཅིག།

ཤེས་བྱ་རྣམ་པར་མཁྱེན་པའི་ཤེས་རབ་དང་།།

ལེགས་ཉེས་བླང་དོར་འབྱེད་པའི་རྣམ་དཔྱོད་བཅས།།

ཆེན་པོའི་དབུས་ན་མི་འཇིགས་སྨྲ་བའི་ཟླ།།

སྤོབས་པའི་གཏེར་ཆེན་འཇམ་དཔལ་དཔའ་བོས་བྱིན།།

མཁའ་མཉམ་མ་རྒན་འགྲོ་བ་བུ་བཞིན་དུ།།

སྙིང་རྗེ་ཆེན་པོའི་ཕྱག་གིས་ལེགས་བསྐྱང་ཞིང་།།

དམན་ལ་ལྷག་པར་བྱམས་པའི་ངང་ཚུལ་ཅན།།

བརྩེ་ཆེན་ཡེ་ཤེས་མིག་མི་འཛུམ་པས་སྩོལ།།

སྙིང་སྟོབས་མཆོག་ཏུ་མི་ཕྱེད་རྡོ་རྗེའི་ཐུགས།།

ཟབ་ཡངས་རྩེ་བརྒྱ་གདེངས་པའི་ཟིལ་རྔམས་དང་།།

ཞུམ་མེད་བརྟན་པའི་ཤུགས་སྟོབས་བཟོད་དཀའི་ཚུལ།།

མཐུ་སྟོབས་ནུས་པ་གསང་བའི་བདག་པོས་བྱིན།།

ཧ་ཅང་གདུལ་དཀའི་མི་བསྲུན་ནག་པོའི་སྡེ།།

མ་རུང་བདུད་ཀྱི་རུ་མཚོན་ཆེར་གཡོའི་ཚེ།།

རྩ་གསུམ་དགྲ་ལྷ་སྲུང་མའི་ཚོགས་བཅས་ཀྱིས།།

གཡུལ་རྒྱལ་ཤིས་པའི་བ་དན་ཁྱོད་ལ་སྩོལ།།

མཆོག་གམ་དམན་པའི་ཡིད་ཀྱི་རི་མོ་བློ་གྲོས་འཁྱོག་པོའི་ནགས་ཀློང་དུ།།

རྣམ་པར་འཕྱན་ཚེ་གཟུ་བོར་གནས་པའི་རྣམ་དཔྱོད་དྲང་པོའི་བརྡ་ཐབས་ཀྱིས།།

ལུགས་གཉིས་མཛད་དཀའ་འབུམ་གྱི་མཐར་སོན་ལམ་སྟོན་དམ་པ་བཤེས་ཀྱི་མཆོག།

དགོས་འདོད་ཀུན་འབྱུང་ནོར་བུའི་ཟླ་བོར་ཀུན་ལ་སྨན་པའི་མཆོག་ཏུ་ཤོག།

ཚེ་འདིར་ལུས་སྲོག་སྐྱེད་པའི་ཕ་དང་མ།།

རྟེན་འདིའི་རིན་ཐང་སྦྱིན་པའི་མཁན་སློབ་བཤེས།།

ཡང་གཅིག་མ་བརྗེད་ཐུགས་ཀྱི་མེ་ལོང་ལ།།

རྣམ་ཀུན་བྱི་དོར་རྗེས་དྲན་མེལ་ཚེ་མཛོད།།

དཔལ་གྱི་སེངྒེའི་རིར་གནས་དམར་སེར་ཁྱུ།།

ཟླ་གྲོགས་བྲལ་བའི་ངང་མོའི་ཚུལ་བཞིན་དུ།།

ཁྱོད་ལ་འཕྲེང་བའི་གདུང་བས་མ་བཟོད་པར།།

ཤིས་པའི་མེ་ཏོག་རྒྱང་ནས་ཡུན་དུ་འཐོར།།

མཁའ་ན་བཀྲ་ཤིས་བདུད་རྩིའི་ཆུ་འཛིན་དཀྲིགས།།

ས་ལ་བཀྲ་ཤིས་འདོད་རྒུ་གཡང་དུ་འཁྱིལ།།

བར་ན་བཀྲ་ཤིས་ཕུན་ཚོགས་རྣམ་ལྔ་འཛོམས།།

ཕྱོགས་དུས་བཀྲ་ཤིས་དགེ་བས་མཛེས་གྱུར་ཅིག།

ཅེས་མདོ་ཁམས་རྒྱལ་བ་རྫོགས་ཆེན་པའི་གཙུག་ལག་ཟུང་གི་ལྟེ་གནས་ཕོ་བྲང་ཁམས་གསུམ་ཟིལ་གནོན་གྱི་ཡང་སྟེང་གཟིམ་སྤྱིལ་འཆི་མེད་གྲུབ་པའི་དགའ་ཚལ་ནས་པདྨ་སྐལ་བཟང་དེས་སྦྱར་པའོ།།

རྫོགས་ཆེན་མཆོག་གླིང་ཡང་སྲིད་ཁྲི་འདོན་སྐབས་ཀྱི་ལེགས་སྦྱར།

རླབས་ཆེན་སྨོན་ལམ་ལྔ་བརྒྱའི་མཐུས།།

བསྐལ་བཟང་འདྲེན་པ་སྟོང་རྩའི་དབུས།།

པད་དཀར་ལྟར་བསྔགས་རྐང་གཉིས་གཙོ།།

ཉི་མའི་གཉེན་མཆོག་གཙུག་ཏུ་མཆོད།།

མ་ཆགས་པདྨ་རྒྱས་པའི་རྩེར།།

རང་བྱུང་མཚན་རྫོགས་སྤྲུལ་པའི་སྐུ།།

འཆི་མེད་དྭངས་མའི་སྐུ་བརྙེས་པ།།

པདྨ་ཀཱ་རས་མི་འབྲལ་སྐྱོངས།།

རྒྱལ་བ་དགོངས་བརྒྱུད་རིག་འཛིན་བརྡ་ཡི་བརྒྱུད།།

གང་ཟག་སྙན་བརྒྱུད་ཤོག་སེར་ཚིག་གི་བརྒྱུད།།

གཏད་རྒྱ་སྨོན་ལམ་བཀའ་བབས་ལུང་བསྟན་སོགས།།

དགུ་ལྡན་བརྒྱུད་པའི་བླ་མས་ཤིས་པ་སྩོལ།།

ཡི་དམ་ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ལྷ།།

མ་སྲིང་མཁའ་འགྲོ་དམ་ཅན་དྲེགས་ཚོགས་ཀྱིས།།

དུས་ཀུན་དགེ་བའི་ཕུན་ཚོགས་བཀྲ་ཤིས་འབུམ།།

ཅིག་ཅར་བསྙིལ་བའི་མི་ཟད་མཐུ་ནུས་བྱིན།།

སླར་ཡང་སྨྲས་པ།

མ་མཐོང་རྒྱང་སྙན་གཏམ་གྱི་རོར།།

རྗེས་ཆགས་མུན་པའི་བློ་གྲོས་ཅན།།

དྲུང་གནས་དམ་པ་མ་མཐོང་བར།།

དབུལ་པོས་ནོར་ངོ་མ་ཆོད་ནོངས།།

སྒྲིན་པོའི་བློ་མིག་དོག་པོའི་འཕྲང་།།

རེ་བའི་གོམ་སྟབས་གོག་པོའི་འགྲོས།།

ཡི་ཆད་ཕྱོགས་རྣམས་བསླད་གྱུར་པའི།།

ངལ་བའི་རྐང་རྗེས་སྐྱོ་བའི་སྒྲུང་།།

དེ་ཚེ་རྣམ་དཔྱོད་སྐྱ་རེངས་གསར་པའི་མཐུས།།

ཀུན་ནས་དྲངས་གྱུར་དམ་པའི་ཉིན་བྱེད་མགོན།།

ལས་ཀླུང་བསོད་ནམས་ཤར་རིའི་ཕྲག་པ་རུ།།

མཚུངས་བྲལ་མཁའ་ལ་འཕགས་པའི་ཁྱད་ཆོས་མཚར།།

འདམ་སྐྱེས་པདྨ་འདམ་གྱིས་མ་གོས་ལྟར།།

གང་ཁྱོད་འཇིག་རྟེན་སྐྱོན་གྱིས་མ་སྦགས་པའི།།

དག་པའི་རང་མདོག་ཛམྦུའི་ཆུ་བོའི་གསེར།།

བསྲེག་བཅད་བརྡར་བས་རང་གཤིས་ལྷག་པར་གསལ།།

ཚུལ་གནས་ཐོས་བསམ་སྒོམ་པའི་ཡུ་བ་བརྟན།།

ལྔ་རིག་མཁྱེན་པའི་འཕན་འཕུར་ལྷབ་ལྷུབ་གཡོ།།

གཞན་ཕན་བྱང་ཆུབ་སེམས་ཀྱི་གྲིབ་བསིལ་ཅན།།

རྨད་བྱུང་དམ་པའི་གདུགས་དཀར་འདི་ན་བརྗིད།།

བསོད་ནམས་འོ་མའི་རྒྱ་མཚོ་འཁྱིལ་བའི་ལྟོར།།

ཚོགས་གཉིས་མཛེས་པའི་ལུས་ཟུངས་རབ་བརྟས་པ།།

ངོ་མཚར་འཇུག་ལྡོག་སྟོང་གི་འཁྱུག་རྩལ་ཅན།།

ཐབས་ཤེས་གསེར་གྱི་ཉ་མོ་ཀུན་ནས་མཛེས།།

ཟབ་ཡངས་མཁྱེན་པའི་ལྟོ་བ་རབ་ལྡིར་ཞིང་།།

གྲུབ་གཉིས་ནོར་བུའི་བཅུད་ཀྱིས་ཡོངས་གཏམས་པ།།

ཕུན་ཚོགས་དཔག་བསམ་ཤིང་གི་ཁ་རྒྱན་ཅན།།

ཟད་མེད་གཏེར་གྱི་བུམ་པ་ཁྱད་དུ་འཕགས།།

མཛེས་པའི་ཞལ་བཟང་འདབ་མའི་ཁོ་ལག་རྫོགས།།

ཡོངས་ལ་སྙོམས་པའི་དྲི་བསུང་ཕྱོགས་བཅུར་འཐུལ།།

ཡོན་ཏན་གེ་སར་ཟེའུ་འབྲུ་རབ་རྒྱས་པ།།

གསང་གསུམ་གསེར་གྱི་པདྨ་རྣམ་པར་བཀྲ།།

མ་བཅོས་ལྷག་བསམ་དག་པའི་རང་མདོག་དཀར།།

ཡ་རབས་མཛད་བཟང་རི་མོ་གཡས་སུ་འཁྱིལ།།

དུས་སུ་བབས་པའི་རང་སྒྲའི་སྙན་དབྱངས་ཅན།།

དམ་པའི་དུང་དཀར་མ་སྨད་ཕྱོགས་སུ་སྙན།།

ལུགས་ཟུང་མཛད་བརྒྱའི་མ་འདྲེས་རི་མོ་འབུམ།།

ཐབས་མཁས་མིག་མང་འཕྲུལ་གྱི་སྦྱོར་བ་ཡིས།།

སྐྱེ་དགུའི་ཡིད་འཆིང་པ་ཊའི་ཁོང་སེང་ཅན།།

ཐུགས་གསང་དཔལ་གྱི་བེའུའི་གཏིང་མཐའ་ཟབ།།

རྣམ་དག་ཁྲིམས་ཀྱི་ཡུ་བ་འདྲོང་པོ་ལ།།

བྱང་སེམས་སྙིང་རྗེའི་གོས་བཟང་གཡོ་ཞིང་ལྡིང་།།

གསང་ཆེན་ནོར་བུའི་ཏོག་གིས་མངོན་མཛེས་པའི།།

ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་སྲིད་ན་མཐོ།།

གཡོ་མེད་ཆོས་སྐུའི་ལྟེ་བ་ཟླུམ་པོར་འཁྱིལ།།

རང་སྣང་ལོངས་སྐུའི་གསེར་གྱི་མུ་ཁྱུད་བཀྲ།།

སྣ་ཚོགས་སྤྲུལ་སྐུའི་མཛད་པ་རྩིབས་སྟོང་བདལ།།

སྐུ་གསུམ་རང་ཆས་དབང་སྒྱུར་འཁོར་ལོ་མཛེས།།

ཡོངས་རྫོགས་བསྟན་པའི་ཕྱི་མོ་སྔ་འགྱུར་པ།།

དེ་ཡི་ལུང་རྟོགས་བསྟན་པའི་འབྱུང་གནས་ཆེ།།

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི།།

བསྟན་ལ་གང་ཁྱེད་མཛེས་པའི་རྒྱན་དུ་ཆེ།།

འདི་ན་ཤུགས་དྲག་ལས་ཀྱི་གཞན་དབང་གིས།།

རྣམ་པར་ཞི་བ་མིན་པའི་ཟུག་རྔུ་ཡིས།།

ཀུན་ནས་མནར་བའི་ཡིད་ཅན་འགྲོ་ཚོགས་ལ།།

དགའ་བདེའི་ཚོར་བ་གསར་པ་ཁྱོད་ཀྱིས་བྱིན།།

རྙོགས་མར་གྱུར་པའི་སྙིགས་སྤྱོད་རྩུབ་མོ་ཡིས།།

ཉེ་བར་དཀྲུགས་པའི་བསྟན་སེལ་འགོང་པོའི་གདོན།།

མཐར་བྱེད་གཡུལ་ལས་རྒྱལ་བའི་རྡོ་རྗེའི་མཚོན།།

ཐོགས་ལ་ཁྱོད་གཅིག་དཔའ་བའི་གད་རྒྱངས་སྒྲོགས།།

གོག་པོའི་མིང་ལ་ཆགས་པའི་སྟོང་བསམ་དང་།།

མིང་གིས་ཀླན་ཀ་འཚོལ་བའི་བྱུར་ཉེས་ཀྱིས།།

ཕ་བླ་བུ་ཡིས་འཚོང་བའི་ཉམ་ངའི་དུས།།

མཆོག་ཁྱོད་རེ་བའི་རྟེན་ཕུར་བཟང་པོ་ཡིན།།

ལེགས་ན་ཉེ་བའི་ཁ་ཕོ་གཞན་ལས་མཐོ།།

ཉེས་ན་འགྱང་བའི་ཅོལ་ཆུང་བློ་ལོག་མཁན།།

བྱིས་སྤྱོད་སྒྱུ་མའི་རང་མཚང་བརྡོལ་བའི་ཚེ།།

ཁྱོད་ཉིད་མི་འགྱུར་གསེར་གྱི་ཕ་ཝང་བརྟན།།

བསིལ་ལྡན་གངས་རིའི་ཕང་པར་བསྐྱེད་བསྲིངས་པའི།།

གངས་ལྗོངས་ཡང་བཅུད་རིགས་བཟང་གདོང་དམར་རྒྱུད།།

སྤོབས་སེམས་ལ་རྒྱའི་ཐུགས་སྟོབས་ཤུགས་བསྐྱེད་དེ།།

མ་འོངས་གསར་པའི་ཡང་རྩེར་ད་མཆོངས་ཤིག།

རུ་དམ་གངས་རིའི་ཆབ་དཀར་འོ་རྒྱུན་གྱིས།།

འཕར་རྩའི་རྒྱུ་བ་དང་པོ་བསླངས་བྱས་པས།།

ལྗོངས་འདིའི་བརྟན་གཡོའི་རྒུད་པ་གསོས་དང་ལྷན།།

བསྟན་སྲོག་གཙང་མའི་བྱི་དོར་མ་གཡེལ་རེམ།།

དྲི་མེད་མཚོར་འཁྲུངས་རྒྱལ་བའི་བསྟན་པ་ཆེ།།

འཛིན་ལ་ཟླ་བྲལ་རྒྱལ་བ་རྫོགས་ཆེན་པའི།།

རིང་ལུགས་སྲིད་པའི་ཁྱོན་དུ་ཡོངས་བདལ་བའི།།

རྨད་བྱུང་ཐུགས་བསྐྱེད་མཛད་པ་མཐའ་རྒྱས་ཤོག།

རིགས་མཐུན་ཚོགས་པའི་ནང་གི་ཁྱུ་ཡི་མཆོག།

སྔར་མེད་གངས་རིའི་རྒྱན་གཅིག་མཛེས་འབར་བའི།།

གྲགས་དཀར་མུ་ཁྱུད་གླིང་བཞིའི་ཁྱོན་མཉམ་པའི།།

བཀྲ་ཤིས་སྣང་བས་ས་འདི་བཏང་མ་གྱུར།།

ལྷུན་པོ་གླིང་བཞིའི་དབུས་ན་མངོན་འཕགས་པ།།

གསེར་རིའི་ཕྲེང་བས་མཐའ་ནས་བསྐོར་བ་བཞིན།།

གང་ཁྱོད་བསྟན་འཛིན་དབུས་ན་ལྷམ་མེ་བ།།

མ་ལུས་ཆེ་དགུའི་རལ་བའི་རྒྱན་གྱུར་ཅིག།

བཀྲ་ཤིས་གསེར་གྱི་ཉི་མ་འོད་ཟེར་འབར།།

བདེ་ལེགས་དུང་གི་ཟླ་བ་ཆ་ཤས་རྫོགས།།

ཕུན་ཚོགས་རྒྱུ་སྐར་སྨིན་དྲུག་རྟག་ཏུ་འཛོམས།།

དཔོན་སློབ་མི་འབྲལ་ཚོགས་པའི་བཀྲ་ཤིས་ཤོག།

ཅེས་གདུང་དྲུག་སྡེ་བཞིའི་དཔལ་གྱིས་བསྡུ་བའི་གནས་མཆོག ཆབ་དཀར་གཡས་འཁྱིལ་སོ་མའི་རྒྱུན་གྱིས་འཁྱུད་པ། གསེར་གྱི་ཉ་མོ་ཟུང་གཅིག་འཕྱོ་བའི་དཔྱད་དང་ལྡན་པའི་རིགས་གྲྭ་ཆེན་པོའི་རང་སྤྱིལ་ནས་པདྨའི་མིང་ལ་སྐལ་བ་བཟང་པོས་མཚན་པའི་སྙོམ་ལས་པས་བགྱི་བ་འདིར་བསྟུན་ཏེ་ཉིན་དེའི་ཞོགས་པར་བྲིས།།

རྫོགས་ཆེན་གླིང་བླ་སྤྲུལ་སྐུ་ཁྲི་སྟོན་སྐབས་ཀྱི་ལེགས་སྦྱར།

སྐུ་གསུམ་དབྱེར་མེད་ཀུན་བཟང་རྡོ་རྗེ་འཆང་།།

དགོངས་བརྡ་སྙན་ཁུང་ཤོག་སེར་ཚིག་བརྒྱུད་སོགས།།

དགུ་ལྡན་བརྒྱུད་པ་སྲུང་མར་བཅས་པ་ཡིས།།

དེང་འདིར་དགེ་ལེགས་རྟག་པའི་ཤིས་པ་སྒྲུབས།།

ཁོར་ཡུག་ལྷ་ཡིས་སྲུང་བའི་གྲགས་སྙན་ཏོག།

མེས་པོས་རལ་བའི་གཙུག་ན་མངོན་མཆོད་པའི།།

ལོ་རྒྱུས་དར་དཀར་རིང་མོའི་སྙན་ཤར་ལ།།

ཉམས་མེད་ལེ་ཚན་གསར་པའི་རེ་ཁ་འགོད།།

ར་བ་གངས་རིས་མཚན་པའི་ཡུལ་དབུས་ལས།།

ཤར་དུ་ཕྱོགས་པའི་མཐོང་སྨོན་གླིང་ཡུལ་གྱི།།

ཆེ་དགུའི་གཙུག་གི་བླ་ན་མངོན་མཐོ་བ།།

ཡང་སྤྲུལ་དམ་པའི་གཟུགས་སྐུ་ཁྲི་ལ་བརྗིད།།

ནོར་ཕྱིར་འབྲང་བའི་བླུན་པོ་རྫས་ལ་སྲེད།།

ཡ་རབས་སྐྱེ་བོ་ལེགས་བཤད་གཏམ་གྱིས་མགུ།།

མཁས་པ་ཚོགས་པའི་ལྷ་གྲལ་མཛེས་པའི་གཏམ།།

དབྱངས་ལྡན་མགྲིན་པའི་འགྱུར་ཁུག་ཚིགས་སུ་སྡེབ།།

སླར་ཡང་སྨྲས་པ།

ཟླ་ཉི་མཁའ་ན་རྒྱུ་བ་ནམ་མཁའི་རྒྱན།།

དམ་པས་དམ་པ་བཀུར་བ་བསྔགས་པའི་ཡུལ།།

ཚུལ་བཟང་ཡ་རབས་སྤྱོད་པའི་བླང་དོར་གནས།།

དཔྱོད་ལྡན་གཟུ་བོའི་མིག་ལ་ལྷག་པར་མཛེས།།

ཆེན་པོའི་གསོབ་འཆང་མིང་གི་སྒྲོ་འདོགས་ཅན།།

ཡང་དག་ཐུབ་པའི་བསྟན་ལ་མཛའ་མིན་པས།།

ལྷད་མེད་དགེ་སྦྱོང་གཞོན་ནུའི་ངང་ཚུལ་འདིས།།

དམ་ཆོས་འདུལ་བའི་གཞུང་ལ་བསྟི་སྟངས་བྱས།།

སྟོན་མཚན་མཁའ་ལ་རྒྱུ་སྐར་རྣམ་བཀྲ་ཡང་།།

ཤར་རིའི་ཕྲག་ན་མཐོ་བའི་ཉ་གང་ཟླ།།

མངོན་དུ་འཕགས་པ་ཇི་བཞིན་དག་པའི་ཐུགས།།

ལྷག་བསམ་ཟླ་བའི་ཆས་ཀྱང་གཞལ་ནུས་མིན།།

གང་ཁྱེད་ཕྱི་རོལ་རྐྱེན་གྱིས་སྒྱུར་མིན་པར།།

རྣམ་དག་ཁྲིམས་ཀྱི་བསླབ་པར་རྟག་གཞོལ་བས།།

ས་ཡི་གསེར་བཞིན་ཡོན་ཏན་བཀྲག་འབར་བ།།

འདི་གཅིག་ཁོ་ནས་དོན་གྱི་བསྟན་འཛིན་མཚོན།།

ཤར་ནུབ་མཁའ་མཐའ་ཉུལ་བའི་སའི་ཁྱོན་དུ།།

དམར་སེར་རྟགས་ཀྱིས་བསྟན་བླ་འཚོང་མཐོང་ནས།།

ངུར་སྨྲིག་རྒྱལ་མཚན་འཆང་བའི་དཔལ་གཅིག་པུས།།

བསྟན་ལ་རི་མོར་བགྱིས་སོ་དམ་པའི་སྐྱེས།།

རྒུད་པ་སྟོབས་སུ་བདོ་བའི་དུས་ཀྱི་མཐའ།།

མི་ཚེའི་ཚད་ཀྱིས་གཞལ་བའི་རེ་ལྟོས་ཅན།།

ཤུགས་དྲག་གདུང་བས་མ་བཟོད་ཉམ་ཆུང་ཚོགས།།

སྐྱོང་ལ་སྐྱོ་ངལ་སྤངས་པ་ཁྱོད་གཅིག་ལྷག།

ཅུང་ཟད་འབྱོར་བས་རྒུད་པའི་མཐའ་མི་མཐོང་།།

ཡུད་ཙམ་གྱིས་ཀྱང་ཆགས་སྡང་འཕེལ་འགྱུར་བའི།།

བྱིས་པའི་ཚུལ་ལས་རབ་འདས་མཛངས་པའི་ཕུལ།།

ལུགས་ཟུང་ལེགས་པའི་ལམ་སྟོན་མཆོག་ཁྱེད་བསྔགས།།

དང་པོར་ཐོས་པའི་གྲལ་ན་བརྩོན་ཅིང་བརྟན།།

བར་དུ་བསམ་པས་ཐུགས་རྒྱུད་ཆོས་དང་འདྲེས།།

མཐའ་མར་སྒོམ་དོན་ཞི་བའི་ཏིང་འཛིན་བརྙེས།།

མཆོག་ཐུན་གྲུབ་པའི་རྒྱལ་ཐབ་ཁྱེད་ལ་དབང་།།

དཔལ་གྱི་སེངྒེས་མཚན་པའི་ལྷུན་པོའི་སྤོར།།

མང་ཐོས་བཤེས་གཉེན་ཚོགས་པའི་དོ་ར་ན།།

གང་ཁྱོད་གསེར་ལ་གཡུ་ཡི་ཕྲ་བཞིན་ཏེ།།

མི་འགྱུར་རང་མདངས་རྟག་ཏུ་ངོམ་པར་མཛོད།།

འགའ་ཞིག་རྨོངས་པའི་ས་མཁན་སྨག་ལ་འཁྱར།།

ལ་ལ་ལོག་ལམ་ཆུ་རྒྱུན་ཐུར་དུ་ཕྱོགས།།

ཡ་རབས་དམ་པའི་རྗེས་སྙོགས་ཞུམ་པ་བྲལ།།

རིགས་མཐུན་ཚོགས་པའི་དཔུང་གི་དབུས་ན་ལྷམ།།

འཛམ་གླིང་འཛིན་མའི་ཡང་རྩེ་བོད་ཆེན་ལྗོངས།།

མདོ་ཁམས་ཉི་མ་ཤར་ལྷོའི་གྲུབ་པའི་གནས།།

རིགས་ཀྱི་རུས་པ་དཀར་པོ་བསྐྱེད་པའི་ཡུལ།།

མ་བསྙེལ་ཐུགས་ཀྱི་མེ་ལོང་གཙང་མར་ཆོངས།།

བློ་དམན་མིག་རྒྱང་ཐུང་བའི་ཕྱི་ཐག་དང་།།

གུ་དོག་ཕྲ་མ་མཁན་པོའི་ངན་ཚིག་དག།

བྱམས་ལྡན་བཟོད་པའི་རིག་སྔགས་བསྲེ་སྦྱོར་གྱིས།།

རང་གཞན་བདེ་ལ་འགོད་པ་སྨན་པའི་རྒྱལ།།

གནས་སྐབས་བརྒྱད་གཉིས་འཇིགས་པའི་འཕྲང་ཆེན་ལས།།

རྩ་གསུམ་ལྷ་དང་སྲུང་མས་སྐྱབས་གྱུར་ཏེ།།

ཕྱི་ནས་ཆོས་ཀྱི་རྒྱལ་ཐབ་ཆེན་པོའི་ཁྲིར།།

གང་ཁྱེད་གཡོ་མེད་རྟག་ཏུ་བརྟན་པར་ཤོག།

ཚུལ་ཁྲིམས་གཙང་མའི་རྩ་བ་རབ་བརྟན་པར།།

ཏིང་འཛིན་ཞི་བའི་སྨན་གྱི་ལོ་འདབ་རྒྱས།།

ཤེས་རབ་མཆོག་གི་འབྲས་བུ་གཡུར་ཟ་བའི།།

བསླབ་གསུམ་དཔག་བསམ་ལྗོན་བཟང་ནུབ་མེད་ཤོག།

སོ་ཐར་འདུལ་བའི་གནང་བཀག་ཚུལ་བཞིན་སྲུང་།།

བྱང་སེམས་མདོ་སྡེའི་བསླབ་སྤྱོད་ཉམས་པ་མེད།།

གསང་སྔགས་མངོན་པའི་ལམ་རིམ་ཕྲ་ཞིབ་གསལ།།

རྣམ་གསུམ་སྡེ་སྣོད་ཐུགས་ཀློང་གཅིག་ཏུ་སྐྱིལ།།

བསྐྱེད་པ་ཐབས་ཀྱི་གསལ་སྣང་མཆོག་ཏུ་བརྟན།།

རྫོགས་པ་ཤེས་རབ་བདེ་ཆེན་ནང་ནས་རྒྱས།།

རྫོགས་ཆེན་གཉིས་མེད་མན་ངག་གསང་བའི་མཛོད།།

དབང་སྒྱུར་ཐབས་ཀྱི་ཆོ་གས་ཁྱེད་ལ་སྲུངས།།

འདུས་པ་མི་བདེན་འབྲལ་བའི་རྒྱུ།།

འབྲལ་བར་མ་ངེས་འདུ་ཞིང་ཚོགས།།

དགའ་འཛོམས་བདེ་བའི་གནས་འདི་རུ།།

གཏན་དུ་འཛོམས་པའི་བཀྲ་ཤིས་ཤོག།

བཀྲ་ཤིས་ཉི་མ་རྟག་ཏུ་མཁའ་ལ་འཆར།།

བཀྲ་ཤིས་བདེ་སྐྱིད་གཏན་དུ་ས་འདིར་འཁྱིལ།།

བཀྲ་ཤིས་སྙན་གྲགས་དུས་གསུམ་འཕོ་འགྱུར་མེད།།

བཀྲ་ཤིས་ཕྱོགས་མཐར་རྒྱས་པའི་བཀྲ་ཤིས་ཤོག།

ཅེས་མདོ་ཁམས་རུ་དམ་རྫོགས་ཆེན་པའི་གདན་སའི་རི་བོ་མཁས་པའི་ལྗགས་དབྱིབས་སུ་བསྟི་བའི་ལྔ་རིག་ཆོས་གྲྭ་ཆེན་པོའི་ཤར་ཕྱོགས་ཀྱི་ལུགས་ཟུངས་དགའ་བ་འཁྱིལ་བའི་བཀྲ་ཤིས་གཡང་གི་སྐྱེད་ཚལ་ནས་རྫོགས་ཆེན་པདྨ་སྐལ་བཟང་ངམ་ངག་དབང་རིག་པའི་འདོད་འཇོ་དེས་ཁྲི་སྟོན་གྱི་སྔ་ནུབ་ཏུ་བྲིས་པའོ།།

ཡོངས་ཀྱི་དགེ་བའི་བཤེས་གཉེན་རྫ་ལྕང་མའི་མཁན་ཆེན་ཐུབ་བསྟན་ཆོས་འཕེལ་གྱི་ཡང་སྲིད་ཁྲི་འདོན་ལེགས་སྦྱར་གྱི་ཐོག་མཐའི་རྩོམ།

སྲིད་ན་ཆེ་བའི་ཚངས་དབང་བདེ་འབྱུང་འཁོར་ལོས་སྒྱུར་རྒྱལ་ལྷ་མིའི་དབང་ཕྱུག་ཆེ་དགུ་ཡི།།

རལ་བའི་ཆུན་འཕྱང་ནོར་བུས་མཚན་པའི་རྩེ་མོའི་ཏོག་གིས་གང་ཞབས་རྡུལ་དམར་མཆོད་བྱེད་པའི།།

སྟོབས་བཅུའི་སྟོབས་རྫོགས་དབང་བཅུ་མངའ་བ་བཅོམ་ལྡན་ཞི་བ་མི་འཁྲུགས་གསང་བ་གསུམ་གྱི་བདག།

མི་མཆོག་མཉམ་མེད་ཤཱཀྱའི་སྲས་པོ་ལྷ་ཡི་ཡང་ལྷས་དེང་འདིར་དགེ་ལེགས་དཔལ་སྩོལ་ཅིག།

འོད་མཚན་སྟོང་འབར་སྣང་མཐའ་མགོན་གྱི་ཐུགས་ཀའི་ཧྲཱིཿཡིག་དབང་མདོག་ཞུན་མར་འདྲིལ་བའི་བཅུད།།

སིནྡྷུའི་དྭངས་མཚོར་མ་ཆགས་འདབ་སྟོང་པདྨའི་རྩེར་སྨིན་ཡ་མཚན་གཟུགས་སྐུའི་བཀོད་པ་ཅན།།

སྤྲུལ་པའི་མཚན་བརྒྱད་འཕྲུལ་མཚན་ཉེར་ལྔ་ཡང་སྤྲུལ་བྱེ་བས་མཐའ་ཡས་མི་འབྱེད་ཞིང་ཀུན་འགེང་།།

སྐྱེ་འཆིའི་འཇིགས་བྲལ་རང་བྱུང་པདྨ་རྒྱལ་བ་གཉིས་པར་དད་བརྒྱའི་ཕྱག་གིས་ཀུན་ནས་མཆོད།།

རྒྱལ་གསུང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཟབ་དང་རྒྱ་ཆེའི་ནོར་བུའི་མཛོད།།

གཅིག་ཆར་འབྱེད་ལ་སྲིད་འདིར་ཟླ་བྲལ་མཚུངས་མེད་མཁྱེན་པའི་སྤྱན་མངའ་ཞིང་།།

དཔྱད་གསུམ་དག་པའི་ལུང་རིགས་ཚད་མས་ལྟ་ངན་རྒོལ་བ་སུན་འབྱིན་པ།།

འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་མི་འབྲལ་རལ་བའི་རྒྱན་དུ་བསྙེན།།

མ་ལུས་རབ་འབྱམས་རྒྱལ་བའི་གསང་མཛོད་ཀུན་བཟང་ཐུགས་ཀྱི་བསྟན་པའི་སྲོག།

སྐལ་ལྡན་འགྲོ་ལ་མ་ནོར་འདོམས་མཁས་བཀའ་གཏེར་བསྟན་པའི་ཤིང་རྟ་ཆེ།།

སོ་ཟུར་གནུབས་གསུམ་རོང་ཀློང་རྣམ་གཉིས་ཀུན་མཁྱེན་འཇིགས་བྲལ་གླིང་པ་སོགས།།

བརྒྱུད་གསུམ་རིག་འཛིན་བླ་མའི་ཚོགས་ཀུན་བྱང་ཆུབ་བར་དུ་སྤྱི་བོར་མཆོད།།

མང་ཐོས་ཡོན་ཏན་ལུས་སྟོབས་རབ་རྒྱས་མདོ་སྔགས་ལུང་རིག་རྩལ་གསུམ་རྫོགས།།

སྡེ་གསུམ་ཀློང་དགུའི་ཟབ་དོན་འགྲོལ་མཁས་ཞུམ་མེད་སྤོབས་པའི་ང་རོ་ཅན།།

ཡོངས་རྫོགས་རྒྱལ་བསྟན་གངས་རིའི་སྤོ་ན་མི་འཇིགས་གདོང་ལྔ་རྟག་འཕྱོ་བ།།

སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ་ཞེས་གྲགས་པའི་གདུགས་དཀར་གླིང་བཞིར་ཁྱབ།།

ཚུལ་གནས་ཐོས་དང་བསམ་སྒོམ་སྟོབས་ཀྱི་ཡན་ལག་བཞི་ཡི་དཔུང་སྟུག་ཅིང་།།

ཆོས་བཟང་དྲི་མེད་ནོར་བུའི་མཛོད་ཀྱིས་མཐའ་ཡས་འགྲོ་བའི་དབུལ་སེལ་བ།།

སྙིགས་དུས་རྒྱལ་བསྟན་འཛིན་ལ་ཟླ་བྲལ་འཁོར་ལོའི་སྒྱུར་རྒྱལ་རྫ་རྒྱུད་པ།།

མདོ་ཁམས་ལྕང་མའི་ཆོས་ཀྱི་སྒར་འདིའི་སྙན་པའི་བ་དན་སྲིད་ན་མཐོ།།

ཕྱི་ལྟར་འདུལ་འཛིན་བསྟན་སྲུང་ཆེན་པོ་གནས་བརྟན་འཕགས་པའི་རྣམ་ཐར་འཆང་།།

ནང་ལྟར་བྱང་སེམས་བསླབ་སྤྱོད་མ་ཉམས་རྒྱལ་བའི་སྲས་མཆོག་ས་རབ་འཛིན།།

གསང་བ་ལྟ་དགོངས་ཏིང་འཛིན་མཐར་ཕྱིན་གདོད་མའི་མགོན་པོའི་ཞལ་སྐྱིན་དངོས།།

ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ཐུབ་བསྟན་ཆོས་འཕེལ་དེང་འདིར་རྒྱལ།།

ཞེས་དངོས་པོ་ངེས་པར་བརྗོད་པའི་ཚིག་གི་ཕྲེང་བས་མདུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་ཡུལ་འཛམ་གླིང་འཛིན་མའི་ལྟེ་བ། སངས་རྒྱས་སྟོང་རྩ་བྱོན་པའི་གནས། སྟོན་པའི་དམ་ཆོས་བྱུང་བའི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་མ་གྷ་དྷ་རྡོ་རྗེའི་གདན་ནས་བྱང་དུ་གཞལ་བའི་བྱང་ཕྱོགས་བསིལ་ལྡན་ཁ་བའི་ལྗོངས། དེ་ལ་ཡང་སྟོད་ན་མངའ་རིས་སྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་གམ། དབུས་གཙང་ཆོས་ཀྱི་ཆོལ་ཁ། མདོ་སྟོད་མི་ཡི་ཆོལ་ཁ། མདོ་སྨད་རྟ་ཡི་ཆོལ་ཁ་ཞེས་ཆོལ་ཁ་རྣམ་པ་གསུམ་གྱིས་བསྡུས་པའི་བོད་ཆེན་པོའི་ལྗོངས་ཀྱི་ནང་ཚན། འབྲི་རྫ་ཟལ་མོ་སྒང་གི་ཆར་གཏོགས་པ་དཀར་ཕྱོགས་སྐྱོང་བའི་ཟོ་དོར་ཆེན་པོ་ཡུལ་ལྷ་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་སྲུང་བའི་ས་ཕྱོགས། སྐྱིད་དམ་ཆོས་དར་བའི་ལྟེ་གནས། ནོར་ལོངས་སྤྱོད་རྒྱས་པའི་གཏེར་མཛོད། ཕྱུག་བུ་རྟ་འཛོམས་པའི་ཕ་ས་འདིར། གནས་ཕུན་སུམ་ཚོགས་པ་རྒྱབ་རི་ལྕང་ལུང་སྨུག་པོ་དབུ་རྩེ་དགུང་ལ་རེག་པ། མདུན་ཐང་རྫ་ལུང་ཕྱུག་མོར་རྫ་ཆུ་ཡོན་ཆབ་བཤམ་འདྲ། གཡས་རི་སྟག་མོའི་འཛུམ་ཆེན་གྱིས་ཤར་གྲོགས་ལམ་ཡངས་མོ་མདུན་དུ་འགུག་འདྲ། གཡོན་རི་གཡུ་འབྲུག་འགྱིང་ཡག་ནུབ་རྨ་བྱའི་རི་ཕྲན་གྱིས་ཟུར་ནས་བརྒྱན་པ། ལྷོ་ཆུ་བུམ་པའི་བདུད་རྩི། བྱང་རི་ཡོལ་བ་བྲེས་འདྲ། སྒོམ་ཆེན་སྐྱིལ་ཀྲུང་གིས་མཉམ་པར་བཞག་འདྲ། མཁས་པས་གསུང་རབ་ཀྱི་པོ་ཏི་ཕྱེས་འདྲ། བཙུན་པའི་ཆོས་གོས་གདང་ལ་བཀལ་འདྲ་ལ་སོགས་སའི་དཔྱད་ཕུན་སུམ་ཚོགས་པ་དང་ལྡན་པ། མཁས་པ་མང་པོའི་གདན་ས། གྲུབ་བརྙེས་རིག་འཛིན་གྱི་ཕ་གཞིས་སོགས་ནས། འབུལ་ཡིག་ལེ་ཚན་གྱི་མཐར།

སླར་ཡང་སྨྲས་པ།

དུས་ཀྱི་མཆིད་གཏམ་ལྷག་བསམ་འོད་དཀར་ཅན།།

སྐལ་བཟང་སེམས་ཀྱི་དགའ་སྟོན་རི་བོང་མཚན།།

སྨྲ་བའི་ཟླ་བ་ངོ་མཚར་དཔལ་གྱི་གནས།།

དྭངས་གསལ་ཡིད་ཀྱི་ཚོན་རིས་རྣམ་པར་བཀྲ།།

བར་མེད་དུས་ཀྱི་ཆ་ཤས་ཆུ་བོའི་རྒྱུན།།

ལོ་ཟླའི་ཕྲེང་བ་བརྩེགས་པའི་འདས་དོན་འབུམ།།

ས་ཆེན་ཟླུམ་པོར་བཀོད་པའི་སྣང་བརྙན་ལ།།

ཡ་མཚན་གཟུགས་བརྙན་གསར་པ་འདི་ན་བསྣན།།

མཁའ་དང་ས་གཞི་རྒྱ་མཚོ་རྒྱུ་སྐར་སྣ་ཚོགས་སྲོག་ལྡན་བརྟན་དང་གཡོ།།

ཇི་སྙེད་དངོས་པོར་རྟོག་ཅིང་དཔྱོད་མཁས་ཚོར་བ་རྣོ་ལྡན་ཚུར་མཐོང་བློས།།

དཔོག་པར་རབ་དཀའ་མཐའ་ཡས་སྒྱུ་འཕྲུལ་འགྲོ་ངོར་འགོག་མེད་སྣང་གྱུར་པ།།

ཚོགས་ཟུང་བསོད་ནམས་དཔལ་ལས་བྱུང་སྟེ་ཡིད་བཞིན་ནོར་ལྟར་རྩོལ་བ་བྲལ།།

ས་འདིར་བ་ཚྭ་ཅན་དང་འདམ་རྙོག་ཆུས།།

གང་ཡང་ཡན་ལག་བརྒྱད་ལྡན་རེས་འགའ་ཙམ།།

མཁའ་འདིར་རྒྱུ་སྐར་ཚོགས་པ་རྣམ་མང་ཡང་།།

མཐའ་དག་མུན་པ་སེལ་བ་ཉི་ཟླ་ཙམ།།

འགོག་མེད་གནམ་ལ་ཤར་བའི་ཉི་མ་དང་།།

དེ་ཡི་ཟླ་བོར་ཆས་པ་འོད་དཀར་ཅན།།

བྱེད་པོས་ཆེད་དུ་མ་བསྐྲུན་གླིང་བཞིའི་རྒྱན།།

འདི་ཡང་རྟེན་ཅིང་འབྲེལ་འབྱུང་ཆོས་ཉིད་གཤིས།།

གང་ཁྱོད་ཡོན་ཏན་ཆ་རྫོགས་བཅོ་ལྔའི་ཟླ།།

བསྟན་འགྲོའི་སྟོང་ཁམས་ལྷ་ལམ་ཉུལ་བའི་ཚེ།།

ཉེར་འཚེའི་སྒྲ་གཅན་གཡུལ་ལས་རྣམ་རྒྱལ་བའི།།

རྒྱལ་རྔ་གསར་པའི་ཆོ་ག་ངས་ཀྱང་སྒྲོག།

ཚངས་སྤྱོད་ཞི་བ་དུལ་བ་མཆོག་ཏུ་བརྟན།།

མི་འཕྲོག་ཚུལ་ཁྲིམས་བསླབ་པར་རྒྱུན་དུ་གནས།།

ཤཱཀྱའི་རྗེས་ཞུགས་བསྟན་པའི་མཛེས་རྒྱན་ཆེ།།

སྙིགས་དུས་མུན་བསལ་སྒྲོན་མེར་མཚུངས་པ་མེད།།

སྦྱང་བའི་ཡོན་ཏན་བཅུ་གཉིས་ལ་གནས་འཕགས་ནོར་བདུན་གྱིས་རྟག་ཏུ་ཕྱུག།

རྣམ་དག་ཚུལ་ཁྲིམས་གཙང་མས་རྒྱུད་བསྡམས་ཏིང་འཛིན་ཤེས་རབ་བསླབ་གསུམ་རྫོགས།།

འབྲེལ་ཚད་དོན་ལྡན་གྲུབ་པའི་སར་གཤེགས་བསྟན་འཛིན་ཀུན་གྱི་ཁྱུ་ཡི་མཆོག།

གོང་མའི་རྣམ་ཐར་རྡུལ་བྲལ་དྲི་མེད་ནམ་ཡང་སྐྱོང་ལ་མ་གཡེལ་རེམ།།

ས་ཆེན་རྡུལ་དུ་བཤིགས་ནས་བཙལ་བྱས་ཀྱང་།།

མ་ལུས་སྐྱེ་དགུའི་འཕྲལ་ཡུན་ཕན་བདེའི་གཉེན།།

ཡང་དག་ཐུབ་པའི་བསྟན་ལས་རིན་ཆེ་བ།།

རྙེད་པར་མི་སྲིད་འདི་ཉིད་གཅེས་པར་སྲུངས།།

སྙིགས་དུས་བསྟན་པ་མི་ཤེས་བསྟན་ཞབས་སྡུད།།

མིང་ཙམ་བཟུང་བའི་བསྟན་འཛིན་ཟོལ་མ་ཡིས།།

བསྟན་སེལ་ནང་ནས་སློང་བའི་དམར་སེར་གདོན།།

ཐོག་མ་ཉིད་ནས་རིང་དུ་སྐྲོད་པ་མཆོག།

མ་རུངས་བླུན་པོའི་དབང་ཤུགས་སྟག་མོའི་མཆེ།།

བསླུ་བྱེད་ཕྲ་མའི་རིགས་སྔགས་བདུད་ཀྱི་མཚོན།།

གཡོ་ཅན་བདུད་མོའི་འཛུམ་རིས་དུག་ཅན་སྦྲུལ།།

འདི་གསུམ་རིང་དུ་སྤང་ན་ཡུན་དུ་བདེ།།

ལོག་འཚོས་གཟི་མདངས་སྐྱེད་པའི་མངའ་ཐང་ཅན།།

ཟ་འདོད་བླ་མིང་འཚོལ་བའི་སྤྲུལ་རྫུན་གཉིས།།

གཅིག་རྒྱབ་གཅིག་གིས་འཚོ་བའི་ལོག་ལམ་རྒྱུན།།

གཏན་དུ་གཅོད་པའི་ལྷག་བསམ་རལ་གྲི་ཆོངས།།

མགོན་མེད་ཉམ་ཆུང་བཤེས་བྲལ་བུ་ལྟར་བརྩེ།།

དམ་པའི་སྐྱེས་བུ་ཞྭ་མོའི་ཏོག་བཞིན་བཀུར།།

དགྲ་གཉེན་བར་མ་ཀུན་ལ་ཕན་པས་སྐྱོང་།།

དམ་པའི་ངང་ཚུལ་གསེར་བཞིན་ལྷག་པར་གསལ།།

ཧ་ཅང་དྲེགས་པས་བསྒྱིངས་བའི་བ་ལང་གདོང་།།

མ་རབས་རང་གཤིས་ངན་པའི་དུག་ཅན་རིགས།།

ཉེ་འགྱང་བར་མའི་ས་ལས་ཇི་ཞིག་ན།།

ཐབས་ལ་མཁས་པས་འདུལ་ཞིང་རྗེས་སུ་ཟུངས།།

ཁོངས་ཡངས་དཀྱེལ་ཆེ་ཚུགས་བརྟན་བརླིང་ཞིང་བརྗིད།།

མཁས་མཛངས་བཞིན་གསལ་ངག་སྙན་བློ་གཏིང་ཟབ།།

ཀུན་དང་མཛའ་ཞིང་ཀུན་ལས་འཕགས་པ་ཡི།།

རྣམ་དཔྱོད་མཆོག་ལྡན་མི་ཆོས་རྒྱན་དུ་ལོངས།།

སོ་ཐར་འདུལ་བའི་བཅས་ཁྲིམས་མིག་བཞིན་སྲུང་།།

གཞན་ཕན་བྱང་སེམས་བསླབ་ལ་རྒྱུན་དུ་གནས།།

རིམ་གཉིས་གསང་སྔགས་ལམ་གྱི་རྣལ་འབྱོར་རྫོགས།།

ལྟ་སྒོམ་སྤྱོད་འབྲས་མ་ནོར་ལྷ་ཆོས་མཛོད།།

ཕྱོགས་མེད་ཐོས་པས་བསགས་པའི་གཞུང་བརྒྱའི་དོན།།

བསམས་པས་ཉམས་ལེན་གཅིག་ཏུ་དྲིལ་བའི་བཅུད།།

སྒོམ་པའི་གནད་དུ་ཁྱེར་བས་འཁྲུལ་བའི་སྲོག།

གཅིག་ཅར་གཞོམ་པའི་རྡོ་རྗེའི་མཐུ་ལོངས་ཤིག།

མཐའ་བརྒྱད་སྤྲོས་པ་ཀུན་བྲལ་དབུ་མའི་ལམ།།

ཟུང་འཇུག་གསལ་སྟོང་དབྱེར་མེད་ཕྱག་རྒྱ་ཆེ།།

བྱར་མེད་བློ་འདས་རྫོགས་པ་ཆེན་པོའི་གཤིས།།

གཡོ་མེད་དགོངས་པའི་གཏན་སྲིད་བདག་གིར་བྱོས།།

མཆོག་ཁྱེད་ཞབས་པད་མི་འགྱུར་གཡུང་དྲུང་རིས།།

རྟག་བརྟན་རྡོ་རྗེའི་ཁམས་སུ་རབ་འཐས་པས།།

ཕུན་ཚོགས་ལེགས་མཛད་བྱེ་བའི་བཀྲ་ཤིས་དཔལ།།

མགྲོན་དུ་འགུག་པའི་དགེ་མཚན་ཡུན་གནས་ཤོག།

བཀྲ་ཤིས་མི་འགྱུར་འབྲི་ཟླ་ཟལ་མོའི་སྒང་།།

སྡེ་བཞིའི་འབྱོར་བས་མངོན་མཐོ་ལྷ་ཡི་ལྗོངས།།

རྫ་སྟོད་ཆོས་ཀྱི་ཞིང་ས་འཕགས་པའི་ཡུལ།།

བསྟན་འཛིན་ཞབས་པད་བརྟན་པའི་བཀྲ་ཤིས་ཤོག།

བཀྲ་ཤིས་གཡང་འཁྱིལ་འདོད་དགུའི་གཏེར་གྱི་མཛོད།།

ལྷ་གཡང་མི་ལ་འཕོས་པའི་དགོས་འདོད་ཆར།།

སྲིད་ཞིའི་ཕྱྭ་གཡང་འདུ་བའི་དཔལ་ཡོན་གྱིས།།

མི་ནོར་ཕྱུག་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

བཀྲ་ཤིས་མི་ནུབ་ལུང་རྟོགས་བསྟན་པའི་སྲོག།

བཤད་དང་སྒྲུབ་པས་སྤེལ་བའི་སྡེ་རྒྱས་ཏེ།།

རྫོགས་ལྡན་གསར་པའི་དགའ་སྟོན་མངོན་གྱུར་ནས།།

བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག།

མཆོག་སྤྲུལ་ཟུང་ཞིག་ཁྲི་འདོན་སྐབས་ཀྱི་ལེགས་སྦྱར།

བཀྲ་ཤིས་དཔལ་གྱི་འོད་ཟེར་གྱིས།།

ས་གསུམ་འགེངས་པའི་ཡ་མཚན་ཅན།།

མཆོག་གསུམ་ཉིན་བྱེད་འབར་བ་ཡིས།།

བཀྲ་ཤིས་སྣང་བའི་བྱིན་གཡང་ཕོབས།།

མཁྱེན་རབ་ཡེ་ཤེས་གཏེར་གྱི་མེ་ལོང་ངོས།།

མི་འཕྲོག་སྤོབས་པའི་གཟུངས་དང་ཚངས་པའི་དབྱངས།།

མ་འདྲེས་གཅིག་ཏུ་འཆར་བའི་ཨེ་ཝཾ་གཟུགས།།

མི་ཤིགས་མཁའ་ཡི་ཕྱག་རྒྱས་དེང་འདིར་སྲུངས།།

བདེ་མཆོག་སྒྱུ་མ་སྟོང་ཆེན་དབྱིངས་ཀྱི་སྤྲིན།།

འཁོར་འདས་སྲིད་ཞིར་མི་གནས་མཉམ་པ་ཉིད།།

ཡེ་དག་འབྱམས་ཀླས་ཁ་སྦྱོར་ཟུང་འཇུག་ཆེ།།

སྣ་ཚོགས་རྒྱན་དུ་འཆར་བའི་དཔལ་སྩོལ་ཅིག།

མཁའ་ན་ཉི་ཟླ་གཉིས་ཀྱིས་མུན་པ་སེལ།།

ས་ན་བསྟན་འཛིན་ཟུང་གིས་ཆོས་ཆར་འབེབ།།

བར་ན་བཤད་སྒྲུབ་གཉིས་ཀྱི་སྡེ་རྒྱས་པས།།

ལུང་དང་རྟོགས་པ་གཉིས་ཀྱི་བསྟན་པ་འཕེལ།།

དེ་ཡང་བཀྲ་ཤིས་མཆོག་ཏུ་དགེ་བའི་དུས་ཚེས་བཟང་པོ། བོད་རབ་བྱུང་བཅུ་བདུན་པའི་ནང་ཚན་མེ་མོ་གླང་གི་ལོའི་བཤོལ་ཟླ་བའི་དགའ་བ་བཞི་བའི་ཚེས་རེས་གཟའ་ལྷ་མིན་བླ་མ་རྒྱུ་སྐར་བ་གླང་རྐང་དང་རྩེ་བའི་འཕྲོད་སྦྱོར་བཟང་པོ་དང་ལྡན་པའི་དུས་འདིར་་་་་།

སླར་ཡང་སྨྲས་པ།

བཀྲ་ཤིས་མཁའ་ལ་བདུད་རྩིའི་ཆུ་འཛིན་འཁྲིགས།།

ས་ལ་ཕུན་ཚོགས་དཔག་བསམ་སྙེ་མ་འཁྲུངས།།

ཡངས་པའི་རྒྱལ་ཁམས་མི་ནོར་ཆོས་ཀྱིས་འབྱོར།།

ཚེ་བསོད་སྙན་གྲགས་རྒྱས་པའི་བཀྲ་ཤིས་ཤོག།

བཀྲ་ཤིས་ལེགས་ཚོགས་ནུབ་མེད་འཕེལ་ཞིང་རྒྱས།།

གང་འདོད་ཡིད་ཀྱི་ས་བོན་འབྲས་བུར་ལྡན།།

ཅི་བསམ་དམ་པའི་ཆོས་བཞིན་ངང་གིས་འགྲུབ།།

དབང་ཐང་རླུང་རྟ་དར་བའི་བཀྲ་ཤིས་ཤོག།

བཀྲ་ཤིས་མ་སྨད་བསོད་ནམས་འབུམ་གྱི་མཐུས།

རྔམ་བརྗིད་ལས་སྟོབས་དབུ་རྨོག་བཙན་པོའི་ཤུགས།།

ཆེ་དགུའི་ཁེངས་པ་གཞོམ་ལ་ཟླ་བྲལ་བ།།

མི་མཐུན་གཡུལ་ལས་རྒྱལ་བའི་བཀྲ་ཤིས་ཤོག།

བཀྲ་ཤིས་འཆད་རྩོད་རྩོམ་པའི་ཕྲིན་ལས་ཀྱི།།

གྲགས་སྙན་སྲིད་པའི་རྩེ་ན་མངོན་མཐོ་བའི།།

དམར་སེར་འདུས་པའི་སྡེ་ཆེན་རབ་རྒྱས་ཏེ།།

ཆོས་རྔ་རྟག་ཏུ་སྒྲོག་པའི་བཀྲ་ཤིས་ཤོག།

ཤྲཱི་སེང་ཆོས་གྲྭ་ནས་པདྨའི་མིང་གིས་སོ།།

མཆོག་སྤྲུལ་སྡེ་སྣོད་འཛིན་པ་འགའ་ཁྲི་འདོན་སྐབས་ཀྱི་ཆེད་བརྗོད།

བརྗོད་འདོད་གཡོ་བར་བྱེད་པའི་རླུང་ཤུགས་ཀྱིས།།

རྣམ་དཔྱོད་བློ་གྲོས་གསར་པ་ཉེར་བསྐུལ་བས།།

སྙན་པར་སྨྲ་བ་གཡས་འཁྱིལ་མགྲིན་པའི་དུང་།།

བསྟོད་དབྱངས་ཤིས་པ་སྒྲུབ་པའི་གདངས་སུ་འཕོས།།

སྟོན་མཚན་མཁའ་ལ་འཕྱོ་བའི་རི་བོང་འཛིན།།

ཇི་སྙེད་ཆུ་མཚོའི་རྗེས་འགྲོ་ངོ་མཚར་འཕྲུལ།།

དེ་བཞིན་སྔོན་སྨོན་ཐུགས་བསྐྱེད་བཟང་པོའི་མཐུ།།

འགོག་མེད་དུས་སུ་སྨིན་ལ་སུ་ཞིག་བསྙོན།།

ཤིན་ཏུ་སྙིགས་མར་གྱུར་པའི་སྟོང་ཁམས་མུན།།

ལོག་རྟོག་སྲིན་བྱ་རྩེ་བའི་འཁྲུལ་སྣང་སྨག།

ལས་རླུང་མཚན་མོ་ཟད་བྱེད་ཐུན་མཚམས་འོད།།

འཆར་ཀར་ཕྱོགས་པའི་གཟི་དམར་བཀྲག་མདངས་འཚེར།།

ཞུམ་པ་བྲལ་བའི་ཐུགས་སྟོབས་སྲོག་གི་མཁར།།

མི་ཤིགས་རྡོ་རྗེའི་རྫོང་ལ་གནས་བཅས་ཏེ།།

བརྒལ་བརྟག་རྩེ་མོ་བརྒྱ་པའི་རུ་མཚོན་གྱིས།།

རྒོལ་ངན་སྙིང་གི་དྭངས་མ་དྲུང་ནས་ཕྱུངས།།

བླུན་རྨོངས་ལོག་འཚོས་བརྒྱགས་པའི་བ་གླང་གདོང་།།

སྨོན་ལོག་དམར་སེར་རྟགས་ཅན་བསྟན་པའི་སེལ།།

ཝ་སྐྱེས་སྟག་ལ་བརྫུས་པའི་ཆོམ་རྐུན་རིགས།།

མཐར་བྱེད་གདོང་ལྔའི་བརྟུལ་ཞུགས་རྟག་ཏུ་རྔོམས།།

སྐྱེ་མང་དམ་ཆོས་འཛིན་ལ་དུང་བ་ཡི།།

རང་གཟུགས་སྨོན་པའི་རྗེས་འགྲོ་ལས་དབང་མཐུ།།

གཅིག་ཏུ་མཐུན་པར་ཚོགས་པའི་རིགས་མཐུན་ཁྱུ།།

དེང་དུས་གངས་རིའི་མགུལ་ན་ལྷག་པར་བརྗིད།།

སྙིགས་དུས་མཁས་པ་མི་བྲིན་རྨོངས་པ་བྲིན།།

རྨོངས་པས་རྨོངས་པའི་ཁྱུ་དཔུང་སྡུད་པའི་ཚེ།།

མང་ཐོས་ཡོན་ཏན་ཕུང་པོ་རིན་ཆེན་གཏེར།།

གནས་འདིར་མཁས་མང་ཚོགས་པའི་རྒྱན་ལ་མཛེས།།

འཆད་པས་རྒྱལ་བ་དགྱེས་པའི་གདུང་འཛིན་ཞིང་།།

རྩོད་པས་བསྟན་པའི་ལྕགས་རི་ལེགས་བསྲུངས་ཏེ།།

རྩོམ་པས་སྙིང་གི་མུན་པ་ཡོངས་སེལ་བའི།།

མཁས་ཚུལ་གསུམ་གྱིས་འཇིག་རྟེན་མུན་པ་སོལ།།

འགའ་ཞིག་ཆེན་པོའི་མིང་གིས་མཐོར་སྙེམས་ཤིང་།།

གཞན་འགའ་སྒྱིད་ལུག་སྤོབས་པའི་སྟོབས་ཞན་པ།།

གཉིས་མཐར་མ་ལྷུང་དམ་པའི་ངང་ཚུལ་གྱིས།།

གཞན་ཕན་སྲོག་གི་ཟུངས་སུ་ཅིས་མི་བསྟེན།།

རྣམ་དག་ཁྲིམས་ཀྱིས་རྒྱུད་བསྡམས་བརྟན་ཞིང་མཁས།།

གཡོ་མེད་ཏིང་འཛིན་མཆོག་གི་དགོངས་བཅུད་བརྙེས།།

མི་འཕྲོག་ཤེས་རབ་ཟབ་མོའི་རྣམ་འབྱེད་ཀྱིས།།

མཁྱེན་གཉིས་ཡེ་ཤེས་མེ་ལོང་བདག་གིར་བྱོས།།

ལྷ་དབང་ལྷ་བརྒྱས་གཙུག་གིས་ཉེར་བཏུད་པའི།།

འོད་འབར་ནོར་བུས་མཚན་པའི་ཆོས་ཀྱི་ཁྲིར།།

ཞབས་ཟུང་ཡུན་དུ་བརྟན་པའི་ཡ་མཚན་ཅན།།

གཡུང་དྲུང་རེ་ཁ་གསར་པས་ཁྱོད་རྣམས་སྲུངས།།

བཀྲ་ཤིས་མཆོག་ཏུ་དགེ་བ་དམ་པའི་མགོན།།

སྐྱབས་གསུམ་རལ་བའི་རྒྱན་དུ་རྟག་བཀོད་པས།།

སྲིད་དང་ཞི་བའི་ཆོས་ཁམས་ཕུན་ཚོགས་རྡུལ།།

དགེ་ལེགས་བྱེ་བའི་མགྲོན་དུ་རྟག་འགུག་ཤོག།

ཅེས་དུས་རབས་ཉེར་གཅིག་པའི་ལོ་རབས་དང་པོའི་ནང་བྲིས།

སྤྲུལ་སྐུ་ཁྲི་འདོན་ཞིག་གི་སར་ངོ་ཚབ་ཏུ་བསྐུར་བའི་ལེགས་སྦྱར་གྱི་ཐོག་མཐའ།

མཚུངས་མེད་འདྲེན་པ་ལྷ་མིའི་གཙོ།།

ཀུན་མཁྱེན་རྒྱལ་ལ་གུས་བཏུད་དེ།།

འདི་ན་ལེགས་པར་སྨྲ་བའི་གཏམ།།

ཡ་རབས་སྐྱེ་བོའི་རྣ་ཆར་སྤེལ།།

གང་ཞིག་ལེགས་བྱས་བསོད་ནམས་བྱེ་བའི་གཟུགས།།

ཁོར་ཡུག་ལྷུན་པོའི་ཕྲག་པར་ཐེག་མིན་པའི།།

ཚོགས་གཉིས་དཔལ་གྱིས་བརྗིད་པའི་ངོ་མཚར་འབུམ།།

ཕུན་ཚོགས་སྣང་བ་གསར་པ་གླིང་འདིར་མཛེས།།

མཁའ་ལམ་ཉི་ཟླའི་དཀྱིལ་འཁོར་རྒྱང་རིང་ཡང་།།

དྲོད་ཟེར་དཔྱིད་ཀྱི་ས་གཞིའི་རྒྱན་དུ་ཆེ།།

བར་སྣང་ཆུ་འཛིན་འཁྲིགས་པའི་སྦྲང་ཆར་རྒྱུན།།

དེ་བཞིན་དབྱར་སྐྱེས་མྱུ་གུའི་ཟུངས་སུ་སྨིན།།

མཁས་བཙུན་གྲུབ་བརྒྱའི་གཙུག་རྒྱན་རྫོགས་ཆེན་པའི།།

ལྷ་ལུང་ལྷ་ཡི་ཞིང་ལས་ཉེར་འཕོས་པ།།

ཡང་སྲིད་གསར་པའི་གསེར་ཞལ་ངོམ་པ་འདིས།།

རིས་བྲལ་རྒྱལ་བསྟན་བྱི་དོར་ཅིས་མི་བགྱིད།།

སྨྲ་བ་ངག་གི་གཏེར་ཆེན་ནོར་བུའི་མཛོད།།

ངོ་མཚར་བདེན་ཚིག་གྲུབ་པའི་མདངས་འོད་ཅན།།

ཡ་རབས་སྐྱེ་བོ་དགའ་བའི་ལེགས་སྐྱེས་ཏེ།།

རྒྱང་སྙན་རྗེས་དྲན་རི་མོའི་གཟུགས་སུ་སྤེལ།།

དེ་ཡང་གངས་ལྡན་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་ཆོས་ལྡན་བོད་ཀྱི་ཞིང་ཁམས་ཆེན་པོའི་ཁམས་འབྲི་ཟླའི་སྒང་གི་ས་ཆ་འདིར་འཇམ་དབྱངས་འཁོན་གྱི་གདུང་རིགས་ལས་ཆད་པའི་ས་ཆེན་གོང་མ་རྣམ་ལྔའི་སློབ་བརྒྱུད་དང་ཆོས་བརྒྱུད་ལས་མདོ་སྔགས་ལུང་རིགས་ཀྱི་བཀའ་བབ་དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པའི་གདན་ས་འདིར། གནམ་ལ་སྐར་མ། ས་ལ་དུས་ཚོད། བར་གྱི་ལ་ཉེ་དང་རྟེན་འབྲེལ་བཟང་བའི་དུས་འདིར་་་་་།

སླད་ཀྱི་ཆར་འདི་བཞིན་དགའ་སྟོན་རྟེན་འབྲེལ་གྱི་ཡོ་ལང་དང་། ཕུན་ཚོགས་བདེ་སྐྱིད་ཀྱི་སྣང་བ་དམ་པས་ཕྱོགས་དུས་གནས་སྐབས་ཀུན་ཏུ་བསྲུང་ཞིང་། ཚོགས་པ་ལྷ་མིའི་མགྲོན་ཀུན་འབྲེལ་ཚད་དོན་ལྡན་གྱིས་བདེ་ནས་བདེ་བར་ཕྱོགས་པའི་སྨོན་འདུན་དང་བཅས།

སླར་ཡང་སྨྲས་པ།

མི་འཕྲོག་སྤོབས་པའི་རྣམ་དཔྱོད་གཏེར་གྲོལ་ཞིང་།།

མཁྱེན་པའི་ཉི་མ་ནང་ནས་ཤར་དང་ལྷན།།

སྲིད་རྩའི་མུན་པ་དྲུང་ནས་འཇོམས་པའི་མཐུ།།

ཁྱེད་ལ་འཛོམས་པའི་བཀྲ་ཤིས་དཔལ་དུ་སྨོན།།

རྡོ་རྗེ་རྣོན་པོའི་ཡེ་ཤེས་ཁྲོས་པའི་ཉམས།།

གད་རྒྱང་རུ་ལུའི་སྒྲ་ལྡན་དུས་ཀྱི་གཤེད།།

འབར་བའི་ཕྱག་རྒྱ་ཞི་བའི་རེག་བྱ་ཡིས།།

ཁྱོད་ལུས་བསྲུང་བའི་གོ་ཆ་རྟག་བགྱིད་ཤོག།

དབང་ཕྱོགས་འདོད་ལྷའི་དཔུང་གིས་བསླུ་མིན་ཞིང་།།

གསུམ་བརྒྱད་གཡང་ལས་བརྒྱད་གཉིས་འཇིགས་སྐྱོབ་ལྷས།།

བསྲུང་བའི་ཨ་ཡུར་སྙིང་གི་སྲོག་འཁོར་དུ།།

འཆང་བའི་ར་གུར་རྡོ་རྗེའི་མཐུ་བརྟན་ཤོག།

ཡུལ་འདིར་དགེ་བཅུའི་དཔལ་གྱིས་མངོན་པར་ཕྱུག།

སྡེ་འདིར་ཆོས་དང་སྲིད་ཀྱི་ལེགས་ཚོགས་འཕེལ།།

རྟག་ཏུ་རྫོགས་ལྡན་གསར་པའི་དགའ་སྟོན་རྒྱས།།

ཕུན་ཚོགས་དཔལ་གྱིས་འདའ་བའི་བཀྲ་ཤིས་ཤོག།

ཅེས་པ་འདི་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་ཕོ་བྲང་ཆེན་མོའི་ཡང་སྟེང་བདེ་ཡངས་ཤར་མའི་ཚོམས་ཆེན་ནས་པདྨ་སྐལ་བཟང་དེས་བྲིས།།

ཁྲི་འདོན་ཞིག་གི་ལེགས་སྦྱར།

ཨོཾ་སྭ་སྟི།

མཚུངས་མེད་འདྲེན་པ་སྟོབས་བཅུའི་བདག།

རྐང་གཉིས་གཙོ་ལ་གུས་བཏུད་དེ།།

དམ་པའི་ཆོས་རབ་འཕེལ་བའི་ཟུངས།།

ཚོགས་གཉིས་སྙིང་པོའི་དཔལ་དུ་ལེན།།

འདི་ན་རྒུད་པའི་སྟོབས་ཚོགས་རིང་ནས་བདོ།།

ལེགས་བྱས་སྙིང་པོའི་བཅུད་ཀྱང་ཉམ་དམའི་ཚེ།།

ངོ་མཚར་ཕུལ་བྱུང་ཕྲིན་ལས་གསར་པའི་གཟི།།

མགྲོན་དུ་འགུགས་པའི་སྐལ་བཟང་ཅི་ཡིས་མཚོན།།

ཤུགས་རིང་ངལ་བའི་རླུང་གིས་རབ་བདས་མུན་པའི་ཕྱོགས་དག་ལྷད་གྱུར་ཅིང་།།

མ་མཐོང་རྒྱང་སྙན་གཏམ་ལ་རྗེས་ཆགས་རྨོངས་པའི་ཡིད་གཉིས་འགྱུ་བ་ཅན།།

གཞན་དབང་རྗེས་འགྲོ་ཆུ་བོའི་བརྟུལ་ཞུགས་ཐུར་དུ་འཕྱོ་བའི་རྣམ་ཐར་ལས།།

རིང་དུ་ཕྱོགས་པའི་བློ་གྲོས་རབ་བརྟན་ཡ་རབས་མངོན་རྟོགས་ངོམ་ལ་སྤྲོ།།

ཞེས་སྙན་པར་སྨྲ་བའི་ཚིག་གིས་སྔུན་བསུས་ཏེ་གང་གླེང་བར་བྱ་བ་་་་་།

སླར་ཡང་སྨྲས་པ།

ཕུལ་བྱུང་བསོད་ནམས་སྙིང་པོའི་སྤྲིན།།

ཅུང་ཟད་སྤྲོས་པའི་ལེགས་བྱས་ཀྱིས།།

འགྲོ་འདི་མཆོག་གསུམ་སྣང་བ་དང་།།

ནམ་ཡང་མི་འབྲལ་རྒྱུར་གྱུར་ཅིག།

སྲིད་ལ་མི་གནས་ཞི་ལ་མ་ཡིན་འགྲོ་ལ་ཡིད་བཞིན་ནོར་བུའི་སྐུ།།

ཟུང་འཇུག་སྐུ་གཉིས་དབྱེར་མི་ཕྱེད་པའི་ཚོགས་གཉིས་བསོད་ནམས་སྙིང་པོའི་ཕུལ།།

རྣམ་མང་འགྲོ་བས་མངོན་དུ་བྱས་ལས་འཁོར་བ་ཐ་མའི་སྲིད་པ་ཡིས།།

ས་གསུམ་འགྲོ་བར་དགེ་ལེགས་རྒྱ་ཆེན་བཀྲ་ཤིས་དམ་པའི་མཆོག་སྦྱིན་ཤོག།

ཅེས་ཤྲཱི་སེང་ཆོས་གྲྭ་ནས་པདྨ་སྐལ་བཟང་དེས།

དགུ་རུ་ཐུབ་ཚེའི་ཡང་སྲིད་ཁྲི་འདོན་སྐབས་ཀྱི་ལེགས་སྦྱར་གྱི་ཐོག་མཐའ།

ཨོཾ་སྭ་སྟི།

སྟོབས་བཅུའི་སྟོབས་མངའ་རྣམ་འདྲེན་རྫོགས་སངས་རྒྱས།།

ཞི་བསིལ་རྟག་ཏུ་དགེ་བ་དམ་པའི་ཆོས།།

རིག་གྲོལ་ཡོན་ཏན་མཆོག་ལྡན་དགེ་འདུན་ཏེ།།

མཆོད་འོས་རྣམ་གསུམ་སྤྱི་བོའི་རྒྱན་དུ་མཆོད།།

བྱིན་རླབས་མཛོད་འཛིན་བརྒྱུད་གསུམ་བླ་མའི་ཚོགས།།

དངོས་གྲུབ་རྩ་བ་ཡི་དམ་ཞི་དང་ཁྲོ།།

ཕྲིན་ལས་སྒྲུབ་མཛད་གནས་གསུམ་མཁའ་འགྲོ་སྟེ།།

རྩ་གསུམ་ལྷ་ཚོགས་མི་འབྲལ་གཙུག་ཏུ་བསྙེན།།

རྒྱལ་ཀུན་གསང་གསུམ་གཅིག་བསྡུས་འགྲོ་བའི་མགོན།།

འཆི་མེད་རྡོ་རྗེའི་སྐུ་འཆང་སྤྲུལ་བའི་སྐུ།།

བསྟན་ལ་སྟོན་པ་གཉིས་པ་རྒྱལ་བའི་དབང་།།

པདྨ་ཀཱ་རས་མི་འབྲལ་རྟག་ཏུ་སྐྱོངས།།

རིམ་དགུའི་ཐེག་པའི་ཡང་རྩེ་ཡོ་ག་གསུམ།།

རྨད་བྱུང་ཨ་ཏིའི་གསང་ལམ་རྫོགས་པ་ཆེའི།།

བཀའ་བབ་མདོ་སྔགས་བསྟན་པའི་ཤིང་རྟ་ཆེ།།

གྲུབ་དབང་རྒྱལ་བ་ཡབ་སྲས་རྟག་ཏུ་རྒྱལ།།

གསང་ཆེན་གསང་བའི་གཉེར་འཛིན་ཐ་ཚིག་ཅན།།

རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་འབྱོར་བ།།

ཡེ་ཤེས་ལས་དང་མངོན་ཤེས་དྲག་རྩལ་ཅན།།

སྡེ་གསུམ་སྲུང་མས་དགེ་ལེགས་ཤིས་པ་སྒྲུབས།།

རྨ་ལུང་ནོར་བུའི་མཛོད་ལ་དབང་སྒྱུར་བའི།།

ས་བརྒྱད་སེམས་དཔའ་ཡུལ་ལྷའི་ངང་ཚུལ་ཅན།།

རྨ་རྒྱལ་སྤོམ་ར་རྨ་འཁོར་འབུམ་དང་བཅས།།

འདི་ན་དགེ་མཚན་འབུམ་ཕྲག་སྙིལ་དུ་སྤྱོན།།

ཡེ་ཤེས་དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛ།།

དྲག་གཏུམ་རབ་ཁྲོས་གཟའ་རྒོད་ར་ཧུ་ལ།།

རྡོ་རྗེ་ལེགས་པ་འཛིན་གིང་ཕོ་ཉར་བཅས།།

དམ་ལྡན་སྐྱོང་བར་མ་གཡེལ་ལས་ལ་རེམ།།

དབང་དྲག་སྒྱུ་མ་གློག་གི་ཟློས་གར་གྱིས།།

ཁམས་གསུམ་ཡིད་འགུག་དོན་འགྲུབ་དགྲ་ལྷའི་རྒྱལ།།

རིགས་གསུམ་གཅིག་བསྡུས་དགྲ་འདུལ་སེང་ཆེན་རྗེས།།

གཡུལ་རྒྱལ་ལྷ་ཡི་རྔ་ཆེན་འདིར་རྡུངས་ཤིག།

ཅེས་མཆོག་གསུམ་ལྷ་དང་ཆོས་སྐྱོང་། རྩ་གསུམ་མ་དང་མཁའ་འགྲོ། སྡེ་གསུམ་སྲུང་མར་བཅས་པ་ལ་མཆོད་པར་བརྗོད་པ་ཚིགས་སུ་བཅད་པའི་ཕྲེང་བས་མདུན་བསུས་ནས་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་གནས་བཟང་པོ་འཛམ་གླིང་ས་གཞིའི་རྩེ་མོ་གངས་ལྗོངས་བོད་ཀྱི་ཞིང་ཁམས་ཀྱི་མདོ་སྨད་རྟ་ཡི་ཆོལ་ཁའི་ཆར་གཏོགས་པ། རྨ་ཡུལ་ཡངས་བའི་དཀྱིལ་འཁོར། གྲུ་བཞི་ས་ཡི་ལྟེ་བ། ཡུལ་ལྷ་རྨ་རྒྱལ་སྤོམ་རའི་དབུ་རྩེ་དགུང་དུ་མཐོ་ཞིང་། རྨ་ཀླུང་ཆུ་རྒྱུན་རིང་མོ་གཡས་འཁྱིལ་དལ་གྱིས་འབབ་པའི་ཉེ་འགྲམ། རྒྱལ་བསྟན་ཡོངས་ཀྱི་ཕྱི་མོ་གསང་ཆེན་སྔ་འགྱུར་རྫོགས་ཆེན་པའི་ངེས་གསང་བསྟན་པ་འཛིན་པའི་བསྟི་གནས་་་།

སླར་ཡང་སྨྲས་པ།

བཀྲ་ཤིས་རབ་དམར་དབང་གི་གཟི་འོད་ཀྱིས།།

བརྟན་གཡོའི་དྭངས་མ་ཡོངས་བསྡུས་ཚེ་ཡི་བཅུད།།

སྙིང་པོར་འདྲིལ་བས་སྐུ་ཚེ་ལོ་བརྒྱའི་དཔལ།།

བགྲེས་བྲལ་གཞོན་ལུས་འཆང་བའི་དཔལ་ཐོབ་ཤོག།

བཀྲ་ཤིས་ཐུབ་བསྟན་སྙིང་པོ་ལུང་དང་རྟོགས།།

བཤད་དང་སྒྲུབ་པས་འཛིན་ལ་ཟླ་བྲལ་བ།།

སྨྲ་བའི་ཁྱུ་མཆོག་རྩོད་བྲལ་མཁས་པའི་དབང་།།

སྔར་མེད་གངས་རིའི་རྒྱན་ཆ་གསར་པར་ཤོག།

བཀྲ་ཤིས་ཚུལ་ཁྲིམས་གཙང་མའི་ས་གཞི་ལ།།

དམིགས་མེད་ཏིང་འཛིན་བརྟན་པའི་ལྗོན་ཤིང་རྒྱས།།

ཐོས་བསམ་བསྒོམ་པའི་ཤེས་རབ་འབྲས་སྨིན་པའི།།

བསླབ་གསུམ་རྒྱན་བཟང་རྟག་ཏུ་འབྲལ་མ་གྱུར།།

བཀྲ་ཤིས་གསན་བསམ་བསྒོམ་པ་མཐའ་རུ་ཕྱིན།།

བཀྲ་ཤིས་འཆད་རྩོད་རྩོམ་ལ་ཐོགས་པ་མེད།།

བཀྲ་ཤིས་མཁས་བཙུན་བཟང་པོའི་ཡོན་ཏན་རྒྱས།།

བཀྲ་ཤིས་དམ་པའི་ཚུལ་དགུས་རྟག་མཛེས་ཤོག།

བཀྲ་ཤིས་མཆོག་གསུམ་སྣང་བའི་འོད་དཀར་གྱིས།།

བཀྲ་ཤིས་ས་གསུམ་འཇིག་རྟེན་ཀུན་ཁྱབ་སྟེ།།

བཀྲ་ཤིས་ཐོག་མཐའ་བར་གསུམ་རབ་དགེ་བའི།།

བཀྲ་ཤིས་དུས་གསུམ་ཀུན་ཏུ་ཡོངས་ཁྱབ་ཤོག།

རྨ་ཆེན་གངས་ཅན་རིག་མཛོད་དབུ་འབྱེད་ལ་བསྐུར་བའི་ལེགས་སྦྱར།

འཛམ་གླིང་ས་གཞིའི་མཛེས་རྒྱན། གདོང་དྲུག་མེས་པོའི་བླ་རི། ཕྱི་གངས་དཀར་ཤེལ་གྱི་ལྷུན་པོ། ནང་ཟོ་དོར་དགྲ་བླའི་སྐུ་མཁར། གསང་བ་རྩ་གསུམ་ཀུན་འདུས་ཀྱི་དཀྱིལ་འཁོར། ལྷ་གཉན་རྨ་ཆེན་སྤོམ་རའི་ཉེ་འཁོར། ནུ་བོ་དགྲ་འདུལ་དབང་ཕྱུག་གི་ལྷ་རི་གཉན་པོའི་མདུན་ཞོལ། སྟག་ཐང་གཡང་གི་ར་བ་སེང་འབྲུག་འཁྱིལ་བའི་གདན་སྟེང་། མདོ་སྨད་ས་ཡི་གསང་ཆེན་དུ་སྔོན་སྨོན་རྟེན་འབྲེལ་གྱི་མཐུ་ལས། མདོ་ཁམས་རྒྱལ་བ་རྫོགས་ཆེན་པའི་ཐུགས་བསྐྱེད་མཛད་འཕྲིན་དུས་སུ་བདོ་བའི་རྨ་ཡུལ་རིག་མཛོད་ལྟེ་གནས་ཀྱི་བཞེངས་བསྐྲུན་ཡོངས་འགྲུབ་བྱུང་བའི་དགྱེས་སྟོན་ལེགས་མཚོན་དུ། ངོས་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་རྫོགས་ཆེན་པདྨ་སྐལ་བཟང་གིས། ལྷ་གཡང་མི་ལ་འདུ་ཞིང་དགོས་འདོད་ཆར་དུ་འཇོ་བའི་རྨ་གཡང་མི་ནུབ་རྒྱས་པའི་ཕྱྭ་ཡི་རུ་མ། དགྲ་ལྷ་མི་འབྲལ་འགྲོག་པའི་སྲོག་གི་རྟེན་མཁར་དུ། ཇི་སྐད་དུ་ཨ་པང་གཏེར་ཆེན་གྱིས། རུ་དམ་གངས་རི་ཕྱོགས་ནས་རལ་བའི་དུསཿ པདྨའི་ཐང་དུ་ཤེལ་གྱི་ཕ་ཝང་རྡོལཿ ཞེས་པའི་འབྱུང་འགྱུར་གཏེར་ལུང་གི་དུས་བབས་རྟེན་འབྲེལ་གྱི་ཆ་ཤས་མཚོན་པའི་ཆུ་ཤེལ་ནོར་བུའི་དྭངས་མ་དབང་མདོག་ལྷ་དར་གྱིས་ལྕིབས་ཏེ་ཕུལ་བས། དེང་གི་ཉི་མ་འདི་ནས་སྲིད་པ་ཇི་སྲིད་བར་གྱི་ཕྱི་མའི་མཐར་ཡང་བཀྲ་ཤིས་དགེ་མཚན་གྱི་སྣང་བ་འབུམ་དང་འགྲོག་པའི་ཆོས་རིགས་ནོར་བུའི་གཏེར་མཛོད་ཐང་མར་བདལ་ཞིང་། ལུགས་ཟུང་དཔལ་གྱི་འབྱོར་བ་རབ་ཏུ་རྒྱས་པའི་རྫོགས་ལྡན་གསར་པའི་དགའ་སྟོན་གྱིས། སྐྱེ་དགུ་མཐའ་དག་བདེ་ནས་བདེ་བའི་ལམ་ཆེན་དུ་བསྐྱོད་པའི་མཐུན་རྐྱེན་དུ་གྱུར་ཅིག།

རྨ་ཆེན་རི་བོ་གནས་ཀྱི་མཆོག་གྱུར་དཀར་ཡག་གངས་ཀྱི་དབུ་འཕང་མཐོན་པོ་འཛམ་གླིང་གཙུག་གི་ཏོག་ཏུ་བརྗིད།།

རྨ་ཀླུང་ཕྱུག་མོ་གཡས་འཁྱིལ་དལ་འབབ་བདུད་རྩིའི་རྒྱུན་བཟང་ས་གཞིའི་རྒྱན་གྱུར་འཛད་མེད་ཆུ་ཕྲན་འབུམ་གྱི་མཛོད།།

རྨ་གཡང་ཕུན་ཚོགས་འདོད་དགུའི་འབྱུང་གནས་མི་ཟད་ཆོས་ནོར་འདོད་དང་ཐར་པའི་སྡེ་བཞིའི་འབྱོར་བ་རབ་ཏུ་རྒྱས།།

རྨ་ཡུལ་མཐོང་སྨོན་གླིང་གི་ཕ་སའི་ངོ་མཚར་སྙན་པའི་གྲགས་པ་དཀར་པོའི་མི་ནུབ་བ་དན་སྲིད་ན་མཐོ།།

དགྲ་འདུལ་དཔའ་བོ་ལས་ཀྱི་དབང་ཕྱུག་ལྷ་ཡི་དམག་དཔོན་བར་སྣང་གཉན་གྱི་ཆེ་བཙན་རྒྱལ་པོ་དམར་པོ་བཙན་གྱི་རུ་འདྲེན་ཆེ།།

དགྲ་ལྷ་བཅུ་གསུམ་རྨ་འཁོར་བྱེ་བ་ལྷ་གཉན་འབུམ་ཕྲག་གཡང་སྨན་དགྱེས་སྡེའི་འཁོར་དང་ཡང་འཁོར་བསམ་མི་ཁྱབ་པའི་ཚོགས་དང་བཅས།།

དགྲ་བགེགས་མི་བསྲུན་མ་རུངས་བདུད་སྡེ་གཞོམ་ལ་དཔའ་བའི་རྔམ་བརྗིད་གཟི་དམར་གློག་གི་ཤུགས་ལྡན་ཁྲོས་འཁྲུགས་དྲག་པོའི་ཟིལ་དང་བཅས།།

དགྲ་ལས་རྣམ་རྒྱལ་གཡུལ་རྒྱལ་དཔའ་བོའི་རྒྱལ་རྟགས་རུ་མཚོན་མི་ནུབ་རྒྱལ་མཚན་རྒྱལ་བའི་མཆོག་ཏུ་ཀུན་ནས་ཀུན་ཏུ་རྒྱལ་གྱུར་ཅིག།

ལས་དབང་སྟོབས་ཀྱི་ཤེ་མོང་མཐུ་བརྟས་པས།།

དུས་བབས་མདོ་གླིང་ས་ཡི་གསང་ཆེན་པོར།།

མ་སྨད་ངོ་མཚར་སྟོང་ལྡན་མཆོད་སྡོང་ཆེ།།

ཕྱི་མའི་མཐར་ཡང་གཟི་མདངས་ལྷག་པར་འཚེར།།

གངས་ལྗོངས་རིག་པའི་མཛོད་ཆེན་དགོས་འདོད་དབང་།།

འཛམ་གླིང་མཛེས་པའི་རྒྱན་གཅིག་སྲིད་པའི་མིག།

མཐའ་ཡས་སྐྱེ་དགུའི་དཔལ་དུ་ལེགས་ཐོབ་པའི།།

ཕུལ་བྱུང་སྒོ་འཕར་བཟང་པོ་འདིར་འབྱེད་ཤོག།

རྨ་ཆེན་ཤེལ་དཀར་དབུ་རྨོག་མཐོན་པོ་དགུང་སྔོན་སྤྲིན་པའི་འགྲོས་དང་བརྩེ་ཞིང་ཉི་ཟླའི་མདངས་ཀྱིས་སྤུད་པ་བཞིན།།

གངས་ལྗོངས་ལྷ་མིའི་དབུ་འཕང་མཐོ་བཙན་ཡངས་བའི་ས་ཆེན་སྤོ་ན་རབ་བརྗིད་སྙན་གྲགས་སྲིད་པའི་མཐར་ཁྱབ་ཅིང་།།

རྨ་ཆུ་གཙང་ཆབ་གཡུ་འབྲུག་སྔོན་མོ་འཁྱིལ་བའི་འགྲོས་ཀྱིས་རྒྱ་མཚོར་དལ་འབབ་ཕྱོགས་ཀྱི་ཆུ་ཕྲན་སྡུད་པ་ལྟར།།

ཆོལ་གསུམ་འཛིན་མར་དགའ་བ་ཡར་འཁྱིལ་ཆོས་སྲིད་ལུགས་གཉིས་དཔལ་ཡོན་རབ་འཕེལ་འདི་ཕྱིའི་ལེགས་ཚོགས་སྡུད་གྱུར་ཅིག།

བཀྲ་ཤིས་སྟོང་ཁམས་ལྷ་དང་མི་ཡི་ཕུན་ཚོགས་ལེགས་བྱས་བསོད་ནམས་མཐུ།།

བཀྲ་ཤིས་འོད་ཟེར་བྱེ་བའི་དཔལ་གྱིས་ཀུན་ནས་འཆིང་བའི་དབང་བྱེད་ལྷས།།

བཀྲ་ཤིས་ཚེ་གཡང་འདོད་དགུའི་འབྱོར་བ་མ་འབད་གནས་འདིར་འགུག་བྱེད་པའི།།

བཀྲ་ཤིས་གང་ཞིག་ཡིད་ཅན་འགྲོ་བ་ཡོངས་ཀྱི་ཕན་བདེའི་དཔལ་གྱུར་ཤོག།

རབ་གནས་ལྕགས་སྟག་ཧོར་ཟླ་༦པའི་ཚེས༡༦ལ་པདྨ་སྐལ་བཟང་དེས།།

རྫོགས་ཆེན་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་མྱུར་འབྱོན་གསོལ་འདེབས་དོན་གཉིས་ལྷུན་འགྲུབ་བཞུགས།

ཀུན་ཁྱབ་རིག་སྟོང་མི་ཕྱེད་གཉུག་མའི་ཁམས།།

བདེ་ཆེན་རྡོ་རྗེའི་ཕྱག་རྒྱར་ཡོངས་བསྡམས་པའི།།

ཀ་དག་གདོད་མའི་གཞི་དབྱིངས་ཆེན་པོ་ལས།།

ལྷུན་གྲུབ་དག་པའི་རོལ་རྩལ་འགག་མེད་སྒྱུར།།

བློས་བྱས་འཁྲུལ་དང་འཁྲུལ་འཛིན་བག་ལ་ཉལ།།

རང་ཞི་རང་སར་གྲོལ་བའི་གདམས་ཟབ་མཛོད།།

གཞི་གྲོལ་ལྷན་སྐྱེས་བདེ་ཆེན་གསང་བའི་ལམ།།

དགོངས་རྒྱུད་བྱིན་རླབས་འཕོ་བའི་ཕ་ཕོགས་སྩོལ།།

ཁྱད་ཆོས་དྲུག་ལྡན་ནང་གསལ་གསང་བའི་མདངས།།

ཟུང་འཇུག་ཁ་སྦྱོར་བདུན་གྱི་བདག་ཉིད་དུ།།

ཤར་བའི་རྩལ་ལས་སྣ་ཚོགས་སྤྲུལ་བའི་སྐུ།།

མཐའ་ཡས་མི་མཇེད་ཞིང་དུ་མངོན་སྣང་ཤོག།

ཨ་འཐས་བདེན་ཞེན་མཚན་འཛིན་འཁྲུལ་རྟོག་གི།།

གདོན་གྱིས་རིང་ནས་བཏབ་པའི་མར་གྱུར་འགྲོ།།

བཤེས་མེད་གདུང་བའི་ཡུས་ཀྱིས་དམན་གྱུར་ན།།

མགོན་ཁྱེད་ཞི་བས་མནལ་བ་ཅང་བཟོད་དམ།།

དེང་དུས་རྒྱལ་བསྟན་ཉིན་བྱེད་དབང་རིར་ཆས།།

ཆེར་སྙིགས་ལྔ་བདོའི་རྒུད་མུན་ཤུགས་དྲག་ཚེ།།

ཉམ་ཐག་གདུལ་བྱ་ལོག་ལམ་གཡང་ས་ལས།།

སྐྱོབ་ཕྱིར་མགོན་ཁྱེད་སླར་ཡང་གཟུགས་སྐུར་བཞེངས།།

བགྲང་ཡས་བསྐལ་མང་སྔོན་ནས་ཐུགས་བསྐྱེད་འབྲས།།

བརྩེ་ཆེན་ཞགས་པས་མ་བཏང་ཐུགས་རྗེའི་འཕྲུལ།།

མི་ཤིགས་རྟགས་ཀྱིས་ཆེ་བའི་མཚན་མ་ཅན།།

སྤྲུལ་བའི་གསེར་ཞལ་མ་ཐོགས་མྱུར་འབྱོན་ཤོག།

ཚུལ་གནས་ཐོས་བསམ་བསྒོམ་པའི་ཡོན་ཏན་རྫོགས།།

མཁྱེན་གཉིས་ཡེ་ཤེས་སྣང་བའི་གཟི་བྱིན་འབར།།

འབྲེལ་ཚད་དོན་ལྡན་གྲུབ་པའི་དབང་ཕྱུག་ཆེ།།

གང་ཁྱེད་གཉིས་པའི་གསེར་ཞལ་མྱུར་མཇལ་ཤོག།

འཆད་ལ་མཚུངས་མེད་དཔལ་ལྡན་ཟླ་བ་གྲགས།།

རྩོད་ལ་འགྲན་བྲལ་ཕྱོགས་གླང་ཆོས་ཀྱི་གྲགས།།

རྩོམ་པར་མངའ་བརྙེས་ཀླུ་དབང་ཐོགས་མེད་ཞབས།།

གཉིས་སུ་མ་ཡིན་མཁས་པའི་དབང་པོར་ཤོག།

སྡེ་བཞིའི་དཔལ་གྱིས་ཡོངས་འཁྱུད་ལུགས་ཟུང་གི།

ལས་ཀླུང་རྩིབས་སྟོང་འབར་བའི་འཕྲིན་ལས་ཀྱི།།

འཁོར་ལོས་ས་ཆེན་དབང་བྱེད་ངེས་གསང་གི།

སྙིང་པོའི་བསྟན་པ་སྲིད་པའི་བླར་སྒྲེང་ཤོག།

ཐུབ་བསྟན་ལུང་དང་རྟོགས་པའི་ལྷ་དབང་ལུས།།

བཤད་དང་སྒྲུབ་པའི་ལང་ཚོའི་བཀྲག་འབར་ཞིང་།།

ཕས་རྒོལ་ལྐོག་མར་འབྱིན་པའི་ལུང་རིགས་ཀྱི།

རྡོ་རྗེའི་མཚོན་ཆེན་འཆང་བའི་དཔལ་མངའ་ཤོག།

ཁྱད་པར་ལོག་འཚོས་བརྒྱགས་པའི་གཟི་མདངས་ཅན།།

བསྟན་ཞབས་རྟགས་ཀྱིས་སྡུད་པའི་བོང་རིལ་མགོ།

མིང་གི་ལྷག་མར་འབྱིན་པའི་དྲག་ཤུལ་མཐུ།།

ངོམ་ལ་དཔའ་རྟགས་རྒྱལ་ཁའི་རུ་མཚོན་ཕྱོར།།

ཨོ་རྒྱན་མཁན་པོའི་རིང་ལུགས་བཀའ་གཏེར་ཆོས།།

ཟབ་གསང་མཁའ་འགྲོའི་སྙིང་ཁྲག་ཐུགས་ཀྱི་བཅུད།།

ཁ་ཁྱེར་ཟོང་དུ་འཚོང་བའི་སྡིག་སྤྱོད་ཁྱུ།།

རྟ་གདོང་མེ་རིའི་ཕ་མཐར་རྟག་སྐྲོད་ཤོག།

སྡེ་གསུམ་ཀློང་དགུའི་ཟབ་དོན་མན་ངག་མཛོད།།

ཀུན་བཟང་ཐུགས་ཀྱི་ཡང་བཅུད་རྫོགས་པ་ཆེ།།

ཕུལ་བྱུང་འབྲས་བུའི་ཐུས་ཀ་ལག་མཐིལ་དུ།།

འདྲེན་པའི་ཤིང་རྟ་གསར་པར་སླར་འབྱོན་ཤོག།

རྙོག་བྲལ་ལྷག་བསམ་དག་པའི་བདེན་མཐུ་དང་།།

གསོལ་བཏབ་བསླུ་བ་མེད་པའི་རྟེན་འབྱུང་མཐུས།།

ཡིད་ལ་སྨོན་པའི་བདེན་ཚིག་འགྲུབ་གྱུར་ནས།།

དོན་གཉིས་ལྷུན་གྲུབ་དཔལ་གྱིས་ཡོངས་ཁྱབ་ཤོག།

ཅེས་རྫོགས་ཆེན་གཞན་དགའི་ཡང་སྤྲུལ་རིན་པོ་ཆེ་སོགས་ཀྱི་གསུང་བསྐུལ་བཞིན། ཕུལ་བྱུང་ཆོས་ཀྱི་མཆེད་པོ་རྗེ་བླ་མ་དམ་པ་བློ་གྲོས་རྒྱ་མཚོ་རིན་པོ་ཆེ་ཞི་བར་གཤེགས་པའི་གསོལ་དགོངས་བདུན་མཚམས་དང་པོའི་ཉིན་ཏེ་ཆུ་རྟ་ས་ཟླའི་ཚེས་ལ་རྫོགས་ཆེན་པདྨ་སྐལ་བཟང་དེས་ཨ་སྐྱོང་རྟོགས་ལྡན་བླ་མའི་བཞུགས་སྒར་རྩེ་མཐོན་པདྨ་དགྱེས་པའི་རི་ངོགས་ངོ་མཚར་དཔལ་རིའི་བློས་བསླང་གི་ཉེ་འགྲམ་ནས་སྐྱོ་གདུང་གིས་མནར་བཞིན་གསོལ་བ་བཏབ་པ་སྨོན་དོན་ཇི་བཞིན་འགྲུབ་པའི་རྒྱུར་གྱུར་ཅིག།

བརྡ་བྱང་མེ་ལོང་གསར་པའི་གཟུགས་བརྙན།

བྱང་ཕྱོགས་མཁའ་མཐའ་མཐིང་ཞུན་དྭངས་མའི་མདངས།།

སྤྲིན་དཀར་བླ་བྲེས་མཛེས་པའི་བ་གམ་ནས།།

མི་འགྱུར་གསེར་གྱི་རྡོ་རྗེ་ཨས་མཚན་པ།།

རུ་དམ་ཚེ་ཡི་བྲག་ལ་ལྡིང་ཞིང་བབས།།

ཡང་གཅིག་འགྲོ་བའི་མགོན་པོ་ཎིརྨ་ཀ།

རིགས་བདག་གྲུབ་པའི་དབང་ཕྱུག་འཇིགས་བྲལ་པས།།

ནོར་མེད་མཚན་གྱི་བརྡ་བྱང་ངེས་བཟུང་ནས།།

རིང་མིན་འབོད་པའི་ཕོ་ཉ་སྦྲོན་ཅིག་ཅེས།།

སྤྱན་རས་བདག་ལ་གཡོ་བའི་འཛུམ་ཞལ་ལ།།

ངོམས་མེད་མཇལ་བའི་སྐལ་བཟང་ཐོབ་གྱུར་པའི།།

འལ་འོལ་ཉམས་རྨིས་འདྲེས་པའི་ཀུན་རྟོག་རྒྱུན།།

ཐོ་རེངས་དུས་བརྡའི་བསུ་མས་སད་པར་བསྐུལ།།

འཁྲུལ་ལས་ཡང་འཁྲུལ་བྱིས་པའི་རྣམ་ཐར་གྱིས།།

ལྐོག་གྱུར་སྦས་དོན་གཞལ་བའི་མཐུ་ཕྲ་ཡང་།།

བདེན་གསུང་རྡོ་རྗེའི་བཀའ་རྟགས་རི་མོའི་རྒྱ།།

སྙིང་ལ་བཀོད་པའི་ཡ་མཚན་སུབ་ཐབས་བྲལ།།

གང་ཁྱེད་ཐུགས་བསྐྱེད་བཙན་པོའི་རྟ་བདུན་དབང་།།

ལས་སྨོན་ཤིང་རྟ་བདུན་གྱིས་ལེགས་དྲངས་པ།།

སེངྒེས་མཚན་པའི་རི་བོའི་ཀེ་ལ་ཤར།།

སྔར་མེད་མཛེས་པའི་རྒྱན་གཅིག་ཨེ་མ་རྨད།།

སྔོན་སྨོན་ལས་སྟོབས་བཙན་པོའི་དབང་ཤུགས་ཀྱིས།།

གཡར་དམ་གཅིག་ཏུ་སྦྲེལ་བ་དམ་པའི་མགོན།།

ལྷག་བསམ་གཙང་མའི་མགྲོན་ལ་བོས་པའི་འཕྲིན།།

སྙེམ་བྲལ་དང་དུ་བཞེས་ལ་སོམ་ཉི་ཅི།།

ཉིན་མོའི་འདྲེན་པ་སྐྱ་རེངས་གསར་པས་དང་།།

དེ་ཡི་ཟེར་གྱིས་པདྨོ་འབྱེད་ཇི་བཞིན།།

མཆོག་སྐུ་དམ་པ་བདག་གིས་སྤྱན་དྲངས་ཏེ།།

དེ་ཡིས་གནས་འདིའི་གདུལ་བྱའི་ལྷག་མ་སྐྱོང་།།

འོན་ཏང་སྨོན་འདྲིན་ནང་མའི་འགྲོག་བཤེས་ཟོལ།།

བར་ཆད་བདུད་ཀྱི་འཕྲིན་པར་བརྫུས་གྱུར་ན།།

བཞི་བདུན་ལྔ་དགུའི་འཕྲང་ལ་བརྡོ་སྲིད་པས།།

མ་བརྟགས་དམར་སེར་ཁྲམ་ཁ་སྙིང་ལ་གཟན།།

དེ་ཚེ་བེར་ནག་འཆང་བའི་མགོན་བྱེད་ལྷའི།།

མཐུ་སྟོབས་དར་ལ་དྲག་ཀྱང་ཕྱི་བཤོལ་གྱི།།

འགལ་འཚེའི་རྐྱེན་དབང་མི་བཏང་ལ་འུར་དུ།།

འཆི་མེད་ཚེ་ཡི་གནས་འདིར་ཕྱོགས་པ་ལེགས།།

ཞེས་རྡོ་རྗེ་ཕུར་པའི་གཞི་བསྙེན་ལ་བརྩོན་པའི་མཚམས་མལ་གྱི་ཞོགས་ཐུན་རྒྱབ་རང་སྤྱིལ་པདྨ་རྒྱས་པའི་དགའ་ཚལ་ནས་པདྨའི་མིང་ཅན་དེས་དཀྱུད་བྱང་དུ་བྲིས་པའོ།།

ངེས་རྙེད་བརྡ་དོན་གྱི་གསང་གཏམ།

རྒྱལ་ཀུན་གསུང་གི་རྡོ་རྗེ་སིན་དྷུ་ཡི་དྭངས་མཚོར།།

ངོ་མཚར་མཚན་དཔེར་ཤར་བ་ཨོ་རྒྱན་གྱི་སློབ་དཔོན།།

མཚན་བརྒྱད་འཕྲུལ་མཚན་ཉེར་ལྔ་རྗེ་འབངས་དང་གྲོགས་བཅས།།

དུས་འདིར་བརྒྱུད་འཛིན་བུ་ལ་ཐུགས་རྗེ་ཡིས་གཟིགས་ཤིག།

བརྒྱུད་གསུམ་གསང་བའི་མཛོད་བརྙེས་རིག་འཛིན་གྱི་རྗེ་བོ།།

མི་ཡི་བརྫུ་ལ་བྱོན་པ་གྲུབ་བརྒྱ་ཡི་གཙུག་རྒྱན།།

ཕ་གཅིག་དྲིན་ལྡན་བླ་མ་གུ་ཎ་ཡི་ན་ཐ།།

མི་འབྲལ་སྙིང་དབུས་ཙིཏྟའི་པདྨོ་རུ་རོལ་མཛོད།།

སྔོན་སྨོན་ཐུགས་བསྐྱེད་མཐུན་པའི་ལས་དབང་གི་སྟོབས་ཀྱིས།།

སྨིན་གྲོལ་དཀྱིལ་འཁོར་གཅིག་ལ་འབྲལ་མེད་དུ་ཚོགས་པའི།།

མཆེད་གཅིག་མ་ཏེིའི་མཚན་འཆང་བྱར་མེད་ཀྱི་རྣལ་འབྱོར།།

བརྩེ་ཆེན་ཐུགས་རྗེས་མ་བཏང་གདུལ་བྱ་ལ་དགོངས་མཛོད།།

ནང་གསལ་ཕྲ་བའི་ཡེ་ཤེས་ཆོས་སྐུ་ཡི་ངང་ལས།།

ཕྱིར་གསལ་མཁྱེན་ཆ་འགག་མེད་མཚན་དཔེ་ཡི་བདག་ཉིད།།

ངེས་པ་ལྔ་ལྡན་ལོངས་སྐུའི་འཕྲིན་ལས་ཀྱི་ཆ་འཛིན།།

གདུལ་བྱའི་འགྲོ་ངོར་སྤྲུལ་སྐུའི་སྒྱུ་འཕྲུལ་དུ་རང་ཤར།།

དེ་ཡང་གངས་ཅན་རྨ་ལུང་གཡང་ལྡན་གྱི་ར་བ།།

ཞལ་དཀར་ལྷ་ཡིས་སྲུང་བའི་ས་སྤྱོད་ཀྱི་ཞིང་ཁམས།།

མཁས་བཙུན་གྲུབ་པའི་ཕ་ཁྱིམ་ལས་བསྐོས་ཀྱི་ས་ཆ།།

དབྱིག་གིས་མཚན་པའི་ནོར་འཛིན་ཡངས་བ་ཡི་ལྷོ་ན།།

ཡབ་མིང་བདེ་བའི་མཆོག་ལྡན་སྔགས་རིག་གི་རྣལ་འབྱོར།།

ཐུགས་སྒམ་ཚིག་གིས་བཙུན་པ་ཐབས་ཆེན་གྱི་དཔའ་བོ།།

ཡུམ་མིང་ཆོས་ཀྱི་འབྱོར་བས་སྐྱིད་པ་ཡི་མཐའ་ཅན།།

བོངས་རིང་སྔོ་སངས་ཤེས་རབ་རིག་མ་ཡི་ཁྱིམ་ན།།

ཆུ་ཁམས་ལུག་གིས་བདག་པའི་ཡ་མཚན་གྱི་ཁྱེའུ།།

རེ་ཏི་མཆེད་ལྔ་འགོ་ཞིང་འབྲལ་མེད་དུ་སྲུང་བ།།

མི་འགྱུར་རྟགས་ཀྱིས་མཚན་པའི་ངོ་མཚར་གྱི་རང་གཟུགས།།

མ་ནོར་ངེས་པ་རྙེད་པའི་གསང་བ་འདི་དེང་བཀྲོལ།།

རྩ་གསུམ་ལྷ་དང་སྲུང་མའི་བདེན་ཚིག་གི་རི་མོ།།

རྣལ་འབྱོར་རྩ་ཁམས་དག་པའི་འོད་གསལ་གྱི་སྣང་ཉམས།།

བརྡ་རྟགས་རྟེན་འབྲེལ་ཚོགས་པའི་ཡ་མཚན་གྱི་འབྲས་བཟང་།།

འགོག་མེད་གཅིག་ཅར་ཤར་ལ་ཨེ་མ་ཧོ་ཨ་ལ།།

དཔལ་ཆེན་འཕྲིན་ལས་བཛྲ་ཀཱི་ལ་ཡའི་ལྷ་ཚོགས།།

རིག་སྔགས་སྟོབས་ལ་དབང་བའི་མཐུ་མཆོག་ཏུ་གྲུབ་པས།།

ཁྲོ་བཅུ་ཕྲ་མེན་ཤྭོ་ན་སྲུང་མ་ཡི་ཚོགས་ཀྱིས།།

བར་ཆད་བདུད་ཀྱི་གཡུལ་ལས་རྒྱལ་བ་རུ་མཛོད་ཅིག།

རྫོགས་ཆེན་མན་ངག་སྙིང་ཐིག་གཉན་པོ་ཡི་བཀའ་སྲུང་།།

མ་བཟའ་རྡོར་ལེགས་ཤན་རྒོད་སྲོག་གཅོད་ཀྱི་སྤུ་གྲི།།

དབྱིངས་ཕྱུག་ཌཱཀྐི་སྒྱུ་འཕྲུལ་ལྷན་སྐྱེས་ཀྱི་མཁའ་འགྲོ།།

ཚེ་རིང་མཆེད་ལྔ་བཅས་ཀྱིས་མེལ་ཚེ་ཡིས་སྐྱོངས་ཤིག།

ནམ་ཞིག་ཁྱུང་ཕྲུག་རྩལ་གསུམ་སྒོང་རྒྱ་ནས་རྫོགས་པས།།

མི་འཇིགས་སྟོབས་ཀྱིས་མཁའ་ལམ་གཅིག་ཅར་དུ་གཅོད་བཞིན།།

དུས་ལ་བབ་པའི་སྔོན་སྨོན་ལས་སྟོབས་སུ་བདོ་བས།།

རླབས་ཆེན་དགོངས་པའི་རྩལ་ཆེན་རང་ཆས་སུ་རྫོགས་ཤོག།

ཕྱི་ལྟར་བྱ་བཏང་བཙུན་པ་སྡོམ་བརྩོན་གྱི་རྒྱལ་པོ།།

ནང་ལྟར་རྒྱལ་སྲས་ཕྱིན་དྲུག་སྤྱོད་པ་ལ་གོམས་ཤིང་།།

གསང་བ་བསྐྱེད་རྫོགས་ཟབ་མོའི་གདེང་ཚད་དང་ལྡན་པས།།

ཡང་གསང་འཕོ་ཆེན་དྭངས་མའི་རྒྱལ་ས་རུ་བཞེངས་ཤོག།

སྐུ་ཚེ་འཆི་མེད་མི་ཤིགས་གཡུང་དྲུང་གིས་མཚན་ཅིང་།།

ལེགས་ཚོགས་ཡོན་ཏན་ཉ་གང་ཟླ་གཞོན་གྱི་དཀྱིལ་འཁོར།།

མཛད་འཕྲིན་མཐའ་རྒྱས་དཔག་བསམ་འདོད་འབྱུང་གི་ནོར་བུ།།

ནམ་མཁའ་ཇི་སྲིད་འགྲོ་བའི་དཔལ་མགོན་དུ་ཤོག་ཅིག།

ཅེས་རབ་གནས་ཤིང་སྤྲེ་སྤྲེལ་ཟླའི་དམར་ཕྱོགས་རྫོགས་པ་གཉིས་པའི་ཚེས་དཔའ་བོ་དང་མཁའ་འགྲོ་འདུ་བའི་དུས་ཆེན་ཉིན། ཁམས་རྫོགས་ཆེན་རུ་དམ་ཡང་དབེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་རང་སྤྱིལ་ཡོངས་འདུས་པདྨའི་ཤེལ་རྫོང་ནས། རྗེ་གང་དེའི་ནང་བརྩེའི་ཆོས་ཀྱི་མཆེད་གཅིག་པདྨ་སྐལ་བཟང་ངམ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་ཤར་མར་བྲིས་སྤེལ།།

ཨ་སྐྱོང་རྟོགས་ལྡན་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་ལ་བསྐུར་བའི་ཤིས་ཚིག

དེང་གི་དུས་སུ་སྐྱེ་དགུའི་བསོད་ནམས་ཀྱི་མཐུ་དང་། སྔོན་སྨོན་ཐུགས་བསྐྱེད་ཀྱི་འཇུག་པ་དུས་སུ་སྨིན་པ་ལས། ངེས་གསང་བསྟན་པ་གཞིར་བཞེངས་ཀྱི་བྱེད་པོ། རྩོད་ལྡན་སྙིགས་མའི་དུས་ཀྱི་རྒྱལ་བའི་འཕྲིན་ལས་པ་ཆེན་པོ། ཕྱི་ལྟར་འདུལ་འཛིན་སྦས་པའི་རྣལ་འབྱོར། ནང་ལྟར་ལོ་ཆེན་བེེ་རོའི་རྣམ་སྤྲུལ། གསང་བ་གསང་ཆེན་གྲུབ་པའི་དབང་ཕྱུག ངེས་པ་དོན་གྱི་དགེ་བའི་བཤེས་གཉེན་ཆེན་པོ། རྫོགས་ཆེན་རྟོགས་ལྡན་བླ་མ་བློ་གྲོས་རྒྱ་མཚོ་རིན་པོ་ཆེའི་ཡང་སྲིད་ཁྲི་འདོན་གྱི་མཛད་སྒོར། དམ་པ་གང་དེའི་ཆོས་ཀྱི་མཆེད་པོ་གཅིག་པུ་ངོས་རྫོགས་ཆེན་པདྨ་སྐལ་བཟང་གིས་ཐེངས་འདིའི་རྟེན་འབྲེལ་ལེགས་མཚོན་དུ་ལྷ་དར་དཀར་པོས་སྣ་དྲངས་ཏེ། སྐུ་རྟེན་སོགས་ནས་མཐའ་རྟེན་རས་དཀར་བཅས་ཕུལ་བ་དང་ཆབས་ཅིག ཡང་སྤྲུལ་དམ་པ་མཆོག་གི་སྐུ་འཚོ་ཡུན་དུ་བརྟན། ཉེར་འཚེ་ཕྱི་ནང་གསང་གསུམ་གྱི་བར་ཆད་ཞི་ནས། དམ་པ་གོང་མའི་རྣམ་ཐར་བསྐྱངས་ཏེ་བསྟན་དང་འགྲོ་བར་སྔ་ན་མེད་པའི་སྨན་པ་རྒྱ་ཆེན་འབྱུང་བར་སྨོན་པ་དང་བཅས། རབ་རྒྱན་ལྕགས་སྟག་སྤྲེལ་ཟླའི་ཚེས་བཟང་ལ་ཡི་གེའི་འདུ་འགོད་བགྱིས་པ་སྟེ།

མཁའ་དང་ས་གཞིའི་བར་ཐག་རྒྱང་རིང་ཞིང་།།

ཤར་ནུབ་རྒྱ་མཚོའི་ཆུ་མཐའ་ཁད་འགྱང་ཡང་།།

ཕུལ་བྱུང་མཆེད་ཀྱི་དྭངས་མའི་མཛའ་གཅུག་ཡིད།།

མི་འབྲལ་སྲོག་གི་དམ་ཚིག་གཅིག་གིས་བསྡུས།།

འདིར་སྣང་གློག་གི་འགྱུ་བ་ཡུན་ཐུང་ཞིང་།།

བར་ཆད་བདུད་ཀྱི་འཚེ་བ་ཤུགས་དྲག་ཀྱང་།།

འབྲལ་ཁའི་ཐ་ཚིག་དམ་བཅའི་སྙིང་གི་བཅུད།།

ཡལ་མེད་དང་དུ་ལེན་པ་ཁོ་བོའི་ལས།།

སྔོན་སྨོན་ཐུགས་བསྐྱེད་ཚེས་གསུམ་ཡར་གྱི་ཟླ།།

ཆ་ཤས་ཡོངས་རྫོགས་འཕྲིན་ལས་འོད་དཀར་གྱིས།།

གདུལ་བྱའི་ལྷག་མ་སྐྱོང་ལ་ངོ་མཚར་གྱི།།

ཡ་མཚན་ལྟད་མོ་ངོམས་ཤིག་རྟོགས་ལྡན་པ།།

ས་འདིར་སྙིགས་ལྔའི་མཚན་མ་ཆེར་བདོ་ཞིང་།།

འཁོར་ཡུག་སྐྱབས་དང་བྲལ་བས་ཉམ་ཐག་ཚེ།།

གསང་ཆེན་བསྟན་པའི་ཉིན་བྱེད་འབར་བའི་གཟིས།།

ལོག་རྟོག་རྒུད་མུན་སོལ་ཅིག་ཆོས་ཀྱི་རྗེ།།

དང་པོར་སེམས་བསྐྱེད་སྨོན་པའི་རང་གཟུགས་ཀྱིས།།

ཇི་སྲིད་འཁོར་བའི་འཇིག་རྟེན་སྟོངས་ཀྱི་བར།།

འབྲལ་མེད་འགྲོ་དོན་སྐྱོང་ལ་ཆེས་དཔའ་བའི།།

གཡར་དམ་ཉེ་བར་བསྐུལ་ལོ་རྒྱལ་བའི་སྲས།།

བསྟན་པའི་སྙིང་པོ་ལུང་དང་རྟོགས་པའི་ཆོས།།

བཤད་དང་སྒྲུབ་པས་འཛིན་བསྲུང་སྤེལ་བ་ཡི།།

མཛད་བཟང་གཞན་གྱི་དྲིང་ལ་མི་འཇོག་པའི།།

འགྲོ་དོན་དུས་ལ་བབས་སོ་བསྟན་འཛིན་ཆེ།།

ཐོས་བསམ་བསྒོམ་པའི་ཤེས་རབ་ནང་ནས་རྒྱས།།

འཆད་རྩོད་རྩོམ་པའི་འཕྲིན་ལས་ཕྱོགས་མཐར་བདལ།།

མཁས་བཙུན་བཟང་པོའི་ཡོན་ཏན་འགྲན་ཟླ་བྲལ།།

དམ་པའི་ཚུལ་དགུས་མཛེས་པའི་བཀྲ་ཤིས་ཤོག།

སྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་ཞབས་ཀྱི་སྐུ་དྲིན་རྗེས་དྲན།

སྔ་འགྱུར་བསྟན་པའི་སྲོག་འཛིན་ངུར་སྨྲིག་འཆང་ཆེན་པོ་དོན་གྱི་ཧེ་རུ་ཀ་དཔལ་དཀྱིལ་འཁོར་རྒྱ་མཚོའི་གཙོ་མཆོག་༧སྐྱབས་རྗེ་གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་ཞབས་ཀྱི་སྐུ་དྲིན་རྗེས་དྲན་ཉམ་ཐག་གདུང་བའི་ང་རོ་ལྷག་བསམ་དུས་ཀྱི་མགྲིན་སྒྲ།

རྨད་བྱུང་ཕྱོགས་དུས་རྒྱལ་བའི་འཕྲིན་ལས་མཐུ།།

ཟླ་བྲལ་འཕགས་པའི་གཟུགས་སྐུར་ཉེར་བཀོད་པ།།

ཁྱེད་ཀྱི་རྣམ་ཐར་ངོ་མཚར་སྣང་བརྙན་འབུམ།།

འདི་ན་མ་བྲིས་ཡིད་ཀྱི་རི་མོར་གསལ།།

ཡེ་ཤེས་སྒྱུ་མ་གློག་གི་ཕྱག་རྒྱ་ཆེ།།

གདན་གསུམ་སྒྱུ་འཕྲུལ་དཔལ་ལ་ཉེར་ཆགས་པའི།།

མཚན་དཔེའི་འོད་སྟོང་འགྱུ་བའི་སྣང་ཆེན་གཟིས།།

སྲིད་པའི་གྲོང་ཁྱེར་དགའ་བའི་ངལ་འཚོ་བྱིན།།

ཐུབ་བསྟན་དྷརྨ་བཛྲའི་རྡོ་རྗེའི་ལུང་།།

སྒྲིབ་མེད་རྟགས་ཀྱི་ཕྱག་རྒྱར་ཉེར་བཀོད་པའི།།

གྲུབ་པའི་དབང་ཕྱུག་པདྨ་ནོར་བུའི་མཚན།།

ཡ་མཚན་སྲིད་པའི་ཁྱོན་འདིར་ལྷག་པར་བརྗིད།།

སྙིགས་དུས་རྒུད་པ་བརྒྱས་མནར་དུག་གི་མཚོར།།

བརྩེ་ཆེན་ཐུགས་རྗེས་མ་བཏང་ཕྱག་རིང་གིས།།

མཐའ་ཡས་མ་རྣམས་གཏན་བདེའི་འགྲམ་ངོགས་སུ།།

དབུགས་འབྱིན་ཕན་བདེའི་བྱེད་པོ་ཁྱེད་གཅིག་བསྔགས།།

ཕྱི་རུ་སོ་ཐར་འདུལ་བས་རྒྱུད་བསྡམས་ཤིང་།།

ནང་དུ་བྱང་སེམས་བསླབ་པས་ཐུགས་བཅུད་གཏམས།།

གསང་བ་གསང་ཆེན་མཆོག་གི་རྒྱལ་སར་ཕྱིན།།

དོན་གྱི་ཧེ་རུ་ཀ་དཔལ་དཀྱིལ་འཁོར་གཙོ།།

ཀློག་པ་རྟོག་གེ་ཟོལ་མའི་ངང་ཚུལ་དང་།།

སྤོང་བ་རེས་འཇོག་ཉི་ཚེའི་བསམ་གཏན་ལས།།

རིང་དུ་འདས་པའི་བདེན་གཟིགས་ཆོས་ཀྱི་རྗེའི།

ཚུལ་དགུའི་རང་གཤིས་སོ་སྐྱེའི་བློ་ལས་འགོངས།།

གང་དག་དམ་པའི་ཉི་མ་ཆུ་ལྷར་ཕྱོགས།།

ལོག་རྟོག་སྲིན་བྱ་སྨག་ལ་དགོད་པའི་ཚེ།།

ཐར་བའི་སྣང་བ་སྦྱིན་མཁས་ཁྱེད་གཅིག་པུའི།།

བཀའ་དྲིན་སྙིང་གི་རི་མོར་རྟག་ཏུ་བཀྲ།།

མཁྱེན་པས་ཆོས་ཉིད་མངོན་གཟིགས་མཁས་པའི་རབ།།

བརྩེ་བས་གདུལ་བྱ་རྗེས་འཛིན་བཙུན་པའི་མཆོག།

ནུས་པས་བསྟན་པའི་སྲོག་འཛིན་བཟང་པོའི་ཕུལ།།

དམ་པའི་རྣམ་ཐར་མི་ནུབ་རྒྱལ་མཚན་མཐོ།།

བཅུ་ཕྲག་ཟུང་གི་བགྲང་བྱའི་འཁོར་ལོ་རུ།།

གངས་ལྗོངས་རྒྱལ་བསྟན་སྲོག་རྩ་ཉག་ཕྲའི་སྐབས།།

ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པའི།།

བསྟན་སྲོག་རྒྱང་ནས་སྲུང་མཁན་ཁྱོད་མིན་སུ།།

གང་ཁྱོད་བསྟན་པའི་ཉིན་བྱེད་འོད་བརྒྱ་པ།།

གསང་ཆེན་པད་ཚལ་གཉེན་དུ་ཤར་ནས་སླར།།

ཞི་བའི་ནུབ་རིར་ཕྱོགས་པའི་མི་སྙན་སྒྲས།།

ཡིད་ཀྱི་འཁྲི་ཤིང་དུབ་པའི་ངལ་བ་བསུས།།

ཐུབ་བསྟན་འོ་མའི་མཚོ་ལ་དབང་བྱས་ཏེ།།

དམར་སེར་འདུས་པའི་ཁྱུ་ཡི་མདུན་བདར་བའི།།

རྗེས་བརྩེའི་གཤོག་ཡངས་དཀར་པོར་རྟག་བསྙེགས་པའི།།

རིགས་མཐུན་ངང་མོའི་ཁྱུ་ཚོགས་སུ་ལ་རེ།།

གང་མཚན་གྲགས་པའི་མུ་ཁྱུད་འོད་དཀར་ཅན།།

རྒྱལ་བསྟན་ཡངས་པའི་མཁའ་ལ་བཀྲག་འབར་བའི།།

མཚན་དཔེའི་དཀྱིལ་འཁོར་དབང་རིར་ཆས་པ་ཡིས།།

ཕྱོགས་འདིར་ཉམ་ངའི་གདུང་བ་དབང་མེད་བྱིན།།

འོད་གསལ་གསང་ཆེན་སྙིང་པོའི་རྒྱལ་ཐབས་ཆེའི།།

མི་འཇིགས་གདོང་ལྔས་བཏེགས་པའི་ཆོས་ཀྱི་ཁྲིར།།

ཞབས་ཟུང་བསོད་ནམས་བྱེ་བའི་འོད་སྟོང་རིས།།

སྔར་སོང་ཡིད་ཀྱི་སྣང་བརྙན་གྱུར་འདིས་སྐྱོ།།

འོན་ཀྱང་གང་ཐུགས་ཟླ་བའི་མ་མ་ལས།།

བྱུང་བའི་ངོ་མཚར་འོད་ལྡན་རི་བོང་མཚན།།

ནུབ་མེད་ས་ཆེན་དཀར་པོར་ཡོངས་བསྒྱུར་བའི།།

འཕྲིན་ལས་བདུད་རྩིའི་ཟེགས་མ་རྫོགས་མཐའ་བྲལ།།

སྔ་འགྱུར་རྒྱལ་བསྟན་ཀེ་ལ་ཤ་ཡི་རི།།

དགུ་ལྡན་བྱིན་རླབས་བརྒྱུད་པའི་རྩ་བ་བརྟན།།

བརྒྱུད་འཛིན་མཁས་གྲུབ་བྱེ་བའི་སེང་ཆེན་འཕྱོ།།

རྒྱལ་བསྟན་ཕྱི་མོར་སྲིད་འདིར་གཏན་དུ་བརླིང་།།

སྔར་ནས་གྲུབ་པའི་ས་མཐོར་རབ་གཤེགས་པས།།

སྐྱེ་དང་འཆི་བའི་མཚན་མ་ལས་འདས་ཤིང་།།

གཤེགས་དང་བཞུགས་པའི་ཐ་སྙད་ཀུན་བྲལ་ཀྱང་།།

ལྔ་བདོའི་འགྲོ་ལ་མི་རྟག་བརྡ་ཆོས་བསྟན།།

ལྷན་སྐྱེས་འོད་གསལ་གསང་བའི་ཕོ་བྲང་ཆེར།།

འཕོ་བྲལ་སྒྱུ་མའི་སྐུ་རུ་ལྡང་ཟིན་ཀྱང་།།

འབུམ་ཕྲག་དགེ་མཚན་འཁྱིལ་བའི་བྱིན་བརླབས་རྟེན།།

གཟུགས་སྐུའི་སྙིགས་མ་མཐོང་གྲོལ་དད་པའི་གསོས།།

མཚོན་བྱེད་རྟགས་ཀྱི་བླ་མ་ཞིར་གཟིམས་ཀྱང་།།

མཚོན་བྱ་དོན་གྱི་བླ་མ་སྙིང་དབུས་ན།།

མི་ཤིགས་དད་བརྒྱའི་པདྨོར་རྟག་རོལ་བས།།

འདི་ལ་གདུང་ཞིང་ཞུམ་པའི་གནས་མ་མཆིས།།

ཐོས་པས་མདོ་རྒྱུད་ཆུ་གཏེར་ཧུབ་ཀྱིས་འདྲེན།།

བསམ་པས་ཤེས་བྱ་ཀུན་གྱི་དེ་ཉིད་རྟོགས།།

སྒོམ་པས་གཞི་དབྱིངས་གཉུག་མའི་བཙན་ས་ཟིན།།

ཕ་རྗེས་བུ་ཡིས་ཟིན་པའི་མ་ནོར་ལས།།

འཆད་པས་ཐེག་མཆོག་བསྟན་པའི་རྐང་འཛིན་ཞིང་།།

རྩོད་པས་བསྟན་པའི་ལྕགས་རི་ལེགས་པར་སྲུང་།།

རྩོམ་པས་ཐུན་མིན་དགོངས་པའི་རང་གནད་གསལ།།

འདི་གཅིག་ཁོ་ནས་དམ་པའི་དགོངས་པ་རྫོགས།།

མཁས་པས་རང་གཞན་གྲུབ་མཐའི་ཕ་རོལ་སོན།།

བཙུན་པས་ཉེས་ལྟུང་དྲི་མ་རིང་དུ་དོར།།

བཟང་པོའི་འདུན་མ་མི་འབྲལ་ལྷན་སྐྱེས་ཀྱི།།

ཡོན་ཏན་བསྲེལ་བ་མཆོད་པ་ཀུན་གྱི་མཆོག།

ཐུགས་མཐུན་ཕ་གཅིག་སྤུན་བཞིན་བློ་མཐུ་སྒྲིལ།།

ཁྲིམས་གཙང་རྒྱལ་བ་དགྱེས་པའི་ལམ་བཟང་སྙེག།

མདོ་རྒྱུད་བཀའ་གཏེར་བརྒྱུད་པའི་སྲོལ་བཟུང་ན།།

སྔ་འགྱུར་རྒྱལ་བསྟན་དབུ་འཕང་ཡུན་དུ་མཐོ།།

ངོ་མཚར་མེས་པོའི་མཁས་བཙུན་གྲུབ་པའི་མཚན།།

དམའ་འབེབ་རྟགས་ལ་རེ་བའི་བསྟན་བཤིག་ཁྱུ།།

ལྷ་གྲལ་གཙང་མའི་དབུས་ནས་ཕྱིར་འདོན་པ།།

མཛད་པའི་ལྷག་མར་ངེས་སོ་དཔྱོད་ལྡན་མཆེད།།

ཆུ་བཞིན་བློ་སྣ་གཞན་དབང་མ་གྱུར་ཅིང་།།

མེ་བཞིན་རང་གཤིས་ཚ་རེག་མ་ཉམས་པས།།

ནམ་ཞིག་ཞུགས་ཆེན་འོད་ཀྱིས་བསྐལ་བའི་མུན།།

གཞོམ་པའི་གྲོས་འདི་མཁས་པའི་འདུན་ཕུགས་ལགས།།

ཕྱོགས་རེའི་ཁ་འཛིན་ཅོལ་ཆུང་གུ་དོག་བློ།།

རིང་དུ་དོར་ནས་དམ་པའི་ཆོས་འཛིན་པ།།

རྒྱལ་བ་དགྱེས་པའི་ལམ་བཟང་ཉག་གཅིག་སྟེ།།

དམ་པའི་རྣམ་ཐར་མཆོག་གིས་ཀུན་འཚོ་ཤོག།

གང་ཐུགས་ནང་གསལ་ཆོས་སྐུའི་གཞི་དབྱིངས་ལས།།

ཕྱིར་གསལ་ཁ་སྦྱོར་བདུན་ལྡན་བདག་ཉིད་ཆེས།།

གང་འདུལ་སྤྲུལ་པའི་འཕྲིན་ལས་གསར་པ་ཡིས།

སླར་ཡང་ཞིང་འདིའི་རྒུད་པ་རྟག་སོལ་ཅིག།

དཔལ་ལྡན་པདྨ་དགྱེས་པའི་ས་སྤྱོད་ཞིང་།།

ངོ་མཚར་ཡུལ་ཆེན་མཁས་གྲུབ་བྱེ་བའི་གནས།།

ངེས་དོན་བྱང་ཆུབ་ཆོས་ཀྱི་གླིང་མཆོག་གི།

བསྟན་པ་མཐའ་རྒྱས་སྲིད་མཐར་བརྟན་གྱུར་ཅིག།

ཅེས་རིས་མེད་རྒྱལ་བའི་བསྟན་ལ་ལྷག་བློ་མི་དམན་ཞིང་། དྭངས་གཙང་བསྟན་པའི་བྱི་དོར་ལ་མཆོག་ཏུ་འདུན་པ། དུས་མཐའི་ཆོས་སྨྲ་བའི་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་པདྨ་སྐལ་བཟང་དེས་མདོ་ཁམས་རྫོགས་ཆེན་གདན་སའི་ཡང་རྫོང་པདྨའི་བྲག་ཤེལ་དཀར་ལྷུན་པོའི་མདུན་ཐང་ནས་སྐྱབས་རྗེ་དམ་པ་གང་དེའི་དགོངས་རྫོགས་མཆོད་འབུལ་སྐབས་ཤར་འབྲི་བྱས་པའོ།།

ཡང་སྲིད་མྱུར་འབྱོན་གྱི་གསོལ་འདེབས་དད་གསུམ་གསེར་གྱི་ཤིང་རྟ།

རབ་འབྱམས་རྒྱལ་བའི་གསང་གསུམ་གཅིག་བསྡུས་དཔྱིད།།

སྙིགས་དུས་བསྟན་འགྲོའི་མགོན་དུ་ཡོངས་ཤར་བ།།

མཉམ་མེད་བླ་མ་དྲིན་ལྡན་ཆོས་ཀྱི་རྗེས།།

བརྩེ་ཆེན་ཐུགས་རྗེས་སླར་ཡང་ཉེར་དགོངས་ཤིག།

ཤིན་ཏུ་ཟབ་ཞི་སྤྲོས་པ་བྲལ་བའི་ཀློང་།།

ཐོག་མཐའ་དབུས་མེད་ཆོས་ཉིད་མཉམ་པའི་དབྱིངས།།

འཕོ་མེད་རྒྱལ་བའི་དགོངས་པར་རོ་གཅིག་པའི།།

ཁྱོད་ཐུགས་ཡེ་ཤེས་ཆེན་པོས་རྟག་ཏུ་སྐྱོངས།།

འདི་ན་ལས་ཉོན་དྲག་པོས་ཡིད་དབྱུང་བའི།།

ངལ་བརྒྱས་དུབ་གྱུར་ཉམ་ཐག་སློབ་འབངས་ཚོགས།།

འབྲལ་མེད་བརྩེ་བས་རྟག་ཏུ་མི་བསྐྱང་བར།།

ཁྱེད་སྐུ་མྱ་ངན་འདའ་བ་ཅང་བདེན་ནམ།།

གང་ཁྱོད་དམ་པའི་མགོན་གྱིས་རྗེས་བཟུང་པའི།།

བཤེས་མེད་ལམ་སྟོར་གཡང་སར་འཕྱན་པ་དག།

གསུང་གི་བདུད་རྩིས་རྟག་ཏུ་བསྐྱང་མིན་པར།།

ཆོས་ཁྲི་སྟོངས་ལ་གྱུར་འདི་ཀྱེ་མ་ཧུད།།

རིས་བྲལ་རྒྱལ་བསྟན་ཀེ་ལ་ཤ་ཡི་སྤོར།།

ཟླ་བྲལ་སྨྲ་བའི་དབང་ཕྱུག་གདོང་ལྔ་པ།།

ཁྱོད་གཅིག་མི་འཇིགས་ཁྲི་ལ་བརྟན་མིན་པའི།།

མི་སྙན་སྒྲ་ཡིས་བདག་ཡིད་བློང་པོར་བྱས།།

མགོན་ཁྱོད་ཐོག་མེད་དུས་ནས་དམ་བཅས་པའི།།

བརྩེ་ཆེན་ཐུགས་རྗེའི་གཡར་དམ་བརྟན་གྱུར་ན།།

བདག་སོགས་གདུལ་བྱའི་ལྷག་མ་ཡོངས་བོར་ཏེ།།

དཔའ་ཁྱོད་ཞི་བར་མནལ་བ་བཟོད་ལགས་སམ།།

གྱི་ནས་སྲོག་འཚོ་དམན་པའི་སར་གནས་ཀྱང་།།

མཁས་པའི་རྩལ་རྫོགས་དམ་པའི་ཡོན་ཏན་ལྡན།།

རྒྱལ་བསྟན་ས་ཆེན་དཔུང་པས་འདེགས་པའི་སྟོབས།།

བདག་གིར་བཞེས་ཁྱོད་འཛམ་གླིང་མཛེས་པའི་རྒྱན།།

གང་གི་གསལ་སྣང་བརྟན་པོའི་ཏིང་འཛིན་མཐུ།།

རིག་འཛིན་སྙིང་པོའི་བཟླས་པས་ཉེར་བསྐུལ་བས།།

སྙིང་དབུས་མི་ཤིགས་དྭངས་མའི་ངོ་བོ་རུ།།

ནཱ་དའི་སྲོག་གི་སྙིང་པོར་རྟག་ཏུ་བཞུགས།།

མཐའ་ཡས་བརྒལ་དཀའ་ཤེས་བྱ་རྒྱ་མཚོའི་ཁྱོན།།

ཕ་མཐའ་མི་མངོན་ལོག་པར་འཕྱན་གྱུར་ན།།

ཁྱོད་གསུང་རྡོ་རྗེ་རྣོན་པོའི་རལ་གྲིའི་མཐུས།།

ཆོས་རབ་རྣམ་འབྱེད་སྣང་བའི་ཤེས་རབ་སྩོལ།།

སྲིད་འབྱོར་ལྷ་མིའི་འདོད་ཡོན་འབུམ་ཕྲག་གིས།།

མཚོན་པ་མིན་པའི་སྒྲུབ་པའི་མཎྜལ་ལ།།

རྩེ་གཅིག་གཞོལ་བའི་ཆོ་ག་ཉེར་འགོད་ན།།

མི་འབྲལ་རྗེས་བརྩེས་རྟག་ཏུ་བསྐྱང་བར་མཛོད།།

འཛེར་བཅས་གདུང་བའི་དབྱངས་ཀྱི་ང་རོ་བཅས།།

སྒོ་གསུམ་རབ་གུས་སྙིམ་པའི་གའུ་ཆུང་།།

སྤྱི་བོར་འགོད་པའི་བརྟུལ་ཞུགས་ལ་གནས་ན།།

དགོངས་བརྒྱུད་རྟོགས་པའི་ཕ་ཕོགས་དེང་སྩོལ་ཅིག།

ཁྱེད་ཐུགས་དགོངས་པའི་ཡེ་ཤེས་ཀློང་ཡངས་པར།།

མཁྱེན་རབ་ནོར་བུའི་ཉི་མ་སྟོང་འབར་བའི།།

མི་ཟད་སྤོབས་པའི་གཏེར་དང་རྣམ་དཔྱོད་གཟིས།།

བདག་བློའི་གཏི་མུག་མུན་ཚོགས་གཏན་འཇོམས་ཤོག།

བདག་ཅག་དེང་ནས་སྐྱེ་བའི་རབས་ཀུན་ཏུ།།

གང་ཁྱོད་དམ་པའི་མགོན་གྱིས་རྗེས་བཟུང་ཞིང་།།

མཁས་བཙུན་བཟང་པོའི་དཔལ་གྱིས་ལེགས་མཛེས་པའི།།

རྣམ་ཐར་མཆོག་གི་རྗེས་སུ་རྟག་འགྲོ་ཤོག།

ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ།།

ཟབ་དོན་རྫོགས་ཆེན་བརྒྱུད་པའི་མེས་པོའི་སྲོལ།།

གྲགས་པའི་མུ་ཁྱུད་གླིང་བཞིའི་མཐར་བསྙེགས་པའི།།

དགེ་མཚན་སྣང་བ་དཀར་པོས་རྟག་ཁྱབ་ཤོག།

ཅེས་པ་འདི་མཁན་ཆེན་ཟླ་བའི་འོད་ཟེར་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་གསོལ་དགོངས་ནང་རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས་པའོ།།

མྱུར་འབྱོན་གསོལ་འདེབས་བདེན་ཚིག་སྒྲ་དབྱངས།

རབ་འབྱམས་རྒྱལ་ཀུན་འདུས་པའི་དཀྱིལ་འཁོར་གཙོ།།

མི་ཤིགས་རྟགས་ཀྱི་ཕྱག་རྒྱ་ཧེ་རུ་ཀར།།

ཡོངས་ཤར་དཔལ་མགོན་རིག་འཛིན་བླ་མ་ཡིས།།

དེང་འདིར་སྨོན་ལམ་འགྲུབ་པའི་བདེན་མཐུ་སྩོལ།།

གཞི་དབྱིངས་སྤྲོས་པའི་མཚན་མ་ཀུན་བྲལ་བའི།།

གཞི་སྣང་དག་ཆེན་རོལ་གར་ངོ་མཚར་འཕྲུལ།།

སླར་ཡང་ཞིང་འདིའི་གདུལ་བྱའི་དཔལ་མགོན་དུ།།

མ་ཐོགས་མྱུར་དུ་འབྱོན་པར་གསོལ་བ་འདེབས།།

གསང་གསུམ་མཚན་དཔེས་བརྒྱན་པའི་ཡིད་བཞིན་དབང་།།

སྐྱེས་སྦྱང་མཁྱེན་རབ་གཟི་འོད་སྟོང་འབར་ཞིང་།།

མཐའ་ཡས་འཕྲིན་ལས་དགོས་འདོད་རྟག་འཇོ་བས།།

བསྟན་འགྲོའི་རྒུད་མུན་སྲིད་པའི་མཐར་སྐྲོད་ཤོག།

རྣམ་དག་ཚུལ་ཁྲིམས་རབ་གཙང་ས་གཞི་ཆེར།།

མི་གཡོ་ཏིང་འཛིན་དམ་པའི་རྩ་བ་བརྟན།།

ཐོས་བསམ་བསྒོམ་པའི་ཤེས་རབ་འབྲས་སྨིན་པ།།

ཡོངས་འདུས་དཔག་བསམ་ལྗོན་པ་ཉམས་མེད་ཤོག།

མི་མཐུན་བདུད་ཀྱི་ཕྱོགས་ལས་རྣམ་རྒྱལ་ཞིང་།།

བར་ཆད་རྐྱེན་གྱི་རླུང་དམར་རིང་དུ་ཟློག།

གཡུལ་རྒྱལ་ལྷ་ཡི་བ་དན་རྟག་བསྒྲེང་བའི།།

གཏམ་གྱིས་གླིང་འདིའི་རྣ་བ་མཛེས་བྱེད་ཤོག།

དམ་པའི་རྣམ་ཐར་ཇི་བཞིན་ངང་གིས་འཛིན།།

བསྟན་པའི་སྲོག་བཟུང་བསླབ་ལ་གཅིག་ཏུ་འདུན།།

ཚུལ་དགུའི་ཡོན་ཏན་ལྷན་སྐྱེས་མཚུངས་མེད་པས།།

རྫོགས་ལྡན་གསར་པའི་དཔལ་ཡོན་འདྲེན་གྱུར་ཅིག།

སྨོན་ལམ་ལོག་པའི་དབྱེན་སྦྱོར་བདུད་རིགས་གཙོ།།

རིག་སྔགས་འཛིན་རློམ་ཕྲ་མེན་ལོག་ལམ་མཁན།།

སྒྱུ་ཡིས་རྟག་འཚོ་བླ་དཔོན་ངན་པ་ཡི།།

བསམ་སྦྱོར་ངན་པའི་དབང་དུ་མ་གྱུར་ཅིག།

གཏད་མེད་རིག་པའི་བུ་ཆུང་རྩེད་འཇོ་མཁན།།

གཡུ་སྦྲང་གསེར་གྱི་གཤོག་ལྡན་འཕུར་ལྡིང་ཅན།།

ཟླ་འབྲུའི་ཀླུང་དུ་མ་འདུས་ཟླུམ་འཁྱིལ་མཚོའི།།

རབ་མཛེས་པདྨའི་ཟིལ་མངར་གཞིབ་ལ་སྤྱོན།།

རྩ་གསུམ་ལྷ་དང་སྲུང་མའི་བདེན་མཐུ་དང་།།

ཆོས་ཉིད་ཆོས་ཅན་བསླུ་མེད་བདེན་པའི་སྟོབས།།

བདག་ཅག་མོས་དགེ་རྣམ་པར་དག་པ་ཡིས།།

སྨོན་དོན་ཇི་བཞིན་འགྲུབ་པའི་བཀྲ་ཤིས་ཤོག།

ཅེས་རབ་གནས་ཆུ་རྟ་ཧོར་ཟླ་ཚེས་ལ་སྔ་འགྱུར་བསྟན་པའི་མཛེས་རྒྱན་མཆོག་སྤྲུལ་ཐུབ་བསྟན་རྒྱ་མཚོ་རིན་པོ་ཆེ་ཞི་བར་གཟིམས་པའི་དགོངས་པ་ཆོས་དབྱིངས་ལས་བཞེངས་བར་བསྐུལ་པའི་གདུང་སྐྲོག་སྐབས་སྟག་མོ་ཐད་དུ་འགྱིང་བའི་ས་དབྱིབས་ཀྱིས་མཛེས་པའི་ཇ་ཆུ་དགོན་ནས་རྫོགས་ཆེན་པདྨ་སྐལ་བཟང་དེས་སུག་བྲིས་བགྱིས་སོ།།

ཡིག་དྲུག་བཟླས་བསྐུལ་གྱི་བསྐྱེད་ཆོག་ཁྱེར་བདེ་བཞུགས།

སངས་རྒྱས་ཆོས་དང་སོགས་དང་། སེམས་ཅན་ཐམས་ཅད་སོགས་སྐྱབས་སེམས་སྔོན་དུ་འགྲོ་བས། ཨོཾ་སྭཱ་བྷ་ཝ་སོགས་མཐར།

ཧྲཱིཿ སྟོང་པའི་ངང་ལས་རང་སྣང་རྣམ་དག་པ།།

ངོ་མཚར་བདེ་བ་ཆེན་པོའི་ཞིང་ཁམས་དབུས།།

མདུན་མཁར་པད་དཀར་ཟླ་བའི་གདན་གྱི་སྟེང་།།

འཕགས་མཆོག་འཇིག་རྟེན་དབང་ཕྱུག་སྟོན་ཟླའི་མདོག།

ཞལ་གཅིག་ཕྱག་བཞི་ཞབས་གཉིས་སྐྱིལ་ཀྲུང་བཞུགས།།

རྩ་བའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར།།

འོག་མའི་ཕྱག་གཡས་ཤེལ་དཀར་བགྲང་ཕྲེང་དང་།།

གཡོན་པས་འདབ་དྲུག་པདྨ་དཀར་པོ་བསྣམ།།

སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་མཛེས།།

དབུ་གཙུག་རིགས་བདག་འོད་དཔག་མེད་པས་མཚན།།

མཆོག་གསུམ་རྩ་གསུམ་ཀུན་འདུས་ཐུགས་རྗེའི་ལྷ།།

མ་ལུས་རྒྱལ་ཀུན་འདུས་པའི་ངོ་བོར་གསལ།།

ཕ་མས་གཙོ་བྱས་བདག་སོགས་སེམས་ཅན་གྱིས།།

རྡུལ་སྙེད་ལུས་ཀྱིས་གུས་པས་ཕྱག་འཚལ་ཞིང་།།

དངོས་འབྱོར་ཡིད་ལས་བྱུང་བའི་མཆོད་པ་འབུལ།།

ཐོག་མེད་ནས་བསགས་སྡིག་ལྟུང་མཐོལ་ཞིང་བཤགས།།

ཟག་བཅས་ཟག་མེད་དགེ་ལ་རྗེས་ཡི་རང་།།

ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ།།

མྱ་ངན་མི་འདའ་རྟག་ཏུ་བཞུགས་པར་གསོལ།།

དགེ་ཚོགས་བྱང་ཆེན་རྒྱ་མཚོར་ཡོངས་བསྔོས་ཏེ།།

ཐལ་སྦྱར་སྙིང་ཁར་ཟུམ་པའི་བརྟུལ་ཞུགས་ཀྱིས།།

རིག་སྔགས་མགྲིན་པའི་དབྱངས་ལ་ཉེར་བཀོད་ནས།།

རྩེ་གཅིག་དད་པས་ཁྱེད་ལ་གསོལ་འདེབས་ན།།

ཐུགས་རྗེའི་སྤྱན་གྱིས་མགོན་མེད་འགྲོ་ལ་གཟིགས།།

ཉམ་ཐག་བདག་སོགས་འཁོར་བའི་དུཿཁ་ལས།།

དྲངས་ཏེ་འཕགས་མཆོག་སྙིང་རྗེའི་གཏེར་ཆེན་པོའི།།

དགོངས་ཀློང་མི་ཟད་ཆོས་དབྱིངས་མཉམ་པ་ཆེར།།

རོ་གཅིག་དབྱེར་མི་ཕྱེད་པའི་མཆོག་སྩོལ་ཅིག

ཨོཾ། ལྷ་ཡི་ཐུབ་པ་སྐུ་མདོག་དཀར།།

འཆི་འཕོ་ལྟུང་བའི་སྡུག་བསྔལ་སྦྱོང་།།

མ། མི་ཡི་ཐུབ་པ་གསེར་མདོག་ཅན།།

སྐྱེ་རྒ་ན་འཆིའི་རྒུད་པ་སོལ།།

ཎི། ལྷ་མིན་ཐུབ་པ་སྐུ་མདོག་ལྗང་།།

ཕྲག་དོག་གདུག་རྩུབ་ཞི་བར་མཛོད།།

པད། བྱོལ་སོང་ཐུབ་པ་སྐུ་མདོག་མཐིང་།།

རྨོངས་པའི་སྡུག་བསྔལ་རྩད་ནས་གཞོམས།།

མེ། ཡི་དྭགས་ཐུབ་པ་སྐུ་མདོག་དམར།།

བཀྲེས་སྐོམ་དབུལ་བའི་སྡུག་བསྔལ་སོལ།།

ཧཱུྃ། དམྱལ་བའི་ཐུབ་པ་སྐུ་མདོག་ནག།

ཚ་གྲང་སྡུག་བསྔལ་འཇོམས་པར་མཛོད།།

ཧྲཱིཿ ཀུན་འདུས་འཕགས་མཆོག་སྤྱན་རས་གཟིགས།།

བརྩེ་ཆེན་ཐུགས་རྗེའི་བདག་ཉིད་ཆེས།།

འགྲོ་དྲུག་སྡུག་བསྔལ་སྦྱང་དུ་གསོལ།།

འཁོར་བ་དོང་ནས་སྤྲུག་ཏུ་གསོལ།།

ཞེས་དམིགས་གནད་དང་མ་བྲལ་ཞིང་སྙིང་རྗེའི་ངང་ནས་ཡིག་དྲུག་དབྱངས་སུ་ལེན་ཅིང་། མཚམས་སུ་བཟླས་བསྐུལ་གྱེར་འདོན་བྱ། ཐུན་མཐར།

ཀྱེ་མ་ཀྱེ་ཧུད་རྒྱལ་སྲས་ཐུགས་རྗེ་ཅན།།

རྒྱལ་ཀུན་སྙིང་རྗེའི་རང་གཟུགས་མིག་མི་འཛུམ།།

ཁྱེད་སྐུ་ཡིད་ལ་གོམས་པའི་མངོན་རྟོགས་དང་།།

རིག་སྔགས་དབྱངས་ལ་གྱེར་བའི་ན་དཱའི་སྒྲ།།

མི་ཤིགས་ཐུགས་ཀྱི་རྡོ་རྗེར་རྟག་གཞོལ་བའི།།

ཆོ་ག་མཆོག་ལ་རྟག་ཏུ་བརྩོན་བྱས་པས།།

འདི་ནས་ཚེ་འཕོས་དག་པའི་ཞིང་ཁམས་ཆེར།།

པདྨའི་སྙིང་པོར་བརྫུས་ཏེ་སྐྱེས་ནས་ཀྱང་།།

གང་ཞལ་མཇལ་བའི་དགའ་སྟོན་མྱོང་བ་དང་།།

གསུང་གི་བདུད་རྩི་དམ་པར་རྟག་རོལ་ནས།།

སྟོབས་བཅུ་རྫོགས་པའི་མཆོག་ཏུ་སངས་རྒྱས་ཤོག།

ཡེ་ཤེས་རྒྱ་མཚོའི་ཕ་མཐར་རབ་སོན་པས།།

རྨོངས་ཆེན་མུན་པའི་གདོན་གྱིས་རྟག་གཟིར་བའི།།

འགྲོ་ཀུན་ཕན་བདེའི་དཔལ་ལ་འགོད་པ་ཡི།།

ཞུམ་མེད་སྙེམ་པ་བྲལ་བའི་སྨོན་ལམ་མཐུ།།

ཁྱེད་ཀྱི་རྣམ་ཐར་བཟང་པོའི་རྗེས་འགྲོ་ཤོག།

དྲི་མེད་སྟོན་ཟླ་དཀར་པོའི་མདངས་འཛིན་འཕགས་མཆོག་མགོན་པོ་སྤྱན་རས་གཟིགས།།

དགྱེས་འཛུམ་པད་དཀར་གྲོལ་བའི་སྤྱན་ཟུང་བདག་ལ་གཡོ་བའི་ངང་ཚུལ་གྱིས།།

སྐད་ཅིག་དབྱེར་མེད་རང་ལ་ཐིམ་སྟེ་སྙིང་དབུས་པད་མཚོར་རྟག་རོལ་བས།།

རང་བྱུང་འཕགས་པའི་གསང་གསུམ་དབྱེར་མེད་མ་བཅོས་རིག་སྟོང་རྗེན་པར་ཨཱཿ

ཞེས་མཉམ་པར་བཞག་པའི་རྗེས་ལ། དགེ་བ་འདི་ཡིས་མྱུར་དུ་བདག སྤྱན་རས་གཟིགས་དབང་འགྲུབ་གྱུར་ནས་སོགས་དང་། སྤྱན་རས་གཟིགས་དབང་ཁྱེད་སྐུ་ཅི་འདྲ་སོགས་དང་། གང་གིས་བདག་ལས་ལེགས་བཤད་ཐོས་པའམ།། མཐོང་ཐོས་དྲན་རེག་གཏམ་གྱིས་འབྲེལ་པ་ཚུན།། མཚམས་མེད་ལས་བྱང་ངན་སོང་སྒོ་ཁེགས་ནས།། ཞིང་མཆོག་པོ་ཏ་ལ་རུ་སྐྱེ་བར་ཤོག་སོགས་བསྔོ་སྨོན་ཅི་རིགས་པས་མཐའ་བརྒྱན་པར་བྱའོ།།

ཞེས་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་ནས་ཞིང་མཆོད་ཆེན་མོ་དང་འབྲེལ་བའི་ས་བྱི་ལོའི་ཞིང་ཁྲིད་སྐབས་ཀྱི་ཉེར་མཁོར། པདྨ་སྐལ་བཟང་གིས་ཐུན་བར་ཞིག་ལ་བྲིས་པ་དགེ།།

ཡིག་དྲུག་བཟླ་བསྐུལ།

ད་རེས་སྔར་བསགས་བསོད་ནམས་བྱེ་བའི་མཐུས།།

ཆོས་ལྡན་ལྷ་བས་ལྷག་པའི་ལུས་ཐོབ་ཀྱང་།།

རྟེན་འདི་ཕྱི་ནས་ཡང་ཡང་ཐོབ་དཀའ་བས།།

དལ་འབྱོར་རྙེད་དཀར་བསམ་ནས་ཡིག་དྲུག་སྒྲོངས།།

ཚེ་འདི་མི་རྟག་ནམ་མཁའི་གློག་དང་འདྲ།།

ནོར་ནི་མི་རྟག་རྩྭ་ཁའི་ཟིལ་བར་མཚུངས།།

འཆི་བདག་ཞགས་པ་ནམ་ཐེབས་མི་ཤེས་པས།།

མི་རྟག་འཆི་བ་དྲན་ནས་ཡིག་དྲུག་སྒྲོངས།།

ཚེ་འདིར་བསྐྱངས་བའི་དྲིན་ཆེན་ཕ་མ་དང་།།

ལས་ཀྱིས་འབྲེལ་བའི་སྤུན་སྲིང་བུ་ཚ་སོགས།།

ཤི་ནས་ངན་འགྲོར་སྐྱེས་པའི་སེམས་ཅན་གྱི།།

ངན་སོང་སྡུག་བསྔལ་དྲན་ནས་ཡིག་དྲུག་སྒྲོངས།།

དགེ་བས་མཐོ་རིས་ཐར་བར་བགྲོད་བྱེད་ཅིང་།།

སྡིག་པའི་ལས་ཀྱིས་ངན་སོང་ངན་འགྲོར་འཁྱམས།།

དཀར་ནག་དགེ་སྡིག་ལས་འབྲས་བསླུ་བ་མེད།།

རྒྱུ་འབྲས་བསླུ་མེད་བསམ་ནས་ཡིག་དྲུག་སྒྲོངས།།

པདྨ་སྐལ་བཟང་གིས་བྲིས།

ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོའི་སྒྲུབ་ཐབས་རྒྱུན་ཁྱེར་ཉུང་བསྡུས་ཤེས་རབ་མཆོག་སྦྱིན།

རྒྱལ་ཀུན་མཁྱེན་པའི་རང་གཟུགས་ལྷག་པའི་ལྷ།།

ཡེ་ཤེས་སྐུ་ཅན་འཕགས་མཆོག་འཇམ་དཔལ་དབྱངས།།

སྙིང་དབུས་མི་ཤིགས་དྭངས་མའི་ཐིག་ལེ་རུ།།

འཕོ་མེད་མཉམ་ཉིད་བཞུགས་ལ་གསོལ་བ་འདེབས།།

ཡུན་རིང་སྙིང་ལ་ཉལ་བ་ཡི།།

རྨོངས་པའི་དགྲ་ཆེན་གཞོམ་འདོད་པས།།

མཁྱེན་རབ་ནང་གི་ཉི་མ་ཆེ།།

ལྷ་མཆོག་འཇམ་དཔལ་དཔའ་བོ་བསྙེན།།

ན་མོ་མཉྫུ་ཤྲཱི་ཡེ།

བདག་དང་མཁའ་མཉམ་ཡིད་ཅན་འགྲོ་བའི་ཚོགས།།

མཆོག་གསུམ་ངོ་བོ་འཇམ་དཔལ་དོན་གྱི་ལྷར།།

གུས་པས་སྐྱབས་མཆི་མཐའ་མེད་འཁོར་བ་ལས།།

མ་ལུས་འགྲོ་ཀུན་སྒྲོལ་བར་སེམས་བསྐྱེད་དོ།།

ཨཱཿ སྣང་སྟོང་སྐྱེ་མེད་སྒྱུ་འཕྲུལ་དྲྭ་བའི་སྤྲིན།།

འགག་མེད་རང་ཤར་ལྷུན་གྲུབ་འབྱམས་ཀླས་པའི།།

མདུན་མཁར་དྷཱིཿཡིག་དམར་སེར་ཡོངས་གྱུར་ལས།།

མཁྱེན་རབ་ཡེ་ཤེས་སྐུ་ཅན་ལྷག་པའི་ལྷ།།

རྒྱལ་ཀུན་གསུང་གི་དབང་ཕྱུག་འཇམ་པའི་དབྱངས།།

གུར་གུམ་གསར་པའི་མདངས་འཛིན་གཞོན་ཚུལ་མཛེས།།

མཐོན་མཐིང་དབུ་སྐྲ་ཟུར་ཕུད་ལྔ་ལྡན་འཁྱིལ།།

ཨུཏྤལ་སྔོན་པོའི་ཐོད་ཀྱིས་སྙན་གོང་བརྒྱན།།

ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་གདེངས།།

གཡོན་པས་ཨུཏྤལ་སྡོང་བུར་པོ་སྟི་བསྣམས།།

ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས།།

སྣ་ཚོགས་དར་དང་རིན་ཆེན་རྒྱན་དག་གིས།།

ཀུན་ནས་སྤྲས་ཤིང་འོད་སྟོང་འཕྲོ་བ་ཡི།།

གནས་གསུམ་འབྲུ་གསུམ་ཐུགས་དབུས་པད་ཟླའི་སྟེང་།།

དམར་སེར་དྷཱིཿཡིག་འབར་བའི་འོད་ཟེར་གྱིས།།

མ་ལུས་ཕྱོགས་དུས་སྤྲུལ་པའི་ཞིང་ཀུན་ནས།།

མཁའ་ཁྱབ་ཡེ་ཤེས་རྡོ་རྗེ་འཇམ་པའི་དཔལ།།

འཁོར་དང་བཅས་པ་སྤྱན་དྲངས་གཉིས་མེད་བསྟིམ།།

ཨོཾ། མ་ཆགས་བདེ་ཆེན་སྟོང་པའི་རང་རྩལ་ལས།།

གང་ཤར་རོལ་བ་སྣ་ཚོགས་མཆོད་པའི་སྤྲིན།།

དཔག་ཡས་ནམ་མཁའ་གང་བར་ཡོངས་འབུལ་ན།།

བརྩེ་ཆེན་ཐུགས་རྗེས་དགོངས་ཕྱིར་བཞེས་སུ་གསོལ།།

ཨོཾ་ཨཱརྱ་མཉྫུ་ཤྲཱི་ས་པ་རི་སོགས།

རྒྱལ་ཀུན་གསུང་གི་རྡོ་རྗེ་མདའ་རྣོན་འཆང་།།

མཁྱེན་རབ་ཡེ་ཤེས་མེ་ལོང་འོད་ཆེན་ལྡན།།

མཁའ་ལྟར་མཉམ་ཉིད་མཆོག་གི་སྐུ་མངའ་བ།།

བཅོམ་ལྡན་སྨྲ་བའི་རྒྱལ་པོ་ཁྱེད་ལ་བསྟོད།།

སླར་ཡང་ཡི་གེ་བདུན་པའི་སྔགས་ཕྲེང་གིས།།

བསྐོར་བའི་ཐུགས་སྲོག་དྷཱིཿལས་འོད་འཕྲོས་ཏེ།།

བདག་སོགས་སྙིང་ཁར་ཐིམ་པས་རྨོངས་པའི་མུན།།

གཅིག་ཆར་གཞོམ་པའི་སྣང་བ་རབ་རྒྱས་པའི།།

ཏིང་འཛིན་གཡོ་མེད་སྔགས་ཀྱི་བྱེད་པ་ལས།།

སྣང་སྟོང་སྐུ་དང་གསལ་སྟོང་གསུང་རྡོ་རྗེ།།

བདེ་སྟོང་ཐུགས་ཀྱི་ངོ་བོར་ཉེར་འགྲུབ་ནས།།

རིག་སྟོང་ཡེ་ཤེས་རྡོ་རྗེ་འཇམ་པའི་དབྱངས།།

སྲས་བཅས་རྒྱལ་བའི་ཐུགས་དང་གཉིས་མེད་པའི།།

རང་བྱུང་ཡེ་ཤེས་ཆེན་པོར་རོ་གཅིག་གྱུར།།

ཨོཾ་ཨ་ར་པ་ཙ་ན་དྷཱིཿ

རིག་སྔགས་རྒྱལ་པོ་འབྲུ་བདུན་པ།།

ཏིང་འཛིན་གསང་བའི་མན་ངག་དང་།།

གཟེར་བཞིའི་གནད་བསྟུན་མང་བཟླས་མཐར།།

ཤེས་རབ་བློ་འཕེལ་གཟུངས་ཡང་བགྲང་།།

ན་མོ་མཉྫུ་ཤྲཱི་ཡེ་ཀུ་མཱ་ར་བྷཱུ་ཏཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ར་ཛེ། བི་ར་ཛེ། ཤུདྷེ་བི་ཤུདྷེ། ཤོ་དྷ་ནི་བི་ཤོ་དྷ་ནི། ཤོ་དྷ་ཡ་བི་ཤོ་དྷ་ཡ། ཨ་མ་ལེ། བི་མ་ལེ། ཛ་ཡ་བ་ཏི་རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་སྭཱ་ཧཱ།

ཡང་སྙིང་ཐིག་ལེ་ཉག་གཅིག་སྒོ།།

ཡིག་འབྲུ་གཅིག་པ་འཇམ་དབྱངས་སྒྲ།།

སྐྱེ་མེད་རྡོ་རྗེའི་བཟླས་པ་ཡིས།།

མཆོག་ཐུན་ལས་ཀྱི་ལྡེ་ཁ་བསྒྱུར།།

དྷཱིཿདྷཱིཿདྷཱིཿགྲངས་མང་བསགས།

མཐར་ནི་སྣང་སྲིད་འཁོར་འདས་ཀུན།།

དམར་སེར་འོད་ཀྱི་ཕུང་པོར་འཁྱིལ།།

གསང་གསུམ་འཇམ་དཔལ་དཔའ་བོ་ཡི།།

རིག་སྟོང་གཉུག་མའི་རང་ཞལ་བལྟ།།

བསྐྱེད་རིམ་ལམ་གྱི་གསལ་སྣང་ཏིང་འཛིན་ལྷ།།

གནས་ལུགས་གཞི་ཡི་ངོ་བོར་ཡེ་རྫོགས་པས།།

ཆོས་དབྱིངས་སྒྱུ་མ་མཐར་ཐུག་འབྲས་བུའི་ལྷར།།

ཡེ་དག་མཉམ་པ་ཆེན་པོར་རོ་གཅིག་ཨ།།

ཨེ་མ་ཆོས་ཀུན་སྟོང་ཞིང་སྤྲོས་པ་བྲལ།།

མ་འགག་རྟེན་འབྲེལ་རོལ་རྩལ་ཅིར་ཡང་སྣང་།།

བདེན་གཉིས་དབྱེར་མེད་ཟུང་འཇུག་འཇམ་པའི་ལྷས།།

དགྱེས་བཞིན་རྗེས་སུ་བཟུང་བའི་སྐབས་ཕྱེས་ཤིག།

བདག་བློ་རྩེ་གཅིག་ཁྱེད་ལ་ཕྱོགས་གྱུར་ཅིང་།།

གཡོ་མེད་གུས་པས་འདུད་པའི་བརྟུལ་ཞུགས་བཅས།།

ཟུམ་པའི་ཐལ་མོ་སྙིང་གར་ཉེར་བཀོད་ན།།

རྣམ་གཉིས་དངོས་གྲུབ་དམ་པའི་མཆོག་སྩོལ་ཅིག།

རབ་གསལ་ཡིད་ཀྱི་མེ་ལོང་དྭངས་པའི་ངོས།།

མཚན་དཔེའི་གཟུགས་བརྙན་རི་མོ་སྟོང་འབར་བ།།

ཏིང་འཛིན་པིར་གྱིས་བྲིས་པའི་སྣང་སྟོང་སྐུ།།

གསལ་སྣང་ཚད་དུ་ཕྱིན་པའི་མཐུ་བརྟས་ཤོག།

འབྱུང་འཇུག་གཡོ་བའི་རླུང་སྔགས་རྡོ་རྗེའི་སྒྲ།།

འཕོ་བྲལ་བདེ་ཆེན་གདངས་སུ་གནས་གྱུར་པར།།

ཤེས་རབ་དྷཱིཿཡིག་འབར་བའི་སྲོག་ཞུགས་ནས།།

རྣོ་མྱུར་མཚུངས་མེད་སྨྲ་བའི་ལྗགས་ཐོབ་ཤོག།

སྤྲིན་བྲལ་ཟླ་བ་སྟོང་གི་མཛེས་པའི་ཆ།།

གཅིག་ཏུ་བསྡམས་འདྲའི་ངག་དབང་དབྱངས་ཅན་ལྷ།།

བདེ་ཆེན་དགའ་བཞིའི་རོལ་མོར་རྟག་འགྲོགས་པས།།

མི་ཟད་སྙན་ངག་སྨྲ་བའི་ནུས་བྱིན་སྩོལ།།

སྙིང་ལ་འཇམ་དཔལ་དཔའ་བོའི་མཐུ་ཐོབ་པས།།

ཕས་རྒོལ་དྲེགས་པས་བསྒྱིངས་པའི་ལོག་སྨྲ་ཀུན།།

བདེན་ཚིག་རྡོ་རྗེའི་ཐོག་མདས་སྤ་བཀོང་བའི།།

འཇིགས་བྲལ་སྤོབས་པའི་རུ་མཚོན་བདག་ལ་སྩོལ།།

ཐོག་མེད་སྲིད་པའི་སྨག་དང་འགྲོགས་པ་ལས།།

ཡང་དག་ལྟ་བའི་དམིགས་རྣམ་ལོག་པ་ཡི།།

ཐར་ལམ་གཞན་དུ་རེ་བའི་དམུས་ལོང་འགྲོ།།

རྒྱལ་བའི་ཉེ་ལམ་མཆོག་ལ་བཀྲི་ནུས་ཤོག།

འདིར་སྣང་སོ་ཚིས་སྒྱུ་མའི་རྩེད་འཇོ་ལ།།

གཡེངས་བ་མེད་པའི་ཆོས་ཉིད་རང་བབ་བློས།།

འཇམ་དཔལ་གདོད་མའི་གཞི་ཀློང་རྫོགས་པ་ཆེར།།

རང་བཞག་ཆོས་སྐུའི་གཏན་སྲིད་ཟིན་པར་ཤོག།

དགེ་བ་འདི་ཡིས་མཐའ་ཡས་འགྲོ་ཚོགས་ཀྱིས།།

ཡང་དག་བདེ་གཤེགས་ཤེས་རབ་ཐོབ་གྱུར་ནས།།

སྒྲིབ་གཉིས་མུན་པ་དྲུང་ནས་འབྱིན་བྱས་ཏེ།།

ནང་གི་ཉི་མ་སྙིང་ལ་ཤར་གྱུར་ཅིག།

མི་ཟད་གཟུངས་སྤོབས་བློ་གྲོས་ནོར་བུའི་མཛོད།།

སྙན་འཇེབས་ངག་གི་དཔལ་དང་རྣམ་དཔྱོད་གཏེར།།

མ་ལུས་རབ་འབྱམས་ཕྲིན་ལས་ཀུན་འགྲུབ་སྟེ།།

རང་རིག་འཇམ་དཔལ་དཔའ་བོ་མྱུར་འགྲུབ་ཤོག།

སྐྱེ་བ་སྐྱེ་བ་རྣམས་སུ་དམ་ཆོས་འཛིན།།

ཚེ་རབས་ཚེ་རབས་ཀུན་ཏུ་གཞན་ཕན་སྤྱོད།།

འཇམ་པའི་དཔལ་དང་ངག་དབང་དབྱངས་ཅན་ལྷས།།

འབྲལ་མེད་རྗེས་སུ་འཛིན་པའི་བཀྲ་ཤིས་ཤོག།

ཅེས་པའང་རབ་རྒྱན་མེ་གླང་གནམ་ལོ་གསར་ཚེས་ཀྱི་ཡར་ཚེས་བཅུ་ཡི་ཉིན་རྫོགས་ཆེན་འབྲུག་ཆེན་རིན་པོ་ཆེའི་བཞེད་སྐོང་དུ། པདྨ་ཀཱ་རའི་བསྟན་ཞབས་སུ་སྐྱེས་ཤིང་པདྨ་བཛྲའི་སྐྱེ་མིང་དུ་སྒྲོ་བཏགས་པ་པདྨ་སྐལ་བཟང་དུ་འབོད་པ་དེས། གངས་ལྗོངས་མཁས་པ་འབྱུང་བའི་བསྟི་གནས་ཐེག་གསུམ་ཆོས་སྒྲས་ཁེངས་པའི་རིགས་གྲྭ་ཤྲཱི་སེང་ཆོས་གྲྭ་ཆེན་པོའི་ཤར་ཐོས་བསམ་ནོར་བུའི་གླིང་གི་ཉེ་ཞོལ་རང་སྤྱིལ་གྱི་མཚམས་མལ་ནས་གུང་ཐུན་གྱི་བར་སེང་ཞིག་ལ་བྲིས་པའོ།།

ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོའི་གསོལ་སྨོན་རྨོངས་མུན་སེལ་བའི་ཉིན་བྱེད།

ཨོཾ། དཔལ་ལྡན་གསུང་གི་དབང་ཕྱུག་འཇམ་པའི་ལྷ།།

དམར་སེར་ཉིན་བྱེད་འབུམ་གྱི་གཟི་འོད་འཕྲོ།།

མཚན་རྫོགས་གཞོན་ནུའི་སྐུ་ཅན་ཟུར་ཕུད་འཆང་།།

མཁྱེན་པའི་ཡེ་ཤེས་འབར་ལ་གསོལ་བ་འདེབས།།

བདག་བློའི་སྒྲིབ་གཉིས་མུན་པ་ཡོངས་བསལ་ནས།།

ཆོས་རབ་རྣམ་འབྱེད་སྣང་བ་ཐོབ་པ་དང་།།

མི་ཟད་གཟུངས་དང་སྤོབས་པའི་གཏེར་གྲོལ་ཏེ།།

རྨད་བྱུང་ཆོས་མཛོད་འཛིན་པའི་དཔལ་སྩོལ་ཅིག།

རྒྱལ་བ་བྱེ་བས་རབ་བསྔགས་རྒྱལ་བའི་སྲས།།

གང་ཁྱེད་སྙིང་དབུས་རྒྱན་དུ་རྟག་མཆོད་པས།།

ཟབ་ཡངས་བློ་གྲོས་གསར་པའི་ལྡེ་མིག་གིས།།

གཞུང་ལུགས་སྒོ་བརྒྱ་འབྱེད་པའི་མཐུ་ནུས་བྱིན།།

གུས་ལྡན་སྤྱི་བོར་ཟུམ་པའི་ཐལ་སྦྱར་གྱིས།།

བཏུད་བཅས་གདུང་བའི་ངག་གིས་ཁྱེད་འབོད་ན།།

མཁྱེན་རབ་མཆོག་ཐོབ་མགྲིན་པའི་གཡས་འཁྱིལ་དུང་།།

ཚངས་དབྱངས་ཆོས་ཀྱི་སྒྲ་ཆེན་གྱིས་མཛེས་ཤོག།

ཚིག་ལ་ངག་གི་འདོད་འཇོ་སྨྲ་བའི་དབང་།།

དོན་ལ་འཁྲུལ་བ་ཀུན་སེལ་ནང་གི་ཉི།།

མཁའ་མཉམ་རྒྱལ་བའི་གསང་གསུམ་གཅིག་བསྡུས་དཔལ།།

ཁྱབ་བདག་ལྷག་པའི་ལྷ་དང་དབྱེར་མེད་ཤོག།

ཅེས་པའང་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་སྡེ་སྣོད་འཛིན་པ་ཞིག་གི་ངོར་པདྨ་སྐལ་བཟང་དེས་རྫོགས་ཆེན་ཡང་དབེན་འདབ་བརྒྱད་པདྨའི་སྤྱིལ་ཆུང་ནས་བྲིས།།

རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་ལྷག་ལྷ་འཇམ་དཔལ་དཔའ་བོ་དབྱེར་མེད་ལ་གསོལ་བ་འདེབས་པ་བྱིན་རླབས་ཐུགས་རྗེའི་གློག་ཞགས།

དཔལ་ལྡན་རྫོགས་པའི་སངས་རྒྱས་མཚོ་སྐྱེས་རྗེ།།

རྒྱལ་ཀུན་མཁྱེན་རབ་དབང་ཕྱུག་འཇམ་དཔལ་དབྱངས།།

དབྱེར་མེད་རིག་སྟོང་མཉམ་ཉིད་བདེ་བ་ཆེར།།

རང་ངོ་ཤེས་པའི་ངང་ནས་གསོལ་བ་འདེབས།།

སྣང་སྲིད་དབང་དུ་འདུས་པའི་མཐུ་སྟོབས་དང་།།

ཐོགས་མེད་ཤེས་རབ་འབར་བའི་རྩལ་རྒྱས་ཏེ།།

སྣང་སྟོང་མཆོག་ཏུ་མི་ཕྱེད་རྡོ་རྗེའི་ཐུགས།།

ནང་གི་དེ་ཉིད་རྟོགས་པར་བྱིན་གྱིས་རློབས།།

ཞེས་པའང་ལྷོ་གླིང་པ་མཁན་སྡེ་སྣོད་འཛིན་པ་ད་ལྟའི་རས་པ་པདྨ་བསྟན་འཛིན་གྱི་ངོར་རྒྱལ་ཁམས་པ་པདྨའི་མིང་ཅན་གྱིས་བྲིས།།

མཁན་སློབ་ཆོས་གསུམ་གྱི་གསོལ་འདེབས་བྱིན་རླབས་མཆོག་སྩོལ།

སྐུ་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་དཔལ།།

གཅིག་བསྡུས་རྫོགས་པའི་སངས་རྒྱས་པདྨ་སྐྱེས།།

རྡོ་རྗེའི་སྐུ་ཅན་རང་བྱུང་ཀུན་ཏུ་བཟང་།།

མཉམ་མེད་འདྲེན་པ་མཆོག་ལ་གསོལ་བ་འདེབས།།

རྣམ་དག་ཁྲིམས་ཀྱི་བསླབ་པས་རྒྱུད་བསྡམས་པའི།།

སྡོམ་བརྩོན་རྒྱལ་པོ་བྱང་ཆུབ་སེམས་དཔའ་ཆེ།།

ཤཱཀྱའི་སྲས་གཅིག་མཁན་ཆེན་ཞི་བ་འཚོ།།

བསྟན་པའི་སྒྲོན་མེ་མཆོག་ལ་གསོལ་བ་འདེབས།།

འཇམ་དབྱངས་ས་ཡི་ཚངས་པའི་ཚུལ་འཛིན་པ།།

གངས་ལྡན་ར་བ་དཀར་པོའི་ཞིང་གི་བདག།

ལྷ་ཡི་མེ་ཏོག་ཁྲི་སྲོང་ལྡེའུ་བཙན།།

མངའ་བདག་བཀའ་དྲིན་ཅན་ལ་གསོལ་བ་འདེབས།།

དུས་ངན་སྙིགས་མའི་འཇིགས་བརྒྱད་ཞི་བ་དང་།།

བར་ཆད་གདོན་བགེགས་མིང་གི་མཐར་བྱེད་ཅིང་།།

ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་པ་ཡི།།

བྱིན་རླབས་མཆོག་གིས་རྟག་ཏུ་སྐྱོང་གྱུར་ཅིག།

ནུབ་ངེས་དོན་ཆོས་འཁོར་གླིང་གི་སྡེ་སྣོད་འཛིན་པ་མཁན་པོ་རྒྱ་མཚོའི་ངོར་རི་ཁྲོད་ཀྱི་དགེ་སྦྱོང་རྒན་བུ་པདྨའི་མིང་ཅན་དེས་བྲིས།།

གདུགས་དཀར་རྒྱུན་ཁྱེར་ངག་འདོན་ཤིན་ཏུ་བསྡུས་པ་བཅོམ་ལྡན་ལྷག་ལྷ་མ།

བཅོམ་ལྡན་ལྷག་པའི་ལྷ་མཆོག་གདུགས་དཀར་པོ།།

ཁྱེད་ལ་བྱང་ཆུབ་བར་དུ་བདག་སྐྱབས་ན།།

མི་འདོད་ཉེར་འཚེའི་བར་ཆད་ཀུན་ཞི་ཞིང་།།

ཐུགས་རྗེའི་འོད་ཟེར་དྲ་བས་རྟག་ཏུ་སྲུངས།།

ལེགས་ལྡན་མཆེད་གསུམ་ཕྱོགས་སྐྱོང་རྒྱལ་ཆེན་དང་།།

དྲུག་ཅུ་རྩ་བཞིའི་ཕོ་ཉ་མོ་ཚོགས་ཀྱིས།།

མ་རུངས་བདུད་དགྲ་འབྱུང་པོའི་གདོན་གྱི་རིགས།།

ཕྱིར་ཟློག་རིག་སྔགས་འབར་བའི་འཁོར་ལོས་ཆོམས།།

ཧཱུྃ་མ་མ་ཧཱུྃ་ནི་སྭ་ཧཱ།།

རྒྱུན་བཟླས་མཐར། དགེ་བ་འདི་ཡིས་མྱུར་དུ་བདག གདུགས་དཀར་ཅན་མ་འགྲུབ་གྱུར་སོགས་ཀྱིས་འགྲུབ་བོ། རང་སློབ་ཅིག་གི་བསྐུལ་ངོར་བྲིས།

བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་དང་འབྲེལ་བའི་ཞིང་སྨོན་བདེ་ཆེན་ལམ་སྟོན།

བསླུ་མེད་བདེ་ལྡན་ཞིང་མགོན་འོད་དཔག་མེད།།

རྩེ་གཅིག་དད་པའི་ཤུགས་ཀྱིས་ཁྱེད་བསྒོམ་ན།།

དང་བའི་ཡིད་ངོར་སྣང་སྟོང་སྒྱུ་མའི་སྤྲིན།།

སྐུ་དང་ཞིང་ཁམས་རྟག་ཏུ་འཆར་བར་ཤོག།

བརྩེ་ཆེན་སྙིང་རྗེས་དྲངས་པའི་བྱང་སེམས་ལ།།

རྟག་ཏུ་གོམས་པའི་རྒྱལ་སྲས་སྤྱོད་མཆོག་གིས།།

རླབས་ཆེན་ཚོགས་གཉིས་སྤྱོད་པ་མཐར་ཕྱིན་ཏེ།།

དཔག་ཡས་དགེ་བའི་རྩ་བ་ཡོངས་བསྐྱེད་ཤོག།

རང་དང་གཞན་གྱིས་དུས་གསུམ་བསགས་པ་ཡི།།

རྣམ་དཀར་བསོད་ནམས་ཕུང་པོ་ཇི་སྙེད་པ།།

དམིགས་བྲལ་འཁོར་གསུམ་དག་པས་བྱང་ཆུབ་ཆེར།།

ཡོངས་སུ་བསྔོ་བས་སྲིད་པ་མཐར་བྱེད་ཤོག།

ཁྱེད་ལ་ཡང་ཡང་གསོལ་བ་བཏབ་པ་དང་།།

མངོན་རྟོགས་ཡིད་ལ་གོམས་པའི་ཏིང་འཛིན་མཐུས།།

ངེས་དོན་འོད་དཔག་མེད་པའི་ཞལ་མཐོང་ནས།།

བདེ་ཆེན་ཞིང་ཁམས་རྟག་ཏུ་འཛིན་པར་ཤོག།

ཅེས་བྱང་བཤད་སྒྲུབ་རྣམ་ངེས་གླིང་གི་སྡེ་སྣོད་འཛིན་པ་ཆེན་པོ། འཛིན་གྲྭ་དང་པོའི་མཁན་པོ་དཀོན་མཆོག་ཚེ་རིང་མཆོག་གི་བཞེད་སྐོང་དུ་སྔ་ཐུན་གྱི་བར་གསེང་ཞིག་ལ་འཕྲལ་བྲིས་བྱས་པའོ།།

དཔའ་དར་དགྲ་ལྷའི་གཙོ་བོ་གཟི་བྱིན་སྟོབས་ཀྱི་རྒྱལ་པོ་སྣང་རིག་འོད་འབུམ་གྱི་ཝེར་མ་གསེར་པའི་ཉི་འབུམ་དར་ཡག་གི་གཡང་བསང་དགོས་འདོད་ཆར་འབེབ།

ཧཱུྃ་ཧྲཱིཿ རིག་སྟོང་ཀ་ནས་དག་པ་སྤྲོས་བྲལ་དབྱིངས།།

མཁའ་ཁྱབ་འོད་གསལ་བསམ་མི་ཁྱབ་པའི་གདངས།།

འགག་མེད་ལྷུན་གྲུབ་སྣང་ཆར་ཡོངས་ཤར་བ།།

ཟུང་འཇུག་མཁའ་ཡི་རྡོ་རྗེ་འཕོ་ཆགས་བྲལ།།

སོར་རྟོགས་ཡེ་ཤེས་མདངས་དམར་ཧྲཱིཿཡིག་ལས།།

ཉི་མ་འོད་ཟེར་འཕྲུལ་མཚན་སྤྲུལ་པའི་གར།།

མ་རུངས་བདུད་སྡེའི་གཤེད་གྱུར་ལྷའི་དམག་དཔོན།།

ཆེ་རྒྱུད་གསེར་པའི་རུ་འདྲེན་དགྲ་ལྷའི་གཙོ།།

ཉི་འབུམ་དར་ཡག་སྣང་རིག་འོད་ཀྱི་ལྷ།།

གསེར་མདངས་དགྱེས་པའི་ཞལ་མཛེས་གཟི་བརྗིད་ཅན།།

དབང་མདོག་དབང་གི་འོད་དམར་དང་འགྲོག་པས།།

སྲིད་ཞི་བརྟན་གཡོའི་ཚེ་གཡང་གཅིག་ཆར་སྡུད།།

སྐུ་ཆས་དགྲ་ལྷའི་གོ་མཚོན་བཅོ་བརྒྱད་ལ།།

གཡུལ་རྒྱལ་ཝེར་མའི་སྤྲིན་ཕུང་མི་འབྲལ་ཞིང་།།

དབུ་རྨོག་དར་འཕྲུ་མི་ནུབ་རྒྱལ་མཚན་གྱིས།།

ཕྱོགས་ལས་རྣམ་པར་རྒྱལ་བའི་ཀླུང་སྟོབས་སྐྱེད།།

མགྱོགས་ཆེན་ཅང་ཤེས་གསེར་མདངས་སྨུག་པོ་ཡིས།།

སྲིད་གསུམ་ཡུད་ཀྱིས་བསྐོར་བའི་རྩལ་ཤུགས་འཆང་།།

འཁོར་གྱི་དཔའ་བརྟུལ་རྟ་དམག་ཁྲི་འབུམ་ལ།།

གཉན་དམག་བྱེ་བ་དགུ་ཁྲི་འབྲལ་མེད་འགྲོག།

དེང་འདིར་དམ་ལྡན་བདག་གིས་ཁྱེད་གསོལ་ན།།

མ་ཐོགས་མྱུར་བའི་ཤུགས་ཀྱིས་འདིར་གཤེགས་ལ།།

གཙང་མའི་བསང་གི་མཆོད་སྤྲིན་ཏིང་འཛིན་འཕྲུལ།།

ཡིད་འོང་འདོད་ཡོན་སྲིད་འབྱོར་བདོག་དགུས་མཆོད།།

རྣལ་འབྱོར་བདག་གི་ཡུལ་གཞིས་ཕོ་བྲང་ལ།།

འབྲལ་མེད་ཡུན་དུ་འཁོར་བའི་རྟེན་མཁར་ཆོས།།

མི་ཤིགས་རྡོ་རྗེའི་སྐུ་ཡི་རྫོང་ཆེན་ནས།།

གཟི་བརྗིད་ཉི་མ་འབུམ་གྱི་ཟིལ་དབྱངས་ཕོབས།།

འགག་མེད་ནྭ་དའི་གསུང་གི་གསང་བ་ནས།།

སྙན་འཇེབས་སྒྲ་དབྱངས་གཏམ་གྱི་མཁས་གཡང་ཕོབས།།

གསལ་སྟོང་འགྱུར་མེད་ཐུགས་ཀྱི་དཀྱིལ་འཁོར་ནས།།

ཟབ་བརླིང་བརྟན་མཛངས་བློ་གྲོས་གཡང་ཆེན་ཕོབས།།

དཔའ་རྔམ་སྟོབས་ཆེན་གྱད་ཀྱི་དཔུང་ཤུགས་ཀྱི།།

འགྲན་མེད་མཐུ་སྟོབས་ནུས་པའི་རྩལ་གཡང་ཕོབས།།

ཕྱག་མཚན་མདུང་ཞགས་རལ་གྲིའི་སྒྱུར་ཐབས་ཀྱི།།

མི་ཐུབ་གཡུལ་ལས་རྒྱལ་བའི་དཔའ་གཡང་ཕོབས།།

ཁྱད་པར་གངས་ལྡན་ཆོས་ཀྱི་ཞིང་ཁམས་ཆེར།།

སྡེ་བཞིའི་དཔལ་གྱི་འབྱོར་བས་ཕྱུག་པ་དང་།།

ཆོས་སྲིད་བསྟན་པ་དར་ཞིང་བསྟན་འཛིན་མཐུན།།

སྐྱེ་དགུའི་བདེ་སྐྱིད་འཕེལ་བའི་ཕྱྭ་གཡང་ཁུག།

བསྟན་སེལ་དམ་སྲིས་རྒྱུད་དཀྲུག་ལོག་སྦྱོར་མཁན།།

དྲག་ཤུགས་རལ་གྲི་ངར་མས་ཚར་ཆོད་ལ།།

དགྲ་ཁྲག་སྙིང་གི་དྭངས་མ་དཔའ་བའི་སྐྱེམས།།

མ་ལུས་ལྷག་མེད་རོལ་ཞིང་དགྱེས་པར་མཛོད།།

མཐར་ཐུག་འོད་གསལ་ཆོས་སྐུའི་གཞི་དབྱིངས་ཆེར།།

ཁམས་གསུམ་ཡིད་ཅན་སྦྱོར་བའི་འཕྲིན་ལས་ཀྱི།།

རྒྱལ་རྔ་གསར་པ་རྡུང་བའི་བྱེད་པོ་རུ།།

ཁྱེད་ཉིད་དཔུང་དང་བཅས་པས་མཐུ་སྐྱེད་ཅིག།

ཡིད་གཅུག་མཛའ་བ་མི་ཕྱེད་རྡོ་རྗེའི་མདུད།།

དམ་ཚིག་སྲོག་གི་ཕྱག་རྒྱར་ཡོངས་བཞེས་པས།།

དགྲ་བླ་མི་དང་འབྲལ་མེད་འགྲོག་པ་ཡི།།

མགོན་སྐྱབས་ལུས་དང་གྲིབ་བཞིན་མ་གཡེལ་ཅིག།

སྐྱེ་དང་སྐྱེ་བར་འབྲེལ་བའི་ཝེར་མ་ཆེ།།

ཚེ་དང་ཚེ་རབས་ཀུན་ཏུ་ཡོངས་འགོ་བའི།།

བཀྲ་ཤིས་རྟགས་ཀྱི་དགེ་མཚན་དཀར་པོ་ཡིས།།

སྲིད་གསུམ་འགྲོ་བའི་རྒུད་མུན་རྟག་སེལ་ཤོག།

ཅེས་པའང་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་ཞལ་ཟུར་ཆོས་གྲྭའི་ཛམྦྷ་ལ་ནོར་དོན་ཁང་གི་འགན་འཛིན་སྐུ་ཞབས་སྡེ་སྣོད་འཛིན་པ་ཕྱག་ཚའི་གསེར་འོད་ཀྱི་ངོར།

གང་གི་སྐྱེ་བའི་ཕྲེང་བར་གླིང་གསེར་པའི་ཉི་འབུམ་དར་ཡག་ཏུ་སྐྱེ་བ་བཞེས་པར་ཞལ་འཆེས་པ་རྫོགས་ཆེན་པདྨ་བཛྲ་གྱི་སྐྱེ་སྲིད་དུ་སྒྲོ་བཏགས་པ། བསྟི་གནས་ཉམས་པར་དོགས་པའི་གཡར་ཁྲལ་གྱི་ཆོས་གཟུགས་འཛིན་པ་པདྨ་སྐལ་བཟང་གིས།

ཡང་རྫོང་པདྨ་དགྱེས་པའི་ཤེལ་ཕུག་ནས་ཤིང་སྤྲེལ་ཧོར་ཟླ་ཚེས་ཡི་མཚམས་མལ་ཐོར་ཐུན་གྱི་བར་གསེང་ཞིག་ལ་གང་ཤར་བྲིས།།

ཡུལ་སྐྱོང་ལྕམ་མོ་ཆེན་མོའི་བསང་འདོད་འབྱུང་དབང་གི་གཟི་འོད།

ཧྲཱིཿཧཱུྃ། བདག་མདུན་སྐད་ཅིག་མ་ཆགས་པདྨ་ཆེ།།

ཁྱོན་ཡངས་ཐབས་ཤེས་ཉི་ཟླའི་གདན་སྟེང་དུ།།

བདེ་ཆེན་བདེ་བའི་དབང་ཕྱུག་མཚོ་སྐྱེས་རྗེ།།

ཞི་འཛུམ་མཚན་དཔེས་མཛེས་པའི་སྐུར་གསལ་བའི།།

ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་རྣོན་པོའི་དབྱིབས།།

ཛཿདམར་འཕྲོ་དང་བསྡུ་བའི་བྱེད་པ་ཡིས།།

ཞིང་སྐྱོང་ཌཱཀྐིའི་རྗེ་མོ་ཝ་ར་ཧི།།

ཡུལ་སྐྱོང་སྨན་མོའི་གཙོ་མོ་གཏེར་གྱི་བདག།

ལྕམ་མོ་ཆེན་མོ་སྨན་ཕྲན་འབུམ་དང་བཅས།།

མ་ལུས་འཁོར་དང་བཅས་པའི་སྲོག་གི་སྙིང་།།

དབང་སྒྱུར་རྟགས་ཀྱི་ཕྱག་རྒྱས་བསྒུལ་བ་ལས།།

སྐད་ཅིག་གློག་ལས་མྱུར་བའི་རྫུ་འཕྲུལ་གྱིས།།

མ་ཐོགས་དམ་ལྡན་བདག་གི་གནས་འདིར་བྱོན།།

ཀྱེ། གླིང་མཆོག་འཛམ་གླིང་ཆགས་པའི་དང་རྩེ་རུ།།

འབྲུ་ཟླ་གསེར་གཡུའི་འབྲུག་ཆེན་འཁྱིལ་འདྲའི་དབུས།།

མཐོང་སྨོན་ས་འཛིན་རི་དབང་ཤེལ་དཀར་གཟུགས།།

གཡུ་མདོག་ལྗོན་ཚལ་མཛེས་པའི་མགུལ་རྒྱན་འཆང་།།

སྤྲིན་དཀར་ན་བུན་སོ་མའི་གོས་བཟང་གིས།།

དེ་ཡི་མཛེས་པ་སྒྲིབ་ལ་ཕྲག་དོག་པའི།།

ཉི་གཞོན་འཛུམ་པའི་མདངས་དང་ཟླ་ཟེར་གྱིས།།

མེལ་ཚེས་མཛེས་མདངས་སྤུད་ལ་འགྲན་བྱེད་པའི།།

ངོ་མཚར་གནས་མཆོག་ཡ་མཚན་སྐྱལ་གྱི་བྲག།

དོན་ལ་ས་སྤྱོད་འོག་མིན་ཞིང་གི་ཆར།།

རིན་ཆེན་སྐུ་མཁར་གསེར་གཡུའི་ལན་ཀན་ཅན།།

འོད་འབར་ལྷ་ཡི་ནོར་བུས་རབ་བརྒྱན་པའི།།

གཞལ་མེད་ཁང་བཟང་ཡངས་ཤིང་རྒྱ་ཆེའི་དབུས།།

སྨན་བཙུན་ཆེན་མོ་དུང་མདོག་ཟླ་ཞལ་ཅན།།

བཅུ་དྲུག་ན་ཚོད་སྒེགས་མཛེས་རི་དྭགས་མིག།

ཆགས་འཛུམ་བཞད་པའི་ཟུར་མིག་འཕུར་ལྡིང་ཅན།།

མཉེན་ལྕུག་འཁྲིལ་ཞིང་ལྡེམ་པའི་ཚུལ་ཀྱིས་བཞེངས།།

ཕྱག་གཡས་རིན་ཆེན་གསེར་གྱི་ལྡེའུ་མིག་དང་།།

གཡོན་པས་ཡིད་བཞིན་གཏེར་གྱི་སྒྲོམ་བུ་བསྣམས།།

རེས་འགར་ཡིད་འཕྲོག་དངུལ་དཀར་མེ་ལོང་དང་།།

འཛད་མེད་གཏེར་བཅུད་ནོར་བུའི་གཞོང་པ་འཛིན།།

སྐུ་ལ་དར་ཟབ་ན་བཟའ་བརྩེགས་མར་གསོལ།།

རིན་ཆེན་རྒྱན་འཕྲེང་སིལ་ཁྲོལ་གདུ་བུས་མཛེས།།

རཏྣའི་སྲོག་ཞུ་མེ་ཏོག་ཐོད་ཆིངས་དང་།།

ཚངས་སྐུད་སེ་མོ་དོ་དང་དོ་ཤལ་འཆང་།།

འཁོར་དུ་མཛེས་སྡུག་སྨན་ཕྲན་ཡང་འཁོར་འབུམ།།

ཀུན་ཀྱང་རང་རང་སྒྱུ་འཕྲུལ་སྣ་ཚོགས་སྟོན།།

སྙན་འགྱུར་གླུ་དང་སྣ་ཚོགས་རོལ་མོའི་སྒྲ།།

འཕྲུལ་དགའི་ལྷ་ཡི་དཔལ་ལ་རྣམ་པར་རོལ།།

དྲལ་པོ་ཆེན་པོ་ཚངས་པ་ལྷ་ཡི་བུ།།

མི་དཀར་གསེར་གྱི་ཡ་ལད་གོ་ཞུབ་ཅན།།

སྟག་ཆས་དཔའ་བོ་སྟོང་གི་རུ་སྣ་འདྲེན།།

དྲག་པོའི་ཀི་ལ་དགྱེས་ཤིང་བསྭོ་ལ་འདུ།།

མགྱོགས་པའི་བང་དང་རྣོན་པོའི་སོ་ལ་འཁོར།།

དབུ་འཕང་དགུང་དུ་འདེག་པའི་དགྲ་ལྷར་ཆེ།།

ཡུལ་ལྷ་ཟོ་དོར་ལྕམ་དྲལ་མཐུ་བོ་ཆེ།།

སྔོན་རྒྱུག་གཉེན་གྱི་སོ་པ་རླུང་ལྟར་འཚུབ།།

རུ་འདྲེན་ཀླུ་ཡི་ཕོ་ཉ་གློག་ལྟར་མྱུར།།

སྡོང་ཟླ་བཙན་གྱི་དམག་དཔོན་ཐོག་ལྟར་འབེབ།།

རྗེས་བསྐྱོད་དམུ་བདུད་མ་མོ་བྲན་ལྟར་འབྲངས།།

ལས་བཞི་ལྷུན་གྲུབ་བཀའ་འཁོར་བཅས་པ་ལ།།

རྣམ་མང་སྲིད་དང་ཞི་བའི་ཕུན་ཚོགས་དཔལ།།

ངོ་མཚར་ཏིང་འཛིན་སྤྲུལ་བའི་ཟག་མེད་སྤྲིན།།

མཐའ་ཡས་ཞིང་ཀུན་འགེང་བས་རྟག་ཏུ་མཆོད།།

ཁྱད་པར་གཡུ་ཤུག་སྔོན་པོ་སྤྲིན་བཅུད་ཅན།།

འཁན་དཀར་གསེར་གྱི་ལ་ཐོད་ག་བུར་འཛིན།།

བ་ལུ་འོམ་བུ་བདུད་རྩིའི་རོ་བཅུད་ལྡན།།

བཟང་དྲུག་སྨན་གྱི་ཕྱེ་མ་དཀར་གསུམ་ཕུད།།

མངར་གསུམ་བཏུང་བ་དགུན་ཆང་འབྲས་བུའི་བཅུད།།

དར་ཟབ་འབྲུ་སྣ་གཏོར་ཚོགས་ལ་སོགས་པ།།

གཙང་ཞིང་གཙང་མར་སྦྱར་བའི་མཆོད་རྫས་ལ།།

མེ་རླུང་ཆུ་ཡིས་སྦྱང་གཏོར་བཀྲུས་པ་དང་།།

འབྲུ་གསུམ་ཡི་གེས་སྦྱང་སྤེལ་སྒྱུར་བ་ཡི།།

གོས་དཀར་མེ་ལ་མ་ཀིའི་ཆུས་བྲན་པའི།།

བསྲེག་རྫས་མ་ཚོགས་མེད་པའི་དུད་སྤྲིན་ཆེ།།

ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་རུ།།

ནམ་མཁའ་མཛོད་ཀྱི་བསམ་ཡས་རོལ་གར་ལས།།

རིན་ཆེན་ས་གཞི་སྨན་སྤོས་ལྗོན་ཤིང་མཛེས།།

གཞལ་མེད་ཁང་བཟང་ནོར་བུའི་རྒྱན་གྱིས་སྤྲས།།

རང་བྱུང་འོད་ཀྱི་སྣང་བས་ཉིན་མཚན་གསལ།།

བདུད་རྩིའི་ཆར་ཟིམ་འཇའ་ཚོན་དྲ་བར་འབྲེལ།།

ཅང་ཤེས་ཤུགས་ལྡན་རྟ་མཆོག་གངས་རིའི་མདོག།

སྨུག་ཆུང་དྲེའུ་གསེར་མདངས་རླུང་ཤུགས་ཅན།།

གླང་ཆེན་ཐལ་དཀར་ཤྭ་རྐྱང་དགོ་བ་གཙོད།།

སྤུ་སྡུག་སྒྲོ་གཤོག་བཀྲ་བའི་རྨ་བྱ་དང་།།

ཁྲུང་ཁྲུང་ཀ་ལ་པིངྐ་མཁའ་ལྡིང་དབང་།།

སྟག་གཟིག་གྲུས་མ་ཐུགས་དཀར་དོམ་བུ་དང་།།

འབྲོང་གཡག་དར་མ་གནག་ཕྱུགས་དཀར་ནག་ཁྱུ།།

རིན་ཆེན་ནོར་བུའི་མཛོད་བརྒྱ་དཔག་བསམ་ཤིང་།།

འདོད་འཇོའི་གཏེར་གྱི་བུམ་པ་ཡིད་བཞིན་དབང་།།

བཞུ་ཁམས་ལས་བྱུང་གསེར་དངུལ་ཟངས་ལྕགས་རིགས།།

དར་ཟབ་འབྲུ་སྣ་གཟི་བྱུར་གཡུ་ཡི་ཕྲེང་།།

མུ་ཏིག་མུ་མེན་པད་རག་ཨིནྡྲ་རྙིལ།།

གོ་མཚོན་སྣ་ཚོགས་ནམ་མཁའ་བལ་ཚོན་དང་།།

མདའ་མདུང་འཕང་རིས་དུང་ཤོ་འགྲོན་བུ་དཀར།།

དཀར་དམར་བཤོས་བུ་བརྗིད་ལྡན་མདོས་ཀྱི་གཏོར།།

དར་གོས་རེག་འཇམ་ལྷ་ཡི་ན་བཟའ་དང་།།

འཕན་འཕུར་ལྡ་ལྡི་རྔ་དུང་པི་ཝང་སོགས།།

སྙན་འཇེབས་སྒྲ་ཡི་རྣམ་གྲངས་ཇི་སྙེད་དང་།།

གླུ་གར་འདུ་འཕྲོ་དྲི་ཞིམ་སྤོས་ཀྱི་ངད།།

ཞལ་ཟས་རོ་བདའ་ཇ་ཆང་བཏུང་བའི་རིགས།།

ཐུན་མོང་ཐུན་མིན་མཐུན་རྫས་མཆོད་པའི་སྤྲིན།།

མ་ཚང་མེད་པའི་དངོས་འབྱོར་ཡིད་སྤྲུལ་གྱིས།།

ལྷ་ཁྱེད་འཁོར་དང་བཅས་པའི་དགྱེས་པ་བསྐང་།།

ཐུགས་འགལ་འཁྲུགས་པ་མཆིས་ན་དབྱིངས་སུ་སོལ།།

ཁྱད་པར་ཟག་མེད་ནང་གི་བདེ་བ་ཆེ།།

དོན་དམ་བདེ་ཆེན་ཞུ་བདེའི་ཡེ་ཤེས་དཔྱིད།།

གཉིས་མེད་ཁ་སྦྱོར་ཉི་ཟླའི་དྭངས་མའི་ཁམས།།

འཕོ་བྲལ་སྲོག་གི་ཐིག་ལེར་རྟག་ཏུ་མཆོད།།

ཨེ་དབྱིངས་སྟོང་ཆེན་འདུས་མ་བྱས་པའི་མཁར།།

ཝཾ་ཡིག་བདེ་ཆེན་རྡོ་རྗེའི་གར་སྒྱུར་བའི།།

མི་ཤིགས་གཉུག་མ་དོན་གྱི་ཡེ་ཤེས་ཀྱི།།

དགྱེས་མཉམ་ལྷན་སྐྱེས་དགའ་བར་རྟག་ཏུ་རོལ།།

ཁྱད་པར་བདུད་རྩིའི་ཁྲུས་དང་ལྷ་སྲུང་གིས།།

ཌཱཀི་སྨན་བཙུན་ཆེན་མོའི་གསང་གསུམ་ལ།།

བདག་ཅག་དམ་ཚིག་འགལ་ཉམས་འདས་རལ་གྱི།།

མི་གཙང་གྲིབ་ཀྱིས་ཕོགས་པ་ཐམས་ཅད་བསང་།།

དཔའ་སྐྱེམས་ཆང་རྒོད་གཙང་མའི་ཕུད་མཆོད་ཀྱིས།།

དྲལ་པོ་ལྷ་ཡི་དམག་དཔོན་ཆེན་པོ་བསང་།།

ལྗོན་ཚལ་མེ་ཏོག་ཡིད་འོང་ཆབ་རྒྱུན་གྱིས།།

ཤར་གྱི་ལྷ་བཙུན་ས་ལེ་ཁྲི་སྨན་བསང་།།

དཀར་གསུམ་སྨན་སྣ་ཤིང་ཏོག་འབྲུ་བཅུད་ཀྱིས།།

ལྷོ་ཡི་ཀླུ་མོ་ནོར་རྒྱས་ཕྱུག་མོ་བསང་།།

རིན་ཆེན་གསེར་གཡུ་དར་གོས་ལིང་ཚེ་ཡིས།།

ནུབ་ཀྱི་གཉེན་མོ་གནོད་སྦྱིན་གཟི་འབར་བསང་།།

གཞན་ཡང་མཆོད་རྫས་ཡོ་བྱད་ཇི་སྙེད་པས།།

སྤྲུལ་དང་ཡང་སྤྲུལ་འཁོར་དང་བཅས་པ་བསང་།།

སྔོན་ཚེ་པདྨ་འབྱུང་གནས་གྲོ་བོ་ལོད།།

ཡེ་ཤེས་རྫུ་འཕྲུལ་ནམ་མཁའི་ཕྱག་རྒྱ་ཡིས།།

རུ་དམ་ལུང་པ་ནག་པོའི་མ་ཡམ་ཚོགས།།

སྲོག་སྙིང་ཐེངས་དགུར་གཟིར་ཞིང་དམ་ལ་བཏགས།།

ལྷོ་ཕྱོགས་པདྨའི་ཚལ་ན་དར་དཀར་གྱི།།

ལྭ་བ་དཀར་པོའི་གུར་གྱི་ནང་ཤེད་ནས།།

རྟགས་ཀྱི་ཕྱག་རྒྱར་བཞེངས་པའི་དཀྱིལ་འཁོར་གཙོ།།

པདྨ་འབྱུང་གནས་དྲང་སྲོང་སྨན་གྱི་བླས།།

བདུད་རྩི་ཡོན་ཏན་དཀྱིལ་འཁོར་ཞལ་ཕྱེས་ཏེ།།

རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ།།

བདེ་མཆོག་དཔའ་བོའིབཅུད་ཆེན་བསྐྱིལ་བའི་ཚེ།།

གཏེར་གྱི་སྲུང་མར་བསྐོས་པའི་གཡར་དམ་བླངས།།

གངས་ལྡན་ར་བའི་མཆོག་གྱུར་སྦས་པའི་ལུང་།།

རྡོ་རྗེའི་གར་གྱིས་བྱིན་རླབས་སྨན་ཆར་ཕབས།།

ས་སྤྱོད་དཔལ་གྱི་ཞིང་ཁམས་སྒོ་ཕྱེས་ཚེ།།

ཡོན་ཏན་གནས་འདིའི་སྲུང་མར་བྲན་ཁས་བླངས།།

བར་དུ་རིག་སྔགས་འཛིན་པ་སྐྱལ་བྲག་པ།།

རྣལ་འབྱོར་ཡབ་སྲས་གུ་ཎ་ན་ཐ་ཡི།།

ཆོས་དང་རིགས་ལ་འགོ་བའི་ཐ་ཚིག་འཆང་།།

ཡང་ཟབ་དབང་དྲག་ཆོས་ཀྱི་གཉེར་འཛིན་མཛད།།

ཆེར་སྙིགས་ལྔ་བདོའི་ཕྱི་མའི་དུས་འདི་རུ།།

ལྗོངས་འདིར་པདྨའི་རིང་ལུགས་འཛིན་མཛད་པ།།

པད་འབྱུང་བི་མའི་རྣམ་རོལ་རྫོགས་ཆེན་པས།།

བཀའ་བསྒོའི་འཕྲིན་ལས་མ་གཡེལ་དང་དུ་ལོངས།།

སྲིད་ཞིའི་དགེ་མཚན་བྱེ་བའི་འབྱུང་གནས་ཆེ།།

ཐུབ་བསྟན་སྙིང་པོ་ལུང་དང་རྟོགས་པ་སྟེ།།

དེ་འཛིན་བཤད་དང་སྒྲུབ་པའི་སྡེ་རྒྱས་པའི།།

ལྗོངས་འདིའི་མངའ་ཐང་གླིང་བཞིའི་རྩེ་མོར་ངོམ།།

ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ།།

དེ་ཡི་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆེ།།

རྫོགས་ཆེན་པ་ཞེས་གྲགས་པའི་གདུགས་དཀར་ཁྱོན།།

སྣང་བྱེད་ཉི་ཟླའི་དཔལ་དང་འགྲོག་པར་མཛོད།།

ཀུན་བརྟགས་འཁྲུལ་བའི་བག་ཆགས་གཞི་ལ་དག།

གཞན་དབང་འཕྲལ་སྣང་གདོན་ཚོགས་དབྱིངས་སུ་ཞི།།

ཡོངས་གྲུབ་འཕོ་བྲལ་གཉུག་མའི་ཡེ་ཤེས་ཁམས།།

འཆི་མེད་རྡོ་རྗེའི་སྲོག་གི་རྟེན་མཁར་ཚུགས།།

རྗེས་ཆགས་ཉམས་བརྒྱ་འབར་བའི་འཛུམ་དཀར་གྱིས།།

ཆེ་དགུའི་ཡིད་ཀྱི་བརྟན་པ་འཕྲོག་དང་ལྷན།།

བརྟན་གཡོ་སྲིད་ཞིའི་ཕུན་ཚོགས་ཇི་སྙེད་པ།།

འོད་དམར་ཀྱོ་བས་དབང་མེད་མགྲོན་དུ་ཁུག།

རྨོངས་ཆེན་གདོན་གྱིས་ཟིན་གྱུར་སྡིག་ཅན་འགྲོ།།

མ་རུངས་ལོག་པར་སྤྱོད་པའི་སྙིང་ཁམས་ཅན།།

རེ་ཞིག་ཞི་བས་འདུལ་བའི་སྐལ་མེད་ལ།།

སྲོག་གཅོད་དུག་གི་མདའ་མོ་ཁྱོད་ཀྱིས་གྱིས།།

དྲིན་ལན་ངན་གྱིས་གཞལ་བའི་བློ་ལོག་མཁན།།

ཁ་དཀར་སྙིང་གནག་སྒྱུ་མའི་རིག་སྔགས་ཅན།།

མ་ལུས་སྡེར་བཅས་རྩད་ནས་གཅོད་པ་ཡི།།

དྲང་སྲོང་དམོད་པའི་རལ་གྲི་ཁྱེད་ཉིད་རྦད།།

བློ་ཡིད་ལས་སུ་མ་རུང་སྐྱེ་བོ་ཡི།།

སྙིང་ལ་ཞུགས་པའི་རྒྱལ་འགོང་དམ་སྲིའི་རིགས།།

ཕུང་བྱེད་ཕྱེ་མར་བརླག་པའི་མེ་ཞུན་གྱི།།

གནམ་ལྕགས་ཐོག་ཟེར་ངར་མ་ཁྱོད་ཀྱིས་དྲོངས།།

ཡང་ཟབ་ཐུགས་ཀྱི་བསྟན་པའི་བསྐྱེད་རྫོགས་ལམ།།

སྨིན་གྲོལ་གདམས་ཟབ་བཅུད་འཆང་བསྟན་འཛིན་གྱི།།

ཞབས་པད་གཡུང་དྲུང་རེ་ཁ་རྟག་བརྟན་པའི།།

ངོ་མཚར་ཆོ་གའི་མེལ་ཚེ་ཁྱེད་ཀྱིས་མཛོད།།

འདའ་དཀའ་སྲོག་གིས་བསྲུང་བའི་དམ་ཚིག་ལ།།

གཅིག་ཏུ་སྦྲེལ་བའི་མཆེད་ལྕམ་རྡོ་རྗེའི་སྤུན།།

མི་འབྲལ་བྱང་ཆུབ་སྙིང་པོར་འཚང་རྒྱ་བའི།།

སྨོན་དོན་དམ་བཅའི་རི་མོ་ཁྱེད་ཀྱིས་སྲུངས།།

མདོར་ན་བདག་ཅག་འཁོར་དང་བཅས་པ་ཡི།།

མི་མཐུན་ཉེས་པའི་ཚོགས་རྣམས་ཞི་བ་དང་།།

མཐུན་རྐྱེན་ལེགས་པའི་དཔལ་ཡོན་རབ་རྒྱས་པའི།།

རྣམས་གཉིས་དངོས་གྲུབ་འབྲལ་མེད་ཆར་བཞིན་ཕོབས།།

བཀྲ་ཤིས་ཉི་མའི་འོད་ཟེར་རྟག་ཏུ་འབར།།

བདེ་ལེགས་དུང་གི་ཟླ་བ་རྒྱུན་དུ་ཚེས།།

ཕུན་ཚོགས་རྒྱུ་སྐར་བྱེ་བའི་བཀྲག་མདངས་གསལ།།

བདེ་སྐྱིད་བཀྲ་ཤིས་ས་གསུམ་ཀུན་ཁྱབ་ཤོག།

ཅེས་པ་འདི་རྗེ་དམ་པ་མང་པོའི་སྐུའི་རིགས་དབོན་དུ་གྱུར་པའི་ཁྱིམ་སྔགས་པ་དམ་ལྡན་ལྷག་བསམ་ཅན་བསོད་ནམས་སྟོབས་ལྡན་གྱིས་བསྐུལ་ངོར། རབ་གནས་ཆུ་ལུག་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་པདྨ་ཐང་ཡང་དབེན་ནས་པདྨའི་མིང་ཅན་དེས་བྲིས་པ་འདིས་ཀྱང་བསྟན་པ་དར་ཞིང་བསྟན་སེལ་ཞི་བའི་རྒྱུ་བྱེད་པར་གྱུར་ཅིག།

བཀྲ་རི་དགྲ་འདུལ་འཆོང་རྩེའི་བསང་གསོལ་སྦྲགས་མ་འདོད་འབྱུང་དགའ་བ་གཡང་འཁྱིལ།

བྷྲཱུྃ་ཧཱུྃ། སྟོང་གསལ་རང་རིག་འདུས་མ་བྱས་དབྱིངས་ལས།།

འགག་མེད་སྣང་སྟོང་རྩལ་ལས་རོལ་བའི་ཚུལ།།

ངོ་མཚར་རྒྱན་གྱི་འཇའ་ཚོན་རྣམ་བཀྲ་བའི།།

ཡིད་འཕྲོག་ནོར་བུའི་གཞལ་མེད་ཁང་ཆེན་པོར།།

དབང་དང་རྒྱས་པའི་ལས་མཛད་ཐོད་ཕྲེང་རྩལ།།

ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་སྐུར་བཞེངས་པ།།

རབ་འབྱམས་དབང་གི་ལྷ་ཚོགས་འབུམ་དང་བཅས།།

ཟིལ་གནོན་རིགས་ཀྱི་བདག་པོར་རབ་ཏུ་བརྗིད།།

དེ་འོག་སྐུ་མཁར་སྨུག་པོ་སྦྲུལ་དཀྲིས་ཅན།།

འཆོང་སྨུག་ཨིནྡྲ་ནཱི་ལའི་ཁ་བད་མཛེས།།

སྣ་ཚོགས་ནོར་བུའི་གཏེར་དང་ཟས་ནོར་མཛོད།།

འབུམ་ཕྲག་འབུམ་གྱིས་གཏམས་པའི་སྐུ་མཁར་དབུས།།

ཀླུ་བཙན་བཤོས་པའི་སྲས་མཆོག་དགྲ་འདུལ་རྩལ།།

མི་སྔོན་གཡུ་ཡི་སྨིན་མ་འཕུར་ལྡིང་ཅན།།

ཚེམས་དཀར་དུང་ཕྲེང་དགོད་འཛུམ་བཞད་ཉམས་རྒྱས།།

རབ་མཛེས་འཁོར་གསུམ་ཡ་ལད་དར་མདུང་ཅན།།

ཀླུ་རིགས་བདུན་གྱི་གདེངས་ཀ་མཁའ་ལ་འཕྱོ།།

ཕྱག་གཡས་ཆུ་གྲི་གློག་ལྕེ་དགྲ་ལ་གཟས།།

གཡོན་པས་དོན་ཡོད་ནོར་བུའི་འཕྲུལ་ཞགས་བསྣམ།།

སྣ་ཚོགས་རིན་ཆེན་རྒྱན་གྱི་འཕྱང་འཕྲུལ་གཡོ།།

རྟ་མཆོག་འབྲུག་སྔོན་མཁའ་ལ་འཁྱུག་འདྲ་བཅིབས།།

རོལ་དུ་རྐྱང་སྨུག་གྭ་བ་གཡུ་རྔོག་ཁྲིད།།

ལྷ་སྲིན་ཀླུ་བཙན་བྱེ་བའི་འཁོར་དང་བཅས།།

དུག་རླངས་ན་བུན་འཚུབ་མར་རླུང་ལྟར་རྒྱུ།།

ཀླད་ན་ལྕགས་ཀྱི་བྱ་ཁྲ་སྤུན་གསུམ་ལྡིང་།།

མདུན་དུ་རྒྱ་སྟག་གྲུས་མ་རྔམ་སྟབས་མཆོངས།།

སྡོང་ཟླ་དགྱེས་སྡེ་ཕོ་ཉ་ཡང་འཁོར་བཅས།།

སྐད་ཅིག་གློག་ལྟར་མྱུར་བས་གནས་འདིར་སྤྱོན།།

ཧཱུྃ་ཧྲཱིཿ ཀླུ་བཙན་ཆེན་པོ་སྲས་མཆོག་དགྲ་འདུལ་རྩལ།།

འབར་བ་མཆེད་གསུམ་བཀའ་འཁོར་སྤྲུལ་པར་བཅས།།

འདིར་གཤེགས་དགྱེས་པའི་གདན་ལ་རྟག་བཞུགས་ནས།།

མི་འབྲལ་དམ་ཚིག་གཉན་པོ་གཅིག་ཏུ་བསྲེས།།

ཁྱེད་ལ་མཆོད་པའི་ཡོ་བྱད་འདོད་ཡོན་ལྔ།།

སྲིད་འབྱོར་གཅིག་ཏུ་རྫོགས་པའི་མཉེས་རྫས་ཚོགས།།

མ་ཚང་མེད་པ་ལྷ་མིའི་ཕུན་ཚོགས་འབུམ།།

ཟད་མེད་རྟག་པ་རྒྱུན་གྱི་འཁོར་ལོར་འབུལ།།

ཁྱད་པར་གཡུ་ཤུག་འཁན་དཀར་བ་ལུ་དང་།།

སྣ་ཚོགས་ཀླུ་སྨན་བསྲེགས་པའི་དུད་སྤྲིན་ལ།།

སྦྱང་སྤེལ་སྒྱུར་བརླབས་ཏིང་འཛིན་རོལ་མོའི་སྤྲིན།།

ནམ་མཁའ་མཛོད་ཀྱི་སྒྱུ་འཕྲུལ་འབྱམས་ཀླས་པས།།

ལྷ་ཁྱོད་འཁོར་དང་བཅས་པ་རྟག་མཆོད་ན།།

འཁོན་འགྲས་འགྲམ་འཁྲུགས་འཁུ་ཞིང་ལྡོག་པའི་རིགས།།

ཀུན་ནས་ཞི་ཞིང་བྱམས་པའི་ངང་ཚུལ་གྱིས།།

འབྲལ་མེད་ཁ་མགོན་མ་གཡེལ་མེལ་ཚེ་མཛོད།།

ཡ་ཐོག་སྲིད་པ་ཁྱུང་གི་དུང་སྒོང་ལས།།

གཉན་བཙན་འོད་འབུམ་གཡུ་ཡི་ལྡེམ་འཕྲུ་ཅན།།

རཏྣའི་དཀྱིལ་འཁོར་ཆེན་པོའི་དལ་ཞུགས་ཚེ།།

རིགས་རྒྱུད་འཁོར་དང་བཅས་པས་བྲན་ཁས་བླངས།།

བར་དུ་སུམ་ལྡན་དུས་ཀྱི་ཐོག་མ་ལ།།

ཆེ་མཆོག་དབང་དྲག་རོལ་བའི་བཀའ་འཁོར་དུ།།

དམ་མནོས་ཀླུ་སྨན་ནོར་འཛིན་སྲས་འཁོར་བཅས།།

བཀའ་རྟགས་ཕྱག་རྒྱ་མ་ཉམས་གཙུག་ཏུ་བརྗིད།།

ཐ་མ་རྩོད་ལྡན་སྙིགས་མའི་དུས་འདི་རུ།།

པདྨའི་མཚན་འཆང་རིག་འཛིན་རྣལ་འབྱོར་པས།།

དབང་མཛད་ཕྱག་རྒྱས་བཅིངས་པའི་སྲས་མཆོག་ཁྱོད།།

འདའ་དཀའ་རྡོ་རྗེའི་དམ་ལས་མ་གཡེལ་ཤིག།

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི།།

བསྟན་པའི་སྙིང་པོ་ལུང་རྟོགས་བཤད་སྒྲུབ་སྡེ།།

འཕེལ་ཞིང་རྒྱས་པའི་མངའ་ཐང་ས་གཞིའི་ཁྱོན།།

ཉི་ཟླའི་སྣང་བའི་དཔལ་དང་རྟག་འགྲོག་མཛོད།།

བསྟན་འཛིན་མཁས་གྲུབ་བྱེ་བའི་འཕྲིན་ལས་རྒྱུན།།

ནམ་མཁའི་ཕ་མཐར་བདལ་བའི་དབུ་འཕང་གི།

རྒྱལ་མཚན་སྲིད་པའི་རྩེ་མོར་རབ་བསྒྲེངས་བའི།།

སྙན་པའི་གྲགས་པས་གླིང་བཞི་འགེངས་བར་གྱིས།།

འཛུམ་དཀར་མཛེས་པའི་མདངས་ལྡན་ལྷ་ཕྲུག་བརྒྱས།།

འཆི་སོས་བདུད་རྩི་སྨན་གྱི་བཅུད་ཐོགས་ཏེ།།

རྒས་མེད་ལང་ཚོ་དར་བའི་བཀྲག་བསྐྱེད་ནས།།

ནད་གདོན་ཞི་བའི་ལས་ཀུན་ཐོགས་མེད་སྒྲུབས།།

དགྱེས་བཞད་ཚིམས་པའི་ཉམས་ལྡན་ཀླུ་ཕྲུག་བརྒྱས།།

བརྟན་གཡོའི་དྭངས་བཅུད་འདྲིལ་བ་སྲོག་གི་ཁམས།།

མི་གཡོ་འཕེལ་ཞིང་རྒྱས་པའི་དཔལ་བསྐྱེད་དེ།།

ཚེ་བསོད་རྒྱས་པའི་ལས་རྣམས་ཀུན་འགྲུབ་མཛོད།།

སྒེགས་ལྡན་འཕྲུལ་གྱི་ཤུགས་འཆང་གནོད་སྦྱིན་བརྒྱས།།

རབ་དམར་དབང་གི་གཟི་བྱིན་ཉེར་བསྐུལ་ཏེ།།

འགུག་འཆིང་ནོར་བུའི་ལྕགས་ཀྱུ་ཞགས་པ་ཡིས།།

དབང་སྡུད་དབང་གི་ལས་རྣམས་འཆོར་མེད་སྒྲུབས།།

ཤིན་ཏུ་དྲག་ཁྲོས་བཙན་གྱི་དམག་དཔོན་བརྒྱས།།

རྣོན་པོ་མཚོན་གྱི་སོ་ཁ་མྱུར་ཕྱུངས་ལ།།

སྡང་བྱེད་དགྲ་བོའི་སྲོག་རྩ་འཕྲལ་གཅོད་པའི།།

དྲག་པོ་སྒྲོལ་བའི་ལས་ལ་ད་རེམ་ཅིག།

སྨན་མོ་གཉན་བཙན་ཀླུ་བཟའ་ཁྲི་ལྕམ་བརྒྱས།།

དཀར་ནག་ཕྱུགས་ཀྱི་འཕེལ་ཁ་དར་བ་དང་།།

སྲིད་ཞིའི་ཕྱྭ་གཡང་ནོར་སྣ་ཀུན་བསྡུས་ཏེ།།

བང་མཛོད་གཡང་གི་ར་བ་སྤེལ་ཞིང་སྲུངས།།

མདོར་ན་ཡུལ་ལྷ་གཉན་པོ་འཁོར་བཅས་ཀྱིས།།

རྣལ་འབྱོར་བདག་ཅག་བུ་སློབ་ཡོན་བདག་བཅས།།

མི་འབྲལ་སྲུང་ཞིང་སྐྱོབ་པའི་སྡོང་གྲོགས་ཀྱིས།།

དགོས་འདོད་ཆར་བཞིན་འབེབས་པའི་དངོས་གྲུབ་བྱིན།།

གནས་སྐབས་ཉེར་འཚེའི་རིགས་ཀུན་ཞི་བ་དང་།།

བྱང་ཆུབ་ལམ་གྱི་བར་ཆད་ཀུན་བསལ་ཏེ།།

མཐར་ཐུག་སྲིད་ཞིར་མི་གནས་ཆོས་ཀྱི་སྐུའི།།

རྒྱལ་སྲིད་མཆོག་ལ་སྦྱོར་བའི་བཀྲ་ཤིས་སྩོལ།།

ཁྲི་ཤོག་རྒྱལ་མོའི་མཚོ་སྲིབ་གསེར་ཆེན་དགེ་བསྙེན་ཆེན་པོའི་བསང་རྔན་དྲང་སྲོང་ཁྲོས་པའི་གད་རྒྱང་།

ཧྲཱིཿ ཀུན་ཁྱབ་ཀ་ནས་དག་པ་གདོད་མའི་གཤིས།།

རང་བཞིན་ལྷུན་གྱིས་གྲུབ་པའི་ཆོས་ཉིད་ལས།།

མ་འགགས་སྣང་སྟོང་བདེ་ཆེན་ཡེ་ཤེས་ཀྱི།།

རོལ་རྩལ་མཁའ་ཁྱབ་སྲིད་ཞི་མཉམ་པར་བདལ།།

རང་ཉིད་སྐད་ཅིག་རིགས་ཀུན་འདུས་པའི་ཞལ།།

རིག་འཛིན་མ་ཧཱ་གུ་རུ་ཐོད་ཕྲེང་རྩལ།།

སྐུ་མདོག་དམར་སྨུག་འཛུམ་ཞལ་ཁྲོས་པའི་ཉམས།།

རྗེས་ཆགས་རྔམ་པའི་སྤྱན་གྱིས་ལྡིར་ཞིང་གཟིགས།།

ཕྱག་གཡས་རབ་བརྗིད་གསེར་གྱི་རྡོ་རྗེ་གདེང་།།

གཡོན་པས་དབང་མཛད་དོན་ཡོད་ནོར་ཞགས་བསྣམ།།

མ་ཚོགས་རིག་འཛིན་བྱེ་བའི་འཁོར་དང་བཅས།།

སྣང་སྲིད་དྲེགས་པ་ཡོངས་ཀྱི་གཙུག་ན་ཆེ།།

དེ་མདུན་སྣ་ཚོགས་འཇའ་འོད་གཏིབས་པའི་ཀློང་།།

གློག་དམར་འགྱུ་བའི་ཆུ་འཛིན་རབ་དཀྲིགས་དབུས།།

རིན་ཆེན་གསེར་གྱི་སྐུ་མཁར་བ་གམ་ཅན།།

ཁོར་ཡུག་མཛོད་ཆེན་སྟོང་དང་དགུ་བརྒྱས་བསྐོར།།

དེ་ནང་སེང་འབྲུག་མཇིང་སྣོལ་པདྨའི་ཁྲིར།།

གསེར་ཆེན་རྒྱལ་པོ་གཡུ་ཡི་སྨིན་མ་ཅན།།

རབ་དཀར་ལ་ཐོད་གསེར་གྱི་པ་ཏྲས་བརྒྱན།།

འཆོང་སྨུག་ཨིནྡྲ་ནི་ལིའི་དོ་ཤལ་འཕྱང་།།

འདོད་འབྱུང་རིན་ཆེན་གཏེར་གྱི་བུམ་པ་དང་།།

མ་སངས་འཕྲུལ་གྱི་པོ་སྟི་ཕྱག་ན་བསྣམ།།

བཀའ་འཁོར་དགྱེས་སྡེ་སྲས་བློན་ཕོ་ཉའི་ཚོགས།།

མཁའ་དང་ས་གཞི་བར་སྣང་ཁྱབ་པར་བཞུགས།།

དབང་དང་དྲག་པོའི་ལས་ལ་ཆས་པའི་ཚེ།།

སྐུ་མདོག་སྨུག་ནག་སྤྱན་གསུམ་སྐར་ཆེན་གཡོ།།

ཟུར་གསུམ་མཆེ་བར་ཁྲག་གི་སྐ་རགས་བཅིངས།།

ཀི་ལ་དགྱེས་ཤིང་བསྭོ་ལ་ལྷག་པར་མྱུར།།

ཕྱག་གཡས་རྣོ་ངར་རལ་གྲི་མཁའ་ལ་ཕྱར།།

གཡོན་པས་ཁམས་གསུམ་འཆིང་བའི་རླུང་ཞགས་ཐོགས།།

བཙན་མདུང་རུ་མཚོན་དམར་པོ་གྲུ་མོར་བསྟེན།།

དཔའ་རྫོང་རྡོ་རྗེའི་གོ་ཁྲབ་སྐུ་ལ་གསོལ།།

རྟ་མཆོག་ཞུར་ཆེན་གཟི་མིག་ཤུགས་རྩལ་ལྡན།།

རིན་ཆེན་སྒ་ཆ་ནོར་བུའི་རྒྱན་དྲུག་ཅན།།

གློག་ལྟར་མྱུར་བའི་ཤུགས་འཆང་ཆིབས་སུ་བཅིབས།།

ཁམས་གསུམ་ཀུན་ཏུ་ཐོགས་མེད་ཡུད་ཀྱིས་རྒྱུ།།

ཁྱེད་ལ་དགྱེས་པའི་མཆོད་སྤྲིན་དཀར་གསུམ་རྫས།།

མངར་གསུམ་བཏུང་བས་བྲན་པའི་རོ་མཆོག་དང་།།

བདུད་རྩིའི་ཕབ་ཀྱིས་བཏབ་པའི་འབྲུ་དང་སྨན།།

མྱོས་བྱེད་ཁྲག་མཚོར་སྦྱར་བ་དྲག་པོའི་སྐྱེམས།།

ལྷ་ཤིང་གཡུ་ལོ་མ་ཉམས་ཟིལ་བ་ཅན།།

འབར་བའི་མེ་ལ་བསྲེགས་པའི་དུད་སྤྲིན་ཆེ།།

ཟག་མེད་འདོད་ཡོན་རྒྱ་མཚོར་བརླབས་པ་བཅས།།

རྣམ་མང་ཀུན་བཟང་མཆོད་པའི་རྫས་བཞིན་འབུལ།།

ལྷ་སྲུང་གཉན་པོའི་ཐུགས་ཀྱི་དགྱེས་པ་བསྐང་།།

འགལ་འཁྲུལ་མི་གཙང་གྲིབ་ཀྱིས་ཕོགས་པ་བསང་།།

དབུ་འཕང་དགུང་ལས་མཐོ་བའི་དགྲ་ལྷ་བསང་།།

ལས་སྟོབས་དབང་ཤུགས་བཙན་པའི་རླུང་ལྷ་བསང་།།

དཔའ་རྩལ་ཐོག་ལས་རྒོད་པའི་ཕོ་ལྷ་བསང་།།

མཛེས་འཛུམ་ལང་ཚོ་རྒྱས་པའི་མོ་ལྷ་བསང་།།

རིགས་རྒྱུད་བུ་ནོར་འཕེལ་བའི་མཚུན་ལྷ་བསང་།།

ཕྱྭ་གཡང་མཛོད་དུ་སྐྱིལ་བའི་ནོར་ལྷ་བསང་།།

རྐང་བཞིས་ར་བ་འགེང་བའི་ཕྱུགས་ལྷ་བསང་།།

རོ་ལྡན་བཅུད་དུ་འཁོར་བའི་ཟས་ལྷ་བསང་།།

དབུ་རྩེ་དགུང་ལ་རེག་པའི་ས་འཛིན་ཆེ།།

ཟོ་དོར་གསེར་ཆེན་རྡོ་རྗེ་གྲགས་རྩལ་བསང་།།

གཡས་རི་ཕྲག་པ་ཙམ་ལས་དམའ་བ་ཡི།།

བློན་ཆེན་བཀའ་ཡི་ཕོ་ཉ་འཁོར་བཅས་བསང་།།

གཡོན་རི་གྲུ་མོའི་ཚད་དུ་ཟླུམ་པ་ཡི།།

ཕྱག་ཚང་གཉེར་འཛིན་ལས་བྱེད་ཚོགས་བཅས་བསང་།།

པང་དུ་གཡུ་ལྗོན་ཚང་ཚིང་འཁྲིགས་པ་ཡི།།

དགྱེས་སྡེ་བཙུན་མོ་ཞལ་ཏ་འཁོར་བཅས་བསང་།།

མདུན་གཡོན་གྲགས་པའི་མཚོ་ཆེན་ཁྲི་ཤོག་རྒྱལ།།

གནས་བདག་ཀླུ་རྒྱལ་ཀླུ་སྨན་འཁོར་བཅས་བསང་།།

ཁྱད་པར་གསང་བའི་མཐུན་རྫས་དུང་གི་ཤོ།།

དགུ་མིག་སྲིད་པ་ཆགས་པའི་བླ་མཁར་ལ།།

དྭངས་བའི་ཡིད་གཟུགས་ཆགས་ཤིང་འཁྲི་བ་ཡི།།

བླ་རྟེན་གཞིས་ཀྱི་གནས་མལ་གཏན་དུ་ཆོས།།

གནམ་ས་ཆགས་པའི་སྙིང་པོ་རྡོ་ཡི་བཅུད།།

སྲོག་སྙིང་ཛཿཡིག་དམར་པོས་བརྒྱན་པ་ལ།།

དུང་བ་སྐད་ཅིག་མི་ལྷོད་རྗེས་འབྲང་བའི།།

མཛའ་གཅུག་སེམས་ཀྱི་རི་མོ་བརྟན་པར་མཛོད།།

ཙཀྲ་རྩིབས་བརྒྱད་པདྨའི་ལྟེ་བ་ཅན།།

གླིང་དགུ་སྨེ་བས་བརྒྱན་པའི་བླ་རྡོ་ལ།།

ཐབས་ཤེས་ཉི་ཟླའི་སྣང་བ་འབྲལ་མེད་དུ།།

ཡང་ཡང་རྒྱུན་དུ་འགྲོག་པའི་ཕ་མཚེར་ཟུངས།།

དུས་གསུམ་དུས་ལས་འདས་པའི་དུས་ཀྱི་ཚེའི།།

ཆེ་མཆོག་ཁྲག་འཐུང་རྒྱལ་པོའི་ཐ་ཚིག་དང་།།

རང་སྣང་དབང་དུ་འདུས་པའི་དུས་ཆེན་པོར།།

རང་བྱུང་པདྨ་བརྒྱུད་པས་བཀའ་བསྒོས་བཞིན།།

སངས་རྒྱས་བསྟན་པའི་སྙིང་པོ་ལུང་རྟོགས་ཆོས།།

བཤད་དང་སྒྲུབ་པས་སྤེལ་བའི་ཆོས་འཁོར་ཆེ།།

སྲུང་ཞིང་བསྟན་འཛིན་སྐྱེས་མཆོག་རྒྱུད་བཅས་ཀྱི།།

དབུ་འཕང་བ་དན་སྲིད་པའི་བླ་རུ་སྒྲེངས།།

མ་རུངས་བདུད་སྡེའི་གཤེད་པོ་བདུད་ཀྱི་དགྲ།།

སྲིད་གསུམ་རྔམ་ཟས་གཅིག་གིས་རོལ་བ་ཡི།།

རླག་བྱེད་དྲང་སྲོང་ཁྲོ་བོའི་སྟངས་སྟབས་ཀྱིས།།

བསྟན་དགྲ་མ་ལུས་མིང་གི་ལྷག་མར་ཐོངས།།

ལྷ་ཁྱེད་བསྙེན་ཅིང་སྒྲུབ་པའི་རྣལ་འབྱོར་བདག།

རྒྱུད་འཛིན་བུ་སློབ་ཡོན་བདག་བཅས་པ་ཡི།།

ཆོས་མཐུན་བསམ་པ་ཡིད་བཞིན་འགྲུབ་པ་དང་།།

འབྲལ་མེད་འགོ་ཞིང་སྐྱོབ་པའི་སྡོང་གྲོགས་མཛོད།།

བསིལ་ལྡན་ར་བ་དཀར་པོའི་ཆོས་ཀྱི་ཞིང་།།

སྣོད་བཅུད་རྒུད་པའི་བཀྲག་མདངས་གསོ་བ་དང་།།

ཆབས་ཅིག་ཕུན་ཚོགས་སྡེ་བཞིའི་འབྱོར་བའི་དཔལ།།

ལུགས་ཟུང་རྒྱལ་མཚན་རྩེ་མོར་འབར་གྱུར་ཅིག།

ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ།།

དེ་ཡི་བསྟན་པའི་ཆུ་འགོ་རྫོགས་ཆེན་པའི།།

རིང་ལུགས་སྲིད་མཐའི་བར་དུ་མི་ཉམས་ཤིང་།།

མངའ་ཐང་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག།

ཅེས་པ་འདི་ཉིད་མཚོ་སྔོན་ཁྲི་ཤོག་རྒྱལ་མོའི་མཚོ་འགོའི་གཏེར་གནས་ནས་ལྷ་བསང་ཕུད་སྐབས་སྔགས་རྒྱུད་འཛིན་པ་སྐུ་ཞབས་དཔལ་ལྡན་ལགས་ཀྱི་ངོར་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་པདྨ་སྐལ་བཟང་དེས་བྲིས་པ་འདིས་ཀྱང་བསིལ་ལྡན་ལྗོངས་སུ་རྫོགས་ལྡན་དུས་བཟང་གསར་པ་འཆར་བར་བྱེད་པའི་རྒྱུར་གྱུར་ཅིག།

ཡུལ་ལྷ་ཆེན་པོ་དགེ་བསྙེན་དྲག་པོ་རྩལ་གྱི་བསང་མཆོད་འདོད་དགུའི་འབྱུང་གནས།

ཧཱུྃ། མི་ཤིགས་བདེ་ཆེན་བདལ་བའི་ཞིང་ཁམས་ནས།།

འཁོར་འདས་སྲིད་པའི་སྣང་ཆར་ཤར་བའི་རྩལ།།

དག་མཉམ་མཚན་མའི་སྤྲོས་པ་ཉེར་ཞིའི་དབྱིངས།།

ནང་གསལ་གསང་བའི་རང་གདངས་འགག་མེད་ལས།།

རོལ་བའི་སྒྱུ་འཕྲུལ་སྣང་སྲིད་དབང་སྒྱུར་ལྷ།།

དཀར་ཕྱོགས་དགྲ་ལྷའི་རུ་འདྲེན་ལྷ་གཉན་གཙོ།།

དགེ་བསྙེན་ཆེན་པོ་རྡོ་རྗེ་དྲག་པོ་རྩལ།།

སྐུ་མདོག་སྨུག་ནག་ཁྲོ་འཛུམ་བརྗིད་པའི་ཞལ།།

གསེར་ཁྲབ་གསེར་རྨོག་གསོལ་ཞིང་དར་མདུང་བསྣམ།།

དགོས་འདོད་ནོར་བུའི་ལྷ་གཡང་ཆར་དུ་འབེབ།།

བཙུན་མོ་སྲས་བློན་བྲན་དང་ཕོ་ཉར་བཅས།།

མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན།།

སྐད་ཅིག་མྱུར་བའི་ཤུགས་ཀྱིས་གནས་འདིར་བྱོན།།

ཀྱེ། རབ་མཛེས་རིན་ཆེན་སྣོད་མཆོག་ཡངས་བའི་གཞིར།།

དཀར་མངར་ཕུད་ཀྱིས་སྦྲན་པའི་གཙང་མའི་བཤོས།།

གསེར་དངུལ་དར་ཟབ་སྨན་སྣ་སྤོས་མཆོག་དང་།།

འདོད་ཡོན་རྣམ་ལྔ་བཀྲ་ཤིས་རྟགས་ཀྱི་རྫས།།

རྐང་བཞིའི་ཕྱུགས་དང་བྱ་རིགས་འདབ་ཆགས་ཚོགས།།

མུན་པའི་མདོག་ཅན་མཚལ་དམར་མདངས་བཀྲ་བའི།།

ཅང་ཤེས་རྟ་མཆོག་རླུང་གི་གཤོག་ཅན་དང་།།

གཡུལ་ལས་རྒྱལ་བའི་མདུང་དམར་བ་དན་ཅན།།

གོ་མཚོན་ཡ་ལད་དྲག་པོའི་ཕྱག་མཚན་བཅས།།

ཁྱེད་རྣམས་འཁོར་དང་བཅས་ལ་དང་བས་འབུལ།།

ཁྱད་པར་གཡུ་ཤུག་འཁན་དཀར་འོམ་བུ་དང་།།

ཙནྡན་དཀར་དམར་རྩི་བཅུད་སྨན་སྣའི་ཚོགས།།

སྲེག་པའི་དུད་པ་ཡེ་ཤེས་རོལ་བའི་སྤྲིན།།

རྣམ་མང་འདོད་ཡོན་རྒྱ་མཚོས་ཡོངས་གང་བ།།

ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་ཚོགས་ཀྱིས།།

སྐུ་ཡི་དགྲ་ལྷ་ཆེན་པོ་འཁོར་བཅས་བསང་།།

མྱུར་མགྱོགས་རླུང་རྟའི་ལྷ་འཁོར་ཐམས་ཅད་བསང་།།

དཔའ་བརྟན་དགྲ་ལྷའི་དཔུང་ཚོགས་འཁོར་བཅས་བསང་།།

བུ་ནོར་ལོངས་སྤྱོད་སྤེལ་བའི་ལྷ་སྲུང་བསང་།།

ས་མཁར་གཞིས་ཀྱི་འགོ་བའི་ལྷ་ཚོགས་བསང་།།

བདག་ཅག་མི་ཤེས་རྨོངས་འཁྲུལ་བག་མེད་པས།།

ལྷ་ཁྱོད་ཐུགས་འགལ་འགྲམ་འཁྲུགས་མཐོལ་ལོ་བཤགས།།

བཟོད་བཞེས་ཚངས་པའི་ཟླ་ཞལ་མྱུར་དུ་ངོམ།།

བདག་ཅག་དཔོན་སློབ་བརྒྱུད་པར་བཅས་ཀུན་གྱིས།།

བྱང་ཆུབ་བར་དུ་ལྷ་མཆོག་ཁྱོད་བསྟེན་ན།།

སྔོན་ཚེ་དབང་དྲག་པདྨ་དྲག་པོ་དང་།།

བར་དུ་གྲུབ་དབང་དྷ་རྨའི་མཚན་ཅན་དང་།།

ཐ་མ་སྔགས་འཆང་བདག་གི་བཀའ་བསྒོས་བཞིན།།

གཡར་དམ་བཞེས་ལ་གང་བཅོལ་ཕྲིན་ལས་སྒྲུབས།།

རྨད་བྱུང་ཐུབ་བསྟན་སྙིང་པོ་ལུང་རྟོགས་ཆོས།།

མི་ནུབ་སྤེལ་ཞིང་དེ་འཛིན་འདུས་པའི་སྡེ།།

དབྱར་གྱི་མཚོ་བཞིན་འཕེལ་ཞིང་རྒྱས་པ་དང་།།

ཐུགས་བཞེད་ལེགས་འགྲུབ་དབུ་འཕངས་དགུང་དུ་བསྟོད།།

རྟག་ཏུ་མཆོད་ཅིང་བསྟོད་པའི་རྒྱུ་སྦྱོར་བདག།

ཁ་རྗེ་དབང་ཐང་རླུང་རྟ་ཡར་ལ་སྐྱེད།།

དགྲ་དང་རྩོད་ན་རྒྱལ་ཁའི་དཔའ་རྟགས་སྤྲོད།།

ཕ་རོལ་དཔུང་ཚོགས་མིང་གི་ལྷག་མར་བྱོས།།

ཟས་ནོར་ལོངས་སྤྱོད་ཕྱྭ་གཡང་སྤྲིན་བཞིན་བསྡུས།།

རྟ་ནོར་ཕྱུགས་ཀྱིས་ར་བ་ཁེངས་བར་མཛོད།།

མྱུར་མགྱོགས་འདོ་བའི་བང་རྩལ་རྟ་ལ་སྩོལ།།

དཔའ་སྙིང་སྟོབས་ཤུགས་བཙན་པོ་མི་ལ་སྩོལ།།

ཀླུ་ནོར་དབྱིག་གི་དངོས་གྲུབ་ཕྱུགས་ལ་སྩོལ།།

གཡུལ་རྒྱལ་རྒྱལ་མཚན་མཐོན་པོ་རྟག་ཏུ་བསྒྲེངས།།

ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་བདེ་ལེགས་ཀྱིས།།

གཡེལ་མེད་རྟག་ཏུ་སྐྱོང་བའི་བཀྲ་ཤིས་ཤོག།

ཅེས་པའང་རྫོགས་ཆེན་པདྨ་སྐལ་བཟང་ངམ་མིང་གཞན་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་ཤར་མར་བྲིས།།

སྐལ་བཟང་མ་ཎིའི་གསེས་མཁར་གྱི་བསང་དགོས་འདོད་གཡང་གི་ལྡེའུ་མིག

ཧཱུྃ། རང་མདུན་ནམ་མཁར་འཇའ་སྤྲིན་འཁྲིགས་པའི་དབུས།།

སྣང་སྲིད་ཟིལ་གནོན་རྒྱལ་དབང་པདྨ་འབྱུང་།།

སྐུ་གསུམ་འདུས་པའི་བདག་ཉིད་བླ་མ་རྗེ།།

སྣང་སྟོང་བདག་མདུན་དབྱེར་མེད་ཆེན་པོར་གསལ།།

ཐུགས་ཀའི་ཧྲཱིཿལས་ཛཿདམར་འཕྲོས་པ་ཡིས།།

སྣང་སྲིད་དྲེགས་པའི་གཙོ་བོ་ཆེ་དགུའི་སྲོག།

དབང་གི་འཕྲིན་ལས་མི་ཟད་རླུང་ཤུགས་ཀྱིས།།

དྲངས་ནས་དབྱེར་མེད་དམ་ཚིག་རྟེན་ལ་བསྟིམ།།

ཁྱད་པར་ཡིད་འོང་སྨན་ལྗོངས་ཉམས་དགའི་དབུས།།

སྤྲིན་དཀར་བླ་བྲེ་ལྡིང་བའི་གུར་ཁང་དུ།།

རིན་ཆེན་ཤེལ་དང་ནོར་བུའི་སྐུ་མཁར་ནང་།།

བཀྲ་ཤིས་ཚེ་ཡི་དཔལ་འཛིན་ཕྱུགས་ཀྱི་བདག།

གཏལ་དཀར་གཡང་གི་ལྷ་མོ་འགྲོ་བཟང་མ།།

ལྷ་ཀླུ་གཉན་བདུད་སྨན་ཕྲན་འབུམ་དང་བཅས།།

ཐོགས་མེད་འབོད་པའི་གནས་འདིར་མྱུར་དུ་བྱོན།།

བཛྲ་ས་མ་ཡ་ཛཿ ཏིཥྛ་ལྷན།

ཀྱཻ། ཀ་དག་ནང་གསལ་གསང་བའི་མེ་ཐབ་ཏུ།།

ལྷུན་གྲུབ་ཡེ་གྲོལ་འབར་བའི་བསྲེག་རྫས་ཀྱིས།།

ཐབས་ཤེས་བདེ་སྟོང་ཟག་མེད་མཆོད་པའི་སྤྲིན།།

ཚོགས་དྲུག་དབང་ཡུལ་རོ་མཉམ་འདོད་ཡོན་སྤེལ།།

སྣ་ཚོགས་ཤིང་སྣ་འདུས་པའི་སྤོས་ཀྱི་རྟར།།

དཀར་མངར་དར་ཟབ་རྩི་སྨན་ཆབ་ཀྱིས་བྲན།།

མེ་རླུང་སྟོབས་ཀྱིས་བསྐྱེད་པའི་གཡུའི་དུད་པ།།

ལྷ་ལམ་དོག་པོར་བགྱིད་པའི་སྤྲིན་ཆེན་གྱིས།།

དགོངས་བརྡ་སྙན་བརྒྱུད་རྩ་བརྒྱུད་བླ་མ་བསང་།།

ཡི་དམ་དཔལ་ཆེན་ཁྲག་འཐུང་རིགས་ལྔ་བསང་།།

གནས་ཡུལ་ཉེར་བཞིའི་མ་ཚོགས་མཁའ་འགྲོ་བསང་།།

ཆོས་སྐྱོང་མགུར་ལྷ་དམ་ཅན་བསྟན་མ་བསང་།།

དགྲ་ལྷ་ཝེར་མ་ཇག་མགྲོན་ལམ་ལྷ་བསང་།།

ནོར་ལྷ་གཏེར་བདག་ཡུལ་རིས་ཟོ་དོར་བསང་།།

གཡང་གི་ལྷ་མོ་དངོས་གྲུབ་གཏེར་གྱི་མཛོད།།

མ་ལུས་འཁོར་དང་བཅས་པ་ཐམས་ཅད་བསང་།།

རྟ་མཆོག་ཞུར་ཅན་བྱ་ནག་མཆུ་སེར་དང་།།

འབྲོང་བུ་དར་མ་རྨ་བྱ་སྤུ་སྡུག་རིས།།

རྒྱུན་འབབ་འོ་མའི་ཆུ་རྒྱུན་གཙང་མའི་ཆབ།།

རིན་ཆེན་རྒྱན་ཕྲེང་དར་ཟབ་འབྲུ་སྣ་དང་།།

སྒྲ་སྙན་རོལ་མོའི་དབྱངས་དང་འགྱུར་ཁུག་གླུ།།

བདེ་སྟོང་ཟག་མེད་ལྷན་སྐྱེས་མཆོད་པ་འབུལ།།

ཐུགས་དམ་དགྱེས་བསྐང་དངོས་གྲུབ་རྣམ་གཉིས་སྩོལ།།

དམ་ལྡན་སྒྲུབ་པའི་རྣལ་འབྱོར་འཁོར་བཅས་ལ།།

དགྱེས་པའི་མདངས་ཕྱུང་འཛུམ་པའི་ཟླ་ཞལ་ངོམ།།

མཚན་མའི་རྫས་དང་འདུ་བའི་བླ་རྟེན་ལ།།

མི་འབྲལ་རྩེ་གཅིག་འཁྲིལ་ནས་བུ་བཞིན་སྐྱོངས།།

ལྷ་དང་དྲང་སྲོང་གྲུབ་པའི་རིག་འཛིན་གྱི།།

མི་ཤིགས་ཁ་སྦྱོར་བདུན་ལྡན་རྡོ་རྗེའི་སྲོག།

འཆི་མེད་ཚེ་དང་རྒས་མེད་ལང་ཚོའི་དཔལ།།

ནད་མེད་དགའ་བདེས་རྟག་ཏུ་འཚོ་བ་དང་།།

བརྟན་གཡོ་སྣོད་བཅུད་སྲིད་པའི་ཕྱྭ་དང་གཡང་།།

མ་ལུས་འདོད་རྒུའི་དངོས་གྲུབ་ཆར་དུ་བསྙིལ།།

རྐང་བཞི་ཕྱུགས་ཀྱིས་ར་བ་འགེངས་བ་དང་།།

དཀར་མོ་འོ་མའི་ཟས་བཅུད་འཕེལ་བར་མཛོད།།

སྙན་པའི་བ་དན་ཆེ་རྒུའི་བླ་ན་སྒྲེངས།།

གྲགས་པའི་འབྲུག་སྒྲ་གླིང་བཞིའི་མཁའ་ལ་ལྡིར།།

ལས་སྟོབས་དབུ་རྨོག་བཙན་པོའི་དཔུང་ཤུགས་ཀྱིས།།

ཕ་རོལ་དགྲ་སྡེ་མིང་གི་ལྷག་མར་ཐོངས།།

ཐུབ་བསྟན་མདོ་སྔགས་སྙིང་པོ་ལུང་རྟོགས་ཆོས།།

བཤད་དང་སྒྲུབ་པས་སྤེལ་བའི་སྡེ་ཚོགས་རྒྱས།།

མཚོ་སྐྱེས་རྒྱལ་བའི་རིང་ལུགས་ཐེག་པའི་རྩེ།།

སྙིང་ཐིག་གཉན་པོའི་བསྟན་པ་སྲུང་ཞིང་སྤེལ།།

རིགས་དྲུག་འཁྲུལ་བའི་གྲོང་ཁྱེར་རྩད་ནས་སྟོང་།།

འགྲོ་ཀུན་མ་བཅོས་དོན་གྱི་གཉུག་མའི་གཞིར།།

གདོད་མའི་རྒྱལ་སྲིད་ཆེན་པོར་དབང་བསྒྱུར་བའི།།

རྣམ་བཞིའི་ཕྲིན་ལས་མ་ཐོགས་མྱུར་སྒྲུབ་མཛོད།།

ཅེས་པའང་དཔྱོད་ལྡན་ཡོན་གྱི་བདག་པོ་ཐུབ་རབ་ནས་བསྐུལ་ངོར་རྫོགས་ཆེན་པདྨ་བཛྲའི་སྐྱེ་མིང་གསུམ་པར་འབོད་པ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་པདྨ་སྐལ་བཟང་དེས་ཐུན་སེང་ཞིག་ལ་བྲིས་པ་ཛ་ཡནྟུ།།

ཡུལ་དགེ་རྒྱལ་ནག་ཚང་ཕྱོགས་ཀྱི་གནས་བདག་མཚོ་སྨན་ཆེན་མོའི་བསང་བསྡུས་ཡིད་བཞིན་འདོད་འབྱུང་།

ཧྲཱིཿམདུན་མཁར་འཇའ་སྤྲིན་སྣ་ཚོགས་འཁྲིགས་པའི་དབུས།

རྣམ་མང་རིག་འཛིན་བྱེ་བའི་གཙུག་གི་རྒྱན།།

མཚོ་སྐྱེས་རྒྱལ་བའི་དབང་པོ་པདྨ་འབྱུང་།།

སྣང་སྲིད་ཟིལ་གྱིས་གནོན་མཛད་ཧེ་རུ་ཀ།

གནས་གསུམ་དཔའ་བོ་ཌཱཀྐིའི་ཚོགས་དང་བཅས།།

དམ་ཡེ་བདག་མདུན་དབྱེར་མེད་རོ་གཅིག་བཞུགས།།

ཀྱཻ། བྱང་ཕྱོགས་ཕྱི་སྣོད་རིན་ཆེན་འདོད་དགུའི་རི།།

ཤེལ་བྲག་ནོར་བུའི་བ་གམ་ལྷུན་སྟུག་རྩེ།།

གནམ་སྔོན་བཻཌཱུར་མདངས་ཀྱིས་རབ་སྤུད་པའི།།

སྤྲིན་དཀར་མགུལ་རྒྱན་མཛེས་པའི་ས་འཛིན་ཆེ།།

ནང་ལྟར་གཞལ་མེད་ཁང་བཟང་གཏེར་གྱི་མཛོད།།

སྣ་ཚོགས་རིན་པོ་ཆེ་ལས་གྲུབ་པ་ཡི།།

ལྷ་ཀླུ་བྱེ་བས་མཆོད་པའི་སྐུ་མཁར་ཆེ།།

ལྕོག་དང་ཐེམ་སྐས་སྟོང་གིས་མཛེས་ཤིང་བརྗིད།།

གསང་བ་ཡོངས་གྲུབ་དག་མཉམ་ཆེན་པོའི་གཞིར།།

འཁོར་འདས་རོ་གཅིག་ལྷུན་མཉམ་བདལ་བ་ཆེ།།

མ་བཅོས་ལྷན་སྐྱེས་གཉུག་མའི་བདེ་ཆེན་རྩལ།།

རྣམ་པ་ཡིད་འཕྲོག་ཀླུ་སྨན་འོད་ལྡན་མ།།

སྐུ་མདོག་དཀར་མཛེས་གཡུ་ཡི་ལན་ཕྲན་ཅན།།

ཨིནྡྲ་ནི་ལའི་རྒྱན་མཆོག་གཙུག་ན་བརྗིད།།

རཏྣའི་སྲོག་ཞུ་དར་གྱི་གདེངས་ཐོད་མཛེས།།

ཕྱག་ན་འདོད་འབྱུང་ཡིད་བཞིན་ནོར་བུ་བསྣམས།།

ལྷ་ཕྲན་བྱེ་བའི་དབུས་ན་འགྱིང་ཞིང་བཞུགས།།

སྟེང་ཕྱོགས་ལྷ་གཡང་དངོས་གྲུབ་ཆར་ལྟར་འབེབ།།

རེས་འགའ་དར་དཀར་རལ་གུ་སྐུ་ལ་གསོལ།།

ཕྱག་གཡས་མདའ་དར་དུང་ཤོ་དཀར་མོ་དང་།།

གཡོན་པས་གསལ་བྱེད་འཕྲུལ་གྱི་མེ་ལོང་བསྣམས།།

ཆིབས་སུ་གསེར་མདོག་ཤྭ་བ་ཡུ་མོ་བཅིབས།།

གཉན་ཕྲན་བྱེ་བ་འབུམ་སྡེའི་རྗེ་མོའི་ཚུལ།།

བར་སྣང་གཉན་གྱི་རྩལ་ཤུགས་རླུང་ལས་མྱུར།།

རེས་འགའ་ཆུ་དར་སྔོན་མོའི་སྟོད་གཡོག་ཅན།།

ཀླུ་ཆེན་བརྒྱད་གྱི་གདེངས་ཀ་དབུ་ལ་མཛེས།།

སྐུ་སྨད་སྦྲུལ་མཇུག་གཡུ་ཡི་མཚོ་མོར་གཡེངས།།

ཕྱག་ན་རིན་ཆེན་ནོར་བུའི་གཞོང་བ་བསྣམས།།

ཀླུ་ཕྲན་འབུམ་སྡེའི་དབུས་ན་ལྷམ་མེར་འབར།།

ཀླུ་ནོར་ཟད་མེད་དངོས་གྲུབ་ཆུ་བཞིན་བརྡོལ།།

སྔོན་དུས་རྒྱལ་དབང་པདྨ་ཀཱ་ར་ཡིས།།

བདེ་སྟོང་གསང་བའི་དཀྱིལ་འཁོར་ཆེར་བཀོད་པའི།།

ཀླུ་སྨན་ཆེན་མོ་འཁོར་དང་ཡང་འཁོར་དང་།།

སྤྲུལ་པ་ཡང་སྤྲུལ་ཚོགས་དང་བཅས་པ་ཀུན།།

དེང་དུས་སྔགས་འཆང་རྣལ་འབྱོར་བདག་ཅག་གིས།།

རྩེ་གཅིག་གདུང་བའི་དབྱངས་ཀྱིས་ཉེར་འབོད་ཅིང་།།

སྣ་ཚོགས་རོལ་མོའི་སྒྲ་ཡིས་རབ་བསྐུལ་ན།།

ཐོགས་མེད་སྐད་ཅིག་ཡུད་ཀྱིས་གནས་འདིར་བྱོན།།

བཛྲ་ས་མ་ཡ་ཛཿཛཿ

ཀྱཻ། གཞི་དབྱིངས་ཀ་དག་སྟོང་པའི་ངང་ཉིད་ལས།།

ལྷུན་གྲུབ་རང་ཤར་སྣང་བའི་འདོད་ཡོན་ཚོགས།།

འགག་མེད་རོལ་བའི་རྒྱན་གྱི་དམ་ཚིག་རྫས།།

ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་འབུལ།།

རང་བྱུང་འབྱུང་ལྔའི་དྭངས་མའི་རྩི་བཅུད་འབྲས།།

ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི།།

སྦྱོང་བཀྲུས་བསྲེགས་ཤིང་བསྒྱུར་བའི་དུད་པའི་སྤྲིན།།

མཁའ་ལམ་ཁྱོན་ཀུན་ཁེངས་པའི་ངོ་མཚར་དཔལ།།

རྨད་བྱུང་བདུད་རྩིའི་ཆབ་ཀྱིས་བྲན་པ་འདིས།།

མཆོག་གསུམ་སྐུ་གསུམ་རྩ་གསུམ་ལྷ་ཚོགས་བསང་།།

ཡེ་ཤེས་འཇིག་རྟེན་སྲུང་མའི་ཚོགས་ཀུན་དང་།།

ཡུལ་ལྷ་གཞི་བདག་གནས་གཏེར་སྲུང་མ་བསང་།།

ཁྱད་པར་གཡུ་ཤུག་མཁན་དཀར་བ་ལུ་དང་།།

ཙན་དན་ཨ་གར་གཙང་མའི་ཤིང་སྣ་ལ།།

དཀར་མངར་ཕུད་ཀྱིས་སྦྲུས་པའི་རིན་ཆེན་ཕྱེ།།

མེ་རླུང་སྟོབས་ཀྱིས་བསྐུལ་བའི་དུད་སྤྲིན་གྱིས།།

བདག་གི་ཕ་མེས་རིགས་ཀྱི་འགོ་བའི་ལྷ།།

མཚོ་སྨན་ཆེན་མོ་འོད་ལྡན་འཁོར་བཅས་བསང་།།

ཟག་མེད་དབྱིག་གི་མཛོད་ལ་མངའ་བརྙེས་པ།།

གཡས་ཀྱི་ལྷ་ཕྲུག་བྱེ་བ་དུང་ཕྱུར་བསང་།།

འབྲུ་ནོར་ལོངས་སྤྱོད་དངོས་གྲུབ་ཆར་འབེབ་པ།།

གཡོན་གྱི་ཀླུ་གཉན་བྱེ་བ་དུང་ཕྱུར་བསང་།།

རྐང་འགྲོས་ཕྱུགས་རིགས་དཀར་ནག་མཚོ་བརྡོལ་བ།།

མདུན་གྱི་ཀླུ་ཕྲུག་བྱེ་བ་དུང་ཕྱུར་བསང་།།

དགོས་འདོད་ནོར་བུའི་གཏེར་གྱི་བདག་པོ་ཆེ།།

རྒྱབ་ཀྱི་གནོད་སྦྱིན་བྱེ་བ་དུང་ཕྱུར་བསང་།།

ལྷ་ཞལ་དུང་ཟླ་དཀར་པོ་མཁའ་ལ་བསྟོད།།

དབུ་འཕང་རི་དབང་ལྷུན་པོའི་རྩེ་མོར་འགྲན།།

ལྷ་མི་མི་འབྲལ་ཉི་ཟླའི་མཆེད་པོར་བརྟན།།

ཆུ་གཙང་འོ་མ་ཅན་གྱི་ཁྲུས་ཆབ་ཀྱིས།།

ལྷ་སྲུང་མནོལ་དང་འཁོན་དང་གྲིབ་ཀྱི་རིགས།།

མི་གཙང་ཉེས་པའི་སྐྱོན་ཀུན་རབ་བཀྲུས་པས།།

རྡུལ་བྲལ་ཤེལ་གོང་ཇི་བཞིན་དག་གྱུར་ཅིག།

ཁྱད་པར་ཀླུ་རིགས་དཀར་ནག་ཁྲ་བོའི་སྡེ།།

རྗེ་རྒྱལ་འབངས་བློན་འཁོར་དང་བཅས་པ་ལ།།

དཀར་གསུམ་མངར་གསུམ་ཀླུ་སྨན་བཟང་པོའི་དྲི།།

ཕྱེ་མར་འབྲས་དཀར་འོ་ཕུད་སྐྱེམས་ཀྱི་མཆོག།

བྱ་རྐྱང་འབྲོང་གཡག་ཤྭ་བ་རྭ་རྒྱས་དང་།།

ནེ་ཙོ་བཞད་དང་ངང་ངུར་དུལ་བའི་ཚོགས།།

ཆུ་ཕྲན་ལྟེང་ཁ་རྫིང་བུ་དལ་འབབ་རྒྱུན།།

ནེའུ་སེང་སྤང་ལྗོངས་ལྗོན་ཤིང་མེ་ཏོག་ཚལ།།

འབྲས་ལྡན་ཤིང་སྣའི་ར་བ་རྐང་འགྲོས་ཁྱུ།།

དར་ཟབ་རྒྱན་ཕྲེང་སྲིད་པའི་བདོག་དགུའི་རིགས།།

མ་ཚང་མེད་པ་ཀུན་བཟང་མཆོད་པའི་སྤྲིན།།

མི་ཟད་ནམ་མཁའ་མཛོད་དུ་འབུལ་ལགས་ན།།

དགྱེས་བཞེས་ཐུགས་དམ་གཉེན་པོ་བསྐང་གྱུར་ནས།།

བདག་ཅག་དཔོན་སློབ་འཁོར་འབངས་བཅས་པ་ལ།།

འབྲལ་མེད་ལུས་དང་གྲིབ་མ་བཞིན་དུ་འགྲོག།

གཞན་ཕན་ཐུགས་བསྐྱེད་དམ་བཅའི་ཁུར་བཞེས་པའི།།

བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་།།

བཤད་སྒྲུབ་ཐོས་བསམ་སྒོམ་པའི་སྙིང་པོ་ཅན།།

རྒྱལ་བསྟན་དྲི་མེད་དར་བའི་ཕྲིན་ལས་མཛོད།།

ཁྱད་པར་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི།།

བསྟན་སྲིད་ཉི་ཟླས་སྣང་བའི་ཁྱོན་དུ་སྤེལ།།

བརྒྱུད་འཛིན་བུ་སློབ་ཡོན་བདག་འཁོར་བཅས་ཀྱི།།

མངའ་ཐང་ལོངས་སྤྱོད་ནམ་མཁར་མཉམ་པ་དང་།།

སྙན་པའི་གྲགས་པས་ས་སྟེང་ཁྱབ་པར་མཛོད།།

ཕུན་ཚོགས་ལས་ཀླུང་སྟོབས་ཀྱི་དབུ་རྨོག་བཙན།།

ཕྱྭ་གཡང་འདོད་རྒུའི་དངོས་གྲུབ་ཆར་བཞིན་ཕོབས།།

ཕ་རོལ་དགྲ་ཟླ་མིང་གི་ལྷག་མར་ཐོངས།།

དཔའ་ཡ་དཔུང་རོགས་ཁ་འཛིན་མ་གཡེལ་ཞིག།

ལྷ་གཞི་རྟེན་དང་སྣ་ལྔའི་མདའ་དར་ལ།།

མི་འབྲལ་བླ་ཡིད་འཁོར་བའི་རྟེན་ཆོས་ལ།།

རྟ་ལུག་ནོར་གྱིས་རི་ཀླུང་ཁེངས་པ་དང་།།

དཀར་མོ་འོ་མས་རྒྱ་ཟངས་འགེང་བར་མཛོད།།

མདོར་ན་སྲིད་དང་ཞི་བའི་དགེ་མཚན་དང་།།

བཀྲ་ཤིས་ལེགས་ཚོགས་མ་ལུས་གཡང་དུ་འདུས།།

སྡེ་བཞི་དགེ་བཅུའི་དཔལ་གྱིས་ཀུན་ནས་འབྱོར།།

བསམ་དགུའི་རེ་བ་བསྐང་བའི་མཆོག་སྩོལ་ཅིག།

ཅེས་པའང་རྒྱལ་བླ་རིན་པོ་ཆེས་བཀས་བསྐུལ་བཞིན་རུ་དམ་རྫོགས་ཆེན་པདྨ་བཛྲའི་སྐྱེ་ཕྲེང་གསུམ་པར་སྒྲོ་བཏགས་པ་པདྨ་སྐལ་བཟང་དེས་རབ་རྒྱན་ཆུ་སྤྲེལ་ཧོར་ཟླ་༥བའི་ཚེས་༨ལ་འཕྲལ་བྲིས།།

དགེ་རྒྱལ་གནས་དཔོན་བཙན་རྗེའི་བསང་མཆོད་དགོས་འདོད་གློག་ཞགས།

ཧྲཱི༔ དབང་ཆེན་པདྨ་དབང་གི་གཞལ་ཡས་ནས།།

མ་ཆགས་བདེ་ཆེན་དགྱེས་མཛད་ཧེ་རུ་ཀ།

གཏུམ་རྔམ་དབང་དྲག་འབར་བ་ཆེན་པོའི་སྐུ།།

ཡེ་ཤེས་མེ་ཀློང་འཁྱིལ་བའི་མཁར་བཞུགས་མདུན།།

རབ་ཁྲོས་གནོད་སྦྱིན་ཀླུ་བཙན་ཡ་བ་ཛ།།

སྨུག་ནག་ཁྲོ་འཛུམ་སྡང་མིག་ཉི་ཟླར་འཁྱིལ།།

ཕྱག་གཡས་བཙན་མདུང་དར་དམར་རྔ་ཕོད་ཅན།།

ཀླད་ལ་བསྐོར་བའི་མདུང་ཞགས་དགྲ་ལ་འཕེན།།

གཡོན་པ་ཁྲ་རིང་འཕྲུལ་གྱི་སྒྱོགས་ཆེན་ལས།།

དུག་རླངས་ན་བུན་འཚུབ་པའི་ཐོག་ལྕེ་འབེབ།།

དར་དམར་སློག་པ་སག་ཞུ་ལྕགས་ཁྲབ་གསོལ།།

རྟ་མཆོག་གྲ་སྨུག་རླུང་གི་ཤུགས་ཅན་བཅིབ།།

སྐད་ཅིག་ཡུད་ལ་སྟོང་ཁམས་བསྐོར་ཞིང་ཉུལ།།

དགྱེས་སྡེ་ཡུམ་ཆེན་ཁྱུང་བཙུན་རྨ་རུ་བཟའ།།

བཙན་བདུད་ཕོ་ཉ་རུ་འདྲེན་འཁོར་ཚོགས་བཅས།།

ཐོགས་མེད་རྫུ་འཕྲུལ་ཤུགས་ཀྱིས་འདིར་སྤྱོན་ཅིག།

ཁྱེད་ལ་དགྱེས་པའི་བསང་རྫས་དཀར་དམར་ཕུད།།

ཇ་ཆང་ཁྲག་ཞག་མཾ་ས་བཱ་ལིང་ཏ།།

སྨན་རཀ་སྦྱོར་སྒྲོལ་གསང་བའི་དམ་ཚིག་རྫས།།

དངོས་འབྱོར་ཡིད་ལས་བྱུང་བའི་མཆོད་རྫས་འབུལ།།

ཁྱད་པར་མཐུན་པའི་རྫས་མཆོག་གྲི་སྙིང་དང་།།

དཔའ་བོ་གཡུལ་སར་ཤི་བའི་ཁྲག་དྲོན་རྒྱུན།།

ཛ་གད་ཕབ་ཀྱིས་བྲན་པའི་སྐྱེམས་ཀྱི་ཕུད།།

རྟ་མཆོག་རྐྱང་དམར་མེ་ཡི་གཤོག་པ་ཅན།།

རྒྱ་ཁྲ་ལྕགས་ཀྱི་སྡེར་ཅན་སྤྱང་ཐང་ཁྱུ།།

རྩལ་ལྡན་གླག་ནག་གཟན་ལ་གཞུམ་པ་དང་།།

འབྲོང་བུ་དར་མ་ཤྭ་རྐྱང་མ་ཧེའི་ཚོགས།།

སྟག་གཟིག་གྲུས་མ་དོམ་བུ་སྙིང་དཀར་འབུམ།།

སྣ་ཚོགས་གོ་མཚོན་ཡ་ལད་དྲག་པོའི་ཆས།།

དབང་མདོག་ཟ་འོག་བེར་ཆེན་མདུང་དམར་སོགས།།

ལྷ་མིའི་ཡོ་བྱད་སྲིད་གསུམ་དཀོར་གྱི་མཛོད།།

རྣམ་པ་བསང་རྫས་བསྲེགས་པའི་དུད་སྤྲིན་ལས།།

ཀུན་ནས་འཆར་བའི་ནམ་མཁའ་མཛོད་དུ་འབུལ།།

མེ་རླུང་ཆུ་ཡིས་སྦྱང་གཏོར་བཀྲུས་པའི་རྫས།།

ཏིང་འཛིན་སྔགས་ཀྱིས་མི་ཟད་འཁོར་ལོར་སྤེལ།།

ཟག་མེད་ཞེན་བྲལ་བདེ་ཆེན་དགའ་བའི་རོས།།

དུས་ཀུན་ཚིམས་པའི་དགྱེས་ཞལ་རྟག་ཏུ་ངོམས།།

སྒྲུབ་པའི་རིག་འཛིན་རྣལ་འབྱོར་ཡོན་བདག་དང་།།

བུ་སློབ་རྒྱུད་པར་བཅས་ཀུན་སྲུང་ཞིང་སྐྱོངས་།།

ནད་གདོན་ཉེར་འཚེའི་རིགས་ཀུན་ཞི་བ་དང་།།

ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་རྒྱས།།

ཁམས་གསུམ་དབང་སྡུད་མི་ནོར་ཆོས་གསུམ་འདུས།།

ཚར་གཅོད་དྲག་པོས་དགྲ་བགེགས་ཆོམ་ལ་ཕོབས།།

སྔོན་དུས་མ་རུང་ཀླུ་བཙན་སྲོག་གི་གཤེད།།

བར་དུ་དབང་ཆེན་པདྨའི་བཀའ་སྡོད་ཆེ།།

ད་ལྟ་རྣལ་འབྱོར་བདག་གི་དམ་མནོས་པའི།།

ལྷ་ཁྱོད་མ་གཡེལ་རྟག་ཏུ་འགོ་ཞིང་སྲུངས།།

ཁྱད་པར་པདྨ་བཞད་པའི་ཆེ་མཆོག་རྩལ།།

ཟིལ་གནོན་དབང་གི་ཕྱག་རྒྱར་བཞེངས་པའི་ཚེ།།

བླ་ཡིད་སྲོག་གི་དྭངས་མ་ཕུལ་བ་ཡི།།

ཐ་ཚིག་སྙིང་གི་རྒྱ་ལས་མ་འདའ་ཤིག།

ཐུབ་བསྟན་ལུང་དང་རྟོགས་པའི་བདག་ཉིད་ཆེ།།

བཤད་དང་སྒྲུབ་པས་སྤེལ་མཛད་འདུས་པའི་སྡེས།།

ས་ཆེན་ཕྱུར་བུར་འགེང་བའི་སྟོབས་རྩལ་སྐྱེད།།

མ་རུངས་ལོག་འདྲེན་དམ་སྲིས་འཚེ་བའི་རྒྱུན།།

མིང་གི་ལྷག་མར་བཏང་བའི་དེ་མ་ཐག།

བསྟན་འཛིན་དམ་པའི་དབུ་འཕང་མཐོར་བཏེགས་ཤིང་།།

མངའ་ཐང་ཡུན་གནས་བསྟན་པ་མཐའ་རྒྱས་ཤོག།

སྣོད་བཅུད་རྒུད་པའི་མུན་ཚོགས་དབྱིངས་སུ་ཞི།།

སྡེ་བཞི་དགེ་བཅུའི་འོད་སྣང་རྟག་ཏུ་འབར།།

ཅི་བསམ་འདོད་དོན་ཐོགས་མེད་ཡིད་བཞིན་འགྲུབ།།

བཀྲ་ཤིས་ཉི་ཟླའི་དཔལ་དང་རྟག་འགྲོག་ཤོག།

ཅེས་པ་འདི་ཉིད་ཤྲཱི་སེང་ཆོས་གྲྭའི་ལྷོ་ལུང་རིགས་བསམ་འཕེལ་གླིང་གི་ཞལ་ངོ་དགེ་རྒྱལ་ཉི་ཡག་གིས་བསྐུལ་བ་ལྟར་པདྨ་སྐལ་བཟང་གིས་དེ་མ་ཐག་ཏུ་བྲིས་པ་བཀྲ་ཤིས་ཞལ་དྲོ་བའི་རྒྱུར་གྱུར་ཅིག།

བྱང་མེ་ཁྲིའི་མཚོ་རའི་ཀླུ་བསང་ཡིད་བཞིན་ཆར་འབེབ།

ཀྱཻ། རང་སྣང་རོལ་བ་མ་འགག་སྤྲུལ་པའི་གནས།།

ཡིད་འོང་གངས་དཀར་རྫ་རི་ལྷུན་སྟུག་དབུས།།

གཏན་འཁྱིལ་གཡུ་ཡི་མཚོ་མོ་དྭངས་གསལ་དཀྱིལ།།

རབ་མཛེས་རིན་ཆེན་ནོར་བུའི་སྐུ་མཁར་ནང་།།

རྣམ་མང་འདོད་ཡོན་རྒྱ་མཚོ་འཁྲིགས་པའི་དབུས།།

ཀླུ་མོ་དཀར་མོ་མཛེས་སྡུག་ལང་ཚོ་ཅན།།

ཕུན་ཚོགས་ཚེ་གཡང་གཏེར་གྱི་མངའ་བདག་མོ།།

འཁོར་དུ་རང་འདྲའི་སྨན་ཕྲན་འབུམ་ཕྲག་དང་།།

ཌཱཀྐི་དང་སྨན་དཔའ་མོའི་ཚོགས་དང་བཅས།།

མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན།།

དམ་ལྡན་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་བའི།།

གཙང་མའི་གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ།།

ཀྱཻ། ཡེ་ཤེས་ལྔ་ལྡན་ཐབས་ཤེས་ཨེ་ཝཾ་འཁྱིལ།།

ཟུང་འཇུག་བདེ་ཆེན་མི་ཟད་ནམ་མཁའི་མཛོད།།

འདོད་ཡོན་མཆོད་སྤྲིན་རོལ་མོར་ཡོངས་ཤར་བ།།

སྲིད་དང་ཞི་བའི་མགྲོན་རིགས་ཡོངས་ལ་འབུལ།།

སྨན་སྤོས་རྩི་བཅུད་ཤིང་སྣའི་དུད་པའི་རྟར།།

གཙང་མའི་ཆབ་ཀྱིས་བྲན་པའི་རྫས་མཆོག་ལ།།

ཏིང་འཛིན་སྔགས་དང་ཕྱག་རྒྱས་ཡོངས་བརླབས་པའི།།

མི་ཟད་བསང་གི་མཆོད་པ་དམ་པ་འདིས།།

མཆོག་གསུམ་རྩ་གསུམ་ནོར་ལྷ་གཏེར་བདག་བསང་།།

བཀའ་གཏེར་ཆོས་སྲུང་ཡུལ་རིས་གཞི་བདག་བསང་།།

ཁྱད་པར་དུང་སྐྱོང་ཀླུ་མོ་གཟི་ལྡན་མ།།

མ་ལུས་སྐུ་འཁོར་བཅས་པ་ཐམས་ཅད་བསང་།།

ཀླུ་མིག་གསོ་ཞིང་ཀླུ་མནོལ་བསང་བ་དང་།།

ཀླུ་ཡིད་འཁོན་འགྲས་འགྲམ་འཁྲུགས་ཞི་གྱུར་ཏེ།།

རྟག་ཏུ་ཕན་བདེའི་དཔལ་ལ་རོལ་བ་དང་།།

བྱང་ཆུབ་སེམས་ཀྱི་ཏིང་འཛིན་བརྟན་པར་ཤོག།

སྔོན་ཚེ་གསང་བའི་བདག་པོ་རྡོ་རྗེ་ཅན།།

རྒྱལ་བའི་དབང་པོ་པདྨ་སམ་བྷ་ཝས།།

བཀའ་རྟགས་གཙུག་ཏུ་བཅིངས་བའི་ཡལ་གམ་ལས།།

གཡེལ་བ་མེད་པར་དམ་ལྡན་བུ་བཞིན་སྐྱོང་།།

མི་ཟད་ནོར་བུའི་གཏེར་གྱི་སྒོ་ཕྱེས་ལ།།

ཀླུ་གཡང་འདོད་རྒུ་འཇོ་བའི་གྲུ་ཆར་གྱིས།།

རེ་བའི་འབྲས་བུ་བཀང་བའི་པདྨོའི་ཚལ།།

ནམ་ཡང་རྒུད་པ་མེད་པའི་ཕྲིན་ལས་སྒྲུབས།།

བདེ་ཆེན་དགའ་བཞིའི་འགྲོས་ཀྱི་ཡེ་ཤེས་དཔྱིད།།

སྐལ་ལྡན་སྙིང་གི་ཀུ་མུད་དགོད་པའི་དཔལ།།

ཁྱོད་ཞལ་ཟླ་བ་དཀར་པོའི་དགེ་མཚན་གྱི།།

འཛུམ་ཟེར་སྣང་བ་གསར་པས་རྟག་ཏུ་སྐྱོངས།།

མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཆེ།།

སྲིད་པ་ཡོངས་ཀྱི་བླ་ན་མཐོ་བ་དང་།།

ངོ་མཚར་སྙན་གྲགས་དགེ་བའི་བ་དན་གྱིས།།

ཕུལ་བྱུང་ལྷ་ཡི་རྫིང་རིང་ཀུན་འགེངས་མཛོད།།

ཁྱད་པར་བདག་ཅག་རིག་འཛིན་འཁོར་བཅས་ཀྱི།།

ཚེ་བསོད་ཡར་གྱི་ཟླ་ལྟར་འཕེལ་ཞིང་རྒྱས།།

དབང་ཐང་རླུང་རྟའི་དཔལ་ཡོན་རབ་ཏུ་དར།།

ཕུན་ཚོགས་དགའ་བ་བརྒྱ་ཕྲག་གཡས་འཁྱིལ་ཤོག།

རྨད་བྱུང་དམ་ཆོས་བདུད་རྩིའི་གྲུ་ཆར་འཇོ།།

སྲིད་དང་ཞི་བའི་ཕྱྭ་གཡང་མགྲོན་དུ་ཁུག།

འདོད་དོན་བདེ་དགའི་དཔལ་ལ་རྟག་སྤྱོད་དེ།།

ཐར་ལམ་དམ་པའི་ཟུངས་ཀྱིས་འཚོ་གྱུར་ཅིག།

ཡོངས་རྫོགས་བསྟན་པའི་ཕྱི་མོ་སྔ་འགྱུར་པའི།།

རིང་ལུགས་སྲིད་མཐའི་བར་དུ་གནས་པ་དང་།།

ངེས་གསང་བསྟན་པའི་སྲོག་འཛིན་རྫོགས་ཆེན་པའི།།

བསྟན་སྲིད་མངའ་ཐང་དར་བའི་ཕྲིན་ལས་མཛོད།།

འགྲོ་སེམས་གཏི་མུག་གཉིད་ལས་རིངས་སངས་ཏེ།།

ཡང་དག་ལྟ་དང་རྟོགས་པས་རྒྱུད་ཕྱུག་ནས།།

གཞན་ཕན་བྱང་ཆུབ་སེམས་མཆོག་དམ་པ་དང་།།

མི་འབྲལ་མཆོག་གསུམ་སྣང་བས་ཤིས་གྱུར་ཅིག།

ཅེས་རྫོགས་ཆེན་པདྨ་བཛྲའི་སྐྱེ་མིང་གསུམ་པར་འབོད་པ་པདྨ་སྐལ་བཟང་ངམ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་རབ་རྒྱན་ཆུ་ཁྱི་ལོར་གནས་དེ་ནས་བྲིས་པ་དགེ།

ཟླ་ཡི་དུང་རི་ལུག་ཕྱུག་གི་བསང་གསོལ་འདོད་རྒུའི་ཆར་འབེབ།

ཧྲཱིཿ ཀ་དག་སྟོང་ཆེན་འདུས་མ་བྱས་དབྱིངས་ལས།།

མ་འགག་རྩལ་སྣང་སྣ་ཚོགས་རོལ་བའི་འཕྲུལ།།

ལྷུན་གྲུབ་བདེ་ཆེན་གར་གྱི་ཕྱག་རྒྱ་རུ།།

རབ་འབྱམས་དཀྱིལ་འཁོར་འཁོར་ལོ་རྣམ་པར་བཀྲ།།

མི་ཤིགས་འབྱུང་ལྔའི་དྭངས་མ་བརྟན་གཡོའི་བཅུད།།

ཚེ་དང་གཡང་དུ་འདྲིལ་བའི་ཌཱཀྐིའི་གཙོ།།

གཏལ་དཀར་འགྲོ་བཟང་ལས་ཀྱི་རྗེ་མོ་ཡི།།

བཀའ་འཁོར་ཡང་སྤྲུལ་ཚོགས་བཅས་གནས་འདིར་སྤྱོན།།

ཁྱད་པར་གངས་ཅན་ཤར་ལྷོའི་ཆོས་ཀྱི་ཞིང་།།

ཟབ་གསང་སྙིང་པོའི་བསྟན་པ་དར་བའི་ལྗོངས།།

སྐྱོང་མཛད་དཀར་ཕྱོགས་ཟོ་དོར་དགྲ་ལྷ་ཆེ།།

འཁོར་དང་བཅས་པ་མ་ལུས་འདིར་གཤེགས་བཞུགས།།

ཟླ་ཡི་དུང་རི་ལྷུན་སྟུག་རྩེ་རྒྱས་ཀྱི།།

རིན་ཆེན་དངུལ་གྱི་ལྷ་མཁར་ཕོ་བྲང་ཆེར།།

གཡང་དཀར་ལུག་ལ་འགོ་བའི་ཕྱུགས་ཀྱི་ལྷ།།

གནས་བདག་ལྷ་གཉན་གནོད་སྦྱིན་མཐུ་བོ་ཆེ།།

ཁྱོད་ཀྱི་སྤྲུལ་སྒྱུར་སྣ་ཚོགས་གྲངས་མེད་ཀྱང་།།

རེས་འགའ་རབ་མཛེས་ཟླ་ཞལ་དཀར་པོའི་མདངས།།

འཛུམ་ཞིང་བཞད་པས་ཁམས་གསུམ་ཡིད་འགུགས་ཅིང་།།

ཕོ་རྒྱུད་དཔའ་བོའི་བླ་ཚེ་གསོ་བར་བྱེད།།

རེས་འགའ་མདུང་དམར་བ་དན་མཁའ་ལ་འཕྱོ།།

དར་འཕྲུ་རྒོད་འཕྲུའི་རྩེ་སྒྲོ་དགུང་ལ་ངོམ།།

མྱུར་མགྱོགས་རྟ་ཕོས་ཁམས་གསུམ་ཡུད་ཀྱིས་བསྐོར།།

ཕ་རོལ་དགྲ་སྡེའི་གཡུལ་ལས་རྒྱལ་བར་བྱེད།།

རེས་འགའ་སྣ་ཚོགས་དར་གྱི་གཡབ་མོ་དང་།།

དོན་ཡོད་ནོར་བུའི་འཕྲུལ་གྱི་ཞགས་པ་ཡིས།།

སྲིད་ཞིའི་ཕུན་ཚོགས་གཡང་དུ་འགུགས་བྱེད་ཅིང་།།

རྐང་བཞི་ཕྱུགས་ཀྱི་ར་བ་སྤེལ་བར་བྱེད།།

ཁྱེད་དང་མཐུན་པའི་དམ་རྫས་དཀར་གསུམ་ལ།།

མངར་གྱི་ཁ་ཚར་བཏབ་པའི་རོ་མཆོག་དང་།།

ཇ་ཆང་སྐྱེམས་ཕུད་སྨན་གཏོར་རཀྟའི་ཚོགས།།

མི་ཟད་ནམ་མཁའ་མཛོད་ཀྱི་སྤྲིན་དུ་འབུལ།།

གཡུ་རྔོག་ཤུགས་ལྡན་རྟ་དང་ཟལ་དཀར་འབྲི།།

སྨྲ་མཁས་ནེ་ཙོ་གོ་མཚོན་ཡ་ལད་རིགས།།

གསེར་དངུལ་མཆོང་དང་མརྒད་པུ་ཤེལ་ཙི།།

ལྷ་མིའི་ནོར་སྣ་སྲིད་འབྱོར་ཀུན་གྱིས་མཆོད།།

སྨན་ཤིང་མེ་ཏོག་ལྷན་སྐྱེས་སྦྱར་བྱུང་སྤོས།།

བདུད་རྩིའི་ཆབ་གཙང་འོ་ཕུད་ཀྱིས་བྲན་པ།།

དམར་པོའི་མེ་ལ་སྦྱངས་བའི་དུད་སྤྲིན་གྱིས།།

ལྷ་སྲུང་མནོལ་དང་བཙོག་པའི་གྲིབ་རིགས་བསང་།།

མ་རིག་འཁྲུལ་བས་ནོན་པའི་གཞན་དབང་གིས།།

ཐུགས་འགལ་ཉེས་པའི་འཁོན་རྣམས་བྱང་གྱུར་ཏེ།།

ལྷ་ཞལ་ཟླ་བ་དཀར་པོས་དུས་ཀུན་ཏུ།།

འབྲལ་མེད་སྐྱོང་བའི་ཕྲིན་ལས་མ་གཡེལ་ཤིག།

སྔོན་ཚེ་དཔལ་ཆེན་གདོད་མའི་ཧེ་རུ་ཀ།

པདྨ་དྲག་པོར་ཁྲོས་པའི་ཕྱག་རྒྱའི་གར།།

སྤྱི་བོར་བླངས་བའི་ཐ་ཚིག་ཉེར་དགོངས་ཏེ།།

མི་འདའ་རྡོ་རྗེའི་དམ་ལ་གནས་པར་མཛོད།།

སྒྲུབ་མཆོག་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི།།

ནད་གདོན་ཞི་ཞིང་ཚེ་དཔལ་འབྱོར་བ་རྒྱས།།

སྣང་སྲིད་དབང་འདུས་ལོག་འདྲེན་ཚར་གཅོད་པའི།།

རྣམ་བཞིའི་ཕྲིན་ལས་མ་ཐོགས་མྱུར་སྒྲུབས་ཤིག།

རྒྱལ་བསྟན་ལུང་དང་རྟོགས་པའི་བདག་ཉིད་ཆེ།།

བཤད་དང་སྒྲུབ་པས་སྤེལ་བའི་ཆོས་ཀྱི་སྡེ།།

འཁོར་ལོ་གསུམ་གྱི་མཛད་པས་རབ་འཕེལ་བའི།།

སྡོང་གྲོགས་དུས་ཀུན་མ་གཡེལ་མེལ་ཚེ་གྱིས།།

མ་རབས་སྡིག་སྤྱོད་དམ་ཉམས་སྙིང་རྗེའི་ཡུལ།།

མངོན་སྤྱོད་དྲག་པོའི་མཚོན་གྱིས་གཏུབས་བྱས་ཏེ།།

ངན་འབྲེལ་འཁོར་བའི་གཡང་ལས་སྐྱོབ་པ་ཡི།།

རིག་སྔགས་སྤུ་གྲི་འབར་བའི་སྣ་དྲོངས་ཤིག།

མདོར་ན་གཞི་ལམ་བྱེས་གསུམ་དུས་ཀུན་དུ།།

ལྷ་ཁྱོད་འབྲལ་མེད་གྲིབ་བཞིན་འགྲོག་གྱུར་ནས།།

ལེགས་ཚོགས་ཡོན་ཏན་ཡར་གྱི་ཟླ་བཞིན་རྒྱས།།

བདེ་སྐྱིད་དཔལ་ལ་རོལ་བའི་བཀྲ་ཤིས་ཤོག།

ཅེས་པ་འདི་ཤྲཱི་སེང་ཆོས་གྲྭའི་ཤར་ཐོས་བསམ་ནོར་བུའི་གླིང་གི་སྡེ་སྣོད་འཛིན་པ་ལ་ཐོག་སྟོབས་རྒྱལ་གྱི་བཞེད་སྐོང་དུ་རབ་གནས་ས་ཡོས་ཧོར་ཟླ་༨པའི་ཚེས་༡༠ཡི་ཉི་ཤར་ལ་རྫོགས་ཆེན་པདྨ་སྐལ་བཟང་དེས་བྲིས་པའོ།།

ཁྱུང་པོ་ཏིང་ཆེན་ཕྱོགས་ཀྱི་གཡེར་གྱི་ཁྲ་གཟེར་མའི་བསང་མཆོད་འདོད་འབྱུང་ནོར་བུའི་གཏེར་མཛོད།

ཀྱཻ། མདུན་མཁར་འཇའ་འོད་ཟེར་ཁྱིམ་འཁྲིགས་པའི་དབུས།།

སྣང་སྲིད་ཟིལ་གནོན་པདྨ་ཧེ་རུ་ཀ།

དམར་ནག་ཁྲོ་འཛུམ་གཟི་བརྗིད་ཉི་ལྟར་འབར།།

དབང་མཛད་ཕྱག་རྒྱས་སྡེ་བརྒྱད་བྲན་འཁོལ་བའི།།

མདུན་དུ་གཡུ་མཁར་གསེར་གྱི་ལན་ཀན་ཅན།།

སྣ་ཚོགས་རིན་ཆེན་དྲ་བས་མཛེས་པའི་དབུས།།

གཡེར་ཕྱོགས་དགྲ་ལྷའི་གཙོ་བོ་ཁྱུང་དྲག་རྩལ།།

མི་སྨུག་དུང་གི་ཚེམས་མཛེས་བཞད་འཛུམ་ཞལ།།

དར་དཀར་རལ་ག་གསོལ་ཞིང་འགྱིང་བག་བརྗིད།།

རེས་འགའ་འཁོར་གསུམ་དུག་རལ་སྐེད་ལ་ཐོག།

མདུང་དམར་ཞགས་པས་དགྲ་སྲོག་འགུམ་པར་བྱེད།།

ལྷ་གཉན་ཆེན་པོ་ཡུམ་སྲས་འཁོར་དང་བཅས།།

དེང་འདིར་རྣལ་འབྱོར་བདག་གི་གནས་འདིར་གཤེགས།།

གཙང་མའི་གདན་ལ་དགྱེས་པར་བཞུགས་སུ་གསོལ།།

གསེར་སྐྱེམས་གཡུ་སྐྱེམས་ཇ་ཆང་ཕུད་ཀྱིས་མཆོད།།

དབང་པོའི་ཡུལ་དུ་གྱུར་པའི་འདོད་ཡོན་ལྔ།།

ཟག་མེད་ཆོས་ཁམས་རྣམ་དག་བདུད་རྩིའི་རོ།།

བདེ་ཆེན་སྒྱུ་མའི་རྣམ་རོལ་མཆོད་པའི་སྤྲིན།།

དགའ་བཞིའི་ཡེ་ཤེས་རྫོགས་པས་ཐུགས་དམ་བསྐང་།།

ཁྱད་པར་གཡུ་ཤུག་འཁན་དཀར་བ་ལུ་སོགས།།

སྣ་ཚོགས་སྨན་ཤིང་མེ་ཏོག་གཙང་མའི་རྫས།།

དམར་མོའི་མེ་ལ་བསྲེགས་པའི་དུད་པའི་སྤྲིན།།

བདུད་རྩི་དྭངས་མའི་ཆབ་ཀྱིས་བྲན་བྱས་པར།།

ཏིང་འཛིན་སྔགས་རྒྱས་སྦྱང་སྤེལ་བསྒྱུར་བ་ཡི།།

རྣམ་མང་རྫས་ཀྱི་འབྱོར་བས་ཁྱེད་རྣམས་བརྔན།།

ལྷ་སྲུང་གཉེན་པོར་མི་གཙང་ཉམས་གྲིབ་ཀྱིས།།

མནོལ་ཞིང་གོས་པ་སྔགས་ཀྱི་ཆོ་ག་དང་།།

དག་བྱེད་གཙང་མའི་ལྷ་ཆབ་འོ་རྒྱུན་གྱིས།།

གཡའ་དག་མེ་ལོང་ངོས་སུ་བཀྲུ་བར་བགྱི།།

ཉེས་ཀུན་མི་དམིགས་འོད་གསལ་སྟོང་པའི་ངང་།།

དག་མཉམ་གཟུང་འཛིན་མཚན་མ་ཡོངས་ཞི་བའི།།

གཟའ་བྲལ་ཟླ་ལྟར་དཀར་བའི་ལྷ་ཞལ་མདངས།།

མི་འབྲལ་རྟག་ཏུ་འགྲོགས་ཕྱིར་ཁྱེད་རྣམས་བསང་།།

ནད་གདོན་ཞི་བའི་དགྲ་ལྷ་འཁོར་དང་བཅས།།

དཀར་གསུམ་མངར་གྱིས་སྦྲན་པའི་དུད་པས་བསང་།།

ཚེ་བསོད་རྒྱས་པའི་དགྲ་ལྷ་ཡང་འཁོར་བཅས།།

དར་རས་སྨན་སྣ་ཚོགས་པའི་རྫས་ཀྱིས་བསང་།།

དབང་མཛད་དབང་གི་དགྲ་ལྷ་སྤྲུལ་པར་བཅས།།

རྩི་བཅུད་འབྲུ་མར་བསྲེགས་པའི་དུད་པས་བསང་།།

ཚར་གཅོད་དྲག་པོའི་དགྲ་ལྷ་དཔུང་དང་བཅས།།

དྲག་སྐྱེམས་བ་ལིང་གཏོར་མས་བསང་ཞིང་མཆོད།།

སྔོན་ཚེ་བཅོམ་ལྡན་དྲེགས་པ་ཀུན་འདུལ་དང་།།

བར་དུ་སྔགས་འཆང་རྒྱལ་པོ་ཐོད་ཕྲེང་རྩལ།།

ཐ་མ་པདྨའི་མཚན་འཆང་རྫོགས་ཆེན་པས།།

ཇི་ལྟར་བཀའ་བསྒོས་ཐ་ཚིག་དྲན་གྱིས་ལ།།

འགོ་ཞིང་སྲུང་སྐྱོབ་གདོང་གྲོགས་མེལ་ཚེ་གྱིས།།

སྲིད་ཞིའི་ཕྱྭ་གཡང་ཆོས་ནོར་གཏེར་གྱི་མཛོད།།

མ་ལུས་འདུས་པའི་བཅུད་གཡང་བྱིན་ཆེན་ཕོབས།།

ཁྱད་པར་ཡང་ཟབ་རྨད་བྱུང་རྫོགས་པ་ཆེའི།།

བསྟན་པ་སྲིད་པའི་བླ་རུ་འདེགས་པ་དང་།།

བསྟན་འཛིན་ཞབས་བརྟན་བསྟན་ལ་འཚེ་བ་ཡི།།

དགྲ་འདྲེ་འབྱུང་པོ་མིང་གི་ལྷག་མར་ཐོངས།།

མདོར་ན་འཕྲལ་ཕུགས་ཕན་བདེའི་དཔལ་ཡོན་དང་།།

ཕུན་ཚོགས་དགེ་ལེགས་ཡོན་ཏན་འབུམ་བདལ་བས།།

འགྲོ་རྣམས་ཀུན་བཟང་གདོད་མའི་རྒྱལ་ཐབ་ཆེར།།

འགོད་པའི་ཕྲིན་ལས་སྒྲུབ་ལ་མ་གཡེལ་ཞིག།

རྩ་གསུམ་ལྷ་དང་སྲུང་མའི་བྱིན་རླབས་མཐུ།།

བསླུ་མེད་བདེན་པའི་སྟོབས་དང་འགྲོགས་པ་ཡི།།

བདེ་ལེགས་སྣང་བ་དཀར་པོའི་བཀྲ་ཤིས་ཀྱིས།།

མི་འབྲལ་རྟག་ཏུ་སྲུང་བའི་བཀྲ་ཤིས་ཤོག།

ཅེས་པའང་ཡུལ་དེའི་སློབ་བུ་ཞིག་གི་ངོར་རྫོགས་ཆེན་པདྨ་སྐལ་བཟང་གིས་གང་ཤར་ཡིད་ཀྱི་ཚོན་རིས་འགོག་མེད་དུ་བཤུས་པའོ།།

གནས་བསྟོད་མནྡ་རའི་ཕྲེང་བ།

རབ་འབྱམས་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་མཆོག།

འཆི་མེད་རྡོ་རྗེའི་སྐུ་བརྙེས་སྙིགས་འགྲོའི་སྐྱབས།།

མ་ལུས་ཁམས་གསུམ་འགྲོ་བའི་གཙུག་གི་རྒྱན།།

དཔལ་ལྡན་པདྨ་སྐྱེས་ཀྱིས་དགེ་ལེགས་སྩོལ།།

གངས་ལྡན་ས་ལ་སྤྱོད་པའི་ཕུལ་བྱུང་ཞིང་།།

རྣམ་མང་ངོ་མཚར་དཔལ་གྱིས་མཛེས་པའི་ལྗོངས།།

གཙང་ཐང་མནྡ་ར་བའི་སྐྱེད་ཚལ་ཞེས།།

དགེ་མཚན་བྱེ་བས་གཏམ་འདིར་ལྷས་ཀྱང་བསྔགས།

ཡིད་འོང་སྨན་ལྗོངས་ཟླུམ་པོའི་དགའ་ཚལ་ལ།།

ཕྱོགས་ཀྱི་རི་ཕྲན་ར་བས་ཡོངས་བསྐོར་བ།།

ལུགས་ཟུང་མངའ་ཐང་རྒྱས་པའི་གླིང་ཆེན་པོ།།

མཐའ་བཞིའི་ཆེ་དགུའི་ཚོགས་ཀྱིས་འདུད་པ་བཞིན།

དལ་འབབ་གྱ་གྱུར་རྒྱུ་བའི་ཆུ་ཀླུང་འགྲོས།།

དྭངས་བསིལ་རྫིང་བུར་འགུག་པའི་མེ་ཏོག་ཚལ།།

ཕུན་ཚོགས་ལྷ་མིའི་འབྱོར་བའི་མི་ཟད་བཅུད།།

ཡུལ་འདིར་ཚངས་པས་ཀུན་ནས་སྤྲུལ་དང་མཚུངས།

འདི་ན་ཡུལ་སྐྱོང་ཟོ་དོར་གནས་འཆའ་བའི།།

ས་འཛིན་ཕྲེང་བ་སྤྲིན་དཀར་བླ་བྲེ་ཅན།།

གནས་བདག་དེའུ་དཀར་ཁྲ་བོའི་རི་བཟང་སོགས།།

དབུ་རྨོག་བཙན་པོའི་གཡུལ་གྱི་འདུན་ས་བརྗིད།

ངེས་གསང་ཐེག་པའི་རྩེ་རྒྱལ་གདོང་ལྔ་པའི།།

ལུང་རིག་རྩལ་གསུམ་རྫོགས་པའི་འགྱིངས་ཉམས་ཀྱིས།།

རྒོལ་ངན་ཝ་སྐྱེས་འཇོམས་པའི་མཚོན་དཔེ་རུ།།

ས་གཞིའི་དཔྱད་ཀྱིས་ངོ་མཚར་རྣ་ལུང་བྱིན།

རྒྱལ་བའི་རྒྱལ་ཚབ་བོད་ཀྱི་པཎྜི་ཏ།།

དོན་གྱི་སངས་རྒྱས་རྣམ་པ་ལོ་ཙའི་ཚུལ།།

བཻ་རོ་ཙ་ནས་བྱིན་གྱིས་རླབས་པའི་གནས།།

སེང་གེས་མཚན་པའི་རི་བོ་ཁྱད་དུ་འཕགས།

ཟོལ་གྱིས་བསྟོད་པའི་ཚིག་ལ་ལྟོས་མིན་པར།།

རང་བྱུང་རྡོ་ཡི་གོང་བུར་གྲུབ་པའི་རྟགས།།

མངོན་སུམ་མིག་གི་བདུད་རྩིར་བཞག་པ་འདི།།

བསོད་ནམས་བརྒྱ་ཡིས་བསྐྲུན་པའི་སྐལ་བར་ངེས།

ཕྱི་ལྟར་སྣོད་བཅུད་ནང་ལྟར་དག་པའི་ཞིང་།།

གསང་བ་རྩ་གསུམ་ཌཀྐིའི་དཀྱིལ་འཁོར་ཆེ།།

ཡོངས་རྫོགས་འཛིན་མའི་ལྟེ་བ་མདོ་ཁམས་གཙང་།།

འཕགས་ཆེན་སེམས་དཔའ་རྒྱུན་མི་འཆད་པའི་གནས།

སྤང་ལྗོངས་ངང་པ་དཀར་པོའི་གཤོག་ཡངས་ལ།།

གསལ་བྱེད་ཉི་ཟླའི་རྒྱན་གྱིས་ཡོངས་སྤུད་པའི།།

རི་བོ་སེང་འབྲུག་སྦྲེལ་བའི་མཉམ་བཞག་སར།།

རྣམ་གཡེངས་རླུང་གིས་མི་བརྫི་ཏིང་འཛིན་བརྟན།

དམ་པས་ཡང་ཡང་བསྟི་བའི་གདན་ས་ཆེ།།

མཁས་པས་ཡང་ཡང་བསྔགས་པའི་འཇའ་ལུས་གྲོང་།།

གནས་གཞན་ཕལ་གྱིས་དོ་ཟླར་མ་མཆིས་ན།།

སྲོག་ལྡན་ཀུན་གྱིས་དད་པས་བཀུར་བར་འོས།།

ལྷ་མང་ལྷ་ཡི་དབུས་ཀྱི་ལྷ་དབང་དང་།།

རྒྱུ་སྐར་བྱེ་བའི་དབུས་ཀྱི་ཉིན་བྱེད་བཞིན།།

མཁས་གྲུབ་ཚོགས་པའི་གཙུག་རྒྱན་རྫོགས་ཆེན་པའི།།

རིང་ལུགས་ལྗོངས་འདིར་སྲིད་མཐར་ཉམས་མ་གྱུར།།

ཡོངས་རྫོགས་ཐུབ་བསྟན་སྙིང་པོ་ལུང་རྟོགས་ཆོས།།

དེ་འཛིན་བཤད་དང་སྒྲུབ་པའི་བདག་ཉིད་ཅན།།

འཁོར་ལོ་གསུམ་གྱི་མཛད་ལས་མི་གཡོལ་བའི།།

དགེ་འདུན་སྡེ་ཚོགས་རྟག་ཏུ་རྒྱས་གྱུར་ཅིག

ཡུལ་འདིར་དགེ་བཅུ་དར་བ་ལྷ་ཡི་ལུས།།

ནད་མེད་རིགས་གཟུགས་འབྱོར་བའི་མཐུ་བརྟས་ཏེ།།

ཀུན་ཀྱང་དམ་ཆོས་སྤྱོད་པས་རྟག་འཚོ་བའི།།

དོན་གཉིས་ལྷུན་གྲུབ་དཔལ་གྱིས་ཤིས་གྱུར་ཅིག།

བཀྲ་ཤིས་དམ་པ་བདེ་ལེགས་ཀུན་གྱི་གཞི།།

མཆོག་གསུམ་སྣང་བའི་བཀྲིས་རྟག་འབར་བས།།

སྲིད་གསུམ་འགྲོ་བའི་ནང་གི་མུན་སེལ་བའི།།

བཀྲ་ཤིས་མཆོག་གིས་ཉིན་མཚན་འདའ་གྱུར་ཅིག།

ཅེས་རབ་རྒྱན་ས་སྦྲུལ་ལོར་རྫོགས་ཆེན་པདྨ་བཛྲའི་སྐྱེ་མིང་གསུམ་པར་སྒྲོ་བཏགས་པ་ཤཱཀྱའི་དགེ་སྦྱོང་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་མིང་གཞན་པདྨ་སྐལ་བཟང་གིས་སྦྱར་བའོ།།

གནས་བསྟོད་ངོ་མཚར་སྙེ་མ།

ཀྱེ་ཧོ། ངོ་མཚར་གྲུབ་པའི་གནས་མཆོག་ལྷ་ཡི་ལྗོངས།།

ཡིད་འོང་སྣོད་ཀྱི་འཇིག་རྟེན་ལྟ་ན་སྡུག།

རབ་བརྗིད་ལྷུན་སྟུག་ནོར་བུའི་ས་འཛིན་ལ།།

སྣ་ཚོགས་ལྗོན་ཤིང་དྲ་བས་ཀུན་ནས་མཛེས།།

སྟེང་ན་རྩ་གསུམ་ལྷ་ཡི་གྲུ་ཆར་འབེབ།།

འོག་ན་ཀླུ་རྒྱལ་དམ་པའི་ཐོད་ཀྱིས་འདུད།།

བར་ན་འདོད་དགུའི་ཕྱྭ་གཡང་སྤྲིན་བཞིན་འདུ།།

ཆོས་ནོར་གཏེར་གྱི་བཅུད་ཀྱིས་ཀུན་ཏུ་གཏམས།།

ཤར་སྟོད་ཡིད་བཞིན་འཁོར་ལོ་ཚེ་ཡི་བདག།

ལྷོ་ཕྱོགས་སེར་མོ་རྒྱས་མཛད་དོན་འགྲུབ་དཔལ།།

ནུབ་ཏུ་དབང་གི་ལྷ་མོ་ནོར་རྒྱུན་མ།།

བྱང་ན་འཇིགས་བྱེད་རལ་བའི་ཐོར་ཚུགས་ཅན།།

དབུས་སུ་སེང་ལྡིང་ནགས་ཀྱི་སྒྲོལ་མ་ལ།།

ཉེར་གཅིག་ལྷ་མོའི་ཚོགས་ཀྱིས་བསྐོར་བ་ཡི།།

ས་ལ་སྤྱོད་པའི་ཞིང་ཁམས་ཉམས་དགའ་བ།།

མ་སྨད་སྐྱེ་དགུའི་བསོད་ནམས་ཞིང་དུ་ཆེ།།

ཕྱི་ལྟར་ཡིད་བཞིན་འདོད་འཇོ་གཏེར་གྱི་རི།།

ནང་ལྟར་གཡུ་ལོ་བཀོད་པའི་ཞིང་ཁམས་ཏེ།།

གསང་བ་དགའ་ཆེན་ཡེ་ཤེས་སྒྱུ་མའི་མཛོད།།

ལྷ་ཡུལ་ལྷ་ལས་འཕགས་པའི་ཞིང་ཁམས་བསྔགས།།

གཡས་ན་ཆབ་དཀར་སྨན་གྱི་རྒྱུན་འབེབ་ཅིང་།།

གཡོན་ན་དམར་གྱི་རཀྟའི་རླབས་ཕྲེང་གཡོ།།

དཀྱིལ་ན་དཔལ་བཤོས་གཏོར་མའི་རི་བོ་སྟེ།།

གསང་ཆེན་གསང་བའི་སྒྲུབ་རྫས་སྣོད་ལ་ཚང་།།

སྤང་རི་ཟླུམ་པོས་ཞི་བའི་ལས་ཀུན་འགྲུབ།།

ཐང་ཆེན་གྲུ་བཞིས་ཚེ་བསོད་རྒྱས་པར་བྱེད།།

ཟླ་གམ་དབང་རིས་ཁམས་གསུམ་ཡིད་འགུག་ཅིང་།།

གནམ་ས་གྲུ་གསུམ་དྲག་པོའི་ལས་ལ་ཤིས།།

དེར་ནི་ཟླ་བ་བདུད་རྩིའི་འོད་དཀར་གྱིས།།

ཟིལ་ཐིགས་བཀྲམ་པའི་གཡུ་ལོའི་ཚང་ཚིང་དབུས།།

ལྷུན་གྲུབ་བྲག་རིའི་ཁང་བཟང་བཀོད་མཛེས་པར།།

ཞི་བའི་ཏིང་འཛིན་མི་གཡོ་ངང་གིས་འཕེལ།།

ཡིད་འོང་བག་ཕེབས་རྒྱུ་བའི་རི་དྭགས་དང་།།

བཀྲ་ཤིས་སྐད་སྙན་འབྱིན་པའི་བྱ་ཚོགས་དག།

འབྲས་ལྡན་ནགས་ཀྱི་ཚལ་ན་རྩེན་པ་ཡི།།

ཁོར་ཡུག་དབེན་པའི་དགའ་བ་ལྷ་ཡིས་བྱིན།།

ལྗོན་ཚལ་ལོ་མས་དཀྲིགས་པའི་ས་འཛིན་རྩེར།།

རབ་དཀར་གངས་རིའི་ཐོད་ཀྱིས་བརྒྱན་པའི་མགུལ།།

འཇའ་སྤྲིན་དྲ་བས་སྦྲེལ་བའི་མཚར་སྡུག་འབུམ།།

བྱེད་པོས་ཆེད་དུ་པིར་གྱིས་བྲིས་དང་མཚུངས།།

འཆི་མེད་སྨན་ཤིང་བདུད་རྩིའི་བཅུད་དང་ལྡན།།

མ་བཅོས་བྲག་ལ་ལྷ་སྐུའི་སྣང་བརྙན་བཀྲ།།

ཏཾ་ཡིག་རང་བྱོན་རི་ཀླུང་ཀུན་ལ་ཁྱབ།།

འཕགས་མའི་གནས་མཆོག་མཐོང་གྲོལ་དག་པའི་ཞིང་།།

གཡས་འཁྱིལ་རང་བྱོན་དུང་གི་སྣང་བརྙན་ལ།།

རྩ་གསུམ་ལྷ་དང་སྲུང་མའི་བྱིན་འོད་འཐིབ།།

རྒྱང་སྙན་ས་སྟེང་མཛེས་པའི་གྲགས་དཀར་འབུམ།།

རྨད་བྱུང་ཆོས་ཀྱི་སྣང་བར་འགྲོགས་ལ་རིངས།།

སྲ་བརྟན་གནམ་ས་ཆགས་པའི་དུམ་བུའི་གཞིར།།

གསང་འཛིན་གསང་བའི་བདག་པོའི་སྐུའི་འདྲ་འབག།

མངོན་སུམ་འབུར་དུ་དོད་པའི་ངོ་མཚར་གྱིས།།

སྐལ་ལྡན་མིག་ལ་དག་པའི་བདུད་རྩི་སྦྱིན།།

འབྲེལ་ཚད་དོན་ལྡན་ཐར་བའི་ཐེམ་སྐས་མཆོག།

སྒོ་གསུམ་སྒྲིབ་དག་བསྐྱེད་རྫོགས་ལས་སུ་རུང་།།

འབྱུང་ཁམས་དྭངས་ཤིང་ཏིང་འཛིན་ཤུགས་ཀྱིས་སྐྱེ།།

འགོལ་བའི་གནས་འདི་སྐལ་ལྡན་སྐྱེ་བོའི་ཡུལ།།

ཅོད་པན་མགྲིན་བཟང་གཏེར་གྱི་ལྷ་མོ་ལ།།

གནས་འདི་གཉེར་དུ་གཏད་པའི་རྡོ་རྗེའི་རྒྱ།།

ཁོ་བོ་རིག་སྔགས་འཛིན་པ་པདྨའི་མིང་།།

སྐལ་བ་བཟང་པོས་མཚན་པས་ཡོངས་སུ་བཀོད།།

ཁྱད་པར་སྔ་འགྱུར་རྫོགས་ཆེན་བརྒྱུད་པའི་སྲོལ།།

སྙིང་ཐིག་སྙིང་པོའི་བསྟན་པ་རབ་དར་བའི།།

བདེན་ཚིག་སྨོན་ལམ་དཀར་པོའི་དར་གྱི་མདུད།།

ཕྱི་རབས་སྐྱེ་བོའི་མགུལ་པའི་རྒྱན་དུ་བཀོད།།

ཡི་དམ་གསང་བའི་ལྷ་མཆོག་ཀཱི་ལ་ཡས།།

མི་ཤིགས་ཚེ་ཡི་གའུ་བསྡམས་དང་ལྷན།།

མ་འོངས་པདྨའི་མིང་ཅན་གྲངས་མེད་པ།།

གནས་འདིར་བྱོན་པའི་བཀྲ་ཤིས་དགེ་བས་མཚན།།

ཕུན་ཚོགས་སྡེ་བཞིའི་འབྱོར་བ་མཐའ་ནས་རྒྱས།།

རིམ་གཉིས་ལམ་གྱི་བགྲོད་པ་ནང་ནས་རྫོགས།།

བདེ་སྐྱིད་དཔལ་གྱི་སྣང་བས་ཕྱོགས་ཀུན་ཁྱབ།།

བཀྲ་ཤིས་དམ་པས་ས་སྟེང་འགེངས་གྱུར་ཅིག།

ཅེས་པའང་ཤར་རོང་བྲག་རྒྱལ་མོ་ཚ་བ་རོང་གི་གནས་ཀྱི་གོང་བ། ཆུ་དབར་སྒྲོལ་མ་གཡུའི་ལྷ་ཁང་གི་དབེན་གནས་སུ་ལྷ་སྲས་དགྱེས་པ་རྡོ་རྗེའི་བཞེད་སྐོང་དུ་རྫོགས་ཆེན་པདྨ་སྐལ་བཟང་གིས་རབ་གནས་མེ་གླང་ཧོར་ཟླ་༥པའི་ཚེས་༡༠ཡི་ཐོར་ཐུན་གྱི་སྔ་ཆར་བྲིས་པ་དགེ།

གནས་དེའི་བསང་བསྡུས།

ཏཾ། ངོ་མཚར་ཏ་རེའི་གནས་ཀྱི་ལྷ་སྲུང་དང་།།

ཞིང་སྔགས་ལྷན་སྐྱེས་ཌཱ་ཀིའི་ཚོགས་བཅས་ལ།།

བསང་མཆོད་འབུལ་ལོ་མཆོག་ཐུན་རྣམ་བཞིའི་ལས།།

ཡིད་བཞིན་འགྲུབ་པའི་བཀྲ་ཤིས་དགེ་ལེགས་སྩོལ།།

ཞེས་པའང་གོང་གི་གནས་བསྟོད་དང་སྦྲེལ་མར་བྲིས་པའོ།།

གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ་གྱི་གསོལ་མཆོད་དབང་དྲག་གློག་གི་ཞགས་པ།

ཧྲཱིཿདབང་ཆེན་པདྨ་དྲག་པོའི་བཀའ་སྡོད་ཆེ།།

གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་རྩལ།།

སྐུ་མདོག་དམར་པོ་རབ་འཇིགས་ཤྭ་བའི་དབུ།།

དྲག་པོའི་སྤྱན་གསུམ་སྡང་མིག་དགྲ་ལ་གཟིགས།།

ཟུར་གསུམ་མཆེ་བའི་ཁྲག་གི་ན་བུན་ལས།།

གདུག་པའི་ཁ་རླངས་དུད་སྤྲིན་ཁྲག་ཆར་འབེབ།།

ཕྱག་གཡས་བཙན་གྱི་མདུང་དམར་མཁའ་ལ་སྒྲེང་།།

གཡོན་གྱི་ཞགས་པ་དམར་པོས་དགྲ་བོ་འཆིང་།།

མདུན་ནས་མི་དམར་ཁྲག་གི་རལ་ཅན་རྒྱུག།

ཀླད་ན་བྱ་དམར་ལྕགས་ཀྱི་མཆུ་ཅན་ལྡིང་།།

རྗེས་ན་ཁྱི་དམར་གློག་གི་རྩལ་ཅན་འབྲང་།།

རྒྱལ་བ་ཐོད་དཀར་དགྱེས་སྡེ་མཚོ་སྨན་ནག།

ཤར་གྱི་རྫོང་བཙན་སྲས་མཆོག་ཡི་རིའི་ལྷ།།

བྱང་ཕྱོགས་རོང་ཚོགས་བཙན་རྗེ་ཀླུ་ཡི་སྨན།།

ཀླུ་བྲག་བཙན་རྒོད་ལྕང་རའི་གཉན་བཙན་དང་།།

ཟླ་ཡི་དམར་པོ་ཆུ་ཡི་དགེ་བསྙེན་སོགས།།

ལས་ཀྱི་ཕོ་ཉ་སྒྲོལ་གིང་ཤན་པའི་ཚོགས།།

མ་ལུས་འཁོར་དང་བཅས་པ་གནས་འདིར་གཤེགས།།

གཙང་མའི་གསེར་སྐྱེམས་ཇ་ཆང་བདུད་རྩིའི་ཕུད།།

མྱོས་བྱེད་ཁྲག་གིས་བྲན་པའི་བཏུང་བས་མཆོད།།

སྨན་ཤིང་མེ་ཏོག་འབྲས་བུའི་དུད་པ་དང་།།

རིན་ཆེན་འབྲུ་མར་རྩི་བཅུད་དར་སྣས་བསང་།།

ལྷ་མིའི་འཇིག་རྟེན་ཁམས་ཀྱི་འདོད་ཡོན་ཀུན།།

མ་ཚང་མེད་པའི་དངོས་འབྱོར་ཡིད་སྤྲུལ་གྱིས།།

ལྷ་མཆོག་འཁོར་དང་བཅས་པའི་ཐུགས་ཀྱི་དམ།།

མི་ཟད་མཆོད་སྤྲིན་ནམ་མཁའ་མཛོད་ཀྱིས་བསྐང་།།

ཤ་ཆེན་རྣམ་ལྔ་བདུད་རྩི་ལྔས་བྲན་པའི།།

བཱ་ལིང་གཏོར་ཆེན་དྲག་པོའི་ཐུན་དང་རྫས།།

རཀྟའི་ཞུན་མར་དབང་པོའི་མེ་ཏོག་གིས།།

ཁྱེད་རྣམས་འཁོར་བཅས་དགྱེས་པའི་གཟི་མདངས་བསྐྱེད།།

འཇིགས་རུང་བཙན་བྲག་ཟངས་རི་དམར་པོའི་རྩེར།།

རྔམ་བརྗིད་བཙན་མཁར་དགྲ་སྙིང་ཙིཏྟས་མཛེས།།

མདུང་དམར་བ་དན་དགྲ་ལྷའི་གཡབ་མོ་ཅན།།

ལྷ་ཁྱོད་འཁོར་བའི་དམ་ཚིག་རྟེན་དུ་འཛུགས།།

དཔའ་སྙིང་ཁྲག་གིས་སྦྲུས་པའི་གྲི་མཚོན་ལ།།

གསེར་ཞུན་དྭངས་མས་གསོས་པའི་སྲོག་གི་སྙིང་།།

རིན་ཆེན་སྒྲོམ་བུའི་བཅུད་མཆོག་བླ་རྟེན་ཆེར།།

མི་འབྲལ་དུང་དུང་འཁོར་བའི་རྟེན་གཞི་ཆོས།།

མཆོག་ཆེན་མི་རྐང་གླིང་བུའི་ཙེར་སྒྲ་དང་།།

འགྱུར་ཁུག་བཤུག་པའི་གླུ་སྒྲས་ཁྱོད་འབོད་ཚེ།།

མ་ཐོགས་གློག་ལས་མྱུར་བའི་སྟོབས་རྩལ་གྱིས།།

རྣལ་འབྱོར་སྔགས་འཆང་བདག་གི་གྲོགས་ལ་བྱོན།།

སྔོན་དུས་དབང་ཆེན་རོལ་བའི་དུར་ཁྲོད་དུ།།

ཁྲག་འཐུང་པདྨ་ཁྲོས་པའི་དམ་མནོས་ཤིང་།།

བར་དུ་ཨརྱ་པཱ་ལོའི་གླིང་ཆེན་དུ།།

སློབ་དཔོན་པདྨ་ཀཱ་རས་དམ་ཚིག་བསྒྲགས།།

ཐ་མ་རྩོད་དུས་མེ་འབར་ཕུག་མོ་ཆེར།།

གཏེར་ཆེན་ཉི་མ་གྲགས་པས་གཉེར་བྱང་གཏད།།

ཡང་ཐ་ལྔ་བདོ་ཆེར་སྙིགས་དུས་ཀྱི་མཐར།།

པདྨའི་མིང་གིས་སྲུང་མར་བསྙེན་པའི་ལྷ།།

དབང་མཛད་དབང་དང་དྲག་པོའི་མཐུ་རྩལ་ཅན།།

མ་གཡེལ་རྣམ་བཞིའི་ལས་ཀུན་མྱུར་འགྲུབ་མཛོད།།

སྟོང་ཆེན་སྒྱུ་མ་ཡེ་ཤེས་རོལ་བའི་གར།།

མི་ཤིགས་བདེ་ཆེན་ཕྱག་རྒྱར་བསྡོམས་པའི་འཕྲུལ།།

རྩ་རླུང་དག་པའི་སྣང་ཆ་དོན་དམ་གྱི།།

གཡོ་མེད་ཐིག་ལེའི་སྲོག་ཏུ་ཁྱོད་ཀྱིས་ཟླུམས།།

མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར།།

མི་འབྲལ་རྟག་ཏུ་བསྟེན་པའི་སྲུང་མ་ཆེས།།

འཁུ་ལྡོག་དབྱིངས་སུ་ཞི་བའི་མཛའ་གཅུགས་ཀྱིས།།

ནམ་ཡང་འབྲལ་མེད་འགྲོག་པའི་བཀྲ་ཤིས་སྩོལ།།

ཅེས་པའང་ཤར་ཙོང་ཁའི་ཆུ་བོའི་ཉེ་འགྲམ་ཟི་ལིང་བོད་ཀྱི་མཁར་གྲོང་ནས་རྫོགས་ཆེན་པདྨ་སྐལ་བཟང་དེས་སྲོད་ཅིག་ལ་བྲིས།།

གཟའི་གསེར་སྐྱེམས་བསྡུས་པ་འདོད་དགུ་ལྷུན་འགྲུབ་ཅེས་བྱ་བ།

ཧྲཱིཿ ཇ་ཆང་འོ་སྐོལ་བདུད་རྩི་སྨན་གྱི་རྒྱུན།།

མི་ཟད་གཙང་མའི་གསེར་སྐྱེམས་དམ་པ་འདི།།

དྲང་སྲོང་གཟའ་ཡི་དགེ་བསྙེན་འཁོར་བཅས་ལ།།

མཆོད་དོ་འབུལ་ལོ་སྡོང་གྲོགས་མ་གཡེལ་ཞིག།

ཅེས་པའང་སྔགས་རིག་འཛིན་པ་བོང་སྟག་གུ་རུ་ཚེ་བརྟན་གྱི་ངོར་རྫོགས་ཆེན་པདྨ་སྐལ་བཟང་དེས་སོ།།

མ་གཟའ་རྡོར་གསུམ་གྱི་གསོལ་བསྡུས་དངོས་གྲུབ་མཆོག་སྟེར།

ཧཱུྃ་ཧྲཱིཿབྷྱོཿ རྒྱལ་བའི་བཀའ་སྡོད་མཐུ་ཆེན་རཱ་ཧུ་ལ།།

མ་མགོན་ལྕམ་དྲལ་རྡོར་ལེགས་འཁོར་བཅས་ལ།།

མཐུན་པའི་དམ་རྫས་མཆོད་པ་འདི་འབུལ་བས།།

ཐུགས་དམ་གཉན་བསྐང་ལས་བཞིའི་དངོས་གྲུབ་སྩོལ།།

ཞེས་པའང་སྔགས་རིག་འཛིན་པ་བོང་སྟག་གུ་རུ་ཚེ་བརྟན་གྱི་ངོར་རྫོགས་ཆེན་པདྨ་སྐལ་བཟང་དེས་སོ།།

གསེར་སྐྱེམས་བསྡུས་པ་ཡིད་བཞིན་བདུད་རྩིའི་མཆོད་སྤྲིན།

རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། གསེར་སྐྱེམས་ཟག་པ་མེད་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར།།

ཧཱུྃཿ མི་མངོན་ཆོས་ཀྱི་དབྱིངས་ན་རྟག་བཞུགས་པའི།།

རིག་འཛིན་རྩ་བ་བརྒྱུད་པའི་བླ་མ་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

མི་གནས་ཡེ་ཤེས་བརྙེས་པའི་ཕ་ཕོགས་སྩོལ།།

འགྲོ་འདུལ་ཐུགས་རྗེའི་རོལ་བ་ཞི་ཁྲོའི་སྐུ།།

ཡི་དམ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

བླ་མེད་མཆོག་གི་བྱིན་རླབས་ཐོབ་པར་མཛོད།།

སྣ་ཚོགས་གཟུགས་འཆང་ལས་དང་ཡེ་ཤེས་ཀྱི།།

གནས་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

རྣམ་བཞིའི་ཕྲིན་ལས་འགྲུབ་པའི་དངོས་གྲུབ་སྩོལ།།

རྫོགས་ཆེན་སྙིང་ཐིག་བསྟན་པའི་བཀའ་སྲུང་ཆེ།།

མ་མགོན་གཟའ་རྒོད་དམ་ཅན་རྡོར་ལེགས་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

གསང་ཆེན་བསྟན་པ་དར་ཞིང་རྒྱས་པར་མཛོད།།

དུས་ཀུན་འབྲལ་མེད་འགྲོག་པའི་བཀའ་སྲུང་མཆོག།

སྨན་བཙུན་བཀྲ་ཤིས་ཚེ་རིང་མཆེད་ལྔ་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

བརྟན་གཡོའི་ཚེ་གཡང་བསོད་ནམས་གནས་འདིར་བསྡུས།།

དབང་དྲག་བཀའ་ཡི་ཕོ་ཉ་དྲེགས་པའི་གཙོ།།

གནོད་སྦྱིན་ཙིའུ་དམར་པོ་འཁོར་བཅས་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

དགྲ་གདོན་དམ་སྲིའི་འཚེ་བ་ཕྱེ་མར་རློགས།།

མཐུ་ཆེན་སྲོག་གི་བདག་པོ་པེ་ཧ་ར།།

གསུང་བློན་རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

དྲེགས་ལྡན་སྐྱེ་བོའི་ཡིད་སེམས་འཆིང་བར་མཛོད།།

གཏུམ་དྲག་གློག་ལྟར་མྱུར་བའི་རྩལ་ཤུགས་ཅན།།

གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམས་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

དགྲ་སྲོག་མྱུར་དུ་གཅོད་པའི་ཕྲིན་ལས་མཛོད།།

སྣང་སྲིད་དབང་སྡུད་གེ་སར་དགྲ་ལྷའི་རྒྱལ།།

དཔའ་བརྟུལ་ཕུ་ནུ་ཝེར་མ་རླུང་རྟའི་ལྷར།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

ཕྱོགས་ལས་རྣམ་རྒྱལ་སྙན་དང་གྲགས་པ་སྤེལ།།

ཡུལ་ལྷ་རྨ་ཆེན་སྤོམ་ར་སྲས་དང་བློན།།

རྨ་འཁོར་སུམ་བརྒྱ་དྲུག་ཅུས་བསྐོར་བ་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

རྨ་གཡང་ཟད་མེད་འདོད་དགུའི་དངོས་གྲུབ་སྩོལ།།

རྫ་ཡི་རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་དང་།།

རུ་དམ་གནས་བདག་ནོར་བུ་གཡུལ་རྒྱལ་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

ཁ་མགོན་གདོང་གྲོགས་མ་གཡེལ་མེལ་ཚེ་གྱིས།།

ཁྱད་པར་སྐྱེས་ལྷ་ཨ་མཐོ་ཕྱུག་མོ་སོགས།།

ཕ་མྱེས་རྒྱུད་ཀྱི་ཡུལ་གཞིའི་གནས་བདག་ལ།།

གསེར་སྐྱེམས་གཙང་མའི་མཆོད་པ་འདི་འབུལ་བས།།

མི་འབྲལ་ལྷ་ཞལ་དཀར་པོས་གཏན་དུ་སྐྱོངས།།

མདོར་ན་གཞི་ལམ་བྱེས་གསུམ་གང་དུ་ཡང་།།

མཆོད་ཅིང་བསྙེན་པའི་ལྷ་མཆོག་ཁྱེད་རྣམས་ཀྱིས།།

རྣལ་འབྱོར་བདག་ཅག་སྲུང་ཞིང་སྐྱོབ་པ་དང་།།

སངས་རྒྱས་བསྟན་པ་དར་བའི་ཕྲིན་ལས་སྒྲུབས།།

མཆོག་གསུམ་སྲུང་མའི་བྱིན་རླབས་སྙིང་ལ་ཞུགས།།

ལས་དབང་བསོད་ནམས་ལེགས་ཚོགས་ངང་གིས་འཕེལ།།

བསམ་པའི་དོན་རྣམས་ཐོགས་མེད་ཡིད་བཞིན་འགྲུབ།།

ཕུན་ཚོགས་བདེ་དགའ་རྒྱ་མཚོའི་བཀྲ་ཤིས་ཤོག།

ཅེས་པའང་སྲིང་ཆུང་དོན་འགྲུབ་སྒྲོལ་མའི་རྒྱུན་འདོན་གྱི་ཆེད་དུ། ཟི་ལིང་མཁར་ནས་པདྨ་སྐལ་བཟང་དེས་བྲིས།།

མཆོད་བསྡུས་འཕྲིན་ལས་གློག་ཞགས།

ཧྲཱིཿ ཀླུ་བཙན་ཆེན་པོ་སྲས་མཆོག་དགྲ་འདུལ་རྩལ།།

ལྷ་ཀླུ་གཉན་བཙན་འབུམ་ཕྲག་འཁོར་བཅས་ལ།།

མཆོད་བསྟོད་མངའ་གསོལ་ཐུགས་དམ་གཉན་བསྐང་ན།།

ལས་བཞིའི་འཕྲིན་ལས་མ་ཐོགས་མྱུར་དུ་སྒྲུབས།།

ཞེས་པའི་བསང་གསོལ་སྦྲགས་མར་བྱ་བའི་ཚུལ་རྒྱས་བསྡུས་འདི་གཉིས་རབ་གནས་ཆུ་ལུག་ལོའི་ནམ་མཁའ་སྦྲང་ཆར་གྱི་རྒྱུན་འབེལ་ཞིང་། ས་གཞི་རྩི་ཐོག་གི་བཅུད་སྨིན་པའི་དུས་ཤིག་ལ་རྒྱ་ཀོང་བཙུན་གཞོན་སྡེ་སྣོད་འཛིན་པ་ཀུན་བཟང་རྡོ་རྗེའི་ངོར། རུ་དམ་ཡང་དབེན་ལྷོ་ཕྱོགས་པདྨ་རྒྱས་པའི་དགའ་ཚལ་ནས་པདྨ་བཞད་པའི་འབངས་པདྨ་སྐལ་བཟང་དེས་བྲིས་པ་དགེ་ཞིང་བཀྲ་ཤིས་འཕེལ་བའི་རྒྱུར་གྱུར་ཅིག།

གཏེར་བདག་གསོལ་བསྡུས་དངོས་གྲུབ་ཆར་འབེབས།

ཧྲཱིཿ ཀུན་ཁྱབ་རིག་སྟོང་ཀ་དག་གདོད་མའི་ངང་།།

ལྷུན་གྲུབ་སྣང་བ་འགག་མེད་རྒྱན་གྱི་གཞི།།

མདུན་མཁར་རིན་ཆེན་བཻཌཱུར་བརྩེགས་པའི་མཁར།།

སྣ་ཚོགས་ནོར་བུའི་མཛོད་ཀྱིས་ཡོངས་གང་དབུས།།

གཏེར་བདག་ཆེན་པོ་ཀླུ་སྲིན་གནོད་སྦྱིན་གཟུགས།།

དཀར་ཕྱོགས་དགྲ་ལྷའི་དཔུང་གི་རུ་སྣ་འདྲེན།།

རེས་འགའ་ནོར་ལྷའི་ཚུལ་གྱིས་དངོས་སྒྲུབ་སྟེར།།

ཐོགས་མེད་མཐུ་ལྡན་སྣང་སྲིད་འཕྲུལ་གྱི་ལྷ།།

པདྨའི་བཀའ་ཉན་ཡུལ་སྐྱོང་ཟོ་དོར་གཙོ།།

ལྷ་ཡི་དམག་དཔོན་རྡོ་རྗེ་ཐོགས་མེད་རྩལ།།

སྲས་བློན་མཆེད་ཟླ་འཁོར་དང་བཅས་པ་ཡིས།།

བདུད་རྩི་གསེར་སྐྱེམས་ཕུད་ཀྱི་མཆོད་པ་དང་།།

སྣ་ཚོགས་ཤིང་སྣ་ཚོགས་པའི་བསང་གསུར་སྤྲིན།།

རོ་བརྒྱའི་ཟས་མཆོག་ལྷ་མིའི་ནོར་སྣ་སོགས།།

མི་ཟད་ནམ་མཁའ་མཛོད་ལ་དགྱེས་རོལ་ནས།།

ཐུབ་པའི་བསྟན་དང་དེ་འཛིན་སྐྱོང་བ་དང་།།

པདྨའི་རིང་ལུགས་འཛིན་པའི་སྔགས་འཆང་བདག།

ཡོན་བདག་བུ་སློབ་བརྒྱུད་འཛིན་བཅས་པ་ཡི།།

ཁ་རྗེ་ཚེ་བསོད་རླུང་རྟ་ཡར་ལ་སྦོར།།

མི་ནོར་ཟས་གཡང་འདོད་རྒུའི་དངོས་གྲུབ་སྩོལ།།

མཐུ་རྩལ་སྟོབས་སྐྱེད་ལེགས་ཚོགས་སྤྲིན་བཞིན་སྤེལ།།

བསམ་དོན་འབད་མེད་ཆོས་བཞིན་འགྲུབ་པ་སོགས།།

ཅི་བཅོལ་ལས་ཀུན་མ་ཐོགས་མྱུར་བསྒྲུབ་མཛོད།།

ཅེས་རྫོགས་ཆེན་པ་པདྨའི་མིང་ཅན་དེས་སོ།།

ཙིའུ་དམར་རྦད་བསྐུལ་ལོག་འདྲེན་ཚར་གཅོད།

དྲེགས་པའི་ཡང་རྗེ་གནོད་སྦྱིན་ཙིའུ་དམར།།

རོལ་བ་རྐྱ་བདུན་འཁོར་དང་བཅས་རྣམས་ཀྱིས།།

སྙིང་ཐིག་གཉན་པོའི་བསྟན་པ་ལེགས་སྲུང་ཞིང་།།

ཤྲཱི་སེང་ཆོས་ཀྱི་སྡེ་འདི་དར་རྒྱས་མཛོད།།

ལོག་སྦྱོར་བདུད་རིགས་དངོས་དང་དངོས་མེད་དཔུང་།།

མིང་གི་ལྷག་མར་གཞིལ་བའི་མངོན་སྤྱོད་མཐུ།།

དགྲ་སྙིང་དྲོན་མོར་རོལ་བའི་ཤུགས་རྩལ་གྱིས།།

མ་ཐོགས་མྱུར་བའི་ཕྲིན་ལས་ད་སྒྲུབས་ཤིག།

ཤྲཱི་སེང་ཆོས་གྲྭ་ནས་བྲིས།།

མཚམས་ཐོའི་སྒྲོག་བྱང་གི་དམོད་ཚིག་གནམ་ལྕགས་ཐོག་མདའ།

གཞི་དབྱིངས་ཡེ་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་རྫོགས་པ་ཆེན་པོའི་བཀའ། ལམ་མཆོག་མ་ནོར་བདེན་གཉིས་ཟུང་འཇུག་དམ་ཆོས་དབུ་མ་ཆེན་པོའི་ལུང་། འབྲས་བུ་རེ་དོགས་མཐའ་ལས་ཡེ་གྲོལ་སྤྲོས་བྲལ་དགེ་འདུན་བདེན་པའི་གཏམ། དེང་གི་དུས་སུ་སྙིགས་མའི་རྒུད་པ་སྟོབས་སུ་བདོ་པའི་མཐུ་ལས་ནག་པོའི་བདུད་སྟོབས་ཆེ་ཞིང་དཀར་པོའི་དབུ་འཕང་དམའ་བས་སྙིང་པོའི་བསྟན་པ་རི་མོའི་མར་མེ་ལྟ་བུར་གྱུར་བའི་སྐབས་འདིར། རྒྱལ་བའི་བསྟན་པ་བཤད་དང་སྒྲུབ་པས་སྤེལ་བའི་དཔལ་གྱི་སེངྒེ་རིའི་ཆོས་གྲྭ་ཆེན་པོ་འདི་ཉིད་ལ་དངོས་ཤུགས་བརྒྱུད་གསུམ་ནས་བསམ་ངན་སྦྱོར་རྩུབ་འཆང་བའི་རིགས་སྤྱི་དང་། བྱེ་བྲག་འཆད་ཉན་ཐོས་བསམ་གྱི་ཆེད་དུ་ཕྱི་དང་ནང་གི་མཚམས་ཀྱི་མཚན་མས་བཅད་པ་ལས། རྣལ་འབྱོར་བདག་གི་བཀའ་ལ་ཁྱད་གསོད་ཀྱིས་འདའ་བར་བྱེད་པའི་ཕྱི་དང་ནང་གི་དོ་བདོ་ཕོད་དུ་བཙུགས་པའི་དགྲ་བོའི་རིགས་རྣམས། འགལ་བྱེད་ཆོམ་ལ་འབེབ་པའི་རིགས་སྔགས་ཀྱིས་ཕུང་བར་འགྱུར་ཏ་རེ། ཅི་བགྱིའི་བྲན་དུ་ཁས་བླངས་པའི་དམ་ལྡན་གྱི་སྲུང་མ་བཀའ་སྲུང་མ་གཟའ་རྡོར་གསུམ་གྱིས་ཉམས་པ་དེ་དག་གི་སྙིང་ཁྲག་ཆུ་བཞིན་དུ་བཏུང་ལ། ཀླད་ཁྲག་ཞོ་བཞིན་དུ་ལྡོགས་ཤིག རིགས་རྒྱུད་མཐའ་ནས་རློགས། ཕུང་བྱེད་ཀྱི་ཟོར་སྣ་དྲོངས། ཐལ་བའི་རྡུལ་བཞིན་ཐོངས། སྒྲུབ་མཆོག་བུ་བཞིན་སྐྱོངས། ཆོས་མཛད་ཀྱི་སྡོང་གྲོགས་མཛོད། དམ་ལྡན་ལ་མེལ་ཚེ་གྱིས། ཁྱད་པར་ཉམ་ཆུང་གྱི་ནས་འཚོ་ཞིང་བཤུལ་རིང་གི་ལམ་ནས་ཕེབས་པའི་སྡེ་སྣོད་འཛིན་པ་དག་ལ་ཕར་གྱི་སྐྱེལ་མ། ཚུར་གྱི་བསུ་མ། མཐུན་རྐྱེན་དང་མགོན་སྐྱབས་མ་གཡེལ་བར་མདོར་ན་ཅི་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅིག།

ཅེས་ཆོས་གྲྭའི་ཞལ་ཆོས་རྣམས་ཀྱི་བཞེད་སྐོང་དུ་མཚམས་མལ་ནས་བྲིས།།

གཡུ་ཤོད་ཟླ་ཡི་གཉན་པོ་སྟག་རྩེའི་གསོལ་བསྡུས་ཕྲིན་ལས་གློག་ཞགས།

ཧཱུྃ་ཧྲཱིཿ ཟླ་ཡི་ཟོ་དོར་གཉན་པོ་སྟག་རྩེ་སྟེ།།

གཡུ་ཤོད་མཐིང་གི་དགེ་བསྙེན་གཡུ་ཁྲབ་ཅན།།

དགྲ་བླ་ཆེན་པོ་གཡུལ་རྒྱལ་ལྷ་ཡི་བུ།།

འཁོར་བཅས་འདིར་གཤེགས་གཙང་མའི་མཆོད་སྤྲིན་བཞེས།།

སྔོན་ཚེ་ཁྲག་འཐུང་རྒྱལ་པོའི་ཐ་ཚིག་དང་།།

དུས་འདིར་རིག་འཛིན་པདྨའི་མིང་ཅན་གྱིས།།

ཇི་ལྟར་བཅོལ་བའི་ཕྲིན་ལས་ཀུན་བསྒྲུབ་ནས།།

རྒྱལ་བསྟན་བཤད་སྒྲུབ་དར་བའི་ཕྲིན་ལས་མཛོད།།

མི་ཟད་གཟུངས་དང་སྤོབས་པའི་གཏེར་གྱི་སྒོ།།

རྣོ་མྱུར་ཤེས་རབ་འཕྲུལ་གྱིས་འབྱེད་པ་དང་།།

དཔའ་བརྗིད་ཡིད་འཕྲོག་ནོར་བུའི་ཞགས་པ་ཡིས།།

སྲིད་གསུམ་དབང་དུ་བྱེད་པའི་བཀྲ་ཤིས་སྩོལ།།

ཅེས་པའང་གཡུ་མཁར་དགོན་ནས་སྡེ་སྣོད་འཛིན་པ་ཡེ་ཤེས་རང་གསལ་གྱིས་བསྐུལ་ངོར་རྫོགས་ཆེན་པདྨ་སྐལ་བཟང་གིས་དེ་མ་ཐག་ཐོལ་བྱུང་དུ་བྲིས་པ་འདིས་ཀྱང་འགྲོ་ལ་བདེ་ལེགས་ཀྱི་སྣང་བ་སྦྱིན་པར་གྱུར་ཅིག།

རྫོགས་ཆེན་དགོན་དང་རྫོགས་ཆེན་པ་རིམ་བྱོན་གྱི་ལོ་རྒྱུས།

ཨོཾ་བདེ་ལེགས་སུ་གྱུར་ཅིག

མཁྱེན་གཉིས་ཡེ་ཤེས་རྒྱས་པའི་སྣང་བ་ཡིས།།

སྲིད་པའི་རྨོངས་མུན་གཅིག་ཅར་གཞོམ་མཛད་པ།།

ལྷག་པའི་ལྷ་མཆོག་འཇམ་དཔལ་སྨྲ་བའི་ཉི།།

བདག་ཡིད་དྭངས་པའི་མཁའ་ལ་རྩེན་པར་མཛོད།།

ཡིད་འཕྲོག་ཏམ་བུ་ར་ཡི་རྒྱུད་མང་གླུ།།

སྙན་འགྱུར་སྲིད་ཞིའི་སྒྲ་དབྱངས་དང་འགྲོག་པ།།

དབྱངས་ཅན་ཟླ་བའི་ལྷ་མོའི་ངག་གི་དཔལ།།

ཁོ་བོའི་མགྲིན་པའི་འོ་མཚོར་དགྱེས་རོལ་ཅིག།

དཀར་གསལ་གངས་ཀྱི་རི་བོས་མཐའ་ནས་བསྐོར།།

དྭངས་བསིལ་ཆབ་ཀྱི་རྒྱུན་བཟང་ཕྱོགས་བཞིར་འབབ།།

ཕུན་ཚོགས་འདོད་རྒུ་མ་འབད་ལྷུན་གྱིས་གྲུབ།།

གངས་རིའི་ལྗོངས་ཞེས་འཛམ་གླིང་ཡང་རྩེར་མཛེས།།

མི་ཆོས་དགེ་བ་ཡ་རབས་སྲོལ་བཟང་གིས།།

ལྷ་ཆོས་དགེ་བ་བདེ་བའི་འབྲས་བུ་འབྱིན།།

གཏན་ལེགས་འདུན་མ་དོན་གཉིས་ངང་གིས་འགྲུབ།།

དུས་ཀུན་དགེ་བའི་རྣམ་ཐར་ཡ་མཚན་གནས།།

ཉི་ཟླའི་རྣ་ཆར་དཔྱངས་པའི་གྲགས་སྙན་སྒྲ།།

ཕྱོགས་ཀྱི་ཐ་གྲུ་ཡངས་པོར་ཁྱབ་གྱུར་ཀྱང་།།

དུམ་བུའི་གཏམ་ལ་སྤྲོ་བའི་རིགས་མཐུན་འགར།།

ཆ་ཤས་ཙམ་ཞིག་འཕྲལ་དུ་འབྲི་ལ་ཕྱོགས།

དེ་ཡང་བསིལ་ལྡན་གངས་ཀྱི་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་བོད་ཆེན་པོའི་ཞིང་ཁམས་འདིར། མིའི་ཡིད་སྣང་དབང་མེད་དུ་འཕྲོག་པར་བྱེད་པའི་མཛེས་ལྗོངས་དང་སྐྱེས་བུའི་འདུ་བྱེད་ཀྱིས་ཉེ་བར་མ་བསྐྲུན་པའི་རང་བྱུང་གི་སྐྱེད་མོས་ཚལ་དག་གིས་གང་བ་ནི་སུམ་རྩེན་ལྷའི་དཔལ་ཡོན་དང་མཚུངས་ཤིང་། དེར་གནས་པའི་འགྲོ་བ་ཕོ་མོ་རྣམས་ཀྱང་རང་བཞིན་གྱིས་རྒྱུད་དྲང་བ། ཡ་རབས་ཀྱི་སྤྱོད་པར་གནས་ཤིང་ལོངས་སྤྱོད་ཀྱི་འབྱོར་བ་རྒྱས་པ་སོགས་ཁྱད་པར་གྱི་ཆོས་སྣ་ཚོགས་པས་འཛམ་བུ་པྲིཀྵས་མཛེས་པར་བྱས་པའི་གླིང་ཆེན་པོ་འདིའི་ཡུལ་གྲུ་ཐ་དད་པ་སུས་ཀྱང་འགྲན་བཟོད་པར་དཀའ་བ་ཞིག་སྟེ། དེ་ལས་བྱེ་བྲག་ཏུ་གྱུར་པ་མདོ་ཁམས་སྒང་དྲུག་གི་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་པ་རུ་དམ་སྐྱིད་ཕྲམ་གྱི་ལུང་པ་ནི། བོད་ཀྱི་རི་དབང་སྤུན་དགུའི་ནང་ཚན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་གྱི་གཡོན་ཕྱོགས་སུ་ཆགས་ལ། ཕུ་ན་ལྷུན་བརྗིད་ཀྱི་གངས་རི་གཏན་ཆགས་རྩེ་མོ་དགུང་སྔོན་གྱི་དབྱིངས་རུམ་ཡངས་པོར་ཟུག་པ་བཻཌཱུརྱ་ཞུན་མར་དངུལ་དཀར་གྱི་མཛེས་རིས་བྲིས་པ་དང་མཚུངས་ཤིང་། མཁའ་ལ་གཡོ་བའི་སྤྲིན་དཀར་གྱི་ཕུང་པོ་དག་གིས་གངས་དཀར་གྱི་མགུལ་པ་བརྒྱན་པས་གཅིག་མདངས་གཅིག་གིས་གསོས་པ་མཐོ་གསུམ་ཉི་ཟླའི་རྒྱན་ཆ་རུ་ལྷམ་མེར་བརྗིད་པ་རྒྱལ་པོ་གདན་ལ་བཞུགས་འདྲ་དང་། སྐེད་ན་རྔམ་ཆེན་གྱི་བྲག་རི་རྩེ་རྒྱལ་གཡའ་སྤང་རྫ་ཁྲོད་ཀྱི་བར་སྣང་དུ་མཐོ་བ་འབྲུག་ཆེན་མཚོ་ལས་ལངས་པ་དང་འདྲ་ཞིང་། མཆོང་མདོག་བྲག་རིའི་བ་གམ་ལ་ཐང་དཀར་རྒོད་པོའི་གཤོག་རྩལ་དང་འགྲོགས་པའི་སྐྱི་སེར་རླུང་པོའི་འགྲུལ་ལམ་ཡངས་པས། མཐོ་བཙན་ཐོག་སེར་གྱི་མཁར་རྫོང་དུ་དམའ་ཤོད་རི་ཕྲན་གྱི་རྗེ་བོར་ལྷང་ངེར་འགྱིང་བ་བློན་པོ་གྲོས་ལ་ཚོགས་འདྲ། སྨད་ན་འབྱོར་ཕྱུག་གི་ལྗོན་པའི་ནགས་ཚལ། སྤང་བྲག་རི་ཀླུང་གི་སོ་མཚམས་སུ་གཡོ་བ་གཡུ་ཡི་ན་བུན་འཐིབ་པ་དང་མི་འབྱེད་ཅིང་། ལོ་འབྲས་མེ་ཏོག་གིས་དུད་པའི་ཡལ་གའི་ལྕུག་ཕྲན་རྣམས་ལ་འགྱུར་ཁུག་མགྲིན་པའི་དབྱངས་སྙན་སྒྱུར་བའི་འདབ་ཆགས་སྣ་ཚོགས་གཤོག་རྩེད་ཀྱིས་རོལ་བས་བཅུད་ལྡན་འབྲས་བཟང་གི་བང་མཛོད་དུ་སྤང་ལྗོངས་མཛེས་པའི་གོང་བ་རུ་ཕྱུར་བུར་རྒྱས་པ་བཙུན་མོ་རྒྱན་ཆས་ཕྱུག་འདྲ། ཡང་མཐར་ཕུན་ཚོགས་ཀྱི་སྨན་ལྗོངས་མཐའ་རྒྱས་སྤང་ཐང་ཁོར་ཡུག་གི་ཕྱོགས་མཐར་བདལ་བ་ཇི་ལྟར་མེ་ལོང་གི་ངོས་བཞིན་སྙོམས་ཤིང་གཙང་ལ། རྩྭ་ལྗང་སྨན་སྣ་འཛོམས་པར་རི་དང་གཡུང་ལ་གནས་པའི་སྲོག་ཆགས་སྤུ་རིས་བཀྲ་བ་ཀུན་ཅི་དགར་བག་ཕེབས་སུ་རྒྱུ་བས་སྐྱེ་བོ་དགའ་བའི་སྤྲོ་གླིང་དུ་ངང་གིས་གྲུབ་པའི་སྐྱེད་ཚལ་དུ་སྨིན་པ་གསེར་གཞོང་ནོར་བུས་བཀང་འདྲ་བཅས་ཏེ། དེ་ལྟ་བུའི་རྩེ་མོ་གངས་རི་དང་། སྐེད་པར་རྫ་བྲག བར་དུ་ནགས་ཀླུང་། དཀྱིལ་དུ་ཐང་ཆེན་བཅས་ལས་གྲུབ་པའི་མཛེས་ལྗོངས་དེ། གནམ་དབྱིབས་འཁོར་ལོ་རྩིབས་བརྒྱད་དང་། ས་དབྱིབས་པདྨ་འདབ་བརྒྱད་ཀྱི་ཚུལ་དུ་ཆགས་ཤིང་། ཤར་ཕྱོགས་ཉི་ཟླའི་གསེང་ལམ་ཡངས་ཤིང་རིང་བས་མཁས་པའི་དབང་པོའི་ཁྱུ་ཚོགས་བར་མེད་དུ་འབྱུང་བ། ལྷོ་ཕྱོགས་དབྱིག་དང་ལྡན་པའི་རི་ཆེན་སྤུངས་བས་མི་ཟད་ཆོས་ནོར་གཏེར་གྱིས་ས་བཅུད་གསོ་བ། ནུབ་ཕྱོགས་དབང་གི་ཡོལ་བ་རྒྱབ་ནས་དྲེས་པས་ཆེ་དགུའི་རལ་པའི་ཐོད་ཀྱིས་གུས་ཤིང་བསྙེན་པ། བྱང་རི་བཙན་པོས་འགག་སྒོ་བསྣོལ་མར་བསྡམས་པས་མ་རུང་དགྲ་སྡེའི་འཚེ་བའི་རྒྱུ་འགྲུལ་གཅོད་པ་དང་། ཕྱོགས་དང་མཚམས་རྣམས་སུ་བཀྲ་ཤིས་པའི་རྟགས་རྫས་བརྒྱད་ཀྱི་དབྱིབས་སུ་མངོན་པའི་རི་ཕྲན་གྱི་ར་བ་ཕྱི་ནང་དང་། གཡུ་འབྲུག་གྱེན་ལ་འགྲོ་བའི་རྭ་བར་དུ་ནོར་བུ་བཏེགས་པའི་མུ་ཁྱུད་དང་བཅས་པས་ཡོངས་སུ་བསྐོར་བ་སོགས་ཀྱི་སའི་དཔྱད་བཟང་པོ་ཐམས་ཅད་འཛོམས་ཤིང་། ལྷོ་ཕྱོགས་ཀྱི་གངས་རི་ནས་བབས་པའི་འོ་མའི་མདངས་ལྟར་དཀར་བའི་ཆུ་རྒྱུན་དེས་ལྗོངས་ཀྱི་བང་རིམ་བཞི་བརྒྱུད་དེ་དལ་འབབ་དང་དྲག་བཞུར་སྤེལ་མས་ཕུ་ཆུ་གཡུ་འབྲུག་ངར་མའི་སྐད་བཞིན་ལྡིར་ཏེ། འབབ་རྒྱུན་གཡས་ཕྱོགས་སུ་ལན་དགུར་འཁྱིལ་བའི་འགྲོས་ཀྱིས་སྤང་དཀར་གྱི་རྒྱན་དུ་གྱ་གྱུར་རྒྱུ་བས་གསེར་དང་ལྡན་པའི་བྱེ་མ་དཀར་པོ་འདྲེན་ཞིང་འབབ། གཡས་གཡོན་གྱི་རི་བོའི་འགྱིང་དང་གཡའ་སྤང་དང་ནགས་ཚལ་གྱི་ལྗོངས་སུ། དྭངས་ལ་འཁྱིལ་བའི་མཚོ་མོ་ཆེ་ཆུང་མང་པོས་བསྐོར་བ་སྟེ། དེ་ལས་ཁ་ཤས་ནི་གཡུ་ལྟར་ལྗང་ཞིང་། ལ་ལ་ནི་གནམ་ལྟར་སྔོ་བ། འགའ་ཞིག་ནི་དུང་བཞིན་དཀར་བ་དང་། ཡང་ལ་ལ་ནི་མཚལ་ལྟར་དམར་བ་སོགས་དབྱིབས་དང་ཁ་དོག་རོ་ནུས་མི་འདྲ་བ་ཤ་སྟག་སྟེ་ཀུན་ཀྱང་ཡིད་དུ་འོང་ཞིང་བྱ་རིགས་སྣ་ཚོགས་ཀྱིས་རྩེད་འཇོ་རོལ་བ། མཚོ་འགྲམ་གྱི་སྤང་ལྗོངས་སུ་བཀྲ་བའི་མེ་ཏོག་སྣ་ཚོགས་དང་། རིགས་མི་གཅིག་པའི་ལྗོན་ཤིང་། དཀར་དམར་ཁྲ་མེན་གྱི་བྲག་གཤོང་སོགས་ཀྱི་སྣང་བརྙན་དང་། མཁའ་ལ་ཤར་བའི་གཟའ་སྐར་གྱི་མཛེས་རིས་མཚོ་ལ་གསལ་བས་ཉིན་མཚན་གྱི་ཐུན་མཚམས་འབྱེད་པ་དང་། རྩེ་མོ་མདུང་ལྟར་རྣོ་བའི་ཤེལ་བྲག་ལ་ཉི་ཟླའི་འོད་ཟེར་ཕོག་པའི་གྲིབ་གཟུགས་ཀྱིས་སྔ་ཕྱིའི་ཆུ་ཚོད་འཛིན་པ། བྲག་རོང་དང་སྤང་རིའི་ཕང་བར་རང་བྱུང་གི་ཁྲུས་ཀྱི་རྫིང་བུ་དྲོ་གྲང་སྣ་ཚོགས་འཁྱིལ་བ་དེ་ལ་ཞུགས་ནས་ཁྲུས་བྱས་ན་སྐྱེས་བུའི་ནད་བརྒྱ་སེལ་ཞིང་ལུས་སེམས་ལ་བདེ་བ་སྟེར་བ། མཚོ་དང་རྫིང་བུར་འབྲེལ་བའི་ནེའུ་གསིང་མེ་ཏོག་གིས་གང་བ་རྣམས་སུ། ངང་པ་དང་ངུར་པ། ཁུ་བྱུག་དང་མཐིང་རིལ་ལ་སོགས་པའི་བྱ་རིགས་ཚོས་རང་རང་གི་མགྲིན་གླུ་དར་དིར་དུ་སྒྲོག་པ། ནགས་ཀྱི་ལྗོན་ཤིང་རྣམ་པར་བརྟན་པའི་ཡལ་ག་ལོ་མ་དང་འབྲས་བུའི་ཁུར་གྱིས་ལྕི་བ་རྣམས་ཟླ་བ་བསིལ་བའི་རླུང་གིས་བསྐུལ་བས་གཡོ་བ་ཅན་དུ་གྱུར་པ་དང་། ཉི་མའི་འོད་ལ་འཛུམ་པའི་དྲི་ཞིམ་གྱི་བསུང་དང་ལྡན་པའི་མེ་ཏོག་སྣ་ཚོགས་ཀྱིས་ཀྱང་མགོ་ལྕོག་ལྡེམ་ལྡེམ་དུ་གཡོ་བའི་བྲོ་གར་རེས་མོས་ཀྱིས་འགྲན་པ་ལྟར་སྣང་བས་མགྲོན་པོར་གུས་འདུད་ཞུ་བ་དང་མཚུངས་ཤིང་། ནགས་ཀྱི་བྱེའུ་སྐད་སྙན་འབྱིན་པ་དག་གིས་མི་རྟག་དང་བདག་མེད་ཀྱི་དོན་ལས་དྲངས་པའི་གཏམ་སྙན་མི་སྐད་ཀྱི་ཟོལ་དུ་སྨྲ་བས་དབེན་པའི་ནགས་སུ་འབོད་པ་དང་འདྲ། སྨུག་སྤྲིན་ལང་ལོང་དུ་འཁོར་བའི་བྲག་དཀར་གྱི་ངོས་ནས་བདུད་རྩིའི་ཆུ་མིག་བརྡོལ་བའི་འབབ་རྒྱུན་ལྷུང་ལྷུང་དུ་གྲག་པའི་མདུན་ཐང་ཡངས་པོར་སྤོས་ཤིང་ཡལ་ག་རྒྱས་པའི་རྩ་བ་རུ། རྭ་བཅུའི་རུ་ཐུར་རྒྱས་ཤིང་སྤུ་རྩེ་གསེར་མདོག་ཏུ་མཛེས་པའི་ཤྭ་བ་དང་། མགྲིན་པ་དུང་ལྟར་དཀར་ཞིང་སྒྲོ་གཤོག་མཐིང་ལས་སྔོ་བའི་ཁྲུང་ཁྲུང་དག་བག་ཡོད་དུ་རྒྱུ་བའི་འཆི་མེད་རིག་འཛིན་གྲུབ་པའི་བཞུགས་གནས་ཉམས་དགའ་བ་འདུ་འཛི་བྲེལ་ཟིང་གི་གྲོང་ལས་རིང་དུ་འདས་པའི་བྲག་རིའི་བ་གམ་ཐེམ་སྐས་ཀྱིས་མཛེས་པའི་བྱ་སྐྱིབས་རྣམས་སུ། ཞི་བའི་ནགས་ཀྱི་རྒྱལ་སྲིད་ལ་འོས་པའི་སྡིག་བྲལ་གྱི་མཐུན་རྐྱེན་ཚང་བས་སྲིད་པར་སྐྱོ་བའི་ངེས་འབྱུང་གི་བློ་ཅན་ལ་ངལ་གསོའི་དབུགས་འབྱིན་སྟེར་བ། དབྱར་གྱི་དུས་ན་མ་རྨོས་མ་བཏབ་པར་ཁ་དོག་སྣ་ཚོགས་སུ་བཀྲ་བའི་མེ་ཏོག་འདབ་མ་བརྒྱ་པ་དང་། གསེར་མདངས་འཛིན་པ། སྦྲང་རྩི་ཅན་དང་སྤོས་དྲི་འཐུལ་བ་ལ་སོགས་པས་ས་གཞི་བར་མེད་དུ་ཁྱབ་ཅིང་། དལ་གྱིས་རྒྱུ་བའི་ན་བུན་ལས་ཟིམ་བུར་འཇོ་བའི་སྦྲང་ཆར་གྱི་རྒྱུན་དང་འགྲོག་པའི་འཇའ་ཚོན་གྱི་བཀྲག་མདངས་འཚེར་བ། སྟོན་གྱི་དུས་སུ་འབྲས་བུ་སྨིན་ཞིང་བདོ་བའི་སྐྱེ་དངོས་རྣམས་གསེར་མདོག་གི་ལོ་མས་བཀླུབས་པ་དང་ཆུ་འཛིན་རྒྱུ་བ་དལ་བའི་མཐོན་མཐིང་གི་ནམ་མཁར་ཡིད་འོང་ཟླ་བའི་དཀར་མདངས་རབ་ཏུ་གསལ་བ། དགུན་དུས་ཁ་བའི་མེ་ཏོག་བརྩེགས་མར་བབས་པས་རི་ཀླུང་དངུལ་དཀར་གྱི་ཁ་དོག་ཏུ་བསྒྱུར་བ་དང་། ཆུ་བོ་འཁྱགས་དཀར་གྱི་སྦུབས་སུ་འཐུམ་ཞིང་དབྱར་གྱི་དགའ་སྟོན་ཐམས་ཅད་བྱུང་ནས་ཡལ་བའི་རྗེས་ཤུལ་ཙམ་དུ་གྱུར་ཀྱང་། ཉི་འོད་རྣམ་པར་བཀྲ་བའི་ཚ་ཟེར་གྱིས་སྐྱེ་དགུ་གསོ་བ། དཔྱིད་དུས་ས་རླངས་དྲོད་དུ་སྨིན་པས་ཁུ་བྱུག་གི་དུས་འཛིན་གྱི་མགྲིན་གླུས་སྦྲན་ཏེ་མཚོ་དང་རྫིང་བུ་ཆུ་ཕྲན་རྣམས་འཁྱགས་པའི་ཤུབས་ལས་དོན་པ་དང་། རི་ཀླུང་སྔོ་ལྗང་ཅན་དུ་གྱུར་པ་ནས་སླར་ཡང་དབྱར་གྱི་དཔལ་ཡོན་ཤར་བ་བཅས་དུས་བཞིའི་འགྱུར་བ་གཞན་ལས་རགས་ཤིང་གསལ་བས་འཚོ་བཅུད་ཀྱི་ནུས་པ་ཆེ་བ་དང་། རང་བཞིན་གྱིས་ཁམས་དྭངས་རིག་པ་གསལ་བ། གཅིག་ཏུ་བརྟན་པ་མིན་པའི་དུས་ཀྱི་རྣམ་འགྱུར་གྱིས་སྲིད་པར་སྐྱོ་བ་བསྐུལ་བ་དང་དུས་བཞི་ལུག་བརྒྱུད་ཀྱི་བརྡ་ལས་འཁོར་བའི་ཕྱི་མ་སྟོན་པའི་ཆོས་སུ་གསལ་བ་སོགས་རྟེན་འབྲེལ་སྣང་བའི་འཆར་སྒོ་རུ་སྐྱེས་བུའི་ཡིད་ཀྱི་མེ་ལོང་གིས་བསྒྱུར་དུ་རུང་བ། གནས་དེར་ཕྱིན་པ་ཙམ་གྱིས་སེམས་ལ་ཉོན་མོངས་མེད་པའི་དགའ་བདེས་རབ་ཏུ་སིམ་པར་བྱེད་པའི་ཡུལ་ལྗོངས་དེ་ཉིད་རྩ་དབུ་རྐྱང་རོ་གསུམ་གྱི་ཚུལ་དུ་ལུང་ཚན་གསུམ་ལས་གྱེས་པའི་ལུང་ཕྲན་གྱིས་སྒོར་དབྱིབས་སུ་དོད་པ་སྟེ། དབུས་ལུང་དཔལ་ཆེན་གྱི་ཕོ་བྲང་བདུད་རྩི་སྨན་གྱི་སྒྲུབ་གནས། སྦས་ཡུལ་རོང་མོ་ལྗོངས་དང་འདབས་འབྱོར་དུ་འབྲེལ་བ་ཡ་མཚན་ཅན་གྱི་སྣང་བརྙན་འབུམ་ཕྲག་དང་ལྡན་པ། སྔར་ཨ་རུ་ར་ཡི་ཆར་ཕབ་པས་ད་ལྟའང་གངས་རྒན་གྱི་སྟེང་དུ་ཨ་རུ་རས་ཁྱབ་པ་སོགས་ངོ་མཚར་རྨད་དུ་བྱུང་བའི་གཟིགས་མོ་མིག་འཕྲུལ་ལྟར་མཛེས་པ། ཤར་ཕྱོགས་དབང་ཆེན་རྟ་ཡི་ལུང་པ་དཀར་པོ་དང་། ནུབ་ཕྱོགས་མགོན་པོ་ཤྭ་ནའི་ལུང་པ་དམར་པོ་གཉིས་ཀྱིས་གཡས་གཡོན་ནས་ཟུར་བརྒྱན་པར་གཏེར་ཁ་བརྒྱ་ཕྲག་གིས་གཏམས་པ། ཕྱོགས་དེའི་ཟོ་དོར་གཉན་པོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་རྩལ་དེ་ཉིད་གངས་རི་ཤེལ་གུར་དཀར་པོ་ལྟ་བུའི་དབུ་རྩེ་རིམ་པ་བཅོ་བརྒྱད་དུ་གྱེས་པར་མཚོ་མོ་བརྒྱ་དང་བརྒྱད་ཅུས་བསྐོར་བ། གནས་བདག་ནོར་བུ་གཡུལ་རྒྱལ་དེ་རྫ་རི་སྨུག་པོ་མཆོང་མདོག་ཅན་ནོར་བུ་ཙིན་ཏ་མ་ཎིའི་དབྱིབས་དང་འདྲ་བ། སྐྱལ་གྱི་བྲག་དཀར་གཉན་པོ་དེ་བྲག་དཀར་ལྷ་ཡི་ཕོ་བྲང་དང་འདྲ་བར་གཡུ་ཤུག་སྔོན་མོས་མགུལ་བ་བརྒྱན་པ། བཀྲ་ཡི་རི་བོ་མཆོག་ཆེན་དེ་སྐྱེས་བུ་དར་མའི་སྙིང་འདྲ་བ། བསྟན་སྐྱོང་ཕོ་རོག་རྒྱལ་མོ་དེ་བྲག་ནག་སྲིན་པོ་ཁྲོས་འདྲའམ་མདུང་སོ་གནམ་དུ་བསླང་འདྲ་དང་། ཕྱོགས་བཞིའི་རི་ཆེན་བཞི་དང་། དཔའ་བོ་རྨོག་ཆེན་རྨོག་ཆུང་། ཁྲ་རྒྱལ་ནོར་བུ་སྤུན་གསུམ། མཚོ་སྨན་ཀླུ་ཡི་རྒྱལ་མོ་ལ་སོགས་པའི་ཡུལ་བདག་གཉན་པོ་གནས་འཆའ་བའི་ལྷ་རི་རྣམས་བཀྲག་མདངས་དང་ལྡན་པར་ཕྱོགས་ཀུན་ནས་དཀྲོང་ངེར་བརྗིད་པ་མི་ཆེན་གྲོས་ལ་རུབ་འདྲ་དང་། དཔའ་བོ་དགྲ་ལ་ཁྲོས་འདྲ། དམག་དཔོན་སོ་ལ་ཆས་འདྲའི་ཚུལ་གྱིས་མཛེས་སོ།།

དེ་ལྟར་ལྷ་ཡུལ་གྱི་བཀོད་པ་མི་ཡུལ་དུ་འཕོས་འདྲའི་མཛེས་ལྗོངས་ཆེན་པོ་དེར་ད་དུང་དེ་ལས་ཀྱང་ལྷག་པའི་མཛེས་བྱེད་ཀྱི་རྒྱན་ཆ་སྐྱེས་བུའི་རྩོལ་བས་བསྐྲུན་པའི་གནའ་བོའི་ལོ་རྒྱུས་ཀྱི་མཛེས་རྩལ་རྨད་བྱུང་གི་ཁྱད་ཐོན་པ་གཞན་ཞིག་གི་སྐོར་གསན་པར་དགྱེས་ན་གཤམ་དུ་གླེང་འགྱུར་གྱི་གཏམ་ཐུང་ལ་གཟིགས་འཚལ།

སྐྱིད་སྡུག་སྐྱེས་བུའི་བློ་ཡིས་བཏགས་པ་སྟེ།།

ལེགས་ཉེས་སྨྲ་བ་སོ་སོའི་ཞེན་ཕྱོགས་ཉིད།།

འགྱུར་བཅས་བདེ་བ་རྒྱུ་བཅས་ཡོངས་གཞིག་པའི།།

བདེ་ཆེན་སྟེར་ནུས་དོན་གྱི་མཛེས་ལྗོངས་ཡིན།།

ཉི་ཟླའི་སྒྲོན་མེས་གསལ་བའི་སའི་ཁྱོན་དུ།།

མ་བརྟག་ལྷ་འདྲའི་འབྱོར་བ་ལྡན་པའང་སྲིད།།

རྣམ་པར་དཔྱད་ན་འཕྲལ་ཡུན་ལུས་སེམས་བདེར།།

སཱ་ལའི་ལྗོངས་འདི་ལྷག་པར་དམན་པ་མིན།།

ས་འཛིན་གངས་ཀྱི་ཕྲེང་བས་ཡོངས་བསྐོར་གཞིར།།

བགྲང་ཡས་ནོར་བུ་བརྩེགས་པས་བསྒྲུན་མིན་པའི།།

སྔར་མེད་ལྔ་རིག་སྣང་བའི་སྐྱེད་ཚལ་མཆོག།

བསྐྲུན་ལ་མེས་པོའི་རྣམ་ཐར་སླར་ཡང་དྲན།།

རབ་མཛེས་དགའ་ཚལ་རྒྱས་པའི་ལྗོངས་ཆེན་པོར།།

ཕུལ་བྱུང་གཙུག་ལག་སྨྲ་བའི་གླུ་ལེན་མཁན།།

སྙན་པའི་བ་དན་འཛིན་པ་རྫོགས་ཆེན་པའི།།

གྲགས་པ་གངས་རིའི་ཁྲོད་དུ་སྔར་ནས་གླེང་།།

མི་བརྟན་འགྱུར་བ་སྲིད་པའི་ཟློས་གར་གྱིས།།

རེ་དོགས་མི་ཚེའི་ཉི་མ་ཡུན་སྟུང་པའི།།

མྱ་ངན་གདུང་བའི་མེ་ལྕེ་གཞིལ་བའི་སླད།།

ལེགས་སྐྱེས་གཏམ་གྱི་ཆར་རྒྱུན་འདི་རུ་སྐྱིལ།།

གོང་དུ་སྨོས་པའི་མདོ་ཁམས་གླིང་དཀར་གྱི་ས་ཆ་རུ་དམ་སྐྱིད་ཕྲམ་གྱི་ལུང་པའི་མཛེས་ལྗོངས་ཀྱི་དཀྱིལ་དུ། མདུན་རི་རྒྱལ་པོ་གདན་ལ་བཞུགས་འདྲའི་ཉེ་ཞོལ། རྒྱབ་རི་གླང་ཆེན་དྲེས་ལ་ཉལ་འདྲའི་མཁལ་ཁུང་། མདུན་ཐང་ནེའུ་གསིང་མར་ཁུའི་རྒྱ་མཚོ་འཁྱིལ་འདྲའི་ཐད་ངོས། ཕྱོགས་བཞིར་སྲུང་བཞིས་བསྐོར་བའི་ཡུལ་དབུས་སུ། སྔ་འགྱུར་བསྟན་པའི་ཆུ་འགོ་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་དགོན་སྡེ་ཆེན་པོ་དེ་ཉིད་ཆགས་ཏེ། དེ་ཡང་གླང་ཆེན་འགྱིང་ཉམས་ཀྱིས་ཉལ་བའི་སྤྱི་བོའི་ཐད་ཀྱི་སྟག་འབྲུག་སེང་གེའི་གདན་གྱིས་མཐོ་བའི་སའི་ཆར། ཐུབ་བསྟན་ཡོངས་འདུས་དགའ་ཚལ་གྱི་གན་དྷོ་ལ་གྲུ་བཞི་ནར་མོའི་དབྱིབས་ཅན། རྒྱ་ཁྱོན་ཀ་བ་བརྒྱ་ཡི་ཚད། སྒོ་ཁྱམས་གློ་འབུར་དུ་བྱས་པའི་ནང་གི་ཕྱོགས་བཞིའི་གྱང་ངོས་སུ་རྒྱལ་པོ་ཆེན་པོ་སྡེ་བཞི་བྲིས་མ་འབུར་གྱི་བཟོ་དཀྲོལ་ལ་གསེར་ཞུན་གྱི་ཁྲབ་རིས་གསལ་བ་ཅན་གཟི་བརྗིད་ལྟར་མི་བཟོད་པ་ཙམ་དང་། རྗེ་ཡི་མགུར་ལྷ་བཅུ་གསུམ། བོད་སྐྱོང་བསྟན་མ་བཅུ་གཉིས། ཡུལ་རིས་སྐྱོང་བའི་ཟོ་དོར་བཅས་ཀྱི་ལྡེབས་རིས་བཀྲ་ཞིང་། དབྱངས་དང་གསལ་བྱེད་ངེས་པའི་བྱ་དཀའ་བའི་སྒྲའི་རྒྱན་གྱིས་སྤུད་པའི་སྙན་པར་སྨྲ་བས་དོན་ཟབ་མོ་བརྗོད་བྱར་བྱས་པའི་ཀུན་ནས་འཁོར་བའི་འཁོར་ལོ་དང་། སྲིད་པ་ཆགས་ཚུལ་གྱི་འཁོར་ལོ་སོགས་བྲིས་པ། གསེར་དངུལ་ཚག་མའི་སྒོ་རྒྱན་གྱི་རི་མོ་པདྨ་སྤུངས་པ་དང་། པ་ཏྲ་འཁྱིལ་བ་དང་། ནོར་བུ་མེ་འབར་དང་། ཤིང་ལོ་རྣམ་པར་འཕྲུལ་བ་ལ་སོགས་པས་མཛེས་པར་བྱས་པའི་གཙུག་ལག་ཁང་གི་སྒོ་ཆེན་ནས་ཞུགས་ན། གསལ་འོད་ཆེམ་ཆེམ་དུ་འཕྲོ་བའི་མར་མེའི་འོད་ཟེར་དང་སྐུ་གསུང་ཐུགས་རྟེན་གྱི་གསེར་མདངས་དབྱེར་མི་ཕྱེད་ཅིང་། དཀྱིལ་འཁོར་དང་དེའི་ཡོ་བྱད་འཕན་འཕུར་དང་ལྡ་ལྡི་ལ་སོགས་པ་ཟ་འོག་གི་རིས་བཞིན་མིག་གི་དབང་པོར་ཁྲ་ལམ་མེར་འཆར་བ་དང་། སྐྱེས་དང་སྦྱར་བའི་བདུག་སྤོས་ཀྱི་དུད་པ་གཡུ་འབྲུག་རིས་སུ་འཁྱིལ་བའི་དྲི་བསུང་ཞིམ་པོ་འཐུལ་ཞིང་། དགེ་འདུན་པའི་ཞལ་འདོན་གྱི་གསུང་ཞི་བའི་འབྲུག་སྒྲ་ལྟར་ལྡིར་བ་སྙན་འཇེབས་ཀྱི་དབྱངས་རྟས་བསྐུལ་བའི་བར་མཚམས་སུ་རོལ་སིལ་དུང་གླིང་གི་སྒྲ་དང་བཅས་པ་ཐོས་འཛིན་དུ་སོན་པས་སྐྱེ་བོའི་ཡིད་སྣང་དབང་མེད་དུ་འགྱུར་བའི་དང་བ་འདྲེན་ཞིང་དད་པའི་སྤུ་ལོང་གཡོ་བར་བྱེད། དེ་ལས་ཞིབ་པར་མཇལ་ན་གཙང་ཁང་དབུས་མའི་ཐད་དཀྱིལ་དུ་གསེར་དངུལ་ལས་བྱས་པའི་ཁང་བཟང་དུ་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ལོངས་སྐུར་ཞལ་བསྒྱུར་བ་ཇོ་བོ་མཐོང་གྲོལ་ཆེན་མོ་སྐུ་རྒྱུ་ལྷ་མིའི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཐུབ་དབང་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཅན། གཡས་གཡོན་དུ་མཆོག་ཟུང་མཉམ་པར་བཞེངས་པ། གསེར་གཡུ། མུ་ཏིག མུ་མེན་ལ་སོགས་པའི་རིན་པོ་ཆེའི་ཕྲ་ཚོམ་གྱིས་བརྒྱན་ཅིང་མཆོད་པའི་ཡོ་བྱད་རིན་ཐང་ཆེ་བ་མང་པོས་མཆོད་པ། ཁང་བཟང་གི་མདུན་ངོས་ཀྱི་ཀ་བ་ཆ་ལ་གསེར་འབྲུག་ཁོང་སེང་མ་ལག་ན་ཤེལ་དཀར་གྱི་ནོར་བུ་འཛིན་པ། གཟི་མཆོང་གི་མིག་ཟུང་བགྲད་ཅིང་ཀ་བར་འཁྲིལ་ནས་མཆོངས་སྟབས་སུ་གཡོ་བའི་གསོན་ཉམས་དང་ལྡན་པ་སོགས་གནའ་བོའི་མཛེས་རྩལ་གྱི་བཟོ་བཀོད་ཕུན་སུམ་ཚོགས་པ་དང་ལྡན་པའི་མཆོད་རྫས་མང་པོས་མཛེས་པར་བྱས་པ། གཙང་ཁང་སྦུག་མར་གསེར་ཟངས་ལས་གྲུབ་པའི་དུས་གསུམ་སངས་རྒྱས་ཀྱི་སྐུ་བརྙན་ཁང་བརྩེགས་གཉིས་ཀྱི་ཚད་ཅན། འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་གིས་བསྐོར་བ། གཙང་ཁང་གཡས་མར་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་རྫོགས་ཆེན་སྟོན་པ་བཅུ་གཉིས་དང་བཅས་པའི་སྐུ་བརྙན་དང་། གསང་ཆེན་ནང་གི་ཏནྟྲའི་སྐོར་གྱི་གླེགས་བམ་དག་བཞུགས་པ། གཙང་ཁང་གཡོན་མར་གུ་རུ་མཚོ་སྐྱེས་རྡོ་རྗེ་མཚོ་དཀྱིལ་པད་སྡོང་དུ་བཞུགས་པར་གུ་རུ་མཚན་བརྒྱད་ཀྱིས་བསྐོར་བ་དང་། རྫོགས་ཆེན་སྔ་འགྱུར་གྱི་རྒྱུད་འབུམ་དང་བཀའ་གཏེར་གྱི་ཆོས་སྡེ་ཁག་གི་དཔེ་ཚོགས་བཞུགས་པ། གཙུག་ལག་ཁང་གི་ནང་གི་ལྡེབས་སུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཡབ་ཡུམ་མཆོག་ཟུང་ཚངས་དབང་དང་བཅས་པ་དང་། ཡི་དམ་རྒྱུད་སྡེ་བཞི་དྲུག་གི་ལྷ་ཚོགས་ཀྱི་སྣང་བརྙན་གསེར་ཞུན་མས་བྲིས་པ། རིན་ཆེན་སྣ་ལྔ་རྒྱུར་བྱས་ཏེ་རི་མོར་བཀོད་པའི་བཀའ་དང་དགོངས་པ་འགྲེལ་བའི་གསུང་རབ་ཀྱི་པོ་ཏི་བརྩིགས་པ་བྲག་རི་ལྟར་མཐོ་ལ། དཀྱིལ་གྱི་མཐོངས་ཆེན་གྱི་ཕྱོགས་བཞིར་ནོར་བུའི་དྲ་བ་དང་དྲ་བ་ཕྱེད་པ་འཕྱང་བ། སྟེང་གི་ལོགས་བཞིར་ཐུབ་པའི་མཛད་པ་བཅུ་གཉིས་ལས་བརྩམས་པའི་ལྡེབས་རིས་དང་། གསེར་ཟངས་ཀྱི་པ་ཏྲ་དང་ནོར་བུས་བརྒྱན་པའི་ཁང་བཟང་ནང་། བདེ་གཤེགས་སྨན་བླ་མཆེད་བརྒྱད། ལྟུང་བཤགས་ཀྱི་ལྷ་ཚོགས་སོ་ལྔ། སྒྲོལ་མ་ཉེར་གཅིག་སོགས་ཀྱི་སྐུ་གཟུགས་དག་བཀྲམ་པ། སྟེང་གི་ནམ་མཁར་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པའི་དཀྱིལ་འཁོར་དང་། འབྲུག་སྤྲིན་དང་། འདོད་འབྱུང་གཡས་སུ་འཁྱིལ་བ་སོགས་བཀྲ་ཤིས་པའི་རི་མོས་མཚན་པ་དང་། བླ་བྲེ་དང་། གདུགས་དང་། རྒྱལ་མཚན་ལ་སོགས་པས་མངོན་པར་བརྒྱན་པ། གཙུག་ལག་ཁང་གི་ཡང་སྟེང་གི་སྒོ་ཐོད་དུ་གཟིམས་སྤྱིལ་སྣང་བྱེད་བདེ་ལྡན་འཁྱིལ་བའི་ཚོམས་ཆེན་གྱི་དཀྱིལ་དུ་འཕགས་པ་རིགས་གསུམ་སེམས་དཔའི་སྐུ་བརྙན་བྱིན་ལྡན་བཞུགས་ཏེ། དེ་ལས་ཀྱང་སྤྱན་རས་གཟིགས་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་ཅན་དངུལ་དཀར་ལུགས་མ་ལས་གྲུབ་པ་གཟི་བྱིན་ཁྱད་དུ་འཕགས་པ་བཞུགས། གཞན་ཡང་གཡས་དང་གཡོན་ངོས་ཀྱི་སྟེང་རྒྱུད་དུ་སྒྲུབ་ཆེན་ཁག་གི་དཀྱིལ་འཁོར་གྱི་ཆས་དང་ཡོ་བྱད་ཀྱིས་གང་བའི་མཛོད་ཆེན་རྣམས་སྟར་འགྲིག་པ། རྒྱབ་ངོས་ཀྱི་གཙང་ཁང་སྟེང་མར་གྲུབ་དབང་རྫོགས་ཆེན་པ་སྐུ་ཕྲེང་རིམ་བྱོན་གྱི་སྐུ་བརྙན་དང་། སྐུ་གདུང་དང་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་མཆོད་སྡོང་རྣམས་ལ་རིན་ཆེན་རིན་ཐང་ཆེ་བའི་མཆོད་པའི་ཡོ་བྱད་གྱ་ནོམ་པས་ལེགས་པར་མཆོད་པ། ཡང་ཐོག་ཏུ་གསེར་གྱི་ཏོག་དང་། ཐུག་དང་། རྒྱལ་མཚན་དང་། ཆོས་འཁོར་དང་། རི་དྭགས་ལ་སོགས་པས་མཛེས་པར་བརྒྱན་ཅིང་། ཕྱོགས་བཞིའི་མདའ་ཡབ་ལ་གསེར་གྱི་དྲིལ་བུ་ཚར་དུ་དངར་བར་རླུང་གིས་བསྐྱོད་པའི་རྔ་ཡབ་དང་ཟླ་བ་ཕྱེད་པའི་གཟུགས་ཀྱིས་བསྐུལ་བའི་རང་སྒྲ་སྙན་པ་བར་མེད་དུ་འབྱིན་པ་སོགས་མདོ་ལྟར་གཙུག་ལག་ཁང་གི་ཚད་དང་ལྡན་ཞིང་སྔགས་ལྟར་གཞལ་ཡས་ཁང་གི་དབྱིབས་སུ་མཛེས་པའོ།།

བྱང་ཤར་གྱི་ཕྱོགས་སུ་གཙུག་ལག་ཁང་སྔ་མ་དང་ཚད་དབྱིབས་ཆ་འདྲ་བའི་ལྷ་སར་ལྷ་ཁང་ཆེན་མོ་ཐོག་བརྩེགས་ལྔ་པ། རྟེན་གྱི་གཙོ་བོ་གསེར་ཟངས་ལས་གྲུབ་པའི་མཁན་སློབ་ཆོས་གསུམ་གྱི་སྐུ་བརྙན་ལྷ་ཁང་གི་ཚད་དང་མཉམ་པ། ལོགས་བྲིས་སུ་ཐུབ་པའི་སྐྱེས་རབས་དང་པད་འབྱུང་གི་རྣམ་ཐར་བྲིས་པ། བཀོད་པ་གཞན་གོང་དང་མཚུངས། དེའི་སྟེང་གི་དཀྱིལ་མདུན་གྱི་ཚོམས་ཆེན་དུ་རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་གི་བླ་བརྒྱུད་ཀྱི་སྐུ་བརྙན་དང་ལྡེབས་རིས། གཡས་གཡོན་གྱི་རྒྱུད་གཉིས་ཁྲིགས་ཆགས་སུ་གསུང་རབ་སྣ་ཚོགས་ཀྱི་ཤིང་པར་གྱིས་བཀང་བའོ།།

གཙུག་ལག་ཁང་ཆེན་མོ་གཉིས་ཀྱི་དབུས་ངོས་སུ་ཕོ་བྲང་ཁམས་གསུམ་ཟིལ་གནོན་རྒྱར་ཀ་བ་ཕྱེད་དང་ཉིས་བརྒྱའི་གཞི་ཁྱོན་ཅན། ཕྱི་ཕོ་བྲང་ལ་ནང་ལྷ་ཁང་དུ་གྲུབ་པ། ཐོག་སོ་རིམ་པ་རྣམས་སུ་བླ་མ། ཡི་དམ། མཁའ་འགྲོ་བཅས་ཀྱི་ལྷ་ཁང་དང་། རྡོར་སེམས་སྟོང་སྐུ་ལྷ་ཁང་། ཚེ་སྒྲུབ་ལྷ་ཁང་། དཔེ་མཛོད་ཁང་སོགས་སུ་སྐུ་རྒྱུ་སྣ་ཚོགས་ལས་གྲུབ་པའི་སྐུ་བརྙན་བཟོ་དབྱིབས་མི་འདྲ་བ་མང་པོ་དང་སྔ་ཕྱི་གསར་རྙིང་གི་ཆོས་དཔེ་ཁག་བཀྲམ་པ། བཀའ་རྒྱུད་ལྷ་ཁང་དུ་མར་མི་དྭགས་གསུམ། ས་སྐྱའི་ལྷ་ཁང་དུ་གོང་མ་རྣམ་ལྔ། དགའ་ལྡན་ལྷ་ཁང་དུ་རྗེ་ཡབ་སྲས་གསུམ་བཅས་ཀྱི་སྐུ་བརྙན་དང་། སོ་སོའི་རྣམ་ཐར་གསུང་འབུམ་དང་བཅས་པར་མཆོད་འབུལ་གྱི་རྒྱུན་འཛུགས་རྒྱ་ཆེ་བ། གཟིམས་སྤྱིལ་ཉི་འོད་འཁྱིལ་བ་དང་། ཕུན་ཚོགས་འདོད་འཇོ་དང་། འཆི་མེད་གྲུབ་པའི་དགའ་ཚལ་སོགས་དང་། ཚོམས་ཆེན་འདོད་དགུ་ལྷུན་གྲུབ་དང་། གཞན་ཕན་བརྩེགས་པ་དང་། གཡེན་ཁྲ་མ་སོགས་སུ་ལྷ་དང་མི་ཡི་རིན་པོ་ཆེ་སྣ་ཚོགས་ལས་བཞེངས་ཤིང་བྱིན་རླབས་ཀྱི་གཟི་འོད་འབར་བའི་སྐུ་རྟེན་སྲིད་ན་མཚུངས་ཟླ་དཀོན་པ། ཐུབ་སྐུ་གཡུ་ཐོད་མ། བཀའ་བརྒྱད་བསྐྱེད་རྫོགས་རྒྱས་པ། གུ་རུ་གསེར་སྨུག་མ། ཉང་གཏེར་ཁྲོས་མ་ནག་མོ། སྐུ་ཚབ་དགོས་འདོད་ཀུན་འབྱུང་། ཆོས་གོས་རྡོ་རྗེའི་གསང་ལམ་སོགས་རྟེན་གསུམ་རིན་ཐང་གཞལ་དུ་མེད་པ་མང་པོས་བཀང་ཞིང་མཆོད་པའི་ལྷ་རྫས་རྣམ་མང་གིས་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ལྟར་སྤྲོས་སོ།།

ཕོ་བྲང་ཐོག་ཁའི་ཤར་ནུབ་ཀྱི་རྒྱུད་གཉིས་སུ་མགོན་ཁང་གསར་རྙིང་ཁག་གཉིས་ཡོད། དེ་ལས་ཀྱང་ནུབ་བྱང་དབང་དྲག་རོལ་བའི་མགོན་ཁང་དུ་རྒྱལ་ཆེན་རྡོ་རྗེ་གྲགས་ལྡན་དང་གནོད་སྤྱིན་ཙིའུ་དམར་པོ་གཉིས་ཀྱིས་གཙོས་པའི་བསྟན་སྲུང་ཆོས་སྐྱོང་རྣམས་ཀྱི་སྐུ་འབག མདོས་གཏོར། སྤྱན་གཟིགས། རྟེན་རྫས། སྒྲུབ་རྫས། བསྐང་རྫས་ལ་སོགས་པ་རྒྱ་ཆེར་སྤེལ་བ་སྟེ། དྲག་པོ་གཡུལ་གྱི་མདུང་དམར་ལ་སྲུང་མའི་བླ་ཡིད་ཆགས་པའི་སྲོག་གི་འཁོར་ལོ་བརྗིད་ཅིང་། འཇིགས་རུང་ཁྲོས་པའི་སྡང་མིག་ལས་དགྲ་ལྷའི་མེ་ཡི་འོད་ཟེར་གློག་ལྟར་འཁྱུགས་པ། དུག་ཁྲག་ངར་མར་སྒྲེས་པའི་མཚོན་ཆ་སྣ་ཚོགས་རྩི་ཤིང་ལྟར་གཟིངས་ཤིང་། ཁྲག་ཆང་བཏུང་བའི་རྒྱ་མཚོ་རྦ་རླབས་ཕུད་སྐྱེམས་སུ་ཁོལ་བ་སོགས་འཇིགས་སུ་རུང་བའི་ཆོས་སྣ་ཚོགས་ཀྱིས་སྐྱི་ཟིང་བའོ།།

བྱང་ཕྱོགས་ཀྱི་སྟེང་ཁང་དུ་གཡང་ཁང་རྣམ་སྲས་བང་མཛོད་ནང་སེམས་དཔའ་ས་ཡི་སྙིང་པོ་དང་། གཡང་གི་ལྷ་མོ་མཆེད་བརྒྱད། ནོར་བདག་ཛམ་ལྷ་རིགས་ལྔ། གནོད་སྦྱིན་རྟ་བདག་བརྒྱད་སོགས་ཀྱི་སྐུ་བརྙན་དང་། གཡང་མཛོད་ནང་མར་ནོར་བུ་དོན་ཡོད་ཞགས་པ་དང་། གཡང་ཐོད་མེ་འབར་མ། ཆབ་རྡེལ་དཀར་ནག་ཁྲ་གསུམ། གཟི་ཞལ་དགོས་འདོད་ཀུན་འབྱུང་སོགས་ནོར་བུའི་རིགས་མི་དང་མི་མིན་གྱི་ལས་ཟོག་སྲིད་པའི་བདོག་དགུས་བཀང་བས་ས་བཅུད་གཏེར་གྱི་དཔལ་གཡང་སྤྲོ་བ་དང་། འོག་ཁང་དུ་དཀོར་བདག་རྒོད་ལྕམ་ཁ་རག་གི་རྟེན་དང་ཀླུའི་ཆུ་མིག་གཉན་པོ་བཅས་གནས་སོ།།

གཞན་ཡང་གཙུག་ལག་གཉིས་ཀྱི་མཛད་སྒོའི་ལས་ཤག་ཁག་དང་དཀོར་མཛོད་སྣ་ཚོགས་ཀྱིས་ཀུན་ནས་གང་བ་དང་། དཀྱིལ་གྱི་མཐོངས་ངོས་ཐོག་རིམ་གཉིས་ཀྱི་གྲུ་ཆད་དུ་སྐད་སྙན་སྒྲོག་ཅིང་མི་སྐད་སྨྲ་བའི་བྱ་དང་བྱེའུའི་རིགས་དང་སྤུ་སྡུག་བཀྲ་ཞིང་མི་ལ་འཁྲི་བའི་གཅན་གཟན་དང་རི་དྭགས་ཀྱི་རིགས་སྣ་ཚོགས་ཀྱིས་གང་བས་སྤྱན་གཟིགས་གླིང་ཁར་གྲུབ་པ་སོགས་ཕྱི་ནང་གི་བཀོད་པ་ལེགས་ཤིང་མཛེས་བརྗིད་ཕུན་སུམ་ཚོགས་པའོ།།

ལྷོ་ཕྱོགས་ཀྱི་ངོས་སུ་རྔ་རོལ་གྱི་ཐོག་ཁང་རིང་མོ་དང་། གྲྭ་མང་གཞུང་ལས་ཁང་། གཞུང་གཉེར་ཐབ་ཚང་ཁང་བཅས་ཏེ། དེ་རྣམས་ཀྱི་དཀྱིལ་དུ་འཆམ་ར་ཆེན་མོ་ཞི་རྒྱས་དབང་དྲག་གི་ཐིག་གིས་མཛེས་པ། ཚོགས་ཆེན་གཙུག་ལག་ཁང་གི་རྒྱབ་ཕྱོགས་སུ་དགེ་འདུན་གྱི་ཀུན་དགའ་ར་བ་ལྗོན་ཤིང་དང་མེ་ཏོག་གི་ཚལ་གྱིས་མཛེས་པ། ཆོས་ཁྲིའི་སྟེགས་བུའི་རྒྱབ་ངོས་ཀྱི་རྩིག་ལྡེབས་སུ་འཕགས་པ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་འཚོལ་བ་དང་། འཕགས་པའི་ཡུལ་གྱི་རྒྱན་དྲུག་མཆོག་གཉིས་ཀྱི་རྣམ་ཐར་སོགས་རི་མོར་བྲིས་པ། མདུན་གྱི་ཆོས་ར་ཡངས་པོར་འཆད་པ་དང་། རྩོད་པ་དང་། རྩོམ་པའི་གནས་ཆོས་ཚན་དང་སྡེ་ཁག་སོ་སོར་ཕྱེས་པ། གཞན་ཡང་ཐུབ་དབང་སྟོང་སྐུ་དང་གུ་རུ་སྟོང་སྐུའི་ལྷ་ཁང་། ཞི་ཁྲོའི་ལྷ་ཁང་། བདུད་འདུལ་ལྷ་ཁང་། གེ་སར་ལྷ་ཁང་། གསེར་འཁོར་དང་དངུལ་འཁོར་གྱི་འཁོར་ཆེན་ལྷ་ཁང་ཁག་བཅས་སོགས་རང་རང་གི་བཀོད་པའི་ཁྱད་པར་གྱིས་འཕགས་པ་ཅན། དེ་དག་གི་མཐའ་སྐོར་དུ་དགོན་པ་གླིང་ཤོག་ཆེན་པོ་དྲུག་ཏུ་བགོས་ཏེ་ཆགས་པའི་གླིང་སོ་སོའི་ཚོགས་ཁང་དང་། བླ་བྲང་ཁག གྲྭ་ཚང་གི་སྒེར་ཤག་ཁག་བཅས་རེ་རེ་བཞིན་ཁྲ་ཆེམ་ཆེམ་དུ་བཀྲ་ཞིང་གྲལ་སྟར་འགྲིག་པ། མཐའ་སྐོར་གྱི་ཕྱོགས་བཞིར་ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་ལྷ་ཁང་བཞི་ཞལ་ཕྱིར་ཕྱོགས་པ་དང་། བསྲུང་བཟློག་གི་སྙིང་པོ་ཅན་གྱི་དར་ཆེན་མཐོན་པོ་དག་ཕྱོགས་བཞིར་བསྒྲེངས་བས་བར་ཆད་སྲུང་བ། དགོན་གཡས་མདུན་གྱི་དྭངས་ཤིང་བསིལ་བའི་ཆུ་མིག་གི་འགྲམ་ནས་རྒྱབ་རིའི་ངོས་རྒྱུད་གཡོན་ཕྱོགས་བྱང་སྲུང་རུས་སྦལ་གནས་པའི་རི་རྒྱུད་བར་དུ་གཟུངས་སྔགས་སྣ་ཚོགས་པའི་དར་ལྕོག་གིས་འབྲེལ་བ་དང་། གཡོན་གཤམ་དུ་བདུད་འདུལ་དང་སྲི་མནན་ལ་སོགས་པའི་མཆོད་རྟེན་ཆེན་པོ་རྣམས་བརྗིད་ཆགས་པའོ།།

དགོན་ཆེན་གྱི་མདུན་ཞོལ་ནས་ཞི་བའི་རླབས་ཕྲེང་དཀར་པོ་གཡོ་བའི་ཆུ་ཀླུང་དལ་གྱིས་འབབ་པ་དེ་ལ་ལག་གཡོན་ཕྱོགས་ཏེ། སྤང་ཐང་ནེའུ་གསིང་འདྲེས་མ་བརྒྱུད་དེ་མདུན་དུ་རྒྱང་གྲགས་གཅིག་ཕྱིན་ན། མཁས་པའི་ལྗགས་སམ་ཤེས་རབ་ཀྱི་རལ་གྲིའི་དབྱིབས་དང་མཚུངས་པའི་ས་ཁད་ཅུང་མཐོ་བའི་སྤང་ལྗོངས་སུ། གྲུ་བཞི་རྒྱ་ཁྱོན་ཡངས་བའི་ལྕགས་རིས་བསྐོར་བའི་དབུས་སུ། གཙུག་ལག་ཁང་སུམ་ཐོག་མངོན་པར་མཛེས་པའི་ཡང་སྟེང་ནས་ཆོས་དུང་དང་འཁར་རྔའི་སྒྲ་ཡིས་བསྐུལ་བའི་ཚེ། སྦྱང་བའི་ཡོན་ཏན་ལ་གནས་ཤིང་། སྡེ་སྣོད་གསུམ་ལ་ཐོས་བརྩོན་གྱིས་འབད་པར་རྣམ་གཡེངས་ཀྱིས་མི་བརྫི་བའི་དགེ་སྦྱོང་དག་སྤྱོད་ལམ་དུལ་བས་རྒྱུ་བའི་གླིང་དེ་ནི་གངས་རིའི་ཁྲོད་ཀྱི་ནཱ་ལེནྡྲ་གཉིས་པ། ཡུལ་ཤར་ཕྱོགས་ཀྱི་མཁས་པའི་འབྱུང་གནས་ཆེན་པོ་རྫོགས་ཆེན་ཤྲཱི་སེང་དུ་གྲགས་པ་དེ་ཉིད་དེ། ཤར་ཕྱོགས་ལྷུན་པོའི་ཕྲག་པ་རྒྱང་རིང་གི་ས་ནས་དམའ་བའི་སྔོ་སངས་ནམ་མཁའི་མཐོངས་ཡངས་ནས། ཞོགས་པའི་མཚམས་སྤྲིན་དམར་སེར་གྱིས་འཁྱུད་པའི་རྟ་བདུན་དབང་པོ་ཐོག་མར་ཤར་བའི་འོད་ཟེར་འཇམ་མཛེས་ལྗང་སྔོན་འཚེར་བའི་སྤང་ཁའི་སྟེང་གི་གཙུག་ལག་ཁང་དང་ཆོས་རའི་གསེར་ཏོག་ལ་ཕོག་པས་གསེར་འོད་ལམ་མེར་འཕྲོ་བའི་འོད་མདངས་ཕན་ཚུན་འགྲན་པ་བཞིན་དུ་རྒྱས་པའི་ཆོས་མཚུངས་སུ། རྗེ་བཙུན་བརྟན་པའི་འཁོར་ལོའི་མཁྱེན་རབ་ཡེ་ཤེས་ཀྱི་ཉི་མ་དྭངས་གསལ་ཡིད་ཀྱི་ནམ་མཁར་འགོག་མེད་དུ་ཤར་བའི་མཐུ་ལས། བློ་གྲོས་སྤོབས་པའི་སྣང་བ་ནང་ནས་རྒྱས་པས་གནས་ལྔ་རིག་པའི་འོད་ཟེར་འབུམ་དུ་བདལ་བའི་ལུང་རྟོགས་བཤད་སྒྲུབ་ཀྱི་དགའ་ཚལ་ཆེན་པོ་དེ་ཉིད། མདོ་ཁམས་འཛིན་མའི་རྒྱན་ཆ་རུ་མཛེས་བརྗིད་ས་གཞིས་ཀྱང་ཐེག་པར་དཀའ་བ་ཙམ་དུ་ཆགས་ཏེ། འདིར་སྨོས་པ་གླིང་དེའི་ཕྱི་དབྱིབས་ཀྱི་ཆགས་ཚུལ་ནི། ཁོར་ཡུག་ལྕགས་རི་གྲུ་བཞིས་བསྐོར་བའི་ཤར་ཕྱོགས་ཀྱི་རྒྱུད་དུ་གསུང་རབ་དཔེ་ཚོགས་ཀྱི་མཛོད་སྣ་ཚོགས་དང་པར་ཁང་ཆེན་མོ་ཆོས་འབྱུང་ནོར་བུའི་གཏེར་མཛོད་བཞུགས་པ་དང་། ཕྱོགས་གཞན་གསུམ་པོའི་རྒྱུད་དུ་ཞལ་གཙུག་ལག་ཁང་ལ་ཕྱོགས་ཏེ་བཤད་གྲྭ་པའི་བཞུགས་ཤག་འཆད་ཚན་དང་འཛིན་གྲྭའི་ལོ་རིམ་ལྟར་ཁྲིགས་ཆགས་སུ་སྟར་འགྲིག་པ། དཀྱིལ་དབུས་སུ་གཙུག་ལག་ཁང་ཆེན་མོ་ཚད་དང་མཚན་ཉིད་ལྡན་པ། གཙང་ཁང་དུ་མཉམ་མེད་ཤཱཀྱའི་རྒྱལ་པོའི་སྐུ་བརྙན་མཐོང་གྲོལ་གཟི་འབར་མ། འཁོར་ཉེ་སྲས་བརྒྱད་དང་གནས་བརྟན་བཅུ་དྲུག་གིས་བསྐོར་བར་མཆོད་པའི་བྱེ་བྲག་མང་པོས་བསྟབས་པ། གཙུག་ལག་ཁང་གི་ནང་གི་ལྡེབས་སུ་ཐུབ་པའི་སྐྱེས་རབས་དང་ཆོ་འཕྲུལ་གྱི་མཛད་པ་རྣམས་དང་འཕགས་ཡུལ་དང་བྷོ་ཊའི་ལྗོངས་ཀྱི་པཎ་གྲུབ་སྔར་བྱོན་རྣམས་ཀྱི་རྣམ་པར་ཐར་པ་རི་མོའི་སྣང་བརྙན་དུ་བྲིས་པ། དབུས་ངོས་སུ་རྫོགས་ཆེན་སྙིང་ཐིག་གི་བརྒྱུད་པའི་བླ་མ་རྣམས་ཀྱི་འདྲ་སྐུ་བྱིན་ལྡན་མང་པོ་བཞུགས་སུ་གསོལ་ཞིང་། དཀྱིལ་ཐོད་དུ་མཁན་རབས་ནོར་བུའི་ཕྲེང་བ་བར་མ་ཆད་པར་བྱོན་པ་དག་གི་ཞབས་ཀྱི་པདྨོ་རྣམ་པར་བཀོད་ཅིང་ཟབ་རྒྱས་ཆོས་ཀྱི་སྒོ་འཕར་གྱི་སྐབས་དབྱེ་བའི་མཁན་ཁྲི་ནོར་བུ་མ་མཛེས་བརྗིད་དང་ལྡན་པ་བརྒྱབ་པ། མདུན་གྱི་གདོང་གྲལ་ཕྱི་ནང་དང་། དེའི་ཕྱི་རོལ་གྱི་རྒྱབ་གྲལ་རྣམས་བཅས་སོ་སོར་མང་ཐོས་སྡེ་སྣོད་འཛིན་པའི་དགེ་འདུན་པ་དག་གནས་བརྟན་དང་བསླབ་པ་རྒན་གཞོན་གྱི་རིམ་པས་ཕྱེ་བའི་བཞུགས་གྲལ་བསྒྲིགས་པ། སྟེང་ཕྱོགས་སྤོས་ཀྱི་ལྡིང་ཁང་མཆོད་སྤྲིན་སྣ་ཚོགས་སྤྲོ་བའི་གཞལ་མེད་ཁང་དུ་བདེ་བར་གཤེགས་པའི་གསུང་རབ་གསེར་དངུལ་མཚལ་སྣག་གི་རི་མོར་བཀོད་པའི་གླེགས་བམ་རིན་པོ་ཆེ་བརྒྱ་ཕྲག་མང་པོ་བཞུགས་པ་དང་། ཡང་སྟེང་དུ་མིའི་རིན་པོ་ཆེ་དུ་མ་རྒྱུར་བྱས་ཏེ་བསྐྲུན་པའི་སྐུ་གདུང་ཆེན་པོ་ཆ་བརྒྱད་ཀྱི་མཆོད་པའི་རྟེན་ངོ་མཚར་བའི་བྱིན་འོད་འབར་བ་དག་བཞུགས་ཤིང་། ལྕོག་བཞིར་ཆོས་སྐྱོང་མ་གཟའ་རྡོར་གསུམ་སོགས་ཀྱི་སྐུ་འབག་དང་རྟེན་རྫས་དཀོར་མཛོད་ཀྱིས་གང་བ་དང་། སྟེང་འོག་ཀུན་ཏུ་བླ་བྲེ་དང་། རྒྱལ་མཚན་དང་། འཕན་འཕུར་དང་། ལྡ་ལྡི་དང་ནོར་བུའི་དྲ་བ་ལ་སོགས་པས་མཛེས་པར་བརྒྱན་པ། ཕྱིའི་བྱང་ཤར་དུ་གླིང་འདིའི་སྲུང་མ་གནོད་སྦྱིན་དགྲ་ལྷའི་རྒྱལ་པོ་ཙིའུ་དམར་པོའི་རྟེན་མཁར་གྲུ་བཞི་མཚལ་དམར་གྱི་ཁ་བད་ཅན་དྲག་པོའི་རུ་མཚོན་གཡོ་བ། བླ་རྟེན་སྲོག་གི་འཁོར་ལོ་མི་ཤིགས་ཕྱག་རྒྱའི་རྫོང་བཙན་དུ་བརྗིད་པར་དམ་ལྡན་གཟུགས་ཅན་བཞིན་དུ་འདུ་བ་དང་། གཡུལ་རྒྱལ་དམོད་པའི་མཚོན་ཆ་བདེན་ཚིག་དྲག་སྔགས་རྩུབ་པས་ཕྱོགས་དེར་ཕལ་གྱིས་རྒྱུ་འགྲུལ་ཡང་དཀའ་བ་ཙམ་དུ་གནས་སོ།།

གླིང་ནང་གི་ཕྱོགས་བཞི་ཡངས་པོར་བདལ་བའི་ཆོས་རའི་སྤང་ལྗོངས་སུ་མ་རྨོས་མ་བཏབ་པའི་མེ་ཏོག་སྣ་བརྒྱ་བཞད་ཁ་དྭངས་ཤིང་དྲི་ཞིམ་གྱི་བསུང་དང་ལྡན་པ་དང་། རང་བཞིན་གྱིས་སྐྱེས་པ་དང་བདམས་ནས་བཙུགས་པའི་ཤིང་ཕྲན་སྣ་ཚོགས་ཀྱང་ཚོམ་བུ་ཚོམ་བུར་མཛེས་ཤིང་། ཤྭ་བ་ལ་སོགས་པའི་རི་དྭགས་དུལ་བ་འགའ་ཡང་བག་ཕེབས་པར་རྒྱུ་བའི་བྱ་ནེ་ཙོའི་མགྲིན་པ་ལྟར་ལྗང་ཞིང་སྣུམ་པའི་ཆོས་རའི་སྤང་འཇམ་དུ་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་སྐུ་ལ་བཞེས་ཤིང་ཕྱག་ན་ཆོས་ཀྱི་གླེགས་བམ་བསྣམ་པའི་དགེ་འདུན་པ་རྣམས། འགའ་ཡིས་ལྡབ་ལྡིབ་སྤང་བའི་རྗོད་བྱེད་གསུང་གི་སྒྲ་ཚིག་དག་ཅིང་གསལ་བས། དོན་བརླིང་བ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་རྣམ་གྲངས་བརྗོད་བྱར་བྱས་པ་རྣམས་མ་འདྲེས་ཤིང་མ་འཛོལ་བར་སློབ་མའི་རྒྱུད་དང་བསྟུན་ནས་འཆད་པའི་བྱེ་བྲག་སྣ་ཚོགས་པས་གཞན་རྗེས་སུ་འཛིན་པ་དང་། འགའ་ཞིག་གིས་སྔ་རྒོལ་དང་ཕྱི་རྒོལ་གྱི་ཚུལ་གྱིས་གཟུགས་ནས་རྣམ་མཁྱེན་གྱིས་བསྡུས་པའི་གཞལ་བྱའི་ཆོས་རྣམས། འཇལ་བྱེད་དངོས་སྟོབས་ཀྱི་རིགས་པ་དཔྱད་གསུམ་རྣམ་པར་དག་པའི་གཏན་ཚིགས་རྒྱུ་མཚན་དུ་བཀོད་པས་གཏན་ལ་ཕབ་སྟེ། ལུང་དང་རིགས་པའི་ཐོག་མདས་བསྟན་པའི་ཕྱི་རོལ་དུ་གྱུར་པའི་ལོག་སྨྲའི་རྒོལ་བ་ངན་པའི་བྲག་རི་གཏོར་ཞིང་ཚར་གཅོད་པར་བྱེད་པ། ལ་ལས་མ་འོངས་པར་བསྟན་རྒྱུན་སྤེལ་བ་དང་ཕྱི་རབས་ཀྱི་གང་ཟག་རྣམས་བརྩེ་བས་རྗེས་སུ་འཛིན་པ་མི་ལྷོད་པའི་ཕྱིར། མདོའམ་སྔགས་སུ་གཏོགས་པའི་བསྟན་བཅོས་སྔར་མ་གྲགས་པའི་གཞུང་ལུགས་མང་པོ་དང་། ཡང་ན་སྔར་བརྩམས་པའི་བསྟན་བཅོས་དག་ལ་གོ་སླ་ཞིང་འཇུག་བདེ་བའི་ཚིག་དང་དོན་གྱི་འགྲེལ་བ་སྣ་ཚོགས་དང་། དཀྱུས་དང་། ས་བཅད། སྡོམ་ལ་སོགས་པའི་རབ་ཏུ་དབྱེ་བ་དག་སྨྱུ་གུའི་གར་སྟབས་ཀྱིས་མཚོན་པར་བྱེད་པ་དང་། ཡང་ཁ་ཅིག་གིས་ནི་ཕྱི་དུས་ཀྱི་འཁོར་ལོ་ཉི་ཟླ་གཟའ་སྐར་གྱི་རང་འགྲོས་དང་། ནང་དུས་ཀྱི་འཁོར་ལོ་འཕོ་བ་རླུང་གི་རྒྱུ་བ་དག་དབུགས་དང་ཆ་ཤས་ཀྱིས་གཏན་ལ་འབེབས་པའི་ཕྲ་རགས་རྩིས་ཀྱི་རི་མོ་སམ་ཊའི་ངོས་སུ་ལྕགས་ཀྱི་ཐུར་མས་གསལ་བར་བྱེད་པ་དང་། གཞན་ལ་ལ་ཞིག་གིས་དུག་གསུམ་རྒྱུར་བྱས་པའི་རླུང་མཁྲིས་བད་ཀན་འདུ་བ་ལ་སོགས་པའི་ནད་རིགས་འཇོམས་པའི་རིག་པ་དང་སྙན་པར་སྨྲ་བའི་ངག་རྣ་བར་འཇེབས་པ་བཅད་ལྷུག་སྤེལ་མར་བྱས་པ་རྒྱན་གྱིས་སྤུད་པ་དག་དང་། ཚིག་གི་སྦྱོར་བ་དེ་དག་ལྕི་ཡང་གི་སྒྲ་ལ་ལྟོས་ཏེ་བསྡེབ་པའི་སྦྱོར་བ་དང་ཟློས་གར་དུ་བསྒྱུར་བ་དང་བཟོའི་རིག་ལ་སོགས་པར་བརྩོན་པ་ལྷུར་ལེན་པ། ཐམས་ཅད་ཀྱིས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་པའི་གནས་རྒྱ་མཚོ་ལྟ་བུར་འཇུག་པར་བྱེད་ཅིང་། རྟག་ཏུ་ཆོས་ཀྱི་སྒྲ་དབྱངས་རྒྱུན་མི་ཆད་པར་སྒྲོག་པས། ཐ་ན་དེར་གནས་པའི་བྱ་དང་བྱེའུའི་ཚོགས་ཀྱང་འཁོར་བ་མཐའ་ཅན་དུ་འགྱུར་བའི་བག་ཆགས་བཟང་པོ་རྒྱུད་ལ་ཐེབས་པར་ངེས་པའི་བློ་ལྡན་དགྱེས་པ་སྐྱེད་པའི་གླིང་ཆེན་པོ་དེར། ཕྱོགས་ཀྱི་མཁས་པའི་ཚོགས་ཀྱིས་ཡི་རངས་ཀྱི་མེ་ཏོག་དངོས་བརྒྱུད་ནས་འཐོར་བ་དང་བློ་གསལ་དོན་གཉེར་ཅན་གྱི་སྐྱེ་བོ་དེ་བས་མང་བ་ཞིག་འཚང་ཁའི་ངང་འདུ་བ་ནི། དབྱར་གྱི་དུས་ཀྱི་པདྨའི་ལྡུམ་རར་ཇི་ལྟར་རྐང་དྲུག་གི་ཚོགས་བཞིན་ཏེ། དེ་ལས་འགའ་ཞིག་ནི་རང་རང་གི་བགོ་སྐལ་དང་འཚམས་པའི་ཐོས་པའི་སྦྲང་རྩིས་ཚིམས་ཏེ་ཕྱོགས་བཅུར་ལེགས་པར་བཤད་པའི་ཟིལ་མངར་འགྲེམ་པ་ལ་བྲེལ་བ་ཧ་ཅང་མང་བ་ཡང་དེ་དང་མཚུངས་སོ།།

དེར་ནི་རབ་ཏུ་བྱུང་བ་གཅིག་པུས་མ་གཏོགས་བུད་མེད་ལྟ་ཅི་ཁྱིམ་ན་གནས་པའི་རྟེན་ཅན་གྱི་སྐྱེས་པས་ཀྱང་དུས་མ་ཡིན་པར་འགྲོ་བ་དང་སྡོད་པའི་སྐབས་མི་ཕྱེད་ཅིང་། གནས་དེར་ཚོགས་པ་ཀུན་གྱིས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་གནས་པས་ཐོས་པ་དང་བསམ་པའི་ཡོན་ཏན་མཐའ་ཡས་པ་ལ་དབང་འབྱོར་བར་བྱས་ཏེ། ཕྱིན་ཅི་མ་ལོག་པའི་བསྒོམ་པའི་ཡེ་ཤེས་ལྟ་སྤྱོད་རྣམ་པར་དག་པས་གཏན་ལ་འབེབས་པའི་ལམ་གྱི་གཞི་རྟེན་མ་ནོར་བ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། ལྷག་པ་ཏིང་ངེ་འཛིན་གྱི་བསླབ་པ། ལྷག་པ་ཤེས་རབ་ཀྱི་བསླབ་པ་གསུམ་གཙོ་བོར་སྟོན་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་དྲི་མ་མེད་པ་དམ་པའི་ཆོས་འདུལ་བ་དང་། མདོ་སྡེ་དང་། མ་མོ་བཅས་སྡེ་སྣོད་རིན་པོ་ཆེ་རྣམ་པ་གསུམ་གྱི་དགོངས་དོན་འཕགས་པའི་ཡུལ་གྱི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ལ་སོགས་པས་བཀྲལ་བར་མཛད་པའི་གཞུང་ཆེན་པོ་བཅུ་གསུམ་གྱི་རྣམ་པར་དབྱེ་བ་སོགས་དང་། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་སྙིང་པོ་ལ་སོགས་པ་ཟབ་མོ་ནང་གི་རིག་པ་རྒྱུ་མཚན་ཉིད་ཀྱི་ཐེག་པ་དང་འབྲས་བུ་སྔགས་ཀྱི་ཐེག་པ་འཆད་ཉན་གྱི་མཛད་པ་གཙོ་བོར་སྟོན་པ་དང་མཉམ་དུ། སྒྲ་ཚད། བཟོ་གསོ། སྙན་ངག མངོན་བརྗོད། ཟློས་གར། སྡེབ་སྦྱོར། སྐར་རྩིས་ལ་སོགས་པ་རིག་པའི་གནས་ཆེ་ཕྲ་ཇི་སྙེད་པ་ཀུན་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་པ་དང་། ཤེས་བྱའི་གནས་ཕྲ་མོ་ཙམ་ལ་ཡང་སྦྱང་བརྩོན་གྱི་འབད་པ་མི་འདོར་བར། མཛད་པ་ཀུན་ཀྱང་མཐའ་ཡས་པའི་འགྲོ་བ་སྒྲོལ་བའི་སླད་དུ་བརྩོན་པའི་རང་བཞིན་ཅན་ཉིད་དེ་གནས་འདིར་རྐང་སྟེགས་དང་པོ་བཞག་པ་ནས་བརྩམས་པའི་སྒོ་གསུམ་གྱི་བྱ་བ་ཐམས་ཅད་རླབས་ཆེན་རྒྱལ་སྲས་ཀྱི་སྤྱོད་པར་གསེར་འགྱུར་གྱི་ཁམས་བཞིན་བསྒྱུར་བར་བྱེད་པའི་ཐེག་ཆེན་བྱང་ཆུབ་ཀྱི་སེམས་སྐྱེད་ཅིང་། དེའི་སྡོམ་པ་ནོད་པ་དང་། སྨོན་པ་དང་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སོགས་པ་རྒྱལ་བའི་སྲས་ཀྱི་དགོངས་སྤྱོད་མཐའ་ཀླས་པར་སློབ་པར་བྱེད་པ་སྟེ། ཐོག་མ་ཉིད་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པར་བློ་འདྲིས་པར་བྱས་ནས་རིམ་གྱིས་འཕགས་པའི་ཡུལ་གྱི་སློབ་དཔོན་མཁས་པ་རྣམས་ཀྱི་གཞུང་ཆེན་པོ་དག་ལ་འཇུག་པ་དང་གསང་བ་སྔགས་ཀྱི་འཇུག་སྒོ་སྨིན་ཅིང་གྲོལ་བར་བྱེད་པའི་དབང་ཁྲིད་ཀྱིས་རང་རྒྱུད་དག་པར་བྱས་ཏེ། མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་ནས། བསྐྱེད་པ་དང་རྫོགས་པའི་རིམ་པ་དང་། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལྟ་སྒོམ་སྤྱོད་པའི་གནད་ཟབ་མོས་མཐར་ཐུག་ཟད་སར་སྐྱེལ་བའི་གདམས་པ་སྡོམ་གསུམ་འགལ་མེད་ཀྱི་ཉམས་ལེན་ལ་དྲིལ་བ་སྟེ། འདིའི་སྐོར་ཞིབ་པར་ཆོས་གྲྭ་འདིའི་ཐོག་མའི་ཕྱག་སྲོལ་གྱི་ཕྱི་མོའི་སྒྲིག་དཔེ་བསླབ་པར་བྱ་བ་བཅའ་ཡིག་ཆེན་མོར་གསལ་བ་ཇི་བཞིན་ཕྱག་ལེན་དུ་བསྟར་བའོ།།

བཤད་གྲྭ་འདི་ཉིད་རྫོགས་ཆེན་རིན་པོ་ཆེ་སྐུ་ཕྲེང་བཞི་པའི་སྐབས་སེང་ཕྲུག་པདྨ་བཀྲ་ཤིས་དང་རྒྱལ་བའི་སྲས་པོ་གཞན་ཕན་མཐའ་ཡས་འོད་ཟེར་གྱིས་ཕྱག་བཏབ་པ་དང་། མཁན་ཆེན་པདྨ་བཛྲ་གྱིས་བསྐྱངས་ཤིང་། རྗེས་སུ་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བའམ་མཁན་གཞན་དགའ་རིན་པོ་ཆེས་དར་ཞིང་རྒྱས་པར་མཛད། ཁོང་གིས་གཞུང་ཆེན་བཅུ་གསུམ་ལ་མཆན་གྱི་འགྲེལ་བ་དགོངས་དོན་རྩལ་དུ་བཏོན་པ་དག་བརྩམས་པ་ནས་བཟུང་། ཡིག་ཆ་དེ་ཉིད་ལ་གཞིར་བཟུང་ནས་གཟིགས་པའི་སྲོལ་བྱུང་ཞིང་། རྗེ་དེ་ཉིད་ཀྱིས་རྫོགས་ཆེན་ཤྲཱི་སེང་དུ་གྲགས་པའི་ཆོས་གྲྭ་ཆེན་པོ་འདི་ཉིད་ཀྱི་ཡན་ལག་ཏུ་གྱུར་པའི་བཤད་གྲྭ་ཤིན་ཏུ་མང་པོ་བཙུགས་པས་རིས་མེད་བསྟན་པ་སྤྱི་དང་། བོད་ཆེན་པོའི་ལྗོངས་ཀྱི་ཡུལ་གྲུ་མང་པོ་ལ་ཁྱབ་པར་མཛད་པ་དང་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་འབྱོར་བའི་སློབ་མའི་ཐུ་བོ་མང་དུ་བྱོན་པར་མ་ཟད། དེ་དག་གི་ཡང་སློབ་ཤིན་ཏུ་མང་བ་རྣམས་ཀྱིས་བཤད་པ་དང་སྒྲུབ་པས་རྒྱལ་བའི་བསྟན་ལ་བྱ་བ་བྱས་པ་བསམ་གྱིས་མི་ཁྱབ་ཅིང་། ཆོས་གྲྭ་འདིར་སྟོད་སྨད་བོད་ཀྱི་གྲྭ་རིགས་ཞུགས་པས་མི་ཚད། ཤར་ཕྱོགས་ནང་ཆོས་དར་བའི་རྒྱལ་ཁབ་འགའ་ཡི་གྲྭ་རྒྱུན་ཞུགས་མྱོང་བ་དང་། འཛམ་གླིང་ཡུལ་གྲུ་མང་པོའི་དཔྱད་ཞིབ་མི་སྣས་ཀྱང་སྔར་ནས་རྩད་ཞིབ་བྱས་པའི་ལོ་རྒྱུས་མང་བར་གྲགས་སོ།།

དེ་ལས་རྒྱང་གྲགས་གཉིས་ཀྱིས་ཆོད་པའི་ས་དབྱིབས་སྒོམ་ཆེན་མཉམ་བཞག་གིས་བཞུགས་པ་ལྟ་བུའི་པང་དུ། ཁོར་ཡུག་ནགས་ཚལ་གྱིས་གང་ཞིང་གཡས་ཕྱོགས་ནས་ཆུ་ཕྲན་འབབ་པའི་གནས་སུ་སྤོང་བ་བསམ་གཏན་སྒོམ་པ་དང་། ཡི་དམ་སོ་སོའི་བསྙེན་སྒྲུབ་མཐར་ཆགས་སུ་སྐྱེལ་བའི་སྒྲུབ་གྲྭ་གསང་ཆེན་ངེས་དོན་གླིང་ཆགས་ཏེ། གཙུག་ལག་ཁང་ཉིས་ཐོག་ཏོག་དང་ཐུག་གིས་མཛེས་པ། རྟེན་གྱི་གཙོ་བོ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་སྐུ་བརྙན་གསུང་འབྱོན་མས་གཙོས་པའི་རྒྱ་གར་གྱི་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་བྲིས་འབུར་ལུགས་བླུགས་ཀྱི་སྐུ་གསུང་ཐུགས་རྟེན་མང་པོས་གང་བ། མཐའ་སྐོར་དུ་སྒྲུབ་གྲྭའི་དགེ་འདུན་པའི་བཞུགས་ཤག་དང་སྒོམ་ཁང་གིས་ར་བ་གྲུ་བཞིར་འཁོར་བ་སྟེ། ཀུན་ཀྱང་སྤྱོད་ལམ་བཞི་ཤོང་གི་ཚད་ཅན་གྲབ་མཚུངས་ཤིང་ནང་བཞུགས་དགེ་འདུན་པ་དག་ཀྱང་། ཐུན་བཞིའམ་དྲུག་གི་རྣལ་འབྱོར་ལས་མི་འདའ་ཞིང་བུག་སྒོ་འདག་ཞལ་བྱས་པ་ཤིན་ཏུ་མང་། འཇའ་ལུས་འོད་སྐུར་དེངས་པ་མང་རབ་བྱོན་པ་ཡང་གནས་འདི་ནས་སོ།།

དེ་ལས་ཐད་དུ་ཕྱིན་པའི་ཡར་འདབས་སུ་ངོས་བཞིར་ཐང་ཤིང་དང་། ནེའུ་གསིང་དང་། ཁྲུས་ཀྱི་རྫིང་བུ་རང་བཞིན་གྱིས་དྲོད་དང་ལྡན་པ་དང་། དལ་གྱིས་རྒྱུ་བའི་ཆུ་ཀླུང་བཅས་ཀྱིས་ཕྱོགས་སོ་སོ་ནས་བསྐོར་བའི་མེ་ཏོག་པདྨའི་འདབ་མ་རྒྱས་པ་ལྟ་བུའི་པདྨའི་ཐང་དང་། དེ་ལས་གྱེན་དུ་ནགས་ཀྱི་འཕྲེད་ལམ་ལ་བརྒྱུད་ན་བཀྲ་ཤིས་ཚེ་རིང་མཆེད་ལྔས་སྲུང་བའི་གནས། སྨན་གྱི་འབྲས་བུ་བདུད་རྩིའི་ཟིལ་བཅུད་དང་ལྡན་པས་གང་བའི་ཚེ་རིང་ལྗོངས་དང་། དེ་ལས་ཀྱང་གྱེན་དུ་བགྲོད་པའི་རྫ་ཁྲོད་དུ་འཇམ་པའི་དབྱངས་དྲག་ཏུ་ཁྲོས་པའི་སྒྲུབ་ཕུག་གོང་འོག དེའི་ཡང་གོང་གི་གངས་ཁྲོད་དུ་གཡུ་འབྲུག་ནམ་མཁའ་རྫོང་སོགས་དང་། གཞན་ཡང་ནགས་ཆུང་མ། དམ་ཅན་སྒང་། སྒྲུབ་མཚོ་གོང་འོག་བར་གསུམ། སྐྱལ་གྱི་བྲག་དཀར། རྒྱལ་དང་གནསའི་ཕུ་སོགས་ཉམས་རྟོགས་ཁྱད་པར་ཅན་རང་ཤུགས་སུ་སྐྱེ་བའི་དབེན་པའི་སྒྲུབ་གནས་ཤིན་ཏུ་མང་ཞིང་། དེ་དག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་ཚེ་དང་སྒྲུབ་པ་སྙོམས་པ་དེ་བས་མང་བ་དང་། དགེ་བའི་བཤེས་གཉེན་རེ་རེས་མདོ་དང་སྔགས་ཀྱི་ཆོས་འཆད་སྤེལ་མཛད་པའི་སློབ་ཚོགས་འདུ་བ་བསམ་གྱིས་མི་ཁྱབ་སྟེ། རུ་དམ་ལུང་དུ་དུས་བཞི་ཆགས་མེད་དུ་ཉིན་བཞིན་ཆོས་དུང་བཅུ་ཕྲག་ཁ་ཤས་ཐོས་པ་རྒྱུན་མི་ཆད་ཅིང་། གཉུག་མར་གནས་པའི་འདུས་པའི་ཞལ་གྲངས་ལས་ཀྱང་ཕྱོགས་མཐའི་སློབ་བརྒྱུད་ཀྱིས་མང་བས་དེང་གི་དུས་སུའང་འཛམ་གླིང་གི་ཡུལ་གྲུ་མང་པོར་ཁྱབ་པ་འདི་བཞིན་དང་། གནས་འདི་རུ་བྱོན་པའི་བསྟན་འཛིན་གྱི་སྐྱེས་བུ་དག་གིས་ཕྱི་རབས་ཀྱི་བསྟན་པའི་བཙས་སུ་བཞག་པའི་གསུང་རབ་ཀྱང་ཆེས་མང་བ། གྲུབ་དབང་སྐུ་ཕྲེང་རིམ་བྱོན་གྱི་གསུང་ཆོས་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས། སེང་ཕྲུག་པདྨ་བཀྲ་ཤིས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མཁན་ཆེན་པདྨ་བཛྲ། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོ། གཞན་ཕན་ཆོས་ཀྱི་སྣང་བ། པདྨ་ཐེག་མཆོག་བློ་ལྡན། འཇིགས་མེད་ཡོན་ཏན་མགོན་པོ། མཁན་ཆེན་ཐུབ་བསྟན་སྙན་གྲགས། མཁན་ཆེན་པདྨ་ཚེ་དབང་སོགས་ཀྱི་གསུང་འབུམ་ལྟ་བུའོ།།

དྲན་པའི་ཡུལ་གྱུར་འདས་པའི་གཟུགས་བརྙན་རིས།།

དྭངས་བའི་ཡིད་ངོར་རྗེས་དྲན་པིར་གྱིས་བྲིས།།

ཇི་བཞིན་གསལ་བ་ངག་ལས་ཉེར་མཚོན་པ།།

མངོན་སུམ་སྣང་བ་ཡི་གེའི་གཟུགས་སུ་བསྒྱུར།།

རྣམ་མང་ཚིག་གི་སྤྲོས་པ་སྤོས་རྒྱའི་འགྲོས།།

ཀུན་རྟོག་ཆུ་ཡི་གཉེར་མའི་མཐས་གཏུགས་ཀྱང་།།

ཡ་རབས་སྐྱེ་བོ་དགའ་བའི་གླེང་གཞིའི་མཆིད།།

ལྷུགས་པོར་སྤེལ་བ་དོན་དང་ལྡན་པར་འདུན།།

ལེགས་བཤད་ཉི་མ་སྣང་བ་དམ་པའི་མཛོད།།

ས་གསུམ་དགེ་བའི་འོད་ཀྱི་འབྱུང་གནས་ཏེ།།

འདི་ཡང་ཀུན་ནས་སྐྱོ་བས་ཡིད་དབྱུང་བའི།།

སྙིང་གི་དགའ་སྟོན་སྟེར་ལ་རིན་ཆེན་བཞིན།།

ཕུལ་བྱུང་གཞན་དོན་སྒྲུབ་པའི་དམ་བཅའི་གཟུགས།།

མི་ངལ་སྲོག་གི་ཟུངས་སུ་ཡོངས་བཞེས་པ།།

སྐལ་བཟང་གདུལ་བྱར་མདོ་སྔགས་ཆོས་ཚུལ་སྒོ།།

བརྒྱ་ཕྲག་གཅིག་ཅར་འབྱེད་འདི་སྲིད་ན་རྨད།།

རླབས་ཆེན་འགྲོ་དོན་སྤྱོད་པའི་མཐུ་ཕྲ་ཡང་།།

གྱི་ནའི་འཚོ་གོས་སྲོག་ཀྱང་བསླབ་པའི་ཕྱིར།།

གཏོང་ལ་ཇི་མི་སྙམ་པའི་ཡང་མེས་ཚོའི།།

སྙིང་སྟོབས་ས་ཆེན་ཕྲག་པའི་བླ་རུ་བརྗིད།།

ཇི་སྙེད་གྲགས་པའི་གཏམ་དང་དྲན་པའི་ཆོས།།

ཟླ་མེད་སྐྱེ་བོས་བསྒྱུར་བའི་ཟློས་གར་གྱིས།།

ཡིད་རབ་བྲིད་པའི་རྗེས་ཞུགས་རྟོགས་བརྗོད་གཞུང་།།

ངོ་མཚར་སྙན་པའི་ལེའུ་རྫོགས་མཐའ་བྲལ།།

དེ་སླད་སྔོན་བྱུང་ལོ་རྒྱུས་རིང་པོའི་གཏམ།།

གྱ་ཚོམ་ཉུང་ངུའི་ཚིག་གིས་མཚོན་མིན་ཡང་།།

ཐོག་མའི་རྟོག་དཔྱོད་འཇུག་པའི་སྒོ་འབྱེད་དེ།།

གསལ་དབྱེ་ཞིབ་མོའི་བློ་ཡིས་དཔོག་པར་གྱིས།།

ཞེས་བར་སྐབས་སུ་ཚིགས་བཅད་ཐུང་ངུས་ངལ་གསོས་ཏེ་ལྗོངས་འདིའི་བསྟན་འཛིན་གཙོ་བོ་གྲུབ་དབང་པདྨ་རིག་འཛིན་སྐུ་ཕྲེང་རིམ་བྱོན་གྱི་རྣམ་ཐར་ཁོལ་བྱུང་འགའ་ཞིག་མཁྱེན་པར་བཞེད་ན་སླར་ཡང་གཤམ་གསལ་གྱི་ལེ་ཚན་ལ་སྤྱན་རས་གཡོ་བར་ཞུ།

གང་ཞིག་བདུད་བཞིའི་སྟོབས་ལས་རབ་རྒྱལ་ཞིང་།།

སྲིད་དང་ཞི་བའི་མཐའ་ལས་ཡོངས་གྲོལ་སྐུ།།

ཚངས་དབང་ལྷ་དང་བཅས་པས་གུས་བཏུད་པ།།

ཐུབ་དབང་ཉི་མའི་གཉེན་མཆོག་གཙུག་ཏུ་མཆོད།།

སྲས་བཅས་རྒྱལ་བའི་ཡེ་ཤེས་གཅིག་བསྡུས་དཔྱིད།།

སིནྡྷུའི་དྭངས་མཚོར་འདབ་སྟོང་པདྨའི་རྩེར།།

འཆི་མེད་རིག་འཛིན་རྒྱལ་པོའི་སྐུར་བཞེངས་པ།།

མཚོར་འཁྲུངས་རྒྱལ་བའི་ཞབས་སེན་སྤྱི་བོར་བསྙེན།།

བསིལ་ལྡན་ས་འཛིན་དཀར་པོས་ཡོངས་བསྐོར་བའི།།

ལྗོངས་འདིའི་སྔ་འགྱུར་བསྟན་པའི་བདག་པོ་མཆོག།

གྲགས་པ་དོན་ལྡན་གྲུབ་དབང་རྫོགས་ཆེན་པ།།

ཡབ་སྲས་བརྒྱུད་པར་བཅས་པས་དེང་འདིར་སྐྱོངས།།

མཆོད་སྦྱིན་དགེ་བ་བསོད་ནམས་བརྒྱ་ཡི་རྒྱུས།།

ལྷ་དབང་ལྷ་ཡི་ཡོན་ཏན་རྨད་བྱུང་སྟེ།།

དེས་ཀྱང་མ་ཡིན་མཚན་གྱིས་ངན་སོང་སྒྲོལ།།

དམ་པའི་རྣམ་ཐར་སྟོན་ལ་ཅིས་མི་སྤྲོ།།

སྙན་འགྱུར་དྲི་ཟ་སྟོང་གི་རྒྱུད་མང་སྒྲས།།

འགྲན་མིན་ངོ་མཚར་དོན་གྱི་འགྱུར་ཁུག་དེས།།

མི་སྙན་སྒྲ་ལས་རྣ་བ་རིང་ཕྱོགས་པའི།།

ངལ་གསོའི་གཏམ་གྱི་རོལ་མོ་འདི་རུ་འཁྲོལ།།

དེ་ལ་འདིར་སངས་རྒྱས་གཉིས་པ་རྒྱལ་དབང་པདྨ་ཀཱ་རའི་རིང་ལུགས་འཁྲུལ་མེད་དུ་འཛིན་པ་སྔ་འགྱུར་རྙིང་མ་པ་ཞེས་ཡོངས་སུ་གྲགས་པ་མདོ་སྔགས་གཉིས་ལྡན་གྱི་རིང་ལུགས་འཛིན་པས་འཕགས་བོད་ཀྱིས་གཙོས་པའི་ཡུལ་གྲུ་མཐའ་དག་ལ་མ་ཁྱབ་པ་མེད་ལ། དེ་ལས་ཀྱང་གྲགས་ཆེ་བ་ནི་དབུས་ན་རྡོར་སྨིན་དཔལ་གསུམ། ཁམས་ན་ཀཿདཔལ་རྫོགས་གསུམ་ཞེས་གྲགས་པའི་ནང་ཚན། མདོ་ཁམས་རྫོགས་ཆེན་པ་ཞེས་ཆོས་མིང་གང་ཟག་ལ་ཐོགས་པའི་གདན་ས་དེའི་བདག་པོ་ནི། གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ཞེས་མཚན་སྙན་གྱི་བ་དན་དཀར་པོ་སྲིད་པའི་རྩེ་མོར་མཐོ་བ་དེ་ཉིད་ཡིན་ལ། གང་ཉིད་བསྐལ་པ་དུ་མའི་སྔ་རོལ་ནས་མཚན་ཙམ་གྱིས་ཀྱང་ངན་འགྲོའི་གཡང་ལས་སྐྱོབ་པའི་བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་དུ་མངོན་པར་བྱང་ཆུབ་བརྙེས་ཟིན་ཀྱང་། སླར་ཡང་མུ་མེད་སྲིད་མཚོར་དུབ་པའི་འགྲོ་བ་མཐའ་དག་བསྒྲལ་བའི་སླད་དུ། རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་འདིར་ཡང་འཕགས་པའི་ཡུལ་དུ་དཔལ་ལྡན་ས་ར་ཧ་པ་དང་། པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་ཀུ་ཀུ་རི་པ། པཎ་ཆེན་དྲི་མེད་བཤེས་གཉེན། བོད་དུ་དཔལ་གྱི་སེང་གེ་དང་། ལང་གྲོ་དཀོན་མཆོག་འབྱུང་གནས། ཆོས་རྒྱལ་མངའ་བདག་ཁྲི་རལ། ཀརྨ་པ་དུས་གསུམ་མཁྱེན་པ། རྗེ་མཉམ་མེད་ཙོང་ཁ་པ་ཆེན་པོ་བློ་བཟང་གྲགས་པ་སོགས་སྣ་ཚོགས་གདུལ་བྱའི་མོས་ངོར་གང་འདུལ་སྒྱུ་འཕྲུལ་གྱི་མཛད་པ་ཅིར་ཡང་བསྒྱུར་ནས། སླར་ཡང་ཟབ་གསང་སྙིང་པོའི་ཐེག་པ་འོད་གསལ་རྫོགས་ཆེན་གྱི་བསྟན་པ་གཞི་བཞེངས་སུ་སློང་བའི་ཕྱིར་དུ་བསམ་བཞིན་མི་རུ་བརྫུས་པ་སྟེ། ཨོ་རྒྱན་གཏེར་བདག་གླིང་པས། ལང་གྲོའི་སྤྲུལ་པ་པདྨ་དྲག་པོའི་མིང་། །རྣལ་འབྱོར་འཛིན་པ་མདོ་ཁམས་སྨད་ནས་འབྱུང་། །ཞེས་དང་། རིག་འཛིན་བདུད་འདུལ་རྡོ་རྗེས། རླང་དཔལ་སྤྲུལ་པ་རི་བོའི་ཕྱོགས་ནས་འབྱུང་། །པདྨའི་མིང་ཅན་བྲང་ལ་སྨེ་བས་བརྒྱན། །ཞེས་པ་ལ་སོགས་པ་ནོར་བ་མེད་པའི་བཀའ་ལུང་གིས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད་པ་ལྟར་ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས། གྲུབ་དབང་ཀརྨ་ཆགས་མེད་དང་། གངས་ལྗོངས་བསྟན་པའི་བདག་པོ་རྒྱལ་དབང་ལྔ་པ་ཆེན་པོ་སོགས་ཀྱི་ཞབས་ལ་གཏུགས་ནས། གསར་རྙིང་གི་གདམ་ཁྲིད་དང་ཕྱག་རྫོགས་ཀྱི་རྣལ་འབྱོར་སོགས་ལ་ཐུགས་སྦྱངས། མདོ་རྒྱུད་མན་ངག་རྒྱ་མཚོའི་གསན་བསམ་གྱི་ཕ་མཐར་སོན། བསམ་ཡས་མཆིམས་ཕུ་དང་། ལྷོ་བྲག་མཁར་ཆུ། ཡེར་བ་ལྷ་རི། ཤང་ཟབ་བུ་ལུང་། བྱང་གནམ་མཚོ། དཔལ་གྱི་ཙ་རི་ཏྲ་སོགས་སུ་སྒྲུབ་པ་མཛད་པས་ལྷག་པའི་ལྷས་ཞལ་གཟིགས། རིག་པ་ཚད་ཕེབས་ཀྱི་རྟོགས་པ་མངོན་དུ་བརྙེས་ཏེ་ཀུན་བཟང་དགོངས་པའི་རྒྱལ་ཐབ་ཆེན་པོ་ལ་མངའ་དབང་བསྒྱུར། རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་དོན་སྟོན་པ་མན་ངག་ཤེལ་ཕྲེང་གི་གླེགས་བམ་དང་། གསོལ་འདེབས་བླ་མའི་རྣལ་འབྱོར་དང་བསྟོད་ཚོགས་སྨོན་ལམ་གྱི་སྐོར། དགེ་བསྐུལ་ལྕག་འདེབས་ཀྱི་སྐོར། རང་ཉིད་ཀྱི་རྣམ་ཐར་འཕྲོས་དོན་དུ་ཡོད་པའི་ལྟ་སྒོམ་སྤྱོད་པའི་གདེང་ཚད་ཉམས་མྱོང་མགུར་གྱི་སྐོར། ཐར་འདོད་ཀྱི་གང་ཟག་མཆོག་དམན་ཀུན་ལ་ཞལ་གདམ་ངོ་སྤྲོད་ཀྱི་སྐོར། སྒྲུབ་འཕྲིན་ཆོ་གའི་སྐོར་ཏེ་སྐོར་ཚོ་དྲུག་གི་རིམ་པ་རྣམས་ཕྱི་རབས་ཀྱི་གང་ཟག་རྣམས་བརྩེ་བས་རྗེས་སུ་བཟུང་བའི་ཕྱིར་བསྟན་པའི་བཙས་སུ་བཞག ཉམས་རྟོགས་ཀྱི་བགྲོ་གླེང་རྒྱལ་དབང་ལྔ་པ་ཆེན་པོར་འབུལ་སྐབས་ཟབ་ཡངས་ཐུགས་ཀྱི་ཀློང་དུ་ངེས་ཤེས་ཁྱད་པར་ཅན་འཁྲུངས་ཏེ། གསུང་ལས། ཁམས་པ་རྫོགས་ཆེན་པ་ཉམས་རྟོགས་ཀྱི་འཆར་ཚུལ་བརྗོད་པ་བཅོས་མ་མ་ཡིན་པར་ཀློང་བརྡོལ་བའི་གྲུབ་པའི་དབང་ཕྱུག་རྩེ་གཅིག་བསྐྱངས་པའི་ལག་རྗེས་ཤར་བར་སྣང་ཞེས་རྣམ་ཐར་པོ་ཏི་ཁ་བར་གསལ་ཞིང་། ཕྱིས་གྲུབ་དབང་ཉིད་ལ་འཕྲིན་ལན་གྱི་ཆབ་ཤོག་བསྩལ་བ་ཀུན་བཟང་ཞལ་ངོམས་སུའང་ཕུལ་དུ་བྱུང་བའི་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བར་མཛད། དེ་ལྟར་གྲུབ་པའི་དབང་ཕྱུག་ཆེན་པོར་གྲགས་པའི་རྒྱལ་རྔ་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་ལྡིར་བས་ལས་ཅན་སྐལ་བཟང་གི་གདུལ་བྱ་མཐའ་དག་སྨིན་གྲོལ་གྱི་ལམ་ལ་བཀོད། དེ་ལས་ཀྱང་སློབ་མའི་གཙོ་བོར་གྱུར་པ་ཉི་མ་ལྟ་བུ་འཁོན་ཆེན་ཀླུ་དབང་སྲུང་གི་སྤྲུལ་པའི་རྣམ་རོལ་རིག་འཛིན་ཉི་མ་གྲགས་པ། ཟླ་བ་ལྟ་བུ་གྲུབ་ཆེན་མེ་ལོང་རྡོ་རྗེའི་རྣམ་འཕྲུལ་རྗེ་ནམ་མཁའ་འོད་གསལ། ནམ་ཐོ་རངས་ཀྱི་སྐར་ཆེན་ཤར་བ་ལྟ་བུ་བདེ་གཤེགས་མྱ་ངན་མེད་པ་མིའི་ཟོལ་དུ་བསྟན་པ་རབ་འབྱམས་པ་བསྟན་པའི་རྒྱལ་མཚན་ཏེ་ཐུགས་སྲས་བུ་ཆེན་གསུམ་གྱིས་གཙོས་པའི་སློབ་ཚོགས་ནམ་མཁའི་རྒྱུ་སྐར་ལྟར་བཀྲ་བས་ཕྱོགས་ཀུན་ཁྱབ་ཅིང་། འཁོར་ལོ་གསུམ་གྱི་མཛད་པས་རྒྱལ་བསྟན་ཉིན་མོར་བྱས། སླར་ཡང་གྲུབ་མཆོག་ཉིད་སྐུ་ལུས་མི་སྤང་བར་འོད་ལུས་གཞོན་ནུ་བུམ་སྐུ་འགྲུབ་པར་དགོངས་གཏད་ཀྱི་ཉམས་བཞེས་སྐྱོང་ཚེ། གོང་ས་རྒྱལ་དབང་ལྔ་པ་ཆེན་པོ་མཆོག་གིས། ཨོ་རྒྱན་ལུང་ཟིན་པདྨའི་མཚན། །རྣལ་འབྱོར་དབང་ཕྱུག་ཁྱོད་ཉིད་ཀྱིས། །མདོ་སྨད་ཉི་མ་ཤར་ཕྱོགས་སུ། །རྒྱལ་དང་རུ་དམ་ར་བ་དཀར། །གང་རུང་གདན་ས་གནས་གྱུར་ཚེ། །བསྟན་འགྲོ་སྤྱི་ཡི་རྒུད་པ་གསོ། །མཐའ་འཁོབ་སྐྱེ་འགྲོ་ཆོས་ཀྱིས་འདུལ། །ཞེས་སོགས་ལྐོག་གྱུར་སྒྲིབ་མེད་དུ་གཟིགས་པའི་རྡོ་རྗེའི་བཀའ་ལུང་གིས་བསྐུལ་ནས་ཇོ་བོ་དཱི་པཾ་ཀཱ་ར་བོད་དུ་བྱོན་པའི་རྣམ་ཐར་དང་མཚུངས་པར་བསྟན་འགྲོའི་དོན་ཆེན་ཐུགས་ལ་བརྣགས་ཏེ་ཟབ་གསང་རྫོགས་པ་ཆེན་པོའི་བསྟན་པ་སྤེལ་ཕྱིར་དགུང་གྲངས་དྲུག་ཅུ་བཞེས་པ་ཤིང་ཕོ་བྱི་བའི་ལོ་ལ་མདོ་སྨད་ཉི་མ་ཤར་ཕྱོགས་སུ་ཞབས་བསྐྱོད། ལྷ་གཉན་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་གི་གཡོན་ཞོལ། ཨོ་རྒྱན་རྡོ་རྗེ་འཆང་གིས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པས་དཔའ་བོ་མཁའ་འགྲོ་སྤྲིན་ལྟར་འདུ་བའི་གནས་མཆོག མདོ་ཁམས་ས་ཡི་ལྟེ་བ་གདན་ས་བར་བ་རུ་དམ་སྐྱིད་ཕྲམ་གྱི་ལུང་པ་ཞེས་སའི་དཔྱད་ཕུན་སུམ་ཚོགས་དགུ་མ་ཚང་བ་མེད་པའི་ནོར་འཛིན་གྱི་ཐིག་ལེ་དེ་ཉིད་དུ། གྲུབ་དབང་ཉིད་དགུང་ལོ་རེ་གཅིག་བཞེས་པ། རབ་བྱུང་བཅུ་གཅིག་པའི་ཤིང་མོ་གླང་(སྤྱི་ལོ་༡༦༨༤)ལོར་ཨོ་རྒྱན་བསམ་གཏན་ཆོས་གླིང་དུ་གྲགས་པའི་ཆོས་སྡེ་ཆེན་པོ་དེ་ཉིད་བཏབ། ལྷས་ཀྱང་དགའ་བའི་མེ་ཏོག་འཐོར་བ་སོགས་བཀྲ་ཤིས་པའི་སྣང་བ་འབུམ་ཕྲག་དུས་གཅིག་ཏུ་ཤར་བས་རྟེན་འབྲེལ་ལེགས་ལམ་གྱི་སྒོ་འབྱེད། རྫོགས་ཆེན་ལམ་གྱི་རྣལ་འབྱོར་རིག་འཛིན་འདུས་པའི་སྡེ་ཆེན་པོ་དགེ་འདུན་པ་སྟོང་ཕྱེད་ལྔ་བརྒྱར་ལོངས་པས་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་སྔ་འགྱུར་ངེས་གསང་གི་སྙིང་པོའི་བསྟན་པ་ཉིན་བྱེད་ལྟར་གསལ་བར་མཛད་པ་ཡིན་ནོ།།

དེ་ནས་སྐུ་རབས་གཉིས་པ། བྱང་སོག་པོའི་ཡུལ་དུ་སྐུ་འཁྲུངས་པ་འགྱུར་མེད་ཐེག་མཆོག་བསྟན་འཛིན་མཐུ་སྟོབས་དབང་པོ་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བའི་སྡེ་དེ་ཉིད་ཁྲིར་འཁོད་ནས། དཔོན་སློབ་དང་རབ་འབྱམས་པ་སོགས་རྗེ་གོང་མའི་བུ་སློབ་རྣམས་དང་། རྒྱལ་དབང་སྐལ་བཟང་རྒྱ་མཚོ། ལོ་ཆེན་དྷརྨ་ཤྲཱི། རྒྱལ་སྲས་པདྨ་འགྱུར་མེད་རྒྱ་མཚོ། གཏེར་ཆེན་ཉི་གྲགས་ཡབ་སྲས། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་སོགས་རིས་མེད་ཀྱི་བསྟན་འཛིན་མང་པོ་བསྟེན་ཏེ་སོ་བྱང་སྔགས་གསུམ་གྱིས་ཐུགས་རྒྱུད་སྨིན་པར་མཛད། གོང་ས་རྒྱལ་དབང་མཆོག་གིས་རྟེན་གསུམ་གདམ་ཀ་གནང་བའི་སྔ་དགུང་དུ་དམ་ཅན་ནོར་སྒྲུབ་ཀྱིས་རང་གཟུགས་དངོས་སུ་བསྟན་ཏེ་ལུང་བསྟན་པ་ལྟར་ཐུབ་སྐུ་གཡུ་ཐོད་མ་སོགས་སྲིད་ན་མཚུངས་ཟླ་དཀོན་པའི་སྐུ་རྟེན་མང་པོ་སྤྱན་དྲངས། ཟླ་བ་དུས་མེས་སྒྲིབ་པ་ཉིན་ཞག་ཕྲུག་གཅིག་ལ་ཕྱིར་བསྣུར་བ་སོགས་ཐུན་མོང་མ་ཡིན་པའི་གྲུབ་རྟགས་མཐོང་ཆོས་སུ་གྱུར་པ་བསམ་གྱིས་མི་ཁྱབ། ས་སྐྱོང་སྡེ་དགེ་རྒྱལ་པོ་དང་མཆོད་ཡོན་བཀའ་བགྲོས་ཀྱི་མཐུ་ལས་ཆོས་རྒྱལ་མཆོག་གིས་རྒྱལ་ས་ལྷུན་གྲུབ་སྟེང་དུ་པར་ཁང་ཆོས་མཛོད་ཆེན་མོ་བཞེངས་པ་སོགས་རྣམ་དཀར་ཕྲིན་ལས་ཀྱི་མཛད་པ་རྒྱ་ཆེར་བསྐྱངས། ཕུར་པ་ཡང་གསང་གི་སྒྲུབ་ཆེན་དང་། བླ་མ་བདེ་མཆོག་འཁོར་ལོ། གཤིན་རྗེ། ཁྲོ་བཅུ། ཀིང་ཀང་། མ་ཏིའི་སེང་དམར། བཀའ་བརྒྱད་ཁྲོ་བོ་རོལ་བའི་གཏོར་བཟློག་སོགས་བཀའ་གཏེར་སྒྲུབ་མཆོད་ཀྱི་རྒྱུན་བཙུགས་ཏེ་བསྟན་སྲིད་ཀྱི་ཕྲིན་ལས་གོང་འཕེལ་དུ་གྱུར། སློབ་མའི་གཙོ་བོ་རབ་འབྱམས་གཉིས་པ་འགྱུར་མེད་ཀུན་བཟང་རྣམ་རྒྱལ་དང་། དཔོན་སློབ་གསང་སྔགས་བསྟན་འཛིན། ཉི་སྤྲུལ་པདྨ་ཐེག་མཆོག རྗེ་བཙུན་མ་མི་འགྱུར་དཔལ་སྒྲོན་སོགས་བྱོན་པ་དང་། དེ་དག་ལས་མཆེད་པའི་སློབ་བརྒྱུད་ཀྱིས་ཕྱོགས་ཀུན་ཁྱབ་ཅིང་ཟབ་གསང་སྙིང་པོའི་ཐེག་པའི་བསྟན་པའི་གསོས་སུ་གྱུར་པ་ཡིན་ནོ།།

སྐུ་རབས་གསུམ་པ། བྱང་ཟླ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་གཡས་འགྲམ་ཟླ་རྒྱུད་ཧོ་བའི་སྡེ་བར་སྐུ་འཁྲུངས་པ་ངེས་དོན་བསྟན་འཛིན་བཟང་པོ་ཨ་ཏི་བསྟན་པའི་རྒྱལ་མཚན་དེ་ཉིད་ཁྲིར་འཁོད་དེ། རྫོགས་ཆེན་པ་རང་བྱུང་རྡོ་རྗེ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་བཤེས་གཉེན་དུ་མའི་ཞབས་པད་སྤྱི་བོར་བསྙེན་ནས་གསན་བསམ་སྒོམ་པའི་ཡོན་ཏན་མཐར་ཕྱིན། རྫོགས་ཆེན་མཁའ་འགྲོ་སྙིང་ཏིག་ལ་ཉམས་ལེན་གནད་ཀྱི་སྙིང་པོར་དྲིལ་ནས་སྔ་འགྱུར་བཀའ་གཏེར་གྱི་འཆད་སྤེལ་རྒྱ་ཆེ་ཞིང་གྲངས་མང་བ་བསྩལ་པས། སྨིན་གྲོལ་གཉིས་ལྡན་གྱི་སློབ་མའི་ཐུ་བོ་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན། འབར་ཆུང་འཇིགས་མེད་གོ་ཆ། སེང་ཕྲུག་པདྨ་བཀྲ་ཤིས་སོགས་བསྟན་འཛིན་གྱི་སྐྱེས་བུ་གྲངས་ཀྱིས་མི་ལོངས་པ་བྱོན། ཕུ་ན་སྤོང་བ་བསམ་གཏན་སྒོམ་པའི་སྒྲུབ་སྡེ་བཅུ་གསུམ་རྒྱུན་འཛུགས་མཛད། ཕུང་པོ་འོད་སྐུར་དེངས་པའི་འཇའ་ལུས་པ་བཅུ་གསུམ་བྱོན། བར་ན་བཀའ་མ་མདོ་སྒྱུ་གཙོ་བོར་གྱུར་པའི་ཆོས་གྲྭ་ཆེན་པོ་བཅུ་གསུམ་བཙུགས། མདོ་རྒྱུད་ཀྱི་དགོངས་པ་དང་མཐུན་པའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྨ་མེད་པའི་སྲོལ་གཏོད། མདའ་ན་གཟུངས་སྔགས་ཀྱི་འཁོར་ཆེན་བཅུ་གསུམ་བཞེངས་ནས་འབྱུང་བ་ཆུ་ཡང་ཆོས་མཛད་ཀྱི་བྲན་དུ་བཀོལ། གསང་སྙིང་གི་ཆོས་ཚན་མང་པོ་པར་དུ་བསྐྲུན་པ་ལ་སོགས་པ་རྣམ་དཀར་བླ་ན་མེད་པའི་མཛད་རྒྱུན་བསྐྱངས་པའི་རྣམ་ཐར་བཟང་པོའི་ཕྲིན་ལས་ཀྱིས་རང་དང་གཞན་གྱི་ཆོས་བརྒྱུད་ཀུན་ལ་བཀའ་དྲིན་ཆེ་བར་མཛད་དོ།།

སྐུ་རབས་བཞི་པ། འབྲི་ཀླུང་སྔོན་མོའི་རྒྱུད་འདན་ཆོས་འཁོར་དུ་སྐུ་འཁྲུངས་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ཚེ་དབང་གྲུབ་པ་རྩལ་ཁྲིར་ཕེབས་ནས་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་དང་། སྨིན་གླིང་ཁྲི་ཆེན་པདྨ་དབང་རྒྱལ་སོགས་གྲུབ་བརྙེས་ཀྱི་དམ་པ་དུ་མ་བསྟེན་ནས་གྲུབ་པའི་རྒྱལ་སར་གཤེགས་ཏེ་དུས་གསུམ་ས་ལེར་གཟིགས་པས་ལྐོག་གྱུར་གྱི་ཆོས་རྣམས་མ་འདྲེས་པར་གཏན་ལ་དབབ་པར་མཛད་པ་དང་འབྱུང་འགྱུར་སྒྲིབ་མེད་དུ་ལུང་བསྟན་པ་སོགས་ངོ་མཚར་བའི་རྣམ་ཐར་རྒྱ་ཆེ་ཞིང་། ཟབ་གསང་ཆོས་ཀྱི་འཁོར་ལོ་རྒྱ་ཆེ་ལ་རྒྱུན་མི་ཆད་པར་བསྐོར་བས་མཁས་གྲུབ་འཛོམས་པའི་སློབ་མ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ། མཁན་ཆེན་པདྨ་རྡོ་རྗེ། རྒྱ་རོང་ཀུན་བཟང་ཐེག་མཆོག་རྡོ་རྗེ། རྒྱལ་སྲས་གཞན་ཕན་མཐའ་ཡས། སྨྱོ་ཤུལ་ལུང་རྟོགས་སོགས་སར་གནས་ཀྱི་སེམས་དཔའ་མིའི་རྫུ་ལ་ཞུགས་པ་ཡང་མང་དུ་བྱོན། ཐུགས་སྲས་བརྒྱུད་འཛིན་གྱི་གཙོ་བོ་ཁྱབ་བདག་བཀའ་འགྱུར་པ་ཆེན་པོ་རྒྱལ་སྲས་གཞན་ཕན་མཐའ་ཡས་འོད་ཟེར་གྱི་ཐུགས་བསྐྱེད་དང་འབྲེལ་བར་རྫོགས་ཆེན་ཤྲཱི་སེང་ཧའི་ཆོས་གྲྭ་ཆེན་པོ་བཙུགས། བསྟན་པའི་གཞི་མ་དམ་ཆོས་འདུལ་བའི་ཕྱག་བཞེས་དང་། རྒྱུད་རྒྱལ་གསང་བ་སྙིང་པོའི་བཤད་པ་སོགས་ལྷག་པར་རྒྱ་ཆེར་སྤེལ་ནས་མདོ་སྔགས་བཤད་སྒྲུབ་ཀྱི་སྣང་བས་ཕྱོགས་བཅུར་ཁྱབ་པར་མཛད། ལོ་དར་གྱི་དུས་མཆོད་བུམ་སྒྲུབ་ཆེན་མོ་དང་། བླ་མ་གསང་བ་འདུས་པའི་སྒོ་ནས་གུ་རུ་ཆོས་དབང་གི་དག་སྣང་ཚེས་བཅུའི་གར་འཆམ་དང་བཅས་པ་རྒྱུན་འཛུགས་གནང་། གངས་ར་ཉེར་ལྔའི་ནང་ཚན་ཡོན་ཏན་གནས་ཀྱི་གཙོ་བོ་རུ་དམ་གངས་ཀྱི་ར་བའི་གནས་སྒོ་ཕྱེས། ཁྱད་པར་དུ་རྗེ་འདི་ཉིད་ཀྱི་མ་འདྲེས་པའི་མཛད་པ་ནི་དུས་ཀུན་འོད་གསལ་ཆོས་ཉིད་ཀྱི་ངང་ལས་མི་འདའ་བར་མཉམ་རྗེས་དབྱེར་མི་ཕྱེད་པའི་རང་རྩལ་ལས་འགྲོ་བ་ཡོངས་ཀྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་འགོག་མེད་དུ་སྣང་བའོ།།

སྐུ་རབས་ལྔ་པ། སྐུ་ཕྲེང་དང་པོའི་འཁྲུངས་ཡུལ་དང་གཅིག་པར་ཁམས་ཀྱི་རི་བོ་ཆེའི་ཕྱོགས་སུ་སྐུ་འཁྲུངས་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་བསྟན་འཛིན་འཇིགས་མེད་དབང་པོ་ཁྲིར་བྱོན་ཏེ། འཇམ་དབྱངས་མཁྱེན་བརྩེའི་དབང་པོ། གར་དབང་བློ་གྲོས་མཐའ་ཡས། ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་སོགས་གསར་རྙིང་གི་གྲུབ་བརྙེས་དུ་མ་ལས་སྨིན་གྲོལ་གྱི་བདུད་རྩི་ཐུགས་ཉམས་སུ་བཞེས། སྒྲ་ཚད་སོགས་རིག་གནས་ཀྱི་སྦྱངས་པ་ལ་མ་ལྟོས་པར་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོ་ལ་མངའ་དབང་མཛད་པས་དགོངས་པའི་ཀློང་བརྡོལ། ཡིད་དཔྱོད་རྩོལ་ཞེན་གྱི་འཕྲང་ལ་མི་ལྟོས་པར་ས་ལམ་གདན་ཐོག་གཅིག་ཏུ་གཅོད་པའི་གྲུབ་བརྙེས་ཡིད་བཞིན་གྱི་རྒྱལ་སར་ཕེབས་པས། ནམ་མཁར་བྱ་བཞིན་འཕུར་བ་དང་། སྒྲུབ་དང་མཆོད་པའི་གཏོར་མ་འོད་དུ་ཞུ་ནས་བདུད་རྩིར་གྱུར་པ། ཉི་མ་རྟོད་ལ་མནན་པ། བུམ་པ་བར་སྣང་དུ་བཞག་པ། བུམ་ཆུ་ཟད་མེད་དུ་བསྒྱུར་བ། ཞབས་རྗེས་རྡོ་ལ་མངོན་པ། མྱ་ངམ་གྱི་ཐང་སོགས་ནས་ཆུ་གཏེར་སྟོན་པ། ཤངས་ཁྲག་རས་དཀར་དུ་བྱུགས་ནས་དྲིལ་ཏེ་གནང་བ་ཕྱིས་མཇལ་ཚེ་ཐང་སྐུར་གྱུར་ཅིང་རིང་བསྲེལ་གྱིས་གང་བ་སོགས་གྲུབ་རྟགས་ཀྱི་མཛད་པ་ཕལ་བའི་སྤྱོད་ཡུལ་དུ་ཀུན་གྱི་མཐོང་ཆོས་སུ་གྱུར་པ་དང་། དངོས་ཉམས་འོད་གསལ་གྱི་སྣང་ཆར་དཔལ་རི་པདྨ་འོད་གླིང་དུ་རིག་འཛིན་འདུས་པའི་ཚོགས་གྲལ་ལ་ལན་གཉིས་ཕེབས་པ་སོགས་དག་པའི་སྣང་བ་འབའ་ཞིག་འབྱམས་ཀླས་ཤིང་། ལྐོག་གྱུར་གྱི་ཆོས་ཀུན་སྒྲིབ་མེད་ས་ལེར་གཟིགས་པའི་རྡོ་རྗེའི་ལུང་གིས་བསྟན་འཛིན་སྐྱེས་བུ་མང་པོ་གཟེངས་སུ་བསྟོད། གཞན་སེམས་མཁྱེན་པའི་མངོན་ཤེས་ཀློང་བརྡོལ་དུ་གསུངས་པ་དང་། མི་བསྲུན་སྐྱེ་བོའི་སྡེ་ཚོགས་ཇི་ལྟར་གཏུམ་ཡང་གང་གི་དགྱེས་ཞལ་མཇལ་བ་ཙམ་གྱིས་གཞན་སྣང་དབང་དུ་སྡུད་པ་སོགས་གྲུབ་པའི་མཛད་པ་བློས་དཔོག་པར་མི་ནུས་ཏེ་དེ་དག་ནི་ཐུགས་རྒྱུད་ཀྱི་ཡོན་ཏན་ནམ་ནང་རྟགས་ཕྱི་རུ་ཤར་བའི་མཛད་པ་དང་། དེ་ལས་གཞན་དུ་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་སྤེལ་ཚུལ་ནི་སྔར་ཡོད་ཀྱི་སྒྲུབ་སྡེ་བཅུ་གསུམ་དེ་བཅུ་ཕྲག་གསུམ་གྱི་གྲངས་སུ་སྤེལ། སྐྱལ་གྱི་བྲག་དཀར་ལ་ཚེ་སྒྲུབ་རྒྱུན་མཚམས་པ་བཅུ་གསུམ་ཡོད་པའི་སྒྲུབ་སྡེ་གསར་དུ་བཏབ། ཤྲཱི་སེང་གི་ཆོས་གྲྭར་རྒྱུན་བཞུགས་ཀྱི་བཤད་གྲྭ་བ་བཅུ་ཕྲག་ལྔ་རུ་སྤེལ། གང་གི་ཐུགས་བསྐྱེད་ཀྱི་མཐུས་བསྐུལ་ཏེ་མཁན་གཞན་དགའ་རིན་པོ་ཆེས་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ལྗགས་བརྩམས་གནང་བ་པར་དུ་བསྐྲུན་པ་སོགས་དགོན་ཡར་མར་གཉིས་སུ་གསར་རྙིང་རིས་མེད་ཀྱི་ཆོས་ཚན་པར་ལྡེབ་ཁྲི་ཕྲག་བཅུ་ལས་མི་ཉུང་བ་གསར་བཞེངས་མཛད། བཤད་སྒྲུབ་ལུང་རྟོགས་ཀྱི་བསྟན་པ་དར་བར་མཛད་པའི་མཐུ་ལས་གྲུབ་པའི་ས་མཐོར་གཤེགས་ཤིང་མཁས་པའི་ཡང་རྩེར་སོན་པ་གྲངས་ལས་འདས་ལ། དམ་པ་གང་གི་གསུང་གི་བདུད་རྩིས་དབུགས་ཕྱུང་པའི་ལས་ཅན་གྱི་བུ་སློབ་ནམ་མཁའི་སྐར་ཚོགས་ལྟར་མང་བ་དེ་དག་རེ་རེས་ཀྱང་བསྟན་པ་ལ་བྱ་བ་བྱས་པ་བསམ་གྱིས་མི་ཁྱབ་པས། རྗེ་འདི་ཉིད་ཀྱི་སྐུ་རིང་ལ་བུ་དགོན་ཉིས་བརྒྱ་ལྷག་ཏུ་འཕེལ་ཞིང་། གཉུག་མར་གནས་པའི་འདུས་པའི་ཞལ་གྲངས་སྟོང་ཕྲག་ལས་བརྒལ་བར་གྱུར། གཞན་ཡང་སྟོང་མཆོད་ཀུན་བཟང་མཆོད་སྤྲིན་དང་། མགོན་ཁང་དབང་དྲག་རོལ་པ། ལྷ་སར་ཐོག་བརྩེགས་ལྔ་པ་སོགས་རྟེན་བརྟེན་པ་དང་བཅས་པ་གསར་དུ་བཞེངས། ལོ་དར་གྱི་དུས་མཆོད་བཀའ་གཏེར་ཆུ་བོ་ཟུང་འབྲེལ་གྱི་མཆོད་ཁག་བརྒྱད་ཅུ་ཐམ་པ་དང་། ཚེ་སྒྲུབ་བདུད་བཞི་རྣམ་རྒྱལ་ཚེ་གཡང་ཁ་སྤྲོད་དུ་སྒྲུབ་པ་ལས་ཀྱི་ཁ་ཚར་དང་བཅས་པ། ཕུར་ཆེན་དགྲ་བགེགས་ཀུན་སྒྲོལ་སྨད་ལས་གར་འཆམ་དང་བཅས་པ། མཐའ་དམག་འདུལ་བའི་གཉེན་པོར་འཛམ་གླིང་གེ་སར་རྒྱལ་པོ་བཀའ་སྡོད་ཕུ་ནུའི་འཁོར་ཚོགས་དགྲ་ལྷ་རླུང་རྟའི་ལྷ་ཚོགས་དང་བཅས་པའི་གར་འཆམ་གསར་འཛུགས་དང་། ལོ་རེར་མར་མེ་ཚེ་འབར་སུམ་ཅུ་དང་། དེ་མིན་གྱི་མར་མེ་འབུམ་ཁ་སྐོང་དང་བཅས་པ་རྒྱུན་འཛུགས་མཛད་པ་སོགས་རྣམ་དཀར་གྱི་བཞེངས་པ་རྒྱ་ཆེ་ཞིང་། མི་རིགས་སྐད་རིགས་མི་གཅིག་པའི་འཛམ་གླིང་ཆོས་ལྡན་གྱི་ཡུལ་གྲུ་མང་པོར་གང་གི་ཕྲིན་ལས་ཀྱི་གདུགས་དཀར་ཡངས་པོས་ཁྱབ་པར་གྱུར་ཏོ།།

དེ་ནས་སྐུ་རབས་དྲུག་པ། ལྷོ་ཕྱོགས་དཔལ་གྱི་ཙཱ་རི་ཏྲ་དཔའ་བོ་དང་མཁའ་འགྲོ་རང་བཞིན་གྱིས་འདུ་བའི་གནས་མཆོག་ཏུ། རྗེ་གོང་མའི་ལུང་ལས། ཁྱད་པར་གནས་མཆོག་དཔལ་གྱི་བསམ་ཡས་ཀྱི། །བྱང་ནས་བྱང་དུ་བསྙེགས་པའི་གྲོང་ཁྱེར་དུ། །ཐབས་ཤེས་ཨི་ཨུར་ཞུགས་པའི་མིང་ཡིག་དང་། །པུནྱ་དྷེ་ཝ་ཞེས་གྲགས་གཙང་མའི་རིགས། །ཞུགས་དང་བལྟམས་པའི་མཚན་ལྟས་གསར་དུ་ངོམ། །སྐྱེ་ཀུན་འབྲེལ་བའི་ལྷ་མཆོག་དྲེགས་པའི་རྗེ། །མཐུ་ཆེན་སྲུང་མའི་དབང་པོ་སྡེ་བཞི་ཡི། །མི་འདའ་རྡོ་རྗེའི་ཐ་ཚིག་གཉན་པོ་ཡིས། །མི་རིང་གདན་ས་འཛིན་པའི་དཔལ་དུ་ཤར། །ཞེས་སོགས་དང་། དམ་པ་དུ་མའི་བསླུ་མེད་རྡོ་རྗེའི་ལུང་བྱང་མང་པོ་ནས་དགོངས་པ་གཅིག་དང་དབྱངས་གཅིག་གིས་བསྔགས་པ་ལྟར་རིགས་རུས་ཁྱད་པར་ཅན་དུ་ཡ་མཚན་ངོ་མཚར་གྱི་ལྟས་བཟང་དུ་མ་དང་བཅས་ཏེ་སྐུ་འཁྲུངས་པ་བདག་ཅག་གི་རིགས་ཀྱི་བདག་པོ་བཀའ་དྲིན་སུམ་ལྡན་གྱི་འཁོར་ལོའི་མགོན་པོ། དོན་གྱི་ཕྱིར་མཚན་ནས་སྨོས་ན། ཨོ་རྒྱན་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་སྲིད་གསུམ་དབང་སྒྱུར་མཚུངས་པ་མེད་པའི་སྡེ་ཞེས་མཚན་གྱི་བ་དན་སྲིད་པའི་བླ་ན་གཡོ་བ་དེ་ཉིད་མི་འཇིགས་གདོང་ལྔས་བཏེགས་པའི་གསེར་ཁྲིར་ཕེབས། སྐུ་བྱིས་པའི་དུས་ནས་འབྲི་ཀློག་སོགས་བརྡ་དང་རྟགས་ཙམ་གྱིས་མཁྱེན་ཞིང་མཁྱེན་རབ་དང་རྣམ་དཔྱོད་འགྲན་ཟླ་བྲལ་བས་ཐ་མལ་གྱི་སྐྱེ་བོས་ལོ་ཟླ་དུ་མར་འབད་པའི་གནས་ཀྱང་གཟིགས་པ་ཙམ་གྱིས་མཁྱེན་ནས་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པ་དུས་ཡུན་རིང་པོའི་ངལ་བ་ལ་མ་ལྟོས་པར་དགོངས་དབྱིངས་སུ་ཆུབ་པ་སྟེ། ངེས་པ་དོན་གྱི་རྡོ་རྗེ་འཆང་ཆེན་པོ་རྟ་མགྲིན་ཡོན་ཏན་མགོན་པོ་དུས་ཀུན་འབྲལ་བ་མེད་པར་ཡོངས་འཛིན་དུ་བསྟེན་ཅིང་ཞབས་པད་མཉེས་པ་གསུམ་གྱིས་བསྙེན་ནས་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་། ཀློང་ཆེན་མཛོད་བདུན། སྙིང་ཐིག་ཡ་བཞི་ལ་སོགས་པའི་མན་ངག་ཟབ་ཁྲིད་ཀྱི་སྐོར་སོགས་གསན་བསམ་རྒྱ་མཚོའི་ཕ་མཐའ་རུ་བདེ་བླག་ངང་སོན། དགུང་ལོ་བརྒྱད་པར་དམ་པའི་ཆོས་འདུལ་བ་ལས་རབ་ཏུ་བྱུང་ནས་ཐོག་མར་སུམ་ལྡན་འདུས་པའི་དགེ་འདུན་པ་སྟོང་ཕྲག་མང་པོ་འཚོགས་པའི་བུམ་སྒྲུབ་ཆེན་མོའི་དབུ་བཞུགས་མཛད་དེ་གནས་དུས་སྟོན་འཁོར་ཕུན་སུམ་ཚོགས་ཤིང་། གནམ་ལ་ཉི་ཟླ་སྐར་གསུམ་འཛོམས་པ་དང་། དགུན་གྲང་བའི་སྒང་ཡིན་ཀྱང་དབྱར་རྔའི་སྒྲ་ལྡིར་ཞིང་ཨུག་ཆོས་མེ་ཏོག་བཞད་པ་སོགས་ལྷར་བཅས་ཆེ་དགུའི་གཙུག་གིས་བཏུད་པའི་ངོ་མཚར་བའི་ལྟས་དུ་མ་དང་བཅས་མཆོག་གི་རྡོ་རྗེ་སློབ་དཔོན་དུ་ཁྲིར་ཕེབས། དེ་ཉིད་བཅུ་དང་རང་བཞིན་བརྒྱད་ལ་སོགས་པ་རྡོ་རྗེ་ཐེག་པ་རང་གཞུང་ནས་ཇི་ལྟར་འབྱུང་བ་བཞིན་གྱི་ཡོན་ཏན་དང་མཚན་ཉིད་ཐམས་ཅད་མ་ཚང་བ་མེད་པས་སྐལ་ལྡན་ལས་ཅན་འདུས་པ་དང་པོའི་འཁོར་གྱི་གདུལ་བྱ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད། དགུང་ལོ་བཅུ་ནས་འཇམ་མགོན་ཆོས་ཀྱི་བློ་གྲོས་རིགས་ཀྱི་བདག་པོར་བཀུར་བ་དང་། མཁན་ཆེན་པདྨ་ཐེག་མཆོག་བློ་ལྡན། འཁྲུལ་ཞིག་ཀུན་དགའ་དཔལ་ལྡན། ཉི་གྲགས་རིན་པོ་ཆེ་ཐུབ་བསྟན་བཤད་སྒྲུབ་བསྟན་པའི་ཉི་མ། གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱ་མཚོ། རྒྱ་རོང་ནམ་སྤྲུལ། མཁན་ཟུར་ཐུབ་བསྟན་སྙན་གྲགས། མཁན་ཟུར་པདྨ་ཚེ་དབང་། རྫ་ལྕང་མའི་མཁན་པོ་ཐུབ་དགའ། མུ་ར་པདྨ་ནོར་བུ། དགེ་བའི་བཤེས་གཉེན་ཚུལ་ཁྲིམས་བློ་གྲོས། ཡབ་རྗེ་ངག་དབང་ནོར་བུ། འབྲི་གུང་གཏེར་ཆེན་སོགས་དམ་པ་དུ་མའི་ཞབས་པད་བསྙེན་ནས་གསར་རྙིང་རིས་སུ་མ་ཆད་པའི་དབང་ལུང་མན་ངག་ཁྲིད་རྒྱུན་སྨིན་གྲོལ་རྒྱབ་བརྟེན་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་ཐུགས་ཉམས་སུ་བཞེས། ཡི་དམ་སོ་སོའི་བསྙེན་སྒྲུབ་མཐར་ཆགས་སུ་མཛད་པས་སྒྲུབ་རྟགས་མངོན་དུ་གྱུར། དགུང་ལོ་བཅུ་བདུན་ནས་བསྟན་སྲིད་ཀྱི་ཐུགས་འགན་བཞེས། ཆོས་ཁྲིམས་དར་གྱི་མདུད་པ་སྡོམ་གསུམ་གནང་བཀག་གི་བཅའ་ཁྲིམས་ལ་གཞི་བཟུང་། རྟེན་བཞེངས་ཀྱི་མཛད་པ་རླབས་ཆེན་གྱི་དབུ་བརྩམས། གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་བུ་དགོན་ཉིས་བརྒྱ་དང་ལྔ་བཅུ་ལྷག་ལ་སྤེལ་བ་སོགས་མཛད་ཕྲིན་ནམ་མཁའི་ཕྱོགས་མཐར་བདལ། མཁྱེན་རབ་ཀྱི་རྩལ་འབར་ཞིང་སྤོབས་པའི་གཏེར་བརྒྱད་གྲོལ་བས་དབུ་ཕར་འདུལ་མངོན་དང་། རྒྱུད་རྒྱལ་གསང་བ་སྙིང་པོ། ཡོན་ཏན་རིན་པོ་ཆེའི་མཛོད་སོགས་རྒྱ་བོད་མདོ་སྔགས་ཀྱི་གཞུང་ལུགས་མང་པོ་ཐུགས་ཐོག་ནས་འཆད་སྤེལ་མཛད་ཅིང་། གང་སྣང་བརྡ་དང་དཔེ་ཆར་ཤར་ནས་འཆད་རྩོད་རྩོམ་པར་ཐོགས་པ་མི་མངའ་བས་མཁས་པའི་ཕུལ་དུ་ཕྱིན། སྒོམ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་གྲུབ་རྟགས་གདུལ་བྱ་ཐུན་མོང་བའི་ངོར་ཡང་རྡོ་ལ་ཞབས་རྗེས་བཞག་པ་དང་། ན་བཟའི་དུམ་བུ་ཙམ་གྱིས་ཀྱང་ནད་གདོན་དང་མཚོན་གྱི་འཇིགས་པ་འགོག་པ། གཞན་སྣང་དབང་དུ་བསྡུ་བའི་ཏིང་འཛིན་གྱིས་སྡེ་བརྒྱད་ལས་ལ་འདུ་བས་ཅི་བཅོལ་གྱི་ཕྲིན་ལས་སྒྲུབ་པ་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མཛད་པ་ངོ་མཚར་བ་བསམ་གྱིས་མི་ཁྱབ། དགུང་ལོ་ཉི་ཤུ་པར་དབུས་སུ་ཕེབས། ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོས་པའི་སྐུ་གསུང་ཐུགས་རྟེན་དང་། ལྷ་ཁང་། དགོན་སྡེ། སྒྲུབ་གནས། མཐའ་འདུལ་དང་ཡང་འདུལ་རུ་གནོན་གྱི་གཙུག་ལག་ཁང་ལ་སོགས་པར་མཆོད་འབུལ་བརྟན་བཞུགས་དང་འབྲེལ། ཐུབ་བསྟན་དར་ཞིང་རྒྱལ་ཁམས་བདེ་བའི་ཐུགས་སྨོན་མཛད། ༧ གོང་ས་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གིས་མ་ཧཱ་པཎྜི་ཏ་ཨེར་ཏི་ནི་ཧོ་ཐོག་ཐུ་ཞེས་པའི་མཚན་གྱི་ཅོད་པན་གསོལ། ཆེན་པོར་འོས་པའི་ཡོ་བྱད་སྣ་ཚོགས་ཀྱིས་ཆོས་སྲིད་ཀྱི་ཁྲི་འཕང་མཐོན་པོར་གཟེངས་སུ་བསྟོད་པ་བདག་གིར་བཞེས། འདིའི་དུས་སུ་ཆོལ་གསུམ་བོད་ཁམས་ཀྱི་དགོན་ཡུལ་ཕལ་མོ་ཆེ་ཞལ་ཕྱི་གླིང་དུ་ཕྱོགས་པའི་སྒང་ཡིན་ཡང་འདྲེན་པ་མཆོག་གིས་རྒྱལ་དང་དེ་སྲས་ཀྱི་མཛད་སྤྱོད་དགོས་པ་ཁྱད་པར་ཅན་གཞན་དང་གཞན་ལ་གཟིགས་ནས་སླར་གདན་ས་རང་དུ་ཆིབས་ཀྱི་ཁ་ལོ་བསྒྱུར། གཙང་དབུས་ཁམས་གསུམ་གྱི་དགོན་ཁག་དང་ཆོས་སྡེ་ཚང་མར་སྐུ་འགྱེད་དང་། གསོལ་འདྲེན། རྟེན་བཞག་སོགས་གྱ་ནོམ་པའི་ལེགས་འབུལ་བསྟབས་པ་ལས་གཞན་སྨོན་ལམ་དང་ཐུགས་དམིགས་རྣམ་པར་དག་པས་ཕྱི་ཕྱག་མཛད། སྔར་ས་གཡོ་དང་མེ་ཡི་འཇིགས་པས་གྲུབ་དབང་སྔ་མ་སྐུ་རབས་ལྔའི་རིང་གི་གདན་ས་ཉམས་ཤིང་ལྷ་ཁང་དང་རྟེན་གསུམ་ཞིག་རལ་དུ་གྱུར་པ་ཕལ་མོ་ཆེ་སོར་ཆུད་པ་མཛད་ཐོག ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་ཡུན་ནས་ཡུན་དུ་གནས་པ་དང་། དེ་འཛིན་གྱི་སྐྱེས་བུའི་ཚོགས་རྣམས་ཞབས་པད་བསྐལ་བརྒྱར་བརྟན་ཅིང་། འགྲོ་ལ་ཕན་པའི་ཐུགས་བསྐྱེད་རླབས་པོ་ཆེ་དུས་སུ་སྨིན་པའི་ཕྱིར། རྒྱལ་ཁམས་སྤྱིའི་ཞབས་རིམ་སོགས་སུ་ཐུགས་འདུན་གནང་སྟེ། ཟངས་གསེར་ལས་གྲུབ་པའི་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་ཁང་བརྩེགས་གསུམ་པ་དང་། སྙིང་ཐིག་གི་རྩ་བ་གསུམ་གྱི་སྐུ་བརྙན། རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཟངས་མདོག་དཔལ་རིའི་ཞིང་བཀོད་ཀྱི་བློས་བསླང་ངོ་མཚར་གྱི་དཔལ་འབར་བ། གསེར་དང་དངུལ་ལས་གྲུབ་པའི་མཆོད་རྟེན་ཆེན་པོ་དག་དང་། གྲུབ་དབང་གོང་མ་རྣམ་ལྔའི་སྐུ་བརྙན་བཅས་གསར་བསྐྲུན་དང་། བླ་མ་དགོངས་པ་འདུས་པས་གཙོས་པའི་མཆོད་ཁག་བཅུ་གསུམ་ཅན་གྱི་གཏེར་སྒྲུབ་ཆེན་མོ་རྒྱུན་བཞག་དང་། སྔར་སྲོལ་གྱི་ལོ་རེའི་མར་མེ་འབུམ་གྱི་ཁར་སླར་མར་མེ་ཆིག་ཁྲི་ཁ་སྐོང་དང་བཅས་པ་རྒྱུན་འཛུགས་མཛད། སྔར་ཡོད་དུས་དང་སྒྲུབ་པའི་མཆོད་པ་ཁག་གི་འཚོགས་འཛུགས་ཀྱི་རྟེན་རྩ་སོ་སོར་ཟང་ཟིང་གི་ཁ་བསབས་འབོར་ཆེན་གནང་། བཤད་གྲྭ་བ་བརྒྱ་དང་། སྒྲུབ་གྲྭ་བ་བརྒྱད་ཅུ་རྒྱུན་བཞག་དང་། མགོན་ཁང་དབང་དྲག་རོལ་བ་གསོལ་ཀ་གྲྭ་ཚང་དང་བཅས་པ། ཞི་ཁྲོའི་ལྷ་ཁང་དང་གེ་སར་ལྷ་ཁང་རྟེན་བརྟེན་པ་དང་བཅས་པ། དགོངས་འདུས་དང་ཞི་ཁྲོའི་སྒྲུབ་ཆེན་འཆམ་སྲོལ་དང་བཅས་པ་གསར་འཛུགས་གནང་རྒྱུའི་རྨང་བཏིང་། དགུང་ལོ་ཉེར་གཅིག་པར་བསྙེན་པར་རྫོགས་ཏེ། ཕྱི་སོ་ཐར་འདུལ་བའི་བཅའ་ཁྲིམས་འདུལ་བ་རང་གཞུང་ལྟར་བསྲུངས་པས་ཉེས་ལྟུང་གི་རྙོག་མས་མ་གོས། ནང་བྱང་སེམས་རྒྱལ་སྲས་ཀྱི་སྤྱོད་པས་འགྲོ་བ་ཡོངས་ལ་མ་གཅིག་པུའི་བུ་ལྟར་བརྩེ་བའི་ཐུགས་རྗེའི་འཇུག་པ་མི་འདོར། གསང་བ་དམ་ཚིག་རྣམ་པར་དག་པས་རིམ་གཉིས་རྣལ་འབྱོར་གྱི་དབང་ཕྱུག་སྡེ་གསུམ་ཀློང་དགུའི་ཤིང་རྟ་ཆེན་པོར་གྲུབ་པའི་རྒྱལ་སར་གཤེགས་ནས། མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་ལེགས་པར་ཕྱུག་ཅིང་། བཤད་སྒྲུབ་ལས་གསུམ་གྱི་ཕྲིན་ལས་ནམ་མཁའི་མཐའ་དང་མཉམ་པས། དཀར་ནག་རྒྱ་ཡི་ཡུལ་གྲུ་བརྒལ་བའི་འཛམ་གླིང་ཤར་མཐའི་ས་ཆ་ཚུན་ལ་མཚན་སྙན་གྱི་གྲགས་པས་ཁྱབ་པར་གྱུར་ཏོ། དེ་ལྟ་ན་ཡང་འབྱོར་བའི་མཐའ་མར་རྒུད་པ་དང་། འདུས་པའི་མཐའ་མར་འབྲལ་བ་སོགས་གཅིག་ཏུ་བརྟན་པ་མིན་པའི་འདུས་བྱས་ཀྱི་ཆོས་ལ་གདུལ་བྱ་མཐའ་དག་སྐྱོ་བ་བསྐུལ་བའི་དགོངས་བཞེས་སྙིང་པོར་བཟུང་སྟེ་དགུང་ལོ་ཉེར་བཞི་པར་གོང་དུ་སྨོས་པའི་བསྟན་པ་སྤྱི་དང་བྱེ་བྲག་གི་སྔ་ཕྱིའི་དོན་ཆེན་ལ་དགོངས་པའི་བསྟན་དགོན་ཉམས་པ་སླར་གསོ་སོགས་ཀྱི་ཕྱག་བཞེས་གང་འཚམས་གྲུབ་འཕྲོས་ཀྱི། རླབས་ཆེན་མཛད་ཕྲིན་གྱི་མཐུན་རྐྱེན་དུ་སྤྲིན་ལྟར་ངང་གིས་འདུ་བའི་གང་ཉིད་ཀྱི་བླ་བྲང་གི་དཀོར་མཛོད་ཀྱི་ནོར་རྣམས་ཆ་བཞིར་བགོས་ཏེ། ཆ་གཅིག་རིས་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་མདོ་སྔགས་ཀྱིས་འཛིན་སྲུང་སྤེལ་བར་བྱེད་པའི་བསྟི་གནས་གང་དུ་འཁོད་པའི་དགེ་འདུན་པ་རྣམས་ལ་སྔ་ན་མེད་པའི་བཀུར་སྟིས་བསྙེན་བསྲིང་བའི་ཆ་རྐྱེན་དང་། རྒྱལ་བཀའ་རིན་པོ་ཆེ་དང་གཟུངས་སྔགས་ཁྱད་པར་ཅན་དག་ཉིན་ཞག་མང་པོར་ཐུན་སྦྲེལ་གྱིས་ཞལ་འདོན་དུ་བསྒྲགས་པའི་སྐུ་ཡོན་དུ་ཕུལ། ཆ་གཅིག་མར་མེ་འབུམ་ཕྲག་མང་པོ་གཙོ་བོར་བྱས་པའི་མཆོད་པའི་སྤྲིན་རབ་འབྱམས་སྤྲོས་པས་དཀོན་མཆོག་མཆོད་པ་དང་གསོལ་འདེབས་བསམ་པ་ལྷུན་གྲུབ་དང་འབྲེལ་བའི་ཚོགས་ཀྱི་འཁོར་ལོ་འབུམ་ཕྲག་མང་པོ་དང་ཉམས་ཆགས་བསྐང་ཞིང་སྡིག་སྒྲིབ་སྦྱོང་བའི་ཆོ་གའི་རིམ་པ་སོགས་རྒྱལ་ཁམས་བདེ་བའི་བསྟན་པ་སྤྱིའི་ཞབས་རིམ་སྒྲུབ་པའི་ཆེད་དུ་བཏང་། ཆ་གཅིག་ཆོས་སྡེ་ཆེན་པོ་དེ་ཉིད་ཀྱི་དགེ་འདུན་པར་སྐུ་འགྱེད་དང་། དབུལ་ཕོངས་དང་ནད་པ་མགོན་མེད་རྣམས་ལ་རྒུད་སྐྱོབ་ཏུ་བསྩལ་ནས་གཏོང་བ་ཆེན་པོའི་མཆོད་སྦྱིན་གྱི་སྒོ་འཕར་རྒྱ་ཆེན་པོ་དབྱེ་བར་མཛད། ཆ་གཅིག་བཤད་སྒྲུབ་ཀྱི་གྲྭ་ཚང་ཁག་དང་། སྒྲུབ་པའི་མཆོད་པ་ཁག་གི་གསོལ་ཕོགས་དང་མཆོད་རྫས་འཕར་མའི་རྟེན་རྩར་ཞལ་འདེབས་སུ་ཕུལ་ཞིང་། སླར་ཡང་སྐུ་རབས་དྲུག་རིང་གི་འཚོགས་འཛུགས་ཀྱི་རྟེན་རྩའི་ཟང་ཟིང་འབོར་ཆེན་དེ་དག་དགེ་འདུན་པ་ཡོངས་ལ་འོས་བསྟུན་གྱིས་ཕྱིར་བགོ་བཤའ་མཛད། སྔར་མཇལ་བར་དཀའ་བའི་རྟེན་གསུམ་དམ་བསྒྲགས་མ་ཀུན་ཀྱང་འདི་དུས་ཞལ་ཕྱེས་ཏེ་ཁྲོམ་དབང་དུ་བསྐུར། ཆོས་སྲིད་ཀྱི་བཀའ་འབངས་སུ་མཆིས་པའི་སེར་སྐྱ་མཆོག་དམན་ཕོ་མོ་རྒན་གཞོན་ཀུན་བསྡུས་ནས་ཚེ་འདི་དང་ཕྱི་མར་ཕན་པའི་ལུགས་གཉིས་ཀྱི་བསླབ་བྱ་དམ་ཆོས་ཀྱི་སྙིང་པོ་ཅན་དག་རྣ་བའི་བདུད་རྩིར་བསྩལ། གཞོན་པར་ཚེ་འགུག་དང་། རྒན་པར་འཕོ་བའི་གདམས་པ་འབོགས་ཏེ། ཀུན་ཀྱང་དཀྱིལ་འཁོར་གཅིག་ཏུ་ཚོགས་པའི་རྟེན་འབྱུང་གིས། ཕྱི་མར་ཚོམ་བུ་གཅིག་ཏུ་མཇལ་བའི་ཐུགས་སྨོན་མཛད། དེ་ལྟར་སྔོན་དང་ཕྱི་མའི་མཐའ་ལ་སོགས་པ་གཟིགས་པ་རྣམ་པར་དག་ཅིང་མ་འདྲེས་པའི་རྣམ་ཐར་གྱིས་ཐ་ན་ལྗགས་དབུགས་ཀྱི་འབྱིན་རྔུབ་ཙམ་ཡང་མཐའ་ཀླས་པའི་སེམས་ཅན་ཡོངས་ལ་ཕན་པའི་རྒྱུར་འགྱུར་བའི་བརྩེ་བ་སྙོམས་པའི་རྒྱལ་བའི་སྲས་ཀྱི་དགོངས་སྤྱོད་རྨད་དུ་བྱུང་བ་དག་ལ་སྔར་ནས་གོམས་པའི་མཛད་པ་ཉི་མ་དང་ཟེར་བཞིན་འགག་མེད་རང་ཆས་སུ་གསལ་བས། ལུགས་ཟུང་ལེགས་ལམ་དཀར་པོའི་འཕན་འཕུར་ལྷབ་ལྷུབ་ཏུ་གཡོ་ཞིང་། དད་དམ་འགྱུར་བ་མེད་པའི་གསེར་གྱི་ཡུ་བ་སྦོམ་པོར་ལྷ་དབང་ཀླུ་དང་བཅས་པའི་ཆེ་དགུ་དུ་མའི་གཙུག་གིས་དམ་པོར་འཁྱུད་པའི་རྒྱལ་མཚན་གྱི་རྩེ་མོར་དམ་པའི་ཚུལ་དགུའི་ཡོན་ཏན་གྱི་འོད་སྟོང་མིག་མང་རིས་སུ་འཁྱིལ་བཞིན་འགྲོ་བའི་དགོས་དགུ་འབྱུང་བའི་ཡིད་བཞིན་དབང་གི་རྒྱལ་པོར་བཞུགས་པ་ལས། དགུང་ལོ་ཉེར་ལྔ་པར་སྐུ་དངོས་ཀྱིས་གདུལ་བར་བྱ་བའི་མཛད་པ་རྫོགས་ཏེ་ཕྱི་རོལ་འགལ་རྐྱེན་གྱི་རྣམ་པར་བརྟེན་ནས་གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་ཏེ་ཞི་བར་གཟིམས་པའི་ཚུལ་བསྟན་པ་ལགས་སོ།།

དེ་ཡང་དམིགས་མཐའ་བྲལ་བའི་ཐུགས་རྗེའི་འཇུག་པས་བསྟན་འགྲོའི་དོན་ཆེན་གྱི་ཕྲིན་ལས་ཐམས་ཅད་རྟག་ཁྱབ་ལྷུན་གྲུབ་ཏུ་ངང་གིས་འབྱུང་བ་ནི་སྤྱིར་རྒྱལ་བ་རྣམས་ཀྱི་ཆོས་ཉིད་ལྟར་ལ། བྱེ་བྲག་འདྲེན་མཆོག་འདི་ཉིད་ཀྱིས་དགོངས་པ་ཁྱད་པར་ཅན་ལ་ཐུགས་གཏད་པས་སྐུ་དངོས་ཀྱི་མཛད་པ་ལས་ཀྱང་ལྷག་པར་མཐའ་ཀླས་པའི་སེམས་ཅན་གྱི་དོན་མཛད་པ་དང་ཞིང་ཁམས་འདིར་ཡང་རྫོགས་ལྡན་གསར་པའི་ལང་ཚོའི་བཞིན་རས་མཛེས་པར་ངོམ་ཞིང་ཟབ་མོ་ཆོས་ཀྱི་བདུད་རྩིས་སྲིད་དང་ཞི་བའི་དཔལ་ཡོན་མཐའ་དག་སྨིན་ཞིང་བདོ་བར་མཛད་པ་སོགས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་གཟིགས་པ་གཞན་དང་གཞན་གྱི་མཐའ་ནི་ཚུ་རོལ་མཐོང་བའི་བློས་དཔོག་དཀའ་བ་ཙམ་དུ་ངེས་སོ།།

དེ་ལྟར་སྔོན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་ནས་ནམ་མཁའ་ཁྱབ་པའི་ཡིད་ཅན་གྱི་འགྲོ་བ་མཐའ་དག་སྐད་ཅིག་ཙམ་ཡང་ཐུགས་བློས་མ་དོར་ཞིང་ཐུགས་རྗེའི་འཇུག་པ་ཚད་བཟུང་རིས་སུ་གཞལ་བར་མི་ནུས་པ་ལྟར། འདིར་དགོས་དབང་ཁྱད་པར་ཅན་ལ་གཟིགས་ནས་སྐུ་མྱ་ངན་ལས་འདའ་བའི་ཚུལ་ནི། རབ་རྒྱལ་ས་ཕག་ཧོར་ཟླ་དང་པོའི་ཚེས་གཅིག་གི་སྲོད་ལ་སྙུན་གྱིས་ཆ་ཙམ་ཡང་མ་གོས་པར་སྐུ་ལུས་རྣམ་སྣང་ཆོས་བདུན་གྱིས་མདའ་ལྟར་བསྲངས་ཏེ་སྤྱན་ཆོས་སྐུའི་གཟིགས་སྟངས་ཀྱིས་དར་ཅིག་མཉམ་པར་བཞག་ནས་ཟབ་ལམ་འཕོ་བའི་གདམས་པ་རབ་ཆོས་སྐུའི་འཕོ་བས་ཆོས་ཉིད་གདོད་མའི་ནང་དབྱིངས་སུ་གཤེགས་སོ། དེའི་ཚེ་ས་ཆེན་པོ་གཡོ་ཞིང་འགུལ་བ་དང་ནམ་མཁའ་གཡའ་དག་ཅིང་དྲི་ཞིམ་གྱི་ངད་བྱུང་བས་ཁོར་ཡུག་ཀུན་ཁྱབ་པར་གྱུར་པ་དང་། གདུང་སྦྱང་བའི་ཚེ་ནམ་མཁར་འཇའ་འོད་ཀྱི་གུར་ཕུབ། ས་གཞིར་རིང་བསྲེལ་གྱི་གཅལ་བཀྲམ་པ་སོགས་ངོ་མཚར་བའི་མཛད་པ་མཐའ་མས་མཐོང་ཞིང་ཐོས་པའི་འབྲེལ་ཚད་ཀྱི་འགྲོ་བ་མཐའ་དག་ཡ་མཚན་གྱི་གནས་ལ་བཀོད་པ་ཡིན་ནོ།།

དེ་ལྟར་ངེས་གསང་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་པའི་གདན་ས་ཆེན་པོའི་ཆོས་སྡེ་དེ་ཉིད་གླང་ལ་དབུ་བཙུགས་པ་ནས་ཕག་གི་བར་སྤྱི་ལོ་༡༦༨༤ནས་༡༩༥༩ལོའི་བར་གྱི་བྱུང་བ་བརྗོད་པ་དང་འབྲེལ་བའི་གྲུབ་དབང་མཆོག་གི་ཉི་མ་སྐུ་ཕྲེང་དྲུག་གི་འཁྲུངས་རབས་ཙམ་བགྲང་བའི་མཛད་པ་རགས་བསྡུས་འགའ་ཞིག་ཐོལ་བྱུང་དུ་བཀོད་པའི་སྐབས་འདིར་ཕྱི་ནང་གསང་བ་བསམ་གྱིས་མི་ཁྱབ་པའི་རྣམ་ཐར་གཞན་རྣམས་དང་། ཞར་བྱུང་བརྒྱུད་འཛིན་གྱི་བུ་སློབ་སོ་སོ་དང་། མཁན་རབས་ནོར་བུའི་ཕྲེང་བ་བར་མ་ཆད་པ་རིམ་པར་བྱོན་པ་དག་གི་བཙུན་པའི་ཚུལ། མཁས་པའི་ཡོན་ཏན། གྲུབ་པའི་རྟགས་སོགས་དང་། གཞན་ཡང་སྒྲུབ་སྡེ་ཁག་རྣམས་དང་། བྲག་སྐྱིབས་དང་། གངས་ཁྲོད་དང་། བས་མཐའ་དང་། གཡའ་སྤང་དང་། ལྗོན་ཤིང་གི་ལོ་མའི་སྤྱིལ་པོ་སོགས་སུ་བསྟི་བའི་སྦས་པའི་རྣལ་འབྱོར་གྲུབ་ཐོབ་ཀྱིས་རི་སུལ་གང་བ་རྣམས་ཀྱི་རྣམ་པར་ཐར་བ་ངོ་མཚར་བའི་ལེའུ་གསར་པ་དག་ཀྱང་གླེང་བར་སྤྲོ་མོད་ཐེངས་འདིའི་དགོས་དབང་དང་བསྟུན་ནས་རེ་ཞིག་སྨྲ་བ་དེ་ཙམ་དུ་བྱའོ།།

སླར་ཡང་སྨྲས་པ།

རྒྱལ་དང་སྲས་ཀྱི་མཛད་པ་རྒྱ་མཚོའི་འཇིངས།།

བློ་ཆུང་སྦལ་བས་གཏིང་དཔོག་ག་ལ་ནུས།།

འོལ་ཚོད་ཐོལ་བྱུང་སྨྲ་བའི་གོག་འགྲོས་ལ།།

བསམ་བཞིན་དཔྱོད་ལྡན་བཞད་གད་བྱེད་པའི་གནས།།

འོན་ཀྱང་དད་དམ་གཙང་མའི་མེ་ལོང་ངོས།།

རང་རང་ཁམས་དབང་མོས་པའི་རྒྱ་ཁྱོན་དུ།།

དམ་པའི་རྣམ་ཐར་ཆ་ཤས་གཟུགས་འཆར་བ།།

ཅུང་ཟད་བཟློ་ལ་འགལ་བ་མེད་པའང་སྲིད།།

དེ་སླད་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི།།

མཚན་ཙམ་བགྲང་བའི་མཛད་པ་རགས་བསྡུས་འགའ།།

མཐོང་ཐོས་གཙོར་བྱས་ཉུང་ངུའི་ཚིག་དག་ཏུ།།

གསོང་པོར་སྨྲ་བས་ལོ་རྒྱུས་གཏམ་དུ་སྤེལ།།

ཡོངས་རྫོགས་རྒྱལ་བསྟན་ལྷ་ལམ་ཡངས་བའི་གཞིར།།

དམ་ཆོས་ཉིན་བྱེད་གསར་པའི་སྣང་བ་ཅན།།

གང་ན་འཚོ་གཞེས་རིས་སུ་མ་ཆད་པའི།།

བསྟན་འཛིན་ཚོགས་ཀྱི་ཞབས་པད་བརྟན་པར་སྨོན།།

ཡང་དག་སྟོན་པའི་བསྟན་པ་ལུང་རྟོགས་ཆོས།།

བཤད་དང་སྒྲུབ་པས་སྤེལ་བའི་འདུས་པའི་སྡེ།།

རྣམ་བཞིའི་རིང་ལུགས་འཛིན་པའི་ཚོགས་རྒྱས་པས།།

ནོར་འཛིན་ཡངས་བའི་གཞི་ཡང་འགེངས་པར་ཤོག།

མཐའ་ཡས་འཇིག་རྟེན་ཀུན་ཏུ་ནད་མཚོན་སོགས།།

རྒུད་པའི་བསྐལ་ངན་རྒྱུ་བཅས་ཡོངས་ཞི་སྟེ།།

ལེགས་ལམ་དམ་པར་ཕྱོགས་པའི་བློ་མིག་དང་།།

འགྲོ་ཀུན་ནམ་ཡང་འབྲལ་བར་མ་གྱུར་ཅིག།

ལྷག་བསམ་རེ་སྨོན་དག་པའི་ཀུ་མུད་ཏ།།

འབྱེད་ལ་བདུད་རྩི་སྦྱིན་པའི་ཆོ་ག་མཁན།།

ཆ་ཡིས་བསགས་པའི་རྫོགས་ལྡན་དཔལ་ཡོན་ཅན།།

འདོད་འབྱུང་ཟླ་བ་དཀར་པོ་རྟག་འཆར་ཤོག།

བདག་ཀྱང་དེང་ནས་སྐྱེ་བའི་རབས་ཀུན་ཏུ།།

དམ་པའི་རྣམ་ཐར་མཆོག་གི་རྗེས་ཞུགས་ཤིང་།།

ཅི་བྱས་བྱང་ཆུབ་ལམ་ལས་མི་འདའ་བར།།

མཐའ་ཡས་འགྲོ་བའི་ཉེར་འཚོར་གྱུར་ཅིག་གུ།།

སྔོན་སྦྱང་ཤེས་རབ་ཆ་ཙམ་བདག་ལ་མེད།།

ད་ལྟར་འབྲི་ཀློག་སྦྱང་བའང་མཐར་མ་སོན།།

འོན་ཀྱང་རང་གི་རིགས་ལ་ལེགས་དཀར་བའི།།

ལྷག་བསམ་གཅིག་པུའི་དབང་གིས་ངས་འདི་བྲིས།།

ཞེས་རང་ཉིད་ཀྱི་རིགས་ལ་ལྷག་པའི་བསམ་པ་མི་དམན་ཞིང་། འགྲོ་ཀུན་བདེ་བའི་འབྱུང་གནས་རིས་མེད་རྒྱལ་བའི་བསྟན་པར་མི་འཕྲོག་པའི་དད་དམ་དགེ་བ་ཅན་ཡུལ་བསིལ་ལྗོངས་ཤར་ཕྱོགས་ཀྱི་རྒྱུད། རྫ་རྒྱལ་རྡོ་རྗེ་འཕེན་ཕྱུག་གིས་སྲུང་བའི་གནས་དལ་འབབ་རྫའི་ཆུ་ཀླུང་ཆེན་པོའི་འགྲམ། ཡངས་པའི་སྤང་ལྗོངས་མེ་ཏོག་གིས་མཛེས་པའི་འབྲོག་མིག་སྨན་ཐིག་ལེའི་གྲོང་དུ་སྐྱེ་བ་བླངས་ཤིང་། གྲུབ་པའི་དབང་ཕྱུག་རྫོགས་ཆེན་པའི་གྲལ་མཐར་བསྐོས་པ། གཞོན་ནུ་ཉིད་ནས་དུས་ཀྱིས་བསྐལ་པའི་གཞན་དབང་གིས་ས་སློག་པ་དང་། རྡོ་བ་སྐྱེལ་བ་སོགས་ལུས་ཀྱི་ངལ་བ་ལྗིད་པོ་གཅིག་པུས་ན་ཚོད་ཡོལ་བར་གཏུགས་པས། རང་གི་རིགས་ཀྱི་མེས་པོས་བཞག་པའི་རིག་པའི་གནས་ཆེ་ཆུང་མཐའ་དག་ལ་སྦྱང་བའི་སྐལ་བ་མ་ཐོབ་ཅིང་། ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པར་ཆུང་བས་ལུགས་གཉིས་ཀྱི་རྣམ་དཔྱོད་ཤིན་ཏུ་ཕྲ་བ་དང་། ལོ་རྒྱུས་སྨྲ་བའི་སྤོབས་པ་དེ་བས་ཞན་ན་ཡང་། གངས་ལྗོངས་བསྟན་དགོན་སླར་གསོའི་སྒོ་འཕར་གསར་པ་འབྱེད་པའི་དུས་འདིར། ལྗོངས་འདིའི་སྣོད་བཅུད་ཀྱི་ཆགས་ཚུལ་དང་འབྲེལ་བའི་བྱུང་བ་རོབ་ཙམ་ངོ་སྤྲོད་བྱ་ཕྱིར། གྲུབ་དབང་མཆོག་གི་ཞབས་རྡུལ་སྤྱི་བོས་རེག་པའི་དབང་གིས་དེའི་སློབ་བརྒྱུད་དུ་གཏོགས་པ་ཙམ་ཁོ་ན་རྒྱུ་མཚན་དུ་བྱ་ཁུལ་གྱིས། མཐོང་ཞིང་ཐོས་པ་ཉུང་ཟད་ཅིག་ཐོག་མའི་དཔྱད་གཞིའི་བརྗེད་བྱང་ཙམ་དུ་པདྨ་སྐལ་བཟང་དེས་རིག་གནས་གསར་བརྗེའི་ལོ་བཅུའི་ཟིང་ཆ་གཡོལ་མ་ཐག་པའི་རྗེས་ཤིག་ལ་དུས་དེབ་ཅིག་གི་དགོས་མཁོར་དགོན་ཐའི་གྲོང་གསེབ་ནས་འཕྲལ་མར་བཀོད་པ་འདིས་ཀྱང་བཀྲ་ཤིས་དགེ་བ་བརྒྱ་ཕྲག་སྤེལ་བར་གྱུར་ཅིག།

གངས་ལྗོངས་མཁས་པའི་འབྱུང་གནས་མདོ་ཁམས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་བཅའ་ཡིག་དྲང་སྲོང་དགྱེས་པའི་བཀའ་ལུང་།

ཤིན་ཏུ་གདུལ་དཀའ་སྙིགས་མར་གྱུར་བའི་འགྲོ་ལ་ལྷག་པར་རབ་བརྩེ་བའི།།

བསྐལ་བཟང་རྣམ་འདྲེན་སྟོང་རྩའི་དབུས་ན་མཚུངས་མེད་ཐུགས་རྗེའི་སྟོབས་འཆང་བ།།

འདྲེན་པ་མཆོག་གྱུར་ཤཱཀྱའི་རྒྱལ་པོ་མཉམ་མེད་སྟོན་མཆོག་ཐུབ་པའི་དབང་།།

དམ་པའི་ཆོས་དང་འཕགས་པའི་ཚོགས་བཅས་མཆོད་འོས་ཀུན་ལ་གུས་ཕྱག་འཚལ།།

གནས་བརྟན་གཏད་རབས་རྒྱན་དྲུག་མཆོག་གཉིས་དང་།།

གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་སོགས།།

རྣམ་དག་ཐུབ་བསྟན་འཛིན་སྲུང་སྤེལ་མཛད་པའི།།

འཕགས་བོད་བསྟན་འཛིན་ཚོགས་ཀྱིས་རྟག་ཏུ་སྐྱོངས།།

མི་ཤིགས་གསུང་གི་རྡོ་རྗེ་སྲིད་ཞིའི་དབྱངས།།

བརྗོད་མེད་སྔགས་ཀྱི་གདངས་སུ་འཕོས་པའི་གཟུགས།།

ཨ་ཡིག་སྐྱེ་མེད་བཅུ་དྲུག་ལང་ཚོས་མཛེས།།

རྡོ་རྗེ་རྣོན་པོས་དགེ་ལེགས་སྤོབས་པ་བྱིན།།

སྙིགས་དུས་རྒུད་པས་ཕྱོགས་རྣམས་རྨོངས་བྱས་ཤིང་།།

རྒྱལ་བསྟན་ཉིན་བྱེད་བག་ལ་ཞ་བའི་ཚེ།།

ལྷག་བསམ་སྐྱ་རེངས་གསར་པས་མདུན་བདར་བའི།།

རྨད་བྱུང་སྣང་བའི་འོད་ཟེར་ཡང་འདིར་སྤྲོས།།

འཇིགས་བྲལ་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི།།

མདོ་སྔགས་བསྟན་པའི་བསྟི་གནས་ཤྲཱི་སེང་པའི།།

བཤད་དང་སྒྲུབ་པའི་རྒྱལ་རྔ་རབ་ལྡིར་བར།།

ཤིས་པའི་མེ་ཏོག་ཕྱོགས་བཅུའི་རྒྱལ་བས་སྙིལ།།

རྒྱལ་བསྟན་སྐྱོང་བའི་གཡར་དམ་ཉེར་བླངས་ཤིང་།།

བསྟན་དགྲ་སྒྲོལ་ལ་མྱུར་བའི་མཐུ་རྩལ་ཅན།།

མ་གཟའ་རྡོར་གསུམ་གནོན་སྦྱིན་ཙིའུ་དམར་སོགས།།

བཀའ་སྡོད་སྲུང་མས་རྟག་ཏུ་མེལ་ཚེ་གྱིས།།

བསྟན་དང་སྟོན་པའི་བདག་ཉིད་ཆོས་འདུལ་གཞུང་།།

ཞི་བསིལ་རྨད་བྱུང་བདུད་རྩིའི་མཛོད་ཡིན་ཏེ།།

ཀུན་ནས་འཆིང་བ་རྒྱུར་བཅས་གཞིལ་བའི་གསོས།།

ཆོས་འདུལ་རིན་ཆེན་ཐར་བའི་གྲུ་གཟིངས་ཉིད།།

ཡ་རབས་སྐྱེ་བོར་འཕྲོད་པའི་བདུད་རྩིའི་སྨན།།

མ་རབས་སྡིག་སྤྱོད་ཞུམ་པའི་རྣོ་དབལ་མཚོན།།

ཆོས་མཐུན་གྲོགས་ཀྱི་སྤང་བླང་འབྱེད་པའི་གཏམ།།

འདི་ན་སྤེལ་གྱི་དགའ་བས་རྒྱན་དུ་ལོངས།།

དེ་ཡང་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་རྩ་འབྱོན་པའི་གནས་མཆོག་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཕྱོགས། ཆོས་ཚིགས་ཀྱི་ཡུལ་དབུས་བསིལ་ལྡན་གངས་ཀྱི་ར་བ་དཀར་པོས་ཡོངས་སུ་བསྐོར་བའི་བོད་ཆེན་པོའི་ལྗོངས་ཀྱི་གསང་ཆེན་སྔ་འགྱུར་པའི་ལུང་རྟོགས་བསྟན་པའི་ཆུ་འགོ དཔལ་གྱི་ནཱ་ལེནྡྲ་གཉིས་པ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་བསླབ་གཞི་བཅས་ཁྲིམས་ཀྱི་རིམ་པ་སྡེ་ཚན་དུ་ཕྱེས་ཏེ་དགོད་པ་ལ།

༡༽ གངས་ལྗོངས་བསྟན་པ་ཡང་དར་གྱི་སྐབས་སུ་ཤྲཱི་སེང་ཆོས་གྲྭ་ཆེན་མོ་བསྐྱར་གསོ་དང་། གཞི་ཁྱོན་ཆེན་པོའི་རྒྱ་བསྐྱེད་བྱས་པ་ནི་རྒྱལ་བསྟན་སྤྱི་དང་བྱེ་བྲག་གི་མེ་རོ་བསླངས་ཏེ། སྐྱེ་དགུའི་ཕན་བདེའི་གཞི་རྩ་རང་བསྟན་དྲི་མ་མེད་པ་ས་གཞིའི་གོ་ལ་ཧྲིལ་པོར་དཀར་འཇམ་ཡུག་གཅིག་ཏུ་བདལ་བ་དང་། དེ་ཉིད་ཇི་སྲིད་ནམ་གནས་ཀྱི་བར་དུ་འཛིན་སྲུང་སྤེལ་བར་བྱེད་པའི་རྒྱང་རིང་གི་དམིགས་འདུན་ཁྱད་པར་ཅན་དང་ལྡན་ཕྱིར། སློབ་ཚོགས་མཆོག་ཕལ་ཀུན་ལ་གཞན་དོན་ལྷུར་ལེན་གྱི་ཐུགས་བསྐྱེད་དང་། ཆོས་ཕྱིར་དཀའ་སྤྱད་ཀྱི་སྙིང་རུས། རླབས་ཆེན་ལུགས་ཟུང་གི་བྱ་བཞག་གང་ལའང་ཞུམ་པ་བྲལ་བའི་ཐུགས་སྟོབས། གཤིས་སྤྱོད་ངང་རྒྱུད་བཟང་ཞིང་བརྟན་བརླིང་སྤྲོ་དགས་ཁེངས་པའི་སྤོབས་ཉམས་བཅས་དང་ལྡན་པ་ནས། གཞོན་ལུས་མི་ཚེའི་ཡོད་དགུ་བསྟན་དང་འགྲོ་བའི་ཉེར་འཚོར་བློ་ཡིས་ཐོང་བའི་ཕུགས་བསམ་ལྷད་མེད་སྐྱོན་བྲལ་ངེས་པར་དུ་ཡོད་དགོས།

༢༽ ཆོས་གྲྭ་ཆེན་པོ་འདི་ནས་སློབ་མཐར་ཕྱིན་པ་དང་། འདིར་མཚན་ཐོ་ཙམ་མོས་པས་བཀོད་པ་དང་བཅས་པ་ཐམས་ཅད་རང་རིགས་ཀྱི་བཟང་པོའི་ལ་རྒྱ་དང་ལྡན་པ་དང་། གཞན་དོན་གྱི་ཡལ་གམ་ནམ་ཡང་མི་ལྷོད་པ། རང་འདོད་ཆེ་གྲགས་ཀྱི་ཨོ་ཟོབ་རིང་དུ་བསྐྱུར་བ། མ་རུང་ཕྲ་མའི་རིགས་སྔགས་ཀྱི་གདོན་གྱིས་མ་བརླམས་པ། ཀུན་ཀྱང་བཤད་དང་སྒྲུབ་པ་སྤེལ་བའི་བྱེད་པོ་ཉག་གཅིག རེ་རེས་ཀྱང་སློབ་དང་ཡང་སློབ་ཁྲི་ཕྲག་མང་པོ་བསྐྱང་བ་དང་། དེ་ཡང་ཆོས་གྲྭ་ཆེན་པོའི་བཀོད་ཁྱབ་ཀྱིས་བཏང་འགྲོ་བཞག་སྡོད་ཕེར་ཞིང་ལས་སུ་རུང་བའི་ཆོད་སེམས་དང་དམ་བཅའ་བླ་ལྷག་ཏུ་ཡོད་པ་ཤ་སྟག་ཡིན་དགོས།

༣༽ ཆོས་གྲྭར་ཞུགས་མཁན་མཆོག་དམན་ཀུན་རྟེན་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་དབང་དུ་བྱས་པའི་དགེ་ཚུལ་སློང་གང་རུང་ཡིན་དགོས་ཤིང་། ཐོག་མར་རང་གི་མོས་པ་གཙོར་བཟུང་གིས་གྲྭ་སར་ཞུགས་པ་དང་། དགོན་ཁོངས་དང་སྡེ་ཁག་སོ་སོའི་ཁུངས་བཙུན་གྱི་དཔང་ཡིག་གམ་ངོས་སྦྱོར་གསལ་པོ་ཡོད་པ། བསླབ་སྡོམ་ཉམས་བཞེས་གནང་ཕྱོགས་སྐོར་གྱི་ཆོས་གྲྭའི་སྒྲིག་ལམ་ཆེ་ཕྲ་ཀུན་བསྲུང་བར་མཚན་རྟགས་བཀོད་པ་བཅས་ཡིན་དགོས། དེ་དོན་ཆོས་གྲྭའི་བསྟན་འཛིན་གཙོ་བོས་ཞིབ་གཟིགས་བཀའ་ཁྲོལ་གནང་བ་བརྒྱུད། རང་གླིང་སོ་སོར་ཞུགས་རྒྱུའི་ཕྱག་ལེན་སྒྲུབ་དགོས།

༤༽ ཆོས་གྲྭར་ཞུགས་པ་ཐམས་ཅད་དུས་དང་རྣམ་པ་ཀུན་ཏུ་མདོ་དང་སྔགས་ཀྱི་ཕམ་ལྷག་དང་རྩ་ལྟུང་གིས་མ་གོས་པ་ཞིག་དགོས། གལ་ཏེ་དམ་ཚིག་འདས་རལ་དང་རྩ་བཞི་ཆང་ལྔའི་ལྟུང་བས་གོས་ཚེ་ངེས་པར་གནས་དབྱུང་བཏང་ནས་བཤགས་སྦྱང་བྱ་རུ་བཅུག་དགོས་པ་དང་། ལྷག་ལྟུང་སོགས་ཀྱི་འགལ་ཉེས་བྱུང་བར་སྤོ་མགུ་དབྱུང་གསུམ་སོགས་གཞུང་ལྟར་ཕྱིར་བཅོས་བགྱིད་པ་དང་། དགེ་འདུན་གྱི་འདུས་སྡེ་གཞན་གྱིས་གནས་ནས་ཕྱུང་བའི་གང་ཟག་སླར་ཆོས་གྲྭ་འདིར་རྐུ་ཐབས་ཀྱིས་ཞུགས་སུ་འཇུག་མི་ཆོག

༥༽ གྲྭ་སར་ཞུགས་པ་ནས་བཟུང་སྟེ་གླིང་ཕྱི་ནང་དུ་ཕེབས་བཞུགས་གང་གི་སྐབས་ཀྱང་། ཆོས་གོས་རྣམ་གསུམ་མཚན་ཉིད་ཚང་པ་དང་འབྲལ་མི་རུང་ཞིང་ཀུན་གྱིས་རྒྱུན་དུ་རྔུལ་གཟན་མནབ་དགོས་པ་དང་། ཆབ་རིལ་འདོགས་དགོས། གལ་ཏེ་རྒྱུན་དུ་གཟན་དང་། མཐང་གོས་གླེགས་བུ་ཅན་མི་མནབ་པ་སོགས་དང་། ཁྱིམ་པའི་རྟགས་ཀྱི་ཆས་གོས་སྣ་རེ་བསྟེན་མཁན་གྱིས་ཐེངས་རེར་མར་མེ་ལྔ་བཅུ་རེས་བཤགས་དགོས།

༦༽ རྟག་ཏུ་ཞི་ཞིང་དུལ་བའི་སྤྱོད་ལམ་སྟོན་པ་མ་གཏོགས་རྒྱུག་མཆོངས། གར་རྩེད། རྩལ་འགྲན། འཚང་རྒྱག་སོགས་མི་ཆོག་ཅིང་། གླིང་གི་ནང་ནས་སེ་གོལ་གྱིས་བརྡ་སྦྱར་བ་ལས་སྐད་གསང་མཐོན་པོས་འབོད་པ་དང་། ཀུ་རེ། ཧ་བགད། མིང་ལོག་མཚང་འདོན་སོགས་བྱ་མི་ཆོག་སྟེ། རང་གཞན་གཉིས་ཀའི་དགེ་སྦྱོར་ལ་བར་དུ་གཅོད་པའི་མ་བརྟག་རྣམ་གཡེང་བདུད་ལས་ཀྱི་རྒྱུ་ངན་པ་ཐམས་ཅད་སྤངས་ནས་འདུལ་གཞུང་རིན་པོ་ཆེ་ལས་ཇི་ལྟར་འབྱུང་བ་བཞིན་ཕྱག་ལེན་དུ་བསྟར་དགོས། གླིང་ནང་ནས་འུར་འབོད་རྟ་གད་སོགས་ཕྱི་ནང་གི་མི་སྣ་སུ་ཞིག་གིས་བྱས་ན་དེ་མ་ཐག་ཏུ་ཕྱག་ཉེར་ལྔ་རེ་འཚལ་དུ་འཇུག་པ་སོགས་ཀྱི་ཆད་པས་སྦྱང་དགོས།

༧༽ ཆོས་གྲྭ་འདིར་གཏོགས་པ་ཀུན་ཆོས་ཀྱིས་བསྡུས་པའི་མཆེད་པོར་སོང་གཤིས། རྟག་ཏུ་ཐུགས་མཐུན་པ་མ་གཅིག་པའི་སྤུན་ལྟར་ནང་ཕན་ཚུན་གུས་བརྩི་ཞུ་བ་ལས་ཐུགས་འགལ་འཁྲུགས་རྩོད་མི་ཆོག་ཅིང་། གལ་ཏེ་ཕྱི་ནང་མི་སྣ་སུ་དང་ཡང་ཁ་འཛིང་བྱུང་ན་ཕྱག་སུམ་བརྒྱ་རེ་དང་། ལག་འཛིང་བྱུང་ན་མར་མེའམ་ཕྱག་ཆིག་སྟོང་ཡན་དང་། མཚོན་ཆའི་འཐབ་འཛིང་བྱུང་ན་བྱེད་པོ་གཙོ་བོ་གནས་དབྱུང་དང་། དབྱེན་སྦྱོར་མཁན་ལ་དེ་བས་མི་དམན་པའི་ཆད་ལས་འགེལ་རྒྱུ། ཟློག་བྱེད་ལྔའི་མཐར་མ་བཏང་ཞིང་འཁོན་འཛིན་ཁོག་བཅངས་ཀྱི་བྱ་ངན་གཉིས་པ་བསླང་ན་ཆད་ལས་ལྡབ་ལོག་ཏུ་འཕར་དགོས།

༨༽ ཆོས་གྲྭར་ཞུགས་པ་ཉིད་ནས་གཞན་གྱི་སྲོག་ལ་རྒོལ་བའི་གྲི་དང་། མེ་མདའ་རིང་ཐུང་། མགོ་བསྐོར་སོགས་མཚོན་ཆའི་རིགས་ཆེ་ཕྲ་ལུས་ལ་འཆང་མི་ཆོག་ལ། ཤེས་བཞིན་འཆང་མཁན་གྱི་མཚོན་ཆ་ཕྲོགས་ཏེ་དགེ་འདུན་ཚོགས་དབུས་སུ་མེར་སྲེག་པའམ་རྡོ་བས་གཞོམ་པར་བྱ་ཞིང་། དོ་བདག་ལ་མཚོན་ཆའི་གནོད་ནུས་ཆེ་ཆུང་ལྟར་གྱི་མར་མེའི་ཆད་པ་ནན་པོ་གཅོད་དགོས།

༩༽ ཁ་དོག་འཆང་བ། སྤོས་ཉུག་པ། ཕྱག་སོར་གྱི་གདུ་བུ། སྤ་ཁུག གློ་འདོག་སོགས་འཕྱོར་སྒེགས་ཀྱི་རྒྱན་ཆས་དང་། ཕྲེང་བ་དཀར་དམར་ལྗང་གུ་སོགས་དང་། གཡུ་བྱེར་རྒྱན་ལྡན་གྱི་ཕྲེང་བ་བཅས་བསྣམ་མི་ཆོག་པ་དང་། དབུ་སྐྲ་སོར་དོ་ཡན་རིང་མི་ཆོག་ཅིང་། དབྱར་དུས་ཟླ་རེ་དང་དགུན་ཟླ་བ་གཉིས་རེའི་མཚམས་ནས་དབུ་སྐྲ་བསིལ་དགོས། དེ་དག་འགལ་མཁན་ལ་ཐེངས་རེར་ཕྱག་ཉེར་ལྔ་ལས་མི་ཉུང་བ་འཚལ་དུ་འཇུག་དགོས།

༡༠༽ ཆོས་གྲྭ་འདིའི་འཆད་ཉན་གྱི་སློབ་གཞིའི་ཕྱག་དཔེ། རྒྱ་གར་འཕགས་པའི་ཡུལ་གྱི་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་དང་མཆོག་གཉིས་ལ་སོགས་པས་བརྩམས་པའི་གཞུང་ཆེན་པོ་བཅུ་གསུམ་ཆ་ལག་དང་བཅས་པར་མཁན་ཆེན་གཞན་དགས་རྒྱ་མཆན་བཏབ་པ་ལ་གཞི་བྱས་ཏེ། རྒྱ་བོད་མཁས་པའི་གཞུང་ལུགས་སྤྱི་དང་། གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ། རོང་ཟོམ་མ་ཧཱ་པཎྜི་ཏ། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་རིས་མེད་མཁས་པའི་གཞུང་ལུགས་ཚད་མ་དག་ལ་ཟུར་གཟིགས་མཛད་དགོས་པ་ལས། ཡིག་ཆ་འདྲ་མིན་འཆོལ་བསྲེས་ཀྱི་འཆད་སྤེལ་མི་ཆོག་ལ། གྲུབ་མཐའ་རང་ལུགས་ཀྱི་ལྟ་གྲུབ་ལ་འདྲེས་ལྷད་བཙུད་མི་ཆོག་ཅིང་། ནང་དོན་རིག་པ་གཙོ་བོ་ཡིན་པའི་བཅུ་ཕྲག་རིག་པའི་གནས་ཡན་ལག་དང་བཅས་པར་གསན་བཞེས་གནང་དགོས། དེ་ཡང་འཛིན་གྲྭ་དང་པོས་བྲིས་གཟུགས། དག་ཡིག སུམ་ཅུ་པ། ཡིག་བསྐུར་རྣམ་བཞག བསྡུས་གྲྭའི་རིགས་ལམ་ཆུང་བ། དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ལྔ་བཅུ་པ། རྒྱལ་སྲས་ལག་ལེན། བཤེས་སྤྲིངས། ལོ་རྒྱུས་བཅས་དང་། འཛིན་གྲྭ་གཉིས་པས། ལཉ་ཝར་བྲིས་གཟུགས། སུམ་རྟགས། བསྡུས་གྲྭའི་རིགས་ལམ་འབྲིང་བ། སྒྲ་མཚམས་སྦྱོར་ལྔ་པ། མདོ་སྔགས་སྨོན་ལམ་གྱི་འགྲེལ་བ། ཀཱ་རི་ཀ་སུམ་བརྒྱ་པ། སོར་མདོ། རིག་པ་དྲུག་ཅུ། སྙན་ངག་ལེའུ་བར་བ། དབུ་མ་བཞི་བརྒྱ་པ། འབྱེད་གཉིས། མི་ཕམ་མཁས་འཇུག ལོ་རྒྱུས་བཅས་དང་། འཛིན་གྲྭ་གསུམ་པས། རྟགས་འཇུག སྙན་ངག་ལེའུ་ཐོག་མཐའ། བསྡུས་གྲྭའི་རིགས་ལམ་ཆེ་བ། སྒྲ་ཀ་ལཱ་པ། ལོ་རྒྱུས། མདོ་རྩ། དབུ་མ་རྩ་བ་ཤེས་རབ་དང་རིགས་ཚོགས་གཞན་བཞི། ཡིད་བཞིན་མཛོད་ཀྱི་གྲུབ་བསྡུས། མདོ་སྡེ་རྒྱན། མངོན་པ་ཀུན་བཏུས་བཅས་དང་། འཛིན་གྲྭ་བཞི་པས། སྒྲ་ཙནྡྲ་པ། བློ་རིགས་དང་རྟགས་རིགས། འདུལ་བ་མེ་ཏོག་ཕྲེང་རྒྱུད། མངོན་པ་མཛོད། དབུ་མ་ལ་འཇུག་པ། དབུ་མ་རྒྱན། རྒྱུད་བླ་མ། ཚད་མ་རིགས་གཏེར། གསང་སྙིང་མཆན་འགྲེལ་བཅས་དང་། འཛིན་གྲྭ་ལྔ་པས། མངོན་རྟོགས་རྒྱན། དབུ་མ་རྒྱན་འཇུག་གཉིས། རྒྱུད་བླ་མ། ཡོན་ཏན་མཛོད། མངོན་པ་མཆིམས་ཆེན་བཅས་དང་། འཛིན་གྲྭ་དྲུག་པས། ཚད་མ་རྣམ་འགྲེལ། སྡོམ་གསུམ་དཔག་སྙེ། འཇུག་འགྲེལ། ཤེར་ཕྱིན་ཡུམ་དོན་རབ་གསལ། གྲུབ་མཐའ་མཛོད། ཡིད་བཞིན་མཛོད་བཅས་དང་། འཛིན་གྲྭ་བདུན་པས། རོང་ཟོམ་གྱི་ཐེག་ཆེན་ཚུལ་འཇུག་དང་། སྣང་བ་ལྷ་སྒྲུབ། གསང་བདག་དགོངས་རྒྱན། མན་ངག་མཛོད། ཚིག་དོན་མཛོད་བཅས་དང་། འཛིན་གྲྭ་བརྒྱད་པས། དཀོན་མཆོག་འགྲེལ། གསང་བདག་ཞལ་ལུང་། གནས་ལུགས་མཛོད། ཐེག་མཆོག་མཛོད། ཆོས་དབྱིངས་མཛོད་བཅས་དང་། འཛིན་གྲྭ་དགུ་པ་ཡན་གྱི་ལོ་རིམ་བཞི་ཚན་གསུམ་པས། ངལ་གསོ་སྐོར་གསུམ། རྒྱུད་བཅུ་བདུན། སྙིང་ཐིག་ཡ་བཞིའི་ཁྲིད་སྦྱང་རྒྱས་པ་སྨིན་དབང་དང་བཅས་པ་ནོད་རྒྱུ་སྟེ། ལོ་རེའི་སོས་ཀའི་དུས་ཀྱི་སྤྱོད་འཇུག་དང་། དབྱར་གནས་སྐབས་ཀྱི་སྡོམ་གསུམ་བཅས་ཚོགས་མང་གིས་ཚོགས་ཆེན་འདུ་ཁང་དུ་གསན་དགོས།

༡༡༽ སྨན་རྩིས་གཉིས་ཀ་ཟུར་འདོན་གྱིས་སྨན་རྩིས་ཁང་ནས་སློབ་ཁྲིད་ལོ་རིམ་ལྟར་གནང་རྒྱུ་དང་། སྦྱང་འབྲས་ལ་གཞིགས་པའི་མཚན་རྟགས་བཞེས་དགོས། དེ་བཞིན་བཟོ་རིགས་སྣ་ཚོགས་དམིགས་བསལ་ཟུར་ཁྲིད་གནང་བ་དང་། དེའི་ཁོངས་སུ་དཀྱིལ་འཁོར་སོགས་ཀྱི་ཐིག་དང་། རྡུལ་ཚོན། གདངས་དབྱངས་འདོན་རྟ། གར་འཆམ་ཕྱག་རྒྱ། རོལ་མོ་འབུད་དཀྲོལ་རྡུང་གསུམ། གཟུངས་དྲིལ་འབུལ་བསྒྲུབ་པའི་ཕྱག་ལེན། ས་དཔྱད་ཀྱི་གཞུང་སོགས་འཐུས།

༡༢༽ སློབ་འབངས་མཆོག་དམན་ཀུན་འཛིན་གྲྭའི་གོ་རིམ་ལྟར་གྱི་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་ཆོས་ཁྲིད་དང་སྐྱོར་སྦྱང་ལ་ཞུགས་རྒྱུ་ཆད་ལུས་མི་རུང་ཞིང་། ཆོས་ཁྲིད་ཐེངས་རེར་ཞུགས་རྒྱུ་ཆད་ན། དེས་འཛིན་གྲྭའི་ཚོགས་དབུས་སུ་བཤད་རྒྱུགས་འབུལ་རྒྱུ་དང་། ཕྱག་ཆིག་བརྒྱ་རེ་འཚལ་དགོས། སྐྱོར་སྦྱོང་ཐེངས་རེ་ཆད་ན་ཕྱག་ཉེར་ལྔ་རེ་འཚལ་དགོས། དེ་ཡང་ཆུ་ཚོད་སྐར་མ་བཅོ་ལྔའི་ཡུན་མ་ཚང་ཕྱིན་ཆད་པར་བརྩི་དགོས། རྒྱུན་དུ་གྲོང་ཆོག་ལ་ཕེབས་མི་ཆོག་ཅིང་། འགལ་ན་ཉིན་གྲངས་ཉིས་ལོག་གིས་དགེ་འདུན་པའི་ལས་བྱ་བ་དང་། ཚོགས་རྒྱུགས་ངེས་ཅན་འབུལ་དགོས།

༡༣༽ ཐུན་བརྡ་དང་བསྟུན་པའི་སྐྱོར་སྦྱང་སྐབས་རང་ཤག་ཏུ་དཔེ་གཟིགས་ལ་བརྩོན་པ་ལས་སྒོ་ཕྱིར་ཕེབས་མི་ཆོག་པ་དང་། གཡོ་བཀོལ། ཐབ་ལས། ཚེམ་དྲུབ། གཉིད་ཉལ་སོགས་དང་། གཞན་པའི་ཤག་ཏུ་འཛུལ་སྡོད་རྣམ་གཡེང་སོགས་གཏན་ནས་བྱ་མི་ཆོག འགལ་མཁན་གྱིས་ཐེངས་རེར་ཕྱག་ཉེར་ལྔ་རེ་འཚལ་དགོས།

༡༤༽ རྒྱུན་གྱི་ཞལ་འདོན་མཐའ་དག་ཐུགས་ལ་འཛིན་དགོས་ཤིང་། ཚོགས་ཆེན་སྐབས་ཕྱག་དཔེ་མངོན་སར་ཕྱེ་མི་ཆོག་པ་དང་། གསུང་སྐད་དབུ་མཛད་ལས་མཐོ་མི་ཆོག ལུས་ཚུགས་བསྲངས་ཤིང་ཐད་ཀ་དྲང་པོར་གཟིགས་པ་ལས་འཁྲས་བསྔས་སོགས་མི་ཆོག་པ་མ་ཟད། ལྷ་ཁང་དུ་རྡོག་སྒྲ། རྒྱུག་མཆོངས། ཏུག་ཆོམ་སོགས་མི་ཆོག རྒྱུན་ཇ། གསོ་སྦྱོང་། ཚོགས་འཁོར་བཅས་ཐེངས་རེར་ཞུགས་རྒྱུ་ཆད་མཁན་གྱིས་ཕྱག་ཆིག་བརྒྱ་རེ་འཚལ་དགོས་པ་དང་། དུས་མཆོད་ཆེ་ཁག་ལ་ཞུགས་རྒྱུ་ཆད་མཁན་གྱིས་ཉིན་རེར་མར་མེ་ཆིག་བརྒྱ་རེ། འཚོག་སྒྲིག་གཞན་འགལ་མཁན་ལ་ཆོས་ཁྲིམས་པས་འཕྲལ་དུ་སྒྲིག་འགལ་ཆེ་ཆུང་དང་བསྟུན་ཏེ་གྲལ་མཇུག་ནས་ཕྱག་འཚལ་དུ་འཇུག་དགོས།

༡༥༽ འདུ་ཁང་ནང་གི་འཚོག་དང་ཆོས་ཁྲིད་སོགས་གང་གི་སྐབས་སུའང་། གསུང་ངག་བསྡམ་པ་དང་ཕྱག་གིས་འདུལ་རྒྱ་སོགས་མཐོང་བརྒྱུད་ལྟར་དགོས། འདུས་བརྡ་དུང་གཉིས་པའམ་འཁར་རྔའི་ཁུག་གཉིས་པའི་སྐབས་སུ་འདུ་ཁང་སྒོར་འཛོམས་ཐོག ཆོས་གོས་དུས་མཉམ་པར་མནབས་ནས་གསུང་ངག་བཅད་བཞིན་བསླབ་གྲལ་ལྟར་རིམ་གྱིས་གཙུག་ལག་ཁང་དུ་ཕེབས་པ་དང་། གསོལ་ཞལ་སྒྲིག་ཕོར། གདིང་བ། ཆོས་སྣམ་སོགས་གྲབ་མཚུངས་ཚད་མཐུན་ཡོད་དགོས། ཞལ་མི་སྡོམ་མཁན་ལ་དེ་མ་ཐག་གྲལ་མཇུག་ནས་ཕྱག་ལྔ་རེ་འཚལ་དུ་བཅུག་པ་དང་། སྒྲིག་ཆས་ཚད་མི་ལོངས་མཁན་ལ་ཐེངས་རེར་ཕྱག་བཅོ་ལྔ་རེ། འཚོག་རྗེས་མ་ཟིན་པས་རང་མོས་ཀྱིས་ཕྱག་བཅུ་རེ་འཚལ་རྒྱུ་དང་། འཚོགས་ཏེ་ཆུ་ཚོད་སྐར་མ་བཅོ་ལྔ་ཕྱིན་ནས་ཆད་ཐོ་འགོད་དགོས།

༡༦༽ སྐུ་སྙུན་བཞེས་པ་དང་། གནམ་གཤིས་ཧ་ཅང་གྲང་བའི་དུས་འགར་དགོངས་ཁྲོལ་ཐོབ་སྐབས་མ་གཏོགས་དབྱར་རའི་ཚེས་བཅོ་ལྔ་ནས་དབྱར་གནས་ལྗོངས་རྒྱུའི་བར་དུ་དཔུང་རྗེན་དང་། དེ་མིན་དགུན་ཤིན་ཏུ་གྲང་ངར་ཆེ་སྒང་མ་གཏོགས་ཕུ་ཆུང་གྲབ་མཚུངས་མནབ་དགོས། ཕུ་ཆུང་མནབ་སྐབས་བོད་ལྷམ་རྡོག་རྐྱང་དང་། དཔུང་རྗེན་སྐབས་མཆིལ་ལྷམ་ལོང་བུ་ཡན་མི་རིང་བ་མནབ་དགོས། ཕུ་དུང་ཅན་དུས་མིན་དུ་མནབ་ན་ཐེངས་རེར་མར་མེ་བཅུ་རེའམ་ཕྱག་ཉེར་ལྔ་རེ་འཚལ་དགོས།

༡༧༽ དགོན་ནང་དང་དགོན་མདོ་སོགས་རྒྱང་གྲགས་ཀྱིས་ཆོད་པའི་སར་དགོངས་ཞུས་མེད་པར་ཕེབས་བཞུགས་འཁྱམས་ཉུལ་མི་ཆོག་ཅིང་། ཆོས་ལྡན་གྱི་དགོས་དབང་གིས་གྲོང་དུ་མ་ཕེབས་འཐུས་མེད་ཀྱི་ཚེ་ངེས་པར་མཚན་མཐུན་གྱི་ཁྲིམས་གྲོགས་ཡོད་དགོས་ལ། རྟག་ཏུ་མཆོག་དམན་སུ་ལའང་འཕྱ་སྨོད། མཚང་འདྲུ། འཁྲུགས་སློང་། གཡོ་ཁྲམ། ཟོལ་ཟོག་སོགས་གཏན་ནས་བྱ་མི་ཆོག གྲོང་དགོན་གཞི་བྱེས་ཕེབས་བཞུགས་གང་གི་སྐབས་སུ་ཡང་དགེ་འདུན་གྱི་དབུ་འཕང་སྨད་པའི་ཁྱིམ་པ་སུན་འབྱིན་གྱི་བྱ་ངན་ཐ་ཤལ་བགྱིད་མཁན་ལ་ནན་ཏུར་གྱིས་སྤྱོ་བ་དྲག་པོ་བྱེད་པ་དང་། ཉེས་བབ་དང་བསྟུན་པའི་ཆད་པ་གཅོད་དགོས་པ་དང་། སྟོན་པ་སངས་རྒྱས་ཀྱིས་བཅས་པའི་བསླབ་གཞི་ཕྲ་བ་ཚུན་ཁྱད་དུ་གསོད་པའི་སྡིག་ལྟ་ཅན་ལ་ཡང་ནན་ཏུར་བྱ་དགོས།

༡༨༽ དུས་དང་རྣམ་པ་ཀུན་ཏུ་ཁ་དུད་དང་། སྣ་དུད། ཤོ་དང་རྭ་ཕའེ་རྒྱན་པོ་འགྱེད་པ། ཚོང་དང་སོ་ནམ། དམག་གི་གཏམ་སོགས་ཚུལ་མིན་ཡིད་བྱེད་ཀྱིས་ཀུན་ནས་བསླངས་བའི་བག་མེད་སྤྱོད་འཆལ་གྱི་རིགས་བྱ་མི་ཆོག་པ་དང་། གུང་སེང་གི་སྐབས་ཀྱང་ཞི་དུལ་བག་ཡོད་ཀྱི་སྤྱོད་ལམ་བསྟེན་པ་ལས་རྩེ་བགད། ཅ་ཅོ། བྲོ་གར། འདུ་འཛི། གླུ་བྲོའི་སྒྲ་དབྱངས་བཏང་བ་སོགས་མི་ཆོག་ཅིང་། དུས་མིན་དུ་གླིང་ནང་ནས་རོལ་མོ་འབུད་དཀྲོལ་བྱ་མི་ཆོག དེ་དག་འགལ་མཁན་ལ་འགལ་ཉེས་ཚབས་ཆེ་ཆུང་ལྟར་མར་མེ་སུམ་བརྒྱའམ་ཕྱག་ཆིག་སྟོང་ནས། ཕྱག་དང་མར་མེ་ཉེར་ལྔ་ཡན་བབས་འོས་ལྟར་གྱི་ཆད་ལས་གཅོད་དགོས།

༡༩༽ རྒྱུད་དྲང་རང་བཞིན་སྲོང་ཞིང་ལས་འབྲས་ལ་བརྩི་བ་ནི་ཡང་དག་ལྟ་ལ་མོས་པའི་ཁྱིམ་པ་ཡ་རབས་དག་གི་ངང་ཚུལ་ཡང་ཡིན་ན་རབ་ཏུ་བྱུང་བས་ལྟ་ཅི་སྨོས་མོད། གལ་ཏེ་རྐུ་ཐབས་སུ་གནས་པའི་སྤྱོད་ངན་ཅན་དང་། དེ་དག་གིས་ངན་བསླབ་བྱས་དབང་གིས་རྐུ་རྫུན་བྱེད་མཁན་བྱུང་ན་ཉེས་བབ་ལྟར་ཆད་གཅོད་དང་། སྤྱོད་ངན་གང་ཞིག་ཟློག་བྱེད་ལྔའི་མཐར་མ་བཏང་ན་གནས་དབྱུང་བཏང་དགོས་ཤིང་། མི་ཚངས་སྤྱོད་ཀྱི་ཕམ་ལྟུང་བྱུང་སྟེ་ཁྱིམ་སར་འབབ་མཁན་དགེ་འདུན་གྱིས་གསོལ་བཞིའི་ལས་ཀྱིས་གནས་ནས་ཕྱུང་ཐོག་ཟང་ཟིང་གི་ཆེ་བཤགས་གྱ་ནོམ་པ་ཆོས་གྲྭར་ཕུལ་ནས་བཤགས་སྦྱང་བྱ་རུ་འཇུག་དགོས།

༢༠༽ གནས་ནས་ཕྱུང་བའམ། སློབ་དུས་ཀྱི་ལོ་གྲངས་མ་ཚང་བར་རང་མོས་ཀྱིས་ཕྱིན་པ། ཚང་རུང་ཆོས་གྲྭའི་བཏང་འགྲོ་བཞག་སྡོད་ཀྱི་བཀོད་སྒྲིག་ལ་བརྩི་མེད་ཀྱིས་བསྒོ་བར་རྣར་གཟོན་བྱེད་མཁན་གྱིས་རང་ཉེས་རང་ཁུར་བྱ་བ་དང་འབྲེལ། སློབ་ཡུན་རིང་ཐུང་ལྟར་གྱི་ཕོགས་དངུལ་དང་འགྲོ་གྲོན་གཞན་བཅས་ཆོས་གྲྭར་ཕྱིར་སློག་གཙང་རྩིས་བྱ་དགོས།

༢༡༽ གཞི་བྱེས་གང་གི་སྐབས་སུ་ཡང་ཆོས་གྲྭ་གཞུང་སྒེར་གྱིས་རྣམ་གསུམ་དག་པའི་ཤ་དང་། སྡིག་མེད་ཆོས་དང་མཐུན་པའི་ཁ་ཟས་ལས་གཞན་ལོག་འཚོའི་ཟས་དང་འཚོ་བར་དུག་བཞིན་འཛེམ་དགོས། དད་གཤིན་གྱི་རྫས་དང་ཕྱོགས་བཅུའི་དགེ་འདུན་གྱི་དཀོར་དུས་ལས་མི་གཡོལ་བར་འདུས་པར་འབུལ་དགོས་པ་དང་། ཡོན་རྩ་དུས་ཐོག་ཏུ་ཚུལ་མཐུན་གྱིས་དགེ་འདུན་པར་བགོ་དགོས་པ་དང་། མཆོག་ཕལ་སུས་ཀྱང་སྐལ་ལྷག་ལེན་མི་ཆོག

༢༢༽ ཆོས་ཁྲིམས་སྡོམ་པ་པོས་དགེ་འདུན་གྱི་ཚོགས་དབུས་སུ་བདག་ཅག་གི་སྟོན་པ་མཆོག་གིས་ཇི་ལྟར་བཅས་པའི་བསླབ་སྡོམ་གནང་བཀག་གི་སྤང་བླང་འདོམས་པ་ལས་ཁྲིམས་བཤད་དང་། བཙན་གཏམ་སོགས་བབ་ཅོལ་གྱི་གཏམ་ཉོག་གླེང་མི་ཆོག་པ་མ་ཟད། དགེ་འདུན་པར་མནར་གཅོད། བརྡུང་བཙོག་སོགས་བརླང་སྤྱོད་རིགས་གཏན་ནས་བྱ་མི་ཆོག་པ་དང་། གསུང་ངག་འཇམ་ཞིང་ཐུགས་རྒྱུད་དྲང་པོས་ཆོས་བཞིན་འདུལ་བ་བཞིན་མཛད་པར་ཞུ་ཞེས་པའི་ཚིག་གིས་སྣ་དྲངས་ཏེ་བསྒོ་བར་བྱ་དགོས།

༢༣༽ ཉིན་རེ་བཞིན་དུང་བརྡ་རེ་རེའི་སྐབས་དུས་མཉམ་དུ་གཞུང་ཆེན་པོ་བཅུ་གསུམ་མདོ་སྔགས་རིག་གནས་དང་བཅས་ཀྱི་ཆོས་ཁྲིད་འཛིན་གྲྭ་སོ་སོར་འཚོགས་རྒྱུ་དང་། གྲྭ་སྒྲིག་རྨང་གཞིའི་འཛིན་གྲྭ་ནས་དངོས་གཞིའི་འཛིན་གྲྭ་དང་པོ་ཡན་གྱི་རིམ་པ་རྒྱུགས་སྤྲོད་ཀྱི་ཚད་གཞིས་སྤར་དགོས།

༢༤༽ ཐོ་རེངས་འཁོར་ལོའི་ཆུ་ཚོད་ལྔ་པའི་ཐོག་བཞེངས་ནས་བདུན་པའི་བར་རང་ཤག་ནས་གཞུང་ཆེན་ཁག་གི་རྩ་བ་ཐུགས་འཛིན་དང་སྐྱོར་སྦྱོང་མཛད་རྒྱུ་དང་། བརྒྱད་དང་ཕྱེད་ནས་བཅུ་གཅིག་དང་ཕྱེད་ཀྱི་བར་རྒྱུན་ཇ་དང་ཆོས་ཁྲིད་འཚོགས་པ། ཕྱི་དྲོའི་ཆུ་ཚོད་གཉིས་པ་ནས་ལྔ་དང་ཕྱེད་ཀྱི་བར་དུ། ཆོས་ཁྲིད་དང་། སྐྱོར་སྦྱང་། རྩོད་གྲྭ། རྒྱབ་ཆོག་སོགས་དང་། དགུང་མོ་ཆུ་ཚོད་བརྒྱད་པ་ནས་བཅུ་བའི་བར་སློབ་ཁང་སོ་སོར་གཞུང་ཆེན་ཁག་གི་རྩ་བ་སྒྲིག་འཚོགས་བཅས་དགོས།

༢༥༽ འགན་བཞེས་པ་ཀུན་གྱིས་བཅའ་སྒྲིག་རང་རྩ་ནས་སྲུང་ཐོག རང་འཁྲིའི་འོས་འགན་གཞན་ལ་སྒྲིག་བཞག་སྟེ་དམ་པ་གོང་མའི་ཕྱག་བཞེས་མི་ལད་པར་བྱེད་པ་ལས། ངོ་སྲུང་གཡོལ་ཐབས་དང་། ཕྱོགས་རིས་སྡང་ཞེན། མ་ཉེས་ཁ་ཡོག་བཅས་གཏན་ནས་བྱ་མི་ཆོག གལ་ཏེ་འགལ་འཛོལ་མཁན་དང་འཇོན་ཐང་མེད་རིགས་བྱུང་ན་ངེས་པར་རྒྱུ་མཚན་བགྲངས་ཏེ་གོ་གནས་དང་འགན་འཁྲི་བརྗེ་འཐེན་བྱ་དགོས།

༢༦༽ ཆོས་གྲྭའི་འགན་བཞེས་བསྟན་འཛིན་སྤྱི་དང་། ཁྱད་པར་ཞལ་ངོ་པ་དང་། ཆོས་ཁྲིམས་པ་ནི་དགེ་འདུན་འདུས་པའི་ཞལ་ཚབ་ཡིན་ཕྱིར། བཀའ་གཅོག ཐུགས་དཀྲུགས། འགྲན་རྒོལ། འཕྱ་སྨོད་སོགས་བྱས་ན་ཉེས་པ་ལྕི་བས། དེ་རིགས་བྱ་མཁན་ལ་མཁན་སྤྲུལ་དགེ་བའི་བཤེས་གཉེན་ནས་འདུས་པ་ཡོངས་ཀྱིས་ཐུགས་ཁུར་བཞེས་ཏེ་བཤགས་སྡོམ་བྱར་གཞུག་པའམ། སྨད་བསྡིགས་གནས་དབྱུང་གི་ནན་ཏུར་གང་འོས་མཛད་དགོས།

༢༧༽ ཆོས་གྲྭ་འདིར་མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཉན་གྱི་འཛིན་གྲྭའི་ལོ་རིམ་འཕར་ཆགས་རྒྱུགས་ལེན་གྱི་ཚད་གཞིའི་སྦྱང་འབྲས་ཀྱི་ཡོན་ཏན་དངོས་ལ་བསྟུན་ཏེ། སྐྱོར་དཔོན་དང་། གཞུང་ཆེན་སོ་སོའི་རབ་འབྱམས་པ། མཁན་ཆུང་། མཁན་ཆུང་ཁྲི་པ། གཞུང་ཆེན་རབ་འབྱམས་པ། མདོ་སྔགས་རབ་འབྱམས་པ། མཁན་ཆེན། མཁན་ཆེན་ཁྲི་པ། ཁྲི་ཆེན། ཁྱབ་བདག་པ་བཅས་ཀྱི་གོ་གནས་དོན་ཐོབ་བདག་གིར་བཞེས་པ་ལས། དབང་ཡོད། རྒྱུ་ཤེད། གཡོ་ཟོལ་སོགས་ཀྱིས་བསྟན་པའི་བདག་པོའི་ཁྲི་ལ་འཛེག་མི་ཆོག

༢༨༽ སྐྱོར་དཔོན་ནི་གཞུང་ཕྱོགས་རེ་བའི་ཚིག་དོན་འགྲོལ་ནུས་པ། གཞུང་སོ་སོའི་རབ་འབྱམས་པ་ནི། གཞུང་རེ་རེའི་དཀའ་གནད། མཐའ་དཔྱད། དོགས་གཅོད་དང་བཅས་པར་དགག་བཞག་སྤོང་གསུམ་གཞན་དྲིང་མི་འཇོག་པ། མཁན་ཆུང་ནི། སྔར་གྱི་སྟེང་འདུལ་བའི་ལས་ཆོག་ལ་ལྷག་པར་མཁས་ཤིང་སྤང་བླང་འདོམས་ལ་མི་དམན་པ། ཆོས་སྡེ་ཁག་གི་མཁན་ཚབ་ཕེར་བ། མཁན་ཆུང་ཁྲི་བ་ནི། གཞུང་ཆེན་སོ་སོར་ཐོས་རྒྱ་ཆེ་ཞིང་ཉམས་ལེན་གོ་ཡུལ་དུ་མ་ལུས་པ། མཁས་བཙུན་གཉིས་ལྡན་ལུགས་གཉིས་ཀྱི་གཟིགས་པ་ཡངས་པ། ཕྱོགས་ཀྱི་ཡན་ལག་གི་ཆོས་སྡེ་སོ་སོའམ་བཤད་གྲྭ་སོ་སོའི་མཁན་པོར་འོས་པ། གཞུང་ཆེན་རབ་འབྱམས་པ་ནི། གཞུང་ཆེན་པོ་བཅུ་གསུམ་ཆ་ལག་འགྲེལ་ཊཱིཀ་དང་བཅས་པར་ཐོས་བསམ་གྱིས་རྩ་བདར་ཆོད་པ། འཛིན་གྲྭ་བཞིའི་དམ་བཅའི་མཚན་རྟགས་བཞེས་ཤིང་བསྟན་བཅོས་རྩོམ་པའི་རྒྱུ་ཚོགས་ཚང་བ། བརྟན་མཁས་ཀྱི་ཡོན་ཏན་དང་ལྡན་ཞིང་འཆད་རྩོད་རྩོམ་གསུམ་ལ་སྤོབས་པའི་གཟེངས་མཐོ་བ། སྔགས་རབ་འབྱམས་པ་ནི། གསང་བ་སྔགས་ཀྱི་རྒྱུད་སྡེ་ཕྱི་ནང་ཀུན་བསྣོལ་མཚམས་མ་ལོག་པར་འཆད་ཁྲིད་ནུས་ཤིང་རང་རྒྱུད་ལ་བོགས་ཐོན་པ། མདོ་སྔགས་རབ་འབྱམས་པ་ནི། མདོ་དང་སྔགས་ཀྱི་ཐོས་བསམ་སྔ་མའི་རྨང་གཞིའི་སྟེང་གཞུང་ལྔའི་རྩ་བ་དང་སྒྱུ་འཕྲུལ་གསང་བ་སྙིང་པོ་སྤྱི་དོན་དང་བཅས་པ་ཐུགས་ཐོག་ནས་རྒྱས་བཤད་ཞིབ་འགྲེལ་ནུས་པ། མཁན་ཆེན་ནི། བཅུ་ཕྲག་རིག་པའི་གནས་ལ་མཁྱེན་པ་རྒྱས་ཤིང་ལྟ་སྒོམ་སྤྱོད་པའི་ཉམས་བཞེས་གཞན་དྲིང་མི་འཇོག་པ། རྒྱལ་བསྟན་འཛིན་སྲུང་སྤེལ་བའི་ཐུགས་སྟོབས་ཆེ་བ། ཆོས་གྲྭ་ཆེན་པོ་རང་གི་མཁན་ཚབ་ཀྱི་བཞུགས་ཁྲིར་དབང་བ། མཁན་ཆེན་ཁྲི་པ་ནི། མདོ་སྔགས་རིག་གནས་དང་བཅས་པར་རང་བྱན་ཆུད་ཅིང་། དམ་པའི་ཚུལ་དགུའི་ཡོན་ཏན་དང་ལྡན་པ། བསྙེན་བསྒྲུབ་ལས་གསུམ་ལ་དབང་འབྱོར་བ། སྔར་བྱོན་མཁན་རབས་ནོར་བུའི་ཕྲེང་ཚར་གྱི་ཆོས་ཁྲིར་བཞུགས་ལ་དབང་བ། ཁྲི་ཆེན་ནི། མཁན་ཆེན་ཁྲི་འཛིན་གྱི་ལས་ཐོག་གི་ལོ་དུས་བཞི་གཉིས་ཚང་ཞིང་། འོད་གསལ་རྫོགས་པ་ཆེན་པོའི་ཟབ་རྒྱས་ཆོས་ཀྱི་བདུད་རྩིས་བུ་སློབ་ཁྲི་ཕྲག་བསྐྱངས་བ། རིམ་པ་དང་པོའི་བསྟན་འཛིན་གྱི་སྐྱེས་ཆེན་དག་གི་སྐུའི་ཡོངས་འཛིན་དུ་འོས་པ། ཁྱབ་བདག་པ་ནི། ཤེས་བྱའི་ཆོས་ལ་མཁྱེན་པའི་བློ་གྲོས་རྒྱས་ཤིང་། གྲུབ་པའི་ས་མཐོར་གཤེགས་པའི་ལམ་རྟགས་ཀྱི་ཡོན་ཏན་བརྙེས་པ། ཟབ་གསང་ཆོས་ཀྱི་གཏེར་མཛོད། སྨིན་གྲོལ་དབང་གི་བུམ་པ། རིགས་དང་དཀྱིལ་འཁོར་ཀུན་གྱི་གཙོ་བོར་བཞེངས་པ། རིས་སུ་མ་ཆད་པའི་བསྟན་འཛིན་ཆེ་དགུ་དག་གིས་ཞབས་ཀྱི་པདྨོ་སྤྱི་བོར་ལེན་པ་ཞིག་སྟེ། སྔ་མ་སྔ་མའི་རྨང་གཞིའི་སྟེང་ཕྱི་མ་ཕྱི་མའི་ཡོན་ཏན་ལྡན་དགོས་ལ། གཞི་ཚུལ་ཁྲིམས་རྣམ་པར་དག་པ། སོ་བྱང་སྔགས་ཀྱི་སྡོམ་དང་། བསླབ་བྱ། དམ་ཚིག་གི་རྣམ་བཞག་བཅས་མཚམས་མ་ནོར་ཞིང་བསྲུངས་བ། ཤེས་བྱར་གཟིགས་པའི་མཁྱེན་སྤྱན་ཡངས་ཞིང་། ལྟ་དགོངས་མཆོག་དང་ལྡན་པ་ནི་ཀུན་གྱི་རྨང་ལྟ་བུའོ།།

༢༩༽ ཆོས་གྲྭ་འདིར་ཞུགས་པའི་གཞི་བྱེས་གསར་རྙིང་དངོས་ཟུར་ཀུན་གྱིས་རྟག་ཏུ་འཆད་རྩོད་རྩོམ་པའི་མཁས་པའི་བགྱི་བ་རྣམ་གསུམ་གྱིས་རྒྱལ་བསྟན་འཛིན་སྐྱོང་སྤེལ་བ་ལས་ཕྱོགས་རེའི་ཁ་འཛིན་དང་། གྲུབ་མཐའི་སྡང་ཞེན། དགྲ་འདུལ་གཉེན་སྐྱོང་སོགས་ཆགས་སྡང་གསོག་པའི་བྱ་བ་སྤེལ་མི་ཆོག་ཅིང་། ཡ་རབས་དྲ་མའི་སྲོལ་ལུགས། གཏན་བདེའི་འདུན་མའི་གཞི་རྩ། མི་ཆོས་སྲིད་ལུགས་ཀྱི་སྤྱན་རས་ཡངས་པོར་འབྱེད་པ་ལས། ས་ཆ་ཡུལ་ལུང་ཆུང་བའི་ཕྱོགས་རིས་དང་། ཆོས་ཀྱི་ཕག་ནས་སྲིད་སྲོལ་ངན་སྒྲོག་དང་སྲིད་ཀྱི་ཁ་འཛིན་ལ་ཆོས་ཀྱིས་འཐེན་ཁྱེར་རིགས་བྱ་མི་ཆོག

༣༠༽ རང་གླིང་གི་འཆད་ཉན་སྐྱོར་སྦྱང་གི་རྒྱུན་གྱི་སྒྲིག་ལམ། ཁོར་ཡུག་གི་གཙང་སྒྲ། བཞུགས་ཤག་ལེགས་བཅོས། མེ་དགྲ་སྔོན་འགོག་སོགས་ཀུན་གྱིས་ཐུགས་འགན་མཉམ་དུ་བཞེས་དགོས་ཤིང་། བྲོ་འཚལ་བའི་སྨན་བཅོས་དང་། གསོལ་ཆས། མེ་ཤིང་། རུང་ཁང་། སྐུ་ཆས་བཅོལ་གཏམས་སོགས་གླིང་སོ་སོའི་གླིང་གཙོས་གཟིགས་དགོས་པ་སྟེ་གླིང་སོ་སོའི་གང་ཅིའི་འགན་རང་གླིང་གི་གླིང་གཙོ་སོ་སོར་ཡོད་པ་དང་། དེས་གང་གསུང་ལ་རང་ཤོག་ཀུན་གྱིས་བརྩི་འཇོག་དང་ཡིད་ཆེས་བྱ་དགོས། དགེ་ཚུལ་དང་། དགེ་སློང་གཞོན་པ་ཀུན་གྱིས་རང་ཉིད་བརྟན་མཁས་ཀྱི་ཡོན་ཏན་དང་མ་ལྡན་བར་དུ་གནས་ཀྱི་སློབ་དཔོན་དང་མཁན་པོ་ལ་བསྟེན་དགོས་ཤིང་། གསར་བུ་བཅུ་རེ་ལ་གནས་སློབ་རེ་བྱས་ཏེ་དམིགས་བསལ་བ་ཕྲན་བུ་མ་གཏོགས་དེར་ཞུས་ནས་བཀའ་བཞིན་བསྒྲུབ་དགོས་པ་དང་། དེས་ཀྱང་ལེགས་པར་འདོམས་དགོས།

༣༡༽ རྒྱུན་དུ་ཡོན་ཏན་ཅན་དང་དམ་པའི་སྐྱེས་བུར་ཕེབས་བསུ། ཆིབས་སྐྱེལ། ཞེ་ས་གཟན་ཕབ། ནང་ཕན་ཚུན་གུས་ཚིག བརྩི་འཇོག གུས་ལན་གཞལ་བ་བཅས་དགོས་ཤིང་། ཕེབ་པར་སྨྲ་བའི་གཏམ་གྱི་ཚེ་ན། ངག་འཇམ་སྙན་ཞིང་འཇེབས་པ་དོན་དང་ལྡན་པར་སྨྲ་བ་ལས། མནའ་དང་དམོད་མོ། བྲེ་མོ་འབྲེལ་མེད་ཀྱི་རིགས་སོགས་གཏན་འགོག་གནང་དགོས།

༣༢༽ ས་ཕྱོགས་ཡུལ་སྡེ་གཅིག་པའམ། ཉེ་འབྲེལ་མཛའ་བཤེས་དཔུང་བསྒྲིགས་ཀྱིས་ཆོས་སྡེ་དཀྲུགས་པའི་བསྟན་སེལ་ཚབས་ཆེན་ནམ་ཡང་བསླང་མི་ཆོག གཞི་མེད་ཕམ་ལྷག་གི་བསྐུར་འདེབས་བྱ་མཁན་ལ་ཉེས་ཆད་རང་ཐོག་ཏུ་ཕྱིར་འགེལ་བ་དང་། ཚུལ་མཐུན་དྲང་པོའི་ལམ་ནས་དགེ་སྐྱོན་ལེགས་ཉེས་གསལ་འབྱེད་བྱ་དགོས། དགོས་དོན་ཁྱད་པར་ཅན་གྱི་རིགས་ལ་མཚན་ཐོ་མི་གསལ་བའི་ཐོ་བྱང་། ལྷག་བསམ་འཕྲིན་པ་སོགས་དགོངས་འཆར་བསྡུ་ལེན་གྱི་སྒམ་ཆུང་བརྒྱུད་པ་ལས་དབྱེན་སྦྱོར་དང་ཟུར་ཟའི་ཡིག་རིགས་ངན་སྤེལ་བྱ་མི་ཆོག ཡིག་རིགས་ངན་འགྲེམ་བྱ་མཁན་ལ་ནང་དོན་འགལ་ཚབས་ཆེ་ཆུང་ལྟར། དགེ་འདུན་གྱི་དབྱེན་ནས་ཕྲག་དོག་ཕྲ་མའི་བྱེད་གཏེ་ཡན་གྱི་ཆད་གཅོད་འགེལ་དགོས་པ་དང་། ཕུང་དཀྲུགས་ལྐོག་གཡོ་བཤམ་མཁན་བཀའ་སྲུང་རྦད་པའི་བདེན་ཚིག་གི་དམོད་པས་ཕམ་དུ་འཇུག་དགོས།

༣༣༽ ཟུར་ཞུགས་པའང་བཞུགས་ཡུན་རིང་ཐུང་ལ་ངེས་པ་མེད་པ་ཙམ་ལས། གོང་གསལ་གྱི་སྒྲིག་ལམ་ཆེ་ཕྲ་ཀུན་བརྩི་བསྲུང་ཞུ་དགོས་པ་ལ་ཁྱད་པར་སྤུ་ཙམ་ཡང་མེད་པ་དང་། ཆོས་གྲྭ་འདིར་ཞུགས་མཁན་ཀུན་གྱིས་ཐོག་མར་བསྟན་བདག་མཁན་ཆོས་གླིང་གཙོ་སོགས་ལ་ལོ་རྒྱུས་ཞུས་ཏེ་ཞུགས་པ་བརྒྱུད། མཐར་ཕེབས་སྐབས་ཀྱང་སྙན་སེང་སྔ་འབུལ་གྱིས་དགོངས་ཁྲོལ་ཐོབ་ན་མ་གཏོགས་ཕེབས་མི་ཆོག

༣༤༽ གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་དང་སློབ་བརྒྱུད་དུ་གཏོགས་པའི་དགོན་སྡེ་དང་ཆོས་གྲྭ་སོ་སོའི་མཁན་པོ་ནི་ཤྲཱི་སེང་ཆོས་གྲྭ་ནས་སློབ་མཐར་ཕྱིན་པའི་ཕྱག་ཁྱེར་བཞེས་ཏེ་མཁན་ཐོབ་གནང་བ་ཞིག་ངེས་པར་ཡིན་དགོས་པ་དང་། དེ་མཚུངས་བསྟན་འཛིན་སྤྲུལ་པའི་སྐུ་ཐམས་ཅད་ཀྱང་ཤྲཱི་སེང་ཆོས་གྲྭར་ཞུགས་ནས་སྐུ་ཡོན་གསན་བཞེས་གནང་སྟེ་མ་མཐར་ཡང་མཁན་ཆུང་ཁྲི་བའི་གོ་གནས་མ་བཞེས་ཕྱིན་བསྟན་པའི་བདག་པོའི་ཁྲི་ལ་འཛེག་མི་ཆོག་སྟེ་མངོན་ཤེས་ཅན་གྱིས་སམ། རྗེས་སུ་དཔག་པས་དང་། ལྷ་བླར་བདེན་བརྡར་སོགས་ངོས་བཟུང་ཚད་མཐུན་བགྱིས་པའི་འོས་སྤྲུལ་དག་གིས་དགུང་གྲངས་ཉེར་ལྔ་མ་སོན་བར་དུ་དམ་པའི་ཆོས་ལ་འཆད་ཉན་ཐོས་བསམ་ཚུལ་བཞིན་གནང་། དགུང་ལོ་ཉེར་ལྔར་ཕེབས་རྗེས་ཐ་མལ་པ་ལས་ཁྱད་དུ་འཕགས་པའི་དམ་པའི་ངང་ཚུལ་མངོན་སུམ་དབང་པོའི་ཡུལ་དུ་ཀུན་གྱི་མཐུན་སྣང་དུ་གྲུབ་ཚེ། གཞི་ནས་དམ་པ་གོང་མའི་གསེར་ཁྲིར་མངའ་གསོལ་ཁྲི་འདོན་གྱིས་འགན་དབང་འབུལ་བའི་བྱ་རིམ་བརྒྱུད་པ་ལས་རང་མོས་མགོ་རྒྱལ་གྱིས་བསྟན་སྲིད་ཧམ་བཟུང་བྱར་བཅུག་མི་ཆོག་ཅིང་། ཕྱིས་འབྱུང་བསྟན་པ་དྭངས་གཙང་གི་བྱི་དོར་གྱི་འགག་རྩ་བསྟན་འཛིན་སྐྱེད་བསྲིང་གི་ཐོག་མའི་ལས་རིམ་ལ་གལ་ཆུང་དང་སྣང་མེད་བྱར་མི་རུང་།

༣༥༽ རྒྱལ་བ་རྫོགས་ཆེན་པའི་ཆོས་བརྒྱུད་དུ་གཏོགས་པའི་དགོན་སྡེ་ཡོངས་ཀྱི་གྲྭ་རྒྱུན་འདམ་ཐོན་ཤྲཱི་སེང་ཆོས་གྲྭ་ཆེན་པོར་ཐོབ་ཁུངས་ཀྱི་གླིང་དུ་ཞུགས་ནས་མདོ་སྔགས་རིག་གནས་དང་བཅས་པའི་གསན་སྦྱང་མཐར་ཆགས་གནང་དགོས་པ་དང་། དགོན་སྡེ་སོ་སོའི་བཤད་གྲྭ་བས་ལོ་བཞིའི་མཚམས་ནས་ཤྲཱི་སེང་ཆོས་གྲྭར་རྒྱུགས་འབུལ་ཞུས་ཏེ་ཡོན་ཚད་དང་བསྟུན་པའི་མཚན་གནས་བཞེས་དགོས།

༣༦༽ གློ་བུར་ལྷག་པའི་དགེ་འདུན་པར་རང་གླིང་གི་ཐོབ་ཁུངས་ལྟར་བཞུགས་ཤག་འཕྲལ་མར་འབུལ་དགོས་ཤིང་། གཉུག་མར་གནས་པ་དག་གིས་རྒྱུས་མཁྱེན་རོགས་མགོན་གནང་དགོས། ཀུན་གྱིས་རྒྱུན་དུ་སྤྱིའི་བཞུགས་ཤག་དང་རྒྱུ་རྫས་ལ་གཅེས་སྤྲས་ཐོག གླིང་གཙོ་འགན་བཞེས་པས་བཞུགས་ཤག་སོགས་རྩིས་སྤྲོད་ལེན་དགོས་པ་དང་། སྤྱི་རྫས་རལ་གྲུམ་ཆག་ཐོར་དུ་སོང་རིགས་ཉམས་གསོའམ་འཇལ་ཚབ་ལུགས་མཐུན་བྱ་དགོས། ཁང་བརྩེགས་གོང་མར་བཞུགས་མཁན་གྱིས་ཁང་སྟེང་དང་། འོག་མར་བཞུགས་མཁན་གྱིས་མདུན་ཐང་ཉམས་གསོ་དང་གཙང་སྒྲ་བཅས་རྒྱུན་དུ་མཛད་དགོས།

༣༧༽ སློབ་དུས་ཚང་སྟེ་སློབ་མཐར་ཕྱིན་ནས་ཕྱོགས་ཀྱི་དགོན་སྡེ་དང་ཆོས་གྲྭ་སོ་སོར་མཁན་པོར་ཕེབས་པའམ་བླ་ཐོབ་བཞེས་པ་ཀུན་གྱིས་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་། བཤད་དང་སྒྲུབ་པའི་བསྟི་ནས་གསར་རྙིང་སྤེལ་སྐྱོང་གིས་རང་བསྟན་འཛིན་སྲུང་གནང་བ་དང་ཆབས་ཅིག བླ་ཐོབ་བཞེས་ནས་ལོ་གསུམ་ཚང་རྗེས་ནར་མར་ལྟེ་བའི་གྲྭ་ས་ཤྲཱི་སེང་ཆོས་གྲྭར་གསར་གཏོད་རྟེན་བཞེངས་སོགས་ཀྱི་ཞབས་ཞུས་ཀྱི་ཕྱག་རྗེས་མི་དམན་པ་འཇོག་དགོས།

༣༨༽ ལོ་དུས་ཚང་བའི་སློབ་མ་དང་། དགོས་དབང་གིས་སྔ་ཕེབས་དགོས་རིགས་ལོ་རིམ་བཞི་ཚན་དང་པོ་རྫོགས་པ་ཡན་གྱི་སློབ་མར་ཡོན་ཚད་གཤིས་སྤྱོད་ལྷག་བློ་འཇོན་ཐང་དང་བསྟུན་པའི་འགན་ཐོབ་བཀའ་བགྲོས་རིམ་པ་གོང་མའི་གྲོས་ཞིབ་བརྒྱུད་ནས་ཕྱག་འཁྱེར་ཚད་ལྡན་དམ་འབྱར་ཐོབ་པའི་ནང་དོན་ལྟར་དེས་ཀྱང་རང་འཁྲིའི་འོས་འགན་བསྟན་དོན་ལྷོད་མེད་འགྲུབ་ངེས་དགོས།

༣༩༽ ཟླ་རེའི་ཡར་མར་གྱི་ཚེས་བཅུ་དང་། ཉ་སྟོང་མཆོད་མཇལ་སྐབས་དང་། རྒྱུན་དུ་ཨར་ལས་སོགས་དམིགས་བསལ་བའི་སྐབས་མ་གཏོགས་རྟ་ཁལ་ཁྱི་སོགས་ཕར་ཞོག གླིང་ནང་དུ་ཁྱིམ་པ་ཕོ་མོའི་རྒྱུ་འགྲུལ་མི་ཆོག་པ་མ་ཟད། ཆོས་གྲྭའི་ཁོངས་སུ་མ་གཏོགས་པའི་གྲྭ་རིགས་ཀྱང་ཕེབས་བཞུགས་མི་ཆོག རྒྱུན་དུ་ཐོས་བརྩོན་འདུལ་འཛིན་པ་རྐྱང་པ་མ་གཏོགས་ཀློག་སྦྱོང་བྱིས་པ་སོགས་གླིང་ནང་དུ་ཉར་སྡོད་མི་ཆོག་ཅིང་མཇལ་ཁའི་སྐབས་ཀྱང་གླིང་ནང་གི་གྲྭ་ཤག་ཏུ་འགྲུལ་བ་སེར་སྐྱ་བུད་མེད་འཛུལ་སྡོད་མི་ཆོག འགལ་མཁན་གྱིས་ཐེངས་རེར་ཕྱོགས་གཉིས་སོ་སོའི་ངོས་ནས་མར་མེ་བརྒྱ་མཆོད་རེ་སོགས་ཀྱིས་བཤགས་དགོས་ཤིང་། གླིང་སྲུང་པས་སྒོ་མ་བསྡམས་པའི་རིགས་ལ་སྲུང་མཁན་གྱིས་ཀྱང་ཕྱག་ཉེར་ལྔ་རེ་འཚལ་དགོས།

༤༠༽ གླིང་ཕྱིར་བཞུགས་པའི་བླ་གྲྭ་ཀུན་གྱིས་དགོན་སྤྱི་སྒྲིག་གླིང་ནང་དང་ཆ་འདྲ་བ་བསྲུང་དགོས་པ་དང་། གཞུང་སྒེར་ཀུན་གྱིས་གླིང་དང་འདུ་ཁང་སྒེར་ཤག་བཅས་ལ་ལོ་རེར་དཀར་རྩི་དམར་རྩིའི་ཞལ་གསོ་ཐེངས་གཉིས་རེ་དང་། ཁོར་ཡུག་གི་གཙང་སྦྲ། ལྗོན་ཤིང་དང་ལྡུམ་ར་སྐྱེ་འཛུགས་བཅས་བྱེད་པ་ལས། མི་གཙང་ལྗན་ལྗིན་སྤུངས་བདལ་དང་། རྩྭ་དང་ལྕི་བ་མེ་ཤིང་ཐང་ཁྲོམ་སོགས་ཁང་སྟེང་དང་ཕྱི་རོལ་དུ་སྤུངས་བ་སོགས་མི་ཆོག འགལ་ན་དགོན་སྤྱི་སྒྲིག་ལྟར་ཆད་པ་གཅོད་དགོས།

༤༡༽ ལོ་རེའི་གུང་སེང་དང་། བསྟན་པ་སྤྱི་དོན། རང་དང་ཁྱིམ་མིར་གློ་བུར་གྱི་རྐྱེན་ངན་བྱུང་སྟེ་དགོངས་ཞུས་བྱས་པ་ཕུད་ལོ་དུས་མ་ཚང་བར་དུ་ཆོས་གྲྭ་དང་ཞག་གཅིག་ཀྱང་འབྲལ་མི་རུང་། འགལ་ན་ཚོགས་ཀྱི་དབུས་སུ་རྒྱུ་མཚན་ཞུ་བ་དང་། ཕྱག་དང་མར་མེ་སོགས་ཀྱིས་བཤགས་དགོས་ཤིང་། དགོངས་ཞུས་མེད་པར་ལོ་ཕྱེད་ཡན་གྱི་དུས་ཡུན་འགོར་ནས་ཕྱིན་པ་སླར་མི་ཚུད།

༤༢༽ བྱང་གི་ཁྲི་བདེ་སྒོ་མོ་ཆེ་དང་། ཤར་གྱི་གསེར་ཉའི་ཟམ་པ། ལྷོའི་དཀར་མོ་གཡང་འཁྱིལ། ནུབ་ཀྱི་གཡུ་འབྲུག་ཕ་ཝང་བཅས་ཀྱི་ནང་ཚུན་དུ་སེར་སྐྱ་སུས་ཀྱང་རྟ་ཞོན་གྲི་དྲང་མི་ཆོག་ཅིང་། སེང་ལྡེང་སྒོ་ཆེན་ནང་ཚུན་ནས་ཕྱོགས་བཞིའི་བསྐོར་ལམ་ནང་ཚུན་བསྟན་བདག་མཁན་སྤྲུལ་རྣམས་ཀྱང་ཆིབས་ལས་གཞོལ་དགོས་པ་དང་། བགྲོད་བྱེད་འཁོར་རིགས་གླིང་ནང་དུ་འཛུལ་ཞུགས་མི་ཆོག ཁོར་ཡུག་སྤང་ཐང་ནགས་ཚལ་དུ་རི་དྭགས་རྔོན་མི་ཆོག་ཅིང་། ཀི་སྒྲ། འབོད་ཤར། མེ་མདའ་འཕེན་པ། འཛིང་རྩོད་སོགས་མི་ཆོག དེ་རིགས་འགལ་ན་བྱས་ཉེས་ཆེ་ཆུང་ལྟར་མར་མེ་སོགས་ཀྱི་ཆད་པ་གཅོད་དགོས།

༤༣༽ ཆོས་གྲྭ་གཞུང་སྒེར་གྱིས་ཡུལ་དེའི་མི་དམངས་དང་། མགྲོན་པོ། ནད་པ། དབུལ་ཕོངས། ཞ་ལོང་། འོན་ལྐུགས། རྒན་བྱིས་སོགས་མགོན་མེད་ཉམ་ཐག་ལ་བརྩེ་གཟིགས་བྱམས་སྐྱོང་རོགས་མགོན་གནང་བ་ལས། བརྙས་འཕྱ། དམན་སྡང་བྱ་མི་ཆོག་པ་དང་། གཞན་གནོད་གཞི་བཅས་སྤོང་བའི་དགེ་སྦྱོང་གི་ཀུན་སྤྱོད་ལས་མི་འདའ་བར། རི་དང་ཀླུང་ལ་གནས་པའི་དུད་འགྲོ་དང་། ཐ་ན་མཁའ་དང་ས་ལ་རྒྱུ་བའི་སྲོག་ཆགས་ཕྲ་མོའི་རིགས་ཚུན་བདེ་བ་ལ་འགོད་པའི་ཕན་དང་བདེ་བ་རྒྱ་མཚོའི་མངའ་བདག་རྒྱལ་བའི་སྲས་ཀྱི་སྤྱོད་པ་ཆེ་ཕྲ་ཀུན་ལ་བསླབ་དགོས།

༤༤༽ ཟུར་གཏོགས་སྒྲུབ་སྡེའི་སྤོང་བ་བསམ་གཏན་པ་ཀུན་གྱིས། ཀློག་པ་ཐོས་བསམ་གྱི་མཛད་པ་སྔོན་དུ་སོང་བས་རྡོ་གྲུབ་ཆེན་འཇིགས་མེད་འཕྲིན་ལས་འོད་ཟེར་དང་། མདོ་མཁྱེན་བརྩེ་སྐྱེས་བུ་ཡེ་ཤེས་རྡོ་རྗེ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ། འཇུ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་སོགས་ཀྱི་གཟིམས་ཕུག་གོང་འོག་སོགས་སྒྲུབ་རི་མེ་ཏོག་བརྩེགས་པའི་སྙིང་པོའི་མགུལ་གྱི་སྤོང་ཁང་རྣམས་སུ། གྲོང་ཆོག སྲིའུ་གསོ། ཁྱིམ་པའི་ཁ་འཛིན། ཡོན་བདག་གི་ངོ་སྲུང་སོགས་དང་། དོན་ཆུང་འབྲི་ཀློག་སོགས་རྣམ་གཡེངས་ཀྱི་བྱ་བ་ཀུན་བསྐྱུངས་ཏེ་སྒོ་གསུམ་གནད་དུ་བསྣུན་ནས། ཀློང་ཆེན་སྙིང་གི་ཐིག་ལེ་འོད་གསལ་རྫོགས་པ་ཆེན་པོའི་གདམས་ངག་ཟབ་ཁྲིད་ལ་ཉམས་ལེན་བོགས་འདོན་གྱིས། རྩེ་གཅིག་སྒྲུབ་ལ་གཞོལ་ནས་དམ་པ་གོང་མའི་ཕ་རྗེས་བུ་ཡིས་ཟིན་པ་མཛད་དགོས།

༤༥༽ ཆོས་གྲྭའི་ལྟེ་གནས་རྫོགས་ཆེན་ཤྲཱི་སེང་དུ་དང་། ཆོས་གྲྭའི་མཚན་དངོས་ཐུབ་བསྟན་ཉིན་བྱེད་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་། ལས་རྟགས་གངས་རི་ཉི་ཟླས་བརྒྱན་པའི་སྟེང་ཐད་མཚོ་དཀྱིལ་པད་སྡོང་དུ་རལ་གྲི་དང་པོ་སྟིས་མཚན་པ། ལས་ཐམ་གྲུ་བཞི་འཁོར་ལོས་མཚན་པའི་ཕྱོགས་བཞིར་ཤྲཱི་སེང་ཆོས་གྲྭ་ཞེས་པའི་ཡིག་འབྲུ་གསལ་བའི་ཐེལ་སྙིང་ཅན། ཆོས་གྲྭའི་གླིང་བཞི་ནི། ཤར་ཐོས་བསམ་ནོར་བུའི་གླིང་། ལྷོ་ལུང་རིགས་བསམ་འཕེལ་གླིང་། ནུབ་ངེས་དོན་ཆོས་འཁོར་གླིང་། བྱང་བཤད་སྒྲུབ་རྣམ་ངེས་གླིང་བཅས་ཡིན། ཟུར་གཏོགས་སྒྲུབ་སྡེའི་མཚན་གསང་ཆེན་འོད་གསལ་ངེས་དོན་སྨིན་ཅིང་གྲོལ་བའི་གླིང་དང་། པར་ཁང་གི་མཚན་མདོ་སྔགས་ཆོས་མཛོད་བཅས་སོ།།

༤༦༽ ཤར་ཐོས་བསམ་ནོར་བུའི་གླིང་དུ། མཚོ་སྔོན། སྦྲ་ནག ཨ་མདོ། མགོ་ལོག རྫ་རྒྱུད། རྨེ་ཡུལ། གསེར་ལྗོངས། གཙང་ཐང་། ར་ཧོར། ཆ་ནང་། མདོ་ཆེན། ཧོར་སོག རྒྱ་ནག་བྱང་ཤར་པ་སོགས་ཀྱི་གྲྭ་རྒྱུན་ཞུགས་ཁོངས་དང་། ལྷོ་ལུང་རིགས་བསམ་འཕེལ་གླིང་དུ། དབུས་གཙང་། མངའ་དྭགས། སྤོ་ཀོང་། ཆབ་བྲག ནག་སོག འདམ་ཤོད། སྐྱེ་མདོ། ནང་ཆེན། སྡེ་གླིང་། འབྲི་རྒྱུད་བར་སྟོད། རྒྱ་སྡེ་ཁག་གསུམ། བུ་རྒྱུད། ར་ཚང་། འབྲུག་འབྲས་བལ་མོན་སོགས་ཀྱི་གྲྭ་ཁོངས། ནུབ་ངེས་དོན་ཆོས་འཁོར་གླིང་དུ། ཏྲེ་ཤོད། ཉག་རྒྱུད། ས་སྨད། འཇང་རོང་། འབའ་གླིང་། ལི་ཐང་། འབྲི་རྒྱུད་སྨད་པ། ཕི་ལིང་པ་སོགས་ཀྱི་གྲྭ་ཁོངས། བྱང་བཤད་སྒྲུབ་རྣམ་ངེས་གླིང་དུ། མི་ཉག་རོང་འབྲོག གཡུ་མཁར། རྒྱལ་རོང་། ཁྲོ་ཆུ། དར་མདོ། གངས་དཀར། ཉག་ཆུ། བརྒྱད་ཟིལ། སྡེ་རོང་། འདབས་པ། རྒྱ་ནག་ལྷོ་ནུབ་པ། ཤང་ཨོ། ཉི་ཧུང་སོགས་ཀྱི་གྲྭ་ཁོངས་བཅས་ཡིན།

༤༧༽ ཆོས་གྲྭ་ཆེན་པོའི་འགན་དབང་པ་རྒྱལ་ཚབ་མཆོག་སྤྲུལ་རྣམ་གསུམ། བསྟན་འཛིན་ཉི་ཟླ་སྐར་གསུམ། ཁྲི་ཆེན་དང་། ཁྲི་པ། ཕྱོགས་བཞིའི་མཁན་ཆེན་རྣམ་བཞི། ནང་བསྟན་པ་འཛིན་པའི་ཀ་ཆེན་བརྒྱད། ཕྱི་བསྟན་པ་འདེགས་པའི་ཀ་ཆེན་བཅུ་དྲུག ཕྱོགས་བཞིའི་མཁས་པ་སྒོ་བཞི། འཛིན་གྲྭའི་མཁན་ཆེན་བཅུ་གསུམ། སྐུ་ཞབས་ཞལ་ངོ་ཆེ་ཆུང་། ཆོས་ཁྲིམས་ཆེན་མོ་རྣམ་གཉིས། གླིང་གཙོ་ཆེ་བཞི་ཆུང་བརྒྱད། ཕྱག་ཚང་མཛོད་པ་དང་། ལྡེ་འཛིན་པ་བགྲེས་གཞོན་བཅས་ཀྱིས་བབས་ཐོབ་ཀྱི་འོས་འགན་ལྟར་གཟིགས་དགོས། དེ་ཡང་འདུས་པའི་འགན་བཞེས་གྲྭ་དམངས་འོས་འདུས་འདེམ་དགོས་པ་དང་། བསྟན་འཛིན་སྐྱེ་སྤྲུལ་ཆེ་ཁག་གོང་མའི་འདས་རྗེས་དང་ལྷ་བླ་དུ་མའི་རྟགས་བབས། ཡང་སྲིད་ཀྱི་མཛད་ཚུལ་སོགས་རྣམ་པ་དུ་མས་བརྟགས་ཤིང་དཔྱད་དེ་བཙོ་བསྲེག་བརྡར་བའི་གསེར་བཞིན་མང་མོས་ཡིད་ཆེས་དང་ལྡན་པ་ཁྲི་ལ་འདོན་དགོས་པ་དང་དེས་ཀྱང་ཚུལ་གཞིན་བསྟན་པ་བསྐྱང་དགོས། གལ་ཆེའི་འགན་དབང་མཐའ་དག་ལྷག་བསམ་བསླབ་ཡོན་གཉིས་ལྡན་གྱི་ཕྱག་ཏུ་འཛིན་དགོས་པ་ལས། ཤཱཀྱའི་བསྟན་ལ་རིགས་རུས་མི་གཙོ་བས་བསྟན་བླ་འཚོང་བའི་བླུན་པོ་དབང་འབྱོར་ཅན་གྱི་ལག་ཏུ་མིང་རུས་ཇི་ཙམ་ཆེ་ཡང་འགྲོར་བཅུག་མི་རུང་། དགོས་པ་བྱུང་ན་འགན་ཐོབ་ཆེ་ཆུང་ལ་མ་ལྟོས་པར་ཕྱི་བསྣུར་དང་འགྱུར་བ་བྱ་དགོས།

༤༨༽ བསྟན་བདག་འགན་བཞེས་པ་གཙོ་བོའི་བཀའ་སློབ་དང་འཆར་འགོད་འོག་ནང་གི་འཆད་ཉན་དང་སློབ་གཉེར་སྒྲིག་ལམ་ཐད། ལས་ཐོག་མཁན་ཆེན་ཁྲི་པ་དང་། ཕྱོགས་བཞིའི་བསྟན་བདག་མཁན་ཆེན། ནང་གི་ཀ་ཆེན། སྒོ་སྲུང་མཁས་པ། འཛིན་གྲྭའི་མཁན་པོ། སྒྲིག་དཔོན། ཞལ་ངོ་། ཆོས་ཁྲིམས། སྐྱོར་དཔོན། གླིང་གཙོ། གནས་སློབ་བཅས་ཀྱིས་གཟིགས་རྒྱུ་དང་། ཕྱིའི་བཞེངས་བསྐྲུན་ཡར་རྒྱས་ཀྱི་འཆར་འགོད་དང་དཀོར་མཛོད་དཔལ་འབྱོར་གྱི་གཏོང་ཡོང་སོགས། ཕྱིའི་ཀ་ཆེན་བཅུ་དྲུག དྲུང་ཡིག་རྩིས་དཔོན་རྣམ་གཉིས། ཕྱག་ཚང་མཛོད་འཛིན་པ་ངོ་ལས་བཅས་ཀྱིས་འགན་བཞེས་ཏེ། གོང་བཞུགས་བསྟན་པའི་བདག་པོའི་མདུན་ས་ནས་བཀའ་སློབ་འཆར་འགོད་གནང་བ་ཇི་བཞིན་ཕྱག་ལེན་དུ་བསྟར་ནས། ནོར་སྲིད་ཞིབ་བཤེར་གྱི་རྩིས་ཁྲ། ལོ་འཁོར་ཟླ་འཁོར་གྱི་ཕྱོགས་བསྡོམ་དག་ནོར་སྲིད་འགན་བཞེས་པ་གཙོ་བོ་དང་མཛོད་གཉེར་ལྡེ་འཛིན་པ། རྩིས་འགོད་ཡིག་ཚགས་པ་བཅས་ཀྱི་དཔང་འཛིན་རྟགས་ཐམ་གསལ་ངེས་ཀྱི་མ་དེབ་གཏན་ཁེལ་འགོད་དགོས་པ་ལས། དགེ་འདུན་པའི་སྤྱི་རྫས་དང་། བཞེངས་བསྐྲུན་གྱི་ཐེབས་དངུལ་སྒེར་ཐག་གཅོད་པ་དང་སྒེར་སྤྱོད་བྱ་བ་སོགས་གཏན་ནས་མི་ཆོག

༤༩༽ བསྟན་སྲིད་སྤྱིའི་ལ་རྒྱའི་གལ་ཆེའི་བགྱི་བ་མཐའ་དག་ལ། བསྟན་བདག་འགན་བཞེས་པའི་གཙོ་སྐྱོང་འོག མཁན་སྤྲུལ། རྒྱལ་ཚབ། ཕྱི་ནང་གི་ཀ་ཆེན་ལྷན་རྒྱས་བཅས་ལོ་རེར་ཐེངས་རེའི་གཞི་བྱེས་ལྷན་ཚོགས་ཀྱི་གྲོས་ཚོགས་འཚོགས་རྒྱུ་དང་། རྒྱུན་དུ་རེས་གཟའ་ཟླ་བ་ནམ་ཚེས་ལ་ཕྱི་ནང་གི་གྲོས་དབང་བའི་ཚོགས་འདུ་ཐེངས་རེ་ཆག་མེད་དང་། འདུས་པ་ཡོངས་ལ་དགོས་དབང་དང་བསྟུན་པའི་སྐབས་བབས་ཀྱི་བཀའ་སློབ་རྒྱུན་དུ་གནང་དགོས།

༥༠༽ དེ་ལྟར་གནང་བཀག་འགལ་སྤོང་མཐུན་སྒྲུབ་ཀྱི་གནས་མཐའ་དག་ལྟ་སྲུང་གཉིས་ལ་མ་འཐུས་པ་མེད་པས་བཀའ་དང་བསྟན་བཅོས་གཞུང་དང་མན་ངག་ཐམས་ཅད་དམ་པའི་བཤེས་གཉེན་ལས་གསན་པ་བརྩོན་པ་དྲག་པོས་གཟིགས་ནས་ཐུགས་དམ་ཉམས་བཞེས་གནང་སྟེ། བསྟན་དང་སྟོན་པ་གཉིས་ཀའི་བདག་ཉིད་དམ་ཆོས་འདུལ་བའི་གཞུང་ལ་གཞི་བྱས་ཏེ་ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་རྣམ་པར་དག་པ་མིག་གི་འབྲས་བཞིན་བསྲུངས་ནས། སོ་བྱང་སྔགས་ཀྱི་བསླབ་པའི་གཞི་མཐའ་དག་ལ་ཉེས་ལྟུང་དང་ཉམས་པའི་སྐྱོན་གྱིས་མ་གོས་པར་བླང་དོར་འདོར་ལེན་ཚུལ་བཞིན་བགྱིས་ཏེ་དམ་པའི་ཚུལ་དགུའི་ཡོན་ཏན་གྱིས་ཐུགས་རྒྱུད་ཕྱུག་པར་བྱས་ནས། མཁས་དང་གྲུབ་པའི་དབང་ཕྱུག་ཏུ་སྙིགས་དུས་རྒྱལ་བསྟན་སྤེལ་བའི་རླབས་ཆེན་བྱ་དཀའི་སྤྱོད་པ་ཁུར་དུ་བཞེས་པ་ལ། གཞན་དྲིང་མི་འཇོག་པའི་དམ་བཅའ་བརྟན་པོ་ལྷུར་ལེན་མཛད་དེ། མི་ཆེན་གྱི་ལད་མོ་དང་། ལོག་འཚོའི་གཟི་མདངས། ཐོབ་ཐང་གི་བླ་མ། འབུལ་སྡུད་ཀྱི་སྤྲུལ་སྐུ། ཆགས་སྡང་གི་མཁན་པོ། ང་རྒྱལ་གྱི་གྲྭ་ས་བཅས་ཞེ་འདོད་ངན་པས་ཀུན་ནས་བསླངས་བ་མ་ཡིན་པའི། སྦྱང་བའི་ཡོན་ཏན་ལ་གནས་ཤིང་དབེན་རིར་སྒྲུབ་པའི་རྒྱལ་མཚན་འཛུགས་པའི་རྒྱལ་བ་དགྱེས་པའི་ལམ་བཟང་། གདན་ས་འདིའི་ཐུན་མིན་གྱི་ཁྱད་ཆོས་དམ་པ་གོང་མའི་ཞབས་རྗེས་ལ་ཡང་ཡང་བསྙེག་དགོས་པ་བཅས་སོ།།

སླར་ཡང་སྨྲས་པ།

ཤུགས་དྲག་སྙིགས་དུས་རྒུད་མུན་སྟོབས་བདོ་བས།།

ལས་ཉོན་རབ་འཁྲུགས་རྦ་རླབས་ཆེར་གཡོ་བའི།།

སྡུག་བསྔལ་དུག་མཚོར་འགྲོ་འདི་ཉེན་གྱུར་ཚེ།།

སྐད་ཅིག་སྣང་བའི་གློག་འགྱུའང་རྒྱལ་རྣམས་མཐུ།།

ཐུབ་པའི་བསྟན་པ་རི་མོའི་གཟུགས་བརྙན་བཞིན།།

སྲོག་མེད་བེམ་པོའི་ངང་ཚུལ་མ་བཟོད་དེ།།

ལྷག་བསམ་ཟླ་བའི་རང་མདངས་བཞུས་པའི་ཁམས།།

ལེགས་བྱས་མཆོད་སྤྲིན་ཟུངས་སུ་སྟོབ་ལ་ཕྱོགས།།

ཧ་ཅང་མཐོ་བའི་ཉི་ཟླར་གནམ་གྱི་སྐས།།

བཙུགས་པའི་ཕོ་ཚོད་རེ་བའི་མཐའ་སྟོང་ཡང་།།

ཅུང་ཟད་བྱས་པའི་ལག་རྗེས་མངོན་སུམ་ཡུལ།།

ངལ་བ་འབྲས་བུར་བཅས་པའི་རྟགས་སུ་བཞག།

དབེན་སྤྱིལ་ཁུང་བུར་ཉལ་བའི་བརྟུལ་ཞུགས་དང་།།

ཚོགས་ཉུལ་ལོག་འཚོས་བསྒྲུབས་པའི་རྣམ་གཡེངས་ཀྱིས།།

དུས་འདིར་བསྟན་ལ་ཕན་པ་ཆུང་མཐོང་ནས།།

བཤད་སྒྲུབ་འདུས་པའི་སྡེ་ལ་ལྷག་པར་འདུན།།

ལུང་རིགས་སྡེ་སྣོད་སྦྱང་བ་མཐར་སོན་ཞིང་།།

ཚུལ་དགུའི་ཡོན་ཏན་རྒྱུད་ལ་མ་འབྱོར་ན།།

ཟ་ཆོག་བྲིན་ཚོང་གཞན་མགོ་འཐོམ་བྱེད་པ།།

རྟགས་ཙམ་འཛིན་པའི་རང་གཤིས་ངོམ་པར་སེམས།།

བསྟན་པའི་ཡང་བཅུད་ལུང་དང་རྟོགས་པའི་ཆོས།།

སྤེལ་ལས་གཞན་དུ་བསྟན་ཞེས་རློམ་གྱུར་ན།།

རྫོགས་སངས་རྒྱས་ཀྱིས་ཞི་བའི་ཆོས་རྙེད་ཀྱང་།།

མི་སྨྲ་ནགས་ཀྱི་ཁྲོད་ལས་ཅི་ཕྱིར་གཡོ།།

རྣམ་དག་ཁྲིམས་ཀྱིས་རྒྱུད་བསྡམས་རླབས་ཆེན་སྤྱོད།།

ས་ཆེན་སེམས་དཔའི་རྗེས་འགྲོ་སྨིན་ཅིང་གྲོལ།།

དམ་པའི་རྗེས་ཞུགས་བཟང་པོའི་ཚུལ་ཅན་ལས།།

ཁྱིམ་པ་མདོག་དམར་རང་གཞན་ཕུང་བའི་གཞི།།

དེ་ཕྱིར་མཆིང་བུའི་ཁྲོད་ནས་ནོར་བུ་དང་།།

རྒྱུ་སྐར་ཕྲེང་བའི་དབུས་ནས་ཉིན་བྱེད་བཞིན།།

མཁས་བཙུན་བཟང་ལྡན་གཙུག་ན་བསྲེལ་བྱེད་པ།།

ལེགས་བྱས་ཕུན་ཚོགས་ངང་གིས་འཕེལ་བའི་རྒྱུ།།

གང་ཞིག་དཔལ་གྱིས་མངོན་མཐོ་སེངྒེའི་རིར།།

དུས་ཀྱི་ཡང་མཐར་བཤད་དང་སྒྲུབ་པའི་སྡེ།།

འཛམ་གླིང་ནོར་འཛིན་རྒྱན་དུ་བཀོད་པའི་དགེས།།

རྒྱལ་བསྟན་ཉི་ཟླའི་ཡུན་དང་མཉམ་བྱེད་ཤོག།

བདག་ཀྱང་འདི་ནས་འཁོར་བ་ཇི་སྲིད་བར།།

རླབས་ཆེན་གཞན་དོན་སྤྱོད་ལ་ཞུམ་མེད་པའི།།

དམ་བཅའ་སྙིང་ནས་ནམ་ཡང་མི་ལྷོད་པར།།

བསྟན་དང་འགྲོ་བའི་གསོས་སྨན་ཉིད་གྱུར་ཅིག།

ཅེས་པའང་ཡུལ་རྫ་རྒྱུད་དགེ་རྩེ་ཞོལ་མ་ཞེས་པའི་འབྲོག་མིག་སྨན་ཐིག་ལེའི་གྲོང་དུ་སྐྱེ་བ་བླངས་བ། གྲུབ་དབང་རྫོགས་ཆེན་པ་དྲུག་པའི་ཞབས་རྡུལ་སྤྱི་བོས་བླངས་ཤིང་གསུང་གི་དབུགས་དབྱུང་ཐོབ་པ་པདྨ་བཛྲའི་སྐྱེ་མིང་གསུམ་པར་སྒྲོ་བཏགས་པ། ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་མིང་གཞན་པདྨ་སྐལ་བཟང་དུ་འབོད་པ་དེས། རང་ལུས་ཀྱི་ཁྲག་དྲོན་བསྟན་སྲོག་ཉག་ཕྲ་གསོ་བའི་ཟུངས་སུ་བསྟབས་པའི་རྣམ་དཀར་གྱི་བསོད་ནམས་མི་དམན་པ་བསགས་པའི་བགོ་སྐལ་བཟང་པོ་ཐོབ་པའི་སྐབས་ཏེ། བོད་བསྟན་པ་ཡང་དར་གྱི་རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་གི་ལོར། ཤྲཱི་སེང་ཆོས་གྲྭ་གཞི་ཁྱོན་ཆེན་པོའི་གསར་འཛུགས་རྒྱ་བསྐྱེད་དང་། ཆོལ་གསུམ་བོད་ཀྱིས་གཙོས་པའི་འཛམ་གླིང་འཛིན་མའི་ཡུལ་གྲུ་མང་པོ་ནས་ཕེབས་པའི་མཁན་སྤྲུལ་དགེ་སློབ་བརྒྱ་སྟོང་མང་པོའི་ཞབས་འགྱུར་ཁུར་ལེན་སྐབས་བྲིས་པ། མིང་གཞན་ས་འབྲུག་བཅའ་ཡིག་ཏུ་འབོད་པ་འདི་ཙམ་ཉིད་ཀྱང་རྒྱལ་བསྟན་དར་བའི་གསོས་སུ་གྱུར་ཅིག།

དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན།།

མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ།།

འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ།།

ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག།

བཅའ་ཡིག་དོན་བདུན་མ།

འདྲེན་མཆོག་ལྷ་མིའི་སྟོན་པ་དྲང་སྲོང་ཆེ།།

ཞི་བསིལ་དམ་ཆོས་རྨད་བྱུང་བདུད་རྩིའི་མཆོག།

འཕགས་ཚོགས་དགེ་འདུན་ཐར་བའི་དེད་དཔོན་ཏེ།།

མཆོད་འོས་རྣམ་གསུམ་མི་འབྲལ་གཙུག་ཏུ་བསྙེན།།

སྡེ་གསུམ་ཀློང་དགུའི་མན་ངག་ཟབ་དོན་མཛོད།།

ངེས་གསང་བསྟན་པའི་སྲོག་ཏུ་ལེགས་བསྐྱིལ་བའི།།

གྲགས་པའི་བ་དན་གཡོ་བ་རྫོགས་ཆེན་པ།།

ཡབ་སྲས་བརྒྱུད་པར་བཅས་པས་དེང་འདིར་སྐྱོངས།།

ཛམྦུས་མཚན་པའི་ཡུལ་གླིང་ཆེན་པོའི་གངས་ལྡན་ར་བས་བསྐོར་བའི་ལྗོངས་ཀྱི་བསྟན་པ་ཡོངས་རྫོགས་ཀྱི་ཕྱི་མོ་ངེས་གསང་བསྟན་པའི་ཆུ་འགོ་འཕགས་ཡུལ་ནཱ་ལེནྡྲ་གཉིས་པ་གྲུབ་དབང་རྫོགས་ཆེན་དཔལ་སེངྒེ་རིའི་ཆོས་གྲྭ་ཆེན་པོའི་ལུང་།

དེ་ཡང་རྩོད་ལྡན་སྙིགས་མའི་དུས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་འཇིག་རྟེན་གྱི་ཁམས་སུ་དར་ཞིང་དཀོན་མཆོག་གི་སྣང་བ་ཆེན་པོས་མ་བཏང་བ་ནི་སྐྱེ་དགུའི་བསོད་ནམས་ཀྱི་ཟོང་གིས་བསྐྲུན་པ་གོར་མ་ཆགས་ལ་སྟོན་མཆོག་ཐུབ་པའི་དབང་པོའི་བསྟན་པ་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཏེ། ཇི་སྐད་དུ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ནའོ། །ཞེས་གསུངས་པ་ལྟར་ལས་དེ་ཉིད་འཛིན་སྲུང་སྤེལ་བའི་འཁོར་ལོ་གསུམ་གྱི་མཛད་རྒྱུན་སྐྱོང་བའི་བདག་རྐྱེན་ནི་བསྟན་འཛིན་གྱི་སྐྱེས་བུ་ཉིད་ཡིན་ཕྱིར། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་པ་ལྟར་དགེ་འདུན་འདུས་པའི་སྡེ་ཆེན་པོས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བརྟེན་ཏེ་ཐོས་སོགས་ཡོན་ཏན་རྒྱ་མཚོ་ལ་མངའ་དབང་འབྱོར་བའི་ལྷར་བཅས་འགྲོ་བའི་བསོད་ནམས་ཀྱི་ཞིང་མཆོག་དང་བ་འདྲེན་པའི་མིག་རྒྱན་དུ་གྲྭ་སའི་སྒྲིག་ལམ་གྱི་རྣམ་བཞག་སྔོན་བྱོན་དམ་པའི་ཕྱག་ལེན་ལས་ཟུར་བཀོལ་དོན་བསྡུས་སུ་ཕྱུང་བ་འདི་ལྟ་སྟེ།

༡༽ སྒྲིག་ཞུགས་མཆོག་ཕལ་ཡོངས་ཀྱིས་རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཚུལ་བཞིན་མནོས་ཏེ་དམ་ཆོས་འདུལ་བ་རང་གཞུང་ལས་བྱུང་བའི་བཅས་ཁྲིམས་རྣམ་པར་དག་པ་བསྲུངས་ནས་གཞི་གསུམ་གྱི་ཕྱག་ལེན་དམ་པ་གོང་མའི་བཀའ་སྲོལ་ལྟར་ཕྱག་བསྟར་གནང་དགོས་ཤིང་། གལ་ཏེ་རྩ་བཞི་ཆང་ལྔའི་ཉེས་ལྟུང་བྱུང་མཁན་ངེས་པར་གནས་དབྱུང་བཏང་དགོས།

༢༽ བླ་གྲྭ་ཀུན་གྱིས་བསླབ་པ་མིག་ལྟར་སྲུང་བ་དང་། རང་རང་གི་ལྷག་ལྷའི་ཡི་དམ་གྱི་བསྙེན་སྒྲུབ་དང་རྒྱུན་གྱི་ཞལ་འདོན་མཐར་ཆགས་དང་ཡར་མར་གྱི་ཚེས་བཅུའི་དུས་མཆོད་ཆག་མེད་ཐོག ཀུན་ཀྱང་ལོ་དར་གྱི་དུས་མཆོད་ཆེ་ཆུང་ཁག་རྣམས་ལ་ཞུགས་ཏེ་རང་འཁྲིའི་འོས་འགན་གྱི་ཞབས་ཞུ་སྒྲུབ་པ་ལས། ཆག་འཕྲི་སྒྲིག་འགལ་གཏན་ནས་མི་ཆོག་པ་དང་། འདོན་སྒྲིག ཕྱག་ལེན། འཆམ་སྟབས་སོགས་རྫོགས་ཆེན་རང་རྐང་ལ་བསྲེ་སླད་ཞུགས་མི་ཆོག་པ།

༣༽ དགོན་པ་ཞེས་པ་ནི་གྲོང་ལས་འཕགས་པའམ་དགེ་འདུན་པའི་བསྟི་གནས་ཡིན་པར་བརྟེན། བླ་གྲྭ་ཐམས་ཅད་དུས་དང་རྣམ་པ་ཀུན་ཏུ་དེ་རུ་བཞུགས་དགོས་པ་ལས་དགོངས་གནང་མ་ཐོབ་པ་དང་ཁྲིམས་གྲོགས་མེད་པར་གྲོང་ཡུལ་དུ་འགྲིམ་མི་འོས་པ་དང་། ཁྱིམ་པའི་རྟེན་ཅན་དེ་རུ་འདུས་སྡོད་བྱ་མི་ཆོག་པ་མ་ཟད། བུད་མེད་གླིང་ནང་དུ་ཞག་སྡོད་གཏན་ནས་མི་ཆོག་ཅིང་། གྲྭ་ཞུགས་རྒན་གཞོན་ཀུན་གྱིས་གཞི་བྱེས་གང་དུའང་ངུར་སྨྲིག་གི་རྒྱལ་མཚན་བཞེས་དགོས་པ་ལས་ཁྱིམ་པའི་རྟགས་ལེན་མི་ཆོག་པ།

༤༽ བཤད་གྲྭར་ཞུགས་པ་ཀུན་གྱིས་ཐོག་མར་བརྡ་དག་སྙན་སུམ་སྒྲ་རྩིས་སོགས་ཀྱི་སྦྱངས་པ་སོང་རྗེས་གཞུང་ཆེན་བཅུ་གསུམ་རྒྱ་གཞུང་མཁན་ཆེན་གཞན་དགའི་མཆན་འགྲེལ་ཐོག་གཟིགས་ནས། ཀུན་མཁྱེན་རོང་ཀློང་རྣམ་གཉིས། འཇམ་པའི་དབྱངས་དངོས་མི་ཕམ་མ་ཧཱ་པཎྜི་ཏ་སོགས་རྒྱ་བོད་མཁས་པའི་གཞུང་ལུགས་ལ་ཐོས་བསམ་གཤིས་ཕྱིན་པ་མཛད་རྗེས་ཤེས་བརྩོན་ལྡན་པ་རྣམས་གངས་ལྗོངས་ནཱ་ལེནྡྲ་གཉིས་པ་དཔལ་སེངྒེ་རིའི་ཆོས་གྲྭར་ཞུགས་ནས་མཐར་ཕྱིན་རྗེས་འོས་བསྟུན་གྱི་བཤད་སྒྲུབ་བསྟན་པ་སྤེལ་བའི་ཁུར་ཆེན་བཞེས་དགོས་པ།

༥༽ སྒྲུབ་གྲྭ་པ་ཀུན་གྱིས་སྔོན་འགྲོ་ཀུན་བཟང་བླ་མའི་ཞལ་ལུང་ཐོབ་པས་འབུམ་ལྔ་བསགས་པ་སྔོན་སོང་གིས་སྒྱུ་འཕྲུལ་ཞི་ཁྲོ་སོགས་ཡི་དམ་སོ་སོའི་སྨིན་དབང་ནོད་དེ། ཁྲིད་ཡིག་ཡེ་ཤེས་བླ་མ་དང་། བར་དོ་དྲུག་ཁྲིད། སྙིང་ཐིག་ཡ་བཞི་སོགས་ཀྱི་ཁྲིད་སྦྱང་དང་། ཡི་དམ་བཀའ་དགོངས་ཕུར་གསུམ་གྱི་བསྙེན་ཚད་ཐེམས་དགོས།

༦༽ དགོན་གྱི་འཁོར་ལོ་གསུམ་གྱི་མཛད་པ་མཐའ་དག་སྔར་བྱོན་དམ་པ་གོང་མའི་ཕྱག་བཞེས་དང་འབྲེལ་དགོས་ཤིང་། བསྟན་སྲིད་ཀྱི་འགན་ནུས་གཙོ་བོ་མཆོག་སྤྲུལ་ལྷན་རྒྱས་ཀྱིས་བཞེས་པ་ནས་ལས་སྣེ་ཆེ་རིགས་འོས་འདུའི་འདེམ་མིང་ལ་ལྷ་བླའི་དགོངས་རྟགས་དང་མཐུན་པར་བསྐོ་བཞག་གནང་ཐོག དེས་ཀྱང་སྤྱི་སྙོམས་གཞུང་ཕན་གྱི་མིག་ལྟོས་འཛུགས་པ་ལས་སྒེར་གཅོད་ཕྱོགས་འཐེན་གྱི་བྱ་རིགས་རྩོམ་མི་ཆོག་པ་དང་། སུས་ཀྱང་འཛིང་རྩོད་འཁོན་འགྲས་ཀྱི་ངན་གཞི་འཇོག་མི་ཆོག

༧༽ སྒྲིག་ཞུགས་མཆོག་དམན་བར་མ་ཀུན་གྱིས་རང་སེམས་གཙང་མ་དཔང་དུ་འཇོག་ཅིང་། ལྷ་དང་བླ་མ་དབྱིངས་ནས་མི་ཁྲེལ་བའི་སྡོམ་དང་དམ་ཚིག་རྣམ་པར་དག་པ་བསྲུངས་ནས་དཀོན་མཆོག་གསུམ་གྱི་གདུང་འཚོབ་ཅིང་། ཕྱི་རབས་བསྟན་པའི་རྒྱུན་འཛིན་པ། འབྲེལ་ཚད་ལོག་པར་མི་འགྲོ་བའི་ཞིང་མཆོག་དད་གུས་ཀྱི་ཡུལ་དུ་གྲྭ་ས་སྒྲིག་གིས་འཚོ་བ་ལས། སོ་བྱང་སྔགས་ཀྱི་བསླབ་སྡོམ་དམ་ཚིག་གི་གནང་བཀག་ལས་འགལ་མི་རུང་ཞིང་། འགལ་ཉེས་ཚབས་ཆེན་ཤོར་མཁན་སྡེ་སྣོད་འཛིན་པའི་ཚོགས་གྲལ་ནས་བསྐྲད་དགོས་པ་མ་ཟད་ཆོས་དང་དམ་ཚིག་གི་འབྲེལ་ཐག་གཅོད་དགོས།

དེ་ལྟར་ཆོས་དང་མཐུན་པའི་བཅས་ཁྲིམས་ཇི་བཞིན་མིག་ལྟར་སྲུང་ཞིང་བསྟན་པའི་མཛེས་རྒྱན་དུ་གྱུར་པ་ཀུན་ལ་ལྷས་ཀྱང་དགའ་བའི་མེ་ཏོག་འཐོར་ཞིང་། དབྱིངས་ནས་མཆོག་གསུམ་རྒྱལ་བས་ཤིས་པ་སྩོལ་བ་དང་། ཁྱད་གསོད་ལོག་སྒྲུབ་བྱ་མཁན་རྣམས། བཀའ་སྲུང་མ་གཟའ་རྡོར་གསུམ། གནོད་སྦྱིན་ཙིའུ་དམར་པོ། དམ་ཅན་ལྷ་མོ་ངན་ནེ་མ་བཅས་ཀྱི་ཟས་སྐལ་དུ་གཏད་པ་ལས་གཞན། ཕྱི་མར་དམྱལ་མེས་བསྲེག་པའི་ཐ་ཚིག་བཙན་པོའི་རྒྱ་ལས་མི་འདའ་བར་འཚལ། ཞེས་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པའི་དགོན་ལག་ཁ་ཤས་ཀྱི་དགོས་མཁོར། རབ་རྒྱན་ས་སྦྲུལ་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོའི་ཚེས་ལ་རྫོགས་ཆེན་པདྨ་སྐལ་བཟང་གིས་སྤེལ།།

རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་སྒྲིག་ཡིག

(འཆར་ཟིན།)

པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་དོ་དམ་འགན་འཛིན་ཁྱབ་ཁོངས་ནི།

པདྨ་ཐང་གི་ཁོར་ཡུག་སྟེ་གཡུ་འབྲུག་ཟམ་པ་ཡན་གྱི་ཆུ་ཉིན་སྲིབ་ལ་ངོས་བཟུང་བའི་གནས་སུ་བསྟི་བའི་མཆོག་ཕལ་ཀུན་དེའི་སྡེར་གཏོགས་ཡིན། རུ་དམ་ཡང་དབེན་པདྨ་ཐང་ནི་སྔར་བྱོན་སྙིང་ཐིག་བརྒྱུད་པའི་དམ་པ་གོང་མའི་གདན་ས་དང་སྒྲུབ་གནས་ཡིན་པས། དུས་འདིར་གསང་ཆེན་སྙིང་པོའི་སྒྲུབ་ལ་གཞོལ་བའི་དམ་ལྡན། སྙིང་ནས་སྙིང་པོའི་ལྷ་ཆོས་ལ་འཇུག་མཁན་གྱི་དགེ་འདུན་པ་རྐྱང་པ་བཞུགས་སའི་དབེན་པའི་ཁོར་ཡུག་གཙང་མ་ཞིག་བསྐྲུན་རྒྱུར་མེད་མི་རུང་བའི་སྒྲིག་ལམ་གྱི་རྩ་འཛིན་གཤམ་གསལ་དག་སྟེ། གནས་འདིར་གཏན་བཞུགས་གནང་མཁན་ནམ། ལོ་ཟླའི་དུས་བཅད་དུ་བཞུགས་མཁན་ཐམས་ཅད་ཀྱིས་ཉམས་ལེན་ཐུན་བཞིའི་རྣལ་འབྱོར་ཆག་མེད་དུ་བྱ་དགོས་ཤིང་། སྔོན་འགྲོ་ཀུན་བཟང་ཞལ་ལུང་གི་ཁྲིད་ཀ་དང་འབྲེལ་བའི་སྔོན་འགྲོ་འབུམ་ལྔའི་བསགས་སྦྱང་དང་། སྙིང་ཐིག་རྩ་གསུམ་གྱི་གཞི་བསྙེན་སྔོན་སོང་ཐོག དངོས་གཞི་ཡེ་ཤེས་བླ་མའི་ཁྲིད་ཀ་ཞུས་ནས། དེའི་ཁྲིད་སྦྱང་སྙིང་རུས་ཐོན་པ་གནང་དགོས། དེ་འབྲེལ་རྩ་རླུང་དང་འཕོ་བ་སོགས་ཀྱང་ཞོར་དུ་སྦྱངས་ནས། ཉམས་ལེན་སྲང་དུ་འཛུད་ཚུལ། མན་ངག་གཞུང་བཞིན་ལས། དམིགས་བསལ་སྒར་འདིའི་ཕྱག་སྲོལ་ཟུར་བཀོད་དུས་སྟོན་ཕྱོགས་བརྡ་དང་བསྟུན་དགོས། གནས་འདིར་གཉུག་མར་གནས་པའམ། གློ་བུར་ལྷག་པའི་དགེ་འདུན་པ་ཐམས་ཅད་ཀྱིས་དམ་ཆོས་འདུལ་གཞུང་དང་མཐུན་པའི་བསླབ་པ་མིག་འབྲས་བཞིན་བསྲུངས་ཏེ། སྡོམ་གསུམ་ཡར་ལྡན་དུ་བགྱི་བའི་བསྟན་པའི་བབ་དང་བསྟུན་ནས། གྲྭ་བཙུན་ཕོ་རིགས་ཐམས་ཅད་ཆུས་བཅད་པའི་ཉིན་ཕྱོགས་སུ་བཞུགས་པ་དང་། བཙུན་མ་མོ་རིགས་ཐམས་ཅད་སྲིབ་ཀྱི་རི་འཁྲིས་སུ་བཞུགས་སྒར་འཆའ་བ། པདྨ་ཐང་གཞུང་གི་བརྒྱད་སྡེ་གྲྭ་ཚང་། ལས་གཉེར་ཞབས་ཞུ་བ་དང་བཅས་པ་ཐམས་ཅད་དབུས་ཀྱི་གཙུག་ལག་ཁང་གི་ཁོར་ཡུག་ཏུ་བཞུགས་པ་སོགས། སོ་སོའི་རང་གནས་ལ་བཞུགས་ནས་རང་འཁྲིའི་དགེ་སྦྱོར་དང་མཛད་འགན་ཕྱག་ལེན་དུ་བསྟར་དགོས། བཙུན་མའི་སྒར་དུ་དགོངས་ཞུས་མེད་པར་ཕོ་རིགས་འགྲུལ་སྡོད་མི་ཆོག་ཅིང་། དེ་བཞིན་གྲྭ་བཙུན་གྱི་བཞུགས་གནས་སུ་བཙུན་མ་ཁྲིམས་གྲོགས་མེད་པར་འགྲོ་བསྐྱོད་མི་ཆོག རྫོགས་དགོན་བཤད་སྒྲུབ་ལས་གསུམ་གྱི་ཁོངས་ནས་ཞོལ་ཞིང་། རང་སྒོ་སྒེར་བཙན་གྱི་རང་མོས་བྱ་འགུལ་སྤེལ་རྒྱུའི་དམིགས་ཡུལ་ཡོད་མཁན་དང་། དགོན་སྡེ་གཞན་གྱི་དེ་མཚུངས་སྐྱིད་འདོད་བརྫུ་བག་ཅན་གནས་འདིར་སྡོད་མི་ཆོག་ཅིང་། སྒེར་གཉེར་ཚོང་ཁང་དང་མགྲོན་ཁང་། ཟས་ཁང་། ཇ་ཁང་། ཁྲུས་ཁང་། གློང་བརྙན་ཁང་སོགས་བཙུག་མི་ཆོག་པ་དང་། ཕྱོགས་འདིར་དམར་ཟས་འཚོང་མཁན་ཡོང་ནས་ཤ་རིགས་བཙོང་མི་ཆོག ཁྱིམ་པ་གནས་འདིར་གཏན་སྡོད་བྱ་མི་ཆོག་ཅིང་། ཁྱིམ་པ་གནས་འབྲེལ་མཁན་ཡང་ཞག་བདུན་ཡན་མི་སྡོད་པ་དང་། མཚམས་ལ་སྡོད་མཁན་དང་ཆོས་ཞུ་པའང་། དུས་བཀག་ལས་བརྒལ་བའི་ཞག་ལྷག་དུ་སྡོད་མི་ཆོག་པ་ལས་གཞན། མི་རིགས་གཞན་དང་ས་ཕྱོགས་གཞན་གྱི་མི་སྣ་མཆོག་ཕལ་སུ་བྱུང་། དབུའི་གཞུང་ལས་ཁང་ལ་ཐོ་འགོད་བྱ་དགོས་པ་དང་། ཆོས་ཁྲིད་ཆེན་པོའི་སྐབས་སུ་སྔགས་རིགས་དང་དགེ་བསྙེན་ཕོ་མོ་མཆོད་རྟེན་དཀར་པོའི་མན་གྱི་ཐང་དང་ནེའུ་གསེང་དུ་སྒར་གཞིས་འཆའ་བ་ལས། སྐྱ་སེར་བསྲེ་སྡོད་བྱ་མི་ཆོག སྒྲུབ་གནས་བྲག་ཕུག་གྲགས་ཆེན་རྣམས་སུ་དབུའི་གཞུང་གིས་ཆོག་མཆན་ཐོབ་པའི་ལོ་གསུམ་ཡན་གྱི་མཚམས་པ་བཞུགས་དགོས་ཤིང་། དེར་བཞུགས་བཅད་རྒྱ་པ་དག ཆོས་ཁྲིད་གསན་བཞེས་ཕུད། སྐུ་སྙུན་སོགས་ཀྱི་འགལ་རྐྱེན་དྲག་པོ་མ་བྱུང་ཕྱིན། མཚམས་ལས་ཧར་འདོན་བྱ་མི་རུང་ལ། རྒྱུན་གྱི་སྐུ་འཚོའི་བདེ་དོག་གཞུང་གི་དམིགས་བསལ་འགན་ཁུར་བས་བལྟ་སྐྱོང་བྱ་དགོས། ཕྱོགས་འདིའི་ནགས་ཚལ་དང་སྤང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་དང་འབྲེལ། རི་རྒྱ་རྔོན་ཁྲིམས་དང་། མེ་དགྲར་དོགས་ཟོན། ཤིང་ནགས་དང་ཤིང་ཕྲན་གཅོད་འབྲེག་ལ་བཀག་རྒྱ་དགོས་པ་མ་ཟད། ཁོར་ཡུག་བཙོག་འགྱུར་གྱི་དངོས་པོ། གཏན་འཁེལ་ཕྱགས་དར་སྤུངས་ཁྲོད་ལས་གང་བྱུང་དུ་གཡུག་མི་ཆོག བསླབ་སྐྱོན་བྱུང་མཁན་དང་། སྲུང་མ་བསྟེན་ཕྱོགས་རྒྱབ་འགལ་ཅན། དགོན་སྡེ་གཞན་གྱིས་མཐར་སྐྲོད་བཏང་བ། ལག་འཛིང་རྒྱབ་འདྲེ་གཏུག་མཁན་བསམ་གཏན་གྱི་ཚེར་མ་བཅས། འཕྲལ་དུ་ནན་བསྟུར་རམ་ངག་འཇམ་གྱི་ཐབས་ལམ་གྱིས་གནས་དབྱུང་བཏང་དགོས། གནས་འདིར་འོངས་ནས་ལོག་སྒྲུབ་ཀྱི་བྱ་ལས་བརྩམ་མཁན་གཞན་དང་གཞན་དག་ལ་ཡང་འདི་ཕྱིའི་ཕུགས་ཉེན་ལས་སྐྱབས་ཕྱིར། ལུགས་ཟུང་གི་ཁྲིམས་ཆད་ཁུར་དུ་འཇུག་དགོས་པ་བཅས་གནམ་ལོ་གསར་ཚེས་ཀྱི་དབྱར་ཆོས་ཐོག་མའི་དུས་ཚོད་ནས་ཕྱག་ལེན་དུ་བསྟར་རྒྱུའི། ས་བྱིའི་སྒྲིག་ཡིག་གཏན་ལ་འབེབ་པའི་སྔ་མཁོའི་གྲ་སྒྲིགས་ཟིན་བྲིས་འདི་བཞིན་མེ་ཕག་ཧོར་ཟླ་ཚེས་ལ་བྲིས།།

བུམ་སྒྲུབ་ཆེན་མོའི་ཞལ་བཀོད་སྟོང་ཐུན་བསྡུས་བཀོད་གཟུར་གནས་དགྱེས་པའི་གཏམ་ཐུང་།

སྲས་བཅས་རྒྱལ་བ་ཡོངས་ཀྱི་རྣམ་འཕྲུལ། རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་ཕྲིན་ལས་པ། སྔ་འགྱུར་གསང་ཆེན་སྙིང་པོའི་བསྟན་པའི་སྒྲོན་མེ་ཆེན་པོ་མཆོག་གི་སྤྲུལ་པའི་སྐུ་རྣམས་ཀྱིས་དབུ་མཛད་པའི་འཕགས་ཚོགས་འདུས་པ་རྒྱ་མཚོའི་སྙན་ལམ་དུ། སྐབས་སུ་བབས་པའི་གཏམ། དུས་སུ་སྨིན་པའི་ཆར་ཞེས་པ་ལྟར་ཆོ་འཕྲུལ་ཟླ་བའི་ལོ་དར་གྱི་བུམ་སྒྲུབ་ཆེན་པོ་དང་འབྲེལ་བའི་གཏམ་སྔོན་སྲོལ་ཡ་རབས་ཀྱི་ལུགས་ལྟར་ས་བཅད་མི་སྟོང་ཙམ་དུ་ཞུ་བ་ལ། ཇི་སྐད་དུ། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་དབུས་ན་མཁས་པ་དགའ་བྱེད་ཡིན། །ཞེས་དང་། བླུན་པོ་ཟས་དང་ནོར་གྱིས་ཏེ། །དམ་པ་ལེགས་བཤད་གཏམ་གྱིས་མགུ། །ཞེས་པ་ལྟར། ལུགས་གཉིས་གཏམ་གྱིས་སྣ་དྲངས། སྟོན་དང་བསྟན་པའི་རྣམ་བཞག་བཤད། ཚོམ་བུ་ཚོགས་སྒྲུབ་ཀྱི་གཞི་འགོད་པ་ལ། དེ་ཡང་མཁའ་དཀྱིལ་རླུང་ལ་བརྟེན་པའི་ཆུ་ཡི་ཕུང་པོའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་ཆགས་ཤིང་། རི་དབང་རི་རྒྱལ་ལྷུན་པོ་རིན་ཆེན་བཞིའི་རང་མདོག་ཅན་དབུས་སུ་བྱས་པའི་གླིང་བཞི་གླིང་ཕྲན་བརྒྱད། གསེར་རི་རོལ་མཚོ་རིན་པོ་ཆེའི་གླིང་བདུན། རྟ་གདོང་རྒོད་མ་ཁའི་ལྕགས་རི་མེ་འབར་བ་དང་བཅས་པས་བསྐོར་བའི་སྟེང་སོགས་ན། རྒྱལ་ཆེན་རིགས་བཞི་སུམ་ཅུ་རྩ་གསུམ་འཐབ་བྲལ་དང་དགའ་ལྡན་སོགས་འདོད་ལྷ་རིས་དྲུག གཟུགས་ཁམས་གནས་རིས་བཅུ་བདུན། གཟུགས་མེད་སྐྱེ་མཆེད་མུ་བཞི་བཅས་ཕྱི་སྣོད་ཀྱི་འཇིག་རྟེན་མས་ནས་ཡར་ཆགས་པའི་རྗེས་སུ། ནང་བཅུད་ཀྱི་སེམས་ཅན་ཡས་ནས་མར་ཀུན་གཞིའི་ཀློང་ནས་གཟུང་འཛིན་གྱི་རྣམ་རྟོག་འཕྲོས་པས་སྲིད་རྩེ་ནས་མནར་མེད་བར་འགྲོ་བ་རང་རང་གི་ལས་སྣང་དང་མཐུན་པར་ཆགས། དེ་ལས་མིའི་འགྲོ་བར་བསྐལ་པ་རྫོགས་ལྡན། སུམ་ལྡན། གཉིས་ལྡན། རྩོད་ལྡན་གྱི་སྐབས་སུ་རིམ་པར་འབངས་དང་རྒྱལ་པོའི་རབས་དང་ཐ་སྙད་མང་དུ་བྱུང་བ་ལས་གངས་ཅན་བོད་འདིར་ཡང་། གནམ་ལ་ཁྲི་བདུན། བར་གྱི་སྟེང་གཉིས། ས་ཡི་ལེགས་དྲུག ཚིགས་ལ་སྡེ་བརྒྱད། སྐྱིད་པའི་གདུང་རབས་བཅུ་གསུམ་སོགས་རྒྱལ་རབས། བློན་རབས། འབངས་རབས་མང་པོ་བརྒྱུད་པ་ནས་དེང་སང་གི་བར་གྱི་བྱུང་བ་འདི་བཞིན་ཕྱི་སྣོད་ནང་བཅུད་ཀྱི་འགྲོ་བ་སྤྱི་དང་བྱེ་བྲག་ཆགས་ནས། དེ་འདུལ་བྱེད་ཀྱི་སྟོན་པ་བསྐལ་བཟང་སངས་རྒྱས་སྟོང་གི་དབུས་ནས་པདྨ་དཀར་པོ་ལྟར་བསྔགས་པ། རྣམ་འདྲེན་བཞི་པ་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་ཟས་གཙང་སྲས་པོ་རྒྱ་གར་འཕགས་པའི་ཡུལ་དུ་བྱོན། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆོས་འཁོར་རིམ་པ་གསུམ་མམ་བཞི་རུ་བསྐོར་ཏེ་མཐར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན། དེས་བསྟན་པའི་དམ་ཆོས་ཐེག་དམན་ཉན་ཐོས་ཀྱི་སྡེ་སྣོད་རྣམས་བསྟན་པའི་གཏད་རབས་བདུན་བརྒྱུད་ནས་བཀའ་བསྡུ་རིམ་པ་གསུམ་གྱིས་དར། ཐེག་ཆེན་ཕར་ཕྱིན་གྱི་སྡེ་སྣོད་རྣམས་བྱམས་འཇམ་དབྱངས་གཉིས་ཀྱིས་རྗེས་སུ་བཟུང་བའི་སློབ་དཔོན་ཀླུ་ཐོགས་གཉིས་ནས་འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་མཆོག་གཉིས། རྨད་དུ་བྱུང་བའི་སློབ་དཔོན་བཞི་སོགས་ཀྱིས་དར་ཞིང་རྒྱས་པར་མཛད། གསང་སྔགས་རྡོ་རྗེའི་ཐེག་པ་དམ་པའི་རིགས་ཅན་དྲ་མ་ལྔས་གསང་བའི་བདག་པོ་ལས་དངོས་སུ་ཞུས་ཏེ། དེ་དག་བརྒྱུད་ནས་མ་ཧཱ་ཡོ་གའི་ཏནྟྲ་སྡེ་བཅོ་བརྒྱད་རྒྱལ་པོ་ཛཱའི་ཁང་སྟེང་དུ་བབས། རྫོགས་པ་ཨ་ནུ་ཡོ་གའི་རྒྱུད་རྣམས་སེངྒ་ལའི་ནགས་ཚལ་དུ་བབས། རྫོགས་ཆེན་ཨ་ཏིའི་རྒྱུད་རྣམས་རྡོ་རྗེ་སེམས་དཔའ་ལས་དགའ་རབ་རྡོ་རྗེས་དངོས་སུ་གསན་པ་སོགས་བརྒྱུད་དེ་གསང་ཆེན་སྔགས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་དར་ནས། ལྷ་ཀླུ་མིའི་འགྲོ་བ་འཁོར་ཚོམ་བུ་འབུམ་དང་བཅས་ཏེ་མངོན་པར་རྫོགས་པར་སངས་རྒྱས། དེ་ནས་བྱང་ཕྱོགས་གངས་ལྡན་སཱ་ལའི་སྨན་ལྗོངས་འདིར་ཡང་། ལྷ་ཐོ་རི་སྙན་ཤལ་གྱི་རིང་ལ་དམ་པ་ཆོས་ཀྱི་དབུ་བརྙེས། སྲོང་བཙན་སྒམ་པོས་དམ་པ་ཆོས་ཀྱི་སྲོལ་བཏོད། ཆོས་རྒྱལ་ཁྲི་སྲོང་སྡེའུ་བཙན་གྱིས་དར་ཞིང་རྒྱས་པར་མཛད་དེ་དཔལ་བསམ་ཡས་ལུགས་གསུམ་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས། མཁན་སློབ་ཆོས་གསུམ་གདན་འཛོམས། རྒྱ་ཆོས་བོད་དུ་བསྒྱུར། མདོ་སྔགས་ཟུང་དུ་འབྲེལ་བའི་རྒྱལ་བསྟན་དར། ཆོས་དཔེ་གཏེར་དུ་སྦས། རི་བྲག་སྒྲུབ་གནས་སུ་བྱིན་གྱིས་བརླབས། བཀའ་བབས་སྙིང་གི་བུ་དགུ། ལས་ཅན་རྗེ་འབངས་ཉེར་ལྔ་སོགས་རིམ་པར་བྱོན་ནས་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་དང་པོ་གཉག་ལ་བབས། བར་དུ་གནུབ་ལ་བབས། ཐ་མ་ཟུར་ལ་བབས་ཏེ། ཀུན་མཁྱེན་རོང་ཀློང་རྣམ་གཉིས་སོགས་མཚན་ཉི་ཟླ་ལྟར་གྲགས་པའི་མཁས་ཤིང་གྲུབ་བརྙེས་གསེར་རིའི་ཕྲེང་བ་ལྟར་བྱོན་པ་ནས་ད་ལྟའི་བར་བརྒྱུད་པ་ཡིན། ད་ཚོམ་བུ་ཚོགས་སྒྲུབ་འདི་ཉིད་ཀྱི་དབང་དུ་བྱས་ན། ཕུན་སུམ་ཚོགས་པ་ལྔས་གཞི་བཟུང་། བསྙེན་སྒྲུབ་ཡན་ལག་བཞིས་གཞུང་སྲོང་། འབྲས་བུ་རིག་འཛིན་འགྲུབ་པའི་དུས་བསྟན། སྨོན་ལམ་བཀྲ་ཤིས་ཟབ་མོས་མཐའ་རྒྱན་པ་བཅས་ལས། སྟོན་པ་ཕུན་སུམ་ཚོགས་པ་ཡང་དག་པའི་ལྟ་དགོངས་ཏིང་འཛིན་དང་ལྡན་ཞིང་། དབང་དང་མན་ངག་གཞི་ལམ་འབྲས་བུ་ཞི་རྒྱས་དབང་དྲག་གི་ལས་རབ་འབྱམས་བཅས་བསྟན་པ་ལ་ཐོགས་པ་མེད་པ་མཆོག་གི་སྤྲུལ་པའི་སྐུ་(མཚན་འགོད་)གནས་ཕུན་སུམ་ཚོགས་པ་བོད་ཆེན་པོའི་ལྗོངས་ཀྱི་མདོ་ཁམས་ཉི་མ་ཤར་ཕྱོགས་འབྲི་ཟླ་ཟལ་མོ་སྒང་གི་སའི་ཆར་གཏོགས་པ་རུ་དམ་དཔལ་གྱི་དབེན་གནས་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གཙུག་ལག་ཁང་ཆེན་པོ། འཁོར་ཕུན་སུམ་ཚོགས་པ་འདིར་ཚོགས་པའི་མཆེད་ལྕམ་འདུས་པ་རྒྱ་མཚོ། ཆོས་ཕུན་སུམ་ཚོགས་པ་ཁྱད་ཆོས་ཆེ་བ་དྲུག་དང་ལྡན་པ་སྔ་འགྱུར་རྙིང་མའི་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། བྱིན་རླབས་དག་སྣང་གི་བརྒྱུད་པ་བཅས་བཀའ་སྲོལ་གསུམ་ལས་འདིར་རྗེས་སུ་གནང་བའི་གཏེར་མ་སྟེ། རིག་འཛིན་འཇའ་ཚོན་སྙིང་པོས་ཉང་ཝ་རཱ་ཎ་ངོས་ཧམ་འཕྲང་ལྕགས་ཀྱི་སྒོ་མོ་ནས་སྤྱན་དྲངས་པའི་ཟབ་ཆོས་དཀོན་མཆོག་སྤྱི་འདུས་རྩ་གསུམ་སྤྱི་དྲིལ་དུ་སྒྲུབ་པ། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག ས་ལ་དཀྱིལ་འཁོར་གྲུ་བཞིའི་བཀྲག་མ་ཡལ། བར་དུ་སྨན་གཏོར་རཀྟའི་མཚོ་མ་སྐམ། བསྙེན་སྒྲུབ་ཕྱག་བཞེས་ཕྲིན་ལས་ཀྱི་བརྒྱུད་པ་མ་ཆད་པ་འདི་ཉིད་དེ། གཞན་ཡང་སྒྲུབ་རྫས་གསང་བའི་ཡོ་བྱད། ནད་སེལ་སྨན་གྱི་ཡོ་བྱད། དགྲ་བཟློག་མཚོན་གྱི་ཡོ་བྱད། རྐྱེན་བཟློག་རྫས་ཀྱི་ཡོ་བྱད་སོགས་སྒྲུབ་པའི་ཡན་ལག་ཕུན་སུམ་ཚོགས་པ་དང་། དུས་ཕུན་སུམ་ཚོགས་པ་ཆོ་འཕྲུལ་ཆེན་པོའི་ཟླ་བ་དགེ་སྡིག་གང་བྱས་འབུམ་དུ་འགྱུར་བའི་དཀར་ཕྱོགས་རྒྱལ་བ་དང་པོའི་ཚེས་ནས་བརྩམས་པ། བསྙེན་པ་ཉེ་བསྙེན། སྒྲུབ་པ་སྒྲུབ་ཆེན་ཏེ་བསྙེན་སྒྲུབ་ཡན་ལག་བཞིའི་སྒོ་ནས། འབྲས་བུ་རྣམ་པར་སྨིན་པའི་རིག་འཛིན་དང་། ཚེ་ལ་དབང་བའི་རིག་འཛིན། ཕྱག་རྒྱ་ཆེན་པོའི་རིག་འཛིན། ལྷུན་གྱིས་གྲུབ་པའི་རིག་འཛིན་བཞི་གྲུབ་ནས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མངོན་དུ་འགྱུར་བ་ཡིན་པས། མཆོག་དམན་ཐམས་ཅད་ནས་ཚོམ་བུ་ཚོགས་སྒྲུབ་འདིའི་དབུ་ཚུགས་ནས་མཇུག་མ་གྲོལ་གྱི་བར་དུ་ལེ་ལོ་དང་རྣམ་གཡེངས་སྤངས་ཏེ་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་ཤེས་པས། བསྐྱེད་རྫོགས་གནད་དང་མ་བྲལ་བའི་བཟླས་པ་ཆུ་བོའི་རྒྱུན་བཞིན་སྐྱོང་བ་ལས་དོན་མེད་ཀྱི་ངག་འཁྱལ་དང་། ཀུ་ཅོ་ཧ་བགད། རྩེད་མོ་འཁོན་འཛིང་རྣམས་སྤངས་ནས། དབུ་ཞྭ་འགྲིག སྐུ་གོས་འགྲིག ཞབས་ལྷམ་འགྲིག གདངས་དབྱངས་འདོན་རྟ། རྡོར་དྲིལ་ཕྱག་རྒྱ་སོགས་གང་ཅིའི་ཐད་ནས་གྲུབ་དབང་རྒྱལ་བ་རྫོགས་ཆེན་པ་ཡབ་སྲས་ཀྱི་ཕྱག་བཞེས་ཕྱི་རབས་བསྟན་པའི་མིག་རྒྱན་དུ་འགྱུར་བ་ཞིག་ཅི་ནས་བཀའ་དྲིན་མི་ཆུང་བར་ཞུ། དེ་ལྟར་དམ་པ་གོང་མའི་ཕྱག་སྲོལ་མི་ནུབ་པའི་རྟེན་དོད་ཙམ་དུ་གཏམ་གྱི་སྦྱོར་བ་ཅུང་ཟད་ཞུས་པའི་རྣམ་དཀར་གྱི་མཐུ་ལས། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་འཛིན་སྲུང་སྤེལ་བས་དར་ཞིང་རྒྱས་པ་དང་། དེ་འཛིན་གྱི་སྐྱེས་བུའི་ཞབས་པད་བརྟན་ཅིང་སྡེ་སྣོད་འཛིན་པའི་འདུས་སྡེ་འཕེལ་བ་དང་། འཇིག་རྟེན་གྱི་ཁམས་ཀུན་ཚེ་འདིར་བདེ་ཞིང་ཕྱི་མར་སྐྱིད་པའི་བཀྲ་ཤིས་སྨོན་ལམ་དཀར་པོས་མཐའ་བརྒྱན་པ་དེ་ཙམ་དུ་ཞུ་ལགས། ཅེས་པའང་རྫོགས་ཆེན་དགོན་ཆེན་གྱི་དགེ་བསྐོས་སྙན་གྲགས་ལགས་ཀྱི་བཞེད་སྐོང་དུ། པདྨ་བཛྲའི་གསུང་ལ་ཅུང་ཟད་གཞི་བཅོལ་ཏེ་ཉུང་བསྡུས་སུ་བཀོད་པ་འདི་པདྨ་སྐལ་བཟང་དེས་ཧ་ཅང་བྲེལ་བའི་སྒང་ཞིག་གི་དགོང་ཁར་ཤར་འབྲི་བྱས་པའོ།།

རྫོགས་ཆེན་ཕུར་སྒྲུབ་ཆེན་མོའི་སྐབས་ཀྱི་ཚོགས་བཤད་ཁྲག་འཐུང་དགྱེས་པའི་གད་རྒྱང་།

ཨེ་དབྱིངས་མི་འགྱུར་སྟོང་ཆེན་ཐབས་མཆོག་ཁྲག་འཐུང་རྡོ་རྗེ་གཞོན་ནུའི་སྐུ།།

ཝཾ་ཡིག་བདེ་ཆེན་ཤེས་རབ་སྣང་ཆ་སྦྱོར་སྒྲོལ་གསང་བའི་ཡུམ་ཆེན་གཉིས།།

ཟུང་འཇུག་དབྱེར་མེད་སྙིང་རྗེར་ཤར་བ་སྲས་མཆོག་ཀཱི་ལ་རིགས་ལྔ་དང་།།

ཁྲོ་བཅུ་ཕྲ་ཐབས་སྲུང་མར་བཅས་པས་ཤིས་པའི་དགེ་ལེགས་ཆར་དུ་སྙིལ།།

ཀུན་བཟང་གདོད་མའི་མགོན་པོ་ཧེ་རུ་ཀ།

རྒྱལ་སྲས་རིགས་གསུམ་སེམས་དཔའ་དྲ་མ་ལྔ།།

པད་འབྱུང་བཱི་མ་པྲ་ཆེན་ཧསྟི་སོགས།།

བརྒྱུད་གསུམ་བླ་མས་བྱིན་རླབས་མཐུ་ནུས་སྩོལ།།

ཁྱད་པར་ངེས་གསང་ཐེག་རྩེའི་བསྟན་པའི་སྙིང་།།

སྡེ་གསུམ་ཀློང་དགུའི་མན་ངག་གསང་བའི་མཛོད།།

འཛིན་མཛད་མདོ་ཁམས་རྒྱལ་བ་རྫོགས་ཆེན་པ།།

ཡབ་སྲས་བརྒྱུད་པར་བཅས་པས་དེང་འདིར་སྐྱོངས།།

དེ་ལ་འདིར་སྐྱབས་མཆོག་རྒྱལ་ཀུན་འདུས་པའི་རང་གཟུགས། མཚོར་འཁྲུངས་པདྨ་ཀཱ་རའི་རྒྱལ་ཚབ། གསང་ཆེན་བསྟན་པ་འཛིན་པའི་སྒྲོན་མེ། རིས་བྲལ་ཐུབ་བསྟན་སྐྱོང་བའི་མངའ་བདག སྙིགས་དུས་བསྟན་དང་འགྲོ་བའི་དཔུང་གཉེན་ཆེན་པོ་བསམ་བཞིན་སྲིད་པ་བཟུང་བའི་མཆོག་གི་སྤྲུལ་པའི་སྐུ་རྣམས་དང་། ལམ་བསླབ་པ་གསུམ་གྱི་ཉམས་ལེན་དང་། ལུང་སྡེ་སྣོད་གསུམ་གྱི་ཐོས་བསམ། རིམ་གཉིས་ལྟ་སྒོམ་ཟབ་མོའི་གདེང་དང་ལྡན་པའི་སྒྲུབ་མཆོག་ལས་སྐལ་ལྡན་པའི་འཁོར་ཚོགས་འདུས་པ་རྒྱ་མཚོ་དང་བཅས་པའི་ལྷ་གྲལ་འདིར། ཇི་སྐད་དུ། འཇིག་རྟེན་སྐྱེ་བོ་ནོར་གྱིས་མགུ། །དམ་པ་ལེགས་བཤད་གཏམ་གྱིས་དགྱེས། །མཁས་པ་ཚོགས་པའི་ལྷ་གྲལ་ན། །ལེགས་བཤད་འདྲ་བའི་དགའ་སྟོན་མེད། །ཅེས་གསུངས་པ་ལྟར། འདིར་བཞུགས་དམ་པ་ཚོགས་པའི་ལྷ་གྲལ་གྱི་གསེར་སྙན་དུ། སྨྲ་བ་ངག་གིས་ཉེ་བར་མཚོན་པའི་ལེགས་བཤད་གཏམ་གྱི་སྦྱོར་བ་ཅུང་ཟད་ཅིག་མནྜལ་གྱི་ཚུལ་དུ་འབུལ་བ་ལ། དེ་ཡང་ཡས་གཏམ་དམ་པ་ལྷ་ཆོས་དཀར་པོའི་གཏམ་གྱིས་ཁོག་དབུབ། མས་གཏམ་འཇིག་རྟེན་ཡ་རབས་སྲོལ་བཟང་གི་ལོ་རྒྱུས་ཀྱིས་གཞི་བཏིང་། མཛེས་གཏམ་སྒྲ་ཚིག་སྡེབ་སྦྱོར་དག་པའི་ངག་གི་བརྗོད་སྒྲོས་ཀྱིས་ཟུར་བརྒྱན་ཏེ་ཞུ་ན། དེ་ཡང་སྤྱིར་བརྗོད་བྱ་ཚིག་གི་ཡལ་ག་དེ་རྒྱ་ཆེ་བའི་སྟབས་ཀྱིས། རྗོད་བྱེད་གཏམ་གྱི་ལོ་མ་དེ་གྲངས་མང་བ་དང་སྒོ་བསྟུན་ན། བརྗོད་དོན་འབྲས་བུའི་མེ་ཏོག་མདངས་མཚར་བ་ཞིག་འབྱུང་བ་དེ། འཇིག་རྟེན་སྲིད་པའི་དཔེ་ལ་གྲགས་པ་ལྟར་ལགས་མོད། འཇམ་མགོན་མི་ཕམ་པས། རེས་འགའ་མ་སྨྲས་དོན་མི་འགྲུབ། །རེས་འགའ་མི་སྨྲ་དོན་དག་སྒྲུབ། །སྨྲ་དང་མི་སྨྲ་མ་ཤེས་ན། །སྨྲ་འཆལ་འགྱུར་ཏེ་ཉེས་པ་མང་། །ཞེས་གསུངས་པ་ལྟར། སྐབས་སུ་བབས་པའི་གཏམ་དེ། དུས་སུ་སྨིན་པའི་ཆར་དང་མཚུངས་པར་འོས་ཤིང་འཚམས་ལ་སྐབས་ཐོབ་ཀྱི་དོན་དང་ལྡན་པར་ཞུ་དགོས་པ་ལས། ད་ལམ་འདིར་གྲུབ་པའི་རིག་འཛིན་རྒྱ་མཚོའི་དགོངས་བཅུད། གནས་གསུམ་མ་དང་མཁའ་འགྲོའི་ཐུགས་ཐིག མདོ་རྒྱུད་མན་ངག་དུ་མའི་ཟབ་གནད། བྱིན་རླབས་དངོས་གྲུབ་ཟབ་མོའི་ཉེ་ལམ། རྩོད་བྲལ་སྤྲུལ་པའི་གཏེར་ཆེན་རང་བྱུང་རྡོ་རྗེ་འཇིགས་བྲལ་གླིང་པའི་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོའི་ནང་ཚན། བཀའ་མའི་རྒྱུད་གཞུང་གིས་ཁོག་ཕུབ་པར། གཏེར་མའི་མན་ངག་གིས་ཟུར་བརྒྱན་པ། བཀའ་གཏེར་ཆུ་བོ་གཅིག་འདྲེས་སུ་གྲགས་པའི་རྡོ་རྗེ་ཕུར་པ་རྒྱུད་ལུགས་ཀྱི་ཚོམ་བུ་ཚོགས་སྒྲུབ་ཆེན་པོའི་སྐབས་འདིའི་སྒྲུབ་ཕྲིན་འདི་ཉིད་ཀྱི་ལོ་རྒྱུས་རགས་བསྡུས་ཙམ་ཞུ་བའི་དབང་དུ་བྱས་ན། ཇི་སྐད་དུ། ཡིད་ཆེས་ངེས་པ་སྦྱིན་པའི་ཕྱིར། །ཐོག་མར་བརྒྱུད་པའི་ལོ་རྒྱུས་བཤད། །ཉམས་ལེན་སྲང་དུ་འཛུད་པའི་ཕྱིར། །སྟོང་ཐུན་སྙིང་པོར་དྲིལ་ཏེ་བཤད། །བསྙེན་སྒྲུབ་མཐའ་རུ་ཕྱིན་པའི་ཕྱིར། །རྒྱུན་གྱི་བསླབ་སྤྱོད་བསྡུས་ཏེ་བཤད། །ཅེས་གསུངས་པ་ལྟར་ཐོག་མར་གང་ལས་བྱུང་བའི་བརྒྱུད་པའི་ལོ་རྒྱུས་ནི། ཇི་སྐད་དུ། རྒྱལ་བ་སེམས་དཔའ་རྣལ་འབྱོར་པ། །དགོངས་པ་རིག་པ་རྣ་བར་བརྒྱུད། །གང་ལ་ཐུག་གི་བར་དུའོ། །ཞེས་པ་ལྟར་བརྒྱུད་པའི་བབ་སྲོལ་ཆེན་པོ་གསུམ་ཡོད་པ་ལས། དང་པོ་རྒྱལ་བ་དགོངས་པའི་བརྒྱུད་པ་ནི། རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་འཆར་གཞི་སྟོན་པ་གདོད་མའི་མགོན་པོ་འོད་མི་འགྱུར་བ་ཀུན་བཟང་ཆེ་མཆོག་ཧེ་རུ་ཀས། འཁོར་ཉིད་ལས་མི་གཞན་པ་ཡེ་ཤེས་ཀློང་དགུའི་རྩལ་སྣང་དག་པ་རབ་འབྱམས་སུ་ཤར་བའི་ཞི་ཁྲོ་རབ་འབྱམས་ཀྱི་ཚོགས་རྣམས་ལ། ཆོས་བརྡ་ཚིག་གིས་མཚོན་དུ་མེད་པ་གདོད་ནས་འོད་གསལ་བའི་དགོངས་པ་དེ་ཉིད་བྱིན་གྱིས་བརླབས་པའི་ཚུལ་གྱིས། དུས་བཞི་རྫོགས་མཉམ་ཉིད་ཆེན་པོ་འཕོ་འགྱུར་བྲི་གང་དང་བྲལ་བའི་དུས་སུ་གསུངས་པ་ནི་རྒྱལ་བ་དགོངས་པའི་བརྒྱུད་པ། སྟོན་པ་འོད་མི་འགྱུར་བ་ཉིད་རྒྱལ་སྲས་རིགས་གསུམ་སེམས་དཔའི་རྣམ་པར་སྣང་བར་མཛད་དེ། ལྷ་ཀླུ་གནོད་སྦྱིན་གྱི་གནས་རྣམས་སུ། ཆོས་གང་འདུལ་བསམ་གྱིས་མི་ཁྱབ་པའི་དགོངས་པ་མི་མ་ཡིན་པའི་འཁོར་ཚོགས་ལ་གསུངས་པས། དེ་དག་ཐམས་ཅད་ཚོམ་བུ་འབུམ་དང་བཅས་ཏེ་རིག་འཛིན་གྱི་ས་ལ་རེག་པར་གྱུར་པ་དང་། རི་བོ་མ་ལ་ཡའི་རྩེ་མོར་གསང་བའི་བདག་པོ་དངོས་སུ་བྱོན་ནས་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་འཁོར་བསྐོར་ནས་སྨིན་པར་མཛད་ཅིང་། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསང་སྔགས་ཀྱི་རྒྱུད་རྣམས་ཚིག་དང་ཡི་གེར་བྱིན་གྱིས་བརླབས་ནས་གསེར་གྱི་གླེགས་བམ་ལ་བཻཌཱུརྱ་ཞུན་མས་བྲིས་པ་གསང་བའི་བདག་པོས་དགོངས་པའི་རྩལ་བདུན་གྱིས་རྒྱས་བཏབ་པ། ལས་ཅན་ཆོས་ཀྱི་བདག་པོ་རྒྱལ་པོ་ཛཱའི་ཁང་སྟེང་དུ་བབས། ཕྱག་ན་རྡོ་རྗེས་དབང་བསྐུར་ནས་དོན་བརྒྱུད་ཀྱི་དགོངས་པ་གཏད་པས་རྒྱལ་པོ་ཛཱས་རྒྱུད་དོན་ཇི་ལྟ་བ་བཞིན་རྟོགས་ནས་ཀུ་ཀུ་ར་ཛཱ་དང་། སྲས་མོ་གོ་མ་དེ་ཝའི་བར་བརྒྱུད་ནས་འཁོར་ཚོམ་བུ་འབུམ་དང་བཅས་པ་རིག་འཛིན་གྱི་སར་འཁོད་པ་ནི་རིག་འཛིན་རིག་པའི་བརྒྱུད་པ། སློབ་དཔོན་སངས་རྒྱས་གསང་བ་དང་། པཎ་ཆེན་བི་མ་མི་ཏྲ། ཨོ་རྒྱན་སངས་རྒྱས་གཉིས་པ་སོགས་ནས་ད་ལྟའི་བར་དར་ཞིང་བརྒྱུད་པ་ཕུར་པ་རྒྱལ་པོ་ལུགས་དང་། ཇོ་མོ་ལུགས། ལྕམ་ལུགས་བཅས་གསུམ་དང་། དེ་དག་ལས་གྱེས་པ་སྣ་ནམ། ཁྱུང་པོ། འགོས། སོ་ཟུར་གནུབས་གསུམ། རོང་ལུགས་རོག་ལུགས་ལ་སོགས་པ་མང་ཞིག་མཆིས་པ་དེ་དག་གང་ཟག་སྙན་ཁུང་གི་བརྒྱུད་པ་སྟེ། སྐབས་འདིའི་དགོས་ཆོས་ཕྲིན་ལས་རྡོ་རྗེ་ཕུར་པའི་རྒྱུད་འགྲེལ་ཊིཀ་སྟོང་ཐུན་མན་ངག་ལག་ལེན་དང་བཅས་པ་རྣམས་རིག་འཛིན་པྲ་བྷ་ཧསྟི་ལ་བཀའ་བབས། པཎ་ཆེན་བི་མ་མི་ཏྲ། བལ་པོ་མཉྫུ་ཤི་ལ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། མེ་ནུ་རྒྱལ་བའི་སྙིང་པོ། གཉག་ཆེན་ཛྙ་ན་ཀུ་མ། གྲུབ་ཆེན་འདའ་འཕྱར་བ་ལ་སོགས་པ་དཔལ་ཆེན་ཕུར་པ་གྲུབ་པའི་གྲུབ་ཐོབ་ཆེན་པོ་སྣང་སེམས་ལ་རང་དབང་དུ་བསྒྱུར་བ། མཐུ་སྟོབས་ཀྱིས་གནམ་ས་གཡོ་འགུལ་བཏང་བའི་ནུས་པ་དང་ལྡན་པ་གྲུབ་རྟགས་ཡ་མ་ཟུང་དུ་བསྟན་པ་མང་རབ་ཅིག་བྱོན། དེ་ལས་ཀྱང་ཁྱད་པར་དུ་གྱུར་པ། དགོངས་པ་འདུས་པའི་གཏེར་ལུང་བཀའ་རྒྱ་མར། ལྷོ་ཕྱོགས་འོད་ཟེར་མིང་ཅན་སྤྲུལ་པའི་སྐུ། །ཟབ་དོན་སྙིང་ཐིག་ཆོས་ཀྱིས་འགྲོ་བ་འདྲེན། །འབྲེལ་ཚད་རིག་འཛིན་ཞིང་དུ་འཕེན་པ་འབྱུང་། །ཞེས་རྒྱལ་དབང་པདྨ་ཀཱ་རའི་ལུང་དོན་ལྟར་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེ་ཆེན་པོ་ལ་མངའ་དབང་དུ་བསྒྱུར་བ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་ཀུན་མཁྱེན་འཇིགས་མེད་གླིང་པ་ཞེས་དགོངས་བརྡ་སྙན་ཁུང་གི་བརྒྱུད་པ་ཐམས་ཅད་རིག་འཛིན་གཅིག་ལ་རྫོགས་པ་དེ་ཉིད་ཆོས་འདིའི་མངའ་བདག་ཏུ་གྱུར་ནས། ཕྲིན་ལས་ཕུར་པའི་རྒྱུད་སྡེ་རྒྱ་མཚོ་ལྟ་བུའི་སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་ཏེ། འཁྲུགས་པ་བསྡབས། གབ་པ་ཕྱུང་སྟེ། རྒྱུད་སྒྲུབ་ཐབས་དང་འབྲེལ། སྒྲུབ་ཐབས་མན་ངག་དང་འབྲེལ། མན་ངག་ཆོག་ཁྲིགས་དང་འབྲེལ། ཆོག་ཁྲིགས་ཕྱག་ལེན་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་གྱིས་གཏན་ལ་ཕབ་པར་མཛད་པ་ལས། སླར་ཡང་སྙིགས་དུས་མཐའ་དམག་དམ་སྲིའི་རུ་མཚོན་གཟིངས་ཤིང་། ནད་མུག་མཚོན་གྱི་སྐལ་ངན་ཤར་བའི་དུས་འདིར། དུས་ངན་གྱི་རྒུད་པ་ཞི་ཞིང་། སྣོད་བཅུད་ཀྱི་དཔལ་གཡང་འཕེལ་བ་སོགས་དགོས་གནད་ཁྱད་པར་ཅན་ལ་གཟིགས་ནས་བདེ་གཤེགས་རིན་ཆེན་གཙུག་གཏོར་ཅན་མངོན་སུམ་མིའི་རྣམ་རོལ་དུ་ཕེབས་པ་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ནས་ཐུགས་དམ་གསང་བའི་ལྷ་མཆོག་ཏུ་བསྟེན་ཅིང་སྒྲུབ་ཆེན་གྱི་ཕྱག་སྲོལ་བཏབ་སྟེ། བཅའ་གཞི་བཤམས་བཀོད། གདངས་དབྱངས་འདོན་རྟ། རྔ་རོལ་དྲིལ་སྟབས། ཕུར་འཆམ་ཆེན་པོ་སོགས་ཕྱག་ལེན་ཕྲ་ཞིབ་ནས་གཏན་ལ་ཕབ་པ་འདི་ཉིད། སྟེང་ན་རིག་འཛིན་བརྒྱུད་པའི་གྲལ་མ་ཞིག །ས་ལ་དཀྱིལ་འཁོར་གྲུ་བཞིའི་བཀྲག་མ་ཡལ། །དམ་རྫས་སྨན་རཀ་བདུད་རྩིའི་མཚོ་མ་སྐམ། །སྨིན་བྱེད་དབང་དང་བརྒྱུད་པའི་ཟམ་མ་ཆད། །གྲོལ་བྱེད་བསྐྱེད་རྫོགས་ཟབ་མོའི་གནད་མ་འཕྱུག། ཕྲིན་སྒྲུབ་ཆོ་གའི་ཕྱག་བཞེས་ཀྱི་སྲོལ་མ་ཉམས་པར་ཞལ་ནས་སྙན་དུ་རིམ་པར་བརྒྱུད་དེ་བདག་ཅག་གི་ཆོས་སྐལ་དུ་བཞུགས་པའི་བར་ནི། གང་ལས་བརྒྱུད་པ་ལོ་རྒྱུས་ཀྱི་ཆེ་བ་ལགས། དེ་ནས་ལོ་རྒྱུས་དེ་ལྡན་གྱི་ཆོས་སྐལ་ཟབ་མོ་འདི་ཉིད་ཀྱི་དངོས་གཞིའི་སྟོང་ཐུན་གྱི་སྐོར་ནས་ཞུས་ན། སྤྱིར་ཕུར་པ་ཞེས་པའི་སྒྲ་དོན་ནི། ཕུར་ནི་ཐམས་ཅད་བྱང་ཆུབ་སེམས། །པ་ནི་ཐམས་ཅད་ཀུན་ལ་ཁྱབ། །ཕུར་ནི་ཐམས་ཅད་གཙོ་བོ་མཆོག། པ་ནི་ཐམས་ཅད་འཁོར་གྱི་ཚུལ། །ཕུར་ནི་ཐམས་ཅད་སྐྱེ་བ་མེད། །པ་ནི་རོལ་བ་འགག་པ་མེད། །ཕུར་ནི་ཐམས་ཅད་བྱང་ཆུབ་སེམས། །པ་ནི་ཐམས་ཅད་དེ་རུ་སྒྲུབ། །ཞེས་གསུངས། རང་རིག་ཡེ་ཤེས་ཀྱི་ཕུར་པ་གདབ་ཡུལ་ཆོས་ཀྱི་དབྱིངས། མཚན་མ་རྫས་ཀྱི་ཕུར་པ་གདབ་ཡུལ་ཉམས་པ་བདུན་ལྡན། ཆོས་ཉིད་དོན་གྱི་ཕུར་པ་གདབ་ཡུལ་ཁམས་གསུམ་སེམས་ཅན་ཡིན་ཞིང་། ཕུར་པ་བསྒྲུབ་པ་དེ་ཡང་བསྙེན་སྒྲུབ་ཡན་ལག་བཞིར་འདུས་ཏེ། དེ་ཡང་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བ་གཉིས་ལ་མ་འདུས་པ་མེད། དེ་ཉིད་ཀྱང་བསྐྱེད་རྫོགས་ཟུང་དུ་འབྲེལ་བ་ཞིག་དགོས། བསྐྱེད་རྫོགས་ཟུང་དུ་མ་འབྲེལ་ན་གསང་སྔགས་གཟུགས་བརྙན་དུ་གོལ་བའི་རྣམ་སྨིན་གྱིས་རུ་ཏྲ་དང་གདོན་གྱི་ལུས་རྟེན་འགྲུབ་པར་འགྱུར་ཏེ། ཁྲོ་བོ་རང་རྒྱུད་རུ་ཏྲ་དང་། །རུ་ཏྲ་རང་རྒྱུད་ཁམས་གསུམ་འཁོར། །ཞེས་པ་ལྟར་ལགས་པས། གཞི་སྟོང་ཉིད་སྙིང་རྗེ་ཆེན་པོ། ལམ་བསྐྱེད་རྫོགས་ཟུང་དུ་འབྲེལ་བ། འབྲས་བུ་སྐུ་གཉིས་ཟུང་དུ་འཇུག་པའི་བསྐྱེད་རིམ་གྱི་རྣམ་པ་དང་ལྡན་པའི་ལྟ་སྒོམ་སྤྱོད་གསུམ་དང་མ་བྲལ་བའི་ངང་ནས་ཏིང་འཛིན་རྣམ་པ་གསུམ་གྱིས་བསྐྱེད་གཞིའི་ཁོག་ཕུབ་སྟེ་རྟེན་འོག་མིན་སྤྲུལ་པའི་ཞིང་ཁམས་སུ་བྱིན་གྱིས་བརླབས། བརྟེན་པ་རྡོ་རྗེའི་ཆོ་ག་གསུམ་དང་མངོན་བྱང་ལྔ་ཡིས་བསྐྱེད་དེ། འཁོར་བ་དང་རྣམ་པ་མཐུན་པས་སྲིད་པ་སྦྱོང་ཞིང་དག མྱང་འདས་དང་བཞུགས་ཚུལ་མཐུན་པས་འབྲས་བུ་གཞི་ལ་རྫོགས། གཉིས་ཀ་རྫོགས་རིམ་སྨིན་བྱེད་ཀྱི་གནད་དུ་འགྲོ་བས་སྨིན་པ་སྟེ་དག་རྫོགས་སྨིན་གསུམ་གྱི་གནད་དང་མ་བྲལ་བར། ཏིང་འཛིན་གནད་ཀྱི་གཟེར། སྙིང་པོ་སྔགས་ཀྱི་གཟེར། དགོངས་པ་མི་འགྱུར་བའི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ཏེ་གཟེར་བཞིའི་མན་ངག་གནད་དུ་ཆུད་པས་བདེ་གཤེགས་ཞི་ཁྲོའི་སྐུ་གསུང་ཐུགས་དང་རང་གི་སྒོ་གསུམ་དབྱེར་མེད་གཅིག་ཏུ་འདྲེས་པས་འཁོར་འདས་ཀུན་ལ་སྟོང་སྲོག་ཐོབ་པས་ཡེ་ཤེས་ཀྱི་རྩལ་འབྱོངས་ཤིང་སྣ་ཚོགས་ཕྲིན་ལས་ལ་དབང་བསྒྱུར་བ་ཡིན་ཏེ། བདག་ཉིད་རྩ་བའི་དཀྱིལ་འཁོར། སྲས་མཆོག་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་ཏེ་དཀྱིལ་འཁོར་གསུམ་ལྡན་གྱིས་དམ་ཚིག་གི་འཁོར་ལོ་ལས་ཡེ་ཤེས་ཀྱི་དཀྱིལ་འཁོར་ལོགས་སུ་ཕྱེ་ནས། སེམས་དཔའ་སུམ་བརྩེགས་སུ་གསལ་བའི་སྲོག་གི་སྙིང་པོ་ལ་སྔགས་ཀྱི་ཕྲིན་ལས་ཀྱིས་བསྐོར་བར་བཟླས་པས། ཆོས་ཉིད་དང་སྦྱར་བ་བསྙེན་པ། ལྷ་དང་སྦྱར་བ་ཉེ་བསྙེན། ཤམ་བུར་སྦྱར་བ་སྒྲུབ་པ། ཕྲིན་ལས་ཀྱི་འཕྲོ་འདུར་དམིགས་པ་སྒྲུབ་པ་ཆེན་པོ་སྟེ་བསྙེན་སྒྲུབ་ཡན་ལག་བཞིའི་གཞུང་བསྲང་ནས་འབྲས་བུ་རིག་འཛིན་རྣམ་པ་བཞིའི་སྐུ་འགྲུབ་པར་བྱེད་པའི་སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། དམ་ཅན་ཉེ་བར་བསྙེན་པ་དང་ངན་སྔགས་ཉེ་བར་བསྙེན་པ་སོགས་ལ་བརྟེན་ཏེ་གདབ་པ་དྲུག་གི་ལས་སྦྱོར་དྲག་ལས་ཀྱིས་སྨད་ལས་དགྲ་བགེགས་བསྒྲལ་བའི་རིམ་པ་དང་། རྟེན་དང་བརྟེན་པར་བཅས་པ་རིམ་ཡལ་གདོད་མའི་དབྱིངས་སུ་མཉམ་པར་བཞག་པའི་རྗེས་ཐོབ་སྤྱོད་ལམ་གྱི་རིམ་པ་སྣོད་བཅུད་ལྷ་དང་གཞལ་ཡས་སུ་ཤར་བའི་ལྟ་དགོངས་དང་མི་འབྲལ་བར་ཉམས་བཞེས་གནང་ན་སྒྲུབ་ཆེན་འདིའི་ཕན་ཡོན་ཀྱང་དག་སྣང་ཌཱཀྐིའི་གསང་གཏམ་ལས། ཕྱིར་སྣང་གཟུགས་སྐུའི་རྣམ་འགྱུར་མཐོང་ཚད་ཀྱིས། །སྐྱེ་བ་བདུན་ནས་མ་སྒོམ་སངས་རྒྱས་འགྱུར། །ཞེས་དང་། ཕྲིན་ལས་རྩོལ་མེད་སྒྲུབ་པའི་ཡ་མཚན་ཅན། །མ་རུང་རྩོད་ལྡན་སྐལ་ངན་ལན་ལྔ་བཟློག །ཅེས་དང་། རྡོ་རྗེ་ཁྲོས་པའི་རྩ་བཤད་ལས། །འདི་ཉིད་བསྟེན་པའི་གང་ཟག་རྣམས། །ཐམས་ཅད་གྲོལ་འགྱུར་ཐེ་ཚོམ་མེད། །རྡོ་རྗེ་ཁྲག་འཐུང་ང་ཉིད་ཀྱི། །ཡི་གེ་ཉུང་ཙམ་བཟླས་པས་ཀྱང་། །བར་ཆད་བདུད་ཀྱིས་མི་ཚུགས་ཤིང་། །མཚན་མ་འགྲུབ་པ་ཐེ་ཚོམ་མེད། །ཅེས་སོགས་འཁྲུལ་མེད་རྡོ་རྗེའི་ལུང་དོན་ཐུགས་ལ་བཞག་ནས་སྤྲོ་བ་བསྐྱེད་པར་འོས་པ་བཅས་དངོས་གཞིའི་སྟོང་ཐུན་གྱི་ས་ཁོངས་འཛིན་བྱེད་ཙམ་གྱི་ཞུ་བ་དང་། བྱིན་རླབས་དེ་ལྡན་གྱི་དགོས་འགྲེལ་རྒྱུན་གྱི་བསླབ་སྤྱོད་མདོར་བསྡུས་ཏེ་ཞུ་ན། སྤྱིར་བདག་ཅག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་རྗེས་སུ་ཞུགས་པའི་རབ་ཏུ་བྱུང་བ་གོས་ངུར་སྨྲིག་གི་རྒྱལ་མཚན་བཞེས་པ་ཞིག་ཡིན་ཕྱིན་སོ་ཐར་འདུལ་བ་རང་གཞུང་གི་བཅས་ཁྲིམས་སྲུང་ནས་བསླབ་གསུམ་གྱི་ཉམས་བཞེས་ལ་ཕྱག་ལེན་གྱི་སྙིང་པོ་དྲིལ་དགོས་པ་མ་ཟད། ཐེག་ཆེན་བྱང་ཆུབ་སེམས་དཔའི་བསླབ་བྱ་སྤྱི་དང་བྱེ་བྲག་གསང་སྔགས་རྡོ་རྗེ་ཐེག་པའི་དངོས་གྲུབ་ཀྱི་རྩ་བ་དམ་ཚིག་ཚུལ་བཞིན་དུ་སྲུང་དགོས་པ་དང་། ཁྱད་པར་དུ་ཚོམ་བུ་ཚོགས་སྒྲུབ་འདིའི་དབུ་བཙུགས་ནས་མཇུག་མ་གྲོལ་གྱི་བར་དུ་དཀྱིལ་འཁོར་སྒྲུབ་པའི་ཆོ་གའི་སྙིང་པོ་བསྐྱེད་རྫོགས་དང་བཟླས་པ་ཡིན་པས། ལེ་ལོ་དང་རྣམ་གཡེང་སྤངས་ནས་སྒོ་གསུམ་དཀྱིལ་འཁོར་གསུམ་དུ་ཤེས་པའི་འཁྱེར་སོ་དང་མ་བྲལ་བར་མཛད་པ་ཤིན་ཏུ་གལ་ཆེ། དེ་ལྟ་བུའི་བསྐྱེད་རྫོགས་ཀྱི་གདེང་ཆེན་པོ་མི་ལྡན་པའི་མོས་པས་སྤྱོད་པའི་ལམ་ཞུགས་ལས་དང་པོ་པ་དང་ཕལ་བ་རྣམས་ཀྱིས་ཀྱང་དོན་མེད་ངག་འཆལ་གྱི་གཏེར་སྒོ་འབྱེད་པ་དང་། ཀུ་ཅོ་ཧ་བགད་སོགས་བག་མེད་ཀྱི་བྱ་སྤྱོད། ཤགས་འགྱེད་ཚིག་རྩུབ་སོགས་འཁོན་འཛིང་གི་རྣམ་གྲངས་བཅས་སྤངས་ནས། མགོ་ཞྭ་འགྲིག རྒྱབ་གོས་འགྲིག རྐང་ལྷམ་འགྲིག རྩེ་ཞྭ་རྡོར་དྲིལ། གདངས་དབྱངས་འདོན་རྟ།(དམིགས་བསལ་སྐབས་བབས་ཀྱི་ཞུ་བ་དག་འདིར་འཛུད) མདོར་ན་ཆུང་ས་ནས་བྱོན་ལུགས་བཞུགས་སྟངས། ཆེ་ས་ནས་སྡོམ་དང་དམ་ཚིག དུས་རྒྱུན་གྱི་ཆོས་མཐུན་གྱི་བྱ་བ་གང་ཐད་ནས་དམ་པ་གོང་མའི་ཕྱག་བཞེས་ལྟར། འདིར་བཞུགས་བླ་དབུ་རྒན་གསུམ་གྱི་མཛད་སྤྱོད་བཟང་པོར་ཁ་མིག་ཡར་ལྟོས་ཀྱི་ལུགས་ཀས། སྤྱིར་རྒྱལ་བའི་བསྟན་པ། སྒོས་གསང་སྔགས་རྙིང་མ། ཡང་སྒོས་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པའི་བསྟན་པའི་མིག་རྒྱན། དབྱིངས་ན་བཞུགས་པའི་མཆོག་གསུམ་རྒྱལ་བ་སྲས་བཅས་གྲུབ་དབང་གོང་མ་ཡབ་སྲས་ཐུགས་མཉེས་པའི་མཆོད་སྤྲིན་དུ་འགྱུར་བའི་མཛད་པ་མི་དམན་པ་དང་། ཁྱད་པར་དེང་དུས་སྙིགས་མའི་ཡང་མཐར་གྱུར་བའི་སྐབས་འདིར་རང་བསྟན་རང་གིས་གསོ་བའི་སྙིང་སྟོབས་ཀྱི་ཐུགས་བསྐྱེད་རྒྱ་མི་ཆུང་བར། རང་རྒྱུད་ལ་བཞུགས་པའི་བསྟན་པ་ཆ་ཚང་རང་ངོས་ནས་ཐོག་མར་གསོ་བ་དང་ཆབས་ཅིག དད་ལྡན་དང་བ་འདྲེན་པའི་མིག་རྒྱན། འབྱོར་ལྡན་བསོད་ནམས་བསག་པའི་ཞིང་ས། སྐལ་བཟང་ཐར་ལམ་སྟོན་པའི་དེད་དཔོན་ཞེས་གྲགས་པའི་གཏམ་ཚིག་དང་དོན་མཐུན་པའི་བཀའ་དྲིན་མི་ཆུང་བར་ཞུ།

ཕྱི་ཡུལ་གཟུང་འཛིན་དགྲ་བགེགས་ཕུར་པས་བསྒྲལ།།

ནང་དུ་རང་རྒྱུད་ཉོན་མོངས་དབྱིངས་སུ་གྲོལ།།

གསང་བ་སྣང་སྲིད་འཁོར་འདས་ཡེ་དག་ཀློང་།།

རིག་འཛིན་རྣམ་བཞིའི་གོ་འཕང་མྱུར་འགྲུབ་ཤོག།

དག་ཆེན་སྙིང་རྗེ་ཁྲོས་པའི་སྤྱི་དཔལ་གྱི།།

བསྐྱེད་རྫོགས་ནཱ་དའི་དབྱངས་ལ་རབ་གོམས་པས།།

སྟོང་ཆེན་སྒྱུ་མའི་སྲོག་ལ་དབང་འབྱོར་ནས།།

རྣམ་བཞིའི་ཕྲིན་ལས་དོན་ཡོད་དཔལ་ཐོབ་ཤོག།

ཅེས་པའང་རབ་རྒྱན་མེ་བྱི་ལོར་སྐུ་ཞབས་དགེ་སར་གུ་རུ་རྡོ་རྗེའི་བཞེད་སྐོང་དུ་པདྨ་སྐལ་བཟང་གིས་ལས་ཞོར་དུ་བྲིས་པའོ།།

རྒྱལ་བུ་དྲི་མེད་ཀུན་ལྡན་དང་གླིང་གེ་སར་གྱི་ཟློས་གར་འཁྲབ་སྟོན་ཞིག་གི་ཐོག་མཐའི་མཚམས་སྦྱོར།

ཨོཾ་སྭ་སྟི། བཀྲ་ཤིས་དགེ་ལེགས་ཀྱི་སྣང་བ་ཆེན་པོས་ས་གསུམ་ཡོངས་སུ་འགེངས་བར་གྱུར་ཅིག

སྟོབས་བཅུའི་སྟོབས་མངའ་འདྲེན་མཆོག་རྫོགས་སངས་རྒྱས།།

ཞི་བ་ཆགས་བྲལ་དེའི་གསུང་དམ་པའི་ཆོས།།

རིག་གྲོལ་མཆོག་ལྡན་བསྟན་འཛིན་དགེ་འདུན་ཏེ།།

རིན་ཆེན་རྣམ་གསུམ་སྤྱི་བོའི་རྒྱན་དུ་བསྙེན།།

མ་ཆགས་མདངས་ལྡན་དྲི་མེད་མཚོ་གླིང་དུ།།

ཡ་མཚན་བརྫུས་སྐྱེས་འཆི་མེད་རྡོ་རྗེའི་སྐུ།།

པད་འབྱུང་རྒྱལ་བའི་དབང་པོ་བརྒྱུད་བཅས་ཀྱིས།།

དགེ་ལེགས་བྱེ་བའི་ཆར་ཆེན་འདི་རུ་སྙིལ།།

རབ་དཀར་གངས་རིའི་མདངས་འཛིན་གཞོན་ནུའི་སྐུ།།

བརྩེ་ཆེན་སྙིང་རྗེའི་རང་གཟུགས་ལྷག་པའི་ལྷ།།

གངས་ལྗོངས་འགྲོ་བ་ཡོངས་ཀྱི་མགོན་གཅིག་པུ།།

འཕགས་མཆོག་ཕྱག་ན་པདྨོས་རྟག་ཏུ་སྐྱོངས།།

རྒྱལ་བསྟན་ལུང་དང་རྟོགས་པའི་བདག་ཉིད་ཆེ།།

ལྗོངས་འདིར་འཁོར་ལོ་གསུམ་གྱིས་སྤེལ་མཛད་པའི།།

སྒྲུབ་བརྒྱུད་ཤིང་རྟའི་སྲོལ་འབྱེད་བརྒྱད་སོགས་ཀྱིས།།

བཀྲ་ཤིས་དགེ་བའི་སྣང་བ་རྟག་ཏུ་བྱིན།།

ཁྱད་པར་ལུང་རིགས་མཚོན་ཆའི་འཁོར་ལོ་ཡིས།།

སྨྲ་ངན་རྩད་ནས་གཞོམ་པའི་ཁྱུ་མཆོག་ཆེ།།

ཆེ་བ་ཉམས་མེད་དཔལ་ལྡན་ས་སྐྱ་བ།།

ས་ཡི་བླ་ན་དེང་འདིར་རྒྱལ་གྱུར་ཅིག།

རྒྱལ་བསྟན་བསྲུང་བར་ཞལ་བཞེས་མཐུ་བོ་ཆེ།།

མ་གཟའ་རྡོར་གསུམ་གུར་ཞལ་ལྕམ་གསུམ་སོགས།།

བསྟན་སྲུང་བཀའ་སྡོད་དྲེགས་པའི་དམག་ཚོགས་ཀྱིས།།

དམ་ལྡན་སྐྱོང་ལ་དམ་མེད་སྙིང་རྗེས་སྒྲོལ།།

རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ་མི་ཡི་རྗེ།།

འཛམ་གླིང་སེང་ཆེན་དཔའ་བརྟུལ་ཝེར་མ་དང་།།

དགྲ་ལྷ་རླུང་རྟའི་ལྷ་ཚོགས་འཁོར་བཅས་ཀྱིས།།

ལས་རླུང་དབུ་འཕང་བསོད་ནམས་ཡར་ལ་སྐྱེད།།

བརྩེ་བའི་སྙིང་རྗེས་དྲངས་པའི་དཔའ་ཆེན་སེམས།།

སྦྱིན་ལ་མཆོག་ཏུ་གོམས་པའི་སྙིང་སྟོབས་ཅན།།

དྲི་མེད་ཀུན་ལྡན་གྲགས་པའི་དགེ་མཚན་གྱིས།།

མཐོང་ཐོས་ཐར་བའི་ལམ་ལ་ཅིས་མི་བཀྲི།།

ལས་ཤུགས་དབུ་རྨོག་བཙན་པོའི་ཤེ་མོང་གིས།།

མཐའ་བཞིར་མངའ་མཛད་མ་རུང་དགྲ་སྡེའི་གཤེད།།

དབང་མཛད་གེ་སར་རྒྱལ་པོའི་མཚན་ཙམ་གྱིས།།

བདུད་འགོང་དམ་སྲིའི་རྒྱུ་བ་རྩད་ནས་འགོག།

མཐའ་ཡས་གདུལ་བྱའི་ཆུ་སྣོད་བྱེ་བ་བརྒྱར།།

གང་འདུལ་ཟླ་གཟུགས་དེར་སྣང་བསམ་འདས་གར།།

ངོ་མཚར་རྟོགས་བརྗོད་མིག་དང་རྣ་བའི་རྒྱན།།

འདི་ན་སྤེལ་གྱི་དགའ་བས་དང་དུ་ལོངས།།

ཞེས་ཤིས་པ་བརྗོད་པའི་ཚིག་གིས་མདུན་བསུས་ཏེ། ཕུ་བྲག་དཀར་ལྷུན་བརྗིད་ཀྱི་རྩེ་མོ་དགུང་ལ་ཟུག་པས། ལྷ་མིའི་དབུ་འཕང་མཐོ་བ། བར་ལྗོན་ཤིང་ནགས་ཚལ་གྱི་གཡུ་ལོ་ཕྱུག་པས། མི་ནོར་ཆོས་གསུམ་འཛོམས་པ། འདབས་ཆུ་གཉིས་ཆབ་འགག་བསྡམས་པས། ལྷག་བསམ་རེ་སྨོན་གཅིག་ཏུ་མཐུན་པ། དཀྱིལ་སྤང་ལྗོངས་གཡུ་ཡི་གཞོང་པ་འདྲ་བར་སྣོད་བཅུད་སྲིད་ཞིའི་ཕྱྭ་གཡང་འདུ་བའི་ས་འདིའི་ལྟེ་བ་སྟེ། རིན་ཆེན་གཡུ་ཡི་གཞོང་པར་གསེར་གྱི་མཎྜལ་བཤམས་པ་དང་ཀུན་ནས་མཚུངས་པའི་ཕུལ་བྱུང་བསྟན་པ་འཛིན་པའི་བསྟི་གནས། གྲུབ་བརྙེས་རིག་པ་འཛིན་པའི་གཤེགས་ཤུལ། ཁྲོ་ཡུལ་མཎྜལ་དགོན་ཞེས་མཚན་སྙན་ཕྱོགས་བརྒྱར་ཁྱབ་པའི་གདན་སའི་དབྱར་གནས་པའི་དགག་དབྱེའི་ལྗོངས་རྒྱུའི་སྤྲོ་སེང་གི་སྐབས་འདིར། གྲྭ་ས་གོང་མ་མདོ་ཁམས་༧རྒྱལ་བ་གྲུབ་དབང་རྫོགས་ཆེན་པའི་ཕྱག་སྲོལ་ལྟར་གྱི་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དང་། གླིང་གེ་སར་ནོར་བུ་དགྲ་འདུལ་གྱི་རྣམ་ཐར་གྱི་ཆ་ཤས་རྟ་རྒྱུག་གསེར་ཁྲི་མནན་པའི་མཛད་པ་ལས་འཕྲོས་པའི་ཟློས་གར་གྱི་འཁྲབ་སྟོན་རྒྱ་ཆེའི་གཟིགས་པ་པོ་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པས་གསན་བཞེས་ཞུ།

སླར་སྨོན་པ།

མཁའ་ལ་ཉི་ཟླའི་དཀྱིལ་འཁོར་བཀྲག་འབར་ཞིང་།།

བར་ན་སྦྲང་ཆར་ཟིལ་བུའི་རྒྱུན་བཟང་འཇོ།།

ས་ན་རྩི་བཅུད་ལོ་ཏོག་རྟག་ཏུ་རྒྱས།།

སྡེ་བཞིའི་དཔལ་གྱིས་ལྗོངས་འདི་མཛེས་གྱུར་ཅིག།

ལུང་དང་རྟོགས་པའི་བདག་ཉིད་ཐུབ་པའི་བསྟན།།

བཤད་དང་སྒྲུབ་པས་སྤེལ་བའི་འདུས་པའི་སྡེས།།

རིལ་བོའི་ས་གཞི་ཁེངས་པའི་ངོ་མཚར་གྱི།།

སྣང་བ་དཀར་པོས་ཀུན་ནས་སྲུང་གྱུར་ཅིག།

བརྟན་གཡོའི་དྭངས་མའི་ཐིག་ལེ་ཚེའི་གོང་བུ།།

ཕྱོགས་བཅུའི་ནོར་སྣ་འདུ་བ་གཡང་གི་བཅུད།།

དཔའ་བརྗིད་དབུ་རྨོག་བཙན་པ་དགྲ་ལྷའི་མཁར།།

མི་འབྲལ་རྟག་ཏུ་ས་འདིར་འཛོམས་གྱུར་ཅིག།

འདི་མཐོང་ཐོས་དང་དྲན་པའི་ཡིད་ཅན་ཀུན།།

སྡུག་བསྔལ་གསུམ་གྱི་ཟུག་རྔུ་ལས་གྲོལ་ཏེ།།

འདི་བདེ་ཕྱི་མར་སྐྱིད་པའི་དགེ་ལེགས་ཀྱིས།།

བདེ་ནས་བདེ་བར་ནམ་ཡང་འགོད་གྱུར་ཅིག།

ཅེས་རྫོགས་ཆེན་མཁན་ཆེན་གཞན་དགའ་རིན་པོ་ཆེ་ཡབ་སྲས་ཀྱིས་བསྐྱངས་པའི་གདན་ས་ཁྲོ་མཎྜལ་དགོན་དུ་རྣམ་ཐར་འཁྲབ་སྟོན་གྱི་ཐོག་མའི་སྒོ་འཕར་འབྱེད་པའི་རྟེན་འབྱུང་མཚོན་བྱེད་དུ་རྫོགས་ཆེན་པདྨ་སྐལ་བཟང་གིས་རབ་གནས་ས་སྟག་ལོར་བྲིས་པ་དགེ་ལེགས་འཕེལ་བའི་རྒྱུར་གྱུར་ཅིག།

དྲི་མེད་ཀུན་ལྡན་གྱི་ཟློས་གར་འཁྲབ་གཞུང་ངོ་སྤྲོད།

ཆོས་ཀྱི་རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་ཟློས་གར་འཁྲབ་སྟོན་གྱི་གཟིགས་མོ་སྤྱན་ལམ་དུ་བསྟར་བ་ལ། འདི་ཉིད་ཀྱི་ནང་དོན་ནི། བདག་ཅག་གི་སྟོན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དེ་ཉིད། སྔོན་སློབ་པ་ལམ་གྱི་གནས་སྐབས་ན་བྱང་ཆུབ་སེམས་དཔའ་རྒྱལ་པོའི་སྲས་དྲི་མེད་ཀུན་ལྡན་དུ་སྐུའི་སྐྱེ་བ་ཇི་ལྟར་བཞེས་པའི་ཚུལ་ཡིན། དེ་ཡང་དཔའ་ཆེན་བྱང་ཆུབ་སེམས་དཔའ་རྣམས་ནི་འགྲོ་ཀུན་ཕ་མར་ཤེས་པའི་སྙིང་རྗེ་ཤུགས་དྲག་པོ་ཀུན་རྫོབ་སེམས་བསྐྱེད་སྔོན་དུ་འགྲོ་བས་སྦྱིན་པ་གཏོང་། ཚུལ་ཁྲིམས་བསྲུང་། བཟོད་པ་བསྒོམ། བརྩོན་འགྲུས་བརྩམ། བསམ་གཏན་ལ་མཉམ་པར་བཞག ཤེས་རབ་ལ་བློ་སྦྱང་སྟེ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་ནས། མཐོང་ལམ་དུ་ཆོས་ཐམས་ཅད་ཀྱི་གནས་ལུགས་དེ་བཞིན་ཉིད། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཡེ་ཤེས། སྟོང་པ་ཉིད་ཀྱི་དོན་མངོན་སུམ་དུ་མཐོང་བས་དོན་དམ་སེམས་བསྐྱེད་ཀྱིས་ལམ་ཡོངས་སུ་སྦྱངས་ཏེ་སྟེ་ས་ལམ་རིམ་གྱིས་བགྲོད་ནས། སངས་རྒྱས་ཀྱི་སར་ཕར་ཕྱིན་ཡོངས་སུ་རྫོགས་ཏེ་དག་འབྲས་ཆོས་སྐུའི་ཡོན་ཏན་ཟག་མེད་ཀྱི་ཆོས་སྡེ་ཚན་ཉེར་གཅིག་དང་། སྨིན་འབྲས་གཟུགས་སྐུའི་ཡོན་ཏན་དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས་མཚན་དང་དཔེ་བྱད་ཀྱི་བདག་ཉིད་ཅན་མངོན་དུ་མཛད་དེ། ཆོས་ཉིད་ཇི་ལྟ་དང་། ཆོས་ཅན་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྒྱས་ནས་རྟག་ཁྱབ་ལྷུན་གྲུབ་ཏུ་འགྲོ་བའི་དོན་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟར་འབད་མེད་དུ་འབྱུང་བ་ལས། འདིར་བྱང་ཆུབ་སེམས་དཔས་ལམ་གྱི་གནས་སྐབས་ན་སྦྱིན་པའི་ཕར་ཕྱིན་ལ་ཇི་ལྟར་བསླབ་པའི་ཚུལ་ཏེ། སྦྱིན་པ་དེ་ལ་ཟང་ཟིང་གི་སྦྱིན་པ་དང་། ཆོས་ཀྱི་སྦྱིན་པ། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེ་གསུམ་ལས། དང་པོ་ལའང་གཏོང་བ་དང་། གཏོང་བ་ཆེན་པོ་དང་། ཤིན་ཏུ་གཏོང་བ་དང་གསུམ་དུ་དབྱེར་ཡོད་པ་ལས། བུ་དང་ཚ་བོ། བྲན་དང་ཆུང་མ། མགོ་དང་ཡན་ལག་གི་གཏོང་བ་ཆེན་པོའི་སྦྱིན་པ་ལ་མཆོག་ཏུ་སྤྲོ་བ། ཇི་སྐད་དུ། ཇི་ལྟར་བྱིན་ཅིག་ཅེས་སྒྲ་ཐོས་ཙམ་ལས། །རྒྱལ་སྲས་བདེ་འབྱུང་དེ་ལྟར་ཐུབ་རྣམས་ལ། །ཞི་བར་ཞུགས་པས་བདེ་བར་བྱེད་མིན་ན། །ཐམས་ཅད་གཏང་བས་ལྟ་ཞིག་སྨོས་ཅི་དགོས། །ཞེས་དང་། ལུས་བཅད་སྟེར་ཞིང་བདག་གི་སྡུག་བསྔལ་གྱིས། །གཞན་དག་རྣམས་ཀྱི་དམྱལ་བ་ལ་སོགས་པའི། །སྡུག་བསྔལ་རང་རིག་ཉིད་དུ་མཐོང་ནས་ནི། །དེ་བཅད་བྱ་ཕྱིར་མྱུར་དུ་བརྩོན་འགྲུས་བརྩོམ། །ཞེས་གསུངས་པ་ལྟར་རྒྱལ་བུ་སྙིང་སྟོབས་ཆེན་པོས་སྟག་མོར་ལུས་བྱིན་པ་དང་། སྐྱེས་བུ་ཆེན་པོ་དྲི་མེད་ཀུན་ལྡན་འདི་ཉིད་ཀྱིས། བུ་དང་ཆུང་མ། དབང་པོའི་དྭངས་མ་མིག་སོགས་ཀྱི་སྦྱིན་པ་བཏང་བས་ཟང་ཟིང་གི་སྦྱིན་པས་མ་ཟད། ལོག་པར་ལྟ་ཞིང་རྒོལ་བའི་རིགས་དག་ཀྱང་ཆོས་ལ་བཙུད་པས་ཆོས་ཀྱི་སྦྱིན་པ་དང་། དེ་དག་ཀུན་ཀྱང་འདི་ཕྱི་གཏན་བདེའི་ལམ་ལ་བཀོད་པས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་སྟེ་སྦྱིན་པའི་ཕར་ཕྱིན་རྫོགས་པ་དང་། གྲོགས་ཕྱིན་དྲུག་ཚང་ཞིང་འཁོར་གསུམ་རྣམ་པར་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་དཔའ་ཆེན་བྱང་ཆུབ་སེམས་དཔའ་དེས་རྟག་ཏུ་གཞན་དོན་ལ་བརྩོན་པའི་རྣམ་ཐར་རྟོགས་པ་བརྗོད་པ་འདི་ཉིད་རྒྱས་བསྡུས་འབྲིང་པོའི་ཚུལ་གྱིས་འཁྲབ་སྟོན་བྱེད་པར་ཀུན་གྱིས་གཟིགས་ཤིང་གསན་པར་ཞུ། ཞེས་པ་འདི་ཁྲོམ་ཚོགས་ལྟད་མོ་བར་ཕལ་སྐད་ཀྱིས་ངོ་སྤྲད་བྱ་རྒྱུར་སྐུ་ཞབས་མཚམས་སྦྱོར་པའི་ངག་ཚབ་ཏུ་འཕྲལ་བྲིས་བྱས་པའོ།།

ཤགས་འགྱེད་འཁྲབ་གཞུང་བླང་དོར་རབ་གསལ།

རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་སྡེ་སྣོད་འཛིན་པ་གསར་བུ་ཅུང་རྒོད་བག་ཅན་ཀ་པ་དང་། ཁོང་གི་ཆོས་གྲོགས་ཞི་ཞིང་དུལ་བ་ཁ་བ་གཉིས་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་གསར་པ་ཆ་རེ་སྐུ་ལ་བཞེས་ཏེ། ཕྱག་ཏུ་ཤོ་ག་ལ་རེ་བསྣམས་ནས་རང་རང་གི་འཛིན་གྲྭའི་སློབ་ཁྲིད་གྲོལ་མ་ཐག་ཆོས་གྲྭའི་མདུན་ཐང་ནས་ཕྲད་པའི་བཀའ་མོལ། ཁམས་རྫོགས་ཆེན་གྱི་ཡུལ་སྐད་སོར་བཞག་བྱས་པ།

ཀ (གུས་པའི་རྣམ་འགྱུར་དང་བཅས།) ཡ། གྲོགས་པོ་ལགས། ཁྱེད་སྐུ་ཁམས་བཟང་།

ཁ བཟང་བཟང་བཟང་། ཁྱེད་སྐུ་ཁམས་བཟང་ངམ།

ཀ བཟང་བཟང་།

ཁ ཨ་རོགས། ཁར་སང་ཁྱེད་ཚང་གི་འཛིན་གྲྭས་རྩ་བ་བློ་རྒྱུགས་མང་པོ་ཞིག་སྤྲད་པས་མི་ཚད། གཞུང་གི་བཤད་རྒྱུགས་མང་པོ་ཞིག་ཀྱང་སྤྲད་རབས་ཟེར། ཁྱེད་ཀྱིས་རྒྱུགས་སྤྲད་པ་ཅི་འདྲ་རེད་ཐལ།

ཀ ང་མ་གཞི་ཤེས་རབ་ཀྱི་ཐད་ནས་ཞན་ཤོས་ཤིག་མ་རེད་ཏེ། དུས་རྒྱུན་བརྩོན་འགྲུས་ཞན་སོང་བའི་དབང་གིས་སྦྱང་འབྲས་དམན་སྟབས་ད་ཞག་གློ་བུར་དུ་ཟླ་བ་གཅིག་ཙམ་ཞིག་ལ། ནང་དུས་ཆུ་ཚོད་ལྔ་བའི་དྲིལ་བརྡ་ཡི་ཡན་ལ་ཆུ་ཚོད་གཅིག་སྔ་བཅུག དགུང་མོ་གཟིམ་རྒྱུའི་དྲིལ་བརྡ་བས་ཕན་ལ་ཆུ་ཚོད་གཉིས་འཐེན་ནས་བརྩོན་འགྲུས་བརྩམས་པས་ཨང་དང་པོའི་རྒྱུགས་འཕྲོད་པས་མི་ཚད་གཟེངས་བསྟོད་ཀྱི་ལེགས་སྐྱེས་ཀྱང་ཐོབ་སོང་། དེ་བཞིན་དུ་རྒྱུན་མཐུད་ཐུབ་རྒྱུ་ཡིན་ན་ཆོས་གྲྭ་འདིའི་སློབ་སྲོལ་གཞི་རིམ། འབྲིང་རིམ། མཐོ་རིམ་གྱི་མདོ་སྔགས་རིག་གནས་དང་བཅས་པའི་སྦྱང་བ་དེ་ལོ་བཞི་གསུམ་བཅུ་གཉིས་ཀྱི་ཆ་ཚད་མི་འགོར་བར་ལོ་དྲུག་སྔ་བསྣུར་གྱིས་མཐར་ཕྱིན་ཏེ་མདོ་སྔགས་རབ་འབྱམས་པའི་མཚན་རྟགས་ལེན་ངེས་རེད།

ཁ ཡ་ཡ། ཁྱེད་ངོ་མ་བཟང་གི།

ཀ (ཀུ་རེའི་ཉམས་དང་བཅས།) ཨ་ལ་དེ་ཚོ་མི་ཤེས་ཏེ་ད་རེས་ཀྱི་ཟླ་བ་འདི་གའི་རིང་ལྟར་བརྩོན་པ་རྒྱུན་སྲིང་ན་སྦྱང་འབྲས་ངེས་ཅན་ཞིག་ཐོབ་ངེས་རེད་ཀྱང་། ང་ལྟ་བུ་ལ་དེ་འདྲའི་བསོད་ནམས་ཤིག་ག་ལ་ཡོད་ཨེ་རེད། (སྤྲ་ལག་ཚ་བའི་རྣམ་འགྱུར་དང་བཅས་སླར་ཡང་ངག་འཇམ་པོས།) ཁྱེད་ཐུགས་བྲེལ་མ་ཆེ་ན། ངས་ཁྱེད་ལ་སྐད་ཆ་ཞིག་དྲིས་ན་ཨེ་ཆོག ཁ ཡ། གཞུང་མདོ་རྒྱུད་ཀྱི་དཀའ་གནད་འདྲ་ཡིན་ན་ངས་ཀྱང་མང་པོ་ཞིག་བཤད་མི་ཤེས་མོད་འོན་ཀྱང་ཁྱེད་ཀྱིས་ཅི་ཞིག་འདྲི་ཡང་དྲིས་མཛོད་དང་ངས་ལན་གང་ཐེབས་ཞུ་ཆོག

ཀ ཡ་ཡ་ཡ། ངས་གཞུང་བཀའ་པོད་ལྔའི་ནང་གི་དཀའ་གནད་ཐེངས་འདིར་མི་འདྲི་སྟེ། བཤད་ན་ཚིག་ཚོགས་མང་གི ཉན་ན་གོ་བ་ཟབ་གི ད་ཉན་མཁན་ཚང་མ་ཡང་མགོ་འཁྲུག་སྤྱད་ཅིག་རེད། དེས་ན་ངས་ཁྱེད་ལ་རྒྱུན་མཁོའི་སྐད་ཆ་ཆུང་ཆུང་ཞིག་འདྲི་ཡ།

ཁ ཡ་ཡ། ཁྱོས་ང་ལ་ཅི་ཞིག་འདྲི་རྒྱུ་ཤོད་ཡ།

ཀ (འཛུམ་དང་ལྡན་པའི་ཉམས་དང་བཅས།) གནམ་ས་གཉིས་ཀྱི་བར་ན་གནས་པའི་སྲོག་ལྡན་འདི་ཐམས་ཅད་ཉིན་མཚན་དལ་མེད་ཀྱིས་བྲེལ་ནས་རྒྱུག་བཞིན་པ་དེ་དོན་དག་ཅི་ཞིག་གི་ཆེད་དུ་རེད།

ཁ (གདེང་ཚོད་ཡོད་པའི་ཉམས་དང་ལྡན་པས།) ཨོ། མཐོ་རྒྱལ་པོ། དམའ་སྤྲང་པོ། གཅན་གཟན་རི་དྭགས། འབུ་སྲིན་གྲོག་སྦུར་ཡན་བྲེལ་ནས་རྒྱུག་རྒྱུ་དེ་བདེ་བ་ཐོབ་པའི་དོན་དུ་རྒྱུག་པ་རེད།

ཀ དེ་འདྲ་ཡིན་ན་ཚང་མ་བདེ་བ་འཐོབ་པའི་དམིགས་ཡུལ་གཅིག་པ་ཡིན་དུས་དོན་དུ་ཚང་མས་འདྲ་མཉམ་དུ་བདེ་བ་ཐོབ་གི་ཡོད་པ་རེད་དང་མ་རེད། ཁ (ཞིབ་ཅིང་ནན་པའི་བལྟ་སྟངས་དང་བཅས།) བདེ་བ་འདོད་པ་ལ་འདྲ་ཡང་བདེ་བ་དེའི་རྒྱུ་སྒྲུབ་ཤེས་མི་ཤེས་ལ་ཁྱད་པར་ཆེན་པོ་ཡོད། འགའ་རེས་རང་བདེ་བའི་ཆེད་དུ་གཞན་ལ་གནོད་བསྐྱལ། དེས་རང་གཞན་གཉིས་ཀ་སྡུག་ལ་སྦྱོར། འགའ་རེས་གཞན་བདེ་བའི་ཆེད་དུ་རང་གི་ལུས་སྲོག་ཀྱང་གཏོང་ཕོད། དེས་མཐར་ཐུག་གཏན་གྱི་བདེ་བ་རྙེད་ཐུབ་པ་རེད། ལ་མ་གཞི་བདེ་བའི་རྒྱུ་དགེ་བ་རེད། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་རེད། བླུན་པོས་ཐོག་མར་བདེ་འབྲས་འཚོལ། །མཁས་པས་ཐོག་མར་བདེ་རྒྱུ་འཚོལ། །བཙལ་བར་འདྲ་ཡང་གནད་ཤེས་པས། །བལྟས་ན་འཚོལ་ཚུལ་འདྲ་མི་འགྱུར། །ཞེས་གསུངས་པ་ལྟར་ཏེ། མི་འདོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་རྒྱུ་ཉོན་མོངས་པར་ཐུག་ཡོད། ཉོན་མོངས་པ་མ་སྤང་བའི་ཁམས་གསུམ་འཁོར་བའི་གནས་ཀྱི་ཟག་བཅས་ཀྱི་བདེ་བ་དེ་འགྱུར་བའི་རང་བཞིན་ཅན་ཡིན་སྟབས་སྡུག་བསྔལ་གསུམ་ལས་མ་འདས་པས་རང་གིས་རང་ལ་གཅེས་ནས་གཏན་གྱི་བདེ་བ་སྒྲུབ་བསམ་ན་ལྷ་ཆོས་རྣམ་དག་ཅིག་བསྒྲུབ་རྒྱུ་གལ་ཆེ། སྡུག་བསྔལ་མ་ལུས་བདག་བདེ་འདོད་ལས་བྱུང་། །རྫོགས་པའི་སངས་རྒྱས་གཞན་ཕན་སེམས་ལས་འཁྲུངས། །ཞེས་གསུངས་པ་ལྟར་དང་། གནས་སྐབས་སུའང་། རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །རང་དབང་ཐོབ་ནས་ཡོན་ཏན་ལ། །འབད་པར་བྱེད་པ་དེ་བས་བདེ། །ཞེས་གསུངས་པ་ལྟར་རེད་ཡ།

ཀ (གུས་འདུད་ཀྱི་ཉམས་དང་བཅས།) ལེགས་སོ། ད་འོ་ན་འཇིག་རྟེན་ཁམས་ཀྱི་རྒྱན་ཆ་མཛེས་ཤོས་དེ་གང་ཡིན།

ཁ ཁྱོད་ཀྱིས་བསམ་ན་གང་ཡིན།

ཀ རིན་པོ་ཆེ་གསེར་གྱི་རྒྱན་ཆ་ལ་རྡོ་རྗེ་ཕ་ལམ་གྱིས་ཕྲ་བཏབ་པས་སྐྱེས་བུའི་ལུས་བརྒྱན་ན་མཛེས་པའི་རྒྱན་ཡང་ཡིན་ལ། རིན་ཐང་ཡང་ཤིན་ཏུ་ཆེ་བས་དེ་ཨེ་ཡིན།

ཁ མ་རེད་མ་རེད། གསེར་དང་ཕ་ལམ་སོགས་སེར་སྣ་ཅན་གྱིས་ནོར་དུ་བརྩི་ཡང་མཆོད་སྦྱིན་བྱས་ནས་ནོར་གྱི་སྙིང་པོ་རེ་བླངས་ན་གོ་ཆོད་ཙམ་ལས། མི་གཙང་བའི་ལུས་རྣག་ཁྲག་གི་རྒྱ་མཚོ། བཤང་གཅིའི་རྐྱལ་བ་ལ་དེས་བརྒྱན་པ་བ་གླང་ལ་གསེར་རྒྱན་སྤྲས་པ་དང་འདྲ་བར་མཛེས་སྤྱད་མི་དགོས་བཙོག་སྤྱད་ཡིན། གསོན་ཚེ་སེམས་ནད་ཀྱི་ཁུར་པོ། ཤི་དུས་ཞེན་ཆགས་ཀྱི་གཞི་མ་རེད།

ཀ དེ་མིན་ན། འོ་ན་རྒྱ་གསེར་ཟ་འོག་གི་གོས་གྱོན། གཡུ་བྱེར་གཟི་མཆོང་གི་རྒྱན་བཏགས། དར་གདུགས་འཕན་གསུམ་གྱི་ཡོལ་བ་དྲེས། དར་ཟབ་གསེར་དངུལ་གྱི་འབུལ་ཚན་སྒྲིག འཁོར་གཡོག་སྡེ་འབངས་ཀྱིས་མཐའ་བསྐོར་ན་མཛེས་ཀྱང་མཛེས་ལ། མིང་ཡང་ཆེ། དོན་ཡང་བཟང་། ཡུལ་སྡེ་དགོན་གསུམ་གྱི་རྒྱན་ཡང་དེ་བས་ཆེ་བ་མེད་ཡ།

ཁ (ཁྲེལ་དགོད་དང་བཅས།) དེ་ག་ལ་ཡིན། རྒྱ་གསེར་དར་ཟབ་གཟི་བྱུར་རྟ་དྲེལ་སོགས་མཛེས་པ་རྒྱ་གསེར་དར་ཟབ་སོགས་ཁོ་རང་ཚོའི་མཛེས་པ་ཡིན་ཞིང་། དེས་གཞན་མཛེས་པར་བྱེད་མི་ནུས་ཏེ། ད་དུང་བླུན་པོ་ཕྱུགས་དང་འདྲ་བ་ཞིག་ལ་རྒྱན་དུ་མི་དགོས་མཚང་དུ་འགྲོ་སྲིད། དེས་ན་རྒྱན་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་དེ་ཡོན་ཏན་ཡིན་ལ། ཡོན་ཏན་ཞེས་པའི་རྒྱན་དང་ལྡན་ན། རྒྱན་ཕལ་བ་ཅི་ཡང་མེད་ཀྱང་མཛེས་པའི་མཆོག་ཏུ་ཚོགས་ཀྱི་དབུས་ན་ལྷམ་མེར་འབར་བ་སྟེ། ཡོན་ཏན་ལྡན་ན་སྐྱེ་བོ་ཀུན། །མ་བསྡུས་པར་ཡང་རང་བཞིན་འདུ། །དྲི་ལྡན་མེ་ཏོག་རྒྱང་རིང་ཡང་། །བུང་བ་སྤྲིན་གྱི་ཚོགས་བཞིན་འདུ། །ཞེས་དང་། ཡོན་ཏན་མེད་ན་ཆ་ལུགས་ཀྱིས། །མཁས་རྣམས་དགའ་བ་སྐྱེད་མི་ནུས། །རྟ་མཆོག་འགྲོས་དང་མི་ལྡན་ན། །ཤིན་ཏུ་བརླིང་ཡང་རིན་ཐང་ཆུང་། །ཞེས་པ་ལྟར། ཡོན་ཏན་ཅན་གྱིས་འབྲེལ་ཚད་བདེ་ལ་བཀོད་ཅིང་རང་དང་གཞན་གྱི་འཕྲལ་ཕུགས་གཉིས་དོན་སྒྲུབ་པ་ཡིན་པས་ནོར་བུའི་ནང་གི་ནོར་མཆོག སྲིད་ན་དཀོན་པའི་མིག་གཅིག་དེ་མཁས་པའི་ཡོན་ཏན་ཡིན་ལ། དེ་རིན་ཐང་ཅན་དུ་བརྩི་ཤེས་པ་དེ་ཡང་ཅུང་ཟད་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་རྟགས་རེད། མཁས་པ་མཁས་པའི་ནང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཙན་དན་གསེར་བས་རིན་ཆེ་བ། །བླུན་པོས་སོལ་བར་བྱས་ལ་ལྟོས། །ཞེས་པ་དང་འདྲ། དེ་བས་ཡ་རབས་དམ་པའི་སྤྱོད་པ་ལ་ཕྱོགས་པ་དག་གིས་རང་ཉིད་ཀྱིས་ཡོན་ཏན་སྦྱོང་ཞིང་། གཞན་ཡོན་ཏན་ཅན་ལ་གུས་པ་དང་བཀུར་སྟི་བྱ་བ་དང་། ཡོན་ཏན་མེད་པ་ལ་སྙིང་རྗེ་བྱེད་པ་ལས་དེ་ལ་འགྱིང་ཉམས་དང་ཆེ་ཚུགས་མི་སྟོན། དེ་ལས་ལྡོག་སྟེ། མནོག་ཆུང་གསེར་དངུལ་ནོར་རྫས་རྐྱང་པ་ལ་ཚེ་འདིའི་འདུན་ཕུགས་བཅོལ། བླུན་པོ་ནོར་ལྡན་ཡི་དྭགས་གཏེར་སྲུང་ལ་དམ་པའི་རྗེ་བོར་བརྩི། ལེགས་བཤད་དམ་པའི་གསུང་སྒྲོས་ལས་ཟས་ནོར་ཕྲན་བུ་འགང་ཆེན་བརྩི་མཁན་དེ་ཚོ་རྨོངས་པ་མ་རིག་པས་མགོ་བོ་འཐོམས་པའི་གླེན་པ་བྷ་ཀོ་ར་གྱེན་ལ་འགྲེང་བའི་བྱོལ་སོང་དུ་བརྩི་ཆོག ད་དེ་ཚོ་སྙིང་རྗེ་བའི་གནས་རིམ་གྱིས་བློ་ཁ་གྱེན་ལ་ཁྲིད་དགོས་རྒྱུའི་རིགས་རེད་ཡ།

ཀ འོ་ལེགས་སོ། ད་འོ་ན་འཇིག་རྟེན་ཁམས་ཀྱི་ཆེས་རིན་ཐང་ཆེ་བའི་དངོས་པོ་དེ་གང་ཡིན།

ཁ ཁྱེད་ཀྱིས་གང་རེད་དགོངས་གི་ཡོད།

ཀ དེ་ཟེར་ཚོད་གསལ་པོར་མ་ཐིག་རུང་། མི་སོ་སོའི་ཞེ་འདོད་སྣ་ཚོགས་པ་ལྟར་ཏེ་བྱིས་པ་རྣམས་ཀྱིས་རྩེད་ཆས་དང་། བུད་མེད་རྣམས་ཀྱིས་རྒྱན་ཆ། སྐྱེས་པ་རྣམས་ཀྱིས་རྟ་བོག འདོད་ཆེན་རྣམས་ཀྱིས་ནོར་རྫས། མཁས་པས་དམ་པའི་གསུང་རབ་ལ་རིན་ཐང་ཆེན་པོར་བརྩི་རྒྱུ་རེད།

ཁ ཨོ། དེ་ཚོ་ཡང་སོ་སོའི་ངོས་ནས་དེ་ལྟར་ཡིན་རུང་ཀུན་ལ་གལ་དུ་ཆེ་ཞིང་དཀོན་པའི་རིན་ཐང་ཆེ་ཤོས་དང་དེའི་ཆ་ཤས་ཙམ་འཛམ་གླིང་གི་རྒྱུ་ནོར་སྤུངས་ཀྱང་བླུ་མི་ཐུབ་པ་དེ་དུས་ཚོད་ཡིན། དུས་ཚོད་ཅེས་པའི་རིན་ཐང་ཅན་གྱི་རྒྱུ་ནོར་དེ་མི་སོ་སོ་ལ་མང་ཉུང་མ་གཏོགས་ཡོད་ཀྱང་། དེ་བེད་སྤྱོད་བཟང་པོ་བཏང་ཐུབ་མཁན་ཧ་ཅང་དཀོན། བེད་སྤྱོད་ལོག་པར་བཏང་ན་ཤིན་ཏུ་གྱོང་ཆེ། ད་ལྟ་རང་རེ་གཉིས་ཀྱིས་ཁ་ཏ་བྱེད་པའི་དུས་ཚོད་འདི་ཡང་རང་རེ་གཉིས་ཀྱི་མི་ཚེའི་ནང་ཡང་བསྐྱར་ཡོང་རྒྱུ་མེད། འདིས་ནི་ཉིན་དང་ཞག་གི་གོམ་པ་སྤོས་ནས་ལོ་དང་ཟླ་བའི་མཆོངས་རྒྱང་བྱས་ཏེ་མི་ཚེའི་རྒྱུན་དང་འགྲོག་ནས་འདས་པའི་ཕྱོགས་སུ་འགྲོ་གི་ཡོད་པས། ཆུ་ཚོད་སྐར་མ་རེ་སོང་ཡང་འཆི་ལ་ཇེ་ཉེ་ཡིན་ན། སྲོག་དང་ལྡན་པའི་གང་ཟག་སེམས་ཡོད་པ་ཞིག་ཡིན་ཕན་ཆད་ལེ་ལོ་སྙོམ་ལས་ཀྱི་དབང་གིས་དུས་ཚོད་གྲོན་བརླག་ཏུ་མི་གཏོང་བར། འདི་དང་ཕྱི་མར་ཕན་པའི་དོན་རེ་སྒྲུབ་གལ་ཆེ། དུས་ཚོད་ཅེས་པ་རིན་ཐང་གཞལ་མེད་ཀྱི་ནོར་བུ་ཡིན་ཏེ། ཇི་སྲིད་སྡུག་པའི་དུས་ཀྱི་ཟླ་རྒྱས་ཉིད། །འཆི་བདག་གཟའ་ཆེན་འདི་ཡིས་མ་རྙེད་པ། །དེ་སྲིད་བག་ཡོད་པར་ནི་གནས་བྱ་སྟེ། །རིགས་དང་ཡོན་ཏན་ཚུལ་བཞིན་བསྲུང་བར་བྱ། །ཞེས་དང་། དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ནི་ཇི་ཙམ་མི་ཤེས་པས། །ངང་པས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། །ཞེས་པ་ལྟར་རོ།།

ཀ (ཡིད་ཆེས་པའི་རྣམ་འགྱུར་དང་བཅས།) རེད་རེད་རེད། དེ་ཚོ་གསལ་པོར་གོ་བྱུང་། ད་འོ་ན་ཁྱེད་ལ་འདྲི་རྒྱུ་གཞན་ཞིག་ལ་མྱིའི་བཟང་ངན་ཟེར་རྒྱུ་དེ་གང་འདྲ་བྱས་ནས་དབྱེ་བ་ཕྱེ་དགོས།

ཁ མྱིའི་བཟང་ངན་ཕྱེ་དུས་བཟང་ངན་ཕྱེ་མཁན་ཁོ་རང་གཟུ་བོར་གནས་པ། དྲང་པོའི་བློ་ཅན། ཆོས་དང་འཇིག་རྟེན། འཕྲལ་དང་ཕུགས་ཀྱི་ཁེ་ཉེན་ཤེས་ཤིང་། ལུགས་གཉིས་ཀྱི་མཐོང་རྒྱ་ཡངས་པོ་ཅན་ཞིག་མིན་ན་དབྱེ་ཞིབ་བྱེད་མི་ཤེས། མདོར་བསྡུས་ན་མྱི་བཟང་ངན་ལྟ་མཁན་དེ་ཁོ་རང་མྱི་བཟང་པོ་ཞིག་མིན་ན་བལྟ་དཀའ། མིག་དག་པ་ཞིག་མེད་ན་གཟུགས་དག་པ་ཞིག་མཐོང་མི་ཐུབ་པ་དང་འདྲ། མ་དག་པའི་བལྟ་ཚུལ་དེ་འདྲས་གཞན་ལ་དབྱེ་ཞིབ་བྱེད་སྐབས་རང་ཉིད་ལ་དགའ་མཁན་དང་། རྒྱུ་ནོར་སྦྱིན་མཁན། ཁ་མཁས་ངག་འཇམ་བཤད་མཁན་ལ་མྱི་བཟང་དུ་བརྩི་བ་དང་། གལ་ཏེ་དེ་ལས་ལྡོག་པའམ་དེ་ལས་འགྱུར་ན་རང་ཉིད་མི་དགའ་བ་ཙམ་རྒྱུ་མཚན་དུ་བྱས་ཏེ་མྱི་ངན་དུ་ཡང་བརྩི་སྲིད་པས་ངེས་བརྟན་མེད་པ་དང་། མྱི་སོ་སོའི་མཐོང་ཚུལ་ཡང་སོ་སོ་ཡིན། མྱི་བཟང་ངན་ཕྱེ་བ་དེ་ལ་བརྟག་ཐབས་རྣམ་པ་མང་པོ་ཞིག་ཡོད་པ་ལས། བཟང་པོའི་རྟགས་ནི། བྱ་བའི་གནད་ཤེས་པ། འཕྲལ་ཕུགས་ཀྱི་ཁེ་ཉེན་རྟོགས་པ། ལས་དང་བྱ་བ་ཅི་ལ་ཡང་ཚོད་ཟིན་པ། རང་གིས་རང་ཚུགས་ཐུབ་པ། ལས་འབྲས་དཀར་ནག་ལ་བརྩི་བ། དྲིན་ཆེན་ཕ་མར་དྲིན་གཟོ་བ། ཉམ་ཆུང་བྱམས་པས་སྐྱོང་མཁས་པ། བཙན་པོ་ཚོད་མེད་ལ་མགོ་མི་སྒུར་བ། བློ་ཁོག་དྲང་ལ་བསྒྱུར་རྒྱུ་མེད་པ། འགྲོག་ན་བདེ་ཞིང་ཕྱི་ཐག་རིང་བ། ཚིག་བདེན་ཞིང་ཁོག་ཡངས་པ། བཞིན་མདངས་གསལ་ཞིང་འཛུམ་བག་ལྡན་པ། རྐྱེན་ཕྲན་བུས་སྒྱུར་དཀའ་བ། ཁྲེལ་གཞུང་ངོ་ཚ་གཏོང་ཕོད་ཆེ་བ་སོགས་མྱི་བཟང་པོའི་ཡོན་ཏན་དེ་ཡང་བཤད་ན་རྫོགས་རྒྱུ་མེད་པ་ཞིག་ཡོད་ཀྱང་། མདོར་བསྡུས་ན་དེའི་བརྟག་ཐབས་གཅིག་ཆོག་དེ་ཕན་སེམས་ཡོད་མེད་ལ་བལྟ་དགོས། ཕན་སེམས་བསམ་པ་བཟང་པོ་དང་རྟག་ཏུ་མི་འབྲལ་བའི་མྱི་དེ་གང་ལྟར་མྱི་རབ་ཡིན་ཞིང་། དེའི་ཆོས་དང་སྲིད་ཀྱི་བྱ་བ་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་ཅི་བསམ་ལམ་ལ་འགྲོ་བ་དང་ལེགས་ཚོགས་གོང་ནས་གོང་དུ་འཕེལ་བ་ཡིན། དེ་འདྲའི་ཡ་རབས་དེ་ཤིན་ཏུ་དཀོན་པས་མཐོང་བ་ཉུང་། མི་དེ་འདྲས་རང་གཞན་བདེ་ལ་འགོད་ཅིང་། ཚེ་འདིར་སྐྱིད་ལ་ཕྱི་མར་ཡང་སྐྱིད་པའི་འབྲས་བུ་བདེ་བ་འབའ་ཞིག་ལ་ལོངས་སྤྱོད་པ་ཡིན།

ཀ འོ་ན་མྱི་ངན་དེ་ཅི་འདྲ་ཞིག་རེད།

ཁ ད་གོང་དུ་བཤད་པ་ལས་ལྡོག་པའི་མྱི་ངན་གྱི་བྱ་སྤྱོད་ནི་ཤིན་ཏུ་མང་སྟེ། རེག་ན་ཚེར་མ་འདྲ་ཞིང་། ཟོས་ན་རྒྱ་དུག་དང་འདྲ་བས་ཐམས་ཅད་སུན་འགྲོ། རང་འདོད་དང་གཡོ་སྒྱུ་ཆེ་བ། ཁྲེལ་དང་ངོ་ཚ་ཆུང་བ། ངན་སེམས་དང་སེར་སྣས་བཅིངས་པ། ཁ་འཇམ་ཁོག་རྩུབ་ཀྱི་བརྟུལ་ཞུགས་འཆང་བ། མི་བདེན་རྫུན་གྱི་འཁོར་ལོ་བསྐོར་བ། རང་བསྟོད་ལ་དགའ་ཞིང་གཞན་སྨོད་ལ་སེམས་པ། ལས་འབྲས་ལ་མི་བརྩི་ཞིང་སྡིག་ལ་དགའ་བ། འགྲན་སེམས་དང་ཕྲག་དོག་གདུག་རྩུབ་དང་ང་རྒྱལ་ཆེ་བ། ཅོལ་ཆུང་ཞིང་སྲ་ཚན་ཆུང་བ། ཆང་རག་དུ་བ་རྒྱན་པོ་འགྱེད་པ་ལ་དགའ་བ། རྐུ་རྫུན་ཕྲ་མ་གཡོ་སྒྱུ་ལ་གོམས་པ་ལ་སོགས་པ་མྱི་ངན་གྱི་སྐྱོན་ཤིན་ཏུ་མང་བས་བཤད་ན་ཉི་མས་མི་འདང་། མྱི་ངན་དེ་འདྲས་རང་ཉིད་ཀྱི་བདེ་བ་འཇོམས་ཤིང་ཡུལ་ཁམས་ཕུང་ལ་སྦྱར་ཏེ་འདི་མེད་ཕྱི་མེད་བྱེད་པ་ཡིན། དེ་ཡང་མདོར་བསྡུས་ན་བསམ་པ་ངན་པས་ཀུན་ནས་བསླངས་བའི་སྤྱོད་ངན་གྱིས་བྱས་པ་ཤ་སྟག་ཡིན་ཏེ། ཇི་སྐད་དུ། ཡ་རབས་རིགས་ཀྱི་གདོང་ན་པདྨ་མེད། །མ་རབས་རིགས་ཀྱི་ཀླད་ན་རྭ་མ་སྐྱེས། །ཇི་ལྟ་ཇི་ལྟར་སྤྱོད་པའི་ཁྱད་པར་གྱིས། །འཕྱོན་མའི་བུ་ཡི་རིགས་རྣམས་གསལ་བར་འབྱེད། །ཅེས་གསུངས་པ་ལྟར་རོ།

ཀ འོ་ན་མྱིའི་བཟང་ངན་ཟེར་བ་དེ་དང་པོ་སྐྱེ་དུས་ནས་བཟང་ངན་དུ་སྐྱེས་པ་རེད་དམ། རྗེས་སུ་བསླབས་ནས་དེ་ལྟར་གྱུར་པ་རེད། ཁ དེ་ནི་རང་བཞིན་གཤིས་ཀྱིས་བཟང་བ་ཞིག་དང་། རྐྱེན་གཞན་གྱིས་བསྒྱུར་ནས་བཟང་པོར་གྱུར་བ་གཉིས་ཡོད་པ་ལས། སུ་ཡིན་ཡང་ཕ་མ་བཟང་པོའི་ཁ་ཏ་དང་། དགེ་རྒན་བཟང་པོའི་སློབ་གསོ། བླ་མ་བཟང་པོའི་ཞལ་གདམ། གྲོགས་པོ་བཟང་པོའི་གཤིས་སྤྱོད་བཅས་ལ་བརྟེན་ནས་བཟང་པོར་བསྒྱུར་མི་ཆོག་པ་ཧ་ཅང་ཉུང་། ཡ་རབས་ལ་བསླབས་ནས་རང་ཉིད་ཀྱང་ཡ་རབས་ཀྱི་སྤྱོད་པ་དང་ལྡན་ཞིང་འཕྲལ་ཕུགས་གཉིས་ཀར་སྐྱིད་པོ་ཞིག་བྱེད་བསམ་ན། རང་གིས་རང་ཉིད་ཀྱི་སྐྱོན་ཡོན་ཕྱེས་བསྟུན་ཀུན་སློང་རེ་རེ་དང་བྱ་སྤྱོད་སྣ་རེ་ནས་དབྱེ་ཞིབ་བྱས་ཏེ་སྐྱོན་ཉིན་རེ་བཞིན་ཇེ་ཉུང་དང་ཡོན་ཏན་ཉིན་རེ་བཞིན་ཇེ་མང་ལ་བཏང་ནས་རང་གིས་རང་ཉིད་ལམ་ཐོག་ལ་བཞག་སྟེ་བཟང་པོར་འཆོས་དགོས། དེ་ཡང་གཏམ་བཤད་སྟངས། བསམ་པའི་འཁྱེར་སོ། མི་དང་མིའི་བར་ལ་འབྲེལ་བ་བྱ་ལུགས་སོགས་ཀྱི་ཐད་ནས་གཞན་བཟང་པོ་ལ་དཔེ་བལྟས་ནས་ངན་སྤྱོད་སྣ་རེ་ནས་སྒྱུར་ཏེ་རིམ་གྱིས་བཟང་པོར་འགྱུར་བ་ལ། བཤེས་གཉེན་དམ་པ་དང་གྲོགས་པོ་བཟང་པོ་བསྟེན་པ་ནི་ལྕགས་གསེར་དུ་སྒྱུར་བ་ལྟ་བུའི་མི་ངན་མི་བཟང་ལ་སྒྱུར་བའི་གནད་དང་མན་ངག་དམ་པ་གཅིག་ཆོག་གོ། ད་དེ་རིང་གི་བཀའ་མོལ་དེ་ཙམ་བྱས་ན་ཨེ་ཆོག་ལགས།

ཀ (ཚབ་ཚུབ་དང་བཅས་པའི་གུས་ཉམས་ཀྱིས།) བཀའ་དྲིན་ཆེ། དགོངས་པ་མ་ཚོམ། ངས་ད་དུང་འཇིག་རྟེན་ལུགས་དང་འབྲེལ་བའི་དོན་དག་ཆུང་ཆུང་གཉིས་འདྲི་རྒྱུ་ཡོད། འཇིག་རྟེན་ཁྱིམ་ན་གནས་པ་ཀུན་གྱིས་རྒྱུ་ལོངས་སྤྱོད་བསགས་ཏེ་དགྲ་འདུལ་གཉེན་སྐྱོང་ལ་འབད་པ་ཡིན་པས། ལོངས་སྤྱོད་ཚོགས་ཐབས་ཀྱི་གདམས་ངག་ངོ་མ་དེ་གང་ཡིན།

ཁ འོ། ལོངས་སྤྱོད་ཕུན་སུམ་ཚོགས་པ་དེ་ཚོགས་བསགས་པའི་འབྲས་བུ་ཡིན། སྔར་བསོད་ནམས་བསགས་པས་ད་ལྟ་ལོངས་སྤྱོད་ཆེ་བ་ཡིན། ད་ལྟ་བསོད་ནམས་བསགས་ན་ཕྱིན་ཆད་ལོངས་སྤྱོད་འཕེལ་བ་སྟེ། ནོར་རྣམས་ཆུད་མི་ཟ་བ་ཡི། །གཏེར་ཆེན་དག་ཏུ་བསྐྱིལ་འདོད་ན། །བསགས་ཤིང་འཇུངས་བ་མི་བྱ་བར། གཏོང་ཕོད་རྗེས་སུ་ཡི་རངས་བྱ། །ཞེས་གསུངས་པ་ལྟར། ནོར་ལས་ནོར་གྱི་སྙིང་པོ་བླངས་ཏེ་ཕྱི་མར་ཁྱེར་མི་ལོ་བའི་ཟང་ཟིང་གི་དངོས་པོ་དེ་ཕྱི་མར་ཕན་ཐོག་པའི་བསོད་ནམས་དང་བརྗེས་ནས་མཆོད་སྦྱིན་ཀྱིས་ཚོགས་བསགས་ན་མྱི་ཚེ་སྡུག་ལ་ཟད་པའི་དཀའ་སྤྱད་འབད་བརྩོན་མི་དགོས་པར་འདི་ཕྱི་གཉིས་ཀར་ལོངས་སྤྱོད་ཀྱིས་འབྱོར་ཞིང་སྐྱིད་པ་ཡིན་ཏེ། ཚེ་དང་འབྱོར་བ་སྙན་པར་གྲགས་པ་དང་། །འདི་དང་ཕྱི་མའི་བདེ་བ་རྒྱ་ཆེ་བ། །གཏོང་བའི་ཐབས་མཆོག་གཅིག་གིས་བསྒྲུབ་ནུས་ཀྱང་། །བློ་ངན་རྫས་ལ་ཆགས་པས་མི་ནུས་སོ། །ཞེས་པ་ལྟར་ཏེ་རང་ཉིད་ལ་བསོད་ནམས་སྔར་བསགས་ཀྱི་རྒྱུ་ཞིག་སྔོན་སོང་མེད་ན་ཇི་ཙམ་འབད་པས་བསགས་ཀྱང་སྙིང་པོ་མེད་པ་ཡིན་ནོ།

ཀ ད་འོ་ན། དགྲ་འདུལ་བའི་ཐབས་དམ་པ་དེ་གང་ལགས་གསུང་རོགས་ཞུ།

ཁ དགྲ་ལ་ཕྱི་ནང་སོགས་ཀྱི་དབྱེ་བ་མང་པོ་ཡོད་ཀྱང་། ནང་གི་དགྲ་ནི་ཉོན་མོངས་པ་ཡིན་པས་དེ་ངར་འཛིན་ལྷན་སྐྱེས་ཀྱི་མ་རིག་པ་ལ་ཐུག་ཡོད་། དེ་ནི་བདག་མེད་རྟོགས་པའི་ཤེས་རབ་ཀྱིས་འདུལ་དགོས། ཕྱིའི་དགྲ་ནི་སྔར་རང་ཉིད་ཀྱིས་གཞན་ལ་གནོད་འཚེ་བྱས་པའི་རྣམ་སྨིན་ཡིན་ཞིང་། དེའང་བརྟག་ན་སྔར་གྱི་གཉེན་ད་ལྟའི་དགྲ་དང་། ད་ལྟའི་གཉེན་སྔར་གྱི་དགྲ་ཡིན་པ་སོགས་མང་བས་ཞེ་སྡང་སྐྱེ་སའི་ཡུལ་མེད། གལ་ཏེ་དགྲ་འཇོམས་དགོས་པའི་དབང་དུ་བཏང་ཡང་། འཇམ་པོའི་སྒོ་ནས་དབང་དུ་བསྡུ་ཞིང་དགྲ་རང་ཕྱོགས་སུ་བཀུག་པ་གནད་དམ་པ་ཡིན་ཏེ། འཇམ་པོས་འཇམ་པོ་འཇོམས་བྱེད་ཅིང་། །འཇམ་པོས་རྩུབ་པོའང་འཇོམས་པར་བྱེད། །འཇམ་པོས་ཀུན་འགྲུབ་དེ་ཡི་ཕྱིར། །འཇམ་ཉིད་རྣོ་ཞེས་མཁས་རྣམས་སྨྲ། །ཞེས་དང་། ཕ་རོལ་གནད་དུ་འབེབ་པའི་ཚིག །དགྲ་བོ་ལ་ཡང་སྨྲ་མི་བྱ། །བྲག་ཅ་བཞིན་དུ་རང་ཉིད་ལ། །དེ་མ་ཐག་ཏུ་ལེ་ལན་འབྱུང་། །ཞེས་པ་ལྟར་ཡིན་པས་བྱམས་པའི་མཚོན་གྱིས་ཞེ་སྡང་གི་དགྲ་བོ་བཅོམ་ན་དགྲ་ཐམས་ཅད་གཏན་དུ་གཞོམ་པར་ནུས་པ་ལས། ཁོང་ཁྲོའི་དབང་གིས་བརྡེག་བཙོག་ཚིག་ངན་བྱས་ན་དགྲ་གཅིག་གིས་མི་ཚད་མང་པོ་ལངས་ནས་གཟེ་རེ་ཅན་ལ་གནོད་པ་མང་བའི་དཔེ་ལྟར་ས་སྟེང་དགྲ་བོས་གང་སྟེ་སྣང་བ་དགྲ་རུ་ལངས་ནས་བདེ་བའི་གོ་སྐབས་བག་ཙམ་ཡང་མི་སྲིད་དོ། ད་དེ་རིང་རང་རེ་གཉིས་ཀྱིས་གཏམ་ཉོག་བཤད་ནས་རིན་བྲལ་གྱི་དུས་ཚོད་མང་པོ་འཕྲོ་བརླག་བཏང་སོང་བས། མྱུར་དུ་རང་རང་གི་ཤག་ཏུ་སོང་ནས་སློབ་ཁྲིད་སྔ་མའི་སྐྱོར་སྦྱང་ལ་བརྩོན་ན་ལེགས།

ཀ བཀའ་དྲིན་ཆེ། བཀའ་དྲིན་ཆེ། ངས་དྲིས་པ་ལ་ཁྱེད་ཀྱིས་བཀའ་ལན་ཡག་པོ་གནང་སོང་། ལོང་ཁོམ་ཡོད་དུས་ཤིག་ཡིན་ན་ངས་ཟིན་བྲིས་ཞིག་ཀྱང་འབྲི་འདོད། ད་དུང་ལུགས་གཉིས་ཀྱི་བཀའ་འདྲི་མང་པོ་ཞིག་འདྲི་རྒྱུ་ཡོད་ཀྱང་རྗེས་སུ་རིམ་གྱིས་ཞུས་ཆོག་པ་ཐུགས་ལ་བཅང་རོགས། ཐུགས་རྗེ་ཆེ།

ཁ ཡ་ཡ། དེ་ལྟར་བྱ། ཁྱེད་སྐུ་ཚེ་རིང་།

ཀ རྗེས་སུ་མཇལ།

ཤྲཱི་སེང་ཆོས་གྲྭ་སླར་གསོ་རྒྱ་སྐྱེད་ཀྱི་ཐོག་མའི་དབུ་བརྙེས་དགའ་སྟོན་སྐབས་ཏེ་རབ་རྒྱལ་ས་འབྲུག་ལོར་བཙུན་གཞོན་འཁྲབ་སྟོན་པ་གཉིས་ཀྱི་མི་བརྗེད་ཐོར་བྲིས་པའོ།།

འཛམ་གླིང་གེ་སར་རྒྱལ་པོ་དཔའ་བརྟུལ་ཕུ་ནུའི་འཁོར་ཚོགས་དགྲ་ལྷ་རླུང་རྟ་དང་བཅས་པའི་གར་འཆམ་གྱི་མཚམས་སྦྱོར་ཡིད་འཕྲོག་ནོར་བུའི་དོ་ཤལ།

ཨོཾ་སྭ་སྟི།

རབ་འབྱམས་རྒྱལ་བའི་གསང་གསུམ་ངོ་བོ་མ་ལུས་གཅིག་བསྡུས་མཚན་དཔེའི་སྐུ།།

དྲི་མེད་དྭངས་མཚོར་འདབ་སྟོང་རྣམ་བཀྲའི་ཆུ་སྐྱེས་རྒྱས་པའི་རྩེར་འཁྲུངས་པ།།

འཆི་མེད་མཆོག་གྲུབ་སྣང་སྲིད་ཟིལ་གནོན་གངས་ཅན་བསྟན་འགྲོའི་མགོན་གཅིག་པུ།།

མཚོ་སྐྱེས་རྒྱལ་བ་བརྒྱུད་པར་བཅས་པས་ཀུན་ནས་དགེ་བའི་སྣང་བ་སྩོལ།།

འཇིགས་རུང་དགྲ་ལྷ་འཁྲུགས་པའི་སྤྲིན་ནག་ལས།།

དཔའ་རྔམ་མཚོན་ཆའི་ཐོག་མདའ་དྲག་པོ་ཡིས།།

ནག་ཕྱོགས་བདུད་རིགས་སྡེར་བཅས་འཇོམས་མཛད་པ།།

འཛམ་གླིང་གེ་སར་རྒྱལ་པོས་དེང་འདིར་སྐྱོངས།།

ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་ཆེ།།

དཀར་ཕྱོགས་སྲིད་པའི་བླ་ན་མངོན་མཐོ་བའི།།

ལྷར་བཅས་སྐྱེ་དགུ་མགུ་བའི་ངོ་མཚར་གཏམ།།

མ་སྨད་ཟློས་གར་ཉམས་བརྒྱར་འགྲོགས་ནས་སྤེལ།།

དེ་ཡང་མདོ་སྨད་ས་ཡི་ཐིག་ལེ། རུ་དམ་སྐྱིད་ཕྲམ་གྱི་ལུང་པ་ཞེས་ཕུ་གངས་དཀར་ལྷུན་བརྗིད་ཀྱི་རྩེ་མོ་དགུང་ཆེན་བར་སྣང་ཡངས་པར་ཟུག་ཅིང་གངས་སེང་དཀར་མོས་གཡུ་རལ་ངོམ་པ། བར་རྫ་བྲག་གཡའ་ཡི་འགྱིང་རྫོང་ལྷོ་སྤྲིན་ཕྱུག་མོ་སྐེད་ལ་འཁྲིལ་བར་ཐང་དཀར་རྒོད་པོས་གཤོག་རྩལ་འགྲན་པ། སྨད་ལྗོན་ཤིང་ནགས་ཚལ་གྱི་ཡལ་ག་སྣ་ཚོགས་འབྲས་བུའི་ཁུར་གྱིས་དུད་པར་འདབ་ཆགས་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པ། དཀྱིལ་ཐང་ཆེན་སྤང་ལྗོངས་ཕྱུག་མོ་སྨན་ཤིང་མེ་ཏོག་གི་སྐྱེད་ཚལ་གྱིས་མཛེས་པར་ཕྱུགས་རིགས་སྣ་ཚོགས་རྩེ་གར་འགྲན་པ། གཞན་ཡང་གཏན་འཁྱིལ་གཡུ་ཡི་མཚོ་མོ། དྭངས་བསིལ་འོ་མའི་ཆུ་རྒྱུན་སོགས་སྣོད་བཅུད་ཀྱི་བཀོད་པས་མཛེས་པར་བརྒྱན་པའི་ཡིད་འོང་རང་བྱུང་གི་མཛེས་ལྗོངས་ཀྱི་དབུས་སུ། རྒྱབ་རི་གླང་ཆེན་ས་ལ་ཉལ་འདྲའི་མཁལ་ཁུག མདུན་རི་རྒྱལ་པོ་གདན་ལ་བཞུགས་འདྲའི་ཉེ་ཞོལ། བཀྲ་ཤིས་རྟགས་ཀྱི་ར་བས་ཕྱོགས་མཚམས་ཀུན་ནས་བསྐོར་བའི་ཐུབ་བསྟན་ཡོངས་འདུས་དགའ་ཚལ་གྱི་གཙུག་ལག་ཁང་ཆེན་པོའི་སྒོ་ཁྱམས། ཁྱུང་འབྲུག་གདན་དུ་བཏིང་བའི་དོ་ར་ཡངས་པོ་འདིར་དེ་རིང་བཀྲ་ཤིས་པའི་ལྷ་ཉི་དཀར་པོ་ལ། མཛེས་མོ་མིག་གི་ལོངས་སྤྱོད། སྙན་མོ་རྣ་བའི་བདུད་རྩི། དགའ་སྟོན་ཟློས་གར་གྱི་གཟིགས་མོ་འབུལ་རྒྱུའི་ཐོག་མར་གླིང་དཀར་པོའི་དང་སྨན་མཆེད་བདུན་གྱི་འཆམ་སྐོར་ཏེ། གླིང་དཀར་པོའི་དང་སྨན་མཆེད་བདུན་ནི། གླིང་དཀར་ཡུལ་གྱི་མེ་ཏོག གྲོགས་བསོད་ནམས་གཉིས་ཀྱི་སྣ་འདྲེན། རྟེན་འབྲེལ་ཕྲིན་ལས་ཀྱི་སྒོ་འབྱེད་ཡིན། དེ་ལས་ཐོག་མར་དཀར་གསལ་ཟླ་བའི་ཞལ་ཁྱིམ་ལ། སྤྱན་ཟུང་རི་དྭགས་འཇོ་སྒེག་ཅན། ཞལ་ནས་ཨུཏྤལ་ཡི་དྲི་འཐུལ་ཞིང་ལྗགས་ལ་ཨ་ཡིག་རང་བྱོན་ཡོད་པ། སྐུ་ལ་དར་ཟབ་ཀྱི་ན་བཟའ་གསོལ་ཞིང་མཛེས་པའི་རྒྱན་ཆ་སྣ་ཚོགས་ཀྱིས་ཀུན་ནས་བརྒྱན་པ། ཕྱག་ན་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཕུད་སྐྱེམས་བསྣམས་པ་དེ། ཤར་སྒྲོལ་མ་དཀར་མོའི་རྣམ་འཕྲུལ། གླིང་སེང་ཆེན་སྐྱེས་བུའི་ཇ་མ། སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་རེད། མཛེས་སྡུག་གཟུགས་ཀྱི་ལང་ཚོ་རྒྱས་ཤིང་གཟི་མཆོང་སྤེལ་མའི་དོ་ཤལ་གྱིས་མཛེས་པ་ཕྱག་ན་འོ་ཕུད་བསྣམས་པ་དེ་གུང་མ་ཡག་གི་སེང་ལྕམ་རེད། མཛེས་འཛུམ་དགྱེས་པའི་ཞལ་དཀྱིལ་ལ། དབུ་སྐྲ་གཡུ་ཡི་ལན་ཚར་ཅན་ཕྱག་ན་ཆང་ཕུད་བསྣམས་པ་དེ་སྤྱི་དཔོན་བུ་མོ་གཡུ་སྒྲོན་རེད། མཆུ་སྒྲོས་པད་མའི་འདབ་མ་ལ། ཟུར་མིག་བུང་བ་འཕུར་ལྡིང་ཅན། ཕྱག་ན་ཇ་ཕུད་བསྣམས་པ་དེ་འདན་མའི་བུ་མོ་དར་ལི་རེད། འཇམ་མཉེན་ཕྱག་གི་པད་རྩ་ལ། གསེར་གྱི་གདུ་བུའི་སིལ་ཁྲོལ་ཅན། གཡས་ན་མདའ་དར་དང་གཡོན་ན་ཕྱེ་ཕུད་བསྣམས་པ་དེ་འབྲུ་རག་དཀར་སྟོན་པའི་བུ་མོ་རེད། སྟོན་ཟླ་རྒྱས་པའི་ཞལ་ངོ་ལ། ལི་ཁྲི་སར་བའི་ཐིག་ལེ་ཅན། འགྱིང་བག་ལུས་ཀྱི་ལྡེམ་འགྲོས་གཡོ་བ། ཕྱག་གཡས་མདའ་དར་དང་གཡོན་ན་ཕྱེ་མར་བསྣམས་པ་དེ་མི་ཆེན་དཔོན་གྱི་བཙུན་མོ་ཕ་ཆེན་རག་བཟའ་དགེ་མཚོ་རེད། མཉེན་ལྕུག་ལུས་ཀྱི་འཁྲི་ཤིང་ལ། སྨིན་མཚམས་ལི་ཁྲིའི་ཐིག་ལེ་ཅན། མ་མཁའ་འགྲོའི་གར་སྟབས་ཁྲིགས་སེ་ཡོད་པ། ཕྱག་གཡས་ན་མདའ་དར་དང་གཡོན་ན་ཕྱེ་མར་བསྣམས་པ་དེ་ནིས་ཆུང་ལུ་གུའི་མཚར་ཡག་བཅས་གླིང་དཀར་པོའི་མོ་སྨན་བདུན་གྱིས་མཛེས་པའི་གར་དང་ཕྱག་རྒྱ། སྙན་པའི་གླུ་དང་དབྱངས་ཀྱིས་གླིང་སེང་ཆེན་སྐྱེས་བུའི་ཐུགས་རྒྱུད་བསྐུལ་བ་རེད།།

འཆམ་ཚན་གཉིས་པ། འཛམ་གླིང་གེ་སར་རྒྱལ་པོ་དགྲ་ལྷ་ཝེར་མའི་ཚོགས་དང་བཅས་པ་སྟེ། དེ་ཡང་ནམ་མཁའ་ས་གཞི་བར་སྣང་ཐམས་ཅད་དུ་ལྷ་ཀླུ་གཉན་གསུམ་དགྲ་ལྷ་ཝེར་མ་མགྲོན་ཡག་དར་མའི་ཚོགས་དང་བཅས་པས་བསྐོར་བའི་དབུས་སུ། སྐུ་མདོག་དཀར་གསལ་གངས་རི་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟ་བུ། སྐུ་བརྗིད་པ་རི་རྒྱལ་ལྷུན་པོ། གསུང་རྔམ་པ་དབྱར་རྔའི་སྒྲ་དབྱངས། ཐུགས་མཁྱེན་བརྩེ་ཉི་མ་རང་ཤར། གོང་དཔོན་པོ་བྱས་ན་དད་པ་སྤྲོ་བ། ཕ་བླ་མ་བྱས་ན་དང་བ་འདྲེན་པ། དཔའ་དགྲ་ལྷ་བྱས་ན་དབུ་འཕང་མཐོ་བ་དེ་སྐུ་འཛམ་གླིང་སེང་ཆེན་རྒྱལ་པོ་དབུ་ནག་སྐྱོབ་པའི་ལྷ་སྐལ་རེད། དབུ་ལ་གསོལ་བའི་རྨོག་དཀར་རྨོག་བྱང་དྲུག་འོད་ཀྱི་དུང་རིས་ཅན་དེ་ཚངས་པ་དཀར་པོའི་དབུ་རྨོག་རྨོག་དཀར་རྒྱལ་བའི་དོན་འགྲུབ་རེད། སྐུ་ལ་གསོལ་བའི་གསང་གོས་དེ་དགྲ་ལྷའི་བེར་ཆེན་སྨུག་པོ་དཀར་ཤམ་ཟོ་ལུ་དགུ་བསྒྲིལ་རེད། དེ་ཐོག་གསོལ་བའི་གོ་ཁྲབ་དེ་གཙུག་ན་རིན་ཆེན་གྱི་སྐུ་ཁྲབ་ཁྲབ་རྗེ་ཁྲོ་ནག་ཟིལ་བ་རེད། ཕྱག་གཡས་ན་བསྣམས་པའི་དར་མདུང་དེ་མདུང་མོ་ཁམས་གསུམ་དགྲ་འདུལ་རེད། གཡོན་ན་འཆང་བའི་ཕུབ་ཆེན་དེ་ཕུབ་མོ་རྦ་དམར་ལེབ་ཆེན་རེད། གཡས་སུ་སྟག་དོང་འཁྱིལ་བ་དེ་སྟག་དོང་དགྲ་ལྷའི་རྫོང་ཆེན། ནང་རྫོང་མདའ་མོ་གོ་དགུ་རེད། གཡོན་དུ་གཟིག་ཤུབས་འབར་བ་དེ་གཟིག་ཤུབས་ཝེར་མའི་བླ་གནས་དང་མཆོག་དཀར་ར་རྒོད་འཁྱིལ་བ་རེད། སྐེད་ལ་བརྒྱན་པའི་ཤང་ལང་དེ་སྐེད་གྲི་འཇིག་རྟེན་ཆོས་སོད་དང་གློ་ལ་འཆང་བའི་རལ་གྲི་དེ་རལ་གྲི་བཏབ་པ་ལན་མེད་རེད། གཞན་ཡང་འཁོར་ལོ་གནམ་ལྕགས་ཐོག་འབེབ། རྩེ་གྲོགས་ཤེལ་གྱི་གྲི་ཆུང་། ཀླུ་ཞགས་སྦལ་སྦྲུལ་འདོམ་དགུ། འུར་རྡོ་ཕ་ཝང་སྟོང་འཁོར། རྦ་ལྕག་བསམ་པའི་དོན་འགྲུབ་སོགས་དགྲ་ལྷའི་གོ་དགུ་མཚོན་དགུ་སྐུ་ལ་གསོལ་བ་སྟེ། མི་མིན་འཕྲུལ་གྱི་གཏེར་ཟོག སྡང་དགྲ་བོ་འདུལ་བའི་དཔའ་ཆས་རེད། དབུ་དར་འཕྲུའི་གར་སྟབས་ཤིགས་སེ། རྒོད་འཕྲུའི་མགོ་ངུག་ལིང་ངེ། སྟེང་རྒྱལ་མཚན་ཉི་འོད་ཆེམས་སེ། དགྲ་ལྷའི་སྤྲིན་ཕུང་འཁྲིགས་པ་དེ་ཁོང་དབུ་འཕང་མཐོ་བའི་རྒྱན་ཆ་རེད། ཞལ་གཅིག་ལ་ལས་བཞི་ཚང་ཞིང་སྐུ་གཅིག་གིས་དགྲ་བཞི་ནོན་པའི་དགྲ་འདུལ་དྲག་པོའི་འཆམ་སྐོར་གྱིས་བདུད་ནག་ཕྱོགས་རྩད་ནས་གཞོམ་པ་བརྒྱ་བྱིན་ལྷ་མིན་གྱི་གཡུལ་ལས་རྒྱལ་བ་དང་མཚུངས་ཤིང་། གཡུལ་རྒྱལ་ལྷ་ཡི་རྔ་སྒྲ་དེ་འབྲུག་སྟོང་ལྡིར་བའི་སྒྲ་དབྱངས་དང་མཚུངས་སོ།།

འཆམ་ཚན་གསུམ་པ། གླིང་ལྷའི་སྐོར་གྱི་འཆམ་ཚན་འདི་སྐྱེས་བུའི་མི་འབྲལ་ལུས་ལྷ། གླིང་དཀར་པོར་འགོ་ཞིང་སྐྱོབ་པའི་ལྷ་སྲུང་གི་སྐོར་ཏེ། ཐོག་མར་ཞལ་ངོ་དཀར་བ་གངས་རི་འདྲ་བ། མདུང་དར་དཀར་པོ་ལྷོ་སྤྲིན་འདྲ་བ། དུང་རྨོག་དུང་ཁྲབ་ཀྱིས་མཛེས་པ་དེ་ལྷ་ཆེན་ཚངས་པ་དཀར་པོ་རེད། སྐུ་མདོག་སེར་པོ་གསེར་ལྟར་དྭངས་ཤིང་། མདུང་དར་སེར་པོས་བར་སྣང་འགེངས་བ། གསེར་རྨོག་གསེར་ཁྲབ་སྐུ་ལ་གསོལ་བ་དེ་གཉན་ཆེན་སྐུ་ལྷ་གེ་མཛོ་རེད། སྐུ་མདོག་སྔོན་པོ་མར་གད་མདོག མདུང་དར་སྔོན་པོ་ནམ་མཁའི་མདོག གཡུ་རྨོག་གཡུ་ཁྲབ་སྐུ་ལ་གསོལ་བ་དེ་ཀླུ་རྒྱལ་གཙུག་ན་རིན་ཆེན་རེད། མི་དཀར་ཁྱུང་གི་མགོ་བོ་ཅན། དར་མདུང་དཀར་པོ་ཕྱག་ན་བསྣམས་པ་དེ། དབུ་རྨོག་དཀར་སྟེང་གི་དགྲ་ལྷ་ཕུ་བོ་དུང་ཁྱུང་དཀར་པོ་རེད། མི་ལུས་སྦྲུལ་གྱི་མགོ་བོ་ཅན། དར་མདུང་སྔོན་པོ་ཕྱག་ན་བསྣམས་པ་དེ་རྒྱབ་ཁྲབ་དཀར་སྟེང་གི་སྲུང་མ་ནུ་བོ་ཀླུ་སྦྲུལ་འོད་ཆུང་རེད། དཀར་ལ་མཛེས་པའི་བུ་མོ་གཡས་དར་ཚོན་སྣ་ལྔའི་མདའ་དར་དང་། གཡོན་ཉི་ཟླ་འཕྲུལ་གྱི་ཞགས་པ་བསྣམས་པ་དེ་རྟ་འདོ་བར་འཁོར་བའི་དགྲ་ལྷ་སྲིང་ལྕམ་ཐ་ལེ་འོད་འཕྲོ་རེད། སྨན་དཀར་མོ་གཡུ་ཡི་ཟུར་ཕུད་ཅན། ཕྱག་ན་ཌ་དྲིལ་བསྣམས་པ་དེ་མ་ཨ་ནེ་གནམ་སྨན་དཀར་མོ་རེད། མི་དམར་ཁྲག་གི་རལ་པ་ཅན། མི་ལྤགས་གཡང་གཞིའི་སྟོད་གཡོག་གསོལ། དར་མདུང་དམར་པོ་ཕྱག་ན་བསྣམས་པ་དེ་དཔའ་དགྲ་ལྷའི་མེ་སྟག་དམར་པོ་རེད།།

འཆམ་ཚན་བཞི་པ། གླིང་དཔའ་རྟུལ་ཞི་བའི་འཆམ་སྐོར་གྱི་ཐོག་མར། མི་སེར་གསེར་གྱི་གོ་ཁྲབ་ཅན། སྐུ་གཟི་བརྗིད་ཉི་མ་འབུམ་དང་མཚུངས་ཤིང་། ཐུགས་གཞི་བརླིང་གསེར་གྱི་ལྷུན་པོ་འདྲ་བ་དེ་གདོང་ཆེ་རྒྱུད་གླིང་གི་དཔོན་པོ་གསེར་བའི་ཉི་འབུམ་དར་ཡག་རེད། མི་སྨུག་དངུལ་གྱི་གོ་ཁྲབ་ཅན། ཞལ་རས་མཛེས་པའི་ཨོག་ཚོམ་འཕྱང་། འགྱིང་བག་ལྡན་པའི་ཆེ་འགྲོས་ཀྱིས་མཛེས་པ་དེ་འབྲིང་རྒྱུད་གླིང་གི་དཔོན་པོ་འོམ་བུའི་ཨ་ནུ་དཔའ་སེང་རེད། མི་སྔོན་དུང་གི་སོ་སྒོ་ཅན། དཀར་པོ་དུང་གི་གོ་ཁྲབ་གསོལ་བ་གླག་ཕྲུག་གཟན་ལ་གཞུམ་འདྲ་དེ་མི་སྤྱང་རིན་ཆེན་དར་ལི་རེད། ཕོ་སར་ཁྲག་གི་གདོང་པ་ཅན། ཁྲ་བོ་གཟི་ཡི་སྤྱན་མིག་འཛུམ། རྒྱབ་ཁྲབ་དཀར་ཚེ་མདུད་སྤུངས་སེ་བ་དེ་འབུམ་པའི་རོང་ཚ་དམར་ལེབ་གེ་སར་རྒྱལ་པོའི་ནུ་བོ་རེད། མི་སྔོན་གཡུ་ཡི་སྨིན་མ་ཅན་དཀར་པོ་དུང་གི་སོ་ཞོ་མཛེས། འཛུམ་པའི་དགའ་མདངས་ཡ་ལེ་བ་དེ། གླིང་ཕུ་ནུ་སུམ་ཅུའི་བླ་གནས་སྤྱི་དཔོན་སྣང་ཆུང་གཡུ་སྟག་རེད། དཔའ་རྔམ་སྟག་མོའི་འགྱིང་གཟུགས་ལ། འཁོར་གསུམ་མཆེ་སྡེར་རྒྱས་པ། སྟག་དམར་ཡག་ཚང་ནས་ལང་འདྲ་དེ་ཁྲོ་ཐུང་ཉ་ཚའི་ཨ་བརྟན་རེད། ཕྱི་ཆས་དྲུག་ལྷ་ནས་ཆད་འདྲ། ནང་རྩལ་དྲུག་ལུས་ལ་ཚང་བ་དྲུག་དཀར་གཡུ་ཡི་རྣ་རྒྱན་ཅན་དེ་གདོང་སྲས་གནང་ལི་ཨ་འཕེན་རེད། ཡང་མི་སྔོན་གཡུ་ཡི་རལ་བ་ཅན། གཡུ་ཁྲབ་གཡུ་རྨོག་སྐུ་ལ་གསོལ་བ། ཁུ་བྱུག་མཁའ་ལ་ལྡིང་འདྲ་དེ་འཇང་སྲས་གཡུ་ཁྲི་གོང་སྔོན་རེད། མི་དཀར་དུང་གི་རྨོག་འཕྲུ་དཀར། ཁྲབ་དཀར་དངུལ་གྱི་ཡ་ལད་ཅན། སེར་པོ་གསེར་གྱི་སག་ཐག་བཏགས་པ་དེ་འབྲུ་མི་དཀར་ལྷ་བུ་བསམ་འགྲུབ་རེད། མི་ཆུང་མཛེས་པའི་ཞལ་རས་ཅན། མཆུ་སྒྲོས་པད་མའི་འདབ་མ་འདྲ། གཏམ་བཤད་འདོད་ཀྱི་སྨྲ་ལྕེ་བདེ་བ་དེ་བོད་ཕྲུག་མི་ཆུང་ཁ་བདེ་རེད། དཔོན་ཆེན་ཞལ་ངོ་རྔམས་གཟུགས་ཅན། ཤུབས་བཀྲ་གསེར་གྱི་རྡོ་ལེན་ཅན། མཛེས་པའི་གཟུགས་ལ་བརྗིད་པའི་ཉམས་ཅན་དེ། རྨ་ཉིན་རྫོང་དཔོན་པོ་ལྷ་ལི་རེད།།

འཆམ་ཚན་ལྔ་པ། གླིང་དཔའ་རྟུལ་རྒྱས་པའི་སྐོར་གྱི་ཐོག་མར། དབུ་སྐྲ་སྨིན་མ་སྨ་ར་དཀར་ཞིང་བགྲེས་པའི་གཉེར་མ་ཞལ་ལ་དོད་པ་དགུང་ལོ་བརྒྱད་ཅུའི་ན་ཚོད་ཅན། བརྟན་བརླིང་བརྗིད་གསུམ་འཛོམས་པ་དེ་གདོང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཆགས་ཆེན་བློ་ཡི་ཐིག་ཤིང་རེད། དེ་རྗེས་ཕེབས་པའི་སྐྱེས་མཆོག སྐུ་བརྗིད་པ་རི་རྒྱལ་ལྷུན་པོ། གསུང་ལྡིར་པ་དབྱར་རྔའི་སྒྲ་དབྱངས། ཐུགས་གཞི་བརླིང་གསེར་རི་རོལ་མཚོ་འདྲ་བ་དེ་ཡབ་རྗེ་སེང་བློན་རྒྱལ་པོ་སྨུག་པོ་གདོང་གི་རྒྱལ་རྒྱུད་རེད། ཡང་དེ་རྗེས་ཕེབས་པའི་བགྲེས་སོང་མི་རྒྱ་བོ་ཨོག་ཚོམ་སུམ་སླས་ཅན། སེར་པོ་གསེར་གྱི་མེ་ལོང་བཏགས་པ། ཕྱག་གཡས་པས་དམར་གཏོར་དགྲ་ལ་འཕེན་པ་དེ་རྟག་རོང་དཔོན་པོ་ཁྲོ་རྒྱལ་རེད། ཡང་བགྲེས་པོ་དུང་གི་སྨ་ར་ཅན། དར་དཀར་རལ་གུ་སྐུ་ལ་གསོལ། ཁྱིམ་བདག་དེས་པའི་ངང་ཚུལ་ཅན་དེ་ཨ་སྐྱིད་ནམ་མཁའི་སེན་ཞལ་རེད། དབུ་རྒྱ་རྨོག་ནམ་མཁའི་ཁྱུང་འཕྲུ་ལ། མེ་ཤེལ་ནོར་བུའི་སྒྲོན་མེ་མཛེས། དགྱེས་པའི་ཞལ་ལ་བརྗིད་པའི་གཟུགས། དབང་དྲག་འཛོམས་པའི་ཉམས་དང་ལྡན་པ་དེ་རོང་ཚ་ནོར་བུ་ལྷ་དར་རེད། མི་བརྗིད་ཆེན་གསེར་གྱི་ཁྲབ་རྨོག་ཅན། གཡང་ཆགས་ནོར་བུའི་དོ་ཤལ་འཕྱང་། ལྷ་རྣམ་སྲས་གཡུལ་ལ་ཆས་འདྲ་དེ་ཕྱུག་སྐྱ་ལོའི་སྟོན་པ་རྒྱལ་མཚན་རེད། མི་ཆེན་སྐུ་ཤ་རབ་ཏུ་རྒྱས་ཤིང་། ཞི་འཛུམ་བཞད་པའི་ཉམས་དང་ལྡན་པ་གསེར་གྱི་གའུ་ཐུགས་ཀར་དཔྱངས་པ་དེ་མི་ཆེན་རྒྱལ་བའི་ལྷུན་གྲུབ་རེད། དཔའ་རྒོད་སྟག་མོའི་ངར་སྒྲ་ཅན། མདུང་དམར་བ་དན་ཟུར་གསུམ་གཡོ། ཁྲ་བོ་གཟིག་གི་ཡང་ཤམ་གྱིས་བརྒྱན་པ་དེ་སྟག་རོང་ཨ་ནུ་སྟག་འཕེན་རེད། ཡང་དཔའ་རྒོད་དུང་ཟླའི་ཞལ་རས་ཅན། ཤང་ལང་གསེར་གྱི་ཁ་ཕོར་མཛེས། ཁྲ་སྤྲུག་གཤོག་སྒྲོ་རྒྱས་འདྲ་དེ་སྟག་རོང་ཨ་ནུ་ཁྲ་གཤོག་རེད། སྐུ་གཟུགས་བཞི་ཤ་ཉམས་རྒྱས་པ་ལ། སྤྱན་གནོད་སྦྱིན་ཁྲོ་བོའི་ལྟ་སྟངས་ཅན། དཀུ་སྦོམ་ཡན་ལག་རགས་པ་དེ་སྟག་རོང་ཁྲོ་ཚ་འཁྱིལ་ཆེན་རེད། ཕོ་རྒན་འགོས་ར་རྩ་དཀར་པོ་ཅན། སྤྱན་གྲུ་གསུམ་མཐིང་གི་ཆ་ག་ཅན། རྨོག་དཀར་མོའི་འདབས་ར་གྱེན་ལ་བརྫེས་པ་དེ་སྟག་རོང་གཟུ་བ་རིན་ཆེན་རེད། ཡང་རྒན་རབས་འཆོང་གི་ཤ་མདོག་ཅན། བེར་སྨུག་གསེར་འབྲུག་སྐུ་ལ་གསོལ་བ་ཞི་ཞིང་དལ་བའི་འགྲོས་ཀྱིས་འགྱིང་བ་དེ་གཟུ་ཆེན་ཝེར་མའི་ལྷ་དར་རེད། མི་ནག་དར་མདུང་ནག་པོ་ཅན། མཚོན་ནག་ཕག་ལྕེ་གློ་ལ་བཏགས་པ། མཚོ་ལ་གྲིབ་སོ་གུག་འདྲ་དེ་མུ་བའི་དར་འཕེན་ནག་པོ་རེད། མི་དཀར་ཟླ་བའི་ཞལ་རས་ཅན། སྙན་རྒྱན་གསེར་གཡུའི་མཛེས་ཚོམ་ཅན། ཆུ་སྲམ་དཀར་ཁྲས་ཁྲབ་ཤམ་བརྒྱན་པ་དེ་གདོང་བཙན་པོ་བུ་ཡི་ཨ་དཔལ་རེད།།

འཆམ་ཚན་དྲུག་པ། གླིང་དཔའ་རྟུལ་དབང་གི་སྐོར་གྱི་ཐོག་མར། ཞལ་ངོ་དཀར་བ་གངས་དཀར་འདྲ་བ། དེ་ལ་མཐིང་གི་སྨིན་མ་མཛེས་པ། མདུང་དར་དཀར་པོ་ལྷོ་སྤྲིན་ཕྱུར་འདྲ། དེ་ལ་ལི་ཁྲིའི་དར་ལྕེ་གཡོ་བ། ཁྲབ་རྨོག་འཁོར་གསུམ་དཀར་ལ་ཤས་པ། སྟེང་ལྷ་དམག་གི་རུ་སྣ་དྲངས་འདྲ་དེ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་སེང་ཆེན་རྒྱལ་པོའི་སྐུ་ཚ་རེད། དེ་རྗེས་ཕེབས་པའི་སྐྱེས་བུ་ཤ་ལོ་དཀར་ལ་ཤ་རྩ་སྨུག་པ། ཞལ་ཚོམ་དོམ་ནག་དཀྱུས་པ་འདྲ་བ། ལྷ་ཚངས་པ་མི་ཡུལ་དུ་ཆས་འདྲ་དེ་ཨ་གེ་ཚངས་པའི་ངོ་ལུག་རེད། ཡང་དེ་རྗེས་ཕེབས་པའི་སྐྱེས་བུ་མཛེས་པའི་ཞལ་གྱི་དཀྱིལ་འཁོར་ལ་སྤྱན་མིག་ཟིམ་བུའི་གཟིགས་སྟངས་ཅན། གནག་སྣུམ་དབུ་སྐྲའི་ལྕང་ལོ་ལ་དྲུག་དཀར་གཡུ་ཡི་ཀྲད་ཀོར་རྒྱབ་པ། དགུང་ནས་སྐར་ཆེན་ཤར་འདྲ་དེ་མུ་པའི་དར་འཇམ་ངོ་ལུག་རེད། དེ་རྗེས་བྱོན་པའི་སྐྱེས་བུ་སྐྱེ་ཡག་པ་ལྷ་དང་འདྲ་བ། མདངས་བཀྲ་བ་སྤང་ཁའི་མེ་ཏོག རྣ་བ་མེ་ཏོག་གིས་བརྒྱན་པ། འགྱིང་བག་ལྡན་པའི་འཕྱོར་འགྲོས་ཅན་དེ་སྟག་རོང་སྤྲིན་ཚ་ངོ་ལུག་རེད། ཡང་དཔའ་གསར་མཚལ་གྱི་མིག་རྩ་ཅན། བྱེར་ཁྲབ་བྱེར་རྨོག་སྐུ་ལ་གསོལ་བ། མགོ་འཕང་གཞན་ལས་མཐོ་བ་དེ་རོང་སྲས་ལྷ་རྒོད་འབུམ་ལི་རེད། དྲང་སྲོང་ཁྲོས་པའི་ཞལ་ངོ་ལ། གློག་ཞགས་འཁྱུགས་པའི་སྡང་མིག་གཡོ་བ་སེར་པོ་གསེར་གྱི་ཉྭ་ཆབ་ཅན་དེ་སྟོང་དཔོན་ཡ་མི་སོ་ཁྲ་རེད། ཟངས་ཁྲབ་བྱང་བུ་ལྔ་སེར་དང་ཟངས་རྨོག་མུན་པའི་འོད་སྣང་གསོལ་ཞིང་མདུང་དམར་དར་ལྕེས་བར་སྣང་འགེངས་བ། བཙན་དམར་སྒང་ནས་བུད་འདྲ་དེ་བརྒྱ་དཔོན་ཁྲོ་ཚ་དམར་ལེབ་རེད། ཁྲབ་དམར་མེ་ལྕེ་མཆེད་འདྲའི་ནང་ཤེད་ན། མི་དམར་གཤིན་རྗེ་ཁྲོས་པའི་རྔམས་གཟུགས་ཅན། འཕྲུ་དམར་ཁྲག་གིས་བཙོས་འདྲ་བཙུགས་པའི་ཕོ་རྒོད་བྲང་ཞེང་ཆེ་བ་དེ་འབུམ་དཔོན་ཐོག་རྒོད་འབར་བ་རེད། མི་སེར་དཔའ་བའི་བརྗིད་ཉམས་ཅན། ཁྲབ་རྨོག་འཁོར་གསུམ་སེར་ལ་ཤས། གསེར་རིར་ཉི་འོད་ཕོག་འདྲ་དེ་འབྲུ་དགའ་སྡེའི་མི་ཆེན་སེར་པོ་རེད། སྣང་ཆུང་ཞལ་ངོ་དཀར་གསལ་ཅན། ཚེམས་དུང་སོ་མུ་ཏིག་ཕྲེང་མཛེས་ལ། དམར་པོ་ཁྲག་གི་སྐེད་རགས་ཅན། དུང་ཟླ་མཁའ་ལ་ཚེས་འདྲ་དེ་བཅོ་ལྔའི་དཔའ་གསར་ཟླ་བ་རེད། ཡང་དཔའ་རྒོད་ཞལ་རས་མཛེས་མོ་མ། དཔའ་དོམ་གསེར་གཡུའི་ཁྲ་ཚོམ་ཅན། ཁྱུང་ཆེན་མཁའ་ལ་ལྡིང་འདྲ་དེ། སྐྱ་ལོའི་ཁེར་བུ་འབྲུག་རྒྱལ་རེད། མི་བོང་རིང་གྱད་ཀྱི་ཁྲོ་གཉེར་ཅན། སྟོབས་རྩལ་ཆེན་ཤེད་ཀྱི་འཕྲུལ་འཁོར་ཅན། སོག་གཞུ་སྣང་ཆེན་གྲུ་ལ་བསྐོན་ཅིང་རི་བོ་དཔུང་པས་འདེགས་མི་དེ་སོག་སེར་པོའི་སྟག་དམར་སྟོབས་ཆེན་རེད།།

འཆམ་ཚན་བདུན་པ། གླིང་ཕུ་ནུ་དྲག་པོའི་སྐོར་གྱི་ཐོག་མར། ཞལ་རས་བཅོ་ལྔའི་དུང་ཟླ་ལ་ཞེ་སྡང་དྲག་པོའི་རླངས་པ་ཕྱུར། སྤྱན་མིག་ཐོ་རངས་སྐར་ཆེན་ལ་སྤྱན་རྩ་དམར་ཆེན་ཁྲག་ལ་ཤས། ངོ་སྟོད་ཁྲོ་བོ་ཁྲོས་འདྲ། ངོ་སྨད་ཁྲོ་མོ་ཁྲོས་འདྲ་དཀར་པོ་དགུ་ཡིས་བསྐོར་བ་དེ་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་གླིང་སེང་ཆེན་རྒྱལ་པོའི་ཕུ་བོ་དམག་འབུམ་ཕྲག་བདུན་གྱི་གདམ་ཡ་རེད། མི་སྔོན་ཀླུ་བདུད་ཁྲོས་འདྲ། རྩལ་དྲུག་གློག་དམར་འཁྱུགས་འདྲ། ཁྲ་དར་མ་གཤོག་སྒྲོ་རྒྱས་འདྲ་དེ་དཔའ་ཚ་ཞང་འདན་མ་བྱང་ཁྲ་རེད། མི་དཀར་དུང་གི་ཞལ་རས་ཅན། དབུ་དར་འཕྲུ་དཀར་པོ་རླུང་དང་རྩེ་བ་སྤྱང་ཤ་ཟན་སྒང་ནས་ཆས་འདྲ་དེ་དཔའ་ལ་མི་སྤྱང་དཀར་པོ་རེད། མི་ནག་རལ་བ་ཉི་ལེ་བ། སྔགས་ནག་གྱད་ཀྱི་སྡང་མིག་ཅན། ཁྲ་རིང་སྒྱོགས་ཆེན་བཟུང་བའི་གླག་རོག་ནག་ཟན་ལ་ཆས་འདྲ་དེ་འབྲུ་དགའ་སྡེའི་ཆོས་སྐྱོང་བེར་ནག་རེད། མི་སྨུག་དུང་གི་སོ་ཞོ་ཅན། སྤྱན་དམར་མེ་ཡི་འོད་ཟེར་འཕྲོ། དོམ་ནག་ཁྲག་གིས་བཟི་འདྲ་དེ་གདོང་ཆོས་ལུ་བུ་ཡི་དར་འཕེན་རེད། དམར་ནག་གཤིན་རྗེའི་ཞལ་ངོ་ལ་རྒྱ་ཨོག་ཚོམ་མེ་རི་འཁྱིལ་འདྲ། བཙན་བདུད་དུག་གི་ཁ་རླངས་འཁྲིགས་བཞིན་དམར་པོ་དགུ་ཡིས་བསྐོར་བ་དེ་ཧོར་སྡིག་སྤྱོད་ཤན་པ་རྨེ་རུ་རེད། ཡང་མི་སྔོན་བྱེ་རུའི་མིག་རྩ་ཅན། སྐུ་གཟི་མདངས་བལྟ་བས་མི་ངོམས་པ། གཡུ་འབྲུག་མཚོ་ནས་ལངས་འདྲ་དེ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་རེད། ནག་པོ་མུན་པའི་ཞལ་མདངས་ལ་མེ་ལྕེ་འབར་བའི་སྨ་ར་གཟིངས། ནག་པོ་དགུ་ཡིས་བསྐོར་བ་དེ་གདོང་བེ་རུ་ཉི་མ་རྒྱལ་མཚན་རེད། རྔམ་བརྗིད་སྐུ་ལུས་ཀྱི་དཔའ་རྫོང་ལ་སྟག་རལ་འཁོར་གསུམ་གྱི་རི་མོ་བཀྲ་བ། རྒྱལ་ཆེན་སྤྱན་མི་བཟང་གི་དོ་ཟླར་ཆས་པ་ལྟ་བུ་དེ་གླིང་ཨ་ཡག་ཤཱཀྱ་རྒྱལ་མཚན་རེད། དབང་དྲག་འཛོམས་པའི་ཞལ་ངོ་ལ། སོག་པོ་ཁྲོས་པའི་རྔམ་ཞད་ཅན། སྐུ་ཆིངས་དར་སླས་སུམ་བརྩེགས་ཀྱིས་བརྒྱན་པ་དེ་འབྲུག་རྗེ་ཐར་བ་རྒྱལ་མཚན་རེད། མི་ཆེན་ཞི་བའི་འཛུམ་ཉམས་དང་ལྡན་པ། ཆེ་འདོད་ཕོ་ཆིངས་གསེར་སྐེད་ཀྱིས་མཛེས་པ། བག་དྲོ་བྱིན་ཆགས་གཟི་བརྗིད་ཆེ་བ་དེ་གོ་འཇོའི་བླ་མ་རྒྱལ་མཚན་རེད། རྒྱ་རྨོག་དངུལ་གྱི་ཡང་ཤམ་ཅན་དམར་པོ་མཚལ་གྱི་ཐིག་ཕྲན་གྱིས་མཛེས་པ་མནབ་པའི་གནོད་སྦྱིན་ཁྲོས་པའི་བལྟ་སྟངས་ཅན་དེ་བཙན་རྒོད་ཕུར་པ་ཁེར་སྐྱེས་རེད། བསེ་ཁྲབ་བསེ་རྨོག་སྐུ་ལ་གསོལ་ཞིང་འཁོར་གསུམ་དུག་གི་སོ་རིས་ངོམ་པ། བཙན་བདུད་དར་མ་སོ་ལ་ཆས་འདྲ་དེ་སྡེ་བ་སྒྲོ་རྒོད་མདའ་བཙན་རེད། དཔའ་རྒོད་ར་ཚ་ཁམ་པ་ཅན། ཤྭ་ཕོའི་དུང་རྭ་མཐེབ་ལ་བསྐོར་བ། བརྒྱ་བྱུར་དམར་པོའི་རྒྱན་ཕྲེང་ཅན་དེ་ཤོང་ཚ་ཨ་ནུ་ཁྲ་རྒོད་རེད། སྨན་མཚར་སྡུག་ཟླ་བའི་ཞལ་བཟང་ཅན། དབུ་སྐྲ་རྩེ་ལི་རྒྱབ་ཏུ་འཕྱང་བ། འཁོར་གསུམ་དཔའ་ཆས་ལུས་ལ་རྫོགས་པ། ཤ་ཟ་ཁྲོས་པའི་འཇིགས་གཟུགས་ཅན་དེ་བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ་རེད། རྨོག་དཀར་མོའི་ཁྱུང་འཕྲུའི་མར་ཞབས་ནས། ཞལ་རས་དཀར་པོ་གངས་རི་འདྲ་བ། སྤྱན་རྩ་དམར་པོ་གློག་ལྕེ་འདྲ་བ། དུང་མདའ་དཀར་མོས་ལྷ་ཤོག་བརྒྱན་པ་དེ་དུང་སྐྱོང་སྟག་ལྷ་ཁྲི་དཀར་རེད།།

ཕྱི་དྲོའི་འཆམ་ཚན་དང་པོ། སྔར་བཞིན་གླིང་དཀར་པོའི་དང་སྨན་བདུན་གྱིས་མཛེས་འཁྱུགས་གར་གྱི་ཕྱག་རྒྱ་དང་སྙན་འགྱུར་གླུ་ཡི་རོལ་མོས་སྐུ་རྗེ་སེང་ཆེན་རྒྱལ་པོ་དཔའ་རྟུལ་ཕུ་ནུའི་དཔུང་ཚོགས་དང་བཅས་པའི་ཐུགས་རྒྱུད་བསྐུལ་ཏེ། སྐུ་མཛེས་འཛུམ་བརྗིད་པའི་གཟི་བྱིན། གསུང་སྙན་འགྱུར་རྔམ་པའི་སྒྲ་དབྱངས། ཐུགས་འོད་གསལ་བདེ་ཆེན་རོ་མཉམ་གྱི་བྱིན་ཆེན་དབབ་པའི་ལྷ་གཡང་མི་ལ་འབེབ་པའི་ངོ་མཚར་སྙན་འགྱུར་གྱི་གླུ་སྐོར་རོ།།

འཆམ་ཚན་གཉིས་པ། སྐུ་རྗེ་དགྲ་འདུལ་དབང་གི་རྒྱལ་པོ་དཔའ་རྟུལ་ཕུ་ནུའི་འཁོར་ཚོགས་ཀྱིས་བསྐོར་བའི་མང་འཆམ་གཞི་བྱེས་དགའ་འཛོམས་ཀྱི་བྲོ་གར། བདེ་དགའ་ནོར་བུའི་ཆར་འབེབ། མཛེས་སྡུག་གར་གྱི་སྒྱུ་རྩལ་ལ་ནམ་མཁའི་ལྷ་ཡང་དབང་མེད་དུ་ཡེངས་པའི་ལས་བཞི་ལྷུན་གྲུབ་ཀྱི་འཆམ་སྐོར། བཀྲ་ཤིས་གཡང་ཆགས་དགའ་བ་འཁྱིལ་བའི་འགྲོས་ཀྱིས་ཁམས་གསུམ་དབང་དུ་སྡུད་པའི་འཆམ་སྐོར་རོ།།

འཆམ་ཚན་གསུམ་པ། སྟོང་ཉིད་ལྷ་མོ་བརྒྱད་ཀྱི་འཆམ་སྐོར་ལས་ཐོག་མར་མཛེས་འཛུམ་བག་ཡོད་ཀྱི་ཉམས་དང་ལྡན་པ། ནང་ཚེ་གོས་ལྷ་ཡི་ན་བཟའ་ལ། ཕྱི་གོས་སྨུག་གསེར་འབྲུག་གི་རི་མོ་བཀྲ་བ་གསོལ་ཞིང་། རིན་ཆེན་སྣ་ལྔའི་རྒྱན་གྱིས་མཛེས་པ་དེ་ཀླུ་གཙུག་ན་རིན་ཆེན་གྱི་སྲས་མོ་མ་ཡུམ་འགོག་བཟའ་ལྷ་དཀར་རེད། ཞལ་ངོ་དཀར་ལ་མཁུར་ཚོས་དམར་བ། སྨིན་མ་མཐོ་ལ་སྐུ་ལུས་ལྡེམ་པ། དྲོ་འཇམ་ལུག་ཆུང་ཚར་དཀར་ལ། ཆུ་སྲམ་དཀར་ཁྲས་མཐའ་རྒྱན་བྱས། དེ་ལ་རྒྱན་རབས་དགུ་ཡིས་བརྒྱན་པ་དེ་སྟོང་ཉིད་མགར་བཟའ་ཆོས་སྒྲོན་རེད། སྨན་མཛེས་མ་བྱེ་རུའི་ལན་ཚར་ཅན། གསེར་དངུལ་རིན་ཆེན་གྱི་རྒྱན་ཆ་མཛེས་ཤིང་། གཟི་མཆོང་མུ་ཏིག་གི་དྲ་བས་འབྲེལ་བ་དེ་ཟི་མ་གཡང་སྨན་རྒྱལ་མོ་རེད། སྨན་བཙུན་དུང་མདོག་འཛུམ་པའི་ཞལ། སྐྲ་ལྕང་ལོ་རིན་ཆེན་གསེར་རྒྱན་ཅན། གོས་ལྷ་དར་བཀྲ་ཤིས་མེ་ཏོག་འཁྱིལ་བས་བཀླུབས་པ་དེ་རྒྱ་གར་ཆོས་མོ་མཚོ་རེད། ཞལ་ཉ་རྒྱས་ཟླ་བའི་ཡང་སྟེང་ན། གསེར་མུ་ཏིག་ཁྱུང་འབྲུག་རྩེ་བྲན་ཅན། སྟོད་གོས་ལི་དམར་པད་རག་མདོག སྨད་གོས་ཆུ་དར་འཇའ་རིས་ཅན། དེ་ལ་དར་གྱི་མདུད་ཆིངས་རྒྱབ་པ་དེ་རྒྱ་ནག་ཁྲིམས་མོ་མཚོ་རེད། ཡང་མོ་བཙུན་དགྱེས་པའི་ཞལ་མདངས་ཅན། སྙན་རྒྱན་མུ་ཏིག་ཚོམ་བུ་མཛེས། མཐིང་མདོག་བཀྲ་བའི་ན་བཟའ་ལ། འཇའ་ཚོན་འདྲ་བའི་རྒྱན་ཕྲེང་གིས་མཛེས་པ་དེ་དཔོན་ཆེན་བུ་མོ་གཡུང་དྲུང་མཚོ་རེད། སྨན་ཞལ་མཛེས་མེ་ཏོག་གི་ཐོད་ཆིངས་ཅན། རྒྱན་མཛེས་མོ་ནོར་བུའི་འཕྱང་འཕྲུལ་ཅན། དངུལ་དཀར་པོའི་གཡེར་ཁའི་སིལ་ཁྲོལ་འཁྲོལ་བ་དེ་བློན་ཆེན་བུ་མོ་ཧ་ཤང་མཚོ་རེད། རྗེས་ནས་ཕེབས་པའི་སྨན་ཤར་སྐུ་མཛེས་སྡུག་དབྱར་གྱི་མེ་ཏོག་ལ། གསུང་སྙན་འགྱུར་གླུ་ཡི་དབྱངས་སྙན་འཐེན་ཞིང་། ངོ་མཚར་གཏམ་གྱི་རོལ་མོ་འཁྲོལ་བ་དེ་ཁ་མཚར་གླུ་མོ་མཚོ་རེད། ཀུན་གྱི་ཕྱག་ན་མཛོད་དར་ཉིན་མོ་བདེ་ལེགས་ཀྱིས་ལྕིབས་པའི་བཀྲ་ཤིས་པའི་ལྷ་རྫས་ཐོགས་ཤིང་ཞལ་ནས་འཇིག་རྟེན་དགེ་བའི་བཀྲ་ཤིས་པའི་གླུ་དབྱངས་བརྗོད་པ་དང་། ཕྱག་ནས་ལྷའི་མེ་ཏོག་ཀུན་ནས་མཛེས་པ་དག་གི་ཆར་ཕབ་པས་བཀྲ་ཤིས་ལེགས་ཚོགས་ཀྱི་སྒོ་འཕར་འབྱེད་པ་ཡིན་ནོ།།

འཆམ་ཚན་བཞི་པ། རླུང་རྟའི་སྐོར་ལ་ནང་གསེས་ཀྱི་འཆམ་ཚན་བརྒྱད་ལས།

འཆམ་ཚན་དང་པོ། བར་སྣང་གཉན་གྱི་རླུང་རྟ་རྣམ་པ་གཉིས་ཏེ། གཡས་ཕྱོགས་བར་སྣང་ཁམས་ན་གནས་པའི་རླུང་ཁྲི་དགུ་འབུམ་གྱི་བདག་པོ་སྐུ་མདོག་སེར་པོ་སྟག་གི་མགོ་ཅན། ཕྱག་གཡས་མདུང་དར་དང་གཡོན་ཚེ་བུམ་བསྣམས་པ། གཡོན་ཕྱོགས་བར་སྣང་ཁམས་ན་གནས་པའི་རླུང་ཁྲི་དགུ་འབུམ་གྱི་བདག་པོ་སྐྱེས་བུ་མདོག་དཀར་འོད་ཟེར་འབར་བ། སྐུ་ལ་དར་དཀར་གྱི་འཇོལ་བེར་གསོལ་ཞིང་ཕྱག་ན་མདུང་དར་བསྣམས་པ། འཁོར་འགོ་བའི་ལྷ་ལྔ་དགྲ་ལྷའི་ཚོགས་དང་བཅས་པའི་འཆམ་སྐོར་གྱིས་མི་ནུབ་རླུང་གི་རྒྱལ་མཚན་སྲིད་པའི་རྩེ་མོར་བསྒྲེངས་བའི་སྐོར་རོ།།

འཆམ་ཚན་གཉིས་པ། རླུང་རྟའི་ཕྱག་བརྙན་སྡེ་བཞིའི་སྐོར་ཏེ། ནུབ་ཕྱོགས་རླུང་ཁྲི་དགུ་འབུམ་གྱི་བདག་པོ་རླུང་རྟའི་སྲས་པོ་ལྕགས་ཀྱི་མི་ཕོ་ཕྱག་ན་མདུང་དར་བསྣམས་པ། ཕྱག་བརྙན་སྤྲེལ་གྱི་མགོ་ཅན་ཕོ་ཉར་འགྱེད་པ། ལྷོ་ཕྱོགས་རླུང་ཁྲི་དགུ་འབུམ་གྱི་བདག་པོ་རླུང་རྟའི་སྲས་པོ་ཟངས་ཀྱི་མི་ཕོ་ཕྱག་ན་མདུང་དར་བསྣམས་པ། ཕྱག་བརྙན་སྦྲུལ་མགོ་ཅན་ཕོ་ཉར་འགྱེད་པ། ཤར་ཕྱོགས་རླུང་ཁྲི་དགུ་འབུམ་གྱི་བདག་པོ་རླུང་རྟའི་སྲས་པོ་ཤིང་གི་མི་ཕོ་ཕྱག་ན་མདའ་དར་བསྣམས་པ། ཕྱག་བརྙན་སྟག་མགོ་ཅན་ཕོ་ཉར་འགྱེད་པ། བྱང་ཕྱོགས་རླུང་ཁྲི་དགུ་འབུམ་གྱི་བདག་པོ་རླུང་རྟའི་སྲས་པོ་ཆུ་ཡི་མི་ཕོ་ཕྱག་བརྙན་ཕག་མགོ་ཅན་ཕོ་ཉར་འགྱེད་པ། གཞན་ཡང་རླུང་རྟ་ཆེན་པོའི་བཀའ་འཁོར་ན་གནས་པའི་སྤར་སྨེ་ས་བདག་ལོ་ཟླ་ཞག་དུས་ལ་དབང་བྱེད་ཚོགས་ཀྱིས་ཕྱོགས་བཞི་སྟེང་འོག་ཕྱི་ནང་གསང་བའི་རླུང་རྟ་བསྐྱེད་ཅིང་ཆོས་སྲིད་དཔལ་འབྱོར་ཚེ་བསོད་སྙན་གྲགས་སྤེལ་བའི་འཆམ་སྐོར་རོ།།

འཆམ་ཚན་གསུམ་པ། དྲང་སྲོང་ཆེན་པོའི་སྐོར་ཏེ། སྟེང་སུམ་རྩེན་ལྷ་ཡི་གནས་མཆོག་ལྷ་རྣམ་པར་རྒྱལ་བའི་ཕོ་བྲང་གི་ཤར་ཕྱོགས། གསེར་བྲག་བྱ་སྐྱིབས་ཀྱི་ཁང་བཟང་ན་བཞུགས་པའི་མངོན་ཤེས་ལྔ་དང་ལྡན་པའི་དྲང་སྲོང་ཆེན་པོ་སྐུ་ལ་བགྲེས་རྒུད་མེད་པ་ཚེའི་རིག་འཛིན་ལ་མངའ་བརྙེས་པ་དེས། དབུ་སྐྲ་དཀར་པོའི་ཐོར་ཅོག་སྤྱི་བོར་བཅིངས། སྐུ་ལ་ལྷའི་ཀ་ཤི་ཀའི་ན་བཟའ་དྲི་མ་མེད་པ་ཞིག་གསོལ་ནས། ཕྱག་གཡས་ན་སྣོད་བཅུད་ཀྱི་ཉམས་པ་གསོ་ཞིང་བཀྲ་ཤིས་ཚེ་གཡང་འགུགས་པའི་མདའ་དར་དང་། གཡོན་ན་འཆི་མེད་བདུད་རྩིས་བཀང་བའི་བུམ་པ་དཔག་བསམ་ལྗོན་ཤིང་གིས་ཁ་རྒྱན་བྱས་པ་བསྣམས་ནས། ནམ་མཁའ་འཇའ་སྤྲིན་གྱི་གུར་ཁང་ནས་སྤོས་སིལ་རོལ་མོའི་སྒྲ་དབྱངས་དང་བཅས་ཏེ་ཕེབས་པས་ལས་དང་སྨོན་ལམ་བཟང་བའི་རྒན་པོ་བཀྲ་ཤིས་རྣམ་རྒྱལ་དང་ཞུས་ལན་གནང་ནས། དྲང་སྲོང་ཆེན་པོས་རླུང་རྟ་རྒུད་པ་གསོ་ཚུལ་དང་། སྡིག་བཅུ་སྤང་ཞིང་དགེ་བཅུ་བསྒྲུབ་ནས་བསོད་ནམས་དགེ་བའི་ཚོགས་ལ་འབད་ན། ཡིད་ལ་ཅི་འདོད་ལྷུན་གྱིས་གྲུབ་ཅིང་ཕུན་ཚོགས་ཕན་བདེའི་དཔལ་ལ་སྤྱོད་པར་འགྱུར་བའི་ལུང་བསྟན་ནས་སྤྱན་གྱིས་གཟིགས་སྟངས་དང་ཕྱག་གིས་མདའ་དར་གྱི་གཡབ་མོ་མཛད་པ།།

འཆམ་ཚན་བཞི་བ། དབུས་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་ནས། སྟོང་གསུམ་སྐད་ཅིག་ལ་བགྲོད་པའི་རྫུ་འཕྲུལ་རླུང་གི་ཤུགས་རྩལ་དང་ལྡན་པའི་རྟ་མཆོག་སྔོན་པོ་བྱ་རྨ་བྱའི་མགྲིན་པ་ལྟར་སྤུ་མདོག་ཡིད་དུ་འོང་བ། རྔོག་མ་ལྕང་ལོ་གཡས་སུ་འཁྱིལ་བ་ལས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་འབེབ་པ། ཕྱོགས་ཀུན་ཏུ་བཀྲ་ཤིས་པའི་རྟགས་རྫས་བརྒྱད་ཀྱིས་རྣམ་པར་བཀྲ་བ། རྫུ་འཕྲུལ་སྤྲིན་གྱི་ཤུགས་འཆང་མྱུར་མགྱོགས་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད་པའི་འཆམ་སྐོར་རོ།།

འཆམ་ཚན་ལྔ་པ། ཡང་དྲང་སྲོང་ཆེན་པོས་སྤྱན་གྱིས་གཟིགས་སྟངས་དང་ཕྱག་གིས་མདའ་དར་གྱི་གཡབ་མོ་མཛད་པས། ཤར་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་གྱི་འཇིགས་རུང་མེ་དཔུང་འབར་བའི་ཀློང་ནས། མེ་ཁམས་རླུང་གི་དཔལ་སྟེར་དཔའ་རྩལ་སྟོབས་བསྐྱེད་རྒྱ་སྟག་ཁྲ་བོ་མིག་སིལ་སྙན་ཙམ་ལ་མཆེ་བ་གངས་རི་ལྟར་གཙིགས་པ། རྔམ་པའི་ང་རོ་དྲག་པོས་སྟོང་གསུམ་གང་བར་བྱེད་པ་དཔའ་ཟིལ་ཆེ་བའི་རླུང་ལྟ་ཡར་ལ་བསྐྱེད་པའི་འཆམ་སྐོར་རོ།།

འཆམ་ཚན་དྲུག་པ། ཡང་དྲང་སྲོང་ཆེན་པོས་སྔར་བཞིན་མཛད་པས་ལྷོ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་གྱི་ཤེལ་བྲག་གངས་རི་རྔམ་པའི་སྤོ་ནས། ལྕགས་ཁམས་རླུང་གི་དཔལ་སྟེར་དཔའ་རྔམ་སྟོབས་བསྐྱེད་དུང་སེང་དཀར་མོ་སྤུ་མདོག་དུང་ལྟར་དཀར་བ། གཡུ་རལ་སྔོན་པོ་ནམ་མཁའི་སྤྲིན་ལྟར་གཏིབས་པ། སྟོབས་ལྡན་སེང་གེའི་ང་རོ་ལྷང་ལྷང་བསྒྲགས་པས་གཅན་གཟན་ཝ་སྐྱེས་ཚང་མ་ཟིལ་གྱིས་གནོན་པ་གཟི་བརྗིད་ཆེ་བའི་རླུང་རྟ་ཡར་ལ་བསྐྱེད་པའི་འཆམ་སྐོར་རོ།།

འཆམ་ཚན་བདུན་པ། ཡང་དྲང་སྲོང་ཆེན་པོས་སྔར་བཞིན་མཛད་པས་ནུབ་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་གྱི་དཔག་བསམ་ལྗོན་པའི་ནགས་ཚོགས་རྒྱས་པའི་ཀློང་ནས། ཤིང་ཁམས་རླུང་གི་དཔལ་སྟེར་སྟོབས་ཤུགས་བང་བསྐྱེད་ཁྱུང་ཆེན་འབར་བ་བྱུ་རུའི་ཏོག་ཅན་འོད་ཟེར་རབ་ཏུ་འཕྲོ་བ། གཡུ་མདོག་ཅན་གྱི་གཤོག་པ་བར་སྣང་ཁམས་ལ་རྒྱང་བ། ཕྱོགས་བཅུར་ལྡིང་ཞིང་བང་རྩལ་གློག་ལས་མྱུར་བ། གསེར་གྱི་མིག་ལ་སྨ་ར་དང་ཁ་སྤུ་མེ་ལྟར་འབར་བ། ནོར་བུའི་ཐོར་ཚུགས་ཀྱིས་བརྒྱན་པ་ཡོན་ཏན་ལྡན་པའི་རླུང་རྟ་ཡར་ལ་བསྐྱེད་པའི་འཆམ་སྐོར་རོ།།

འཆམ་ཚན་བརྒྱད་པ། ཡང་དྲང་སྲོང་ཆེན་པོས་སྤྱན་གྱིས་གཟིགས་སྟངས་དང་ཕྱག་གིས་མདའ་དར་གྱི་གཡབ་མོ་མཛད་པས། བྱང་ཕྱོགས་ནམ་མཁའ་ཡངས་པའི་དཀྱིལ་འཁོར་གྱི་ཆུ་ལྡན་ཆར་སྤྲིན་ཟབ་མོའི་ཀློང་ནས། ཆུ་ཁམས་རླུང་གི་དཔལ་སྟེར་ངར་སྐད་སྟོབས་བསྐྱེད་གཡུ་འབྲུག་སྔོན་མོ་སྐུ་མདོག་ལྗང་གུ་འོད་དུ་འཚེར་བ། ངར་སྐད་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་པོ་གཡོ་བར་བྱེད་པ། གློག་དམར་འཁྱུགས་པའི་འོད་ཀྱིས་སྟོང་གསུམ་གསལ་བར་བྱེད་ཅིང་ལག་ན་དགོས་འདོད་ཡིད་བཞིན་གྱི་ནོར་བུ་བསྣམས་པ་སྙན་གྲགས་བསྐྱེད་པའི་རླུང་རྟའི་འཆམ་སྐོར་རོ།།

དེ་ལྟར་རླུང་རྟ་ཡར་ལ་བསྐྱེད་པས་ཡིད་ལ་སྨོན་པའི་བསམ་དོན་ཐམས་ཅད་འགྲུབ་ཅིང་རླུང་རྟའི་དཔལ་གཡང་མ་ལུས་གོང་དུ་འཕེལ་ཏེ། སྙན་པའི་བ་དན་དཀར་པོ་སྲིད་པའི་རྩེ་མོར་བསྒྲེངས་ཤིང་མཐུ་སྟོབས་ནུས་པ་མེ་ལ་རླུང་གི་སྟོབས་ཤུགས་བསྣན་པ་ལྟར་གྱུར་པ་དང་། ཚེ་གཡང་དཔལ་གྱི་འབྱོར་བ་དབྱར་མཚོ་ལྟར་རྒྱས་པར་གྱུར་ནས། ཆོས་སྲིད་ལུགས་གཉིས་ཀྱི་ལེགས་ཚོགས་ཕྱོགས་བཅུའི་ནམ་མཁའི་མཐའ་རུ་ཁྱབ་པའི་ལྷ་རྒྱལ་གྱི་ཀི་བསྭོའི་སྒྲས་ནམ་མཁའ་གང་བའོ།།

སླར་སྨྲས་པ།

ཀུན་ཉོན་ཤེས་སྒྲིབ་ཆ་དང་བཅས་པའི་དགྲ་ལས་རྣམ་པར་རྒྱལ་ཟིན་ཀྱང་།།

རྒྱལ་བས་མ་བཏུལ་ལོག་རྟོག་དགྲ་སྡེ་འཇོམས་ལ་དཔའ་བའི་མཚོན་ཐོགས་པ།།

མ་འོངས་རིག་ལྡན་དྲག་པོའི་ཟོལ་གྱིས་རྒུད་པའི་བསྐལ་བ་མཐར་བྱེད་པའི།།

དུས་གསུམ་ཀུན་ཏུ་འཇིག་རྟེན་དགེ་བའི་བཀྲ་ཤིས་དམ་པ་ཁྱོད་ཀྱིས་སྩོལ།།

ཁྱོད་ཀྱི་ཐུགས་བསྐྱེད་དག་པའི་ཉིན་བྱེད་ཀྱིས།།

ཡངས་བའི་རྒྱལ་ཁམས་ཀུན་ཏུ་མཚོན་འཁྲུགས་སོགས།།

འཇིགས་བརྒྱད་མུན་པ་སྟུག་པོ་གཏན་བཅོམ་ནས།།

རྫོགས་ལྡན་གསར་པའི་དཔལ་ཡོན་གྱིས་འཚོ་ཤོག།

འཕགས་བོད་མཁས་གྲུབ་འཇིག་རྟེན་མེས་པོའི་རལ་བ་དག་ལས་ཉེར་འོང་པའི།།

རྨད་བྱུང་བཅུ་ཕྲག་རིག་པའི་གནས་ཆེན་ཡན་ལག་དང་བཅས་གངྒའི་ཀླུང་།།

གཉིས་སུ་མ་ཡིན་རྒྱལ་གསུང་དགོངས་དོན་ཏི་མའི་མཛོད་ལས་ལེགས་འཕོས་པའི།།

ཞི་བསིལ་དམ་ཆོས་གྲུ་ཆར་རྒྱུན་བཟང་ནམ་ཡང་འཇོ་བའི་སྐབས་དབྱེ་ཤོག།

ཤེས་བྱ་རྒྱ་མཚོར་རྣམ་དཔྱོད་ཀླུ་དབང་གིས།།

བདག་གིར་བྱས་ལ་བསྙོན་བྲལ་རྫོགས་ཆེན་པའི།།

ལུང་རྟོགས་པད་ཚལ་རྒྱས་པའི་ལྕགས་རིའི་ཁྱོན།།

སླར་ཡང་ཉི་ཟླའི་སྒྲོན་མེ་དང་འགྲོགས་ཤོག།

ཅེས་པ་འདི་འཛམ་གླིང་ཐོག་གླིང་གེ་སར་རྒྱལ་པོའི་འཆམ་སྲོལ་ཐོག་མར་དར་སའི་ཕུགས་པོ་ཉག་གཅིག་རྫོགས་ཆེན་གདན་སའི་གར་འཆམ་བསྐྱར་གསོའི་ཐོག་མའི་སྐབས་ཤིག་ལ་ལྟད་མོ་བ་འགའི་དགོངས་འདུན་ལྟར་པདྨ་སྐལ་བཟང་གིས་བྲིས་པའོ།།

བསང་གླུ་དགོས་འདོད་ཆར་འབེབས།

གླུ་ཨ་ལ་༴ གླུ་ཐ་ལ་༴

མཆོག་གསུམ་རྩ་གསུམ་སྲུང་མའི་ཚོགས།།

ཟོ་དོར་དགྲ་ལྷ་གཉན་པོ་རྣམས།།

མི་འབྲལ་གཙུག་ཏུ་རྟག་བཞུགས་ནས།།

མ་གཡེལ་ཁ་མགོན་སྡོང་གྲོགས་མཛོད།།

ས་འདིའི་ས་ངོ་མ་ཤེས་ན།།

མདོ་ཁམས་གླིང་ཡུལ་ཁྲ་མོ་ནས།།

བཀྲ་ཤིས་དར་ཐང་ཕྱུག་མོ་རེད།།

ང་འདྲ་ང་ངོ་མ་ཤེས་ན།

གླིང་ཆུང་རྒྱུད་ནོར་བུའི་ལྷ་རྒྱུད་ལ།།

སྲས་ཆུང་གཡུལ་རྒྱལ་འབུམ་མེ་ཟེར།།

དེ་ནས་འདིར་ཚོགས་ལྷ་མིའི་ཁྲོམ།།

དེ་རིང་རྟེན་འབྲེལ་དུས་བཟང་ལ།།

རྒྱ་གར་ཡུལ་གྱི་ཙན་དན་དང་།།

རྒྱ་ནག་ཡུལ་གྱི་ཨ་ག་རུ།།

སེར་པོ་སོག་གི་རུ་རྟ་དང་།།

བོད་སྐུ་རྒྱལ་ལྷ་ཤིང་ཤུག་པ་དང་།།

འཛམ་བུའི་ཤིང་ཆེན་ཀྲིཀྵ་དང་།།

མོན་ཁ་ཊའི་གཡུ་ལོ་ལྡེམ་པ་དང་།།

དཔག་བསམ་པདྨའི་ལྗོན་ཤིང་སོགས།།

ཤིང་སྣ་ཚོགས་པའི་བསང་ཞིག་ཕུད།།

སྨན་སྣ་ཚོགས་པའི་བཅུད་ཅིག་འདེབ།།

བདུད་རྩི་འོ་མའི་ཆབ་ཅིག་བྲན།།

ལྷ་བསང་སྤྲིན་དཀར་ཕྱུག་མོ་འདྲ།།

འདིས་ཡར་མཆོད་དཀོན་མཆོག་གསུམ་པོ་མཆོད།།

རྩ་གསུམ་ལྷ་དང་སྲུང་མ་བསང་།།

དུས་རྟག་ཏུ་འབྲལ་མེད་ཁ་འཛིན་མཛོད།།

འཛམ་གླིང་ཡུལ་སྐྱོང་ཟོ་དོར་གཙོ།།

དཀར་ཕྱོགས་སྐྱོང་བའི་དགྲ་ལྷ་བསང་།།

བོད་སྐྱོང་བསྟན་མ་བཅུ་གཉིས་དང་།།

རྗེ་ཡི་མགུར་ལྷ་བཅུ་གསུམ་བསང་།།

འདམ་ཤོད་གཉན་ཆེན་ཐང་ལྷ་དང་།།

ཤར་སྟོད་རྨ་ཆེན་སྤོམ་ར་བསང་།།

རྫ་ཡི་རྫ་རྒྱལ་འཕེན་ཕྱུག་དང་།།

ཤར་མི་ཉག་བཞག་བྲ་ལྷ་རྩེ་བསང་།།

སྐུ་མཁར་ཤེལ་གྱི་ཕོ་བྲང་གི།།

ན་བུན་མཐིང་གི་གུར་ཁང་ནས།།

ལྷ་གཉན་རྡོ་རྗེ་གཡུང་དྲུང་རྩལ།།

བཙུན་མོ་རྒོད་ལྕམ་འཁོར་བཅས་བསང་།།

ལུས་གྲིབ་མ་བཞིན་དུ་མ་འབྲལ་ཅིག།

མཆོང་རི་སྨུག་པོའི་སྐུ་མཁར་གྱི།།

འཇའ་སྤྲིན་འོད་ཀྱི་གཞལ་ཡས་ནས།།

གནས་བདག་ནོར་བུ་གཡུལ་རྒྱལ་དེ།།

བཙུན་མོ་སྲས་བློན་འཁོར་བཅས་བསང་།།

ཕྱྭ་གཡང་བསོད་ནམས་སྤྲིན་བཞིན་བསྡུས།།

བྲག་དཀར་ཤེལ་གྱི་ཕོ་བྲང་གི།

གཡུ་ཤུག་མཛེས་པའི་བ་གམ་ནས།།

ལྕམ་མོ་སྨན་བཙུན་གཞོན་ནུ་མ།།

དྲལ་པོ་བློན་པོ་འཁོར་བཅས་བསང་།།

རྒྱབ་རྟེན་འཕྲིན་ལས་མ་གཡེལ་ཞིག།

མཚོ་ལྗང་སྔོན་མ་དྲོས་ཀླུ་ཡི་མཛོད།།

ཀླུ་རྒྱལ་ནོར་བུའི་ཕོ་བྲང་ནས།།

རབ་མཛེས་ཀླུ་མོ་དུང་མདོག་ཅན།།

ཀླུ་ཕྲན་འབུམ་གྱི་ཚོགས་བཅས་བསང་།།

ཀླུ་ནོར་དངོས་གྲུབ་འབད་མེད་སྩོལ།།

དེ་རིང་གནམ་ལ་སྐར་མ་བཟང་།།

ཉི་ཟླ་སྐར་གསུམ་གནམ་ལ་འཛོམས།།

ས་ཡི་དུས་ཚོད་རྒྱུ་བ་བཟང་།།

དབང་ཐང་བསོད་ནམས་རླུང་རྟ་དར།།

བར་གྱི་རྟེན་འབྲལ་ལ་ཉེ་བཟང་།།

ལྷ་གཡང་མི་ལ་འཛོམས་པས་བཟང་།།

ད་མཐུ་ཆེན་དགྲ་ལྷ་བཅུ་གསུམ་དེ།།

བུ་དཔའ་བོའི་ལུས་དང་འབྲལ་མེད་ཤོག།

མགྱོགས་བྱེད་སྲིད་པའི་ཝེར་མ་རྣམས།།

མདོ་བ་རྟ་དང་འབྲལ་མེད་ཤོག།

ཚེ་བདག་ཚེ་ཡི་ལྷ་མོའི་མཐུས།།

སྐུ་ཚེ་བགྲེས་རྒུད་མེད་པར་ཤོག།

ནོར་ལྷ་ཨརྱ་ཛམྦྷ་ལས།།

བང་མཛོད་ནོར་གྱིས་འགེངས་བར་ཤོག།

དབུ་འཕང་རི་ལས་མཐོ་བར་ཤོག།

ཁ་རྗེ་རླུང་རྟ་དར་བར་ཤོག།

རྒྱལ་ཁམས་བདེ་ཞིང་སྐྱིད་པར་ཤོག།

སངས་རྒྱས་བསྟན་པ་དར་བར་ཤོག།

དཀར་པོའི་ཆོས་ལ་འགྱུར་བར་ཤོག།

ཅེས་པའང་ལོ་རབས་བདུན་ཅུ་པའི་དུས་སྨད་ཅིག་ལ་རྫོགས་ཆེན་རྟ་བསང་སྐབས་མི་སྐྱ་འགའི་ངོར་བྲིས་པའོ།།