ཡུལ་སྐྱོང་ལྕམ་མོ་ཆེན་མོའི་བསང་འདོད་འབྱུང་དབང་གི་གཟི་འོད།

ཧྲཱིཿཧཱུྃ། བདག་མདུན་སྐད་ཅིག་མ་ཆགས་པདྨ་ཆེ།།

ཁྱོན་ཡངས་ཐབས་ཤེས་ཉི་ཟླའི་གདན་སྟེང་དུ།།

བདེ་ཆེན་བདེ་བའི་དབང་ཕྱུག་མཚོ་སྐྱེས་རྗེ།།

ཞི་འཛུམ་མཚན་དཔེས་མཛེས་པའི་སྐུར་གསལ་བའི།།

ཐུགས་ཀའི་འོད་ཟེར་ལྕགས་ཀྱུ་རྣོན་པོའི་དབྱིབས།།

ཛཿདམར་འཕྲོ་དང་བསྡུ་བའི་བྱེད་པ་ཡིས།།

ཞིང་སྐྱོང་ཌཱཀྐིའི་རྗེ་མོ་ཝ་ར་ཧི།།

ཡུལ་སྐྱོང་སྨན་མོའི་གཙོ་མོ་གཏེར་གྱི་བདག།

ལྕམ་མོ་ཆེན་མོ་སྨན་ཕྲན་འབུམ་དང་བཅས།།

མ་ལུས་འཁོར་དང་བཅས་པའི་སྲོག་གི་སྙིང་།།

དབང་སྒྱུར་རྟགས་ཀྱི་ཕྱག་རྒྱས་བསྒུལ་བ་ལས།།

སྐད་ཅིག་གློག་ལས་མྱུར་བའི་རྫུ་འཕྲུལ་གྱིས།།

མ་ཐོགས་དམ་ལྡན་བདག་གི་གནས་འདིར་བྱོན།།

ཀྱེ། གླིང་མཆོག་འཛམ་གླིང་ཆགས་པའི་དང་རྩེ་རུ།།

འབྲུ་ཟླ་གསེར་གཡུའི་འབྲུག་ཆེན་འཁྱིལ་འདྲའི་དབུས།།

མཐོང་སྨོན་ས་འཛིན་རི་དབང་ཤེལ་དཀར་གཟུགས།།

གཡུ་མདོག་ལྗོན་ཚལ་མཛེས་པའི་མགུལ་རྒྱན་འཆང་།།

སྤྲིན་དཀར་ན་བུན་སོ་མའི་གོས་བཟང་གིས།།

དེ་ཡི་མཛེས་པ་སྒྲིབ་ལ་ཕྲག་དོག་པའི།།

ཉི་གཞོན་འཛུམ་པའི་མདངས་དང་ཟླ་ཟེར་གྱིས།།

མེལ་ཚེས་མཛེས་མདངས་སྤུད་ལ་འགྲན་བྱེད་པའི།།

ངོ་མཚར་གནས་མཆོག་ཡ་མཚན་སྐྱལ་གྱི་བྲག།

དོན་ལ་ས་སྤྱོད་འོག་མིན་ཞིང་གི་ཆར།།

རིན་ཆེན་སྐུ་མཁར་གསེར་གཡུའི་ལན་ཀན་ཅན།།

འོད་འབར་ལྷ་ཡི་ནོར་བུས་རབ་བརྒྱན་པའི།།

གཞལ་མེད་ཁང་བཟང་ཡངས་ཤིང་རྒྱ་ཆེའི་དབུས།།

སྨན་བཙུན་ཆེན་མོ་དུང་མདོག་ཟླ་ཞལ་ཅན།།

བཅུ་དྲུག་ན་ཚོད་སྒེགས་མཛེས་རི་དྭགས་མིག།

ཆགས་འཛུམ་བཞད་པའི་ཟུར་མིག་འཕུར་ལྡིང་ཅན།།

མཉེན་ལྕུག་འཁྲིལ་ཞིང་ལྡེམ་པའི་ཚུལ་ཀྱིས་བཞེངས།།

ཕྱག་གཡས་རིན་ཆེན་གསེར་གྱི་ལྡེའུ་མིག་དང་།།

གཡོན་པས་ཡིད་བཞིན་གཏེར་གྱི་སྒྲོམ་བུ་བསྣམས།།

རེས་འགར་ཡིད་འཕྲོག་དངུལ་དཀར་མེ་ལོང་དང་།།

འཛད་མེད་གཏེར་བཅུད་ནོར་བུའི་གཞོང་པ་འཛིན།།

སྐུ་ལ་དར་ཟབ་ན་བཟའ་བརྩེགས་མར་གསོལ།།

རིན་ཆེན་རྒྱན་འཕྲེང་སིལ་ཁྲོལ་གདུ་བུས་མཛེས།།

རཏྣའི་སྲོག་ཞུ་མེ་ཏོག་ཐོད་ཆིངས་དང་།།

ཚངས་སྐུད་སེ་མོ་དོ་དང་དོ་ཤལ་འཆང་།།

འཁོར་དུ་མཛེས་སྡུག་སྨན་ཕྲན་ཡང་འཁོར་འབུམ།།

ཀུན་ཀྱང་རང་རང་སྒྱུ་འཕྲུལ་སྣ་ཚོགས་སྟོན།།

སྙན་འགྱུར་གླུ་དང་སྣ་ཚོགས་རོལ་མོའི་སྒྲ།།

འཕྲུལ་དགའི་ལྷ་ཡི་དཔལ་ལ་རྣམ་པར་རོལ།།

དྲལ་པོ་ཆེན་པོ་ཚངས་པ་ལྷ་ཡི་བུ།།

མི་དཀར་གསེར་གྱི་ཡ་ལད་གོ་ཞུབ་ཅན།།

སྟག་ཆས་དཔའ་བོ་སྟོང་གི་རུ་སྣ་འདྲེན།།

དྲག་པོའི་ཀི་ལ་དགྱེས་ཤིང་བསྭོ་ལ་འདུ།།

མགྱོགས་པའི་བང་དང་རྣོན་པོའི་སོ་ལ་འཁོར།།

དབུ་འཕང་དགུང་དུ་འདེག་པའི་དགྲ་ལྷར་ཆེ།།

ཡུལ་ལྷ་ཟོ་དོར་ལྕམ་དྲལ་མཐུ་བོ་ཆེ།།

སྔོན་རྒྱུག་གཉེན་གྱི་སོ་པ་རླུང་ལྟར་འཚུབ།།

རུ་འདྲེན་ཀླུ་ཡི་ཕོ་ཉ་གློག་ལྟར་མྱུར།།

སྡོང་ཟླ་བཙན་གྱི་དམག་དཔོན་ཐོག་ལྟར་འབེབ།།

རྗེས་བསྐྱོད་དམུ་བདུད་མ་མོ་བྲན་ལྟར་འབྲངས།།

ལས་བཞི་ལྷུན་གྲུབ་བཀའ་འཁོར་བཅས་པ་ལ།།

རྣམ་མང་སྲིད་དང་ཞི་བའི་ཕུན་ཚོགས་དཔལ།།

ངོ་མཚར་ཏིང་འཛིན་སྤྲུལ་བའི་ཟག་མེད་སྤྲིན།།

མཐའ་ཡས་ཞིང་ཀུན་འགེང་བས་རྟག་ཏུ་མཆོད།།

ཁྱད་པར་གཡུ་ཤུག་སྔོན་པོ་སྤྲིན་བཅུད་ཅན།།

འཁན་དཀར་གསེར་གྱི་ལ་ཐོད་ག་བུར་འཛིན།།

བ་ལུ་འོམ་བུ་བདུད་རྩིའི་རོ་བཅུད་ལྡན།།

བཟང་དྲུག་སྨན་གྱི་ཕྱེ་མ་དཀར་གསུམ་ཕུད།།

མངར་གསུམ་བཏུང་བ་དགུན་ཆང་འབྲས་བུའི་བཅུད།།

དར་ཟབ་འབྲུ་སྣ་གཏོར་ཚོགས་ལ་སོགས་པ།།

གཙང་ཞིང་གཙང་མར་སྦྱར་བའི་མཆོད་རྫས་ལ།།

མེ་རླུང་ཆུ་ཡིས་སྦྱང་གཏོར་བཀྲུས་པ་དང་།།

འབྲུ་གསུམ་ཡི་གེས་སྦྱང་སྤེལ་སྒྱུར་བ་ཡི།།

གོས་དཀར་མེ་ལ་མ་ཀིའི་ཆུས་བྲན་པའི།།

བསྲེག་རྫས་མ་ཚོགས་མེད་པའི་དུད་སྤྲིན་ཆེ།།

ཀུན་བཟང་མཆོད་པའི་སྤྲིན་གྱི་ཕུང་པོ་རུ།།

ནམ་མཁའ་མཛོད་ཀྱི་བསམ་ཡས་རོལ་གར་ལས།།

རིན་ཆེན་ས་གཞི་སྨན་སྤོས་ལྗོན་ཤིང་མཛེས།།

གཞལ་མེད་ཁང་བཟང་ནོར་བུའི་རྒྱན་གྱིས་སྤྲས།།

རང་བྱུང་འོད་ཀྱི་སྣང་བས་ཉིན་མཚན་གསལ།།

བདུད་རྩིའི་ཆར་ཟིམ་འཇའ་ཚོན་དྲ་བར་འབྲེལ།།

ཅང་ཤེས་ཤུགས་ལྡན་རྟ་མཆོག་གངས་རིའི་མདོག།

སྨུག་ཆུང་དྲེའུ་གསེར་མདངས་རླུང་ཤུགས་ཅན།།

གླང་ཆེན་ཐལ་དཀར་ཤྭ་རྐྱང་དགོ་བ་གཙོད།།

སྤུ་སྡུག་སྒྲོ་གཤོག་བཀྲ་བའི་རྨ་བྱ་དང་།།

ཁྲུང་ཁྲུང་ཀ་ལ་པིངྐ་མཁའ་ལྡིང་དབང་།།

སྟག་གཟིག་གྲུས་མ་ཐུགས་དཀར་དོམ་བུ་དང་།།

འབྲོང་གཡག་དར་མ་གནག་ཕྱུགས་དཀར་ནག་ཁྱུ།།

རིན་ཆེན་ནོར་བུའི་མཛོད་བརྒྱ་དཔག་བསམ་ཤིང་།།

འདོད་འཇོའི་གཏེར་གྱི་བུམ་པ་ཡིད་བཞིན་དབང་།།

བཞུ་ཁམས་ལས་བྱུང་གསེར་དངུལ་ཟངས་ལྕགས་རིགས།།

དར་ཟབ་འབྲུ་སྣ་གཟི་བྱུར་གཡུ་ཡི་ཕྲེང་།།

མུ་ཏིག་མུ་མེན་པད་རག་ཨིནྡྲ་རྙིལ།།

གོ་མཚོན་སྣ་ཚོགས་ནམ་མཁའ་བལ་ཚོན་དང་།།

མདའ་མདུང་འཕང་རིས་དུང་ཤོ་འགྲོན་བུ་དཀར།།

དཀར་དམར་བཤོས་བུ་བརྗིད་ལྡན་མདོས་ཀྱི་གཏོར།།

དར་གོས་རེག་འཇམ་ལྷ་ཡི་ན་བཟའ་དང་།།

འཕན་འཕུར་ལྡ་ལྡི་རྔ་དུང་པི་ཝང་སོགས།།

སྙན་འཇེབས་སྒྲ་ཡི་རྣམ་གྲངས་ཇི་སྙེད་དང་།།

གླུ་གར་འདུ་འཕྲོ་དྲི་ཞིམ་སྤོས་ཀྱི་ངད།།

ཞལ་ཟས་རོ་བདའ་ཇ་ཆང་བཏུང་བའི་རིགས།།

ཐུན་མོང་ཐུན་མིན་མཐུན་རྫས་མཆོད་པའི་སྤྲིན།།

མ་ཚང་མེད་པའི་དངོས་འབྱོར་ཡིད་སྤྲུལ་གྱིས།།

ལྷ་ཁྱེད་འཁོར་དང་བཅས་པའི་དགྱེས་པ་བསྐང་།།

ཐུགས་འགལ་འཁྲུགས་པ་མཆིས་ན་དབྱིངས་སུ་སོལ།།

ཁྱད་པར་ཟག་མེད་ནང་གི་བདེ་བ་ཆེ།།

དོན་དམ་བདེ་ཆེན་ཞུ་བདེའི་ཡེ་ཤེས་དཔྱིད།།

གཉིས་མེད་ཁ་སྦྱོར་ཉི་ཟླའི་དྭངས་མའི་ཁམས།།

འཕོ་བྲལ་སྲོག་གི་ཐིག་ལེར་རྟག་ཏུ་མཆོད།།

ཨེ་དབྱིངས་སྟོང་ཆེན་འདུས་མ་བྱས་པའི་མཁར།།

ཝཾ་ཡིག་བདེ་ཆེན་རྡོ་རྗེའི་གར་སྒྱུར་བའི།།

མི་ཤིགས་གཉུག་མ་དོན་གྱི་ཡེ་ཤེས་ཀྱི།།

དགྱེས་མཉམ་ལྷན་སྐྱེས་དགའ་བར་རྟག་ཏུ་རོལ།།

ཁྱད་པར་བདུད་རྩིའི་ཁྲུས་དང་ལྷ་སྲུང་གིས།།

ཌཱཀི་སྨན་བཙུན་ཆེན་མོའི་གསང་གསུམ་ལ།།

བདག་ཅག་དམ་ཚིག་འགལ་ཉམས་འདས་རལ་གྱི།།

མི་གཙང་གྲིབ་ཀྱིས་ཕོགས་པ་ཐམས་ཅད་བསང་།།

དཔའ་སྐྱེམས་ཆང་རྒོད་གཙང་མའི་ཕུད་མཆོད་ཀྱིས།།

དྲལ་པོ་ལྷ་ཡི་དམག་དཔོན་ཆེན་པོ་བསང་།།

ལྗོན་ཚལ་མེ་ཏོག་ཡིད་འོང་ཆབ་རྒྱུན་གྱིས།།

ཤར་གྱི་ལྷ་བཙུན་ས་ལེ་ཁྲི་སྨན་བསང་།།

དཀར་གསུམ་སྨན་སྣ་ཤིང་ཏོག་འབྲུ་བཅུད་ཀྱིས།།

ལྷོ་ཡི་ཀླུ་མོ་ནོར་རྒྱས་ཕྱུག་མོ་བསང་།།

རིན་ཆེན་གསེར་གཡུ་དར་གོས་ལིང་ཚེ་ཡིས།།

ནུབ་ཀྱི་གཉེན་མོ་གནོད་སྦྱིན་གཟི་འབར་བསང་།།

གཞན་ཡང་མཆོད་རྫས་ཡོ་བྱད་ཇི་སྙེད་པས།།

སྤྲུལ་དང་ཡང་སྤྲུལ་འཁོར་དང་བཅས་པ་བསང་།།

སྔོན་ཚེ་པདྨ་འབྱུང་གནས་གྲོ་བོ་ལོད།།

ཡེ་ཤེས་རྫུ་འཕྲུལ་ནམ་མཁའི་ཕྱག་རྒྱ་ཡིས།།

རུ་དམ་ལུང་པ་ནག་པོའི་མ་ཡམ་ཚོགས།།

སྲོག་སྙིང་ཐེངས་དགུར་གཟིར་ཞིང་དམ་ལ་བཏགས།།

ལྷོ་ཕྱོགས་པདྨའི་ཚལ་ན་དར་དཀར་གྱི།།

ལྭ་བ་དཀར་པོའི་གུར་གྱི་ནང་ཤེད་ནས།།

རྟགས་ཀྱི་ཕྱག་རྒྱར་བཞེངས་པའི་དཀྱིལ་འཁོར་གཙོ།།

པདྨ་འབྱུང་གནས་དྲང་སྲོང་སྨན་གྱི་བླས།།

བདུད་རྩི་ཡོན་ཏན་དཀྱིལ་འཁོར་ཞལ་ཕྱེས་ཏེ།།

རྩ་བརྒྱད་སྟོང་ལ་སྦྱར་བའི་ཨ་མྲྀ་ཏ།།

བདེ་མཆོག་དཔའ་བོའིབཅུད་ཆེན་བསྐྱིལ་བའི་ཚེ།།

གཏེར་གྱི་སྲུང་མར་བསྐོས་པའི་གཡར་དམ་བླངས།།

གངས་ལྡན་ར་བའི་མཆོག་གྱུར་སྦས་པའི་ལུང་།།

རྡོ་རྗེའི་གར་གྱིས་བྱིན་རླབས་སྨན་ཆར་ཕབས།།

ས་སྤྱོད་དཔལ་གྱི་ཞིང་ཁམས་སྒོ་ཕྱེས་ཚེ།།

ཡོན་ཏན་གནས་འདིའི་སྲུང་མར་བྲན་ཁས་བླངས།།

བར་དུ་རིག་སྔགས་འཛིན་པ་སྐྱལ་བྲག་པ།།

རྣལ་འབྱོར་ཡབ་སྲས་གུ་ཎ་ན་ཐ་ཡི།།

ཆོས་དང་རིགས་ལ་འགོ་བའི་ཐ་ཚིག་འཆང་།།

ཡང་ཟབ་དབང་དྲག་ཆོས་ཀྱི་གཉེར་འཛིན་མཛད།།

ཆེར་སྙིགས་ལྔ་བདོའི་ཕྱི་མའི་དུས་འདི་རུ།།

ལྗོངས་འདིར་པདྨའི་རིང་ལུགས་འཛིན་མཛད་པ།།

པད་འབྱུང་བི་མའི་རྣམ་རོལ་རྫོགས་ཆེན་པས།།

བཀའ་བསྒོའི་འཕྲིན་ལས་མ་གཡེལ་དང་དུ་ལོངས།།

སྲིད་ཞིའི་དགེ་མཚན་བྱེ་བའི་འབྱུང་གནས་ཆེ།།

ཐུབ་བསྟན་སྙིང་པོ་ལུང་དང་རྟོགས་པ་སྟེ།།

དེ་འཛིན་བཤད་དང་སྒྲུབ་པའི་སྡེ་རྒྱས་པའི།།

ལྗོངས་འདིའི་མངའ་ཐང་གླིང་བཞིའི་རྩེ་མོར་ངོམ།།

ཡོངས་རྫོགས་རྒྱལ་བསྟན་ཕྱི་མོ་སྔ་འགྱུར་པ།།

དེ་ཡི་བཤད་སྒྲུབ་བསྟན་པའི་འབྱུང་གནས་ཆེ།།

རྫོགས་ཆེན་པ་ཞེས་གྲགས་པའི་གདུགས་དཀར་ཁྱོན།།

སྣང་བྱེད་ཉི་ཟླའི་དཔལ་དང་འགྲོག་པར་མཛོད།།

ཀུན་བརྟགས་འཁྲུལ་བའི་བག་ཆགས་གཞི་ལ་དག།

གཞན་དབང་འཕྲལ་སྣང་གདོན་ཚོགས་དབྱིངས་སུ་ཞི།།

ཡོངས་གྲུབ་འཕོ་བྲལ་གཉུག་མའི་ཡེ་ཤེས་ཁམས།།

འཆི་མེད་རྡོ་རྗེའི་སྲོག་གི་རྟེན་མཁར་ཚུགས།།

རྗེས་ཆགས་ཉམས་བརྒྱ་འབར་བའི་འཛུམ་དཀར་གྱིས།།

ཆེ་དགུའི་ཡིད་ཀྱི་བརྟན་པ་འཕྲོག་དང་ལྷན།།

བརྟན་གཡོ་སྲིད་ཞིའི་ཕུན་ཚོགས་ཇི་སྙེད་པ།།

འོད་དམར་ཀྱོ་བས་དབང་མེད་མགྲོན་དུ་ཁུག།

རྨོངས་ཆེན་གདོན་གྱིས་ཟིན་གྱུར་སྡིག་ཅན་འགྲོ།།

མ་རུངས་ལོག་པར་སྤྱོད་པའི་སྙིང་ཁམས་ཅན།།

རེ་ཞིག་ཞི་བས་འདུལ་བའི་སྐལ་མེད་ལ།།

སྲོག་གཅོད་དུག་གི་མདའ་མོ་ཁྱོད་ཀྱིས་གྱིས།།

དྲིན་ལན་ངན་གྱིས་གཞལ་བའི་བློ་ལོག་མཁན།།

ཁ་དཀར་སྙིང་གནག་སྒྱུ་མའི་རིག་སྔགས་ཅན།།

མ་ལུས་སྡེར་བཅས་རྩད་ནས་གཅོད་པ་ཡི།།

དྲང་སྲོང་དམོད་པའི་རལ་གྲི་ཁྱེད་ཉིད་རྦད།།

བློ་ཡིད་ལས་སུ་མ་རུང་སྐྱེ་བོ་ཡི།།

སྙིང་ལ་ཞུགས་པའི་རྒྱལ་འགོང་དམ་སྲིའི་རིགས།།

ཕུང་བྱེད་ཕྱེ་མར་བརླག་པའི་མེ་ཞུན་གྱི།།

གནམ་ལྕགས་ཐོག་ཟེར་ངར་མ་ཁྱོད་ཀྱིས་དྲོངས།།

ཡང་ཟབ་ཐུགས་ཀྱི་བསྟན་པའི་བསྐྱེད་རྫོགས་ལམ།།

སྨིན་གྲོལ་གདམས་ཟབ་བཅུད་འཆང་བསྟན་འཛིན་གྱི།།

ཞབས་པད་གཡུང་དྲུང་རེ་ཁ་རྟག་བརྟན་པའི།།

ངོ་མཚར་ཆོ་གའི་མེལ་ཚེ་ཁྱེད་ཀྱིས་མཛོད།།

འདའ་དཀའ་སྲོག་གིས་བསྲུང་བའི་དམ་ཚིག་ལ།།

གཅིག་ཏུ་སྦྲེལ་བའི་མཆེད་ལྕམ་རྡོ་རྗེའི་སྤུན།།

མི་འབྲལ་བྱང་ཆུབ་སྙིང་པོར་འཚང་རྒྱ་བའི།།

སྨོན་དོན་དམ་བཅའི་རི་མོ་ཁྱེད་ཀྱིས་སྲུངས།།

མདོར་ན་བདག་ཅག་འཁོར་དང་བཅས་པ་ཡི།།

མི་མཐུན་ཉེས་པའི་ཚོགས་རྣམས་ཞི་བ་དང་།།

མཐུན་རྐྱེན་ལེགས་པའི་དཔལ་ཡོན་རབ་རྒྱས་པའི།།

རྣམས་གཉིས་དངོས་གྲུབ་འབྲལ་མེད་ཆར་བཞིན་ཕོབས།།

བཀྲ་ཤིས་ཉི་མའི་འོད་ཟེར་རྟག་ཏུ་འབར།།

བདེ་ལེགས་དུང་གི་ཟླ་བ་རྒྱུན་དུ་ཚེས།།

ཕུན་ཚོགས་རྒྱུ་སྐར་བྱེ་བའི་བཀྲག་མདངས་གསལ།།

བདེ་སྐྱིད་བཀྲ་ཤིས་ས་གསུམ་ཀུན་ཁྱབ་ཤོག།

ཅེས་པ་འདི་རྗེ་དམ་པ་མང་པོའི་སྐུའི་རིགས་དབོན་དུ་གྱུར་པའི་ཁྱིམ་སྔགས་པ་དམ་ལྡན་ལྷག་བསམ་ཅན་བསོད་ནམས་སྟོབས་ལྡན་གྱིས་བསྐུལ་ངོར། རབ་གནས་ཆུ་ལུག་ཧོར་ཟླ་བརྒྱད་པའི་ཚེས་བཅུ་ལ་པདྨ་ཐང་ཡང་དབེན་ནས་པདྨའི་མིང་ཅན་དེས་བྲིས་པ་འདིས་ཀྱང་བསྟན་པ་དར་ཞིང་བསྟན་སེལ་ཞི་བའི་རྒྱུ་བྱེད་པར་གྱུར་ཅིག།