བྱང་མེ་ཁྲིའི་མཚོ་རའི་ཀླུ་བསང་ཡིད་བཞིན་ཆར་འབེབ།ཀྱཻ། རང་སྣང་རོལ་བ་མ་འགག་སྤྲུལ་པའི་གནས།། ཡིད་འོང་གངས་དཀར་རྫ་རི་ལྷུན་སྟུག་དབུས།། གཏན་འཁྱིལ་གཡུ་ཡི་མཚོ་མོ་དྭངས་གསལ་དཀྱིལ།། རབ་མཛེས་རིན་ཆེན་ནོར་བུའི་སྐུ་མཁར་ནང་།། རྣམ་མང་འདོད་ཡོན་རྒྱ་མཚོ་འཁྲིགས་པའི་དབུས།། ཀླུ་མོ་དཀར་མོ་མཛེས་སྡུག་ལང་ཚོ་ཅན།། ཕུན་ཚོགས་ཚེ་གཡང་གཏེར་གྱི་མངའ་བདག་མོ།། འཁོར་དུ་རང་འདྲའི་སྨན་ཕྲན་འབུམ་ཕྲག་དང་།། ཌཱཀྐི་དང་སྨན་དཔའ་མོའི་ཚོགས་དང་བཅས།། མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན།། དམ་ལྡན་གདུང་བའི་དབྱངས་ཀྱིས་ཉེར་བསྐུལ་བའི།། གཙང་མའི་གནས་འདིར་སྤྱན་འདྲེན་བཞུགས་སུ་གསོལ།། ཀྱཻ། ཡེ་ཤེས་ལྔ་ལྡན་ཐབས་ཤེས་ཨེ་ཝཾ་འཁྱིལ།། ཟུང་འཇུག་བདེ་ཆེན་མི་ཟད་ནམ་མཁའི་མཛོད།། འདོད་ཡོན་མཆོད་སྤྲིན་རོལ་མོར་ཡོངས་ཤར་བ།། སྲིད་དང་ཞི་བའི་མགྲོན་རིགས་ཡོངས་ལ་འབུལ།། སྨན་སྤོས་རྩི་བཅུད་ཤིང་སྣའི་དུད་པའི་རྟར།། གཙང་མའི་ཆབ་ཀྱིས་བྲན་པའི་རྫས་མཆོག་ལ།། ཏིང་འཛིན་སྔགས་དང་ཕྱག་རྒྱས་ཡོངས་བརླབས་པའི།། མི་ཟད་བསང་གི་མཆོད་པ་དམ་པ་འདིས།། མཆོག་གསུམ་རྩ་གསུམ་ནོར་ལྷ་གཏེར་བདག་བསང་།། བཀའ་གཏེར་ཆོས་སྲུང་ཡུལ་རིས་གཞི་བདག་བསང་།། ཁྱད་པར་དུང་སྐྱོང་ཀླུ་མོ་གཟི་ལྡན་མ།། མ་ལུས་སྐུ་འཁོར་བཅས་པ་ཐམས་ཅད་བསང་།། ཀླུ་མིག་གསོ་ཞིང་ཀླུ་མནོལ་བསང་བ་དང་།། ཀླུ་ཡིད་འཁོན་འགྲས་འགྲམ་འཁྲུགས་ཞི་གྱུར་ཏེ།། རྟག་ཏུ་ཕན་བདེའི་དཔལ་ལ་རོལ་བ་དང་།། བྱང་ཆུབ་སེམས་ཀྱི་ཏིང་འཛིན་བརྟན་པར་ཤོག། སྔོན་ཚེ་གསང་བའི་བདག་པོ་རྡོ་རྗེ་ཅན།། རྒྱལ་བའི་དབང་པོ་པདྨ་སམ་བྷ་ཝས།། བཀའ་རྟགས་གཙུག་ཏུ་བཅིངས་བའི་ཡལ་གམ་ལས།། གཡེལ་བ་མེད་པར་དམ་ལྡན་བུ་བཞིན་སྐྱོང་།། མི་ཟད་ནོར་བུའི་གཏེར་གྱི་སྒོ་ཕྱེས་ལ།། ཀླུ་གཡང་འདོད་རྒུ་འཇོ་བའི་གྲུ་ཆར་གྱིས།། རེ་བའི་འབྲས་བུ་བཀང་བའི་པདྨོའི་ཚལ།། ནམ་ཡང་རྒུད་པ་མེད་པའི་ཕྲིན་ལས་སྒྲུབས།། བདེ་ཆེན་དགའ་བཞིའི་འགྲོས་ཀྱི་ཡེ་ཤེས་དཔྱིད།། སྐལ་ལྡན་སྙིང་གི་ཀུ་མུད་དགོད་པའི་དཔལ།། ཁྱོད་ཞལ་ཟླ་བ་དཀར་པོའི་དགེ་མཚན་གྱི།། འཛུམ་ཟེར་སྣང་བ་གསར་པས་རྟག་ཏུ་སྐྱོངས།། མི་མཐུན་གཡུལ་ལས་རྒྱལ་བའི་རྒྱལ་མཚན་ཆེ།། སྲིད་པ་ཡོངས་ཀྱི་བླ་ན་མཐོ་བ་དང་།། ངོ་མཚར་སྙན་གྲགས་དགེ་བའི་བ་དན་གྱིས།། ཕུལ་བྱུང་ལྷ་ཡི་རྫིང་རིང་ཀུན་འགེངས་མཛོད།། ཁྱད་པར་བདག་ཅག་རིག་འཛིན་འཁོར་བཅས་ཀྱི།། ཚེ་བསོད་ཡར་གྱི་ཟླ་ལྟར་འཕེལ་ཞིང་རྒྱས།། དབང་ཐང་རླུང་རྟའི་དཔལ་ཡོན་རབ་ཏུ་དར།། ཕུན་ཚོགས་དགའ་བ་བརྒྱ་ཕྲག་གཡས་འཁྱིལ་ཤོག། རྨད་བྱུང་དམ་ཆོས་བདུད་རྩིའི་གྲུ་ཆར་འཇོ།། སྲིད་དང་ཞི་བའི་ཕྱྭ་གཡང་མགྲོན་དུ་ཁུག། འདོད་དོན་བདེ་དགའི་དཔལ་ལ་རྟག་སྤྱོད་དེ།། ཐར་ལམ་དམ་པའི་ཟུངས་ཀྱིས་འཚོ་གྱུར་ཅིག། ཡོངས་རྫོགས་བསྟན་པའི་ཕྱི་མོ་སྔ་འགྱུར་པའི།། རིང་ལུགས་སྲིད་མཐའི་བར་དུ་གནས་པ་དང་།། ངེས་གསང་བསྟན་པའི་སྲོག་འཛིན་རྫོགས་ཆེན་པའི།། བསྟན་སྲིད་མངའ་ཐང་དར་བའི་ཕྲིན་ལས་མཛོད།། འགྲོ་སེམས་གཏི་མུག་གཉིད་ལས་རིངས་སངས་ཏེ།། ཡང་དག་ལྟ་དང་རྟོགས་པས་རྒྱུད་ཕྱུག་ནས།། གཞན་ཕན་བྱང་ཆུབ་སེམས་མཆོག་དམ་པ་དང་།། མི་འབྲལ་མཆོག་གསུམ་སྣང་བས་ཤིས་གྱུར་ཅིག། ཅེས་རྫོགས་ཆེན་པདྨ་བཛྲའི་སྐྱེ་མིང་གསུམ་པར་འབོད་པ་པདྨ་སྐལ་བཟང་ངམ་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་གྱིས་རབ་རྒྱན་ཆུ་ཁྱི་ལོར་གནས་དེ་ནས་བྲིས་པ་དགེ། |