Nitartha Digital Library
Tibetan
 
previousདཔལ་ཀུན་ཏུ་བཟང་པོའི་སྨོན་ལམ། no next

དཔལ་ཀུན་ཏུ་བཟང་པོའི་སྨོན་ལམ།

དཔལ་ཀུན་ཏུ་བཟང་པོའི་སྨོན་ལམ་བཞུགས་སོ༔ ཧོ༔ སྣང་སྲིད་འཁོར་འདས་ཐམས་ཅད་ཀུན༔ གཞི་གཅིག་ལམ་གཉིས་འབྲས་བུ་གཉིས༔ རིག་དང་མ་རིག་ཆོ་འཕྲུལ་ཏེ༔ ཀུན་ཏུ་བཟང་བོའི་སྨོན་ལམ་གྱིས༔ ཐམས་ཅད་ཆོས་དབྱིངས་ཕོ་བྲང་དུ༔ མངོན་པར་རྫོགས་ཏེ་འཚང་རྒྱ་ཤོག༔ ཀུན་གྱི་གཞི་ནི་འདུས་མ་བྱས༔ རང་བྱུང་ཀློང་ཡངས་བརྗོད་དུ་མེད༔ འཁོར་འདས་གཉིས་ཀའི་མིང་མེད་དོ༔ དེ་ཉིད་རིག་ན་སངས་རྒྱས་ཏེ༔ མ་རིག་སེམས་ཅན་འཁོར་བར་འཁྱམས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱིས༔ བརྗོད་མེད་གཞི་དོན་རིག་པར་ཤོག༔ ཀུན་ཏུ་བཟང་པོ་ང་ཡིས་ཀྱང༔ རྒྱུ་རྐྱེན་མེད་པ་གཞི་ཡི་དོན༔ འདི་ཉིད་གཞི་ལ་རང་བྱུང་རིག༔ ཕྱི་ནང་སྒྲོ་སྐུར་སྐྱོན་མ་བཏགས༔ དྲན་མེད་མུན་པའི་སྒྲིབ་མ་གོས༔ དེ་ཕྱིར་རང་སྣང་སྐྱོན་མ་གོས༔ རང་རིག་སོ་ལ་གནས་པ་ལ༔ སྲིད་གསུམ་འཇིགས་ཀྱང་དངངས་སྐྲག་མེད༔ འདོད་ཡོན་ལྔ་ལ་ཆགས་པ་མེད༔ རྟོག་མེད་ཤེས་པ་རང་བྱུང་ལ༔ གདོས་བའི་གཟུགས་དང་དུག་ལྔ་མེད༔ རིག་པའི་གསལ་ཆ་མ་འགགས་པ༔ ངོ་བོ་གཅིག་ལ་ཡེ་ཤེས་ལྔ༔ ཡེ་ཤེས་ལྔ་བོ་སྨིན་པ་ལས༔ ཐོག་མའི་སངས་རྒྱས་རིགས་ལྔ་བྱུང༔ དེ་ལས་ཡེ་ཤེས་མཐའ་རྒྱས་པས༔ སངས་རྒྱས་བཞི་ཅུ་རྩ་གཉིས་བྱུང༔ ཡེ་ཤེས་ལྔ་ཡི་རྩལ་ཤར་བས༔ ཁྲག་འཐུང་དྲུག་ཅུ་ཐམ་པ་བྱུང༔ དེ་ཕྱིར་གཞི་རིག་འཁྲུལ་མ་མྱོང༔ ཐོག་མའི་སངས་རྒྱས་ང་ཡིན་པས༔ ང་ཡིས་སྨོན་ལམ་བཏབ་པ་ཡིས༔ ཁམས་གསུམ་འཁོར་བའི་སེམས་ཅན་གྱིས༔ རང་བྱུང་རིག་པ་ངོ་ཤེས་ནས༔ ཡེ་ཤེས་ཆེན་པོ་མཐའ་རྒྱས་ཤོག༔ ང་ཡི་སྤྲུལ་བ་རྒྱུན་མི་ཆད༔ བྱེ་བ་ཕྲག་བརྒྱ་བསམ་ཡས་འགྱེད༔ གང་ལ་གང་འདུལ་སྣ་ཚོགས་སྟོན༔ ང་ཡི་ཐུགས་རྗེའི་སྨོན་ལམ་གྱིས༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ རིགས་དྲུག་གནས་ནས་ཐར་བར་ཤོག༔ དང་པོ་སེམས་ཅན་འཁྲུལ་བ་རྣམས༔ གཞི་ལ་རིག་པ་མ་ཤར་བས༔ ཅི་ཡང་དྲན་མེད་ཐོམ་མེ་བ༔ དེ་ག་མ་རིག་འཁྲུལ་བའི་རྒྱུ༔ དེ་ལ་ཧད་ཀྱིས་བརྒྱལ་བ་ལས༔ དངངས་སྐྲག་ཤེས་པ་ཟ་ཟི་འགྱུས༔ དེ་ལས་བདག་གཞན་དགྲར་འཛིན་སྐྱེས༔ བག་ཆགས་རིམ་བཞིན་བརྟས་པ་ལས༔ འཁོར་བ་ལུགས་སུ་འཇུག་པ་བྱུང༔ དེ་ལས་ཉོན་མོངས་དུག་ལྔ་རྒྱས༔ དུག་ལྔའི་ལས་ལ་རྒྱུན་ཆད་མེད༔ དེ་ཕྱིར་སེམས་ཅན་འཁྲུལ་བའི་གཞི༔ དྲན་མེད་མ་རིག་ཡིན་པའི་ཕྱིར༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཀུན་གྱིས་རིག་པར་ངོ་ཤེས་ཤོག༔ ལྷན་གཅིག་སྐྱེས་པའི་མ་རིག་པ༔ ཤེས་པ་དྲན་མེད་ཡེངས་པ་ཡིན༔ ཀུན་ཏུ་བཏགས་པའི་མ་རིག་པ༔ བདག་གཞན་གཉིས་སུ་འཛིན་པ་ཡིན༔ ལྷན་སྐྱེས་ཀུན་བཏགས་མ་རིག་གཉིས༔ སེམས་ཅན་ཀུན་གྱི་འཁྲུལ་གཞི་ཡིན༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འཁོར་བའི་སེམས་ཅན་ཐམས་ཅད་ཀུན༔ དྲན་མེད་འཐིབ་པའི་མུན་པ་སངས༔ གཉིས་སུ་འཛིན་པའི་ཤེས་བ་དྭངས༔ རིག་པའི་རང་ངོ་ཤེས་པར་ཤོག༔ གཉིས་འཛིན་བློ་ནི་ཐེ་ཚོམ་སྟེ༔ ཞེན་པ་ཕྲ་མོ་སྐྱེས་པ་ལས༔ བག་ཆགས་མཐུག་པོ་རིམ་གྱིས་བརྟས༔ ཟས་ནོར་གོས་དང་གནས་དང་གྲོགས༔ འདོད་ཡོན་ལྔ་དང་བྱམས་པའི་གཉེན༔ ཡིད་འོང་ཆགས་པའི་འདོད་པས་གདུངས༔ དེ་དག་འཇིག་རྟེན་འཁྲུལ་བ་སྟེ༔ གཟུང་འཛིན་ལས་ལ་ཟད་མཐའ་མེད༔ ཞེན་པའི་འབྲས་བུ་སྨིན་པའི་ཚེ༔ བསྐམ་ཆགས་གདུངས་བའི་ཡི་དྭགས་སུ༔ སྐྱེས་ནས་བཀྲེས་སྐོམ་ཡ་རེ་ང༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འདོད་ཆགས་ཞེན་པའི་སེམས་ཅན་རྣམས༔ འདོད་པའི་གདུང་བ་ཕྱིར་མ་སྤངས༔ འདོད་ཆགས་ཞེན་པ་ཚུར་མ་བླངས༔ ཤེས་བ་རང་སོར་གློད་པ་ཡིས༔ རིག་པ་རང་སོ་ཟིན་གྱུར་ནས༔ ཀུན་རྟོག་ཡེ་ཤེས་ཐོབ་པར་ཤོག༔ ཕྱི་རོལ་ཡུལ་གྱི་སྣང་བ་ལ༔ འཇིགས་སྐྲག་ཤེས་པ་ཕྲ་མོ་འགྱུས༔ སྡང་བའི་བག་ཆགས་བརྟས་པ་ལས༔ དགྲར་འཛིན་བརྡེག་གསོད་ཧྲགས་པ་སྐྱེས༔ ཞེ་སྡང་འབྲས་བུ་སྨིན་པའི་ཚེ༔ དམྱལ་བའི་བཙོ་བསྲེག་སྡུག་རེ་བསྔལ༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲོ་དྲུག་སེམས་ཅན་ཐམས་ཅད་ཀྱིས༔ ཞེ་སྡང་དྲག་པོ་སྐྱེས་བའི་ཚེ༔ སྤང་བླང་མི་བྱ་རང་སོར་གློད༔ རིག་པ་རང་སོ་ཟིན་གྱུར་ནས༔ གསལ་བའི་ཡེ་ཤེས་ཐོབ་པར་ཤོག༔ རང་སེམས་ཁེངས་པར་གྱུར་པ་ལས༔ གཞན་ལ་འགྲན་སེམས་སྨད་པའི་བློ༔ ང་རྒྱལ་དྲག་པོའི་སེམས་སྐྱེས་པས༔ བདག་གཞན་འཐབ་རྩོད་སྡུག་བསྔལ་མྱོང༔ ལས་དེའི་འབྲས་བུ་སྨིན་པའི་ཚེ༔ འཕོ་ལྟུང་མྱོང་བའི་ལྷ་རུ་སྐྱེས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ ཁེངས་སེམས་སྐྱེས་བའི་སེམས་ཅན་རྣམས༔ དེ་ཚེ་ཤེས་པ་རང་སོར་གློད༔ རིག་པ་རང་སོ་ཟིན་གྱུར་ནས༔ མཉམ་པ་ཉིད་ཀྱི་དོན་རྟོགས་ཤོག༔ གཉིས་འཛིན་བརྟས་པའི་བག་ཆགས་ཀྱིས༔ བདག་བསྟོད་གཞན་སྨོད་ཟུག་རྔུའི་ལས༔ འཐབ་རྩོད་འགྲན་སེམས་བརྟས་པ་ལས༔ གསོད་གཅོད་ལྷ་མིན་གནས་སུ་སྐྱེ༔ འབྲས་བུ་དམྱལ་བའི་གནས་སུ་ལྟུང༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ འགྲན་སེམས་འཐབ་རྩོད་སྐྱེས་པ་རྣམས༔ དགྲར་འཛིན་མི་བྱ་རང་སོར་གློད༔ ཤེས་པ་རང་སོ་ཟིན་གྱུར་ནས༔ ཕྲིན་ལས་ཐོགས་མེད་ཡེ་ཤེས་ཤོག༔ དྲན་མེད་བཏང་སྙོམས་ཡེངས་པ་ལས༔ འཐིབས་དངརྨུགས་དང་བརྗེད་པའང༔ བརྒྱལ་དང་ལེ་ལོ་གཏི་མུག་པས༔ འབྲས་བུ་སྐྱབས་མེད་བྱོལ་སོང་འཁྱམས༔ སངས་རྒྱས་ང་ཡི་སྨོན་ལམ་གྱིས༔ གཏི་མུག་བྱིང་བའི་མུན་པ་ལ༔ དྲན་པ་གསལ་བའི་མདངས་ཤར་བས༔ རྟོག་མེད་ཡེ་ཤེས་ཐོབ་པར་ཤོག༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ ཀུན་གཞི་སངས་རྒྱས་ང་དང་མཉམ༔ དྲན་མེད་འཁྲུལ་བའི་གཞི་རུ་སོང༔ ད་ལྟར་དོན་མེད་ལས་ལ་སྤྱོད༔ ལས་དྲུག་རྨི་ལམ་འཁྲུལ་བ་འདྲ༔ ང་ནི་སངས་རྒྱས་ཐོག་མ་ཡིན༔ འགྲོ་དྲུག་སྤྲུལ་བས་འདུལ་བའི་ཕྱིར༔ ཀུན་ཏུ་བཟང་བོའི་སྨོན་ལམ་གྱིས༔ སེམས་ཅན་ཐམས་ཅད་མ་ལུས་པ༔ ཆོས་ཀྱི་དབྱིངས་སུ་འཚང་རྒྱ་ཤོག༔ ཨ་ཧོ༔ ཕྱིན་ཆད་རྣལ་འབྱོར་སྟོབས་ཅན་གྱིས༔ འཁྲུལ་མེད་རིག་པ་རང་གསལ་ནས༔ སྨོན་ལམ་སྟོབས་ཅན་འདི་བཏབ་པས༔ འདི་ཐོས་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བ་གསུམ་ནས་ངོན་འཚང་རྒྱ༔ ཉི་ཟླ་གཟའ་ཡིས་ཟིན་པའམ༔ སྒྲ་དང་ས་ཡོས་བྱུང་བའམ༔ ཉི་མ་ལྡོག་འགྱུར་ལོ་འཕོ་དུས༔ རང་ཉིད་ཀུན་ཏུ་བཟང་པོར་བསྐྱེད༔ ཀུན་གྱིས་ཐོས་པར་འདི་བརྗོད་ན༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱང༔ རྣལ་འབྱོར་དེ་ཡི་སྨོན་ལམ་གྱིས༔ སྡུག་བསྔལ་རིམ་བཞིན་གྲོལ་ནས་ཀྱང༔ མཐའ་རུ་སངས་རྒྱས་ཐོབ་པར་འགྱུར༔ ཅེས་གསུངས་སོ།། །།རྫོགས་པ་ཆེན་པོ་ཀུན་ཏུ་བཟང་བོའི་དགོངས་པ་ཟང་ཐལ་དུ་བསྟན་པའི་རྒྱུད་ལས༔ སྨོན་ལམ་སྟོབས་པོ་ཆེ་བཏབ་པས་སེམས་ཅན་ཐམས་ཅད་སངས་མི་རྒྱ་བའི་དབང་མེད་པར་བསྟན་པའི་ལེའུ་དགུ་བ་ཁོལ་དུ་ཕྱུངས་པའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།

Notes

[←1]

༡ ཆོས་ཉིད་མངོན་སུམ། ཉམས་སྣང་གོང་འཕེལ། རིག་པ་ཚད་ཕེབ། ཆོས་ཉིད་ཟད་པའི་སྣང་བ།


previousདཔལ་ཀུན་ཏུ་བཟང་པོའི་སྨོན་ལམ། no next