Nitartha Digital Library
Tibetan
 
previousསེམས་སྦྱོང་བདུན་གྱི་དོན་ཁྲིད་རྣམ་འགྲེལ་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་། ༼ཝཾ༽ no next

སེམས་སྦྱོང་བདུན་གྱི་དོན་ཁྲིད་རྣམ་འགྲེལ་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་། ༼ཝཾ༽

ཉིན་དགུ་པའི་ཆོས་ཁྲིད།

ཇི་སྐད་དུ། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ་ལས། དང་པོར་རང་གི་སེམས་བརྟགས་ནས། །བརྟན་པས་རིགས་པ་ལྡན་པར་བྱ། །ཞེས་གསུངས་པ་ལྟར། ཆོས་ཉན་པའི་སྐབས་སུ་ཡང་རང་གི་ཀུན་སློང་རང་གིས་བརྟགས་ཏེ། ཀུན་སློང་བརྟན་པོ། རིགས་ཤིང་འོས་པ་ཞིག་འཛིན་དགོས། དམ་པའི་ཆོས་འཆད་ཉན་བྱེད་པའི་སྐབས་འདིར་མི་དགེ་བའི་ཀུན་རྟོག་ལུང་མ་བསྟན་དང་བཅས་པ་བསལ་ནས་དགེ་བའི་ཀུན་སློང་རྣམ་པར་དག་པ་ཞིག་ཏུ་འཆོས་དགོས། དགེ་བའི་ཀུན་སློང་དེ་ལའང་ཐེག་པ་དམན་པའི་བློ་ཆུང་ཆུང་། རང་འདོད་ཡིད་བྱེད། རང་གཅིག་པུ་བདེ་ཐབས་ཀྱི་དོན་གཉེར་ཙམ་མ་ཡིན་པར། ཐེག་ཆེན་བྱང་ཆུབ་སེམས་དཔའི་རིགས་ཅན་གྱི་བློ་སྟོབས་ཆེན་པོ། སྐྱེས་བུ་ཆེན་པོའི་ཀུན་སློང་རྣམ་པར་དག་པར་འཆོས་དགོས། ཐེག་ཆེན་གྱི་བློ་སྦྱོང་ཚུལ་དེ་ལའང་ཚད་མེད་བཞིའི་སྒོ་ནས་འཆད་ཚུལ་དང་། རྒྱུ་འབྲས་མན་ངག་བདུན་ལྡན་གྱི་སྒོ་ནས་འཆད་ཚུལ་གཉིས་ཡོད་པ་ལས། དེའི་ནང་ནས་ཚད་མེད་རྣམ་པ་བཞིའི་སྒོ་ནས་བློ་སྦྱོང་གི་སྐོར་རེ་ཞུ་ན། ཚད་མེད་བཞི་ནི་བྱམས་པ་དང་། སྙིང་རྗེ་དང་། དགའ་བ་དང་། བཏང་སྙོམས་ཚད་མེད་བཞི་རེད། གཞུང་ལུགས་འཆད་པའི་གོ་རིམ་གྱི་དབང་དུ་བྱས་ན། བཏང་སྙོམས་རྗེས་སུ་འཇོག་ནའང་། མན་ངག་བློ་སྦྱོང་གི་ལུགས་སུ་བྱས་ནས་སྒོམ་པའི་སྐབས་སུ་བཏང་སྙོམས་ཚད་མེད་སྔོན་དུ་བཞག་ནས་བློ་སྦྱོང་བ་རེད། བཏང་སྙོམས་སྔོན་དུ་བཞག་ནས་མ་བསྒོམས་ན་བྱམས་སྙིང་རྗེ་ཕྱོགས་རིས་ཅན་དུ་འགྱུར་ནས་རྣམ་པར་དག་པ་ཞིག་མི་འོང་། དེས་ན་རང་རེ་ལས་དང་པོ་བ་རྣམས་ཀྱིས་དང་པོར་གཙོ་བོ་བཏང་སྙོམས་བསྒོམ་ཨེ་ཤེས་བལྟ་དགོས། བཏང་སྙོམས་ཞེས་པའི་སྒྲ་དོན་གྱི་ཐོག་ནས་བསམ་བློ་གཏོང་ན། ཅི་ཞིག་བཏང་ནས་གང་སྙོམས་དགོས་པ་རེད་ཅེ་ན། དགྲ་ལ་ཞེ་སྡང་བཏང་དགོས། གཉེན་ལ་དགའ་གདུང་ཞེན་ཆགས་བཏང་དགོས། སེམས་ཅན་ཐམས་ཅད་ལ་ཉེ་རིང་ཆགས་སྡང་མེད་པར་འདྲ་འདྲའམ་མཉམ་པར་བྱས་ནས་འཇོག་རྒྱུ་ལ་བཏང་སྙོམས་ཞེས་བྱ། དེ་ཡིན་ན་བཏང་ཞེས་པ་དོར་བའམ་དཀར་ཡོལ་ས་ལ་བཏང་བ་ལྟར། ཅ་ལག་འཕེན་འཕེན་བྱ་བཞག་རྒྱུ་ཞིག་མ་རེད། སེམས་ཀྱི་གཏིང་ནས་རང་རེ་འཁོར་བའི་སེམས་ཅན་འདི་ཆགས་སྡང་གཉིས་ཀྱི་དབང་གིས་རང་གར་འཁྲུལ་བ་རེད་འདུག་བསམ་ནས་ངེས་ཤེས་ཤིག་བསྐྱེད་ན། ཡོངས་ལ་སྙོམས་པ་ཚང་མ་འདྲ་འདྲའི་ལྟ་ཚུལ་ཞིག་གི་བཏང་སྙོམས་ཤིག་མི་སྐྱེ་བའི་དབང་མེད། སྤྱིར་བསམ་བློ་བཏང་ན་ཕྱི་དང་ནང་གི་རྟེན་ཅིང་འབྲེལ་འབྱུང་། རྒྱུ་དང་འབྲས་བུའི་རྣམ་བཞག་ལུང་དང་རིགས་པ་གང་ལས་འཇལ་ནའང་། སྐྱེ་བ་སྔ་མའི་བག་ཆགས་ཀྱི་ཉེར་ལེན་གྱི་དབང་གིས་ལུས་ཤིག་བླངས་པ་ཡིན་ན། ཡང་འདི་ནས་ཉིང་མཚམས་སྦྱོར་བའི་ཉིན་མོ་ལ་ཡང་སྐྱེ་བ་རྣམ་བཞིའི་གང་རུང་གཅིག་ལ་བརྟེན་ནས། ཡང་སྲིད་ཕྱི་མ་ཞིག་མི་འབྱུང་དབང་མེད་ཡིན། དེས་ན་འཁོར་བའི་འཁོར་ལོ་ཟོ་ཆུན་འཁྱུད་མོ་བཞིན་དུ་འཁོར་མཚམས་འཇོག་རྒྱུ་མེད་པ་འདིའི་ནང་ན། ཕ་མར་མ་བྱས་པ་དང་སྐྱེ་འཆི་གཉིས་ཀྱི་ཁ་མ་བརྒྱུད་ས་ཞིག་མེད་པས་ན། ད་རེས་ཀྱི་མི་ལུས་ཚེ་ཐུང་འདི་ལ་འགའ་ཞིག་གཉེན་ལ་བརྩི། འགའ་རེ་དགྲ་ཕྱོགས་སུ་གཅད་པ་འདི། འཁྲུལ་བའི་དབང་གིས་སྣང་བ་རེད། འཁྲུལ་བའི་ནང་ནས་འཁྲུལ་བ་ཞིག་རེད་འདུག ཅི་ལྟར་ཡིན་ན་དགྲ་རེད་བསམ་དུས་དེའི་ལས་བྱས་ཚད་མི་འདོད་པ་ཞིག་མཐོང་ཡང་། ཡང་དེ་གཉེན་རེད་བསམ་དུས་དེའི་བྱས་ཚད་ཡིད་འོང་ཞིག་ཏུ་སྣང་། ཕ་རོལ་པོ་མི་གཅིག་ཡིན་ནའང་། ཚེ་སྟོད་སྨད་གྱི་འགྱུར་བ་འགྲོ་ལུགས་དེ་དེ་འདྲ་ཞིག་ཡིན། ལར་འདི་མ་བརྟགས་འཁྲུལ་བའི་སྣང་ལུགས་ཞིག་རེད། འགའ་རེའི་དགྲ་དེ་འགའ་རེའི་གཉེན་རེད། ལ་ལའི་བུ་དེ་ལ་ལའི་ཕ་རེད། ཁ་སང་གི་དགྲ་བོ་དེ་དེ་རིང་གི་གཉེན་དུ་འགྱུར་རྒྱུའང་ཡོད་པས། དེས་ན་དགྲ་གཉེན་ཟེར་བ་དེ་མདང་གི་རྨི་ལམ་ལྟ་བུ་དང་། བསྟོད་སྨད་དེ་བྲག་ཅའི་སྒྲ་དང་འདྲ་བ་ཡིན་པས། འདི་ལ་ཆ་འཇོག་ཅིག་གང་ན་ཡོད། འཕགས་པ་ཀ་ཏྱ་ནས་གསུངས་པ་ལྟར། ཕ་ཤ་ཟ་ཞིང་མ་ལ་རྡེག །གསོད་པའི་དགྲ་བོ་པང་ན་བཟུང་། །ཆུང་མས་ཁྱོ་ཡི་རུས་པ་འཆའ། །འཁོར་བའི་ཆོས་ལ་གད་མོ་བྲོ། །ཞེས་གསུངས་པ་བཞིན་རེད་ཡོད་འདུག ཚེ་འདིའི་སྐབས་ན་དགྲ་ཡིན་ན་གནོད་པར་བྱེད་པའི་ངེས་པ་མེད། གནོད་པ་ཕན་ཐོགས་སུ་འགྱུར། ལྟས་ངན་གཡང་དུ་འགྱུར་ནས་དེའི་རྐྱེན་གྱིས་འཁོར་བ་ལ་ངེས་འབྱུང་སྐྱེས་ནས་ཐར་པའི་ལམ་སྣེར་ཟིན་པའང་ཅི་འདྲ་ཞིག་མེད། དགྲས་ལོག་སྒྲུབ་བྱེད་ཀྱང་ཐུགས་དམ་གྱི་བོགས་འདོན། །གསུངས་པ་ལྟར་ཡིན་ལ། ད་ལྟའི་སྐབས་ན་གཉེན་ཡིན་པས་ཕན་འདོགས་པ་དང་ཕན་ཐོགས་པའི་ངེས་པའང་མེད་དེ། གཉེན་གྲོགས་ཕ་མ་བུ་རྒྱུད་ཀྱི་ཆགས་ཞེན་དེས་བཅིངས་ནས་ཚེ་འདིར་སྡིག་ལ་འབགས། ཚེ་ཕྱི་མ་དམྱལ་བའི་ནང་དུ་འདྲུད་བྱེད་མང་ཆེ་བ་ཆགས་ཞེན་འདིའི་ཁོང་ནས་ཡོང་བ་རེད་འདུག་བསམ། ཁྱིམ་བཟའ་ཚོ་གཉེན་ཉེ་རིང་ལ་བསམ་བློ་གཏོང་ན་རྡོ་ལྗིད་མོ་སྐེར་བཏགས་ནས་མཚོ་ནང་མཆོང་བ་དང་འདྲ་བ། རང་ཡར་ཐར་མེད་པའི་གཞི་རྩ་འདི་རྣམས་ལ་ཐུག་གི་བསམ་ནས་ཆགས་ཞེན་འདོར་དགོས། བཏང་སྙོམས་སྒོམ་རྒྱུའི་གཞུང་འདིས་དང་པོ་ཁྲོ་བའི་ཡུལ་དེ་ཚོ། སྔར་གཉེན་ཡིན་པའང་མང་བ་རེད་བསམ་ནས། ཞེ་སྡང་ཁོང་ཁྲོ་མི་སྐྱེ་བའི་ཐབས་སུ་དེ་རྣམས་རང་བཞིན་གྱི་ཕན་གནོད་གཉིས་ཀ་མེད་པ་དང་འདྲ་ཐབས་ཤིག་བྱེད། དེ་ནས་བར་མ་དེ་ཐམས་ཅད་ཚེ་རབས་སྔ་མར་ཕ་མར་བྱེད་པ་ཤ་སྟག་ཡིན་རྒྱུའི་ངོས་ནས་ཚེ་འདིའི་ཕ་མ་དང་འདྲ་འདྲར་གྱུར་མ་སོང་གི་བར་དུ་དེ་འདྲར་བྱས་ཏེ་སེམས་ཀྱི་ཐོག་ནས་སྦྱང་། ཐ་མ་དགྲ་གཉེན་བར་མར་འཁྲུལ་འདུག་རྒྱུའི་སེམས་ཅན་ཡོད་ཚད་པོ་ཐམས་ཅད་ཚེ་འདིའི་ཕ་མ་དང་ཁྱད་མེད་ཀྱི་གཅེས་སེམས་མ་ཡོད་ཀྱི་བར་དུ་སྦྱང་དགོས། རང་རེས་གོང་དུ་བཤད་པའི་གཏང་རྒྱུ་ཆགས་སྡང་གཉིས་བཏང་དགོས་ཟེར་ན། དེ་བཏང་དགོས་ཀྱང་། སྦྱོང་ལུགས་ཀྱི་ཐད་ནས་ཚང་མ་ལ་མི་དགའ་བར་མཁོ་མེད་ཀྱི་བཅའ་ལག་ཅིག་དོར་བའམ་འཕངས་བཞག་པ་ལྟར། གཏི་མུག་བཏང་སྙོམས་མ་ཡིན་པར་ཡོངས་ལ་སྙོམས་པའི་གཅེས་སེམས་དེ་ཀུན་ལ་སྙོམས་པ་ཞིག་འོང་དགོས། སེམས་ཅན་ཡོངས་ཟེར་ན་ཚད་མེད་པ་ཞིག་ཡིན་ན། དེའི་ཚོད་ཀྱིས་སྙོམས་པའི་བཏང་སྙོམས་དེ་ཡང་བཏང་སྙོམས་ཚད་མེད་མིན་པའི་ཐབས་ཡོད་པ་མ་རེད། བཏང་སྙོམས་ཚད་མེད་དེས་གཞིར་བྱས་པའི་སྟེང་དེ་ནས་བྱམས་པ་དང་། སྙིང་རྗེ་སྒོམ་ཚུལ་ཁར་སང་ཁེ་ཉིན་གྱི་ཆོས་ཁྲིད་སྔོན་མའི་སྐབས་སུ་གླེང་མྱོང་བ་དང་། དེ་དང་འདྲ་བར་དགའ་བ་བསྒོམ་རྒྱུའི་སྐོར་ཡིན་ན། གང་ཟག་གང་དང་གང་ཞིག་མཐོ་རིས་ཀྱི་ཡུལ་ན་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པ་སྟེ། རིགས་ཀྱི་ཡོན་ཏན། གཟུགས་ཀྱི་ཡོན་ཏན། སྐལ་བ་བཟང་པོའི་ཡོན་ཏན། ཤེས་རབ་ཆེ་བའི་ཡོན་ཏན། ཚེ་རིང་བ་དང་། ནད་མེད་པ། འདོད་དགུ་ཕུན་སུམ་ཚོགས་པ་ཡོད་པ་དེ་དག་དམིགས་ཡུལ་དུ་བྱས་ནས། དེ་དག་ལ་འགྲན་སེམས་དང་ཕྲག་དོག་མེད་པའི་ཐོག་ནས་ད་རུང་འདི་བས་ལྷག་པའི་མངོན་མཐོའི་དཔལ་གྱིས་འབྱོར་བར་ཤོག་ཅིག སེམས་ཅན་གཞན་འདི་ལྟ་བུའི་བདེ་བ་དང་མི་ལྡན་པ་རྣམས་ཀྱང་བདེ་བ་དང་འཕྲད་པར་ཤོག་ཅིག ལྡན་པར་ཤོག ལྡན་ན་ང་རེ་དགའ་བསམ་ནས་ཡང་དང་ཡང་དུ་བསྒོམ་དགོས། དེ་དང་པོ་རྒྱུད་ལ་སྐྱེ་སླ་བའི་ཆེད་དུ་རང་གི་ཕ་མ་དང་གཉེན་ཉེ་བ་མཛའ་བཤེས་ལ་སྒོམ། དེ་ནས་བར་མ་ལ་སྒོམ། དེ་ནས་གནོད་བྱེད་ཀྱི་དགྲ་ལ་སོགས་པར་སྒོམ་ལ། དེའི་རྗེས་སུ་ཡང་ཀུན་ལ་སྙོམས་པར་བྱེད་པའི་སྒོ་ནས་སྒོམ། གཞུང་གི་ལུགས་ཀྱི་ཚད་མེད་བཞིའི་རྗེས་མར་བཏང་སྙོམས་ཚད་མེད་བྱེད་རྒྱུ་དེའང་བསྐྱེད་རིམ་གྱི་ཐོག་ནས་བཤད་ན་རྒྱུ་མཚན་དང་དགོས་པ་ཡོད་པ་རེད། དེ་ལྟ་བུའི་ཚད་མེད་བཞིའི་བློ་སྦྱོང་བ་སྔོན་དུ་སོང་ནས། དེའི་རྗེས་ཐོག་དེ་མ་ཐག་ཏུ་ཁ་སང་ད་ཞག་རང་རེས་སྲིད་པའི་བདེ་བ་ལ་ཆགས་པའི་གཉེན་པོ་འཁོར་བའི་སྡུག་བསྔལ་དང་། ཞི་བའི་བདེ་བར་ཆགས་པའི་གཉེན་པོ་བྱམས་དང་སྙིང་རྗེ་བསྒོམ་ཚུལ་བཤད་ནས། དེ་རིང་ཚད་མེད་བཞི་ཡི་བློ་སྦྱོང་བའི་སྐོར་དོན་སྤྱིའི་གོ་བ་ཙམ་ཞིག་གླེང་བསླངས་པའི་ཐོག་དེ་ནས། སངས་རྒྱས་བསྒྲུབ་པའི་ཐབས་མི་ཤེས་པའི་གཉེན་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་ཐེག་པ་ཆེན་པོའི་ཆོས་སྐོར་ལ་བློ་ཁ་ཕྱོགས་རྒྱུར་འདང་རྒྱག་བྱེད་ས་གནད་ཆེན་ཞིག་ལ་ཐུག་པ་རེད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དེ་ལ་རྟེན་དང་ངོ་བོ། དབྱེ་བ་དམིགས་པ། རྒྱུ་ལ་སོགས་པ་མང་པོ་ཞིག་གི་སྒོ་ནས་བཤད་རྒྱུ་ཡོད། དེའི་ནང་ནས་མ་ཤེས་ཐབས་མེད་ནི། བྱང་ཆུབ་མཆོག་ཏུ་སེམས་མ་བསྐྱེད་ན་ཐེག་པ་ཆེན་པོའི་ཆོས་གྲལ་དུ་མི་འགྲོ་བ། སེམས་དེ་མ་བསྐྱེད་ན་བྱང་ཆུབ་དམ་པ་ཐོབ་མི་ནུས་པ་ཡིན་པས། ལས་དང་པོ་བའི་གང་ཟག་ཐོས་པའི་གོམ་ཆ་དེ་ཙམ་མི་ཆེ་བ་དག་གི་དབང་དུ་བྱས་ནས་སེམས་བསྐྱེད་ཀྱི་སྐོར་དེ་གསལ་འདེབས་ཤིག་མ་བྱེད་ཐབས་མེད་རེད་བསམ་གྱིན་ཡོད། དེས་ན་སེམས་བསྐྱེད་པའི་རྟེན་གྱི་གང་ཟག་དེ་ཅི་འདྲ་ཞིག་ཡིན་དགོས་ཞེ་ན། ཐེག་པ་ཆེན་པོའི་རིགས་དང་ལྡན་པ། དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཞིག་ངེས་པར་དུ་ཡིན་དགོས་པས་ཐོག་མར་རྟེན་བཤད་པ་ལ། སྤྱིར་ན་སེམས་བསྐྱེད་ལ་བདེན་གཉིས་ཀྱི་དབྱེ་བའི་ཆ་ནས་ཀུན་རྫོབ་སེམས་བསྐྱེད་དང་། དོན་དམ་སེམས་བསྐྱེད་གཉིས་ཡོད། སྐབས་དོན་ཀུན་རྫོབ་སེམས་བསྐྱེད་དེ་ལ་སྨོན་འཇུག་གི་སེམས་བསྐྱེད་གཉིས་ཡོད། བྱང་ཆུབ་འཇུག་པ་སེམས་བསྐྱེད་ཀྱི་རྟེན་དེ་སྨོན་པ་སེམས་བསྐྱེད་ཡིན་པས། འཇུག་པའི་སྔོན་དུ་སྨོན་པ་འགྲོ་དགོས། སྨོན་པ་སེམས་བསྐྱེད་ཀྱི་རྟེན་ལ་སོ་ཐར་རིས་བདུན་གང་རུང་གི་སྡོམ་པ་ཡོད་པ་ཞིག་དགོས་གསུངས་ཡོད། དེ་དགོས་ན། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་དང། སྟོབས་གསུམ་ལས་ནི་བྱང་ཆུབ་སེམས་སྐྱེ་བས། །སྙིང་རྗེ་ཆེ་དང་ཚོགས་བསགས་སྐྱབས་སུ་འགྲོ། །ཞེས་གསུངས་པ་ལྟར་སེམས་བསྐྱེད་པ་དང་། སྡོམ་པ་དེ་དག་གི་རྟེན་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བ་ཞིག་ངེས་པར་དུ་ཡིན་དགོས། ཀུན་གྱི་རྩ་བ་སྐྱབས་འགྲོ་མེད་ཐབས་མེད་པ་ལ་ཐུག་ཡོད་པ་རེད། དེས་ན་ཐེག་པ་ཆེ་ཆུང་ལ་མ་ལྟོས་པར་སྐྱབས་འགྲོ་མེད་ན་ནང་པའི་ཁྱུར་མི་ཚུད་པས་ན། ཆོས་བྱེད་མཁན་ཐམས་ཅད་ཀྱིས་དང་པོ་སྐྱབས་འགྲོ་དེ་ངེས་པར་ཤེས་དགོས། སྐྱབས་འགྲོ་བཞི་སྐོར་མ་ཞིག་ཁ་ནས་འདོན་རྒྱུ་སླ་ཡང་། དེའི་ནང་དོན་ཤེས་རྒྱུ་དེ་སླ་མོ་ངོ་མ་ཞིག་མ་རེད། དེ་ལ་མཐོ་དམན་དྲག་ཞན། ཁ་མར་འཁོར་གྱི་ཁྲི་ཐོག་བླ་མ་མན་ཆད། མ་གི་ཕྱག་ཡར་ལ་འཚལ་བའི་དགེ་བསྙེན་ཕོ་མོ་ཡན་ཆད། ཁ་མ་ཎི། ལག་ཕྲེང་བཟུང་ཐམས་ཅད་ཀྱིས་མཉམ་འཇོག་དགོས་ས་གནད་ཆེན་ཞིག་ཡིན། དེ་ཡིན་ན་རང་རེས་སེམས་བསྐྱེད་ཀྱི་སྔོན་དུ་དང་པོ་སྐྱབས་འགྲོའི་སྐོར་དེ་གསལ་འདེབས་བྱེད་རྒྱུ་དེ་གནད་ཆེན་པོ་རེད། འོ་ན་སྐྱབས་འགྲོའི་རྒྱུ་གང་ཡིན་ཞེ་ན། འཇིགས་དད་གཉིས་ཡིན་ཏེ། འཇིགས་པ་ཆེན་པོ་ཞིག་གི་ཉེན་ཁ་ལ་ཐུག་དུས་དེ་ལས་སྐྱོབ་ནུས་པ། འཇིགས་པ་དེས་མི་ཚུགས་ཤིང་དེ་ལས་གྲོལ་སོང་བ་ཞིག་ལ་དད་པས་སྐྱབས་སུ་འཚོལ་དགོས་པས་སོ། །དེས་ན་འཇིགས་པའི་ནང་གི་སྡུག་ཤོས། སྐྲག་དགོས་ས། ཡ་ལན་མི་ཡོང་ས་དེ་གང་ཡིན་ཞེ་ན། འཁོར་བ་དང་ངན་སོང་གཉིས་ཀྱི་སྡུག་བསྔལ་གྱི་འཇིགས་པ་དེ་ཡིན། དེ་གཉིས་ལས་སྐྱོབ་ནུས་པ་སུ་ཡིན་ཞེ་ན། རི་བྲག་ལྗོན་ཤིང་ལ་གནས་པའི་ལྷ་ཀླུ་དང་། འཇིག་རྟེན་གྱི་དྲག་རྩལ་ཅན། ཚངས་པ་དང་ཁྱབ་འཇུག དབང་ཕྱུག་དང་མ་ཧཱ་དེ་བ་སོགས་ཀྱིས་སྐྱོབ་མི་ནུས། ཕ་མ་མཐུན་གྲོགས། ཉེ་གཞི་རྩ་ལག་རྣམས་ཀྱིས་གཅིག་སྐྱོབ་ནུས་ན་སྐྱོབ་ཁུལ་ལོས་བྱེད་དེ། རང་རེ་ཚང་མ་འདྲ་འདྲ་རེད། སུས་སུ་སྐྱོབ། འཇིག་རྟེན་པའི་ལྷ་ལྟ་བུའང་ཁོ་རང་རྣམས་ཀྱང་འཇིགས་པ་ལས་ཐར་མེད་པས། སྡུག་བསྔལ་ཅན་ཤ་སྟག་ཡིན་པས་ན་དེ་དག་གིས་ཀྱང་སྐྱོབ་མི་ཐུབ། དེས་ན་སྡུག་བསྔལ་མཐའ་དག་ལས་ཐར་ཞིང་སྐྱོབ་ནུས་པའི་ཐབས་དང་ལྡན་པ་སུ་ཡིན་ན། སངས་རྒྱས་ཁོ་ན་རེད། རང་རེས་ཐེག་པ་ཆེན་པོའི་སེམས་བསྐྱེད་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་དགོས་ན། རང་ཉིད་ལ་སངས་རྒྱས་དང་འདྲ་བའི་སྐྱོབ་པའི་ནུས་པ་ཡོད་ཐབས་དང། མིན་ན་རང་ཉིད་སངས་རྒྱས་སུ་འགྱུར་ཐབས་ཤིག་ཐོན་དགོས་པ་རེད། དེ་དགོས་ན་ལམ་དེ་དམ་པའི་ཆོས་མ་གཏོགས་མེད། ཆོས་དེ་བསྒྲུབ་ན་སྒྲུབ་པའི་གྲོགས་དགེ་འདུན་ཡིན་གྱི། དེ་མིན་པ་མེད། དེས་ན་དེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་དགོས་པ་རེད། འོ་ན་དེ་རྣམས་ལ་སྐྱོབ་པའི་ནུས་པ་ཡོད་ཀྱང་སྐྱབས་སུ་སོང་ན་ངེས་པར་དུ་སྐྱོབ་པར་བྱེད་དམ་སྙམ་ན། སྐྱོབ་ངེས་ཡིན་ཏེ། མདོ་མྱང་འདས་ལས། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ན། །འཇིགས་པ་མེད་པར་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་དང་། སངས་རྒྱས་ལ་སེམས་ཅན་སྡུག་བསྔལ་ལས་སྐྱོབ་པ་ལས་གཞན་པའི་རང་དོན་མེད་པའི་ཕྱིར་དང་། ཆོས་སྐྱོབ་པའི་ཐབས་མ་ནོར་བ་ཡིན་པ་དང་། ཕྱིར་མི་ལྡོག་པའི་དགེ་འདུན་གྲོགས་ཀྱི་དམ་པ་ཡིན་པའི་ཕྱིར་རོ། །དེས་ན་རང་རེས་སྐྱབས་འགྲོའི་གོ་བ་ཆ་ཚང་ཞིག་ཤེས་དགོས་ན། ཅི་འདྲ་བྱས་ནས་ཤེས་དགོས་སྙམ་ན། བློར་འཛིན་བདེ་ཕྱིར་སྡོམ་དུ་བྱེད་ན། དབྱེ་བ་རྟེན་དང་ཡུལ་དང་དུས། །བསམ་པ་ཆོ་ག་བྱེད་པའི་ལས། །བསླབ་བྱ་དང་ནི་ཕན་ཡོན་ཏེ། །དོན་རྣམ་དགུ་ཡིས་སྐྱབས་འགྲོ་བསྡུས། །ཞེས་པས་སྡོམ་དུ་བྱས་ན། དབྱེ་བ་དང་། རྟེན་དང་། སྐྱབས་སུ་འགྲོ་བའི་ཡུལ་དང་། སྐྱབས་སུ་འགྲོ་བའི་དུས་དང་། བསམ་པ་དང། ཆོ་ག་དང་། བྱེད་ལས་དང་། བསླབ་བྱ་དང་། ཕན་ཡོན་དང་དོན་དགུ་ཡིས་སྡོམ་བྱས་ནས་བློ་འཛིན་བྱེད་ན། དང་པོ་དབྱེ་བ་ལ་རྣམ་པ་གཉིས་སུ་ཡོད་དེ། ཐུན་མོང་གི་སྐྱབས་འགྲོ་དང་། ཁྱད་པར་གྱི་སྐྱབས་འགྲོ་གཉིས་སུ་དབྱེ་ཆོག རྟེན་གྱི་གང་ཟག་དེ་ལའང་ཐུན་མོང་བའི་རྟེན་དང་། ཁྱད་པར་གྱི་རྟེན་གཉིས་སུ་ཡོད་པ་ལས། ཐུན་མོང་བའི་རྟེན་གྱི་གང་ཟག་དེ་དཀོན་མཆོག་གསུམ་ལ་ལྷར་འཛིན་པ་དང་། ཁྱད་པར་བའི་རྟེན་གྱི་གང་ཟག་དེ་ཐེག་པ་ཆེན་པོའི་རིགས་ཅན་ལྷ་མིའི་ལུས་རྟེན་རྣམ་དག་ཐོབ་པ་ཞིག་ཡིན་དགོས། ཡུལ་ལའང་དེ་བཞིན་དུ་ཐུན་མོང་གི་ཡུལ་དང་། ཁྱད་པར་བའི་ཡུལ་གཉིས་ཡོད་པ་ལས། ཐུན་མོང་བའི་ཡུལ་སངས་རྒྱས་དཀོན་མཆོག་སྤངས་དང་རྟོགས་པའི་ཆེ་བའི་བདག་ཉིད་སངས་རྒྱས་བཅོམ་ལྡན་འདས་དང་། ཆོས་དེ་ལ་བསྟན་པའི་ཆོས་དང་། རྟོགས་པའི་ཆོས་སུ་ཕྱེ་ན། བསྟན་པའི་ཆོས་གསུང་རབ་ཡན་ལག་བཅུ་གཉིས། རྟོགས་པའི་ཆོས་ལམ་བདེན་དང་འགོག་བདེན། དགེ་འདུན་དཀོན་མཆོག་ལ་སྐྱེ་འཕགས་གཉིས། སོ་སྐྱེས་དགེ་འདུན་དགེ་སློང་རྣམ་དག་བཞི་ཡན་ཆད་ཚོགས་པ་དང་། འཕགས་པའི་དགེ་འདུན་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་པོ་དག་ཡིན། ཁྱད་པར་གྱི་ཡུལ་ནི། རྣམ་པ་གསུམ་ཡོད་དེ། མདུན་ན་བཞུགས་པའི་ཡུལ་དང་། མངོན་པར་རྟོགས་པའི་ཡུལ། དེ་ཁོ་ན་ཉིད་ཀྱི་ཡུལ་དང་གསུམ་ཡོད། མདུན་ན་བཞུགས་པའི་ཡུལ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པའི་སངས་རྒྱས་དེ་བཞིན་གཤེགས་པའི་སྐུ་གཟུགས། ཆོས་ཐེག་པ་ཆེན་པོའི་གསུང་རབ་པོ་སྟི། དགེ་འདུན་བྱང་ཆུབ་སེམས་དཔའི་དགེ་འདུན་རྣམས་སོ། །མངོན་པར་རྟོགས་པའི་ཡུལ་ནི། སངས་རྒྱས་སྐུ་གསུམ་གྱི་བདག་ཉིད། དམ་པའི་ཆོས་ཞི་བ་མྱ་ངན་ལས་འདས་པ། དགེ་འདུན་ས་ཆེན་པོར་གནས་པའི་བྱང་སེམས། དེ་ཁོ་ན་ཉིད་ཀྱི་ཡུལ་ནི། སྐྱབས་འགྲོའི་ཡུལ་མཐར་ཐུག་སངས་རྒྱས་ཉག་གཅིག་ཡིན་ཏེ། ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མ་ལས། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཞེས་གསུངས་པའི་ཕྱིར། འོ་ན་སངས་རྒྱས་ཀྱིས་གཏན་གྱི་སྐྱབས་གཅིག་བྱེད་ནུས་པའི་རྒྱུ་མཚན་གང་ཡིན་ཞེ་ན། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཉིད། །ཅེས་ཐུབ་པ་ནི་སྐྱེ་འགག་གནས་གསུམ་དང་བྲལ་བའི་རྣམ་པར་བྱང་བ། འདོད་ཆགས་དང་བྲལ་བའི་ཆོས་ཀྱི་སྐུ་ཅན་ཡིན་པའི་ཕྱིར་ན་དམ་པའི་སྐྱབས་ཡིན། ཐེག་པ་གསུམ་གྱི་དགེ་འདུན་ཐམས་ཅད་ཀྱང་ཆོས་སྐུ་རྣམ་དག་མཐར་ཐུག་པ་ཐོབ་པས་མཐར་ཕྱིན་དགོས་པའི་ཕྱིར་ནའང་སྐྱབས་དམ་པ་ཡིན། འོ་ན་ཆོས་དང་དགེ་འདུན་གཉིས་མཐར་ཐུག་གཏན་གྱི་སྐྱབས་མཆོག་མིན་ནམ་ཞེ་ན། ཆོས་རྣམས་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་པས་ཆོས་ལ་རྣམ་པ་གཉིས་ཡོད་པ་ལས། དང་པོ་ལུང་གི་ཆོས་རྣམས་མིང་ཚིག་ཡི་གེའི་རྣམ་པ་ཡིན་པས། དེ་ལམ་བགྲོད་ཟིན་ནས་ཆུ་བརྒལ་ཟིན་པའི་གཟིངས་བཞིན་དུ་དོར་བྱ་ཡིན་པ་དང་། རྟོགས་པའི་ཆོས་ལམ་བདེན་ནི་འདུས་བྱས་ཡིན་ལ། འདུས་བྱས་མི་རྟག་པ་བསླུ་བའི་ཆོས་ཅན་ཡིན་པའི་ཕྱིར་དང་། འགོག་བདེན་ཉན་ཐོས་ཀྱི་ལུགས་ལྟར་ན་མར་མེ་ཤི་བ་ལྟར་འདུས་བྱས་རྒྱུན་ཆད་པ་ལ་འདོད་པས། མེད་པ་ཞིག་ཡིན་པས་དེ་དག་གཏན་གྱི་སྐྱབས་མ་ཡིན་ནོ། དགེ་འདུན་ནི་རང་ཡང་འཁོར་བས་འཇིགས་ནས་སངས་རྒྱས་ལ་སྐྱབས་སུ་སོང་བའི་འཇིགས་བཅས་ཡིན་པས་གཏན་གྱི་སྐྱབས་མ་ཡིན་ནོ། །དེས་ན་རྒྱུད་བླ་མར། སྤང་ཕྱིར་བསླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཚོགས། །གཏན་གྱི་སྐྱབས་མཆོག་མ་ཡིན་ནོ། །ཞེས་གསུངས་སོ། །དེས་ན་རྫོགས་པའི་སངས་རྒྱས་བཅོན་ལྡན་འདས་ཁོ་ན་མི་ཟད་པའི་སྐྱབས། རྟག་པའི་སྐྱབས། དམ་པའི་སྐྱབས་ཉག་གཅིག་ཡིན་ནོ། །འོ་ན་གོང་དུ་ཐུན་མོང་བའི་སྐྱབས་གསུམ་དུ་བཞག་པ་དང་འགལ་ལོ་ཞེ་ན། དེ་ནི་གདུལ་བྱ་དྲངས་པའི་ཐབས་སུ་བསྟན་པ་ཡིན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཐར་པ་ཆེན་པོ་ལས། མདོར་ན་སྐྱབས་ནི་གཅིག་སྟེ་ཐབས་ཀྱིས་ནི་གསུམ་མོ། ཞེས་གསུངས་ལ། ཐབས་ཀྱིས་གསུམ་དུ་ཇི་ལྟར་བཞག་ན། སྟོན་པ་བསྟན་པ་བསླབ་དོན་གྱིས། །ཐེག་པ་གསུམ་དང་བྱེད་གསུམ་དང་། །མོས་པ་རྣམས་གྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་པས་ཡོན་ཏན་གསུམ་དང་། ཐེག་པ་གསུམ། བྱེད་པ་གསུམ། མོས་པ་གསུམ་གྱི་དབང་དུ་བྱས་ནས་གསུམ་དུ་བཞག སྟོན་པའི་ཡོན་ཏན་བསྟན་པར་ཐོས་ནས། བྱང་ཆུབ་སེམས་དཔའི་ཐེག་པ་བའི་རིགས་ཅན་གྱི་གང་ཟག་གིས་སངས་རྒྱས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་སངས་རྒྱས་སྐྱབས་སུ་འཇོག་པ་སྟེ། རྐང་གཉིས་རྣམས་ཀྱི་མཆོག་སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་དང་། བསྟན་པའི་ཡོན་ཏན་བསྟན་པར་ཐོས་ནས། རང་རྒྱལ་གྱི་ཐེག་པ་བའི་རིགས་ཅན་གྱི་གང་ཟག་གིས་ཆོས་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པ་རྣམས་ཀྱི་དབང་དུ་བྱས་ནས་ཆོས་སྐྱབས་སུ་བཞག་པ་རེད། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཆོས་ལ་སྐྱབས་སུ་མཆིའོ། །ཞེས་དང་། སློབ་པའི་ཡོན་ཏན་ཐོས་པས་ཉན་ཐོས་ཀྱི་ཐེག་པའི་གང་ཟག་གིས་དགེ་འདུན་ལ་མཆོག་ཏུ་བྱ་བ་བྱེད་པར་མོས་པའི་དབང་དུ་བྱས་ནས་དགེ་འདུན་སྐྱབས་སུ་བཞག་པ་ཡིན། ཚོགས་རྣམས་ཀྱི་མཆོག་དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་གསུངས་ལ། དེ་ལྟར་དོན་རྣམ་པ་གསུམ་དང་གང་ཟག་རྣམ་པ་གསུམ་དང་མོས་པ་གསུམ་གྱི་དབང་དུ་བྱས་ནས་སྐྱབས་གསུམ་དུ་རྣམ་པར་བཞག་པ་འདི། བཅོམ་ལྡན་འདས་ཀྱིས་སེམས་ཅན་རྣམས་ཐེག་པ་ལ་རིམ་གྱིས་བརྒྱུད་དེ་ལམ་ལ་ཆེད་དུ་དེ་ལྟར་བསྟན་པ་རེད། དེས་ཡུལ་བསྟན་པ་སོང་ནས། དུས་ནི་ཐུན་མོང་དང། ཁྱད་པར་གྱི་དུས་དང་གཉིས་ལས། ཐུན་མོང་གི་དུས་ནི། དུས་འདི་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ་སྐྱབས་སུ་འགྲོ་བ་དང་། ཁྱད་པར་གྱི་དབང་དུ་བྱས་ན་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར་དུ་སྐྱབས་སུ་འགྲོ་བ་རེད། བསམ་པ་ལ་སྐྱབས་འགྲོའི་དབྱེ་བ་ལྟར་ཐུན་མོང་བ་རང་གཅིག་པུའི་སྡུག་བསྔལ་དང་བྲལ་འདོད་ཀྱི་བསམ་པ་དང་། ཁྱད་པར་ཅན་གཞན་སེམས་ཅན་གྱི་སྡུག་བསྔལ་སེལ་འདོད་ཀྱི་བསམ་པས་སྐྱབས་སུ་འགྲོ་བའོ། །ཆོ་ག་ནི། ཐུན་མོང་གི་ཆོ་ག་སློབ་མས་གསོལ་གདབ་སྔོན་དུ་འགྲོ་བའི་སྒོ་ནས་ཕྱག་དང་མཆོད་པ་དང་བཅས་ཏེ། དགོངས་གསོལ་དང་བསྒྲགས་ནས་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་ཚིག རྐང་གཉིས་རྣམས་ཀྱི་མཆོག་ལ་སོགས་པ་སྙིང་ཐག་པ་ནས་ལན་གསུམ་སློབ་དཔོན་གྱི་རྗེས་ཟློས་བྱེད་རྒྱུ་དེ་རེད། ཁྱད་པར་ཅན་གྱི་ཆོ་ག་ལ། སྦྱོར་བ་སློབ་མས་དགེ་བའི་བཤེས་གཉེན་ལ་མཆོད་པ་ཕུལ་ལ་གསོལ་བ་གདབ། རྟེན་བཀྲམ། མཆོད་པ་བཤམས། དགེ་བའི་བཤེས་གཉེན་གྱིས་སྐྱབས་སུ་འགྲོ་བའི་ཕན་ཡོན་སོགས་བཤད། དངོས་གཞི་མདུན་ན་བཞུགས་པའི་ཡུལ་རྟེན་ལ་མཆོག་གསུམ་དངོས་ཀྱི་འདུ་ཤེས་བསྐྱེད་ནས། ཕྱག་དང་མཆོད་པ་ཕུལ་ལ། སློབ་དཔོན་གྱི་རྗེས་སུ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། སློབ་དཔོན་བདག་ལ་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག་སོགས། དགོངས་གསོལ་སྐྱབས་སུ་འགྲོ་བ་ལན་གསུམ་རྗེས་བཟློས་བྱས་ནས། མཇུག་ཏུ་གཏོང་རག་གི་མཆོད་པ་འབུལ་བའོ། །ཁྱད་པར་དུ་དེ་ཁོ་ན་ཉིད་ཀྱི་ཡུལ་ལ། འཁོར་གསུམ་ཡང་དག་གི་ཚུལ་གྱིས་ཕྱག་དང་མཆོད་པ་ཕུལ་ནས་སྐྱབས་སུ་འགྲོ་དགོས། དེའང་ཆོས་ཐམས་ཅད་གདོད་མ་ནས་བདག་མེད་ཅིང་ཅིའི་ངོ་བོར་ཡང་མ་གྲུབ་པས། མཆོག་གསུམ་ཡང་དེ་བཞིན་དུ་རིག་ཅིང་ཤེས་པར་བྱ་བ་དང་། གསང་སྔགས་སྤྱིའི་སྐབས་སུ་སྒོ་གསུམ་བླ་མ་ལ་འབུལ། ཡི་དམ་ལ་བརྟེན། མཁའ་འགྲོ་ལ་གྲོགས་ཀྱི་ཚུལ་དུ་ཤེས་ནས་སྐྱབས་སུ་འགྲོ་རྒྱུ་དང་། ཁྱད་པར་བ་ཐབས་མཆོག་རྡོ་རྗེ་སྙིང་པོའི་ལུགས་ཀྱི་རྩ་སྤྲུལ་སྐུར་བསྟེན། རླུང་ལོངས་སྐུར་སྦྱངས། ཐིག་ལེ་ཆོས་སྐུར་སྨིན་ཞིང་དག་པའི་སྒོ་ནས་སྐྱབས་སུ་འགྲོ་བ་དང་། གནས་ལུགས་རྡོ་རྗེའི་སྐྱབས་འགྲོ་ནི། སྐྱབས་ཡུལ་གྱི་ཐུགས་རྒྱུད་ན་བཞུགས་པའི་ཡེ་ཤེས་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་རྣམ་གསུམ་དབྱེར་མེད་ཆེན་པོ་རང་རྒྱུད་ལ་བསྒྲུབ་བྱར་བྱེད་ཅིང་ལ་བཟླ་བའི་ཚུལ་གྱིས་སྐྱབས་སུ་འགྲོ་བ་རྣམས། ཐུན་མིན་དང་ཁྱད་པར་གྱི་སྐྱབས་འགྲོའི་སྐོར་བཤད་ཚུལ་གཞན་ཞིག་རེད། བྱེད་ལས་གང་ཡོད་ཅེ་ན། ཐུན་མོང་གི་སྐྱབས་འགྲོའི་བྱེད་ལས་ནི། མི་འདོད་པའི་འཚེ་བ་ཐམས་ཅད་དང་། ཁྱད་པར་དུ་ངན་སོང་གསུམ་དང་ཐབས་མ་ཡིན་པར་འཇིགས་ཚོགས་ལ་ལྟ་བ་རྣམས་ལས་སྐྱོབ་པ་དང་། ཁྱད་པར་ཅན་གྱི་སྐྱབས་འགྲོའི་བྱེད་ལས་ནི། སྔ་མ་རྣམས་མ་ཟད་ཐེག་པ་དམན་པ་མན་ཆད་ཐམས་ཅད་ལས་སྐྱོབ་པ། མདོར་ན་འཇིགས་པ་ཐམས་ཅད་ལས་སྐྱོབ་པར་བྱེད་པ་རེད། བསླབ་བྱ་ལ། སྤྱིའི་བསླབ་བྱ་གསུམ་དང་། བྱེ་བྲག་གམ་དགག་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་དང་དགུ་ཡོད་པ་ལས་དང་པོ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་དང་། ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་ཀྱིས་མཆོད་པ་དང་། སྲོག་དང་བྱ་དགའི་ཆེད་དུ་དཀོན་མཆོག་མི་སྤང་བ་དང་། དཀོན་མཆོག་གི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་ཡང་དང་ཡང་དུ་སྐྱབས་སུ་འགྲོ་བ་ལ་བསླབ་ཅིང་གཞན་དེ་ལ་འགོད་པའོ། །གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་འགྲོ་བས་འཇིག་རྟེན་པའི་ལྷ་གཞན་ལ་སྐྱབས་སུ་མི་འགྲོ། ཆོས་ལ་སྐྱབས་སུ་འགྲོ་བས་སེམས་ཅན་རྣམས་ལ་འཚེ་བ་སྤོང་། དགེ་འདུན་ལ་སྐྱབས་སུ་འགྲོ་བས་གྲོགས་མུ་སྟེགས་ཅན་ལ་མི་བརྟེན་པ་རྣམས་སོ། །གསུམ་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ན་སངས་རྒྱས་ཀྱི་སྐུ་རྟེན་ལ་གུས་པར་བྱེད། ཆོས་ལ་སྐྱབས་སུ་འགྲོ་བས་ཆོས་ཀྱི་རྟེན་གསུང་རབ་པོ་ཏི་ལ་གུས་པར་བྱེད། དགེ་འདུན་ལ་སྐྱབས་སུ་འགྲོ་བས་དགེ་སློང་བཞི་སྡེ་ཡན་དང་། ན་བཟའ་ལྷན་པ་སེར་པོ་ཡན་ལ་གུས་བཀུར་བྱེད་པ་དང་། མདོར་ན་ན་བཟའ་གྲྭ་གོས་གྱོན་ཚད་ལ་ཁྱོད་དང་ང་མི་ཟེར་བར་ཞེ་སར་བྱ་དགོས། རབ་ཏུ་བྱུང་བ་རང་གི་བུ་དང་བུ་མོ་ཤ་ཉེ་ཡིན་ཡང་གུས་པས་ཞེ་སར་བྱེད་དགོས། དེ་དགེ་འདུན་པ་ལ་ཞེ་ས་བྱེད་ལུགས་ཤིག་རེད། མདོར་ན་དུས་རྟག་ཏུ་མཆོག་གསུམ་མཆོད་པ་ལ་བརྩོན། ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་དང་བཅས་པས་མཆོད་དགོས། དཀོན་མཆོག་གི་རྟེན་ལ་རྒྱུན་དུ་གུས་པ་དང་ཞེ་སར་བྱེད། སྐྱབས་འགྲོའི་ངག་འགྲོ་ངག་གིས་འདོན། སྐྱེས་བུ་དམ་པ་ལ་བརྟེན་ནས་ཆོས་ཉན་ཞིང་། ཆོས་དང་མཐུན་པའི་བསམ་པ་དང་སྤྱོད་པ་བྱ་རྒྱུ་དེ་རྣམས་ཡིན། ཁྱད་པར་དུ་གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་ཀྱི་སྐྱབས་ཡུལ་གྱི་གཙོ་བོ་བླ་མ་ཡིན་པས། བླ་མའི་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཏེ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོར་ཤེས་དགོས། དེ་ལྟར་ཤེས་པ་གཞིར་བྱས་ནས། བླ་མ་ལ་སངས་རྒྱས་ཡིན་པའི་འདུ་ཤེས་བཞག་ནས་བླ་མའི་བཀའ་བསྒྲུབ། བླ་མའི་གསུང་དམ་ཆོས་ཡིན་པའི་འདུ་ཤེས་བཞག་ནས་ཅི་གསུངས་དང་དུ་ལེན་ཞིང་དམ་ཆོས་བསྒྲུབ། བླ་མའི་འཁོར་དང་སློབ་མ་དགེ་འདུན་ཡིན་པའི་འདུ་ཤེས་བཞག་ནས་ལོག་ལྟ་དང་བརྙས་བཅོས་མི་བྱེད། གཞན་ཡང་སྐུ་དང་གསུང་རབ་བཙོང་ནས་གླུད་མི་ཟ། བསྟན་པ་དང་དགེ་འདུན་ལ་ཁག་བཞག་ནས་དཀོར་རང་གིས་མི་སྤྱོད། གཞན་ལ་མི་སྦྱིན་ནས་བསྟན་རྩ་མཆོད་ཐེབས་སུ་སྨིན་ངེས་སུ་བྱེད་རྒྱུ་དེ་ཚོ་གནད་ཆེན་ཡིན། སྐྱབས་འགྲོའི་ཕན་ཡོན་ནི། མཆོག་གསུམ་ལ་སྐྱབས་སུ་སོང་ན་ནང་པ་སངས་རྒྱས་པའི་ཁྱུར་ཚུད། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར། སྔར་བྱས་ཀྱི་སྡིག་པ་ཟད། མི་དང་མི་མིན་གྱི་གནོད་པས་མི་ཚུགས། བླ་མ་དཀོན་མཆོག་ལ་བློ་གཏད་དེ་སྐྱིད་ན་བླ་མ་དཀོན་མཆོག སྡུག་ན་ཚེ་སྔོན་གྱི་ལས་འབྲས་ཡིན་པར་ཤེས་པས་གང་སྣང་དཀོན་མཆོག་གི་ཕྲིན་ལས་སུ་ཤར་ནས་ནད་གདོན་བར་ཆད་ཐམས་ཅད་ཞི་བའི་ཐབས་མཆོག་ཏུ་གྱུར་པ་ཡིན། བསམ་པ་ལམ་དུ་འགྲོ། རྒྱུ་བསོད་ནམས་དང་ལྡན་པས་འབྲས་བུ་ངན་སོང་གསུམ་དུ་མི་ལྟུང་། མྱུར་དུ་མངོན་པར་རྫོགས་པ་སངས་རྒྱས་པར་འགྱུར་བ་སོགས་ཀྱི་ཕན་ཡོན་ཡོད་པས་ན། ཇི་སྐད་དུ། ཆོས་རྣམས་ཀུན་གྱི་གཞི་རྟེན་སྐྱབས་འགྲོ་སྟེ། །སྐྱབས་འགྲོ་མེད་ན་ཐེག་དགུའི་ཆོས་ཤེས་ཀྱང་། །མུ་སྟེགས་ཕྱི་པའི་ཆོས་དང་ཁྱད་པར་མེད། །དེ་ཕྱིར་སྐྱབས་འགྲོ་ཆོས་ཀྱི་རྟེན་གཞིར་བཟུང་། །ཞེས་གསུངས་པ་རེད། མདོར་ན་སོ་བྱང་སྔགས་གསུམ་གྱི་སྡོམ་པའི་རྟེན། འདི་ཕྱིའི་ལེགས་ཚོགས་ཐམས་ཅད་འབྱུང་རྩ་དེ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་ཡིན་ནོ། །དེ་ཡན་གྱིས་སྐྱབས་འགྲོའི་སྐོར་གྱི་རྒྱུན་ཤེས་ཀྱི་གནད་རགས་རིམ་ཙམ་ཞིག་ལས་དང་པོ་བ་རྣམས་ལ་དྲན་བསྐུལ་ཞུས་ནས། ད་སྐབས་དོན་དངོས་ལ་འཇུག་པ་ལ། སྐབས་སུ་བབ་པ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེའི་ཆོས་ཚན། ཐུན་མོང་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བ་འདི་ཉིད་འཆད་པ་ལ།

གཉིས་པ་སྦྱོར་བས་བསྟེན་ཚུལ།

སེམས་སྦྱོང་བཞི་པ། བླ་མའི་གདམས་ངག་ཅིག་ཅི་ནས་ཀྱང་ཐོབ་པར་བྱ་ཞིང་། ཐབས་གང་གི་སྒོ་ནས་ཐོབ་པར་བྱ་དགོས་སྙམ་པའི་ཁྲིད་ལས། ཁ་རྩང་ཡན་གྱིས་བླ་མ་བརྟགས་ནས་བསམ་པའི་བསྟེན་ཚུལ་སོང་ནས། དེ་རིང་གཉིས་པ་སྦྱོར་བ་ལུས་ངག་གིས་ཇི་ལྟར་བསྟེན་པའི་ཚུལ་ནི། ལུས་ངག་ཡིད་གསུམ་གྱི་སྒོ་ནས་རེ་རེ་ལ་བཅུ་རེ་སྟེ་བཅུ་ཚན་གསུམ་གྱི་དམ་ཚིག་བསྲུང་མཚམས་དེའི་རྗེས་འབྲེལ་དང་བཅས་པ་བསྟན་པ་ནི། རྫོགས་པ་ཆེན་པོ་རང་བྱུང་རང་ཤར་གྱི་རྒྱུད་ལས། དང་པོ་སྐུ་ཡི་དམ་ཚིག་ནི། །དང་པོ་ལུས་ཀྱི་བསྲུང་བྱ་བཅུ། །བླ་མའི་གདོང་ནས་འགྲོ་མི་བྱ། །ཅི་ཕྱིར་ཁྲེལ་ནས་རྒྱབ་ཕྱོགས་འདྲ། །ཆོས་མེད་དུད་འགྲོའི་གནས་སུ་སྐྱེ། །ཞེས་ལུས་ངག་ཡིད་གསུམ་གྱི་དམ་ཚིག་བཅུ་ཚན་གསུམ་ལས། དང་པོ་ལུས་ཀྱི་བསྲུང་བྱ་སྐུ་ཡི་དམ་ཚིག་བཅུ་ནི། དང་པོ་ལུས་ཀྱི་བསྲུང་བྱ་བཅུ་ཞེས་མདོར་བསྟན་ནས། བླ་མའི་གདོང་ནས་སམ་སྔོན་དུ་འགྲོ་བར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། བླ་མ་ལ་ཁྲེལ་ནས་རྒྱབ་ཀྱིས་ཕྱོགས་ཏེ་འགྲོ་བ་དང་འདྲ་ལ། གལ་ཏེ་དེ་ལྟར་སོང་ན་ཚེ་ཕྱི་མར་ཆོས་མེད་དུད་འགྲོའི་གནས་སུ་སྐྱེ་བར་འགྱུར་བ་ཡིན། བསུ་བ་དང་འཇིགས་པ་སེལ་བའི་ཆེད་ཡིན་ན་གནང་བ་ཡོད། བླ་མའི་གཞུག་ནས་འགྲོ་མི་བྱ། །ཅི་ཕྱིར་ཞབས་རྗེས་གནོན་པའོ། །སྐྱབས་མེད་མགོན་དང་བྲལ་བར་སྐྱེ། །བླ་མའི་གཡས་ནས་འགྲོ་མི་བྱ། །ཅི་ཕྱིར་བརྡེག་པའི་སྟབས་སུའོ། །ཚེ་ཐུང་ནད་མང་དམྱལ་བར་ལྟུང་། །བླ་མའི་གཞུག་ནས་སམ་ཞབས་རྗེས་དེད་ནས་རྗེས་སུ་འགྲོ་བར་མི་བྱ་སྟེ། །ཅིའི་ཕྱིར་ན། བླ་མའི་ཞབས་རྗེས་རང་གིས་རྡོག་པས་གནོན་པ་དེ་ཉིད་མ་གུས་པ་ཡིན་པས་དེ་ལྟར་བྱས་ན་སྐྱེ་བ་ཕྱི་མར་སྐྱབས་མེད་མགོན་དང་བྲལ་བར་ཉམ་ང་བའི་གནས་སུ་སྐྱེ་བར་གསུངས། །ཡང་བླ་མའི་གཡས་ཕྱོགས་ནས་འགྲོ་བར་མི་བྱ་སྟེ། ལ་ལ་གཡས་མ་དགོས་མདུན་སྐོར་བརྒྱབ་ནས་བླ་མའི་ཐོག་ཁ་ཆུ་ཐ་ར་ར་ཅིག་བཤད་ནས་རང་གི་ལྡོག་ལམ་ཚོ་འཁྱོར་འགྲོ་བ་ཡོད་དར་བ་རེད། ཨ་ལ་རྩེད་མཚར་ཡིན། གཡས་ཕྱོགས་ནས་ཅིའི་ཕྱིར་འགྲོ་མི་རུང་བ་ཡིན་ན། བརྡེག་པའི་སྟབས་སུ་འགྱུར་བ་སྟེ། བརྡེག་འཚོག་བྱེད་གྲབས་ལྟ་བུར་འགྱུར་གསུངས། དེས་ན་གུས་བཀུར་ཞུ་ས་དེ་གཡས་ཕྱོགས་སུ་བཞག་ནས་འགྲོ་རྒྱུ་དེ་གུས་པའི་ཉམས་རེད། རང་རེ་ལྷ་ཁང་དང་སྐུ་རྟེན་ལ་བསྐོར་བའི་ཚེ་གཡས་ཕྱོགས་སུ་བཞག་ནས་གུས་པའི་ཚུལ་གྱིས་བསྐོར་བ་བཞིན་རེད། བླ་མར་མཇལ་དར་འབུལ་བ་དང་དབང་ཞུ་བའི་ཚེ་བླ་མའི་གཡོན་ཕྱོགས་ནས་བཅར་དགོས། བཀུར་སྟི་ཞེ་སར་བྱེད་པའི་ཚུལ་མཚོན། ཡང་ཚོགས་པ་ཧ་ཅང་མང་བ་ལྟ་བུ་ལ་སྟབས་མ་བདེའི་ཚེ་གནང་བའི་སྐབས་ཡོད་པར་གཅིག་མཚུངས་རེད། གལ་ཏེ་གཡས་ཕྱོགས་སུ་མ་གུས་པར་སོང་ན། ཚེ་འདིར་ནད་མང་ཞིང་སྐྱེ་བ་ཕྱི་མར་དམྱལ་བའི་གནས་སུ་ལྟུང་བར་འགྱུར་རོ། །དབུ་ཡི་གྲིབ་མ་མནན་མི་བྱ། །ཅི་ཕྱིར་ཁྱད་དུ་བསད་པ་ཡིན། །ངུ་འབོད་ཆེན་པོའི་དམྱལ་བར་ལྟུང་། །དབུ་སྐྲ་རྡོག་པས་བརྫི་མི་བྱ། །ཅི་ཕྱིར་སངས་རྒྱས་གཤུང་པ་འདྲ། །ཐིག་ནག་འབྲི་བའི་དམྱལ་བར་སྐྱེ། །ཞེས་བླ་མའི་དབུ་དང་སྐུ་ཡི་གྲིབ་མ་མནན་པའམ་འགོམ་པར་མི་བྱ་སྟེ། ཅིའི་ཕྱིར་ཞེ་ན། བླ་མ་ཁྱད་དུ་བསད་ནས་མ་གུས་པ་ཆེན་པོ་ཡིན་པས། ཕྱི་མར་ངུ་འབོད་ཆེན་པོའི་དམྱལ་བར་ལྟུང་བར་འགྱུར་རོ། །གལ་ཏེ་ཉེན་ཁ་དང་འཕྲད་པའི་སྐབས་སོགས་མ་འགོམ་ཐབས་མེད་ཀྱི་སྐབས་སུ། བླ་མའི་སྐུ་དང་ལྷ་ཁང་། མཆོད་རྟེན་སོགས་ལ་དེའི་འོག་ཏུ་འཛུལ་བའི་འདུན་པ་དང་བཅས་ཏེ། ཨོཾ་བཛྲ་བེ་ག་ཨ་པྲ་མ་ཧཱུྃ། ཞེས་ལན་བདུན་བཏོན་ན་ཉེས་པ་མི་འབྱུང་ཞེས་གསུངས་ཡོད། མ་ཎི་རྡོ་མཁར་སོགས་ཁ་གསོའི་སྐབས་སོགས་སུའང་དེ་ལྟར་བྱ་དགོས། བླ་མའི་དབུ་སྐྲ་བསིལ་བ་ས་ལ་འཐོར་བ་སོགས་རྡོག་པས་བརྫི་བར་མི་བྱ་སྟེ། ཅིའི་ཕྱིར་ན། སངས་རྒྱས་གཤུང་པ་སྟེ་སྨོད་པའམ་བརྙས་བཅོས་བྱེད་པ་དང་འདྲ་བས། ལུས་ལ་ཐིག་ནག་པོ་འབྲི་སྟེ་སོག་ལེ་སོགས་ཀྱིས་གཤག་པའི་དམྱལ་བར་སྐྱེ་བར་འགྱུར་རོ། །དབུ་སྔས་བཞུགས་གདན་བརྫི་མི་བྱ། །ཅི་ཕྱིར་སངས་རྒྱས་བླ་མེད་སྨད། །བཤལ་མ་རི་ལ་འཛེགས་པར་སྐྱེ། །སྐུ་ལ་མཐོ་ཡིས་གཞལ་མི་བྱ། །ཅིའི་ཕྱིར་ལག་གིས་བརྒྱབ་དང་མཚུངས། །མདུང་ཐུང་སུམ་བརྒྱས་འཇོམས་པར་འགྱུར། །ཞེས་བླ་མའི་དབུ་སྔས་དང་བཞུགས་གདན་སོགས་རྡོག་པས་བརྫི་བ་སོགས་མི་བྱ་སྟེ། ཅིའི་ཕྱིར་ན་སངས་རྒྱས་ཀྱི་ངོ་བོ་བླ་ན་མེད་པའི་བདག་ཉིད་ལ་སྨད་པ་ཡིན་པས། ཤལ་མ་རི་ལ་འཛེགས་པའི་དམྱལ་བར་ཉེ་འཁོར་བའི་ནང་སྐྱེ་བར་འགྱུར་རོ། །དམིགས་བསལ་ན་བཟའ་བཟོ་བ་ལ་སོགས་པ་དགོངས་གནང་ཐོབ་པའི་སྐབས་མ་གཏོགས་བླ་མའི་སྐུ་ལ་མཐོ་ཡིས་གཞལ་བ་དང་། གཞན་རང་དང་ཆེ་ཚད་བསྡུར་བ་སོགས་མི་བྱ་སྟེ། ཅིའི་ཕྱིར་ན་ལག་པ་རྗེན་པས་བླ་མའི་སྐུ་ལ་གཞལ་བ་ཡིན་པས་བླ་མ་ལ་ལག་པས་བརྒྱབ་པ་དང་མཚུངས་པས། འབྲས་བུ་མདུང་ཐུང་སུམ་བརྒྱས་འབིག་ཅིང་འཇོམས་པར་འགྱུར་བའི་རྣམ་སྨིན་མྱང་བར་འགྱུར་རོ། །རང་ཉིད་ཀྱི་གཟུགས་ཀྱང་མཐོས་འཇལ་མི་ཉན་གསུངས་ཡོད་པ་རེད། དམིགས་བསལ་འགའ་རེའི་སྐབས་མ་གཏོགས་བླ་མ་དང་འཆག་ཁང་གཅིག་བྱས་ནས་འདུག་པ་མི་རུང་། བླ་མ་མཇལ་དུས་བྱིན་རླབ་དང་ཞུ་དགོས་རྣམས་ཞུས་ཚར་ནས་ག་ལེ་ཕྱིར་བཀྱེད་བྱེད་ནས་བུད་འགྲོ་དགོས། གཏན་ནས་འགྲོ་རོགས་མི་བྱེད་པར་གཏམ་ཉོག་མང་པོ་བཤད་མནའ་སྐྱེལ་བ་སོགས་དེ་ལྟར་མི་ཉན། བླ་མའི་བཞེངས་ཕྱག་ཚུར་མི་བླང་། །མཐོ་རིས་ཐར་པའི་ལམ་སྣ་འགག །འདུ་ཤེས་མེད་པའི་དམྱལ་བར་སྐྱེ། །ཞེས་བླ་མ་བཞེངས་པ་དང་ཕྱག་འཚལ་བ་སོགས་གུས་བརྡར་མཛད་ཡོང་ན། རང་ཆེ་འཇིག་བྱས་ནས་ཚུར་དང་དུ་བླང་བར་མི་བྱ། གལ་ཏེ་དེ་ལྟར་བླང་ན་མཐོ་རིས་དང་ཐར་པའི་ལམ་སྣ་འགག་པར་མ་ཟད། འདུ་ཤེས་མེད་པའི་དམྱལ་བའི་གནས་སུ་སྐྱེ་བར་འགྱུར་རོ། །བླ་མ་མཇལ་དུས་མཐོང་ཕྱག་འཚལ་ཞིང་བྱིན་རླབས་ཞུ་བ་དང་ཐལ་སྦྱར་གུས་བཀུར་བྱེད་དགོས། མ་གུས་པར་བྱེད་ན་ཚེ་རབས་དུ་མར་དམྱལ་བར་སྐྱེ་བ་མདོ་སྡེ་ལས་བརྒྱ་པར་གསུངས། ཟབ་མོའི་མན་ངག་ཚིག་གསུམ་ཡང་། །མཉན་ནས་དེ་ཡི་གོང་དུ་མིན། །ཤེས་རབ་འཆལ་བའི་འདམ་དུ་ཚུད། །ཞེས་གདམས་ངག་ཟབ་མོ་མན་ངག་ཚིག་གསུམ་ཙམ་ཡང་མཉན་ཞིང་ཞུས་ནས་ནི། བླ་མར་འགྱུར་བ་ཡིན་པས་དེའི་གྲལ་གོང་དུ་འདུག་རུང་བ་མིན་པས། འདུག་ན་ཤེས་རབ་འཆལ་བ་རྨོངས་པའི་འདམ་ཁྲོད་དུ་འཛུད་པར་འགྱུར་རོ། །།བླ་མའི་ཞལ་དུ་མ་གསོལ་བར། །ལོངས་སྤྱོད་ཟས་ལ་ཕུད་བཅད་ན། །ཤ་ཁྲག་འབར་བའི་ལུས་སུ་སྐྱེ། །འཚོ་བ་གསོལ་ཆས་བླ་མའི་ཞལ་དུ་མ་གསོལ་གྱི་བར་དུ་ལོངས་སྤྱོད་སྤྱི་དང་ཁྱད་པར་ཟས་ལ་ཕུད་བཅད་ནས་རང་གིས་ཟོས་ན། ཤ་ཁྲག་མེ་རུ་འབར་ཞིང་འཚིག་པར་བྱེད་པའི་དམྱལ་བའི་སེམས་ཅན་གྱི་ལུས་སུ་སྐྱེ་བར་འགྱུར་རོ། །གཞན་ཡང་བཞེངས་ཚེ་བསྡད་པ་ནི། །མགོ་ལུས་བྲལ་བའི་དམྱལ་བར་སྐྱེ། །བཞུགས་ཚེ་སྟེགས་ལ་བསྡད་པ་ན། །དམྱལ་བ་མགོ་འཕྱང་ལུས་སུ་སྐྱེ། །སྤྱོད་ལམ་གཞན་ཡང་བླ་མ་བཞེངས་པའི་ཚེ་རང་ཉིད་མི་ལྡང་བར་བསྡད་པར་བྱ་ན་ནི། མགོ་ལུས་སོ་སོ་བྲལ་བའི་དམྱལ་བར་སྐྱེ་བར་འགྱུར་ཞིང་། བླ་མ་བཞུགས་པའི་ཚེ་རང་ཉིད་དེ་ལས་མཐོ་བའི་སྟེགས་སམ་ཁྲི་ལ་བསྡད་པ་ན། དམྱལ་བར་མགོ་ཐུར་དུ་འཕྱང་བའམ་ཆད་པའི་ལུས་སུ་སྐྱེ་བར་འགྱུར་རོ། །དེ་རྣམས་སྐུ་ཡི་དམ་ཚིག་བཅུ། །ཉམས་ན་བསྐལ་བ་ཆེན་པོ་གཅིག །ཚ་གྲང་ལས་ཀྱི་དམྱལ་བར་སྐྱེ། །ཅེས་གོང་དུ་བཤད་པ་དེ་རྣམས་གཙོ་བོ་ལུས་ཀྱི་བསྲུང་བར་བྱ་བའི་སྐུ་ཡི་དམ་ཚིག་བཅུ་ཡིན་ནོ་ཞེས་མཇུག་བསྡུས་ནས། ཉམས་པའི་ཉེས་དམིགས་དང་། ཉམས་པ་སྐོང་ཚུལ་བསྟན་པ་ནི། དེ་དག་ལས་རེ་རེ་ཉམས་ན་ཡང་བསྐལ་པ་ཆེན་པོ་གཅིག་ལ་སོགས་པར་ཚ་གྲང་ལས་ཀྱི་སྡུག་བསྔལ་ཆེན་པོ་མྱོང་བའི་དམྱལ་བར་སྐྱེ་བར་འགྱུར་རོ། །ཉམས་པ་སྐོང་ན་མཆོད་རྟེན་བཞེངས། །བུམ་པར་བླ་མའི་སྐུ་གཟུགས་བཞེངས། །མཆོད་ཅིང་བསྐོར་བ་རྒྱུན་མི་ཆད། །སོ་སྐྱེས་ཡིན་པས་འགལ་ཉམས་འབྱུང་སྲིད་པས་ཉམས་པ་མ་བཤགས་ན་ཉེས་པ་དེ་བས་ཀྱང་ཤིན་ཏུ་ཆེ་བ་ཡིན་ལ། དམ་ཚིག་ཉམས་པ་བཤགས་ཤིང་སྐོང་བར་བྱེད་དགོས་ན་ཚུལ་ཇི་ལྟར་བྱེད་ཅེ་ན། མཆོད་རྟེན་བཞེངས་པ་དང་། མཆོད་རྟེན་གྱི་བུམ་པའི་ནང་དུ་བླ་མའི་སྐུ་གཟུགས་བཞེངས་པ་དང་། དེ་ལ་མཆོད་ཅིང་བསྐོར་བ་རྒྱུན་མི་ཆད་པར་བྱ་དགོས། ཅེས་གསུངས་པ་དང་། དགེ་བའི་བཤེས་གཉེན་གྱི་ཁུར་ཐམས་ཅད་ཀྱིས་མི་སྐྱོ་བར་ས་ལྟ་བུའི་སེམས་དང་། གནོད་པ་ཐམས་ཅད་ཀྱིས་མི་ཤིགས་པར་གཞོམ་གཞིག་དང་བྲལ་བ་རྡོ་རྗེ་ལྟ་བུའི་སེམས། བཀའ་ཅི་བསྩལ། ལས་ཅི་བགོས་པར་ཉན་པ་བྲན་ཁོལ་ལས་བྱེད་པ་ལྟ་བུའི་སེམས། དྲེགས་པ་དང་ང་རྒྱལ་མེད་པས་ཁྱུ་མཆོག་ར་བཅད་པ་ལྟ་བུའི་སེམས་དེ་འདྲ་ལྡན་དགོས་གསུངས་པ་རེད། ངག་གི་སྒོ་ནས་དམ་བཅུ་བསྲུང་། །བླ་མ་སངས་རྒྱས་ཀུན་ལས་ལྷག །དེ་ལ་རྟོག་བཅས་བྱ་མི་རུང་། །ཞེས་པས་བཅུ་ཚན་གཉིས་པ་ངག་གི་སྒོ་ནས་བསྲུང་བར་བྱ་བའི་དམ་ཚིག་རྣམ་པ་བཅུ་བསྲུང་བར་བྱ་དགོས། ཞེས་མདོར་བསྟན། རེ་རེ་ནས་རྒྱས་པར་བཤད་པ་ནི། བླ་མ་ནི་ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ཡང་བཀའ་དྲིན་གྱི་ངོས་ནས་སངས་རྒྱས་ཀུན་ལས་ལྷག་པར་ཡིན་པས་ན། བླ་མ་དེ་ལ་བརྟགས་ནས་བསྟེན་ཟིན་པའི་ཚེ་རྟོག་དཔྱོད་ཀྱིས་སྐྱོན་འཚོལ་དང་བཅས་པ་བྱ་མི་རུང་ལ། །རྒྱབ་ནས་འཕྱ་གཏམ་ཟེར་བ་དེ། །སངས་རྒྱས་རྒྱབ་ཀྱིས་ཕྱོགས་པ་ཡིན། །འབྲས་བུ་མེད་པར་ངན་སོང་ལྟུང་། །ལུས་རུལ་མགུལ་འགག་ནད་ཀྱིས་འདེབས། །གལ་ཏེ་བླ་མས་མི་གསན་པའི་སར་རྒྱབ་ནས་བླ་མ་ཅི་དང་ཅི་ཞིག་འདྲའོ་ལྟ་བུ་དང་། བླ་མས་འདི་འདྲ་གསུང་བ་ཨེ་ཡིན་གོ་ལ་སོགས་པ་སྨོད་པའི་ཉམས་ཀྱིས་འཕྱ་བའི་གཏམ་ཟེར་བ་དེ་། སངས་རྒྱས་ལ་རྒྱབ་ཀྱིས་ཕྱོགས་པ་དང་འདྲ་བ་ཡིན། དགེ་བ་གཞན་དག་བྱེད་པའི་འབྲས་བུ་ཡང་མེད་པར་གྱུར་ནས་ངན་སོང་དུ་ལྟུང་བར་འགྱུར་ཞིང་། བླ་མ་ལ་ཁ་གཏོང་འཕྱ་སྨོད་བྱེད་པའི་རྣམ་སྨིན་གྱི་འབྲས་བུ་ཕྱི་མ་ངན་སོང་དུ་ལྟུང་བར་མ་ཟད་ཚེ་འདི་ལའང་མཐོང་ཆོས་མྱོང་འགྱུར་དུ་ལུས་རུལ་བདང་། མགུལ་འགག་ནད་ཀྱིས་འདེབས་པར་བྱེད། དེས་རྒྱུན་དུ་བླ་མའི་ཡོན་ཏན་བརྗོད་དགོས་པ་ཤུགས་ལ་བསྟན། བླ་མ་བླུན་ཞེས་བརྗོད་མི་རུང་། །བརྗོད་ན་བསྐལ་པ་ཕྲ་མོ་གཅིག །བྱང་ཆུབ་ལམ་དང་འཕྲད་མི་སྲིད། །ཞེས་བླ་མ་ཉིད་དུ་བསྟེན་ཚར་ནས་བླ་མ་བླུན་པོ་རེད་མཁས་པ་མ་རེད་ཅེས་བརྗོད་མི་རུང་། གལ་ཏེ་བརྗོད་ན་བསྐལ་པ་ཕྲ་མོའམ་ཆུང་ངུ་གཅིག་ཙམ་ལ་བྱང་ཆུབ་ལམ་དང་འཕྲད་པ་མི་སྲིད། བླ་མ་ཟོག་ཆེ་བྱ་མི་རུང་། །རལ་གྲི་སོ་མས་ལྕེ་གཏུབས་ནས། །ལྐུགས་པའི་གནས་སུ་སྐྱེ་བར་འགྱུར། །བླ་མ་ལ་སྨོད་པའི་ཚུལ་གྱིས་རྒྱུ་ནོར་གྱི་ཟོག་ཆེའོ་ཞེས་སུ་བྱ་མི་རུང་། སྐུ་བསོད་ཆེ་འདྲ་ཟེར་ན་ཆོག་སྙམ། སྤྱིར་འདུལ་བའི་སྐབས་ནས་འཚོ་མཁོའི་ཡོ་སྤྱད་ཙམ་ལས་མི་དགོས་ཤིང་དེ་ལས་ལྷག་ན་སྐྱོན་ཡིན་པ་དང་། གསང་སྔགས་ཀྱི་སྐབས་སུ་ཅི་མཛད་ལེགས་མཐོང་གི་དད་པ་དགོས་པས་སྨད་མི་རུང་གསུངས་པ་ཨེ་ཡིན་སྙམ། གལ་ཏེ་བརྗོད་ན་རལ་གྲི་སོ་མས་ལྕེ་གཏུབ་པའི་དམྱལ་བར་སྐྱེ་བ་དང་། དེ་ལས་ཐར་ནས་ལྐུགས་པའི་གནས་སུ་སྐྱེ་བར་འགྱུར་རོ། །བླ་མ་སྤྲང་པོ་རེད་ཟེར་ན་ཡང་རུང་རྒྱུ་མ་རེད་ བསྟོད་མི་ཤེས་པས་བསྟོད་པ་ལས་སྨད་མི་ཤེས་པ་ཡིས་སྨད་ན་དགའ་ཟེར་བ་ཡང་ཡོད། གཙོ་བོ་སེམས་ཀྱི་ཀུན་སློང་ལ་རག་ལས་རྒྱུ་རེད། བླ་མ་རྡོ་རྗེ་སློབ་དཔོན་ལ། །ཞེ་ལ་འབབ་པའི་ཚིག་མི་སྨྲ། །སྨྲས་ན་རི་འཐབ་བར་དུ་སྐྱེ། །ལེགས་པར་གསུངས་པའི་བཀའ་མི་བཅག །བཅག་ན་མནར་མེད་གནས་སུ་སྐྱེ། །ཞེས་བླ་མ་དང་རྡོ་རྗེ་སློབ་དཔོན་བསྟེན་པར་གྱུར་པ་ལ། ཞེ་ལ་འབབ་པའམ་ཐུགས་ལ་ཕོག་པའི་ཚིག་མི་སྨྲ། གལ་ཏེ་སྨྲས་ན་བསྡུས་འཇོམས་ལྟ་བུའི་རི་ཕན་ཚུན་འཐབ་པའི་བར་དུ་སྐྱེ་བར་འགྱུར་རོ། །ཡང་བཀའ་གྲོས་སོགས་ཀྱི་ཚེ་རང་གིས་ལེགས་ཉེས་ཀྱི་མཐའ་རིག་ན། བླ་མའི་གསུང་ལ་གདོང་བཟློག་མི་བྱེད་པར་དལ་བུས་གསུང་གི་སྣེ་ཁྲིད་པའི་ཚུལ་གྱིས་འདི་འདི་ལྟར་བྱེད་ན་ཅི་འདྲ་རེད་ཅེས་སོགས་ཞུས་ནས། ཐུགས་དགོངས་ཀྱི་མཛད་པ་སྒྲུབ་ཕྱོགས་བསྟན་ཐུབ་ན་དེ་ཡང་ཞབས་ཕྱི་ཡིན་རྒྱུ་རེད་སྙམ། བླ་མས་ལེགས་པར་གསུངས་པའི་བཀའ་མི་བཅག་ལ། བཅག་ན་རྩ་བའི་ལྟུང་བ་ཡིན་པས་བླ་མའི་བཀའ་བཅག་རྡོ་རྗེ་དམྱལ་བར་འགྲོ། ཞེས་པ་ལྟར་དམྱལ་བ་མནར་མེད་ཀྱི་གནས་སུ་སྐྱེ་བར་འགྱུར་རོ། །གང་ཟག་འགའ་རེ་བློ་སྣ་ཤིན་ཏུ་མང་པོ་ཅན་ཆོས་ཡོད་ཚད་ཐོས་དགོས་། ཐོས་ཚད་གཅིག་ཀྱང་ཉམས་སུ་མི་ལེན་ཞིང་། ཡི་གེ་མང་པོ་ཞིག་གསོག་ཏེ་བེད་བཅད་འོང་རྒྱུ་གཅིག་ཀྱང་མེད་པར། ཆོས་དང་ཆོས་མིན་དང་རང་ལུགས་གཞན་ལུགས་ཀྱི་དབྱེ་འབྱེད་དང་། ངོས་བཟུང་ཅི་ཡང་མེད་པར་གསར་པ་ཞིག་གང་ཐོས་ན་དེས་དགའ་སྣང་བྱེད་པ་སོགས། མདོར་ན་གདམས་ངག་སྣ་གཅིག་རང་རྒྱུད་ལ་སྦྱར་མ་ནུས་པར། སྐྱོ་སུན་དང་བྱས་ཡུས་བགྲངས་འདུག་པའི་རིགས་ལ་བླ་མ་བརྒྱུད་པའི་བྱིན་རླབས་འཇུག་དཀའ་ཞིང་། སྔར་ཡོད་ཀྱི་ཡོན་ཏན་ཉམས་སླ་བ་དང་། ཉམས་སུ་མི་ལེན་པའི་ཐེ་ཚོམ་དང་བཅས་པའི་གདམས་ངག་དེས་རང་གཞན་གཉིས་ཀར་ཕན་མི་ཐོགས་ཞེས་གསུངས་པ་རེད། ངག་ཚིག་བརླང་པོས་ཞེ་འགེམས་ན། །འོ་དོད་འབོད་པའི་གནས་ངན་དུ། །བསྐལ་པ་སྟོང་ཕྲག་དྲུག་ཏུ་གནས། །སྨྲས་པའི་ཚིག་ལ་མི་གནས་པ། །སྡུག་བསྔལ་ལས་ལ་ཡུན་རིང་སྤྱོད། །ཅེས་ངག་གི་ཚིག་བརླང་པོའམ་ཚིག་རྩུབ་པོས་ཞེ་འགེམས་པའམ་ཞེ་ཤ་བཅད་ན། སྐྱེ་བ་ཕྱི་མར་འོ་དོད་དང་སྨྲེ་སྔགས་འབོད་པའི་གནས་ངན་དུ་སྐྱེས་ནས་ཚེ་ཚད་བསྐལ་པ་སྟོང་ཕྲག་དྲུག་ཏུ་གནས་ཤིང་སྡུག་བསྔལ་བར་འགྱུར་རོ། །བླ་མ་ལ་ཞུས་ཤིང་སྨྲས་པའི་ཚིག་ཐོག་ཏུ་མི་གནས་པར་ཁས་བླངས་པ་དང་འགལ་བར་བྱེད་ན། སྡུག་བསྔལ་ཅན་གྱི་ལས་ལ་ཡུན་རིང་དུ་སྤྱོད་ནས་ངན་སོང་གི་གནས་སུ་འགྲོ་བར་འགྱུར་རོ། །སྒྲོ་བསྐུར་མང་པོ་འདོགས་པ་དེ། །དགེ་སློང་འབུམ་ཕྲག་བསད་དང་མཉམ། །མནར་མེད་དམྱལ་བ་ཁོ་ནར་ལྟུང་། །ཞེས་སྐྱོན་ལྟ་བུ་མེད་པ་ལ་ཡོད་པར་སྒྲོ་འདོགས་པ་དང་། ཡོན་ཏན་ལྟ་བུ་ཡོད་པ་ལ་མེད་ཅེས་སྐུར་པ་འདེབས་པ་རེད། དེ་ལྟ་བུའི་གཞི་མེད་སྐུར་བཏབ་བྱས་པའི་སྒྲོ་སྐུར་མང་པོ་འདོགས་པ་དེ། དགེ་སློང་འབུམ་ཕྲག་བསད་པ་དང་མཉམ་པའི་ལས་སྒྲིབ་ཆེན་པོ་ཡིན། དགེ་སློང་གཅིག་བསད་ནའང་ཉེ་བའི་མཚམས་མེད་ཡིན་ན་འབུམ་བསད་ན་ཉེས་པ་རྣམ་དབྱེ་དཀའ་བ་རེད། དེ་ལྟ་བུའི་ལས་བྱས་པ་དེ་མནར་མེད་དམྱལ་བ་ཁོ་ནར་ལྟུང་བར་འགྱུར་རོ། །ཁྱོད་བས་ང་བཟང་ཟེར་བ་དེ། །དམྱལ་བར་བསྐལ་པ་ཡུན་རིང་གནས། །དམོད་པའི་གཡོ་སྒྱུ་སྣ་ཚོགས་སྨྲ། །རྟག་ཏུ་རྐེ་བཅད་དམྱལ་བར་ལྟུང་། །དེ་ཡང་གསུང་གི་དམ་ཚིག་ཡིན། །བླ་མ་ཁྱོད་བས་ང་བཟང་ཟེར་བ་ན། སྔར་མི་གཅིག་གིས་བླ་མ་ཁོང་ཆོས་ཕྱོགས་ནས་ཡོན་ཏན་ཆེ་ནི་རེད་མ་གཏོགས། ཆས་ཅ་ལག་དང་། སྐུ་བསོད་དབང་ཐང་ང་དགའ་བསམ་པས་གྲུ་ཞིག་ནས་ཆུར་ལྷུང་བའི་ལོ་རྒྱུས་ཡོད་པ་བཞིན། བླ་མ་ཁྱོད་བས་ང་བཟང་ཟེར་བ་དེ་ཡི་རྣམ་སྨིན་དམྱལ་བར་བསྐལ་པ་ཡུན་རིང་དུ་གནས་པར་འགྱུར་རོ། །བླ་མ་ལ་ངན་སྨྲས་དང་དམོད་པའི་གཡོ་སྒྱུའི་བསམ་སྦྱོར་གྱིས་གཏམ་སྣ་ཚོགས་སྨྲ་ན། རྟག་ཏུ་རྐེ་བཅད་པའི་དམྱལ་བའི་གནས་སུ་ལྟུང་བར་འགྱུར་རོ། །བླ་མའི་མདུན་དུ་རྫུན་དང་དབྱེན། ཚིག་རྩུབ་བྲེ་མོའི་གཏམ་སྣ་ཚོགས་གདོང་བཟློག་གིས་སྨྲ་མི་ཉན། དུས་གཞན་དུ་བརྒྱ་སྟོང་བརྗོད་པ་ལས་བླ་མའི་མདུན་དུ་ལན་གཅིག་བརྗོད་པ་ཉེས་པ་ལྕི། དེ་བཞིན་མི་གཞན་ལ་བརྒྱ་སྟོང་བརྗོད་པ་བས་བླ་མ་ལ་ཟུར་ཙམ་གྱིས་བརྗོད་ན་ཉེས་པ་ལྷག་པར་ཆེ་བ་རེད། དེ་ཡང་གསུང་གི་དམ་ཚིག་ཡིན། །ཅེས་གོང་དུ་བཤད་པ་དེ་རྣམས་ཀྱང་གསུང་གི་དམ་ཚིག་ཡིན་ནོ་ཞེས་མཇུག་བསྡུས་ནས། ཉམས་ན་བཤགས་པའི་ཐབས་ནི། ཉམས་པ་སྐོང་ན་གཟུངས་སྔགས་འབུམ། །བྲིས་ལ་མཆོད་རྟེན་ནང་དུ་གཞུག །དྲིལ་བུ་ཟུང་འབྲེལ་མང་དུ་བཏག །གལ་ཏེ་དེ་དག་ཉམས་པར་གྱུར་ན། ཉམས་པ་སྐོང་བ་དང་བཤགས་པར་བྱེད་ན་བླ་མའི་མཚན་སྔགས་དང་། ཡི་གེ་བརྒྱ་པ་སོགས་ཀྱི་གཟུངས་སྔགས་འབུམ་ཕྲག་གཞུང་བཞིན་དུ་ཚད་ལྡན་བྲིས་ཏེ། མཆོད་རྟེན་བཞེངས་ནས་དེའི་ནང་དུ་གཞུག་ཅིང་འཛུད་པ་དང་། མཆོད་རྟེན་དེ་ལ་དྲིལ་བུ་ཟུང་འབྲེལ་མང་དུ་བཏགས་པ་དང་། མཆོད་པའི་ཡོ་བྱད་དང་རྒྱན་སྣ་ཚོགས་ཀྱིས་བརྒྱན་པར་བྱ་དགོས་སོ། །ཞེས་གསུངས་པ་དང་། གནའ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་མཛད་དེ་ཕེབས་པའི་སྐབས་ཤིག་ན། དཔལ་སྤྲུལ་ཚང་བཞུགས་སའི་ཉེ་སར་བྱོན་ནས། གསུང་སྐད་མཐོན་པོས་ཀི་བཏབ་སྟེ། ཀྭི། དཔལ་དགེ་ཁྱོད་བུ་བཟང་ཨེ་ཡིན། བུ་དགའ་ན་སྒོ་ལ་བུད་གསུངས་པ་ན། དཔལ་སྤྲུལ་ཚང་སྒོ་ནས་བུད་དེ་སྐུ་མདུན་བཅར་བ་ན། ཐོང་རྩ་ནས་བཟུང་སྟེ་ས་ལ་བརྒྱབ་དུས། ཞལ་ནས་ཆང་དྲི་བྲོ་བ་ཚོར་བས། དཔལ་སྤྲུལ་ཚང་གི་ཐུགས་ལ་ཁོང་གིས་ཆང་བཞེས་འདུག་གྲུབ་ཐོབ་ཆེན་པོ་འདི་འདྲ་ལའང་ཆང་གིས་བཟི་ནས་འདི་ལྟར་མཛད་ཀྱིན་འདུག་པས། བཅོམ་ལྡན་འདས་ཀྱིས་ཆང་གི་ཉེས་པ་མང་པོ་གསུང་བ་དེ་ཅི་མ་བདེན་དགོངས་པ་ན། ཁོང་གིས་དེ་མ་ཐག་ཕྱག་གིས་མངག་ནས་རྟོག་གེ་བ་འདི་རྣམས་ལ་འདི་འདྲའི་རྣམ་རྟོག་ངན་པ་འཆར་རྒྱུ་ཡོད་གི། ཨ་ཧ་བོ། ཁྱི་རྒན་ཁྱོད་གསུངས་ནས་ཞལ་གྱིས་མཆིལ་མ་འཕེན། ཕྱག་གི་མཛུབ་ཆུང་བསྟན་ནས་བྱོན་སོང་བ་ན། དཔལ་སྤྲུལ་ཚང་གིས་ཐུགས་བསམ་ནང་དུ་བསྐོར་ཏེ། ང་འཁྲུལ་སོང་། དེ་ངོ་སྤྲོད་རེད་འདུག་དགོངས་ཏེ་དེའི་ཐོག་ནས་ལུས་གནད་བཅོས་ཏེ་མཉམ་པར་བཞག་པ་ན། ཟང་ཐལ་གྱི་རིག་པ་ནམ་མཁའ་གཡའ་ཐག་ཆོད་པ་ལྟར་མངོན་དུ་གྱུར་ནས། སྔར་འཇིགས་མེད་རྒྱལ་བའི་མྱུ་གུས་ངོ་སྤྲད་པའི་རིག་པ་དེ་ནམ་ལང་བ་ལྟ་བུ་ཞིག་ཡིན་ན་ཉི་མ་ཤར་བ་ལྟ་བུ་ཞིག་ཏུ་གྱུར་སོང་བ་རེད། དེ་དུས་དཔལ་དགེ་ཚང་དགུང་ལོ་བཅོ་བརྒྱད་བཅུ་དགུ་ཡིན་དུས་རེད། རྗེས་སུ་ཁྱི་རྒན་ཟེར་རྒྱུ་དེ་སྐུ་ཞབས་མཁྱེན་བརྩེ་ཚང་གིས་ཁོང་ལ་གསང་མིང་བཏགས་པ་ཡིན་གསུངས་ནས་གསུང་གི་མཛད་བྱང་འགའ་རེའི་ནང་དུ། ཁྱི་རྒན་མདོ་མེད་ཨ་བུ་ཧྲལ་པོ་ཞེས་གསུངས་ཡོད་ཡིན་ན། དམ་པའི་སྐྱེས་བུ་དང་དམ་པའི་སྐྱེས་བུ་འཕྲད་པ་ན་དེ་འདྲའི་བརྡ་ཙམ་གྱིས་ཀྱང་རྟོགས་པ་འཕོ་བ་ཡིན། ཡིད་ཀྱི་སྒོ་ནས་དམ་བཅུ་བསྲུང་། །བླ་མའི་དཀོར་ལ་བརྣབ་སེམས་བྱེད། །ཡི་དྭགས་གནས་སུ་བསྐལ་བ་གཉིས། །བཀྲེས་སྐོམ་མི་བཟོད་མྱོང་བར་འགྱུར། །ཞེས་བཅུ་ཚན་གསུམ་པ་ནི། ཡིད་ཀྱི་སྒོ་ནས་དམ་ཚིག་རྣམ་པ་བཅུ་སྲུང་དགོས་ཏེ་ཞེས་མདོར་བསྟན། དེ་ནས་བསྲུང་རྒྱུ་བཅུ་བོ་དེ་སོ་སོར་བཤད་པ་ནི། བླ་མའི་དཀོར་ཕྱག་རྫས་དང་ཕྲིན་ལས་ལ་བརྣབ་སེམས་བྱེད་པ་ང་ལ་དེ་གཅིག་ཐོབ་ན་སེམས་པ་ལྟ་བུ། དེ་བྱས་ན་ཡི་དྭགས་ཀྱི་སྐྱེ་གནས་སུ་སྐྱེས་ནས་བསྐལ་བ་གཉིས་ཀྱི་བར་དུ་བཀྲེས་སྐོམ་གྱི་སྡུག་བསྔལ་མི་བཟོད་པ་ཉམས་སུ་མྱོང་བར་འགྱུར་རོ། །བླ་མ་དག་ལ་འགྲན་སེམས་བྱེད། །འཁོར་བའི་གཅོང་རོང་ཐར་མེད་དུ། །ཆོས་སྤྱོད་བརྩོན་ཡང་སྐྱེ་བར་འགྱུར། །ཞེ་འགྲས་པ་ཡི་སེམས་བྱེད་ན། །རལ་གྲིས་གཅོད་པའི་དམྱལ་བར་སྐྱེ། །ཞེས་གང་ཅིའི་ཐད་ནས་བླ་མ་དག་ལ་འགྲན་སེམས་བྱེད་ན། འཁོར་བའི་གཅོང་རོང་ཉམ་ང་བ་ལས་ཐར་མེད་པའི་གནས་སུ། ཆོས་སྤྱོད་གཞན་ལ་བརྩོན་ཁུལ་བྱས་ན་ཡང་ལས་དེའི་སྟོབས་ཀྱིས་སྐྱེ་བར་འགྱུར་བ་དང་། བླ་མའི་ཐུགས་དཀྲུགས་ཤིང་དེ་དང་ཞེ་འགྲས་པ་ཡི་སེམས་བྱེད་ན། རལ་གྲིས་གཅོད་པའི་དམྱལ་བར་སྐྱེ། རྡོ་རྗེ་སློབ་དཔོན་འདོད་ཆགས་ཆེ། །སེམས་ན་ངན་སོང་ཀུན་ཏུ་འཁྱམས། །རྡོ་རྗེ་སློབ་དཔོན་ཞེ་སྡང་ཆེ། །སེམས་ན་དམྱལ་བ་དྲུག་ཅུར་འཚོད། །ཅེས་རྡོ་རྗེ་སློབ་དཔོན་ལ་ཉོན་མོངས་པ་འདོད་ཆགས་ཤས་ཆེའོ་ཞེས་སེམས་པར་བྱེད་ན། ངན་སོང་གི་གནས་ཀུན་ཏུ་འཁྱམ་པར་འགྱུར། ཡང་རྡོ་རྗེ་སློབ་དཔོན་ལ་ཉོན་མོངས་པ་ཞེ་སྡང་ཤས་ཆེ་བར་སེམས་ན། དམྱལ་བའི་གནས་སུ་བསྐལ་པ་དྲུག་ཅུར་སྡུག་བསྔལ་ཞིང་འཚོད་པར་བྱེད། རྡོ་རྗེ་སློབ་དཔོན་འདུ་ཤེས་ཆུང་། །སེམས་ན་ངུ་འབོད་དམྱལ་བར་སྐྱེ། །རྡོ་རྗེ་སློབ་དཔོན་གློད་པ་ཆེ། །སེམས་ན་མནར་མེད་དམྱལ་བར་སྐྱེ། །ཞེས་རྡོ་རྗེ་སློབ་དཔོན་འདི་འདུ་ཤེས་སམ་མིའི་ཐད་ནས་བསྲན་སེམས་ཆུང་ཆུང་བློ་སྣ་ཐུང་བ་ཞིག་ཨེ་རེད་སེམས་ན་ངུ་འབོད་ཀྱི་དམྱལ་བར་སྐྱེ། རྡོ་རྗེ་སློབ་དཔོན་འདི་ལེ་རིང་སྒྱིད་ལུག་གློད་པ་ཆེ་བར་སེམས་ན་མནར་མེད་པའི་དམྱལ་བར་སྐྱེ། རྡོ་རྗེ་སློབ་དཔོན་ང་རྒྱལ་ཆེ། །སེམས་ན་ཁ་འཐབས་གནས་སུ་སྐྱེ། །རྡོ་རྗེ་སློབ་དཔོན་ཁ་ཞན་དུ། །སེམས་ན་བླ་མེད་ལམ་མི་རྙེད། །ཅེས་རྡོ་རྗེ་སློབ་དཔོན་འདི་ང་རྒྱལ་ཆེ་བར་སེམས་ན་ཁ་འཐབས་ཀྱི་དམྱལ་བའི་གནས་སུ་སྐྱེ་ཞིང་། རྡོ་རྗེ་སློབ་དཔོན་ཁ་ཞན་ཉམས་ཆུང་དུ་སེམས་པར་བྱེད་ན་བླ་མེད་ཀྱི་ལམ་མི་རྙེད། རྡོ་རྗེ་སློབ་དཔོན་སྐྱོན་བཞིར་སེམས། །རྟག་ཏུ་བསམ་ངན་མཚང་འབྲུ་བ། །ལྷ་ཀླུ་གདུགས་པས་སྲོག་བཅད་ནས། །མྱུར་དུ་དམྱལ་བའི་གནས་སུ་ལྟུང་། །རྡོ་རྗེ་སློབ་དཔོན་སྐྱོན་བཞིར་ཡོད་པར་སེམས་ཤིང་། སྐྱོན་བཞི་ནི་བླ་མ་འདི་འཇིག་རྟེན་གྱི་བྱ་བ་ལ་མི་མཁས་སྙམ་པ་དང་། རང་བས་ན་ཚོད་གཞོན་སྙམ་པ་དང་། བཟའ་ཚོ་དང་ཉེ་འབྲེལ་ཡིན་སྙམ་པ་དང་། རང་ལས་རིགས་དམན་པ་ཡིན་སྙམ་པའི་ལོག་པའི་འདུ་ཤེས་བཞིའོ། །དུས་རྟག་ཏུ་བླ་མ་ལ་བསམ་ངན་འཆང་བ་དང་མཚང་འབྲུ་བ་དེ་ནི་ལྷ་ཀླུ་གདུག་པ་ཅན་དང་ལྷ་དང་སྲུང་མས་སྲོག་བཅད་ནས། མྱུར་དུ་དམ་ཚིག་ཉམས་པ་དམྱལ་བའི་གནས་སུ་ལྟུང་བར་འགྱུར་རོ། །འདི་ནི་ཐུགས་ཀྱི་དམ་ཚིག་ཡིན། །ཞེས་གོང་དུ་བཤད་པ་འདི་རྣམས་ནི་ཐུགས་ཀྱི་དམ་ཚིག་ཡིན་ནོ་ཞེས་དོན་བསྡུའོ། །དམ་ཚིག་རྣམ་པར་དག་པ་དང་མོས་གུས་མ་འཆུག་ན། རང་དོན་ཡལ་བར་དོར་ཞིང་ཅི་གསུང་བཀའ་བཞིན་སྒྲུབ་པའི་མོས་གུས་ཅན་གྱིས། གསོལ་བ་སྙིང་ནས་ཐང་ལྷོད་མེད་པར་བཏབ་ན་བླ་སློབ་དགོངས་པ་གཅིག་ཏུ་འདྲེས་ནས་མི་གྲོལ་མི་སྲིད་པ་ཡིན་ཏེ། ཅིའི་ཕྱིར་ཞེ་ན། བྱིན་རླབས་དང་དངོས་གྲུབ་ཀྱི་ཉེར་ལེན་དེ་བསྒོམ་བསྲན་ཆེ་ཆུང་ལ་ཐུག་མེད། མོས་གུས་རྣམ་པར་དག་མ་དག་ལ་ཐུག་ཡོད། མན་ངག་རྐྱང་རྐྱང་ལ་ཐུག་མེད། དད་པ་ལ་ཐུག་ཡོད་གསུངས་པ་རེད། དཔེར་ན་སློབ་དཔོན་འཕགས་པ་ལྷས་ངར་སྣབ་འདོར་བ་ཀླུས་བྱང་ཆུབ་ཀྱིས་བླངས་ནས་གསོལ་བས། དེའི་ཐོག་ནས་ས་དང་བོའི་བདེན་པ་མཐོང་བ་རེད། ཀུན་མཁྱེན་འཇིགས་གླིང་གིས་ཀྱང་། རྒྱལ་བ་གཉིས་པ་ཀློང་ཆེན་པའི་གསུང་རབ་ལ་གཟིགས་དུས་དེའི་སྔོན་ན་ཟབ་དང་རྒྱ་ཆེའི་ལམ་དང་འཕྲད་མ་མྱོང་བའི་སྣང་བ་དང་། མོས་གུས་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས་པའི་སྟོབས་ལ་བརྟེན་ནས་ཡེ་ཤེས་ཀྱི་སྐུས་ལན་གསུམ་དུ་རྗེས་སུ་བཟུང་། སླར་ཡང་ཁོང་གིས་སྲོག་འདོར་ནུས་པ་ལྟ་བུའི་མོས་གུས་ཆེན་པོ་སྐྱེས་པའི་སྟོབས་ཀྱིས་སེམས་ཟག་པ་ལས་བཙན་ཐབས་སུ་གྲོལ་ཏེ། དགོངས་བརྒྱུད་ཀྱི་བྱིན་རླབས་འཕོས། རིག་རྩལ་ཆོས་རབ་རྣམ་འབྱེད་ཀྱི་དགོངས་པའི་གཏེར་ཆེན་བརྡོལ། མགྲིན་པའི་རྩ་མདུད་གྲོལ་ཏེ་ཀླུའི་དཀོར་མཛོད་ལྟར་དུ་གྱུར་ནས་ཀློང་ཆེན་དགོངས་པའི་གསུང་རབ་བརྡོལ་བའི་ལོ་རྒྱུས་གསུངས་ཡོད་པ་ལྟ་བུ་ཡིན། ཉམས་ན་གསོ་བའི་ཐབས་ནི། ཉམས་པ་གསོ་ན་མཚན་གྱི་མཐར། །གསོལ་འདེབས་བསྟོད་པ་བྲིས་པ་འབུམ། །བཤགས་པའི་ཚིག་བྲིས་འབུམ་ཐེར་གཞུག །ལོ་ཟླ་དུས་མཆོད་རྒྱུན་དུ་བཟུང་། །གལ་ཏེ་འགལ་ཉམས་འདས་རལ་དུ་གྱུར་བའི་ཉམས་པ་གསོ་བར་འདོད་ན་མཚན་གྱི་མཐར་བླ་མའི་གསོལ་འདེབས་དང་བསྟོད་པ་བྲིས་པ་འབུམ་དང་། བཤགས་པའི་དོན་ཚིག་ཏུ་བྲིས་པ་འབུམ་ཐེར་མཆོད་རྟེན་བཞེངས་ལ་ནང་དུ་གཞུག་ཅིང་། ལོ་དང་ཟླ་བའི་དུས་ཀྱི་མཆོད་པ་མི་གཅད་པར་རྒྱུན་དུ་བཟུང་ན་དག་པར་འགྱུར་བའི་ཐབས་ཡིན་ནོ། །ཞེས་གསུངས་སོ། །བླ་མའི་མདུན་ན་བླ་མ་བསླུ་བའི་བསམ་པས་བླ་མ་དབུ་གཡོག་ན། དམ་པ་ཐམས་ཅད་ངོ་བོ་གཅིག་ཡིན་པས་ས་སྟེང་གི་དམ་པ་ཐམས་ཅད་བསླུས་པའི་ཉེས་པ་འབྱུང་གསུངས་ཡོད་པ་རེད། དང་པོ་བླ་མ་བསྟེན་དུས་ཨ་གསར་འདྲ་བྱེད། སྐབས་ཤིག་གི་རིང་ལ་མོས་གུས་དང་བསྙེན་བཀུར་ཆེན་པོར་བྱེད་ལོ་བྱས། ཡུན་རིང་མ་འགོར་བར་མཉམ་འགྲོགས་ཀྱི་བདུད་དུ་ཁྱེར་ནས་མ་གུས་པ་ཇེ་ཆེ་ཇེ་ཆེ་དང་། དག་སྣང་མོས་གུས་ཇེ་འགྲིབ་ཏུ་སོང་དུས། རང་དང་བླ་མ་གཉིས་མི་ཡིན་ལུགས་འདྲ་འདྲ་དང་། འགྲོ་འཆག་ཉལ་འདུག་ཟས་གོས་སྤྱོད་ལམ་ཚང་མ་གཅིག་པ་རེད་བསམ་ནས། སྤྱོད་ཡུལ་མཉམ་པ་ཙམ་དུ་མཐོང་བ་རེད། དེ་འདྲ་བ་དེ་བླ་མའི་མདུན་ན་ཇི་ཙམ་བསྡད། ཆོས་ཇི་ཙམ་ཐོབ་ཀྱང་ཡོན་ཏན་གྱི་ཆ་ཤས་ཙམ་ཞིག་རང་རྒྱུད་ལ་འགོས་འོང་རྒྱུ་ཞིག་མེད་ལ། དེའི་མིང་ལ་ཡིད་བཞིན་གྱི་ནོར་བུ་འུར་རྡོར་འཕེན་པའི་གང་ཟག་ཟེར་བ་རེད། དེ་ལྟ་བུའི་ཐར་པའི་ལས་འཕྲོ་དགེ་བའི་བཤེས་གཉེན་གྱི་མདུན་ན་ནུབ་པར་འགྱུར་པ་དེ་ནི། ཆོས་ཀྱི་ཉི་མ་རང་མགོ་ནས་ནུབ་ཟེར་རྒྱུ་བོ་དེ་ལ་གསུངས་ཀྱིན་ཡོད་ནི་རེད། དེས་ན་བློ་དང་ལྡན་པ་ཐམས་ཅད་ཀྱིས་བླ་མ་བསྟེན་དུས་བླ་མའི་དྲུང་དུ་བག་ཡོད་བསྟེན་དགོས། བག་ཡོད་བསྟེན་རྒྱུ་དེ་ཇི་འདྲ་ཡིན་ན། གུས་བཅས་ཞེ་ས་འཇིགས་པ་དང་བཅས་པའི་སེམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བླ་མ་ལ་ཅི་མི་སྙམ་པའི་སེམས་ལས་ལྡོག་ཏེ་བསྟེན་ན། བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་མ་ཟད་མྱ་ངན་ལས་འདས་པའི་རྒྱུར་ཡང་འགྱུར་བ་རེད། དེས་ན་དགེ་སློང་གསར་པ་ཕམ་ལྟུང་ལ་འཇིགས་པ་བཞིན་ཞེས་དཔེར་བཞག་ཡོད་པས། སྒེག་ཆོས་དང་རྒྱན་དང་མཚོན་ཆ་ཐོགས་པ་སོགས་མ་གུས་པ་ཐམས་ཅད་སྤངས་པའི་ཐོག་སྒོ་གསུམ་གྱི་ཉེས་སྤྱོད་ཐམས་ཅད་བསྡམ་དགོས། འཕགས་པ་དཀོན་མཆོག་སྤྲིན་ལས། དགེ་བའི་བཤེས་གཉེན་ལ་སྟོན་པའི་འདུ་ཤེས་བསྐྱེད་དེ་མཐོང་ན་དགའ་བ་དང་ཡི་རངས་པར་བསྐྱེད་དོ། ཞེས་གསུངས་སོ། དེ་བཞིན་དུ་བླ་མའི་བཀའ་ཡིས་གཞན་དོན་འདི་ལྟར་གྱིས་ཞེས་གནང་བ་མ་ཐོབ་ཀྱི་བར་དུ་ལུང་དང་རྟོགས་པའི་ཡོན་ཏན་གྱིས་ཆོས་བཤད་པས་གཞན་དོན་བྱེད་པའི་ནུས་པ་མངའ་བ་ཡིན་ནའང་། སྨོན་པའི་ཡུལ་དུ་བྱ་བ་ཙམ་ལས་འཇུག་པས་དངོས་སུ་མི་བྱ་སྟེ། རྫོགས་པ་ཆེན་པོའི་རང་བྱུང་རང་ཤར་གྱི་རྒྱུད་དེ་ཉིད་ལས། གཞན་ཡང་རྡོ་རྗེ་སློབ་དཔོན་གྱི། །བྱ་བའི་ལས་རྣམས་སློབ་མས་མིན། །བླ་མའི་སློབ་བུ་སློབ་མ་རུ། །བཅུག་ན་སྐྱབས་མེད་དམྱལ་བར་ལྟུང་། །ཞེས་བསྲུང་བྱ་གཞན་ཡང་རྡོ་རྗེ་སློབ་དཔོན་གྱི་བགྱི་བར་འོས་པའི་བྱ་བ་རྣམས་སློབ་མས་བྱེད་རུང་བ་མིན་ལ། བླ་མའི་སློབ་མ་རང་ཉིད་ཀྱི་སློབ་མ་རུ་བྱེད་དུ་བཅུག་ན་སྐྱབས་མེད་པའི་དམྱལ་བར་ལྟུང་བ་ཡིན། རྡོ་རྗེ་སློབ་དཔོན་ཆོས་ཀྱི་རྒྱལ། །རྒྱལ་པོའི་བྱ་བ་མངའ་ཐང་སྐྱོང་། །དེ་བཞིན་ཆོས་ཀྱི་རྩ་བ་དྲུག །ཅེས་རྡོ་རྗེ་སློབ་དཔོན་ནི་ཆོས་ཀྱི་རྒྱལ་པོ་ཡིན་ལ། རྒྱལ་པོ་དེའི་བྱ་བ་མངའ་ཐང་རང་ཉིད་ཀྱིས་སྐྱོང་དགོས། དེ་བཞིན་དུ་རྡོ་རྗེ་སློབ་དཔོན་གྱི་ཆོས་ཀྱི་རྒྱལ་སྲིད་བསྐྱང་བར་བྱ་བའི་ཆོས་ཀྱི་རྩ་བ་དྲུག་སྟེ། ཐེག་པ་འོག་མའི་རྩ་བ་གཉིས། སེམས་བསྐྱེད་པ་དང་སྡོམ་པ་འབོགས། ཐེག་པ་གོང་མའི་རྩ་བ་གཉིས། དབང་བསྐུར་བ་དང་ངོ་སྤྲོད་གཉིས། ཐེག་པ་ཐུན་མོང་རྩ་བ་གཉིས་ཏེ། རབ་ཏུ་གནས་པ་དང་ཨརྒྷ་སྤོར་ཆོག་སོགས་ཀྱིས་གནས་སྤོར་བའོ། །རྡོ་རྗེ་སློབ་དཔོན་རྒྱལ་པོ་ཡི། མངའ་ཐང་སྐྱོང་བའི་ཆོས་ཡིན་པས། །ཕྱོགས་བཞིར་དཔག་ཚད་བཅུ་གཉིས་ཏེ། །མ་འདས་བར་ལ་རྩ་བ་དྲུག །དེ་ཡི་སློབ་མས་བསྙེན་པ་ན། །བསྐལ་པ་དྲུག་ཅུ་རྩ་བརྒྱད་དུ། །རི་རབ་ཆེན་པོའི་འོག་ཏུ་སྐྱེ། །ཞེས་གོང་དུ་བཤད་པའི་བྱ་བ་དེ་རྣམས་རྡོ་རྗེ་སློབ་དཔོན་ཆོས་ཀྱི་རྒྱལ་པོ་ཡི་ཆོས་ཀྱི་མངའ་ཐང་སྐྱོང་བའི་ཆོས་ཀྱི་གནས་ཡིན་པས། དེའི་མཐའ་སྐོར་གྱི་ཕྱོགས་བཞིར་དཔག་ཚད་བཅུ་གཉིས་མ་འདས་བར་ལ་གསུངས་ན། དཔག་ཚད་བཅུ་གཉིས་ཀྱི་ཕན་ལ་བླ་མའི་མཛད་པས་ཁྱབ་མེད་ན། རྩ་བ་དྲུག་བླ་མ་དེ་ཡི་སློབ་མས་བླ་མའི་བྱ་བ་བསྙེན་པའམ་བྱེད་ན། དུས་བསྐལ་པ་དྲུག་ཅུ་རྩ་བརྒྱད་དུ། རི་རབ་ཆེན་པོའི་འོག་ཏུ་དམྱལ་བར་སྐྱེ་བ་ཡིན་ཏེ། ཅི་ཕྱིར་ཞེ་ན་རྒྱལ་པོ་ཡི། །རྒྱལ་སྲིད་འབངས་ཀྱིས་འཕྲོག་པ་ལྟར། །བླ་མའི་ཡོན་ཏན་སློབ་བུས་བསྣུབས། །དེ་ཡི་ཕྱི་མ་དམྱལ་བ་ལས། །འགྲོ་ས་མེད་པར་ང་ཡིས་བཤད། །ཅེས་བླ་མའི་ཕྲིན་ལས་ཀྱིས་ཁྱབ་པའི་གནས་སུ། སློབ་མ་དེས་བྱ་བ་བྱ་མི་རུང་བ་དང་། བྱས་ན་ཉེས་པ་དེ་ལྟར་འབྱུང་བའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། དཔེར་ན་རྒྱལ་པོ་རྩིས་མེད་དུ་བསྐྱུར་ནས་རྒྱལ་པོའི་རྒྱལ་སྲིད་འབངས་ཀྱིས་འཕྲོག་པ་ལྟར། ཐེག་པ་འོག་མའི་རྩ་བ་སྡོམ་པ་འབོགས་པ་དང་ཆོས་བཤད་པ་དང་། གོང་མའི་དབང་བསྐུར་བ་དང་ངོ་སྤྲད་པ་དང་། རབ་ཏུ་གནས་པ་སོགས་ནི་མཁན་པོ་དང་རྡོ་རྗེ་སློབ་དཔོན་གྱི་བྱ་བ་ཡིན་པས། དེ་གནང་བ་མ་ཐོབ་བཞིན་དུ་བྱེད་མི་རུང་ལ། གཞན་དོན་མ་རན་པར་བབ་ཅོལ་བདུད་ཀྱི་ལས་ཡིན་པས། དེ་ལྟར་བྱས་ན་བླ་མའི་ཡོན་ཏན་སློབ་བུས་བསྣུབས་པ་ཡིན་པའི་ཕྱིར་ན། དེ་འདྲའི་སློབ་མ་དེ་ཡི་ཕྱི་མ་དམྱལ་བ་ལས་འགྲོ་ས་གཞན་མེད་པར་ཀུན་ཏུ་བཟང་པོ་ང་ཡིས་རྒྱུད་རང་བྱུང་རང་ཤར་འདིར་བཤད། དཔག་ཚད་བཅུ་གཉིས་ཕར་ཚད་དུ། །སློབ་དཔོན་དེ་ཡིས་མ་ཁྱབ་ན། །རྒྱལ་ཚབ་བསྐོས་ལ་གནང་བ་བྱིན། །དེ་ཡང་ལོ་ཡི་དུས་སུ་མཇལ། །མཉེས་པའི་ལོངས་སྤྱོད་དད་པས་འབུལ། །ཞེས་གལ་ཏེ་དཔག་ཚད་བཅུ་གཉིས་ལས་འདས་པའི་ཕར་ཚད་དུ། སློབ་དཔོན་དེ་ཡི་མཛད་པ་ཕྲིན་ལས་ཀྱིས་མ་ཁྱབ་ན། བླ་མས་སློབ་མ་རྒྱལ་ཚབ་ཏུ་བསྐོས་ལ་གནང་བ་བྱིན་ན་ཆོག དེ་ཡང་ལོ་རེ་རེའི་དུས་མཚམས་སུ་བླ་མར་མཇལ་ཞིང་ཐུགས་མཉེས་པའི་ལོངས་སྤྱོད་དད་པས་འབུལ་དགོས་ཞེས་གསུངས་པ་དང་། སྤྱིར་ན་རང་གི་ཆ་ནས་ཉེས་པ་མེད་ཀྱང་གཞན་དག་བླ་མ་ལ་བསྐུར་བ་འདེབས་ཤིང་། ལོག་པར་ལྟ་བ་དེ་དག་ལ་འདྲིས་ཤིང་འགྲོགས་ནས་དེ་ལ་མཐུན་གྲོགས་སྙིང་ཉེ་སར་བྱེད། བླ་མའི་སྐུ་དགྲ་ཡིན་བཞིན་དུ། རང་ཉིད་ཀྱི་གྲོགས་སུ་བཟུང་ན། ཕ་རོལ་པོ་དེ་ལོག་པའི་བློ་ཅན། གཡང་སའི་སྣ་འདྲེན། ངན་སོང་གི་ལམ་རྒྱུས་མཁན་ཡིན་པའི་སྟོབས་ཀྱིས་སྡིག་པའི་གཞན་དབང་ནི་ནུས་པ་ཚད་མེད་པས་། ཇི་ལྟར་འདྲིས་ཤིང་བཤེས་པ་དེ་ཙམ་དུ་རང་ཉིད་ཀྱི་དགེ་བ་མར་འགྲིབ་ཅིང་། དམ་ཚིག་ཉམས་པ་དང་ཉོན་མོངས་པའི་ཆར་རྒྱུན་མི་ཆད་པར་འབབ་པ་ཡིན། རྡོ་རྗེ་སློབ་དཔོན་གྱི་སྐུ་དགྲ་སྔགས་ཀྱི་སྐབས་སུ་བསྒྲལ་བའི་ཞིང་དུ་གྱུར་པ་ནུས་བཞིན་དུ་མ་བསྒྲལ་ན་རྩ་ལྟུང་ཡིན་ཡང་། དེ་ཙམ་དུ་མ་ནུས་ནའང་ཐབས་དང་ནུས་པ་གང་ཡོད་ཀྱིས་དེའི་མ་དད་པ་ལྡོག་ཨེ་ནུས་བལྟས་ན། དེའི་བསོད་ནམས་མ་ཡིན་པའི་ལས་རྒྱུན་ཆད་པའང་སྲིད་པ་རེད། རྒྱལ་པོ་མ་སྐྱེས་དགྲ་ལ་རྒྱལ་ཕྲན་རྣམས་ཀྱིས་རུབས་ནས་དམག་དྲངས་པ་ན་མ་བཙུན་མོ་ལུས་འཕགས་མོས། ཁྱོད་ཀྱིས་དེ་བཞིན་གཤེགས་པ་ལ་བསོད་ནམས་མ་ཡིན་པའི་ལས་བྱས་པས་འདི་བྱུང་བ་རེད་གསུངས་པས་མཚང་ལ་རྒོལ་བས་དེ་ལ་ཕན་ཐོགས་པའི་ལོ་རྒྱུས་ཡོད་པ་བཞིན་རེད། རྒྱུད་དོན་མདོར་བསྡུས་ལས་ཀྱང་། རང་ཉིད་ཡོན་ཏན་བསམ་ཡས་ཀྱང་། །བླ་མས་རྗེས་སུ་མ་གནང་ན། །ཁ་རོག་འདུག་ལ་མཁས་པ་དང་། །གྲུབ་པའི་སྤྱོད་པ་ཐམས་ཅད་སྤངས། །ཞེས་རང་ཉིད་ལ་ཐོས་བསམ་གྱི་ཡོན་ཏན་བསམ་ཡུལ་ལས་འདས་པ་ཡོད་ཀྱང་། བླ་མ་དམ་པ་མཆོག་གི་བཀའི་རྗེས་སུ་མ་གནང་ན། འགྲོ་དོན་སྐྱོང་བ་སོགས་བླ་མའི་བྱ་བ་མི་བྱེད་པར་ཁ་རོག་འདུག་པ་ལ་མཁས་པར་བྱ་བ་དང་། གྲུབ་རྟགས་སྟོན་རྒྱུ་ཡོད་ཀྱང་གྲུབ་པའི་སྤྱོད་པ་ཐམས་ཅད་སྤངས་ལ། ལོངས་སྤྱོད་ལྡན་ཞིང་ཕུན་ཚོགས་ཀྱང་། །ལྟོ་གོས་སྤོང་ཞིང་སྡུག་སྲན་གྱིས། །དམའ་ས་བཟུང་ལ་སྒེག་ཆོས་སྤོང་། གསུང་ཡང་དེ་ཉིད་དོན་བཞིན་བསྒྲུབ། །ཅེས་ལོངས་སྤྱོད་དང་འབྱོར་བ་ལྡན་ཞིང་ཐམས་ཅད་ཕུན་སུམ་ཚོགས་ཀྱང་། ལྟོ་གོས་རྒྱས་སྤྲོས་བྱེད་པ་སོགས་སྤངས་ལ། འཚོ་བ་ངན་ངོན་ཙམ་གྱིས་ཆོག་ཤེས་པར་བྱ་ཞིང་། དཀའ་སྡུག་ངལ་ཚེགས་ལ་བཟོད་བསྲན་གྱིས། དམན་ས་གོང་མའི་གདན་ས་ཡིན་ཞེས་པ་ལྟར། དམན་ས་བཟུང་ལ་སྒེག་ཆོས་མཆོར་ཉམས་སོགས་སྤོང་དགོས། བླ་མའི་གསུང་ཅི་ཞིག་ཡིན་ཡང་ཇི་ལྟར་གསུངས་པ་དེ་ཉིད་དོན་བཞིན་བསྒྲུབ་དགོས་སོ། ཞེས་གསུངས་སོ།། ཡོན་ཏན་མཛོད་ལས། འགྲོགས་པར་བདེ་བ་སྐ་རགས་ལྟ་བུ་དང་། འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང་། བཟོད་བསྲན་ཆེ་བ་ཀ་བ་ལྟ་བུ་ཡིས། བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། ཞེས་གསུངས་པ་ལྟར། བླ་མ་མི་ཚད་བླ་མའི་འཁོར་དང། སྐུའི་ཞབས་འབྲིང་སོགས་ཐུགས་འདུན་ཆེ་བ་སོགས་ལ་འགལ་བར་སྤྱོད་མི་རུང། དེ་དག་ཐམས་ཅད་ལ་དཀའ་ལས་མི་བཀོལ་བར་འཕྲོད་པ་དང་འགྲོགས་པར་བདེ་བ་སྐ་རགས་ལྟ་བུ། ཆེ་ཆུང་མཐོ་དམན་ཐམས་ཅད་ལ་འཕྲོད་ཅིང་མཛའ་བས་འཇུག་པར་བདེ་བ་ལན་ཚྭ་ལྟ་བུ་དང་། ཡང་སྣབ་འདྲ་འདྲ་སུ་ལ་ཐུག་ན་འབྱར་འགྲོ་བ་ལ་ཟེར་བ་མ་ཡིན། སྐྱོ་སུན་དང་ལོག་སྒྲུབ་བཟང་ངན་སྐྱིད་སྡུག་ཐམས་ཅད་ལ་བཟོད་བསྲན་ཆེ་བ་ཀ་བ་ལྟ་བུ། བླ་མ་དང་དེའི་ཉེ་འཁོར་སུ་དང་འགྲོགས་ན་དགའ་ཞིང་ལོག་སྒྲུབ་དང་སུན་སྣང་མི་སྟེར་བར། དག་སྣང་དང་བརྩེ་དུང་གིས་བླ་མའི་འཁོར་དང་རྡོ་རྗེའི་སྤུན་ལ་བསྙེན། བླ་མའི་ཞབས་ཏོག་བཟའ་བཏུང་གི་གཡོས། མགྲོན་པོའི་གཉེར་ལ་སོགས་ཁུར་ཅི་བཀལ་ན་ཐམས་ཅད་འཁུར་ཞིང་། འཁོར་སུན་འབྱིན་དང་བརྣབ་སེམས་སྤང་དགོས། གལ་ཏེ་བླ་མས་འདི་ལྟར་གྱིས་ཞེས་བཀའ་གནང་ན། འཇིག་རྟེན་གྱི་སྣང་ངོར་མི་རིགས་པ་ལྟར་སྣང་བའི་རྐུ་འཕྲོག་སོགས་ངན་སྤྱོད་མི་རུང་བ་ཡང་བསྒྲུབ་དགོས་ཏེ། རང་བྱུང་གི་རྒྱུད་ལས། ཁྱོད་ཀྱིས་བརྐུས་འཕྲོག་དམག་འཁྱེར་དང་། །བརྡུང་བཙོག་གཞན་བརྙས་སྨྱོན་བཅོས་དང་། །ཁྲེལ་མེད་ངོ་ཚ་མེད་པའི་ལས། །བྱ་རུ་མི་རུང་སྣ་ཚོགས་པ། །གྱིས་ཞེས་བཀའ་བསྩལ་ལུང་བཞིན་བསྒྲུབ། །ཅེས་བླ་མས་ཁྱོད་ཀྱིས་གཞན་གྱི་ནོར་རྫས་ལྐོག་ནས་བརྐུས་ཤོག རྒྱུ་འདི་ཨེ་ལོན་ལྟོས་འཕྲོག་ཤོག གཡུལ་གྱིས་དཔུང་བསྡུས་ཏེ་དམག་བརྒྱབ་ནས་འཁྱེར་ཤོག ལུས་ཀྱིས་བརྡུང་བཙོག་སོགས་གཞན་ལ་བརྙས་བཅོས་དང་། གླེང་འདེབས་པའམ་སྒྲོ་བཀུར་སྨྱོན་བཅོས་དང་། གཞན་ངོ་ལ་ལྟོས་པའི་ཁྲེལ་མེད་པ་དང་། རང་ངོ་ལ་ལྟོས་པའི་ངོ་ཚ་མེད་པའི་ལས། མདོར་ན་བྱ་མི་རུང་བའི་ལས་སྣ་ཚོགས་པ་བླ་མས་འདི་གྱིས་ཞེས་བཀའ་སྩལ་ཡོང་ན་བླ་མའི་བཀའ་ལུང་བཞིན་བསྒྲུབ་དགོས། ལས་ཀ་ཚོང་ཁེ་བག་མ་ལེན། །ཕྲག་དོག་འཐབ་འཛིང་ཞིང་གཞིས་དང་། །བེའུ་ལུག་སྤེལ་ཞེས་བཀའ་སྩལ་ཡང་། །ཐེ་ཚོམ་མེད་པར་གསུང་བཞིན་བསྒྲུབ། །ཅེས་ལས་ཀ་དང་ཚོང་ཁེ་སྤོགས་གཉེན་སྒྲིག་བག་མ་ལེན་རྒྱུ་དང་། གཞན་ལ་ཕྲག་དོག་དང་། དེ་ལ་བརྟེན་པའི་འཐབ་འཛིང་བྱ་རྒྱུ། ཞིང་གི་སོ་ནམ། གཞིས་ཀ་སྐྱོང་བ་དང་། བེའུ་ལུག་གསོ་སྐྱོང་སྤེལ་བ་སོགས་བྱ་དགོས་ཞེས་བཀའ་སྩལ་བ་ལ་ཡང་། དེ་ཨེ་རུང་སྙམ་པའི་ཐེ་ཚོམ་ཙམ་ཡང་མེད་པར་ཇི་ལྟར་གསུངས་བཞིན་དེ་ལྟར་སྒྲུབ་དགོས་ཞེས་གསུངས་སོ། །ལྟར་སྣང་ལ་བཟང་ངན་གང་ཡིན་ཡང་བླ་མའི་མཛད་པ་རེད། གཅིག་ལོས་ཡིན་བསམ་ནས་དང་དུ་བླང་དགོས་ཏེ། བླ་མ་བརྟགས་ནས་བསྟེན་ཚར་བའི་ཕྱིར་རོ། གང་ཟག་ཐོས་པ་ཉུང་ཞིང་རྣམ་རྟོག་གི་སྤྲོས་པ་མ་ཆོད་པའི་རྟོག་པ་ཅན་ཁ་ཅིག་གིས་བསམ་ན། དེ་ལྟར་སློབ་ན་བླ་མ་མི་དགོས་སུས་གསུངས་ན་མི་རུང་སྟེ། བཤེས་གཉེན་ཚུལ་ལྡན་དུ་མི་འགྱུར་རམ་ལུགས་མཐུན་མ་ཡིན་པས་སོ་སྙམ་ན། དེ་ལྟར་མི་རུང་བ་མ་ཡིན་ཏེ། དེ་ནི་རང་ལ་ཐུག་པ་རེད། དང་པོ་བླ་མ་མ་བསྟེན་པའི་གོང་ནས་བསམ་བློ་གཏོང་དགོས་ཏེ། བླ་མའི་མཚན་ཉིད་ཀྱང་རྒྱུད་སྡེ་ནས་གསུངས་པ་ལྟར་དུ་མཚན་ཉིད་ཚང་བ་ཞིག་བཙལ་དགོས་པ་ལས། འདོད་ཁ་དང་ཉོན་མོངས་གང་ཆེ་གྲགས་སྐམ་སྙན་པ་ཙམ་གྱིས་གཞན་གྱི་རྗེས་སུ་ཕྱོགས་ནས་འཚོལ་མ་ཉེས་པ་དགོས་ཏེ། བཀའ་བརྒྱད་ཡོངས་འདུས་ལས། ཕྱི་མར་གྱུར་པའི་དུས་ཀྱི་ཚེ། །བསོད་ནམས་དམན་པའི་སེམས་ཅན་གྱིས། །དམ་པ་རྙེད་པར་མི་འགྱུར་ཞིང་། །ཚུལ་མིན་སློབ་དཔོན་ནག་པོའི་བདུད། །འབྱུང་བར་འགྱུར་གྱི་དེ་བས་ན། །ནོར་བ་སྤང་བ་ཉིད་དུ་བྱ། །ཕྱི་མར་གྱུར་པ་མ་འོངས་སྙིགས་མ་ལྔ་བདོ་བའི་དུས་ཀྱི་ཚེ་ན། ལས་དང་བསོད་ནམས་དམན་པའི་སེམས་ཅན་གྱིས་བླ་མ་དགེ་བའི་བཤེས་གཉེན་ཚད་དང་ལྡན་པའི་དམ་པ་རྙེད་པར་མི་འགྱུར་ཞིང་། ཚུལ་དང་མཐུན་པ་མིན་པའི་གང་ཟག སློབ་དཔོན་གྱི་མིང་ཐོགས་པའི་ནག་པོའི་བདུད་བླ་མར་བརྫུས་པས་བསླུས་ནས་མ་རུངས་པར་བྱེད་པར་འགྱུར་གྱི། རྒྱུ་མཚན་དེ་བས་ན། ཤེས་ལྡན་དག་གིས་རྒྱུད་ལུང་དཔང་པོར་བཞག་སྟེ་ལམ་སྟོན་བཟང་པོ་ཚོལ་ལ་ནོར་བ་སྤང་བ་ཉིད་དུ་བྱ་བ་ཐོག་མར་ཉིད་ནས་གལ་ཆེན་འཛིན་པ་གནད་ཡིན། ཞེས་གསུངས་ལ། དེ་ལྟར་དང་པོ་ནས་ནོར་སོང་ནས་བསྟེན་ཉེས་པ་མིན་ཕྱིན་ཆད་མཚན་ཉིད་ཚང་བའི་བླ་མ་དེ་ཉིད་ཆ་ལུགས་དང་ལྟར་སྣང་ཇི་ལྟར་སྣང་ཡང་སྐྱེས་བུ་དམ་པ་ཡིན་པར་ངེས་ལ། དེས་ལོག་པའི་སྤྱོད་པ་མི་སློབ་ཅིང་། གལ་ཏེ་སློབ་པ་ལྟར་སྣང་ན་རང་རྒྱུད་གདུལ་བའི་ཕྱིར་ངེས་པར་དགོངས་པ་ཅན་གྱིས་སློབ་པ་ཡིན་པའི་ཕྱིར། པཎ་ཆེན་ནཱ་རོ་པས་ཏེ་ལོ་པའི་ཞབས་པད་བསྟེན་པ་བཞིན་སུན་པ་དང་ཐེ་ཚོམ་མེད་པར་དེའི་བཀའ་བཞིན་དུ་བྱ་དགོས་པ་ཉིད་དོ། མདོར་ན་བླ་མ་ལ་དད་པ་ཕྱིར་མི་ལྡོག་པ་ཞིག་ཡོད་པའི་ཐད་ནས་ཅི་འདྲ་ཞིག་དགོས་ན། ཞལ་མཐོང་མ་ཐག་སྣང་བ་འགྱུར་ནུས་པ་དང་། ཕྱག་མགོར་བཞག་པ་ན་དད་པའི་སྟོབས་ཀྱིས་ལུས་ཀྱི་བ་སྤུ་གཡོ་བ་ཞིག་དགོས་པ་བཤད་རྒྱུ་མེད་པ་དང་། དེ་མ་ཟད་བླ་མའི་མཚན་ཐོས་པ་དང་ཡིད་ལ་ནམ་དྲན་དང་། རྨི་ལམ་གྱི་ནང་དུ་མཇལ་བ་ཙམ་གྱིས་རང་རྒྱུད་ཐ་མལ་དུ་མ་སོང་བར། བདེ་ཡལ་ལེ། ཡངས་སང་ངེ་། འཛིན་རྟོག་གི་སྤྲོས་པ་དབྱིངས་སུ་ནུབ་སྟེ་ཏིང་ངེ་འཛིན་གྱི་ངང་དུ་གནས་འགྲོ་བ་དེ་འདྲའི་ཚད་ལ་ཐོན་དུས་ད་གཟོད་དབང་དང་བྱིན་རླབས་རྒྱུད་ལ་འཇུག་པའི་དུས་ཡིན། དེ་འདྲའི་དད་པ་དང་མོས་གུས་ལ་འགྱུར་བ་མེད་དུས་མན་ངག་ཁྱད་པར་ཅན་ལ་ཉམས་ལེན་བྱས་ན། དགོངས་རྒྱུད་ཀྱི་རྟོགས་པ་འཕོ་བའི་རེ་བ་ཡོད་ས་ལ་ཐུག་ནི་རེད། རྗེ་མི་ལས། བྲག་དཀར་རྟ་སོ་དབུ་མའི་རྫོང་། །དབུ་མ་རྫོང་གི་རྫོང་སྟོད་ན། །བོད་ཀྱི་རྣལ་འབྱོར་རས་པ་ང་། །སྐྱོ་ཆད་དེ་ལ་སངས་རྒྱུ་མེད། །བླ་མ་དུས་གསུམ་གྱི་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་ཟད་དུས་མེད། །ཅེས་གསུངས་པ་ལྟར། ནམ་ཡང་བླ་མ་དང་འབྲལ་བ་ཡོད་པ་མ་རེད། དེ་ལྟ་བུའི་སྐབས་སུ་ཚེ་དུས་བྱས་ནས་འཇིག་རྟེན་ཕ་རོལ་དུ་སོང་ན་ཡང་། བར་དོར་བླ་མ་དང་མཇལ་ནས་ལམ་སྣ་འདྲེན་རྒྱུ་ལ་ཐེ་ཚོམ་མི་དགོས། དེའི་ཕྱིར་རྒྱུ་མཚན་དང་དགོས་པ་དེ་དག་རིག་པ་ལྟར་བླ་མའི་བཀའ་ཡིས་རྗེས་སུ་གནང་ན་ནི་གང་ཞིག་ཡིན་རུང་ཤིན་ཏུའང་བསྒྲུབ་པར་བྱ་དགོས་པ་ཡིན་ཏེ། བླ་མ་ལ་གུས་པ་བྱེད་རྒྱུ་དེ་འཇིག་རྟེན་ན་མི་སྣ་གྲགས་ཅན་དང་ཐུག་སོང་བ་དང་། འབངས་ཀྱིས་དཔོན་པོ་ལ་གུས་བཀུར་བྱེད་དགོས་པ་ལྟ་བུར་བསམ་བློ་གཏོང་མི་ཉན། བླ་མ་ལ་དད་ཅིང་གུས་པ་དང་ཞབས་ཞུ་བྱ་རྒྱུ་དེ་རང་གི་དོན་ཡིན་ཏེ། བླ་མ་ཕར་སྐྱེལ་ཚུར་བསུ་བྱས་པས། ཕྱག་ཞབས་འཁོར་ལོའི་མཚན་བཟང་ཐོབ་པར་གསུངས་པ་ལྟ་བུ་དེ་འདྲའི་ཕན་ཡོན་ཆེན་པོ་ཐོབ་པས་སོ། དེས་ན་དད་པས་བླ་མ་ལ་བཀུར་བསྟི་བྱ་རྒྱུ་བདག་རང་གི་དོན་ཁོ་ན་ཡིན་གྱི། བླ་མ་ལ་ལྟོས་པའི་དོན་ཞིག་མིན། རྒྱུ་མཚན་དེས་ན་དད་གུས་ལ་ལྟེམ་རྐྱང་དང་ཐང་ལྷོད་མེད་པ་ཞིག་གིས། ཐར་པ་དང་ཐམས་ཅད་མཁྱེན་པ་ཁོ་ན་ཡིད་ལ་བྱེད་པས་བླ་མར་བྱ་བ་དང་། རིམ་གྲོ་བྱ་བ། སྲི་ཞུ་དང་བསྟི་སྟངས་བྱ་བ། མཆོད་པ་དང་། བསྟོད་པ་བརྗོད་པ་སོགས་མདོར་ན་ཐུགས་མཉེས་པའི་མཆོད་པ་ཐམས་ཅད་ཀྱིས་མཆོད་དགོས་ལ། ཕྱག་དང་བསྐོར་བ། སྤོས་དང་མེ་ཏོག་མར་མེ་ལ་སོགས་པའི་ཕྱིའི་མཆོད་པ་དང་། ཚོགས་ཀྱི་འཁོར་ལོ་ལ་སོགས་པ་ནང་གི་མཆོད་པ། ཉམས་རྟོགས་ཏིང་འཛིན་དང་ཤེས་རབ་ཀྱི་རྩལ་ཁ། བསྟན་བཅོས་རྩོམ་པ་སོགས་དོན་གྱི་མཆོད་པ། དེའི་ཐོག་ཏུ་བླ་མའི་སྐུ་དགྲ་འདུལ་རྒྱུ་དང་། མེ་ཆུ་དུག་མཚོན་ལ་སོགས་པའི་བར་ཆད་སྲུང་བ། གཟིམ་ཁང་ལ་བྱི་དོར་བྱ་བ་དང་། གཟིམ་མལ་ཉེར་སྤྱད་ལ་གཙང་སྦྲ་བྱེད་རྒྱུ། ཆོས་ར་ཆོས་ཁྲི་གཙང་མར་བྱ་བ། ཡོལ་བ་བླ་རེ་འཕན་གདུགས་བརྒྱན་པ་ལ་སོགས་མཆོད་རྫས་ཉེར་སྤྱད་མཆོད་བཤམ་བྱ་རྒྱུ། བླ་མ་ཕར་བསྐྱལ་ཚུར་བསུ་སྤོས་ཀྱིས་སྣ་འདྲེན་བྱེད་པ། མཚན་མོ་ཉལ་དུས་བླ་མ་ཡོད་སའི་ཕྱོགས་སུ་སྔས་བསྟན་པ། བཟའ་བཏུང་བྱས་ན་ཕུད་འབུལ་བ་དང་། གོས་གསར་པ་ཞིག་གྱོན་ནའང་བླ་མར་འབུལ་བར་བསམ་ནས་དེའི་ཕྱོགས་གཡུག་ཙམ་བྱེད་ན་བསོད་ནམས་ཆེན་པོ་ཡོད་པར་གསུངས་ཡོད། བླ་མའི་མཚན་ནས་བརྗོད་ན་དོན་གྱི་སླད་དུ་མཚན་ནས་སྨོས་ན་ཞེས་འབྲེལ་བསྔགས་བརྗོད་ཅན་སྦྱར་དགོས་ཞེས་གསུངས་སོ། །དེ་ཐམས་ཅད་རང་ཉིད་ཀྱི་བསོད་ནམས་གསོག་བྱེད་ཀྱི་མཐུན་རྐྱེན་རང་གིས་སྒྲུབ་པ་རེད། རྒྱུད་དེ་ཉིད་ལས། བླ་མའི་ཞབས་ཏོག་ཆོས་བཤད་དང་། །སྡོམ་པ་འབོག་ཅིང་སྡེ་དགོན་བཟུང་། །འཁོར་དང་སློབ་མ་ཚོགས་སུ་བསྡུས། །འགྲོ་ཕན་སྐྱིད་སྡུག་རོ་མཉམ་གྱིས། །ཞེས་ཚེ་གཅིག་ལ་བླ་མའི་ཞབས་ཏོག་གྱིས་གསུང་ན་དེ་ལྟར་བསྒྲུབ་རྒྱུ་དང་། ཡང་གཞན་ལ་ཆོས་བཤད་གྱིས་གསུངས་ན་དེ་ལྟར་བཤད་པ་དང་། སྡོམ་པ་འབོགས་གསུངས་ན་སྡོམ་པ་འབོག་པར་བྱེད་ཅིང་། སྡེ་དགོན་མགོ་འཛིན་གྱིས་གསུངས་ན་དེ་ལྟར་བཟུང་བ་དང་། འཁོར་དང་སློབ་མ་མང་པོ་ཚོགས་སུ་བསྡུས་ནས་ཚོགས་པ་སྐྱོང་གསུངས་ན་དེ་ལྟར་བྱེད་པ་དང་། འགྲོ་ལ་ཕན་པའི་དོན་གཞན་ཅི་འདྲ་སྒྲུབ་གསུངས་དེ་ལྟར་བསྒྲུབ་ཅིང་། སྐྱིད་སྡུག་རོ་མཉམ་གྱིས་གསུངས་ན་དེ་ལྟར་བྱ་རྒྱུ་དང་། རི་ཁྲོད་བསྟན་པ་སྐྱོང་སྤེལ་གྱིས། །ནའམ་ཤི་ཡང་བྱ་བ་ལ། །ཐང་ལྷོད་མེད་པར་གྱིས་གསུང་ཡང་། །ཇི་ལྟར་བཀའ་བསྩལ་དེ་བཞིན་བསྒྲུབ། །ཅེས་རི་ཁྲོད་དང་དགོན་སྡེའི་བསྟན་པ་སྐྱོང་སྤེལ་གྱིས་ཞེས་གསུངས་ན་དེ་ལྟར་བྱེད། ནའམ་ཤི་ཡང་རུང་སྟེ་བྱ་བ་འདི་དང་འདི་ལྟ་བུ་ལ་ཐང་ལྷོད་མེད་པར་གྱིས་གསུངས་ན་ཡང་། ང་ཚོའི་ཁ་སྐད་དུ་སོང་ཟེར་ན་འཆི་བདག་གི་ཁ། སྡོད་ཟེར་ན་ཚེར་ཕུང་གི་ནང་ཟེར་བ་ལྟར་བླ་མས་ཇི་ལྟར་བཀའ་སྩལ་བ་དེ་བཞིན་དུ་བསྒྲུབ་པར་བྱ་དགོས། ཞེས་གསུངས་པའི་ཕྱིར་རོ། དེ་བཞིན་དུ་བླ་མ་ཞིང་གཞན་དུ་གཤེགས་པའམ་འཚོ་ཞིང་བཞུགས་པའི་ཚེ་ན་གང་གི་ཐད་དུ་བསྙེན་བཀུར་ཇི་ལྟར་བྱ་ཚུལ་ཡང་། རྒྱུད་ལས། གཤེགས་ན་འདས་པའི་མཆོད་པ་འབུལ། །བཞུགས་ན་མཉེས་པའི་མཆོད་པ་བྱ། །གཤེགས་ན་འདས་མཆོད་མི་འབུལ་ན། །རྩ་བའི་ཉམས་པ་ཆེན་པོ་སྟེ། །ངན་སོང་གནས་ནས་ཐར་མི་སྲིད། །ཅེས་བླ་མ་དེ་ཉིད་ཞིང་བརྗེས་ནས་སྐུ་གཤེགས་སོང་ན་འདས་པའི་མཆོད་པ་དུས་ལྟར་དུ་འདས་མཆོད་འབུལ་དགོས། གདུལ་བྱ་རྟག་འཛིན་ཅན་ཆོས་ལ་བསྐུལ་བའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་སྐུ་མྱ་ངན་ལས་འདས་པའི་ཚུལ་བསྟན་པ་བཞིན་དུ། བླ་མ་ཡང་འདུས་བྱས་མི་རྟག་པར་བསྟན་པའི་བརྡ་ཆོས་སུ་དགོངས་པ་ཆོས་དབྱིངས་སུ་གཤེགས་ཏེ་འདས་ཚུལ་བསྟན་འགྲོ་བ་རེད། བླ་མ་འདས་དུས་སྐུ་བཞུགས་པ་དང་འདྲ་བར་སྐུ་གདུང་ལ་མཆོད་པ་བྱེད། འཁོར་གསུམ་ཡོངས་སུ་དག་པའི་སྤང་དག་དང་། མཆོད་པའི་སྤྲིན་ཀུན་ཏུ་སྤྲོ་བ་དང་། དམ་ཚིག་ཉམས་ཆགས་བཤགས་པར་བྱ་བ། སྨོན་ལམ་རྒྱ་ཆེན་པོ་འདེབས་པ་སོགས་བསྒྲུབ་དགོས། བླ་མའི་ཐུགས་དགོངས་རྫོགས་བྱེད་གཙོ་བོ་བླ་མའི་དགོངས་དོན་བརྒྱུད་འཛིན་གྱི་འཕྲིན་ལས་འཕྲོར་མཐུད་པ་དང་། སྒྲུབ་པའི་མཆོད་པ་འབུལ་རྒྱུ་དེ་རྣམས་རེད། བླ་མ་འདས་པའི་དུས་ཚོད་ནམ་ཡིན་ན་ལོ་རེར་འདས་མཆོད་མི་བཅག་པ་དང་། སྲོག་བསླུ་སྦྱིན་གཏོང་ལ་སོགས་རང་གིས་བསྒྲུབ་ཅིང་གཞན་ལ་བསྐུལ་བ་དང་། བླ་མ་སྐུ་འཚོ་ཞིང་བཞུགས་པའི་ཚེ་ན་ཐུགས་མཉེས་པའི་མཆོད་པ་འབུལ་བར་བྱའོ། །གལ་ཏེ་བླ་མ་སྐུ་གཤེགས་ནས་མི་ཤེས་ཁུལ་བྱས་ཏེ་འདས་མཆོད་མི་འབུལ་ན། རྩ་བའི་ཉམས་པ་ཆེན་པོ་སློབ་མས་བླ་མའི་བཀའ་དྲིན་མི་སེམས་ཤིང་བླ་མ་མི་མཆོད་པ་དེ། དམན་ལ་དགག་སྒྲ་སྦྱར་ནས་ངན་སོང་གི་གནས་ནས་ཐར་དཀའ་བ་ལ་ཐར་མི་སྲིད་དོ་ཞེས་གསུངས། དེ་དག་ཉམས་ན་བླ་མའི་སྐུ། །བརྒྱ་རྩ་བཞེངས་ལ་མཆོད་པ་གསུམ། །རྒྱུན་མི་ཆད་པ་ཟླ་དྲུག་འབུལ། །སྐུ་ཡི་མཆོད་པ་ཕྱག་འཚལ་འབུལ། །གསུང་གི་མཆོད་པ་བཤགས་པ་སྟོང་། །ཐུགས་ཀྱི་མཆོད་པ་མར་མེ་བརྒྱ། །དང་པོ་ཟླ་བ་དྲུག་ཏུ་འབུལ། །ཕྱིན་ཆད་དུས་ཀྱི་མཆོད་པར་བཟུང་། །ཞེས་གལ་ཏེ་དེ་དག་གི་ཐོག་ནས་ཉམས་པར་གྱུར་པ་ཡིན་ན་བླ་མའི་སྐུ་འདྲ་བརྒྱ་རྩ་བཞེངས་ལ་མཆོད་པ་ཕྱི་ནང་གསང་བའི་མཆོད་པའམ་སྐུ་གསུང་ཐུགས་ཀྱི་མཆོད་པ་གསུམ་རྒྱུན་མི་ཆད་པར་བྱས་ཏེ་ཟླ་བ་དྲུག་གི་ཡུན་ལ་འབུལ། དེ་ཡང་སྐུ་ཡི་མཆོད་པ་ལ་ཕྱག་འཚལ་འབུམ། གསུང་གི་མཆོད་པ་བཤགས་པ་སྟོང་། ཐུགས་ཀྱི་མཆོད་པ་འགྱོད་བཤགས་དང་བཅས་པའི་མར་མེ་བརྒྱ་རྣམས། དང་པོའི་སྐབས་ཟླ་བ་དྲུག་ཏུ་རྒྱུན་མི་ཆད་པ་བསྟུད་མར་འབུལ་དགོས་ཤིང་། ཕྱིན་ཆད་དུས་ཀྱི་མཆོད་པ་ནམ་ཡིན་ན་བཟུང་དགོས་སོ། ཞེས་གསུངས་པ་དང་། བླ་མའི་ཡུམ་དང་སྲས་པོ་དང་། །མཆེད་ལྕམ་ལ་ཡང་རིམ་པ་ལྟར། །མཉམ་དང་འདྲ་དང་སུམ་ཆ་ཡིས། །བཀུར་སྟི་རིམ་གྲོ་བརྩོན་པར་གྱིས། །ཉམས་ན་བཤགས་པ་བརྒྱ་རྩ་འབུལ། །ཞེས་བླ་མ་གོས་དཀར་ལྕང་ལོ་ཅན་འདྲ་ཞིག་ཡིན་ན་བླ་མའི་སྐུ་དངོས་མིན་ཡང་བླ་མའི་ཡུམ་དང་། སྲས་པོ་དང་། མཆེད་དང་ལྕམ་དྲལ་ལ་ཡང་རིམ་པ་ལྟར། བླ་མའི་གཟུངས་མ་བླ་མ་དང་མཉམ་པ་དང་། སྲས་པོ་ལ་ཕྱོགས་འདྲ་བ་དང་། མཆེད་ལྕམ་ལ་སུམ་ཆ་ཡིས་བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས་པ་ལ་བརྩོན་པར་གྱིས། དེ་ལྟར་མ་བྱུང་བར་ཉམས་ན་བཤགས་པ་བརྒྱ་རྩ་འབུལ་དགོས་སོ། ཞེས་སོ། དེ་ལྟར་གནང་བཀག་གི་རིམ་པ་ལ་བསོད་ནམས་ཀྱི་འཕེན་པ་བཟང་པོའི་སྟོབས་ཀྱིས། འཇུག་ལྡོག་གང་དགོས་ཀྱི་བློ་ལས་སུ་རུང་བའི་བསམ་སྦྱོར་གཉིས་ཀྱིས་ཤིན་ཏུ་རིག་ཅིང་འཐད་པར་དཔྱད་པས། ཚོགས་རྫོགས་ཏེ་ཚོགས་སྦྱོར་མཐོང་སྒོམ་མི་སློབ་པའི་ལམ་ལྔའི་ཡོན་ཏན་ལག་པའི་མཐིལ་དུ་ཟིན་ནས། དཔེར་ན་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སྐུ་མྱ་ངན་ལས་འདས་ནས་ལོ་བརྒྱ་ཙམ་ཞིག་སོང་བ་ན། རྒྱ་གར་ཡུལ་གྱི་གྲོང་ཁྱེར་ཞིག་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ། འཁོར་ལོ་བསྒྱུར་བའི་རྒྱལ་པོའི་ཆབ་སྲིད་ཀྱི་བཞི་ཆ་ཙམ་ཞིག་ལ་དབང་སྒྱུར་བྱེད་ཐུབ་པའི་རྒྱལ་པོ་ཆེན་པོ་ཞིག་ཡོད་པ་རེད། རྒྱལ་པོ་དེ་དང་པོ་བསོད་ནམས་མ་ཡིན་པའི་ལས་མི་དགེ་བ་བྱེད་པ་ལ་དགའ་བ་ཞིག་ཡིན་ཡང་། རྗེས་སུ་དེ་ལས་ལྡོག་སྟེ་བསོད་ནམས་དགེ་བའི་ལས་སྒྲུབ་པ་ལ་དགའ་བ་དང་། བསོད་ནམས་གསག་རྒྱུ་ལ་གུས་པ་དང་འབད་པ་ལྷུར་ལེན་པ་ཞིག་ཏུ་གྱུར་པ་རེད། སྐབས་ཤིག་རྒྱལ་པོ་དེའི་རྒྱུ་ནོར་བསགས་ཏེ་རྒྱལ་པོའི་དཀོར་མཛོད་ནོར་གྱིས་བཀང་བར་བྱ་བའི་དོན་དུ་ཚོང་པ་ལྔ་བརྒྱ་ཞིག་རྒྱ་མཚོའི་ནང་དུ་ནོར་བུ་ལེན་དུ་མངག་པ་རེད། ཚོང་པ་ལྔ་བརྒྱ་དེ་རྒྱ་མཚོ་ཆེན་པོའི་ནང་དུ་གྲུ་གཟིངས་ལ་ཞུགས་ཏེ་སོང་སོང་ནས་ཐོན་དགོས་སའི་རིན་པོ་ཆེའི་གླིང་དུ་སླེབས། སླེབས་པར་མ་ཟད་གསེར་དང་། དངུལ་དང་། རྡོ་རྗེ་ཕ་ལམ་བེེཌཱུརྱ་དང་། བྱུ་རུ་ལ་སོགས་པ་རིན་པོ་ཆེའི་རིགས་འདྲ་མིན་སྣ་ཚོགས་ཀྱིས་གྲུ་གཟིངས་བཀང་ནས་ཕྱིར་རང་ཡུལ་འཛམ་བུའི་གླིང་གི་ཕྱོགས་ལ་ཁ་འཁོར་ཏེ་ཡོང་བའི་རྒྱ་མཚོའི་དཀྱིལ་ཙམ་ལ་ཐོན་དུས། རྒྱ་མཚོ་དེའི་ནང་ན་ཀླུ་གདུག་པ་ཅན་ཞིག་ཡོད་པ་དེས་གྲུ་གཟིངས་ཆེན་པོ་བཅོམ་སྟེ། ཚོང་པ་རྣམས་མ་ཤི་ཙམ་དུ་ཐར་པ་དང་། དེའི་ཚེ་ཚོང་པ་རྣམས་ཕྱིར་ལ་ཐོན་རན་ལ་ཉེ་བའི་ཚེ་རྒྱལ་པོས་སྐྱེད་མོ་ཚལ་གྱི་གླིང་ཀ་ཆེན་པོ་ཞིག་གཙང་སྦྲ་བྱས། ནོར་བུ་དང་རིན་པོ་ཆེའི་རིགས་རྣམས་བཞག་ས་དང་བཤམས་སའི་བཀོད་བསྒྲིགས་བྱས་ནས་དགའ་སྟོན་རྒྱ་ཆེན་པོ་ཞིག་བྱས་འདིང་བརྒྱབ་པ་རེད། དུས་དེར་གྲོང་ཁྱེར་གྱི་མི་དང་། ཕྱོགས་ཀྱི་མི་སྣ་མང་པོ་མ་བསྡུས་རང་འདུས་ཀྱིས་འདུས་ཡོང་བ་རེད། ཚོང་པ་རྣམས་སླེབས་རན་པའི་དུས་ལ་ཁེལ་བ་ན། ཚོང་པ་རྣམས་རིན་པོ་ཆེའི་རིགས་ཁྱེར་རྒྱུ་ཡོད་པ་ལྟ་ཅི། སྲོག་མགོ་ཐོན་ཙམ་གྱིས་ཤི་ལ་ཁད་བྱས་ནས་ཡོང་བ་ན། རྒྱལ་པོ་འཁོར་དང་བཅས་པ་ཧ་ལས་ནས། ཁྱེད་རྣམས་ལ་ཅི་རེད་བྱུང་དྲིས་པ་ན། དེ་རྣམས་ཀྱིས་ཚོང་ལ་སོང་བའི་ལོ་རྒྱུས་རྒྱ་མཚོའི་གླིང་དུ་ཐོན་ནས་ནོར་བུ་ལ་ཐུག་པ་དང་། ནོར་བུ་གྲུ་གཟིངས་ཀྱིས་ལྕོགས་ཚོད་ཅིག་བླངས་ནས་དོན་དང་བསམ་པ་འགྲུབ་རབས། དེ་ནས་ལམ་དུ་ཀླུས་བཅོམ་སྟེ་མགོ་མ་ཐོན་རབས། རྒྱུ་ཤོར་རབས། མི་མ་ཤི་བ་ནི་དཀོན་མཆོག་གིས་སྐྱབས་པ་ཡིན་རབས་སོགས་དེ་ལྟར་གོ་མ་ཆོད་པའི་ལོ་རྒྱུས་མང་པོ་ཞུས་ཚེ། རྒྱལ་པོ་ཁྲོམ་ཆེན་པོའི་དཀྱིལ་ན་ངོ་ཚ་ཞིང་སེམས་ཕམ་ནས་ཅི་བྱེད་འདི་བྱེད་མེད་པར་འདུག་པ་ལ། ཡུལ་དེ་ན་དགེ་སློང་དབང་པོ་ཞེས་བྱ་བ་ཞིག་ཡོད་པ་དེས་རྒྱལ་པོ་ལ་ཁྱོད་ཀྱིས་སེམས་ཕམ་ནས་བསྡད་པས་ཕན་པ་མེད། སེམས་འཁྲུགས་པས་མིའོང་། དེ་བས་ཁྱོད་རང་གིས་ཀླུའི་རྒྱལ་པོ་ལ་ནོར་བུ་ཕྱིར་ལ་སྤྲོད་ཅེས་ཡི་གེ་གཏོང་ན་དགའ་ཞེས་གསུངས་པ་ན། རྒྱལ་པོའི་བློ་རིག་པ་ཡར་སད་ནས་དེ་བདེན་སྙམ་ནས་དགེ་སློང་ལ་ཡི་གེ་ཅི་འདྲ་འབྲི་ཞུས་པ་ན། དགེ་སློང་དབང་པོས་ཇི་ལྟར་ཐབས་བསྟན་པ་བཞིན་དུ། རྒྱལ་པོས་ཟངས་མའི་བྱང་བུའི་ངོས་ལ་གསེར་གྱི་ཡི་གེ་ཚིགས་སུ་བཅད་པར་བྱས་པའི་དོན་འདི་ལྟར་བྲིས། ས་འདི་རྒྱ་མཚོ་ལ་མ་ཐུག་གི་བར་དུ་སྐྱོང་བའི་རྒྱལ་པོ་ང་སྟོབས་ཆེན་བཙན་དྲག་ཅན་མྱ་ངན་མེད་པའི་རྒྱལ་པོ་ཡིན་པས། ཁྱེད་ཀྱིས་ངའི་ནོར་བུ་ཕྱིར་མ་བསྐྱལ་ན་མི་ཆོག་ཅེས་བྲིས་ཏེ་མཚོའི་ནང་དུ་འཕངས་པས། ཀླུའི་རྒྱལ་པོས་དེ་མཐོང་ཡང་ཚིག་ལན་གཅིག་ཀྱང་མ་བྲིས་པར་ཕྱིར་མཚོ་མཐར་འཕངས་པ་རེད། ཕོ་ཉ་རྣམས་ཀྱིས་རྒྱལ་པོ་ལ་དེའི་ཚུལ་ཞུས་པས། རྒྱལ་པོས་སེམས་ཁོང་དུ་ཆུད་ནས་ཅི་བྱེད་འདི་བྱེད་མེད་པར་འདུག་པ་ལ། ཉིན་ཞིག་ནམ་མཁའི་ལྷ་ཞིག་གིས་རྒྱལ་པོ་ལ་ལུང་འདི་ལྟར་བསྟན། འགྲོ་བ་ལྷ་དང་བཅས་པའི་བསོད་ནམས་བསགས་པའི་མཆོད་སྡོང་། དེ་བཞིན་གཤེགས་པའི་སྐུ་གདུང་ལ་མཆོད་པ་འབུལ་ན། དེའི་སྟོབས་ཀྱིས་ཁྱེད་ཀྱི་བསོད་ནམས་འཕེལ་ནས་བསམ་པ་འགྲུབ་ལ། དེ་ལས་གཞན་པ་རིགས་སྔགས་དང་། སྨན་སྦྱོར་སོགས་གང་བྱེད་ཀྱང་དེ་དག་གི་ནུས་པས་ཁྱེད་ཀྱི་བསམ་པ་འགྲུབ་པར་མི་འགྱུར་ཅེས་ཚིགས་སུ་བཅད་པའི་ལུང་བསྟན་པ་ན། རྒྱལ་པོས་ཐབས་གཞན་གང་བྱས་ཀྱང་ནུས་པ་མ་ཐོན་པར། ལྷས་ལུང་བསྟན་པ་དེ་མ་གཏོགས་ཐབས་མེད་པས་དེ་ལྟར་བྱའོ་སྙམ་ནས། རྒྱལ་པོ་རང་གི་ལུས་ལ་ཁྲུས་བྱས། གོས་གསར་པ་གྱོན། དྲི་དང་མེ་ཏོག་གི་ཕྲེང་བ་སོགས་མཆོད་རྫས་དུ་མ་ཐོགས་ནས། ཕྱོགས་བཅུའི་རྫུ་འཕྲུལ་དང་ལྡན་པའི་འཕགས་པའི་གང་ཟག་ཐམས་ཅད་ཡིད་ལ་བྱས་ནས་གསོལ་འདེབས་དང་། སྤྱན་འདྲེན་གྱི་གདུང་དབྱངས་ཀྱིས་བོས་སོ། །དེ་མ་ཐག་ཏུ་ཕྱོགས་ཕྱོགས་ནས་རྫུ་འཕྲུལ་གྱིས་དགྲ་བཅོམ་པ་སྟོང་ཕྲག་དྲུག་ཅུ་ཐམ་པ་འདུས་པ་ན། དེ་ནས་རྒྱལ་པོས་དེ་བཞིན་གཤེགས་པའི་སྐུ་གདུང་ལ་དེ་བཞིན་གཤེགས་པ་དངོས་ཀྱི་འདུ་ཤེས་བཞག་ཏེ། སྤོས་དང་མེ་ཏོག་དྲི་དང་བྱུག་པ་ལ་སོགས་པའི་མཆོད་པ་རྒྱ་ཆེན་པོ་དང་། བསྟོད་པའི་ཚིགས་སུ་བཅད་པ་སོགས་བཏོན་པ་དང་། དགེ་སློང་གི་དགེ་འདུན་ལའང་དེ་བཞིན་དུ་མཆོད་རྫས་སྣ་ཚོགས་ཀྱིས་མཆོད་པ་དང་། གདུགས་ཚོད་དྲངས་པ་ན། དགེ་སློང་དབང་པོས་རྒྱལ་པོ་ལ་གསུངས་པ། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་བསམ་པའི་དོན་མྱུར་དུ་འགྲུབ་མིན་བསོད་ནམས་ལ་རག་ལས་པས། དང་པོ་རྒྱལ་པོ་དང་ཀླུའི་རྒྱལ་པོ་གཉིས་ཀྱི་བསོད་ནམས་སུ་ཆེ་ཤེས་དགོས་པས། རྒྱལ་པོ་ཁྱེད་དང་ཀླུའི་རྒྱལ་པོའི་གཟུགས་བརྙན་གཉིས་བྱས་ནས་གསེར་གྱི་སྣོད་ཆེན་པོའི་ནང་དུ་ཞོག་དང་། བསོད་ནམས་ཀྱི་ཁྱད་པར་མངོན་སུམ་དུ་མཐོང་བར་འགྱུར་ཞེས་གསུངས། རྒྱལ་པོས་དེ་ལྟར་བྱས་པ་ན། ཡུན་གང་འཚམ་ཞིག་ཏུ་བལྟས་པ་ན་ཀླུའི་གཟུགས་ནི་གདན་ལ་བསྡད་ནས་ཡོད་པ་ལ། རྒྱལ་པོའི་གཟུགས་དེ་ཡར་ལངས་ནས་ཀླུ་ལ་ཕྱག་འཚལ་བར་མཐོང་བ་ན། དགེ་སློང་གིས་རྒྱལ་པོ་ལ། ད་འདི་ལྟར་ལེགས་ཏེ། ད་དུང་རྒྱལ་པོ་ཁྱེད་ཀྱི་བསོད་ནམས་ཀྱིས་ཀླུའི་རྒྱལ་པོ་ལ་དོ་མི་འདུག་པས། དེས་ན་ད་དུང་བསོད་ནམས་རྒྱ་ཆེན་པོ་བསགས་ནས་ཉིན་བཞིན་ལྟོས་དང་ཁྱད་པར་ཅི་ཡོད་མཐོང་བར་འགྱུར་གསུངས་པ་དང་། རྒྱལ་པོས་ཉིན་བཞིན་དེ་བཞིན་གཤེགས་པའི་སྐུ་གདུང་དང་། དགེ་འདུན་ལ་སྔར་བཞིན་མཆོད་པ་ཆེན་པོར་བྱས་པས་མི་ཚད་དགེ་འདུན་གྱི་མདུན་ནས་གུས་པ་དང་བཅས་པའི་ཆོས་ཉན། ཉིན་བཞིན་གཟུགས་བརྙན་ལ་བལྟས་པས་ན། སྐབས་ཤིག་རྒྱལ་པོའི་གཟུགས་བརྙན་ཡར་ལངས་པ་ལ་ཀླུའི་གཟུགས་ཀྱིས་གུས་པར་བྱེད་པ་ཞིག་ཏུ་མཐོང་། དེ་ནས་ཡང་རྒྱལ་པོ་གདན་དུ་སྡོད་པ་ལ་ཀླུའི་རྒྱལ་པོ་ལངས་ནས་གུས་པར་བྱེད་པ་དང་། དེ་ནས་རྒྱལ་པོའི་གཟུགས་གདན་ལ་བཞུགས་པ་ལ་ཀླུའི་ཡན་ལག་ཐམས་ཅད་ཀྱིས་གུས་པས་ཕྱག་འཚལ་བ་ཞིག་ཏུ་གྱུར་པས། རྒྱལ་པོ་ཤིན་ཏུ་དགའ་ནས་དཀོན་མཆོག་ལ་ཡིད་ཆེས། བསོད་ནམས་བསགས་པའི་ལས་འབྲས་ལ་ཡི་རང་ཞིང་ཆོས་ཀྱི་དོན་ཡང་གང་ལ་གང་འཚམ་ཤེས་ནས། དཀོན་མཆོག་གསུམ་པོ་མཆོད་པའི་བསོད་ནམས་དེ་འདྲའི་ངོ་མཚར་ཆེ་བ་ཞིག་རེད། རྒྱ་མཚོ་ཆེན་པོའི་ནང་གི་ཀླུ་གདུག་པ་ཅན་དེ་ཉིད། ངས་དཀོན་མཆོག་མཆོད་པའི་བསོད་ནམས་ཀྱིས་དབང་དུ་འདུས་པ་ཡིན། དེ་མིན་མི་འདུས་པས། བློ་སྟོབས་ཆུང་ཆུང་ཅན་གྱི་མི་ཞིག་ཡིན་ཡང་སངས་རྒྱས་མཆོད་དང་འབྲས་བུ་མྱུར་དུ་འབྱུང་བ་ཡིན། འབྲས་བུ་བཟང་པོ་དེ་མི་བསམ་པ་སུ་ཞིག་ཡོད། བློ་སྟོབས་ཆེན་པོ་ཅན་ཞིག་ཡིན་ན་གཞན་དོན་དུ་རྫོགས་པའི་སངས་རྒྱས་མཆོད་དང་འཁོར་བར་སྐྱེ་བའི་རྒྱུན་ཟད་ནས་ཡང་སྲིད་ལེན་མི་དགོས་པར་བྱང་ཆུབ་ཐོབ་པར་འགྱུར། ཅེས་པའི་དོན་ཚིགས་སུ་བཅད་དེ་བྲིས་ནས་འཁོར་མངའ་འབངས་ཐམས་ཅད་ལ་དྲིལ་བསྒྲགས། དེའི་ཚེ་དགེ་སློང་དབང་པོས། རྒྱལ་པོའི་བསོད་ནམས་སྟོབས་སུ་གྱུར་པའི་ཚུལ་དེ་གཟིགས་ནས། རྒྱལ་པོ་ལ་སྔར་ཟངས་མའི་ཡི་གེ་ཀླུ་ལ་བསྐུར་དུས་ཁྱེད་ཀྱི་བསོད་ནམས་ཀྱིས་ཀླུའི་ཁ་ཡ་མ་ཡོང་བ་ཡིན། ད་ལྟ་བསྐུར་བའི་དུས་ལ་བབ་པ་ཡིན་གསུངས་པ་ན། རྒྱལ་པོས་ཟངས་མའི་བྱང་བུ་དེ་རྒྱ་མཚོའི་ནང་འཕེན་ཕྱིར་ཕོ་ཉ་མངགས་པས། ཕོ་ཉ་བས་སྔར་བཞིན་ཟངས་ཀྱི་ཡི་གེ་རྒྱ་མཚོའི་ནང་དུ་འཕངས་པ་ན་དེ་མ་ཐག་ཏུ་ཀླུ་དངོས་སུ་ཡོང་ནས་ཡི་གེ་ལག་པས་མ་བླངས་པར་སྤྱི་བོས་བླངས་ནས་སྔར་གྱི་རིན་པོ་ཆེ་ཐམས་ཅད་ཕྱིར་སྤྲད་རྒྱུའི་ཁས་བླངས་སོ། དེའི་ཚུལ་རྒྱལ་པོར་ཞུས་པས། རྒྱལ་པོས་ཚོང་པ་ལྔ་བརྒྱ་བསྡུས་ནས་ནོར་བུ་ལེན་དུ་གཏོང་བར་རྩོམ་པ་ན། དགེ་སློང་དབང་པོས་དེ་ལྟར་མི་དགོས། ཡང་ཟངས་ཀྱི་བྱང་བུའི་ངོས་ལ་ནོར་བུ་བསྐྱལ་ཤོག་ཅེས་པའི་ཡི་གེ་བྲིས་ཏེ་བསྐུར་དང་། ཁྱོད་ཀྱི་དོན་འགྲུབ་བོ་གསུངས་པ་ན། རྒྱལ་པོས་དེ་བཞིན་དུ་བྱང་བུའི་ངོས་ལ། ཀླུ་ཉོན་ཅིག་འཛམ་བུའི་གླིང་གི་མིའི་རྒྱལ་པོའི་བཀའ་བཅག་པའི་ཆད་པ་ལ། སྔར་གྱི་ནོར་བུ་རིན་པོ་ཆེ་ཀུན་ཁྱེད་ཀླུ་རྣམས་ཀྱིས་ཕྲག་པས་བཏེགས་ནས་ངའི་དྲུང་དུ་ཕྱིར་སྐྱོལ་ཤོག་ཅེས་བྲིས་ཏེ། ཕོ་ཉ་བ་བཏང་ནས་ཡི་གེ་བསྐུར་བ་ན། ཀླུའི་རྒྱལ་པོ་སྐྲག་ནས་ཉིན་བདུན་འཕྲོར་བསྐྱལ་ལོ་ཞེས་ཁས་བླངས་སོ། །ཉིན་བདུན་པར་རྒྱལ་པོས་ཁོར་ཡུག་གཙང་སྦྲ་བྱས། གདུགས། རྒྱལ་མཚན། བ་དན་ཀུན་བསྒྲེངས། རྒྱལ་པོ་སེང་གེའི་ཁྲི་ལ་བཞུགས་པའི་ཚེ་གྲོང་ཁྱེར་གྱི་མི་ཐམས་ཅད་ལྟད་མོ་ལ་འདུས་པའི་སྐབས་སུ། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་མིའི་གཟུགས་དང་ཆ་བྱད་དུ་སྤྲུལ་ནས། ནོར་བུའི་རིགས་ཐམས་ཅད་ཀླུ་འཁོར་དང་བཅས་པས་ཕྲག་པ་ལ་ཁུར་ནས་རྒྱལ་པོའི་དྲུང་དུ་ཕུལ་ཞིང་། ཀླུའི་རྒྱལ་པོས་མིའི་རྒྱལ་པོ་མྱ་ངན་མེད་ཀྱི་རྐང་པ་ལ་ཕྱག་འཚལ་ནས་གུས་པའི་རྣམ་འགྱུར་མང་པོ་བྱས་ཏེ་ཕྱིར་སོང་ངོ་། དེས་ན་བསོད་ནམས་ནི་ཆུས་མི་ཁུར་། མེས་མི་འཚིག རྒྱལ་པོ་དང་རྐུན་ཇག་གིས་འཕྲོག་རྒྱུ་མེད། བསོད་ནམས་ཟེར་རྒྱུའི་བདེ་སྐྱིད་ཀྱི་གཏེར་དེ་ལྷག་ལུས་སུ་འགྱུར་རྒྱུ་མེད་པར་གང་དང་གང་དུ་སྐྱེ་བ་དེ་དང་དེའི་རྗེས་སུ་འབྲངས་སོ་ཞེས། བཅོམ་ལྡན་འདས་ཀྱི་བཀའ་ཡིས་བསོད་ནམས་ཀྱི་ཡོན་ཏན་བརྗོད་པ་འདི་ལྟར། བསོད་ནམས་མེ་ཡིས་མི་འཚིག་སྟེ། །རླུང་གིས་འཇིག་པར་མི་འགྱུར་རོ། །བསོད་ནམས་ཆུ་ཡིས་འཇིག་མི་འགྱུར། །ས་བཞིན་དུ་ནི་ཁྱེར་མི་འགྱུར། །ཞེས་སོགས་ཚིགས་སུ་བཅད་པ་དུ་མ་ཞིག་གསུངས་ཡོད་པ་རེད། དེས་ན་བསོད་ནམས་བསགས་ན་ཡིད་ལ་བསམ་པའི་བྱ་བ་གང་སྒྲུབ་ཀྱང་ཐོགས་མེད་དུ་འགྲུབ་པ་ཡིན། ཡང་གནའ་སྔོན་ཆད་རྒྱལ་པོ་གསལ་བའི་སྟོབས་ཞེས་བྱ་བ་ཞིག་ཡོད་པ་ལ་བུ་ལྔ་ཡོད་ལ། བུ་ཆེ་བ་གཟུགས་སྟོབས་ཞེས་བྱ་བ་གཟུགས་མཛེས་པ་ཞིག་ཡིན་པ་དང་། དེའི་འཕྲོར་བརྩོན་འགྲུས་ལྡན་ཞེས་བརྩོན་འགྲུས་དང་ལྡན་པས་བྱ་བ་གང་ལ་བརྩམ་ན་མ་འགྲུབ་བར་དུ་མི་གཏོང་བ་ཞིག་ཡོད། དེའི་འོག་ཏུ་བཟོ་ལྡན་ཞེས་བྱ་བ་བཟོ་རྩལ་ལ་མཁས་པ་ཞིག་ཡོད་པ་དང་། དེའི་འོག་ཏུ་ཤེས་རབ་ལྡན་ཞེས་བྱ་བ་རྣམ་དཔྱོད་ཀྱི་ཤེས་རབ་དང་ལྡན་པ་ཞིག་ཡོད། ཀུན་གྱི་ཆུང་བ་དེ་བསོད་ནམས་སྟོབས་ཞེས་བསོད་ནམས་དང་ལྡན་པ་ཞིག་ཡོད། བུ་ལྔ་པོ་རང་རང་གི་ཡོན་ཏན་གྱི་ཆ་ནས་མིང་བཏགས་པའི་བུ་ལྔས་རང་རང་ལ་ཡོད་པའི་ཡོན་ཏན་དེ་ཁྱད་དུ་འཕགས་པ་ཡིན་བསམ་པ་ན། དེ་ཚེ་བསོད་ནམས་སྟོབས་ཀྱིས་སྨྲས་པ། ཤེས་རབ་གལ་ཆེ་བ་ཡིན། ཤེས་རབ་མེད་ན་གཟུགས་དང་བརྩོན་འགྲུས་བཟོ་རིག་གསུམ་པོ་ཡོད་པས་ཕན་ཐོགས་ཡོད་པ་མ་ཡིན་ལ། ཤེས་རབ་ཀྱིས་ཟིན་པ་ནི་དེ་དག་གིས་ཕན་ཐོགས་ཡོད་པའི་གཞི་ཡིན་པས། ཤེས་རབ་མེད་ཐབས་མེད། འོན་ཀྱང་ཤེས་རབ་དེ་ཡང་བསོད་ནམས་མེད་ན་མི་ཐོབ། དེས་ན་ཕན་ཐོགས་ཆེ་བ་ངོ་མ་བསོད་ནམས་ཡིན། གཞན་ཡང་བསོད་ནམས་ཡོད་ན་གཟུགས་མཛེས་པ་ཐོབ། བསོད་ནམས་ཡོད་ན་ཚུལ་ཁྲིམས་དང་ལྡན་པར་འགྱུར། བསོད་ནམས་ཡོད་ན་དཔལ་ཐོབ། ལོངས་སྤྱོད་ལྡན། བསོད་ནམས་ཡོད་པས་ཤེས་རབ་ཐོབ། བསོད་ནམས་ཀྱིས་བཟང་འགྲོ་དང་ཐར་པ་ཐོབ། མདོར་ན་འཁོར་འདས་ཀྱི་ལེགས་ཚོགས་ཐམས་ཅད་བསོད་ནམས་ཀྱིས་ཐོབ་པ་ཡིན་ཞེས་ཟེར་ཡང་། སྤུན་ཟླ་རྣམས་རང་རང་གི་ཡོན་ཏན་གྱི་ཕྱོགས་འཛིན་པ་མ་གཏོགས་ཁས་མ་བླངས་པ་ན། དེ་ནས་བདག་ཅག་གིས་རང་རང་གི་ཡོན་ཏན་གྱི་ཁྱད་པར་འབྱེད་ཕྱིར། ཚང་མས་རྒྱལ་བུའི་ཆས་ཕུད་ཅིང་རྒྱལ་བུ་ཡིན་པར་སུས་ཀྱང་མི་ཤེས་པར་བྱས་ནས་འགྲོ་དང་མཐར་འབྲས་ལ་བརྟག་ན་ཤེས་པར་འགྱུར་ཅེས་ཡུལ་གཞན་དག་ཏུ་དེ་ལྟར་སོ་སོར་སོང་བ་ན། རྒྱལ་བུ་གཟུགས་སྟོབས་གཟུགས་མཛེས་ཡིད་འོང་ཡིན་པས་དེས་བསྡུས་པའི་སྐྱེ་བོ་དག་གི་ལོངས་སྤྱོད་ལ་བརྟེན་ནས་འཚོ་བ་དང་། བརྩོན་འགྲུས་སྟོབས་ཀྱིས་ལུང་བ་ཞིག་གི་ནང་དུ་ཆུ་ཤུགས་དྲག་པོས་ཙན་དན་གྱི་སྡོང་པོ་ཁྱེར་ཡོང་བ་སུས་ཀྱང་ལོན་མ་ཐུབ་པར་ཡོད་པ་དེ། ཁོ་རང་བརྩོན་འགྲུས་ཆེ་བས་དེ་དག་བླངས་ནས་དེས་འཚོ་བ་དང་། བཟོ་ལྡན་གྱིས་བཟོ་ལག་ཤེས་ཀྱིས་གླ་ཆ་བླངས་ནས་དེས་འཚོ་བ་དང་། ཤེས་རབ་ལྡན་པ་འགྲོ་ས་མེད་པ་ན་ཚོང་དཔོན་གཉིས་གྱོད་ལ་ཐུག་ནས་མ་འགྲིག་པར་བསྡད་ཡོད་པ་དེ། ཐབས་ལ་མཁས་པའི་རྣམ་དཔྱོད་དང་ཤེས་རབ་ཀྱིས་མཐུན་པར་བྱས་ནས་དེ་དག་གི་རྙེད་པར་བརྟེན་ནས་འཚོ་བར་བྱས། བསོད་ནམས་སྟོབས་ཅི་ལས་འདི་ལས་མེད་པས་དབུལ་བོ་ཞིག་གི་ཁྱིམ་ནང་གནས་ཚང་གཡར་ནས་བསྡད་པ་ན། དེའི་བསོད་ནམས་ཀྱི་སྟོབས་ཀྱིས་ཁྱིམ་དེ་ན་འབད་པ་མེད་པར་གསེར་དངུལ་ནོར་གསུམ་རང་ཤུགས་སུ་མང་པོ་བབ་ནས་ཕྱུགས་པོར་གྱུར། ཁྱིམ་དེའི་མི་རྣམས་ཀྱིས་མ་འདྲིས་བའི་མི་འདི་རང་རེའི་ཁྱིམ་དུ་ཡོང་བ་ན། འདི་འདྲའི་ནོར་འབྱུང་བ་འདིས་བསོད་ནམས་ལས་བྱུང་ངོ་ཞེས་གུས་བཀུར་རྒྱ་ཆེན་པོར་བྱས་པ་ན། སྐད་ཆ་དེ་རིམ་བཞིན་ཕྱོགས་ཀུན་ཏུ་ཁྱབ་སོང་བ་ན། ཡུལ་དེའི་རྒྱལ་པོ་ལ་སྲས་མེད་པས་རྒྱལ་བརྒྱུད་ཆད་ལ་ཉེ་བས་བསོད་ནམས་ལྡན་པ་གཅིག་གིས་བྱ་དགོས་ཟེར་ནས། བསོད་ནམས་ལྡན་པ་ཞིག་བཙལ་བ་ན། བསོད་ནམས་སྟོབས་ལས་ལྷག་པ་ཞིག་གཏན་ནས་མེད་པར་ཤེས་པས། རྒྱལ་བུ་བསོད་ནམས་སྟོབས་ཡུལ་དེའི་རྒྱལ་པོར་བཀུར་ཞིང་། ཡུལ་དེའི་རྒྱལ་སྲིད་ལ་དབང་བསྒྱུར་བའི་རྒྱལ་པོར་གྱུར་སོང་། དེའི་བསོད་ནམས་དང་བྱ་སྤྱོད་ཚང་མ་བསྡོངས་ནས་མངའ་འབངས་ཐམས་ཅད་སྔོན་མེད་ཀྱི་བདེ་སྐྱིད་དང་ལྡན་པར་གྱུར་པ་ན། དེའི་སྐད་ཆ་ལོ་རྒྱུས་རྣམས་རང་ཉིད་ཀྱི་ཡབ་རྒྱལ་པོས་ཀྱང་གསན་པས་དེའི་རྒྱལ་སྲིད་ཀྱང་བསོད་ནམས་སྟོབས་ལ་གཏད་པས། ཡུལ་རྒྱལ་ཁམས་གཉིས་ཀྱི་རྒྱལ་པོར་གྱུར་ནས། རང་གི་མངའ་འབངས་ཐམས་ཅད་ཆོས་ལ་བཀོད་དེ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་ཤིང་། ཐམས་ཅད་ཅིར་དགའ་ལོངས་སྤྱོད་དང་ལྡན་པར་གྱུར་ཏོ། །དེས་ན་འཇིག་རྟེན་ན་བསོད་ནམས་བསགས་པ་ལས་ལྷག་པའི་ཕན་ཐོགས་ཅན་ཞིག་མེད་པས་ན། ཡུལ་ཁྱད་པར་ཅན་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་པ་ལ་འབད་དགོས། དེ་ལྟར་བྱས་ན་གནས་སྐབས་སུ་མངོན་མཐོའི་དཔལ་ལ་ལོངས་སྤྱོད་ཅིང་། མཐར་ཐུག་ངེས་ལེགས་ཀྱི་ས་ལ་ཐོགས་པ་མེད་པར་ཕྱིན་པར་འགྱུར་ཏེ། དེའང་འདི་ལྟར་བླ་མ་དམ་པ་ལ་བསོད་ནམས་ཀྱི་ཚོགས་ཆེན་པོས་བསྙེན་བཀུར་ཡོངས་སུ་རྫོགས་བཞིན་པས། མདོར་ན་དད་པའི་ཉེར་ལེན་ཡོད་ན་བྱིན་རླབས་འཇུག་པའི་སྣོད་ཡིན་པར་མ་ཟད། རྫོགས་པའི་སངས་རྒྱས་ཀྱི་ས་བོན་ཡོད་པའི་རྟགས་ཀྱང་དེ་ཡིན་ཏེ། ཡོད་པའི་རྟགས་ཡིན་པའི་ལུང་ཅི་ཡོད་ཟེར་ན། སོ་སོའི་སྐྱེ་བོའི་དུས་ནའང་སྟོང་པ་ཉིད་ཐོས་ནས། །ནང་དུ་རབ་ཏུ་དགའ་བ་ཡང་དང་ཡང་དུ་འབྱུང་། །རབ་ཏུ་དགའ་བ་ལས་བྱུང་མཆི་མས་མིག་བརླན་ཞིང་། །ལུས་ཀྱི་བ་སྤུ་ལྡང་བར་གྱུར་པ་གང་ཡིན་པ། །དེ་ལ་རྫོགས་པའི་སངས་རྒྱས་བློ་ཡི་ས་བོན་ཡོད། །དེ་ཉིད་ཉེ་བར་བསྟན་པའི་སྣོད་ནི་དེ་ཡིན་ཏེ། །དེ་ལ་དམ་པའི་དོན་གྱི་བདེན་པ་བསྟན་པར་བྱ། །ཞེས་དབུ་མ་འཇུག་པ་ལས་གསུངས་ཡོད་པ་དང་། སློབ་དཔོན་ཀ་མ་ལ་ཤི་ལར་བྱིན་རླབས་ཤིག་གནང་རོགས་ཞུས་པ་ན་བུ་ལྷོད་པོ་མོས་གུས་ཤིག་ཞུ་དང་གསུངས་པ་དང་། ཇོ་བོ་རྗེས་ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་སྐྱེས་པ་ཡིན་ཡང་། ཁྱེད་བོད་རྣམས་ཀྱིས་བླ་མ་ལ་ཐ་མལ་བའི་འདུ་ཤེས་ཙམ་ཞིག་མ་གཏོགས་མེད་པས། ཡོན་ཏན་ཞིག་ག་ལ་སྐྱེ་ཞེས་གསུངས་པ་དང་། མི་ཞིག་གིས་ཇོ་བོ་རྗེའི་མཚན་ནས་བོས་ཏེ་ཁྱེད་ཀྱིས་ང་ལ་གདམས་ངག་ཅིག་གསུངས་རོགས་ཞུས་པ་ན། ཇོ་བོ་རྗེ་བཞད་ནས་ངའི་མིང་ནས་བོས་པས་ང་ལ་མགོ་རྣ་བསྟོད་ཀྱང་གདམས་ངག་ཅེས་པ་དད་པ་རེད། དད་པ། དད་པ་ཞེས་ལན་གཉིས་གསུངས་པ་ལས་གཞན་ཅི་ཡང་གསུངས་རོགས་མ་བྱས་པ་རེད། དེས་ན་དད་པ་གཙོ་ཆེ། མདོར་ན་བྱང་ཆུབ་སེམས་དཔའི་སྤྱོད་པ་ཐམས་ཅད་ཡོངས་སུ་རྫོགས་པ་བླ་མ་ལ་རག་ལས་ཤིང་། བླ་མའི་ཡོན་ཏན་འགོས་མིན་དད་པ་ལ་རགས་ལས་ལ། དེ་ཡང་འདི་ལྟར་བླ་མ་དམ་པ་ལ་དད་པའི་ཉེར་ལེན་གྱི་མཐུས། བླ་མ་དམ་པ་དེ་ལ་བརྟེན་ནས་གུས་པས་བསྙེན་པ་མཐར་ཕྱིན་པ་ནི། བླ་མའི་ཡོན་ཏན་དང་སྦྱར་ནས་བླ་མ་དམ་པ་བརྟགས་ཤིང་བསྟེན་པ་དེ་ལ་བརྟེན་ནས། འཁོར་འདས་ལེགས་ཚོགས་མཐའ་དག་འཕེལ་བ་དང་འགྲིབ་པ་དེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་ལས་བྱུང་བ་ཡིན་ན། བསོད་ནམས་ཀྱི་ཚོགས་ཆེན་པོ་ཞེས་པ་ཐར་པ་དང་ཐམས་ཅད་མཁྱེན་པའི་དངོས་རྒྱུར་འགྱུར་བ་ཞིག་ཡིན་དགོས་ཤིང་། དེ་དགོས་ན་ཚོགས་བསགས་པ་མཐའ་དག་སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་ཡིན་དགོས། དེ་ནི་སྤྱིར་སོ་སོའི་སྐྱེ་བོ་དང་། དེའི་ནང་ནས་ལས་དང་པོ་པ་ཞིག་གིས་གཅིག་དཀའ་བ་ཡིན། དེ་ཅིའི་ཕྱིར་ཅེ་ན། ཐབས་དང་ཤེས་རབ་གཉིས་ཀས་ཟིན་དགོས་པས་རེད། དེས་ན་དམ་པའི་བླ་མ་ཕ་རོལ་ཏུ་ཕྱིན་པ་དྲུག་གི་མཛད་པ་ལ་ཞུགས་པའི་སྤྱོད་པས་ཚོགས་བསགས་ཀྱི་ནང་དུ་རང་ཉིད་ལ་ཡོད་པའི་དངོས་པོ་དང་། ལུས་ངག་གི་ལས་ཐོས་བསམ་སྒོམ་པའི་བྱ་བ་མཐའ་དག་དེ་དང་མཉམ་དུ་བཏང་སྟེ། ཐ་ན་མངག་གཞུག་ཕྱག་དར་ཚུན་ཆད་ལ་འབད་དེ་བླ་མ་དམ་པའི་ཚོགས་གཉིས་ཀྱི་མཛད་པ་ཇི་ལྟར་རྫོགས་ཐབས་མཛད་པ་དང་། རང་གི་ཚོགས་ཀྱང་མཉམ་དུ་འདུམ་ཐབས་ལ་འབད་པ་དེ་ལྟར་བྱེད་དགོས་ལ། དེ་ལྟར་འདུམ་རྒྱུ་དེ་ལའང་། སྔགས་ལམ་གྱི་ཐབས་མྱུར་བའི་དབང་དུ་བྱས་ན། བླ་མ་བསྟེན་ཅིང་བསྙེན་བཀུར་དང་བསགས་སྦྱང་ལ་བརྩོན་པས་ཚོགས་ལམ་གྱི་དོད་ཐུབ་ཏུ་བསྟན་པ་སྟེ། བསྙེན་བཀུར་ཡོངས་སུ་རྫོགས་བཞིན་པས་བླ་མ་དམ་པའི་དྲུང་ན་གནས་ཤིང་དེའི་ཚེ། ཐོས་བསམ་གྱི་ཚོགས་རྒྱ་ཆེན་སྤྱད་པས་ཚོགས་ལམ། སྦྱོར་ལམ་ནི་བླ་མ་དམ་པའི་བྱིན་རླབས་ལས་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྦྱོར་བ་དེ་ཡིན། བླ་མ་དམ་པ་དེས་ཇི་ལྟར་བསྟན་པའི་གསུང་གི་བདུད་རྩིའི་རོ་མྱོང་བས་རྫོགས་རིམ་མཐར་ཐུག་པ་རྣམ་པར་མི་རྟོག་པའི་དཔེའི་ཡེ་ཤེས་ལ་བཙན་ཐབས་སུ་འཇུག་ཅིང་སྦྱོར་བས་ན་སྦྱོར་ལམ། ཆོས་ཉིད་མངོན་སུམ་དུ་མཐོང་བ་མཐོང་ལམ་ཡིན་ན། ཆོས་ཉིད་ཀྱི་རང་བཞིན་ཅི་ཡང་མ་ཡིན་པ་དཔེ་གང་གིས་ཀྱང་མཐོང་བར་དཀའ་བའི་ངེས་པའི་བདེན་པ་ཆེན་པོ་རྫོགས་ཆེན་གྱི་དངོས་གཞིའི་སྐབས་ཀྱི་བརྡ་ཐབས་སམ་ངོ་སྤྲད་ཐབས་རྣམ་པ་བཞིའམ་རྣམ་པ་དྲུག་ལ་སོགས་པས་མངོན་སུམ་པར་སྟོན་པས་མཐོང་ལམ། མཐོང་ཟིན་སྒོམ་པར་བྱེད་པ་སྒོམ་ལམ་ཡིན་ལ། ཆོས་ཉིད་དེའི་རང་བཞིན་སྒོམ་པ་དང་ཞེས་སྒོམ་པ་མཚན་འཛིན་ཅན་དང་མི་སྒོམ་པ་གཏན་ནས་མ་སྒོམ་པར་འཁྲུལ་འབྱམས་སུ་སོང་བ་ལ་སོགས་ཏེ་གྲིམ་ལྷོད་གཉིས་སམ་མཐའ་གཉིས་ཀྱི་ཕྱོགས་སུ་ལྷུང་བའི་གེགས་དང་གོལ་ས་ཚར་བཅད་དེ་འདུ་འབྲལ་མེད་པའི་སྒོམ་པ། ཡེངས་མེད་འཛིན་བྲལ་གྱི་སྒོམ་པ་ཁྱབ་བརྡལ་རང་བྱུང་གི་ཡེ་ཤེས་ཡིན་པར་གནད་དུ་ཤེས་པས་སྒོམ་ལམ། ཡར་ཐར་པ་ཐོབ་པའི་རེ་བ་དང་། མི་ཐོབ་པའི་དོགས་པ་མེད་པའི་ཡར་གྱི་གདེང་གཉིས། མར་ངན་སོང་ལ་མི་ལྷུང་བའི་རེ་བ་དང་། ལྷུང་བའི་དོགས་པ་མེད་པ་སྟེ་མར་གྱི་གདེང་གཉིས་ཏེ། གདེང་ཆེན་པོ་བཞིས་དགོངས་པ་ཚད་དུ་སྐྱེལ་བས་བསླབ་བྱ་མཐར་ཐུག་སྟེ། ཀུན་མཁྱེན་ཆེན་པོས། ལྟ་བ་མཁའ་འདྲ་སྟོང་ཉིད་བཅོ་བརྒྱད་དང་། །སྒོམ་པ་འོད་གསལ་ཕྱོགས་ཆོས་སུམ་ཅུ་བདུན། །སྤྱོད་པ་སྐྱོན་མེད་ཕ་རོལ་ཕྱིན་པ་དྲུག །འབྲས་བུ་བླ་མེད་བྱང་ཆུབ་བསྒྲུབ་པ་ཡིན། །གསུངས་པ་ལྟར་སྒོམ་དུ་མེད་པའི་རང་ས་ཟིན་པ་མི་སློབ་པའི་ལམ་ཡིན་ཏེ། དེའི་འཐད་པ་ཅི་ལྟར་འཇོག་ན། གསང་སྔགས་རྡོ་རྗེའི་ཐེག་པའི་སྨིན་གྲོལ་གྱི་རིམ་པ་གཉིས་ལས། སྨིན་བྱེད་དབང་གི་སྐབས་སུ་དབང་གི་བྱ་བ་སྒྲུབ་དུས་བླ་མ་དམ་པ་དེ་དཀྱིལ་འཁོར་གྱི་བདག་ཉིད་རྡོ་རྗེ་སློབ་དཔོན་ཡིན་ལ། གདན་གསུམ་ཚང་བའི་དཀྱིལ་འཁོར་ཡང་དེའི་ཏིང་ངེ་འཛིན་གྱི་སྤྲུལ་པ་ཡིན་པའི་ཕྱིར་དང་། གྲོལ་བྱེད་ཁྲིད་ཀྱི་ཁྱད་པར་རྫོགས་རིམ་མཐར་ཐུག་པ་དེ་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་རྣལ་འབྱོར་དུ་བྱ་བ་དེ་ཡིན་ན། དེ་ནི་རྟོགས་ལྡན་བླ་མའི་ཐུགས་ཀྱི་ངོ་བོ་ཉིད་ཡིན་པས། བླ་མ་དང་ཐུགས་ཡིད་འདྲེས་པ་ལས་རྟོགས་པའི་ཡོན་ཏན་རྒྱུད་ལ་སྐྱེ་བ་ཡིན་པས་སོ། །དེས་ན་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་དེ་བླ་མ་ཁོ་ན་ལ་བརྟེན་ནས་ཐོབ་པ་ཡིན་ཏེ། རྒྱུད་ལས། བླ་མ་བསྙེན་བཀུར་ཡོངས་རྫོགས་ནས། །དམ་པའི་དྲུང་ན་གནས་པ་ནི། །ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། །ཞེས་བླ་མ་དམ་པ་ལ་མཉེས་པ་གསུམ་གྱིས་བསྟེན་ནས་བསྙེན་བཀུར་ཡོངས་སུ་རྫོགས་པར་བྱས་ནས། ཡོངས་འཛིན་དམ་པའི་དྲུང་ན་ཐོས་བསམ་ལ་བརྩོན་པས་ཚོགས་ཆེན་པོ་བསགས་ཏེ་གནས་པ་ནི་ཚོགས་ཀྱི་ལམ་ཞེས་དེ་ལ་བྱ། བླ་མ་དམ་པས་དོན་བཤད་ཅིང་། །གདམས་ངག་གཉིས་ཀྱང་རྒྱུད་ལ་སྦྱོར། །སྦྱོར་བའི་ལམ་དུ་ང་ཡིས་བསྟན། །ཅེས་བླ་མ་དམ་པས་དོན་དམ་སྤྲོས་པ་དང་བྲལ་བའི་ཡེ་ཤེས་གནས་ལུགས་དོན་གྱི་ཡིན་ཚུལ་ངོ་མ་དེ་བཤད་ཅིང་། ཟབ་དང་རྒྱ་ཆེ་བའི་དཔེ་དོན་གྱི་ཡེ་ཤེས་དང་འབྲེལ་བའི་གདམས་ངག་གཉིས་ཀྱང་རང་ཉིད་ཀྱི་རྒྱུད་ལ་སྦྱོར་བར་བྱེད་པས་དེ་ལ་སྦྱོར་བའི་ལམ་དུ་ཐོག་མའི་སངས་རྒྱས་ང་ཡིས་བསྟན། ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས། །ཚེ་འདིར་ངེས་པའི་བདེན་པ་མཐོང་། །མཐོང་བའི་ལམ་དུ་ང་ཡིས་བཤད། །ཅེས་ངོ་སྤྲོད་རྣམ་པ་བཞིའི་སྒོ་ནས་རྣམ་སྨིན་སྒྱུ་ལུས་ཀྱི་ཕུང་པོ་མ་འདོར་བའི་ཚེ་འདིར་དོན་དམ་ངེས་པའི་བདེན་པ་མཐོང་བ་ནི་མཐོང་བའི་ལམ་དུ་ཐོག་མའི་སངས་རྒྱས་ང་ཡིས་བཤད། སྒོམ་དུ་མེད་པའི་སྒོམ་པ་དང་། །སྒོམ་དུ་ཡོད་པ་མེད་པ་གཉིས། །འདུ་འབྲལ་མེད་པར་གནས་པ་ནི། །སྒོམ་པའི་ལམ་དུ་ང་ཡིས་བསྟན། །སྒོམ་དུ་མེད་པའི་སྒོམ་པ་ཞི་གནས་དང་། སྒོམ་དུ་ཡོད་པ་དང་མེད་པ་གཉིས་སུ་མ་ཡིན་གཉིས་མེད་སྤྲོས་མཐའ་བྲལ་བ་ལྷག་མཐོང་སྟེ། ཞི་ལྷག་ཟུང་འབྲེལ་འདུ་འབྲལ་མེད་པར་གནས་པ་ནི་སྒོམ་པའི་ལམ་ཉིད་དུ་ཀུན་ཏུ་བཟང་པོ་ང་ཡིས་བསྟན། སངས་རྒྱས་དགོངས་པ་གདེང་ཆེན་བཞི། །མི་གནས་ཚུལ་གྱིས་མཐར་ཕྱིན་པས། །མཐར་ཕྱིན་ལམ་དུ་ང་ཡིས་བཤད། །ཅེས་སངས་རྒྱས་ཀྱི་དགོངས་པ་ཡར་གྱི་གདེང་གཉིས་མར་གྱི་གདེང་གཉིས་ཏེ་གདེང་ཆེན་བཞི། སྲིད་ཞི་ལ་མི་གནས་ཤིང་མི་དམིགས་བསམ་བརྗོད་དང་བྲལ་བའི་ཚུལ་གྱིས་མཐར་ཕྱིན་པས་སྒོམ་པ་མཐར་ཕྱིན་པའི་ལམ་དུ་ང་ཡིས་བཤད་ཅེས་གསུངས་སོ། །དེ་ལྟ་བུའི་ཕན་ཡོན་དང་ལྡན་པའི་དགེ་བའི་བཤེས་གཉེན་བསྟེན་པ་འདིའི་སྐབས་ན་གྲོགས་ངན་སྤོང་བ་ཤིན་ཏུ་གལ་ཆེ་སྟེ། གྲོགས་ངན་ཞེས་པ་སྡིག་པའི་གྲོགས་པོ་སྟེ། གང་དང་འགྲོགས་ན་དུག་གསུམ་འཕེལ་ཞིང་དགེ་བ་འགྲིབ་པར་བྱེད་པ་དེ་ནི་མཛའ་ཡང་སྡིག་གྲོགས་ཡིན་པས་སྤོང་དགོས་པ་རེད། གླང་ཆེན་སྨྱོན་པ་དང་འཕྲད་ན་ཚེ་འདིའི་སྲོག་མ་གཏོགས་འཇོམས་ནུས་པ་མིན་ཡང་། སྡིག་གྲོགས་དེས་དགེ་སེམས་འཇོམས་པར་བྱེད་པས་ན་སྐྱེ་བ་མང་པོའི་བདེ་བ་འཇོམས་པར་མ་ཟད་རང་གཞན་གྱི་དོན་བསྒྲུབ་རྒྱུའི་བྱ་བ་རླབས་ཆེན་ཚང་མ་འཇོམས་པར་བྱེད་པའི་ཕྱིར་རོ། །དེས་ན་དགེ་བའི་བཤེས་གཉེན་བསྟེན་པའི་ཡན་ལག་ལྟ་བུ་དགེ་བའི་གྲོགས་པོ་འགྲོགས་པའང་དོན་ཆེན་ཡིན་ཏེ། དཔེར་ན་ཤིང་རྟ་འཁོར་ལོ་གཅིག་པ་འདི་རྟ་ཡོད་ཀྱང་འདྲུད་ཐབས་དཀའ་ལ། འཁོར་ལོ་གཉིས་དང་ལྡན་ན་ལམ་དུ་འགྲོ་བ་བཞིན་དུ། སྒྲུབ་པ་པོ་གྲོགས་བཟང་པོ་ཞིག་ཡོད་ན་འཁོར་ལོ་གཉིས་ལྡན་ཤིང་རྟས་ས་ཆོད་པ་བཞིན་དུ་སྒྲུབ་འབྲས་དངོས་གྲུབ་ཐོབ་པ་ལ་ཉེ་བའི་ཕན་ཐོགས་ཡོད་པས་སོ། །དེ་ལྟ་བུའི་དགེ་བའི་གྲོགས་པོ་དང་འགྲོགས་ཏེ། དང་པོ་བླ་མ་བརྟགས་ལ་མཁས་པ་དང་། །བར་དུ་བླ་མ་བསྟེན་ལ་མཁས་པ་དང་། །ཐ་མར་དགོངས་སྤྱོད་བསླབ་ལ་མཁས་པ་ཡི། །སྐྱེས་བུ་དེ་ནི་ཡང་དག་ལམ་ལ་འགྲོ། །ཞེས་གསུངས་པ་ལྟར། བླ་མ་བརྟགས་ཤིང་བསྟེན་ནས་དགོངས་སྤྱོད་བསླབ་པའི་གོ་རིམ་མ་ནོར་བར་དེ་ལྟར་དགོས། དེའི་ཕྱིར་ན་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་གོ་འཕང་དེ་ཉིད་བླ་མ་དམ་པ་ཁོ་ན་བསྟེན་པ་ལས་བྱུང་བ་ཡིན་པའི་ཕྱིར། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་འཕགས་པ་ཆོས་འཕགས་བསྟེན་པ་དང་སྟེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཚོལ་བའི་ཕྱིར་སོང་སོང་ནས། ཉིན་གཅིག་བར་སྣང་ནས་སངས་རྒྱས་ཀྱིས་ལུང་བསྟན་ཏེ། ཤར་ཕྱོགས་སྤོས་ངད་ལྡན་པའི་གྲོང་ཁྱེར་དུ་སོང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འཐོབ་པར་འགྱུར་བའི་ལུང་བསྟན་པ་ལྟར་དུ། འདུན་པ་དེ་ལ་གཏད་ནས་དཀའ་བ་བརྒྱ་ཕྲག་སྤྱད་དེ་སོང་བ་རེད། མཐའ་གཞུག་དེར་སླེབས་པ་ན་ཆོས་ཞུ་བའི་ཡོན་དུ་རང་གི་ལུས་ཀྱི་ཤ་ཚིལ་བཅད་ནས་བཙོང་བ་ལའང་ཅི་མི་སྙམ་པའི་དཀའ་ཐུབ་དེ་ལྟར་བསྟེན་པ་རེད། འོན་ཀྱང་ད་རུང་ཆོས་མ་ཐོབ་པར་ལོ་བདུན་གྱི་བར་དུ་འགྲེང་བ་དང་འཆག་པའི་སྤྱོད་ལམ་གྱི་སྒོ་ནས་མཆོད་པ་དང་། བསྙེན་བཀུར་གྱི་བྱ་བ་ལ་འབད་པར་མ་ཟད། ཆོས་ངོ་མ་གསུང་བའི་དུས་སུ་ཁོར་ཡུག་ཆོས་རའི་ནང་དུ་རྡུལ་མི་ལྡང་བའི་ཆེད་དུ། བདུད་ཀྱི་སྟོབས་ཀྱིས་ཆུ་མ་ལོན་ནས་རང་གི་ལུས་ཕུག་ནས་ཁྲག་གིས་ཆག་ཆག་བཏབ་པའི་ལོ་རྒྱུས་ཡོད་པ་དང་། བྲམ་ཟེའི་རིགས་སུ་འཁྲུངས་ཤིང་སྒྲོལ་མས་བྱིན་གྱིས་རླབས་པའི་མཁས་པའི་མཐར་ཐུག་པ་སློབ་དཔོན་ཆེན་པོ་ཀླུ་སྒྲུབ་ཀྱིས། བྲམ་ཟེ་ཆེན་པོ་ས་ར་ཧའམ་མདའ་བསྣུན་རྗེ་ལ་མོས་གུས་ཆེན་པོ་བྱས་པས་རྟོགས་པ་ཅིག་ཅར་དུ་འཕོས་པས་དགོངས་སྤྱོད་གཅིག་ཏུ་འདྲེས་ནས་ཐུན་གཅིག་གིས་གྲོལ་བ་དང་། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤས་བླ་མ་གསེར་གླིང་པ་ལ་བྱང་ཆུབ་སེམས་ཀྱི་གདམས་པ་ཞུ་བའི་ཕྱིར་དུ། རྒྱ་མཚོ་ཆེན་པོར་གྲུ་གཟིངས་ཁོ་ནའི་ནང་ཟླ་བ་བཅུ་གསུམ་ལ་བྱོན་ནས་དཀའ་བ་དཔག་མེད་སྤྱད་པའི་ལོ་རྒྱུས་དང་། ནཱ་རོས་ཏེ་ལོ་པ་བསྟེན་པའི་ཚེ་དཀའ་ཆེན་དཀའ་ཆུང་མང་པོ་སྤྱད་པ་དང་། རྗེ་བཙུན་མི་ལ་བཞད་པ་རྡོ་རྗེས་སྒྲ་བསྒྱུར་མར་པ་ལོ་ཙཱ་བ་བླ་མར་བསྟེན་པ་ལ། སྲས་མཁར་དགུ་བརྩེགས་བཞེངས་པ་སོགས་དཀའ་བ་ཇི་ལྟར་སྤྱད་པ་ལྟར་དུ་བླ་མས་ཅི་གསུང་གི་བཀའ་བསྒྲུབས་ནས་དང་དུ་བླང་། བདོག་པའི་དངོས་པོ་ཅི་ཡོད་བླ་མར་འབུལ་བར་མ་ཟད་ཡོངས་སུ་བཟུང་བའི་གཞི་གསུམ་པོའང་བླ་མ་ལ་འབུལ་དགོས། གང་ཤར་མོས་གུས་སུ་འཁྱེར་ཤེས་པ་རྗེ་བཙུན་མི་ལས་བླ་མ་དྲན་པའི་མགུར་གསུངས་པ་ལྟ་བུ་རེད། རྗེ་བཙུན་མི་ལ་མཆོང་ལུང་ཁྱུང་གི་རྫོང་ན་བཞུགས་པའི་ཚེ། ཐུན་མཚམས་ལ་བབ་ནས་འཚོ་བའི་སྟ་གོན་གྱི་ཆེད་དུ་ཡར་བཞེངས་དུས། ཕྱེ་དང་ཚྭ་དང་ཁ་ཞག་ཞིག་ཀྱང་ག་ལ་ཡོད་དེ། ཐབ་ན་ཆུ་མེད། གོ་ཁར་ཤིང་མེད། འཚོ་ཆས་ཅི་ཡང་མེད་པར་གཟིགས་ཚེ། འདི་ཧ་ཅང་བློས་གཏོང་ཆེ་འདུག་པས། ཤིང་ཞིག་འཐུ་རུ་འགྲོ་དགོས་དགོངས་ཏེ་བྱོན་ནས། ཤིང་ཐུ་བ་གང་ཁྱེར་ནས་བྱོན་ཡོང་དུས། གློ་བུར་དུ་རླུང་ཆེན་པོ་ཞིག་ལྡང་སྟེ་རས་གོས་རླུང་གིས་འཁྱེར་བར་རྩོམ་པ་ན། གོས་བཟུང་དུས་ཤིང་འཐོར། ཤིང་བཟུང་དུས་རས་གོས་རླུང་གིས་འཁྱེར་བ་ན། ཐུགས་དགོངས་ལ་ང་ད་སྔར་དེ་ཙམ་དུ་རི་ཁྲོད་དུ་བསྡད་ཀྱང་ད་དུང་བདག་འཛིན་འདི་ཆེ་བ་ལ། བདག་འཛིན་བློས་མ་ཐོངས་པའི་ཆོས་དང་བསྒྲུབ་པས་ཅི་བྱེད་དགོངས་ནས། རས་དགའ་ན་རས་ཁྱེར། ཤིང་དགའ་ན་ཤིང་འཁྱེར་གསུངས་ནས་གཉིས་ཀ་བློས་བཏང་སྟེ་བཞུགས། དེ་དུས་སྐུ་ཆས་འཚོ་བ་ངན་པས་ཐུགས་ཡུད་ཅིག་དྲན་མེད་དུ་བརྒྱལ། བར་སྐབས་ཤིག་ཡར་སོས་ཡོང་དུས། རླུང་ཞི་བ་དང་རས་གོས་ཤིང་སྡོང་གི་རྩེར་འདུག་པ་ན། ཡར་ནམ་མཁའ་ལ་གཟིགས་དུས་སྤྲིན་དཀར་པོ་ལང་ལོང་ཞིག་ལྷོ་གྲོ་བོ་ལུང་བླ་མ་བཞུགས་སའི་ཕྱོགས་སུ་འགྲོ་བར་མཐོང་བ་ན། བླ་མ་དྲན་དྲགས་པས་ཐུགས་སྐྱོ་བ་ཚད་མེད་པའི་ངང་ནས་སྤྱན་ཆབ་མང་པོ་བསིལ་ཞིང་། ཐུགས་སྐྱོ་བའི་མོས་གུས་གདུང་དབྱངས་སུ་གྱེར་ནས་མགུར་འདི་ལྟར་བླངས་པ་རེད། སྤྲིན་དཀར་པོ་ལྡིང་བའི་འོག་ཤེད་ན། །རྒྱབ་རི་གླང་ཆེན་འགྱིངས་འདྲའི་མདུན་ཞིག་ན། །མདུན་རི་སེང་ཆེན་འགྱིངས་འདྲའི་སྟེང་ཞིག་ན། །གནས་ཆེན་གྲོ་བ་ལུང་གི་དགོན་པ་ན། །རྡོ་ཆེན་ཨ་མོ་ལི་ཀའི་ཁྲི་སྟེང་ན། །གདན་ཁྲི་སྙན་ས་ལའི་པགས་སྟེང་ན། །དེ་ན་སུ་བཞུགས་སུ་མི་བཞུགས། །དེ་ན་སྒྲ་བསྒྱུར་མར་པ་བཞུགས། །དུས་ད་ལྟ་བཞུགས་ན་དགའ་བ་ལ། །ང་མོས་གུས་ཆུང་ཡང་མཇལ་སྙིང་འདོད། །ང་གདུང་སེམས་ཆུང་ཡང་མཇལ་སྙིང་འདོད། ང་བསམ་ཞིང་མཚན་ལྡན་བླ་མ་དྲན། །བསྒོམ་ཞིང་མར་པ་ལོ་ཙཱ་དྲན། །ཞེས་སོགས་གསུངས་པ་ལྟར། གང་ཤར་མོས་གུས་སུ་འཁྱེར་ཤེས་པ་ཞིག་ཞེས་པ་དེ་འདྲ་དགོས་པ་རེད། བློ་དང་ལྡན་པས་ལས་ཀྱི་འབྲེལ་བའི་བླ་མ་འདི་ལྟ་བའི་ཐོག་ནས་གདམས་པའི་གནད་ལ་མཁས་པ། སྒོམ་པའི་ཐད་ནས་ཉམས་མྱོང་ལ་དྲོད་ཐོབ་པ། སྤྱོད་ལམ་མཛད་པ་བྱིན་རླབས་དང་ནུས་པ་ཆེ་བ། འབྲས་བུ་ཐུགས་རྒྱུད་ཀྱི་རྟོགས་པ་ཡང་མཆོག་ཏུ་མཐོ་བས། ད་ལྟའི་སྙིགས་མའི་དུས་འདིའི་སྐབས་ན་ཀུན་ཏུ་བཟང་པོ་འདི་ཁ་རང་ཡིན་པས་རང་རེ་སྐལ་བ་བཟང་། ད་ནི་གཡག་འདྲོགས་མི་བྱ་བར་གུས་པ་ཆེན་པོས་བསྟེན་ཏེ། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཐུགས་རྗེ་ཅན་གྱིས་བྱང་ཆུབ་ཆེན་པོའི་ཐུགས་བསྐྱེད་ནས། སྐལ་པ་ཆེན་པོ་གྲངས་མེད་གསུམ་དུ་ཚོགས་བསགས་པའི་ཚེ་ན། དཀའ་བ་མང་པོ་སྤྱད་དེ་ཡེ་ཤེས་དམ་པའི་ཚོགས་ཀྱི་ཕ་རོལ་ཏུ་ཕྱིན་ནས་མངོན་པར་སངས་རྒྱས་ཏེ་སེམས་ཅན་ཐམས་ཅད་ཀྱི་མགོན་དུ་གྱུར་པ་ཡིན་ན། རང་རེའང་སྟོན་པ་དེའི་རྗེས་འཇུག་གོ་འཕང་དེ་བསྒྲུབ་པ་ལ་དོན་མཐུན་ཡིན་པས། རྐྱེན་བཟང་ངན། བདེ་སྡུག་གང་བྱུང་ཡང་། འཆི་བ་སྲོག་ལ་བབ་ཀྱང་དཔའ་མི་ཞུམ་པའི་སྙིང་སྟོབས་ཀྱི་གོ་ཆ་བགོས་ཏེ། ཟབ་པའི་ཆོས་རྒྱ་མཚོ་ལྟ་བུ་དང་རྒྱ་ཆེ་བའི་ཆོས་ནམ་མཁའ་ལྟ་བུ་གང་ཡང་རུང་སྟེ། སེམས་ཞུམ་པ་སྤངས་ཏེ། གནའ་སྔ་མོ་དེད་དཔོན་སློང་ལྡན་ཞེས་པ་རྒྱ་མཚོའི་ནང་དུ་ནོར་བུ་ལེན་པའི་དོན་དུ། རྒྱ་མཚོ་སྐེམ་པར་འདོད་དེ། སྙིམ་པས་ཆུ་ཕྱགས་པར་བྱེད་པའི་བརྩོན་པ་མ་འདོར་བའི་སྙིང་སྟོབས་བསྐྱེད་པས། རྒྱ་མཚོའི་ཀླུ་ཡང་དེ་ལ་སྐྲག་ནས་ནོར་བུ་བྱིན་པ་ལྟ་བུའི་བརྩོན་འགྲུས་དང་སྙིང་སྟོབས་དེ་འདྲ་དགོས་པས་གུས་པ་ཆེན་པོས་བླ་མ་བསྟེན་ཏེ། གདམས་ངག་ཟབ་མོ་ཉམས་ལེན་གྱི་གནད་ཅི་ནས་ཀྱང་ཐོབ་པར་བྱས་ནས་བླ་མ་མཆོག་དང་དགོངས་པ་མཉམ་པ་ཞིག་མི་བྱེད་རེ་སྙམ་དུ་ཡང་དང་ཡང་དུ་བསམ་མོ། བཤེས་གཉེན་དམ་པ་བསྟེན་པའི་ཕན་ཡོན་ལ་བསམ་ན། གཞན་མི་དགོས་ཏེ། བླུན་རྨོངས་བ་གླང་གི་རྫི་བོ་ལྟ་བུ་ཤིན་ཏུ་རྨོངས་པ་ཅི་ཡང་མེད་པར་དབུལ་ཞིང་ཕོངས་པ། ཀུན་གྱིས་བརྙས་བཅོས་བྱ་ས། སྐྱབས་རེ་ས་དང་མགོན་དཔུང་གཉེན་མེད་པ་དེ་འདྲ་བའི་མི་ཞིག་གིས་དགེ་བའི་བཤེས་གཉེན་བསྟེན་ཏེ་ཆོས་ཀྱི་སྒོ་ལ་ཞུགས་པ་ན། ཞུགས་པ་ཙམ་ནས་འཇིག་རྟེན་གྱིས་བཀུར་བའི་གནས་ཞེ་ས་བྱ་ཡུལ་ཞིག་དང་། ཐ་ན་ཆུང་ས་ནས་ཟས་གོས་ཀྱི་རྙེད་པ་ཡན་ཆད་ཐོབ་སླ་བ་ཞིག་ཏུ་འགྱུར་འགྲོ་བ་རེད། དེའི་སྟེང་དུ་བླ་མའི་བཀའ་གསུང་བཞིན་བསྒྲུབ་ན་གངས་ཀྱི་རི་བོ་ལ་བརྟེན་པའི་རྩི་སྨན་དེ་འཕེལ་སླ་བ་ཡིན་པ་བཞིན་དུ། དགེ་བའི་རྩ་བ་རྣམ་པར་འཕེལ་བ་དང་། མཚོ་ཆེན་པོ་ཆུའི་སྣོད་དུ་གྱུར་པ་བཞིན་དུ། ཡོན་ཏན་གྱི་ཆོས་ཐམས་ཅད་ཀྱི་སྣོད་དུ་འགྱུར་བ་དང་། རྒྱ་མཚོ་ལས་རི་རབ་མངོན་པར་འཕགས་པ་བཞིན་དུ་འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་འགྱུར་བ་དང་། གཞན་ཡང་དགེ་བའི་བཤེས་གཉེན་གྱི་རྗེས་སུ་བསྟན་པ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཐུགས་མཉེས་པར་འགྱུར་བ་དང་། དགེ་བའི་བཤེས་གཉེན་གྱི་ཚིག་ལ་བརྩི་བ་དེ་ཐམས་ཅད་མཁྱེན་པ་ལ་ཐག་ཉེ་བར་འགྱུར། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་ན་དོན་ཐམས་ཅད་མངོན་དུ་འགྱུར། ཞེས་སོགས་སངས་རྒྱས་རང་ཉིད་ཀྱི་མདོ་ལས་རྒྱ་ཆེར་གསུངས་ཡོད་པ་རེད། ད་ནི་དགེ་བའི་བཤེས་གཉེན་བསྟེན་ཚུལ་མཇུག་བསྡུ་བ་ནི། དེ་ལྟར་ངེས་ཤེས་རྒྱུད་ལ་སྐྱེས་ཙ་ན་བླ་མའི་བྱིན་རླབས་སློབ་མའི་སྙིང་ལ་ཞུགས་ནས་དང་པོར་སྙིང་ཐག་པ་ནས་བཅོས་མིན་གྱི་ངེས་འབྱུང་སྐྱེས་ནས་འཁོར་བ་ལ་བློ་ལྡོག གལ་ཏེ་འཁོར་བ་ལ་བློ་མ་ལྡོག་པར་འཁོར་བ་དེ་བདེ་བར་བཟུང་ན། སྡུག་བསྔལ་གྱི་འཕྲང་ལས་མི་ཐར། དེའི་ཐོག་ཏུ་ལས་དང་ལས་ཀྱི་འབྲས་བུར་རྨོངས་པའི་དབང་གིས་མི་དགེ་བའི་ཕྱོགས་འཛིན་པས་ན་འཁོར་བ་ལ་ངེས་པར་བློ་ལྡོག་དགོས། དེས་ན་དང་པོར་འཁོར་བ་ལ་བློ་ལྡོག་ནས། གཉིས་པ་ཡེ་ཤེས་ཀྱི་མཐོང་ཕྱེད། ཅེས་ལྟ་བ་རྣམ་པར་དག་པས་ཡེ་ཤེས་ཀྱི་མཐོང་ཕྱེས་པ་ཡིན། མང་དུ་ཐོས་པ་དང་བྲལ་བས་ཡོན་ཏན་གྱི་ཚོགས་དང་མི་འཕྲད་ཅིང་ངེས་འབྱུང་ཙམ་གྱིིས་བསྟན་པ་ལ་ཞུགས་ཀྱང་ཐར་པའི་ལམ་རྣམ་དག་མི་རྙེད། ཁྱར་པར་དུ་ཡང་དག་པའི་ལྟ་བའི་དམིགས་རྣམ་མི་ཕྱེད་པས། མང་ཐོས་ལྟ་བ་རྣམ་པར་དག་ན་བར་དུ་ཡེ་ཤེས་ཀྱི་མཐོང་ཕྱེས་ཞེས་གསུངས་པ་རེད། གསུམ་པར་ལྷན་ཅིག་སྐྱེས་པའི་རྟོགས་པ་ཤར་ནས། ཞེས་སྒོམ་དོན་གྱི་ཡེ་ཤེས་མ་བཅོས་ལྷན་ཅིག་སྐྱེས་པའི་འོད་གསལ་བཏང་བཞག་འགྲོ་འོང་དང་བྲལ་བའི་རྟོགས་པ་རྒྱུད་ལ་ཤར་བས། ཆོས་ཉིད་གཅིག་གིས་ཤེས་བྱའི་ཆོས་ཀུན་ལ་ཁྱབ་པ་ཡིན་པས་ན། ཐ་སྙད་ཤེས་བྱའི་སྣང་ཚུལ་གྱི་ཆོས་ཐམས་ཅད་སྒྲོག་རང་གྲོལ་ལ་སོང་སྟེ་མདུད་པ་གཅིག་བཤིག་པས་འགག་བརྒྱར་རང་གྲོལ་དུ་འགྲོ་བ་སྟེ། དོན་དམ་མཐའ་ལས་འདས་པ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་རིག་པ་སྟོང་གསལ་སྒྲིབ་གཡོག་དང་བྲལ་བའི་སྒྲོ་འདོགས་ནང་ནས་ཆོད་པས་ངེས་ཤེས་རྙེད་པ་ཞིག་ཡོད་པ་ཡིན་ལ། དེ་ལྟར་བཤེས་གཉེན་བསྟེན་ཚུལ་བཤད་མ་ཐག་པ་དེ་དག་གི་བསྟེན་ཚུལ་ནི་གཙོ་བོ་ལས་དང་པོ་བ་དང་། ལམ་ཞུགས་པ་གཉིས་ཡོད་པ་ལས། ལས་དང་པོ་བའི་སྤྱོད་པ་ཁོ་ན་ཡིན་ལ། དངོས་གཞི་ཉམས་ལེན་སྒྲུབ་པ་སྙིང་པོར་བྱེད་པའི་དུས་སུ་རབ་སྒྲུབ་པ། འབྲིང་ལུས་ངག ཐ་མ་ཟང་ཟིང་གི་མཆོད་པས་མཉེས་པ་རྣམ་པ་གསུམ་ལས་རབ་སྒྲུབ་པའི་མཆོད་པ་ཁོ་ནས་མཉེས་པར་བྱ་དགོས་ཏེ། བཀའ་བརྒྱད་ཡོངས་འདུས་ལས། དེ་ལྟར་བླ་མ་དེ་མཉེས་པའི། །ཐབས་ཀྱི་བྱེ་བྲག་ཁྱད་པར་ཅན། །བྱང་ཆུབ་སྒྲུབ་པ་ལྷུར་ལེན་པ། །ཇི་ལྟར་བཀའ་བསྩལ་བསྒྲུབ་པའི་ཕྱིར། །ཞེས་གསུངས་ན་དེ་ལྟར་མཚན་ཉིད་ཚང་བའི་བླ་མ་དེ་ལ་དད་ཅིང་གུས་པས་ཐུགས་མཉེས་པའི་ཐབས་ཀྱི་བྱེ་བྲག་གི་ནང་ནས། ཁྱད་པར་ཅན་དེ་ནི་བྱང་ཆུབ་སྒྲུབ་པ་ལ་གཅིག་ཏུ་བརྩོན་པ་ལྷུར་ལེན་པ། བླ་མའི་ཇི་ལྟར་བཀའ་བསྩལ་དེ་རང་ཉིད་ཀྱིས་ལུས་སྲོག་ལའང་ལྟོས་པར་མེད་པ་བསྒྲུབ་པའི་ཕྱིར། ཟླ་གཅིག་དྲུག་དང་བཅུ་གཉིས་དང་། །དེ་བཞིན་ལོ་གཅིག་དྲུག་དང་ནི། །བཅུ་གཉིས་བསྒྲུབ་པའི་ཞེ་དམ་འབུལ། འདི་རྣམས་ལས་དང་པོ་བ་རྣམས་ལ་རིམ་གྱིས་བསླབ་པའི་ཕྱིར་དུ་གསུངས་ནི་རེད། ཟླ་བ་གཅིག་དང་། ཟླ་བ་དྲུག་དང་། ཟླ་བ་བཅུ་གཉིས། དེ་བཞིན་དུ་ལོ་གཅིག་དང་ལོ་གསུམ། ལོ་དྲུག་དང་ནི། ལོ་བཅུ་གཉིས་སུ་བསྒྲུབ་པའི་ཉམས་ལེན་ལ་ཞེ་དམ་འབུལ། རང་རེས་ལོ་གསུམ་དང་ཕྱོགས་གསུམ། ཕྱོགས་ཞེས་པ་ཟླ་བ་རེར་ཕྱོགས་གཉིས་རེ་ཕྱེས་པ་ན་ཞག་བཅོ་ལྔ་རེ་ཕྱོགས་རེ་རྩི་བཞིན་ཡོད་པ་རེད། དེ་ལྟར་སྒྲུབ་པའི་དམ་བཅས་ནས་མཚམས་བཅད་པའི་དམ་ལྷོད་ཀྱི་ཐད་ནས་ཡིན་ནའང་འདིར་ཟླ་གཅིག་ཟླ་དྲུག་སོགས་ཇེ་མང་ཇེ་མང་ལ་གཏོང་བ་ལྟར། གཅིག་ན་ལས་དང་པོ་བ་སྣ་སུན་མི་འབྱུང་བའི་ཆེད་དུ་རང་རེས་མཚམས་ཀྱི་རྟགས་ཁོར་ཡུག་རྒྱ་ཆེན་པོར་བཞག་ཡོད་པ་རེད། ཁྱད་པར་དུ་ད་སྐབས་བསྟན་པའི་ཕྲ་ཉག་མི་ཐོག་བརྗེ་བའི་མཚམས་ལ་ཐུག་དུས་ཕྱོགས་གཅིག་ན་ཉམས་སུ་ལེན་པ་གལ་ཆེའང་། ཕྱོགས་གཅིག་ནས་ཆོས་རྒྱུན་གདམས་ངག་ཁྱད་པར་ཅན་གྱི་ཟབ་ཆོས་ཀྱི་བརྒྱུད་པ་ལོན་རྒྱུ་གལ་ཆེན་རེད། དེ་མི་གཅིག་གི་དོན་མ་ཡིན་པར། བསྟན་པ་སྤྱི་ཆུས་ཀྱི་དོན་ཡིན་པས། མཚམས་ཀྱི་ཁོར་ཡུག་རྒྱ་ཁྱོན་ཆེ་ལ་ལ་བཞག་རྒྱུ་དེ་ཆོས་ཁྲིད་ཞུ་བ་དང་རུ་ཤན་ཁྲིད་སྦྱོང་བྱ་རྒྱུ་ལ་སོགས་ལ་བསམ་བློ་གཏོང་བ་ཡིན། རྗེས་མར་འཐོབ་རྒྱུ་ཚང་མ་ཐོབ་ཚར་ནས་སྒོམ་ཡུན་བསྲིང་ཐུབ་དུས། མཚམས་ཡིན་པ་ཚུལ་ལྡན་ཇེ་དམ་བྱས་ནས། ཡང་མཐར་རབ་ཡིན་ན་བུག་སྒོར་འདག་སྦྱར། ཟ་མ་སྤྲད་སའི་སྐར་ཁུང་ཆུང་ཆུང་ཞིག་མ་གཏོགས་མེད་པར་བྱས། ཕྱི་ནང་གི་རྒྱུ་འགྲུལ་དང་གཏམ་དང་ཡིག་འབྲེལ་ཙམ་ཡང་གཅད་དགོས། གཞན་དུ་མི་ཁང་པའི་ནང་དུ་བསྡད་ན་ཡང་། གཏམ་རྒྱ་བོད་གཉིས་ལ་མི་ཚད་འཛམ་བུའི་གླིང་ལ་ཁ་པར་གྱི་ཐོག་ནས་བཤད། ཇུས་བློ་སྣ་རི་ཐང་རྟགས་བརྒྱད་དྲན་བསྡད་ན། ངས་ཁ་སང་ད་ཞག་བཤད་པ་ལྟར་ལུས་དབེན་དང་། སེམས་དབེན་གང་གི་གྲལ་དུ་ཡང་མི་འགྲོ་ལ། གདན་ས་དང་སྒྲུབ་གནས་རྫོད་བྱེད་ཡིན། ང་ལ་ཁ་པར་མེད་པས་ཟེར་ནི་མིན་དང་། དེ་ལྟ་བུའི་ལོ་གཅིག་གམ་དྲུག་དང་བཅུ་གཉིས་སམ་ཚེ་གཅིག་ལ་འདག་སྦྱར་ལ་སོགས་ཞེ་དམ་འབུལ། དེ་བཞིན་བླ་མའི་ཞབས་ཏོག་དང་། །སེམས་ཅན་དོན་དུ་གང་འགྱུར་བའི། །ལུང་དང་མཐུན་པའི་འགྲོ་དོན་དང་། །སངས་རྒྱས་བསྟན་པ་རྣམ་པ་གསུམ། །སྐྱོང་དང་བྱི་དོར་གྱིས་ཤིག་ཅེས། །བཀའ་བསྩལ་དེ་ལ་བཀའ་བཞིན་དུ། །མི་སྒྲུབ་སྙམ་པའི་བློ་སྤངས་ལ། །དོགས་པ་མེད་པར་བསྒྲུབས་བྱས་ན། །ཅི་བསམ་དོན་ལ་ཐོགས་མེད་འགྲུབ། །ཅེས་དེ་བཞིན་དུ་བླ་མའི་ཞབས་ཏོག་བསྒྲུབ་རྒྱུ་དང་། སེམས་ཅན་གཞན་དོན་གང་ཞིག་འབྱུང་བར་འགྱུར་བའི་རྒྱལ་བའི་བཀའ། བླ་མའི་ལུང་དང་མཐུན་པའི་འགྲོ་བའི་དོན་བྱེད་པ་དང་། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་ལས་གསུམ་འཁོར་ལོ་རྣམ་པ་གསུམ་གྱི་སྒོ་ནས་སྐྱོང་བ་དང་། བསྟན་པའི་རྙོག་མ་གང་ཟག་གི་རྒྱུད་ནས་སེལ་ཐབས་ཇི་ལྟར་དགོས་པ་དེ་བྱི་དོར་གྱིས་ཤིག་ཅེས་བཀའ་བསྩལ་བ་དེ་ལ། འགྲུབ་མི་འགྲུབ་ལས་དབང་ཐང་ལ་ཐུག་ཀྱང་། སྒྲུབ་མི་སྒྲུབ་ཐེ་ཚོམ་ཙམ་ཡང་མེད་པར་བཀའ་བཞིན་དུ་མི་སྒྲུབ་སྙམ་པའི་བློ་ངན་རྩ་བ་ནས་སྤངས་ལ། བླ་མའི་བཀའ་དེ་དོགས་པ་མེད་པར་བསྒྲུབས་པར་བྱས་ན། ལྷག་བསམ་དག་པའི་དབང་གིས་ཅི་བསམ་གྱི་དོན་ལ་ཐོགས་པ་མེད་པར་འགྲུབ་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེས་ན་བླ་མ་བསྟེན་པའི་དོན་གོ་ཆོས་ཐོབ་དགོས་ཏེ། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །ཞེས་སོགས་གསུངས་པ་ལྟར་ཡིན་པའི་ཕྱིར་རོ། །ཇི་ལྟར་ཐོབ་པའི་ཆོས་རྣམས་ཀྱང་ཐོས་པས་ཁོག་དབུབ། ཐོས་དོན་བསམ་ཏེ། བསམ་པས་དམར་ཐག་བཅད་དེ་ལྟ་བའི་སྟེང་དུ་བསྐྱལ་དགོས། བསམ་དོན་སྒོམ་པས་རྒྱུད་ལ་བཀལ་ཏེ། ཐོས་བསམ་སྒོམ་པའི་ཤེས་རབ་རྣམ་པ་གསུམ་གྱིས་གཏན་ལ་ཕབ་ནས། མཁྱེན་པའི་ཉི་མ་ནང་དུ་རྒྱས། རྟོག་པའི་འདྲ་འབག་དབྱིངས་སུ་གྱེར། བྱ་མཁའ་ལམ་ན་ཐོགས་པ་མེད་པ་ལྟར་གདེང་བཞིའི་གདེང་དང་ལྡན་པའི་སྟེང་ནས་གྲུབ་པའི་དབང་ཕྱུག་གི་སར་ཕྱིན་པར་བྱ་དགོས་ལ། དེ་ལྟར་ཡིན་ནའང་རེ་ཞིག་ཐོས་བསམ་ཉམས་རྟོགས་གང་ཐད་ནས་ལས་དང་པོ་བ་རྣམས་ཀྱིས། ས་ལམ་མཐོན་པོར་གཤེགས་པའི་གྲུབ་སྤྱོད་དངོས་སུ་བསྒྲུབ་མི་ནུས་པས་ནམ་ཞིག་དེ་ལྟར་འགྱུར་བའི་སྨོན་པའི་ཡུལ་དུ་བྱ་ཞིང་། གདེང་ཚོད་རང་ལ་ཡོད་པའི་ཇི་ལྟར་བསྒྲུབ་ནུས་པ་དག་ཡུལ་དུས་གནས་སྐབས་དང་། འགྲོ་དོན་གདུལ་བྱ་ཡོད་མེད་ཀྱི་ངེས་པ་དང་བསྟུན་ནས་ལག་ཏུ་བླངས་བར་བྱ་དགོས་སོ། །གོང་གི་བཤེས་གཉེན་བསྟེན་ཚུལ་གྱི་རྣམ་བཞག་འདི་ནི་སྡོང་པོ་བཀོད་པའི་མདོ་དང་། ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད། དམ་ཚིག་ས་མ་ཡ་འབུམ་སྡེ་བཀོད་པའི་རྒྱུད་སོགས་སྔ་འགྱུར་གྱི་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་དང་། གཞན་ཡང་ལུང་དང་མན་ངག་གི་གཞུང་ཁ་འཐོར་མན་ངག་ཇི་སྙེད་པ་ལས་གསུངས་པ་ལྟར། བླང་བྱ་དོར་ན་ཉེས་དམིགས་ཐམས་ཅད་ཀྱི་རྩ་བ་དང་། བསྒྲུབ་བྱ་བླངས་ན་ལེགས་ཚོགས་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་བཤེས་གཉེན་ཚུལ་བཞིན་བསྟེན་པ་ནི་ལམ་གྱི་རྩ་བ་ཡིན་པར་བཟུང་ངོ་། །དེ་ཡན་ཆད་ཀྱི་རང་རེས་ཁྲིད་རྐང་བཞི་པ་ཞིབ་རྒྱས་སུ་བཤད་ཟིན་པ་རེད། ཁྲིད་རྐང་བཞི་པ་འདི་བླ་མ་དམ་པའི་གདམས་ངག་ཅི་ནས་ཀྱང་ཐོབ་པར་བྱ་བ་དང་། ཐབས་གང་གི་སྒོ་ནས་བླ་མ་དམ་པ་ཇི་ལྟར་བསྟེན་ཚུལ་གྱི་སྐོར་རེད། འདིར་རང་རེས་ཆོས་ཐུན་གཉིས་བྱས་ནས་བཤད་པ་རེད། ཆོས་ཐུན་སྔ་མའི་སྐབས་ན་བླ་མ་ཇི་ལྟར་བརྟགས་པའི་ཚུལ། བསྟེན་དགོས་པའི་རྒྱུ་མཚན། བསྟེན་ན་གང་འདྲ་ཞིག་བསྟེན་དགོས་པའི་བརྟག་དཔྱད་བྱེད་ལུགས། དངོས་སུ་བསྟེན་པའི་སྐབས་ན་བསམ་པའི་བསྟེན་ལུགས་ཀྱི་སྐོར་ཁྲིད་སྦྱོང་དང་བཅས་པ་སོང་གྲུབ་པ་ཡིན་ལ། དེ་རིང་སྦྱོར་བ་ལག་ལེན་གྱི་ཐོག་ནས་བླ་མ་ཇི་ལྟར་བསྟེན་དགོས་པའི་ལུང་གི་དོན་དང་། གདམས་ངག་གིས་བཤད་པའི་སྐོར་དེ་འཆད་ཉན་བྱེད་པ་རེད། ཁྲིད་སྦྱོང་གི་སྐབས་ཡིན་ནའང་དེ་ཐམས་ཅད་གོ་བ་ལག་ལེན་གྱི་ཐོག་ཏུ་བཏབ་ན། དགོས་པ་གང་དང་གང་ལྡན་དང་། བླ་མ་ཚུལ་བཞིན་དུ་བསྟེན་ཤེས་ན་མཐར་ཐུག་གི་ཕན་པ་སློབ་མ་རང་ཉིད་ལ་ཇི་ལྟར་འབྱུང་བའི་སྐོར་དེ་ཚོ་སེམས་ཐོག་ལ་བླངས་ཞེ་ཐོག་ལ་བཞག་ནས། འདང་རང་ལ་ཚུར་བསྐོར་ན། སྔོན་ཆད་དམ་པ་གོང་མ་དེ་རྣམས་ཀྱིས་དེ་དང་དེ་ལྟ་བུའི་དད་དང་མོས་གུས་ཀྱིས་བླ་མ་བསྟེན་ནས་མཐར་ཐུག་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐོབ་པར་མ་ཟད། རང་གཞན་གྱི་དོན་གཉིས་ལྷུན་གྱིས་གྲུབ་པ་རེད་འདུག དེ་རྣམས་ལ་བལྟས་ན། ང་ཚོས་བླ་མ་བསྟེན། ཆོས་སྒྲུབ་ཟེར་རྒྱུ་དེ་གཟུགས་བརྙན་དང་ལད་མོ་ཙམ་ཡིན། ལད་མོ་ཙམ་ཡང་ཐོན་མི་འདུག ཆོས་ཅི་ཙམ་ཞུས་ཀྱང་དེ་དང་དེ། ན་ནིང་གི་ཚྭ་དོ་བོ་དེ་ད་ལོའི་ཚྭ་དོ་བོ་རེད་འདུག་རྒྱུ་དེ་ཡིས་ལན་འདུག ད་རུང་འདི་ལྟར་མུ་མཐུད་ན། བཙོས་པའི་གྱོང་བོ་མ་བཙོས་པའི་གྱོང་བོ་ཟེར་བ་ལྟར་རེད་འགྲོ་བ་ལས་གཞན་ཅི་ཡོད། ད་དེ་འདྲ་ཞིག་རེད་མི་འདུག དགོངས་རྒྱུད་རྟོགས་པའི་བྱིན་རླབས་འཕོ་བ་དེ་མོས་གུས་ཁོ་ན་ལ་ཐུག་ཡོད་འདུག ཨ་རྒེ་སྤྱང་ཡང་མདུད་པ་མ་ཁྲོལ་བ་ལྟར། འདི་འདྲ་བྱས་ནས་ཉན་ཞིང་ཉན་ན་གོ་རྒྱུ་འདུག་བསམ་པའི་གནད་དེ་ཚོ། བུ་གོ་བ་ཅན་ལ་ཚིག་གཅིག རྟ་གོམ་ལག་ཅན་ལ་ལྕག་གཅིག་གིས་ཤེས་དགོས་པ་རེད། ཆོས་ཉིན་རེ་ཉིན་རེ་ཉན་བཞིན་ཡོང་སྒོ་རེ་སེམས་ཐོག་ནས་ལོན་དགོས་ན། སྨན་གཅིག་གིས་ནད་བརྒྱ་འཇོམས་པར་བྱེད་པ་ལྟར། མོས་གུས་གཅིག་པོ་དེ་ཡོད་ན་བྱིན་རླབས་ཐམས་ཅད་ཐོབ་ལུགས་ཀྱི་གནད་དེ་ཤེས་པའི་སྟེང་ནས། བླ་མ་བསམ་པས་བརྟགས་ཚུལ། སྦྱོར་བས་བསྟེན་ལུགས། ད་སྔར་མ་ཤེས་པ་རྣམས་ཤེས་པར་བྱེད། ཤེས་པ་ལག་ལེན་ལ་འདེབས་རྒྱུ། གདམས་ངག་སྙིང་གི་བདུད་རྩིར་བཟུང་རྒྱུའི་ཆོད་སེམས་ཀྱི་ཐོག་ནས་ཉམས་ལེན་རང་རྒྱུད་ལ་སྦྱར་བའི་ཐུན་རེ་བཅད་དེ། ཐུན་གྱི་མཐའ་ལ་ཐུག་དུས་རང་རང་གི་བློ་ཚོད་དང་བསྟུན་ནས་མི་རྟོག་པའི་ཏིང་ངེ་འཛིན་གྱི་ངང་དུ་མཉམ་པ་རེ་བཞག མཉམ་བཞག་དེ་ལས་ལངས་ནས་རྗེས་ཐོབ་ཀྱི་སྐབས་སུ་ཡང་། ཐུན་གྱི་ནང་གི་དམིགས་རྣམ་དེ་རྣམས་མི་བརྗེད་པའི་དྲན་ཤེས་བག་ཡོད་ཀྱི་སྒོ་ནས། མར་གྱུར་གྱི་སེམས་ཅན་ནམ་མཁའི་མཐའ་དང་མཉམ་པ་འདི་འདྲ་མང་པོ་ཞིག་གིས། འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཐབས་དང་། ལམ་སྟོན་པའི་བླ་མ་བཙལ་མི་ཤེས། དང་པོར་བརྟགས་མི་ཤེས། བར་དུ་བསྟེན་མི་ཤེས། ཐ་མར་དགོངས་སྤྱོད་བསླབ་མི་ཤེས། ཡང་མཐར་ལོག་ལམ་མུན་པའི་གཡང་སར་འཁྱམ་བཞིན་ཡོད་པ་རེད། སེམས་ཅན་ལས་ངན་པ་འདི་དག་ཐམས་ཅད་ཐར་པའི་ལམ་སྟོན་པའི་བླ་མ་དགེ་བའི་བཤེས་དང་འཕྲད་ན་ཅི་མ་རུང་། འཕྲད་པར་ཤོག འཕྲད་པ་ཞིག་ངས་ཆོས་བསྒྲུབས་ནས་བྱ་དགོས། དེ་བཞིན་དུ་འགྲུབ་པར་བླ་མ་དཀོན་མཆོག་གིས་མཁྱེན་བསམ་ན། ཐུན་བསྡོམས་པའི་དགེ་རྩ་བརྒྱ་འགྱུར་སྟོང་འགྱུར་ཁྲི་འགྱུར་འབུམ་འགྱུར་དུ་འཕེལ་རྒྱུ་ཡོད་པ་རེད། བྱ་བ་གང་སྒྲུབ་ན་ཡོང་སྒོ་ཅི་ཙམ་མང་ན་དེ་ཙམ་དགའ་བ་ཡིན་ན། དེ་ལྟར་ཐུན་གཅིག་བསྡམ་པ་དེ་ཐུན་སྡུག་པོ་བརྒྱ་སྟོང་སྡོམ་པ་བས་དགའ་རེད་འགྲོ་བ་ཞིག་བྱེད་དགོས། དེ་ཇི་ལྟར་བྱེད་ན། ཐབས་དང་ཤེས་རབ་ལྡན་དགོས་ལ། ཐབས་ཟབ་མོ་གསང་སྔགས་ཀྱི་མྱུར་ལམ་ལ་ཞུགས་ཤིང་། ཤེས་རབ་བདག་མེད་རྣམ་གཉིས་ཀྱི་དོན་དང་འབྲེལ་བའི་འཁོར་གསུམ་འཛིན་པ་དང་བྲལ་བའི་སྣང་ལ་རང་བཞིན་མེད་པའི་དམིགས་མེད་བློ་འདས་ཡེ་ཤེས་ཀྱི་རྩིས་ཟིན་དགོས་པ་རེད། མདོར་ན་དམ་པ་གསུམ་དང་འབྲེལ་ན་དགེ་རྩ་ཆེ་བྱས་ཆུང་བྱེད་ཐམས་ཅད་པོ་རྣམ་མཁྱེན་རྫོགས་བྱང་ཐོབ་པའི་རྒྱུར་འགྲོ་རྒྱུ་དྲན་བཞིན་དུ། ཐུན་གྱི་མཇུག་ཏུ་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པ་རེ་བསམ་པ་ཐག་པས་བཏབ་ནས། གོང་དུ་བཤད་པ་ལྟར་མར་གྱུར་གྱི་སེམས་ཅན་ཆོས་སྒྲ་རྣ་བས་གོ་མ་མྱོང་བ་དང་། གོ་ཡང་ཡིད་ཆེས་དང་གདེང་འཇོག་བྱེད་མི་ཤེས་པ་དེ་རྣམས་ལ་བྱམས་སྙིང་རྗེའི་སེམས་དང་མི་འབྲལ་བས། ངས་མ་འོངས་པ་ན་སེམས་ཅན་མ་བསྒྲལ་བ་རྣམས་བསྒྲལ། དབུགས་མ་ཕྱུང་བ་དེ་དག་དབུགས་དབྱུང་ནུས་པར་ཤོག་བསམ་ཞིང་། ཐུན་མཚམས་སྤྱོད་ལམ་ལ་འཇུག་པ་ཐམས་ཅད་གཅིག་འདྲ་ཡིན་དགོས། མཚན་མོར་ཉལ་བའི་ཚེ་ཡང་འདུ་ཤེས་ཡག་པོ་རེ་བཟུང་སྟེ་ཉམས་ལེན་པ་ཞིག་ཡིན་ན། སྙིང་དབུས་ཀྱི་བླ་མ་ལ་འདུན་པ་གཏད་ནས་ཉོལ་དང་། མཚན་སྣང་མ་དག་པ་ཇེ་ཉུང་དུ་འགྲོ་རྒྱུའི་ཕན་ཐོགས་ཡོད་པས་མི་ཚད་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་འགྲོ་རྒྱུའི་རྟེན་འབྲེལ་འགྲིག་རྒྱུ་ཡོད་པ་རེད།

ཉིན་བཅུ་བའི་ཆོས་ཁྲིད།

ད་ཡང་རྣམ་པ་ཚང་མས་ཐུགས་སྤྲོ་ཞིང་དང་བའི་ངང་ནས་བསྐལ་པ་བྱེ་བར་རྙེད་པར་དཀའ་བའི་དམ་པའི་ཆོས། དེའི་ནང་ནས་གཞན་དོན་འཁོར་བ་དོང་ནས་སྤྲུག་པར་བྱེད་པའི་སེམས་བསྐྱེད་ཀྱི་སྟོབས་དང་། ལམ་ཕྱིན་དྲུག་གི་སྤྱོད་པས་ཚོགས་གཉིས་འདུམ་ནས་འབྲས་བུ་སྐུ་གཉིས་ཐོབ་པར་བྱེད་པའི་ཐེག་པ་ཆེན་པོའི་ཆོས། དེ་ལས་ཀྱང་ཐེག་ཆེན་མདོ་སྔགས་ཟུང་འབྲེལ། སྔགས་ཀྱི་མྱུར་ལམ་ཁྱད་པར་ཅན་དང་འཕྲད། བརྩོན་པའི་སྟོབས་ཤུགས་རང་ལ་ཡོད་ན་ཆོས་དང་བླ་མས་མི་ཕོངས་བའི་གནས་དུས་སྐལ་བ་བཟང་སྐབས་ལ་ཁེལ་བ་ཡིན་ན། འདིའང་ལས་སྨོན་ཐུགས་བསྐྱེད་སྔར་བསགས་ཀྱི་བསོད་ནམས་སོགས་རྒྱུ་རྐྱེན་མང་པོ་ཞིག་ཚོགས་ནས་བྱུང་བ་ཡིན་པར་མཁྱེན་བཞིན་པའི་ཐོག་ནས་དམ་ཆོས་འཆད་ཉན་ལ་ཞུགས་དགོས། ཞུགས་རྒྱུ་དེ་ལ་ཡང་། མགོ་རྒྱ་གར་སྐད་དུ་དབུ་འཛིན་པའི་ཚབ་འདྲ་བོ། ཆོས་འཆད་ཉན་གྱི་ཐོག་མར་རང་རྒྱུད་ཀྱི་ཀུན་སློང་བརྟག་རྒྱུ་འདི་གལ་ཆེ་བ་ཡིན། དེས་ན་ད་རེས་ཀྱི་སྐབས་ཆོས་ཞུ། ཆོས་རའི་ནང་ལ་འདུག་རྒྱུ་འདི། ཚེ་འདིའི་གྲགས་འདོད་སྙན་འདོད་འཇིག་རྟེན་ཆོས་བརྒྱད་ཀྱི་དོན་དུ་རེད་དམ། ཚེ་ཕྱི་མའི་དོན་དུ་འོང་བ་རེད། ཕྱི་མའི་དོན་གཉེར་བ་ཡིན་ན། རང་སྒེར་གཅིག་པུའི་དོན་ཡིན་ནམ། མ་སེམས་ཅན་ཐམས་ཅད་ཀྱི་དོན་ལ་བསམ་ནས་ཆོས་ཞུ། ཆོས་གྲལ་དུ་བསྡད་པ་རེད་འདུག་རང་གིས་རང་ལ་བརྟགས་ཤིང་དཔྱད་པར་གཏོང་དགོས་རྒྱུ་ཞིག་རེད། ཚེ་འདི་ལ་བཟང་གི་དགའ་གི་ཟེར་བྱེད་དང་། ཚེ་འདི་ལ་མཁས་འདོད་གྲགས་འདོད་ཅིག་ཡིན་དུས། དེའི་སྒོ་ནས་བྱེད་པའི་དགེ་ལས་དེ་ཅི་འདྲ་ཞིག་ཡིན་རུང་ཚེ་ཕྱི་མའི་དོན་དུ་དོན་ཆེན་འགྲུབ་པའི་རྒྱུར་མི་འགྲོ། འཇིག་རྟེན་ཚེ་འདི་ཡི་བདེ་སྐྱིད་དང་རྙེད་བཀུར་བསམ་ནས་བྱས་པའི་ལས་ཤིག་ཡིན་དུས་ཚེ་ཕྱི་མར་ངན་སོང་གི་རྒྱུ་ཡིན་པ་དང་། ཚེ་ཕྱི་མར་ལྷ་མིའི་དཔལ་འབྱོར་དེ་ཉིད་འདོད་ནས་བསྒྲུབ་ན། ཕལ་ཆེར་འཁོར་བའི་རྒྱུ་དང་། རང་ཉིད་གཅིག་པུ་ཐར་པ་བསྒྲུབ་པའི་དོན་དུ་ཡིན་ན་ཞི་བ་ཕྱོགས་གཅིག་པུའི་མཐའ་ལ་ལྷུང་འགྲོ་བ་རེད། དེས་ན་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་གྱི་མཚོ་མོ་འདི་ལས་ཐར་པའི་ཆེད་དུ་དམ་པའི་ཆོས་ཟབ་མོ་ཉན། ཉན་པས་མི་ཚད་དེའི་དོན་ཚུལ་བཞིན་དུ་བསྒྲུབ་པས། འཁོར་བའི་སེམས་ཅན་གཅིག་ཀྱང་མ་ལུས་པར་གཏན་བདེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དགོད་དགོས། འགོད་རྒྱུ་ཡིན་བསམ་པའི་ཆོད་སེམས་དང་བཅས་ཏེ་ཆོས་ཉན་རྒྱུའི་ཀུན་སྤྱོད་ཡང་དག་པར་དང་བཅས་ཏེ་གསན་འཚལ། གང་གསན་པར་བྱ་བའི་ཆོས་འདི་ལ་མཚོན་ན། གདུལ་བྱའི་གང་ཟག་སོ་སོའི་བློ་རིམ་དང་བསྟུན་ཏེ་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་གྱི་རིམ་པར་གསུངས་ཡོད་པ་རེད། སྐྱེས་བུ་ཆུང་འབྲིང་དང་ཐུན་མོང་གི་ལམ་ལ་བློ་སྦྱངས་ནས་ལམ་བསླབ་པ་གསུམ་ལ་ཚུལ་བཞིན་དུ་སློབ་པའི་དབང་གིས། འཁོར་བ་ལས་གྲོལ་བའི་ཐར་པ་ཞིག་ཐོབ་ཀྱང་། དེས་ད་རུང་རང་དོན་ཡང་དག་པར་མཐར་ཕྱིན་པ་ཞིག་རྫོགས་ཐུབ་མེད་ལ། དེ་མེད་པས་གཞན་དོན་ཞིག་བྱེད་ན་ཉི་ཚེ་བ་དང་ཕྱོགས་རེ་བ་ཙམ་ཞིག་མ་གཏོགས་ཆེན་པོ་སྒྲུབ་མི་ཤེས་མི་ནུས་པར་མ་ཟད། རང་དོན་ཉན་རང་དགྲ་བཅོམ་པའི་གོ་འཕང་ཞིག་ཐོབ་ཀྱང་དེ་མཐར་འབྲས་སངས་རྒྱས་ཐོབ་པ་ལ། སངས་རྒྱས་ཀྱིས་ཐུགས་ཀྱི་འོད་ཟེར་གྱིས་བསྐུལ་ནས་གདོད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་རྫོགས་སྨིན་སྦྱོང་བ་མཐར་ཕྱིན་དགོས་པ་ཡིན་ན། ཐེག་ཆེན་གྱི་གདུལ་བྱར་གྱུར་པའི་གང་ཟག་དེ་དང་པོ་ཉིད་ནས་ཐེག་ཆེན་གྱི་ལམ་ལ་གཞུག་ཏུ་འཇུག་རྒྱུ་ནི་གནད་ཆེན་རེད། དེ་དགོས་ན་ཐེག་ཆེན་གྱི་ལམ་ལ་ཞུགས་ན་ལེགས་པར་ཞུགས་པ། ཐེག་པ་དམན་པའི་བློ་ཆུང་ཆུང་རང་དོན་ཡིད་བྱེད་ཀྱི་བསམ་པ་མིན་པར། ཐེག་ཆེན་སྐྱེས་བུ་ཆེན་པོའི་ཀུན་སློང་། འུ་ཚོས་ཆོས་ཁྲིད་ནམ་བཤད་ཀྱི་འགོར་བསྐྱར་ཟློས་འདུག་རྒྱུའི། མར་གྱུར་ནམ་མཁའི་མཐའ་མཉམ་ཀྱི་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ལ་འགོད་པའི་ཆེད་དུ་བྱང་ཆུབ་སྒྲུབ་པའི་བསམ་པ་རྣམ་དག་ཞིག་ཡོད་དགོས། ཁ་འདོན་ཁ་ཙམ་དང་ཚིག་ཙམ་གྱིས་ཆོག་རྒྱུ་ཞིག་མ་ཡིན་པར་དོན་ཉམས་ལེན་ཐོག་ལ་ཁེལ་ངེས་ཤིག་དགོས་དུས། ཐོག་མ་ཉིད་ནས་སེམས་བསམ་པའི་གཏིང་ནས་ཀུན་སློང་བཅོས་རྒྱུ་ནི་ཤིན་ཏུ་གལ་ཆེ། ཀུན་སློང་བཅོས་རྒྱུ་འདི་ལ་ཕྱག་ལེན་འདེབས་སྲོལ་གྱི་ཁྱད་པར་ཅུང་ཟད་རེ་ཡོད་པ་ཡིན་ན། དེ་རིང་རང་རེས་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་ཐོག་ནས་བསམ་བློ་ཞིག་བཏང་ན། རྒྱུ་འབྲས་མན་ངག་བདུན་ནི། མར་ཤེས་པ། དྲིན་དྲན། དྲིན་གཟོ། ཡིད་འོང་གི་བྱམས་པ། སྙིང་རྗེ། ལྷག་བསམ་རྣམ་པར་དག་པ། རང་འབྲས་བླ་མེད་དང་བདུན་རེད། དེའི་ནང་ནས་མར་ཤེས་ཞེས་པ་ནི། སེམས་ཅན་ཐམས་ཅད་རང་ཉིད་ཀྱི་མ་ཡིན་པར་ཤེས་རྒྱུ་དེ་རེད། ཚད་མ་རྣམ་འགྲེལ་ལས། རྣམ་ཤེས་མིན་པ་རྣམ་ཤེས་ཀྱི། །ཉེར་ལེན་མིན་པའི་ཕྱིར་ཡང་གྲུབ། །ཅེས་གསུངས་པ་ལྟར་རྣམ་ཤེས་སྔ་མ་མིན་པའི་རྣམ་ཤེས་ཕྱི་མའི་ཉེར་ལེན་གྱི་རྒྱུ་ཞིག་ཡོད་དོན་ཡོད་པ་མ་རེད། རྒྱུ་རིགས་འདྲ་ལས་འབྲས་བུ་རང་འདྲར་འབྱུང་རྒྱུ་དེ། རྒྱུ་འབྲས་རྟེན་འབྲེལ་བསླུ་མེད་མཐོང་བའི་ཆོས་སུ་གྲུབ་པ་ཞིག་ཡིན། དེ་ཡང་ཚད་མ་རྣམ་འགྲེལ་ལས། སྐྱེ་བ་ཡོངས་སུ་ལེན་པ་ན། །འབྱུང་རྔུབ་དབང་པོ་བློ་དག་ནི། །རང་གི་རིགས་ལ་ལྟོས་མེད་ཅན། ཞེས་གསུངས་པ་ལྟར། མངལ་དུ་སྐྱེས་མ་ཐག་པའི་རིག་པ་ཆོས་ཅན། ཁྱོད་ལ་རང་གི་ཉེར་ལེན་དུ་གྱུར་བའི་རིག་པ་སྔ་མ་སྔོན་དུ་སོང་བ་ཡིན་ཏེ། རིག་པ་ཡིན་པའི་ཕྱིར། དཔེར་ན་ད་ལྟའི་རིག་པ་བཞིན་ནོ། །ཞེས་རིག་པའི་ཡར་མཐའ་ཐུག་མེད་དུ་སྒྲུབ་པའི་རིགས་པས་འཁོར་བ་ཐོག་མེད་ཡིན་པར་དེ་ལྟར་བསྒྲུབས་ཡོད། འཁོར་བ་ཐོག་མེད་དུ་སྒྲུབ་པའི་རིགས་པས་གཞལ་བ་ན། བློ་ཐུག་མེད་ཡིན་པའི་རིགས་པས་ལུས་ཐུག་མེད། ལུས་ཐུག་མེད་ཡིན་པའི་རྒྱུ་མཚན་གྱིས་མ་ཐུག་མེད་ཡིན་པར་ཤེས་པ་རེད། དེ་ལྟར་མིན་ཐབས་མེད། དཔེར་ན་བྱིས་པ་རྣམས་ཀྱིས་ཕ་བུ་གཉིས་ཀྱི་སྔ་མ་སུ་རེད་ཟེར་ན། ཟེར་མ་ཤེས་པ་དང་འདྲ་འདྲ་རེད། དེས་ན་བཤེས་སྤྲིངས་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་དྲིལ་ཀྱང་ས་ཡིས་ལོང་མི་འགྱུར། །ཞེས་གསུངས་པ་བཞིན། སེམས་ཅན་རེ་རེའི་ངོས་ནས་རང་ཉིད་ཀྱི་མར་མ་བྱས་པ་གཅིག་ཀྱང་མེད། དེ་ཡང་གྲངས་ཀྱིས་བགྲངས་མི་ལོང་བ་ཞིག་ཡིན། ད་སྔོན་མར་བྱས་པས་མི་ཚད་ད་དུང་ཡང་མར་བྱ་བར་འགྱུར་བ་རེད། དེས་སེམས་ཅན་ཐམས་ཅད་མར་ཡིན་པར་ཤེས་སོང་བ་རེད། གཉིས་པ་དྲིན་དྲན་པའི་ཕྱོགས་ནས་བསམ་བློ་གཏོང་ན། མ་དེས་དང་པོ་མངལ་དུ་བཟུང་། བར་དུ་ནུ་ཞོ་བསྣུན། ཐ་མ་གྲགས་པ་བསྒྲུབས། ཟས་གང་ཞིམ་བྱིན། གོས་གང་ཡག་བསྐོན། བྱམས་པའི་མིག་གིས་བལྟ། བརྩེ་བའི་ངག་གིས་བོས། ཕན་སེམས་ཀྱིས་བསྐྱངས། མ་རང་གི་སྲོག་ལ་བབ་པ་ལས་བུ་ཅུང་ཟད་ན་བའི་སྡུག་བསྔལ་ཆེ་བ་དེ་འདྲའི་ལུས་བསྐྱེད་པའི་དྲིན། དེས་མི་ཚད་སྲོག་བྱིན་པའི་དྲིན། འཇིག་རྟེན་བསྟན་པའི་དྲིན། ད་ལྟ་ཆོས་དང་འཕྲད་པའི་དྲིན་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཞིག་གིས་བསྐྱངས་ཡོད་པ་ཡིན་ན། མ་སེམས་ཅན་ཐམས་ཅད་ཀྱིས་ཚེ་རབས་ཐམས་ཅད་ལ་དྲིན་གྱིས་སྐྱོང་བ་དྲན་པ་དེ་དྲིན་དྲན་པ་རེད། དྲིན་གཟོ་བའི་ཐད་ལ་བསམ་བློ་གཏོང་ན། མ་དྲིན་ཆེན་པོ་ཚེ་འདིའི་ཨ་མ་ལྟ་བུ་ལ་མཚོན་ན། མདུན་འདི་ན་སྡུག་བསྔལ་དྲག་པོ་མི་བཟོད་པ་ཚེ་འདིའི་སྲོག་འདོར་བ་ལྟ་བུའི་ཚད་ལ་ཐོན་པའི་སྡུག་བསྔལ་ཞིག་དང་འཕྲད་ཡོད་ན། དེ་བུ་ངས་སྐྱོབ་ནུས་བཞིན་དུ་མ་སྐྱོབ་ན་ཁྲེལ་མེད་རེད་མོད། དེ་དང་འདྲ་འདྲའི་དྲིན་ཆེན་གྱི་མ་རྒན་འགྲོ་བ་སེམས་ཅན་ཐམས་ཅད་སྡུག་བསྔལ་གསུམ་གྱི་རྒྱ་མཚོའི་ནང་དུ་ཚུད་ཡོད་པ་ཤེས་བཞིན་དུ། ང་རང་གཅིག་པུའི་དོན་བསྒྲུབས་ནས་དེ་ཐམས་ཅད་བློས་བཏང་ན་དེ་ཁྲེལ་མེད་རེད། དེའི་མིང་ལ་དྲིན་མི་གཟོ་བ་ཟེར། དེས་ན་ད་རེས་ཀྱི་སྐྱེ་བ་འདི་ཡི་ཐོག་ལ་ངས་དལ་འབྱོར་གྱི་མི་ལུས་ཐོབ། དམ་པའི་ཆོས་དང་མཇལ། རང་གཞན་ཐར་ལམ་ལ་བགྲོད་པའི་ལམ་སྣེ་ཞིག་ཟིན་པ་ཡིན་པས། ད་ཅི་ལ་ཐུག་ཀྱང་མ་སེམས་ཅན་ཐམས་ཅད་ཀྱི་དོན་བསྒྲུབས་ནས་དྲིན་ལན་འཇལ་དགོས་བསམ་རྒྱུ་དེ་དྲིན་གཟོ་བའི་བསམ་པ་རེད། ཡིད་འོང་གི་བྱམས་པ་ནི། གོང་དུ་བཤད་པ་ལྟར་གྱིས་མར་ཤེས། དྲིན་དྲན། དྲིན་ལན་གཟོ་འདོད་སོགས་ལ་གོམས་སོང་ན། སེམས་ཅན་གང་མཐོང་ཡང་སྔར་འདྲིས་ཀྱི་མཛའ་གྲོགས་ཡིད་འོང་ལ་ཐུག་པ་ལྟ་བུ། དགྲ་ཕ་གསོད་ཀྱི་ཤན་པ་ལག་དམར་དེ་མཐོང་ཡང་མི་དགའ་རྒྱུ་མེད་པར། སེམས་ཅན་སུ་ཡིན་ཡང་། ཡིད་དུ་འོང་ཞིང་བྱམས་པའི་མིག་གིས་ལྟ། བྱམས་པའི་སེམས་ཀྱིས་སྐྱོང་། དེའི་སེམས་ཅན་དེ་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་འདོད་དེ་སྙིང་ནས་ཡོད་པ་ཞིག་མ་སེམས་ཅན་ཀུན་ལ་ཡོད་རྒྱུ་དེ་ཡིད་འོང་གི་བྱམས་པ་རེད། ལྔ་བ་སྙིང་རྗེ་ནི། བརྩེ་བའི་སྙིང་རྗེ་ཞེས་བྱ་བ། ཡིད་འོང་གི་བྱམས་པ་དེ་གོམས་སོང་ན། སེམས་ཅན་སྡུག་བསྔལ་གྱིས་ཉམ་ཐག་ཡོད་པ་ཞིག་རིག་དུས་ན། བུ་འཆི་ནད་ཀྱིས་མནར་བཞིན་ཡོད་པའི་མའི་སེམས་འདྲ་བ། དེའི་ཚབ་ཏུ་རང་ཉིད་ལན་དགུ་ལ་ཤི་དགོས་ཀྱང་ཤི་ནུས་པ། དེ་ལྟ་བུའི་སེམས་ཅན་གྱི་རིགས་སུ་གྱུར་པ་མིག་གིས་མཐོང་བ་ན་སྙིང་རྗེ་བས་མིག་ནས་མཆི་མ་བབ་པ་ལྟ་བུའི་བར་དུ་གོམས་རྒྱུ་དེ་སྙིང་རྗེ་རེད། དྲུག་པ་ལྷག་བསམ་རྣམ་དག་རེད། དེ་ནི་སེམས་ཅན་གྱི་དོན་བསྒྲུབ་པ་རང་གིས་སྒྲུབ་པའི་ཁུར་དུ་ལེན་པའི་སྙིང་སྟོབས་དང་ལྡན་པའི་ལྷག་པའི་བསམ་པ་ཡིན་ལ། དེ་ལྟར་གོང་གི་བློ་སྦྱོང་ལྔ་བོ་དེས་གཞན་ཕན་དོན་གཉེར་བྱེད་རྒྱུའི་ཀུན་སློང་རྣམ་པར་དག་པ་ཞིག་གི་མྱོང་བ་ཐོན་ཡོད་ནའང་། བྱང་ཆུབ་དོན་གཉེར་གྱི་མྱོང་བ་ཐོན་མེད་པས་ན། བྱང་ཆུབ་དོན་གཉེར་གྱི་མྱོང་བ་ཐོན་པ་དེ་སྐྱེས་བུ་ཆེན་པོའི་ཀུན་སློང་རེད། དེས་ན་འགྲོ་ཀུན་སྒྲོལ་བ་ཁུར་དུ་འཁྱེར་བའི་ལྷག་བསམ་རྣམ་དག་དང་ལྡན་པ་ལ་སྐྱེས་བུ་ཆེན་པོའི་ཀུན་སློང་ཡང་དག་པར་འབྱུང་བ་རེད། དེས་རང་རེས་བཤད་རྒྱུའི་མར་ཤེས་དྲིན་དྲན་དྲིན་གཟོ་འདོད། བྱམས་སྙིང་རྗེ་ལྷག་བསམ་རྣམ་དག་དང་དྲུག་རེད། བདུན་པ་རང་འབྲས་བླ་མེད་ནི། གཞན་དོན་དུ་བྱང་ཆུབ་དོན་གཉེར་ལ་མྱོང་བ་ཐོན་ནས། གཞན་སེམས་ཅན་གྱི་སྡུག་བསྔལ་ཞི་བའི་དོན་དུ་རང་མནར་མེད་དམྱལ་བའི་ནང་དུ་འགྲོ་དགོས་ནའང་། ངང་པ་པདྨའི་མཚོ་ནང་ནས་པདྨའི་མཚོ་གཞན་ཞིག་གི་ནང་དུ་ཞུགས་པ་ལྟ་བུའི་ཚད་ལ་ཐོན་དགོས་པ་རེད། འོན་ཀྱང་སེམས་དེ་ཡོད་པས་མི་ཕན། དངོས་ཡོད་གནས་ཚུལ་རང་ཉིད་ཀྱི་ནུས་པའི་ཐོག་ནས་འདང་ཞིག་བརྒྱབ་ན། སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་ས་ལ་བཀོད་རྒྱུ་མི་དགོས། སེམས་ཅན་གཅིག་ཀྱང་སངས་རྒྱས་ཀྱི་ས་ལ་བཀོད་ཐུབ་པའི་ནུས་པ་མེད། དེར་མ་ཟད་དགྲ་བཅོམ་པ་གཉིས་ཀྱི་གོ་འཕང་ཐོབ་ཡོད་ཀྱང་སེམས་ཅན་གྱི་དོན་ཉི་ཚེ་བ་ཙམ་རེ་མ་གཏོགས། སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་ཐུབ་པའི་ནུས་པ་མེད། དེ་མེད་ན་དེ་ལྟ་བུའི་ནུས་པ་དེ་སུ་ལ་ཡོད་ཅེ་ན། སྤངས་རྟོགས་ཀྱི་ཡོན་ཏན་ཐམས་ཅད་མཐར་ཕྱིན་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་རྫོགས་པའི་སངས་རྒྱས་ལ་ཡོད་པས་ན། དེ་ཡི་གོ་འཕང་ཐོབ་པར་བྱེད་པ་ལ་དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། དེས་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ལ་ཞིབ་ཏུ་བཤད་ན། རྟེན་དང་། ངོ་བོ། དབྱེ་བ། དམིགས་པ། རྒྱུ་ལ་སོགས་པ་ཡོད་པ་ལས། སྡོམ་པའི་རྟེན་སྐྱབས་འགྲོ་སྔོན་དུ་མ་སོང་ཐབས་མེད་ཡིན་པ་དེ་ཚོ་སྔོན་གྱི་ཆོས་ཁྲིད་ཀྱི་སྐབས་ཞིག་ལ་ཞུས་པ་ཡིན། ད་དེ་རིང་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོ་སོགས་ལ་བློ་ཁ་ཕྱོགས་ན། སེམས་བསྐྱེད་ཀྱི་ངོ་བོ་ནི། མངོན་རྟོགས་རྒྱན་ལས། སེམས་བསྐྱེད་པ་ནི་གཞན་དོན་ཕྱིར། །ཡང་དག་རྫོགས་པའི་བྱང་ཆུབ་འདོད། །ཅེས་གསུང་ན། གཞན་གྱི་དོན་དུ་རྫོགས་པའི་བྱང་ཆུབ་ཐོབ་པར་འདོད་པ་དེ་སེམས་བསྐྱེད་ཀྱི་ངོ་བོ་རེད། སེམས་བསྐྱེད་ཀྱི་སྐོར་འདི་ཚོ་ཀློག་པ་ཐོས་བསམ་པ་དང་། གཞུང་ལུགས་རམ་འབྱམས་སྨྲ་བ་ཐམས་ཅད་ཀྱིས་ཐུགས་ལ་ངེས་བཞིན་པ་རེད། འོན་ཀྱང་ལས་དང་པོ་བ་དང་། ཐོད་རྒལ་དུ་སྒོམ་སྒྲུབ་ལ་ཞུགས་པའི་སྤོང་བ་བསམ་གཏན་པ་རྣམས་ཀྱིས་ཐོས་པའི་ཤེས་རབ་བསྐྱེད་པའི་ཆེད་དུ་དྲན་བསྐུལ་གྱི་ཚུལ་དུ་ཅུང་ཟད་ཅིག་ཞུ་ཁུལ་བྱེད་ན། སྤྱིར་སེམས་བསྐྱེད་འདི་ལ་དབྱེ་བ་རྣམ་པ་གསུམ་གྱི་སྒོ་ནས་བཤད་ཆོག་གི། དཔེའི་སྒོ་ནས་དབྱེ་བ། ས་མཚམས་ཀྱི་སྒོ་ནས་དབྱེ་བ། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་དང་གསུམ་ཡོད། དང་པོ་དཔེའི་སྒོ་ནས་དབྱེ་བ་དེ། འཕགས་པ་བྱམས་པས། དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །ཞེས་པ་ནས་རྣམ་པ་ཉི་ཤུ་རྩ་གཉིས་སོ། །ཞེས་པའི་བར་གྱིས་བསྟན་པའི་དོན། དཔེ་གྲོགས་ཆོས་གསུམ་དང་སྦྱར་ན། དོན་གྱི་ཐོག་ནས་འདུན་པ་ནས་ཆོས་སྐུའི་བར་དང་། དཔེ་ས་ནས་སྤྲིན་གྱི་བར་ཏེ། འདུན་པ་ས་ལྟ་བུ། བསམ་པ་གསེར་ལྟ་བུ། ལྷག་བསམ་ཟླ་བ་ཚེས་པ་ལྟ་བུ་ནས། ཆོས་སྐུ་སྤྲིན་ལྟ་བུའི་བར་གྱི་སེམས་བསྐྱེད་རྣམས་བསྟན་ལ། དེ་དག་ལམ་ལྔ་དང་སྦྱར་ན། དང་པོ་ས་དང་གསེར་དང་ཟླ་བ་གསུམ་གྱིས་མཚོན་པའི་འདུན་པ་དང་བསམ་པ་དང་། ལྷག་བསམ་གསུམ་དང་ལྡན་པའི་སེམས་བསྐྱེད་དེ་ཚོགས་ལམ་ཆེ་འབྲིང་ཆུང་གསུམ་སྟེ་ལས་དང་པོ་བའི་ས་ཡིས་བསྡུས་པ་ཞིག་རེད། བཞི་བ་མེ་དང་འདྲ་བའི་སྦྱོར་བ་དེ། སྦྱོར་ལམ་གྱིས་བསྡུས་པ་རེད། དེ་ནས་གཏེར་དང་། རིན་ཆེན་འབྱུང་གནས། རྒྱ་མཚོ་དང་འདྲ་བའི་སྦྱིན་པ་ཚུལ་ཁྲིམས་བཟོད་པ་གསུམ། དེ་ནས་རྡོ་རྗེ་རི་སྨན་བཤེས་གཉེན་དང་། ཡིད་བཞིན་ནོར་བུ། ཉི་མ། ཀླུ་དང་འདྲ་བའི་བརྩོན་འགྲུས། བསམ་གཏན། ཤེས་རབ། སྨོན་ལམ། ཐབས། སྟོབས། སྨོན་ལམ། ཡེ་ཤེས་རྣམས་ས་དང་པོ་རབ་ཏུ་དགའ་བ་ལ་སོགས་པ་ས་བཅུས་བསྡུས་པས་ན་མཐོང་སྒོམ་གྱི་སྤྱོད་ཡུལ་ཅན་ཡིན་ལ། རྒྱལ་པོ། བང་མཛོད། ལམ་པོ་ཆེ། བཞོན་པ། བཀོད་མའི་ཆུ་དང་འདྲ་བ། མངོན་ཤེས་དང་ལྡན་པ། བསོད་ནམས་དང་ཡེ་ཤེས་དང་། བྱང་ཆུབ་ཕྱོགས་ཀྱི་ཆོས་དང་། སྙིང་རྗེ་དང་ལྷག་མཐོང་དང་། གཟུངས་དང་། སྤོབས་པ་དང་ལྡན་པ་དེ་རྣམས་བྱང་ཆུབ་སེམས་དཔའི་ཁྱད་པར་ལམ་གྱིས་བསྡུས་པ་རེད། སྒྲ་སྙན། ཆུ་བོ། སྤྲིན་གསུམ་དང་འདྲ་བའི་ཆོས་ཀྱི་དགའ་སྟོན། བགྲོད་པ་གཅིག་པུའི་ལམ། ཆོས་ཀྱི་སྐུ་དང་ལྡན་པ་རྣམས་སངས་རྒྱས་ཀྱི་ས་འམ་དེ་བཏགས་པ་བས་བསྡུས་པ་རེད། དབྱེ་བ་ཉི་ཤུ་རྩ་གཉིས་པོ་དེ་ལས་དང་པོ་བ་ནས་སངས་རྒྱས་ཀྱི་སའི་བར་གྱིས་བསྡུས་པ་རེད། ས་མཚམས་ཀྱི་སྒོ་ནས་དབྱེ་ན། མོས་པ་ལྡན་པའི་སེམས་བསྐྱེད། ལྷག་བསམ་དག་པའི་སེམས་བསྐྱེད། རྣམ་པར་སྨིན་པའི་སེམས་བསྐྱེད། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་བཞི་ཡོད་དེ། མོས་པ་ལྡན་པའི་སེམས་བསྐྱེད་དེ་མོས་པས་སྤྱོད་པའི་སས་བསྡུས། ལྷག་བསམ་རྣམ་དག་གི་སེམས་བསྐྱེད་དེ་ས་དང་པོ་ནས་བདུན་པའི་བར་གྱིས་བསྡུས་པ། རྣམ་པར་སྨིན་པའི་སེམས་བསྐྱེད་དེ་ས་བརྒྱད་པ་ནས་བཅུ་བའི་བར་གྱིས་བསྡུས། སྒྲིབ་པ་སྤངས་པའི་སེམས་བསྐྱེད་དེ་སངས་རྒྱས་ཀྱི་སས་བསྡུས་པ་དེ་ལྟར་འདོད་པ་རེད། འོ་ན་སངས་རྒྱས་ཀྱི་ས་ན་སེམས་བསྐྱེད་ཡོད་དམ་མེད་ཅེ་ན། ཆོ་གས་བརྡ་ལས་ཐོབ་པའི་སེམས་བསྐྱེད་དེ་མེད་དེ། ཁས་བླངས་པའི་དུས་ལས་འདས་པའི་ཕྱིར། དོན་དམ་སེམས་བསྐྱེད་ཡོད་དེ། ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ཐོབ་ལ་མ་ཉམས་པའི་ཚུལ་དུ་ཡོད་པའི་ཕྱིར་ཞེས་གསུངས་པ་རེད། དེས་དཔེ་དང་ས་མཚམས་ཀྱི་དབྱེ་བ་བཤད་ནས། མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་བཤད་ན། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་བྱང་ཆུབ་ཀྱི་སེམས་གཉིས་སུ་དབྱེར་ཡོད་པ་རེད། འདི་གཉིས་ཆེད་དུ་བྱ་བ་གཞན་དོན་དུ་བྱང་ཆུབ་ཐོབ་འདོད་ཀྱི་སེམས་ཡིན་པ་ལ་འདྲ་ཡང་། དམིགས་ཡུལ་རྫོགས་བྱང་དེ་ལ་ཆོས་ཅན་དང་ཆོས་ཉིད་ཀྱི་དབྱེ་བ་ཡོད་པས་ཀུན་རྫོབ་དང་དོན་དམ་གཉིས་སུ་གྲུབ་སོང་བ་རེད། དེས་ན་དོན་དམ་བྱང་ཆུབ་ཀྱི་སེམས་ཇི་ལྟར་ཡིན་ན། དོན་དམ་བྱང་ཆུབ་ཀྱི་སེམས་ནི། འཇིག་རྟེན་ལས་འདས་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། ཤིན་ཏུ་གསལ་བ། དྲི་མ་མེད་པ། དོན་དམ་པའི་ཡུལ་ཅན། མི་གཡོ་བ་དཔེར་ན་རླུང་མེད་པའི་མར་མེ་ལྟ་བུ་ཤིན་ཏུ་གསལ་བ་ཞིག་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ནི། སྙིང་རྗེས་སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་པར་དམ་བཅའ་བ་ཞིག་ལ་གསུངས་ཡོད། དེ་ལ་དོན་དམ་བྱང་ཆུབ་ཀྱི་སེམས་ནི་ཆོས་ཉིད་ཀྱིས་ཐོབ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ཡང་དག་པར་བླངས་པ་བརྡ་ལས་བྱུང་བ་ཞིག་ཡིན་པར་མདོ་རྒྱན་ལས་གསུངས། དོན་དམ་བྱང་ཆུབ་ཀྱི་སེམས་དེ་ས་དང་པོ་ཡན་ཆད་ནས་ཡོད་པ་དང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་སོ་སོའི་སྐྱེ་བོའི་ས་ནའང་ཡོད། བརྡ་ལས་བྱུང་བའི་སེམས་བསྐྱེད་དང་སྡོམ་པའི་མཚན་ཉིད་བཞག་ན། གཞན་དོན་དུ་རྫོགས་བྱང་ལ་དམིགས་པའི་སྒྲུབ་པ་ཁྱད་པར་ཅན་གང་ཞིག དེའི་མི་མཐུན་ཕྱོགས་སྒོ་གསུམ་གྱི་ཉེས་པ་སྤོང་བའི་སེམས་པ་རྒྱུན་ཆགས་པ་དེ་དང་དེའི་མཚན་ཉིད་དང་། སྒོ་གསུམ་གྱི་ཉེས་པ་མ་ལུས་སྤོང་བ་དེ་བྱང་སྡོམ་གྱི་ངོ་བོ་ཡིན། དང་པོའི་ལས་ཅན་གྱིས་མ་སྦྱོང་ཐབས་མེད་ཀྱི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ་མཚོན་ན། སྨོན་པ་བྱང་ཆུབ་ཀྱི་སེམས་དང་། འཇུག་པ་བྱང་ཆུབ་ཀྱི་སེམས་གཉིས་ཡོད་དེ། དེ་ཡང་སྤྱོད་འཇུག་ལས། བྱང་ཆུབ་སེམས་དེ་མདོར་བསྡུས་ན། །རྣམ་པ་གཉིས་སུ་ཤེས་བྱ་སྟེ། །བྱང་ཆུབ་སྨོན་པའི་སེམས་དང་ནི། །བྱང་ཆུབ་འཇུག་པ་ཉིད་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །སྨོན་འཇུག་གི་ཁྱད་པར་ལ་བཞེད་ཚུལ་མི་འདྲ་བ་འགའ་རེ་ཡོད་པ་རེད། དེའང་འགའ་རེས། སྤྱོད་འཇུག་གི་ལུང་དོན་ལྟར། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཇི་ལྟར་ཤེས་པ་ལྟར། །དེ་བཞིན་མཁས་པས་འདི་གཉིས་ཀྱི། །བྱེ་བྲག་རིམ་བཞིན་ཤེར་པར་བྱ། །ཞེས་གསུངས་པ་ལྟར། རྫོགས་པའི་སངས་རྒྱས་ཐོབ་པར་འདོད་པ་ཙམ་གྱི་བསམ་པ། འགྲོ་བར་འདོད་པ་ལྟ་བུ་སྨོན་པ་དང་། སངས་རྒྱས་སྒྲུབ་པའི་སྦྱོར་བ་དངོས་ལ་འཇུག་པས་ཟིན་པ། འགྲོ་བ་དངོས་ལྟ་བུ་འཇུག་པ། ཡང་འགའ་རེས། སེམས་ཅན་གྱི་དོན་དུ་ངས་རྫོགས་པའི་སངས་རྒྱས་ཐོབ་པར་བྱ་སྙམ་པའི་འབྲས་བུ་ལ་དམ་བཅའ་བ་སྨོན་པ་དང་། སངས་རྒྱས་ཐོབ་པའི་རྒྱུ་ཕར་ཕྱིན་དྲུག་ལ་བསླབ་པར་བྱའོ་སྙམ་པའི་རྒྱུ་ལ་དམ་བཅའ་བ་འཇུག་པར་འདོད་པ་སོགས། དེ་འདྲའི་བཞེད་པ་འགའ་ཞིག་ཡོད་པ་ཡིན་ས་རེད། གང་ལྟར་གསུངས་རུང་། སྲོལ་གཉིས་གནད་གཅིག་ལ་འབབ་པའི་དགོངས་པ་བླངས་དགོས་གལ་ཆེ། སེམས་བསྐྱེད་ཀྱི་དམིགས་པ་ཇི་ལྟར་ཡིན་ན། སེམས་ཅན་གྱི་དོན་དང་བྱང་ཆུབ་ཆེན་པོ་ལ་དམིགས་པ། རང་རེས་རྒྱུན་དུ་བཤད་འདུག་རྒྱུའི། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ་ཞེས་བརྗོད་པ་དེ་རེད། དེ་ཡང་སེམས་ཅན་ཡིན་ན་སེམས་ཅན་གཅིག་གཉིས་དང་། འགའ་ཙམ་མ་ཡིན་པར། ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་གྱི་སྡུག་བསྔལ་བསལ་འདོད་དང་། གཏན་བདེ་མཆོག་མཐར་ཐུག་གི་བྱང་ཆུབ་ལ་འགོད་འདོད་པ་དེ་རེད། བྱང་ཆུབ་སེམས་ཀྱི་རྒྱུ་དེ་གང་ཡིན་ཞེ་ན། མདོ་སྡེ་རྒྱན་གྱི་དགོངས་དོན་ལྟར། གྲོགས་སྟོབས་རྒྱུ་སྟོབས་རྩ་བའི་སྟོབས། །ཐོས་སྟོབས་དགེ་བ་གོམས་པ་ལས། །མི་བརྟན་པ་དང་བརྟན་བྱུང་བ། །གཞན་གྱིས་བསྟན་པའི་སེམས་བསྐྱེད་བཤད། །ཅེས་གསུངས་ན། ཚིག་ཕྱི་མ་གཞན་གྱིས་བསྟན་པའི་སེམས་བསྐྱེད་ཅེས་གསུངས་རྒྱུ་འདིས་ཡང་དག་པར་བླངས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་དེ་བསྟན་ཡོད་པ་རེད། གྲོགས་སྟོབས་ཞེས་པ་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྐྱེ་བ་དང་། རྒྱུ་སྟོབས་ཞེས་པ་རིགས་ཀྱི་མཐུས་སྐྱེ་བ་དང་། རྩ་བའི་སྟོབས་ཞེས་པ་དགེ་རྩའི་སྟོབས་ལས་དང་། ཐོས་སྟོབས་དེ་ཆོས་ཀྱི་རྣམ་གྲངས་དེ་དང་དེ་དག་ཐོས་ནས་སྐྱེས་པ་དང་། དགེ་བ་གོམས་པ་ཚེ་འདིར་རྟག་ཏུ་ཉན་འཛིན་འཆང་ཀློག་ལ་སོགས་པ་ལས་སྐྱེ་བ་དེ་ཡིན། གྲོགས་སྟོབས་ལ་བརྟེན་ནས་སྐྱེ་བ་དེ་མི་བརྟན་པ་དང་། རྒྱུ་ལ་སོགས་པའི་སྟོབས་ལ་བརྟེན་ནས་སྐྱེ་བ་དེ་བརྟན་པ་རེད། དོན་དམ་སེམས་བསྐྱེད་སྐྱེ་བའི་རྒྱུ་ནི། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པ་ལྟར། ལུང་དང་། བསྒྲུབ་པ་དང་། རྟོགས་པའི་ཁྱད་པར་དག་གིས་བསྐྱེད་པ་རེད། དེས་ན་གོང་དུ་བཤད་པ་ལྟར་ཡང་དག་པར་བརྡ་ལས་བྱུང་བའི་སེམས་བསྐྱེད་དེའི་བླང་ཡུལ་དེ་ཇི་ལྟར་ཡིན་ཞེ་ན། སློབ་དཔོན་ཡོད་པའི་ལུགས་དང་། སློབ་དཔོན་མེད་པའི་ལུགས་གཉིས་ལས། ཡོད་པའི་ལུགས་ལ། སློབ་དཔོན་གྱི་མཚན་ཉིད་ཀྱང་འདི་དག་ཚང་དགོས་ཏེ། སྡོམ་པ་འབོགས་པའི་ཆོ་ག་ལ་མཁས་པ་དང་། རང་ཉིད་སྡོམ་པ་ཐོབ་ལ་མ་ཉམས་པ་ཡིན་ལ། ལུས་ངག་གི་རྣམ་འགྱུར་གྱིས་དོན་གོ་བར་བྱེད་ནུས་པ། ཟང་ཟིང་ལྷུར་མི་ལེན་པར་སློབ་མ་བརྩེ་བས་སྐྱོང་བ་ཞིག་ཡིན་དགོས། སློབ་དཔོན་མེད་པའི་ལུགས་ནི། དེ་འདྲའི་མཚན་ཉིད་ཚང་བའི་སློབ་དཔོན་རྙེད་དཀའ་བ་དང་། ཡོད་ཀྱང་དེའི་དྲུང་དུ་འགྲོ་དགོས་ན་སྲོག་དང་ལོངས་སྤྱོད་ལ་བར་ཆད་ཡོད་ན། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་མདུན་དུ་བླང་ཆོག་པ་དང་། སྐུ་གཟུགས་མེད་པར་ཁེལ་ན་མདུན་གྱི་ནམ་མཁར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དངོས་སུ་བཞུགས་ཡོད་པར་བསྒོམས་ནས་ལེན་ཆོག་རྒྱུ་དེ་འདྲ་གསུངས་ཡོད། ད་ལྟའི་ཕྱག་ལེན་ལ་ཐོག་མར་སློབ་དཔོན་གྱི་མདུན་ནས་བླངས་པ་དང་། རྗེས་སུ་རྒྱུན་དུ་རང་ཉིད་ཀྱི་རྟེན་ནམ་དམིགས་པའི་མདུན་དུ་ལེན་པ་ཡིན། ལེན་ལུགས་ཀྱི་ཆོ་གའི་ཁྱར་པར་ལའང་། བརྒྱུད་པའི་རིམ་པ་དང་། རིམ་པ་དེའི་ཐོག་ནས་བྱུང་བའི་བཀའ་སྲོལ་གྱི་ཐོག་ནས། འཕགས་པ་འཇམ་དཔལ་ནས་སློབ་དཔོན་ཀླུ་སྒྲུབ་ལ་བརྒྱུད་པའི་སློབ་དཔོན་ཞི་བ་ལྷའི་ལུགས་ཀྱི་ཟབ་མོ་ལྟ་བའི་ལུགས་དང་། འཕགས་པ་བྱམས་པ་ནས་སློབ་དཔོན་འཕགས་པ་ཐོགས་མེད་ལ་བརྒྱུད་པའི་སློབ་དཔོན་གསེར་གླིང་བའི་ལུགས་ཀྱི་རྒྱ་ཆེན་སྤྱོད་པའི་ལུགས་ཏེ། ཡོངས་གྲགས་སྲོལ་གཉིས་གང་རུང་གི་སྒོ་ནས་ལེན་པ་ཡིན། ཟབ་མོ་ལྟ་བའི་ལུགས་ཀྱི་ལེན་ཚུལ་ནི། གདམས་ངག་ཁྱད་པར་ཅན་གྱིས་བློ་སྦྱོང་བཅོས། ཡུལ་ཁྱད་པར་ཅན་ལ་གསོལ་བ་བཏབས། རྟེན་ཁྱད་པར་ཅན་གྱི་མདུན་དུ་སྐྱབས་སུ་འགྲོ་བ། ཐབས་ཁྱད་པར་ཅན་སྦྱོར་བ་ཡན་ལག་བདུན་པ་སྔོན་དུ་འགྲོ་བ་དགོས་ལ། ཡན་ལག་བདུན་པ་དེའི་ནང་ནས་ཕྱག་འཚལ་བ་མཆོད་པའི་ནང་དུ་བསྡུ་བའང་ཡོད། སྦྱོར་བ་ཡན་ལག་བདུན་པ་སྡོན་དུ་བཏང་། དེ་ནས་དངོས་གཞི་སྡོམ་པ་ལེན་པ་དེ་ཡིན། དེ་ཡང་བསླབ་བཏུས་ལས་གསུངས་པ་ལྟར་རྗེ་བཙུན་འཇམ་དཔལ་དབྱངས་དེ་སྔོན་རྒྱལ་བ་ནམ་མཁའ་ཞེས་པ་སྐྱེ་བ་བླངས་པའི་སྐབས་ན། སངས་རྒྱས་འབྲུག་སྒྲའི་དབྱངས་ཀྱི་རྒྱལ་པོའི་སྤྱན་སྔར་སེམས་བསྐྱེད་དང་སྡོམ་པ་སྟབས་གཅིག་ཏུ་བླངས་པ་བཞིན་དུ། དགོངས་སུ་གསོལ་བ་སྔོན་དུ་སོང་ནས། ཆོ་གའི་ཚིག་ཇི་ལྟར་སྔོན་གྱི་བདེ་གཤེགས་སོགས་ཀྱིས་ཚིག་གིས་སྨོན་འཇུག་གཉིས་སྟབས་གཅིག་ཏུ་བླངས་ནས། རྗེས་ཆོག་ལ་གཏོར་མ་འབུལ་བ་དང་། རང་གཞན་གྱིས་དགའ་བ་སྒོམ་པ་སོགས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་རང་རེས་དུས་རྒྱུན་ལེན་འདུག་རྒྱུ་ཅན་པོ་དེ་རེད། རྒྱ་ཆེན་སྤྱོད་སྲོལ་གྱི་ཆོ་གའང་ཧ་ལམ་དེ་དང་འདྲ་འདྲ་རེད། སྦྱོར་དངོས་རྗེས་གསུམ་ཚང་དགོས་ལུགས་གཅིག་གི་ནང་ནས། སྦྱོར་བ་ལ་གསོལ་འདེབས། ཚོགས་བསགས། སྐྱབས་འགྲོ་སོགས་སྔོན་དུ་སོང་བའི་སྒོ་ནས་དངོས་གཞིའི་སྐབས་སུ། དང་པོ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེའི་རྗེས་ནས་ཡང་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་སོ་སོར་ལེན་པ་རེད། འོ་ན་སྨོན་འཇུག་གི་སེམས་བསྐྱེད་དང་སྨོན་འཇུག་གི་སྡོམ་པ་ལ་ཁྱད་པར་ཅི་ཡོད་ཟེར་ན། གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་དེ་སྨོན་པ་སེམས་བསྐྱེད་དང་། དེ་ཉིད་མ་ཉམས་པར་སྲུང་རྒྱུའི་བློ་དེ་འཇུག་པ་སེམས་བསྐྱེད། བྱང་སེམས་ཀྱི་བསླབ་པ་མཐའ་དག་འཛིན་པར་ཁས་བླངས་པའི་སེམས་པ་དེ་སྨོན་སྡོམ་དང་། བཟུང་བ་དེ་ཉམས་སུ་ལེན་པར་ཁས་ལེན་པ་དེ་འཇུག་སྡོམ་ལ་གོ་དགོས། དེ་ལྟ་བུའི་བྱང་ཆུབ་སེམས་ཀྱི་ཕན་ཡོན་ལ་གྲངས་ཀྱིས་བགྲང་རྒྱུ་ཡོད་པའི་ཕན་ཡོན་དང་། གྲངས་ཀྱིས་བགྲང་དུ་མེད་པའི་ཕན་ཡོན་གཉིས་ཡོད་པ་ལས། དང་པོ་ལ་སྨོན་སེམས་ཀྱི་ཕན་ཡོན་ནི། ཐེག་པ་ཆེན་པོར་འགྱུར་བ་དང་། བྱང་ཆུབ་སེམས་དཔའི་བསླབ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར་པ། སྡིག་པ་རྩད་ནས་གཅོད་པ། བླ་མེད་བྱང་ཆུབ་ཀྱི་རྩ་བ་ཚུགས་ནས་བསོད་ནམས་དཔག་ཏུ་མེད་པ་ཐོབ་པ། སངས་རྒྱས་ཐམས་ཅད་མཉེས་པ། སེམས་ཅན་ཐམས་ཅད་ལ་ཕན་པ་འགྱུར་བ་ལ་སོགས་པ་དང་། མཐར་ཐུག་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དེ་ལྟར་ཡོད། འཇུག་པ་སེམས་བསྐྱེད་པའི་ཕན་ཡོན་ནི། སྔ་མ་དེ་རྣམས་ཀྱི་སྟེང་དུ། རང་དོན་རྒྱུན་ཆགས་སུ་འབྱུང་བ་དང་། གཞན་དོན་སྣ་ཚོགས་སུ་འབྱུང་བའོ། རང་དོན་རྒྱུན་ཆགས་ཇི་ལྟར་འབྱུང་ན། སྤྱོད་འཇུག་ལས། སེམས་དེ་ཡང་དག་བླངས་གྱུར་ན། །དེ་ནས་བཟུང་སྟེ་གཉིད་ལོག་གམ། །བག་མེད་གྱུར་ཀྱང་བསོད་ནམས་ཤུགས། །རྒྱུན་མི་ཆད་པ་དུ་མ་ཞིག །ནམ་མཁའ་མཉམ་པར་རབ་ཏུ་འབྱུང་། །ཞེས་གསུངས་པས་འཇུག་པའི་སེམས་དེ་བསྐྱེད་ཚར་ནས་མ་ཉམས་པ་དེ། གཉིད་དང་། བརྒྱལ་བ་དང་། བག་མེད་གྱུར་བའི་སྐབས་ལ་སོགས་པ་དུས་ཐམས་ཅད་ལ་བསོད་ནམས་ཀྱི་ཤུགས་རྒྱུན་མི་ཆད་པར་འབྱུང་བ་ཡིན་ཞེས་གསུངས། གཞན་དོན་སྣ་ཚོགས་འབྱུང་བའང་། སྤྱོད་འཇུག་ལས། གང་ཞིག་བདེ་བས་ཕོངས་བ་དང་། །སྡུག་བསྔལ་མང་ལྡན་དེ་དག་ལ། །བདེ་བ་ཀུན་གྱིས་ཚིམ་པ་དང་། །སྡུག་བསྔལ་ཐམས་ཅད་གཅོད་བྱེད་ཅིང་། །གཏི་མུག་ཀྱང་ནི་སེལ་བྱེད་པ། །དེ་དང་དགེ་མཚུངས་ག་ལ་ཡོད། །དེ་འདྲའི་བཤེས་ཀྱང་ག་ལ་ཡོད། བསོད་ནམས་དེ་འདྲ་ག་ལ་ཡོད། ཅེས་གསུངས་པ་ལྟ་བུ་རེད། དེ་དག་ནི་བྱང་ཆུབ་ཏུ་སེམས་བསྐྱེད་པའི་གྲངས་བགྲང་དུ་ཡོད་པའི་ཕན་ཡོན་རེད། གྲངས་སུ་བགྲང་གིས་མི་ལོང་བ་ནི། འདི་ནས་བཟུང་སྟེ་སངས་རྒྱས་སའི་བར་གྱི་ཡོན་ཏན་ཐམས་ཅད་འབྱུང་བ་དེ་རྣམས་ཡིན་ཞིང་བགྲང་གིས་མི་ལོང་ངོ། །བྱང་ཆུབ་ཀྱི་སེམས་དེ་བླངས་ནས་དོར་བའི་ཉེས་དམིགས་ཇི་ལྟར་ཡོད་པ་རེད་ཟེར་ན། སྤྱོད་འཇུག་ལས། གལ་ཏེ་དེ་ལྟར་དམ་བཅའ་ནས། །ལས་ཀྱིས་བསྒྲུབ་པར་མ་བྱས་ན། །སེམས་ཅན་དེ་དག་ཀུན་བསླུས་པས། །བདག་གི་འགྲོ་བ་ཅི་འདྲར་འགྱུར། །ཞེས་སོགས་གསུངས་པ་ལྟར། ཁ་ཡིས་བཤད་དེ། སྦྱོར་བས་མ་སྒྲུབ་པར་དམ་བཅའ་ལས་ཉམས་ནས་སེམས་བསྐྱེད་ཤོར་སོང་ན། སེམས་ཅན་ཐམས་ཅད་བསླུས་པ་དང་། རྒྱལ་བ་སྲས་བཅས་ལ་བརྫུན་དུ་བཤད་པ་ཡིན་པས་དེ་དག་གིས་ཉེས་པ་དེས་ངན་འགྲོར་འགྲོ་བ་དང་། གཞན་དོན་ལས་ཉམས་པ། ས་ཐོབ་ལ་ཡུན་དུ་འགོར་བའི་ཉེས་དམིགས་རྣམས་ཡོད་པ་རེད། བྱང་ཆུབ་སེམས་བསྐྱེད་ཤོར་བའི་རྒྱུ་རྐྱེན་གང་ཡིན་ན། སེམས་ཅན་བློས་གཏོང་བ་དང་། ནག་པོའི་ཆོས་བཞི་བསྟེན་པ་དང་། མི་མཐུན་པའི་སེམས་བསྐྱེད་པ་ལས་སྨོན་པ་ཉམས་པ་དང་། ཕམ་པའི་གནས་ཀུན་དཀྲིས་ཆེན་པོ་བྱུང་བ་དང་། ལོག་ལྟ་དང་བསླབ་པ་ཕུལ་བ་སོགས་ཀྱིས་འཇུག་སྡོམ་ཉམས་པར་གསུངས། སྡོམ་པ་དེ་ཉམས་ན་སླར་ཡང་ཕྱིར་བཅོས་པའི་ཐབས་ལ། ཟབ་མོ་ལྟ་བའི་ལུགས་ལ། དབང་པོ་དམན་པས་རྒྱུའི་སྒོ་ནས་བཤགས་པ། དབང་པོ་འབྲིང་གིས་ལྷའི་རྣལ་འབྱོར་ལ་ནན་ཏན་བྱས་ནས་བཤགས་པ། དབང་པོ་རྣོན་པོའི་གང་ཟག་གིས་ཐོག་མར་སྒྱུ་མ་དང་རྨི་ལམ་ལྟ་བུའི་ཚུལ་གྱིས་རྒྱལ་བ་སྲས་བཅས་ཀྱི་སྤྱན་སྔར་ཚིག་གིས་བཤགས་ཤིང་དམིགས་མེད་ནམ་མཁའ་ལྟ་བུའི་རང་བཞིན་དུ་ཤེས་པའི་ངང་དུ་མཉམ་པར་བཞག་ནས་ཉེས་ལྟུང་བཤགས་པ་དང་། རྒྱ་ཆེན་སྤྱོད་སྲོལ་ལ། སྨོན་སེམས་བཏང་བ་དང་། ཀུན་དཀྲིས་ཆེན་པོས་རྩ་ལྟུང་གིས་གཏོང་ན། བཤགས་སྡོམ་དང་བསགས་སྦྱོང་ལ་ནན་ཏན་བྱས་ནས་སྡོམ་པ་སླར་ཡང་བླང་བར་བྱ་དགོས། འོན་ཀྱང་ལན་གྲངས་གསུམ་ལས་ལྷག་པར་བླང་དུ་མེད་པར་བྱང་ས་ལས་བཤད་པར་གསུངས། ཀུན་དཀྲིས་འབྲིང་གིས་བྱུང་བའི་རྩ་ལྟུང་ནི་གང་ཟག་གསུམ་ཡན་ཆོད་ཀྱི་དྲུང་དུ་བཤགས་ཤིང་བསྡམས། ཀུན་དཀྲིས་ཆུང་ངུས་སྤྱད་པའི་རྩ་ལྟུང་དང་ཉེས་བྱས་རྣམས་གང་བྱུང་ན་གང་ཟག་གཅིག་ཡན་གྱི་མདུན་དུ་བཤགས་ཤིང་བསྡམས་པས་དག་པར་འགྱུར་བར་གསུངས་ལ། དེ་ཐམས་ཅད་བཤགས་ཡུལ་གང་ཟག་མེད་ན་རྒྱལ་བ་སྲས་བཅས་ཡིད་ཀྱིས་དམིགས་པའི་མདུན་དུ་བཤགས་ཤིང་བསྡམ་པར་བྱའོ། །དེའང་སྐྱེས་བུ་རབ་འབྲིང་ཐ་གསུམ་གྱི་བཤགས་སྲོལ། དུས་དྲུག་དང་དུས་རེ་རེ་ལའང་ཆ་གསུམ་དུ་བགོས་ནས་དེ་དང་དེ་ལ་གཉེན་པོ་སླེབས་མི་སླེབས་ཀྱི་ཁྱད་པར་ལས་བཤགས་ལུགས་རབ་འབྲིང་ཐ་གསུམ་དུ་ཕྱེ་བ་ཡིན་ནོ། །བྱང་ཆུབ་སེམས་བསྐྱེད་ཀྱི་བསླབ་བྱ་ལ། སྨོན་འཇུག་གི་བསླབ་བྱ་གཉིས་ཡོད་པ་ལས། སྨོན་པའི་བསླབ་བྱ་ནི། སེམས་ཅན་བློས་མི་གཏོང་བ་དང་། བྱང་ཆུབ་སེམས་ཀྱི་ཕན་ཡོན་དྲན་པ། ཚོགས་གཉིས་གསོག་པ། བྱང་སེམས་སྦྱང་བ། དཀར་ནག་ཆོས་བརྒྱད་བླང་དོར་བྱེད་པ་དེ་དག་གི་ནང་དུ་འདུས་པ་རེད། སེམས་ཅན་བློས་མི་གཏོང་བ་དེ་བྱང་ཆུབ་སེམས་མི་འཆོར་བའི་ཐབས་ཡིན་ལ། དེ་སེམས་ཅན་ཐམས་ཅད་བློས་མི་གཏོང་བ་ལ་གསུངས་པ་རེད། སེམས་ཅན་འགའ་རེ་བློས་མ་གཏོང་བ་ནི་ཉན་རང་མ་ཟད་ཁྲ་དང་སྤྱང་ཀི་ལའང་ཡོད། དེས་ན་སེམས་ཅན་ཐམས་ཅད་བློས་གཏོང་གསུངས་རྒྱུ་དེ། འདིས་ང་ལ་གནོད་འདི་འདྲ་ཞིག་བྱས་བྱུང་། ངས་ཁོ་ལ་ཕྱིན་ཆད་ཕན་ཐོགས་པའི་དུས་བྱུང་ནའང་ཕན་མི་བཏགས། གནོད་པ་བཟློག་པའི་དུས་བྱུང་ན། གནོད་པ་མི་བཟློག་བསམ་པའི་སེམས་སྐྱེས་པ་ནི་སེམས་ཅན་བློས་གཏོང་ཡིན། སོ་ཐར་གྱི་སྡོམ་པ་བླངས་དུས་ངེས་པ་ལྔ་དང་བྲལ་དགོས་ཟེར་བ། བསླབ་བྱ་འདི་སྲུང་འདི་མི་སྲུང་ལྟ་བུའི་བསླབ་བྱ་ངེས་པ། ལོའམ་ཟླ་བ་གཅིག་སྲུང་ལྟ་བུ་དུས་ངེས་པ་རེད། ཡུལ་ཕྱོགས་འདི་ལ་སྲུང་འདི་ན་མི་སྲུང་ལྟ་བུ་ཡུལ་ངེས་པ། གང་ཟག་ཆེ་གེ་མོ་ལ་སྲུང་འགའ་ཞིག་ལ་མི་སྲུང་ལྟ་བུ་སེམས་ཅན་ངེས་པ་སོགས་ངེས་པ་དང་བྲལ་དགོས་པར་གསུངས་པ་དང་ཕྱོགས་མཚུངས་པ། བྱང་སྡོམ་གྱི་སྐབས་ཡིན་ནའང་། དགྲ་དེ་མིན་པ་ཐམས་ཅད་ལ་ཕན་བཏགས་དགོས་བསམ་ན། དགྲ་སེམས་ཅན་ཡིན་པས་སེམས་ཅན་ཐམས་ཅད་ཞེས་པ་མ་ཚང་བ་རེད། ཐུན་ཚོད་ནང་གཉེན་པོས་མ་སླེབ་ན་སྡོམ་པ་ཤོར་འགྲོ། དུས་ཚོད་ཀྱི་དབང་དུ་དེ་འདྲ་རེད། བྱང་ཆུབ་ཀྱི་སེམས་མི་ཉམས་པའི་ཆེད་དུ་དེའི་ཕན་ཡོན་དུས་རྒྱུན་དུ་དྲན་དགོས། དེའང་སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུ་ཡིན་པ་དང་། དབུལ་བ་ཐམས་ཅད་སེལ་བར་བྱེད་པའི་རྣམ་ཐོས་ཀྱི་བུ་ལྟ་བུ་ཡིན་པ་ལ་སོགས་པ་རང་དོན་འབྱུང་བའི་ཕན་ཡོན་དང་། འགྲོ་བ་ཐམས་ཅད་སྐྱོབ་པས་ན་གནས་ལྟ་བུ་ཡིན་པ་དང་། འགྲོ་བ་ཐམས་ཅད་བརྟེན་པས་ན་རྟེན་གཞི་ལྟ་བུ་ཡིན་པ་ལ་སོགས་པ་གཞན་དོན་འབྱུང་བའི་ཕན་ཡོན་ལ་སོགས་པ་དྲན་དགོས། བྱང་ཆུབ་ཀྱི་སེམས་དེའི་སྟོབས་བསྐྱེད་པའི་ཐབས་ལ་ཚོགས་གཉིས་གསོག་ཐབས་ལ་རྒྱུན་དུ་བསླབ་དགོས་ཏེ། དེའང་བསོད་ནམས་ཀྱི་ཚོགས་ཆོས་སྤྱོད་བཅུ་དང་། བསྡུ་བའི་དངོས་པོ་བཞི་ལ་སོགས་པ་ལ་བསླབ་པ་དང་། དེ་ཐམས་ཅད་འཁོར་གསུམ་ཡོངས་དག་ཏུ་ཤེས་པ་ཡེ་ཤེས་ཀྱི་ཚོགས་ཤེས་རབ་ཀྱི་ཆ་ཡིན་ལ། ཐབས་ཁྱད་པར་ཅན་གྱི་ཆ་ནས་བཤད་ན། གཟུངས་སྔགས་སྔགས་ཐུང་གཅིག་བཟླས་པ་ཚུན་ཆད་ཀྱང་། ཚོགས་གཉིས་པོ་ཡོངས་སུ་རྫོགས་པའི་གནད་དུ་འདུས་པ་རེད། བྱང་ཆུབ་ཀྱི་སེམས་དེ་ཡར་འཕེལ་བའི་ཐབས་ལ་བྱང་ཆུབ་ཀྱི་སེམས་ཡང་དང་ཡང་དུ་སྦྱང་དགོས་ཤིང་། དེའང་བྱང་ཆུབ་ཀྱི་རྒྱུའི་སེམས་སྦྱངས་ནས་སེམས་ཅན་ལ་བྱམས་དང་སྙིང་རྗེ་སྒོམ། བྱང་ཆུབ་དངོས་ཀྱི་སེམས་སྦྱོང་སྟེ་སེམས་ཅན་གྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བློས་ཉིན་ལན་གསུམ་མཚན་ལན་གསུམ་དུ་བསམ། དུས་དང་དུས་སུ་སེམས་བསྐྱེད་ཆོ་གས་ལེན། བྱང་ཆུབ་ཀྱི་སྤྱོད་པའི་སེམས་སྦྱོང་ནས་རང་ཉིད་ཀྱི་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་གཞན་གྱི་ཕན་བདེའི་དོན་དུ་བཏང་ཞིང་བསྔོ་བ། གཞན་ལ་ཕན་སེམས་སྦྱོང་བ་དང་། དུས་རྟག་ཏུ་ཚུལ་ཁྲིམས་ལ་བསྔོ་བགྲང་བྱེད་པ་དང་། སྡིག་པ་དང་ཉོན་མོངས་པ་ལ་འཛེམ་པ་རང་གི་རྒྱུད་དག་པའི་སེམས་དེ་སྦྱོང་བའི་ཐོག་ཏུ། བྱང་ཆུབ་ཀྱི་སེམས་མི་བརྗེད་པའི་ཐབས་ལ་ནག་པོའི་ཆོས་བཞི་སྤང་བ་དང་། དཀར་པོའི་ཆོས་བཞི་བསྟེན་པ་ལ་བསླབ་དགོས་ཏེ། མཆོད་འོས་བསླུ་དང་འགྱོད་མེད་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུས་སྤྱོད། །ནག་པོའི་ཆོས་བཞི་སྤོང་ཞིང་ལྡོག་པ་ནི། །དཀར་པོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱོད། །ཅེས་གསུངས་པ་ལྟར། ནག་པོའི་ཆོས་བཞི་ལས་དང་པོ་ནི། རྫུན་གྱིས་བླ་མ་མཁན་སློབ་སོགས་དབུ་གཡོག་པ་རེད། དེ་རྣམས་ཀྱིས་གསན་རུང་མ་གསན་རུང་དབུ་འཁོར་རུང་མ་འཁོར་རུང་ཐུན་ཚོད་ནང་གཉེན་པོས་མ་སླེབས་པར་ཐུན་ཚོད་ལས་འདས་ན་བྱང་སེམས་ཤོར་འགྲོ་བ་རེད། དེའི་གཉེན་པོ་དཀར་པོའི་ཆོས་བཞི་དང་པོ་ཤེས་བཞིན་དུ་རྫུན་མི་སྨྲ་བ་རེད། ནག་པོའི་ཆོས་བཞིའི་གཉིས་པ། འགྱོད་མེད་འགྱོད་པ་བསྐྱེད་པ་གཞན་དག་གིས་དགེ་བའི་ལས་སྒྲུབ་པ་ལ་འགྱོད་པ་བྱེད་མི་དགོས་པ་ལ་འགྱོད་པ་བསྐྱེད་བཅུག་བསམ་ནས་འགྱོད་པ་བསྐྱེད་དུ་བཅུག་པ། གཞན་གྱིས་འགྱོད་པ་སྐྱེས་རུང་མ་སྐྱེས་རུང་ཐུན་ཚོད་ལས་འདས་ན་བྱང་སེམས་ཤོར་འགྲོ། དེའི་གཉེན་པོ་དཀར་པོའི་ཆོས་གཉིས་པ་སེམས་ཅན་ཐམས་ཅད་དགེ་བ་བཅུ་དང་ལྷག་པར་ཐེག་ཆེན་གྱི་ཆོས་ལ་བཀོད་པ་དང་། ནག་པོའི་ཆོས་གསུམ་པ་དམ་པར་སྐུར་འདེབས་རེད། བྱང་ཆུབ་ཏུ་སེམས་བསྐྱེད་པའི་གང་ཟག་ཞིག་ལ་ཞེ་སྡང་གིས་དེའི་སྐྱོན་དང་ཕམ་པའི་སྐྱོན་དང་། ཆོས་ཀྱི་སྐྱོན་གང་རུང་མངོན་ལྐོག་འཇམ་རྩུབ་གང་རུང་གིས་བརྗོད་ན་། ཕ་རོལ་པོའི་གོ་ཡང་རུང་། མ་གོ་ཡང་རུང་། དགའ་ཡང་རུང་མ་དགའ་ཡང་རུང་འདྲ། ཐུན་ཚོད་ལས་འདས་ན་བྱང་སེམས་ཤོར་བ་རེད། དེའི་གཉེན་པོ་དཀར་པོའི་ཆོས་གསུམ་པ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བྱང་ཆུབ་སེམས་དཔའ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། དེའི་ཡོན་ཏན་ཕྱོགས་གང་ཐད་ནས་བརྗོད་པ་ལ་འབད་དགོས། ནག་པོའི་ཆོས་བཞི་པ་འགྲོ་ལ་གཡོ་སྒྱུ་བྱེད་པ་རེད། སེམས་ཅན་གང་ཅི་འདྲ་ཞིག་ཡིན་ཡང་ཆོག་གི། སེམས་ཅན་དེ་ལ་གཡོ་སྒྱུས་ཟོལ་ཟོག་བྱེད་པ། དེ་གོ་ཡང་རུང་མ་གོ་ཡང་རུང་། གནོད་ཀྱང་རུང་མ་གནོད་ཀྱང་རུང་ཐུན་ཚོད་ཀྱི་ནང་དུ་གཉེན་པོས་མ་སླེབས་པར་འདས་ན་བྱང་སེམས་ཉམས་འགྲོ་བ་ཡིན། དེའི་གཉེན་པོ་དཀར་པོའི་ཆོས་བཞི་པ། རང་འདོད་ཀྱི་འཁྲིས་མེད་པའི་ཐོག་ནས་སེམས་ཅན་ལ་གཡོ་སྒྱུ་མེད་པར་ལྷག་བསམ་རྣམ་དག་གིས་ཕན་བཏགས་འདོད་ཀྱི་སེམས་ཡོད་དགོས་པ་རེད། དེ་སྨོན་སེམས་ཀྱི་བསླབ་བྱ་རེད། འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་བསླབ་བྱ་དེ། བསླབ་པ་གསུམ་གྱི་སྒོ་ནས། དག་པར་བྱེད་པ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་དང་། གནས་པར་བྱེད་པ་ལྷག་པ་སེམས་ཀྱི་བསླབ་པ་དང་། གྲོལ་བར་བྱེད་པ་ལྷག་པ་ཤེས་རབ་ཀྱི་བསླབ་པ་སྟེ། བསླབ་པ་གསུམ་གྱིས་བསྡུས་པའི་སྦྱིན་སོགས་ཕར་ཕྱིན་དྲུག་ལ་སྤྱོད་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་པ་དེ་རེད། འདིར་ཕར་ཕྱིན་དྲུག་ཏུ་གྲངས་ངེས་བའི་རྒྱུ་མཚན་ནི། མངོན་མཐོ་དང་ངེས་ལེགས་ཀྱི་དབང་དུ་བྱས་ནས། མངོན་མཐོའི་དོན་དུ་གསུམ་དང་། ངེས་ལེགས་ཀྱི་དབང་དུ་གསུམ་སྟེ་དྲུག་ཏུ་གསུངས་པ་རེད། མངོན་མཐོའི་དོན་དུ་གསུམ་ནི། ལོངས་སྤྱོད་ཀྱི་དོན་དུ་སྦྱིན་པ། ལུས་ཀྱི་དོན་དུ་ཚུལ་ཁྲིམས། འཁོར་གྱི་དོན་དུ་བཟོད་པ་རེད། ངེས་ལེགས་ཀྱི་དོན་དུ་གསུམ་ནི། ཡོན་ཏན་འཕེལ་བར་བྱེད་པའི་བརྩོན་འགྲུས། ཞི་གནས་ཀྱི་དོན་དུ་བསམ་གཏན། ལྷག་མཐོང་གི་དོན་དུ་ཤེས་རབ་རེད། གོ་རིམ་ནི། གང་ཟག་གཅིག་གི་རྒྱུད་ལ་སྐྱེ་བའི་གོ་རིམ་དང་། དམན་དང་མཆོག་གི་གོ་རིམ་གྱི་དབང་གིས་བཞག་པའི་གོ་རིམ་དང་། ཡང་ན་ཕྲ་རགས་ཀྱིས་ཕར་ཕྱིན་དྲུག་གི་གོ་རིམ་སྦྱིན་པ་དང་ཚུལ་ཁྲིམས་སོགས་ཇི་ལྟར་འདོན་པ་ལྟར་དེ་ལྟར་བཞག་པ་རེད། ཕར་ཕྱིན་དྲུག་གི་མཚན་ཉིད་ནི། མཚན་ཉིད་བཞི་དང་ལྡན་པ་ཞིག་ཡིན་ཏེ། མི་མཐུན་པའི་ཕྱོགས་ཉམས་པར་བྱེད་པ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེད་པར་བྱེད་པ། འདོད་པ་ཐམས་ཅད་རྫོགས་པར་བྱེད་པ། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་དེ་རྣམས་དང་ལྡན་དགོས་པར་གསུངས་སོ། །ཕར་ཕྱིན་དྲུག་གི་དབྱེ་བ་ནི། སྦྱིན་པའི་སྦྱིན་པ་དང་། སྦྱིན་པའི་ཚུལ་ཁྲིམས་སོགས་རེ་རེ་ལའང་དྲུག་རེ་དྲུག་རེ་དྲུག་དྲུག་སུམ་ཅུ་སོ་དྲུག་ཡོད་པ། མངོན་རྟོགས་རྒྱན་ལས། སྦྱིན་པ་ལ་སོགས་རྣམས་དྲུག་ལ། །དེ་དག་སོ་སོར་བསྡུས་པ་ཡིས། །གོ་ཆའི་སྒྲུབ་པ་གང་ཡིན་དེ། །དྲུག་ཚན་དྲུག་གིས་ཇི་བཞིན་བཤད། །ཅེས་པ་བཞིན་ནོ། །མདོར་བསྡུ་ན་ཕར་ཕྱིན་དྲུག་དེ་ཚོགས་གཉིས་སུ་བསྡུས་པ་སྟེ། སྦྱིན་པ་དང་ཚུལ་ཁྲིམས་གཉིས་བསོད་ནམས་ཀྱི་ཚོགས་དང་། ཤེས་རབ་ཡེ་ཤེས་ཀྱི་ཚོགས། བཟོད་པ་བརྩོན་འགྲུས། བསམ་གཏན་གསུམ་གཉིས་ཀར་གཏོགས་པ་ཡིན་ཞེས་མདོ་རྒྱན་ལས་གསུངས་པ་རེད། དེས་ན་ཐེག་ཆེན་ལམ་གྱི་བསླབ་བྱ་མཐའ་དག་དེ་ལྟ་བུའི་བསམ་སྦྱོར་གཉིས་སུ་འདུས་པ་ཡིན་ཏེ། རྒྱལ་དང་སྲས་བཅས་ཀུན་གྱི་བགྲོད་གཅིག་ལམ། །ཐེག་ཆེན་ལམ་གྱི་བློ་སྦྱོང་འདི་ཡིན་ཏེ། །བྱང་ཆུབ་སེམས་མཆོག་ཡིད་བཞིན་རིན་པོ་ཆེ། །འདི་ལ་མ་བརྟེན་རྫོགས་པའི་སངས་རྒྱས་མེད། །ཅེས་དང་། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་བྱུང་། །ཞེས་གསུངས་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་རང་གར་ཞོར་འབྱུང་དུ་ཐེག་ཆེན་ལམ་གྱི་གཞུང་ཤིང་། མེད་ན་ཐབས་མེད། ཡོད་ན་དེས་ཆོག་གི་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྐོར་གྱི་དོན་སྤྱིའི་གོ་བ། སྡོམ་པ་ཇི་ལྟར་ལེན་ལུགས། བསླབ་བྱ་སྤང་བྱ་དགག་སྒྲུབ་ཀྱི་སྐོར་དང་བཅས་པ་ཤ་ཟིན་སྤུ་ཟིན་གྱིས་བཤད་པ་རེད།

ཙ༽སེམས་སྦྱོང་ལྔ་བ།

ད་ནི་སྐབས་སུ་བབ་པ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེའི་ནང་ཚན་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ལས། དེ་རིང་སེམས་སྦྱོང་ལྔ་བ་ལ་ཐུག་པ་རེད། སེམས་སྦྱོང་ལྔ་བ་ནི། བུ་ཡིག་ལས། གདམས་པ་རྙེད་ནས་མ་བསྒོམ་ན་སངས་མི་རྒྱ་བར་ངེས་ནས། རྩེ་གཅིག་ཏུ་ལེ་ལོ་སྤངས་ནས་བསྒོམ་པ་དང་། ཞེས་བླ་མ་དམ་པའི་ཞལ་ནས་དང་། བརྒྱུད་པའི་མན་ངག་གི་བཀའ་སྲོལ་ལས་གདམས་པ་ཁྱད་པར་ཅན་རྙེད་ཡོད་ནའང་མ་བསྒོམ་ན། ཞི་བ་ལྷས། སྨན་དཔྱད་བཀླག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་གསུངས་པ་ལྟར། མ་བསྒོམ་ན་སངས་མི་རྒྱ་བར་ངེས་ནས། རྩེ་གཅིག་ཏུ་འབད་པའི་འདུན་པ་གཞུར་ལ་དྲངས་ཏེ་ལེ་ལོ་གཡེང་བ་ཐམས་ཅད་སྤངས་ནས་གདམས་ངག་གཞུང་བཞིན་དུ་བསྒོམ་པ། ཞེས་པས་བསྟན་ཏེ། ཁྲིད་སྦྱོང་གོང་མས་ཇི་ལྟར་བཤད་པའི་ཚུལ་གྱིས་མཚམས་སྦྱོར་བ་སྟེ། དེ་ལྟར་ཐར་ལམ་མ་ནོར་བར་སྟོན་པའི་དགེ་བའི་བཤེས་གཉེན་དབང་པོའི་དྭངས་མ་མིག་ལ་གཅེས་སྤྲས་བྱེད་པ་བཞིན་དུ། ཚུལ་བཞིན་དུ་བསྟེན་ནས་ཟབ་པ་སྟོང་པ་ཉིད་དང་། རྒྱ་ཆེ་བ་སྣང་བའི་ཆོས་གཉིས་སྣང་སྟོང་དབྱེར་མེད་ཡ་མ་བྲལ་བའི་གདམས་པ་ཇི་སྙེད་ཅིག་དགེ་བའི་བཤེས་གཉེན་གྱི་ཞལ་ནས་ཐོས་ཤིང་ནོད་ཡོད་ནའང་། བཤེས་གཉེན་དམ་པ་ལས་ཐོབ་པའི་གདམས་པ་དེ་ཉིད། རྣམ་གཡེང་དང་ལེ་ལོ་འདུ་འཛི་སྤངས་ནས་རྩེ་གཅིག་ཏུ་ཡེངས་པ་མེད་པར་མི་ཚེའི་ཚད་ལ་བཙུགས་ཏེ་མ་བསྒོམ་ན། ཞུས་བློ་དང་ཐོས་བློ་ཙམ་གྱིས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རྣམ་ཀུན་མཆོག་ལྡན་གྱི་དོན། འཕགས་ལམ་ཟུང་འཇུག་གིས་ཡེ་ཤེས་མངོན་དུ་བྱེད་པ་ལ་རེག་པར་མི་འགྱུར་ཏེ། ཞེས་འདིའི་ཚིག་འགའ་རེ་འདིས་སྦྱང་གཞི་དང་། སྦྱང་བྱ། སྦྱོང་བྱེད། སྦྱང་འབྲས་དང་བཅས་པ་གཞི་ལམ་འབྲས་གསུམ་གྱི་དོན་བསྟན་འདུག་སྙམ། དེའང་དེ་ལྟར་དགེ་བའི་བཤེས་གཉེན་མིག་བཞིན་དུ་བསྟེན་ནས་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་ཇི་སྙེད་ཅིག་ནོད་ནའང་ཞེས་པ་ཡན་ཆད་ཀྱི་སྦྱང་གཞི་བདེ་གཤེགས་སྙིང་པོ་དོན་གྱིས་བསྟན། དེ་ཉིད་རྣམ་གཡེང་སྤངས་ནས་རྩེ་གཅིག་ཏུ་མ་བསྒོམ་ན་ཞེས་པས་སྦྱོང་བྱེད་ལམ་གྱི་རིམ་པ་དངོས་སུ་བསྟན་ནས། ཤུགས་ལ་སྦྱང་བྱ་དྲི་མ་བསྟན་པ་དང་། ཞུས་བློ་དང་ཐོབ་བློ་ཙམ་གྱི་རྣམ་ཀུན་མཆོག་ལྡན་གྱི་དོན་ལ་རེག་པར་མི་འགྱུར་ཏེ་ཞེས་པའི་བར་གྱིས་སྦྱང་འབྲས་སམ་བྲལ་འབྲས་བསྟན་ཡོད་སྙམ། དེའི་ཐད་ནས་ཅུང་ཟད་བཤད་ན། སྦྱོང་གཞི་བདེ་གཤེགས་སྙིང་པོ་ནི། སྤྱིར་མདོ་དང་བསྟན་བཅོས་རྣམས་ལས་རིགས་ཞེས་གྲགས་ལ། རིགས་དེ་ལ་གྲུབ་མཐའི་བྱེ་བྲག་གིས་འདོད་ཚུལ་དང་བཤད་ལུགས་མི་འདྲ་བ་ཡོད་པ་ལས། བྱེ་བྲག་སྨྲ་བས། སྲིད་པ་དང་སྲིད་པའི་ཡོ་བྱད་ལ་མ་ཆགས་པའི་སེམས་བྱུང་སེམས་པ་ཆོག་ཤེས་པ་ཞིག་ལ་འཕགས་པའི་རིགས་ཞེས་འདོད་པ་དང་། མདོ་སྡེ་བས་སེམས་ཀྱི་ས་བོན་ཟག་མེད་ཀྱི་ཡེ་ཤེས་འབྱུང་རུང་གི་ནུས་པ་ལ་འདོད་པ་དང་། སེམས་ཙམ་པས་ཐོག་མེད་ནས་སེམས་རྒྱུད་ལ་གནས་པའི་ཟག་མེད་ཀྱི་ཆོས་སྐྱེད་བྱེད་ཀྱི་ནུས་པ་ཆོས་ཉིད་ཀྱིས་ཐོབ་པ་ལ་འདོད་པ་དངོས་པོ་སྨྲ་བའི་ལུགས་དེ་དག་དང་། དབུ་མ་བས་དྲི་བཅས་ཆོས་ཉིད་དེ་བཞིན་ཉིད་དུ་རིགས་སུ་ངོས་འཛིན་ལུགས་ལ་མ་ལྟོས་པར་ཕལ་ཆེ་བས་འདོད་པ་དང་། ཐེག་ཆེན་ཐུན་མོང་མ་ཡིན་པའི་ལུགས་ལྟར་ན། སེམས་ཉིད་ཡེ་ནས་རང་བཞིན་གྱི་རྣམ་པར་དག་པ། སྟོང་གསལ་འགག་མེད་ཀུན་ཁྱབ་ཀྱི་ངོ་བོར་འཕོ་འགྱུར་མེད་པར་གནས་པ་དེ་སྦྱང་གཞི་རིགས་ཁམས་བདེ་གཤེགས་སྙིང་པོ་ཡིན་ཏེ། དག་པ་དྭངས་པ་འོད་གསལ་བ། །མི་འཁྲུགས་འདུས་མ་བྱས་པ་ཉིད། །བདེ་བར་གཤེགས་པའི་སྙིང་པོ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་པ་མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས་གསུངས་པ་དེ་རྒྱུད་བླའི་ནང་དུ། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་པས་རྒྱུ་མཚན་གསུམ་གྱིས་སེམས་ཅན་ཐམས་ཅད་བདེ་གཤེགས་སྙིང་པོ་ཅན་དུ་བསྒྲུབས་པར་མ་ཟད། རྒྱུ་འབྲས་ངོ་བོ་ལས་ལྡན་འཇུག་པ་སོགས་ཀྱིས་རྣམ་བཞག་བཅུས་སྙིང་པོའི་དོན་དེ་གཏན་ལ་ཕབ། ཉོན་མོངས་སྦུབ་ནང་གནས་པ་ལ་སོགས་པས་དྲི་མས་སྒྲིབ་ཚུལ་དཔེ་ཡིས་སྒོ་ནས་བསྟན་པ་དེ། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་དང་བསྟུན་ནས་བཤད་ན། གཞི་རྒྱུད་རང་བཞིན་གྱིས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་བདེ་སྟོང་དབྱེར་མི་ཕྱེད་པ་སྟེ། མི་འགྱུར་བའི་བདེ་ཆེན་དང་རྣམ་པ་ཀུན་གྱི་མཆོག་ལྡན་གྱི་སྟོང་ཉིད་དབྱེར་མི་ཕྱེད་པའི་རང་བཞིན་ཡེ་ནས་སྐུ་གསུམ་འདུ་འབྲལ་མེད་པའི་དཀྱིལ་འཁོར་ཆེན་པོར་ལྷུན་གྱིས་གྲུབ་པ་དེ་ཉིད་ཡིན། དེ་རྫོགས་པ་ཆེན་པོའི་སྐབས་དང་སྦྱར་ན་གཞི་གནས་ཀྱི་རིག་པ་ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་ཀུན་ཁྱབ་གསུམ་གྱི་བདག་ཉིད་སྐུ་གསུམ་རང་ཆས་སུ་བཞུགས་པ་དེ་ཡིན། གཞི་རྒྱུད་བདེ་གཤེགས་སྙིང་པོ་དེ་རིགས་ཀྱི་སྒོ་ནས་དབྱེ་ན་རང་བཞིན་གནས་རིགས་དང་། རྒྱས་འགྱུར་གྱི་རིགས་གཉིས་དང་། གནས་སྐབས་ཀྱི་སྒོ་ནས་དབྱེ་ན། མ་དག་མ་དག་དག་པ་དང་། །ཤིན་ཏུ་རྣམ་དག་གོ་རིམ་བཞིན། །སེམས་ཅན་བྱང་ཆུབ་སེམས་དཔའ་དང་། །དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །ཞེས་གསུངས་པ་ལྟར་དུ། དབྱིངས་ཁོ་རང་གི་ངོ་བོ་ལ་བཟང་ངན་མེད་ཀྱང་། སད་ཚུལ་ལ་ལྟོས་ནས་ཐེག་པ་གསུམ་གྱི་རིགས་དང་། རྣམ་པར་དག་པའི་ཆ་ཤས་རྟོགས་པའི་རྟོགས་རིགས་ཀྱི་རིམ་པ་ལ་ལྟོས་ནས་འཕགས་བཞིའི་གང་ཟག་གི་རབ་ཏུ་དབྱེ་བ་བསྟན་པ་རེད། དཔེར་ན། བུམ་ནང་གི་ནམ་མཁའ་ལ་དཔེ་ཞིག་བླངས་ན། སྣོད་བཟང་ངན་གྱི་སྣང་ས་མ་གཅིག་ཀྱང་སྣང་བའི་ནང་གི་ནམ་མཁའ་ལ་བཟང་ངན་མེད་པ་དཔེས་དབྱིངས་རང་བཞིན་གྱི་ངོ་བོ་ལ་དབྱེ་བ་མེད་ཚུལ་བསྟན་ནས། དེ་སྦྱང་གཞིར་བྱས་ནས་སྦྱང་བའི་རིམ་པ་དེ་ལྟར་ཡིན་པ་རེད། དེ་ལྟར་ཡིན་པ་དེ་རྒྱུད་བརྟགས་གཉིས་ཀྱི་ལུང་དང་བསྟུན་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་པའི་དོན་དེ་དང་གཅིག་པ་དང་། འོན་ཀྱང་གློ་བུར་དྲི་མས་སྒྲིབ། །ཅེས་པས་དེ་ལྟ་བུའི་སྦྱང་གཞི་ཆོས་ཉིད་ཀྱི་མདངས་འོད་གསལ་བ་དེ་དང་། སྦྱང་བྱའི་དྲི་མ་འཁོར་བའི་ཆོས་འཛོམས་ཡོང་དུས་དྲི་མ་དེ་བསལ་ཞེས་གསུངས་པའི་སྦྱོང་བྱེད་ལམ་དེ་བརྒྱུད་ནས། སངས་རྒྱས་དངོས་ཞེས་འབྲས་བུའི་དོན་ལ་སྦྱོར་རྒྱུ་དེ་བསྟན། སྦྱང་བྱ་དེ་ཉིད་སྦྱོང་བར་བྱེད་པ་ལ་ཐབས་དེ་ཇི་ལྟར་བསྟན་ན། ཀུན་བྱེད་རྒྱལ་བོའི་རྒྱུད་ལས། འདོད་ཆགས་འདུལ་བའི་གཉེན་པོར་གསུང་པ་ནི། །འདུལ་བའི་མདོ་སྡེ་ཉི་ཁྲི་ཆིག་སྟོང་གསུངས། །ཞེ་སྡང་འདུལ་བའི་གཉེན་པོར་གསུང་པ་ནི། །མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །གཏི་མུག་འདུལ་བའི་གཉེན་པོར་གསུང་པ་ནི། །མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་གསུངས། །ཐམས་ཅད་འདུལ་བའི་གཉེན་པོར་གསུང་པ་ནི། སྡེ་སྣོད་བཞི་པ་ཉི་ཁྲི་ཆིག་སྟོང་གསུངས། ཞེས་གསུངས་པས། འདི་སྦྱོང་བྱེད་ཀྱི་རིམ་པ་ཐེག་པ་གསུམ་དང་དགུར་ཕྱེས་ནས། འདུལ་བའི་སྡེ་སྣོད་ཀྱི་བསྟན་དོན་སོ་ཐར། མདོ་སྡེའི་སྡེ་སྣོད་ཀྱི་བསྟན་དོན་བྱང་སྡོམ། སྡེ་སྣོད་བཞི་པ་རིག་པ་འཛིན་པའི་སྡེ་སྣོད་ཀྱི་བསྟན་དོན་སྔགས་སྡོམ་ཡིན་པས། སོར་བྱང་སྔགས་གསུམ་གྱི་སྡོམ་པའི་ཐོག་ནས་བཤད་པས། འདི་དབང་པོ་རབ་འབྲིང་ཐ་གསུམ་གྱི་ཁྱད་པར་གྱིས་དབང་རབ་སྡོམ་གསུམ་གཅིག་ཅར་དུ་ཐོབ་པ་དང་། དབང་པོ་འབྲིང་གིས་སྡོམ་གསུམ་སོ་སོར་ལེན་པ་དང་། དབང་པོ་ཐ་མ་སྐལ་དམན་རིམ་འཇུག་གི་ལམ་ཡིན་པས། དེའི་ལམ་གྱི་གནད་དེ་ཐམས་ཅད་པོ་གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་ཤར་བ་དང་། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའམ། ཡང་ན་ཐེག་པ་ཐམས་ཅད་མཐར་ཐུག་ཐེག་གཅིག་ལ་དྲིལ་བའི་ལུགས་བྱེད་པས། སྡོམ་གསུམ་འགལ་མེད་གང་ཟག་གཅིག་གི་རྒྱུད་ལ་བསྒྲུབ་ལུགས་དེ། བསམ་པ་སེམས་བསྐྱེད་ཀྱིས་ཟིན་པའི། །ཆོ་ག་ཉན་ཐོས་ལུགས་བཞིན་གྱིས། །ཞེས་གསུངས་པས། བྱང་སེམས་ཀྱི་སོ་ཐར་ངོས་བཟུང་བ་ལྟར། དེའི་ཤུགས་ཀྱི་གོ་དོན་ལ་སྔགས་ཀྱི་སོ་ཐར་དོན་གྱིས་འཕངས་པ་ལྟར་གྱི། སོར་བྱང་སྔགས་གསུམ་གྱི་ཐུན་མོང་དང་ཐུན་མིན་གྱི་ལམ་ལ་སྦྱངས་ནས་སྦྱང་འབྲས་མཐར་ཐུག་གི་དམིགས་ཡུལ་གང་མངོན་དུ་གྱུར་དགོས་ན། མཐར་འབྲས་ཆེན་པོ་གསུམ་གྱི་མཚན་ཉིད་ཅན། སེམས་ཅན་ཀུན་མཆོག་ཉིད་སེམས་དང་། །སྤངས་དང་རྟོགས་དང་གསུམ་པོ་ལ། །ཆེན་པོ་གསུམ་གྱི་རང་འབྱུང་གི། །ཆེད་དུ་བྱ་བ་འདི་ཞེས་བྱ། །ཞེས་སྤངས་པ་ཆེན་པོ་དང་། རྟོགས་པ་ཆེན་པོ། སེམས་ཆེན་པོ་སྟེ། སྒྲིབ་གཉིས་བག་ཆགས་དང་བཅས་པ་ཡོངས་སུ་དག་པས་ན་སྤངས་པ་ཆེན་པོ། ཤེས་བྱ་མ་ལུས་པ་ཨ་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་ས་ལེར་གཟིགས་པའི་ཡེ་ཤེས་རྟོགས་པ་ཆེན་པོ། དེ་ལྟ་བུའི་སྤངས་རྟོགས་མཐར་ཕྱིན་པ་ན་སེམས་ཅན་ཐམས་ཅད་ཀྱི་དོན་རྟག་ཁྱབ་ལྷུན་གྲུབ་ཏུ་མཛད་པར་བྱེད་པ་སེམས་ཆེན་པོ་རེད། དེ་འདྲའི་འབྲས་བུ་དེ་མངོན་དུ་གྱུར་དུས་སྐུ་གསུམ་མམ་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་འབྲས་བུ་ཆོས་སྐུ་མངོན་དུ་གྱུར་པ་རེད། དེ་ལྟ་བུའི་གཞི་ལམ་འབྲས་གསུམ། སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་སྦྱང་འབྲས་དང་བཅས་པའི་གོ་རིམ་རྣམ་པར་ཕྱེ་བ་དེ། ལྟ་སྒོམ་སྤྱོད་གསུམ་དུ་དྲིལ་ཏེ་སྤྱིར་ཐོས་བསམ་སྒོམ་གསུམ། ཁྱད་པར་དུ་སྒོམ་པས་ཉམས་སུ་མ་བླང་ན་རྣམ་ཀུན་མཆོག་ལྡན་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་སྐུ་དང་ཡེ་ཤེས་རྒྱ་མཚོའི་མངའ་བདག་ལ་དབང་འབྱོར་བའི་དོན་ལ་རེག་དུས་ཤིག་མེད་དེ། ཕལ་པོ་ཆེ་ལས། ཇི་ལྟར་མཉན་པ་མཁས་པ་ཞིག །སྐྱེ་བོ་མང་པོ་སྒྲོལ་བྱེད་ཀྱང་། །རང་ཉིད་དེ་ན་འཆི་བ་ལྟར། །མ་བསྒོམ་ཆོས་ཀྱང་དེ་དང་འདྲ། །ཞེས་དཔེ་ཇི་ལྟར་ན་མཉན་པ་མཁས་པ་ཞིག་གིས་སྐྱེས་བུ་མང་པོ་ཆུའི་ཕ་རོལ་སྒྲོལ་བར་བྱེད་ཀྱང་། ཉིན་ཞིག་གྲུ་བ་རང་ཉིད་ཆུ་དེ་ཡི་ནང་ན་འཆི་བ་ལྟར། ཐོས་བསམ་གྱིས་ཇི་ལྟར་འདྲིས་པར་བྱས་ཀྱང་མ་བསྒོམ་པའི་ཆོས་ཀྱིས་གཞན་ལ་བཤད་ཀྱང་རང་གི་རྒྱུད་ལ་མི་ཕན་པ་དཔེ་དེ་དང་འདྲའོ། ཞེས་གསུངས་པ་དང་། ལུང་གཞན་ཡང་སློབ་དཔོན་འཕགས་པ་ལྷས། བསྐལ་བ་བྱེ་བ་དུ་མ་རུ། །ཐོས་པའི་ཕ་རོལ་སོན་གྱུར་པ། །བདག་བྱིན་རླབས་ལ་ཕྱིར་བལྟས་པས། །དེ་ཡིས་དེ་ཉིད་རྟོགས་མི་འགྱུར། །ཞེས་དུས་ཡུན་རིང་པོ་བསྐལ་པ་བྱེ་བ་དུ་མ་རུ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་སོན་པར་གྱུར་པ་ཡིན་ཡང་། བདག་རང་ཉིད་ཀྱི་རྒྱུད་བྱིན་གྱིས་བརླབས་པ་ལ་ཕན་པ་མེད་པའི་ཐོས་པ་ཁ་ཕྱིར་བལྟས་པའི་རྒྱུ་མཚན་གྱིས། གོང་དུ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྟོགས་པར་མི་འགྱུར་ཏེ་ཞེས་དམ་བཅའ་བཀོད་པ་དང་བཅས་གསུངས་ལ། ཕལ་བོ་ཆེ་དང་། སློབ་དཔོན་འཕགས་པ་ལྷ་ཡི་ལུང་གིས་རྒྱབ་རྟེན་དང་། འདི་ན་འབྱུང་མ་རག་པའི་ཐུབ་པའི་ཞབས་འབྲིང་ཀུན་དགའ་བོ་དཔེར་བཀོད་ནས། སྒྲུབ་བྱེད་རིགས་པ་དང་བཅས་ཏེ་གདམས་ངག་ཉམས་སུ་ལེན་ལུགས་མན་ངག་གི་སྒོ་ནས་གསུངས་པས། འདིའི་ཁྲིད་རྐང་གི་ལུས་རྣམ་བཞག་དེ་འདྲ་ཞིག་རེད། དཔེ་འདི་རེད། འདི་ལྟར་བདག་གི་སྟོན་པ་མཉམ་མེད་ཐུབ་པའི་དབང་པོའི་ཞབས་རིམ་ཉེ་གནས་ཀུན་དགའ་བོས་ཀྱང་། ཤཱཀྱ་ཐུབ་པའི་ཞབས་པད་དངོས་སུ་བསྙེན་ཅིང་། སངས་རྒྱས་ཀྱི་ཞལ་ནས་གསུང་བའི་ཆོས་ཉན་ནས་ཐོས་པ་རྒྱ་མཚོ་ལྟ་བུའི་ཕ་རོལ་ཏུ་སོན་ཀྱང་བཀའ་བསྡུ་དང་པོ་ལ་ཐུག་གི་བར་དུ་རྒྱུན་ཞུགས་ཁོ་ན་ལས་དགྲ་བཅོམ་པའི་གོ་འཕང་མ་ཐོབ། འཕགས་པ་ཀུན་དགའ་བོ་འདི་ཉིད་ངེས་པའི་དོན་དུ་རྡོ་རྗེ་འཛིན་པའི་སྤྲུལ་པ་ཡིན་པར་ལག་ན་རྡོ་རྗེ་མངོན་པར་དབང་བསྐུར་བའི་རྒྱུད་ལས་གསུང་ན། རང་ཅག་བྱིས་པ་སོ་སོའི་སྐྱེ་བོས་མ་བསྒོམ་པར་འཚང་རྒྱ་བར་འདོད་པ་ཤིན་ཏུ་རྨོངས་པའི་རང་བཞིན་ཅན་ཏེ། དེའི་ཕྱིར་རང་རྒྱུད་ལ་གདོད་ནས་གནས་པའི་ཡེ་ཤེས་ཟབ་མོ་སད་པར་བྱ་བའི་ཕྱིར། བསྒོམས་ཏེ་བརྩོན་པ་བསྐྱེད་ན་གྲོལ་བ་མངོན་དུ་གྱུར་ཏེ་སངས་རྒྱས་ཐོབ་རྒྱུ་ཡོད་པ་རེད། དཔེར་མཚོན་དུ། རང་རེས་དམ་པའི་རྣམ་ཐར་དང་སྦྲགས་ཏེ་བཤད་ན་བྱིན་རླབས་འཇུག་པར་ཕན་རླབས་ཆེ་བས་རྗེ་བཙུན་མི་ལ་རས་པ་ལ་མཚོན་ན། རྗེ་བཙུན་མི་ལ་རས་པ་ཁོང་བླ་མའི་མདུན་ནས་བྱོན་ཏེ། ཁོང་གཅིག་པུ་བསྒྲུབ་པ་ཉམས་ལེན་མཛད་དེ་བྲག་དཀར་རྟ་སོ་ན་བཞུགས་དུས་ན། དེང་སང་གི་ཆོས་པ་འདྲ་བའི་མཐུན་རྐྱེན་འཛོམས་པོ་ཡིན་ནི་མ་རེད། འཚོ་བ་བྱ་འཚོལ་བྱེའུ་འཚོལ་གྱིས་དཀའ་ཐུབ་ཁོ་ན་ལ་བརྟེན་པ་རེད། དེ་དུས་གསོལ་ཆས་ཀྱི་ཐད་ནས་ཕྱེ་དྲི་བྲོ་ཙམ་གྱིས་རྩམ་ཁུ་རེ་བཞེས་ཤིང་བརྩོན་འགྲུས་མཛད་དེ་ཡུན་རིང་བསྒོམ་པ་ན། སེམས་ལ་ཕྱག་ཆེན་གྱི་གདེང་ཐོབ་ཀྱང་། སྐུ་ལུས་སྟོབས་ཤོར་ཆེ་བས་རླུང་མ་འཆུན་པས། ལུས་ལ་བདེ་དྲོད་གཏན་ནས་མ་སྐྱེས་པར་ཤིན་ཏུ་གྲང་བའི་སྐབས་ན། ཁོང་གིས་བླ་མ་ལ་གསོལ་བ་རྩེ་གཅིག་ཏུ་བཏབ་པས། ནུབ་གཅིག་འོད་གསལ་གྱི་ཉམས་སྣང་ལ། བླ་མ་མར་པ་ཚང་གིས་མངག་པ་ཡིན་ཟེར་བའི་བུད་མེད་མང་པོ་འོངས་ནས་ཚོགས་འཁོར་ཆེན་པོ་ཞིག་བསྐོར་ཏེ་འདི་ལྟར་ཟེར། མི་ལ་རས་པ། བདེ་དྲོད་མ་སྐྱེས་ན། བླ་མ་མར་པའི་ཞལ་ནས། སྒོ་གསུམ་གྱི་གཅུན་ཐབས་འདི་ལྟར་གྱིས་གསུངས་ཟེར་ནས་འཁྲུལ་འཁོར་བསྟན་ཏེ། ཆིངས་གསུམ་གྱི་མན་ངག་གནང་བ་ཡིན་ཚུལ་དེ་འདྲ་ཡོད་དར་ཡིན་ན། མེ་ཐབས་དྲུག་ཆིངས་ཙོག་པུའི་གནད་ཀྱིས་ལུས་ཀྱི་བདེ་བ་བཙལ། རྒྱ་མདུད་ཀྱི་ཆིངས་སྲོག་རྩོལ་རླུང་གི་གནད་ཀྱིས་ངག་གི་གྲིམས་ཆ་བཙལ། སྦྲུལ་མདུད་ཀྱི་ཆིངས་རང་གྲོལ་གྱི་གནད་ཀྱིས་སེམས་ཀྱི་ལྷོད་ཆ་བཙལ་ཏེ་བསྒོམ་པའི་འཁྲུལ་འཁོར་དང་མན་ངག་གི་གནད་བསྟན་པ་དེ་བཞིན་ཕྱི་ཉིན་བསྒོམས་པས། སྒོ་གསུམ་གྱི་བོག་ཐོན། ལུས་ལ་བདེ་དྲོད་འབར་བ་དེ་ལྟར་བྱུང་བ་རེད། དེ་ནས་མི་ལ་རས་པ་ཁོང་གིས་ཉམས་ལེན་ཉིན་མཚན་བར་མེད་དུ་མཛད་ནས་ལོ་གཅིག་ཙམ་ལ་སོང་བའི་ཚེ། ཉིན་ཞིག་ལ་ཁམས་སངས་ལ་འགྲོ་དགོས་དགོངས་ནས་བྲག་ཕུག་གི་སྒོ་ལ་ཕྱིར་བྱོན་གྲབས་བྱས་པ་ན། སྔར་གྱི་དམ་བཅའ་དྲན་ནས་རང་ལ་ལྕག་འདེབས་ཀྱི་མགུར་འདི་བླངས་པ། རྡོ་རྗེ་འཆང་ཆེན་མར་པའི་སྐུ། །སྤྲང་རི་ཁྲོད་ཟིན་པར་བྱིན་གྱིས་རློབས། ཕོ་མཚར་པོ་མི་ལ་རས་པ་ཁྱོད། །གྲོས་རང་གཏམ་རང་ལ་ཕན་པའི་དབྱངས། །གྲོགས་གཏམ་སྙན་འཆད་པའི་མི་དང་བྲལ། །ལྟད་མོ་ལྟ་འདོད་ཀྱི་ལུང་བ་སྟོངས། །སྐྱོ་བ་སངས་འདོད་ཀྱི་ཡུལ་རྐྱེན་མེད། །སེམས་མ་སྤྲོ་མ་སྤྲོ་རང་སར་ཞོག །སྤྲོས་ན་མི་དགེ་སྣ་ཚོགས་དྲན། །མ་ཡེངས་མ་ཡེངས་དྲན་པ་བསྟེན། །ཡེངས་ན་དགེ་སྦྱོར་རླུང་ལ་འཆོར། །མ་འགྲོ་མ་འགྲོ་ཉལ་སར་ནོན། །ཕྱིན་ན་རྐང་པ་རྡོ་ལ་ཐོགས། །སོགས་གསུངས་ནས། རང་གིས་རང་ལ་དྲན་བསྐུལ་ལྕག་འདེབས་ཀྱིས་མགུར་བཞེས་ཤིང་། དེའི་ཐོག་ནས་གནས་དེ་ཉིད་དུ་གཡོ་འགུལ་མེད་པར་ཉིན་མཚན་གཉིས་ལ་བསྒོམས་ནས་ལོ་གསུམ་ལྷག་ཙམ་སོང་བ་རེད། ལོ་དང་པོ་དེ་ལ་གསོལ་ཆས་སྲོག་སྲུང་ཙམ་གྱིས་ཕྱེ་སྨན་ཐུས་ཙམ་རེ་འཚོ་རྟེན་ཡོད་ཀྱང་། བར་གཅིག་དེ་ཡང་ཟད་ནས། ཐུགས་དགོངས་ལ། འཚོ་བའི་རྒྱུན་ཡེ་མེད་པར་བྱས་ན་སྲོག་གི་བར་ཆད་ལ་འགྲོ་རྒྱུའི་ཉེན་ཁ་ཡོད། འཇིག་རྟེན་པའི་མི་རྣམས་ཀྱིས་གསེར་ཞོ་གང་དོ་ཙམ་རྙེད་ན་ཅི་འདྲའི་དགའ་ཚོར་ཆེན་པོ་དང་། དེ་བོར་ཤོར་ན་ཅི་འདྲའི་ཕོངས་སེམས་ཤིག་བྱེད་འདུག སངས་རྒྱས་སྒྲུབ་པའི་ལུས་རྟེན་འདི་བརླག་ཤོར་ན་གྱོང་དེ་བས་ཆེ། སྟོང་གསུམ་གསེར་གྱིས་བྱུར་བུར་བཀང་བ་ལས་སངས་རྒྱས་སྒྲུབ་པའི་ལུས་འདི་དགའ། འོན་ཀྱང་སྔར་གྱི་དམ་བཅའ་དང་འགལ་བ་ལས་བསྒྲུབ་པ་བྱེད་འཕྲོ་ལ་ཤི་ན་དགའ་བས་གྲོང་ཡུལ་དུ་མི་འགྲོ་སེམས་ཐག་ཆོད་པ་ཡིན། ཆོས་བསྒྲུབ་པའི་ཆེད་རེད། དམ་བཅའ་དེ་དང་མི་འགལ་བས་དཀའ་ཐུབ་ཀྱི་ཟས་ཤིག་འཚོལ་དགོས་དགོངས་ནས། བྲག་དཀར་གྱི་མདུན་ན་ཕར་བྱོན་ཏེ། ཉི་མ་དྲོ་ས་ཆུ་བཟང་པོ་ཡོད་ས། ཟྭ་ཚོད་མང་པོར་སྐྱེས་ཡོད་པ། ཐུགས་སྤྲོ་ས་ཞིག་ཡོད་པ་དེ་ན་བཞུགས་ཏེ་ཟྭ་ཚོད་ཁོ་ན་ལ་འཚོ་བ་བརྟེན་ཏེ་སྒྲུབ་པ་མཛད། དེ་དུས་མི་ལ་རས་པ་ལ་ཕྱི་ན་གོས་མེད། ནང་ན་མི་ཟས་ཀྱི་འཚོ་བ་མེད་པའི་སྟོབས་ཀྱིས། སྐུ་ལུས་རུས་གཞི་པགས་པས་བཏུམ་ཙམ་ཀེང་རུས་ལྟ་བུ། མདོག་ཟྭ་ཡི་མདོག་འདྲ་བ། སྤུ་སྔོ་འཕྱུར་ཞོ་ལེ་སྐྱེས་པ་དེ་འདྲ་བའི་དཀའ་ཐུབ་བརྟེན་ཏེ་ཉམས་ལེན་མཛད་ནས་བཞུགས་པ་ན། བླ་མས་གནང་པའི་བེའུ་བུམ་ཞིག་ཡོད་པ་དེ་སྐབས་རེ་ཕྱག་ཏུ་བཅང་ཙམ་རེ་བྱས། སྐབས་རེ་དབུ་ཐོག་ཏུ་བཞག་པས། དེའི་བྱིན་རླབས་ཀྱིས་ཅི་ཡང་ཟ་རྒྱུ་མེད་པ་ལ། སྐུ་གཟུགས་བདེ་མེར་རེ་བཞུགས་འདུག་ཆོག་པ་དེ་འདྲ་བྱུང་། བེའུ་བུམ་ཞེས་པ་མན་ངག་གི་གསང་བའི་ཡིག་ཆ་ལ་ཟེར། བེའུ་བུམ་གྱི་རྒྱ་བཤིག་སྟེ་ལྟ་རན་པ་ཨེ་ཡིན་བསམ་པ་ན། ད་དུང་རེ་ཞིག་རན་མེད་པའི་བརྡ་བྱུང་བས་མ་གཟིགས་ལ། དེ་ལྟ་བུ་ལོ་གཅིག་ཙམ་ཞིག་ལ་བསྒོམ་པ་ན། ཉིན་ཞིག་ལ་རྔོན་པ་རི་དྭགས་མ་སོད་པ་འགའ་ཞིག་འོངས་ནས། མི་ལ་རས་པ་མཐོང་བ་ན། འདི་ན་འདྲེ་འདུག་ཟེར་ནས་བྲོས་སོང་། ང་འདྲེ་མིན་སྐྲག་མི་དགོས། སྒྲུབ་པ་པོ་ཞིག་ཡིན་གསུངས་པ་ན། དེ་ཚོ་ཕྱིར་སྒྲུབ་ཕུག་ནང་དུ་འོངས་ནས་བལྟས་ཏེ། ཁྱོད་ཀྱིས་སྒྲུབ་རྒྱགས་བྲོ་ཁ་དེ་ང་ཚོ་ལ་སྐྱིས་དང་། རྗེས་མར་སྐྱིན་པ་བཟང་པོར་སྤྲད་ཆོག དེ་མིན་ན་ཁྱོད་བསད་པ་ཡིན་ཟེར་ནས་བསྡིགས་པ་ན། ཁོང་གིས་ང་ལ་ཟྭ་ཚོད་མ་གཏོགས་གཞན་ཅི་ཡང་མེད་མོད། ཡོད་ན་སྒྲུབ་པ་པོ་ཡར་འདེགས་མཁན་ཡོད་པ་ལས་འཕྲོག་མཁན་མེད། ཁྱོད་རྣམས་ཀྱིས་ཀྱང་འཕྲོག་རྒྱུ་མ་རེད་ཅེས་གསུངས་པ་དང་། དེ་རྣམས་ཀྱིས་ངེད་ཚོའི་འཕྲོག་ཟེར་བ་མིན། མ་གཞི་སྒྲུབ་པ་པོ་བཏེགས་ན་ཕན་ཐོགས་ཅི་ཡོད་ཟེར་བ་ན། སྒྲུབ་པ་པོ་བཏེགས་ཤིང་བཀྱགས་པས་བསོད་ནམས་ཐོབ་ཅེས་གསུངས་པ་ན། དེ་ཚོས་འོ་ན་འདེགས་ལགས་ཟེར་ནས། ཡར་གནམ་ལ་བཀྱགས། ཡང་མར་ས་ལ་འཕངས་པ་ལན་འགའ་རེར་བྱས་དུས་དཀའ་ཐུབ་མཛད་པས་སྐུ་ལུས་ཉམས་ཞན་སྟབས། ན་ཚས་གཟིར་ཏེ་མི་བཟོད་པ་ཞིག་བྱུང་ཡང་། དེ་ཚོར་བཟོད་བརླག་མེད་པའི་སྙིང་རྗེ་དྲག་པོས་མིག་ནས་མཆི་མ་ཤོར་བ་ཞིག་སྐྱེ་བ་མ་གཏོགས་སེམས་མི་དགའ་བ་མ་བྱུང་གསུངས་པ་རེད། དེའི་ནང་མི་རྒན་པ་བསམ་ཡོད་ངན་མི་བྱེད་མཁན་གཅིག་ཡོད་པ་དེས། དེ་ལྟར་མ་བྱེད། ཁོང་ཆོས་པ་རྣམ་དག་ཅིག་ཡིན་ཚོད་འདུག དེ་མིན་ནའང་སྐྱེས་པ་ཕོ་ཞིག་གིས་འདི་འདྲའི་མི་ཤ་ཉམས་ངན་པ་ཅན་ཞིག་ལ་དཀའ་སྡུག་གཏད་པས་ཅི་བྱེད། ང་ཚོ་ལྟོགས་པ་ཁོང་གིས་ལན་པ་ནི་མིན། རྣལ་འབྱོར་པ་ཁྱོད་ངོ་མཚར་ཆེ། ངས་ཁྱོད་ཀྱི་ཐུགས་དཀྲུག་མེད་པས། ཁྱོད་ཀྱི་ཐུགས་དམ་སྐྱབས་འོག་ཏུ་འཛུད་རོགས་ཞེས་ཟེར་བ་དང་། གཞན་རྣམས་ཀྱིས་ཀྱང་དེའི་ལད་མོ་བྱས་ནས་ངེད་རྣམས་ཀྱིས་ཀྱང་ཁྱེད་བཀྱགས་ཡོད། ངེད་རྣམས་ཀྱང་ཐུགས་དམ་སྐྱབས་འོག་ཏུ་འཛུད་རོགས་ཞེས་ཟེར་བ་ན། དེས་ཟེར་བ། འཇུག་ལུགས་མི་འདྲ་ནི་མ་གཏོགས་བཅུག་རྒྱུ་ཁག་ཁོ་ཐག་རེད་ཟེར་ནས། ཚང་མ་ཧབ་ཆ་བརྒྱབ་ནས་སོང་། རྗེས་མར་དེ་རྣམས་ལ་དེའི་བཀའ་ཆད་ཀྱིས་ཡུལ་དེའི་དཔོན་པོས་ཁྲིམས་ཆད་ཕོག་སྟེ། དེ་ཚོའི་དཔོན་པོ་དེ་བསད། གཞན་རྣམས་ཀྱི་མིག་བཏོན། དེ་ལྟར་མ་བྱེད་ཟེར་མཁན་གྱི་མིག་མ་བརྐོས་པར་ལྷག་སོང་བ་རེད། ཡུལ་གཉན་པོ་ལ་གནོད་པ་བྱས་ན། ཁོང་ལ་སྙིང་རྗེ་མ་གཏོགས་མེད་ཀྱང་། ལྷ་དང་སྲུང་མའི་བཀའ་ཆད་བཅད་ནས་སྡུག་བསྔལ་ཚེ་འདིའི་ལུས་ལ་བྱུང་བ་དེ་འདྲ་རེད། དེ་ནས་ལོ་གཅིག་ཙམ་སོང་བ་ན། ཟས་ཟྭ་ཚོད་མ་གཏོགས་མེད་ཅིང་། ན་བཟའ་ཐམས་ཅད་ཟད་ནས་མནབ་རྒྱུ་མེད་པར་གྱུར་ཏེ་ཐུལ་བ་ཐེད་པོའི་ལྷག་རོ་ཡོད་པ་དང་། གསོལ་ཆས་ཟད་པའི་སྒྱེ་ཐེད་པོ་ཞིག་ཡོད་པ་གཉིས་བཙེམས་ནས་གདན་གོས་ཀྱི་ཚུལ་ཞིག་བྱེད་དགོས་པ་ཨེ་ཡིན་བསམ་པ་ན། ཨ་ལ་ཅི་བྱེད་དོ་ནུབ་ཤི་སོང་ན་གོས་དང་གདན་སུས་སྤྱོད་འཚེམ་པ་དོན་མེད། དེ་བས་སྒོམ་པ་དགའ་དགོངས་ནས། ཐུལ་བ་གོག་པོས་གདན་གྱི་ཚབ་བྱས་ཏེ་བཏིང་ནས་སྨད་ལ་གང་ཁེབས་བྱས། ཕྱེ་སྒྱེ་ཐེད་པོས་སྟོད་གཡོགས་ཀྱི་ཚུལ་དུ་ཅི་ཁེབས་བྱས་ནས་བཞུགས་པ་ན། དེ་ནས་སྒྱེ་དེ་དག་ཐེད་པས་གཏན་ནས་གྱོན་ཐབས་མེད་པར་གྱུར། ཁོང་གིས་ཐུགས་ལ་ཧ་ཅང་བློས་གཏོང་ཆེ་འདུག གོས་འཚེམ་དགོས་དགོངས་པ་ན་ཁབ་སྐུད་མེད། ཁལ་གསུམ་དྲེལ་རྡོག་མ་ཞེས་ཁོང་གི་མིང་བཏགས་པ་རེད། དེས་སྟོད་སྨད་རྐེད་པ་གསུམ་ལ་ལྷབ་ལྷབ་རེ་ཡོད་པ་རྣམས་དྲེས་ཐག་ཆད་པས་མདུད་པ་མདུད་ནས་དེ་རྣམས་མི་འཐོར་བའི་ཆེད་དུ་བསྡོམས་ནས་ཉིན་དཀར་ཅི་འགྲོ་མཛད། ཐུལ་བ་ཐེད་པོ་དང་རེ་ཐེད་གཉིས་ཀྱིས་གོས་གདན་གཉིས་ཀྱི་ཚབ་བྱས་ཏེ་མཚན་ཅི་འཁྱོལ་མཛད་དེ་ཉམས་ལེན་མཛད་ནས་ལོ་གཅིག་ཙམ་སོང་བ་ན། ཡང་ཉིན་ཞིག་མི་མང་པོ་འུར་དི་རི་རི་བྱུང་བ་ན། གཟིགས་པས་རྔོན་པ་འགའ་རེས་ཤ་མང་པོ་ཁྱེར་ནས་བྱུང་བ་ན། དེ་རྣམས་ཀྱི་མི་ལ་མཐོང་ནས་ཡང་འདྲེ་འདུག་ཟེར་ནས་བྲོས་པ་དང་། ཡང་འགའ་རེས་ཉིན་དཀར་འདྲེ་ཡོད་རྒྱུ་མ་རེད་ཅེས་ཟེར་ཞིང་འོངས་ནས་བལྟས་པ་ན། མི་ལས་ང་འདྲེ་མིན། རི་འདི་ལ་སྒོམ་པའི་སྒོམ་ཆེན་ཡིན་ཏེ། འཚོ་བ་མེད་པས་ལུས་འདི་ལྟར་གྱུར་སོང་བ་རེད་གསུངས་པས། དེ་རྣམས་ཀྱིས་བདེན་བརྫུན་བལྟའོ་ཟེར་ནས་ཕུག་པའི་ནང་དུ་སོང་བས། ཟྭ་མ་གཏོགས་ཅི་ཡང་མེད་པ་ན། ཚང་མ་དད་པ་སྐྱེས་ནས་ཤ་དང་རྒྱགས་ལྷག་གི་ཕྱེ་རྣམས་ཕུལ་ཞིང་བྱིན་རླབས་ཞུས་ནས་སོང་། མིའི་འཚོ་བའི་ཟས་དང་འཕྲད་པས་ལུས་བདེ་འབོལ་ལེ་བ་དང་། ཁམས་དྭངས་སིང་ངེ་བ་དང་། ཐུགས་དམ་གྱི་ན་འཕར་བས་སྔར་དང་མི་འདྲ་བའི་བདེ་སྟོང་གི་ཉམས་བཟང་པོ་སྐྱེས་བྱུང་བས། གྲོང་ཡུལ་དུ་ལོངས་སྤྱོད་ལ་བྱུང་རྒྱལ་དུ་སྤྱོད་ཚེའི་བརྒྱ་འབུལ་བས་རི་ཁྲོད་དུ་དཀའ་བ་སྤྱོད་ཚེའི་ཟན་ཆང་རེ་བསོད་ནམས་ཆེ་སྙམ་པ་བྱུང་ཞེས་རྣམ་ཐར་ནང་དུ་གསུངས་ཡོད་པས། ཚེ་འདི་བློས་བཏང་བའི་སྒྲུབ་པ་པོ་ལ་ཞབས་ཏོག་བྱས་ན་བསོད་ནམས་ལྷག་པར་ཆེ་བ་ཡིན། ཡང་མཚན་གཅིག་ལ་རྐུན་མ་ཞིག་ཡོང་ནས། མི་ཞིག་འདུག་ཡོད་དུས་ཟ་ཆས་ཤིག་རྐུ་རྒྱུ་ཡོད་ངེས་རེད་བསམ་ནས་ཕུག་པའི་ནང་རྐང་ཉུག་ལག་ཉུག་བྱས་པ་ན། མི་ལ་བཞད་ཤོར་ནས། ངས་ཉིན་མོར་མ་རྙེད་པའི་ས་ན། ཁྱོད་ཀྱིས་མཚན་མོར་ཨེ་རྙེད་ལྟོས་གསུངས་པས། རྐུན་མ་དེའང་བགད་ཤོར་ནས་ཕྱིར་བུད་སོང་། དེ་ནས་ཡང་ལོ་གཅིག་ལྷག་སོང་ནས་སྐབས་ཤིག་ན་རྔོན་པ་རི་དྭགས་མ་སོད་པ་འགའ་ཞིག་བྱུང་བ། ཁོང་གིས་ཁལ་གསུམ་དྲེས་རྡོག་མ་མནབ་སྟེ་མཉམ་པར་བཞག་ནས་བཞུགས་ཡོད་པ་ལ། ཡང་དེ་རྣམས་ཀྱིས་འདིར་འདྲེ་ཞིག་འདུག་ཟེར་བ། མི་ལ་རས་པས་ང་ཡིན་རྒྱུ་མི་ཞིག་ཡིན་གསུངས་པ་ན། འདིའི་སྐད་དང་ཁ་གྲག་ལུགས་ལ་བལྟས་ན་འདི་ཐོས་པ་དགའ་འདྲ་འདུག་ཨེ་ཡིན་དྲིས་པ་ན། ཡིན་གསུངས་པས། འོ་ན་ངེད་རྣམས་ལ་ཟས་དང་བྲོ་ཁ་རེ་བྱིན་དང་། རྗེས་མར་ཚབ་མི་ཕམ་པ་སྤྲད་ཆོག་ཟེར་བ་ན། ང་ལ་ཁྱེད་ཚོའི་ཟ་ལོ་རྒྱུའི་ཟས་ཤིག་མེད་གསུངས་པ་ན། མི་སྐྱོན། ཁྱོད་རང་གིས་ཅི་ཟ་ན་དེ་ངེད་ཚོ་ལ་བྱིན་ན་ཆོག་ཟེར། འོ་ན་ཁྱེད་ཚོས་མེ་བུས་ནས་ཟྭ་ཚོད་ཚོས་གསུངས་པས། དེ་རྣམས་ཀྱིས་མེ་བཏང་ནས་ཟྭ་བཙོས་ནས། ད་འདིར་འདེབས་རྒྱུ་སྡོར་དགོས་ཟེར། ཡ་སྡོར་ཡོད་ན་ཟས་བཅུད་དང་ལྡན་པ་ཟེར་བ་རེད། ང་ལ་དེ་མེད་ནས་ལོ་མང་པོ་རེད་སོང་། སྡོར་དོད་དུ་ཟྭ་ཐོབ་གསུངས། འོ་ན་ཅི་མེད་རུང་ཕྱེ་ཞིག་དགོས་ཟེར་བ་ན། དེ་ཡོད་ན་ཟས་རྩི་དང་མ་བྲལ་བ་ཟེར་རྒྱུ་དེ་རེད། ང་ལ་དེ་མེད་ནས་མི་ལོ་འགའ་སོང་། དེའི་ཚབ་ཏུ་ཡང་ཟྭ་ཐོབ་གསུངས། འོ་ན་ཅི་མེད་རུང་ཚྭ་ཞིག་མེད་ཐབས་མི་འདུག་ཟེར་བ་ན། དེ་ཡོད་ན་ཟས་རོ་དང་མ་བྲལ་བ་ཟེར་རྒྱུ་རེད་དེ། ང་ལ་དེ་མེད་ནས་ལོ་མང་པོ་སོང་། དེའི་ཚབ་ཏུ་ཡང་ཟྭ་ཐོབ་གསུངས་པ་ན། དེ་རྣམས་ཀྱིས་ཁྱོད་ཀྱི་ཐབས་དང་མདོག་ལ་བལྟས་ན་ཡོད་ས་མ་རེད། བུ་མ་སྐྱེས་མི་གཡོག་ལ་རྒྱུག་དགོས་རུང་ཁ་རྒྱབ་གཉིས་ཀ་ལོན་འགྲོ་ནི་རེད། འཛམ་བུ་གླིང་གི་མི་ཡི་ནང་ན་ཁྱོད་ཀྱི་སྡུག་དང་སྙིང་རྗེ་བ་ཞིག་ཡོད་རྒྱུ་མ་རེད་ཟེར་བ་ན། མི་ལས་དེ་ལྟར་མ་ཟེར་དང་། ང་མི་ལུས་བླངས་པའི་ནང་ནས་དྲག་ཤོས་ཤིག་ཡིན། ལྷོ་བྲག་མར་པ་ལོ་ཙཱ་བཙལ་ནས་བླ་མར་བསྟེན། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་གདམས་ངག་ཐོབ། ཐོབ་པ་དེ་དབེན་པའི་རི་ལ་རྩེ་གཅིག་ཏུ་བསྒོམས་ཏེ་ནམ་གཞག་གཏན་གྱི་དོན་སྒྲུབ། ལྟོ་གོས་གཏམ་གསུམ་གྱོང་ལ་བསྐུར་ནས་ཉོན་མོངས་པའི་དགྲ་ཚེ་འདི་ལ་འདུལ་གྱིན་ཡོད། འཛམ་བུའི་གླིང་གི་མིའི་ནང་ན་ཕོ་ངའི་རྒོད་ཅིག་དང་། འདུན་མ་ངའི་ལེགས་ཤིག་ཡོད་རྒྱུ་མ་རེད། ཁྱོད་རྣམས་ཆོས་དར་སའི་ས་ཕྱོགས་ལ་སྐྱེས་ཀྱང་། ཆོས་བསྒྲུབ་རྒྱུ་ལྟ་ཅི་ཆོས་ཉན་རྒྱུའི་འདུ་ཤེས་ཙམ་ཞིག་མེད་པར། དམྱལ་བ་གཏིང་ཅི་ཟབ་དང་ཡུན་ཅི་རིང་གི་ཐབས་སུ། སྡིག་པ་བྲེ་གསོག་ཕུལ་གསོག་བྱེད་བཞིན་ཡོད་རྒྱུ་འདི་ལས་ལྷག་པའི་འདུན་མ་ཉེས་ཚབས་ཆེ་བ་ག་ན་ཡོད། ང་ནམ་ཕུག་གཏན་དུ་བདེ་ཞིང་སྐྱིད་པར་མ་ཟད། འཕྲལ་དུའང་བློ་བདེ་བའི་གདེང་འདི་དང་འདི་ལྟར་ཡོད་ཅེས་བདེ་བ་ལྔའི་མགུར་བླངས་པ་འདི་ལྟར། །བོད་ཀྱི་རྣལ་འབྱོར་རས་པ་ང། །ལྟོ་གོས་ཚེ་འདི་བློས་བཏང་ནས། །རྫོགས་པའི་སངས་རྒྱས་སྒྲུབ་པ་ལ། །འོག་ན་སྲ་བའི་འབོལ་ཆུང་བདེ། །སྟེང་ན་བལ་པོའི་ཤིང་རས་བདེ། །པུས་འཁྱུད་སྒོམ་ཐག་སྐོར་གཅིག་བདེ། །སོགས་མགུར་གསུངས་པ་ན། དེ་རྣམས་ཀྱིས་ཁོ་རང་ལ་བདེ་བ་མང་པོ་ཡོད་རབས་གསུངས་རྒྱུ་འདུག་ཀྱང་། བདེ་ངོ་མ་སྐད་བདེ་མོ་ཞིག་འདུག ངེད་ཚོའི་ཁྱེད་ཀྱི་ལུགས་ལྟར་བྱེད་རུང་ཡང་མི་བྱེད་ཟེར་ནས་བུད་སོང་། དེ་འདྲ་ཁོ་ནས་དཀའ་སྤྱད་སྙིང་རུས་ཀྱིས་སྒྲུབ་པ་མཛད་ནས། ཁོང་གི་མགུར་གྱི་ནང་དུ་བསམ་པ་རྫོགས་ལུགས་ཀྱི་མགུར། ང་སྐྱིད་པ་གཉེན་གྱིས་མ་ཚོར་ཞིང་། །སྡུག་པ་དགྲ་ཡིས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །རྒས་པ་གྲོགས་ཀྱིས་མ་ཚོར་ཞིང་། །ན་བ་སྲིང་མོས་མ་ཚོར་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཤི་བ་མི་ཡིས་མ་ཚོར་ཞིང་། །རོ་རུལ་བྱ་ཡིས་མ་མཐོང་བར། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཤ་རུལ་སྦྲང་མས་འཇིབ་པ་དང་། །རྩ་རྒྱུས་འབུ་ཡིས་ཟ་བ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ང་སྒོ་ན་མི་རྗེས་མེད་པ་དང་། །ནང་ན་ཁྲག་རྗེས་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །སོགས་གསུངས་པ་དང་། རྗེས་མར་ཁོང་གིས་བླ་མས་གནང་བའི་མན་ངག་ཤོག་དྲིལ་རྒྱ་བཤིག་ནས་བལྟས་པས། དེའི་ནང་ན་གེགས་སེལ་བོག་འདོན་གྱི་ཉིང་ཁུ། སྐྱོན་འཛིན་ཡོན་ཏན་དུ་བསྒྱུར་བའི་མན་ངག་དང་། ཁྱད་པར་དུ་འདིའི་སྐབས་ན་ཟས་བཟང་བོ་བཅུད་ཅན་བསྟེན་ཅེས་གསུངས་རྒྱུ་ཞིག་ཡོད་པ་ན། དེའི་སྐབས་ན་ལྕམ་སྲིང་པེ་ཏ་མགོན་སྐྱིད་ཀྱིས་བཞུགས་ས་རྩད་བཅད་ནས་རྙེད་པས་ཆང་ཞིག་འབུལ་བ་ན། རྩ་ནང་གི་ཁམས་འདུས་པ། ཟས་ངན་པས་སློང་མ་ནུས་པ་ལ། པེ་ཏས་ཕུལ་བའི་ཆང་གིས་ཅུང་ཟད་བསླང་། མཛེས་སེས་ཕུལ་བས་ཡོངས་རྫོགས་བསླང་། ཤོག་དྲིལ་བེའུ་བུམ་ནང་དུ་གསུངས་པ་ལྟར་ལུས་གནད། རླུང་གནད། དམིགས་པ་རྣམས་ལ་འབད་པས་རྩ་ཕྲན་རྣམས་ཀྱི་མདུད་པ་གྲོལ། རྩ་དབུ་མའི་ནང་གི་ལྟེ་བ་མན་ཆད་ཀྱི་མདུད་པ་ཐམས་ཅད་གྲོལ། ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་མང་པོ་སྐྱེས་པ་དང་། རྙེད་དཀའ་འཇིགས་སླའི་ཕུང་པོ་འདི། །ཟས་དང་འཕྲད་པས་སྐུ་ཁམས་བཟང་། །དོག་མོ་ས་ཡི་རྩི་བཅུད་དང་། །དགུང་སྔོན་དབྱིངས་ཀྱི་སྦྲང་ཆར་གཉིས། །འགྲོ་ལ་ཕན་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་ལྷ་ཆོས་ཡིན། །ཕ་མས་གསོས་པའི་སྒྱུ་ལུས་དང་། །བླ་མ་དམ་པའི་གདམས་ངག་གཉིས། །ལྷ་ཆོས་བྱེད་པའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་སྙིང་རུས་ཡིན། །སོགས་དང་། བྲག་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །སངས་མཉམ་པོར་རྒྱ་བའི་རྟེན་འབྲེལ་ཡིན། །རྟེན་འབྲེལ་གྱི་སྙིང་པོ་བསྔོ་བ་ཡིན། །ཞེས་གསུངས་པ་རེད། དེ་ནས་ཡུན་རིང་མ་འགོར་བར་ཉམས་རྟོགས་སྒྲུབ་འབྲས་ཡོན་ཏན་རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པ་ཐོབ་ནས། སྤྲུལ་པ་བརྒྱ་ཕྲག་མང་པོ་སངས་རྒྱས་ཀྱི་ཞིང་དུ་སོང་ནས་ཆོས་གསན། སེམས་ཅན་དཔག་ཏུ་མེད་པ་ལ་སྤྲུལ་པ་བརྒྱ་ཕྲག་མང་པོས་ཆོས་སྟོན། ནམ་མཁའ་ལ་དངོས་སུ་འཕུར་ཐུབ་པར་མི་ཚང་མས་དངོས་སུ་མཐོང་ཆོས་སུ་གྱུར་པ་དང་། སྐབས་རེར་ཁོང་སྨིན་ཁྱུག་གྲིབ་མའི་རྫོང་ལ་ཕར་འཕུར་ནས་བསྒོམ། སྐབས་རེར་བྲག་དཀར་རྟ་སོ་ཚུར་འཕུར་ཏེ་བསྒོམས་ནས་ཉམས་ལེན་གྱི་བོག་འདོན་མཛད་པ་རེད། སྐབས་ཤིག་ལ། སྔར་ཨ་ཁུ་ཚང་གི་མནའ་མ་ཁང་བ་རྡིབས་ནས་ཤི་བའི་མྱིང་པོ་ཕ་བུ་གཉིས་ཀྱིས་ལུང་གཞུང་ལ་ཞིང་རྨོ་བཞིན་ཡོད་པས། བུས་ལྟོས་དང་། མི་འཕུར་འདུག་ཟེར་བ་ན། ཕས་མཚར་རྒྱུ་ཅི་ཡོད། མི་ལ་ཟེར་བ་གོ་མ་ཆོད་པ་དེ་རེད། དེའི་གྲིབ་མ་ཕོག་མ་འཇུག་ཟེར་རྒྱུ་དེ་འདྲ་ཡོད་ཐལ་ཡིན་ན། དེ་ནས་བཟུང་བྲག་དཀར་རྟ་སོ་ནས་བྱོན་ཏེ་ཆུ་བར་ལ་སྒྲུབ་པ་མཛད་པས། ཚེ་དེ་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་ཏེ་ཟུང་འཇུག་རྡོ་རྗེ་འཆང་གི་སྐུར་འགྲུབ་པ་རེད། དེས་ན་བླ་མའི་ཞལ་ནས་ཐོས་པའི་གདམས་པ་དེ་དང་པོ་ཐོས། ཐོས་དོན་བསམ། མཐར་དཀའ་སྤྱད་སྙིང་རུས་དྲག་པོས་བརྩོན་འགྲུས་ཀྱིས་མ་འབད་ན་འབྲས་བུ་ཐོབ་དཀའ་བ་ཡིན་པས། འདིའི་ནང་དུ། རང་ཅག་བྱིས་པ་སོ་སོའི་སྐྱེ་བོས་མ་སྒོམ་པར་འཚང་རྒྱ་བར་འདོད་པ་ཤིན་ཏུ་རྨོངས་པའི་རང་བཞིན་ཅན་ཏེ་ཞེས་གསུངས་པ་ལྟར་རེད། འདིའི་མན་ཆད་ངས་ད་ལྟར་བཤད་རྒྱུའི་རྣམ་ཀུན་མཆོག་ལྡན་གྱི་དོན་ལ་རེག་པ་མི་འགྱུར་ཏེ། ཞེས་དམ་བཅའ་བ་དེ། ཕལ་པོ་ཆེ་དང་འཕགས་པ་ལྷའི་རྒྱབ་རྟེན་གྱི་ཁུངས་དང་བཅས་ཏེ། ཐུབ་པའི་ཞབས་འབྲིང་ཀུན་དགའ་བོའི་དཔེར་བཀོད་ནས། ད་འདི་ན་སྒྲུབ་བྱེད་གདམས་པ་དང་བཅས་པ་གསུངས་པ་ནི། དེའི་ཕྱིར་རང་རྒྱུད་ལ་ཡེ་གདོད་མ་ནས་ཡེ་བབས་ལྷུན་གྲུབ་ཏུ་གནས་པའི་ཡེ་ཤེས་ཟབ་མོ་ཐབས་ཀྱིས་སད་པར་བྱ་བའི་ཕྱིར་དུ། ཐེག་མཆོག་སྟོན་པའི་མཚན་ཉིད་དང་ལྡན་པའི་དགེ་བའི་བཤེས་གཉེན་རྡོ་རྗེ་སློབ་དཔོན་དམ་པས་རྗེས་སུ་བཟུང་སྟེ། བརྡ་དོན་རྟགས་གསུམ་གྱི་ལམ་ཟབ་མོ་སྟེ། སྒྲོན་མ་རྣམ་བཀོད་ཀྱི་རྒྱུད་ལས། དགོངས་པ་བརྡ་དང་སྙན་བརྒྱུད་ནས། །གསང་སྔགས་དོན་གྱི་མཚན་མ་འབྱུང་། །དཔེ་ལ་བརྟེན་ནས་དོན་ངོ་ཤེས། །རྟགས་ལ་བརྟེན་ནས་ཡིད་ཆེས་འགྱུར། ཞེས་གསུངས་པས། དཔེ་རྡོ་རྗེ་གསུམ་གྱི་མེ་ལོང་ལ་ཤར་བའི་བརྡ་དེས་མཚོན་ཏེ། དོན་ནང་གསལ་གདོད་མའི་སྤྱི་གཞི་ཡེ་ཤེས་གསུམ་ལྡན་དུ་བཞུགས་པ་དེ། རྟགས་སྒྲོན་མ་བརྟེན་པ་སོགས་ཀྱིས་མཚོན་པའི་མན་ངག་གསུམ་གྱིས། རྡོ་རྗེ་སྙིང་པོའི་དགོངས་པ་མཐར་ཐུག་སྟོན་པའི་གདམས་ངག་ཐུན་མིན་གྱི་ལམ་ཟབ་མོ་ནས་འཁྲིད་པའི་རྗེས་སུ་གོལ་ཤོར་ནོར་གསུམ་གྱི་འཕྲང་ལས་སྒྲོལ་བའི་གཡེལ་བ་མེད་པར་རྗེས་སུ་སློབ་ཅིང་། ལེ་ལོ་དང་སྙོམས་ལས་ཀྱིས་དབང་དུ་སྐད་ཅིག་ཀྱང་མི་གཏོང་བར། ད་ལྟའི་སྐབས་སུ་ལུས་སེམས་ལས་སུ་རུང་ཞིང་། རང་ལ་བརྩོན་འགྲུས་བྱེད་པའི་རང་དབང་རང་ལག་ཡོད་དུས་འདིར་བརྩོན་དགོས་མ་གཏོགས་འགག་ངོ་མ་ཐུག་དུས་ཤིན་ཏུ་དཀའ་བ་རེད། དཔལ་སྤྲུལ་ཚང་གི་གསུང། གཏམ་པདྨའི་ཚལ་གྱི་ཟློས་གར་གྱི་ནང་དུ། འདི་ལྟར་གསུངས་ཡོད། པདྨ་སྤུངས་པའི་སྐྱེད་ཚལ། ལྗོན་ཤིང་གི་ར་བས་བསྐོར་བའི་ཡིད་འོང་གི་ལྗོངས་ཤིག་ན། མེ་ཏོག་པདྨའི་རྩི་བཅུད་ལ་མྱོང་བའི་མགྲིན་སྙན་བུང་བ་མང་བོས། གླུ་སྒྲས་རྩེ་དགའ་དང་བཅས་ཏེ་རྩེད་འཇོ་རོལ་བའི་ནང་ན། གསེར་གྱི་སྦྲང་ཆུང་པདྨའི་འདབ་ཡངས་ཞེས་པ་དང་། གཡུའི་སྦྲང་ཆུང་ངག་སྙན་ཞེས་པ་གཉིས་ཡིད་སེམས་མཐུན་པའི་གྲོགས་སུ་གྱུར་ནས། མཉམ་དུ་རྩེ་དགའ་ལ་རོལ་བས་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་ནས་གནས་པ་ན། འདོད་ཡོན་གྱི་བསླུ་བྲིད་ལ་ཞེན་ནས་ཡོད་པས་དུས་ནམ་ཞིག་ཉིན་གཅིག་གི་ཚེ་ན། གློ་བུར་དུ་ཉི་མའི་མདངས་འོད་ཉམས་ནས་སྤྲིན་ནག་གི་གྲིབ་མ་ས་ལ་ལྷུང་། དེ་དང་བསྟུན་ཏེ་མེ་ཏོག་པདྨའི་འདབ་མ་ཐམས་ཅད་ཁ་ཟུམ་དུས། གསེར་གྱི་སྦྲང་ཆུང་འདབ་ཡངས་ནམ་མཁར་འཕུར་ལྡིང་གཡོ་བའི་སྐབས་ན། གཡུ་ཡི་སྦྲང་ཆུང་ངག་སྙན་པདྨའི་སྦུབ་ལ་འཐུམས་ཤིང་། དབུགས་མི་ལོན་པས་འཇིགས་སྐྲག་གི་ངང་ལ་ཡོད་དུས། འདབ་ཡངས་ཀྱིས་ངག་སྙན་པདྨའི་སྦུབས་སུ་གཏུམ་པར་ཤེས་ནས། ཤི་གསོན་ཕྱེ་མཚམས་ཀྱིས་གཏམ་འགའ་རེ་གླུ་བླངས་རེས་བྱས་པ་ན། ཐབས་གང་དྲག་གིས་སྐྱོབ་ཨེ་ཐུབ་བལྟས་ཀྱང་། སྐྱོབ་ཐབས་མེད་པར་གྱུར། སྤྲིན་ནག་དེ་སྔར་ལས་ཀྱང་ངམ་ཇེ་ནག་ལ་སོང་། རླུང་ནག་གི་འུར་སྒྲ་གྲག འབྲུག་སྒྲའི་ཚམ་རྔམ་དང་བཅས་པས་མི་བཟད་པར་གྱུར། དེ་དང་མཉམ་དུ་པདྨའི་འདབ་མ་ཇེ་བཅུམ་ཇེ་བཅུམ་དུ་སོང་ནས་མི་ཐར་པའི་ཚོད་ལ་ཐོན་དུས། ངག་སྙན་གྱིས་གཏམ་གྱི་རྗེས་མ་སྐྱོ་གླུ་འདི་ལྟར་བླངས་ཏེ། ད་ནི་ཁྱོད་ཀྱང་བྲོས་ན་འཐད། །ངག་སྙན་མི་ཐར་ཐག་གིས་ཆོད། ཤི་གསོན་བྱེ་བའི་གཏམ་གཞུག་ལ། སྨྲ་བ་མ་ཡང་མདོ་དོན་འདྲིལ། །དལ་འབྱོར་མི་ལུས་ཐོབ་ན་ཡང་། །སྙིང་བོ་མ་ལོན་ང་རེ་འགྱོད། །མི་རྟག་འཆི་བ་ཤེས་ན་ཡང་། །འཆི་ཆོས་མ་འགྲུབ་ང་རེ་འགྱོད། །རྒྱུ་འབྲས་རྣམ་གྲངས་ཐོས་ན་ཡང་། །བླང་དོར་མ་ནུས་ང་རེ་འགྱོད། །ཅེས་སོགས་དང་། འཆི་བདག་ཞགས་པས་སྐེ་ལ་ཐེབས། དབང་མེད་ཁྲིད་ཚེ་ང་རེ་འཇིགས། །རིགས་དྲུག་འཁྲུལ་སྣང་སྐར་ལྟར་བཀྲ། །སྐྱབས་མེད་མགོན་བྲལ་ང་རེ་འཇིགས། །ཞེས་དང་། ད་རུང་རྣམ་གཡེང་ལེ་ལོ་དེ་བསླུ་བའི་རྒྱུ་རེད་འདུག དེ་དུག་ལྟར་སྤངས་ནས་ཚེ་དང་སྒྲུབ་པ་མཉམ། མི་ཚེ་ཆོས་དང་འདྲེས་པ་ཞིག་ཁྱོད་ཀྱིས་མ་ནོར་བར་གྱིས། ཆོས་མཐར་ཕྱིན་ནས་ཁྱོད་རང་ཉིད་ཀྱིས་བཙན་ས་ཟིན། ང་ངག་སྙན་ཐར་ལམ་ཐོབ་པ་ཞིག་ཁྱོད་ཀྱིས་མ་འཆུག མཐར་ཐུག་བདེ་ཆེན་ཞིང་ཁམས་སུ་ཤི་གསོན་ངོ་འཕྲོད་ཡོང་བར་ཤོག་ཟེར་ནས། དབུགས་མི་ལོན་པས་སྐད་ཀྱི་གདངས་མི་ཐོན་པའི་སྐབས་དེ་གློ་བུར་སེར་དྲག་གི་རྒྱུན་འབབ། གློག་དམར་འཁྱུག་པའི་འབྲུག་སྒྲ་ཇེ་ཆེར་སོང་དུས། འདབ་ཡངས་བྲོས་ས་གར་ཡོད་བཙལ་ཏེ་སྨྲེ་ངག་འདོན་པ་བས་ཅི་བྱེད་མེད་པར་གྱུར་པ་ལྟ་བུ་རེད། ལེ་ལོ་དང་སྙོམས་ལས་ཀྱི་དབང་དུ་སྐད་ཅིག་ཀྱང་གཏོང་རེ། གཏོང་ན་བུ་མིན། ཟླ་བོ་དང་གྲོགས་པོ་གཉེན་བཤེས་དགའ་བའི་ཕྱིར་དུ་གྲོགས་ཀྱི་དབང་དུ་ཤོར་ནས་ཆོས་བསྒྲུབ་པ་ལ་བར་ཆད་དུ་གྱུར་པ་དང་། ཟས་འཚོལ་ཏེ་ཟས་གོས་རྒྱུ་ནོར་འཚོལ་བའི་དོན་གྱི་དབང་དུ་ཤོར་ནས་ཆོས་ལ་བར་ཆད་བྱུང་བ་ལ་སོགས་པ་ཕྱི་བཤོལ་གྱི་ངང་ནས། ཅི་ཞིག་ཨེ་ལོན་ཁོ་ན་བལྟས་ཏེ་དབྱར་དགུན་སྟོན་དཔྱིད་ཀྱི་དུས་ཚོད་དེ་ལ་ཟད་དུ་བཅུག་ནས། འདོན་རྒྱུ་ལྟ་རྒྱུ་བསྒྲུབ་རྒྱུ་སྒོམ་རྒྱུ་ཚང་མ་བློས་བཏང་ཞིང་རྗེས་སུ་སྒྲུབ་ཆོག་སྙམ་པས་བསྐྱུར་ན། རྗེས་སུ་ཆོས་སྒྲུབ་པའི་དུས་ཚོད་ཅིག་ཤར་རྒྱུ་མེད་པས་དེ་ལྟ་བུའི་ཕྱི་བཤོལ་གྱི་དབང་དུ་འཇོག་རེ། བཞག་ན་ཤི་བ་དང་འདྲ། ཡུན་རིང་མི་འཆི་བའི་འདུག་ཆུས་བྱས་ནས། ཕྱིན་ཆད་ཀྱི་རྩིས་གྲངས་མང་པོ་རྒྱག་རྒྱུའི་ཕྱི་ཚིས་རྟག་འཛིན་དང་། འཇིག་རྟེན་འདི་སྣང་གི་བྱ་བྱེད་བྱིས་པའི་རྩེད་མོ་ལ་རེ་དོགས་ཀྱིས་དབང་དུ་བཏང་ནས་ཆོས་མི་སྒྲུབ་པར་བཏང་སྙོམས་སུ་ལུས་རེ་སྙམ་པས། རང་རྒྱུད་ངེས་འབྱུང་དང་བརྩོན་འགྲུས་ཀྱིས་རྒྱུད་ལེགས་པར་བསྡམས་ཤིང་། ཆོས་འགྲུབ་ན་འགྲུབ། མ་འགྲུབ་ན་མ་འགྲུབ་བསམ་པའི་གང་བྱུང་དེས་ཆོག་གིས་ཅི་བྱུང་གང་བབ་སྐྱིད་མེད་སྡུག་ཟད། གླེན་ཐོམ་མེ་རང་གར་མི་འདུག་པར། མ་གཅིག་བུ་གཅིག་གི་མ་བུ་གཉིས་གློ་བུར་ཕན་ཚུན་ཁ་བྲལ་ནས་སྟོར་བ་དེ་མྱུར་དུ་འཚོལ་ནས་རྙེད་འདོད་པས་བློ་ལ་ཤིན་ཏུ་བྲེལ་བའི་འདུ་ཤེས་ལྟར། འཁྲུལ་སྣང་ཚེ་འདིའི་རྫུན་རིས་ཀྱི་རྗེས་སུ་སྐད་ཅིག་ཀྱང་མི་འབྲང་བར་སྒྱིད་ལུག་དང་། བྱ་བ་ངན་པ་ལ་ཞེན་པའི་ལེ་ལོ་ལ་སོགས་པ་རྡོག་པས་བརྫིས། རྩིས་མེད་རྡོག་ཞབས་སུ་གཞི་མེད་དུ་བཏང་། དེ་རིང་མིན་སང་ཉིན་ཡིན། རྗེས་སུ་ཡིན། དེ་དུས་སྒྲུབ་ཆོག་བསམ་པའི་རྗེས་མར་ཡིན་བསམ་འདུག་པ་དེས་རང་ཕུང་བ་རེད། དེས་ན་ཕྱི་བཤོལ་གྱི་རིགས་ཐམས་ཅད་ཁྱུར་མིད་དུ་བཏང་ནས་མེད་པར་བྱས་པའི་ཐོག་ནས། སྙོམས་ལས་ཟིལ་གྱིས་མནན་ནས་སྙོམས་ལས་དེ་མགོ་ཡར་འཕར་མི་བཅུག་པར། དཔེར་ན་རི་དྭགས་རྨས་མ་དང་བསེ་རུ་ལྟ་བུ་རང་གཅིག་པུར་དབེན་པར་བརྟེན་ནས། ཞི་བ་ལྷས། སྐལ་ལྡན་ཟླ་འོད་ཙན་དན་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་ཀླུང་གཡོབ་པ་ཡིས། །གཞན་ལ་ཕན་དོན་སེམས་ཤིང་འཆག་པར་བྱེད། །ཅེས་གསུངས་པ་དང་། ཤར་རྒྱལ་བ་སྐལ་ལྡན་རྒྱ་མཚོས། ཁྱོད་དབེན་པའི་རི་ལ་བཞུགས་སྤྲོ་ན། །རི་ནགས་དབེན་ཅན་གྱི་དཀྱིལ་ཤིག་ན། །གཡའ་རྫ་བྲག་གི་ཕུག་པ་རང་བྱུང་ཡོད། །གནས་དེ་འདྲ་བསྟེན་ན་འཕྲལ་ཕུག་སྐྱིད། །ཅེས་གསུངས་པ་སོགས་དམ་པས་བསྔགས་པའི་གནས་དབེན་པར་བསྟེན་ནས། བླ་མ་དམ་པའི་ཞལ་ནས་ཇི་ལྟར་ཐོས་པའི་གདམས་པ་ཟབ་མོ་བདུད་རྩི་ཉིང་ཁུ་འདི་ཉིད་རྩེ་གཅིག་ཏུ་རྒྱུད་ལ་སྦྱར་ནས་ཉམས་སུ་མི་ལེན་རེ་ཤི་སྙམ་དུ་ཞེ་ཐག་པ་ནས་བསམ་མོ། བྱ་བཏང་རི་ཁྲོད་པ་ཞིག་གིས་སེམས་ཐག་ནང་ནས་བཅད་དེ་རི་ལ་སོང་ནས་ཕྱིར་མི་འབབ་པ་དགོས། གལ་ཏེ་འབབ་ན་རང་དོན་གྱི་རྟོགས་པ་ནང་ནས་བརྙེས་ཏེ། གཞན་དོན་གྱི་ཕྲིན་ལས་དུས་ལ་བབ་པ་ཞིག་དགོས། དེས་ན་བྱ་བཏང་རི་ཁྲོད་ལ་འགྲིམ་པའི་རྣལ་འབྱོར་པས། སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་བཞག་པའི་ཕུག་ནོར་བཅུ་པོ་དེ་ཡིན་ན་མིན་ན་ཉར་ཚགས་ཤེས་དགོས། དེ་གང་ཡིན་ཞེ་ན། དང་པོ་གཏད་ས་བཞི་ནི། བློ་ཕུག་ཆོས་ལ་གཏད། ཆོས་ཕུག་སྤྲང་ལ་གཏད། སྤྲང་ཕུག་ཤི་ལ་གཏད། ཤི་ཕུག་གྲོག་སྐམ་ལ་གཏད་པའོ། །དེ་ནས་བུད་སྙེག་ཐོབ་གསུམ་ནི། མི་གྲལ་དུ་བུད། ཁྱི་གྲལ་ལ་སྙེག། ལྷ་གྲལ་དུ་ཐོབ་པ་སྟེ་གསུམ། ཁྱི་གྲལ་དུ་སྙེག་ཅེས་མུ་སྟེགས་པ་ལྟར་ཁྱི་ཕག་ལྟ་བུའི་སྤྱོད་ལམ་གྱིས་གསུངས་པ་མིན་གྱི། དམན་སར་འདུག་དགོས་གསུངས་པའི་དོན་རེད། གསུམ་པ་བྱ་བཏང་རི་ཁྲོད་པ་ལ་རྡོ་རྗེ་གསུམ་དགོས་གསུངས་པ་ནི། ཐེབས་མེད་རྡོ་རྗེ་སྔོན་དུ་བཏང་། ཁྲེལ་མེད་རྡོ་རྗེ་རྗེས་སུ་བཞག ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་པ་སྟེ། ཐེབས་མེད་རྡོ་རྗེ་སྔོན་དུ་བཏང་བ་ནི། ཚེ་འདི་བློས་བཏང་ནས་དབེན་པའི་རི་ལ་སྒྲུབ་པ་བྱེད་དུས། ཕ་མ་གཉེན་བཤེས་སོགས་ཀྱིས་བཤོལ་ཡང་མི་ཐེབས་པར་རྡོ་རྗེ་ལྟ་བུ་སྲ་མོ་རང་ཐག་རང་གིས་གཅོད་དགོས། ཁྲེལ་མེད་རྡོ་རྗེ་ཞེས་པ་ནི། ཚེ་འདིའི་ཕ་མ་གཉེན་བཤེས་སྐྱོང་བ་དང། དགྲ་འདུལ་བ་སོགས་མ་བྱས་ན་འཇིག་རྟེན་པ་རྣམས་ཀྱིས་མི་ཁྲེལ་མེད་དང་། ནུས་མེད་རེད་ཟེར་ཡང་། དེ་ལ་མི་འཛེམ་པར་ཟེར་དུ་བཅུག་ནས། བཅོས་སུ་མེད་པ་རྡོ་རྗེ་དང་འདྲ་བ་དགོས། ཡེ་ཤེས་རྡོ་རྗེ་རང་དང་འགྲོགས་གསུངཔ་པ་ནི། ཆོས་མིན་པའི་བྱ་བ་ཐམས་ཅད་སྦངས་ནས་བྱར་མེད་འཛིན་མེད་ཀྱི་མན་ངག་ལ་ཉམས་ལེན་བྱེད་པ་དང་མི་འབྲལ་བ་ཞིག་དགོས་གསུངས། གོང་གི་གཏད་ས་བཞི་དང་། བུད་སྙེག་ཐོབ་གསུམ་དང་བདུན། རྡོ་རྗེ་གསུམ་པོ་དང་བཅུ་བོ་འདི། བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམས་ཀྱིས་དུས་ཕྱི་རབས་ཀྱི་གངས་ཅན་པའི་ཆོས་པ་ཚོར་ཕ་ནོར་བུ་སྐལ་དུ་བཞག་པའི་ཕུག་ནོར་བཅུ་བོ་རེད། དེ་རིང་རང་རེས་སེམས་སྦྱོང་ལྔ་བ་བཤད་པ་རེད། སེམས་སྦྱོང་དྲུག་པ་ནི་གསུངས་སའི་འགོ་ནས་སང་ཉིན་བཤད་རྒྱུ་བྱེད། ཁྲིད་རྐང་འདི་གདམས་པ་རྙེད་ནས་མ་སྒོམ་ན་འཚང་མི་རྒྱ་བས། རྩེ་གཅིག་ཏུ་ལེ་ལོ་སྤངས་ནས་སྒོམ་དགོས། ཉམས་སུ་མ་ལེན་ན་ད་དགོས་དུས་ཕན་ཐོགས་མེད་ཅེས་པའི་དོན་རེད། ཆོས་ཞུ་ཞུ་ཐོས་ཐོས་རྐྱང་པས་གོ་མི་ཆོད། ཟབ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་གནད་འགག་ཐམས་ཅད་བླ་མའི་མན་ངག་གིས་ཚུར་བསྡུས་ནས་རྩེ་གཅིག་ལ་ཉམས་ལེན་བྱེད་དགོས་ཏེ། སྨན་ཡོད་ཀྱང་ནད་པའི་ཁོག་ཏུ་མ་སོང་ན་ནད་དྲག་ཐབས་མེད་པ་དང་། ཟས་ཡོད་ཀྱང་མ་ཟོས་ན་ལྟོ་ཕོ་བའི་ཉམས་ལ་མི་ཕན། ཁ་སྐོམ་པས་ཆུ་འཐུང་དགོས་མ་འཐུང་ན་ཆུ་མིག་གིས་མཐོང་བས་སྐོམ་པ་མི་སེལ་བའི་དཔེ་དང་འདྲ། དེས་ན་ཆོས་རང་རྒྱུད་ལ་སྦྱོར་བ་ལ་བརྩོན་འགྲུས་བྱེད་དགོས། ཕྱི་བཤོལ་མེད་པར་མྱུར་དུ་མ་བསྒྲུབ་ན་དུས་ཚོད་ཀྱིས་མི་སྒུག་མི་སྲིད་པས། སྡར་མའི་པང་དུ་སྦྲུལ་ཞུགས་པ་དང་། སྒེག་མོའི་མགོ་ལ་མེ་ཤོར་བ་ལྟར་མྱུར་དུ་བརྩོན་དགོས་སོ། །

ཉིན་བཅུ་གཅིག་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། སྟོན་པའི་གསུང་རབ་ལ་བསྔགས་པ་པདྨ་དཀར་པོའི་ཆུན་འཕྱང་ལས། མི་གསོན་ཟོས་པའི་ཁྲག་གིས་ལུས་རྒྱས་པའི། །གདུག་པའི་འབྲོག་གནས་མཆེ་བ་དམར་གཙིག་ཀྱང་། །ཞི་བའི་གསུང་ལས་འདའ་བར་མ་ནུས་ཏེ། །སྡོམ་པའི་ཀུན་སྤྱོད་སློབ་མ་བཞིན་དུ་བླངས། །ཞེས་བདེ་བར་གཤེགས་པའི་གསུང་ལ་བསྔགས་པ་ལྟར་གནོད་སྦྱིན་འབྲོག་གནས་ཞེས་པ་ཡུལ་འབྲོག་གནས་ཀྱི་ས་ཆ་ལ་དབང་བསྒྱུར་བ། གནོད་འཚེ་གདུག་རྩུབ་དྲག་ཤུལ་ཅན་གྱི་སྟོབས་བརྔམས་ཤིང་། མི་གསོན་པོའི་ཁྲག་ལ་བརྟེན་ནས། མི་གསོན་པོ་ཟས་སུ་ཟ་བ། དེ་འདྲའི་སྲིན་པོ་མི་ཟན་མ་རུངས་པ་སྟོབས་ཆེན་ཡ་མེད་སུས་ཀྱང་ངོ་ཡ་མི་འོང་བ་ཞིག་ཡོད་པ་དེ་ལ། སྟོན་པ་བཅོམ་ལྡན་འདས་ཀྱིས་ཁོ་རང་གི་སེམས་རྒྱུད་དང་མཐུན་པའི་དམ་པའི་ཆོས་ཞི་བསིལ་རྙོག་པ་དང་བྲལ་བའི་བདུད་རྩི་ལྟ་བུ་དེ་གསུངས་ནས་བྱིན་གྱིས་བརླབས་པས། དེ་ལྟ་བུའི་བདུད་མི་ཟན་སྙིང་རྗེའི་སེམས་དང་བྲལ་བ་ཞིག་ཡིན་ཡང་། སྔར་བྱས་ལ་འགྱོད་བཤགས། ཕྱིན་ཆད་ལ་སྡོམ་སེམས་བྱས་ནས་མི་ལ་གནོད་མི་བྱེད་པའི་དམ་བཅའ་བྱས་ནས་ཐར་པའི་ས་བོན་ཐེབས་པ་རེད། རང་རེ་བསིལ་ལྡན་གངས་རི་དཀར་པོའི་ས་ཆ་འདི། ཆོས་ལྡན་གྱི་ལྗོངས་ཆོས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་ཏེ། ད་ཡི་བར་དུ་མདོ་སྔགས་ལུང་རྟོགས་ཀྱི་བསྟན་པ་དར། ཆོས་སྤྱོད་དགེ་འདུན་གྱི་དབུ་འཕངས་མཐོ། འཁོར་རྣམ་བཞིའི་སློབ་མ་རྒྱུ་ས། དཀོན་མཆོག་གི་སྣང་བ་ཡོད་སའི་ས་ཆར་སྐྱེས་པའི་མི་ཡིན་པས་མི་ཚད་པར། རྟེན་མཆོག་དམན་ལ་མ་ལྟོས་པར་རང་རེ་འདིར་ཡོད་ཚང་མ་དམ་ཆོས་དོན་གཉེར་ཅན་གྱི་ཆོས་པ་ཤ་སྟག་རེད། དེས་སྦྱོར་བ་སེམས་བསྐྱེད་ཀྱི་འགོ་བཟུང་སྟེ་མ་རྒན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་འདུན་པ་ཞེ་ལ་བཅང་སྟེ་ཁ་ཏོན་བྱེད་ཀྱིན་ཡོད་པ་རེད། འགོ་གང་ནས་བཟུང་སྟེ་རྣམ་མཁྱེན་བླ་མེད་ཀྱི་གོ་འཕང་སྒྲུབ་དགོས་ན། ཐོས་པ་མ་རིག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་སྟེ། །ཐབས་ཚུལ་མན་ངག་སྟོན་པ་གྲོགས་ཀྱི་མཆོག །ཅེས་གསུངས་པས་དང་པོ་ཐོས་པ་འཚོལ་དགོས། འོན་ཀྱང་ཐོས་རྒྱུ་དེ་གང་ཡིན་ན་ཐོས་ན་ཨེ་ཆོག་བསམ་ན། ཆོག་པ་མ་རེད། ཐོས་པ་མེད་པར་སྲིད་ན་སྐྱོན་ཆེ་ཡང་། །ལོག་པར་ཐོས་པ་དེ་བས་སྡིག་ཆེ་བས། །མཁས་པའི་གཞུང་ལ་ལྟ་བ་ཡོད་དུས་འདིར། །ཐོས་པའི་མིག་དཀྱུས་ཅི་ཕྱིར་དག་མི་བགྱིད། །ཅེས་གསུངས་པ་ཡིན་ན། སྤྱིར་མཁས་པའི་གཞུང་དང་། དམ་པའི་ལེགས་བཤད། ཁྱད་པར་དུ་རང་རང་གང་ལ་མེ་ཏོག་ཕོག་པའི་ལྷ་སྐལ་ཞེས་པ་ལྟར། ཆོས་བརྒྱུད་གང་ལ་ཞུགས་པའི་མན་ངག་གི་གདམས་པ། བྱིན་རླབས་ཀྱི་དྲོད་བཅུད་མ་ཡལ་བར་ཉམས་སུ་ལེན་རྒྱུ། མ་ནོར་ཐོག་ཏུ་བབ་པའི་རང་གི་སྐལ་ཐོབ་གྱི་ལས་དེ་སྒྲུབ་དགོས་རེད། དེ་ཡིན་ན་རང་རེ་དལ་འབྱོར་གྱི་ལུས་རྟེན་ཐོབ་པར་དཀའ་བ་དང་། མི་ཚེ་ལ་རྟག་པ་མེད་པ། འཁོར་བའི་བྱ་བཞག་སྙིང་བོ་མེད་པ་དེ་ཚོ་ཚང་མ་ཤེས་ནས། མ་སེམས་ཅན་ཐམས་ཅད་ཐར་ལམ་ལ་འགོད་དགོས་ན། དང་པོ་འགོད་པ་པོ་རང་ཉིད་ཐར་བའི་སྐམ་ས་ལ་ཐོན་དགོས། དེའི་སྐོར་དེ་གཞི་བདེ་གཤེགས་སྙིང་པོ། རྟེན་མི་ལུས་རིན་ཆེན། རྐྱེན་དགེ་བའི་བཤེས་གཉེན། ཐབས་དེའི་གདམས་ངག དེ་ཇི་ལྟར་ལག་ལེན་ལ་འདེབས་རྒྱུའི་སྐོར་དེ། སྒོ་དད་པས་ཕྱེས་ནས་གཞི་སྐྱབས་འགྲོས་བཟུང་སྟེ། བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱུ་དེ་ནི་མདོ་སྔགས་ལམ་གྱི་གཞུང་ཤིང་ཡིན་པ་ནས་བརྩམས་ཏེ། གཞུང་དོན་དངོས་དང་ཞར་བྱུང་གཉིས་ཀྱི་སྒོ་ནས་ཆོས་ཀྱི་གླེང་མོལ་རེ་བྱེད་ཁུལ་ཡོད་པ་ཡིན་ན། བཤད་དོན་སྙིང་པོ་ངོ་མ་དེ་ཆོས་ཉན་ནས་རང་རྒྱུད་ལ་སྦྱར་རྒྱུ་ནི། ཐོག་མཐའ་བར་གསུམ་དུ་མེད་དུ་མི་རུང་བའི་མན་ངག་རེད། ཆོས་རང་རྒྱུད་དང་འདྲེས་པའི་ཐོག་ནས། ལུས་དང་ངག་གི་བྱ་བྱེད་སྨྲ་བརྗོད་ཐམས་ཅད་གཞན་ཕན་ཐེག་ཆེན་གྱི་ཆོས་དང་མཐུན་པ་ཞིག་རང་ཤུགས་སུ་རེད་དགོས་རྒྱུ་ཡིན་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། མཐའ་ཡས་འགྲོ་བ་སྒྲོལ་བར་ཁས་བླངས་པས། སྐྱབས་མཆོག་གསུམ་དཔང་དུ་བཞག་རྒྱུ་ནི་བསླུ་མི་རུང་ཞིང་། མ་སེམས་ཅན་ལ་ཁས་བླངས་བའི་དམ་བཅའ་ཉམས་སོང་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན་ཕན་ཡོན་ཆེ་ཡང་། དེ་ལས་ཉམས་ན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། ཁམས་གསུམ་སེམས་ཅན་ཐམས་ཅད་བསླུ་བ་ཡིན་པས་བཤགས་དཀའ་བའི་སྡིག་ཆེན་དུ་འགྱུར་བའི་ཉེན་ཁ་ཡོད་པ་རེད། དེས་ན་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བརྩོན་དགོས་ཚེ། དེའི་རྣམ་བཞག་དང་དེ་ལ་ཇི་ལྟར་འཇུག་ཚུལ་སོགས་ལ་ནི་བསམ་བློ་མི་གཏོང་ཐབས་མེད་ཀྱི་གལ་ཆེན་ནང་གི་དོན་ཆེན་ཡིན། དེས་ན་ཕྱིན་དྲུག་གི་ཐོག་མར་སྦྱིན་པ་ལ་བསམ་བློ་གཏོང་ན། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང་། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་གསུངས་པ་རེད། སྦྱིན་པ་འདི་ལ་སྦྱིན་པ་དང་འབྲེལ་བའི་སྐྱོན་ཡོན་གཉིས་དང་། སྦྱིན་པའི་ངོ་བོ། དབྱེ་བ་སོགས་ཆེ་ལོང་གིས་རགས་རིམ་གྱི་ཐོག་ནས་བཤད་ན། སྦྱིན་པ་མ་བཏང་བའི་སྐྱོན་ཅི་ཡོད་ཅེ་ན། སྦྱིན་པ་མ་བཏང་ན་སེར་སྣ་ཅན་ཡི་དྭགས་ཀྱི་གནས་སུ་སྐྱེ་བ་དང་། མི་ཡི་ལུས་རྟེན་བླངས་ཀྱང་དབུལ་བོར་སྐྱེས། ད་ལྟའི་སྐབས་ན་རྒྱུ་མེད་དབུལ་བོའི་ལུས་བླངས་ཡོད་པ་འདི་སྔར་སྦྱིན་པ་མ་བཏང་བའི་རྐྱེན་གྱིས་ཡིན། སྦྱིན་པ་དང་ལྡན་པ་དེ་ལ་ཡོན་ཏན་ཅི་ཡོད་ཅེ་ན། རང་ཉིད་ལོངས་སྤྱོད་དང་མི་འབྲལ་བར་བདེ་བ་དང་ལྡན་པ་དང་། གཞན་སྦྱིན་པས་བསྡུས་ནས་ཆོས་ལ་འགོད་ཐུབ་རྒྱུའི་ཡོན་ཏན་དང་ལྡན་པ་ཡིན། སྦྱིན་པའི་ངོ་བོ་ནི་མ་ཆགས་པའི་སེམས་ཀྱིས་བདོག་པ་ཡོངས་སུ་གཏོང་བའི་སེམས་པ་ཡིན། སྦྱིན་པ་ལ་དབྱེ་ན། ཟང་ཟིང་གི་སྦྱིན་པ་དང་། མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ། ཆོས་ཀྱི་སྦྱིན་དང་གསུམ། ཟང་ཟིང་གི་སྦྱིན་པ་ལའང་མ་དག་པའི་སྦྱིན་པ་དང་། དག་པའི་སྦྱིན་པ་སྟེ་གཉིས་ལས། དང་པོ་ལ་བསམ་པ་མ་དག་པ་དང། དངོས་པོ་མ་དག་པ། ཞིང་མ་དག་པ། ཐབས་མ་དག་པ་བཞི་ཡོད། བསམ་པ་མ་དག་པ་ནི། གཞན་ལ་གནོད་པར་བྱེད་པའི་དོན་དུ་སྦྱིན་པ་དང་། ཚེ་འདིའི་སྙན་གྲགས་ཀྱི་དོན་དུ་སྦྱིན་པ། གཞན་དང་འགྲན་རྩོད་ཀྱི་དོན་དུ་སྦྱིན་པ་སོགས་མི་རུང་པས་སྤང་དགོས། དངོས་པོ་མ་དག་པ་ནི། དུག་དང་མཚོན་ཆ་ལ་སོགས་པ་སྦྱིན་པ། ཞིང་མ་དག་པ་ནི་སྦྱིན་སའི་ཡུལ་དེ་ནི་བདུད་རིགས་ཀྱི་ལྷ་དང་ནག་ཕྱོགས་ཀྱི་གཞི་བདག སྨྱོན་པ་དང་སེམས་འཁྲུག་པའི་སེམས་ཅན་ལ་ལུས་དང་སྲོག་གི་སྦྱིན་པ་གཏོང་བ་རྣམས་ཡིན། ཐབས་མ་དག་པ་ནི་མི་དགའ་བའི་རྣམ་འགྱུར་ཁྲོས་འཁྲུགས་ཀྱི་ངང་ནས་སྦྱིན་པ། བརྙས་བཅོས་ཀྱིས་སྦྱིན་པ། མ་གུས་པས་འཕྱ་ཞོར་དུ་སྦྱིན་པ་སོགས་རེད། ད་དུང་དེའི་ཐོག་ཏུ་དམན་པའི་སྦྱིན་པ། རང་ཉིད་ལ་ཚེ་འདིར་ནོར་དང་ལོངས་སྤྱོད་ཐོབ་པའི་དོན་དུ་སྦྱིན་པ་དང་། ཕྱི་མ་ལོངས་སྤྱོད་དང་ཨེ་ལྡན། ངས་ལྷ་མིའི་ལུས་ཞིག་ཐོབ་པ་ལ་ཨེ་ཕན་བསམ་པ་དང་། གཞན་ཕན་བྱང་སེམས་ཀྱི་བསམ་པ་དང་བྲལ་བའི་སྦྱིན་པ་དེ་རྣམས་སྦྱིན་པ་ཡང་དག་པའི་གོ་ཆོད་པ་མ་རེད། མ་དག་པའི་སྦྱིན་པ་དེ་དག་ལས་ལྡོག་ནས་དག་པའི་སྦྱིན་པ་གཏོང་དགོས་ན། དངོས་པོ་དག་པ་ནང་གི་དངོས་པོ། རང་གི་ལུས་ཀྱི་ཤ་འདོད་པ་ལ་ཤ་དང་། ཁྲག་འདོད་པ་ལ་ཁྲག མིག་དགོས་ན་མིག ནང་ཁྲོལ་དོན་སྣོད་དགོས་ན་དེ་དག་སྦྱིན་པ། ཕྱི་དངོས་པོའི་ཐོག་ནས་རྒྱུ་རྫས་ཟས་ནོར་བུ་དང་ཆུང་མ། བྲན་དང་རྟ་གླང་སྦྱིན་པ་དེ་དག་རེད། ད་ལྟ་མགོ་དང་ཡན་ལག་དངོས་སུ་སྦྱིན་མ་ནུས་ནའང་། བསམ་པས་འདུན་པ་དང་སྨོན་པ་མ་འདོར་ན་ཕན་ཡོན་ཆེན་པོ་ཡོད་པ་དང་། གཏོང་ཕོད་ལ་གོམས་ན་ནམ་ཞིག་དེ་ལྟར་སྦྱིན་ནུས་པ་ལ་ཕན་ཐོགས་ཆེན་པོ་ཡོད། ཞིང་དག་པ་ནི། ཡོན་ཏན་གྱིས་ཁྱད་པར་དུ་བྱས་པའི་ཞིང་དཀོན་མཆོག་གསུམ་དང་། ཕན་འདོགས་པས་ཁྱད་པར་དུ་བྱས་པའི་ཞིང་ཕ་མ་ལ་སོགས་པ་དང་། སྡུག་བསྔལ་གྱིས་ཁྱད་པར་དུ་བྱས་པའི་ཞིང་ནད་པ་དང་མགོན་མེད་པ་དང་། གནོད་པ་བྱེད་པས་ཁྱད་པར་དུ་བྱས་པའི་ཞིང་དགྲ་ལ་སོགས་པ་རེད། དེ་ལྟ་བུའི་ཞིང་ལ་སྦྱིན་པ་གཏོང་དུས་གཏོང་བའི་ཐབས་ནི། བསམ་པ་ཕུན་སུམ་ཚོགས་པ་སྙིང་རྗེས་ཀུན་ནས་བསླངས་ཏེ་སེམས་ཅན་གྱི་དོན་དང་བྱང་ཆུབ་ཀྱི་ཆེད་དུ་སྦྱིན་པ་དང་། སྦྱོར་བ་ཕུན་སུམ་ཚོགས་པ་མ་སྦྱིན་པའི་སྔ་རོལ་དུ་ཡིད་དགའ་བ་དང་། སྦྱིན་པའི་ཚེ་སེམས་དང་བ། སྦྱིན་ཟིན་ནས་འགྱོད་པ་མེད་པ་དེ་འདྲ་དགོས་པ་རེད། སྦྱིན་ལུགས་ནི་བཀུར་སྟི་དང་གུས་པའི་ཚུལ་གྱིས་རང་གི་ལག་གིས་སྦྱིན་དགོས། དུས་ལ་བབ་པ་ནི་རང་གིས་ཐོབ་པའི་དུས་སུ་སྦྱིན་པ། ད་རུང་གཞན་ལ་མི་གནོད་པར་སྦྱིན་དགོས་ཏེ། རང་གི་འཁོར་དང་གྲོགས་མི་དགའ་བ་མེད་པ་དང་མི་གནོད་པར་སྦྱིན་པའོ། །ཡང་སློང་ན་ཡང་སྦྱིན་པ་ཕྱིར་ཞིང་སྦྱིན་པ་དང་། ཞིང་ལ་ཁྱད་པར་མི་ཕྱེད་པར་ཕྱོགས་རིས་མེད་པར་སྦྱིན་པ་དང་། ཕ་རོལ་པོར་དགོས་རྒྱུའི་དངོས་པོ་སྟེར་བ་འདོད་པ་ཡོངས་སུ་རྫོགས་པར་སྦྱིན་པ་དེ་རྣམས་ཟང་ཟིང་གི་སྦྱིན་པ་རེད། དེ་ནས་མི་འཇིགས་པ་སྐྱབས་ཀྱི་སྦྱིན་པ་ནི། དགྲ་ཇག་ཆོམ་རྐུན་ནད་གདོན་ཆུ་འཕྲང་ལ་སོགས་པའི་འཇིགས་པ་ལས་བསྐྱབ་རྒྱུ་དེ་རེད། ཆོས་ཀྱི་སྦྱིན་པ་ནི། འདི་སྦྱིན་སའི་ཡུལ་དེ་ཆོས་དང་ཆོས་སྨྲ་བ་པོ་ལ་གུས་པ་དང་ལྡན་པ་དང་། ཆོས་དོན་གཉེར་ཅན་གྱི་གང་ཟག་སྣོད་རུང་ཡིན་དགོས། སྦྱིན་དུས་ཡང་བསམ་པ་བཟང་བོ་རྙེད་བཀུར་དང་བསྟོད་གྲགས་ལ་སོགས་པ་ཟང་ཟིང་སྒྲུབ་པའི་སེམས་མ་ཡིན་པར། དག་ཅིང་ཟང་ཟིང་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་སྦྱིན་བྱེད་རྒྱལ་བས་རབ་ཏུ་བསྔགས། །ཞེས་གསུངས་པ་ལྟར་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་ཏེ་ཆོས་སྟོན་དགོས་ལ། བསྟན་བྱའི་ཆོས་དེ་མདོ་རྒྱུད་བསྟན་བཅོས་ལ་སོགས་པའི་དོན་མ་ནོར་བ་ཕྱིན་ཅི་མ་ལོག་པར་སྟོན་པ་དང་། ཆོས་སྟོན་པའི་ཐབས་ནི། ཞུ་བ་ལ་དེ་མ་ཐག་ཏུ་མི་སྟོན་པར་སྣོད་དང་ལྡན་དང་མི་ལྡན་བརྟག་དཔྱད་བྱས་ནས། སྣོད་དང་མི་ལྡན་ན་ཞུས་ཀྱང་མི་བཤད། སྣོད་དང་ལྡན་ན་མ་ཞུས་ཀྱང་བཤད་དགོས། བཤད་པའི་སྐབས་སུའང་། ས་ཕྱོགས་ཁོར་ཡུག་ལ་སོགས་པ་གཙང་སྦྲ་བྱེད། མཆོད་པའི་རྒྱན་བཀྲམ། ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་རང་ཉིད་ཁྲི་ལ་བསྡད་ནས་བཤད་པར་བྱ་དགོས་པ་རེད། དེ་ལྟ་བུའི་སྦྱིན་པ་གསུམ་པོ་ད་ལྟའི་སྐབས་ན་རྒྱ་ཆེན་པོ་ཞིག་གཏོང་རྒྱུའི་ནུས་པ་རང་ཉིད་ལ་མེད་རུང་། ཉུང་ཉུང་དེ་མང་པོ་བསྒྱུར་བའི་ཐབས་ཡོད་པ་རེད། དེའང་ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་པ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་པ། བསམ་པའི་སྟོབས་ཀྱིས་དཔག་ཏུ་མེད་པར་སྤེལ་བར་བྱེད་པ་རྣམས་གསུངས་ཡོད། དེ་ལ་དང་པོ་ཡེ་ཤེས་ཀྱི་སྟོབས་ཀྱིས་ལྷག་པར་བྱེད་པ་ནི། སྦྱིན་པ་སྦྱིན་བྱ་ལེན་པོ་སྟེ་འཁོར་གསུམ་ཡོངས་སུ་དག་པ་སྒྱུ་མ་དང་རྨི་ལམ་ལྟ་བུར་ལྟ་བ་དེ་དང་། ཤེས་རབ་ཀྱི་སྟོབས་ཀྱིས་རྒྱས་པར་བྱེད་པ་ནི། སྦྱིན་པ་གང་གཏོང་ནའང་། དང་པོ་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པའི་ཆེད་དུ་གཏོང་བ་ཡིན་བསམ་པ་དང་། བར་དུ་སྦྱིན་པའི་དངོས་པོ་ལ་ཞེན་པ་མེད་པ། མཐར་ལེན་དང་རྣམ་སྨིན་ལ་རེ་བ་མེད་ན་སྦྱིན་པའི་བསོད་ནམས་མང་དུ་འཕེལ་བར་འགྱུར་ལ། བསྔོ་བའི་སྟོབས་ཀྱིས་དཔག་ཏུ་མེད་པར་བསྒྱུར་བ་ནི། སྦྱིན་པའི་དགེ་བ་དེ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོས་ན་བསོད་ནམས་དཔག་ཏུ་མེད་པར་འཕེལ་བ་དང་མི་ཟད་པར་འགྱུར་བ་རེད། སྦྱིན་པ་དག་པར་བྱེད་པ་ནི། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱིས་ཟིན་དགོས་ཏེ། སྟོང་ཉིད་ཀྱིས་ཟིན་ན་འཁོར་བའི་རྒྱུར་མི་འགྱུར། སྙིང་རྗེས་ཟིན་ན་ཐེག་པ་དམན་པའི་རྒྱུར་མི་འགྱུར་ཞིང་མི་གནས་པའི་མྱང་འདས་ཀྱི་རྒྱུར་འགྱུར་བས་དག་པའོ། །སྦྱིན་པ་གཏོང་བའི་འབྲས་བུ་ནི། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་སུ་ཟང་ཟིང་གི་སྦྱིན་པ་བཏང་བས། མི་འདོད་ཀྱང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱུང་བ་ཡིན། གཞན་ཡང་ཟང་ཟིང་གི་སྦྱིན་པས་བསྡུས་ནས་ཆོས་ལ་སྤྱོད་རྒྱུའི་མཆོག་ལ་སྦྱོར་བར་བྱེད་པ་སོགས་ཕན་ཡོན་ཆེ། མི་འཇིགས་པའི་སྦྱིན་པས་བདུད་དང་བར་ཆད་ཀྱིས་མི་ཚུགས། ཆོས་ཀྱི་སྦྱིན་པས་སངས་རྒྱས་དང་མྱུར་དུ་མཇལ། རང་གཞན་གྱི་འདོད་པའི་དོན་ཐམས་ཅད་མྱུར་དུ་འགྲུབ་པ་རེད། འོན་ཀྱང་རབ་ཏུ་བྱུང་བས་ཆོས་ཀྱི་སྦྱིན་པ་མ་གཏོགས་ཟང་ཟིང་གི་སྦྱིན་པ་ཆེད་གཉེར་གསོག་བསྐྲུན་སོགས་སྟོན་པས་གནང་ཡོད་པ་མ་རེད། རབ་བྱུང་གིས་ལོངས་སྤྱོད་ཀྱི་སྦྱིན་པ་རླབས་པོ་ཆེས་མགོ་བཏོན་ན། ཐོས་བསམ་སྒོམ་གསུམ་གྱི་གེགས་སུ་འགྱུར་བས་ན། ཚུལ་ཁྲིམས་དང་ཏིང་ངེ་འཛིན་ཤེས་རབ་གསུམ་གྱི་མགོ་འདོན་པ་ནི་སངས་རྒྱས་ཀྱི་བསྟན་པ་དང་མཐུན་པའི་རབ་ཏུ་བྱུང་བ་ཡིན། དེས་ན་མཆོད་ཡོན་གོ་ལྡོག་སོང་ན་འཇིག་རྟེན་ཁམས་སུ་མུ་གེ་འབྱུང་བ་སོགས་ཀྱི་རྒུད་པ་འབྱུང་ཞེས་བཅོམ་ལྡན་འདས་ཀྱིས་མདོ་ལས་ཀྱང་གསུངས་སོ། །དེ་ནས་སྦྱིན་པའི་འོག་ཏུ་ཚུལ་ཁྲིམས་བཤད་པ་ནི། སྦྱིན་པ་བཏང་ཡང་ཚུལ་ཁྲིམས་དང་མི་ལྡན་ན་མཐོ་རིས་ལྷ་མིའི་ལུས་རྟེན་མི་ཐོབ་སྟེ། སྐྱེས་བུ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པའི་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །ཞེས་གསུངས་ལ། གཞན་ཡང་ཚུལ་ཁྲིམས་དང་མི་ལྡན་ན་དམ་པའི་ཆོས་དང་མི་འཕྲད། ཁམས་གསུམ་འཁོར་བའི་སྡུག་བསྔལ་ལས་མི་ཐར་པ་དང་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་མ་རེད། ཚུལ་ཁྲིམས་དང་ལྡན་ན། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམ་འཕེལ་ན། །འབྲས་བུ་ཉེར་སྤྱད་ཆད་པར་མེད་པར་འབྱུང་། །ཞེས་གསུངས་པ་ལྟར། ཚུལ་ཁྲིམས་དང་ལྡན་ན་ལུས་རྟེན་ཕུན་སུམ་ཚོགས་པ་ཐོབ་པ་དང་། བདེ་ལེགས་ཡོན་ཏན་ཐམས་ཅད་ཀྱི་གཞི་བཏིང་བ་ཡིན་ཏེ། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། ཞེས་པ་ལྟར། ཚུལ་ཁྲིམས་ཀྱི་ཞིང་ས་གཤིན་པོ་ལས་ཡོན་ཏན་གྱི་ལོ་ཏོག་ཐམས་ཅད་འཕེལ་བར་འགྱུར་བ་ཡིན། ཚུལ་ཁྲིམས་ལྡན་ན་སྨོན་ལམ་ཅི་བཏབ་འགྲུབ་པ་སོགས་ཡོན་ཏན་མཐའ་ཡས་སོ། ཚུལ་ཁྲིམས་ཀྱི་ངོ་བོ་ནི། ཡོན་ཏན་བཞི་ལྡན་ཞིག་ལ་གསུངས་ཏེ། ཕ་རོལ་པོ་ལས་ལེགས་པར་ཡང་དག་པར་བླངས་པ་དང་། བསམ་པ་ཤིན་ཏུ་རྣམ་པར་དག་པ། ཉམས་ན་ཕྱིར་གསོ་བ། མི་ཉམས་པར་བྱ་བའི་ཕྱིར་དུ་གུས་པ་བསྐྱེད་ནས་དྲན་པ་ཉེ་བར་གནས་པ་རྣམས་ཡིན། དེ་བཞི་པོ་ཚུར་བསྡུས་ན་ལེན་སྲུང་གཉིས་ཀྱི་ནང་དུ་འདུ་བ་རེད། ཚུལ་ཁྲིམས་ལ་དབྱེ་ན། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་གྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་དང་གསུམ། སེམས་གནས་པར་བྱེད་པ་སྡོམ་པའི་ཚུལ་ཁྲིམས། རང་རྒྱུད་ཆོས་ཀྱིས་སྨིན་པར་བྱེད་པ་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་ཡོངས་སུ་སྨིན་པར་བྱེད་པ་སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ཡིན། སྡོམ་པའི་ཚུལ་ཁྲིམས་ནི། ཐུན་མོང་བ་ངེས་འབྱུང་གི་བསམ་པས་ཀུན་ནས་བསླང་བ་སོ་ཐར་རིགས་བདུན་ཞེས་བྱ། གང་ཞེ་ན་དགེ་བསྙེན་ཕ་མ་གཉིས། དགེ་ཚུལ་ཕ་མ་གཉིས། དགེ་སློང་ཕ་མ་གཉིས། དེའི་སྟེང་དུ་དགེ་སློབ་མ་བརྩིས་ན་བདུན་ནོ། །དེའི་ཐོག་ཏུ་ཐུན་མིན་གཞན་ཕན་གྱི་བསམ་པས་ཀུན་ནས་བསླངས་ཏེ་སོར་སྡོམ་གྱི་གཞིར་བཟུང་བའི་བྱང་སྡོམ་དེ། དེ་དག་གི་རྩ་ལྟུང་དང་ཉེས་བྱས་རྣམས་སྡོམ་པ་སྟེ། བསྲུང་བྱ་བསླབ་པ་དང་བཅས་པ་གཞུང་གཞན་ལས་བྱུང་བ་ལྟར་ཤེས་པར་བྱའོ། །དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ནི། བྱང་སྡོམ་ཡང་དག་པར་བླངས་པའི་རྗེས་སུ་བྱང་ཆུབ་ཆེན་པོའི་ཆེད་དུ་ལུས་ངག་ཡིད་གསུམ་གྱི་དགེ་བ་བསགས་ཚད་པོ་ཐམས་ཅད་དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་ཡིན། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་ནི། དངོས་སམ་བརྒྱུད་ནས་སེམས་ཅན་གཞན་གྱི་དོན་ལྷུར་ལེན་པ་སྟེ། གཞན་ཡང་བྱང་ཆུབ་སེམས་དཔའ་གཞན་དད་ཅིང་རང་མི་ཉམས་པར་བྱ་བའི་ཕྱིར་དུ། སྒོ་གསུམ་གྱི་འདུ་བྱེད་མ་དག་པ་སྤང་ཞིང་དག་པ་གསུམ་བསྟེན་པར་བྱ་བའོ། །ཚུལ་ཁྲིམས་སྤེལ་བ་ནི། གོང་ལྟར་རོ། །ཚུལ་ཁྲིམས་དག་པར་བྱེད་པ་ནི། སྟོང་ཉིད་དང་སྙིང་རྗེས་ཟིན་དགོས་པ་གོང་དུ་བཤད་པ་ལྟར་རོ། །ཚུལ་ཁྲིམས་བསྲུང་རྒྱུ་མཐའ་གཅིག་ཏུ་རབ་བྱུང་མ་གཏོགས་སྲུང་མི་དགོས་རྒྱུ་ཞིག་མ་རེད། དཀོན་མཆོག་གསུམ་གྱི་འབངས་སུ་མཆིས་ཏེ་སྐྱབས་འགྲོས་འགོ་བཟུང་ནས་དགེ་བསྙེན་གྱི་སྡོམ་པ་བླངས་ཚུད་ཆད་སྡོམ་ལྡན་ཡིན་ཕྱིར། སོ་ཐར་རིགས་བདུན་གང་རུང་གི་སྡོམ་པ་རྒྱུད་ལ་བླངས་ཡོད་ན། དེ་མི་ཉམས་པར་སྲུང་དགོས་རྒྱུ་ནི་ཐར་འདོད་ཀྱི་གང་ཟག་སྐྱ་སེར་ཐམས་ཅད་ཀྱིས་གཟབ་དགོས་པ་རེད། ཚུལ་ཁྲིམས་ལྡན་པའི་འབྲས་བུ་ནི། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལས། ཚུལ་ཁྲིམས་ལྡན་པ་སངས་རྒྱས་འབྱུང་དང་འཕྲད། །ཚུལ་ཁྲིམས་ལྡན་པ་རྒྱན་རྣམས་ཀུན་གྱི་མཆོག །ཚུལ་ཁྲིམས་ལྡན་པ་དགའ་བ་ཀུན་གྱི་གནས། །ཚུལ་ཁྲིམས་ལྡན་པ་འཇིག་རྟེན་ཀུན་གྱིས་བསྟོད། །ཅེས་སོགས་གསུངས་པས། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་དང་། གནས་སྐབས་སུ་ལྷ་མིའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པ་ཡིན་ནོ། །དེ་ནས་བཟོད་པ་བཤད་པ་ལ། བཟོད་པ་མེད་པའི་སྐྱོན་ནི། སྦྱིན་པ་དང་ཚུལ་ཁྲིམས་ལྡན་ཡང་བཟོད་པ་མི་ལྡན་ན་ཁོང་ཁྲོ་སྐྱེ་ལ། ཁོང་ཁྲོ་སྐྱེས་ན། བསྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་གསུངས་པས། དུས་བསྐལ་པ་བརྒྱ་སྟོང་ལ་བསགས་པའི་སྦྱིན་དང་ཚུལ་ཁྲིམས་སོགས་ཀྱི་དགེ་བ་ཐམས་ཅད་ཡུལ་ཁྱད་པར་ཅན་ལ་ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། དེ་མ་ཟད་ཞེ་སྡང་ཁོང་ནས་སྐྱེས་ན། མདའ་དུག་ཅན་ཁོང་དུ་སོང་བ་ལྟར། ཡིད་ལ་ན་ཚ་ཟུག་རྔུ་སྐྱེས་པས་དགའ་བདེ་དང་ཞི་བ་མི་ཐོབ་པའི་ཐོག ཐ་ན་གཉིད་ཀྱང་མི་ཡོང་། དེ་འདྲ་ཁོ་ནས་མནར་ཏེ་མཐར་སྙིང་ནད་རེད་ནས་ཤི་བ་དང་། བཟོད་པ་མ་ཚང་ན་སངས་རྒྱས་སྒྲུབ་པའི་ལམ་ཕར་ཕྱིན་དྲུག་མི་ཚང་། བཟོད་པའི་གོ་ཆ་མེད་པ་དེ་ལ་བདུད་ཀྱི་གླག་རྙེད་ནས་བར་ཆད་འཇུག་སླ་བ་རེད། དེ་ལས་ལྡོག་སྟེ་བཟོད་པ་དང་ལྡན་ན་དགེ་རྩ་ཐམས་ཅད་ཀྱི་མཆོག་ཡིན་ཏེ། ཞེ་སྡང་ལྟ་བུའི་སྡིག་པ་མེད། །བཟོད་པ་ལྟ་བུའི་དཀའ་ཐུབ་མེད། །དེ་བས་བཟོད་ལ་ནན་ཏན་དུ། །སྣ་ཚོགས་ཚུལ་གྱིས་བསྒོམ་པར་བྱ། །ཞེས་གསུངས་པས་སོ། །བཟོད་པ་དང་ལྡན་ན་མཐར་ཐུག་བླ་མེད་བྱང་ཆུབ་ཐོབ་ཅིང་གནས་སྐབས་སུའང་བདེ་ལེགས་ཐམས་ཅད་ཐོབ་པ་རེད། བཟོད་པའི་ངོ་བོ་ནི། སེམས་ཁོང་ནས་མི་འཁྲུག་པ་ཇི་མི་སྙམ་པ་ཡིན། བཟོད་པ་ལ་དབྱེ་ན། གནོད་བྱེད་ལ་ཇི་མི་སྙམ་པའི་གཞན་གྱིས་ལོག་སྒྲུབ་ལ་བཟོད་པའི་བཟོད་པ། སྡུག་བསྔལ་དང་དུ་ལེན་པའི་བཟོད་པའམ་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ། ཆོས་ལ་ངེས་པར་སེམས་པའི་བཟོད་པའམ་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ། གཞན་གྱིས་ལོག་སྒྲུབ་བཟོད་པའི་བཟོད་པ་ནི། གཞན་གྱིས་རང་ལ་དངོས་བརྒྱུད་གང་རུང་གིས་ལོག་སྒྲུབ་དང་གནོད་འཚེ་ཅི་ལྟར་བྱེད་ཀྱང་ཇི་མི་སྙམ་ནས་བཟོད་པ་སྟེ། དཔེར་ན་གཞན་གྱིས་ཚིག་ངན་དང་། འཕྲོག་བཅོམ་འཕྱ་སྨོད་བསྐུར་འདེབས་ཅི་བྱས་ཀྱང་ཞེ་སྡང་དང་ཁོང་ཁྲོ་མི་སྐྱེ་བ་དེ་རེད། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ནི། མེ་ཚོགས་སྤུ་གྲིའི་སོ་ཡང་བརྒལ་ནས་ནི། ཕྱི་མཐར་ཐུག་གི་བར་དུ་དམ་ཆོས་བསྒྲུབ། ཅེས་གསུངས་པ་ལྟར། བླ་མེད་བྱང་ཆུབ་ཀྱི་ཕྱིར་དུ་དམ་ཆོས་བསྒྲུབ་པ་ལ་དཀའ་ཚེགས་སྡུག་བསྔལ་ཅི་བྱུང་ཡང་མི་སྐྱོ་ཞིང་དཀའ་བ་དང་དུ་ལེན་ནས་བཟོད་པའོ། །ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ་ནི། ཟབ་མོ་སྟོང་པ་ཉིད་ཀྱི་གནས་ལུགས་དང་། རྫོགས་ཆེན་བྱ་རྩོལ་དང་བྲལ་བ་རྡོ་རྗེའི་ཚིག་དོན་སོགས་གོ་ན་དེ་ལ་སྐྲག་པ་དང་ལོག་ལྟ་མི་སྐྱེ་བར་མོས་ཤིང་བཟོད་པ་སོགས་རེད། བཟོད་པ་སྤེལ་བ་དང་། དག་པར་བྱེད་པ་ནི་གོང་བཞིན་ཡིན་ལ། བཟོད་པ་སྒོམ་པའི་འབྲས་བུ་ནི། གནས་སྐབས་སུ་གཟུགས་མཛེས་ཡིད་འོང་ཚེ་རིང་སྙན་གྲགས་དང་ལྡན་ཞིང་། འཁོར་བསྒྱུར་གྱི་རྒྱལ་སྲིད་ཐོབ་པ་སོགས་དང་། མཐར་ཐུག་བླ་མེད་བྱང་ཆུང་ཐོབ་པའི་རྒྱུར་འགྱུར་བ་རེད། དེ་ནས་བརྩོན་འགྲུས་བཤད་པ་ལ། བརྩོན་འགྲུས་མེད་པའི་སྐྱོན་ནི། བརྩོན་འགྲུས་མེད་ན་ལེ་ལོ་ཅན་རེད། ལེ་ལོ་ཅན་གྱིས་དགེ་བ་མི་འགྲུབ། གཞན་དོན་མི་ནུས། བྱང་ཆུབ་ནི་ག་ལ་ཐོབ། ཆོས་དང་འཇིག་རྟེན་གྱི་བྱ་བ་གང་བསྒྲུབ་དགོས་ཀྱང་བརྩོན་འགྲུས་མེད་ན་འདུན་ཐོག་ཏུ་ཡོང་རྒྱུ་ཞིག་ཡོད་པ་མ་རེད། དེ་ལས་བཟློག་སྟེ་བརྩོན་འགྲུས་དང་ལྡན་ན། ཡོན་ཏན་མ་ལུས་བརྩོན་འགྲུས་རྗེས་འགྲོ་བ། །ཞེས་པ་ལྟར། དཀར་པོའི་ཡོན་ཏན་ཐམས་ཅད་འཕེལ་བ་དང་། བླ་མེད་བྱང་ཆུབ་ཀྱང་མྱུར་དུ་འཐོབ་པར་འགྱུར་རོ། །བརྩོན་འགྲུས་ཀྱི་ངོ་བོ་ནི། དགེ་བ་ལ་སེམས་མངོན་པར་སྤྲོ་བ་སྟེ། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་པ་རེད། འདི་ལ་དབྱེ་ན། གོ་ཆའི་བརྩོན་འགྲུས། སྦྱོར་བའི་བརྩོན་འགྲུས། ཆོག་པར་མི་འཛིན་པའི་བརྩོན་འགྲུས་དང་གསུམ་ཡོད། དང་པོ་གོ་ཆའི་བརྩོན་འགྲུས་ནི། དུས་འདི་ནས་བཟུང་སྟེ་བླ་མེད་བྱང་ཆུབ་མ་ཐོབ་ཀྱི་བར་དུ། དགེ་བ་ལ་བརྩོན་པ་མི་འདོར་སྙམ་པའི་བསམ་པས་གོ་བགོ་བ་སྟེ། དམ་པའི་ཆོས་ཚུལ་བཞིན་སྒྲུབ་པར་ལུས་སྲོག་འབེན་ལ་བཙུག ཤ་ཁྲག་གཟན་དུ་བསྐྱུར་དགོས་ཐུག་ན། ཆོས་བསྒྲུབ་པའི་དམ་བཅའ་ལེ་ལོས་བཤིག་མི་ཐུབ་པར་བྱ་རྒྱུ་དང་། སྦྱོར་བའི་བརྩོན་འགྲུས་ནི། སྦྱོར་བ་ཕུན་སུམ་ཚོགས་པ་དགེ་བ་བསྒྲུབ་པ་ལ་ལུས་སྲོག་ལའང་མི་ལྟ་བར་འབད་པར་བྱེད་པ་སྟེ། ཆོས་སང་བྱ་གནངས་བྱའི་མི་ཚེ་ཟད་དུ་མི་འཇུག་པར་འཕྲལ་དང་འཕྲལ་དུ་ཆོས་ལ་འབད་པ་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་ནི། དམ་ཆོས་བྱང་ཆུབ་བསྒྲུབ་པའི་སྐབས་ན་དགེ་སྦྱོར་སྣ་རེ་གཉིས་ཙམ་གྱིས་ཆོག་པར་མི་འཛིན་པར་བསམ་སྦྱོར་གཉིས་མཐར་ཕྱིན་པར་བྱེད་པ་སྟེ། དཔེར་ན་གཡག་ལྟོག་གིས་རྩྭ་ཟ་བ་བཞིན། གཅིག་འཕྲོར་གཅིག་བསྒྲུབ་འདོད་ཡོད་པ་དེ་རེད། བརྩོན་འགྲུས་སྤེལ་བ་དང་དག་པར་བྱེད་པ་ནི་སྔར་བཤད་པ་བཞིན་ནོ། །བརྩོན་འགྲུས་ཀྱི་འབྲས་བུ་ནི། གནས་སྐབས་སུ་སྲིད་པའི་བདེ་བ་ཐོབ་པ་དང་། མཐར་ཐུག་བླ་ན་མེད་པའི་བྱང་ཆུབ་ཐོབ་པ་ཡིན་པས། སངས་རྒྱས་ཀྱི་གོ་འཕང་ཐོབ་དང་མི་ཐོབ་བརྩོན་འགྲུས་འདི་གསུམ་པོ་ལ་རག་ལས་པ་རེད། དེས་ན་དེ་ལྟ་བུའི་བརྩོན་འགྲུས་ཐང་ལྷོད་མེད་པ་ཞིག་གི་སྒོ་ནས། རང་གཞན་བདེ་ལ་འགོད་པའི་དམ་པའི་ཆོས་ཟབ་མོ། དང་པོ་ཐོས་པས་འཚོལ་ཏེ་འཆད་ཉན་གྱི་གྲལ་དུ་ཞུགས་དགོས་པ་རེད། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བའི་ཆོས་ནི།

ན༽ སེམས་སྦྱོང་དྲུག་པ།

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེའི་ནང་ཚན། ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་མན་ངག་ལས། དེ་རིང་སེམས་སྦྱོང་དྲུག་པ་འཆད་པའི་སྐབས་རེད། སེམས་སྦྱོང་དྲུག་པ་ནི། བུ་ཡིག་ཡེ་ཤེས་གསལ་སྒྲོན་ལས། འཇིག་རྟེན་གྱི་ལོངས་སྤྱོད་ནི། དུག་གིས་བསྐྱེད་པའི་སྦྲང་རྩི་དང་འདྲ་སྟེ། ཇི་ཙམ་ལོངས་སྤྱོད་པ་ཙམ་གྱིས་སྡུག་བསྔལ་བསྐྱེད་པར་བསམ་པ་དང་། ཞེས་པས་བསྟན་ཏེ། འཇིག་རྟེན་གྱི་ཟང་ཟིང་སྒྱུ་མའི་ནོར་རྫས་ཀྱི་ལོངས་སྤྱོད་ནི། སྲོག་འཇོམ་པར་བྱེད་པའི་དུག་གིས་བོང་བསྐྱེད་པའི་སྦྲང་རྩི་མངར་མོའི་རོ་བསྲེས་པ་དང་འདྲ་སྟེ། དུག་དང་འདྲེས་པའི་སྦྲང་རྩི་རོ་མངར་རོ་སྙམ་དུ་ཇི་ཙམ་ཟོས་ན་དེ་ཙམ་གྱིས་དུག་གིས་སྡུག་བསྔལ་བསྐྱེད་པ་བཞིན་དུ། ཇི་ཙམ་ལོངས་སྤྱོད་པ་དེ་ཙམ་གྱིས་སྡུག་བསྔལ་ཆེན་པོར་བསྐྱེད་པར་བྱ་བའི་ཚུལ་ལ་ལེགས་པར་བསམ་པ་དང་ཞེས་གསུངས་པས། འདི་རྣམས་འོར་ཟེར་བྱེད་པ་དེ་སྡེ་སྣོད་འཛིན་པ་རྣམས་ལ་མི་དགོས་ཀྱང་། ལས་དང་པོ་བ་རྣམས་ཀྱི་དབང་དུ་བཏང་ན་ཕན་ཐོགས་རེ་ཡོད་ནི་ཨེ་ཡིན་ན། སྤྱོད་འཇུག་ལས། སྡུག་བསྔལ་འདོར་འདོད་བློ་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུག །བདེ་བ་འདོད་ཀྱང་གཏི་མུག་པས། །རང་གི་བདེ་བ་དགྲ་ལྟར་འཇོམས། །ཞེས་སེམས་ཅན་རྨོངས་པ་དག་ལ་སྡུག་བསྔལ་མྱོང་བ་དེ་མྱོང་འདོད་མེད་ཅིང་། སྡུག་བསྔལ་འདོར་བར་འདོད་པའི་བློ་ཡོད་ཀྱང་། སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྤོང་མི་ཤེས་པར། སྡུག་བསྔལ་ཉིད་འབྱུང་བའི་རྒྱུ་རྐྱེན་གྱི་ཕྱོགས་ལ་མངོན་པར་རྒྱུག་པ་རེད། བདེ་བ་ཐོབ་པར་འདོད་ཀྱང་བླང་དོར་ལ་རྨོངས་པའི་གཏི་མུག་གི་རང་བཞིན་ཅན་ཡིན་པས། བདེ་བའི་རྒྱུ་དགེ་བ་སྒྲུབ་མི་ཤེས་པས་རང་གི་བདེ་བ་དགྲ་ལྟར་འཇོམས་པར་བྱེད་པ་རེད། ཅེས་གསུངས་པ་ལྟར། རང་རེ་སོ་སོའི་སྐྱེ་བོ་རྣམས་ནི་བླང་དོར་ལེགས་ཉེས་ཀྱི་གནས་ལ་ཤིན་ཏུ་རྨོངས་པས་མི་མཁས་པ་ཡིན་པས་འདོད་པ་བདེ་བ་འཐོབ་པར་འདོད་ཀྱང་བསྒྲུབ་པ་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་འབའ་ཞིག་བསྒྲུབ་པ་དེ་ནི། དཔེར་ན་བྱེ་མ་ལེབ་མར་མེའི་འོད་ལ་དགའ་ནས་དེར་ཕྱིན་ཏེ་མེར་ལྕེབ་པས་གསོན་པོར་ཚིག་ནས་ཤི་བ་དང་། ཞེས་འདོད་པའི་ཡོན་ཏན་ལྔ་ལ་ཆགས་པའི་ཉེས་དམིགས་ལས་གཟུགས་ལ་ཆགས་པའི་ཉེས་དམིགས་རེད། བུང་བ་སྦྲང་རྩིའི་བཅུད་ལ་ཆགས་ནས་མེ་ཏོག་གི་བཅུད་འཇིབ་པས་དེར་འབྱར་བའམ་ཁ་ཟུམ་ནས་ཤི་བ་དང་། ཞེས་གོང་དུ་རང་རེས་གཏམ་པདྨའི་ཚལ་གྱི་ཟློས་གར་བཤད་པ་ལྟར། མེ་ཏོག་གི་ཁ་བསུམ་ནས་དེའི་ནང་དབུགས་འཐུམ་ནས་ཤི་བ་རེད། འདི་དྲི་ལ་ཆགས་པའི་ཉེས་དམིགས་རེད། རི་དྭགས་གླིང་བུའི་སྒྲ་ལ་ཉན་པས་བསད་པ་དང་། ཞེས་རྔོན་པ་རྣམས་ཀྱིས་རི་དྭགས་གླིང་བུའི་སྒྲས་བསླུ་བྲིད་ཀྱིས་ཚུར་བཀུག་ནས། ཟུར་དུ་མདའ་བསྣུན། མཚོན་བརྒྱབ་ནས་བསད་པ་ལྟ་བུ། དེ་སྒྲ་ལ་ཆགས་པའི་ཉེས་དམིགས་རེད། ཉ་རྣམས་རྔོན་པའི་ལྕགས་ཀྱུའི་རྩེ་ལ་བཏགས་པའི་ཟས་ཀྱི་རོ་ལ་ཞེན་ཅིང་ཆགས་པས་བྱེ་ཚན་ལ་འཆི་བ་དང་། ཞེས་རོ་ལ་ཆགས་པའི་ཉེས་དམིགས་རེད། གླང་པོ་ཆེ་ནི་ས་ཚ་བ་ཆེ་ས་ན་གནས་མཁན་ཞིག་ཡིན་ལ། དེ་བསིལ་བའི་རེག་བྱ་འདོད་ནས་མཚོ་དང་འདམ་ལ་ཞུགས་ནས་ཤི་བ་ལྟ་བུ་སྟེ་རེག་བྱ་ལ་ཆགས་པའི་ཉེས་དམིགས་བསྟན་པ་རེད། དོ་ཧ་མཛོད་ལས། ཉ་དང་བྱེ་ལེབ་གླང་ཆེན་བུང་བ་དང་། །འདི་ནི་རི་དྭགས་བཞིན་དུ་ལྟ་བར་བྱོས། །ཞེས་འདོད་ཡོན་ལྔ་ལ་ཆགས་པའི་ཉེས་དམིགས་འདི་ནི་འཁོར་བའི་བཙོན་དོང་དུ་ལྷུང་ནས་སྡུག་བསྔལ་མྱོང་བའི་ཚུལ་འདི་ནི་དཔེ་དེ་དག་བཞིན་དུ་ལྟ་བར་བྱོས་ཤིག ཞེས་གསུངས་པ་ལ། དེའི་ཕྱིར་ན་རང་ཅག་སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་རྣམས་ཀྱི་སེམས་རྒྱུད་ལ་ད་ལྟ་འཕྲལ་དུ་རགས་པ་མི་མངོན་ཡང་། དྲན་འགྱུར་བྱི་བའི་དུག་བཞིན་ནོ། །ཞེས་པ་ལྟར་ལྐོག་གྱུར་བག་ཉལ་གྱི་ཉོན་མོངས་པ་རྐྱེན་ཅུང་ཟད་ཅིག་གིས་འཕེལ་མ་རག་པ། དཔེར་ན་ལན་ཚྭ་ཆུ་ནང་དུ་ཞུ་བ་བཞིན་དུ་མཆིས་པ་དེ་ཉིད། ནད་རོ་ཅན་གྱི་མི་དེ་ནད་མི་ཐུ་བའི་སྐབས་ན་ད་ལྟ་རེ་ཞིག་བདེ་ཐང་བ་ལྟར་སྣང་ཡང་། རང་རེས་གཏམ་དཔེར་བཀོད་པ་ལྟར། ར་ཤ་གསར་བས་དུག་རོ་རྙིང་བ་སློང་ཟེར་བ་ལྟར། ནད་སློང་བྱེད་ཀྱི་ཟས་སྤྱོད་ཀྱི་རྐྱེན་ཕྲན་བུ་དང་འཕྲད་ཚེ་ནད་དེ་མངོན་གྱུར་དུ་ལྡང་བ་བཞིན། འདོད་པའི་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ་ལ་ཤེས་པ་ཆགས་ཤིང་ཞེན་པས་མཚམས་སྦྱར་ཏེ། ངན་སོང་གསུམ་གྱི་རྒྱུ་དུག་གསུམ་གྱི་ཀུན་ནས་བསླངས་པའི་མི་དགེ་བ་ཁོ་ན་མ་སློབ་པར་འབད་པས་སྒྲུབ་པས་དེའི་འབྲས་བུ་མི་འདོད་བཞིན་དུ་སྡུག་བསྔལ་ཁོ་ན་མྱོང་བ་ལས་འོས་མ་མཆིས། སྒོ་གསུམ་ཉེ་བར་མ་བསྡམས་པས་དབང་པོ་ཡུལ་ལ་གཡེང་ན་ཉེས་ལྟུང་གི་མདའ་ཕོག་པ་རེད། གནའ་ཞིག་ལ། རལ་གྲིའི་གྲི་སྐོར་ལ་མཁས་པའི་དྲག་རྩལ་བ་ཞིག་ཡོད་པ་དང་། ཡང་མདའ་བ་མདའ་རྩལ་ལ་ཤིན་ཏུ་བྱང་བ་ཞིག་ཡོད་ལ། ཉིན་ཞིག་དེ་གཉིས་མཚོ་ཞིག་གི་ཁར་རང་རང་གི་གྲུ་བཏང་སྟེ་ཡོང་དུས་དེ་གཉིས་ཐུག་པ་ན་ཕན་ཚུན་མ་ཟུར་བར། གཅིག་གིས་གཅིག་ལ་མ་སྒུར་བས། སྐབས་ཤིག་དེ་གཉིས་འཐབ་མོ་བྱས་ཤིང་རྩལ་འགྲན་པ་ན། ཉིན་དང་པོར་ཕན་ཚུན་གཅིག་གིས་གཅིག་ལ་མ་གནོད་པར་འདྲ་མཉམ་བྱུང་ཞིང་། མདའ་མཁན་དགོང་མོར་བློ་མ་བདེ་བར་ཁྱིམ་དུ་ལོག་དུས། ཆུང་མས་དེ་རིང་ཁྱོད་ཅི་ཞིག་ཉེས་སོང་ཟེར་བ་ན། ཁོས་ལོ་རྒྱུས་ཚང་མ་བཤད་དེ། དེ་རིང་རལ་གྲིའི་གྲི་སྐོར་མཁས་པ་ངེད་གཉིས་ཐུག་པས་ཉིན་གཅིག་ལ་དྲག་རྩལ་འགྲན་པ་ཡིན། ངེད་གཉིས་དཔའ་རྩལ་ཀྱི་ཐད་ནས་འདྲ་མཉམ་ཡིན་ཡང་། གལ་ཏེ་ངའི་མདའ་ཟད་སོང་ན། ཁོས་ང་བསད་རྒྱུ་ཉག་གཅིག་རེད་ཅེས་བཤད་པ་ན། ཆུང་མས་སེམས་ཁྲེལ་མི་དགོས། སང་ཉིན་ང་མཉམ་དུ་ཁྲིད་དང་ཐབས་ཤིག་ཡོད་ཅེས་སྨྲས། ཕྱི་ཉིན་གཉིས་ཀའི་འཐབ་འཛིང་བྱས་པས་གནས་ཚུལ་ཚབས་ཆེ་བའི་སྒང་། ཡག་ཉེས་གཉིས་ཀྱི་ས་མཚམས་ལ་ཡོད་དུས། མདའ་བའི་ཆུང་མ་ཟུར་དེ་ནས་མགོ་ཡར་བུད་ནས་སྐེ་བལྟས་ཤིག་བྱས་པས། རལ་གྲི་བསྐོར་བའི་དཔའ་བོ་དེས་མིག་ཡེངས་ཙམ་བྱས་པས། རལ་གྲི་སྐོར་ལུགས་འཁྲུགས་པས་དེའི་མཚམས་ནས་མདའ་ཕོག་ཏེ། ཁོ་རང་དབུགས་མ་ཆད་སྔོན་དུ་འདི་ལྟར་སྨྲས། བདག་ནི་དགྲ་བོས་མ་བསད་དེ། །དྲན་དང་ཤེས་བཞིན་ཉམས་པས་བསད། །དེའི་ཕྱིར་བློ་དང་ལྡན་པའི་མིས། །དྲན་དང་ཤེས་བཞིན་རྟག་ཏུ་སྲུངས། །ཞེས་སྨྲས་ནས་ཤི་སོང་བ་རེད། དུས་རྒྱུན་དུ་དྲན་དང་ཤེས་བཞིན་བརྟེན་ནས་བག་ཡོད་པར་བྱས་ན་ཚེ་འདི་ཕྱིའི་གནོད་པ་ལས་བཟུར་ནུས་པ་དང་ལྡོག་པའི་དཔེ་དེ་འདྲ་ཡོད་པ་རེད། ད་རེས་ལུས་རྟེན་འདིར་སྡུག་བསྔལ་དེ་སྤོང་བ་ལ་འཇུག་པར་བྱེད་པ་ལ། སྡུག་བསྔལ་དེ་བསྐྱེད་པའི་རྒྱུའམ། འབྱུང་བའི་ཁུངས་སྒོ་གསུམ་གྱི་སྡིག་པ་མི་དགེ་བ་དེ་ངེས་པར་སྤོང་པའི་ཐབས་ཤེས་པར་བྱ་དགོས་ཏེ། མི་བདེ་བའི་གཞི་རྩ་བ་ནས་བཅད་དགོས་པའི་ཕྱིར། དེའི་ཚུལ་དེ་ཡང་དཔེར་ན་ན་ཚ་ཟུག་རྔུ་ཡིན་ཞེས་འཕྲལ་གྱི་གཟེར་འཇོམས་པའི་སྨན་བཏང་བ་གཅིག་པུས་མི་ཆོག ནད་རོ་ལྷག་ཡོད་དུས་དེ་འཕར་ཡོང་བས་ན། ནད་དེ་རྒྱུ་རྐྱེན་གང་གིས་སློང་། ངོ་བོ་ཚ་གྲང་རླུང་མཁྲིས་བད་ཀན་སོགས་ཐད་ཀར་བཅར་ཕོག་ཏུ་ནོར་བ་མེད་པར་ངོས་ཟིན་པར་བྱས་ལ། ནད་དེའི་གཉེན་པོར་འགྲོ་ངེས་པའི་སྨན་གཏོང་བ་བཞིན་དུ། སྡིག་པའི་ཕྱི་མོ་མི་དགེ་བ་ངོ་ཤེས་དགོས། སྡིག་པ་མི་དགེ་བ་དེ་ཡང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་སྣ་ཚོགས་ཡོད་པ་ལས་གཙོ་བོ་དེ་ཡང་། མཛོད་ལས། དགེ་དང་མི་དགེ་ཅི་རིགས་པར། །ལས་ཀྱི་ལམ་ནི་བཅུར་གསུངས་སོ། །ཞེས་སྤྱིར་དགེ་བ་དང་མི་དགེ་བ་གཉིས་ཀ་ཕྲ་རགས་སྣ་ཚོགས་པ་ཅི་རིགས་པ་བགྲང་གིས་མི་ལང་བ་ཡོད་ཀྱང་། ཆེ་ལོང་གི་རིགས་སུ་བསྡུས་ན་ལས་ཀྱི་ལམ་བཅུར་བདེ་བར་གཤེགས་པས་གསུངས་སོ། །སྙིང་རྗེ་པད་དཀར་ལས། འཇིག་རྟེན་ནི་ལས་ཀྱིས་བྱས་པ། ལས་ཀྱིས་སྤྲུལ་པའོ། །སེམས་ཅན་རྣམས་ནི་ལས་ཀྱིས་བྱས་པ། ལས་ཀྱི་རྒྱུ་ལས་བྱུང་བ། ལས་ཀྱིས་རབ་ཏུ་ཕྱེ་བའོ། །ཞེས་གསུངས་ཡོད་ལ། ད་དུང་མཛོད་ལས། ལས་ནི་སེམས་པ་དང་དེས་བྱས། །སེམས་པ་ཡིད་ཀྱི་ལས་ཡིན་ནོ། །དེས་བསྐྱེད་ལུས་དང་ངག་གི་ལས། །ཞེས་གསུངས་པ་ལྟར་དང་། སྤྱིར་ལས་འབྲས་ལ་དབྱེ་ན། བསོད་ནམས་མ་ཡིན་པའི་ལས་རྒྱུ་འབྲས་དང་། བསོད་ནམས་ཀྱི་ལས་རྒྱུ་འབྲས། མི་གཡོ་བའི་ལས་རྒྱུ་འབྲས་གསུམ་དུ་ཡོད་པ་ལས། འདིར་མན་ངག་གི་མྱོང་ཁྲིད་བཤད་པའི་སྐབས་སུ། གཙོ་བོ་བསོད་ནམས་མ་ཡིན་པའི་རྒྱུ་འབྲས་སམ་སྡུག་བསྔལ་རྒྱུ་འབྲས་འཆད་པ་ནི། དུག་གིས་བསྐྱེད་པའི་སྦྲང་རྩི་ཟོས་པ་ལྟར་ཅི་ཙམ་ལོངས་སྤྱད་པ་དེ་ཙམ་སྡུག་བསྔལ་བསྐྱེད་བསམ་པ་དེ་ཉིད་ཡིན་ན། མི་དགེ་སྡིག་པའི་ལས་དང་དེའི་རྣམ་པར་སྨིན་པ་སྡུག་བསྔལ་ཅི་ལྟར་མྱོང་བའི་སྐོར་དེ་བཤད་བྱའི་གཙོ་བོ་རེད། སྤྱིར་མི་དགེ་བའི་ལས་དེ་མང་ཡང་། ཆེ་ལོང་གིས་བསྡུ་ན་ལས་ཀྱི་ལམ་གྱི་མི་དགེ་བ་བཅུར་འདུ་བས། ཇི་ལྟར་འདུས་ན་དེ་ལ་ཡང་ལུས་ཀྱི་ལས་གསུམ། སྲོག་གཅོད་པ། མ་བྱིན་པ་ལེན་པ། ཁྱིམ་པའི་དབང་དུ་བྱས་པའི་ལོག་གཡེམ་དང་གསུམ། ངག་གི་རྣམ་པ་བཞི། རྫུན། ཕྲ་མ། ཚིག་རྩུབ། ངག་བཀྱལ། ཡིད་ཀྱི་གསུམ། བརྣབ་སེམས། གནོད་སེམས། ལོག་ལྟ་རྣམས་ལས་ཞེས་མདོར་བསྟན། རྒྱས་པར་བཤད་པ་ལ། དང་པོ་སྲོག་གཅོད་ཀྱི་ཉེས་དམིགས་བཤད་པ་ནི། སྤྱིར་སེམས་ཅན་གྱི་རིགས་གང་བསད་ཀྱང་སྲོག་གཅོད་ཀྱི་མི་དགེ་བ་ཡིན་པ་སྨོས་མ་དགོས་པ་རེད། བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ལས་སྲོག་སུས་བཅད་ན་རང་བཞིན་གྱི་ཉེས་པ་སྡིག་པ་ཡིན་པ་རེད། འདི་ལ་ཀུན་སློང་གིས་དབྱེ་ན་གསུམ་ལས། འདོད་ཆགས་ཀྱི་སྒོ་ནས་སྲོག་གཅོད་པ་ནི། ཤ་དང་པགས་པ་ཤྭ་ར་དང་། གླ་རྩི་སོགས་ཀྱི་དོན་དུ་བསད་པ་དང་། བདག་དང་མཛའ་བོ་སྐྱོང་བའི་དོན་དུ་བསད་པ་ལྟ་བུ་དང་། ཞེ་སྡང་གི་སྒོ་ནས་སྲོག་བཅད་པ་ནི། འཁོན་འཛིན་གྱི་དགྲ་བོ་ཞེ་སྡང་གིས་བསད་པ་ལྟ་བུ་དང་། གཏི་མུག་གིས་སྲོག་བཅད་པ་ནི། འཚེ་བ་ཆོས་སུ་སྨྲ་བས་སྲོག་བཅད་ན་དགེ་བ་ཡིན་བསམ་ནས་གསོད་པ་ལྟ་བུ་རེད། ད་དུང་ནང་གསེས་ཀྱི་དབྱེ་ན། བསམ་པས་བསད་པ། སྦྱོར་བས་བསད་པ། མཐར་ཐུག་ཚང་བ་སྟེ་ཞེས། འདི་ལ་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་བའི་ཐོག་ནས་བཤད་ན། བསམ་པ་འདུ་ཤེས་མ་འཁྲུལ་བས་གསོད་སེམས་ཡོད་ནས་བསད་པ། སྦྱོར་བ་ལག་དར་ནས་བསད་པའམ་གསོད་དུ་བཅུག་པ། མཐར་ཐུག་ཕ་རོལ་པོའི་སྲོག་གི་དབང་པོ་འགགས་ནས་གསུམ་པོ་ཚང་བ་དེ། གཞི་སེམས་ཅན་ཡིན་པ་ཤུགས་ལ་བསྟན་ཏེ། གཞི་བསམ་སྦྱོར་བ་མཐར་ཐུག་ཡོད་པའི་ནང་ནས་བསམ་སྦྱོར་མཐར་ཐུག་གསུམ་གཙོ་བོ་བསྟན་ནས་གསུམ་ཀ་རྫོགས་ན་སྲོག་གཅོད་ཀྱི་མི་དགེ་མཐའ་དག་ཆ་ཚང་བས་ན། དེའི་རྣམ་སྨིན་ཤིན་ཏུ་ལྕི་ལ། བསམ་པས་བསད་པ་ནི། ཡང་གསུམ་ཀ་མ་ཚང་ན་ཡང་། དམག་ལ་སོགས་པར་དོན་གཅིག་ཕྱིར། །ཐམས་ཅད་བྱེད་པ་པོ་བཞིན་ལྡན། ཞེས་གསུངས་པས། སྦྱོར་བ་རང་གིས་མ་བསད་ཀྱང་། གསོད་སེམས་ཀྱི་བསམ་པ་ཡོད་པས་ན་གསོད་སེམས་སྐྱེས་ཚད་ཐམས་ཅད་དོ། བསམ་པ་གསོད་སེམས་མེད་ཀྱང་སྦྱོར་བ་རྐྱང་བས་གསོད་པའང་ཡོད་དེ། དཔེར་ན་འདུ་ཤེས་འཁྲུལ་བ་ཤེས་པ་རྣལ་དུ་མི་གནས་པར་ཧ་མི་གོ་བར་གསོད་པ་དང་། གསོད་སེམས་མེད་པར་སྙམས་མེད་ཀྱིས་རྐང་འོག་ཏུ་འབུ་ཤི་བ་ལ་སོགས་པ་རང་གིས་མ་ཤེས་ཀྱང་གསོད་པ་ཡིན་པའི་ཕྱིར། ད་ལྟར་རང་རེས་སེམས་ཅན་བསད་པའི་གྲངས་མི་ཆོད། ངས་ཆེད་དུ་བསད་མ་མྱོང་བས། ང་སྲོག་གཅོད་ཀྱི་ཐད་ན་སྡིག་པ་མེད་བསམ་རྒྱུ་ཡོད་མ་རེད། སྡིག་པ་ཅི་འདྲ་འདྲ་མེད། འཁོར་ལོའི་རིགས་གཏོང་ནས་སོང་བ་རྐྱང་པས་ཅི་འདྲ་བསད་མེད། སྲོག་གཅོད་ལ་ཤ་ཟ་རྒྱུ་དང་། པགས་པ་གྱོན་རྒྱུ་ལ་སོགས་པའི་ཆེད་དུ་བསད་པ་གོང་དུ་བཤད་པ་ལྟར་རེད། དེའི་ནང་ནས་ཤ་ཟ་བའི་ཆེད་དུ་བསད་པ་རང་རེ་བོད་ཀྱི་ས་ཆ་ན་ཟོག་ལུག་བསད་རྒྱུ་འདི་ཤིན་ཏུ་མང་ཞིང་། འདང་རྒྱག་ན་ཕ་མ་གཉིས་བསད་ནས་ཟ་བཞིན་ཡོད་པ་དང་གཅིག་ཡིན་ཏེ། ཕ་ཤ་ཟ་བཞིན་མ་ལ་བརྡེག །སྡང་བའི་དགྲ་བོ་པང་དུ་བླངས། །ཞེས་པ་ལྟར་ཡིན། དེ་མིན་ཡང་རང་གིས་ལག་པས་རང་གི་ཁ་སྣ་གཉིས་བཅིངས་ཏེ། དབུགས་འབྱིན་རྔུབ་བཀག་ནས་སྐར་ཆ་རེའི་ཚེ་སྡོད་དང་། སྐྲག་སྔངས་ཅི་ཚད་ཅིག་ཡོད་ཤེས་རྒྱུ་ཅན་ཞིག་རེད། གཞན་ཕ་རོལ་པོ་ལའང་དེ་ལྟར་ཡོད། སྐད་མི་སྐད་བཤད་ཤེས་མིན་ཙམ་གྱིས་ཁྱད་པར་རེད་མ་གཏོགས། གཅེས་པ་རང་སྲོག་ཡིན་ལུགས་ཚང་མ་འདྲ་འདྲ་ཡིན་པ་དང་། ཕ་མའི་གཅེས་ཕྲུག་ཡིན་ལུགས་ཀྱི་ཐད་ནའང་འདྲ་འདྲ་རེད། རི་དྭགས་ཞིག་ལ་དཔེར་མཚོན་ན། ཤྭ་ཕོ་ཨ་ཕར་བྱས་ནས་སྔོན་དུ་འགྲོ་བཞིན་ཡོད་པ་དང་། ཡུ་མོས་ཨ་མར་བྱས་ནས་རྗེས་ནས་འགྲོ་བཞིན་ཡོད། ཤེའུ་ཕྲུག་བར་དུ་བཞག་ནས་རྩེད་མོ་རྩེ་སྟེ་འགྲོ་བཞིན་ཡོད་པའི་ཚེ་ན། རྔོན་པ་བསམ་གནག་གིས་དུག་མདས་དེ་འདྲའི་མ་བུ་ཁ་བྲལ་བྱས་པའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ས་ཨེ་ཡོད་གི། རང་ལ་དཔེར་བླངས་ན་ཤེས་རྒྱུ་རེད། ད་དུང་ཟོག་བཤའ་དུས་དུད་འགྲོ་འགའ་རེས་བཤའ་གྲི་ལག་པས་དེད་ནས་སྐུང་ཤེས་གི་མི་ཟེར་རམ། སྔ་མ་སྔ་མ་སྐེ་བཅད་དུས་རྗེས་མ་ཚོས་མིག་ཆུ་འཐོར་བ་དེ་འདྲ་རིག་རྒྱུ་ཡོད་པ་རེད། ད་དུང་གསོད་སྟངས་སྡུག་པོ་གསོན་ལྤགས་བཤུས་པ་ལ་སོགས་པ་བལྟ་མི་ཕོད་པའི་རྒྱུ་མཚན་རེད། དོན་དག་ཆུང་ཆུང་གི་དོན་དུ་མིའི་སྲོག་གཅོད་ཀྱིན་ཡོད་པ་རེད། ད་རང་རེའི་ས་ཆ་ལྟ་བུ་ལུང་ཁུག་གི་མི། རི་མགོའི་རི་དྭགས་དང་འདྲ་བའི་ཡོན་ཏན་མེད་པར་ཤིང་དང་རྩྭ་སྐྱེས་སྐྱེས་བྱས་ཡོང་བ་འདི་རྣམས་ཀྱིས་གྲི་བཏགས་ཁུལ་བྱེད་པ་རེད། དེ་ཤ་ཟ་སྲིན་པོ་དང་། ཀླ་ཀློ་རྔོན་པའི་ཆ་ལུགས་རེད། སྟག་གཟིག་གི་པགས་པ་གྱོན། ཤ་རློན་པ་ཟ། ཁྲག་དམར་པོ་འཐུང་བ་དེ་རྣམས་སྲིན་པོ་དང་རྔོན་པའི་ཆ་ལུགས་དང་ལས་སྟངས་རེད། རིགས་གཅིག་གི་སྤུན་ཟླ་ནང་བསད་བྱེད་པ་དེ་རྣམས་ཀླ་ཀློའི་ལས་ཀ་ཞེན་པ་ལོག་བྱེད། མི་རིགས་ཀྱི་ཞབས་འདྲེན་བྱེད་པ་ཐ་ཆད་པའི་བྱ་བ་ཡིན། དེ་ལྟར་སྲོག་གཅོད་པའི་སྡིག་པ་མི་དགེ་བ་དེ་དག་ལའང་མི་དགེ་བའི་ལས་བྱས་པའི་འབྲས་བུ་ཡིད་དུ་མི་འོང་བ་གཅིག་མྱོང་བས་མི་ཆོག སྲོག་གཅོད་པའི་སྡིག་པ་མི་དགེ་བ་ལྟ་བུ་གཅིག་འབྲས་བུ་འདྲ་མིན་སྣ་ཚོགས་ཡོད་དེ། འདི་ལ་རྣམ་སྨིན་དང་། རྒྱུ་མཐུན་དང་། བདག་པོའི་འབྲས་བུ་རྣམས་མྱོང་དགོས། རྣམ་སྨིན་འབྲས་བུ་ལ་མཚོན་ན། མཚམས་མེད་པ་ལྔའི་ཆར་གཏོགས་པ་ཕ་མ་དང་། སློབ་དཔོན་དང་། དགྲ་བཅོམ་པ་ལ་སོགས་པ་གསོད་པས་མཚོན་ཏེ། སྲོག་གཅོད་པ་ལ་ཡང་ལྕི་ཡང་གི་ཁྱད་པར་ཡོད་དེ། ཕ་མ་ཡང་ཡིན་ལ་དགྲ་བཅོམ་པའང་ཡིན་པ་གསོད་པ་དང་། དེ་བཞིན་གཤེགས་པའི་གཟུགས་སྐུ་ལ་ངན་སེམས་ཀྱི་ཁྲག་འབྱིན་བྱེད་པ་ད་ལྟར་མེད་ཀྱང་། དེའི་ཚབ་ཏུ་བླ་མ་དམ་པའི་སྐུ་ལ་བདོ་བ་སོགས་པས་མཚོན་ཏེ་ལྕི་ཡང་གི་ཁྱད་པར་ཕྱེ་བས། དེ་དག་གི་རྣམ་སྨིན་གྱི་འབྲས་བུ་མནར་མེད་ནས་དམྱལ་བའི་གནས་གཞན་དག་ལ་སོགས་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་མྱོང་དགོས། རྒྱུ་མཐུན་གྱི་འབྲས་བུར་ལས་མྱོང་སྟོབས་ཀྱིས་ཟད་ནས་རེ་ཞིག་མིའི་ལུས་རྟེན་ལྟ་བུ་བདེ་འགྲོ་ཐོབ་ཀྱང་ཚེ་ཐུང་ནད་མང་བར་འགྱུར་བ་ཡིན། དབང་ངམ་བདག་པོའི་འབྲས་བུ་ལ། ཡུལ་བཀྲ་མི་ཤིས་ཤིང་གཟི་བརྗིད་ཆུང་བའི་ས་ཆར་སྐྱེ་བར་འགྱུར་བ་མ་ཟད། བཟའ་བཏུང་དང་སྨན་ཟོས་ཀྱང་དེ་དང་དེའི་ནུས་པ་མི་འབྱུང་། སྨན་ཇི་ལྟར་ཟོས་ཀྱང་མི་ཕན། སྨན་པ་བཟང་ཡང་ཕན་ཐོགས་མེད་པར་རང་གི་སྔོན་ལས་ལ་གཟུར་ཐབས་མེད་པ་དེ་འདྲ་འབྱུང་བ་རེད། རང་གཞན་བར་གསུམ་སྲོག་ཆགས་ཚད་ཐམས་ཅད་བདེ་སྐྱིད་ཡོད་ན་དགའ་མཁན་ཁོ་ན་ཡིན་ལ། རང་ཉིད་ལ་བདེ་སྐྱིད་འབྱུང་བའི་ཆེད་དུ་ཐབས་སྣ་ཚོགས་ཀྱིས་ཅི་དགའ་གང་དྲག་ལྟ་ཁུལ་ཡོད་ན། བདེ་སྐྱིད་ཡོང་དགོས་ས་འདྲ་བོ་མཛུབ་མོ་གཟུགས་ས་དེ་ལུས་སེམས་གཉིས་ཀ་རེད། དེའི་ནང་ནས་ལུས་འདི་ལ་བདེ་བྱེད་སྐྱིད་བྱེད། མི་ན་བ་དང་། མི་ཚ་བ། ཚེ་རིང་རྒྱུ་ནད་མེད་རྒྱུ་བདེ་ཐང་ཡོང་རྒྱུ་དེ་ཚོ་བསམ་པ་རེད་མོད། དེས་ན་དེའི་ཆེད་དུ་སྲོག་གཅོད་སྤང་དགོས་པས། སྲོག་གཅོད་རང་གིས་སྤོང་། གཞན་ལ་དེའི་ཉེས་པ་བསྒྲག དེའི་ཐོག་ཏུ་སྲོག་བླུ་དང་། ཚེ་ཐར་བྱས་ན་ཚེ་འདིར་ནད་མེད་ཚེ་རིང་། ཕྱི་མ་ངན་སོང་དུ་མི་ལྟུང་ཞིང་དག་པའི་ཞིང་ཁམས་སུ་སྐྱེ་ནུས་པ་རེད། གསོན་པོའི་སྐུ་རིམ་ཤི་བོའི་དགེ་རྩའི་ཆེད་དུ་བླ་སེར་དགེ་འདུན་པ་གདན་དྲངས་ནས། ཤ་དྲངས་པའི་ཆེད་དུ་སྲོག་བཅད་དང་འབག་ན་ནང་པ་སངས་རྒྱས་པའི་ཚུགས་ཀ་ཡོད་པ་མ་རེད། ཁྱད་པར་དུ་མཆོད་རྫས་ཀྱི་གྲལ་དུ་ཤ་ཁྲག་འཇོག་རྒྱུ་དེ་འདྲ་སྲིད་ན་མ་སྔོན་དུ་བུ་བཤས་ནས་འཇོག་པ་དང་འདྲ་བ་ཡིན་པར་དེ་འདྲ་གསུངས་ཡོད་པ་རེད་མོད་། དེ་འདྲ་བའི་སྐུ་རིམ་འདོན་པ་ཅི་འདྲར་བྱེད་པ་བས་སྲོག་གཅོད་སྤངས་པ་དེ་ཕན་ཡོན་ཆེ་རྒྱུ་རེད། ཤི་བའི་དགེ་རྩ་ལ་སྲོག་བླུ་དང་ཚེ་ཐར། སྒོ་བཤས་སྤོངས་པར་གྱིས་དང་དགེ་བའི་ར་མདའ་སླེབས་ངེས་ཡིན། ལོ་ཉུང་དར་ཤི་རེད་རྒྱུ་དང་། བྱིས་པ་ཆུང་ཆུང་མི་འཚམས་རྒྱུ་དེ་ཚོ་སྔ་མར་སྲོག་བཅད་པའི་རྒྱུ་མཐུན་གྱི་འབྲས་བུ་ཡིན་པས། ཚེ་འདི་ལ་སྲོག་མི་གཅོད་རྒྱུ་དང་། ཚེ་ཐར་བྱས་ན་ཚེ་འཕྲང་བར་ཆད་རང་གིས་བསལ་ཆོག་པ་རེད། རང་ཉིད་ཀྱིས་ལས་ཤིག་བསགས་ནས་བསོད་ནམས་འཕེལ་དུ་མ་བཅུག་ན། བླ་མ་དཀོན་མཆོག་གི་ཐུགས་རྗེའི་བྱིན་རླབས་གཅིག་པུས་འདྲེན་ནུས་པ་མ་རེད། བྱིས་པ་ཡ་མ་བླ་མ་ལ་ཚེ་སྐྱབས་སྲོག་སྐྱབས་ཞུ་ཁུལ་ཡོད་ཀྱང་། ཚེ་ཐུང་རྣམ་སྨིན་ལས་འཕྲོའི་བསྒྱུར་བཀོད་དེ་བླ་མའི་ཕྱག་ན་དེ་འདྲའི་དབང་ཆ་ཆེན་པོ་ཨེ་ཡོད་ཤེས་དཀའ་ནི་རེད། འོ་ན་ལས་ཀྱི་རྣམ་སྨིན་ལ་བཟློག་ཏུ་མེད་དུས་བླ་མས་ཅི་ཞིག་སྐྱོབ་པ་རེད་ཟེར་ན། འཕྲལ་རྐྱེན་གྱི་བར་ཆད་སེལ་རྒྱུ་དང་། བླ་མའི་གསུང་བཞིན་རྣམ་དཀར་གྱི་དགེ་ལས་བསྒྲུབ་ན། བསོད་ནམས་གསར་པ་བསགས་པས་དེའི་འབྲས་བུ་མཐོང་ཆོས་མྱོང་འགྱུར་གྱི་ལས་སུ་འགྱུར་ནས། རྣམ་སྨིན་ཚེ་འདིའི་ཐོག་ལ་འབྱུང་བ་ཡོད། དེས་ན་ནང་བ་སངས་རྒྱས་པའི་ཆོས་སྒོར་ཞུགས་ནས་ཁ་མ་ཎི་འདོན་པ་དང་། ལག་ཕྲེང་བ་བཟུང་མཁན་ཞིག་ཡིན་ན། ཐོག་མར་སྲོག་གཅོད་སྤང་རྒྱུ་ནི་ཅིས་ཀྱང་གལ་ཆེ། སྲོག་མི་གཅོད་པའི་ཐོག་ཏུ་ཚེ་ཐར་སྲོག་བླུ་བྱས་ན་ཕན་ཡོན་ལྷག་པར་ཆེ་བ་དེ་འདྲ་རེད། གནའ་ཞིག་ལ་རྒྱལ་པོ་ཚང་ཞིག་ལ་བཙུན་མོ་མང་པོ་ཡོད་པ་ན། བཙུན་མོ་དེ་རྣམས་ཀྱིས་སྐྱེད་མོས་ཚལ་དུ། འདོད་ཡོན་ལ་གཡེངས་ཏེ་འདུ་འཛིའི་བྲོ་རྡུང་གླུ་ལེན་གར་མང་པོ་འཁྲབ་པ་རེད། དེའི་ཕྱི་རོལ་ན་སྤྲང་པོ་ཞིག་གིས་རམ་པ་འཐག་པ་ན། འཐག་བྱེད་འཕྲུལ་འཁོར་གྱི་སྒྲ་ཆེ་བས་གླུ་བྲོ་མི་སྙན་པར་བྱས་འདུག་པས། བློན་པོ་མ་རུངས་པ་འགས། རྒྱལ་པོ་ལ། རང་རེའི་བཙུན་མོ་རྣམས་ཀྱིས་གླུ་བྲོ་ཡག་པོ་བྱེད་ཀྱང་། ཕྱི་རོལ་ན་རམ་པ་འཐག་མཁན་གྱིས་སྒྲ་ཆེན་པོར་བྱས་པས་གླུ་བྲོ་མི་སྙན་པ་དང་མི་ཡག་པར་བྱས་འདུག་ཅེས་ཞུས་པ་དང་། རྒྱལ་པོས་མི་དེ་སོད་ཤོག་ཅེས་སྨྲས། བློན་པོ་དྲག་ཤོས་དེས་མི་དེ་གསོད་དགོས་པའི་ཉེས་པ་མེད་ཅེས་ཞུས་པས། རྒྱལ་པོས་འོ་ན་མ་གསད་ཅེས་སྨྲས་པས། བློན་པོ་དེའི་དྲིན་གྱིས་མི་དེའི་སྲོག་ཐར་སོང་བ་རེད། མི་ཞིག་སྲོག་ཐར་བྱས་པའི་བསོད་ནམས་ཀྱིས་བློན་པོ་དེ་ཚེ་འཕོས་ནས། རྒྱལ་པོ་མ་སྐྱེས་དགྲའི་བློན་པོ་ཆེན་པོ་བཙན་ཕྱུག་གཉིས་ཀ་འཛོམས་པ་ཞིག་གི་བུར་སྐྱེས་ནས། མིང་ལ་གང་གཱ་ཐར་ཞེས་བཏགས་པ་རེད། བུ་གང་གཱ་ཐར་ལོ་བཅུ་དྲུག་ལོན་དུས་ཁོ་རང་གི་བསམ་པར་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་དགོས་བསམ་ཡང་། ཕ་མ་གཉིས་ལ་ལོངས་སྤྱོད་འབྱོར་བ་རྒྱས་ཤིང་མངའ་ཐང་ཡོད་པས་གནང་བ་མ་བྱིན་ནས་རབ་ཏུ་བྱུང་མ་བཅུག་པར་ཁྱིམ་གཞི་འཛིན་དུ་འཇུག་པ་ན། བུ་གང་གཱ་ཐར་གྱིས་བསམ་པར། རབ་ཏུ་བྱུང་མི་ནུས་པ་འདི་བཙན་ཕྱུག་ཚང་གི་བུ་ཡིན་པས་རེད། ད་ཤི་ནས་དབུལ་བོ་ཚང་ཞིག་གི་བུར་སྐྱེ་བའི་སྨོན་ལམ་བཏབ་ཅིང་། རབ་ཏུ་བྱུང་སྟེ་ཆོས་སྒྲུབ་བསམ་ནས་བྲག་མཐོན་པོ་ཞིག་གི་ཐོག་ནས་མཆོངས་ཏེ་ལྕེབ་ཀྱང་མ་ཤི་བ་དང་། ཡང་ཉིན་ཞིག་ལ་ཆུ་ཆེན་པོའི་ནང་དུ་ལྕེབ་ཀྱང་ཆུས་ཡར་ཁུར་ཡོང་ནས་མ་ཤི། དེ་ནས་ཁོས་ཅི་དགའ་བསམ་བློ་གཏོང་དུས། ངེས་པར་འབྱུང་བའི་བསམ་པས་ཀུན་ནས་བསླངས་ཏེ་རབ་ཏུ་བྱུང་དགོས། དེ་ཡང་རྗེས་མར་སྨོན་པ་ཙམ་ཞིག་གིས་མི་འོང་བས་སྐྱེ་བ་འདིའི་ཐོག་ཏུ་རབ་ཏུ་བྱུང་ཞིང་། ཆོས་བསྒྲུབས་ཏེ་དེའི་འབྲས་བུ་མྱུར་དུ་ཐོབ་པ་ཞིག་བྱེད་དགོས་ཀྱང་མི་འོང་། ད་སྔོན་བྲག་མགོ་མཐོན་པོའི་ཐོག་ནས་མཆོང་ཡང་མ་ཤི། ཆུ་ཆེན་པོའི་ནང་དུ་ལྕེབ་ཀྱང་མ་ཤི། ད་རྒྱལ་ཁྲིམས་དང་འགལ་བར་བྱས་ན་རྒྱལ་པོ་མ་སྐྱེས་དགྲ་རྒྱལ་པོ་བཙན་པོ་ཡིན་པས་གསོད་ངེས་ཅན་ཡིན་བསམ་ནས། རྒྱལ་པོའི་བཙུན་མོ་རྣམས་ཁྲུས་ལ་སོང་ཤུལ་དུ་བཙུན་མོ་འཁོར་དང་བཅས་པའི་རྒྱན་གོས་ཚང་མ་རྐུ་འཕྲོག་བྱས་ནས་བྲོས་པ་ན། རྒྱལ་པོས་ཤེས་སོང་བ་ན། རྒྱལ་པོ་མ་སྐྱེས་དགྲ་ཤིན་ཏུ་གཏུམ་པོ་དང་བཙན་པོ་ཡིན་པས་རྒྱལ་པོ་རང་གིས་ལག་དར་ནས་མདའ་འཕངས་ཏེ་བསད་བསམ་དུས། ཁོ་རང་ཤི་བསམ་པས་མ་བྲོས་ཏེ་བསྡད་པར། རྒྱལ་པོས་མདའ་གཞུ་རྣ་རྩ་བར་དུ་འཐེན་ནས་ལན་གསུམ་འཕངས་ཀྱང་ལུས་ལ་མ་གནོད་པ་ན། རྒྱལ་བོ་ཧ་ལས་ནས། རང་གར་མིའི་ལུས་ཤ་ཁྲག་གིས་གྲུབ་པ་ཞིག་ལ་ངའི་མདས་མི་གནོད་པར་མི་སྲིད་པས། འདི་རང་གར་མི་ཞིག་མ་རེད་བསམ་ནས། ཁྱོད་ལྷ་ཀླུ་གནོད་སྦྱིན་དང་། རྒྱལ་ཆེན་སྡེ་བཞི། འཇིག་རྟེན་སྐྱོང་བ་གང་གི་བུ་ཡིན་ཞེས་དྲིས་པ་ན། ང་ལྷ་ཀླུ་གནོད་སྦྱིན་གང་གིའང་བུ་མིན། ཁྱོད་ཀྱི་བློན་པོ་ཞིག་གི་བུ་ཡིན། མིང་ལ་གང་གཱ་ཐར་ཟེར། ང་ཆུང་དུས་ནས་རབ་ཏུ་བྱུང་བསམ་ཡང་། འཁོར་ལོངས་སྤྱོད་ཀྱི་འདུ་འཛི་ཆེ་བས་རབ་ཏུ་བྱུང་བའི་སྐལ་བ་དང་མ་ལྡན་པས། ཤི་ནས་དབུལ་བོ་ཞིག་གི་ལུས་བླངས་ནས་རབ་ཏུ་བྱུང་ཏེ་བྱང་ཆུབ་བསྒྲུབ་བསམ་ཡང་འཆི་བའི་ཐབས་གང་བྱས་ཀྱང་མ་ཤི། རྒྱལ་པོ་ཁྱེད་ཀྱི་ཁྲིམས་དང་འགལ་བར་བྱས་ནས་ཤི་བསམ་ཏེ་། ཁྱེད་ཀྱི་ཁྲིམས་དང་འགལ་བར་བྱས་ནས་མདས་བརྒྱབ་ཀྱང་མ་ཤི་བ་འདི་རེད། རྒྱལ་པོ་ཁྱེད་ཀྱིས་ཐུགས་རྗེས་གཟིགས་ཏེ་བདག་རབ་ཏུ་བྱུང་ཆོག་པའི་གནང་བ་སྦྱིན་རོགས་ཞུས་པ་དང་། རྒྱལ་པོ་ངོ་མཚར་སྐྱེས་ཤིང་དགའ་མགུ་ཡི་རང་ཏེ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མདུན་དུ་ཁྲིད་སོང་ནས། རབ་ཏུ་བྱུང་བཅུག་ཅིང་བཅོམ་ལྡན་འདས་ཀྱིས་བདེན་པ་བཞིའི་ཆོས་བསྟན། དེ་བཞིན་དུ་སྒོམ་པས་སེམས་རྣམ་པར་གྲོལ་ཏེ་སྒོམ་པའི་འབྲས་བུ་ཐོབ་པ་རེད། དེ་བཞིན་དུ་མི་དང་དུད་འགྲོ་སོགས་སེམས་ཅན་གྱི་སྲོག་སྐྱོབ་ན་མཐོ་རིས་ཀྱི་གནས་སུ་སྐྱེ་ཞིང་། ཚེ་དེ་ལ་བར་ཆད་མེད་པར་ཚེ་རིང་ནད་མེད་དུ་གྱུར། ཚེ་ཐར་སྲོག་བླུའི་ཕན་ཡོན་ཆེ་བའི་ལོ་རྒྱུས་དེ་འདྲ་རེད། ལུས་ཀྱི་མི་དགེ་བ་གསུམ་ལས་སྲོག་གཅོད་བཤད་ཚར་ནས། ལུས་ཀྱི་མི་དགེ་བ་གཉིས་པ། མ་བྱིན་ལེན་ནི། འདི་ལ་དབྱེ་ན། མཐུས་ལེན་པ་དང་། འཇབ་བུས་ལེན་པ། གཡོ་སྒྱུས་ལེན་པ་རྣམས་ཡོད་པ་ལ། གཞི་བསམ་སྦྱོར་བ་མཐར་ཐུག་ཚང་དགོས་ལུགས་འདྲ་འདྲ་ཡིན་པས། གཞི་རང་ཉིད་ལ་མི་དབང་ཞིང་གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་གསེར་ལ་སོགས་པའི་རྒྱུ་རྫས་རིན་ཐང་ཅན། མཐུས་ལེན་པ་ནི། བཙན་པོ་དང་དབང་ཤེད་ཀྱིས་འཕྲོག་པའམ་འོས་མེད་པ་ལ་ཆད་པས་ལེན་པ། གཡོ་སྒྱུས་ལེན་པ་ནི་བསླུ་ཐབས་ཀྱིས་མགོ་གཡོགས་ནས་ཚོང་མ་དྲང་བར་བྱེད་པ་དང་། བུན་བསྐྱེད་འོས་མིན་ལེན་པ། བྲེ་ལོག་སྲང་ལོག་བྱས་ནས་ལེན་པ། འཇབ་བུས་ལེན་པ་ནི། བདག་པོས་མི་གོ་བའི་སར་རྐང་འཇབ་ལག་འཇབ་བྱས་ནས་མི་རིག་ས་ནས་རྐུ་བའམ། ངེད་ལ་དངོས་པོ་འདི་ལྟ་བུ་ཞིག་དགོས་གནད་ཆེ་ཡང་མ་བྱུང་ཟེར་བ་ལྟ་བུ་འདི་ལོག་འཚོའི་ནང་གི་གཞོག་སློང་རེད། ང་འདི་འདྲ་ཞིག་ཡོད་ན་ཅི་མ་རུང་ཟེར་བ་ལྟ་བུ། ད་དུང་དཀོན་མཆོག་དང་འབྲེལ་ནས་བཤད་ན་དེ་བས་ཀྱང་ངན། དེ་ལྟ་བུའི་གཡོ་སྒྱུའི་ཐབས་སོགས་ཐབས་འཕྲུལ་སྣ་ཚོགས་ཀྱིས་དངོས་པོ་སྦྱིན་མོས་མེད་བཞིན་དུ་བླངས་ཤིང་། མཐར་ཐུག་དངོས་པོ་དེ་ཐོབ་བློ་སྐྱེས་པ་ན་མ་བྱིན་ལེན་གྱི་སྡིག་པ་འབྱུང་བ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུ་ནི། སྔ་མ་སྲོག་གཅོད་དང་ཕྱོགས་མཚུངས་པར་ཆེ་འབྲིང་ཆུང་བས་ངན་སོང་གསུམ་དུ་སྐྱེ་བ་ཡིན། དགེ་འདུན་གྱི་རྫས་སོགས་དཀོན་མཆོག་གི་དཀོར་འཕྲོག་ན་ཉེས་པ་ཤིན་ཏུ་ཆེ་བས་དམྱལ་བར་སྐྱེ་བ་སོགས་སུ་སྐྱེ། རྐུ་བྱེད་པའི་རྣམ་སྨིན་ཡི་དྭགས་ཀྱི་གནས་སུ་སྐྱེ་བར་གསུངས་པའང་ཡོད། ལྕི་ཡང་དང་གྲངས་མང་ཉུང་ལ་སོགས་པའི་ཁྱད་པར་གྱིས་འབྱེད་པ་རེད། རྒྱུ་མཐུན་གྱི་འབྲས་བུར། གལ་ཏེ་ལས་དེ་ཅུང་ཟད་སྲབ་ཅིང་མྱོང་སྟོབས་ཀྱིས་ཟད་དེ་མི་ལུས་ཞིག་བླངས་ན་ཡང་ལོངས་སྤྱོད་ཀྱིས་དབུལ་པོའི་རིགས་སུ་སྐྱེ་བར་འགྱུར་བར་གསུངས་པ་རེད། དྲང་སྲོང་བདེན་ཚིག་གྲུབ་པ་ཡིན་ཡང་རྫུན་ལན་གཅིག་བཤད་པས་ལུས་ཀྱི་འོད་ཉམས་སོང་བའི་ལོ་རྒྱུས་ཡོད་པ་དང་། ཡང་གནའ་ཞིག་ལ་རྫུན་ཕམ་ཞེས་པ་དང་རབ་འཇིགས་ཞེས་པའི་མི་གཉིས་ལ་གསེར་བུམ་པ་གང་ཐུན་མོང་ལ་ཡོད་པས། རྫུན་ཕམ་གྱིས་གསེར་བུམ་གང་ཤིང་ཕྱེ་བུམ་པ་གང་གྱུར་སོང་ཞེས་རྫུན་བཤད་པས་དེའི་རྣམ་སྨིན་གྱིས་ཤིང་ཕྱེའི་ནང་གི་སྲིན་བུའི་སྐྱེ་བ་ལྔ་བརྒྱར་ལེན་པ་དང་། རབ་འཇིགས་ཀྱིས་རྫུན་ཕམ་གྱི་བུ་གཉིས་སྤྲེའུར་གྱུར་སོང་ཞེས་བརྫུན་བཤད་པས་སྤྲེའུའི་སྐྱེ་བ་ལྔ་བརྒྱར་བླངས་དགོས་བྱུང་བ་རེད། དེ་ལྟར་མ་བྱིན་པ་བླངས་པའི་ཐོག་ཏུ་རྫུན་བཤད་པའི་ཉེས་པ་དེ་འདྲ་ཆེ་བ་རེད། བདག་པོའི་འབྲས་བུར་ཡུལ་ལ་སད་སེར་མང་བའི་ས་ཆར་སྐྱེས་ནས། ལོ་འབྲས་ལ་གནོད་པ་མང་བས་ལོ་འབྲས་རྟག་ཏུ་ཉུང་ངུར་འགྱུར་བ་དང་། མ་བྱིན་ལེན་པ་འདིས་ཆེ་ས་ནས་སྡོམ་པ་གཏོང་བའི་རྒྱུ་བྱེད་པ་དང་། རྣམ་སྨིན་ཕྱི་མར་དམྱལ་བ་སོགས་སུ་སྐྱེ་ཞིང་། ཆུང་ས་ནས་འཇིག་རྟེན་ནའང་མིའི་ཀུན་སྤྱོད་དང་འགལ་བའི་ཐ་ཆད་པར་ཡིན་ཏེ། མི་ཞིག་ཡིན་དུས་མི་ཡི་ཆ་ཚད་ཡོད་དགོས། སེར་སྐྱ་ཕོ་མོ་རྒན་གཞོན་སུ་ཡིན་རུང་མི་ཡི་ལུས་ཤིག་བླངས་ཚར་ཕྱིན། རྐུ་མི་བྱེད་པ་ནི་མིའི་ཀུན་སྤྱོད་དང་ཡོན་ཏན་གྱི་རྨང་གཞི་རེད། ལག་ཅིག་མ་གཙང་ཚར་དུས་སྐོར་གཅིག་གི་ལས་ཉེས་ཀྱི་བྱ་བ་ཆུང་ཆུང་ཞིག་གིས་མི་ཚེའི་མདུན་ལམ་རིང་མོ་དེ་ཚང་མ་བརླག་འགྲོ། གཞན་ཅི་འདྲའི་རྒྱུ་ཆེ་བ་དང་། གཟུགས་མཛེས་པ་སོགས་ཡོན་ཏན་གཞན་དག་ཅི་འདྲ་ཡོད་ཀྱང་། སྐྱོན་གཅིག་པོ་དེས་མ་ཁ་བསད་འགྲོ། དེ་རིང་ཅ་ལག་སྣེ་ཁ་གཅིག་མ་ཚང་ནའང་དེས་ཁྱེར་སོང་བ་ཨེ་ཡིན་བསམ་ནས་བསམ་ངན་འཆང་རྒྱུ་ཞིག་ཡིན་རེད། རྒྱུ་མེད་དབང་ཆ་ཆུང་ཡང་གསེར་ལུག་མགོ་ཙམ་ཞིག་ལག་ཏུ་བཞག་ན་བློ་ཁེལ་སར་ཡིན་ན། མི་ཡ་རབས་ཡིན་རེད་ཟེར་ནས་ཚང་མས་བརྩི་བཀུར་བྱ་ས་རེད་འགྲོ་བ་རེད་ཡ། དེས་ན་ཚེ་འདི་དང་ཕྱི་མ། གསོན་པོའི་ཁ་མགོ་རྣ། ཤི་བོའི་བླ་རུས་པ་ལ་རྐུ་མི་བྱེད་པར་ཁས་བླང་རྒྱུ་འདི་དག་དགེ་བ་སྟོབས་ཆེན་ཞིག་ཡིན། ས་ཆ་འདི་ན་རྒན་མོ་གསེར་ཁུར་ལ་ལམ་དབང་བ་དང་། གསེར་ས་ཐོག་ལ་བརྡལ་ན་རྐུ་བ་མ་རེད་ཟེར་རྒྱུ་ཞིག་རེད་ན། དེའི་ས་ཆ་དེའི་མི་ཐམས་ཅད་ལ་ཡ་རབས་སྤྱོད་བཟང་གི་སྤྱོད་པ་ཡོད་པ་དང་། དགེ་ངོ་སྡིག་ངོ་ཤེས་པ་དང་། རྣམ་དཔྱོད་ཅན་གྱི་མི་རིན་ཐང་ཅན་མང་པོ་ཡོད་པའི་རྟགས་འདྲ་བོ་ཡིན་ནི་རེད། ས་ཆ་ཡུལ་ལུང་ལ་ལོངས་སྤྱོད་འབྱོར་པ་དེ་བཞིན་དུ་རྒྱས་ལ། དེའི་རྒྱུ་བསོད་ནམས་དེ་བཞིན་དུ་འཕེལ་བཞིན་ཡོད་པ་རེད། དེའི་འཕྲོར་ལུས་ཀྱི་མི་དགེ་བ་གསུམ་པ་ལོག་གཡེམ་ནི། འདི་ལ་རྣམ་གྲངས་ཀྱི་དབྱེ་ན། ཆོས་ཀྱིས་བསྲུང་བ་དང་། བདག་པོས་བསྲུང་བ་དང་། རིགས་ཀྱིས་བསྲུང་བ་སྟེ་གསུམ་ཡོད་པ་ལ། ཆོས་ཀྱིས་བསྲུང་བ་སྡོམ་ལྡན་ནམ། བདག་པོས་བསྲུང་བ་གཞན་གྱིས་བདག་ཏུ་བཟུང་བའི་བུད་མེད་ལ་སྤྱོད་པ་དང་། གཞན་ཡང་རང་གི་ཉེ་དུ་དང་ཞེས་པ་འདི་རིགས་ཀྱིས་བསྲུང་བ་ཡིན་ལ། དེ་ཡང་དེང་སང་གི་ཉེ་དུའི་ས་མཚམས་ཕྱེད་པ་དཀའ་བས། འདུལ་བ་ལས། ཕྱི་མོ་གཉིས་དང་། མེས་པོ་དང་། ཕྲུགས་ཀྱི་བདུན་པ་ཚུན་ཆད་ནི་ཉེ་དུ་ཡིན་ལ། དེ་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ་ཞེས་གསུངས་པས། ཕྱི་མོ་ཞེས་པ་ཕ་མ་གཉིས་དང་། མེས་པོ་ཞེས་པ་ཨ་མྱེས་ཨ་ཕྱི་གཉིས་དང་། ཕྲུགས་ཀྱི་མི་རབས་ཞེས་པ་ཕ་མ་གཉིས་གང་རུང་གི་མི་རབས་བདུན་བརྒྱུད་ཚུན་ཆད་ཉེ་དུ་ཡིན་ལ། བདུན་བརྒྱུད་ཕན་ཆད་ནི་ཉེ་དུ་མ་ཡིན་ནོ། །ཞེས་གསུངས་པས་མི་རབས་བདུན་བརྒྱུད་ཚུན་ཆད་དུ་སྤང་བྱ་ཡིན་ལ། གཞན་ཡང་འདི་ལ་མི་ཆོས་ཀྱིས་སྲུང་བ་ཟེར་ནང་ཆོག རང་གི་ཆུང་མ་སོགས་བགྲོད་ཡུལ་ཡིན་ཡང་ཆོས་ཀྱིས་བསྲུང་བ་དང་འབྲེལ་བ། ཡུལ་མ་ཡིན་པ་རྟེན་གྱི་དྲུང་དང་། ཡན་ལག་མ་ཡིན་པ་ཁ་དང་བཤང་ལམ་སོགས་བགྲོད་བྱ་མ་ཡིན་པ་དང་། དུས་མ་ཡིན་པ་སྦྲུམ་མ་དང་བསྙེན་གནས་ཀྱི་སྡོམ་པ་ལ་གནས་པ་ལྟ་བུའི་ཚེ་དང་། ཚད་མ་ཡིན་པ་གྲངས་ལྔ་ལས་ལྷག་པར་སྤྱད་པ་དང་། གཞི་དེ་དང་དེར་འདུ་ཤེས་ཏེ་ཀུན་སློང་ཉོན་མོངས་ཀྱི་སྒོ་ནས་མི་ཚང་བར་སྤྱོད་འདོད་ཀྱིས། སྦྱོར་བ་དེའི་དོན་ལ་བརྩོན་པས་མཐར་ཐུག་དབང་པོ་གཉིས་སྦྱོར་ཚང་བ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ་དང་། ཁྱད་པར་དུ་ཡི་དྭགས་ཀྱི་གནས་སུ་སྐྱེ་བ། རྒྱུ་མཐུན་གྱི་འབྲས་བུར་རང་གི་ཆུང་མའམ་ཁྱོ་ག་བསྲུང་དུ་མི་བཏུབ་ཅིང་། ཟླ་གྲོགས་སྡང་བ་ཅན་དུ་སྐྱེ་བར་འགྱུར། བདག་པོའི་འབྲས་བུར། འདམ་རྫབ་དང་ཡ་ང་བའི་གནས་སུ་སྐྱེ་བ་ཡིན། དེས་ལུས་ཀྱི་མི་དགེ་བ་གསུམ་སོང་། ངག་གི་མི་དགེ་བ་བཞི་ལས། དང་པོ་རྫུན་དུ་སྨྲ་བ་ནི། འདི་ལ་དབྱེ་ན་གསུམ་སྟེ། ཕམ་པར་འགྱུར་བའི་རྫུན་དང་། རྫུན་ཆེན་པོ་དང་། རྫུན་ཕྲ་མོ་རྣམས་ལས། དང་པོ་ནི། ཉམས་རྟོགས་ལ་སོགས་ཡོན་ཏན་མེད་པར་ཡོན་ཏན་འདི་དང་འདི་ལྟ་བུ་ཡོད་ཅེས་ཡོད་ཚུལ་བཤད་པ་དང་། ཡོད་པའི་ཚུལ་བསྟན་པ། མཆོག་དང་ཐུན་མོང་གི་དངོས་གྲུབ་ཀྱི་གྲུབ་པ་མ་ཐོབ་པར་ཐོབ་ཚུལ་བསྟན་པ། ཆོས་དང་གཟུངས་ཀྱི་སྒོ་སྣ་ཚོགས་མི་ཤེས་པར་ཤེས་ཚུལ་སོགས་རབ་ཏུ་བྱུང་བ་ཡིན་ན་ལྷག་མའི་རྫུན་དང་ཕམ་པའི་རྫུན་ཞེས་གསུངས་པ་རེད། དགེ་འདུན་ལྷག་མའི་ནང་རྫུན་ཞེས་པ་། བརྗོད་གཞི་མེད་ཀྱང་བསྙད་དཀའ་བག་ཙམ་ལ། །བརྟེན་ནས་དགེ་སློང་བསྐུར་བཏབ་སོགས་ལྔ་ལ་གོ་དགོས་པ་ཨེ་ཡིན་སྙམ། ཕམ་པར་གྱུར་བའི་བརྫུན་མི་ཆོས་བླ་མའི་རྫུན་རེད། ལྷ་མ་མཐོང་བར་མཐོང་བ་དང་། ཡི་དམ་ཆེ་གེ་མོ་ཞིག་གི་ཞལ་གཟིགས། ཆོས་སྐྱོང་ཆེ་གེ་མོ་ཡོད་རབས། དེ་དང་སྐད་ཆ་བཤད་རབས། ཕྲིན་ལས་སྒྲུབ་རབས། ས་མ་ཐོབ་པར་ཐོབ་རབས། མ་དག་གི་སྣང་བ་ཙམ་ཞིག་མ་འགག་བཞིན་དུ་རིག་པ་ཚད་ཕེབས་ལ་ཐོན་ཡོད་ཅན་པོའང་དེའི་གྲལ་དུ་ཐོན་པ་རེད། མངོན་ཤེས་མེད་པ་ལ་ཡོད་ཅེས་སྨྲ་བ། ཁང་པའི་ཕྱི་ནང་མི་རིག་པ་ཞིག་གིས་ཚེ་ཕྱི་མ་རིག་རབས་བཤད་པ་སོགས་མི་ཆོས་བླ་མའི་རྫུན་ལྟ་བུས་མཚོན་ཏེ། ཉོན་མོངས་པ་དུག་གསུམ་གང་རུང་གི་སྒོ་ནས། དཔེར་ན་ཆགས་སེམས་ཀྱིས་ནོར་ལེན་པ། སྡང་སེམས་ཀྱིས་ཕ་རོལ་ལ་གནོད་བསྐྱལ་བ་སོགས་དང་། གཏི་མུག་གིས་རྫུན་ཆོས་སུ་སྨྲ་ལ་སོགས་པའི་ཀུན་སློང་གིས་གཏམ་སྨྲ་བར་འདོད་དེ་གཏམ་རྐྱང་པ་མིན་ཡང་རུང་། རྫུན་གྱི་རྣམ་པ་འདྲ་མི་འདྲ་ཡོད་པས། སྦྱོར་བ་ལུས་ངག་གང་ཡང་རུང་བས་རྣམ་འགྱུར་བསྟན་པས་ཀྱང་མགོ་གཡོགས་པ། དེས་ན་ཉམས་རྟོགས་ཞིག་ཡོད་མདོག་མདོག་གིས་མིག་དཀར་ལོག་དམར་ལོག་སོགས་བསྒྱུར་ཆེ་ན་གང་གི་གྲལ་དུ་འགྲོ་མི་ཤེས། དེ་རྣམས་ནི་མི་ཆོས་བླ་མའི་ཕྱོགས་སུ་གཏོགས་པའི་ཕམ་པར་འགྱུར་བའི་རྫུན་ཆེན་པོ་རེད། རྫུན་ཆེན་པོ་ནི། རང་གཞན་ལ་ཕན་གནོད་ཡོད་པའི་རྫུན་རེད། རྫུན་ཕྲ་མོ་ནི། ཕན་གནོད་མེད་པའི་ཁ་ཤོབ་སྣ་ཤོབ་ཅན་པོ་དེ་རེད། འདུ་ཤེས་བསྒྱུར་ནུས་མ་ནུས་གང་ཡིན་ཡང་མཐར་ཐུག་ཕ་རོལ་པོས་དོན་གོ་བ་སྟེ། དེའི་རྣམ་སྨིན་གྱི་འབྲས་བུར་རྫུན་ཆེ་ཆུང་ལྟར་ངན་སོང་གསུམ་གང་རུང་དུ་སྐྱེ་བ་དང་། ཁྱད་པར་དུད་འགྲོར་སྐྱེ་བར་འགྱུར་ཞེས་ཀྱང་གསུངས། རྒྱུ་མཐུན་གྱི་འབྲས་བུར་གལ་ཏེ་མིར་སྐྱེ་ཡང་། མི་ཁ་སྡང་ཞིང་བསྐུར་བ་འདེབས་མཁན་མང་ལ་ཁ་ལས་མི་དགེ་བ་དང་། ལམ་ལ་མི་འགྲོ། བདག་པོའི་འབྲས་བུར། བསླུ་བྲིད་ཀྱི་གཡོ་འོག་ཏུ་ནམ་ཡིན་ཚུད་པ་དང་། འཇིགས་པ་ཆེ་བའི་ཡུལ་དུ་སྐྱེའོ། །རྫུན་ཆེ་ཆུང་གང་བཤད་ཀྱང་། བསོད་ནམས་མ་ཡིན་པའི་ངག་གི་ལས་རེད། རྣམ་སྨིན་ལོས་ལྕི། རྣམ་སྨིན་ལ་བསམ་བློ་མ་བཏང་ཡང་། ཚེ་འདིར་མི་རྫོད་བྱེད་ལ་རྫུན་གྱིས་སྡུག་ཅིག་གང་ན་ཡོད། ཐེངས་གཅིག་ལ་རྫུན་གཅིག་བཤད་པས་ཚེ་གཅིག་ལ་རྫུན་མཁན་ཡིན་སྣང་ཤར་ནས། དེས་བཤད་ཚད་ལ་ཚད་མར་མི་འཛིན། ཚིག་མི་བཙུན་ཞིང་། ཚིག་ལ་མི་ཡིས་མི་བརྩི་བ་དེ་ཚེ་སྔ་མའི་རྫུན་གྱི་རྣམ་སྨིན་ཡང་ལོས་ཡིན་དང་། ཚེ་འདིའི་རང་གིས་ལས་ལུགས་ཀྱིས་རྫུན་རང་གིས་བཤད་ནས་མཚང་རང་གིས་ཕུད་པར་བྱས་པས། བརྒྱ་བཤད་ན་གཅིག་བདེན་རྒྱུ་མ་རེད་ཅེས་མི་ཡག་པོ་ཞིག་ལ་བརྩི་མི་སྲིད། དེས་ན་རྐུ་རྫུན་གཉིས་མི་བྱ་རྒྱུ་ནི་མི་ཞིག་ཡིན་ཞིང་། སྐེད་རགས་ཐད་ལ་བཅིངས་ནས་འགྲོ་མི་ཞིག་གི་ཆེས་མ་མཐའི་རྨང་གཞི་ངོ་མ། བོད་མི་ཚད་ལྡན་ཚུལ་མཐུན་ཡིན་མིན་གྱི་ཤན་འབྱེད་བྱེད་ཡིན་པས་གཟབ་དགོས། ངག་གི་མི་དགེ་བ་གཉིས་པ་ཕྲ་མ་ལ་དབྱེ་ན་ནི། བཙན་ཕྲ། གཞོགས་ཕྲ། ལྐོག་ཕྲ་དང་གསུམ་ཡོད། བཙན་ཕྲ་མ་ཞེས་པ་མཛའ་བོ་གཉིས་ངོ་དང་ངོ་ཐུག་ས་ན་བཙན་པོ་དབང་ཡོད་ཀྱིས་ཁྱོད་གཉིས་མི་མཐུན། ཁྱོད་ལ་འདིས་གནོད་འདི་བྱས་སོང་ཟེར་བ་ལྟ་བུ་ངོས་ལ་འབྱེད་པ་རེད། མདོ་ལས་ཁྱུ་མཆོག་དང་མ་ཧེ་མཛའ་བཤེས་སུ་གྱུར་པ། གཡོ་སྒྱུ་ཅན་གྱི་ཝ་སྐྱེས་ཀྱིས་རང་འདོད་སྒྲུབ་པའི་ཆེད་དུ་དབྱེན་བྱས་ཏེ་མི་མཛའ་བར་བྱས་པ་བཤད་པ་ལྟར། བླ་སློབ་དང་གྲོགས་པོ་གཉེན་ཉེ་སོགས་ཕན་ཚུན་སྙིང་ཉེ་ཞིང་ཡིད་གཅུགས་པའམ། དེ་ལྟར་ཤིན་ཏུ་མཛའ་བ་མིན་ནའང་། བཏང་སྙོམས་ལྟ་བུའི་འདུ་ཤེས་ལ་གནས་པ་དགའ་མི་དགའ་གཉིས་ཀ་མེད་པ་དག་ཉོན་མོངས་པ་གང་རུང་ཏེ། འདོད་ཆགས་ཀྱིས་གྲོགས་བསླུ་འདོད། ཞེ་སྡང་གིས་དགྲ་ནང་འཁྲུགས། གཏི་མུག་གིས་ཕྲ་མར་སྡིག་པར་མི་ལྟ་ཞིང་། རང་གཤིས་ངན་པས་རང་ལ་ཕན་པ་མེད་ནའང་ཕ་རོལ་པོ་ཕྲ་མས་དཀྲུག་འདུག་མཁན་དེ་འདྲའི་མི་ཡོད། དེ་ལྟར་ཉོན་མོངས་པ་གསུམ་གང་རུང་གི་ཀུན་སློང་དམ་པོས་དབྱེ་བར་འདོད་ནས། སྦྱོར་བ་འབྱེད་ནུས་ངེས་ཀྱི་ཚིག་སྨྲས་པ་དང་། ཟུར་གྱིས་གཞོགས་ཕྲའམ། ལྐོག་ཏུ་འབྱེད་པར་གྱུར་གྱི་ཕྲ་མའི་རིགས་རྫས་སྔགས་ལ་བརྟེན་པའི་ཉེ་འབྱེད་ལྟ་བུ་སྟེ། རྫས་སྔགས་ཀྱི་ནུས་པ་བསམ་གྱིས་མི་ཁྱབ་པར་ཡིན། དེའང་ནུས་པ་དང་བཟླས་གྲངས་ཡོད་པ་ཞིག་ཡིན་དགོས་པ་རེད་མ་གཏོགས་རང་གར་གྱིས་འགྲུབ་པ་མིན། དེ་ལྟ་བུའི་རྫས་སྔགས་ལ་བརྟེན་པའི་ཉེ་བ་རིང་དུ་འབྱེད་པ་ལྟ་བུས་མཛའ་བ་སོགས་དབྱེ་སྟེ་མཐར་ཐུག་ཕ་རོལ་པོས་དེའི་དོན་གོ་བའོ། །སྤྱིར་བཏང་མཐུན་གཉིས་བར་ལ་ཕྲ་མར་བྱས་ནས་དཀྲུག་ཤིང་རྒྱག་པ་ནི། མི་ཐ་ཆད་ཀྱི་བྱ་བ་ཐ་ཆད་རེད། མི་རྐུན་ཞིག་དང་ཁྱི་རྐུན་ཞིག ད་དང་ཕྲ་མ་བྱེད་མཁན་ཞིག་གསུམ་པོ་ཡུལ་སྡེ་བ་དང་། ཁྱིམ་བཟའ་བའི་ནང་ན་མེད་པའི་སྨོན་ལམ་འདེབས་རྒྱུ་རེད། མ་དགའ་བར་ལྐོག་སྨད་བྱེད་པ་དང་། བསམ་བཞིན་དུ་མི་གཉིས་ཀྱི་བར་ཕྲ་མ་བྱས་པ་སྟེ་མཐུན་གསུམ་དཀྲུག་པའི་གཞི་མར་བྱས་པ། སྡུག་ཐུག་གི་ལས་ཀ་ངོ་མ། ནུས་པ་དེ་མ་གཏོགས་མེད་པའི་རང་མཚང་ཕྱིར་སྟོན་འདུག་པ་རེད། རྫུན་ཨ་བྲ་གཉིས་ཀ་རྔ་མ་ཐུང་བས། ཉིན་ཞིག་བདེན་པའི་བདེན་པར་ར་འཕྲོད་པའི་ཉིན་མོར། ཉིན་དཀར་མོའི་ཐན་བྱ་འུག་པ་རང་གིས་རང་བྱས་པ་རེད། ཁྱད་པར་དུ་བླ་མ་དགོན་པའི་ཐུགས་དཀྲུགས། ཆོས་དང་དམ་ཚིག་བར་དུ་འགལ་བ་བཏང་ནས་དེའི་བར་དུ་མང་པོ་ཞིག་གིས་ལས་ངན་གསོག་བཞིན་ཡོད་པ་རེད། བསྟན་པ་དར་དང་མི་དར་དགེ་འདུན་གྱི་ཐུགས་མཐུན་དང་མི་མཐུན་ལ་རག་ལས་པ་ཡིན་པས་ན། ཁྱོད་ཀྱིས་རྒྱ་ཟངས་འོ་མའི་ནང་དུ་དུག་བཏབ། མར་དཀར་གདའ་རུའི་ནང་ལ་ལྷད་བརྒྱབ་པ་ཡིན་ན། དགོན་པ་ཚིག་གིས་གཏོར་ན་གཏོར་ནི་རེད། གྲི་དང་མེ་མདས་གཏོར་ན་གཏོར་ནི་རེད། མདོར་ན་བསྟན་བཤིག་གི་སྟ་རེ་དང་། སྡེ་དཀྲུག་གི་ཕུང་རྒན་ཡིན་པ་ནི་ཚིག་བཤད་ལུགས་ཡག་བཙོག་གི་ཐོག་ན་འགྲོ་གིན་ཡོད་པ་རེད། དགོན་པ་གནའ་གཏོར་ན་གཏོར་ནི་རེད། ད་གཏོར་ན་གཏོར་ནི་རེད། དེ་དུས་ཀྱི་དམ་ཉམས་སྡུག་པ་དང་། ད་ལྟའི་དམ་ཉམས་བཟང་རྒྱུ་ཅི་ཡོད། ད་དུང་ད་ལྟར་སྡུག་ནི་རེད། དེ་དུས་གང་ལྟར་འཇིག་རན་པའི་དུས་རེད། ད་ལྟ་ཡར་དར་བའི་དུས་རེད། མ་འཐུང་ཁོག་ཏུ་སོང་བའི་སྨན། །མ་ཟོས་ཡིད་འཕྲོག་སྦྲང་རྩིའི་ཟས། །ཚིག་གི་ཁྱད་པར་རྣམས་ལ་ཡོད། །ཟེར་ནི་རེད། གཏམ་སྙན་མོ་བཤད། ལས་བདེན་པ་ལས། སེམས་དྲང་བོར་བྱས་ན། སུ་ཡིན་ན་དགའ་ལ། ཐམས་ཅད་དགའ་ན་དགེ་བ་ཡིན་ནི་རེད། ཕན་སེམས་ཡོད་པའི་རྒྱབ་སོར་ན་ངག་གི་དྲི་མ་སྤོང་ནུས། དེ་སྤངས་ནས་བསོད་ནམས་ཀྱི་འབྲས་བུ་འཕྲལ་དང་འཕྲལ་དུ་རང་ཉིད་ལ་ཐོབ་ནུས་པ་རེད། ཕྲ་མ་བྱས་པ་དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ་དུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུར་གལ་ཏེ་མིར་སྐྱེས་ཀྱང་མཛའ་བཤེས་ཉུང་ལ། སྡང་མཁན་མང་བར་ཞིག་ཏུ་སྐྱེ བདག་པོའི་འབྲས་བུར་མཛའ་བ་དང་ནམ་ཡིན་ན་ཁ་བྲལ་བ་དང་སྡོད་གནས་ཕྱོགས་མི་སྙོམས་ཤིང་བགྲོད་དཀའ་བའི་ལ་ཐུར་ལུང་གཟར་ཡོད་པའི་མི་སྐྱིད་སར་སྐྱེ་བའོ། ངག་གི་མི་དགེ་བ་གསུམ་པ་ཚིག་རྩུབ་ལ་དབྱེ་ན། ངོར་རྩུབ་པ་དང་། གཞོགས་ཏེ་རྩུབ་པ། བརྒྱུད་དེ་རྩུབ་པ་དང་གསུམ་ཡོད། དང་པོ་ནི། དཔེར་ན། སྐྱེ་བོ་གཟུགས་བྱད་མི་མཛེས་པའམ། མིག་ཞ་ར། རྣ་བ་འོན་པ་སོགས་དང་། མིའུ་ཐུང་ལྟ་བུ་ལ་གཞི་དེར་འདུ་ཤེས་ཤིང་ཀུན་སློང་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་གང་རུང་གི་སྒོ་ནས་དེའི་སྐྱོན་ངོས་ནས་མངོན་གྱུར་དུ་སྒྲོག་པར་འདོད་པས་ཚིག་ངག་རྩུབ་མོའི་སྦྱོར་བས། ཚིག་ལ་མདའ་མཚོན་མེད་ཀྱང་། མི་སེམས་ཚལ་བར་གཏོར་ཞེས་པ་ལྟར་མི་དགའ་བའི་ཚིག་དེ་ཕ་རོལ་པོའི་སྙིང་ལ་མདའ་གཟིར་བ་ལྟ་བུའི་མི་སྙན་པ་བརྗོད་པས་མཐར་ཐུག་དེའི་དོན་གོ་བ་སྟེ། ཚིག་རྩུབ་ཀྱི་ནང་ནས་ཕ་མ་དང་མཁན་སློབ་འཕགས་པ་རྣམས་ལ་གནོད་པའི་ཚིག་བརྗོད་ན་སྡིག་པ་ལྷག་པར་ཆེ་བ་ཡིན། གཞོགས་ཏེ་རྩུབ་པ་རྩེད་མོའི་ཞོར་གྱིས་ཚིག་ངན་བྱེད་པ་དང་། བརྒྱུད་དེ་རྩུབ་པ་གོ་དགོས་ས་དེའི་མཛའ་གྲོགས་སོགས་ལ་བཤད་ནས་ཕར་གོ་ཐབས་བྱེད་པ་ལྟ་བུ་རེད། ཚིག་རྩུབ་སྨྲ་བ་དེའི་རྣམ་སྨིན་ཀྱི་འབྲས་བུ་སྔ་མ་དང་མཚུངས་པ། ཆེ་ཆུང་དང་གྲངས་མང་ཉུང་ལ་ལྟོས་པའི་རྣམ་སྨིན་ལྕི་ཡང་གིས་ངན་སོང་གསུམ་དུ་སྐྱེ། རྒྱུ་མཐུན་གྱི་འབྲས་བུར་གལ་ཏེ་མིར་སྐྱེས་ནའང་མི་སྙན་པའི་སྒྲ་སྣ་ཚོགས་མང་དུ་ཐོས། བདག་པོའི་འབྲས་བུར་སྡོང་དུམ་དང་ཚེར་མ་དང་། ས་ཚྭ་སྒོ་ཅན་སོགས་ཡིད་དུ་མི་འོང་བའི་ས་སྡུག་པོ་ཡ་མཐའ་བྲག་ཡིན། མ་མཐའ་ཆུ་ཡིན་སར་ཚེ་གཅིག་ལ་འདུག་དགོས་ཐུག་པའི་གནས་སུ་ཆགས་དགོས་པའོ། ངག་གི་མི་དགེ་བ་བཞི་པ་ངག་བཀྱལ་པ་ནི། འདི་ལ་དབྱེ་ན་གསུམ། ལོག་པའི་ངག་བཀྱལ། འཇིག་རྟེན་པའི་ངག་བཀྱལ། བདེན་པའི་ངག་བཀྱལ་རྣམས་ཏེ། གོང་དུ་བཤད་པའི་རྫུན་ཕྲ་མ་ཚིག་རྩུབ་དེ་དག་གསུམ་པོ་གང་རུང་དུ་མི་གཏོགས་པའི་ངག་གི་ཉེས་པ་གང་ཡོད་ན། དོན་ཆུང་དང་ལྡན་པའི་དོན་ཙམ་ལ་དེར་འདུ་ཤེས་པ་སྟེ་ངག་བཀྱལ་ཡིན་པ་ལ་ཡིན་པར་ཤེས་ཏེ་ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་གང་རུང་གི་སྒོ་ནས་ཀུན་སློང་ངན་པ་མི་བཟད་པས་སྨྲ་བར་འདོད་དེ། སྦྱོར་བ་ལོག་པའི་ངག་བཀྱལ་བྲམ་ཟེའི་ངན་སྔགས་འདོན་པའམ་ཁ་ཏོན་བྱ་བ། གཅེར་བུ་པའི་བསྟན་བཅོས། དགོས་འབྲེལ་མེད་པ་ཕྱི་པའི་གཞུང་ལུགས་དང་། །བྲམ་ཟེའི་རིག་བྱེད་ལྟ་བུའི་བསྔགས་པ་མིན། །ཞེས་པ་ལྟར་དང་། འཇིག་རྟེན་པའི་ངག་བཀྱལ་དམག་དང་ཆོམ་རྐུན་ལ་སོགས་འདུ་འཛིའི་གཏམ་འབྲེལ་མེད་བྱུང་རྒྱལ་དུ་སྒྲོག་པ། ཆགས་སེམས་ཀྱིས་གླུ་ལེན་པ། ཉོན་མོངས་པས་བསྐྱེད་ཅིང་ཚུལ་མིན་ཡིད་བྱེད་དང་འབྲེལ་བའི་ཟློས་གར་གྱི་ཚིག་བརྗོད་ཅིང་། བདེན་པའི་ངག་བཀྱལ་དུ་བརྩི་བ། དགེ་སྦྱོང་གང་ཞིག་རྙེད་པ་འཚོལ་བའི་ཕྱིར་གཞན་གྱི་དྲུང་དུ་ཁ་གསག་སྨྲ་བ་བརྩམས་ནས་མཐར་ཐུག་དོན་གོ་བར་བྱེད་པའོ། མ་གུས་པ་དང་སྣོད་མིན་ལ་ཆོས་བཤད་ན་བདེན་པའི་ངག་འཆལ་གྱི་གྲལ་དུ་གཏོགས་པར་གསུངས། ངག་བཀྱལ་སྨྲ་བ་དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ་དང་གཙོ་བོ་དུད་འགྲོར་སྐྱེ། རྒྱུ་མཐུན་གྱི་འབྲས་བུར་གལ་ཏེ་མི་ལུས་ཤིག་བླངས་ཀྱང་ཚིག་མི་བཙུན་པར་འགྱུར། བདག་པོའི་འབྲས་བུར་དབྱར་དགུན་གོ་ལོག་པ་སོགས་ཀྱིས་ལྗོན་ཤིང་ལ་འབྲས་བུ་མི་ཆགས་པ་དང་ལོ་འབྲས་དུས་སུ་མི་སྨིན་པ་ཉིད་དུ་འགྱུར་རོ། དེས་ངག་གི་མི་དགེ་བ་བཞི་སོང་ནས། ཡིད་ཀྱི་མི་དགེ་བ་གསུམ་ལས་དང་པོ་བརྣབ་སེམས་ལ་དབྱེ་ན་ནི། བདག་གི་རྒྱུ་ནོར་ལ་བརྣབ་སེམས་བྱེད་པ་དང་། གཞན་གྱི་ཅ་ལག་རྒྱུ་ནོར་ལ་བརྣབ་སེམས་བྱེད་པ། གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས་བྱེད་པ་ལས། དང་པོ་ནི། བདག་ཉིད་ཀྱི་རིགས་དང་། གཟུགས་བྱད་དང་། ཡོན་ཏན་ནོར་རྫས་སོགས་ལ་ཞེན་ཅིང་ཆགས་པ་བདག་ལྟ་བུ་མེད་སྙམ་དུ་སེམས་པ་དེ་ཡིན། གཞན་གྱི་རྒྱུ་ནོར་ལ་བརྣབ་སེམས་བྱེད་པ་ནི། ༡ གཞི་གཞན་གྱི་མ་ཡིན་ན་བརྣབ་པའི་རྒྱུ་མེད་པས། ཕ་རོལ་པོའི་ཕུན་སུམ་ཚོགས་པ་ལ་ཆགས་པས་གཞན་གྱིས་བདག་ཏུ་བཟུང་བའི་ནོར་རྫས་ལ་མི་གཞན་གྱི་ནོར་ཡིན་པར་འདུ་ཤེས་པས། ༢དེ་ལ་ཆགས་སེམས་མ་སྐྱེས་ན་བརྣབ་པའི་རྐྱེན་མེད་པས། དེ་ཡག་གོ་སྙམ་པ་སོགས་ཆགས་སེམས་དང་། ༣རྫས་དེའི་ཁྱད་པར་མཐོང་ནས་རོ་མྱོང་བཞིན་དུ་ཡིད་ཀྱི་བདག་གིར་མ་བྱས་ན་འཁུ་སེམས་དངོས་བསྟན་དུ་མི་འགྱུར་བས། ང་ལ་འདི་ཡོད་ན་དང་ངའི་ཡིན་ན་ཅི་མ་རུང་ངའི་བྱའོ་སྙམ་པའི་ཡིད་ཀྱིས་བདག་གིར་བྱེད་པའི་འཁུ་སེམས་ཀྱི་རོ་མྱོང་བ། ཡིད་ཀྱི་རྩོལ་བ་མི་བྱེད་ན་གནོད་སེམས་ཀྱང་མ་ཡིན་པས། ༤རང་ནོར་ལ་གཅེས་འཛིན་དང་། ༥གསོག་སེམས་སྟེ། དེ་ལྟ་བུའིཆོས་ལྔ་ལྡན་གྱི་སྦྱོར་བ་ཉོན་མོངས་པ་མི་བཟད་པ་སྟོབས་ཆེ་བ་དེ་ཉིད་ཀྱིས་ངོ་ཚ་བ་དང་། ཁྲེལ་ཡོད་པ་དང་ཉེས་དམིགས་ཤེས་པ་སོགས་ཟིལ་གྱིས་གནོན་པའི་ཀུན་སློང་གིས་ཕ་རོལ་པོ་གཞན་གྱི་ནོར་རྫས་དེ་རང་ལ་བྱུང་ན། ང་ལ་དེ་ཐོབ་ན། ངས་དེ་བདག་བྱེད་རྒྱུ་བྱུང་ན་ཅི་མ་རུང་། འདི་བདག་གི་ཡིན་ན་སྙམ་པའི་རྔམ་སེམས་ངམ་ངམ་གྱི་སྟེ་ཡང་ཡང་རྒྱུད་ལ་སྐྱེས་པའི་སྦྱོར་བ་ཡིད་ཀྱི་རྩོལ་ནས། མཐར་ཐུག་དེར་སྨོན་པ་ན་གཞི་བསམ་སྦྱོར་བ་མཐར་ཐུག་ཚང་ཡོད་པ་རེད། གཉིས་ཀ་མ་ཡིན་པ་ལ་བརྣབ་སེམས་ནི། ས་འོག་གི་ནོར་ལ་སོགས་པ་བདག་དང་གཞན་གྱིས་དབང་བྱར་མེད་པ་ལ་ཆགས་ཏེ། བདག་ལ་དབང་ན་ཅི་མ་རུང་སྙམ་པའི་སེམས་པ་ལྟ་བུའོ། །བརྣབ་སེམས་དེའི་རྣམ་སྨིན་གྱི་འབྲས་བུར་སྔ་མ་དང་མཚུངས་ཤིང་གཙོ་བོ་ཡི་དྭགས་སུ་སྐྱེས་པའོ། རྒྱུ་མཐུན་གྱི་འབྲས་བུར་འདོད་ཞེན་ཆེ་བས་ཐམས་ཅད་དགོས་སྣང་ཤར་འདུག་མཁན་དེའི་ཡིད་ཀྱི་རེ་བ་གཅིག་ཀྱང་མི་འགྲུབ་པར་སྐྱེ་འགྲོ། བདག་པོའི་འབྲས་བུར་ཕུན་སུམ་ཚོགས་པའི་ཆ་ཅུང་ཟད་རེ་ཡོད་པ་ཐམས་ཅད་རིམ་གྱིས་མར་འགྲིབ་ནས་མེད་པར་འགྱུར་རོ། མིའི་སེམས་ཀྱི་རྣམ་རྟོག་ལ་ཟད་པར་མེད་པས་འདོད་ཡོན་གྱི་སྲེད་པ་དེ་ཚྭ་ཆུ་འཐུང་བ་ལྟར་ཆོག་མི་ཤེས་པ་ཞིག་ཡིན་པས། ཡར་དེ་རིག་དུས་དེ་འདྲ་ཞིག་ང་ལ་དགོས་བསམ། མར་དེ་རིག་དུས་ཡང་དེ་འདྲ་ཞིག་ཐོབ་ན་བསམ་ནས། ཡར་བསམ་མར་བསམ་གྱི་བློ་སྣ་ཟད་མེད་སྤོས་རྒྱའི་རི་མོ་དང་འདྲ་བ་དེས། སྡུག་བསྔལ་གྱི་གཟེབ་ཏུ་བཙུད་དེ་རང་གིས་རང་སྲིན་བུས་རང་གིས་ཁ་ཆུས་བཅིངས་པ་ལྟ་བུ་ཞིག་རེད་འགྲོ་བར་མ་ཟད་པར། དོན་མེད་ཀྱི་སྡིག་པའི་ཕུང་པོ་རི་རབ་ཙམ་ཞིག་རང་གི་རྣམ་ཤེས་ཀྱི་ཐོག་ལ་སྨིན་འོང་བ་རེད། དེས་ན་འདོད་པ་མི་ཆེ་བར་ཆོག་ཤེས་པ་བྱ་རྒྱུའི་དམ་པའི་ནོར་ནི་འདིར་བདེ་ཕྱིར་སྐྱིད་ཀྱི་གཞི་མ་ཡིན་ཏེ། ཁྱེའུ་གང་གཱ་མོའི་གླུ་ལས། གསེར་གྱི་རི་ལ་གཡུ་ཡི་ཁྲོན་བརྡོལ་ཡང་། །སེམས་ཀྱི་རྟེན་ས་བླ་མ་དཀོན་མཆོག་བཟང་། །དཔལ་གྱི་རི་ལ་སྲིད་ཀྱི་ཆུ་འབྲུབ་ཀྱང་། །ནོར་གྱི་དབུས་སུ་རང་སེམས་ཆོག་ཤེས་བཟང་། །ཞེས་གསུངས་པས། ཆོག་ཤེས་འཕགས་པའི་ནོར་བསྟེན་དགོས། ཡིད་ཀྱི་མི་དགེ་བ་གཉིས་པ་གནོད་སེམས་ནི། འདི་ལ་དབྱེ་ན། ཞེ་སྡང་ལས་བྱུང་བའི་གནོད་སེམས། ཕྲག་དོག་དང་འཁུ་སེམས་ལས་བྱུང་བའི་གནོད་སེམས། འཁོན་འཛིན་གྱི་ཆ་ལས་བྱུང་བའི་གནོད་སེམས་དང་གསུམ་ཡོད། དེའི་སྟེང་དུ་ང་རྒྱལ་དང་། ངོ་ཚ་དང་ཉེས་དམིགས་ཀྱི་སེམས་དང་བྲལ་བའི་གནོད་སེམས་དང་ལྔ་དབྱེ་ནའང་ཆོག་པ་རེད། དེ་རྣམས་ལས་གཞི་ཡིད་དུ་མི་འཐད་པའི་འགྲོ་བ་ལ་དེར་འདུ་ཤེས་ཤིང་གནོད་སེམས་ཀྱི་ངོ་བོ་ལ་རྟག་ཆོས་ཐེར་ཟུག་ཏུ་འཛིན་པའི་སྒོ་ནས་གཡུལ་ངོ་ལ་སོགས་པར་སོང་ནས། ཕ་རོལ་པོ་དེ་ལ་ཞེ་སྡང་སྐྱེས་ནས་གསོད་པར་སེམས་པ་ཞེ་སྡང་གི་སེམས། དེའི་ཆར་གཏོགས་འགྲན་ཟླ་ལྟ་བུ་གོང་དུ་ཤོར་དོགས་པའི་བསམ་པས་གསོད་པ་ལ་སོགས་པ་སེམས་པ་ཕྲག་དོག་དང་། སྔར་བདག་ལ་གནོད་པར་བྱས་པ་ལྟ་བུ་དམ་དུ་བཟུང་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་ཡང་ཡང་དྲན་པ་འཁོན་འཛིན་གྱི་སེམས། གནོད་བྱེད་ལ་ཤིན་ཏུ་མི་བཟོད་པའི་ང་རྒྱལ་གྱི་སེམས། སྔར་ང་ལ་གནོད་པ་འདི་འདྲ་ཞིག་བྱས་མྱོང་བསམ་ནས་དེ་སེམས་ལ་བཞག་སྟེ། འདི་དག་བསད་ན་དང་བརྡེག་ན་ཅི་མ་རུང་སྙམ་པ་འཁུ་བའི་སེམས། ངོ་ཚ་དང་ཉེས་དམིགས་ཟིལ་གྱིས་གནོན་པའི་སེམས་ལྔ་ལྡན་གྱི་ཉོན་མོངས་གང་རུང་གིས་ཀུན་ནས་བསླངས་ཏེ། བཙོན་དུ་བཟུང་བ་དང་ཐག་པས་འཁྱིག་པ་དང་ཐབས་དུ་མས་གསོད་པ་ལ་སོགས་པའི་སྦྱོར་བ་བྱེད་པར་རྩོལ་ཞིང་། མཐར་ཐུག་དངོས་སུ་ནུས་ན་དེ་ལྟ་བུ་བྱེད་པ་ཐག་ཆོད་པའོ། ཐུབ་རྒྱུ་མེད་ན་རྒྱུན་དུ་ངན་སེམས་ཁོ་ན་འཆང་བས། ཞེ་སྡང་སྐྱེ་ས་གཞན་ཕ་རོལ་པོ་ཡིན་ཡང་ཕམ་རྒྱུ་ངོ་མ་ཚུར་རང་ཉིད་ཕམ་པ་ཡིན་ཏེ། གནོད་སེམས་དེའི་རྣམ་སྨིན་ཕྱི་མར་ངན་སོང་དུ་སྐྱེ་བར་མ་ཟད། རང་གི་རྒྱུད་ཚིག་ཅིང་བརླགས་ནས་རྣམ་དཀར་གྱི་དགེ་བ་བསགས་ཚད་པོ་འཇོམས་འགྲོ། དེས་མི་ཚད་ཉིན་མཚན་གཉིས་ཀ་སེམས་མི་བདེ། ཐ་ན་རྨི་ལམ་ནང་ཚུན་ཆད་དུ་གནོད་སེམས་དང་འབྲེལ་བའི་འཁྲུལ་སྣང་རྔམ་སེམས་བྱས། སེམས་མི་བདེ་བས་སྐྱིད་དུས་སྐད་ཅིག་ཀྱང་མེད་ལ། དེའི་རྐྱེན་གྱིས་རླུང་སེམས་ཀྱི་འདུ་བ་འཁྲུགས་ནས་སྙིང་ནད་ལ་སོགས་པ་ནད་སྣ་མང་པོ་འབྱུང་བའི་རྐྱེན་བྱེད་པ་རེད། གནོད་སེམས་ཀྱི་རྣམ་སྨིན་འབྲས་བུ་ངན་པ་འབྱུང་བ་དེ་དང་རང་གི་མནར་སེམས་པ་གཉིས་ཕར་སྡོང་ཚུར་སྡོང་བྱས་ནས་ནད་མང་པོ་འབྱུང་། ན་རྒྱུ་མང་བས་རྒས་སླ། ན་རྒས་གཉིས་མཐར་འཆི་རྒྱུ་རེད། འཆི་བ་ཐག་ཇེ་ཉེ་ལ་གཏོང་བ་རེད། དེས་ན་གནོད་སེམས་སྤངས་ནས་བསམ་པ་བཟང་བོ་བྱ་རྒྱུ་ཤིན་ཏུ་གལ་ཆེ། དེ་བདེ་སྐྱིད་ཀྱི་རྩ་བ་ཡིན། རང་ཉིད་ཨེ་ཁེ་ཨེ་རྒྱལ་བསམ་ན་གནོད་སེམས་སྤོངས་དང་ཁེ་རྒྱལ་ཁའི་རྩ་བ་དེ་ཡིན། དེའི་རྣམ་སྨིན་གྱི་འབྲས་བུར་ངན་སོང་གསུམ་དང་ཁྱད་པར་དུ་དམྱལ་བར་སྐྱེ། རྒྱུ་མཐུན་གྱི་འབྲས་བུར་གལ་ཏེ་ལས་ཀྱི་རྣམ་སྨིན་མྱོང་སྟོབས་ཀྱིས་ཟད་ནས་མིར་སྐྱེས་ཀྱང་ཞེ་སྡང་དང་འཇིགས་སྐྲག་ཆེ་བ། བདག་པོའི་འབྲས་བུར་ནད་དང་འཁྲུགས་རྩོད་དང་། གཟེར་རེ་ཅན་ལ་གནོད་འཚེ་མང་བས། མི་དང་མི་མ་ཡིན་པའི་གནོད་པའི་འཚེ་བ་མང་བ་ཡིན་ནོ། །ཡིད་ཀྱི་མི་དགེ་བ་གསུམ་པ་ལོག་ལྟ་ལ་ནི། ལས་འབྲས་ལ་ལོག་པར་ལྟ་བ་དང་། བདེན་པ་ལ་ལོག་པར་ལྟ་བ། དཀོན་མཆོག་ལ་ལོག་པར་ལྟ་བ་དང་གསུམ་ཡོད་པས། འདིའི་གཞི་བསླུ་མེད་རྟེན་འབྱུང་གི་ཆོས་ལས་རྒྱུ་འབྲས་དང་། བདེན་པ་དང་དཀོན་མཆོག་ལྟ་བུའི་མི་བསླུ་བའི་ཆོས་ཅན་ལ། ལྟ་བ་ངན་པའི་ཀུན་དཀྲིས་ཀྱིས་འཆིང་བའི་མུ་སྟེགས་རྒྱང་འཕེན་པ་ལྟ་བུའི་འདོད་པས། དེ་མི་བདེན་པར་འདུ་ཤེས་ཤིང་ཉོན་མོངས་པ་དུག་གསུམ་པོ་གང་རུང་གིས་ཀུན་ནས་བསླངས་ཏེ། བཟང་མོ་མ་ཤི་བར་དུ་བདེ་བར་སྤྱོད། །ཤི་ནས་དེ་ཡི་སྤྱོད་ཡུལ་མིན། །ཞེས་པ་ལྟར་སྐུར་བ་འདེབས་པར་འདོད་པས། སྦྱོར་བ་ནི་ཇི་ལྟར་བསམ་པ་ལྟར་མེད་པ་ཉིད་དུ་གོ་ཞིང་མཐར་ཐུག་མེད་པ་ཉིད་དུ་ཐག་བཅད་པའོ། །དེ་ཡི་རྣམ་སྨིན་གྱི་འབྲས་བུར་དམྱལ་བ་དང་དུད་འགྲོ་སོགས་ངན་སོང་གསུམ་ཅི་རིགས་པར་སྐྱེས་ནས་སྡུག་བསྔལ་མྱོང་བ་དང་། རྒྱུ་མཐུན་གྱི་འབྲས་བུར་གལ་ཏེ་མིར་སྐྱེས་ཀྱང་གཏི་མུག་ཤས་ཆེ་ཞིང་ཡང་དག་པའི་ལྟ་བ་ལ་རྨོངས། བདག་པོའི་འབྲས་བུར། བཟང་དང་རེ་བ་ཐམས་ཅད་ངན་པར་འགྱུར་བའི་བཟང་ངན་གོ་ལྡོག་པར་འགྱུར་བ་ཉིད་དོ། །མི་དགེ་བ་བཅུ་པོ་དེ་དག་གི་རྣམ་སྨིན་གྱི་འབྲས་བུ་ངན་སོང་གསུམ་དུ་མྱོང་ཚུལ་དེའང་བྱེ་བྲག་ཏུ་ཕྱེ་ན། ཉོན་མོངས་པའི་སྒོ་ནས་རྣམ་པར་བཞག་པ་དང་། གྲངས་ཀྱི་སྒོ་ནས་རྣམ་པར་བཞག་པ་དང་། ཡུལ་གྱི་སྒོ་ནས་རྣམ་པར་བཞག་པ་དང་གསུམ་ལས། དང་པོ་ནི། རིན་ཆེན་ཕྲེང་བ་ལས། ཆགས་པས་ཡི་དྭགས་འགྲོ་བར་འགྱུར། །ཞེ་སྡང་གིས་ནི་དམྱལ་བར་འཕེན། །རྨོངས་པས་ཕལ་ཆེར་དུད་འགྲོར་འགྱུར། །ཞེས་གསུངས་པ་ལྟར། མི་དགེ་བ་དེ་དག་ཞེ་སྡང་གི་སྒོ་ནས་སྤྱད་ན་དམྱལ་བར་སྐྱེ་བ་དང་། འདོད་ཆགས་ཀྱིས་སྤྱད་ན་ཡི་དྭགས་དང་། གཏི་མུག་གི་སྒོ་ནས་སྤྱད་ན་དུད་འགྲོར་སྐྱེ་བར་འགྱུར་ལ། གྲངས་ཀྱི་སྒོ་ནས་རྣམ་པར་བཞག་ན། མི་དགེ་བ་དེ་དཔག་ཏུ་མེད་པར་སྤྱད་པས་དམྱལ་བར་སྐྱེ་བ་དང་། མང་པོ་སྤྱད་པས་ཡི་དྭགས་སུ་སྐྱེ་བ་དང་། འགའ་ཙམ་སྤྱད་པས་དུད་འགྲོར་སྐྱེ་བར་འགྱུར། ཡུལ་གྱི་སྒོ་ནས་རྣམ་པར་བཞག་ན། ཡུལ་ཁྱད་པར་ཅན་ལ་བརྟེན་ནས་ཉེས་པར་སྤྱད་ན་དམྱལ་བར་སྐྱེ་བ་དང་། ཡུལ་འབྲིང་པོ་ལ་བརྟེན་ནས་སྤྱད་ན་ཡི་དྭགས་དང་། ཡུལ་ཐ་མ་ལ་བརྟེན་ནས་སྤྱད་ན་དུད་འགྲོར་སྐྱེ་བར་འགྱུར་རོ། །དེ་ལྟར་སྒོ་གསུམ་གྱི་མི་དགེ་བའི་ལས་བཅུ་པོ་དེ་དག་ཀྱང་ནང་གསེས་ཀྱི་སྒོ་ནས་སྡིག་པ་ལྕི་ཡང་དབྱེ་ན། བསམ་པ་ཉོན་མོངས་པ་དྲག་པོས་ཀུན་ནས་སློང་བ། དམ་པ་ལྷ་ཆོས་སུ་ཡུལ་གཉན་ས་བླ་མ་དང་། འཇིག་རྟེན་མི་ཆོས་སུ་གཉན་ས་དྲིན་ཆེན་ཕ་མ་སྟེ། ཆོས་འཇིག་རྟེན་གཉིས་ལ་བཀའ་དྲིན་ཆེ་བའི་ཡུལ་ཁྱད་པར་ཅན་དེ་ལྟ་བུ་བསད་པ་དང་། ཡུལ་ཁྱད་པར་ཅན་དེ་དག་བསླུས་ཤིང་། དེ་དག་གི་དཀོར་ཐབས་སྣ་ཚོགས་ཀྱིས་ཕྲོགས་ཤིང་རང་གིས་སྤྱོད་པ་དང་། དེ་དག་ཕྲ་མའི་སྒོ་ནས་དབྱེ་བ། དེ་དག་ལ་ཚིག་རྩུབ་དང་། དེ་དག་གི་རྒྱུ་ནོར་ལ་བརྣབ་སེམས་དང་། དེ་དག་ལ་གནོད་སེམས་བྱེད་པ་དང་། གཞན་ཡང་ལོག་གཡེམ་གྱི་ནང་ནས་སྡོམ་པའི་ཚུལ་ཁྲིམས་རབ་བྱུང་དང་། དགེ་བསྙེན་དང་། བསྙེན་གནས་སོགས་ལ་གནས་པ་སོགས་བགྲོད་བྱ་མིན་པ་ལ་འདོད་པ་སྤྱོད་པ། ལྷས་བྱིན་གྱིས་སྟོན་པ་འཁོར་དང་བཅས་པ་ལ་དབྱེན་གྱིས་འབྱེད་པ་ལྟར་དགེ་འདུན་འབྱེད་པའི་རྫུན་དང་ཕྲ་མ་བྱེད་པ་དང་། དེའི་ཆ་འདྲ་བ་བླ་མའི་སྐུ་དགྲ་དང་བསྟན་པའི་སྤྱི་དགྲ་བྱེད་རྒྱུ། དགྲ་བཅོམ་པ་འབྱུང་བ་མེད་པར་འདོད་པའི་ལོག་པར་ལྟ་བ། དུད་འགྲོ་ལྟ་བུ་ལ་ཤ་ཁྲག་གི་རློམ་སེམས་ཀྱིས་ལུས་བོངས་ཆེ་བ་གསོད་པ། བཤས་བཤའ་ན་གང་ཆེ་ཆེ་དང་གང་ཚོ་ཚོ་བཤའ་བ་བཞིན་རེད། ནོར་ལ་རྔམ་པའི་འདོད་སྲེད་ཀྱི་དབང་དུ་ཤོར་སོང་ནས། དངོས་པོ་མང་ཞིང་རིན་ཐང་ཆེ་བ་རྐུ་བ། སྡིག་པ་བྱེད་པ་ལ་འགྱོད་བཤགས་མེད་ཅིང་། ཕྱིན་ཆད་སྡོམ་སེམས་ཙམ་ཡང་མེད་པར་དགའ་བཞིན་དུ་བྱེད་པ་སོགས་ནི་ཉེས་པ་ཤིན་ཏུ་ལྕི་ལ། ཡུལ་དེའི་ལྡོག་ཕྱོགས་རྣམས་ནི་ཧ་ཅང་གཉན་ས་མ་ཡིན་པའི་རྣམ་སྨིན་ནི་ཅུང་ཟད་ཡང་བའམ་ཆུང་བ་ཡིན་ཏེ། ཇི་ལྟར་ཡང་རྒྱལ་སྲས་པདྨས། མི་དགེ་བཅུ་དང་མཚམས་མེད་རྣམ་པ་ལྔ། །ཉེ་བ་ལྔ་དང་ལྕི་བ་རྣམ་པ་བཞི། །ལོག་པའི་ལས་བརྒྱད་ཁ་ན་མ་ཐོའི་ལས། སྲོག་ལ་བབ་ཀྱང་ཕྲ་མོའང་སྤང་བར་མཛོད། །ཅེས་གོང་དུ་བཤད་པའི་སྒོ་གསུམ་གྱི་མི་དགེ་བ་བཅུ་དང་། ཕ་མ་དང་དགྲ་བཅོམ་བསད་པ་སོགས་མཚམས་མེད་པ་ལྔ་དང་། མ་དགྲ་བཅོམ་མ་སུན་ཕྱུང་བ་དང་། བྱང་སེམས་ངེས་གནས་བསྐུམ་པ། འཕགས་པ་སློབ་པ་བསད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ། མཆོད་རྟེན་བཤིག་པ་སྟེ་ཉེ་བའི་མཚམས་མེད་པ་ལྔ་སྟེ། མཚམས་མེད་པ་ལྔ་དང་ཉེ་བས་ན་ཉེ་བའི་མཚམས་མེད་པ་ལྔ་ཞེས་བྱ། ལྕི་བ་རྣམ་པ་བཞི་མི་ཆོས་ལ་མནའ་ཟོས་པ་ལྕི། ཉན་ཐོས་ལ་འདུལ་ཁྲིམས་ཉམས་པ་ལྕི། བྱང་སེམས་ལ་བསླབ་ཁྲིམས་ཉམས་པ་ལྕི། གསང་སྔགས་ལ་དམ་ཚིག་ཉམས་པ་ལྕི་བ་སྟེ་ལྕི་བ་བཞི་དང་། ལོག་པའི་ལས་བརྒྱད་ནི། དད་པ་ཅན་གྱི་ཚོགས་བཅག་པ། དགེ་བ་ཅན་གྱི་ཐུགས་དཀྲུག་པ། དཀར་བོའི་ཆོས་ལ་མི་དད་ཅིང་སྨོད་པ། ནག་པོའི་ཆོས་ལ་དད་ཅིང་བསྟོད་པ་སྟེ་ཕྱིའི་ལོག་པ་བཞི་དང་། བླ་མ་སྤོང་བ་དང་། གྲོགས་ལ་སྡང་སེམས་སྐྱེ་བ། ཡི་དམ་གྱི་ལྷ་སྤོང་བ། དཀྱིལ་འཁོར་གཉེན་པོའི་མཚམས་འདྲལ་བ་སྟེ་ནང་གི་ལོག་པ་བཞི་སྟེ་ཕྱི་ནང་གི་ལོག་པ་བརྒྱད་ལ་སོགས་པ་ཁ་ན་མ་ཐོ་བའི་མི་དགེ་བའི་ལས་མཐའ་དག་ལ་སྲོག་དམར་པོ་འདི་ལ་བབ་ཀྱང་ཕྲ་མོའང་སྤང་བར་མཛོད། དགེ་བ་བཅུ་དང་མཐུན་པར་འཇུག་པ་ཡི། །དགེ་བསྙེན་དགེ་ཚུལ་བསྙེན་གནས་དགེ་སློང་སོགས། །སོ་སོར་ཐར་དང་བྱང་སེམས་གསང་སྔགས་ཀྱི། །སྡོམ་པ་གང་བླང་བླངས་ཤིང་བསྲུང་བ་ལ། །ཐར་པ་འདོད་ཁྱོད་ནན་ཏན་སྲོག་ལྟར་སྲུངས། །ཞེས་མི་དགེ་བ་བཅུ་སྤང་བ་དགེ་བ་བཅུ་དང་དེའི་ཐོག་ཏུ་སྲོག་སྐྱོབ་སྦྱིན་གཏོང་སོགས་ཁྱད་པར་ཅན་གྱི་དགེ་བ་བཅུ་དང་མཐུན་པར་འཇུག་པ་ཡི་སྒོ་ནས་དགེ་བསྙེན་གྱི་སྡོམ་པ་དང་། དགེ་ཚུལ་དང་བསྙེན་གནས་ཡན་ལག་བརྒྱད་པ་བསྲུང་བ་དང་། དགེ་སློང་གི་སྡོམ་པ་ལ་སོགས་པས་བསྡུས་པ་དགེ་སློབ་མ་སྟེ། དེ་ལྟར་སོ་སོར་ཐར་པའི་སྡོམ་པ་རིགས་བརྒྱད་དང་བྱང་སེམས་ཀྱི་བསླབ་བྱ། གསང་སྔགས་ཀྱི་དམ་ཚིག་སྡོམ་པ་གང་ཁས་བླང་བར་བྱ་བ་དང་། སྡོམ་པ་རང་ཉིད་ཀྱིས་དམ་བཅས་པ་དེ་ཉིད་བླངས་ཤིང་ནན་ཏན་གྱིས་བསྲུང་བ་ལ། སྙིང་ནས་ཐར་པ་སྒྲུབ་པར་འདོད་པ་ཁྱོད་ཀྱིས་ནན་ཏན་གྱིས་སྲོག་ལྟར་དུ་གཅེས་པར་སྲུངས་ཤིག ཅེས་གསུངས་པ་ལྟར་བཤད་མ་ཐག་པའི་ལས་འབྲས་ཀྱི་རྣམ་བཞག་དེ་དག་ཤེས་ཤིང་ངེས་པར་བྱས་ཏེ། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་པས། རང་གིས་རང་ལ་བསམ་བློ་ཞིབ་བཏང་བྱས་ནས་ཉོན་མོངས་པ་གང་ཤས་ཆེ་བ་དང་། ཉོན་མོངས་པ་གང་གིས་ཀུན་ནས་བསླང་བའི་སྡིག་པ་མི་དགེ་བ་རང་རྒྱུད་ལ་དེ་དག་གང་ཤས་ཆེ་བ་རང་གིས་རང་ལ་བརྟགས་ནས་རང་སྐྱོན་རང་གིས་ངོས་ཚིར་གྱིས་བཟུང་སྟེ། ག་རེ་ཞེས་བསམ་བློ་བཏང་ནས་ངས་སྔོན་ཆད་འདི་ལྟ་བུའི་སྡིག་པ་གྲངས་ཀྱིས་མི་ཆོད་པར་བསགས་ཡོད་འདུག་ཀྱང་། ཤེས་བཞིན་མེད་པའི་སྐྱོན་ཆགས་པས། །ལྟུང་བའི་རྙོག་དང་བཅས་པར་འགྱུར། །ཞེས་པ་བཞིན། ཤེས་བཞིན་གྱི་བྱ་ར་དང་བཅས་པའི་དྲན་པས་མ་ཟིན་པས་དགེ་བའི་རྟོག་པ་ཙམ་འཆར་མ་མྱོང་བས་ན་ལུང་མ་བསྟན་དུ་འཕྱན་ཏེ་དགེ་སྡིག་ངོ་མ་ཤེས་པས། ལས་བསགས་པ་ལ་བསགས་པར་ངོ་མ་འཕྲོད་པས་ཀླ་ཀློ་ལྟར་ནོངས་པའམ་སྐྱོན་ཆ་ཤིན་ཏུ་ཆེ་སྟེ་ཅི་འདྲའི་ལས་ཉེས་བཅའ་སྡུག་བྱས་མེད། ཀླ་ཀློའི་ཡུལ་ཞེས་པ་འཁོར་རྣམ་བཞི་མི་རྒྱུ་བའི་ས་ཆ་ལ་ངོས་བཟུང་བ་རེད། ཀླ་ཀློ་ཡང་དེར་གནས་པའི་དགེ་ངོ་སྡིག་ངོ་མི་ཤེས་པའི་མི་ལ་ཀླ་ཀློ་ཞེས་ངོས་བཟུང་བ་ལས། ཡིན་གཅིག་མིན་གཉིས་ཀློ་ཁ་ཁྲ་རྐྱང་པ་མ་གཏོགས་ཀླ་ཀློ་མེད་པ་ཡང་མ་རེད། དགེ་ངོ་སྡིག་ངོ་རེ་ཤེས་པའི་དུས་ད་ནས་བཟུང་སྟེ་བག་ཡོད་བསྟེན་པ་དང་། ཤེས་བཞིན་དང་མ་བྲལ་བའི་དྲན་པས་ཟིན་པར་བྱས་ནས་མི་དགེ་བ་བཅུས་མཚོན། ཕྲ་རགས་ཀྱི་སྡིག་སེམས་ནམ་བྱུང་ཙ་ན་དེ་དང་དེའི་གཉེན་པོ་བསྟེན་ནས་གདོང་ནས་བཟློག་རྒོལ་གྱིས་ཉེས་པ་དེ་དག་ལས་བྱོལ་བའམ་གཟུར་ཐུབ་པ་ཞིག་དང་། བྱོལ་ཐུབ་པ་དེ་ཙམ་གྱིས་ཀྱང་མི་ཆོག་པར་ནག་པོ་མི་དགེ་བ་དེའི་ལྡོག་ཕྱོགས་དཀར་པོ་དགེ་བ་སྟོབས་ཆེན་གྱི་སྒོ་ནས་སྲོག་གཅོད་སྤོང་བ་སོགས་དགེ་བ་བཅུའི་ལམ་ལ་མགོའམ་གོས་ལ་མེ་ཤོར་ན་དང་པོ་ནས་དེ་བཟློག་པར་བརྩོན་པ་ལྟ་བུ། དགེ་བ་བསྒྲུབ་པ་ལ་བརྩོན་པ་དེ་བྱ་བ་ཐམས་ཅད་ཀྱི་ནང་ནས་གལ་ཆེ་བ་དང་། བྱ་བ་ཐམས་ཅད་ཀྱི་ནང་ནས་སྔོན་མ་བཞག་ནས་བརྩོན་པ་བསྐྱེད་པར་བྱའོ་སྙམ་དུ་མོས་པ་དང་། སྤྲོ་བ་རང་ཤུགས་ཀྱིས་མ་བྱུང་བར་དུ་སྒོམ་དགོས། གོ་བ་ཙམ་གྱིས་མི་ཆོག་པས། སེམས་ཀྱི་ཐོག་ཏུ་བླངས་ནས་རང་གི་དགེ་སྡིག་གི་དབྱེ་བ་དང་། ད་སྔོན་སྡིག་པ་ཇི་ལྟར་བྱས་ཡོད། དེ་ལ་འགྱོད་སེམས་ཇི་ལྟར་བྱེད། ཕྱིན་ཆད་བཤགས་སྡོམ་ཇི་ལྟར་བྱ་བའི་སྐོར་རྣམས་རང་གིས་ཉམས་སུ་ལེན་དགོས། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། མཐོང་བའི་ཆོས་ལ་སོགས་པ་ལ། །མྱོང་འགྱུར་ལ་སོགས་ངེས་རྣམ་གསུམ། །ཞེས་གསུངས་པ་ལྟར། མཐོང་བའི་ཆོས་ཚེ་འདི་ཉིད་ལ་མྱོང་བར་ངེས་པ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བ་སྟེ་མྱོང་བ་འགྱུར་བ་ངེས་པ་རྣམ་པ་གསུམ་ལས། དཔེར་ན་སྟོན་པའི་དུས་ཀྱི་སྡིག་ཅན་ལྷས་སྦྱིན་དང་། ངེས་གསང་སྙིང་པོའི་བསྟན་པ་ལ་ལོག་པར་ལྟ་བ་ཤ་ས་རཀྵི་དང་དཔལ་འཛིན་ལ་སོགས་པ། ཆོས་དང་སྟོན་པ་ལ་གཤེར་ཞིང་སྨོད་པའི་ལས་ངན་བསགས་པ་རྣམས་རྟེན་དེར་ལུས་མ་སྤངས་བར་ས་གས་ནས་དམྱལ་བར་སོང་བའི་མཐོང་ཆོས་མྱོང་འགྱུར་གྱི་གཏམ་རྒྱུད་ངོ་མ་ཡོད་པ་ལྟ་བུས་མཚོན་ཏེ། རང་གིས་རང་ལ་འདང་བརྒྱབ་སྟེ་རང་ལ་ངན་སོང་གསུམ་དུ་སྐྱེ་ངེས་ཀྱི་ལས་བཤགས་ཐབས་དང་བྲལ་བ་ཤིག་བསགས་ཡོད་པའི་སྡིག་ཆེན་དེ་རྣམས་དང་འདྲ་བ་ཞིག་ཡིན་ན་མ་གཏོགས་གཞན་མ་འདི་སྙམ་དུ་བསམ་སྟེ། ཀྱེ་མ་སྐྱོ་བའི་ཉམས་དང་བཅས་ཏེ། དེ་ལྟར་ན་སྤྱིར་ཐར་པ་དང་སྒོས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་བྱེད་པ་ལ། མི་དགེ་བ་དེ་དག་གི་རྩ་བ་ཉོན་མོངས་དང་བཅས་པ་སྟོངས་པ་ཞིག་དགོས་འདུག་ཀྱང་། རང་གིས་རང་ལ་འདང་བརྒྱབ་སྟེ་བསམ་བློ་གཏོང་ན། རང་གི་ཚེ་འདི་ཁ་ལ་བསགས་ཡོད་ངེས་ཀྱི་མངོན་སུམ་དུ་གྲུབ་པའི་སྡིག་པ་མི་དགེ་བ་དེ་ཙམ་ཞིག་བསགས་མོད། སྐྱེ་བ་འདིར་ལས་བསགས་ཡོད་པར་མ་ཟད། དེས་ཆ་ཙམ་དུ་ཡང་མི་མཚོན་པའི་སྐྱེ་བ་སྔ་མ་རྣམས་སུ་ཡང་རང་དང་འཁོར་སློབ་མ་འབངས་སྡེ་རིགས་ལྟོས་བཅས་སོགས་ཀྱི་ཆེད་དུ་བསམ་གྱིས་མི་ཁྱབ་པའི་སྡིག་པ་བསགས་ཡོད་པར་ཚད་མས་གྲུབ་པ་ནི་དཔྱད་ན་བསགས་ཡོད་ངེས་ལ། སྡིག་པ་བསགས་པ་དེ་དག་གི་རྣམ་སྨིན་གྱི་འབྲས་བུ་ཡང་རང་ཉིད་ཁོ་ནས་མྱོང་བ་མ་གཏོགས་གང་གི་ཆེད་དུ་བྱས་པ་དེ་དག་ལ་བགོ་བཤའ་བྱ་རུ་མེད་པ་ནི། སློབ་དཔོན་ཀླུ་སྒྲུབ་གྱིས། །ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་དག་དང་བཙུན་མོ་དང་། །འཁོར་གྱི་སླད་དུ་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། ཞེས་གསུངས་ཏེ། ཁྱོད་ཀྱིས་བྲམ་ཟེ་དང་དགེ་སློང་གི་དགེ་འདུན་དང་། གཞན་ཡང་ལྷ་དང་། མགྲོན་པོ་དག་དང་། ཡབ་ཡུམ་གྱི་ཕྱིར་དང་། བཙུན་མོ་དང་། སྲས་དང་སྲས་མོ་འཁོར་གྱི་འབངས་སོགས་གཞན་གང་གི་སླད་དུའང་སྡིག་པ་མི་དགེ་བ་མི་བགྱི་སྟེ། དེའི་འབྲས་བུ་དམྱལ་བའི་གནས་སུ་རྣམ་སྨིན་མྱོང་བར་འགྱུར་ལ། དེའི་དུས་སུ་རང་གཅིག་པུས་མྱོང་བ་ལས་སྐལ་བ་ལེན་མཁན་བགོ་བཤའ་བྱ་བ་འགའ་ཡང་མ་མཆིས་སོ། ཞེས་གསུངས་འདུག་པས་འདང་ཞིབ་པ་རེ་བརྒྱབ་ན། ཧ་བྷོ་ཧ་བྷོ། ཅི་འདྲ་ཞིག་ལས་ཚར་སོང་། ཕྱི་ལ་ནི་ལེན་རྒྱུ་མེད། མྱོང་མཁན་ནི་རང་གཅིག་པུ་རེད། ལས་ཚར་རྒྱུ་ནི་ཁུར་དགོས། ད་ནི་མེད་དོ། ད་ནི་མེད་དོ། ད་ནི་ཚར་སོང་། འདི་ནས་འཕོས་ཏེ་ངན་སོང་མྱོང་བ་ལས་འོས་མེད་པ་ཞིག་འདྲའོ་འདྲའོ་སྙམ་ནས་ཡིད་སློང་སློང་པོར་མི་འགྱུར་བའི་ཐབས་མེད། སློང་སློང་པོ་ཞེས་པ་ནི་སེམས་སྟོང་ཤར་རེ་འགྱོད་པ་རྟས་མི་སླེབས་པ་ཞིག་སྐྱེ་བ་ལ་གོ་དགོས། དེ་འདྲ་ཞིག་བྱུང་ན་དེའི་ཚེ་ད་གཟོད་ལས་འབྲས་ཀྱི་གནད་ཤེས་ཤིང་མཚང་རིག་པ་ཡིན། ད་ལྟའི་སྐབས་རང་རེ་མི་ཀུན་གྱིས་དགེ་སྡིག་ངོ་ཞིག་ཤེས་བསམ་ཁུལ་བྱེད་པ་ནི་ངོ་མ་བཤད་ན་དགེ་སྡིག་གི་མིང་ཞིག་བཟུང་ཤེས་པ་ཙམ་དང་། དེའི་སྐོར་གྱི་ཁ་བརྡ་གླེང་མོལ་ཙམ་བྱེད་པ་ལས་དེའི་བླང་དོར་བྱེད་ལུགས། ཞེ་ཐོག་ཏུ་ངེས་ནས་དེ་ལག་ལེན་བྱེད་རྒྱུའི་ཕྱོགས་ལ་བཅར་གྱིན་ཡོད་པ་མ་རེད། དེ་མེད་པས་བླང་དོར་གྱི་རྩ་བ་ཆ་ཚང་བ་བཅར་ཕོག་གཅིག་ཆར་དུ་ངོ་ཤེས་པ་མེད་པས། དགེ་སྡིག་གི་མིང་ཙམ་ཤེས་པས་ཀླ་ཀློ་མིན་ཙམ་དང་། ཀླ་ཀློ་ལས་དྲག་ཙམ་ལས་དོན་ལ་ལུང་མ་བསྟན་པ་ངེས་མེད་ཅན་ཡིན། ད་རེས་རང་ཉིད་ཀྱིས་བཤེས་གཉེན་དམ་པའི་གདམས་ངག་ལག་ཁྲིད་དུ་གནང་བའི་བཀའ་དྲིན་ལས། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཞིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟར། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ཉིད་དུ་མཐོང་བ་དེ་བསོད་ནམས་ཆེ། དེ་ལྟར་མཐོང་བ་ལ་སྡིག་པའི་འབྲས་བུ་ཡ་ང་བ་མྱོང་བར་འགྱུར་ངེས་ལ་འཇིག་སྐྲག་གི་སེམས་དང་ཡིད་ཁོང་དུ་ཆུད་པ་གཅིག་པོས་ཀྱང་མི་ཆོག རྟེན་གྱི་སྟོབས་དང་། སུན་འབྱིན་པའི་སྟོབས། སྡོམ་པའི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་སྟེ། དེ་ལྟ་བུའི་སྟོབས་བཞི་ཚང་བའི་སྒོ་ནས་སྔར་བྱས་ལ་འགྱོད་པས་བཤགས། ཕྱིན་ཆད་སྡོམ་སེམས་ཀྱིས་སྡོམ་སྟེ། བཤགས་སྡོམ་དྲག་པོ་དང་འགྱོད་སེམས་བརྟན་པོར་བྱེད་དེ། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་དགོས། དེ་ལྟ་བུའི་བླང་དོར་གྱི་གནད་མ་ནོར་ན། འོ་སྐོལ་གྱི་སྟོན་པ་བཀའ་དྲིན་ཅན་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་སྔར་བྱས་ཀྱི་སྡིག་པ་མཚམས་མེད་པ་ལྔ་ལྟ་བུའི་ལས་རྔམ་ཆེན་སྡིག་ཆེན་བྱས་པ་ཡང་ཕྱི་ནས་བཤགས་སྡོམ་དྲག་པོ་བྱས་པས་འདག་རྒྱུ་ཡོད་པར་གསུངས་ཏེ། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་ཏེ། གང་ཟག་གང་ཞིག་སྔོན་ཆད་མ་རིག་པ་སོགས་ཉོན་མོངས་པས་ཟིལ་གྱིས་མནན་པའམ། སྡིག་གྲོགས་ཀྱི་དབང་གིས་ལེགས་ཉེས་བླང་དོར་གྱི་གནས་མ་ཤེས་པས། མི་དགེ་བ་གང་བྱུང་དུ་སྤྱད་དེ་བག་མེད་པར་གྱུར་པ་ལས། ཕྱི་ནས་དགེ་བའི་བཤེས་གཉེན་དང་འཕྲད་དེ་བླང་དོར་ལྷུར་ལེན་པས་བཤགས་སྡོམ་བྱས་ནས་ཕྱིན་ཆད་རྒྱུད་སྡོམ་པའི་བག་དང་ལྡན་པར་གྱུར་པ་དེ་ཡང་། དཔེར་ན་ཟླ་བ་རེ་ཞིག་གཟས་ཟིན་པའམ་སྤྲིན་གྱིས་སྒྲིབ་ཚེ་ནག་ནོག་ཏུ་གྱུར་ཀྱང་སྤྲིན་དང་བྲལ་ཚེ་མཛེས་པ་ལྟར་སྡིག་པ་ལས་གྲོལ་ཏེ་སྔར་བཞིན་ཤིན་ཏུ་རྣམ་པར་མཛེས་པ་ཡིན་ཏེ། མཚན་གཞི་བཞག་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་དང་། སོར་ཕྲེང་ཅན་དང་། རྒྱལ་བུ་མཐོང་ལྡན་ནམ་མ་སྐྱེས་དགྲ་དང་། རྒྱལ་བུ་བདེ་བྱེད་བཞིན་ཏེ་ཉེས་པ་ཚབས་ཆེན་བསགས་ཀྱང་བཤགས་སྡོམ་བྱས་པས་དག་སོང་བ་ཡིན། ཞེས་གཅུང་དགའ་བོ་ཆུང་མ་པུཎྜ་རི་ཀ་ལ་ཡིད་ལྷག་པར་ཆགས་པས། རབ་ཏུ་བྱུང་ཡང་མཆིས་འབྲང་དེ་ལ་རྗེས་སུ་སེམས་པས་ཆོས་ཕྱོགས་ལ་མི་བརྩོན་པ་ན། དེ་བཞིན་གཤེགས་པས་ལྷའི་གྲོང་ཁྱེར་དང་དམྱལ་བའི་གནས་རྣམས་སུ་ཁྲིད་ཏེ་མཐོ་རིས་ཀྱི་བདེ་བ་མི་རྟག་པར་བསྟན་པ་སོགས་ཐབས་ཀྱིས་བཏུལ་བས་མཐར་དགྲ་བཅོམ་ཐོབ་པ་སྔར་བཤད་མྱོང་བ་དེ་བཞིན་དང་། བྲམ་ཟེའི་ཁྱེའུ་མི་གདུང་སོར་ཕྲེང་ཅན་བྲམ་ཟེའི་ཁྱེའུ་ཤིན་ཏུ་བླུན་པོ་ཞིག་སྟེ། སློབ་དཔོན་ངན་པས་མི་སྟོང་བསད་དེ་སོར་མོའི་ཕྲེང་བར་བྱེད་ན་ཆོས་སུ་འགྱུར་རོ་ཞེས་ཆོས་མ་ཡིན་པར་སློབ་པས་དེར་ཆོས་ཡིན་སྣང་ཤར་བས་དེའི་ཁ་ལ་ཉན་ནས་མི་དགུ་བརྒྱ་གོ་དགུ་བསད་པ་དང་། མ་སྐྱེས་དགྲའམ་རྒྱལ་བུ་མཐོང་ལྡན་གྱིས་ལྷས་བྱིན་གྱིས་བསླུས་ནས། ཡབ་གཟུགས་ཅན་སྙིང་པོ་སྔར་གྱི་ཤ་འཁོན་སྲོག་གི་ལན་ཆགས་ཀྱིས་བསད་དེ་མཚམས་མེད་ཀྱི་ལས་བྱས་པ་ཡང་བཤགས་སྡོམ་གྱིས་དག་ཅིང་། སྔ་མ་སོར་ཕྲེང་དེ་བཞིན་གཤེགས་པས་རབ་ཏུ་བྱུང་བས་དགྲ་བཅོམ་ཐོབ་པ་དང་། མཐོང་ལྡན་བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དད་པ་ཅན་གྱི་མཆོག་ཏུ་ལུང་བསྟན། བདེ་བྱེད་ཀྱིས་ཚུལ་བཞིན་མ་ཡིན་པས་ཡིད་བྱེད་ཀྱིས་གཞན་གྱི་ཆུང་མ་ལ་ལོག་གཡེམ་བྱས་པའི་ལེ་ལན་གྱིས་རང་གིས་མ་བསད་པ། ཕྱིན་ཆད་དེ་ལ་འགྱོད་སེམས་ཀྱི་སྒོ་ནས་བླང་དོར་ཚུལ་བཞིན་དུ་བྱས་པས་དམྱལ་བ་དར་གྱི་ཕོ་ལོང་བརྡབས་པ་ཙམ་ཞིག་སྐྱེས། དར་གྱི་ཕོ་ལོང་ཞེས་པ་སྔར་གྱི་རྩེད་ཆས་རིང་མོ་ཞིག་གི་མིང་རེད། དེ་བརྡབས་པའི་ཚེ་ཙམ་སྟེ་དེ་ཕར་གྱང་ལ་བརྡབས་པ་ཚུར་ཡར་བ་ཞེས་པ་ལྟ་བུ་རེད། དམྱལ་བ་དེ་ཙམ་སྐྱེས་པ་ཙམ་ཞིག་གིས་ཐར་ནས་མཐར་འཕགས་པ་ཟུང་བཞིའི་ནང་གི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པར་བཤད་པས། སྡིག་པ་དེ་དག་དྲན་པའི་མོད་ལ་འགྱོད་པ་ཡང་ཆེ་ཞིང་བཤགས་པའི་ཐབས་ལ་འབད་པ་ནི། གནད་ཟབ་ཤོས་ཡིན་པས་ཕུང་བོ་གསུམ་པའི་མདོ་འདོན་པ་ལ་བསླབ་པར་བྱའོ། །སྡིག་པ་ཞེས་པ་བསགས་ན་དེ་ལྟ་བུའི་ཉེས་པ་དང་རྣམ་སྨིན་ལྕི་ན། དེ་བཤགས་ན་ངོ་མ་དག་རྒྱུ་ཡོད་པ་ཡིན་ནམ་སྙམ་ན། ངོ་མ་དག་རྒྱུ་ཡོད་ངེས་པར་ཡིན་པ་དང་། ཅི་འདྲ་བྱས་ནས་བཤགས་དགོས་པའི་ཚུལ་ནི། འདིའི་གོང་དུ་གསུངས་པ་ལྟར་དུ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་བཞི་བསྟན་པའི་མདོ་ལས། བྱམས་པ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཆོས་བཞི་དང་ལྡན་ན་སྡིག་པ་བྱས་ཤིང་བསགས་པ་ཟིལ་གྱིས་ནོན། ཆོས་བཞི་གང་ཞེ་ན། རྣམ་པར་སུན་འབྱིན་པའི་སྟོབས་དང་། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། ཉེས་པ་ལས་ཟློག་པའི་སྟོབས། རྟེན་གྱི་སྟོབས་སོ་ཞེས་གསུངས་པས་གོང་དུ་ཞུས་པའི་སྟོབས་བཞི་པོ་དེ་ལ་བརྟེན་ན་ཉེས་པ་བཤགས་རྒྱུ་ཡོད་པ་རེད། དེ་ཡང་རྣམ་པར་སུན་འབྱིན་པའི་སྟོབས་ནི། སྔར་བྱས་ཀྱི་སྡིག་པ་ལ་འགྱོད་པ་དྲག་པོར་སྐྱེས་ཏེ་ཡུལ་གྱི་སྤྱན་སྔར་མཐོལ་ལོ་བཤགས་སོ་ཞེས་འགྱོད་སེམས་དང་བཅས་པའི་མཐོལ་བཤགས་བྱས་པ་དེ་རེད། འདིའི་འགྱོད་པ་ལ། འགྱོད་པ་བསྐྱེད་ལུགས་རྣམ་པ་གསུམ་གྱིས་བརྟགས་ནས་འགྱོད་པ་སྐྱེ་རྒྱུ་ཡོད་པ་རེད། དང་པོ་ནི་སྔར་བྱས་ཀྱི་སྡིག་པ་དེ་དོན་མེད་དུ་བྱས་སོ་བསམ་དེ་དོན་མེད་པ་ལ་བརྟགས་ནས་འགྱོད་པ་བསྐྱེད་པ་དང་། གཉིས་པ་ནི་སྡིག་པ་བྱས་པའི་འབྲས་བུ་དེ་འཇིགས་པ་ཆེན་པོ་རྗེས་སུ་སྐྱེད་བྱེད་ཡིན་པར་བསམ་ཞིང་འཇིགས་པ་ལ་བརྟགས་ནས་འགྱོད་པ་བསྐྱེད་པ་དང་། གསུམ་པ་སྡིག་པ་བཤགས་པ་ལ་འགོར་འགྱང་དུ་འགྲོ་མི་ཉན་པའི་ཉེས་པ་ཞིག་ཡིན་པར་ཤེས་ནས་མྱུར་དུ་འབྲལ་དགོས་པ་ལ་བརྟགས་ནས་འགྱོད་པ་བསྐྱེད་པ་སྟེ། དེ་འདྲ་འགྱོད་པ་སྐྱེད་ལུགས་གསུམ་ཡོད་པའི། དང་པོ་སྡིག་པ་བྱས་པའི་དོན་ལ་འདང་རྒྱག་ན། སྐབས་རེར་དགྲ་འདུལ་བའི་ཆེད་དང་། མཚམས་རེར་གཉེན་སྐྱོང་པའི་ཆེད། སྐབས་རེས་འགར་རང་ཉིད་ཀྱི་ལུས་སྐྱོང་བའི་ཆེད། ནོར་གསོག་པའི་ཆེད། སྙན་གྲགས་རྒྱས་པའི་ཆེད་སོགས་མདོར་ན་འཇིག་རྟེན་འདི་སྣང་གི་སོ་ཚིས་ཁོ་ནའི་ཆེད་དུ་བྱས་པ་ཡིན་ལ། ང་ཤི་ནས་འཇིག་རྟེན་ཕྱི་མའི་ཡུལ་དུ་འགྲོ་དུས། དགྲ་གཉེན་ཡུལ་དང་ནོར་རྫས་གཅེས་པའི་སྒྱུ་ལུས་ནས་བཟུང་སྟེ་ང་དང་མཉམ་པོར་མི་འགྲོ་ལ། ལས་ངན་གྱི་སྡིག་པ་བསགས་ཚད་ཀུན་པོ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ནས་སྐྱེ་བ་དེ་ལ་ངའི་གཤེད་མ་ཡིན་པས། མཛའ་དང་མི་མཛའི་དོན་གྱི་ཕྱིར། །སྡིག་པ་རྣམ་པ་སྣ་ཚོགས་བྱས། །མི་མཛའ་རྣམ་ཀྱང་མེད་འགྱུར་ཞིང་། །མཛའ་བ་རྣམས་ཀྱང་མེད་པར་འགྱུར། །ཞེས་གསུངས་པ་རེད། དེ་ལྟར་ན་སྡིག་པ་དེ་ཉེས་པ་ཚབས་ཆེན་པོ་དོན་ཆུང་ཆུང་ཅན་ཞིག་རེད་བསམ་ནས་འགྱོད་པ་བསྐྱེད་དགོས། དོན་ཆུང་བ་རྐྱང་བས་མི་ཚད་པར་དེའི་རྗེས་སུ་འཇིགས་སྐྲག་ཆེན་པོ་འོང་རྒྱུ་ཡོད་པས། གཉིས་པ་འཇིགས་པར་བརྟགས་ནས་འགྱོད་པ་བསྐྱེད་དགོས་པ་རེད། དེ་ཇི་ལྟར་ཡིན་ན། སྡིག་པ་བྱེད་མཁན་དེ་ལ་འཆི་ཁར་འཇིགས་སྐྲག་ཡོད་ལ། ཤི་དུས་འཇིགས་སྐྲག་དེ་བས་ཆེ། ཤི་བའི་རྗེས་སུ་དེ་བས་ཀྱང་འཇིགས་སྐྲག་ཆེན་པོ་ཡོད་པ་རེད། ཤི་ཁར་འཇིགས་སྐྲག་ཅི་འདྲ་ཡོད་སྙམ་ན། མི་སྡིག་ཅན་འཆི་བ་མཐོང་ཙ་ན། །ལས་རྒྱུ་འབྲས་སྟོན་པའི་སློབ་དཔོན་ཡིན། །ཞེས་གསུངས་པ་ལྟར། སྡིག་ཆེན་ཤི་དུས་མནར་གཅོད་ཀྱི་སྡུག་བསྔལ་ཡོད་པས་མི་ཚད། ཤི་ཁར་ལས་ཀྱི་འཁྲུལ་སྣང་གིས་སྡུག་བསྔལ་གྱི་བསུ་མ་སྔོན་ལ་ཐོན་ཡོང་བ་རེད། བདག་ནི་མལ་ན་འདུག་བཞིན་དུ། །གཉེན་བཤེས་ཀུན་གྱིས་མཐའ་བསྐོར་ཀྱང་། །སྲོག་ཆད་པ་ཡི་ཚོར་བ་དག །བདག་ཉིད་གཅིག་པུས་མྱོང་བར་འགྱུར། །ཞེས་གསུངས་པ་བཞིན་རེད། ཤི་དུས་དེ་བས་འཇིགས་སྐྲག་ཆེ་སྟེ། གཤིན་རྗེའི་སྐྱེས་བུ་ངམ་གནག་འཇིགས་སུ་རུང་བ་རྣམས་ཀྱིས་གཤིན་རྗེའི་ཞགས་ནག་སྐེ་ལ་བསྐོན་ནས་ཁྲིད་འགྲོ་བ་ན་བརྒྱལ་སོང་ཡང་སྙིང་རྗེ་ཡོད་པ་མ་རེད། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨོས་ཅི་དགོས། །ཞེས་གསུངས་པ་བཞིན་ནོ། །ཤི་ཚར་བའི་ཕར་རྒྱབ་ན་འཇིགས་སྐྲག་དེ་བས་ཆེ་སྟེ། དམྱལ་བའི་གནས་སུ་ལྷུང་ནས་བཙོ་བསྲེགས་ཀྱི་སྡུག་བསྔལ་མྱོང་དགོས་པས། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་དགོས། །ཞེས་གསུངས་པ་ལྟར། སྡིག་པའི་འབྲས་བུ་དེ་འདྲའི་འཇིགས་སྐྲག་ཅན་ཡིན་པས་ན་འགྱོད་པ་བསྐྱེད་དགོས་པ་ཞིག་ཡིན། གསུམ་པ་སྡིག་པ་མྱུར་དུ་འབྲལ་དགོས་པ་ལ་བརྟགས་ནས་འགྱོད་པ་བསྐྱེད་པ་ནི། སྡིག་པ་བཤགས་པ་དེ་ཕྱི་འགྱང་བྱེད་ཕོད་རྒྱུ་ཞིག་ཡིན་པ་མ་རེད། སྡིག་པ་མ་དག་པའི་སྔོན་དུ་ཤི་དོགས་ཡོད་པ་རེད། གལ་ཏེ་ཤི་སོང་ན། འཆི་བདག་བདུད་པོ་དེས་སྡིག་པ་དག་ཡོད་མེད་ལ་མི་བལྟ་བས། ཁྱོད་ཀྱི་སྡིག་པ་དག་མེད་པས་དེ་བཤགས་ཚེ་སྒུག་ཟེར་རོགས་བྱས་པ་མ་རེད། ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ན་དང་མི་ན་ཀུན་གྱིས་ཀྱང་། །གློ་བུར་ཚེ་ལ་ཡིད་མི་བརྟན། །ཞེས་གསུངས་སོ། །དེ་ལྟ་བུའི་རྒྱུ་མཚན་གསུམ་ལ་བརྟེན་ནས་སྡིག་པ་བྱེད་པ་ལ་འགྱོད་པ་བསྐྱེད་ན་སྡིག་པ་དག་པ་རེད། གོང་དུ་བཤད་པ་ལྟར་དུ། གནར་སོར་མོའི་ཕྲེང་བ་ཅན་གྱིས་གཙོ་བོ་སུན་འབྱིན་གྱི་སྟོབས་འདི་ཉམས་སུ་བླངས་ནས་འགྱོད་པ་བྱས་པའི་དབང་གིས་སྡིག་པ་དག་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རེད། དེས་ན་གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །སོགས་གསུངས་པ་རེད། སྟོབས་བཞིའི་ནང་ནས་གཉིས་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི། སྡིག་པའི་གཉེན་པོ་དགེ་བ་སྤྱོད་པ་དེ་ཡིན། སྡིག་པ་འདག་ཐབས་ལ་དགེ་བ་སྒྲུབ་དགོས། དེ་ཡང་སྟོང་པ་ཉིད་སྒོམ་པ་དང་། མདོ་སྡེ་ཟབ་མོ་བཏོན་པ་དང་། གསང་སྔགས་ཀྱི་བཟླས་བརྗོད་བྱས་པ་དང་། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མཆོད་པ་བྱས་པ་དང་། སྐུ་གསུང་ཐུགས་རྟེན་བཞེངས་པ་དང་། ཆོས་འཆད་ཉན་འབྲི་ཀློག་འཆང་བ་སོགས་བྱས་ན་སྡིག་པ་འདག་པར་མདོ་དང་རྒྱུད་སྡེ་རྣམས་ལས་གསུངས་ཡོད། མདོར་ན་སྒོ་གསུམ་གྱི་དགེ་རྩ་རྣམ་དག་གང་སྒྲུབ་ཀྱང་སྡིག་པ་འདག་བྱེད་ཡིན། འོ་ན་སྡིག་པའི་གཉེན་པོ་དགེ་བ་བྱེད་པ་དེའང་སྡིག་པ་ཇི་སྙེད་བྱས་པ་དེ་སྙེད་ཀྱི་དགེ་བ་བྱ་དགོས་སམ་ཞེ་ན། མ་ཡིན་ཏེ། དགེ་བ་གཅིག་གིས་སྡིག་པ་མང་པོ་འཇོམས་པར་མདོ་ལས་གསུངས་ཡོད་པ་རེད། དཔེར་ན་རྡོ་རྗེ་ཕ་ལམ་ཆུང་ཆུང་ཞིག་གིས་རི་རབ་བཤིག་པ་དང་། མེ་སྟག་ཆུང་ཆུང་གིས་རྩྭ་ཤིང་མང་པོ་སྲེག་ནུས་པ་བཞིན་དུ། དགེ་བ་སྟོབས་ཆེན་གཅིག་གིས་ཀྱང་སྡིག་པ་ཆེན་པོ་དང་མང་པོ་མཉམ་དུ་འཇོམས་ནུས་པ་ཡིན་པས། སྤྱོད་འཇུག་ལས། དེས་ནི་དུས་མཐའི་མེ་བཞིན་སྡིག་ཆེན་རྣམས། །སྐད་ཅིག་གཅིག་གིས་ངེས་པར་སྲེག་པར་བྱེད། །ཅེས་གསུངས་སོ། །སྟོབས་བཞིའི་ནང་ནས་གསུམ་པ་ཉེས་པ་ལས་ཟློག་པའི་སྟོབས་སམ་སྡོམ་པའི་སྟོབས་ནི། རྣམ་སྨིན་ལ་སྐྲག་ནས་ཕྱིན་ཆད་སྡིག་པ་འཕྲོ་བཅད་དེ་སྡོམ་པ་དེ་རེད། འདི་ནི་བཟང་པོ་མ་ལགས་པས། །སླན་ཆད་བདག་ནི་ཡོང་མི་བགྱིད། །ཅེས་གསུངས་པ་བཞིན་ནོ། །སྡོམ་པའི་སྟོབས་འདིས་སྡིག་པ་འདག་ལུགས་ནི། ཆུ་རྒྱུན་གཅོད་པའི་ཆུ་རགས་ལྟར་ཡིན་ཞེས་གསུངས་ཡོད། གནའ་སྔོན་མར་བཅོམ་ལྡན་འདས་ཀྱི་གཅུང་དགའ་བོ་འདོད་སྲེད་ཀྱི་ཞེན་པས། བཟའ་ཟླ་ལ་ཆགས་ནས་ཐར་ལམ་སྒྲུབ་མི་ནུས་པའི་སྡིག་ཆེན་ཞིག་ཡིན་ཡང་། སྡོམ་པའི་སྟོབས་སམ་ཉེས་པ་ལས་བཟློག་པའི་སྟོབས་འདི་ཉམས་སུ་བླངས་ནས་སྡིག་པ་དག་སྟེ་དགྲ་བཅོམ་པའི་གོ་འཕང་ཐོབ་པ་རེད། དེས་ན་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །སོགས་གསུངས་སོ། །སྟོབས་བཞིའི་ནང་ནས་བཞི་པ་རྟེན་གྱི་སྟོབས་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སོགས་ཡིན་ཏེ། དཀོན་མཆོག་གསུམ་ལ་སྐྱབས་སོང་བས། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པའི་ཕྱིར་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། སྡིག་པ་འདག་སྟོབས་ཤིན་ཏུ་ཆེ་བ་ནི། སྡིག་པ་ཤིན་ཏུ་མི་བཟད་བྱས་ན་ཡང་། །དཔའ་ལ་བརྟེན་ནས་འཇིགས་པ་ཆེན་པོ་ལྟར། །གང་ལ་བརྟེན་ནས་ཡུད་ཀྱིས་སྒྲོལ་འགྱུར་བ། །དེ་ལ་བག་ཅན་རྣམས་ཀྱིས་ཅིས་མི་བརྟེན། །ཞེས་གསུངས་པ་ལྟར་རོ། །རྟེན་གྱི་སྟོབས་འདིས་སྡིག་པ་འདག་ལུགས་ལ་བསམ་ན། དཀོན་མཆོག་གསུམ་ལ་བརྟེན་པ་ནི། དཔེར་ན་མི་ཉམ་ཆུང་ཞིག་གིས་མི་དབང་ཆེན་དང་སྟོབས་ཆེན་ལ་རྒྱབ་རྟེན་བཅོལ་བ་བཞིན་དང་། བྱང་ཆུབ་ཀྱི་སེམས་བསྐྱེད་པ་དེ་ནི་དུག་ལ་སྔགས་བཏབ་ནས་སྨན་བྱེད་པ་བཞིན་ཡིན། གནའ་སྔ་མོར་རྒྱལ་བུ་མཐོང་ལྡན་ཞེས་པ་ཕ་བསད་པའི་སྡིག་ཆེན་ཞིག་ཡིན་ཡང་རྟེན་གྱི་སྟོབས་འདི་ཉམས་སུ་བླངས་ནས་སྡིག་པ་དག་སྟེ་བྱང་ཆུབ་སེམས་དཔར་གྱུར་སོང་བ་རེད། དེས་ན་ཡང་། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །སོགས་གསུངས་པ་རེད། དེས་ན་དེ་ལྟ་བུའི་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་སྡོམ་བྱ་རྒྱུ་ནི་གནད་ཟབ་མོ་ཡིན་པས་ན། འདི་གནད་ཟབ་ཤོས་ཡིན་པས་ཕུང་པོ་གསུམ་པའི་མདོ་འདོན་པ་ལ་བསླབ་པར་བྱའོ་ཞེས་གསུངས་པ་རེད། དེ་ཡང་གདམས་ངག་ཁྲིད་ཀྱི་ལུགས་སུ་གདབ་པའི་ལག་ཁྲིད་ཀྱི་སྐབས་འདིར་གོང་གི་མི་དགེ་བ་བཅུ་དང་། དེའི་འབྲས་བུ་ངོས་མ་ཟིན་པར་བྱ་བ་ནི་སྤང་བྱ་ཡིན་ལ། མི་དགེ་སྡིག་ལས་དེ་དག་གི་འབྲས་བུ་མྱོང་ཚུལ་ཐམས་ཅད་ངེས་པར་བྱས་ཏེ། བཤགས་པ་ལན་གཅིག་གིས་མི་ཚད་པར། དེ་ཉིད་བློ་ལ་ནམ་འཆར་འཆར་སེམས་ལ་ནམ་ཤར་ཤར་གྱི་དུས་སུ་གོང་དུ་བཤད་པའི་སྟོབས་བཞིའི་གནད་དང་ལྡན་པས་ཕུང་པོ་གསུམ་པའི་མདོ་འདོན་པ་ནི། གཉེན་པོ་ཡིན་པས་ལས་འབྲས་བསམ་པ་དང་། བཤགས་པ་བྱ་བ་འདི་གཉིས་རེས་འཇོག་ཏུ་སྤེལ་མར་བྱས་ནས་ཡང་ཡང་སྒོམ། སྤྱིར་ན་སྡིག་པ་ལ་ཡོན་ཏན་མེད་ཀྱང་། བཤགས་ན་འདག་པ་སྡིག་པའི་ཡོན་ཏན་ཡིན་གསུངས་ཡོད་པ་རེད། འདུས་བྱས་ཀྱི་དངོས་པོ་ཐམས་ཅད་དང་པོ་བྱ་རུ་ཐུབ་པ་ཡིན་ན་ཐ་མར་བཤིག་ཏུ་རུང་བའང་ཡིན། སྡིག་པའི་ལས་ཀྱང་དང་པོ་བསགས་རྒྱུ་ཡོད་པ་དེ་ཐ་མར་བཤགས་ཆོག་རྒྱུ་དང་བཤགས་རྒྱུ་ཡོད་པ་ཞིག་ཀྱང་ཡིན་པ་རེད། ཁྱད་པར་དུ་འཆབ་སེམས་མ་བྱས་པའི་ཉེས་པ་ལ་འགྱུར་བཞིན་པའི་སྐབས་སུ་ཀུན་ཏུ་བསྒྲག་པ་དེ་གཉེན་པོའི་མཆོག་ཡིན། མདོ་ལས་སྐྱེས་བུ་དམ་པ་གཉིས་ཡོད་དེ། གང་ཞེ་ན། ལྟུང་བ་མི་འབྱུང་བ་དང་། ལྟུང་བ་བྱུང་ན་ཕྱིར་བཅོས་ཤེས་པ་གཉིས་ཡིན་གསུངས་པ་རེད། དུས་འདི་ནས་བཟུང་སྟེ་མི་དགེ་བའི་ཕྱོགས་སྤོང་བར་བྱེད་པ་ལ་བག་ཡོད་པའི་སྤྱོད་པས་ཤེས་བཞིན་གྱི་དྲན་པ་བསྟེན་ལ་སྡིག་པ་མི་དགེ་བ་དེ་དག་གི་བསམ་པ་དང་ཀུན་སློང་ནམ་སྐྱེས་ན་བསམ་བློ་དེ་དག་འབུར་འཇོམས་སུ་གཏོང་དགོས། བསམ་པ་སྟོབས་ལྡན་སྔོན་དུ་འགྲོ་བས་དངོས་གཞིའི་སྐབས་སུ་དུས་རྟག་པར་ཡང་ཇོ་བོ་དཱི་པམ་ཀཱ་རའམ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་རྣམ་ཐར་ལྟར་དུ། ནངས་པར་སྡིག་པ་བསགས་པ་སྔ་དྲོར་བཤགས། ཕྱི་དྲོར་སྡིག་པ་བསགས་པ་ཉལ་ཁར་བཤགས་ཏེ་སྡིག་ལྟུང་དང་ཞག་གཅིག་ཀྱང་མ་འགྲོགས་པར་བྱའོ། །རང་རེ་སོ་སོའི་སྐྱེ་བོའི་གནས་སྐབས་སུ་དཀར་པོའི་ལས་སྡིག་པ་དང་མ་འདྲེས་པ་དེ་གཅིག་དཀའ་ལ། དེ་མ་དགོས་འདྲེས་པའི་ལས་ཀྱང་དཀོན་པོ་ཡིན་པས། མཐའ་གཅིག་ཏུ་གནག་པའི་ལས་དེ་ཤིན་ཏུ་མང་པོ་རེད། སེམས་ཅན་གྱི་རྒྱུད་ལ་ངན་སོང་དུ་འགྲོ་བའི་རྒྱུ་གྲ་མ་ཉམས་གྲུ་མ་ཞིག་པ་ཡོད་པའི་ཐོག་ལ་རྣམ་རྟོག་འབྱུང་ལུགས་ཀྱི་ཁྱད་པར་ཙམ་གྱིས་དབུགས་སྔ་ཕྱི་སྐད་ཅིག་སྔོན་རྗེས་ཀྱི་བར་ལ་སྡིག་པ་གསོག་འགྲོ་བས། སྡིག་པ་གསག་སླ། ཇོ་བོ་རྗེ་ལྷ་གཅིག་དཔལ་ལྡན་དཱི་པམ་ཀཱ་ར་ལྟ་བུ་དམ་པའི་སྐྱེས་བུ་ཡང་ལམ་ལ་བྱོན་བཞིན་པའི་སྐབས་སུ། ཁོང་གི་ཐུགས་ལ་རྣམ་རྟོག་ཤར་ལུགས་ཀྱིས་མཚམས་མཚམས་སུ་བཞུགས་ཏེ། ཤིང་གི་མཎྜལ་ཞིག་ཡོད་པ་དེ་ཚུར་བླངས་ནས། མཎྜལ་ཕུལ་ཏེ་བཤགས་སྡོམ་བྱས་པ་རེད་ཅེས་ལོ་རྒྱུས་ཡོད་པ་དང་། ཉེས་ལྟུང་དང་འགྲོགས་ནས་ཞག་གཅིག་ཀྱང་འདུག་མ་མྱོང་གསུངས་པ་རེད། ཁ་ཅིག་དེ་ལྟར་བཤགས་པར་བྱས་ན་སྡིག་པ་དག་འགྲོ་བ་ཡིན་ན། སྡིག་པ་ལ་ཡོན་ཏན་མེད་ཀྱང་བཤགས་ན་དག་པ་རེད། བཤགས་ཞོར་གསག་ཞོར་བྱ་འདུག་ཆོག་བསམ་ན། མི་རིགས་ཏེ་དེ་ལྟར་བཤགས་པ་ཁོ་ནས་ཆོག་པ་གོ་ནས་སྡིག་པ་རེ་རེ་བྱས། ཡང་བཤགས་པ་རེ་བྱས་པས་ཉེས་སྤྱོད་དང་མི་དགེ་བའི་ཕྱོགས་ལ་སྡོམ་སེམས་མེད་པར། དགེ་སྡིག་འཁྱོལ་ཉོག་གམ་འདྲེས་མ་དག་ཏུ་སྤྱོད། ནངས་ནུབ་ཏུ་བཤགས་ཚིགས་རེ་ཙམ་ཁ་ཡེངས་མིག་ཡེངས་ཀྱིས་ཁ་ནས་བཏོན་པས་ཆོག་པར་བསམ་པ་ནི་ནོར་བ་རྔམ་པོ་ཆེའམ་ནོར་འཁྲུལ་ཚབས་ཆེན་ཡིན་ཏེ། དེ་ལྟ་བུ་ལ་སྟོབས་བཞི་མ་ཚང་བས་བཤགས་མི་ནུས་ལ། བཤགས་པ་སྔ་མ་ལ་སྟོབས་བཞིས་བཤགས་པའི་འགྱོད་སེམས་ཡོད་དགོས་པ་ལ། འགྱོད་པ་སོགས་མེད་པའི་སྟོབས་བཞི་མ་ཚང་བའི་བཤགས་པ་ཡེངས་མ་ལམ་གྱིས་ཟིལ་གྱིས་མནན་ཅིང་ཞེས། སྐོར་ཅིག་བཤགས་པ་ཡག་པོ་ཞིག་བྱས་ཡོད་ཀྱང་དེའི་རྗེས་ནས་བཤགས་པ་སྡུག་པོ་སྟོབས་བཞི་པོ་མ་ཚང་བའི་བཤགས་པ་བྱས་པས། གཅིག་པོ་དེ་ལའང་གནོད་པས་མི་ལོ་བ་ཞིག་རེད་འགྲོ་ཞེས་པའི་དོན་རེད། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་སྡོམ་སེམས་ལས་འཕྲལ་དུ་ཉམས་པའི་ཕྱིར། སྟོབས་བཞི་ཚང་བའི་འགྱོད་སེམས་དྲག་པོ་དང་བཅས་པས་བཤགས་ན་དག་པའི་ལས་དང་། དེ་འབྲས་ཀྱི་སྡིག་པ་བྱང་བ་ཉིད་ཀྱི་རྟེན་འབྲེལ་མི་བསླུ་བའི་ཆོས་ཐམས་ཅད་བསྣུབས་པའི་ལོག་པར་ལྟ་བ་ཡིན་ནོ། །སྡིག་པ་བཤགས་ན་དག་འགྲོ་བས། ཡང་སྡིག་པ་བྱས་ན་དྲག་རྒྱུ་རེད་ཅེས་ཟེར་མཁན་རྣམས་ལོག་པར་ལྟ་བ་ཡིན་པས་། བཤགས་རྒྱུ་མེད་པའི་སྡིག་ཆེན་ཞིག་ལ་འགྱུར་འགྲོ། ཚུལ་དེ་ལྟར་ཤེས་པར་བྱས་ཏེ་འདི་ཡན་ཆོད་ཀྱི་སྡུག་བསྔལ་རྒྱུ་འབྲས་དང་། སྡིག་པ་བཤགས་ཐབས་དང་བཅས་པའི་ཚིག་དོན་ལ་ཞེ་ཐག་པ་ནས་ལེགས་པར་བསམ་སྟེ། འདི་སྣང་འཇིག་རྟེན་གྱི་བྱ་བ་བྱས་བྱས་ཟིན་པར་མེད་པ་མཐའ་དག་ལ་སྙིང་མེད་སྡུག་བསྔལ་གྱི་འབྱུང་རྩ། མཁྲིས་ནད་ཅན་གྱི་ཟས་མཐོང་བ་ལྟར་ཞེན་པ་གཏིང་ནས་ལོག་ཏེ་སྐྱུགས་ལོག་པ་ཞིག་མ་བྱུང་ན། རང་གར་ཡ་ངེ་ཡེང་ངེ་ཞིག་གིས་ཅི་ཡང་མི་ལོ། །ཐོས་པ་ལུང་ཡིན་པས་རྣ་རྒྱབ་ལ་རླུང་ཞིག་རྒྱག་པ་དང་འདྲ་ལ། ད་བཤད་ཚར་དུས་ད་མེད་ཚར། ཀློག་པ་ནི་ཚིག་ཡིན་པས། སྒྲ་བྲག་ཅར་འདྲ་ཞིག་རེད། བློ་ལ་འབྱོངས་ཤིང་རྒྱུད་ལ་འབྱོར་བའི་སྐབས་མི་སྲིད་དེ། ཨོ་རྒྱན་ཆེན་པོས། སངས་རྒྱས་བཀའ་ལུང་དམ་ཆོས་གང་ཡོད་དུ། །ལེགས་པར་བཙལ་ཞིང་དམ་ཆོས་ཐོས་པའི་ཚེ། །ཡང་དག་བསམ་པས་ཚིག་དོན་མ་བཟུང་ན། །ཁ་སྦུབ་སྣོད་དུ་ཆུ་རྒྱུན་མི་འཇུག་ལྟར། །འཁོར་བའི་ཚ་གདུང་རྒྱས་ཚེ་ཕན་པ་མེད། །ཅེས་གསུངས་ཏེ། རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་བཀའ་ལུང་དང་། རྗེས་འཇུག་མཁས་པ་རྣམས་ཀྱིས་དེའི་དགོངས་པ་འགྲེལ་བའི་དམ་ཆོས་དེ་གང་ལ་བཞུགས་ཡོད་པ་དེ་ཉིད་དུ། དགེ་བའི་བཤེས་གཉེན་དམ་པའི་ཞལ་ནས་ལེགས་པར་བཙལ་ཞིང་། དམ་པའི་ཆོས་དེ་ལེགས་པར་ཐོས་པའི་ཚེ་ཐོས་པ་ཙམ་གྱིས་མི་ཆོག་པར། ཐོས་དོན་དེ་ཉིད་ཡང་དག་པར་བསམ་པས་ཚིག་དོན་ཡ་མ་བྲལ་བར་མ་བཟུང་ན། དཔེར་ན་ཁ་སྦུབ་ཀྱི་སྣོད་དུ་ཆུ་རྒྱུན་ཇི་ལྟར་བླུག་ཀྱང་ནང་དུ་མི་འཇུག་པ་ལྟར་ཐོས་བསམ་བྱས་པའི་དམ་ཆོས་རང་རྒྱུད་དང་མི་འདྲེས་པ་དང་། དམ་ཆོས་ཞི་བསིལ་བདུད་རྩི་འདི་འཁོར་བའི་ཚ་གདུང་འཇོམས་བྱེད་ཡིན་ཡང་། རང་རྒྱུད་ལ་འབྱོར་མེད་ན་འཁོར་བའི་ཚ་གདུང་རྒྱས་བའི་ཚེ་ན་དེ་ལ་ཕན་པ་མེད་དོ། །ཞེས་གསུངས་སོ། །ད་ནི་གང་གི་ཁྲིད་སྦྱོང་དྲུག་པོ་སྤྱིའི་དོན་བསྡུ་བ་ནི། དེའང་གོང་དུ་ཐུན་མོང་གི་སྔོན་འགྲོ་འདུས་བྱས་ཐམས་ཅད་མི་རྟག་པར་བསྟན་པ། བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་སྣང་བ་སོགས་ལ་བསམ་པ་སྤྱི་དང་། ཁྱད་པར་དུ་འཇིག་རྟེན་གྱི་ལོངས་སྤྱོད་དུག་གིས་བསྐྱེད་པའི་སྦྲང་རྩི་དང་འདྲ་བར་ཡིན་པ་དེ་དཔེ་དོན་ལུང་གསུམ་གྱི་ཐོག་ནས་བསྟན་པ་དེ་ཉིད། ཞིབ་ཏུ་ཤེས་ཤིང་བསམ་པ་དེའི་ཕྱིར་ན་འཇིག་རྟེན་གྱི་ལོངས་སྤྱོད་ཇི་ལྟར་ཕུན་སུམ་ཚོགས་ཀྱང་། རྟག་པ་དང་བརྟན་པའི་ཡིད་རྟོན་མེད་པར་དཔེར་ན་རླུང་ནང་གི་མར་མེ་འབར་བའི་རྒྱུན་འཁྱོངས་མི་ཐུབ་པ་ལྟ་བུའམ་། དབྱར་གྱི་ཆུ་བྲན་སྟོན་ཆར་ཆུ་བྲི་དུས་མེད་པར་གྱུར་པ་ལྟ་བུའམ། ནམ་མཁའི་གློག་སྐད་ཅིག་ཙམ་ལ་གསལ་ཡང་ཡུན་རིང་མི་སྡོད་པ་ལྟ་བུ་དག་གམ། མདང་གི་རྨི་ལམ་ནང་གི་བདེ་སྐྱིད་དང་སྡུག་བསྔལ་དེ་རིང་མེད་པ་ལྟ་བུ། སྲིད་པའི་ཕུན་ཚོགས་ཤིན་ཏུ་མི་རྟག་ཅིང་བདེན་པ་མེད་པ་ཡིན་པས། འཁོར་བ་ལ་སྐྱོ་ཤས་བསྐྱེད་ནས་དེ་ལས་ངེས་པར་འབྱུང་འདོད་ཀྱིས་དུས་རྟག་ཏུ་དབེན་པར་བརྟེན། འཁོར་བའི་བྱ་བ་འཇིག་རྟེན་འདི་སྣང་གི་སོ་ཚིས་ལ་སྐྱོ་བའི་འདུ་ཤེས་སྙིང་ནས་བསྐྱེད། བཟའ་བཏུང་ཉེར་སྤྱོད་དང་ཉེར་མཁོའི་ཡོ་བྱད་སོགས་གང་བྱུང་དེས་ཆོག་ལ་བློ་ཕུག་གཏད། རྗེ་བཙུན་མི་ལས། ང་ན་ན་འདྲི་མི་མེད་པ་དང་། །ཤི་ན་ངུ་མི་མེད་པ་རུ། །རི་ཁྲོད་འདི་རུ་འཆི་ནུས་ན། །རྣལ་འབྱོར་བསམ་པ་རྫོགས་པ་ཡིན། །ཞེས་གསུངས་པ་ལྟར། ན་དགའ་ཤི་སྐྱིད་ལ་སྐྱབས་བཅོལ། མི་ཤི་བའི་ཤུལ་ལྟར་སུ་གང་ལབ་ལབ་ཏུ་བཅུག་ཅེས། མི་ཤི་བའི་ཤུལ་ན་རོ་ཡོད་པ་རེད། རོ་ལ་དགའ་སྡུག་མེད་པ་ལྟར་མི་སུ་ཞིག་གིས་ཅི་བཤད་བཤད་གང་ལབ་ལབ་བཤད་དུ་བཅུག མཛེ་ནད་ཅན་དང་སྤྲང་བོ་ཡུལ་འཁྱར་བ་ལྟར་ལྟ་མཁན་དང་རིག་མཁན་མེད་པས་འཁོར་མཁན་བྱ་དང་བྱེའུ་གཅིག་ཀྱང་མེད་པར་རང་ཐག་རང་གིས་བཅད། སྣ་ཐག་མགོ་ལ་བརྒྱབ་རྒྱུ་ལ་ཡིད་ཀྱིས་སྨོན་ནས་བླ་མ་དམ་པའི་གདམས་ངག་སྒོམ་པ་ཁོ་ན་ལ་བློ་འཇུག་པ་ཞིག་བྱ་དགོས་ཏེ། ཨོ་རྒྱན་ཆེན་པོས། འདི་ནི་འཇིག་རྟེན་སྐྱོ་བའི་ཡུལ་ཡིན་པས། །སྐྱེ་བོའི་བདེ་སྐྱིད་ཕུན་སུམ་ཚོགས་འདྲ་བ། །དབྱར་གྱི་ཆུ་དང་རྨི་ལམ་ནོར་རྫས་ལྟར། །བདེན་པ་མེད་ཅིང་མྱུར་དུ་མི་རྟག་པས།། སྐྱོ་བའི་འདུ་ཤེས་རྟག་ཏུ་བསྐྱེད་འཚལ་ལོ། །ཞེས་ཁམས་གསུམ་འཁོར་བའི་གནས་འདི་ནི་འཇིག་རྟེན་གྱི་ཁམས་སྡུག་བསྔལ་སྣ་ཚོགས་ཀྱིས་ཉེས་པས་སྐྱོ་བའི་ཡུལ་ཡིན་པས། མཐོ་རིས་ལྷ་མིའི་གནས་སྐབས་ཀྱི་བདེ་སྐྱིད་འདི་ཕར་བལྟས་ན་ཕུན་སུམ་ཚོགས་པ་འདྲ་བ། དཔེར་ན་དབྱར་གྱི་ཆུ་ཕྲན་ལྟར་མྱུར་དུ་བྲི་བ་དང་། རྨི་ལམ་གྱི་ནོར་རྫས་ལྟར་སད་ཚེ་མེད་པ་བཞིན་དུ། བརྟག་ན་དོན་ལ་བདེན་པ་དང་ཡིད་རྟོན་ཕེར་བ་ཞིག་མེད་ཅིང་། མྱུར་དུ་འགྱུར་བའི་ཆོས་ཅན་མི་རྟག་པ་ཡིན་པས་ན། ཁམས་གསུམ་འཁོར་བའི་གནས་འདི་ལ་སྐྱོ་ཤས་དང་ངེས་པར་འབྱུང་བའི་ཡིད་ཀྱི་འདུ་ཤེས་དུས་རྟག་ཏུ་བསྐྱེད་པར་འཚལ་ལོ། འདི་ཉིད་ལས་ལོག་ཆགས་དང་འཁྱལ་བ་དང་། །སྐྱེ་དགུའི་དཔལ་ལ་ངོ་མཚར་ཆེར་བྱེད་པ། །དེ་ནི་བསོད་ནམས་དམན་པའི་རིགས་ཅན་ཏེ། །ཁྱེད་ཀྱི་སྙིང་ནི་ཤིང་སྡོང་ཁོང་རུལ་ལྟར། །ཕྱི་ནས་ཐར་བའི་ལོ་འབྲས་མི་འབྱུང་ངོ་། །ཞེས་དེ་ལྟ་བུའི་ངེས་འབྱུང་གི་བསམ་པས་བསྐུལ་ཏེ་ཐར་ལམ་རྣམ་དག་འཚོལ་བ་འདི་ཉིད་ལས་ལོག་སྟེ། སྡུག་བསྔལ་ལ་བདེ་བར་བཟུང་ནས་ཟག་བཅས་སྲིད་པའི་བདེ་བ་ལ་ཆགས་པ་དང་། ཆགས་པའི་རྒྱུས་བྱ་སྤྱོད་ངན་པར་འཁྱལ་ནས་སྐྱེ་བ་ལ་ཡང་དང་ཡང་དུ་བརྒྱུས་པ་དང་། སྔར་འཁྲུལ་བའི་ལས་ལ་སྐྱོ་སེམས་མེད་པར། སྐྱེ་དགུའི་བདེ་སྐྱིད་ལྟར་སྣང་གི་དཔལ་ལ་ངོ་མཚར་ཆེར་བྱེད་པའི་གང་ཟག་དེ་ནི། བསོད་ནམས་ཆེས་དམན་པའི་ལོག་སྲེད་ཅན་གྱི་རིགས་ཅན་ད་དུང་ཡང་ཕྱི་མའི་མཐར་ཐུག་ཏུ་སྡུག་བསྔལ་མྱོང་བར་འགྱུར་བ། དེ་ལྟ་བུའི་གང་ཟག་ཁྱེད་ཀྱི་སྙིང་ནི། ཕྱི་ནས་བལྟས་ན་ཤིང་ལྟར་སྣང་ཡང་དོན་ལ་སྐྱེ་ཤིང་འཕེལ་བའི་ནུས་པ་མེད་པའི་ཤིང་སྡོང་ཁོང་རུལ་ལྟར། སྲིད་པ་ལ་ཞེན་ཅིང་མ་ཆགས་འཕགས་པའི་རིགས་མེད་པའི་མི་ལ་ཕྱི་ནས་ཐར་པའི་ལོ་འདབ་འབྲས་བུ་མི་འབྱུང་ངོ་། །ཀྱེ་མ་ཀྱི་ཧུད་ཚེ་འདིའི་དཔལ་འབྱོར་ལ། །རྟག་ཅིང་ཕུན་སུམ་ཚོགས་འདྲར་ཤེས་པའི་བློ། །བྱིས་པའི་ནང་ནས་ཐ་ཤལ་སྐྱེས་བུ་སྟེ། །འཇིག་རྟེན་འདི་ན་དེ་བས་བླུན་པ་སུ། །སྔར་ཡང་མ་བྱུང་ཕྱིས་ཀྱང་མི་འབྱུང་ངོ་། །ཞེས་ཀྱེ་མ་ཀྱི་ཧུད་ཅེས་ཉམ་ཐག་སྙིང་རྗེའི་ཚིག་གིས་བརྗོད་ནས། ཚེ་འདིའི་དཔལ་འབྱོར་ནམ་མཁའི་འཇའ་ཚོན་ལྟ་བུ་ལ། བྱིས་པས་འཇའ་ཚོན་བཟུང་དུ་མེད་པ་ལ་ཡོད་སྣང་ཤར་བས་རྗེས་དེད་ནས་སོང་བ་ལྟར་དུ། རྟག་པ་དང་ཕུན་སུམ་ཚོགས་པ་འདྲ་བར་སྣང་པའི་བློ་ཅན་དེ་བྱིས་པའི་ནང་ནས་ཐ་ཤལ་བ་འདང་གཏན་ནས་མི་ཕོག་པའི་སྐྱེས་བུ་དེ་འདྲ་ནི། འཇིག་རྟེན་འདི་ན་བཙལ་ཀྱང་དེ་བས་བླུན་པ་ནི་སུ་ཞིག་ཡོད་དེ་མེད་དོ། །དེ་བས་བླུན་ཞིག་སྔར་ཡང་མ་བྱུང་ལ་ཕྱིས་ཀྱང་མི་འབྱུང་ངོ་། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་སེམས་སྦྱོང་དྲུག་པ་འདི་ནི། འཇིག་རྟེན་གྱི་ལོངས་སྤྱོད་འདི་དུག་གིས་བསྐྱེད་པའི་སྦྲང་རྩི་དང་འདྲ་བས། ཅི་ཙམ་སྤྱད་ཀྱང་སྡུག་བསྔལ་སླར་ཡང་ཆེན་པོར་བསྐྱེད་པ་ལ་བསམ་ནས་སེམས་སྦྱོང་བའམ་བློ་སྦྱོང་བའི་ཐབས་དང་མན་ངག་བསྟན་པ་རེད། དེའི་ནང་ནས་དང་པོ་སྡུག་བསྔལ་ངོས་བཟུང་། དེ་ནས་སྡུག་བསྔལ་གྱི་རྒྱུ་རྩད་བཅད། མི་དགེ་བའི་རྣམ་གྲངས་ཆེ་ལོང་བསྡུས་ན་མི་དགེ་བའི་ལས་ལམ་བཅུར་འདུས་པ་དང་། མི་དགེ་བ་བཅུའི་ལས་ཀྱི་འབྲས་བུ་ཅི་ལྟར་སྨིན་པ་དང་། དེ་ལྟ་བུའི་ལས་འབྲས་ཀྱི་རྣམ་བཞག་ཤེས་ནས། རང་ཉིད་ཀྱི་དེ་སྔར་མི་དགེ་བའི་ལས་ཅི་བསགས་ཡོད་པ་དེ་ངོས་བཟུང་། ད་ལྟའི་སྐབས་ཡིན་ནའང་ཆོས་དང་བླ་མ་བརྒྱུད་པའི་བཀའ་དྲིན་གྱིས་དགེ་སྡིག་ལས་འབྲས་ཀྱི་རྣམ་བཞག་ཅུང་ཞིག་ཤེས་པ་ཡིན་ན། ད་ནི་འགྱོད་སེམས་དང་འཇིག་སྐྲག་རྐྱང་བས་མི་ཆོག་པར། གཉེན་པོ་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱས་ན་སྡིག་པ་འདག་ངེས་པས། བཤགས་པ་བྱ་ནུས་ན་སྡིག་པ་ཅི་ཙམ་ཆེ་ཡང་ཟླ་བ་སྤྲིན་བྲལ་བཞིན་དུ་འགྱུར་དུ་ཡོད་པ་དེ་ཤེས་དགོས་པ་རེད། འཁོར་བའི་ཕུན་སུམ་ཚོགས་པ་འདི་ཐམས་ཅད་རླུང་ནང་གི་མར་མེ་དང་། དབྱར་གྱི་ཆུ་ཕྲན་དང་། ནམ་མཁའི་གློག་དང་། མདང་གི་རྨི་ལམ་བཞིན་དུ་བདེན་མེད་ཡིན་པར་ད་ལྟར་གོང་དུ་གསུང་མ་ཐག་པ་ལྟར་རེད། དེས་ན་ད་ནས་བཟུང་བློ་ཕུག་ཆོས་ལ་གཏད་དེ་བླ་མའི་གདམས་ངག་རྐྱང་པ་སྒོམ་དགོས་བསམ་རྒྱུའི་འདུན་པ་དེ་བསྐྱེད་དགོས། ཁྲིད་རྐང་འདི་རང་རེས་ཁྲིད་སྦྱོང་བྱེད་དུས་ས་བཅད་ཚོ་བགོས་ཏེ། ཕྱི་དྲོའི་ཐུན་གཉིས་ཡོད་པ་དེ་གཉིས་ཀྱི་ནང་ལས་འབྲས་ཀྱི་རྣམ་བཞག་ཆ་ཚང་བཏོན་ཡོང་དུས། དེའི་དོན་དང་འབྲེལ་བ་ད་སྔོན་བསགས་པ་ཐམས་ཅད་བློ་ཐོག་ལ་བླངས། དེ་ལས་ཀྱང་སྡིག་པ་ཚབས་ཆེན་བསགས་ཡོད་པའི་སེམས་ཅན་ཅི་འདྲ་མེད། རང་གིས་ཀྱང་ཚེ་འདིར་ཕ་མ་དགྲ་བཅོམ་བསད་པ་སོགས་བྱེད་མ་མྱོང་ཡང་། སྐྱེ་བ་སྔ་མ་རྣམས་སུ་ཅི་འདྲ་བ་བསགས་མེད་བསམ་ནས། རང་གིས་རང་ལ་ཡིད་ཀྱིས་འགྱོད་སེམས་དང་བཤགས་པར་བྱེད་པ་དང་། སེམས་ཅན་གཞན་ལ་སྙིང་རྗེ་བསྒོམ་པར་བྱ། རྗེས་ཁ་ཡན་ལ་གློད་ལུས་སེམས་རང་བབས་སུ་བཞག་ནས་མི་རྟོག་པའི་རང་བཞིན་ནམ་ངོ་བོ་སྐྱོང་དགོས་རྒྱུ་ཁྲིད་གོང་མ་རྣམས་དང་འདྲ་འདྲ་རེད། དེ་ནས་ཐུན་ཐུང་ངུ་གཉིས་ལ། གོང་གི་མཚམས་ཞིག་ལ་གསུང་བའི་ཧ་བྷོ་ཧ་བྷོ་མན་ཆད་ཀྱིས་བསྐུལ་དེད་བྱེད། བཤགས་སྡོམ་བྱེད་པ་དང་། བླ་མའི་གདམས་ངག་ཉམས་ལེན་བྱས་ནས་བསམ་རྒྱུ་ཆོས་དང་། དྲན་རྒྱུ་བླ་མ་ལས་མེད་པ་ཞིག་བྱ་རྒྱུའི་དམ་བཅའ་དང་། འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟ་བུའི་སྔོན་ཆད་ཀྱིས་འགལ་ཉེས་བཤགས་ཏེ་དམ་པའི་ཆོས་ལ་ཞུགས་ན་ཅི་མ་རུང་བསམ་པ་སོགས་ཚད་མེད་བཞིའི་བློ་དང་མ་བྲལ་བའི་སྒོ་ནས་མཉམ་པར་བཞག་པ་དང་། རྗེས་དགེ་བ་བསྔོ་རྒྱུ་དེ་ཚོ་དགོས་པ་རེད། སང་ཉིན་སྔ་དྲོའི་ཐུན་ལ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་སིདྡྷི་གང་འཚམ་རེ་གསོག་སྟེ། ནང་དབང་ལེན་པའི་སྐབས་དང་ཁྱད་པར་དུ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་བསྲེ་བའི་སྐབས་དང་བསྟུན་ནས་རྣལ་འབྱོར་བ་སོ་སོའི་བློ་ཁྱད་དང་མཐུན་པའི་མཉམ་བཞག་གི་ངོ་བོ་བསྐྱང་དགོས། གནངས་ཉིན་ནས་ཁྲིད་རྐང་བདུན་པ་ལ་ཐུག་པ་རེད། འདིའི་ནང་གསེས་ཀྱི་ཁྲིད་རྐང་གསུམ་དང་སྦྲེལ་ནས་དགེ་འདུན་པས་གཏུམ་མོ་དང་རྩ་རླུང་། འཕོ་བ་མཉམ་དུ་སྦྱང་རྒྱུ་བྱེད་ཡོད་རེད། དེ་དུས་མི་སྐྱ་ཕོ་མོ་ཁྲིད་སྦྱོང་ལ་རིང་ཞུགས་བྱེད་མཁན་ཚོས་མན་ངག་འདིའི་ཆོས་ཁྲིད་སྔར་ལྟར་མཉམ་ཞུ་བྱས་ནས་ཁྲིད་སྦྱོང་གི་ཉི་མ་བཅུ་ཁའི་ཚེ། ཁྱེད་རྣམས་ཀྱིས་བླ་མའི་རྣལ་འབྱོར་ཁོ་ན་ལ་འབད་རྒྱུ་གྱིས། བླ་མའི་རྣལ་འབྱོར་གྱི་དབང་བཞི་ལེན་རྒྱུ་དང་ཐུགས་ཡིད་བསྲེ་བ་རྣམས་དང་པོ་ཚིག་རྗེས་དོན་དྲན་རེ་ཤེས་པར་གྱིས། དེ་ནས་དམིགས་པ་དེའི་ངང་དུ་མཉམ་པར་ཞོག བླ་མའི་རྣལ་འབྱོར་འདིའི་ཚེ་སིདྡྷི་འབུམ་རེ་ཁ་སྐོང་དང་བཅས་པ་འདོན་ཨེ་ཐུབ་ལྟོས། དུས་རྒྱུན་རང་ཉིད་ཀྱིས་འདོན་པ་དང་མི་འདྲ། ད་རེས་དགེ་འདུན་འདུས་པའི་བྱིན་རླབས་ཆེ་བར་མ་ཟད། གནས་དང་རྟེན་གསུམ་ཁྱད་པར་ཅན་བཞུགས་ས། གྲུབ་བརྙེས་ཀྱི་རིག་འཛིན་མང་པོར་བྱོན་པའི་ས་ཆ་རེད། ཁྱད་པར་དུ་རྫོགས་པ་ཆེན་པོའི་ཆོས་འཁོར་སྐོར་བཞིན་པའི་སྐབས་ཡིན་པས་བྱིན་རླབས་རྒྱུད་ལ་ལྷག་པར་འཇུག་སླ་བ་རེད། དེའི་ཐོག་ལ་སྨོན་ལམ་རྣམ་པར་དག་པ་རེ་ཐོབ་དང་། བསོད་ནམས་བསགས་ཞོར་དུ་སྨོན་ལམ་བཏབ་ན་འགྲུབ་པ་རེད། ཡང་མི་སྐྱ་ཕོ་མོ་ཉིན་རེ་ཉིན་གཉིས་ཀྱི་ཆོས་འབྲེལ་ཞུ་མཁན་ཚོས། ཆོས་སྒྲ་འདི་གོ་བ་དང་འབྲེལ་ནས་ཕྱིན་ཆད་སྔོན་འགྲོའི་ངག་འདོན་རེ་མི་ཆག་པར་འདོན་རྒྱུ་དང་། ཁྱད་པར་དུ་སིདྡྷི་འབུམ་རེ་ཨེ་སོག་ལྟོས་དང་། འདི་ལས་ཀ་འབྲོག་ལས་ཞོར་ལས་གང་བྱས་ཀྱང་མི་གནོད། རྒྱུན་དུ་གཟུངས་སྔགས་བཏོན་ན་ཚེ་འདི་ལ་ནད་གདོན་བར་ཆད་ཞི་བ་དང་། ཕྱི་མ་རྔ་ཡབ་དཔལ་གྱི་རི་བོར་གུ་རུའི་དྲུང་དུ་སྐྱེ་བ་དང་། ཡང་ན་བདེ་བ་ཅན་དུ་སྐྱེ་དགོས་བསམ་ན། མགོན་པོ་འོད་དཔག་མེད་པའི་ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པད་འབྱུང་སྤྲུལ་པའི་སྐུས་བྱིན་གྱིས་བརླབས་ནས། ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན། །ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས། །ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ། །བདེ་བ་ཅན་གྱི་ཞིང་དེར་ངེས་པར་སྐྱེ། །ཞེས་གུ་རུ་རིན་པོ་ཆེའི་ཞལ་ནས་དེ་ལྟར་གསུངས་པ་རེད། དེ་ལ་ཡིད་ཆེས་གྱིས་དང་བསླུ་བ་མེད་པས། སྐྱེ་བརྟག་མ་ཞུས་ནའང་ཆོག་པ་རེད། སྐྱེ་བརྟག་རང་གིས་རང་ལ་རྩིས་ཞིབ་ཏུ་རྒྱག་ན་ཤེས་རྒྱུ་ཞིག་ཡིན། དང་པོ་སྐྱེ་བ་སྔ་མ་ཤེས་ཁ་འཇུག སྔ་མར་གང་བྱས་ད་ལྟའི་ལུས་ལ་ལྟོས། །གསུངས་པ་དེས་ཤེས་པ་རེད། སྔ་མ་ཤེས་པ་དེས་ཕྱི་མ་ཡང་ཤེས་ཏེ། ཕྱི་མར་གར་སྐྱེ་ད་ལྟའི་ལས་ལ་ལྟོས། །གསུངས་ཡོད་པས་རྟ་བོར་ཟོག་བོར་རྩད་བཅད་པ་ལྟར་ཡར་མར་ཚང་མ་ཁ་བཙལ་ནས་འདྲི་བཞིན་འདུག་རྒྱུ་ཡོད་པ་མ་རེད། སྐད་ཆ་མང་པོ་དྲིས་ན་མང་པོ་བཤད་ཡོང་། མང་པོ་བཤད་རྒྱུ་མ་གཅིག་ན་བདེན་བཟུང་གང་ལ་བྱེད། གཅིག་གིས་ཁྱོད་ཤི་དུས་ཐར་པ་ཐོབ་འགྲོ་དང་། ངན་སོང་དུ་མི་ལྷུང་ཟེར་བས་མི་ཕན། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད། ངན་སོང་ལ་གཏན་དུ་མི་ལྷུང་བ་ཞིག་ཡིན་ན་མ་མཐའ་སྦྱོར་ལམ་བཟོད་པ་ཐོབ་དགོས་རྒྱུ་རེད། འོན་ཀྱང་དྲོད་དང་རྩེ་མོ་དག་གི་ལམ་རྟགས་ཀྱི་ཡོན་ཏན་ཙམ་ཡང་ཐོབ་ཨེ་མྱོང་རང་གིས་ཤེས། རང་གིས་གསལ་རྒྱུ་རེད། རང་གིས་ཤེས་བཞིན་དུ་འདྲི་ན་གཅིག་ཤོས་པོ་ཁ་ཉུལ་བ་ཙམ་དུ་འགྱུར་འགྲོ་ལ། སྟབས་མ་ལེགས་ན་རྐུབ་ཕུད་པ་འདྲ་ཞིག་ཀྱང་རེད་འགྲོ་རྒྱུ་ཡོད། དེས་ན་ཉམས་ལེན་འདི་ཚོ་གནད་ཐོག་ལ་སྨིན་ངེས། སྔར་བྱས་ཚེ་རབས་ཐོག་མེད་ཀྱི་སྡིག་པ་བཤགས། དེའི་ཐོག་ལ་ཐབས་ཁྱད་པར་ཅན་ལ་བརྟེན་ཏེ་བསོད་ནམས་གསག་ན་རང་བློ་ནང་ནས་བདེ་ཆོག་པ་རེད། རང་བློ་བདེ་དུས་བདེ་ནི་རེད། ཤི་དུས་གོ་ཆོད་དགོས་རྒྱུ་བོ་རང་རེད། དེ་བཞིན་དུ་མ་སེམས་ཅན་ཐམས་ཅད་ཤི་རྒྱུ་ལ་མི་སྐྲག་པ་དང་། ཤི་ནས་ལས་མྱོང་རྒྱུ་ལ་མི་དོགས་པ་སུ་གཅིག་ཡོད་པ་མ་རེད། དེས་མི་ཚད་སྡུག་བསྔལ་མྱོང་བཞིན་པའི་རིགས་དྲུག་གི་སེམས་ཅན་ལ་འདང་བརྒྱབ་སྟེ་བསྔོ་གྲངས་བྱ་རྒྱུ་བོ་རྒྱུན་དུ་མི་བརྗེད་པ་དང་། དེའི་ཐོག་ཏུ་དྲན་ཤེས་ཁ་ཡན་དུ་གློད་ནས་མཉམ་པར་རེ་ཞོག་གསུངས་རྒྱུ་ཚང་མ་མན་ངག་གི་གནད་ཡིན་པས་ན། གལ་ཆེན་དོན་དང་ལྡན་པ་ལ། ཚིག་གཅིག་ལན་མང་གདབ་ནས་བཤད་པ་དེ་ཡིན། དེ་ནས་སང་གནངས་དགོངས་འདུས་ཀྱི་དབང་གསུངས་དུས་འདིའི་ལོ་གསུམ་གྱི་མཚམས་ལ་བཞུགས་མཁན་རྣམས་མཆོད་རྟེན་དཀར་པོ་མན་ལ་མི་ཕེབས་པའི་དམ་བཅའ་བ་ཡིན་ཡང་། ཕེབས་རྒྱུ་གྱིས་དང་དམ་བཅའ་དང་མི་འགལ། རྒྱུ་མཚན་ཅི་རེད་ཟེར་ན། གནར་རྫོགས་ཆེན་མཁན་པོ་ལྷ་སྒང་ཚང་དགུང་ལོ་ཉེར་དགུའི་ཐོག་ཞིག་ཏུ་ཡིན་རབས་ཡོད། མདོར་ན་མཁན་པོའི་ལས་བསྐོས་བཞེས་ཚར་ནས་བཟུང་སྟེ། ཚེ་མཚམས་ལ་གཤིན་རྗེའི་སྒྲུབ་ཕུག་ཏུ་སྒྲུབ་པ་སྙིང་པོར་བཟུང་སྟེ་བཞུགས་པ་རེད། ཇི་སྲིད་འཚོའི་བར་དུ་དམ་བཅའ་བཞེས་པ་རེད། འོན་ཀྱང་བྱ་བྲལ་ཀུན་དགའ་དཔལ་ལྡན་ཚང་གིས་ཤྲཱི་སེང་ན་སྤྲེལ་ལོ་སྤྲེལ་ཟླ་ཚོགས་དུས་གཅིག་ལ་ཕེབས་པ་རེད། དེ་དགོས་པ་རྒྱུ་མཚན་ཅན་གྱི་དམིགས་བསལ་གྱི་མཛད་པ་རེད། རྫོགས་ཆེན་འབྲུག་པ་ཚང་འདྲ་བའི་བླ་མ་རྩ་ཆེན་གྱི་མདུན་ནས་དབང་ལུང་རྩ་ཆེན་ཐོབ་རྒྱུ་བརྒྱ་ལམ་རེས་འགའ་ཡིན། རིགས་འགྲེ་ས་གཞན་དག་ཡོད་པ་མ་རེད། དེས་ན་མཚམས་པ་རྣམས་བྱོན་དང་ཆོག དེའི་ཞོར་དུ་གཞན་དུ་མ་འགྲོ། དབང་པོའི་སྒོ་བསྡམས་ཏེ་དུས་ཐོག་ཏུ་ཡར་ཕེབས་རྒྱུ་གྱིས་དང་མཚམས་མི་རལ། དེའི་ཐོག་ཏུ་ནད་སོགས་འགལ་རྐྱེན་གློ་བུར་བ་འོང་རྒྱུ་ལ་དང་པོ་ནས་བསམ་བློ་གཏོང་ཡོད། ལོ་གསུམ་གྱི་མཚམས་པས་སྨན་བཅོས་ཙམ་ཡང་བྱེད་མི་ཆོག་པར་ཤི་ཁར་འཇུག་ཤོག་ཅེས་སྨྲས་ན་ཆོས་འཇིག་རྟེན་གང་ལའང་ཅི་ཨེ་མཐུན་མི་ཤེས། དེའི་འཕྲོར་གོ་ཚོད་ལ། དགོན་འདབ་ཚོང་ཁང་རྣམས་ཀྱི་ནང་ནས་ཨ་རག་སོགས་བཙོང་མི་ཉན་རྒྱུའི་བཀའ་སློབ། དགོན་པའི་བསྟན་བདག་ཁྲི་པ་ལ་སོགས་པས་གནང་མཛད་རྒྱུ་ལ་སྔོན་རྗེས་བར་གསུམ་དུ་རྗེས་སུ་ཡི་རང་བྱེད་ཀྱིན་ཡོད། བླ་མས་དེ་ལྟར་གསུངས་ཀྱང་སྡེ་བ་སྡུག་པོ་ཞིག་ཡིན་ན་ཁ་ལ་མི་ཉན་པ་ཡང་ཡོད་སྲིད་ཀྱང་། དེ་ལྟར་མ་ཡིན་པར་རྫོགས་ཆེན་འབྲོག་རུ་སྡེ་བས་ཅི་གསུང་བཀའ་བསྒྲུབས་ནས་ཚང་མ་ཡོངས་རྫོགས་མེད་པར་བྱས་རབས་དང་། མེ་ལ་བསྲེག་རབས་ལ་སོགས་པ་གོ་ནས་དགེ་སྒྲུབ་སྡིག་སྤང་བྱས་པ་ལ་བསྔོ་བ་དང་སྨོན་ལམ་བྱེད་བཞིན་ཡོད། དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་ལ་བསམ། བསམ་པས་མི་ཚད་ལས་བཤད་པ་མི་བདེན་སྤྱོད་པ་བདེན་རེད། ཁ་བཤད་རྐྱང་པས་མི་ཚད་པར། རྒྱུ་ནོར་དངོས་པོའི་ཐོག་ནས་དེའི་ལག་ལེན་འདེབས་རྒྱུ་དེ་དག མི་ཤེས་རྒྱ་ཅན་དང་། སྤྱི་སེམས་ལ་རྒྱ་ཅན་ཡིན་པའི་རྟགས་རེད། ཕོ་མོ་སུ་ཡིན་ཡང་བུ་བཟང་བོ་བཟང་ཟེར་རྒྱུ་བོ་རེད་བསམ་གྱིན་ཡོད། རྒྱུ་ཐོག་ནས་མ་ནུས་དུས་ཅི་འདྲ་བྱས་ཀྱང་འགག་ལ་ཐུག་དུས་གང་གི་ཐད་ནས་ནུས་ནི་མ་རེད། བསོད་ནམས་སོག་དང་རྒྱུ་རང་ཤུགས་ཀྱིས་འཁྲི་འོང་བ་རེད། ཨེ་བདེན་ལག་ལ་བླང་ན་ཤེས། ཆང་འཐུང་བ་ལ་ཉེས་དམིགས་ཡོད་པ་ནི་སངས་རྒྱས་ཀྱི་གསུང་རེད། ཕྱི་མའི་རྣམ་སྨིན་ལོས་ལྕི་དང་། ཚེ་འདི་ལ་བསམ་བློ་གཏོང་ན། མི་སྡུག་པོས་ཆང་འཐུང་དུས། ཆུང་ས་ནས་རྫ་བཅག་རྫིའུ་དཀྲུག་བྱེད། འབྲིང་ས་ནས་མི་རྐུབ་རྒྱུ་རྐུབ་ཕུད། ཆེ་ས་ནས་མི་རང་ཉིད་ཀྱི་སྲོག་ལ་གཟན་པའི་འདྲ་དཔེ་ཡོད་པ་རེད། དུ་བ་འདྲ་ཡིན་ན་དཔེ་དེ་བཞིན་དུ་བདུད་ཀྱིས་སྨོན་ལམ་ལོག་འདེབས་བྱས་པས། དེ་འཐེན་པའི་མི་ཤི་བོ་ལ་འཕོ་ལུང་མི་ཐེབས་པ་སོགས། དུ་བའི་ཉེས་དམིགས་གཏེར་མ་ཚོའི་ནང་ན་ལྷག་པར་མང་བ་རེད། དེ་གཞན་མི་དགོས་དྲི་ངན་འདི་རྐྱང་པས་རྒྱུད་ལ་མ་བཅར་ན་བསམ་རྒྱུ་ཞིག་ཡིན། མདོར་ན་དེ་འདྲའི་བཟང་པོའི་སྣེ་ཁྲིད་མཛད་པ་ལ། འདི་རྣམ་པའི་ཞལ་ལ་མི་ཉན་ན་སུ་ལ་ཉན། ཉན་ས་ཞིག་ཡོད་དུས་ཉན་དགོས་པ་རེད། དོ་ཞག་སྐོར་ཅིག་བཤད་པ་ལྟར། མི་ལྷ་མི་དང་། ལུང་པ་ལྷ་ལུང་གྱིས་དང་རང་དཔེ་གཞན་སྟོན་གྱི་བོད་མིའི་གཟི་བརྗིད་དང་། མ་འོངས་མིའི་རིགས་ཀྱི་སྣེ་ཁྲིད་བྱེད་ཐུབ་རྒྱུ་མི་སྲིད་པ་མ་རེད་ཅེས་བཤད་པ་དེ་འདྲ་རེད།

ཉིན་བཅུ་གཉིས་པའི་ཆོས་ཁྲིད།

མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་བྱང་ཡང་དག་པར་གཏན་བདེ་བླ་ན་མེད་པའི་སར་དགོད་པར་བྱ་བ་ནི་ཐེག་ཆེན་ཆོས་ཀྱི་སྙིང་པོ་ཡིན། དེ་འགོད་པ་ལ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་བསྐྱེད། སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱ་དགོས། དེ་དགོས་ན་ཕྱིན་དྲུག་གི་སྤྱོད་པ་རྒྱ་མཚོ་ལྟ་བུ་ལ་གཅིག་མ་བརྟེན་ན། རྫོགས་སྨིན་སྦྱང་བའི་ལམ་མཐར་མི་ཕྱིན་པས། སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་མི་འགྱུར་བའི་ཕྱིར་ན། བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་ཐོག་ཏུ་བྱང་ཆུབ་ཀྱི་སྤྱོད་པ་ལ་བསླབ་དགོས། རང་རེས་གོང་དུ་གླེང་མྱོང་བའི་སྦྱིན་པ་ཚུལ་ཁྲིམས་བཟོད་པ་དང་བརྩོན་འགྲུས་རྣམས་ལྡན་ཡང་། བསམ་གཏན་དང་མ་ལྡན་ན་སེམས་རྣམ་གཡེང་གི་དབང་དུ་གྱུར་པས། སེམས་ནི་རྣམ་པར་གཡེང་བའི་མི། །ཉོན་མོངས་མཆེ་བའི་ཕྲག་ན་གནས། །ཞེས་རྒྱལ་སྲས་ཞི་བ་ལྷས་གསུངས་པ་ལྟར། ཉོན་མོངས་པའི་མཆེ་བ་རྣོན་པོས་རྨས་པའི་ཉེན་ཁ་ཡོད་ལ། གཞན་ཡང་བསམ་གཏན་མི་ལྡན་ན་མངོན་ཤེས་མི་སྐྱེ། མངོན་ཤེས་མ་སྐྱེས་ན་སེམས་ཅན་གྱི་དོན་བྱེད་མི་ནུས་ཞེས་ལམ་སྒྲོན་སོགས་ལས་གསུངས། ཡང་བསམ་གཏན་དང་མི་ལྡན་ན་ཤེས་རབ་མི་སྐྱེ་ལ། ཤེས་རབ་མ་སྐྱེས་ན་བྱང་ཆུབ་མི་ཐོབ་སྟེ། དེ་ལྟར་ཡང་སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། །ཉོན་མོངས་རྣམ་པར་འཇོམས་པར་ཤེས་བྱས་ནས། །ཞེས་གསུངས་པ་ལྟར་ཡིན། བསམ་གཏན་དེ་དང་ལྡན་ན་ཡང་དག་པའི་དོན་མཐོང་བའི་ལྷག་མཐོང་དང་ལྡན་པས་རང་རྒྱུད་ཀྱི་སྒྲིབ་པ་སྤོང་བ་དང་། གདུལ་བྱ་བྱང་ཆུབ་ལ་འགོད་ནུས་པ་ཡིན། དེ་ལྟ་བུའི་བསམ་གཏན་གྱི་ངོ་བོ་ནི། སེམས་ནང་དུ་དགེ་བའི་དམིགས་ཡུལ་གང་ཞིག་ཡིན་པ་ལ་རྩེ་གཅིག་ཏུ་གནས་ཤིང་སོ་ཐུབ་པ་དེ་བསམ་གཏན་ཡིན། དེ་ལྟ་བུའི་མྱོང་བ་ཐོབ་པའི་བསམ་གཏན་དེ་མི་མཐུན་པའི་ཕྱོགས་རྣམ་གཡེང་ལས་རྣམ་པར་རྒྱལ་བ་ལས་ཐོབ་པ་ཞིག་ཡིན་པས། དང་པོ་རྣམ་གཡེང་སྤང་དགོས། དེའང་བསམ་གཏན་ལ་མཉམ་པར་བཞག་པ་ཞིག་ཡིན་ན། དབེན་པ་ལ་བརྟེན་དགོས་པ་རེད། དབེན་པ་དེའང་ཕྱི་དབེན་པ་ལུས་འདུ་འཛི་ལས་དབེན་དགོས་པར་མ་ཟད། ནང་དབེན་པ་སེམས་རྣམ་རྟོག་ལས་དབེན་དགོས། འོ་ན་ལུས་འདུ་འཛི་ལས་དབེན་རྒྱུའི་འདུ་འཛི་བོ་ཅི་འདྲ་ཞིག་ཡིན་ན། འདུ་འཛིའི་མཚན་ཉིད་དང་། འདུ་འཛིའི་རྒྱུ་དང་། འདུ་འཛིའི་ཉེས་པ་བསམ་པའི་སྒོ་ནས་ཤེས་དགོས་པ་རེད། འདུ་འཛིའི་མཚན་ཉིད་ནི། རང་གི་འཁོར་ལོངས་སྤྱོད་དང་བུ་ཆུང་མ་མཛའ་གྲོགས་གཉེན་བཤེས་སོགས་དང་ལྷན་ཅིག་གཡེང་བའི་བདག་ཉིད་ཅན་ཞིག་རེད། འདུ་འཛིའི་རྒྱུ་ནི་ཆགས་པ་རེད། དེའང་བུ་སྨད་དང་གཡོག་འཁོར་མཛའ་གྲོགས་སོགས་སེམས་ཅན་དང་། ཟས་ནོར་ལོངས་སྤྱོད་ཀྱི་རྙེད་པ་དང་། བསྟོད་བཀུར་སྙན་གྲགས་ལ་ཆགས་ན་འདུ་འཛི་སྤོང་མི་ནུས་པས་དེའི་རྒྱུ་རེད། འདུ་འཛིའི་ཉེས་དམིགས་ནི། སྤྱི་སྒོ་གསུམ་མ་དུལ་བའི་ཉེས་པ་འབྱུང་བ་དང་། ཞི་གནས་དང་ལྷག་མཐོང་མི་འགྲུབ་པ་དང་། བྱེ་བྲག་གི་དབང་དུ་བྱས་ན། ནང་སེམས་ཅན་ལ་ཆགས་པའི་ཉེས་པས་བྱང་ཆུབ་མི་ཐོབ་སྟེ། མདོ་ལས། འདོད་པ་དག་ནི་རབ་ཏུ་བསྟེན་བྱེད་ཅིང་། །བུ་དང་ཆུང་མ་དག་ལ་སྲེད་བསྐྱེད་ནས། །སྨད་པར་བྱ་བའི་ཁྱིམ་ལ་བརྟེན་པ་དེས། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་ཐོབ། །ཅེས་དང་། སྤྱོད་འཇུག་ལས། བྱིས་དང་འགྲོགས་ན་བྱིས་པ་ལ། །བདག་བསྟོད་གཞན་ལ་སྨོད་པ་དང་། །འཁོར་བར་དགའ་བའི་གཏམ་ལ་སོགས། །མི་དགེ་ཅིས་ཀྱང་ངེས་པར་འབྱུང་། །ཞེས་གསུངས་པ་ལྟར། བྱིས་པ་སོ་སོའི་སྐྱེ་བོའི་རང་བཞིན་ནི་ཉོན་མོངས་པ་ཅན་ཡིན་པས་ན། རང་ཉིད་ཀྱི་ཡོན་ཏན་ལ་ང་རྒྱལ་བྱེད། སྐྱོན་ལ་ཡོན་ཏན་དུ་ལྟ་བ་དང་། གཞན་གྱི་ཡོན་ཏན་རིག་ན་མི་སྙན་པ་སྒྲོག་པ་དང་། དྲིན་ལ་དྲིན་ལན་མི་བྱེད་པར་ཕན་ལན་ལ་གནོད་བསྐྱལ་བ་རེད། ཇི་སྐད་དུ། སྐད་ཅིག་གིས་ནི་མཛའ་འགྱུར་ལ། །ཡུན་ཙམ་གྱིས་ནི་དགྲར་ཡང་འགྱུར། །དགའ་བའི་གནས་ལ་ཁྲོ་བྱེད་པའི། །སོ་སོའི་སྐྱེ་བོ་མགུ་བར་དཀའ། །ཞེས་གསུངས་པ་ལྟར། མོས་པ་སྣ་ཚོགས་ཅན་ཡིན་པས་མགུ་དུས་མེད། དགྲ་གཉེན་གང་ཡིན་གཏིང་དཔོག་དཀའ་བར་དེ་འདྲ་ཡིན། ད་དུང་མཐོན་པོ་ལ་ཕྲག་དོག མཉམ་པོ་ལ་འགྲན་རྩོད། དམན་པ་ལ་བརྙས་བཅོས། འབྱོར་པ་ཅུང་ཟད་ཡོད་པ་དང་གཞན་གྱིས་བསྟོད་པ་དང་གུས་བཀུར་ཅུང་ཟད་ཐོབ་ན་ཆེ་འགྱིང་བྱེད་པ་དང་། རང་གིས་སྐྱོན་གཞན་གྱིས་བཤད་པ་གོ་ན་ཁོང་ཁྲོ་འབར་འགྲོ་བ་དང་། མི་དགེ་བ་སྡིག་པའི་ལས་ལ་རང་བཞིན་གྱིས་དགའ་བ་དང་། དོན་མང་བ་བྱ་བ་མང་བ། རྣམ་གཡེང་ཆེན་པོ་འདུ་འཛི་ཅན། དུག་སྦྲུལ་དང་འདྲ་བ་འཕྲད་ཚད་ཐུག་ཚད་ལ་གནོད་པར་བསྐྱལ་བ། དེ་དང་སུ་འགྲོགས་ན་མེ་བཞིན་དུ་དགེ་བའི་ལྗོན་ཤིང་སྲེག་པར་བྱེད་པ་དེ་འདྲ་ཡིན་པ་རེད། སྤྱིར་སོ་སོའི་སྐྱེ་བོའི་སྐྱོན་དང་། དེའི་ནང་གི་སྙིགས་མའི་སེམས་ཅན་གྱི་སྐྱོན་ནི་དེ་བས་ཀྱང་བཤད་ན་ཚར་རྒྱུ་ཞིག་ཡོད་པ་མ་རེད། དེས་ན་འཕགས་པ་ལ་ལྟོས་ན་ཉོན་མོངས་ཅན་གྱི་གང་ཟག་ཐམས་ཅད་བྱིས་པའི་རང་བཞིན་ཅན་དུ་གསུངས་པ་རེད། སོ་སོའི་སྐྱེ་བོའི་རང་བཞིན་དེ་བསྟེན་པར་དཀའ་བ། དེའི་འདོད་པ་རྫོགས་དགོས་དུས་རྫོགས་ཐབས་ཤིག་ཐོན་རྒྱུ་མེད། དེ་དང་འགྲོགས་ཤིང་དེ་ལ་བརྟེན་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པའི་དོན་འགྲུབ་པའི་དུས་ཐོག་ལ་ཐོན་རྒྱུ་ཞིག་ཡོད་པ་མ་རེད། དེས་ན་བྱང་ཆུབ་སེམས་དཔའ་སེམས་བསྐྱེད་ཀྱི་བསླབ་བྱ་ལ་གནས་པ་ཞིག་གིས་སེམས་ཅན་བློས་གཏོང་མི་རུང་མོད། འོན་ཀྱང་རང་དོན་མཐར་མ་ཕྱིན་ན་གཞན་དོན་སྒྲུབ་མི་ནུས་པས། རང་དོན་མཐར་མ་ཕྱིན་གྱི་བར་དུ་བསམ་པས་སེམས་ཅན་བློས་མ་གཏོང་པས་ཆོག་ལ། སྦྱོར་བས་བྱིས་པ་སོ་སོའི་སྐྱེ་བོ་ཡོད་ཚད་དང་འགྲོགས་འདྲིས་སྤངས་ནས། བསམ་གཏན་སྒོམ་ན་མ་གཏོགས་བྱང་ཆུབ་མི་ཐོབ། ཟང་ཟིང་ལོངས་སྤྱོད་ཀྱི་རྙེད་པ་ལ་ཞེན་པའི་ཉེས་པའི་ཐད་ནས་ཡིན་ནའང་། སེམས་གྱ་གྱུ་ཅན་གྱི་གཡོ་དང་གཞན་བསླུ་བའི་བསམ་པ་ཅན་གྱི་སྒྱུ་སྟེ། གཡོ་སྒྱུ་དག་གི་སྒོ་ནས་གསོག་པའི་སྒྱུ་མའི་ནོར་རྫས་ཇི་ལྟར་འབྱོར་ཡང་ཆོག་ཤེས་འོང་རྒྱུ་མེད་པར་མ་ཟད། སེམས་ཀྱི་གཡེང་བ་ཇེ་ཆེར་འགྲོ་བ། ཕོངས་པ་ཇེ་ཆེར་འགྲོ་བ། ཡོད་པ་མར་བྲི་དོགས་ཀྱི་སྡུག་བསྔལ། མེད་པ་གསར་དུ་མི་སོག་པའི་སྡུག་བསྔལ། དེའི་དོན་དུ་འཐབ་རྩོད་འཁོན་འཛིང་སོགས་ཀྱི་སྡུག་བསྔལ་མང་པོ་ཞིག་འདྲེན་བཞིན་ཡོད་པ་རེད། དགྲ་རྐུན་འབོད་པའི་ལག་གཡུག་བྱེད་མཁན་ནི་རྒྱུ་ནོར་ཡིན། ནོར་མེད་ཙ་ན་དགྲ་དང་བྲལ། །ཞེས་གསུངས་ཡོད། དེས་ན་འདོད་པས་གདུང་ཞིང་། འདོད་པའི་ཁ་མ་གང་བས་སྡུག་བསྔལ་མྱོང་བ་རེད། འདོད་པ་དང་སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་མདོར་ན་ཁྱིམ་ཡིན་པས། རབ་ཏུ་བྱུང་དུས་ཁྱིམ་ནས་ཁྱིམ་མེད་པར་ཁྱིམ་ནས་བུད་དགོས་དོན་དེ་ཡིན་ཏེ། ཁྱིམ་གྱིས་སྐྲག་སྟེ་ཁྱིམ་ནས་མངོན་བྱུང་བ། །དེ་དག་བྱང་ཆུབ་མཆོག་ནི་རྙེད་མི་དཀའ། །ཞེས་གསུངས་པས་སོ། །བཀུར་སྟི་དང་སྙན་གྲགས་ལ་ཆགས་པའི་ཉེས་པའང་། དེ་དག་གཏན་དུ་གཟུང་བར་མི་ནུས་པ་དང་། སྡུག་བསྔལ་མང་པོ་བསྐྱེད་པ་སོགས་ཤིན་ཏུ་མང་པོ་ཡོད། དེས་ན་འདུ་འཛི་སྤངས་ཏེ་དབེན་པ་བསྟེན་དགོས། དབེན་པར་བརྟེན་རྒྱུ་དེ་ལའང་། དབེན་པའི་མཚན་ཉིད། དེའི་རྒྱུ། དབེན་པའི་ཡོན་ཏན་རྣམས་གསལ་པོ་ཞིག་ཤེས་དགོས། དབེན་པའི་མཚན་ཉིད་ནི། གོང་དུ་བཤད་པའི་འདུ་འཛི་དེ་དག་དང་བྲལ་བའི་རང་བཞིན་ཞིག་སྟེ། དབེན་པ་ཞེས་པ་གྲོང་ལས་རྒྱང་གྲགས་གཅིག་གིས་འདས་པ་ཕན་ཆད་ཀྱི་ས་ཆ་དེ་ལ་བརྩི་བ་ཡིན། དེའང་མཛོད་ལས། གཞུ་འདོམ་ལྔ་བརྒྱ་རྣམས་ལ་ནི། །རྒྱང་གྲགས་དེ་ལ་དགོན་པར་འདོད། །ཅེས་གསུངས་སོ། །དབེན་པའི་རྒྱུ་ནི་གཅིག་པུར་དགོན་པར་གནས་པ་དེ་ཉིད་ཡིན། དབེན་པའི་ཡོན་ཏན་ནི། ཀུན་མཁྱེན་འཇིགས་གླིང་གིས། ནགས་ཚལ་མེ་ཏོག་འཁྲིགས་པའི་སྨན་ལྗོངས་ནི། །ངང་བ་ཤིན་ཏུ་ཞི་བས་བརྟེན་བྱས་ཤིང་། །ལྟ་ན་སྡུག་པ་བྲག་རིའི་ཕ་གུ་དང་། རྟ་བབས་རི་དྭགས་གཞོན་ནུས་མཛེས་པ་ཡོད། །དེ་རུ་གཤེགས་ཤིག་བསམ་གཏན་འདོད་པ་རྣམས། །ཞེས་གསུངས་པ་ལྟར། དབེན་པའི་གནས། དམ་པའི་གདན་ས། གྲུབ་པའི་གཤེགས་ཤུལ་དེ་ན་སྐྱེ་བོ་མི་བསྲུན་མ་རུངས་པ་དེ་དག་གི་གྲིབ་མ་ཙམ་ཡང་མེད། དེ་མེད་པས་དབེན་པའི་གནས་ཞེས་ཟེར་བ་རེད། དེ་དག་ཡོད་ན་དབེན་པའི་མཚན་ཉིད་ཀྱང་མ་ཚང་བ་རེད། མི་སྙན་པའི་སྒྲ་འཁོར་བའི་ངུ་སྐད་དང་ཆགས་སྡང་ཁོང་ཁྲོའི་གཏམ་གོ་རྒྱུ་མེད། ནགས་ཚལ་ལྗོན་ཤིང་གི་ར་བ་དུས་བཞིའི་རྣམ་འགྱུར་ངོམ་པ་ཅན་དང་། ཕུ་ཆུ་འཇམ་པའི་སྒྲ་དབྱངས་ལྷུང་ལྷུང་དུ་སྒྲོག་པ། དལ་འབབ་ཀྱི་ཆུ་ཀླུང་དྭངས་མོས་ལུས་སེམས་ལ་སྤྲོ་བ་སྦྱིན་པ་དེ་འདྲ་ཡིན་པ་རེད། བྱ་རི་དྭགས་འགྲོགས་ན་བདེ་བ་དག་གིས་རང་བྱུང་བག་ཡངས་ཀྱི་འཚོ་བ་བསྐྱལ་བའི་དཀྱིལ་ན་ཚོགས་ངན་དང་ཁོང་ཁྲོ་མེད་ཅིང་། བྲག་རིའི་ཁང་བཟང་དང་བསམ་གཏན་གྱི་སྤྱིལ་བུ་སྟབས་བདེའི་གནས་དེ་དག་གིས། ཚ་གྲང་གི་རེག་བྱ་རྩུབ་མོ་འགོག་པ་དང་ཁ་ཆར་གྱི་གནོད་འཚེ་སྐྱོབ་པ། ཉི་འོད་དྲོད་བཅུད་དང་ཟླ་འོད་བསིལ་རླུང་གིས་མགུ་འཁོང་མི་དགོས་པའི་མཆོད་པ་རྒྱུན་དུ་སྟོབ་ཀྱིན་ཡོད་ན། རང་བྱུང་གི་དབེན་པའི་གནས་དེ་བསམ་གཏན་གྱི་ཕ་གཞིས་ཡིན། ཐུབ་པས་བསྔགས་པའི་དབེན་པའི་རི་ཁྲོད་དུ། །རྒྱལ་དང་རྒྱལ་སྲས་དྲང་སྲོང་ཆེ་རྣམས་བསྟེན། །ཡོན་ཏན་ཀུན་གྱི་འབྱུང་གནས་རིན་པོ་ཆེ། །གནས་དེ་བསྟེན་ན་ཐར་ལམ་མྱུར་བ་ཡིན། ཞེས་གསུངས་ཡོད་པ་རེད། དེས་ན་འཇིག་རྟེན་པའི་གྲོང་དང་འདུ་འཛི་ཡོད་སའི་ནང་ན་བསམ་གཏན་བསྒྲུབས་ནས་ཞི་བའི་རྒྱལ་ས་རྙེད་སོང་བ་ཞིག་སུ་གཅིག་མེད་པའི་སྟོབས་ཀྱིས། བདག་ཅག་གི་སྟོན་པས་ཀྱང་བསྐལ་པ་གྲངས་མེད་མང་པོར་བྱང་ཆུབ་ཀྱི་སྤྱོད་པ་བརྟན་གོམས་མཛད་ཅིང་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྤངས་པ་རེད། དབེན་པར་བསྟེན་པའི་ཕན་ཡོན་ལ་བསམ་བློ་གཏོང་ན། ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཟས་སྐོམ་དང་མེ་ཏོག་ལ་སོགས་པའི་མཆོད་པ་སྣ་ཚོགས་ཕུལ་བ་བས། བྱང་ཆུབ་ཀྱི་སེམས་ཀྱིས་སེམས་ཅན་གྱི་དོན་དུ་དགོན་པར་འདུག་པའི་བསམ་པ་བཟུང་ནས། ཕྱོགས་དེར་གོམ་པ་བདུན་བོར་བ་ཙམ་གྱིས་ཀྱང་། སངས་རྒྱས་ཀྱི་ཐུགས་མཉེས་པ་དང་། བསོད་ནམས་ཀྱི་ཚོགས་རྫོགས་ཐབས་ཀྱང་དེ་ཆེ་བར་སངས་རྒྱས་བཅོམ་ལྡན་འདས་ཉིད་ཀྱིས་ཟླ་བ་སྒྲོན་མའི་མདོ་ལས་གསུངས་ཡོད། གཞན་ཡང་འཁོར་བ་ལས་ཡིད་འབྱུང་བ་དང་། འཇིག་རྟེན་ཆོས་བརྒྱད་དང་བྲལ་བ། ཉོན་མོངས་མི་འཕེལ་ཞིང་། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་བ་སོགས་མང་ངོ། །ལུས་འདུ་འཛི་ལས་དབེན་པ་རྐྱང་པས་མི་ཕན། སེམས་རྣམ་རྟོག་ལས་དབེན་དགོས། དེ་མ་དབེན་ན་སེམས་ཀྱིས་སྡིག་ལས་སྣ་ཚོགས་ཀྱི་བཀོད་འདོམས་ཤིག་བྱས་ནས་ལུས་མི་དགེ་བ་ལ་སྦྱོར་ན། རི་ཁྲོད་དབེན་པ་འདུག་ས་ཡིན་པ་བས་བཟང་རྒྱུ་མེད། རྔོན་པ་དང་གཅན་གཟན་ཚོ་ཡང་ལྐོག་ན་ཁེར་འདུག་བྱས་ཡོད་པ་རེད། རི་ཁྲོད་ན་འདུག་སྟེ་རྫུན་ཕྲ་མ་དང་། ཚིག་རྩུབ་ངག་བཀྱལ་གྱི་གཏེར་སྒོ་ཕྱེས་ནས་སྒྲོག་གིན་བསྡད་ན། འདུག་ས་ནགས་གསེབ་ཡིན་ཡང་། འཇོལ་མོ་དང་ཅོ་ཀ་ཚོའི་ཡན་ལ་མ་སོང་བ་རེད། ད་དུང་དེ་རྣམས་རང་གར་ཅ་ཅོ་དང་ངག་སྙན་སྒྲོག་པ་ཙམ་མ་གཏོགས། རྫུན་ཕྲ་མ་དང་ཚིག་རྩུབ་སོགས་བྱས་ཡོད་པ་མ་རེད། སེམས་ཀྱིས་ཡར་བསམ་མར་བསམ་སྣ་ཚོགས་དྲན་ནས་ཆགས་སྡང་དང་ཕྲག་དོག་གི་ཉོན་མོངས་པ་ལས་མ་ཐར་བར་བསྡད་ཡོད་ན། ཁེར་འདུག་བྱས་པ་དེ་སྤྲ་སྤྲེའུ་དང་དོམ་དྲེད་མི་རྒོད་ཚོ་དང་འདྲ་འདྲ་མ་གཏོགས་དེ་ལས་ཁྱད་ཆོས་ཤིག་མ་ཐོན་པ་རེད། དེས་ན་སེམས་རྣམ་པར་རྟོག་པ་ལས་དབེན་པར་བྱས་ཏེ་བསམ་གཏན་སྒོམ་དགོས། ཏིང་ངེ་འཛིན་རང་གི་ངོ་བོ་ནི། སེམས་རྩེ་གཅིག་ཏུ་གནས་པ་ཞིག་ཡིན། ཞེས་གོང་དུ་ཞུས་པ་རེད། ཏིང་ངེ་འཛིན་དེའི་རྒྱུ་གང་ཡིན་ན། རྒྱུ་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གནས་པ་ཉིད་ཡིན་ཏེ། ཐེག་པ་ཐུན་མོང་བའི་དབང་དུ་བྱས་ནས་བཤད་ན། བསླབ་པ་ཚུལ་ཁྲིམས་ལ་གོམས་པར་བྱས་པས་འགྱོད་པ་མེད་པས་། བསླབ་པ་ཏིང་ངེ་འཛིན་སྐྱེས། ཏིང་ངེ་འཛིན་ལ་གོམས་པས་སེམས་མཉམ་པར་བཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བས་ཤེས་རབ་ཀྱི་བསླབ་པ་བསྐྱེད་ལ། བསླབ་པ་ཤེས་རབ་དེས་ཆགས་སོགས་ཉོན་མོངས་པ་ལས་སེམས་རྣམ་པར་གྲོལ་བ་ཐོབ་པ་རེད། དེས་ན་བསམ་གཏན་བསྒོམ་རྒྱུ་འདི་ལྷག་པ་སེམས་ཀྱི་བསླབ་པའི་མཚན་ཉིད་གང་ཡིན་པ་དེ་ལྡན་པ་ཞིག་ཡིན་དགོས་ལ། དེ་ལྟ་བུའི་བསམ་གཏན་དེ་ལ་འཇུག་དུས་སྒོམ་རྒྱག་པའི་ཐོག་མར། ངས་འགྲོ་བ་སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་འདོན་པའི་ཆེད་དུ་བྱ་སྙམ་པའི་སྙིང་རྗེ་ཆེན་པོ་དང་ལྷག་བསམ་དག་པར་བྱས་ཏེ། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་བ་དང་། མཆོད་པ་འབུལ་བ་སོགས་ཡན་ལག་བདུན་པ་རན་བབ་ཀྱི་ཉམས་ལེན་དང་བསྟུན་པའི་ཆོ་ག་གང་རུང་ལ་བརྟེན་ནས་དེ་ཚང་མ་སྔོན་དུ་འགྲོ་ཚར་དུས། སྟན་བདེ་བ་ཞིག་ལ་འདུག་སྟེ་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པར་བྱ་དགོས། ད་དེ་རིང་ནས་བཟུང་རང་རེ་རྣམས་ཀྱང་དངོས་གཞིའི་སྒོམ་སྦྱང་ས་ལ་ཐོན་པ་རེད། སྒོམ་མ་བརྒྱབ་པར་འཚང་རྒྱ་མི་ཐུབ། སྒོམ་མ་བརྒྱབ་ན་བདེ་བ་ཅན་གྱི་རྒྱུ་བཞིའང་མི་ཚང་བས། བདེ་བ་ཅན་ལ་སྐྱེ་རྒྱུ་བོ་དེ་ཡང་གཅིག་དཀའ་རྒྱུ་རེད། དེས་ན་སྒོམ་རྒྱག་དུས་དང་པོ་ལུས་ཀྱི་འདུག་སྟངས་གཙོ་ཆེ་བས་དེ་སྦྱང་དགོས། ལུས་ཀྱི་འདུག་སྟངས་རྣམ་སྣང་ཆོས་བདུན་ཞེས་པ་རྐང་པ་གཉིས་ཀྱིས་སྐྱིལ་ཀྲུང་བཅའ། སྐྱིལ་ཀྲུང་ཕྱེད་པ་བཅའ་ནའང་ཆོག རྩ་རླུང་དང་འབྲེལ་ན་རྡོ་རྗེའི་དཀྱིལ་ཀྲུང་ངེས་པར་བཅའ་དགོས། རྒལ་ཚིགས་དོང་ཙེ་བརྩེག་པ་ལྟར་བརྩེགས་ཏེ་དྲང་པོར་འདུག གྲུ་མོ་གཉིས་རྩིབ་ལ་སྦྱར། ལག་ངར་གཉིས་དཔྱི་མགོའི་རུས་པ་ལ་བཅར་ཏེ་བརླ་སྟེང་ལ་འཇོག་དགོས་པ་དེ་འདྲར་གསུངས་ཡོད། མིག་ཧ་ཅང་ཕྱེ་བས་གྱེར་བ་དང་། ཧ་ཅང་བཙུམ་པར་མི་བྱེད་པར་སྣ་རྩེའི་ཐད་ཀྱི་བར་སྣང་ལ་ལྟ་བ་དང། ལུས་པོ་དགྱེ་ཡང་མི་ཆེ་སྒུར་ཡང་མི་ཆེ་བས་དྲང་པོར་བསྲང་། དེ་ལྟར་ལུས་དྲང་བའི་མགྲིན་པ་ཨེན་ཙམ་ནང་དུ་གུག ཕྲག་མགོ་གཉིས་མཐོ་དམན་མེད་པ་ཞིག་བྱས། ཕྲག་མགོ་མཐོ་དམན་ཤོར་ནས་ལུས་པོ་གཡོན་མི་རུང་། ལག་པ་མཉམ་བཞག་གམ་སེམས་ཉིད་ངལ་གསོའི་རྒྱ་གང་རུང་བྱས་ན་ཆོག་ཀྱང་། འདིར་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་སྐབས་ན། ལག་པ་གཉིས་པུས་མོ་གཉིས་ཀྱི་ཐོག་ཏུ་བཀབ་སྟེ་སེམས་ཉིད་ངལ་གསོའི་བཞུགས་སྟངས་དགོས། དེ་ལྟ་བུའི་བདེ་ལུགས་སུ་འདུག་རྒྱུ་དེ་འདུག་སྟངས་རེད། ལྕེ་ཡར་རྐན་དང་ཉེ་བའི་སོ་དྲུང་དུ་བཞག་སྟེ་དབུགས་སྣ་ནས་མི་གཏོང་བར་ཁ་ནང་ནས་སོ་མཆུ་མ་རེག་གི་བར་དུ་གཏོང་རྒྱུ་སྤྱི་ཁྱབ་རྫོགས་ཆེན་གྱི་ལུགས་རེད། ཡང་དམིགས་བསལ་མི་འདྲ་བའི་ཁྱད་པར་ཅུང་ཟད་རེའང་འབྱུང་ས་ཡོད། དབུགས་འབྱུང་འཇུག་དལ་མོ་ཞིག་རང་བབས་ཀྱི་ཚུལ་དུ་བྱས། སེམས་དྲན་པ་ནང་དུ་བཀུག་སྟེ་འདུག་དགོས། ད་འདི་ཚོའི་སྐབས་ན་ཐུན་མོང་ཐེག་པའི་ལུགས་ལྟར་བྱས་ན་དང་པོར་སེམས་སྦྱངས་ཏེ་ལས་རུང་བྱེད་པའི་ཐབས། དུག་གསུམ་གང་ཤས་ཆེ་ན་དེའི་གཉེན་པོ་སྒོམ་དགོས་ཏེ། འདོད་ཆགས་ཤས་ཆེ་ན་དེའི་གཉེན་པོ་མི་སྡུག་པ་སྒོམ་པ་དང་། ཞེ་སྡང་གི་གཉེན་པོ་བྱམས་པ་སྒོམ་པ། གཏི་མུག་གི་གཉེན་པོ་རྟེན་འབྲེལ་སྒོམ་པ། ཕྲག་དོག་གི་གཉེན་པོ་བདག་གཞན་མཉམ་པ་དང་། ང་རྒྱལ་གྱི་གཉེན་པོ་བདག་གཞན་བརྗེ་བ་དེ་རྣམས་སྒོམ་དགོས་པ་རེད། ཉོན་མོངས་པ་རགས་པ་ཆ་མཉམ་དུ་སྐྱེ་བ་དང་རྣམ་རྟོག་མང་ན་རླུང་སྒོམ་དགོས། མི་སྡུག་པ་སྒོམ་ན་རང་གཞན་གྱི་ལུས་འདི་ཤ་དང་ཁྲག པགས་པ་དང་རུས་པ། སྣབ་དང་ཆུ་སེར། མཁྲིས་པ་དང་བད་ཀན། མཆི་མ་ཕྱི་ས་ལ་སོགས་མདོར་ན་མི་གཙང་བའི་རྫས་ངན་སུམ་ཅུ་རྩ་དྲུག་འདུས་བའི་ཕུང་བོ་ཞིག་ཡིན་སྙམ་དུ་བསམ། དེའི་འཕྲོར་དུད་ཁྲོད་ཀྱི་རོ་རུལ་བ་འབུ་ཞུགས་སོང་བས་དྲི་ངན་ཁྱབ་པ་དེ་ཚོར་བལྟས་ནས་རང་གཞན་ཐམས་ཅད་ཀྱིས་ལུས་མཐའ་གཞུག་འདི་འདྲར་འགྱུར་ངེས་རེད། ད་ལྟ་དབུགས་ཞིག་ཡོད་པས་རུལ་ཡག་ཅིག་རེད་མ་དོ་བར་རེད་བསམ། ཡང་མི་ཤི་ནས་ཡུན་རིང་རེད་སོང་བའི་རུས་པ་དང་ཀེང་རུས། ཐོད་པ་པགས་པས་གཏུམ་མེད་པའི་དཀར་སེང་དང་། ཡང་རྒྱུས་པ་དང་པགས་པ་ཅུང་ཟད་འགོས་ཡོད་པ་དེ་རྣམས་ལ་བལྟས་ན། རང་གཞན་སུ་ཡིན་ཡང་ད་ལྟར་གསོན་པོའི་ཚུགས་ཤིག་འགྲོ་བཞིན་ཡོད་ན། མཐའ་གཞུག་ཚང་མ་དེ་ལྟ་བུའི་རང་བཞིན་ཡིན། དེ་ལྟ་བུའི་ཆོས་ཅན་ཡིན། ཆོས་ཉིད་དེ་ལས་མ་འདས་པར་ཡིན་བསམ་ནས་སྒོམ་དགོས། ཡང་ཞེ་སྡང་ཤས་ཆེ་ན་དེའི་གཉེན་པོ་བྱམས་པ་སྒོམ་པ་ནི། དང་པོ་གཙོ་བོ་སེམས་ཅན་ལ་དམིགས་པའི་བྱམས་པ་སྒོམ་དགོས། དེའང་དང་པོ་སྙིང་ཉེ་བའི་སེམས་ཅན་ནས་མགོ་བརྩམས་ཏེ་མཐར་ཐམས་ཅད་ལ་སྒོམ། སེམས་ཅན་ཐམས་ཅད་ཕན་པ་དང་བདེ་བ་འདི་ལྟ་བུ་དང་ལྡན་པར་བྱ། དེ་ཡི་རྒྱུ་དགེ་བ་འདི་དང་འདི་ལྟ་བུ་དང་མི་འབྲལ་བར་ཤོག་བསམ་ནས་དཔྱད་འཇོག་སྤེལ་མར་བྱས་ནས་སྒོམས། ཡང་ཉོན་མོངས་པ་གཏི་མུག་ཤས་ཆེ་ན་དེའི་གཉེན་པོ་རྟེན་འབྲེལ་སྒོམ་དགོས་གསུངས་པས། རྟེན་འབྲེལ་ཅི་འདྲ་སྒོམ་དགོས་སྙམ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སཱ་ལུ་ལྗང་པའི་མདོ་ལས། རྟེན་འབྲེལ་ཤེས་ན་ཆོས་ཤེས། ཆོས་ཤེས་ན་སངས་རྒྱས་ཤེས་ཞེས་གསུངས་ཡོད་པས། རྟེན་འབྱུང་དེ་ལ་ལུགས་འབྱུང་འཁོར་བར་འཁོར་བའི་རྟེན་འབྲེལ་དང་། ལུགས་ལྡོག་མྱ་ངན་ལས་འདས་པའི་རྟེན་འབྲེལ་གཉིས་ཡོད། དེའི་དང་པོ་ལུགས་འབྱུང་དེ་ལའང་ཕྱི་ཡི་རྟེན་འབྲེལ་དང་། ནང་གི་རྟེན་འབྲེལ་གཉིས་ཡོད། ནང་གི་རྟེན་འབྲེལ་དེ་རྒྱུ་དང་བཅས་པ་དང་། ནང་གི་རྟེན་འབྲེལ་རྐྱེན་དང་འབྲེལ་བ་གཉིས་ཡོད། རྒྱུ་དང་འབྲེལ་བའི་ནང་གི་རྟེན་འབྲེལ་གྱི་ཐོག་མ་ནི། ཤེས་བྱ་དེ་ཉིད་ལ་རྨོངས་པའི་མ་རིག་པ་ཡིན་ལ། དེས་ཀུན་ནས་བསླངས་ཏེ་ཟག་བཅས་ཀྱི་དགེ་མི་དགེ་བའི་ལས་མངོན་པར་འདུ་བྱེད་པའི་འདུ་བྱེད་བྱུང་བ་རེད། འདུ་བྱེད་ཀྱིས་ལས་བསགས་ཏེ་ས་བོན་བགོས་པའི་སེམས་དེ་ལ་ནི་རྣམ་ཤེས་ཞེས་པ་གྲུབ་པ་ཡིན། ལས་ཀྱི་སྟོབས་ཀྱིས་སེམས་ཕྱིན་ཅི་ལོག་པས། མའི་མངལ་དུ་ཉིང་མཚམས་སྦྱོར་བའི་མིང་དང་གཟུགས་གྲུབ་པ་ལ་སོགས་ནས་རྒ་ཤིའི་བར་དུ་འབྱུང་བ་རེད། རྟེན་འབྲེལ་ཡན་ལག་བཅུ་གཉིས་པོ་དུམ་བུ་གསུམ་དུ་བགོས་ན། མ་རིག་སྲེད་ལེན་གསུམ་ཉོན་མོངས་དང་། འདུ་བྱེད་སྲིད་པ་གཉིས་ནི་ལས། རྣམ་ཤེས་ལ་སོགས་པ་གཞན་བདུན་པོ་དེ་སྡུག་བསྔལ་ཡིན། དཔེར་བཞག་ན་མ་རིག་པ་ས་བོན་འདེབས་མཁན་གྱི་ཞིང་པ་རྒད་པོ་ལྟ་བུ་དང་། ལས་ནི་ཞིང་ས་ལྟ་བུ། རྣམ་ཤེས་ནི་ས་བོན་ལྟ་བུ། སྲེད་པ་ནི་རླན་ལྟ་བུ། མིང་དང་གཟུགས་ནི་མྱུ་གུ་ལྟ་བུ། གཞན་རྣམས་ཡལ་ག་དང་ལོ་མ་ལ་སོགས་པ་ལྟ་བུ་ཞིག་གི་དཔེ་ལ་འཇོག་ཡོད་པ་རེད། གལ་ཏེ་མ་རིག་པ་མ་བྱུང་ན། འདུ་བྱེད་ཀྱང་མི་མངོན་ཞིང་། དེ་བཞིན་དུ་སྐྱེ་བ་མ་བྱུང་ན་རྒ་ཤི་སོགས་ཀྱང་མི་མངོན་པ་དང་། འོན་ཀྱང་མ་རིག་པ་ཡོད་པས་འདུ་བྱེད་མངོན་པར་འགྲུབ་པ་ནས། སྐྱེ་བ་ཡོད་པ་དེས་རྒ་ཤིའི་བར་མངོན་པར་འགྲུབ་པ་རེད། ཡང་ནང་གི་རྟེན་ཅིང་འབྲེལ་བ་འབྱུང་བ་རྐྱེན་དང་འབྲེལ་བ་ཡིན་པ་ནི། ས་ཆུ་མེ་རླུང་ནམ་མཁའ་རྣམ་ཤེས་ཏེ་ཁམས་དྲུག་འདུས་པ་རེད། སའི་ཁམས་དེ་ལུས་ཀྱི་སྲ་བའི་དངོས་པོ་དང་། ཆུའི་ཁམས་ལུས་སྡུད་པར་བྱེད་པ་ཐམས་ཅད་དང་། མེའི་ཁམས་ཟས་སོགས་འཇུ་བར་བྱེད་པ་དང་། རླུང་གི་ཁམས་དབུགས་ཕྱི་ནང་དུ་རྒྱུ་བའི་བྱ་བ་བྱེད་པའི་བདག་ཉིད་དང་། ནམ་མཁའི་ཁམས་ནི་ལུས་ནང་བར་སྟོང་ཡོད་པ་དང་། རྣམ་པར་ཤེས་པའི་ཁམས་ནི་ཟག་བཅས་ཀྱི་རྣམ་ཤེས་ཚོགས་དྲུག་སྟེ། མདོར་ན་སེམས་དང་བཅས་པའི་ཁམས་དྲུག་ཚང་བའི་ལུས་ཞེས་པ་འདི་གྲུབ་ཡོང་བ་རེད། དེ་ལྟ་བུའི་རྟེན་འབྲེལ་བཅུ་གཉིས་པོ་ལུགས་འབྱུང་དུ་འཁོར་གྱིན་ཡོད་པ་རེད། འདི་རྣམས་ལས་མ་རིག་པ་དང་འདུ་བྱེད་གཉིས་སྔོན་གྱི་མཐའ་ལ་ལྟོས་པའི་ཚོ་གཅིག་དང་། རྣམ་ཤེས་ནས་ཚོར་བའི་བར་སྲེད་ལེན་སྲིད་པ་རྣམས་ད་ལྟའི་བྱུང་བ་ལ་ལྟོས་པའི་ཚོ་གཅིག སྐྱེ་བ་དང་རྒ་ཤི་གཉིས་ཕྱི་མའི་མཐའ་ལ་ལྟོས་པའི་ཚོ་གཅིག་སྟེ་ཚོ་གསུམ་གྱི་ཚེ་དུ་ལ་རྫོགས་ལུགས་སོགས་གསུངས་ཡོད་པ་རེད། ལུགས་ལྡོག་མྱ་ངན་ལས་འདས་པའི་རྟེན་འབྲེལ་ནི། ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་ཉིད་དུ་རྟོགས་ན་མ་རིག་པ་དེ་འགགས་པས་རྒ་ཤིའི་བར་དུ་རིམ་གྱིས་འགགས་ནས་མྱ་ངན་དང་སྨྲེ་སྔགས་འདོན་པ་ལ་སོགས་པ་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་དག་འགག་པར་འགྱུར་བ་རེད། ཡང་ཕྲག་དོག་གི་ཉོན་མོངས་ཤས་ཆེ་ན་དེའི་གཉེན་པོར་བདག་གཞན་མཉམ་པར་སྒོམ་པ་ནི། བདག་གིས་བདེ་བ་འདོད་པ་ལྟར་དུ་སེམས་ཅན་གཞན་གྱིས་ཀྱང་དེ་ལྟར་བདེ་བ་འདོད་ལ། སྡུག་བསྔལ་བདག་གིས་མི་འདོད་པ་ལྟར་སེམས་ཅན་གཞན་གྱིས་ཀྱང་མི་འདོད་པའི་ཕྱིར་ན། བདག་དང་སེམས་ཅན་གཅེས་པ་འདྲ་བ་དང་མཉམ་པར་བསྒོམ་པ་དེ་རེད། ཡང་ང་རྒྱལ་ཤས་ཆེ་ན་དེའི་གཉེན་པོ་བདག་གཞན་བརྗེ་བ་བསྒོམ་པ་ནི། བདག་གཅེས་འཛིན་གྱི་ཉེས་པ་ནི། བྱིས་པ་སེམས་ཅན་ཐམས་ཅད་ཀྱིས་རང་ཁོ་ན་གཅེས་པར་འཛིན་པས་འཁོར་བར་འཁྱམས་ཤིང་སྡུག་བསྔལ་མྱོང་བ་ཡིན་ལ། གཞན་གཅེས་པར་བཟུང་བའི་ཡོན་ཏན་ནི། ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གཞན་གཅེས་པར་བཟུང་སྟེ། གཞན་དོན་ཁོ་ན་མཛད་པས་མྱ་ངན་ལས་འདས་པའི་ཚུལ་ལ་བལྟས་ནས་ཉམས་སུ་ལེན་དགོས། ཉོན་མོངས་པ་ཆ་མཉམ་པ་དང་རྣམ་རྟོག་ཤས་ཆེ་ན་རླུང་སྒོམ་པ་ལ་བསླབ་དགོས། རླུང་སྒོམ་དུས། བགྲང་དང་རྗེས་འགྲོ་འཇོག་པ་དང་། །རྟོག་པ་དང་ནི་བསྒྱུར་བ་དང་། །ཡོངས་དག་རྣམ་པ་དྲུག་ཏུ་འདོད། །ཅེས་པ་ལྟར་གཞུང་སོ་སོ་ནས་གསུངས་པ་ལྟར་བསླབ་རྒྱུ་དང་། གཞན་ཡང་མདོ་སྡེ་ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་ནས་རབ་ཏུ་མཛེས། །དམིགས་པ་འདི་ལ་གང་གིས་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་ནི་མཉམ་བཞག་ཡིན། །ཞེས་གསུངས་པ་ལྟར། དེ་བཞིན་གཤེགས་པའི་སྐུ་བརྙན་བྱིན་རླབས་ཅན་མཇལ་མྱོང་བ་དང་། མཚན་དཔེའི་ཡོན་ཏན་གོ་མྱོང་བའི་ཐོག་ཏུ་སེམས་རྩེ་གཅིག་ཏུ་བཞག་སྟེ་ཞི་གནས་སྒྲུབ་པའི་ཚུལ་གསུངས་པ་ལ་བསླབ་སྟེ་སེམས་སྦྱོང་དགོས། མདོར་ན་དབེན་པའི་གནས་བསྟེན་ཏེ་དེར་རང་ཉིད་ཀྱིས་སེམས་སྦྱངས་པར་བྱས་ཏེ་བསམ་གཏན་དངོས་སྒོམ་པ་ལ་འཇུག་དགོས་པ་རེད། གང་ཇི་ལྟར་སྒོམ་ན། རྩ་བ་བསྒྲུབ་གཞི་འདྲ་བོ་སེམས་ཡིན་ལ། སེམས་དེས་དངོས་པོ་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པ་གང་ལ་དམིགས་པ་གཏད་ན་ཕྱི་ཡུལ་གྱི་རྣམ་གཡེང་ཐམས་ཅད་ཞི་ནས། སྤྲོས་པའི་སྣང་བ་ཐམས་ཅད་ཆོས་ཉིད་གཅིག་གི་རང་བཞིན་དུ་ནུབ་སྟེ། ནུབ་པའི་ཚུལ་དེའང་སྣང་ཆ་ཚང་མ་འགགས་ཏེ་གླེན་པ་ནག་འཐོམ་མེ་ལྟ་བུ་མིན་པར། ཁོ་རང་གི་རང་བཞིན་ལ་བསམ་བློ་གཏོང་ན། ཞི་བ། ཕྲ་བ། ལྟ་དཀའ་བ། འདུ་ཤེས་ཞིག་པ་སྟེ། ཞི་བ་ནི་ཁོ་རང་གི་རང་བཞིན་གྱིས་ཞི་བ། དངོས་པོ་མེད་པས་ན་ཕྲ་བ། མཚན་ཉིད་དུ་མ་གྲུབ་པས་ན་ལྟ་དཀའ་བ། སྣང་ཡུལ་མ་འགགས་བཞིན་དུ་དེར་འཛིན་གྱི་འདུ་ཤེས་ཞིག་པ་ནི། ཉེས་པ་ཤིན་ཏུ་སྤོང་བ་ལྡན་པའི་ཏིང་ངེ་འཛིན་ཡིན་ཞེས་གསུངས། དེ་ལྟ་བུའི་སྒོམ་པ་དེ་མི་བརྗེད་པའི་དྲན་པས་མི་གཏོང་བར་དམིགས་པ་དེ་ལ་རྒྱུན་དུ་ཞུགས་ནས་བྱིང་རྒོད་སོགས་རྐྱེན་གྱིས་མི་འཕྲོག་པ་དེ་ནི་ཞི་གནས་ཡིན་ལ། དེའི་རང་བཞིན་ཡོངས་སུ་ཤེས་པ་དེ་ལྷག་མཐོང་ཡིན། དེ་ལྟར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་དགོས། ཡང་བཤད་ན། ཤེས་པ་ཡུལ་ལ་མི་འགྲོ་བར་མི་རྟོག་པའི་ངང་དུ་གནས་ཤིང་ཤིན་སྦྱངས་འབྱུང་བའི་མཉམ་པར་བཞག་པ་དེ་ཞི་གནས་ཡིན་ན། དེས་ལུས་སེམས་ལ་ཤིན་སྦྱངས་ཐོབ་པ་རེད། འོན་ཀྱང་ཞི་གནས་ཀྱིས་ཉོན་མོངས་པ་རེ་ཞིག་གི་ཚེ་མགོ་ནོན་པར་མ་གཏོགས་སྒྲིབ་པ་སྤོང་མི་ནུས། དེ་ཉིད་དང་བློ་གཅིག་ངོ་བོ་གཅིག་དུས་གཅིག་གིས་སྒྲིབ་པ་སྤོང་བའི་བྱེད་ལས་སུ་གཅིག་པའི་སོ་སོར་རྟོག་པའི་ཤེས་རབ་ཡོད་དགོས། དེ་ཡོད་ན་ཤེས་རབ་དེས་ཉོན་མོངས་པ་བག་ཉལ་དང་བཅས་པ་འཇོམས་ཏེ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་མཐོང་བས་རྗེས་ཐོབ་དང་ལྡན་པའི་ལྷག་མཐོང་ཞེས་གསུངས། བསམ་གཏན་གྱིས་ཉོན་མོངས་ཀྱི་མགོ་ནོན། ལྷག་མཐོང་གི་ཤེས་རབ་ཀྱིས་བག་ཉལ་འཇོམས་པར་བྱེད་པ་ཡིན། དེའི་དུས་ན་མཉག་བཞག་གི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟ་བུར་མཉམ་པར་མཐོང་ན། དེའི་རྗེས་ཐོབ་ཀྱི་སྐབས་ན་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་དང་རྨི་ལམ། སྨིག་རྒྱུ་དང་ཆུ་ཟླ་གཟུགས་བརྙན་ལ་སོགས་པ་རྟོགས་ཐུབ་པ་རེད། བསམ་གཏན་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན། དོན་རབ་འབྱེད་པའི་བསམ་གཏན། དེ་བཞིན་གཤེགས་དགེའི་བསམ་གཏན་དང་གསུམ་གྱི་དབྱེ་བ་ཡོད། འདི་ཚོ་ས་སྡེའི་དགོངས་པ་ལྟར་ན། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དེ་འཇིག་རྟེན་པའི་ལམ་རེད། ལམ་མ་ཞུགས་པའི་རྒྱུད་ཀྱི་ཏིང་ངེ་འཛིན་ཏེ་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་ཡོད་པ་རེད། འཇིག་རྟེན་ལས་འདས་པའི་ལམ་ལ་གཉིས་སུ་ཕྱེས་ནས། དོན་རབ་འབྱེད་པའི་བསམ་གཏན་དང་། དེ་བཞིན་གཤེགས་དགེའི་བསམ་གཏན་གཉིས་སུ་འཇོག་པ་རེད། དེ་ལ་དོན་རབ་འབྱེད་པའི་བསམ་གཏན་ནི་ལམ་དུ་ཞུགས་ནས་ཚོགས་སྦྱོར་གྱི་ཏིང་ངེ་འཛིན་གྱིས་ཐར་པའི་ལམ་མངོན་དུ་བྱེད་པ་དེ་དང་། དེ་བཞིན་གཤེགས་དགེའི་བསམ་གཏན་ནི་ས་དང་པོ་ཡན་ཆད་ཀྱི་ཏིང་ངེ་འཛིན། དེའང་ཟག་མེད་ཀྱི་ངོ་བོར་གྱུར་པ་དེ་རེད། སྤྱིར་བསམ་གཏན་གྱི་ངོ་བོ་སེམས་ནང་དུ་རྩེ་གཅིག་ཏུ་གནས་པ་ཡིན་ན། དེ་འགྲུབ་པའི་རྒྱུ་ངོ་མ་བོ་དྲན་པ་དང་བརྩོན་འགྲུས་གཉིས་ལ་བརྟེན་ནས་བསྒྲུབ་དགོས་ཏེ། དྲན་པས་ཡེངས་སུ་མི་འཇུག་པར་རྒྱུན་ཆགས་པ་ཉིད། བརྩོན་འགྲུས་ཀྱི་སྦྱོར་བའི་རྐྱེན་ལ་ལྟོས་པས་སོ། །གལ་ཏེ་དེའི་སྐབས་ན་ཡིད་ལ་བྱེད་པ་འདྲ་མི་འདྲ་ཞུགས་ནས་རྣམ་པ་གཡེང་བ་ན། སེམས་གནས་ཀྱི་འཇོག་ཚུལ་དགུའི་སྒོ་ནས་ཞི་གནས་བརྟན་པར་བྱ་དགོས་གསུངས་ཡོད་པ་རེད། མདོ་སྡེ་རྒྱན་ལས། འཇོག་དང་རྒྱུན་འཇོག་བླན་ཏེ་འཇོག །ཉེར་འཇོག་དུལ་བྱེད་ཞི་བར་བྱེད། །རྣམ་ཞི་རྩེ་གཅིག་མཉམ་པར་འཇོག །ཅེས་མགོན་པོ་བྱམས་པས་གསུངས་ཡོད་རེད། འདིའི་ཚིག་འདི་མི་ཕམ་ཚང་གི་མཁས་འཇུག་སྡོམ་བྱང་གི་ཚིག་ཅིག་རེད་ཨེ་ཐལ། ད་གང་ཡིན་ཡང་དོན་གྱི་ཆ་ནས་གཅིག་པ་ཡིན། མདོར་ན་རྣམ་པར་མི་གཡེང་བར་སེམས་གནས་ཀྱི་ངང་དུ་བསྡད་ནས་ཐུན་མོང་གི་བསམ་གཏན་འགྲུབ་པས། ད་ལྟ་གོང་ནས་བཤད་པ་ལྟར་ལུས་སེམས་ལ་ཤིན་སྦྱངས་ཐོབ་ནས། མཐོང་ཆོས་བདེ་གནས་ཚེ་འདི་ལ་བདེ་བར་གནས་པར་བྱེད་པར་མི་ཚད་པས། རྫུ་འཕྲུལ་འགྲུབ་པའི་རྟེན་བྱེད། འབྲས་བུ་མངོན་ཤེས་དང་རྣམ་ཐར། ཟད་པ་དང་ཟིལ་གནོན་སོགས་ཉན་ཐོས་དང་ཐུན་མོང་གི་ཡོན་ཏན་ཐོབ་པ་རེད། བསམ་གཏན་དེ་ཙམ་ཞིག་རྒྱུད་ལ་བསྟེན་ནའང་ཕན་ཡོན་ཚད་མེད་པ་ཡོད་དེ། འདོད་པའི་ཡོན་ཏན་ལ་བློ་ལྡོག་པ་དང་། ཉོན་མོངས་པ་ངང་གིས་ཞི་བ། དབེན་པར་བསྟེན་རྒྱུར་དགའ་བ་དང་། ཏིང་ངེ་འཛིན་གྱི་སྒོ་དུ་མ་ཞིག་ཐོབ་ཅིང་ཉམས་སུ་མྱོང་བ་དང་། མངོན་ཤེས་འཆར་བས་གཞན་དོན་འགྲུབ་པ་སོགས་མདོ་ལས་གསུངས་སོ། །བསམ་གཏན་གྱི་སྤྱི་ཙམ་གྱི་གོ་བ་དེ་འདྲ་ཞིག་ཡིན་ནམ་སྙམ། རང་རེའི་ད་རེས་སྔོན་འགྲོའི་ཆོས་ཁྲིད་སེམས་སྦྱོང་བདུན་གྱི་དོན་ཁྲིད་འདིའི་དེ་རིང་ནས་ཏིང་ངེ་འཛིན་བསྒོམ་རྒྱུ་ལ་ཐུག་ཡོད་པ་རེད། དེས་ན་བསམ་གཏན་གྱི་སྐོར་དང་ལྷག་པར་དུ་འབྲེལ་བའི་སྐབས་སུ་བབ་ན། འུ་ཚོས་འདིའི་ཕྱོགས་ལ་ཅུང་ཟད་ཞིབ་ཆ་འདྲ་བྱས་ན། བསམ་གཏན་ལ་གོང་དུ་ཞུས་པ་ལྟར་འཇིག་རྟེན་པའི་བསམ་གཏན་ཞིག་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་གཉིས་ཡོད་ན། འཇིག་རྟེན་པའི་བསམ་གཏན་དེ་ཕྱི་རོལ་བ་དང་ཐུན་མོང་ཡིན་པའི་བསམ་གཏན་དང་གཟུགས་མེད་ཀྱི་སྙོམས་འཇུག་བརྒྱད་དང་། འཇིག་རྟེན་ལས་འདས་པའི་བསམ་གཏན་ནི། འདས་ལམ་གྱིས་ཐོབ་པའི་མཐར་གནས་ཀྱི་སྙོམས་འཇུག་དགུའོ། །ཡང་ན་ཐེག་གསུམ་སོ་སོའི་བསམ་གཏན་ཡིན་དགོས་པ་རེད། ད་དེ་འདྲ་བྱས་ཡོང་ན་ཏིང་ངེ་འཛིན་གྱི་སྒོ་ཐམས་ཅད་མདོར་ན་ཞི་ལྷག་གཉིས་ཟུང་དུ་འབྲེལ་བས་བསྡུས་པ་ཞིག་ཡིན་ཞིང་། ཞི་གནས་བརྟན་པ་མ་གྱུར་པའི་ལྷག་མཐོང་དེ་རླུང་དང་འགྲོགས་པའི་མར་མེ་ལྟར་ཡིན་པ་དང་། ལྷག་མཐོང་དང་བྲལ་པའི་ཞི་གནས་ཀྱིས་སྒྲིབ་པའི་དྲྭ་བ་མཐའ་དག་གཅོད་པར་མི་ནུས་པར་གསུངས་པ་རེད། དེ་མི་ནུས་པས་བསམ་གཟུགས་བརྒྱད་ཀྱི་ཞི་གནས་ཀྱི་འབྲས་བུ་ལ་སྲིད་པའི་རྩེ་མོ་མན་ཞིག་ཏུ་འཁོར་ཞིང་དེ་ལས་འདའ་མི་ནུས། དེ་ལ་ཞི་གནས་ཀྱི་སྟོབས་ཀྱིས་རྣམ་རྟོག་གི་རླུང་གིས་སེམས་གཡོ་བ་འགོག་བྱེད་དང་། དེའི་སྟེང་དུ་ལྷག་མཐོང་གིས་རྨོངས་པའི་སྒྲིབ་པ་དང་འཇིག་ཚོགས་ལ་ལྟ་བ་སོགས་ལྟ་ངན་གྱིས་དྲ་བས་གཡོ་མི་ནུས་པར་དེ་དག་གནོན་ནུས་པ་རེད། དེ་ལྟར་ཞི་ལྷག་ཟུང་འབྲེལ་ཆ་མཉམ་དུ་སྒྲུབ་པའི་སྔོན་རོལ་དུ། བྱང་ཆུབ་སེམས་དཔས་སེམས་ཅན་ཐམས་ཅད་ལ་སྙིང་རྗེ་ཆེན་པོས་ཟིན་པའི་དམིགས་པ་དེ་ལ་སེམས་ཉེ་བར་འཇོག་པའི་ཐབས་ཁྱད་པར་ཅན་དང་། དངོས་གཞིའི་སྐབས་སུ་མཐའ་གཉིས་ལ་མི་གནས་ཤིང་། སེམས་ཡུལ་དང་ཡུལ་ཅན་སྤྲོས་པ་ཉེ་བར་ཞི་བའི་ངང་དུ་སྙོམས་པར་འཇུག་པའི་ཤེས་རབ་རྣམ་པར་དག་པ་དེ་གཉིས་ཐབས་ཤེས་ཡ་མ་བྲལ་བ་ཞིག་ངེས་པར་དུ་ཡོད་དགོས་པ་རེད། མཚན་མ་མེད་པའི་ཞི་གནས་སོ་སོར་རྟོག་པའི་ཤེས་རབ་ལ་བརྟེན་ནས། མཚན་མ་མེད་པའི་ལྷག་མཐོང་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་འབྱུང་ཞིང་། སོ་སོར་རྟོག་པའི་ཤེས་རབ་དེས་རྟོག་པའི་བུད་ཤིང་ཐམས་ཅད་སྲེག་པར་བྱེད་པ་ཡིན་ཏེ། དཔེར་ན་བསྲེག་བྱའི་བུད་ཤིང་དེ་ཚིག་ཚར་དུས་སྲེག་བྱེད་ཀྱི་མེ་དེའང་མེད་པར་གྱུར་པ་བཞིན་དུ། མཉམ་བཞག་གི་ངོ་བོ་ལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་གདངས་ཤར་དུས་ཡིད་བྱེད་ཀྱི་རྣམ་རྟོག་དེ་མི་འཇུག དེས་ན་མཉམ་བཞག་རྟོག་མེད་ཀྱི་གདངས་དེ་བྱིང་རྒོད་གཉིས་ལས་འདས་ནས། རང་བཞིན་ཡོངས་ཤེས་ཀྱི་ལྷག་མཐོང་དེ་ཡེ་ཤེས་ཀྱི་ངོ་བོ་ཡིན་ན། ད་དུང་དེའི་སྟེང་ན་རིགས་པས་དཔྱད་པའི་ཤེས་རབ་བསྣན་ན། བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་ལ་གོལ་བར་འགྱུར་ཞེས་གསུངས་ཡོད། མཉམ་བཞག་གི་སྐབས་ན་སྣང་ཡུལ་འགག་པ་མེད་པར་སྣང་འདུག་ནའང་། རྣམ་རྟོག་གིས་དག་པས་ན་རྣམ་པར་མི་རྟོག་པའི་སེམས་ཞེས་གསུངས་པ་རེད། སྐབས་འདིའི་བློ་ངོའི་སྣང་སྟོང་གི་ཆ་ལ་མཉམ་རྗེས་ཀྱི་མིང་བཏགས་པའི་མཉམ་རྗེས་ཀྱི་ངོ་བོ་གཅིག་པ་དེ་ནི་ཏིང་ངེ་འཛིན་སྒོམ་པའི་གནས་སྐབས་ཐམས་ཅད་ལ་ཡོད་རྒྱུ་ཅན་ཞིག་ཡིན། མཉག་བཞག་ལས་ལངས་པའི་རྗེས་ཀྱི་གཟུང་འཛིན་སོགས་ཀྱི་ཞེན་པ་དང་བཅས་པ་དེ། རྗེས་ཐོབ་རྒྱ་ཡན་པ་ཞེས་བྱ། མཉམ་རྗེས་ཀྱི་ཁྱད་པར་དང་ས་ལམ་གྱི་མངོན་རྟོག་ཞིབ་ཏུ་མཁྱེན་འདོད་ན། མངོན་རྟོགས་ས་ལམ་གྱི་རྣམ་བཞག་བཤད་པའི་གཞུང་ཆེན་པོ་དང་། གཞུང་བཤད་པའི་ཞལ་ནས་གསན་ན་གསལ་བ་རེད། མདོར་ན་རྗེས་ཐོབ་ཏུ་སྦྱིན་པ་སོགས་གསུམ་གྱིས་བསོད་ནམས་ཀྱི་ཚོགས་དང་། མཉམ་བཞག་ཏུ་བསམ་གཏན་གྱི་ངོ་བོ་ཞི་གནས་དང་། ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་གིས་ཡེ་ཤེས་ཀྱི་ཚོགས་སྒྲུབ་པ་གཉིས་ཀྱི་ཆིངས་སུ་བརྩོན་འགྲུས་ཀྱིས་བཅིངས་ན་དམ་པ་གསུམ་དང་། ཕྱིན་དྲུག་དང་འབྲེལ་བའི་བསམ་གཏན་དེས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའི་སྟོང་པ་ཉིད་མངོན་པར་བསྒྲུབ་ཐུབ་པ་ཡིན་ནོ། །དེས་སྤྱིར་བཏང་མདོ་ལམ་གྱི་ཐེག་པ་ཐུན་མོང་དང་ཐུན་མིན་གྱི་བསམ་གཏན་གྱི་སྐོར་ཞོར་དུ་གང་ལ་གང་འཚམ་ཞིག་ཞུས་ནས།

དྷཱིཿ༽ སེམས་སྦྱོང་བདུན་པ།

ད་སྔགས་ཀྱི་སྐོར་ལས། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བའི་དངོས་གཞིའི་ཆོས་ཁྲིད་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཐུན་མོང་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་འདི་འཆད་པ་ལ། དེ་རིང་སེམས་སྦྱོང་བདུན་པ་རེད། འདི་ལ་ནང་གསེས་ཀྱི་བདེ་གསལ་མི་རྟོག་གསུམ་གྱི་སྒོ་ནས། བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་། ཆོས་ཉིད་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་དང་གསུམ་གྱི་ཐོག་ནས་གསུངས་ཡོད་ན། འདི་གསུམ་པོ་རང་རེས་ཁྲིད་རྐང་གསུམ་བྱས་ནས་སྦྱོང་བར་བྱེད་འདོད་ཀྱིན་ཡོད་རེད། དང་པོ་འདིའི་སྤྱི་དོན་ལ་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་འདིས། ལས་རླུང་གི་བྱེད་བཅིང་ལ་བརྟེན་ནས་ཐེག་པ་འོག་མ་ལྟ་བུའི་སེམས་རྣམ་རྟོག་གི་གྲལ་དུ་སྤོང་གཉེན་གཡུལ་སྤྲད་པ་ལྟ་བུ་རྗེས་དཔག་གི་བསམ་གཏན་ལ་མ་ལྟོས་པར། བཙན་ཐབས་སུ་འོད་གསལ་གཉུག་མའི་ཡེ་ཤེས་བདེ་སྟོང་ལྷན་ཅིག་སྐྱེས་པ་ངོས་ཟིན་པར་བྱེད་པའི་མན་ངག་ཡིན་པའི་སྐོར་དེ་གསུངས་པ་རེད། སེམས་སྦྱོང་བདུན་པ་ནི། བུ་ཡིག་ལས། དེ་ལྟར་ཕྱི་ནང་གི་རྣམ་གཡེང་སྤངས་ནས་མི་རྟོག་པའི་བསམ་གཏན་ལ་བཞག་པས་ཉམས་མྱོང་འཕེལ་ནས་ཡུན་ཇེ་རིང་ལ་སོང་བས། དོན་འདི་ཉིད་དང་ནམ་ཡང་མི་འབྲལ་བར་བྱ་སྙམ་པས་རྒྱུད་ལ་ངེས་ཤེས་བསྐྱེད་པ་དང་། བདུན་གྱིས་སེམས་སྦྱོང་བའོ། །ཞེས་རྩ་བའི་ཚིག་དེ་འདྲ་ཞིག་གིས་གསུངས་ཏེ། དེ་ཡན་ཆད་ཀྱི་ཁྲིད་རྐང་དྲུག་གི་བཤད་བྱ་སྤྱི་དང་། ཁྱད་པར་དུ་གོང་དུ་བཤད་མ་ཐག་པ་འཇིག་རྟེན་གྱི་ཕུན་ཚོགས་དེ་དབྱར་གྱི་ཆུ་བྲན་དང་། རྨི་ལམ་གྱི་ནོར་རྫས་ལྟར་དུ་བདེན་པ་མེད་ཅིང་རྟག་མི་ཐུབ་པར་བསླུ་བའི་ཆོས་ཅན་ཡིན་པར་དེ་ལྟར་ཤེས་པའི་ཐོག་ཏུ། ཕྱི་ནང་གི་རྣམ་གཡེང་ཐམས་ཅད་སྤངས་ནས་རྩེ་གཅིག་ཏུ་རྣམ་པར་མི་རྟོག་པའི་བསམ་གཏན་ལ་མཉམ་པར་བཞག་པ་ལས། དེའི་ཉམས་མྱོང་དེ་ཉིད་གོང་ནས་གོང་དུ་འཕེལ་ནས་བསམ་གཏན་གྱི་ངང་ལ་མཉམ་པར་འཇོག་རྒྱུ་ཡུན་ཇེ་རིང་ལ་སོང་བས། མི་རྟོག་ཡེངས་མེད་ཀྱི་དོན་ཉིད་དང་ནམ་ཡང་མི་འབྲལ་བར་བྱ་སྙམ་པའི་ཉམས་རྟོགས་རྒྱུད་ལ་འཁྲུངས་པའི་ངེས་ཤེས་ཁྱད་པར་ཅན་བསྐྱེད་པའི་ཁྲིད། ཁྲིད་རྐང་བདུན་པ་འདི་དང་བཅས་པའི་རྣམ་པ་བདུན་གྱིས་སེམས་སྦྱོང་བའོ། ཞེས་མཇུག་བསྡུ་བའི་ཚིག་ཀྱང་ཡིན་པས་ཞེས་མཇུག་བསྡུ་བ་ལས། དེ་ལྟར་ལུང་དོན་གྱིས་མདོར་བསྟན། ས་བཅད་ཀྱིས་ཆིངས་བཞག་ནས་འཆད་པའི་སྔོན་དུ་ཁྲིད་སྦྱོང་འདིའི་སྤྱི་དོན་མན་ངག་གི་གདམས་པ་དགོས་པ་དང་བཅས་པ་དེ་ཉིད་འཆད་པ་ནི། ཞེས་རྣམ་པར་མི་རྟོག་པ་གསུམ་ལ་བརྟེན་ནས། སེམས་སྦྱོང་བ་ནི་ཏིང་ངེ་འཛིན་གྱི་དངོས་གཞིའི་ལམ་ལ་འཇུག་པའི་སྒོ་བླ་ན་མེད་པ་ཡིན་ཏེ། ཞེས་རྣམ་པར་མི་རྟོག་པ་གསུམ་ཀའི་སྤྱིའི་དགོས་དོན་གྱི་ཁོག་འབུབས་བསྟན་པའི་སྒོ་ནས་དམ་བཅའ་བའམ་མཚམས་སྦྱོར་བའི་ཚིག་རེད། དཔེར་ན་ཁང་པ་ཞིག་གི་ནང་དུ་འཛུལ་དགོས་ན། དང་པོ་སྒོ་གང་ནས་འཛུལ་དགོས་མ་ཤེས་ན། ཁང་པ་ནང་དུ་འཛུལ་བའི་དོན་དེ་མི་འགྲུབ་པ་བཞིན་རེད། མཁར་ལ་སྒོ་ཞིག་ཡོད་པར་གཞིར་བཞག་སྟེ། །སྒོ་དེ་གང་ཡིན་མ་ཤེས་སྡུག་བསྔལ་ལོ། །ཞེས་པ་ལྟ་བུ་རེད་འགྲོ་བ་རེད། ཏིང་ངེ་འཛིན་ལ་ཞུགས་པའི་སྒོ་དེ་སེམས་སྦྱོང་ཡིན་ཏེ། སེམས་ལས་སུ་རུང་ནས་ཏིང་ངེ་འཛིན་ལ་འཇུག་དགོས་པའི་ཕྱིར་རོ། །དེ་ཡིན་ན་གསང་སྔགས་ཀྱི་ལམ་ལ་བསམ་བློ་གཏོང་ན། སྤྱིར་བསྐྱེད་རྫོགས་གཉིས་སུ་གསང་སྔགས་ཀྱི་ལམ་གྱི་ངོ་བོ་ཐམས་ཅད་འདུས་པ་རེད། དེས་ན་བསྐྱེད་རྫོགས་རིམ་པ་གཉིས་སུ་ཕྱེས་ནས་བཤད་དུས། རིམ་པ་དང་པོ་བསྐྱེད་རིམ་སྐྱེ་བ་ཀུན་རྫོབ་ཀྱི་བདེན་པ་ལམ་དུ་བྱེད་པས་རྒྱུད་སྦྱངས་ནས། རིམ་པ་གཉིས་པ་རྫོགས་རིམ་འཆི་བ་དོན་དམ་གྱི་བདེན་པ་ལམ་དུ་བྱེད་ཐུབ་དགོས་པ་རེད། སྐབས་འདིར་བསྟན་གྱི་སེམས་སྦྱོང་བདུན་པ་དང་འབྲེལ་བའི་སྒོ་ནས་རྫོགས་རིམ་གྱི་སྐོར་དེ། གསང་སྔགས་གསར་རྙིང་གཉིས་ཀ་གོང་སྦྲེལ་ནས་ཐུན་མོང་གི་ཐོག་ནས་ཅུང་ཟད་ཅིག་གླེང་བར་བྱེད་ན། སྤྱིར་རྫོགས་རིམ་གྱི་ངོ་བོ་ནི། རྣམ་རྟོག་གི་རང་བཞིན་ཤེས་ནས་དེ་ཉིད་མི་རྟོག་པའི་ལམ་དུ་འཇུག་པར་བྱེད་པ་ཞིག་རེད། འདི་ལའང་དམིགས་པ་དང་བཅས་པའི་ཐབས་ལ་བརྟེན་པ་དང་། དམིགས་པ་མེད་པའི་ཤེས་རབ་ཀྱིས་འགོག་པ་དང་རྣམ་པ་གཉིས་སུ་ཡོད་པ་རེད། དེ་ལ་དབྱེ་ན། ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་རང་རང་གི་སྐབས་ཀྱི་རྫོགས་རིམ་གྱི་ཁྱད་པར་གསུངས་ཡོད་པ་ལ། ཕ་རྒྱུད་ལ་མཚོན་ན། ཕ་རྒྱུད་གསང་བ་འདུས་པ་དང་། གཤིན་རྗེའི་གཤེད་ལ་སོགས་པ་རྣམ་འབྱོར་ཆེན་པོའི་རྒྱུད་རྣམས་ལས་ཟབ་གསལ་ལམ། གསལ་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གཙོ་བོ་དམིགས་ནས་དངོས་གྲུབ་རྣམ་པ་གཉིས་བསྒྲུབ་པ་དང་། མ་རྒྱུད་ཤེས་རབ་མའི་རྒྱུད་ཡང་ཕུར་དང་། འཁོར་ལོ་སྡོམ་པ། ཀུན་འདུས་རིག་པ། དགྱེས་རྡོར་སོགས་རྗེས་སུ་རྣལ་འབྱོར་གྱི་རྒྱུད་རྣམས་ལས་གཙོ་བོ་ཁམས་བྱང་ཆུབ་ཀྱི་སེམས་ཐིག་ལེའི་རྣལ་འབྱོར་ལམ་དུ་བྱེད་ཡོད་པ་རེད། གཉིས་མེད་ཀྱི་རྒྱུད་སྡེ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བ་དང་། དུས་འཁོར་དང་སངས་རྒྱས་མཉམ་སྦྱོར་སོགས་ལས་རྩ་ཐིག་རླུང་གསུམ་གྱི་ཞུ་བདེས་དྲངས་པའི་གསལ་བ་དང་། མི་རྟོག་པ་དང་། བསམ་གྱིས་མི་ཁྱབ་པའི་ཐིག་ལེ་ཆེན་པོའི་རྣལ་འབྱོར་གཅིག་དང་དུ་བྲལ་གྱི་འོད་གསལ་ཆེན་པོའི་རྫོགས་རིམ་གསུམ་དུ་བཞེད་པ་རེད། དེ་ལྟར་རྫོགས་རིམ་ལ་གསུམ་དུ་བཞེད་པའི་དེའི་ནང་ན་སྔ་མ་བདེ་བའི་འོད་གསལ་དང་། གསལ་བའི་འོད་གསལ་གཉིས་སྣང་བཅས་དམིགས་པའི་ལམ་དང་། ཕྱི་མ་མི་རྟོག་པའི་ལམ་དེ་སྣང་མེད་འོད་གསལ་གྱི་ལམ་ཡིན། དེ་ལ་ཕྱོགས་དང་པོ་སྣང་བཅས་དམིགས་པ་དང་བཅས་པའི་རྫོགས་རིམ་དེའི་མཚན་ཉིད་ནི། རྩ་རླུང་ཐིག་ལེ་གསུམ་ལ་གནད་དུ་བསྣུན་པ་ཁོ་ན་ཞིག་ཡིན། སྐབས་འདིའི་རང་རེས་ཉམས་སུ་ལེན་བཞིན་པའི་མན་ངག་འདི། སྣང་བཅས་ཀྱི་ལམ་ནས་སྣང་མེད་ཀྱི་འོད་གསལ་མངོན་དུ་བྱ་རྒྱུའི་ཐབས་ཀྱི་ལམ་ཤེས་རབ་དང་འབྲེལ་བ་ཞིག་ཡིན་པས། ཐབས་གྲོལ་གཉིས་མེད་ཀྱི་གདམས་པའང་ཟེར་ཆོག་ལ། འདི་ན་རྩ་དང་། རླུང་དང་། ཐིག་ལེའི་སྐོར་རྣམས་བཤད་པའི་སྐབས་ན། གནས་པ་རྩ། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས། དེའི་རྟེན་གཞི་ལུས་ཀྱི་གནས་སོ་སོ་དང་ཁམས་ཀྱི་གྲུབ་ཚུལ་ཞིག་ཀྱང་ཤེས་དགོས་པས། མདོར་བསྡུས་པ་ཞིག་མ་བཤད་ཐབས་མེད་འདྲ་རེད། དེས་ན་སེམས་ཅན་རྣམས་ཀྱི་ཐོག་མར་སྐྱེ་བ་ལེན་པའི་གནས་སྐབས་ན་ཀུན་གཞི་སྲོག་རླུང་དང་བཅས་པ་བར་སྲིད་ཀྱི་རྣམ་ཤེས་དེ། ཁམས་གསུམ་དུ་སྐྱེ་བར་སྦྱོར་བ་ན། འདུ་ཤེས་དང་རྣམ་ཤེས་ཀྱིས་ནམ་མཁའ་མཐའ་ཡས་ལ་སོགས་པ་གཟུགས་མེད་སྐྱེ་མཆེད་མུ་བཞི་ཡུལ་དུ་བྱས་ནས་དེ་ལ་སྐྱེ་བ་ལེན་པ་ནི་གཟུགས་མེད་ཁམས་ཏེ་ཡིད་ཀྱི་ལུས་ཅན་རེད། གཟུགས་ཁམས་བསམ་གཏན་བཞི་ལ་སྐྱེ་བ་ནི་འདོད་སྲེད་རགས་པ་བཅོམ་ཡོད་པས་བརྫུས་ཏེ་སྐྱེ་བ་ཡིན། དེས་ན་གཟུགས་ཁམས་དང་གཟུགས་མེད་ཁམས་ཀྱི་གནས་ཉི་ཤུ་བོ་ལ་ཁམས་གཅིག་ནས་ལྔ་ཡི་བར་དུ་མ་གཏོགས་མི་ལྡན་པ་རེད། འདོད་ཁམས་ཀྱི་རིགས་དྲུག་པོ་ནི་ཁམས་དྲུག་དང་སྐྱེ་གནས་བཞི་དང་ལྡན་པ་ཞིག་རེད། དེའི་ནང་ནས་རྩ་ཐིག་རླུང་གསུམ་རྟེན་ཅིང་འབྲེལ་འབྱུང་དུ་ཚོགས་པའི་གླིང་གསུམ་གྱི་མིའི་ལུས་ལ་རྡོ་རྗེའི་ལུས་ཞེས་གསུངས་ལ། ཁྱད་པར་དུ་རང་རེ་འཛམ་བུ་གླིང་འདི་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་པ་ཤས་ཆེ་བས་ན་ལས་ཀྱི་ས་བ་ཞེས་མཆོག་ཏུ་གྲགས་པ་ཡིན་པས་ན། རྟེན་དེའི་ཐོག་ནས་ཉེར་རྒྱུའི་སྤྱོད་པ་ལ་སློབ་པའི་དུས་ཡིན། བདེ་འགྲོ་ཡིན་ཡང་ལྷ་དང་ལྷ་མ་ཡིན་དང་བྱང་སྒྲ་མི་སྙན་གསུམ་ནི་འབྲས་བུ་ལ་སྤྱོད་པ་ཡིན་པས་ན་ལུས་རྟེན་དམན་པ་ཡིན་གསུངས་པ་རེད། དེའི་ནང་ནས་གླིང་གསུམ་དུ་སྐྱེས་པའི་མི་རྣམས་མངལ་གྱི་གནས་སྐབས་འཛིན་པའི་ཐོག་མར་མིག་གཉིས་དང་ལྟེ་བའི་རྩ་མདུད་དེ་དང་པོར་ཆགས་པ་དང་། དེ་ནས་རིམ་གྱིས་རྩ་ཐམས་ཅད་ཆགས་ནས་ལུས་གྲུབ་པ་ཡིན་ན། དེ་ལས་དྭངས་མའི་དབང་པོར་གྱུར་པ་གནས་ཚུལ་དང་མཐུན་པའི་རྩ་དབུ་མ་དེ་ཁ་དོག་སྔོ་སྐྱ་སྲོག་གི་རླུང་དང་བཅས་པ་ཞིག་ཆགས་ལ། རྩ་དབུ་མ་དེའི་ཡར་སྣེ་སྤྱི་བོར་ཟུག་པས། སྤྱི་བོར་ཕ་ལས་ཐོབ་པའི་དྭངས་མ་ཧཾ་ཡིག་གི་རང་བཞིན་དུ་གནས། མར་སྣེ་ལྟེ་འོག་ཏུ་ཟུག་པས། མ་ལས་ཐོབ་པའི་དམར་ཆ་ཨ་ཐུང་གི་རང་བཞིན་ཅན་དུ་གནས། སྤྱི་བོ་ཧཾ་ཡིག་དཀར་གསལ་ཟླ་བ་ལྟ་བུ་དང་། ལྟེ་འོག་གི་ཨ་ཤད་དམར་གསལ་ཉི་མ་ལྟ་བུའི་རང་བཞིན་དུ་གནས་པ་དེ་གཉིས་ཀྱི་བར་ན་ཀུན་གཞིའི་རྟེན་སྲོག་གི་རླུང་གནས་པ་ནམ་མཁའ་ལྟ་བུ་ཞིག་ཡིན་པ་རེད། རྩ་དབུ་མ་ལྟེ་འོག་མན་ཆད་ཐོན་པ་ལ་དུང་ཅན་ཟེར་བ་དཀར་ཆ་འབབ་ཅིང་བདེ་བ་སྐྱེད་པའི་རྩ་ཡིན། རྩ་དབུ་མ་དེའི་གཡས་གཡོན་གཉིས་ན་རོ་རྐྱང་གཉིས་ཆགས་ཡོད་ལ། དེ་ཡང་ཆགས་ཚུལ་སྐྱེས་པ་ལ་གཡས་ན་རོ་མ་དཀར་མོ། གཡོན་ན་རྐྱང་མ་དམར་པོ་ཆགས་པ་ལས། བུད་མེད་ལ་དེ་གཉིས་གོ་ལྡོག་སྟེ། གཡས་ན་རྐྱང་མ་དམར་པོ་དང་གཡོན་ན་རོ་མ་དཀར་མོ་ཆགས་ཡོད། རོ་མ་དཀར་མོ་དེས་ལུས་དང་བྱང་སེམས་བསྐྱེད། ཁྲག་དང་དྲི་ཆེན་འཕེན་འཛིན་གྱི་ལས་བྱེད་པ་དང་། རྐྱང་མ་དམར་པོ་དེས་ངག་དང་ཁྲག་གཉིས་བསྐྱེད། དྲི་ཆུ་འབྱིན་འཛིན་གྱི་ལས་བྱེད་པ་དེ་འདྲ་ཡིན་གསུངས་ཡོད། རྩ་རོ་མ་ལ་རོ་མ་ཞེས་ཟེར་དོན་རང་བཞིན་དུ་བཞག་ན་དོན་བྱེད་མི་ནུས་པས་རོ་དང་འདྲ་བ་དང་། དེ་རྟེན་འབྲེལ་གྱིས་གནད་དུ་བསྣུན་ན་རྩ་དེ་བདེ་བའི་ངོ་བོ་ཡིན་པས། དྲན་མེད་ཡིད་ལས་འདས་པའི་ཆོས་ཉིད་ཀྱི་དོན་ལ་ཟས་ཀྱི་རོ་མྱོང་བ་ལྟར་འགྱུར་བར་ཡིན་པས་ན་ཡང་རོ་མ་ཞེས་བྱ། རྐྱང་མ་ཞེས་པ་ནི་རང་བཞིན་གྱིས་བཞག་ན་གཞན་དང་མ་འབྲེལ་ཞིང་རྐྱང་བ་གནས་པས་ན་རྐྱང་མ། གཅུད་པའི་མན་ངག་ལ་མཁས་ན་རྩ་དེ་སྟོང་པའི་ངོ་བོ་ཅན་ཡིན་པས་ན་ཆོས་ཉིད་རྟོག་བྲལ་གྱི་ཉམས་སྐྱེས་པས། རྟོག་པའི་ཡན་ལག་དང་མི་ལྡན་པས་ན་རྐྱང་མ་ཞེས་ཟེར། རྩ་དབུ་མ་ཞེས་པའི་དོན་ནི། གནས་ཚུལ་གྱི་དབང་དུ་བྱས་ན་འདི་རོ་རྐྱང་གཉིས་ཀྱི་དབུས་ན་ཡོད་པས་ན་དབུ་མ་དང་། ཆོས་ཉིད་ཀྱི་དབང་དུ་བྱས་ན། ཡོད་མེད་གཉིས་ཀྱི་མུ་དང་བྲལ་བས་བདེ་སྟོང་གཉིས་སུ་མེད་པའི་ངོ་བོ་ཡིན་པས་ན་ཡང་དབུ་མ་ཞེས་ཟེར། འོ་ན་རྩ་འདི་གསུམ་ལ་དབུ་མ་དང་རོ་མ་རྐྱང་མ་ཞེས་མ་སྒྲ་ཞུགས་པའི་དོན་གང་ཡིན་ཞེ་ན། འདིའི་རྩ་གཙོ་བོ་གསུམ་པོ་འདི་རྩ་ཐམས་ཅད་ཀྱི་ཕྱི་མོ་ཡིན་པས་ན་འདི་གསུམ་མེད་ན་གཞན་རྣམས་མི་འབྱུང་ཞིང་། རྩ་ཐམས་ཅད་ཀྱི་མ་ལྟ་བུ་ཡིན་པས་ན་མ་སྒྲ་སྦྱར་བ་རེད། འདི་གསུམ་གྱི་བྱེད་ལས་ཀྱི་ཐོག་ནས་བཤད་ན། རོ་མའི་ནང་ནས་ཁྲག་དང་ཆུ་སེར་འབབ། བྱང་སེམས་རྒྱུ་བས་ན་ཐིག་ལེའི་ལས་ལ་མཁས་ན་ལུས་ཀྱི་ལས་ཟད་པར་བྱེད། ཟས་ཀྱི་ཞེན་པ་ཆོད་པ་དང་བསམ་གཏན་གྱི་ཟས་ཀྱིས་འཚོ་ཐུབ་པའི་ཡོན་ཏན་འབྱུང་། རྐྱང་མ་ནས་འབྱུང་བཞིའི་དྭངས་མ་དང་ཡེ་ཤེས་ཀྱི་རླུང་རྒྱུ་བས་ན་རྩའི་གནད་ལ་མཁས་ན། ངག་གི་ལས་དག་པ་དང་གོས་ཀྱི་ཞེན་པ་ཆོད་པ་ཡིན། དབུ་མ་ལ་གནད་དུ་བསྣུན་པའི་ངོ་བོ་དོན་དམ་གྱི་དབུ་མ་དེ་ཤེལ་གྱི་ཀ་བ་བཙུགས་པ་དང་འདྲ་བ། ལུས་ཀྱི་དཀྱིལ་ན་ཡར་ཡོད་པ་ངོ་བོ་སྟོང་པ་ཟང་ཐལ་འོད་ཀྱི་རང་བཞིན་ཅན་ཡིན་པས། རླུང་གི་གནད་ལ་མཁས་ན། སེམས་ཀྱི་ལས་སྦྱོང་བ་དང་སྐོམ་གྱི་ཞེན་པ་དག་ཅིང་། རྨི་ལམ་རྒྱུན་ཆོད་པ་དང་། མཐར་ཐུག་མཐའ་གཉིས་ལ་མི་གནས་པའི་ཆོས་ཉིད་འོད་གསལ་གྱི་དོན་ལ་སྤྱོད་པའི་ཡོན་ཏན་ཡོད་གསུངས་པ་རེད། མདོར་བསྡུ་ན། ལུས་གྲུབ་ནས་རྩ་གྲུབ། རྩ་གྲུབ་ནས་དེ་ལ་བརྟེན་པའི་རླུང་དང་ཡེ་ཤེས་སོགས་ཀྱང་རང་ཤུགས་ཀྱིས་གྲུབ་པས་ན། རྡོ་རྗེའི་ལུས་ཀྱི་བྱེད་འཆིང་འདི་གནད་ཆེ་གསུངས་པ་རེད། རྩ་དེ་ལ་བརྟེན་པའི་རླུང་ཇི་ལྟར་གནས་པ་རེད་སྙམ་ན། རྩ་རླུང་ཐིག་ལེའི་གོ་བ་དང་རླུང་དེའི་འགྲོས་ཀྱང་ཤེས་དགོས་ལ། རླུང་གི་རྣམ་གྲངས་དང་དབྱེ་བ་མང་ཡང་། གཙོ་བོ་བཤད་ན་རྩ་བའི་རླུང་ལྔ་ནི་སྲོག་འཛིན་དང་། མེ་མཉམ་དང་། ཁྱབ་བྱེད་དང་། གྱེན་རྒྱུ་དང་ཐུར་སེལ་དེ་ལྔ་རེད། རླུང་དེ་དག་གི་བྱེད་ལས་ནི། སྲོག་འཛིན་སྙིང་གར་གནས་ཤིང་། དེས་སྲོག་འཚོ་ཞིང་གནས་པར་བྱེད་པའི་བདག་ཉིད་ཅན་དང་། མེ་མཉམ་ལྟོ་བར་གནས་ཏེ། དྲོད་འབེབ་པ་དང་ཟས་ཞུ་བར་བྱེད། ཁྱབ་བྱེད་ནི་ལུས་ཡོངས་རྫོགས་ལ་གནས་ཏེ། ལུས་ཀྱི་ཉམས་དང་གཟི་མདངས་རྒྱས་པར་བྱེད། གྱེན་རྒྱུ་རོ་སྟོད་ན་གནས་ཏེ། དབུགས་འབྱུང་རྔུབ་ཀྱི་ལས་བྱེད། ཐུར་སེལ་སྨད་ན་གནས་ཏེ་འགྲོ་འདུག་དང་ཟག་པ་འདོར་བའི་བྱ་བ་བྱེད་པ་ཡིན། དེ་རྣམས་ལ་ཕྱིའི་རླུང་ལྔ་ཟེར། ནང་གི་རླུང་ལྔ་དེ་འབྱུང་བ་ལྔའི་རང་བཞིན་ཏེ། སོ་སོར་ཁ་དོག་དང་དབྱིབས་ཅན་དུ་གསུངས་ཡོད། མདོར་ན་རླུང་གི་རང་བཞིན་གཉིས་ཀྱི་ནང་དུ་འདུས་ཏེ། ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་ངོ་། དེ་ལ་ལས་རླུང་གིས་འཁོར་བའི་རྒྱུ་དང་། ཡེ་ཤེས་ཀྱི་རླུང་གིས་མྱ་ངན་ལས་འདས་པའི་རྒྱུ་བྱེད་པ་རེད། དེས་ན་རླུང་གི་སྦྱོར་བ་ལ་མ་བསླབ་ན་ཁམས་ལས་སུ་མི་རུང་། ཁམས་ལས་སུ་མི་རུང་བས་ཏིང་ངེ་འཛིན་མི་སྐྱེ་བས་ན་ཐོག་མར་འདི་རླུང་ལ་བསླབ་པའི་དགོས་པ་དང་། རྒྱུ་མཚན་དེ་འདྲ་ལ་ཐུག་ཡོད་པ་རེད། དེས་ན་གྲོལ་བའི་ཐིག་ལེ་ལས། སྟེང་རླུང་རྔུབས་པས་སྣང་བ་དབང་དུ་འདུ། །འོག་རླུང་རྔུབས་པས་སྟོང་པ་དབང་དུ་འདུ། །བར་རླུང་བསྐྱིལ་ཞིང་དཀྲུག་པས་ཟུང་དུ་ཆུད། །ཅེས་གསུངས་ན། སྟེང་རླུང་ཞེས་པས་སྟོད་ན་གནས་པའི་རླུང་ཁ་ནས་ནང་དུ་རྔུབས་ཤིང་མནན་པས་ཕྱིའི་སྣང་བ་ཐམས་ཅད་དབང་དུ་འདུ་བ་དང་། འོག་རླུང་ཞེས་སྨད་དུ་གནས་པའི་རླུང་ཐམས་ཅད་གྱེན་དུ་རྔུབས་ཤིང་བསྡུ་བས་ན་སྟོང་པ་དབང་དུ་འདུ་བས་སྣང་སྟོང་གཉིས་ཀ་དབང་དུ་འདུས། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། གྱེན་དུ་རྒྱུ་དང་ཐུར་དུ་སེལ། །བར་ན་གནས་པའི་གནད་ཉིད་བཙལ། །ཞེས་གསུངས་པས། བར་རླུང་ལྟེ་བའི་ཐད་དུ་བསྐྱིལ་བས་འཁྱིལ་དུ་བཅུག་ཅིང་ཕོ་སྐོར་གྱིས་དཀྲུགས་པས་ན་སྣང་སྟོང་ཟུང་དུ་ཆུད་པའི་འོད་གསལ་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་ལ་སྤྱོད་པའི་དགོས་པ་ཡོད། ཅེས་གསུངས་པ་ལྟར་དུ། རླུང་འདི་ལ་སྤྱིར་བཏང་བཤད་ན་རླུང་མདའ་ལྟར་འཕེན་པ་དང་། གཞུ་ལྟར་དགུག་པ། བུམ་པ་ཅན་དུ་བསྐྱིལ་བ། ཆུ་སྲིན་ཆིངས་སུ་བསྡོམ་པ། རི་བོ་ལྟར་མནན་པ། སྦུབས་ཆུ་ལྟར་བསྡུ་བ། རྩ་གནས་སུ་དགྲམ་པ། རང་གནས་སུ་གཞིལ་བ། ནམ་མཁའ་ལྟར་ཆོས་ཉིད་དུ་ཁྱབ་པར་གདལ་བའི་རླུང་གི་གནད་དགུ་ལ་མཁས་པར་བྱའོ། །ཞེས་གསུངས་ཡོད་པ་རེད། དེ་ལྟར་རླུང་གི་གནད་ལ་རང་བྱན་མ་ཆུད་ན། སེམས་ཅན་རྣམས་འཁྲུལ་བའི་དབང་དུ་སོང་ནས་སྣང་བ་ཕྱི་རུ་ལུས། ཕྱི་རོལ་གྱི་ཡུལ་ལ་འཁྲུལ། རིག་པ་ནང་དུ་ལུས། འཛིན་པ་སེམས་ལ་འཁྲུལ། བར་དུ་ལས་རླུང་གི་བཞོན་པས་སེམས་ཀྱི་རྟ་བྱས་ནས་འཕྱན་ཏེ། རླུང་ལ་རྣམ་པ་གཉིས་ཡིན་ཏེ། །ཡེ་ཤེས་དང་ནི་ལས་རླུང་ངོ་། །ཞེས་གསུངས་ཡོད་པས། གོང་དུ་བཤད་པ་བཞིན་ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་ཡོད་པས་ལས་ཀྱི་རླུང་གིས་འཁོར་བའི་རྒྱུ་བྱེད་དེ། རྩའི་གནས་དེ་འགྱུར་ཞིང་འཆུས་སོང་དུས་ལས་ཀྱི་རླུང་དུ་འགྱུར་ཞིང་། སེམས་ཀྱི་བཞོན་པར་བྱས་པ་རེད། དེ་ལས་རྣམ་རྟོག་སྣ་ཚོགས་པ་དང་མི་དགེ་བའི་རྣམ་རིག་དང་། བྱིང་རྒོད་རྨུགས་གསུམ་ལ་སོགས་པ་མདོར་ན་རླུང་ཉམས་ངན་པའི་རིགས་ཐམས་ཅད་སྐྱེ་བ་རེད། དེའི་སྐབས་སུ་གཟུང་འཛིན་རྒྱང་ཆད་དུ་སོང་། བདག་དང་བདག་གིར་གཟུང་བ་དང་འཛིན་པའི་ངང་དུ་འཕྱན་ཏེ་རིགས་དྲུག་འཁོར་བའི་གནས་རིས་མཐོ་དམན་ཀུན་ཏུ་ལུ་གུ་རྒྱུད་དུ་ཁ་འཁྱལ་ཏེ་འཁྲུལ་བ་དག གསང་ཆེན་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོས་འགྲོ་འོང་ལས་ཀྱི་རླུང་གི་བྱེད་པ་དེ། མན་ངག་གི་ཐབས་མང་པོ་གོང་དུ་བཤད་པ་དག་གིས་བཅིངས་ཤིང་རྩའི་གནད་དུ་བསྣུན་པ་ལ་བརྟེན་ནས། རྩ་མ་འཆུས་པའི་འགྱུར་བ་ལས་ཡེ་ཤེས་ཀྱི་རླུང་དུ་སོང་བས། བྱེད་ལས་བདེ་བ་དང་། གསལ་བ་དང་། སྟོང་པར་སྟོན་པ་དེ། སྒྲིབ་བྱེད་ཤེས་བྱའི་ཐ་སྙད་ཀྱིས་མ་བསླད་པས་ཡེ་ཤེས་ཀྱི་རླུང་ཟེར་བ་རེད། དེ་ལྟ་བུའི་ཐབས་ཁྱད་པར་ཅན་ལ་བརྟེན་ནས་ཐེག་པ་འོག་མ་ལྟར་ཡུན་རིང་པོར་རྟོག་པའི་དྲ་བར་རིགས་པས་རྗེས་སུ་དཔགས་པའི་བསམ་གཏན་ངལ་བ་ཅན་དང་། ལྟོས་འཇོག་ཅན་ལ་མ་ལྟོས་པར། ལས་རླུང་དབྱིངས་སུ་དག་ནས་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་རྩ་དབུ་མའི་ནང་དུ་ཞུགས་པས། བཙན་ཐབས་སུ་གཉུག་མའི་ཡེ་ཤེས་ངོས་ཟིན་པར་བྱ་བའི་སྒོ་ནས་སངས་རྒྱས་ཀྱི་ས་དང་འབྲས་བུའི་ཡོན་ཏན་བསྐྱེད་པའི་མན་ངག་སྟེ། དེ་ཡན་ཆད་ཀྱི་མན་ངག་སྤྱིའི་ཁོག་འབུབས་བསྟན་པའི་ཞོར་ལ་རྣམ་བཞག་ངེས་པའི་ཚིག་གིས་མདོར་བསྟན་ནས།

དང་པོ་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ།

ད་རྣམ་དབྱེ་ངེས་པའི་ཚིག་གིས་རྒྱས་པར་བཤད་པ་ནི། དེ་ལྟ་བུའི་མི་རྟོག་པ་ལ་སེམས་སྦྱོང་བ་དེ་ལ་ནང་གསེས་ཀྱི་གསུམ་ཡོད་པ་རེད། བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་། ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་དང་གསུམ་ལས། དང་པོ་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་ནི། གོང་དུ་ཞུས་པ་ལྟར་རང་ལུས་བསམ་གཏན་གྱི་ཆོས་བདུན་དང་ལྡན་པའི་འདུག་སྟངས་ཀྱི་ངང་ནས། ཁོག་པའི་ནང་སྟོང་སངས་ཕྲུ་མ་ཕུས་བཏབ་པ་ལྟ་བུའི་ལུས་ཀྱི་དབུས་དྲང་པོར་ཡོད་པའི་རྩ་དབུ་མ་སྲོག་ཤིང་ལྟ་བུ་ཞིག་གནས་པར་གསུངས་པ་དེ། འགའ་རེས་དངོས་མེད་ཅིག་ཡིན་པར་འདོད་པ་རེད། དེ་མི་རིགས་ཏེ། མེད་རྒྱུ་ཅན་ཞིག་ཡིན་ན་དེ་ལ་གནད་དུ་བསྣུན་པའི་ཡོན་ཏན་ཡང་མེད་རྒྱུ་ཅན་ཞིག་མ་གཏོགས་འགྲོ་ས་ཡོད་པ་མ་རེད། འགའ་རེས་དེ་སྲོག་རྩ་ཡིན་པར་འདོད་པ་ཡང་ཡོད། དེ་ཡང་རིགས་པ་མ་ཡིན་ཏེ། དེ་ཡིན་ན་སྲོག་རྩའི་ནང་དུ་རླུང་སེམས་འདུས་པས་སྨྱོ་འབོག་ལ་སོགས་པ་འབྱུང་བ་རེད། དེ་ཡིན་ན་མི་ལོ་གི་མོད། ཡང་འགའ་རེས་རྒྱུངས་པ་ཡིན་པར་འདོད་པ་རེད། རྒྱུངས་པ་ཟེར་ན་སྒལ་ཚིགས་ཀྱི་ནང་ན་སྒལ་ཀླད་དང་རྟེན་བརྟེན་པ་ཅན་ཞིག་ཡོད་པ་དེ་རེད། དེ་ཡང་མི་འཐད་དེ། རྩ་དབུ་མ་ལས་རྩ་འདབ་གཞན་དག་གྱེས་ཚུལ་དང་། རྩ་དབུ་མ་ལུས་དབུས་དྲང་མོ་ན་ཡོད་པ་དང་འགལ་བ་རེད། དེ་མིན་རྩ་དབུ་མ་ཞེས་པ་རྩ་གཞན་ཞིག་གསར་དུ་འཇོག་རྒྱུ་ཞིག་བསམ་བློ་གཏོང་མཁན་ཡོད་པ་རེད། དེ་ཡང་དགོངས་པ་ཇི་བཞིན་མ་ལོན་པའི་རྟགས་རེད། དང་པོ་ནས་མེད་པ་ཞིག་གསར་དུ་རྟོག་བཟོ་བྱས་ན་མེད་པ་དེ་ཉིད་ཀྱིས་དོན་འགྲུབ་མི་ཐུབ། དེས་ན། ཡིན་རྒྱུ་བོ་དེ་ཅི་ཞིག་ཡིན་པ་རེད་ཟེར་ན། སྲོག་རྩ་རང་རྒྱུད་པ་ལ་རླུང་སེམས་འདུས་ན་སྨྱོ་འབོག་འབྱུང་བ་ཡིན་ཡང་། དེའི་དབྱིངས་སུ་དམིགས་པའི་ཆོས་ཉིད་ཀྱི་དབུ་མ་ལ་རླུང་སེམས་འདུས་པས་སྨྱོ་འབོག་འབྱུང་མི་སྲིད་པས། གྲུབ་ཆེན་ས་ར་ཧ་པས། རླུང་དང་འགྱུ་བ་རྩ་ཆེན་སྲོག་པ་རྩར་བཅུད་ནས། །ཐ་མལ་ཤེས་པ་ངང་གིས་འགག་པར་འགྱུར། །ཞེས་གསུངས་ཡོད་པ་རེད། དེ་ལྟ་བུའི་རྟེན་བརྟེན་པར་གསུངས་པ་དེའང་། ཐ་སྙད་ལ་མཚོན་པའི་ཚུལ་ཙམ་དུ་གསུངས་པ་རེད། འོན་ཀྱང་ཀུན་གཞི་སྲོག་རླུང་དང་བཅས་པའི་རྟེན་ནི་དེ་ཉིད་ཡིན། སྲོག་རྩ་བཅད་ན་གནད་ཆད་པ་མཐོང་ཆོས་རེད། དེས་ན་རྩ་དབུ་མ་ཞེས་པ་ལ། གནས་པའི་དབུ་མ་དང་། ཆོས་ཉིད་ཀྱི་དབུ་མ། དོན་དམ་པའི་དབུ་མ་དང་གསུམ་དུ་འདོད་པ་དེ་རིགས་ཤིང་འཐད་པའི་ཕྱོགས་ཡིན་ཞེས་གསུངས་ཡོད་པ་རེད། སྐབས་འདིར་བསྒོམས་པ་ལས་འབྱུང་བའི་རྩ་དབུ་མ་བཤད་ན། འདི་ན་མཚན་ཉིད་བཞི་ལྡན་བཤད་པ་རེད། རྩ་དབུ་མ་ཆུ་ཤིང་གི་ལྡེམ་བུ་ལྟར་དྲང་བ་དང་། མེ་ཏོག་པདྨའི་འདབ་མ་ལྟར་སྲབ་པ། ནམ་མཁའ་སྤྲིན་བྲལ་ལྟར་སྔོ་ཞིང་དྭངས་པ། ཏིལ་ཞུན་གྱི་མར་མེ་ལྟར་གསལ་ཞིང་འཚེར་བ་སྟེ་ཆོས་བཞི་ལྡན་དང་། སྟོང་པ་ཤོག་བུའི་ཁོག་སྟོང་ལྟ་བུ་སྟེ་ལྔ་ལྡན་དུ་གསུངས་པའང་ཡོད་པ་རེད། ཆོས་བཞི་ལྡན་དུ་དེ་ལྟར་སྒོམ་པའི་སྤྱི་གཙུག་གི་ཡར་སྣར་ཧཾ་ཡིག་དཀར་པོ། ཀུན་མཁྱེན་པྲཛྙཱ་རསྨི་ཡིས། སྒྲ་གཅན་ལམ་དུ་འགོག་པའི་ཐབས་མཁས་ཀྱི། །མུན་པའི་ལམ་ནས་འབར་བའི་ཙནྜ་ལིས། །ཧཾ་ཡིག་རི་བོང་འཛིན་པ་ཞུ་བ་ལས། །ལྷན་སྐྱེས་བདེ་བས་མཉམ་བཞག་དྲངས་པ་ཡིས། །ཞེས་གསུངས་པ་ལྟར། རྩ་དབུ་མ་སྒྲ་གཅན་གྱི་ལམ་ཡར་སྣེ་སྤྱི་བོར་ཟུག་པའི་ཡར་སྣར་ཧཾ་ཡིག་དཀར་པོ་རི་བོང་འཛིན་པ་ཟླ་བའི་རང་བཞིན་གྱི་ཁམས་དཀར་པོ། ལྟེ་འོག་གི་མུན་པའི་ལམ་སྟེ་དབུ་མའི་མར་སྣར་ཨ་ཡིག་གམ་ཨ་ཤད་དམར་པོ་མེའི་དྭངས་མ་དེ་ཡང་རྒྱ་ཁབ་ཀྱི་རྩེ་འམ་ཡུངས་དཀར་གྱི་ཡུངས་ཞུན་ཙམ་ཡང་གསུངས་ཡོད། རབ་ཏུ་ཚ་བའི་རེག་བྱ་ཅན་དེ་ལྟ་བུ་གསལ་བ་ལ། དགུག་དགང་གཞིལ་གཏོང་གི་སྦྱོར་བ་བཞི་ལྡན་གྱི་ངང་ནས་སྟེང་རླུང་མནན། འོག་རླུང་འཐེན་པས་ལྟེ་བའི་ཨ་ལས་འབར་བའི་ཙནྜ་ལིའམ་གཏུམ་མོའི་མེ་དེ་ཉིད་འབར་བ་ན། དང་པོ་མེ་དེ་རྟ་རྔའི་འཇག་མ་ཙམ་ཕྲ་མོ་ཞིག་འབར་བ་གསུངས་ཡོད། དེ་ལྟར་འབར་བས། དབུ་མའི་ཡར་སྣའི་བདེ་ཆེན་གྱི་འཁོར་ལོའི་ཐད་དཀྱིལ་གྱི་ཧཾ་ཡིག་མགོ་ཐུར་བསྟན་ལ་ཕོག་པ་ལས་བདུད་རྩིའི་ཐིག་པ་ཕྲ་མོ་ཞིག་འབབ་པར་སྒོམ། དེ་ནས་མེ་དེ་བས་ཀྱང་ཇེ་ཆེར་འབར་བས། རིམ་གྱིས་མེའི་གསོས་བཏབ་པས་རིམ་གྱིས་ཡར་སྣའི་ཧཾ་ཡིག་མགོ་བོ་ཐུར་བསྟན་ཞུ་བ་ལས་བདུད་རྩིའི་རྒྱུན་བབ་པས་སྤྱི་མགྲིན་སྙིང་གར་ལྟེ་བ་བཞིའི་འཁོར་ལོ་བཞི་དང་། འཁོར་ལོ་བཞིའི་ཡན་ལག་དང་ཉིང་ལག་གི་རྩ་ཕྲན་ཐམས་ཅད་ཁྱབ་པས་བདེ་སྟོང་གི་ཡེ་ཤེས་སྐྱེས་པར་བསམ་ཞིང་། རྡོ་རྗེ་གདན་བཞིའི་ནང་ལས། ལུས་སེམས་སྲོག་གི་དབྱུག་པ་ལ། །སྦྱོར་བ་དྲུག་གི་མན་ངག་གནས། །ཐབས་དང་ལྡན་ན་ཤིན་ཏུ་འབར། །ཞེས་གསུངས་ན། གོང་དུ་བཤད་པའི་གནས་པའི་དབུ་མ་དང་ཆོས་ཉིད་ཀྱི་དབུ་མ། དོན་དམ་པའི་དབུ་མ་གསུམ་ཡོད་པ་ལས། འདིར་གསུངས་པའི་ལུང་དོན་དེ་ཆོས་ཉིད་ཀྱི་དབུ་མ་ལ་གོ་བ་རེད། དེ་བསྒོམས་ནས་དེ་ལ་གནད་དུ་བསྣུན་དགོས་པའི་གོ་དོན་ཡིན་ལ། དེའི་ནང་དུ་སྒོམ་དགོས་དོན་ཅི་རེད་ཟེར་ན། ཀུན་གཞིའི་སྲོག་རླུང་དང་བཅས་པ་སྲོག་རྩ་དེ་ལ་བརྟེན་ཡོད་པས་དེ་སྦྱོང་བའི་དོན་དུ་བསྟན་པ་རེད། ད་རུང་ཡེ་ཤེས་ཐིག་ལེ་ལས། སྲོག་པ་དབྱུག་གུའི་ནང་ན་གནས། །སུམ་ཅུ་རྩ་གཉིས་མདུད་དང་བཅས། །ཕྲ་བའི་ཕྲ་བ་ཡང་དག་མཆོག །ཕྱི་རོལ་མ་ཡིན་ནང་མ་ཡིན། །ཞེས་གསུངས་པས། གནས་ཚུལ་གྱི་ངོས་ནས་བཤད་ན། སྲོག་གི་དབྱུག་གུའམ་སྲོག་འཛིན་པའི་རྩའི་ནང་ན་ཆོས་ཉིད་ཀྱི་རྩ་མཚན་ཉིད་བཞི་ལྡན། འོད་གསལ་བའི་རང་བཞིན་ཐོགས་རེག་དང་བྲལ་བ། ཇི་སྲིད་ལུས་སེམས་དབུགས་གསུམ་པོའི་ཚོགས་པ་ཡོད་པ་དེ་སྲིད་དུ་རྩ་དེ་ཡང་ཡོད་པ་ཡིན་པས་ན་མེད་པའང་མ་ཡིན། དེ་གསུམ་པོ་སོ་སོར་གྱེས་སོང་དུས་དེའི་རྩ་དེ་ཡང་དབུགས་དང་ལྷན་ཅིག་ཏུ་བལྟར་མི་མངོན་པར་ཡིན་པས་ན་དངོས་པོ་ལྟར་ཡོད་པའང་མ་ཡིན་པ་དབུ་མའི་གོ་དོན་རེད། དེ་ལྟ་བུའི་སྲོག་གི་དབྱུག་གུ་དང་བཅས་པའི་རྩ་དབུ་མ་རོ་རྐྱང་གི་ཡན་ལག་ཅན། རྩའི་འཁོར་ལོ་དེ་སྐུ་གསུང་ཐུགས་བདེ་བ་ཆེན་པོ་ལྟར་ན་རྩའི་འཁོར་ལོ་གསུམ་དང་། སྐུ་བཞི་ཡེ་ཤེས་ལྔའི་རིམ་པ་དང་སྦྱར་ན་འཁོར་ལོ་བཞི་འམ་ལྔ་སྟེ། ལྟེ་བ་སྤྲུལ་བའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་ཡོད། སྐུ་ལྔ་ལྷུན་གྲུབ་ཀྱི་དག་པ་དང་བསྟུན་ན་དེའི་སྟེང་དུ་གསང་བ་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་སུམ་ཅུ་རྩ་གཉིས་ཅན་ནོ། །དེ་ལྟར་དུ་བསྒོམས་པའི་སྙིང་གར་བདེ་སྟོང་ཡེ་ཤེས་སྐྱེས་པར་བསམ་ཞིང་། སྙིང་གར་ཡི་གེ་ཨ་ཡིག་དཀར་པོ་གཅིག་ལ་སེམས་གཡོ་མེད་ཀྱི་ངང་དུ་བཟུང་སྟེ་རྩེ་གཅིག་ཏུ་འདུན་པའི་གཞུ་ལ་དྲངས་ཏེ་རྣམ་རྟོག་གི་འགྱུ་བ་ཐམས་ཅད་ཀྱི་སྤུན་ཐག་བཅད་ནས་བཞག་པས། ལུས་སེམས་ལ་བདེ་བ་ཆེན་པོ་ཞིག་ངང་གིས་འཆར་བའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཐབས་བྱས་པའི་སེམས་དང་སེམས་བྱུང་གི་སྤྲོས་པ་ཞི་བའི་ཤེས་རབ་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེ་བ་ཡིན། དེ་ལྟར་ངང་དུ་མ་གོམས་བར་དུ་ཡུན་ཐུང་གྲངས་མང་ལ་བསྐྱར་ནས་བསླབ་བོ། ཞེས་གསུངས་པ་རེད། དེ་ཡིན་ན་རང་ལུས་ཁམས་དྲུག་ལྡན་གྱི་རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་འདི་ལ་གོང་དུ་བཤད་པ་ལྟར། གནས་པ་རྩ་དང་། གཡོ་བ་རླུང་། བཀོད་པ་བྱང་ཆུབ་ཀྱི་སེམས་གསུམ་པོ་གཅིག་ལ་གཅིག་བརྟེན་དེ་གནས་པ་ཡིན་ན། སྣང་བཅས་དམིགས་པ་དང་བཅས་པའི་རྫོགས་རིམ་ལ་རྩ་རླུང་ཐིག་ལེ་གསུམ་པོ་ལ་གནད་དུ་བསྣུན་ཏེ། བདེ་གསལ་མི་རྟོག་པས་དྲངས་བའི་དཔེ་དོན་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྤྲོས་བྲལ་རྗེན་པའི་རང་ཞལ་མཐོང་ཐུབ་དགོས་པ་རེད། སྤྱིར་བཏང་གི་བཤད་ན་རྩའི་གཙོ་བོ་གསུམ་དང་འཁོར་ལོ་ལྔ་གོང་དུ་བཤད་པ་ལྟར་དང་། སྦྱང་གཞི་སྦྱོང་བྱེད་ཀྱི་དབང་དུ་བྱས་ན་སྔ་མ་ལྔའི་སྟེང་དུ་གཙུག་ཏོར་ནམ་མཁའི་འཁོར་ལོ་བསྣན་པ་དང་། ད་རུང་རྐང་མཐིལ་རླུང་གི་འཁོར་ལོ་ཟེར་བ་སོགས། རྩ་འཁོར་མང་ཉུང་དང་དེ་ལ་ཡི་གེ་དགོད་རྒྱུ་སོགས་རྒྱུད་སྡེ་རྣམས་ལས་མི་མཐུན་པ་མང་པོ་འབྱུང་བ་རེད། འོན་ཀྱང་དེ་དག་འགལ་བ་ཅན་མ་རེད། སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་པ་དང་། རྩ་དང་དབང་པོ་ཐ་དད་པ་ལྟར་དུ། འདུལ་བྱེད་ཀྱི་མན་ངག་ཀྱང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པར་བསྟན་པ་རེད། རྒྱུད་སྡེ་སོ་སོའི་གནས་པ་རྩ་དེ་ལ་གཡོ་བའི་རླུང་དང་། བཀོད་པ་བྱང་ཆུབ་སེམས་ཟུང་དུ་འཇུག་པས་གནད་དུ་བསྣུན་པའི་འབྲས་བུ་ལའང་མཆོག་དམན་ཁྱད་པར་མེད་དེ། །དཔེར་ན་དམིགས་ཡུལ་གཅིག་ལ་གཏད་དེ་ཐོན་དགོས་པའི་ས་ཆ་གཅིག་ཡིན་ན། ལམ་བདེ་གཟར་དང་ཐག་རིང་ཐུང་ལ་མ་ལྟོས་པར་མཐར་ཐུག་ཐོན་ས་གཅིག་ལ་ཐོན་འགྲོ་བ་ལྟ་བུའི་རྒྱུ་མཚན་རེད། དེ་ལྟ་ནའང་སྐབས་ཐོབ་རྩ་གནས་ཐད་ཀྱི་རྩ་གཙོ་བོ་གསུམ་དང་འཁོར་ལོ་ལྔ་ཡིན་ན། དེའི་བྱེད་ལས་ཀྱི་སྒོ་ནས་ཐ་དད་དུ་བཞག་པའི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཡོད་པར་གསུངས་ལ། དེའི་ནང་ན་གནད་དུ་བསྣུན་རྒྱུའི་གཙོ་བོ་དེ་གང་ཡིན་ན། ལྷན་ཅིག་སྐྱེས་པའི་བདེ་བ་སྟེར་ཞིང་ལུས་ཅན་རྣམས་ཀྱི་སྲོག་ཏུ་གྱུར་པ་དེ་ཨ་ཝ་དྷུ་ཏི་ཡིན་ལ། ཨ་ཝ་དྷུ་ཏི་དང་། ཡིད་བཟང་མ། ཀུན་འདར་མ། སྒྲ་གཅན། ཁ་ཁ་མུ་ཁ་ལ་སོགས་ཐམས་ཅད་དབུ་མའི་མིང་གི་རྣམ་གྲངས་རེད། དེ་ལྟ་བུའི་ལུས་ཀྱི་རྩ་དང་རྟེན་བརྟེན་པའི་ཚུལ་དང་འབྲེལ་བའི་རླུང་དེ། གཡོ་བའི་རང་བཞིན་བསྐྱོད་པའི་བྱེད་ལས་ཅན། རྣམ་པར་ཤེས་པའི་བཞོན་པ། ཡར་དྲན་མར་དྲན་གྱི་ཀུན་རྟོག་འཁྲུལ་བྱེད་ཀྱི་རྟ་ལྟ་བུ་རེད། ཁམས་གསུམ་ཐམས་ཅད་རླུང་གི་འདུ་བྱེད་པས་ན་གཡོ་བ་རླུང་ཞེས་ཟེར། རླུང་གི་རྣམ་གྲངས་ལ་བསམ་ན། གོང་གི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པའི་ནང་ན། འབྱུང་བཞིའི་རླུང་རྒྱུ་ཞིང་། དེ་རྒྱུ་བའི་ཚད་ནི་སྐྱེས་བུ་དར་བབས་ནད་མེད་སྐྱོན་བྲལ་ཞིག་ལ་མཚོན་ན་ཉིན་ཞག་གཅིག་ལ། དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བ་ནི་འགྱུ་བ་ཆེན་པོའི་རླུང་ཡིན་ཏེ། ཐལ་འགྱུར་ལས། རྩ་ལ་བརྟེན་པའི་རླུང་དག་ནི། །ཉིས་ཁྲི་དང་ནི་སྟོང་ཕྲག་གཅིག །དྲུག་བརྒྱ་དག་ནི་འགྱུ་བ་ནི། །འགྱུ་བ་ཆེན་མོའི་རླུང་དུ་འདོད། །ཅེས་འགྱུ་བ་ཆེན་པོའི་རླུང་བསྟན་པ་དང་། གཞན་ནི་བརྒྱད་ཁྲི་བཞི་སྟོང་བོ། །ཞེས་པས་འགྱུ་བ་ཆུང་ངུའི་རླུང་བསྟན་པ་འདི་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་གྲངས་དང་མཉམ་པའི་ཉོན་མོངས་དེ་དག་གི་བཞོན་པར་གྱུར་པའི་རྟ་དང་འདྲ་བ་ཡིན། ད་རུང་ཁ་སྣ་ནས་རྒྱུ་བ་མ་གཏོགས་པ་རྩའི་ནང་ན་རྟོག་པ་དང་ཡེ་ཤེས་ཀྱི་རྟེན་དུ་འགྱུ་བ་ཆུང་ངུའི་རླུང་། ལོངས་སྤྱོད་འཁོར་ལོ་ལས་གྱེས་པའི་འཕར་རྩ་ནས་འགྱུ་བ་དང་བཅས་པ་བསྡོམས་པས་དེ་ལས་མང་བ་ཡང་གསུང་རྒྱུ་ཡོད་པ་རེད། དེ་བྱེད་ལས་ཀྱི་ཆ་ནས་གོང་དུ་བཤད་པའི་རྩ་བའི་རླུང་ལྔ་ལ་ཕོ་མོ་མ་ནིང་གི་རླུང་གསུམ་དུ་བཤད་པ་ཡོད། ཕོ་རླུང་གྱེན་རྒྱུ་སྟོད་དུ་གནས་པ། མོ་རླུང་ཐུར་སེལ་སྨད་དུ་གནས་པ། མ་ནིང་གི་རླུང་ཚང་མ་ཆ་མཉམ་དུ་གནས་པ། དེ་རྣམས་ཕྱི་ནང་གི་ཁྱད་པར་ཕྱེ་ན་ཕྱིའི་རླུང་རེད། ནང་གི་རླུང་ནི་འབྱུང་ལྔའི་རང་བཞིན་ཏེ། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་གུ། ནམ་མཁའི་རླུང་མཐིང་ག་རྣམས་ཡིན། སྒོམ་ཚུལ་གྱི་དབང་དུ་བྱས་ན་རླུང་སོ་སོ་ལ་ཁ་དོག་མ་ཟད་དབྱིབས་ཀྱང་རིམ་བཞིན་གྲུ་བཞི་དང་། ཟླ་གམ་དང་། གྲུ་གསུམ་དང་། གཞུ་བདུངས་པ་ལྟ་བུ་དང་། ཟླུམ་པོ་རྣམས་སུ་གསུངས་ཡོད་པ་རེད། ནང་གི་རླུང་དེ་དག་ལ་བརྟེན་ནས་ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པའི་རྟེན་བྱེད་ལ། དེ་ཡང་མ་དག་པའི་དུས་ན་དུག་ལྔ་མཆེད་པའི་གཞི་བྱེད་པ་དང་། ལམ་གྱི་དུས་སུ་ཟད་པར་ཏིང་ངེ་འཛིན་ལ་བརྟེན་ནས་རྫུ་འཕྲུལ་འགྲུབ་པ་དང་། དག་པའི་སྐབས་ན་ཡེ་ཤེས་ལྔ་མཆེད་པའི་རྟེན་ཀྱང་དེས་བྱེད་པ་རེད། རླུང་དེ་རྣམས་རྒྱུ་ཚུལ་ཡང་། དུས་བཞིའི་འགྱུར་བ་དང་བསྟུན་ནས་དབྱར་མེ་རླུང་དང་། སྟོན་རླུང་གི་རླུང་། དགུན་ཆུ་རླུང་། དཔྱིད་སའི་རླུང་རྒྱུ་བ་རེད། གསོ་དཔྱད་དང་སྨན་པ་མཁས་པ་རྣམས་ཀྱིས་དེ་ལྟར་དུས་བཞིའི་རླུང་ཁམས་དང་སྐྱེས་བུའི་རྩ་ཁམས་བསྟུན། དེ་མ་བུ་དགྲ་གྲོགས་ལ་བལྟས་ཏེ། རྩར་བལྟས་ནས་སྨན་སྦྱོར་བྱ་རྒྱུ་ཡོད་པ་དེ་རེད། བསམ་གཏན་སྒོམ་དུས་ཀྱང་དེ་ལུགས་ཀྱི་དུས་ཚོད་དང་བསྟུན་ཏེ་དེ་དང་དེའི་གཉེན་པོར་སྒོམ་པའམ། ཡང་ན་དུས་ཀུན་ཏུ་དགེ་ཤིང་ཤིས་པ་ནམ་མཁའི་རླུང་ཁོ་ན་བསྒོམ་པ་ལ་སོགས་པ་རྣལ་འབྱོར་པ་རང་གི་ཁམས་དང་བསྟུན་ནས་གང་འཕྲོད་བསྒོམ། ཀུན་མཁྱེན་ཆེན་པོས་འབྱུང་བཞིའི་རླུང་ཁ་ཁ་མི་སྒོམ་པར་ནམ་མཁའི་རླུང་ཁོ་ན་སྒོམ་ན་ཆོག་པར་གསུངས་པ་འདིའི་འོག་ཏུ་འབྱུང་རྒྱུ་རེད། རླུང་འདི་ཡང་རིགས་ཀྱིས་ཕོ་མོ་མ་ནིང་གི་རླུང་གསུམ་དུ་བསྡུ་ན། སྣ་བུག་གཡས་ནས་རྒྱུ་བ་ཕོ་རླུང་། གཡོན་ནས་རྒྱུ་བ་མོ་རླུང། ཆ་མཉམ་དུ་རྒྱུ་བ་མ་ནིང་གི་རླུང་རེད། འབྱུང་ལྔའི་རླུང་གི་ངེས་པ་དུས་བཞིའི་འཕོ་དུས་དང་སྦྱར་ཏེ། སྐྱེས་པས་མོ་རླུང་དང་བུད་མེད་ཀྱིས་ཕོ་རླུང་དང་གཉིས་ཀས་མ་ནིང་གི་རླུང་ལ་གཙོ་བོར་སྦྱོང་བར་བྱེད་ན། གསང་བ་ཡེ་ཤེས་ཀྱི་རླུང་འབྱོངས་སླ་བར་ཕན་ཐོགས་ཡོད་པར་གསུངས་ཡོད། མདོར་ན་གྱེན་རྒྱུ་ཐུར་སེལ་མཉམ་གནས་ཀྱི་གནད་གསུམ་པོ་དེ་ལ་བརྟེན་ནས་སྟེང་རླུང་མནན་པ། འོག་རླུང་བསྡུ་བ། བར་རླུང་བསྐྱིལ་བ་གསུམ་གྱི་གནད་ལ་མཁས་པར་བྱ་དགོས། ལས་རླུང་གི་བྱེ་བྲག་བཅུ་གཉིས་ལས་ནང་དུ་ལས་ཀྱི་འཕེལ་འགྲིབ་བྱེད། དེས་ཕྱི་རུ་ལོ་བཅུ་གཉིས། ནང་དུ་ཟླ་བ་བཅུ་གཉིས། གསང་བ་དུས་སྦྱོར་བཅུ་གཉིས་བསྡེབས་ཏེ་འཁོར་བ་སྨིན་པར་བྱེད་པ་ཡིན་ཞེས་གསུངས་ཡོད། དེ་ཚོ་དུས་འཁོར་གྱི་ཕྱི་ནང་གཞན་གསུམ་གྱི་དགོངས་པ་བཤད་པ་དང་ཧ་ལམ་འདྲ་བོ་རེད། སྤྱིར་ན་ཡེ་ཤེས་ཀྱི་རླུང་དང་ལས་ཀྱི་རླུང་གཉིས་ཀ་གནས་སྐབས་ཀྱི་འགྱུ་བ་ཙམ་ལ་འདྲ་ཡང་། རྩ་ལ་གནད་དུ་བསྣུན་མ་བསྣུན་གྱིས་སྒྲ་ཇི་བཞིན་པ་ལམ་དུ་སོང་མ་སོང་གི་དོན་གྱི་ངོས་ནས་མི་འདྲ་སྟེ། གནད་ལ་བསྣུན་ནས་སྒྲ་ཇི་བཞིན་པ་ལམ་དུ་སོང་བས་ཤེས་པ་ལས་སུ་རུང་བ་གང་ཡིན་པ་ཡེ་ཤེས་ཀྱི་རླུང་དང་། གནད་དུ་མ་བསྣུན་ནས་སྒྲ་ཇི་བཞིན་པ་ལམ་དུ་མ་སོང་བས་ཤེས་པ་ལས་སུ་མ་རུང་བ་ཉོན་མོངས་དང་འཁོར་བའི་རྒྱུར་འགྱུར་བ་དེ་ཉིད་ལས་ཀྱི་རླུང་ཡིན། དེ་བས་ན་ཡེ་ཤེས་ཀྱི་རླུང་ལས་སུ་རུང་ན་ཕན་ཐོགས་ཅི་ཡོད་ན། ཡེ་ཤེས་ཀྱི་རླུང་དེ་ལས་སུ་རུང་བའི་བྱེད་ལས་བཞི་ཡོད་པ་རེད། བཞི་གང་ཞེ་ན། རླུང་དེ་གཡོ་བ་མེད་པའི་ཆ་ནས་གཞི་གནས་ཀྱི་ཡེ་ཤེས་ཀྱི་ལས་བྱེད་པས་ཅི་སྣང་གནས་ལུགས་ལས་འགྱུར་མི་སྲིད་པའི་བྱ་བ་བྱེད་པ་དང་གཅིག རླུང་དེ་སྣང་བའི་ཆ་ནས་ཡེ་ཤེས་ཀྱི་མཚན་ཉིད་མ་འདྲེས་པར་འཛིན་པས་སོ་སོའི་རིགས་དང་། སྐུ་དང་ཡེ་ཤེས་དང་། འོད་དང་ཁ་དོག་གི་གོ་འབྱེད་པའི་བྱ་བ་བྱེད་པ་དང་གཉིས། དེ་ལྟར་གོ་འབྱེད་ཀྱང་གཞན་བྱུང་གི་རྐྱེན་ལ་མ་ལྟོས་པར་རང་གི་ངོ་བོས་ཡེ་ནས་ཤེས་པས་ཡེ་ཤེས་དེ་དང་གསུམ། སོ་སོར་རང་རིག་པའི་ཡེ་ཤེས་དེས་ཤེས་བྱས་བསྡུས་པའི་རང་བཞིན་གྱི་དེ་ཉིད་རྟོགས་པ་ལ་ཐོགས་པར་མེད་པ་ཡིན་ཡང་བྱ་བྱེད་རང་རྒྱུད་པར་མི་གནས་ཏེ། འགྱུ་བའི་ཆ་ནས་བདག་དང་བདག་གིར་འཛིན་པ་མ་ཡིན་བཞིན་དུ་འཇིག་རྟེན་ལས་འདས་དང་མ་འདས་པའི་ཤེས་བྱས་བསྡུས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་མངའ་དབང་འབྱོར་བ་དང་བཞི་ཡིན་ལ། དེ་ལྟར་རྒྱུ་དུས་ཀྱི་བྱེད་པ་བཞི་པོས་ལམ་དུས་ན་དོན་དམ་པའི་འབྱུང་བ་བཞིར་བྱས་པས་འབྲས་དུས་ན་སྐུ་བཞིའི་ངོ་བོར་སྨིན་པ་ཡིན་ནོ། །དེ་ལྟ་བུའི་རྩ་རླུང་གཉིས་ཀ་ལ་བརྟེན་ནས་ཡོད་པའི་བཀོད་པ་བྱང་ཆུབ་སེམས་ཀྱི་ཁམས་དེ་ཐིག་ལེ་རེད། ཐིག་ལེ་ལ་དབྱེ་ན། རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་དང་། འཁྲུལ་བ་མ་རིག་པའི་ཐིག་ལེ། ཁམས་ལྔ་རྫས་ཀྱི་ཐིག་ལེ་དང་གསུམ་ཡོད། དང་པོ་རྩ་བ་སྤྲོས་བྲལ་གྱི་ཐིག་ལེ་ནི། དོན་དམ་པའི་བྱང་ཆུབ་ཀྱི་སེམས་སྐྱེ་འགག་གནས་གསུམ་དང་བྲལ་བ་དེ་ཉིད་རེད། འཁྲུལ་བ་མ་རིག་པའི་ཐིག་ལེ་ནི། མ་རིག་པ་དང་། འདུ་བྱེད་དང་། རྣམ་པར་ཤེས་པས་ཀུན་ནས་བཏགས་པའི་གཞན་དབང་གི་ཡིད་ཀྱི་ནུས་པ་ཅན་ཞིག་རེད། ཁམས་ལྔ་རྫས་ཀྱི་ཐིག་ལེ་ནི། སྐྱེ་སྲིད་དང་སྦྱར་ནས་བཤད་ན། བར་དོའི་རྣམ་ཤེས་འཛིན་པའི་དྭངས་མ་དཀར་དམར་གཉིས་ཡིན། དེ་ལ་ས་ལ་སོགས་པའི་ཁམས་ལྔ་འདུས་པས་ན་ཁམས་ལྔ་རྫས་ཀྱི་ཐིག་ལེ་ཞེས་གསུངས་པ་རེད། དེ་ལྟར་བྱས་ན། སྤྱིར་ཐིག་ལེ་དེ་རྩ་གནས་ཀྱི་ལམ་དུ་གཡོ་བའི་རླུང་གིས་གང་ལ་བཀོད་པའི་གནས་སུ་འགྲོ་འོང་བྱེད་པའི་གཞན་དབང་ཅན་ཡིན་པས་དེའི་མིང་ལ་བཀོད་པ་བྱང་ཆུབ་ཀྱི་སེམས་ཞེས་གསུངས་པ་རེད། དེ་ལྟ་བུའི་ཐིག་ལེ་མ་རིག་པ་དང་འབྲེལ་ན་འཁོར་བ་མུ་མཐའ་མེད་པར་འཁྱམས་ཤིང་སྤྱོད་པ་དང་། ཐབས་ཁྱད་པར་ཅན་དང་འབྲེལ་ན་མྱ་ངན་ལས་འདས་པར་བྱེད་པ་ཡིན། དེས་ན་རྩ་གནས་སྤྱི་དང་བྱེ་བྲག་གི་འཁོར་ལོ་སོ་སོ་ལ་རླུང་ཟིན་པས་ཐིག་ལེ་དེ་རང་ཤུགས་ཀྱིས་ཟིན་ཡོང་། ཐིག་ལེ་ཟིན་པས་མི་འགྱུར་བའི་བདེ་བ་ཟིན། མི་འགྱུར་བའི་བདེ་བ་ཟིན་ཞིང་འཕེལ་བ་ལས། འཁོར་ལོ་སོ་སོ་ལ་རླུང་སེམས་ལས་སུ་རུང་བ་རེད། དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་པ་ལས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་རྫོགས་པའི་ཡོན་ཏན་རིམ་གྱིས་ཐོབ། དེ་ཐོབ་པའི་རྩ་བ་གང་ལ་ཐུག་ན། རྩ་དབུ་མ་ལ་རོ་རྐྱང་གཉིས་ཀྱི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པའི་ནང་གི་གཉིས་རེ་གཉིས་རེ་གྲོལ་བ་ལས་ས་བཅུ་བོ་རེ་རེ་བཞིན་བགྲོད་པ་རེད། ཡེ་ཤེས་ཀྱི་རླུང་དེ་རྩ་དབུ་མའི་ནང་ཞུགས་གནས་ཐིམ་གསུམ་གྱི་དབང་གིས་ཡོན་ཏན་ཁྱད་པར་ཅན་དེ་འདྲ་སྐྱེས་པ་ཡིན་ན། དེའང་ཁམས་དྭངས་མ་རེ་རེ་དང་། རླུང་དྭངས་མ་རེ་རེ་དེ་རྩ་དབུ་མར་ཆུད་པས་རྩ་མདུད་རེ་རེར་གྲོལ་ནས་ས་ལམ་གྱི་ཡོན་ཏན་དེ་འདྲ་ཐོབ་པ་ཡིན་ཏེ། དང་པོ་ལྟེ་བ་སྤྲུལ་བའི་འཁོར་ལོ་ལ་རླུང་སེམས་ཞུགས་པས་དེ་ལས་སུ་རུང་བས། ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་པ་ལས་ཚོགས་ལམ་ཆེན་པོའི་དྲོད་རྟགས་འཆར་བ་རེད། དེ་ཞུགས་གནས་ཐིམ་གསུམ་གྱི་ནང་ནས་ཞུགས་པའི་ཡོན་ཏན་རེད། དེ་ནས་རླུང་དེ་ན་གནས་པ་ལས་འབྱོངས་བའི་ཡོན་ཏན་མངོན་དུ་གྱུར་ནས་དབུ་མའི་རྩ་མདུད་དང་པོ་གཉིས་དང་ལྟེ་བའི་རྩ་འདབ་གྲོལ། དེ་ནས་རླུང་ཞུགས་གནས་ཐིམ་གསུམ་གྱི་ཐིམ་པའི་སྐབས་ན། རླུང་འོད་གསལ་དོན་གྱི་མཉམ་བཞག་དང་རོ་མཉམ་དུ་གོམས་པས་རླུང་ཐིམ་པའི་ངེས་པར་གྲུབ། སངས་རྒྱས་སྤྲུལ་པའི་སྐུའི་ཞལ་མཐོང་། མངོན་ཤེས་དང་རྫུ་འཕྲུལ་ཕྲ་མོ་འགྲུབ། སྤྲུལ་བསྒྱུར་ཡང་གང་ལ་གང་འཚམ་དབང་ཐོབ་པ་ཡིན། ཚོགས་ལམ་ཆུང་འབྲིང་ཆེ་གསུམ་གྱི་དབྱེ་བའི་ཐོག་ནས་བཤད་ན། ལམ་ལྔ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་སོ་བདུན་དང་སྦྱར་ན། ཚོགས་ལམ་ཆུང་ངུའི་སྐབས་ན། ལུས་ཚོར་སེམས་ཆོས་ཀྱི་དྲན་པ་ཉེར་བཞག་བཞི་གཙོ་བོ་སྒོམ་པ་རེད། དེ་ཡང་ལུས་ལྷ་རུ་བསྒོམས་པས་ན་ལུས་དྲན་པ་ཉེ་བར་བཞག་པ་དང་། བྱུང་ཚོར་ཡེ་ཤེས་སུ་བསྒྱུར་བས་ན་ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་དང་སེམས་བྱུང་གི་སྤྲོས་པ་ཉེ་བར་ཞི་བས་སེམས་དྲན་པ་ཉེ་བར་བཞག་པ། སྣང་བཏགས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྒྱུ་མར་ཤེས་པས་ཆོས་དྲན་པ་ཉེ་བར་བཞག་པའོ། །ཚོགས་ལམ་འབྲིང་གི་སྐབས་སུ། དགེ་བ་བསྐྱེད་དང་སྤེལ་བ་དང་། །མི་དགེ་ཞི་དང་མི་སྐྱེས་ཕྱིར། །ཡང་དག་སྤོང་བ་བཞི་ཡི་ནི། །བརྩོན་གྲུས་རབ་ཏུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། མི་དགེ་བའི་ཆོས་མི་བསྐྱེད། སྐྱེས་པ་སྤོང་བ་དང་། དགེ་བ་མ་སྐྱེས་སྐྱེད། བསྐྱེད་ཟིན་སྤེལ་བ་སྟེ་ཡང་དག་སྤོང་བཞི་སྒོམ་པར་གསུངས་པ་རེད། དེའང་བསྐྱེད་རྫོགས་ལ་གནས་པའི་གང་ཟག་དེས་མི་དགེ་བའི་ཆོས་མ་སྐྱེས་པ་རྣམས་གསར་དུ་མི་བསྐྱེད། གལ་ཏེ་སྐྱེས་ན་བསྐྱེད་རིམ་གྱི་ལྷ་སྔགས་དང་། རྫོགས་རིམ་གྱི་བདེ་གསལ་ལ་བརྟེན་ནས་དེ་སྦྱོང་བར་བྱེད། དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་རྫོགས་ཐབས་ཀྱི་ཡན་ལག་མང་པོས་གསར་དུ་བསྐྱེད། བསྐྱེད་པ་གོང་དུ་སྤེལ་བའི་ཐབས་ལ། བདག་འཇུག་དང་། སྦྱིན་སྲེག་དང་། ཕྱི་ནང་གི་ཚོགས་འཁོར་དང་། ཞུ་བདེའི་རྣལ་འབྱོར་དང་། ཉེ་བར་ལེན་པའི་ལྷ་བཞི་མཆོད་པ་སོགས་བསོད་ནམས་ཀྱི་ཚོགས་བསགས་པའི་མཐའ་མ་འགགས་ཅིང་སྤང་གཉེན་དང་བདེན་འཛིན་གྱི་ཞེན་པ་སྦྱོང་བའོ། །ཉེ་བར་ལེན་པའི་ལྷ་བཞི་ནི། བསོད་ནམས་ཉེ་བར་ལེན་པའི་ལྷ་དཀོན་མཆོག་གསུམ་དང་། དངོས་གྲུབ་ཉེ་བར་ལེན་པའི་ལྷ་ནི་ཡི་དམ་གྱི་ལྷ། ཡང་དག་པར་འབྲས་བུ་ཉེ་བར་ལེན་པའི་ལྷ་རྡོ་རྗེ་སློབ་དཔོན་དང་མཆེད་དང་ལྕམ་དྲལ། ལུས་ཉེ་བར་ལེན་པའི་ལྷ་ནི་དུས་གསུམ་གྱི་ཕ་མ་སྟེ་བཞི་ཡིན། དུས་གསུམ་ཕ་མ་རྣམས་ཀྱི་སྤྱན་ལམ་དུ། །དྲིན་ལ་ལན་གྱིས་མ་ལོན་མཐོལ་ལོ་བཤགས། །མཆེད་དང་ལྕམ་དྲལ་རྣམས་ཀྱི་སྤྱན་ལམ་དུ། །དམ་ཚིག་བརྩེ་གདུང་ཆུང་བ་མཐོལ་ལོ་བཤགས། །ཞེས་གསུངས་པའང་། མཆོད་ཡུལ་ཡིན་པས་མ་མཆོད་ན་བཤགས་དགོས་པ་རེད། ཚོགས་ལམ་ཆེན་པོའི་སྐབས་ན། འདུན་བརྩོན་སེམས་པ་དཔྱོད་པ་ནི། །རྫུ་འཕྲུལ་རྐང་པ་བཞི་ཡིན་ནོ། །ཞེས་པ་ལྟར་རྫུ་འཕྲུལ་གྱི་རྐང་པ་བཞི་སྒོམ་པ་བྱེད། དེའང་བསྐྱེད་རྫོགས་ཀྱི་དོན་ལ་གཅིག་ཏུ་བརྩོན། འདུན་པས་སྒོམ། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱོད། བརྗེད་པ་མེད་པར་སེམས་པས། རླུང་སེམས་ལས་སུ་རུང་བའི་ཏིང་ངེ་འཛིན་དང་། མངོན་ཤེས་དང་རྫུ་འཕྲུལ་ལ་སོགས་པ་གོང་དུ་བཤད་པ་ལྟར་ཐོབ། དེའི་རྗེས་ཐོག་ཏུ་སའི་བྱེད་ལས་གཙོ་ཆེ་བ་སྙིང་ཀ་ཆོས་ཀྱི་འཁོར་ལོ་ལ་རླུང་སེམས་ཞུགས་པས་དེ་ལས་སུ་རུང་བར་གྱུར་པ་ན། སྦྱོར་ལམ་གྱི་དྲོད་རྟགས་རྣམས་འཆར། སྦྱོར་ལམ་ངེས་འབྱེད་ཆ་བཞིའི་སྐབས། དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་སྟེ། དབང་པོ་ལྔ་དང་སྟོབས་ལྔ་ཐོབ་སྟེ། དེའང་བསྐྱེད་རྫོགས་ཟུང་འཇུག་གི་དོན་ལ་དང་བ་དང་ངེས་ཤེས་ཁྱད་པར་ཅན་སྐྱེ། དེས་བརྩོན་འགྲུས་ལ་བསྐུལ། རང་བཞིན་དྲན། ཏིང་ངེ་འཛིན་དང་། ཤེས་རབ་ཀྱི་སྒོ་མཐའ་ཡས་པ་བསྒོམ་པས་སྤང་བྱ་འཇོམས་པའི་ནུས་པ་ཐོབ་པ་ནི་དབང་པོ་ལྔ་སྟེ། དེ་ལྔས་དྲོད་སྣང་བའི་ཡེ་ཤེས་མི་རྟོག་པ། ཐེ་ཚོམ་དང་མི་ཁོམ་པ་ཟད་པ་ལ་སོགས་པའི་རྟགས་ཐོབ། རྩེ་མོ་མཆེད་པའི་ཡེ་ཤེས་དགེ་རྩ་བརྟན་པ་ལ་སོགས་པ་ཐོབ་ཅིང་ཆོས་ཐམས་ཅད་རྨི་ལམ་དང་འདྲ་བར་རྟོགས། དད་པ་ལ་སོགས་དབང་པོ་ལྔ་ནུས་པ་ལྷག་པར་གྱུར་པས་སྤང་བྱ་འཇོམས་པའི་ཕྱིར་སྟོབས་ལྔ་པོ་ཐོབ་དུས། བཟོད་པ་དེ་ཁོ་ན་ཉིད་ལ་ཞུགས་པས་ཐོབ་པའི་ཡེ་ཤེས་ངན་སོང་གི་རྒྱུན་ཆད་པ་དང་། ཆོས་མཆོག་དེ་མ་ཐག་པའི་ཏིང་ངེ་འཛིན་ཉེར་འཐོབ་ཀྱི་ཡེ་ཤེས་ཐོབ་པ་རེད། དེའི་རྗེས་ཐོག་ཏུ་མེའི་བྱེད་ལས་གཙོ་ཆེ་བ་མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་རླུང་སེམས་ཞུགས་གནས་ཐིམ་གསུམ་ལས་སུ་རུང་བས་མཐོང་ལམ་གྱི་དྲོད་རྟགས་ཐོབ་པ་རེད། དེར་རླུང་གནས་པ་ལས་རྩའི་མདུད་པ་ལྔ་པ་དང་དྲུག་པ་དེ་དུས་གྲོལ་བ་རེད། བྱང་ཆུབ་ཀྱི་ཕྱོགས་ཆོས་ལས། དྲན་དང་ཆོས་རབ་རྣམ་འབྱེད་དང་། །བརྩོན་འགྲུས་དགའ་དང་ཤིན་ཏུ་སྦྱངས། །ཏིང་ངེ་འཛིན་དང་བཏང་སྙོམ་ནི། །བྱང་ཆུབ་ཡན་ལག་བདུན་ཡིན་ནོ། །ཞེས་གསུངས་པ་ལྟར། བསྐྱེད་རྫོགས་ལ་མོས་པ་སྤྱོད་པ་ཙམ་མ་ཡིན་པའི་དྲན་པ་ཐོབ། བསྐྱེད་རྫོགས་དེའི་ཆོས་རབ་ཏུ་རྣམ་པར་འབྱེད་པ་དང་། བརྩོན་འགྲུས་བརྟན་པ་དང་། དགའ་བ་རྒྱ་ཆེན་པོ་དང་། བསྐྱེད་རིམ་གྱིས་ལུས་ཤིན་སྦྱངས་དང་། རྫོགས་རིམ་གྱིས་སེམས་ཤིན་སྦྱངས་ཐོབ། ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་དབང་འབྱོར། བཏང་སྙོམས་ཀྱིས་འཕགས་ལམ་ལ་གནས་པ་སྟེ། བྱང་ཆུབ་ཀྱི་ཡན་ལག་བདུན་རྫོགས་པ་ལས་མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཐོབ། མཐོང་ལམ་གྱི་ཡེ་ཤེས་ཐོབ་པའི་དུས་སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་བརྒྱ་ཐོབ། སངས་རྒྱས་བརྒྱའི་ཞལ་མཐོང་། སངས་རྒྱས་བརྒྱས་བྱིན་གྱིས་བརླབ་པར་ཤེས། ཞིང་ཁམས་བརྒྱར་འགྲོ་ཐུབ། ཆོས་ཀྱི་སྒོ་བརྒྱ་འགྱེད། ལུས་བརྒྱ་བརྒྱར་སྟོན། ལུས་རེ་རེ་ལའང་འཁོར་ཕུན་སུམ་ཚོགས་པ་བརྒྱ་བརྒྱས་བསྐོར་བ་ལ་སོགས་པ་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངོན་སུམ་དུ་ཐོབ་པ། མཚན་གཞི་བཞག་ན། འཕགས་པ་ཀླུ་སྒྲུབ་དང་། སློབ་དཔོན་པདྨ་འབྱུང་གནས། པཎ་ཆེན་བི་མ་མི་ཏྲ་ལ་སོགས་པ་ལྟ་བུ་རེད། མཐོང་ལམ་རྣམ་པར་མི་རྟོག་པའི་ཡེ་ཤེས་སྐྱེས་པའི་རྗེས་ཐོག་ཏུ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་རྫོགས་རིམ་གྱི་སྟོབས་ཀྱིས་རླུང་སེམས་ཞུགས་གནས་ཐིམ་གསུམ་གྱི་དབང་གིས་སྒོམ་ལམ་ས་དགུའི་ཡོན་ཏན་རྫོགས་པ་རེད། ཡང་དག་ལྟ་དང་རྟོག་པ་དང་། །ངག་དང་ལས་མཐའ་འཚོ་བ་དང་། །རྩོལ་བ་དྲན་པ་ཏིང་ངེ་འཛིན། །འཕགས་པའི་ཡན་ལག་བརྒྱད་དུ་བརྗོད། ཅེས་པ་ལྟར། འདིའི་སྐབས་ན་རྫོགས་རིམ་ཟབ་མོ་དང་འབྲེལ་བའི་འཕགས་ལམ་ཡན་ལག་བརྒྱད་དང་། འཇིག་རྟེན་ལས་འདས་པའི་ཟང་ཟིང་མེད་པའི་སྦྱིན་པ། བསྐྱེད་རྫོགས་ཏིང་ངེ་འཛིན་རང་རང་གི་མི་མཐུན་ཕྱོགས་ལས་བསྲུངས་པའི་ཚུལ་ཁྲིམས། སྲོག་རྩོལ་གྱི་དཀའ་བ་བཟོད་ཅིང་ཟབ་མོའི་དོན་ལ་མི་སྐྲག་པའི་བཟོད་པ། སྤྲོ་བཞིན་དུ་འཇུག་པའི་བརྩོན་འགྲུས། རླུང་སེམས་ཐིག་ལེ་གསུམ་རོ་གཅིག་པའི་བསམ་གཏན། འཁོར་གསུམ་རྣམ་པར་གྲོལ་བའི་ཤེས་རབ་སྟེ། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས་གཙོར་བྱས་པའི་ཕར་ཕྱིན་དྲུག་གི་ཐོག་ཏུ། ཐབས་སྟོབས་སྨོན་ལམ་གསུམ་གྱི་རང་འབྲས་མངོན་དུ་གྱུར་པ་གསུམ་བསྣན་པའི་སྟོབས་ཀྱིས་ས་དང་པོ་རབ་ཏུ་དགའ་བ་ནས་བཅུ་པ་ཆོས་ཀྱི་སྤྲིན་གྱི་བར་རྩ་དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པ་ལས། གཉིས་རེ་གྲོལ་དུས་ས་རེ་ཐོབ་པ་གོང་དུ་བཤད་པ་ལྟ་བུ་རེད། ཐམས་ཅད་ཀྱི་ཐ་མ་ཉི་ཤུ་རྩ་གཅིག་པ་གྲོལ་དུས་གཙུག་ཏོར་རྩེ་མོའི་ས་མཆོག་རྡོ་རྗེ་འཆང་གྲུབ་པའི་ཚུལ་རྣམས་གསང་སྔགས་ཀྱི་རྒྱུད་སྡེ་སྔ་ཕྱི་གུང་མཐུན་པའི་ རྒྱུད་སྡེའི་རྫོགས་རིམ་གྱི་སྐོར་རགས་རིམ་ཞིག་ཞུས་ན་དེ་འདྲ་ཞིག་ཨེ་རེད་གོ། །དེ་ལྟར་བསྐྱེད་རྫོགས་ཀྱི་འགྲོས་དང་ས་ལམ་གྱི་མངོན་རྟོགས་ཀྱི་སྐོར་དང་འབྲེལ་བའི་གླེང་མོལ་བྱས་དུས། འདི་ཡོད་ཀྱི་ལས་དང་པོ་བ་ཁྱད་པར་དུ་ཐོས་བསམ་སྦྱོང་བ་མ་མྱོང་བ་རྣམས་ཀྱི་རྣ་བར་སྐད་ཆ་གསར་བ་འདྲ། གོ་ཁ་ཉན་ཁ་མི་བདེ་བའི་ཚིག་འདྲེས་ས་ཡིན་པ་རེད་དེ། འོན་ཀྱང་ལས་དང་པོ་བ་ཚོས་རྒྱ་ཆེ་བའི་བཤད་པ་ཚིག་གི་སྤྲོས་པ་མང་པོ་སེམས་ལ་འཇོག་མ་ནུས་ཀྱང་། རྩ་བའི་གནད་འདྲ་བོ་གོ་ཐུབ་ན་ཆོག་པ་རེད། ཆ་ཚང་འདྲར་བྱས་ནས་རང་ཉིད་ཀྱི་རྒྱུད་ཚོད་དང་བསྟུན་ནས་བཤད་འདོག་རེད། མདོར་ན་ཐོས་བསམ་སྦྱོང་བ་སྔོན་རྗེས་ལ་མ་ལྟོས་པར་རང་རེ་འདི་ན་ཡོད་པ་རྣམས། སྤོང་བ་བསམ་གཏན་གྱི་སྡེ་ཚན་ལ་ཞུགས་ནས་གཙོ་ཆེར་སྒྲུབ་པ་ཉམས་ལེན་ལ་སྙིང་པོར་དྲིལ་བ་ཁོ་ནར་ཡིན་དུས། ཐམས་ཅད་ཀྱི་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོའི་ངག་འདོན་དང་སྦྲེལ་ནས་བླ་མའི་རྣལ་འབྱོར་རེ་བཏོན་ཏེ། མང་པོ་ཞིག་གིས་ཐུན་ཡང་དེའི་སྒོ་ནས་བཅད་ཀྱིན་ཡོད་པ་རེད། དེས་ན་རྡོར་སེམས་བསྒོམ་བཟླས་ཀྱི་བདུད་རྩིའི་འབེབ་སྦྱོང་དང་། བླ་མའི་རྣལ་འབྱོར་གྱི་ལམ་དབང་ལེན་རྒྱུ། མཐར་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་ཀྱི་ཞི་ལྷག་ཟུང་དུ་འབྲེལ་བའི་མཉམ་བཞག་གི་སྐབས་ན། མ་བཅོས་རང་བྱུང་གི་ཡེ་ཤེས་བསལ་བཞག་སྤོང་ཐོབ་དང་བྲལ་བ། སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངང་དུ་འཇོག་གིན་ཡོད་ན། མན་ངག་གི་གདམས་ཁྲིད་འདིའི་སྐབས་ཀྱི་བདེ་བས་ཐབས་བྱས་ཏེ་མི་རྟོག་པ་ལ་སེམས་སྦྱོང་བ་འདིས། དུས་རྒྱུན་གྱི་ཉམས་ལེན་དེ་ཚོ་ལ་བོགས་སྐྱེད་འདོན་པའི་གྲོགས་ཆེན་པོ་བྱེད་ཐུབ་པས་མི་ཚད། བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྩོན་པ་ཐམས་ཅད་ཀྱིས། རྫོགས་རིམ་ཐམས་ཅད་ཀྱི་རྩེ་མོ་རྫོགས་ཆེན་གྱི་ལྟ་བའི་ཡང་རྩེའི་མན་ངག་ཏུ་དྲིལ་བ་ལ། འདིས་སེམས་སྦྱོང་འདི་ཚོ་ལ་རང་བྱན་ཆུད་ན་ཕན་ཐོགས་ཆེན་པོ་ཡོད། དེས་ན་འདིའི་རྩ་རླུང་ཐིག་ལེའི་དམིགས་པ་དང་། སེམས་གནས་ཀྱི་ཐོག་ཐམས་ཅད་ཀྱིས་འབད་པ་གྱིས། ཁྲིད་སྦྱོང་གི་ཐུན་སྤུས་དག་རེ་སྡོམས་དང་། རང་ཉིད་ལ་ཉམས་རྟོགས་ཀྱི་ཡོན་ཏན་རེ་འཁྲུངས་ཏེ། རང་གི་ཞེར་ང་ལ་བློ་གཏད་བཅའ་ས་འདི་ཡོད་བསམ་རྒྱུའི་ཐོག་ལ་བསྒྱུར་རྒྱུ་ཡོད་པ་རེད། ཆོས་དང་འཇིག་རྟེན་གྱི་བྱ་བ་ཆེ་ཕྲ་ཆུང་གསུམ་གང་སྒྲུབ་ན། ངས་འདི་བསྒྲུབ་ན་འདི་འགྲུབ་དགོས་བསམ་རྒྱུའི་དམིགས་ཡུལ་ཞིག་ཡོད་དགོས་པས་མི་ཚད། བྱས་པའི་ལས་ལ་གྲུབ་པའི་མཐའ། ས་གར་སོང་ཟེར་ན་འདིར་སོང་། ལས་ཅི་བྱ་ཟེར་ན་འདི་བྱེད་ཅིག་ཡོད་དགོས་པ་རེད་མོད། ད་རེས་ཆོས་ཞུས་ཉམས་ལེན་བྱས། ཐུན་བཅད་སྒོམ་རྒྱག་ན་རང་རྒྱུད་ལ་སྔར་དང་མི་འདྲ་བའི་ཡོང་སྒོ་དང་ཕན་ཐོགས་གྲུབ་འབྲས་ཅི་འདྲ་ཡོད་སོང་། དེ་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་རེད། ཤེས་ཡོང་རྒྱུ་ཡོད་པ་རེད། འདིའི་ནང་ཁྱིམ་ན་གནས་པའི་དགེ་བསྙེན་ཕོ་མོ་ཡང་མང་པོ་ཡོད། རང་རེས་ཁྱིམ་གྱི་བྱ་བཞག་འདི་ཉིན་བཞིན་ཉི་མ་བརྒྱ་འདྲ་འདྲ་ཞིག་གིས་ལས་ཀ་དེ་མ་བསྐྱུར་ལས་ན། འབྲོག་པའི་ཤེ་གསོག་ན། རོང་བའི་ཞིང་ལས་ན། མཐར་གཞུག་གི་གྲུབ་འབྲས་ལག་ན་ཡོང་རྒྱུ་དང་སོག་རྒྱུ་ཞིག་ཡོད་པ་རེད། ཉིན་གཅིག་ལས། ཉིན་གཅིག་མ་ལས། སྐབས་རེར་ལས། སྐབས་རེར་མ་བྱས་ན། དེ་ཅན་པོས་ཡར་དེ་མི་འགྲུབ་མར་དེ་མི་ཐོན་ནས་ཁ་མི་སོས་གི་མོད། དཔེར་ན་འབྲོག་པས་གྲོ་མ་རྐོ་ན་གྲོ་རྡོག་རེ་རེ་བཞིན་གསོག་ཏེ་དོ་དགོང་ཁུག་མ་གང་དགོས་མ་གཏོགས། འཇོར་གཅིག་གཉིས་ཞིག་བརྒྱབ་ནས་མི་གཅིག་གིས་བླུགས་ནས་ཁྱེར་འགྲོ་མི་ཆོག་གི། འཇིག་རྟེན་གྱི་བྱ་བ་ཕྲན་ཚེགས་ཁ་གསོ་རྒྱབ་འགེབས་ཤིག་ལ་དེ་འདྲ་བརྩོན་དགོས་ན། རང་རེས་དམ་པའི་ཆོས་ཚེ་གཅིག་ལུས་གཅིག་གི་ཐོག་བྱང་ཆུབ་བསྒྲུབས་ནས། རང་གཞན་འཁོར་བའི་སྡུག་བསྔལ་ལས་ཐར་བྱེད་ལ་བརྩོན་འགྲུས་རེ་ཅིས་མི་དགོས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པས། དང་པོ་མ་ལོབས་དུས་དཀའ་སྣང་ཤར་ཡང་། རིམ་གྱིས་གོམས་སོང་དུས་སླ་མོར་འགྱུར་འགྲོ་བ་རེད། སྐབས་རེ་སྐབས་རེར་སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་ལ་ལྟོས་དང་ཤེས་རྒྱུ་གོ་རྒྱུ་མང་པོ་ཡོད། རང་གིས་རང་ལ་བརྙས་བཅོས་མ་བྱེད་དང་། སངས་ཨེ་རྒྱས་རང་གི་ལག་ན་ཡོད་རེད། ཡར་ལྟ་ཕྱིར་ལྟ་རེ་གྱིས་དང་། རང་རོགས་གཉིས་ཀྱི་ཁ་ཡ་ན་ཟླ་ཅི་འདྲ་ཞིག ཡུན་རིང་འདུག་འདུན་བྱ་ས་ནས་ཕྱི་མའི་ལམ་ཆེན་དུ་བུད་སོང་། ཟུར་དེ་ན་རེ་རེ་ཤི་དུས་ཉི་མ་གཅིག་གཉིས་རེ་ལ་ཧ་བྷོ་ནམ་ཤི་མི་ཤེས་གི་བསམ་ཁུལ་བྱས་ཀྱང་། དེ་ཡུན་རིང་མི་དགོས་པར་མེད་འགྲོ། དེ་བླུན་པོའི་དབང་གིས་རེད། དེའི་མིང་ལ་འདང་མི་ཕོག་ཟེར་བ་རེད། ཡང་ན་ལྟ་ཚུལ་ཁ་ཁ་ཞིག་རེད། ཕྱི་རོལ་བ་འགའ་དང་ཀླ་ཀློ་ཚོ་ཡིན་ན། ཁོ་རང་ཚོ་ལ་བསམ་ལུགས་དྲན་ཚུལ་ཁ་ཁ་ཡོད་རེད། དེ་མིན་ན་ཡ་ལེ་ཡོ་ལེ་མ་བྱེད་མ་གཏོགས་གློ་བུར་དུ་ཤི་ས་ལ་ཐུག་ན་ད་ཅི་བྱེད། ཤི་རན་དུས་དགའ་སྤྲོ་དང་བཅས་ཏེ་དག་ཞིང་ལ་འགྲོ་རྒྱུ་བསམ་བློའི་ནང་དུ་ཐེ་ཚོམ་མི་དགོས་པ་ཞིག་བྱེད་དང་། དེ་མིན་པར་ཤི་རན་ཁ་མི་རྒྱུ་གཉིས་ཀ་བསྐྱུར་མི་བྲ། བཞག་མི་ཐུབ། བློས་མི་ཐོང་། མ་ཐོང་ཡང་དབང་མེད་འཆི་བདག་གཤིན་རྗེའི་ཞགས་ནག་སྐེ་ལ་བཞག་ནས་འགྲོ་ས་ལ་ཐུག་དུས། མིག་མཆི་མ་ཙ་རེ། ཕྱི་བལྟས་བྱེད་ཞོར་ཆོས་མེད་ལག་སྟོང་བར་དོ་འགྲིམས་རྒྱུ་ཨེ་ཡིན་གྱི་གདམ་ཀ་རང་ལག་རེད། དེས་ན་ཉི་མ་གཅིག་ལ་ཆེན་པོ་ཞིག་ངས་བསྒོམས་ནས་འདི་རེད་སོང་བསམ་རྒྱུ་ཞིག་མེད་རུང་། ག་ལེ་དུས་རྒྱུན་དུ་ཐང་ལྷོད་མེད་པ་ཞིག་གིས་དད་པས་གཞིར་བཟུང་། སྙིང་རྗེ་བྱང་སེམས་དང་མི་འབྲལ་བའི་ཐོག་ནས་མན་ངག་ལག་ཁྲིད་བསྐྱུར་མ་གཏོང་དང་། འགྱོད་མེད་སྐྱིད་པའི་ཉི་མ་རྗེས་ནས་ཤར་རྒྱུ་ཡོད་རེད། དེ་རིང་གི་ཁྲིད་སྦྱོང་ནི་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱང་བ་འདི་དང་སྦྲེལ་ནས། དགེ་འདུན་པ་རྣམས་ལ་ཀློང་ཆེན་སྙིང་ཐིག་གི་གཏུམ་མོ་གསོལ་འདེབས་རྡོ་རྗེའི་ཚིག་རྐང་དང་། གཏུམ་མོའི་འབར་འཛག་གི་ཡིག་ཆུང་སྙན་རྒྱུད་ཞལ་ཤེས་གཉིས་འདོན་འཆར་རེད། བདེ་སྟོང་མི་རྟོག་པའི་ཁྲིད་སྦྱོང་འདི་དང་བསྟུན་ནས་དགེ་འདུན་པ་རྣམས་པས་གཏུམ་མོ་བསྒོམ་རྒྱུ་བྱེད་པ་རེད། རྒྱས་བསྡུས་ཙམ་ཞིག་རེད་མ་གཏོགས། འདི་གཉིས་དོན་ལ་ཁྱད་པར་མེད། གནད་གཅིག་གི་ཐོག་ཏུ་འགྲོ་བཞིན་ཡོད། ཁྱིམ་པ་ཕོ་མོ་ཚོ་ལྷག་གིས་འདི་ཐོབ་དགོས་པ་མ་རེད། མང་པོ་ཞིག་ཉན་འདུག་ན་མགོ་ཉོག་བྱེད་ཡིན་ནི་རེད། ཁྱེད་རྣམས་ཀྱིས་སིདྷི་ཐོན། འདིའི་སྐབས་ཀྱི་ཁྲིད་སྦྱོང་ཐམས་ཅད་ཀྱི་ཚེ་སིདྡྷི་གསོག བླ་མ་དང་ཐུགས་ཡིད་དབྱེར་མེད་བསྲེ་རྒྱུའི་བླ་མའི་རྣལ་འབྱོར་གྱི་སྙིང་དོན་དེ་ལ་ཚང་མས་ཉམས་ལེན་གྱིས་དང་དེ་ལ་འདུས་ཡོད། མི་རེས་འདིའི་ཉི་མ་བཅུ་པོ་ལ་སིདྡྷི་འབུམ་རེ་ཁ་སྐོང་དང་བཅས་པ་ཚར་ངེས་གྱིས། སིདྡྷི་བཟླ་དུས་ངག་བཅད་བྱས་ནས་བཏོན་ན་ཡག་ཤོས་རེད། འདིའི་མཚམས་ནས་མི་སྐྱ་ཕོ་མོ་ཁྱིམ་པ་རྣམས་གྲོལ་རྒྱུ་གྱིས། དགེ་འདུན་གྱི་སྡེ་གཉིས་ཏེ་རབ་བྱུང་ངུར་སྨྲིག་གི་སྡེ་དང་། གོས་དཀར་ལྕང་ལོའི་སྡེ་གཉིས་བཞུགས་རྒྱུ་གྱིས། ད་སྔོན་ཡེ་ཤེས་བླ་མ་ཞུ་མྱོང་བའི་ཁྱིམ་སྔགས་དེ་ཚོ་བཞུགས་དང་ཆོག་གི། དགེ་འདུན་པ་ཐམས་ཅད་ཀྱིས་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟུང་འཇུག་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཁྱབ་བདག་དཔལ་གདོད་མའི་མགོན་པོའི་གོ་འཕང་ལ་འགོད་པར་བགྱི། དེའི་ཆེད་དུ་བདག་གིས་གཏུམ་མོའི་རྣལ་འབྱོར་བསྒོམས་ནས། ཐབས་གྲོལ་ཟུང་དུ་འཇུག་པའི་སྒོ་ནས་ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་བསྐྱེད་དེ། བདེ་སྟོང་ལྷན་ཅིག་སྐྱེས་པའི་གཉུག་མ་དོན་གྱི་འོད་གསལ་མངོན་དུ་བགྱི་བར་བྱའོ་སྙམ་ནས་ཀུན་སློང་དང་ཀུན་སྤྱོད་ཡང་དག་པའི་སྒོ་ནས་གསན་དགོས། གང་ཞིག་གསན་པར་བྱ་བ་ཀློང་ཆེན་སྙིང་གི་ཐིག་ལེ་ལས་གཏུམ་མོའི་གསོལ་འདེབས་རྡོ་རྗེའི་ཚིག་རྐང་བཞུགས། ཨེ་མ་ཧོ། དག་པ་སོགས་ཚིག་རྐང་བཞི་འདིས་གཞི་བསྟན། དེ་ནས་རླུང་སེམས་དབྱེར་མེད་སོགས་ཚིག་རྐང་བཞིས་ལམ་བསྟན། ཁྱད་པར་མཆོག་གི་སོགས་ཚིག་རྐང་བཞིས་འབྲས་བུ་བསྟན། དེ་ནས་ཉོན་མོངས་རླུང་སེམས་སོགས་ཚིག་རྐང་བཞིས་གཞི་འབྲས་དབྱེར་མེད་མཐར་ཐུག་གི་གྲོལ་ས་སྨོན་ལམ་དང་འབྲེལ་ནས་བསྟན་པ་རེད། ཀློང་ཆེན་སྙིང་གི་ཐིག་ལེ་ལས་གཏུམ་མོའི་འབར་འཛག་ཡིག་ཆུང་བཞུགས། འབར་འཛག་སྙན་བརྒྱུད་ཞལ་ཤེས་ལ། དང་པོ་རྩ་གནས་བྱིན་བརླབ་ནི། རྩ་དབུ་མ་གོང་དུ་ཞུས་པ་ལྟར་ཡེ་ཤེས་ཀྱི་རྩ་དེ་ཉིད་སྟོང་གསལ་འོད་ཀྱི་རྣམ་པ་ཅན་ཞིག་བསྒོམ། སྟོང་གསལ་འོད་ཀྱི་རྣམ་པ་ཅན་དེའི་ཡར་སྣེ་སྤྱི་བོ་རྒྱ་སྐར་ཕྱེ་བ་ལྟ་བུའི་ནང་དུ། བརྒྱུད་པའི་བླ་མ་བསྒོམ་པའི་ཐམས་ཅད་ཀྱི་ཐོག་མར་ཀུན་བཟང་ཡབ་ཡུམ་བསྒོམ། དེ་ཡང་ཡབ་ཀུན་ཏུ་བཟང་པོ་སྐུ་མདོག་མཐིང་ག ཡུམ་ཀུན་ཏུ་བཟང་མོ་སྐུ་མདོག་དཀར་མོ་ཅན་བསྒོམ། དེ་ལྟ་བུའི་ཀུན་བཟང་ཡབ་ཡུམ་གཉིས་མགྲིན་པ་ཡན་ཆད་རྩ་དབུ་མ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུའི་ཡར་སྣེར་ཐོན་པ་དང་། ཀུན་བཟང་ཡབ་ཡུམ་གྱི་འོག་ཏུ་མས་རིམ་བཞིན་རིག་འཛིན་བརྒྱུད་པའི་བླ་མ་རྣམས་རང་གི་རྩ་བའི་བླ་མའི་བར་དུ་བརྒྱུད་པའི་གསོལ་འདེབས་ནང་བཞིན་གཅིག་གི་གདན་ཁྲི་ལ་གཅིག་གིས་དབུ་མ་རེག་ཙམ་གྱིས་མཐོ་བརྩེགས་སུ་གསལ། དེ་ནས་དག་པ་རབ་འབྱམས་དབུ་མའི་གྲོང་ཁྱེར་ན། །ཞེས་པ་ལ་སོགས་པའི་གསོལ་འདེབས་ལུས་ཀྱི་བ་སྤུ་གཡོ་བའི་མོས་གུས་གདུང་ཤུགས་དྲག་པོས་བཏོན་པར་བྱས་རྗེས། བརྒྱུད་པའི་བླ་མ་རྣམས་རིམ་གྱིས་འོད་དུ་ཞུ་སྟེ། མཐར་ཐིག་ལེ་དམར་པོ་ཞིག་ཏུ་གྱུར་པའི་ནང་ཁོངས་ཨ་ཤད་ཀྱི་རྣམ་པ་གསལ་ཙམ་དང་ཞེས། སྤྱིར་ཨ་ཤད་འདི་ལ། ཨ་གཏུམ་དང་། ཨ་ཐུང་དང་། ཨ་ཤད་དང་གསུམ་གསུངས་ཡོད། ཨ་གཏུམ་ཟེར་ན་ཨ་ཡིག་ཆ་ཚང་བ་དང་། ཨ་ཐུང་ཞེས་པ་ཨའི་ཁོག་སྨད་ཀྱི་ཟུར་གསུམ་གྱེན་དུ་བསྟན་པ་དང་། ཨ་ཤད་ཅེས་པ་ཨའི་ཕྱི་ཤད་ཀྱི་རྣམ་པ་དེ་ཡང་མགོ་ཐུར་དང་ཕྲ་བ་གྱེན་དུ་བསྟན་པ་ལ་ཟེར། སྤྱི་བོར་ཧཾ་ཡིག་དང་པོ་མགོ་གྱེན་བསྟན་དུ་བསྒོམ། རྩ་རོ་རྐྱང་གཉིས་ནས་རླུང་རྔུབས་ཏེ་ཕྲུ་མ་ཕུས་བརྒྱངས་པ་བཞིན་ཞེས་རྒྱུ་སྟོང་དབུགས་ཀྱིས་རྒྱོང་པ་ལྟར་བརྒྱངས་ནས། རླུང་དེ་རོ་རྐྱང་གཉིས་ཀྱི་ལམ་བརྒྱུད་དེ། ལྟེ་འོག་སོར་བཞི་མཚམས་ཀྱི་དབུ་མའི་མས་སྣེ་དབུ་རྐྱང་རོ་གསུམ་མཉམ་དུ་འབྲེལ་ས་དེ་ཡི་གེ་དབུ་ཅན་གྱི་ཆ་ཡིག་གི་སྨད་ཀྱི་རྣམ་པ་ལྟ་བུ་ནས་རླུང་ཞུགས་ཏེ། ཐིག་དམར་ཨ་ཤད་ཅན་ལ་ཕོག་པས་བྱིན་རླབས་ཡེ་ཤེས་ཀྱི་མེ་ལྷབ་ཀྱིས་འབར། ཡེ་ཤེས་ཀྱི་མེ་དེ་མཚན་ཉིད་བཞི་ལྡན་ཏེ། མེའི་ངོ་བོ་བདེ་བ་དང་། རེག་བྱ་ཚ་བ། རྣམ་པ་གསལ་བ། རྩེ་མོ་ཤེས་རབ་ཀྱི་རང་བཞིན་རྣོ་ལ་འཁྱུག་པ་སྟེ། མཚན་ཉིད་བཞི་ལྡན་དུ་འབར་བས། གནས་ཚུལ་དང་མཐུན་པ་སྟེ་རྩ་ནང་ཐམས་ཅད་དཔའ་བོ་དང་མཁའ་འགྲོའི་གྲོང་ཁྱེར་དུ་གནས་པའི་ནང་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་ལྕེས་ཁྱབ་ནས། འདིའི་སྐབས་ན་རླུང་གི་ཕོ་སྐོར་ཅུང་ཟད་བྱ་ཞེས། གོང་དུ་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བའི་མན་ངག་ཏུ་ཡོད་པ་ལྟར་ཕོ་སྐོར་བྱ། རིམ་བཞིན་ལྟེ་བ་སྤྲུལ་བའི་འཁོར་ལོ་ནས་སྤྱི་བོ་བདེ་ཆེན་འཁོར་ལོའི་བར་གྱི་རྩ་གཙོ་བོ་གསུམ་དང་། རྩ་འདབ་ཐམས་ཅད་དུ་ཞུགས་ཞེས་པ། གོང་དུ་ཞུས་པ་ལྟར་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི། སྙིང་ཀ་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ན་རྩ་འདབ་བཅུ་དྲུག སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་རྩ་འདབ་སུམ་ཅུ་རྩ་གཉིས་པོ་དེ་རྣམས་བརྒྱུད་དེ། ལུས་རྡོ་རྗེའི་ཕུང་པོའི་གྲོང་ཁྱེར་གྱི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་ལ་ཁྱབ་སྟེ། སྤྱི་བོའི་ཧཾ་ཡིག་ཡབ་ཧེ་རུ་ཀའི་ངོ་བོ་དང་། ལྟེ་འོག་མེ་ཉིད་ཡུམ་གྱི་ངོ་བོར་གྱུར་པའི་ཡབ་ཡུམ་གཉིས་རེག་པ་འཕྲོད་པས་ཞུ་བདེའི་ཉམས་རྒྱས། ཧཾ་ཡིག་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་མཐའ་ཡས་མུ་མཐའ་མེད་པར་འཕྲོས་ཏེ། ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད། རྒྱལ་བ་སྲས་བཅས་དེ་དག་གི་ཐུགས་བདེ་སྟོང་ཟག་མེད་ཀྱི་བདེ་བའི་རོས་ཚིམ། ཐུགས་མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། སྐྱོབ་པའི་ནུས་མཐུ་གསུམ་གྱི་ཡོན་ཏན་བྱིན་རླབས་དངོས་གྲུབ་ཐམས་ཅན་ཚུར་བསྡུས། ཡང་འོད་ཟེར་འཕྲོས་པས་འབྱུང་བ་ལྔ་ཡི་དྭངས་བཅུད་དང་བརྟན་པ་སྣོད་དང་། གཡོ་བ་བཅུད་ཀྱི་བཀྲག་མདངས་གཟི་བྱིན་ཀྱང་ལྷན་ཅིག་ཏུ་བསྡུས་ཏེ་ཧཾ་ཡིག་ལ་ཐིམ་པའི་རྐྱེན་གྱིས་ཧཾ་ཡིག་དེ་མགོ་མཇུག་ཧྲིལ་གྱིས་ལྡོག་སྟེ། ཞུ་བདེའི་འབར་འཛག་གི་ཉམས་རྒྱས། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ན་སངས་རྒྱས་རྣམ་པར་སྣང་མཛད་དང་། ཡུམ་ནམ་མཁའ་དབྱིངས་ཕྱུག་མ་ལ་སོགས་ཏེ་བུདྡྷ་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཏིལ་གྱི་གོང་བུ་ཁ་བྱེ་བ་ལྟར་བཞུགས་པ་ལ་བདེ་སྟོང་གི་བདུད་རྩིའི་མཆོད་པ་ཕུལ། ཚོགས་རྫོགས། སྒྲིབ་པ་དག དམ་ཚིག་ཉམས་ཆགས་བསྐངས། བུམ་དབང་ཐོབ། དགའ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། འདི་ནི་ཡས་བབས་ཀྱི་དགའ་བ་བཞི་དང་སྦྲགས་ཏེ་དབང་བཞི་ལེན་པའི་དམིགས་པ་ཞིག་ཡིན་ཞིང་། འདི་ལ་བསྙེན་བསྒྲུབ་ཡན་ལག་བཞི་ཀའང་ཚང་བ་རེད། བསྙེན་སྒྲུབ་ཡན་ལག་བཞིའི་རྣམ་བཞག་སྔར་ཞིག་ན་ཞུས་མྱོང་། འདི་གང་གི་དུས་སུའང་མེད་དུ་མི་རུང་བའི་རྫོགས་རིམ་གྱི་གནད་གལ་ཆེན་ཤ་སྟག་རེད། ཡང་མགྲིན་པར་བབ། སངས་རྒྱས་སྣང་བ་མཐའ་ཡས་དང་། ཡུམ་གོས་དཀར་མོ་ལ་སོགས་ཏེ་པདྨའི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་ལ་མཆོད་པ་འབུལ་ཚུལ་སྔར་དང་འདྲ། དབང་བཞི་ལས་གསང་དབང་ཐོབ། དགའ་བ་བཞི་ལས་མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་སྙིང་གར་བབ། སངས་རྒྱས་མི་བསྐྱོད་པ་དང་། ཡུམ་མཱ་མ་ཀཱི་ལ་སོགས་ཏེ་རྡོ་རྗེའི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་སོགས་མཆོད་ཚུལ་སྔར་དང་འདྲ། དབང་བཞི་ལས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དགའ་བ་བཞི་ལས་ཁྱད་པར་གྱི་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་ལྟེ་བར་བབ། རིན་ཆེན་འབྱུང་ལྡན་དང་། ཡུམ་སངས་རྒྱས་སྤྱན་མ་ལ་སོགས་ཏེ་རིན་ཆེན་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མ་མཆོད་ཚུལ་གོང་དང་འདྲ། དབང་བཞི་པ་ཚིག་དབང་ཐོབ། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། ཡང་གསང་གནས་སུ་བབ། སངས་རྒྱས་དོན་ཡོད་གྲུབ་པ་དང་། ཡུམ་དམ་ཚིག་སྒྲོལ་མ་ལ་སོགས་ཏེ་ལས་ཀྱི་རིགས་ཀྱི་དཔའ་བོ་དང་རྣལ་འབྱོར་མའི་ཚོགས་མཆོད། ཚོགས་རྫོགས། སྒྲིབ་པ་དག དམ་ཚིག་ཉམས་ཆགས་བསྐངས། རིག་པའི་རྩལ་དབང་ཐོབ། སོ་སོའི་སྐྱེ་བོའི་སེམས་ཀྱི་ཡུལ་ལས་འདས་པའི་བསམ་གྱིས་མི་ཁྱབ་པའི་བརྗོད་པ་དང་བྲལ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ། དམིགས་པའི་གནད་འདི་དག་ཁོང་དུ་ཆུད་ན། ནང་དང་གསང་བའི་སྦྱིན་སྲེག་ཀྱང་ཡིན། ཚོགས་འཁོར་ཡང་ཡིན། བསོད་ནམས་བསགས་ཐབས་ཀྱང་འདི་ལས་ཟབ་པ་མེད། དོན་དམ་པར་དཀྱིལ་འཁོར་དུ་འཇུག་པ་དང་། དབང་ལེན་པ་ཡང་ཡིན། དེ་ལས་ཧཾ་ཡིག་དེ་ཉིད་བླ་མ་སངས་རྒྱས་ཐམས་ཅད་འདུས་པར་ཤེས་པའི་མོས་གུས་དང་། གཏུམ་མོའི་མེ་དེ་ཉིད་ཀྱང་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་འདུས་པའི་ཕྲིན་ལས་སུ་ཤེས་དགོས། གསང་སྔགས་ལམ་མྱུར་བ་དང་ཐབས་ཟབ་པའི་ངེས་ཤེས་རྒྱུད་ལ་བརྟན་ཅིང་ཐེ་ཚོམ་མེད་པ་རྣམས་ལ་དངོས་གྲུབ་མྱུར་བ་སྔགས་ཀྱི་ཁྱད་ཆོས་ཡིན་ནོ། །འདིས་དད་པ་མེད་ལ་ཐེ་ཚོམ་དང་བཅས་ན་དངོས་གྲུབ་མི་འབྱུང་བར་ཤུགས་ལ་བསྟན་པ་རེད། རྗེས་ལ་མེ་དང་དབུ་མ་ཆེ་བསྐྱེད་ཆུང་བསྐྱེད་རེས་མོས་ཡང་ཡང་བྱ་བས་ཆེན་པོར་གྱུར་པའི་ཚེ་སྟོང་ཁམས་ཐམས་ཅད་མེས་གང་སྟེ་བར་ཆད་གདོན་བགེགས་རྣམ་རྟོག་བག་ཆགས་ལས་ཉོན་དང་བཅས་པ་གཞོབ་ཐུལ་གྱིས་ཚིག་པར་བསམ། རེས་འགའ་དབུ་མ་མེ་དང་བཅས་པ་ཇེ་ཆུང་རྟ་རྔ་བརྒྱར་གཤགས་པའི་ཆ་ཙམ་ཇེ་ཕྲར་བསྒོམ་ལ་རིག་པའི་རྩལ་སྦྱང་། ཞེས་མེ་དང་དབུ་མའི་དམིགས་པ་ལ་རིག་པའི་རྩལ་སྦྱོང་སྟེ། སྐབས་རེ་རྒྱ་ཆེ་བ་དང་སྐབས་རེ་ཤིན་ཏུ་ཕྲ་བར་རྣལ་འབྱོར་པས་དམིགས་པ་བསྒྱུར་ཏེ། མཐར་ཐམས་ཅད་རྫོགས་རིམ་དུ་བསྡུས་ཏེ་ཞེས་མཚན་མེད་ཀྱི་རྫོགས་རིམ་ལ་གོ་དགོས་ཏེ། སྤྱིར་རྩ་རླུང་ཐིག་ལེ་ལམ་དུ་བྱེད་པ་འདི་མཚན་བཅས་ཀྱི་རྫོགས་རིམ་ཡིན་ཡང་། འདིར་མཚན་མེད་ཀྱི་རྫོགས་རིམ་མི་དམིགས་པ་རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་རྫོགས་ཆེན་གྱི་ལྟ་བའི་ཀློང་དུ་གནས་ཏེ་རྗེས་སུ་དགེ་བ་བསྔོ་བར་བྱའོ་ཞེས་གསུངས་སོ། །སྤྱིར་ཕྱི་ནང་གི་རྣམ་གཡེང་ཐམས་ཅད་སྤངས་ཏེ་མི་རྟོག་པའི་བསམ་གཏན་གྱི་དོན་ལ་མཉམ་པར་བཞག་པས། རིམ་གྱིས་ཉམས་མྱོང་ཇེ་འཕེལ་དུ་སོང་ནས། བརྗོད་མེད་བརྗོད་པ་དང་བྲལ་བའི་མི་རྟོག་པའི་བསམ་གཏན་དང་འབྲལ་བར་མེད་པ་ནི། སེམས་སྦྱོང་བདུན་པ་འདིའི་སྤྱིའི་ཆིངས་ལྟ་བུ་རེད། མན་ངག་གི་གཞུང་འདི་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཡིན་པས། སེམས་སྦྱོང་བདུན་པ་འདིའང་སེམས་སྦྱོང་བའི་ཐབས་ལས་མ་འདས་པ་ཞིག་རེད། འོན་ཀྱང་གོང་གི་སེམས་སྦྱོང་སྔོན་མ་དྲུག་གིས་སེམས་བསམ་གཏན་སྒོམ་ཆོག་ཆོག་གི་གཞི་བཏིང་ནས། འདིའི་སྐབས་ན་རྣམ་པར་མི་རྟོག་པའི་ཐབས་ལ་བརྟེན་དེ་སེམས་སྦྱོང་བས། ཏིང་ངེ་འཛིན་སྒོམ་པའི་ལམ་ལ་དངོས་སུ་འཇུག་པའི་སྒོ་མཆོག་ཏུ་གྱུར་པ་ཞིག་མན་ངག་གི་སྒོ་ནས་བསྟན་ཏེ། ཐེག་པ་འོག་མ་ལྟར་དུ། ཡུན་རིང་པོ་ཞིག་ལ་རྟོག་པས་རྟོག་པ་འདུལ་བའི་རྟོག་པའི་དྲ་བ་ཞིག་གི་ནང་དུ་འཁོར་སྟེ། རྗེས་སུ་དཔག་པའི་བསམ་གཏན་སྒོམ་པ་ལྟ་བུ་ཞིག་མ་ཡིན་པར། གཉུག་མའི་ཡེ་ཤེས་བཙན་ཐབས་སུ་ངོས་ཟིན་པར་བྱེད་པའི་མན་ངག་གི་གདམས་པ་གསང་སྔགས་ཀྱི་ཐབས་ཁྱད་པར་ཅན་ཞིག་རེད། ད་སྔོན་སེམས་ཅན་སེམས་ཀྱི་གཞན་དབང་དུ་གྱུར་ཏེ་འཁྲུལ་འདུག་རྒྱུའི་རྩ་བ་སྣང་བ་ཕྱི་ལ་ལུས། ཕྱི་རོལ་ཡུལ་ལ་འཁྲུལ། རིག་པ་ནང་ལ་ལུས། འཛིན་པ་སེམས་ལ་འཁྲུལ། དེའི་བར་དུ་ལས་རླུང་རྟ་རྒོད་ལོང་བ་དང་འདྲ་བ་དེ་སེམས་འཁྲུལ་བ་མི་ཞ་བོ་དང་འདྲ་བ་དེས་འོག་རྟར་བྱས་ཏེ་ཞོན། དེའི་མི་རྟ་གཉིས་མཉམ་དུ་འཛོམས་ཏེ་གཟུང་འཛིན་རྒྱང་ཆད་དུ་སོང་སྟེ་གཟུང་བ་དང་འཛིན་པ་འཁྲུལ་སྣང་གི་ངང་དུ། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །སོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡིས། །འགྲོ་ལ་སྙིང་རྗེ་གྱུར་གང་དེ་ལ་འདུད། །ཅེས་གསུངས་པ་ལྟར། རིགས་དྲུག་གི་གནས་སུ་རྟག་ཏུ་འཁྱམས་ཏེ་འཁོར་བ་ལུ་གུ་རྒྱུད་དུ་འཁྲུལ་སོང་བ་རེད། ད་དེ་མ་འཁྲུལ་བའི་ཐོག་ཏུ་ཕར་འཁྱོལ་དགོས་དུས། དང་པོ་རླུང་སེམས་ཀྱི་འཁྲུལ་བ་དེ་ཉིད་དག་དགོས་ན། རླུང་སེམས་ཀྱི་བྱེད་བཅིངས་ལ་མ་བརྟེན་ཐབས་མེད་དེ། ཚུར་མདུད་པ་རྒྱག་ལུགས་ལྟར་དུ་ཕར་དེའི་འགྲོས་ལ་བསྟུན་ནས་བཤིག་དགོས་པ་བཞིན་ཡིན་པས་སོ། །དེས་ན་འདིར་རྣམ་པར་མི་རྟོག་པའི་ཐབས་ཀྱིས་སེམས་སྦྱོང་དགོས་དུས། རྣམ་པར་རྟོག་བྱེད་ལས་རླུང་དང་སེམས་གཉིས་ལ་ཐུག་ཡོད་པས། མི་ཞ་བོས་རྟ་ལོང་བར་ཞོན་ནས་རྒྱུག་པ་དང་འདྲ་བ་ཡིན། རྩ་བ་དེད་ན་ལས་རླུང་དེ་ལ་ཐུག་ཡོད། དེས་ན་མི་རྟོག་པ་ལ་སེམས་སྦྱོང་བ་གསུམ་པོ་འདི་ལ་རླུང་གནད་གཙོ་ཆེ་བར་གསུངས་ཡོད་པ་རེད། དེའི་སྟོབས་ཀྱིས་འདི་གསུམ་ཀའི་སྐབས་སུ་སྟེང་རླུང་མནན། འོག་རླུང་རྔུབས། བར་རླུང་བསྐྱིལ་རྒྱུའི་གནད་ཁྱད་པར་ཅན་ལ་འདུ་བ་རེད། དེ་ཉིད་སྣང་སྟོང་ཟུང་དུ་འཇུག་པའི་ཐབས་ཡིན་པར་གོང་དུ་གསུངས་ཡོད་པས་ན་དེ་ནི་གནད་ཁྱད་པར་ཅན་རེད། དེས་ན་རྫོགས་རིམ་བདེ་སྟོང་གི་ཡེ་ཤེས་སྐྱེད་པར་བྱེད་པ་ལ། རླུང་གི་རྣལ་འབྱོར་ལ་བརྟེན་ཏེ་སྣང་བཞི་ཐིམ་རིམ་གྱིས་སྟོང་བཞིའི་འོད་གསལ་བསྐྱེད་པའི་སྣོད་རུང་དུ་བྱེད་དགོས་། སྣང་བ་མཆེད་པ་ཐོབ་པ་ཉེར་ཐོབ་སྟེ་སྣང་བ་བཞི་དང་། སྟོང་པ་སྟོང་ཆེན་ཤིན་ཏུ་སྟོང་པ་ཐམས་ཅད་སྟོང་པ་སྟེ་སྟོང་བཞི་རེད། སྣང་བཞིས་དྲངས་པའི་སྟོང་བཞིའི་ཡེ་ཤེས་དང་། རང་ལུས་དཀྱིལ་འཁོར་གྱི་ལྷ་ཚོགས་རྩ་ཡི་གེའི་དཀྱིལ་འཁོར། ཁམས་བདུད་རྩིའི་དཀྱིལ་འཁོར། ཐབས་ཤེས་ཟུང་འཇུག་གི་ཚུལ་དུ་དཔའ་བོ་དང་རྣལ་འབྱོར་མའི་ཚུལ་ཅན་གྱིས་བཞུགས་ཡོད་པ་ཡིན་ན། ཡས་བབ་དང་མས་བརྟན་གྱིས་དགའ་བཞི་ཡེ་ཤེས་རིམ་ཅན་དུ་སྐྱེས་པས། བདེ་སྟོང་རྣམ་པར་མི་རྟོག་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་དེས། འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་བྲལ་ཕྱག་རྒྱ་ཆེན་པོའི་དོན་གྱི་ཡེ་ཤེས་དང་ངོ་བོ་དབྱེར་མེད་ཡིན་པའི་བདེ་སྟོང་དཔེའི་ཡེ་ཤེས་མངོན་དུ་གྱུར་ཐབས་ལ་ལམ་འདི་བསྟན་པ་རེད། དེས་ན་རྩ་རླུང་ཐིག་ལེ་གསུམ་ཁམས་དྲུག་ལྡན་གྱི་སྐྱེས་བུའི་ལུས་ལ་གནས་པ་རེད། དེའི་སྟོབས་ཀྱི་རྩ་རླུང་གི་བྱེད་བཅིངས་ལ་ལུས་ཀྱི་འདུག་སྟངས་གནད་ཆེ་བར་གསུངས། འདུག་སྟངས་ཡག་ན་ལུས་ཀྱི་རྩ་ཐམས་ཅད་བཅིངས་ནུས་ལ། རྩ་ཐམས་ཅད་ཆིངས་ན་དེའི་ནང་དུ་རྒྱུ་བའི་རླུང་ཆིངས་ནུས། རླུང་བཅིངས་ནུས་ན་རླུང་གི་རྟ་ལ་ཞོན་པའི་རྣམ་རྟོག་ཆིངས་ནུས། རྟ་ལོང་བ་མེད་དུས་མི་ཞ་བོ་འགྲོ་མི་ཐུབ། འདིར་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བའི་སྐབས་སུ་གཏུམ་མོ་བཤད་དགོས་དོན་ཅི་ཡིན་སྙམ་ན། ཅུང་ཟད་གོམས་པ་གནད་དུ་སོང་བའི་རྣལ་འབྱོར་པ་ཉམས་མྱོང་ཅན་དང་བསྟུན་པའི་ཚུལ་དང་། གཞན་ཡང་སྔོན་འགྲོའི་ཁྲིད་ཀྱི་སེམས་སྦྱོང་འདི་དང་སྦྲེལ་ཏེ་དངོས་གཞིའི་རྫོགས་རིམ་གྱི་གནད་དང་འདྲེས་པའི་ཉམས་ལེན་གྱི་དགོས་མཁོ་ཞིག་ལ་དམིགས་ཏེ་ད་ལོ་དངོས་གཞིའི་ཁྲིད་ཀྱི་དོད་ཐུབ་ལ་བསམ་ཏེ་འདི་ཁྲིད་པ་ཡིན། གཏུམ་མོ་འདི་རྫོགས་རིམ་ཆོས་དྲུག་གི་ཁྲིད་ཀྱི་སྐབས་ཡིན་ན་ཆོས་དྲུག་གི་ནང་ནས་ལམ་གྱི་རྩ་བ་ངོ་མ་ཡིན་ཏེ། ལམ་གྱི་རྩ་བ་གཏུམ་མོ་དང་། ལམ་གྱི་གཞི་མ་སྒྱུ་ལུས། ལམ་གྱི་དྲོད་ཚད་རྨི་ལམ། ལམ་གྱི་སྙིང་པོ་འོད་གསལ། ལམ་གྱི་བསུ་མ་བར་དོ། ལམ་གྱི་བློ་ཆོད་འཕོ་བ་སྟེ་དྲུག་རེད། འདི་ལ་གཏུམ་མོ་གསུང་དོན་ནི། ཤེས་རབ་ཡུམ་གྱི་བདག་ཉིད་ཨ་ཤད་ལས་བྱུང་བའི་ཡེ་ཤེས་ཀྱི་མེས། ཕུང་ཁམས་མ་དག་པའི་ཆ་ཐམས་ཅད་སྲེག་ཅིང་ཟ་བར་བྱེད་པས་ན་གཏུམ་མོ་ཞེས་བྱ། དངོས་པོ་རྫས་སུ་མ་གྲུབ་པའི་ཆོས་ཉིད་ཀྱི་དབུ་མ་སྒྲ་གཅན་ལྟ་བུ་དེས། ཕྱི་ལྟར་སྒྲ་གཅན་གདོང་མཇུག་གིས་ཉི་ཟླ་སྒྲིབ་པ་ལྟར། ནང་ལྟར་རྩ་དབུ་མའི་ཡར་མར་གྱི་སྣེ་གཉིས་ཀར་གནས་པའི་ཨ་ཧཾ་ཡི་གེའི་འབར་འཛག་གི་སྦྱོར་བ་ལ་གོམས་པས། རྩ་དབུ་མའི་ནང་དུ་རླུང་ཞུགས་གནས་ཐིམ་གསུམ་གྱི་སྟོབས་ཀྱིས། རོ་རྐྱང་གི་མདུད་པ་གྲོལ་ཏེ་ལམ་རྟགས་ཀྱི་ཡོན་ཏན་འཆར་བ་ཡིན་པར་གོང་དུ་བཤད་པ་ལྟར་རོ། །དེའང་རོ་རྐྱང་གི་ཉི་ཟླའི་ལམ་ནས་རླུང་བཅུ་དབྱིངས་སུ་དག་སྟེ་དབུ་མ་སྒྲ་གཅན་གྱི་ལམ་དུ་འགོག་པའི་ཐབས་མཁས་ཀྱི་བྱེད་པའི་སྟོབས་ལ་བརྟེན་ནས། གཏུམ་མོ་ཨ་ཐུང་གི་མེས་སྤྱི་བོའི་ཧཾ་ཡིག་བཞུས་ཏེ་བདུད་རྩིའི་རྒྱུན་གྱིས་རྩ་གནས་ཐམས་ཅད་ཁྱབ་དུས་བདེ་གསལ་གཉིས་མེད་ཀྱི་བདག་ཉིད། ཨེ་ཝཾ་ཟུང་འཇུག་གི་ཕྱག་རྒྱ་སྙིང་ཁར་འདྲེས་པའི་ཉམས་སྐྱོང་བ་ཡིན། རྩ་གནས་ཀྱི་འཁོར་ལོ་རྣམས་སུ་རླུང་སེམས་ཟིན་པས་ཐིག་ལེ་ཟིན། དེ་ཟིན་པས་བདེ་བ་ཟིན་པ་རེད། རླུང་སེམས་ལས་སུ་རུང་བས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་སྟེ། ཚོགས་སྦྱོར་མཐོང་སྒོམ་བཞིའི་ལམ་རྫོགས་པའི་ཡོན་ཏན་ཐོབ། དབུ་མར་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་གྲོལ་དུས་ས་བཅུ་རིམ་པ་ལྟར་དུ་བགྲོད་དེ་ས་སོ་སོའི་ཡོན་ཏན་ཐོབ་པ་རེད། གོང་གི་རླུང་བཅུ་ནི་རྩ་བའི་རླུང་ལྔ་མེ་མཉམ་དང་། སྲོག་འཛིན། ཁྱབ་བྱེད། གྱེན་རྒྱུ། ཐུར་སེལ་དང་ལྔ། དེའི་སྟེང་ན་ས་ཆུ་མེ་རླུང་ནམ་མཁའི་རླུང་དང་ལྔ་སྟེ་བཅུ་པོ་རེད། དེ་ཐམས་ཅད་དབུ་མ་སྒྲ་གཅན་གྱི་ལམ་དུ་འགོག་པའི་ཐབས་མཁས་སྔོན་དུ་འགྲོ་བའི་སྒོ་ནས་གཏུམ་མོའི་མེ་སྦར་དགོས་པས་ན། འདི་ལ་ཐོག་མར་རླུང་གནད་ཆེ་བས་ཐོག་མཐའ་བར་གསུམ་དུ་བཤད་དགོས་པའི་རྒྱུ་མཚན་དེ་རེད། སྤྱིར་གཏུམ་མོ་དེ་ལ་ལས་ཀྱི་གཏུམ་མོ་དང་། ཉམས་ཀྱི་གཏུམ་མོ། མཆོག་གི་གཏུམ་མོ་དང་གསུམ་ཡོད། ལས་ཀྱི་གཏུམ་མོ་ནི་ལུས་ངག་ཡིད་གསུམ་བྱེད་པ་བཅིངས་པ་སྟེ། ལུས་ཀྱི་བྱེད་པ་བཅིངས་ནས་ཆོས་བདུན་གཡོ་མེད་དུ་བཅའ་བ། ངག་གི་བྱེད་པ་བཅིངས་ནས་རླུང་ཁ་སྦྱོར་དུ་འཆིང་བ། སེམས་ཀྱི་བྱེད་པ་བཅིངས་ནས་གཏུམ་མོ་འབར་འཛག་སྒོམ་པ་དེ་རྣམས་ཡིན། ཉམས་ཀྱི་གཏུམ་མོ་ནི། དེ་ལྟར་བསྒོམ་པས་སེམས་ཀྱི་བདེ་སྟོང་གི་ཉམས་སྐྱེ། རླུང་སེམས་དབུ་མར་འདུས་པའི་རྟགས་སུ་དུ་བ་དང་། སྨྲིག་སྒྱུ། མེ་ཁྱེར་ལྟ་བུའི་སྟོང་གཟུགས་འཆར་ཞིང་སེམས་ལ་བདེ་སྟོང་གི་ཉམས་སྐྱེ་བ་རེད། མཆོག་གི་གཏུམ་མོ་ནི། རླུང་སེམས་འདུ་ལུགས་ཞིག་གི་སྟོབས་ཀྱིས་སྣང་གསུམ་གྱིས་དྲངས་པའི་འོད་གསལ་མངོན་དུ་གྱུར་ནས་རྣམ་པར་མི་རྟོག་པའི་ངང་དུ་གནས་ཐུབ་པ་དེ་རེད། རྩ་དབུ་མ་མཚན་ཉིད་བཞི་ལྡན་གྱི་ཡར་སྣེ་མར་སྣེ་གཉིས་ལ་ཐབས་ཤེས་ཨ་ཧཾ་གྱིས་མཚན་པ་དང་། སྙིང་གའི་ཨ་ཡིག་དཀར་པོ་ཙམ་ལ་དམིགས་ནས། བདུད་རྩི་འབེབ་སྦྱོང་གི་ཐབས་ཀྱིས་བདེ་བའི་ཐབས་བྱས་པའི་ཤེས་རབ་སྟོང་ཉིད་ཀྱི་ཡེ་ཤེས་སྐྱེས་པའི་ཆེད་དུ་ཡིན། དེ་མ་སྐྱེས་ཀྱི་བར་དུ་ཡུན་ཐུང་གྲངས་མང་བར་སྒོམས། དེ་ལྟ་བུའི་གོམས་པ་སྔོན་དུ་སོང་མིན་ལ་མ་ལྟོས་པར། དབང་པོ་རྣོན་པོའི་བློ་ཅན་རྣམས་ཀྱིས་གོང་དུ་བཤད་པ་ལྟར། གཏུམ་མོ་སྙན་བརྒྱུད་ཞལ་ཤེས་ལྟར་གྱི་རྩ་གནས་བྱིན་རླབས་ཀྱི་དབུ་བཟུང་སྟེ་གཏུམ་མོ་བསྒོམ་ན། ཁྲིད་རྐང་འདི་ལ་དེ་རིང་བརྩིས་པའི་ཉིན་བཞི་ཡོད་པས། ཉིན་གསུམ་གྱི་ཐུན་གསུམ་གསུམ་དགུ་དང་། དེ་རིང་ཕྱི་དྲོའི་ཐུན་དང་དགོང་མོའི་ཐུན་གཉིས་ཏེ་ཐུན་བཅུ་གཅིག་གི་དུས་ཚོད་ཡོད་པ་ལ། ཐུན་སྔ་མ་ལྔ་ལ་མན་ངག་གཞུང་ལྟར་བསྒོམ་རྒྱུ་དང་། ཐུན་ཕྱི་མ་དྲུག་ལ་གཏུམ་མོའི་ཡིག་ཆུང་ལྟར་དུ་བསྒོམ་ན་བསམ་གྱིིན་ཡོད། དེ་བཞིན་དུ་ཡིག་ཆའི་སྟེང་དུ་ཁྲིད་དཔོན་གྱིས་སྐབས་སྐབས་སུ་དལ་མོར་གསུངས་ནས་གསལ་འདེབས་བྱེད། རང་རང་སོ་སོའི་དམིགས་པ་ཁམས་དང་བསྟུན་ཏེ་ཡུན་ཐུང་གྲངས་མང་བྱས་ན། ཡུན་ཐུང་བས་སྒོམ་སྐྱོན་མེད་པ་དང་། གྲངས་མང་བས་སྒོམ་པ་ལ་བརྟན་པ་ཐོབ་བྱེད་སྤྱིར་རྫོགས་ཆེན་གྱི་སྒོམ་གྱི་འགྲོས་ལྟར་རེད། གསར་པ་ཚོས་གཏུམ་མོ་མི་བསྒོམ་པར་མན་ངག་གི་གཞུང་ལྟར་དུ་བསྒོམ་ན་ཆོག དྲག་ཤོས་ཚོས་དང་པོ་ནས་ཐུན་ཚང་མ་ལ་གཏུམ་མོ་ཁོ་ན་བསྒོམ་ན་ཆོག རང་རང་གི་དམིགས་པའི་ཁ་བསྒྱུར་ལ་ཐུག་པ་རེད། གང་ལྟར་ཡང་མདོར་ན་རྗེས་ཀྱི་སྐབས་སུ་མཚན་མ་མེད་པའི་མཉམ་བཞག་གི་ངང་བསྐྱངས་ཤིང་། འགྱུ་བའི་སྤུན་ཐག་བཅད་དེ་མི་རྟོག་པའི་ཡེ་ཤེས་དམིགས་མེད་ཀྱི་རྫོགས་རིམ་ངང་དུ་ཅི་གནས་སུ་བཞག་པར་བྱ་རྒྱུ་དེ་འདིའི་སྤྱི་ཁྱབ་ཀྱི་དགོངས་གནད་གཙོ་བོ་ཡིན། དང་པོ་སྒོམ་ལ་བྱང་ཆ་མ་སོང་དུས་དཀའ་མོ་འདྲ་ཞིག་ཡོད་སྣང་ཤར་ན་མི་ཤེས་ཏེ། རིམ་གྱིས་བྱང་སོང་ན་སླ་བར་མི་འགྲོ་བའི་དངོས་པོ་དང་ཤེས་བྱ་ཞིག་ཡོད་པ་མ་རེད། གསར་པ་ཚོས་འདུག་སྟངས་ཡག་པོ་རེ་དང་པོ་གྱིས་དང་། དེ་ཡང་མི་རྟོག་པའི་ཡེ་ཤེས་ལྷང་ངེ་འཆར་བའི་ཐབས་ཡིན། སྤྱིར་ན་ཞི་ལྷག་ཟུང་འབྲེལ་གྱི་སྒོམ་གང་བརྒྱབ་ཀྱང་བདེ་གསལ་མི་རྟོག་པའི་ཉམས་འཆར་བ་རེད། དེའི་ཉམས་ཞེན་གྱི་ཤུན་པ་དོར་དགོས་པའི་དུས་ཤིག་ཀྱང་སྒོམ་ཡར་ཅིག་ཐོན་དུས་བཤད་རྒྱུ་ཡོད་ཀྱང་། ད་ལྟའི་སྐབས་ན་སྒོམ་གྱི་ཡང་སྙིང་ཞིག་མི་དགོས་ཤུན་པ་ཞིག་ཀྱང་མེད་དུས། བདེ་ཉམས་གསལ་ཉམས་སྟོང་ཉམས་རྣམས་སྐྱེས་སུ་འཇུག་དགོས་པ་རེད། བཅོས་མ་ལ་བརྟེན་ཏེ་མ་བཅོས་པར་སྐྱེས་དགོས་པས་ན། བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བའི་སྐབས་སུ་བདེ་བའི་ཐབས་བྱས་པའི་བདེ་གསལ་མི་རྟོག་པའི་ཉམས་དེ་དང་འབྲལ་མི་བྲ་བའི་སྐྱིད་ཉམས་ཤར་བས། དེའི་སྟེང་ན་དཔེའི་ཡེ་ཤེས་དོན་དང་ཆ་འདྲ་བ་དེ་རྙེད་པས་རིམ་གྱིས་མཐར་ཐུག་དོན་གྱི་ཡེ་ཤེས་རྙེད་པའི་ཐབས་བྱེད་ཀྱིན་ཡོད་རེད། མི་སྐྱ་ཕོ་མོ་ཚོས་ཁྲིད་དཔོན་གྱིས་སྔོན་འགྲོའི་ངག་འདོན་དང་། བླ་རྣལ་བསྡུས་པ་རེ་སྦྲགས་ཏེ་བླ་མ་དང་ཐུགས་ཡིད་དབྱེར་མེད་བསྲེ་རྒྱུའི་ཉམས་ལེན་དེའི་ཐོག་ཏུ་བསྒོམ་ཁ་ཞོག་དང་། ངོ་མ་བཤད་ན་དེའི་ཕན་ན་ཉམས་ལེན་གྱི་གནད་ཁྲེགས་ཆོད་དངོས་གཞིའི་སྐབས་སུ་ཡང་དེ་དང་ཁ་བྲལ་བའི་ཁྱད་པར་བ་ཞིག་ཅང་མེད་ཡིན་ན། འདིའི་བདེ་གསལ་མི་རྟོག་གསུམ་ལ་སོགས་པའི་ཐབས་ལ་བརྟེན་ཏེ་ཐབས་བྱུང་གི་ཡེ་ཤེས་སྐྱེས་པ་དེ། བླ་མའི་རྣལ་འབྱོར་གྱི་སྐབས་སུ་བསྒོམ་རྒྱུའི་བླ་མའི་ཐུགས་སམ་སངས་རྒྱས་ཀྱི་དགོངས་པ་དང་གཉིས་སུ་མེད་པའི་ཆོས་ཉིད་སྟོང་གསལ་འདུས་མ་བྱས་པ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཀ་དག་ནམ་མཁའ་ལྟ་བུ་དེའི་ངང་དུ་མཉམ་པར་འཇོག་རྒྱུའི་དེའི་ཕན་ལ་ཅི་ཞིག་ཡོད། ཐུན་ཁ་ཁ་ཕྱེ་རྒྱུ་བོ་དེའང་ཟབ་ཁྱད་ཀྱི་ཁྱད་པར་ཡོད་པའི་དབང་གིས་བཟང་ངན་ཕྱེ་བ་ཞིག་ཅི་མིན། ཐབས་ཀྱི་ཁྱད་པར་འདྲ་མི་འདྲ་ཙམ་ཞིག་རེད། མདོར་ན་རང་རང་གི་ཁམས་དང་བསྟུན་ནས་འབད་པར་གྱིས་ཞེས་ཞུ་རྒྱུ་དེ་ཡིན་ནོ། །

ཉིན་བཅུ་གསུམ་པའི་ཆོས་ཁྲིད།

ནམ་མཁའི་མཐའ་མཉམ་གྱི་འགྲོ་བ་སེམས་ཅན་ཀྱི་རིགས་སུ་གྱུར་པ་ཐམས་ཅད་པོ་རང་གཞན་ཐམས་ཅད་ཀྱི་ཕ་མར་མ་གྱུར་པ་གཅིག་ཀྱང་མེད། ཕ་མར་གྱུར་པའི་འགྲོ་བ་ཐམས་ཅད་ལ་སྡུག་བསྔལ་གྱིས་མ་ནོན་པ་གཅིག་ཀྱང་མེད་པ་ཡིན་ན། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་འཁོར་བའི་གནས་འདིར་སྡུག་བསྔལ་ཁོ་ན་མྱོང་དགོས་པ་འདི་ནི། རྨོངས་པ་མ་རིག་པའི་གདོན་གྱིས་ཟིན་པའི་དབང་གིས་ཡིན་ན། འདིའི་གཏི་མུག་གི་མུན་པ་འདི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ལྷན་སྐྱེས་སུ་ལྡན་པ་ཡིན་པས། དེའི་མུན་པ་དེ་ཤེས་རབ་ཀྱི་ཉི་མ་ཞིག་མ་ཤར་བར་དུ་ལྡོག་མི་ནུས། གཏི་མུག་གི་མུན་པ་དེ་སེལ་བྱེད་ཀྱི་ཤེས་རབ་ཀྱི་ཉི་མ་མི་འཆར་བའི་རྐྱེན་ཅི་ལ་ཐུག་ན། སྡིག་པའི་གྲོགས་པོ་དང་། ལེ་ལོ་སྙོམས་ལས། མངོན་པའི་ང་རྒྱལ། ལོག་ལྟ་ཆེ་བ་དེ་རྣམས་ཀྱི་དབང་དུ་ཤོར་བས་དང་། ད་རུང་འགའ་རེ་དམ་པ་མ་ཡིན་པའི་རྗེས་སུ་ཞུགས་ཏེ་བདུད་ཀྱི་གསང་ཚིག་གི་རྗེས་སུ་འབྲངས་པས། དྲན་ཤེས་ཉམས་པའི་གཏི་མུག་གིས་མི་རྟོག་པའི་བསམ་གཏན་བསྒོམ་རྒྱུ་ལ་སོགས་གོལ་ཤོར་ནོར་གསུམ་ལ་སོང་བས་རྒྱ་ཆེན་པོའི་ཆོས་ཀྱི་ཚིག་དོན་ལ་ཞུམ་ནས། མཁས་པ་བསྟེན་རྒྱུ་ལ་མི་དགའ་བར་གྱུར་པས། ཐོས་བསམ་སྒོམ་པའི་ཤེས་རབ་ཅན་གྱི་སྐལ་བ་དང་མི་ལྡན་ནས། སྔར་ཡང་ལམ་ལོག ད་ཡང་མགོ་རྨོངས། ཕྱིས་ཀྱང་མུན་པ་ནས་མུན་པར་འཁྱམས་པ། དེ་ལྟ་བུའི་སྙིང་རྗེའི་གནས། ལས་ཀྱི་མཐའ་སྒུག་རྒྱུ་མ་གཏོགས་ཐབས་གཞན་མེད་པའི་ས་ཚོད་འདི་འདྲར་བརྒྱབ་པ་རེད། འོན་ཀྱང་མེད་པའི་ནང་གི་བསོད་ནམས་ཀྱིས་ད་རེས་རང་ཅག་གིས་ཡང་དག་པའི་ལམ་ཞིག་རྙེད། ཐར་ལམ་བྱང་ཆུབ་བསྒྲུབ་པའི་གོ་སྐབས་མ་ནོར་བ་ཞིག་ལ་ཁེལ་ཡོད་ན། གནད་ཀྱི་སྙིང་པོ། དོན་གྱི་དམ་པ་དེ་གང་ཡིན་ན་དམ་ཆོས་སྒྲུབ་སྟངས་ཀྱི་སྐོར་དེ་གསལ་པོ་ཞིག་ཤེས་དགོས། ཆོས་ལ་དད་པ་ཡོད་པ་རྐྱང་པས་མི་ཕན། ཆོས་སྒྲུབ་ལུགས་མ་ཤེས་ན་གང་ལྟར་མགོ་འཁོར་ནས་བསྡད་ཡོད་འདུག་བསམ་སྟེ་འདང་ཞིག་རྒྱག་དུས། རང་རེ་ཐེག་ཆེན་གྱི་ལམ་དུ་ཞུགས། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་འདོག་གིས་སྦྱིན་པ་གཏོང་། ཚུལ་ཁྲིམས་བསྲུངས། བཟོད་པ་བསྒོམས། བསམ་གཏན་ལ་མཉམ་པར་བཞག་སྟེ་དེ་ཐམས་ཅད་ལ་བརྩོན་འགྲུས་རེ་བྱེད་ཀྱང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་བྲལ་ན། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་ཐུབ་པ་མ་རེད། མི་ཐུབ་པའི་རྒྱུ་མཚན་ནི། དཔེར་ན། ལོང་སྣ་ཁྲིད་མཁན་མེད་པའི་ལོང་བ་ཚོ་གཅིག་ཡིད་ལ་བསམ་པའི་འདོད་པའི་གྲོང་ཁྱེར་གང་བསམ་འགྲོ་མི་ཐུབ་པ་ལྟར་ཡིན་ཏེ། འཕགས་པ་སྡུད་པ་ལས། དམུས་ལོང་དམིགས་བུ་མེད་པ་བྱེ་བ་ཁྲག་ཁྲིག་རྣམས། །ལམ་ཡང་མི་ཤེས་གྲོང་ཁྱེར་འཇུག་པར་ག་ལ་ནུས། །ཤེས་རབ་མེད་ན་མིག་མེད་ཕ་རོལ་ཕྱིན་ལྔ་ཡིས། །དམིགས་བུ་མེད་པས་བྱང་ཆུབ་རེག་པར་ནུས་མ་ཡིན། །ཞེས་གསུངས་པ་རེད། ཤེས་རབ་མེད་ན་གོང་དུ་བཤད་པའི་སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་ལྔས་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མི་ནུས་པ་ནི་དཔེར་ན་ལོང་བ་ཚོ་གཅིག་ལྟ་བུ་ཡིན། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་མ་ཐུབ་ན། རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པའི་ནུས་པ་མེད་སོང་བ་ཡིན་དུས། གང་དུ་བགྲོད་པའི་ཡིད་ལ་འདོད་པའི་གྲོང་ཁྱེར་དང་འདྲ་བའི་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཐུབ་པ་ནི་ཤེས་རབ་མེད་པའི་སྐྱོན་རེད། ཤེས་རབ་དེ་དང་ལྡན་ན། དཔལ་ལྡན་ཟླ་བས་འཇུག་པར། ཇི་ལྟར་ལོང་བའི་ཚོགས་ཀུན་བདེ་བླག་ཏུ། །མིག་ལྡན་སྐྱེས་བུ་གཅིག་གིས་འདོད་པ་ཡི། །ཡུལ་དུ་འཁྲིད་པ་དེ་བཞིན་ཤེས་རབ་ཀྱིས། །མིག་ཉམས་ཡོན་ཏན་བླངས་ཏེ་རྒྱལ་བར་འཁྲིད། །ཅེས་གསུངས་པ་ལྟར། མིག་ཡོད་པ་ཞིག་གིས་རང་འདོད་པའི་ལམ་ལ་ཞུགས་ཏེ་འགྲོ་སའི་དམིགས་ཡུལ་དེར་འགྲོ་ཐུབ་པ་ལྟར་དུ། ཐབས་དང་ཤེས་རབ་ཡ་མ་བྲལ་རྒྱུ་གནད་ཆེ་བ་རེད། འོན་ཀྱང་གང་ཟག་སོ་སོ་མི་འདྲ་ཞིང་རྒྱུད་བཟང་ངན་ཐ་དད་པ་ཡིན་པས། གང་ཟག་འཕགས་པའི་རིགས་ཅན་འགའ་ཞིག་གིས་སྔོན་གོམས་པའི་སྟོབས་ལ་བརྟེན་ནས། སྐྱེ་བ་འདི་ལ་ཐོས་བསམ་ཆེན་པོར་མ་བྱས་ཀྱང་རང་སྟོབས་ཀྱིས་རིག་པའང་ཡོད་སྲིད་པ་རེད། ཡིན་ཡང་སོ་སོ་ཡང་དག་པའི་རིག་པ་བཞི་དང་ལྡན་པ་ས་དགུ་པའི་ཡོན་ཏན་རྒྱུད་ལ་མ་སྐྱེས་ཀྱི་བར་དུ་འབད་དགོས་ཏེ། ཡོན་ཏན་རྣམས་ཀྱང་ཚད་བཟུང་མེད་པར་ཤོག །ཅེས་ཀུན་ཏུ་བཟང་པོས་སྨོན་ལམ་བཏབ་པ་བཞིན་ཡིན། ཇི་ལྟར་བྱས་ཀྱང་རང་རྒྱུད་སོ་སོའི་སྐྱེ་བོ་ལས་མ་འཕགས་ཤིང་སེམས་ཉོན་མོངས་པའི་དབང་དུ་གྱུར། ཁྱད་པར་དུ་རྨོངས་པའི་མུན་པས་བཏུམས་ཏེ། ལེགས་ཉེས་བླང་དོར་གྱི་དམིགས་རྣམ་གསལ་པོར་མི་འབྱེད་ནས་མགོ་འཁོར་འདུག་པ་ཞིག་ཡིན་དུས་ཤེས་རབ་འཚོལ་དགོས། འཚོལ་རྒྱུ་དེའང་ཐོས་བསམ་སྒོམ་པའི་ཤེས་རབ་གསུམ་ཡོད་པ་ལས། དང་པོ་ཐོས་པའི་ཤེས་རབ་འཚོལ་དགོས་ཏེ། རིག་འཛིན་འཇིགས་གླིང་གིས། ཐོས་པ་ལས་བྱུང་ཤེས་རབ་མ་བསྟེན་ན། །བསམ་དང་སྒོམ་པའི་ཡོན་ཏན་གནས་མིན་འཁྱམས། །ཞེས་གསུངས་པ་ལྟར། དང་པོ་ཐོས་པའི་ཤེས་རབ་མ་བསྟེན་ན་བསམ་སྒོམ་གྱི་ཤེས་རབ་ཡང་དག་ཅིག་མི་འབྱུང་སྟེ། དཔེར་ན་རྨང་མེད་པའི་མཁར་བཞེངས་པ་དང་འདྲ་བར་ཡིན་པས་ན། ཤེས་བྱ་རྣམ་དཔྱོད་ཀྱི་ཤེས་རབ་ཐོས་པ་རྒྱུད་ལ་མ་བསྟེན་ན་གནས་མིན་དུ་འཁྱམས་པ་ནི། གོང་གི་སྡུད་པའི་ལུང་དོན་ལྟར་དང་། ཤེས་རབ་དང་ལྡན་ན་འཇུག་པའི་ལུང་དྲངས་པའི་དོན་ལྟར། ཐར་པ་མཆོག་གི་གོ་འཕང་ལ་བདེ་བླག་ཏུ་བགྲོད་ཐུབ་པའི་གོ་དོན་དེ་ཚོ་ཐུགས་ལ་ངེས་པར་བྱས་ཏེ། ཐོས་པའི་ཤེས་རབ་ཀྱིས་གང་གཏན་ལ་དབབ་བྱ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དེ་ཉིད་ལ་བསམ་བློ་ཞིག་སྐོར་ན། སངས་རྒྱས་ཀྱི་བསྟན་པ་ཞེས་པ་དེ་ཅི་འདྲ་ཞིག་ཡིན་ན། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་གསུངས་པ་ལྟར་ལུང་དང་རྟོགས་པའི་བསྟན་པ་གཉིས་སུ་གསུངས་ཡོད་པ་ཡིན་ན། ལུང་གི་བསྟན་པ་གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་པའི་དོན་ཤེས་པ་དང་། རྟོགས་པའི་བསྟན་པ་དེའི་བརྗོད་བྱ་བསླབ་པ་གསུམ་གྱི་ཉམས་ལེན་བྱ་ལུགས་ཤེས་ནས་རང་རྒྱུད་ལ་འབྱོར་ཏེ། རྟོགས་པ་རང་རྒྱུད་ལ་བསྒྲུབ་ཐུབ་པ་དེ་ཡིན། དེས་ན་རྟོགས་པའི་བསྟན་པ་མ་ནོར་བར་རྟོགས་པ་དེ་ལུང་གི་བསྟན་པ་ཚུལ་བཞིན་དུ་ཤེས་པ་ལ་རག་ལས་པར་ཤེས་ན། དང་པོ་ཐོས་པའི་ཤེས་རབ་བསྟེན་དགོས་པའི་གནད་འདྲ་བོ་ཤེས་སོང་བ་རེད། དེ་ཟེར་དུས་དཔའ་ཞུམ་མི་དགོས། ཤེས་བྱ་ཐམས་ཅད་པོ་ཤེས་དགོས་ཟེར་བ་མ་རེད། དེ་ཤེས་ན་དེའི་མིང་ལ་ཐམས་ཅད་མཁྱེན་པ་མི་ཟེར་བར་སོ་སོའི་སྐྱེ་བོ་ཅི་ལ་ཐོགས། རང་རང་གི་བློ་གྲོས་ཀྱི་ཚོད་དང་བསྟུན་ནས་གང་ཉམས་སུ་བླང་བའི་བསྒོམ་བསྒྲུབ་བྱ་རྒྱུའི་དོན་དེ་དང་པོ་ཐོས་དགོས་ཟེར་བའི་དོན་རེད། རིམ་གྱིས་རིམ་གྱིས་དེ་ལ་བསླབས་ནས་མཐར་གྱིས་བློ་མཐུ་ཇེ་ཆེར་གཏོང་རྒྱུ་ལ་སློབ་དགོས། རྒྱ་ཆེན་པོ་ཞིག་མ་ཤེས་ཀྱང་རང་གིས་ཉམས་ལེན་བྱ་བའི་ཚོད་དེ་ཐོས་པས་སྒྲོ་འདོགས་ཡག་པོ་ཞིག་ཆོད་ན་སྒོམ་བྱུང་གི་ཤེས་རབ་དེའང་དེ་དང་མཐུན་པ་ཞིག་ནང་ནས་ཚུར་སྐྱེ་རྒྱུ་ཡོད་ངེས། ལྟ་སྒོམ་དེ་གཉིས་ཅི་འདྲ་ཞིག་ཡིན་ན། ལྟ་བའི་མིག་གིས་བལྟས་ནས་སྒོམ་པའི་རྐང་པ་དེ་གང་ལ་བལྟ་ས་དེར་འཛུགས་དགོས་པ་རེད་ཅེས་སྔར་ཡང་ཡང་བཤད་མྱོང་ཡིན་ན། ཇི་ལྟ་བ་དང་ཇི་སྙེད་པའི་ཡིན་ལུགས་ཤེས་པའི་ཤེས་རབ་ཀྱི་ངོ་བོ་དེ་ལྷག་མཐོང་གི་ཡེ་ཤེས་ཡིན་པས་ན། སྒོམ་པ་ནོར་མེད་པའི་རྟགས་སུ་སོ་སོ་རྟོགས་པའི་ཤེས་རབ་འཕེལ་མི་འཕེལ་གྱིས་ཚོད་ལེན་བྱེད་ཆོག་ལ། མེ་ཡོད་པའི་རྟགས་སུ་དུ་བ་འབྱུང་བ་བཞིན། སྟོང་ཉིད་རྟོགས་ཡོད་མེད་ཀྱི་རྟགས་སུ་སྙིང་རྗེ་དང་ཤེས་རབ་ཆེ་ཆུང་ལ་ལྟ་ཆོག ཁྱད་པར་དུ་རྫོགས་ཆེན་གྱི་རིག་ངོ་ཤེས་ཏེ་དེ་ལ་གོམས་ཆ་སོང་ཡོད་ན། རིག་རྩལ་སོ་སོར་རྟོགས་པའི་ཤེས་རབ་ཡོད་པ་རེད། འོད་མེད་པའི་ཉི་མ་ཞིག་མེད་པ་བཞིན་དུ། ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ཤེས་རབ་ཀྱི་ངོ་བོ་ལྷག་མཐོང་ཡིན་པས་ན། ཇི་ལྟ་བ་མཁྱེན་ལ་ཇི་སྙེད་པ་མི་མཁྱེན་པ་ཞིག་ཡོད་དར་བ་མ་རེད། དེ་ཡིན་ན་རང་རེས་སྐད་ཆའི་འགོ་ཤེས་རབ་ཀྱི་ཕར་ཕྱིན་ནས་གླེང་བ་ཡིན་ན། ཤེས་རབ་འདི་ལ་དབྱེ་ན་གཉིས་སུ་ཡོད་དེ། ཀུན་རྫོབ་རྟོགས་པའི་ཤེས་རབ་དང་། དོན་དམ་རྟོགས་པའི་ཤེས་རབ་བོ། །དེའི་ནང་ནས་ཀུན་རྫོབ་ནི། ཤེས་བྱ་རིག་པའི་གནས་མཐའ་དག་ལ་མཁས་པར་བྱ་བ་སྟེ། རིག་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་ཉིད་འཐོབ་མི་འགྱུར། །ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་བའི་ཆེད་དུ་ཤེས་བྱའི་གནས་དྲུག་ལ་སོགས་པ་ཤེས་བྱ་རིག་པའི་གནས་ཐམས་ཅད་འཚོལ་ནས་ཤེས་པར་བྱ་རྒྱུ་དེ་དང་། བདག་མེད་པའི་དེ་ཁོ་ན་ཉིད་དོན་སྤྱིའི་སྒོ་ནས་འཇལ་བ་དང་། མངོན་གྱུར་གྱི་སྒོ་ནས་རྟོགས་པར་བྱ་པའི་ཕྱིར། འཇལ་བྱེད་ཤེས་རབ་ཀྱིས་གཞལ་བྱ་ཆོས་ཀྱི་རྣམ་བཞག་ཤེས་པའི་ཕྱིར་དྲང་ངེས་ལྡེམ་དགོངས་དབྱེ་འབྱེད་ཤེས་རྒྱུ་བོ་གསུང་རབ་ལྟ་བའི་ལྡེ་མིག་ལྟ་བུ་ཞིག་ཡིན་པར་དང་པོ་ཤེས་དགོས། དེའི་ཐོག་ནས་གཞལ་བྱ་དམ་པའི་ཆོས་ཀྱི་རྣམ་བཞག་ལ་བདེན་པ་གཉིས་ལས་གསུམ་པ་མ་མཆིས་པར་གསུངས་པ་ཡིན་ན། སེམས་ཅན་གྱི་རྒྱུད་ཀྱི་དུག་གསུམ་འདུལ་བའི་གཉེན་པོ་ལ། རྗོད་བྱེད་ལུང་སྡེ་སྣོད་གསུམ་དང་། བརྗོད་བྱ་མངོན་རྟོགས་བསླབ་པ་གསུམ་གསུང་པས་ཐམས་ཅད་བདེན་པ་གཉིས་ལ་བརྟེན་པ་ཡིན་ཏེ། སྣང་ལུགས་ཀུན་རྫོབ་དང་། གནས་ལུགས་དོན་དམ་པའི་ནང་དུ་ཤེས་བྱ་སྣང་བཏགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་འདུས་པ་རེད། སྣང་ལུགས་ཀུན་རྫོབ་ཏུ་སྣང་བའི་ཆོས་དེ་སེམས་ཅན་གྱི་དུས་ན་རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི་རང་བཞིན་འདུས་བྱས་ཀུན་རྫོབ་པས་བསྐྱེད་པའི་ཆོས་འཁྲུལ་སྣང་དུ་ཤར་བ་ཡིན་ལ། དེ་ལའང་སྣང་ཚོད་དེ་དང་མཐུན་པའི་དོན་བྱེད་ནུས་པ། རྒྱུ་ལས་སྐྱེས་པ། ཐམས་ཅད་ལ་མཐུན་སྣང་དུ་གྲུབ་པའི་ཕྱིའི་འབྱུང་བ་བཞི། ནང་རང་གི་ཤེས་པ་དང་བཅས་པས་བསྡུས་པ་དེ་ཡང་དག་ཀུན་རྫོབ་དང་། སྣང་ཡང་དོན་བྱེད་མི་ནུས་པ་དཔེར་ན་རྫིང་བུ་ནང་གི་ཟླ་གཟུགས་དང་། རི་མོ་བྲིས་པའི་ཤིང་རྟ་ལྟ་བུ་སྟེ། དེས་ངོ་མ་བྱ་བ་བྱེད་མི་ནུས་པས། ལོག་པའི་ཀུན་རྫོབ་ཟེར་བ་རེད། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པས། །ཀུན་རྫོབ་ཀྱི་ནི་དབྱེ་བའང་བྱས། །ཞེས་བདེན་གཉིས་ལས་གསུངས་པ་ལྟར་རེད། འདི་གཉིས་ཚིག་ཏུ་སྨྲ་ན་གཉིས་སུ་སྣང་ཡང། གཤིས་ཐོག་ཏུ་གཞལ་ན་ཐ་དད་པར་མ་ཡིན་ཏེ། བག་ཆགས་དང་འཁྲུལ་ངོར་སྐྱེས་པའི་ངོས་ནས་མཉམ། དབང་པོ་ལ་ཡུལ་སོ་སོར་སྣང་བའང་མཉམ་པ། རེ་ཞིག་འཁྲུལ་ངོ་ཙམ་དུ་སྣང་བ་ན་མིག་ཤེས་སོགས་ཀྱི་ཡུལ་དུ་ཡོད་ན་ཡོད་མཉམ། མེད་ན་མེད་མཉམ་དུ་གཅིག་པས་རང་བཞིན་གྱིས་མ་གྲུབ། ཁྱད་པར་དུ་ཡུལ་ཆོས་ཀྱི་དབྱིངས་སུ་འཁྲུལ་གཞི་དང་འཁྲུལ་རྟོག་ཐམས་ཅད་དབྱིངས་སུ་གྲོལ་ཏེ་རང་བཞིན་མེད་པའི་གནས་ལུགས་རྟོགས་པའི་འཕགས་པའི་ཡེ་ཤེས་ལ་ལྟོས་ན། བདེན་ཞེན་དང་བཅས་པའི་སེམས་རྟོག་དང་སྣང་བ་ཐམས་ཅད་ལོག་པའི་ཀུན་རྫོབ་དང་། བདེན་ཞེན་མེད་པའི་འཆར་སྒོ་དང་སྣང་བ་ཐམས་ཅད་ཡང་དག་ཀུན་རྫོབ་ཏུ་ངོ་མཉམ་པ་རེད། དེ་ཀུན་རྫོབ་བདེན་པ་རེད། དོན་དམ་པ་ནི། རང་བཞིན་གཤིས་ཀྱི་གནས་ལུགས་དེ་རང་བཞིན་གྱིས་ཞི་བ། སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། གཅིག་དང་ཐ་དད་ལས་འདས་ཤིང་། འཁོར་འདས་ཀྱི་ཆོས་ཐམས་ཅད་གདོད་ནས་ངོ་བོ་མེད་པ། བྱིས་པ་སོ་སོ་སྐྱེ་བོའི་བློའི་ཡུལ་ལས་འདས་པ་ཡིན་ཏེ། རྩ་ཤེར་ལས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་གསུངས་སོ། །དེ་ཡིན་ན་བློས་བཞག་པར་མིན་ན་བདེན་པ་གཉིས་ཀྱི་དབྱེ་བ་སུས་བྱས། བློས་བཞག་པ་ཞིག་ཨེ་རེད་བསམ་ན། གཞལ་བྱའི་ཆོས་ཐམས་ཅད་འཇལ་བྱེད་དང་པོར་རྟོག་པ་ཞིག་ལས་བྱུང་བ་རེད། འོན་ཀྱང་འཇལ་བྱེད་ཀྱི་རྟོག་པ་ཁོ་རང་གི་རང་བཞིན་སྟོང་པར་རྟོགས་པ་ན་གྲོལ་བ་ཟེར་བའི་ཐ་སྙད་གྲུབ་པ་རེད། འདིའི་དཔེ་རྒྱ་མཚོ་མེད་པའི་རྦ་རླབས་ལ་དཔྱད་པར་ཞུགས་པ་འདྲ་ཡིན་གསུངས་པ་རེད། དེ་ལྟར་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་ཡོད་མེད་སྐྱེ་འགག་དང་བྲལ་བ། སྟོང་ཉིད་མཚན་མེད་སྨོན་མེད་ཀྱི་རྣམ་ཐར་སྒོ་གསུམ་དུ་གནས་པ་དེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་ཡེ་ཤེས་ཆེན་པོའི་གཞི་ཡིན་པས། རྒྱལ་ཚབ་མ་ཕམ་པས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པས་གཞིའི་གཤིས་ལུགས་གཏན་ལ་ཕབ་ནས། སོ་སོར་རྟོགས་པའི་ཤེས་རབ་སོ་སོའི་སྐྱེ་བོའི་བློ་ཡུལ་ལས་འདས་པ་དེ་ཉིད་མངོན་དུ་བྱས་པ་དེ་དབུ་མའི་ལྟ་བ་ཡིན། རྫོགས་པ་ཆེན་པོའི་སྐབས་སུ་ཡང་། རྒྱལ་བས་འཁོར་ལོ་བར་པར་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས། དེ་ལྟ་བུའི་བདེན་གཉིས་ཀྱི་རྣམ་བཞག་རྣམ་ཐར་སྒོ་གསུམ་ལས་མ་འདས་པ་དེའང་སྣང་བཞིན་དུ་སྟོང་པ། སྟོང་བཞིན་དུ་སྣང་བ། སྟོང་རྟེན་འབྱུང་གཉིས་སུ་མེད་ཀྱང་། སྣང་སྟོང་བདེན་གཉིས་ཀྱི་རྣམ་བཞག་དེ་དག་སེམས་ཅན་གྱི་དོན་དུ་ཐབས་ལ་མཁས་པས་གསུངས་པ་ཙམ་ལས་དངོས་པོའི་ཆ་ནས་ཐ་དད་པ་གཉིས་སུ་ཡོད་པ་མིན་པས། ཀུན་མཁྱེན་འཇིགས་གླིང་གིས། བདེན་གཉིས་འདྲེས་པའི་སྣང་སྟོང་ཟུང་འཇུག་ནི། །རྫིང་བུར་ཞུགས་པའི་ཟླ་བའི་སྐྱེ་མཆེད་བཞིན། །སྣང་བའི་ཆ་ནས་ཀུན་རྫོབ་བདེན་པ་དང་། །རང་བཞིན་མ་གྲུབ་དོན་དམ་བདེན་པའོ། །ཞེས་གསུངས་པ་ལྟར་ཀུན་རྫོབ་བདེན་པ་ནི་རྫིང་བུ་ནང་གི་ཟླ་གཟུགས་སྣང་བ་ལྟར་སྣང་བ་དེ་ཀུན་རྫོབ་ཏུ་གྲུབ་ཀྱང་། ཟླ་བ་ཉིད་དུ་བདེན་པར་མ་གྲུབ་པའི་ཆ་ནས་དོན་དམ་དུ་མཉམ་ལ། དེ་གཉིས་བརྟགས་ན་ཟླ་གཟུགས་དང་རྫིང་བུ་འདྲེས་པ་མེད་བཞིན་དུ་སྣང་བར་ངོ་བོ་གཅིག་པའི་བདེན་གཉིས་ཟུང་འཇུག་རང་བཞིན་མེད་པ་ཉིད་དུ་ཉམས་སུ་མྱོང་བ་དེ་བདེན་གཉིས་ཟུང་འཇུག་ཡིན་ཞེས་བདེན་གཉིས་ཤིང་རྟ་ལས་གསུངས་ཡོད། དེས་ན་ཀུན་རྫོབ་བདེན་པ་བཀག་ནས་བརྫུན་པར་བསྒྲུབ་རྒྱུ་དང་། དོན་དམ་བདེན་པ་ཞེས་སྤྲོས་པ་བཀག་ནས་སྤྲོས་མེད་དུ་བསྒྲུབ་པ་ལྟ་བུ་མ་ཡིན་པར། གང་ལ་ཞེན་པ་དེ་ཉིད་དངོས་སུ་བཀག་ཀྱང་ཤུགས་ལ་གང་ཡང་མི་བསྒྲུབ་པའི་ཚུལ་གྱིས་མཐར་འཛིན་གྱི་ལྟ་བ་ལས་གྲོལ་ཏེ། ང་ལ་ཁས་ལེན་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་པས། མཁས་པས་དབུས་ལའང་མི་གནས་པའི་སྟོང་ཉིད་སྤྲོས་པ་དང་བྲལ་བར་གཏན་ལ་ཕབ་ཡོང་དུས། སྐྱེ་མེད་གནས་ལུགས་ཡིན་པའི་རྒྱུ་མཚན་གྱིས་འགག་མེད་ཤུགས་ལ་གྲུབ་སྟེ། དང་པོ་སྐྱེས་དེ་ནས་འགག་དགོས་པས་སོ། །སྔ་མ་སྐྱེ་བ་དེ་ཕྱི་མ་འགག་པའི་རྟེན་ཡིན་ཞིང་། སྔ་མ་སྐྱེ་བ་དེ་མ་གྲུབ་པས་སྐྱེ་བ་མེད་པ་ཡིན་ན་ཕྱི་མ་འགག་པ་ཡང་གང་དུ་ཡོད། དེས་ན་འགག་མེད་ཀྱང་རང་ཤུགས་སུ་གྲུབ་ཡོང་ན། སྟོང་རྟེན་འབྱུང་དབྱེར་མེད་སྤྲོས་བྲལ་བསམ་གྱིས་མི་ཁྱབ་པ་བློ་འདས་སྨྲ་བསམ་བརྗོད་མེད་ཀྱི་དོན་དེ་ལྟར་ལྟ་བས་ཐག་བཅད་དགོས། གཟུང་འཛིན་དུ་ཞེན་ཅིང་བདག་ཏུ་ལྟ་བའི་མུན་པ་ཡོང་སའི་རྩ་བ་རྟེན་འབྲེལ་བཅུ་གཉིས་ཀྱི་རྩ་བའི་མ་རིག་པ་ཡིན་པས་ན། མ་རིག་པ་དེ་ལྡོག་ཐབས་རིག་པ་ཡེ་ཤེས་དེ་ཐོས་བསམ་སྒོམ་པའི་ཤེས་རབ་ཀྱིས་བསྐྱེད་དགོས། མདོར་ན་བྱང་ཆུབ་སེམས་དཔའི་གཞུང་ལམ་རྒྱ་ཆེན་པོ་ཐམས་ཅད་བསྡུ་ན། སྟོང་ཉིད་སྙིང་རྗེ་སྙིང་པོ་ཅན་ལ་འདུས་ཡོད། དཔལ་ས་ར་ཧས། སྙིང་རྗེ་དང་བྲལ་སྟོང་པ་ཉིད་ལྟ་བ། །དེས་ནི་ལམ་མཆོག་རྙེད་པ་མ་ཡིན་ཏེ། །གལ་ཏེ་སྙིང་རྗེ་འབའ་ཞིག་སྒོམ་ན་ཡང་། །འཁོར་བ་འདི་ལས་ཐར་པ་ཡོད་དམ་ཅི། །གང་ལ་གཉིས་པོ་ཡོད་པར་གྱུར་པ་དེ། །སྲིད་པར་མི་གནས་མྱ་ངན་འདས་མི་གནས། །ཞེས་གསུངས་པ་ལྟར་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པ་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན། དེ་ལྟ་བུའི་ཚུལ་དེ་ཐོས་བསམ་གྱི་སྒོ་ནས་ཉམས་སུ་ལེན་པ་ལ། ཐོས་པའི་ཤེས་རབ་ཀྱིས་ཐོས་པར་བྱས་པའི་གཞུག་ཏུ་བསམ་པའི་ཤེས་རབ་ཀྱིས་ཇི་ལྟར་བྱས་ནས་དོན་ཡིད་ལ་ངེས་པར་བྱ་དགོས་ན། ཐོས་པའི་དོན་བསམ་པས་ཡིད་ལ་བྱེད་དུས། གོ་བ་དཔེ་ཐོག་དང་། བཤད་པ་ཚིག་ཐོག་ཏུ་མི་བཞག་པར་དེའི་དོན་དེ་རང་ཉིད་ཀྱི་རྒྱུད་ལ་འདྲེས་པར་བྱས་ཏེ། རྟོག་དཔྱོད་དང་བསམ་གཞིག་གི་སྒོ་ནས་ཡང་དང་ཡང་དུ་ཕྱོགས་ཐམས་ཅད་ནས་བརྟགས་ཤིང་རྩད་བརྡར་གཅད། ཡང་དག་པའི་དོན་དེ་ཕྱིན་ཅི་མ་ལོག་པར་བྱེ་བྲག་ཞིབ་པར་འབྱེད་རྒྱུ་དེ་རེད། ཐོས་པས་དོན་གོ་ཞིང་བསམ་པས་དེའི་བྱེ་བྲག་ཕྱེད་པ་རྐྱང་པས་མི་ཕན། ཆོས་དབྱིངས་སྨྲ་བསམ་བརྗོད་མེད་སྤྲོས་པ་དང་བྲལ་བ་ཡིན་ན། ཤེས་པ་སྤྲོས་པ་དང་བྲལ་བ་ཁོ་རང་གི་ངང་དུ་འཇོག་དགོས་ཏེ། དཔེར་ན་དངུལ་རྡོ་དེ་དངུལ་གྱི་རང་བཞིན་ཡིན་ཡང་བཞུ་རྟུལ་མ་བྱས་བར་དུ་དངུལ་དུ་མི་སྣང་ཞིང་། དངུལ་ལེན་བསམ་ན་དངུལ་རྡོ་བཞུ་དགོས་པ་དེ་བཞིན་དུ། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྤྲོས་པ་དང་བྲལ་བ་ཡིན་ཡང་། སེམས་ཅན་ལ་དངོས་པོ་སྣ་ཚོགས་སྣང་ཞིང་། སྡུག་བསྔལ་སྣ་ཚོགས་མྱོང་བས་ན། དེ་གོམས་མྱོང་གི་ཐོག་ནས་རྒྱུད་ལ་བསྟེན་དགོས། དངོས་དང་དངོས་མེད་ཀྱི་མཐའ་ལས་འདས་པའི་བདག་མེད་པའི་དོན་ངོ་མ་དེ་ཡིད་དཔྱོད་ཀྱི་བློས་སྒོམ་རྒྱུ་ཡོད་པ་མ་རེད། འོན་ཀྱང་གདོད་ནས་རང་བཞིན་གྱི་རྣམ་པར་གྲོལ་བའི་དབྱིངས་དེ་ཤེས་རབ་ཀྱིས་དཔྱད་དེ་དྲན་ཤེས་ཀྱིས་ཉེ་བར་གཞག་བྱ་འཇོག་བྱེད་དང་བྲལ་བར་འཇོག་རྒྱུ་དེ་སྒོམ་པའི་ཐ་སྙད་བཏགས་པ་སྟེ། བརྒྱད་སྟོང་པ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྒོམ་པ་འདི་ནི་ཆོས་གང་ཡང་མི་བསྒོམ་པ་ལགས་སོ། །ཞེས་གསུངས་པ་རེད། སྒོམ་པའི་ཤེས་རབ་མ་ནོར་བ་གང་ཡིན་ན། མཉམ་བཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་གནས་ལུགས་དོན་གྱི་རྟོགས་པ་མ་ནོར་བ་རང་རྒྱུད་ལ་སྐྱེས་ཏེ། ཕྱི་ཡུལ་ལྔའི་སྣང་བ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་ཀྱི་རང་བཞིན་དུ་གོ། ནང་དེ་ལྟར་སྣང་བའི་མཁན་པོ་འདི་ལ་བལྟས་ན་ཡུལ་སྣང་མ་འགག་བཞིན་དུ་ཡུལ་འཛིན་གྱི་རྟོག་པ་ཞི་བ་ཞིག་ལ་ཁོ་ཐག་ནང་ནས་ཆོད། ཡིན་མིན་གྱི་སྒྲོ་འདོགས་ལས་གྲོལ། གནས་ལུགས་རང་ཞལ་མཐོང་བས་ཆོས་ཉིད་སྟོང་གསལ་ནམ་མཁའ་ལྟ་བུར་རྟོགས་པའི་ངང་དུ་འཇོག་པ་དེ་སྒོམ་པའི་ཤེས་རབ་ཡིན། དེ་ལྟ་བུའི་ཚུལ་གྱིས་ལམ་ཉམས་སུ་ལེན་པའི་རིམ་པ་ལ། མདོ་སྔགས་ལམ་གྱི་རིམ་པ་དང་། སྔགས་ལའང་སྔོན་འགྲོ་དང་། དངོས་གཞིའི་རིམ་པ་ཡོད་པའི་ནང་གི་སྐབས་དོན་གང་ལ་བབ་པའི་ཆོས་སྐལ་ནི།

གཉིས་པ་གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ།

རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་ཚན་ལས་བྱུང་བའི་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་འདི་ཉིད་འཆད་པ་ལ། འདི་ལ་སེམས་སྦྱོང་བདུན་ལས་ཕྱི་མ་རེད། དེ་ལའང་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ། ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་དང་གསུམ་ལས། དང་པོ་སོང་ནས་གཉིས་པ་གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་ནི། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་ཞེས་གསུངས་ན། གསལ་བའི་འོད་གསལ་སྟོང་པ་དང་དབྱེར་མི་ཕྱེད་པའི་གསལ་སྟོང་མི་རྟོག་པའི་ཡེ་ཤེས་འཆར་དགོས་པ་རེད། དེ་དགོས་དུས་རླུང་ལྔའི་དྭངས་མ་སྟོབས་སུ་གྱུར་པས་དབུ་མའི་ནང་དུ་ཆུད་ཡོང་དུས། ནང་དུ་རྣལ་འབྱོར་པའི་ཉམས་ལ་དྭངས་གསལ་སྒྲིབ་པ་མེད་པའི་བསམ་གཏན་དང་། རྙོག་བྲལ་ཞི་བ་གནས་པའི་ཏིང་ངེ་འཛིན་གྱི་ངང་ལ་རང་ཤུགས་ཀྱིས་གནས་ཡོང་བ་རེད། དེ་ལྟར་གནས་པ་དང་ཆབས་ཅིག་ཏུ་ཕྱི་རོལ་ཏུ་རླུང་ལྔའི་ཁ་དོག་མངོན་པ་དང་། ཡེ་ཤེས་ལྔའི་འོད་གདངས་སྐུ་དང་ཐིག་ལེའི་རང་བཞིན་དུ་འཆར་བ་ཡིན་ཏེ། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །ཞེས་གསུངས་པ་དང་། དུས་ཀྱི་འཁོར་ལོའི་རྫོགས་རིམ་ཡན་ལག་དྲུག་གི་ནང་ནས་སོར་སྡུད་དང་བསམ་གཏན་ལ་སོགས་པ་སྦྱོར་བ་ཡན་ལག་དྲུག་བཤད་ཡོད་ཅིང་། དེས་མི་ཚད་པར་ཧེ་རུ་ཀ་གལ་པོ་ལས། སྦྱོར་བ་ཡན་ལག་དྲུག་གིས་བསྙེན། །ཞེས་གསུངས་ཡོད། སྦྱོར་བ་ཡན་ལག་དྲུག་ནི། སོར་སྡུད་བསམ་གཏན་གཉིས། སྲོག་རྩོལ་འཛིན་པ་གཉིས། རྗེས་དྲན་ཏིང་འཛིན་གཉིས་དང་དྲུག་རེད། སོར་སྡུད་དང་བསམ་གཏན་གཉིས་ཀྱིས་མ་གྲུབ་པ་བསྒྲུབ་ཅིང་། གྲུབ་ཟིན་བརྟན་པར་བྱེད། དུ་བ་ལ་སོགས་པ་སྟོང་གཟུགས་འཆར་བ་རྣམས་མཐར་མཚན་དཔེས་བརྒྱན་པའི་སྐུར་བསྒྱུར་བ་རེད། སྟོང་གཟུགས་ཀྱི་རྣམ་པ་དེ་ཀུན་རྫོབ་དང་། རང་བཞིན་མེད་པ་དེ་དོན་དམ་པའི་བདེན་པ་ཡིན། སྲོག་རྩོལ་དང་འཛིན་པ་གཉིས་ཀྱིས་ངག་གི་རྩ་བ་རླུང་ལ་དབང་ཐོབ་པར་བྱས་ཏེ་རྒྱལ་བའི་གསུང་སྒྲུབ་པར་བྱེད། རྗེས་དྲན་མི་འགྱུར་བའི་བདེ་བའི་ཉེ་རྒྱུ་དང་། ཏིང་འཛིན་ནི་ངོ་བོ་ཉིད་ཡིན་པས་རྒྱལ་བའི་ཐུགས་སྒྲུབ་བྱེད་ཡིན། དེས་ན་གཉིས་ཚན་རེ་རེ་བཞིན་དུ་སོར་བསམ་གཉིས་ཀྱིས་སྐུ་དང་། སྲོག་རྩོལ་དང་འཛིན་པ་གཉིས་ཀྱིས་གསུང་། དྲན་ཏིང་གཉིས་ཀྱིས་ཐུགས་བསྒྲུབས་ཏེ་སྐུ་གསུང་ཐུགས་རྡོ་རྗེའི་ཏིང་ངེ་འཛིན་དུ་གསུངས་ཤིང་། དུས་འཁོར་རྩ་རྒྱུད་ལེའུ་ལྔ་པ་ལས། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ལ་སོགས་པས་བསྟན་ཡོད་པར་གསུངས་ལ། དེ་ལྟ་བུའི་གསལ་སྟོང་དབྱེར་མི་ཕྱེད་པའི་སེམས་བསྒྲུབ་དུས། རླུང་རོ་ལན་གསུམ་མམ་དགུ་ཕྲུགས་སུ་ཕུད་པས་འབྱུང་བའི་རླུང་དུག་ཐོན་པའི་དགོས་པ་ཡོད་དོ། །ཞེས་ཐོག་མར་ཉོན་མོངས་དུག་གསུམ་གྱི་རླུང་རོ་རེ་རེ་ལ་ལན་རེ་འབུད་པས་ལན་གསུམ་མམ། ཡང་ན་རེ་རེ་ལ་ལན་གསུམ་གསུམ་སྟེ་དགུ་ཕྲུགས་སུ་ཕུད། དེ་ལྟར་རླུང་རོ་ཕྱིར་ཕུད་པས་རླུང་གི་སྙིགས་མ་འབྱུང་བའི་རླུང་དུག་ཕྱིར་ཐོན་པའི་དགོས་པ་ཡོད་དོ། །འདིའི་སྐབས་སུ་ཁྲིད་སྦྱོང་གི་ཚེ་དུས་རྒྱུན་ལྟར་དུ་ལག་གཉིས་ཀྱི་སྲིན་མཛུབ་མཐེ་བོང་གིས་མནན་ནས་ཁུར་ཚུར་བརླ་ཐོག་ཏུ་བཞག་སྟེ་རྩ་འཆིང་བའི་སྟབས་དང་བཅས་ཏེ། སྐྱེས་པ་ཡིན་ན་དང་པོ་ལག་གཡས་པའི་སྲིན་མཛུབ་ཀྱིས་སྣ་བུག་གཡས་པར་མནན་ཏེ་སྣ་བུག་གཡོན་ནས་རླུང་རོ་གསུམ་འབུད། བུད་མེད་ཡིན་ན་དེ་ལས་གོ་ལྡོག་དགོས། སྐྱེས་པ་ཡིན་ན་འདོད་ཆགས་ཀྱི་རླུང་ཁ་དོག་དམར་པོ་མི་གཙང་བའི་རྣམ་པ་ཅན་ཕྱིར་འབུད་པར་བསམ་སྟེ། སྣ་བུག་གཡས་པར་མནན་ནས་གཡོན་པས་རླུང་རོ་གསུམ་འབུད། དེ་ནས་ལག་གཡོན་གྱི་སྲིན་མཛུབ་ཀྱིས་དེ་བཞིན་དུ་སྣ་བུག་གཡོན་པར་མནན། ལག་པ་གཡས་པས་བརླ་རྩ་མནན་བཞིན་དུ་སྣ་བུག་གཡས་ནས་གསུམ་འབུད། ཉོན་མོངས་པ་ཞེ་སྡང་གི་རླུང་ཁ་དོག་དཀར་སྐྱ་མི་གཙང་བའི་རྣམ་པ་ཅན་ཕྱིར་སོང་བར་བསམ། དེ་ནས་ལག་པའི་ཁུར་ཚུར་གཉིས་ཀྱིས་བརླ་རྩ་གཉིས་འཆིང་བཞིན་དུ་སྣ་བུག་གཉིས་ཀ་ནས་རླུང་ལན་གསུམ་འབུད། ཉོན་མོངས་པ་གཏི་མུག་གི་རླུང་ནག་པོ་མི་གཙང་བའི་རྣམ་པ་ཅན་ཕྱིར་སོང་བར་བསམ་ནས་དེ་ལྟར་རླུང་རོ་དགུ་ཕྲུགས་སུ་འབུད་དགོས། དེ་ནས་རླུང་ནང་དུ་རྔུབ་པའི་ཚེ་ཕྱི་བརྟན་གཡོའི་དངོས་པོ་ཨ་འཐས་ཀྱི་སྣང་བ་དཀར་དམར་ཡུལ་གྱི་རྣམ་པ་ཤར་བ་འདི་ཐམས་ཅད་འོད་དུ་ཕྲི་ལི་ལི་ཞུ་སྟེ་ནམ་མཁའ་སྔོ་སངས་དང་འདྲེས་པར་བསམ། ནམ་མཁའི་རང་བཞིན་གྱི་རླུང་དེ་ཉིད་དབུགས་རྔུབ་པ་དང་ལྷན་དུ་རང་གི་ལུས་ནང་དུ་བྱུང་བར་བསམ་པས། ནམ་མཁའི་རང་བཞིན་གྱི་རླུང་དེས་ལུས་ཐམས་ཅད་སྔོ་མེར་གྱིས་ཁེངས་པར་བསམ་སྟེ། གྱེན་རྒྱུའི་སྟེང་རླུང་དེ་ཉིད་འོག་ཏུ་ཚིར་གྱིས་མནན། ཐུར་སེལ་གྱི་འོག་རླུང་དེ་ཅུང་ཟད་འཐེན་ལ་སྟེང་འོག་གི་རླུང་གཉིས་ཁ་སྦྱར་ཏེ་བསྒོམས་པས་ནང་དུ་གསལ་སྟོང་གི་ཉམས་སྐྱེའོ། །ཞེས་གསུངས། འདིའི་ཐད་ན་ཀུན་མཁྱེན་འཇིགས་གླིང་རང་གི་ཡོན་ཏན་རིན་པོ་ཆེའི་མཛོད་ལས། ཁྱད་པར་དྭངས་མའི་རླུང་ལྔ་དྷུ་ཏིར་ཆུད། །ཟད་པ་ས་ཆུ་མེ་རླུང་ནམ་མཁའ་ཡི། །ཏིང་ངེ་འཛིན་དང་ཡོན་ཏན་རྫུ་འཕྲུལ་འགྲུབ། །གསང་བའི་རླུང་ནི་ཡེ་ཤེས་རྣམ་པ་ལྔ། །རགས་པའི་ཆོས་དང་རྣམ་པ་འགལ་བ་ཡིན། །ཞེས་གསུངས་པས། སྲོག་གི་སྦྱོར་བ་རླུང་ལ་མ་བསླབ་ན་ཁམས་ལས་སུ་མི་རུང་། ཁམས་ལས་སུ་མ་རུང་ན་ཏིང་ངེ་འཛིན་མི་སྐྱེ་ཞིང་རྫུ་འཕྲུལ་མི་འགྲུབ། བདེ་བས་དྲངས་པའི་མི་རྟོག་པའི་ཏིང་ངེ་འཛིན་ཁོ་ན་སྐྱེས་པས་ཀྱང་ཕན་ཐོགས་མེད། གསལ་སྟོང་མི་རྟོག་པའི་ཡེ་ཤེས་ངེས་པར་དུ་སྐྱེ་དགོས། དེ་ལས་རླུང་དབྱིངས་སུ་འཛུད་པའི་ཐབས་སྲོག་རླུང་གི་སྦྱོར་བ་ལ་རག་ལས་པ་རེད། དེས་ན་འདིར་མན་ངག་གི་གདམས་པ་བསྟན་པ་འདི་ལྟར་ཏུ། སྟེང་གི་རླུང་གྱེན་རྒྱུ་དེ་འོག་ཏུ་ཚིར་གྱིས་མནན། འོག་གི་རླུང་ཐུར་སེལ་དེ་གྱེན་དུ་འཐེན་ཏེ་དེའི་བར་དུ་ཡེ་ཤེས་ཀྱི་རླུང་། རླུང་གཉིས་ཁ་སྦྱར་གྱི་བར་དུ་བཅིར་ནས་བཟུང་དགོས་ན། རླུང་བཟུང་བའི་སྐབས་ཁ་སྣའི་རླུང་གི་རྒྱུ་བ་ཡིན་ན་མིན་ན་བཀག་དགོས་པ་མ་རེད། གཙོ་བོ་དམིགས་པ་དང་མི་འབྲལ་བར་བྱེད་རྒྱུ་གལ་ཆེན་གནད་ཀྱི་དོན་སྙིང་རེད། དེ་ལྟར་བྱས་ནས་རླུང་གི་རྣལ་འབྱོར་ཡང་དང་ཡང་དུ་སྒོམ་པས་མཐར་གོམས་ནས་ཤེས་པ་གསལ་དྭངས་ཕྱེད་ཅིང་། ངོ་བོ་སྤྲོས་བྲལ། འགྱུ་དྲན་ཡེ་ཤེས་ཀྱི་ངང་དུ་དེངས་སོང་དུས། གསང་བའི་རླུང་ལྷག་མཐོང་རྣམ་པར་མི་རྟོག་པའི་ངོ་བོ་ཉིད་གསལ་སྟོང་མཐའ་དབུས་དང་བྲལ་བར་འཆར་བ་ཡིན། དེ་ཡང་རྣལ་འབྱོར་པའི་ཁམས་དང་བསྟུན་ནས་གྲང་ཤས་ཆེ་ན་རླུང་དེ་རེག་བྱ་ཚ་བ་ཅན་དུ་བསྒོམ། ཚ་ཤས་ཆེ་ན་རླུང་དེ་བསིལ་བའི་རེག་བྱ་ཡོད་པར་བསྒོམ་པ་ནི་གནད་དོ་ཞེས་དཔལ་བསམ་ཡས་པ་ཀུན་མཁྱེན་ངག་གི་དབང་པོས་གསུངས་སོ། །ཡང་རྣལ་འབྱོར་པ་སྤྲོས་པ་ལ་དགའ་བས་རྒྱས་པར་བྱས་ནས་སྒོམ་བསམ་པ་རྣམས་ཀྱིས་འབྱུང་བ་སོ་སོའི་རླུང་སོ་སོ་བསྒོམ་པར་འདོད་ན། བུ་ཡིག་ཡེ་ཤེས་གསལ་སྒྲོན་ལས། ནམ་ཟླ་དུས་བཞི་དང་འབྱུང་བཞིའི་རླུང་བསྟུན་ནས་བསྒོམ་རྒྱུ་ལ་སོགས་པ་རྒྱས་པར་གསུངས་ཡོད་པས་དེ་ལྟར་ཉམས་སུ་བླང་བར་བྱ་ལ། འདི་དང་མཐུན་པ་སྒྱུ་འཕྲུལ་ལས། རླུང་ལྔའི་དྭངས་མ་སྟོབས་གྱུར་ན། །འོད་ལྔ་ནང་གི་ཡེ་ཤེས་ལྔ། །སྐུ་ལྔ་བགྲོད་པའི་ཞིང་ཁམས་ལྔ། །ཟད་པ་ལྔ་ནི་འཐོབ་པར་འགྱུར། །ཞེས་གསུངས་པས། དེའི་སྐབས་ན་སའི་རླུང་གི་དྭངས་མ་དབུ་མར་ཚུད་པས་ཟད་པ་སའི་ཏིང་ངེ་འཛིན་ལ་དབང་བསྒྱུར། ནང་དུ་སེམས་གནས་ཁྱད་པར་ཅན་འབྱུང་། ཕྱི་རོལ་རིན་འབྱུང་གི་ངོ་བོ་འོད་ཟེར་སེར་པོ་གསལ། ཆུའི་རླུང་གིས་ཟད་པ་ཆུའི་ཏིང་ངེ་འཛིན་ལ་དབང་བསྒྱུར། ནང་དུ་དྭངས་གསལ་རྙོག་པ་མེད་པའི་སེམས་དང་། ཕྱིར་མི་བསྐྱོད་པའི་ངོ་བོ་འོད་ཟེར་དཀར་པོ་གསལ། མེ་རླུང་དབུ་མར་ཚུད་པས་དྲོད་སྐྱེ། རླུང་གི་རླུང་དབུ་མར་ཆུད་པས་ནང་དུ་སེམས་གཡོ་བ་དང་མཆེད་པ་ཐོབ་པ་ལ་སོགས་པ་གསུངས་ཡོད། འོན་ཀྱང་བླ་མ་ཡང་ཏིག་གི་སེམས་སྦྱོང་དོན་ཁྲིད་དུ། མདོར་ན་ཁ་དོག་རེག་བྱ་སྒོམ་ཚུལ་ལ་སོགས་པ་སྤྲོས་པ་མང་ཡང་། ནམ་མཁའི་རླུང་ནི་དབྱར་དགུན་སྟོན་དཔྱིད་ཀུན་གྱི་དུས་ན་དགེ་ཞིང་ཤིས་ལ་རེག་བྱ་ཡང་ཚ་གྲང་གཉིས་པོ་དེར་འདུས་པས་ཉམས་ལེན་ལ་ནམ་མཁའི་རླུང་རྐྱང་པར་བསྒོམ་པ་འདིས་ཆོག་གོ། །ཞེས་གསུངས་སོ། །ནམ་མཁའི་རླུང་དབུ་མའི་ནང་དུ་ཚུད་པས་གོང་གི་འབྱུང་བཞིའི་དྭངས་མ་ཐམས་ཅད་འདུས་པའི་ངོ་བོ་ཆོས་ཉིད་རྣམ་པར་མི་རྟོག་པ་སྐྱེས། དག་བྱ་དག་འབྲས་ཀྱི་ཐོག་ནའང་འབྱུང་ལྔའི་དྭངས་མའི་རླུང་དབུ་མར་ཚུད་པས་དུག་ལྔ་གནས་སུ་དག་ཡེ་ཤེས་ལྔར་གྱུར། རིགས་ལྔའི་ཞིང་ཁམས་སུ་འགྲོ་བ་ཡིན། འདི་འདྲའི་སྟེང་འོག་གི་རླུང་ཁ་སྦྱར་ནས་བར་རླུང་ལྟེ་བའི་ཐད་དུ་བསྐྱིལ་རྒྱུ་དེ་བར་རླུང་བུམ་པ་ཅན་ཡིན། འདི་ལྟ་བུའི་དྭངས་མའི་རླུང་བུམ་པ་ཅན་ཞེས། བུམ་པ་ནི་སྟེང་འོག་བཅུམས་ཤིང་ལྟོ་བ་ལྡིར་བ་ཞིག་ཡིན་པས་དེ་དང་མཚུངས་ཆོས་སྦྱར་ནས་བར་རླུང་གཅིར་བ་འདི་ལ་བུམ་པ་ཅན་ཞེས་མིང་བཏགས་པ་རེད། འདི་ནི་ཡོན་ཏན་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་ཏེ། གུ་རུ་རིན་པོ་ཆེས་གསུངས་པའི་ཞལ་གདམས་ནོར་བུའི་ཕྲེང་བར། དེ་ཡང་རྩ་དབུ་མ་དེ་ཡེ་ཤེས་ཀྱི་རྩ་ཡིན་པས་རྩ་གཞན་ལས་མཆོག་ཡིན་པས་ན། མཐོང་ཉམས་བརྫུན་པ་བསླུ་བའི་ཆོས་ཅན་དེ་ག་མི་སྟོན་ཅིང་མི་འཆར། རྣལ་འབྱོར་པས་རླུང་ལ་བསླབ་པའི་སྐབས་སུ་གྲངས་དང་རེག་བྱ་སོགས་ལ་སྦྱོང་བའི་ཚེ། སླར་ཡང་རླུང་ཕྱིར་མི་གཏོང་བར་སྟེང་རླུང་ནང་དུ་རྔུབ་ཅིང་འོག་རླུང་གྱེན་དུ་བསྡམས་པས་ན། རླུང་རོ་རྐྱང་གི་ལམ་བརྒྱུད་དེ་དབུ་མའི་མས་སྣེ་ན་རོ་རྐྱང་དང་འབྲེལ་བའི་མཚམས་དེ་ཡི་གེ་དབུ་ཅན་གྱི་ཆའི་འཕོངས་ལྟ་བུ་ནས་ཞུགས། ཡེ་ཤེས་ཀྱི་རླུང་དེ་རྩ་དབུ་མའི་ལམ་ལ་འཇུག་པས། དེའི་སྐབས་ན་ས་དང་པོའི་རྟོགས་པ་ཕྱིན་ཅི་མ་ལོག་པ་སྐྱེའོ། །རླུང་ཞུགས་གནས་ཐིམ་གསུམ་གྱི་རྟགས་རེ་རེ་འཆར་བ་ལས། རྩ་དབུ་མ་ལ་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་ཡོད་པ་ལས་རླུང་ཞུགས་གནས་ཐིམ་གསུམ་རེ་རེའི་སྐབས་སུ་སའི་ཡོན་ཏན་ཐོབ་པ་རེད། དེའང་རྩ་དབུ་མའི་མདུད་པ་དང་པོ་ཞིག་སྟེ་རླུང་འཇུག་པ་ལས་ས་དང་པོའི་ཡོན་ཏན་སྐྱེ། དེར་རླུང་སེམས་གནས་པས་ཞུགས་གནས་ཐིམ་གསུམ་གྱི་གཉིས་པ་གནས་པའི་སྐབས་སུ་ས་གཉིས་པའི་ཡོན་ཏན་སྐྱེ། འདི་རྣམས་གཙོ་ཆེ་བའི་དབང་དུ་བྱས་ཏེ་རགས་པའི་འགྲོས་ལྟར་དུ་གསུངས་པ་རེད། ཞིབ་པར་ཆོས་ཁྲིད་སྔོན་མའི་སྐབས་སུ་ཞུས་མྱོང་། གསུམ་པ་ཐིམ་པའི་སྐབས་སུ་དེར་རླུང་སེམས་ཐམས་ཅད་ཐིམ་པས་གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་ནམ་མཁའ་ལྟར་དག་སྟེ། མཁྱེན་པའི་ཡོན་ཏན་མཐའ་དག་རྒྱས་པའོ། །ལས་རླུང་དབྱིངས་སུ་དག་ཅིང་ཡེ་རླུང་དབུ་མར་འཁྱིལ་བས་ཕན་ཐོགས་ཅི་ཡོད་ན། གནས་སྐབས་སུའང་ཚེ་རིང་། ནད་དཀོན། ལུས་ཤིན་སྦྱངས་ཐོབ་པས་ལུས་བདེ་ཞིང་བྱ་ལྟར་མགྱོགས་པ་རྫུ་འཕྲུལ་གྱི་ནམ་མཁར་འཕུར་ནུས་པ་ལ་སོགས་པའི་ཡོན་ཏན་དེ་དག་འཐོབ་པ་ནི། རླུང་བུམ་པ་ཅན་གནད་དུ་བསྣུན་པའི་ཡོན་ཏན་ཏེ། ཆོས་ཉིད་དོན་གྱི་ཡེ་ཤེས་ལྔའི་རང་བཞིན་ཅན་མཐར་ཐུག་འོད་གསལ་བའི་བདག་ཉིད་ཅན་དུ་གོམས་པའི་ཡོན་ཏན་ཡིན་ནོ། །དེས་ན་གཙོ་བོ་མདོར་བསྡུ་ན། རླུང་ལ་བསླབ་ཚུལ་རྣམ་གྲངས་མང་ཡང་། རླུང་གི་ཡོན་ཏན་ཐམས་ཅད་བུམ་པ་ཅན་གནད་དུ་བསྣུན་ནས་བསླབ་པ་འདི་ལ་བརྟེན་ནས་སྐྱེ་དགོས་པ་ཡིན་པས་ན། མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་གནད་ཀྱི་གདམས་པ་གཉེར་དུ་གཏད་པའི་གལ་ཆེ་བའི་ཉམས་ཀྱིས། འཚོ་རྒྱལ་ཞེས་བོས་མཛད་ནས། ཕྱིན་ཆད་རླུང་སྒོམ་པ་ཐམས་ཅད་བུམ་པ་ཅན་ལ་གནད་དུ་བསྣུན་ཅིག ཅེས་གསུངས་པའི་ཕྱིར་རོ། །བུམ་པ་ཅན་གྱི་གནད་དང་བྲལ་ན་ཕན་ཐོགས་མེད་པར་ཤུགས་ལ་བསྟན་ཏོ། །ད་ཧ་ལམ་གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བའི་ཁྲིད་རྐང་དེ་ཚིག་དེ་འདྲ་ཞིག་གིས་བསྟན་པ་རེད། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་འདི་རླུང་ལ་གནད་དུ་བསྣུན་པའི་མན་ངག་ཅིག་ཡིན་ལ། རླུང་འདི་ལ་རྫོགས་པ་ཆེན་པོའི་རྒྱུད་སྡེ་ཚོའི་སྐབས་ན་ཕྱི་ནང་གསང་བའི་རླུང་གི་དབྱེ་བ་ཡོད་པ་དང་། ས་ཆུ་མེ་རླུང་སོགས་འབྱུང་བ་ལྔའི་རླུང་ལ་ཕྱི་ནང་གསང་གསུམ་གྱི་དབྱེ་བ་གསུངས་ཡོད་པ་རེད། རླུང་འདི་ལ་གང་ཟག་དར་མ་ནད་མེད་ཅིག་གིས་ཉིན་ཞག་གཅིག་ལ་ཕྱིའི་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱར་རྒྱུ་བ་ཡིན་པར་གོང་དུ་བཤད་པ་བཞིན་དང་། ད་དུང་དེའི་སྟེང་དུ་འཕར་རྩའི་འགྱུ་བ་དང་བཅས་པ་བསྡོམས་ན་རླུང་ཆིག་འབུམ་ཉིས་ཁྲི་དྲུག་སྟོང་ཡན་ཆད་རྒྱུ་བ་གསུངས་ཡོད། ཡིན་ནའང་བྱེད་ལས་ཀྱི་སྒོ་ནས་རྩ་བའི་རླུང་ལྔ་སྲོག་འཛིན་མེ་མཉམ་ལ་སོགས་ཕྱིའི་རླུང་ལྔ་དང་། ས་ཆུ་མེ་རླུང་ནམ་མཁའ་སྟེ་ནང་གི་རླུང་ལྔ་སྟེ་དེ་ལྟར་རླུང་བཅུའི་དབྱེ་བ་གོང་དུ་ཞུས་པ་ལྟར་རྒྱུད་ལས་གསུངས་ལ། དེའང་ཕྱིའི་རླུང་ལྔའི་བྱེད་ལས། སྲོག་འཛིན་གྱིས་སྲོག་གནས་པར་བྱེད། གནས་པ་སྙིང་གར་གནས། མེ་མཉམ་གྱིས་དྲོད་དང་ཟས་འཇུ་བར་བྱེད། དེ་ལྟོ་བར་གནས་པར་བྱེད་པ་སོགས་ཆོས་ཁྲིད་སྔོན་མའི་སྐབས་སུ་ཞིབ་ཏུ་ཞུས་པ་ལྟར་རེད། ནང་གི་འབྱུང་ལྔའི་རང་བཞིན་གྱི་རླུང་ལྔ་དེ་ཁ་དོག་དང་དབྱིབས་ངེས་ཅན་དུ་གསུངས་ཡོད། དེའང་ས་རླུང་སེར་པོ་དང་། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་གུ། ནམ་མཁའི་རླུང་མཐིང་ག་དང་། དེ་དག་སྒོམ་ཚུལ་གྱི་དབང་དུ་བྱས་ན་དབྱིབས་ས་རླུང་གྲུ་བཞི། ཆུ་རླུང་ཟླ་གམ། མེ་རླུང་གྲུ་གསུམ། རླུང་གི་རླུང་གཞུ་བདུང་བ་ལྟ་བུ། ནམ་མཁའི་རླུང་ཟླུམ་པོ་ཡིན་པར་གསུངས་སོ། །ནང་གི་རླུང་ལྔའི་བྱེད་ལས་ནི། རླུང་དེ་དག་ལ་བརྟེན་ནས་ནང་གི་ཕུང་པོ་ཁམས་དང་སྐྱེ་མཆེད་གནས་པའི་རྟེན་བྱེད། མ་དག་པའི་སྐབས་སུ་འདི་རྣམས་དུག་ལྔ་མཆེད་པའི་གཞི་དང་། ལམ་གྱི་སྐབས་སུ་རང་རང་གི་ཟད་པའི་ཏིང་ངེ་འཛིན་ལ་བརྟེན་ཏེ་རྫུ་འཕྲུལ་འགྲུབ་པ་ལ་སོགས་འབྱུང་། དག་པའི་སྐབས་སུ་ཡེ་ཤེས་ལྔ་མཆེད་པའི་རྟེན་བྱེད་པ་ཡིན། འདི་རྣམས་རྒྱུ་ཚུལ་ནི། དབྱར་མེ་རླུང་། སྟོན་རླུང་རླུང་། དགུན་ཆུ་རླུང་། དཔྱིད་ཀྱི་དུས་སུ་ས་རླུང་རྒྱུ། རླུང་དེ་ཐམས་ཅད་ཕོ་མོ་མ་ནིང་གི་རླུང་གསུམ་དུ་འདུ་བ་རེད། དེས་ན་གང་ཟག་ཕོ་མོ་སུ་ཡིན་རུང་མ་ནིང་གི་རླུང་ལ་གཙོ་བོར་སྦྱོང་ན་གསང་བ་ཡེ་ཤེས་ཀྱི་རླུང་ལྔ་འབྱོངས་སླ་སྟེ། རྒྱུ་མཚན་ནི་མ་ནིང་གི་རླུང་དེ་རགས་པའི་རྣམ་པ་ཅན་མིན་པས་ཁ་དོག་དང་དབྱིབས་ཀྱི་རྣམ་པ་མེད་ལ། དེས་ན་རྣམ་མེད་ཡེ་ཤེས་ཀྱི་ཕྱག་རྒྱ་འགྲུབ་ན་རྣམ་བཅས་རྟོག་པའི་མཚན་མ་ཐམས་ཅད་དེའི་ངང་དུ་ཞི་བར་གསུངས་པས་སོ། རླུང་གི་རང་བཞིན་ཐམས་ཅད་ཚུར་བསྡུ་ན། ལས་ཀྱི་རླུང་དང་ཡེ་ཤེས་ཀྱི་རླུང་གཉིས་སུ་འདུས། ལས་རླུང་གིས་འཁོར་བའི་རྒྱུ་བྱེད་པ་དང་། ཡེ་ཤེས་ཀྱི་རླུང་གིས་མྱ་ངན་ལས་འདས་པའི་རྒྱུ་བྱེད་པས། ལས་ཀྱི་རླུང་དེ་འཕེལ་འགྲིབ་སྣ་ཚོགས་པའི་ཆ་ནས་ཕྱིའི་ལོ་བཅུ་གཉིས། ནང་གི་ཟླ་བ་བཅུ་གཉིས། གསང་བ་དུས་སྦྱོར་བཅུ་གཉིས། ད་དུང་དེ་དང་འདྲ་བའི་འབྱུང་བའི་བྱེད་གཟུགས་བཅུ་གཉིས་ལ་སོགས་པ་དང་། རྩ་ལ་གནད་དུ་བསྣུན་པས་ཡེ་ཤེས་ཀྱི་རླུང་དུ་སོང་ནས། ཡེ་ཤེས་ཀྱི་རླུང་གིས་བདེ་སྟོང་གསལ་བའི་ཡེ་ཤེས་འཆར་ཞིང་སྒྲིབ་བྱེད་ཤེས་བྱའི་ཐ་སྙད་ཀྱིས་མ་ལྷད་པར་མཐའ་གཉིས་ལ་མི་གནས་པའི་ཡེ་ཤེས་བསྐྱེད་པས་ན། དུས་འཁོར་གྱི་གཞུང་ལས་ཕྱི་འཇིག་རྟེན་གྱི་ཁམས། ནང་སེམས་ཅན་གྱི་ལུས། གཞན་ཆོས་ཉིད་ཀྱི་དབྱིངས་ཞེས་གསུངས་ནས། དུས་ཀྱི་འཁོར་ལོ་ཕྱི་ནང་གཞན་གསུམ་པོ་དེ་ཕྱིའི་རྟེན་འབྲེལ་གྱི་གནད་དང་ཚུངས་པར་སྦྱར་ནས། རྡོ་རྗེའི་ལུས་ཀྱི་མན་ངག་ལ་བརྟེན་ནས། འབྱུང་བ་གནད་ལ་དབབ་པའི་རྟེན་འབྲེལ་དེས་སེམས་ཆོས་སྐུར་གྲོལ་བར་བྱེད་པ་དེ་ལ་ཐབས་ཀྱི་ལམ་ཞེས་གསུངས་པ་རེད། རང་རེའི་མན་ངག་གི་གཞུང་འདིའི་དགོངས་དོན། བར་རླུང་ལྟེ་བར་བསྐྱིལ་དགོས་དོན་ཅི་རེད་ཟེར་ན། རླུང་དབུ་མའི་ནང་དུ་ཞུགས་གནས་ཐིམ་གསུམ་གྱིས་རོ་རྐྱང་གི་རྩ་མདུད་གྲོལ་ཏེ་གོང་དུ་གསུངས་པ་ལྟར་ས་ལམ་གྱི་ཡོན་ཏན་ཐོབ་དགོས། དེས་ན་དང་པོ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རླུང་སེམས་ཞུགས་ནས་དེ་ཉིད་ལས་རུང་ལ་གྱུར་དུས་ཚོགས་ལམ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་སྟེ་ཚོགས་ལམ་ཆེན་པོའི་དྲོད་རྟགས་འཆར་དགོས་པས། རླུང་ལྟེ་བར་བཟུང་དགོས་དོན་དེ་རེད། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རླུང་ཞུགས་པ་མི་ཚད། གནས་པས་རྩལ་འབྱོངས་བའི་ཡོན་ཏན་ཐོབ་པ་རེད། དེ་ནས་ཐིམ་སྟེ་ཞུགས་གནས་ཐིམ་གསུམ་རྫོགས་པ་ལས་དྲན་པ་ཉེར་གཞག་བཞི་དང་། ཡང་དག་པའི་སྤོང་པ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི། མངོན་ཤེས་དང་རྫུ་འཕྲུལ་ངེས་པར་འགྲུབ། དེ་ལྟར་འཁོར་ལོ་སོ་སོར་རླུང་སེམས་ལས་སུ་རུང་བས་དུས་སྦྱོར་བཅུ་གཉིས་ཀྱི་རླུང་དག་དུས་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་རྫོགས་པའི་ཡོན་ཏན་ཐོབ་པ་རེད། དེས་ན་ལམ་གྱི་སྐབས་སུ་ཐབས་ཀྱིས་ཆ་ལ་མན་ངག་ཟབ་མོ་གནད་དུ་བསྣུན་ནས་ཆེད་དུ་རླུང་གི་རིགས་ཀྱི་མན་ངག་རྒྱས་པ་མང་པོ་ཡོད་པ་རེད། གཞན་ཡང་རླུང་གི་རེག་བྱ་ལ་བསླབ་པ་དང་། གྲངས་ལ་བསླབ་པ། འགྲོ་འོང་ལ་བསླབ་པ་ལ་སོགས་པ་མང་གི། རེག་བྱ་དེ་ཚོ་འབྱུང་བ་སོ་སོའི་མཚན་ཉིད་ལྟར་བསྒོམ་རྒྱུ་དང་། གྲངས་བགྲང་དུས་ཕྲེང་བ་བཅད་ནས་བགྲངས། དེ་ནས་རྒྱུ་བ་ཇེ་ཉུང་ལ་སོང་ནས་རླུང་གི་རྒྱུ་བ་ཉིས་བརྒྱ་ཙམ་རེ་ཁུག་པ་གཅིག་བྱེད་ཆོག་པ་ནས་མཐར་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་བོ་ཐམས་ཅད་ཐ་མལ་བའི་རྒྱུ་བ་མིན་པར་མཉམ་པར་འབབ་པ་ཡེ་ཤེས་ཀྱི་རླུང་གི་དབང་དུ་གྱུར་ནས། དེ་དུས་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་པོ་ཐམས་ཅད་དབུ་མ་གཅིག་གི་རང་བཞིན་དུ་གྲོལ་འགྲོ་བ་དེ་འདྲ་ཡིན་ཚུལ་གསུངས་ཡོད། གཞན་ཡང་རླུང་ལས་སུ་རུང་བས་རང་བཞིན་གྱི་རླུང་ལྔ་དང་། དབང་པོ་ལྔར་རྒྱུ་བའི་རླུང་ལྔ་དབང་དུ་འདུ་བས་ལུས་ཡང་བ་དང་། རྐང་མགྱོགས་ཀྱི་རྫུ་འཕྲུལ་འགྲུབ་པ། རྩྭའི་རྩེ་མོར་སྐྱིལ་ཀྲུང་བཅའ་ཆོག་པ། བེམ་པོའི་བྲག་ལ་ཐོགས་རེག་མེད་པ། རྡོ་ཟད་པོ་དང་ཞབས་རྗེས་གཉིས་ནོར་འདུག་མི་དགོས་པར། བྲག་ལ་མི་ཐོགས། ཆུ་ལ་མི་ནུབ་པའི་ཐུན་མོང་གི་གྲུབ་པ་ཡང་རླུང་གི་ནུས་སྟོབས་ཀྱིས་འབྱུང་བར་གསུངས་ཡོད་པ་རེད། ད་འུ་ཚོས་གསལ་སྟོང་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བའི་ཁྲིད་སྦྱོང་འདི་ལ་དེ་རིང་བརྩིས་པའི་ཉི་མ་ལྔ་ལ་བྱེད་རྒྱུ་རེད། དེ་དང་མཉམ་དུ་རྩ་རླུང་སྦྱོང་དགོས། རྩ་རླུང་སྙིང་ཐིག་གི་རྩ་རླུང་རིག་འཛིན་འཁྲུལ་འཁོར་ཉེར་བཞི་བོ་དུས་རྒྱུན་གྱི་ཕྱག་སྲོལ་ལྟར་དུ་སྦྱང་རྒྱུ་བྱེད་དགོས། སྤྱིར་ན་ས་ཆ་འདི་ན་ཡོང་ནས་གནས་འདིར་ཆོས་ཀྱི་འབྲེལ་བ་བྱས་ནས། སྒོམ་མཉམ་བཞག་གི་བསམ་གཏན་ཐུན་རེ་མ་སྦྱོང་ཐབས་མེད་རེད། ཐ་ན་བག་ཆགས་རེ་བཞག་དགོས། འདི་སྤོང་བ་བསམ་གཏན་གྱི་གནས་ཡིན་ལ། སྔོན་བྱོན་གྲུབ་བརྙེས་རིག་འཛིན་མང་པོ་ཞིག་གིས་ལམ་འདི་ལ་བརྟེན་ནས་མཆོག་གི་དངོས་གྲུབ་བརྙེས་པ་ཡིན་ན། རང་རེ་ཕྱི་རབས་ཀྱི་རྗེས་འཇུག་ཚང་མས་ཀྱང་། དེ་རྣམ་པའི་ཞབས་རྗེས་སྙེག་རྒྱུ་བོ་རིན་ཐང་དང་བྲལ་བའི་ཕ་ནོར་བུ་སྐལ་དུ་བཞག་པའི་རྩ་ཆེན་གྱི་ནོར་བུ་དེ་ལ་གཅེས་སྤྲས་བྱེད་པ་ཞིག་རེད། ཁྱེད་རྣམ་པའི་མས་ནས་ཡར་ཕེབས་ཡོང་དུས། གཡུ་འབྲུག་ཟམ་ཁ་ན་སྒོ་ཆེན་གྱི་ཐོད་ལ། ཐོག་མེད་ནས་ངལ་བའི་སེམས་དབེན་པའི་གནས་འདིར་ངལ་བསོས་ནས་ཞི་བསིལ་རྙོག་པ་དང་བྲལ་བའི་ཏིང་ངེ་འཛིན་གྱིས་འཚོ་བར་གྱིས་ཞེས་དྲན་བསྐུལ་ཞུས་ཡོད་པ་རེད། དཔལ་སྤྲུལ་རིན་པོ་ཆེ་ནས་གནས་འདི་དང་འབྲེལ་ནས་གསུང་བའི་ནང་དུ། མཐོན་པོའི་ངོ་སྲུང་དམའ་བའི་སྐྱོང་བྲན་དང་། །མཉམ་པོའི་ཆགས་སྡང་དག་གིས་འཆིང་བ་མིན། །རང་ཉིད་གཅིག་པུ་ངེས་འབྱུང་འོད་དཀར་ཅན། །དབེན་པའི་ནགས་སུ་ཟླ་བ་བཞིན་དུ་མཛེས། །ཞེས་དང། ཆགས་མེད་མཁའ་ལ་ཉི་མའི་དཀྱིལ་འཁོར་བཞིན། །དབེན་པའི་གནས་ན་མང་ཐོས་འོད་སྟོང་ཅན། །མི་སྣང་ལྷ་བརྒྱའི་གར་ཚོགས་མཛེས་བསྐོར་ཀྱང་། །གཡེང་བའི་རྒྱུ་མིན་དམ་ཆོས་སྤྱོད་པའི་གྲོགས། །ཞེས་གསུངས་པ་རེད། སྐྱེས་བུ་དམ་པ་ཡུལ་ལ་ཆགས་ཞེན་སྤངས་པ་ཞིག་ཡིན་ན་གནས་གང་དུ་བསྡད། གྲོགས་སུ་དང་འགྲོགས་ན་ཁྱད་པར་ཡོད་རྒྱུ་མ་རེད་དེ། སྐྱེས་བུའི་ཚངས་པ་མཚུངས་པར་སྤྱོད་པ་དང་། །ཏིང་འཛིན་བརྟན་པར་མ་གྱུར་གང་དང་གང་། །ཡུལ་དང་གྲོགས་ལ་བརྟེན་ནས་མཐོ་དམན་བྱེད། །ཅེས་གསུངས་པ་བཞིན། དང་པོ་དབེན་པར་མ་བརྟེན་ན་ཡོན་ཏན་རྒྱུད་ལ་སྐྱེ་དཀའ་སྟེ། འབྲོམ་རྒྱལ་བའི་འབྱུང་གནས་ཀྱི་སྐྱེས་རབས་ཤིག་ན་རྒྱལ་བུ་དགེ་འདུན་འཕེལ་གྱི་སྐྱེ་བ་བཞེས་ཚུལ་གྱི་གཏམ་རྒྱུས་ཤིག་ཡོད། དེའང་གནའ་སྔོན་མར་རྒྱ་གར་གྱི་ཡུལ་མ་ག་དྷའི་པདྨོ་ཅན་ཟེར་བའི་ས་ཆ་ན། ཁྱིམ་བདག་འབྱོར་ལྡན་ཞིག་ལ་བུ་དགེ་འདུན་འཕེལ་ཞེས་བྱ་བ་ཡ་མཚན་ཅན་ཞིག་སྐྱེས་པ་རེད། ཁྱིམ་བདག་དང་གྲོང་ཁྱེར་གྱི་མི་ཚང་མས་བུ་ཡ་མཚན་ཅན་དེ་ལ་དགའ་སྣང་དང་མཚར་སྣང་སྐྱེས་ཏེ། གཅིག་དང་མི་འདྲ་བ་ཞིག་རེད་ཟེར་ནས་བཙས་སྟོན་རྒྱ་ཆེར་བྱས་ཤིང་ཚང་མས་འདང་རྩིས་ཆེན་པོ་བྱེད། བུ་དེ་སྐྱེས་ནས་རིང་པོ་མ་ལོན་པར་མའི་པང་ན་སྐྱིལ་ཀྲུང་བྱས་ནས་ཐམས་ཅད་ལ་ངོ་འཛུམས་ནས་བལྟ་བ་དང་། ལུས་ངག་གི་བྱ་སྤྱོད་སྨྲ་བརྗོད་སོགས་གང་གི་ཐད་ནས་གཞན་དང་མ་འདྲ་བ་ཞིག་ཡོད་པས་ཚང་མ་ཡ་མཚན་དུ་གྱུར། ཡུལ་དེ་ཆོས་དར་ས་ཞིག་ཡིན་པས་མི་རྣམས་ཀྱིས་བུ་འདི་རྗེས་མ་རང་རེའི་གྲོང་དུ་དགེ་འདུན་པ་མང་པོ་སྤེལ་ཞིང་ཆོས་འདོན་པ་ཞིག་འོང་ཟེར། དེ་ནས་བུ་དེ་ལོ་དྲུག་བདུན་ཙམ་ལོན་ནས་ཅུང་ཟད་ནར་སོན་པ་ན། ཉིན་ཞིག་ཐོལ་བྱུང་དུ་ཕ་མ་གཉིས་ལ་ངའི་ཆོས་གོས་རྣམ་གསུམ་ཁྱེར་ལ་ཤོག་ཟེར་བ་ན། ཕ་མས་ཆོས་གོས་རྣམ་གསུམ་བྱ་བ་ཅི་ཞིག་ཡིན་དྲིས་པས། བུས་ངོ་ཚ་སྐྱོབ་པའི་གོས་མཐོང་གོས། བག་ཡོད་པར་སྤྱོད་པའི་གོས་བླ་གོས། ཕུན་སུམ་ཚོགས་པའི་གོས་སྣམ་སྦྱར་ཏེ་ཆོས་གོས་རྣམ་གསུམ་ཡིན་ཞེས་ཟེར་བ་ན། ཕ་མས་དེ་རྣམས་རབ་བྱུང་གི་གོས་རེད། སྣམ་སྦྱར་དགེ་སློང་གཙང་མའི་ན་བཟའ་རེད། བུ་ཁྱོད་ལ་ད་དུང་དེ་ཚོ་གྱོན་པའི་ཐོབ་ཐང་མེད་ཟེར་བ་ན། བུ་ན་རེ། ཉོན་མོངས་པའི་ཁྱིམ་ནས་ཉོན་མོངས་པ་མེད་པར་འབྱུང་བ་ནི་རབ་ཏུ་བྱུང་བ་ཡིན། སྒོ་གསུམ་ལ་ཉེས་པ་ཕྲ་ཞིང་ཕྲ་བ་སྡོམ་པ་ནི་དགེ་སློང་ཡིན། དེའི་གོས་ནི་གསུམ་པོ་དེ་ཡིན། ང་ཡང་འཁོར་བའི་ཉེས་དམིགས་རིག་པ་དང་། མྱ་ངན་ལས་འདས་པའི་ཕན་ཡོན་མཐོང་ཞིང་། འཁོར་བ་དུག་ཆུ་འདྲ་བ་སྤངས། མྱ་ངན་ལས་འདས་པ་སྨན་དང་འདྲ་བ་ལེན་པའི་རང་བྱུང་གི་དགེ་སློང་ཞིག་ཡིན་པས། ཁྱེད་ཕ་མ་གཉིས་ཀྱི་དྲིན་ལན་བསབ་པ་དང་། བདག་ལ་ལས་ཀྱིས་འབྲེལ་བ་རྣམས་བཟང་པོའི་ལམ་ལ་སྦྱར་བར་བྱ་བའི་ཆེད་དུ་བསམ་བློ་གཏོང་དགོས། འདོད་པའི་འདམ་འདིར་མཐོ་རིས་ཀྱི་པདྨོར་སྐྱེས་ཀྱི། ད་དུང་མ་གཟབ་ན་འདམ་རྫབ་འདི་དག་འགོས་སླ་བས། པདྨ་ལ་འདམ་གྱིས་མ་གོས་པར་བྱ་བའི་ཕྱིར་དུ། གྲོང་པའི་ཉོན་མོངས་པའི་འདམ་རྫབ་ལས་རྒྱང་རིང་དུ་བཅུག་ནས། བས་མཐའ་དབེན་པའི་གནས་སུ་ལུས་དུལ་བ་དང་། སེམས་ཞི་བར་བྱ་བའི་ཆེད་དུ་ཚུལ་ཁྲིམས་ཀྱི་གོས་གྱོན། ངོ་ཚ་དང་ཁྲེལ་ཡོད་པའི་སྒོ་ནས་གཉེན་པོའི་སྐེད་རགས་བསྡམ། མི་དགེ་བའི་རྡོ་དང་ཚེར་མས་མི་གནོད་པའི་ཕྱིར་དུ་དགེ་བཅུའི་ལྟ་བའི་ལྷམ་གྱོན། གཞན་དོན་ཐབས་མཁས་ཀྱི་སྤྱོད་ལམ་བསྐྱངས་རྒྱུ་ཡིན། གཞན་ཡང་ཐ་མལ་གྱི་སྐྱེ་བོ་དང་ཉོན་མོངས་པ་དུག་ལྔའི་དགྲ་དང་། རང་དོན་ཡིད་བྱེད་གྱི་རིགས་ངན་མེད་པའི་རྒྱལ་ས་ཞིག་ན། ཆགས་སྡང་དང་ལོ་འདོད་མི་གཙང་བའི་དྲི་མས་མ་གོས་པའི་བྲམ་ཟེ་གཙང་མའི་གནས་མལ་དང་། ཆགས་མེད་སྦྱིན་པ་དང་ངོ་ཚ་ཁྲེལ་ཡོད་ཀྱི་སྤྱོད་པ་ཅན་གྱི་སངས་རྒྱས་ཀྱི་སྲས་རིགས་ཆེ་ཞིང་མཐོ་བའི་གནས་མལ་ལ་སོགས་པ་དག་པའི་གནས་སུ་གནས་པར་བྱའི། མ་དག་པའི་གནས་སུ་གནས་པར་མི་བྱའོ། །ཞེས་ཟེར་བ་ན། ཕ་མ་གཉིས་ཀྱིས། ཁྱོད་སྐྱེ་བས་ཉི་མ་ཤར་བ་ཙམ་དུ་དགའ་བར་གྱུར་ན། འོན་ཀྱང་སྐྱེ་ལོང་མ་བྱུང་བར་ཤར་མ་ཐག་ཏུ་ནུབ་དོན་ཅི་ཞིག་གིས་ཉེས། འདི་འདྲའི་ཆུང་ངུ་དཔལ་འབྱོར་ལོངས་སྤྱོད་སྤངས་ཤིང་ཕ་མ་དང་ཁ་བྲལ་ནས་རི་དྭགས་ཀྱི་རོ་བཞིན་ས་སྟོང་དུ་ཇི་ལྟར་གནས་ཞེས་ཟེར་ནས། བུ་གཏོང་མ་བྲ་བར་སྨྲེ་སྔགས་འདོན་པ་ན། བུས་སྨྲས་པ། ཉི་མའི་འོད་ཀྱིས་འགྲོ་བའི་སྡུག་བསྔལ་གྱི་མུན་པ་སེལ་མ་ནུས་ན་ནམ་དགུང་མུན་ནག་ནང་དུ་བསྡད་པ་དང་ཁྱད་པར་ཅི་ཡོད། ང་འཁོར་བའི་སྡུག་བསྔལ་ལ་སྐྲག་པས་ནོངས་ནས་དབེན་པའི་གནས་སུ་བག་ཡོད་སྤྱོད་པར་དགའ་བ་ཡིན། ཕ་མ་གཉིས་ཀྱིས་ང་ལ་སེམས་མ་འཁྲེང་བར་བདེ་བའི་གནས་སུ་ཐོང་། ཞེས་ཟེར་ཡང་། ཕ་མ་གཉིས་ཀྱིས་བསམ་བློ་གང་གཏོང་ཡང་མངག་མ་བྲ་བར་པང་དུ་ཁྱེར་ནས་གྲོང་ཁྱེར་གྱི་དབུས་སུ་སོང་བ་ན། གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཤེས་ནས། བུ་ཆུང་ཁྱོད་དྲིན་ཆེན་ཕ་མ་གཉིས་དང་ཁ་བྲལ་ནས་གང་དུ་འགྲོ་བ་ཡིན་ཟེར། སྲས་ཀྱིས། ང་དྲིན་ཆེན་ཕ་མ་གཉིས་དང་ཡུན་རིང་པོར་བྲལ་གྱིས་དོགས་ནས་མི་འབྲལ་བའི་ཆེད་དུ་འགྲོ་བ་ཡིན་གསུངས། གྲོང་ཁྱེར་གྱི་མི་རྣམས་ཀྱིས། ཐབས་དང་ལྡན་ན་ཁྱིམ་ན་འདུག་ནས་ཆོས་བསྒྲུབ་ཆོག ཁྱིམ་ན་གནས་བཞིན་དུ་ཆོས་ཚུལ་བཞིན་བསྒྲུབ་ན་དེ་རིགས་ཟེར། བུས། གྲོང་ཡུལ་མི་གཙང་འདམ་རྫབ་ལ། །ཨུཏྤལ་སྔོན་པོ་ག་ལ་འཁྲུངས། །གྲོང་ཡུལ་ཆུ་ཤིང་འདྲ་བ་ལ། །མེ་ཏོག་ཚལ་རབ་ག་ལ་རྒྱས། །གྲོང་ཡུལ་མེ་དོང་ལྟ་བུ་ལ། །བསིལ་བའི་བདེ་བ་ག་ལ་འབྱུང་། །གྲོང་ཡུལ་བཙོན་ཁང་ལྟ་བུ་ལ། །དགའ་བདེ་བག་ཕེབས་ག་ལ་སྐྱེ། །ཕ་མ་གཉིས་དང་མཉམ་དུ་བཙོན་ཁང་འདིའི་ནང་དུ་སྡུག་བསྔལ་མཉམ་མྱོང་བྱེད་ཀྱང་། གང་ལྟར་ཡུན་རིང་མི་འགྲོགས་པར་ཤི་ནས་གཅིག་གིས་གཅིག་བསྐྱུར་ཏེ་འབྲལ་བའི་རང་བཞིན་ཅན་ཡིན་པས། སྡུག་མཉམ་རིག་བྱས་ནས་གཅིག་ངོར་གཅིག་བལྟ་བྱས་པས་ཅི་ཞིག་ཕན། དེ་བས་ང་བདེ་བའི་གནས་སུ་སོང་ནས་ཐབས་ཁྱད་པར་ཅན་ཞིག་བསྒྲུབས་ནས་འཁོར་བ་མེ་དོང་འདྲ་བའི་སྡུག་བསྔལ་གནས་འདི་སྟོང་པར་བྱེད། དགའ་བདེའི་གནས་སུ་ཕ་མ་གཉིས་འདྲེན་ན་དེས་མི་དགའམ་ཞེས་གྲོང་གི་མི་རྣམས་ལ་གསུངས་པ་དང་། གློ་བུར་དུ་སྤྲུལ་པའི་དགེ་སློང་ཞིག་འོང་ནས། རང་དོན་གྱི་འཁྲི་བ་མ་ཆོད་ན། །ས་སྟོང་དུ་སོང་ཡང་དབེན་པའི་གནས་མ་ཡིན། རང་དོན་ཡལ་བར་དོར་ལ་གཞན་དོན་ཕུན་སུམ་ཚོགས་པའི་སྒོ་ནས་དབེན་པའི་གནས་དེར་སྤྱོད་ཅིག་གསུངས་ནས་མི་སྣང་བར་གྱུར། ཕ་མ་གཉིས་ཀྱིས་ཚིག་དེ་རྣམས་ཐོས་ནས་འདང་བརྒྱབ་པས་ངོ་མ་དེ་འདྲ་ཞིག་རེད། གནས་སྐབས་བུ་དང་བྲལ་བ་སླའི། མཐར་དགེ་བ་ནི་མཆོག་ཏུ་བཟང་ངོ་། །འོན་ཀྱང་ད་དུང་བུ་ནར་མ་སོན་བར་དུ་ས་སྟོང་ཆ་མེད་དུ་སོང་ན་གཅན་གཟན་གདུག་པ་ཅན་ལ་སོགས་པས་བཟའ་བར་འགྱུར་སྲིད་ཀྱིས། དེས་ན་རེ་ཞིག་རྙེད་པར་དཀའ་བའི་ལུས་རྟེན་མེ་ཏོག་གསར་པ་ལྟ་བུ་འདི་ཆུད་མ་གསན་ཞིག་ཅེས་གྲོང་ཁྱེར་གྱི་མི་རྣམས་དང་ཚིག་མཐུན་པར་བཤད་ནས་དབེན་པའི་གནས་སུ་མ་བཏང་བ་ན། དུས་སྐབས་གང་འཚམ་ཞིག་ཏུ་སོང་བའི་རྗེས་སུ། སྐབས་ཤིག་ཁྱེའུ་དགེ་འདུན་འཕེལ་གྱིས་གོ་སྐབས་བཙལ་ཏེ་ཕ་མས་མི་མཐོང་བའི་བར་གྲོང་ཁྱེར་གྱི་ཕྱི་རོལ་ཏུ་སོང་བ་ན། གྲོང་ཁྱེར་གྱི་མཐའི་མི་འགའ་ཞིག་གིས་མཐོང་ནས་བརྩེ་བས་རྗེས་སུ་ཕར་དེད་སོང་བ་ན། གྲོང་ཁྱེར་དང་ཐག་རིང་ས་ཞིག་ན་ཁྱེའུས་ལྕེ་སྤྱང་འཇིགས་སུ་རུང་བ་ཞིག་གི་མདུན་དུ་རང་གི་ལུས་ཀྱི་ཤ་བཅད་ནས་དེ་ལ་སྦྱིན་ཞིང་། ཁྱོད་ལྟ་བུའི་ལུས་ལེན་པ་སྙིང་རེ་རྗེ། ངའི་ལུས་འདི་ཁྱོད་ཀྱིས་དུ་མ་ཞིག་བསྐྱངས་མྱོང་གིས། ད་ལྟ་ཡོད་ན་ད་ལྟ་མེད་འགྲོ་བའི་བློ་གཏད་མི་ཐུབ་པ་འཇིག་པའི་ལུས་འདིས་ཅི་བྱེད། ལྕེ་སྤྱང་ཁྱོད་ཀྱིས་ཅི་དགར་ཟོས་ཤིག་གསུངས་ནས། སེམས་ཅན་དེ་ལ་སྙིང་རྗེ་བའི་སྒོ་ནས་སྤྱན་ཆབ་འདོན་ཞིང་སྐུ་ལུས་སྦྱིན་པ་བཏང་ནས་འདུག་པ་མཐོང་བ་ན། དེར་གྲོང་གི་མི་དེ་དག་གིས། ཨེ་མ་ཧོ་འདི་འདྲ་མཐོང་ཟེར་ཞིང་། འགའ་རེ་ངུས། འགའ་ཞིག་སྐྲག་ནས་འགྱེལ། ལ་ལས་ལྕེ་སྤྱང་བསྐྲད་དེ་དགེ་འདུན་འཕེལ་གྱི་སྐུ་ཤའི་ལྷག་མ་དུམ་བུ་དང་། རུས་པ་རྣམས་བསྡུས་ཏེ་ན་བཟའ་ཐེད་པའི་ཁུད་དུ་བཏུམས་ཏེ་གྲོང་ཁྱེར་གྱི་བཞི་མདོར་འཐོན་པ་དང་། གྲོང་ཁྱེར་གྱི་མི་མང་པོ་འདུས་ནས། ཅི་འདྲའི་སྲོག་ཆགས་སྡིག་པོ་ཆེ་མ་རུང་པ་ཡོད་འདུག མེ་ཏོག་གསར་པ་ཁ་ཕྱེ་བ་དང་འདྲ་བའི་ཁྱེའུ་མཛེས་པ་འདི་གློ་བུར་དུ་སད་ཀྱིས་ཁྱེར་སོང་ཞེས་ཟེར་ཞིང་ངུ་དིར་གྱིས་སྨྲེ་སྔགས་འདོན། ས་ཕྱོགས་ཐམས་ཅད་འོད་ཀྱིས་གང་ཞིང་། འཇའ་འོད་མང་པོ་འཁྲིགས། བར་སྣང་ལ་ལྷ་དང་ལྷ་མོ་མང་པོས་ངོ་མཚར་བའི་སྒྲ་བསྒྲག ཁྱེའུའི་ཁྲག་ལ་འཇའ་དམར་པོ་ཟུག གདུང་ལ་འཇའ་དཀར་པོ་ཟུག སྐུ་ཤ་ལ་འཇའ་སེར་པོ་ཟུག ཐུགས་ལ་འཇའ་སྔོན་པོ་ཟུག དེ་མིན་སྐུ་ལུས་ལ་སོགས་པར་འཇའ་ཁ་དོག་སྣ་ལྔ་ཕུན་སུམ་ཚོགས་པར་ཟུག དེའི་དུས་སུ་ཁྱེའུའི་ཕ་མ་གཉིས་རང་གི་ཁྱིམ་དུ་གནས་པ་ན་གློ་བུར་དུ་སེམས་མ་བདེ་ནས། མ་ན་རེ། བུ་ཅི་རེད་སོང་། ཁྱེའུ་ཉི་མ་འདྲ་བ་དེ། ཤར་ལོང་མ་སྟེར་བར་ནུབ་ཏུ་འགྲོ་དགོས་གསུང་དུས་བྱོན་མ་སྟེར་བས་ཕ་མའི་ཚིག་མ་བཅག་པར་འདུག་ཡོད་པ་ལ། དེ་རིང་གྲོང་ཁྱེར་གྱི་མིའི་ངུ་སྒྲ་འདི་ཅི་ཡིན་ན། འཇའ་དང་འོད་སྤྲིན་འདི་འདྲ་མང་གི། འཇའ་སྣ་ལྔའི་སྣེ་མོ་གྲོང་ཁྱེར་གྱི་དཀྱིལ་དུ་ཟུག་ཡོད་པར་མཐོང་། ངའི་སྙིང་གི་གཅེས་ཕྲུག་གཅིག་པུ་དེ་ཤ་ཟ་གདུག་པས་མ་ཟོས་སམ། དུག་སྦྲུལ་གདུག་པས་མ་བཅིངས་སམ། བུ་ཁྱེའུ་ནང་ན་རིག་རྒྱུ་མི་འདུག་གྲོང་ཁྱེར་བཞི་མདོར་བལྟ་རུ་འགྲོ་ཞེས་ཟེར་ནས། ཕ་མ་གཉིས་གྲོང་ཁྱེར་བཞི་མདོར་ཕྱིན་པ་ན། བུ་གཞོན་ནུ་མཚན་དཔེས་སྤྲས་པ་དེ་རིག་རྒྱུ་ག་ན་ཡོད། ཤ་དུམ་ཁྲག་ཐིགས་དང་རུས་པ་ཙམ་ཞིག་ཤུལ་དུ་ལུས་པ་དང་། གྲོང་ཁྱེར་གྱི་མིས་མྱ་ངན་བྱེད་པ་མཐོང་བ་ན། ཕ་མ་གཉིས་མྱ་ངན་གྱིས་གྲོང་ཁྱེར་གྱི་དབུས་སུ་འགྱེལ་ཏེ་བརྒྱལ་ཞིང་། མི་ཚོགས་ཀྱིས་མཐར་བསྐོར་ཏེ་མྱ་ངན་ངུ་དིར་གྱིས་ལུང་བ་གང་སོང་བ་ན། ཁྱེའུའི་ཐུགས་ཀྱིས་དགོངས་བཞིན་གཟིགས་ཏེ། དྲིན་ཆེན་ཕ་མ་གཉིས་མྱ་ངན་གྱིས་ནོན་ཏེ་རིག་པ་སྟོར་བར་གྱུར་ཏོ། །ལུས་སེམས་འབྲལ་རྒྱུ་འདི་འདྲའི་རྟག་བརྟན་མེད་པ་ཞིག་རེད། ལུས་ངན་ལེན་པ་འདི་སྡུག་བསྔལ་གྱི་རྒྱུ་ཡིན། ཕ་མ་གཉིས་ཀྱིས་དང་པོ་སྐྱོང་བའི་སྡུག་བསྔལ་དང་། ཐ་མ་ཉམས་ནས་མ་རུང་བར་གྱུར་པས་འདི་འདྲའི་སྡུག་བསྔལ་མྱོང་བས། ཟག་བཅས་ཀྱི་ལུས་འདི་ཅི་ཞིག་བྱ། འོན་ཀྱང་ཕ་མ་གཉིས་ཀྱི་སྡུག་བསྔལ་དང་མྱ་ངན་བསལ་བའི་ཕྱིར་དང་། འགྲོ་བ་སེམས་ཅན་བདེ་བའི་ཆེད་དུ། བདག་གི་བསམ་པ་ཕུན་སུམ་ཚོགས་པ་དང་། དཀོན་མཆོག་རིན་ཆེན་གསུམ་གྱི་བདེན་པའི་སྟོབས་ཀྱིས། བདག་གི་ལུས་འདི་མ་ཉམས་སྔར་བཞིན་དུ་སོས་པར་གྱུར་ཅིག་ཅེས་དགོངས་པ་དང་། དེ་མ་ཐག་ཏུ་ལུས་སྔར་བཞིན་དུ་སོས་ནས། ལུས་ལ་རྨ་ཤུལ་ཙམ་ཡང་མེད་པར་སྔ་ལས་མཛེས་པ་ཞིག་གྱུར་ཏེ། བུས་ཕ་མ་གཉིས་ཀྱི་མགོ་ཐོག་ཏུ་ཕྱག་བཞག་ནས། མྱ་ངན་མ་བྱེད་ཕ་མ་གཉིས་ཡར་བཞེངས་ཤིག་དང་། བུ་ང་མ་ཉམས་ལུས་མཆོག་བདེ་བར་གནས་ཡོད་པས་སད་ནས་ང་ལ་ལྟོས་ཤིག་གསུངས་པ་དང་། ཕ་མ་གཉིས་དྲན་པ་རྙེད་དེ་ཡར་ལངས་བྱུང་བ་ན། བུས་སྨྲས་པ། ལུས་ངན་འཇིག་པར་སླ་བ་འདིས། །ཅི་བྱེད་ཡུན་རིང་ཕན་པ་མེད་པས་སྡུག་བསྔལ་མེད་པའི་བཙན་ས་ཞིག་བཙལ་དུ་ཐོང་། ད་སྔར་མ་གཏོང་བས་སྡུག་བསྔལ་འདི་འདྲ་བྱུང་བ་རེད། ད་ཡང་མ་གཏོང་བར་བཅིངས་ན་སྡུག་བསྔལ་གྱིས་གདུང་བ་འདི་འདྲར་འབྱུང་བར་འགྱུར་ཞེས་གསུངས་པ་ན། ཕ་མ་གཉིས་ཀྱིས་ད་སྔར་ཆོས་ལམ་ལ་མ་གཏོང་བ་ནི་བྱས་ཉེས་རེད་འདུག འོན་ཀྱང་ལུས་འདི་ལ་ཉམས་ཉེས་བྱུང་བས་དོགས་ནས་མ་གཏོང་བ་རེད། ང་གཉིས་ཀྱི་བུ་སྐལ་མི་བཅད་པའི་ཕྱིར་དུ་བུ་ཁྱོད་ཡུན་རིང་དུ་འཚོ་ཞིང་གནས་པར་མཛོད། ཁྱེད་གང་དུ་གནས་པར་བག་ཡོད་པར་བྱེད་རོགས། ཁྱེད་ཀྱིས་ཆོས་སྤྱོད་ཀྱི་བར་ཆད་མི་བགྱིའོ། །ཟེར་བ་ན། སྲས་ཀྱིས། དྲིན་གྱིས་སྐྱོང་བའི་ཕ་མ་གཉིས་ཀྱིས་བཀའ་ཁྲོལ་སོང་། ཁྱེད་གཉིས་ཀྱི་དྲིན་ལན་གསབ་པའི་ཕྱིར་དུ་དབེན་པའི་གནས་སུ་འགྲོ་བར་བགྱི། དཀོན་མཆོག་གསུམ་གྱིས་རབ་ཏུ་བྱུང་བའི་མཁན་སློབ་མཛོད་ཅིག་ཅེས་གསུངས་ནས། ཚིགས་སུ་བཅད་པ་དང་བཅས་ཏེ་ཕྱག་ཐལ་མོ་སྦྱར་བའི་དེ་མ་ཐག་ཏུ། རབ་ཏུ་བྱུང་བ་ཆོས་གོས་རྣམ་གསུམ་གྱིས་བརྒྱན་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་གྱུར་ཏོ། །དེའི་ཚེ་གྲོང་ཁྱེར་དེའི་ནང་གི་ཁྱེའུ་ལྔ་བརྒྱ་ཙམ་ཡ་མཚན་དུ་གྱུར་ནས་སེམས་དགའ་ཞིང་དད་པས་བློ་ཐག་བཅད་དེ། ཁྱེད་དབེན་པའི་བས་མཐའི་གནས་མལ་བརྟེན་པར་ཕེབས་ན། ངེད་རྣམས་ཀྱང་ཁྱེད་ཀྱི་རྗེས་སུ་ཅིའི་ཕྱིར་མི་འགྲོ། བདག་ཅག་རབ་ཏུ་བྱུང་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང་། སྤྲུལ་པའི་དགེ་སློང་དགེ་འདུན་འཕེལ་གྱི་ཞལ་ནས། ཁྱེད་རྣམས་རབ་ཏུ་བྱུང་བ་ཕ་མ་དག་གིས་གནང་ངམ། བར་ཆད་དུ་མི་འགྱུར་བ་ནི་གལ་ཆེ་ཞེས་གསུངས་པ་དང་། ཁྱེའུ་ལྔ་བརྒྱ་པོས་རང་རང་གི་ཕ་མ་ལ་དྲིས་པ་ན། ཕ་མ་རྣམས་ཀྱི་བསམ་པ་གཅིག་གྱུར་གྱིས། ཁྱེའུ་དགེ་འདུན་འཕེལ་མི་དང་མི་འདྲ་ལྷ་དང་འདྲ་བ་ཡ་མཚན་ཅན། མིའི་མཆོག་གྲོང་ཁྱེར་འདིའི་དབང་པོའི་དྭངས་མ་མིག་དང་འདྲ་བ་དེ་རབ་ཏུ་བྱུང་ནས་ཆོས་ཕྱིར་དབེན་པར་བརྟེན་ན། ཁྱེད་རྣམས་ཅིའི་ཕྱིར་རབ་ཏུ་མི་འབྱུང་རྗེས་སུ་ཞུགས་རྒྱུ་བྱུང་ན་ལས་ཅན་རེད་ཟེར་བས། ཁྱེའུ་རྣམས་ཀྱིས་དགེ་འདུན་འཕེལ་གྱི་སྙན་དུ་གསོལ་བ་ན། དགེ་འདུན་འཕེལ་གྱི་ཞལ་ནས། ཁྱེད་རྣམས་སྐལ་བ་དང་ལྡན་པ་རེད། ད་ལྟའི་སྐབས་སུ་བས་མཐའི་ནགས་སུ་སོང་ནས་དེར་གནས་མལ་བཅས་ཏེ་སྒོམས། རང་རང་གིས་མཐོ་རིས་ཀྱི་བཙན་ས་རེ་ཟིན་པར་གྱིས་ལ། མ་འོངས་པའི་དུས་ན་རང་རེ་རྣམས་རི་གངས་ཅན་གྱི་ཁྲོད་ཁ་བ་ཅན་གྱི་ས་ཆ་ན་མཉམ་དུ་འཛོམས་ནས་སྐལ་བ་དང་ལྡན་པ་དུ་མ་ཡོངས་སུ་དྲང་བར་བྱ་བ་དང་། བདག་ཅག་རྣམས་ཀྱང་ཉེས་སྒྲིབ་མང་པོ་སྦྱོང་བ་དང་། ཡོན་ཏན་གྱི་བང་མཛོད་ཕུན་སུམ་ཚོགས་པ་སྤེལ་བ་དང་། ཡུལ་གྱི་ཁྲིམས་འཆལ་དང་དམ་ཉམས་མང་པོ་ཞིག་ཕམ་པར་བྱ་བའི་ཕྱིར་དུ་བཀའ་གདམས་གསེར་གྱི་མེ་ཏོག་གི་སྦུབས་སུ། ཆོས་གསུམ་ལྷ་བཞི་རྒྱུད་ལ་ཡོངས་སུ་བསྟེན་ལ་སྤྲུལ་པ་བཀྱེ་སྟེ་སེམས་ཅན་གྱི་དོན་བསམ་གྱིས་མི་ཁྱབ་པར་བྱེད་དགོས་གསུངས་པ་ན། ཐམས་ཅད་དགའ་ཞིང་སྤྲོ་བཞིན་བར་ཆད་མེད་པར་རབ་ཏུ་བྱུང་ངོ་། །དེ་ནས་དགེ་སློང་དགེ་འདུན་འཕེལ་གྱིས་ཐམས་ཅད་ཀྱི་མདུན་དྲངས་ཏེ། དགེ་འདུན་གྱི་འདུ་བ་ཆེན་པོ་ཞིག་ཏུ་གྱུར་ནས། མཇལ་ན་དང་བ་འདྲེན་པར་བྱས། ཐམས་ཅད་ཀྱིས་དགེ་སློང་གི་འཚོ་བའི་ཡོ་བྱད་ཙམ་གྱིས་ཆོག་ཤེས་པར་མཛད་དེ་གྲོང་ཁྱེར་ནས་རྒྱང་གྲགས་ལྔ་བརྒྱས་ཆོད་པའི་ཤིན་ཏུ་དབེན་པའི་གནས་སུ་གཞན་དོན་ལ་གནས་པར་གྱུར་ཏོ། །དེའི་དུས་སུ་ཐམས་ཅད་ཀྱིས་ཁེ་དང་གྲགས་པ་རྙེད་དང་བཀུར་སྟི་ཡིད་ལ་མི་བགྱིས། བསྟོད་ར་དང་ཚིགས་སུ་བཅད་པ་དང་ཆེ་མཐོའི་རོ་མ་མྱངས། རི་དྭགས་བཞིན་དུ་རང་ཡུལ་གྲོང་ཁྱེར་གྱི་འདུ་འཛི་དང་། སྡུག་བསྔལ་གྱིས་དབེན་པར་བྱས་ཏེ་གནས་དེར་སྡིག་པའི་གྲོགས་པོས་མ་བསླད་ཅིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། སོར་བྱང་སྔགས་གསུམ་གྱི་སྡོམ་དམ་ཚིག་གིས་རྒྱུད་བསྡོམས་ནས། སེམས་ཅན་གྱི་དོན་དུ་སེམས་ཀྱི་རྙོག་པ་དང་བྲལ་བའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པ་ལ་གཡོ་མེད་དུ་བཞུགས་པར། ལྷ་དང་ཀླུ་དང་གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱིས་མཆོད་ཅིང་བཀུར་སྟི་བྱས། ཡུལ་ཁམས་ཐམས་ཅད་ལ་ཆར་ཆུ་དུས་སུ་འབབ། ནད་མཚོན་མུ་གེའི་སྒྲ་ཙམ་ཡང་མེད་པར་བདེ་ཞིང་སྐྱིད་པའི་ཉི་མ་ཤར། གྲོང་ཁྱེར་གྱི་ཁྱེའུ་ཕལ་ཆེར་ཡང་ཆོས་ལ་བཀོད་དོ། །དེའི་དུས་ཀྱི་སྤྲུལ་པའི་དགེ་སློང་རང་འདོད་ཀྱི་འཁྲི་བ་ཆོད་ལ་ནགས་སུ་སོང་ཞེས་གསུང་མཁན་དེ་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་དང་། སྤྲུལ་པའི་དགེ་སློང་དགེ་འདུན་འཕེལ་ནི་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས་ཡིན། དམ་པའི་སྐྱེས་བུ་དེ་དག་ཡིན་ན་སྐུའི་ཕྲེང་བ་མང་པོར་ཁྱིམ་དང་འདུ་འཛིའི་བྲེལ་ཟིང་གི་གནས་སྤངས་ནས་དབེན་པའི་གནས་སུ་བསམ་གཏན་བསྒོམས་ཏེ། ཕྱི་སོ་ཐར་གྱི་འདུལ་ཁྲིམས་བསྲུངས། ནང་བྱང་སེམས་ཀྱི་བསླབ་པར་ཞུགས། གསང་བ་གསང་སྔགས་ཀྱི་དམ་ཚིག་རྣམ་དག་བསྲུངས་ཏེ་རང་གཞན་གྱི་དོན་རྒྱ་ཆེན་པོ་འགྲུབ་པ་ཡིན་ན། རང་རེ་རིས་སུ་མ་ཆད་པའི་རྒྱལ་བསྟན་དྲི་མ་མེད་པའི་བསྟན་པའི་ལྷག་ཞབས་སུ་སྐྱེས། ད་སྐབས་ཡང་དགོས་ང་ཚོའི་ཚེ་སྟོད་ཀྱི་དུས་ངན་དང་མི་འདྲ་བར་བསྟན་པའི་མེ་རོ་ཡར་བསླངས། དམ་ཆོས་ཀྱི་སྒྲ་གྲགས། འཆད་ཉན་གྱི་རྒྱུན་དར། བསྟན་པ་དྭངས་གཙང་ཨེ་བྱེད་རང་ལག་ལ་ཡོད་པའི་དུས་ཚོད་འདིར། རང་སྐལ་གྱི་བསྟན་པའི་ཞབས་ཕྱི་རེ་རང་ངོས་ནས་བྱེད་རྒྱུ་དེ་གཞན་ལ་ལྟོས་མེད་པའི་དུས་དེར། ཁྱིམ་གྱི་ཕ་མ་ཚོས་ཡིན་ན་བུ་རྒྱུད་རབ་ཏུ་བྱུང་དུ་ཆུགས། རབ་ཏུ་བྱུང་བ་རྣམས་ཀྱིས་ཀྱང་འདུལ་ཁྲིམས་སྲུངས། ཐུབ་པའི་ལུང་རྟོགས་ཀྱི་བསྟན་པ་བཤད་དང་སྒྲུབ་པས་ཟུང་ལ། འཇིག་རྟེན་ཆོས་བརྒྱད་ཀྱི་བྱ་བ་འགྲུབ་རྒྱུ་མེད་པའི་དཀའ་སྡུག་ཅན་འདི་ལམ་ཁའི་རྡོ་བཞིན་བོར་ནས། ཐམས་ཅད་ཀྱིས་མི་ཚེའི་ཉི་མ་དོན་ལྡན། རང་གཞན་གཉིས་དོན་བྱ་རྒྱུ་དེ་དེ་འདྲའི་དོན་ཆེན་ཡིན་པ་བཤད་མ་དགོས་པ་རེད། ཁྲིད་རྐང་འདི་དང་བསྟུན་ནས་དགེ་འདུན་པས་རྩ་རླུང་སྦྱོང་དགོས། དེའི་སྐབས་ན་ཁྱིམ་པ་ཕོ་མོ་ཚང་མས་མུ་མཐུད་དེ་བླ་མའི་རྣལ་འབྱོར་ལ་འབད་དགོས། དེ་འདྲ་དགོས་པ་ཡིན་ན། ཁྱིམ་པ་ཕོ་མོ་ཚོས་བསམ་ན། ཁྱེད་རྣམས་ཀྱིས་བླ་མའི་རྣལ་འབྱོར་སྒོམས། སིདྡྷི་སོག ཐུགས་ཡིད་སྲེས་ཟེར་ནི་རེད། འོན་ཀྱང་ཟེར་རྒྱུ་རྐྱང་པས་ཐུགས་ཡིད་བསྲེ་རྒྱུ་བོ་ཅི་འདྲ་བསྲེ་དགོས་ཅི་ཤེས་བསམ་ན། དེ་རྣམས་ཉམས་མྱོང་ཅན་དག་དག་ཡིན་ན་དེས་ཆོག་ཀྱང་། སྙིང་རེ་རྗེ། ལས་དང་པོ་བ་ཞིག་གིས་ཅི་འདྲ་བྱས་ནས་འདུག་དགོས་མི་ཤེས་ན་ཁག་ཅི་ཡོད། དེ་བས་སྐོར་བ་ཞིག་བསྐོར་ན་དགའ་འདུག་བསམ་ན་ཁག་ཡོད་པ་མ་རེད། ལུས་ཀྱིས་སྐོར་བའང་བསྐོར་ལ། སེམས་ཀྱིས་སྒོམ་ཡང་རྒྱག་དགོས། གཉིས་ཀ་སྒྲུབས་དང་། གཅིག་གྲོགས་གཅིག་གིས་བྱས་ནས་འབྲས་བུ་ཞིག་རང་རྒྱུད་ལ་འཐོབ་རྒྱུ་དང་སོག་རྒྱུ་ཡོད། བླ་རབས་དང་གདན་རབས་དེ་དང་དེ་ཚུན་ཆད་ལ་རྒད་པོ་རྒན་མོ་རྣམས་ཀྱིས་སྒོམ་རྒྱག་ལུགས་གོ་མ་མྱོང་ཟེར་རྒྱུ་རེད་དེ། འོན་ཀྱང་ཟེར་རྒྱུ་ལ་ཅི་ལྟ། ཅི་ཟེར་དང་ཅི་མི་ཟེར། འཁོར་ངན་སྡུག་བསྔལ་ཅན་དུག་སྦྲུལ་གདུག་པའི་ཚང་ནང་། ད་ལྟ་དགེ་འདུན་འཕེལ་གྱི་རྣམ་ཐར་ནས་གསུངས་པ་ལྟར་ཡིན་ན། སྦྲུལ་ཚང་ན་སྦྲུལ་སེར་ཁྲ་དང་། ནག་ཁྲ། སྔོ་ཁྲ་སོགས་འདྲ་མི་འདྲ་ཡོད། དེ་ལ་བལྟ་རྒྱུ་མེད། དེ་ཚོ་ཡིན་རྒྱུ་བདུད་ཀྱི་གསང་ཚིག་ཡིན། མི་སྐྱ་ཕོ་མོ་ཚོ་སངས་རྒྱས་མི་དགོས་པའི་ཆོས་དེ་འདྲ་བ། ལར་ཐོས་བསམ་གཅིག་གི་གྲལ་དུ་མི་ཐེ་བའི་ལོག་ཆོས། གནའ་རྒྱ་གར་འདྲ་ཡིན་ན་ཁྱིའི་མཇུག་མར་བཅིངས་ནས་མེ་སྦར་ཏེ་དུ་བ་སྣ་ལམ་ལ་ཕོག་རྒྱུ་ལ་འཛེམ་དགོས་སའི་ཕྱོགས་རེད། མ་བསྒོམ་པའི་ཆོས་ཀྱིས་སངས་རྒྱས་ཐུབ་པ་མ་རེད། འོ་ན་ཅི་འདྲ་སྒོམ་དགོས་བསམ་ན། སྒོམ་རྒྱག་ཟེར་ན་མཉམ་པར་བཞག་པ་རེད། མཉམ་པར་བཞག་ཟེར་དུས་སེམས་ཆ་མཉམ་ལ་ཞོག་ཟེར་བ་འདྲ་ཞིག་གོ་ཨེ་འདུག་གི། དེའི་ཚིག་དེ་རྐྱང་པའི་ཐོག་ན་བསམ་ན་འཇོག་ལུགས་འདྲ་བོ་ཧ་ལམ་གོ་རྒྱུ་ཅན་ཞིག་ཡིན། ད་འུ་ཅག་སྒོམ་སྦྱོང་བས་མཉམ་པར་བཞག་དུས་དང་པོ་བཞག་ཐབས་ཤེས་དགོས། བཞག་ཐབས་ཟེར་ན་བཞག་ལུགས་ཟེར་བ་རེད། བཞག་ལུགས་ལ་ལུས་ཀྱི་བཞག་ལུགས་དང་། སེམས་ཀྱི་བཞག་ལུགས་དང་གཉིས་ཡོད། ལུས་ཀྱི་བཞག་ཐབས་རྣམ་སྣང་ཆོས་བདུན་དགོས་པ་རེད། ནམ་རྒྱུན་བཤད་འདུག་རྒྱུ་པོ་དེ་རེད། ལུས་ཀྱི་འདུག་སྟངས་གནད་ཆེ། སེམས་ཀྱི་རྟེན་གཞི་ལུས་རེད། ལུས་ཀྱི་བྱེད་པ་དང་སེམས་གཉིས་ཀ་འབྲེལ་བ་ཡོད། འོ་ན་སེམས་ཀྱི་བཞག་ཐབས་ནི། འདས་པའི་རྣམ་རྟོག་གི་རྗེས་མི་དེད། མ་འོངས་པའི་རྣམ་རྟོག་གི་མདུན་མི་བསུ། ད་ལྟའི་རྣམ་རྟོག་ལ་བདག་མི་བརྒྱབ་ནས་ལུས་སེམས་གཉིས་ཀ་ལྷོད་སེ་རང་བབས་སུ་བཞག་རྒྱུ་བོ་དེ་བཞག་ཐབས་རེད། བཞག་ཐབས་དེ་དང་མ་བྲལ་བའི་ངང་ནས་ཚོགས་དྲུག་གི་ཤེས་པ་མིག་གིས་མཐོང་བ། རྣ་བས་ཐོས་པ་ལ་སོགས་པ་མ་འགག་བཞིན་དུ་རྣམ་རྟོག་ཡུལ་རྗེས་མ་འབྲངས་པར་གསལ་ཞིང་དྭངས་པ་ཞིག་གི་ངང་དུ། མོས་གུས་དང་དད་པ་སྒོམ་དུ་ཤར་བ་ཞིག་བྱས་ནས་འདུག་དགོས། དེ་ལས་དང་པོ་བ་ཞིག་གི་སྒོམ་གྱི་དངོས་གཞི་རེད་ཟེར་ན་ཆོག་པ་རེད། ལས་དང་པོ་བ་འཇིག་རྟེན་པའི་བསམ་གཏན་སྒོམ་མི་ཤེས་པ་ཞིག་ལ་འཇིག་རྟེན་ལས་འདས་པའི་བསྒོམ་དང་སྔགས་རྫོགས་ཀྱི་ཆོས་སྐད་མཐོན་པོ་ཁོ་ནར་བཤད་པས་ཕན་ཐོགས་པ་མ་རེད། འོན་ཀྱང་གུ་ཡངས་ཤར་རེ། ངང་དྭངས་སེ་ཡོད་པ་ཞིག་དང་པོ་ནས་དགོས་དེ། མགོ་རལ་པ་གཉིས་ལ་དོད་ལུགས་ཤིག་ཡོད་ནི་རེད། བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་དགོས་དུས། ཅི་འདྲ་བསྲེ་དགོས་ན། བསྲེ་ས་བླ་མའི་ཐུགས་དང་བསྲེ་རྒྱུ་རང་གི་སེམས་གཉིས་ཤེས་དགོས། བླ་མའི་ཐུགས་ཤེས་པ་ལ་དང་པོ་བླ་མ་ཤེས་དགོས། དེ་ཡིན་ན་ད་ཞག་ཆོས་ཁྲིད་སྔོན་མ་ཞིག་གི་ནང་དུ་བླ་མའི་མཚན་ཉིད་དང་། དབྱེ་བ་མང་པོ་ཞིག་གསུངས་ཡོད་པ་དེ་རྣམས་ལ་ཡང་བལྟར་བྱས་ན་བླ་མ་ཟེར་བ་དེ་ཅི་འདྲ་ཡིན་དགོས་ཤེས་ས་ཡོད། སླ་མོར་བྱས་ནས་བཤད་ན། མཚོན་བྱེད་རྟགས་ཀྱི་བླ་མ་དང་། མཚོན་བྱ་དོན་གྱི་བླ་མ་ཞེས་པ་གཉིས་ཡོད། མཚོན་བྱེད་རྟགས་ཀྱི་བླ་མ་དེ་དཔེར་བཞག་ན། རག་དང་ཟངས་ལ་སོགས་པས་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་མགར་བ་སངས་རྒྱས་བྱང་སེམས་ཀྱི་མཚོན་བྱེད་དེ་ལ་དད་པ་བྱས། བསོད་ནམས་གསོག་ན་སངས་རྒྱས་ཀྱི་བྱིན་རླབས་འཇུག་པ་བཞིན། ཤ་ཁྲག་ལས་གྲུབ་པ་མིའི་ཚུལ་དུ་བྱོན་པ། ཁ་ལག་སྤྱོད་གསུམ་མི་དང་འདྲ་བ་ཅན་སངས་རྒྱས་ཀྱི་མཛད་པ་བསྒྲུབ་པ། སངས་རྒྱས་ཀྱིས་གསུངས་པའི་དམ་པའི་ཆོས་ཀྱི་བདུད་རྩི་སེམས་ཅན་ལ་སྦྱིན་མཁན། ཁྱད་པར་དུ་རང་སེམས་སངས་རྒྱས་སུ་ངོ་སྤྲད་པའི་བླ་མ་དེ་རྩ་ཆེན་རྩི་ནི་རེད་ཡིན་ན། དེས་ན་རྣམ་པ་རྟགས་ཀྱི་ཆ་ལུགས་སུ་བྱོན་པ་དེ་མཚོན་བྱེད་རྟགས་ཀྱི་བླ་མ་རེད། མཚོན་བྱ་དོན་གྱི་བླ་མ་དེ། དེའི་ཐུགས་རྒྱུད་ལ་བཞུགས་པའི་ཐུགས་ཆོས་དབྱིངས་ཆེན་པོ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པ་དེ་ཉིད་ཡིན་ན། བླ་མའི་ཐུགས་བསྲེ་ས་དེ་ཐུགས་ཆོས་ཉིད་དེའི་ངང་དུ་སྲེ་དགོས། བླ་མ་དུས་གསུམ་གྱི་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་བ་མེད། །ཅེས་གསུངས་པ་དང་། བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས། །ཟེར་ནས་སྨོན་ལམ་བཏབ་ས་དང་འདེབས་རྒྱུ་གང་ཟེར་ན་དེ་རེད། འོ་ན་བསྲེ་རྒྱུ་རང་གི་སེམས་དེ་གང་རེད་ཟེར་ན། སེམས་རྣམ་རྟོག་ཟེར་ན་རླུང་དང་འདྲ་འདྲ་རེད། མི་དྲན་དགུ་དྲན། མི་འཆར་དགུ་འཆར། ད་ཡོད་ད་མེད། གཅིག་གི་ཐོག་ཏུ་མི་འདུག་པར། ག་རེ་ཁྱོད་ཀྱི་སེམས་དེ་གཅིག་སྟོན་དང་ཟེར་ན། ཕྱི་ཡུལ་གྱི་ཐོག་ན་བཙལ་དགོས་ན་འདི་ན་འདུག་ཟེར་ནས་བསྟན་རྒྱུ་མེད་པར། ནང་རང་གི་ལུས་ཀྱི་གསེབ་ན་མགོའི་སྐྲ་རྩེ་ནས་རྐང་སོར་རྩེ་ཡན་ཆད་ན་འདི་ན་ཡོད། འདིའི་དབྱིབས་དང་ཁ་དོག་འདི་འདྲ་རེད་ཟེར་ནས་བསྟན་རྒྱུ་ནི་མེད། འདི་དངོས་མེད་རི་བོང་གི་རྭ་དང་། ནམ་མཁའི་མེ་ཏོག་དང་འདྲ་བ་རེད་ཟེར་དགོས་ན་ཟེར་ཐག་མི་ཆོད་པ་ཞིག དྲན་གྱིན་བསམ་གྱིན་འདུག་མཁན་ཞིག་ཡོད་འདུག་ནི་འདྲ་བ། ད་སྔོན་གང་ནས་འོང་དང་གང་དུ་འགྲོ་ཟེར་ན་ཟེར་རྒྱུ་མི་ལོན་པར། དེ་འདྲའི་ཡོད་མེད་ཡིན་མིན་དངོས་དངོས་མེད་རྟག་མི་རྟག་ཚང་མ་ལས་འདས་སོང་བ། ཟེར་དགོས་ན་ཟེར་མི་ཤེས། བཤད་དགོས་ན་བཤད་རྒྱུ་མེད་པ་ཞིག་ཡོད་པ་འདིའི་ཕུགས་དེད་ན་སེམས་རྣམ་རྟོག་ཁོ་རང་གི་མིང་ལ་ཆོས་ཅན་ཟེར་བ་རེད། དེ་བཙལ་ས་ན་དབྱིབས་དང་ཁ་དོག་མེད་པར་མ་ཟད་ཡོད་མེད་ཡིན་མིན་འདི་རེད་ཟེར་མི་ཤེས་པ་ཞིག་ཡིན་རྒྱུ་བོ་ཆོས་ཉིད་སྟོང་པ་ཉིད་ལ་ཐུག་ནས་བསྡད་ཡོད་པའི་རྟགས་རེད། རྦ་རླབས་གཟུང་ས་ནས་རྒྱ་མཚོ་ལ་ཐུག་སོང་བ་ལྟ་བུ་རེད། དེས་ན་རང་གི་སེམས་ཉིད་སྟོང་པ་ཡིན་པས། ད་ལྟར་བཤད་པའི་བླ་མའི་ཐུགས་རྒྱལ་བ་ཐམས་ཅད་ཀྱི་ཐུགས་དང་གཉིས་སུ་མེད་པའི་ཆོས་དབྱིངས་དེའང་སྟོང་ཉིད་ལས་མ་འདས་པར་ཡིན་པས་ན། བླ་མའི་ཐུགས་དང་རང་སེམས་ཀྱི་ཆོས་ཉིད་སྟོང་པ་ཉིད་གཉིས་ཀ་དབྱེར་མེད་དུ་བསྲེས་ནས་འདྲེས་པ་རེད་ཟེར་རྒྱུ་བོ་དེ་ཡིན། ཤི་བོའི་རྣམ་ཤེས་ཀྱང་དེ་འདྲར་བྱས་ནས་འདྲེན་གྱིན་ཡོད་པ་རེད། དཔེར་ན་འཆི་ཁ་མའི་གང་ཟག་དེའི་ད་ལྟའི་སྣང་བ་ནུབ། སེམས་ཀུན་རྟོག་བརྒྱད་ཅུའི་རྟོག་པ་འགགས་ནས་སྣང་གསུམ་མཐའི་འོད་གསལ་འཆར་དུས་དེ་རང་ངོ་ཤེས་ན་རང་སྟོབས་ཀྱིས་གྲོལ་འགྲོ། ངོ་མ་ཤེས་ན་འཕོ་བ་འདེབས་མཁན་གྱི་གང་ཟག་རྟོགས་པ་མཆོག་ལྡན་གྱི་ཐུགས་དགོངས་དང་ཁོ་རང་འོད་གསལ་ངང་ལ་གནས་ཡོད་པའི་ཆོས་ཉིད་ནང་འཕྲད་པའི་སྟོབས་ཀྱིས། ཚེ་འདས་ཀྱི་རྣམ་ཤེས་མདའ་ལྟ་བུ་དེ་རང་གི་རིག་པ་གཞུ་ལྟ་བུའི་སྟོབས་ལ་བརྟེན་པ་དང་། ཁྱད་པར་དུ་ལས་དང་སྐལ་བ་ལྡན་ན་ཆོས་སྐུའི་དགོངས་ཀློང་དུ་ཕྱིར་མི་ལྡོག་པའི་ཚུལ་གྱིས་བསྲེ་བར་འདྲེས་ནས། ནམ་མཁའ་ཇི་སྲིད་འཁོར་བ་མ་སྟོང་གི་བར་དུ་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ཇི་བཞིན་དུ་སེམས་ཅན་གྱི་རེ་བ་སྐོང་བའི་འདོད་དགུ་ལྷུན་གྲུབ་གྱི་བདག་ཉིད་ལ་བཀོད་ནུས་པ་ཡོད། ཕཊ་སྒྲ་ལྔ་རྒྱག་པ་ནི་སྐུ་ལྔའི་དབྱིངས་སུ་ཕྱིར་མི་ལྡོག་པར་རྒྱས་འདེབས་བྱེད་པ་རེད། དེ་ལྟར་རང་གི་སེམས་ཀྱི་ཆོས་ཉིད་བླ་མའི་ཐུགས་དང་གཉིས་སུ་མེད་པར་དེའི་ངང་ལ་མཉམ་པར་བཞག་པ་ལ་ཐུགས་ཡིད་དབྱེར་མེད་དུ་བསྲེས་ཟེར་བ་རེད། དེ་མིན་ཁྱོད་ཀྱི་གཡུ་ལོ་དང་ངའི་གཡུ་ལོ་ཅི་འདྲ་བྱས་ནས་བསྲེས། བཤག་བཅོས་འདྲ་བྱས་ནས་བརྗེ་ན་འདྲ་མ་གཏོགས་ལས་རྒྱུ་ཡོད་པ་མ་རེད། དེ་ལྟར་དུ་བླ་མའི་ཐུགས་དང་རང་རེའི་སེམས་གཉིས་མི་ཁ་ཁ་ཡིན་པས་གཅིག་ལ་གཅིག་ཇི་ལྟར་བསྲེས། བླ་མའི་རྣལ་འབྱོར་གྱི་སྐབས་སུ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་གུ་རུ་མཚོ་སྐྱེས་རྡོ་རྗེ་སོགས་བསྒོམ་དགོས་པའི་རྒྱུ་མཚན་ནི། བླ་མ་མི་རུ་གཟུང་བའི་ལོག་ལྟ་མེད་པའི་ཆེད་དུ་བསྒོམ་པ་རེད། བླ་མ་ལ་སངས་རྒྱས་དངོས་མཐོང་གི་དད་པ་ཡོད་ན་རྣམ་པ་མ་བཅོས་པར་ཐད་ཀ་བླ་མ་སུ་ཡིན་བསྒོམ་ནའང་ཆོག འོ་ན་གུ་རུ་རིན་པོ་ཆེས་མི་ཆོག་རྒྱུ་ཅི་ཡོད། བླ་མ་མ་བསྒོམ་པར་གུ་རུ་ཁོ་ན་བསྒོམ་ན་རེད་ས་ཡོད་རྒྱུ་རེད་བསམ་ན། འོ་ན་བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་བསྒོམ་ན་ལོས་ཆོག་ཀྱང་གསང་སྔགས་ཀྱི་སྐབས་སུ་བྱིན་རླབས་ཐམས་ཅད་ཀྱི་རྩ་བ་བླ་མ་ཡིན། བླ་མ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་པས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པ་དང་། རྗེ་མར་པ་རེད་དེ་དང་པོ་བླ་མ་ལ་ཕྱག་མ་འཚལ་བར་ཡི་དམ་ལ་ཕྱག་འཚལ་བས། རྟེན་འབྲེལ་འཕྱུགས་ནས་སྲས་དར་མ་མདོ་སྡེ་སྐུ་མ་འཚམས་ཏེ་རིགས་རྒྱུད་ཆད་སོང་བ་ལྟ་བུ་རེད། དེས་ན་དགོངས་བརྒྱུད་ཀྱི་བྱིན་རླབས་བླ་མ་ལས་འཕོ་དགོས་པས་བླ་མ་བསྒོམས་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་དགོས། དེ་འདྲ་བྱས་ནས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་བའི་མཉམ་བཞག་གོམས་སོང་ན། ཐུགས་རྒྱུད་དགོངས་པའི་བྱིན་རླབས་མོས་གུས་ཀྱིས་དྲངས་ཏེ། བཅོས་མའི་ལམ་ལ་བརྟེན་ཏེ་བཅོས་མིན་གྱི་ཉམས་རྟོགས་འཆར་རྒྱུ་ཡོད། སྤྱིར་བསམ་གཏན་གྱི་ངང་ལ་མཉམ་པར་བཞག་རྒྱུ་དེ་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བ་ཞིག་ཡིན་དགོས། འོན་ཀྱང་མིང་ཞི་གནས་དང་ལྷག་མཐོང་ཟེར་བ་ལ་འདྲ་ཡང་། དོན་ཐེག་རིམ་དགུའི་ཞི་ལྷག་མི་འདྲ་བ་ཡོད། རེ་རེ་ལས་རེ་རེ་ཁྱད་པར་འཕགས་པའི་འཕགས་ཆོས་ཡོད་པ་རེད། མི་སྐྱ་ཕོ་མོ་ཐམས་ཅད་ལ་ཉམས་ལ་རན་པའི་སྐད་ཆའི་ཐོག་ནས་བཤད་ན། སྒོམ་ཅི་རྒྱག ཡར་ཙོག་ཙོག་བྱས་ནས་བསྡད་ན་རྣམ་རྟོག་འདྲ་མི་འདྲ་ཐམས་ཅད་དེ་དུས་ཤར་ཡོང་གི། སྒོམ་ཤེས་ས་མི་འདུག་བསམ་ནས་སྐྲག་མི་དགོས། རྣམ་རྟོག་ལོས་ཤར། རྣམ་རྟོག་ཤར་རྒྱུ་མེད་པར་རེད་དུས་ཤི་སོང་བ་མིན་ན་བརྒྱལ་སོང་བ་རེད། ནག་འཐུམ་མེ་མགོར་རྡོས་བརྒྱབ་པ་ལྟ་བུ་བསྒོམ་རྒྱུ་བོ་ཕྱི་བ་ལ་སོགས་ལྟ་བུ་དགུན་ཁར་ས་འོག་ཏུ་གཉིད་འདུག་པའི་དུད་འགྲོ་དང་འདྲ་བའི་སྒོམ་རེད། དེ་ཅན་པོ་བསོད་ནམས་ཀྱིས་ལྕོགས་ན་ལྷ་ཚེ་རིང་པོར་སྐྱེས་ཏེ་ཕྱིས་སུ་ངན་སོང་དུ་ལྷུང་ནི་ཅན་པོ་དེ་རེད། རྣམ་རྟོག་གཅིག་ཤར་གཉིས་ཤར་གྱིས་བསམ་མཐར་དེད་དེ། དེའི་རྗེས་སུ་འབྲངས་ཏེ་འགྱུ་བ་བགྲང་རྒྱུ་བོ་དེ་རང་རེའི་དུས་རྒྱུན་གྱི་འཁྲུལ་བ་རེད། དེས་ལས་འདྲ་མི་འདྲ་བསགས་ནས་འཁོར་བའི་སྡུག་བསྔལ་འདི་མྱོང་བ་རེད། དེའི་ཕྱིར་ན་འཁྲུལ་འཇུག་ཉན་པ་མ་རེད། རྣམ་རྟོག་དེ་ཆོས་ཅན་རེད། དེའི་ཆོས་ཉིད་སྟོང་པ་ཉིད་རེད། ད་ལྟ་གོང་དུ་བཤད་པ་ལྟར་དེ་མ་འཁྲུལ་བ་རེད། སྟོང་པ་ཉིད། བདེ་གཤེགས་སྙིང་པོ། ཆོས་ཀྱི་དབྱིངས། ཆོས་ཐམས་ཅད་ཀྱི་རང་བཞིན། ཆོས་ཐམས་ཅད་ཀྱི་ཆོས་ཉིད། དེ་བཞིན་ཉིད། རང་བྱུང་གི་ཡེ་ཤེས་གང་ཟེར་ཡང་དོན་གཅིག་མིང་གི་རྣམ་གྲངས། མདོར་གཅིག་ལ་འབབ་ནི་རེད། དེ་ཡིན་དུས་རྣམ་རྟོག་ཟེར་ན་འཁྲུལ་བ་རེད། འཁྲུལ་བའི་རྣམ་རྟོག་གི་རྗེས་སུ་མི་དེད་པར། མ་འཁྲུལ་བ་དེའི་ཐོག་ལ་བཅས་བཅོས་མེད་པར་རང་བབས་ཀྱིས་འཇོག་དགོས། མ་འཁྲུལ་ཚད་པོ་སྒོམ་ཡིན། དེ་འདྲ་བཞག་དུས་རྒྱ་མཚོ་རླུང་གིས་མ་གཡོས་པ་ལྟར་གཡོ་མེད་ཞི་བར་གནས་པ་ཞིག་ཡོད་ན་དེ་ཞི་གནས་ཞེས་ངོས་བཟུང་རྒྱུ་དང་། ཆོས་ཐམས་ཅད་ནམ་མཁའ་ལྟར་སྟོང་པ་དང་། ཉི་ཟླ་ལྟར་འོད་གསལ་བར་མཐོང་བའི་ཤེས་རབ་སྨྲ་བསམ་བརྗོད་མེད་དུ་སྐྱེས་རྒྱུ་དེ་ལ་ལྷག་མཐོང་ཟེར་ན་ཆོག དཔེར་ན་དུང་དཀར་རིལ་ལ་ཆ་བཞག་ན་མདོག་དཀར་པོ་ཡིན་པའི་ཆ་དང་། ནང་སྟོང་པ། བུས་ན་སྒྲ་སྐད་གྲག་རྒྱུ་ཡོད་པའི་ལྡོག་པ་གང་གི་ཐད་ནས་བཤད་ན་མདོར་དུང་དཀར་མཚོན་པ་ལྟ་བུ། ཞི་གནས་ལྷག་མཐོང་གང་ཟེར་ཡང་ཞི་ལྷག་ཟུང་འབྲེལ་ཐབས་དང་ཤེས་རབ་ཡ་མི་འབྲལ་རྒྱུ་བ་དེ་སྒོམ་སྐྱོན་མེད་ཀྱི་ཚད་དེ་འདྲ་ཡིན་དགོས། མདོར་བསྡུས་ན་ཆེད་གཏད་ཀྱིས་འདི་སྒོམ་ཟེར་རྒྱུ་མེད་པ། ཡུལ་ཞིག་གི་རྗེས་དེད་ནས་དུས་རྒྱུན་ལྟར་འཁྲུལ་མི་འགྲོ་བར། བླ་མ་ལ་མོས་གུས་དང་བསྒོམ་རྒྱུ་གཉིས་ཁ་ཁ་མེད་པ་ཞིག་གི་ངང་དུ་འཇོག་དགོས། སེམས་རྣམ་རྟོག་ཟེར་རྒྱུ་འདི་རྟ་རྒོད་རིར་ཤོར་འདྲ་བ་ཡིན། ད་སྔར་བདག་མེད་རིར་རྒྱག་བྱས་པ་ཞིག་ད་ཚ་གཟུང་བྱས་ན་འདྲོག་ནི་རེད། འཁྲུལ་མི་ཉན་བསམ་དུས་དང་པོའི་སྐབས་སུ་ཡང་དུ་དྲན་རྒྱུ་ཇེ་མང་ཡིན། དེ་ཡིན་པར་ཤེས་རྒྱུ་བོ་དེ་སྒོམ་གྱི་གོམ་པ་དང་པོ་སྤོས་པ་རེད། ད་སྔར་རྣམ་རྟོག་མང་ཉུང་ལྟ་མཁན་ཞིག་གཏན་ནས་ཡོད་མ་མྱོང་ལ། ད་གཅིག་ཡོད་རྒྱུ་དེའང་གཅིག་ལོ་ནི་རེད། གནའ་གཅིག་གིས་ཟེར་བ་ལྟར། སྔོན་མ་ཞིག་ལ་སྒྲོ་སྟོང་ཞིག་གཡར་བཞག་པ་དེ། ད་བར་མ་དྲན་པར་བརྗེད་སོང་འདུག་དེ་རིང་ཐུན་ཞིག་བསྡོམས་ནས་དྲན་ཡོང་ཐལ། ཐུན་དེ་གཅིག་འཇིག་གི་ཟེར་ནི་རེད། དེ་ཅན་པོ་རེད་སོང་ན་ཐུན་སྡོམ་ནི་མ་རེད། རྣམ་རྟོག་བགྲང་ནི་རེད། ཨ་ལ། དེ་འདྲར་བྱས་དུས་མཚམས་རེར་དྭངས་གསལ་རྟོག་པ་མེད་པའི་ངང་ལ་བསྡད་ཐལ་བསམ་རྒྱུ་ཞིག་འོང་རྒྱུ་ཡོད། སྐབས་རེ་མི་ང་འདྲ་བས་སྒོམ་མི་ཡོང་སེམས་ཐག་གོར་མོ་རྡོ་རེད་བསམ་རྒྱུའི་ཡི་ཆད་དང་མི་དགའ་བར་འོང་རྒྱུ་ཡོད་ཀྱང་། དེ་ལ་བལྟ་རྒྱུ་མེད། ལམ་ཐག་རིང་པོའི་ས་ཆ་ལ་སོང་ན་ས་བདེ་གཟར། འདྲ་མི་འདྲར་ཐུག་རྒྱུ་ལོས་ཡོད། སེམས་ཀྱི་སྣང་ཚུལ་གཅིག་པ་ཞིག་འོང་རྒྱུ་ཡོད་པར་དཀའ་མོ་རེད། དེ་དུས་འདི་ལྟར་བསམ་དགོས། འདི་དཀའ་སྣང་ཤར་གྱིན་འདུག་རྒྱུ་བོ་ནི། ཐབས་དང་མན་ངག་སླ་མོ་བདེ་མོ་ལ་ཡིད་མ་ཆེས་པས། དེ་བས་ཡག་ཅིག་ཕར་རྒྱབ་ལ་ཡོད་སྣང་ཤར་ནས་ཕར་རྒྱབ་ལ་མཆོང་སོང་བའི་རྐྱེན་གྱིས་རེད། མོས་གུས་སྒོམ་ལ་ཤར་བས་མ་ཡེངས་པར་བསྡད་ན་རེད་འདུག་ཡོད་བསམ་ནས་གུ་ཡངས་མོ། སེམས་བདེ་མོ། ལྷོད་ཡེངས་མེད་པའི་ངང་དུ་ཚོགས་བསགས་སྒྲིབ་སྦྱོང་དང་འབྲེལ་བའི་ཉམས་ལེན་གྱིས་དང་རེད་འདུག་ཡོད། རྣལ་འབྱོར་བསྒོམ་པ་བཤིགས་གྱིན་བཟང་། །ཕུ་ཆུ་དྲག་པོ་བརྡབ་ཀྱིན་བཟང་། །གསུངས་པ་རེད། རྣམ་རྟོག་རེ་རེ་ཤར་དུས་ད་རེད་མ་ཐལ། ཡག་པོ་འདྲ་བསྡད་ཡོད་དེ། ཡང་བརྫད་བཞག་ཐལ་བསམ་དགོས་ནི་མ་རེད། དེའི་རྗེས་སུ་མི་དེད་པར། ཡང་བླ་མའི་ཐུགས་ལ་མོས་གུས་དང་འདྲེས་མར་བྱས་ནས་བཞག ཡང་རྣམ་རྟོག་ཅིག་ཤར་དུས་དེའི་རྗེས་སུ་མི་འབྲང་བར་རང་བབས་ལ་འཇོག་རྒྱུའི་དྲན་པ་དང་ཤེས་བཞིན་གྱིས་རྒྱང་སོ་ཞིག་བྱས་ནས། ལས་དང་པོ་བའི་སྐབས་སུ་ཡུན་ཐུང་གྲངས་མང་གིས་སྒོམས་དང་། ཡུན་ཐུང་ན་སྒོམ་སྐྱོན་མེད་འོང་། གྲངས་མང་ན་སྒོམ་ལ་བརྟན་ཆ་འོང་བ་རེད་ཅེས་ཐེངས་མ་མང་པོར་ཟེར་མྱོང་། ལམ་མ་ཞུགས་པའི་རྒྱུད་ཀྱི་སྒོམ་ལ་བྱིས་པ་ཉེར་སྤྱོད་ཀྱི་བསམ་གཏན་དང་། ལམ་ཞུགས་ཚོགས་སྦྱོར་ཡན་གྱི་སྒོམ་ལ་དོན་རབ་འབྱེད་པའི་བསམ་གཏན། ས་དང་པོ་ཡན་ལ་ཐོན་དུས་དེ་བཞིན་གཤེགས་དགེའི་བསམ་གཏན་ཟེར་ལ། དེ་དུས་འཕགས་པའི་རྒྱུད་ཀྱི་ཟག་མེད་ཀྱི་ཏིང་ངེ་འཛིན་ཡིན། ཡིན་ནའང་རིམ་གྱིས་རིམ་གྱིས་བརྒྱུད་དེ། ཚེ་འདི་ལ་ཚོགས་སྦྱོར་གྱི་ལམ་ལ་ཞུགས་ཏེ་ཐར་ལམ་ངོ་མ་ཞིག་ཟིན་ན་གང་ལྟར་བཤད་ཀྱང་རེད་ཡོད། ཐར་པའི་ལམ་གྱི་སྣེ་མོ་ཙམ་ཞིག་ཟིན་མེད་ན་མི་སྐྱ་ཕོ་མོ་མ་ཟད་མིང་གོ་ས་གང་འདྲ་ཅན་ཡིན་རུང་འཛུག་འཛུག་བྱེད་རུང་མ་བྱེད་རུང་། གཞན་གྱི་འདྲེན་སྟོན་ཕར་ཞོག རང་མགོ་ཐོན་ནི་མ་རེད་ཡ། དེ་ལྟ་བུའི་མཉམ་པར་འཇོག་རྒྱུའི་ཐུན་རེ་བསྡོམས་ནས། ཐུན་གྲོལ་བའི་སྐབས་སུའང་དགེ་བ་སེམས་ཅན་ལ་བསྔོ། སྨོན་ལམ་རྣམ་པར་དག་པ་རེ་འདེབས་དགོས། ཐུན་གྲོལ་མ་ཐག་ཁྱི་རྒོད་བཀོལ་ཁ་ནས་ཤོར་སོང་བ་འདྲ་ཞིག་མི་བྱེད་པར། ཁྱིམ་པ་ཕོ་མོ་ཚོས་ད་ལྟ་ཐུན་ནང་གི་མཉམ་བཞག་དེ་དང་མ་བྲལ་བའི་ངང་ནས་དྲན་ཤེས་བག་ཡོད་ཀྱིས་རྗེས་ཀྱི་སྤྱོད་ལམ་ལ་འཇུག་དགོས། ད་མང་པོ་བཤད་ན་མི་གོ་བས་གཙོ་བོ་ཁྱེད་ཁྱིམ་པ་ཕོ་མོ་ཚང་མས་དད་པ་དག་སྣང་གྱིས། བརྒྱུད་པའི་བླ་མ་རྣམ་པ་ལ་གསོལ་འདེབས་ཀྱི་ཐོག་ནས་འབད་པ་ཆོས་ཕྱོགས་ལ་གྱིས་དང་། ཀུན་མཁྱེན་འཇིགས་མེད་གླིང་པས། སྙིང་རུས་གནད་དུ་སྨིན་པར་ཁྱོད་ཀྱིས་གྱིས། །གདམས་ངག་ཟབ་དགུའི་བདུད་རྩི་ཁོ་བོས་སྟེར། །ཚེ་དང་བསྒྲུབ་པ་མཉམ་པའི་རྟེན་འབྲེལ་ཞིག །འགྲིག་ན་ཕྱི་མའི་འགྲོ་ས་པདྨས་སྟོན། །ཞེས་གསུངས་པ་ལྟར་ཡིད་ཆེས་གྱིས་དང་ཆོག་པ་རེད། དེས་ཁྱིམ་པ་ཕོ་མོ་ཚོ་གྲོལ་ན་ཆོག བསོད་ནམས་འདི་ཡིས་སོགས། ད་འདིའི་ཁྲིད་རྐང་འདི་དང་བསྟུན་ནས་དགེ་འདུན་པ་རྣམས་ཀྱིས་རྩ་རླུང་སྦྱང་རྒྱུ་རེད། འདིའི་ནང་ན་རིག་འཛིན་འཁྲུལ་འཁོར་ཉེར་བཞི་ཁྲིད་ལུང་ཐོབ་པ་མང་པོ་ཡོད་ཀྱང་། ཐོབ་མ་མྱོང་མཁན་ཡང་ཡོད་པས། རིག་འཛིན་འཁྲུལ་འཁོར་སྦས་དོན་གསལ་བ་འདི་ཉིད་ཚར་གཅིག་འདོན་འཇོག ཁྲིད་སྦྱོང་གི་སྐབས་ན་འདིའི་མན་ངག་གི་གཞུང་ལྟར་རླུང་རོ་བུས། དེ་ནས་རླུང་སྦྱོར་བ་བཞི་ལྡན་དང་ཁྱད་པར་དུ་བུམ་ཅན་བསྒོམས་ནས། མི་རིང་མི་ཐུང་རེ་འགྲོ་ཚར་དུས་དེ་ནས་རིག་འཛིན་འཁྲུལ་འཁོར་རྣམས་ཉིན་རེར་ལྔ་དྲུག་རེ་ཆེ་འགྲོ་ཆུང་འགྲོར་གྱིས། རྗེས་མི་དམིགས་པའི་ངང་དུ་གང་འཚམས་རེ་མཉམ་པར་བཞག་ནས་རྗེས་དགེ་བ་བསྔོ་རྒྱུ་དུས་རྒྱུན་ལྟར་རེད། གང་ཞིག་གསན་པར་བྱ་བ་ཀློང་ཆེན་སྙིང་གི་ཐིག་ལེ་ལས། རིག་འཇིན་འཁྲུལ་འཁོར་སྦས་དོན་གསལ་བ་བཞུགས་སོ་སོགས་ལུང་གསུངས་སོ། །ད་འུ་ཅག་གིས་རྩ་བའི་ཁྲིད་སྦྱོང་འདྲ་བོ་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བའི་རྫོགས་རིམ་གྱི་སྒོམ་པ་རྩ་རླུང་ཐིག་ལེ་དང་སྦྲེལ་ནས་འཆད་པའི་སྐབས་རེད། འདི་འཆད་པའི་དུས་སུ་སྤྱིའི་གོ་དོན་གྱི་མདོ་འགག་འདྲ་བོ་དེ་ཧ་ལམ་ཞིག་ཞུ་ཁུལ་བྱས་ན། འདི་ནང་རྒྱུད་སྡེ་གསུམ་ཐུན་མོང་གི་བཞེད་པའི་དགོངས་དོན་དང་བསྟུན་ནས་ཞུས་ན། བདེ་སྟོང་ལྷན་ཅིག་སྐྱེས་པའི་གནས་ལུགས་ཀྱི་ཡེ་ཤེས་གསལ་སྟོང་ཟུང་དུ་འཇུག་པ་ཞེས་བཤད་ཡོང་དུས་། སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གྱི་གནས་ལུགས་དག་མཉམ་བདེ་བ་ཆེན་པོའི་གོ་བ་ལ་གཞིར་བཟུང་དགོས་ཀྱིན་ཡོད་རེད། དག་མཉམ་བདེ་བ་ཆེན་པོའི་གཞིའི་གནས་ལུགས་དེ་ལས་མ་གཡོས་བཞིན་དུ། གཞི་དེ་ལས་རིགས་དྲུག་གི་སེམས་ཅན་སོ་སོ་འཁྲུལ་བའི་གཉིས་འཛིན་གྱིས་ལྷད་ནས། རིགས་དྲུག་སོ་སོའི་ལུས་ངག་ཡིད་གསུམ་གྱི་རྣམ་པ་རིས་སུ་ཆད་པའི་དུས་སུ། རང་སྣང་ལས་དུམ་ཆད་རེད་སོང་བའི་ལུས་འདིའི་ནང་ན་ཀུན་རྫོབ་རྒྱུའི་ཐིག་ལེ་ལ་བརྟེན་ནས། དོན་དམ་འོད་གསལ་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་ཡང་བུམ་ནང་གི་ནམ་མཁའ་ལྟར་ཡོད་ལ། དེ་ཡོད་པའི་རྒྱུ་མཚན་ནི། སེམས་ཅན་གང་ལ་སྣང་ན་དེ་ན་ཆོས་ཅན་སྒོ་གསུམ་པོ་ཡོད་ལ། དེ་ཡོད་ན་དེའི་སེམས་ཀྱི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཐིག་ལེ་དེ་ཡང་བྲི་གང་དང་བྲལ་བ། སྙིང་པོའི་ཚུལ་དུ་འོད་གདངས་ཀྱི་རྣམ་པ་ཅན་དུ་རང་ཆས་སུ་སྣང་རྒྱུ་ཅན་ཞིག་ཡིན། སྣང་རྒྱུ་དེའང་ཁོ་རང་གི་ངོ་བོ་ནི་ཆ་མེད་ཀུན་འགྲོ་ཁྱབ་པའི་བདག་ཉིད་ཅན་ཡིན་པས། དབྱིབས་དང་ཁ་དོག་ཆ་ཤས་ལ་སོགས་མཚན་མས་རྣམ་པ་ཀུན་ཏུ་གོས་པ་མེད་ལ། དེ་གོས་པ་མེད་པའི་རྒྱུ་མཚན་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རྣམ་པ་ཐམས་ཅད་པ་ཡིན་པས་རེད། དེ་ཡིན་ན་དེ་ལྟ་བུའི་གདོད་མའི་ཡེ་ཤེས་དེ་ཅི་འདྲ་ཞིག་ཡིན་སྙམ་ན། དེའི་རང་བཞིན་ཇི་བཞིན་པ་ཚིག་གིས་མཚོན་མི་ནུས་ཀྱང་། ཧ་ལམ་ཚིག་གིས་གོ་བརྡ་སྤྲད་པའི་ཚུལ་བྱེད་ན། ཡེ་ནས་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུ་ཡིན། འོན་ཀྱང་ནམ་མཁའི་དཔེས་ཕྱོགས་གཅིག་མ་གཏོགས་མཚོན་མི་ནུས་ཀྱང་། སྟོང་པ་ཕྱངས་ཆད་ཅིག་མ་ཡིན་པར་འོད་ལྔ་ལ་སོགས་པའི་འཆར་གཞི་རིག་གདངས་ཀྱི་ཆ་ཁོ་རང་ལ་རང་ཆས་སུ་ཡོད་པས། གསལ་བ་ཉི་ཟླ་ལ་སོགས་པའི་དཔེ་ཡང་བཀོད་པ་རེད། རྒྱུ་མཚན་དེའི་སྟོབས་ཀྱིས་དེའི་རྩལ་གྱི་སྣང་བ་ལ་གཉིས་འཛིན་ཞུགས་ཏེ། སྐྱོད་བྱེད་ལས་ཀྱི་རླུང་དང་ཕྲ་བའི་ཀུན་རྟོག་གཉིས་འགྲོགས་ཏེ་རྣམ་ཤེས་དེ་ཇེ་རགས་སུ་སོང་ནས་ཁམས་གསུམ་འཁོར་བའི་སྒོ་གསུམ་པོ་བྱུང་བ་རེད། ཁྱད་པར་དུ་ལུས་རགས་པ་དང་ལྡན་པའི་རང་རེ་འདོད་ཁམས་པ་ལ་མཚོན་ན། ཕྲ་བ་ཀུན་གཞི་རྣམ་ཤེས་དང་སྲོག་གི་རླུང་གཉིས་འགྲོགས་པ་ཕ་མའི་ས་བོན་གྱི་དཀྱིལ་དུ་ཚུད་དུས་རླུང་སེམས་ཇེ་རགས་ལ་སོང་བའི་བྱེད་ལས་ཀྱིས། རྩ་གཙོ་མོ་གསུམ་དང་འཁོར་ལོ་ལྔ་ལ་སོགས་པ་རྩ་ཕྲ་རགས་ཐམས་ཅད་ཆགས་པ་རེད། དེ་ལ་བརྟེན་ནས་མེར་མེར་ནུར་ནུར་ལ་སོགས་གནས་སྐབས་བཅུའི་ཚུལ་གྱིས་ཟླ་དགུ་ངོ་བཅུའི་དུས་ལ་ཐུག་སྟེ་ལུས་ཡོངས་སུ་རྫོགས་ཤིང་། ལུས་ལ་ཆགས་པའི་རྩ་འཁོར་ལོ་ལྔ་ལ་སོགས་པ་རྩའི་ནང་ན་རྩ་བ་དང་ཡན་ལག་གི་རླུང་དང་། ཐིག་ལེ་ཕྲ་རགས་ཀྱི་ཁམས་ཐམས་ཅད་གནས། དེའི་བྱེད་ལས་ཀྱིས་ནང་གི་ཀུན་རྟོག་སྣ་ཚོགས་བསྐྱེད་པ་དང་། ཕྱི་རོལ་གྱི་སྣང་བ་སྣ་ཚོགས་པ་འདི་འཆར་བ་རེད། ཕྱི་རོལ་སྣང་བ་ཅི་ཤར་ཐམས་ཅད་དང་མཐུན་པ་ནང་གི་ལུས་ཀྱི་ཆ་ལ་སྣང་བ་དེ་ཐམས་ཅད་སྣང་བའི་ས་བོན་ནམ་བྱེད་པ་འདྲ་བོ་ཚང་ཡོད། དེ་ལྟར་ཡིན་པས་རིགས་དྲུག་སོ་སོའི་སེམས་ཅན་གྱི་ནང་གི་མྱོང་བྱེད་མི་འདྲ་བས་ཕྱི་རོལ་གྱི་ཆུ་གཅིག་ལའང་མཐོང་ཚུལ་མི་འདྲ་བར་གྱུར་པ་རེད། རྩ་བ་ནང་ལ་ཐུག་ཡོད་པས་ན་ནང་གི་རྩ་རླུང་ཐིག་ལེ་འདི་རྣམས་ལམ་དུ་སློང་ནུས་ན་དག་པ་ཡེ་ཤེས་ཀྱི་སྣང་བ་འཆར་བ་དང་། རྩ་རླུང་ཐིག་ལེ་འདི་རྣམས་ལམ་དུ་སློང་མ་ནུས་ན་མ་དག་འཁྲུལ་བའི་སྣང་བ་ཤར་བ་རེད། དེའི་གནད་འདི་ཤེས་པའི་ཐོག་ནས་ཕྱི་བསྐྱེད་རིམ་སྤྲོས་པ་ཅན་གྱི་ལམ་ལ་མི་ལྟོས་པར་ནང་རྡོ་རྗེའི་ལུས་ཀྱི་རྩ་རླུང་ཐིག་ལེ་ལ་གནད་དུ་བསྣུན་པའི་མན་ངག་དེས། རགས་པའི་འགྱུར་བ་ཐམས་ཅད་ཐོག་མར་གང་ལས་བྱུང་སའི་འགྱུར་མེད་ཡེ་ཤེས་དབུ་མའི་དབྱིངས་སུ་བསྟིམ། ལུས་ཐབས་ཀྱི་རྒྱུད་ལ་ལམ་དུ་བྱས་ཏེ་སེམས་ཉིད་བདེ་ཆེན་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མངོན་དུ་བྱེད་ཀྱིན་ཡོད་པ་རེད། དེའི་གནད་དེ་མ་ཤེས་ན་རྩ་རླུང་ལ་བརྟེན་པའི་སྒོམ་དང་འཁྲུལ་འཁོར་ཅི་ཞིག་བརྒྱབ་ཀྱང་མ་དག་འཁོར་བའི་འཁྲུལ་སྣང་འགག་ཅིང་། དག་པ་ཡེ་ཤེས་ཀྱི་སྣང་བ་བསྐྱེད་དེ་སངས་རྒྱས་འགྲུབ་ཐུབ་པ་མ་རེད། དེའི་རྩ་བ་གང་ལ་ཐུག་པའི་སྐོར་དེ་ཅུང་ཟད་ཞིབ་ཆ་འདྲ་བྱས་ནས་ཞུས་ན། རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲྭ་བའི་ལུགས་དང་བསྟུན་ནས་བཤད་ན། སྤྱིར་ཁམས་དྲུག་ལྡན་གྱི་རྟེན་འདིའི་སྙིང་ག་ཆོས་ཀྱི་འཁོར་ལོ་ན་རྩ་འདབ་བརྒྱད་དུ་ཆགས་ཡོད་ལ། རྩ་འདབ་བརྒྱད་དུ་ཆགས་ཡོད་པ་དེའི་ནང་གི་གསུམ་ནི་ཆོས་ཉིད་ཀྱི་རྩ་དང་། གསུམ་ནི་ཡེ་ཤེས་ཀྱི་རྩ། གཅིག་ནི་རང་རྒྱུད་ཀྱི་རྩ། གཅིག་ནི་ཡོན་ཏན་གྱི་རྩ་ཡིན། འདི་དག་ལ་རྣམ་པའི་ཆ་ནས་བརྒྱད་ཟེར་ཡང་བྱེད་ལས་ཀྱི་སྒོ་ནས་བཞི་ཡིན་ཏེ། དེ་ཇི་ལྟར་ཡིན་ན། ཆོས་ཉིད་ཀྱི་རྩ་དེ་ལ་འོད་སྣང་སེར་ལ་ཟླུམ་པའི་རྣམ་པ་ཞིག་གནས། དེ་ལ་དག་པ་ཡེ་ཤེས་ཀྱི་བག་ཆགས་གསོག་པའི་རྟེན་དང་སྦྱོང་བྱེད་སྐུ་རྡོ་རྗེའི་སྙིང་པོ་ཡི་གེ་ཨོཾ་དང་། མ་དག་པ་འཁོར་བའི་བག་ཆགས་གསོག་པའི་རྟེན། སྦྱང་གཞི་ལྷ་མ་ཡིན་གྱི་ས་བོན་ཡི་གེ་སུ་དང་། དུད་འགྲོའི་ས་བོན་ཏྲི་གཉིས་གནས་པ་དང་། འོད་སེར་པོ་དེ་ལ་བརྟེན་ནས་ཀུན་གཞི་རྣམ་ཤེས་གནས། ཡེ་ཤེས་ཀྱི་རྩ་ལ་འོད་མཐིང་ག་གྲུ་བཞི་གནས་ཤིང་། སྦྱོང་བྱེད་ཐུགས་རྡོ་རྗེའི་སྙིང་པོ་དག་པའི་ཡི་གེ་ཧཱུཾ་དང་། སྦྱང་གཞི་མ་དག་པའི་རྟེན་ལྷའི་ས་བོན་ཨཱ་དང་མིའི་ས་བོན་ནྲྀ་གཉིས་གནས་པ་དང་། འོད་མཐིང་ཀ་དེ་ལ་ཡིད་ཀྱི་རྣམ་ཤེས་གནས་སོ། །རང་རྒྱུད་ཀྱི་རྩ་ལ་འོད་དམར་པོ་ཟླ་གམ་ཞིག་འཁོར། དེར་སྦྱོང་བྱེད་གསུང་རྡོ་རྗེའི་རང་བཞིན་ཡི་གེ་ཨཱཿ དང་། སྦྱང་གཞི་མ་དག་པའི་ས་བོན་ཡི་དྭགས་ཀྱི་པྲེ་དང་དམྱལ་བའི་དུ་གཉིས་གནས་ཤིང་། འོད་དམར་པོ་དེ་ལ་བརྟེན་ནས་ཉོན་ཡིད་གནས་སོ། །ཡོན་ཏན་གྱི་རྩ་ལ་འོད་དམར་ནག་གནས་པ་དང་དེ་ལ་བརྟེན་ནས་སྒོ་ལྔའི་རྣམ་ཤེས་རྒྱུ་བ་དེ་འདྲ་ཡིན། དེས་ན་དག་པ་སྐུ་གསུམ་གྱི་ས་བོན་ཨོཾ་ཨཱཿཧཱུཾ་གསུམ་དང་། མ་དག་རིགས་དྲུག་གི་ས་བོན་ཡི་གེ་ཨ་ནྲྀ་སུ་ཏྲི་པྲེ་དུ་རྣམ་ཤེས་ཚོགས་བརྒྱད་དང་བཅས་པ་ཚང་སོང་། འདི་ཡེ་ཤེས་བླ་མའི་སྐབས་ཀྱི་རྒྱུད་ཀློང་གསལ་གྱི་དགོངས་པ། པདྨའི་བཀའ་སྲོལ་ནང་གི་རུ་ཤན་རིགས་དྲུག་སྲེག་སྦྱོང་གི་སྐབས་ནས་འབྱུང་བ་དང་འདྲ་འདྲར་རེད། གཞི་ལུས་འདི་དང་པོ་ཆགས་དུས་ནས་སྦྱང་གཞི་སྦྱང་བྱ་སྦྱོང་བྱེད་ཀྱི་ཚུལ་དུ་དེ་འདྲ་ཆགས་ཡོད་པ་རེད། ལུས་དབུས་ཀྱི་དཀྱིལ་ན་ཡར་རྩ་གཙོ་མོ་གསུམ་གནས་པ་ལ། གཡས་ཐབས་ཀྱི་རྩ་ལ་ཡི་གེ་ཨོཾ་དང་། གཡོན་ཤེས་རབ་ཀྱི་རྩ་ལ་ཡི་གེ་ཨཱཿ དབུས་ཡང་དག་ཡེ་ཤེས་ཀྱི་རྩ་ལ་ཡི་གེ་ཧཱུྃ་གིས་མཚན་པར་གནས་ཡོད། དེ་ལྟ་བུའི་རྩ་དྭངས་མ་དེ་རྣམས་དབྱིབས་དར་དཀར་གྱི་སྐུད་པའི་རྣམ་པ་ལྟ་བུ། སྦོམ་ཕྲ་རྟ་རྔ་བཅུ་གཤག་གི་ཆ་ཙམ་པ་དེ་འདྲ་ཡིན་གསུངས་ཡོད། དེའི་རྩ་ཐམས་ཅད་ཕན་ཚུན་ཁུགས་སུ་ཡོད་པའི་མདུད་པའི་ཚུལ་དང་འདྲ་མོར་སྦྲེལ་ནས་ཡོད་ལ། དེ་སྲ་བ་ས་ཁམས་ཤིན་ཏུ་ཕྲ་བའི་ཆ་ཡིན་པས་ས་ཡི་དྭངས་མ་ཡིན་ཞིང་། སྟོང་པ་ཆེན་པོའི་ཡེ་ཤེས་ཏེ་ཐམས་ཅད་དབྱིངས་རྣམ་པར་དག་པའི་ངང་དུ་མ་གྱུར་པ་མེད་པའི་རྟེན་བྱེད་པ་དང་། ས་ཁམས་ཀྱི་རྩ་དྭངས་མ་དེ་ལ་ཁྲག་གི་དྭངས་མ་དཔེ་བཞག་ན་རྒྱ་མཚལ་ཅོག་ལ་ལྟ་བུ་ཞིག་གནས་པ་དེ་ནི་རགས་པའི་ཕུང་པོ་གདོས་ཅན་འབྱུང་བའི་ས་བོན་ཤིན་ཏུ་ཕྲ་བ་ཆུ་ཁམས་ཀྱི་དྭངས་མ་ཡིན། དེ་དོན་ངོ་མའི་ཐོག་ཏུ་བཤད་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་རྟེན་ཡིན་ནོ། །དེ་ལ་དྲོད་ཀྱི་དྭངས་མ་མེ་ལོང་ཉི་མ་ལ་བཞག་པའི་འོད་ཙམ་ཞིག་གནས། དེ་ནི་རགས་པའི་ཕུང་པོ་སྨིན་པར་བྱེད་པའི་མེའི་ས་བོན་དྭངས་མ་ཉིད་ཡིན་པ་དང་། སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རྟེན་ཡིན་ནོ། །དེ་ཉིད་ལ་དབུགས་ཀྱི་དྭངས་མ་གསེར་ས་འོག་ན་གནས་པའི་རླངས་པ་ཙམ་ཞིག་ཁ་དོག་སྣ་ཚོགས་པ་ཅན་གནས་པ་དེ་ནི། རགས་པའི་ཕུང་པོའི་རླུང་ཡང་ཞིང་གཡོ་བ་བསྐྱེད་པའི་རྒྱུ་ས་བོན་ཕྲ་བ་མཐར་ཐུག་པ་རླུང་གི་དྭངས་མ་ཡིན། འདིས་བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྟེན་བྱེད་པའོ། །དེའི་དབུས་ཀྱི་དཀྱིལ་ན་ནམ་མཁའི་དྭངས་མ་བར་སྣང་གོ་འབྱེད་པའི་རྣམ་པ་ཅན་དུ་གནས་ཤིང་། དེ་ལྟ་བུའི་དྭངས་མ་ལྔ་འདུས་ཀྱི་དབུས་ན་སེམས་ཀྱི་དྭངས་མ་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སྙིང་པོའི་ཐིག་ལེ་ཆེན་པོ་བཞུགས་པ་རེད། དེའི་དཔེ་ནི་གསེར་ཞུན་མའི་ནང་དུ་ནོར་བུ་ཀེ་ཀེ་རུ་བཅུག་པ་ལྟ་བུ་ལ་ཁ་དོག་ཉི་མ་འཆར་ཁའི་དཀྱིལ་ལྟ་བུ། དེ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཏེ། གསལ་ལ་གོ་འབྱེད། སྣང་ལ་རང་བཞིན་མེད་པ་ནམ་མཁའི་གཟུགས་ཅན་དེ་ནི་ཁྱབ་པ་ཆེན་པོའི་ཡེ་ཤེས་ནམ་མཁའི་དྭངས་མ་སྟེ། ཐམས་ཅད་ཡང་དག་པའི་དབྱིངས་སུ་གསལ་བའི་སྐབས་འབྱེད་པའི་བྱེད་ལས་ཅན་དུ་ཡིན་པར་གསུངས་ཡོད། །དེས་ན་རྒྱུད་བརྟག་གཉིས་ལས། ཡེ་ཤེས་ཆེན་པོ་རང་ལུས་གནས། །རྟོག་པ་ཐམས་ཅད་ཡང་དག་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་གསུངས་པ་དང་། རྒྱུད་གཞན་ལས་ཀྱང་། ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །ཞེས་གསུངས་ཡོད་ལ། རྒྱུད་རྣམས་ཀྱི་ནང་ནས་གསུངས་པའི་ཕྲ་མོའི་ཐིག་ལེ་རྣམས་ཀྱི་དོན་ཐམས་ཅད་འདི་ལ་མཐར་ཐུག་པ་ཡིན་ཞེས་གསུངས་པའི་གནད་ཚུར་བསྡུ་ན། འབྱུང་བ་འདི་ལ་ཕྱིའི་འབྱུང་བ་དང་། ནང་གི་འབྱུང་བ། གསང་བའི་འབྱུང་བ་དང་གསུམ་ཡོད་ལ། གསང་བའི་འབྱུང་བ་དེ་ཡེ་ཤེས་ལྔ་རེད། ནང་གི་འབྱུང་བ་ལུས་ཀྱི་དྲོད་ལ་སོགས་པ་དང་། ཕྱིའི་འབྱུང་ནི་འབྱུང་བཞི་ཕལ་པ་དང་ས་རྡོ་རི་བྲག་ལ་སོགས་པ་ཡིན་རྒྱུའི་གོ་དོན་རྙེད་པར་བྱས་ནས། དེ་ལྟ་བུའི་ཕྱི་ནང་གསང་བའི་འབྱུང་བའི་ནང་གི་གསང་བའི་འབྱུང་བ་ཡེ་ཤེས་ལྔའི་གདངས་ལྔ་པོ་དེ་ལས་ལུས་ཀྱི་དྲོད་ལ་སོགས་པ་ནང་གི་འབྱུང་བ་ཕྲ་རགས་ཐམས་ཅད་བསྐྱེད་ནས། དེའི་མཐུ་རིམ་གྱིས་བརྟས་པ་ལས་ཕྱིའི་འབྱུང་བ་ཕལ་པ་རྣམས་དང་། སྣོད་ཀྱི་འཇིག་རྟེན་ཕྱིའི་ས་རྡོ་རི་བྲག་གི་བར་དུ་སྣང་བ་དེ་ཐམས་ཅད་རླུང་སེམས་ཀྱི་ཆོ་འཕྲུལ་ཕྲ་མོ་ཇེ་རགས་སུ་སོང་བས། མདོར་ན་ཕུགས་དེད་ན་སྒོ་གསུམ་རྡོ་རྗེ་གསུམ་པོ་འདི་ལས་སྣང་བ་ཐམས་ཅད་མཆེད་ཀྱིན་ཡོད་པ་ལ་ཐུག་སོང་བ་རེད། རྡོ་རྗེ་གསུམ་ནི་གོང་དུ་བཤད་པའི་དྭངས་མ་ཆེན་པོ་དྲུག་ལས་ས་ཆུ་གཉིས་ཟུང་དུ་ཞུགས་པ་སྐུ་རྡོ་རྗེ། མེ་རླུང་གཉིས་ཀ་ཟུང་དུ་ཞུགས་པ་གསུང་རྡོ་རྗེ། མཁའ་སེམས་གཉིས་ཟུང་དུ་ཞུགས་པ་ཐུགས་རྡོ་རྗེ་ཡིན་ལ། དེའི་ཐུགས་རྡོ་རྗེ་དེ་ད་དུང་གསལ་པོར་བཤད་ན། མཆེད་གཞི་མཐར་ཐུག་པ་ཕུགས་གཏུག་ས་ངོ་མ་ཡིན་པས་གོང་གི་ཡེ་ཤེས་ནམ་མཁའི་གཟུགས་ཅན་ལ་ཐུག་པ་རེད། དེ་ནི་གོང་དུ་ལུང་དྲངས་པ་ལྟར། ལུས་གནས་ལུས་ལས་མ་སྐྱེས། ལུས་ལ་མི་ཚད་ཀུན་ལ་ཁྱབ་པ། ངོ་བོ་ཕྲ་རགས་རྡུལ་གྱི་ཆོས་ལས་འདས་པ། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད། དཔེ་བཞག་ན་པྲ་ཕབ་ཀྱི་སྣང་བ་ལྟ་བུ་ཞིག་ཡིན་གསུངས་ནས། དེ་ཆེ་ཆུང་ཕྱོགས་ཆར་མ་གྲུབ་པ་ཞིག་ཡིན་པ་འདི་ནི། རགས་པའི་ལུས་ཀྱི་སྙིང་གར་བཅུད་ཀྱི་ཚུལ་དུ་བཞུགས་པས་ན། ལུས་རྩ་རླུང་ཐིག་ལེའི་གནད་འདི་ཉམས་སུ་ལེན་ན་རྣལ་འབྱོར་པའི་དྲོད་རྟགས་ཉམས་མྱོང་སྐྱེས་ཤིང་འཕེལ་རྒྱུ་ཡོད་པར་གནད་དེའི་དབང་གིས་ཡིན། འོན་ཀྱང་ཡེ་ཤེས་ཀྱི་ངོ་བོ་གནས་ཚུལ་རང་བྱུང་གི་ཡེ་ཤེས་བཞུགས་ཚུལ་གྱི་ཐད་ནས་ཉིད་ལས་མ་གཡོས་པ་ཞིག་ཡིན་ཡང་། སྣང་ཚུལ་ལ་ཆོས་ཅན་སེམས་ཀྱི་ཆོས་ཉིད་དུ་བཞུགས་པ་དང་། ཀུན་རྫོབ་རྒྱུའི་ཐིག་ལེ་ལ་དོན་དམ་འོད་གསལ་གྱི་ཐིག་ལེ་རྟེན་དང་བརྟེན་པའི་ཚུལ་གྱིས་འབྲེལ་བས་ཐབས་ཀྱི་ལམ་ལ་གནད་དུ་བསྣུན་ན། འགྱུར་བཅས་ཕུང་ཁམས་ཀྱི་འགྱུར་བ་ཐམས་ཅད་འགྱུར་མེད་ཡེ་ཤེས་ཀྱི་དབྱིངས་སུ་ཕྱི་ནང་གཞན་གསུམ་དེ་ཁོ་ཉིད་དང་བཅས་པ་འགལ་མེད་དོན་གཅིག་གི་ནང་དུ་བསྡུ་ཤེས་པ་ལམ་འདིའི་གནད་མཐར་ཐུག་པར་ཡིན་གསུངས་ཡོད་པ་རེད། དེའི་གནད་དེ་ཤེས་པའི་ཐོག་ནས་སྒོམ་པས་ཉམས་སུ་ལེན་པའི་སྐབས་སུ་གཡོ་བ་རླུང་གི་རྫོགས་རིམ་དང་། རྟེན་པ་རྩའི་རྫོགས་རིམ། བཀོད་པ་ཐིག་ལེའི་རྫོགས་རིམ་རྣམས་ལ་གོམས་པ་རིམ་བཞིན་དུ་བསྐྱེད་དགོས་པ་རེད། དེའི་ནང་གི་གཡོ་བ་རླུང་གི་རྫོགས་རིམ་འདྲ་ཡིན་ན། རྡོ་རྗེའི་བཟླས་པ་ཟེར་རྒྱུ་འདྲ་དང་། ཁྱད་པར་དུ་སྦྱོར་བ་བཞི་ལྡན་གྱི་བུམ་ཅན་བསྒོམས་ནས་རླུང་གར་གཏད་དུ་ཟིན་པས་རྩའི་མདུད་པ་གྲོལ། རླུང་ཐམས་ཅད་དབུ་མའི་ནང་དུ་བཙུད་ཐུབ་ཅིང་། རླུང་ལ་དབང་ཐོབ་དུས་སེམས་ལ་དབང་ཐོབ་པ་དང་། སེམས་ལ་དབང་ཐོབ་ན་ཚེ་ལ་དབང་ཐོབ་པ། རིག་པ་ཡེ་ཤེས་ལ་དབང་ཐོབ་པ་དེ་འདྲ་འབྱུང་བ་ཡིན། རྟེན་པ་རྩའི་རྫོགས་རིམ་ཐད་ལ་བཤད་ན། རྩ་གསུམ་འཁོར་ལོ་ལྔ་ལ་ཡིད་ཀྱིས་དམིགས་པ་གཏད་པ་དང་། རླུང་བཟུང་བ་དང་། ལུས་ཀྱི་འཁྲུལ་འཁོར་ལ་གོམས་པའི་རིམ་པ་དེས་རྩ་གནས་རྣམས་སུ་རྩའི་གནད་ལ་བརྟེན་ནས་རླུང་སེམས་ཟིན་པའི་ཡོན་ཏན་གྱི་ཁྱད་པར་གོང་ནས་གོང་དུ་འཕེལ་བ་ནི་སངས་རྒྱས་ཀྱི་སའི་བར་དུ་སྣང་བར་འགྱུར་བ་དེ་འདྲ་ཡིན་ཏེ། རང་རེས་སྨོན་ལམ་འདོན་དུས། རྩ་གསུམ་འཁོར་ལྔའི་མདུད་པ་གྲོལ་ནས་ཀྱང་། །སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་ཆེར། །ལྷན་སྐྱེས་ཡེ་ཤེས་རོལ་པའི་རྩལ་རྫོགས་ནས། །རང་རིག་པད་འབྱུང་རྗེ་དང་མཇལ་བར་ཤོག །ཅེས་གསུངས་པ་བཞིན་དུ། རྩ་དབུ་རྐྱང་རོ་གསུམ་གྱི་གསང་བ་བདེ་སྐྱོང་གི་འཁོར་ལོ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་བར་གྱི་འཁོར་ལོ་ལྔའི་མདུད་པ་གྲོལ་ཚུལ་གོང་དུ་ཞུས་པ་ལྟར། རླུང་དབུ་མའི་ནང་ན་ཞུགས་གནས་ཐིམ་གསུམ་གྱིས་རོ་རྐྱང་གི་རྩ་མདུད་གྲོལ་ཏེ་ས་ལམ་གྱི་ཡོན་ཏན་ཐོབ་དགོས་ན། དང་པོ་ཚོགས་ལམ་ནས་མི་ཞུགས་པར་གང་ལ་ལྡིང་འགྲོ། དེ་དགོས་དུས་དང་པོ་ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་རླུང་སེམས་ཞུགས་ཏེ། དེ་ལས་རུང་ལ་གྱུར་དུས་ཚོགས་ལམ་ཆོས་རྒྱུན་གྱི་ཏིང་ངེ་འཛིན་ཐོབ་ནས་ཚོགས་ལམ་ཆེན་པོའི་གྲུབ་རྟགས་འཆར་བ་རེད། དེ་འདྲ་བྱས་ནས་འཁོར་ལོ་སོ་སོའི་རླུང་སེམས་ལས་སུ་རུང་བས་ལམ་ལྔ་མཐར་ཕྱིན་ཏེ། སྙིང་གའི་དྭངས་མ་ལྔ་འདུས་ཀྱི་ཡེ་ཤེས་ནམ་མཁའི་གཟུགས་ཅན་མི་གནས་ཆོས་སྐུའི་རང་བཞིན་ལ་ཐིམ་དུས། སྙིང་དབུས་ཟངས་མདོག་དཔལ་རིའི་ཕོ་བྲང་འཛམ་གླིང་གི་ཕར་རྒྱབ་ན་རྔ་ཡབ་གླིང་མི་རྙེད་ནས་འགྲོ་འདུག་མི་དགོས་པར། ལྷན་སྐྱེས་ཡེ་ཤེས་ཀྱི་རོལ་པའི་རྩལ་ནང་ནས་རྫོགས་ན། རང་རིག་རང་ངོར་ཤེས་པའི་པད་འབྱུང་རྗེ་དང་རང་ཞལ་མཇལ་ནས་ཐུགས་ཡིད་བསྲེས་ན་བསྲེ་བ་ལྟར་དུ་འདྲེས་པར་ཤོག་གསུངས་ནི་ཡིན་ས་ཨེ་ཡོད་གི། ཀུན་མཁྱེན་འཇིགས་གླིང་གིས་ཡོན་ཏན་མཛོད་ལས། སྣང་ཆའི་འོད་ལྔ་སྟོང་ཆའི་ཆོས་སྐུ་གཉིས། །རོ་གཅིག་འདྲེས་པས་ལམ་གྱི་ཚོགས་གཉིས་རྫོགས། །འོག་མིན་རྣམ་དག་སྟུག་པོ་བཀོད་པ་ཞེས། །གཞན་དུ་མི་གནས་སྒྲིབ་པ་མཐའ་དག་པ། །ནམ་ཞིག་སྤངས་པའི་དུས་དེར་ལྷུན་གྱིས་གྲུབ། །ཅེས་གསུངས་ཡོད། དེས་ན་རྩའི་གནད་དུ་རླུང་སེམས་ཟིན་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ་བས་སངས་རྒྱས་ཀྱི་སའི་བར་དུ་སྣང་བར་འགྱུར་བ་དེ་ལྟར་ཡིན་ནོ། །བཀོད་པ་ཐིག་ལེ་བྱང་ཆུབ་སེམས་ཀྱི་རྫོགས་རིམ་གྱིས་ཡས་བབ་དང་མས་བརྟན་གྱི་དགའ་བཞིས་དྲངས་པའི་འཕོ་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མངོན་དུ་འཆར་ཐུབ་པ་རེད། འཁོར་ལོ་ལྔའི་རླུང་སེམས་ལས་སུ་རུང་བས་ལམ་ལྔའི་ཡོན་ཏན་འཆར་བ་དང་། དབུ་མར་རོ་རྐྱང་གི་མདུད་པ་ཉི་ཤུ་རྩ་གཅིག་གྲོལ་དུས་ས་བཅུ་གཅིག་གི་ཡོན་ཏན་འཆར་བ། འདི་མ་ཧཱ་ཡོ་གའི་མཐོང་སྒོམ་མཐའ་ལམ་གསུམ་ལ་ལམ་རྒྱུད་ལྡན་གྱི་གང་ཟག་བཞིས་རིག་འཛིན་རྣམ་བཞིའི་ལམ་བགྲོད་ཚུལ་སོགས་དང་སྦྱར་ན་དཔྱད་པ་མང་པོ་ཡོད་རེད། རིག་འཛིན་བཞིའི་རྣམ་བཞག་རང་རེས་སྔར་བཤད་མྱོང་ལ། མདོར་འགག་དོན་དམ་བྱང་ཆུབ་སེམས་ཀྱི་ཐིག་ལེ་ལ་བརྟེན་ནས་སྙིང་གའི་ཐིག་ལེ་ཕྲ་མོ་ལ་རླུང་སེམས་ཟིན་པ་ན། སྣང་བ་གསུམ་པོ་ལུགས་ལྡོག་ཏུ་ཤར་ཏེ་དེའི་རིམ་པ་དང་མཐུན་པར་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས་ནས། ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལྟ་བུའི་མཚོན་པར་དཀའ་བའི་འོད་གསལ་གོང་དུ་བཤད་པའི་བྱང་ཆུབ་ཀྱི་སེམས་གནས་ལུགས་མ་སྐྱེས་པའི་ངང་དུ་མཉམ་པར་འཇོག་པ་དང་། དེའི་མཉམ་བཞག་གི་ངང་དེ་ལས་སླར་ཡང་ཆུ་ལས་ཉ་ལྡང་བ་ལྟ་བུའི་སྣང་གསུམ་ལུགས་འབྱུང་དུ་ཤར་བ་དེས་ཉེར་ལེན་གྱི་རྒྱུར་བྱས། རླུང་འོད་ཟེར་ལྔ་པས་ལྷན་ཅིག་བྱེད་པའི་རྐྱེན་བྱས་ནས་སྒྱུ་མའི་ལྷ་སྐུར་ལྡང་བ་ནི། ཐབས་གཙོ་བོར་བྱས་ཏེ་མཚན་བཅས་ཀྱི་རྫོགས་རིམ་གྱིས་བསྒྲུབ་པ་དང་། སེམས་ཉིད་མ་བཅོས་གཉུག་མའི་ངང་དུ་མཉམ་པར་བཞག་པས་རང་བྱུང་གི་ཡེ་ཤེས་ཁོང་ནས་ཤར་ཏེ། དེའི་རྩལ་སྣང་འཁོར་འདས་ཐམས་ཅད་རོ་མཉམ་དག་པ་ཆེན་པོར་ཤར་བ་ནི་མཚན་མེད་རྫོགས་པ་ཆེན་པོ་ཡིན་གསུངས་ཡོད། མཚན་བཅས་མཚན་མེད་དེ་གཉིས་གང་བྱས་ན་ཆོས་ཉིད་འོད་གསལ་གྱི་གནད་ལ་དོན་མཐུན་ནོ། །དེ་ལྟ་བུའི་མཚན་བཅས་ཀྱི་རྫོགས་རིམ་ལ་གཙོ་བོ་གནད་དུ་བསྣུན་པའི་འབྲས་བུ་ལ་རྣལ་འབྱོར་ནང་གི་ས་ལམ་མྱུར་དུ་བགྲོད་དེ་འབྲས་བུ་ཡེ་ཤེས་བཙན་ཐབས་སུ་འཆར་བར་བྱེད་པ་ནི། གཙོ་བོ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་རྒྱུའི་རྡོ་རྗེའི་ལུས་རྟེན་ལ་ཐུག་ཡོད་པའི་ཕྱིར་ན་འདིའི་མིང་ལ་ལུས་ཐབས་ཀྱི་རྒྱུད་ཀྱང་གསུངས། དེའི་ཕྱིར་ན་ཡོན་ཏན་མཛོད་ལས། དེ་ཕྱིར་ལུས་ནི་ཡེ་ཤེས་ཆེན་པོའི་རྟེན། །འཁོར་བ་ཉིད་ནའང་ངོ་བོའི་བཞུགས་ཚུལ་ལ། །ཉམས་དང་དམན་པར་གྱུར་པ་གཉིས་ཀ་མེད། །འགྱུར་བ་མེད་པའི་དོན་དམ་བྱང་ཆུབ་སེམས། །ཏིལ་ལ་མར་གྱིས་ཁྱབ་པ་ཇི་བཞིན་ནོ། །ཞེས་གསུངས་སོ། །དེ་ལྟར་ཡིན་པས་ཁམས་དྲུག་ལྡན་གྱི་མིའི་ལུས་འདི་རྡོ་རྗེ་ཐེག་པ་ཉམས་ལེན་བྱེད་པའི་རྟེན་མཆོག་ཏུ་གྱུར་པ་ཡིན། དེས་ན་རྩ་རླུང་གི་འཁྲུལ་འཁོར་ལུས་ཀྱི་བྱེད་བཅིང་འདི་ཚོ་གལ་ཆེན་དོན་དང་ལྡན་ཞིང་། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་ཡིན་པས། རང་གར་འཕག་བསྡད་པ་དང་འཕར་རྐྱང་བྱེད་པ་ཙམ་མ་ཡིན་པར། དོན་གྱི་གོ་བའི་ཐོག་ནས་རླུང་གི་གནད་དང་ལྡན་པའི་འཁྲུལ་འཁོར་ཚད་ལྡན་རེ་སྦྱོངས་པར་མཛོད། ཉིན་རེར་འཁྲུལ་འཁོར་ལྔ་དྲུག་རེ་སྦྱང་ན་ཉི་མའི་ཚོད་དང་འགྲིག ་སྙམ། དགོང་ཐུན་ཐམས་ཅད་ལ་མན་ངག་གཞུང་གི་གསལ་སྟོང་མི་རྟོག་པར་སེམས་སྦྱང་བར་ཁྲིད་སྦྱངས་ཀྱིས། ཐུན་གཞན་པ་རྣམས་ལའང་དེའི་ཁྲིད་སྦྱང་དང་སྦྲེལ་ནས་རྩ་རླུང་སྦྱང་ན་བསམ་པ་ཡིན། རྒས་པ་དང་ནད་པ་སོགས་ཀྱིས་འཁྲུལ་འཁོར་རྒྱག་མི་དགོས། གཞུང་གི་ཁྲིད་སྦྱང་གི་དམིགས་པ་སྒོམ་དང་ཆོག

ཉིན་བཅུ་བཞི་པའི་ཆོས་ཁྲིད།

ད་ཡང་ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་རིགས་དྲུག་གི་སེམས་ཅན་ཐམས་ཅད། སྡུག་བསྔལ་གྱི་དུག་མཚོ་ཆེན་པོ་མཐའ་དབུས་མེད་པའི་ནང་ན་ཐོག་མེད་ནས་ད་ཡི་བར་དུ་འཁོར་ཞིང་འཁྱམས་པ་འདི་དག་ཐམས་ཅད་སྙིང་རེ་རྗེ། སྙིང་རྗེ་བ་རྐྱང་པས་དེ་རྣམས་ལ་ཉམས་ལ་རན་པའི་ཕན་ཐོགས་ཞིག་མི་འདུག འདི་ཐམས་ཅད་འཁོར་བའི་གནས་འདི་ནས་ཐར་པ་ཞིག་བདག་གཅིག་པུས་བྱེད། ཐམས་ཅད་མཁྱེན་པ། སྒྲིབ་གཉིས་ཀྱི་དྲི་མ་ཐམས་ཅད་དང་བྲལ་བའི་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད་དགོས་ཀྱི། དེར་འགོད་པར་བྱེད་པ་ལ་དེའི་ནུས་པ་ཡོད་པ་ཞིག་བྱེད་པའི་ཆེད་དུ། དམ་པའི་ཆོས་ལ་འཆད་ཉན་བྱས་ནས་དེའི་དོན་ཚུལ་བཞིན་དུ་བསྒྲུབས་ནས། སྤངས་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་གྱི་རྒྱལ་ས་ཞིག་རྙེད་པར་བྱ་དགོས། རྙེད་པར་བྱ་རྒྱུ་ཡིན་བསམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། དེའང་གཞན་ཟེར་རྗེས་བརྗོད་ཙམ་ཞིག་མིན་པར་བློ་སེམས་ཐག་གཙང་ཆོད་རྡོ་ཐོག་ལ་རི་མོ་བྲིས་པ་འདྲ་ཞིག་དགོས། དེ་དང་མཉམ་དུ་གསང་ཆེན་ཐབས་ཀྱི་ཐེག་པ་ལ་སྦྱོར་བའི་སྐབས་ཡིན་ན་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་། གནས་དུས་སྟོན་འཁོར་ལ་སོགས་པ་ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་མ་ཡིན་པ་ལ་ཡིན་པར་འདུ་ཤེས་པ་མ་ཡིན་པར་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་བཅས་ཏེ་གསན་དགོས། དེ་ལྟ་བུའི་སྒོ་ནས་ཐེག་ཆེན་མདོ་སྔགས་ཀྱི་ལམ་ལ་ཞུགས། སྐྱེས་བུ་ཆེན་པོའི་སེམས་བསྐྱེད་ཀྱིས་བཟུང་བས་བླ་ན་མེད་པའི་བྱང་ཆུབ་བསྒྲུབ་པ་ལ། ཅི་འདྲར་བྱས་ནས་བསླབ་རྒྱུ་རེད་ཟེར་ན། ལམ་བརྟེན་ནས་འབྲས་བུ་མངོན་དུ་འགྱུར་དགོས། ལམ་ཚོགས་གཉིས་བསགས་པ་ལ་མ་བརྟེན་ན་ཐབས་གཞན་མེད། དེས་ན་རྫོགས་པའི་སངས་རྒྱས་ཀྱི་དངོས་རྒྱུ་ཐུན་མོང་མ་ཡིན་པ་ཚོགས་གཉིས་གསག་རྒྱུ་སྐོར་དེ་ཅི་འདྲ་ཞིག་ཡིན་བསམ་ནས་འདང་རེ་རྒྱག་ན། རང་རེས་དཔེ་བཞག་ན། ཐོན་དགོས་པའི་ས་ཆ་ལ་སླེབ་ཐབས་བྱེད་པ་ལ། དེར་འགྲོ་སའི་ལམ་དུ་ཞུགས་ཏེ་སོང་ནས་ཐོན་དགོས་པ་བཞིན་དུ། རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཐོན་དགོས་ན་ལམ་ལྔ་རིམ་པར་བརྒྱུད་ནས་ཐོན་ན་མ་གཏོགས་ཐོན་ཐབས་མེད་པ་ཞིག་ཡིན་ན། ཐེག་ཆེན་ལམ་གྱི་རིམ་པ་དེ་ཚོགས་གཉིས་བསགས་སྟོབས་ཀྱིས་བགྲོད་དགོས་པས། ཐབས་དང་ཤེས་རབ་གཉིས་ཡ་མ་བྲལ་བའི་སྒོ་ནས་དང་པོ་ཚོགས་ལམ་ནས་འགོ་བཟུང་སྟེ་ཚོགས་ལམ་དང་། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་ལམ་རྣམས་བརྒྱུད་དེ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་དགོས། དེས་ན་དང་པོ་ཚོགས་ལམ་ནས་མ་ཞུགས་ཐབས་མེད་ལ། འོ་ན་ཚོགས་ལམ་དེ་ཅི་འདྲ་ཡིན་ན། རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་སྣོད་རུང་དུ་བྱ་བའི་ཕྱིར་དུ། དགེ་བའི་ཚོགས་གསོག་པར་བྱེད་པས་ན་ཚོགས་ལམ་ཞེས་བྱ། ཐེག་ཆེན་གྱི་ཚོགས་ལམ་དེར་ཅི་འདྲ་འཇུག་དགོས་སྙམ་ན། དང་པོ་བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། མཉམ་བཞག་ཏུ་སྟོང་ཉིད་བསྒོམས་ཤིང་རྗེས་ཐོབ་ཏུ་སྙིང་རྗེའི་སྙིང་པོ་ཅན་གྱི་སྦྱིན་པ་ལ་སོགས་པ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་མཐའ་དག་བསྒྲུབ་པ་ལ་འཇུག་པ་དེ་ཚོགས་ལམ་ལ་ཞུགས་པ་ཡིན། ཚོགས་ལམ་ལ་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་ཡོད་པ་ལས། ཚོགས་ལམ་ཆུང་ངུའི་སྐབས་ན་རྟེན་སེམས་བསྐྱེད་གསར་དུ་སྐྱེས་པའི་གང་ཟག་དེས། བྱང་ཆུབ་ཕྱོགས་ཆོས་ཀྱི་དབང་དུ་བྱས་ན་དྲན་པ་ཉེར་བཞག་བཞི་བསྒོམ་ལ། དྲན་པ་ཉེར་བཞག་བཞི་ནི་ལུས་ཚོར་སེམས་ཆོས་བཞི་རེད། དེའི་ནང་གི་ལུས་དྲན་པ་ཉེར་བཞག་ནི། ལུས་དེ་མཉམ་བཞག་གི་སྐབས་སུ་ནམ་མཁའ་ལྟ་བུ་བསྒོམས་ཤིང་། རྗེས་ཐོབ་ཏུ་མི་གཙང་བ་དང་སྒྱུ་མ་ལྟ་བུ་སྒོམ། ཚོར་བ་དྲན་པ་ཉེར་བཞག་ལ་མཉམ་བཞག་ཏུ་མ་སྐྱེས་པ་དང་། རྗེས་ཐོབ་ཏུ་ཚོར་བ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་དང་། ཆུ་ཤིང་ལྟ་བུ་སྙིང་པོ་མེད་པར་སྒོམ། སེམས་དྲན་པ་ཉེར་བཞག་ནི། མཉམ་བཞག་ཏུ་རང་བཞིན་གྱིས་སྟོང་པ་དང་། རྗེས་ཐོབ་ཏུ་མི་གནས་མི་འགག་པར་སྒོམ། ཆོས་དྲན་པ་ཉེར་བཞག་ནི། མཉམ་བཞག་ཏུ་ཆོས་ཐམས་ཅད་མཉམ་པ་ཉིད་དང་། རྗེས་ཐོབ་ཏུ་སྒྱུ་མའི་དཔེ་བརྒྱད་སོགས་སྒོམ་པར་བྱེད། དེ་ལྟར་བསྒོམས་པས་མ་འོངས་པ་ན་མཐོང་ལམ་གྱིས་བདེན་པ་བཞིའི་དོན་རྟོགས་པ་ལ་འཇུག་པར་བྱེད། དེའང་ལུས་དྲན་པ་ཉེར་བཞག་གིས་ལུས་སྡུག་བསྔལ་དུ་ཤེས་པས་སྡུག་བསྔལ་ཤེས་པ་ལ་འཇུག ཚོར་བ་དྲན་པ་ཉེར་བཞག་གིས་ཚོར་བ་སྡུག་བསྔལ་བར་ཤེས་པས་ཀུན་འབྱུང་སྤོང་བ་ལ་འཇུག སེམས་མི་རྟག་པར་བསྒོམས་པས་རྟག་འཛིན་འགོག་པ་མངོན་དུ་བྱེད་པ་ལ་འཇུག ཆོས་བདག་མེད་པར་བསྒོམས་པས་བདག་ཏུ་ཞེན་པ་ལོག་ནས་ལམ་བསྒོམ་པ་ལ་འཇུག དེ་གཙོ་བོ་ཚོགས་ལམ་ཆུང་ངུའི་སྐབས་རེད། ཚོགས་ལམ་འབྲིང་གི་སྐབས་སུ། གཙོ་བོ་ཡང་དག་པའི་སྤོང་བ་བཞི་ལ་ཉམས་ལེན་བྱེད་པའི་སྐབས་རེད། ཡང་དག་སྤོང་བཞི་ནི། འཇམ་མགོན་མི་ཕམ་ཚང་གིས། དགེ་བ་བསྐྱེད་དང་སྤེལ་བ་དང་། །མི་དགེ་ཞི་དང་མི་སྐྱེ་ཕྱིར། །ཡང་དག་སྤོང་བ་བཞི་ཡིས་ནི། བརྩོན་འགྲུས་རབ་ཏུ་འབྱུང་བར་འགྱུར། །ཞེས་གསུངས་པ་ལྟར། མི་དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་པ་དང་། སྐྱེས་པ་སྤངས་ནས་རྒྱུན་གཅོད་པར་བྱེད་པ། དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ། སྐྱེས་པ་མི་ཉམས་ཤིང་གོང་ནས་གོང་དུ་སྤེལ་བར་བྱེད་པའི་ཆེད་དུ། མི་མཐུན་པའི་ཕྱོགས་ཀྱི་གཉེན་པོ་བདག་མེད་བསྒོམ་པ་དང་། སྒྱུ་མ་དང་རྨི་ལམ་ལྟ་བུ་ལྟ་བ་སོགས་འདུན་པ་བསྐྱེད་ནས་བརྩོན་འགྲུས་བརྩམ་པ་སོགས་ཀྱིས་མི་མཐུན་ཕྱོགས་སྤོང་ཞིང་གཉེན་པོ་འཕེལ་བར་བྱེད་པའོ། །དེ་གཙོ་བོ་ཚོགས་ལམ་འབྲིང་རེད། ཚོགས་ལམ་ཆེན་པོར། འདུན་བརྩོན་སེམས་པ་དཔྱོད་པ་དེ་རྫུ་འཕྲུལ་གྱི་རྐང་པ་བཞི་བསྐྱེད། དེ་བཞི་བསྐྱེད་པས་ཏིང་ངེ་འཛིན་གྱི་སྐྱོན་སྤོང་ཞིང་། བསམ་གཏན་གྱི་སེམས་ལས་སུ་རུང་བའི་སྟོབས་ཀྱིས། རྫུ་འཕྲུལ་དང་མངོན་ཤེས་སྤྱན་སོགས་འགྲུབ་པས་གཙོ་ཆེ་བའི་དབང་གིས་རྫུ་འཕྲུལ་གྱི་རྐང་པ་བཞི་གསུངས་པ་རེད། དེ་ཚོགས་ལམ་ཆེན་པོའི་སྐབས་རེད། ཚོགས་ལམ་གྱི་སྐབས་ན་ཐུན་མོང་ལྟར་དུ་བྱེད་ན་ཐོས་བསམ་གཙོ་བོར་བྱེད་དེ། འཕགས་ལམ་རང་རྒྱུད་ལ་བསྐྱེད་པའི་རྒྱུ་ཚོགས་གཉིས་གསོག་རྒྱུ་དང་། ཐུན་མིན་ལྟར་ན་གནས་ལུགས་ཟབ་མོའི་དོན་གོ་ཡུལ་རྟོག་དཔྱོད་ཀྱིས་འཇལ་བ་གཙོ་ཆེར་འཇོག་པ་ཞིག་རེད། དེ་ནས་སྦྱོར་ལམ་རེད། སྦྱོར་ལམ་ཟེར་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་མཐོང་ལམ་ལ་མྱུར་དུ་སྦྱོར་བར་བྱེད་པའི་ལམ་ཡིན་པས་ན་སྦྱོར་ལམ་ཞེས་བྱ། ཚོགས་ལམ་གྱི་སྐབས་ཐོས་བསམ་གཙོ་བོ་དང་། སྦྱོར་ལམ་གྱི་སྐབས་སུ་སྒོམ་པའི་ཉམས་མྱོང་གཙོ་བོར་བྱས་ནས། ཐུན་མིན་གྱི་སྐབས་ན་མཚོན་བྱ་དོན་གྱི་གནས་ལུགས་དེ་དོན་སྤྱིའི་ཚུལ་གྱིས་འཇལ་ནས་སྦྱོར་ལམ་བཞི་དེ་བསྐྱེད་པ་རེད། དེ་ཅི་འདྲ་ཡིན་ན། བདེན་བཞི་རྟོགས་པ་དང་རྗེས་སུ་མཐུན་པའི་ཆ་དེ་ལ་རྟོགས་ཚུལ་གྱི་དབྱེ་ན། དྲོད་རྩེ་མོ་བཟོད་པ་ཆོས་མཆོག་བཞི་ཡོད། འདིའི་ལུས་རྟེན་འགྲོ་ལྔ་གང་རུང་དང་། སེམས་རྟེན་བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་པ་སོགས་བསམ་གཏན་ས་དྲུག་གང་རུང་ཡིན། བྱང་ཆུབ་ཕྱོགས་མཐུན་གྱི་ཆོས་ལས་དབང་པོ་ལྔ་དང་། སྟོབས་ལྔ་འཇོག་པ་རེད། དད་བརྩོན་དྲན་པ་ཏིང་འཛིན་ཤེས་རབ་ལྔ་ལ་སྐབས་རེ་དབང་པོ་ལྔ་དང་སྐབས་རེ་སྟོབས་ལྔ་ཞེས་གསུངས། རྒྱུ་མཚན་ནི། དྲོད་རྩེ་གཉིས་ལ་དབང་པོ་ལྔ་དང་། བཟོད་པ་དང་ཆོས་མཆོག་གཉིས་ལ་སྟོབས་ལྔ་སྦྱར་ཞིང་། དད་སོགས་ལྔ་པོ་འདིས་དྲོད་རྩེ་གཉིས་ཀྱི་སྐབས་སུ་རྣམ་བྱང་ལ་དབང་བྱེད་པས་ན་དབང་པོ་དང་། བཟོད་ཆོས་གཉིས་ཀྱི་སྐབས་སུ་མི་མཐུན་ཕྱོགས་འཇོམས་པར་བྱེད་ཅིང་དེས་བརྫི་མི་ནུས་པས་ན་སྟོབས་ཞེས་བྱ། དེས་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་བདེན་པ་གཉིས་ཀྱི་སྒོ་ནས་ཤེས་པར་བྱ་བའི་དོན་ལ་དད་པས་ཡིད་ཆེས། བརྩོན་འགྲུས་ཀྱིས་སྤྲོ་བར་བྱེད། དྲན་པས་བདེན་པའི་དོན་མི་རྗེད་པར་བྱེད། ཏིང་ངེ་འཛིན་གྱིས་བདེན་དོན་རྩེ་གཅིག་སེམས། ཤེས་རབ་ཀྱིས་རང་བཞིན་ཤེས་པའི་ཚུལ་གྱིས་སྒོམ་པར་བྱེད་པ་རེད། འདི་ལ་མངོན་རྟོགས་རྒྱན་ལས། དེ་ལྟར་ངེས་འབྱེད་ཆ་མཐུན་ནི། །ཆུང་དང་འབྲིང་དང་ཆེན་པོ་ཡིན། །ལ་སོགས་གསུངས་པས་ངེས་འབྱེད་ཆ་མཐུན་བཞི་པོ་རེ་རེ་ལ་ཆུང་འབྲིང་ཆེན་པོའི་དབྱེ་བས་བཅུ་གཉིས་སུ་དབྱེ་ཚུལ་ཡོད་པ་རེད། འདི་ལ་དྲོད་དང་རྩེ་མོ་ལ་སོགས་པའི་མིང་བཏགས་དོན་ནི། ཐེག་པ་ཆེན་པོའི་ཆོས་ཀྱི་སྣང་བ་ཐོབ་པས་དྲོ་བར་གྱུར་པ་ཡིན་པས་ན་དྲོད་ཅེས་གསུངས། མཚོན་བྱེད་དཔེའི་ཡེ་ཤེས་དེ་དང་པོ་རྒྱུད་ལ་སྐྱེས་པ་དེ་ལ་གོ་དགོས། དེ་བཞིན་དུ་ཆོས་ཀྱི་སྣང་བ་དེ་འཕེལ་བའི་ཆེད་དུ་བརྩོན་འགྲུས་བརྟན་པར་བྱ་བ་ལ་འཇུག་སྟེ། སྣང་བ་དེ་ཡར་མཆེད་པའི་སྐབས་ལ་ཐོན་ནས་དགེ་རྩ་གཡོ་བའི་ནང་ན་རྩེ་མོར་གྱུར་པས་རྩེ་མོ་ཞེས་བྱ། ངེས་འབྱེད་གསུམ་པའི་སྐབས་སུ་དེ་ཁོ་ན་ཉིད་ཀྱི་ཆོས་སྣང་བ་ཕྱོགས་གཅིག་པ་ལ་ཞུགས་ནས། གཟུང་བའི་རྣམ་པ་མི་སྣང་ཤེས་པའི་རྣམ་པ་འབྱུང་བ་དེའི་སྐབས་སེམས་གཉིས་མེད་དུ་གནས་པ་ལ་བཟོད་པ་ཞེས་གསུངས། བཟོད་ཐོབ་ངན་སོང་མི་འགྲོའོ། །ཞེས་གསུངས་ཤིང་། ཆོས་ཉིད་དོན་གྱི་གནས་ལུགས་དེ་ཉམས་མྱོང་ཁྱད་པར་ཅན་གྱིས་བློས་ལྕོགས་ཤིང་བཟོད་ཐུབ་པས་ན་བཟོད་པ་ཞེས་བྱ། ཆོས་མཆོག་ནི་ཐེག་ཆེན་མཐོང་ལམ་ལ་ལམ་གཞན་གྱི་བར་དུ་མ་ཆོད་པས་དེ་མ་ཐག་པའི་ཏིང་ངེ་འཛིན་ཡང་གསུངས། འདིའི་སྐབས་ན་འཛིན་པའི་རྣམ་པ་དང་གཉིས་མེད་ཀྱི་ཤེས་པ་དེའང་འཇིག་ནས་མེད་པས་འཇིག་རྟེན་པའི་སྒོམ་བྱུང་མི་སྣང་བར་ཡོངས་སུ་རྫོགས་པ་ཡིན་པས་ན་དེའི་སྟོབས་ཀྱིས་འདི་ལ་ཆོས་མཆོག་ཅེས་བྱ། ཐུན་མིན་ལྟར་ན་དོན་གྱི་ཡེ་ཤེས་དངོས་སུ་འདྲེན་ནུས་པའི་དཔེའི་ཡེ་ཤེས་མཐར་ཐུག་པ་རྒྱུད་ལ་སྐྱེས་པ་ལ་ཆོས་མཆོག་ཅེས་གསུངས་པ་རེད། འཇིག་རྟེན་པའི་ལམ་གྱི་ནང་ན་དེའི་ཡན་ལ་མཆོག་གཞན་མེད་པར། དེས་འཕགས་ལམ་འདྲེན་པས་ནའང་ཆོས་མཆོག་ཅེས་བྱ། དེའི་མན་ཆད་མཉམ་བཞག་རྣམ་པར་མི་རྟོག་པ་སྟོང་ཉིད་རྟོགས་པའི་ཆ་དང་། རྗེས་ཐོབ་སྙིང་རྗེ་ཆེན་པོའི་ཆ་རྟོག་བཅས་རྟོག་མེད་ཅི་རིགས་སུ་འབྱུང་བ་ཡིན། སྦྱོར་ལམ་འདིར་ཆེ་འབྲིང་ཆུང་གསུམ་དུ་ཕྱེ་དུས། དྲོད་རྩེ་གཉིས་མཐོང་ལམ་སྐྱེ་བ་ལ་ད་དུང་དུས་མ་ངེས་པས་ཆུང་ངུ་དང་། ངེས་མ་ངེས་གཉིས་ལས་མ་ངེས་པའི་སྦྱོར་ལམ་རེད། བཟོད་པ་ནི་འབྲིང་ཡིན་ཏེ། ཚེ་ཕྱི་མར་མཐོང་ལམ་སྐྱེ་བར་ངེས་པས་རེད། དེས་ན་ངེས་པའི་སྦྱོར་ལམ་ཡང་ཡིན། ཆོས་མཆོག་ནི་ཆེན་པོ་ཡིན་ཏེ། ཚེ་དེའི་ཐོག་ན་མཐོང་ལམ་སྐྱེ་བའི་སྦྱོར་ལམ་ཡིན་པས་རེད། སྦྱོར་ལམ་ཡིན་མིན་གྱི་ས་མཚམས་དེ་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་མ་སྐྱེས་ཀྱིས་འཛིན་པ་རེད། དཔེའི་ཡེ་ཤེས་ནམ་སྐྱེས་ན་དེ་དུས་སྔགས་ཀྱི་སྦྱོར་ལམ་ངོས་འཛིན་པ་ཡིན། དཔེའི་ཡེ་ཤེས་དེ་ལའང་ཙམ་ཁྱད་ཀྱི་ཁྱད་པར་ཡོད། སྦྱོར་ལམ་སྔ་མ་གཉིས་ལ་རི་མོ་བྲིས་པའི་ཟླ་བ་དང་། ཕྱི་མ་གཉིས་ཀྱི་སྐབས་སུ་ཆུའི་ནང་དུ་ཤར་བའི་ཟླ་བ་ལྟ་བུ་རྗེས་མཐུན་པ་དང་། མཚན་ཉིད་པ་གཉིས་ཀྱི་ཁྱད་པར་ཕྱེ་བ་རེད། འདི་རྣམས་ཀྱི་སྐབས་སུ་བདག་མེད་རྣམ་པ་གཉིས་ཀྱི་དེ་ཁོ་ན་ཉིད་མངོན་སུམ་དུ་བྱེད་པ་མེད་པས་མོས་པས་སྤྱོད་པའི་ས་དང་། ལམ་འདི་ལ་གནས་པའི་བྱང་ཆུབ་སེམས་དཔའ་དེ་སྐྱེ་འཕགས་གཉིས་ལས་སོ་སོའི་སྐྱེ་བོར་འཇོག་པ་རེད། འོན་ཀྱང་གཉེན་པོ་དང་། སྤངས་རྟོགས་ཡོན་ཏན་ལ་སོགས་པ་ཁྱད་པར་གྱི་ཆོས་མང་པོ་ཞིག་གིས་ཚོགས་ལམ་ཆེན་པོ་ལས་ཁྱད་པར་དུ་འཕགས་པ་རེད། ཚོགས་ལམ་ཆེན་པོ་དང་སྦྱོར་ལམ་འདི་གཉིས་སྒོམ་བྱུང་ཙམ་དུ་འདྲའང་། མཐོང་ལམ་ལ་ཐག་ཉེ་རིང་གིས་ཁྱད་པར་དང་། ཡེ་ཤེས་ལ་དྲོད་བརྟན་མི་བརྟན་གྱིས་ཁྱད་པར་ཡོད་པར་གསུངས། དེས་ཚོགས་སྦྱོར་གཉིས་སོང་ནས། མཐོང་ལམ་ནི། ལུས་རྟེན་འགྲོ་བ་ལྔ་གང་རུང་དང་། བསམ་པའི་རྟེན་བསམ་གཏན་བཞི་པ་ཡིན། འཇིག་རྟེན་ལས་འདས་པའི་ཡེ་ཤེས་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ཡང་དག་པར་མཐོང་བ་ལ་ཞུགས་པས་ན་མཐོང་ལམ་ཞེས་བྱ། འདིའི་སྐབས་ན་ཆོས་ཀྱི་མིག་རྡུལ་མེད་ཅིང་དྲི་མ་དང་བྲལ་བར་ཐོབ་པས་ཆོས་ཉིད་མངོན་སུམ་དུ་མཐོང་བ་རེད། མཚོན་བྱ་དོན་གྱི་ཡེ་ཤེས་ནམ་མཁའི་ཟླ་བ་དངོས་ལྟ་བུའི་རང་མཚན་དེ་ཉིད་ཡུལ་དང་ཡུལ་ཅན་གཉིས་སུ་མེད་པར་མཐོང་བས་ས་དང་པོ་ཐོབ་པ་ཡིན། འོན་ཀྱང་རང་སའི་མཐོང་སྤང་སྤངས་ཀྱང་། འཕགས་པའི་སྒོམ་སྤང་གི་སྒྲིབ་པ་ད་དུང་སྤང་བར་བྱ་བར་ཡིན་པས་ན། ས་བརྒྱད་པ་ལ་སོགས་དག་ས་ལྟར་རང་གི་ངོ་བོ་ཇི་ལྟ་བ་བཞིན་མཐོང་བ་མ་ཡིན། ཁྱད་པར་དུ་དེའི་སྐབས་ན། དྲན་དང་ཆོས་རབ་རྣམ་འབྱེད་དང་། །བརྩོན་འགྲུས་དགའ་དང་ཤིན་ཏུ་སྦྱོང་། །ཏིང་ངེ་འཛིན་དང་བཏང་སྙོམས་ནི། །བྱང་ཆུབ་ཡན་ལག་བདུན་ཡིན་ནོ། །ཞེས་པ་ལྟར་བྱང་ཆུབ་ཡན་ལག་བདུན་དང་ལྡན་པའོ། །འདི་ལ་རྒྱུ་འབྲས་ངོ་བོ་ལ་སོགས་པའི་རྣམ་བཞག་མང་ལ། མཚན་གཞི་ནི། བདེན་པ་བཞི་པོ་རེ་རེ་ལ་ཐེག་པ་ཆེན་པོའི་ཆོས་བཟོད་ཆོས་ཤེས་གཉིས་དང་། རྗེས་བཟོད་རྗེས་ཤེས་གཉིས་ཏེ་བཞི་ཚན་བཞི་འཁོར་དང་བཅས་པ་ཡིན་ལ། དེ་ཐེག་ཆེན་མཐོང་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན་པའི་མཚན་ཉིད་ནི། ཐེག་ཆེན་སྦྱོར་ལམ་རྫོགས་རྗེས་སུ་བྱུང་ཞིང་ཐེག་ཆེན་གྱིས་བསྡུས་པའི་དགེ་བ་གང་ཞིག འཇིག་རྟེན་ལས་འདས་པའི་སྒོམ་ལམ་སྐད་ཅིག་དང་པོ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པ་དེ་འཇོག་ཡོད་པ་རེད། སྒོམ་ལམ་ལ། ལུས་ཀྱི་རྟེན་ནི་གླིང་གསུམ་གྱི་སྐྱེས་པ་བུད་མེད་དང་། འདོད་གཟུགས་ཀྱི་ལྷ་ལ་སྐྱེ་བ་ཤས་ཆེ། བསམ་པའི་རྟེན་བསམ་གཏན་བཞི་པ། ས་གཉིས་པ་ཡན་ཆད་དང་རྒྱུན་མཐའ་མན་ཆད་གྱི་ཐེག་ཆེན་གྱི་ལམ་མཚན་གཞི། ཐེག་ཆེན་སྒོམ་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་ཆེན་མཐོང་ལམ་རྫོགས་རྗེས་སུ་འབྱུང་ཞིང་ཐེག་ཆེན་གྱི་དགེ་བས་བསྡུས་པ་གང་ཞིག ཐེག་ཆེན་མི་སློབ་ལམ་གྱི་སྐད་ཅིག་དང་པོ་རྒྱུད་ལ་སྐྱེ་བའི་རྒྱུར་གྱུར་པ་དེ་མཚན་ཉིད་འཇོག སྒོམ་ལམ་ཟེར་དོན་ནི། མཐོང་ལམ་གྱི་སྐབས་སུ་རྟོགས་པའི་དེ་ཁོ་ཉིད་དེ་བསྒོམ་པས་གོམས་པར་བྱེད་པས་ན་སྒོམ་ལམ་ཞེས་བྱ་ལ། འདི་ལ་དབྱེ་ན་སྒོམ་ལམ་ཆུང་འབྲིང་ཆེ་གསུམ་རེ་རེ་ལ་དེ་གསུམ་གསུམ་ཕྱེ་བས་དགུ་ཡོད་པར་གསུངས། བྱང་ཆོས་དང་སྦྱར་ན་འདིའི་སྐབས་ན། ལྟ་དང་རྟོག་དང་ངག་དང་ལས་མཐའ་དང་། །འཚོ་དང་རྩོལ་དང་དྲན་དང་ཏིང་ངེ་འཛིན། །ཞེས་པའི་འཕགས་ལམ་ཡན་ལག་བརྒྱད་དང་ལྡན་པ་རེད། ས་དང་པོ་ནས་བདུན་པའི་བར་དུ་མ་དག་ས་བདུན། བརྒྱད་པ་ནས་བཅུ་པའི་བར་དུ་དག་པ་ས་གསུམ་འཇོག གཞན་ཡང་གཉེན་པོའི་ཁྱད་པར་དང། སྤངས་པའི་ཁྱད་པར། རྟོགས་པའི་ཁྱད་པར། ཡོན་ཏན་གྱི་ཁྱད་པར། ལུས་འཛིན་པའི་ཁྱད་པར་ཏེ་ཁྱད་པར་གྱི་ཆོས་ལྔ་ཡོད་པར་གསུངས། སྤྱིར་ན་ས་དང་པོ་ཡན་ཆད་ན་ཚེ་ལ་དབང་ཐོབ་པར་ཡིན་པས་སྐྱེ་ཤི་དང་རྒ་ན་རང་མཚན་པ་མེད་ཀྱང་། སེམས་ཅན་གྱི་དོན་དུ་འགྱུར་བར་དགོངས་ན་སྐྱེ་རྒ་ན་འཆིའི་ཚུལ་ཡང་སྟོན་པ་ཡིན་ཏེ། རྒྱུད་བླ་མ་ལས། འཕགས་པས་འཆི་དང་ན་བ་དང་། །རྒ་བའི་སྡུག་བསྔལ་རྩད་ནས་སྤངས། །ལས་དང་ཉོན་མོངས་དབང་གིས་སྐྱེ། །དེ་ལ་དེ་མེད་ཕྱིར་དེ་མེད། །ཅེས་གསུངས་པ་དང་། འགྲོ་དོན་དུ་གྱུར་ན། ཇི་བཞིན་ཡང་དག་མཐོང་བའི་ཕྱིར། །སྐྱེ་སོགས་རྣམས་ལས་འདས་གྱུར་ཀྱང་། །སྙིང་རྗེའི་བདག་ཉིད་སྐྱེ་བ་དང་། །འཆི་དང་ན་དང་རྒ་བར་སྟོན། །ཞེས་གསུངས་ཡོད། དེ་སྒོམ་ལམ་གྱི་སྐོར་རེད། སྒོམ་ལམ་ས་དགུ་ལ་སྒྲིབ་པ་རྣམ་པ་དགུ་སྤང་རྒྱུ་ཡོད་ན། སྒོམ་སྤང་ཆེན་པོའི་ཆེན་པོ་དེའི་གཉེན་པོ་ས་གཉིས་པའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ནས་བཟུང་ཏེ། སྒོམ་སྤང་ཆུང་ངུའི་ཆུང་ངུ་དེའི་གཉེན་པོ་ས་བཅུའི་རྒྱུན་མཐའི་ཡེ་ཤེས་བར་སློབ་ལམ་རེད། དེའི་རྗེས་ན་མི་སློབ་ལམ་གྱི་ཡེ་ཤེས་སྐྱེ་ཞིང་། དེའང་ས་བཅུ་རྒྱུན་མཐར་སློབ་པའི་ཡེ་ཤེས་མཐར་ཐུག་པ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་གནས་ལུགས་མཐར་ཐུག་ལ་མཉམ་པར་བཞག་སྟོབས་ཀྱིས་སྒྲིབ་པ་གཉིས་ཀྱི་བག་ཆགས་ཕྲ་ཞིང་ཕྲ་བ་དྲུང་ནས་ཕྱུངས་ཏེ། དེའི་དེ་མ་ཐག་ཏུ་རྣམ་གྲོལ་གྱི་ལམ་ལ་འབྲས་བུའི་མཆོག་ཟུང་འཇུག་ཤིན་ཏུ་རྣམ་པར་དག་པར་སངས་རྒྱས་པ་རེད། དེ་ནི་བསླབ་བྱའི་ལམ་གྱི་རིམ་པ་མཐར་ཕྱིན་ནས་བསླབ་རྒྱུ་མེད་པས་ན་མི་སློབ་ལམ་ཞེས་བྱ། དེ་ལ་མངོན་པར་སངས་རྒྱས་པའི་རྟེན་ཐུན་མོང་བ་ལྟར་ན་འཛམ་བུ་གླིང་གི་རྒྱལ་རིགས་དང་བྲམ་ཟེའི་རིགས་རེད། ཐུན་མོང་མ་ཡིན་པ་ལྟར་ན་འོག་མིན་དུ་སངས་རྒྱས་པའི་རྟེན་གང་ཡིན་པ་དེ་དང་། དེ་ནས་འགྲོ་དྲུག་སོ་སོའི་གནས་སུ་སྤྲུལ་པ་ཤར་ནས་སངས་རྒྱས་སུ་སྣང་བའི་རྟེན་གང་ཡིན་པ་དེ་ཡིན་པར་འདོད་ཅེས་གསུངས། བསམ་པའི་རྟེན་ནི་བསམ་གཏན་བཞི་པ་ཡིན། དེའི་རྒྱུ་ནི་ཚོགས་ལམ་སོགས་སློབ་ལམ་བཞིར་ཚོགས་གཉིས་མཐར་ཕྱིན་སྒྲུབ་པ་དེ་དང་། འདིའི་འབྲས་བུ་ནི་གཞན་དོན་ཕུན་སུམ་ཚོགས་པས་འགྲོ་བ་རྣམས་བྱང་ཆུབ་གསུམ་ལ་འགོད་པ་དེ་ཡིན། ངོ་བོ་ལ། སྐུ་གསུམ་ཡེ་ཤེས་དང་བཅས་པ་དེ། ཐེག་ཆེན་མི་སློབ་ལམ་གྱི་ཐ་སྙད་བྱ་རུང་དུ་མཚོན། ཐེག་ཆེན་གྱི་སྤངས་རྟོགས་མཐར་ཕྱིན་པའི་དགེ་བ་མཚོན་བྱེད་ཡིན། མཚན་གཞི་སངས་རྒྱས་ཀྱི་སའི་མི་སློབ་པའི་ཆོས་བཅུ། ཟག་མེད་ཀྱི་ཕུང་པོ་ལྔ། དམིགས་པ་མེད་པའི་ཕྱིན་དྲུག་གོ །དབྱེ་ན་རྟེན་སྐུ། བརྟེན་པ་ཡེ་ཤེས། མཛད་པ་འཕྲིན་ལས་དང་གསུམ་གྱིས་ཤེས་པར་བྱ་བ་རེད། དེའི་ནང་གི་རྟེན་སྐུ་ལ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་དང་གསུམ་ཡོད་པ་ལས། ཆོས་སྐུ་ནི། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་རང་བཞིན་དྲི་མ་མཐའ་དག་དང་བྲལ་བའི་ཡེ་ཤེས་རྟོགས་པ་མཐར་ཕྱིན་པ་ནམ་མཁའ་ལྟ་བུ་སྟེ། དབྱེ་ན་ངོ་བོ་ཉིད་སྐུ་དང་། རྟོགས་པ་ཡེ་ཤེས་ཆོས་སྐུ་གཉིས། ངོ་བོ་ཉིད་སྐུ་ནི། ཐུབ་པའི་ངོ་བོ་ཉིད་སྐུ་ནི། ཟག་པ་མེད་པའི་ཆོས་གང་དག །ཐོབ་གྱུར་རྣམ་ཀུན་རྣམ་དག་པ། །དེ་དག་རང་བཞིན་མཚན་ཉིད་ཅན། །ཞེས་གསུངས་ལྟར། དབྱིངས་དག་མཉམ་ཆེན་པོ་ནམ་མཁའ་བཞིན་དུ་ཤིན་ཏུ་རྣམ་པར་མི་རྟོག་པ་ཡིན་ཡང་། ནམ་མཁའ་ལྟར་གདངས་ཕྱེད་ཅིང་སྐུ་རྣམས་ཀྱི་ཆོས་ཉིད་བྱེད་པའི་ཆ་ནས་ངོ་བོ་ཉིད་སྐུ་ཞེས་བྱ། རྟོགས་པ་ཡེ་ཤེས་ཆོས་སྐུ་ནི། གློ་བུར་གྱི་སྒྲིབ་པ་སྤྲིན་དེངས་པ་བཞིན་དུ་སྤངས་ནས། སྤངས་རྟོགས་མཐར་ཕྱིན་པའི་རྒྱལ་བའི་ཡེ་ཤེས་དབྱིངས་རིག་མཐར་ཐུག་མངོན་དུ་གྱུར་པ། ཟག་མེད་སྡེ་ཚན་ཉེར་གཅིག་གི་བདག་ཉིད་དེ། བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། །རྣམ་པར་ཐར་དང་མཐར་གྱིས་ནི། །སྙོམས་འཇུག་དགུ་ཡི་བདག་ཉིད་དོ། །ཞེས་སོགས་གསུངས་པ་ལྟར་རོ། །ལོངས་སྐུ་ནི། འཁོར་བའི་ཆ་འདུས་བྱས་ཚོགས་བརྒྱད་ཀུན་གཞི་དང་བཅས་པ་དབྱིངས་སུ་ནུབ་པའི་སྟོབས་ཀྱིས་ཆ་ནས་བཞག་པའི་གཞིའི་གནས་ལུགས་ཀྱི་སྣང་ཆའི་ཡོན་ཏན་ཐམས་ཅད་རྫོགས་པའི་ངེས་པ་ལྔ་དང་ལྡན་པ་སྟེ། གནས་ངེས་པ་འོག་མིན་སྟུག་པོ་བཀོད་པར། འཁོར་ངེས་པ་ས་བཅུའི་སེམས་དཔའ་ལ། ཆོས་ངེས་པ་ཐེག་པ་ཆེན་པོ་འབའ་ཞིག སྟོན་པ་ངེས་པ་རིགས་ལྔའི་སངས་རྒྱས་ཀྱིས། དུས་ངེས་པ་རྟག་པ་རྒྱུན་གྱི་འཁོར་ལོར་བཞུགས་པ་སྟེ། རྒྱལ་ཚབ་མ་ཕམ་པས། མཚན་ནི་སུམ་ཅུ་རྩ་གཉིས་དང་། །དཔེ་བྱད་བརྒྱད་ཅུའི་བདག་ཉིད་འདི། །ཐེག་ཆེན་ཉེ་བར་ལོངས་སྤྱོད་ཕྱིར། །ཐུབ་པའི་ལོངས་སྤྱོད་རྫོགས་སྐུར་བཞེད། །ཅེས་གསུངས་པ་བཞིན་ནོ། །མཚན་དཔེའི་བདག་ཉིད་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་གཅིག་ཏུ་བཞུགས་ནས། ཐེག་པ་ཆེན་པོའི་ཆོས་ཀྱི་ལོངས་སྤྱོད་ལ་སྤྱད་པའི་ཕྱིར་ན་ལོངས་སྤྱོད་པའི་སྐུ་གསུངས། སྤྲུལ་སྐུ་ནི། ཆོས་སྐུའི་གདངས་ལོངས་སྐུའི་རྣམ་པར་རོལ་པ་ལས། ཆུ་སྣོད་ལས་ཟླ་གཟུགས་སྣང་བ་བཞིན་དུ། གདུལ་བྱ་ཡོད་ན་འདུལ་བྱེད་འགོག་པར་མེད་པ་སྲིད་པ་ཇི་སྲིད་བར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུ་སྣ་ཚོགས་སུ་སྣང་བའོ། །དེ་ལྟ་བུའི་རྟེན་སྐུ་གསུམ་ལ་བརྟེན་པ་ཡེ་ཤེས་ཀྱི་ཁྱད་པར་ནི། ཆོས་ཉིད་ཇི་ལྟ་བ་མཁྱེན་པ་དང་། ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་མངའ་བ་རེད། མཛད་པ་འཕྲིན་ལས་ནི། རྒྱུད་བླ་མ་ལས། གང་ཞིག་བརྒྱ་བྱིན་རྔ་དང་སྤྲིན་བཞིན་དང་། །ཚངས་ཉི་རིན་ཆེན་ཡིད་བཞིན་ནོར་རྒྱལ་བཞིན། །སྒྲ་བརྙན་ནམ་མཁའ་ས་གཞི་སྲིད་པའི་བར། །འབད་མེད་གཞན་དོན་བྱེད་དེ་རྣལ་འབྱོར་རིགས། །ཞེས་གསུངས་པ་ལྟར་དུ། གདུལ་བྱའི་ཡུལ་ལ་སྲིད་པ་ཇི་སྲིད་བར་དུ་ཆོས་སྐུའི་རང་བཞིན་ལས་མ་གཡོས་བཞིན་དུ་གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་རྒྱུན་མི་འཆད་པར་འགྲོ་བའི་མོས་པ་བཞིན་འབྱུང་བའོ། །འདི་འདྲར་བྱས་ནས་མདོ་སྔགས་གུང་བསྒྲིགས་ཏེ་བཤད་རྒྱུའི་ཚུལ་བྱས་ན། ལམ་ལྔ་པོ་དེས་ཆོས་ཉིད་མཉམ་པ་ཉིད་གནས་ལུགས་དོན་གྱི་འོད་གསལ་མཐོང་བའི་ངོས་རྐྱང་པ་ནས་བསམ་བློ་གཏོང་ན། ཚོགས་ལམ་ན་ཐོས་བསམ་གྱི་གོ་ཡུལ་ཙམ་གྱི་འོད་གསལ་དང་། སྦྱོར་ལམ་ན་དཔེའི་འོད་གསལ། མཐོང་ལམ་ན་དོན་གྱི་འོད་གསལ་ངོ་མ། སྒོམ་ལམ་ན་སློབ་པའི་འོད་གསལ། མི་སློབ་པ་ན་མཐར་ཐུག་གི་འོད་གསལ་འཇོག་ཚུལ་དེ་འདྲ་གསུངས་ཡོད་པ་རེད། སྤྱིར་ན་འཕགས་པའི་ས་བརྙེས་པ་ཞིག་ཡིན་ནས་བཟུང་སྟེ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལ་ཁྱད་པར་མེད་ཀྱང་། གསལ་སྣང་ཐོབ་ཚུལ་ལ་བརྟེན་ནས་རྗེས་ཐོབ་ཀྱི་ངེས་པ་སྐྱེ་ཚུལ་དང་། སྤངས་རྟོགས་ཡོན་ཏན་གྱིས་ཁྱད་པར་འཕགས་ཚུལ་གྱིས་ས་བཅུའི་ཁྱད་པར་གཏན་ལ་ཕབ་པ་རེད། འོན་ཀྱང་འཕགས་རྒྱུད་ཀྱི་ཡེ་ཤེས་དེ་སོ་སོ་རང་གིས་རིག་པར་བྱ་བ་མ་གཏོགས། ནམ་མཁའི་བྱ་རྗེས་བཟུང་མི་ནུས་པ་ལྟར་དུ་སོ་སོའི་སྐྱེ་བོའི་ཐོས་བསམ་གྱིས་ཇི་བཞིན་དུ་བཟུང་ནུས་པ་ཞིག་ཡིན་པ་མ་རེད། སྔགས་ཀྱི་སྐབས་སུ་སྐུ་གསུམ་གྱི་ལྡོག་ཆ་ནས་ད་དུང་ཀུན་ཏུ་འོད་དང་། པདྨ་ཅན་དང་། འཁོར་ལོ་ཚོགས་ཆེན་གྱི་ས་ལ་སོགས་པའི་སའི་དབྱེ་བ་ཡོད་པར་མ་ཟད། རྫོགས་ཆེན་གྱི་སྐབས་སོགས་སུ། མི་འགྱུར་རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་ཀྱི་སྐུ་བསྣན་ནས་ཆོས་ལོངས་སྤྲུལ་གསུམ་དང་བཅས་པ་སྐུ་ལྔའི་དབྱེ་བ་དང་། གཞི་ལམ་འབྲས་གསུམ་རིག་པ་ཀ་དག་གཅིག་ལས་འགྱུར་བ་མེད་པའི་ལྡོག་ཆ་ནས་བཤད་ཀྱིན་ཡོད་པ་རེད། འདིའི་སྐབས་ན་མདོ་སྔགས་ཀྱི་སངས་རྒྱས་ལ་ཁྱད་པར་ཡོད་མེད་ལ་སོགས་པ་དཔྱད་པར་བྱ་བ་མང་ཡང་། སྐབས་དོན་གཞུང་གི་བཤད་བྱ་མ་ཡིན་པས། སྤྲོས་པ་ཚིག་གི་ལོ་མས་བརྗོད་བྱ་དོན་གྱི་མེ་ཏོག་གི་མདོག་སྒྲིབ་པ་ནི་བཤད་ཚུལ་ཡང་དག་པར་མ་ཡིན་པ་དང་། བཤད་པ་ཤིན་ཏུ་མང་ན་ཉན་མཁན་གྱི་རྣ་བ་སུན་པའང་ཡིན། དེ་ལྟ་བུའི་བསྒྲུབ་བྱ་མཐར་ཐུག་དང་། དེ་ཇི་ལྟར་སྒྲུབ་པའི་ལམ་གྱི་རྣམ་བཞག་གསལ་འདེབས་རགས་རིམ་ཙམ་ཞིག་བྱེད་པ་དེས་དགོས་པ་ཅི་ཞིག་ཡོད་ན། ལམ་ལ་ཞུགས་པའི་གང་ཟག་སྤྲོ་བ་བསྐྱེད་པའི་ཆེད་དང་། ལེ་ལོ་སྤངས་ནས་རྣམ་ཡེངས་མེད་པར་བརྩོན་འགྲུས་ཀྱི་ལྕག་གིས་རང་གིས་རང་ཉིད་ལ་བརྩོན་དགོས་པའི་སྐུལ་མ་བྱེད་པའི་ཕྱོགས་འདྲ་བོ་སྟོན་པའི་ཚུལ་བྱས་ནས། གང་ཞིག་གསན་པར་བྱ་བ་ནི། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་ཆོས་སྡེའི་ནང་ཚན། ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་རྣམ་པ་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཉིད་འཆད་བཞིན་པའི་གཞུང་དོན་བདུན་ལས། དང་པོ་དྲུག་སོང་ནས་བདུན་པ་རེད། བདུན་པ་དེ་ལའང་གསུམ་ཡོད་པ་ལས། བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་གཉིས་བཤད་གྲུབ་ནས། ད་ནི་ཁྲིད་རྐང་ཐམས་ཅད་ཀྱི་རྗེས་མ་ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་འདི་རེད།

གསུམ་པ་ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ།

གསུམ་པ་ཆོས་ཉིད་རྣམ་པར་མི་རྟོག་པ་ལ་སེམས་སྦྱོང་བ་ནི། ཞེས་གསུངས་ལ། ཆོས་ཉིད་རྣམ་པར་མི་རྟོག་པ་ཞེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་འདུས་མ་བྱས་དེ་བཞིན་ཉིད་སྤྲོས་པའི་མཚན་མ་ཐམས་ཅད་དང་བྲལ་བ་ཡང་དག་པའི་མཐའ་རེད། དེ་ཉིད་ཀྱི་ངང་དེར་མཉམ་པར་བཞག་པའི་རྣམ་པར་མི་རྟོག་པ་ལ་གང་བསྒྲུབ་བྱར་གྱུར་པའི་སེམས་དེ་ཉིད་སྦྱོང་བ་བཤད་པའི་སྐབས་རེད། བསམ་གཏན་གྱི་ངོ་བོ་དེ་སེམས་ནང་དུ་རྩེ་གཅིག་ཏུ་སྡུད་པ། དྲན་པས་རྒྱུན་བསྐྱངས་ཏེ། བརྩོན་འགྲུས་ཀྱི་རྐྱེན་ལ་བརྟེན་ཏེ་བསྒྲུབ་དགོས་རྒྱུ་ཞིག་རེད། དེའི་ཐོག་མར་བསམ་གཏན་གྱི་གེགས་རྣམ་པར་གཡེང་བའི་རིགས་དང་འགལ་རྐྱེན་ཐམས་ཅད་སྤངས་ཏེ། ལུས་སེམས་ཁོང་གློད་ཅེས་ལུས་དང་སེམས་གཉིས་ཀ་བཅས་བཅོས་མེད་པར་རང་བབས་སུ་འཇོག་པས་ཁོང་གློད། མིག་མི་འགུལ་བས་བར་སྣང་གི་ཁམས་སུ་གཏད་མེད་དུ་བཞག མིག་མི་འགུལ་ཞེས་པ་གཏད་མེད་དུ་བཞག་པའི་དོན་རེད། ད་རུང་དེ་བཞིན་དུ་ཚོགས་དྲུག་གི་ཡུལ་ལ་འཇུག་ཤེས་དྲུག་གིས་འཛིན་པ་མ་ཞུགས་པའི་སྒོ་ནས་དྲན་བསམ་འཕྲོ་འདུའི་རྟོག་པ་ཐམས་ཅད་དང་བྲལ་བའི་ངང་ནས་རླུང་ཆེད་འཛིན་གྱི་འབད་རྩོལ་ལ་མ་ལྟོས་པར། ཡིན་ན་མིན་ན་དབུགས་དགང་དགོས་གསུངས་པ་མ་ཡིན་པར། དབུགས་འབྱུང་རྔུབ་མི་ཚོར་བ་ཞིག་གི་ངང་ནས་བར་རླུང་ལྟེ་བའི་ཐད་ཀྱི་དབུ་མའི་ནང་ཐད་ཀར་རྒྱངས་པ་ནི་མི་རྟོག་པ་འཆར་བའི་ཤིན་ཏུ་ཟབ་པའི་མན་ངག་ཡིན་ཏེ། དེ་ཡིན་པའི་རྒྱབ་རྟེན་ནམ་སྒྲུབ་བྱེད་ཀྱི་ལུང་ནི། ཞལ་གདམས་ནོར་བུའི་ཕྲེང་བ་ལས། འཚོ་རྒྱལ་ཉོན་ཅིག་ཅེས་གུ་རུ་རིན་པོ་ཆེས་མཁའ་འགྲོ་ཡེ་ཤེས་འཚོ་རྒྱལ་ལ་གདམས་ངག་ཟབ་པའི་མཐར་ཐུག་གི་གནད་ཕངས་མེད་དུ་སྟེར་བས། མིང་ནས་བོས་མཛད་དེ། མན་ངག་གདམས་པ་གབ་སྦས་མེད་པར་བསྟན་པ་རེད། ལུས་གནད་རྡོ་རྗེའི་སྐྱིལ་ཀྲུང་དང་ལྡན་པའི་སྒོ་ནས་འདུག་དགོས། འདིར་སྐྱིལ་བ་ཞེས་པ་འཁྱིལ་བའི་དོན་རེད་མཉམ་པར་བཞག་པའི་དོན་ལ་འཇུག་པའང་ཡོད། མདོར་ན་རྡོ་རྗེ་སྐྱིལ་ཀྲུང་བྱེད་དགོས། ལ་ལས་འདི་དཀྱིལ་འཁོར་གྱི་དཀྱིལ་བྲིས་འདུག་མོད་དེ་ཅུང་ཟད་ནོར་བ་རེད། འོག་རླུང་གི་ཐུར་སེལ་གྱི་སྦྱོར་བ་དེ་ཅུང་ཟད་གྱེན་དུ་རྔུབ། སྟེང་རླུང་གྱེན་རྒྱུ་དེ་ཅུང་ཟད་ཐུར་དུ་མནན་ལ། བར་རླུང་ལྟེ་བའི་ཐད་ཀར་རྒྱངས་ཏེ་འཇམ་རླུང་བུམ་པ་ཅན་དུ་བཟུང་བའི་བསོད་ནམས་སམ་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། དེའི་རྒྱུ་མཚན་ནི། འདི་རྣམ་པར་མི་རྟོག་པའི་ཡེ་ཤེས་དེ་ཉིད་མི་གཡོ་བར་རང་སར་གནས་པའི་རླུང་གི་སྦྱོར་བ་ཡིན་ཏེ། ལུས་བསྐྱེད་རིམ་གྱི་ལྷའི་སྐུ་བསྒོམ་པ་དང་། སེམས་འོད་གསལ་འཛིན་མེད་དུ་བསྒོམ་པའི་རྫོགས་རིམ་ལ་སོགས་པ་བསྐྱེད་རྫོགས་གང་གི་སྐབས་སུ་ཡང་གྲོགས་སུ་འགྲོ་བས། ཡེ་ཤེས་རང་གསལ་དུ་གནས་པའི་རླུང་སྦྱོར་འདི་ཉིད་བསྐྱེད་རྫོགས་གང་བསྒོམ་པའི་སྐབས་སུ་ཡང་གནད་ཆེ་བ་ཡིན། ཐབས་གྲོལ་གྱི་མན་ངག་ལས་ཐིག་ལེ་འཛིན་འདྲེན་དགྲམ་གསུམ་ཐམས་ཅད་ཀྱང་ངང་གིས་འགྲུབ་པའི་རླུང་སྦྱོར་ཡིན། འདི་ཐབས་གྲོལ་གྱི་ལམ་གཉིས་ལས་ཐབས་ལམ་གཙོ་བོར་བྱས་ནས་གསུངས་པ་རེད། འོག་སྒོ་ཁམས་གསུམ་རོལ་པའི་མན་ངག་སོགས་ལ་བརྟེན་ཏེ། རླུང་སེམས་དྷུ་ཏིའི་དབྱིངས་སུ་ཐིམ་པས། ཁམས་དང་རྩ་ཡི་འགྲོས་དག་ནས་འཁོར་ལོ་བཞིའི་རླུང་སེམས་ལས་སུ་རུང་བས་དབུ་མའི་རྩ་མདུད་གྲོལ་བ་ལས་བདེ་ཆེན་རྡོ་རྗེའི་སྐུ་འགྲུབ་པ་ནི་མཀྵི་ཀའི་སྦྱོར་བས་ལྕགས་ཁམས་གསེར་དུ་བསྒྱུར་བ་བཞིན་རེད། གཟུང་འཛིན་གྱི་རྟོག་ཚོགས་ཐམས་ཅད་ཀྱང་ངང་གིས་དག གཟུང་འཛིན་ཞེས་པའི་དོན། ཕྱི་སྣང་ཡུལ་གཟུང་བ་ཡུལ་དང་ནང་འཛིན་པའི་སེམས་ཟེར་བ་དེ་ཀུན་མཁྱེན་ཡབ་སྲས་ཀྱི་ལུགས་ལ་དེ་ལྟར་མིན་གསུངས་ཡོད་པ་རེད། དེ་ལྟར་ཡིན་ན་གཟུང་འཛིན་གྲོལ་བའི་འཕགས་པའི་ངོ་ལ་ཡུལ་འདི་དག་སྣང་དང་མི་སྣང་། སྣང་ན་གཟུང་འཛིན་ཅན་དུ་ཐལ་ཏེ། ཡུལ་སྣང་བ་གཟུང་བ་ཡུལ་དང་། དེ་ཤེས་པ་དེ་འཛིན་པར་ཁས་བླངས་པའི་ཕྱིར། མི་སྣང་ཟེར་ན། སྣང་བ་ཡིན་ཏེ་འཕགས་པའི་སྣང་བ་སྒྱུ་མ་ལྟ་བུ་སྣང་བར་བཤད་པའི་ཕྱིར་དང་། སངས་རྒྱས་ཀྱི་ཇི་སྙེད་མཁྱེན་པའི་ཡུལ་ལ་བྱིན་རླབས་འཇུག་པའི་སྣང་བའང་སྣང་མི་ཤེས་པ་ལ་སོགས་པའི་ཉེས་པ་མང་པོ་ཡོད་པའི་ཕྱིར་སོགས་དེ་འདྲའི་དགག་སྒྲུབ་མཛད་ཡོད། རང་ལུགས་ལ་ཀུན་མཁྱེན་འཇིགས་གླིང་གིས། མེད་བཞིན་སྣང་ལ་དེར་འཛིན་འཁྲུལ་པའི་སེམས། །ཐག་ཁྲ་མཐོང་ཚེ་སྦྲུལ་དུ་འཛིན་བྱེད་ཀྱི། །ཤེས་པ་དང་པོ་གཟུང་བའི་ཆོས་ཡིན་ལ། །རྗེས་ལ་རྟོག་དཔྱོད་ཞུགས་པ་འཛིན་པའོ། །ཞེས་གསུངས་པས། གཟུང་ཡུལ་ལས་སྐད་ཅིག་དང་པོ་སྐྱེས་པའི་རྟོག་པ་དེ་སེམས་ཉིད་གཟུང་བར་སྐྱེས་པ་ཡིན། དེའི་རྗེས་ལས་སྐྱེས་པའི་དཔྱོད་པ་སེམས་ལས་བྱུང་བ་ནི་འཛིན་པ་ཡིན་ལ། དེས་ན་གཟུང་བ་ནི་ཡུལ་དུ་འཛིན་པའི་སེམས་དང་། འཛིན་པ་ནི་དེ་ལ་དཔྱོད་པའི་སེམས་ལས་བྱུང་བ་ཡིན། སྣང་བ་དང་སྣང་ཡུལ་ཕྱེ་དགོས་གསུངས་པ་ལྟར་རེད། དེ་ལྟ་བུའི་གཟུང་འཛིན་གྱི་འཁྲུལ་པའི་རྟོག་ཚོགས་ཀྱང་ངང་གིས་སམ་རང་བཞིན་གྱིས་ཆོས་ཉིད་གཅིག་གི་ངང་དུ་མི་འདའ་བར་དག་ཅེས་པ་འདི་གྲོལ་ལམ་གཙོ་བོར་བྱས་ནས་གསུངས་པ་ཞིག་རེད་ཟེར་ན་ཆོག་གི། དེའང་ཤེས་རབ་ཅན་གྱིས་ཐོས་བསམ་གྱི་སྒོ་ནས་ལྟ་བ་ཁྱད་པར་ཅན་དག་མཉམ་ཆེན་པོའི་དོན་ཚུལ་བཞིན་དུ་ངེས་པར་སྔོན་དུ་བཏང་སྟེ། དེ་དང་མཐུན་པར་འཇུག་པའི་ལམ་གྱི་ཏིང་ངེ་འཛིན་རྩལ་སྦྱངས་ཏེ། ཐ་མལ་འཁྲུལ་པའི་རྣམ་རྟོག་རང་སར་གྲོལ་སོང་བ་དང་མཉམ་དུ་འཇུག་པའི་རླུང་ཁམས་ཀྱི་འཕོ་བ་ཡང་ཡེ་ཤེས་ཀྱི་དབྱིངས་སུ་གྲོལ་བའང་ཆོས་ཉིད་ཡིན། འདི་ལ་དཔེ་རིན་པོ་ཆེ་ཀོ་སྟུ་བྷ་དང་ལྷན་ཅིག་ཏུ་བཞག་པའི་རྡོའི་ཁམས་དེ་རིམ་གྱིས་གསེར་དུ་འགྱུར་བ་ལྟ་བུ་ཡིན་གསུངས་པ་རེད། ཐབས་གྲོལ་གྱི་ལམ་འདི་གཉིས་ལས་དབང་རྟུལ་རིམ་གྱིས་པ་ཐབས་ལམ་གྱིས་མྱུར་ཡང་། དབང་རྣོན་ཅིག་ཅར་བ་ལ་གྲོལ་ལམ་གྱིས་མྱུར་བ་ཡིན། ཡིན་ནའང་ཐབས་གྲོལ་གྱི་ལམ་འདི་གཉིས་ཐབས་ཤེས་ཀྱི་བྱེད་པ་གཙོ་ཆེ་ཆུང་གིས་བཞག་པ་རེད་མ་གཏོགས། གཅིག་ཤོས་ལ་གཅིག་ཤོས་མེད་པའི་ཐབས་ཤེས་ཡ་བྲལ་ཞིག་མ་རེད་ཟེར་རྒྱུའི་དེའི་གོ་དོན་རྙེད་དགོས། དེ་ལྟ་བུའི་གོ་དོན་རྙེད་པའི་ཐོག་ནས་གནས་ལུགས་ཀྱི་དོན་མཐོང་བ་ལ་བྱེད་པ་གཅིག་ཡིན་པར་ཤེས་དགོས། དེས་ན་བར་རླུང་བཟུང་བས་གཟུང་འཛིན་གྱི་རྟོག་ཚོགས་ཀྱང་ངང་གིས་དག་པ་ཡིན། འདི་ལྟར་སྒོམ་པའི་རྣལ་འབྱོར་པའི་ལམ་གྱི་ཉམས་ལེན་གྱི་སྐབས་སུ་རིག་པ་བྱིང་རྨུགས་རྒོད་གསུམ་གྱི་སྐྱོན་དང་བྲལ་ཞེས། བྱིང་རྨུགས་གཉིས་ལ་ཁྱད་པར་ཅི་ཡོད་ན། བྱིང་བ་དེ་སྒྲིབ་ལུང་མ་བསྟན་དང་ཕྱོགས་ཉེ་བ་ནང་གི་གཡེང་བ་དང་། རྨུགས་པ་དེ་གཏི་མུག་གི་ཆར་གཏོགས་པའི་སེམས་ལས་སུ་མི་རུང་བ་ཡིན་ཞེས་སློབ་དཔོན་ཐོགས་མེད་ཀྱིས་གསུངས་ཡོད། བྱིང་བས་དྭངས་ཆ་སྒྲིབ་པ་དང་། རྨུགས་པས་གསལ་ཆ་སྒྲིབ་པ་རེད། རྒོད་པ་ནི་ཉོན་མོངས་པ་འདོད་ཆགས་ཀྱི་ཆར་གཏོགས་རྣམ་རྟོག་ཡུལ་གྱི་རྗེས་སུ་འབྲངས་ནས་སེམས་མ་ཞི་བར་བྱེད་པ་དེ་རེད། རིག་པ་དེ་ལྟ་བུའི་བྱིང་རྨུགས་རྒོད་གསུམ་གྱི་ཏིང་ངེ་འཛིན་གྱི་སྐྱོན་དང་བྲལ་བ་ཡིན། ལུས་ཀྱི་གེགས་སེལ་ཡང་རང་ཤུགས་ཀྱིས་འགྱུར་བ་ཡིན་པས། མིག་འགྲིབ་པ་དང་རྣ་བ་འོན་པ་ལ་སོགས་པ་དབང་པོའི་སྐྱོན་རྣམས་མི་འབྱུང་ཞིང་། གལ་ཏེ་བྱུང་ཡང་སེལ་བ་ཡིན། བད་ཀན་དང་མཁྲིས་པའི་ནད་ཀྱིས་མི་ཚུགས། རླུང་ནད་ཀྱི་དབང་གིས་བྱུང་བའི་ཕོ་བ་སྦོས་འཁྲོག་ངང་གིས་སེལ། ཆམ་པ་དང་འགོས་པའི་ནད་དང་། རིམས་ཉིན་གཅིག་པ་དང་ཉིན་གཉིས་པ་སོགས་རིམས་ནད་ལ་སོགས་འགོ་བའི་ནད་བྱང་། ལུས་ལ་སྲིན་བུ་རྣམས་མི་འབྱུང་། །ཞེས་པ་ལྟར། ལུས་ལ་ཤིག་སྲོ་མི་འབྱུང་། ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཡིན་ཞེས། ཚེ་རིང་རྒས་དཀའ་བས་ཚེ་ཉི་ཟླ་དང་མཉམ་ཞེས་པའམ། ཡང་ན་རིག་འཛིན་རྣམ་པ་བཞིའི་ལམ་བགྲོད་དེ་ཁྱད་པར་དུ་ཚེ་ལ་དབང་བའི་རིག་འཛིན་ལ་མངའ་བརྙེས་པས། སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་ཚེ་ཉི་ཟླ་དང་མཉམ་པའི་རླུང་སྦྱོར་ཡིན་པས་ཞེས་གསུངས་པ་རེད། སྤྱིར་རླུང་འདི་རྔུབ་དགང་གཞིལ་འཕངས་ལ་སོགས་པ་རླུང་སྦྱོར་གྱི་གནད་ལ་མཁས་ཡོང་ན། རླུང་བྱེར་བའི་རྐྱེན་སེལ་ཐུབ་པས་མི་ཚད་རླུང་ཁུག་པ་ནང་དུ་གནས་པ་ཇེ་རིང་ལ་འགྲོ་བ་དང་། རླུང་དབུ་མའི་ནང་དུ་ཞུགས་པའི་རྟགས་སུ་བསྒོམ་པའི་སྐབས་སུ་རླུང་རྒྱུ་བ་སྙོམས་པ་དང་། གནས་པའི་རྟགས་སྣ་ནང་གི་རྒྱུ་བ་རགས་པ་འགག་པ་དང་། ཐིམ་པའི་རྟགས་སྣ་ནང་གི་རྒྱུ་བ་གཞན་དུ་འཕོས་ནས་སྣ་སྒོར་སྤུ་བཞག་ཀྱང་མི་འགུལ་བ་དེ་ཚོ་འབྱུང་རྒྱུ་ཡོད་པ་དང་། ཡང་འདི་ལ་རླུང་ལོག་པའི་སྐྱོན་ཡང་ཡོད་སྲིད་པ་རེད། རླུང་བྱིང་བ་དང་བྱེར་བ་ཟེར་རྒྱུ་དེ་འདྲའི་སྐབས་ན་རྒྱུ་བ་མི་ཚོར་བ་དེ་འདྲའང་ཡོང་སྲིད་པ་རེད། བྱིང་བ་ཡིན་ན་དམིགས་པ་མི་གསལ་བ་དང་། བྱེར་བ་ཡིན་ན་ཡོན་ཏན་མི་སྐྱེ་བའི་ཁྱད་པར་དེ་ཚོ་ཡོད་གསུངས་པ་རེད། ཁྱད་པར་དེ་རྣམས་ཤེས་པར་བྱས་ནས་རྣལ་འབྱོར་པ་རླུང་སྒོམ་པའི་སྐབས་སུ། ཁབ་མིག་ཏུ་སྐུད་པ་དྲངས་པ་ལྟར་དུ་དམིགས་པ་རྩེ་གཅིག་ཏུ་གཏོད་རྒྱུ་དུས་ནམ་ཡིན་ན་གལ་ཆེར་ཞེས་གསུངས་ཡོད། བསྐྱེད་རིམ་གྱི་སྐབས་སུ་རང་ལུས་ཡི་དམ་གྱི་ལྷར་གསལ་བ་དང་མཉམ་དུ། ལུས་ཀྱག་ཀྱོག་དང་། ཡ་ཡོ་མེད་པར་འདུག་སྟངས་ཚད་མཐུན་བྱས་ཏེ་རླུང་ལྟེ་བའི་འོག་ཏུ་འཚིར་ཏེ་རྒྱངས། མིག་བར་སྣང་ལ་ལྟ་སྟངས་ཧར་རེ་བཞག་སྟེ། བལྟ་ས་འདི་རེད་ཅེས་ཟེར་རྒྱུ་མེད་པའི་གཏད་མེད་དུ་བཞག་གོ །དེའི་སྐབས་ན་ཤེས་པ་ཀ་དག་གི་ངང་ལ་མཉམ་པར་འཇོག་པ་ནི་ཡེ་ཤེས་ཆེན་པོའི་རླུང་སྦྱོར་ཞེས་ཀྱང་བྱ། ཀ་དག་ཅེས་པའི་སྒྲ་བཤད་ནི། ཡི་གེ་ཀ་མད་སུམ་ཅུའི་ཐོག་མར་ཀ་ཡོད་པས་ཀ་ཁ་སུམ་ཅུའི་འགོའི་དེས་ཡི་གེ་སུམ་ཅུ་མཚོན་པ་དང་འདྲ་བ། ཡེ་ཐོག་མ་ནས་སམ་འགོ་ནས་དག་པས་ན་ཀ་དག་ཅེས་བྱ། ཀ་དག་འདི་རྫོགས་པ་ཆེན་པོའི་གཞི་ལྟ་བ་གཏན་ལ་འབེབ་པའི་སྒྲོམ་གཞི་འདྲར་རེད། མདོ་སྡེ་རྣམས་ལས། དེ་བཞིན་གཤེགས་པ་རྣམས་བྱུང་ཡང་རུང་མ་བྱུང་ཡང་རུང་ཆོས་ཐམས་ཅད་ཀྱི་ཆོས་ཉིད་ནི་ཡེ་ནས་གནས་པའོ། །ཞེས་གསུངས་པ་དང་ཕྱོགས་འདྲ་བོ་རེད། ཆོས་ཐམས་ཅད་ཀྱི་ཆོས་ཉིད་ཡེ་ནས་གནས་པས་གསར་དུ་དག་པར་འགྱུར་བར་མེད་པ་ཞིག་ཡིན་པས། དང་ནས་དག་པའམ་འགོ་ནས་དག་པ་དང་ཀ་དག་དོན་གཅིག་རེད། དེ་ཡིན་པས། ས་སྐྱ་པཎ་ཆེན་གྱིས། ཕ་རོལ་ཕྱིན་པའི་ལྟ་བ་ལས། །ལྷག་པའི་ལྟ་ཞིག་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་པ་ནི། ཆོས་ཉིད་ལྟ་བའི་ལྟ་བའམ་ལྟ་ཡུལ་གྱི་ངོས་ནས་མདོ་སྔགས་གཉིས་ཀ་ཁྱད་པར་མེད་ལུགས་དེ་འདྲ་ཡིན་པ་རེད། རྫོགས་ཆེན་གྱི་སྐབས་ན་ཆོས་ཅན་ལྟ་བའི་ལྟ་བ་དང་འབྲེལ་བས་སྣང་བ་ལྷ་སྒྲུབ་པ་ཙམ་ཞིག་གིས་མི་ཚད་པར། གཞི་ཀ་དག་དང་ལྷུན་གྲུབ་ཟེར་ནས་བཤད་ཡོང་དུས། ངོ་བོ་སྟོང་པ་དངོས་པོ་དང་མཚན་མ་ཅན་དུ་མ་གྲུབ་ཀྱང་། རང་བཞིན་ལྷུན་གྲུབ་སྟོང་གསལ་འགག་པ་མེད་པ། སྟོང་པའི་དོན་དམ་གྱི་ཆ་ནས་ཀ་དག་དང་། སྣང་བའི་ཀུན་རྫོབ་ཀྱི་ལྷུན་གྲུབ་ཟེར་ནས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ལ་ཟེར་རྒྱུ་ཨེ་རེད་དེ། ངོ་བོ་དང་གདངས་ཀྱི་འཆར་ཚུལ་གྱིས་ཀ་དག་ལྷུན་གྲུབ་ཟུང་འཇུག་གི་བདག་ཉིད་དེ་ལ་མིང་གཉིས་བཏགས་ཆོག འོན་ཀྱང་གཞི་གཅིག་རྫས་གཉིས་སུ་འཁྲུལ་རྒྱུའི་འགལ་བ་མི་འདུ་བ་དེ་འདྲ་ཞིག་རེད། འདི་འདྲར་བཤད་ན། གཞི་ཡེ་ཤེས་སུམ་ལྡན། ངོ་བོ་སྟོང་པ། རང་བཞིན་གསལ་བ། ཐུགས་རྗེ་འགག་མེད་དུ་རང་ཤུགས་ཀྱིས་གྲུབ་པ་རེད། ཀ་དག་འདི་དབྱིངས་ཀྱི་གྲོལ་སའི་ཀ་དག་དང་། རྣལ་འབྱོར་ལམ་དུས་ཀྱི་ཀ་དག་ཟེར་རྒྱུ་གཉིས་ཡོད། དེ་གཉིས་ཀྱང་རྫས་ཐ་དད་པ་སོ་སོ་བར་མ་རེད། གཅིག་དང་དུ་མ་ལས་འདས་དུས་གསུམ་མཉམ་པ་ཉིད། །རྒྱ་ཆད་ཕྱོགས་ལྷུང་མེད་པར་ཡེ་ཤེས་གསུམ་ལྡན་ཡིན་པར་མཉམ་པ་རེད། འོན་ཀྱང་དབྱིངས་ཀྱི་གྲོལ་སའི་ཀ་དག་དེ་རླུང་སེམས་ཆ་དང་བཅས་པའི་དྲི་མ་དག་སོང་བ། འཁོར་འདས་ཀ་ནས་དག་པ་ཞིག་དང་། རྣལ་འབྱོར་ལམ་དུས་ཀྱི་ཀ་དག་དེ་རླུང་སེམས་ཀྱི་དྲི་མ་དག་མེད་པ་དང་། རྐྱེན་དབང་དང་འགྲོགས་པ། སེམས་སེམས་བྱུང་གི་དྲི་མའི་ཆ་ཡིས་བསླད་དེ། ཀ་དག་གི་རང་ཞལ་མཚམས་རེར་མ་གཏོགས་མཐོང་བ་མ་རེད། འདི་ལ་གཞི་དང་གཞི་སྣང་གྲོལ་འཁྲུལ་གྱི་གཞི་ལ་སོགས་པ་མང་ཡང་རེ་ཞིག་མི་སྤྲོ། ཤེས་པ་ཀ་དག་གི་ངང་ལ་འཇོག་པ་ནི་ཡེ་ཤེས་ཆེན་པོའི་རླུང་སྦྱོར་ཞེས་ཀྱང་བྱ་ཞེས་གསུངས་ཏེ། སྔར་ད་ཞག་སྔོན་མའི་ཁྲིད་སྦྱོང་གི་སྐབས་ཀྱི་བདེ་བའི་རིག་པ་དང་། རླུང་གི་སྐབས་ཀྱི་ཁ་སོང་བཤད་མ་ཐག་པའི་གསལ་བའི་རིག་པ་དེ་གཉིས། བདེ་སྟོང་དང་གསལ་སྟོང་རིས་སུ་མ་ཆད་པར་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་དུ་བཞག་ནས་རང་བབས་སོར་བཞག་གི་ངང་དུ་ཅེར་གྱིས་བལྟས་ཏེ། དཔེས་མཚོན་མི་ཐུབ་ཅིང་། ཁས་བཤད་རྒྱུ་མེད་པ། བསམ་པའི་ཡུལ་ལས་འདས་པའི་དོན། དྭངས་ལ་མི་གཡོ་རྒྱ་མཚོ་ལྟ་བུ། གསལ་ལ་རྟོག་མེད་ཉི་ཟླ་ལྟ་བུ། རྒྱ་ཆད་དང་ཕྱོགས་ལྟུང་མེད་པར་ནམ་མཁའི་དཀྱིལ་འཁོར་ལྟ་བུ། སེམས་དང་སེམས་བྱུང་གི་སྤྲོས་པ་ཞི་བ་ཞིག་ལ་ཤེས་པ་ཀ་དག་གི་ངང་ལ་འཇོག་པའི་ཡེ་ཤེས་ཆེན་པོའི་རླུང་སྦྱོར་ཞེས་ཀྱང་བྱ་ཞེས་གསུངས། འདི་ལ་སེམས་དང་རིག་པ་དབྱེ་བའི་རླུང་སྦྱོར་ཞེས་ཀྱང་བྱ་ཞེས། རླུང་དེ་གཡོ་བའི་བདག་ཉིད་ཅན་རྣམ་རྟོག་གི་རྟ་ཡིན་པས། དབུགས་རྒོད་པའི་རྗེས་སུ་འབྲངས་ཏེ་རྣམ་རྟོག་འཁྲུགས་པ་བསམ་གཏན་གྱི་སྐྱོན་ཡིན། དེས་ན་དབུགས་འབྱུང་རྔུབ་ཀྱི་རྒྱུ་བ་མི་ཚོར་བ་ཞིག་གི་ངང་ནས་གསལ་དྭངས་ཕྱེད་ཅིང་རྙོག་པས་མ་བསླད་པར་བསྒོམ་དགོས། འདི་ལྟ་བུའི་རླུང་སྦྱོར་ནི་རྣམ་རྟོག་སེམས་ཀྱི་རྐྱེན་དུ་མི་འགྱུར་ཞིང་། རིག་པ་ཡེ་ཤེས་འཆར་བའི་འཇོག་ཐབས་ཡིན་པས་སེམས་དང་རིག་པ་དབྱེ་བའི་རླུང་སྦྱོར་ཡིན་གསུངས། སེམས་རིག་ཤན་འབྱེད་ཀྱི་སྐོར་ཞིབ་པར་རྫོགས་ཆེན་དངོས་གཞིའི་སྐབས་སུ་ཤེས་བར་བྱ་དགོས། འདི་དམིགས་བསལ་གྱི་མན་ངག་ནི། རླུང་སྦྱོར་འདིའི་དུས་སུ་ལྟེ་བའི་ཐད་ཀྱི་སྐེད་པ་ཅུང་ཟད་ཉེག་ཉེག་བྱས། ལྟེ་བ་ཐད་ཀར་རྒྱངས། དབུགས་རྔུབ་དགང་གཞིལ་བཏང་ལ་སོགས་པ་རླུང་གི་ལས་ཐམས་ཅད་ཀྱི་དུས་སུ་ཡང་ལྟེ་བ་ཕྱིར་རྒྱངས་བར་བྱའོ། །དབུགས་འབྱུང་རྔུབ་ཀྱི་སྐབས་སུ་ཡང་བུམ་ཅན་བཟུང་ཆོག་པར་འདིས་ཀྱང་གོ་བ་རེད། དུས་ནམ་གྱི་སྐབས་སུ་ཡང་རྩེ་གཅིག་ཏུ་རླུང་སྦྱོར་འདི་ལ་གནད་དུ་བསྣུན་པས་འབད་པར་བྱས་པས། སྟེང་འོག་གི་རླུང་ཡང་དབུ་མའི་ཡེ་ཤེས་ཀྱི་དབྱིངས་སུ་ངང་གིས་འདྲེན། ཡེ་ཤེས་ཆེན་པོའི་རླུང་སྦྱོར་འདི་ཡི་ཐོག་མཐའ་བར་གསུམ་གྱི་དུས་ཐམས་ཅད་དུ་ལྟེ་བ་ཐད་ཀར་རྒྱངས་པས། སྒོམ་པ་ཡེངས་མེད་ཀྱི་ཐོག་ནས་དྲན་པས་འཚོ་བའི་རྟེན་དུ་ཡང་ལྟེ་བ་ཐད་ཀར་རྒྱངས་པ་འདིས་བྱེད། ལུས་ཡི་དམ་གྱི་ལྷ་བསྒོམས་ཏེ་བསྐྱེད་རིམ་གསལ་བར་བྱེད་ན་ཡང་ལྟེ་བ་ཐད་ཀར་རྒྱངས་ཏེ་སྒོམ། ངག་ཡི་དམ་གྱི་ལྷ་ཡི་སྙིང་པོ་བཟླས་བརྗོད་བྱེད་པའི་སྐབས་ཀྱང་ལྟེ་བ་ཐད་ཀར་རྒྱངས་པའི་ངང་ནས་རླུང་སྔགས་ཡི་གེའི་གདངས་སུ་འདྲེན། སེམས་བསྐྱེད་རྗོགས་དབྱེར་མེད་པའི་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཟང་ཐལ་མཐའ་དབུས་དང་བྲལ་བ་བསྒོམས་ཀྱང་ལྟེ་བ་ཐད་ཀར་རྒྱངས་ནས་བསྒོམ། མཉམ་བཞག་དེ་ལས་ལྡང་བའི་འགྲོ་འཆག་ཉལ་འདུག་ལ་སོགས་སྤྱོད་ལམ་རྣམ་པ་བཞི་གང་གི་དུས་སུ་ཡང་། གསང་བ་ཡེ་ཤེས་ཆེན་པོའི་གནད་འདི་དང་མ་བྲལ་བར་ཉམས་ལེན་གནད་དུ་སྨིན་པར་བྱའོ། །ཞེས་གསུངས་པས་འདི་ལྟ་བུའི་བར་རླུང་བུམ་པ་ཅན་བཟུང་རྒྱུ་ནི། སྔོན་འགྲོ་སེམས་སྦྱོང་གི་སྐབས་ཙམ་དུ་ཡང་མ་ཟད་གསང་སྔགས་ཀྱི་ལམ་ནས་བྱང་ཆུབ་བསྒྲུབ་པའི་ལམ་གྱི་སྟེགས་ཐམས་ཅད་ཀྱི་མཐུན་རྐྱེན་ཕུན་སུམ་ཚོགས་པའི་གནད་ཆེན་པོར་ཡིན་པ་ཡང་རིག་ཅིང་ཤེས་པར་བྱའོ། །འདི་ལྟ་བུའི་ཏིང་ངེ་འཛིན་སྐྱོན་མེད་དུ་གོམས་སོང་ན་ཆུ་གཙང་མའི་ནང་དུ་གཟུགས་བརྙན་ཤར་བ་ལྟར་དུ་སེམས་རིག་པ་དྭངས་པའི་ཆ་དེ་ལས་མངོན་ཤེས་འཆར་རྒྱུ་དང་། རི་དང་ར་བ་ཁང་ཁྱིམ་སོགས་ཀྱིས་མི་སྒྲིབ་པར་གཟུགས་མཐོང་ཐུབ་པ་དང་། རྫུ་འཕྲུལ་གྱི་སྤྱན་སྒྲིབ་པ་མེད་པར་ཐོབ་པ་དང་། ཉིན་མཚན་ཁོར་ཡུག་ཏུ་ཏིང་ངེ་འཛིན་གཅིག་གི་ངང་ན་འདུག་ཐུབ་པ་དང་། ཚིག་དང་དོན་རྒྱ་ཆེན་པོ་མི་བརྗེད་པའི་གཟུངས་དང་། ཞི་གནས་དང་ལྷག་མཐོང་གི་ཡེ་ཤེས་འཆར་ནུས་པ་དེ་འདྲ་ཡིན། ད་ནི་ཁྲིད་རྐང་འདིའི་སྐབས་ཀྱི་དོན་བསྡུ་བ་ནི། དེ་ལྟར་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ་དང་། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ། ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་སྟེ་རྣམ་པར་མི་རྟོག་པ་གསུམ་གྱི་སྒོ་ནས་སེམས་སྦྱངས་པས། ཤེས་པ་གར་གཏད་དུ་ཟིན་ཅིང་། སྔར་ཡིན་ན་སེམས་ལས་སུ་མི་རུང་བར་ཡིན་པས། སེམས་རྣམ་རྟོག་འདི་རྟ་རྒོད་རིར་ཤོར་དང་འདྲ་འདྲར་ཡིན། ཁོ་རང་གི་དབང་དུ་མངག་ན་མ་གཏོགས་བཟུང་ནས་བདག་པོ་རྒྱག་མ་མྱོང་བ་དེ། ད་ཏིང་ངེ་འཛིན་བསྒོམ་པས་གོམས་པའི་མཐུ་དེ་ལ་བརྟེན་ནས་སེམས་བཏང་འགྲོ་བཞག་སྡོད་གང་བྱས་ཀྱང་ལམ་དུ་འགྲོ་བ། བསྐྱེད་རིམ་གྱི་ལྷ་སྐུ་བསྒོམ་རྒྱུ་དང་། རྫོགས་རིམ་མཚན་བཅས་མཚན་མེད་གང་བསྒོམས་ཀྱང་དེའི་ངང་ལ་འདུག་པ། ཁྱད་པར་དུ་མཚན་མ་མེད་པའི་རྫོགས་རིམ་རྟོག་མེད་ནམ་མཁའ་ལྟ་བུའི་ངང་དུ་ཡུན་ཇེ་རིང་དུ་གནས་ཐུབ་ཅིང་། བཏང་འགྲོ་བཞག་སྡོད་ལ་རང་དབང་ཐོབ་པ་དང་། བསམ་གཏན་གྱི་ཐུན་ལ་གོམས་པའི་དབང་གིས་ཡུན་ཇེ་རིང་དུ་གནས་པ་ནི། མི་རྟོག་པའི་སེམས་སྦྱོང་གསུམ་གྱི་ཁྲིད་རྐང་རང་རང་གི་བཞག་ཐབས་ལ་བརྟེན་པའི་སྒོ་ནས་གོམས་ཤིང་བྱང་བའི་ཚད་དོ། །དེ་ལྟ་བུའི་མན་ངག་ལ་བརྟེན་ནས་གོམས་པ་ཚད་དུ་ཕྱིན་ན་རྩ་རླུང་ལས་སུ་རུང་བས་ལུས་སེམས་ལ་དགའ་བདེ་སྐྱེས་པ་དང་། ཏིང་ངེ་འཛིན་དང་སྤྲུལ་བསྒྱུར་གྱི་ཡོན་ཏན་མང་པོ་ཞིག་ཐོབ་པས་མི་ཚད་པར། ས་ལམ་གྱི་ཡོན་ཏན་དཔག་ཏུ་མེད་པར་ཐོབ་པ་ཡིན། གནས་སྐབས་སུ་ཐུན་མོང་གི་གྲུབ་པ་བརྒྱད། མཁའ་སྤྱོད་རལ་གྲི་རིལ་བུ་དང་། །རྐང་མགྱོགས་བུམ་པ་གནོད་སྦྱིན་མཐོང་། །སོགས་ཐོབ་པ་དང་། མཐར་ཐུག་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་ས་ཐོབ་པར་ཡིན་ནོ། །ད་དེ་རིང་གི་ཆོས་མཚམས་དེ་གོམས་པའི་ཚད་དོ་ཞེས་པ་འདི་ན་འཇོག འདིའི་མཚམས་ན་དེ་རིང་འཕོ་ཁྲིད་འདོན་རྒྱུ་རེད། སྤྱིར་ངོ་མ་བྱས་ན་འཕོ་ཁྲིད་དེ་དགེ་འདུན་པ་རྐྱང་པས་གསན་རྒྱུ་འདྲ་ཞིག་བཤད་སྲོལ་ལྟར་བྱས་ན་ཡིན་ཡང་། འདིར་ཡོད་པའི་དགེ་བསྙེན་ཕོ་མོ་ཚང་མས་ཆོས་ལ་དོན་གཉེར་ཆེན་པོ་བྱས་པས་ན། བྱིན་རླབས་ཞུ་བའི་ཚུལ་དུ་མི་སྐྱ་ཕོ་མོ་ཚང་མས་མཉན་ཆོག་རྒྱུར་བྱེད། ཁྲིད་སྦྱོང་གི་སྐབས་ན་དགེ་འདུན་པས་གཞུང་གི་ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བའི་ཁྲིད་སྦྱོང་དང་སྦྲེལ་ནས་འཕོ་བ་སྦྱང་དགོས། མི་སྐྱ་ཕོ་མོ་ཁྱོད་ཚོས་འཕོ་བ་བྱིན་རླབས་ཀྱི་ཚུལ་དུ་ཐོབ་པ་རེད། ཁྲིད་སྦྱོང་མུ་མཐུད་ནས་བླ་མའི་རྣལ་འབྱོར་སྒོམ། སིདྡྷི་གསོག ཐུགས་ཡིད་དབྱེར་མེད་སྲེས། དགེ་འདུན་པའི་སྦྱང་རྒྱུ་དང་དོན་ལ་གཅིག་ཡིན། སྟབས་ད་རུང་དེས་བདེ། སྣང་སྲིད་བླ་མར་ཤར་བ་དེ་བསྐྱེད་རིམ་གྱི་སྙིང་པོ་དང་། ཐུགས་ཡིད་དབྱེར་མེད་འདྲེས་པ་དེ་རྫོགས་རིམ་གྱི་མདོ་ཆིངས་ཡིན་པས་ན། བསྐྱེད་རྫོགས་རིམ་གཉིས་ཀྱི་ཕན་ལ་ཆོས་ཟབ་མོ་ཞིག་ལ་འཇུག་ཡོང་ས་ཡོད་པ་མ་རེད། དེའི་ནང་གི་བླ་མ་དང་ཐུགས་ཡིད་དབྱེར་མེད་བསྲེས་པའི་མཉམ་བཞག་གི་རྫོགས་རིམ་དེའི་ཡན་ལ་འགྲོ་ས་ཞིག་མེད། དགེ་འདུན་པ་ལ་ཞུ་རྒྱུ་ནི། འཕོ་བ་མ་བསྒོམ་སངས་རྒྱས་འདི། དངོས་གཞི་ཁྲིད་ཀྱི་ཆ་ལག་ཅིག་རེད། ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་འདི་ཡང་ལས་དང་པོ་བ་དང་བསྟུན་ན་སེམས་འཛིན་ཞིག་རེད་དེ། འོན་ཀྱང་སེམས་ཀྱི་ཆོས་ཉིད་རིག་པའི་ཡེ་ཤེས་ཡིན་ལ། དེས་ན་དངོས་གཞི་རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་ཞིག་གིས་དངོས་གཞི་དབྱིངས་རིག་དབྱེར་མེད་ཁྲེགས་ཆོད་ནམ་མཁའ་སུམ་ཕྲུག་གི་དགོངས་པ་དང་འབྲེལ་ན་ཆོག་རྒྱུ་ཅན་པོ་ཡིན། འདིའི་ནང་ན་དགེ་འདུན་པ་མང་ཆེ་བས་འཕོ་ཁྲིད་ལན་མང་པོ་ཐོབ་མྱོང་ལ། སྦྱོང་བས་རྟགས་ཐོན་པའང་མང་པོ་ཡོད། གསར་པའང་མི་ཉུང་བ་ཞིག་ཡོད་པས་ན་དེ་རྣམ་པའི་བཞེད་སྐོང་དུ་ཡང་ཚར་གཅིག་འདོན་རྒྱུར་བྱེད། དང་པོ་ང་གཅིག་པུས་སྙིང་ཐིག་རང་གཞུང་གི་འཕོ་བ་དང་། རྫོགས་ཆེན་གདན་ས་ནས་བརྒྱུད་པའི་འཇག་ཟུག་མ། གནམ་ཆོས་ཀྱི་འཕོ་བ་དང་གསུམ་པོ་མར་ཚར་གཅིག་བཏོན་ནས་དེས་ལུང་ཐོབ་རྒྱུ་བྱེད། དེ་དང་མཉམ་དུ་རྣམ་པ་ཐམས་ཅད་ཀྱིས་དམིགས་པ་དང་བཞུགས་སྟངས་མཛད་དགོས། དེའི་འཕྲོར་དེ་དང་སྦྲེལ་ནས་དམིགས་རིམ་རེ་བཤད་ནས་དེས་ཁྲིད་ཐོབ་རྒྱུའི་ཚུལ་བྱེད། དེ་ནས་མཉམ་དུ་ཚར་གཅིག་སྦྱང་རྒྱུ་སྒར་འདིའི་ཕྱག་སྲོལ་རེད། སྤྱིར་འཕོ་བ་ལ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ། འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ། ཐ་མལ་པ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ། གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་དང་རིགས་ལྔར་གསུངས་རྒྱུ་ཡོད། དེའི་ནང་ཆོས་ལོངས་སྤྲུལ་སྐུའི་འཕོ་བ་གསུམ་དང་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་རྣམས་རྣལ་འབྱོར་པ་རབ་འབྲིང་ཐ་གསུམ་གྱི་རང་རང་གི་བློ་ཚོད་དང་བསྟུན་པའི་རང་དོན་ལམ་གྱི་སྦྱོང་བ་དང་། སྦྱངས་ནས་ལས་ལ་སྦྱར་ཚུལ་གྱི་འཕོ་བ་ཡིན། འཕོ་བ་རིགས་ལྔ་ལས་ཕྱི་མ་གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་དེ་གཞན་སྡིག་པོ་ཆེ་སྙིང་རྗེས་རྗེས་སུ་བཟུང་ནས། བཙན་ཐབས་སུ་འདྲེན་པར་བྱེད་པས་ན་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཐུགས་རྗེ་ལྕགས་ཀྱུ་ཞེས་གསུངས་པ་རེད། འདི་ཐམས་ཅད་འཕོ་བ་མ་བསྒོམ་སངས་རྒྱས་ཀྱི་མྱུར་ལམ་གསང་སྔགས་རྫོགས་པ་ཆེན་པོའི་མ་བསྒོམ་སངས་རྒྱས་ཆོས་ལྔའི་ཡ་གྱལ་ཞིག་རེད། དེའི་ནང་ནས་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་གསུང་རྒྱུ་འདི། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་པ་ཡང་རབ་ཚེ་འདི་ལ་ལྟ་བ་རྟོགས། གྲུབ་མཐའ་སྙོགས། བསྒོམ་པ་ཉིན་མཚན་ཁ་སྦྱོར་ལ་གྱུར་པས་མཉམ་རྗེས་དབྱེར་མེད་ཡིན་ཞེས་ཟེར་ཆོག་རྒྱུ་ཅན་པོ། ཕྱག་ཆེན་ལྟར་ན་རོ་གཅིག་རྟོགས། རྫོགས་ཆེན་ལྟར་ན་རང་སྣང་རིས་མེད་ཀྱི་རྩལ་རྫོགས་ཟེར་རྒྱུའི་རྟོགས་པ་མཆོག་ལྡན་གྱི་གང་ཟག ཆོས་རྫོགས་ཆེན་དང་། ས་རྫོགས་ཆེན་ཡིན་པས་མི་ཚད་པར། མི་དང་ཀུན་རྫོགས་པ་ཆེན་པོར་རེད་སོང་བ་ཚོས། དབྱིངས་དང་རིག་པའི་གནད་ལ་བསྟུན་ནས་ཆོས་སྐུ་དགོངས་པའི་ཀློང་ཆེན་པོ་ལ་ཚེ་འདིར་གྲོལ་བ་ཐོབ་པའི་འཕོ་བ་ཡིན། དེ་ལ་རབ་ཆོས་སྐུ་ལྟ་བ་རྒྱས་འདེབས་ཀྱི་འཕོ་བ་ཟེར་ཆོག་པ་རེད། རྫོགས་ཆེན་དངོས་གཞིའི་ཁྲིད་ཀྱི་ཆོས་སྐད་ལྟར་ན་སྐུ་དང་ཡེ་ཤེས་ལ་འཇུག་པ་ཟེར། འོད་གསལ་སྦུབས་འཇུག་ཟེར་ན་ཆོག་པ་རེད། མདོར་ན་དབྱིངས་དང་རིག་པ་བསྲེ་བའི་གདམས་པ་དེ་ཡིན། དེ་ལྟ་བུའི་གང་ཟག་རབ་ཚེ་འདི་ལ་ལྟ་བ་རྟོགས་གྲུབ་མཐའ་སྙོགས་པ་རྣམས་ལྷག་པར་འཕོ་བའི་ཆོ་ག་ལ་བརྟེན་མི་དགོས་སོ། །འབྲིང་ལོངས་སྐུ་བསྐྱེད་རྫོགས་ཟུང་འཇུག་གི་འཕོ་བ་ནི། ཚེ་འདི་ལ་བསྐྱེད་རྫོགས་དབྱེར་མེད་ཀྱི་རྣལ་འབྱོར་ལ་གོམས་འདྲིས་བྱེད་པ་རྣམས་དང་། ལྷུན་གྲུབ་ཐོད་རྒལ་གྱི་སྣང་ཆ་སྐུ་དང་ཞིང་ཁམས་སུ་ཤར་བ་རྣམས་ཀྱིས། ད་ལྟ་བསྒོམ་པའི་འོད་གསལ་སྐྱེལ་མ་འདྲ་བ་དེ་དང་བར་དོའི་འོད་གསལ་བསུ་མ་འདྲ་བ་གཉིས་ཐོད་ཐུག་སོང་དུས། བསྐྱེད་རྫོགས་ཀྱི་ཉམས་ལེན་ཚད་དུ་ཕྱིན་པ་རྣམས་ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་བ་དང་། དབྱིངས་ཐིག་རིག་གསུམ་གྱི་སྣང་བ་ཚད་དུ་ཕྱིན་པ་ཚོས་ཟུང་འཇུག་ཡེ་ཤེས་ཀྱི་ལྷ་སྐུར་འཕོ་བ། ཆོས་ཉིད་བར་དོ་ལ་རང་ངོར་ཤེས། ཤེས་ཐོག་ཏུ་གྲོལ་ཡོང་བ་དེ་འདྲ་ཡིན། ཟུང་འཇུག་སྒྱུ་མའི་ལྷ་སྐུར་ལྡང་ཟེར་བ་ན་འདི་ལ་ཁྱད་པར་དང་དབྱེ་བ་ཡོད། ཆོས་ཉིད་དག་པའི་བར་དོ་དང་། །ཡི་དམ་ལྷ་ཡི་སྒྱུ་ལུས་གཉིས། །འདྲ་དང་འདྲའོ་ནོར་ར་རེ། །རྩོལ་མེད་རིག་སྐུ་ཡུལ་སྣང་དང་། །མཚན་མ་སྒོམ་པའི་གཟུགས་བརྙན་གཉིས། །འདྲ་དང་འདྲའོ་ནོར་ར་རེ། །ཞེས་གསུངས་པའི་ནོར་ས་ཡོད་པ་རེད། གནའ་འགའ་ཞིག་གིས་རིམ་ལྔའི་སྒྱུ་ལུས་སྒྲུབ་ཚུལ་ཤེས་ན་རྙིང་མ་བའི་འཇའ་ལུས་ནི་བྱེ་མའི་ཁང་བུ་ལྟར་ཞིག་འགྲོ་ཟེར་མྱོང་བ་རེད། དེ་དང་མགོ་མཚུངས་སུ་བཤད་ན། རྫོགས་ཆེན་གྱི་ཁྲེགས་ཆོད་ཐོད་རྒལ་ལ་རྒྱུས་ངོ་མ་ཡོད་ན། ཁྲེགས་ཆོད་ཀྱིས་མ་དག་པའི་རླུང་སེམས་རང་འགགས་སུ་སོང་ནས་ལུས་རྡུལ་ཕྲན་དུ་དེངས་པ་དང་། ཐོད་རྒལ་གྱིས་སྣང་བཞི་མཐར་ཕྱིན་ནས་གདོས་བཅས་ཀྱི་རགས་ལུས་འོད་དུ་ཡལ་བ་དེ་དག་དང་། རིམ་ལྔའི་ནང་གི་ཕྲ་བའི་རླུང་སེམས་ལས་གྲུབ་པའི་སྒྱུ་ལུས་རྣམས་དང་བསྡུར་ན། ཕྲ་རགས་དང་དག་མ་དག་གི་ཐོག་ནས་གནམ་ས་ལྟ་བུའི་ཁྱད་པར་ཡོད་པར་ཤེས་ཡོང་། སྟོང་གཟུགས་དང་སྟོང་གཟུགས་མི་འདྲ་ཞིང་། སྒྱུ་མའི་སྐུར་ལྡང་ཚུལ་ཡང་མི་འདྲ་ལ། རླུང་གདངས་དང་རིག་གདངས་ཐ་དད་པ་ཡིན། རྗས་དང་སྔགས་ཏིང་འཛིན་གྱིས་ལྷ་ལ་དམིགས་པའི་རགས་ལུས་དྭངས་མ་འབྱུང་རྒྱུ་དང་། སྔགས་ཕྱི་རྒྱུད་ཀྱི་སྐབས་སུ་སྔགས་གྲུབ་པའི་མཐུས་འདོད་གཟུགས་ཀྱི་ལྷ་དང་སྐལ་བ་མཉམ་པའི་མཁའ་སྤྱོད་ཀྱི་རིག་འཛིན་འགྲུབ་རྒྱུ་ཡོད་པ་རེད། མཚན་བཅས་ཀྱི་ཐབས་ཀྱི་རྫོགས་རིམ་ཐམས་ཅད་ཀྱི་མཆོག་མཚན་མེད་རྫོགས་རིམ་རྫོགས་ཆེན་ཨ་ཏིའི་གསང་ལམ་ནས་ཆོས་ཉིད་གཉུག་མའི་དོན་དང་། རང་བཞིན་འོད་གསལ་གྱི་སྣང་བ་དངོས་ལམ་དུ་བྱས་ནས་གོམས་པ་ཞིག་ལ་རགས་ལུས་སྦྱོང་ནུས་མི་ནུས་ཅི་ཞིག་བཤད་ཀྱིན་འདུག ལུས་རྡུལ་ཕྲན་དུ་དེངས་པ་དང་། འཕོ་ཆེན་གྱི་སྐུར་བཞེངས་རྒྱུ་ཚོའི་ཐད་ནས་བཤད་རིན་མེད་པ་ཞིག་ཡིན་ནི་རེད། དེ་རྣམས་རང་གར་འཕྲོས་དོན་བཤད་པ་རེད། ཐ་མ་སྤྲུལ་སྐུ་ཚད་མེད་ཐུགས་རྗེའི་འཕོ་བ་ནི། རྟེན་འདི་ལ་བསྐྱེད་རྫོགས་ཀྱི་ལམ་ལ་མོས་པ་རེ་ཐོབ། དབང་གོང་མའང་ཐོབ་ལ་དམ་ཚིག་མ་ཉམས། གྲོལ་བྱེད་ཀྱི་གདམས་པ་རེའང་ཐོབ་ཀྱང་ཉམས་ལེན་གྱི་མཐར་མ་ཕྱིན་པ་རྣམས་ཚེ་འདི་དང་བར་དོ་དང་པོར་གྲོལ་མ་ཐུབ་རུང་། སྐྱེ་བ་སྤྲུལ་སྐུའི་རྣལ་འབྱོར་ལམ་དུ་བྱེད་པས་སྲིད་པ་བར་དོའི་གནས་སྐབས་ན་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་ལ་འཕོ་རྒྱུ་དེ་འདྲ་ཡིན་ཡང་། དེ་གསུམ་པོར་གྲོལ་བ་ཐོབ་པའི་ནུས་པ་དང་གདེང་ཚོད་གལ་ཏེ་མེད་ན། ལམ་སྦྱོང་བ་དམན་ན་འཕོ་བས་བསུ། །ཞེས་ལམ་གྱི་སྦྱོང་བ་དམན་པ་ཚོས་དང་པོ་འཆི་ལྟས་བརྟགས་ནས་ཤི་ངེས་པར་རེད་བསམ་དུས། ཐིམ་རིམ་མ་ཡོང་གོང་ཙམ་ན་ཐ་མལ་བ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ལ་བརྟེན་དགོས་པ་རེད། ཐ་མལ་བ་འདུ་ཤེས་གསུམ་ལྡན་གྱི་འཕོ་བ་ཞེས་པ་ནི། རྩ་དབུ་མ་ལ་ལམ་གྱི་འདུ་ཤེས། སེམས་རྣམ་ཤེས་ཀྱི་ཐིག་ལེ་ལ་འགྲོན་པོའི་འདུ་ཤེས། གནས་བདེ་ཆེན་དག་པའི་ཞིང་ཁམས་ལ་འགྲོ་སའི་འདུ་ཤེས་བཞག་ནས་འཕོ་བ་ཡིན། འོད་ཀྱི་གོང་བུ་དང་སྒྲ་ཡིས་འཕོ་བ་ལ་བརྟེན་ནས་རྣམ་ཤེས་དག་ཞིང་ལ་འཕོ་རྒྱུ་ཅན་པོ་དེ་རེད། ད་ལྟ་སྦྱང་བའི་སྐབས་ན་ཆོ་ག་གཅིག་ལ་བརྟེན་ཀྱང་། རྣལ་འབྱོར་པའི་བློ་ཁྱད་ཀྱིས་འཕོ་བ་རབ་འབྲིང་ཐ་གསུམ་གང་འགྱུར་ན་ཡང་ཆོག་པ་རེད། དཔལ་ན་རོ་པས་རྗེ་མར་པ་ལོ་ཙཱ་ལ། སྒོ་དགུ་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་སྒོ། །སྒོ་དགུ་བཅད་ནས་སྒོ་གཅིག་ཕྱེ། །ཐར་པའི་ལམ་ལ་ཐེ་མི་ཚོམ། །སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིག་གིས་རྒྱུད་ཀྱི་སྒྲ་བསྐུལ་ཏེ། །རྣམ་ཤེས་ཚངས་པའི་ལམ་ནས་འཕེན། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཞེས་གསུངས་པ་བཞིན་རེད། གཤིན་པོ་རྗེས་འཛིན་ཐུགས་རྗེ་ལྕགས་ཀྱུའི་འཕོ་བ་ནི། གོང་གི་རིམ་པ་ལ་དམིགས་པ་བྱང་། རྟོགས་པ་མཆོག་ལྡན་རིག་པའི་བཙན་སར་ཟིན་པ་ཞིག་གིས་སྣང་སེམས་ལས་སུ་རུང་བའི་མཐུ་དང་། ཆོས་ཉིད་ནང་འཕྲད་པའི་སྟོབས་ཀྱིས། སྡིག་ཆེན་ཡིན་ཡང་མཐོ་རིས་དང་ཐར་པའི་ལམ་ལ་འདྲེན་པ་ནི། གསང་སྔགས་དང་རྫོགས་ཆེན་གྱི་ཁྱད་ཆོས་ཡིན་པར་གོང་དུ་ཞུས་མྱོང་། ཁྱེད་རང་ཚོར་ཁྲིད་རྒྱུན་ཐོབ་སོང་བས། ད་རང་རེས་ལག་ཁྲིད་ཀྱི་ཚུལ་དུ་བྱས་ནས་མཉམ་པོར་ཚར་གཅིག་སྦྱོང་ན། འདིའི་འདུག་སྟངས་རྣམ་སྣང་ཆོས་བདུན་སྔོན་མ་ལྟར་བཅའ་དགོས། འདི་ལ་དམིགས་བསལ་ནི། ལག་པ་གཉིས་ཀྱི་མཐེ་བོང་གིས་སྲིན་མཛུབ་གཉིས་ཀྱི་རྩའི་རྩ་བར་མནན་ནས་ཁུར་ཚུར་བཅངས་། ཁུར་ཚུར་གཉིས་ཀྱིས་གཡས་གཡོན་གྱི་བརླའི་རྩ་གཉིས་མནན་དགོས། སྦྱང་བ་དང་དངོས་སུ་ལས་ལ་སྦྱར་བའི་འཆི་ཁར་འཕེན་རན་པའི་དམིགས་རིམ་གསལ་འདེབས་ཀྱི་སྐབས་སུ་དེ་འདྲ་འདུག་དགོས། སྦྱང་བ་དང་ལས་ལ་སྦྱར་བ་གང་གི་སྐབས་སུའང་ཐོག་མར་མོས་གུས་དྲག་པོས་བླ་མ་ལ་གསོལ་བ་འདེབས་དགོས། དངོས་གཞིའི་སྐབས་སུ། ཨེ་མ་ཧོ་རང་སྣང་ལྷུན་གྲུབ་དག་པ་རབ་འབྱམས་ཞིང་། །བཀོད་པ་རབ་རྫོགས་ཟངས་མདོག་དཔལ་རིའི་ཞིང་། །ཞེས་པ་བཀོད་པ་རབ་རྫོགས་བདེ་ལྡན་ཞིང་གི་དབུས། །ཞེས་ཞལ་བསྒྱུར་ནས། རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །ཞལ་གཅིག་ཕྱག་གཉིས་དམར་གསལ་གྲི་ཐོད་འཛིན། །ཞབས་གཉིས་འདོར་སྟབས་སྤྱན་གསུམ་ནམ་མཁར་གཟིགས། །ཞེས་པས་ཕྱི་ལུས་ཀྱི་སྟོང་ར་བསྟན་པ་དང་། དེ་ཡི་ཁོང་དབུས་རྩ་དབུ་མ། །སྦོམ་ཕྲ་མདའ་སྙུག་ཙམ་པ་ལ། །སྟོང་སངས་འོད་ཀྱི་སྦུ་གུ་ཅན། །ཡར་སྣེ་ཚངས་བུག་གནས་སུ་ཧར། །མར་སྣེ་ལྟེ་འོག་ཟུམ་པ་ཡི། །ཞེས་པས་ནང་རྩའི་སྟོང་ར་བསྟན། སྙིང་ཁར་ཚིགས་ཀྱིས་བཅད་པའི་སྟེང་། །རླུང་གི་ཐིག་ལེ་ལྗང་སྐྱའི་དབུས། །རིག་པ་ཧྲཱིཿཡིག་དམར་པོར་གསལ། །ཞེས་པས་རིག་པ་སེམས་ཀྱི་རྟེན་གཞི་བསྟན་པ་རེད། སྤྱི་བོར་ཁྲུ་གང་ཙམ་གྱི་སྟེང་། །སངས་རྒྱས་སྣང་བ་མཐའ་ཡས་ནི། །མཚན་དཔེ་རྫོགས་པའི་ཕུང་པོར་གསལ། །ཞེས་པས་སྐྱབས་ཡུལ་འདྲེན་པའི་དེད་དཔོན་དུ་གསལ་བཏབ་པ་རེད། །སངས་རྒྱས་འོད་དཔག་མེད་གསལ་བ་དེའང་རྣམ་པ་མགོན་པོ་འོད་དཔག་མེད་ཡིན་པ་ལ། ངོ་བོ་རང་ཉིད་ཀྱི་བཀའ་དྲིན་སུམ་ལྡན་གྱི་རྩ་བའི་བླ་མ་དང་། ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་དང་ཐུགས་ཡེ་ཤེས་ཆེན་པོ་གཉིས་སུ་མེད་པ་ཞིག་གསལ་དགོས། དེའི་མཚམས་སུ་དེ་ལྟ་བུའི་སྐྱབས་གནས་འདྲེན་པའི་དེད་དཔོན་དམ་པ་མགོན་པོ་འོད་དཔག་མེད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་པདྨའི་རིགས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་གཙོ་བོར་བཞུགས་པ་དེ་ཉིད་ལ་ཕྱག་འཚལ་བ་དང་མཆོད་ཅིང་སྐྱབས་སུ་འགྲོ་བའི་ཚིག་ནི། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སོགས་ལན་གྲངས་དུ་མ་ཞིག་བསག སྦྱང་བའི་སྐབས་སུ་ཚར་ཉེར་གཅིག་ཡན་ཆད་གསོག་དར་ནི་རེད། ཅི་ཙམ་མང་ན་དེ་ཙམ་བཟང་། དེ་ལྟར་བསགས་ནས་མོས་གུས་གདུང་ཤུགས་ཀྱིས་མཆི་མ་འཁྲུགས་པའི་དད་མོས་དང་བཅས་ཏེ། ཀློང་ཆེན་སྙིང་ཐིག་གཞུང་གི་འཕོ་བ། ཨེ་མ་ཧོ། གནས་རང་སྣང་སོགས་དལ་ཞིང་སྙན་པའི་དབྱངས་ཀྱིས་དམིགས་པ་དང་སྦྲགས་ནས་འདོན། འདི་སྙིང་ཐིག་གི་འཕོ་ཁྲིད་ཡིན་པའི་དབང་གིས་སྙིང་ཐིག་འཕོ་བ་གཙོ་བོར་བྱས་ཏེ་སྔོན་དུ་བཏོན། དེ་ནས་རྗོགས་ཆེན་གྱི་གདན་ས་འདི་ནས་བརྒྱུད་པའི་འཕོ་བ་འཇག་འཛུགས་མ་དང་། གནམ་ཆོས་ཀྱི་འཕོ་བ་རྣམས་འདོན་རྒྱུ་ནི་ཆོས་བརྒྱུད་འདིའི་ཕྱག་བཞེས་རེད། དུས་རྒྱུན་ཁྱེད་རྣམ་པས་རྫོགས་ཆེན་སྤྱིའི་གདན་སའི་ཆོས་བརྒྱུད་ལྟར་དུ་འཇག་ཟུག་མ་གཙོ་བོར་བྱས་ནས་སྔོན་དུ་གསུངས་ནའང་འདྲ་འདྲ་ཡིན། འཕོ་བའི་ཞལ་འདོན་གསུང་དུས་དམིགས་པ་གསལ་བཏབ་ཅིང་། ཁྱད་པར་དུ་མགོན་པོ་འོད་དཔག་མེད་ལ་མོས་གུས་དྲག་པོས་གསོལ་བ་བཏབ་པའི་མཐར། དམིགས་པ་གསལ་འདེབས་པའི་ཆེད་དུ་སྐན་གྱི་ཕུགས་ནས་ཧྲཱིཿལྔ་ཚར་བརྗོད་དགོས། ཚོགས་པ་མང་པོ་མཉམ་དུ་འདོན་དུས་འགྲིག་པའི་ཆེད་དུ་གཅིག་གིས་སྒྲ་གོ་རྒྱུ་ཅན་ཞིག་བྱས་ནས་འདོན་པ་རེད་མ་གཏོགས། སྒྲ་གདངས་ལྷག་པར་ཐོན་དགོས་པ་ཞིག་མ་རེད། ཧྲཱིཿརེ་རེའི་སྐབས་ན་རིག་པ་ཧྲཱིཿ ཡིག་གི་རྣམ་པ་ཅན་དེ་རླུང་གི་ཐིག་ལེ་ལྗང་སྐྱ་དེས་བཏེགས་ནས་ཇེ་མཐོར་སོང་སྟེ། ཧྲཱིཿལྔ་པའི་ཚེ་ན་སྤྱི་བོ་ཚངས་པའི་བུ་ག་རྩ་དབུ་མ་རྒྱ་མཐོངས་ཁ་ཕྱེ་བ་ལྟ་བུ་དེར་ཐོན་ནས། འཕོ་བར་བྱེད་པའི་སྒྲ་ཧིཀ་གཅིག་གིས་སྤྱི་བོའི་བླ་མའི་ཐུགས་ཀར་འཕངས་ཏེ་བླ་མ་འོད་དཔག་མེད་པའི་ཐུགས་དང་རང་སེམས་རིག་པའི་ངོ་བོ་གཉིས་དབྱེར་མེད་རོ་གཅིག་ཏུ་འདྲེས་པའི་མོས་པ་དང་བཅས་ཏེ་རྟགས་མ་བྱུང་གི་བར་དུ་སྦྱང་དགོས། རྟགས་ནི་མགོ་ན་བ་དང་། ཚངས་བུག་ནས་ཆུ་སེར་ཡོང་བ། ཚངས་བུག་རལ་ནས་རྩྭ་འཛུགས་ཆོག་པ་སོགས་དེ་འདྲ་རེད་འདུག་ཡིན་ན། འདིའི་སྐབས་ན་རང་ཉིད་ཀྱི་རླུང་སེམས་རིག་པ་གསུམ་པོ་གཅིག་ཏུ་འདུས་ནས་ཧྲཱིཿཡིག་དམར་སེར་ལ་སེམས་གཏད་རྒྱུ་མ་གཏོགས། དམིགས་པ་གཏད་མཁན་གཞན་དང་ཧྲཱིཿཡིག་གི་རྣམ་པ་འཕོ་རྒྱུ་ཐ་དད་པར་ཡོད་པའི་བསམ་བློ་གཏོང་མི་ཉན། འཕོ་ཁྲིད་ཐོབ་ཅིང་སྦྱངས་ཏེ་རྟགས་ཐོན་ནའང་རྒྱུན་དུ་མ་ཆག་པར་ཉམས་ལེན་བྱེད་ན་བཟང་། ཐུན་གྱི་མཇུག་ཏུ་ཐོན་དུས། རླུང་སེམས་རིག་གསུམ་མགོན་པོ་འོད་དཔག་མེད་པའི་ཐུགས་དང་རོ་གཅིག་ཏུ་འདྲེས་པའི་ངང་དེར་སྐུ་ལྔའི་དབྱིངས་སུ་རྒྱས་འདེབས་པ་ནི། ཞལ་འདོན། ཀྱེ་མ་བདག་གི་རྣམ་ཤེས་སོགས་དང་བཅས་ཏེ། ཐབས་དང་ཤེས་རབ་འབྲེལ་བའི་ཡི་གེ་ཕཊཿལྔ་བརྗོད་པས་དོན་ཅི་ཞིག་མཚོན་ན་སྐུ་ལྔའི་དབྱིངས་སུ་རྒྱས་བཏབ་སྟེ་ཕྱིར་མི་ལྡོག་པར་བསམ་དགོས། ཕཊཿརེ་རེའི་མཚམས་སུ་ཨ་རེ་བརྗོད་རྒྱུ་དེ་ངའི་བླ་མའི་ཞལ་རྒྱུན་ཡིན། དེའི་རྒྱུ་མཚན་ནི་ཨ་ཡིག་དེ་ཆོས་དབྱིངས་སྐྱེ་འགག་དང་བྲལ་བར་མཚོན་པའི་དོན་ཡིན་པས། ཆོས་སྐུ་འགྱུར་བར་མེད་པའི་དོན་ཡིན། ཆོས་སྐུའི་དགོངས་པ་ནང་གསལ་གསང་བའི་སྦུབས་ལས་ནམ་ཡང་མི་འདའ་ཞིང་། ཕྱི་གསལ་གཟུགས་སྐུས་འགྲོ་བའི་དོན་འབད་མེད་དུ་འབྱུང་བའི་དོན་དང་རྟེན་འབྲེལ་ཡིན། དེ་ལྟར་དམིགས་བསམ་བརྗོད་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག མཉམ་བཞག་དེ་ལས་ལངས་ནས་སྤྱི་བོའི་བླ་མ་འོད་དཔག་མེད་པ་ཉིད་ཚེ་དཔག་མེད་པར་གནས་གྱུར་ནས་འོད་དུ་ཞུ་ནས། རང་ཉིད་ལ་ཐིམ་པའི་རྐྱེན་གྱིས་རང་ཉིད་ཚེ་དཔག་མེད་དུ་གྱུར་པར་བསམ་ཞིང་། ཚེ་བསྙེན་གང་འཚམ་རེ་བཟླས་ན་ཚེ་གེགས་ཞི་བ་དང་རྐྱེན་ངན་བར་ཆད་མང་པོ་ཞི་བའི་དགོས་པ་ཡོད། དེ་ལྟར་འཕོ་བ་རྟགས་མ་ཐོན་གྱི་བར་དུ་སྦྱོང་དགོས། ཡང་ཧ་ཅང་ཐལ་ཆེ་བས་དུས་མིན་དུ་འཕོ་ན་ལྷ་རྣམས་གསོད་པའི་ཉེས་པ་ཡོད་པར་རྒྱུད་ལས་གསུངས་ཡོད། དུས་མིན་དུ་འཕོ་དགོས་ན་སླ་མོ་ཞིག་ཀྱང་མ་རེད། གནའ་ང་དགུ་ལོ་སོགས་ཀྱི་སྐབས་སུ་འཕོ་བའི་དམིགས་པ་གཏད་དེ་འཕོས་པ་ཡིན་ཡང་འཕོ་སླ་བར་མི་འདུག་ཟེར་བ་བླ་རྒན་རྣམས་ཀྱིས་གསུངས་པ་ཐོས་མྱོང་། དེས་ན་འཆི་ལྟས་ལ་སྦྱངས་ཏེ་འཆི་བ་བཟློག་མེད་དུ་འབྱུང་བར་ཤེས་པའི་སྐབས་སུ་ལས་ལ་སྦྱར་དགོས། དེ་དུས་འཕོ་བ་ཐེབས་སླ་སྟེ། དཔེར་ན་དབྱར་ཀའི་ཤིང་ཏོག་མ་སྨིན་པར་ལྷུང་དཀའ་བ། སྟོན་ཁར་ཤིང་ཏོག་སྨིན་ནས་ལྷུང་རན་ལ་ཁད་པའི་དུས་སུ་རྐྱེན་ཕྲན་བུ་ཙམ་གྱིས་ས་ལ་ལྷུང་བ་བཞིན་རེད། གཞན་ཡང་འཆི་ཁ་མའི་རྣམ་ཤེས་འདྲེན་སླ་བ་ནི། ས་ཐོག་གི་ཅ་ལག་ལྗིད་མོ་འདྲུད་མི་སླ་བར་ཆུ་ནང་གི་གྲུའི་ནང་བཞག་ན་འདྲུད་སླ་བ་དེ་དང་འདྲ་བ་ཡིན་གསུངས་པ་རེད། དེ་ཡང་བླ་མའི་བྱིན་རླབས། གདམས་པའི་ཟབ་ཁྱད། རང་གི་མོས་གུས་གསུམ་པོ་ཚོགས་ན་འབྲས་བུ་ལག་ཏུ་ལོན་མི་ལོན་ལ་ཐེ་ཚོམ་མི་དགོས་པ་རེད། འདིའི་ཁྲིད་སྦྱོང་འདི་དེ་རིང་བརྩིས་པའི་ཉི་མ་ལྔ་ལ་སྦྱོངས། དེ་བས་དུས་ཚོད་ཀྱིས་འདང་མི་འདུག རྗེས་མ་རང་གིས་རྒྱུན་མཐུད་ནས་སྦྱོང་ཆོག་པ་རེད། འུ་ཅག་དགེ་འདུན་པས་མཉམ་པོར་ཚར་གཅིག་སྦྱོང་། དམིགས་པ་མཉམ་དུ་གཏད་ནས་ཧིཀ་སྒྲ་མཉམ་དུ་འཕངས། ཁྱིམ་པ་ཕོ་མོ་ཚོས་དད་པ་རྩེ་གཅིག་གིས་དམིགས་རིམ་གྱི་ཚིག་རྗེས་དོན་དྲན་གྱིས་ཞུས། ད་འུ་ཅག་གིས་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་འདིའི་དབུ་བཙུགས་ནས་ཆོས་འཁོར་མཆོད་པ་ཚུན་ཆད་བརྩིས་ན་ཉི་མ་སུམ་ཅུ་སོ་དྲུག་བདུན་ཙམ་ཞིག་རེད་སོང་འདུག དུས་ཚོད་ཟེར་རྒྱུ་བོ་རྒྱུག་འགྲོ་བ་ལ་ཅི་དགོས་ནི་མ་རེད། ཟླ་བ་གཅིག་ལྷག་རེད་སོང་། སང་ཉིན་ཕན་ཆོད་ཀྱི་ཉི་མ་ལྔ་ཙམ་ཞིག་ཆོས་ཁྲིད་འདིའི་མཇུག་ཡོངས་སུ་གྲུབ་འགྲོ། ད་ལོའི་རྩ་བའི་ཆོས་ཁྲིད་འདི་རེད་སོང་བ་རེད། ཡན་ལག་གི་ཁྲིད་ཁ་རྩ་རླུང་དང་གཏུམ་མོ་ལ་སོགས་པ་ཡང་འདི་དང་སྦྲེལ་ནས་བཤད་པ་རེད། དེས་ན་མཇུག་ཏུ་ཚོགས་འཁོར་ཞིག་བསྐོར་དགོས་རྒྱུ་རེད། དགའ་སྟོན་གྱི་ཚོགས་འཁོར་ཟེར་ནའང་ཆོག་སྟེ། གསང་སྔགས་ཀྱི་ཆོས་གྲོལ་བྱེད་ཁྲིད་ཀྱི་གདམས་པ་ཆ་ཚང་ཞིག་ཐོབ་པའི་དགའ་སྟོན་དང་གཏང་རག་ཀྱང་རེད། སྐོང་བཤགས་ཟེར་ནའང་ཆོག་པ་རེད། གསང་སྔགས་ཀྱི་ཕྱི་ནང་གསང་བའི་དམ་ཚིག་དང་འགལ་བའི་ཉེས་ལྟུང་གི་སྒྲིབ་པ་མི་འགྱུར་བའི་ཆེད་དུ་བསྐང་ཞིང་བཤགས་པའི་ཐབས་ཁྱད་པར་ཅན་དང་། གསང་སྔགས་ཀྱི་ནང་གི་གསོ་སྦྱོང་ཞིག་ཀྱང་རེད་འགྲོ། ནང་གི་སྦྱིན་སྲེག་ཟེར་ནའང་ཆོག མདོར་ན་ཚོགས་བསགས་པའི་ཐབས་རེད། བསོད་ནམས་ནང་ན་ཚོགས་འཁོར་མཆོག་ཟེར་བ་རེད། ཚོགས་ཀྱི་འཁོར་ལོའི་མཚན་ཉིད་ངོ་མ་ཚང་ཟེར་ན་གཅིག་དཀའ་ནའང་། ཚོགས་མཆོད་ཅིག་རེད་འགྲོ་ཤག་ཤག་རེད། རྣལ་འབྱོར་པས་རྟོགས་པས་འཆུན་ན་ནི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཀ་རྫོགས་པའི་ཐབས་ཁྱད་པར་ཅན་དུ་འགྱུར་རྒྱུ་རེད། དེ་ལྟ་ན་ང་ཚོའི་ཚོགས་འཁོར་དེ། བོད་ཚེས་བཅོ་ལྔ་ལ་ཁེལ་འགྲོ་བར་འདུག དེ་རིང་ཚེས་དགུ་རེད། སང་ཉིན་ཚེས་བཅུའི་ཚོགས་འཁོར་དེ་ཕྱིར་འཐེན་བྱས་ནས་སྟབས་གཅིག་ཏུ་བསྒྲིལ་ཏེ་ཚེས་བཅོ་ལྔའི་ཉིན་གྱི་སྔ་ཕྱི་དྲོ་གཉིས་ལ། དུས་རྒྱུན་གྱི་རྒྱས་སྤྲོས་ལུགས་ལྟར་བྱས་ཏེ་འཚོགས་ན་བདེ་སྙམ། འདིའི་མན་ངག་གཞུང་གི་ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་དང་འཕོ་ཁྲིད་སྦྲེལ་མའི་ཁྲིད་སྦྱང་ལ་ཉིན་བཞི་ལས་མི་འདུག དེའི་སྟེང་ཚོགས་འཁོར་ཞིག་གིས་ཀྱང་བར་བཅད་པས་དུས་ཚོད་ཧ་ཅང་ཐུང་དྲག་པ་འདུག་བསམ་པ་ཡིན། དེ་ཕན་ཆོད་ཉིན་གསུམ་གྱི་འཕྲོར་ཀློང་ཆེན་མཛོད་བདུན་གྱི་དབུ་བཙུགས་སྟེ། ད་ལོ་ཚིག་དོན་མཛོད་འདོན་ཆགས་རེད། ཚིག་དོན་མཛོད་མང་པོ་རེད་མོད། འོན་ཀྱང་ཉིན་བཞིན་ཆོས་ཁྲིད་ཆད་མེད་ཀྱིས་བཏོན་ནས་ཉིན་ཉི་ཤུས་ཚར་རྒྱུ་བྱེད་འཆར་ཡིན། དེ་གྲྭ་བ་དང་སྔགས་ཕོ་མོ་རྣམས་མ་གཏོགས་མི་སྐྱ་ཕོ་མོས་ཞུ་མི་དགོས། འདིའི་མཐའ་ན་ཡོད་པའི་རྒས་པ་གུར་བ་ཚོ་ཁྱེད་ཅག་ཉིན་ཉི་ཤུའི་རིང་ལ་ཁྱིམ་དུ་སོང་ནའང་ཆོག སྤྱི་ཟླ་དགུ་བའི་ཚེས་ཉི་ཤུའི་སྨད་ན་སེམས་བསྐྱེད་འབུམ་མཆོད་ཆེན་པོ་དང་ཞིང་མཆོད་ཕུལ་ཏེ་ཞིང་སྒྲུབ་འཚོགས་རྒྱུ་རེད། དེའི་སྐབས་སུ་ཆོས་ཁྲིད་སྔོན་འགྲོའི་ངག་འདོན་ཞིག་འཁྲིད་འཆར་ཡིན་པས། དེ་ཙམ་ལ་ཡར་འདུག་རྒྱུ་བྱེད་ནས་འོང་ནའང་ཆོག ཡང་ན་ཕྱག་དང་བསྐོར་བ་རེ་ཐུབ་པར་འདིས་དགའ་བར་འདུག་སྙམ་ན། ད་ནས་འདུག་ཐེངས་གཅིག་གིས་བསྡད་ན་ཡང་ཆོག འདིའི་ཚོགས་འཁོར་རྗེས་ཀྱི་ཉིན་གསུམ་མ་གཏོགས་པར་རྒྱུན་དུ་ཕྱི་དྲོའི་རྒྱབ་ཆོག་དང་དགོང་མོའི་གཅོད་ཐུན་ཆག་མེད་ཀྱིས་འཚོགས་རྒྱུ་ཡོད་པས། གཅོད་ཐུན་འདི་ཚོ་ལོ་རྒན་གཞོན་ཚང་མས་ཁ་གྲངས་མང་པོ་ཞུས་དང་དེ་ཙམ་གྱིས་བཟང་བ་རེད། ང་ཚོར་གཅོད་ཀྱི་ཤ་བརྒྱ་ཟན་བརྒྱ་ཟེར་བ་དང་། ཆངས་བུ་བརྒྱ་རྩ་ཟེར་རྒྱུ། གཞན་ཡང་སྐུ་རིམ་ལོ་གྲངས་དང་། ཁྲི་དང་འབུམ། དུས་ཡོན་སོགས་བྱས་ནས་གསོག་རྒྱུ་འདི་ཚོ་ཁ་གྲངས་ཅི་ཙམ་མང་ན་བྱིན་རླབས་དེ་ཙམ་ཞུགས་ཀྱིན་ཡོད་པ་དང་། རྐྱེན་བར་ཆད་དེ་ཙམ་གྱིས་སེལ་བཞིན་ཡོད་པའི་རྒྱུ་མཚན་གྱིས་ཁ་གྲངས་མང་པོ་གསོག་པ་རེད། དེ་འཕྲོར་འུ་བུའི་དུས་ཚོད་རེའུ་མིག་ཏུ་ཚོགས་འཁོར་གྱི་ཕྱིར་ཉིན་རྟོགས་ལྡན་རྒན་པོའི་མཛུབ་ཚུགས་ཀྱི་ཆོས་ཁྲིད་ཡིན་ཞེས་འཁོད་ཡོད། དེ་ཉིན་སྔོན་མ་ཞིག་ལ་འགའ་རེས་བསྐུལ་ངོར་ཆེད་དུ་དེ་ལྟར་འབྲིར་བཅུག་པ་ཡིན། འོན་ཀྱང་ཉིན་གཅིག་ལ་བསྡུས་བཤད་ཅིག་བྱས་པས་ཕན་ཐོགས་པོ་ཞིག་དང་སེམས་བདེ་མོ་ཞིག་ཡོང་ས་མ་རེད། ལར་མང་ཆེ་བས་སྔོན་འགྲོ་ལ་རེམ་གྱིན་ཡོད་པའི་སྐབས་རེད། མིན་ཡང་དུས་ཚོད་ཉིན་གསུམ་པོའི་རིང་ལ་ཚང་མས་ངལ་གསོ་ཞིག་བྱེད་ན་བསམ་པ་ཡིན། ཆོས་ཁྲིད་རྗེས་མའི་ཡིག་ཆ་རེ་རང་གཞན་ཚང་མས་གྲ་སྒྲིག་བྱེད་དགོས་ལ། ཐག་རིང་ནས་འོང་བ་ཚོས་བུད་ཤིང་དང་གྲོ་ཁ་རེའི་གྲ་སྒྲིག་ཀྱང་བྱེད་ལོས་དགོས། དེས་ན་ཉིན་གསུམ་པོ་འདི་ལ་ཕྱི་དྲོའི་རྒྱབ་ཆོག་དང་དགོང་མོའི་གཅོད་ཐུན་གཉིས་ཀའང་མེད་རྒྱུ་བྱེད། གཞན་ཡང་ཆོས་ཁྲིད་འཚོགས་ཡོད་མེད་གང་གི་སྐབས་ཡིན་རུང་རྒྱུན་གྱི་སྤྱོད་ལམ་གྱི་ཐོག་ནས། ཉིན་སྲིབ་ཀྱི་གྲྭ་ཇོ་སེར་ཚང་མས་ཁྲིམས་སྒྲིག་ལམ་འདུལ་གཞུང་བཞིན་དུ་སྲུང་དགོས་པར་གསལ་བཤད་ཅི་དགོས། འདི་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་ས་རེད། གདན་སའི་ནང་གི་ཡང་དབེན་ཡིན་དུས། དགེ་བསྙེན་གྱི་སྡེ་དང་བཅས་པ་ཚང་མས་བག་ཡོད་དང་རྒྱུན་དུ་མ་འབྲལ་བར་གྱིས་ཞེས་ཞུ་རྒྱུ་དེ་ཡིན།

ཉིན་བཅོ་ལྔ་པའི་ཆོས་ཁྲིད།

འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཐབས་སླ་བ་གསང་སྔགས་རྫོགས་པ་ཆེན་པོའི་མྱུར་ལམ་ནས་དུས་གྲངས་མེད་བསྐལ་པ་མང་པོ་ལ་མི་འགོར་བར། ཟུང་འཇུག་སྐུ་བཞིའི་བདག་ཉིད་ཁྱབ་བདག་དཔལ་གདོད་མའི་མགོན་པོའི་གོ་འཕང་ལ་དགོད་པར་བྱ་སྙམ་པའི། ཐུགས་བསྐྱེད་རྒྱ་ཆེན་པོ་སྔོན་དུ་འགྲོ་བའི་སྒོ་ནས་དམ་ཆོས་གསང་སྔགས་རྫོགས་པ་ཆེན་པོའི་འཆད་ཉན་ལ་འཇུག་དགོས། འོ་ན་ཅི་འདྲ་ཟེར། དུས་བསྐལ་པ་མང་པོའི་དུས་རིང་ལ་མི་འགོར་བས་སྐྱེ་བ་ཚེ་འདིའི་ཐོག་ལ་ཐོད་པ་བོར་ཆོག་མར་བྱས་ནས་འཚང་རྒྱ་ཆོག་ཟེར་བ་ཨེ་རེད། དེ་ཆོག་རྒྱུའི་རྟེན་དེ་ཅི་འདྲ་དགོས། མི་ཅི་འདྲ་བ་ཞིག་གིས་བསྒྲུབ་ཆོག་པ་རེད་ཟེར་ན། དེའི་རྟེན་དེ་གཙོ་བོ་ཁམས་དྲུག་ལྡན་གྱི་མིའི་ལུས་རྟེན་ཞིག་གསུངས་པ་རེད། འོ་ན་དེ་མི་འདྲ་བ་ཞིག་ལོས་དགོས། ཚོགས་གཉིས་བསགས་པ་སྔོན་སྦྱོང་ཅན་ཞིག་དགོས་པ་ཨེ་རེད་ཟེར་ན། དེའང་ལྷག་པར་མི་དགོས་རྒྱུ་གསུངས་ཡོད་པ་རེད། མི་དགོས་པའི་རྒྱུ་མཚན་དཔེར་ན་ཤིང་སྡོང་ཞིག་མཚོན་རྟུལ་པོ་ཞིག་གིས་གཅོད་དགོས་ན་ཡུན་རིང་འགོར་ཡང་། དེ་མཚོན་རྣོན་པོ་ཞིག་གིས་གཅོད་ན་མྱུར་དུ་ཆོད་པ་རེད། དེ་བཞིན་དུ་མདོ་ལམ་མཚན་ཉིད་ཐེག་པས་ཚེ་རབས་མང་པོ་ཞིག་ནས་ཚོགས་བསགས་ནས་འབྲས་བུ་བསྒྲུབ་དགོས་པ་དེ། སྔགས་ཀྱི་ཐེག་པ་འདི་ལ་ཐེག་པ་གཞན་ལས་སྤོང་བའི་གདུལ་བྱ་ཡིན་ཡང་། དབང་རྣོན་སེམས་སྟོབས་ཆེ་ན་སྐྱེ་བ་འདི་ལ་སངས་རྒྱས་འགྲུབ་པ་རེད་གསུངས་ཡོད། དེ་གོང་དུ་བཤད་པ་ལྟར་ཐབས་ཟབ་ཅིང་མང་བའི་གནད་ཡོད་པའི་རྒྱུ་མཚན་དེ་ལ་ཐུག་པ་རེད། ཐབས་ཟབ་ཀྱང་ཚང་མས་རྟོགས་རྒྱུ་ཅན་ཞིག་ཨེ་རེད་ཟེར་ན། བཤད་མ་ཐག་པ་ལྟར་མཚོན་རྣོ་རྟུལ་གྱི་ཁྱད་པར་གྱིས་ཤིང་ཆོད་མི་ཆོད་ཀྱི་ཁྱད་པར་ལྟར་དབང་པོ་རྣོ་རྟུལ་གྱི་ཁྱད་པར་གྱིས་ལམ་དང་ལམ་མིན་གྱི་ཁྱད་པར་རེད་སོང་བ་རེད། འོ་ན་དེའི་དབང་པོ་རྣོ་རྟུལ་གྱི་ཁྱད་པར་དེ་ཅི་འདྲ་ཡིན་ཞེ་ན། རྫོགས་ཆེན་གྱི་ལུགས་ལ་དབང་པོ་རྣོ་རྟུལ་དེ་ཚེ་འདིར་ཐོས་བསམ་གྱི་སྦྱོང་བ་སྔོན་སོང་ཅན་ཡིན་ཡང་དབང་པོ་རྣོན་པོར་འཇོག་པའི་ངེས་པ་མེད། དེའི་དབང་པོ་རྣོ་རྟུལ་ནི། དཔེར་ན་ལྕགས་ལ་རང་བཞིན་གྱིས་རྣོ་རྟུལ་ཡོད་པ་ལྟར་དུ་གང་ཟག་གི་དབང་པོ་ལའང་རང་བཞིན་གྱིས་རྣོ་རྟུལ་གྱིས་ཁྱད་པར་ཕྱེ་བ་རེད། འོ་ན་ལྕགས་ལ་བཟང་ངན་རང་བཞིན་གྱིས་ཡོད་པ་དེ་ལའང་ཡོད་ལུགས་ཀྱི་རྒྱུ་རྐྱེན་ཞིག་ཀྱང་ཅི་ལ་མེད། དེའང་ཡོད་རྒྱུ་རེད་ཟེར་ན། དེ་ཡིན་ཏེ། ཀུན་ཏུ་བཟང་པོས་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་རུང་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་གྲོལ་ལུགས་དྲུག་གིས་སངས་རྒྱས་པ་ཡིན་ན། བཤད་ཚུལ་གྱི་ཐོག་ནས་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་ཟེར་ཡང་དུས་རིང་གི་ངལ་བར་ལྟོས་པའི་ཚོགས་གསོག་མེད་ནའང་། དོན་གྱིས་ཟག་མེད་རང་ངོར་ཤེས་པའི་དགེ་ཚོགས་དེས་དབང་རྟུལ་གྱིས་བསྐལ་པ་གྲངས་མེད་མང་པོར་ཚོགས་གསག་པ་བཟླུམ་འགྲོ་བ་རེད། མཐར་གཏུག་ནས་བཤད་ན་དུས་བསྐལ་ཆེན་གྲངས་མེད་མང་པོར་ཚོགས་གསག་རྒྱུ་དེའང་ཟག་མེད་རང་ངོར་ཤེས་པའི་དགེ་ཚོགས་དེ་བསྒྲུབ་པའི་ཆེད་དུ་ཡིན། དེའི་སྟོབས་ཀྱིས་འདི་ཚོགས་ཆེན་མྱུར་རྫོགས་ཟེར་བ་རེད། དེ་ལྟ་བུའི་ལམ་གནད་དང་ལྡན་པའི་མཐར་ཕྱིན་འབྲས་བུའི་རང་བཞིན་དེ་ཡང་རྫོགས་པ་ཆེན་པོའི་ལུགས་ཀྱིས་གཞི་ཆོས་ཉིད་ལེགས་པར་གཏན་ལ་ཕབ་ནས་དངོས་གཞིའི་སྒྲ་བཤད་ནས་འབྱུང་བ་ལྟར་དུ། དངོས་དང་ཐ་དད་མ་ཡིན་པའི་ལམ་དེ་རྩོལ་མེད་དུ་བསྒྲུབ་རྒྱུའི་གནད་དེ་ལ་བྱང་ཆུབ་ནས་སྒོམ་པ་གོམས་སོང་བ་ན། གློ་བུར་གྱི་དྲི་མ་ཆ་དང་བཅས་པ་དེ་དབྱིངས་རིག་གཉིས་སུ་མེད་པའི་རང་བཞིན་སྟོབས་སུ་གྱུར་དུས། ཇི་ལྟར་ཡིན་ན་ངོ་བོ་དྲི་བྲལ་ལས་དགོས་འདོད་ངང་གིས་འབྱུང་བ་ཡིན་པས། འབྲས་བུ་ཡོན་ཏན་ལྷུན་གྱིས་གྲུབ་པ་ཡིན་པ་རེད། ཤེས་བྱ་སྣང་བས་མ་བཅིངས་སྟོང་པའི་དངོས། །སྟོང་པ་རང་བཞིན་གསལ་བའི་སྙིང་པོ་ནི། །རིག་པར་བཞུགས་པའི་སྐུ་དང་ཡེ་ཤེས་ཁམས། །འདུ་འབྲལ་མེད་པ་ཉི་མའི་སྙིང་པོ་བཞིན། །ཞེས་གསུངས་ལ། གང་ཤེས་པར་བྱ་བ་སེམས་ཀྱི་གནས་ལུགས་དེ་ཕྱི་སྣང་བས་མ་བཅིངས། ཚོགས་དྲུག་གི་རྗེས་ལ་རྣམ་པར་མི་རྟོག་པས་ཕུང་པོ་ལྔའི་ཉེར་ལེན་གྱིས་འཛིན་པས་རྣམ་པ་སྟོང་པ་དེ་ཡང་ཅང་མེད་ཕྱང་ཆད་ཀྱི་རྣམ་པ་མ་ཡིན་པར་རང་བཞིན་གསལ་བའི་སྙིང་པོ་ཅན་ཡིན། རིག་པའི་རང་གཤིས་ལ་བཞུགས་པའི་སྐུ་དང་ཡེ་ཤེས་ཀྱི་ཁམས་དེ་འདུ་འབྲལ་མེད་པ་ཡིན། དེ་ཡིན་པའི་དཔེ་ནི་ཉི་མའི་སྙིང་པོར་ཉི་མའི་དཀྱིལ་འཁོར་དང་དེའི་འོད་ཟེར་གཉིས་འབྲལ་བར་མེད་པ་ལྟ་བུ་ཡིན། དེ་བློའི་འཇུག་པ་དབྱིངས་སུ་ཞི་བས་དབུ་མ་ཙམ་དུ་མི་དམིགས་ནས་རང་གི་ངོ་བོ་སྟོང་པའི་ཀ་དག་གི་ཆ་དེ་དང་། ལྷུན་གྲུབ་ཀྱི་ཆ་ལས་དག་གསལ་གཡོ་བ་མེད་པའི་འོད་གསལ་ཡེ་ཤེས་ཀྱི་སྒྱུ་མ་མི་འགོག་པ་ལ་རྫོགས་པ་ཆེན་པོ་ཟེར་བ་རེད། རྫོགས་པ་ཆེན་པོ་དེ་དབྱིངས་རིག་དབྱེར་མེད་ཀྱི་མཐར་ཐུག་པའི་ཡེ་ཤེས་ཐམས་ཅད་ཀྱི་མཆོག་ཡིན་པས། རྫོགས་པ་ཆེན་པོ་ཡེ་ཤེས་སྤྱི་ཡི་གཟུགས། །ཞེས་གསུངས་ལ། དེ་ལྟ་བུའི་སྤྱིའི་བཞུགས་ཚུལ་གཏན་ལ་ཕབ་པའི་ངང་དེ་ལས་མ་གཡོས་ན་དྲན་བསམ་དང་ཚོར་བ་འགག་དགོས་པ་མ་རེད། དྲན་བསམ་དང་བཅས་པའི་ཚོར་བ་སྣ་ཚོགས་པ་ཐམས་ཅད་ཀྱང་། སོ་སོར་རང་རིག་པ་ཟེར་རྒྱུ་བོ་ཡེ་སྟོང་འཕོ་འགྱུར་མེད་པ་དེའི་ཀློང་དུ་ཆུ་བོ་དང་རྦ་རླབས་ཀྱི་སྣང་ཚུལ་ལྟར་སྤོང་གཉེན་མེད་པར་གྲོལ་བ་རེད། དེ་ལྟ་བུའི་གཞི་ལྟ་བས་གཏན་ལ་ཕབ། ལམ་སྒོམ་པས་ཉམས་སུ་ལེན་པའི་གནས་སྐབས་ན། ཐབས་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ལྷག་མཐོང་གི་ཤེས་རབ་སྐྱེས་ཏེ་རང་བྱུང་ཡེ་ཤེས་ཀྱི་དེ་ཉིད་མྱུར་དུ་མཐོང་བ་ལ། རྟོག་པ་བཟང་ངན་གང་ཤར་ཡང་མི་དགག་པར་རང་སར་བཞག མི་སྒྲུབ་པས་སྔོན་བསུ་རྗེས་དཔྱོད་མི་བྱེད། མཉམ་པར་བཞག་བྱ་དང་འཇོག་བྱེད་བྲལ་བའི་རིག་པའི་ངང་དེ་ལས་མ་གཡོས་ན། དབང་པོའི་དྭངས་པའི་ཡོན་ཏན་སྤྱན་དང་མངོན་ཤེས་ལ་སོགས་ཐོབ་པ་རེད། དེ་ལྟ་བུའི་ལྷག་མཐོང་གི་ཤེས་རབ་དེས་མ་ཟིན་པའི་ཞི་གནས་རྐྱང་པ་དེ་བདག་རྟོག་གི་བག་ལ་ཉལ་ཟེར་རྒྱུ་བོ་ཡིན། དེས་སྲིད་རྩ་དྲུང་ནས་མི་འབྱིན་པས་མི་གཡོ་བའི་ལས་ཙམ་ཞིག་གི་ཡན་ལས་འཕགས་རྒྱུ་མེད། སྐྱེ་འཕགས་ཀྱི་ཁྱད་པར་ཡང་དེའི་ཐོག་ནས་འབྱེད་པ་རེད། མཐར་གནས་སྙོམས་འཇུག་དགུས་གཟུགས་དང་གཟུགས་མེད་ལ་འཕེན། འགོག་སྙོམས་ཀྱིས་ཀྱང་བློས་བརྟགས་ཤིང་དཔྱད་ནས་འཇིག་རྟེན་པའི་ཚོར་བ་དང་འདུ་ཤེས་འགོག་པ་རེད། སེམས་ཀྱི་སྤྲོས་པ་འགགས་ནས་འགོག་པའི་ཏིང་ངེ་འཛིན་ཐོབ་ཀྱང་། རིག་ཆའི་ཡོན་ཏན་བག་ལ་ཞ་འགྲོ། དེ་ལྟ་བུ་མ་ཡིན་པའི་མ་བརྟགས་རྟོག་བྲལ་གྱི་འགོག་པ་འདིས། ཆོས་ཉིད་ཀྱི་ངོས་ནས་རྣམ་པར་མི་རྟོག་ཀྱང་། ཡེ་ཤེས་ཀྱི་ཆ་ནས་དམིགས་མེད་ཀྱི་སྙིང་རྗེ་རྒྱུན་མི་ཆད་པས་སེམས་ཅན་གྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་རེད། མདོར་ཚུར་བསྡུ་ན་འཕགས་པས་རྟོགས་པའི་ཤེས་རབ་དང་། སོ་སོའི་སྐྱེ་བོའི་སྒོམ་པའི་བསམ་གཏན་གཉིས་ཀ་རྣམ་ཤེས་གྱིས་གཞལ་ན་འདྲ་བ་ལྟར་སྣང་ནའང་། ཡེ་ཤེས་ཀྱི་ངོས་ནས་ཁྱད་པར་ཆེ་སྟེ། བསམ་གཏན་གྱི་སྐབས་ན་གཞི་བཞག་གི་གནས་ལུགས་སེམས་ཀྱིས་ལམ་དུ་བྱེད་པ་དང་། ཤེས་རབ་ཀྱི་གནས་སྐབས་ན་རིག་ཐོག་ཏུ་སྤྲོས་པ་རང་ཞིག་ཏུ་སོང་བ་དེ་ལྟ་བུའི་ཁྱད་པར་ཆེན་པོ་ཡོད། གཞི་ལྟ་བས་གཏན་ལ་འབེབ་ལུགས་ལྟར་གྱི་ལམ་སྒོམ་པས་ཉམས་སུ་ལེན་ལུགས་མི་འདྲ། དེ་མི་འདྲ་བས་མཐར་ཕྱིན་འབྲས་བུའི་གྲོལ་ལུགས་ཀྱང་མི་འདྲ་བར་འོང་བ་རེད། དེས་ན་དེ་ལྟ་བུའི་ལམ་གནད་དང་ལྡན་པའི་མཐར་ཕྱིན་འབྲས་བུའི་རང་བཞིན་དེ་ཡང་རྫོགས་པ་ཆེན་པོའི་ལུགས་ལ། གོང་དུ་བཤད་པ་ལྟར་གཞི་ཆོས་ཉིད་ལེགས་པར་གཏན་ལ་ཕབ་ནས། དངོས་དང་ཐ་མི་དད་པའི་ལམ་དེ་ལ་བརྟེན་དགོས་པ་རེད། དེ་ལྟ་བུའི་འབྲས་བུ་ལ་རང་རེས་བྲོད་པ་བསྐྱེད་པའི་ཆེད་དུ། ད་ཞག་སྔོན་མར་ཐུན་མོང་ཐེག་པའི་ལུགས་ཀྱི་ས་ལམ་གྱི་འགྲོས་རེ་དང་མཐར་ཕྱིན་འབྲས་བུའི་སྐབས་ཀྱི་སྐུ་གསུམ་གྱི་སྣང་ཚུལ་ཅུང་ཟད་རེ་གླེང་ཁུལ་བྱས་པ་རེད། ཡིན་ནའང་ཐུན་མོང་མ་ཡིན་པ་སྤྱིར་སྔགས་ཀྱི་ཐེག་པ་དང་། དེའི་ནང་གི་རྫོགས་པ་ཆེན་པོའི་ལུགས་ཀྱི་འཇོག་ཚུལ་རགས་རིམ་ཙམ་ཞིག་མ་ཞུ་ན་མདོ་སྔགས་ཀྱི་ཟབ་ཁྱད་མི་འབྱེད་པས། དེའི་སྐོར་ན་གོང་དུ་མགོ་གླེང་རེ་བྱས་ཀྱང་། དེ་བས་ཅུང་ཞིབ་པ་འདྲར་བྱས་ནས་ཞུ་ཁུལ་བྱེད་ན། གོང་ཞུས་ལྟར་ནོར་བུ་དྲི་བྲལ་ལས་དགོས་འདོད་འབྱུང་བ་ལྟར་དུ། ཀུན་གཞིའི་རྙོགས་མ་དེ་དྭངས་སོང་དུས་རང་ངོའི་སྐུ་དང་ཡེ་ཤེས་ཀྱི་ངོ་བོ་མངོན་དུ་གྱུར་པ་ཡིན། དེ་ཡིན་ན་སྐུ་ལྔ་ཡེ་ཤེས་ལྔ་དེ་ཅི་འདྲ་རེད་བསམ་ན། གཞི་ལམ་འབྲས་གསུམ་དེ་རིག་པ་ཀ་དག་གཅིག་གི་ངོ་བོ་འགྱུར་བ་མེད་པའི་ལྡོག་ཆ་ནས་མི་འགྱུར་རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ། ཆོས་ལོངས་སྤྲུལ་པའི་སྐུ་གསུམ་སྟེ་སྐུ་ལྔར་འཇོག་པ་རེད། དེ་ཡང་ཆོས་ཉིད་འགྱུར་བ་མེད་པ་ཡེ་ནས་དྲི་མས་གོས་མ་མྱོང་བ་སྟོང་པ་ཉིད་དང་གློ་བུར་གྱི་དྲི་མས་དག་པའི་དག་པ་གཉིས་ལྡན་ཡེ་ཤེས་ཀྱི་སྙིང་པོ་ཅན་དེ་དུས་དང་གནས་སྐབས་ཀུན་ཏུ་འཕོ་འགྱུར་གཞོམ་གཞིག་མེད་པས་མི་འགྱུར་རྡོ་རྗེའི་སྐུ་སྟེ། འདིའི་ཐད་ཀྱི་ཀུན་མཁྱེན་འཇིགས་གླིང་གིས། གློ་བུར་དྲི་མ་ཆ་དང་བཅས་སྤངས་པ། །དག་པ་གཉིས་ལྡན་བྱང་ཆུབ་མཆོག་གི་དངོས། །གདོད་མའི་སངས་རྒྱས་སྨོན་པ་མེད་པའི་དབྱིངས། །ཉ་རྒྱས་ཟླ་བ་སྤྲོས་པ་ཕྱིར་གསལ་ཅན། །སྟོང་གི་ཆ་ལ་དབྱིངས་སུ་ནུབ་པ་ལྟར། །ཀུན་ཏུ་མི་རྟོག་ཆོས་ཉིད་འཕོ་འགྱུར་མེད། །དབྱིངས་ཀྱི་རྟག་པ་མི་འགྱུར་རྡོ་རྗེའི་སྐུ། །ཞེས་གསུངས་པ་རེད། ཐུན་མོང་ཐེག་པའི་ལུགས་ན་ཆོས་སྐུ་རྣམ་དག་སྟོང་པའི་ཆ་དེ་ལ་འདོད་ཀྱང་། ཕྲ་བའི་ཡེ་ཤེས་དབྱིངས་ན་བལྟར་མི་མངོན་པའི་ཚུལ་གྱིས་བཞུགས་པའི་ཆ་མི་འབྱེད་དེ་རྩལ་འདོན་མི་མཛད་པས། གཞན་སྣང་ལ་འབྱུང་བའི་སངས་རྒྱས་ཀྱི་ཐུགས་རྗེ་དང་འཕྲིན་ལས་དེ་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟ་བུ་རྣམ་པར་མི་རྟོག་བཞིན་དུ་གདུལ་བྱའི་སྨོན་ལམ་གྱི་དབང་གིས་འབྱུང་བ་ལྟར་དུ་འདོད་པ་ཡིན་ན། འདི་ནས་རྣམ་པར་རྟོག་བཅས་མ་ཡིན་ཡང་དབྱིངས་ཀྱི་ངང་ན་བལྟར་མི་མངོན་པའི་ཡེ་ཤེས་ཀྱི་འཆར་གཞི་ལྷུན་གྲུབ་ཏུ་ཡོད་པས་ན། སྨོན་ལམ་གྱི་རྒྱུ་ལ་མི་ལྟོས་པར་གཞན་སྣང་ལ་ཐུགས་རྗེའི་འཇུག་པ་རྒྱུན་མི་འཆད་ཅིང་། གཟུགས་སྐུ་ཕྲིན་ལས་དང་བཅས་པ་རང་བཞིན་དུ་འབྱུང་བར་འདོད་པ་རེད། འདི་ཀུན་མཁྱེན་ཡབ་སྲས་ཀྱིས་རྩལ་འདོན་མཛད་པའི་རྫོགས་པ་ཆེན་པོའི་སྐབས་ཀྱི་གནད་ཤིན་ཏུ་ཕྲ་བ་རྟོགས་པར་དཀའ་བའི་གནས་ཡིན་པར་གསུངས་སོ། །གཉིས་པ་མངོན་པར་བྱང་ཆུབ་པའི་སྐུ་ནི། དབྱིངས་རྣམ་དག་ངོ་བོ་གྲུབ་བསལ་མེད་པའི་ཆོས་ཉིད་དེར་གློ་བུར་གྱི་དྲི་མ་དག་པས་ཟད་དང་མི་སྐྱེ་ཤེས་པའི་ཡེ་ཤེས་བརྙེས་པའི་དག་པ་གཉིས་ལྡན་གྱི་རང་བཞིན་ནི། རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་ཞི་བའི་དབྱིངས་དེ་སྟོབས་སོགས་ཟག་མེད་ཀྱི་ཡོན་ཏན་རྒྱ་མཚོ་ལྡན་པའི་སྣང་ཆ་མ་འདྲེས་ཤིང་སྤངས་རྟོགས་ཀྱི་ཡོན་ཏན་རྒྱས་པའི་ཆ་ནས་མངོན་པར་བྱང་ཆུབ་པའི་སྐུར་གསུངས་ཏེ། རྣམ་པ་ཀུན་གྱི་མཆོག་ལྡན་ཞི་བའི་དབྱིངས། །སྟོབས་སོགས་ཡོན་ཏན་རྒྱ་མཚོ་ཀུན་ཆུབ་ཀྱང་། །སྣང་ཆ་ངོ་བོ་མ་འདྲེས་སྤངས་རྟོགས་ཀྱི། །ཆ་ནས་གཞལ་བ་མངོན་པར་བྱང་ཆུབ་སྐུ། །ཞེས་གསུངས་པས་སོ། །འདིའི་སྐབས་ན་དངོས་གཞི་ཉམས་ལེན་པ་རྣམས་ཀྱིས་འདང་རེ་བརྒྱབ་ན། མི་འགྱུར་རྡོ་རྗེའི་ནང་གི་དབྱིངས་དེ་ལས་མངོན་པར་བྱང་ཆུབ་པར་བྱ་བའི་གནས་སྐབས་ན། རྣམ་མཁྱེན་གྱི་ཡེ་ཤེས་མི་གནས་པའི་ལྷག་མཐོང་གི་བདག་ཉིད་ལ་སྟོང་པ་ཡེ་ཤེས་ཀྱི་སྙིང་པོར་གནས་པའི་ཚུལ་བསྟན་པ་ནི། རྫོགས་པ་ཆེན་པོའི་ལུགས་ལ་སྐུ་གསུམ་ལམ་སྣང་ལ་བཤད་པ་ཡིན། སྐུ་གསུམ་ལམ་སྣང་ཡང་ཡིན་འབྲས་བུའང་ཡིན་པའི་འཇོག་མཚམས་ལ་གོ་བ་ལེན་རྒྱུ་ཡོད་པ་རེད། ལམ་སྣང་ཡིན་ཏེ། ལྷུན་གྲུབ་ཀྱི་སྦུབས་ཀ་དག་ཆེན་པོ་དེ་དོན་གྱི་འབྲས་བུ་ཁང་པ་འདྲ་ཞིག་ཡིན་ན། དེ་ལས་ཡར་ལ་འཇུག་པ་དང་ཕྱི་ལ་མཆེད་པ་གཉིས་ཀ་ཕྱིར་སྣང་འཆར་དགོས་པས་རེད། དེ་ཡིན་ན་འཆར་ཚུལ་དེ་ངོ་བོ་སྐུར་གནས་པ་ཡིན་པས་ལམ་སྣང་ཡིན་པ་རེད། ཡིན་ཡང་ལམ་སྣང་ལ་ཡང་གཉིས་ཡོད་དེ། འབྲས་བུའི་སྔོན་གྱི་ལམ་སངས་རྒྱས་སྒྲུབ་པའི་སྐབས་དང་། འབྲས་བུ་སངས་རྒྱས་གྲུབ་ཚར་ནས་གདུལ་བྱ་འདྲེན་པའི་ལམ་སྐུ་གསུམ་མངོན་པར་སྣང་བས་དོན་མཛད་པ་དེ་གཉིས་ཕྱེས་ཡོང་ན། འདི་མི་སློབ་པའི་ལམ་གྱི་སྐུ་གསུམ་མངོན་པར་སྣང་ཚར་ནས་གདུལ་བྱའི་དོན་མཛད་པའི་ལམ་སྣང་ཡིན་པས་ན། སྐུ་གསུམ་ལམ་སྣང་ཡིན་པ་དང་། འབྲས་བུ་ཡིན་པ་གཉིས་འགལ་བ་མ་ཡིན་ནོ། །འདི་རྣམས་གྲུབ་མཐའི་རྣམ་འབྱེད་ཕྲ་མོར་ཤེས་རབ་ཅན་གྱིས་ཞིབ་མོར་དཔྱད་ནས་ཁོང་དུ་ཆུད་པར་བྱ་བ་ཡིན་ཞེས་གསུངས་སོ། །གསུམ་པ་ཆོས་སྐུ་ནི། རང་བྱུང་གི་ཡེ་ཤེས་ནང་གསལ་སྤྲོས་པ་དང་བྲལ་ཞིང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་འཆར་གཞིར་བཞུགས་པ་སྟེ། སྟོང་པ་ཕྱང་ཆད་ནམ་མཁའ་ལྟ་བུ་མ་ཡིན་པར་ནང་གསལ་ཕྲ་བའི་ཡེ་ཤེས་ཟབ་ཅིང་ཕྲ་བ་གཏིང་དཔག་དཀའ་བ། ཐིམ་ལ་མ་རྨུགས་པར་གནམ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་ལྟར་དུ་གཞན་སྣང་ལ་མི་མངོན་པར་བཞུགས་ཀྱང་། གཟུགས་སྐུ་རྣམ་མཁྱེན་ཕྱིར་གསལ་དུ་སྣང་བའི་རྟེན་ཡེ་ཤེས་ཀྱི་གདངས་རྒྱུན་ཆད་མེད་པ་ཞིག་ཡིན་ཏེ། ཤེས་བྱའི་ཡུལ་ལ་བློ་ཡི་འཇུག་པ་ཞི། །ཤེས་བྱེད་བློ་ལ་འཛིན་པའི་ཀུན་རྫོབ་སྤངས། །སོ་སོ་རང་རིག་རྟག་ཆད་མཐར་མ་ལྷུང་། །ཐིམ་ལ་མ་རྨུགས་ཕྲ་བའི་ཡེ་ཤེས་ནི། །མཁྱེན་ཆ་འགག་མེད་སྐུ་དང་ཡེ་ཤེས་རྟེན། །ཤིན་ཏུ་མཉམ་པར་བཞག་པ་རྣམས་ཀྱིས་མཐོང་། །གང་ལ་ཞི་བ་ཆོས་ཀྱི་སྐུ་ཞེས་བརྗོད། །ཞེས་གསུངས། དེས་ན་མི་འགྱུར་རྡོ་རྗེའི་སྐུ་དང་། མངོན་པར་བྱང་ཆུབ་པའི་སྐུ། ཆོས་སྐུ་དང་གསུམ་ལ་དབྱིངས་ཀྱི་སྐུ་གསུམ་ཞེས་བྱ། ཇི་ལྟ་མཁྱེན་པའི་ཡེ་ཤེས་སོ་སོ་རང་གི་རིག་བྱ་ཡིན་པས་གཅིག་དང་དུ་མའི་སྤྲོས་པ་ལས་འདས་པས་ན་དངོས་པོ་ཅན་མ་ཡིན་ལ། ཇི་སྙེད་མཁྱེན་པའི་མཁྱེན་ཆ་ཡེ་ཤེས་ནང་གསལ་ལ་བཞུགས་པས་ན་དངོས་མེད་ལས་ཀྱང་འདས་པས། ཆོས་ཅན་ལོངས་སྤྱོད་རྫོགས་པ་དང་། ཡེ་ཤེས་ལྔ་ཡི་རང་བཞིན་སོ་སོར་མ་འདྲེས་པའི་འཆར་གཞི་ཡོད་པ་རེད། བཞི་པ་ལོངས་སྐུ་ནི། དབྱིངས་ནང་གསལ་སྤྲོས་བྲལ་ཆོས་ཉིད་དེ་ལས་མི་གཡོ་བཞིན་དུ་རང་བཞིན་འོད་གསལ་གྱི་མཁྱེན་ཆ་འགག་པ་མེད་པའི་གདངས་ཕྱིར་གསལ་ཏེ། འདིའི་གདངས་ཕྱི་གསལ་དེ་སངས་རྒྱས་རང་ངོས་ཀྱི་གདངས་ཕྱིར་གསལ་དེ། མཁྱེན་ཆ་ཡེ་ཤེས་ལྔ་ཡི་རྣམ་པར་ཤར་བ་དེ་ཉིད་ཡིན། དེའང་ངེས་པ་ལྔ་ལྡན་མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན་དེ། དེའི་ཐུགས་ཀྱིས་ཆོས་སྐུའི་ཆ་བཟུང་ལ། ཕྲིན་ལས་ཀྱིས་སྤྲུལ་སྐུའི་ཆ་བཟུང་བས་སྐུ་གསུམ་ཐ་མི་དད་པའི་རང་བཞིན་ཏེ། རིག་པ་རང་བཞིན་གྱི་འོད་གསལ་བ་ལོངས་སྐུ་དང་། རིག་པ་སྣ་ཚོགས་སུ་འཆར་བ་སྤྲུལ་སྐུ། ཇི་ལྟར་སྣང་ཡང་དོན་སྐྱེ་མེད་ལས་མ་འདས་པ་ཆོས་སྐུ་ཞེས་གསུངས། སངས་རྒྱས་རང་སྣང་གི་བདག་ཉིད་ཞི་བ་དང་ཁྲོ་བོའི་སྐུར་སྣང་བ་ཅན་ཏེ། མཁྱེན་ཆ་འགག་པ་མེད་པའི་རང་གདངས་ལས། །ཐུགས་རྗེ་ཕྱིར་གསལ་ལོངས་སྤྱོད་རྫོགས་པའི་སྐུ། །གནས་དང་དུས་དང་སྟོན་པ་ཆོས་དང་འཁོར། །ངེས་པ་ལྔ་ལྡན་སྐུ་དང་ཞིང་ཁམས་དང་། །མཚན་དཔེ་ཡོན་ཏན་རྒྱ་མཚོའི་བདག་ཉིད་ཅན། །ཞེས་གསུངས་པས་སོ། །ལྔ་པ་སྤྲུལ་སྐུ་ནི། སྤྲུལ་པའི་སྐུ་འདི་ལ་རྫོགས་པ་ཆེན་པོའི་སྐབས་ན་རང་བཞིན་སྤྲུལ་པ། འགྲོ་འདུལ་སྤྲུལ་པ། སྣ་ཚོགས་སྤྲུལ་པ་དང་གསུམ་གྱི་དབྱེ་བར་མཛད་ཡོད། དེ་ལས་རང་བཞིན་སྤྲུལ་པའི་སྐུ་ནི། རང་སྣང་ལ་དབྱིངས་ཀྱི་ལོངས་སྐུ་དང་ཆ་འདྲ་ནའང་དངོས་མིན་པའི་དཔེ་ནི། ནམ་མཁའི་ཟླ་བ་དངོས་དང་དེའི་གཟུགས་བརྙན་ཆུའི་ནང་དུ་འཕོས་པ་ལྟ་བུ་ལ་འཇོག་པ་རེད། འདི་རྒྱལ་སྲས་འཕགས་པ་ལ་སོགས་པ་གདུལ་བྱ་མཆོག་ལ་སྣང་བས་ན་འདི་གཟུགས་བརྙན་ལོངས་སྐུའི་སྟོན་པའམ་ཕྱེད་སྤྲུལ་ལོངས་སྐུ་ཞེས་བྱ། འདི་ལ་དབྱིངས་ཀྱི་ལོངས་སྐུ་དེ་སངས་རྒྱས་རང་སྣང་ཡིན་ལ། གཟུགས་བརྙན་ལྟ་བུའི་ལོངས་སྐུ་གཉིས་པ་འདི་སར་གནས་སེམས་དཔས་མཇལ་བའི་སྤྲུལ་པའི་མིང་གིས་བསྡུས་པ་ཞིག་རེད། འདི་ལ་ཕྱེད་སྤྲུལ་ལོངས་སྐུ་ཞེས་ཀྱང་བྱ། གཉིས་པ་འགྲོ་འདུལ་སྤྲུལ་པ་ནི། འགྲོ་བ་རིགས་དྲུག་སོ་སོའི་གནས་སུ་དེ་དང་དེའི་སྣང་བ་དང་མཐུན་པར་རིག་པའི་སྐྱེས་བུ་ཐུབ་པ་དྲུག་ཏུ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་རེད། དེའང་ལྷའི་ཐུབ་པ་དབང་པོ་བརྒྱ་བྱིན། ལྷ་མིན་གྱི་ཐུབ་པ་ཐག་བཟང་ནས། དམྱལ་བའི་ཐུབ་པ་ཆོས་རྒྱལ་རྣམས་ཐང་ག་དང་ཙཀླིའི་ནང་དུ་བྲིས་པ་འདྲ་ཁོ་ན་ཡོད་དགོས་པའི་ངེས་པ་མེད། འདི་རྣམས་ཚིག་ལ་མི་རྟོན་དོན་ལ་རྟོན་དགོས་པའི་ཆ་ཡིན། རང་རེ་མིའི་འཇིག་རྟེན་ལྟ་བུ་ཡིན་ན། སྤྲུལ་སྐུ་ཤཱཀྱ་ཐུབ་པར་སྣང་ནས་འདུལ་བ་རྣམ་བཞིས་སེམས་ཅན་གྱི་དོན་མཛད་པ་རེད། དེའང་སྐུ་བསོད་ནམས་ཆེན་པོའི་འདུལ་བས་སྐྱེ་བོ་ཀུན་གྱི་མཐོང་སྣང་ལ་མཛད་པ་བཅུ་གཉིས་ལ་སོགས་པ་བསྟན་པ་དང་། གསུང་ཐེག་པ་སྣ་ཚོགས་པས་འདུལ་བ་ནི། ཐེག་པ་སྣ་ཚོགས་པའི་རིགས་ཅན་གྱི་གདུལ་བྱ་ལ་ཐེག་པ་གསུམ་གྱི་ཆོས་འཁོར་བསྐོར་བ། ཐུགས་མངོན་པར་ཤེས་པས་འདུལ་བ་ནི། རྒྱ་མཚོ་ཆུ་སྲིན་གནས་ཀྱི་རླབས། །དུས་ལས་གཡོལ་བར་འགྱུར་སྲིད་ཀྱང་། །གདུལ་བར་བྱ་བའི་སྲས་རྣམས་ལ། །སངས་རྒྱས་དུས་ལས་གཡོལ་མི་སྲིད། །ཅེས་གསུངས་པ་ལྟར་དུས་གསུམ་དང་འགྲོ་བའི་སེམས་རྒྱུད་མཁྱེན་ཅིང་གཟིགས་ནས་དུས་ལས་ཡོལ་བར་མེད་པར་སེམས་ཅན་གྱི་དོན་མཛད་པའོ། །ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་འདུལ་བས་ནི། མི་ཟད་རྒྱན་འཁོར་གསུམ་གྱི་བཀོད་པས་འགྲོ་བའི་དོན་མཛད་པ་སྟེ། སྐུ་མི་ཟད་རྒྱན་གྱི་འཁོར་ལོས་གཟུགས་སྐུ་མཚན་དང་དཔེ་བྱད་དུ་གསལ་བ་དང་། སྐུ་གཅིག་ལ་ཞལ་ཕྱག་མང་པོ། དེ་དང་མཐུན་པའི་ཆ་བྱད་རྣམ་པ་སྣ་ཚོགས། རྣམ་སྣང་གངས་ཆེན་མཚོ་ལྟ་བུ་གཅིག་ལ་མཚོན་ན་ཕྱག་གི་པདྨོ་གཅིག་གི་སྟེང་ན་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་ལྔ་བཀོད་པ་ལྟ་བུ་དང་། གསུང་མི་ཟད་རྒྱན་གྱི་འཁོར་ལོ་དབྱངས་ཀྱི་ཡན་ལག་རྒྱ་མཚོས་འགྲོ་དྲུག་སོ་སོའི་སྐད་ཀྱིས་ཆོས་སྟོན་པ་ལ་སོགས་པ། ཐུགས་མི་ཟད་རྒྱན་གྱི་འཁོར་ལོས་སྤངས་རྟོགས་ཀྱི་ཡོན་ཏན་ཚད་མེད་པས་འགྲོ་བ་འདུལ་བ་དང་། ཡོན་ཏན་དང་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོ་ཡང་དེའི་ནང་དུ་འདུས་པ་རེད། འགྲོ་བའི་དོན་མཛད་ཚུལ་ལ་བསམ་བློ་གཏོང་ན། མདོ་སྡེ་གསེར་འོད་དམ་པ་ལས། སེམས་ཅན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམ་པ་སྣ་ཚོགས་བསྟན། །ཞེས་གསུངས་པ་ལྟ་བུའི་གང་ལ་གང་འདུལ་གྱི་སྤྲུལ་པ་འབྱུང་བ་རེད། སྣ་ཚོགས་སྤྲུལ་པ་ནི། འཇིག་རྟེན་གྱི་འཁྲུལ་སྣང་དང་མཚུངས་པར་སངས་རྒྱས་ཀྱི་རྣམ་འཕྲུལ་ཡང་དེ་སྙེད་དུ་འཆར་ནས་དོན་མཛད་པ་ཡང་། ཡིད་ཀྱི་བྱེད་པ་པོ་དང་བྱ་བའི་ཆོས་སུ་མེད་བཞིན་དུ་རང་བཞིན་གྱིས་རི་བྲག་དང་ཡུལ་ལྗོངས་ལ་སོགས་སྐུ་གསུང་ཐུགས་ཀྱི་རྟེན་རང་བྱོན་དུ་སྣང་བ་དང་། གནས་ཡུལ་ཉེར་བཞི་ལ་སོགས་པའི་བཀོད་པ་ཤར་བ་རྣམས་དང་། དེ་མ་ཟད་སྐྱེས་བུའི་རྩོལ་བ་ལས་བྱུང་བའི་ལུག་བླུག་རས་བྲིས་ཐགས་སུ་བཏག་པ་ལ་སོགས་བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཀྱི་རྟེན་དང་། གྲུ་དང་སྐྱེད་ཚལ། ཁང་བཟང་དང་། པདྨ་དང་དཔག་བསམ་གྱི་ཤིང་། བྱ་དང་རི་དྭགས་གྲོང་ཁྱེར་སློང་མོ་བ། །གང་ལ་གང་འདུལ་དེ་ལ་དེར་མཐུན་དུ། །སྣ་ཚོགས་གཟུགས་ཀྱིས་འགྲོ་བ་འདུལ་བར་ཤོག །ཅེས་གསུངས་པ་དང་། སྐྱེས་རབས་རྣམས་ཀྱི་ནང་དུ་གསུངས་པ་ལྟར་བཟོ་དང་སྐྱེ་བ་མཆོག་གི་སྤྲུལ་སྐུས་སེམས་ཅན་གྱི་དོན་མཛད་པ་ནི། མདོ་སྡེ་ལས་བརྒྱ་བའི་ལུང་གོང་དུ་དྲངས་པ་ལྟར། དུས་ལས་ནམ་ཡང་ཡོལ་བར་མེད་པར་ནམ་མཁའ་མ་ཟད་འཁོར་བ་མ་སྟོང་གི་བར་དུ་སངས་རྒྱས་ཀྱི་ཕྲིན་ལས་ལ་ཟད་པར་མེད་པ་དེ་འདྲ་ཡིན། གདུལ་བྱ་རང་སྣང་གིས་བསྡུས་པའི་སྤྲུལ་པ་དེ་ཐམས་ཅད་གདུལ་བྱ་མེད་ན་འདུལ་བྱེད་དབྱིངས་སུ་ནུབ་པ་དེ། ཆུ་སྣོད་ཟླ་གཟུགས་ཀྱི་དཔེ་བཞིན་ཡིན་ན། སངས་རྒྱས་ཀྱི་མཛད་པ་ཕྲིན་ལས་ཐམས་ཅད་དང་པོ་དབྱིངས་ལས་བྱུང་ཞིང་མཐའ་དབྱིངས་ཀྱི་ངང་དུ་སྤྲོས་པ་ཉེ་བར་ཞི་བ་ཡིན། སྤྲུལ་སྐུ་ལོངས་སྐུར་བསྡུ། ལོངས་སྐུ་ཆོས་སྐུར་བསྡུ། ཆོས་སྐུ་ངོ་བོ་ཉིད་ཀྱང་སྟོང་གསལ་འདུས་མ་བྱས་པ་གཞོན་ནུ་བུམ་པ་སྐུའི་དབྱིངས་ན་བཞུགས་པ་ཡིན། འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་རྟག །ཅེས་པ་ལྟར་རེད། འདིའི་རྟག་པ་རྒྱུན་གྱི་རྟག་པ་རེད། དེ་ལྟ་བུའི་གོ་འཕང་མཆོག་མངོན་དུ་བྱེད་པ་ལ་སེམས་ཅན་རང་རང་གི་སྐལ་བ་དང་འཚམ་པའི་ཞལ་ནས་གསུང་བའི་བཀའ། བྱིན་གྱིས་བརླབས་པའི་བཀའ། རྗེས་སུ་གནང་བའི་བཀའ་གསུམ་གྱི་སྒོ་ནས་བདེ་བར་གཤེགས་པའི་བསྟན་པ་དམ་པའི་ཆོས་ཀྱི་བདག་རྐྱེན་གྱི་སྒོ་ནས་རྣམ་པར་བཞག་ཡོད་པ་རེད། དེས་ན་བདེ་བར་གཤེགས་པས་གདུལ་བྱའི་དོན་དུ་ཆོས་ཇི་ལྟར་བྱས་ནས་བསྟན་ན། ཞལ་ནས་གསུངས་པའི་བཀའ་ནི། ཆོས་སྐུས་ཡེ་ཤེས་རྒྱ་མཚོའི་འཁོར་ལ་གསུངས། གསུངས་ཚུལ་རང་གི་ངོ་བོས་གསུངས། ལོངས་སྐུས་རང་སྣང་རིག་པའི་འཁོར་ལ་སྒྲ་ཚིག་བརྗོད་པ་དང་བྲལ་བའི་ཚུལ་གྱིས་གསུངས། སྤྲུལ་སྐུས་འཁོར་རྣམ་པ་བཞི་ལ་ཚིག་སྡེབ་སྦྱོར་ལེགས་པའི་སྒོ་ནས་གསུངས་སོ། །བྱིན་གྱིས་བརླབས་པའི་བཀའ་ནི། སྐུ་གསུང་ཐུགས་སོ་སོས་བྱིན་གྱིས་བརླབས་པ་ཡོད་ལ། སྐུས་བྱིན་གྱིས་བརླབས་པའི་བཀའ་ནི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཕྱག་གིས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་སྤྱི་བོར་རེག་པ་ཙམ་གྱིས་མདོ་སྡེ་ས་བཅུ་པ་འཆད་པའི་སྤོབས་པ་སྐྱེས་པ་ལྟ་བུ་དང་། གསུང་གིས་བྱིན་གྱིས་རླབས་པའི་བཀའ་ནི། བཅོམ་ལྡན་འདས་ཀྱིས་འཇམ་དཔལ་དབྱངས་ལ་མ་སྐྱེས་དགྲའི་འགྱོད་པ་སོལ་ཅིག་ཅེས་གསུངས་པས། འཇམ་དཔལ་གྱིས་མ་སྐྱེས་དགྲའི་འགྱོད་པ་སེལ་བའི་མདོ་གསུངས་པ་ལྟ་བུ་དང་། ཐུགས་ཀྱིས་བྱིན་གྱིས་རླབས་པའི་བཀའ་ནི། བཅོམ་ལྡན་འདས་ཟབ་མོར་སྣང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་བཞུགས་པས། སྤྱན་རས་གཟིགས་དང་ཤཱ་རིའི་བུ་གཉིས་ལ་བྱིན་གྱིས་རླབས་ནས་དེ་གཉིས་ཀྱིས་དྲི་བ་དྲིས་ལན་གྱི་ཚུལ་གྱིས་ཤེས་རབ་སྙིང་པོ་གསུངས་པ་ལྟ་བུ། ཡོན་ཏན་དང་འཕྲིན་ལས་ཀྱིས་བྱིན་གྱིས་རླབས་པ་ནི། སྟོན་པ་འདི་ཡི་བྱིན་རླབས་ཀྱིས། །བྱའམ་ཤིང་བུ་རྡེའུ་དང་། །པདྨོ་དག་དང་དཔག་བསམ་ཤིང་། །རྔ་བོ་ཆེ་ལས་བྱུང་བ་ཡང་། །རྒྱལ་བས་བྱིན་གྱིས་བརླབས་པའི་ཕྱིར། །དེ་དག་བཀའ་ཞེས་བྱ་བར་འདོད། །ཅེས་གསུངས་པ་ལྟར་རོ། །མདོར་ན་ཆོས་སུ་སྨྲ་བ་མཆོག་དམན་སུའི་ངག་ནས་བྱུང་ནའང་དེ་བཞིན་གཤེགས་པའི་ཕྲིན་ལས་ཆེན་པོའི་མཐུས་སྟོན་པར་ཡིན་པས་ན་བྱིན་གྱིས་བརླབས་པའི་བཀའ་ཡིན། འོ་ན་རང་རེས་འདི་ན་བཤད་པའང་བདེ་བར་གཤེགས་པའི་བྱིན་གྱིས་བརླབས་པའི་བཀའ་ཨེ་ཡིན་བསམ་ན། དེའང་ཡིན་ཏེ། ཆོས་བཤད་པས་མི་ཚད་པར་འཇིག་རྟེན་ན་ཕན་བདེ་སྦྱིན་པའི་ལེགས་ཆ་བཟང་ཆ་ཐམས་ཅད་རྒྱལ་བའི་ཕྲིན་ལས་ཡིན་པས། བྱིན་གྱིས་བརླབས་པའི་བཀའ་མིན་ཡང་རྗེས་སུ་གནང་བའི་བཀའི་གྲལ་དུ་འགྲོ་ན་ཆོག་པ་རེད། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །ཞེས་གསུངས་པ་རེད། འོན་ཀྱང་ཚིག་དོན་གཉིས་ཀའི་ཆ་ནོར་བ་ཅན་དང་། འབྲས་བུ་ལ་བསླུ་བ་ཅན་བཤད་ན་དེ་བྱིན་གྱིས་བརླབས་པའི་བཀའི་གྲལ་དུ་ཇི་ལྟར་འགྲོ། མི་འགྲོ་བར་མ་ཟད། འཆད་དང་རིག་པ་དག་དང་ལྡན་པར་བརྗོད་པ་དང་། །མཆོག་འཕགས་བདེ་བ་བྱེད་དང་དེ་ཡི་འབྲས་ཐོབ་པ། །ཅེས་པའི་དོན་དང་མི་ལྡན་པས་ན་དེའི་ལྡོག་ཕྱོགས་ཅན་པོ་ཡིན། དེ་ལྟ་བུའི་བཤད་མཁན་ནི་ལོག་པའི་ལམ་སྟོན། ངན་པའི་ལམ་རྒྱུས་མཁན་བྱེད་པ་རེད། དེ་མིན་ཡང་། མི་ཕམ་རིན་པོ་ཆེས། ཅོལ་ཆུང་དབུལ་པོའི་ལག་གི་རིན་ཆེན་དང་། །ཐོས་ཆུང་བླུན་པོའི་ཁ་ཡི་མན་ངག་གཉིས། །མནན་ཀྱང་མི་ནོན་ཟངས་ཁའི་ནོར་བུ་བཞིན། །གཞན་ལ་བསྟན་འདི་བྲེལ་བར་ལངས་འདིར་ལྟོས། །ཞེས་གསུངས་པ་ལྟར་བཤད་ངར་འདྲ་ལངས་ནས་འདུག་ཡོད་པ་ལ་བཟང་ངན་གྱི་དབྱེ་བ་གཉིས་ཡོད། ང་ཅན་པོ་ལ་ཡག་རྒྱུ་ཡོད་ནི་མ་རེད། དེས་ཞལ་ནས་གསུངས་པའི་བཀའ་དང་བྱིན་གྱིས་བརླབས་པའི་བཀའི་དོན་ཤེས་སོང་བ་རེད། རྗེས་སུ་གནང་བའི་བཀའ་ནི། སྟོན་པ་མྱ་ངན་ལས་འདས་པའི་ཚུལ་བསྟན་སྐབས་ན། སངས་རྒྱས་རང་ཉིད་ཀྱིས་ཞལ་ཆེམས་བཞག་སྟེ་དོ་ཏན་བྱས་ནས་གསུངས་ཡོད་པ་རེད། ང་ཡོངས་སུ་མྱ་ངན་ལས་འདས་ནས། འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག ཆོས་ཉིད་དང་མི་འགལ་ན་བཀའ་ཡིན་པར་ཟུངས་ཤིག ཅེས་གསུངས་པ་སོགས་ནི་རྗེས་སུ་གནང་བའི་བཀའི་སྡོམ་བསྟན་པ་ཡིན། དེས་ན་འདུལ་བ་ལ་མི་སྣང་། མདོ་སྡེའི་དོན་ལ་མི་འཇུག ཆོས་ཉིད་དང་འགལ་བ་ཞིག་ཡིན་ན། སུའི་ཡིན་བྱས། སུས་བཤད་ན། མིང་སུས་བཏགས་མངའ་ཐང་འབྱོར་པ་ཇི་ཙམ་རྒྱས་རུང་། སངས་རྒྱས་ཀྱི་བཀའ་ལས་ལྡོག་པའི་བཀའ་འགལ་མཁན། བསྟན་པ་འདི་ལས་ཕྱི་རོལ་ཏུ་གྱུར་པ། ཟུར་ལ་ཐོན་ན་སྣར་ལག་པས་འགེབ་དགོས་རྒྱུ་ཅན་པོ་དེ་ཡིན་ནི་རེད། འདུལ་བ་ལ་སྣང་། མདོ་སྡེ་ལ་འཇུག ཆོས་ཉིད་དང་མི་འགལ་བའི་ཆོས་སྨྲ་བ། དོན་མཐུན་དོན་སྤྱོད་པར་བྱེད་པ་ཞིག་ཡིན་ན། ཕྱིང་སློག་ཐེད་པོ་གྱོན་པ་ཞིག་ཡིན་ཡང་། མཆོད་པར་འོས་པ། འཇིག་རྟེན་གྱི་མིག་བསྟན་པའི་རྒྱན་ཆ་ཡིན་ངེས་རེད། དེས་ན་རང་རེས་ཀྱང་སྟོན་པའི་བཀའ་དེའི་རྗེས་སུ་འཇུག་པའི་ཚུལ་གྱིས་ཐུན་མོང་མ་ཡིན་པ་ཐེག་པ་མཆོག་གི་ལམ་ལ་ཞུགས་པའི་མཐར་ཐུག་གི་འབྲས་བུ་དེ་ཅི་འདྲ་རྙེད་དགོས་པའི་སྐོར་དང་། ཅི་ཞིག་རྙེད་རྒྱུ་ཡོད་པའི་སྐོར་དང་། རང་རེས་འབད་པར་བྱས་པའི་དོན་སྒོ་འབྲས་བུ་གྲུབ་དོན་མཐར་ཐུག་གི་དམིགས་ཡུལ་གཏད་ས་འདྲ་བོ་ལ། འུ་ཅག་གིས་དམིགས་བསལ་གྱི་བག་ཆགས་ཞིག་འཇོག་རྒྱུ་སྔོན་དུ་འགྲོ་བར་བྱས་ནས། བསྟན་པའི་སྙིང་པོ་ལུང་རྟོགས་ཀྱི་བསྟན་པ་ལ་འཆད་ཉན་སྒོམ་སྒྲུབ་ཀྱིས་འཛིན་སྐྱོང་སྤེལ་བའི་སྐལ་བཟང་ཐོབ་པ་འདི་ལ། དགའ་སྤྲོ་དང་བའི་འདུན་པ་དང་བཅས་ཏེ་རྒྱལ་བའི་ཕྲིན་ལས་ཆུད་མི་གསོན་པའི་ཆེད་དུ། ཐེག་མཆོག་རྫོགས་པ་ཆེན་པོའི་མྱུར་ལམ་ཟབ་མོ་གང་ཞིག་འཆད་ཉན་བྱ་བ་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་ཐིག་ལེ་ལས་བྱུང་བའི་ཆོས་ཚན། ཐུན་མོང་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་འདི་ཉིད་འཆད་ཉན་ཡོངས་སུ་གྲུབ་པར་བགྱི་བ་ལ། དངོས་གཞི་ཁྲིད་རྐང་བདུན་པོ་ཁྲིད་སྦྱོང་དང་བཅས་པ་སོང་ནས། ད་དེ་རིང་སྐབས་ཀྱི་དོན་བསྡུ་བ་དང་། མཐའ་མར་དགེ་བ་མཇུག་གི་དོན་ཡོངས་སུ་རྫོགས་པའི་དགེ་བ་བསྔོ་བ་དང་བཅས་པ་ལ་ཐུག་པ་རེད། དང་པོ་སྐབས་ཀྱི་དོན་བསྡུ་བ་ནི། འདི་ལྟ་བུའི་སེམས་སྦྱོང་རྣམ་པ་བདུན་པོ་ནི། ཞེས་འུ་ཅག་གིས་ད་སྔོན་གྱི་ཆོས་ཁྲིད་དང་ཁྲིད་སྦྱོང་བྱས་པ་ལ་ཕྱི་བལྟས་ཤིག་བྱེད་ན། སེམས་སྦྱོང་རྣམ་པ་བདུན་འདིའི་མན་ངག་གཞུང་གི་ལུས་ཡོངས་སུ་རྫོགས་པ་ཡིན་ན། སེམས་སྦྱོང་དང་པོ་འདུས་བྱས་ཐམས་ཅད་མི་རྟག་པར་བསམ་པ་དང་། གཉིས་པ་བྱས་པ་ཐམས་ཅད་སྡུག་བསྔལ་གྱི་རྒྱུར་སྣང་བ་བསམ་པ། གསུམ་པ་རིགས་དྲུག་གི་སེམས་ཅན་ལ་སྙིང་རྗེ་སྐྱེ་ཞིང་། ལས་སུ་དཀོན་མཆོག་གསུམ་མཆོད་ཅིང་དཀར་པོ་དགེ་བའི་ལས་བསྐྱེད་པ་དང་། བཞི་པ་བླ་མའི་གདམས་ངག་ཅིག་ཅི་ནས་ཀྱང་འཐོབ་པར་བྱ་ཞིང་། ཐབས་གང་གི་སྒོ་ནས་ཀྱང་ཐོབ་པར་བྱ་སྙམ་པ། ལྔ་པ་གདམས་པ་རྙེད་ནས་རྩེ་གཅིག་ཏུ་ལེ་ལོ་སྤངས་ནས་བསྒོམ་པ་དང་། དྲུག་པ་འཇིག་རྟེན་གྱི་ལོངས་སྤྱོད་དུག་གིས་བསྐྱེད་པའི་སྦྲང་རྩི་དང་འདྲ་བ། ཇི་ཙམ་ལོངས་སྤྱོད་པ་ཙམ་གྱིས་སྡུག་བསྔལ་བསྐྱེད་པར་བསམ་པ། བདུན་པ་མི་རྟོག་པ་གསུམ་གྱིས་སེམས་སྦྱོང་བ་སྟེ། ཁར་སང་གོང་དུ་སོང་མ་ཐག་པའི་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ། གསལ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བ། ཆོས་ཉིད་མི་རྟོག་པ་ལ་སེམས་སྦྱོང་བ་དང་གསུམ་པོ་དེ་ཁྲིད་རྐང་གཅིག་ལ་བརྩིས་པའི་སེམས་སྦྱོང་ས་བཅད་བདུན་པོ་སོང་བ་རེད། འདི་ལྟ་བུའི་སེམས་སྦྱོང་གི་མན་ངག་བདུན་པོ་དེ་ནི། གོ་ལོ་ཐོས་ལོ་རྐྱང་པ་ཙམ་གྱིས་ཁ་ཙམ་ཚིག་ཙམ་དུ་མ་སོང་བར། འཁོར་བའི་རང་བཞིན་ཁྲི་མུན་ནམ་བཙོན་ཁང་ལྟ་བུའི་འདུ་ཤེས་ཡོད་པའི་ཐོག་ནས་དེའི་ནང་དུ་ཆུད་པ་ལྟ་བུའི་སྡུག་བསྔལ་ཅན་ཡིན་པ་ལ་ཡིན་པར་ཤེས་པའི་སྡུག་བསྔལ་དང་། སྐྱོ་ཤས་ཡིད་ལ་དྲན་པ་དང་མ་བྲལ་བའི་སྒོ་ནས། སྤྱིར་དུས་དང་རྣམ་པ་ཐམས་ཅད་དང་། ཁྱད་པར་དུ་ང་ཚོས་ཁྲིད་བཞིན་པ་འདི་ལྟ་བུའི་སྨིན་འཁྲིད་བྱེད་པ་དང་སྦྱོང་བ་ལ་སོགས་པའི་ཚེ་ན་རབ་ན་ཁྲིད་རྐང་རེ་ལ་ཞག་གསུམ་རེ་སྟེ་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གམ། འབྲིང་ན་ཞག་བཅུ་བཞིའམ། ཐ་ནའང་ཞག་བདུན་ལ་སོགས་པར་ཉམས་སུ་བླངས་ཏེ་རང་ཉིད་ཀྱི་རྒྱུད་ལ་ཆོས་དང་རང་རྒྱུད་འདྲེས་ངེས་པར་མ་བྱས་ན། ཆོས་ཁྲིད་དུས་ཁྲིད་ཀྱི་ལུགས་སུ་གདབ་པ་དེ་ལུང་ཉན་པ་ལྟ་བུས་བློ་ངན་གོམས་ལས་བཟློག་སྟེ་ལས་སུ་རུང་བར་མི་འགྱུར་ཏེ། ཁྲིད་འདི་ལ་སྨིན་ཁྲིད་དང་མོས་ཁྲིད་ཀྱི་དབྱེ་བ་གཉིས་ཀྱི་ཐོག་ནས་ཞུས་པ་ལ། སྨིན་ཁྲིད་དེ་གོ་ལོ་ཐོས་ལོ་ཙམ་གྱིས་ཐོག་ན་བཞག་པར་མ་ཡིན་པར་བླ་མས་ཀྱང་སློབ་མར་དངོས་སུ་ཕན་བཏགས་རྒྱུའི་འདུན་པས་སློབ་མ་སོ་སོའི་རྒྱུད་ཚོད་དང་འཚམ་པའི་ཆོས་བཤད། སློབ་མས་ཀྱང་ཉམས་ལེན་གནད་ཐོག་ཏུ་སྨིན་པར་རང་རྒྱུད་ངོ་མ་དང་འདྲེས་ཐབས་ཀྱི་ལག་ཁྲིད་དེ་ལ་རྗེས་སུ་ཞུགས་ནས། དཔེར་ན་གཤོག་པ་གཉིས་ལྡན་གྱི་བྱ་འཕུར་ན་གནམ་འཕང་ཆོད་པ་བཞིན་དུ། བླ་སློབ་གཉིས་ཀས་འབད་པ་དོན་དུ་ཁེལ་ནས། རང་རྒྱུད་ལ་སངས་རྒྱས་ཀྱི་ས་བོན་སྨིན་པའི་གསོས་རེ་ཐེབས་པ་ལ་སྨིན་ཁྲིད་དང་། དད་པས་འཇུག་པའི་མོས་པ་ཡིད་ཡུལ་ལ་ཞུགས་ཏེ་ཆོས་ཁྲིད་རེ་ཞུས་ནས། ཆོས་ཁྲིད་ཀྱི་གྲལ་ལ་བསྡད། མོས་པ་ཡིད་བྱེད་ཀྱིས་དད་མོས་གྱི་འདུན་པ་སྔོན་དུ་སོང་བ་ལ་མོས་ཁྲིད་གསུངས་པ་ཨེ་མི་ཡིན། འདིར་སྨིན་ཁྲིད་ངོ་མ་དང་མོས་ཁྲིད་དེ་དང་ཆ་འདྲ་བ་ལ་གསུངས་པ་ཨེ་ཡིན་སྙམ། འུ་ཅག་གིས་རྒྱས་པ་ལྟར་དུ་བདུན་གསུམ་ཉི་ཤུ་རྩ་གཅིག་ཡན་ལ་སོང་བ་རེད། ཆ་མཉམ་གྱི་ཁྲིད་རྐང་རེ་ལ་ཁྲིད་སྦྱོང་ཉིན་གསུམ་རེ་བྱས་པ་མ་རེད་དེ། གནད་ཆེ་བའི་ཁྲིད་རྐང་རྣམས་ཉིན་གསུམ་རེ་དང་བཞི་རེ་དང་ལྔ་རེ་ལ་བྱས་པ་རེད། དེའི་ཞོར་ལ་འབུམ་ལྔའི་བསགས་སྦྱང་རྣམས་འགོ་རེ་བཞག་སྟེ་ཕྱིན་ཆད་མཇུག་བསྐྱང་བའི་ཕྱོགས་སྟོན་དང་། གཏུམ་མོ་དང་། རྩ་རླུང་འཕོ་བ་རྣམས་ཀྱང་མཉམ་དུ་ཁྲིད་སྦྱོང་དང་སྦྲགས་ཏེ་གང་གཅེས་གཅེས་དང་། གང་དམར་དམར་བདམས་ནས། དུས་ནི་ཡུན་ཐུང་རིག་པའི་རྣམ་གྲངས་མང་། །ཚེ་ཡི་ཚོད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ཇི་བཞིན་དུ། །གང་ཞིག་གཅེས་པ་དེ་ནི་བླང་བར་གྱིས། །ཞེས་གསུངས་པ་ལྟར་དུ། རང་ཉིད་ཀྱིས་འབད་པ་མ་ཞན་ན་ད་ལོའི་ཆོས་ཁྲིད་འདི་གཅིག་པུས་ཀྱང་གང་ཟག་གཅིག་གྲོལ་བ་ཐོབ་ནུས་པའི་དགོས་པ་དོན་ལྡན་གྱིས་བཤད་པའི་ཉམས་རེད། རྨི་ལམ་དང་སྒྱུ་ལུས་འོད་གསལ་རྣམས་དངོས་ཤུགས་ཅི་རིགས་པས་བསྟན་པ་ཡིན་ན། ཆོས་དྲུག་ཀྱང་ཞོར་ལ་ཚང་ཡོད་པ་རེད། རང་གི་ཉམས་ལེན་གྱིས་ནུས་ན་ཆོས་ཀྱིས་ནུས་རྒྱུ་ཅན་པོ་ཡིན། ཨོ་རྒྱན་ཆེན་པོས། གོང་དུ་གསུངས་པའི་ཁྲིད་རྐང་གི་རིམ་པ་དེ་ལྟར་ཤར་འདོན་ཞིག་བྱས་པའི་ཚིག་ཙམ་མ་ཡིན་པར་འཁོར་བའི་གནས་ཚུལ་འདི་མི་བརྟན་པར་འགྱུར་ཞིང་འདུས་བྱས་ཐམས་ཅད་མི་རྟག་པ་དང་། ཟག་བཅས་ཐམས་ཅད་བསྡུག་བསྔལ་བའི་རང་བཞིན་ཡིན་པར་ཤེས་རྒྱུ་དེ་དང་། འཁོར་བ་དེ་ལ་སྐྱོ་ཞིང་སྡུག་བསྔལ་བར་བསམ་པའི་སྐྱོ་ཤས་དང་། འཁོར་བ་འདི་ལས་ཐར་འདོད་ཀྱི་ངེས་འབྱུང་ཉིད་དང་བསྲེས་ནས་ཉམས་སུ་མ་བླངས་ན་རང་རྒྱུད་ལ་ཕན་པ་མི་འབྱུང་ཞིང་། ཆོས་ཞུས་པས་གོ་མི་ཆོད། དེ་ལྟར་ཉམས་སུ་བླངས་ན་རང་རྒྱུད་ལ་ཕན་ཞིང་ཆོས་ཞུས་པའི་གོ་ཆོད་པར་འགྱུར་ཅེས་གདམས་པ་ལག་བཅང་གི་ཚུལ་དུ་གོ་སླ་ཉན་བདེའི་ཐོག་ནས་གསུངས་པ་རེད། དེ་ལྟར་འཁོར་བའི་སྡུག་བསྔལ་དྲན་པ་དང་སྐྱོ་ཤས་དང་ངེས་འབྱུང་གི་བློ་མེད་པར་གདམས་ངག་ཉམས་སུ་མ་བླངས་ན། དཔེར་ན་བཀྲེས་སྐོམ་གྱིས་ཉེ་བར་གདུངས་བ་དག་ལ། ཟས་སྐོམ་ལག་ན་ཡོད་པའམ། ལོངས་མ་སྤྱད་ན་བཀྲེས་སྐོམ་གྱི་སྡུག་བསྔལ་སེལ་བ་དེ་ཉིད་ལ་ཟས་སྐོམ་གྱི་ཕན་པར་ཤེས་པ་ཙམ་གྱིས་དོན་ལ་ཕན་པ་མི་ཡོང་ཞིང་། ངེས་པར་བཟའ་བཏུང་བྱེད་དགོས་པ་དེ་བཞིན་དུ། ཆོས་ཀྱི་གོ་དོན་ཉམས་སུ་བླངས་པས་གཞི་ནས་འཁོར་བ་ཁྲི་མུན་ནང་དུ་ཆུད་པ་དང་འདྲ་བར་གོ་ཞིང་ཤེས་ནས། ཚེ་འདི་དང་འཁོར་བའི་བདེ་བར་ཞེན་པ་མིན་པར་བློ་ཆོས་སུ་འགྲོ་བ་དང་ཆོས་ཐར་ལམ་དུ་བསྒྱུར་བས་ལས་སུ་རུང་བར་གྱུར་པས། འཕྲལ་དང་ཡུན་གྱི་བདེ་བ་དོན་དུ་གཉེར་བ་དང་། དེ་ཇི་ལྟར་བསྒྲུབ་པའི་ཚུལ་ཁོ་ན་ལ་གོ་འཕོ་བའོ་ཞེས་བློ་འཕྲལ་ཡུན་གྱི་བདེ་བ་ལ་བསམ་བློ་གཏོང་ཤེས་ཤིང་བློ་ཁ་ཕྱོགས་པ་ཞིག་རེད་ཐུབ་ངེས་སོ། །ཞེས་གསུངས་ལ། མན་ངག་གི་རིམ་པ་དེ་ལྟ་བུས་སློབ་མའི་རྒྱུད་མ་དུལ་བར་ཞིང་ས་ཐ་རྒོད་ལྟ་བུ་དེ་ཤིན་ཏུ་དུལ་ཞིང་ལས་སུ་རུང་བ་ངེས་འབྱུང་གི་བློ་སྐྱེས་ནས་ཞིང་ས་གཤིན་པོ་ལྟ་བུར་གྱུར་པའི་ཚེ། ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལམ་ཐམས་ཅད་ཀྱི་རྨིང་རྡོ་སྐྱབས་སུ་འགྲོ་བའི་ཁྲིད་དང་། ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་ཁྲིད། འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས། མཐུན་རྐྱེན་ཚོགས་བསགས་པ་མཎྜལ། དེ་དང་འབྲེལ་བའི་བདུད་བཞི་ཅིག་ཅར་དུ་གཅོད་པ་ཀུ་སུ་ལུའི་ཚོགས་བསགས། རྟོགས་པའི་ཡེ་ཤེས་རང་རྒྱུད་ལ་འཇུག་པར་བྱེད་པའི་ཐབས་ཀྱི་མཐར་ཕྱིན་བླ་མའི་རྣལ་འབྱོར་གྱི་ཁྲིད་དེ་དྲུག་དང་། འུ་ཅག་གིས་འབུམ་ལྔ་བསགས་སྦྱང་བྱ་བའི། སྐྱབས་འགྲོ་དང་། སེམས་བསྐྱེད། ཡིག་བརྒྱ། མཎྜལ། དེའི་སྟེང་དུ་ཡན་ལག་བདུན་པ་དང་འབྲེལ་བའི་ཕྱག་འཚལ་བ་དེ་རེད། འདི་རྣམས་ཀྱང་ཐེག་པ་ཐུན་མོང་གི་སྔོན་འགྲོ་ལ་ལྟོས་ན་ཐུན་མིན་གྱི་སྔོན་འགྲོ་ཡིན་ཡང་། ད་རུང་དངོས་གཞི་ཁྲིད་ཀྱི་སྐབས་སུ་ཁྱད་པར་ཅན་གྱི་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་ལ་སོགས་པར་གོ་ཕྱེ་སྟེ། དངོས་གཞིའི་ལམ་ལ་སྨིན་གྲོལ་གཉིས་ལས། དང་པོ་སྨིན་བྱེད་དབང་གི་དགོས་པ་གསུངས་པ་ནི། སྤྱིར་འགྲོ་བའི་ཁམས་དང་བྱེ་བྲག་ཏུ་ཁམས་དྲུག་ལྡན་གྱི་འདོད་ཁམས་ཀྱི་མིའི་རྟེན་ལ་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ། ཐུགས་རྡོ་རྗེ། ཡེ་ཤེས་རྡོ་རྗེ་སྟེ་རྡོ་རྗེ་བཞིའི་རིགས་རང་བཞིན་གྱིས་གནས་པ་དེ་ཉིད་ལུས་ངག་ཡིད་གསུམ་རྣམ་པར་རྟོག་པ་དང་བཅས་པས་བསྒྲིབས་ནས་ཡོད་པ་དེ། བརྡ་ཐབས་རྟེན་འབྲེལ་ཞེས་པ་དབང་གོང་མ་སོགས་ལས་འབྱུང་བའི་ཚིག་རེད། བརྡ་ཐབས་རྟེན་འབྲེལ་གྱི་ཆོ་གས་རང་ལ་ཡེ་ནས་གནས་པའི་རིགས་དེ་ཉིད་སད་པར་བྱས་ཏེ། སློབ་མའི་རྒྱུད་ཡེ་ནས་དག་པ་རབ་འབྱམས་སུ་གནས་པ་དེ་ཉིད་སླར་ཡང་སྨིན་པར་བྱེད་པའི་ལས་ཅན་གྱི་ཐབས་ཁྱད་པར་ཅན་དེ་དབང་ཡིན་ལ། དབང་གིས་སྨིན་པར་བྱས་པ་རྐྱང་པས་མི་ཆོག་པར་སྨིན་པ་དེ་ཉིད་གྲོལ་དགོས་པས། འདི་མན་ཆད་གྲོལ་བྱེད་ཁྲིད་ཀྱི་རིམ་པའི་གོ་དོན་དང་དགོས་པ་གསུངས་པ་རེད། གཟུང་བ་དང་འཛིན་པའི་ཆོས་ཐམས་ཅད་ཅེས་གཟུང་འཛིན་གྱི་དོན་གོང་དུ་བཤད་པ་ལྟར་རེད། ཇི་ལྟར་བཤད་ན། གཟུང་འཛིན་འདི་ཐུན་མིན་གྱི་འཆད་ཚུལ་ལྟར་ན་སྣང་བ་དང་སྣང་ཡུལ་ཕྱེས་ནས། ཐག་ཁྲ་ལ་སྦྲུལ་འཛིན་པའི་གནས་སྐབས་ན། ཐག་པ་ཁྲ་བོ་ལ་སྦྲུལ་ཡིན་སྣང་ཤར་ནས་འཁྲུལ་དུས་དེར། ཐག་ཁྲ་གཟུང་བ་དང་དེའི་སྐབས་ཀྱི་རང་གི་ཤེས་པ་དེ་འཛིན་པ་རེད་ཟེར་རྒྱུ་མ་རེད། དེ་བླུན་པོའི་གཏམ་ངོ་མར་རེད་གསུངས་པ་རེད། འཁྲུལ་སེམས་གྱི་དབང་དུ་སོང་ནས་མིག་ལམ་ལ་ཐག་ཁྲ་རིག་དུས་སྦྲུལ་རེད་བསམ་པའི་དེ་འཛིན་གྱི་ཤེས་པ་རྣམ་རྟོག་དང་པོ་དེ་གཟུང་བ་དང་། དེའི་རྗེས་སུ་རྣམ་རྟོག་སྔོན་མ་ལ་རྟོག་དཔྱོད་ཞུགས་པ་དེ་འཛིན་པ་ཡིན། རྣམ་རྟོག་ཡིན་ན་གཟུང་འཛིན་ཅན་ཡིན་པས་ཁྱབ་པ་རེད། དེ་ལྟ་བུའི་གཟུང་འཛིན་ལ་ཤར་བའི་སེམས་ཉིད་བདག་མེད་ལ་བདག་དང་། སྣང་བ་གཞན་མེད་ལ་གཞན་དུ་བཟུང་ནས་རྣམ་རྟོག་གི་དབང་གིས་འཁྲུལ་བ་ཡིན་ན། དེ་ལྟ་བུའི་གཟུང་བ་དང་འཛིན་པའི་གཉིས་སྣང་གི་ཆོས་ཐམས་ཅད་དྲན་རིག་གི་སེམས་ཀྱི་སྣང་བ་འདི་ཐམས་ཅད་དང་པོ་སྐྱེ་བ་མེད་པ། སྐྱེ་བ་མེད་པས་མཐར་འགག་པ་མེད། སྐྱེ་འགག་གཉིས་ཀ་མེད་པ་ཞིག་བར་དུ་གནས་པ་ཡོད་དོན་མེད། སྐྱེ་འགག་གནས་གསུམ་དང་བྲལ་བའི་རོལ་རྩལ་ཏེ། རོལ་པ་འདི་མེད་བཞིན་དུ་སྣང་བ་སྒྱུ་མའི་རོལ་པ་ལྟ་བུ་ལ་གོ། རྩལ་ནུས་པ་ལ་གོ་དགོས་གསུངས་པ་རེད། གཞི་མེད་རྩ་བྲལ་གྱི་གནས་ལུགས་དངོས་ཀྱི་རོལ་རྩལ་དུ་ངོ་སྤྲད་དེ་བྱ་རྩོལ་མེད་པར་བློ་འདས་ཆོས་སྐུའི་དགོངས་པ་ལ་སྦྱོར་བར་བྱེད་པའི་གྲོལ་བྱེད་ཀྱི་ཁྲིད་ཅེས་གསུངས་ལ། འདིའི་ཐད་ཀྱི་དྲན་རིག་སྐྱེ་འགག་གནས་གསུམ་དང་བྲལ་བའི་མི་རྟོག་པ་དང་། གོང་གི་ཆོས་ཉིད་མི་རྟོག་པ་རྣམས་བཤད་དུས་རྟོག་གེ་བ་ཞིག་གིས་བསམ་བློ་གཏོང་ཡོང་ན། འདིའི་མི་རྟོག་པ་འདི་སྒྲུབ་རྟོག་རེད་དང་དགག་རྟོག་གང་རེད། དེ་གཉིས་ལས་འགྲོ་སར་མེད་བསམ་ན་ཤེས་ནི་མ་རེད་དེ། དགག་རྟོག་དང་སྒྲུབ་རྟོག་གཉིས་ཀ་མ་རེད། དེ་གཉིས་གང་ཡིན་ན་རྣམ་རྟོག་ལས་མ་འདས་པ་ཞིག་རེད། འདི་རྣམ་རྟོག་ལས་འདས་པས་ན་མི་རྟོག་ཡེ་ཤེས་ཟེར་ནི་རེད་ཟེར་ན། ཁོ་ན་རེ། འོ་ན་མི་རྟོག་ཡེ་ཤེས་ཆོས་ཅན། དགག་རྟོག་ཡིན་པར་ཐལ། སྤྲོས་པ་དགག་པ་གང་ཞིག རྣམ་རྟོག་ཡིན་པའི་ཕྱིར་ཟེར་ན། རྟགས་མ་གྲུབ་ཟེར་རྒྱུ་རེད། ཡང་དེ་སྒྲུབ་རྟོག་ཡིན་པར་ཐལ། སྤྲོས་བྲལ་སྒྲུབ་པ་གང་ཞིག སྤྲོས་བྲལ་སྒྲུབ་པའི་རྣམ་རྟོག་ཡིན་པའི་ཕྱིར་ཟེར་ན། ཡང་རྟགས་མ་གྲུབ་ཟེར་རྒྱུ་རེད། སྤྲོས་པ་མཐའ་དག་ཁེགས་པ་ཞིག་ལ་སྤྲོས་བྲལ་རེད་བསམ་པའི་འཛིན་པ་ཞིག་གང་ན་ཡོད། དེ་ཡོད་ན་ད་དུང་སྤྲོས་པ་མ་ཁེགས་པའི་རྟགས་རེད། ལར་བསམ་བྱ་དང་བསམ་གཞི། རྟོགས་བྱ་དང་རྟོགས་གཞིའི་ཁྱད་པར་དུ་ཕྱེ་དགོས་པ་རེད། དེ་མ་ཕྱེ་བར་བཤད་པ་ནི། མ་བརྟག་བྱུང་རྒྱལ་གྱི་གཏམ་དང་ཐལ་ངག་རེད་འགྲོ་བ་རེད། དེ་ཡིན་དུས་སེམས་ཀྱི་ཆོས་ཉིད་དེ་དེ་བཞིན་ཉིད་ཡིན་ལ། སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ་ད་ལྟ་དེས་ཟེར་བ་ལྟ་བུའི། རྟོགས་པ་པོའི་ཐད་ནས་བསམ་བློ་གཏོང་ན། དང་པོ་ཐོས་བསམ་གྱིས་རྟོག་པ་ཞིག་གིས་དཔྱད་ན། མཐར་དཔྱད་མཁན་ཉིད་ཀྱང་ཆོས་ཉིད་དེའི་ངང་དུ་གྲོལ་བའི་གནད་ཀྱིས་སྐྱེ་འགག་གནས་གསུམ་དང་བྲལ་བའི་རྣམ་པར་མི་རྟོག་པ་ཉིད་ལ། རྣམ་པར་མི་རྟོག་པ་ལ་ཞེན་པའི་འདུ་ཤེས་ཙམ་ཡང་ཡོད་པ་མ་རེད། གང་ལ་ཞེན་པ་ཡོད་ན་འཆིང་བའི་རྒྱུར་གསུངས་པ་རེད། གཞལ་བྱ་འདི་ལྟ་བུ་ནི་ཀུན་ཏུ་ཐ་སྙད་པའི་ཚད་མ་རྐྱང་པས་གཞལ་ནུས་རྒྱུའི་དོན་མིན་ལ། དེས་ན་རིག་འཛིན་འཇིགས་མེད་གླིང་པས། ཇི་སྲིད་སྣང་བའི་འདུ་ཤེས་མ་ཟད་བར། །དེ་སྲིད་རྒྱལ་བའི་དགོངས་པ་ལོན་པར་མེད། །ཅེས་གསུངས་པ་དང་། ཀུན་མཁྱེན་མི་ཕམ་པས། དོན་ལ་སྐྱེ་དང་སྐྱེ་མེད་གཉིས། །སོ་སོ་གནས་པ་ཡོད་མིན་དུ།། དབྱིངས་རིག་དབྱེར་མེད་ཆོས་ཉིད་ནི། །ནམ་ཡང་གྲུབ་པ་མ་ཡིན་ཏེ། །ཞེས་དང་། རྗེ་བདག་ཉིད་ཆེན་པོས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ཅེས་དང་། ནམ་ཞིག་རེས་འཇོག་མེད་པར་ཅིག་ཅར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པར་ལགས། །ཞེས་གསུངས་སོ། །དེ་ཚོ་ཟུར་དུ་རྣམ་རྟོག་གི་ས་བོན་སྤྲོ་བ་རེད། དེ་ཡན་གྱིས་སྨིན་བྱེད་དབང་དང་གྲོལ་བྱེད་ཁྲིད་ཀྱིས་སློབ་མ་རྗེས་སུ་འཛིན་ཚུལ་བཤད་ནས། དེ་ནས་ལམ་བསྐྱེད་རྫོགས་གཉིས་ལས་བསྐྱེད་རིམ་བསྟན་པ་ནི། སྣང་གྲགས་གློ་བུར་བའི་བག་ཆགས་རང་ཁ་མ་བརྡ་དོན་རྟགས་གསུམ་གྱི་སྒོ་ནས་ཞེས་པ་འདིའི་བརྡ་དོན་རྟགས་དཀྱིལ་འཁོར་གསུམ་དང་སྦྱར་ནས་འཆད་རྒྱུ་རེད། དེའང་མཚོན་བྱེད་བརྡ་ཡི་དཀྱིལ་འཁོར་དང་། མཚོན་བྱ་དོན་གྱི་དཀྱིལ་འཁོར། མཚོན་དཔེ་རྟགས་ཀྱི་དཀྱིལ་འཁོར་སྟེ་དཀྱིལ་འཁོར་གསུམ་གྱི་རྣམ་རོལ་དུ་འཆར་བ་སྣང་སྟོང་ཟུང་དུ་འཇུག་པའི་བསྐྱེད་རིམ་འདི་ནང་རྒྱུད་སྡེ་གསུམ་དང་བསྟུན་ནས་གསུངས་པ་ཞིག་རེད། རྫོགས་རིམ་ནི། རྫོགས་རིམ་ཐམས་ཅད་ཀྱི་རྒྱལ་པོ་སྐྱེ་འགག་གནས་གསུམ་དང་བྲལ་བ་བྱ་བྲལ་ཆོས་སྐུའི་དགོངས་པ་ལ་མཉམ་པར་བཞག་པ་གྲོལ་བྱེད་ཀྱི་ཁྲིད་གོང་ན་གསུངས་པ་དེ་ཡིན་ལ། བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་གནད་ཆ་ཚང་བར་བསྟན་ནས། དེ་ལྟ་བུའི་སྨིན་ཅིང་གྲོལ་བའི་ལམ་རྒྱུད་མ་ཧཱ་ཡོ་ག་དང་། ལུང་ཨ་ནུ་ཡོ་ག མན་ངག་ཨ་ཏི་ཡོ་ག་སྟེ་ནང་རྒྱུད་ཡོ་ག་གསུམ་གྱི་གནད་དོན་རྡོ་རྗེའི་ཚིག་གིས་བཅིངས་པ་སྟེ། རྡོ་རྗེའི་ཚིག་གིས་ཇི་ལྟར་བཅིངས་ན། རྒྱུད་དཀྲུག་ཡོད། ལུང་གཅུས་ཡོད། མན་ངག་གབ་ཡོད་པ་ཡིན་ན། དཀྲུག་པ་སྡེབ་དགོས། གཅུས་པ་སྲོང་དགོས། གབ་པ་མངོན་དུ་ཕྱུང་བའི་ཆེད་དུ་མཐའ་དྲུག་ཚུལ་བཞིའི་སྒོ་ནས་ཞེས། མཐའ་དྲུག་ཚུལ་བཞི་ནི། མ་ཧཱ་ཡོ་གའི་སྐབས་ན། མ་ཧཱ་ཡོ་གའི་རྒྱན་བདུན་གསུངས་དུས་རྒྱན་གཉིས་པ་དང་གསུམ་པ་གཉིས་རེད། མཐའ་དྲུག་ནི། དྲང་ངེས་གཉིས་དང་། དགོངས་དགོངས་མིན་གཉིས། སྒྲ་ཇི་བཞིན་པ་དང་ཇི་བཞིན་པར་མ་ཡིན་པའི་མཐའ་གཉིས་ཏེ་དྲུག་རེད། ཚུལ་བཞི་ནི། ཚིག་གི་ཚུལ་དང་། སྤྱིའི་ཚུལ། སྦས་པའི་ཚུལ། མཐར་ཐུག་གི་ཚུལ་དང་བཞི་རེད། དེ་ལྟ་བུའི་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གསལ་བར་སྟོན་པའི་བཤད་པ་སྟེ་རང་ལུགས་གསང་སྔགས་སྔ་འགྱུར་བའི་ཆུ་བོ་བཞིའི་བཤད་རྒྱུན་ཞེས་པས་སྨིན་བྱེད་དབང་གི་ཆུ་བོ་བསྐུར་ཐབས་ངོ་སྤྲོད་དང་བཅས་པ། ཉམས་ལེན་གདམས་པའི་ཆུ་བོ་དམར་ཁྲིད་གནད་བྱང་དང་བཅས་པ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊཱིཀ་སྟོང་ཐུན་དང་བཅས་པ། ཕྱག་བཞེས་ཕྲིན་སྒྲུབ་ཀྱི་ཆུ་བོ་བསྟན་སྲུང་དྲག་སྔགས་དང་བཅས་པ་སྟེ། སྔ་འགྱུར་བའི་ཆུ་བོ་བཞིའི་བཤད་རྒྱུན་རྣམ་པར་དག་པས་སློབ་མའི་རྒྱུད་སྣང་བ་སྐུ་རྡོ་རྗེ། གྲག་པ་གསུང་རྡོ་རྗེ། དྲན་རྟོག་ཐུགས་རྡོ་རྗེ་སྟེ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བསྒྲུབ་པའི་ཐབས་ལ་མཁས་པར་བྱ་ཞིང་། ཨོ་རྒྱན་གཏེར་བདག་གླིང་པ་དགོངས་པ་ཆོས་དབྱིངས་སུ་གཤེགས་རན་ཁར། སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུའི་ངང་། །སྐུ་དང་ཡེ་ཤེས་རོལ་པ་འབྱམས་ཀླས་ཤིང་། །ཟབ་གསང་རྣལ་འབྱོར་ཆེན་པོའི་ཉམས་ལེན་ལ། །དབྱེར་མེད་ཐུགས་ཀྱི་ཐིག་ལེར་རོལ་གཅིག་ཤོག །ཅེས་གསུངས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམ་སོང་བ་ལྟ་བུ་རེད། ད་འདི་ལ་ཁྲིད་ཟེར་བའི་སྒྲ་ཞུགས་སའི་ཐད་ན་སྨིན་ཁྲིད་དང་མོས་ཁྲིད་གཉིས་ཡོད་ན། འུ་ཅག་གིས་འདི་སྨིན་ཁྲིད་མི་ཚད་ལག་ཁྲིད་དང་སྦྲེལ་ནས་རྒྱུད་སྨིན་པ་མི་ཚད་གྲོལ་རྒྱུའི་མོས་འདུན་བྱེད་པ་ཡིན་ན། འདིའི་གལ་ཆེ་བའི་མན་ངག་གི་གདམས་དོན་ཚང་མ་དེ་རྒྱང་མཐོང་ཡོ་བྱད་རྒྱང་ཤེལ་ནང་ཡུལ་ལྗོངས་ལ་ལྟད་མོར་ལྟ་བ་འདྲ་མ་ཡིན་པར། རང་ཉིད་དངོས་སུ་འདིའི་བརྗོད་བྱ་རྗོད་བྱེད་ཀྱི་དགོས་འབྲེལ་ནང་དུ་བཙུད་ནས། རང་རྒྱུད་ངོ་མའི་གནད་ཐོག་བཙག་མཁན་ཞིག་མ་རེད་ན། དཔེར་ན་པུས་ཚིགས་ནད་བཅོས་བྱ་བའི་ཆེད་དུ་མགོར་མེ་བཙའ་བཞག་པ་ལྟར་དུ་བེད་མེད་རེད་འགྲོ་བ་རེད། དེ་རོགས་པས་ཤེས་པ་ཞིག་གིས་ཕན་ཐོགས་མེད་ལ། ཆོས་གྲོགས་གཞན་གྱིས་ཤེས་ཡོད་ཀྱང་རང་ཉིད་ཀྱིས་མ་ཤེས་ན་རང་ཉིད་ལ་བེད་ཡོད་པ་མ་རེད། རྒྱུད་ཐ་དད་པ་རེད། ང་ཕོ་བ་བརྒྱག་པའི་ཆེད་དུ་གཞན་གྱིས་ཟས་ཟོས་པ་འདྲ་རེད་འགྲོ་བ་རེད། འདི་ན་གསུང་རྒྱུའི་སློབ་མའི་རྒྱུད་སྨིན་ཅིང་གྲོལ་བ་འབྱུང་མི་འབྱུང་དེ་བླ་མ་རྡོ་རྗེ་སློབ་དཔོན་གྱི་བགྱི་འོས་གལ་ཆེ། ལམ་ཁྲིད་ས་མཁན་གྱིས་ལམ་གང་ལ་བསྟན་ན་དེ་ན་ཐོན་འགྲོ་བ་རེད། འོན་ཀྱང་ང་འདྲ་ལ་བླ་མ་དང་སློབ་དཔོན་གྱི་ཆ་ཚད་ཅི་ཡོད། ཡོད་འདུན་ཡང་མེད་ལ། ཡོད་རུང་མེད་རུང་བླ་མའི་ས་ཕྱོགས་གཅིག་ལ་ཐུག་པ་མ་རེད། སློབ་མའི་རྒྱུད་དག་རྒྱུ་སློབ་མ་རང་ལ་རག་ལས་པ་རེད། བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་པའི་ཐབས་བསྟན་གྱིས། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་པ་ལྟ་བུ་རེད། ལམ་ཁྲིད་ཀྱི་ལམ་སྟོན་སར་མ་སོང་ན་ལམ་མཁན་གྱི་འགན་མ་རེད། ད་འདི་ནས་མར་སློབ་མ་རབ་འབྲིང་ཐ་གསུམ་གྱི་ཆ་ཚད་ཀྱི་དབྱེ་བ་ཕྱེས་ནས་གསུངས་པ་རེད། དེ་ལྟར་སྨིན་གྲོལ་གྱི་གདམས་ཟབ་སྦྱིན་པ་དེའི་ཚེ་སློབ་མ་རབ་ཀྱིས་སྙིང་པོ་སྔགས་ཀྱི་གཟེར། འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་སོགས་གཟེར་ཆེན་བཞིའི་ནང་ནས་རང་རིག་ལ་དགོངས་པ་མི་འགྱུར་བའི་གཟེར་ཐེབས་ནས་དགོངས་པ་ཚད་དུ་ཕྱིན་པ་ན། གཞན་དོན་ལ་སྒྱིད་ལུགས་མེད་པ་དང་དགྲ་གཉེན་མཉམ་པར་ཤར་བས་སྐྱོ་ངལ་དང་ལོག་སྒྲུབ་མཐའ་དག་བཟོད་པར་བྱས་ཏེ། གཞན་དོན་ཕྲིན་ལས་ཀྱི་འཇུག་པ་ལ་སྤྱོད་པའི་རྒྱལ་ཚབ་ཏུ་དབང་བསྐུར་ནས་རྡོ་རྗེ་རྒྱལ་པོའི་བཀའ་གཏད་འབོག་པ། འདིའི་དབང་བསྐུར་ཞེས་པ་མཐའ་གཅིག་ཏུ་དཀྱིལ་འཁོར་ཞལ་ཕྱེས་ནས་ཆོ་གའི་སྒོ་ནས་དབང་རྫས་ཀྱིས་དབང་བསྐུར་དགོས་པ་མ་རེད། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཞེས། གནའ་རྒྱ་གར་ན་གླང་ཆེན་བུམ་འཛིན་ཞེས་པ་ཅང་ཤེས་པའི་གླང་པོ་ཆེས་གསེར་གྱི་བུམ་པ་རྒྱལ་པོ་བསྐོ་རྒྱུའི་བསོད་ནམས་ཅན་གྱི་མིའི་མགོ་ཐོག་ཏུ་བཞག་ནས་རྒྱལ་པོ་བསྐོས་དར་བ་ལྟ་བུ་དང་། མིན་ཡང་ཆེན་པོར་མངའ་གསོལ་དུས་དེའི་ཆེ་རྟགས་ཐོབ་དང་རིན་པོ་ཆེའི་པྲོག་ཞུ་སོགས་མགོར་བཅིང་བ་དེ་འདྲ་དར་བ་རེད། དབང་ངོ་མ་བསྐུར་དུས་རིགས་ལྔའི་དབང་རྟགས་ཅོད་པན་སྤྱི་བོར་བཅིངས་པ་རེད། ཡང་གསང་སྔགས་ཀྱི་དབང་འགའ་རེ་ལ་ཕྱི་ཕན་པའི་དབང་། ནང་ནུས་པའི་དབང་། གསང་བ་ཟབ་མོའི་དབང་། ཡོངས་རྫོགས་རྡོ་རྗེ་རྒྱལ་པོ་བཀའ་རབ་འབྱམས་ཀྱི་དབང་རྒྱལ་ཐོབ་སྤྱི་བོར་བསྐུར་བ་ཅན་པོ། དེ་ལྟ་བུའི་རྡོ་རྗེ་རྒྱལ་པོ་བརྒྱུད་འཛིན་གྱི་བཀའ་གཏད་འབོག་པ་དེ་སློབ་མ་རབ་ལ་འབོག་དགོས་ལ། སློབ་མ་འབྲིང་ནི། རིག་པའི་མཛད་སྤྱོད་རོལ་པ་དང་། །འགྲོ་དྲུག་འཁྲུལ་པའི་སྣང་བ་གཉིས། །འདྲ་འོ་འདྲ་འོ་ནོར་ར་རེ། །ཞེས་ནོར་སོ་ཅུང་ཟད་ཡོད་པ། བཟང་ངན་གང་དུ་འགྱུར་ན་ཆོག་རྒྱུ་ཅན་པོ། སྣང་རིག་ཟུང་འཇུག་གི་རྩལ་མ་རྫོགས་ཤིང་རྐྱེན་ལ་བརྟེན་ནས་མཐོ་དམན་བྱེད་པ་སོ་ཀའི་ཆུ་བྲན་ལྟར་དུ་མཐོ་དམན་མང་པོར་འོང་ཞིང་། འཁྲུལ་གྲོལ་རེས་འཇོག་ཏུ་གྱུར་པ་རྣམས་གེགས་སེལ་བོགས་འདོན་གྱི་མན་ངག་བྱིན་ཏེ་སྒྲུབ་པ་ལ་རེམ་དུ་འཇུག་དགོས། དེ་མིན་བར་ཆད་དང་དངོས་གྲུབ་ནོར་བ་འོང་རྒྱུ་ཡོད། བར་ཆད་བདུད་ཀྱི་རྟགས། འཕེལ་འགྲིབ་ཉམས་ཀྱི་རྟགས། མི་འགྱུར་གསང་བའི་རྟགས་རྣམས་ཀྱི་ནང་ནས་བར་ཆད་བདུད་ཀྱི་རྟགས་ཀྱི་དབང་དུ་ཤོར་ནས་། འདྲ་མིན་ལུང་བསྟན་གྱི་བདུད་ལ་སོགས་པའི་རྐྱེན་ཁར་ཤོར་ནས་ལྟར་སྣང་གི་དངོས་གྲུབ་ལ་སྙིང་པོར་རློམས་ཏེ་རང་དོན་མ་འགྲུབ་པར་གཞན་དོན་ལ་རྔམས་ཤིང་། ང་རྒྱལ་གྱི་རྒྱུད་སྦོས་ནས་ཁ་བསགས་དང་ཚུལ་འཆོས་ལ་སོགས་པའི་སྒོ་ནས་ལོག་འཚོ་བྱུང་རྒྱལ་དུ་སྤྱོད་པས། མཚན་གཞི་བཞག་ན་གཙང་བླ་རྟ་ནག་ཅན་དང་། རུ་ཏྲ་ཐར་པ་ནག་པོ་ལྟ་བུ་འབྲེལ་ཚད་ངན་སོང་ལ་སྦྱོར་བའི་ལས་མཐའ་ལོག་པར་དམྱལ་བའི་ལམ་མཁན་དུ་མི་འཕྱན་པའི་ཆེད་དུ། དང་པོར་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་རང་གཞན་དོན་གཉིས་མཉམ་སྒྲུབ་བྱེད་པའི་ལུང་ཕོག ལམ་ལོག་ལ་འཇུག་མི་བཅུག་པར་ལམ་ཡག་པོ་ལ་འཇོག་དགོས། དེ་སློབ་མ་འབྲིང་ཅན་པོའི་གྲལ་རེད། སློབ་མ་དབང་པོ་ཅུང་རྟུལ་བ་སོགས་ཐ་མའང་ཟླ་བོ་དང་གྲོགས་པོ་དགའ་བའི་ཆེད་དུ་དེའི་ངོ་ལ་བལྟས་ནས་འདོད་ཕྱོགས་སུ་ཤོར་བས་ཆོས་ལས་ལོག་པར་བྱ་བའམ། ཆོས་བེད་སྤྱད་ནས་དེའི་འདོད་པ་བསྒྲུབ་པ། ཁ་གསོ་རྒྱབ་འགེབས་ཀྱི་ཆེད་དུ་ཚོང་དང་སོ་ནོམ་སོགས་ཀྱིས། ཟས་འཚོལ་ལྟོ་ཕྱིར་གནམ་རྡིབ་ཅེས་ཆུང་ངུ་ཞིག་ལ་བལྟས་ནས་ཆེན་པོ་དོན་མེད་དུ་བརླག་འགྲོ་བ་ལ་ཟེར་བ་རེད། རྡོ་གྲུབ་འཇིགས་མེད་བསྟན་ཉིས། སྔ་དྲོར་ཐར་པ་འདོད་ཟེར་རི་ཁྲོད་བཟུང་། །ཕྱི་དྲོར་གཞན་ཕན་ཡིན་ཟེར་ཡོན་བདག་འཚོལ། །ཟོག་པོ་དམ་པར་བརྫུས་པའི་ཆོས་གཟུགས་ཚོའི། །རྣམ་ཐར་ཡིད་ལ་གཅགས་ན་ཨ་རེ་སྡུག །ཅེས་གསུངས་པ་ལྟར། སྒོར་རྡོག་གི་ཆེད་དུ་གཏན་དོན་སྙིང་པོ་བསྒྲུབ་པ་བརླག་སོང་བ། ཆུང་ངུའི་ཆེད་དུ་ཆེན་པོ་དོར་ནས་མ་ཁ་བསད་པ་ལ་ཟེར་བ་རེད། དོན་དག་ཆུང་ཆུང་གི་དོན་དུ་ཉེས་པ་ཆེན་པོ་ལ་སོགས་པ་བསགས་ཏེ་སྤྱོད་པ་མི་འོས་པའམ་མི་རིགས་པས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་ཏུ་ཆོས་བརྒྱུད་དེ་དག་གི་མིག་ལྟོས་ལ་གནོད་པའི་བློ་ངན་ལང་ཤོར། ཉེས་ན་དེ་ལྟ་བུ་དེ་ཆོས་དྲེད་ཉམས་ཆགས་ཀྱི་གོང་བུར་འགྲོ་ནི་ཅན་པོ། རྒྱལ་བའི་དབང་པོ་ཀློང་ཆེན་པས། དང་པོ་ལྷར་མཐོང་གསར་ངེས་ལྷག་པར་ཆེ། །བར་དུ་མིར་མཐོང་དཔོན་སློབ་འགྲོགས་བཤེས་གསལ། །ཐ་མ་དགྲར་མཐོང་གནོད་པ་སྣ་ཚོགས་བསྐྱལ། །དུས་ངན་འཁོར་ལ་བསམ་ཞིང་སྐྱོ་བ་འཕེལ། །ཞེས་གསུངས་པ་དེ་ལྟ་བུ་ཞིག་ཏུ་མ་སོང་བར་སྒོ་གསུམ་ཞི་དུལ་ཆོས་མཐུན་གྱི་སྤྱོད་པས་སུས་མཐོང་གཞན་སྣང་དང་བ་འདྲེན་པའི་སྤྱོད་ལམ་དང་། ཆོས་སྤྱོད་ལ་བསླབ་པ་སོགས་རྒྱལ་བ་དགྱེས་པའི་ལམ་བཟང་མཐའ་དག་ལ་འཇུག་དགོས་པའི་བསླབ་བྱའི་མན་ངག་གི་སྙིང་པོར་དྲིལ་ཏེ་འགག་བསྡམས་པ་སོགས་མདོར་ན་སློབ་མའི་ཁམས་དང་དབང་པོ་སྔོན་བརྟགས་པར་བྱས་ཏེ་། སློབ་མ་རྗེས་སུ་འཛིན་པའི་ཐབས་དང་རྟེན་འབྲེལ་ལ་མཁས་ཤིང་། ཕྱི་སོ་སོ་ཐར་པ་ནས་བཟུང་གསང་བ་རྡོ་རྗེ་ཐེག་པའི་བར་གྱི་དམ་ཚིག་དང་། སྡོམ་པའི་གནས་ངེས་པའི་གནང་བཀག་གི་རིམ་པ་རིགས་དང་མི་རིགས་པའི་ཚུལ་སོ་སོར་ཕྱེད་པས་ཚོགས་པ་སྐྱོང་བའི་སློབ་དཔོན་དང་། གདུལ་བྱ་འདྲེན་པའི་བླ་མ། བསྟན་པ་སྤེལ་བའི་བསྟན་འཛིན་ངོ་མ་ཞིག་བྱེད་ན། དེའི་མཚན་གཞི་ནི། རྒྱལ་བའི་གདུང་འཚོབ་པ་ལ་དཔའ་བ་པཎ་ཆེན་བི་མ་ལ་དང་། ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས། ཀུན་མཁྱེན་ཆོས་ཀྱི་རྒྱལ་བོ། མངའ་རིས་མ་ཧཱ་པཎྜི་ཏ་པདྨ་དབང་གི་རྒྱལ་པོ་ལ་སོགས་པ་ལྟ་བུ་ནི་སྔགས་ཀྱི་བླ་མ་རྡོ་རྗེ་འཛིན་པའི་སྤྱོད་པའི་དཔེར་འོས་སུ་གྱུར་པ་སྟེ། གདུལ་བྱ་སྐྱོང་བའི་ཐབས་དེ་ལྟ་བུ་ལ་རྨོངས་པ་དག་ནི་བསྟན་པའི་སྲོག་ཤིང་དང་། ཆོས་རྗེ་དང་སྐྱབས་རྗེ། རིན་པོ་ཆེ་དང་བསྟན་བདག མཁན་པོ་དང་སྤྲུལ་སྐུ། མིང་ཆེན་པོ། ཐོབ་གོ་གནས་མཐོན་པོ། ཆེ་གེ་མོའི་སྤྲུལ་སྐུ་ལ་སོགས་པ་མིང་བཟང་པོ་གང་དང་གང་བཏགས་ཀྱང་། ཡི་གེ་ཐེལ་འབྱར་མ་ཅི་འདྲ་ཁྱེར་ཡོང་བ་དང་། དེང་སང་ཡི་གེ་ཐེལ་འབྱར་མ་མང་པོ་འཁྱེར་ཡོང་རྒྱུ་ཡོད་རེད། ངའི་སར་ད་ཞག་རྐྱང་པ་ལའང་ཐེལ་འབྱར་མ་མང་པོ་ཁྱེར་བྱུང་། ཁ་སང་ད་ཞག་ཐེལ་འབྱར་མ་ཞིག་ལ་ལན་ཞིག་བྲིས་ཡོད། དེ་རིང་ཁྱེར་མེད་མ་གཏོགས་འུ་ཅག་ཁོམ་དུས་ཤིག་ལ་བཏོན་ན་ཆོག་གི། དེ་ལྟ་བུའི་རྒྱབ་རྟེན་དང་ཁུངས་ཕྱུང་ཡང་ཉོན་མོངས་པ་དུག་ལྔ་དང་དུག་གསུམ་འཕེལ་བའི་རྒྱུར་འགྱུར་བ་དང་། ཁྱད་པར་དུ་གཏི་མུག་གི་དབང་གིས་རྨོངས་པ་དང་། རྨོངས་པ་དེ་ལ་བརྟེན་ནས་ལོག་པའི་ལམ་དུ་རང་ཉིད་འཇུག་ཅིང་། རང་ཞུགས་པས་མི་ཚད་བསོད་ནམས་དམན་པ་དག་ཀྱང་ལམ་ལོག་པར་འཁྲིད་ཅིང་ལམ་བཟང་ལ་མི་སྒྲོལ་བར་ངན་པའི་ལམ་དུ་སྒྲོལ་བ་ཙམ་དུ་ཟད་དེ། དེའི་ཕྱིར་རྒྱུད་དོན་རྒྱ་མཚོའི་དགོངས་པ་ཕྱིན་ཅི་མ་ལོག་པར་དཀྱུས་གཅིག་ཏུ་བཀྲལ་བའི་མན་ངག་གི་གཞུང་འདི་ལྟ་བུའི་མཐར་ཐུག་དཔྱོད་པའི་རིགས་པའམ་ཆོས་ཉིད་ཀྱི་རིགས་པ་ངེས་སྒྲོན་གྱི་དྲི་བ་དྲུག་པ་ཅན་པོ་དེ་ལ་གོ་ན་ཆོག་དེ་ལྟ་བུའི་རིགས་པའི་རྗེས་སུ་འབྲངས་བས། གསང་སྔགས་སྔ་འགྱུར་གྱི་དོན་གྱི་བསྟན་པའི་རྒྱལ་མཚན་ཕྲག་པར་འཛིན་པར་འཚལ་ཞེས་རྡོ་རྗེའི་རིག་འཛིན་དམ་པར་གྲགས་པ་དང་། ཉམས་ཆུང་གྱི་ནས་འཚོ་བའི་སྦས་པའི་རྣལ་འབྱོར་ཇི་སྙེད་ཅིག་མཆིས་པ་རྣམས་ལ་སེམས་ཁེངས་དྲེགས་དང་སྙེམས་ཤིང་རློམ་པའི་སེམས་མེད་པའི་ཡིད་ཀྱིས་གསོལ་བ་ཡང་ཡང་བཏབ་པ་སྟེ། ཞེས་དེ་ལྟར་གསུངས་སོ། གོང་དུ་ཞུས་པ་ལྟར་མན་ངག་གི་གདམས་པ་འདི་རྣམས་དོན་གྱིས་ཉམས་ལེན་རེ་བྱས་ཏེ། འདི་གཞན་སྐྱོན་འཚོལ་བའི་ཐུར་མར་རེད་མི་ཤོར་བར། རང་སྐྱོན་ལྟ་བའི་མེ་ལོང་ཞིག་ཏུ་བཟུང་སྟེ། རང་རྒྱུད་བྱི་དོར་བྱེད་པའི་སྨན་དུ་འགྱུར་རྒྱུ་ནི་རང་གཞན་སུའི་ངོས་ནས་ཡིན་ཡང་གལ་ཆེ་བ་རེད། འདི་སྔ་འགྱུར་རྫོགས་ཆེན་གྱི་ཆོས་ཚན་ཡིན་པས་དེ་དང་འབྲེལ་བས་གསང་སྔགས་སྔ་འགྱུར་བའི་བསྟན་པའི་རྒྱལ་མཚན་ཕྲག་པར་འཛིན་པར་འཚལ་ཞེས་གསུངས་པ་རེད་མ་གཏོགས། རྒྱལ་བའི་བསྟན་པ་རིས་སུ་མ་ཆད་པར་མི་ཉམས་འཕེལ་རྒྱས་ཡོང་བའི་ཆེད་དུ་བསྟན་འཛིན་གྱི་སྐྱེས་བུ་ཞིག་ཡིན་ན་འདི་ལྟ་བུའི་གདམས་པའི་སྙིང་བཅུད་ཐུགས་ཉམས་སུ་བཞེས་རྒྱུ་ཐམས་ཅད་ལ་གལ་ཆེ་བ་རེད། རྒྱལ་བའི་དགོངས་པ་ཕྱིན་ཅི་མ་ལོག་པར་བཀྲལ་བའི་རིགས་པ་འདི་ལྟ་བུས་རང་སྐལ་གང་ལ་བབ་པའི་ལས་འགན་རིས་མེད་ཀྱི་བསྟན་པ་དེ་ཚུལ་དེ་འདྲས་འཛིན་དགོས་པ་རེད། ཁྱད་པར་དུ་དེ་རིང་ཁར་རྩང་གི་དུས་ཚོད་དང་བསྟུན་ན། གནས་སྐབས་སྣང་ཚུལ་ལ་རྒྱལ་བའི་ཕྲིན་ལས་ཀྱི་འཇུག་པ། ཇི་ལྟར་མཚན་མོ་མུན་ནག་སྤྲིན་རུམ་ན། །གློག་འགྱུར་སྐད་ཅིག་རབ་སྣང་སྟོན་པ་ལྟར། །དེ་བཞིན་སངས་རྒྱས་མཐུ་ཡིས་རྒྱ་ལམ་ན། །འཇིག་རྟེན་བསོད་ནམས་བློ་གྲོས་མཐོང་འགའ་འབྱུང་། །ཞེས་གསུངས་པ་ལྟར། རྒྱལ་བའི་ཕྲིན་ལས་དང་། སྐྱེས་བུ་དམ་པ་རྣམས་ཀྱི་ཐུགས་བསྐྱེད། སེམས་ཅན་སྤྱི་མཐུན་གྱི་བསོད་ནམས་ཀྱིས་སྐབས་རེར་བདེ་བའི་སྣང་བ་རེ་ཡོད་འདུག་ཀྱང་། དུས་ཁོ་རང་སྙིགས་མ་ལྔ་བདོའི་ཕྱོགས་ལ་འགྲོ་བཞིན་པ་ཡིན་པས་ན། དུས་ནི་ལོ་རེ་ལོ་རེ་ངན་དུ་འགྲོ། །མི་སྤྱོད་ཉིན་རེ་ཉིན་རེ་ངན་འགྱུར་དུས། །ཞེས་གསུངས་ནི་ཨེ་ཡིན་གོ། ཇི་ལྟར་བཟང་ཟེར་རུང་སྙིགས་མའི་རང་གཤིས་བདོ་བའི་གནས་སྐབས་ཡིན། ལྔ་བརྒྱ་ཕྲག་བཅུའི་བསྟན་པའི་གནས་ཚད་ཀྱི་ནང་ན་རྟགས་ཙམ་འཛིན་པའི་དུས་ཙམ་ལ་མ་ཐོན་ཀྱང་། བསྒྲུབ་པའི་བསྟན་པ་ཡོལ་ནས་ལུང་གི་སྨད་ཅིག་ལ་ཐོན་ཡོད་ཚོད་ཡིན་པས། རྩོད་ལྡན་སྙིགས་མའི་དུས་རེད། དུས་དེར་ལྷག་པར་བསྟན་འཛིན་སྐྱེས་བུའི་མཛུབ་མོ་བཙུག་ས་ཚོའི་ངོས་ནས་བསྟན་པའི་མཛེས་རྒྱན་བསྟན་པའི་མིག་ལྟོས་སུ་ཕེར་བ་ཞིག་མ་རེད་ན། གནའ་ངའི་གོང་མ་དང་མེས་དང་ཡང་མེས་དག་གི་ཁྲོད་འདི་ལྟར་ཡོད་ཟེར་བ་ཞིག་དང་། ངེད་ནང་བསྟན་གྱི་གསུང་རབ་ནང་ན་འདི་འདྲ་ཡོད་རབས་ཟེར་བས། ད་ཡོད་གང་ཟག་རང་གི་རྒྱུད་ན་བསྟན་རྒྱུ་མེད་ན་ཡོད་པའི་གྲས་སུ་འགྲོ་དཀའ། ན་ནིང་གི་དྲོད་རླུང་གིས་ད་ལོའི་ས་ཆུ་མི་སོས་པ་དང་། ཁ་སང་གི་ཉི་མ་དྲོ་བས་དེ་རིང་གི་གནམ་ངོ་ངན་སྐབས་ལ་བེད་མི་ཆོད་པ་ལྟ་བུ་རེད། འདིར་བཞུགས་རྣམ་པ་ཚོའི་ནང་ན་མང་ཆེ་བ་གཞོན་ནུའི་མི་རབས་ཀྱི་མི་རེད། དུས་འགྱུར་ཆེན་པོ་སོང་རྒྱབ་ལ་འཚར་ལོང་བྱུང་བ་ཤ་སྟག་རེད། ངེད་ཚོའི་ཚེ་འདྲ་ཡིན་ན་མི་ལོ་བརྒྱ་ཕྲག་ཁ་ཤས་ནང་འགྱུར་བ་འགྲོ་ཆེ་ཤོས་ཀྱི་མི་རབས་ཤིག་རེད། འགྱུར་བ་ཆེན་པོ་དེའི་འཕེལ་འགྲིབ་དང་བསྟུན་ནས་སྦྱང་བརྡར་དང་ཉམས་སད་བགྱིས་པའི་དུས་ཤིག་ཀྱང་རེད་སོང་བ་རེད། རྐྱེན་ངན་གྲོགས་བསྒྱུར་ཡང་རེད་རྒྱུ་ཡོད་པ་རེད། གནའ་གླང་དར་མའི་དུས་སུ་ཆོས་པ་རབ་བསད། འབྲིང་སྤྱུགས། ཐ་མ་བྲན་དུ་བཀོལ་ཟེར་བ་རེད་དེ། ད་རེས་དུས་འགྱུར་དེ་དེ་ལས་ལྡོག་པ་ཞིག་ཟེར་ནའང་ཆོག་པ་ཞིག་རེད། དུས་རིང་མི་ཚེའི་ཚད་ཀྱིས་གཞལ་ཡོང་དུས་ད་རུང་ཡང་དམ་པའི་རང་གཤིས་མ་དོར་བས། གསེར་བཟང་པོ་བསྲེག་ན་ཇེ་ཡག་ཡིན་པ་ལྟ་བུའི་དམ་པའི་སྐྱེས་བུ་ཆོས་པ་རབ་ཅན་པོ་རེ་རེ་གཉིས་གཉིས་ཀྱིས་བསྟན་སྲོག་མཐུད་པའི་མཛད་རྗེས་ཀྱི་བཀའ་དྲིན་དེས། ཆོས་བརྒྱུད་གྲུབ་མཐའ་སོ་སོའི་ནང་ན་དེང་སང་མིང་མ་བོར་ནས་རང་གི་བསྟན་པ་རང་གིས་འཛིན་ནས་བཞུགས་ཡོད་པ་འདི་ཡིན་ནི་རེད། གཅིག་བྱས་ན་རིག་གསར་ལ་སོགས་པའི་དུས་བྱུང་བ་དེ་ངན་རྐྱེན་དེ་བཟང་རྐྱེན་དུ་བསྒྱུར་ཆོག་རྒྱུ་དང་འགྱུར་ཆོག་རྒྱུ་ཞིག་རེད་སྙམ། གནའ་གླང་དར་གྱིས་བསྟན་པ་བསྣུབ་རྗེས་ཕྱི་དར་གྱིས་བསྟན་པ་གཙང་མ་ཞིག་བསླང་བ་རེད། མིའི་ལུས་ཁམས་དང་འདྲ་བ་རྒྱལ་བའི་བསྟན་པ་ལའང་མཚམས་མཚམས་སུ་གཙང་སྦྲ་དག་ཐེར་བྱེད་དགོས་པ་རེད། དེ་ཐུབ་པའི་བསྟན་པ་ནང་ན་མི་གཙང་བ་ཞིག་བསལ་རྒྱུ་ཡོད་པས་མ་རེད་དེ། བསྟན་པ་འཛིན་མཁན་མི་ཡིན་དུས་མིས་མ་དག་པའི་དྲི་མས་དེ་ལ་སྦག་སྲིད་པས་མི་ཚད་སྦག་ངེས་པ་ཡིན། དེ་ཡིན་དུས་གསར་རྙིང་གཉིས་ཀའི་མཚམས་འདིར་གཙང་མ་ཞིག་བྱེད་ན་བྱེད་བདེ་ནི་རེད། ཁྱེད་རྣམ་པ་ལ་མཚོན་ན་ཡང་དར་བསྟན་པའི་སྲོག་འཛིན་མཁན་ཡིན་ན། མི་རབས་སྔོན་མ་གང་ཞིག་ལས་ཀྱང་གཉན་པའི་ཐུགས་འགན་ལྗིད་མོ་ཕྲག་ལ་རང་ཤུགས་ཀྱིས་བབ་ས་ཡིན་ནི་རེད། དེ་ཟེར་ན་མི་རབས་བརྗེ་མཚམས་ཀྱི་གསར་རྙིང་གཉིས་ཀའི་མཚམས་མཐུད་མཁན་ཁྱེད་ཅག་ཅན་པོ་མ་རེད་དམ། སྔ་དྲོ་ཕོ་ཆེན་ཤྭ་བོས་ཁ་བ་ཅི་འདྲར་གཤག་ཡོད་ན། ཕྱི་དྲོ་ཤེའུ་ཆུང་ཡུ་མོ་དེ་ལ་ལོས་འཁོར། མི་རབས་སྔ་མས་ལམ་གང་བསྟན་ཡོད་ན་མི་རབས་རྗེས་མ་དེའི་ཕྱོགས་ན་ལོས་འགྲོ་ཟེར་ན། དེ་ཡང་བདེན་པ་རེད། གཏམ་ཟེར་རྒྱུ་སྤྱི་ངོས་ནས་བཤད་ན་དོན་རང་ངོས་ནས་འབྲེལ་བ་ཞིག་དགོས་ནི་རེད། དེ་ཡིན་སོང་ན། ས་གནས་འདི་ཚོ་ལ་བཤད་སོང་ན་གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་གདན་ས་འདིའི་ངོས་ནས་མཚོན་ན། ཤི་འཕྲོ་བརླག་དུམ་རྡོག་མ་རེ་གཉིས་རེ་ལྷག་པ་འདིས་མི་ལོ་བཅུ་ཕྲག་ཁ་གྲངས་ཅན་ལ་རང་རྒྱུད་ཀྱི་བསྟན་པ་རང་གིས་བསྲུང་བའི་ཐོག་ནས། ཤི་མདའ་དགུ་བརྒྱབ་ཀྱང་གསོན་གྱི་རེ་བ། སྤྲང་བེ་ཀ་གཟུང་ཡང་ཕྱུག་གི་རེ་བ་བྱས་ནས། རང་འཁྲིས་བསྟན་པའི་འོས་འགན་དེ་དུས་བཟང་ངན་ཡག་ཉེས་གཉིས་ཀའི་སྐབས་རེ་ལ་བསྒྲུབས་ན། དེ་རིང་ཁ་རྩང་འདིའི་རྒྱུན་མཐུད་ལ་ཤོག་ཟེར་རྒྱུ་ཟེར་སའི་གཞི་རེ་ཡོད་རྒྱུ་བོ་འདི་ཚོ་དམ་པ་གོང་མའི་ཕྱག་རྗེས་རེད་དེ། འོན་ཀྱང་དེའི་བར་དུ་འགན་འཁྲི་ལྗིད་མོ་ཕྲག་ལ་མ་འཁུར་ཐལ་ཟེར་རྒྱུ་ཡང་མ་ཡོད་ནི་རེད། སྔ་མའི་རྒྱུན་ལས་ཕྱི་མ་བྱུང་ནི་རེད། དེ་རིང་ཁ་རྩང་རང་ཆེ་རང་གིས་མ་བཤད་ན། སྙན་པ་མིས་མི་བརྗོད་པའི་དུས་ཚོད་ཡིན་ནི་རེད། དེ་གང་ཟག་སྒེར་གྱི་རང་བསྟོད་མ་རེད། གྲུབ་དབང་རྫོགས་ཆེན་པའི་མཚན་སྙན་རེད། བླ་སྤྲུལ་མཁན་གསུམ་མང་ནི་བོ་གནའ་ནས་རྫོགས་ཆེན་ཚང་གི་ཁྱད་ཆོས་རེད། ཡིན་ན་མིང་བཟུང་བ་ཙམ་ཞིག་མ་ཡིན་པར་འདིའི་མཁན་སྤྲུལ་གསར་པ་འདི་ཚོའི་ནང་མང་ཆེ་བས་འགའ་རེས་འཆད་ཉན་སྒོམ་སྒྲུབ་བྱས་ནས་དོན་གྱི་བསྟན་པ་འཛིན། འགའ་རེས་བཞེངས་སྐྲུན་བྱེད་དེ་རྟེན་གཞི་ཉམས་པ་སོར་ཆུད་མཛད་ནས་མཛད་པ་གཅིག་ལས་གཅིག་ཡག་ཡིན། མང་ཆེ་བ་གསེར་སྐུ་ལི་མ་འདྲ་ཤ་སྟག་ཡིན། འདི་རྣམ་པ་ཚང་མ་གདན་ས་རང་གི་ཐོག་ནས་འཚར་ལོང་བྱུང་། སྐུ་གཟུགས་སྐུ་ཡོནགཉིས་ཀ་རུ་དམ་གངས་རི་དཀར་པོ་འདིའི་འཁྲིས་འདི་ནས་བསྐྱེད་བསྲིང་བ་ཡིན་ན། བསྟན་པ་སྤྱི་དར་དགོས། གཞུང་སྤྱི་ཁྱབ་ཀྱི་འདུ་སྒོ་རྒྱས་དགོས། དགོན་པའི་ཡར་རྒྱས་ལ་ཚད་འདི་རེད་ཟེར་ནས་ཐུག་འགྲོ་ས་ཞིག་མེད། བསྟན་པ་མཐར་རྒྱས་འོང་བའི་སྨོན་ལམ་རྒྱག་གིན་ཡོད་རེད། གང་ཟག་སྒེར་ལ་ཅི་འདྲའི་བླ་ཆེན་གྱི་མཚན་ཡོད་རུང་དམན་སར་འཛིན་དགོས། གྲྭ་ཆུང་དཀྱུས་མའི་འཚོ་བ་སྤྱོད་ཡུལ་བྱེད་དགོས། གཙོ་ཆེ་བའི་ནང་གི་ཆེ་བ་རང་རྒྱུད་ཀྱི་བསྟན་པ་ཆ་ཚང་རང་གིས་བྱི་དོར་བྱེད་དགོས་ཞེས་དུས་རྒྱུན་དུ་ཞུས་པ་ཡིན་ན། དེང་སང་ས་ཆ་གང་ལ་བལྟས་ན་ཆོས་བརྒྱད་མི་གཉེར་བ་དང་རང་དོན་མི་བསྒྲུབ་པ་ཞིག་དཀོན་ནི་རེད་དེ། རྫོགས་ཆེན་ཚང་གི་མཁན་སྤྲུལ་རྣམ་པའི་མཛད་པ་འདི་ཚོ་ལ་བལྟས་ན། ཆུང་ས་ཞིག་གིས་དཔེར་མཚོན་གྱི་ཐོག་ལ་བཤད་ན། འབྱོར་པ་ཕྱག་རྫས་ཐད་ཀྱིས་ཅི་ཡོད་རླུང་ཁྱེར་བཞིན་དུ་རྟེན་བཞེངས་ཀྱི་ཕྱོགས་ལ་གཏོང་རྒྱུ་བོ་འདི་ཚོ་རྐྱང་པ་ལ་བསམ་ན་དམིགས་བསལ་གྱི་ཁྱད་ཆོས་བཟང་པོ་ཞིག་ཡིན་བསམ་གྱིན་ཡོད། དེ་ཡང་མ་ཟེར་མ་གཏོགས། བློ་ངན་རྫས་ལ་ཆགས་པས་མི་ནུས་སོ་ཞེས་གསུངས་པ་རེད། ནུས་རྒྱུ་ཅན་ཞིག་ཡིན་གིན་མེད་གི། མི་འགའ་རེས་བལྟས་ན་དེ་ཚོ་ལྷག་བསམ་རེད། ཆོས་མཐུན་གྱི་བགྱི་བ་རེད་དེ། གཏོང་སྒོ་གཏོང་བའི་ཐད་ནས་ལས་ལུགས་ངོ་མ་དེ་འདྲ་ཞིག་མ་རེད་བསམ་མཁན་ཡོད་རྒྱུ་རེད། བྱ་བ་ལས་ཀྱི་འཁོར་ལོ་རྒྱ་བསྐྱེད་གཏོང་། དཔལ་འབྱོར་གྱི་གཞི་རྩར་བཙུགས་ནས། ཡར་རྒྱས་ཀྱི་གཞི་གཏིང་དགོས་ནི་རེད་ཟེར་མཁན་ཡོད་ནི་རེད། འོན་ཀྱང་ཆོས་པ་ཞིག་གིས་དེ་འདྲའི་བློ་སྣ་རིང་པོ་སྦྲེལ་ས་འཆར་འགོད་ཀྱི་རི་མོ་འབྲི་རྒྱུ་ལ་དམུས་ཀྱིན་འདུག་ནི་རེད། དཔེར་ན་པདྨ་ཐང་འདི་ལ་མཚོན་ན་ལོ་རེ་ལ་ཆོས་འཁོར་མཆོད་པ། སེམས་བསྐྱེད་འབུམ་མཆོད། ཞིང་སྒྲུབ་མཆོད་པ་འདི་གསུམ་ལ་ཕར་ཚུར་ཉི་མ་བཅོ་ལྔ་ཙམ་ལ་འབུམ་མཆོད་ཆ་རེ་ཨེ་འགྲོ་བལྟས་ནས། ལོ་འགའ་རེར་ལོ་རེ་ལ་སྒོར་མོ་ཁྲི་བརྒྱ་རེ་ཙམ་ཞིག་མཆོད་འབུལ་གྱི་འཐེབ་རྩར་བཏང་རྒྱུའི་འཆར་གཞི་ཡིན། འགའ་རེས་འདི་དེ་འདྲ་མ་རེད་ཡ། ལོ་རེར་སྒོར་མོ་ཁྲི་བརྒྱ་རེ་དེ་ལོ་བཅུར་གསོག་ན་ཁྲི་སྟོང་ཕྲག་གཅིག་རེད། མར་མེར་བྱས་ནས་མེར་བསྲེག་པ་བས། བཞེངས་བསྐྲུན་རིག་རྒྱུ་ཅན་ཞིག་གྱིས། དེ་མིན་ན་སྨན་ཁང་དང་སློབ་གྲྭ་ཞིག་རྒྱག་ཤོག་དང་བོད་སྤྱི་སྒེར་གཉིས་དང་བསྟན་པ་སྤྱི་བྱེ་ལ་དེས་མི་དགའམ། ཡང་ན་དེ་མ་རྩ་ཞིག་འཛུགས་ཤོག་དང་། ས་བོན་སར་བཏབ་པ་བཞིན་དུ་འཕེལ་རྒྱུ་ཡོད་པ། རྩ་བ་ལ་རྩིས་སྤྲད་དང་། ལོ་མས་གཏོང་སྒོ་བྱེད་ཆོག་ནི་རེད། དེ་འདྲ་བསམ་མཁན་ཡོད་པ་རེད། ཁྱད་པར་དུ་ཚོང་ལས་ཀྱི་རྣམ་རིག་ཡོད་པ་ཚོས་དེ་འདྲ་བསམ་ནི་རེད། དེའི་ལུགས་སྲོལ་དེ་ལོ་རྒྱུས་གནས་ནས་མི་དར་བ་ཞིག་ཀྱང་མ་རེད་དེ། འུ་གུའི་བསམ་ཚུལ་ཁ་ཁ་རེད། འདིས་ཆེ་བཞག་རྒྱུ་མེད་རུང་མཐའ་ཡས་ཀྱི་སེམས་ཅན་ཐམས་ཅད་ལ་དམིགས་ནས་ལྷག་བསམ་རྣམ་དག་གིས་མཆོད་འབུལ་བྱས་ན་ཚོགས་གཉིས་ཀྱི་ས་བོན་ཞིག་འདེབས་འགྲོ་གི། འབྲས་བུ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ཟད་པར་མི་ཚད་ད་དུང་འཕེལ་རྒྱུ་ཡོད། དེ་རིང་ཁར་རྩང་བསྟན་པ་ཡང་དར་རེད། འོན་ཀྱང་སྙིགས་མའི་རྒུད་པ་རང་ཤུགས་ཀྱིས་བདོ་བཞིན་ཡོད་པ་རེད། སྐྱེ་དགུའི་བདེ་སྐྱིད་ཀྱི་གཞི་རྩ་རྒྱལ་བའི་བསྟན་པ་ཡིན། དེ་དར་རྒྱུ་བོ་བསྟན་འཛིན་གྱི་སྐྱེས་བུ་ལ་རག་ལས་ན། བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་སྐུ་ཚེ་བརྟན་པ་དང་། བསྟན་པ་མཐར་རྒྱས་ཡོང་བ། འཇིག་རྟེན་བདེ་ཞིང་སྐྱིད་པ་སོགས། རང་གཞན་གཉིས་ཀའི་གནས་སྐབས་དང་མཐར་ཐུག་ལ་ཕན་ཁེལ་ཆེན་པོའི་དོན་དུ་བསོད་ནམས་ཆེན་པོ་ཞིག་གསག་ན་གནད་དེ་ཆེ་ཞིང་། འཐམ་ས་དེར་འཐམ་དགོས་གི་བསམ་ནི་རེད། སྔ་དྲོར་ཨ་ཁུས་བསླབ་པ་དེ། ཕྱི་དྲོར་ཚ་བོ་ལའང་དེ་ལོས་ལོབ་སྟེ། འདི་རྣམ་པ་ཆུང་བ་སྐུ་གཞོན་པ་ཚོ་ཐམས་ཅད་གཏོང་ཕོད་ལྷག་བསམ་ཕྱོགས་ལ་གཅིག་ལས་གཅིག་དགའ་ནི་འདྲ་དག་དག་ཡིན། རྫོགས་ཆེན་ཚང་གིས་བླ་མ་རེ་རེས་བསྟན་པ་ལ་ཕན་ཐོགས་ཡོད་ངེས་པ་ཅན་གྱི་བཞེངས་བསྐྲུན་རྒྱ་ཆེ་མིག་གིས་རིག་ས་ན་ཡོད་རྒྱུའི་ཕྱག་རྗེས་བཞག་ཡོད་ན། སྒེར་སོ་སོ་གྲྭ་ཤག་ཆུང་ཆུང་རེའི་ནང་ན་བཞུགས་ཡོད་པ་འདི་རྣམས་ཅི་འདྲའི་མིག་ལྟོས་ཤིག་ཡག་གི། དེ་ཚོ་དེ་འདྲ་ཞིག་འོང་ན་བསམ་ནས་དཔེ་སྟོན་རང་ཐད་ནས་ཀྱང་བྱེད་ནི་ཡིན། ངས་ཀྱང་འདི་ན་པདྨ་ཐང་གི་ཆོས་ར་དང་མཆོད་འབུལ་རྒྱ་བསྐྱེད་བཏང་སྟེ་གཞུང་རྒྱས་བཅུག་ནས། ང་རང་ཉིད་སྤྱིལ་བུ་རྩྭའི་འགེབ་ཅན་ཆུང་ཆུང་ཞིག་གི་ནང་ན། ཡི་གེ་དུམ་པ་གཉིས་གསུམ་རེ་ཚགས་བྱས་ནས་དེ་དང་མཉམ་པོར་འདུག་ནི་ཡིན་ཟེར་ནི་རེད། རྩྭའི་འགེབ་ཆར་རླུང་བུ་ཡུག་གིས་གཏོར་འགྲོ་ནི་རེད། ཅི་ཡང་ལོ་ནི་མ་རེད། ལོ་ཆེ་དུས་ཅི་སྡུག་ན་ཁང་པ་དྲོན་པོ་ཞིག་དགོས་ནི་རེད་ཟེར་བས། མི་རང་གཉིས་ཀའི་བློ་ཐོག་ལ་བཞག་ནས། ལྟག་ཀ་འདི་ན་ཁང་ལུ་སར་འབྱར་མ་སྤྱོད་ལམ་བཞི་ཤོང་སྤྱིལ་བུའི་དབྱིབས་ཡོད་ནི། ལྕོག་ཅིག་གི་ཚུགས་ཀའང་འདྲ་ནི། ངས་འདབ་དྲུག་པདྨའི་སྤྱིལ་ཆུང་ནས་བྲིས་ཟེར་ནས་རྩོམ་ཡིག་རྣམས་ཀྱི་མཇུག་བྱང་ལ་བྲིས་འདུག་སའི་འདི་འདྲ་ཞིག་གི་ནང་དུ་བསྡད་ནས་གྲྭ་རྐྱང་དཀྱུས་མའི་འཚོ་བ་ཐམས་ཅད་དང་མཉམ་དུ་རོལ་ན་སྐྱིད་ཀྱང་དེ་སྐྱིད་ལ། སྟབས་ཀྱང་དེ་བདེ། ཆོས་མཐུན་ཡང་ཡིན་ནི་རེད། འདི་རྣམ་པ་ཐམས་ཅད་དེ་ལྟར་དུ་རི་ཁྲོད་དང་བྲག་ཁུང་ལ་སྙེག་གིན་འདུག་ནི་འདྲ་དག་དག་ཡིན་ནི་རེད། ངས་ཁྱེད་རྣམ་པ་འགྲོ་དུས་རླངས་འཁོར་སྲ་མོ་རེའི་ནང་སྡོད། དེ་ཟེར་གྱིན་ཡོད་ནི་རེད། གནའ་དེ་ལོར་ང་རང་རླངས་འཁོར་གྱིས་རྡེབ་རྡུང་ངན་པར་སོང་ནས་དབང་པོ་སྐྱོན་ཅན་གྱི་མི་ལུས་ཕྱེད་པོ་འདི་རེད་སོང་བ་རེད། ད་དེ་ཚོ་གཅིག་བྱེད་ན་བསྟན་པ་ལ་བར་ཆད་ལོས་ཡིན་ཡང་། གཅིག་བྱས་ན་སྲུང་མའི་འཁུ་ལྡོག་དང་། ཟླས་ཉམས་དང་ཞོར་ཉམས་ཀྱི་ཕྱོགས་ལ་སོང་ནས་བཀའ་ཆད་འཕོག་ན་ལོས་ཕོག་བསམ་གྱིན་ཡོད་པ་རེད། ལས་སྔོན་སོང་མེད་པའི་འབྲས་བུ་ཅི་ལ་སྨིན་ཡོང་། འོན་ཀྱང་སྲོག་གི་ལྷག་མ་ཞིག་ལུས་ནི་འདི་དམ་པ་གོང་མའི་ཐུགས་བསྐྱེད་ཀྱི་མཐུ་རེད། བསྟན་འགྲོ་ལ་སྨན་པའི་བྱ་བ་ཆུང་ཆུང་རེ་འགྲུབ་ན་དེའང་ལྷ་དང་བླ་མའི་བཀའ་དྲིན་རེད། མ་ཤི་གསོན་པོར་ཡོད་པའི་དོན་ཡང་རེད། དེ་འདྲ་ཡིན་ན་རླངས་འཁོར་འདི་ཚོའི་ནང་རྒྱུག་རྒྱུ་མང་ན་ཉེན་ཁ་ཡོད་ནི་རེད། བསྟན་འཛིན་གྱི་སྐྱེས་བུ་ཞིག་གི་སྐུ་སྲོག་དང་བསྟན་པའི་སྲོག་གཉིས་སྦྲེལ་མར་ཡིན་པས། ཁྱེད་རྣམ་པ་རླངས་འཁོར་ལོ་ནི་རེའི་ནང་དུ་བཞུགས་ན་བཞུགས་རིན་ཡོད་པ་རེད། རླངས་འཁོར་སྲ་མོ་རེ་དང་། ཁ་ལོ་བ་བརྟན་པོ་རེ་ཡོད་ཁར་ཞོག་ཅེས། ད་རུང་ཡིན་ནའང་དེ་ཟེར་གྱིན་ཡོད་ནི་རེད། ལར་མ་རྩ་རྒྱུགས་ཏེ་ལྷམ་དྲལ་བས་བསྟན་པ་འཛིན་པ་ལས། བཞུགས་ནས་གདན་དྲལ་ཁ་འཇུག་སྟེ་བསྟན་པ་འཛིན་ན་ཉམས་དེ་ཆེ་བཞིན་ཡོད་ན་མི་ཤེས་ཏེ། དུས་དང་བསྟུན་པའི་མཛད་པ་སྣ་ཚོགས་ལ་དགོས་ཆེད་རེ་ལོས་ཡོད་ཅན་པོ་རེད། ད་སྐད་ཆ་ཉོག་འགྲོ་བཞིན་འདུག སྐལ་ལྡན་བསྟན་པའི་རྒྱལ་ཚབ་ཅེས་པ་བསྟན་པ་དྲི་མ་མེད་པར་འཛིན་པ་ཞིག་དགོས་པ་ཡིན་དུས། འདིར་བཞུགས་ཀྱི་སྡེ་སྣོད་འཛིན་པ་བརྒྱ་ཕྲག་མང་པོའི་ནང་ན་མཚན་གྱི་གསལ་ཁ་ད་ལྟའི་སྐབས་ན་ཡོད་མེད་ལ་མ་ལྟོས་པའི་དམ་པའི་སྐྱེས་བུ། མ་འོངས་ཐུགས་བསྐྱེད་དུས་བབ་ཀྱི་སྐབས་སུ་སློབ་ཚོགས་འབུམ་ཚོ་མང་པོ་ལ་དམ་པའི་ཆོས་ཀྱི་སྣང་བས་གསོ་ཐུབ་པ་དང་། ཐར་ལམ་ལ་འགོད་ནུས་པ་དེ་འདྲའི་ཐར་ལམ་གྱི་འདྲེན་པ་ཅི་འདྲ་ཞིག་མེད། རང་རང་གི་ཆོས་བརྒྱུད་གང་ལ་གཏོགས་པའི་མེ་ཏོག་ཕོག་པའི་ལྷ་སྐལ་དང་ཆོས་སྐལ། མདོར་ན་རྒྱལ་བའི་བསྟན་པ་སེལ་དང་དྲི་མས་མ་གོས་པ་ཞིག་འཛིན་རྒྱུ་རེ་མན་ངག་གི་གཞུང་འདིའི་མཇུག་གི་གདམས་པའི་བཤད་བྱ་ཡིན་པས་མི་ཚད་པར། ཁ་མར་འཁོར་ནས་བསྟན་འཛིན་གྱི་སྐྱེས་ཆེན་རྣམ་པས་དབུ་མཛད་པའི་དགེ་འདུན་པ་མང་པོའི་ཚོགས་དབུས་ནས་ཆོས་རེ་བཤད་འདོག་བྱས་ན་དོན་བཞིན་དུ་གཏམ་བརྗོད་ཅིང་། ཆོས་བཞིན་དུ་མཛད་པར་བསྐྱང་བའི་དགེ་སྦྱོང་ཆོས་སྨྲ་བ་ཞིག་ཡིན་ན་ཅི་བཤད་རེད་དང་། དཔེར་ན་འོན་པ་ཞིག་གིས་རོལ་མོ་དཀྲོལ་བ་ལྟ་བུ། འོན་པ་རོལ་མོ་མཁན་ཞེས་དཔེར་འཇོག་ཡོད་དར་ཡིན་ན། དེ་དང་འདྲ་བར་རང་རྒྱུད་ལ་མེད་པའི་ཁ་ཆོས་བཤད་པ། ང་འདྲ་བས་བཤད་ནི་ཡིན་ཡང་། བསྟན་ལ་ལྷག་བསམ་དཀར་པོའི་ནང་ཚུད་པ་ཞིག་མ་རེད་ཟེར་ས་མི་འགྲོ་གི་ཨ། ང་འདྲ་ཡིན་ན་དུས་ངན་གྱི་ནང་ན་མི་ཚེ་སོང་བའི་མི། ལར་མ་རྩ་ཐོས་བསམ་པ་ཞིག་རེད་ཀྱང་མ་རེད། རྟ་ཐོག་བླ་མ་ཡིན་ནི་རེད། མཁན་པོ་ཆོས་ཁྱབ་ཚང་ཞལ་བཞུགས་དུས། ང་ཁོང་གི་སྐུ་མདུན་ལ་སོང་ནས། ངེད་གཉིས་ཁ་བརྡ་བྱས་ནི་ཅན་པོ། ངས་རྟ་ཐོག་བླ་མ་བསྟན་པ་མི་ཤེས་པའི་མཚན་གཞི་དེ་ང་རང་བཞག་ནས། ཁྱེད་ཚོས་བསྟན་པ་ངོ་མའི་ནང་དོན་རྒྱུ་མཚན་དགོངས་ནི་རེད་ཅེས་ཞུས་ནས་ཁ་བརྡ་གཞུང་ལ་བབ་ནི་ཅན་པོ་རེད། རང་འདང་རང་ལ་བརྒྱབ་ན་རང་གི་རིན་ཐང་ཚོད་རང་གིས་ཤེས་ནི་རེད། གནའ་མཁན་ཆེན་པདྨ་བཛྲ། དེའི་ཡན་གྱི་ཟུར་ཆེན་ཆོས་དབྱིངས་རང་གྲོལ། དེའི་རྣམ་ཐར་རྒྱལ་དབང་ལྔ་པའི་རང་རྣམ་གྱི་ནང་དུ་ཡོད་ལུགས་དེ་ཚོ་ལོ་རྒྱུས་ཀྱི་ལྷ་སྒྲུང་ཉན་ན་སྙན་མོ་ཙམ་རེད་དེ། ད་ཡོད་ཁ་ཡོད་ལག་ཡོད་ཀྱི་དངོས་ཡོད་གནས་ཚུལ་ཡོད་ན་ཡོད་ནི་རེད། དེས་ན་གནའ་ཤྭ་བ་ཉལ་ཤུལ་ན་མདང་དོ་ཚིག་ཤེའུ་ཉལ་ནི་དཀའ་ནི་དཀོན་ནི་གཉིས་ཀ་རེད། དེའི་དཀོན་ལུགས་ཀྱི་མཚན་གཞི་བགྲང་དགོས་ན་བགྲང་ཚོད་ཅིག་གང་ན་ཡོད། འོན་ཀྱང་བོད་ཀྱི་སྐྱེ་སྤྲུལ་སྐུ་ཕྲེང་རིམ་བརྒྱུད་དང་། སྐྱེ་སྤྲུལ་ངོས་འཛིན་གྱི་སྲོལ་ཞིག་ཡོད་རྒྱུ་འདི་ཕུགས་ངོ་མ་དེད་ན་རྒྱལ་བའི་བཀའ་དང་མཐུན་པར་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་མིའི་གཟུགས་སུ་བྱོན་པ་དང་། མིའི་ནང་གི་ནོར་བུ་འདི་འདྲ་ཡོད་དར་རྒྱུ་ཞིག་ཡིན་པར་མ་ཟད། དེ་རྣམས་བཀུར་འོས་ཡིན་མིན་ཞིག་ཅི་བཤད་ཡིན་ནི་རེད། གནའ་དང་པོ་དུས་ཡག་དུས་བསྟན་པ་དྭངས་གཙང་ཡིན་སྐབས་བསམ་བཞིན་དུ་སྲིད་པར་བཟུང་བའི་དམ་པའི་སྐྱེ་སྤྲུལ་ཅི་འདྲ་འདྲ་བྱོན་འདུག འོན་ཀྱང་དེའི་བརྒྱུད་རིམ་གྱི་ནང་ན་མཚམས་མཚམས་སུ་བར་ཆད་བདུད་དབང་དུ་ཤོར་ནས་སྨོན་ལོག་བདུད་སྤྲུལ་ཡང་དེའི་གྲལ་དུ་འདྲེས་ཤོར་བ་དེ་འདྲ་བྱུང་མྱོང་སྲིད་པ་རེད། དེ་མིན་ཡང་ཕན་མེད་གནོད་མེད་ཕན་གནོད་གཉིས་ཀ་མི་ཆེ་བའི་ནུས་མེད་ཐོ་ཡོ་ལ་མིང་བཏགས་པ་འདྲ་རེད་ཤོར་རྒྱུ། ལར་མ་གཞི་སྤྲུལ་སྐུ་སྐུ་ཕྲེང་དང་པོ་དེ་ནོར་ཤོར་ན་རྗེས་མ་ཚོ་ནོར་བ་ཁོ་ན་ཡིན་དགོས་ས་ཡོད་གི་ཡིན་ན། དེ་ཚོ་གནོད་ཚབས་ཆེ་ས་ཡོད་གི་བསམ་རྒྱུ་ཡིན་ནི་རེད། གྲོང་ལྟག་རེ་ལ་དགོན་པ་ཁྲ་ཤིག་གེ་རེ་དང། དགོན་ཞབས་དེ་ན་གྲོང་པ་སྐྱ་སྙོག་གེ་རེ་རང་རེ་བོད་ཀྱི་ལུང་པ་རེ་ལ་དེ་འདྲ་རེ་རེ་ཡོད་དར་སོང་དུས། བར་ཅིག་སྤྲུལ་སྐུ་ཟེར་རྒྱུའི་མིང་འཛིན་ས་ཞིག་ཡོད་དགོས་རྒྱུའི་སྲོལ་རྒྱུན་རྙིང་པ་དང་འདྲེས་སོང་བ་ཞིག་ཡོད་མི་སྲིད་པ་མ་རེད། དེ་ལྟ་བུའི་འདྲ་མི་འདྲའི་གནས་ཚུལ་གྱི་ནང་ན། ད་འདི་ལ་དག་ཐེར་ཞིག་ཕུད་ནི་ཡོད་དགོས་ན། བརྒྱ་ཐག་གཅིག་ཆོད་ཅིག་ཡོད་དགོས། བརྒྱ་ཐག་གཅིག་ཆོད་ཀྱི་མི་མེད་དུས་བརྒྱ་ཁ་གཅིག་མཐུན་རེད་ཀྱང་དཀའ་ནི་རེད། གང་ལྟར་འདི་གློ་བུར་དུ་འདི་བསྐྱུར་བསམ་ན་བསྐྱུར་རྒྱུ་མེད་པ། དཔེ་ཕྱིན་ཅི་ལོག་ཏུ་བཞག་ན། བྱིས་པས་རྩེད་རྡོ་བསྒྲིག་པ་དང་འདྲ་བ། བྱིས་པས་རྡོ་ལུ་འདྲ་མི་འདྲ་མང་པོ་བསྒྲིགས་ནས་འདི་རྟ་ཡིན། འདི་ཟོག་ཡིན། འདི་ལུག་ཡིན་ཟེར་ནས་མིང་བཏགས་སྟེ་རྩེད་སྤྱད་བྱེད་པ་རེད་ཡིན་ན། དེ་འདྲ་འདྲ་རེད་དུས་ཅི་བྱས་ན་སྡུག་ནི་རེད། སྤྱིར་བདེན་པ་ཟེར་བའི་མ་འདྲ་བ་ཞིག་ཡོད་དར་ནས་རྫུན་མ་བུད་ཀྱིན་འདུག་ནི་རེད་མ་གཏོགས། ངོ་མ་གཏན་ནས་ཡོད་མ་དར་ན་རྫུན་མ་བུད་ས་ལོན་ནི་མ་རེད། སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་དེ་གདུལ་བྱ་འདུལ་བའི་ཆེད་དུ། གདུལ་བྱ་ལ་དམ་པའི་ཆོས་ཀྱི་བདུད་རྩི་སྦྱིན་ནས་ཉོན་མོངས་ཀྱི་ནད་དྲག་ཏེ་ཐར་པའི་ལམ་གྱི་མིག་ཞིག་སྟོན་པའི་ཆེད་དུ་བྱོན་ཡོང་བ་རེད། བྱོན་རྒྱུ་དེའང་གདུལ་བྱ་རང་དང་རིགས་མཐུན་པ། སྐད་གོ་ནི། བཤད་ན་བརྡ་འཕྲོད་པ། ཁ་ལག་སྤྱོད་གསུམ་མི་དང་མཚུངས་པར་བྱོན་ནས་སེམས་ཅན་ལ་ལམ་བསྟན་ནས་འཁོར་བ་ལས་སྒྲོལ་བ་རེད། དེ་འདྲ་གཏན་ནས་མེད་ན་སེམས་ཅན་འཁོར་བ་ལས་ཅི་འདྲ་བྱས་ནས་གྲོལ། གྲོལ་ཐབས་ཡོད་པ་མ་རེད། འཇིག་རྟེན་གྱི་ཁམས་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་བྱོན་པ་ལ་དགོས་པ་མི་འདྲ་བར་ཡོད་རྒྱུ་ལ་ཡིད་ཆེས་ཚད་མ་ཅི་ལ་མེད་དེ་ཡོད་དགོས། དེ་མེད་ཟེར་ན་རྒྱལ་བའི་ཕྲིན་ལས་རྒྱུན་ཆད་ནི་རེད། དེ་བས་ཆེ་བའི་ལོག་ལྟ་ཞིག་གང་ན་ཡོད། འོན་ཀྱང་དེའི་གནད་དེ་ཚོ་མི་ཤེས་པས་ཚེ་འདི་ཕྱི་གཉིས་ཀར་འདང་མི་ཕོག་ནས་འདིའི་རྩེད་རྡོ་སྒྲིག་ལུགས་དེ་ཉེས་སོང་བས་རྩེད་རྡོ་སྒྲིག་ལུགས་མ་ཡག་ན། ཉིན་གཅིག་ཉི་མ་ཞིག་ལ་ཚང་མ་རྡོ་ལུ་སྡུག་པོ་ཞིག་གི་རིན་ཐང་མ་གཏོགས་མེད་པར་རེད་ན། དེ་དུས་རྡོ་ལུའི་རིན་ཐང་ཆག་པའི་ཞོར་ལ། བསྟན་ཞབས་ལ་ཐག་པ་ཞིག་བཏགས་ཨེ་འགྲོ་བསམ་པའི་སེམས་ཁྲེལ་དེ་བྱེད་ཀྱིན་ཡོད་པ་རེད། དུས་ཐ་མའི་མྱི་འདི་ངན་སྤྱོད་སྣ་དགུ་མ་རབས་ཀྱི་བྱ་བ་ཞིག་ལ་རང་རོགས་སུ་ཡིན་ན་རྣམ་རིག་བཀྲ་རེད་མ་གཏོགས། རྒྱ་ཆེ་ས་དང་རྒྱང་རིང་སའི་གནད་ཆེ་བའི་ཁེ་ཕན། བསྟན་པའི་དྭངས་གཙང་དང་། འདི་ཕྱིའི་རེ་ལྟོས་ཀྱི་གལ་ཆེ་ས་བསམ་བློ་སྐོར་མཁན་དང་། དེའི་ཕྱོགས་ལ་འདང་ཕོག་ནི་དཀོན་པོ་རེད། གདན་ས་གནད་ཆེན་འགའ་རེ་ལ་མདོ་སྔགས་གཉིས་ཀ་དང་མི་མཐུན་པའི་བསྟན་སེལ། དཀོན་མཆོག་གསུམ་གྱི་མཚན་ཙམ་ཡང་བགྲང་མི་ཤེས་པའི་མི་འགའ་རེས་བསྟན་འཛིན་ཆེན་པོའི་གདན་ཁྲིའི་གོ་བཀག་ན། ད་དུང་དེའི་འོག་གི་མི་རྣམས་ཀྱིས་མགོ་རུལ་བ་སྣས་མི་ཚོར་བར་དེ་འདྲ་ཡོད་ས་ཅི་འདྲ་ཞིག་མེད། ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདི་ན་དགག་བྱ་མིན། །ཞེས་གསུངས་ནི་ཨེ་རེད་གོ། ཨོ་དོན་མེད་ཀྱི་གཏམ་ཉོག་མང་འགྲོ་བཞིན་ཡོད་གི། ད་ཀུན་མཁྱེན་འཇིགས་གླིང་གིས་འདི་རེད། རྡོ་རྗེའི་རིག་འཛིན་དམ་པ་ཡིན་པ་ལ་ཡིན་པར་གྲགས་པ། མཚན་ཆེན་པོ་ཅན་དང་། ཉམ་ཆུང་གྱི་ནས་འཚོ་བའི་སྦས་པའི་རྣལ་འབྱོར་ཇི་སྙེད་ཅིག་མཆིས་པ་རྣམས་ལ་རློམ་སེམས་མེད་པའི་ཡིད་ཀྱིས་ཁོང་གིས་གསོལ་བ་ཡང་ཡང་བཏབ་པ་སྟེ། དེ་སྐད་དུ་རྫོགས་པ་ཆེན་པོའི་རྒྱུད་ལས། ཁྱད་པར་ཐེག་པ་འདི་ཉིད་ཀྱི། །ཆོས་སྤྱོད་ལག་ལེན་ཀུན་ལ་བསླབ། །འཁོར་བའི་བྱ་བ་འབྲེལ་འཁྲིས་ཀུན། །ཐབས་ཀྱིས་སྤང་ཞིང་དལ་དུ་གཞུག །ཅེས་སྤྱིར་དམ་པའི་ཆོས་འཆད་ཉན་རྐྱང་པས་མི་ཆོག་ལག་ལེན་ལ་འདེབས་དགོས། དེའི་ནང་ནས་ཁྱད་པར་ཐེག་པའི་རྩེ་མོ་འདི་ཉིད་ཀྱི་ཐོག་མཐའ་བར་གསུམ་ལ་འོས་པའི་ཆོས་སྤྱོད་ལག་ལེན་ཀུན་ལ་དང་པོ་མཁས་ཤིང་བྱང་ཆུབ་པར་བསླབ། འདི་སྣང་འཁོར་བའི་བྱ་བ་འདུ་འཛིའི་འབྲེལ་འཁྲིས་ཐམས་ཅད་ཀུན། ཐབས་སྣ་ཚོགས་ཀྱིས་སྤང་ཞིང་གསང་སྔགས་ཀྱི་དཀྱིལ་འཁོར་གྱི་དལ་དུ་གཞུག་པར་བྱ། སྤྲོས་བཅས་ལ་སོགས་དབང་བསྐུར་ནས། །དེ་ཡི་ལྷ་ལ་བསྙེན་བསྒྲུབ་འཇུག །ཐེག་པ་རིམ་གྱིས་དབང་བསྐུར་ནས། །གཡའ་གངས་དུར་ཁྲོད་དབེན་པ་རུ། །ལུས་ངག་རུ་ཤན་དབྱེ་རུ་གཞུག །ཅེས་དཀྱིལ་འཁོར་གྱི་དལ་དུ་བཅུག་ནས་སྤྲོས་བཅས་བུམ་པའི་དབང་སོགས་ཕྱིའི་སྨིན་བྱེད་ཀྱི་དབང་བསྐུར་ནས། དཀྱིལ་འཁོར་དེ་དང་དེའི་ཡི་དམ་གྱི་ལྷ་ལ་བསྙེན་བསྒྲུབ་ཚུལ་མཐུན་དུ་བྱེད་དུ་འཇུག་པ་དང་། གོང་མའི་ནང་གི་དབང་ལྟ་བུ་བསྐུར་ནས་ཐེག་པ་ལ་མས་རིམ་གྱིས་ཞུགས་ཏེ། དེ་ནས་སློབ་མའི་རྒྱུད་ཚོད་དང་བསྟུན་ནས་གྲོལ་བྱེད་ཀྱི་ཁྲིད་གདབ་སྟེ། དུར་ཁྲོད་རི་ཁྲོད་གངས་ཁྲོད་སོགས། །ཕུན་སུམ་ཚོགས་པའི་གནས་ཉིད་དུ། །ཞེས་པ་ལྟར་གཡའ་རི་དང་གངས་རི་དུར་ཁྲོད་སོགས་དབེན་པའི་གནས་སུ། ཐོག་མར་དངོས་གཞི་ཁྲིད་ཀྱི་ཁྱད་པར་ཅན་གྱི་སྔོན་འགྲོའི་སྐབས་ཀྱི་ཕྱིའི་རུ་ཤན་ལུས་ངག་གི་རུ་ཤན་དང་། ནང་གི་རུ་ཤན་རིགས་དྲུག་སྲེག་སྦྱོང་ལ་སོགས་པ་སྙིང་ཐིག་གི་ཁྲིད་གཞུང་ནས་འབྱུང་བ་རྣམས་ཀྱིས་རུ་ཤན་དབྱེ་རུ་གཞུག་ནས། ཐོས་པའི་སྒྲོ་འདོགས་ཆོད་དུ་གཞུག །སྤྲོས་མེད་ལ་སོགས་དབང་བསྐུར་ནས། །དུས་དང་མཐུན་པའི་སྤྱོད་པ་བསླབ། །ལུང་དང་མཐུན་པའི་བསླབ་བྱ་བྱ། །དང་པོ་ཐོས་པའི་སྒོ་ནས་སྒྲོ་འདོགས་ཆོད་དུ་གཞུག་ནས་ལྟ་བ་ཡང་དག་རྙེད་པར་བྱ་དགོས་ཏེ། གོང་དུ་བཤད་པ་ལྟར་རིག་པ་དང་རྐང་པ་ལྡན་དགོས་པས། ཐོས་པས་ལྟ་བ་ཡང་དག་རྙེད་པར་བྱས་ནས་ལྟ་དོན་སྒོམ་དགོས། །དེ་ནས་སྤྲོས་མེད་གསང་བའི་དབང་སོགས་དབང་གོང་མ་བསྐུར་ནས་ཞེས་གསུངས་པས། ད་ལྟར་དབང་བསྐུར་དུས་དབང་བཞི་ཀ་ཆོ་ག་གཅིག་རྫོགས་ཀྱིས་ཐབས་གཅིག་ཏུ་འདོན་ཐེབས་གཅིག་གིས་འདོན་ནི་རེད་མ་གཏོགས། ངོ་མར་བྱས་ན་ཞག་གྲངས་དང་ཟླ་གྲངས་ཀྱིས་ཆོད་པར་བྱས་ནས། དབང་དང་འབྲེལ་བའི་ཁྲིད་བཤད་དེ་རིམ་གྱིས་སྨིན་ཅིང་གྲོལ་བ་གཉིས་ལྡན་གྱིས་ཁྲིད་ཚུལ་མཉམ་དུ་བྱ་རྒྱུ་ཞིག་རེད་འདུག འོན་ཀྱང་དབང་པོ་ཡང་རབ་ལ་བརྡ་ཙམ་གྱིས་གྲོལ་བའང་ཡོད་པ་དང་། ཆོས་དང་བརྒྱུད་པའི་བྱིན་རླབས་ཀྱིས་དད་པ་ཅན་ལ་བྱིན་རླབས་ངེས་ཅན་དུ་འཇུག་པ་ཡིད་ཆེས་བྱེད་ཆོག་ངེས་ལ། རྣལ་འབྱོར་པའི་ལམ་དུས་དང་མཐུན་པའི་སྒོ་ནས་སྤྱོད་པ་ལ་བསླབ་དགོས། རྫོགས་པ་ཆེན་པོའི་སྐབས་ན་སྤྱོད་པ་བདུན་ནམ་ཉི་ཤུ་རྩ་གཅིག་གསུངས་ཡོད། འདིའི་འོག་ཏུ་འགའ་རེ་དངོས་བསྟན་ལ་བསྟན་འདུག དེ་ལྟ་བུའི་སྤྱོད་པ་གང་འོས་ལ་བསླབ་པ་དང་། རྒྱལ་དང་དེ་སྲས་ཀྱི་དམ་པ་གོང་མའི་བཀའ་སྲོལ་གྱི་ལུང་བྱང་དང་མཐུན་པའི་བསླབ་བྱ་ལ་བསླབ་པར་བྱའོ་གསུངས། དཔེར་ན་བུ་གཅིག་ཆུང་མ་དེ། །མ་ཡིས་ཇི་ལྟར་གསོ་བར་ལྟར། །བརྩེ་བའི་གདུང་ཤུགས་ཆེན་པོ་ཡིས། །དམ་ཚིག་བདུད་རྩིའི་ནུ་མ་བླུད། །ཅེས་སློབ་མ་སྐྱོང་བའི་སྐབས་མས་བུ་སྐྱོང་བ་ལྟ་བུ་ཞིག་དགོས་གསུངས་ནི་རེད། དཔེར་ན་བུ་ཆུང་ཤོས་དེ་མས་གཅེས་སྐྱོང་གི་སྒོ་ནས་ཇི་ལྟར་གསོ་བ་ལྟར་དུ། ལས་ཀྱིས་འབྲེལ་བའི་སློབ་མ་དེ་ལ་བརྩེ་བའི་གདུང་ཤུགས་ཆེན་པོ་ཡིས། སྔགས་ཀྱི་དམ་ཚིག་གི་བཅུད་བདུད་རྩི་ལྟ་བུའི་ནུ་འོ་བླུད་ནས་སློབ་མ་གསོ་བར་བྱ། ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །རྩ་བ་ཐིག་ལེ་གཅིག་ལས་གྱེས། །གཅིག་པོ་ཐུགས་རྗེའི་རྩ་བ་ཡིན། །ཤེས་རབ་ཡེ་ཤེས་དབང་བསྐུར་ནས། །དབང་པོ་དང་འཚམ་རིག་པ་སྦྱིན། །ཞེས་འཁོར་འདས་ཀྱི་ཆོས་རྣམས་མ་ལུས་པ་ཐམས་ཅད་ཀུན། རྩ་བ་ཆོས་ཀྱི་དབྱིངས་ཐིག་ལེ་ཉག་གཅིག་ལས་རྟོགས་དང་མ་རྟོགས་ཀྱིས་འཁྲུལ་གྲོལ་གཉིས་སུ་གྱེས་ཏེ། གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །ཞེས་གཞི་ལས་གཞི་སྣང་འཆར་ཚུལ་གསུངས་པ་བཞིན་རེད། ཆོས་ཀྱི་དབྱིངས་གཅིག་པོ་དེ་ཐུགས་རྗེའི་རྩ་བ་ཡིན་པའི་ཕྱིར་ན། སྐལ་བ་དང་ལྡན་པའི་སློབ་མ་དེ་ལ་དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ནས། སློབ་མའི་དབང་པོ་ཁམས་དང་འཚམ་པའི་མན་ངག་དང་གདམས་པའི་རིག་པ་སྦྱིན་པར་བྱ། དྲེད་མོ་ལྟ་བུའི་སྤྱོད་པ་བསླབ། །རང་ཡང་སློབ་བུའི་བློ་བསྐང་ཕྱིར། །དངོས་བསྟན་རྟགས་ཚད་དབྱུང་བར་བྱ། །ཚིག་དབང་རྩལ་གྱི་དབང་བསྐུར་ནས། །སྤྲོས་བཅས་བྱ་བ་ཀུན་བོར་ནས། །སྤྲོས་མེད་ངང་དེར་ལྷོད་ཀྱིས་གློད། །རི་དྭགས་ལྟ་བུའི་སྤྱོད་པ་བསླབ། །ངེས་དོན་སྙིང་པོའི་ངོ་སྤྲོད་གདབ། །ཅེས་དྲེད་མོ་ལྟ་བུའི་མི་འཇིགས་པའི་སྤྱོད་པ་ལ་བསླབ་ཅིང་། སློབ་དཔོན་རང་ཡང་སློབ་བུའི་བློའི་རེ་བ་བསྐང་ཞིང་ཡིད་ཆེས་པའི་ཕྱིར་དུ། མན་ངག་གཞུང་གི་དངོས་བསྟན་གྱི་རྟགས་ཚད་ཐམས་ཅད་བསྟེན་ཅིང་དབྱུང་བར་བྱ་བ་སྟེ། དེ་དབང་གསུམ་པའི་སྐབས་རེད། དེ་ནས་དབང་བཞི་པ་ཚིག་དབང་རིན་པོ་ཆེ་རིག་པ་རྩལ་གྱི་དབང་ཆེན་བསྐུར་ཅིང་། སྤྲོས་བཅས་ཀྱི་ལུས་ངག་གི་བྱ་བ་ཀུན་བོར་དུ་བཅུག་ནས། སྤྲོས་མེད་བྱ་རྩོལ་བྲལ་བའི་ངང་དེར་ལྷོད་ཀྱིས་གློད་ལ། རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ་ལ་བསླབ་པར་བྱ་ལ། མི་མེད་པའི་གནས་དབེན་པའི་རི་ལ་སྒྲུབ་ཚུགས་ཟིན་དུ་བཅུག་ཅིང་། དབང་བཞི་པའི་རྩལ་འདོན་ངེས་དོན་སྙིང་པོའི་ངོ་སྤྲོད་གནད་ཀྱི་མཐར་ཐུག་གི་གདམས་པ་དེ་ངོ་སྤྲད་དེ་གདབ་དགོས་ཞེས་གསུངས། རང་རིག་མི་འགྱུར་གཟེར་ཐེབས་ནས། །རྒྱལ་ཚབ་དག་ཏུ་དབང་བསྐུར་ལ། །འགྲོ་དོན་གྱིས་ཞེས་བཀའ་ལུང་སྦྱིན། །རང་ཉིད་ཏིང་ངེ་འཛིན་ལ་བཞུགས། །ཞེས་སློབ་མ་དེ་ལ་རང་རིག་མི་འགྱུར་བའི་གཟེར་གདབ་སྟེ་ཐེབས་ནས་དགོངས་པའི་གདིང་རྙེད་པས་དགོངས་པ་ཚད་དུ་ཕྱིན་པར་བྱས་ནས། སློབ་དཔོན་རང་ཉིད་ཀྱི་བསྟན་རྒྱུན་འཛིན་པའི་རྒྱལ་ཚབ་དག་ཏུ་དབང་བསྐུར་ནས། མ་འོངས་ཕྱི་རབས་སུ་འགྲོ་བའི་དོན་འདི་དང་འདི་ལྟ་བུ་གྱིས་ཞེས་བཀའི་ལུང་སྦྱིན་ཏེ་སློབ་བུ་རྒྱལ་ཚབ་ཏུ་བསྐོས་ནས། བླ་མ་རང་ཉིད་གཙོ་བོ་ཐུགས་དམ་ཏིང་ངེ་འཛིན་གྱི་ངང་ལ་བཞུགས་དགོས། གཞན་དོན་བྱང་ཆུབ་སེམས་དཔའ་ཡི། །བསླབ་བྱ་ཐམས་ཅད་བསླབ་པར་བྱ། །ཞེས་སློབ་བུ་དེ་ལ་གཞན་དོན་བསྒྲུབ་པའི་ཐབས་བྱང་ཆུབ་སེམས་དཔའི་བསླབ་པར་བྱ་བའི་གནས་ཐམས་ཅད་དུས་ནམ་ཡང་མི་གཏོང་བར་བསླབ་དགོས་ཚུལ་གྱིས་བསླབ་བྱའི་གནས་ཐམས་ཅད་ལ་བསླབ་པར་བྱ་སྟེ། དང་པོ་སློབ་མས་དམ་ཚིག་གི །རྣམ་དབྱེ་བསྲུང་མཚམས་མ་ཤེས་བར། །བླ་མས་དམ་ཚིག་སུམ་གཉིས་སྲུང་། །རགས་པ་ཤེས་ན་སུམ་ཆ་སྟེ། །ཞིབ་པར་ཤེས་ན་གསུམ་གཉིས་པོ། །སློབ་མ་ཉིད་ཀྱིས་བསྲུང་བར་བྱ། །ཞེས་དང་པོའི་གནས་སྐབས་སུ་སློབ་མ་ལས་དང་པོ་བ་ཡིན་པས། དམ་ཚིག་གི་རྣམ་དབྱེ་བསྲུང་མཚམས་མ་ཤེས་ཀྱི་བར་དུ། བླ་མས་སློབ་མ་ལས་ལྷག་པར་དམ་ཚིག་གི་སུམ་གཉིས་སྲུང་བར་བྱེད་དགོས་ལ། དེ་ནས་སློབ་མ་དང་བསྟུན་ནས་སློབ་མས་བསྲུང་བྱ་རགས་པ་སྲུང་ཤེས་པའི་དུས་ན་བླ་མས་དམ་ཚིག་གི་སུམ་ཆ་ཙམ་བསྲུང་བར་བྱ་སྟེ། སློབ་མས་བསྲུང་མཚམས་ཀྱི་རྣམ་དབྱེ་ཞིབ་པར་ཤེས་པའི་དུས་སྐབས་ན་གསུམ་གཉིས་པོ་ཐམས་ཅད་སློབ་མ་ཉིད་ཀྱིས་བསྲུང་བར་བྱ་སྟེ་རིམ་གྱིས་བསླབ་དགོས་པའི་དོན་ཡིན་ས་རེད། དུས་དང་གནས་སྐབས་ཡུལ་ཉིད་དུ། །གནང་བཀག་རིམ་པ་མ་ལུས་པ། །བླ་མས་སློབ་བུ་འཁྲིད་པར་བྱ། །དེ་ཡིས་ཡོན་ཏན་བསམ་མི་ཁྱབ། །ཅེས་དུས་གང་དང་གནས་སྐབས་ནམ་ཡིན་དང་ཡུལ་གང་དང་གང་ཉིད་དུ། སོ་སོའི་གནང་བཀག་གི་ཁྱད་པར་དང་། རིམ་པ་མ་ལུས་པ་བླ་མས་སློབ་བུ་རྗེས་སུ་བཟུང་སྟེ་འཁྲིད་ཅིང་བསྐྱང་བར་བྱ་ཞིང་བསྟན་པར་བྱ་དགོས། དེ་ལྟར་བྱས་པ་དེ་ཡི་སྟོབས་ཀྱིས་སློབ་བུར་ཡོན་ཏན་བསམ་གྱིས་མི་ཁྱབ་པར་ཐོབ་པ་ཡིན་ཏེ། སངས་རྒྱས་ཀུན་གྱི་གདུང་མི་ཆད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་། །དེ་ལྟར་བསླབ་པས་རིམ་གྱིས་བྱུང་། །རྒྱལ་ཚབ་སློབ་བུ་གཅིག་ཚར་ནས། །འཁོར་བ་དོང་ནས་སྤྲུག་པར་འགྱུར། །ཞེས་དེ་ལྟར་བླ་མས་སློབ་མ་ཚུལ་བཞིན་བསྐྱངས་ན་སློབ་རྒྱུན་མཐུད་ནས་སངས་རྒྱས་ཀུན་གྱི་གདུང་མི་ཆད་པར་ཡིན་ཏེ། དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱང་དེ་ལྟར་བསླབ་པ་ཉིད་ཀྱིས་རིམ་གྱིས་བྱུང་བར་ཡིན་པའི་ཕྱིར་ཏེ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་གསུངས་པའི་ལུང་དོན་དང་གཅིག་རེད། རྒྱལ་ཚབ་ཏུ་སློབ་བུ་དམ་པ་གཅིག་འཚར་ལོང་བྱུང་ན་ཡང་ཕན་ཡོན་བསམ་གྱིས་མི་ཁྱབ་པར་ཡིན་ཏེ། དེས་བརྒྱུད་པ་བཟུང་ནས་འཁོར་བ་དོང་ནས་སྤྲུག་པར་འགྱུར་བའི་ཕྱིར་རོ། ཁམས་གསུམ་སེམས་ཅན་མ་ལུས་པ། །འདྲེན་པའི་ལྕགས་ཀྱུ་དེ་ལས་བྱུང་། །དེ་ཕྱིར་སློབ་མ་བླ་མ་གཉིས། །ཕན་ཚུན་རྟེན་འབྲེལ་མ་འཕྱུགས་ཤིག །ཅེས་དེ་ལྟ་བུའི་སློབ་མ་གཅིག་གསོ་སྐྱོང་བྱེད་ཐུབ་ན་ཁམས་གསུམ་སེམས་ཅན་མ་ལུས་པ་འདྲེན་པར་བྱེད་པའི་ལྕགས་ཀྱུ་ཡང་དེའི་ནུས་པ་ལས་འབྱུང་བ་ཡིན། བླ་མའི་གདུལ་བྱ་ཕྲིན་ལས་རྒྱས་མི་རྒྱས་ཟེར་ནས་བཤད་ནི་རེད། བླ་མའི་གདུལ་བྱ་དང་ཕྲིན་ལས་མཛད་པ་རྒྱས་མི་རྒྱས་དེ་འཁོར་སློབ་མ་མང་ཉུང་ལ་ཟེར་ནི་མ་རེད། སློབ་མ་གཅིག་མ་གཏོགས་མེད་རུང་དེའི་རྒྱུད་གྲོལ་ཡོད་ན་དེའི་མཛད་པ་ཕྲིན་ལས་རྒྱས་ནི་རེད། དེ་མིན་ན་སློབ་མ་ཚོ། དུས་རྒྱུན་གཏམ་དཔེ་བཀོད་པ་ལྟར། བརྒྱ་སྡེའི་ཤྭ་རྭ་རྒོག་ཐོ་ལ། ཆར་ཟ་ཟིམ་འབབ་པས་བངས་རྒྱུ། སྟོང་སྡེ་མཛོ་རྭ་སྨུག་པོ་ལ། མེ་དམར་པོ་འབར་བས་ཚིག་རྒྱུ་མེད་པར། རྒྱུད་དེ་ལ་ནེམ་ཞིག་བབ་རྒྱུ་མེད་ན། མི་མང་བས་ས་རྫོད་བྱེད་ཡིན་ནི་རེད་ཅེས་པ་དེའི་གོ་བ་རེད། རྒྱུ་མཚན་དེ་ལྟ་བུ་ཡིན་པའི་ཕྱིར་ན། མདོར་ན་སློབ་མ་དང་བླ་མ་གཉིས་ཀ་ཕན་ཚུན་རྟེན་འབྲེལ་མ་འཕྱུགས་པར་གྱིས་ཤིག་ཅེས་གསུངས་པའི་ཕྱིར་རོ། །དེ་ཡན་ཆད་ཀྱིས་དངོས་བསྟན་རྒྱུད་དོན་རྒྱ་མཚོའི་དགོངས་པ་ཕྱིན་ཅི་མ་ལོག་པར་བསྡུས་པའི་མན་ངག་གི་སྐབས་ཀྱི་དོན་བསྡུ་བ་དང་ཆབས་ཅིག་ཏུ་རང་ལུགས་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་མྱུར་ལམ་འདི་ནས་ཚེ་འདིར་གྲུབ་པའི་རྒྱལ་སར་ཕྱིན་ཅིང་། མཆོག་གཟིགས་དམ་པ་གོང་མའི་ཞབས་རྗེས་བསྙེགས་ནས་རྒྱལ་བའི་ཕྲིན་ལས་ཆུད་མི་གསན་པའི་ཕྱིར། མཛད་པ་གང་དང་གང་ལ་བསླབ་དགོས་པའི་ལམ་ཡོངས་རྫོགས་རྒྱུད་ཀྱི་ལུང་དང་བཅས་པས་གདམས་ཤིང་བསྟན་པ་རེད། དེ་ལྟར་བསྟན་ནས་འདིའི་ཐུན་མོང་མ་ཡིན་པའི་སེམས་སྦྱོང་བདུན་པོ་འདིས་གང་ཟག་དབང་རྣོན་ལ་གདམས་པ་དེ་ལས་མི་དགོས་ནས་ཐོད་རིས་མགོ་ལ་བླང་སྟེ། ཕྱིན་ཆད་འཁོར་བའི་ནང་དུ་འཁྱམས་མི་དགོས་པའི་གདམས་པའི་གནད་མན་ངག་ཟབ་མོར་བསྟན་ཡོད་པ་རེད། འདི་ལ་བཤད་ཚུལ་གཞན་གྱི་ཐོག་ནས་བཤད་ན། རྫོགས་རིམ་ཆོས་དྲུག་ཀྱང་དོན་གྱིས་གནད་ཚང་ཡོད་དེ། རྫོགས་རིམ་ཆོས་དྲུག་ནི། གཏུམ་མོ་དང་། སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་བཅས་ཏེ། ལམ་གྱི་རྩ་བ་གཏུམ་མོ། ལམ་གྱི་གཞི་མ་སྒྱུ་ལུས། དྲོད་ཚད་རྨི་ལམ། སྙིང་པོ་འོད་གསལ། བསུ་མ་བར་དོ། བློ་ཆོད་འཕོ་བ་ཡིན་ན། འུ་ཚོས་བདེ་སྟོང་མི་རྟོག་པ་ལ་སེམས་སྦྱོང་བའི་གནས་སྐབས་ན་གཏུམ་མོ་བསྒོམས་པས། ལས་ཀྱི་གཏུམ་མོ་ལུས་ངག་སེམས་གསུམ་བྱེད་པ་བཅིངས་པའི་ཐོག་ནས་འབར་འཛག་གི་རྣལ་འབྱོར་བསྒོམ་པ་ཡིན། ཕྱིན་ཆད་མུ་མཐུད་ནས་འབད་པ་བྱེད་ནུས་ན། ཉམས་ཀྱི་གཏུམ་མོ་རླུང་སེམས་དབུ་མར་འཛུལ་བའི་རྟགས་སྣང་། དུ་བ་དང་སྨྲིག་རྒྱུ་ལ་སོགས་པ་འཆར་ཞིང་སེམས་བདེ་སྟོང་གི་ཉམས་སྐྱེ་འོང་བ་རེད། དེ་དང་མཉམ་དུ་དགའ་བཞི་དང་སྟོང་བཞིའི་རྣལ་འབྱོར་ལ་གོམས་དུས་རིམ་གྱིས་མཆོག་གི་གཏུམ་མོ། རླུང་སེམས་འདུ་ལུགས་ཀྱི་གནད་ཀྱིས་སྣང་གསུམ་མཐའ་ཡི་འོད་གསལ་རྣམ་པར་མི་རྟོག་པ་དང་ཆ་འདྲ་བའི་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་རེད། དེ་གཏུམ་མོ་རེད། གཏུམ་མོ་ལ་བརྟེན་ནས་དགའ་བཞི་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་གོམས་པས་སྟོང་པ་དང་། སྟོང་ཆེན། ཤིན་ཏུ་སྟོང་པ། ཐམས་ཅད་སྟོང་པ་སྟེ་སྟོང་བཞི་སྣང་མཆེད་ཐོབ་གསུམ་གྱི་འགྲོས་ཀྱིས་རང་བཞིན་བརྒྱད་ཅུའི་རྟོག་ཚོགས་འགགས་ནས། ཉེར་ཐོབ་འོད་གསལ་ལ་ཐིམ་པ་ཞེས་ཉེར་ཐོབ་ཀྱི་ཤིན་ཏུ་སྟོང་པ་ཡར་སད་ནས། རང་བཞིན་གཞི་གནས་ཀྱི་འོད་གསལ་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བཅོས་མིན་རང་ཤུགས་ཀྱིས་ཤར་བ་དང་། སྟོན་གནམ་ཐོ་རངས་ཀྱི་ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐམས་ཅད་སྟོང་པའི་འོད་གསལ་འཆར་བ་རེད། དེའི་འོད་གསལ་དེ་ངོས་བཟུང་ལུགས་ཀྱི་ཐད་ལ་རྣལ་འབྱོར་པའི་བློ་རིམ་ལ་བསྟུན་རྒྱུ་རེད། མཐོང་ལམ་དོན་གྱི་འོད་གསལ་མ་སྐྱེས་ཚུན་ཆད་ལ་དཔེའི་ཡེ་ཤེས་ཟེར། དཔེའི་ཡེ་ཤེས་ལའང་ཟླ་བའི་གཟུགས་བརྙན་རི་མོ་བྲིས་པ་དང་། ཟླ་གཟུགས་ཆུའི་ནང་ཤར་བ་ལྟ་བུའི་མཆོག་དམན་དང་ཙམ་ཁྱད་ཀྱིས་ཁྱད་པར་ཡོད་པ་ནི་སྔར་བཤད་མྱོང་བ་བཞིན་རེད། དེ་འོད་གསལ་རེད། ད་སྒྱུ་ལུས་ཀྱི་ཐད་ལ་ཡིན་ན། མ་དག་དག་པ། སྦས་དོན། རླུང་སེམས་ཀྱི་སྒྱུ་ལུས་རྣམས་ཡོད་པ་ཡིན་ན། རྫོགས་ཆེན་སྒོམ་པའི་ལམ་པ་ཞིག་གིས་ཅི་འདྲར་བྱེད་ཀྱང་ཕྱི་ནང་བརྟན་གཡོའི་སྣང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུ་སྒོམ་བཞིན་ཡོད་པ་རེད། དེ་མ་དག་པའི་སྒྱུ་ལུས་རེད། བསྐྱེད་རིམ་སྒོམ་དུས་སྣང་བ་ལྷ་སྐུར་སྒྱུ་མ་ལྟར་དང་། སྣང་ལ་རང་བཞིན་མེད་པར་བསྒོམ་པ་དེ་དག་པའི་སྒྱུ་ལུས་རེད། དེ་འདྲ་བསྒོམས་ནས་སྣང་བ་ལྷ་གོམས་པའི་བསྐྱེད་རིམ་འོད་གསལ་རྫོགས་རིམ་ལ་བསྡུས་པའི་རིམ་གཉིས་དེ་གོམས་སོང་ན། ལུས་རགས་པའི་འཛིན་པ་དང་བྲལ་ནས། སྦྱོང་བ་མཐར་སོན་དུས་སུ། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མའི་ལྷ་སྐུར་ལྡང་སྟེ་གཞན་གྱིས་བལྟས་ན་མཚམས་མཚམས་ལ་ལུས་རགས་པ་མི་སྣང་བ་ན་སྒྱུ་ལུས་གྲུབ་པ་རེད། དེ་ལ་སྦས་དོན་རླུང་སེམས་ཀྱི་སྒྱུ་ལུས་གསུངས་ནི་རེད། དྲོད་ཚད་རྨི་ལམ་དེ་གང་ཡིན་ན། ཆོས་དྲུག་གི་ནང་ནས་སྒྱུ་ལུས་ཀྱི་ཡན་ལག་ལ་བརྩི་བ་རེད། དང་པོ་འདུན་སྟོབས་དང་རླུང་སྟོབས་ཀྱིས་རྨི་ལམ་བཟུང་ཞིང་རྨི་ལམ་ངོ་ཤེས་པར་སྦྱོང། དེ་ནས་སྤྲུལ་བསྒྱུར་བྱས་ནས་སྒྱུ་མ་སྦྱོང་། རྨི་ལམ་གྱི་སྣང་བ་ཐམས་ཅད་ལྷ་དང་གཞལ་ཡས་ཁང་ལ་བརྟེན་ནས་སྒྱུ་མ་སྦྱོང་ནི་རེད། མཐར་དེ་ཡང་འོད་གསལ་ལ་འཇུག་ནས་རྨི་ལམ་དབྱིངས་སུ་ཡལ་བའི་གནད་དེ་རྣམས་ཞོར་གྱི་ཚང་བ་ཡིན་ལ། རྫོགས་རིམ་དང་སྦྱར་ན་བཞི་སོང་ནས་ད་ལྔ་བ་བར་དོ་རེད། ལམ་གྱི་བསུ་མ་བར་དོ་ཡིན་ན། རབ་འབྱུང་འཁྲུགས་འཆི་ཁའི་བར་དོ་ལ་འོད་གསལ་ངོས་ཟིན་ནས་ཆོས་སྐུའི་ངང་དུ་གྲོལ་བ། འབྲིང་སྣང་མུན་སྲིད་པ་བར་དོ་ལ་སྒྱུ་མའི་ལྷ་སྐུར་ལྡང་ནུས་པ། ཐ་མ་སྲེད་ལེན་སྐྱེ་གནས་བར་དོ་ལ་ངན་སོང་གི་སྒོ་བཀག་ནས་སྐྱེ་གནས་བཟང་པོ་གདམས་ཏེ། དག་པའི་ཞིང་ཁམས་ལ་འཕེན་སླ་རྒྱུ་དེ་རྣམས་དངོས་ཤུགས་ཅི་རིགས་ནས་གསུངས་ཀྱིན་ཡོད་པ་རེད། ད་ལམ་གྱི་བློ་ཆོད་འཕོ་བ་འདྲ་ཡིན་ན། གོང་དུ་འཕོ་བའི་སྐབས་ན་བཤད་པ་ལྟར་དུ་གནད་དེ་ཚོ་དང་མཐུན་པར་བྱས་ན། མདོར་ན་རྫོགས་རིམ་ཆོས་དྲུག་ཀྱང་ད་རེས་ཁྲིད་ཁ་འདིའི་མན་ངག་ནང་ན་དོན་གྱིས་འདུས་པ་ཡིན། དེས་མི་ཚད་པར་གསར་རྒྱུད་ཀྱི་དུས་འཁོར་སོགས་ཀྱི་ནང་ནས་འབྱུང་རྒྱུའི་སྲོག་རྩོལ་དང་། སོར་བསམ་ལ་སོགས་པ་རིམ་ལྔ་ཡང་འདིའི་ནང་དུ་དོན་གྱིས་འདུས། མདོར་ན་གང་ཟག་རང་གིས་ནུས་ན་གདམས་པས་མི་ཕོངས་བའི་ཚོད་འདྲ་བོ་དེ་འདྲ་ཡིན།

༼ཧཱུཾ༽མཐའ་མར་དགེ་བ་མཇུག་གི་དོན་བརྩམས་པ་

མཐར་ཕྱིན་པའི་བྱ་བ།

ད་ནི་མཐའ་མར་དགེ་བ་མཇུག་གི་དོན་བརྩམ་པ་མཐར་ཕྱིན་པ་ལ། མཇུག་བརྩམས་དང་། གདམས་པའི་མན་ངག་གི་གཞུང་འདི་ཅིའི་ཕྱིར་བརྩམས། ཚུལ་ཇི་ལྟར་བརྩམས་ཤིང་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ་བ་དང་། སྨོན་ལམ་དག་པས་མཐར་བརྒྱན་པ་བཅས་ལ་ཐུག་པ་རེད། དང་པོ་མཇུག་བརྩོམ་ནི། འདི་ཤོ་ལོ་ཀ་རིང་ཐུང་སྤེལ་མ་བཅུ་ཁ་ཞིག་གིས་བསྟན་ཡོད་པ་ལ། དང་པོ་མན་ངག་གི་སྙིང་པོར་དྲིལ་བའི་ལེགས་བཤད་འདི་ཉིད་ལ་དབྱིངས་ནས་རྒྱལ་བ་དགྱེས་པའི་བྱིན་བརྒྱུད་ཐོབ་པའི་ཚུལ་བསྟན་པ་ནི། དེ་ལྟར་ཆོས་ཚུལ་ཐར་པའི་གྲུ་གཟིངས་བཤད་གྲོལ་མན་ངག་ལ་བརྟེན་ནས། །བདག་བློའི་རྣམ་དཔྱོད་དེད་དཔོན་གཞོན་ནུས་རྣམ་མཁྱེན་རིན་ཆེན་གླིང་མཆོག་ཏུ། །སྐྱོ་དུབ་ངལ་བ་མཐའ་དག་སྤངས་ཏེ་ལྷག་བསམ་ཁུར་གྱིས་བསྐྱོད་པ་ན། །རྒྱལ་དང་དེ་སྲས་དབྱིངས་ནས་དགྱེས་ཏེ་དོན་གཉིས་གྲུབ་པའི་ནོར་བུ་བྱིན། །ཞེས་གསུངས་ཏེ། འདི་གཟུགས་ཅན་གྱི་རྒྱན་རེད། གོང་གི་མན་ངག་གི་གཞུང་འདི་སེམས་སྦྱོང་ཁྲིད་རྐང་རྣམ་པ་བདུན་གྱིས་བསྟན་པ་དེ་ལྟར་ཐུབ་པའི་ཆོས་ཚུལ་མདོ་སྔགས་མཐའ་དག་གི་གནད་བསྡུས་པ། བྱ་སླ་ལ་འཁྱེར་བདེ་བ། བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པ། འཁོར་བའི་རྒྱ་མཚོ་ལས་ཐར་པ་འདོད་པ་དག་གི་དོན་དུ་གཉེར་བྱ་མ་ནོར་བ། ཐར་པའི་སྐམ་ས་ཆེན་པོ་ལ་སྐྱེལ་བར་བྱེད་པའི་གྲུ་གཟིངས་ལྟ་བུ། བཤད་གྲོལ་གྱི་མན་ངག་ཅེས། བཤད་པ་ལས་ཐོས་པའི་ཡན་ལག་རྫོགས་པའི་ཆོ་ག་ཉམས་སུ་བསྟར་ཐུབ་པ་དང་། བསམ་སྒོམ་གྱིས་གྲོལ་བར་ཐོབ་པ་ལ་ཚེགས་མེད་པར་བྱས་པའི་རྒྱུད་དོན་གྱི་མན་ངག་དེ་ལྟ་བུ་ལ་བརྟེན་ནས། ཁོང་ཀུན་མཁྱེན་འཇིགས་གླིང་བདག་གི་སྐྱེ་བས་ཐོབ་པའི་མཁྱེན་རབ་ཕུལ་ཏུ་བྱུང་བའི་བློའི་རྣམ་དཔྱོད་དེ་དེད་དཔོན་གཞོན་ནུའི་གཟུགས་སུ་བཀོད་དེ། ཐར་པ་འདོད་པའི་གང་ཟག་རྣམས་ཐར་པའི་མཆོག་རྣམ་མཁྱེན་རིན་པོ་ཆེའི་གླིང་མཆོག་ཏུ་སྐྱེལ་བར་བྱེད་པའི་མཐུ་སྒྲུབ་པ་ལ། སྐྱོ་བ་དང་ངལ་དུབ་མཐའ་དག་ལ་མ་འཛེམས་པར་སྤངས་ཏེ་ལྷག་བསམ་རྣམ་པར་དག་པས་ཁུར་ཆེན་དང་ལེན་གྱིས་བསྐྱོད་པ་ན། ཕྱོགས་དུས་རྒྱལ་བ་རབ་འབྱམས་དང་། དེ་སྲས་ཆོས་སྤྱན་ལྡན་པ་འཕགས་པའི་ཚོགས་ཐམས་ཅད་དབྱིངས་ནས་ཐུགས་དགྱེས་ཏེ་གནས་སྐབས་དང་། མཐར་ཐུག་གི་དོན་གཉིས་ལྷུན་གྱིས་གྲུབ་པའི་ནོར་བུ་བྱིན། ཞེས་རང་བྱུང་པདྨའི་སྒྲུབ་གནས་ན་འདི་རྩོམ་པའི་ཚེ་ན་རང་བྱུང་པདྨ་རྒྱལ་པོ་དང་། རྒྱལ་བ་ཀློང་ཆེན་པའི་ཞལ་གཟིགས་བྱིན་རླབས་ཐོབ་པ་དང་། ཆོས་འདིས་འགྲོ་ཁམས་རྒྱ་མཚོ་འཁོར་བའི་དོང་ནས་འབྱིན་པར་ཐུན་མོང་མ་ཡིན་པའི་ངོ་མཚར་བའི་ནུས་པ་དབྱིངས་ནས་སྲས་བཅས་རྒྱལ་བའི་ཚོགས་ཀྱིས་གནང་བའི་གཟིགས་སྣང་དེ་འདྲ་བྱུང་བ་དེ་ལ་གསུངས་པ་རེད། དེ་ལྟ་བུའི་རིན་ཐང་གཞལ་མེད་ཀྱི་ནོར་བུ་འདི་ལྟ་བུ་སྤངས་ནས་མཆིང་བུ་དང་རྡོ་ལ་རིན་ཐང་བརྩི་བ་ནི་ཤིན་ཏུ་རྨོངས་པའི་ལོག་ལམ་ཡིན་པས། དེ་ལས་ལྡོག་པར་གདམས་པ་ནི། ཀྱེ་ཧོ་དལ་འབྱོར་རིན་ཆེན་ཉིན་སྐར་ཙམ། །གལ་ཏེ་རྙེད་ཀྱང་རླུང་ནང་མར་མེ་ལྟར། །སྐད་ཅིག་ཉིད་ལ་མི་རྟག་འདི་བསམ་ན། །སྐྱེ་བོ་ཕལ་ཆེར་སྨྱོན་པའི་དེད་དཔོན་འདྲ། །ཞེས་གསུངས་ཏེ། ཀྱེ་ཧོ་ཞེས་སྙིང་རྗེ་བའི་ཚིག་གིས་བོས་ནས། དལ་འབྱོར་རིན་པོ་ཆེ་འདི་ཉིན་མོའི་སྐར་མ་ཙམ་དང་འདྲ་བ་ཤིན་ཏུ་རྙེད་པར་དཀའ་ལ། གལ་ཏེ་རྙེད་ཀྱང་མི་རྟག་ཅིང་འཇིག་པའི་རྐྱེན་མང་བས། འཇིག་པར་སླ་བ་རླུང་ནང་གི་མར་མེ་ལྟ་བུ་སྐད་ཅིག་ཉིད་ལ་མི་རྟག་པར་འགྱུར་བའི་ཆོས་ཅན་འདི་ལ་བསམ་ན། དུས་ཀྱི་མཐར་འདིར་དལ་འབྱོར་སྙིང་པོར་མི་ལེན་པར་དོན་ཆུང་ལ་གཡེང་བ་རྣམས་དང་། དམ་ཆོས་ཟོང་དུ་ཚོང་བས་ལོག་ལམ་ལ་འཁྲིད་པའི་བདུད་ཀྱི་མཐུ་བྱིན་པས་སྤོབས་པའི་སྐྱེ་འགྲོ་རྒུད་པར་བྱེད་པའི་ཆོས་སྨྲ་བའི་གཟུགས་ཅན་གྱིས་ལོག་པའི་ལམ་ལ་འཁྲིད་པའི་སྐྱེ་བོ་ཕལ་ཆེ་བར་ནི་སྨྱོན་པའི་དེད་དཔོན་དང་འདྲ་བས། དེ་ལྟ་བུ་ནི་དམྱལ་བའི་ལམ་རྒྱུས་མཁན་ཡིན་གསུངས་ལ། དེ་ནས་དལ་འབྱོར་སྙིང་པོར་ལེན་ཏེ་དོན་ཆེན་བསྒྲུབ་པ་ལ་ཐོག་མ་ཉིད་དུ་ངེས་འབྱུང་བཅོས་མིན་དུ་སྐྱེ་དགོས་པར་གདམས་པ་ནི། ཆོས་ལ་འཇུག་པའི་རྩ་བ་ངེས་འབྱུང་སྟེ། །དེ་ཡི་ཐར་པར་རེངས་པའི་ཤེས་རྒྱུད་ལ། །སེམས་སྦྱོང་གནད་ཀྱིས་ཕྲུ་སློག་མ་བྱས་ན། །འཆི་ཁར་བྲང་ལག་འཐབ་ཚེ་འགྱོད་ཀྱང་འཕྱིས། །ཞེས་གསུངས་ཏེ། ཐར་ལམ་ཡང་དག་དམ་པའི་ལྷ་ཆོས་ལ་འཇུག་པའི་རྩ་བ་དེ་འཁོར་བ་ལས་ངེས་པར་འབྱུང་བའི་བློ་དེ་ཉིད་ཡིན་ཏེ། ཐོག་མར་ཆོས་ལམ་ལ་ཞུགས་པ་དེ་ཡང་ངེས་འབྱུང་ལ་བརྟེན་ནས་ཞུགས་དགོས་ལ། བར་དུ་ཆོས་བསྒྲུབ་པའི་ཚེའང་ངེས་འབྱུང་ལ་བརྟེན་ནས་བསྒྲུབ་དགོས་ཤིང་། ཐ་མར་ཆོས་ཀྱི་འབྲས་བུ་ཐོབ་པ་དེའང་ངེས་འབྱུང་ལ་བརྟེན་ནས་གྲུབ་དགོས་པས། ཐོག་མཐའ་བར་གསུམ་དུ་མེད་དུ་མི་རུང་བ་དེ་ལྟ་བུར་ཡིན་ན། ལེགས་སྨོན་དང་འཇིགས་སྐྱོབ་ཀྱིས་ཆོས་ལ་འཇུག་པའི་གཟུགས་བརྙན་གཟུང་བ། ལོག་པའི་བཤེས་གཉེན་གྱིས་སློབ་མའི་རྒྱུད་བཟང་པོའི་ཕྱོགས་ལ་འཆོས་མ་ཤེས་པས་སློབ་མའི་རྒྱུད་བསླད་པ་ན། སེམས་དམུ་རྒོད་ཐར་པའི་ཕྱོགས་ལ་ཁ་འཁོར་མ་མྱོང་བར་རེངས་པོ་སྟེ་སྲ་མོའི་དོན་ཞིང་ས་ཐ་རྒོད་ལྟ་བུའི་ཤེས་རྒྱུད་ལའམ། ཡང་ན་ཐར་པའི་ས་བོན་ཙམ་ཡོད་པའི་ཤེས་རྒྱུད་དེ་རེངས་པར་རེངས་པར་ངེས་འབྱུང་དང་སྐྱོ་ཤས་ཀྱིས་སད་པར་གྱིས་ཤིག་ཅེས་གོ་ནའང་ཆོག་གི། དཔལ་སྤྲུལ་ཚང་གིས། གྲོགས་ཁྱོད་ཡང་དག་ཆོས་ཤིག་བསྒྲུབ་དགོངས་ན། །བློ་སྦྱོང་བློ་སྦྱོང་སྙིང་རྗེ་བྱང་སེམས་སྦྱོངས། །གལ་ཆེན་ནན་གྱིས་བཟླས་འདི་དགོངས་གྱུར་ནས། །རང་སེམས་ཆོས་ཀྱིས་ཐུལ་དང་གནད་དེ་ལགས། །ཞེས་གསུངས་པ་ལྟར། ས་རྒོད་ཀྱི་ཞིང་སར་ཐོང་སོ་བཙུགས་ཏེ་རྨོ་དགོས་པ་ལྟར། དམུ་རྒོད་ཀྱི་སེམས་དེ་ལས་སུ་རུང་བར་སེམས་སྦྱོང་གནད་ཀྱི་གདམས་ངག་གི་ལག་ཆ་དེ་ལ་བརྟེན་ནས་ཕྲུ་སློག་པས་གཤིན་པོར་བསྒྱུར་དགོས་ཀྱི། འདི་སྣང་ཁོ་ནར་ཞེན་ཏེ་བློ་ཆོས་ལ་ཕྱོགས་པར་མ་བྱས་ན། ད་ལྟའི་སྐབས་ན་ཕོ་རྒོད་པོ་དང་འཇོན་པོ་ཇི་ལྟར་ཡིན་སྣང་ཤར་ཡང་། གསོན་ཚེ་འདིའི་འཕེན་པ་ཟད་ནས་འཆི་ཁར་བྲང་ལག་འཐབ་སྟེ་སྐྲག་སྔངས་སྐྱེས་ཚེ་འགྱོད་པར་བྱས་ཀྱང་དེ་དུས་འཕྱིས་སོང་བ་རེད། དེས་ན་ལམ་ལ་ཞུགས་ཀྱང་ཡང་དག་པའི་ལམ་མ་རྙེད་པར་ལམ་ལོག་པར་འཕྱན་པ་དང་། རྨོངས་པའི་སེམས་ཅན་སྡུག་བསྔལ་ལ་བདེ་བར་འཛིན་པ་མུན་ནང་རྣམ་པར་འཁྱམས་པ་རྣམས་ལ་དགོངས་ཏེ་ཐུགས་བརྩེ་བའི་སྒོ་ནས་གདམས་ངག་འདི་ཉིད་བསྟན་པ་ཡིན་ཞེས་ཤོ་ལོ་ཀ་གཉིས་ཀྱིས་གདམས་པ་ནི། ལས་རླུང་ཡེ་ཤེས་ཁམས་སུ་གནས་འགྱུར་ཚེ། །འཁོར་འདས་གཉིས་སྣང་ཟད་དང་ཆབས་ཅིག་པར། །ཆོས་སྐུའི་རྒྱལ་སར་ཟིན་པའི་རིག་འཛིན་ལ། །སེམས་སྦྱོང་རྟོག་པའི་དྲ་བ་དགོས་མིན་ཡང་། །ཞེས་ཐ་མལ་ཀུན་རྟོག་གི་བཞོན་པ་ལས་ཀྱི་རླུང་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་པོ་དེ་འཕོ་མེད་ཡེ་ཤེས་ཀྱི་ཁམས་སུ་གནས་བསྒྱུར་ཏེ་ས་ལམ་གྱི་རྟོགས་པ་རྙེད་པའི་ཚེ་ན། འཁོར་འདས་འཆིང་གྲོལ་དང་། བཟང་ངན་ལ་སོགས་པ་གཉིས་སུ་འཛིན་པའི་འཁྲུལ་སྣང་བག་ཆགས་གཞི་དང་བཅས་པ་ཟད་ནས། ཆོས་དབྱིངས་མཉམ་པ་ཆེན་པོ་གཅིག་གི་ཁོར་ཡུག་ཏུ་འབྱམས་ཀླས་པ་དང་ཆབས་ཅིག་ཏུ། སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་བྱང་ཆུབ་ཆེན་པོར་བརྙེས་པའི་བྱར་མེད་ཆོས་སྐུའི་རྒྱལ་སར་ཟིན་ནས་ལྷུན་གྲུབ་རིག་འཛིན་གྱི་ས་ལ་གནས་པ་ལྟ་བུ་དག་ལ། སེམས་སྦྱོང་ལ་སོགས་པའི་རྟོག་པའི་དྲ་བ་སྤོང་གཉེན་དུ་གཏོགས་པ་དག་དགོས་པ་མིན་ཡང་། དྲ་བའི་སྣོད་དང་གླིང་བུའི་སྟོང་ཆེན་སྒྲས། །ཕུར་པའི་གྲུབ་མཐར་འཁྱོགས་པའི་རིགས་ཅན་དང་། །འཁོར་བ་བདེ་བར་འཛིན་པའི་བྱིས་པ་རྣམས། །བརྩེ་བའི་སེམས་ཀྱིས་མ་བཟོད་ལས་གཞན་ཅི། །ཞེས་གསུངས་ཏེ། དྲ་བའི་སྣོད་དང་ཞེས་པ་ནི་བྱ་གཏོང་ཀུ་ས་ལིའི་སྤྱོད་པ་བཅང་ནི་ཡིན་ཅན་པོས། གཅོད་ཌཱར་དྲ་བའི་སྣོད་དུ་བསྡུས་ནས་རྒྱབ་ཏུ་འཁུར་ཏེ་གཉན་ས་གཅད་པ་ཡིན་ཟེར་ནས་རྐང་དུང་གི་སང་སྒྲ་སྒྲོག་འདུག་པ། དོན་ཉམས་ཀྱི་ཐད་ན་ལྟ་སྒོམ་གོལ་ནོར་ཤོར་བའི་འཕྲང་ལ་ཚུད་པ། ཇི་སྐད་དུ། གང་ཤར་སེམས་སུ་ལྟ་བས་གྲོལ་འདོད་ན། །སྣོད་དང་བཅས་པ་འཇིག་རྟེན་མ་ལུས་པ། །རྟག་བདག་གཅིག་པུ་བདག་གི་རང་བཞིན་དུ། །འདོད་པའི་མུ་སྟེགས་གསང་བ་ཅིས་མི་གྲོལ། །ཞེས་གསུངས་པ་དང་། རང་བཞིན་མ་གྲུབ་འཛིན་མེད་མི་རྟོག་ཅིང་། །ཅི་ཡང་མ་གྲུབ་ངང་ལ་འགག་མེད་པ། །ལྟ་བ་ཡིན་སྙམ་ཞང་ཞུང་བོན་ལའང་ཡོད། །ཅེས་པ་ལྟ་བུའི་མུ་སྟེགས་ཕུར་བུ་པའི་གྲུབ་མཐའ་ལ་འཁྱོགས་པའི་རིགས་ཅན། ལྟ་བ་ནོར་བས་སྒོམ་པ་ནོར། སྒོམ་པ་ནོར་བས་སྤྱོད་པ་འཁྲུལ། དེ་དག་དང་འདྲ་བའི་འབྲས་བུ་ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས། ལམ་དྲང་པོ་ལ་ཁྲིད་པའི་ཆེད་དང་། ཁམས་གསུམ་འཁོར་བ་མེའི་འོབས་དང་། སྲིན་མོའི་གླིང་། དུག་སྦྲུལ་གདུག་པའི་ཚང་ལྟ་བུ་ཞིག་ཡིན་ཡང་། དེ་ལྟར་སྡུག་བསྔལ་བའི་རང་བཞིན་དུ་མ་ཤེས་ནས་བདེ་བར་འཛིན་པའི་བྱིས་པ་སོ་སོའི་སྐྱེ་བོ་རྣམས། འཁོར་བའི་སྡུག་བསྔལ་གྱིས་གཟིར་བ་ལ་བརྩེ་བའི་སེམས་ཀྱིས་མ་བཟོད་དེ་སེམས་སྦྱོང་གི་གདམས་པ་འདི་བསྟན་པ་ཡིན་གྱི། དེ་མིན་ལས་གཞན་གྱིས་ཕན་ཐབས་མ་མཆིས་ལ། རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་དེ་ལས་གཞན་ཐབས་ཅི་ཞིག་མཆིས་ཏེ་མ་མཆིས་སོ། །ཡང་ན་དྲ་བའི་སྣོད་དང་གླིང་བུའི་སྟོང་ཆེན་སྒྲས། །ཕུར་པའི་གྲུབ་མཐར་འཁྱོགས་པའི་རིགས་ཅན་དང་། །ཞེས་པའི་དོན་འཁོར་བར་འཆིང་བྱེད་ཀྱི་བདེན་འཛིན་གྱི་དྲ་བའི་སྣོད་འཆང་བ་དང་། ཐམས་ཅད་སྟོང་པ་ཡིན་ཞེས་ལས་འབྲས་ཁྱད་བསད་ཀྱི་ཅི་ཡང་མེད་པའི་ཆད་ལྟར་ལྟུང་བའི་གླིང་བུའི་སྟོང་ཆེན་གྱི་སྒྲས་མུ་སྟེགས་ཕུར་བུ་པའི་གྲུབ་མཐའ་ལ་འཁྱོགས་པ་སྟེ། མདོར་ན་ལམ་རྟག་ཆད་ཀྱི་མཐའ་ལ་ལྷུང་བའི་དོན་ཨེ་ཡིན་སྙམ། ཞེས་མན་ངག་གི་གཞུང་འདི་བརྩམ་པའི་དགོས་པ་ཉིང་དགོས་དང་བཅས་པ་གསལ་བར་བསྟན་པ་རེད། ད་ནི་མན་ངག་གི་གཞུང་འདི་ཚིག་ལ་མི་རྟོན་དོན་ལ་རྟོན་པ་སོགས་ཀྱི་ཁྱད་ཆོས་དང་ལྡན་པ་དང་། ཚིག་གི་གོ་བ་ཙམ་མི་ཚད་པར་དོན་བརྒྱུད་ཀྱི་བྱིན་རླབས་འཕོ་ནུས་པའི་གདམས་པ་ཁྱད་པར་ཅན་ཡིན་པར་བསྟན་པ་ནི། རྟོག་གེའི་རྩལ་བཤད་སྨྲིག་རྒྱུའི་ཆུ་ཀླུང་གིས། །རྨོངས་ཆེན་གླང་པོའི་ཡིད་དབང་འཕྲོག་པའི་ཚིག །མ་ཡིན་ལུང་དོན་རྒྱ་མཚོ་དོན་བརྒྱུད་ཀྱི། །བྱིན་རླབས་གྲུ་གཟིངས་གསར་པས་བརྒལ་བའི་གཏམ། །ཞེས་རྒྱ་ཆེན་དོན་ལ་སྦྱོར་བའི་བློ་མཐུ་ཞན་པ་ཐ་སྙད་ཚིག་ལ་འཆེལ་ཞིང་རྟོག་དཔྱོད་གཙོ་བོར་བྱེད་པའི་རྟོག་གེ་བ་རེད། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་མེད། །ཅེས་དང་། དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་དང་། །ས་མཚམས་དམན་པའི་སོ་སྐྱེས་རྟོག་གེ་ཡི། །རྟོག་དཔྱོད་ལས་འདས་རྒྱལ་བའི་ཡེ་ཤེས་ནི། །གདོད་ནས་གྲུབ་པ་རྫོགས་པ་ཆེན་པོའི་ལམ། །ཞེས་གསུངས་པ་ལྟར། དངོས་པོར་སྨྲ་བ་གྲུབ་མཐའི་རྟོག་གེ་དང་། ས་མཚམས་དམན་པ་སོ་སྐྱེས་ཀྱི་རྟོག་གེ་གཉིས་ལས་འདི་དང་པོ་དང་ཕྱོགས་མཚུངས་པ་མིང་ལས་འཕགས་ཀྱང་དོན་དེ་དང་འདྲ་བ་ཅན་པོ་རེད། དེ་ལྟ་བུའི་རྟོག་གེ་བའི་རྩལ་བཤད་དེ་བྱིན་བརྒྱུད་དགོངས་པའི་ཕ་ཕོགས་ཀྱི་སྟོང་བའི་ཚིག་ལྷུར་ལེན་པར་སྒྲ་དག་སྡེབ་སྦྱོར་དང་། ཐ་སྙད་ཀྱི་ཟུར་གཙོ་བོར་འཛིན་པའི་བྱིས་པ་བསླུ་བའི་བསྟན་བཅོས་སྨྲིག་རྒྱུའི་ཆུ་ཀླུང་གིས། སྐྱེ་བོ་རྨོངས་ཆེན་ཚིག་ལྷུར་ལེན་པའི་གླང་པོའི་ཡིད་དབང་འཕྲོག་སྟེ་རྗེས་སུ་སྙེགས་ཀྱང་དོན་འབྲས་ལ་བསླུ་བའི་ཚིག་མ་ཡིན་ལ། རྒྱུད་ལུང་མན་ངག་སོགས་མདོ་རྒྱུད་ཟབ་མོའི་ལུང་དོན་རྒྱ་མཚོ་ཉིད། དོན་བརྒྱུད་ཀྱི་བྱིན་རླབས་ཁྱད་པར་ཅན་གྱིས་ཕྱུག་པའི་སྔོན་མེད་ཀྱི་གྲུ་གཟིངས་གསར་པས་བདེ་བླག་ཏུ་ཕ་མཐར་བརྒལ་བའི་མན་ངག་ལེགས་པར་བཤད་པའི་གཏམ་ཡིན་ནོ། དུས་མཐར་ལུང་རྟོགས་བསྟན་པའི་ཁྱད་ནོར་འཛིན་པའི་ཆེ་བ་བསྟན་པ་ནི། སྔོན་བྱོན་མཁས་གྲུབ་ཟླ་བ་དབྱིངས་སུ་གཟིམས། །ལུང་རྟོགས་བཤད་སྒྲུབ་ཉི་མ་ཆུ་ལྷར་ཕྱོགས། །རྟ་ནོར་གཟི་བརྗིད་འགྲན་པའི་གཟའ་སྐར་ཤར། །རྒྱལ་བསྟན་མུན་པའི་སྨག་ལ་འོ་རེ་བརྒྱལ། །ཞེས་གསུངས་ཏེ། སྔོན་བསྐལ་པ་བཟང་དུས་བྱོན་པའི་མཁས་དང་གྲུབ་པའི་ཁྱུ་ཚོགས་ཀྱི་ཟླ་བ་དབྱིངས་སུ་གཟིམས་ཤིང་། རྒྱལ་བསྟན་ལུང་རྟོགས་ཀྱི་དཀྱིལ་འཁོར་བཤད་སྒྲུབ་འོད་སྣང་འཕྲོ་བའི་ཉི་མ་ནུབ་རི་ཆུ་ལྷར་ཕྱོགས་པ་དང་། དམ་པའི་མཚན་གྱི་ཅོད་པན་ཆུད་ཟོས་སུ་གཏོང་བའི་བ་གླང་གསེར་རྒྱན་ཅན་རྣམས་ཀྱིས་ལོག་འཚོས་བསྒྲུབ་པའི་རྟ་ནོར་ལ་སོགས་པའི་ལོངས་སྤྱོད་ཀྱི་གཟི་བརྗིད་འགྲན་པའི་གཟའ་སྐར་ཤར་བའི་དུས་འདིར། སྣང་བྱེད་ཉི་ཟླ་ལྟ་བུའི་བསྟན་འཛིན་དམ་པ་མེད་པས་ན་རྒྱལ་བསྟན་མུན་པའི་སྨག་ལ་འོ་རེ་བརྒྱལ་བ་དང་། དེར་ཞུགས་པའི་སྐྱེ་བོ་རྣམས་ནི་ཤིན་ཏུ་ཉམ་ཆུང་བའི་དུས་ལ་ཐུག་པ་རེད། ཐེག་རིམ་དགུ་ཡི་མ་ད་ནས་མྱོས་པའི། །མཛོད་ཆེན་བདུན་དང་ཤིང་རྟའི་རྒྱང་གླུ་ཡིས། །སྔ་འགྱུར་བསྟན་སྲོག་འཛིན་པའི་ཀུན་མཁྱེན་དེའི། །ལུང་རྟོགས་ཁྱད་ནོར་དེང་སང་ཁོ་བོ་འཛིན། །ཞེས་གསུངས་ཏེ། ཐེག་པ་རིམ་པ་དགུ་ཡི་ཆང་བཅུད་ཀྱིས་མྱོས་པའི་རྒྱུད་དོན་ཐང་མར་བརྡལ་བའི་རྟོགས་པའི་འདྲ་འབག་མཛོད་ཆེན་བདུན་དང་། ཤིང་རྟ་རྣམ་གསུམ་གྱི་དོ་ཧའི་རྒྱང་གླུ་ཡིས། སྔ་འགྱུར་གསང་ཆེན་སྙིང་པོའི་བསྟན་པའི་སྲོག་འཛིན་པའི་ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ་དེའི་ལུང་རྟོགས་ཀྱི་བསྟན་པའི་ཁྱད་ནོར་བྱིན་བརྒྱུད་དགོངས་བཅུད་དེ་དེང་སང་ཁོ་བོས་འཛིན་ཡོད་ལ། ད་ནི་སླར་ཡང་ཉེ་བརྒྱུད་ཀྱི་ཚུལ་ཇི་ལྟར་ཡིན་པ་ཚིགས་བཅད་གཉིས་ཀྱིས་བསྟན་པ་ནི། དེ་ཕྱིར་འདི་ཡི་ཉེ་བརྒྱུད་གང་ཞེ་ན། །ཁོ་བོའི་གཙུག་ན་དྲི་མེད་འོད་ཟེར་བཞུགས། །སྔ་འགྱུར་སྤྱི་དང་ཁྱད་པར་སྙིང་ཐིག་གི། །བསྟན་པའི་བདག་པོ་གང་ལ་དམིགས་སུ་མེད། །ཅེས་གསུངས་ཏེ། རྒྱུ་མཚན་དེའི་ཕྱིར་ན་མན་ངག་གི་བརྒྱུད་པ་འདི་ཡི་ཉེ་བརྒྱུད་གང་ཡིན་དང་། ཚུལ་ཇི་ལྟར་ཡིན་ཞེ་ན། ཀུན་མཁྱེན་འཇིགས་མེད་གླིང་པ་ཉིད་རྒྱལ་བ་ཀློང་ཆེན་རབ་འབྱམས་ཀྱི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་ནས་ཐུགས་རྒྱུད་དགོངས་པའི་བྱིན་རླབས་འཕོས་པ་ཙམ་དུ་མ་ཟད། དེའི་སྒྱུ་འཕྲུལ་སླར་ཡང་གདུལ་བྱའི་དཔལ་དུ་བྱོན་པ་ཡིན་པས་དགོངས་རྒྱུད་གཅིག་པའང་ཡིན་པས་ན། དེའི་ཕྱིར་ན་ཁོ་བོའི་གཙུག་ན་རྒྱལ་བ་གཉིས་པ་ཀུན་མཁྱེན་དྲི་མེད་འོད་ཟེར་རིགས་བདག་ཏུ་འབྲལ་མེད་པར་བཞུགས་ཞེས་གསུངས་ཏེ། རྗེ་རིན་པོ་ཆེས་བྱང་ཆུབ་ལམ་རིམ་ཆེན་པོའི་ནང་། འདི་ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་ལ་གཞིར་བྱས་པར་ཡིན་པས། དེའི་རྩོམ་པ་པོ་ནི་འདིའི་རྩོམ་པ་པོའང་ཡིན་ཞེས་གསུངས་པ་དང་ཧ་ལམ་ཕྱོགས་འདྲ་བོ་རེད། སྔ་འགྱུར་གྱི་བསྟན་པ་སྤྱི་དང་ཁྱད་པར་དུ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་བསྟན་པའི་བདག་པོ་ནི། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ་གང་ཉིད་ཡིན་ལ་དེ་མིན་པའི་གཉིས་པ་གཞན་ཞིག་དམིགས་སུ་མེད་དོ། །གདོད་མའི་མགོན་དེ་མི་ཡི་བརྫུར་ཞུགས་ནས། །ལྗོངས་འདིར་བསྟན་པའི་སྙིང་པོ་གསལ་ལོ་ཞེས། །མཚོ་སྐྱེས་རྡོ་རྗེས་ལུང་གིས་དབང་བསྐུར་ཞིང་། །རིག་འཛིན་ཐམས་ཅད་དགོངས་པ་གཅིག་ཏུ་མཐུན། །ཞེས་གདོད་མའི་མགོན་པོ་ཀུན་བཟང་རྡོ་རྗེ་འཆང་དེ་ཉིད་གདུལ་བྱའི་སྣང་ངོར་ཁམས་དྲུག་ལྡན་གྱི་མིའི་བརྫུར་ཞུགས་ནས། བྷོ་ཊའི་ལྗོངས་འདིར་བསྟན་པའི་སྙིང་པོ་ངེས་གསང་རྡོ་རྗེའི་ཐེག་པ་སླར་ཡང་གསལ་བར་བྱས་སོ་ཞེས། རྒྱལ་དབང་མཚོ་སྐྱེས་རྡོ་རྗེས་ལུང་གིས་དབང་བསྐུར་ཞིང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས་འབྱུང་བ་ལྟར་དུ། རིག་འཛིན་ཐམས་ཅད་དགོངས་པ་གཅིག་དང་དབྱངས་གཅིག་ཏུ་མཐུན་པའི་རྩོད་མེད་ཀྱི་སྤྲུལ་སྐུར་ཡོངས་སུ་གྲགས་པ་ཡིན་ནོ། །དེ་ནས་དམ་པ་གོང་མའི་ཞབས་རྗེས་བསྙེགས་ནས་དུས་ཀུན་ཇི་ལྟར་བྱ་བའི་ཚུལ་རྗེས་འཇུག་ལ་གདམས་པ་ནི། དང་པོ་འཁོར་བའི་འཇིགས་པས་བས་མཐར་ཕྱོགས། །བར་དུ་ལས་འབྲས་བསླུ་མེད་འཕྲང་ལ་བཤར། །ཐ་མར་རྟོགས་པས་འཁོར་གསུམ་བདེན་མེད་དུ། །ཤེས་འདི་གྲུབ་ཐོབ་སྤྱི་ཡི་རྣམ་ཐར་ཡིན། །ཞེས་དང་པོ་འཁོར་བ་སྡུག་བསྔལ་དུ་ཤེས་པས་འཇིགས་ཤིང་སྐྲག་པའི་ངེས་འབྱུང་བཅོས་མིན་གྱི་བློས་བསྐུལ་བས། བས་མཐའམ་རི་ཁྲོད་དབེན་པའི་གནས་སུ་ཕྱོགས་པར་གྱིས་ཞེས། ཁོང་གིས་འཇིགས་མེད་ཆོས་ལྡན་ལ་གདམས་པ་ལས། རྟག་ཏུ་དབེན་པར་སྡོད། སྙིང་རྗེ་ཕན་སེམས་སྒོམས། ལས་འབྲས་ལ་ཞིབ་ཚགས་མཛོད། སོགས་གསུངས་པ་ལྟར་དུ་རེད། བར་དུ་ལས་རྒྱུ་འབྲས་བསླུ་བ་མེད་པའི་འཕྲང་ལ་བཤར་བ་སྟེ་ལམ་འཕྲང་དོག་མོ་ཞིག་ལ་རྟ་པ་བཤར་ན་ག་ལེར་བྱས་ནས་འགྲོ་དགོས་པ་ལྟར་ཞིབ་ཆ་གྱིས་གསུངས་པ་རེད། ཐ་མར་ཉམས་རྟོགས་ན་འཕར་བའི་སྐབས་ན་རྟོགས་པ་ཁྱད་པར་ཅན་གྱིས་འཁོར་གསུམ་བདེན་ཞེན་གྱི་འཛིན་པ་དང་བྲལ་བའི་ངང་། འཁོར་གསུམ་བདེན་མེད་དུ་ཤེས་ཤིང་རྟོགས་པ་འདི་ནི་གནས་ལུགས་ཡང་དག་རྟོགས་པའི་གྲུབ་ཐོབ་སྤྱིའི་རྣམ་ཐར་ཡིན་པས། དེ་ལྟ་བུ་སྐྱོང་ཤེས་པར་གྱིས་ཞེས་བསྐུལ་བའོ། །ད་ནི་གདམས་པ་འདི་ཉིད་ཀྱི་རྒྱབ་རྟེན་རྒྱུད་ལུང་གི་ཁུངས་བསྟན་པ་དང་བཅས་པས། མན་ངག་གི་གཞུང་འདི་རྩོམ་པའི་དགེ་བ་བྱང་ཆུབ་ཆེན་པོར་བསྔོ་བ་དང་། སྔོན་མེད་ཀྱི་ལེགས་བཤད་གསར་པ་འདིས་ཐར་འདོད་ཀྱི་སྐྱེ་བོ་མང་པོ་ཐར་ལམ་དུ་འགོད་པའི་སྨོན་ལམ་འདེབས་པ་ནི། སྙིང་ཏིག་རིན་ཆེནཡི་གེ་རྣམ་ལྔ་ལས། །ཟངས་ཡིག་ཅན་གྱི་དགོངས་པ་སེམས་སྦྱོང་བདུན། །རྒྱ་ཆེར་བཀྲལ་བའི་བསོད་ནམས་གང་ཡིན་པ། །རྣམ་མཁྱེན་རིན་ཆེན་ཐོབ་པའི་རྒྱུ་རུ་བསྔོ། །ཞེས་བི་མ་ལའི་གསང་བ་སྙིང་ཐིག་གི་ཡང་ཞུན་རིན་ཆེན་གྱི་ཡི་གེ་རྣམ་པ་ལྔ་སྟེ། དུང་ཡིག་ཅན་དང་། གསེར་ཡིག་ཅན། གཡུ་ཡིག་ཅན། དངུལ་ཡིག་ཅན། ཟངས་ཡིག་ཅན་རྣམས་བཞུགས་པ་ལས། ཟངས་ཡིག་ཅན་གྱི་དགོངས་པ་སེམས་སྦྱོང་བདུན་གྱི་མན་ངག་དེ་ཉིད་ཁོལ་དུ་ཕྱུངས་ནས། འདིར་རྒྱ་ཆེར་བཀྲལ་ཏེ་ལེགས་པར་བཤད་པའི་བསོད་ནམས་རྣམ་པར་དཀར་བའི་ཆ་གང་ཡིན་པ་དེ་ཉིད། རྒྱལ་དང་དེ་སྲས་སེམས་ཅན་རྣམས་དང་བཅས་པའི་དུས་གསུམ་བསགས་ཡོད་ཀྱི་ཟག་བཅས་ཟག་མེད་ཀྱི་དགེ་བ་དང་བསྡོམས་ནས་མཐའ་ཡས་འགྲོ་བ་སེམས་ཅན་ཐམས་ཅད། རྣམ་མཁྱེན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ཉིད་ཐོབ་པའི་རྒྱུ་རུ་བསྔོ་བར་བགྱིའོ། །བདག་བློ་པད་ཚལ་དྲི་མེད་ཉི་མའི་འོད་ཟེར་གྱིས། །བསྐུལ་བས་ཐུན་མོང་ལམ་གྱི་འཇུག་སྒོའི་སྐྱེད་མོའི་ཚལ། །ཤིན་ཏུ་བཀོད་མཛེས་ཐ་གྲུ་ཡངས་པའི་བསྟི་གནས་འདི། །རིང་པོར་གནས་ནས་དོན་གཉེར་མགྲོན་པོ་དགའ་བར་ཤོག །ཅེས་བདག་ཀུན་མཁྱེན་ཕྱི་མ་ཁོང་གི་བློ་གྲོས་པདྨའི་ཚལ་དྲི་མ་མེད་པ་གང་། རྒྱལ་བ་ཀློང་ཆེན་པའི་བྱིན་རླབས་ཉི་མའི་འོད་ཟེར་གྱིས་བསྐུལ་བ་ལས། གང་ཟག་ཐུན་མོང་བའི་ལམ་གྱི་ཐོག་མའི་འཇུག་སྒོར་གྱུར་ཅིང་། གང་འདོད་ཅི་དགར་རྩེན་ཆོག་པའི་སྐྱེད་མོས་ཚལ། ལམ་གྱི་ཐོག་མའི་དགོས་གནད་ཆ་ཚང་ཞིང་ལུང་དང་རིགས་པས་མཐོང་བར་བྱ་བའི་མན་ངག་གི་ཐབས་ཀྱི་བཀོད་པ་ཤིན་ཏུ་མཛེས་པ། ནང་དོན་རྒྱ་ཆེ་ཞིང་ཐ་གྲུ་ཡངས་པའི་ཐར་འདོད་སྐྱེ་བོ་དགའ་བའི་བསྟི་གནས་འདི། ཕྱི་མའི་མཐའ་ཡང་ཉམས་པར་མེད་པར་དུས་ཡུན་རིང་པོར་གནས་ནས་ལས་ཅན་དོན་གཉེར་ཅན་གྱི་མགྲོན་པོ་རྣམས་དགའ་བར་ཤོག་ཅིག་ཅེས་སྨོན་པའོ། །ཅེས་གོང་དུ་གསུངས་པ་ལྟར་གསང་བ་སྙིང་ཐིག་གི་རིན་པོ་ཆེའི་ཡི་གེ་ལྔ་ལས། རིན་ཆེན་ཟངས་ཀྱི་ཡི་གེ་ཅན་གྱི་དགོངས་པ་ཁོལ་དུ་ཕྱུངས་ནས། རྫོགས་པ་ཆེན་པོའི་ཁྲིད་ཡིག་སྤྱི་དང་ཁྱད་པར་ཐུན་མོང་གི་སྔོན་འགྲོར་འཇུག་པ། དོན་གྱི་ཆ་ཇི་ལྟར་བསྟན་པའི་ཚུལ་ནི་སེམས་སྦྱོང་བདུན་གྱི་དོན་ཁྲིད། མཚན་གྱི་ཆ་ནས་དོན་དང་འབྲེལ་བའི་དཔེའི་སྒོ་ནས་བཏགས་པ་ཐར་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི། རང་བྱུང་པདྨའི་བསྒྲུབ་གནས་མཆིམས་ཕུ་མེ་ཏོག་ཕུག་གི་གནས་སུ་སྙིང་པོའི་སྒྲུབ་པ་ལ་གཞོལ་བའི་ཚེ། ཀུན་མཁྱེན་དྲི་མེད་འོད་ཟེར་གྱི་ཡེ་ཤེས་ཀྱི་སྐུ་དང་ལན་གསུམ་མཇལ་བའི་བར་པ་ལ། དཔེ་ཆ་བམ་པོ་ཞིག་གནང་ནས་སྐུའི་བྱིན་གྱིས་བརླབས་པས་འདིས་ཤིང་རྟ་ཆེན་མོ་ན་གབ་པའི་ཚུལ་དུ་ཡོད་པ་མཐའ་དག་གསལ་བ་ཡོད་སོགས་ཐུགས་ཀྱི་དགོངས་པ་ལ་ཀློང་ལྔའི་གསང་མཛོད་བྱིན་གྱིས་བརླབས་པ་ལ་བརྟེན་ནས། ཀློང་བྱང་བརྡ་རྟགས་ཀྱི་རི་མོ་ཇི་ལྟར་ཐུགས་ལ་ཤར་བ་བཞིན་ཟིན་བྲིས་སུ་བགྱིས་ཏེ་ལོ་ཤས་གསང་བའི་རྩིས་རྒྱར་བཞག་པའི་ཐོག་དུས་ལ་བབ་པའི་ཚེ་མངའ་བདག་ཉང་ཉི་མ་འོད་ཟེར་གྱི་རིགས་རུས་ཆོ་འབྲང་གིས་བསྲུངས་བའི་ཀོང་སྨྱོན་རིག་པའི་དཔའ་བོ་དང་། དག་པའི་སྣང་བ་ཅན་ཝ་གིནྡྲའི་མིང་ཅན་གྱིས་དོན་གཉེར་ཆེན་པོས་བསྐུལ་བའི་རྟེན་འབྲེལ་གྱི་ཕོ་ཉས་མཚམས་སྦྱར་བ་ལས། སངས་རྒྱས་གཉིས་པ་སློབ་དཔོན་ཆེན་པོ། སྟོད་འགྲེལ་གྱི་ཉི་སྒྲོལ་ཞེས་པ་རྒྱ་རྩིས་ཀྱི་ཤིང་ཕོ་སྤྲེའུའི་ལོར་སིནྡྷུའི་རྒྱ་མཚོར་ཆུ་སྐྱེས་པདྨ་གཞོན་ནུའི་སྦུབས་ལས་གྲོལ་ནས་མི་ལོ་ཉིས་སྟོང་དྲུག་བརྒྱ་སུམ་ཅུ་སོ་བདུན། ཡང་ཕུར་བུ་ཞེས་པ་ས་སྤྲེལ་ལོར་རིག་འཛིན་རྡོ་རྗེ་ཆོས་ཀྱིས་རི་རྒྱལ་མ་ལ་ཡའི་རྩེ་མོར་ལྷ་ཀླུ་གནོད་སྦྱིན་མིའི་རིག་འཛིན་ཏེ་དམ་པའི་རིགས་ཅན་དྲ་མ་ལྔ་ལ་གསང་རྒྱུད་རྒྱ་མཚོའི་ཆོས་འཁོར་བསྐོར་ཞིང་། ཟ་ཧོར་རྒྱལ་པོ་ཨིནྡྲ་བྷུ་ཏིའམ་ས་ཧོ་རའི་རྒྱལ་པོ་ཛའི་ཕོ་བྲང་གི་ཡང་སྟེང་མ་ཧཱ་ཡོ་གའི་ཏནྟྲའི་གླེགས་བམ་གྱི་ཆར་པ་ཕབ་ནས་ཉིས་སྟོང་དྲུག་བརྒྱ་དང་འདོད་པའི་གྲངས་ལྡན་ཏེ་ལྔ་འདས་པ་དང་། ཁྲོ་བོ་ཞེས་པ་ཤིང་གླང་གི་ལོར་གསང་བདག་དཔའ་བོས་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་བསྐུར་བྱིན་པའི་རྒྱུད་ལུང་མན་ངག་ཀུན་གྱི་བསྟན་པའི་བདག་པོ་མི་ཕམ་མགོན་གྱི་སྤྲུལ་པའི་སྣང་བརྙན་དགའ་རབ་རྡོ་རྗེའི་ཟློས་གར་བསྒྱུར་ནས་ཉིས་སྟོང་ཉིས་བརྒྱ་དགུ་བཅུ་གོ་དྲུག་དང་། རྣམ་གནོན་ཞེས་པ་ལྕགས་འབྲུག་ལ་པཎ་ཆེན་ལྔ་བརྒྱའི་གཙུག་གི་རྒྱན་གྱུར་འཇའ་ལུས་སྐུར་བརྙེས་བི་མ་ལ་མི་ཏྲ་འཁྲུངས་ནས་ཆིག་སྟོང་བདུན་བརྒྱ་བཞི་བཅུ་རྩ་གཅིག ཕུར་བུ་ཞེས་པ་ས་སྤྲེལ་ལ་ངེས་པ་དོན་གྱི་ཐམས་ཅད་མཁྱེན་པ་དཔལ་བསམ་ཡས་པ་ཀློང་གསལ་དྲི་མེད་དམ། ཀུན་མཁྱེན་ངག་གི་དབང་པོ་འཁྲུངས་ནས་བཞི་བརྒྱ་ལྔ་བཅུ་ང་གསུམ་འདས་ཤིང་། རབ་བྱུང་བཅུ་གསུམ་པའི་ནང་ཚན་ལྕགས་མོ་སྦྲུལ་གྱི་ལོ། རྟ་བདུན་དབང་པོ་སྡིག་པའི་ཁྱིམ་ན་གནས་པའི་ཚེ། གསུང་གི་དབེན་གནས་བསམ་ཡས་མཆིམས་ཕུའི་བྲེ་གུ་དགེའུའི་རང་བྱུང་བྲག་གི་ཁང་མཛེས་ག་ལ་བ་དེར་བྱ་བྲལ་ཆོས་རྗེ་མཁྱེན་བརྩེའི་འོད་ཟེར་གྱིས་གྲུབ་པར་བགྱིས་པ་ཐོག་མཐའ་བར་གསུམ་དུ་དགེ་བར་གྱུར་ཅིག །ཅེས་གསུངས་སོ། །ད་དེ་ཡན་ཆད་འུ་ཅག་གིས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་ལས་བྱུང་བའི་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཐར་པའི་ཐེམ་སྐས་ཞེས་བྱ་བའི་གླེགས་བམ་རིན་པོ་ཆེ་འདི་ཉིད་འཆད་ཉན་ཁྲིད་སྦྱོང་དང་བཅས་པ་རྒྱས་པའི་ཚུལ་བྱས་ནས་མཐར་ཕྱིན་པ་རེད། འདིའི་ནང་ན་བསྟན་འཛིན་གྱི་སྐྱེས་བུ་མཁན་སྤྲུལ་རྣམ་པ། ཐོས་བསམ་འཆད་ཉན་གྱི་གྲལ་ལ་ཞུགས་པའི་ཀློག་པ་བ། རི་ཁྲོད་ལ་ལོ་མཚམས་སུ་བཞུགས་པའི་མཚམས་པ། དེའི་འཕྲོ་ན་དགོན་པ་ཆེན་པོའི་མཐོང་བརྒྱུད་ཕྱག་བཞེས་ལ་ནང་བྱན་ཚུད་སོང་བའི་གྲྭ་ཚང་གི་གྲྭ་བ། དེའི་ཐོག་ན་ཕྱོགས་ཀྱི་ཆོས་ཞུ་བ། སྔགས་རིག་ཕོ་མོ་དང་། དགེ་བསྙེན་ཕོ་མོ་ལ་སོགས་པ། མདོར་ན་མི་སྣ་འདྲ་མི་འདྲར་ཡོད་པ་ཡིན་ན། དབང་པོ་རྣོ་རྟུལ་དང་། ཆོས་ཕྱོགས་ཀྱི་སྦྱོང་བ་ཆེ་ཆུང་། མཁྱེན་ཡོན་གྱི་རྣམ་དཔྱོད་ཀྱི་ཐད་ནས་ཐམས་ཅད་གཅིག་འདྲ་མ་རེད། འོན་ཀྱང་ཐམས་ཅད་ཀྱི་ཉམས་ལེན་དང་འགལ་བ་མེད་པར་ལས་དང་པོའི་ཉམས་ལ་རན་ནི་ཅན་པོའི་ཕན་ཐོགས་ཀྱི་བསམ་པ་དང་། ཀུན་སློང་གི་གཞི་གདན་བྱས་ནས་ཞིབ་ཁྲིད་ཀྱི་ཚུགས་ཀ་འདྲ་བོ་རེད། དུས་ལ་བབ་ན་ཕན་ཐོགས་རེ་འབྱུང་ཤས་ཆེ་ནི་རེད། དེ་མིན་ན་གར་སོང་འདིར་རྒྱག་ཅི་ལ་ཡོད། ད་གང་ལྟར་དུས་ཀྱི་ཐ་མ་འདི་ལ་སྤྱིར་སྙིང་པོའི་བསྟན་པ་རི་མོའི་མར་མེ་ལྟ་བུ་འགྱུར་བ་དང་། ཆོས་འདོད་ལྷག་བསམ་ཅན་རེ་ཡོད་ན་སྒོ་གང་ནས་འཇུག་དགོས་མི་ཤེས་པ་མང་བ་ཡིན་ན། དེ་རྣམས་ཀྱི་ཕྱོགས་ལ་བསམ་བློ་བཏང་ནས། མདོར་ན་བསྟན་འགྲོར་སྨན་པའི་འདུ་ཤེས་བཟུང་ནས་འདིའི་ཕྱོགས་ལ་འབད་པར་བྱས་པའི་དགེ་འབྲས་ཅུང་ཟད་ཡོད་པ་དེ་དམ་པ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པའི་མཆོད་པ་འབུལ་རྒྱུ་དང་། བཤད་ཉེས་འགལ་ནོར་བྱུང་ཡོད་ན་ལྷ་དང་སྲུང་མར་སྙིང་ནས་བཤགས་རྒྱུ་དེ་འདྲ་བྱེད་ནི་ཡིན། འུ་ཚོ་རང་གཞན་སུ་ཡིན་ན་ཆོས་སྒྲ་གཏན་ནས་གོ་མ་མྱོང་བས་ཤར་རེ་ལྷག་སོང་བ་ཞིག་ཀྱང་མ་རེད་དེ། ཆོས་གོ་ཆེ་བས་ཟེར་རྒྱུ་ཨེ་ཡོད་གི་སྟེ། ཆོས་ཐོས་པ་རང་རྒྱུད་ལ་སྦྱར་མ་ཤེས་པས། བཤད་ལུགས་གཞན་ཞིག་གི་ཐོག་ནས་བཤད་ན། ཆོས་གོ་བ་དེ་བེད་སྤྱད་གཏོང་མ་ཤེས་པས་ཆོས་དྲེད་ཙམ་ཞིག་མིན་རུང་། ད་དེ་འདྲ་ཞིག་གསུངས་ཡོད་ནི་རེད་དེ་བསམ་ནས། རབ་ཅིག་རང་གིས་རང་ལ་བརྙས་བཅོས་བྱས་ཏེ་སྒྱིད་ལུགས་བདག་ཉིད་བརྙས་པའི་ལེ་ལོའི་དབང་དུ་ཤོར་ནས། མི་ཤེས་པ་དང་མི་འགྲུབ་པར་རང་གིས་བྱས་པས་བར་གཅིག་དེ་འདྲ་རེད་ཀྱང་འགྲོ་ནི་རེད། དེ་འདྲ་བྱས་ན་དེ་འདྲ་རེད་ལོས་འགྲོ། དེའི་ཐོག་ན་རྟག་འཛིན་ཆེ་བས། ད་རེས་སྐོར་ཅིག་ཆོས་བསྒྲུབ་རྒྱུ་མི་རེད་ཀྱང་། སྐོར་ཅིག་ཐུ་མོ་ཞིག་དགོས་གི་བསམ་ཁུལ་བྱེད་ནི་རེད་དེ། སྐོར་ཅིག་པོ་དེ་ནམ་ཡང་ཐོག་ལ་ཁེལ་རྒྱུ་དང་ལག་ལ་ལོན་རྒྱུ་མེད་པར། བྱིས་པས་འཇའ་དེད་པ་ལྟར་ཟིན་རྒྱུ་མེད་པས། ཚེ་ཡིས་བརྟན་ཁ་གྱིས་དང་། ཚེ་མཇུག་ལ་ཆོས་བསྒྲུབ་ན་དེ་དུས་ལུས་སེམས་གཉིས་ཀས་མི་ཐོན་སར་སླེབས་ཡོད་ནི་རེད། དེ་འདྲ་ཡིན་དུས་རང་གིས་རང་ལམ་ལ་བཞག རང་གིས་རང་ལ་བཟང་ཞིག་མ་བྱས་ན། དེའི་ཡན་ལ་དབང་ཆེན་ཞིག་ཐོན་དུས་ཁ་ཕྱི་ལ་མི་འཁོར་བའི་ལམ་ལ་འཁྲིད་རྩིས་རེད། ད་བྱས་པའི་ལས་ལ་འགྲུབ་པའི་མཐའ་ཞིག་ཡོད་དགོས་ཀྱི། གར་སོང་འདིར་རྒྱག་མེད་པར་ཤིང་མདའ་སྒྲོ་མེད་ནགས་ལ་འཕངས་པ་འདྲ་ཞིག་བྱེད་མི་ཉན་གི་ཡ། རིན་གོང་ཆེན་བྱིན་པའི་རྟ་ཞིག་ཉོས་ན། རྟ་ཕོ་ཆས་ཀྱིས་གསོས་པ་དེ། ས་ཐག་རིང་ལ་འགྲོ་བའི་ཉིན་པར་བེད་ཅིག་ཨེ་ཆོད་བསམ་ནི་རེད། བེད་ཡོད་དགོས་གི་བསམ་དུས་རྐང་ཐང་དུ་ལྷུང་ན་དོན་མེད་རེད། ཆོས་བསྒྲུབ་ན་ཚེ་འདི་དང་ཕྱི་མ་དང་། རང་གཞན་གཉིས་ཀ་ལ་ཕན་ཐོགས་ཤིག་ཡོད་དགོས། ཆོས་ཀྱི་ཕུགས་གཏུག་ས་སངས་རྒྱས་བཅོམ་ལྡན་འདས་རེད། ཁོང་གིས་ནི་ཆོས་གསུངས་ནས་བཞག་ཡོད། ཆོས་ཨེ་སྒྲུབ་ཁྱོད་རང་ཚོས་ཤེས་ནི་རེད། ཐར་པ་ཨེ་ཐོབ་དང་ངན་སོང་དུ་ཨེ་ལྷུང་རང་གི་ལག་རེད། གསུངས་ནི་རེད་ཡིན་ན། དེ་འདྲ་ཡིན་དུས། ཆུ་ཨེ་ཆོད་འདོ་བ་རྟ་རེད། བུད་ཨེ་ཕོད་བདག་པོ་རང་རེད། ཆོས་ཀྱི་ཐད་ན་དེའི་ཡན་ན་མེད་པའི་ཆོས། ཐེག་པ་ཆེ་ཆུང་གཉིས་ལས་ཐེག་ཆེན། མདོ་སྔགས་གཉིས་ཀའི་ནང་ནས་སྔགས་ཀྱི་མྱུར་ལམ། དེའང་བྱིན་རླབས་ཀྱི་བརྒྱུད་པ་མ་ཆད་པར། དབང་ཁྲིད་མན་ངག་དང་བཅས་པ་ཐོབ་ཀྱིན་ཡོད་དུས་དེ་ཉམས་སུ་ལེན་རྒྱུ་བོ་རང་ལ་ཐུག་ནི་རེད། དེའང་ཁྱིམ་པ་ཞིག་ལ་མཚོན་ན་དེའི་ཕྱི་ཉིན་ནས་ཁྱིམ་སྤངས་ཏེ་ལྷག་གིས་བུད་འགྲོ་མི་དགོས་ཀྱི། རང་གི་སྒོ་གསུམ་དགེ་བའི་ལམ་ལ་བཞག་ནས་རང་གིས་རང་ལ་བདག་ཅིག་བརྒྱབ་ན་གང་ལྟར་བཤད་ན་གཅིག་རེད་འདུག་ནི་རེད། ཁྱིམ་པ་རྣམས་ཀྱིས་ཤེས་ནི་རེད། འུ་ཅག་གིས་སྒོར་རྡོག་ཆ་རེའི་དོམ་བུ་ལོན་གྱི་དོན་དུ་ཅི་འདྲ་བཤད་ཐུབ། དབྱར་ས་དགུན་སའི་རྩྭ་ཟ་ཆུ་འཐུང་རེའི་དོན་དུ་སྲོག་དམར་འབེན་ལ་བཞག་གཏོང་ནི་ཡིན་ན། ཚིག་མཐོ་དམན་སེམས་ཁ་ལ་རན་མི་རན་རེས་ཞེ་སྡང་ཚོགས་ངན་ཅི་འདྲ་ཞིག་ཡོད། ཚེ་འདི་ཕྱི་གཉིས་ཀའི་དོན་ཆེན་སྐྱེ་བ་ཚེ་རབས་མང་པོའི་དོན་དག་ལ། དམ་པའི་ལྷ་ཆོས་ཤིག་མ་བསྒྲུབས་ན་ཀླད་མེད། བླུན་ལོག་དུད་འགྲོ་རྣམས་ཀྱི་སྡུག་ཅིག་ཡིན་ནི་རེད། དེ་ཡིན་དུས། ཆོས་སྒྲུབ་ཟེར་རྒྱུ་བོ་འུར་སྒྲ་ཆོབ་གསུམ་ཅི་ཡང་མི་དགོས་ལ། ཆོས་སང་བསྒྲུབ་གནང་བསྒྲུབ་ཀྱི་ཆས་ཆས་ཅི་ཡང་བྱེད་འདུག་དགོས་ནི་མ་རེད། ད་ལྟ་ད་བསྡད་ཡོད་ན་བསྡད་ཡོད་པའི་ཐོག་དང་། ལངས་ཡོད་ན་ལངས་ཡོད་པའི་ཐོག་དེ་ནས་དབུ་བཙུགས་ཏེ་སྒོ་གསུམ་ཆོས་དང་མཐུན་པ་ཞིག་བྱེད་ན་ཆོས་སྒྲུབ་ཀྱིན་ཡོད་པ་རེད། ཆོས་སྒྲུབ་རྒྱུ་བོ་གཙོ་བོ་སེམས་ཀྱིས་སྒྲུབ་དགོས་རྒྱུ་ཞིག་རེད། སེམས་བསམ་པ་བཟང་པོ་ཡོད་དགོས། བསམ་པ་ངན་པ་གཞན་ལ་བྱེད་ན། སྦྱོར་བ་རྩུབ་མོ་རང་ལ་འཁོར་ཡོང་ནི་རེད། ཤོག་གུ་དྲིལ་ལམ་དུ་རྒྱུག་པ་ལྟ་བུའི་ད་སྔོན་གྱི་ངན་བཤད་བླ་བཙག བསམ་ངན་སྦྱོར་རྩུབ་རྣམས་རང་སྐྱོན་རེད་འདུག་བསམ་ཞིང་དེ་ཐམས་ཅད་བསྐྱུར་ནས། བྱམས་སྙིང་རྗེ་རེ་ཨེ་སྐྱེ་བལྟ་དགོས། སྐྱེ་ཐབས་ལ་བླ་མ་དཀོན་མཆོག་ལ་གསོལ་བ་རེ་ཐོབ། སེམས་ཅན་གྱི་དོན་དུ་སྨོན་ལམ་བཏབ། མི་རྟག་པ་བསྒོམ་རྒྱུ་བོ་ཞེ་ནས་མ་འདོར་དང་། རིམ་གྱིས་རིམ་གྱིས་གང་བྱས་བྱང་ཆུབ་ཀྱི་ལམ་ལ་འགྲོ་ནི་ཞིག་རེད་ཡོང་རྒྱུ་ཡོད་པ་རེད། མི་སྙིང་རུས་ཅན་ཞིག་ཡིན་ན་ཆོས་ཀྱི་ཕུགས་དེ་རང་གིས་གཅད་འཇོག་དགོས་ནི་རེད། ཡིན་ལ་མིན་ལ་ཁྲལ་འགྲོ་ཁྲལ་འདུག་ཞིག་གིས་ཅི་ལོ་ནི་མ་རེད། ཚེ་ཕྱི་མའི་ཡུལ་ལ་འགྲོ་དུས་ཁྱུ་ལ་ཁྱུ་རྒྱག་བཟོ་ས་ལོན་ནི་མ་རེད། རྭ་ཡོད་བརྒྱ་ཐར་ས་ན་ཡུ་ལུ་མ་གཅིག་ལོས་ཐར་བསམ་རྒྱུ་མེད། དེ་འདྲ་ཅན་པོ་རང་མགོ་རང་གིས་གཡོག་པ་རེད། ཕྱི་མ་གཤིན་རྗེའི་ཁྲིམས་ཁ་ཚ་ནི་རེད། ལས་བཟང་ངན་དགེ་སྡིག་ཅན་ཞིག་གིས་རྒྱ་མ་དྲང་ནི་རེད། མཐོ་དམན་དྲག་ཞན་སུ་ཡིན་ན་ཆོས་ཉམས་ལེན་གྱི་རྩ་བ་འདྲ་བོ་ཐག་ནང་ནས་གཅིག་ཆོད་ན། ཞེ་བློ་སེམས་གསུམ་དེ་ཡིས་བདེ་འདུག་ནི་རེད། མཆོག་དམན་སུ་ཡིན་ན་བློ་སྦྱོང་གི་ཆོས་འདི་ཚོ་ལ་ཨ་ནས་ཡང་གིས་ཐུགས་བསམ་སྐོར། འདིའི་ཕྱོགས་ནས་ཤོར་ཁ་མ་འཇུག་དང་། ཆོས་པ་སད་ཀྱིས་མི་འཁྱེར་བའི་སྔོན་རྟགས་དེ་ན་ཐོན་རྒྱུ་ཡོད་པ་རེད། སྡེ་སྣོད་གསུམ་གྱི་ཚིག་བློ་ཐོག་ནས་འཆད་ཤེས་ཀྱང་། བློ་སྦྱོང་རྒྱུད་ན་མེད་དུས་ཆོས་རྣམ་དག་མཐར་ཕྱིན་པ་དཀའ་ནི་རེད། ཐོས་དོན་རྒྱུད་ལ་སྦྱར་མ་ནུས་ན་ཕྱི་སོ་ལྟར་སྣང་ཅི་འདྲ་ཡག་རུང་། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་དབང་དུ་གཅིག་ཤོར་རྒྱུར་རེད་དུས། མགོ་གསེར་སྐུས་བཅག་དང་རྡོ་ལུས་བཅག བྱིན་རླབས་མེད་ལུགས་འདྲ་འདྲར་ཡིན་ནི་རེད། ད་རེས་ཀྱི་ཟླ་ཁྲིད་འདིས་བློ་སྦྱོང་འདི་དང་ཚེ་གཅིག་ལ་འབྲལ་མི་ཉན་རྒྱུའི་འཕྲིགས་ཤིག་བསྟན་ནི་རེད། སྔོན་འགྲོ་འབུམ་ལྔའི་བསགས་སྦྱོང་རེ་སྔོན་དུ་མ་སོང་བའི་ཐབས་མེད་ཀྱི་ལམ་རེ་རིག་ན། དེའི་ཐོག་ན་ཐོས་བསམ་སྔོན་ནས་འགྲོ་བའི་སྒོ་ནས་འཚང་ཨེ་རྒྱ། ཐར་པ་ཨེ་ཐོབ། རྩ་བ་སེམས་ཐོག་གི་སྒོམ་ཉམས་ལེན་ལ་ཐུག་པའི་ཕྱོགས་སྟོན་རེ་འདྲ་བྱེད་པ་རེད། ཕོ་གོ་བ་ཅན་ལ་བརྡ་དང་། རི་སྤྱང་སྔོན་མོ་ལ་ཀི་ཟེར་ནི་རེད། ཕྱིན་ཆད་སང་ཉིན་རང་དྲིན་རང་ལ་ཆེ་རྒྱུའི་བསམ་བློ་འདུན་པ་མི་འཆུག་སའི་ཐོག་ནས། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། ཟ་ཉལ་འགྲོ་འདུག་སྨྲ་བརྗོད་གསུམ་ལ་སོགས། །མདོར་ན་བྱ་བ་གང་དང་གང་བྱེད་ཀྱང་། །ཐར་པ་འདོད་པའི་བློ་དང་མ་འབྲལ་བར། །སྐྱོ་ཤས་བསྐྱེད་དེ་སེམས་རྒྱུད་གདུལ་བར་བྱ། །ཞེས་གསུངས་པ་ལྟར། ཁ་ཕྱི་ལ་འཁོར་སྟེ་གཞན་གྱི་ལེགས་ཉེས་བཟང་ངན་ལ་བརྟག་རྒྱུ་བསྐྱུར་བཏང་ནས། ནང་རང་གི་དུས་དང་རྣམ་པ་ཀུན་ཏུ་ཟ་ཉལ་འགྲོ་འདུག་གཏམ་སྨྲ་བརྗོད་ལ་སོགས་ལས་བྱ་བ་གང་ཞིག་བྱེད་ན། འཁོར་བ་ལ་ངེས་འབྱུང་། ཐར་པ་ཐོབ་འདོད་ཀྱི་བློ། སྙིང་རྗེ་བྱང་སེམས་ཀྱི་བཅུད་དེ་རྣམས་དང་མི་འབྲལ་བའི་ཐོག་ནས། རང་ནུས་ལྕོགས་ཚད་ཀྱིས་ལྟ་སྒོམ་སྤྱོད་པ་ལ་བསམ་པའི་བློ་ཁ་རེ་ཕྱོགས་རྒྱུའི་རྒྱུན་མ་ཆད་ན། གང་ལྟར་བྱས་རུང་གཤིས་ཀ་བཟང་པོའི་རྒྱུན་རེ་ཆགས་ནས། བཟང་པོའི་ལམ་དེ་རང་ས་ནས་རྙེད་རྒྱུ་ཡོད་པས། ཚེ་འདི་ཕྱི་རང་གཞན་ཐམས་ཅད་ལ་ཕན་ཐོགས་པའི་རྒྱུ་རྩ་ཆེན་རང་ས་ནས་སྔོགས་འདོན་བྱ་དགོས་ནི་རེད་ཟེར་རྒྱུ་བོ་མདོ་རྩ་ཀུན་འདུས་ཀྱི་སྐད་ཆ་ཡིན། དེ་ཡན་ཆད་ཀྱིས་འུ་ཅག་གི་མན་ངག་གཞུང་གི་ཆོས་ཁྲིད་རེ་ཞིག་གྲུབ་ནི་རེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། ད་རེས་ཆོས་ཁྲིད་འདིའི་ཁྲིད་སྦྱོང་དང་བཅས་པ་ཆ་ཚང་ནང་དུ་ཞུགས་མི། ཆོས་ཁྲིད་ནང་ཐོག་མཐའ་བར་གསུམ་ལ་ཞུགས་མི། ཉིན་རེ་ཉིན་གཉིས་ཀྱི་ཆོས་འབྲེལ་འཇོག་མི། སྐོར་ར་བསྐོར་མཁན། རྐྱང་ཕྱག་འཚལ་མཁན། ཚོགས་དང་མཆོད་པ་ལ་འབྲེལ་འཇོག་བྱེད་མི། དེའི་འཕྲོར་མི་རང་ཉིད་ཡུལ་དུས་ཀྱིས་བསྐལ་བས་ཆོས་ཁྲིད་ལ་ཞུགས་མ་ཐུབ་ཀྱང་། འདི་ལྟ་བུའི་ཆོས་སྒོ་རེ་ཕྱེ་བ་ལ་དགའ་བས་རྗེས་སུ་ཡི་རང་བྱེད་པ་ལ་སོགས་ཏེ། རང་གཞན་གྱི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་གང་ཡོད་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་ནས། སྤྱིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་ཅན་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་སྔ་རབས་གཤེགས་པ་ཐམས་ཅད་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་ཐམས་ཅད་ཀྱི་སྐུ་ཚེ་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབ། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་ཕྱུགས་ནད་དང་འཁྲུགས་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཆེད་དང་། ཁྱད་པར་དུ་བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་ཉེ་འབྲེལ་ལ་སོགས་བཟང་འབྲེལ་ངན་འབྲེལ་ཐོགས་པའི་ཚེ་ལས་འདས་པ་འདས་མ། ལན་ཆགས་ཀྱི་བདག་པོ་བདག་མོ། རེ་ཞིང་ཆགས་པ། སྡང་བྱེད་ཀྱི་དགྲ། གནོད་བྱེད་ཀྱི་བགེགས། གཟུགས་ཅན་གྱི་མི། གཟུགས་མེད་ཀྱི་འདྲེ་ལ་སོགས་པས་གཙོ་བོར་བྱས་པའི་མཐའ་ཡས་པའི་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་རྙེད་དེ། ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ། རྗེ་བཙུན་འཇམ་དཔལ་དབྱངས་དང་། འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་བཅང་བར་ཞུའོ། །

མཇུག་རྩོམ།

སླར་སྨྲས་པ།

སྲིད་པའི་སྡུག་བསྔལ་རྒྱུར་བཅས་མཐར་བྱས་པའི།།

ཐབས་མཆོག་དམ་ཆོས་ཉག་གཅིག་ཞི་བའི་སྒོ།།

རིགས་དང་མོས་པའི་དབང་གིས་མཐའ་ཡས་པ།།

མཐར་ཐུག་གནད་གཅིག་གཞོལ་བ་རྒྱལ་བའི་གསུང་།།

སྣ་ཚོགས་བཀོད་པའི་བྱེ་བྲག་བསམ་ཡས་པ།།

ཀུན་བྱེད་སེམས་ཀྱིས་བྲིས་པའི་རི་མོ་སྟེ།།

དེ་སླད་ཆོས་སྒོ་ཇི་སྙེད་བཀའ་བསྩལ་པ།།

སེམས་སྲུང་རྟུལ་ཞུགས་སེམས་འདུལ་གདམས་པ་ཉིད།།

དེ་ལས་ཡང་ཟབ་ཐེག་རྩེའི་མན་ངག་གི།།

ཐུན་མོང་སྔོན་འགྲོ་སེམས་སྦྱོང་དོན་འགྲེལ་གྱི།།

ལེགས་བཤད་དོན་བཟང་བསྡེབས་པའི་མ་ཎི་ཀ །

བྱིན་བརྒྱུད་གསེར་གྱི་སྐུད་པའི་བསྟར་ལ་བརྒྱུས།།

རྙེད་དཀའི་རིན་ཆེན་མི་རྟག་འདུ་ཤེས་མཆོག།

བློ་སྣ་ཆོས་ལ་བསྐུལ་བའི་གདམས་ཟབ་ཏེ།།

འདི་སྣང་ཞེན་པས་གདུང་བའི་མགྲོན་པོ་ལ།།

ངལ་འཚོའི་ལྗོན་པའི་གྲིབ་བསིལ་འདི་ན་མཆིས།།

བྱས་པ་ཐམས་ཅད་སྡུག་བསྔལ་རྒྱུ་རུ་སྟོན།།

འཇིག་རྟེན་ལོངས་སྤྱོད་དུག་ཅན་ཟས་བཞིན་གདམས།།

སྲིད་པའི་སྐྱེ་ཤི་ཁ་བརྒྱུས་དུབ་པའི་འགྲོར།།

ཆོས་འདོད་ཐར་པའི་འཇུག་ངོགས་འདི་ཡིས་གསལ།།

ལམ་སྟོན་བཤེས་འཚོལ་གདམས་པས་ཟིན་པ་དང་།།

འགྲོ་ལ་སྙིང་རྗེ་བྱང་ཆུབ་སེམས་མཆོག་གིས།།

དམ་པས་མ་ཟིན་རང་འདོད་བྲིད་པའི་འགྲོ།།

ལམ་གོལ་དམན་པའི་གཡང་ལས་སྐྱོབ་པར་ངེས།།

མྱུར་ལམ་རྡོ་རྗེ་ཐེག་པའི་འཕྲུལ་ཐབས་ཀྱིས།།

འགྲོ་འོང་ལས་ཀྱི་བཞོན་པའི་རྒྱུན་འགོག་པས།།

ལྷན་སྐྱེས་ཡེ་ཤེས་གསལ་བའི་འོད་དཀར་དེས།།

གཟུང་འཛིན་འཁྲུལ་པའི་མུན་པ་དབྱིངས་སུ་གཞིལ།།

སྔོན་འགྲོ་སེམས་སྦྱོང་གདམས་པའི་ལང་ཚོ་བརྟས།།

རིམ་གཉིས་བགྲོད་པ་གཅིག་པུའི་གོམ་སྟབས་ཀྱིས།།

སྐུ་བཞིའི་གོ་འཕང་མཆོག་གི་གླིང་བསྙེན་ཏེ།།

ཕུན་ཚོགས་དོན་གཉིས་འབྲས་བུ་གཡུར་དུ་ཟ།།

རབ་འབྱམས་མདོ་རྒྱུད་ཆུ་གཏེར་ལས་ཕྱུང་བའི།།

ཕན་བདེའི་འདོད་དགུ་མ་ལུས་འབྱུང་བའི་གནས།།

ཡིད་བཞིན་རིན་ཆེན་ལག་མཐིལ་འགྲེམ་པ་ལ།།

བློ་ལྡན་སུ་ཞིག་དགའ་བས་ལེན་མི་བྱེད།།

རྗེ་བཙུན་བླ་མ་མཚུངས་མེད་ཆོས་ཀྱི་རྗེ།།

ལུང་རིགས་མན་ངག་བཅུད་ལྡན་ཞལ་གྱི་ལུང་།།

བྱིན་བརྒྱུད་དགོངས་པའི་ཕ་ཕོགས་གཏེར་དུ་བྱིན།།

འཇུག་པ་དྲི་མེད་ཇི་བཞིན་བཀོད་ལ་འཇུག།

ཟབ་ཅིང་རབ་བརླིང་ཚིག་དོན་རྒྱ་མཚོའི་འཇིངས།།

བློ་ཆུང་རྟོག་གེའི་རྐྱལ་གྱིས་བརྒལ་དཀའ་ཕྱིར།།

ཇི་བཞིན་མ་འཁྱོངས་ཉེས་པའི་དྲི་མ་གང་།།

བཤགས་འོས་དམ་པའི་སྤྱན་སྔར་སྙིང་ནས་འཆགས།།

རྣམ་དཀར་ལྷག་བསམ་དྲི་བཞོན་དང་འགྲོག་པའི།།

ལེགས་བྱས་ཟླ་གཞོན་འཛུམ་པའི་འོད་སྣང་གིས།།

ཡིད་ཅན་སྲིད་པའི་གདུང་བ་ཀུན་སེལ་ནས།།

རྣམ་གྲོལ་ལམ་བཟང་གསལ་བའི་རྒྱུ་རུ་བསྔོ།།

རྒྱལ་བསྟན་ལུང་རྟོགས་པདྨའི་མཚོ་གླིང་དུ།།

བསྟན་འཛིན་འདབ་བཟང་དབང་པོའི་ཁྱུ་ཚོགས་ཀྱིས།།

བཤད་སྒྲུབ་གཤོག་ཟུང་གཡོ་བའི་ངོ་མཚར་གྱི།།

དགེ་མཚན་སྲིད་པའི་མཐའ་ཡང་ནུབ་མེད་ཤོག།

ངུར་སྨྲིག་གུར་གུམ་རྒྱས་པའི་སྐྱེད་ཚལ་ན།།

ཚུལ་མཐུན་ཁྲིམས་ཀྱི་དྲི་བསུང་ཕྱོགས་ཀུན་སོང་།།

མང་ཐོས་འདབ་ཡངས་བསླབ་པའི་རྡུལ་དམར་འཕྱུར།།

འདུས་པའི་སྡེ་ཡིས་ས་ཆེན་མཛེས་གྱུར་ཅིག།

བདག་ཀྱང་སྐྱེ་ཀུན་དམ་ཆོས་ག་བུར་འཛིན།།

བཤད་སྒྲུབ་རལ་པའི་རྒྱན་དུ་ཡོངས་བླངས་ཏེ།།

བགྲང་ཡས་བསྐལ་པ་རྒྱ་མཚོ་དེ་སྙེད་དུ།།

བསྟན་པའི་དཔལ་དང་འགྲོ་བའི་མགོན་གྱུར་ཤོག།

ཅེས་ཀློང་སྙིང་ཐུན་མོང་སྔོན་འགྲོ་སེམས་སྦྱོང་བདུན་གྱི་དོན་ཁྲིད་ཉིད། ༧སྐྱབས་རྗེ་བླ་མ་རྡོ་རྗེ་འཆང་ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་བསྐལ་བཟང་རིན་པོ་ཆེས་ལྗགས་ཁྲིད་གནང་བ་ལ། སྐབས་འགའ་ཞིག་ཚིག་གི་གོ་རིམ་ཅུང་ཟད་གོང་འོག་སྒྲིག་པ་ཙམ་ལས། ཚིག་དོན་གཉིས་ཀྱི་ཆ་གང་ལའང་རང་བཟོའི་དྲི་མ་སྤངས་ཏེ་རྡོ་རྗེའི་གསུང་སོར་བཞག་པས་ལེགས་པར་སྒྲ་ལས་བཤུ་པ་པོ་ནི། མགོན་པོ་གང་གི་ཞབས་པད་ཡུན་དུ་བསྙེན་པའི་སྐལ་བཟང་ཐོབ་པའི་རྨོངས་རྟུལ་གྱི་ན་བ་ལི་ཐང་ཨ་ཆོས་སམ་ཐུབ་བསྟན་པདྨ་བཀྲ་ཤིས་སུ་འབོད་པས། རབ་རྒྱན་ལྕགས་ཡོས་ལོའི་སྤྲེལ་ཟླའི་ཚེས་བཅུའི་དུས་བཟང་ཉིན་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་དང་འབྲེལ་ཏེ་རྗོགས་ཆེན་ཤྲཱི་སེང་ཆོས་གྲྭ་ཆེན་མོའི་རང་སྤྱིལ་དཔེ་མང་སྤུང་པའི་དགའ་ཚལ་ན་མཇུག་ཡོངས་སུ་གྲུབ་པར་བགྱིས་པའོ། །དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།


previousསེམས་སྦྱོང་བདུན་གྱི་དོན་ཁྲིད་རྣམ་འགྲེལ་མཚོ་སྐྱེས་བླ་མ་དགྱེས་པའི་ཞལ་ལུང་། ༼ཝཾ༽ no next