cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་བཅུ་གཉིས་པ།

ཚིག་དོན་མཛོད་ཀྱི་ལྗགས་ཁྲིད་མན་ངག་ནོར་བུའི་བང་མཛོད། ༼ྺཾ༽

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་། མཁན་བསྟན་འཛིན་དགྲ་ལྷ་ཡིས་ཡི་གེར་ཕབ།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ཚིག་དོན་མཛོད་ཀྱི་ལྗགས་ཁྲིད་མན་ངག་ནོར་བུའི་བང་མཛོད། ༼ཝཾ༽

ཉིན་བཅུ་གཅིག་པའི་ཆོས་ཁྲིད།

རང་རེ་ད་ལྟ་མིའི་ལུས་རྟེན་ཞིག་བླངས་ནས་འཛམ་གླིང་ལས་ཀྱི་ས་བ་འདིར་འཚོ་བཞིན་པའི་ཚེ་འདིའི་སྣང་བ་སྤྱི་མཐུན་དང་། སྡེ་རིས་དང་ཚན་པས་བཅད་པའི་གང་ཟག་སྒེར་སོ་སོས་ལས་སྣང་འདྲ་དང་མི་འདྲ་མང་པོ་ཉམས་སུ་མྱོང་བཞིན་ཡོད་དེ། སེམས་ཅན་སྤྱི་མཐུན་འཛམ་གླིང་ས་གཞི་རིལ་མོ་འདིའི་ཐོག་ཏུ་ཡོད་པའི་མི་དང་དུད་འགྲོའི་སེམས་ཅན་མང་པོ་ཞིག་གིས་འབྱུང་བཞི་འདུས་པའི་སྣོད་ཀྱི་འཇིག་རྟེན་ནམ་མཁའ་གོ་འབྱེད་པ་འདི་ལ་རྟེན་ས་ཞིག་ཡིན་པའི་འདུ་ཤེས་ཀྱིས་འདིའི་ཐོག་ཏུ་འཚོ་བཞིན་ཡོད་པའི་སྣང་བ་མ་འགགས་པར་ཤར་བ་ནི་གཅིག་མཚུངས་དང་། སྡེ་རིས་སོ་སོར་བཅད་པའི་རྐང་གཉིས་མིའི་འགྲོ་བ་ལ་མཚོན་ན་འཛམ་གླིང་ས་སྒང་རིལ་རིལ་པོ་འདིའི་ཐོག་གི་གླིང་ལྔ་མཚོ་བཞིའི་སྟེང་ན་ཡོད་པའི་མི་རིགས་དཀར་ནག་སེར་གསུམ་རང་རང་གི་མངའ་ཁོངས་ཀྱིས་བཅད་པའི་སྡེ་རིས་ཆུང་ཆུང་རང་རང་སོ་སོའི་གོམས་སྲོལ་དང་། བསམ་པའི་ལྟ་ཕྱོགས་དང་དམིགས་ཡུལ་འདུན་པ་རེ་བཟུང་བའི་ལྟ་སྤྱོད་བསམ་བློ་འདྲ་མིན་སྣ་ཚོགས་པ་ཡོད་པ་ནི། དཔེར་ན་འཛམ་གླིང་ཤར་ཕྱོགས་པ་རྣམས་ནི་སྔར་ནས་ནང་སེམས་ཁམས་རིག་པ་ལ་ཞིབ་འཇུག་དང་། དེ་དང་འབྲེལ་བའི་ཆོས་ལུགས་འདྲ་མིན་སྣ་ཚོགས་པའི་རིག་གཞུང་མང་པོའི་འབྱུང་ཁུངས་སྔ་ནས་ད་བར་ཡིན་པ་དང་། ནུབ་ཕྱོགས་པ་རྣམས་ནི་རྫས་འཕྲུལ་དང་དངོས་ཁམས་ཀྱི་རིགས་ལ་ཞིབ་འཇུག་བྱེད་པར་གོམས་པས་སྔར་ནས་ད་བར་ཕྱིའི་རྫས་འཕྲུལ་དང་དངོས་ཁམས་ཀྱི་གློག་རྡུལ་ལ་སོགས་པའི་གསར་ཐོན་དང་གསར་གཏོད་ཀྱི་ཕྱོགས་ལ་བློ་ཁ་ཕྱོགས་མཁན་མང་བ་དང་། གང་ཟག་བྱེ་བྲག་པ་སྒེར་གྱི་ངོས་ནས་ཀྱང་ས་ཆ་གང་དུ་སོང་ཡང་། ཡུལ་གྲུ་གང་དུ་བལྟས་ཀྱང་མི་ཡིན་པའི་ཁ་ལག་སྤྱོད་གསུམ་འདྲ་ཡང་མི་རེ་རེའི་སྐྱིད་སྡུག་གི་བསྐོས་ཐང་མི་འདྲ་བ་ནི། ལ་ལ་མཐོ་ཆེ་ནས་མི་རེ་རེའི་རིགས་རྒྱུད་དང་བཅས་པས་ཡུལ་ཁམས་རེ་ལ་དབང་སྒྱུར་མཁན་བྱས་ནས་ཡོད་པ་དང་། ལ་ལ་ནི་དམའ་ཆེ་ནས་ཉིན་གཅིག་གི་བྱ་ལས་འགྲོ་འདུག་གི་དབང་ཆ་རང་ཉིད་ལ་མེད་པ་དང་། ལ་ལ་ནི་ཕྱུག་ཆེ་ནས་རྒྱུ་ནོར་རྫས་ལ་བདག་མ་ཐུབ་པས་མི་རེ་རེའི་རྒྱུ་རྫས་ཀྱི་གཡོག་ཏུ་མི་ཁྲི་ཕྲག་མང་པོ་བྲེལ་དགོས་པ་དང་། ལ་ལ་ནི་སྤྲང་ཆེ་ནས་རྒྱ་སྲང་ནས་སློང་མོ་བྱས་ཏེ་འཚོ་བ་བསྟེན་བཞིན་དུ་ནངས་ཆུ་སྡེ་སྟོད་ནུབ་ཆུ་སྡེ་སྨད་བྱེད་དགོས་མཁན་དང་། མི་ལ་ལ་ནི་ནད་མེད་ལང་ཚོ་དར་ཞིང་གཟུགས་མཛེས་ལུས་སྟོབས་རྒྱས་པས་མི་ཚད་ཁོག་དང་ཤེས་རྒྱ་ཡངས་བ་དང་། ཡང་ལ་ལ་ནི་མདོག་ངན་པ་ནད་མང་བ་ཉམ་ཆུང་ཞིང་བཟེ་རེ་དང་ཁོང་ཁྲོ་ཆེ་བ་སོགས་མདོར་ན་ཕ་མ་གཅིག་ནས་ཆད་པའི་བུ་སྤུན་ཡིན་ཡང་། བསོད་ནམས་ཆེ་ཆུང་དང་། དབང་ཐང་དང་རླུང་རྟ་དར་ཞན་དང་། ཁ་ལས་བཟང་ངན་འདྲ་མིན་མང་པོ་ཡོད་པ་འདི་དག་ལ་བསམ་བློ་ཞིག་བཏང་ན། འདིར་ལས་ཀྱིས་འཕངས་བའི་ལུས་ཤིག་བླངས་ཏེ། ལུས་མི་ལུས་བླངས་པ་ལ་འདྲ་འདྲ་ཡིན་ཡང་བདེ་སྡུག་གི་ཚོར་བ་མི་འདྲ་བ་འདི་སེམས་ཅན་སོ་སོའི་ལས་སྣང་མི་འདྲ་བས་ཡིན་པ་སྨྲོས་མ་དགོས་པ་ནི། སྐྱིད་སྡུག་ཐོད་པའི་རི་མོ་མི་འདྲ་བ་དུ་མ་མཐོང་དུ་ཡོད་པ་འདི་ཡིན། འོན་ཀྱང་འུ་ཚོས་མཐོང་བཞིན་པ་འདི་ནི་ཁོར་ཡུག་ཆུང་ཆུང་ཞིག་གི་སྣང་བ་དང་། འུ་ཚོའི་དབང་ཤེས་ཀྱི་གཞལ་ཡུལ་ནི་རྒྱ་ཆུང་ཆུང་ཞིག་ཡིན་པར་མ་ཟད་འཇལ་བྱེད་ཀྱི་ཤེས་པ་ཁོ་རང་ཡང་རྒྱ་ཆེན་པོ་ཞིག་ཤེས་བྱེད་དང་རིག་བྱེད་དང་གོ་བྱེད་ཅིག་མིན་པ་ནི། མིག་དང་རྣ་བ་སྣ་ཡང་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །གསུངས་པ་ལྟར་རོ། །སེམས་ཅན་སུ་ཡིན་ཡང་ཁོ་རང་ལ་འཚམས་པའི་དབང་པོ་ཞིག སྲིན་བུ་ཞིག་ལ་སྲིན་བུ་ཞིག་གི་མཐོང་ཡུལ་ལྟ་བྱེད་ཀྱི་མིག་ཅིག ཨབ་ར་ཞིག་ལ་འདོམ་པ་བདུན་བརྒྱད་ཀྱི་ས་མཚམས་ལྟ་བྱེད་ཀྱི་མིག་ཅིག་དང་། མི་ཞིག་ལ་མཚོན་ན་རྒྱང་གྲགས་གཉིས་གསུམ་ཙམ་མཐོང་བྱེད་ཀྱི་མིག་ཅིག་སོགས་དེའི་ཚོད་ཀྱི་དབང་པོ་སྒོ་ལྔ་སེམས་དང་བཅས་པ་ཐབས་རྡུགས་རེ་ཡོད་པས། འུ་བུས་རྒྱ་ཆེན་པོ་ཞིག་གོ་རིག་ཐུབ་པ་མིན་ཏེ་མི་གཅིག་གིས་མི་ཁྲི་ཚོ་གཅིག་གི་ངོ་ཤེས་ཨེ་ཐུབ་མི་ཐུབ་དང་། མི་སྟོང་ཕྲག་གཅིག་གི་མིང་བློ་ནས་མར་ཐོན་ཞེས་བཤད་ན་ཁ་ཚང་བ་གདོན་རྒྱུ་ཨེ་རྙེད་མི་རྙེད་ཡིན་པས་ཤེས་བྱ་འབྱེད་པའི་རྣམ་དཔྱོད་སོགས་གང་གི་ཐད་ནས་ཀྱང་དེ་འདྲའི་ཡར་མར་ཙམ་ལས་མེད་དོ། །རང་རེ་གནས་པའི་ས་གཞི་རིལ་མོ་འདི་ལ་མཚོན་ན་སེམས་ཅན་སྤྱི་ངོས་ནས་བཅལ་ཡོང་ན་བརྩི་རིན་ཡོད་རྒྱུ་ཞིག་མིན་ཏེ། རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་སྤོས་ཆུའི་ཐོག་གི་མེ་ཏོག་ཟེའུ་འབྲུ་གཅིག་གི་ཆ་ཤས་ཆུང་ཆུང་ཞིག་གི་ཐོག་ཏུ་ཆགས་པ་ཙམ་ཡིན། རང་རེས་མཐོང་བའི་བར་སྣང་གི་ཁམས་ནམ་མཁའ་འདི་འུ་ཚོས་མཐོང་བ་རྣམས་ལས་རྒྱ་ཆེ་ཤོས་ཡིན་ཡང་། རང་རེས་ནམ་མཁའི་ཆ་ཤས་ཆུང་ཆུང་གི་ནང་གི་ཆུང་ཆུང་གི་ཆ་ཤས་ཤིག་མ་གཏོགས་རིག་གིན་མེད་པ་དང་། ཉི་ཟླ་ཆ་གཅིག་པོ་འདིའི་ཁོར་ཡུག་གི་བར་སྣང་ཆུང་ཆུང་ཞིག་ལ་རང་འགྲོས་ཀྱིས་གཡས་བསྐོར་དང་རླུང་འགྲོས་ཀྱིས་གཡོན་བསྐོར་བྱས་པའི་ཉི་ཟླའི་འཆར་ནུབ་ཀྱི་ཚོད་ལས་བརྩིས་པའི་ལོ་ཟླ་ཐུང་ཐུང་ཞིག་གི་ཚེ་ལས་ཚེ་ཡང་རིང་པོ་མེད་དོ། །འདི་འདྲ་འདྲའི་ཉི་ཟླ་གྲངས་མེད་ཡོད་པར་མ་ཟད་འདི་འདྲ་འདྲའི་འཇིག་རྟེན་ཁམས་གྲངས་མེད་པ་ཡོད་དེ། སྤྲུལ་སྐུ་གཅིག་གི་གདུལ་ཞིང་མི་མཇེད་བྱེ་བ་ཕྲག་བརྒྱ་གསུངས་པ་དེ་ཚོ་རྡུལ་སྙེད་ཀྱི་ཚོད་ཀྱིས་བརྩིས་ན་མང་པོ་ཞིག་ཅང་མིན་པ་དང་། རྒྱ་ཆེ་ཆུང་ཡང་གོང་ནས་བཤད་པ་ལྟར་ལྟ་བྱེད་ཀྱི་མིག་མ་འདྲ་ཚེ་རིག་རྒྱུའི་དངོས་པོ་ཡང་མ་འདྲ་བ་སྟེ། འུ་ཚོ་ལས་ལྷག་གི་དབང་པོ་ཡོད་པ་ཞིག་གིས་བལྟས་ན་དེ་བས་མཚར་ཞིག་རིག་རྒྱུ་ཤེས་རྒྱུ་ཡོད་ངེས་ཅན་ཡིན་པ་ནི། དཔེར་ན་འུ་ཚོ་བས་དམན་གྱི་ཨབ་ར་དང་འབུ་གྲོག་མ་དང་མིའི་མཐོང་རྒྱ་ཆེ་ཆུང་བསྡུར་བ་བཞིན་ཡིན་པའི་ཕྱིར། དེས་ན་མིག་གཞན་དག་ཅིག་གིས་བལྟས་ན་རྡུལ་གཅིག་གི་སྟེང་ན་རྡུལ་སྙེད་ཀྱི་ཞིང་ཡོད་པ་གསུངས་པ་ལ་སོགས་པ་རྣམས་ང་ཚོའི་བསམ་སྤྱོད་དང་མ་རན་པ་ཙམ་གྱིས་དེ་དོན་ལ་ཨེ་ཡོད་ཅི་ཤེས་བསམ་རྒྱུ་མེད་པ་ནི། འུ་ཚོས་རང་རེ་ཡོད་སའི་ནམ་མཁའི་ཁམས་འདི་ཁ་རྒྱ་ཇི་ཙམ་ཡོད་དང་འདིའི་མཐའ་གང་དུ་ཡོད་མི་ཤེས་པ་རེད། ནམ་མཁའ་འདི་མཐའ་མེད་ཚད་གཞལ་དུ་མེད་པ་སངས་རྒྱས་ཀྱིས་ལོ་ཉིས་སྟོང་སྔོན་ནས་གསུངས་ཡོད་ལ། དེ་ཡང་དཔེར་ན་ཆོས་ཀྱི་དབྱིངས་ལྟར་ཚད་མེད་པར་གསུངས་ཡོད། དེང་སང་གི་ཚན་རིག་པ་མི་ཚེ་འཚོལ་ཞིབ་ལ་སྐྱེལ་བ་རྣམས་ཀྱིས་ནམ་མཁའི་རྒྱ་ཆེ་ཆུང་མ་དགོས་རིག་ཏུ་ཡོད་པའི་སྐར་མའི་ཁ་གྲངས་ཀྱང་བརྩི་མི་ཤེས་པ་དང་། ནང་སེམས་ཁམས་ཀྱི་ཕྱོགས་ནས་དེ་བས་ཀྱང་རྨོངས་ཏེ་རྣམ་ཤེས་ཀྱི་རྒྱུན་ཙམ་ཞིག་གི་འགྲོ་སྟངས་ཤེས་པ་མིན། གོང་ནས་བཤད་པའི་གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་བཤད་པ་བཞིན་དུ། གཞི་ཅིར་ཡང་མ་ཡིན་པ་ལས་ཅིར་ཡང་སྣང་ནས་ང་མེད་ལ་ང་བདག་མེད་ལ་བདག་ཏུ་བཟུང་ནས་དངོས་པོ་རགས་པའི་གཟུགས་སྒྲ་ལ་སོགས་པ་མཚན་མ་ཅན་གྱི་ཕྱིའི་ཡུལ་དང་། ནང་དབང་པོའི་མངོན་རློམ་འཛིན་པ་ཅན་ཞིག་ཤེས་པ་གཟུང་འཛིན་ཅན་དུ་ལོག་ནས་བེམ་པོའི་རྟེན་ལ་འབྲེལ་ནས་འཁྲུལ་བ་ཡིན། འདིའི་འཁྲུལ་བ་དང་པོ་འདི་ནས་ཞེས་པའི་ཐོག་མ་མེད་པ་དང་། ཐ་མའི་འཁྲུལ་མཚམས་འདི་ན་ཆད་ཅེས་པའི་ཐ་མ་མེད་པ། ཐོག་མཐའ་མེད་པའི་འཁོར་བ་འདིའི་ཐོག་མཐའ་མེད་ཚུལ་ཞིག་རིག་པས་མི་ཚད། འཁོར་བའི་སེམས་ཅན་གྱི་མང་ཉུང་གི་གྲངས་ཚད་དང་རྒྱ་ཆེ་ཆུང་གི་ཚད་གཞལ་ཐབས་མེད་པ་ནི་གོང་དུ་ནམ་མཁར་ཞིབ་འཇུག་བྱས་པ་ལྟར་ཚད་མེད་མཐའ་མེད་ཡིན་པ་ནི་ཤེས་རིག་མཐོང་གསལ་ཡིན། དེ་དང་འདྲ་བའི་མ་རྒན་འགྲོ་བ་སེམས་ཅན་མང་པོ་ཞིག་སྡུག་བསྔལ་གྱི་དུག་མཚོ་འཁོར་བའི་རྒྱ་མཚོ་ཆེན་པོ་འདིའི་ནང་དུ་ཚུད་ནས་སྡུག་བསྔལ་སྣ་ཚོགས་པ་ཞིག་མྱོང་བཞིན་ཡོད་པ་ཡང་ཤེས་ཐུབ་པ་ཡིན་ཏེ། འུ་ཚོའི་རིག་ས་གོ་སའི་ཡུལ་ལུང་གཅིག་གི་མིའི་བདེ་སྡུག་མི་འདྲ་བ་ནི། ཁྱིམ་ཚང་གཅིག་གི་ལྟོ་ཁ་རྒྱབ་གཅིག་ལ་བརྟེན་ཡོད་ཀྱང་ནང་བཟའ་བའི་ལུས་སེམས་སྐྱིད་སྡུག་གི་ཕྱོགས་ནས་ཚེ་རིང་ཐུང་ནད་ན་ཚ་སོགས་ཅིའི་ཕྱོགས་ནས་ཀྱང་མི་འདྲ་བ་མང་བས་མ་ཚད། མིག་གི་རིག་རྒྱུའི་དུད་འགྲོའི་ལུས་རྟེན་འདི་དག་ཅི་འདྲ་བའི་ཉམ་ཐག་སྡུག་བསྔལ་ཅན་དུ་ཡོད་པ་དང་། དེ་དང་མཚུངས་པར་དམྱལ་བ་ཡི་དྭགས་ཀྱི་སྡུག་བསྔལ་ནི་འུ་ཚོ་བས་སྡུག་བསྔལ་བརྒྱ་འགྱུར་སྟོང་འགྱུར་ཡིན་པ་ང་ཚོས་ཚོད་དཔག་བྱས་ན་ཤེས་པས། ལྷ་ཡུལ་དང་ཚངས་གནས་ལ་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པར་ཡོད་པར་གྲགས་པ་ཡང་དོན་དངོས་སུ་སྨྲོས་མི་དགོས་པར་ཁྱི་ཆེ་ཆུང་རང་གི་སྒོ་རྩར་བལྟས་ན་ཤེས་པའི་ཡུལ་ཁ་རིག་གིན་ཡོད་དོ། །སྤྱིར་ན་རྒྱུ་འབྲས་ཡིད་ཆེས་ཀྱི་ངེས་ཤེས་དང་རྒྱལ་བའི་གསུང་བསླུ་བ་མེད་པའི་བདེན་ཚིག་ལ་དད་པ་དང་འདུན་པ་ཡོད་དགོས་པ་ནི་དམ་པའི་ལྷ་ཆོས་སྒྲུབ་མཁན་ཞིག་གི་ཤེས་བྱ་སྤྱིར་བཏང་བ་ཞིག་དང་། ཁྱད་པར་དུ་བོད་གངས་ཅན་ཆོས་ས་ཆོས་ཡུལ་དུ་སྐྱེས་པ་ཆོས་མ་གཏོགས་བསམ་དུ་མེད་པའི་ཆོས་པ་འབའ་ཞིག་གིས་དེ་མ་གོ་ཟེར་བ་ཞིག་གང་ན་ཡོད་ཀྱང་། ཆོས་ཁྲིད་ཀྱི་ཞོར་དུ་རང་གར་ཐུགས་གསོས་ཞུས་པ་ཙམ་ཡིན། དེ་ལྟ་བུའི་འཁོར་བའི་འཁྲུལ་འཁོར་ཆེན་པོ་འདིའི་གསང་དེ་བཤིག་དགོས་ན། དེའི་གསང་དེའི་གནད་དེ་ཤེས་དགོས་པས་དེའི་གནད་དེ་གང་ནས་བསྟན་ཞེ་ན། སྤྱིར་རྒྱལ་བའི་བཀའ་མདོ་རྒྱུད་རྒྱ་མཚོ་ཁྱད་པར་དུ་རྫོགས་པ་ཆེན་པོའི་ཟབ་གནད་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་འཁྲུལ་བ་མེད་པ་བརྒྱུད་པ་གསུམ་གྱི་སྙིང་བཅུད་དེ་ལ་ཐོས་བསམ་སྒོམ་སྒྲུབ་ཀྱིས་ཞུན་མཐར་བཅད་ནས་ཉམས་ལེན་ཞིག་བྱས་ན་དེའི་གནད་ཀྱི་དམ་པ་དེ་ལ་ཤེས་རྒྱུ་རྙེད་རྒྱུ་གཉིས་ཀ་ཡོད་པས། དེ་བས་ཕན་གྱི་བླ་མའི་ཞལ་གདམས་ཞེས་པ་ཟུར་བ་ཞིག་དང་དགོངས་པའི་གསང་མཛོད་ཅེས་པ་ལོགས་ཤིག་ཏུ་ལེན་རྒྱུ་མེད་ལ་ལེན་དགོས་ཀྱང་མི་དགོས་སོ། །འོན་ཀྱང་ཐུན་མིན་གསང་སྔགས་ཀྱི་གདམས་ཟབ་དེ་སེང་གེའི་འོ་མ་དང་འདྲ་བའི་རྩ་ཆེན་ཞིག་ཡིན་པས་དེ་རིན་ཆེན་གསེར་སྣོད་མ་གཏོགས་མི་ཆགས་པ་ཞིག་ཡིན་ཕྱིར། རང་རྒྱུད་སྣོད་དུ་རུང་བ་བྱེད་དགོས་སོ། །དེ་ཡང་རང་རྒྱུད་གསེར་སྣོད་ཡིན་པར་རང་གིས་བསམ་པ་ཙམ་ལ་བརྟེན་ནས་གདམས་ངག་གི་བདུད་རྩི་དེ་ཅི་ཙམ་ཞུས་ཀྱང་ཆགས་རྒྱུ་མེད་ན་གསེར་སྣོད་སྐྱོན་མེད་ཅིག་རེད་མེད་པའི་རྟགས་ཡིན་པས། སྣོད་ཀྱི་མཐུན་རྐྱེན་ཆ་ཚང་ཚོགས་མེད་ན་ཚང་ཐབས་ལ་འབད་པ་གལ་ཆེ་བ་དེས་ན་དལ་འབྱོར་གྱི་ཆ་རྐྱེན་ཕྱིའི་གཞན་ངོས་ལ་ལྟོས་པའི་ཕྱོགས་ནས་མ་ཚང་བའམ་ནང་རང་ངོས་ལ་ལྟོས་པའི་ཕྱོགས་ནས་མ་ཚང་བ་འདུག་སོགས་ལེགས་པར་བསམ་ནས་འདང་བརྒྱབ་ན་རྩ་བ་རང་ཁོངས་ལ་ཐུག་པ་ནི་མང་བ་ཡིན་ཏེ། རྒྱུ་འབྲས་ཡིད་ཆེས་ཙམ་ཞིག་ཡོད་ཀྱང་ངེས་འབྱུང་བཅོས་མིན་ཞིག་མེད་པ་ཨེ་ཡིན། ངེས་འབྱུང་སྐྱོན་མེད་ཅིག་སྐྱེས་ཡོད་ཀྱང་ལམ་གྱི་རྩ་བ་བྱང་ཆུབ་སེམས་ཀྱིས་མ་ཟིན་པ་ཨེ་ཡིན། སྙིང་རྗེས་ཀུན་ནས་བསླངས་སྟེ་སྨོན་འཇུག་གི་སེམས་རེ་བསྐྱེད་ཡོད་ཀྱང་གྲོགས་སྟོང་ཉིད་ཀྱི་ལྟ་བ་ཡང་དག་ཅིག་མེད་པས་སྲིད་རྩ་བདག་འཛིན་དེ་ཉམས་ཤིག་མ་སྨད་པ་ཨེ་ཡིན་སོགས་ལ་གཞིགས་ཚེ། ཕལ་ཆེར་ནི་བདག་འཛིན་འདིའི་ལན་པ་ཡིན་འདུག་སྟེ། བདག་འཛིན་དེས་འདི་ཕྱིའི་རྒུད་པ་ཐམས་ཅད་འདྲེན་པས་ཆོས་ཁ་འདོན་དགེ་སྦྱོར་རེ་བྱེད་ལོ་བྱས་ཀྱང་ལམ་དུ་འགྲོ་རུ་མི་སྟེར་བར་། ང་དང་ཁོ་དགྲ་དང་གྲོགས་ཀྱི་འདང་རྒྱག་ལ་ཤོར། སྒོམ་ཞིག་བརྒྱབ་ན་ཡང་ལམ་དུ་མི་འགྲོ་རུ་མི་སྟེར་བར་ཉོན་མོངས་ཆགས་སྡང་རྨོངས་གསུམ་ཚུལ་མིན་ཡིད་བྱེད་ལ་བློ་འཁོར་བའི་ལམ་གྱི་བར་ཆད་བྱས་ཏེ། འདིས་སྔོན་ནས་ད་བར་དུ་མཐའ་གྱེན་དུ་དང་། ལས་ལམ་དུ་འགྲོ་ཁ་མ་བཅུག་པར་ཡིན་འདུག་ལ། ད་རུང་དེའི་དབང་དུ་ཤོར་ན་མི་ཚེ་ཉི་མས་ལ་རྒྱག་རྒྱུ་ནི་མིག་གཅིག་གི་ལྟ་ཚེ་ཡིན་པས། འཆི་རན་དུས་ཕམ་ཁ་འཁུར་བཞིན་འགྲོ་འཇུག་ངེས་ཡིན་པ་སོགས་ལ་སེམས་པར་བྱས་ནས། ཆོས་ཞུ་པའི་ཐོག་མར་རང་སེམས་ལ་ཞུ་དག་ཅིག་བཏང་ན་འདོད་ལྔའི་དུག་གིས་བསླུས་པའི་དབང་པོ་ལྔ་བོ་དེ་སེམས་དྲན་པའི་རྟོད་ཕུར་གྱིས་བརྟོད་ནས་དྲང་ལམ་དུ་བཞག་ན་རིམ་གྱིས་གོམས་རྒྱུ་ཡོད་པས། དྲན་ཤེས་བཞིན་གཉིས་ཀྱིས་དུས་རྒྱུན་དུ་མ་བཏང་བར་རྒྱུན་ཆད་མེད་པར་འཚོ་བར་བྱས་ན་བཟང་པོའི་ཕྱོགས་ཀྱི་གོམས་ཆ་དེ་རིམ་གྱིས་ལོབས་ནས་ཆུའི་བཞུར་ཁ་དྲངས་པ་ལྟར་དྲང་པོའི་ལམ་དུ་བཞག་ནས་བསྒྱུར་ཏུ་ཡོད་པ་ཡིན་པ་ནི། གོམས་ན་སླ་བ་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་ཐོབ་པར་བྱེད་པ་ལ་རང་དོན་ཡིད་བྱེད་དང་བྲལ་བའི་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་ལ། དེ་ཡང་སེམས་མཆོག་བསྐྱེད་པ་མི་གཙོ་སྐྱེས་པ་གཙོ་ཞེས་གསུངས་པ་ཡིན་པས་སྨོན་པ་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པའི་ཐོག་ཏུ་འཇུག་པའི་བསླབ་བྱ་ཕ་རོལ་ཏུ་ཕྱིན་པ་དྲུག་དང་བསྡུ་དངོས་བཞི་ལ་སོགས་པ་ལ་འབད་བརྩོན་བྱས་རྟག་ཏུ་གཞན་དོན་འབའ་ཞིག་གཉེར་རྒྱུའི་བསམ་སྤྱོད་ཆ་ཚང་བ་ཞིག་རེད་རྒྱུའི་རྨང་གཞི་དེའི་ཐོག་ནས་ཟབ་ལམ་རྫོགས་པ་ཆེན་པོའི་དཀྱིལ་འཁོར་ལ་ཞུགས་ཏེ་དབང་གིས་སྨིན་ཁྲིད་ཀྱིས་གྲོལ་ནས་ལྟ་སྒོམ་སྤྱོད་པའི་ཉམས་ལེན་མཐར་ཕྱིན་ན་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མཉམ་དུ་རྫོགས་ནས་བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་ཀ་རྒྱུད་ལ་འབྱོར་དུས་སྤངས་རྟོགས་མཐར་ཕྱིན་རྫོགས་པའི་བྱང་ཆུབ་དེ་ཐག་རིང་རྒྱང་གི་གནའ་གཏམ་མ་ཡིན་པ་ཞིག་ལ་གྱུར་ནས་མངོན་སུམ་ལག་ཏུ་འོང་བ་ཞིག་རང་ངོས་ནས་འབད་དེ་བྱེད་རྒྱུ་ཡོད་པ་ནི་རྒྱལ་གསུང་གི་བཀའ་ཚད་མ་དང་དམ་པ་གོང་མའི་མཛད་པ་དང་རྣམ་ཐར་ལ་བལྟས་ན་ཤེས་ཐུབ་པ་ཞིག་གོ །འོན་ཀྱང་རང་གཞན་བླ་སློབ་སུས་བཤད་ཀྱང་ཁ་ཡིས་བཤད་རྒྱུ་སླ་ཡང་དོན་ལག་ལེན་ལ་མི་ཐེབས་པ་ནི་འཁོར་བ་ལ་སྐྱོ་བའི་ངེས་འབྱུང་གི་རྩ་བ་བརྟན་པོ་ཞིག་རྒྱུད་ལ་མེད་པས་ཚེ་འདི་སྒྲུབ་པའི་བསམ་སྦྱོར་གྱིས་ཕྱི་མའི་དོན་ཆེན་བརླགས་ནས་གྱོང་ཆེན་པོ་གཅིག་མིན་གཉིས་མིན་དུ་ཡོང་བ་དང་། ཆོས་ཞུས་ལོ་དང་ཉམས་ལེན་བྱེད་ལོ་བ་བྱས་ཀྱང་རང་འདོད་ཡིད་བྱེད་དང་ཆོས་བརྒྱད་ཀྱི་ཁ་དེ་མར་མ་བྲི་ནས་ད་ལོ་ཞུས་ཀྱང་དེ་དང་དེ། སང་ཕོད་ཞུས་ན་དེ་དང་དེ་ལྟར་ཡིན་དུས་ཆོས་ཞུས་པ་དེས་གོ་མ་ཆོད་ནས་ནམ་ཡིན་ཡང་ལག་སྟོང་མཆན་དུ་བཅུག་ནས་སོང་བ་འདྲ་ཞིག་རེད་འདུག་པ་དེ། རང་ཉམས་ལ་དཔག་པའི་ཚོད་ཅིག་བླངས་ན་རྩ་བ་ངེས་འབྱུང་གི་བློ་དག་མ་ཞིག་མ་ཡོད་ནས་དེས་སྐྱོན་ཆ་བསྐྱེད་འདུག་པ་ཡིན་ནོ། །དེ་ལྟ་བུའི་གང་ཟག་གིས་ནི་དོན་དངོས་སུ་སོ་ཐར་གྱི་སྡོམ་པ་རྣམ་དག་ཅིག་ཐོབ་ཡོད་མེད་ཀྱང་འཕྱང་མོ་ཉུག་གི་རྩ་བ་ཡིན་པས། ཐེག་ཆེན་སེམས་བསྐྱེད་དང་སྔགས་ལམ་གྱི་ཕྱིན་དྲུག་རྫོགས་པའི་སེམས་བསྐྱེད་མཚན་ཉིད་པ་ནི་ཕྱོགས་དེར་མི་ཉེ་བས་གཟུགས་བརྙན་སྟངས་ཀ་ཙམ་ཞིག་རེད་འདུག་པ་ནི་བསྟན་པ་མར་འགྲིབ་ཀྱི་རྟགས་རང་རྒྱུད་ནས་སྟོན་པ་ཡིན་ཕྱིར། ཁ་ཕོར་སོ་གསུམ་རང་གིས་བསྡོམས་ནས་ཆོས་བསྒྲུབས་ན་སྒྲུབ་པ་འདྲ་ཞིག་ཐུན་རེ་རེ་དང་ཉི་མ་རེ་རེ་ལ་ཡང་བཟང་ཡར་བསྐྱེད་རྩི་རྒྱུ་དང་བགྲང་རྒྱུ་ཡོད་པ་ཞིག་བྱེད་པ་ནི་གལ་ཆེན་གནད་ཀྱི་དམ་པ་ཡིན་པ་ནི་ཞུ་མི་དགོས་ཀྱང་མི་བརྗེད་དྲན་པའི་གསལ་འདེབས་ཙམ་ཞིག་ཡིན། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་ཀློང་ཆེན་དགོངས་པའི་གསང་མཛོད། མ་མཁའ་འགྲོ་འབུམ་གྱི་ཐུགས་ཐིག མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་འཆད་ཁྲིད་བྱེད་རྒྱུའི་སྐལ་བཟང་མངོན་དུ་གྱུར་པ་ལས་ཚིག་དོན་རིན་པོ་ཆེའི་མཛོད་འཆད་པའི་སྐབས་ནས་རྡོ་རྗེའི་གནས་བཅུ་གཅིག་གིས་བསྟན་པའི་ནང་ནས་གང་ཉམས་སུ་ལེན་རྒྱུའི་གདམས་པ་བཤད་པའི་སྐབས་ཀྱི་གདམས་པ་དངོས་གཏན་ལ་དབབ་པ་དེ་ལ་ཡང་དམིགས་པ་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་དང་། རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་ལེན་རྣམ་པ་གཉིས། གང་ཟག་རྣམ་པ་གཉིས་ཀྱི་ངོ་སྐལ་དུ་གསུངས་ཡོད་པ་ལས། དམིགས་པ་ཡུལ་གྱི་བློ་ཅན་གྱི་གང་ཟག་གིས་ཉམས་སུ་བླང་བྱ་དེ་ཇི་ལྟར་ལེན་སྟངས་ཀྱི་སྐོར་ལྟ་སྒོམ་སྤྱོད་འབྲས་བཞིའི་སྟེང་ནས་བསྟན་པ་ནི། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང་། སྒོམ་པ་རྒྱུན་གྱི་རྣལ་འབྱོར་དང་། ལྟ་བ་རྒྱུན་གྱི་རྣལ་འབྱོར་དང་། འབྲས་བུ་རྒྱུན་གྱི་རྣལ་འབྱོར་རྣམས། རིམ་གྱིས་ཞུ་བཞིན་པ་ལས་སྒོམ་པ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལས་འགའ་ཞིག་སོང་ནས་དེ་རིང་དེ་ལ་འདིར་དམིགས་པ་རྒྱུན་བསྟེན་གྱི་བསམ་གཏན་བཤད་ན། རྣལ་འབྱོར་པ་ལ་གནོད་པར་བྱེད་པ་གཉིས་ཡོད་དེ། འཕྲལ་དུ་ཟས་དང་གོས་གནོད་ལ་ཕུགས་སུ་རྨི་ལམ་དང་བག་ཆགས་གནོད་པས་ཁམས་གསུམ་དུ་འཁོར་བའི་ལས་སོགས་པའོ། །དེ་དག་གི་གཉེན་པོར་བསམ་གཏན་གྱི་ཐུན་བཞི་ལ་བསླབ་སྟེ། ཟས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། གོས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། རྨི་ལམ་གྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན། བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པའོ། །དང་པོ་ནི། བཅུད་ལེན་སྣ་ཚོགས་དང༌། རླུང་ཟས་སུ་ཟ་བ་དང༌། བདུད་རྩི་དྲི་ཆེན་གྱི་སྦྱོར་བ་སྟེ། ཐལ་འགྱུར་ལས། བཅུད་ཀྱི་ལེན་པ་འདི་ལྟ་བུ། །རྒྱུད་གཞན་ཀུན་ཏུ་མ་བསྟན་པའི། །ཨེ་མ་ངོ་མཚར་ཆེ་བ་བཤད། །ལྷ་བདག་སེམས་དཔའ་ཁྱོད་ཉོན་ཅིག །རིན་པོ་ཆེ་ལ་བརྟེན་པ་ཡིས། །ཚེ་ནི་ཉི་ཟླ་དག་དང་མཉམ། །སྣ་ཚོགས་རྡོ་ཡི་སྦྱོར་བ་ཡིས། །མཚོན་གྱིས་ལུས་ལ་ཚུགས་པ་མིན། །སྔོ་ལ་བརྟེན་པའི་སྦྱོར་བ་ཡིས། །སྐྲ་དཀར་གཉེར་མ་མེད་པར་འགྱུར། །རྩི་སྦྱོར་དག་གི་བཅུད་ལེན་གྱིས། །གཟི་བརྗིད་ལྡན་ཞིང་གཞོན་པར་འགྱུར། །ཤ་ལ་བརྟེན་པའི་སྦྱོར་བ་ཡིས། །ལུས་ཟུངས་ལྡན་ཞིང་སྟོབས་བསྐྱེད་འགྱུར། །གཞན་ཡང་རླུང་ལ་བརྟེན་པ་ཡི། །ངོ་མཚར་ཆེ་བའི་བཅུད་ལེན་བཤད། །འབྱུང་བ་རྒྱུན་གཅོད་ཅེས་བྱ་བ། །སྟེང་དང་འོག་གི་རླུང་གི་ཤེས། །མཁས་པས་རླུང་ནི་གནས་སུ་སྦ། །ཡང་ནི་རླུང་གི་འགྱུར་རྩིས་ཀྱིས། །ཟས་ཀྱི་རྣལ་འབྱོར་དག་ཏུ་འགྱུར། །འབྱུང་བ་དག་ལ་བརྟེན་པ་ཡི། །དེ་ལྟར་བཅུད་ཀྱི་ལེན་པའོ། །ཞེས་པ་དང༌། ཡང་ནི་ལུས་འབྱུང་རྒྱུན་གཅོད་པའི། །བཅུད་ལེན་ངོ་མཚར་ཆེ་བ་བཤད། །དྲི་ཆེན་རྒྱུན་དུ་སྐོར་ཟློག་པས། །ཐ་མལ་ལུས་ཀྱི་ཟག་པ་མཛད། །ཡང་ན་བཅུད་ཕྱུང་མར་ཁུ་ནི། །ཚད་དང་ལྡན་པར་བསྟེན་པ་ཡིས། །འབྱུང་བའི་རྒྱུན་རྣམས་ཆད་པར་འགྱུར། །ལུས་ཀྱི་འབྱུང་བ་རྒྱུན་ཆད་པས། །ལུས་ལ་སྲོག་ཆགས་མི་གནས་དང༌། །བཤང་གཅི་ལ་སོགས་མེད་པ་རྣམས། །ཕྱི་ནང་རླུང་ཡང་མེད་པར་འགྱུར། །ཞེས་སོ། །དམིགས་པ་རྒྱུན་བསྟེན་གྱི་རྣལ་འབྱོར་ལ་ཉམས་ལེན་བྱེད་དུས་མི་ཞིག་ཡིན་ཚེ། ཟས་དང་། གོས་དང་། གཉིད་གསུམ་པོ་མེད་ཀྱི་ཐབས་མེད། དེ་མེད་ན་ལུས་འཚོ་ཐབས་མེད་པ་ཞིག་ཡིན་པ་དེས་ན་དབེན་པ་གསུམ་གྱི་རྣལ་འབྱོར་ལ་བརྟེན་པའི་སྐབས་སུ་འཕྲལ་དུ་ཟས་གོས་ཚོགས་དཀའ་ཞིང་དེ་ལ་བརྟེན་ནས་གཡེང་བ་ཡོང་བའི་སྟབས་ཀྱིས་ཟས་གོས་ཀྱི་ཞེན་པ་གཅོད་ཐབས་ཀྱི་གདམས་པ་འདི་གསུངས་པ་ཡིན། འཕྲལ་དུ་ཟས་གོས་དང་། ཕུགས་སུ་རྨི་ལམ་དང་བག་ཆགས་ཀྱི་རྒྱུན་མ་ཆོད་ཚེ་ཡང་འཁོར་བར་འཁོར་བའི་ལས་གསོག་པ་ཡིན་པས་འདིའི་གདམས་པ་འདི་དག་གསུངས་པའོ། །ཟས་ཀྱི་ཞེན་པ་གཅོད་པ་ལ་བཅུད་ལེན་གསུངས་པ་ནི། འདི་ལ་སྣ་ཚོགས་རྫས་ཀྱི་བཅུད་ལེན་དང་། རླུང་ལ་བརྟེན་པའི་བཅུད་ལེན་གཉིས་ལས། དང་པོ་ལ་དཀའ་ཐུབ་དང་། ཕྱི་མ་ལ་བཅུད་ཀྱི་ལེན་པ་ཞེས་དབྱེ་བ་མཛད་པའང་ཡོད། འདི་ཇི་ལྟར་བྱ་བ་ནི་ལུང་དོན་གྱིས་གསལ་བའོ། །གོས་ཀྱི་ཞེན་པ་བཅད་པ་ལའང༌། །རླུང་དང་རྟེན་འབྲེལ་ཟབ་མོ་གཉིས་ལས། རྟེན་འབྲེལ་ནི་ཤ་སྦྱོར་དང༌། སྔོ་སྦྱོར་དང་རྩི་སྦྱོར་ལ་སོགས་པའོ། །རླུང་ནི་ལུས་ཙོག་པུར་འདུག་ལ་རླུང་ནང་དུ་གཏིགས་ཏེ། ཕོ་བ་དགང་ཞིང་ཕྱིར་དལ་བུས་བཏང་ལ་མེའི་དམིགས་པ་དང་བསྟུན་པས་ཕྱི་ལུས་ལ་དྲོད་སྐྱེ་བས་གོས་མི་དགོས། ནང་དུ་སེམས་ལ་དྲོད་སྐྱེ་བས་རྣམ་རྟོག་བགས་ཀྱིས་མེད་ཅིང་ཏིང་ངེ་འཛིན་མི་རྟོག་པའི་ངང་ལ་གནས་པ་སྟེ། ཐལ་འགྱུར་ལས། གོས་ཀྱི་རྣལ་འབྱོར་འདི་ལྟ་སྟེ། །རླུང་དང་རྟེན་འབྲེལ་ཟབ་མོས་བཅའ། །རླུང་ནི་འཕེན་ཅིང་སྡུད་པ་ལས། །འགྲོ་འོང་བསྐྱིལ་བའི་གནད་ཀྱི་ཡང༌། །དམིགས་པ་སོ་སོའི་འབྱུང་བ་དང༌། །རྣལ་འབྱོར་ལུས་དང་མཐུན་པས་དབྱེ། །རྟེན་ཅིང་འབྲེལ་བའི་སྦྱོར་བ་ཡིས། །གཉིས་དང་དྲུག་དང་བདུན་གསུམ་ལ། །རིལ་བུ་ཕྱེ་མ་ལེགས་སྦྱར་བ། །ལྟོར་བཏུང་བྱུག་པའི་མཐའ་བྱའོ། །ཞེས་སོ། །གོས་ཀྱི་ཞེན་པ་གཅོད་པ་འདི་ལ། རླུང་དང་། རྟེན་འབྲེལ་གཉིས་ཡོད་པ་ལས་རྟེན་འབྲེལ་ནི། ཤ་སྦྱོར་སྔོ་སྦྱོར་ལ་སོགས་པ་རྫས་ཀྱི་ལག་ལེན་གཞུང་གཞན་ནས་གསུངས་པ་དང་། རླུང་ལ་བརྟེན་པ་འདི་ནི་གཏུམ་མོ་ཡིན་ཞིང་། དེ་ཡང་ནང་གི་མེའི་དྲོད་ལ་བརྟེན་ནས་སྒོམ་པ་སྟེ། ལུས་སྐྱིལ་ཀྲུང་བཅས་ཏེ་རླུང་ཁ་སྦྱར་དུ་བཟུང་། ལྟེ་བའི་རཾ་ལས་མེ་འབར་བས་ལྟེ་བ་སྤྲུལ་བའི་འཁོར་ལོ་ནས་སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་བར་ཁྱབ་པའི་དྲོད་འབར་ནས་སྐྱེས་པ་ཡིན་པས། གཡོན་རྐྱང་མའི་ནང་དུ་རླུང་བཟུང་བར་དམིགས་ནས། རླུང་སྣ་བུག་གཡོན་ནས་རྒྱུ་དུས་ཤས་ཆེར་བཟུང་སྟེ་སྦྱངས་ན་གོས་ཀྱི་བསམ་གཏན་འགྲུབ་བོ། །རྫོགས་ཆེན་སྒོམ་པའི་རྣལ་འབྱོར་བས་རས་གོས་ཆུ་ནང་ལ་ཤན་པ་ལ་སོགས་པ་ལ་གཙིགས་དེ་ཙམ་ཞིག་མི་འཛིན་པ་ནི། སྣང་བ་ཡུལ་གྱི་བློ་ཅན་གྱི་ཉམས་ལེན་དམིགས་པ་རྒྱུན་བསྟེན་གྱི་རྣལ་འབྱོར་ཙམ་ཞིག་ཡིན་པས། རིག་པ་རང་སྣང་གི་བློ་ཅན་གྱིས་ཉམས་སུ་བླང་བྱ་ལྟར་དུ་གཙོ་བོར་མཛད་རྒྱུའི་གདམས་པ་ཁྱབ་རྒྱ་ཆེ་བ་དང་ཡོངས་གྲགས་སུ་མ་སོང་བ་ཡིན་ནམ་སྙམ། འདི་དག་གི་ཚེ་འབྱུང་བ་བཞིའི་བཅུད་ལེན་གཅིག་ཏུ་བསྡུས་པ་རིན་པོ་ཆེ་དངུལ་ཆུའི་སྦྱོར་བ་ལྟ་བུ་དང༌། འབྱུང་བ་བཞིའི་རླུང་དང་དམིགས་པ་ལ་བརྟེན་པས་ཟས་གོས་ལ་སོགས་པའི་ཡོན་ཏན་འགྲུབ་སྟེ། དེ་ཉིད་ལས། གལ་ཏེ་འབྱུང་བ་བཞི་པོ་ལ། །རོ་སྙོམས་བྱེད་པའི་རྣལ་འབྱོར་པས། །ས་ཆུ་མེ་རླུང་གནད་བསྟུན་ཏེ། །ལུས་དང་བསྲེས་ཏེ་རླུང་གིས་སྦར། །རང་ལུས་སོ་སོའི་འབྱུང་བ་ཡིས། །བསྒྱུར་ཞིང་དེ་ཉིད་སྤྱོད་པ་ལ། །གནད་འདུས་དཀྱིལ་འཁོར་བསྒོམ་པར་བྱ། །དེ་ཉིད་གོམས་པ་ཚད་ཕྱིན་པས། །བཞི་པོའི་ནུས་པ་ངོ་མཉམ་ནས། །བདེ་བར་སྤྱོད་ཅིང་འཇིགས་བྲལ་ཏེ། །འདིས་ཀྱང་ཟས་གོས་གཉིས་འགྲུབ་ནས། །ཚེ་དང་ལོངས་སྤྱོད་རྫོགས་པའོ། །ཞེས་སོ། །འབྱུང་བཞི་གཅིག་འདུས་ཀྱི་དངུལ་ཆུ་སྦྱོར་བས་ཟས་གོས་གཉིས་ཀའི་ཞེན་པ་གཅོད་ཐབས་བསྟན་པའོ། །གནད་འདུས་ཀྱི་དཀྱིལ་འཁོར་ནི། སྔོན་དུ་སའི་བཅུད་ལེན་དབང་པོ་ལག་པ། ཆུའི་དངུལ་ཆུ། མེའི་ཉེ་ཤིང་པ། རླུང་གི་ཨ་ག་རུ་བཞི་སྦྱར་བའི་རིལ་བུ་སྲན་མ་ཙམ་རེ་རེ་ཐོ་རངས་ཟ་ཞིང་རླུང་བཟུང་ནས་ལྟེ་བར་མེའི་དཀྱིལ་འཁོར་གྲུ་གསུམ། སྙིང་གར་ཆུའི་དཀྱིལ་འཁོར་ཟླུམ་པོ། མགྲིན་པར་སའི་དཀྱིལ་འཁོར་གྲུ་བཞི། སྤྱི་བོར་རླུང་གི་དཀྱིལ་འཁོར་གཞུ་ལྟ་བུའི་ཁོང་གསེང་ནས་ཧཾ་ཐུར་དུ་ལྟ་བ་ལས་བྱང་ཆུབ་སེམས་ཀྱི་ཐིག་པ་བབས་པས་མགྲིན་པ་སྙིང་ག་ལྟེ་བ་གསུམ་ཁྱབ་པས་དྲོད་གཡོས། བདེ་བ་ཕབ་སྟེ་འབར་འཛག་གི་བདེ་དྲོད་ལ་སེམས་བཟུང་བས་ཟས་གོས་གཉིས་ཀའི་དངོས་གྲུབ་ཀྱི་མཆོག་གྲུབ་པ་ནི་སློབ་དཔོན་ཤྲཱི་སིངྷས་གསུངས་ཏེ་ཉམས་སུ་མྱོང་བས་ཀྱང་གྲུབ་བོ། །རྨི་ལམ་གྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ལ་བསླབ་པ་ལ། བརྟག་པ་དང༌། སྒོམ་པའི་མན་ངག་གཉིས་ཏེ། ཐལ་འགྱུར་ལས། རྨི་ལམ་གནད་ཀྱི་ལམ་ཁྱེར་ནི། །སྔོན་དུ་བྱ་དང་གནད་ལ་དབབ། །སྔོན་དུ་ལུས་ངག་སེམས་སྦྱངས་ཏེ། །འབྱོངས་བའི་རྟགས་ལ་བརྟེན་ནས་ནི། །བརྟག་དང་ཟིལ་གྱིས་མནན་པ་དང༌། །བག་ཆགས་གསུམ་པོ་ངོས་གཟུང་བྱ། །དེ་ནས་གནད་ལ་འབེབས་དུས་སུ། །སྦྱང་དང་བསྒྱུར་དང་བཅད་པ་དང༌། །དཀྲུག་དང་གཅུད་དང་གནད་ལ་བོར། །བསྐྱིལ་བཟློག་ལས་ཀྱི་གནད་བྱས་པས། །ལས་ཀྱི་རྨི་ལམ་མཐའ་ཟད་དེ། །བག་ཆགས་འཁྲུལ་པ་དྲུངས་ནས་ཐོན། །འདི་དུས་རང་གི་བརྩོན་འགྲུས་ཀྱིས། །རབ་ལ་ཆད་དང་འབྲིང་ལ་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །འདི་དག་རྨི་ལམ་ཐོག་མ་མང༌། །ཐ་མ་མི་གསལ་དེ་ནས་འགྱུར། །དེ་དག་རྣམས་ཀྱིས་ཚད་ལ་ཕེབས། །ཞེས་སོ། །དེ་དག་གི་དོན་ཉམས་སུ་བླང་བའི་གནད་ངེས་པ་ནི་སྔོན་དུ་བྱ་བ་དང༌། དངོས་གཞི་གཉིས་ལས། དང་པོ་བརྟག་པ་སྟེ། འདི་ལ་བརྟག་པ། ཟིལ་གནོན། བག་ཆགས་ངོས་གཟུང་བའི་གནད་དང་གསུམ་ལས། བརྟག་པ་ནི་ཉི་མ་འགའ་དལ་བར་བྱས་ལ་བསྐུ་མཉེ་བྱས་ཤིང་ནུབ་མོ་གཞོགས་གཡས་པ་ཕབ་ལ་ཉལ་བའི་རྨི་ལམ་ལ་བརྟག་གོ། །དེ་ཡང་ཡལ་ཡུལ་ལས་ངོས་མ་ཟིན་ན་ཟིལ་གནོན་ནི་མགྲིན་པར་ཨཱཿ དམར་པོ་ལ་སེམས་བསྡུས་ཏེ་མ་ཡེངས་པར་ཉལ་བས་གསལ་ལ་ངོས་ཟིན་པ་སླའོ། །བག་ཆགས་ངོས་གཟུང་བ་ནི། དེ་ཡང་སྔར་ཞེན་པའི་ཡུལ། ལ་སོགས་པ་ཤས་ཆེར་རྨི་ན་སྔར་ཞེན་གྱི་བག་ཆགས་ཚན་ཆེ་བ་ཡིན་པས་བསྒྱུར་དཀའ་སླ་འབྲིང་པོ་ཡིན་ནོ། །ད་ལྟའི་ཤས་ཆེར་རྨི་ན་ཤིན་ཏུ་སླ་བས་འདི་ལ་ཉི་མ་གསུམ་བཞི་བསྒོམས་པས་འབྱོངས་སོ། །སྔར་མ་ཕྱིན་པའི་ཡུལ་དང་འཕྲད་མ་མྱོང་བའི་མི་དང་འཕྲད་པ་ལ་སོགས་པ་གསུམ་ཀ་ཆལ་ཆོལ་དུ་རྨི་ན་བག་ཆགས་གསུམ་འདུས་ཞེས་བྱ་སྟེ་ཤིན་ཏུ་གཅད་པར་དཀའོ། །དངོས་གཞི་སྒོམ་པ་ལ། རྨི་ལམ་སྦྱང་བ། བསྒྱུར་བ། བཅད་པ། དཀྲུག་པ། གཅུད་པ། གནད་ལ་འབོར་བ། བསྐྱིལ་བ། བཟློག་པ་དང་བརྒྱད་ལས། དང་པོ་སྦྱང་བ་ནི། ཉིན་དུས་རྨི་ལམ་གྱི་འདུན་པ་རྩེ་གཅིག་ལས་མ་ཡེངས་པས་གང་སྣང་རྨི་ལམ་དུ་སྦྱངས་པས་རྨི་ལམ་དུ་རྨི་ལམ་ཟིན་ནས་ཐམས་ཅད་རྨི་ལམ་དུ་སྦྱང་བ་ལ་བསླབ་པར་བྱའོ། །བསྒྱུར་བ་ནི་ཉིན་དུས་མེ་ལོང་དུ་གཟུགས་བརྙན་ཐ་དད་གཅིག་ནས་གཅིག་ཏུ་བསྒྱུར་ནས་སྣང་བ་ཐམས་ཅད་ལྷའི་སྐུར་བསྒྱུར་བ་ལ་སོགས་པ་བྱས་དུས་རྨི་ལམ་དུའང་སྣང་བ་དེ་དག་ལས་རྟ་གླང་པོར་བསྒྱུར་བ་ལ་སོགས་པ་ནས་སངས་རྒྱས་ཀྱི་ཞིང་དང་ལྷའི་སྐུར་བསྒྱུར་བར་བྱའོ། །བཅད་པ་ནི་བདེན་ཞེན་བཅད་པ་སྟེ། ཉིན་དུས་རྨི་ལམ་གྱི་སྣང་བ་ཙམ་ལའང་བདེན་པར་མི་བཟུང༌། རྨི་ལམ་དུ་རྨི་ལམ་ཟིན་ནས་སྦྱང་བསྒྱུར་ནུས་པ་ལའང་དགའ་བྲོད་མི་བྱ་བར་ཐམས་ཅད་བདེན་མེད་ཡིན། གཏད་མེད་ཡིན་སྙམ་དུ་གང་ལའང་ཞེན་པ་ཐམས་ཅད་འཕྲལ་བྱུང་དུ་གཅོད་པའོ། །དཀྲུག་པ་ནི་རྩལ་སྦྱོང་བ་སྟེ་སྐད་ཅིག་སྐད་ཅིག་ལ་ཤར་གྱི་སྣང་བ་ནུབ་ཏུ་བསྒྱུར་ཞིང་ནུབ་ཀྱི་སྣང་བ་ཤར། དགའ་བ་མི་དགའ་བ། མི་རྟོག་པ་རྟོག་པ། རྟོག་པ་མི་རྟོག་པར་དཀྲུག་པ་ལ་སོགས་པའོ། །གཅུད་པ་ནི་བརྟན་པར་བྱེད་པ་སྟེ། དེ་དུས་ཀྱི་ཉམས་ལ་བལྟ་ཞིང་ངང་དེ་མ་ཤོར་བར་ནང་དུ་ངོས་བཟུང་ནས་བསྒོམ་པའོ། །གནད་ལ་བོར་བ་ནི་རྟོགས་པའི་དོན་དང་བསྲེ་བ་སྟེ། ཤར་གྲོལ་རིས་མེད་དུ་ཤ་ར་ར་རྨི་ལམ་གྱི་སྣང་བ་དང་ཉིན་དུས་ཐམས་ཅད་ཡེངས་མེད་དུ་སྦྱང་བའོ། །བསྐྱིལ་པ་ནི་ངང་ལ་སྒོམ་པ་སྟེ་རྨི་ལམ་བདེན་མེད་ཤར་གྲོལ་དུ་སྦྱངས་པའི་ངང་དེ་ལ་ཡུན་རིང་དུ་སེམས་རྩེ་གཅིག་ཏུ་བསྐྱིལ་ནས་བསྒོམ་པའོ། །བཟློག་པ་ནི་ཆོས་ཉིད་དུ་ལ་བཟླ་བ་འམ་ཐག་ཆོད་པ་སྟེ། ཉིན་སྣང་དང༌། རྨི་ལམ་དང༌། ལྟ་སྒོམ་ཐམས་ཅད་ཅོག་གིས་བཞག་པ་འམ་ཐད་ཀར་བཞག་པ་སྟེ། གང་ཡང་ཡིད་ལ་མི་བྱེད་པར་སྟོང་ཉིད་ཀ་དག་ནི་ནམ་མཁའ་ཡངས་པར་རང་སངས་ཆོས་ཉིད་དུ་ཡལ་དུ་འཇུག་པའོ། །ཆོས་ཉིད་ཅེས་པ་རྟ་ལ་རྭ་མེད་པ་ལྟ་བུའི་སྟོང་པ་ཕྱང་ཆད་མ་ཡིན་པ་སྟོང་པ་གསལ་བའི་སྙིང་པོ་ཅན་ཞིག་ལ་གོ་དགོས་སོ། །དེ་ལྟར་བྱས་པ་ན་དང་པོ་བརྩོན་འགྲུས་རབ་ལ་བརྗེད་ངས་འབྲིང་ལ་གསལ། ཐ་མ་དགའ་སྤྲོ་དང་བཅས་པ་ལས། མཐར་གྱིས་རྨི་ལམ་རྒྱུན་ཆད་དེ། རྨི་ལམ་འོད་གསལ་དུ་གྲོལ་ནས་ཆོས་ཉིད་ཀྱི་ཏིང་ངེ་འཛིན་ལ་ཉིན་མཚན་འདྲེས་པ་འབྱུང་ངོ༌། །འདིའི་དུས་སུ་ལུས་ལ་གྲིབ་མ་མེད་པ་དང་རྡུལ་ཕྲན་སིལ་བུར་རང་གིས་མཐོང་བས་གྲིབ་མའི་སྣང་བ་ལྟར་བདེན་མེད་དུ་འཆར་ཞིང༌། བར་དོ་རང་ཆོད་ལ་སོང་བ་སྟེ། ཐལ་འགྱུར་ལས། སྒྱུ་ལུས་རྨི་ལམ་དག་ཏུ་སྦྱང༌། །དེ་ཉིད་འབྱོངས་པའི་ལུས་ཉིད་ཀྱང༌། །གྲིབ་མའི་རྣམ་པ་ལྟ་བུར་འགྱུར། །དེ་ནས་བར་མ་དོ་ཡི་ལུས། །འདི་དག་རང་དུ་འཛིན་པར་འགྱུར། །ཞེས་སོ། །འདིའི་སྐབས་སུ་གཉིད་ལ་བརྟེན་བའི་འོད་གསལ་སྦྱང་བའང་རྒྱུད་དེ་ཉིད་ལས། གཉིད་ཀྱི་བསམ་གཏན་ལ་སྦྱངས་ན། །འབྱོངས་པས་ཉིན་དང་མཚན་མེད་པར། །ཕྱི་རོལ་སྣང་བ་གསལ་བ་དང༌། །འདིས་ནི་འོད་གསལ་ཆེན་པོ་འགྲུབ། །ཅེས་པས། འདི་ལ་འོད་གསལ་སྤྱིར་སྒོམ་པ་དང་སྤྱིར་སྒོམ་པའི་གནད་དེ་དང་སྦྱར་ཏེ་བྱེ་བྲག་ཏུ་སྒོམ་པ་གཉིས་ལས། དང་པོ་འོད་གསལ་སྤྱིར་སྒོམ་པ་ནི་ཉིན་དུས་ལུས་གནད་དང་རླུང་གནད་བསྟུན་ནས་ཤེས་པ་དྭངས་གསལ་ཕྱེད་པར་ས་ལེ་རྒྱ་བསྐྱེད་ནས་བསྒོམ་ཞིང་མཚན་དུས་སེང་གེའི་ཉལ་ལུགས་ཀྱིས་གཉིད་དུ་འགྲོ་ཁའི་ཤེས་པ་རྟོག་མེད་ཀྱི་འོད་གསལ་ངོས་བཟུང་བའི་ངང་ལ་ཉལ་བས་རྨི་ལམ་གང་ཡང་མེད་པར་ངང་དེ་ཉིད་ལ་གནས་ཤིང་ཉེ་འཁོར་གྱི་སྣང་བའང་མཐོང་ལ་རྟོག་དཔྱོད་གང་ཡང་མི་འགྱུར་བར་གནས་ཏེ། གཉིད་དུ་སོང་བྱས་ན་སྣང་བ་སོ་སོ་ན་གསལ་བར་ངེས་ལ། མ་སོང་བྱས་ན་སད་རྒྱུ་འབྱུང་བའོ། །འདིའི་དུས་ན་འོད་ལྔའི་སྣང་བ་དང་ཐིག་ལེ་དང་ཟེར་དང་མར་མེ་ལྟ་བུའི་སྣང་བ་ཡང་གསལ་བར་མཐོང་སྟེ་སྣང་བའི་འོད་གསལ་ཞེས་བྱའོ། །ཤེས་པ་གསལ་དྭངས་ཕྱེད་པ་ནི་སྟོང་བའི་འོད་གསལ་ཏེ་བདེ་གསལ་མི་རྟོག་པ་གསུམ་དུ་གནས་སོ། །སྤྱིར་གཉིད་དང་འཆི་བ་གཉིས་ཕྲ་རགས་ཙམ་མ་གཏོགས་འདྲ་བར་གསུངས་ཤིང་། འོད་གསལ་གྱི་ངང་ནས་འཁྲུལ་བ་དང་། འོད་གསལ་གྱི་ངང་དུ་གྲོལ་བ་དང་། ཡང་ན་འོད་གསལ་གྱི་ངང་ནས་ཤར་བ་དང་། འོད་གསལ་གྱི་ངང་དུ་ཐིམ་པ་ལྟ་བུ་གང་ལྟར་བཤད་ཀྱང་། རིང་ས་ནས་བཤད་ན། དང་པོ་གཞི་ལས་གཞི་སྣང་ཤར་ཞིང་། དེའི་སྐབས་སུ་ཁྱད་ཆོས་དྲུག་གིས་གྲོལ་མ་ཐུབ་པས་གཉིས་འཛིན་གྱིས་བསླད་ན་གཟུང་འཛིན་རྒྱང་ཆད་དུ་སོང་སྟེ། རྒྱུ་གཉིས་རྐྱེན་བཞིའི་འཁྲུལ་བའི་དབང་དུ་གྱུར་པ། དེ་ནས་གཟུང་སྟེ་མཐར་འཆི་སྲིད་ཆོས་སྐུའི་འོད་གསལ་ཤར་ཚེ་ཡང་དེའི་ངང་དུ་ཕྱིར་ཐེངས་གཅིག་སླེབས་པ་ཡིན་ནོ། །འབྲིང་ས་ནས་བཤད་ན། གནས་སྐབས་ཀྱི་གཞི་དེ་ལས་གཞི་སྣང་གི་སྣང་བ་ཉིན་ཁར་འཁྲུལ་བ་བར་མ་ཆད་པར་ཤར་ཞིང་། དགོང་མོ་གཉིད་ཀྱི་ཚེ་རྟོག་ཚོགས་བརྒྱད་ཅུ་འགགས་ནས་འོད་གསལ་གྱི་ངང་དུ་ཕྱིར་ཐིམ་པའོ། །ཡང་དེའི་ངང་ནས་ལུགས་ལྡོག་བྱས་ན་ཀུན་གཞིའི་རྣམ་ཤེས་ཕྲ་མོས་རྐྱེན་བྱས་ནས་རྨི་ལམ་གྱི་འཁྲུལ་སྣང་ཕྲ་མོ་དེ་ཤར་བ་ཡིན་ནོ། །ཐུང་ས་ནས་བཤད་ན། རྣམ་རྟོག་སྐད་ཅིག་མ་གཅིག་གི་སྐྱེ་འགག་གི་དབང་གིས་ཐོག་མ་ཀ་དག་གི་འོད་གསལ་ནས་ཡོང་བ་ཡིན་ལ་ཐ་མ་ཀ་དག་གི་ངང་དུ་འགག་འགྲོ་བ་ཡིན་པས། ཀ་དག་གཉིས་ཀྱི་བར་ནས་འཁྲུལ་བའི་སྣང་བ་ཞིག་བྱུང་བས་ད་ལྟའི་སྐྱེ་སྲིད་ཀྱི་བར་དོ་འདི་ལ་སྐྱེ་གནས་བར་དོ་ཞེས་གསུངས་ནས་ཐམས་ཅད་བར་དོ་བཞིའི་ཁོངས་སུ་བསྡུ་བ་ཡང་དེའི་དབང་གིས་ཡིན། དེས་ན་གཉིད་ཀྱི་རྣལ་འབྱོར་འདི་གལ་ཆེ་བ་ཡིན་ནོ། །སྙིང་ཐིག་གི་ཁྲིད་ཡིག་ཆེན་མོ་རྣམས་སུ་ཡང་ཚད་རྨི་ལམ་གྱིས་གཟུང་ཞེས་གསུངས་པས་རྣལ་འབྱོར་བས་ས་ལམ་ཉམས་རྟོགས་ཇི་ལྟར་ཡིན་པ་རང་གིས་རང་བརྟག་དཔྱད་བཏང་ན་རྨི་ལམ་གྱིས་ཚད་གཟུང་བར་བྱེད་ཆོག མན་ངག་གི་གཞུང་འདིའི་འོག་ནས་ཀྱང་འབྱུང་ངོ། །འདི་ལ་ཡང་རྒྱུད་གཞན་ནས་སྲབ་མོའི་འོད་གསལ་དང་འཐུག་པོའི་འོད་གསལ་སོགས་ཀྱི་དབྱེ་བ་ཡང་འབྱུང་ཞིང་། རྨི་ལམ་སྦྱོང་བ་འདི་ཡང་དག་པར་གོམས་པར་བྱས་ན་ཉིན་སྣང་རྨི་ལམ་དང་སྒྱུ་མ་ལྟ་བུ་ལ་འབྱོངས་ནས་མཚན་སྣང་རྨི་ལམ་གྱི་སྐབས་ཀྱང་དེ་དང་མ་བྲལ་ཚེ་ཉིན་མཚན་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བར་ཕན་པ་ཆེའོ། །འདི་ནས་བསྒྱུར་བ་གསུངས་པ་ལའང་སྣང་སྟོང་གཉིས་ལས། སྣང་བའི་ཕྱོགས་སུ་བསྒྱུར་བ་ནི། སྣང་བའི་སྐུ་དང་ཞིང་ཁམས་སུ་བསྒྱུར་བ་དང་། སྟོང་པའི་ཕྱོགས་སུ་བསྒྱུར་བ་ནི། ནམ་མཁའི་ཁམས་སུ་ན་བུན་ཡལ་བ་ལྟར་འཁྲུལ་སྣང་སྐད་ཅིག་ཏུ་སྟོང་སང་དུ་བསྒོམས་པའོ། །བཅད་པ་ནི་ཇི་ལྟར་སྣང་བའི་སྐབས་སུ་སྣང་བའི་ཐོག་དེར་རིག་ཅིང་གསལ་བའི་འཛིན་པ་ཕར་མི་བཏགས། རིག་ཐོག་ཏུ་སྣང་བའི་གཟུགས་བརྙན་ཚུར་མི་འཛིན། སྣང་སེམས་གཉིས་འབྲེལ་བའི་ངང་ལ་རྟོག་པས་མི་བསླད་པར་བཞག་ནས་གཏད་མེད་ཀྱི་ཐོག་ནས་ཞེན་པ་ཙམ་ཡང་མི་བྱེད་པར་བཅད་པའོ། །དཀྲུག་པ་ནི། གང་བསྒོམ་པ་རྣམས་ཕན་ཚུན་གོ་ལྡོག་པ་སྟེ། འཁོར་ལོ་བཞིའི་རླུང་སེམས་གོ་ལྡོག་སྟེ་རྟོག་པ་མི་རྟོག་པ་ལ་ཕར་དཀྲུག་པ་ལྟ་བུའོ། །གཅུད་པ་ནི་ཉམས་བརྟན་པར་བྱ་བའི་ཕྱིར་དེའི་ངང་ཤོར་དུ་མི་འཇུག་པར་གནད་ལ་བོར་བ་འདུན་པ་དྲག་པོས་མན་ངག་གནད་ལ་ཐེབས་པར་བྱ་བའོ། །འདིའི་སྐབས་སུ་རྩ་རྦ་རླབས་བལྟེམས་ནས་ཉལ་ན་ཕན་པར་ཞལ་ཤེས་ནས་གསུངས་སོ། །དེ་ལྟར་དུ་བསྐྱིལ་བ་དང་བཟློག་པ་གཉིས་ཀྱང་གཞུང་བཞིན་བྱས་ན། རྨི་ལམ་དང་བག་ཆགས་ཐམས་ཅད་ཐ་མར་ཟད་ནས་འཁྲུལ་བ་རང་སང་དུ་འགྲོ་བའི་དགོས་པ་ཡོད་པའོ། །དེ་ཡང་དང་པོའི་སྐབས་སུ་རྨི་ལམ་ཟིན། བར་དུ་དགེ་བ་འབའ་ཞིག་རྨིས། མཐར་རྨི་ལམ་ཟད་ནས་གཉིད་འོད་གསལ་དུ་འགྱུར་བ་ཡིན་ནོ། །འོད་གསལ་གནད་དང་སྦྱར་ཏེ་བྱེ་བྲག་ཏུ་བསྒོམ་པ་ལ་བཞི་སྟེ། སྲོད་ལ་དབང་བོ་གནས་སུ་བསྡུ་བ། ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ། ཐོ་རངས་ཡེ་ཤེས་གསལ་བར་བྱེད་པ། ཉིན་པར་སྣང་བ་རྒྱ་ཡིས་གདབ་པའོ། །དང་པོ་ནི། དུང་ཁང་ན་ཐིག་ལེ་སྟོང་བའི་སྒྲོན་མ་ལ་སེམས་གཏད་དེ་བསྒོམ་པའོ། །གཉིས་པ་ནི། སྙིང་གར་ཨཿ དཀར་པོ་ལ་སེམས་རྩེ་གཅིག་ཏུ་འཛིན་པའོ། །གསུམ་པ་ནི། སེང་གེའི་ལྟ་སྟངས་ཀྱིས་གཞུ་གང་སྟེ་འདོམ་གང་གི་ནམ་མཁའ་སྙིང་ནང་གི་ཨཿ འཕངས་ཏེ་ལིང་ངེ་འདུག་པ་ལ་སེམས་གཏོད་པའོ། །བཞི་པ་ནི་ལུས་གནད་སེམས་དང་བཅས་པ་སྔ་མ་བཞིན་བསྟུན་ནས་ཤེས་པ་གསལ་དྭངས་ཕྱེད་པར་བསྒོམ་ཞིང་རྗེས་ལ་སྒྱུ་མ་རྨི་ལམ་དུ་ཤེས་པར་བྱེད་པའོ། །འདི་དག་ལ་འོད་གསལ་དུས་བཞིའི་རྣལ་འབྱོར་གྱི་གནད་ཅེས་བྱའོ། །དེ་དག་ཀྱང་ཀློང་དྲུག་པ་ལས། ཉིན་དུས་སྣང་བ་རྒྱས་འདེབས་སོ། །མཚན་དུས་རང་གི་གནས་ཁང་དུ། །དུས་བཞི་མཉམ་པའི་ཚད་གཟུང་ཕྱིར། །དབང་པོའི་སྒོ་རྣམས་རང་བསྡུས་ནས། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །རྣལ་འབྱོར་ལྡན་པ་སེམས་ཞུགས་ཏེ། །ཐིག་ལེ་ཉིད་ནི་འཕེལ་བ་ན། །ཤེས་པ་ཉིད་ཀྱང་འཕེལ་བར་གཏད། །དེ་བཞིན་ཐིག་ལེ་ཕྲར་གྱུར་ཚེ། །ཐིག་ལེ་ཇེ་ཕྲ་ཇེ་ཕྲ་ལ། །ཤེས་པའང་ཇེ་ཕྲ་ཇེ་ཕྲར་གཞག །གཉིད་དང་རྨི་ལམ་གནད་ཀྱིས་ནི། །སྔར་ཞེན་བག་ཆགས་རྩད་ནས་དབྱུང༌། །ཞེས་སོ། །སྲོད་ལ་དབང་པོ་གནས་སུ་བསྡུ་བ་ནི། སྐྱིལ་ཀྲུང་གིས་འདུག་པའི་སྙིང་ཁ་ནས་སྤྱི་བོའི་བར་གྱི་རྩ་དབུ་མའི་ནང་དུ་ཨ་དཀར་པོ་དོང་ཙེ་བརྩེགས་པ་ལྟར་གསལ་བཏབ་ཏེ་བསྒོམས། དེ་ནས་མས་ནས་ཡར་གཅིག་ལ་གཅིག་ཐིམ་གྱིས་མཐར་ཐམས་ཅད་སྤྱི་བོའི་ཨ་དཀར་གཅིག་ལ་ཐིམ། དེ་ཡང་ནམ་འཁར་ཐིམ་ནས་ཐིག་ལེ་སྟོང་སྒྲོན་ལ་སེམས་གཏད་པ་དེ་ལྟར་བྱས་ན་སྟབས་བདེའོ། །ནམ་ཕྱེད་ཤེས་བྱ་བུམ་པར་གཞུག་པ་ནི། ཉལ་དུས་སྙིང་ཁ་ལ་ཨ་དཀར་རམ་འོད་ལྔའི་སྒྲོན་མེ་ལ་སེམས་གཏད་ནས་ཉལ་ན་ཆོག་གོ །ཐོ་རངས་ཡེ་ཤེས་གསལ་བར་བྱེད་པ་ནི་སེངྒེའི་ལྟ་སྟངས་ཀྱིས་གྱེན་ལ་གཏད་ནས་སྤྱི་བོའི་གཙུག་གི་འདོམ་པ་གང་གི་སར་སྙིང་ནང་གི་ཨ་དཀར་དེ་ལིང་ངེ་ཡར་འཕངས་ནས་ནམ་མཁར་ཡོད་པ་དེ་ལ་སེམས་གཟུང་བ་དང་། མཚམས་རེ་ཨ་དེ་མེད་པར་རྟོག་པ་གཞན་དུ་ཡང་མི་འགྱུ་བར་གསལ་སྟོང་ཕྱེད་པར་འཆར་བ་དེའི་ངང་དུ་བཞག་ནས་བསྒོམ་དགོས་སོ། །འདི་དག་ནི་ཀུན་མཁྱེན་ཆེན་པོས་ཉམས་མྱོང་གི་ཞལ་ཤེས་ཡིན་པས་གནད་ཆེའོ། །ཉིན་པར་སྣང་བ་རྒྱ་ཡིས་འདེབས་པ་ནི། མཉམ་རྗེས་གཉིས་ལས། མཉམ་བཞག་ནི། རླུང་དལ་བུས་བཟུང་ལ། མིག་མི་འཛུམ་པར་སྙིང་ནང་དུ་ཨ་དཀར་པོའམ་འོད་ལྔའི་གོང་བུ་ལ་སེམས་བཟུང་ནས་སྔར་བཞིན་དུ་བསྒོམ་པའོ། །རྗེས་ཐོབ་ནི། དེའི་ངང་ལས་ལངས་ནས་སྣང་བ་ཐམས་ཅད་སྒྱུ་མའི་དཔེ་བརྒྱད་དང་། ནམ་མཁའ་ལྟར་སྟོང་ཞིང་སྟོང་གསལ་སྣང་ལ་འཛིན་མེད་དུ་སྦྱོང་བའོ། །བག་ཆགས་ཀྱི་ཞེན་པ་བཅད་པ་བསམ་གཏན་གྱི་ཐུན་ནི། །ཡོད་པ་ཆེད་དུ་མི་སྤང༌། མེད་པ་ཆེད་དུ་མི་སྒྲུབ། ཡོད་པ་ལ་མངོན་པར་མི་ཞེན། མེད་པ་ལ་སེམས་ལས་མི་བྱ། འདས་པའི་རྗེས་མི་བཅད། མ་འོངས་པའི་སྔུན་མི་བསུ། ད་ལྟར་གྱི་ཤེས་པ་ལ་གཉེན་པོའི་གོས་མི་བསྐོན་པར་རྗེན་ཡེ་རེ་རེ་རང་ས་ན་གྲོལ་བ་ངོས་བཟུང་སྟེ། སྣང་བ་སྣང་ཐོག་ནས་གྲོལ་བ་བྱེའུ་ཁྲས་ཁྱེར་བ་ལྟ་བུ། འགྱུ་བ་འགྱུ་ཐོག་ནས་གྲོལ་བ་བར་སྣང་གི་སེར་བུ་ཡལ་བ་ལྟ་བུ། སྣང་ཤེས་གཉིས་མེད་དུ་གྲོལ་བ་ལན་ཚྭ་ཆུར་ཐིམ་པ་ལྟ་བུ་སྟེ། ཀློང་དྲུག་པ་ལས། སྐྱེས་བུ་གང་གིས་འདས་པའི་རྗེས་མ་བཟུང༌། མ་འོངས་པའི་སྔུན་མ་བསླངས། ད་ལྟའི་ཤེས་པ་རང་སོ་ལ་བཞག་ནས་ཤེས་པ་ཐམས་ཅད་སྔ་ཕྱི་མེད་པར་གཅིག་ཏུ་འདྲེས་ན་གཅིག་འདུས་ངོ་བོ་གཅིག་པ་ཞེས་བྱ་སྟེ། དུས་གསུམ་མཉམ་པ་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །དྲན་པ་རང་ཟད་ཀྱི་ཐབས་ཀྱིས་འཁོར་འདས་གཉིས་མེད་དུ་བསྲེ་བ་སྟེ། འདས་པའི་དྲན་པ་རྣམས་པར་མཚམས་གཅད་པ་དང༌། མ་འོངས་པའི་དྲན་པ་ཉིད་མགོ་མནན་པ་དང༌། ད་ལྟར་གྱི་དྲན་པ་རྣམས་རང་ཡུལ་དུ་བཏང་བ་ནི་དུས་གསུམ་མཉམ་པར་ཉིད་དུ་རིག་པའི་རྣལ་འབྱོར་པ་ཞེས་བྱའོ། །ཡང་འདས་པའི་སེམས་ལ་ཕུགས་མི་གཏད། མ་འོངས་པའི་སེམས་ལ་རྒྱབ་མི་གཏད། ད་ལྟར་གྱི་སེམས་ལ་བློ་མི་གཏད་པ་ནི་དུས་གསུམ་མཉམ་བ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་མ་རིག་པ་ལ་གཟེགས་མ་བསྐུར། མ་འོངས་པའི་མ་རིག་པ་ལ་ཡབ་མ་བོར། ད་ལྟར་གྱི་མ་རིག་པ་ལ་ཕང་དུ་མ་བསླངས་ན་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཞེ་སྡང་ལ་ཞེ་མི་ཆགས། མ་འོངས་པའི་ཞེ་སྡང་ལ་ལྕགས་ཀྱུས་མ་བཟུང༌། ད་ལྟར་གྱི་ཞེ་སྡང་ལ་ངར་མ་བླུད་ན་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་བ་ཞེས་བྱའོ། །འདས་པའི་གཏི་མུག་གི་སྤྲིན་མ་བསྡུས། མ་འོངས་པའི་གཏི་མུག་གི་ས་མ་བཅད། ད་ལྟར་གྱི་གཏི་མུག་གི་ཆར་མ་བབས་ན་དུས་གསུམ་མཉམ་པ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་སངས་རྒྱས་ལ་ལན་མ་བཏབ། མ་འོངས་པའི་སངས་རྒྱས་ལ་ཁུ་མ་བཏབ། ད་ལྟར་གྱི་སངས་རྒྱས་ལ་ཐོག་མ་གཏོད་པ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཞེས་བྱའོ། །འདས་པའི་འདོད་ཆགས་ཉིད་སུན་ཕྱུང༌། མ་འོངས་བའི་འདོད་ཆགས་རྣམས་ཞེ་བཅད། ད་ལྟར་གྱི་འདོད་ཆགས་ཡུལ་ཕྱུང་བ་ནི་དུས་གསུམ་མཉམ་པ་ཉིད་ཀྱི་རྣལ་འབྱོར་པ་ཡིན་ནོ། །འདས་པའི་ཕྲག་དོག་ལ་དམ་དུ་མ་བཟུང༌། མ་འོངས་པའི་ཕྲག་དོག་ལ་སེམས་མ་བསྡུས། ད་ལྟར་གྱི་ཕྲག་དོག་ལ་སེམས་མ་བཅུག་པ་ནི་དུས་གསུམ་མཉམ་བ་ཉིད་དུ་རྟོགས་པའི་རྣལ་འབྱོར་པ་སྟེ། འཁོར་འདས་གཉིས་མེད་དུ་རྟོགས་པའི་རྣལ་འབྱོར་པ་ཆེན་པོ་ཞེས་བྱའོ་ཞེས་སོ། །སངས་རྒྱས་ནི་ཉམས་སུ་མྱོང་བའི་ཏིང་ངེ་འཛིན་ཡོན་ཏན་དུ་སྣང་བ་ལ་བྱའོ།།

༢༽ གསང་སྔགས་ཟབ་མོའི་སྒོམ་པ་བཤད་པ།

གཉིས་པ་གསང་སྔགས་ཟབ་མོའི་སྒོམ་པ་ལ། རྩ་དང༌། རླུང་དང༌། ཐིག་ལེའི་རྣལ་འབྱོར་གསུམ་སྟེ། ཐལ་འགྱུར་ལས། རྩ་ཡི་གནས་ནི་བརྒྱ་ཕྲག་གཉིས། །དེ་ལ་ངེས་པར་གནད་བསྡུས་ན། །བརྒྱ་དང་བཅོ་ལྔས་ལས་ཀུན་བྱེད། །རབ་ཏུ་འགྱུར་བ་རྩ་ཡི་གནད། །དྲུག་ཅུ་རྩ་བརྒྱད་ཆོས་ཉིད་སྦྱོར། །མཆོག་ཏུ་བདེ་བ་ཆེན་པོའི་རྩ། །བཞི་ཡིས་འགྲོ་བའི་སྣང་བ་ལྟོས། །གཞི་ཡི་གནས་དང་འགྲོ་བའི་ལམ། །སྨིན་པའི་སྒོ་དང་འབྱེད་བའི་ལས། །དུས་དང་དེ་ཡི་སྣང་ཚད་དོ། །དེ་ཡི་གནས་ཀྱི་མན་ངག་ནི། །གནས་དང་སྤོ་དང་འགྲོ་ལམ་སྟེ། །སྨིན་པའི་ས་དང་ཐིག་ལེ་སྦྱར། །དེ་ལྟར་སུ་ཡིས་བྱས་པ་ཡིས། །རྣམ་རྟོག་འགགས་ལ་ཡེ་ཤེས་སྐྱེའོ། །ཞེས་པ་དང༌། རླུང་གི་དགོས་པ་རྣམ་པ་གཉིས། །འཇིག་རྟེན་ལུས་རྫོགས་སྐྱེད་པ་དང༌། །འདས་པ་སྐུ་དང་ཡེ་ཤེས་དང༌། །ཐིག་ལེ་ཉིད་ལ་གོམས་པ་དང༌། །ལུས་ནི་སྟོང་དང་གསལ་བས་ཁྱབ། །སེམས་ཀྱི་རྟོག་པ་འགག་པ་དང༌། །མི་རྟོག་ཡེ་ཤེས་སྐྱེ་པ་དང༌། །ཕྱི་ཡི་སྣང་བ་ཟད་པ་དང༌། །རླུང་དང་སེམས་སུ་འདྲེས་པ་སྟེ། །དེས་ན་རླུང་གིས་ལས་ཀུན་བྱེད། །ཅེས་པ་དང༌། རེ་ཞིག་ཀུན་རྫོབ་ཐིག་ལེ་ལ། །བརྟེན་ནས་སངས་རྒྱས་འདོད་པ་ཡིས། །རིག་མ་མཚན་ཉིད་རྫོགས་པ་ནི། །དགུག་བའི་སྦྱོར་པ་ངེས་བརྩམས་ནས། །བསྟེན་བྱ་ཉིད་དང་རྩ་རྣམས་དང༌། དམིགས་བྱ་དག་གིས་ལུས་རྫོགས་བྱ། །དེ་ནས་ཀུན་རྫོབ་ཐིག་ལེ་ཉིད། །དབབ་ཅིང་བཟུང་དང་བཟློག་པ་དང༌། །རྩ་ལ་གདབ་ཅིང་རླུང་ལ་བསྲེ། །སྟོང་ཉིད་བྱ་ཞིང་བློ་རྗེས་བཅད། །ལུས་དང་སེམས་གཉིས་གོ་བཟློག་བྱ། །ཞེས་སོ། །དེ་དག་ནི་རེ་ཞིག་ལག་ཁྲིད་བཞིན་དུ་ཤེས་པར་བྱའོ།།

༣༽ ལྷ་དང་མིའི་སེམས་འཛིན་བཤད་པ།

༡ མདོར་བསྟན་པ།

གསུམ་པ་ལྷ་དང་མིའི་སེམས་འཛིན་པ་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་པར་བཤད་པའོ། །དང་པོ་ནི་སྒྲོན་མ་སྣང་བྱེད་ལས། ལྷ་དང་མི་ཡི་སེམས་འཛིན་གྱིས། །སྣ་ཚོགས་མཚན་མ་འཛིན་པ་ནི། །ལུས་ཀྱི་གནད་ནི་སྐྱིལ་ཀྲུང་ལ། །དབུགས་ཀྱི་གནད་ནི་ནང་དུ་རྔུབ། །རིག་པའི་གནད་ནི་སྣ་རྩེའོ། །ཞེས་པ་དང༌། རང་ཤར་ལས། ལྷ་དང་མི་ཡི་སེམས་འཛིན་ནི། །ཁ་སྣའི་དབུགས་ནི་བསྡམས་བྱས་ནས། །རྟོག་མེད་ཡིད་ལ་འགྱུས་པ་ནི། །ཤེས་པ་རྩེ་གཅིག་ངོ་བོ་སྟེ། །འཕྲལ་གྱི་རྣམ་རྟོག་མེད་པར་གསུངས། །ཞེས་སོ།།

༢ རྒྱས་པར་བཤད་པ།

གཉིས་པ་ལ་གཉིས་ཏེ། དམིགས་རྟེན་རགས་པ་དང༌། ཕྲ་བ་ལ་བསླབ་པའོ། །དང་པོ་ནི་ཚོགས་དྲུག་སོ་སོའི་ཡུལ་ལ་སེམས་འཛིན་པ་སྟེ། གཟུགས་སྒྲ་དྲི་རོ་རེག་ཆོས་ནི་རྣམ་རྟོག་གང་ཤར་འཆར་དུ་བཅུག་ནས་དེའི་ངང་ལ་མ་ཡེངས་པར་ངོ་ལ་ཅེ་རེ་རེ་དྲན་རྟོག་སྔ་ཕྱིའི་བར་དེ་ངོས་བཟུང་ནས་སྒོམ་པ་སྟེ། ཚོགས་དྲུག་གི་ཡུལ་གང་ཤར་དེའི་སྟེང་དུ་ཤེས་པ་ཙེ་ནེ་འཛིན་པ་ཡང༌། ཐལ་འགྱུར་ལས། ཉམས་སུ་ལེན་པའི་གནད་འདིའོ། །དམིགས་རྟེན་ཉིད་དང་བསམ་གནས་སོ། །དམིགས་རྟེན་སྒྲ་དྲི་རོ་དང་རེག །འདོད་པ་ལྔ་ཡི་གནས་སྦྱངས་ཏེ། །གཟུགས་ནི་ཁ་དོག་དབྱིབས་རྣམས་དང༌། །བཟོ་དང་སྒྱུ་རྩལ་ཐ་དད་དང༌། །མིག་འཕྲུལ་རྣམ་པ་སྣ་ཚོགས་པའོ། །སྒྲ་ནི་པི་ཝང་བུང་ལྡིར་དང༌། །རྒྱུད་མང་རྫ་རྔ་གླིང་བུ་དང༌། །ཕེག་དང་ཧ་ར་ལ་སོགས་པའོ། །དྲི་ནི་ངད་ལྡན་སྦྱར་མ་དང༌། །ཡིད་མཐུན་རྟེན་འབྲེལ་ཟབ་མོས་བྱ། །རོ་ནི་བུ་རམ་དྲུག་ལྡན་དང༌། །རྒུན་ཆང་སྦྱར་མ་སྣ་ཚོགས་བསྒྱུར། །རྟེན་འབྲེལ་ཡན་ལག་སྦྱོར་བས་སོ། །རེག་ནི་མཁས་པས་ཁྲི་སྟེང་སྦྱོར། །གཞུ་བསྣོལ་འབྱུང་བའི་སྦྱོར་བ་དང༌། །ཤིང་གི་ལོ་མ་འགའ་ཞིག་གིས། །རེག་པ་ཙམ་གྱིས་ཆོས་ཉིད་ལ། །འབྲལ་མེད་སེམས་ཀྱི་གནས་པའོ། །སེམས་ནི་བཟུང་དང་གནས་པ་དང༌། །རྩ་བ་བཅད་དང་དངོས་པོ་དེད། །ཡུལ་དང་ཤེས་པའི་བར་ནས་བཙལ། །ཡེངས་ལ་བོར་བ་རྣམས་ཡིན་ནོ། །ཞེས་སོ། །གཉིས་པ་ཕྲ་བ་ལ་བསླབ་པ་ནི། ཚོགས་དྲུག་གི་བྱེ་བྲག་ཡིད་ཀྱི་ཡུལ་གྱི་ཆོས་ལ་བསླབ་པ་སྟེ། འདི་ལ་གཉིས་ཏེ། རྣམ་གྲངས་སྤྱིར་བསྟན་པ་དང༌། སྐབས་ཀྱི་ངོ་བོ་ངོས་གཟུང་བའོ། །དང་པོ་ནི་ཉི་ཟླ་ཁ་སྦྱོར་ལས། ཡི་གེ་ཨ་ལ་སེམས་གཏད་པས། །དངོས་པོའི་ཞེན་པ་རང་སར་བཟློག །བསྐྱེད་པའི་ལྷ་ལ་སེམས་གཏད་པས། །ལུས་ཀྱི་དྲི་མ་དག་པར་བྱེད། །ངག་གི་རྡོ་རྗེའི་གླུ་ཡིས་ནི། །དེ་ཡི་ཡིད་ནི་ཚིམ་པར་བྱེད། །ཡི་གེ་ཧཱུཾ་ལ་སེམས་གཏད་པས། །དེ་ཡི་ངག་གི་དྲི་མ་འདག །རཾ་ལ་སེམས་ནི་སུས་འཛིན་པ། །དེ་ཡིས་དངོས་པོ་ཐམས་ཅད་སྦྱོང༌། །ཡི་གེ་ཧ་ལ་སུ་གནས་པ། །གཏི་མུག་ཐམས་ཅད་ཟད་པར་བྱེད། །གང་ཞིག་ཕཊ྄་ལ་སེམས་གནས་པ། །དེ་ཡིས་ལུས་ངག་གནོད་པ་སྤོང༌། །སྨིན་མཚམས་ཐིག་ལེ་གང་སྒོམ་པ། །འདིས་ནི་རླུང་ལ་གོམས་པར་འགྱུར། །དབྱུ་གུའི་རྒྱུ་ལ་སེམས་འཛིན་པ། །དེས་ནི་དབང་པོའི་སྒོ་རྣམས་ཁེགས། །སྣ་རྩེར་ཡི་ནི་སུ་སྒོམ་པ། །འབྱུང་བ་ཡས་པ་རང་སར་བསྡུ། །ལུས་རྟེན་རང་འོད་གང་སྒོམ་པ། །འདི་ནི་བར་དོའི་ས་ལ་གོམས། །ནམ་མཁར་སེམས་ནི་སུས་འཕངས་པ། །འདིས་ནི་སྟོང་པ་ཉིད་ལ་གོམས། །གང་གིས་རྣ་བར་སེམས་བཟུང་བ། །འདིས་ནི་སྒྲ་རྣམས་ཅི་དགར་སྤྱོད། །གང་གིས་སྙིང་གར་སེམས་འཛིན་པ། །འདིས་ནི་བསམ་པ་རང་སར་དག །སྟོང་པ་ཉིད་ལ་སུ་གནས་པ། །འདིས་ནི་དངོས་པོའི་ཞེན་པ་འགག །སྟོང་ཉིད་ཧད་པོར་སུ་སྒོམ་པ། །དྲན་པ་རྣམས་ནི་ཅིག་ཅར་སྟོངས། །མི་རྟོག་སེམས་ལ་གང་སྦྱོར་བ། །འདིས་ནི་འཁོར་བའི་ཞེན་པ་བཟློག །འབྱུང་བ་ལྔ་ལ་སེམས་བཟུང་ན། །དེས་ནི་ལུས་ཀྱི་སེམས་རྣམས་འབྱུང༌། །མི་རྟོག་ཡེ་ཤེས་གང་སྒོམ་པ། །འདིས་ནི་མཚན་མའི་ཞེན་པ་འགག །གཉིས་འཇུག་བདེ་བ་སུ་སྒོམ་པ། །འདིས་ནི་འདོད་ཡོན་ལམ་དུ་བྱེད། །བར་སྣང་ལམ་དུ་སུ་བྱེད་པ། །འདིས་ནི་སེམས་ལ་དབང་ཡང་ཐོབ། །ཅེས་སོ། །གོང་དུ་བཤད་པའི་སེམས་འཛིན་ཉི་ཤུ་རྩ་གཅིག་དེ་དག་གི་གནས་དང་ཉམས་སུ་ལེན་པའི་གནད་ངེས་པ་ནི། ཐལ་འགྱུར་ལས། སེམས་འཛིན་བསླབ་རིམ་ཉེར་གཅིག་གིས། །དང་པོ་གནས་སུ་གཞུག་པ་དང༌། །གཉིས་པ་ལུས་སེམས་དབྲལ་བ་དང༌། །གསུམ་པ་ཆོས་ཉིད་མཐོང་བའོ། །འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །འགྱུ་བྱེད་རླུང་གི་རྟ་དང་ཡང༌། །བསྲེ་ཞིང་འཕེན་ཅིང་སྡུད་པ་ཡི། །གནད་རྣམས་མཁས་པས་བསྟེན་བྱས་ན། །སེམས་ཀྱི་རྟོག་པ་རྒྱུན་ཆད་དོ། །ཞེས་སོ། །བདུན་ཚན་དང་པོས་རང་སེམས་གནས་སུ་བཅུག གཉིས་པས་ལུས་སེམས་ཀྱི་འཛིན་ཞེན་དང་ཕྲལ། གསུམ་པས་ཆོས་ཉིད་ཀྱི་མཐོང་བསྟན་པའོ། །གཉིས་པ་སྐབས་ཀྱི་ངོ་བོ་ངོས་གཟུང་བ་ནི། ཉེར་གཅིག་པོ་དེ་དག་ལས་འདིར་བདུན་ལ་བསླབ་པར་བྱའོ། །བདུན་པོ་དེ་ལས་དང་པོ་ནི། དད་པ་དང་ལྡན་པ་ཞིག་གིས་སྔོན་དུ་བླ་མ་མཉེས་པར་བྱས་ལ་དེ་ནས་དབེན་པར་སྟན་བདེ་བ་ལ་འདུག་སྟེ། སྐྱིལ་ཀྲུང་བཅས་ནས་མཚན་མ་ཨཱཿ དཀར་ལ་སེམས་གཟུང་བ་ནི། རང་གི་སྣ་རྩེར་ཨཱཿ དཀར་པོ་ཞིག་བསམས་ལ་རླུང་ཕར་སོང་དུས་ཨཱཿ དེ་ཡང་ཕྱིར་རྒྱངས་ཀྱིས་སོང༌། ནང་དུ་འཇུག་དུས་ཨཱཿ དེ་ཚུར་ལ་དཀར་ཧྲིལ་ལི་ལི་སྣ་རྩེར་བྱུང་བ་ལ་སེམས་མ་ཡེངས་པར་ཡུན་བསྲིངས་ལ་བསྒོམ་མོ། །དེའང་ལུས་ཚ་བ་ཤེས་ཆེ་ན་ཨཱཿ དེ་གྲང་རེག་ཏུ་བསམ་མོ། །གྲང་བ་ཆེ་ན་ཚ་རེག་ཏུ་བསམ་མོ། །དེ་ལྟར་བྱས་པས་སྐྱེ་མེད་བསམ་ངོ་དང་བྲལ་བའི་ཉམས་སུ་མྱོང་བ་སྐྱེའོ། །མཐར་མི་རྟོག་པའི་ངང་དུ་མཉམ་པར་བཞག་གོ །གཉིས་པ་ནི་དེ་ལ་མ་མོས་ན་བར་ཆད་སེལ་བའི་ཡི་གེ་ཕཊ྄་དྲག་པོ་ལ་སེམས་གཟུང་བ་ནི། ལུས་གནད་གོང་ལྟར་བྱས་ལ་དར་ཅིག་ཤེས་པ་རང་བབས་སུ་ཡེང་དུ་བཅུག་ནས་ཕཊ྄་དྲག་པོ་ཞིག་བརྗོད་པས་ཤེས་པ་གསལ་ལ་མི་རྟོག་པ་ཧད་དེ་བ་ཞིག་འཆར་བ་དེ་ཡེ་ཤེས་སུ་ངོས་གཟུང་ལ་རྟོག་པ་མ་ལངས་ཀྱི་བར་དུ་སེམས་བཟུང་། ཡང་རྣམ་རྟོག་འཕྲོ་བ་དང་ཡང་ཕཊ྄་སྒྲ་བརྒྱབ་ནས་ཤེས་པ་རྟོག་མེད་དེའི་ངང་དུ་ཉིན་མཚན་དུ་བསླབ་པས་རང་བཞིན་དག་པའི་ཉམས་སུ་མྱོང་བ་སེམས་སྟོང་གསལ་རང་དྭངས་ཀྱི་སྒོམ་པ་སྐྱེའོ། །གསུམ་པ་ནི་དེ་ལ་མ་མོས་ན་ཁྲོ་བོ་དགྱེས་པའི་གད་མོ་ལ་སེམས་བཟུང་སྟེ་ལུས་གོང་ལྟར་གློད་ལ་ཧ་དྲག་ལ་ཐུང་བར་བརྗོད་པས་གསལ་ལ་རྟོག་མེད་ཀྱི་ཡེ་ཤེས་སྐྱེའོ། །དེ་ཡང་ཉོན་མོངས་པས་སེམས་འཁྲུག་པ་དང་ལུས་སེམས་མི་བདེ་བར་གང་བྱུང་ཡང་ཐབས་འདིས་སེལ་ལོ། །འདིའི་དུས་སུ་ཆོས་ཉིད་ངོས་གཟུང་དང་བྲལ་བའི་ཉམས་སྐྱེའོ། །བཞི་བ་ནི་དེ་ལ་མ་མོས་ན་ལྷ་མ་ཡིན་རྩོད་པ་འགྱེད་པ་ལ་སེམས་གཟུང་བ་ནི། རི་རྩེའམ་བྲག་གམ་ཁང་བའི་ཡང་ཐོག་ཏུ་འདུག་སྟེ་ཙོག་པུར་བསྡད་ནས་དང་པོར་མགོ་དལ་བུས་བསྒྲིལ། དེ་ནས་ཁམས་ཀྱིས་ཐུབ་ཐང་དུ་བསྒྲིལ། ལུས་བྱིང་ཡང་བསྐྱོད་ཅིང་ཉི་མ་གསུམ་བཞིར་སྦྱངས་པས་ཇི་ཞིག་ན་ཕྱི་རོལ་གྱི་སྣང་བ་འདི་དག་དམར་ཁྲག་ཁྲུག་ཏུ་འགྱུར་བ་དང༌། དེ་ནས་སེར་ལྷང་ལྷང་དུ་འགྱུར་བ་དང༌། དེ་ནས་སྔོ་གྱ་གྱུར་འགྱུར་བ་དང༌། དེ་ནས་སྐྱ་ཐལ་ཐལ་དུ་འགྱུར་བ་དང༌། །དེ་ནས་སྐྱེ་སང་སེང་དུ་འགྱུར་བ་དང༌། དེ་ནས་ཕྱིའི་སྣང་བ་འགགས་པས་ཅིའི་ངོ་བོར་ཡང་གྲུབ་པ་མེད་པར་འགྱུར་རོ། །དེ་ནས་མཐོང་སྣང་རང་སར་གྲོལ་པའི་ཉམས་སུ་མྱོང་བ་མི་སྐྱེ་མི་སྲིད་དོ། །འདིའི་དུས་ན་རླུང་ལ་ཤིས་པའི་ཁ་ཟས་བསྟེན་ཅིང་ལྟེ་བར་རཾ་ལ་ཤེས་པ་གཏད་དོ། །ལྔ་བ་ནི་དེ་ལ་མ་མོས་ན་རྣམ་པར་རྟོག་པ་ཧཱུྃ་གིས་དེད་པ་ལ་སེམས་བཟུང་སྟེ་ཧཱུཾ་རིང་པོ་དབྱངས་དང་བཅས་པ་རླུང་དང་བསྲེས་ཤིང་སྐབས་སུ་ཐུང་བ་ཡང་བྱས་སེམས་དེའི་ངང་ལས་གཞན་དུ་མི་གཡེང་བར་བཟུང་བས་སེམས་གང་ལའང་མི་རྟོག་པའི་ཏིང་ངེ་འཛིན་འཆར་ཏེ་རྣམ་རྟོག་ཆོས་ཉིད་དུ་འཆར་བའི་ཉམས་སྐྱེའོ། །དྲུག་པ་ནི་དེ་ལ་མ་མོས་ན་སྟོང་ཉིད་རིམ་གྱིས་བ་ལ་སེམས་གཟུང་བ་ནི། རང་གི་ཤེས་རབ་ཀྱིས་ལུས་འདི་སོ་སོར་གསིལ་ལ་མིང་དུ་མ་ལ་སོགས་པས་གཞིག་སྟེ། མགོ་གཅིག་པུ་ལའང་པགས་པ་དང་སྐྲ་དང་ཤ་དང་རྣ་བ་དང་སྣ་དང་ལྕེ་ལ་སོགས་པའང་རྡུལ་ཕྲན་དུ་ཕྱེ་ཞིང་བརྟགས་པས་མགོ་ཞེས་བྱ་བ་གྲུབ་པ་མེད་པ་བཞིན་དུ། ཐམས་ཅད་གཞིག་པས་གང་ཡང་མ་རྙེད་པར་ཧད་དེ་ཕྱམ་མེ་ལུས་ནས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཉམས་སྐྱེས་པའི་ངང་དེར་བསྒོམ་པའོ། །བདུན་པ་ནི་དེ་ལ་མ་མོས་ན་སྟོང་ཉིད་ཅིག་ཅར་བ་ལ་སེམས་གཟུང་བ་ནི། མིག་སྔར་གང་སྣང་དེ་སྟོང་སང་སང་སོང་བ་ལ་ཤེས་པ་གཏད་པས་དེ་འབྱོངས་ནས་དང་པོ་སྣང༌། གཉིས་པ་སྟོང༌། གསུམ་པ་ལ་གང་དུའང་མ་ཕྱེ་བའི་ཆོས་ཉིད་ལ་རང་བཞིན་གྱིས་བློ་གནས་པར་འགྱུར་རོ། །དེ་ལྟར་ན་ལུས་ལ་བརྟེན་པའི་བསམ་གཏན་གྱི་སྐབས་སུ་ལུས་ཀྱི་བསྒུལ་བསྐྱོད་མ་ཞིག་པ་གནད་ཡིན་ནོ། །ངག་གི་དུས་སུ་ཤེས་པ་རྣ་བར་གཞུག་ཅིང་ངག་གི་བརྗོད་པ་མཉམ་པ་གལ་ཆེའོ། །སེམས་ཀྱི་བསམ་གཏན་གྱི་དུས་སུ་སེམས་ཀྱི་གཏད་ས་དམིགས་རྟེན་ལས་མ་ཡེངས་ཤིང་རླུང་དལ་བ་གནད་ཡིན་ནོ། །ད་རུང་མི་རྟོག་པ་ལ་སེམས་གཟུང་བ་ནི། སྣང་བ་གང་སྣང་དང་ཤེས་པ་ཅི་འགྱུ་ཐམས་ཅད་སྐད་ཅིག་མའི་ཕྲེང་བ་ཆ་མེད་རྟོག་བྲལ་དུ་ཡེ་ནས་གནས་པ་དེ་ངོས་བཟུང་ལ་སྦྱངས་པས་རྟོག་མེད་རང་གནས་ཆེན་པོའི་བསམ་གཏན་སྐྱེ་བ་དང་། ཟུང་འཇུག་ལ་སེམས་གཟུང་བ་ནི། གཉིས་སྣང་ཤར་ཚེ་གཉིས་སྣང་གི་ངོ་ལ་བལྟས་པས་རང་དག་གཉིས་མེད་ཆེན་པོའི་ཉམས་སྐྱེ་བ་དང་། ཡང་བར་སྣང་ལམ་དུ་བྱེད་པ་ནི། རིག་པ་བར་སྣང་ལ་ཡར་གྱིས་སོང་བར་བསྒོམ་པ་དང་། སྣང་སེམས་རྟེན་མེད་དུ་བསྒོམ་པ་དང་། ནམ་མཁའ་དང་ཆོས་ཐམས་ཅད་མཉམ་པར་བསྒོམས་པས་མཐའ་བྲལ་སྟོང་པ་ཆེན་པོའི་ཉམས་སྐྱེ་བ་ལ་ཕན་པའོ། །འདི་དག་ནི་ཉམས་གློ་བུར་དུ་སྐྱེ་བའི་གནད་ཟབ་མོ་ཡིན་ནོ། །སྣང་བ་ཡུལ་གྱི་བློ་ཅན་དང་མིན་ཡང་ལས་དང་པོ་བས་སྦྱངས་ན་ཕན་པ་ཆེ་ཞིང་ཉམས་ལ་རན་པ་ཡིན་ནོ།།

༤༽ བདེ་བར་གཤེགས་པའི་དགོངས་པ་བཤད་པ།

བཞི་པ་བདེ་བར་གཤེགས་པའི་དགོངས་པ་ལ་གཉིས་ཏེ། ངོ་བོ་དང༌། དབྱེ་བའོ། །ངོ་བོ་ནི། ཐུན་མཚམས་ལས་འདས་པའི་སྒོམ་པ་ནམ་མཁའ་ལྟ་བུ་སྟེ། རང་ཤར་ལས། དེ་བཞིན་གཤེགས་པའི་དགོངས་པ་ནི། །ནམ་མཁའི་མཐོངས་སུ་ཤེས་པར་བྱ། །ཞེས་སོ། །ཆོས་ཉིད་མ་ཡི་སྣང་བ་ལ་རེ་དོགས་དང་སྤྲོ་བསྡུ་མེད་པས་མཉམ་རྗེས་རིས་མེད་ཆེན་པོའི་དགོངས་པ་བར་མཚམས་མེད་པ་ཆུ་བོ་རྒྱུན་གྱི་རྣལ་འབྱོར། ནམ་མཁའ་མཐའ་དབུས་མེད་པའི་རང་བཞིན་ལ་ཡེངས་དང་མ་ཡེངས་ཀྱི་མཚན་མ་མེད་པར་ཀློང་གྱུར་གཅིག་གི་ཐོག་ཏུ་འཇོག་པའོ། །དབྱེ་ན། མ་བཅོས་པར་རང་གར་བཞག་པས་གཉེན་པོ་མེད་པར་བྱུང་ཚོར་འགག་པ་དང༌། མ་བསྒོམས་པར་རང་བཞིན་བབས་ཀྱིས་བསམ་གཏན་རྙེད་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། བདེ་གཤེགས་དགོངས་པ་རྣམ་གཉིས་ཏེ། །མ་བཅོས་བཞག་པས་བྱུང་ཚོར་འགག །མ་བསྒོམས་བལྟས་པས་དྲོད་ཚད་རྙེད། །ཅེས་སོ། །དེ་ལྟ་བུའི་སྒོམ་པ་ལ་མིང་དུ་བཏགས་ན་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པ་ཞེས་བྱ་སྟེ། ཉིན་མོ་མྱང་འདས་ཀྱི་ཆ། མཚན་མོ་འཁོར་བའི་ཆའོ། །འདི་དུས་ན་སྒོམ་ཉམས་ལ་ཉིན་གསལ་རྒྱུ་མེད་མཚན་མི་གསལ་རྒྱུ་མེད་པར་ཕྲིལ་གྱིས་སོང་བ་ལ་བྱའོ། །མཉམ་རྗེས་རིས་མེད་ཉིན་མཚན་བར་མེད་དུ་སོང་བའོ་ཞེས་པའི་ཐ་སྙད་སྦྱར་བ་དེ་ལ་གོ་དགོས་ཀྱང་ཞིབ་ཅིང་ཕྲ་བའི་ཐོག་ནས་བཤད་ན་སངས་རྒྱས་ཀྱི་སར་མ་གཏོགས་མཉམ་རྗེས་ཀྱི་ཁྱད་པར་གཏན་ནས་མེད་པ་མིན་ནོ།།

༼༢ དེའི་མན་ངག་ཏུ་རྒྱ་མཚོ་ཅོག་གཞག་གི་ཐབས་བཤད་པ།

དེའི་མན་ངག་ཏུ་རྒྱ་མཚོ་ཅོག་གཞག་གི་ཐབས་ནི་མིག་མི་འཛུམ་མི་འགུལ་བར་བསྒོམ་པ་སྟེ། དེ་ཡང་བརྡ་རྟགས་སྒོ་ཡི་རྒྱ་མཚོ་མིག་ཆུའི་རང་བཞིན་དུ་ཡོད་པས་རྒྱ་མཚོ་དེ་དྭངས་པར་བཞག་པས་ཅོག་གཞག་གོ །གང་བསྒོམ་ཡང་མིག་རང་སོར་བཞག་སྟེ་མ་བསྒོམས་ན་མི་སྒོམ། སྒོམ་བྱེད་ཕྱིན་ཆད་མིག་མི་འཛུམ་པར་བལྟ་བ་གནད་ཡིན་ནོ། །དཔེར་ན་རྒྱ་མཚོའི་ནང་དུ་གཟའ་སྐར་ལ་སོགས་པའི་གཟུགས་བརྙན་བཀྲ་ས་ལེ་སྣང་ཡང་རྒྱ་མཚོ་ལ་གོས་པ་མེད་པས་སྣང་ཡུལ་དུ་སྣང་ཡང་བཟུང་དུ་མེད་ལ་ལྟར་ཕྱིའི་སྣང་བ་འདི་རྣམས་མིག་སྔར་རང་ས་ན་སྣང་ཡང་ཤེས་པ་སྣང་ཐོག་ཏུ་མ་ཤོར། སྣང་བས་ཤེས་པ་མ་འཕྲོགས་པར་རང་ས་ན་གསལ་ལ་རྟོག་པ་མེད་པའི་ཤེས་པ་འཕྲོ་བ་དང་གཡོ་རྩོལ་མེད་པར་གནས་པ་ནི་སྣང་སྟོང་ནམ་མཁའ་ལྟ་བུའི་སྒོམ་པ་ཞེས་བྱ་སྟེ། རྣལ་འབྱོར་བའི་མིག་ལམ་དུ་ཕྱིའི་སྣང་བ་ཤར་ཚད་སྣང་ངོར་སྣང་ཡང་། སྣང་ཐོག་ལ་ཤེས་པ་མ་ཤོར་པས་གཟུང་བ་ཡུལ་ན་མེད་པས་ན་དེས་མ་གོས་པས། ཕྱི་སྣང་བས་ཤེས་པ་ལ་མ་གོས་པའི་གོ་བ་རེད། འུ་ཚོས་དུས་རྒྱུན་སྣང་བ་དང་སྣང་ཡུལ་ཕྱེ་དགོས་པ་རེད་ཅེས་པའང་གནད་འདི་དག་དང་འབྲེལ་ལོ། །གཟུང་བ་ཕྱིའི་ཡུལ་ཐོག་ན་ཡོད་ན། རྣལ་འབྱོར་བ་གཅིག་གི་ངོ་ཁར་གཟུང་འཛིན་ཡུལ་མེད་དུ་སོང་ཚེ་སེམས་ཅན་སྤྱི་མཐུན་གྱི་སྣང་བའི་རི་ར་བ་ཁང་ཁྱིམ་རྣམས་མེད་པར་འགྲོ་དགོས་སོ། །དེས་ན་དེ་ལྟ་བུའི་གཟུང་བ་ཡུལ་ན་མེད་པས་ཕྱི་སྣང་བས་ཤེས་པ་ལ་མ་གོས། ནང་ཤེས་པས་སྣང་བ་ལ་མ་བཟུང་། སྣང་ཤེས་འབྲེལ་དོན་ཆད་པས་གཟུང་འཛིན་ཡུལ་མེད་དུ་སངས་ནས་ཚོགས་དྲུག་ལྷུག་པའི་སྒོམ་པར་གྱུར་པའོ། །འདིའི་དངོས་གཞིའི་སྒོམ་པ་འདི་ནས་ལུང་གིས་གསལ་བར་བསྟན་པ་ཡི་གེ་མེད་པ་ལས། ཡེ་ནས་མ་བཅོས་རང་བྱུང་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །མཁའ་ལ་གནས་ན་དགོངས་པ་ཉིད་དུ་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་ཀུན་སྤངས་ཏེ། །འགྱུ་བྱེད་མེད་ན་སྒོམ་པའི་དགོངས་པ་ཡིན། །དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོར་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་འགགས་པ། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་པ་དང༌། སེང་གེ་རྩལ་རྫོགས་ལས། རྟོག་པ་མེད་པའི་ཆོས་སྐུ་དངོས་དང་བྲལ། །བཅོས་མེད་རང་གསལ་རང་གི་ཏིང་འཛིན་གསལ། །འཛིན་རྟོག་མེད་པའི་ངང་དུ་ཐམས་ཅད་འུབ། །ཅེས་སོ། །གོལ་ས་སྤོང་བ་ནི། ཐལ་འགྱུར་ལས། མ་གོལ་གནས་པའི་སྒོམ་པ་ནི། །དབང་པོའི་སྒོ་རྣམས་གསལ་བ་ལ། །ཡིད་ཀྱི་རྟོག་པ་མ་འགྱུས་པ། །ཤེས་པ་ཉིད་ལ་སྤྱོད་པའི་ཡིད། །ཕྱིར་ལ་ཤོར་བ་མེད་པ་ཉིད། །རིས་ཅན་གསལ་བ་མ་ཡིན་དང༌། །གུད་བཅད་སྟོང་བར་མ་སོང་དང༌། །བདེ་བ་རྒྱུན་ཆད་མ་ཡིན་དང༌། །བཏང་སྙོམས་ལྟེངས་པོར་མ་སོང་དང༌། །དྲན་རིག་གསལ་བ་ངལ་སོ་དང༌། །སྦྱངས་པ་ལོག་ཆར་མ་སོང་དང༌། །འཛིན་ཆ་ནང་དུ་འགྱུ་བདེ་དང༌། །རྣམ་པ་གསལ་བའི་འཛིན་ཆ་དང༌། །ཁ་དོག་ཡིག་འབྲུ་སྒྱུར་བྱེད་རྣམས། །དེ་རྣམས་ཕྱོགས་སུ་མ་ལྷུང་ན། །མ་གོལ་གནས་པའི་སྒོམ་པའོ། །ཞེས་སོ། །དེའང་ཤེས་པ་ལ་སྣང་བས་མ་གོས། སྣང་བ་ལ་ཤེས་པས་མ་བཅད་པར་གསལ་ལ་སྤྲོས་པ་དང་བྲལ་བ་སྟེ། དེ་ཉིད་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང༌། །ཆོས་ཉིད་རང་ངོ་དག་པའོ། །ཞེས་སོ། །འདིའི་གོལ་ས་གཅད་པ་ནི། ཚོགས་དྲུག་འགགས་ནས་དྲན་མེད་དུ་སོང་ན། ཞི་གནས་ཕྱོགས་གཅིག་ཏུ་སོང་བས་གོལ་སའོ། །འཕྲོ་རྒོད་རྒྱ་འབྱམས་སུ་སོང་ན་ཡང་གོལ་སའོ། །རྩེ་གཅིག་ཕུར་ཚུགས་སུ་སོང་ན་ཡང་གོལ་སའོ། །དེའི་གོལ་ས་དེ་དག་བཅད་ནས་རིག་པ་རང་གསལ་འཛིན་མེད་རང་གསལ་རྒྱ་ཆད་དང་བྲལ་བ་རང་གནས་ཀྱི་སྒོམ་པའི་ཐོག་ལ་བཅོས་བསླད་མེད་པར་བཞག་པ་དེ་ལ་རང་བྱུང་ཡེ་ཤེས་ཀྱི་སྒོམ་པ་ཞེས་བྱའོ།།

༼༣ སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་དེ་གཞི་བཞག་ཏུ་སོང་བར་བསྟན་པ།

དེ་ལྟར་བསྒོམས་པ་ལས་ཞི་ལྷག་ཟུང་དུ་ཚུད་ནས་མཉམ་རྗེས་འདྲེས་པ་ལ་སྣང་སྲིད་གཞི་བཞེངས་ཀྱི་དགོངས་པ་དེ་དང༌། འདིར་གཞི་བཞག་ཏུ་སོང་བས་སྣང་སྲིད་འཁོར་འདས་ཀྱི་ཆོས་ལ་རྟོག་དཔྱོད་ཀྱི་སྤྲོས་པ་ཆོད་ནས་གང་སྣང་གང་ཤར་ཐམས་ཅད་དུ་ཆོས་ཉིད་ཀྱི་ངང་ལ་ལྷན་ལྷན་གནས་པ་སྟེ། སྣང་སྲིད་གཞི་བཞེངས་དང་གཞི་བཞག་གི་དོན་ནི། སྔར་རྟོག་དཔྱོད་ཀྱི་ཐོག་ནས་གང་སྣང་ལམ་དུ་བྱེད་པ་གཞི་བཞེངས་ཡིན་ལ། སྤྲོས་པ་ཆོད་ཟིན་ནས་རང་བཞག་མ་བཅོས་པའི་ཐོག་ལ་གྲོལ་ཚེ་གཞི་དངོས་པོའི་བཞུགས་ཚུལ་ལས་མི་གཡོ་ཞིང་དེའི་ངང་དུ་གནས་ནུས་པས་ན་གཞི་བཞག་གོ །ཀློང་དྲུག་པ་ལས། བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་སྒོམ་པ་ནི། །ཚོགས་དྲུག་ལྷུག་པའི་སྒོམ་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་གཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ།།

༼༤ དེའི་འབྲས་བུ་ཉོན་མོངས་པ་ཡེ་ཤེས་ཀྱིས་རྒྱས་གདབ་པར་བསྟན་པ།

འདིའི་དུས་ན་ཉོན་མོངས་པ་ནི་ཡེ་ཤེས་ཀྱིས་རྒྱས་བཏབ་པས་ཉོན་མོངས་རང་དག་པའི་ཆ་དེ་ཡེ་ཤེས་སུ་ཤར་ནས་སྣང་བཏགས་ཀྱི་ཆོས་ཐམས་ཅད་ཆོས་སྐུའི་རོལ་པར་ཤར་བ་སྟེ། དེ་ཉིད་ལས། འདུ་ཤེས་སྣང་བའི་སེམས་ཉིད་ལ། །ཉོན་མོངས་གྲངས་རྣམས་རང་སར་དག །ཅེས་སོ།།

༼༥ དེའི་ཚེ་ཆོས་ལ་གནས་པའི་དུས་ཡིན་པར་བསྟན་པ།

འདིའི་དུས་ན་གང་ཟག་དེ་ལ་མིང་དུ་བཏགས་ན་ཆོས་ལ་གནས་པའི་དུས་ཞེས་བྱའོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་བསླབ་པ་མེད་པར་རང་གི་བློ་ཐོག་ན་གནས་ཏེ། དེ་ཉིད་མ་ཕྱེ་མི་འགྱེད་རང་སར་གནས་པ་ལ་སྒོམ་པ་ཞེས་བྱའོ།།

༼༣༽ ལྟ་བ་རྒྱུན་གྱི་རྣལ་འབྱོར་བཤད་པ།

༼༡ ལྟ་བ་གྲོང་ཁྱེར་རྒྱུན་གཅོད་བསྟན་པ།

གསུམ་པ་ལྟ་བ་ལ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལའང༌། ལྟ་བ་གྲོང་ཁྱེར་རྒྱུན་གཅོད། མན་ངག་རི་བོ་ཅོག་གཞག དགོངས་པ་ཁམས་གསུམ་ཡོངས་གྲོལ། ཉོན་མོངས་རང་གནས་རྣམ་དག གང་ཟག་ཆོས་བོར་བའི་དུས་དང་ལྔ་ལས། དང་པོ་ལྟ་བ་ལ་གཉིས་ཏེ། སྤྱིའི་ལྟ་བ་དང་རང་གི་ལྟ་བའོ། །སྤྱིའི་ནི་ཡིད་དཔྱོད་འཛིན་པ་སྟེ། ལྟ་བ་ལ། རང་བཞིན་དང་། དབྱེ་བ་དང་། ས་མཚམས་གསུམ་ལས། རང་བཞིན་ནི། སྣང་སྲིད་སྣོད་བཅུད་ཡེ་ནས་གྲོལ་བར་གནས་པ་ཇི་བཞིན་རྟོགས་པའི་བློ་དང་འབྲེལ་བའོ། །དབྱེ་བ་ནི་གསུམ་སྟེ། ཚིག་དོན་ལྟ་བའི་ལྟ་བ། རྣམ་གྲངས་པའི་ལྟ་བ། རང་བཞིན་གྱི་ལྟ་བའོ། །དང་པོ་ལ་ཚིག་དང་། དོན་གྱི་ཆ་གཉིས་ལས། ཚིག་གི་ལྟ་བ་ནི་། སོ་སོའི་ཡིད་དཔྱོད་ཀྱིས་ཕྱེས་པའི་ལྟ་བ་མིང་ཐ་དད་པ་དག་དང་། དོན་གྱི་ལྟ་བ་ནི་རིག་པ་རང་གི་ཐོག་ཏུ་ལྟ་བའོ། །རྣམ་གྲངས་པའི་ལྟ་བ་ནི། ཐེག་པ་རིམ་པ་དགུ་བོ་སོ་སོའི་ལྟ་བའོ། །དེ་ཡང་ཐལ་འགྱུར་ལས། རིམ་བརྒྱད་སོ་སོའི་འདོད་ལུགས་ལ། །ཡིད་དཔྱོད་འཛིན་པ་ཉིད་དུ་འདོད། །ཅེས་སོ། །ཐེག་པ་རིམ་བརྒྱད་རྫོགས་པ་ཆེན་པོ་དང་དགུའོ། །འོག་མ་རྣམས་ནི་སེམས་རྣམ་རྟོག་གི་རྒྱས་འདེབས་འབའ་ཞིག་ཡིན་པས་དེ་ལྟར་གསུངས་པའོ། །གསུམ་པ་རང་བཞིན་གྱི་ལྟ་བ་ལ། གནས་པའི་ལྟ་བ། མཐོང་དག་གི་ལྟ་བ། རང་བཞིན་གྱི་ལྟ་བ། བཅོས་མེད་ཀྱི་ལྟ་བ་དང་བཞིའོ། །གནས་པའི་ལྟ་བ་ནི་གནས་ལུགས་ངོ་མའི་ཐོག་ནས་འཁོར་འདས་གདོད་ནས་མྱ་ངན་ལས་འདས་པའོ། །མཐོང་དག་གི་ལྟ་བ་ནི་རྒྱུ་འབྲས་བྱ་རྩོལ་ལས་འདས་པར་མཐོང་བའོ། །རང་བཞིན་གྱི་ལྟ་བ་ནི་སྣང་སྲིད་ཡེ་གྲོལ་དུ་སྣང་བའོ། །བཅོས་མེད་ཀྱི་ལྟ་བ་ནི་མཐའ་གྲོལ་ཀློང་ཡངས་ཆེན་པོ་སྟེ་རང་རིག་ལྷུན་གྲུབ་ཆེན་པོའི་ལྟ་བའོ། །ལྟ་བའི་ས་མཚམས་ནི། ལྟ་བ་སྤྱིའི་ས་མཚམས་རང་རང་གི་རྟོགས་པ་དང་འབྲེལ་དུས་ནམ་ཀློང་དུ་ཕེབས་པའི་སྐབས་སུ་བཞག་པ་དང་། ཁྱད་པར་དུ་ཚིག་དོན་གྱི་ལྟ་བའི་ཁྱད་པར་ཡིད་དཔྱོད་ལས་འདས་མ་འདས་ཀྱི་ས་མཚམས་ཀྱིས་འབྱེད་པ་ཡིན་ནོ། །སྐབས་འདིའི་རང་གི་ལྟ་བ་ངོས་བཟུང་ན་རང་བཞིན་རྫོགས་པ་ཆེན་པོའི་བྱ་བྲལ་ཀློང་ཆེན་གྱི་ལྟ་བ་སྟེ། ཕྱིའི་ཆོས་ཅན་ལ་བལྟས་པས་ཅི་སྣང་ཆོས་ཉིད་ཀྱི་རོལ་བར་གྲོལ་ནས་སྣང་སྟོང་མཐའ་བྲལ་གྱི་ཆོས་ཉིད་དུ་རང་ཤར་བ་སྟེ། རིག་པ་རང་ཤར་ལས། ཆོས་ཅན་མཚན་མར་སྣང་བ་ལ། །མིག་གི་དབང་པོ་མ་འགགས་པས། །སེམས་ཀྱི་ལྟ་བ་ལེགས་པ་ཡིན། །རང་གི་རིག་པ་གསལ་བ་ཡི། །ཆོ་འཕྲུལ་ཕྱི་ཡི་སྣང་བ་སྟེ། །རྟོག་མེད་གསལ་བའི་ངོ་བོ་ལ། །རང་བྱུང་ཆེན་པོ་ཤེས་གྱུར་ན། །ཆོས་ཅན་ལྟ་བའི་ལྟ་བའོ། །ཞེས་སོ། །ཕྱིའི་ཆོས་ཅན་ལ་བལྟས་པས་ཆོས་ཅན་རང་བཞིན་མེད་པར་མཐོང་། འཁྲུལ་བ་དོན་ལ་མ་གྲུབ་པར་རྟོགས་པས་ཁམས་གསུམ་ལ་ལྡོག་པའི་དོགས་པ་མེད་པས་བློ་བདེ་བ་དང་། ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་གཞི་མེད་ཡེ་དག་ཆེན་པོར་རྟོགས་པས། རིག་པ་ལ་ལས་དང་བག་ཆགས་མེད་པའི་བློ་བདེ་རྙེད་པའོ། །ནང་ཆོས་ཉིད་ལ་བལྟས་པས་གཉིས་མེད་མུ་མཐའ་དང་བྲལ་ཏེ། རང་སེམས་སྐྱེ་མེད་ཆེན་པོར་མཐོང་བ་ཡང་དེ་ཉིད་ལས། ཆོས་ཉིད་རིག་པ་སྐྱེ་མེད་ལ། །རྣམ་རྟོག་མཚན་མ་ངང་གིས་མེད། །རིག་པ་དགག་སྒྲུབ་མེད་པ་ལ། །ཞེན་པའི་སྤྱོད་པ་ག་ལ་ཡོད། ཆོས་ཉིད་རྟོགས་པར་བྱེད་པ་ནི། །བྱར་མེད་ངང་དུ་ཤེས་པར་བྱ། །ཞེས་སོ། །ནང་ཆོས་ཉིད་ལ་བལྟས་པས་རང་བཞིན་མེད་པར་ཡེ་ཤེས་ཀྱི་མིག་གིས་མཐོང་སྟེ། རང་རིག་ཙམ་དུའང་འཛིན་པའི་སེམས་མེད་པར་རྟོགས་པས་ཆོས་ཟད་ཀྱི་ངང་དུ་བློ་བདེ་བ་ཡིན་ནོ། །གསང་བ་རིག་པ་ལ་བལྟས་པས་ཀ་དག་མཐའ་བྲལ་དྲི་མེད་ནམ་མཁའ་ལྟ་བུར་མཐོང་བ་སྟེ། དེ་ཉིད་ལས། བྱ་བྱེད་བྲལ་བའི་རིག་པ་ནི། །གང་གི་ཕྱོགས་སུ་མ་ལྷུང་ན། །སྒོམ་པ་ཆེན་པོ་ཞེས་བྱའོ། །དེ་ཡང་རྟོགས་བྱེད་འདི་ལྟ་སྟེ། །འདུ་ཤེས་གཅིག་པའི་ཤེས་རབ་ཀྱིས། །བློ་གཏིང་ཡིད་ཆེས་གྱུར་པ་དང༌། །ཆོས་ཉིད་སྐྱེ་མེད་རྟོགས་གྱུར་ན། །ཡེ་ཤེས་ཆེན་པོ་སྐྱེ་བར་འགྱུར། །ཞེས་སོ། །དེ་ལྟར་ལྟ་བའི་ངོ་བོ་མཐོང་དུས་ཡིད་དཔྱོད་ཚིག་གི་སྟེང་དུ་འཛིན་པ་དང་བྲལ་ནས་རང་བྱུང་གི་ཡེ་ཤེས་འཕོ་འགྱུར་མེད་པའི་དོན་རྟོགས་པ་ནི་ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གི་འགྱུ་བ་མེད། །ཅེས་སོ། །གསང་བ་རིག་པ་ལ་བལྟས་པས་དབྱིངས་རིག་གཉིས་མེད་དུ་མཐོང་སྟེ། ཡིད་དཔྱོད་ཀྱི་ཚིག་གིས་སངས་རྒྱས་མི་འཐོབ་པར་ཐག་ཆོད། འཁོར་འདས་ཀ་དག་ཆོས་ཟད་དུ་མཐོང་བས་ཞེ་བློ་ནང་ནས་བདེ་བ་འབྱུང་བའོ། །དེ་རྣམས་ལ་མིང་དུ་བཏགས་ན་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་ནས་ཁམས་གསུམ་དུ་མི་བཟློག་པ་ལྟ་བ་སྟེ། རབ་འདི་ཉིད་ལ་འཚང་རྒྱ། འབྲིང་བར་དོར་འཚང་རྒྱ། ཐ་མའང་རང་བཞིན་སྤྲུལ་པར་འཚང་རྒྱ་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། རབ་ལ་སྐྱེ་གཉིས་མི་དགོས་ཏེ། །འབྲིང་པོ་སྐྱེ་གཉིས་མཚམས་སུའོ། །ཐ་མ་རྣམས་ནི་དབུགས་ཕྱུང་སྟེ། །སྤྲུལ་པ་པོར་ནི་རང་རྒྱུད་གྲོལ། །ཞེས་སོ།།

༼༢ མན་ངག་རི་བོ་ཅོག་གཞག་བསྟན་པ།

དེའི་མན་ངག་ཏུ་རི་བོ་ཅོག་གཞག་གི་ཐབས་ནི་དཔེར་ན་དབུས་ཀྱི་རི་བོ་མཆོག་རབ་ཀྱི་སྟེང་ནས་གླིང་བཞི་དུས་གཅིག་ལ་མཐོང་བ་ལྟར། རྫོགས་པ་ཆེན་པོའི་ལྟ་བས་ཀྱང་བལྟས་ན་ཐེག་པ་རིམ་པ་དགུའི་དོན་ཐམས་ཅད་རང་ལུགས་སུ་དུས་གཅིག་ལ་མཐོང་ཞིང་ཐེག་པ་གཞན་གྱིས་རྫོགས་པ་ཆེན་པོའི་དོན་མི་མཐོང་བའོ། །མི་འགྱུར་བའི་ངོས་ནས་ཀྱང་རི་བོ་ཅོག་གཞག་སྟེ། གང་སྣང་གང་ཤར་དེ་ཉིད་བཅོས་བསླད་མེད་པར་ཅོག་གཞག་ཏུ་བཞག་པས་ཐེག་པ་ཀུན་གྱི་དགོངས་པ་རྫོགས་པ་སྟེ། ཀློང་དྲུག་པ་ལས། བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོར་རང་ཤར་བས། འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །ཞེས་སོ། །ཐམས་ཅད་ལྟ་བས་ཐག་ཆོད་དུས་བཅོས་བསླད་མི་དགོས་པར་སྣང་བ་སྣང་ཐོག་ཏུ་བཞག རིག་པ་རིག་ཐོག་ཏུ་བཞག་པས་གཡོ་འགུལ་མེད་པ་རི་བོ་དང་འདྲ་བར་བཞག་པས། རྫོགས་ཆེན་ཡེ་གྲོལ་ལྷུན་གྲུབ་ཀྱི་ངོས་ནས་བལྟས་པས་རིམ་དགུའི་ཐེག་པའི་འདོད་གཞུང་རང་ལུགས་སུ་རྟོགས་པ་དང་། ཐེག་པ་འོག་མ་རྣམས་ཀྱིས་འདིའི་དོན་མི་རྟོགས་པ་ནི་རི་རབ་རྩེ་ནས་རི་ཕྲན་མཐོང་བ་ལས་དམའ་བའི་ཀླུང་ནས་རི་རྒྱལ་གྱི་རྩེ་མི་མཐོང་བ་བཞིན་ནོ།།

༼༣ དགོངས་པ་ཁམས་གསུམ་ཡོངས་གྲོལ་བསྟན་པ།

དེའང་དགོངས་པ་ཁམས་གསུམ་ཡོངས་གྲོལ་དུ་ཤར་ཏེ་རྫོགས་པ་ཆེན་པོ་རྟོགས་པའི་རྣལ་འབྱོར་པ་དེས་བལྟས་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་མ་གྲོལ་བ་གང་ཡང་མེད་པར་རྟོགས་པས་འགྲོ་དྲུག་རང་ས་ནས་གྲོལ་བ་ཞེས་བྱ་སྟེ། ཀློང་དྲུག་པ་ལས། བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་བ་ཞིག་གིས་བལྟས་ན་མ་གྲོལ་བ་གང་ཡང་མེད་དེ་ཡེ་ནས་བཅིངས་གྲོལ་ལས་འདས་པ་གཞི་མེད་རང་སྣང་ཆེན་པོ་ནམ་མཁའ་ལྟ་བུའི་རང་བཞིན་དུ་མཐོང་བས། མཁའ་མཉམ་ཀློང་ཆེན་གྱི་དགོངས་པ་རྫོགས་པའོ།།

༼༤ ཉོན་མོངས་རང་གནས་རྣམ་དག་བསྟན་པ།

དེའི་ཚེ་ཉོན་མོངས་པ་ནི་གནས་སུ་དག་སྟེ་མཁའ་ལ་སྤྲིན་དེངས་པའི་རྣམ་པའམ་ཆུའི་རྙོག་རང་སར་དེངས་བ་ལྟ་བུ་སྟེ། དང་པོ་འཁྲུལ་མ་མྱོང༌། ད་ལྟ་འཁྲུལ་པ་ལ་མི་གནས། ཕྱིས་འཁྲུལ་མི་སྲིད་པའི་གནད་ལས་བྱུང་བ་སྟེ། རྒྱུད་དེ་ཉིད་ལས། ཟག་མེད་སྣང་བའི་སེམས་ཉིད་ལ། འཁྲུལ་རྐྱེན་དྲི་མ་རང་སར་དག །ཅེས་སོ།།

༼༥ གང་ཟག་ཆོས་བོར་བའི་དུས་བསྟན་པ།

འདིའི་དུས་ན་གང་ཟག་དེ་ལ་ཆོས་བོར་བ་ཞེས་མིང་དུ་བཏགས་པ་ནི་ཆེད་དུ་ཡིད་ལ་བྱ་རྒྱུའི་ཆོས་གང་ཡང་མེད་པས་སོ།།

༼༤༽འབྲས་བུ་རྒྱུན་གྱི་རྣལ་འབྱོར་བཤད་པ།

༼༡ འབྲས་བུ་བསྟན་པ།

བཞི་པ་འབྲས་བུ་རྒྱུན་དུ་བྱེད་པའི་རྣལ་འབྱོར་ལའང༌། འབྲས་བུ། ཐབས། དགོངས་པ། དག་ལུགས། གང་ཟག་དང་ལྔ་ལས། དོན་གྱི་འབྲས་བུ་ནི་རྒྱུར་མི་ལྡོག་པ་བསེ་ཤིང་གི་འབྲས་བུ་གཅིག་སྨིན་ཟིན་ན་འབྲས་བུ་མི་རུང་བ་ལྟ་བུ་སྟེ། དེའང་འདིའི་དུས་ན་རྒྱལ་པོས་གདན་ས་ཟིན་ཏེ་མི་འགྱུར་བ་ནི་དཔེར་ན་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བས་རྒྱལ་ས་ཟིན་ཏེ་མི་འགྱུར་བ་དང་འདྲ་བར་རིག་པ་ཉིད་རང་ས་ཟིན་པའོ། །དམངས་ཆམ་ལ་ཕེབས་ཏེ་མི་འགྱུར་བ་ནི་རྒྱལ་པོས་འབངས་ལ་དམག་དྲངས་ཏེ་ཆམ་ལ་ཕབ་ནས་དེ་ནས་འགྱུར་བ་མེད་པ་ལྟར། སྒོ་ལྔའི་རྣམ་ཤེས་འཆར་བའི་གཞི་སྟོངས་པས་འཁོར་བའི་མིང་མེད་པའོ། །བློན་པོ་བཙོན་དུ་ཟིན་ཏེ་མི་འགྱུར་བ་ནི། དཔེར་ན་རྒྱལ་པོ་ཞིག་གི་བཀའ་བློན་གཅེས་པ་དེ་བཙོན་དུ་བཟུང་ན་རྒྱལ་པོ་དེ་ཡང་ཉན་དགོས་པ་ལྟར། ཡིད་ཀྱི་རྣམ་ཤེས་འགྱུ་བ་རྒྱུན་ཆད་པས་རིག་པ་རང་དབང་ཐོབ་པའོ། །དཔེ་དེ་དག་གིས་རིག་པ་གཅིག་པ་མི་འགྱུར་བར་བསྟན་པའོ། །འབྲས་བུ་དེ་ལ་མིང་དུ་བཏགས་ན་རང་བཞིན་རྣམ་པར་དག་པའི་འབྲས་བུ་ཞེས་བྱ་སྟེ། འབད་པས་བྱས་པའམ་རྩོལ་བ་ལས་བྱུང་བ་ལྟ་བུ་མ་ཡིན་ཏེ། ཡེ་ནས་དག་པའི་དོན་མངོན་དུ་གྱུར་པས་འབྲས་བུ་ཞེས་ཐ་སྙད་དུ་བཏགས་པ་ཙམ་ཡིན་ནོ།།

༼༢ ཐབས་བསྟན་པ།

དེ་ཡི་མན་ངག་ཏུ་རིག་པ་ཅོག་གཞག་གི་ཐབས་ནི། རིག་པ་ཉིད་གང་སྣང་དེའི་སྟེང་དུ་བཞག་པས་སྣང་འཛིན་རང་སར་གྲོལ། གང་ཤར་གྱི་སྟེང་དུ་བཞག་པས་འཛིན་པ་རང་ས་གྲོལ་ཏེ། གཟུང་འཛིན་རང་གྲོལ་མུ་མཐའ་དང་བྲལ་བའི་གནས་ལུགས་ཞེས་བྱའོ། །ཀློང་དྲུག་པ་ལས། རྟོག་པ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་གནས་ལུགས་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟོག་པ་མེད་པའི་སེམས་ཉིད་ལ། །མ་བཟུང་འགག་མེད་རང་སྣང་བས། །རང་གི་གསལ་བའི་ཡུལ་ངོ་ཤེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །ཐམས་ཅད་རིག་པའི་ངང་དུ་ཡེ་ནས་རང་ཤར། རང་གནས། རང་གྲོལ་ཡིན་པ་ཐག་ཆོད་ཚེ་རིག་པ་གང་ཤར་དུ་ཤར་ས་དེའི་ཐོག་ཏུ་བཅོས་བསླད་མེད་པར་འཇོག་པ་ཡིན་ནོ།།

༼༣ དགོངས་པ་བསྟན་པ།

འདིའི་དུས་སུ་ལས་དང་ཉོན་མོངས་པ་དང་ཀུན་ནས་ལྡང་བའི་དྲི་མ་སྒོ་གསུམ་ལ་མངོན་གྱུར་དུ་མི་གནས་པས་སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །ཞེན་རྟོག་ལས་དང་བག་ཆགས་ཐམས་ཅད་རང་སངས་ཆེན་པོར་དག་ཚེ་འཁོར་འདས་རེ་དོགས་དང་བྲལ་བའི་དགོངས་པ་རྙེད་པ་ཡིན་ནོ།།

༼༤ དག་ལུགས་བསྟན་པ།

འདིའི་དུས་ན་ཉོན་མོངས་བ་ཆུའི་རི་མོའམ་སྦྲུལ་གྱི་མདུད་པ་ལྟར་རང་སངས་རང་གྲོལ་ལ་སོང་སྟེ། ཤར་བ་དང་གྲོལ་བ་སྔ་ཕྱི་མེད་པས་ཆོས་ཉིད་རང་དག་གི་གནས་ལུགས་སུ་ཤར་བ་ནི། ཀློང་དྲུག་པ་ལས། ཚོགས་དྲུག་སྣང་བའི་སེམས་ཉིད་ལ། །རྟོག་ཚོགས་རྣམས་ནི་རྣམ་པར་དག །སྒྲ་ཚིག་སྣང་བའི་སེམས་ཉིད་ལ། །ཐ་སྙད་མིང་རྣམས་རྣམ་པར་དག །རང་སར་སྣང་བའི་སེམས་ཉིད་ལ། །འབྱུང་བཞིའི་རྐྱེན་རྣམས་རང་སར་དག །གཟུང་འཛིན་སྣང་བའི་སེམས་ཉིད་ལ། །བཅིངས་པའི་བདག་འཛིན་རྣམ་པར་དག །ཅེས་སོ།།

༼༥ གང་ཟག་བསྟན་པ།

འདིའི་དུས་ན་གང་ཟག་དེ་ལ་ཆོས་ལས་འདས་པ་ཞེས་བྱ་སྟེ། འཁོར་འདས་སྐྱོན་ཡོན་གྱི་འཛིན་པ་ཐམས་ཅད་དང་བྲལ་བའོ། །འདིའི་དུས་སུ་ཉོན་མོངས་དང་རྟོག་ཚོགས་གང་སྐྱེས་དེ་ཉིད་ཚུགས་མི་ཐུབ་ཅིང་སྟོབས་མེད་པར། དབྱར་ཁའི་རླུང་ས་ཆུ་འཁེང་བྱེད་ཀྱི་གྲང་རླུང་མིན་པ་ལྟ་བུར་གྱུར་ནས་རང་གྲོལ་དུ་སོང་བ་ནི། དཔེར་ན་ཆུའི་རི་མོའམ་སྦྲུལ་གྱི་མདུད་པ་བཞིན་རང་ཞིག་ཏུ་འགྲོ་ཞིང་དེའི་དུས་སུ་འཁོར་འདས་ཀྱི་འཛིན་པ་དང་བྲལ་བས་ཆོས་ལས་འདས་པའི་རྣལ་འབྱོར་བ་ཞེས་བྱའོ། །དེ་དག་ནི་དམིགས་པའི་ཡུལ་གྱི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བའི་རིམ་པ་བསྟན་ཏེ། དོན་གྱི་སྤྲོས་པ་ལ་དགའ་བ་རྣམས་ཀྱི་དོན་དུའོ།།

ཉིན་བཅུ་གཉིས་པའི་ཆོས་ཁྲིད།

ད་ཆོས་རའི་ནང་དུ་ནམ་འཚོག་གི་དང་པོ་ཞིག་ལ། ཚེ་མི་རྟག་པས་མགོ་བཟུང་ནས་མི་ཚེའི་རིན་ཐང་འདི་རྩ་བ་ཆེ་ཚུལ་དང་། དུས་ཚོད་འཕྲོ་བརླག་ཏུ་བྱེད་མི་རུང་ཚུལ་དང་། འདས་པའི་ས་ལ་སོང་ཚར་བ་དེ་ཚུར་ཡོང་རྒྱུ་མེད་ཚུལ་དང་། ཞག་རེ་སོང་བཞིན་འཆི་བ་ལ་ཇེ་ཉེ་ཡིན་ཚུལ་དང་། འདི་བདེ་ཕྱི་མའི་དོན་ལ་འབད་པས་དམ་པའི་ལྷ་ཆོས་སྒྲུབ་པ་འདི་གལ་ཆེ་ཚུལ་དང་། མི་ཚེའི་དུས་ཚོད་དེ་ཆུད་ཟོས་སུ་བྱེད་མི་རུང་བ་སོགས་ནི་སྔོན་འགྲོ་བློ་སྦྱོང་སྐོར་བཤད་པའི་སྐབས་སམ་དུས་དང་རྒྱུན་པ་རྣམ་དྲུག་ལ་འཆད་བཞིན་པ་ཡིན་ལ། དུས་ཚོད་ཅེས་པ་འདི་རིན་ཐང་ཆེ་བས་འཕྲོ་བརླག་མི་རུང་ཞེས་པ་ནི། སྣོད་བཅུད་ཀྱི་འཇིག་རྟེན་སྤྱི་དང་ཁྱད་པར་དུ་སྐྱེས་བུའི་ཚེ་སྲོག་དང་འབྲེལ་བའི་མི་ཚེའི་དུས་ཚོད་འདི་ཐུང་བའི་རྐྱེན་གྱིས་གང་ཟག་སྒེར་ངོས་ནས་བཅལ་ཡོང་ན་ཆོས་ལྡན་གྱི་ལུས་འདིའི་ཐོག་ནས་ཆོས་རྣམ་དག་རེ་བསྒྲུབས་ཚེ་རང་གཞན་གྱི་དོན་ཆེན་འགྲུབ་པའི་གོ་སྐབས་ཡོད་པས། དེ་འཕྲོ་བརླག་ཏུ་མ་ཤོར་ཞེས་པ་རེད་མ་གཏོགས། དུས་ཚོད་འདི་ཕྱིའི་ས་རྡོ་རི་བྲག་ལ་སོགས་པ་འབྱུང་བ་བཞིའི་ཁམས་ལས་གྲུབ་པའི་འདུས་བྱས་ཀྱི་དངོས་པོ་རྟག་བརྟན་མེད་པ་དང་འདྲ་བར་ནམ་ཞིག་འཇིག་སྟེ་མེད་པར་འགྱུར་བའི་དོན་མིན་ནོ། །དུས་ནི་ལྡན་པ་མིན་པའི་འདུ་བྱེད་ཡིན་པས། ནམ་མཁའ་འདི་དུས་ནམ་ཞིག་ལ་ཆགས་དང་ནམ་ཞིག་ལ་འཇིག་པ་སུས་ཀྱང་སྟོན་དུ་མེད་པ་བཞིན་དུ། དུས་ཀྱི་མགོ་དང་མཇུག་གི་ངེས་པ་ཡང་འཛིན་མི་ནུས་སོ། །དུས་འགྱུར་ཞེས་པ་ནི་རང་རེའི་རྟེན་གཞི། མཁའ་ལ་རླུང་བརྟེན་དེ་ལ་ཆུ་ཡི་ཕུང་པོ་བརྟེན། །དེ་ལ་ས་ཆེན་འདི་བརྟེན་དེ་ལ་འགྲོ་བ་བརྟེན། །ཞེས་གསུངས་པ་ལྟ་བུའི་ས་དང་ཆུ་ལས་གྲུབ་པའི་གོ་ལ་ཟླུམ་པོ། དཀྱིལ་སྙིང་དུ་མེའི་ཕུང་པོས་དྲོད་བཅུད་ཀྱི་སྲོག་བཟུང་ཡོད་པའི་འཇིག་རྟེན་འདིའི་ཆགས་འཇིག་གི་ཚད་ལ་དུས་ཞེས་བཏགས་པ་ཙམ་ཡིན་ལ། དེ་བཞིན་དུ་དབྱར་དགུན་སྟོན་དཔྱིད་ཀྱི་འགྱུར་བ་ལ་བརྟེན་ནས་དུས་འགྱུར་བའི་ཐ་སྙད་སྦྱར་བའོ། །འཇིག་རྟེན་གྱི་ས་སྒང་འདི་ལ་ཁོར་ཡུག་གི་ཉི་མ་དང་ཉེ་མི་ཉེའི་དྲོ་གྲང་གི་དབང་གིས་དུས་བཞིའི་རྣམ་འགྱུར་གྱི་ཐ་སྙད་བྱུང་ཞིང་། གང་ཟག་སྒེར་གྱི་ངོས་ནས་བཤད་ན། ཚེ་སྟོད། ཚེ་སྨད། ན་ནིང་། ད་ལོ། ཁ་རྩང་། དེ་རིང་། སྔ་དྲོ། ཕྱི་དྲོ་ཞེས་པ་འདི་དག་དེ་ལྟར་བཏགས་པ་ཙམ་མ་གཏོགས། དུས་ཞེས་པ་འགྱུར་བ་ཅན་གྱི་དངོས་པོ་གཟུགས་ཅན་པ་ཞིག་མེད་ལ། འགྱུར་མེད་རྟག་པའི་དངོས་པོ་ཞིག་ཀྱང་མེད་པས། ཡོད་མེད་ཀྱི་མཐའ་ལས་འདས་པ་ནི་སྟོང་ཉིད་དོ། །རྒྱལ་བ་བདེན་པར་སྨྲ་བས་མི་ལོ་ཉིས་སྟོང་གི་སྔོན་ཞིག་ནས་སྣོད་བཅུད་རྟེན་ཅིང་འབྲེལ་འབྱུང་ཐམས་ཅད་སྟོང་ཉིད་ལས་མ་འདས་པའི་སྡོམ་ཚིག་བཀོད་ནས། མི་རྟག་སྡུག་བསྔལ་སྟོང་བདག་མེད་ཀྱི་མགོ་བརྩམས་ཏེ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་པ་དང་བཅས་པ་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བ་སྟེ། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་གསུངས་པ་ཡིན། སྟོན་པ་སྤྲུལ་བའི་སྐུ་དེ་ཉིད་རྡོ་རྗེ་འཆང་གི་སྐུར་བཞེངས་ནས། འོག་མིན་ཆེན་པོའི་ལྷ་གནས་ནས་གསང་སྔགས་བསྟན་པའི་དུས་ནི། དུས་གསུམ་གྱི་དུས་ལས་འདས་པའི་དུས་བཞི་བ། དུས་གསུམ་མཉམ་ཉིད་ཀ་དག་གི་དུས་ཆེན་པོ་ཞེས་གསང་ཆེན་སྔ་འགྱུར་རྫོགས་ཆེན་གྱི་ཆོས་སྐད་ལ་ཡོངས་སུ་གྲགས་པ་ཡིན། དུས་ཞེས་པ་དང་ནམ་མཁའ་ཞེས་པའི་དཔེ་འདིས། ཐོག་མཐའ་དབུས་དང་བྲལ་བའི་ཀུན་ཁྱབ་འདུས་མ་བྱས། མཁའ་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས། སངས་རྒྱས་ཀྱི་ཐུགས་མི་འགྱུར་བ་རྟག་པ་དམ་པའི་རྡོ་རྗེ་དེ་བསྟན་པ་ཡིན་ལ། རྡོ་རྗེ་ཞེས་པ་ནི་རིག་སྟོང་ཀ་ནས་དག་པའི་ཡེ་ཤེས་ཀུན་ཁྱབ་འགྱུར་བ་མེད་པའི་ཆོས་ཁམས་དེ་ཉིད། རྡོ་རྗེ་ལྟར་འགྱུར་བ་མེད་པ་དང་། འཁོར་བའི་ཆོས་ཀྱིས་མ་གོས་པ་དང་། གཞོམ་གཞིག་དང་བྲལ་ཞིང་ལོག་རྟོག་མཚན་མའི་དངོས་པོ་ཐམས་ཅད་འཇོམས་པར་བྱེད་ནུས་པ་ལ་སོགས་པའི་མཚུངས་ཆོས་སྦྱར་ཏེ། སོ་སྐྱེ་བློ་ཆུང་ལ་གོ་བརྡ་འཕྲོད་པའི་ཆེད་དུ་རྡོ་རྗེའི་ཐེག་པ་ཞེས་གསུངས་སོ། །མདོར་ན་དུས་ཞེས་པ་དེ་ཟད་དོགས་མི་དགོས་ཀྱང་། གང་ཟག་སྒེར་ངོས་ཀྱི་མི་ཚེའི་ཉི་མ་དེ་དོན་ལྡན་དམ་པའི་ལྷ་ཆོས་དང་འཕྲད་པས་མ་ཚད། དེ་ལ་སྒྲུབ་འདོད་ཡོད་ཅིང་སྒྲུབ་པའི་གོ་སྐབས་ལྡན་པའི་མི་ཚེ་ཐུང་ཐུང་པོ་འདི་རང་ངོས་ནས་རིན་ཐང་ཆེ་ཞིང་། འདི་འདས་པའི་ས་ལ་ཤོར་ཚེ་ཕྱིར་ལྡོག་ཏུ་མེད་དོ་ཞེས་པའོ། དེང་སྐབས་ཀྱི་ཚན་རིག་པ་ལ་ལས་མི་ཚེའི་དུས་ཚོད་ཕྱིར་ལྡོག་པ་ཐུབ་པ་དཔེར་ན་སྒྲ་འཁོར་གྱི་འཁོར་ཐག་ཕྱིར་ལྡོག་པ་དང་འདྲ་བར་མི་ཚེའི་ཚེ་སྨད་ལ་ཐོན་དུས་ཚེ་སྟོད་ཀྱི་མི་ཚེའི་འཚོ་བའི་ནང་དུ་སླེབ་ཏུ་ཡོད་པ་བྱེད་ཆོག་ཅེས་ཟེར་རོ། །དེ་ནི་རྫས་འཕྲུལ་གྱི་ནུས་པ་ཞིག་གི་ཐབས་ལ་བརྟེན་ནས་མིའི་བསམ་བློའི་ནང་དུ་བག་ཆགས་ཀྱི་རྗེས་ཤུལ་སྔར་ནས་ཡོད་པ་ཚུར་བསླངས་པས། རྨི་ལམ་རྨིས་པ་ལྟར་སྤྱིར་འཁྲུལ་བ་ཡིན་པའི་སྟེང་དུ་ཉིང་འཁྲུལ་དུ་སོང་བའི་འཁྲུལ་སྣང་ཞིག་གི་ནང་དུ་སྒྱུ་མའི་རིག་སྔགས་དང་རྫས་ཀྱིས་བསྐྱལ་བ་སྟེ། དཔེར་ན་རྡ་དུ་ར་ཟོས་པའི་སྣང་བ་བཞིན་ནོ། །གཞན་དུ་རྒྱལ་བ་རྫོགས་པའི་སངས་རྒྱས་ལྟ་བུའི་དབང་བཅུ་ལ་མངའ་བརྙེས་པ་འདྲ་ཡིན་ན་མ་གཏོགས་དཀའ་འམ་སྙམ། ཡང་དེང་སང་གི་ཚན་རིག་པས་བཤད་ན་མགོའི་ཀླད་པའི་ནང་དུ་བསམ་བློ་གཏོང་བྱེད་དང་བཀོད་འདོམས་བྱེད་མཁན་ཚང་མ་ཡོད་འདུག་ཟེར་བ་དང་། རང་རེས་ནི་སེམས་དྲན་པ་དེ་སྙིང་གི་དཀྱིལ་དབུས་ཡ་ཁོག་གི་སྙིང་ལ་བརྟེན་ཡོད་པར་སེམས་པ་འདི་གཉིས་ཀ་ལ་ཡང་རྒྱུ་མཚན་ཡོད་པས་མ་ཚད། གཉིས་པོ་ཡང་གསང་སྔགས་ཀྱི་སྐབས་ནས་གསུངས་པ་དང་མཐུན་པ་ཡིན་ཏེ། དེ་ཡང་གསང་སྔགས་ཀྱིས་རྒྱུད་ལས་སྙིང་ཙིཏྟ་རིན་ཆེན་ཟུར་བརྒྱད་ཀྱི་དབུས་ན་མི་ཤིགས་འོད་ལྔ་འདུས་པའི་ཕུང་པོ་འོད་གསལ་ཡེ་ཤེས་ཀྱི་ངོ་བོ་དེ། ཡེ་ཤེས་སུམ་བརྩེགས་ཀྱི་ཚུལ་དུ་བཞུགས་པར་བཤད་ཅིང་། དེའི་གདངས་གློ་བའི་ལས་རླུང་དང་འགྲོགས་ནས་སེམས་རྣམ་རྟོག་གི་རྣམ་པར་ཤར་བར་ཡིན་པས། རྡོ་རྗེའི་ལུས་ལ་བརྟེན་པའི་རྩ་ཐིག་རླུང་གསུམ་གྱི་འགྲོས་དང་བསྟུན་ཚེ་སྙིང་ཙིཏྟ་རིན་ཆེན་ཟུར་བརྒྱད་ནས་གྱེས་པའི་འོད་གསལ་གྱི་རྩ་ཆེན་བཞི་ལས་ལ་ལ་མིག་དང་ཚངས་བུག་ལ་ཟུག་ཡོད་པས། རྩ་དབུ་མའི་ཡར་སྣ་དེ་འཕོ་བའི་སྒོ་ཆེན་ཡིན་པ་དང་། བོད་ལུགས་གསོ་རིག་པས་དབང་རྩའི་མ་ལག་ཐམས་ཅད་སྤྱི་གཙུག་ན་ཡོད་པའི་གནད་ཀྱིས། སྤྱི་གཙུག་གི་རྩ་ལ་ལ་བསྣད་ན་ཡན་ལག་ཞ་གྲུམ་དུ་འགྲོ་བ་དང་། མགོར་མེ་རྩ་བཞག་ན་རིག་པ་མི་གསལ་བར་འགྱུར་ཞེས་གྲགས་པས། བདེན་པ་མཐར་ཐུག་དེ་སངས་རྒྱས་ཀྱི་བཀའ་ཡིན་པས་རྒྱལ་བ་བདེན་པར་སྨྲ་བའི་གསུང་ལ་བསླུ་བ་མེད་དོ། །དེང་སང་གི་ཚན་རིག་པས་ད་སྔ་ཡན་དུ་ཕྱིའི་དངོས་ཁམས་ཀྱི་རྡུལ་རྫས་ཀྱི་གཞི་ཙམ་ཞིག་ལ་དཔྱད་ནས་མི་རབས་མང་པོར་འགོར་ཞིང་། ད་གཟོད་ནང་སེམས་ཁམས་ཀྱི་རིག་པ་ལ་རྟོག་དཔྱོད་ཀྱིས་ཚེ་འདིས་མི་ཚད་པར་ཕྱི་མ་ཡོད་པའི་ཁུངས་སྣེ་ཙམ་ཟིན་ནས། བསམ་བློའི་ནུས་ཤུགས་དེ་རྒྱ་ཆེན་པོ་ཡིན་པ་དེ་གཞི་ནས་ཤེས་པས། གློག་འཕྲུལ་ལ་བརྟེན་ནས་དེའི་ནུས་པའི་མཐའ་རྒྱ་འཇལ་བའི་དུས་རབས་ལ་ཐོན་ཡོད་འདུག འདི་ནི་དངོས་པོའི་གནས་ཚུལ་དང་ནང་ཆོས་དང་ར་འཕྲོད་བྱུང་བས། ཡང་དག་པའི་ལྟ་བ་ལ་ཞུགས་པའི་སྒོ་མུའམ་སྟེགས་ཡིན་པས་མུ་སྟེགས་ཞེས་གསུངས་པ་ལྟར་རོ། །དེས་ན་ཐ་ན་རྒྱུ་འབྲས་ཡིད་ཆེས་དང་བླང་དོར་གྱི་གནད་ཙམ་མི་ཤེས་པའི་ཕྱོགས་ནས་ཀླ་ཀློ་དང་མཚུངས་པའི་འཛམ་གླིང་ཤར་ནུབ་ཀྱི་མི་མགོ་སྐྲ་སེར་ནག་ལ་མ་ལྟོས་པ་རྣམས་ཀྱིས་མིའི་དབང་པོ་ལས་འདས་པའི་ཚོར་བ་གཞན་ཞིག་མྱོང་དུ་ཡོད་པ་ལ་བློ་ཁ་ཕྱོགས་ནས་ཡང་དག་པའི་ཕྱོགས་ལ་ཁ་འཁོར་བའི་ཚུགས་ཀ་ཆགས་པས། ཆད་ལྟ་འདི་མེད་ཕྱི་མེད་ལས་ལྷག་པའི་སྔོན་ཐོན་བྱུང་བ་ལ་བརྩི་དགོས་སོ། །དེས་ན་ཆོས་སྒྲུབ་པ་ནི་འདི་ཕྱིའི་དོན་ཆེན། དེ་ཡང་རང་གཞན་གཉིས་ཀྱི་དོན་དུ་ཡིན་པ་ནི། ཆོས་ཀྱི་གཞུང་ལུགས་ལས་གསུངས་ཤིང་། ཆོས་སྒྲུབ་དང་མི་སྒྲུབ་ཀྱི་སོ་མཚམས་ནས་ཆོས་བསྒྲུབས་ན་ཕན་པ་ཅི་ཞིག་ཡོད་པ་དང་། ཆོས་ཞེས་པ་དེའི་ནང་དོན་ཅི་ཞིག་ཡིན་པ་དང་། དེ་ཇི་ལྟར་བསྒྲུབ་པར་བྱ་དགོས་པ་ལ་སོགས་པའི་ཕྱོགས་རྣམས་དང་པོར་ཤེས་དགོས་པས། བློ་སྦྱོང་བློ་སྦྱོང་ཞེས་པའང་རང་གཞན་འདི་ཕྱིའི་དོན་ཆེན་དེ་བྱ་བ་གང་བྱས་ན་འགྲུབ་པ་དང་། ཇི་ལྟར་བྱས་ན་དགའ་བའི་སྐོར་ལ་གོ་བསྡུར་ཉམས་ཞིབ་ཅིག་ཡིན་ཞེས་བཤད་ན་མི་ཆོག་པར་མེད་ཅིང་། མདོར་ན་རང་གཞན་ཚང་མ་སྐྱིད་ན་དགའ་ཞིང་སྡུག་ན་མི་དགའ་བ་ཡིན་པ་ནི། མི་མ་དགོས་ས་འོག་གི་འབུ་སྲིན་ཡན་ཆད་དེའི་རང་བཞིན་རེད། འོན་ཀྱང་སྐྱིད་པའི་རྒྱུ་སྒྲུབ་མ་ཤེས་པ་དང་། སྐྱིད་ངོ་མ་དེ་ཇི་ལྟར་ཡིན་པ་ཡང་མ་ཤེས་ཤིང་ངོས་མ་ཟིན་པ་དང་། དེའི་རྐྱེན་གྱིས་མཚམས་མཚམས་སུ་སྐྱིད་སྡུག་གོ་ནོར་ནས་སྐྱིད་སྒྲུབ་ས་ནས་སྡུག་ལ་ཤོར་བ་སོགས། མདོར་ན་མི་ཤེས་པའི་སྐྱོན་ཆ་རྨོངས་པ་དང་གཏི་མུག་གི་དབང་དུ་སོང་ནས་སྨག་མུན་ནག་ཅིག་གི་ནང་ནས་འགྲོ་བ་དང་འདྲ་བར། སྔོན་དུ་ཅི་ཡོད་རང་གིས་མ་རིག་ཅིང་། གཞན་གྱིས་ཀྱང་མ་བསྟན་ནས་ལམ་རིང་པོ་ཞིག་ལ་རྡོག་སྣེ་སྐོར་ཡོད་བསམ་ནས་ཚོད་འགྲོས་བྱེད་ཀྱིན་ཡོད་དུས། གློ་བུར་དུ་རྐང་སྣེ་རྡོ་ལ་ཐོགས་ནས་རྐྱེན་བར་ཆད་དང་ཐུག་ཏུ་ཡོད་པས་མ་ཚད་གཡང་ས་ཆེན་པོའི་ནང་དུ་ལྷུང་བ་ལྟར་མི་ཚེའི་འགྲོ་ལམ་གྱི་མཐའ་ལ་ཐུག་གིན་ཡོད་པ་ཡང་མ་ཤེས་ནས་ཡོད་པ་དེའི་ཉེན་ཁ་བསལ་བའི་ཆེད་དུ་གཞན་མེད་ཀྱང་རྡོག་སྣེ་རིག་བྱེད་ཀྱི་གསལ་སྒྲོན་ཞིག་འཛིན་རྒྱུ་ཡོད་ན་ཐག་རིང་གི་རྒྱང་ཐག་མ་རིག་ཀྱང་གནས་སྐབས་སུ་གཡང་གཟར་དུ་མི་ལྕེབ་པའི་ཕན་པ་ཡོད་སོང་བ་ཡིན། དེ་ལས་གཞན་དུ་རང་ཉིད་ལ་ལྟ་བྱེད་ཀྱི་མིག་མེད་ན་ཕྱིའི་སྣང་བ་ཇི་ལྟར་གསལ་ཡང་ཕན་པ་མེད་པས། སྔར་མེད་ཀྱི་མུན་པ་སེལ་བའི་སྒྲོན་མེའམ་སྔར་མེད་ཀྱི་ཤེས་རབ་གསལ་བའི་མིག་ལ་བརྟེན་པ་ནི་ཐོག་མ་ཉིད་ནས་གལ་ཆེ་བར་ཤེས་ན་དེ་ཡང་དོན་ལ་གནས་པ་ཡིན་པས། དེའི་མུན་པ་སེལ་བའི་སྒྲོན་མེ་དང་ལེགས་ཉེས་འབྱེད་པའི་མིག་དེ་གང་ཡིན་ན་ཤེས་རབ་ཡིན། ཤེས་རབ་རྒྱུད་ལ་སྐྱེ་ཐབས་སུ་ཐོས་པ་ལ་བརྟེན་དགོས་ཏེ། ཐོས་པའི་ཚོམ་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མེད་སྤོང་བར་འགྱུར། །ཐོས་པས་མྱ་ངན་འདས་པ་ཐོབ། །ཅེས་གསུངས་པར་ལྟར་ཐོས་པ་བསྟེན་པའི་ཕན་ཡོན་དང་པོར་ཤེས་དགོས་ཏེ། མ་བཤད་ན་མི་གོ མ་བུས་ན་མི་འབར། ཞེས་པ་ལྟར་ཆོས་རྣ་བས་གོ་མ་མྱོང་ན་ཆོས་ཀྱི་ནང་དོན་མི་ཤེས་པར་མ་ཟད་ཆོས་ཀྱིས་ཅི་ལ་ཕན་ཙམ་ཡང་ཤེས་མི་སྲིད། ཆོས་སྒྲ་རེ་གོ་མྱོང་ན་ཡང་དེ་ལ་ཞེ་གཏད་དེ་བྲོ་བ་མ་མྱོང་ན། མ་གོ་བ་དང་འདྲ་འདྲ་ཡིན། སྣང་ཡང་མ་ངེས་པ་དབང་ཤེས་རྟོག་མེད་ཡིན་པས། ཡིད་ཤེས་ཀྱིས་དེ་ལ་བདག་པོར་མ་བརྒྱབ་ཚེ་བཤད་པ་ཐམས་ཅད་རྫ་རྒྱབ་ཆུ་བླུག་ཏུ་འགྲོ་བ་ཡིན། དེས་ན་ཆོས་ཉན་པའི་ཀུན་སྤྱོད་འཆོས་སྐབས་རྣ་བ་མ་གཏད་ན་སྣོད་ཁ་སྦུབས་པ་ལྟ་བུའི་སྐྱོན་ཡོད་པར་གསུངས། ཡང་དེ་ལས། མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་དང་ནི་དགེ་བའི་ཆོས། །མ་ཐོས་པར་ནི་ཤེས་མི་འགྱུར། །ཞེས་དང་ད་དུང་དཔེ་ཡི་སྒོ་ནས། མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བུ། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་གསུངས་སོ། །མི་རང་ལ་རང་བྱུང་གི་བློ་གྲོས་དང་བློ་སྟོབས་རྣམ་དཔྱོད་ཡོད་ཀྱང་དགེ་སྡིག་ལས་འབྲས་ཀྱི་རྣམ་གཞག་རྩ་བ་ནས་བསྟན་མ་མྱོང་བས་དེའི་ཕྱོགས་ལ་གོམས་འདྲིས་མེད་ན་དེའི་ལེགས་ཉེས་ཀྱི་གནད་གསང་རྣམ་རིག་ཇི་ལྟར་བཀྲ་ཡང་ཤེས་པ་མིན་ཏེ། དཔེར་ན་མིག་གསལ་བ་དབང་པོ་སྐྱོན་མེད་ཅན་ཞིག་ཡིན་ཡང་། མུན་པའི་ནང་དུ་མར་མེ་མེད་ན་རིག་ཐབས་མེད་པ་བཞིན་ནོ། །བློ་གྲོས་ལྡན་པ་ཞིག་གིས་ཐོས་པ་བསྟེན་ན་སྔར་མེད་ཀྱི་ཤེས་རབ་རྒྱུད་ལ་སྐྱེས་ཏེ། ལེགས་ཉེས་དང་བདེ་སྡུག་གི་རྩ་བ་གང་ཡིན་པ་ཤེས་པ་དང་། ཁྱད་པར་མི་རང་བཞིན་གྱིས་རྣམ་དཔྱོད་དང་ཤེས་རྒྱ་ཡོད་པ་ཞིག་ལ་རྒྱལ་བ་བདེན་པར་སྨྲ་བའི་བཀའ་དང་མཁས་པའི་ལེགས་བཤད་ཐོས་པའི་མིག་གསར་བ་ཞིག་ཐོབ་ཚེ་བྱ་རྒོད་པོའི་གཤོག་རྩལ་རླུང་གིས་བསྐྱོད་པ་ལྟར་དུ་རྣམ་འབྱེད་ཀྱི་ཤེས་རབ་འཕྲང་དོག་མོ་གཡང་གཟར་དང་བྲག་རོང་ལ་ཉམ་ང་མེད་པའི་སྟོབས་རྩལ་ཞིག་ནང་ནས་རྒྱས་སུ་ཡོད་དོ། །འོན་ཀྱང་ལ་ལ་ནི། བཙོས་ཀྱང་གྱོང་རུ། མ་བཙོས་ཀྱང་གྱོང་རུ། ཅི་འདྲའི་བཤད་ཀྱང་ཕན་པ་མེད་པ། ཅི་ཙམ་ཉན་ཡང་ཡར་བསྐྱེད་མེད་པ་དག་ལས་ཁ་ཅིག་ནི་སྡིག་སྒྲིབ་ཆེ་བའི་སྐྱོན་དང་། ཁ་ཅིག་ནི་སྐྱེ་བ་སྔོན་མ་དུད་འགྲོ་ལས་འཕོས་པ་བླུན་ཞིང་གཏི་མུག་པའི་བག་ཆགས་རྒྱུ་མཐུན་གྱིས་བསྐྱེད་པ་ཡང་ཡོད་ལ། འོན་ཀྱང་རིགས་ཆད་ངེས་ཅན་མེད་པ་ཡིན་པས་བླ་མ་དཀོན་མཆོག་ལ་གསོལ་བ་བཏབ། འདི་ཕྱིའི་བདེ་སྡུག་ལ་བསམ་བློ་བཏང་། རྒྱུ་འབྲས་བསླུ་མེད་ལ་འདང་རེ་བརྒྱབ་སྟེ། སྔ་བསམ་ཕྱི་འདང་རེ་བྱས་ནས་ཚོགས་བསགས་སྒྲིབ་སྦྱངས་རེ་གྱིས་དང་དེའི་ལག་རྗེས་སུ་འབྲས་བུ་ཐོབ་ཏུ་ཡོད་པ་ནི་མཐོང་བའི་ཆོས་སོ། །དེ་དག་རང་གར་རྒན་ཞུགས་རྣམས་ལ་བཤད་པ་ཡིན། གནའ་ལམ་ཆུང་བས་གཙུག་ལག་ཁང་དང་དགེ་འདུན་གྱི་ཞབས་ཞུ་བསྒྲུབས་ནས་དགྲ་བཅོམ་ཐོབ་པའི་ལོ་རྒྱུས་ཡོད། འོན་ཀྱང་ལུས་ངག་གི་ནུས་པ་བས་སེམས་ཀྱི་ནུས་པ་སྟོབས་ཆེ་བས། ལུས་ངག་གི་དགེ་སྦྱོར་ལས་སེམས་ཀྱི་དགེ་སྦྱོར་འགྱུར་སྟོབས་དང་ཕན་རླབས་ཆེ་བས་མདོ་དོན་ཚིག་གི་རྩ་བ་ཚུར་བསྡུས་ན། ཐོས་པའི་ཤེས་རབ་ཀྱི་མིག་བསྟེན་ནས་དང་པོ་མ་ཐོས་པ་ཐོས་པར་བྱེད་དགོས་པས། གོ་མ་མྱོང་བ་ཉན་དགོས་ཉན་རྒྱུ་དེ་ཡང་ཅི་ཡིན་ཡིན་ཉན་འདུག་མི་ཆོག་པས་བྱ་ཕོ་རོག་གི་སོ་ལ་དཔྱད་པ་ལྟ་བུའི་བསྟན་བཅོས་དོན་མེད་དོན་ལོག་རྣམས་མ་གཏོགས་བླང་དོར་གྱི་གནས་སྟོན་པའི་ལེགས་བཤད་ཡིན་ཚེ་ཉན་དགོས། ཉན་ཚད་པོ་གོ་བ་ལོན་རྒྱུ་དང་། གོ་ཚད་པོ་རྒྱུད་ལ་སྦྱོར་རྒྱུ་ནི་ཐོག་མ་ཉིད་ནས་དཀའ་བ་ཡིན་ཡང་། མ་ཉན་པ་ལས་ལྷག་ཡིན་པ་ནི། མི་ཞིག་ཡིན་ཚེ་རྣ་ལམ་དུ་བརྒྱ་དང་སྟོང་བཤད་ཀྱིན་བསྡད་ན་བར་ཞིག་ལ་རྣ་འཇགས་ཀྱང་འགྲོ་བ་ཡིན་པས། ཆོས་ཉན་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན་ཏེ། མ་ཐོས་ན་བསྒྲུབ་བྱ་ཞིག་ཤེས་དོན་མེད་པའི་ཕྱིར། ཆོས་ཉན་དུས་ཀྱང་གང་རྣ་ལམ་དུ་སོང་ཞིང་དང་བ་འདྲེན་ན་དེ་ལ་ལས་འབྲེལ་ཡོད་པའི་རྟགས་ཡིན་པས་ལས་འབྲེལ་ཡོད་པའི་ཆོས་དེ་ལ་རང་མོས་པ་ལྷག་ཏུ་ཆེ་ཞིང་། མོས་པ་ཡོད་པའི་བྱ་བ་དེ་བསྒྲུབས་ན་འགྲུབ་པ་ཡིན། དེས་ན་ཆོས་བདག་མེད་ལ་སྙིང་རུས་སུ་ཆེ་ཡིན་པས་མི་ཚེའི་ཡུན་ཐུང་གི་དུས་ཚོད་ལ་དོན་ཆེན་འགྲུབ་པའི་རིན་ཐང་ལྡན་པར་མ་ཟད། དོན་མེད་ཆུད་ཟོས་སུ་བཏང་ན་གྱོང་ཆེ་བའི་སྐོར་ལ་བསམ་བློ་བཏང་བའི་ཐོག་ནས། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་ནི་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་ཅེས་བྱ་བ། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་ནས་མཐར་ཐུག་འབྲས་བུའི་གྲོལ་ས་ལ་ཐུག་གི་བར་དུ་རྡོ་རྗེའི་གནས་བཅུ་གཅིག་གིས་གཏན་ལ་ཕབ་པའི་གཞུང་འདི་ཉིད་འཆད་ཉན་བྱེད་བཞིན་པ་ལས་རྡོ་རྗེའི་གནས་བརྒྱད་པ་ཉམས་ལེན་གྱི་སྐབས་ནས། རྫོགས་པ་ཆེན་པོའི་གདུལ་བྱ་འདི་ལ། སྣང་བ་ཡུལ་གྱི་བློ་ཅན་དང་། རིག་པ་རང་སྣང་གི་བློ་ཅན་གཉིས་ཡོད་པའི་སྣང་བ་ཡུལ་གྱི་བློ་ཅན་གྱི་གང་ཟག་གི་ཉམས་ལེན་བཤད་པ་དེ་སོང་ནས་དེ་རིང་སྐབས་སུ་བབ་པ་ནི།

ཁ༽རིག་པ་རང་སྣང་བའི་བློ་ཅན་གྱིས་ཉམས་སུ་བླང་བའི་རིམ་པ་བསྟན་པ།

ཀ ཐུན་མོང་ལས་འཕགས་ཚུལ་བསྟན་པ།

ད་ནི་རིག་པ་རང་སྣང་གི་བློ་ཅན་རྣམས་ཀྱིས་ཉམས་སུ་བླང་བའི་རིམ་པ་བསྟན་པ་ལ་གཉིས་ཏེ། ཐུན་མོང་ལས་འཕགས་ཚུལ། གདམས་པ་དངོས་བསྟན་པའོ། །དང་པོ་ནི་ཐུན་མོང་ལས་གནད་བདུན་གྱིས་འཕགས་ཏེ། དབང་པོ་ལ་རྣོ་རྟུལ་མེད་པའི་གནད། ཤེས་རབ་ལ་ཆེ་ཆུང་མེད་པའི་གནད། ཚིག་གི་ཆོས་ཉིད་མི་མཐོང་བའི་གནད། ན་སོ་ལ་རྒན་གཞོན་མེད་པའི་གནད། ལས་ལ་བཟང་ངན་མེད་པའི་གནད། ལྟ་སྒོམ་གཞི་ལམ་ལ་མི་ལྟོས་པའི་གནད། ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་གནད་དང་བདུན་ལས། དང་པོ་ནི། གཞན་ཐེག་པ་འོག་མ་རྣམས་ཀྱིས་ཆོས་ཉིད་ཡིད་དཔྱོད་ལ་གདེང་འཆའ་བ་སྟོང་སྒོམ་མུན་རྡོ་འཕེན་པ་ལ་ཉམས་ལེན་གྱི་གདེང་བྱེད་པ་ཡོད་ཀྱང་འདི་ནི་བློའི་ཡིད་དཔྱོད་ལ་ལྟོས་པ་མིན་པས་རིག་པ་ཅེར་མཐོང་དུ་རྟོགས་པས་དབང་པོ་ལ་རྣོ་རྟུལ་མེད་པའི་གནད། ལམ་གཞན་རྣམས་ཤེས་རབ་ཆེ་ན་མྱུར་དུ་རྟོགས་ནས་གྲོལ་བ་དང་། ཤེས་རབ་ཆུང་ན་གྲོལ་དཀའ་བ་ཡིན་ཡང་འདི་ནས་བརྩོན་འགྲུས་ཡོད་ན་ཆོས་ཉིད་ཀྱི་རང་གདངས་དབང་པོས་མངོན་སུམ་ལ་མཐོང་བ་ཡིན་པས་མཐོང་བས་ཚེ་འདིའི་སྦྱངས་སྟོབས་ཀྱི་ཤེས་རབ་ལ་ཆེ་ཆུང་མེད་པའི་གནད། གཞན་རྣམས་རྗོད་བྱེད་ཚིག་གི་རིམ་པ་ལ་ལྟོས་པས་གཞི་ནས་དོན་རྟོགས་པ་ལ་རེ་འཆའ་བ་ཡིན་ཡང་། འདི་ནས་ཚིག་འབྲུ་གཅིག་ལ་མི་ལྟོས་པར་གནས་ལུགས་རང་ངོ་རྟོགས་པས་ཚིག་གིས་སངས་མི་རྒྱ་བའམ་ཆོས་ཉིད་མི་མཐོང་བའི་གནད། ལམ་གཞན་རྣམས་རྩ་རླུང་ཐིག་ལེ་ལ་སོགས་པ་ན་སོ་གཞོན་དུས་དར་བའི་སྐབས་ཡིན་པས་བྱང་ཆུབ་འགྲུབ་པ་དང་ན་སོ་རྒས་པ་དང་འབྱུང་བ་རྒུད་ཚེ་ལུས་སྟོབས་ཟད་ནས་མི་གྲོལ་བར་འདོད་པ་ཡིན་ཡང་། འདིར་ནི་རང་བྱུང་འོད་གསལ་གྱི་ཉི་ཟླ་རང་གི་ཁོང་ནས་འཆར་བས་བླང་དོར་འབད་རྩོལ་མེད་པས་ན་སོ་ལ་རྒན་གཞོན་མེད་པར་གྲོལ་བའི་གནད། ལམ་གཞན་རྣམས་ཀྱིས་རྒྱུ་འབྲས་སྔ་ཕྱི་ལ་ལྟོས་ནས་བྱང་ཆུབ་གཞན་ནས་འཚོལ་བ་ཡིན་ཡང་འདིར་རྒྱུ་འབྲས་བཟང་ངན་གྱི་ལས་ལ་མི་ལྟོས་པར་རང་རིག་ལ་དྲི་མ་མེད་པའི་བྱང་ཆུབ་རང་ལས་འཆར་བ་ཡིན་པས་འབད་རྩོལ་དང་བླང་དོར་མེད་པའམ་ལས་ལ་བཟང་ངན་མེད་པའི་གནད། ལམ་གཞན་ནས་བློས་བྱས་ཀྱི་གཞི་ལམ་འབྲས་བུའི་རྣམ་དབྱེ་བཞག་པ་ལ་ལྟོས་དགོས་པ་ཡིན་ཡང་འདིར་ཆོས་ཉིད་བསམ་རྫོགས་ལས་འདས་པས་རང་གསལ་མངོན་གྱུར་ཡིན་པས་བློས་བྱས་རྟོག་པའི་གཞི་ལམ་ལ་མི་ལྟོས་པར་སངས་རྒྱས་པའི་གནད་དམ་ལྟ་སྒོམ་གཞི་ལམ་ལ་མི་ལྟོས་པའི་གནད། གཞན་རྣམས་མཐར་ཐུག་གི་འབྲས་བུ་སྐུ་གསུམ་ལ་འདོད་ལ་དེ་ལ་ལྟོས་འཆའ་བ་ལས་མེད་ཀྱང་འདིར་འབྲས་བུ་ཀ་དག་ཡིན་པས་སྐུ་གསུམ་ལམ་སྣང་དུ་ཤར་ཏེ་མཐར་ཐུག་འོད་གསལ་ཀ་དག་གི་ཀློང་དུ་ལྷུན་གྲུབ་རིག་པའི་གཏན་སྲིད་ཟིན་ནས་ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་གནད་དང་བདུན་གྱིས་འཕགས་པར་བཤད་དོ། །དེ་ལྟར་བདུན་གྱི་ཆེ་བས་ཐེག་རིམ་དགུ་བོ་ལས་འཕགས་པ་ཡིན་ནོ། །འོ་ན་འདི་ཡང་ཨ་ཏི་ཡིན་པས། ཨ་ཏི་ལས་ཇི་ལྟར་འཕགས་པ་ཡིན་ཞེ་ན། ཨ་ཏི་ལ་ནང་གསེས་ཀྱི་སེམས་ཀློང་མན་ངག་གི་སྡེ་གསུམ་ལས། སེམས་ཀློང་གཉིས་ཀས་ཁ་འབྱམས་གཞི་བྲལ་ལ་གདེང་བཅས་ཕྱིར། དོན་ལ་དངོས་སུ་བལྟར་མེད་པས་ཡིད་དཔྱོད་ཙམ་ལས་གནད་ངེས་པ་མཐོང་བ་མེད་པས་དེ་ལས་འཕགས་ལ། མན་ངག་སྡེ་ལའང་ཕྱི་ནང་གསང་བའི་སྐོར་གསུམ་པོ་བར་དོའི་སྐབས་སུ་ལྟོས་འཆའ་བ་ཡིན་ཞིང་འདིར་འོད་ལུས་སུ་གྲོལ་བའི་གནད་ཡོད་པས་དེ་ལས་ཀྱང་འཕགས་པའོ། །ཁྱད་པར་དུ་འཕགས་ཚུལ་བདུན་པོ་དེ་གཙོ་ཆེར་ལྷུན་གྲུབ་ཐོད་རྒལ་གྱི་ཕྱོགས་ནས་འཇོག་དགོས་སོ། །ཡང་གེགས་དང་གོལ་ས་མེད་པས་ཁྱད་དུ་འཕགས་ཚུལ་ནི། རྩ་རླུང་ཐུན་མོང་བ་ཀུན་རྫོབ་རགས་པ་ལམ་དུ་བྱས་པས་ལུས་སྦྱོང་ལ་སོགས་པ་རྩོལ་བཅས་དུ་མ་ལ་བརྟེན་པས། གེགས་དང་གོལ་ས་ཤིན་ཏུ་མང་ལ། འདི་ནས་གནད་མི་གཡོ་བ་གསུམ་གྱིས་འཆིང་བ་ཙམ་ལས་རགས་པ་ལམ་དུ་མི་བྱེད་པར། དོན་དམ་ཡེ་ཤེས་ཀྱི་རྩ་རླུང་འཛིན་རྩོལ་ལས་འདས་པ་ལམ་དུ་བྱེད་པས་ལུས་འོད་དུ་དག་པར་སྦྱོང་བས་མི་ཚད། འཁྲུལ་འཁོར་དང་གེགས་སེལ་ལ་སོགས་པ་ཐུན་མོང་བ་ལ་མི་ལྟོས་པ་ཡིན་ཏེ། གེགས་རྣམས་འཁྲུལ་བ་དང་སྡུག་བསྔལ་ཡིན་ལ། འཁྲུལ་བ་ལམ་དུ་བྱས་ཚེ་འཁྲུལ་བའི་གེགས་དང་མི་འདོད་པ་འབྱུང་བའི་ཕྱིར། འདི་ནས་དོན་དམ་མ་འཁྲུལ་བའི་རྩ་རླུང་ལམ་དུ་བྱས་པས་གེགས་དང་གོལ་ས་མེད་པའོ། །སྤྱིར་གོལ་ས་ཞེས་པ་ཅི་ཡིན་ཞེ་ན། བློས་བྱས་ཡིད་དཔྱོད་ལ་བརྟེན་པ་རྣམས་དོན་མ་མཐོང་བས་འདྲ་གཉིས་ཀྱི་ལམ་ལ་ནོར་དོགས་ཡོད་དེ། དེ་ཡང་ལམ་དང་ཉམས་རྟོགས་ཀྱི་རྣམ་པར་གོལ་ཞིང་ཤེས་ཉམས་གཙོ་བོར་བྱེད་པས་གོལ་སྒྲིབ་ཀྱི་འཕྲང་ལས་མི་འདའ་བ་ཡིན་ནོ། །མན་ངག་འདིའི་སྐབས་སུ་ནི་མངོན་སུམ་དབང་པོའི་མཐོང་ཡུལ་དུ་འཆར་བའི་ཕྱིར་གོལ་ས་མེད་དེ་དོན་གཏན་ལ་དངོས་སུ་ཕེབས་ཟིན་པའི་ཕྱིར་རོ། །གོལ་བ་ནི་ངོ་མ་མ་རྙེད་ནས་བཙལ་བའི་ལམ་དུ་གོལ་ནས་ནོར་བའོ། །འཁྲུལ་ས་ཡང་འདི་ལ་ཡོད་པར་མིན་ཏེ། ཤེས་ཉམས་འགྱུར་ལྡོག་ཅན་ལ་ལམ་གྱི་ཚད་མི་འཛིན་པར། འོད་གསལ་ངོ་མའི་རང་གདངས་སྣང་ཉམས་བསླུ་བ་མེད་པས་ཚད་འཛིན་བྱེད་པའི་ཕྱིར་རོ། །སྦྱོར་དྲུག་ལ་སོགས་དང་ཡང་འདི་མི་འདྲ་བའི་ཁྱད་ཆོས་ལྷག་ཏུ་ཡོད་དེ། རླུང་གདངས་དང་། རིག་གདངས་གཉིས་ཀའི་ཁྱད་ཡོད་པས་སོ། །དེ་ཡང་དཔེར་ན་ནོར་བུའི་འོད་དང་སྒྲོན་མེའི་འོད་ལྟ་བུའི་ཁྱད་པར་ཡོད་དེ། །ནོར་བུའི་འོད་ལ་ཉམས་པ་མེད་ལ། སྒྲོན་མེའི་འོད་འགྱུར་ལྡོག་དང་འཕེལ་འགྲིབ་ཆེ་བ་བཞིན་ནོ། །འཁྲུལ་སྣང་རིག་རྩལ་མ་དག་པའི་གདངས་ལམ་དུ་བྱས་ཀྱང་མི་གྲོལ་ལ། དག་སྣང་འོད་གསལ་དངོས་ཀྱི་གདངས་ལམ་དུ་བྱས་པས་གྲོལ་བ་ཡིན་ནོ། །ཁྱད་པར་འཕགས་ཚུལ་བདུན་འདི་ཁྲིད་ཡིག་ཡེ་ཤེས་བླ་མ་བཤད་སྐབས་ཚར་མང་པོ་བཤད་ཟིན་ཀྱང་སླར་ཡང་འདི་ནས་གསལ་བོར་ཞུས་པ་ཡིན། དང་པོ་ནི་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་གནད་ཀྱིས་ཀྱང༌། །ལས་ལ་བཟང་ངན་མེད་པར་རྟོགས། །སྙིང་ཏིག་ངེས་པར་བསྡུས་པ་ཡིས། དབང་པོ་རྣམས་ལ་རྣོ་རྟུལ་མེད། །ཡིད་དཔྱོད་ཚིག་གི་མཐའ་ཟད་པས། །ཤེས་རབ་མ་ཡིན་དབང་པོ་མཐོང༌། །ཚིག་གིས་ཆོས་ཉིད་མི་མཐོང་བས། །ཐུན་མོང་ཐེག་པས་དོན་མི་འགྲུབ། །སྐུ་གསུམ་ལམ་སྣང་ཡིན་པས་ཕྱིར། །འདི་མཐོང་ཁམས་གསུམ་བཟློག་པ་མིན། །ཆོས་ཀུན་མཉམ་པར་རོ་གཅིག་པས། །གཞི་ལམ་འབྲས་བུ་ལྟོས་མིན་པའོ། །ཞེས་སོ།།

ཁ གདམས་པ་དངོས་བསྟན་པ།

༼༡༽ མན་ངག་གི་འབྲེལ་དགོད་པ།

གཉིས་པ་ལ་གཉིས་ཏེ། མན་ངག་གི་འབྲེལ་དགོད་པ་དང༌། འབྲེལ་པ་ཅན་གྱི་མན་ངག་ཉིད་བཤད་པའོ། །དང་པོ་ནི་ཁྲེགས་ཆོད་དང་ཐོད་རྒལ་རྣམ་པ་གཉིས་ཏེ། ངོ་སྤྲོད་སྤྲས་པའི་རྒྱུད་ལས་འབད་མེད་རང་གྲོལ་ཚད་འཛིན་པ། །ཁྲེགས་ཆོད་ཐོད་རྒལ་མཚམས་སུ་བརྟག །ཅེས་པ་དང༌། རྫོགས་པ་རང་བྱུང་ལས། ཁྲེགས་ཆོད་ཐོད་རྒལ་རང་བཞག་གོ །ཞེས་སོ། །དེ་ཡང་ཁྲེགས་ཆོད་ནི་ལམ་འབད་མེད་དུ་རང་གྲོལ་བ་སྣང་བ་ལ་མ་ལྟོས་པར་རིག་པ་རྗེན་པ་ཉམས་སུ་ལེན་པ་ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བ་དབང་པོ་རྣོན་པོའི་གནད་ཡིན་ལ། སེམས་ཉིད་ཡེ་ནས་འཚང་རྒྱ་བའི་རང་བཞིན་དེ་ཉིད་ཇི་ལྟ་བར་སྟོན་པ་ཀ་དག་གི་གནས་ལུགས་གཏན་ལ་འབེབས་པ་ཁྲེགས་ཆོད། ཕྱི་སྣང་བ། ནང་རིག་པ། བར་གཟུང་འཛིན་སྣང་བརྟགས་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་སྟོང་ཡོངས་སྟོང་ཆེན་པོ། ཡེ་ནས་འཁྲུལ་མ་མྱོང་བ་སྒོམ་མེད་བྱ་རྩོལ་དང་བྲལ་བ། རང་བྱུང་སེམས་ཀྱི་ཆོས་ཉིད། རིག་སྟོང་ཟང་ཀ་རྗེན་པ། སྤང་བླང་དང་གྲོལ་འཁྲུལ་གྱི་མཐའ་ལས་འདས་པ། ལེ་ལོ་ཅན་འབད་མེད་དུ་གྲོལ་བ་ཞེས་བརྩོན་འགྲུས་ལྡན་ན་ཚེ་རབས་མང་པོའི་འབད་པ་ལ་མི་ལྟོས་པའི་ཆ་ནས་གསུངས་པའོ། །ཐོད་རྒལ་ནི་འབད་བཅས་སུ་གྲོལ་བ་འོད་གསལ་གྱི་སྣང་བ་ལ་ལྟོས་ནས་བརྩོན་འགྲུས་ཅན་ཚེ་འདི་ཉིད་དུ་རྡོས་བཅས་འོད་ལུས་སུ་དག་ནས་འཚང་རྒྱ་བ་སྟེ། ཚིག་དང་ཡིད་དཔྱོད་ལ་མི་ལྟོས་པར་ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་རང་བཞིན་དུ་སྟོན་པ་མངོན་སུམ་རང་ཐོག་ཏུ་ངོ་སྤྲོད་པ་ཐོད་རྒལ་གྱི་གྲུབ་མཐའ་འོ། །འབད་བཅས་གསུངས་པ་ནི་ཚེ་རབས་མང་པོ་ལ་འབད་དགོས་གསུངས་པ་མིན་པར། བཞུགས་སྟངས་གཟིགས་སྟངས་ཀྱིས་གནད་བཅུན་པ་ལ་འབད་པའི་མིང་གིས་བསྟན་ནས་འབད་བཅས་གསུངས་པའོ། །དེ་ལྟ་བུའི་གཞི་ཀ་དག་དང་ལྷུན་གྲུབ་ལ་བརྟེན་ནས་ལམ་ཁྲེགས་ཆོད་དང་ཐོད་རྒལ་གྱི་ཉམས་ལེན་གྱི་འབྲེལ་ནི་མུ་ཏིག་ཕྲེང་བ་ལས། གང་ཟག་བློ་ཡི་བྱེ་བྲག་གིས། །རིམ་པ་ཇི་ལྟར་བཤད་པར་བྱ། །འབད་རྩོལ་མེད་པས་རང་གྲོལ་ཉིད། །འབད་བྱས་ཉམས་སུ་བླང་བྱའོ། །འབད་མེད་རྣམས་ནི་རང་དག་ཡིན། །ཞེས་སོ།།

༼༢༽ འབྲེལ་པ་ཅན་གྱི་མན་ངག་ཉིད་བཤད་པ།

༼༡ ལེ་ལོ་ཅན་གཞི་ཐོག་ནས་གྲོལ་བར་བྱེད་པ་ཁྲེགས་ཆོད་ཀྱི་མན་ངག་བསྟན་པ།

༡༽ ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ་བསྟན་པ།

གཉིས་པ་འབྲེལ་བ་ཅན་གྱི་མན་ངག་ཉིད་བཤད་པ་ལ། ཁྲེགས་ཆོད་ཀྱི་འདེབས་ལུགས་ཤིན་ཏུ་མང་ཡང་འདིར་རྒྱ་ནག་པོའི་སློབ་དཔོན་ཆེན་པོ་ཤྲཱི་སིངྷའི་རྗེས་སུ་འབྲངས་ནས་དོན་རྣམ་པ་གསུམ་གྱིས་བསྟན་པ་ནི། སྤྱིར་ན་སློབ་དཔོན་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་རྡེག་པའི་མན་ངག་སྟེ། ངོ་རང་ཐོག་ཏུ་སྤྲད་པ། ཐག་གཅིག་ཐོག་ཏུ་བཅད་པ། གདེང་གྲོལ་ཐོག་ཏུ་བཅའ་བ་དང་གསུམ་གྱི་སྒོ་ནས་བསྟན་པ་དང་། ཛྙཱ་ན་སུ་ཏྲས་བཞག་ཐབས་བཞི་ཡི་སྒོ་ནས་བསྟན་པ་སྟེ། ལྟ་བ་རང་བཞག་གཞི་རུ་བཤད་པ་དང་། སྒོམ་པ་རང་བཞག་ལམ་དུ་བཤད་པ་དང་། སྤྱོད་པ་རང་བཞག་གྲོགས་སུ་བཤད་པ་དང་། འབྲས་བུ་རང་བཞག་ཐོབ་བྱར་བསྟན་པ་སྟེ་རང་བཞག་རྣམ་པ་བཞིའི་སྒོ་ནས་བཤད་པའོ། །པདྨ་ཀཱ་རས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གྱི་སྒོ་ནས་བསྟན་པ་སོགས་རྫོགས་པ་ཆེན་པོའི་ཁྲིད་སྲོལ་འདྲ་མིན་ཡོད་པ་ལས་འདིར་ཤྲཱི་སིངྷའི་འདེབས་ལུགས་གསུམ་ལ་གཞི་བཟུང་ནས་གནད་གཞན་མཉམ་དུ་ཚང་བའི་ཐོག་ནས་འཆད་པའོ། །དེ་ཡང་རྒྱ་ནག་པོའི་སློབ་དཔོན་ཆེན་པོ་ཤྲཱི་སིངྷས་འདེབས་ལུགས་གསུམ་དང་། གཟེར་བུ་བདུན་གསུངས་པ་ལས། གཟེར་བུ་བདུན་ནི། ཡེ་ཤེས་ཟང་ཐལ་གྱི་གཟེར་འཁོར་འདས་གཉིས་ཀྱི་བར་དུ་གདབ་པ་རྩྭ་དང་མེ་འཕྲད་པ་ལྟ་བུའི་མན་ངག ལྟ་བ་གྲོལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་གདབ་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུའི་མན་ངག སྒྲོན་མ་རང་དག་གི་གཟེར་ཡུལ་སེམས་གཉིས་ཀྱི་བར་དུ་གདབ་པ་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟ་བུའི་མན་ངག སྒོ་ལྔ་རང་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་དུ་གདབ་པ་བུ་གཅིག་པུ་མ་དང་འཕྲད་པ་ལྟ་བུའི་མན་ངག ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་དུ་གདབ་པ་ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུའི་མན་ངག རིག་པ་ཆོས་ཉིད་ཀྱི་གཟེར་ཆོས་ཅན་དང་ཆོས་ཉིད་ཀྱི་བར་དུ་གདབ་པ་ཉི་ཟེར་དང་བ་མོ་འཕྲད་པ་ལྟ་བུའི་མན་ངག ཆོས་སྐུ་ཡེ་རྫོགས་ཀྱི་གཟེར་སྣང་སྟོང་གཉིས་ཀྱི་བར་དུ་གདབ་པ་དབུལ་བོ་གཏེར་མཛོད་དང་འཕྲད་པ་ལྟ་བུའི་མན་ངག་དང་བདུན་ནོ། །འདེབས་ལུགས་གསུམ་ནི། ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ། བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ། ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བའོ། །དང་པོ་ནི། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ཀློང་དུ་ཡེ་ནས་མངོན་པར་སངས་རྒྱས་ཟིན་པས་ད་འབད་རྩོལ་དང་བྱ་རྩོལ་གང་ཡང་མི་བྱ་བར་ཐག་བཅད་དེ། འདི་ལྟར་ཕྱི་སྣ་ཚོགས་སྣང་བའི་ཡུལ་སྣོད་བཅུད་ཐམས་ཅད་སྣང་ལ་བདེན་པས་སྟོང་པ་སྒྱུ་མའི་དཔེ་བརྒྱད་དུ་ཡེ་ནས་གྲོལ་ལ། དེའང་སྒྱུ་མ་མཐའ་བྲལ་གཞི་མེད་སྣང་བ་ཙམ་ལས་ཡོད་མ་མྱོང༌། མེད་མ་མྱོང༌། བདེན་མ་མྱོང༌། རྫུན་མ་མྱོང༌། གཞི་མེད་ཕྱལ་པ་ཡེ་སངས་སུ་གནས་པས་བླང་དོར་དམིགས་ཆོས་སུ་མ་གྲུབ་ནང་རང་སེམས་ཀྱི་ཆོས་སུ་སྣང་བའང་སྐྱེ་འགག་གནས་པའི་ཡུལ་དུ་མ་གྲུབ་པས་ངོ་བོ་ངོས་གཟུང་གི་མཐའ་ལས་འདས་ཏེ། སེམས་འདི་ལ་བལྟ་བ་དང་སྒོམ་རྒྱུའི་ཆོས་རྡུལ་ཙམ་ཡང་མེད་པས་སྤྱད་རྒྱུ་དང་ཐོབ་རྒྱུའི་ཆོས་མི་དམིགས། རང་བཞིན་གྱི་རིག་པ་ནམ་མཁའ་ལྟ་བུ་ལ་སྤང་བླང་གཉེན་པོའི་གཟེབ་ཀྱིས་འཆིང་མི་དགོས་པས། ད་སེམས་ཞེས་བྱ་བ་འདི་ཉིད་འཆིང་བར་བྱེད་པའི་ཆོས་ཤིག་དོན་ལ་མི་གནས་པས་རང་སངས། རང་གསལ་མངོན་སུམ་དུ་རྟོགས་པས་བརྗོད་མེད་རང་དག ཡོད་མེད་བདེན་འཛིན་སོགས་གཞི་མ་གྲུབ་པས་རིས་མེད་པའི་ཕྱལ་བ། གནས་མེད་རྟེན་མེད་ཀྱི་དབང་གིས་བཅིང་མེད་གྲོལ་བ་མེད་པས་རང་ཡན། དུས་གསུམ་ཚོགས་པ་མེད་པའི་བར་མེད། འཆིང་གྲོལ་ཡེ་ནས་མེད་པའི་ཡེ་དག་རང་ངོ་སྟོང་པས་ཡེ་སངས། དེ་ལྟ་བུའི་བློས་བྱས་ཀྱི་དྲི་མ་མེད་པར་འཁོར་འདས་སྣང་བརྟག་གི་ཆོས་ཐམས་ཅད་འདུས་ཤིང་རྫོགས་ནས་འུབ་ཆུབ་པས་འཁོར་འདས་མིང་མེད་ཆེན་པོར་ལ་ཟློས་པའམ་ཐག་ཆོད་ཏེ་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པར་ཡེ་སངས་རྒྱས་བས་མཁའ་གསལ་ཀློང་ཡངས་ཀྱི་དོན་ལས་མ་གཡོས་ཏེ། སྣང་བཏགས་ཇི་ལྟར་སྣང་ཡང་རིག་པའི་ངང་ལས་མ་གཡོས་པས་འབྱུང་བཞིའི་ཆོ་འཕྲུལ་ནམ་མཁའི་དབྱིངས་ལས་མ་གཡོས་པ་ལྟར་ཡེ་ནས་ལ་ཟློས་པའི་དོན་ཁོང་དུ་ཆུད་པར་བྱ་བ་སྟེ། རང་བཞིན་རྫོགས་པ་ཆེན་པོ་བྱར་མེད་ནམ་མཁའ་ལྟ་བུའི་དོན་སྤྱིར་བསྟན་པ་སྟེ། འཁོར་འདས་སྣང་རིག་གི་ཆོས་ཐམས་ཅད་ཡེ་ནས་འཁྲུལ་མ་མྱོང་། གྲོལ་མ་མྱོང་། འཁོར་མ་མྱོང་། འདས་མ་མྱོང་། བྱ་བྱེད་རྩོལ་སྒྲུབ་མཚན་མ་ཅན་བློས་བྱས་ཀྱི་ཆོས་ལས་རིང་དུ་འདས་པ། གང་སྣང་སྣང་ས་དེ་ནས་གཞི་མེད་ཡེ་སངས་སུ་འདུག་པས་འཆིང་གྲོལ་གྱི་འབད་རྩོལ་རང་ཞིག གང་ཤར་ཤར་ས་དེ་ནས་ཡེ་དག་རང་ངོ་སྟོང་པས་རིས་མེད་ཕྱམ་བཞག་ཕྱལ་ཡས་སུ་འགྲོ་བ། གང་སངས་སངས་ས་ནས་རྗེས་མེད་རང་དག་ཡེ་སྟོང་དུ་འདུག་པས་ཆོས་ཐམས་ཅད་རང་ཤར་རང་གྲོལ་དུ་འགྲོ་བ་དེ་རྫོགས་པ་ཆེན་པོའི་གནས་ལུགས་སོ། །འདིའི་སྐབས་ཀྱི་བཤད་བྱ་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བའི་ཚུལ་ཀློང་དྲུག་པ་ལས། སྟོང་པ་ཡུལ་གྱི་སྤྲོས་པ་མེད། །གསལ་བ་ཡོད་མེད་མཐའ་ལས་འདས། །མཚན་ཚིག་དུ་མའི་སྤྲོས་དང་བྲལ། །སྔགས་ལས་མ་བསྐྱེད་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །ལྟ་སྒོམ་དྲི་མ་ཀུན་དང་བྲལ། །མཐའ་མེད་དབུས་སུ་དམིགས་པ་མེད། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་འདི་བསམས་པས་མི་སྣང་སྟེ། གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཡང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་སེམས་པ་མེད། །ཚོགས་མེད་བསག་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཐབས་མེད་ཉན་པའི་འཁོར་ཡང་མེད། །ཡུལ་མེད་དུས་གསུམ་ཉིད་ཀྱང་མེད། །དུས་གསུམ་ཚོགས་པ་ཡོད་པ་མིན། །དེ་ཕྱིར་ཅི་ཡང་མེད་པར་ནི། །ཆོས་རྣམས་མ་ཕྱེ་མི་འབྱེད་སྣང༌། །ཞེས་པ་དང༌། གཞི་མེད་རྩ་བ་དང་བྲལ་བའི་སྨྲ་བསམ་བརྗོད་འདས་ཀྱི་ཀློང་དེ་ན་རང་གསལ་མངོན་སུམ་པའི་ལྷག་མཐོང་དང་ལྷན་ཅིག་པ་དེ་ཉིད་ན་ཉོན་མོངས་དང་རྣམ་པར་རྟོག་པའི་དགེ་སྡིག་གི་ཚོགས་པ་དེ་གདོད་ནས་ཡོད་མ་མྱོང་བར་བསྟན་པ་ཡིན། དེ་བཞིན་དུ་ཕྱི་སྣང་བ་སྣ་ཚོགས། ནང་དྲན་རྟོག་གློ་བུར་བ། དབང་པོ་དྲུག་ཡུལ་སྣང་དང་བཅས་པ་ཐམས་ཅད་མེད་པ་གསལ་སྣང་ཙམ་ཡིན་པ་ལས། དོན་ལ་ཕྱི་ནང་གང་ན་ཡང་མེད་པ་སྣང་དུས་ཉིད་ནས་ཡོད་མེད་ཀྱི་མཐའ་ལས་འདས་པ། སྣང་བ་ཁོ་རང་གི་ངོས་ནས་ཇི་ལྟར་བཏགས་གང་ལྟར་བལྟས་ཀྱང་། སྟོང་པའི་ངོས་ནས་ཇི་ལྟར་བརྟགས་པ་དེ་ཉིད་ཀྱིས་ཐོག་མ་ཉིད་ནས་སྟོང་སྟེ་ཡོད་པས་ཐམས་ཅད་གཞི་མེད་མཉམ་པར་ཆེན་པོའི་ངང་ལས་མ་གཡོས་པ་ཞིག་གོ་ཞེས་པའོ། །སེང་གེ་རྩལ་རྫོགས་ལས། དགོངས་པ་རང་བྱུང་ཡེ་ཤེས་ནི། རྟོགས་དང་མ་རྟོགས་མཐའ་ལས་འདས། །ཡིན་མིན་བློ་ཡི་བྱ་བ་ཐོང༌། །སྣང་དང་མི་སྣང་ཆོས་ཉིད་ཀྱང༌། །བྱ་བྱེད་མཐར་ལྷུང་ཆོས་དང་བྲལ། །སྟོང་པ་ཉིད་ཀྱི་ཡེ་ཤེས་ལས། །སྟོང་དང་མི་སྟོང་མཐའ་ལས་འདས། །བཏགས་པ་གཉིས་སྣང་ཆོས་རྣམས་ཀུན། །ཀུན་བཟང་སེང་གེའི་ངང་ལས་འབྱུང༌། །ཞེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སེམས་ཅན་མེད་པས་སངས་རྒྱས་མིང་ཡང་མེད། །འཛིན་པ་མེད་པས་སེམས་ཅན་ཡུལ་ཡང་མེད། །རྟོག་པ་མེད་པས་མ་རིག་འཁྲུལ་པ་མེད། །ཞེན་པ་མེད་པས་རྣམ་རྟོག་ཡུལ་ཡང་མེད། །ཆགས་པ་མེད་པས་བག་ཆགས་སེམས་ཀྱང་མེད། །འདས་པ་མེད་པས་མ་འོངས་མིང་ཡང་མེད། །ད་ལྟ་མེད་པས་ཉོན་མོངས་མིང་ཡང་མེད། །དོན་དམ་མེད་པས་ཀུན་རྫོབ་མིང་ཡང་མེད། །རིག་པ་མེད་པས་མ་རིག་མིང་ཡང་མེད། །སངས་རྒྱས་མེད་པས་སེམས་ཅན་མིང་ཡང་མེད། །སྟོན་པ་མེད་པས་སྟོན་བྱེད་མིང་ཡང་མེད། །ཅེས་སོ། །ཆོས་ཐམས་ཅད་ཀྱི་ཆོས་ཉིད་རང་བྱུང་བྱ་རྩོལ་བྲལ་བའི་ངོ་ན། དུས་གསུམ། སྐྱེ་འགག འགྲོ་འོང་། མཐའ་དབུས་ལ་སོགས་པའི་ཆ་ཤས་མི་དམིགས་པས་གཞི་མེད་ཧར་སངས་ཆེན་པོ་ནམ་མཁའ་ཡངས་པའི་དཀྱིལ་ལྟ་བུ། ཡོད་མ་མྱོང་། མེད་མ་མྱོང་། སྤངས་བས་མི་སྤང་། སྦྱངས་པས་མི་སྦྱང་། བསྒྱུར་བས་མི་འགྱུར། བཀྲོལ་བས་མི་གྲོལ། ཚིག་དང་མཚན་མ་སྒྲོ་བསྐུར་གྱི་ཡུལ་ལས་འདས་པ་ཞིག་ཡིན་ནོ། །འདི་ལྟར་སྣང་བ་དང་སེམས་པའང་ཆོས་ཉིད་ཀྱི་ངང་ལས་ཤར་བ་ཙམ་ལས་གཞན་དུ་གྲུབ་པའི་ཆོས་མེད་པས་སྣང་སེམས་ལ་བླང་དོར་དང་རྩོལ་སྒྲུབ་བྱ་མི་དགོས་ཏེ། ཡི་གེ་མེད་པ་ལས། ཐམས་ཅད་འབྱུང་ཞིང་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་འགག་པ་འཁྲུལ་སྣང་ང་ཡི་གསུང༌། །མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང༌། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲག །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་བདའ། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། །སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། །ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆེ། །ཞེས་པ་དང༌། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། སྣང་སྲིད་མ་བཅོས་ཆོས་སྐུའི་ངང༌། །ཡེ་ཤེས་མ་བཅོས་ཐུགས་ལ་རོལ། །འབྱུང་བ་མ་བཅོས་ལོངས་སྐུའི་ངང༌། །ཁ་དོག་མ་བཅོས་དབྱིངས་ལ་རོལ། །སེམས་ཅན་མ་བཅོས་སྤྲུལ་སྐུའི་ངང༌། །ཐུགས་རྗེ་མ་བཅོས་འགག་མེད་ཀློང༌། །ཀུན་གཞི་མ་བཅོས་བདེ་ཆེན་ངང༌། །རིག་པ་མ་བཅོས་ནམ་མཁའི་ཀློང༌། །ཡེ་ཤེས་མ་བཅོས་རྣམ་དག་པ། །གཉིས་མེད་མ་བཅོས་སྟོང་བའི་ངང༌། །རང་བྱུང་མ་བཅོས་རིག་པའི་ཀློང༌། །སེམས་ཉིད་མ་བཅོས་རིག་པའི་ངང༌། །ཡིད་རྣམས་མ་བཅོས་ཡེ་ཤེས་འོད། །འགྱུ་བྱེད་མ་བཅོས་རང་བཞིན་འོད། །སེམས་ཅན་མ་བཅོས་སངས་རྒྱས་དངོས། །མ་རིག་མ་བཅོས་རིག་པ་དངོས། །དུག་ལྔ་མ་བཅོས་ཡེ་ཤེས་ལྔ། །ཞེས་སོ། །སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པའི་ངང་ན་མེད་པ་གསལ་སྣང་གི་སྣང་བ་ཆེན་པོར་སྣང་ཡང་། རིག་པས་འཁྲུལ་སྣང་འཁོར་བ་མ་མཐོང་། དག་སྣང་འདས་པ་མ་མཐོང་། འཁོར་འདས་ཀྱིས་རིག་པ་མ་མཐོང་། ཐམས་ཅད་གཞི་མེད་མཉམ་པ་ཆེན་པོའི་དོན་ལས་མ་གཡོས་པའོ། །ཚུལ་འདི་མ་རྟོགས་ན། སྤང་བྱ་སྤོང་བྱེད་ལ་སོགས་པའི་གཉིས་ཆོས་ཐམས་ཅད་རྫས་གཅིག་པ་ཡིན་པས་དག་གྲོལ་གཉིས་སུ་མི་རུང་ངོ། །དེ་ཡང་སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་རིག་པའི་ངང་ལས་སྣང་བ་ཙམ་ལས་གཞན་མེད་པའང་ཡེ་ནས་ཡོད་མ་མྱོང་བའི་དོན་ལ་ཐུག་པས་ཡེ་སངས་ཡེ་གྲོལ་ཡེ་ཕྱིན་ཙམ་གྱི་རོལ་པ་སྟེ། མུ་ཏིག་ཕྲེང་བ་ལས། འཁོར་བ་ཉིད་ཀྱང་རུ་ནས་བཟློག །དཔྱོད་པས་མ་ཕྱེ་ཡུལ་དུ་མེད། །རྩ་བ་ལྔ་དང་ཡེ་ཤེས་སྐུ། །དྲན་བྱེད་ཡེ་སངས་རང་རིག་དག །ཀུན་གྱི་ལམ་ལ་རྣམ་པར་སྣང༌། །ཀུན་གཞི་ལུས་ཀྱི་མེ་ལོང་ལ། །སྟོང་རིག་གསལ་བའི་བཞིན་བསྟན་པས། །གཞན་འབྱུང་འཁྲུལ་པ་གཞི་ལ་བསྐྱལ། །ཕུང་པོ་ལྔ་ཉིད་རྒྱུ་མེད་པས། །འཁྲུལ་བའི་ལུས་ནི་སྔོན་སངས་རྒྱས། །འབྱུང་བ་ལྔ་ཉིད་ཡེ་དྭངས་པས། །སྣང་བ་འོད་གསལ་ཉིད་དུ་གྲོལ། །དབང་པོ་ལྔ་ཉིད་ཅེར་བཞག་པས། །འཛིན་པའི་ཡུལ་ལྔ་རང་སར་གྲོལ། །ཉོན་མོངས་ལྔ་ཉིད་རང་ཡིན་པས། །ཁམས་གསུམ་ཉིད་ནི་གཞི་ལ་བསྐྱལ། །མ་རིག་པ་ཉིད་རང་བྱུང་བས། །འཁྲུལ་པའི་རྒྱུ་ཉིད་ཡེ་ནས་སངས། །ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་སྐྱེ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་ཆོས་ཉིད་ཀློང༌། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་ཡུལ་ལས་འདས། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །བྱས་དང་བྱུང་བ་མེད་བའི་ཕྱིར། །ཐོག་མ་ཉིད་ནས་བྱ་བྱེད་བྲལ། །གཞི་ནས་གཞན་བྱུང་ཆོས་མེད་པས། །གདོད་ནས་རང་བྱུང་ཉག་གཅིག་གོ །གཅིག་དང་གཉིས་ཀྱི་གྲངས་ཟད་པས། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །མུན་པ་གདོད་ནས་རྣམ་དག་པས། །རིག་པ་ཡེ་ནས་འོད་གསལ་ཉིད། །འཁོར་བ་ཆོས་ཉིད་འགགས་ཟིན་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་པ། །མཚན་མའི་དངོས་པོ་སྟོང་སངས་པས། །བདག་འཛིན་བློ་ནི་ཡེ་ནས་ཟད། །ཅེས་སོ། །དེ་ལྟར་ཡིན་པས་ན་སེམས་ཞེས་བྱ་བ་ཡེ་མེད་རང་སྣང་། དེའི་འགྱུ་བ་ཐམས་ཅད་གློ་བུར་ཡེ་གྲོལ་དུ་ཤེས་པས་འཁོར་འདས་མིང་ཙམ་ལས་མེད་པར་ཡེ་ནས་ལྷུན་རྫོགས་ཆེན་པོར་སངས་རྒྱས་པར་ཤེས་ཚེ། མཚན་མའི་དངོས་པོ་སྟོང་ནས་བདག་འཛིན་གྱི་བློ་ཟད་པའི་གནས་སྐབས་ན་ཇི་ལྟར་སྣང་བ་ཡེ་ནས་དག་པ་ཆོས་ཀྱི་སྐུའི་རང་བཞིན་དུ་དག་ཟིན་ཏེ། རང་ཤར་ལས། དོན་ནི་སྐྱེ་མེད་རང་གསལ་ཉིད། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོག་དང་མི་རྟོག་ཆོས་ལས་འདས། །རྟག་དང་ཆད་པར་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་པའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་ཀྱི་དྲི་མ་བསལ། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་དབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང༌། །བདག་དང་གཞན་ཞེས་གྲུབ་པ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པ། །དཔེ་མེད་མཚོན་མེད་བསྟན་དུ་མེད། །གཟུང་དང་འཛིན་པའི་ཆོས་མེད་ཅིང༌། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང༌། ཁྱུང་ཆེན་ནམ་མཁའ་ལྡིང་ལས། རྒྱུ་རྐྱེན་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །སྒྱུ་མའི་ཆུ་དེ་གཟུགས་ལས་བྱུང་བ་ཡི། །སྙིང་པོ་བརྒྱ་དང་རྟག་ཆད་ཡིད་ཟད་དེ། །སྒྲིབ་བྲལ་ཅོག་གཞག་བསླད་པ་མེད་པ་ཉིད། །མཐོང་མེད་མཚུངས་པ་མེད་ཅིང་ཡེ་ཤེས་དངོས། །འཁྲུལ་བའི་ཡུལ་ལ་གཟུང་བའི་ལྟོས་བྲལ་ཉིད། །ཅེས་སོ། །དེ་ལྟ་བུའི་ཡེ་དག་ཆོས་སྐུའི་རང་བཞིན་སྐྱེ་མེད་རང་གསལ། གཉེན་པོས་བཤིག་ཏུ་མེད་པ། འདི་ཞེས་གཟུང་དུ་མེད་པ། ང་བདག་གཟུང་འཛིན་ཡིན་མིན་རྟག་ཆད་གོལ་ས་དང་སྒྲིབ་པའི་ཆོས་ལས་འདས་པའི་ཡེ་རྫོགས་ལྷུན་གྲུབ་ཀྱི་ཆོས་དེ། འཁྲུལ་ཡུལ་གཟུང་བའི་ལྟོས་པ་དང་བྲལ་བ་ཞིག་ཡིན་ནོ། །དེ་ལྟར་ན་སྣང་ཤེས་ཐམས་ཅད་གཟུགས་བརྙན་གྱི་རོལ་པ་ཡེ་སྟོང་རྩ་བ་དང་བྲལ་བར་ཐག་ཆོད་པར་མ་ཟད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་རང་སྣང་ཡེ་ཤེས་ཀྱི་ངོ་བོ་རང་ཤར་ཏེ་སངས་རྒྱས་ཀྱི་ཞིང་དང་སྣང་བ་ཆེན་པོ་རྒྱལ་མཆོག་ཀུན་ཏུ་བཟང་པོའི་རོལ་པར་ལ་བཟླ་བ་སྟེ། ཐལ་འགྱུར་ལས། སྣང་བ་འཁྲུལ་པའི་རང་བཞིན་འདི། །ཡེ་ཤེས་ཡིན་པར་སྔར་མ་མཐོང༌། །རྟོག་བཅས་འཁྲུལ་པ་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་པའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་འདི། །ཡེ་ནས་གྲོལ་བའི་གནད་ལས་ཤར། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པར་སུས་མ་རིག །ཕུང་པོ་སངས་རྒྱས་མངའ་བདག་ཏུ། །རྩ་གནས་ཡི་གེར་གྲུབ་ལས་བྱུང༌། །ཆུ་བུར་མིག་ལ་ཡེ་ཤེས་ནི། །རང་སྣང་ཡིན་པར་སུས་མ་མཐོང༌། །ཞེས་སོ། དེ་ལྟར་དེའང་གནས་ལུགས་གཤིས་ཀྱི་དོན་རང་རིག་རང་དྭངས་ཀྱི་ངང་དུ་འཇོག་པ་ཙམ་ལས། ཆེད་དུ་བཅོས་པའི་ལྟ་སྒོམ་སྤྱོད་པས་བཟང་དུ་བཅོས་སུ་མེད་ལ་དེ་ཡོད་ན་རང་བྱུང་ཡེ་ཤེས་མིན་པར་འགྱུར་བའི་ཕྱིར་རོ། །དེ་ཡང་ཆོས་ཡེ་ཟིན། སངས་ཡེ་རྒྱས། འཁོར་བ་ཡེ་གྲོལ། མྱང་འདས་ཡེ་ཐོག་ཏུ་ལ་བཟླ་བ་སྟེ། རིན་པོ་ཆེ་སྤུངས་པ་ལས། རང་བཞིན་རྫོགས་པ་ཆེན་པོ་ཡི། །དེ་ཀུན་བློ་ཡི་དཀྱིལ་དུ་ཚུད། །མི་སྣང་ཡུལ་མེད་རྟོག་པ་ཡང༌། །མ་བཅད་རང་ས་ཉིད་དུ་ཆོད། །འཁྲུལ་མ་མྱོང་བས་མ་རིག་བརྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང༌། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སོང་བས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །འདི་ཀུན་དུས་མེད་ཡང་འདུས་པས། །གཅིག་དང་གཉིས་དང་དྲུག་གསུམ་གྱི། །སྣང་མེད་སྣང་དང་ཡང་ཕྱེད་སྣང༌། །མི་སྣང་མཛད་པའི་རང་སྒྲར་ཡང༌། །ས་འཛིན་ས་ལ་གནས་པར་ནི། །ཡེ་ནས་འདུག་པ་སུས་མ་ཚོར། །བགྲོད་དུ་ཡེ་ནས་མེད་པ་ཡི། །ལམ་ནི་ཡེ་ནས་ཉེ་བར་ནི། །འདི་ཡང་རང་ལ་ཡེ་འདུག་པ། །སྔར་མ་མཐོང་སྟེ་རང་རིག་རྟུལ། །མི་གནས་བསམ་གཏན་དགོངས་པ་ན། །སྒོམ་པ་མེད་པར་ཡེ་འདུག་པ། །འདི་ཡང་གང་གིས་སྔར་མ་རིག །བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པ་རང་ཤར་བར། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ས་ཆུ་མེ་རླུང་འབྱུང་བ་བཞི། །ཡེ་ནས་རང་གི་ཡུལ་ཡིན་པར། །སུས་མ་མཐོང་བ་མིག་རེ་རྟུལ། །ཡང་གསང་བཏུས་བའི་མན་ངག་བཅུད། །བར་མཚམས་མེད་པར་རང་གྲག་པ། །གང་གིས་འདི་ཉིད་མ་ཐོས་པ། །རྣ་བའི་དབང་པོ་མེད་དམ་ཅི། །རང་གནས་དབྱིངས་དང་རིག་པའི་དྲི། །བྲལ་བའི་སྐབས་མེད་རང་འཁོར་བར། །ཚོར་མ་མྱོང་བ་སྣ་འགགས་སམ། །བཅུད་གསུམ་མན་ངག་གཅིག་དྲིལ་བ། །ཡེ་ནས་ལུས་སེམས་བཅུད་ཡིན་པ། །འདི་ཉིད་མ་མྱོང་ལྕེ་ཆད་དམ། །སྣང་བ་རང་དག་ཁ་དོག་རྒྱན། །རང་གི་ལུས་དང་འབྲལ་མེད་པར། །ལུས་དང་གྲིབ་མ་བཞིན་དུ་ནི། །ཉིན་དང་མཚན་མོ་མེད་འདུག་པ། །སུས་ཀྱང་མ་རེག་ལུས་སེམས་སམ། །སྡུག་བསྔལ་ཚལ་འདེབས་བདེ་བའི་ཆོས། །བརྗོད་པ་མེད་པར་རང་གནས་པ། །སུས་མ་ཤེས་པ་བློ་རེ་རྟུལ། །འཁོར་བའི་བག་ཆགས་ཡང་བརྩེགས་པ། །ཡེ་ནས་ཆོས་ཀྱི་སྐུར་འདུག་པ། །གང་གིས་མ་མཐོང་སྙིང་རྗེའི་གནས། །དབང་པོ་བདག་རྟོག་ཡུལ་ཤར་ནས། །དྲན་བསམ་འགྱུ་བ་སྣ་ཚོགས་རྣམས། །ཡེ་ནས་ལོངས་སྐུར་རང་ཤར་བ། །འདི་ཀུན་མ་དྲན་བརྗེད་རེ་ངས། །བྱ་བྱེད་སྤྱོད་པ་རྩོལ་སྒྲུབ་དང༌། །སྐྱེ་བོ་འདུ་བའི་ཅ་ཅོ་ཀུན། །ཡེ་ནས་སྤྲུལ་པའི་སྐུ་ཡིན་པར། །སུས་མ་ཤེས་པར་ཡོངས་རེ་རྟུལ། །ཇི་ལྟར་བསམ་དང་དྲན་འགྱུས་པ། །ཆུ་བོའི་རྒྱུན་བཞིན་བར་མེད་པར། །རྟག་ཏུ་རང་གི་ཡིད་འཕྲོག་པ། །རྩོལ་མེད་རང་གཞག་སྒོམ་པར་ནི། །ཉམས་སུ་མ་ཆུད་སེམས་རེ་ཡེངས། །སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང༌། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་དང༌། གཞི་རྩ་མེད་པའི་ཆོས་ཉིད་ལ། །མ་བཙལ་བཞག་པས་ངོ་མཚར་ཆེ། །འགྲོ་དང་འོང་བའི་རིག་བ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་སོ། །ཁམས་གསུམ་ཡོངས་གྲོལ་འཁོར་འདས་མིང་མེད་ཀྱི་དགོངས་པ་ཆེན་པོ་བྱར་མེད་རྩོལ་སྒྲུབ་ལས་འདས་པ་དེ་ལྟ་བུ་ཞིག་ཡིན་པས་དེ་དག་ཀྱང་རྡོ་རྗེའི་གད་མོ་བཅུ་གཉིས་དང་ངོ་མཚར་གྱི་གསང་ཚིག་རྣམ་པ་བདུན་གྱིས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བར་བྱ་སྟེ། རྡོ་རྗེའི་གད་མོ་བཅུ་གཉིས་ནི་རིན་པོ་ཆེ་སྤུངས་པའི་རྒྱུད་དེ་ཉིད་ལས། ཀྱེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་རྡོ་རྗེ་སྙིང་པོ་ལྟ་བ་རང་བྱུང་གི་ཡེ་ཤེས་ལ་ལྟོས་དང༌། དགེ་སྡིག་དང་ལྟ་སྒོམ་ལས་འདས་པ་ངོ་མཚར། གཞི་མ་བསྐྱོད་པས་ལུས་ངག་གི་བྱ་བ་ཅི་བྱས་ཀྱང་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་དངོས་པོ་གཤིས་ཀྱི་གནས་ལུགས་ལ་ལྟོས་དང༌། སྣང་བ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར་བ་ངོ་མཚར། བདེ་སྡུག་ཇི་ལྟར་བསམས་ཀྱང་དོན་ལ་འགྱུར་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པ་ཆེན་པོ་ཀུན་འབྱུང་གི་ཡེ་ཤེས་ལ་ལྟོས་དང༌། དྲན་བསམ་གྱི་སྤྱོད་པ་སྣ་ཚོགས་ཅི་བྱས་ཀྱང་རོལ་པར་ཤར་ཏེ་ངོ་མཚར། ཇི་ལྟར་བྱས་ཀྱང་སྐྱེ་མེད་ཀྱི་ཀློང་དུ་འགག་མེད་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་སྟོང་པ་ཀུན་ཁྱབ་ཀྱི་ཡེ་ཤེས་ལ་ལྟོས་དང༌། སྐྱེ་བ་མེད་པ་དང་ཡེ་ནས་ལྷན་ཅིག་གནས་པ་ངོ་མཚར། སྐྱེས་བུས་མཚོན་རྣོན་པོ་ཐོགས་ནས་འགྲོ་བ་རྣམས་དུས་གཅིག་ལ་བསྒྲལ་ཀྱང་གང་ཟག་དེའི་རྒྱུད་ལ་ཕན་གནོད་དང་བྲལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རང་གི་ཤེས་པ་སྟོང་པ་ཀུན་སྣང་གི་ཡེ་ཤེས་ལ་ལྟོས་དང༌། གང་ལྟར་སྣང་བ་ཐམས་ཅད་རང་གི་གྲོགས་སུ་འཆར་བ་ངོ་མཚར། ཇི་ལྟར་སྣང་ཡང་རང་གི་གཞི་ལས་གཡོས་བ་མེད་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྙིང་པོ་རིག་པ་སྟོང་པ་ཀུན་གྲོལ་གྱི་སྣང་བ་ལ་ལྟོས་དང༌། རང་གི་གཉེན་པོར་རང་ཆེ་བ་ངོ་མཚར། ཉོན་མོངས་པ་རྣམས་རང་གིས་རང་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་སྟོང་པ་ཀུན་དག་གི་ངོ་བོ་ལ་ལྟོས་དང༌། འབད་རྩོལ་མེད་པར་འབྲས་བུ་རང་རྙེད་པ་ངོ་མཚར། གཅིག་ཟིན་པས་འཁོར་འདས་ཐམས་ཅད་གཉིས་མེད་དུ་དག་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཀུན་བཞག་གི་ཚད་ལ་ལྟོས་དང༌། འགྲོ་དྲུག་སྐུ་གསུམ་དུ་སྣང་བ་ངོ་མཚར། འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་མ་བྱས་པར་དུས་གཅིག་ལ་འཚང་རྒྱ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང༌། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་རིག་པ་ཅེར་གཞག་སྟོང་པ་ཆེན་པོ་ཀུན་མཉམ་ལ་ལྟོས་དང༌། བྱ་བྱེད་ཐམས་ཅད་རྒྱན་དུ་ཤར་བ་ངོ་མཚར། སྤོང་ལེན་ཐམས་ཅད་ལྟ་བས་གྲོལ་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་སྟོང་པའི་སྟོང་པ་ཡེ་སྟོང་ཆེན་པོ་ལ་ལྟོས་དང༌། སངས་རྒྱས་ཐམས་ཅད་ཀྱི་དགོངས་པར་འདུག་པ་ངོ་མཚར། བྱ་བྱེད་བསྒོམས་པས་ལྟུང་བར་འགྱུར་བ་ཧ་ཧ། ཀྱེ་གསུང་གི་རྡོ་རྗེ་མི་སྟོང་པའི་སྟོང་པ་དངོས་ཅན་ལ་ལྟོས་དང༌། མེད་པ་ལ་བདག་ཏུ་འཛིན་པའི་ཐེག་པ་ངོ་མཚར། སྐྱེས་པས་སྐྱེ་མེད་ཐོབ་པ་ཧ་ཧ་ཞེས་སོ། །འདི་དག་གཤིས་ཀྱི་འདུག་ཚུལ་དང༌། རང་ངོ་རྗེན་པ་དང༌། རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ཏེ་བཤད་པར་བྱའོ། །དེ་ལྟ་བུའི་རྣལ་འབྱོར་བས་ཅི་བྱས་ཅི་མཛད་ཐམས་ཅད་ཆོས་ཉིད་ཀྱི་ངང་དུ་རྫོགས་པས། བསྐྱེད་པ་ལྷའི་འཁོར་ལོ་དབང་རྫོགས་གདམས་ངག་དང་བཅས་པ། རྫོགས་པ་ཆོས་ཉིད་ཀྱི་འཁོར་ལོ་རང་བབས་ཆུ་བོ་རྒྱུན་གྱི་ཏིང་འཛིན་ཟམ་མ་ཆད་པས། འབད་རྩོལ་རྒྱུ་འབྲས་ལ་མ་ལྟོས་པར་ས་མཆོག་དཀྱིལ་འཁོར་ཆེན་པོར་རྫོགས་པ་ཡིན་ནོ། །དེ་ལྟར་ཀློང་དུ་མ་གྱུར་པ་ཞིག་ལ་ལྟ་བ་མཐོན་པོའི་སྟོང་སྐད་དང་སྤྱོད་པ་དམའ་མོ་ཟུང་དུ་འབྲེལ་ལུགས་མེད་པར་གྱུར་ན་སློབ་དཔོན་ཆེན་པོས་གསུངས་པའི་ནག་པོ་ཁ་འབྱམས་ཀྱི་ཉེན་ཆེ་བས་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་ལ་སྦྱར་ནས་བཤད་དགོས་གསུངས་པའོ། །ངོ་མཚར་གྱི་གསང་ཚིག་བདུན་ནི་རྒྱུད་དེ་ཉིད་ལས། ཨེ་མ་ཧོ། གསུང་གི་རྡོ་རྗེ་སྙིང་པོ་ཁྱོད་ཉོན་ཅིག །རང་གི་རིག་པ་ཉིད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་སེམས་ཅན་བྱེ་བའི་སྲོག་གཅད་པ་དང༌། ཕ་རོལ་ཏུ་ཕྱིན་པ་བཅུ་རྟག་ཏུ་སྤྱད་པའི་གང་ཟག་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །སངས་རྒྱས་ཀུན་གྱི་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྤྲོས་པ་མེད་པའི་གནད་ཀྱིས་རྟག་ཏུ་སྟོང་པ་ཉིད་ལ་གོམས་པར་བསྒོམས་པའི་སྐྱེས་བུ་དང་སྟོང་པ་ཉིད་ཡིད་ལ་སྐད་ཅིག་ཙམ་མ་བྱས་པའི་གང་ཟག་གཉིས་འཚང་རྒྱ་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ཉིད་འདུས་མ་བྱས་པའི་གནད་ཀྱིས། འདུས་བྱས་ཀྱི་དགེ་བ་དཔག་ཏུ་མེད་པ་བྱས་པའི་དད་པ་ཅན་དང་སྲོག་གཅོད་པ་ལ་རྟག་ཏུ་བརྩོན་པའི་མི་གཉིས་ཚོགས་རྫོགས་པའི་སྒོ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པའི་ཡེ་ཤེས་ལ་འགྲོ་འོང་མེད་པའི་གནད་ཀྱིས་ཆོས་ཉིད་ཀྱི་རྟགས་སྣ་ཚོགས་ལུས་ངག་ལ་བྱུང་བའི་སྐྱེས་བུ་དང་ཐོས་བསམ་ལ་བློ་སྐད་ཅིག་ཀྱང་མ་སྦྱངས་པའི་གང་ཟག་གཉིས་དངོས་པོ་མཐོང་བ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་ཉིད་ལ་སྐྱེ་འགག་མེད་པའི་གནད་ཀྱིས་དམྱལ་བ་ཚ་གྲང་ཉམས་སུ་མྱོང་བའི་སྐྱེས་བུ་དང་སངས་རྒྱས་རྣམས་ཀྱི་བདེ་བ་སྣ་ཚོགས་སུ་མྱོང་བའི་སྐྱེས་བུ་གཉིས་རྟོགས་པའི་སྒོ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་རིག་པ་ལས་འགྱུར་བ་མེད་པའི་གནད་ཀྱིས་ཡིད་དཔྱོད་ཀྱི་སྤྲོས་པ་ཆོད་པའི་སྐྱེས་བུ་དང་བདག་རྟག་པར་ལྟ་བ་གཉིས་ལ་ཁྱད་པར་རྡུལ་ཙམ་ཡང་མེད་བར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །ཀྱེ་གསུང་གི་རྡོ་རྗེ་ཆོས་སྐུ་རང་ལ་ཡོད་པའི་གནད་ཀྱིས་ཕྱི་རོལ་དུ་མཆོད་པ་དང་བསྟོད་པ་དང་གསོལ་བ་སྣ་ཚོགས་བཏབ་པའི་སྐྱེས་བུ་དང་ལས་སུ་བྱ་བྱེད་དང་བྲལ་བར་འདུག་པ་གཉིས་ལ་འབྲས་བུ་ཐོབ་པ་ལ་ཁྱད་པར་རྡུལ་ཙམ་ཡང་མེད་པར་ཀུན་ཏུ་བཟང་པོ་ངས་བསྟན་པའོ། །གསུང་གི་རྡོ་རྗེ་དེའི་ཕྱིར་ན་རང་བྱུང་ཆེན་པོའི་ཚིག་འདི་དག་ལ་སྤྱོད་པའི་སྐྱེས་བུ་ནི་འབད་པ་མེད་པར་ཉམས་སུ་ལེན་པའི་གདེང་རྙེད་ནས་སྣང་བ་དང་སྐུ་གསུམ་དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ་ཞེས་སོ། །འདི་དག་གི་རྫོགས་པ་ཆེན་པོ་འདིའི་རིག་པ་མངོན་སུམ་རྗེན་པའི་སྒོ་མཐོང་ནས་ཉམས་སུ་ལེན་པའི་ངོ་བོ་ལ་སྦྱར་ནས་བཤད་དེ། གཞན་ལས་ཁྱད་པར་དུ་འཕགས་པའི་གནད་རླབས་པོ་ཆེ་ལ་ལ་བཟླ་བ་ཡིན་ནོ། །ཀློང་ཆེན་པ་ཉིད་ཀྱིས་འདི་དག་གཤིས་དེར་ཕེབས་པའི་རྣལ་འབྱོར་པ་ཆེན་པོ་རྣམས་ལ་དགེ་སྡིག་ལས་འདས་པར་ཐད་དྲང་དུ་བཤད་ཅིང་། དེ་ཡང་མཚན་གཞི་བཞག་ན་པདྨ་དང་བཱི་མ་ལ་དང་ཏེ་ལོ་པ་ལ་སོགས་པ་དང་འདྲ་བ་རྣམས་ཀྱི་ཐུགས་རྒྱུད་ལ་དཔགས་ནས་གསུངས་ལ། རང་ཅག་དང་འདྲ་བས་བློས་དེ་ལྟར་རྟོགས་ཀྱང་གོམས་པས་ཐོག་ཏུ་མ་ཕེབས་པས་གཤིས་ལ་མི་སྐྲག་པར་ལས་འབྲས་ཆ་ཕྲ་བ་ནས་འཛེམ་དགོས་ཞེས་གསུངས་པ་ནི། ལྟ་བ་ནམ་མཁའ་བས་མཐོ་ཡང་། །ལས་རྒྱུ་འབྲས་བག་ཕྱེ་བས་ཞིབ། །ཅེས་གསུངས་པ་ལྟར་རོ།།

༢༽ བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་བསྟན་པ།

དོན་གཉིས་པ་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་ལ་གཉིས་ཏེ། ཆོས་སྐུ་ངོས་གཟུང་བ་དང༌། ངང་དེར་འགག་བསྡམ་པའོ། །དང་པོ་ནི། ཚོགས་དྲུག་གི་ཡུལ་ལ་ཕར་འཆར་རམ་རང་གནས་ཀྱི་ཤེས་པ་ནང་དུ་གནས་པའམ་གང་ཡིན་ཡང་རིག་པའི་ཆ་ལ་རང་གསལ་རྗེན་པ་གསལ་རིག་ཏུ་ལྷག་གེ་བ། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་རྗེན་ནེ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སངས་སེ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་བ་ཡུལ་གྱིས་མ་བསྒྱུར། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པར་ས་ལེ་སང་ངེ་བའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུར་ངོས་བཟུང་སྟེ། ཤེས་རིག་མ་ཡིན་ན་ཕར་ཞོག །ཡིན་ན་ངོ་བོ་དེ་ཆོས་སྐུར་མ་ཡིན་པ་མི་སྲིད་པས་ཡེ་བབས་རང་གཞག་གི་གནས་ལུགས། ཕྱི་རོལ་གྱི་ཡུལ་དང་མ་འདྲེས། ནང་ལ་བཅུར་བ་ཡང་མ་ཡིན། སྒོམ་འཛིན་གྱི་གཉེན་པོས་ཀྱང་མ་བསླད་པར་གདོད་མ་ཉིད་ནས་རང་བཞིན་ཡེ་དག་ཏུ་ཡོད་པ་ངང་གནས་ཆོས་སྐུའི་དགོངས་པའི་བློ་བྲལ་དེ་ཉིད་ངོ་ཤེས་པར་བྱ་བ་ནི། ཁྱུང་ཆེན་ལས། མ་བསྒོམས་བཞག་པ་དེ་ཉིད་རང་རིག་པ། །སྒྲ་དང་བློ་བྲལ་ཀུན་གྱི་ཕ་རོལ་ཞིང༌། །དམིགས་བཅས་རང་སོ་ཉིད་དེ་བཅོས་ཅི་དགོས། །གནས་པས་འགག་ལ་འགྱུས་པས་རང་སར་དག །མེད་མཐོང་མ་སྤངས་དེ་ལ་སངས་པ་མེད། །ས་མེད་འདི་ཉིད་གནས་དེ་གང་གི་ཡུལ། །འཇུག་སྟེ་གང་གི་ཕ་རོལ་སོང་མེད་པའོ། །རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང༌། །མ་བསམས་འཁྲུལ་པ་མེད་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་སོ། །འདི་ཉིད་ཀྱི་ངོ་བོ་ལ་ཡེ་སངས་རྗེན་པར་རང་བྱུང་གི་ཡེ་ཤེས་ཞེས་བྱ་སྟེ། ཡིན་ལུགས་ཀྱི་ཆོས་སྐུར་རང་མལ་དུ་རང་ངོ་ཤེས་པས་དབྱིངས་རིག་མ་བུ་འདྲེས་པར་བརྗོད་ཀྱང་དོན་ལ་རང་གནས་ཆོས་ཟད་ཀྱི་དགོངས་པ་ངོས་ཟིན་པས་འཁོར་བ་ཆོས་སྐུར་སངས་པ་ཞེས་བྱའོ། །ཆོས་ཐམས་ཅད་སྤྲོས་པ་ཉེར་ཞི་ཁས་ལེན་ཐམས་ཅད་དང་བྲལ་བ་མདོ་ལུགས་ལ་ཡོད་ཀྱང་། ད་ལྟའི་ཤེས་པ་འདི་ཉིད་སྤུ་མ་བརྗེས་མདོག་མ་འགྱུར་བ་སངས་རྒྱས་སུ་འགྱུར་བ་འདོད་པ་དེ་ཕར་ཕྱིན་ཐེག་པའི་སྐབས་སུ་མེད་པ། དེས་ན་སྤྱིར་ཐབས་ཤེས་གཉིས་ཀའི་ཆ་ནས་གསང་སྔགས་འདི་ཁྱད་པར་དུ་འཕགས་པ་ཡིན་ནོ། །ལྟ་བ་སྤྲོས་བྲལ་ཡིན་པ་ལ་མིང་ཙམ་འདྲ་ཡང་། དོན་གྱིས་འཕགས་ཚུལ་ནི། བློས་བཅོས་པའི་སྤྲོས་བྲལ་དང་བློས་མ་བཅོས་པར་ལྷུན་གྱིས་གྲུབ་པའི་སྤྲོས་བྲལ་གཉིས་ཀ་ལ་ཁྱད་པར་གནམ་ས་ལྟ་བུ་ཡོད་དོ། །མདོ་སྔགས་ཀྱི་ལམ་གང་ཡིན་ཡང་ཐུན་མོང་དང་ཐུན་མིན་གྱི་ཁྱད་པར་ཡོད་དོ། །ཐུན་མིན་དེ་ལ་ཐུན་མོང་ལས་འཕགས་པའི་འཕགས་ཆོས་ཡོད་ཅིང་། ཡུམ་དོན་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ཕུགས་རྫོགས་པ་ཆེན་པོ་ལ་ཐུག་ཡོད་དེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར་རྫོགས་པ་ཆེ། །ཞེས་གསུངས་པའི་ཕྱིར། རྒྱུད་བླ་མ་ལྟ་བུ་ཡིན་ན་མདོ་སྔགས་ཀྱི་མཚམས་འཛིན་གྱི་བསྟན་བཅོས་ཡིན་པ་དང་། མདོ་སྔགས་གཉིས་པོ་སྟོན་པ་གཅིག་གིས་བསྟན་པས་སྐས་ཀྱི་གདང་བུ་ལྟ་བུའི་འབྲེལ་བ་ཡོད་ཕྱིར་བསྟན་པ་ཐམས་ཅད་འགལ་མེད་དུ་ཉམས་སུ་ལེན་དུ་ཡོད་པས་སྡོམ་གསུམ་ངོ་བོ་གནས་འགྱུར་ཡོན་ཏན་ཡར་ལྡན་ལ་སོགས་པ་གསུངས་པའོ། །ས་སྐྱ་པཎྜི་ཏས། ཕ་རོལ་ཕྱིན་པའི་སྤྲོས་བྲལ་ལས། །ལྷག་པའི་ལྟ་ཞིག་ཡོད་གྱུར་ན། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས་པ་ནི་ཡུམ་དོན་མཐར་ཐུག་རྫོགས་པ་ཆེན་པོའི་ལྟ་བ་ཀ་དག་སྤྲོས་བྲལ་སྒྲ་མཐུན་དོན་གྱིས་འཕགས་པ་དེ་ལས་ལྷག་པ་ཞིག་མེད་ལ། དེ་མིན་པའི་གཞན་དུ་འཆད་ན་སྤྲོས་པ་ཅན་དུ་འགྱུར་བ་ཡིན་ཞེས་པའི་གསུང་རླབས་ཆེན་གྱི་དགོངས་པ་དེ་ལྟར་ལེན་དགོས་སོ། །དེས་ན་བཟང་ངན་གྱི་རྟོག་པ་གང་ཤར་ཡང་། ཡུལ་གྱིས་མ་བསྒྱུར་། འཛིན་པས་མ་བསླད། སྤང་གཉེན་མ་ཞུགས་པའི་རིག་པ་ཆོས་སྐུའི་ངོ་བོ་སྐད་ཅིག་མ་དེའི་རྒྱུན་བསྐྱངས་ན་ནོར་འཁྲུལ་དང་གོལ་ཤོར་ཡོད་པ་མ་ཡིན་ཏེ། འཁོར་བར་འཁྱམས་པ་ནི་མ་རིག་པའི་དབང་ལས་བྱུང་བ་ཡིན་ན་དྲན་རིག་ཆོས་སྐུའི་ངོ་བོ་དེ་ངོས་ཟིན་ཅིང་དེ་དང་མ་བྲལ་ཚེ་མ་རིག་པ་རང་སངས་ཡིན་ནོ། །འདིའི་ངོ་བོ་ལ་སྒྲོ་སྐུར་གྱི་དྲི་མ་བསལ་བ་ནི། མུ་ཏིག་ཕྲེང་བ་ལས། རང་བཞིན་དག་པའི་ཆོས་རྣམས་ལ། །དྲི་མ་མེད་པས་ཕྲ་རགས་ལོག །གཟུང་འཛིན་མེད་པས་འཁྲུལ་པ་ལོག །འགྱུ་བ་མེད་པས་ལས་རླུང་ལོག །ཟང་ཐལ་ཡིན་པས་དངོས་པོ་ལོག །རང་གྲོལ་ཡིན་པས་སྣང་བ་ལོག །གསལ་བ་ཡིན་ཕྱིར་སྟོང་པ་ལོག །ཡེ་ནས་རྫོགས་པས་བསྐྱེད་རིམ་ལོག །རྩོལ་བ་མེད་བས་སྤྱོད་པ་ལོག །མ་བཙལ་བཞག་བས་སྒོམ་པ་ལོག །མངོན་དུ་སྣང་བས་ལྟ་བ་ལོག །སྒྲ་ཚིག་མེད་པས་ཐ་སྙད་ལོག །ཡོད་མ་མྱོང་བས་ཞེན་པ་ལོག །མེད་མ་མྱོང་བས་གཞན་ལྟོས་ལོག །གཟུང་དུ་མེད་པས་བློ་རྒྱ་ལོག །ཉག་གཅིག་ཡིན་པས་གྲངས་མཐའ་ལོག །ཡོངས་ལ་ཁྱབ་པས་གཞན་བྱུང་འགགས། །རང་ཤར་ཡིན་པས་མུན་པ་སངས། །སྙིང་པོ་ཡིན་པས་ཆོས་སྐུར་ཁྱབ། །གསལ་བར་སྣང་བས་ལོངས་སྐུར་རྒྱས། །མ་བུ་ཕྲད་པས་སྤྲུལ་སྐུར་བྱུང༌། །རྟོགས་སུ་ཡོད་པས་ཐབས་སུ་བྱུང༌། །བསམ་འདས་ཡིན་པས་དྲན་པ་སངས། །རྟག་ཆད་མེད་པས་གྲུབ་མཐའ་རྫོགས། །བཅུད་དུ་འདྲིལ་བས་རིག་པར་གསལ། །རང་གྲོལ་ཡིན་པས་ཅོག་གཞག་ཡིན། །དེ་ཉིད་ལོག་པའི་རིག་པ་ནི། །རང་ལས་འབྱུང་བས་གྲོལ་ཞེས་བྱ། །གནས་པ་ཡིན་པས་ཁྱབ་ཅེས་བྱ། །མཚན་མ་མེད་པས་སྟོང་ཞེས་བྱ། །ནུབ་པ་མེད་པས་ཤར་ཞེས་བྱ། །རྡོས་བཅས་མེད་པས་ཟང་ཐལ་ལོ། །གྲོལ་བར་གནས་བས་ལོག་ཅེས་བྱ། །སྣ་ཚོགས་སྣང་བས་གདངས་ཞེས་བྱ། །གཉིས་སུ་མེད་པས་གཅིག་པུ་ཉིད། །ཐམས་ཅད་བསྐྱེད་པས་རྒྱུ་ཞེས་བྱ། །མ་ལུས་རྫོགས་པས་འབྲས་བུ་ཉིད། །དམིགས་པ་དག་པས་ལམ་ཞེས་བྱ། །འཁྲུལ་བ་ཟད་པས་ལུང་ཡང་ཡིན། །རང་ལ་གནས་པས་རྒྱུད་ཅེས་བྱ། །མཚོན་དུ་ཡོད་པས་མན་ངག་ཡིན། །གྲངས་ལས་འདས་པས་རྩིས་ཞེས་བྱ། །དེ་ལྟ་བུ་ཡི་སེམས་ཉིད་ནི། །དགོས་འདོད་སྐོང་བས་ནོར་བུ་འདྲ། །དགོས་པ་ཚང་པས་བང་མཛོད་བཞིན། །གང་བསྟན་སྣང་བས་མེ་ལོང་འདྲ། །དྲི་མེད་གསལ་བས་ཤེལ་གོང་འདྲ། །སྣ་ཚོགས་ཟ་འོག་གུར་ཁྱིམ་འདྲ། །སྤྲོ་བསྡུ་མེད་པས་ཁྱུང་ཆེན་འདྲ། ལྟ་བའི་རྩལ་རྫོགས་སེང་གེ་འདྲ། །གཏིང་རྫོགས་ཁྱབ་པས་རྒྱ་མཚོ་འདྲ། །ནང་བྱུང་གྲོལ་གཞི་ནམ་མཁའ་བཞིན། །ཞེས་སོ། །གཉིས་པ་ངང་དེར་འགག་བསྡམ་པ་ནི། རིག་པ་རྗེན་པ་དེ་འཆར་རམ་གནས་ཀྱང་ཅོག་གཞག་བཅོས་བསླད་མེད་པར་རང་སོར་གློད་ནས་དྭངས་ཕྱིན་པར་གསལ་ངར་དང་བཅས་པ་སྟེ་རྗེན་ཡེར་རེ་རེ་ངོས་བཟུང་དུས་རིག་པ་རྗེན་པ་དེ་དུས་གསུམ་འབྲེལ་ཐག་ཆད་པའི་སྟེང་དུ་ཕོག་པས་ཆོས་སྐུ་རང་མལ་ན་རང་བཞིན་བར་མེད་ཀྱི་བསམ་གཏན་ལ་བཞུགས་པ་ཞེས་བྱ་སྟེ། རང་རིག་སྟོང་གསལ་འཕོ་འགྱུར་དང་བྲལ་བའི་ངོ་བོ་དེ་ཟང་ཐལ་རྗེན་པའི་ངོ་བོར་ཐག་བཅད་ནས་ལྟ་སྒོམ་སྤྱོད་འབྲས་བློས་བཅོས་བསླད་མི་བྱེད་པར་མ་བཅོས་ལྷུན་གྲུབ་ཆེན་པོའི་ལྟ་སྒོམ་དེ་རང་བབས་ཕྱམ་གདལ་ཆེན་པོས་ཉམས་སུ་ལེན་པའོ། །ཁྱུང་ཆེན་ལས། སྣང་མེད་སྟོང་དང་བྲལ་བའི་ཡེ་ཤེས་དེ། །མ་བཟུང་མ་བཏང་མ་བསླད་རང་སོ་སྟེ། །གཅིག་གིས་གསུམ་ལ་སུ་ཡིས་ཕོག་པ་ཉིད། །རྫུན་མིན་བདེན་མིན་གནས་ཐབས་ལྷང་ངེ་བའོ། །ཞེས་སོ། །ད་ལྟར་གྱི་ཤེས་པ་བཅོས་བསླད་གཉེན་པོ་དང་བྲལ་བ། ངོ་བོ་ངོས་གཟུང་ལས་འདས་པ། རིག་པ་ལ་མཚན་མར་མ་གྲུབ་པ། སྟོང་གསལ་རང་བྱུང་གི་ཡེ་ཤེས། དྲན་བསམ་བློ་འདས་ཆེན་པོ། ཆོས་སྐུ་ཀ་དག་གི་དགོངས་པ་ནི་དེ་ལྟ་བུའོ། །འདིའི་དུས་སུ་རྟོག་པར་སྣང་ཡང་རང་ངོ་མི་རྟོག་པའི་ཡེ་ཤེས་སུ་རྗེན་ལ་བུད་ཟིན་ཏེ། གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་རིག་པ་རང་ས་ན་གསལ་བའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་སོ། །ཤེས་པ་ལ་རྐྱེན་དྲག་པོས་བསླང་སྟེ་དུག་ལྔ་ལྟ་བུར་རམ་རམ་སྐྱེས་དུས་ཐད་ཀ་ན་རིག་པ་མ་གཏོགས་པ་མེད་པས་ངོས་རྗེན་པར་བཟུང་དུས་ཡེ་ཤེས་ལྷག་པར་གསལ་ལ་ཤེས་པའི་སྟེང་དུ་དགའ་བ་དང་མི་དགའ་བ་དང་བར་མ་དང་བཟང་རྟོག་ངན་རྟོག་ཅི་ཤར་ཡང་རིག་པ་མ་གཏོགས་པ་མི་འཆར་བས་ངོས་ཟིན་དུས་ཆོས་སྐུ་རྗེན་པར་འཆར་ཏེ། ད་ལྟར་གྱི་རིག་པ་དྲན་བསམ་བཅོས་བསླད་མ་བྱས་པའི་ཝ་ལེ་སང་ངེ་བ་འདི་ཉིད་ཅེས་གསུངས་པ་ཡོད་ལ། དེ་ལྟ་བུའི་ཝ་ལེ་སང་ངེ་བའི་སྟེང་དུ་དགའ་སྡུག་རྣམ་རྟོག་གང་ཤར་ཡང་རིག་པ་ལས་མི་འདའ་བས་ན་རང་བྱུང་གི་ཡེ་ཤེས་ཡིན་པར་ཁོ་ཐག་ཆོད་པའོ། །རིན་ཆེན་སྤུངས་པ་ལས། གཟུགས་སྐུ་ཡུལ་དུ་སྣང་བའི་ཚེ། །ང་ཡི་སྐུ་ཡི་རོལ་པ་ཡིན། །འདི་ལ་ཡ་ང་མེད་པའི་མི། །ང་ཡི་སྐུ་ལ་འདི་ཡིས་རེག །གཏི་མུག་ཞེ་སྡང་འདོད་ཆགས་ཀྱི། །ཞེན་པ་དྲག་པོ་ནམ་སྐྱེས་ན། །ང་ཡི་རིག་པ་རྟོག་མེད་ཡིན། །འདི་ཉིད་རང་གིས་རང་གྲོལ་བ། །ང་ཡི་མིག་ལ་འདི་ཉིད་མཐོང༌། །ཡིད་ཀྱི་དྲན་པ་ཕྱིར་སྣང་ཚེ། །ང་ཡི་སྒྲིབ་པ་རང་དག་ཕྱིར། །འདི་ལ་རྗེས་སུ་གཅོད་མེད་ན། །ང་ཡི་སྒྲ་རྣམས་འདི་ཡིས་ཐོས། །བསམ་པའི་རྟོག་ཚོགས་འདུས་པའི་ཚེ། །ང་ཡི་ཏིང་འཛིན་མི་རྟོག་བཟང༌། །འདི་ལ་ཞེན་པའི་བློ་མེད་ན། །ང་ཡི་དྲི་རྣམས་འདི་ཡིས་ཚོར། །རགས་པའི་གཟུགས་ལ་བློ་ཞུགས་ཚེ། །ང་ཡི་ཉམས་མྱོང་ཤར་བས་ཡིན། །འདི་ལ་གཅིག་དང་གཉིས་ཟད་ནས། །འདིས་ནི་ང་ཡི་རོ་རྣམས་མྱོང༌། །འདི་ལྟར་སྣང་ཚད་ཐོས་ཚད་ཀུན། །ཀུན་བཟང་ང་ཡི་རོལ་པར་བཤད། །རོལ་པའི་འཆར་བྱེད་མ་འགགས་པས། །ང་ཡི་ཡོན་ཏན་ཉིད་དུ་འབྱུང༌། །ཡོན་ཏན་སྣང་བྱེད་འདི་ཙམ་པས། །ཟད་པར་མི་འགྱུར་ཟད་པ་མེད། །དེ་ཕྱིར་སྐུ་གསུམ་ཕྱག་རྒྱའི་ཞིང༌། །ཞེས་སོ། །དེ་ལྟ་བུའི་ངོ་བོ་ཉམས་སུ་ལེན་པའི་དུས་ཀྱི་རིག་པའི་ངང་དེ་ཉིད་ཆོས་སྐུ་རང་གཞག་ཆེན་པོའི་དགོངས་པ་སྟེ། ཀློང་དྲུག་པ་ལས། བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་ནི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་པ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་བྲལ་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །འདི་ལ་རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། ཅི་ཡང་དྲན་མེད་ཙམ་དུད་འགྲོ་ལའང་ཡོད་ལ། ཞི་རགས་རྣམ་ཅན་གྱི་སེམས་གནས་ཙམ་ནི་བསམ་གཏན་གྱི་ལྷ་ལའང་ཡོད་པ། དེས་ན་མི་རྟོག་ལྟེངས་པོ་ཅི་ཡང་དྲན་མེད་ནག་ཐུམ་མེ་བ་ཅི་ཙམ་བསྒོམས་ཀྱང་སྐྱེད་འདོན་དུ་མེད་པ་ནི་དེར་འགྱུར་བ་ཡིན་པས་འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དྭངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །འཛིན་མེད་དུ་ཤིགས་སེ་གསལ་སྟོང་དུ་སང་ངེར་ཡོད་པ་ཞིག་དགོས་སོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། གང་ཤར་གྱི་འཁྲུལ་བའི་རྗེས་དེད་ནས་རྣམ་རྟོག་དངོས་གཞི་སྒོམ་ལ་བཟུང་ན་འཁྲུལ་བ་རྒྱ་འབྱམས་ཐ་མལ་གྱི་འཁྲུལ་རྟོག་དང་ཁྱད་པར་མེད་པ་དང་། ཡང་གསལ་ལ་འཛིན་པ་རགས་པ་མ་ཞུགས་པའི་ཕྲ་མོའི་གནས་སྐབས་ཡུལ་དང་འབྲེལ་བ་དེས་གཟུགས་ཁམས་གནས་རིས་བཅུ་བདུན་དུ་འཕེན་པའོ། །དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །ཚོགས་དྲུག་གི་སྣང་བ་འགག་མེད་དུ་ཤར་ཡང་དེར་འཛིན་པ་མ་ཞུགས་པས། གསལ་སང་ངེ་བ་རིག་པའི་རྟོགས་ཐོག་ལ་བཞག་ཚེ་བྱིང་རྒོད་གཉིས་དང་བྲལ་བར་གཞག་བྱ་འཇོག་བྱེད་དང་བྲལ་བར་འཇོག་དགོས། དེ་ལྟར་བཞག་པས་སྤྲོས་པ་དང་བྲལ་བའི་ངང་དེར་གསལ་ལ་སྟོང་པའི་གདངས་རྟོག་པར་མ་འགྱུས་བའི་རིག་ཅིང་གསལ་བའི་ཤེས་པ་ཡུལ་མེད་ཅིག་ཡོད་པ་ནི་གནས་ལུགས་རྫོགས་པ་ཆེན་པོའི་མཉམ་བཞག་གཉིས་སུ་མེད་པའི་སྒོམ་པའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་སྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །འཆར་གནས་ཕྱོགས་རེ་བ་རྒྱ་ཆད་ཕྱོགས་ལྷུང་ཅན་གྱི་སྒོམ་དེ་རྫོགས་ཆེན་གྱི་ཁྱུ་ནས་བུད་པར་ཡིན་གསུངས་སོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཡང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་རིང་ལ་སྐྱོང༌། གྱུར་ནས་དེའི་ངང་ལ་མི་འབྲལ་བར་གནས་པ་ཡིན་ནོ། །ཁྲེགས་གཅོད་ཀྱི་དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་བ་དེ་ལ་ཟེར་པས་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །ཐེག་པ་འོག་མ་རྣམས་སུ་ཡིད་དཔྱོད་མཐར་འཛིན་གྱི་གཟེབ་ལས་གྲོལ་ཐུབ་མེད་པས་སྤྲོས་པའི་དྲ་བ་ལས་མ་འདས་པས་རིག་ངོ་རྗེན་ལ་ཕུད་ཐུབ་མེད་པས། ད་ལྟའི་ཤེས་པ་འདི་ཉིད་གདངས་མ་འགགས་པ་འཕྲོ་འདུ་དང་བྲལ་བ་གསལ་སྟོང་ཟུང་དུ་འབྲེལ་བ་ངོ་བོ་ངོས་གཟུང་མེད་པའི་ངང་དུ་རྩོལ་སྒྲུབ་དང་བདེན་ཞེན་མེད་པར་གནས་པ་གསལ་བའི་ཆ་ནས་ཤེས་པ་ཞིག་ཡིན་ཡང་འཛིན་མེད་ཀྱི་ཆ་ནས་སེམས་ཀྱང་མིན་པ་ནི་ཡེ་ཤེས་སོ། །དེ་ལྟ་བུའི་ངང་དུ་ཁོང་ཡངས་བློ་བདེ་རེ་དོགས་དང་བྲལ་བ་དགའ་ཡ་ལེ་འཛུམ་མུལ་མུལ་བྱེད་པའི་ངེས་ཤེས་ཀྱི་ཁོ་ཐག་ནང་ནས་ཆོད་དེ་བདེ་གསལ་མི་རྟོག་གི་ཉམས་ཞེན་དང་བྲལ་བ་དེ་རིག་པ་རྗེན་ལ་བུད་པ་ཞེས་པ་དེ་ཡིན་ནོ། །དེ་ལ་ཉོན་མོངས་དང་རྣམ་རྟོག་སྤྲོས་པའི་མཚན་མ་གཅིག་ཀྱང་འདྲེས་པ་མེད་དོ། །དུས་ཀྱི་སྔ་ཕྱིའི་ཆ་དང་ཕྱོགས་དང་རིས་སུ་ཕྱེ་བའི་ཡུལ་དང་ཕྱེ་བྱེད་ཀྱི་མཁན་པོ་ལས་འདས་པ་ཞིག་ཡིན་ལ་དེ་ལྟ་བུའི་དགོངས་པ་ལ་རྟག་ཏུ་གནས་པའི་ངང་སྐྱོང་བ་ནི་སྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་གསུངས་པ་དེའོ། །དེ་སྐད་དུའང་ཡི་གེ་མེད་པ་ལས། སེམས་འཛིན་ལྟ་སྒོམ་མེད་ན་ཆོས་སྐུ་དངོས་པོ་ཡིན། །ལྟ་བའི་རྩལ་གསུམ་འབྱོངས་ན་སྣང་བ་ཆོས་སྐུའི་ཀློང༌། །བྱ་བྱེད་གཡེང་བ་མེད་ན་ཆོས་ཉིད་བདེ་བའི་ས། །གཅིག་པུ་དལ་བར་འདུག་ན་རྩལ་གསུམ་རང་ལས་འབྱུང༌། །ཐད་ཀ་གྲོགས་སུ་ཤེས་ན་ཅོག་གཞག་གཅིག་གི་ངང༌། །དེ་དང་རྒྱུན་དུ་གནས་ན་དེ་ལ་ཅི་ཞིག་བྱ། །སྣང་བ་ཆེན་པོ་ཀུན་ལ་ཡང་དག་གནས། །གསང་བའི་སྔགས་ཀྱི་དངོས་པོ་དེ་ཉིད་དོ། །ཞེས་སོ།།

༣༽ ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་བསྟན་པ།

༡ ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ།

དོན་གསུམ་པ་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་ལ་གཉིས་ཏེ། ཡོངས་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་དང༌། དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ལ་ངོ་བོ་དང༌། དབྱེ་བ་གཉིས་ལས། ངོ་བོ་ནི་རིག་པ་རྗེན་པའི་དོན་དེ་ངོས་བཟུང་ལ། གནས་ན་གནས་ཐོག་ཏུ་ཕྱམ་གདལ། འཆར་ན་འཆར་ཐོག་ཏུ་དྭངས་ཕྱེ་ནས་བཞག་པས་རང་ཡལ་རྗེས་མེད་ཟང་ཐལ་ཏེ། རིག་པ་གཅེར་བུ་རྗེན་པ་དེའི་ངང་མདངས་སྤྲོས་པ་དང་བྲལ་བ་རྒྱ་མཚོ་དྭངས་པ་ལྟ་བུའི་ངང་དུ་བཞག་ཚེ་རྣམ་རྟོག་གང་ཤར་ཡང་ཡེངས་མེད་བཅོས་བསླད་མེད་པའི་ངང་དུ་གློད་ཚེ་དྲན་རྟོག་རྗེས་མེད་དུ་ཡལ་ནས་བྱུང་ཚོར་གཞི་ཐིམ་དུ་སོང་བ་ལ་རང་ཡལ་ཟང་ཐལ་རྗེས་མེད་ཅེས་གསུངས་སོ། །ཐལ་འགྱུར་ལས། དགོངས་པ་གཅིག་ལས་གཡོས་པ་མེད། །སྣང་བ་སྣང་བའི་ཐོག་གསལ་བས། །བཞིན་དང་མེ་ལོང་ལྟ་བུ་ལས། །གྲོལ་བ་དེ་དང་དེ་ཉིད་གྲོལ། །ཤེས་པ་འགྱུ་བ་སྟོང་ཡལ་བས། །མཐོང་ཞེས་རིག་པ་ཐ་དད་མིན། །དེ་ཉིད་རང་གི་ཐོག་ཏུ་གྲོལ། །གཅིག་ཤེས་པས་ནི་ཀུན་གྲོལ་ཕྱིར། །གཉིས་དང་གསུམ་གྱི་གྲངས་མཐའ་ཟད། །རྟོག་ཅིང་འཛིན་པའི་ཡུལ་མི་སྣང༌། །འགྱུ་དང་འཛིན་པ་ཡེ་ནས་སྟོང༌། །སྟོང་པའི་དགོངས་པ་གསལ་རྫོགས་པས། །དུ་མའི་གྲངས་མཐའ་ཟད་པའོ། །ཞེས་པ་དང༌། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །རྒྱུ་འགགས་རྐྱེན་ཡལ་འབྲས་བུ་ཟད་པའི་གནད། །གང་ལ་མ་བརྟེན་གཅིག་གྲོལ་ཀློང་ཉིད་དོ། །སྤྱོད་བྲལ་སྒོམ་དག་བལྟ་རུ་མེད་པའི་དོན། །མ་བཅོས་སྣང་བ་རང་སར་བཞག་པས་གྲོལ། །ཞེས་སོ། །སྣང་བ་སྣང་ཐོག་ལས་གཞན་དུ་སྤོ་ལག་དང་བཅས་བཅོས་མེད་པར་བཞག་པ་ཙམ་གྱིས་རང་ས་ནས་གྲོལ་བས་ལྟ་སྒོམ་ཟད་སར་སྐྱོལ་བའི་དགོངས་པ་སྟེ། རང་ཤར་རིས་མེད་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པའི་གདེང་འཆའ་པའོ། །ཐལ་འགྱུར་ལས། མ་དག་པ་ཡི་འཁྲུལ་པ་ལ། །དབང་པོའི་སྒོ་རྣམས་མ་བཅོས་པར། །ཅོག་གིས་བཞག་པ་གནད་ཡིན་ལ། །དེ་ལས་བསྒྱུར་བ་མན་ངག་གོ །གཟུང་བ་མེད་པའི་སྣང་བ་ལ། །འཛིན་པ་མེད་པའི་སེམས་ཤར་བ། །དཔྱོད་པ་མེད་པའི་མིག་གིས་མཐོང༌། །ཆོས་ཉིད་མེད་པའི་ལམ་ནས་དྲངས། །ལྟ་སྒོམ་མེད་པའི་གཞི་ལ་བསྐྱལ། །བྱས་མེད་རྩོལ་བྲལ་འབྲས་བུར་སྨིན། །འདི་ལ་སྣང་མཐའ་མི་གནས་སོ། །ཞེས་སོ། །སྣང་ཐོག་ཏུ་བཞག་དུས་བསྒྱུར་བ་ནི་འདིའི་གནད་གལ་པོ་ཆེ་སྟེ། གཟུགས་སྣང་གི་སྟེང་དུ་ཤེས་པ་ཤར་དུས་དེ་ཀ་ལ་གཏད་ན་ཡང་ན་ཞི་གནས་ལྟེངས་སོ། །ཡང་ན་རྟོགས་པ་འཕྲོ་རྒོད་གང་རུང་ཞིག་ལས་མི་འདའ་བས་འདིར་དེ་དུས་ཀྱི་རིག་པ་རྗེན་པ་ངོས་བཟུང་ནས་དེའི་ངང་དུ་བསྒྱུར་བའོ། །སྟོང་ཐོག་ལ་བཞག་དུས་བདེ་བ་ལྟ་བུ་དང་། སྣང་ཐོག་ལ་བཞག་དུས་ཡང་ན་བྱིངས་ཏེ་ཞི་གནས་ལྟེངས་པོར་སོང་བ་དང་། ཡང་ན་རྒོད་དེ་གསལ་རིག་འཛིན་པ་ཅན་དང་རྣམ་རྟོག་ཡུལ་རྗེས་སུ་ཤོར་བར་བྱུང་ན་དེ་དུས་རིག་པ་རྗེན་པའི་སྟེང་དུ་འཇོག་པ་འདིའི་ཐོག་ཏུ་སྤོས་ནས་སྣང་སྟོང་གང་གི་ཕྱོགས་སུའང་མ་ཤོར་བར་གྱིས་ཞེས་གསུངས་པའོ། །ཞི་གནས་ལྟེངས་པོར་སོང་ན་ལྷག་མཐོང་གིས་བཤིག་དགོས། ལྷག་མཐོང་ལྟེངས་པོར་སོང་ན་ཞི་གནས་རྣམ་པར་མི་རྟོག་པའི་ངང་དུ་བཞག་པ་ཟབ་བོ། །ལྟེངས་པ་དང་། གོལ་བ་དང་། འབྱམས་པ་དེ་དག་ཐམས་ཅད་སྒོམ་གྱི་སྐྱོན་ཡིན་ནོ། །དེ་ཡང་ཇི་ལྟར་སྒོམ་ཡང་སྐྱེད་མེད་པ་ནི་སྒོམ་ལྟེངས་པའི་རྟགས་ཡིན། གོལ་བ་ནི་ལམ་ནོར་བ་སྟེ་ལམ་ངོ་མའི་ནང་དུ་མ་སོང་བར་འཁྱོག་ཏུ་ཕྱིན་པའོ། །གོལ་གཞི་འདྲ་མིན་ལས་ལམ་འཆལ་བའི་ཕྱོགས་ལ་འཆལ་བ་མང་པོ་ཡོད་དོ། །འབྱམས་པ་ནི་ཤར་གྲོལ་རྟོག་པ་ལ་འབྱམས་པ་དང་། ངང་མདངས་བདེ་ཆགས་ལ་འབྱམས་པ་རུ་ཡོད་དོ། །དེའི་དུས་སུ་ཤར་གྲོལ་འཛིན་མེད་དུ་སྐྱོང་བ་ལ་སོགས་གནད་ཟབ་བོ། །གཉིས་པ་དབྱེ་བ་ནི། གྲོལ་ལུགས་བཞི་གནད་བཞི་དང་བཅས་པ་སྟེ། ཐལ་འགྱུར་ལས། རང་རིག་རྟོག་པ་ཀུན་བྲལ་བས། །གྲོལ་ལུགས་བཞི་དང་བཅས་པའོ། །གནད་བཞི་གྲོལ་པའི་གདེང་གིས་ནི། འཁོར་དང་མྱ་ངན་འདས་པའི་གནས། མ་བྱུང་བྱས་པ་མེད་པས་ན། །གཞི་དང་རྩ་བ་མེད་པའོ། །ཞེས་པ་དང༌། དེའི་དོན་རྒྱས་པར་བཤད་པ་ནི། ཡང་དེ་ཉིད་ལས། རང་སེམས་གྲོལ་བ་ཞེས་བྱ་བ། །གཅིག་ནས་གཅིག་ཏུ་སོང་བ་མེད། །གང་གིས་བཅིངས་བཀྲོལ་མེད་པའི་སེམས། །གཞི་ནས་རྫོགས་པས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་བས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་བརྩོན་འགྲུས་མེད། །གདེང་གིས་གྲོལ་བས་འབད་རྩོལ་མེད། །དེ་ལ་གདེང་གིས་གྲོལ་བ་བཤད། །ཡེ་ནས་གྲོལ་བས་བསྐྱར་གཞི་མེད། །རང་གིས་གྲོལ་བས་གཉེན་པོ་མེད། །ཅེར་གྱིས་གྲོལ་བས་མཐོང་སར་ཡལ། །ཡོངས་སུ་གྲོལ་བས་འབད་མེད་པའོ། །ཞེས་སོ། །དེའང་རིག་པ་རྗེན་པར་མཐོང་བའི་གནད་ཀྱིས་གྲོལ་བ་དང༌། སྔ་ཕྱི་རིས་མེད་གཅིག་པར་དུས་ཀྱིས་གྲོལ་བ་དང༌། རང་གཞག་འབད་རྩོལ་མེད་པར་གྲོལ་བ་གསུམ་ནི་མཐའ་གྲོལ་གྱི་དོན་ཡིན་ལ། གདེང་གིས་གྲོལ་བ་བཞི་དང་བཅས་ན་ལྔར་འདུས་པ་ཡིན་ནོ། །རིག་པ་རྗེན་པ་ཡེ་ནས་བཅིངས་གྲོལ་མེད་པའི་ངོ་བོ་ལ་གྲོལ་ཞེས་ཐ་སྙད་བཏགས་པ་དེ་དོན་ལ་བཅིངས་པ་མེད་པས་གྲོལ་བ་མཚན་ཉིད་པ་ཡོད་པ་མ་ཡིན་ཏེ། ཀློང་ཆེན་པ་ཉིད་ཀྱིས། གྲོལ་ཞེས་བརྡར་བཏགས་རང་ཡལ་རྗེས་མེད་ཙམ། །ཞེས་གསུངས་ལ། ཉོན་མོངས་ལས་ངེས་པར་འབྱིན་པའི་ལམ་གྱི་རྒྱལ་པོ་ཨ་ཏི་རྡོ་རྗེ་སྙིང་པོའི་སྐབས་འདིར། ཉོན་མོངས་མ་སྤངས་པར་གནས་སུ་དག་པ་ལ་གྲོལ་བའི་ཐ་སྙད་བཏགས་པས། ཉན་རང་ལྟར་སྤོང་བ་དང་། བྱང་སེམས་ལྟར་སྦྱོང་བ་དང་། སྔགས་འོག་མ་བསྐྱེད་རིམ་ལྟར་སྒྱུར་བ་དང་། རྫོགས་རིམ་ལྟར་དུ་རང་ཞི་ལ་གཏོང་བ་དང་། ཐེག་པ་ཐུན་མོང་སྤྱི་ལྟར་གཉེན་པོས་འདུལ་བ་དང་། སྔགས་ནང་པ་ལས། སེམས་སྡེ་ལྟར་རང་ལུགས་སུ་འཇོག་པ་དང་། ཀློང་སྡེ་ལྟར་དེ་ཆོས་ཉིད་དུ་བྱེད་པས་དག་པ་ལྟ་བུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན། ཉོན་མོངས་པ་དེ་ཡེ་ཇི་བཞིན་པ་ལ་ཡོད་མ་མྱོང་བ་མ་ཤེས་ན། སྤངས་པས་སྤོང་མི་ནུས་ཏེ། སྤང་བྱ་སྤོང་བྱེད་གཉིས་ཡོད་ན་ཉོན་མོངས་དེ་སེམས་ཀྱིས་སྤོང་དགོས་སམ་ཡེ་ཤེས་ཀྱིས་སྤོང་དགོས། སེམས་ཀྱིས་སྤོང་ན། སྤང་བྱ་སྤོང་བྱེད་གཉིས་རྫས་གཅིག་ཡིན་པས་སྤོང་བ་འགལ་ལ། ཡེ་ཤེས་ཀྱིས་སྤོང་ན། སེམས་ཀྱིས་ཡེ་ཤེས་མ་མཐོང་། ཡེ་ཤེས་ཀྱིས་སེམས་མ་མཐོང་བས་དེ་གཉིས་མཉམ་དུ་གནས་ཐབས་མེད་པ་སྣང་མུན་ལྟར་ལྷན་ཅིག་ཏུ་མི་འདུ་བའི་དངོས་འགལ་ཡིན་པས་དངོས་འགལ་ལ་སྤང་བྱ་སྤོང་བྱེད་ཀྱི་ཐ་སྙད་མི་རུང་ལ། ཡང་དུས་སྔ་ཕྱིའི་དབང་དུ་བྱས་སོ་ཟེར་ན། ཕྱི་མས་སྔ་མ་སྤངས་པའང་མེད་དེ་འདས་མ་འོངས་གཉིས་ཀ་རྫས་འགལ་ཡིན་པས། གཅིག་ཡོད་དུས་གཅིག་འགགས་པས་མི་འཐད་དོ། །དུས་མཉམ་ཡིན་པའང་མི་རིགས་ཏེ། སེམས་རྒྱུན་གཅིག་ལ་དུས་མཉམ་ན་སྤང་བྱས་གཉེན་པོ་དང་། སྤོང་བྱེད་ཀྱིས་སྤང་བྱ་བྱས་ཏེ་འཆོལ་བར་འགྱུར་བ་ཐལ་བ་ལ་སོགས་པའི་སྐྱོན་མང་ངོ་། །ཡང་སེམས་ལས་ཉོན་མོངས་འབྱུང་བ་ལུས་དང་གྲིབ་མ་ལྟ་བུ་ལ་སྤངས་པས་སྤོང་བའི་དུས་མེད་དོ། །སྦྱངས་པ་ལ་སོགས་པ་ལ་ཡང་དེ་བཞིན་སྦྱོར་རོ། །དེས་ན་བཅིང་བྱ་དང་འཆིང་བྱེད་མེད་པ་ཆུའི་རི་མོ་ལྟར་རང་གིས་རང་གྲོལ་བའི་གནད་དུ་ཤེས་དགོས་སོ། །རྫོགས་པ་ཆེན་པོའི་གདུལ་བྱ་དེ་བློ་རིམ་གཉིས་ཀྱི་ཁོངས་སུ་འདུས་པ་སྔར་བཤད་ལ། དེ་ལྟ་བུའི་བློ་རིམ་ལ་འབད་བཅས་རང་གྲོལ་དང་འབད་མེད་རང་གྲོལ་ཏེ་གྲོལ་ཚུལ་རྣམ་པ་གཉིས་སུ་ཡོད་པ་ལས། འབད་བཅས་རང་གིས་གྲོལ་བ་ནི། ཉོན་མོངས་གང་སྐྱེས་ངོས་བཟུང་ལ་རང་སར་བཞག་པས་རང་སངས་སུ་ཁྲོལ་ཁྲོལ་སོང་བའི་ངང་ལ་འགྱུ་བ་གནས་དག་གི་དགོངས་པ་རང་གྲོལ་མཉམ་པར་ཆེན་པོར་སྐད་ཅིག་ཀྱང་ཡེངས་མེད་དུ་རྩལ་སྦྱོང་བའོ། །འབད་མེད་རང་གྲོལ་ནི། ཉོན་མོངས་དང་རྣམ་རྟོག་གང་སྐྱེས་ཀྱིས་ཚུགས་མི་ཐུབ་པར་རང་སངས་ཆོས་ཉིད་ཀྱི་ངང་དུ་རང་ཤུགས་ཀྱིས་གྲོལ་བའོ། །དེ་དག་ནི་གལ་ཆེན་དོན་ཆེན་གྱི་གནད་ཆེ་བའི་གནས་སོ། །ཁྱུང་ཆེན་ལས། རང་སྣང་དོན་དེ་གང་ལ་བཞིན་གསལ་བ། །བསྒྱུར་བ་མེད་ཅིང་མ་རྙོག་སུས་མ་འཕྲོགས། །ཡེ་ཤེས་དངོས་ཏེ་གཅིག་དང་ཐ་དད་མེད། །གཞི་མེད་ལམ་ཟད་འབྲས་བུ་ཡོད་མ་མྱོང༌། །མཐོང་ཐོས་ལྟར་སྣང་གཅིག་གིས་གང་གྲོལ་བ། །མ་བཙལ་སུས་མི་རྙེད་པ་ཀུན་གྱི་སྙིང་ལ་གནས། །ཡེ་ནས་ཡོད་ཅིང་བལྟས་ཤིང་མཐོང་ལས་འདས། །དེ་ཉིད་རང་དེ་མ་བཅོས་ཐོག་མའི་ངང༌། །རྒྱུ་སྟོང་རྐྱེན་ཡལ་ངོ་བོ་འདུས་མ་བྱས། བྱ་བྱེད་སྤྱོད་དང་འཛིན་པའི་མཐའ་ལས་འདས། །རིག་པས་བྱུང་དང་སོ་སོས་གོང་བསྒྱུར་བ། །གནས་ཐབས་ཉིད་དེ་དེ་ལས་བཅོས་ཅི་དགོས། །རྩོལ་མེད་བཙལ་མི་དགོས་ཏེ་བྱུང་ཁུངས་ཀུན་གྱི་དངོས། །རང་དག་དྲི་མའི་ཆོས་ནི་བཅས་ཤིང་བྱེད། །འབད་འགགས་རྩོལ་བ་བྲལ་བར་ངས་རིག་སྟེ། །ལྷག་པར་གྲོལ་དང་མ་གྲོལ་འདུག་གམ་ཅི། །གང་ལ་སྲིད་དེ་ཡེ་ཤེས་ཁྱབ་གདལ་ལོ། །ཞེས་སོ། །དེ་ཡང་བྱིས་པ་རྣམས་ཡུལ་དང་ཤེས་པར་འཆིང་བའི་རྒྱ་ཉིད་ཀྱི་སྟེང་དུ་རྣལ་འབྱོར་པས་ཤེས་པ་རང་ཡན་དུ་བཞག་པས་གྲོལ་བ་འདི་ནི་གནད་གཞན་ལས་འཕགས་ཏེ། ཤར་ས་དང་ཤར་མཁན་གཉིས་ཀ་མེད་ཚེ་ཤར་བ་དང་ཡལ་བ་གཉིས་ཀ་མེད་པ་ངོས་བཟུང་དགོས། ཤར་དུས་དེ་ལ་བལྟས་ན་ཕྱི་ནང་དང་ངོ་བོ་ངོས་བཟུང་མེད་པར། ཤར་བ་དང་གྲོལ་བ་ཐོག་མ་ནས་མེད་པར་ལ་ངོས་བཟུང་དགོས། ཤར་དང་མ་ཤར་མེད་པར་ཐག་ཆོད་པས། །གྲོལ་དང་མ་གྲོལ་མེད་པར་ཡིད་ཆེས་སོ། །ཞེས་གསུངས་པ་ལྟ་བུའོ། །ཡང་རྒྱུད་ཁྱུང་ཆེན་གཤོག་རྫོགས་དེ་ཉིད་ལས། གང་གིས་མ་བསླད་རང་རིག་གྲོལ་བའི་གནད། །ལུས་དང་སེམས་དང་ཉོན་མོངས་རང་གི་ཆོས། །མི་ཤེས་བྱིས་པ་རྣམས་ཀྱི་རྒྱུར་སྣང་ཡང༌། །མ་བཞག་མ་བཅོས་རྣལ་འབྱོར་རང་རིག་པ། །ཡེ་ནས་རང་གྲོལ་སུས་ཀྱང་བཀྲོལ་བ་མེད། །མ་བཅོས་རང་སར་བཞག་པས་འབད་ཅི་དགོས། །ཞེས་སོ། །གང་ཤར་གྱི་སྣང་བ་དེ་སྣང་དུས་ལྷོད་ལ་བཏང་ནས་རང་དྭངས་རིག་པའི་ངོ་བོ་ལ་མ་ཡེངས་ཙམ་དུ་ངོས་བཟུང་ན། ཤར་གནས་གཉིས་ཀ་ཡོད་མ་མྱོང་བས་ཕན་གནོད་ཀྱི་ཡུལ་ལས་འདས་པ་ཡིན་པ་ཤེས་ཤིང་། དེའི་ངང་དུ་ཆེད་དུ་མི་བཟུང་བར་འཇུར་བུའི་སྒྲིམ་གློད་གཉིས་ཀ་མེད་པར་བཞག་ཚེ་རྣམ་རྟོག་མ་སྤངས་དབྱིངས་སུ་དག་ནས་དགོངས་པ་ཡེ་བབས་ཀྱི་ཆོས་ཉིད་ཆེན་པོར་གནས་པ་ཡིན། དེ་ལྟ་བུའི་རང་བབས་མ་བཅོས་པའི་ཤེས་པ་འདི་ལ་བལྟས་ཡོང་དུས་སྤྲོས་མེད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནམ་མཁའ་དྭངས་བ་ལ་ཉི་མ་ཤར་བ་དང་འདྲ་བར་ཕྱོགས་མེད་རྒྱ་ཡན་གྱི་གསལ་སྟོང་རིག་པ་རྗེན་པའི་ངོ་བོ་དེ་ཤར་བ་ཡིན། དེ་ཤར་རམ་གནས་པ་ཅི་ལྟ་བུའི་སྐབས་ཡིན་ཡང་ཡེ་གྲོལ་འགྱུར་བ་མེད་པར་བསམ་བརྗོད་ལས་འདས་པའི་རང་བཞིན་དུ་ངོ་ཤེས་དགོས། དེ་ལྟ་བུའི་ཉམས་ལེན་གྱི་སྐབས་སུ་དེའི་ངང་ལ་གནས་པའི་དྲན་ཞེན་འདི་རེད་ཅེས་པའི་ངོས་བཟུང་མེད་པར་འབད་རྩོལ་མི་དགོས་པར་རེ་དོགས་ཀྱི་རྒྱ་ལས་གྲོལ་བ། ཡངས་དོགས་དང་མཐོ་དམན་མེད་པ། རིག་ལ་མི་འཛིན་པ། མ་ཡེངས་ལ་རྟོག་པས་མ་བསླད་པ་ཞིག་གི་ཐོག་ནས་ཉམས་ལེན་གནད་ལ་ཐེབས་པར་བྱེད་དགོས་སོ།།

ཉིན་བཅུ་གསུམ་པའི་ཆོས་ཁྲིད།

རང་གཞན་འདི་དང་ཕྱི་མའི་བདེ་སྐྱིད་ལ་གཞོལ་བའི་ཆེད་དང་རང་གཞན་ཐམས་ཅད་གནས་སྐབས་དང་མཐར་ཐུག་ལ་སྡུག་བསྔལ་མི་འབྱུང་ཞིང་གཏན་གྱི་བདེ་བ་དམ་པ་ལས་ནམ་ཡང་ཉམས་པ་མེད་པའི་ཆེད་དུ། དམ་པའི་ཆོས་ཉན་དགོས་ཏེ། དམ་པའི་ཆོས་བསྒྲུབས་པའི་ཕན་ནུས་སམ་དམིགས་ཡུལ་གསལ་བོ་ཞིག་ཡོད་དགོས་པ་ནི། བྱ་བ་ཆེ་ཆུང་གང་སྒྲུབ་ཀྱང་དེ་ལ་འདི་བསྒྲུབས་ན་དེ་འགྲུབ་བསམ་པའི་དམིགས་ཡུལ་ཞིག་མེད་ཐབས་མེད་དེ། དུད་འགྲོ་བྱོལ་སོང་ཞིག་ཡིན་ཡང་ལྟོ་འགྲང་བའི་དོན་དུ་རྩྭ་ཟ་ཤེས་པ་ཡིན་པ་དེས་ན་མདོ་སྔགས་ཀྱི་ཆོས་གང་ཞུས་ཀྱང་ཐམས་ཅད་ཐེག་ཆེན་གྱི་ཆོས་སུ་འགྱུར་བ་ལ། ཐེག་པ་ཆེ་ཆུང་དེ་སེམས་བསྐྱེད་ཀྱི་ཁྱད་པས་རང་གཞན་སེམས་ཅན་ཐམས་ཅད་རྫོགས་བྱང་ལ་འགོད་སྙམ་པའི་ཀུན་སློང་དེ་མེད་ཀྱི་ཐབས་མེད་ཐེག་ཆེན་གྱི་ཆོས་གྲལ་དུ་འགྲོ་དང་མི་འགྲོའི་ཚད་ཐིག་ཡིན་ཕྱིར་གཞུང་རྟ་དེ་མ་ཤོར་བའི་ཐོག་ནས་འཆད་ཉན་བྱས་ཏེ། རྩ་བ་དེ་ལ་བརྟེན་ནས་རྫོགས་པའི་བྱང་ཆུབ་བསྒྲུབ་དགོས་པས་ཐེག་ཆེན་མདོ་སྔགས་ཀྱི་ལམ་ལ་མ་བརྟེན་ན་མི་འགྲུབ་པ་ནི་གནད་འདི་ལ་ཐུག་ཡོད། ཐེག་པ་དམན་འབྲིང་གི་ལམ་ལ་ཞུགས་ན་རང་འདོད་ཡིད་བྱེད་ཀྱི་བསམ་པ་མ་གཏོགས་མེད་པས། བསམ་པ་རྒྱ་ཆུང་བའི་སྟབས་ཀྱིས་འགྲུབ་རྒྱ་ཡང་དེའི་ཚོད་ལས་མེད་པ་ཡིན། རང་དོན་འཁོར་བའི་སྡུག་བསྔལ་ལས་ཐར་ཡང་ཞི་བ་ཕྱོགས་གཅིག་པའི་མཐའ་ལ་ལྷུང་བས་མཐའ་གཉིས་ལ་མི་གནས་པའི་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་བརྙེས་མ་ཐུབ་པའོ། །འོ་ན་སྟོན་པ་བཅོམ་ལྡན་འདས་ཀྱིས་ལམ་དམན་འབྲིང་གཉིས་ཀ་ཐོག་མ་ཉིད་ནས་བསྟན་པ་མི་རུང་ངོ་སྙམ་ན། དེ་ནི་བསྟན་དགོས་ཏེ། སྐྱེ་བོ་བློ་ཆུང་དམན་ལམ་ཡན་དུ་འགྲོར་མི་བཏུབ་པ་རྣམས་ལ་དང་པོར་དེའི་ལམ་དེ་བསྟན་ནས་རིམ་གྱིས་འདྲེན་ཐབས་མཛད་པ་ཡིན་པའི་ཕྱིར། དེས་ན་གསང་སྔགས་འཆད་པའི་སྐབས་སུ་དྲང་ངེས་ལྡེམ་དགོངས་ལ་སོགས་པའི་མཐའ་དྲུག་ཚུལ་བཞིའི་སྒོ་ནས་གཏན་ལ་དབབ་དགོས་པ་ནི་གདུལ་བྱ་ལ་བློ་མཆོག་དམན་ཡོད་པས་ཡིན་ལ། དེས་མི་ཚད་པར་སྐྱེས་བུ་ཆུང་འབྲིང་ལ་བསྟན་པའི་ལམ་ཐམས་ཅད་བསམ་པ་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་གྱི་ཆོས་སུ་འགྱུར། ཆོ་ག་ཐེག་དམན་གྱི་ལུགས་ཡིན་ན་ཡང་བསམ་པ་སེམས་བསྐྱེད་ཀྱིས་ཟིན་ན་ཐེག་ཆེན་སོ་ཐར་ལ་འགྱུར་བའི་གོ་བ་གང་ལའང་སྦྱར་ཆོག ལམ་ཞུགས་ལྷ་མིའི་ཐེག་པ་ལྷ་དང་མིའི་གོ་འཕང་ལ་དོན་གཉེར་བྱེད་མཁན་འཇིག་རྟེན་ཡང་དག་གི་ལྟ་བ་ལ་དད་པའི་སྐྱེ་བོ་ཡ་རབས་དེ་ཚོས་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་བསྲུངས་ནས་དགེ་བཅུ་ཚུལ་བཞིན་སྒྲུབ་ཀྱིན་ཡོད་པས། འུ་ཚོ་དེའི་ཡན་གྱི་སྐྱེས་བུ་ཆེན་པོའི་ལམ་ལ་འཇུག་པ་ཡིན་ཞེས་སོ་ཐར་གྱི་སྡོམ་པ་རིགས་བདུན་གང་རུང་བླངས་པས་མི་ཚད་བྱང་སྡོམ་ཡང་བླངས་ཡོད་པ་ཞིག་གིས་མ་མཐར་ཡང་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་ཡང་བློ་ཁེལ་བ་ཞིག་རེད་མེད་ན་ཐེག་ཆེན་པ་ཡིན་ཞེས་བཤད་རིན་མི་འདུག་པས། སྔགས་ཀྱི་ལམ་ནི་དེ་བས་ཀྱང་ཕར་ཚད་ཞོག དེས་ན་འུ་ཚོས་ཆོས་སྒྲུབ་པ་འདི་མི་གཞན་དག་ཅིག་གིས་བཙན་པོ་དབང་ཡོད་བྱས་ནས་དབང་མེད་དུ་སྒྲུབ་ཏུ་བཅུག་པ་ཞིག་མ་ཡིན་ལ། ཡང་མི་གཞན་མ་ཞིག་གིས་ཁེ་ཕན་གཉེར་རྒྱུའི་དོན་དུ་རང་མ་ཞུགས་རང་ཞུགས་སུ་གྱུར་པ་ཞིག་ཀྱང་མ་ཡིན་པས། དམིགས་པ་རྒྱ་ཆེ་ཆུང་ལ་མ་ལྟོས་པའི་རྩ་བ་རང་ཉིད་ཀྱི་དོན་ཞིག་འགྲུབ་དགོས་སྙམ་ནས་རང་ཉིད་ཞུགས་པ་ཡིན་པ་དེས་ན་འདི་ལ་གོ་ཡག་ཉན་ཡག་ཅིག་བྱེད་དུས། ཆོས་བསྒྲུབ་རྒྱུ་འདི་ལ་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་ཟེར་བའི་མཐར་ཐུག་གི་བསྒྲུབ་བྱ་གཅིག་ཡིན་ཡང་སྒྲུབ་ལུགས་དང་བྱེད་ཐབས་ཀྱི་ཕྱོགས་ནས་མི་འདྲ་བ་ནི། དཔེར་ན་ཐོན་དགོས་སའི་རི་ཞིག་གི་རྩེ་མོར་འགོས་དགོས་ཚེ་འགྲོ་སའི་ཕྱོགས་ཤར་ལྷོ་ནུབ་བྱང་གི་དབྱེ་བ་དང་ལམ་བདེ་གཟར་གྱི་དབང་གིས་མྱུར་བུལ་མི་འདྲ་བའི་ཁྱད་པར་བྱུང་བ་དེ་ཤེས་པ་བཞིན། རང་དོན་བསྒྲུབས་པར་བྱས་ན་ཡང་རང་དོན་དངོས་དེ་འགྲུབ་ཀྱིན་མེད་ཅིང་། གཞན་དོན་བསྒྲུབས་ན་རང་དོན་ཞོལ་འབྱུང་དུ་འགྲུབ་པར་རྟོགས་པ་དང་། གཞན་སེམས་ཅན་ཡང་རང་ཉིད་དང་འདྲ་བར་བདེ་འདོད་སྡུག་བསྔལ་གྱི་ནང་དུ་མགོ་འཁོར་ནས་བདེ་ཐབས་སྒྲུབ་མི་ཤེས་པའི་ཉམས་ཐག་སྡུག་བསྔལ་མྱོང་བ་ཤ་སྟག་ཡིན་པར་མ་ཟད་སྐྱེ་བ་ཚེ་རབས་གྲངས་མེད་ཀྱི་རིང་ལ་ཕ་མ་བུ་རྒྱུད་ལ་སོགས་པའི་འབྲེལ་བ་ཅན་མིན་པ་གཅིག་ཀྱང་མེད་ལ། ད་རེས་ངས་ཐར་བའི་ལམ་སྣེ་ཞིག་ཟིན་དུས་ཕ་མ་ཉེ་དུ་ལ་ཕྱི་བལྟས་ཤིག་མ་བྱས་ན་ཁྲེལ་མེད་ནང་གི་ཁྲེལ་མེད་ཅིག་རེད་འདུག འདི་དག་ཐམས་ཅད་བདེ་ཐབས་ཤིག་ཡོད་སོང་ན་ང་རང་ཉིད་གང་རེད་ཀྱང་རེད་བསམ་པའི་འདང་རྒྱག་ཅིག་མ་འཁོར་གྱི་བར་དུ་བསམ་བློ་གཏོང་དགོས། འུ་ཚོས་དུས་རྒྱུན་གྱི་འཚོ་བའི་ཐོག་གི་བྱ་བཞག་ཆེ་ཆུང་གང་སྒྲུབ་ཀྱང་མ་ཐོན་ན་མ་གཏོགས་སྤུས་དག་ཅིག་བྱེད་རྒྱུ་དང་ལེགས་པོ་ཞིག་ལོན་རྒྱུའི་རེ་བ་འདང་རྒྱག་བྱེད་པ་ནི་ཆགས་ཞེན་ཡོད་ཅིང་ངར་འཛིན་གྱི་བསམ་པ་གཏིང་ཟབ་པས་ཡིན་ཏེ། ང་བླ་མས་སྐྱབས་དགོས་སྙམ་པའི་རང་འདོད་ཀྱི་བསམ་པ་ལྷན་སྐྱེས་སུ་ཡོད། འབྲུག་ཆེན་པོ་ཞིག་གྲགས་ཐོག་ངར་བ་ཞིག་བརྒྱབ་ན་ཐོག་མ་ཉིད་ནས་ང་གསོད་ཡོང་སྙམ་སྟེ་དཔལ་ཕྱག་ན་རྡོ་རྗེ་མཁྱེན་ཟེར་བ་ཡིན། དུས་རྒྱུན་གྱི་ངའོ་བསམ་པའི་རང་འདོད་དེས་ད་རེས་བེད་ཅིག་སྤྱད་དེ་ཆོས་བསྒྲུབས་ཚེ། མི་གཡོ་སྒྱུ་ཅན་ཞིག་གིས་ལས་ཀ་ཞིག་ལས་ན་གཞན་ལས་ཤིག་རེད་བསམ་དུས་ཡ་ལེ་ཡོ་ལེ་དང་། རང་ལས་ཤིག་ལ་ཐུག་དུས་སྤུས་དག་ཞིབ་ཆ་ཅན་བྱེད་ཁུལ་བྱེད་པ་ཡིན་པ་ལྟར་དུ། ཆོས་སྒྲུབ་པ་འདི་ནི་ཚེ་འདིའི་དོན་ཙམ་གྱིས་མི་ཚད་པར་ཚེ་འདི་ཕྱི་གཉིས་ཀའི་དོན་ཆེན། དེས་མི་ཚད་རང་གཞན་གཉིས་ཀའི་དོན་ཆེན་ཡིན་པས་འདི་སྤུས་དག་གཅིག བློ་ཁེལ་ཤག་ཤག་གཅིག རང་བློ་དག་བྱེད་ཅིག་དགོས་པ་ཡིན། ཆོས་བསྒྲུབས་ན་བེད་ཡོད་ཤག་ཤག་ཅིག་ཨི་ཤེས་ཨི་ལོན་གཉིས་ཀ་བལྟ་དགོས་པ་ལས་བེད་མེད་པའི་ཅ་ལག་དེ་དོན་མེད་པ་བཞིན། ཆོས་བསྒྲུབས་ན་ཡང་དེ་ལས་མ་འདས་པ་ཞིག་ཡིན་པས་ཕན་ཐོགས་པ་ཞིག་ཡོད་དགོས་སོ། །སྔ་དྲོ་ཆོས་ཀྱི་ཚིག་གཅིག་གོ་ན་ཕྱི་དྲོ་ནས་དེ་བེད་སྤྱོད་གཏོང་ཆོག་པ་ད་ཤེས་ན་ད་རྒྱུད་དུ་སྦྱར་ནས་ཕན་ཐོགས་པ་ཞིག་བྱེད་དགོས་ལ། ཚེ་ཕྱི་མ་ལ་ཕན་ཐོགས་ཅན་གྱི་ཆོས་དེས་ཕྱི་མ་ལ་ཕན་ཐོགས་ཡོད་པ་རེད་མ་གཏོགས་ཚེ་འདི་ལ་རིག་ཡོང་རྒྱུ་ཅི་ཡོད་བསམ་རྒྱུ་མེད་དེ། ཚེ་འདི་ལ་ཕན་པའི་ནུས་པ་ཅི་ཡང་རིག་རྒྱུ་མེད་པའི་ཆོས་དེས་ཚེ་ཕྱི་མ་ལ་དོན་ཆེན་ཞིག་བཅད་ཡོང་བ་མིན་ཏེ། ཕྱི་མ་གར་སྐྱེ་ད་ལྟའི་ལས་ལ་ལྟོས། ཞེས་གསུངས་པའི་ཕྱིར། ལས་དཀར་ནག་དགེ་སྡིག་གང་བྱེད་ཀྱང་གཙོ་བོ་བསམ་པའི་ཀུན་སློང་ལ་རག་ལས་པ་ཡིན། བསམ་པའི་བཀོད་འདོམས་སྔོན་དུ་མ་སོང་བ་ཞིག་མེད་པས་བསམ་པ་དགེ་སྡིག་གི་ཀུན་སློང་དེ། གྲུབ་མཐས་བློ་བསྒྱུར་བའི་གང་ཟག་ཅིག་ལ་མཚོན་ན། སེམས་པ་ཡིད་ཀྱི་ལས་སྡོམ་དང་སྡོམ་མིན་བར་སྡོམ་ཐམས་ཅད། འདུ་ཤེས་མ་འཁྲུལ་བའི་ཀུན་སློང་གིས་གཞི་བསམ་སྦྱོར་བ་མཐར་ཐུག་གི་བྱ་བྱེད་ལས་གསུམ་རྫོགས་པ་ཞིག་ཡིན་པས། འཛམ་གླིང་ལས་ཀྱི་ས་བ། ལས་སྔ་དྲོ་བསགས་ན་ཕྱི་དྲོ་སྨིན་ས་ཡིན་པ་དང་། གཞན་ཡང་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་སོགས་པ་རྣམ་དཀར་གྱི་བསོད་ནམས་རླབས་ཆེན་ཞིག་བསགས་ཡོད་ན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚེ་འདི་ཕྱི་གཉིས་ཀ་ཚུད་པས་མ་ཚད་དཀར་ཕྱོགས་སྐྱོང་བའི་ལྷ་འཇིག་རྟེན་འདས་དང་མ་འདས་ཀྱི་ཆོས་ལྡན་སྲུང་བའི་སྲུང་མ་ཐམས་ཅད་ཀྱིས་སྐྱོབ་ཅིང་སྲུང་བ་དེས་ན་ཚེ་ཕྱི་མ་མ་གཏོགས་ཚེ་འདི་ལ་ཕན་ཐོགས་དེ་ཙམ་མེད་དོ་སྙམ་པ་ནི་ནོར་བ་ཡིན་ནོ། །ཚེ་ཕྱི་མའི་རང་གཞན་གྱི་དོན་ཆེན་འགྲུབ་ཞོར་དུ་ཚེ་འདིའི་འདོད་དོན་འགྲུབ་པ་ནི། དཔེར་ན་ལོ་ལེགས་ཀྱི་སྟོན་ཐོག་བསྡུ་དུས་རྩྭ་སོག་མ་ཞོར་འབྱུང་དུ་བྱུང་བ་དང་འདྲ་བ་ཡིན། དང་པོ་ཉིད་ནས་ཚེ་འདིའི་དོན་ཆུང་ཞིག་ལ་དམིགས་འདུན་གཏད་ན་ཐ་མར་རང་དོན་ལེགས་པོ་ཞིག་ཀྱང་འགྲུབ་པར་དཀའ་བའི་ཚུལ་ནི། བྱིས་པས་རང་དོན་སྒྲུབ་པ་དང་ཐུབ་པས་གཞན་དོན་མཛད་པ་ལ་དཔེ་བླངས་ནས་བྱིས་པས་རང་དོན་མ་གྲུབ་ནས་འཁོར་བའི་སྡུག་བསྔལ་མྱོང་གིན་ཡོད་པ་དང་། ཐུབ་པས་རང་དོན་སྤངས་ནས་གཞན་དོན་ཁོ་ན་མཛད་པས་ཐ་མ་རང་གཞན་གཉིས་ཀའི་དོན་གྲུབ་ནས་དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལྟ་བུའོ། །རྒྱུ་མཚན་དེ་ལྟ་བུ་ཞིག་ལ་བརྟེན་ན་ཆོས་བསྒྲུབས་ན་འགྲུབ་ཤག་ཤག་བྱས་པའི་ལས་ལ་གྲུབ་པའི་མཐའ་ཡོད་པ་ཞིག་དགོས་པ་དང་། མ་བསྒྲུབས་ན་མ་བསྒྲུབས་པ་འདྲ་ཞིག་ཚེ་ཕྱི་མའི་རི་མགོ་ད་རིག ཨ་ཁུ་ཆོས་རྒྱལ་གྱི་ཁྲིམས་རར་ད་དེད་པ་ཡིན་ཞེས་ཀྱང་ཡ་ང་བག་ཚ་འཇིགས་སྐྲག་མེད་པའི་གདེང་རིག་ཡོད་པ་ཞིག་ཡིན་ན་ཆོག་སྟེ། རང་ཆུས་སྒྲུབ་པ་ལ་རང་མགུ་དུས་ཆོག་པའི་ཕྱིར། གལ་སྲིད་ཐེ་ཚོམ་ཅན་སུ་དང་སུ་ཞིག་ལ་ཆོས་ཡོད་མ་ཐལ་ཡང་མགོ་ཐུར་དུ་བསྟན་ནས་ལྷག་པོར་གཅིག་གིས་དྲུད་མ་ཐལ། མི་གྲགས་ཅན་ཆེ་གེ་མོ་ཞིག་གིས་ཆོས་ལ་དད་པ་མ་བྱས་པར་དེས་འདི་དང་འདི་འདྲ་ཟེར་མྱོང་ནི་རེད་བསམ་ན། དེ་དག་བདེན་པ་མྱོང་བས་གྲུབ་པའི་མཐོང་ཆོས་མངོན་གྱུར་ཡིན་ན་ཆོག་ཀྱང་། གལ་ཏེ་ཕུགས་མེད་ཡིན་ཕུགས་དེད་ཡུལ་ཁོ་རང་ལ་ཕུགས་མེད་པས། དགྲ་འཆི་བདག་གི་ངོ་འགྲམ་བཅར་སར་ཐོན་དུས་རོ་རོ་སྒམ་ནང་དུ་ཇི་ལྟར་འཇུག་པར་བསམ་བློ་གཏོང་མཁན་ཞིག་ཡིན་ཚེ། འཇིག་རྟེན་ཕ་རོལ་ཟེར་བའི་མུན་ནག་གི་ལམ་ཞིག་ལ་བསམ་བློ་འཁོར་གྱིན་ཡོད་པའི་རྟགས་ཡིན་པས། ཤི་ཁ་ཁྲིག་ཁྲིག་ལ་འགྱོད་ཀྱང་བྱ་ཐབས་མེད་པའོ། །དེ་མ་དགོས་ན་བ་དང་རྒས་པ་ཞིག་གི་ཐོག་ཏུ་ཐོན་དུས་ཀྱང་ད་ལྟའི་སྐབས་དང་འདྲ་བའི་བདེ་ཐང་ཡོད་པའི་དུས་ཀྱི་རང་དབང་དང་འདྲ་བ་མ་ཡིན་པས། དེ་དུས་གཞི་ནས་དགེ་བ་རེ་བསྒྲུབ་དགོས་བསམ་ཡང་ལས་བྱ་བ་བསམ་ཐོག་ལ་འགྲོ་བ་ནི་ཁག་པོ་ཡིན་ཕྱིར་དོན་ཆེན་དང་དོན་ཆུང་མ་བརྗེ་མ་གཏོགས་ཚོང་ཉེས་ཆེན་པོ་ཞིག་དང་བློ་ཉེས་ཆེན་པོ་ཞིག་གི་བྱ་བའི་མགོ་དེ་ནས་ཉེས་འགྲོ་བཞིན་ཡོད། ཆོས་སྒྲུབ་ཚེ་ཆོས་སྒྲུབ་དུས་ཇི་ལྟར་བྱེད་དགོས་པ་བཞིན་བྱེད་པ་ལས་ཆུ་ལེན་དུ་འགྲོ་དུས་ཤིང་འཐུ་རུ་འགྲོ་འགྲོ་བྱེད་རྒྱུ་མེད། རང་གི་རྒྱུད་ཚོད་དང་བསྟུན་ཏེ་བྱ་བའི་མགོ་ནས་འཛིན་པ་ལས་གོམ་པ་སྤོ་བའི་ལུས་སྟོབས་ཙམ་ཡང་མེད་པ་ཞིག་གིས་གནམ་ལ་འཕུར་ཤོམ་གྱི་གཤོག་རྡེབ་བྱེད་རྒྱུ་ག་ལ་ཡོད། བྱས་ཀྱང་འབྲས་མེད་འབའ་ཞིག་ཡིན་པ་བཞིན་རྒྱུ་འབྲས་བསླུ་མེད་ཀྱི་སྔོན་དུ་རྫུན་དང་ལབ་རྒོད་མི་འགྲོ། རྫུན་དང་འུད་ཤོད་རྔ་ལུ་ཐུང་ཞིང་བདེན་དོན་ངོ་མ་དེ་སྣ་རིང་བ་ཡིན་པས། ཆོས་ཚིག་གཅིག་གོ་ན་དེས་གོ་ཆོད་དགོས་པ་ཡིན་ཞེས་པ་ནི་དེ་མ་ཐག་ནས་རྒྱུད་ལ་སྦྱོར་དགོས་པ་ཡིན་ཞེས་པའི་དོན་རེད། དང་པོའི་མགོ་ལྷ་མིའི་ཐེག་པ་ནས་བཟུང་སྟེ་བསྟན་པའི་བབས་རིམ་སྐས་ཀྱི་གདང་བུ་ལྟར་བརྒྱུད་ནས། མི་དགེ་བཅུ་སྤོང་གི་ཁྲིམས་བསྲུང་དགོས་པས་དེ་ལ་གཏན་ཁྲིམས་ཟེར། དེ་ཡང་སྒོ་གསུམ་གྱིས་བསྡུས་པའི་མི་དགེ་བཅུ་བོ་བསམ་པ་མི་དགེ་བས་ཀུན་ནས་སློང་སྟེ་དུས་ནམ་ཡང་བྱེད་ཆོག་པའི་དུས་ཤིག་མེད་པས་གཏན་ཁྲིམས་ཞེས་བྱ་བ་དང་། བསྙེན་གནས་ལ་སོགས་པ་དུས་ཀྱི་མཐའ་ཅན་གྱི་སྡོམ་ཁྲིམས་ཤིག་ཡོད་པ་དེ་ནི་ཁས་ཇི་ལྟར་བླངས་པའི་དུས་བཀག་ལྟར་བསྲུང་དགོས་པས་དེ་ལ་དུས་ཁྲིམས་ཟེར། དེ་ཚོ་ཁྱིམ་པའི་ཕྱོགས་ཀྱི་སྡོམ་པ་ཡིན། རབ་ཏུ་བྱུང་བའི་མིང་ཅན་ཞིག་གིས་དེ་ཙམ་ཞིག་མ་བསྲུངས་ཚེ་ཁྱིམ་པ་དགེ་བསྙེན་ཡང་དག་ཅིག་གི་ས་ལ་ཡང་ཐོན་དུ་མེད་པས་ཆོས་གོས་རྣམ་གསུམ་གྱི་ཁེབས་འོག་ནས་དཀོན་མཆོག་གི་དཀོར་བག་མེད་དུ་སྤྱད་ན་ཉེས་པའི་རྣམ་སྨིན་བཤགས་དཀའ་བ་ཡིན་པས་དཀའ་ཐུབ་བསྟེན་ཏེ་ཚུལ་ཁྲིམས་བསྲུང་དགོས། དེ་ལ་ཕན་པ་ཅི་ཡོད་ཅེ་ན། མཐོང་ཆོས་མྱོང་འགྱུར་གྱི་ལས་ད་ལྟ་ནས་སྨིན་པ་ཡིན་ཏེ། སྦྱིན་པས་ལོངས་སྤྱོད་དང་ཁྲིམས་ཀྱིས་བདེ་བ་ལ་སོགས་པ་རྒྱལ་བ་བདེན་པར་སྨྲ་བའི་བཀའ་བསླུ་བ་མེད་པ་ཡིན་པས་མི་ཚད་པར་དཔྱད་གསུམ་དག་པའི་རིགས་པས་ཀྱང་གྲུབ་པ་ཡིན། དེའི་སྟེང་དུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་དགེ་རྩ་དེས་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དག བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་མྱུར་དུ་རྫོགས་ནས་རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡིན། དེ་ཚོ་ཕར་བཞག་ནས་ཆུང་ཆུང་ངོ་མ་ནས་གཅིག་བཤད་ན། སྦྱིན་པ་བཏང་ན་མགྱོགས་མྱུར་དུ་ནོར་ཕྱུག མི་རྣམས་སྦྱིན་པ་གཏོང་མཁན་གྱི་མི་དེ་ལ་དགའ་ཞིང་། རྒྱལ་ཁམས་ཀྱི་གཅེས་ཕྲུག་ཏུ་འགྱུར། ཚུལ་ཁྲིམས་བསྲུངས་ན་ཚེ་འདི་ལ་བདེ་ཞིང་སྐྱིད་ལ་གནོད་པ་ཉུང་། དགེ་བ་འཕེལ་ཕྱི་མ་ལྷ་མིའི་གོ་འཕང་ཐོབ་བྱེད་ཀྱི་རྒྱུ་དངོས་ཡིན། སྐྱེ་བ་བླངས་ན་གཟུགས་མཛེས་སུ་སྐྱེ། ཡང་བཟོད་པ་བསྒོམས་ནས་རང་གི་སེམས་སྐྱིད་པས། དུས་རྒྱུན་དུ་སྐྱེས་ཕོ་ངན་གྱི་སེམས་དེ་གནམ་ངན་གྱི་ངོ་དང་འདྲ་བར་གནག་འདུག་མི་དགོས་པར། སེམས་སྐྱིད་པ། ལུས་བདེ་བ། ནད་མེད་པ། རྒས་མི་སླ་བ། ཚེ་རིང་བ་སོགས་དང་། བཟོད་པ་བསྒོམས་ནས་སྙིང་རྗེ་དང་བྱམས་སེམས་འབའ་ཞིག་བྱས་ན་མི་ཚང་མ་དགའ་ནས་རོགས་དང་མཐུན། ཡུལ་སྡེ་དང་འགྲིགས། སེམས་བཟང་བས་ཐམས་ཅད་ལ་ཕན་ཐོགས་ཤིང་། ཐམས་ཅད་དགེ་བ་ཡིན་པས་ཚེ་ཕྱི་མ་བདེ་འགྲོ་ནས་བདེ་འགྲོ་བརྒྱུད་པ་ལ་སོགས་པ་ཆུང་ས་ཕྲ་ས་ནས་བཤད་ན་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་དེ་ལྟར་ཡོད་པ་ཡིན། དེའི་ལྡོག་ཕྱོགས་ཀྱི་མི་དགེའི་སྡིག་ལས་བྱས་ན་ཚེ་ཕྱི་མ་མ་དགོས་ཚེ་འདིའི་ཐོག་ལ་ཡང་འཕྲལ་དང་འཕྲལ་དུ་སྡུག་བསྔལ་སྐྱེད་པ་ཡིན་ནོ། །དེ་དག་ཞེ་ཐོག་ལ་བླངས་ནས་རང་རྒྱུད་ལ་ཞུ་དག་ཅིག་བྱས་ན་རང་སྐྱོན་མང་པོ་ཞིག་རང་གིས་རིག་ཡོང་ཞིང་། དེ་རིག་ཚེ་ཨ་ཁ་ང་འདི་ནི་ཅི་འདྲའི་དུག་གི་སྡོང་པོ་ལྟ་བུ་ཞིག་རེད་ཨང་། བསམ་ཚད་མི་དགེ་བ་དང་ལས་ཚད་ནག་པོའི་སྡིག་ལས་ཡིན་འདུག་ལ། འདི་བསྒྲུབས་དང་དེ་གྲུབ་ཅེས་པ་ཞིག་རང་ཐོག་ནས་མེད་པར་མ་ཟད། གཞན་གྱི་ངོས་ནས་བསམ་བློ་བཏང་ན་ལས་མ་ཚར་བྱ་བ་མ་གྲུབ་གོང་ནས་ཚེའི་ཚད་རྫོགས་མཁན་གྲངས་ཀྱིས་མི་ཆོད་པ་ཡོད་པས། ཅི་འདྲའི་དོན་མེད་དུ་མགོ་ཞིག་འཁོར་སོང་བ་ལ་བསམ་དུས་དོན་གོ་ཞིག་ཆོད་པ་ལ་ཕྱོགས་ནས་ཡོད་པའི་རྟགས་ཡིན་ཏེ། འཁོར་བ་ཐོག་མེད་ནས་ད་ལྟའི་བར་དུ་འཁྲུལ་ཏེ་ཕྱི་ཚིས་དང་རྟག་འཛིན་རེ་དོགས་འབའ་ཞིག་གིས་ཉེས་པ་ཡིན་པས། ད་རེས་དེ་སྔོན་འཁོར་མ་མྱོང་བའི་བསམ་བློ་ཞིག་འཁོར་ནས་རང་རྒྱུད་ལ་བརྟག་དཔྱད་བཏང་མགོ་ཚུགས་པ་ནི་ཆོས་བསྒྲུབས་ན་འགྲུབ་པའི་རྟེན་འབྲེལ། བྱང་ཁོག་གཡུ་ལོའི་ནང་དུ་སྤྲུལ་བའི་སྐུ་ཞིག་བཞུགས་ཡོད་པའི་རྟགས་ཡིན། ད་སྔོན་ཉི་མ་ཡན་ཆོད་དུ་གྲོགས་བཟང་ངན་འགྲོ་ཡ་འདྲིས་རོགས་ཀྱི་དབང་དུ་ཤོར་ནས། མི་ངན་པའི་གོས་དང་གྲིབ་མ། ཤིང་ངན་པའི་དུ་བས་བདུག་ལུགས་ཤིག་གིས་ཅུང་ཟད་ཅིག་ཉེས་སོང་རུང་། སྐྱོན་མེད་དེ། སྔ་དྲོ་མ་ཤེས་འཁྲུལ་བའི་དབང་དུ་སོང་ཡང་། ཕྱི་དྲོ་བསམ་བློ་རིག་པ་གདན་ལ་བཀོད་དེ། རྗེ་བཙུན་མི་ལ་རས་པའི་སྙིང་རུས་དང་། སྤང་རྒན་མི་ཕམ་མགོན་པོའི་ལས་འཕྲོ་འདྲ་ཞིག་མ་ཡོད་ཀྱང་། དོན་ཆུང་ཚེ་འདིའི་འདོད་པའི་དོན་དུ་སྲོག་གཏོང་ཐུབ་པ་ཡང་ཡིན་པས། རང་གཞན་གྱི་བདེ་བའི་དོན་དུ་དཀའ་བ་ཅུང་ཟད་ཙམ་སྤྱད་མ་ནུས་ན་ང་མྱི་མིན་པའི་རྟགས་ཡིན། མི་འགྲུབ་པའི་ཆོས་ཤིག་སྒྲུབ་པ་ཡང་མི་བྱེད་དེ། དེ་རང་མགོ་གཡོག་བྱེད་ངོ་མ་རེད་འདུག དེའི་སྟེང་དུ་ལྟར་སྣང་གི་ཚུལ་ཙམ་ཞིག་བཅོས་ནས། ཚུལ་འཆོས་ཀྱི་ལོག་འཚོའི་དཀོར་ལ་འབག་པ་བས་འཁོར་ནག་གི་ནང་དུ་རང་སྐལ་བབས་ཐོབ་ཀྱི་འཚོ་བ་སྐྱེལ་བས་དགའ་བ་འདུག་བསམ་པའི་འདང་རང་གིས་བརྒྱབ་ནས་བྱ་བཞག་ཆེན་པོའི་སྣེ་ལ་འཛིན་དུས་བསམ་བློ་མང་པོ་ཞིག་སྔོན་དུ་མ་བཏང་ཐབས་མེད་ཡིན་པས། དེ་ལྟར་བྱས་ནས་ཆོས་བསྒྲུབས་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པའི་རང་སེམས་གཙང་མ་དཔང་པོར་འཇོག་ཆོག་པའི་ཆོས་ཤིག་འགྲུབ་ནས་རང་ལ་ཡོད་ཤག་ཤག་དང་གཞན་ལ་ཕན་ཐོགས་ཤག་ཤག་ཅིག་བྱུང་བ་ཡིན་ནོ། །དེ་ལྟར་དུས་ནམ་དང་ནམ་ཡིན་ཡང་རང་རྒྱུད་ལ་ཞུ་དག་རེ་བྱས་ན་རིམ་གྱིས་རིམ་གྱིས་ནང་གི་བསམ་བློ་ངན་པ་ཇེ་ཉུང་ལ་སོང་ཚེ་ཕྱིས་བྱ་སྤྱོད་ངན་པ་ཇེ་ཉུང་དུ་མི་འགྲོ་བའི་ཐབས་མེད་དེ། རྟགས་སྤྱོད་པས་སྟོན་ཟེར་བ་ནི་ཆོས་ཉིད་ཡིན། དེ་ལས་གཞན་དུ་ཕྱི་ནས་བཟང་མདོག་འགྱིང་མདོག་ཇི་ལྟར་སྟོན་ཡང་རྟོག་ངན་དུག་རོ་ཞིག་ཁོང་ན་ཡོད་བསྡད་ན་རྐྱེན་ཆུང་ཆུང་ཞིག་གིས་དེ་ཡར་སློང་བ་ནི། དཔེར་ན། ར་ཤ་གསར་བས་དུག་རོ་རྙིང་པ་སློང་། ཞེས་པ་ལྟར་དང་། རྟོག་ངན་དུག་རོ་ཁོང་དུ་ཡོད་ན། །ཤི་ཁ་ཚུན་ཆད་མི་མངོན་མི་སྲིད། །ཅེས་པའི་ཐོག་ཏུ་འབབ་ཡོང་བ་རེད། དེས་ན་རྟོགས་པ་ཁྱད་པར་ཅན་རྒྱུད་དུ་སྐྱེས་ནས་སངས་རྒྱས་ཀྱི་ཐུགས་སེམས་ཅན་གྱི་རྒྱུད་དུ་འཕོས་ཏེ་རང་ལ་ཡོད་པའི་རང་གནས་ཀྱི་ཡེ་ཤེས་ཀྱི་རང་ཞལ་མཐོང་བའི་གདམས་ངག་ཡོད་ཀྱང་། དེ་ཡང་ལས་སླ་བོ་ཞིག་གིས་བྱིན་རླབས་འཕོ་བ་མིན་ཕྱིར། ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་ཀྱིས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་འདྲེན་དགོས་པས་སྔོན་འགྲོ་བསགས་སྦྱང་གི་ཆོས་སྒྲུབ་པ་གལ་ཆེ་བ་ཡིན། སྔོན་འགྲོས་དངོས་གཞི་དྲངས་པ་ཞེས་པ་ནི་ཚོགས་བསགས་པ་དང་སྒྲིབ་པ་སྦྱངས་པའི་སྟོབས་ཀྱིས་སྒྲིབ་གཉིས་བག་ཆགས་བཅས་པ་བྲལ་བའི་བྲལ་འབྲས་དག་པ་གཉིས་ལྡན་གྱི་ཆོས་སྐུ་འཐོབ་དགོས་པ་ཡིན་པས། ཆོས་ཀྱི་བྱིན་རླབས་ཐོབ་ཅེས་པ་དང་དགོངས་བརྒྱུད་ཀྱི་རྟོགས་པ་འཕོ་ཞེས་པ་ནི། བྱེད་པ་པོ་ལ་ཡོད་པའི་ཐུགས་རྗེ་ལྡན་ལོས་དགོས་ཀྱང་། བྱ་བའི་ཡུལ་ལ་ཡོད་པའི་འཕྲིན་ལས་དེ་རང་ཉིད་ཀྱི་དད་དང་མོས་གུས་ཀྱིས་འདྲེན་མ་ཐུབ་ཚེ། སེམས་ཅན་གཅིག་གི་དོན་དུ་སངས་རྒྱས་སྟོང་བྱོན་ཡང་མཐུ་རྡུགས་པ་ཡིན་ནོ། །དེས་ན་དམ་ཆོས་བྱང་ཆུབ་སྒྲུབ་དུས་ཆོས་བཞིན་དུ་སྒྲུབ་པའི་ཕྱག་ལེན་ལ་གཟབ་པ་གལ་ཆེའོ། །སྐབས་སུ་བབ་པ་གང་ཞིག་འཆད་ཉན་བྱ་བའི་ཆོས་ཀྱི་རིམ་པ་རྒྱལ་བ་རྡོ་རྗེ་འཆང་གི་ཞལ་ནས་གསུངས་པའི་གསང་ཆེན་སྙིང་པོའི་རྒྱུད་ཆེན་བཅུ་བདུན་གྱི་ཡང་བཅུད། ཐེག་རྩེའི་དགོངས་དོན་ཚིག་དོན་བཅུ་གཅིག་ཏུ། །ལེགས་བསྡུས་ཁ་ཚང་དོན་འདྲིལ་མན་ངག་གི །ཉམས་ལེན་གནད་ཀྱི་མཛོད་གཅིག་སྲིད་པ་ན། །སྲིད་པའི་རྩ་བ་གཅོད་ལ་གཅིག་ཏུ་དཔའ། །ཞེས་གསུངས་པ་ལྟར་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ་ནས་མཐར་ཐུག་འབྲས་བུའི་གྲོལ་ས་ལ་ཐུག་གི་བར་དུ་རྡོ་རྗེའི་གནས་བཅུ་གཅིག་གིས་རྫོགས་པར་བསྟན་པ་ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པར་བྱེད་པ་ལས། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཞེས་པའི་ལམ་ཉམས་ལེན་བཤད་པའི་སྐབས་སུ་ཁེལ་ཞིང་། དེ་ཡང་དངོས་གཞི་གང་ཞིག་ཉམས་ལེན་བྱ་རྒྱུའི་གནད་སྟོན་པ་དེ་ལ་ཡང་སྣང་བ་ཡུལ་གྱི་བློ་ཅན་གྱི་གདུལ་བྱ་དང་། རིག་པ་རང་སྣང་གི་བློ་ཅན་གྱི་གདུལ་བྱ་རྣམ་པ་གཉིས་ཡོད་པ་ལས་སྔོན་མའི་ཉམས་ལེན་གྱི་རིམ་པ་བཤད་ཟིན་ནས་རྗེས་མ་རིག་པ་རང་སྣང་གི་བློ་ཅན་གྱི་ངོ་སྐལ་དུ་གྱུར་པའི་གདམས་པ་དེ་ཉིད་འཆད་པའི་སྐབས་རེད། དེ་ལ་ཡང་ཐུན་མོང་ལས་ཁྱད་དུ་འཕགས་ཚུལ་དང་། གདམས་པ་དངོས་གཉིས། གདམས་པ་དངོས་ལ་ཡང་། ཁྲེགས་ཆོད་དང་ཐོད་རྒལ་རྣམ་པ་གཉིས་ཡོད་པ་ལས། ཁྲེགས་ཆོད་བཤད་པའི་སྐབས་ནས་དེ་ལ་ཡང་སློབ་དཔོན་ཤྲཱི་སེངྷའི་འདེབས་ལུགས་གསུམ་སྟེ། ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ། བྱ་བྲལ་ཟང་ཐལ་རྗེན་པར་འགག་སྡོམ་པ། ཡོངས་གྲོལ་མཉམ་པར་ཆེན་པོར་ཆིངས་སུ་བཅིངས་པའི་ས་བཅད་ཆེན་པོ་གསུམ་གྱིས་བཤད་པ་ལས་དང་པོ་གཉིས་སོང་ནས། གསུམ་པའི་སྐབས་ནས་ཀྱང་ཡང་གྲོལ་གྱི་གནས་ལུགས་སྤྱིར་བསྟན་པ་སོགས་འགའ་ཞིག་སོང་ནས་དེ་རིང་།

༢ དེའི་རྣམ་གྲངས་བྱེ་བྲག་ཏུ་བཤད་པ།

༼༽ ངོ་བོ་མདོར་བསྟན་པ།

གཉིས་པ་རྣམ་གྲངས་བྱེ་བྲག་ཏུ་བཤད་པ་ལ་གསུམ་སྟེ། ངོ་བོ་མདོར་བསྟན། རང་བཞིན་རྒྱས་པར་བཤད། དཔེ་དོན་ངེས་པས་དོན་བསྡུ་བའོ། །དང་པོ་ནི། རིག་པ་ཟང་ཐལ་རྗེན་པའི་ཆོས་སྐུ་ནི་ལྡོག་ཆོས་ལྔ་ལ་ལྟོས་ནས་ཡོངས་གྲོལ་གྱི་ཆིངས་ལྔར་བཤད་དེ། མུ་ཏིག་ཕྲེང་བ་ལས། འགག་པ་མེད་པའི་རིག་པ་ལ། །འཁྲུལ་རྒྱུ་མེད་པས་ལྡོག་པ་མེད། །ཡེ་གྲོལ་ཡིན་པས་གཏན་ནས་འཕགས། །རང་གྲོལ་ཡིན་པས་ཡུལ་རྐྱེན་ཟད། །ཅེར་གྲོལ་ཡིན་པས་སྣང་བ་དག །མཐའ་གྲོལ་ཡིན་པས་མུ་བཞི་འགགས། །གཅིག་གྲོལ་ཡིན་པས་དུ་མ་སྟོངས། ཞེས་སོ།།

༼༽ རང་བཞིན་རྒྱས་པར་བཤད་པ།

༼ ཡེ་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པ།

གཉིས་པ་ལ་ཡེ་གྲོལ། རང་གྲོལ། ཅེར་གྲོལ། མཐའ་གྲོལ། གཅིག་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པ་དང་ལྔ་ལས། དང་པོ་ཡེ་གྲོལ་ལ་བསྐྱར་གཞི་མེད་པའི་གནད་ལ་བརྟེན་ནས་ལྟ་སྒོམ་འབད་རྩོལ་ལ་རག་མ་ལུས་པར་བསྟན་པ་ནི། ཡེ་ནི་ཁྱབ་པ་སྤྱིར་བཏང་བས་བྱས་པ་དང་རྩོལ་བ་མེད་བའི་དོན་ཏེ། གང་ནས་ཀྱང་མ་བྱུང༌། །གང་དུའང་མ་སོང༌། གར་ཡང་གནས་པ་མེད་པའི་དོན་ཏོ། །གྲོལ་ནི་བཀྲོལ་བ་ལྟ་བུ་མ་ཡིན་པས། ལྟ་སྒོམ་གྱིས་འབད་མི་དགོས། གྲོལ་ཞེས་རང་ལུགས་སུ་གནས་པ་ལས། བཅས་བཅོས་མེད་པའི་དོན་ཏོ། །ཡེ་ཐོག་མ་ཉིད་ནས་སུ་ཞིག་གིས་བསྡམས་ནས་བཅིངས་སུ་མེད་པས། གཅིག་གིས་བསམ་བཞིན་དུ་དགྲོལ་མི་དགོས་པར་གྲོལ་ནས་ཡོད་པ་དེ་ལ་ཡེ་གྲོལ་ཞེས་བྱའོ། །འོ་ན་དང་པོ་ཉིད་ནས་གྲོལ་ཏེ་ཡོད་ན་སེམས་ཅན་འཁོར་བ་འཁྱམས་པ་ཅིའི་ཕྱིར་ཞེ་ན། སྒོ་གསུམ་རང་ལུགས་སུ་གྲོལ་ནས་ཡོད་པའི་ངོ་མ་ཤེས་ནས་རང་གིས་རང་བསྡམས་ནས་ཡུལ་ལ་ཤེས་པར་བཟུང་། ཐག་པ་ལ་སྣང་བར་བཟུང་སྟེ་སྦྲུལ་དུ་འཁྲུལ་བའི་ངང་ནས་ཕྱི་དོན་ཁ་དོག་དང་དབྱིབས་སུ་དཔྱོད་པ་ནི་གཟུགས། དེའི་གནོད་པའི་མཚན་ཉིད་ཤེས་པ་ནི་ཚོར་བ། དེ་དག་གི་ཤེས་པའི་རྒྱུན་སྔ་མ་དང་ཕྱི་མ་འབྲེལ་བ་ནི་འདུ་ཤེས། སྦྲུལ་འཛིན་གྱི་རྟོག་པ་ལས་མ་གྲོལ་བ་ནི་འདུ་བྱེད། དེ་ཐམས་ཅད་ཀྱི་བདག་པོའི་རྐྱེན་རྣམ་པར་ཤེས་པ་ཀུན་གཞི་ཉོན་ཡིད་དང་བཅས་པ་ཚོགས་པ་ལས་རིག་པའི་ཆོས་ཉིད་ཡེ་གྲོལ་ཅིར་ཡང་མ་གྲུབ་པ་དེ་ལ་བདག་དང་བདག་གིར་བལྟས་ནས་མེད་སྣང་སྒྱུ་མའི་སྟོང་གཟུགས་ལ་དངོས་པོར་བཟུང་ནས་ཁམས་གསུམ་ཡེ་ནས་ཡོད་མ་མྱོང་བ་དེ་འཁྲུལ་བའི་ངོ་ཁར་གློ་བུར་དུ་སྣང་བ་ཡིན་ནོ། །དེས་ན་རིག་པའི་ངོ་བོ་ཡེ་སྟོང་རྩ་བྲལ་ལྟོས་གཞི་ལས་འདས་པའོ། །དེ་ལྟར་ཡིན་པས་ལུས་ངག་ཡིད་རང་ལུགས་ལ་ལྷོད་ཆགས་ཤིང་སེམས་ཉིད་རྣལ་དུ་ཕེབས་པ་ལ་གྲོལ་ཞེས་བྱའོ། །དེའང་གཏན་དུ་དེ་ལྟར་གནས་པས་ཐེག་པ་ཐུན་མོང་པ་ལས་འཕགས་སོ། །དེས་ན་གྲོལ་བའི་དཔེ་ནི་ཨཱ་ལི་ཀཱ་ལིའི་འབྲུར་ཡེ་ནས་སྨིན་པ་ལ་ད་སྨིན་རྒྱུ་མེད་པ་ལྟ་བུའོ། །ཡང་ན་གསེར་ཡེ་ནས་སེར་པོ་ཡིན་པ་ལ་ད་སེར་པོ་འགྲོ་རྒྱུ་མེད་བ་ལྟ་བུའོ། །དེ་ལྟ་བུའི་གྲོལ་ཚུལ་ལྔ་ལས་དང་པོ་ཡེ་གྲོལ་རྒྱས་པར་བཤད་པ་ནི། ཡེ་གྲོལ་ལ་གསུམ་སྟེ། ཡེ་གྲོལ་གྱི་གོ་བ། འཇོག་པའི་འཐད་པ། གྲོལ་ལུགས་སོ། །ཡེ་གྲོལ་གྱི་གོ་བ་ནི་གློ་བུར་བ་མ་ཡིན་པར་ཐོག་མ་ནས་གྲོལ་ཟིན་པས་ད་བསྐྱར་ནས་གྲོལ་རྒྱུ་མེད་པའི་གནད་ནི་རིག་པ་ཉིད་འཁྲུལ་མ་མྱོང་བ་ལས་བྱུང་བའོ། །གློ་བུར་དུ་གྲོལ་སོང་བ་དང་། གཅིག་གིས་བཀྲོལ་བ་ལྟ་བུ་མ་ཡིན་པར་དང་པོ་ཉིད་ནས་གྲོལ་ནས་ཡོད་པའི་རིག་པ་ལ་གསར་དུ་གྲོལ་མི་དགོས་པ་དང་། ཡེ་ནས་འཁྲུལ་མ་མྱོང་བའི་རྒྱུ་མཚན་གྱིས་གསར་དུ་གྲོལ་རྒྱུ་ལ་རེ་མི་དགོས་པའོ། །ཡེ་གྲོལ་གྱི་མཚན་ཉིད་ནི། ཡེ་གྲོལ་གདོད་ནས་དག་ཅིང་རང་བཞིན་མེད་པས་སྲིད་པར་ཀུན་ཏུ་སྦྱོར་བའི་ཁུར་ཡོངས་སུ་བོར་བའོ། །ཡེ་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པས་འཐད་པ། ལུང་གིས་འཐད་པ། གཏན་ཚིགས་ཀྱིས་འཐད་པའོ། །རིགས་པས་འཐད་པ་ནི་ཡེ་ཉིད་ནས་རིག་པ་གྲོལ་པའི་གནད་ནི། རིག་པ་ལ་གཞི་མེད་པས་ལྡོག་ས་མེད་པ་དང༌། རྩ་བ་མེད་པས་བྱུང་ས་མེད་པ་དང༌། མཚན་ཉིད་མེད་པས་སྒྲ་སྤྱིས་གཏན་ལ་མི་ཕེབས་པ་དང༌། སྐྱེ་བ་མེད་པས་གྲོལ་རྒྱུ་མེད་པའོ། །ཞེས་དམ་བཅས་ནས་རྟགས་འགོད་པ་ནི། དེ་ཡང་ཡེ་གྲོལ་ཡིན་པའི་རྟགས་སུ་སྒོམ་སྒྲུབ་གང་གིས་ཀྱང་མཚན་ཉིད་མཐོང་བ་མེད། དེའང་རྒྱུ་འབྲས་རྗེས་མེད་ཀྱི་རིགས་པས་འཐད་དེ། རིག་པ་ལ་རྒྱུ་མེད་པས་འབྲས་བུ་མེད་དེ། ལས་དང་རྣམ་པར་སྨིན་པ་ཡོད་མི་སྲིད་དོ། །མདོ་སྔགས་གང་འཆད་ཉན་བྱེད་པའི་སྐབས་ཡིན་ཡང་ཤེས་བྱ་སྒྲ་ཚིག་གིས་གཏན་ལ་འབེབས་ཚེ། གཞལ་བྱ་གསུམ་ཚད་མ་གསུམ་གྱིས་བཅལ་ནས་དངོས་པོ་སྟོབས་ཞུགས་ཀྱི་རིགས་པས་གཏན་ལ་འབེབས་དགོས་པ་ཡིན་པས། གཞལ་བྱ་མཐོང་བ་མངོན་གྱུར་ལ་མངོན་སུམ་ཚད་མས་མི་གནོད་པ་དང་། གཞལ་བྱ་མི་མཐོང་བའི་ལྐོག་གྱུར་ལ་རྗེས་དཔག་ཚད་མས་མི་གནོད་པ་དང་། གཞལ་བྱ་ཤིན་ཏུ་ལྐོག་གྱུར་ལ་ལུང་གིས་མི་གནོད་པ། ལུང་དེ་ཡང་བདེན་པར་སྨྲ་བ་རྒྱལ་བའི་བཀའ་ལུང་ཚད་མས་ལུང་སྔ་ཕྱི་མི་འགལ་བ་ཞིག་གིས་བསྒྲུབ་དགོས། ལུང་གི་ཚད་མ་དང་ཡིད་ཆེས་རྗེས་དཔག་གཉིས་ཀ་དོན་གཅིག་དང་། ལུང་ཚད་མ་དང་དཔྱད་གསུམ་དག་པའི་ལུང་གཉིས་ཀ་གཅིག་ཡིན་ནོ། །ལུང་གིས་འཐད་པ་ནི། བརྩོན་པ་དོན་ལྡན་ལས། ཡེ་ནས་གྲོལ་བའི་སེམས་ཉིད་ནི། །ཕྱི་ནས་གྲོལ་རྐྱེན་ག་ལ་སྲིད། །ཅེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། གཏད་ཡལ་རང་གཞག་གི་གཏན་ཚིགས་ཀྱིས་འགྲུབ་སྟེ། །གཏད་ས་ཡེ་ནས་གྲོལ་བས་དེ་ཉིད་རང་སར་གྲོལ་ཏེ། ཡེ་ཉིད་ནས་གྲོལ་བའི་ཕྱིར་རོ། དེའང་སེམས་ལ་བྱུང་ས་མེད་པ་དང༌། གནས་ས་མེད་པ་དང༌། འགྲོ་ས་མེད་པའི་གནད་ཀྱིས་ཡེ་ནས་གྲོལ་བར་ཤེས་སོ། །གྲོལ་ལུགས་ནི། སེམས་སྟོང་པ་ཡིན་པས་གྲོལ་བྱ་བའམ། །མ་གྲོལ་ཞེས་ཐ་སྙད་ཙམ་དུ་གདགས་སུ་མེད་པས་ཡེ་ནས་གྲོལ་ཟིན་པའི་རྟགས་སུ་ད་དེ་ནས་བསྐྱར་ནས་གྲོལ་མི་དགོས་པ་ནི་སེམས་ཉིད་ཡེ་ནས་སངས་རྒྱས་པས་ཡེ་ནས་གྲོལ་བ་དེ་ལ་གྲོལ་རྒྱུ་མེད་པར་ཤེས་སོ། །གཞི་མེད་རྩ་བ་མཚན་ཉིད་སྐྱེ་འགག་དང་བྲལ་བའི་ཀ་དག་གི་རིག་པ་གཤིས་ཀྱི་གནས་ལུགས་དེ་སྔ་ཕྱི་རྒྱུ་འབྲས་རྩོལ་སྒྲུབ་ཐམས་ཅད་ལས་འདས་པ་ཡིན་པས་ཡེ་གྲོལ་ལོ། །ཡེ་ཐོག་མ་ཉིད་ནས་རིག་པ་ཉིད་གྲོལ་ཏེ་རྒྱུ་འབྲས་ལས་དང་རྣམ་སྨིན་ལ་སོགས་པའི་མཚན་མའི་ཡུལ་ལས་འདས་པ་ཞིག་ཡིན་ཏེ། གཞི་མེད་པས་ལྡོག་ས་མེད་པ་དང་། རྩ་བ་མེད་པས་འབྱུང་ས་མེད་པ་དང་། མཚན་ཉིད་མེད་པས་སྒྲ་སྤྱིས་གཏན་ལ་མི་ཕེབས་པ་དང་། སྐྱེ་བ་མེད་པས་གྲོལ་རྒྱུ་མེད་པའི་ཕྱིར་རོ། །དེ་ཡང་རིག་པའི་ངོ་བོ་ནི་ཡེ་སྟོང་རྩ་བྲལ་ལྟོས་གཞི་ལས་འདས་པ་རྒྱུ་འབྲས་རྗེས་མེད་ནམ་མཁའ་ལྟ་བུ་ཡིན་པས། དེའི་ངང་ལས་རྩལ་གྱི་སྣང་བ་ཇི་ལྟར་མཆེད་ཀྱང་མེད་སྣང་སྟོང་པའི་རང་གཟུགས་ཤར་གྲོལ་རིས་སུ་མེད་པར་དྭངས་སུ་བཅུག་པ་ཙམ་ལས་རྣམ་འགྱུར་གཞན་དུ་སོང་མ་མྱོང་བའོ།།

༼ རང་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པ།

གཉིས་པ་རང་གྲོལ་ལ་གཉེན་པོ་མེད་པའི་གནད་ལ་བརྟེན་ནས་བླ་མའི་གདམས་ངག་ལ་རག་མ་ལུས་པར་བསྟན་པ་ནི། གཉེན་པོ་ལ་ལྟོས་འཇོག་མེད་པ་ནི་རང་གྲོལ་གྱི་མཚན་ཉིད། འདི་ལྟར་སྣང་གྲག་གི་ཆོས་ཐམས་ཅད་བྱུང་ཡང་རང་ལས་བྱུང་ཞིང་གྲོལ་ཡང་རང་གྲོལ་བས་སོ། །དཔེར་ན་ནམ་མཁའ་དང་སྤྲིན་ནམ་རྒྱ་མཚོ་དང་རླབས་བཞིན་ནོ། །དེ་ལྟར་ཡིན་པར་ཡུལ་གཞན་ལ་བརྟེན་པའི་སྒོམ་པ་དང་ལྟ་བ་དང་སྤྱོད་པ་སྐྱོན་ཅན་ལྟ་བུ་མིན་པས་ན་དོན་གྱི་གྲོལ་ཞེས་བྱ་བ་ནི་ཆོས་ཟད་པ་ལ་བྱའོ། །རང་གྲོལ་ལ་གསུམ་སྟེ་རང་གྲོལ་གྱི་གོ་བ། རང་གྲོལ་གྱི་འཐད་པ། རང་གྲོལ་ལུགས་སོ། །རང་གྲོལ་གྱི་གོ་བ་ནི་གཉེན་པོ་མེད་པའི་དོན་ཏེ་སྣང་བ་ཉིད་སྣང་བ་ནས་རང་གྲོལ་བས་སྣང་བ་ལས་མ་གཏོགས་པའི་ཆོས་ཉིད་གང་ཡང་མེད། དེ་བཞིན་དུ་སྟོང་པ་ལ་སོགས་པ་དེ་ཉིད་ཀྱིས་གྲོལ་བ་ལས་ལོགས་སུ་མེད་པའོ། །དཔེར་ན་ཆང་ནད་ཅན་ཆང་གིས་འཇོམས་པ་དང༌། དུག་གིས་དུག་འཇོམས་དང༌། ལྕགས་ཀྱི་ལྕགས་གཅོད་པ་ལ་སོགས་པ་དང་འདྲ་བར། ཉོན་མོངས་པ་ཉིད་དེ་ཉིད་ཀྱིས་གྲོལ་བས་ན་རང་གྲོལ་ཞེས་བྱའོ། །རང་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ་སྟེ། རིགས་པས་འཐད། ལུང་གིས་འཐད། གཏན་ཚིགས་ཀྱིས་འཐད་པའོ། །རིགས་པས་འཐད་པ་ནི་ཆོས་ཉིད་ཀྱི་རིགས་པས་འཐད་དེ། གྲོལ་བ་ཐམས་ཅད་རང་གྲོལ་ཡིན་པས་གཞན་གྱིས་བཀྲོལ་བ་ལྟ་བུ་མ་ཡིན་པར་འཐད་ལ། གལ་ཏེ་གཞན་གྱིས་ཡིན་ན། དངོས་པོ་གཅིག་ལ་གཟུགས་ཐ་དད་དུ་སྣང་བ་མི་འཐད་པ་བཞིན་དང༌། ཤེས་པ་དེ་ཉིད་གཞན་དང་རྫས་འགལ་བའི་ཕྱིར་རོ། །དང་པོའི་མཚན་ཉིད་དངོས་པོ་གཏན་ལ་ཕེབས་པ་བཞིན་རང་གྲོལ་བར་རིགས་སོ། །ལུང་གིས་འཐད་པ་ནི་སེམས་སྡེ་ལས། གྲོལ་བ་རང་བྱུང་གཞན་ལས་མིན། །ཞེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། རང་གྲོལ་ཆེན་པོ་ལ་རྩོད་གཞི་མེད་པའི་གཏན་ཚིགས་ཀྱིས་འགྲུབ་ཅིང་འཐད་དོ། །འདི་ལྟར་སྣང་བ་རང་གྲོལ་བ་ཡིན་ཏེ། གཉེན་པོ་གཞན་ལ་རག་ལུས་ལ་མེད་པའི་ཕྱིར་རོ། །གྲོལ་ལུགས་ནི། རང་གིས་རང་གྲོལ་བ་ལས་མ་གཏོགས་པ་གཞན་མ་ཡིན་ཏེ། གཞུང་གཞན་ནས་ཀྱང་འདོད་ཆགས་ཅན་འདོད་ཆགས་ལ་ལམ་དུ་བྱས་པ་གྲོལ་བར་བཤད་པ་དང༌། སྣང་བ་སྣང་བ་རང་གི་ཐོག་ནས་གྲོལ་བ་ཉིད་སྣང་བ་ལས་མ་གཏོགས་པའི་གྲོལ་རྒྱུའམ་གྲོལ་རྐྱེན་གཞན་མེད་པའོ། །དེ་ཉིད་དེ་ཉིད་དུ་གྲོལ་བས་གནས་པའི་རྟེན་མེད་པས་གཞི་རྩ་མེད་པ། གཞི་རྩ་མེད་པའི་སེམས་ཉིད་དེ་ཉིད་རང་ལས་མ་གཏོགས་པ་ལྡོག་པའི་ས་མེད་པས། གྲོལ་ས་མེད་པས་སྐྱེ་མ་མྱོང་བའོ། །གང་ནས་བྱུང་བའི་ས་མེད་དེ། དེ་ཉིད་རང་མ་ཡིན་པའི་ཆོས་ལོགས་སུ་མེད་པས་རང་གྲོལ་ཞེས་བྱའོ། །དཔེར་ན་སྦྲུལ་གྱི་མདུད་པ་སུས་ཀྱང་མ་བཀྲོལ་བར་གྲོལ་བ་བཞིན་ནོ། །སྣང་གྲགས་ཀྱི་ཆོས་ཐམས་ཅད་དང་པོ་རང་ལས་བྱུང་ལ་ཐ་མ་རང་གིས་རང་གྲོལ་བ་ནི་དཔེར་ན་ཆུ་དང་ལྦུ་བ་ལྟ་བུ་དང་ནམ་མཁའ་དང་སྤྲིན་ལྟ་བུའོ། །འོ་ན་ལྟ་སྒོམ་པས་དེ་ཉིད་བསྟན་པ་ལ་དགོས་པ་ཅི་ཡོད་ཅེ་ན། ཡོད་མེད་རྟག་ཆད་ལས་འདས་པའི་རང་གྲོལ་ཡིན་པ་གང་ཞིག་ལ། སྟོང་འཛིན་ཤེས་སྒྲིབ་དང་བཅས་པའི་ལྟ་སྒོམ་སྤྱོད་པའི་འདུ་ཤེས་སྐྱོན་ཅན་གྱིས་བསླད་བཅུག་པས་ཆུ་འཁྱག་རོམ་དུ་གྱུར་ནས་དར་ཆགས་པ་ལྟ་བུ་ཡིན་ནོ། །རང་གྲོལ་གྱི་གནད་དེ་མ་ཤེས་པ་རྣམས་ལ་ཐོག་མར་ཆོས་ཉིད་ཤེས་བྱས་འཇལ་བའི་ཡིད་དཔྱོད་ཀྱི་ལྟ་སྒོམ་བསྟན་ནས་གདོད་འཇལ་བྱེད་ཀྱི་ཤེས་རབ་གཞལ་བྱའི་དབྱིངས་སུ་རང་ལོག་པ་དཔེར་ན་བུད་ཤིང་ཟད་པས་མེ་ཡང་ཤི་བ་ལྟ་བུའི་ཐབས་ལ་དམིགས་པའོ། །དེ་བས་ན་ལམ་བདེན་འདུས་བྱས་ཡིན་པའི་ཕྱིར་མཐར་གྱིས་ཞི་བ་ཆོས་སྐུའི་དབྱིངས་སུ་འགོག་པའི་ཚུལ་དོན་དམ་པ་ཉིད་ཀྱང་ཚིག་གིས་བཞག་པའི་བརྡ་ཙམ་ཞིག་མ་གཏོགས་ངོ་བོ་ཉིད་མེད་པའི་མཚན་ཉིད་དེ་རང་གྲོལ་ལོ། །དེས་ན་ངོ་བོ་ཉིད་མེད་པའི་མི་མཐུན་ཕྱོགས་རྣམ་ཤེས་ཚོགས་བརྒྱད་དང་བཅས་པའི་རྐྱེན་གཞན་གྱིས་དགྲོལ་མི་ནུས་སོ། །དེས་ན་དུག་གིས་དུག་འཇོམས་པ་དང་ལྕགས་ཀྱིས་ལྕགས་བཅད་པའི་དཔེ་བཀོད་པའོ། །ཉོན་མོངས་པ་ཉིད་དེ་ཉིད་ཀྱིས་གྲོལ་བས་ན་རང་གྲོལ་ཞེས་བྱ་བ་ནི། སྦྲུལ་གྱི་མདུད་པ་ལ་བཤིག་མཁན་གཞན་མི་དགོས་པ་ལྟར་ནང་རང་གྲོལ་གྱི་དེ་ཁོ་ན་ཉིད་ཤེས་པའི་ངང་དུ་གློད་ཤེས་ན་ལུང་མ་བསྟན་དང་རྩལ་རྟོག་ཡུལ་ལ་འཇུག་པའི་ཆ་ཐམས་ཅད་རང་བཞིན་མེད་པར་གྲོལ་བ་ཡིན་ནོ། །འཆིང་པའི་གཏན་ཚིགས་མེད་པ་ཞིག་གིས་གྲོལ་བའི་འཐད་པ་སྒྲུབ་བྱེད་ཅིག་བཙལ་མི་དགོས་སོ།།

༼ ཅེར་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པ།

གསུམ་པ་ཅེར་གྲོལ་མཐོང་ཡལ་གྱི་གནད་ལ་བརྟེན་ནས་རྒྱུད་ལུང་ལ་རག་མ་ལུས་པར་བསྟན་པ་ནི། སེམས་ཀྱི་སྐད་ཅིག་མ་དང་། མིག་གི་ལྟ་སྟངས་ཐོག་བབས་ཆེན་པོའི་གནད་ཀྱིས་གྲོལ་བ་ཅེར་གྲོལ་གྱི་མཚན་ཉིད། ཅེར་གྱིས་མཐོང་བ་ཙམ་གྱིས་དེ་ཉིད་དུ་གྲོལ་བ་ནི་མ་བུ་འཕྲད་པས་གྲོལ་བ་ཡིན་པས། སྣང་བ་དེ་ཉིད་བློས་མ་བསྒྱུར། སྣང་བས་མ་དཔྱད་པར་བཞག་པས་རང་དག་ཏུ་གྲོལ་བའོ། །སྣང་བ་སྣང་ཐོག་ཏུ་གྲོལ་བས་ལྟ་ཡུལ་གང་དུའང་མི་འཛིན་པ་ཞིག་ཡིན་ནོ། །ཅེར་གྲོལ་མཐོང་ཡལ་ལ་བཞི་སྟེ། ཅེར་གྲོལ་གྱི་གོ་བ། ཅེར་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས། དཔེའོ། །ཅེར་གྲོལ་གྱི་གོ་བ་ནི། ཅེར་གྱིས་མཐོང་བ་ཙམ་གྱིས་དེ་ཉིད་མཐོང་བར་གྲོལ་བ་ནི་སྐད་ཅིག་དང་པོ་རང་ལ་མཐོང་ངམ་ཐོས་སམ་རིག་པ་ཙམ་གྱིས་གྲོལ་བ་སྟེ། དེ་ལ་ནི་ཆོས་ཉིད་མངོན་སུམ་གྱི་རྩིས་ཐེབས་སོ། །དེ་ཡང་འདི་ལྟར་མཐོང་ཡུལ་ལ་མིག་ཤེས་གཉིས་ཅེར་གྱིས་ཟུག་པའི་སྐད་ཅིག་དང་པོར་རང་ལ་གཟུགས་སུ་སྣང་བའི་སྤྲོས་པ་ཆོད། ཤེས་པས་གཟུགས་ལ་མ་རེག་པས་ན་མིག་གིས་སྣང་ཡུལ་མི་འཛིན། སྣང་བས་ཤེས་པ་ལ་མ་གོས་ཀྱང་སྣང་ཡུལ་སྔར་བཞིན་དུ་ཡོད། །སྣང་བ་སྣང་ཐོག་ཏུ་གྲོལ་བས་ན་གཏད་ཡུལ་གང་དུའང་མི་འཛིན་པ་ལ་མིག་གི་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་མི་དམིགས་པ་ཞེས་བྱའོ། །ཅེར་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པ། ལུང༌། གཏན་ཚིགས་སོ། །རིགས་པ་ནི་གཏད་ཡལ་གང་དུའང་མ་དམིགས་པས་འཐད་དེ། སྣང་བ་སྣང་ཐོག་ཏུ་སྣང་བ་ཙམ་གྱིས་གྲོལ་བ་དང༌། ཤེས་པ་འགྱུ་ཐོག་ཏུ་འགྱུ་བ་ཙམ་གྱིས་གྲོལ་བ་སྟེ། སྟོང་བ་རང་སོའི་གནད་ཀྱིས་གཟུགས་ཅེར་གྱིས་མཐོང་བས་གཟུགས་སོ་སྙམ་པ་ཙམ་ལ་བརྟེན་ནས་དེ་ཉིད་ཀྱིས་གྲོལ་བའོ། །དེ་བཞིན་དུ་སྒྲ་ལ་སོགས་པའོ། །དེ་གྲོལ་བར་ཅིས་ཤེས་ན། གཟུགས་སུ་མཐོང་བས་གཟུགས་མ་ཡིན་པའི་སྤྲོས་པ་ཆོད། དེ་ལ་ཅེར་གྱིས་བཞག་པས་དེ་ཉིད་གྲོལ་ཏེ་གཞན་ལ་འཇུག་པའི་ཤེས་པ་མི་སྐྱེ་བས་སོ། །ལུང་གིས་འཐད་པ་ནི། གསེར་གྱི་སྙིང་པོའི་རྒྱུད་ལས། ཅེར་གྲོལ་ཆེན་པོའི་ལྟ་སྟངས་ཀྱིས། །སངས་རྒྱས་སེམས་ཅན་གཉིས་ཀ་གྲོལ། །ཞེས་སོ། །གཏན་ཚིགས་ནི་ཕྱོགས་བྲལ་རང་དག་གི་གཏན་ཚིགས་ཀྱིས་འཐད་དེ། འདི་ལྟར་སྣང་བ་ཅེར་གྲོལ་ཡིན་ཏེ། དེ་ཉིད་ཅེར་གཞག་པས་གཞག་སར་གྲོལ་ལ། གྲོལ་སར་ཡལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཅན་དུམ་བུ་ལ་བསླབ་པས་དུམ་བུ་ཅེར་སར་གྲོལ་ཏེ། གང་དུའང་སོང་བ་མེད་པ་དང༌། གང་ནས་ཀྱང་འོང་བ་མེད་པ་དང༌། གང་དུའང་འགྲོ་བ་མེད་པ་དང༌། གར་ཡང་གནས་པ་ལས་འགྱུར་བ་མེད་པའོ། །ཆོས་ཅན་སྤྱི་ལ་བསླབས་པས་སྣང་བ་ཐམས་ཅད་ཅེར་གྲོལ་དུ་སོང་བའོ། །དཔེ་ནི་གཟུ་བོའི་བློ་ཅན་ལྷ་ཁང་དུ་ཕྱིན་པ་ལྟ་བུ་སྟེ། མཐོང་ལ་རིས་མེད་པའོ། །གོང་ནས་མིག་དང་གཟུགས་ཀྱིས་བཤད་པ་ལྟར་རྣ་བས་སྒྲ། ལྕེས་རོ། སྣས་དྲི། ལུས་ཀྱིས་རེག་བྱ། ཡིད་ཀྱིས་ཆོས་གང་ཡིན་ཡང་ཆོས་ཅན་ཁོལ་བུ་བའི་གནས་སྐབས་ཐམས་ཅད་ལ་བསླབས་པས་ཁོལ་བུའི་སྣང་བ་ཐ་དད་པ་དེ་ཉིད་ཐད་ཀར་ཅེར་གྲོལ་ལ་སོང་ནས་མཐར་གྱིས་བག་ཆགས་ཀྱིས་བགོས་པའི་སྣང་ཡུལ་ཆོས་ཅན་སྤྱིའི་མཚན་ཉིད་ཀྱང་ཅེར་གྲོལ་དུ་དག་པའོ།།

༼ མཐའ་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པ།

བཞི་པ་མཐའ་གྲོལ་ལྟོས་པ་དང་བྲལ་བའི་གནད་ལ་བརྟེན་ནས་ལྟོས་པ་གང་ལའང་མི་འཆའ་བའི་གནད་ནི། མཐའ་དང་བྲལ་བ་ནི་མཐའ་གྲོལ་གྱི་མཚན་ཉིད། གཅིག་གི་མཐའ་ལས་གྲོལ་བ་ཡིན་པས་གཉིས་སུ་མི་གནས་ལ། གཉིས་ལས་གྲོལ་བས་གཅིག་ཏུའང་མི་གནས་པའོ། །དེ་བཞིན་དུ་གཉིས་ཀ་དང༌། གཉིས་ཀ་མ་ཡིན་པའི་མུ་བཞི་འགགས་པ་ལ་གྲོལ་ཞེས་ཐ་སྙད་དུ་བྱའོ། །སྐྱེ་མེད་ཀྱི་ཆ་ནས་ཡོད་མཐའ་ལས་གྲོལ་ཀྱང་། འགག་མེད་ཀྱི་ཆ་ནས་མེད་མཐའ་ལ་མི་གནས། རྒྱུན་མི་ཆད་པས་ཆད་མཐའ་ལས་གྲོལ་ཀྱང་། རྟག་དངོས་མ་ཡིན་པས་ཡོད་མཐའ་ལ་མི་གནས་ལ། གཉིས་ཀ་མ་ཡིན་ཡང་གཅིག་ཏུ་མི་འདུ་བས་ཐལ་འགྱུར་གྱིས་ཤེས་བྱའི་ཁ་ཚོན་གཅོད་མི་ནུས་པའོ། །མཐའ་གྲོལ་ལྟོས་པ་དང་བྲལ་བ་ལ་གསུམ་སྟེ། མཐའ་གྲོལ་གྱི་གོ་བ། མཐའ་གྲོལ་དུ་འཇོག་པའི་འཐད་པ། གྲོལ་ལུགས་སོ། །མཐའ་གྲོལ་གྱི་གོ་བ་ནི། ཡོད་པ་དང༌། མེད་པ་དང༌། སྣང་བ་དང༌། སྟོང་པའི་མཐའ་གང་ལའང་ལྟོས་པ་མི་འཆའ་བར། དོན་གྱི་འདི་ཡིན་འདི་མིན་གྱི་རྩིས་གདབ་ལས་འདས་པའོ། །མཐའ་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ་སྟེ། རིགས་པ། ལུང༌། གཏན་ཚིགས་སོ། །རིགས་པ་ནི་ལྟོས་བྲལ་ངོ་བོ་ཉིད་ཀྱི་རིགས་པས་འཐད་དེ། གང་ལ་ཡང་མ་ལྟོས་པ་མཐའ་དང་བྲལ་བ་ཡིན་པས་མཐའ་གང་ལའང་གནས་པ་མ་ཡིན་ནོ། །དེའི་ཕྱིར་ན་མཐའ་བྲལ་དབུས་མ་དམིགས་པའི་ལྟ་བ་ཞེས་བྱའོ། །ལུང་གིས་འཐད་པ་ནི། རྩལ་ཆེན་ཡོན་ཏན་རྫོགས་པའི་ལུང་ལས། མཐའ་དང་བྲལ་བས་གྲོལ་ཞེས་བྱ། །ཞེས་སོ། །གཏན་ཚིགས་ནི་གཅིག་ཤེས་པས་ཀུན་གྲོལ་བའི་གཏན་ཚིགས་ཀྱིས་འཐད་དེ། གཅིག་མཐའ་དང་བྲལ་བར་ཤེས་པས་འདི་ལྟར་སྣང་བཏགས་ཐམས་ཅད་ལས་གྲོལ་བ་ཡིན་ཏེ། ལྟོས་པ་གང་ལའང་འཆའ་མེད་པའི་ཕྱིར་རོ། །གྲོལ་ལུགས་ནི། ཡོད་མཐའ་ལ་མི་གནས་པས་མེད་མཐའ་ལས་གྲོལ་ལ། མེད་མཐའ་ལ་མི་གནས་པས་ཡོད་མཐའ་ལས་གྲོལ་ལ། ཡོད་མེད་གཉིས་ལ་མ་གནས་པས་གཉིས་ཀ་ལས་གྲོལ། གཉིས་ཀ་མ་ཡིན་པས་གཉིས་ཀ་མ་ཡིན་པ་ལས་གྲོལ་བའོ། །ཚུ་རོལ་འཁོར་བ་ལ་མི་གནས་པས་སྣང་བཏགས་ཀྱི་ཆོས་ཐམས་ཅད་ལས་གྲོལ། ཕ་རོལ་མྱང་འདས་ལ་མི་གནས་པས་ཆོས་ཉིད་རང་མལ་ནས་མི་གཡོ། གཉིས་ཀའི་བར་གྱི་བསླབ་པའི་ལམ་གསུམ་མི་དམིགས་པས་དུས་གསུམ་དང་ཤེས་བྱ་ཐམས་ཅད་ཀྱི་ཕ་རོལ་ཏུ་ཕྱིན་པས་མངོན་རྟོགས་རྒྱན་ལས། ཚུ་རོལ་ཕ་རོལ་མཐའ་ལ་མིན། །དེ་དག་བར་ན་མི་གནས་པ། །དུས་རྣམས་མཉམ་པ་ཉིད་ཤེས་ཕྱིར། །ཤེས་རབ་ཕ་རོལ་ཕྱིན་པར་འདོད། །ཅེས་གསུངས་པར་ལྟར་རོ།།

 གཅིག་གྲོལ་གྱི་རང་བཞིན་རྒྱས་པར་བཤད་པ།

ལྔ་པ་གཅིག་གྲོལ་ལ་ཟླ་མེད་པའི་གནད་ལ་བརྟེན་ནས་ཐབས་དང་ཤེས་རབ་ལ་རག་མ་ལུས་པར་བསྟན་པ་ནི། བདེན་པ་དབྱེར་མེད་ཀྱི་རིག་པ་སྤྲོས་བྲལ་ཆེན་པོ་དུ་མ་རོ་གཅིག་གི་བདག་ཉིད་ཅན་གང་ཞིག་ཐབས་དང་ཤེས་རབ་ཀྱི་ལྟོས་གྲུབ་ལས་ལོག་པ་གཅིག་གྲོལ་གྱི་མཚན་ཉིད། གཅིག་ནི་རྫོགས་པ་ཆེན་པོ་ཐིག་ལེ་ཉག་གཅིག་སྤྲོས་པ་དང་བྲལ་བ་ཉིད་དེ། དེའི་ངང་དུ་གྲོལ་བ་ཡིན་པས་དུ་མ་གྲངས་ཀྱི་མཐའ་ཐམས་ཅད་སྟོངས་པའོ། །དེ་ཡང་ཆོས་ཉིད་ཀྱི་ཆ་ནས་གཅིག་དང་ཐ་དད་ཀྱི་མཚན་གཞི་མི་འགྲུབ་པ་ཡིན་ན་ཡང་། ཤེས་བྱ་དང་ཤེས་བྱེད་ཀྱིས་བཞག་པའི་གྲུབ་མཐའི་བློ་ཡུལ་གྱི་སྦུབས་ནས་སོ་སོར་རང་རིག་པའི་ཡེ་ཤེས་ཟང་ཐལ་རྗེན་པར་བུད་པས་ཐིག་ལེ་ཉག་ཅིག་གི་ཡེ་ཤེས་ཞེས་བྱའོ། །གཅིག་གྲོལ་ལ་ཟླ་མེད་པའི་གནད་ལ་བཞི་སྟེ། གཅིག་གྲོལ་གྱི་གོ་བ། གཅིག་གྲོལ་དུ་འཇོག་པའི་འཐད་པ། གཅིག་གྲོལ་ལུགས། དཔེའོ། །གཅིག་གྲོལ་གྱི་གོ་བ་ནི། གྲོལ་བ་དེའང་འཐད་པ་མ་ཡིན་ཏེ། གཅིག་ལ་གཅིག་ཏུ་གྲོལ་བ་ལས་མ་གཏོགས་པ་གང་ཡང་མེད་དོ། །དེས་ན་རིག་པ་ལ་ཡེ་ནས་གྲོལ་མ་གྲོལ་ཐ་སྙད་ལས་འདས་པའོ། །གཅིག་གྲོལ་དུ་འཇོག་པའི་འཐད་པ་ལ་གསུམ། རིགས་པ། ལུང༌། གཏན་ཚིགས་སོ། །རིགས་པས་འཐད་པ་ནི་གྲོལ་བ་ཐམས་ཅད་ཐ་དད་པ་མ་ཡིན་ཏེ། གཅིག་ལས་གཞན་མེད་པས་གྲོལ་ཞེས་བྱ་སྟེ་གཅིག་པུ་ནི་རིག་པ་ཉིད་དོ། །དེའང་རང་རིག་གཅིག་པུ་མ་ཡིན་པའི་ཆོས་ལོགས་སུ་མེད་པས་སོ། །ལུང་གིས་འཐད་པ་ནི། གསེར་གྱི་སྙིང་པོ་ལས། གཅིག་པུ་གྲོལ་བའི་སེམས་ཉིད་ནི། །དུ་མ་རོ་གཅིག་ཡིན་པའི་ཕྱིར། །ཞེས་སོ། །གཏན་ཚིགས་ཀྱིས་འཐད་པ་ནི། གཅིག་ཤེས་ཀུན་གྲོལ་གྱིས་འཐད་དེ། གཅིག་རིག་པར་ཤེས་པས་འཁོར་འདས་ཀུན་གྲོལ་བའི་ཕྱིར་རོ། །གྲོལ་ལུགས་ནི། ཆོས་ཉིད་དུ་ངོ་ཤེས་པས་སྣང་ཤེས་ཀུན་གྲོལ་བའོ། །དཔེ་ནི་དཔེར་ན་ཚྭ་གཅིག་གི་རོ་གཏན་ལ་ཕེབས་ན་ཚྭ་ཀུན་གྱི་རོ་གཏན་ལ་ཕེབས་པ་ལྟར་དུ་མ་རོ་གཅིག་ཏུ་ཤེས་པའོ། །བྱང་ཆུབ་སེམས་འགྲེལ་ལས། མེ་ཡི་རང་བཞིན་ཚ་བ་དང༌། །བུ་རམ་རང་བཞི་མངར་བ་ལྟར། །དེ་བཞིན་ཆོས་རྣམས་ཐམས་ཅད་ཀྱང་། །རང་བཞིན་སྟོང་པ་ཉིད་དུ་གཅིག །ཅེས་གསུངས་པ་ལྟར་གང་ཟག་གི་དབང་པོའི་རིམ་པས་གྲོལ་ལུགས་སྔ་མ་བཞི་བོ་ཡང་མཐར་ཐུག་སོ་སོར་རང་རིག་པའི་ཆོས་ཉིད་གཅིག་ཏུ་གྲོལ་བའི་མཚན་ཉིད་ཤེས་ན་འཁོར་འདས་གཉིས་ཀྱི་ཆོས་ཐམས་ཅད་རྒྱ་གྲོལ་ཡེ་འབྱམས་ཆེན་པོའི་སྟོང་ཉིད་དུ་ལ་བཟླ་བར་འགྱུར་རོ། །དེ་ལྟར་གྲོལ་ལུགས་ལྔ་པོ་དེ་གང་ཟག་གཅིག་ལ་བརྩི་བ་མ་ཡིན་ཏེ། དབང་པོའི་བྱེ་བྲག་གིས་སོ་སོ་གང་ལ་གང་མོས་ཀྱིས་གྲོལ་བ་ཡིན་ནོ།།

༼༽ དཔེ་དོན་ངེས་པས་དོན་བསྡུ་བ།

གསུམ་པ་དཔེ་དོན་ངེས་པས་དོན་བསྡུ་བ་ལ་གསུམ་སྟེ། ལྟོས་གཞི་དང་བྲལ་བ། དཔེ་ངེས་པ། དོན་རྫོགས་པར་བསྟན་པའོ། །དང་པོ་ནི་གྲོལ་ལུགས་ལྔ་པོ་དེ་ལྟོས་གཞི་དང་བྲལ་བ་ནི་རང་གྲོལ་ལ་རྐྱེན་རྣམས་རྐྱེན་གྱིས་རང་གྲོལ་བས་དམིགས་པའི་ལྟ་བ་དང་སྒོམ་པ་དང་སྤྱོད་པའི་ཆོས་ཀྱི་ལྟོས་པ་དང་བྲལ་བ་དང༌། ལྟོས་གཞི་མེད་པའི་ལྟོས་ཆོས་མི་སྲིད་པས་རྐྱེན་རྣམས་རྐྱེན་གྱིས་གྲོལ་བ་ཡིན་ལ། དེ་བཞིན་དུ་ཡེ་གྲོལ་ཡུལ་རྣམས་ལ་ཡུལ་གྱིས་གྲོལ་བས་གཟུང་འཛིན་ཟུང་འཇུག་གི་ལྟོས་པ་དང་བྲལ་བ་དང༌། ཅེར་གྲོལ་ལ་རྒྱུ་ཉིད་རྒྱུས་གྲོལ་བས་འཁོར་འདས་གཉིས་ལ་མི་ལྟོས་པ་དང༌། མཐའ་གྲོལ་ལ་ཆོས་རྣམས་ཆོས་ཀྱིས་གྲོལ་བས་ཐ་སྙད་ཀྱི་ཚིག་ལ་མ་ལྟོས་པའོ། །གཅིག་གྲོལ་ལ་སེམས་ཉིད་སེམས་ཉིད་ཀྱིས་གྲོལ་བས་མཚོན་བྱེད་བློ་ལ་མི་ལྟོས་པ་སྟེ། མུ་ཏིག་ཕྲེང་བ་ལས། རྐྱེན་རྣམས་རྐྱེན་གྱིས་གྲོལ་བས་ན། །དམིགས་པའི་ཆོས་ལ་ང་མི་ལྟོས། །ཡུལ་རྣམས་ཡུལ་གྱིས་གྲོལ་བ་ལ། །གཟུང་འཛིན་གཉིས་ལ་ང་མི་ལྟོས། །རྒྱུ་ཉིད་རྒྱུ་ཡིས་གྲོལ་བ་ལ། །འཁོར་འདས་གཉིས་ལ་ང་མི་ལྟོས། །ཆོས་རྣམས་ཆོས་ཀྱིས་གྲོལ་བ་ལ། །ཐ་སྙད་ཚིག་ལ་ང་མི་ལྟོས། །སེམས་ཉིད་སེམས་ཀྱིས་གྲོལ་བ་ལ། །མཚོན་བྱེད་བློ་ལ་ང་མི་ལྟོས། །ཞེས་སོ། །གོང་དུ་ལྟོས་པའི་གཞི་ལ་མ་ལྟོས་པའི་ཚུལ་གསུངས་ནས་ད་དཔེ་ཡིས་མི་ལྟོས་པའི་ཚུལ་གསུངས་པ་ནི། གཉིས་པ་དཔེ་ངེས་པ་ལ། རང་གྲོལ་རིག་པ་ཀ་དག་གིས་ཀ་དག་གྲོལ་བ་དྲི་མས་དྲི་མ་འཁྲུད་པ་ལྟ་བུ་དང༌། ཡེ་གྲོལ་དུག་གིས་དུག་འཇོམས་པ་ལྟ་བུ་དང༌། ཅེར་གྲོལ་ལྕགས་ཀྱིས་ལྕགས་གཅོད་པ་ལྟ་བུ་དང༌། གཅིག་གྲོལ་རྡོས་རྡོ་གཅོག་པ་ལྟ་བུ་དང༌། མཐའ་གྲོལ་ཤིང་གི་མེས་ཤིང་བསྲེགས་པ་ལྟ་བུ་སྟེ། རྒྱུད་དེ་ཉིད་ལས། དྲི་མས་དྲི་མ་འཁྲུད་པ་བཞིན། །དེ་བཞིན་དག་པས་དག་པ་གྲོལ། །དུག་གིས་དུག་རྣམས་འཇོམས་པ་དང༌། །ལྕགས་ཀྱིས་ལྕགས་རྣམས་གཅོད་པ་དང༌། །རྡོ་ཡིས་རྡོ་རྣམས་གཅོག་པ་དང༌། །ཤིང་གིས་ཤིང་རྣམས་བསྲེགས་པ་ལྟར། །རང་རང་དགྲ་ནི་རང་གིས་བྱེད། །རིགས་མི་མཐུན་པས་གྲོལ་བ་མིན། །ཞེས་སོ། །གསུམ་པ་དོན་གྱི་རྫོགས་ལུགས་ལ་ཡེ་གྲོལ་ལ་སྣང་བ་དང་གཞི་དང་ཡུལ་རྣམས་ཡེ་ནས་རྫོགས་པ་དང༌། རང་གྲོལ་ལ་འཁྲུལ་གཞི་དང་ལམ་དང་ཤེས་བྱ་རང་སར་རྫོགས་པ་དང༌། གཅིག་གྲོལ་ལ་འབྲས་བུ་དང་རྒྱུ་རྐྱེན་དང་ཆོས་ཉིད་རྣམས་རང་སར་རྫོགས་པ་དང༌། མཐའ་གྲོལ་ལ་འཁོར་འདས་དང་རྒྱུད་ལུང་དང་དུས་གཅིག་མུ་མཐའ་དང་བྲལ་བ་རྫོགས་པ་དང༌། ཅེར་གྲོལ་ལ་གདམས་ངག་དང་བསམ་གཏན་དང་འབྲས་བུ་དང་ཆོས་དབྱིངས་རང་ངོར་རྫོགས་པ་སྟེ། མུ་ཏིག་ཕྲེང་པ་ལས། དེ་ཕྱིར་གཞི་གནས་རིག་པ་ལ། རང་ཤར་ཡིན་ཕྱིར་སྣང་བ་རྫོགས། །རང་བྱུང་ཡིན་ཕྱིར་གཞི་ཉིད་རྫོགས། །རང་སྣང་ཡིན་ཕྱིར་ཡུལ་ཡང་རྫོགས། །རང་གྲོལ་ཡིན་ཕྱིར་འཁྲུལ་གཞི་རྫོགས། །རང་དག་ཡིན་ཕྱིར་ལམ་ཀུན་རྫོགས། །རང་རིག་ཡིན་ཕྱིར་ཤེས་བྱ་རྫོགས། །རང་ཁྱབ་ཡིན་ཕྱིར་འབྲས་བུ་རྫོགས། །རང་ས་ཡིན་ཕྱིར་རྒྱུ་རྐྱེན་རྫོགས། །རང་རྟོགས་ཡིན་ཕྱིར་ཆོས་ཉིད་རྫོགས། །རང་ལོག་ཡིན་ཕྱིར་འཁོར་འདས་རྫོགས། །རང་གནས་ཡིན་ཕྱིར་རྒྱུད་ལུང་རྫོགས། །རང་རྫོགས་ཡིན་ཕྱིར་དུས་གཅིག་རྫོགས། །རང་ཤེས་ཡིན་ཕྱིར་གདམས་ངག་རྫོགས། །རང་གཞག་ཡིན་ཕྱིར་བསམ་གཏན་རྫོགས། །རང་བྱས་ཡིན་ཕྱིར་དབྱིངས་རྫོགས་པའོ། །ཞེས་སོ། །དེ་ལྟ་བུའི་གྲོལ་ཚུལ་ལྔ་ཡིས་གྲོལ་བའི་རིག་པ་དེ་ཉིད་ཀ་དག་ཡིན་པས་ཐོག་མ་ཉིད་ནས་དྲི་མ་མེད་ཅིང་། དྲི་མས་གོས་མ་མྱོང་བའི་ཡེ་ནས་རྣམ་དག་ཟང་ཀ དེ་བཞིན་གཤེགས་པའི་ཐུགས་ཡིན་པས་རྒྱུད་པ་ཟད་ལ། ཉག་གཅིག་བདེ་བ་ཆེན་པོ་སྨྲ་བསམ་བརྗོད་ལས་འདས་པ། རྡོས་བཅས་དག་པའི་སྟོང་བ། གཉུག་མ་གཞིའི་སངས་རྒྱས་སུ་བཞུགས་པ། འཁོར་འདས་ཀྱི་འཕེལ་ཆས་མ་གོས་པ། ཆོས་ཟད་འགྱུ་བ་རང་སངས་བེམ་རིག་ལས་འདས་པར་གཏན་ལ་ཕེབས་པའོ། །དེ་ལྟར་ཀ་དག་ཆོས་ཟད་ཀྱི་དགོངས་པ་ཕྱི་སྣང་བ་ནང་ལུས་སེམས་དང་བཅས་པ་ཐམས་ཅད་མེད་པ་གསལ་སྣང་ཆུའི་ཟླ་བ་ལྟ་བུར་རྟོགས་པའི་རྩལ་འབྱོངས་ཏེ། རིག་པ་ནམ་མཁའ་ལྟ་བུའི་དོན་ལ་བརྟེན་པ་རྣམས་ནི། སྤྱན་དང་མངོན་ཤེས་ཚད་མེད་པ་ཐོབ། འཕགས་པའི་བདེན་པ་མཐོང་ནས་ཡང་སྲིད་པ་རྣམ་པར་གྲོལ་ཏེ། རིག་པ་ཆོས་སྐུའི་དབྱིངས་སུ་བཞུགས་ནས་གཟུགས་སྐུ་འཕྲིན་ལས་དང་བཅས་པས་འཁོར་བ་མ་སྟོང་གི་བར་དུ་འགྲོ་དོན་མཛད་པའོ། །དེ་ཡན་གྱིས་རིག་པ་རང་སྣང་གི་བློ་ཅན་གྱིས་ཉམས་སུ་བླང་བྱའི་གདམས་པ་ཁྲེགས་ཆོད་དང་ཐོད་རྒལ་རྣམ་པ་གཉིས་ཡོད་པ་ལས་ཁྲེགས་ཆོད་དེ་ལ་ཡང་འདེབས་ལུགས་མང་ཡང་རྒྱ་ནག་པོའི་སློབ་དཔོན་ཤྲཱི་སེངྷའི་རྗེས་སུ་འབྲངས་ནས་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ། བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡོམས་པ། ཡོངས་གྲོལ་མཉམ་པར་ཆེན་པོར་ཆིངས་སུ་བཅིངས་པ་གསུམ་གྱི་ཐོག་ནས་བསྟན་པའོ། །འདི་ནས་མཇུག་སྡོམ་གནང་བ་ནི་དེ་ལྟར་ན་ལ་བཟླ་བ། འགག་བསྡམ་པ། ཆིངས་སུ་བཅིངས་པ་གསུམ་པོ་ནི་རྫོགས་པ་ཆེན་པོ་འདིའི་ཁྲེགས་ཆོད་ཀྱི་གནད་རབ་ཏུ་ཟབ་པས་ན་སློབ་དཔོན་ཆེན་པོས་ཕྱི་རབས་ཀྱི་དོན་དུ་གསུངས་ཏེ། མདོར་དྲིལ་ན། ཁྱུང་ཆེན་ལས། གཞི་གནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ཡི་རྟེན། །ནམ་མཁར་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་ལ་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །དེ་ལྟར་ཅི་བྱས་སེམས་ཀྱི་གྲོགས་ཏེ་གང་གིས་ཕན་གནོད་བྲལ། །བར་སྣང་རྫས་སོགས་བརྟེན་པར་མི་ནུས་བཞིན། །ཡེ་ནས་རྒྱ་ཆད་ཕྱོགས་ལྷུང་མེད་པའི་སེམས། །འཁོར་བ་ངན་སོང་སུ་ལ་གྲུབ་སྣང་བ། །མི་བདེན་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་བཞིན། །རྫུན་སྣང་བདེན་བའི་འབྲས་བུ་འདི་ལ་མི་སྲིད་དོ། །སྐུ་དང་ཡེ་ཤེས་མེད་ཕྱིར་མ་རིག་ལ་སོགས་ཉོན་མོངས་སུ་ལ་སྲིད། །ཅེས་ལ་བཟླ་བ་དང༌། བདེ་འདོད་སེམས་ལ་གནོད་པའི་ཆོས་སྤངས་ཏེ། །རང་གཞག་ལྟོས་བྲལ་འཁོར་འདས་བྱ་བ་བྲལ། །རང་ཡིན་གཞན་མིན་སྣང་ཤེས་ཆོ་འཕྲུལ་ཀྱང༌། །འགྱུས་མཐོང་འཛིན་དང་གཞན་པའི་གེགས་བསལ་བས། །ཅོག་གཞག་ཚིག་ཏུ་སྤྲོ་བའི་མཐའ་འགགས་ཏེ། ཡིད་དང་སེམས་ཀྱི་ཆོ་འཕྲུལ་ཅི་སྣང་འགག །ཆོས་བྲལ་ཡིད་དང་བྱེད་པའི་བར་དུ་བསྡམ། །ཞེས་འགག་བསྡམ་པ་དང༌། མ་བཅོས་འཁོར་འདས་བྱ་བྱེད་ནམ་བྲལ་ན། །རྫོགས་ཆེན་ཉིད་དེ་གཞན་པ་ཅི་ཞིག་ཡོད། །སེམས་ལ་བལྟར་མེད་རྒྱུ་མཚན་སུས་མཐོང་མེད། །དེ་ཕྱིར་སྡིག་བྲལ་དགེ་བས་འདི་ལ་ཅི། །རང་ལུགས་བྱུང་ཁུངས་ཐོག་མ་ཉིད་དང་སྦྱར། །སྒྲིན་པོའི་གཟེབ་སྐྱུར་ཁམས་གསུམ་ལས་མི་འདའ། །མ་བཅོས་གླེན་སྣང་སུ་ལ་ལྷོད་ཡོད་པ། །འདི་ནི་འཁོར་འདས་གཉིས་ལ་མི་གནས་སོ། །ཞེས་ཆིངས་སུ་བཅིང་པ་གསུངས་སོ། །དེ་དག་གིས་ལེ་ལོ་ཅན་གཞི་ཐོག་ནས་གྲོལ་བར་བྱེད་པ་ཁྲེགས་ཆོད་ཀྱི་མན་ངག་བསྟན་ཟིན་ཏོ།།

༼༢ བརྩོན་འགྲུས་ཅན་ལམ་ཐོག་ནས་གྲོལ་བར་བྱེད་པ་ཐོད་རྒལ་གྱི་གདམས་པ་བསྟན་པ།

༡༽ ཁྲེགས་ཆོད་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པ།

གཉིས་པ་བརྩོན་འགྲུས་ཅན་ལམ་ཐོག་ནས་གྲོལ་བར་བྱེད་པ་ཐོད་རྒལ་གྱི་གདམས་པ་ལ་གཉིས་ཏེ། ཁྲེགས་ཆོད་ལས་ཁྱད་པར་དུ་འཕགས་ཚུལ་བསྟན་པ་དང་། ཁྱད་པར་ཅན་གྱི་ཐོད་རྒལ་ཉིད་བཤད་པའོ། །གོང་དུ་རིག་པ་རང་སྣང་གི་བློ་ཅན་གྱི་ཉམས་ལེན་གྱི་གདམས་པའི་གནད་དང་པོར་བཤད་པའི་སྐབས་སུ་ཐུན་མོང་ལས་ཁྱད་དུ་འཕགས་པའི་འཕགས་ཆོས་བདུན་གསུངས་ཡོད་པ་ནི། མན་ངག་སྡེའི་ཆེ་བའི་ཁྱད་ཆོས་བསྟན་པ་ཡིན་པས་ཁྲེགས་ཆོད་རྐྱང་པ་ལྟར་དུ་བཀྲལ་ནའང་ཆོག་པ་དང་། ཀ་ལྷུན་ཟུང་འཇུག་གི་ཐོད་རྒལ་ལྟར་དུ་བཀྲལ་ཡང་ཆོག་པ་ཡིན་པས་རང་རེས་ཐོད་རྒལ་གྱི་གནད་ཀྱང་ཞོར་དུ་མཚོན་པར་བྱས་ཏེ་བཤད་ཅིང་། སྒྲ་གཅིག་ལ་དངོས་བསྟན་དང་དགོངས་པ་ཀློང་བསྟན་གྱི་ཆ་གཉིས་སུ་ཕྱེས་ནའང་འགལ་བ་མི་འདུ་བ་ཡིན་ནོ། །འདི་ནས་དམིགས་བསལ་ཐོད་རྒལ་གྱི་འཕགས་ཆོས་བསྟན་པ་ནི། དང་པོ་ལ་ཁྱད་པར་བདུན་གྱིས་འཕགས་ཏེ། ཉམས་ལེན་ལག་ལེན་དང་འབྲེལ་པའི་ཁྱད་པར། ལུས་གནད་རྩའི་ཁྱད་པར། སྣང་བྱེད་སྒོའི་ཁྱད་པར། མཐོང་བ་དབང་པོའི་ཁྱད་པར། རང་གནད་མངོན་སུམ་གྱི་ཁྱད་པར། སྣང་བ་འོད་ཀྱི་ཁྱད་པར། ཉམས་སྣང་གོང་འཕེལ་གྱི་ཁྱད་བར་རོ། །དང་པོ་ཉམས་ལེན་ལག་ལེན་དང་འབྲེལ་པའི་ཁྱད་པར་ནི། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་ལ་ནང་གི་དབྱིངས་རིག་པ་ལུ་གུ་རྒྱུད་དངོས་སུ་ཅེར་མཐོང་དུ་སྟོན་པའི་ལག་ཁྲིད་ཟམ་མ་ཆད་པས་ཡིད་དཔྱོད་རྟོག་པའི་ཤེས་རབ་ལ་རག་མ་ལུས་ཏེ། གདམས་པའི་ངོ་བོ་ལ་བར་དུ་བསྲེ་བསླད་དང་རྟོག་བཟོས་ཟབ་མི་ཟབ་བྱར་མེད་པས་ཆེས་འཕགས་ཏེ། ཡི་གེ་མེད་པ་ལས། རིག་པའི་རང་བཞིན་ཀུན་ལ་ཁྱབ་ཀྱང་ཆོས་ཀྱི་སྐུ་གདམས་ངག་ལ་ཐུག་གོ་ཞེས་སོ། །རིག་པ་ཡེ་ནས་འོད་གསལ་དུ་གསུངས་པ་དེ་ཁྲེགས་ཆོད་ཀྱིས་སྟོང་པར་འཇལ་བ་ཙམ་ཞིག་མ་གཏོགས་རང་འོད་མི་མཐོང་བ་དེ། ཐོད་རྒལ་གྱི་སྐབས་སུ་ཁྲེགས་ཆོད་ལས་འཕགས་པའི་འཕགས་ཆོས་གང་ཡོད་ཅེ་ན། སྒོ་ཡུལ་རླུང་རིག་གི་གནད་ཁྱད་པར་ཅན་གཅུན་པས་ཆོས་ཉིད་ངོ་བོའི་འོད་གསལ་ནང་དུ་ཟིན་དུས། ཆོས་ཅན་རང་གདངས་ཀྱི་འོད་གསལ་འོད་རྩ་དྭངས་པ་ནས་ཕྱིར་སྣང་བ་ལག་ལེན་ལ་བསྟན་དུ་ཡོད་པས་འཕགས་པའོ། །གཉིས་པ་ལུས་གནད་རྩའི་ཁྱད་པར་ནི། ཁྲེགས་ཆོད་ལ་རིག་པ་ལུས་ལ་གནས་ཀྱང་དེའི་གནད་མེད་པ་ལས། འདིར་གནད་ཁྱད་པར་ཅན་ཡོད་དེ། ཐལ་འགྱུར་ལས། ཡུལ་གནད་དབང་ལ་དབང་གནད་སེམས། །སེམས་གནད་མིག་ལ་མིག་གནད་རྩ། །དེས་ན་ལུས་ཀྱི་འདུག་སྟངས་ལས། །བག་ཆགས་ལུས་ཀྱི་འབྲེལ་ཆོད་དང༌། །སངས་རྒྱས་དགོངས་པ་རྫོགས་པའོ། །ཞེས་སོ། །ཁྲེགས་ཆོད་དུ་རགས་པའི་རྩ་རླུང་ལ་བརྟེན་པ་ལས། ཐོད་རྒལ་དུ་འོད་རྩ་དྭངས་བ་ངོས་བཟུང་ནས་སྒྲོན་མ་དངོས་ལམ་དུ་བྱེད་པས་ལུས་གནད་རྩ་ཡིས་ཁྱད་པར་དུ་འཕགས་སོ། །གསུམ་པ་སྣང་བྱེད་སྒོའི་ཁྱད་པར་ནི། རིག་པ་མི་རྟོག་པར་གནས་པ་ལ་ཁྲེགས་ཆོད་དུ་ཡིད་ཀྱི་སྒོ་རྟོག་བཅས་ཀྱི་གདངས་ལས་ཡེ་ཤེས་འཚོལ་བ་ལས་འདིར་རིག་པ་རྟོག་མེད་འོད་གསལ་གྱི་གདངས་མིག་ནས་འཆར་བ་ངོས་འཛིན་པས་ཀྱང་འཕགས་ཏེ། ཐལ་འགྱུར་ལས། ཡེ་ཤེས་གནད་ནི་མིག་ནས་འབྱུང༌། །མིག་གི་གཟིགས་སྟངས་ཤེས་པ་ཡིས། །ཆོས་ཀྱི་དབྱིངས་དང་ལྷན་ཅིག་སྤྱོད། །ཅེས་སོ། །ཁྲེགས་ཆོད་ཀྱིས་ཡིད་རྟོག་བཅས་ཀྱི་གདངས་ལས་ཡེ་ཤེས་འཚོལ་བ་ཡིན་ལ་ཐོད་རྒལ་གྱི་སྐབས་འདིར་འོད་རྩ་དྭངས་པ་ནས་བརྒྱུད་པའི་ཡེ་ཤེས་ཀྱི་གདངས་དེ་རྒྱང་ཞགས་ཆུའི་སྒྲོན་མའི་སྒོ་ནས་འཆར་བ་ཡིན་པས་སྣང་བྱེད་སྒོ་ཡི་ཁྱད་པར་ཡོད་དོ། བཞི་བ་མཐོང་བ་དབང་པོའི་ཁྱད་པར་ནི། འོད་རྩ་དྭངས་པའི་དབང་པོ་ཡིས་ལུ་གུ་རྒྱུད་ཅེར་མཐོང་དུ་མཐོང་བའི་དུས་སུ་རྟོག་པ་དུས་གཅིག་ལ་འགག་ཅིང་ཡེ་ཤེས་ཀྱི་སྣང་ཆ་དཔག་ཏུ་མེད་པ་འཆར་བ་ཡིན་ཏེ་ཁྲེགས་ཆོད་དུ་ཡུལ་སྣང་ཚོགས་དྲུག་གི་སྣང་བ་འཛིན་པའི་དབང་པོས་མཐོང་བས་རྟོག་པ་སྣ་ཚོགས་སུ་འཆར་བ་རྒྱུན་མི་འཆད་པ་ལས་འདིར་འོད་རྩ་དྭངས་པའི་དབང་པོས་ལུ་གུ་རྒྱུད་ཅེར་མཐོང་དུ་མཐོང་དུས་རྟོག་པ་དུས་གཅིག་ལ་འགག་ཅིང་ཡེ་ཤེས་ཀྱི་སྣང་ཆ་དཔག་ཏུ་མེད་པ་འཆར་བ་ནི། རྒྱུད་དེ་ཉིད་ལས། ལུ་གུ་རྒྱུད་དུ་ཅེར་མཐོང་བས། །རྣམ་རྟོག་འགྱུ་བའི་དྲན་པ་འགགས། །བྱ་ལམ་ནམ་མཁར་འགྲོ་བ་བཞིན། །ཆོས་ཀྱི་དབྱིངས་ལས་འགྲོ་ས་མེད། གཞན་མེད་རིག་སྣང་རྣམ་དག་པས། །འཁྲུལ་བར་སྣང་བའི་རྒྱུ་རྐྱེན་ཟད། །ཅེས་སོ། །ལྔ་བ་རང་གནད་མངོན་སུམ་གྱི་ཁྱད་པར་ནི། ཁྲེགས་ཆོད་དུ་ཡེ་ཤེས་དངོས་སུ་བལྟར་མེད་ལ། འདིར་དངོས་སུ་མཐོང་བས་ཕྱིས་མངལ་གྱི་གྲོང་ཁྱེར་རྒྱུན་གཅོད་པའི་ཆེ་བས་འཕགས་ཏེ། ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་ཁྱད་པར་གྱིས། །དབང་པོ་རྣོ་དང་རྟུལ་མེད་པར། །སེམས་ཅན་ཐམས་ཅད་སངས་རྒྱས་ལས། །གཞན་དུ་གནས་པ་མ་ཡིན་ནོ། །ཞེས་པ་དང༌། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བ་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །ཁྲེགས་ཆོད་དུ་རིག་པའི་ཡེ་ཤེས་དངོས་སུ་བལྟར་མེད་པ་དེ་འདི་ནས་དངོས་སུ་མཐོང་ཐུབ་པའི་ཁྱད་པར་འཕགས་པའོ། །དྲུག་པ་སྣང་བ་འོད་ཀྱི་ཁྱད་པར་ནི། ཁྲེགས་ཆོད་དུ་འཁྲུལ་སྣང་ལས་མི་སྣང་ལ། འཁྲུལ་སྣང་འཛིན་པའི་ཤེས་པ་ནི་འཁྲུལ་ཤེས་སུ་འགྱུར་བས་དོན་ལ་གཟུང་འཛིན་ལས་མི་འདའ་སྟེ། དེ་ཉིད་ལས། དེ་ལྟར་སྣང་ཆའི་བྱེད་པ་ལས། །གཟུང་དང་འཛིན་པ་གཉིས་སུ་ཤར། །གཟུང་བ་ཡུལ་ལ་འཛིན་པ་སེམས། །ཡུལ་སེམས་འདུས་པས་དུག་གསུམ་མོ། །ཞེས་སོ། །འདིར་ནི་རིག་པའི་ཡེ་ཤེས་ལ་འབྱུང་བ་དག་པས་འཁྲུལ་སྣང་མི་སྣང་བར་རང་འོད་སྣང་བས་འཕགས་ཏེ། དེ་ཉིད་ལས། འབྱུང་བ་དག་པའི་ཆ་ལས་ནི། །ལས་སུ་མེད་ལ་ཚིག་རྫོགས་པའི། །ཉི་མ་ལ་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ཡང་གཞི་རིག་པ་ལ་རང་འོད་ཡོད་པས་རང་སྣང་ལམ་འོད་དུ་འཆར་ལ། དེ་ཉིད་ལམ་དུ་བྱས་པས་འབྲས་བུ་ལོངས་སྤྱོད་རྫོགས་པའི་སྐུ་ལས་ཀ་དག་ཆོས་ཀྱི་སྐུར་གྲོལ་ནས་ཕྱིར་མི་ལྡོག་པ་སྟེ། དེ་ཉིད་ལས། །དེ་ཡང་གཞི་ལ་རྫོགས་པའི་གནད། །རང་བཞིན་མ་བཅོས་མངོན་དུ་སྣང༌། །ལམ་ནི་སྒྲོན་མས་མཚམས་སྦྱར་ནས། །མངོན་སུམ་ཉིད་དུ་སྣང་བའོ། །འབྲས་བུ་གང་དུ་བཟློག་པ་མེད། །འདོད་དང་རེ་དོགས་ཡུལ་ལས་འདས། །རང་སྣང་ཀ་ནས་དག་པར་རྫོགས། །ཤེས་འཛིན་རྟོག་པ་ཀུན་ཟད་པའོ། །ཞེས་སོ། །ཁྲེགས་ཆོད་ཀྱིས་ཕྱི་འཁྲུལ་སྣང་གི་ས་རྡོ་རི་བྲག་ལ་སོགས་པ་དག་པར་བྱེད་མི་ནུས་ཤིང༌། ཡུལ་དུ་བྱེད་པས་སྒྱུ་མ་དང་གཞི་མེད་ལ་སོགས་པའི་རྒྱས་འདེབས་ཡིད་དཔྱོད་ལ་ལྟོས་པས། སེམས་ཀྱི་རྣམ་ཤེས་ཚོགས་པའི་ཆོས་ལ་བརྟེན་ཞིང་མྱུར་དུ་མི་གྲོལ་བ་ཉིད། ཐོད་རྒལ་དུ་འོད་ལྔ་དབྱིངས་རིག་གི་སྣང་བ་ཡུལ་དུ་བྱེད་པས། འཁྲུལ་སྣང་གི་མིང་མེད་ཡིད་དཔྱོད་ཀྱིས་རྒྱས་འདེབས་མི་དགོས་ཤིང༌། སེམས་ཀྱི་ཆོས་མིག་གི་རྣམ་ཤེས་ལ་སོགས་པ་རང་འགགས་ལ་སྤྱོད་པས། འཁོར་བ་མིང་མེད་དུ་ལ་ཟློས་ཏེ། ཚེ་དེས་འཕོ་ཆེན་གྱི་སྐུ་འགྲུབ་པའི་ཁྱད་ཆོས་ཡོད་པ་ནི། ཡིད་དཔྱོད་རྟོག་པའི་ཤེས་རབ་ཙམ་ཞིག་ལ་རག་མ་ལུས་པར། གནད་ལ་བརྟེན་པའི་འོད་ལྔ་དབྱིངས་རིག་གི་སྣང་བ་འཆར་བ་ཡིན་པས། དང་པོ་ཉིད་ནས་ཕྱི་འབྱུང་གི་སྣང་ཆ་ཐ་མལ་པའི་བག་ཆགས་ལས་ལྡོག་པའི་ཉམས་ལེན་ལ་བརྟེན་པའི་ཕྱིར་རོ། །བདུན་པ་ཉམས་སྣང་གོང་འཕེལ་གྱི་ཁྱད་པར་ནི། ཁྲེགས་གཅོད་དུ་ཤེས་པ་གཅོད་ཁམས་བརྟན་དུ་འགྲོ་བ་ཙམ་ལས་ནང་ཤེས་པའི་ཉམས་ཏིང་ངེ་འཛིན་དུ་མ་དང༌། སྤྱན་དང་མངོན་ཤེས་དང༌། ཕྱི་སྣང་བའི་ཉམས་འོད་དང་སྐུ་ལ་སོགས་པ་མེད་ལ། འདིར་ཉམས་སྣང་ཁྱད་པར་ཅན་གོང་ནས་གོང་དུ་འཆར་ཏེ། ཐལ་འགྱུར་ལས། ཤེས་པའི་ཉམས་ཟད་སྣང་བ་སྟེ། །འཕེལ་སྟོན་ཟླ་བ་ཡར་ངོ་བཞིན། །སྣང་བ་རེ་ལ་ཉམས་རེའོ། །དྲོད་དང་ཚད་དང་རྟགས་ལས་ནི། །བདེན་གཉིས་ཟུང་འཇུག་རྟོག་མཐའ་ཟད། །ཅེས་སོ། །འོད་གསལ་གྱི་སྣང་ཉམས་འདི་ལ་བསོད་ནམས་ཆུང་ངུ་ཁ་ཅིག་ལྷ་ཁང་གི་རི་མོ་དང་འདྲའོ་ཞེས་ཕྱིན་ཅི་ལོག་ཏུ་འཛིན་པ་ནི་ཡང་དག་པའི་ཆོས་སྤངས་པས་མནར་མེད་ལས་གཏན་དུ་མི་ཐར་བའི་ལས་ཅན་ཏེ། སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་ལ་འཁྲུལ་སྣང༌། ཁྱོད་ཀྱི་ངན་རྟོག་དང་འཁྲུལ་སྣང་རང་ག་མ་ལ་འོད་གསལ་གྱི་སྣང་བ་ནི་ཧ་ཅང་ཐལ་བ་བདུད་ཀྱི་གསང་ཚིག་སྟེ། ཆོས་འདི་པར་ཞུགས་པ་དག་གིས་སྨད་པའི་གནས་སོ། །འདི་ནི་ཡང་དག་པ་ཡེ་ཤེས་ཀྱི་སྣང་བ་སྟེ་མཐོང་བ་ཙམ་ཡང་འགྲོ་དྲུག་གི་སྐྱེ་སྒོ་གཅོད་པ། ཉམས་སུ་ལེན་དུས་སྒོ་ལྔའི་འཁྲུལ་སྣང་འགག་པ། དབང་པོ་ལྔའི་གནས་གྱུར་ཁྱད་པར་ཅན་ལ་སྤྱོད་པ་སྟེ། ཐུན་མོང་གི་བསྟན་བཅོས་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུའང༌། །ཡིད་དང་འཛིན་དང་རྣམ་པར་རྟོག །གྱུར་ཕྱིར་རྣམ་པར་མི་རྟོག་དང༌། །ཞིང་དང་ཡེ་ཤེས་ལས་དག་ལ། །དབང་ནི་རྣམ་པར་བཞི་ཡིས་གནས། །ཞེས་བཤད་པ་དང་མཚུངས་ལ། ཡེ་ཤེས་ཁྱད་པར་ཅན་གྱི་འཕེལ་སྣང་སྟེ། ཐལ་འགྱུར་ལས། སྣང་ཚུལ་འཁྲུལ་པ་མ་ཡིན་ལ། །རྒྱུ་རྐྱེན་དག་པའི་རང་བཞིན་ཅན། །དངོས་དང་དངོས་མེད་རང་དག་དང༌། །སྒོ་ལྔའི་ཡུལ་ཞེན་དག་པ་དང༌། །འབྱུང་བའི་རགས་པ་དག་པ་དང༌། །ཡེ་ཤེས་དག་པའི་འཕེལ་སྣང་སྟོན། །དེ་ལ་ཟད་པའི་ཆོས་ཉིད་དོ། །ཞེས་གསུངས་སོ། །གཞན་ཡང་ཡིད་དཔྱོད་ཀྱི་ཚིག་དང༌། ཤེས་རབ་ལ་མི་ལྟོས་པར་དབང་པོས་མཐོང་བ་དང༌། དབང་པོ་ལ་རྣོ་རྟུལ་མེད་པ་དང༌། ལས་ལ་བཟང་ངན་མེད་པ་དང༌། སྐུ་གསུམ་ལམ་དུ་སྣང་བས་འཕགས་ཏེ། ཐལ་འགྱུར་ལས། དོན་ནི་ཆོས་ཉིད་མངོན་སུམ་ལ། །ཤེས་རབ་ཀྱིས་ནི་མ་ཡིན་པར། །དབང་པོའི་སྤྱོད་ཡུལ་ཉིད་དུ་བལྟ། །ཚིག་གིས་གཏན་ལ་མི་ཕེབས་ཏེ། །གནད་གསུམ་མཐོང་བའི་ངོ་གང་ལ། །ཚིག་གསུམ་གནད་དུ་འགྲོ་བའི་ཕྱིར། །དབང་པོ་རྣོ་རྟུལ་མེད་པ་དང༌། །ཆོས་ཉིད་མཐོང་བ་དག་པས་ན། །ལས་ལ་བཟང་ངན་མེད་པ་དང༌། །ཆོས་ཉིད་སྟོང་པ་རིས་མེད་པས། །དགེ་སྡིག་གཉིས་ཀ་རྣམ་པར་སེལ། །རང་རིག་མངོན་སུམ་མཐོང་མེད་པས། །རིམ་དགུའི་འདོད་པས་གྲོལ་བ་མིན། །ཆོས་ཉིད་ཟད་པ་མཐར་ཕྱིན་པས། །སྐུ་གསུམ་ལམ་གྱི་སྣང་བའོ། །ཞེས་གསུངས་པ་ཡིན་ནོ། །མདོར་ན་ཁྲེགས་ཆོད་རྐྱང་པའི་ཉམས་ལེན་གྱི་ཚད་དུ་ཕྱིན་ན་འབྱུང་བ་རང་སར་དེངས་ནས་རྡུལ་ཕྲན་ལ་འགྲོ་བ་ཡིན་ཡང་འོད་ལུས་སུ་འགྲོ་བ་མིན་ལ། འོད་ལུས་སུ་མ་སོང་ཚེ་རྡོ་རྗེའི་སྐུ་མི་ཐོབ་ལ། དེ་མ་ཐོབ་པས་རྟེན་དེས་འཁོར་བ་མ་སྟོང་གི་བར་དུ་བཞུགས་ནས་གཞན་དོན་མི་འགྲུབ་པ་ཡིན་པས། རྡུལ་ཕྲན་དུ་དེངས་བ་དང་འོད་ལུས་སུ་བཞེངས་པ་གཉིས་ཀའི་ཁྱད་པར་ཆེ་ཞིང་། འཕོ་ཆེན་རྡོ་རྗེའི་སྐུ་བཞེངས་ནས་གཞན་དོན་བྱེད་མི་བྱེད་ཀྱི་ཐད་དང་རྫུ་འཕྲུལ་རླབས་ཆེ་ཆུང་གི་ཁྱད་པར་ཡང་ཡོད་དོ། །དེའི་ཁྱད་པར་གཙོ་བོ་དེ་གང་ནས་བྱུང་བ་ཡིན་ན། ཁྲེགས་ཆོད་ཀྱི་སྐབས་སུ་རིག་པའི་ཆོས་ཉིད་སྟོང་པ་བལྟར་མེད་པ་དེ་སྙམ་བྱེད་རྟོག་པའི་འདྲ་འབག་ཅིག་ཏུ་གྱུར་པའི་གོལ་ས་འབྱུང་བའི་ཉེན་ཡོད་པ་ཡིན་ལ། ཐོད་རྒལ་དུ་བཞུགས་སྟངས་དང་གཟིགས་སྟངས་ཀྱིས་གནད་གཅུན་པས། རྟོག་པ་ཤེད་ཅན་རང་འགགས་ཤིང་། ཤེད་ཆུང་སྟོང་ཡལ་དུ་སོང་ནས་ཆོས་ཉིད་ཀྱི་ནང་མདངས་མངོན་སུམ་པ་ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ནས་ལྷ་སྐུའི་བར་དུ་རྩལ་རྫོགས་ཤིང་། སྨིན་དུ་ཡོད་པའི་འོད་གསལ་གྱི་གོ་མ་འགགས་པའི་གདངས་མངོན་སུམ་པ་ལ་ལམ་དུ་བྱས་པའི་སྟོབས་ཀྱིས་སྐུ་གསུམ་ལམ་སྣང་དུ་རྫོགས་ཤིང་། ཕྱི་ནང་གཉིས་ཀའི་འཁྲུལ་སྣང་དང་འཁྲུལ་འཛིན་མ་སྤངས་རང་དག་ཏུ་གྲོལ་བའི་གནད་ཡོད་དོ། །དེ་ཡན་གྱིས་ཐོད་རྒལ་གྱི་གདམས་པ་འདི་ཉིད་ཁྲེགས་ཆོད་ལས་ཁྱད་པར་བདུན་གྱིས་འཕགས་ཚུལ་བསྟན་པའོ།།

༢༽ ཁྱད་པར་ཅན་གྱི་ཐོད་རྒལ་ཉིད་བཤད་པ།

༡ གདམས་ངག་སྤྱིའི་རྣམ་པར་གཞག་པ།

དོན་གཉིས་པ་ཁྱད་པར་ཅན་གྱི་ཐོད་རྒལ་ཉིད་བཤད་པ་ལ་གསུམ་སྟེ། གདམས་ངག་སྤྱིའི་རྣམ་པར་གཞག་པ། སྔོན་དུ་འགྲོ་བ། དངོས་གཞི་གནད་ཀྱི་གདམས་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་འདིའི་ལུགས་ཀྱི་གདམས་ངག་གི་འདེབས་ལུགས་གསུམ་དུ་བཞེད་དེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་ལ་ཚང་སྤྲུགས་སུ་གདབ་པའོ། །དང་པོ་ནི། སྔོན་འགྲོ་གསུམ་གང་རུང་སྔོན་དུ་སོང་ནས་དངོས་གཞི་ངོ་སྤྲད་དེ་རྗེས་རྒྱབ་ཆོས་ཀྱིས་ཡིད་ཆེས་པར་བྱེད་པའོ། །དེའང་སྐྱེས་བུ་སྤྲོས་པ་ཅན་ཐུན་མོང་གི་དྲོད་རྟགས་ལ་དགའ་བས་སྐུ་གསུམ་གྱི་སྣ་ཁྲིད་པ་འབྱུང་བཞིའི་སྒྲ་དོན་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །བརྩོན་འགྲུས་ཅན་བརྟུལ་ཞུགས་ལ་དགའ་བས་རིག་པའི་སྣ་ཁྲིད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲོད་པའོ། །ལེ་ལོ་ཅན་རྟོག་དཔྱོད་ལ་དགའ་བས་སེམས་ཀྱི་སྣ་ཁྲིད་པ་ལུས་ངག་སེམས་ཀྱི་སྔོན་འགྲོ་སྔོན་དུ་སྦྱངས་ནས་དངོས་གཞི་ངོ་སྤྲད་པ་ཡིན་ནོ། །ངོ་སྤྲོད་ཀྱི་ལུགས་སུ་གདབ་པ་ནི་ལས་འཕྲོ་སད་པ་ཁ་ཅིག་ལ་སྙེ་མ་མགུལ་པ་ནས་འཆང་བ་ལྟར་དབང་གི་རྗེས་ལ་ངོ་སྤྲད་ནས་ཉམས་སུ་ལེན་པའོ། །ཚང་སྤྲུགས་སུ་གདབ་པ་ནི། ལས་ཅན་འཆི་ཁ་མ་ཁ་ཅིག་ལ་རང་འོད་སྒྲོན་མ་ལ་བརྟེན་ནས་མངོན་སུམ་ངོ་སྤྲད་དེ་ཆོས་ཉིད་བར་དོའི་གདམས་ངག་འདེབས་པ་ཡིན་ནོ། །འདི་ལ་ཁ་ཅིག་གིས་ཚོང་པ་ལྟ་བུའི་ལམ་ཞུགས་ལ་སྦྱར་བ་ནི་གདམས་ངག་གི་ཕྱོགས་མ་མཐོང་བས་དོན་མ་གོ་བ་ཞེས་བྱའོ། །ཁྲིད་ཀྱི་ལུགས་སུ་གདབ་པ་འདིའི་ནང་དུ་ངོ་སྤྲོད་དུ་གདབ་པ་དང་ཚང་སྤྲུགས་སུ་གདབ་པ་གཉིས་ཀ་དོན་གྱིས་འདུས་ཡོད་ཅིང་། ངོ་སྤྲོད་དུ་གདབ་པ་འདི་ནི་ངོ་སྤྲོད་ཅར་ཕོག་ཏུ་གདབ་པ་ཁྲེགས་ཆོད་ཐོད་རྒལ་གཉིས་ཀ་དང་། ཚང་སྤྲུགས་སུ་གདབ་པ་འདི་བར་དོའི་གདམས་པའོ།།

༢ སྔོན་དུ་འགྲོ་བ།

༽ སྔོན་འགྲོའི་འབྲེལ་དགོད་པ།

གཉིས་པ་སྔོན་དུ་འགྲོ་བ་ནི་སྐབས་འདིར་ཁྲིད་ཀྱི་ལུགས་སུ་གདབ་པ་ལ་ཐམས་ཅད་ཚང་བས། དེ་ལ་ཐོག་མར་སྔོན་འགྲོ་གཅེས་པའི་ཕྱིར། འདི་ལ་སྔོན་འགྲོའི་འབྲེལ་དགོད་པ་དང༌། སྔོན་འགྲོ་དངོས་གཉིས་ལས། དང་པོ་ནི་དཔེར་ན། འཇིགས་བཅས་ཀྱི་ལམ་དུ་ཞུགས་པ་ལ་འཇིགས་པའི་བསྐུངས་ཉུལ་ནས་འགྲོན་པོ་བདེ་བར་འགྲོ་བ་ལྟར། སྔོན་འགྲོ་སྒོ་གསུམ་གཏན་ལ་ཕབ་པས་དངོས་གཞི་གེགས་དང་བར་ཆད་མེད་པར་མཐར་ཕྱིན་པ་དང༌། འཇིགས་བཅས་ཀྱི་སོ་མཁར་ལ་སྔོན་དུ་བཙན་ཆ་བྱས་པས་དངོས་གཞི་ནང་མི་བདེ་བར་བསྡད་པས་ཆོག་པ་ལྟར། སྔོན་འགྲོས་རེ་དོགས་དང་སྤང་བླང་ཐམས་ཅད་ཀྱི་རྩ་བ་བཅད་ནས་དངོས་གཞིའི་དུས་སུ་བྱ་རྩོལ་དང་རེ་དོགས་མེད་པར་བཞག་པས་ཆོག་པ་དང༌། སོ་ནམ་གྱི་སྔོན་དུ་དེའི་ཆས་རྣམས་བསགས་པས་དངོས་གཞི་མྱུ་གུ་ནས་སྟོན་ཐོག་གི་བར་འབྱུང་བ་ལྟར། སྔོན་འགྲོས་གཞི་ལྷུན་གྲུབ་ཆེན་པོར་ཐག་བཅད་ནས་དངོས་གཞིའི་དུས་སུ་སྣང་བ་བཞི་ཚད་དུ་ཕྱིན་ནས་ཆོས་ཉིད་ཀུན་ཏུ་བཟང་པོའི་འབྲས་བུ་རང་ཆས་སུ་ཐོབ་པའི་དགོས་པ་ཡོད་དོ། །སྔོན་འགྲོ་མེད་ན་དངོས་གཞིའི་ཁྱད་པར་ཅན་གྱི་གནད་ཡོད་ཀྱང་སྐྱེལ་མ་མེད་པར་འཇིགས་པ་ཅན་གྱི་ལམ་དུ་འགྲོ་མི་ནུས་པ་དང་འདྲ་སྟེ། དངོས་གཞིའི་གནད་མེད་པས་སྔོན་འགྲོའི་མན་ངག་བཤད་ཀྱང་འབྲས་བུ་མི་འབྱུང་བ་ཡིན་པས། དེ་གཉིས་ཀ་ཟུང་དུ་འབྲེལ་ན་དོན་འགྲུབ་པ་ཡིན་པས་སྔོན་འགྲོ་དངོས་གཞི་ཟུང་དུ་འབྲེལ་དགོས།

༼༽ སྔོན་འགྲོ་དངོས་བཤད་པ།

༼ སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བ་བཞིའི་སྒྲ་དོན་ལ་བསླབ་པ།

གཉིས་པ་སྔོན་འགྲོ་དངོས་ལ་གསུམ་སྟེ། སྐུ་གསུམ་གྱི་སྣ་ཁྲིད་པར་བྱེད་པ་འབྱུང་བ་བཞིའི་སྒྲ་དོན་ལ་བསླབ་པ་དང་རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་བྱེད་པའི་སྤྱོད་པ་ལ་བསླབ་པ་དང༌། སེམས་ཀྱི་སྣ་ཁྲིད་པར་བྱེད་པ་ལུས་ངག་སེམས་ཀྱི་སྔོན་འགྲོ་ལ་བསླབ་པའོ། །དང་པོ་ལ་གཉིས་ལས། མདོར་བསྟན་པ་ནི། ཐལ་འགྱུར་ལས། སྐུ་གསུམ་བསླབ་པའི་རིམ་པ་ཉིད། །འབྱུང་བའི་འདོད་ཡོན་གཙོར་བྱས་ཏེ། །མཆོག་ཏུ་ས་ཆུ་མེ་རླུང་གི །སྒྲ་ལ་བསླབས་པས་ངེས་པར་འགྲུབ། །ཆུ་ཡི་སྒྲ་ནི་བཤང་བ་ལ། །མཁའ་འགྲོ་མ་ཡི་སྒྲ་དབྱངས་འཛིན། །འདི་ལ་རྟག་ཏུ་གོམས་སྤྱོད་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ས་ཡི་སྒྲ་ནི་བསིལ་ཞིང་ལྕི། །ཚངས་པ་ཆེན་པོའི་སྒྲ་སྐད་ལྡན། །འདི་ལ་རྟག་ཏུ་སྙོམས་སྤྱོད་ན། །སྤྲུལ་པའི་སྐུ་ཡང་ངེས་པར་འགྲུབ། །ལོངས་སྤྱོད་རྫོགས་སྐུ་ངེས་འགྲུབ་པ། །མེ་ཡི་སྒྲ་ནི་རིང་བྱེད་བསླབ། །ཁྱབ་འཇུག་ཆེན་པོའི་སྒྲ་དབྱངས་སྟོན། །འདི་ལ་ཉན་པར་སུ་སྤྱོད་པ། །ཆོས་སྐུའི་ཡོན་ཏན་ངེས་པར་འཐོབ། །རླུང་གི་སྒྲ་ནི་བསིལ་ཞིང་དྲག །མཁའ་ལྡིང་རྒྱལ་པོ་སྦྱོར་བའི་གསུང༌། །འདི་ནི་རྟག་ཏུ་ཟློས་ཤེས་ན། །སྐུ་གསུམ་ཐུན་མོང་བསླབ་བྱའོ། །ཞེས་སོ། །རྒྱས་པར་བཤད་པ་ནི། སྒྲོན་མ་སྣང་བྱེད་ལས། ཡང་ནི་དབེན་པ་དེ་ཉིད་དུ། །བུད་ཤིང་སོགས་ལ་མེ་བུས་ལ། །དེ་ལས་འདོམ་དོའི་ས་ཚོད་དུ། །བདེ་བའི་སྟན་ལ་འདུག་ནས་ནི། །ལུས་ཀྱི་གནད་ནི་བྱོལ་སོང་བཞིན། །རིག་པ་མེ་ཡི་དཀྱིལ་དུ་འཕང༌། །སེང་གེ་བཞིན་དུ་རྣམ་པར་བལྟ། །དེ་ནས་འབྱུང་བ་མེ་ཡི་སྒྲ། །ཆགས་ཆེན་བཤང་དང་བསླབ་པ་དང༌། །འུར་དང་ཚག་དང་འཚེག་པ་དང༌། །རང་གི་ཤེས་པའི་ཉམས་དང་སྦྱར། །ཟླ་བ་ཕྱེད་ཀྱི་སྐལ་ལྡན་པར། །འགྲུབ་པར་འགྱུར་བ་ཐེ་ཚོམ་མེད། །རྣལ་འབྱོར་མངོན་ཤེས་ལྡན་པར་འགྱུར། །ཆུ་ཡི་སྒྲ་སྤྱོད་རྣལ་འབྱོར་པས། །སྔོན་འགྲོ་གོང་བཞིན་བྱས་ནས་ནི། །སྟོན་སེར་ལོ་ཏོག་སྨིན་དུས་སུ། །ལུང་སྟོང་ཐུར་ཟུག་ཆུ་དྲག་འབབ། །དབབ་རླབས་ཤིན་ཏུ་དྲག་པ་རུ། །ལུས་ཀྱི་གནད་ནི་ཙོག་པུ་ལ། །རིག་པའི་གནད་ནི་ཆུད་དཀྱིལ་ལོ། །གླང་ཆེན་མིག་གིས་གཞུང་ལ་བལྟ། །ཁམས་ཀྱི་དང་པོ་མ་ཐུབ་ན། །སྒྲ་མེད་ས་རུ་མགོ་གཏུམས་ཏེ། །ཐང་རེ་ཐང་རེ་ཉན་བྱའོ། །ཟླ་བ་གསུམ་ནི་བསྒོམས་བྱས་ན། རང་རིག་གདེང་ཆེན་འགྲུབ་པའོ། །ཤེས་པ་རྣ་བར་གཏད་བྱས་ནས། །སྒྲ་ལ་རྟག་ཏུ་ཉན་བྱས་ན། །སྐྱེ་མེད་མཆོག་ལ་ཐེ་ཚོམ་མེད། །རྣལ་འབྱོར་སྣ་ཚོགས་ཆོས་ཤེས་འགྱུར། །བྱིང་བ་གསང་བའི་ཆོ་གའོ། །རླུང་གི་སྒྲ་རྣམས་ཤེས་འདོད་པས། །སྔོན་དུ་འགྲོ་བ་གོང་བཞིན་ཏེ། །ལུང་གསུམ་མདོའམ་རི་རྩེ་རུ། །དབེན་ཁང་ཕྱོགས་ཀྱི་སྐར་ཁུང་ཅན། །ལེགས་པར་བརྩིགས་ཏེ་རྣལ་འབྱོར་ནི། །རླུང་གི་ཕྱོགས་དག་གང་ཡིན་པར། །རྣ་བར་ཤེས་པ་རྣམ་པར་གཏད། །དེ་ཉིད་རྒྱུན་དུ་སྤྱོད་པ་ཡིས། །ཟླ་བ་གཅིག་གིས་སྐལ་ལྡན་པར། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །རྣལ་འབྱོར་ཉམས་མྱོང་མཆོག་ཐོབ་བོ། །ས་ཡི་སྒྲ་ནི་ལྕི་མཉམ་སྟེ། །སྒོ་ནི་རིམ་པ་མང་བྱས་ལ། །རྒྱུན་དུ་ལག་པའི་འདུ་བྱེད་སྒོམ། །ཟླ་དྲུག་བསྒོམས་པས་འབྱུང་པ་ལ། །དབང་བསྒྱུར་ངེས་པའི་འབྲས་བུ་ཐོབ། །ནམ་མཁའི་སྒྲ་ནི་རི་རྩེ་ལ། །རྣལ་འབྱོར་སྐལ་ལྡན་ཉིད་ཕྱིན་ལ། །ལུས་ཀྱི་གནད་ནི་གན་རྐྱལ་ལ། །རིག་པ་མཁའ་ལྡིང་གནམ་ལ་འཕང༌། །དབུགས་ནི་ཡང་ཡང་ཕྱིར་དབྱུང་སྟེ། །རྟག་ཏུ་ནམ་མཁའ་ལ་གནས་ན། །ལོ་གསུམ་གྱིས་ནི་ནམ་མཁའ་ལ། །བྱ་བཞིན་འགྱུར་བར་ཐེ་ཚོམ་མེད། །རྟག་ཏུ་འདི་དག་ཉིད་བསྒོམས་ན། །འཇིག་རྟེན་ཕན་པ་འགྲུབ་པ་དང༌། །ཕྱག་རྒྱ་མཆོག་གི་ས་ཐོབ་པའོ། །ཞེས་པ་དང༌། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། ཨེ་མ་ཧོ། འདི་ལྟར་འབྱུང་འདོད་སྐྱེས་བུ་གང༌། །ཐབས་ཀྱི་ཡན་ལག་འདི་ལྟ་བུ། །རྣམ་པ་སྣ་ཚོགས་ཉིད་ལ་ནི། །འདི་ལྟར་དེ་ཡི་སྔོན་དུ་སྦྱང༌། །སེམས་ཀྱི་རིམ་པ་ཅི་སྦྱངས་པ། །འདིས་ནི་མི་རྟོག་སེམས་ལ་འབྱོར། །ཇི་ལྟར་སྒྲ་ཡི་རྣལ་འབྱོར་པས། །ས་ཆུ་མེ་རླུང་འབྱུང་བ་བཞིའི། །སྒྲ་དོན་རྣམས་ལ་གོམས་པ་ཡིས། །རིགས་དྲུག་རྣམས་ཀྱི་རང་སྐད་ཀྱི། །མངོན་ཤེས་འཆར་བ་འདིས་འགྲུབ་པོ། །ཞག་རིམ་དུས་ནི་རྣམ་དྲུག་གིས། །འདི་ཡི་སྐད་ཀུན་རང་དུས་ཤེས། །འགྲུས་པ་མེད་པར་སུས་ཤེས་པ། །མ་འོངས་ད་ལྟར་འདས་པ་ཡི། །སེམས་རྒྱུན་ཇི་ལྟར་ཤེས་པར་འགྱུར། །གཞན་གྱི་དོན་བྱེད་སྤྲུལ་པ་པོས། །འདི་ལ་སྔོན་དུ་མ་སྦྱངས་ན། །སྤྲུལ་པའི་ས་བོན་འཇོག་པར་ནི། །ནུས་པ་ཉིད་ནི་མི་ཐོབ་བོ། །དེས་ན་འབྱུང་བའི་སྒྲ་ལ་བསླབ། །ཅེས་སོ། །འབྱུང་ལྔའི་སྒྲ་དོན་ཉམས་སུ་ལེན་དུས་དང་པོ་སྔོན་དུ་སྒོ་གསུམ་གྱི་གནད་བརྟེན་པ་འདི་གནད་ཆེ་བར་གསུངས་པས། ལུས་ཀྱི་གནད་ལངས་ནས་རྐང་ལག་ལྡང་། མཇིང་པ་ཡིད་ཙམ་ཞིག་རྒྱབ་ཏུ་དགྱེ་བ་དང་། ངག་གི་རྩོལ་བ་དྲག་པོས་ཀུ་ཅོའི་སྐད་ཡོང་བ་ལ་སོགས་པ་དང་། སེམས་ཀྱི་གནད་མཁའ་ལ་སྤུར་བ་ལྟ་བུ་མིག་དང་རིག་པ་ནམ་མཁའི་མཐོངས་སུ་གཏད་ནས། དེ་ལ་དྲན་པ་གཟིར་ཞིང་གསལ་བར་བྱ་བ་དང་། དེ་ནས་དབེན་པའི་གནས་ཀྱི་རི་རྩེར་སོང་ནས་ཐོག་མར་འབྱུང་བ་མེ་ལྟ་བུ་ལ་མཚོན་ན། མེའི་དབྱིབས་ལ་དང་པོར་བརྟག་དེ་ནས་ཙན་དན་ལ་སོགས་པའི་ཤིང་གི་ཕུང་པོའི་མེ་ཆེན་པོ་བཏང་ནས་མེ་དེའི་དབྱིབས་དང་ཁ་དོག་ལ་སོགས་པ་བརྟགས་ཟིན་དུས། དེ་ནས་རྒྱང་རིང་ཙམ་ཞིག་ཏུ་སོང་ནས་ལུས་གནད་དམིགས་བསལ་བ་དང་བཅས་ཏེ། རིག་པ་མེ་ཡི་དཀྱིལ་དུ་འཕངས་ནས་འབྱུང་བ་མེའི་སྒྲ་རང་གི་ཤེས་པའི་ཉམས་དང་སྦྱར་བ་ལ་སོགས་པ་གསུངས་ཡོད་དོ། །གོང་དུ་གསུངས་པ་ལྟར་ཟླ་བ་ཕྱེད་ཀྱི་རྣལ་འབྱོར་གྱིས། མེ་ཐམས་ཅད་ཀྱི་སྐད་ཤེས་པའི་མངོན་ཤེས་དང་ལྡན་པར་འགྱུར་བ་དང་། ཆུའི་སྒྲ་ལ་སོགས་པར་བསླབ་ན་ཟླ་བ་གཅིག་གི་རྣལ་འབྱོར་གྱིས། བདེ་ཆེན་གྱི་གདེང་དང་ལྡན་པར་འགྱུར་བ་དང་། རླུང་གི་སྒྲ་ཤེས་འདོད་ན་དབེན་པའི་གནས་སུ་ཁང་པ་ཕྱོགས་བཞི་རུ་སྐར་ཁུང་ཡོད་པའི་རླུང་རྒྱག་ས་ཞིག་ནས་བསྒྲུབས་ན་ཟླ་བ་གཅིག་གིས་འགྲུབ་པ་དང་། སའི་སྒྲ་ཡང་དེ་བཞིན་དུ་ས་རིལ་རིལ་ཡང་ལྗིད་མཉམ་པ་གཉིས་བཅད་ནས་བསྒོམ་པ་དང་། ནམ་མཁའི་སྒྲ་ནི་རི་རྩེ་ཞིག་ལ་སོང་ནས་ལུས་གནད་གན་རྐྱལ་དུ་བསྡད་ནས་རིག་པ་མཁའ་ལྡིང་བཞིན་དུ་མཐོ་སར་གཏད་དབུགས་ཡང་ནས་ཡང་དུ་ཕྱིར་འཕངས། རྟག་ཏུ་ནམ་མཁའི་རྣལ་འབྱོར་དེ་ཉིད་དུ་འབད་པ་བྱས་ན་ལོ་གསུམ་གྱིས་ནམ་མཁར་བྱ་བཞིན་དུ་འཕུར་ཐུབ་པར་གསུངས་པའོ། །གོང་གི་ལུང་དོན་སྒྲ་ཐལ་འགྱུར་ལས་ཀྱང་གསུངས་ལ་སྒྲོན་མ་སྣང་བྱེད་ལས་གསུངས་པ་ཡང་འདི་དྲངས་ཤིང་། དེ་ལས་སྒྲ་ཐལ་འགྱུར་ལུང་འདི་ལ་ཡང་། སྤྱིར་སྒྲ་ཐལ་འགྱུར་འདི་ལ་ཐལ་འགྱུར་རྣམ་པ་གསུམ་གསུས་པ་ཡོད་དེ། སྒྲ་བཞི་གཏན་འབེབས་ཀྱི་ཐལ་འགྱུར། གཞི་གནས་ཚད་འཛིན་གྱི་ཐལ་འགྱུར། འབྱུང་རྐྱེན་གྲངས་འཆར་ཐལ་འགྱུར་དང་། གསུམ་གསུངས་པ་ཡོད་ལ། དེའི་ཐལ་འགྱུར་གསུམ་པོ་འདི་རྒྱུད་གཞན་ཐམས་ཅད་ཀྱི་སྒྲ་དོན་གཏན་ལ་འབེབས་པའི་བང་མཛོད་ཀྱི་ལྡེའུ་མིག་དང་འདྲ་བར་གསུངས་སོ། །སྒྲ་ཡི་ཁོང་འདོན་གྱི་མན་ངག་དེ་ལ། བརྡ་སྐད་ཡི་གེའི་སྒྲ་དོན། རིགས་དྲུག་གཟུགས་ཀྱི་རང་སྒྲ། འབྱུང་བ་ལྔ་ཡི་སྒྲ་དོན་དང་གསུམ་མོ། །དེ་དག་གཏན་ལ་ཕབ་ནས་མི་རྟོག་པའི་ཡེ་ཤེས་དངོས་སུ་ཉམས་སུ་བླངས་ནས་ཐམས་ཅད་ལམ་གྱི་གྲོགས་སུ་བསྒྱུར་བའོ། །དེ་ལས་འདི་ནས་གསུངས་པའི་འབྱུང་བཞིའི་སྒྲ་ལ་བསླབ་པ་འདི་འབྱུང་རྐྱེན་གྲངས་འཆར་གྱི་ཐལ་འགྱུར་དེ་ཡིན་པས་འབྱུང་བ་ལྔ་ཡི་སྒྲ་དོན་ལ་བསླབ་པ་དེ་ཡིན། ཡིན་ན་ཡང་དེའི་རྒྱབ་ཡིག་དུ་འདི་འཇིག་རྟེན་འདི་ན་མངོན་ཤེས་ལ་སོགས་པའི་རྟགས་བྱུང་ནས་གཞན་འཇུག་པར་བྱ་བའི་ཡན་ལག་ཏུ་བསྟན་པ་ཡིན་པ་དང་། འདི་ལ་བརྟེན་ནས་འདོད་ཡོན་ལྔ་ལ་ལམ་དུ་བྱེད་པའི་རྣལ་འབྱོར་བའི་ཉམས་ལེན་ལ་བསྟན་པ་ཡིན་པ་ལས། བྱ་བཏང་རྣལ་འབྱོར་བའི་ཉམས་ལེན་གྱི་དངོས་གཞི་མིན་པར་གསུངས་སོ། །དེས་ན་འབྱུང་བཞིའི་སྒྲ་ལ་བསླབ་པ་འདི་སྔོན་འགྲོ་ཡིན་ཡང་སྔོན་འགྲོ་གཞན་བྱས་ན་ཆོག་པས། དུས་འདིར་མ་བྱས་ན་ཆོག་པའི་ཕྱག་ལེན་མཛད་དོན་ནི། ཆོས་བརྒྱད་བདུད་ཀྱི་གཡབ་མོ་མངོན་རློམ་བདུད་ཀྱི་བར་ཆད་ཀྱིས་ཁྱེར་དོགས་ལ་དགོངས་ནས་སང་ཕྱག་ལེན་གྱི་སྲོལ་དུ་མ་ཡོད་པ་ཡིན་ནོ།།

༼ རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་བྱེད་པའི་སྤྱོད་པ་ལ་བསླབ་པ།

གཉིས་པ་རིག་པའི་སྣ་ཁྲིད་པར་བྱེད་པ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ལ་གསུམ་ལས། དང་པོ་ལུས་རུ་ཤན་ཕྱེ་ལ་ནུབ་མོ་རྣལ་དུ་དབབ། དེ་ནས་ངག་རུ་ཤན་ཕྱེ་ལ་རྣལ་དུ་དབབ། དེ་ནས་སེམས་རུ་ཤན་ཕྱེ་ལ་རྣལ་དུ་དབབ་བོ། །དགོས་པའང་གཉིས་གཉིས་ཏེ་འོག་ཏུ་འཆད་དོ། །རང་བྱུང་བསྟན་པའི་རྒྱུད་ལས། འདི་ལྟར་ཡང་གསང་དོན་ཉིད་ལ། །འཇུག་པར་འདོད་བའི་སྐལ་བ་རབ། །སྔོན་དུ་ལུས་ངག་ཡིད་རྣམས་ཀྱི། །མངོན་པར་ཞེན་པ་བཟློག་རྣམས་ཀྱིས། །སྔོན་དུ་སྤྱོད་པ་བརྩམ་པར་བྱ། །ལུས་ནི་རྒྱུག་དང་ཉལ་བ་དང༌། །ལངས་དང་ཡན་ལག་བསྐྱོད་པ་དང༌། །བསྐོར་བ་དང་ནི་ཕྱག་བྱ་དང༌། །ཡན་ལག་བསྐོར་དང་མགོ་བསྒྲིལ་དང༌། །ཇི་ལྟར་དྲན་པའི་ལས་རྣམས་དང༌། །གང་དང་ཕྱག་རྒྱ་བསྒྱུར་བ་དང༌། །ཇི་ལྟར་དམིགས་པའི་ལས་རྣམས་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །ལུས་ཀྱི་མངོན་ཞེན་རང་ཆོད་ནས། །ལུས་ཀུན་རུ་ཤན་ཕྱེད་པར་ནི། །འདི་ཡིས་འགྱུར་རོ་སྤྲུལ་པའི་སྐུ། །དེ་འདས་ངག་གི་སྤྱོད་པ་བརྩམ། །སྔགས་དང་ཁ་ཏོན་ཆོས་ཀྱི་སྒྲ། །ཡོད་དང་མེད་དང་སྣང་བ་དང༌། །ཡིད་དཔྱོད་ཚིག་ནི་སྣ་ཚོགས་བརྗོད། །བྱོལ་སོང་སྣ་ཚོགས་བརྡ་སྐད་དང༌། །སྐད་ནི་རྣམ་པ་སྣ་ཚོགས་ལ། །འདི་ལྟར་སུ་ཡིས་བྱས་པའི་མི། །ངག་གི་མངོན་ཞེན་རང་ཆོད་ནས། །འཁོར་འདས་རུ་ཤན་འདིས་ཕྱེད་དོ། །འདི་ཉིད་ཀྱི་ནི་འོག་ཏུ་ཡང༌། །སེམས་ཀྱི་སྤྱོད་པ་བརྩམ་པར་བྱ། །དགའ་དང་མི་དགའ་བདེ་དང་སྡུག །རྟག་དང་མི་རྟག་ལ་སོགས་པ། །ལྟ་སྒོམ་སྤྱོད་པའི་བསམ་པ་དང༌། །ཆོས་དང་ཆོས་མིན་ལ་སོགས་དང༌། །འདོད་ཆགས་ཞེས་སྡང་གཏི་མུག་དང༌། །དགེ་དང་མི་དགེ་ལ་སོགས་པའི། །བསམ་དཔྱོད་རྣམ་པ་སྣ་ཚོགས་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་མངོན་ཞེན་རང་ཆོད་ནས། འཁོར་འདས་རུ་ཤན་ཕྱེད་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ཨེ་མ་ངོ་མཚར་ཆེ་བ་ཡི། །འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང༌། །འབྲེལ་པ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་ཕྱེ་བ་བཤད། །འདི་ལ་རྣམ་པ་གསུམ་ཡོད་དེ། །ལུས་ནི་འགྲོ་དང་འདུག་པ་དང༌། །གཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང༌། །ཡན་ལག་འཕེན་ཅིང་སྡུད་པ་དང༌། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟེན། །དྲན་པའི་སེམས་ཀྱིས་མངོན་བླངས་ཏེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱ། །དེ་ལྟར་སུ་ཡིས་སྤྱོད་ནུས་པ། །ཇི་ལྟར་བརྩམས་པས་ཕྱིས་རྒྱུན་ཆད། །འདི་ལ་དགོས་པ་རྣམ་པ་གཉིས། །ཐུན་མོང་མཆོག་གི་དབྱེ་བ་བརྟག །དེ་ལྟར་རྟགས་དང་ཚད་ཕེབས་ནས། རྣལ་འབྱོར་དག་པའི་ངག་སྤྱོད་བརྩམས། །བརྗོད་པ་རྟོག་པའི་རང་བཞིན་ཕྱིར། །སྒྲ་སྐད་རྣམ་པ་སྣ་ཚོགས་པ། །ཅི་སྨྲས་བཟློག་པ་མེད་པའི་ཕྱིར། །ལྷ་དང་ཀླུ་དང་གནོད་སྦྱིན་དང༌། །དྲི་ཟ་གྲུལ་བུམ་ཁྱབ་འཇུག་གི །སྐད་ནི་བཟང་ངན་བྱེ་བྲག་བརྗོད། །མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱི་དྲན་བསམ་ངག་གིས་བརྗོད། །འདིར་ཡང་དགོས་པ་རྣམ་པ་གཉིས། །མཆོག་དང་ཐུན་མོང་མཐའ་ཡས་དབྱེ། །དེ་ལྟར་ཚད་ལ་ཕེབས་ནས་ཀྱང༌། །རྣལ་འབྱོར་པ་ཡིས་སེམས་སྤྱོད་བྱ། །འདས་དང་མ་འོངས་ད་ལྟར་གྱི། །དྲན་བསམ་འཕྲོ་འདུའི་ངོ་བོ་བསྟན། །དགའ་དང་མི་དགའ་བཟང་ངན་སེམས། །ཡོད་མེད་སྣ་ཚོགས་ཐམས་ཅད་ལ། །ཕྱི་རུ་བརྟགས་ཏེ་ནང་དུ་བསམ། །ཇི་ལྟར་བསམས་པའི་དྲན་པ་ཉིད། ཕྱི་ནས་སྐྱེ་རྒྱུན་ཆད་པར་ངེས། །འདི་ཡི་དགོས་པ་གོང་གིས་དབྱེ། །དེ་ལྟར་སྤྱོད་པ་རྫོགས་བྱས་ནས། །མངོན་སུམ་གནད་ལ་རྟག་ཏུ་དགར། །དེ་རྫོགས་ཁམས་གསུམ་འཇུག་པ་མིན། །རབ་ཏུ་གསངས་ཏེ་བསྟེན་པར་བྱ། །ཞེས་སོ། །སྒོ་གསུམ་འཁོར་འདས་རུ་ཤན་འབྱེད་པའི་གོ་དོན་ནི། ཐོག་མར་ཁམས་གསུམ་འཁོར་བའི་གནས་སུ་ལས་ཀྱི་ཉེ་བར་ལེན་པས་འཕངས་པའི་ལུས་ཤིག་གྲུབ་པ་ཡིན་ལ། ཁྱད་པར་དུ་འདོད་ཁམས་ཀྱི་གནས་འདིར་འབྱུང་བཞི་འདུས་པའི་ཟག་བཅས་ཉེར་ལེན་གྱི་ཕུང་པོའི་ལུས་འདི་བླངས་ནས། དེ་ལ་བརྟེན་པའི་ངག་དང་སེམས་གཉིས་ཀ་གྲུབ་སྟེ། ང་ཞེས་ཞེན་སའི་གདགས་གཞི་སྒོ་གསུམ་འདི་གྲུབ་པ་ཡིན་པས། ཐུན་མིན་རྫོགས་ཆེན་གྱི་ལམ་ལ་ཞུགས་ནས་དངོས་གཞིའི་ཉམས་ལེན་གྱི་གདམས་པ་ཞུ་བའི་སྔོན་དང་། དེའི་བོགས་འདོན་དུ་རུ་ཤན་འབྱེད་པའི་མན་ངག་འདི་ཤིན་ཏུ་གལ་ཆེན་ཡིན་པས། སྒྲ་ཐལ་འགྱུར་དང་བསྟན་པ་བུ་གཅིག་གི་རྒྱུད་ལ་སོགས་པ་ནས་འདི་འབྱུང་བ་ཡིན། དེས་ན་ཐོག་མར་ལུས་ཀྱི་སྤྱོད་པ་བསྟན་ལ། ལུས་ཀྱི་སྤྱོད་པ་བྱས་པས་ལུས་ཀྱི་ལས་ཟད་ནས་དེར་འཇུག་སྙིང་དང་བྱེད་སྙིང་མི་འདོད་པ་འབྱུང་བ་དང་། ལུས་ཀྱི་སྡིག་སྒྲིབ་དག་ཅིང་། འདི་ཉི་མ་བདུན་ནམ་ཟླ་བ་ཕྱེད་ལ་སོགས་པར་བྱས་ན། ཕྱི་ལུས་ཀྱི་ཞེན་པ་རང་ལོག ནང་ལུས་ཞི་དུལ་དང་ལྡན། གསང་བ་སྒྱུ་ལུས་འོད་གསལ་དུ་གྲོལ། མཐར་ཐུག་ལུས་སྤྲུལ་སྐུར་གཞོལ་བའི་དགོས་པ་ལ་སོགས་པ་ཡོད་དོ། །ངག་གི་རུ་ཤན་བྱས་པས་ཀྱང་དེ་བཞིན་དུ་ལུས་སེམས་གཉིས་ཀའི་འབྲེལ་ལམ་ངག་ནས་བརྒྱུད་དགོས་པ་ཡིན་ན་ངག་གི་རང་བཞིན་གྱི་བརྗོད་བྱ་ཐ་དད་པ་དེ་ལ་བརྟེན་ནས་ངག་རུ་ཤན་བྱས་པས། ཁམས་གསུམ་འཁོར་བའི་རྒྱུན་ཆད། ངག་ཡི་གེའི་འཁོར་ལོ་རུ་གྲོལ། མཐར་ཐུག་ལོངས་སྐུར་གཞོལ་བའི་དགོས་པ་ཡོད་པའོ། །དེ་ལྟ་བུའི་ལུས་ངག་གཉིས་ཀྱི་ཞེན་པ་ཆོད་ཚེ་སེམས་ཀྱི་རྩ་བ་གཅོད་པའི་སྤྱོད་པ་བྱེད་དགོས། སེམས་དེ་རང་ཡལ་རྗེས་མེད་དུ་སྦྱངས་དུས་འཁྲུལ་བ་རྒྱུན་ཆད། ཁམས་གསུམ་པོ་ལས་གྲོལ། མཐར་ཐུག་ཆོས་སྐུར་སྦྱོར་རོ། །དེ་ལྟ་བུའི་སྒོ་གསུམ་འཁོར་འདས་རུ་ཤན་ཕྱེ་བའི་སྤྱོད་པ་ཚུལ་བཞིན་དུ་བརྩམས་ན་ཐུན་མོང་གི་དགོས་པ་ལུས་ངག་ཡིད་གསུམ་གྱི་བར་ཆད་ཞི་བ་དང་སྡིག་སྒྲིབ་དག་པ་དང་། མཆོག་གི་དགོས་པ་བདེ་བར་གཤེགས་པའི་གསང་བ་གསུམ་དུ་གྲོལ་བའོ། །རྒྱུད་ལས་འདི་ལྟ་བུའི་སྒོ་གསུམ་རིམ་ཅན་གྱི་རུ་ཤན་གྱི་སྤྱོད་པ་བྱེད་པ་གསུངས་ཡོད་ལ་དེ་ཡང་རུ་ཤན་རེ་རེ་དང་རྣལ་དབབ་རེ་རེ་སྦྱར་ནས་གསུངས་ཤིང་། དེང་སང་ཕྱག་ལེན་ལ་སྒོ་གསུམ་བྱེད་པ་གཅིག་ཡིན་པའི་རྒྱུ་མཚན་གྱིས་སྒོ་གསུམ་ཆུན་གཅིག་ཏུ་དྲིལ་ནས་བྱེད་པ་ཡིན་ནོ།།

༼  སེམས་ཀྱི་སྣ་ཁྲིད་པར་བྱེད་པ་ལུས་ངག་སེམས་ཀྱི་སྔོན་འགྲོ་ལ་བསླབ་པ།

གསུམ་པ་སེམས་ཀྱི་སྣ་ཁྲིད་པར་བྱེད་པ་ལ་ལུས་ངག་སེམས་ཀྱི་སྔོན་འགྲོ་ལ། སྔོན་འགྲོ་དངོས་དང་རྣལ་དུ་དབབ་པ་གཉིས་ལས། སྔོན་འགྲོ་དངོས་ནི། ཐལ་འགྱུར་ལས། ལུས་ཀྱི་སྔོན་དུ་འགྲོ་བ་ཡིས། །སོ་སོའི་བྱེད་བའི་རྒྱུ་འགག་པས། །རྡོ་རྗེའི་སྐྱིལ་མོ་ཀྲུང་བྱས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ངག་ནི་ཧཱུྃ་ཞེས་གནས་པ་ལས། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །དེ་ལྟར་ངག་སྦྱངས་སེམས་ལ་ཕན། །སེམས་ནི་ཐོག་མ་བྱུང་ས་དང༌། །བར་དུ་གནས་དང་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་སོ། །རྣལ་དབབ་ནི་དེ་ཉིད་ལས། རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་སོ། །ཐལ་འགྱུར་གྱི་ལུང་འདིས་ལག་ཁྲིད་ངོ་མ་དང་འདྲ་བའི་ཞིབ་ཏུ་མ་གསུངས་པར་ཚིག་ཉུང་ཉུང་ཞིག་གིས་བསྟན་པ་ཡིན། ལུས་ཀྱིས་སྔོན་དུ་འགྲོ་བ་ཡིས་ཞེས་པས་ནི། ལུས་སྦྱོང་རྡོ་རྗེའི་འདུག་སྟངས་བསྟན་ཞིང་། དེ་ནི་ལག་པ་གཉིས་ཀྱིས་སྤྱི་བོར་མ་རེག་ཙམ་དུ་ཐལ་མོ་སྦྱར་བ་ནི་ཡར་རྩེ་དང་། ལང་པའི་རྐང་མཐིལ་ལོང་བུའི་ཁ་སྦྱར་ནས་རྐང་པའི་སྔ་རྟིང་ས་ལ་བཙུགས་ཏེ། པུས་མོ་གཉིས་ཀ་ལུས་ཀྱི་གདོང་ཟུར་ཕྱོགས་སུ་གཏད་ནས་བགྲད་པ་ནི་མར་རྩེ། དེས་རྡོ་རྗེའི་སྐྱིལ་ཀྲུང་ངམ་རྡོ་རྗེའི་འགྲེངས་སྟབས་བྱས་པ་ཡིན། དེས་སོ་སོའི་བྱེད་པའི་རྒྱུ་ཇི་ལྟར་འགག་པ་ཡིན་ཞེ་ན། ལུས་སྤྱི་བསྲངས་པས་འགྱུ་བྱེད་ཀྱི་རླུང་འགགས། རྐང་མཐིལ་གཉིས་ཁ་སྦྱར་བས་ཕོ་མོ་མ་ནིང་གི་རླུང་སྟོངས་བ་ལ་སོགས་པ་སྙིང་ཐིག་གི་ཁྲིད་ཡིག་ཆེན་མོའི་སྐབས་སུ་གསུངས་པ་ལྟར་རོ། །དག་དྲན་ནི་ཡར་རྩེ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཚོན་བྱེད་དང་། མར་རྩེ་གསུམ་སྐུ་གསུམ་གྱི་མཚོན་བྱེད་དང་། རྡོ་རྗེའི་སྐེད་པ་གཅིག་ཏུ་འདྲིལ་བ་ཀ་དག་ལྷུན་གྲུབ་ངོ་བོ་གཅིག་ཏུ་ལམ་དུ་བྱེད་པ་མཚོན་པ་དང་། ལུས་རྡོ་རྗེ་སྔོན་པོ་མེ་འབར་བ་ཞིག་ཏུ་བསྒོམས་པས་བར་ཆད་ཞི་བ་དང་། ངལ་དུབ་ཀྱི་རྐྱེན་གྱིས་འགྱུ་དྲན་བྱུང་ཚོར་གྱི་སྤུན་ཐག་ཐམས་ཅད་ཆད་ནས་ཐད་ཀའི་རིག་པ་གཏད་མེད་དུ་ལུས་པའི་སྐབས་སུ་མི་རྟོག་པའི་ཡེ་ཤེས་ངོས་ཟིན་པ་དང་། དངོས་གཞིའི་སྐབས་སུའང་ངོ་སྤྲོད་ཀྱི་གཟེར་འདེབས་སླ་བའི་དགོས་པ་མདོར་ན་ལུས་སྦྱངས་སེམས་ལ་ཕན་པ་ནི་དེ་ལྟ་བུའོ། །དེས་ལུས་སྦྱངས་བསྟན་ནས་ངག་སྦྱངས་ནི། ངག་ནི་ཧཱུྃ་ཞེས་གནས་པ་ལས། །ཞེས་པ་ནས། དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་པའི་བར་གྱིས་ངག་གི་སྔོན་འགྲོ་དང་སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་བ་ཚང་མ་བསྟན་ཡོད་ལ། དེ་ལས་ངག་སྦྱངས་དང་པོ་རྗེས་གདབ། དེ་ལ་ཡང་ཕྱི་སྣང་བ་ལ་རྗེས་གདབ་པས་སྣང་བ་ཐམས་ཅད་ཧཱུྃ་དུ་གྱུར་ནས་ཡུལ་སྣང་རང་བཞིན་མེད་པར་གྲོལ་བར་བྱེད་པ་དང་། ནང་ཕུང་པོ་ལ་རྗེས་གདབ་པས་ལུས་ཀྱི་འབྱུང་བ་ཐམས་ཅད་དག་ནས་གདོས་བཅས་ཟག་མེད་དུ་གྲོལ་བའི་དགོས་པ་དང་ལྡན་པ་དང་། ལུས་ཀྱི་སྒྲིབ་པ་དག་ནས་སྤྲུལ་སྐུ་རུ་གྲོལ་བའི་དགོས་པ་དང་ལྡན་པའོ། །རྩལ་སྦྱངས་ནི། དེ་ལ་ཡང་གཉིས་ལས་དང་པོ་ཕྱི་སྣང་བ་ལ་རྩལ་སྦྱངས་བས་སྣང་བ་བདེན་མེད་དུ་ཤེས་པའི་དགོས་པ་ཡོད་པ་དང་། ནང་ཕུང་པོ་ལ་རྩལ་སྦྱངས་པས་ལུས་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་པའོ། །མཉེན་བཙལ་གྱིས་སེམས་ཤིན་སྦྱངས་ཐོབ་ནས་དམིགས་པ་ལས་སུ་རུང་བའི་དགོས་པ་ཡོད་དོ། །ལམ་ཞུགས་ཀྱིས་ཕྱོགས་གཅིག་ནས་ཡུལ་གྱི་བག་ཆགས་སྦྱངས་བ་དང་། ཕྱོགས་གཅིག་ནས་དག་པའི་ཞིང་ཁམས་སྦྱོང་པའི་རྟེན་འབྲེལ་བསྒྲིགས་པའོ། །ངག་སྦྱངས་ཀྱིས་ངག་གི་སྒྲིབ་པ་དག་ནས་ངག་ལོངས་སྐུར་གྲོལ་བའི་དགོས་པ་དང་ལྡན་ནོ། །སེམས་སྦྱངས་ནི། སེམས་དེ་དང་པོ་བྱུང་ས་བཙལ་ནས་བྱུང་ས་མ་རྙེད་པས་སྐྱེ་བ་མེད་པའི་ཁུངས་རིག བར་དུ་གནས་ས་བཙལ་ནས་དང་པོ་བྱུང་མ་མྱོང་བའི་སྐྱེ་བ་མེད་པ་དེ་ལ་བར་དུ་གནས་ས་མ་རྙེད། དང་པོ་སྐྱེ་མ་མྱོང་བར་དུ་གནས་མ་མྱོང་བ་ལ་ཐ་མ་འགྲོ་ས་འགགས་པས་འདིའོ་ཞེས་སྟོན་རྒྱུ་མ་རྙེད་ན་སེམས་གཞི་མེད་རྩ་བྲལ་ཡོད་མེད་ཡིན་མིན་ལ་སོགས་པའི་མཐའ་ལས་འདས་སོང་བའི་སེམས་ཉིད་སྐྱེ་འགག་དང་བྲལ་བར་གཏན་ལ་ཕེབས་པ་ཡིན་ནོ། །དེས་སེམས་ཀྱི་སྒྲིབ་པ་དག་ནས་ཆོས་སྐུར་གྲོལ་བའི་དགོས་པ་ཡོད་དོ། །དེའི་སྟེང་དུ་རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། ཞེས་གསུངས་པས་རྣལ་དབབ་ཀྱིས་རྣལ་མ་མ་བཅོས་པའི་གཤིས་བཟོ་མེད་ཀྱི་ཐོག་ཏུ་རང་བབས་སུ་བཞག་ནས། སོར་གཞུག་གིས་རྣལ་དུ་དབབ་པ་དེ་སྤྱོད་ལམ་འཇམ་པོ་དང་། བར་མ་དང་། རྩུབ་པོ་རྣམས་དང་རིམ་གྱིས་བསྲེས་ནས་རྣལ་འབྱོར་བ་ལྟ་བས་ཡན་ཐུབ། སྒོམ་པས་ཡེངས་ཐུབ། སྤྱོད་པས་རྐྱེན་ཐུབ་པ་ཞིག་བྱས་ནས་སྔོན་འགྲོའི་ཆོས་ཐམས་ཅད་ཀྱིས་དངོས་གཞི་བསྒྲུབ་རུང་དུ་བྱས་པའོ། །སྔོན་འགྲོ་དེ་དག་གི་དགོས་པ་ནི། ཐུན་མོང་དུ་ལུས་ངག་ཡིད་གསུམ་གྱི་བར་ཆད་ཞི་ཞིང་སྡིག་སྒྲིབ་འབྱང་ལ། མཆོག་གི་དགོས་པ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱི་ཀློང་དུ་གྲོལ་བ་སྟེ། འདི་ལ་དགོས་པ་རྣམ་པ་གཉིས། ཐུན་མོང་མཆོག་གི་དབྱེ་བ་བརྟག ཅེས་སོ། །རྣལ་དབབ་གསུམ་གྱི་དགོས་པ་ནི། ལུས་རྣལ་དུ་ཕབ་པས་ཕུང་པོ་དང་ཁམས་དང་བྱང་སེམས་རྒྱས། ངག་རྣལ་དུ་ཕབ་པས་བརྗོད་དུ་མེད་པའི་དོན་ལ་གནས་ཤིང་ཚིག་གི་རྟོག་དཔྱོད་ཟད་པར་འགྱུར། སེམས་རྣལ་དུ་ཕབ་པས་བསམ་པའི་ཞེན་ཡུལ་གྲོལ་བའི་དགོས་པ་ཡོད་དོ། །དེ་དག་གིས་སྔོན་འགྲོ་བསྟན་ཟིན་ཏོ།།

༣༽ དངོས་གཞི་གནད་ཀྱི་གདམས་པ།

༡ སྔོན་དུ་ལུས་ངག་ཡིད་ཀྱི་གནད་ཇི་ལྟར་གཟིར་བ།

དོན་གཉིས་པ་དངོས་གཞི་ཟག་པ་མེད་པའི་ཡེ་ཤེས་རྣལ་འབྱོར་པའི་རྒྱུད་ལ་ཇི་ལྟར་བསྟན་པ་གནད་ཀྱི་གདམས་པ་ལ་ཆོས་ཀྱི་རྣམ་གྲངས་ཆེན་པོ་བཞི་སྟེ། སྔོན་དུ་ལུས་ངག་ཡིད་ཀྱི་གནད་ཇི་ལྟར་གཟིར་བ། གནད་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་རང་ཐོག་ཏུ་དབབ་པ། དེ་ལྟར་ཉམས་སུ་བླངས་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བ་སྟེ། དེ་དག་གི་གྲོགས་སམ་རྒྱབ་རྟེན་ནམ་མཐའ་རྟེན་དུ་མན་ངག་བསྟན་པའོ། །དང་པོ་ནི། རང་བྱུང་བསྟན་པའི་རྒྱུད་ལས། དེ་ལྟར་སྔོན་དུ་འགྲོ་བྱས་ནས། །མངོན་སུམ་དོན་ལ་བལྟ་བའི་ཕྱིར། །ལུས་ངག་ཡིད་ནི་རབ་ཏུ་གཅུན། །ལུས་ནི་སེང་གེ་ལྟ་བུ་དང༌། །དྲང་སྲོང་དང་ནི་གླང་ཆེན་ཚུལ། །འདི་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་ཡང༌། །སྐལ་བ་དག་ནི་མཉམ་པ་ཡིན། །ངག་ནི་ཇི་ལྟར་ལྐུགས་པ་བཞིན། །སུ་དང་བརྡ་ཙམ་ཉིད་མི་བྱ། །འདི་ལྟར་སུ་ཡིས་བྱས་པའི་མི། །སེམས་ཀྱི་འཕྲོ་འདུ་རང་ཆོད་དོ། །འདི་ལྟར་ལུས་ངག་སུས་གཅུན་པ། །ཆོས་ཀྱི་དབྱིངས་ཀྱི་སྣང་བ་ལ། །འདི་ཡིས་གོམས་པར་འགྱུར་བ་ཡིན། །ཞེས་པ་དང༌། ཐལ་འགྱུར་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ངེས་པར་བསྟུན། །དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ངག་ནི་བསླབ་དང་གནས་པ་དང༌། །ལ་བཟླ་བརྟན་པར་བྱ་བའོ། །སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་པས། ལུས་ཀྱི་གནད་འདུག་སྟངས་གསུམ་ལས་མི་གཡོ་བ། ངག་གི་གནད་བརྗོད་དུ་མེད་པ་ལས་མི་གཡོ་བ། སེམས་ཀྱི་གནད་ཕྱིའི་དབྱིངས་ནམ་མཁའ་སྟོང་པའི་དཀྱིལ་དུ་བལྟ་བ་ལས་མ་ཡེངས་ཤིང་རྟོག་པ་མེད་པའི་ངང་ལས་མི་གཡོ་བ་གསུམ་མཆོག་ཏུ་བསླབ་པར་བྱའོ། །འདིའི་གོང་དུ་གསུངས་པའི་སྤྱི་ཆིངས་ཆོས་ཚན་རྣམ་པ་བཞི་འདིས་རྣལ་འབྱོར་བའི་ཐོད་རྒལ་གྱི་ལམ་ཆ་ཚང་མཐར་ཕྱིན་པར་བསྟན་པ་སྟེ། དང་པོ་ལུས་ངག་ཡིད་གསུམ་གྱི་གནད་མ་གཟིར་ན་ཡེ་ཤེས་སྐྱེ་བའི་ངོ་མི་ཤེས་པས་སྔོན་དུ་ལུས་ངག་ཡིད་ཀྱི་གནད་གཟིར་བ་དང༌། གཉིས་པ་གནད་རྣམ་པ་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་མ་ཕབ་ན་ལྟ་བ་ཚིག་ཕྱིར་ཤོར་བས་གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ཏུ་དབབ་པ་དང༌། གསུམ་པ་དེ་ལྟར་ཕབ་ཅིང་ཉམས་སུ་བླངས་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བའི་རིམ་པ་དང༌། བཞི་པ་དེ་དག་གི་གྲོགས་སམ་རྒྱབ་རྟེན་བཞིས་གནད་མ་གོམས་ན་གོམས་པ་ཚད་དུ་མི་འགྲོ་བས་མཐའ་རྟེན་གྱི་མན་ངག་བསྟན་པ་དང་ཆོས་ཚན་བཞིར་གསུངས་སོ། །ཆོས་ཚན་བཞིས་ལམ་མཐར་ཕྱིན་པའི་ངེས་པ་ཡང༌། མང་ན་ཁ་འཁྱལ་པས་དགོས་པ་མེད་ལ། ཉུང་ན་རྩ་བ་མེད་པས་འདོད་པའི་དོན་གྱི་འབྲས་བུ་མི་སྨིན་པས་དགོས་པ་ལ་ལྟོས་ནས་བཞིར་འབྱུང་སྟེ། དེ་ཡང་ཕྱི་རུ་འབྱུང་བཞིའི་རྡོས་བཅས་ཀྱི་སྣང་བ་ཟད་པར་བྱེད་པ་དང་། ནང་དུ་དུས་བཞིའི་འཕེལ་ཟད་པར་བྱེད་པ་དང་། གསང་བར་ནམ་ཟླ་བཞིའི་འགྱུར་བ་ཟད་པར་བྱེད་པ་དང་། ཡང་གསང་དུ་ལུས་ངག་ཡིད་སེམས་བཞིའི་གཞི་སྟོངས་བར་བྱེད་པས་བཞིར་ངེས་པ་ཡིན་ནོ། །ཡང་ཕྱི་རུ་དབང་བཞིའི་ངེས་པ་བསྟན་པར་བྱེད། ནང་དུ་འཁོར་ལོ་བཞིའི་རྩ་འདབ་རྒྱས་པར་བྱེད། གསང་བར་ཡེ་ཤེས་བཞི་དངོས་སུ་གསལ་བར་བྱེད། །ཡང་གསང་དུ་སྒྲོན་མ་བཞིའི་འཕེལ་སྟོན་པར་བྱེད་པ་ལ་དགོངས་ནས་ཀྱང་ཆོས་ཚན་བཞིར་གསུངས་པའོ། །དང་པོ་སྔོན་དུ་ལུས་ངག་ཡིད་གསུམ་གྱི་གནད་གཟིར་བ་ནི། རང་བྱུང་བསྟན་པའི་རྒྱུད་ཀྱི་ལུང་དྲངས་ནས་དེ་དང་འབྲེལ་ནས་བསྟན་པ་ཡིན་པས། ལུས་ཀྱི་གནད་བཞུགས་སྟངས་གསུམ་ལས་མི་གཡོ་བ་གསུངས་པས་ནི། སེངྒེ་ལྟ་བུས་ཆོས་སྐུའི་བཞུགས་སྟངས་བསྟན་པ་ཡིན། དེ་ཡང་དཔེར་ན་སེངྒེ་སེང་ཚང་དུ་ཞུགས་པ་དང་འདྲ་སྟེ། རྐང་མཐིལ་གཉིས་ས་ལ་ཕབ། ལུས་འགྱིང་ཚུགས་སུ་འདུག ལག་སོར་གཉིས་ཀ་བསྐུམ་ནས་རྐང་པ་གཉིས་ཀྱི་བར་གྱི་ས་རུ་བཙུགས། རོ་སྟོད་ཡར་གསེང་ལ་བོར། རྩལ་མཇིང་པ་ལ་བོར་དགོས་སོ། །གླང་ཆེན་ཚུལ་ཞེས་པས་ནི་ལོངས་སྐུའི་བཞུགས་སྟངས་བསྟན་ལ། དེ་ཡང་དཔེར་ན་གླང་པོ་ཆེ་ཉལ་བ་དང་འདྲ་སྟེ། ཁ་སྦུབ་ཏུ་ཉལ་ནས་པུས་བྲང་གཉིས་ཀ་སྦྱར། རྐང་པའི་སོར་མོ་ཕྱིར་ཕུལ། ལག་པའི་གྲུ་མོ་སར་བཙུགས། མཇིང་པ་གྱེན་དུ་བཏེག་པའོ། །དྲང་སྲོང་ཙོག་པུ་སྤྲུལ་སྐུའི་བཞུགས་སྟངས་ནི། དཔེར་ན་དྲང་སྲོང་ཙོག་པུ་དང་འདྲ་སྟེ། རྐང་པའི་ལོང་བུ་གཉིས་ཀ་གཤིབས། རྐང་མཐིལ་གཉིས་སར་བཅར། པུས་བྲང་སྦྱར། ལུས་སྤྱི་དྲང་པོར་བསྲང་། ལག་པ་བསྣོལ་མ་བྱ། མཇིང་པ་ཐད་བསྲང་པའོ། །དེ་ལྟ་བུའི་ལུས་ཀྱི་གནད་བཞུགས་སྟངས་གསུམ་ལས་མི་གཡོ་བའི་ཐོག་ནས་ངག་གི་གནད་བརྗོད་དུ་མེད་པ་ལས་མི་གཡོ་བ་གསུངས་པས་འདིའི་སྐབས་སུ་ངག་གི་སྨྲ་བ་གཅོད་དགོས་ཏེ། ཐལ་འགྱུར་ལས། ངག་ནི་བསླབ་དང་གནས་པ་དང་། །ལ་བཟླ་བ་ཉིད་བརྟན་པར་བྱ། །ཞེས་ཁྲིད་ཡིག་ཡེ་ཤེས་བླ་མའི་སྐབས་ནས་གསུངས་པ་ལྟར་རང་རེའི་ལོ་གསུམ་བ་དང་ཞག་བརྒྱ་བ་རྣམས་ཀྱིས་སྦྱོང་བཞིན་པ་རེད། དང་པོར་ངག་བསླབ་པའི་དུས་སུ་སྨྲ་བ་ཇེ་ཉུང་གཏང་། དེ་ནས་གནས་པའི་དུས་སུ་ཁ་ཏོན་མིན་པའི་ངག་གི་སྨྲ་བ་ཐམས་ཅད་བཀག་སྟེ་ཐ་མལ་གྱི་སྨྲ་བ་ཚིག་འབྲུ་གཅིག་མི་བཤད། འདིའི་དུས་ལག་པས་བརྡ་རེ་བྱེད་ཆོག ལ་བཟླའི་སྐབས་སུ་བརྗོད་པ་བཟང་ངན་ཐམས་ཅད་སྤང་། བརྟན་པའི་སྐབས་སུ་ལུས་ཀྱི་བརྡ་ཙམ་ཡང་མི་བྱ་བར་མི་བརྗོད་པའི་ངང་དེ་ནས་མི་གཡོ་བར་བྱེད་པ་དེ་ལྟ་བུ་ཡིན་ནོ། །སེམས་རྟོག་མེད་ལས་མི་གཡོ་བ་གསུངས་པ་སྟེ། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་གསུངས་པས་སྒོ་གསུམ་ལས་ལུས་ངག་གཉིས་དེ་བཞིན་དུ་གཅུན་པས་སེམས་དེའི་ཞོར་དུ་འཆུན་ནས་དབྱིངས་རིག་འཆར་སླ་བས་མི་ཚད་དབྱིངས་རིག་བསྲེ་བའི་གནད་ཁྱད་པར་བ་ཡིས་ཁམས་གསུམ་གྱི་འཆིང་བ་གཅོད་པ་ཡིན་ནོ།།

༢ གནད་རྣམ་པ་གསུམ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་རང་ཐོག་ཏུ་དབབ་པ།

༼༽ གནད་གསུམ་གྱིས་རང་ཐོག་ཏུ་དབབ་པ།

གཉིས་པ་གནད་གསུམ་ལ་བརྟེན་ནས་ཆོས་ཉིད་མངོན་སུམ་རང་ཐོག་ཏུ་དབབ་པ་ལ་གསུམ་སྟེ། གནད་གསུམ་གྱིས་རང་ཐོག་ཏུ་དབབ་པ། མངོན་སུམ་གྱིས་རང་ངོ་སྤྲད་པ། ཉམས་ལེན་གྱིས་གནད་དུ་བསྣུན་པའོ། །དང་པོ་ནི། སངས་རྒྱས་སྲས་གཅིག་ལས། དེ་ལྟར་ལུས་ལ་སོགས་པ་ཡི། །གནད་ཀུན་རབ་ཏུ་གཟིར་བ་ཡིས། །རིག་པ་ཉིད་དང་མངོན་སུམ་དུ། །བླ་མའི་ལུང་ལས་ཤེས་པ་ཡིན། །ཞེས་པ་དང༌། ཐལ་འགྱུར་ལས། །གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང༌། །རླུང་དང་རིག་པའི་གནད་ཉིད་བསྟེན། །སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཡུལ་ནི་སྒྲིབ་བྱེད་བྲལ་བའོ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས། སྒོའི་གནད། ཡུལ་གྱི་གནད། རླུང་རིག་གི་གནད་དང་གསུམ་ལས། སྒོའི་གནད་གཟིགས་སྟངས་གསུམ་ལས་མི་འགུལ་པ་སྟེ། དེ་ཉིད་ལས། རྒྱང་ཞགས་འགུལ་བ་མེད་པ་གནད། །འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། སྒོ་ནི་དེ་ཉིད་མི་འགུལ་དང༌། །གསལ་བྱེད་རྣམ་གཉིས་མི་འགུལ་བ། །ཞེས་སོ། །དེའང་མིག་གཉིས་མི་འགུལ་བས་འོད་རྩ་མི་འགུལ། །དེས་རྟོག་པ་རྒྱུན་ཆད་པའོ། །གནད་གསུམ་ལ་བརྟེན་ནས་མངོན་སུམ་རང་ཐོག་ལ་ཕབ་པ་འདི་སྒོ་ཡུལ་རླུང་རིག་གི་ཐོག་ནས་གསུངས་པ་ཡིན། སྤྱིར་གནད་ཅེས་པ་ནི། ལུས་ཀྱི་གནད་གཉན་ས་ཞིག་ལ་མཚོན་ཕོག་ན་གསོན་པོར་མི་འཚོ་བ་ལྟར། འདིའི་གནད་གསུམ་གྱིས་ཟིན་ན་ཆོས་ཉིད་འགྱུར་དུ་མི་འཇུག་པའི་གནད་ཡིན་ཏེ། སྒོའི་གནད་སོ་བ་ལྟ་བུས་རིག་ཚེ་ཡུལ་གྱི་གནད་མགྲོན་པོ་འདྲ་དེ་རླུང་རིག་གི་གནད་ཇག་པ་ལྟ་བུ་དེས་ལག་ཏུ་མི་ཐེབ་པར་ཤོར་ས་མེད་པའོ། །དེ་ཡང་ཡུལ་མེད་ན་རྟེན་སའི་གཞི་མེད་ལ། སྒོ་མེད་ན་འགྲོ་བའི་ལམ་སྟོར། རླུང་རིག་གི་གནད་མེད་ན་ཤེས་རིག་ནང་དུ་མི་ཆུད་པས་གནད་གསུམ་དུ་ངེས་པས། དེ་བས་མང་བ་དང་ཉུང་མི་དགོས་སོ། །དེ་ལས་སྒོའི་གནད་དེ་ཅི་ཡིན་ཞེ་ན། རྒྱང་ཞགས་འགུལ་བ་མེད་པའི་གནད། །ཅེས་དང་། །གསལ་བྱེད་རྣམ་གཉིས་མི་འགུལ་བ། །ཞེས་དང་། འདི་དུས་ལྟ་སྟངས་གསུམ་དང་སྦྱར། །ཞེས་པའི་གོ་དོན་དང་བསྒྲིགས་ཚེ་གཟིགས་སྟངས་གསུམ་ལས་གཞན་དུ་མི་གཡོ་བ་དང་མི་འགུལ་བར་བྱེད་དགོས་ཤིང་། དེ་ལས་གཞན་དུ་ཐ་མལ་བའི་ལུགས་ཀྱིས་བལྟས་ན་ཡེ་ཤེས་འཆར་བ་མིན་པ་དང་། འཆར་ཡང་ནུབ་སླ་བ་ཡིན། གཟིགས་སྟངས་གསུམ་ནི། ཆོས་སྐུའི་གཟིགས་སྟངས། ལོངས་སྐུའི་གཟིགས་སྟངས། སྤྲུལ་སྐུའི་གཟིགས་སྟངས་གསུམ་ཡིན་ལ། ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གྱེན་ལ་གཟིགས་དགོས། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཟུར་དུ་གཟིགས་དགོས། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་གཟིགས་སྟངས་ཐུར་ལ་གཟིགས་དགོས་པ་ཡིན་ནོ། །ཆོས་སྐུའི་ཆོས་ཉིད་ཀྱི་སྤྱན་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད་དང་། ལོངས་སྐུའི་ཡེ་ཤེས་ཀྱི་སྤྱན་གྱིས་ཟུར་ལ་མཉམ་པར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད་དང་། སྤྲུལ་སྐུའི་ཤེས་རབ་ཀྱི་སྤྱན་གྱིས་ཕབ་སྟེ་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་རྣམས་ཡོད་དོ། །གཟིགས་སྟངས་གསུམ་དུ་ངེས་པ་ནི། སྐུ་གསུམ་ལ་སྦྱར་ནས། གདུལ་བྱ་ལེ་ལོ་ཅན་དང་། བརྩོན་འགྲུས་ཅན་དང་། བཏང་སྙོམས་པ་ཞིག་དང་། གསུམ་ལ་དགོངས་ནས་ལེ་ལོ་ཅན་ལ་ལོངས་སྐུའི་གཟིགས་སྟངས། བརྩོན་འགྲུས་ཅན་ལ་སྤྲུལ་སྐུའི་གཟིགས་སྟངས། བཏང་སྙོམས་ཅན་ལ་ཆོས་སྐུའི་གཟིགས་སྟངས་ཏེ་དེ་ལྟར་བསྟན་པའོ། །གཉིས་པ་ཡུལ་གྱི་གནད་སྨིན་མཚམས་ཀྱི་ནམ་མཁའ་ལ་མིག་གཏད་དེ་ཤེས་པ་མ་ཡེངས་པར་བལྟ་བ་ནི་དབྱིངས་དང་རིག་པའི་ལྟ་སྟངས་ཞེས་བྱའོ། །དེའང་ནམ་མཁའ་ནི་དབྱིངས་རྣམ་དག་གི་སྒྲོན་མ་འཆར་བའི་གཞི་ཡིན་པས་དེར་བལྟ་བ་ལ་དབྱིངས་ཀྱི་ལྟ་སྟངས་ཞེས་བྱའོ། །ཤེས་པ་ནི་རིག་པའི་རྩལ་ཡིན་པས་དེ་མ་ཡེངས་ན་གདངས་ལུ་གུ་རྒྱུད་ཀྱི་སྣང་བ་འཆར་བས་རིག་པའི་ལྟ་སྟངས་ཞེས་བྱའོ། །འདིའི་དུས་སུ་ཕྱིའི་དབྱིངས་ནམ་མཁའ་ལ་གཏད་པས་ནང་གི་དབྱིངས་སྒྲོན་མ་སྡོད་ལ། དེ་བསྡད་པས་རིག་པའི་ངོ་བོ་ལུ་གུ་རྒྱུད་སྡོད་ཅིང༌། དེ་བསྡད་པས་དེ་ལས་ཤར་བའི་སྣང་བ་ཀུན་སྡོད་པའོ། །དེ་དག་ཀྱང་གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། དབྱིངས་དང་རིག་པའི་ལྟ་སྟངས་ནི། །སྒྲིབ་བྱེད་བྲལ་བའི་ནམ་མཁར་བལྟ། །ཞེས་པ་དང༌། ཐལ་འགྱུར་ལས། དབྱིངས་ནི་ཕྱི་དང་ནང་དུ་སྟེ། །ཕྱི་ནི་སྤྲིན་བྲལ་མཁའ་ལ་འཛིན། །ནང་དབྱིངས་སྒྲོན་མ་དག་ཏུའོ། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཡུལ་གྱི་གནད་ཀྱང་རྣམ་པ་གསུམ། །དག་པའི་དབྱིངས་ནི་སྡོད་པ་དང༌། །དེ་བཞིན་རིག་པའི་ངོ་བོ་སྡོད། །སྣང་བ་ཐམས་ཅད་སྡོད་པའོ། །ཞེས་སོ། །འདིའི་སྐབས་སུ་ལྟ་སྟངས་གཉིས་ཀྱི་གནད་ཀྱིས། ཡུལ་གསུམ་སྡོད་པར་བྱེད་པ་ཞིག་ཡིན་ལ། ལྟ་སྟངས་གཉིས་ནི། དབྱིངས་ཀྱི་ལྟ་སྟངས་དང་། སྒྲོན་མའི་ལྟ་སྟངས་གཉིས་ཀ་ཡིན། ལྟ་སྟངས་གཉིས་པོ་དེ་ལ་བརྟེན་ནས་ཡུལ་གང་གསུམ་པོ་སྡོད་དགོས་ན། དབྱིངས་ཀྱི་ཡུལ་དང་གཅིག སྒྲོན་མའི་ཡུལ་དང་གཉིས། སྣང་བའི་ཡུལ་དང་གསུམ་པོ་དེ་མི་གཡོ་མི་འཕྲོ་མི་འགུལ་བར་སྡོད་དགོས་སོ། །འདི་ལ་ཡུལ་ཟེར་དགོས་པ་ཅིའི་ཕྱིར་ན། ཕྱི་རིག་པ་འཆར་བའི་ཡུལ་དང་། ནང་ཉམས་རྟོགས་འཕེལ་བའི་ཡུལ། གསང་བ་ཉམས་དང་རིག་པ་གཉིས་སུ་མེད་པས་འཁོར་འདས་འདྲེས་པའི་ཡུལ་ཡིན་པས་ན་ཡུལ་ལོ། །ཕྱིའི་དབྱིངས་ཀྱི་ཡུལ། ནམ་མཁའ་སློང་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བ་ལ། ནང་གི་དབྱིངས་ཀྱི་ཡུལ་སྨིན་མཚམས་ཀྱི་མཛོད་སྤུ་ལ་གཏད་དུས། དེར་དབྱིངས་སྣང་མཐིང་ཁ་དང་། དེ་ལས་མཆེད་པའི་རྣམ་ལྔའི་རང་གདངས་འཆར་ཞིང་། ནམ་མཁའ་སྟོང་པ་ལ་རིག་པ་སྟོང་པས་གཏད་དུས། ཡུལ་ནམ་མཁའ་དང་མཐུན་པའི་ཉམས་སྟོང་གསལ་འཕྲོ་འདུ་དང་བྲལ་བ་འཆར་བ་ཡིན། དེ་ལ་མི་གཡོ་བ་བྱས་ནས་བསྡད་དུས། དབྱིངས་ཀྱི་སྒྲོན་མ་སྡོད་ཐུབ་པ་ཡིན། དེ་སྡོད་དུས་རྡོ་རྗེ་ལུ་གུ་རྒྱུད་སྡོད་པ་དང་། དེ་བསྡད་དུས་དེའི་རྩལ་ལས་ཤར་བའི་སྣང་བ་སྡོད་ཅིང་། ཡུལ་ཕྱི་ནང་འདྲེས་ནས། མི་གཡོ་མཉམ་པར་བསྡད་པ་དེ་ལ་མཉམ་པ་རིས་མེད་ཀྱི་ལྟ་བ་ཞེས་ཀྱང་ཆོག་ལ་དབྱིངས་རིག་གཉིས་མེད་ཀྱི་ལྟ་བ་ཞེ་ནའང་ཆོག་གོ །གསུམ་པ་རླུང་རིག་གི་གནད་ནི། ཐལ་འགྱུར་ལས། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་པས། རླུང་ཅི་ནས་ཀྱང་དལ་བས་ཕྱིར་རྒྱང་རིང་དུ་འཕང་བ་ནི་འདིའི་གནད་དོ། །དེ་ཡང་རླུང་ནི་སེམས་ཀྱི་རྟ་ཡིན་པས་ཕྱིར་འཕངས་དུས་རྟ་ཕར་ཆད། མི་ཚུར་ཆད་ནས་གདངས་སྙིང་གར་ཐིམ་པས་རིག་པ་ཀ་དག་རང་ངོ་ལ་གསལ་ལ་མི་རྟོག་པ་ཆོས་སྐུའི་དགོངས་པར་རང་བབས་ལ་གནས་པའི་གནད་དེ། རྒྱུད་དེ་ཉིད་ལས། རླུང་ནི་ཅི་ནས་དལ་བྱ་སྟེ། རབ་ཏུ་འཕངས་པ་ལས་བྱུང་བ། །ལུས་དང་སེམས་ཀྱི་འབྲེལ་ཆད་དོ། །ཁམས་གསུམ་དུ་ཡང་ལྡོག་པ་མིན། །ཞེས་སོ། །རིག་པའི་གནད་ནི་མིག་མི་འགུལ་སེམས་མ་ཡེངས་པ་ལས་དབྱིངས་སྣང་ལུ་གུ་རྒྱུད་དང་བཅས་པ་ཤར་དུས་དབྱིངས་ཀྱི་ར་བར་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་འཛིན་པ་སྟེ། སངས་རྒྱས་སྲས་གཅིག་ལས། དབྱིངས་ཀྱི་ནང་དུ་ལུ་གུ་རྒྱུད། །རྣམ་པར་བཞག་ཅིང་འབྲལ་མི་བྱ། །ཞེས་པ་དང༌། ཐལ་འགྱུར་ལས། རང་ངོ་རིག་པ་ལུ་གུ་རྒྱུད། །འགྲོ་འོང་བྲལ་ཏེ་མཁའ་ལའོ། །ཞེས་སོ། །རླུང་རིག་གཉིས་ཀ་གནད་གཅིག་ལ་བརྩིས་ནས་སྒོ་ཡུལ་རླུང་རིག་གི་གནད་གསུམ་གསུངས་པའང་ཡོད་ལ། རླུང་རིག་སོ་སོར་བགྲང་ནས་བཞིར་བྱས་ཀྱང་འགལ་བ་མི་འདུའོ། །གང་ལྟར་རླུང་རིག་དལ་བར་འགྲུབ་དུས་ཡེ་ཤེས་འགྲུབ་སྟེ། རླུང་རིག་དལ་བས་ཡེ་ཤེས་འགྲུབ། །ཅེས་གསུངས་པའི་ཕྱིར། རླུང་དལ་དུས་རིག་པ་དལ། རླུང་རྒྱང་རིང་ཕྱིར་འཕངས་ན་རིག་པ་ཡུན་རིང་འདུག་པ་ཡིན། དེ་ཅིའི་ཕྱིར་ན་རླུང་གི་རྟ་དང་རིག་པའི་གདངས་གཉིས་ཐུག་ནས་སེམས་སུ་འགྱུར་ཞིང་། དཔེར་ན་རྒྱ་མཚོའི་ཆུ་དང་རླུང་གི་ཤུགས་གཉིས་འཕྲད་ཚེ་རྦ་རླབས་སུ་འགྱུར་བ་བཞིན་ནོ། །རླུང་དལ་དུས་རིག་པ་ཅིའི་ཕྱིར་དལ་བ་ཡིན་ན་ལས་རླུང་རྟ་ལྟ་བུ་ཕར་ཆད། གདངས་མི་འདྲ་བ་ཚུར་འདུས་དུས། གདངས་གཞི་ལ་ཐིམ་ནས་ཀ་དག་ཆོས་སྐུའི་དགོངས་པ་མི་རྟོག་རང་བབས་གསལ་ལ་མི་འཕྲོ་བའི་ངང་དུ་འདུག་ཐུབ་པ་ཡིན། དེས་ན་རླུང་གནད་མི་འགུལ་དུས་རིག་པའི་གནད་མི་འགུལ། རིག་པའི་གནད་མི་འགུལ་དུས་མིག་མི་འགུལ། སེམས་མ་གཡེངས་པས་དབྱིངས་སྣང་ལུག་རྒྱུད་དང་བཅས་པ་ཤར་བ་དེ་འགུལ་འཕྲིག་མེད་པར་འདུག་པ་ཡིན་ནོ།།

༼༽ མངོན་སུམ་གྱིས་རང་ངོ་སྤྲད་པ།

དེ་ལྟ་བུའི་རླུང་རིག་དལ་བས་འགྲུབ། །ཅེས་གསུངས་པ་དང་། ཁམས་གསུམ་དུ་ཡང་ཟློག་པ་མིན། །གསུངས་པའི་དོན་ནི་རིག་པ་ལུ་གུ་རྒྱུད་འདི་རྒྱུ་མིང་འབྲས་བུ་ལ་བཏགས་པའི་རིག་པ་ངོ་སྤྲོད་འདི། གནད་གསུམ་གྱིས་རང་ཐོག་ལ་དབབ་པའི་མཚམས་དེ་མ་ཐག་ཏུ་གཉིས་པ་མངོན་སུམ་གྱིས་རང་ངོ་སྤྲད་པ་ནི། གནད་ཀྱིས་མཐོང་བའི་རང་སྣང་རྡོ་རྗེ་ལུ་གུ་རྒྱུད་དེ་ནི་ཐོག་མའི་ཀུན་ཏུ་བཟང་པོ་དམ་པ་དང་པོའི་སངས་རྒྱས་ཡེ་ནས་རང་ལ་ཡོད་པའི་རང་གདངས་དེ་རིང་མཐོང་བས་ཐོག་མའི་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པར་འགྱུར་ཏེ། རང་ངོ་རང་གིས་མཐོང་བ་ལ་དགའ་བ་སྐྱེད་ཅིག རང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དུ་ཡེ་ནས་གནས་པའི་སྣང་བ་དེ་རིང་ཉིད་དུ་མཐོང་བའོ་ཞེས་བཤད་དེ། རང་བྱུང་བསྟན་པའི་རྒྱུད་ལས། འདི་ལྟར་སུ་ཡིས་མཐོང་བའི་མི། །ཐོག་མའི་ཀུན་ཏུ་བཟང་པོ་དང༌། །སྐལ་བ་ཉིད་ནི་མཉམ་པའོ། །ཞེས་པ་དང༌། ཐལ་འགྱུར་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་པ་ཡིས་སངས་རྒྱས་སོ། །ཞེས་དང༌། མངོན་སུམ་རྙེད་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་སོ། །དེ་ཡང་ལུ་གུ་རྒྱུད་ནི་དངོས་འོད་རྩའི་གདངས་དང་ཆ་ཤས་ཐིག་ལེ་དང་འོད་ལྔ་ཀུན་ལ་བཤད་དེ། ལུ་གུ་རྒྱུད་ནི་གྲངས་མང་བས། །ཞེས་འབྱུང་བའི་ཕྱིར་རོ། །འདི་ལྟར་སྣང་དུས་ཀྱི་འོད་སྣང་སྟོང་གཟུགས་ཀྱི་ཆ་ཐམས་ཅད་ཁམས་བདེ་གཤེགས་སྙིང་པོའི་རང་གདངས་ཡེ་ཤེས་ཀྱི་སྣང་བ་ཡིན་ཏེ་ཤེལ་གྱི་གདངས་ཕྱིར་སྣང་བ་བཞིན་ནོ། །འགུལ་བ་དང་འཕྲིག་པ་དང་འགྲོ་འོང་དང་འཕེལ་འགྲིབ་དང་ཕྱིའི་ཡུལ་ལ་སྣང་ནུས་པའི་ཆ་རྣམས་ཀྱི་རྐྱེན་རླུང་ལྔའི་བྱེད་པ་སྟེ། ཉི་ཟེར་ཤེལ་ལ་ཕོག་པའི་ཆས་འོད་འཆར་བའི་རྐྱེན་བྱེད་པ་བཞིན་ནོ། །དེ་ཡང་ལྟ་སྟངས་གཟིགས་སྟངས་ཀྱིས་གཅུན་པས་གཡོ་བྱེད་ལས་ཀྱི་རླུང་ནང་དུ་འཇུག་དུས་སེམས་སེམས་བྱུང་རྟོག་པའི་འཕྲོ་འདུ་ཆད་པ་དང་འོད་སྣང་འགུལ་འཕྲིག་མེད་པར་སྡོད་པ་ནི་གནས་གཅིག་སྟེ། སེམས་ཀྱི་རྟ་དང་འོད་སྣང་འཆར་བའི་རྐྱེན་གཉིས་རླུང་གཅིག་པུ་དེས་བྱེད་པ་ལས། དེ་རང་གནས་སུ་དུས་དེར་འཆིང་བའི་ཕྱིར་རོ། །མཐར་ཟད་པའི་དུས་སུ་རླུང་ལྔ་ནང་དབྱིངས་སུ་དག་པས་དེས་རྒྱུ་རྐྱེན་བྱས་པའི་འཁྲུལ་སྣང་འཁྲུལ་རྟོག་ཏུ་སྣང་བ་ཐམས་ཅད་དང་གཟིགས་སྣང་འོད་ཀྱི་ཞིང་ཁམས་ཐམས་ཅད་ཀྱང་ནང་དབྱིངས་ཀ་དག་གི་ས་ལ་རང་ཐིམ་སྟེ། ལྷུན་གྲུབ་ཀྱི་འཆར་སྒོ་དབྱིངས་སུ་ཡལ་ནས་ལྷུན་གྲུབ་གཏིང་གསལ་ཕྲ་བའི་ཆ་ཙམ་དུ་གནས་པ་ལས་དངོས་སྣང་དུ་གྲུབ་པ་མེད་པས་ཆོས་སྐུ་སྣང་མེད་རོ་གཅིག་ཏུ་བཞུགས་པ་ཞེས་བྱའོ། །དེ་ནས་རླུང་ལྔ་གཡོ་ཟོལ་ཟད་པས་དབྱིངས་ནས་ནམ་ཡང་མི་འཁྲུལ་པའི་ཕྱིར་གཞི་ཉིད་འབྲས་བུར་སྨིན་པས་རང་ས་ཟིན་པ་ཞེས་བྱའོ། །དེའི་ཕྱིར་ཐོད་རྒལ་གྱི་སྣང་བ་དང་པོ་འཆར་དགོས། སྒོམ་དུས་མ་ཞེན་དགོས། ཕྱིས་ཟད་དགོས་ཏེ་རིག་པ་རླུང་དང་སྦྲགས་ནས་རང་ས་ཟིན་དགོས་པའི་ཕྱིར་ཏེ། རླུང་གི་ཆ་དག་དགོས། རིག་གདངས་ཀྱི་ཆ་འཕེལ་བ་ལས་སླར་ནང་དབྱིངས་སུ་ཟད་དགོས། འདིའི་དགོངས་པ་རྟོགས་དཀའ་བའི་གནས་ཏེ་ཁོ་བོས་ཀྱང་རིང་མོ་ཞིག་ན་བླ་མའི་དྲིན་གྱིས་རྟོགས་པ་ཡིན་ནོ། །དེས་ལྷུན་གྲུབ་ཐོད་རྒལ་གྱི་གནད་ཀྱི་སྙིང་པོ། མངོན་སུམ་ངོ་སྤྲོད་ཀྱི་གནད་འདི་གསལ་བོར་བྱས་ནས་གསུངས་པའོ། །རང་ལ་ཡེ་ནས་ཡོད་པའི་རིག་པ་བདེ་གཤེགས་སྙིང་པོའི་གདངས་རྡོ་རྗེ་ལུ་གུ་རྒྱུད་དེ། གནད་གསུམ་མམ་བཞི་ལ་བརྟེན་ནས་མངོན་སུམ་དུ་མཐོང་བ་འདི་ཐོག་མའི་སངས་རྒྱས་དང་སྐལ་བ་མཉམ་པ་ཡིན་ཏེ། ཐོག་མའི་སངས་རྒྱས་ཀྱིས་རང་ངོ་ཤེས་ནས་མ་འཁྲུལ་བར་སངས་རྒྱས་པ་བཞིན་དུ། རང་ལ་ཡོད་པའི་རིག་པའི་རང་ཞལ་མཇལ་ནས་འཁྲུལ་བ་བཟློག་སྟེ་སངས་རྒྱས་ཚེ། སངས་རྒྱས་པའི་དུས་ཀྱི་སྔ་ཕྱི་ཙམ་ལས་ཁྱད་པར་དང་བཟང་ངན་མེད་པས་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པ་ཡིན་པས་དགའ་བ་སྐྱེད་ཅིག་ཅེས་པའོ། །རང་ངོ་རང་གིས་ཇི་ལྟར་མཐོང་བའི་ཚུལ་ནི། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཅེས་པའམ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ནམ་མཁར་ལྡིང་བ་ལྟ་བུའི་འོད་སྣང་སྟོང་གཟུགས་ཤིག་འཆར་བ་འདི། རིག་པ་ནང་དུ་བཞུགས་པའི་རིག་གདངས་ཕྱི་རུ་འཆར་བ་ཡིན་ནོ། །འོ་ན་ཕྱི་རུ་ཤར་བ་ཅིའི་ཕྱིར་ཞེ་ན། ཉི་ཟེར་ཤེལ་ལ་ཕོག་དུས་ཤེལ་ཡང་མིན་ལ། ཉི་འོད་ཀྱང་མིན་པའི་འོད་ཅིག་འཆར་ཞིང་དེ་འཆར་བའི་ནུས་པ་དེ་ཤེལ་ཁོ་རང་ལ་རང་ཆས་སུ་ནང་གསལ་དུ་ཡོད་པའི་རྐྱེན་ཉི་ཟེར་ཕོག་པ་དེས་བྱས་པ་དང་འདྲ་བར། རྐྱེན་རླུང་ལྔའི་བྱེད་པ་ཡིས་རིག་པའི་རང་གདངས་ཕྱིར་འཕྲོས་པ་ཡིན་ནོ། །དེས་རང་གདངས་དེ་ཡེ་ཤེས་ཀྱི་སྣང་བ་ཡིན་ཏེ། དཔེར་ན་ཤེལ་ལས་འཕྲོས་པའི་འོད་ཟེར་དེ་ཤེལ་གྱི་འོད་ཟེར་ཡིན་པ་བཞིན་ནོ། །རིག་གདངས་ཕྱིར་འཕྲོ་བ་དེ་རླུང་གི་རྐྱེན་བྱས་པ་ཡིན་པས་དེ་འགུལ་འཕྲིག་འགྲོ་འོང་འཕེལ་འགྲིབ་ཅན་ཞིག་ཡིན་ནོ། །རྒྱུ་མཚན་དེས་ན་བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་གཅུན་ནས་གཡོ་བྱེད་ཀྱི་རླུང་ནང་དུ་བཅིངས་ཚེ། སེམས་བྱུང་རྟོག་པའི་འཕྲོ་འདུ་ཆད་པ་དང་དུས་མཉམ་དུ་འོད་སྣང་མི་འགུལ་བར་འདུག་པ་ཡིན་པས། ཕྱིའི་འོད་གསལ་ལ་བལྟས་དུས་ནང་རྣམ་རྟོག་དང་བྲལ་ནས་སྤྲོས་བྲལ་ནམ་མཁའ་དང་འདྲ་བའི་གདངས་ནང་ནས་ཤར་བ་དེ་ནི་དབྱིངས་རིག་གཉིས་སུ་མེད་པའི་དགོངས་པའོ། །ཀ་དག་གི་རིག་གདངས་དང་། ལྷུན་གྲུབ་ཀྱི་འོད་གདངས་གཉིས་ཀ་ཕྱི་ནང་ཟུང་དུ་འབྲེལ་བས་ཀ་ལྷུན་ཟུང་དུ་འཇུག་པ་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་རྙེད་པའོ། །འདིའི་ཞིབ་ཆ་ད་རུང་ཤེས་རབ་རང་བྱུང་གི་སྒྲོན་མེའི་སྐབས་སུ་ཡང་བཤད་དུ་ཡོད་ལ། འདི་གསར་རྒྱུད་ལ་སོགས་པ་རྒྱུད་སྡེ་གཞན་ནས་བཤད་པའི་སྟོང་གཟུགས་རྟགས་བཅུ་བོ་དང་གཅིག་པ་ཡིན་ནམ་ཞེ་ན། དེ་ནི་གཅིག་མིན་པའི་ཁྱད་པར་ཆེ་སྟེ། རླུང་གདངས་དང་རིག་གདངས་ཀྱི་ཁྱད་པར་ཡོད་དེ། འདི་རིག་གདངས་ཡིན་པས་མཐར་ཐུག་རིག་པའི་མ་ལ་ཐིམ་པས་རིག་གདངས་རིག་པའི་དབྱིངས་སུ་འཁྱིལ་ནས་ནང་གསལ་གཞོན་ནུ་བུམ་སྐུ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་དབྱིངས་ལྷུན་གྲུབ་རིན་པོ་ཆེའི་སྦུབས་གསུམ་ལས་འབྲས་བུ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་སྐུ་གསུམ་གྱི་རྩལ་མཐར་ཐུག་རྫོགས་པའོ། །དེས་ན་ཆོས་ཉིད་ཟད་སར་འཁྱོལ་དགོས་པས་ན་ཐོད་རྒལ་གྱི་སྣང་བ་དེ། དང་པོར་འཆར་དགོས་ཕྱིས་ཟད་དགོས་གསུངས་ལ། ཟད་ཅེས་པ་འདི་མེད་སོང་བའི་ཐ་སྙད་དང་རྣམ་པ་ཀུན་ཏུ་སྦྱར་རྒྱུ་ཞིག་མིན་པར་ཆ་ཡི་འཕེལ་རྫོགས་པ་དེ། དཔེ་བཅོ་ལྔའི་ཟླ་བ་མཐར་གནམ་སྟོང་གི་དབྱིངས་སུ་འཕེལ་འགྲིབ་མེད་པར་ཆ་ཤས་རྫོགས་ནས་ཡོད་པ་དང་འདྲ་བར། རླུང་གི་རྟ་ཡི་ཆ་དེ་དག་རིག་གདངས་ཀྱི་ཆ་འཕེལ་བའི་དབང་གིས་སླར་ཡང་ནང་དབྱིངས་སུ་ཟད་པའམ་རྫོགས་པའམ་འཁྱིལ་བའི་ཐ་སྙད་དེ་སྦྱར་བའོ། །ཀུན་མཁྱེན་བླ་མས་རྟོགས་དཀའ་བའི་གནས་འདི་ཁོང་གི་བླ་མའི་དྲིན་གྱིས་རྟོགས་པར་མཛད་པ་ཡིན་ཞིང་། ཀུན་མཁྱེན་བླ་མའི་བཀའ་དྲིན་གྱིས་རང་རེས་ཀྱང་ཆོས་སྐུའི་དགོངས་པ་བདེ་བླག་ཏུ་རྙེད་ནས། སྲིད་གསུམ་གདར་ཤ་བཅད། ཁམས་གསུམ་འཁོར་བ་མིང་མེད་དུ་བཏང་བའི་གདམས་ངག་གིས། མ་འཁྲུལ་བའི་སངས་རྒྱས། ཀ་དག་ལྷུན་གྲུབ་ཀྱི་རང་གདངས། དབྱིངས་རིག་གཉིས་མེད་ཀྱི་དགོངས་པའི་རང་ཞལ་མཇལ་བ་འདི་ལ་དགོངས་ནས་ཀུན་ཏུ་བཟང་པོ་དང་སྐལ་བ་མཉམ་པས་དགའ་བ་སྒོམས་གསུངས་པའོ། །དེ་མ་ཡིན་པ་ཕྱིའི་སྣང་བ་ཞིག་ལ་ཞེན་ནས་ཆགས་ན་འཁྲུལ་སྣང་གཞན་ལ་ཆགས་པ་དང་གཅིག་པ་ཡིན་གསུངས་པའོ། །དེས་ན་སྒོམ་དུས་མ་ཞེན་དགོས་གསུངས་པ་ཡིན་ནོ།།

ཉིན་བཅུ་བཞི་བའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། འཁོར་བའི་སྡུག་བསྔལ་འདི་ལ་མ་བསམ་ན། །ངེས་འབྱུང་སྐྱོ་ཤས་འདི་ལ་སྐྱེ་དུས་མེད། །དལ་འབྱོར་རྙེད་དཀའ་འདི་ལ་མ་བསམ་ན། །སྤྲོ་དགའི་དམ་ཆོས་འདི་ལ་འོང་དུས་མེད། །ཅེས་གསུངས་པ་ལྟར་འཁོར་བའི་སྡུག་བསྔལ་འདི་ལ་བསམ་བློ་ཞིག་བཏང་ནས་འདིའི་ནང་ནས་ཐར་བར་བྱེད་དགོས་ལ། འགྲོ་བ་མིའི་ལུས་རྟེན་འདི་ལ་མཚོན་ན་མཐོ་རིས་ཀྱི་གནས་ཡིན་ལ། མཐོ་རིས་ལྷ་མིའི་གནས་དེ་ངན་སོང་གི་གནས་ཀྱི་སྡུག་བསྔལ་དང་བསྡུར་ན་བདེ་སྐྱིད་ཡོད་པའི་གནས་རེད་ཅེས་ཟེར་ཆོག་ཀྱང་། ཟག་བཅས་ཀྱི་བདེ་བ་འདི་འགྱུར་བའི་རང་བཞིན་ཅན། རྟག་བརྟན་མེད་པ། འདི་ཁོ་རང་ཡང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས་པ་ཡིན་པས། མདོར་ན་འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་བདེ་བ་སྐད་ཅིག་ཙམ་ཡང་མེད་པ་སྡུག་བསྔལ་གྱི་རྒྱ་མཚོ་ཞེས་པའི་མིང་དང་དོན་མཚུངས་པ་ཞིག་ཡིན་པས། གང་ལ་བསམས་ཀྱང་སྙིང་པོ་འགའ་མེད་ལ། །ཇི་ལྟར་བྱས་ཀྱང་དོན་མེད་སྡུག་བསྔལ་རྒྱུ། །ཐམས་ཅད་སྤངས་ལ་མི་མེད་ལུང་སྟོང་དུ། །དེ་རིང་ཉིད་ནས་ཕྱིན་པར་གྱུར་ན་ལེགས། །ཞེས་གསུངས་པ་ལྟར། གང་ལྟར་བསྒྲུབས་ཀྱང་སྙིང་པོ་མེད་པ་འདི། དེ་སྔོན་ད་བར་དུ་སྐེད་རགས་ལྷམ་སྒྲོག་བཅིང་ཤེས་པ་ཚུན་ཆོད་ཁ་དཀར་ནས་མགོ་མ་དཀར་གྱི་བར་དུ། འདི་མ་བྱས་དེ་མ་བསྒྲུབས་བསམ་པ་ཞིག་མེད་ཀྱང་། བྱས་བྱས་བསྒྲུབས་བསྒྲུབས་ཀྱི་དོན་འབྲས་ཅན་གྱི་སྙིང་པོ། རང་གཞན་འདི་ཕྱིའི་བདེ་དོན་ཞིག་འགྲུབ་མ་དགོས་བྱས་ཚད་ཅོག་སྡིག་པའི་སྣོན་མ། བསྒྲུབས་ཚད་ཐམས་ཅད་བུ་ལོན་གྱི་ཁུར་པོ། བསམ་ཚད་ཐམས་ཅད་མཚང་ངན་གྱི་གཞི་མ། སོང་ཚད་དོན་མེད་ཀྱི་སྟོང་རྒྱུག་ཤ་སྟག་ཏུ་གྱུར་ལ། ད་ཚེ་སྐེད་ཚེ་སྨད་ཀྱི་ཉི་མ་རྒས་པའི་སྒང་ཁ་ལ་ཐུག་དུས་རང་གི་མི་ཚེ་གཅིག་གི་མཐའ་མཇུག་གི་བྱ་བའི་ཕྱོགས་བསྡོམས་ཤིག་བྱས་ན། གཤིན་རྗེའི་མེ་ལོང་དུ་བལྟ་མི་དགོས་པར་རང་ཉིད་ཀྱི་ཞེ་ཚོད་ལ་ཁྲིགས་སེ་ཡོད་པ་ལ་འདང་ཞིག་བརྒྱབ་ན་དཀར་པོ་དགེ་བའི་ལས་བསམ་སྤྱོད་རྣམ་པར་དག་པ་ཞེས་པ་དེ་ཉིན་མོའི་སྐར་མ་དང་འདྲ་ཞིང་། ལྟར་སྣང་གཟུགས་བརྙན་ཙམ་གྱི་རྣམ་དཀར་རེ་མཚམས་རེ་བསྒྲུབས་ཡོད་ཁུལ་བྱས་ཀྱང་། དེ་དག་ནི་ཡང་ན་ཆེ་འདོད་གྲགས་འདོད་གཅིག་གམ། མཛེས་ཆོས་ངོམ་འདོད་གཅིག་གམ། དེ་གཉིས་ཀ་མིན་ཡང་རང་འདོད་རྣམ་སྨིན་ལ་རེ་བ་ཞིག་མ་གཏོགས་པར། དང་པོ་བྱང་ཆུབ་སེམས་ཀྱིས་རྩིས་ཟིན། བར་དུ་དམིགས་མེད་ཀྱི་ལྟ་བས་རྗེས་ཐེབས། ཐ་མར་འཁོར་གསུམ་དག་པའི་བསྔོ་བ་སྨོན་ལམ་རྣམ་པར་དག་པས་མཐར་བརྒྱན་པའི་ཐེག་ཆེན་ཐར་བ་ཆ་མཐུན་གྱི་ཆོས་གྲལ་དུ་འགྲོ་བྱེད་རང་གཞན་སེམས་ཅན་ཐམས་ཅད་གཏན་བདེ་ལ་འགོད་བྱེད་ཀྱི་རྒྱུ་རྩ་ནི་དཀོན་པ་ཡིན་ལ། སྡུག་སྡིག་པ་ལས་ངན་བག་ཆགས་ཀྱི་ཁུར་བོ་ལ་བསམ་བློ་ཞིག་བཏང་ན། འབད་མི་དགོས་པར་ངང་ངང་ཤུགས་ཤུགས་ཀྱིས་བསམ་ཚད་པོ་གནོད་སེམས་དང་ཕྲག་དོག བྱས་ཚད་པོ་རང་འདོད་དང་གཞན་གནོད་ལས་ཡོད་པ་མ་ཡིན་ཏེ། སོ་སོའི་སྐྱེ་བོ་ཡིན་པའི་ཕྱིར། རང་གཞན་སོ་སོའི་སྐྱེ་བོ་ཐམས་ཅད་དེའི་རང་བཞིན་ཡིན་པ་ནི། དཔེར་ན་སྦྲུལ་ཞིག་ལ་བལྟས་ནས་ཅི་འདྲའི་སྦྲུལ་གདུག་རྩུབ་ཅན་ཞིག་རེད་ཅེས་བརྗོད་དུ་མེད་དེ། གདུག་རྩུབ་ལོས་ཆེ་སྦྲུལ་རེད་མོད། དེ་བཞིན་དུ་སོ་སོའི་སྐྱེ་བོས་མི་འདོད་བཞིན་དུ་རང་སྡུག་ཉོ་བཞིན་ཡོད་འདུག་མཚར་བ་ལ་བསམ་རྒྱུ་མེད་དེ། སོ་སོའི་སྐྱེ་བོ་ཡིན་པའི་དབང་གིས་ཡིན་པའི་ཕྱིར། སོ་སྐྱེ་ཐ་མལ་པ་རྨོངས་པའི་རང་བཞིན་ཅན་དེ་ཁ་ཕར་འཁོར་ནས་བཤད་ཀྱིན་ཡོད་པ་མིན། བདག་དང་བདག་འདྲ་བ་བདེ་དགོས་བསམ་ནས་སྡུག་བསྔལ་གྱི་རྒྱུ་སྒྲུབ་བཞིན་ཡོད་པའི་རང་གཞན་ཐམས་ཅད་བསམ་བློ་བཏང་ན་ཅི་འདྲ་འདྲའི་མགོ་ཞིག་འཁོར་འདུག ཐར་མེད་ཀྱི་བཙོན་རྭ་འདིའི་ནང་དུ་ཚུད་ནས་སྐྱེ་ཤི་གཉིས་ཀ་བརྩི་ཚོད་མེད་པ་ཞིག་མྱོང་ན་ཡང་ད་རུང་འདིའི་ནང་ནས་ཐར་དགོས་བསམ་པའི་བསམ་བློ་ཞིག་ཀྱང་མ་འཁོར་བ་ནི་ཅི་འདྲའི་ཐབས་སྡུག་ཅིག་རེད་བསམ་ནས། འཁོར་བའི་གནས་འགྲོ་བ་རིགས་དྲུག་གི་གནས་རིས་སྐེ་གཅད་སའི་བཙོན་ར་དང་འདྲ་བ་འདིའི་ནང་དུ་རལ་གྲིའི་སོ་ལ་སྦྲང་རྩིས་བྱུགས་ནས་བལྡག་ཏུ་བཅུག་པ་དང་འདྲ་བའི་འདོད་པའི་ཡོན་ཏན་གྱི་རོ་མྱོང་དུ་འགྲོ་ས་ནས་འདོད་པས་མ་ཚིམས་པར་སྡུག་བསྔལ་གྱི་འདམ་དུ་ཚུད་ནས་སྡུག་བསྔལ་མྱོང་གིན་ཡོད་པ་མང་ངོ། །དགྲ་ཡིན་བསམ་ནས་ཚེ་སྔོན་མའི་ཕ་མ་གཉེན་བཤེས་ལ་ཡང་སྡང་སེམས་དང་འཁོན་སེམས་བཅངས་ནས་གནོད་པའི་བསམ་སྦྱོར་སྣ་ཚོགས་རྩོམ་ཁུལ་བྱས་ན་དེའི་རྣམ་སྨིན་ཕུང་པོ་རང་གི་སྐེ་ཐོག་མ་གཏོགས་འགྲོ་ས་མེད་པ་དང་། གཉེན་ཡིན་བསམ་ནས་སྡིག་སྡུག་གཏམ་ངན་གྱིས་གསོག་པའི་ལོངས་སྤྱོད་ཀྱིས་སྐྱོང་ཁུལ་བྱས་པའི་རྣམ་སྨིན་གྱི་འབྲས་བུ་ཡང་རང་ཉིད་ཀྱི་སྟེང་མ་གཏོགས་འགྲོ་ས་མེད། དེ་ལྟ་བུའི་བློ་སྣ་སྤོས་རྒྱའི་རི་མོ་འདྲ་འདྲ་གཅིག་གི་སྣེ་ལ་གཅིག་མཐུད་ནས་གཅིག་གྲུབ་དུས་གཅིག་གི་མགོ་འཛུགས་ཁུལ་བྱས་ཏེ། ཨེ་འགྲུབ་ཀྱི་རེ་བ་དང་མི་འགྲུབ་ཀྱི་དོགས་པས་བྲེལ་བའི་བར་གྱི་འགལ་རྐྱེན་ཉེར་འཚེ་དང་མི་འདོད་པའི་གཏམ་ངན་སོགས། མདོར་ན་འཁོར་བའི་གནས་འདིའི་རིག་ཚད་པོ་མི་འདོད་པའི་གཟུགས་དང་། གོ་ཚད་པོ་མི་སྙན་པའི་གཏམ་དང་། བསམ་ཚད་ཐམས་ཅད་ཕྱིན་ཅི་ལོག་འབའ་ཞིག་གིས་སྣོད་བཅུད་དགྲ་རུ་ལངས་པ་ཞིག་ཡིན་ཏེ། ཧོར་ཤན་པའི་གླུ་ལས། རང་ལུས་མིན་པ་དགྲ་རུ་གཟུང་། །ཡོག་མགོ་མིན་པ་སྟ་རེས་གསེས། །ཞེས་པ་ལྟར་དུ་རང་གི་གྲིབ་མ་ཡན་ཆད་ལ་ཡང་འཕྲིག་སྐྱེས་པས་རྨི་ལམ་འཁྲུགས་པ་དེ་གཉིད་སད་ཚེ་བདེ་ཆམ་མེར་ཡོད་པ་དང་འདྲ་བའི་འཁོར་བའི་འཁྲུལ་སྣང་གི་རྨི་ལམ་འདི་སད་དགོས་ན། འཁོར་བའི་སྡུག་བསྔལ་འདི་སྡུག་བསྔལ་ཡིན་པར་ཤེས་ནས་སྡུག་བསྔལ་འདིའི་ནང་ནས་ཐར་འདོད་ཀྱི་ངེས་འབྱུང་དྲག་པོ་བཅོས་མིན་འཁོར་བ་ལ་ཕྱིར་བལྟས་མེད་པ་ཞིག་མ་བྱུང་ཚེ་དམ་ཆོས་རྣམ་དག་ཅིག་འགྲུབ་པའི་དུས་མེད་པས། ད་རེས་ཆོས་དང་མཇལ། སྟོན་པ་འཇིག་རྟེན་དུ་བྱོན། བསྟན་པ་དམ་ཆོས་གནས་དེའི་ཆོས་སྒོ་ལ་ཚུད། དཔེར་ན་ཚུད་ས་བཙོན་ཁང་མ་རུང་བ་མནར་གཅོད་ཀྱི་སྡུག་བསྔལ་མྱོང་ས་སྐེ་བཅད་ནས་སྲོག་ལ་ཐུག་པར་གཏན་ཁེལ་སོང་བའི་ཉེས་ཅན་གྱི་བཙོན་པ་རྐང་པ་ལྕགས་སྒྲོག་གིས་བཅིངས་ནས་ཡོད་པ་ཞིག་གིས། ལྕགས་སྒྲོག་འབྱེད་བྱེད་ཀྱི་ལྡེ་མིག་རང་གིས་ལོན་པ་དང་བཙོན་སྲུང་གིས་མི་མཐོང་བའི་སྔགས་ཀྱང་ཤེས་པ་དང་། བཙོན་ཁང་ནས་འབྲོས་ཚུལ་གྱི་གསང་གཏམ་ཚང་མ་ཡང་སྦྱངས་ནས་ཤེས་ཡོད་པ་ཞིག་གིས། སང་ཉིན་གསོད་པའི་དུས་ཚོད་ཀྱི་སྟེང་ལ་ཐོན་རན་ཡོད་པའི་དོ་ནུབ་བྲོས་པར་མ་བྱས་ན། དེ་ནི་བླུན་པོ་སྙིང་ཤོར་སྨྱོན་པ་ལྟ་བུའི་སྡུག་ཐུག་ཅིག་ཡིན་པ་སྟེ། བླུན་པོ་ཕྱུགས་ལྟ་བུ་ཟེར་ཡང་ཕྱུགས་ཟོག་འགའ་རེས་སྐེ་གཅོད་བྱེད་ཀྱི་བཤའ་གྲི་བསྐུང་ཤེས་པ་སྐད་ཡོད་ན་མི་ཞིག་གིས་ཕྱི་འདང་དེ་བས་ལྷག་ཙམ་ཞིག་ཕོག་དགོས་པས། ད་རེས་དལ་འབྱོར་གྱི་ལུས་རྟེན་རང་ངོས་ཀྱི་མི་ཡིན་པ་དང་དབང་པོ་ཚང་བ་ལ་སོགས་པ་དང་། གཞན་ངོས་ནས་ཀྱང་ཆོས་གསུངས་བསྟན་པ་གནས་པ་ལ་སོགས་པ་ཚང་ནས་ཆོས་ལམ་ལ་ཞུགས་ཁུལ་བྱས་ཀྱང་ཉེས་སྤྱོད་མི་བསྡམ་པ་དང་། ཐེག་ཆེན་གྱི་ཆོས་སྒོ་ལ་ཞུགས་ཀྱང་གཞན་ཕན་སྙིང་རྗེ་ཡི་སེམས་དང་བྲལ་བ་ལ་སོགས་པ་ཆོས་དྲེད་ཆོས་རྒྱུས་མཁན་དུ་སོང་ན། དལ་འབྱོར་བཅོ་བརྒྱད་ཚང་ན་ཡང་རེས་འཇོག་ཅན་ཡིན་པས། དེ་ཚང་དང་མི་ཚང་གཙོ་བོ་གང་ཟག་རང་ཉིད་ལ་རག་ལས་པ་ཡིན། མདོར་ན་དལ་འབྱོར་ཚང་བའི་ལུས་རྟེན་འདི་རྙེད་པར་དཀའ་བ་ཡིན་ཏེ། འདི་ལ་སྔར་བསགས་བསོད་ནམས་ཤིག་མེད་ན་རང་གར་ཚང་བ་ཞིག་མིན་ལ། དལ་འབྱོར་ཚང་མེད་པ་རྣམས་རང་ཉིད་ཀྱིས་ཚང་བར་བྱེད་དགོས་པ་དང་། ཚང་ནས་ཡོད་པ་རྣམས་རྙེད་དཀའི་རིན་ཐང་ཅན་ཡིན་པས་འདིའི་རྒྱུན་མི་ཉམས་པར་བྱས་ནས་ལུས་རྟེན་རིན་ཐང་ཅན་འདིའི་ཐོག་ནས་ཐར་བ་བསྒྲུབ་དགོས། སྒྲུབ་པ་དེ་ཡང་ཕྱི་བཤོལ་མེད་པ་ཞིག་སྟེ། དེ་རིང་གི་རྒྱབ་ལ་སང་ཉིན་ཡོད་པ་དང་། སང་ཉིན་གྱི་རྒྱབ་ལ་གནང་ཉིན་ཡོད་བསམ་པའི་ལྷོད་ལྷོད་བྱེད་མི་རིགས་ཏེ། འུ་གུ་ལ་ག་ལེའི་དུས་ཚོད་ཅི་ཙམ་ཡོད་མི་ཤེས་པས། དལ་རྟེན་རྙེད་པ་འདིའི་ཐོག་ནས་དལ་འབྱོར་གྱི་སྙིང་པོ་ད་ལྟ་ཉིད་དུ་ལེན་དགོས་བསམ་པའི་ལོང་མེད་རྒྱུད་ལ་མ་སྐྱེས་ན། རྟག་འཛིན་གྱི་འགོང་པོ། ཕྱི་བཤོལ་གྱི་བློ་ངན་འདིས་ད་སྔོན་ད་བར་དུ་བསླུས་པས་གཅེར་བུ་ལག་སྟོང་དུ་ཡོད་པ་འདི་ཡིན་པས། ད་ནི་འཇིག་རྟེན་གྱི་བྱ་བ་ཚོང་སོ་ནམ། འབྲོག་ཕྱུགས་ལས། ཉེ་རིང་ཆགས་སྡང་། དགྲ་གྱོད་འཁོན་རྩོད། དབྱེན་དང་ཕྲ་མ། ངན་སྨོད་དང་ལྐོག་འཕྱ་རྣམས་ཀྱིས་དགོས་པ་མི་འདུག་ལ། དེ་དག་ནི་ད་སྔོན་ཅི་འདྲ་མ་བྱས་ཀྱང་མི་སྨད་ས་ནས་རང་སྨད་ཀྱིན་ཡོད་པ་དང་ཨ་ན་མ་ན། མི་ལ་ཨེ་ཐུབ་བསམ་ས་ནས་རང་ཉིད་ཕུང་ནས་ཡོད་པ་ནི། བསམ་ངན་མི་ལ་འཚགས་ན། སྦྱོར་ངན་རང་ལ་འཁོར་བའི་དཔེ་དེ་མིག་མཐོང་ལག་ཟིན་དུ་བྱུང་བ་མང་བ་ཡིན་པས། ད་ནི་རྨུས་པ་ཞིག་མ་གཏོགས་མྱོང་པ་ཞིག་མེད་པས་གང་ལ་བསམ་བློ་བཏང་རུང་འཁོར་བའི་བྱ་བཞག་ཟེར་བའི་ཚེ་འདིས་ཆགས་སྡང་ལ་སྙིང་པོ་མི་འདུག་ཇི་ལྟར་བྱས་ཀྱང་དོན་མེད་སྡུག་བསྔལ་འབའ་ཞིག་ཡིན་འདུག་བསམས་ནས་འཁོར་བའི་བཙོན་ར་ལས་འབྲོ་དགོས། འདིའི་ཕན་གྱི་བཙོན་ཁང་ཞེས་པ་ཞིག་རྙེད་དུ་མེད་པས་འདིའི་ནང་ནས་བྲོས་ནས་ཐར་དགོས་ན་གཉེན་ཉེ་བ་ཁྲིད་དེ་ཟས་ནོར་ཁུར་ནས་འབྲོས་ཡོང་ས་ཞིག་མེད་དེ། དེ་ལྟ་བུའི་བྲོས་ལུགས་ནི་བཙོན་ཁང་གི་གནས་སྤོས་པ་ཙམ་ལས་བྲོས་པའི་མིང་དང་དོན་མེད་པས། བཙོན་ཁང་རང་ཉིད་ཀྱིས་བཙུགས་ནས་དེ་དང་མི་འབྲལ་བར་འགྲོ་བ་དང་ཨ་ན་མ་ན་ཡིན་ནོ། །དེས་ན། ཐོག་མར་དགེ་བ་ཚེ་འདིའི་བྱ་བ་ཐོངས། །བར་དུ་དགེ་བ་དབེན་པར་འདུ་འཛི་སྐྱུངས། །ཐ་མར་དགེ་བ་གནས་ལུགས་ཟད་སར་སྐྱོལ། །འདི་བདེ་ཕྱི་མ་སྐྱིད་པའི་གྲོས་འདུན་ལགས། །ཞེས་གསུངས་པ་ལྟར་ཚེ་འདིའི་བྱ་བའི་ཞེན་ཆགས་སྤོང་མ་ནུས་ཚེ་ཕྱི་མའི་དོན་ཆེན་འགྲུབ་པར་མ་ཡིན་ལ། ཚེ་འདིའི་བྱ་བ་སྐྱུར་བ་ཞེས་པ་ས་སྟོང་ཞིག་ཏུ་ཁང་སྟོང་ཞིག་གི་ནང་དུ་ཉལ་བསྡད་ཀྱང་ཕན་ཐོགས་མེད་པས། ཕྱི་དབེན་ནང་དབེན་གསང་བ་དབེན་པའི་དབེན་གསུམ་དམ་པའི་རྒྱལ་མཚན་གཟུང་དགོས། དེའི་སྟེང་དུ་བླ་མའི་གདམས་ངག་སེམས་ཀྱི་དཀྱིལ་དུ་བཟུང་ནས་གཡེང་བ་སྤངས་པའི་བསམ་གཏན་ལ་རྩེ་གཅིག་ཏུ་མཉམ་པར་བཞག་ན། འདི་བདེ་ཕྱི་སྐྱིད་རང་གཞན་དོན་གཉིས་མཉམ་དུ་འགྲུབ་པ་ཡིན་པས། ཆོས་སྒྲུབ་པའི་ཐོག་མར་གང་བསྒྲུབ་རྒྱུའི་དམ་པའི་ཆོས་དེ་གང་ཡིན་དང་། དེ་སྒྲུབ་ཚུལ་ཇི་ལྟར་ཡིན་པ་ཤེས་དགོས། དེ་ཤེས་པར་བྱེད་པ་ལ། མ་ཤེས་པ་དེ་ཐོག་མར་ཤེས་མཁན་ཞིག་གི་ཟུར་ནས་བསླབ་དགོས། སློབ་པར་བྱེད་པ་ལ་ཐོག་མར་གོ་དགོས། གོ་བར་བྱེད་པ་ལ་ཉན་དགོས་པས་གཏམ་གང་ནས་བཤད་ཀྱང་། དང་པོར་ཐོས་པ་བསྟེན་རྒྱུ་གལ་ཆེ་བ་དེ་ལ་ཐུག་ཡོད་པ་ཡིན། མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བར་ཇི་ལྟ་བུ། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་སྐྱེས་རབས་ཀྱི་ལུང་གོང་དུ་དྲངས་པ། ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཅེས་གསུངས་སོ། །ཐོས་པའི་ཤེས་རབ་འདི་ཉོ་རྒྱུ་ཞིག་ཡོད་ན་རང་གི་ལུས་ཀྱི་ཤ་བཅད་ནས་ཉོ་དགོས་ཀྱང་སྦྱིན་འོས་པའི་རྩ་ཆེན་རིན་ཆེན་ཞིག་ཡིན་ཞེས་གོང་ནས་ཀྱང་བཤད་པ་ལྟར་ཡིན་ཏེ། ཐོས་པ་འདི་རིན་ཆེ་ལུགས་དང་རྩ་བ་ཆེ་ལུགས་ལ་བསམ་བློ་བཏང་། སྐྱེ་བ་ནས་སྐྱེ་བ་དང་ཚེ་རབས་ནས་ཚེ་རབས་ཐོག་མ་མེད་པའི་དུས་ནས་ད་ལ་མ་ཐུག་གི་བར་དུ་ཐོས་པའི་ཤེས་རབ་བསྟེན་མ་མྱོང་པས་དམུས་ལོང་མུན་པའི་ནང་དུ་འཁྱམས་པ་ལྟ་བུའི་རྨོངས་པའི་མུན་པས་བཏུམས་ནས་སྡུག་བསྔལ་མི་འབྱུང་བའི་ཐབས་དེ་མ་ཤེས་པར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཆེན་པོ་མྱོང་པ་འདི་མཚམས་མ་ཆད་པར་ཡིན་པས། ད་རེས་སངས་རྒྱས་བྱོན་པའི་བསྐལ་བ་ལ་སྐྱེས། དེས་ཆོས་གསུངས། བསྟན་པ་མ་ནུབ་པའི་སྐབས་འདིར་འཁོར་བའི་སྡུག་བསྔལ་ཐམས་ཅད་སེལ་བའི་བདུད་རྩི་ལྟ་བུ་ཆོས་དེ་ཉན་དགོས་པ་ཡིན། གཏི་མུག་གི་མུན་པ་ནག་པོ་ལོ་སྟོང་ཕྲག་མང་པོར་སྙིང་གི་ནང་དུ་ཉལ་བའི་དགྲ་ཆེན་ནད་ལྟ་བུ་འདི་ཤེས་རབ་ཀྱི་སྨན་དེས་སེལ་བ་མ་བྱས་ན་ཡང་དག་པའི་མིག་སྟེ་ཤེས་རབ་ཀྱི་འདྲེན་བྱེད་གསར་བ་ཞིག་མ་ཐོབ་ཐབས་མེད་རེད་སྙམ་པའི་གནད་དེ་ཤེས་ན། བྱ་བ་གལ་ཆེན་བརྒྱ་ཕྲག་སྟོང་ཕྲག་མང་པོའི་ནང་ནས་ཆོས་ཞུ་རྒྱུ་འདི་བྱ་བ་དང་པོ་ལ་འཛིན་ཤེས་པ་ཡིན། གང་གནད་ཆེན་དུ་བརྩིས་ནས་དེ་ལ་མོས་པ་སྐྱེས་ཏེ། དེ་ཁོ་ན་ཨེ་འགྲུབ་བལྟས་ན་ནམ་ཞིག་ཆེ་ཚོད་ཆུང་མིན་ཞིག་འགྲུབ་ཡོང་བ་ཡིན་ལ། གལ་ཆེན་ཡིན་པའི་གནད་མ་ཤེས་པར་དོན་ཆེན་དོན་ཆུང་ལ་རྩི་བ་དང་། དོན་ཆུང་དོན་ཆེན་ལ་བརྩིས་ན་ད་སྔོན་ལྟར་དུ་སྔ་ཕྱི་དྲོའི་ལས་ཀ་ཙག་ཙིག་རེ་ལ་གནད་ཆེན་དུ་བརྩིས་ནས་ཆོས་ཞུ་ལོང་ཉན་ལོང་སྒྲུབ་ལོང་ཐམས་ཅད་མེད་པ་འདི་བྱུང་བ་ཡིན་པས། མི་ཁོམ་རྒྱུ་བྱས་ན་ཁོམ་དུས་ཤིག་ཡོད་པ་མ་ཡིན་ཏེ། ཤི་བའི་ཉིན་མོ་མི་ཁོམ་ཟེར་ས་ཅི་ཡོད་མ་གཏོགས་དེ་མིན་པ་ཁོམ་དུས་ཤིག་ཡོད་པ་མ་ཡིན། དེ་མེད་པས་མི་ཁོམ་པའི་གནས་སུ་སྐྱེ་ཞེས་པའི་ཁྱད་གཞི་དེ་མི་ལུས་ཙམ་པོ་བ་ལ་བཞག་པ་རེད། མི་ལུས་ཙམ་པོ་བ་ཞེས་པ་ནི་མི་ལུས་བླངས་ཙམ་པ་ཞིག་ལ་གོ་བ་སྟེ། དཔེར་ན་ཧོར་གྱི་རྩྭ་མི་ཤིང་མི་ཞེས་པའི་གཏམ་རྒྱུད་བཤད་པ་དང་འདྲ་བར་མི་ལ་མིའི་རིན་ཐང་མེད་པ་འདང་རྒྱག་མེད་པ་རང་གཞན་གཉིས་ཀའི་དོན་ཆེན་སྒྲུབ་མི་ཤེས་པ་ལྟ་ཅི། རང་དོན་ཕྱི་མ་ངན་སོང་ལ་མི་འགྲོ་བ་ཙམ་ཡང་སྒྲུབ་མི་ཤེས་པ་དག་དང་། དེ་མ་དགོས་ཚེ་འདིའི་བདེ་ཐབས་རྐྱང་པ་ཞིག་བསྒྲུབ་དགོས་ཀྱང་སྒྲུབ་མི་ཤེས་པ་ཡིན་ཏེ། དེ་ཡང་ཚེ་འདིའི་བདེ་སྐྱིད་བསྒྲུབ་དགོས་ན། དང་པོར་ཉེ་འཁོར་སྐྱིད་པོ་ཞིག་ཡོད་དགོས་པས། འཚེ་བ་མེད་པའི་ཁོར་ཡུག་ཅིག་བསྐྲུན་པ་ལ་རང་གིས་ཕར་བྱམས་པ་དང་སྙིང་རྗེ་བྱས་ན་མིས་ཚུར་རང་ཉིད་ལ་བྱམས་པ་ཡིན་པས་དེའི་དུས་སུ་རང་ཉིད་སྐྱིད་ཀྱིས་འཚོ་ཆོག་པའི་ཁོར་ཡུག་བཟང་པོ་ཞིག་རང་གིས་བསྐྲུན་ཤེས་པ་ཡིན། དཔེ་ཆུང་ཆུང་ནང་གི་ཕྲ་བ་ཞིག་བཞག་ན། འབྲོག་པ་ཁྱིམ་ཚང་ཞིག་ལ་འགྲོ་ཙ་ན་དེ་ཚང་གི་སྒོ་ཁྱི་དེ་ཕྱིར་འབུད་མི་བཅུག་པའི་གཤིས་ངན་ཞིག་ཡིན་ཚེ་ཆེ་ན་དེ་ལ་ཉྭ་ཤ་ཤོར་བ་དང་ཆུང་ན་རྣ་བར་གཟན་པར་བྱེད་པས། དེ་ལ་དང་པོ་ཉིད་ནས་ཟན་གོང་ཞིག་བྱིན་ན་ཁོ་དགའ་ནས་མི་འཛིན་པ་ལྟ་བུ་ཡིན། ལྟར་སྣང་ལ་ཁྱི་ལ་དགའ་བའི་ཟན་གོང་ཞིག་བྱིན་པ་རེད་ཀྱང་། དོན་དུ་རང་ཁྱིས་མི་འཛིན་པ་ཞིག་ཤེས་རབ་དང་འབྲེལ་བའི་ཐབས་ཀྱིས་བསྒྲུབས་པ་ཡིན་ནོ། །འོ་ན་ཐབས་གང་ཞིག་དགོས་པ་ཡིན་ཞེ་ན། ཐབས་ནི་བྱམས་དང་སྙིང་རྗེ་ཡིན་པ་དང་། དེའི་སྟེང་དུ་ཐོས་པའི་ཤེས་རབ་ཀྱི་མིག་དང་ལྡན་པར་བྱས་ན་རང་ཉིད་ལ་ད་ལྟ་མི་ལུས་ཙམ་པོ་བ་ཞིག་མ་གཏོགས་མེད་པ་འདི་མི་ལུས་རིན་ཐང་ཅན་རྩ་ཆེན་ཞིག་ཏུ་འགྱུར་པ་ཡིན་པས། དལ་འབྱོར་ཚང་བར་བྱས་ནས་ཆོས་སྒྲུབ་པའི་གོ་སྐབས་དང་ལྡན་པ་བྱས་ན་འདི་ཕྱིའི་དོན་ཆེན་ཀུན་དེ་ལས་འགྲུབ་པ་ཡིན་པ་དེས་ན་ཐོས་པའི་ཤེས་རབ་བསྟེན་ཏེ་དམ་པའི་ཆོས་ཉན་དུས་རང་ག་བའི་གཏམ་རྒྱུད་ཉན་པ་ལྟ་བུ་ཞིག་མིན་པར། འདུ་ཤེས་ལྔ་དང་ལྡན་པའི་སྒོ་ནས་ཆོས་ཉན་དགོས་ཏེ། འདུ་ཤེས་ལྔ་ནི། དམ་པའི་ཆོས་ལ་རིན་པོ་ཆེའི་འདུ་ཤེས་བསྐྱེད་དགོས། དམ་པའི་ཆོས་ལ་བརྟེན་ནས་ཤེས་རབ་ཐོབ་པ་ནི་མིག་གསར་བ་ཐོབ་པའི་མིག་གི་འདུ་ཤེས་གཞག་དགོས། ཆོས་གོ་བ་ནི་སྣང་བའི་འདུ་ཤེས་གཞག་དགོས། ཆོས་སྒྲུབ་པ་དེ་ལ་ཕན་ཡོན་ཆེ་བའི་འདུ་ཤེས་གཞག་དགོས། ཆོས་ཉམས་སུ་བླངས་པ་དེ་ལ་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་གཞག་དགོས་ཏེ། སངས་རྒྱས་བྱོན་པ་ནི་རྒྱ་ལམ་རེས་འགའ་ཡིན་པ་དང་། དེས་ཆོས་གསུངས་པ་དང་དེ་དང་འཕྲད་པ་དཀོན་པོ་ཡིན་པས་ན་དཀོན་པའི་འདུ་ཤེས་བཞག་ནས་དམ་པའི་ཆོས་ལ་རིན་པོ་ཆེའི་འདུ་ཤེས་གཞག་པ་དང་། ཐོས་པ་བསྟེན་ནས་ཤེས་རབ་ཐོབ་པ་ནི་ཚེ་འདི་ཕྱི་གཉིས་ཀའི་འགྲོ་ལམ་གསལ་བྱེད་ཀྱི་མིག་ཐོབ་པ་ཡིན་པས་མིག་གསར་བ་ཞིག་ཐོབ་པའི་འདུ་ཤེས་གཞག་པ་དང་། ཐོས་པའི་ཤེས་རབ་ཀྱི་མིག་དེ་ལ་བརྟེན་ནས་ཇི་ལྟ་བ་དང་ཇི་སྙེད་པ་མཐོང་བར་འགྱུར་བ་ཡིན་པས་ཆོས་གོ་བ་ལ་སྣང་བའི་འདུ་ཤེས་གཞག་པ་དང་། མཐར་ཐུག་འཁོར་བའི་སྡུག་བསྔལ་ལས་ཐར་བའི་བྱང་ཆུབ་ཆེན་པོ་རང་དོན་གཞན་དོན་གཉིས་ཀ་མཐར་ཕྱིན་པར་བྱེད་པས་ཁ་ན་མ་ཐོ་བ་མེད་པའི་འདུ་ཤེས་གཞག་པ་སྟེ་དེ་ལྟ་བུའི་འདུ་ཤེས་ལྔ་དང་ལྡན་པ་དང་། ཁྱད་པར་དུ་ཉམས་ལེན་གྱི་སྐབས་སུ་ཞི་གནས་དང་ལྷག་མཐོང་གི་བདེ་བ་ཁྱད་པར་ཅན་ཐོབ་པར་བྱེད་པས་ཁ་ན་མ་ཐོ་བ་མེད་པ་སྟེ། དེ་ལྟ་བུའི་འདུ་ཤེས་དང་མ་བྲལ་བའི་ཐོག་ནས་སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བའི་ཆོས་ནི། ཐེག་པའི་ཡང་རྩེ་རྡོ་རྗེ་སྙིང་པོ་མཆོག །འབུམ་ཕྲག་རྒྱུད་སྡེའི་དགོངས་པ་རིན་ཆེན་མཛོད། །རྗོད་བྱེད་རྒྱ་ཆེ་བརྗོད་བྱ་དོན་ཟབ་པ། །འདི་མཐོང་ཀུན་ཏུ་བཟང་པོའི་དངོས་ཞལ་མཇལ། །ཞེས་པའི་ཀློང་ཆེན་དགོངས་པའི་གསང་མཛོད། མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་ཡོད་པའི་ནང་གི་འོད་གསལ་རྡོ་རྗེའི་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེ་འདི་ཉིད་འཆད་པའི་སྐབས་ལས་ཚིག་དོན་བཅུ་གཅིག་གིས་མན་ངག་གི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པའི་ནང་ནས་བརྒྱད་པ་ཉམས་ལེན་གྱི་སྐབས་ཀྱི་ཐོད་རྒལ་བཤད་པའི་སྐབས་ནས་དངོས་གཞིའི་ངོ་སྤྲོད་ལ་སོགས་པ་འགའ་ཞིག་སོང་ནས་དེ་རིང་།

༼༽ ཉམས་ལེན་གྱིས་གནད་དུ་བསྣུན་པ།

༼ རིག་པའི་ངོ་བོ་ལུ་གུ་རྒྱུད་དུ་སྤྱིར་བསྟན་པ།

གསུམ་པ་ཉམས་ལེན་གྱི་གནད་དུ་བསྣུན་པ་ལ་གཉིས་ཏེ། རིག་པའི་ངོ་བོ་ལུ་གུ་རྒྱུད་དུ་སྤྱིར་བསྟན་པ་དང༌། དེ་ཉིད་ཉམས་སུ་བླང་བ་དངོས་སོ། །དང་པོ་ལའང་རང་ངོ་ལུ་གུ་རྒྱུད་དུ་ངོས་གཟུང༌། གང་གིས་ལྟ་བ་སྤྱན་གྱི་དབྱེ་བ་བཤད། རང་སྣང་དེ་ལྟ་བ་ལ་གདམས་པའོ། །དང་པོ་ནི་མེ་ལོང་དུ་བཞིན་གྱི་གཟུགས་བརྙན་ཤར་བ་ལྟར་ཀ་དག་གི་རིག་པ་སྟོང་གསལ་ལྷག་མཐོང་གི་རང་གདངས་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་སྟེ། ཉི་མ་དང་ཟེར་ལྟར་རིག་པའི་ཡེ་ཤེས་དངོས་དང་བདག་ཉིད་གཅིག་པ་དང་དེ་ལས་དེ་བྱུང་གི་འབྲེལ་བ་གྲུབ་པས་ན་རྒྱུ་མིང་འབྲས་བུ་ལ་བཏགས་པ་སྟེ། རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བ་ཞེས་བྱའོ། །སེང་གེ་རྩལ་རྫོགས་ལས། རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །ཞེས་པ་དང༌། ནོར་བུ་ཕྲ་བཀོད་ལས། དེ་ཡང་ལུ་གུ་རྒྱུད་ཀྱི་སྐུ། །མངོན་དུ་སྣང་ཞིང་གཟུང་བར་དཀའ། །རིག་པའི་ངོ་བོ་དེ་ཉིད་ལ། །ཞེས་པ་དང༌། ཡི་གེ་མེད་པ་ལས། ངོ་བོ་ལུ་གུ་རྒྱུད་ལྟར་འབྱུང༌། །ཕྲ་དང་འཁྱུག་དང་འགྱུ་བའོ། །ཞེས་དང༌། རང་ཤར་ལས། ཡེ་ཤེས་ལྔ་ལྡན་འོད་ཀྱི་སྐུ། །ལུ་གུ་རྒྱུད་དུ་རབ་ཏུ་གསལ། །དེ་ཡང་འགྲོ་དང་འོང་བ་དང༌། འགུལ་བ་དང་ནི་འཕྲིག་པ་དང༌། །ཞེས་སོ། །དེའང་རིག་པ་རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འགྲོ་འོང་དུ་ཡོད་ལ། ཐིག་ལེ་ལ་བརྟེན་ནས་གྲོལ་བའི་རྟགས་སུ་བར་གྱི་འཁྱོག་མཚམས་ན་ཐིག་ལེ་ཕྲ་མོ་ཟུང་འབྲེལ་དུ་ཡོད་ཅིང༌། རྩའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་ཕྲ་ཞིང་འཁྱོག་པའི་བྲེང་ཡོད་པའོ། །དེ་གསུམ་ནི་རིག་པ་དངོས་མ་མཐོང་ཡང་དེ་ལ་བརྟེན་པའི་ཡོན་ཏན་གྱི་དབང་བཙན་པའི་གནད་ཀྱིས་གྲོལ་བའོ། །རིག་པ་དེ་མཐོང་བས་མི་ཆོག་པར་གོམས་དགོས་པའི་རྟགས་སུ་ལུ་གུ་རྒྱུད་དེ་ཡང་གཅིག་ལ་གཅིག་འབྲེལ་དུ་ཡོད་པའོ། །ཀ་དག་གི་རིག་པ་སྟོང་གསལ། གཞི་དང་གཞི་སྣང་གི་ཟླས་ཕྱེ་བའི་གཞི་ལ་གནས་པ་དེ། ལྷུན་གྲུབ་ཀྱི་རང་གདངས་གཞི་སྣང་ལ་ཇི་ལྟར་འཆར་བའི་ཚུལ་ནི། མེ་ལོང་ངོས་སུ་གཟུགས་བརྙན་ཤར་བ་ལྟར་དེ་ལས་དེ་བྱུང་གི་འབྲེལ་བ་དང་། ཉི་མ་ལས་འོད་ཟེར་བྱུང་བ་ལྟར་དངོས་པོ་བདག་གཅིག་གི་འབྲེལ་བ་གྲུབ་པས། རིག་པ་རྡོ་རྗེ་ལུ་རྒྱུད་ཅེས་རྒྱུ་མིང་འབྲས་བུ་ལ་བཏགས་པ་ཡིན་པ་དང་། རིག་པའི་ཡེ་ཤེས་དེ་ལུ་གུ་རྒྱུད་ཀྱི་སྐུར་སྣང་བ་ཡིན་པ་ནི། སེངྒེ་རྩལ་རྫོགས། ནོར་བུ་ཕྲ་བཀོད། ཡི་གེ་མེད་པ། རྒྱུད་རང་ཤར་རྣམས་ཀྱི་ལུང་གིས་རྒྱལ་བ་རྡོ་རྗེ་འཆང་གི་བཀས་བསྒྲུབས་ཡོད་ལ། འདིའི་སྐབས་སུ་མགོ་འཁྲུགས་མི་རུང་བའི་གནད་གཅིག་ནི། ཤེས་རབ་རང་བྱུང་གི་སྒྲོན་མ་ནང་ཀ་དག་རང་བྱུང་གི་རིག་པ་ལ། ངོ་བོ་དང་། གདངས་དང་། རྩལ་གསུམ་དུ་དབྱེ་བའི་སྐབས་སུ། མཚམས་རེ་ངོ་བོ་ལ་རིག་པ་གསུངས་པ་དང་། མཚམས་རེ་རྩལ་ལ་གསུངས་པ་དང་། མཚམས་རེ་གདངས་ལ་རིག་པ་གསུངས་པ་ལྟ་བུ་ཡོད་པའི་སྐབས་དོན་གྱི་གོ་བ་མི་འཁྲུགས་པར་ཕྱེད་དགོས་མ་གཏོགས། རིག་པ་དངོས་སྣང་ལ་གོལ། ཆོས་སྐུ་ཡུལ་དུ་བཟུང་ན། མཚན་འཛིན་ཁ་མིག་རྣ་གསུམ་ཅན་གྱི་ལྷ་སྐུ་ཞིག་སྙིང་ཤ་ཡི་ནང་དུ་བཏུམས་ཡོད་པའམ། ཡང་ན་རིག་ཏུ་ཡོད་པའི་དངོས་པོ་ཞིག་གམ་ཡང་ན་མཐོང་དུ་མེད་པའི་སྟོང་པ་ཕྱང་ཆད་པ་ཞིག་ཏུ་བཟུང་སྟེ། དེ་གཉིས་གང་རུང་ལས་བསམ་མི་ཤེས་པའི་གུ་དོག་གི་བློ་རྒྱ་ལས་ནམ་ཡང་ཐར་ཐབས་མེད་པ། བ་རྒྱའི་ཐག་གིས་འཆིང་བ་ལྟར་རང་གིས་རང་བཅིངས་པ་ཡིན་ནོ། །ཚིག་གི་ཟུར་ལ་ཞིབ་ཆ་བྱས་ན། རིག་པ་འདི་མཐོང་བས་མི་ཆོག་གོམས་དགོས་གསུངས་པ་དང་། རྩ་ཐིག་རླུང་གསུམ་ལ་བརྟེན་ནས་གྲོལ་དུ་ཡོད་པའི་རྟགས་སུ་ཕྲ་ཞིང་འཁྱོག་པ་ལ་སོགས་པ་ལུ་གུ་རྒྱུད་ལ་ཚང་ཡོད་གསུངས་པ་དང་། རིག་པ་དངོས་མ་མཐོང་ཡང་དེ་ལ་བརྟེན་པའི་ཡོན་ཏན་གྱི་དབང་བཙན་པའི་གནད་ཀྱིས་གྲོལ་བ་ཡིན་གསུངས་པ་འདི་གསུམ་གྱི་གོ་བའི་ཐོག་ནས་འོད་གསལ་གྱི་རང་གདངས་འདི་ལ་བརྟེན་ནས་རྩ་ཐིག་རླུང་གསུམ་གྱི་གནད་ལ་བསྣུན་པས་གོམས་པར་བྱས་ན་རྩལ་ཤེས་རབ་ཀྱི་གདངས་ནང་ཐིམ་ལ་དག་ནས་དབྱིངས་རིག་གཉིས་མེད་ཀྱི་དགོངས་པ་ཤེས་རབ་རང་བྱུང་གི་ངོ་བོ་དང་མཇལ་ཐུབ་ཅེས་གསུངས་པའི་གནད་དེ་ངེས་པ་ནི་གལ་ཆེ་སྙམ། ད་རུང་ཐལ་འགྱུར་གྱི་ལུང་ལས། ལུ་གུ་རྒྱུད་ཀྱི་རང་བཞིན་འདི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །ཞེས་གསུངས་པ་དང་། དབྱིངས་ཐིག་རིག་གསུམ་པོ་འདི་ཞིང་དང་གཞལ་ཡས་ཁང་དང་ལྷ་སྐུ་རུ་ཤར་བ་དང་། ཤར་ནས་ཇི་ལྟར་དབྱིངས་སུ་དག་པའི་སྐོར་ལ་སོགས་པ་འོག་ནས་འབྱུང་ངོ། །ཉམས་ལེན་པ་རྙིང་པ་རྣམས་ལ་དེ་ལྟར་བཤད་ན་ཨ་གསལ་ལེ་ཡོད་ངེས། གཉིས་པ་ལ་གསུམ་སྟེ། སྤྱན་གཉིས་ཀྱིས་གོམས་པའི་ཚད་ངོས་གཟུང༌། གསུམ་གྱིས་རང་སྣང་ལ་གོམས་པ་དངོས་བསྟན། སྔར་རབ་ཏུ་དབྱེ་བའི་ཆ་ཤས་བརྗོད་པའོ། །དང་པོ་ནི། རང་སྣང་ལྷག་མཐོང་གི་རིག་པ་ལུ་གུ་རྒྱུད་དེ་ཉིད་ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་མ་དང་པོ་ལ་ཚིག་ལ་རྟོག་པའི་བྱེ་བྲག་ཕྱེད། གཉིས་པ་ལ་ལུ་གུ་རྒྱུད་ཀྱི་མཚན་ཉིད་མངོན་པར་རྟོགས། གསུམ་པ་ལ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཆུ་བུར་གྱི་མིག་གིས་མཐོང་ན་སྣང་བ་བཞི་མཐར་ཕྱིན་དགོས་སོ། །དེའང་ཆུ་བུར་གྱི་མིག་གིས་མཐོང་བའི་ཚེ་ཕྲ་བ་དང༌། འཁྱུག་པ་དང༌། འོང་བ་དང༌། འགྲོ་བ་དང༌། བྱེ་བ་དང༌། འདུ་བར་སྣང་སྟེ། སུརྻ་དང༌། ཙནྡྲ་དང༌། ཨཱ་ལོ་ཀེ་གསུམ་ལ་བསླབས་པས་མཆོག་ཏུ་འགྱུར་རོ། །ཤེས་རབ་ཀྱི་སྤྱན་ནི་རིག་འཛིན་གྱི་ས་པ་རྣམས་ལ་ཡོད་ལ། ཆུ་བུར་གྱི་མིག་ནི་མི་རྣམས་ལ་ཡོད། སྤྱན་གསུམ་ནི་གཟིགས་སྟངས་གསུམ་ལ་ཡོད་དེ། དེའང་ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་གྱེན་ལ་གཟིགས་པ། ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས་ཟུར་ལ་གཟིགས་པ། སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་ཡོད་པས་ཐུར་ལ་གཟིགས་པ་ནི་རིམ་པ་ལྟར། ཆོས་ཉིད་ཀྱིས་དངོས་སུ་མཐོང་བས་འདི་ཉིད་ལ་ཐག་ཆོད། ཡེ་ཤེས་ཀྱིས་རང་གསལ་དུ་མཐོང་བས་མཁྱེན་པ་རྒྱས། ཤེས་རབ་ཀྱི་སྒྲ་ཚིག་དང་བྲལ་བར་མཐོང་བས་ཐོས་བསམ་སྒོམ་པ་ལ་རག་མ་ལུས་པའི་བྱིན་རླབས་འདི་ཉིད་ལས་འབྱུང་ངོ༌། །སྤྱན་གསུམ་དུ་བལྟ་བ་ནི་ཆོས་ཉིད་ཀྱིས་གྱེན་ལ་བཟློག་པས་བག་ཆགས་ཐུར་ལ་སེལ་བའི་གནད། ཡེ་ཤེས་ཀྱིས་ཟུར་ལ་མཉམ་པོར་བལྟས་པས་འཁོར་འདས་རོ་མཉམ་དུ་བསྲེ་བའི་གནད། ཤེས་རབ་ཀྱི་ཕབ་ནས་བལྟས་པས་ཡེ་ཤེས་ཀྱི་སྣང་བ་དངོས་སུ་འབེབས་པའི་གནད་དོ། །ལྔར་དབྱེ་བ་ནི་ནོར་བུ་ཕྲ་བཀོད་ལས། ཡང་དག་པའི་རིག་པ་སྤྱན་ལྔའི་དེ་བཞིན་ཉིད་ཐོབ་པར་འདོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག །དེའང་རིག་པའི་སྐུ་དེ་མངོན་སུམ་དུ་སྣང་ཞིང་མངོན་སུམ་ལ་རབ་ཏུ་གནས་པས་ཤའི་སྤྱན་གྱིས་མངོན་སུམ་དུ་མཐོང་བྱེད་མ་འགགས་པའོ། །དེའི་དོན་ལ་ཕྱི་ནང་གི་དངོས་པོ་ཐམས་ཅད་རྟོགས་པ་ནི་ཤེས་རབ་ཀྱི་སྤྱན་ཐོབ་པའོ། །དེ་ལ་ཕྱི་ནང་གི་ཆོས་ཐམས་ཅད་རྫོགས་ཤིང་ཤར་བ་ནི་ཆོས་ཀྱི་སྤྱན་གྱིས་ཐམས་ཅད་སྡུད་ཅེས་པའོ། །དེའི་དོན་མ་འགགས་བས་ཆོས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཤེས་པ་རྣམས་ནི་ཐམས་ཅད་མཁྱེན་པའི་སྤྱན་གྱིས་ཐམས་ཅད་མཁྱེན་ཅིང་གཟིགས་པའོ། །དེ་ཡང་མི་གནས་པར་རིག་པའི་སྐུ་དེ་ཉིད་ལས་གཞན་དུ་མ་ཡེངས་པ་ནི་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་སྤྱན་རྣམ་པར་དག་པའོ། །དེའི་ཕྱིར་ན་སྤྱན་ལྔའི་དེ་བཞིན་ཉིད་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ཐུག་གོ་ཞེས་སོ། །ས་མཚམས་ནི། སྤྱན་ལྔ་ཙམ་ཞིག་ཚད་ཕེབས་ནས་དངོས་གཞི་ཟད་སར་ཕྱིན་པ་གཅིག་པུ་ཐོབ་ལ། སྤྱན་ལྔ་ཁྱད་པར་ཅན་ནི་སངས་རྒྱས་ཀྱི་ས་ན་ཡོད་དེ། དེའང་ཆོས་སྐུ་ལ་རྣམ་པར་གྲོལ་བའི་སྤྱན། ལོངས་སྐུ་ལ་ཞིང་སྣང་གཟིགས་པས་ཤའི་སྤྱན་དུ་མིང་བཏགས་པ་དེ་དང༌། །སྤྲུལ་སྐུ་ལ་ལྷག་མ་གསུམ་མོ། །དེ་དག་ཀྱང་འཇམ་དཔལ་ལས། སྤྱན་ལྔ་ཆགས་པ་མེད་པ་འཆང༌། །ཞེས་པའོ། །འདི་ནས་སྤྱན་གཉིས་ཀྱིས་གོམས་པའི་ཚད་ངོས་གཟུང་གསུངས་པ་དང་། སྤྱན་གསུམ་གྱིས་རང་སྣང་ལ་གོམས་པ་བསྟན་པ་དང་། ལྔ་ཡི་དབྱེ་བས་རབ་ཏུ་དབྱེ་བའི་ཆ་ཤས་བརྗོད་པ་ཡིན། སྤྱན་གཉིས་ནི་ཤེས་རབ་ཀྱི་མིག་དང་། ཆུ་བུར་གྱི་མིག་གཉིས་ཀ་ཡིན། དེ་ཡང་ཤེས་རབ་ཀྱི་མིག་གིས་མཐོང་ན་སྐད་ཅིག་མ་དང་པོར་ཚིག་ལ་རྟོག་པའི་བྱེ་བྲག་ཕྱེད། ཅེས་པ་ལ་སོགས་པ་གསུངས་ན་སྐད་ཅིག་མ་ནི་དབང་པོ་རབ་འབྲིང་ལ་རྣམ་གྲོལ་གྱི་སྐད་ཅིག་མ་དང་དབང་པོ་ཐ་མ་ཡིན་ན་བྱ་རྫོགས་ཀྱི་སྐད་ཅིག་མ་ལ་གོ་དགོས། དབང་པོ་རབ་འབྲིང་ཉེར་གཅིག་ཏུ་དབྱེ་བ་སོགས་ཡོད་ལ་དེ་དག་གཞན་ལས་ཤེས་པར་བྱ་ཞིང་། གང་ལྟར་ཡང་ཆུ་བུར་གྱི་མིག་གིས་མཐོང་བ་དང་མ་འདྲ་བ་ཞིག་ཡིན་དགོས་པས། སྐད་ཅིག་གསུམ་གྱིས་དབྱིངས་རིག་འདུ་འབྲལ་མེད་པའི་དགོངས་པ་བརྙེས་ནས་ཀ་དག་ཆོས་སྐུའི་ནང་དབྱིངས་སུ་གྲོལ་བ་ཡིན་ཏེ། རང་ངོར་སྣང་། བྱེ་བྲག་ཕྱེད། ཕྱེད་ཐོག་ནས་གྲོལ་བའི་ཀུན་ཏུ་བཟང་པོའི་གྲོལ་ལུགས་གསུམ་དང་གོ་བ་གཅིག་གོ །ཤེས་རབ་ཀྱི་སྤྱན་ནི་རིག་འཛིན་གྱི་ས་པ་ལ་ཡོད་གསུངས་པ་ནི་རིག་འཛིན་རྣམ་པ་བཞིས་བགྲོད་པའི་འགྲོས་དང་བསྟུན་ནས་མཆོག་ཕལ་དང་ཙམ་ཁྱད་ཀྱི་ཁྱད་པར་ཡོད་ལ། ཆུ་བུར་གྱི་མིག་མི་ལ་ཡོད་ན་དེ་ལའང་དབང་པོ་རྣོ་རྟུལ་གྱི་ཁྱད་ཡོད་པ་སྨོས་ཅི་དགོས། སྤྱན་གསུམ་སྐུ་གསུམ་གྱི་གཟིགས་སྟངས་ལ་སྦྱར་ལ། སྤྱན་ལྔར་དབྱེ་བ་ནི་ནོར་བུ་ཕྲ་བཀོད་ཀྱི་ལུང་གིས་བསྟན་པ་ཡིན། སྤྱན་ལྔ་ཁྱད་པར་ཅན་བརྙེས་པ་ནི་ས་མཚམས་ཀྱི་ཐོག་ནས་འཇམ་དཔལ་སྒྱུ་འཕྲུལ་གྱི་ལུང་དང་བཅས་ནས་སངས་རྒྱས་ཀྱི་ས་ལ་བཞག་ཡོད། སྤྱན་ལྔའི་དེ་བཞིན་ཉིད་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ཐུག་གོ་གསུངས་པ་འདིས་བྱང་སེམས་ཀྱི་སྐབས་སུ་སྨོན་འཇུག་གི་སེམས་བསྐྱེད་མ་ཐག་ནས། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང༌། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས་པ་དང་འདྲ་བར་རིག་པ་རྡོ་རྗེ་ལུ་རྒྱུད་ཀྱི་སྐུ་དངོས་སུ་མཇལ་བས་ཀྱང་ཐོག་མའི་སངས་རྒྱས་དང་སྐལ་བ་མཉམ་པ་རེད་ཀྱང་རྟོགས་སྒོམ་མཐར་ཕྱིན་ནས་དེའི་དོན་ལ་དངོས་སུ་འཇུག་དགོས་པའི་གོ་བ་ནི་མཐར་ཐུག་འཇལ་བྱེད་ཀྱི་སྤྱན་ལྔའི་དབྱེ་བའི་ཐོག་ནས་ཀྱང་གོ་ཐུབ་པའོ། །གསུམ་པ་རང་སྣང་དེ་བལྟ་བ་ལ་གདམས་པ་ནི། ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་རྫོགས་པར་འདོད་པས་རྡོ་རྗེ་ལུ་གུ་རྒྱུད་ལ་གོམས་པར་བྱ་བ་སྟེ། ནོར་བུ་ཕྲ་བཀོད་ལས། སྐྱེ་ཤི་མེད་པའི་སྲོག་འཛིན་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ལྟ་སྟངས་ལ་ཐུག་གོ །འགག་པ་མེད་པར་རང་སར་གྲོལ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ཐུག་གོ །དམིགས་བ་མེད་པར་མཚན་མའི་ཆོས་ཐམས་ཅད་ཟིལ་གྱིས་གནོན་པར་འདོད་ན་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་ལྟོས་ཤིག དུ་མ་མེད་པར་གཅིག་ཏུ་བལྟ་བར་འདོད་ན་ལུ་གུ་རྒྱུད་ཀྱི་སྣང་བ་ལ་ལྟོས་ཤིག དྲན་པ་མེད་པར་ཆོས་ཀྱི་སྐུ་ལ་བལྟ་བར་འདོད་ན་ལུ་གུ་རྒྱུད་དངོས་ལ་ལྟོས་ཤིག ཕྱི་ནང་གི་ཆོས་ཐམས་ཅད་ཤེས་པར་འདོད་ན་ལུ་གུ་རྒྱུད་ཀྱི་རླུང་འགྱུ་བ་ལ་ལྟོས་ཤིག གནས་པ་སྐུ་ལ་བལྟ་བར་འདོད་ན་ལུ་གུ་རྒྱུད་ཀྱི་རང་སྣང་ལ་ལྟོས་ཤིག མཚན་མའི་ཆོས་ཐམས་ཅད་རང་སྣང་དུ་བལྟ་བར་འདོད་ན་ཆོས་ཉིད་ལུ་གུ་རྒྱུད་ལ་ལྟོས་ཤིག སངས་རྒྱས་ཐམས་ཅད་ཀྱི་ཐུགས་ལ་བལྟ་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་ལྟོས་ཤིག སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཐུགས་སུ་ཆུད་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་དང་མ་བྲལ་ཞིག ཆོས་ཐམས་ཅད་ཀྱི་མདོ་དང་རྒྱས་པར་ཤེས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུའི་འདུག་ཚུལ་ལ་ལྟོས་ཤིག གསང་བའི་ཡེ་ཤེས་ཐམས་ཅད་ལ་མཁས་པར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཟེར་ལ་ལྟོས་ཤིག ལྟ་སྒོམ་སྤྱོད་པ་གསུམ་འདུ་འབྲལ་མེད་བར་འདོད་ན་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་ལ་མ་ཡེངས་ཤིག ཆོས་ཐམས་ཅད་ཀྱི་གཞལ་ཡས་ཁང་འཛིན་བར་འདོད་ན་དབྱིངས་དང་རིག་པའི་དོན་ཁོང་དུ་ཆུད་པར་གྱིས་ཤིག རྡོ་རྗེ་སེམས་དཔའི་གདུང་འཛིན་པར་འདོད་ན་རིག་པ་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་དང་མ་འབྲལ་ཞིག སྣང་བ་ཐམས་ཅད་འོད་གསལ་དུ་འཆར་བར་འདོད་ན་ལུ་གུ་རྒྱུད་ཀྱི་ཡེ་ཤེས་ལ་མཁས་པར་གྱིས་ཤིག ཨེ་མ་ཡང་དག་པར་རྫོགས་པའི་སངས་རྒྱས་སྐུ་ཐམས་ཅད་ཀྱི་མངའ་བདག་ཀྱང་རྡོ་རྗེ་ལུ་གུ་རྒྱུད་ལ་ཐུག་གོ །རང་བྱུང་གི་ཡེ་ཤེས་ཐམས་ཅད་ཀྱི་དེ་བཞིན་ཉིད་ཀྱི་སྣང་བའི་འགྲོས་ནི་རྡོ་རྗེ་ལུ་གུ་རྒྱུད་དང་ནམ་མཁའ་རྣམ་པར་དག་པ་ལ་ཐུག་གོ །ཞེས་སོ། །འདི་ལ་གོམས་པ་ཚད་དུ་ཕྱིན་ན་གདོས་བཅས་འོད་དུ་འགྲོ་བའམ་མ་ཕྱིན་ན་ཡང་རང་བཞིན་སྤྲུལ་བའི་ཞིང་དུ་བགྲོད་ཅིང་འགྲོ་དྲུག་འཁྲུལ་བའི་གཡང་ས་ཆོད་པ་ནི་གོ་དོན་གཙོ་བོ་ཡིན་ནོ།།

༼ དེ་ཉིད་ཉམས་སུ་བླང་བ་དངོས་བསྟན་པ།

༽ རིག་པ་དབྱིངས་རིག་འདུ་འབྲལ་མེད་པས་ཉམས་སུ་བླང་ཚུལ་སྤྱིར་བསྟན་པ།

གཉིས་པ་དེ་ཉིད་ཉམས་སུ་བླང་བ་དངོས་ལ་གསུམ་སྟེ། ཀུན་ལ་ཁྱབ་ཀྱང་རྟོགས་དཀའ་བའི་རིག་པ་དབྱིངས་རིག་འདུ་འབྲལ་མེད་པས་ཉམས་སུ་བླང་ཚུལ་སྤྱིར་བསྟན། གཞག་ཐབས་བཞིས་ཉམས་སུ་བླང་ཚུལ་བྱེ་བྲག་ཏུ་བཤད། རྣལ་འབྱོར་བཞིས་གནད་ངེས་པ་རང་ཐོག་ཏུ་དབབ་པའོ། །དང་པོ་ནི་རང་བྱུང་གི་ཡེ་ཤེས་ཐོག་མའི་སངས་རྒྱས་འོད་མི་འགྱུར་བའི་མཆོད་རྟེན་དེས་འཁོར་འདས་ཀུན་ལ་ཁྱབ་ཀྱང་རང་ངོ་ཤེས་པ་རྣམས་འཁོར་བ་ན་འཁྱམ་ཞིང་དེར་ཡང་རང་རང་གི་རིག་པ་ལ་བདེ་བར་ནི་འདོད། །སྡུག་བསྔལ་ནི་མི་འདོད་པས་འཕྲལ་བདེའི་སྣང་བ་ཟས་སྐོམ་དང་གནས་དང་ཡོ་བྱད་ལ་སོགས་པ་ལ་ཞེན་ཅིང་སྤྱོད་པ་ནི་མཆོད་འོས་སུ་མཐོང་ཡང་མཆོད་མ་ཤེས་བས་དངོས་གྲུབ་མ་ཐོབ་པ་ཡིན་ལ། རང་ངོ་ཤེས་པ་རྣམས་དབྱིངས་ཀྱི་སྒྲོན་མའི་བུ་མོ་དང༌། རིག་པའི་ཁྱེའུ་འདུ་འབྲལ་མེད་པར་རྟོག་ནས་ཉམས་སུ་བླངས་པས་བྱ་བ་རྫོགས་པའི་སྐད་ཅིག་མ་ལ་འཚང་རྒྱ་ལ། ད་ལྟ་དང་སླད་མའང་སངས་རྒྱས་འདོད་པས་ཀྱང་དེ་ལ་བསླབ་པར་བྱའོ་ཞེས་གདམས་ཏེ། བཀྲ་ཤིས་མཛེས་ལྡན་དཔལ་ནམ་མཁའ་དྲི་མ་མེད་པའི་རྒྱུད་ཆེན་པོ་ལས། ཨེ་མ་ཧོ། སྔོན་བྱུང་གི་དུས་ན་སངས་རྒྱས་འོད་སྲུངས་ཆེན་པོ་ཞེས་བྱ་བ་ཅིག་ལ་སྣང་བ་ཆེན་པོ་བརྒྱ་སྟོང་དང་ལྡན་པའི་མཆོད་རྟེན་ཤིན་ཏུ་བརྩེགས་ལེགས་ལ། མཐོ་བ་ལ་སྲིད་པའི་རྩེ་མོར་སླེབ་པ། རྒྱ་སྟོང་གསུམ་གྱི་འཇིག་རྟེན་ནམ་མཁའི་མཐས་ཀླས་པའི་སྐྱེ་འགྲོ་ཡོངས་ལ་ཁྱབ་པ། རྩ་བ་ན་རཀ་ཆེན་པོའི་དམྱལ་བར་ཟུག་པ། ཆུང་བའི་ཚད་ནི་ཏིལ་འབྲུ་བརྒྱར་བགོས་བ་ཙམ། ཡངས་པའི་ཚད་ནི་ནམ་མཁས་གང་ཁྱབ་པ་ཙམ། གསལ་བའི་ཚད་ནི་ཉི་ཟླ་སྤྲིན་གྱིས་མ་བསྒྲིབས་པ་ལྟ་བུ། ཐོགས་པ་མེད་པ་རླུང་ལྟ་བུ་ཞིག་ཡོད་པ་དེ་ལ་ཐམས་ཅད་ཀྱིས་མཆོད་འོས་སུ་མཐོང་སྟེ། ལས་སྣ་ཚོགས་ཀྱི་སྒོ་ནས་མཆོད་པ་ཆེར་བྱས་པས་གང་ལའང་དངོས་གྲུབ་མ་བྱུང་སྟེ། དེའི་ཚེ་རང་གི་བུ་མོ་དང༌། གསལ་བ་རང་གི་ཁྱེའུ་གཉིས་འདུས་ནས་མཆོད་པའི་ལས་གཅིག་གིས་སྐད་ཅིག་མ་ལ་སངས་རྒྱས་སོ་ཞེས་སོ། །དེ་ཡང་དབྱིངས་ཀྱི་གནད་ཉི་ཟླ་དང་མར་མེའི་སྣང་བ་ལ་གཏད་པའི་ཟུར་ནས་གཡས་གཡོན་དང་སྟེང་འོག་ཐམས་ཅད་དུ་འཁྲིད་ཅིང་བལྟ་ལ། རིག་པའི་གནས་དེའི་ནང་དུ་ལུ་གུ་རྒྱུད་མ་འགུལ་བར་འཇོག་བའོ། །དེ་ཉིད་གོམས་པ་ལས་ཕྱིར་སྣང་བ་འོད་གསལ་དུ་ཤར་བས་སྐུ་དང་ཐིག་ལེ་ཟེར་དུ་སྣང་དུས་ནང་དུ་ཕྲ་རགས་ཀྱི་འཛིན་པ་སངས་པས་ཆོས་ཉིད་ཀ་དག་རང་ངོ་གསལ་བ་སྟེ། མུ་ཏིག་ཕྲེང་བ་ལས། ཡིད་ནི་འགྱུར་མེད་རང་སར་གནས། །སེམས་ནི་འགྱུར་མེད་རང་སངས་པ། །རིག་པ་མི་འགྱུར་སྐུ་གསུམ་གསལ། །ཡིད་སེམས་དལ་བས་དྲན་རྒྱུན་འགགས། །ལུས་ངག་དལ་པས་སྡུག་བསྔལ་བྲལ། །རིག་པ་དལ་བས་སྐུ་ལྔ་ཤར། །རིག་པ་ཤར་བས་འབྱུང་རྐྱེན་འགགས། །འོད་གསལ་ཤར་བས་ཕྲ་རགས་འགགས། །དབྱིངས་རིག་ཤར་བས་ལུས་སེམས་འགགས། །ཞེས་སོ། །རང་བྱུང་གི་ཡེ་ཤེས། མ་བཅོས་པའི་གནས་ལུགས། ཐོག་མའི་འོད་གསལ་དེས་འཁོར་འདས་ཐམས་ཅད་ལ་ཁྱབ་སྟེ་ཡོད་ལ། ཐོག་མའི་སངས་རྒྱས་འོད་མི་འགྱུར་བའི་མཆོད་རྟེན་མཁའ་ཁྱབ་མཁའ་དང་མཉམ་པའི་ཡེ་ཤེས་ཀྱི་མཆོད་པའི་རྟེན་དེས་སྲིད་ཞི་ཀུན་ཏུ་ཁྱབ་པ་ཡིན་ན་ཡང་། གཞི་ཅིར་ཡང་མེད་པ་ལས་ཅིར་ཡང་སྣང་ནས་ནམ་མཁའ་སྟོང་པ་ལ་སྤྲིན་ཆགས་པ་དང་འདྲ་བར་འཁྲུལ་སྣང་གློ་བུར་བ་བྱུང་བས་འགྲོ་དྲུག་འཁྲུལ་བའི་གྲོང་ཁྱེར་འདི་འཁྲུལ་བའི་ངོ་ཁ་རུ་སྲིད་པ་ཡིན། འདི་རང་ལ་ཡོད་པའི་རང་ངོ་མ་ཤེས་པས་འབྲལ་མ་མྱོང་ཡང་ངོ་ཐག་མ་ཆོད་ནས་དངོས་གྲུབ་མ་ཐོབ་པ་ཡིན་ན། ད་རེས་དབྱིངས་རིག་འདུ་འབྲལ་མེད་པར་ཉམས་སུ་བླངས་ནས་སྐད་ཅིག་གིས་རྫོགས་འཚང་རྒྱ་བའི་ཐབས་ལ་འབོད་གསུངས་ནས་གདམས་ངག་གནང་བའོ། །དེས་ན་རྣལ་འབྱོར་ལམ་པ་ལས་དང་པོ་པས། རྟེན་ཉི་ཟླ་མར་མེ་ལ་གཏད་པའམ་ནམ་མཁའ་རྐྱེན་བྲལ་ལམ་མུན་པའི་རྣལ་འབྱོར་ལ་སོགས་པ་གང་ལ་གོམས་པ་དང་མོས་པའི་ལམ་དེར་ཞུགས་ནས། བཞུགས་སྟངས་གཟིགས་སྟངས་ཀྱིས་གཅུན་ནས་ལྟ་སྟངས་ཀྱིས་ཁྲིད་པའི་གནད་མ་ནོར་བ་ནི། རིག་པའི་དབྱིངས་ཀྱི་ར་བའི་ནང་དུ་ལུ་གུ་རྒྱུད་མ་འགུལ་བར་ནང་ཀ་དག་གི་རིག་པ་གཡོ་མེད་དུ་བཞག་ཡོང་དུས། ནམ་ཞིག་གོམས་ནས་ཕྱིར་སྣང་སྐུ་ཐིག་ཟེར་གསུམ་དུ་སྣང་ཚེ་ནང་ནས་ཕྲ་རགས་ཀྱི་འཛིན་པ་སངས་ཏེ། ཆོས་ཉིད་ཀ་དག་གི་རང་ངོ་གསལ་བའི་སྟབས་ཀྱིས་མཐར་ཐུག་ལུས་གདོས་བཅས་འོད་དུ་དག སེམས་རིག་པ་ཆོས་སྐུར་གྲོལ་ནས་དབྱིངས་རིག་འདུ་འབྲལ་མེད་པའི་རིག་པ་སྐུ་རུ་སྨིན་པའམ་ཤེས་རབ་སྐུ་རུ་སྨིན་པ་དེ་ཡིན་ནོ། །སྣང་བའི་འོད་གསལ་འདི་ལ། སྐུ་དང་། ཐིག་ལེ་དང་། འོད་དང་། ཡེ་ཤེས་ཞེས་གསུངས་ལ་དེ་ལས་སྐུ་ལྔ་དང་། སྐུ་དྲུག་དང་། སྐུ་གསུམ་དང་། སྐུ་བརྒྱད་ཀྱི་གསུང་ཚུལ་འདྲ་མིན་ཡོད་དོ། །སྐུ་ལྔ་ནི། སྙིང་ཙིཏྟ་རིན་པོ་ཆེའི་གཞལ་ཡས་ཁང་ན་ངོ་བོ་སྐུའི་འཆར་གཞི་རུ་བཞུགས་པའི་གདངས་རིགས་ལྔའི་སྐུ་མ་འདྲེས་པར་རིག་པ་ཚད་ཕེབས་ཀྱི་སྐབས་སུ་སྣང་བ་དེ་ཡིན། སྐུ་དྲུག་ནི། གཞི་སྣང་ཆོས་ཉིད་ཀྱི་འོད་གསལ་རང་སྣང་འགྲོ་དྲུག་གི་ཁམས་སུ་འདུལ་བྱེད་སྟོན་པ་དྲུག་ཏུ་སྣང་ནས་རང་སྣང་གི་སེམས་ཅན་ལ་དོན་མཛད་པ་དང་དེ་དང་ཆ་མཐུན་པའི་འཆར་གཞི་དེའི་སྐུ་ལས་འོད་ཟེར་འཕྲོས་ནས་རྩ་ནང་དུ་ཐིག་ལེའི་ཟེར་གདངས་དང་ཕྱི་རུ་གདལ་བ་རང་སྣང་གི་སྐུ་ཕྲ་མོ་དྲུག་སྣང་བ་སྟེ། སེམས་ཅན་གྱི་དོན་མཛད་པའི་ཆ་མཐུན་པའི་འཆར་གཞིའི་སྐུ་ལས་འོད་ཟེར་འཕྲོས་ནས་འགྲོ་དྲུག་གི་སྣང་ངོར་ཐུབ་དྲུག་གི་སྤྲུལ་བའི་སྐུ་ཤར་བ་དེའོ། །སྐུ་གསུམ་གསུངས་པ་ནི། གཞི་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དེ་ཆོས་ལོངས་སྤྲུལ་གསུམ་གཅིག་ཏུ་འདུས་ནས་གྲོལ་སའི་སྐུ་ནང་དབྱིངས་ཟད་པའི་ཚད་འཛིན་པའོ། །སྐུ་བརྒྱད་གསུངས་པ་ནི་མཐར་ཕྱིན་ལྷུན་གྲུབ་ཀྱི་ས་ལ་ཐོན་དུས་སྐུ་རེ་རེ་ལ་གསུམ་རེ་གསུམ་རེ་སྟེ་ཆོས་སྐུའི་ཆོས་སྐུ་ཆོས་སྐུའི་ལོངས་སྐུ་ཆོས་སྐུའི་སྤྲུལ་སྐུ་ལ་སོགས་པ་གསུམ་གསུམ་དགུ་རུ་ཕྱེས་ཤིང་། དགུ་རུ་ཕྱེས་ཚེ་བརྒྱད་དུ་ཇི་ལྟར་འགྱུར་ཞེ་ན་ཆོས་སྐུའི་ཆོས་སྐུ་དབྱིངས་རྣམ་དག་ཐམས་ཅད་ཀྱི་འཆར་གཞི་དེ་མ་བརྩིས་པས་སྐུ་བརྒྱད་དུ་འགྱུར་བ་ཡིན་ནོ། །ད་དུང་རྒྱས་པར་དབྱེ་ན་རིག་པ་ཡུལ་སྣང་གི་སྐུ་དང་། དྭངས་མ་འདུས་པའི་སྐུ་ལ་སོགས་པ་དབྱེ་བ་མང་པོ་ཀུན་མཁྱེན་ཆེན་པོའི་གཞུང་གཞན་དང་རྒྱུད་ལས་བྱུང་ངོ། །ཡེ་ཤེས་ལ་ཡང་གཞི་གནས་ཀྱི་ཡེ་ཤེས་ངོ་བོ། རང་བཞིན། ཐུགས་རྗེ་གསུམ། དེ་ཡང་ངོ་བོ་སྐུར་གནས། རང་བཞིན་འོད་དུ་སྣང་། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་སྣང་བ་དང་། མཚན་ཉིད་འཛིན་པའི་ཡེ་ཤེས་ཆོས་དབྱིངས་ཡེ་ཤེས་སོགས་ལྔའོ། །དེ་ཇི་ལྟར་ཡིན་ན་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ནི། སྐུ་ལ་དབྱིངས་ཡོད་པའི་ཕྱིར། ཆོས་དབྱིངས་ཡེ་ཤེས་དང་། དབྱིངས་ལ་གསལ་ཆ་ཡོད་པས་མེ་ལོང་ལྟ་བུའི་ཡེ་ཤེས་སུ་བྱུང་། གསལ་བ་ལ་གཉིས་མེད་ཡོད་པས་མཉམ་ཉིད་ཡེ་ཤེས་བྱུང་། གཉིས་མེད་ལ་མཐོང་བ་ཡོད་པས་སོར་རྟོག་ཡེ་ཤེས་བྱུང་། མཐོང་བ་ལ་ཚད་ཡོད་པས་བྱ་གྲུབ་ཡེ་ཤེས་བྱུང་བ་ཡིན་ནོ། །འོད་ནི། ཡེ་ཤེས་ཀྱི་རང་གདངས་ཏེ། དེ་ལ་ཡང་རིགས་གཉིས། ནང་གསལ་ཕྲ་བའི་འོད་གཏིང་གསལ་ཁ་དོག་ལས་འདས་པ་ཞིག་དང་། ཕྱི་གསལ་རགས་པ་ཁ་དོག་འཛིན་པའི་འོད་གཉིས་ལས། དང་པོ་ནང་གསལ་ཕྲ་བའི་འོད་ནི། ཀ་དག་གི་དབྱིངས་ལྷུན་གྲུབ་ཀྱི་རང་གདངས་ཤེལ་གྱི་ནང་འོད་ལྟར་ཡོད་ལ་དངོས་སུ་ཁ་དོག་མི་གསལ་བའི་འོད་ལྔ་སྟེ། གཞི་རང་བྱུང་གི་རིག་པའི་དབྱིངས་རུམ་ན་གནས་པ་ཡིན། འོད་ཡིན་ལ་ཁ་དོག་ལས་འདས་པ་ཇི་ལྟར་ཞེ་ན། དྲི་མ་མེད་པའི་དཀར་པོ། མ་བཙལ་བཞག་པའི་སེར་པོ། ཆགས་པ་མེད་པའི་དམར་པོ། བྱ་རྩོལ་བྲལ་བའི་ལྗང་གུ། མི་འགྱུར་ཡངས་པའི་མཐིང་ཁ་ཡིན་ནོ། །འདི་ཉིད་འོད་རྣམས་ཀྱི་འཆར་གཞི་དང་ཟད་ས་གཉིས་ཀ་གཅིག་ཡིན་ལ། དེའང་ཐོག་མའི་དབྱིངས་སྣང་གི་སྐབས་སམ། ད་ལྟའི་ལམ་སྣང་གི་སྐབས་དང་། བར་དོའི་རང་སྣང་གི་སྐབས་ཐམས་ཅད་དུ། འདི་ལས་འོད་ལྔ་ཕྱིར་འཆར་བ་དང་། ནུབ་པའི་ཚེ་ཡང་འདི་ལྔའི་དབྱིངས་སུ་རང་ཐིམ་ཡིན་པ་ཤེས་དགོས་སོ། །མདོར་ན་ནང་གི་ཡེ་ཤེས་སུ་གནས་པ་ཐམས་ཅད། ཕྱིར་སྣང་སྐུ་དང་ཡེ་ཤེས་སུ་སྣང་བའི་འཆར་གཞི་དང་ནུབ་པའི་ཟད་ས་གཉིས་ཀ་ཡིན་ནོ། །ཁ་དོག་འཛིན་པའི་འོད་ནི། དཀར་པོ་དང་། སེར་པོ་དང་། དམར་པོ་དང་། ལྗང་གུ་དང་། མཐིང་ག་ད་ལྟ་སྣང་བཞིན་པའི་འོད་ལྔ་བོ་འདི་ནི་མཐོང་སྣང་གི་འོད་ཡེ་ཤེས་ལས་བྱུང་སྟེ། ཡེ་ཤེས་མི་འགྱུར་བའི་ཕྱིར་མཐིང་ག་བྱུང་ངོ༌། ཡེ་ཤེས་དག་པའི་ཕྱིར་དཀར་པོ་བྱུང་ངོ༌། ཡེ་ཤེས་ལས་ཡོན་ཏན་འབྱུང་ཕྱིར་སེར་པོ་བྱུང་ངོ༌། ཡེ་ཤེས་ལ་དབང་རྫོགས་པའི་ཕྱིར་དམར་པོ་བྱུང་ངོ༌། །ཡེ་ཤེས་ལ་འཕྲིན་ལས་རྫོགས་པའི་ཕྱིར་ལྗང་གུ་བྱུང་ངོ༌། །ཐིག་ལེ་ནི། གཞི་འཛིན་པའི་ཐིག་ལེ། སྣང་བ་ལམ་གྱི་ཐིག་ལེ། འབྲས་བུ་རང་སྨིན་པའི་ཐིག་ལེ་དང་གསུམ་ལས་གཞི་འཛིན་པའི་ཐིག་ལེ་ནི། སྙིང་དབུས་འོད་ལྔ་ལྷུན་གྲུབ་ཀྱི་ཐིག་ལེ་འོད་རྩ་དྭངས་པའི་ནང་ན་གནས་པ་སྟེ། དེ་ལ་རང་བཞིན་འོད་ཀྱི་ཐིག་ལེ་དང་། ཀུན་བཟང་གཞིའི་ཐིག་ལེ་ཡང་ཟེར་ལ། གསར་མའི་རྒྱུད་སྡེ་ལས་མི་ཤིགས་པའི་ཐིག་ལེ་དང་མི་འགྱུར་བའི་ཐིག་ལེ་གསུངས་པའང་ཡོད། སྣང་བ་ལམ་གྱི་ཐིག་ལེ་ནི། ཀུན་རྫོབ་རྒྱུའི་ཐིག་ལེ་དང་། དོན་དམ་འབྲས་བུའི་ཐིག་ལེ་རྣམ་པ་གཉིས་སུ་དབྱེ་བའོ། །འབྲས་བུ་རང་སྨིན་པའི་ཐིག་ལེ་ནི། འོད་རྣམས་སྨིན་པའི་ཐིག་ལེ་དང་། ཡེ་ཤེས་སྨིན་པའི་ཐིག་ལེ། རིག་པ་སྨིན་པའི་ཐིག་ལེ་དང་གསུམ་མོ། །དེ་ལས་འོད་རྣམས་སྨིན་པའི་ཐིག་ལེ་ནི། རྩིབས་ཤར་དང་གྱེན་འགྲེང་ལ་སོགས་པར་སྣང་བ། ཐིག་ལེ་དང་ཕྱིའི་འོད་མ་འདྲེས་པ་བར་སྣང་གི་འཇའ་ཚོན་བཞིན་དུ་སྣང་བའོ། །དེ་ནས་འདི་ཉིད་ཡང་དང་ཡང་དུ་གོམས་པ་ལས་ཉམས་གོང་འཕེལ་གྱི་སྣང་བ་བདོ་བའི་དུས་ཡིན་ནོ། །ཡེ་ཤེས་སྨིན་པའི་ཐིག་ལེ་ནི། ཉམས་གོང་འཕེལ་གྱི་སྣང་བ་ཚད་དུ་ཕྱིན་པར་ཉེ་བའི་སྣང་བ་ཡར་འཕེལ་བ་དེ་ཡིན་ནོ། །རིག་པ་སྨིན་པའི་ཐིག་ལེ་ནི། ཐིག་ལེ་དབྱིབས་ཟླུམ་པོའི་དབུས་སུ། དག་པ་ཆེན་པོའི་སྣང་བ་སྐུ་ཕྱེད་སྐུ་དང་། སྐུ་རྐྱང་དང་། ཡབ་ཡུམ་དང་། ཚོམ་བུ་ལ་སོགས་པ་ཤར་ནས་མཚན་ཉིད་འཛིན་པའི་ནང་དབྱིངས་སུ་རིགས་ལྔ་ཡོད་པ། འདིར་སྐུ་སྨིན་ནས་རིག་པ་སྐུར་སྨིན་པའི་དུས་ཞེས་བྱ། རིག་པ་ཚད་ཕེབས་ཀྱི་སྐབས་སུ་མཐོང་སྣང་དེ་ལྟར་འཆར་བ་ཡིན། རིག་པ་སྐུར་སྨིན་ཞེས་པ་དང་། ཤེས་རབ་སྐུར་སྨིན་ཞེས་པ་ནི་གཅིག་པ་ཡིན་ནོ། །ཐིག་ལེ་འདི་དག་ནི་རྩའི་ནང་གདངས་ཕྱིར་ཤར་བ་སྟེ། རིགས་བསྡུ་ན་ནང་དབྱིངས་ལ་ངོ་བོ་སྐུའི་ཐིག་ལེ། རང་བཞིན་འོད་ཀྱི་ཐིག་ལེ། ཐུགས་རྗེ་ཟེར་གྱི་ཐིག་ལེ་སྟེ་འཇུག་པའི་ཐིག་ལེ་གསུམ་དང་། དབྱིངས་སྣང་གི་ཐིག་ལེའི་ཆ། མཚོན་ཆ་པདྨ་སོགས་སྐྱེ་བའི་ཐིག་ལེ་ལྔ་དང་། ཕྱེད་སྐུ་སོགས་སྐུ་སྣང་བའི་ཆ་ནས་བཀོད་པའི་ཐིག་ལེ་དྲུག་ལ་སོགས་པ་དབྱེ་བ་ཞིབ་ཕྲ་བྱས་ན་ཤིན་ཏུ་མང་ངོ། །ད་རུང་རིག་པའི་རྣམ་གཞག་དེ་བས་ཀྱང་མང་བ་ཡོད་དོ། །འོན་ཀྱང་མདོར་བསྡུས་ན་ཕྱིར་སྣང་འོད་དུ་གསལ་ནས་སྐུ་ཐིག་ཟེར་གསུམ་ལ་སྣང་བའི་སྐབས་སུ་ནང་གི་ཕྲ་རགས་ཀྱི་འཛིན་པ་དག་ནས་ཆོས་ཉིད་ཀ་དག་གི་རང་ངོ་གསལ་བའི་གནད་དེ་ལ་ཐུག་གོ།

༽ གཞག་ཐབས་བཞིས་ཉམས་སུ་བླང་ཚུལ་བྱེ་བྲག་ཏུ་བཤད་པ།

༼༽ ཇི་ལྟར་ཉམས་སུ་བླང་ཚུལ་གྱི་ངོ་བོ་མདོར་བསྟན་པ།

གཉིས་པ་ལྟ་བ་རི་བོ་ཅོག་བཞག སྒོམ་པ་རྒྱ་མཚོ་ཅོག་བཞག སྤྱོད་པ་མན་ངག་ཅོག་བཞག འབྲས་བུ་མ་བཅོས་ཅོག་བཞག ཛྙཱ་ན་སུ་ཏྲའི་བཞག་ཐབས་བཞི་ལྟར་བཤད་ན་གཞི་ལམ་གྲོགས་འབྲས་བུ་དང་བཞི་ལ་སྦྱར་བ་ནི་ཚིག་སྒྲོས་ཀྱི་ཡིག་ཆའི་ཁྱད་པར་ཙམ་ལས་དོན་འདྲའོ། །དེ་ལྟ་བུའི་བཞག་ཐབས་བཞིས་ཉམས་སུ་བླང་ཚུལ་བྱེ་བྲག་ཏུ་བཤད་པ་ལ་གཉིས་ཏེ། ཇི་ལྟར་ཉམས་སུ་བླང་ཚུལ་གྱི་ངོ་བོ་མདོར་བསྟན་པ་དང་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། ཡི་གེ་མེད་པ་ལས། དེའང་རིགས་ཀྱི་བུ་གྲོང་ཁྱེར་ཆེན་པོ་ལས་འདས་ཏེ་ནགས་ཀྱི་ཀློང་ཆེན་པོ་ལ་དགོན་པར་གནས་པར་གྱིས་ཤིག །ཕྱི་ནང་གི་བྱ་བ་དང་བྲལ་བར་བྱས་ཏེ་ལྟ་བའི་ཁྱེར་སོ་ཆེན་པོ་བཞི་དང་མ་བྲལ་ན་སངས་རྒྱས་ཀྱི་བདེན་པ་དང་མི་འབྲལ་བས་བར་དོ་མེད་པར་སྐད་ཅིག་མ་ལ་འཚང་རྒྱའོ། །དེའི་ཐུགས་རྗེའི་སྒོ་མ་འགགས་པར་སྤྲུལ་པ་ཆེན་པ་ཕྱོགས་བཅུར་འགྱེད་དོ། །དེའང་འདི་ལྟར་ཤེས་པར་བྱའོ། །རི་བོ་ཅོག་གཞག་གི་ལྟ་བ་དང༌། རྒྱ་མཚོ་ཅོག་གཞག་གི་དགོངས་པ་དང༌། རིག་པ་ཅོག་གཞག་གི་མན་ངག་དང༌། སྣང་བ་ཅོག་གཞག་གི་ཐབས་བསྟན་པའོ་ཞེས་སོ།།

༼༽ ཇི་ལྟར་ཉམས་སུ་བླང་ཚུལ་གྱི་རང་བཞིན་རྒྱས་པར་བཤད་པ།

༼ རི་བོ་ཅོག་གཞག་གི་ལྟ་བ་བཤད་པ།

གཉིས་པ་ལ་བཞི་ལས། དང་པོ་རི་བོ་ཅོག་གཞག་གི་ལྟ་བ་ནི་དབྱིངས་རིག་གི་ངང་ལ་ཐག་ཆོད་ཀྱི་དགོངས་པ་འཕོ་འགྱུར་མེད་པར་གསལ་ལེ་ཧྲིག་གེ་བཞག་པ་སྟེ། རྒྱུད་དེ་ཉིད་ལས། རི་བོ་ཅོག་གཞག་ལྟ་བ་གསང་བ་ཉིད། །ཐེ་ཚོམ་མ་ཡིན་འགྱུར་བ་ངང་གིས་མེད། །ནམ་མཁའ་ཉིད་ཀྱི་ངང་ལ་རྣམ་པར་གསལ། །དོན་གྱི་ངོ་བོ་རིག་པ་དེ་ཉིད་ལ། །བྱས་པ་མ་ཡིན་བྱེད་མཁན་ག་ལ་ཡོད། །བཅོས་པ་མ་ཡིན་བཅོས་པའི་བདག་པོ་མེད། །ལྟ་བ་མ་ཡིན་ལྟ་བྱེད་ཆོས་དང་བྲལ། །མཐོང་བ་མ་ཡིན་མཐོང་བྱེད་རྣམས་པར་གསལ། །སྣང་བྱེད་མ་ཡིན་སྣང་བའི་ཕྱོགས་དང་བྲལ། །དྲི་མ་མ་ཡིན་ཐོགས་མེད་ཕྱོགས་བཅུར་རྒྱས། །རྩོལ་བ་མ་ཡིན་རྩོལ་སྒྲུབ་ཆོས་དང་བྲལ། །གཅིག་པུ་མ་ཡིན་དུ་མའི་ཆོས་དང་བྲལ། །ཕྱི་དང་ནང་མེད་ཕྱི་ནང་མེད་པར་གསལ། །ལྟ་བྱེད་མ་ཡིན་རྟག་ཆད་གཉིས་ལས་འདས། །དེ་ལ་ལྟ་བ་མེད་པས་བལྟ་རུ་མེད། །དོན་ལས་མི་འདའ་ལྟ་བ་ངང་གིས་མེད། །དེ་ཡོད་མ་ཡིན་དེ་ཡི་ངང་ལ་གནས། །ཞེས་སོ། །ཐག་ཐམས་ཅད་ལྟ་བས་ཆོད་ནས། སྣང་བ་སྣང་ཐོག རིག་པ་རིག་ཐོག་ཏུ་དབྱིངས་རིག་གི་ངང་དུ་འཕོ་འགྱུར་མེད་པས་ཐེག་པ་ཐམས་ཅད་ཀྱི་དགོངས་པའི་ཞེ་ཕུགས་ལོན་ནས་དེའི་སྟེང་དུ་ཐག་ཆོད་པ་ནི། རྫོགས་པ་ཆེན་པོ་ཡེ་གྲོལ་ལྷུན་གྲུབ་ཀྱི་དགོངས་པ་ཡིན། འདི་རི་རྒྱལ་ལྟར་གཡོ་འགུལ་མེད་པའི་ཐོག་ཏུ་མན་ངག་ཐམས་ཅད་ཀྱི་གནད་འདུས་པ་འབྲས་བུའི་རྒྱལ་པོ་ཡིན་པས་རི་རྒྱལ་ལྟར་ཐམས་ཀྱི་ཡང་རྩེར་འཕགས་པའོ། །ཛྙཱ་ན་སུ་ཏྲའི་ཞལ་ཆེམས་ལས། ལྟ་བ་ཐམས་ཅད་རང་གྲོལ་བར་འདོད་ན་རི་བོ་ཅོག་གཞག་གི་ལྟ་བས་ཆོས་ཐམས་ཅད་ཟད་སར་སྐྱོལ་ཅིག ཅེས་དང་ཤྲཱི་སེངྷའི་ཞལ་ཆེམས་གཟེར་བུ་བདུན་པ་ལས། ལྟ་བ་གྲོལ་ཡན་གྱི་གཟེར་རྟག་ཆད་གཉིས་ཀྱི་བར་དུ་གདབ་པ་བཞིན་དང་མེ་ལོང་འཕྲད་པ་ལྟ་བུའི་མན་ངག ཅེས་གསུངས་སོ། །མདོར་ན། མ་ཡེངས་མི་སྒོམ་དོན་གྱི་རང་ཞལ་བལྟ། །འཁོར་འདས་ཆོས་སྐུ་ཡེ་སངས་རྒྱས་པའོ། །གསུངས་པ་བཞིན་ལྟ་བ་ཡིན་མིན་གྱི་རེ་དོགས་མེད་པ་ལ་ངེས་ཤེས་གདིང་ནས་སྐྱེས་ནས་ཁོ་ཐག་ནང་ནས་ཆོད་པ་ཞིག་དགོས་སོ། །དེ་ནི་གཞི་ལྟ་བ་ཡིན་ནོ།།

༼ རྒྱ་མཚོ་ཅོག་གཞག་གི་དགོངས་པ་བསྟན་པ།

གཉིས་པ་རྒྱ་མཚོ་ཅོག་གཞག་གི་དགོངས་པ་ནི། མིག་ཆུའི་རྒྱ་མཚོར་སྟོང་གཟུགས་གཟའ་སྐར་གྱི་གཟུགས་བརྙན་ཤར་བའི་ཚེ་དགག་སྒྲུབ་ཆགས་ཞེན་དུ་འཛིན་པའི་དབབ་རླབས་མེད་པར་ཤེས་པ་དྭངས་སང་ངེ་སྤྲོ་བསྡུ་མེད་པར་ཉམས་སུ་ལེན་པ་ནི་ཆོས་ཉིད་ཟབ་མོ་གཏིང་དཔག་དཀའ་བའི་རྒྱ་མཚོ་ནུབ་པ་མེད་པའི་རྒྱལ་མཚན་གྱི་རྩེ་མོ་ལ་ལྟ་བ་ཞེས་བྱ་སྟེ། ཡི་གེ་མེད་པ་ལས། རྒྱ་མཚོ་ཅོག་གཞག་གི་དགོངས་པ་ནི། སྣང་བ་མ་ཡིན་སྣང་བར་བྱེད་པ་མིན། །སྟོང་པ་མ་ཡིན་སྟོང་པར་ཡོད་མ་ཡིན། །གསལ་བ་མ་ཡིན་གསལ་པ་ཆེན་པོའི་ཡུལ། །བྱིང་བ་མ་ཡིན་རྒོད་པ་ངང་གིས་མེད། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །མ་བསྐྱོད་མི་བསྐྱོད་བསྐྱོད་པ་ཀུན་ལས་འདས། །བྱས་པས་མ་བྱུང་བཞག་ཐབས་ཆེན་པོར་ལྟོས། །སྤྲོ་བསྡུ་མ་བྱེད་ཅོག་གཞག་གཅིག་གི་ངང༌། །གནས་པ་མ་ཡིན་དེ་ལས་འདའ་བ་མེད། །གསང་བའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ལ། །ཡེ་ནས་ལྷུན་འབྱམས་མ་བསྐྱོད་དབྱིངས་སུ་ཞོག །གཏིང་དཔག་དཀའ་བའི་རྒྱ་མཚོ་ཆེན་པོ་ན། །ནུབ་པ་མེད་པའི་རྒྱལ་མཚན་རྩེ་མོར་ལྟོས། །སྟོང་བའི་སེམས་མེད་མ་བཅོས་ཆེན་པོའི་སྐུ། །བྱས་པ་མེད་པས་བྱེད་པ་ཀུན་ལས་རྒྱལ། །ཡེ་ནས་མ་བྱུང་མ་བཅོས་ཅོག་གཞག་ཉིད། །སྣང་བས་མ་བསྒྱུར་བློ་ཡིས་མ་བཅོས་པ། །ཆོས་ཉིད་མཁའ་ལ་གནས་ན་དགོངས་པར་བསྟན། །ཆོས་སྐུའི་ཡེ་ཤེས་བསམ་པ་རབ་སྤངས་པ། །འགྱུ་བྱེད་མེད་ན་སྒོམ་པའི་དགོངས་པ་ཡིན། །གང་ལ་དམིགས་པའི་ཕྱོགས་དག་མི་འཛིན་ན། །རྒྱ་མཚོའི་གཏིང་དུ་གཟའ་སྐར་ཤར་བ་བཞིན། །འཛིན་མེད་གསལ་ཆ་མ་འགགས་པས། །དགོངས་པའི་འདུག་ཚུལ་དེ་བཞིན་ནོ། །ཞེས་སོ། །སྤྱིར་ཅོག་གཞག་བཞི་འདི་ཁྲེགས་ཆོད་ཐོད་རྒལ་གཉིས་ཀ་ལ་སྦྱར་ཆོག་ལ། ཁྲེགས་ཆོད་ཀྱི་སྐབས་སུ་སྒོམ་པ་བཅས་བཅོས་དང་རེ་དོགས་དང་བློ་སྣ་ཚབ་ཚུབ་མི་བྱེད་པར་དྭངས་པ་རྒྱ་མཚོ་ལྟ་བུའི་ངང་དུ་དྭངས་སང་ངེ་ཡངས་ཁྲོལ་ལེ་ཡེངས་མེད་འཛིན་མེད་དུ་སྐྱོང་བ་གནད་ཡིན། ཐོད་རྒལ་གྱི་སྐབས་སུ་རྒྱང་ཞགས་རྒྱ་མཚོའི་སྒོ་བརྒྱུད་ནས་སྟོང་གཟུགས་འོད་དང་ཐིག་ལེ་ཤར་བ་དེ། རྒྱ་མཚོ་དྭངས་པ་གཡོ་འགུལ་མེད་པ་ཞིག་གི་ནང་དུ་གཟུགས་བརྙན་ཤར་བ་ལྟར་དགག་སྒྲུབ་ཞེན་འཛིན་མེད་པར་ཉམས་སུ་ལེན་པའོ། །འདི་ལ་ཛྙཱ་ན་སུ་ཏྲས་སྒོམ་པ་ཐམས་ཅད་ཀྱི་སྟོབས་རྙེད་པར་འདོད་ན་རྒྱ་མཚོ་ཅོག་གཞག་གི་དགོངས་པས་བློ་དངོས་གཉིས་ཀ་གཅིག་ཏུ་དྲིལ་ཞེས་གསུངས་པ་དང་། ཤྲཱི་སེངྷས་ངོ་བོ་རང་དག་གི་གཟེར་བློ་དངོས་གཉིས་ཀྱི་བར་དུ་གདབ་པ་ཡིད་མཐུན་པའི་ཕོ་མོ་འཕྲད་པ་ལྟ་བུའི་མན་ངག ཅེས་གསུངས། མདོར་ན་རྒྱ་མཚོ་དྭངས་པ་ལ་གཟའ་སྐར་ཤར་བ་ལྟར་དྭངས་ཆ་ཡོད་དགོས་སོ།།

༼ རིག་པ་ཅོག་གཞག་གི་མན་ངག་བསྟན་པ།

གསུམ་པ་རིག་པ་ཅོག་གཞག་གི་མན་ངག་ནི། །མིག་ཡིད་ཙམ་མནན་ནས་ཟུར་ལ་བལྟས་པས་དབྱིངས་སྣང་ཤར་བར་ལུ་གུ་རྒྱུད་བཙོན་དུ་འཛིན་པ་སྟེ། དེ་ཉིད་ལས། རིག་པ་ཅོག་གཞག་མན་ངག་ཉིད། །འདི་ནི་གསང་བའི་མཐར་ཐུག་སྟེ། །མིག་ནི་རབ་ཏུ་མནན་བྱས་ཏེ། །དེ་དང་འདུ་འབྲལ་མེད་པར་བརྟག །མིག་ཟུར་གཉིས་ལས་དབྱིངས་བྱུང་བས། །འོད་ནི་ཕྲ་ལ་འཁྲིལ་བ་འབྱུང༌། །དེ་ལས་ངོ་བོ་ལུ་གུ་རྒྱུད། །ཕྲ་དང་འཁྱུག་དང་འགྱུ་བའོ། །མིག་ནི་ནམ་མཁའི་ཁམས་སུ་བརྟག །སངས་རྒྱས་སྐུ་ཡི་ཐིག་ལེར་འཆར། །དེ་ཉིད་དགོངས་པའི་དྲོད་རྙེད་ནས། །རིག་པ་སྐུ་ནི་ལུ་གུ་རྒྱུད། །སྐུ་དང་བཅས་པར་སྣང་བའོ། །ཞེས་སོ།།

༼ སྣང་བ་ཅེར་གཞག་གི་ཐབས་བསྟན་པ།

འདི་དང་འོག་མ་གཉིས་ཀ་སྐབས་འདིར་གོ་སྦྲེལ་ནས་བླངས་ན་བདེ། བཞི་པ་སྣང་བ་ཅེར་གཞག་གི་ཐབས་ནི། ཡེ་ཤེས་རང་ངོའི་གདངས་འབྱུང་བ་ཆེན་པོའི་འོད་ལྔ་སྟེ། ཟ་འོག་རིས་ལ་སོགས་པ་སྣང་བའི་ངང་དེར་རིག་པ་གསལ་དྭངས་ཕྱེད། བྱིང་རྨུགས་མེད། འཕྲོ་རྒོད་དུ་མ་ཤོར། གང་ལའང་མི་འཛིན། བདེ་གསལ་མི་རྟོག་པའི་ཉམས་ཡོད་ལ་འཛིན་པ་མ་ཞུགས་པར་བཞག་པ་སྟེ། གསང་བ་ཡི་གེ་མེད་པ་ལས། སྣང་བ་ཅེར་བཞག་རིག་པའི་ཐབས་ཆེན་ནི། །སྣང་བ་ཆེན་པོ་ཀུན་གྱི་གཞི་མ་ཡིན། །འབྱུང་བ་ལྔ་ཡི་སངས་རྒྱས་ལམ་ལྟར་སྣང༌། །ཆེན་པོ་ལྔ་ཉིད་མ་ཡི་སྣང་བར་གསལ། །མ་ཡེངས་ངང་དུ་འཛིན་མེད་ཆེན་པོར་ཞོག །གསང་སྔགས་ཆེན་པོ་ཡེ་ཤེས་ཆེན་པོ་ལྔ། །ཆེན་པོ་ལྔ་ཡིས་མ་བསྐྱོད་དབྱིངས་སུ་ཞོག །རྡོ་རྗེ་སེམས་དཔའི་རིག་པ་ཅེར་བཞག་ནི། །ཆོས་ཀྱི་སྐུ་ཡི་སྣང་བ་ཐམས་ཅད་སྟོན། །ཡེ་ཤེས་དག་པའི་སྣང་བ་ཅེར་སྣང་བས། །གསང་བའི་བཞག་ཐབས་ཅེར་བཞག་ཆེན་པོའི་ངང༌། །སྐུ་ཡི་སྣང་བ་འབྱུང་ལྔ་མ་སྤངས་པ། །ཡེངས་པ་མ་ཡིན་ངང་གི་དོན་ལ་ཞོག །ཅེས་སོ། །དེ་དག་ཀྱང་དབྱིངས་རིག་ལ་ཆགས་ཞེན་མེད་པར་ལྟ་བ་གཅིག་གི་ངང་དུ་འདུས་པ་ཡིན་ནོ། །འདིའི་སྐབས་སུ་ནང་རིག་པ་བྱིང་རྨུགས་འཕྲོ་རྒོད་ཀྱི་དབང་དུ་མ་ཤོར་བར་འཛིན་མེད་གསལ་སྟོང་གི་ངང་དུ་བཞག་པ་དང་མཉམ་དུ། ནང་གདངས་དེ་ཕྱིར་ཤར་བའི་འོད་ལྔ་འབྱུང་བ་ཆེན་པོའི་རང་འོད་དུ་ཤར་ཡོང་དུས་འཛིན་མེད་ཅེར་བཞག་བྱས་ནས་ཆོས་སྐུའི་སྣང་བ་དབྱིངས་རིག་འདུ་འབྲལ་མེད་པའི་ངང་དུ་འཇོག་དགོས་པ་དེ་རེད། ཛྙཱ་ན་སུ་ཏྲས་སྤྱོད་པ་ཐམས་ཅད་རྩལ་སྦྱོང་བར་འདོད་ན་སྣང་བ་ཐམས་ཅད་ཅེར་བཞག་གི་ཐོག་ཏུ་ཞོག་ཅེས་གསུངས་པ་དང་། ཤྲཱི་སེངྷས་སྒོ་ལྔ་རང་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་དུ་གདབ་པ་བུ་གཅིག་པུ་མ་དང་འཕྲད་པ་ལྟ་བུའི་མན་ངག ཅེས་གསུངས། ཛྙཱ་ན་སུ་ཏྲའི་ལུགས་ལ་ཅོག་གཞག་ཕྱི་མ་གཉིས་ཀ་གྲོགས་དང་འབྲས་བུ་ལ་བཞག་ཡོད་ཀྱང་དོན་གཅིག་གོ །ཤྲཱི་སེངྷས་སྒོ་ལྔ་རང་ཡན་གྱི་གཟེར་བྱིང་རྒོད་གཉིས་ཀྱི་བར་དུ་གདབ་ཅེས་གསུངས་པའང་འདི་དང་འབྲེལ་ལོ། །ཅོག་གཞག་བཞི་འདི་ལ་འཆད་ཚུལ་གྱི་ཐོག་ནས་འདྲ་མིན་ཅུང་ཟད་རེ་བཤད་ན་ཆོག་པས་གང་ལྟར་བཀྲལ་ནའང་ཆོག་གོ །འདི་ཁྲེགས་ཆོད་དང་སྦྱར་ནས་བཤད་ལུགས་ཤིག་དང་། ཐོད་རྒལ་དང་སྦྱར་ནས་བཤད་ལུགས་ཤིག་དང་། ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་གྱི་བཤད་ལུགས་ཤིག་དང་གསུམ་བྱས་ནའང་ཆོག་འདུག་སྙམ། དེ་མ་ཟད་ལྟ་བ་རི་བོ་ཅོག་གཞག་འདི་གཅིག་པུ་ལ་མཚོན་ནའང་གཞིའི་བཞུགས་ཚུལ་གྱི་ཐོག་ནས་བཤད་ལུགས་ཤིག་དང་། ངོ་སྤྲོད་མན་ངག་གི་ཐོག་ནས་བཤད་ལུགས་ཤིག་དང་། ངོ་འཕྲོད་པའི་ཆ་ནས་བཤད་པའི་བཤད་ལུགས་ཤིག་དང་རྣམ་པ་གསུམ་ཡོད་པ་ཡིན། གཞིའི་བཞུགས་ཚུལ་གྱི་ཕྱོགས་ནས་ལྟ་བ་རི་བོ་ཅོག་གཞག་ནི་རིག་སྟོང་ཐིག་ལེ་ཉག་ཅིག་ཆོས་སྐུའི་ཡེ་ཤེས་ཀྱི་སྙིང་པོ་དེ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་བཞུགས་པ་ཡིན་པས་དེ་རྣམ་པ་ཐམས་ཅད་དུ་བཟང་ངན་འཕོ་འགྱུར་མ་སོང་བ་འཕོ་འགྱུར་མེད་པ་རི་བོ་ལྟར་བརྟན་པའི་ཆ་ནས་བཞག་པ་ནི་རི་བོ་ཅོག་གཞག་ཏུ་གཞིའི་ཐོག་ནས་བཞག་པ་དང་། ངོ་སྤྲོད་ཀྱི་མན་ངག་དང་སྦྱར་ནས་བཤད་ན་རིག་འཛིན་བརྒྱུད་པའི་མན་ངག་ལ་ཚིག་ལ་ཆད་ལྷག་དང་དོན་ལ་ནོར་འཁྲུལ་མེད་པར་རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། ཐོས་གྲོལ་དྲན་གྲོལ་མྱོང་བས་གྲུབ་པ་འགྱུར་མེད་རི་ལྟར་བརྟན་པའི་ཡིད་ཆེས་ཀྱི་གདམས་ངག་ཡིན་པའི་ཕྱོགས་ནས་བཤད་པ་དང་། ཡང་གདམས་ངག་དེ་ལ་བརྟེན་ནས་རིག་པའི་རང་ངོ་འཕྲོད་པའི་གང་ཟག་དེའི་རང་རྒྱུད་ཀྱི་ཡེ་ཤེས། རང་ངོས་ནས་སད་སོང་བའི་སྟོབས་ཀྱིས་ཕྱིའི་གདམས་པ་གནམ་ས་ཆ་ལང་བརྡབས་ཀྱང་ཡ་ང་བག་ཚ་མེད་པའི་རྟོགས་པ་དེ་ནང་དུ་བརྙེས་པའི་རི་ལྟར་བརྟན་པའི་རི་བོ་ཅོག་གཞག་ཏུ་འགྲེལ་ན་ཡང་ཆོག འདི་དག་ཁྲེགས་ཆོད་ཐོད་རྒལ་ཟུང་འབྲེལ་ལ་སྦྱར་བ་རེད། སྒོམ་པ་རྒྱ་མཚོ་ཅོག་གཞག་ནི། ཚོགས་དྲུག་མ་བཅོས་བཟོ་མེད་དུ་བཞག་ན་ཡུལ་ལྔ་འགག་མེད་རྒྱ་མཚོའི་ནང་དུ་གཟའ་སྐར་ཤར་བ་དང་འདྲ་བར། ཤར་ཡང་སྣང་བའི་ཡུལ་གྱིས་མ་གོས་འཛིན་པའི་སེམས་ཀྱིས་མ་བཅིངས་པ་ཞིག་དང་། རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་དང་འདྲ་བར་འཆར་ཆ་གང་ཤར་ཡང་ཡེངས་མེད་འཛིན་མེད་ཞེན་མེད་དུ་གློད་ཚེ་ལུག་རྒྱུད་ཨར་ལ་གཏད་ནས་ཤེས་རབ་རང་བྱུང་གི་ངོ་བོ་ནང་ནས་གསལ་བའོ། །སྤྱོད་པ་མན་ངག་ཅོག་གཞག་ནི། ཡུལ་དྲུག་ལ་ཡུལ་ཅན་གྱི་ཤེས་པས་རོལ་བའི་སྐབས་སུ་དང་པོ་རྩལ་སྦྱོང་། བར་དུ་ཤར་གྲོལ་རང་གྲོལ། ཐ་མ་གང་སྣང་ཡེ་ཤེས་ཀྱི་རོལ་བ་མ་ཤར་བར་གྱི་སྤྱོད་པ། དམིགས་བསལ་ཐོད་རྒལ་གྱི་སྐབས་སུ་ཡང་སྣང་ཆ་གང་ཤར་མི་འགག་པར་སྤྱོད་པས་ན་སྤྱོད་པ་གསུངས་པའོ། །འབྲས་བུ་རིག་པ་ཅོག་གཞག་ནི། གཞིར་གནས་རང་བྱུང་གི་ཡེ་ཤེས་མངོན་དུ་གྱུར་ནས་སྣང་བ་ཅེར་འཛིན་གྱི་ཤེས་རབ་ཀྱི་ནང་གདངས་ཕྱིར་ཤར་བ་ལུ་གུ་རྒྱུད་ལ་སོགས་པ་རིག་སྟོང་ཟུང་འཇུག ཡུལ་ཡུལ་ཅན་གཉིས་མེད་ཀྱི་ཀློང་དུ་གྲོལ་བའི་ཁྱད་ཆོས་དྲུག་གི་གནད་འདུས་པ་དེ་དག་གོ།

༽ རྣལ་འབྱོར་བཞིས་གནད་ངེས་པ་རང་ཐོག་ཏུ་དབབ་པ།

གསུམ་པ་རྣལ་འབྱོར་བཞིས་གནད་ངེས་པ་རང་ཐོག་ཏུ་དབབ་པ་ལ། ལྟ་སྒོམ་སྤྱོད་འབྲས་བཞི་ལས། དང་པོ་ལྟ་བ་རྣལ་འབྱོར་དུ་བྱེད་པ་ནི། རྒྱ་མཚོ་དྭངས་པ་ལ་གཟུགས་བརྙན་ཤར་བ་མཐོང་བ་བཞིན་དུ་ལུ་གུ་རྒྱུད་ཀྱི་སྣང་བས་ཟང་ཐལ་དུ་མཐོང་དུས་དེ་ལ་བལྟ་ཡང་ནང་གི་ཤེས་པ་སྙེམས་བྱེད་དང་བྲལ་བ་ཟང་ཐལ་རྗེན་པར་ཡེ་རེ་བཞག་པ་སྟེ། ནོར་བུ་ཕྲ་བཀོད་ལས། ལྟ་བ་རྒྱུན་གྱི་རྣལ་འབྱོར་གྱིས། དེ་ཡི་དོན་ལ་འགྱུར་མེད་བལྟ། །དེ་ཡང་ལུ་གུ་རྒྱུད་ཀྱི་སྐུ། །མངོན་དུ་སྣང་ཞིང་གཟུང་བར་དཀའ། །རིག་པ་ངོ་བོ་དེ་ཉིད་ལ། །འགག་མེད་ཟང་ཐལ་གནས་པའི་དཔེ། །དཔེར་ན་རྒྱ་མཚོ་དྭངས་པ་ལ། །གཟའ་དང་སྐར་མ་ཤར་བ་བཞིན། །བག་ལ་ཉལ་བའི་དུས་མིན་པར། །སྣ་ཚོགས་ཟང་ཐལ་ཆེན་པོར་གནས། །ལྟ་བ་རྒྱུན་གྱི་རྣལ་འབྱོར་གྱིས། །དེ་ཡི་དོན་ལ་མ་ཡེངས་ན། །བག་ལ་ཉལ་དང་མ་ཉལ་མེད། ཅེས་སོ། །ཕྱིའི་ལུག་རྒྱུད་ཀྱི་སྣང་བ་ཟང་ཐལ་དུ་སྣང་ཡོང་དུས་དེ་ལ་ནང་ཤེས་པ་སྙེམས་བྱེད་དང་བྲལ་བའི་ཟང་ཐལ་གྱི་ངང་དུ་འཇོག་པ་སྟེ། ལྟ་བ་སྤྲོས་བྲལ་གྱི་ཡེ་ཤེས་རང་གདངས་འགག་པ་མེད་པ་རིག་སྟོང་ཟུང་དུ་འཇུག་པ། མདོ་ལྟར་ན་བདེ་གཤེགས་སྙིང་པོ། སྔགས་ལྟར་ན་གཉུག་མའི་སེམས་འོད་གསལ་གྱི་རིག་པ་སྟེ། ཤེས་རིག་རང་ཚུགས་མ་ཤོར་བ། །འདི་ལས་ལྷག་པ་གཞན་ན་མེད། །ཅེས་གསུངས་པ་ལ་ངེས་ཤེས་གཏིང་ནས་སྐྱེས། ཁོ་ཐག་གདིང་ནས་ཆོད་དགོས་སོ། །སྒོམ་པ་རྣལ་འབྱོར་དུ་བྱེད་པ་ནི། ལུ་གུ་རྒྱུད་ལ་འགུལ་འཕྲིག་མེད་པར་ཉམས་སུ་ལེན་པ་སྟེ། དེ་ཉིད་ལས། རང་རིག་སྒོམ་པའི་རྒྱུན་མེད་ཀྱང༌། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་འབྱུང༌། །དུས་དང་དུས་མིན་ཐམས་ཅད་དུ། །ལུ་གུ་རྒྱུད་དང་མ་བྲལ་ན། །སྒོམ་པ་རྒྱུན་གྱི་རྣལ་འབྱོར་ཡིན། །ཞེས་པ་དང༌། ཡི་གེ་མེད་པ་ལས། སྒོམ་པའི་སྐྱེལ་སོ་ལུ་གུ་རྒྱུད་དུ་བསྟན། །ཞེས་སོ། །ངང་ལ་གནས་པ་དེ་ཉིད་སྒོམ་པ་ཡིན་ལ། ཆོས་ཉིད་རང་བབས་ཀྱི་བསམ་གཏན་གྱི་སྒོམ་པའི་ངང་སྐྱོང་དུས། རང་སེམས་ཀྱི་དེ་ཉིད་མཐོང་ནས་དྭངས་པ་རྒྱ་མཚོ་ལྟ་བུ། གསལ་བ་ཉི་ཟླ་ལྟ་བུ། སྤྲིན་མེད་ཀྱི་ནམ་མཁའ་ལྟ་བུའི་རྒྱ་ཆེན་ཁྱོན་ཡངས་གསལ་འགྲིབ་མེད་པར་གནས་པས། དེར་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་འགུལ་འཕྲིག་མེད་པར་རང་ཤུགས་ཀྱིས་གནས་ཏེ་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དེ་ཉིད་མཐོང་བའི་སྐབས་ཡིན་ནོ། །སྤྱོད་པ་རྣལ་འབྱོར་དུ་བྱེད་པ་ནི། ལུ་གུ་རྒྱུད་ལ་བལྟ་དུས་གཉིས་སྣང་བློའི་ཞེན་པ་ལས་འདས་པར་སྤྱོད་པ་སྟེ། ནོར་བུ་ཕྲ་བཀོད་ལས། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་གྱིས། །ལུ་གུ་རྒྱུད་ཀྱི་ངོ་བོ་ལ། །དུས་བཞི་ཉིད་དུ་མ་བྲལ་ན། །སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཡིན། །ཞེས་དང༌། ཡི་གེ་མེད་པ་ལས། སྤྱོད་པ་ཆེན་པོ་དེ་དང་མ་བྲལ་ན། །རྣམ་གསུམ་ངོ་བོ་ཉིད་དེ་ཡིན་པར་གསུངས། །ཞེས་སོ། །སྣང་ཆ་གང་ཤར་མི་འགག་པར་སྤྱོད་པའམ་སྤྱོད་པ་ཡུལ་རྐྱེན་གྱིས་མི་འཕྲོག་པ་གང་སྣང་གང་ཤར་དུ་གྲོལ་བ་སྤྱོད་པ་རྐྱེན་ཐུབ་ཅེས་བྱ་ལ། ལུ་གུ་རྒྱུད་ཀྱི་ངོ་བོ་རྟོག་མེད་སྤྲོས་བྲལ་རང་བྱུང་གི་ཡེ་ཤེས་དང་ནམ་ཡང་མི་འབྲལ་བ་དེ་ལ་གསུངས་པའོ། །འབྲས་བུ་རྣལ་འབྱོར་དུ་བྱེད་པ་ནི་ལུ་གུ་རྒྱུད་ལ་བལྟ་དུས་དེར་རེ་དོགས་གང་ཡང་མེད་པར་ལྷུན་གྲུབ་རང་ཆས་སུ་རྟོགས་པས་ཉམས་སུ་ལེན་པ་སྟེ། དེ་ཉིད་ལས། སངས་རྒྱས་འབྲས་བུ་བྱར་མེད་ཆེན་པོའི་ཀློང༌། །དེ་ལས་མ་འདས་ཆོས་ཉིད་བསྒྲུབ་ཏུ་མེད། །ཅེས་སོ། །འབྲས་བུ་ཞེས་པ་ཟུར་ཞིག་ནས་ཐོབ་པ་མིན་པར་སྐུ་གསུམ་ལམ་སྣང་དུ་རྫོགས་པ་གང་སྣང་ཡེ་ཤེས་ཀྱི་རོལ་བ་ཐམས་ཅད་རིག་པའི་རང་བཞིན་སྣང་སྲིད་དག་མཉམ་ཆེན་པོ་བྲི་གང་བསལ་བཞག་དང་བྲལ་བ་ཞིག་གི་དོན་ཏོ། །དེ་དག་གི་གོལ་ས་བཅད་པ་ནི། རིག་པའི་ངོ་བོ་ལ་གོལ་མ་གོལ་མེད་ཀྱང་དེ་ཉིད་ཉམས་སུ་ལེན་དུས་ཤེས་མ་ཤེས་ཀྱི་ཁྱད་ལས་གོལ་མ་གོལ་དུ་བྱུང་བས་གོལ་ས་བཅད་པ་བསྟན་ཏེ། ལྟ་སྒོམ་སྤྱོད་པ་གསུམ་ལས། ཁྲེགས་ཆོད་ཀ་དག་གི་རིག་པ་དང་ཐོད་རྒལ་ཤེས་རབ་རང་བྱུང་གི་སྒྲོན་མ་གཉིས་ཀ་དོན་གཅིག་ལ་དེའི་རང་ཞལ་མཇལ་བའི་ལྟ་བ་དེ་ཉིད་གཏན་ལ་ཕབ་དུས་ལྟ་བ་ལ་སྟོང་པ་ཅང་མེད་དུ་བལྟས་ན་ཆད་པ། ཆད་པའི་ལྟ་བ་སྟེ། སྟོང་ཉིད་ཅེས་པ་སྟོང་གསུམ་སྣོད་བཅུད་དང་བཅས་པ་ཞིག་པའི་ཤུལ་ལྟ་བུའི་སྟོང་པ་ཞིག་མ་ཡིན་པར་སྟོང་པ་ཉིད་ཡིན་པས་དེ་ལས་འགག་མེད་ཀྱི་སྣང་ཆ་ཡོད་པས་ཆད་མཐའ་སེལ་བ་ཞིག་ཡིན་པ་ལ། དེ་ལྟར་མ་ཤེས་ནས་ཅང་མེད་ཧད་པོར་བསྒོམས་ན་གཟུགས་མེད་དུ་གོལ། སྣང་བ་འོད་ལ་དགའ་བྲོད་དུ་འཛིན་པར་སོང་ན་རྟག་པ། གསལ་བ་རིགས་ཆད་དུ་བསྒོམས་ན་གཟུགས་ཁམས་ཀྱི་བསམ་གཏན་བཞིར་གོལ། སྟོང་གཟུགས་ལ་དག་གྲོལ་གྱི་དངོས་པོ་མཚན་མར་འཛིན་ན་གཟུང་འཛིན། དེའི་ངང་ལ་བསྒོམས་ན་འདོད་པར་གོལ་བ་སྟེ། ནོར་བུ་ཕྲ་བཀོད་ལས། ལྟ་བ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །སྟོང་པ་ཉིད་ལ་བལྟས་པ་ན། གཟུགས་མེད་སྐྱེ་མཆེད་མུ་བཞིར་གོལ། །དངོས་པོ་ཉིད་དུ་བལྟས་པ་ན། །གཟུགས་ཁམས་གནས་རིགས་བཅུ་བདུན་དང༌། བེམ་པོ་ཉིད་དུ་གོལ་བར་འགྱུར། །ལུ་གུ་རྒྱུད་ཀྱི་སྣང་བ་ལ། །རྟག་པ་ཉིད་དུ་རབ་བལྟས་ནས། །ཆགས་པ་ཆེན་པོས་བཅིངས་གྱུར་ན། །འགྲོ་དྲུག་གནས་སུ་གོལ་བར་འགྱུར། །ཞེས་སོ། །དེ་དག་ནི་ལྟ་བའི་གོལ་ས་གསུམ་མོ། །ཀུན་མཁྱེན་འཇིགས་མེད་གླིང་པའི་ཞལ་ནས། སེམས་གསལ་སྟོང་ཞི་གནས་འཛིན་པ་ཅན། །ཡིད་རྟོག་དཔྱོད་ཀྱི་ལྷག་མཐོང་གཡོ་འཕྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །འདི་གསུམ་པོ་རྫོགས་ཆེན་ཁྱུ་ནས་བུད། །ཅེས་གསུངས། དེས་ན་འོད་སྣང་ལ་མཐར་འཛིན་དང་ཞེན་ཆགས་མེད་པས་གོལ་ས་ཤུགས་ལ་ཆོད་པའོ། །སྒོམ་པའི་གོལ་ས་ལའང༌། རྟོག་མེད་ལྟེངས་པོར་སོང་ན་ཞི་གནས་རྩེ་གཅིག་ཏུ་གོལ་བས་རིག་པའི་གསལ་རིག་རྗེན་རྗེན་ངོས་འཛིན་པ་གཅེས་སོ། །རྣམ་པར་གསལ་བ་རིས་ཅན་གུད་དུ་བཅད་ནས་བསྒོམས་ན་མཐར་འཛིན་ཕྱོགས་ལྷུང་དུ་གོལ་བས་མཐར་འཛིན་གྱི་འཁྲིས་མེད་པར་བྱའོ། །བྱུང་ཚོར་བཀག་པའི་སྟོང་པ་བསྒོམས་ན་སྟོང་ཆས་མུ་མེད་དུ་གོལ་བས་འཆར་བ་མི་དགག །རྗེས་མཐུད་མ་བྱུང་གང་ཤར་ཐད་ཀར་ཁད་ཁད་འགྲོ་བ་ངོས་ཟིན་པ་གཅེས་སོ། །ཡང་དེ་ཉིད་ལས། སྒོམ་པ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །བཏང་སྙོམས་བདག་མེད་བསྒོམ་བྱས་ན། །ལྟེངས་ནས་མུན་སྣང་ཉིད་དུ་གོལ། །ཏིང་འཛིན་ཡིག་འབྲུ་བསྒོམ་བྱས་ན། །ཆགས་པས་འཁོར་བའི་གནས་སུ་གོལ། །མི་རྟོག་སྟོང་པར་བསྒོམ་བྱས་ན། །ཆགས་པ་མུ་མེད་ཉིད་དུ་གོལ། །ཞེས་སོ། །དེ་དག་ནི་སྒོམ་པའི་གོལ་ས་གསུམ་མོ། །ཡང་ཀུན་མཁྱེན་འཇིགས་གླིང་གིས། སྒོམ་དྲན་འཛིན་གཉེན་པོའི་འཆིང་བ་དང་། །བློ་ཆེད་འཛིན་བྱས་པའི་སྟོང་ཉམས་ཅན། །བློ་གོལ་ཡུལ་འདྲེས་པའི་རྗེས་འདེབས་གསུམ། །ཁྱོད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །ཅེས་གསུངས་སོ། །སྤྱོད་པ་ལའང་ཞེན་མེད་གཞི་གྲོལ་དུ་མ་སོང་བར་གང་སྣང་ལ་སྤྱད་ན་སྨྱོན་པ་དང་འདྲ་བས་ལྷ་མ་ཡིན་དུ་གོལ་ཏེ་ཤར་སྣང་ཐད་ཀར་གྲོལ་པ་གཅེས་སོ། །ཚིག་ལ་ཞེན་ནས་སྤྱོད་ན་འཇིག་ཚོགས་ལ་ལྟ་བར་གོལ་བས་ལྟ་སྒོམ་གྲུབ་མཐས་མ་བཅིངས་པ་གཅེས་སོ། །སྣང་བ་ལ་བུ་ཆུང་ལྟར་མིང་དོན་འཛིན་པ་མེད་ཀྱང་ཞེན་ཡུལ་དུ་སྤྱད་རྒྱུར་བྱུང་ན་ལུང་མ་བསྟན་གཏི་མུག་ཏུ་གོལ་བས་སྣང་ཤེས་རང་ས་ན་ཆོད་པའི་རྟོགས་པས་རང་ངོ་ཤེས་པ་གཅེས་སོ། །ནོར་བུ་ཕྲ་བཀོད་ལས། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ལ། །གོལ་ས་རྣམ་པ་གསུམ་ཡོད་དེ། །འདི་ལྟར་སྣང་བ་ཐམས་ཅད་ལ། །སྨྱོན་པར་ལྟ་བུར་སྤྱོད་བྱས་ན། །ལྷ་མ་ཡིན་དུ་གོལ་བར་འགྱུར། །དོན་མེད་ཚིག་རེངས་སྤྱད་བྱས་ན། །འཇིག་ཚོགས་ལྟ་བར་གོལ་བར་འགྱུར། །ཚོགས་དྲུག་ཡུལ་སྣང་ཐམས་ཅད་པ། །བུ་ཆུང་ལྟ་བུར་སྤྱད་བྱས་ན། །ལུང་མ་བསྟན་པའི་གནས་སུ་གོལ། །ཞེས་སོ། །སྤྱིར་བློ་དམན་པ་དང་རྩལ་ཞེན་པ་ལ་གོལ་ས་ཡོད་ཀྱང་ལུ་གུ་རྒྱུད་ལ་རེ་དོགས་ཀྱི་གཟེབ་མི་འཆིང་བ་འབྲས་བུ་རྒྱུན་བྱེད་རྩལ་ཅན་རྣམས་ལ་གོལ་ས་མེད་དེ། ཡང་དེ་ཉིད་ལས། གོལ་བའི་རྒྱུ་ནི་བསམ་ཡས་ཀྱང༌། །གོལ་ས་ཆེན་པོ་དེ་ལ་མེད། །ལུ་གུ་རྒྱུད་ལ་གོལ་ས་མེད། ལམ་པའི་རྒྱུད་ལ་གོལ་བར་སྣང༌། །དོན་ལ་གོལ་ས་གཅིག་ཀྱང་མེད། །རྒྱུ་དང་འབྲས་བུར་བཏགས་པ་ཡང༌། །གོལ་ས་བཅད་ཕྱིར་གསུངས་པའོ། །ཞེས་སོ། །འདི་ལའང་ཀུན་མཁྱེན་འཇིགས་གླིང་གིས། སེམས་འདུ་ཤེས་བྲེང་པོའི་ལྟ་སྒོམ་དང་། །བློ་གོ་རར་འཐུམ་པའི་ཉམས་ཞེན་དང་། །ཡིད་མྱོང་ཤེས་དྲི་མས་སྦགས་དེ་གསུམ། །ཁྱོད་གསུམ་ཡང་རྫོགས་ཆེན་ཁྱུ་ནས་བུད། །ཅེས་གསུངས་སོ། །རེ་དོགས་ཀྱི་གཟེབ་ཀྱིས་མི་འཆིང་བར་བློ་གཟུ་བོར་གནས་པའི་གང་ཟག་གིས་བུ་ཆུང་གིས་ལྷ་ཁང་མཇལ་བ་ལྟ་བུའི་སྣང་ཤེས་ཐམས་ཅད་མཉམ་པར་རང་གྲོལ་དུ་སོང་ནས་བསེ་ཤིང་གི་འབྲས་བུ་སླར་མི་ལྡོག་པ་དཔེ་དེ་ལ་བཞག་ནས་གསུངས་པའོ། །འདི་དག་ཀྱང་གནད་གལ་པོ་ཆེ་ཡིན་པས་ཤེས་པར་བྱའོ།།

༣ དེ་ལྟར་ཉམས་སུ་བླངས་པ་ལས་སྣང་བ་བཞི་ཇི་ལྟར་འཆར་བ་བསྟན་པ།

༼༽ ཆོས་ཉིད་མངོན་སུམ་གྱི་སྣང་བ་བཤད་པ།

དོན་གསུམ་བ་དེ་ལྟར་ཉམས་སུ་བླངས་པས་སྣང་བ་བཞི་ཇི་ལྟར་འཆར་བ་ལ་བཞི་སྟེ། ཐལ་འགྱུར་ལས། དེ་ལས་སྣང་བ་བཞིར་འགྱུར་ཏེ། །ཆོས་ཉིད་མངོན་སུམ་སྣང་བ་ཡིས། །ཡིད་དཔྱོད་འཛིན་པའི་ཚིག་ལས་འདས། །གོང་གི་འཕེལ་བའི་ཉམས་སྣང་གིས། །འཁྲུལ་པའི་སྣང་བ་ནུབ་པར་བྱེད། །རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་གཅོད། །ཅེས་སོ། །སྣང་བཞི་ཇི་ལྟར་འཆར་བའི་ཚུལ་མདོར་བསྟན་ནས་རྒྱས་པར་བཤད་པ་སྟེ། སྤྱིར་ན་ཐོད་རྒལ་གྱི་སྣང་བ་བཞི་ཀའི་དུས་སུ་ལུས་བཞུགས་སྟངས་ལ་གནས་པ་དང་། མིག་གཟིགས་སྟངས་ལས་མི་འབྲལ་བར་ལྟ་བ་དང་། རླུང་རིག་ངང་གིས་དལ་བར་བྱེད་པ་དང་གསུམ་པོ་ནི་ཐམས་ཅད་ལ་གནད་མཐུན་པ་ཡིན། ཁྱད་པར་དུ་སྣང་བ་དང་པོ་གཉིས་སུ་སྦྱངས་པས་མངོན་དུ་གྱུར་ཚེ་ཕྱི་མ་གཉིས་སུ་འབད་རྩོལ་ཆེན་པོ་མི་དགོས་པར་འབྱོངས་པ་ཡིན། ཐོད་རྒལ་གྱི་སྐབས་འདིར་སྣང་བའི་འཆར་ཆ་ཐམས་ཅད་རྣམ་པ་བཞི་ཡི་ཐོག་ནས་འཛིན་དགོས་པས། དེ་ཡང་ཆོས་ཉིད་མངོན་སུམ། ཉམས་གོང་འཕེལ། རིག་པ་ཚད་ཕེབས། ཆོས་ཉིད་ཟད་ས་བཞི་རུ་བསྟན་པ་ཡིན་ནོ། །སྣང་བ་བཞིར་རུ་གྲངས་ངེས་པ་ནི། ཕྱིར་ནམ་ཟླ་དུས་བཞིའི་འཕེལ་ཟད་པ་དང་། ནང་དུ་ལུས་ངག་ཡིད་སེམས་བཞིའི་བཅིངས་པ་ལས་དགྲོལ་བ་དང་། གསང་བར་དབང་བཞིའི་ངེས་པ་སྟོན་པ་དང་། དེ་ཁོ་ན་ཉིད་དུ་སྒྲོན་མ་བཞིའི་སྣང་བ་ངེས་པ་ལ་ལྟོས་ནས་བཞིར་ངེས་སོ། །དེ་དག་གི་གོ་རིམ་ངེས་པ་ནི། ཆོས་ཉིད་མངོན་སུམ་དང་པོར་བཞག་པ་ནི། དང་པོར་གཞི་ཆོས་ཉིད་མངོན་སུམ་མ་མཐོང་ན་གཞན་གསུམ་གྱི་འཆར་བའི་གཞི་མེད་པས་རྟེན་དང་བརྟེན་པའི་གཞིར་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་འཆར་བའོ། །དེ་ཉིད་ཤར་བས་ཆོས་ཐམས་ཅད་ཀྱི་དོན་མཐོང་བས་རང་བྱུང་ཡེ་ཤེས་རང་ལས་རྙེད་པ་ཡིན་ལ། དེ་ནས་མཐོང་བ་དེ་ཉམས་སུ་མ་མྱོང་ན་ཚིག་ཙམ་ལས་འབྲས་བུ་མི་འབྱུང་བ་ལས། ཉམས་སུ་མྱོང་བས་དེའི་ཉམས་གོང་འཕེལ་དུ་བྱུང་བའོ། །ཆོས་ཉིད་མངོན་སུམ་དང་ཉམས་གོང་འཕེལ་གཉིས་ཀ་སྤྲུལ་སྐུའི་སྣང་བ་ཡིན། ཉམས་བརྟན་པའི་ཚད་ལ་ཕེབས་པས་རིག་པ་ཚད་ཕེབས་ཀྱི་སྣང་བ་བྱུང་བའོ། །དེ་ནི་ལོངས་སྐུའི་སྣང་བའོ། །དེའི་དུས་སུ་གང་སྣང་དག་པར་ཤར་བའི་རིག་པ་ཚད་ཕེབས་ཀྱི་སྣང་བ་དེ་ལས་གཞན་དུ་མི་འགྱུར་བར་དག་པ་དེ་མཐར་ཐུག་ཡིན་ན་དངོས་སྣང་མཚན་མའི་ཆོས་ལ་མཐར་ཐུག་གི་འབྲས་བུ་རེ་བ་ཐེག་པ་ཐུན་མོང་པ་དང་ཁྱད་པར་མེད་པ་ལས། འདིར་དེ་ལྟར་མིན་པར། སྣང་ཉམས་གཞི་ལ་ཐིམ་སྟེ། ཕྲ་རགས་ཀྱི་སྣང་འཛིན་ནུབ་ནས། ཀ་དག་ཆོས་ཉིད་དུ་ཟད་པ་ལ་སྤྱོད་པས་ཆོས་ཉིད་ཟད་པའི་སྣང་བ་བྱུང་བའོ། །དེ་ཆོས་སྐུའི་སྣང་བ་དང་མཐུན་པར་འཆར་བས་ཆོས་སྐུའི་སྣང་བར་བཞག་པའོ། །དེ་ལྟ་བུའི་སྐུ་གསུམ་ལམ་སྣང་དུ་ཤར་བས་རང་སྣང་གི་རྩལ་སྐུ་གསུམ་དེ་རིག་པའི་ངང་དུ་ཐིམ་པས། རིག་པ་ཀ་དག་གི་འབྲས་བུ། རིག་པའི་དབྱིངས་ནས་རང་རྩལ་སྐུ་གསུམ་དུ་ཤར་བས་སེམས་ཅན་གྱི་དོན་བྱེད་པ་ཞེས་བྱ་སྟེ། ཐེག་པའི་རྒྱལ་པོའི་དགོངས་པ་ཐུན་མོང་མ་ཡིན་པའོ། །དེ་ལྟ་བུའི་ཚུལ་རྒྱས་པར་བཤད་པ་ལས་དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་ངེས་ཚིག་འགྲེལ་བ་ནི་ཆོས་ནི་གཤིས་དོན་དམ་རིག་པའི་ངོ་བོ་ཉིད་ནི་འཕོ་འགྱུར་དང་བཅོས་བསླད་མེད་པའི་དེ་ཁོ་ན་ཉིད་དོ། །མངོན་ནི་རང་གདངས་དབང་པོས་བལྟར་ཡོད་པའོ། །སུམ་ནི་སྒོ་དང་ཡུལ་དང་རླུང་གི་གནད་གསུམ་ལས་ཕྱིར་ཅེར་མཐོང་དུ་སྟོན་པའོ། །སྣང་བ་ནི་དབྱིངས་རིག་གི་འཕེལ་ལས་ཐིག་ལེ་སུམ་སྦྲེལ་དུ་སྣང་བ་ཚུན་ཆད་དོ། །དེ་དག་ཀྱང་ཐལ་འགྱུར་ལས། ཆོས་ཉིད་མངོན་སུམ་སྣང་བ་ནི། །དབང་པོའི་སྒོ་ལས་ངེས་འཐོན་ནས། །སྤྲིན་མེད་པ་ཡི་མཁའ་ལ་གསལ། །ཞེས་སོ། །ཆོས་ཉིད་མངོན་སུམ་གྱི་སྣང་བ་ལྟ་སྟངས་གསུམ་གྱི་གནད་ལ་སྦྱར་བས། སྤྲིན་མེད་གྱི་ནམ་མཁའ་སྟོང་པ་ལ་དབྱིངས་རིག་འོད་གསལ་གྱི་སྣང་བ། ཐིག་ལེ་གསུམ་འབྲེལ་ཚུན་ཆད་དང་། ལུ་གུ་རྒྱུད་འགུལ་འཕྲིག་གི་རྣམ་པ་ཅན་དང་། མཚམས་མཚམས་སུ་མངོན་པ་དང་མཚམས་སུ་མི་མངོན་པའི་རྣམ་པ་ཅན་དེ་ཐིག་ལེའི་ར་བར་ཚུད་དགོས་པ་ཡིན་ནོ། །ཕྱིའི་དབྱིངས་སྣང་ལ་མིག་མི་འགུལ་བའི་རང་དུས་ན། ནང་དུ་རིག་པ་གཞི་ལ་གནས་པས་གདངས་རང་ཐིམ་ལ་འཁོར་ནས། ཡེ་ཤེས་ཀྱི་ནམ་མཁའ་དབྱིངས་ཀྱི་ནམ་མཁའ་ལ་ཐིམ་ནས་ངོ་བོ་རིས་མེད་དུ་གྲོལ་བའོ།།

༼༽ ཉམས་གོང་འཕེལ་གྱི་སྣང་བ་བཤད་པ།

ཉམས་གོང་འཕེལ་གྱི་སྣང་བ་ལ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ཉམས་ཞེས་པ་ལ་ཤེས་ཉམས་དང་སྣང་ཉམས་གཉིས་ལས། ཤེས་ཉམས་ལ་ཤེས་པ་དགའ་བདེའི་ཉམས་བདེ་གསལ་མི་རྟོག་པའི་འཕེལ་འགྲིབ་འཇིག་རྟེན་པའི་ཤེས་ཉམས་དང༌། ཤེས་པ་མཐར་གྱུར་གྱི་ཉམས་སྲིན་བུ་མེ་ཁྱེར་ལྟ་བུ་དང༌། སྤྲིན་ལྟ་བུ་དང༌། །སྨུག་ཟིལ་ལྟ་བུ་དང༌། དུ་བ་ལྟ་བུ་དང༌། སྨིག་རྒྱུ་ལྟ་བུ་དང༌། སྐར་མ་ལྟ་བུ་དང༌། ཟླ་འོད་ལྟ་བུ་དང༌། མར་མེ་ལྟ་བུ་སྟེ་མི་བརྟན་ཞིང་འགྱུར་བའི་ཉམས་སོ། །འདི་དག་ནི་འཇིག་རྟེན་ལས་འདས་པའི་ཉམས་ཡིན་ནམ་སྙམ། ཉམས་གོང་འཕེལ་གྱི་སྐབས་འདིར་ནི་སྣང་བའི་ཉམས་ཏེ། ཐལ་འགྱུར་ལས། འཕེལ་སྟོན་ཟླ་བ་ཡར་ངོ་བཞིན། །སྣང་བ་རེ་ལ་ཉམས་རེའོ། །ཞེས་པ་ལྟར་རོ། །གོང་འཕེལ་ནི་རྒྱ་ཇེ་ཆེར་སོང་བའོ། །ཞེས་ངེས་ཚིག་འགྲེལ་བ་དང་མཉམ་དུ་མདོར་བསྟན་པའོ། ཤེས་ཉམས་ལ་འཇིག་རྟེན་པའི་ཤེས་ཉམས་བཅོས་མའི་ཏིང་ངེ་འཛིན་ལ་བརྟེན་ནས་དགའ་བདེའི་ཞེན་པ་ཅན་གླུ་གར་སོགས་བྱེད་སྙིང་འདོད་པ་སྤྲོ་བའི་ཉམས་ཅན་དང་། འདས་པའི་ཤེས་ཉམས་གཟུང་འཛིན་མེད་པའི་དགའ་བདེ་ཞེན་མེད་ཅན་དང་། མཐར་གྱུར་གྱི་ཉམས་ནི། རླུང་ཉམས་སུ་རྒྱུད་གཞན་ནས་གསུངས་པའི་སྟོང་གཟུགས་རྟགས་བཅུ་ལྟ་བུའོ། །སྣང་ཉམས་ནི་རིག་པའི་རང་གདངས་འོད་གསལ་ཆེན་པོ་ཡིན་པས་སྐབས་འདིའི་ཉམས་གོང་འཕེལ་སྣང་ཉམས་ལ་གཙོ་བོར་འཛིན་དགོས། རྒྱས་པར་བཤད་པ་ནི། ཐལ་འགྱུར་ལས། ཉམས་ཀྱི་སྣང་བ་གོང་འཕེལ་ནི། །ཡེ་ཤེས་ཁ་དོག་ཕྱིར་ཕྱུང་ནས། གྱེན་འགྲེང་བ་དང་རྩིབས་ཤར་དང༌། །ཐིག་ལེ་སྣ་ཚོགས་སྐུ་ཉིད་དུ། །རགས་པར་སྣང་བའི་ཡུལ་ལ་གསལ། །ཞེས་པས། ཡེ་ཤེས་ལྔའི་ཁ་དོག་གི་སྣང་བ་དང༌། དབྱིངས་ཀྱི་སྣང་བ་གཉིས་ལས། ཁ་དོག་གི་སྣང་བ་འཆར་བ་ནི་རྡོ་རྗེའི་རིགས་རྣམ་པར་དག་པས་མེ་ལོང་ལྟ་བུའི་ཡེ་ཤེས་ཁ་དོག་དཀར་པོའི་རྣམ་པར་ལྟ་བུར་འཆར་བ་དང༌། དེ་ཉིད་རྡོ་རྗེ་མི་བསྐྱོད་པའི་གདངས་དཀར་ལ་འཚེར་བ་འཆར་བའོ། །དེའི་འོག་ཏུ་དེ་བཞིན་གཤེགས་པའི་རིགས་རྣམ་པར་དག་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཁ་དོག་མཐིང་གའི་རྣམ་པ་ལྟ་བུར་འཆར་རོ། །རྣམ་པར་སྣང་མཛད་ཀྱི་གདངས་མཐིང་ག་གནག་པར་འཆར་བའོ། །རིན་པོ་ཆེའི་རིགས་རྣམ་པར་དག་པ་ལས་མཉམ་པ་ཉིད་ཀྱི་ཡེ་ཤེས་ཁ་དོག་སེར་པོའི་སྣམ་བུ་དང༌། རིན་ཆེན་འབྱུང་ལྡན་གྱི་གདངས་རབ་ཏུ་སེར་བ་གསེར་ཞུན་ལྟ་བུར་འཆར་བའོ། །པདྨའི་རིགས་རྣམ་པར་དག་པ་ལས་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ཁ་དོག་དམར་པོའི་སྣམ་བུ་དང༌། སྣང་བ་མཐའ་ཡས་ཀྱི་གདངས་དམར་བ་ལས་རབ་ཏུ་དམར་བ་བྱི་རུའི་མདོག་ལྟ་བུར་འཆར་རོ། །ལས་ཀྱི་རིགས་རྣམ་པར་དག་པ་ལས་བྱ་བ་གྲུབ་པའི་ཡེ་ཤེས་ཁ་དོག་ལྗང་གུའི་སྣམ་བུར་འཆར་རོ། །དོན་ཡོད་གྲུབ་པའི་གདངས་རབ་ཏུ་ལྗང་གུ་ཨིནྡྲ་ནི་ལའི་རྣམ་པ་ལྟར་འཆར་བའོ། །དེ་དག་གི་ཕྱི་རིམ་མཐིང་ག་རྡོ་རྗེའི་ར་བས་ཀུན་ནས་བསྐོར་བ་ནི་ཡེ་ཤེས་དེ་དག་ཐ་དད་པ་མ་ཡིན་པའོ། །དེ་ལས་སྣང་བའི་འཕེལ་ནི་སོ་སོས་གཙོ་བྱས་པའི་ཁ་དོག་ལྔ་ལྔར་གསལ་བ་ནི་རིགས་དང་རིགས་ཀྱི་ཁྱད་པར་ལས་བྱུང་བའོ། །དེ་ནས་ཡེ་ཤེས་ཀྱི་རླུང་རྣམ་པར་དག་པ་ལས་མེ་ལོང་ལྟ་བུ་གྱེན་འགྲེང་དུ་སྣང་བ་ནི་དེ་ལ་བརྟེན་ནས་ཉམས་ཀྱི་འཕེལ་འབྱུང་བའོ། །མཉམ་པ་ཉིད་ཀྱི་རྩིབས་ཤར་དུ་འབྱུང་བ་ནི་འཁྲུལ་པའི་སྣང་བ་ཟད་དུ་ཉེ་བ་ཉིད་དོ། །དེ་ནས་སོ་སོར་རྟོག་པའི་གྲུ་ཆད་དུ་སྣང་བ་ནི་འབྱུང་བའི་འཕྲོ་བ་འགག་པའི་དུས་སོ། །བྱ་བ་གྲུབ་པའི་རེ་ལྡེའི་རྣམ་པ་ཙམ་དུ་སྣང་བ་ནི་ཡེ་ཤེས་ཀྱི་རང་གདངས་སོ་སོར་གསལ་བ་ལས་འབྱུང་བའོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡུལ་གྲུ་ཙམ་དུ་སྣང་བ་ནི་རྟོག་པ་རགས་པ་འགགས་པ་ལས་འབྱུང་བའོ། །འདིའི་དུས་ན་དུག་ལྔ་མངོན་དུ་གྱུར་པའི་བཅིངས་པ་ལས་གྲོལ་ཏེ། བག་ལ་ཉལ་ཙམ་ལས་མེད་པས་འཁོར་བའི་བྱེད་ལས་ལས་འདས་པའོ། །ཉམས་གོང་འཕེལ་འདིའི་སྐབས་ཀྱི་སྣང་ཉམས་རྣམས་ཡེ་ཤེས་ལྔ་ཡི་ཁ་དོག་གི་སྣང་བ་དང་། དབྱིངས་ཀྱི་སྣང་བ་གཉིས་སུ་འདུས་པའོ། །ཇི་ལྟར་འཕེལ་ན་གོང་དུ་གསུངས་པ་ལྟར། གྲོལ་ཚུལ་འཁོར་བའི་འཆིང་བ་རགས་པ་ལས་གྲོལ་ནས། སྣང་ཚུལ་ཡེ་ཤེས་ལྔ་ཡི་ཁ་དོག་གི་མཐོང་བ་དག་པ་ཐོབ་པའོ། །ལམ་སྐྱེ་བའི་རིམ་པ་ཇི་ལྟར་ཡིན་ན་དེ་དག་ལམ་བསྐྱེད་པའི་རིམ་པ་ནི་བརྩོན་འགྲུས་རབ་རྣམས་ལ་བར་ཞག་ལྔ་ལྔའོ། །འབྲིང་རྣམས་ལ་བདུན་བདུན། ཐ་མ་རྣམས་ལ་ཉེར་གཅིག་ཉེར་གཅིག་ན་གོང་མའི་སྣང་བ་འགགས་ནས་ཡང་འོག་མའི་སྣང་བ་དེ་དག་རྣམ་པར་སྣང་བའོ། །ཁ་དོག་དང་དབྱིབས་ཀྱི་བར་འདིར་ནི་ཐང་གཅིག་ཏུ་གནས་པ་དག་འབྱུང་ངོ༌། །དེ་ནས་དེ་དག་ནུབ་ནས་ཀྱང་ཡེ་ཤེས་ལྔའི་དབྱིབས་ཀྱི་སྣང་བ་འཆར་ཏེ། མེ་ལོང་ལྟ་བུའི་དབྱིབས་མིག་ཚགས་ཀྱི་རྣམ་པ་དང་འདྲ་བར་འགྱུར་རོ། །དེ་ནི་ཁ་དོག་རབ་ཏུ་སྤེལ་ལེགས་པ་ལས་འབྱུང་ངོ༌། །དེ་ལ་གོམས་པ་ལས་མིག་མངས་རིས་སུ་འཆར་ཏེ། འདི་ནི་སྔོན་དུ་འགྲོ་བ་ཚད་དུ་ཕྱིན་པ་ལས་འབྱུང་བའོ། །དེ་ནས་མཉམ་པ་ཉིད་དྲ་བ་ཕྱེད་པར་འཆར་ཏེ། དེ་ནི་རླུང་གི་སྦྱངས་པ་དག་པ་ལས་འབྱུང་བའོ། །དེ་ལས་དྲ་བར་སྣང་བ་ནི་སྔོན་འགྲོ་དག་ཅིང་ཚར་ཆོད་པ་ལས་འབྱུང་བའོ། །དེ་ནས་སོ་སོར་རྟོག་པའི་མེ་ཏོག་གི་ཚོམ་བུར་འཆར་བ་ནི་གཟིགས་སྟངས་མ་འགུལ་བ་ལས་འབྱུང་བའོ། །དེ་ལས་པདྨ་སྟོང་ལྡན་དུ་འཆར་བ་ནི་སྔོན་འགྲོ་འབྱོངས་པ་ལས་སོ། །དེ་ནས་བྱ་བ་གྲུབ་པའི་མཚོན་ཆ་ལྟ་བུར་འཆར་བ་ནི་རང་བཞིན་མ་བཅོས་པ་ལས་འབྱུང་བའོ། །དེ་ལས་འཁོར་ལོ་ལ་སོགས་པའི་གཟུགས་སྣ་ཚོགས་སུ་སྣང་བ་ནི་ཕྱག་མཚན་སྨིན་པའི་དག་བྱེད་དེ་སྔོན་འགྲོ་ལས་སོ། །དེ་ནས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མཁར་ཐབ་ཏུ་འཆར་བ་ནི་གཞལ་ཡས་ཁང་ཉེ་བར་མཚོན་པ་སྟེ། རིག་པ་མིག་ནས་དྲངས་པ་ལས་འབྱུང་བའོ། །དེ་ལས་ཟ་འོག་གི་གུར་ཁྱིམ་ལྟ་བུ་ནི་འོད་ཟེར་གྱི་སྣང་བ་མཚོན་པ་སྟེ་སྔོན་འགྲོ་དག་པར་བྱས་པ་ལས་འབྱུང་བའོ། །འདིའི་དུས་སུ་གཟུགས་ལ་སོགས་པ་ཕུང་པོ་ལྔའི་བདག་ལས་འདས་པས་འཇིག་རྟེན་གྱི་བདག་སོམ་ཉི་ལས་འདས་ཏེ་ཆོས་ཉིད་ཀྱི་མཐོང་བ་རྣམ་པར་དག་པའི་བྱིན་རླབས་ཏེ། འབྱུང་བ་ལྔའི་ཆིངས་ལས་གྲོལ་དུ་ཉེ་བ་ཉིད་དོ། །དེ་དག་ཀྱང་བརྩོན་འགྲུས་ཀྱི་ཁྱད་ཀྱིས་རབ་རྣམས་ལ་ཞག་གསུམ་གསུམ་དང༌། འབྲིང་རྣམས་ལ་བདུན་བདུན། ཐ་མ་རྣམས་ལ་བཅུ་བཞི་བཅུ་བཞི་ན་གཅིག་སྐྱེ་གཅིག་འགག་པའོ། །དེ་ཕན་ཆད་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། འདི་དག་ནི་སེམས་ཀྱི་སྔོན་འགྲོའི་དུས་ན་རྟོགས་པ་ཐ་དད་པར་བསླང་བ་དེ་དག་འགག་པའི་རྟགས་ཡིན་ནོ། །ཉམས་གོང་འཕེལ་འདིའི་སྐབས་སུ་སྣང་ཉམས་ཡེ་ཤེས་ལྔ་ཡི་ཁ་དོག་གི་སྣང་བ་དང་། དབྱིངས་སྣང་དབྱིངས་སུ་ཤར་བའི་སྣང་བ་གཉིས་ཀ་མཐོང་ཚེ། ཡེ་ཤེས་ལྔའི་ཁ་དོག རྡོ་རྗེའི་རིགས་རྣམ་པར་དག་པས། མེ་ལོང་ཡེ་ཤེས་ཀྱི་རང་འོད་ཁ་དོག་དཀར་པོའི་རྣམ་པར་ཤར་བ་ལ་སོགས་པ་མཐོང་བས་གཟུང་བ་ཡུལ་དུ་སྣང་བའི་འཁོར་བའི་མཐའ་ཡི་དབྱིབས་གཟུགས་གཉིས་ལས་ཁ་དོག་གི་རྣམ་པར་ཤར་བའི་གཟུང་བ་ཡུལ་དུ་སྣང་བའི་འཁོར་བའི་མཐའ་ཕྱེད་ལས་འདས་པ་དང་། དེའི་མཚམས་ནས་དབྱིངས་སྣང་དབྱིབས་སུ་ཤར་བ་ཡེ་ཤེས་ཀྱི་ཀློང་རྣམ་པར་དག་པ་ལས་མེ་ལོང་ཡེ་ཤེས་གྱེན་འགྲེང་དུ་སྣང་བ་ལ་སོགས་པའི་འཛིན་པ་རྟོག་པའི་ཆའི་ཕྱེད་ལས་ལོག་ནས་དེས་འཁོར་བའི་ཆའི་སུམ་གཉིས་ལས་འདས་པ་དང་། ཀུན་རྟོག་གཞི་གྲོལ་རང་སངས་སུ་དག་ཚེ་དེར་འཛིན་ཆའི་ཕྱེད་ཀ་སྣང་བ་རང་མཚན་དུ་འཛིན་པ་དེ་ཉིད་ལོག་ནས་བདག་མེད་རྣམ་གཉིས་རྟོགས་པ་ལ་འཇོག་པ་ཡིན། ཕྱི་སྣང་བའི་ཡེ་ཤེས་ཀྱི་གདངས་དང་ནང་ཆོས་ཉིད་དོན་གྱི་ཡེ་ཤེས་གཉིས་ཀ་འདུ་འབྲལ་མེད་པས་ཡང་དག་དོན་གྱི་སྙིང་པོ་རིག་ནས་འོད་གསལ་མ་བུ་འདྲེས་པས་དང་པོའི་སངས་རྒྱས་དང་སྐལ་བ་མཉམ་དེས་གསུངས་པའོ། །མདོར་ན་ཉམས་གོང་འཕེལ་གྱི་སྐབས་སུ་འོད་སྣང་དང་ཏིང་འཛིན་གོང་དུ་འཕེལ་ཞིང་ཤེས་ཉམས་བདེ་གསལ་མི་རྟོག་གི་ཏིང་འཛིན་ལ་བརྟན་པ་ཐོབ་པ་དང་། གཙོ་བོ་སྣང་ཉམས་དབྱིངས་དང་ཐིག་ལེའི་ཁ་དོག་སྔར་བས་ཇེ་གསལ་དུ་འགྲོ་བ་དང་། དེ་དང་མཉམ་དུ་ནང་ཆོས་ཉིད་དོན་གྱི་ཡེ་ཤེས་ཀྱི་རྟོགས་པའི་ན་འཕར་གྱིན་ཡོད་པ་ཡིན་ནོ།།

༼༽ རིག་པ་ཚད་ཕེབས་ཀྱི་སྣང་བ་བཤད་པ།

དེ་ནས་རིག་པ་ཚད་ཕེབས་ཀྱི་སྣང་བ་ལའང་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པ་བཤད་པ་གཉིས་ལས། དང་པོ་ནི་རིག་པ་ཞེས་པ་ལ། གཞི་འཛིན་པའི་རིག་པ་སྙིང་ག་ན་གནས་པ་དང༌། གཞི་གནས་ཀྱི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང༌། ལྷག་མཐོང་གི་རིག་པ་རྡོ་རྗེ་ལུ་གུ་རྒྱུད་དང༌། ཡུལ་སྣང་གི་རིག་པ་སྟོང་ཉིད་གང་དུའང་མ་ཕྱེ་བ་དང་བཞི་ལས། འདིར་རྡོ་རྗེ་ལུ་གུ་རྒྱུད་དོ། །ཚད་ནི་སྐུར་ཤར་བ་སྟེ། སེམས་དཔའ་རང་རྐྱང་དང༌། ཡབ་ཡུམ་དང༌། ཚོམ་བུ་དང༌། གཙོ་འཁོར་དང་དཀྱིལ་འཁོར་རྫོགས་པའོ། །ཕེབས་པ་ནི་སྣང་བ་དེ་ཀུན་རང་ས་ན་རྫོགས་པ་སྟེ། དབང་པོ་ལྔ་ལ་སོགས་པ་ལྔ་ཚན་གྱི་ཆོས་དག་བྱ་དུ་མ་དག་པར་བྱེད་པའོ། །སྣང་བ་ནི་འོད་དང་ཟེར་དང་སྐུའི་རྣམ་པའོ། ཐལ་འགྱུར་ལས། རིག་པ་ཚད་ཕེབས་སྣང་བ་ནི། །ལོངས་སྐུའི་མཚན་དཔེ་གསལ་བར་ནི། །མ་ངེས་ཁ་དོག་འཇའ་ཚོན་ལས། །རིགས་ལྔ་ཡབ་དང་ཡུམ་དུ་སྣང༌། །ཞེས་སོ། །འདི་དག་ཤར་བས་སྐུ་གསུམ་ལམ་དུ་སྣང་བས་འབྲས་བུ་རང་རྒྱུད་པར་ཞེན་པའི་མཐའ་ལས་འདས་པ་སྟེ། ཡང་དེ་ཉིད་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །སྐུ་གསུམ་རྟོགས་པའི་ལམ་སྣང་འདས། །ཞེས་སོ། །རིག་པ་ཞེས་པ་འདི་ལ་སྤྱིར་ན་གཞི་འཛིན་པའི་རིག་པ་དང་། མཚན་ཉིད་འཛིན་པའི་རིག་པ་གཉིས་ལས། གཞི་འཛིན་པའི་རིག་པ་དངོས་ནི་རང་བྱུང་གི་ཡེ་ཤེས་ཡིན་ལ། གདངས་རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྣང་བའོ། །མཚན་ཉིད་འཛིན་པའི་རིག་པ་ནི་ཡེ་ཤེས་ལྔ་ཡི་བདག་ཉིད་ཅན་སྐུ་གསུམ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་འཁོར་འདས་ཡོངས་ལ་ཁྱབ་པའོ། །འདི་ནས་ཐོད་རྒལ་ལ་སྦྱར་ནས་གཞི་འཛིན་པའི་རིག་པ་སྙིང་ཁ་རིན་ཆེན་འོད་ཀྱི་གཞལ་ཡས་ན་མི་ཤིགས་འོད་གསལ་ལྷུན་གྲུབ་ཀྱི་ངོ་བོར་བཞུགས་ཡོད་པ་དེ་དང་། གཞིར་གནས་ཀྱི་རིག་པ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པ། དཔེར་ན་རལ་གྲི་གཅིག་ལ་རྣོ་ངར་གཉེན་གསུམ་པོ་མཉམ་དུ་འཛོམས་པ་བཞིན་རང་ཆས་སུ་བཞུགས་པ་དང་། ལྷག་མཐོང་གི་རིག་པ་ནང་རང་བྱུང་གི་རིག་པའི་གདངས་མངོན་སུམ་དབང་པོའི་ཡུལ་དུ་རྣལ་འབྱོར་བས་གནད་གཟིར་ན་ཤར་རྒྱུ་ཡོད་པ་དེ་དང་། ཡུལ་སྣང་གི་རིག་པ་སྣང་རིག་ངོས་གཟུང་དང་བྲལ་བ་དང་བཞི་རུ་དབྱེ་བ་མཛད་པ་ལས་རིག་པ་ཚད་ཕེབས་གསུངས་པའི་རིག་པ་འདིའི་ཅི་ཚད་ལ་ཕེབས་ན་རྡོ་རྗེ་ལུ་གུ་རྒྱུད་ལ་གཙོ་བོར་གོ་དགོས། དབྱེ་བ་འདི་དག་ལྡོག་པའི་སྒོ་ནས་ཕྱེ་བ་ཡིན་ལ་འདི་ཡོད་པ་རྣལ་འབྱོར་བ་གཅིག་གི་རྒྱུད་ལ་ཆ་ཚང་ཡོད་པ་ཞིག་གི་གོ་བ་ཡིན། རིག་པ་སྟོང་གསལ་གཅིག་གིས་འོད་གསལ་ལ་ལྟ་བའི་ངང་དེ་ནས་སྒྲོན་མ་བཞི་གནད་དུ་གཅུན་དུས་སྣང་བཞིའི་འཕྲིན་ལས་རྫོགས་པར་འཆར་བའོ། །འདིའི་སྣང་བཞི་ལམ་ལ་སྦྱར་ན་དང་པོ་ཆོས་ཉིད་མངོན་སུམ། མངོན་སུམ་གསུངས་པ་འདི་རིག་པའི་དོན་སྤྱི་ལ་གོ་དགོས་ཆོས་ཉིད་མངོན་སུམ་ཚོགས་ལམ་ལ་འཇོག་དགོས་པ་རེད་ཚོགས་ལམ་སྐབས་ཀྱི་ཆོས་ཉིད་མངོན་སུམ་དུ་མཐོང་བ་ནི་དཔེའི་ཡེ་ཤེས་ཡིན་ཟེར་དགོས། ཉམས་གོང་འཕེལ་སྦྱོར་ལམ་ལ་འཇོག་དགོས་པས་འོད་གསལ་གྱི་ཉམས་དེ་ཇེ་འཕེལ་ཇེ་བརྟན་ལ་འགྲོ་བ་ཡིན། དཔེའི་ཡེ་ཤེས་ལའང་ཟླ་གཟུགས་རི་མོ་བྲིས་པ་དང་ཟླ་གཟུགས་དངོས་ཆུ་ནང་ལ་ཤར་བ་ཙམ་གྱི་ཙམ་ཁྱད་ཀྱི་ཁྱད་པར་ཡོད། རིག་པ་ཚད་ཕེབས་མཐོང་ལམ་ལ་འཇོག་པས་དོན་གྱི་འོད་གསལ་དངོས་སུ་མཐོང་བ་ཡིན། ནམ་མཁའི་ཟླ་བ་དངོས་མཐོང་བ་ལྟ་བུའོ། །ཡུལ་ཆོས་ཀྱི་དབྱིངས་དེ་ཡུལ་ཅན་ཡེ་ཤེས་ཀྱིས་དངོས་སུ་མཐོང་ནས་ཡུལ་ཡུལ་ཅན་གཉིས་མེད་དུ་རང་གྲོལ་དུ་སོང་ནས་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་ཐོབ་པ་ལ་སོགས་པ་ཡིན། ཆོས་ཟད་སྒོམ་ལམ་ས་དགུར་བཞག་པའོ། །དཔེའི་ཐོག་ནས་གོང་དུ་བཤད་པ་ལྟར་དཔེ་ཡི་ཡེ་ཤེས་མཐོང་བ་ནི་ཆུ་ནང་གི་ཟླ་གཟུགས་སམ་ཟླ་བའི་གཟུགས་བརྙན་ལྟ་བུ། བར་དུ་དོན་གྱི་ཡེ་ཤེས་མཐོང་བའི་སྐབས་སུ་མཚན་མོའི་ཟླ་བ་དངོས་མཐོང་བ་ལྟ་བུ། ཐ་མ་སངས་རྒྱས་ཀྱི་ས་ན་སྒྲིབ་ཀུན་སྤངས་ནས་ཁམས་ཀྱི་དྲི་མ་མ་ལུས་པ་དག་སོང་པ་ཡིན་པས་དེའི་དུས་སུ་ཡོན་ཏན་མཐའ་དག་ཐོབ་པ་ནི་དཔེ་ཉི་མའི་དཀྱིལ་འཁོར་ལྟ་བུ་ཡིན་པར་གསུངས་སོ། །སྐུ་གསུམ་འབྲས་བུ་ལ་ཞེན་པ་ཤར་ནས་འབྲས་བུ་རང་རྒྱུད་པར་འཛིན་པའི་ཐེག་པ་འོག་མའི་ལྟ་བ་ལས་ཁྱད་དུ་འཕགས་པ་སྐུ་གསུམ་ལམ་སྣང་དུ་བྱེད་པའི་ཁྱད་ཆོས་ཀྱིས་རིག་པ་ཚད་ཕེབས་འདི་ལོངས་སྐུའི་སྣང་བ་ལ་སྦྱར་བའོ། །དེ་ཅིའི་ཕྱིར་ཞེ་ན་འོད་གསལ་གྱི་རྩལ་རྫོགས་ནས་གང་སྣང་དག་པའི་སྣང་ཆ་སྐུ་དང་ཚོམ་བུ་རྒྱན་དང་གཞལ་ཡས་ཁང་དུ་སྣང་བ་ཡིན་ནོ། །དེ་ཡན་གྱིས་ཐལ་འགྱུར་གྱི་ལུང་དང་བསྒྲིགས་ནས་མདོར་བསྟན་པ་སོང་ནས། རྒྱས་པར་བཤད་པ་ལ་གཉིས་ཏེ། འཆར་ཚུལ་གྱི་སྣང་བ་སྤྱིར་བསྟན་པ་དང༌། ཚད་ཕེབས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་དེ་ནས་རིག་པ་རང་གི་ངོ་བོ་སྟོང་པར་འཆར་ཏེ། འོད་དེ་དག་ཐིག་ལེར་འཆར་བ་ནི་ལུ་གུ་རྒྱུད་གཅིག་ཏུ་འདུས་པ་ལས་འབྱུང་བའོ། །དེ་ནས་ཐིག་ལེ་ཉིས་འབྲེལ་དུ་སྣང་བ་ནི་ཐབས་དང་ཤེས་རབ་རྣམ་པར་དག་པ་ལས་འབྱུང་བའོ། །དེ་ནས་ཐིག་ལེ་ལྔ་སྦྲེལ་དུ་སྣང་དུས་ཡེ་ཤེས་ལྔ་ལ་བྱན་ཚུད་པ་ལས་འབྱུང་བའོ། །དེ་ནས་ཐིག་ལེ་རེ་རེའི་ནང་དུ་སྐུ་ཕྱེད་མ་རེ་རེ་སྣང་བ་ནི་སྤྲུལ་པ་སྐུའི་སྦྱང་པ་རྣམ་པར་དག་པ་ལས་འབྱུང་བའོ། །དེ་ནས་སྐུ་རང་རྐྱང་པ་རེ་རེ་སྣང་བ་ནི་སྤྲུལ་སྐུའི་སྣང་བ་ཆོས་ཉིད་མངོན་སུམ་དུ་མཐོང་བ་ལས་འབྱུང་པའོ། །དེ་ནས་སྐུ་དེ་དག་ཡབ་ཡུམ་ལྔ་ལྔར་གྱུར་པ་ནི་ལོངས་སྐུའི་ཡེ་ཤེས་ཚད་དུ་ཕྱིན་པ་ཉིད་དོ། །དེ་ནས་སོ་སོའི་ཚོམ་བུའི་དཀྱིལ་འཁོར་དང་བཅས་པར་སྣང་བ་དང༌། དེ་ཉིད་མུ་ཁྱུད་ཀྱི་ར་བ་དང༌། སོ་སོའི་གཙོ་ལ་འཁོར་དུ་སྣང་བ་ནི་ཆོས་སྐུའི་སྦྱང་བ་རྣམ་པར་དག་པ་ཚད་དུ་ཕྱིན་པ་ལས་འབྱུང་བའོ། །འདི་ནི་རིག་པ་ཚད་ཕེབས་ཀྱི་སྣང་བ་སྟེ། སྔོན་འགྲོའི་དུས་ན་ལུས་ཀྱི་བྱ་བྱེད་དེ་དག་གིས་འབྲེལ་ཆོད་དེ་ཕྱིས་མི་སྐྱེ་བའི་རྟགས་སོ། །གཉིས་པ་ཚད་ཕེབས་ཀྱི་རང་བཞིན་བྱེ་བྲག་ཏུ་བཤད་པ་ལ་ལྔ་སྟེ། ཚད་ཕེབས་ཀྱི་རང་བཞིན་སྤྱིར་བསྟན། ལུས་ཚད་ཕེབས། སེམས་ཚད་ཕེབས། འབྲེལ་པ་ཆོད་པའི་ཚད་ཕེབས། ཟད་པའི་འབྲས་བུ་འབྱུང་བ་རང་དེངས་པའི་ཚད་ཕེབས་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་སྣང་བའི་འཁྲུལ་པ་སོ་སོར་འགག་སྟེ་འོད་དུ་སྣང་ཞིང་ཤེས་པ་ཅི་ལའང་ཚུད་པས་བེམ་པོ་འགུལ་པ་དང་ལུས་རྡུལ་ཕྲན་ཆ་མེད་དུ་མཐོང་བ་དང་ཅིར་སྣང་སངས་རྒྱས་ཀྱི་ཞིང་དུ་གསལ་བ་སྟེ། ཐལ་འགྱུར་ལས། དེ་ལྟར་ཕེབས་ནས་རྫོགས་པའི་ཚད། །ཐད་ཀའི་དངོས་སྣང་རྫོགས་པ་དང༌། ས་རྡོའི་སྣང་བ་ཞུ་བ་དང༌། །རང་ཤེས་ཅི་ལའང་ཚུད་པ་དང༌། །དེ་ཚུད་བེམ་པོ་འགུལ་བ་དང༌། །རླུང་གི་འགྱུ་བའི་ཚད་ཟིན་དང༌། །ལུས་ཀྱི་རྡུལ་ཕྲན་མཐོང་བར་འགྱུར། །ཅིར་སྣང་གཟུགས་སྐུར་རྫོགས་པ་དང༌། །དེ་ལས་ཡབ་ཡུམ་འཁྲིལ་པ་དང༌། །ལྔ་ལྔ་ཡབ་དང་ཡུམ་སྦྱོར་དང༌། །ཀུན་ཀྱང་མུ་ཁྱུད་ཟླུམ་པོ་ལ། །རྣལ་འབྱོར་ལུས་ཀྱི་འོད་གསལ་ཞིང༌། །འགྲོ་དང་འོང་དང་འདུག་པར་སྣང༌། །ཐམས་ཅད་རིག་པ་ཚད་ཕེབས་སོ། །ཞེས་སོ། །རིག་པ་ཚད་ཕེབས་ཞེས་གསུངས་ན་རིག་པ་ནི་གཞི་གནས་ཀྱི་རིག་པ་ཡིན་པ་གོང་དུ་ཞུས་པ་ལྟར་ལ། དེའི་རིག་པ་དེ་མངོན་དུ་གྱུར་ཏེ། ལམ་སྲོལ་དུ་ཚུད་པ་ལས། གཞི་དེ་ལས་གཞི་སྣང་གི་རང་གདངས་ལྷུན་གྲུབ་ཀྱི་འཆར་སྒོ་ཤར་བའོ། །ཚད་དུ་ཇི་ལྟར་ཕེབས་ན། ཕྱེད་སྐུ་ནས་དཀྱིལ་འཁོར་ཡོངས་རྫོགས་ཀྱི་བར་དུ་ཤར་བའོ། །ཕེབས་པ་ནི་དེའི་ཕན་དུ་འཕེལ་དུ་མེད་པའི་བར་འཕེལ་བའོ། །དེ་དག་ནི་དཔེར་ན་ཚེས་ཆེན་བཅོ་ལྔའི་ཟླ་བ་ཉ་གང་བ་དང་འདྲ་སྟེ། སྣང་བའི་འཕེལ་ཡོངས་སུ་རྫོགས་པས་ཚད་ཕེབས་ཀྱི་མཐར་ཐུག་ནས་རང་ངོ་བཅོས་སུ་མེད་པའི་ཚད་ལ་ཐོན་པའོ། །སྔོན་འགྲོའི་དུས་ལ་སོགས་པ་ཚོགས་བསགས་སྒྲིབ་པ་སྦྱོང་བའི་ལག་རྗེས་ཐུན་མིན་གྱི་འབྲས་རྟགས་མངོན་དུ་གྱུར་པའོ། །གཉིས་པ་ནི་བར་སྣང་འོད་ཀྱི་སྐར་ཁུང་ནས་འོད་ཟེར་བྱུང་བ་རང་གི་ལུས་ནང་སྙིང་དབུས་ཡི་གེ་ཨའི་རྣམ་པ་ལ་ཟུག་ནས་འབྲེལ་པར་སྣང་ཞིང༌། མཛོད་སྤུ་ནས་འོད་ཟེར་འདོམ་གང་གསལ་བ་ལས་ཐོར་ཚུགས་ནས་ཡེ་ཤེས་རླུང་གི་ཐིག་ལེའི་སྐུ་བརྩེགས་མ་འདེགས་པ་ནི་ཚངས་བུག་གི་འོད་རྩའི་གདངས་ལས་སྟེང་དུ་ཁྲོ་བོའི་དཀྱིལ་འཁོར་སྣང་བ་མཚོན་པའོ། །ལག་པའི་སོར་མོ་འོད་ལྔས་འཁྲིགས་ཤིང་ལུས་ཀྱི་བ་སྤུའི་སྒོ་དང་རྡུལ་ཕྲ་རབ་རེ་རེ་ནའང་སངས་རྒྱས་ཀྱི་ཞིང་ཁམས་ལོངས་སྐུའི་སྙིང་པོ་ཅན་དཔག་ཏུ་མེད་པར་རང་གསལ་བ་ནི་འོད་རྩ་ཕྲ་མོ་རྣམས་སུ་ཡེ་ཤེས་ཀྱི་གདངས་གསལ་བ་མཐོང་བའོ། །དུང་ཁང་དུ་ཁྲོ་བོའི་དཀྱིལ་འཁོར་སྣང་བའི་གདངས་ལས་སྟེང་གཞི་ཐམས་ཅད་ཁྲོ་བོའི་དཀྱིལ་འཁོར་དུ་སྣང་ཞིང༌། ཐད་སོ་ཐམས་ཅད་ཞི་བའི་དཀྱིལ་འཁོར་དུ་གསལ་བས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་གསལ་བར་རྫོགས་པའོ། །འདིའི་དུས་སུ་ལྷུན་གྲུབ་ཀྱི་སྣང་བ་རྫོགས་པར་འཆར་བ་སྟེ། ཐལ་འགྱུར་ལས། ཚད་ཕེབས་ལུས་ཀྱང་འདི་ལྟར་འགྱུར། །སོ་སོའི་ལུས་ཀྱི་རྡུལ་བྲལ་ནས། །བར་སྣང་འོད་ཀྱི་སྐར་ཁུང་སྣང། །དེ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས། །ཕྲ་ཞིང་འཁྲིལ་བས་སྣང་བ་འཛིན། །ལུས་ཀྱི་རྡོས་པ་རང་འགགས་ནས། །ཟང་ཐལ་དྲི་མེད་འོད་ཀྱི་ལུས། །དབུས་ན་ཨ་ཡི་མཚན་མ་དང༌། །མཛོད་སྤུ་འོད་ཟེར་འདོམ་གང་ཚད། །ཐོར་ཚུགས་རླུང་གིས་འདེགས་པར་སྣང། །ཞི་སྐུ་ལག་པའི་སོར་མོ་ལས། །འོད་ཀྱི་འཕྲེང་བས་རྣམ་པར་འཁྲིགས། །སྒྲ་མེད་སེམས་ཀྱི་སྤྱོད་པ་སྟེ། །མགོ་བོ་ཐོད་པའི་གཞལ་ཡས་ལས། །ཧེ་རུ་ཀ་རྣམ་མངོན་པར་འབྱུང༌། །འདི་དུས་རང་ལུས་ཚད་ལ་ཕེབས། །ཟང་ཐལ་སྐུ་གསུམ་གཅིག་དྲིལ་པའོ། །ཞེས་སོ། །འདིའི་སྐབས་སུ་ལུས་ཀྱི་གདོས་པ་ཐམས་ཅད་རང་དག་ཏུ་སོང་བས་གཞན་མ་དག་པའི་མིག་གིས་བལྟས་ན་མི་འདྲ་བ་མ་མཐོང་ཡང་རྣལ་འབྱོར་བ་རང་གི་སྣང་བ་དག་པ་ལ་ལུས་གདོས་བཅས་འོད་ཀྱི་རྣམ་པ་ཤར་ནས་ལུས་ཕྱི་ནང་གི་རྡུལ་ཕྲན་རེ་རེའི་གོ་ས་ན་ཞིང་ཁམས་གྲངས་མེད་སངས་རྒྱས་བསམ་གྱིས་མི་ཁྱབ་པ་དེའི་གདུལ་ཞིང་གི་སེམས་ཅན་དང་བཅས་པ་སྣང་བས། རང་སྣང་ཞི་ཁྲོའི་དཀྱིལ་འཁོར་གྱི་རང་སྣང་འགྲོ་བའི་དོན་མཛད་པས། རང་སྣང་དག་པ་ལོངས་སྐུའི་སྣང་བ་དང་དེའི་སྟེང་ནས་ལྷུན་གྲུབ་སྒོ་བརྒྱད་དུ་ཤར་བ་ཡིན། དེ་དུས་འགྲོ་འདུལ་སྤྲུལ་བ་དང་སྣ་ཚོགས་སྤྲུལ་བས་འགྲོ་དོན་མཛད་པ་དང་། སེམས་ཀྱི་དྲི་མ་དག་པ་རྡུལ་དང་བྲལ་བ་ཐོབ་ནས་ས་དང་སའི་བག་ཆགས་རང་དག་པ་ཡིན་ནོ། །གསུམ་པ་སེམས་ཚད་ལ་ཕེབས་པ་ནི། ཀུན་ཏུ་རྟོག་པའི་སེམས་དང་ཡིད་དང་རྣམ་པར་ཤེས་པ་ནུབ་ནས་མི་རྟོག་པའི་སེམས་རང་རིག་པ་གསལ་བས་གཞན་གྱི་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་དྲུག་དང༌། སྒྲིབ་པས་བར་དུ་ཆོད་པའི་ཕ་རོལ་གྱི་ཡུལ་ལ་སོགས་པའི་སྤྱན་དང་སངས་རྒྱས་ཀྱི་ཞིང་ཁམས་དག་པ་ཚད་མེད་པ་མཐོང་བའི་སྤྱན་ཏེ་སྣང་བའི་སེམས་རྣམ་པར་དག་པ་དང༌། སྟོང་པའི་སེམས་དག་པས་ཤེས་རབ་དང་ཏིང་ངེ་འཛིན་དཔག་ཏུ་མེད་པ་ལ་མངའ་དབང་འབྱོར་པ་ཏེ། །རྒྱུད་དེ་ཉིད་ལས། འདི་དུས་སེམས་ནི་གསལ་བ་དང༌། །མངོན་པར་ཤེས་པ་དྲུག་རྣམས་དང༌། །རིང་དང་ལྐོག་ཏུ་གྱུར་པ་ཡི། །ཆོས་རྣམས་སྐད་ཅིག་གིས་ཤེས་འགྱུར། །ཚད་མེད་སངས་རྒྱས་ཞིང་ཁམས་དང༌། །དེ་བཞིན་སྐུ་ཡང་སེམས་ལ་སྣང༌། །སྟོང་པའི་སེམས་ལ་དྲི་མ་ཟད། །རང་བཞིན་མི་གཡོ་སྟོང་གསལ་བརྙེས། །མ་འདྲེས་མཉམ་རྫོགས་དབྱིངས་ལ་ཁྱབ། །སྣང་བའི་གསལ་བས་དུ་མ་བྲལ། །ཆ་ཤས་མེད་པས་སྤྲོས་མེད་དོ། །ཞེས་སོ། །ལྷུན་གྲུབ་སྒོ་བརྒྱད་དུ་ཤར་བའི་སྣང་བ་ཐམས་ཅད་འདིའི་སྐབས་སུ་འཆར་བ་ཡིན་པས་ཐུགས་རྗེའི་སྒོ་ལས་མངོན་ཤེས་དྲུག་ཚན་རྣམས་དང་། ཆོས་ཐམས་ཅད་ཤེས་པའི་ཤེས་རབ་འཆར་ཞིང་། དག་པ་ཡེ་ཤེས་ཀྱི་སྒོ་ལས་སངས་རྒྱས་ཀྱི་ཞིང་དག་པ་རང་སྣང་ལོངས་སྐུ་རུ་རྫོགས་པ་དང་། སེམས་ཀྱི་དྲི་མ་དག་ཅིང་རྡུལ་དང་བྲལ་བ་ཉིད་ཐོབ་པས། ས་དང་སའི་བག་ཆགས་རང་དག་པའོ། །འདིའི་སྐབས་སུ་ཚོགས་བརྒྱད་ཀྱི་དང་པོ་བདུན་དག་པས། ཕྲ་རགས་ཀྱི་དྲི་མ་ལས་གྲོལ་ཞིང་། ལུས་སེམས་ཀྱི་འབྲེལ་བ་ཆོད་པས། ཁམས་གསུམ་དུ་ཕྱིར་མི་ལྡོག་པའི་ས་མཆོག་དཀྱིལ་འཁོར་ཆེན་པོ་གྲུབ་པ་ཡིན་ནོ། །བཞི་པ་ནི། ལུས་སེམས་འབྲེལ་པ་ཆོད་པའི་ཚད་ནི་ལུས་རྡོས་པ་དག་པས་རྩ་རླུང་དག དེ་དག་པས་གློ་བུར་དུ་འདུས་པའི་ལུས་སེམས་གཉིས་ཀྱི་ཚོགས་པ་ཞིག་པས་འབྲེལ་ཆོད་པའོ། །ཕྲ་བའི་རིག་པའི་ཆ་ལ་བག་ལ་ཉལ་བ་ཙམ་གྱི་སེམས་དེ་ཉིད་སྐར་མདའ་འཕྲོ་བ་ལྟར་སྐད་ཅིག་རེ་ཤར་ཡང་དབྱིངས་སུ་ཡལ་བས་ཀུན་ནས་ལྡང་བའི་ལས་རྒྱུན་ཆད་དེ། འདིར་འཁོར་བ་བསྐྱེད་ཅིང་འཇུག་པའི་ལུས་ངག་སེམས་གསུམ་གྱི་ཚོགས་པ་མངོན་གྱུར་ལོག་ནས་ཤིན་ཏུ་ཕྲ་བ་བག་ལ་ཉལ་ཙམ་ཡོད་པའི་ཆ་ལས་སྐར་མདའ་རྒྱུག་པའི་ཆ་ཙམ་དུ་བྱུང་སྟེ། སྣང་ཆ་གཉིས་པོ་དེ་འཛིན་པའི་དུས་སོ། །ཡང་ཐལ་འགྱུར་ལས། དེ་ལྟར་སྣང་བའི་དུས་རྣམས་སུ། །ལུས་སེམས་འབྲེལ་བ་ཆོད་པ་ནི། །ཟག་བཅས་ཟད་པའི་ལུས་ལ་ཡང༌། །ཕྱིར་འབྱུང་མཚན་ཉིད་གསལ་བའི་སེམས། །སྐར་མདའ་འཕྲོ་བའི་ཚུལ་གྱིས་ཀྱང༌། །ནམ་མཁའི་ཁམས་སུ་གསལ་བར་མཐོང༌། །དེ་ཉིད་ཐོག་མའི་དུས་རྣམས་སུ། །རླུང་དང་འཕྲལ་པ་དག་ལས་ཀྱང༌། །འབད་ཅིང་དག་པ་རླུང་གི་ལས། །ལུས་ལས་ཕྱི་རོལ་འཕགས་ལས་བྱུང༌། །མཐོང་བྱེད་གསུམ་གྱི་ཆ་ལས་ཀྱང༌། །ལུས་ནི་འོད་གསལ་དག་པ་ལ། །རླུང་ནི་མེ་སྟག་འཕྲོ་བ་བཞིན། །གཅིག་ཏུ་མི་གནས་རང་གསལ་གཞི། །སྣང་ཆ་གཉིས་ཀྱི་ཚུལ་དུ་འབྱུང༌། །འདིས་ནི་ལུས་སེམས་འབྲེལ་བཅད་ནས། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ཡང་རིག་པ་ལ་ཕྲ་བའི་རླུང་མེ་སྟག་ཏུ་འཕྲོ་བ་ལྟ་བུ་དེས་སེམས་ཕྲ་བ་དེའི་རྟ་བྱས་ནས་འཁོར་བའི་སྣང་ཆ་མཐོང་བ་མ་འགགས་པའི་རྟེན་བྱེད་ལ། རིག་པ་དངོས་ལ་ཡེ་ཤེས་ཀྱི་རང་གདངས་ཡོད་པའི་ཆས་མྱ་ངན་ལས་འདས་པའི་མཐོང་ཆ་མ་འགགས་པས་སྣང་བ་གཉིས་འཛིན་པ་སྟེ། རྒྱང་ཞགས་ཀྱི་གཉིས་ཀྱི་ཆ་འཛིན་དང་གཅིག་པར་སྣང་ངོ༌། །དེའང་ལྷུན་གྲུབ་ཀྱི་སྒོ་ཡོད་པའི་ཆ་ལས་ཤར་བ་ཡིན་ནོ། །ཚོགས་བརྒྱད་ཀྱི་དང་པོ་བདུན་དག་སོང་བ་ཡིན་ཞེས་བཤད་ཀྱང། ཕྱི་སྣང་བའི་ཡུལ་རིག་པ་ལ་སྣང་དུས། དེ་ལ་དཔྱོད་བྱེད་རྣམ་ཤེས་ཀྱི་ཆ་ད་རུང་ཀུན་གཞིའི་རྣམ་ཤེས་ཀྱི་དབང་པོས་བདག་རྐྱེན་བྱེད་པ་ནི། སྐར་མདའ་ནམ་མཁའ་ནས་རྒྱུག་པ་ལྟ་བུའི་སྐད་ཅིག་ཐང་ཅིག་རེར་དཔྱོད་བྱེད་ཀྱི་ཤེས་པ་ཡིན་ལ། འོན་ཀྱང་དེ་གཉེན་པོ་གཞན་ལ་མི་ལྟོས་པར་རང་ཤར་རང་གྲོལ་ལ་སོང་བས་ཕྲ་བའི་རླུང་མེ་སྟག་འཕྲོ་བ་དང་འདྲ་བ་དེས་རྟ་བྱས་ནས་སེམས་ཕྲ་བས་འཁོར་བའི་སྣང་ཆ་སྐར་མདའ་རྒྱུག་པའི་ཆ་འདྲ་ཞིག་མཐོང་ཡང་རིག་པ་དངོས་ལ་ཡེ་ཤེས་ཀྱི་རང་གདངས་ཡོད་པའི་སྟབས་ཀྱིས་མྱང་འདས་ཀྱི་མཐོང་ཆ་མ་འགགས་པས་ན་གཉིས་ཀྱི་ཆ་འཛིན་པ་སྟེ། ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་འཆར་ལུགས་དྲུག་དང་སྒོ་གཉིས་ཤར་ཚེ། དག་པ་ཡེ་ཤེས་ཀྱི་སྒོ་དང་། མ་དག་པ་འཁོར་བའི་སྒོ་གཉིས་ཡོད་པས་ན་སྣང་ཆ་གཉིས་འཛིན་པའོ། །ལྔ་པ་འབྲས་བུ་རང་དེངས་ཀྱི་ཚད་ལ་འབྲས་བུ་དངོས་དང་ཆ་འདྲ་བས་འབྲས་བུ་ཞེས་བརྗོད་དེ། སྟོན་སེར་ལོ་ཐོག་རྒྱས་པ་དེ། ནས་དངོས་སུ་ད་དུང་མ་གྲུབ་ཀྱང་ནས་སུ་ལེགས་པར་འཇོག་པ་བཞིན་ནོ། །དེའང་ལུས་འོད་དུ་གྲོལ་དུས་སྣང་བ་ཞིང་ཁམས་སུ་རྒྱས་པས་སྐུ་གསུམ་རང་སྣང་མཐོང་བའི་འབྲས་བུ་ཞེས་བྱའོ། །རིག་པ་ནི་གཞི་གནས་ཀྱི་རིག་པ་མངོན་དུ་གྱུར་ཏེ་ལམ་སྲོལ་དུ་ཚུད་པས་སྐུར་སྣང་བའོ། །ལམ་ཟད་དུ་ཉེ་བ་ལས་དཀྱིལ་འཁོར་རྫོགས་པ་རྣམས་སོ། །ཚད་ནི་སྐུའི་དཀྱིལ་འཁོར་རྫོགས་པའོ། །ཕེབས་པ་ནི་དེ་ལས་འདས་པ་མེད་པར་རྣམ་པར་སྣང་བའོ། །དེ་དག་ནི་ཟླ་བ་ཉ་གང་བའི་རྣམ་པ་དང་འདྲ་སྟེ་ཡར་གྱི་འཕེལ་ཟད་པས་རང་ངོ་ལ་བཅོས་སུ་མེད་པའོ། །འདིའི་སྐབས་སུ་སྟོན་གྱི་ལོ་ཡག་སྙེ་མ་ལ་འབྲུ་སྨིན་ནས་རྒྱས་པ་དེ། བརྔས་ནས་བང་མཛོད་ཀྱི་ནང་དུ་བླུགས་མེད་ཀྱང་ལོ་ཡག་གི་སྙེ་མ་ཞིང་ནང་དུ་ལོ་ཡག་ནས་ཡོད་པས་ལོ་ཡག་འབྲས་བུའི་མིང་ཡོད་པ་དང་འདྲ་བར། སྐུ་གསུམ་རང་སྣང་གི་ཚད་མཐར་ཐུག་ལ་ཐོན་པས་ཀུན་གཞིའི་རྣམ་ཤེས་ཀྱི་ཆ་ཞིག་དང་། ཐུགས་རྗེ་ཤེས་རབ་ཀྱི་ཆ་གཉིས་ཡོད་ཀྱང་འདིའི་སྐབས་སུ་གཉེན་པོ་བཙལ་ནས་ཆེད་དུ་ལྟ་སྟངས་འཆའ་མི་དགོས་པར་རྟག་ཏུ་འོད་གསལ་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་བ་ཡིན་པས་ཉམས་ལེན་གྱི་ཚད་རྫོགས་ནས་ཡོད་པའོ།།

༼༽ ཆོས་ཉིད་ཟད་པའི་སྣང་བ་བཤད་པ།

ཆོས་ཉིད་ཟད་པའི་སྣང་བ་ནི་དེ་ལས་ཟླ་བ་མར་འགྲིབ་པ་ལྟར་སྐུ་ཡལ་ནས་ཐིག་ལེ་ལ་ཐུག་པ་ལ་སོགས་དང་པོའི་ས་ལ་ངེས་པར་སྣང་བ་སྟེ། འདི་ལ་ཟད་པའི་རང་བཞིན་སྤྱིར་བསྟན་པ། འཐད་པ་བྱེ་བྲག་ཏུ་དགོད་པ། ཐོབ་པས་མཇུག་བསྡུ་བ་དང་གསུམ་ལས། །དང་པོ་ནི། ཟླ་བ་མར་བྲི་ནས་གནམ་སྟོང་ལ་ཅི་ཡང་མེད་དུས་ཟླ་བའི་སྣང་བ་བྲི་བར་སྣང་ཡང་དང་པོ་ལས་ཆེར་སོང་བ་དང་ཆུང་ངུ་སོང་བ་མེད་པ་ལྟར་རིག་པའི་སྣང་བ་ཡར་འཕེལ་དུས་ཆེར་མ་སོང༌། མར་ཟད་དུས་ཆུང་དུ་མ་སོང་སྟེ་གདངས་དབྱིངས་སུ་རང་ཐིམ་ལ་སོང་བ་ནི་ཤེལ་འོད་ནང་དུ་བསྡུས་བའི་ཆ་ཙམ་སྟེ། གང་བ་མེད་ཅིང་བྲི་བ་མེད་པ་ཞེས་བྱའོ། །དེའང་ཕྱིར་སྣང་དབྱིངས་སུ་ཐིམ་པས་སྣང་བ་ཆོས་ཅན་ཆོས་ཉིད་ལ་ཐིམ་ནས་ཆོས་ཉིད་གང་དུའང་བསམ་བརྗོད་མེད་པ་ལ་ཆོས་ཉིད་ཟད་པ་ཞེས་བྱའོ། །སྣང་བ་མེད་པ་ལ་ལྟོས་ནས་ཟད་ཅེས་བྱ། སྟོང་ཞེས་བྱ། མེད་ཅེས་བྱ། ཐ་སྙད་ལས་འདས་པའི་ཚིག་གོ །ཚུལ་འདི་མདོ་ལས་ཀྱང་འབྱུང་སྟེ། །ལང་ཀར་གཤེགས་པ་ལས། འོད་དང་པདྨོ་ལྟ་བུ་དང༌། །རི་མོ་ནམ་མཁའ་འཇའ་འདྲ་མཐོང༌། །མཚན་མ་སྣ་ཚོགས་འདི་དག་ནི། །མུ་སྟེགས་ཅན་ལམ་ཁྲིད་པར་བྱེད། །ཉན་ཐོས་དག་དང་རང་རྒྱལ་གྱི། །སྤྱོད་ཡུལ་དུ་ཡང་ལྷུང་བྱེད་པས། །འདི་དག་ཐམས་ཅད་རྣམ་སྤངས་ཤིང༌། །སྣང་བ་མེད་པར་གྱུར་པ་ན། །དེ་ཚེ་སངས་རྒྱས་ལྷ་ཡི་ཕྱག །ཕྱོགས་བཅུའི་ཞིང་ནས་ཕྱུང་ནས་ནི། །དེ་ཡི་མགོ་ལ་ཉུག་བྱས་མཛད། །ཡང་དག་རྗེས་སུ་འགྲོ་བའི་ལྟས། །ཞེས་གསུངས་སོ། །སྤྱིར་ཆོས་ཉིད་ཅེས་པ་འདི་ལ། སྣང་བའི་ཆོས་ཉིད་དང་། སྟོང་པའི་ཆོས་ཉིད་གཉིས་ཡོད་པ་ལས། སྣང་བའི་ཆོས་ཉིད་ནི། ཕྱི་ནང་གི་འབྱུང་བ་རགས་པའི་རྡོས་བཅས་ཟད་པས་རྩ་དང་རླུང་ཟད། དེ་ཟད་པས་སེམས་ལ་བརྟེན་པའི་བག་ཉལ་ཕྲ་བའི་དྲི་མ་ས་བོན་དང་བཅས་པ་ཟད་དེ། རྒྱུན་གྱི་ཏིང་ངེ་འཛིན་ལ་གནས་པས་ཆོས་ཉིད་ཀྱི་འཁོར་ལོ་ལས་མི་འདའ་ཞིང་། དེའི་དུས་སུ་སྤྱན་དང་མངོན་ཤེས་ཆེན་པོ་ལ་དབང་བསྒྱུར་བས་ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་སྲིད་ལ་དབང་ཐོབ་པ་ལ། ཤེས་སྒྲིབ་ཕྲ་མོ་ཀུན་གཞིའི་ཆ་དར་དཀར་གྱི་ཡོལ་བ་ཙམ་གྱིས་ཆོད་པ་མ་གཏོགས་སྒྲིབ་པ་མེད་པས། ལམ་གྱི་ཆོས་ཟད་པའི་འབྲས་བུ་ཞེས་བྱ་སྟེ། དེའི་སྒྲིབ་པ་ཕྲ་མོ་དེ་བསལ་ནས་སངས་རྒྱས་ཀྱིས་སྒྲིབ་པ་མཐའ་དག་དང་བྲལ་བ་ནང་དབྱིངས་ཀ་དག་གི་ཆོས་སྐུར་འཇུག་པ་རབ་ཏུ་ཞི་བ་ཡིན་ནོ། །སྟོང་པའི་ཆོས་ཉིད་ནི། ཕྱིའི་རྩ་རླུང་རགས་པ་ཟད་པས་ནང་སེམས་དང་སེམས་བྱུང་ཟད་དེ། ཟད་པ་དང་མཉམ་དུ་སྐུ་དང་ཡེ་ཤེས་ཀྱི་སྣང་ཆ་ཚད་ཕེབས་ཟླ་བ་ཉ་གང་ལྟ་བུ་དེ་དང་ཚད་ཕེབས་ཀྱི་འཕེལ་རྫོགས་པའི་མཚམས་ཀ་དག་གི་ནང་དབྱིངས་སུ་ནུབ་ནས་ཀ་དག་གི་སྣང་བ་ལ་གནས་པས། དེ་ནི་ཆོས་སྐུའི་སྣང་བ་ཡིན་དགོས་ལ་ཚད་ཕེབས་ལོངས་སྐུའི་སྣང་བ་ཆོས་ཟད་ཆོས་སྐུའི་སྣང་བ་ལ་སྦྱར་བའོ། །འདི་ཐམས་ཅད་ལམ་སྣང་ཡིན་པའི་གནད་ཀྱིས་ཆོས་སྐུའི་སྣང་བ་ལ་སོགས་པའི་སྒྲ་སྦྱར་བ་ཡིན། དེའི་སྐབས་སུ་ལོ་ཏོག་བང་མཛོད་དུ་བསྡུས་དང་འདྲ་བའི་འབྲས་བུའི་སྣང་བ་ཡིན་པས། ཆོས་ཉིད་རང་སྣང་བ་སྟོང་པའི་ཆོས་ཉིད་ཡིན་པས་དེ་ལྟ་བུའི་སྣང་སྟོང་ཟུང་འབྲེལ་གྱི་ཆོས་ཉིད་ཀྱིས། ལུས་སེམས་ཀྱི་ཚོགས་པའི་ཆོས་ཉོན་མོངས་པ་དང་བཅས་པའི་ཆོས་ཅན་དེ་སྦྱངས་ཤིང་ཟད་པར་བྱས་པས་ན་ཆོས་ཉིད་ཟད་པའོ། །དེ་ལ་ཁ་ཅིག་སྟོང་གཟུགས་འཁྲུལ་སྣང་དུ་འདོད་པ་དང༌། ཁ་ཅིག་དོན་དམ་དུ་འདོད་པ་གཉིས་ཀ་མ་ཡིན་ཏེ། ཁམས་བདེ་གཤེགས་སྙིང་པོའི་རང་གདངས་ཡིན་པས་མ་འཁྲུལ་ལ། །རིག་གདངས་ཕྱིར་ཤར་གྱི་གཟུགས་བརྙན་ཡིན་པས་དོན་དམ་དངོས་སུ་མི་འཐད་དེ། སྙིང་པོའི་རང་གདངས་ཡིན་པས་ཕྱིར་སྣང་ཟད་དགོས་པའི་གནད་ནི་རིག་པ་གཡོ་བྱེད་ཀྱི་རླུང་དང་བྲལ་ནས་ངོ་བོ་ནང་དབྱིངས་སུ་བཙན་ས་ཟིན་དགོས་པའི་ཕྱིར་རོ། །དེས་དོན་ལ་རིག་པ་ཤེལ་གོང་ལྟར་གནས་ཏེ། དང་པོ་གཞི་དུས་ཀྱི་རིག་པ་ཤེལ་རང་ངོ་ན་ཡོད་པ་ལྟར་ལྷུན་གྲུབ་གཏིང་གསལ་གྱི་ཆར་གནས་པ་དེ་རླུང་གིས་གཡོས་པས་ལྷུན་གྲུབ་ཀྱི་གདངས་ཕྱིར་གསལ་དུ་ཤར་བ་ཉི་མའི་རྐྱེན་གྱིས་འོད་ལྔ་ཤར་བ་ལྟ་བུ་ལས་སླར་ནང་དབྱིངས་སུ་ཐིམ་པས་ཉི་ཟེར་མེད་པས་འོད་ཆ་ཤེལ་གོང་དུ་ཡལ་བ་ལྟར་རིག་པ་རླུང་དང་བྲལ་བ་གདངས་རིག་པ་དབྱིངས་སུ་ལོག་སྟེ་ངོ་བོ་ལ་བཙན་ས་ཟིན་པའི་དུས་སོ། །དེའང་ནང་དབྱིངས་དང་པོའི་རིག་པ་ལས་རླུང་གཡོས་ཏེ་རང་གདངས་སུ་ཤར་དུས་སུ་རླུང་དེས་ཕྱིར་འབྱུང་ལྔ་ཡུལ་ལྔར་སྣང་བའི་རྒྱུ་བྱས་པས་ལུས་དང་ཡུལ་དུ་རང་སྣང༌། ནང་དུ་སེམས་དང་སེམས་བྱུང་གི་རྟ་བྱས་པས་རྣམ་ཤེས་བརྒྱད་དང་སེམས་བྱུང་ལྔ་བཅུ་རྩ་གཅིག་གི་རྣམ་པར་ཤར་ཏེ་གཟུང་འཛིན་ལས་ཀྱི་ཁ་བརྒྱུད། གསང་བར་འོད་ལྔ་ཡེ་ཤེས་ཀྱི་གདངས་བསྐྱོད་པས་གཞི་སྣང་སྙིང་པོའི་འོད་གསལ་སྣང་བའི་རྐྱེན་བྱས་པའི་ཕྱིར་ན། རླུང་ཞེས་བྱ་བ་ལས་ཀུན་བྱེད། །ཅེས་བྱའོ། །དེ་ལ་ལུས་ངག་གི་གནད་གཅུན་པས་རླུང་རང་སར་དག་ནས་ཕྱི་འབྱུང་ཡུལ་འཁྲུལ་སྣང་གི་ཆ་དང༌། ནང་འཁྲུལ་རྟོག་སེམས་སེམས་བྱུང་རང་འགགས་ཏེ། གསང་བ་འོད་གསལ་གྱི་སྣང་བ་གོང་དུ་འཕེལ་བས་རླུང་གི་གཡོ་བ་ཐམས་ཅད་དག་དུས་འོད་གསལ་གྱི་སྣང་བ་ཡང་ཆོས་ཉིད་ཟད་སར་ཐུག་ནས་ངོ་བོ་ཀ་དག་གི་ཆོས་སྐུར་གྲོལ་ཏེ། གཟུགས་སྣང་ཐམས་ཅད་མྱ་ངན་ལས་འདས་པ་ཞེས་བྱའོ། །དེའང་འོད་གསལ་གྱི་སྣང་བ་རྣམས་ཆོས་སྐུའི་ཀློང་དུ་ཐིམ་པས་སངས་རྒྱས་མྱ་ངན་ལས་འདས་བ་ཞེས་བྱ་སྟེ། འཁོར་འདས་དབྱིངས་སུ་ནུབ་པས་བཟང་ངན་གྱི་འཁྲུལ་པ་ཟད་པ་ཞེས་བྱའོ། །འདིའི་དུས་སུ་དྲི་མ་ཤིན་ཏུ་ཕྲ་བ་ཤེས་བྱའི་སྒྲིབ་པ་དག་པར་སྦྱོང་བ་ལས་གཞན་མེད་པ་ཉོན་མོངས་པ་ཕྱིས་སྐྱེ་བ་དང་ད་ལྟ་འབྱུང་བ་ལ་ལྟོས་ན་རྡུལ་ཆ་ཙམ་མེད་པའོ། །ཐལ་འགྱུར་ལས། ཆོས་ཉིད་ཟད་པའི་སྣང་བ་ཡིས། །ཁམས་གསུམ་འཁོར་བའི་རྒྱུན་ཐག་གཅོད། །ཅེས་པ་དང༌། ཆོས་ཉིད་ཟད་པའི་སྣང་བ་ནི། །ཉམས་ཀྱི་སྣང་བ་སྟོངས་ནས་ནི། །ལུས་ཟད་དབང་པོའི་ཡུལ་ཡང་ཟད། །རྟོགས་ཚོགས་འཁྲུལ་པ་ལས་གྲོལ་ནས། །བརྗོད་གཞིའི་ཚིག་དང་བྲལ་བའོ། །ཞེས་སོ། །དེ་ཡང་ཁ་ཅིག་གིས་སྟོང་གཟུགས་ཀྱི་སྣང་བ་འདི་ཐམས་ཅད་འཁྲུལ་སྣང་དུ་འདོད་པ་དང་། ཁ་ཅིག་གིས་སྒྱུ་མ་ལྟ་བུའི་སྐུ་ལ་སོགས་པ་མཐར་ཐུག་གི་བསྒྲུབ་བྱར་འདོད་པ་དག་ཡོད་ཀྱང་། ཀུན་མཁྱེན་འཇིགས་གླིང་གིས་ཡེ་ཤེས་བླ་མར། ཁོ་བོ་ཅག་ནི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡོན་ཏན་གཟུགས་སྐུ་ཡིན་པས་འཁྲུལ་སྣང་ཕྱོགས་གཅིག་པ་འཁྲུལ་སྣང་འབའ་ཞིག་པ་ཡང་མི་འདོད་ལ། ཟླ་བའི་ཆོས་ཉིད་རང་གི་ངོ་བོ་ནས་ཉ་གང་བ་ལྟར་གྱི་ཡར་འཕེལ་གྱི་ཡོན་ཏན་གྱི་རྩལ་རྫོགས་ཟིན་དུས་སྐུ་གསུམ་ལམ་སྣང་དུ་རྫོགས་པ་ཡིན་ཡང་གདངས་ཕྱིར་ཤར་བ་ནི་གཟུགས་བརྙན་ཙམ་ཞིག་ལས་ངོ་བོ་མིན་པས་དོན་དམ་དུའང་མི་འཛིན། ཞེས་གསུངས་པ་ལྟར། རིག་པ་ཤེལ་གོང་དྲི་མེད་ཀྱི་གོང་བུ་དང་འདྲ་བར་ལྷུན་གྲུབ་གཏིང་གསལ་དུ་ཡོད་པ་རླུང་གིས་སྒུལ་ནས་ལྷུན་གྲུབ་ཀྱི་གདངས་ཕྱིར་རུ་འཕོ་བ་ནི། ཉི་མའི་རྐྱེན་གྱིས་འོད་ཁ་དོག་ལྔ་ལྡན་དུ་ཤར་བ་ལྟར་དང་། དེ་སླར་ཡང་ནང་དབྱིངས་སུ་ཐིམ་པས་འོད་ཤེལ་གོང་དུ་འདུས་པ་ལྟ་བུའོ། །གཞི་ལས་གཞི་སྣང་ཤར་བ་དང་། རིག་པ་ལས་རིག་གདངས་ཤར་བའི་གནས་སྐབས་སུ་གནས་དོན་ལུས་གསུམ་དུ་འཁྲུལ་བ་ཡིན་ལ། ལུས་ངག་གི་གནད་ཁྱད་པར་ཅན་གྱིས་གཅུན་ནས་སྒོམ་པས་ལས་རླུང་རང་སར་དག་སྟེ། ཕྱི་འབྱུང་ཡུལ་འཁྲུལ་སྣང་གི་ཆ་དང་། ནང་འཁྲུལ་རྟོག་སེམས་དང་སེམས་བྱུང་རང་འགགས་པ་དང་། གསང་བ་འོད་གསལ་གྱི་སྣང་བ་དེ་གོང་འཕེལ་དུ་སོང་ཞིང་། མཐར་སྣང་བའི་འཕེལ་རྫོགས་པ་དེ་ཡང་འོད་གསལ་ཆོས་ཉིད་ཀྱི་སྣང་བ་ལ་དག་པས། ཆོས་ཟད་ཆོས་སྐུར་ཐིམ། འཁོར་འདས་དབྱིངས་སུ་ནུབ། ཁམས་གསུམ་འཁོར་བའི་རྒྱུན་ཐག་ཆོད་ཅེས་པའི་ཐོག་ཏུ་བབས་པ་ཡིན་ནོ། །གཉིས་པ་ནི། སྣང་བ་རིམ་གྱིས་ཐིམ་ཞིང་ཟད་ནས་དང་པོའི་ས་ལ་ཐུག་པ་ནི། དང་པོ་ནི་ཕྱི་སྣོད་ཀྱི་ཆགས་ལུགས་ཞིག་པ་དང༌། ནང་བཅུད་ཀྱི་ཚེའི་ཚད་ཡར་སྐྱེ་བ་དང་མར་འགྲིབ་པ་ཟད་པའི་རྟགས་སོ། །དེ་དག་མ་ཟད་ན་བདག་ཁམས་གསུམ་ལས་མི་གྲོལ་བས་སོ། །དེ་ལྟར་ཕྱི་སྣོད་ཀྱི་འཇིག་རྟེན་ཟད་པས་རྟེན་པའི་ས་མེད་བཟློག་པའི་གནས་མེད་པའི་གནད་ཀྱང་བཅུད་ཀྱི་སེམས་ཅན་ཟད་པས་སྐྱེ་བ་རྒྱུན་ཆད་དེ་རིག་པ་ཉིད་འཆི་བ་དང་བྲལ་བའོ། །དེས་ན་སྣང་བ་ཅིའི་ངོ་བོར་ཡང་གྲུབ་པ་མེད་དེ། འདི་ཡིན་འདི་མིན་ཞེས་བརྗོད་པར་དཀའ་བས་ཆོས་ཉིད་ཟད་པ་ཞེས་བྱ་སྟེ་དོན་གྱི་འབྲས་བུའོ། །འབྲས་བུ་ནི་གང་ཟག་གིས་འདི་ཡིན་འདི་མིན་བརྗོད་པར་དཀའོ། །ཐལ་འགྱུར་ལས། རྒྱུ་དང་འབྲས་བུའི་ཆོས་ཉིད་ནི། །རྟོགས་པ་རགས་པའི་ཁུངས་འགགས་ནས། །དྲན་པ་རང་དག་རྒྱུད་ལ་ཡང༌། །རྟེན་འབྲེལ་རླུང་ཉིད་རང་དག་པས། །རྒྱུ་ལས་བྱུང་བའི་ཆོས་ཉིད་དོ། །ཀ་ནས་དག་པའི་རང་བཞིན་ལ། །གཅིག་དང་དུ་མའི་གྲངས་ཟད་དེ། །སྐུ་དང་ཡེ་ཤེས་མེད་པ་དང༌། །ཆོས་རྣམས་ཟད་པའི་སར་ཕྱིན་པ། །འབྲས་བུའི་ཆོས་ཉིད་ཡིན་པར་འདོད། །ཅེས་སོ། །འདིའི་དུས་ན་ཆོས་ཙམ་དུ་ཡང་དམིགས་པ་མེད་པས་ན་ཆོས་ཟད་པ་ཞེས་བྱའོ། །འདིའི་སྐབས་སུ་འབྱུང་བ་སྐྱེད་སྡུད་ཀྱི་བདག་པོ་རླུང་གི་གཡོ་རྩོལ་ལས་བྱུང་བའི་སྐུ་འོད་ཐིག་ལེ་ལ་སོགས་པའི་སྣང་བ་ཐམས་ཅད་ཟད་ཅིང་། ཟད་པའི་དོན་ནི་མེད་སོང་བ་ལྟ་བུ་ཞིག་ལ་གོ་རྒྱུ་མིན་པར་སྣང་བ་ཐམས་ཅད་རིག་པའི་དབྱིངས་སུ་འཁྱིལ་སོང་པ་དཔེར་ན་གནམ་སྟོང་གི་ཟླ་བ་ལྟ་བུ་ཞིག་ལ་གོ་དགོས་སོ། །ཟད་ལུགས་ནི་གཉིས་ལས། རིམ་གྱིས་ཟད་པ་ནི་སྣང་བ་བཞི་ཚད་དུ་ཕྱིན་པའི་དུས་སོ། །ཅིག་ཅར་དུ་ཟད་པ་ནི་ཆོས་ཉིད་མངོན་སུམ་མཐོང་ནས་གོམས་པར་བྱས་པས་ཉམས་གོང་འཕེལ་དང་ཚད་ཕེབས་ཀྱི་སྣང་བ་མ་སྐྱེས་པར་ཟད་པ་ཡང་ཡོད་དེ། འདི་ནི་བློ་མཆོག་གཅིག་ཅར་བ་ཞེས་བྱའོ། །གང་ལྟར་ཡང་ཟད་པའི་དུས་འདིར་རྡོས་བཅས་དེངས་པ། ཉོན་མོངས་དེངས་པ། སྣང་བ་དེངས་པ་གསུམ་འབྱུང་བ། ཆོས་ཉིད་ཀྱི་ཏིང་ངེ་འཛིན་ལ་ངང་གིས་གནས་པས་ཡེ་ཤེས་རྫོགས་བའི་སྐུ་ཐོབ་པ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། རང་སར་དེངས་པའི་ཆོས་ཉིད་ནི། །འབྱུང་བ་དེངས་པས་རྡོས་པ་འགག །རྡུལ་དང་ཕྲ་རབ་མཐར་འགགས་ནས། །ཆ་ཤས་ཙམ་ཡང་གནས་པ་མིན། །ཉོན་མོངས་དེངས་པས་འཁྲུལ་པ་དེངས། །རྟོགས་བྲལ་ཞེན་པ་མི་གནས་པས། །བག་ལ་ཉལ་དང་ཀུན་ནས་ལྡང༌། །རྡུལ་ཆ་ཙམ་ཡང་མི་གནས་སོ། །དེ་ལྟར་ཕྲ་རགས་དེངས་པ་ཡིས། །ཕུང་པོ་ལྔ་ཡང་མཐར་གྱིས་ཕྲ། །འབྱུང་བ་བཞི་ཡི་ལུས་ཟད་ནས། །ཐམས་ཅད་ཡེ་ཤེས་རྫོགས་སྐུའོ། །རྟོག་མེད་ཏིང་འཛིན་རང་གནས་ཏེ། །བཅོས་མའི་ཆོས་ལས་འདས་པས་ན། །ཆོས་ཞེས་ཚིག་ཏུ་མི་གནས་སོ། །ཞེས་སོ། །རྡོས་བཅས་ཅིའི་ཕྱིར་དེངས་སོང་ཞེ་ན། ལུས་འབྱུང་བཞི་རྡུལ་ཕྲན་གྱི་ཚོགས་པ་ཡིན་པས་དེ་རང་སྣང་ལ་འོད་དུ་དེངས་ཚེ་རྡོས་བཅས་དེངས་པ་ཡིན་ལ། རྡོས་བཅས་རྩ་རླུང་གི་འདུ་བ་དེངས་ཚེ་དེ་ལ་བརྟེན་པའི་ཉོན་མོངས་དེངས། དེ་དེངས་དུས་འཁྲུལ་བའི་རྟོག་པ་དེངས་ནས་ཕྲ་རབ་ཀྱི་རྡུལ་ཡང་འགགས་པས་ཐམས་ཅད་ཡེ་ཤེས་ཀྱི་སྐུ་རུ་རྫོགས་ནས་ཏིང་འཛིན་རང་གནས་བཅོས་མའི་ཆོས་ལས་འདས་པའོ། །རིག་པ་ཆོས་ཉིད་ཀྱི་ཀློང་དུ་གཉིས་སྣང་གི་འཛིན་པ་ཐམས་ཅད་ཞི་ནས་རོ་མཉམ་སོང་དུས་འཇའ་ཟེར་སྐུ་ཐིག་གི་སྣང་བ་ཡང་ཇེ་ཕྲར་སོང་ནས་བསམ་གྱིས་མི་ཁྱབ་པའི་རྡུལ་བྲལ་སྒྱུ་མའི་འཁོར་ལོ་རུ་གྱུར་པ་ཡིན་པས། དེ་ལ་གཞི་སྣང་གཞི་དབྱིངས་སུ་འཁྱིལ་བ་དང་དང་པོའི་ཆོས་ཉིད་ཟད་སར་ཞེས་བྱའོ། །གསུམ་པ་ཐོབ་པ་ནི་དེ་ལྟར་ཟད་པའི་དུས་ན་ཐོབ་པ་གཉིས་འབྱུང་སྟེ། སྐྱེ་བ་ལ་དབང་ཐོབ་པས་འཕོ་བ་ཆེན་པོར་བཞེངས་ཏེ་སེམས་ཅན་གྱི་དོན་མཛད་ཅིང་ཁྱད་པར་དུ་མི་ལུས་ཐོབ་པའི་སེམས་ཅན་སུམ་སྟོང་ལྷག་མེད་དུ་གྲོལ་པར་མཛད་པ་དང༌། འཇུག་པ་ལ་དབང་ཐོབ་པས་གདོད་མའི་ཀ་དག་ཏུ་སྐད་ཅིག་ལ་འཇུག་པ་ན་བུན་ནམ་མཁར་ཡལ་བ་ལྟར་དབྱིངས་སུ་འཇུག་པའོ། །འཕོ་བའི་སྐུར་བཞེངས་ལུགས་ནི་སྣང་བ་རིམ་གྱིས་ཟད་དུས་ལག་པའི་སོར་མོ་ལྔ་སྐབས་སུ་འོད་ཀྱི་དཀྱིལ་ན་བཀྲམ་བཀྲམ་སྣང་བ་ལ་ཤེས་པ་གཏད་པས་སྣང་བ་དེ་ལས་ལོག་ནས་འགྲོ་དྲུག་གི་སྣང་བ་ཆུ་ཟླ་དང་རྨི་ལམ་ལྟར་མཐོང་དུས་རང་གི་ལུས་ཀྱང་ཆུའི་ཟླ་བ་ཙམ་དུ་ཟང་ཐལ་བར་རང་སྣང་དུ་མཐོང་ལ། གཞན་གྱིས་དེ་སྔའི་ལུས་དེར་མཐོང་ལ། སྤྲུལ་པ་དང་དངོས་སུ་སྣང་བས་རིགས་དྲུག་སོ་སོའི་གནས་སུ་དོན་མཛད་ཅིང་མིའི་སྐྱེ་དགུ་སྨོན་ལམ་མཐུན་པ་སྟོང་ཕྲག་གསུམ་ལྷག་མེད་དུ་གྲོལ་བར་མཛད་ནས་སླར་ཆོས་ཉིད་ཀ་དག་གི་སར་གཤེགས་པ་སློབ་དཔོན་ཆེན་པོ་བི་མ་ལ་ལྟ་བུའོ། །འཇུག་པ་ནི་སྐུ་དེས་དུས་དེར་དོན་རླབས་པོ་ཆེ་མི་མཛད་ན་སེམས་ཅན་སུམ་སྟོང་ལྷག་མེད་དུ་རང་དང་མཉམ་དུ་གྲོལ་ནས་ཀ་དག་གི་ས་ལ་སྐད་ཅིག་དེ་ཉིད་ལ་གཤེགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་ཀྱིས་དོན་མཛད་པའོ། །དེ་དག་ཀྱང་རང་བྱུང་བསྟན་པའི་རྒྱུད་ལས། ནང་ལུས་ཟད་པའི་སར་ཕྱིན་ཚེ། །སོར་མོ་ལ་སོགས་དེ་བཞིན་སྣང༌། །འདིར་གཏད་འབྱུང་བ་རང་དེངས་སོ། །སྐྱེ་དང་འཇུག་པའི་ཁྱད་པར་གྱིས། །ཆོས་ཀུན་ཟད་པའི་རང་ས་ལ། །ཅི་ཡང་འཛིན་པ་མེད་པར་ནི། །གནས་པ་ཡིན་ནོ་སྤྲུལ་པའི་སྐུ། །འདི་ནི་འཇུག་པའི་ཤུགས་ཀྱི་དབང༌། །སྐྱེ་བའི་རང་དབང་སུས་ཐོབ་པ། །དེ་ཡང་དེ་ལ་གཏད་ནས་ནི། །ཡང་དུས་འདི་ལྟར་བྱས་པ་ན། །སྣང་བའི་རང་སྒྲ་སིལ་སྐད་དེ། །སྔོན་དུ་ལོག་སྟེ་འཁྲུལ་པར་སྣང༌། །འདིས་ནི་སེམས་ཅན་དོན་ཀུན་མཛད། །རིག་པ་མཉམ་པར་གཅིག་པའི་ཕྱིར། །སྟོང་ཕྲག་གསུམ་རྣམས་སེམས་ཅན་གྱི། །འཕོ་བ་ཆེན་པོ་འདིས་འགྲུབ་པོ། །དེ་བཞིན་རིམ་དང་ཅིག་ཅར་གྱིས། །ལུས་ནི་འདི་ཡི་འགྲུབ་པ་ཡིན། །འདི་ཀུན་ལུས་ཟད་ཚད་ལས་གྲོལ། །འདི་ཀུན་འབྲས་བུ་ངེས་པ་ཡི། །ས་མཆོག་དཀྱིལ་འཁོར་ཆེན་པོ་འགྲུབ། །ཅེས་སོ། །དེ་ལྟར་སྣང་བ་བཞི་ཚད་དུ་ཕྱིན་པ་ནི་བརྩོན་འགྲུས་ཅན་ཚེ་འདི་ཉིད་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་པ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། དེ་ལ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ་ཞེས་སོ། །དེའང་གནད་ལ་བརྟེན་ནས་ཚེ་འདི་ཉིད་ལ་འཚང་རྒྱ་བ་སྟེ། ཐལ་འགྱུར་ལས། དེ་ལྟར་ལུས་བྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །ཚེ་འདི་ཉིད་ལ་འཚང་རྒྱའོ། །ཞེས་པ་དང༌། སྐུ་གདུང་འབར་བ་ལས། འདིས་ནི་སྣང་བ་འདི་ཉིད་ལས། །འབྱུང་བ་རང་སར་དེངས་ནས་ནི། །འབྲས་བུ་ཐོབ་ལ་ཐེ་ཚོམ་མེད། །ཅེས་གསུངས་པས་ཐོག་ཏུ་ཕེབས་པའི་དུས་སོ། །ཚད་ཕེབས་ཀྱི་ས་མཚམས་ཡོལ་ཏེ། ཆོས་ཉིད་ཟད་པའི་མགོ་རྩོམ་དུས། རྣལ་འབྱོར་པ་རང་ཉིད་ཀྱི་རྐང་ལག་བཞིའི་སོར་མོ་འོད་ལྔ་གསལ་བ་ཙམ་ཡོད་པས། སྐབས་འདིར་སྐྱེ་འཇུག་གཉིས་ཀྱི་ས་མཚམས་ཡོད་དེ། དེའང་སྐུའི་རྣམ་པ་དེ་མ་སྤངས་ཚེ་སེམས་ཅན་གྱི་དོན་དེ་ཙམ་མི་འབྱུང་ན། སོར་མོའི་འོད་ལ་རིག་པ་གཏད་པས། ཕྱི་སྣང་བ་དང་། ནང་རང་ལུས་ཀྱི་འོད་གསལ་ཐམས་ཅད་ནང་དབྱིངས་སུ་ཇེ་ཐིམ་དུ་སོང་ནས་ཐམས་ཅད་ཀྱི་མཇུག་ཏུ། ཐད་ཀའི་དངོས་སྣང་འོད་མཐིང་ག་དག་པ་ཙམ་ཞིག་སྣང་བ་དེ་ཡང་ནང་ཐིམ་དུ་སོང་སྟེ། དཔེར་ན་ཤེལ་འོད་མུན་པའི་ནང་དུ་བཞག་པས་འོད་རང་ལ་ཚུར་འདུས་ནས་མི་སྣང་བ་ལྟར་ལུས་དང་སྣང་བའི་རང་གདངས་ནང་དུ་ལོག་ནས་ནང་གསལ་ལྷུན་གྲུབ་རིན་པོ་ཆེའི་སྦུབས་སུ་སྐུ་དང་ཡེ་ཤེས་ཀྱི་གཏིང་གདངས་ཙམ་ལ་རིག་པ་ཞུགས་ནས། རིག་པ་ཆོས་སྐུར་འཁྱིལ་བའོ། །སྐུའི་རྣམ་པ་དེས་སེམས་ཅན་གྱི་དོན་སངས་རྒྱས་ཀྱི་མཛད་པ་དང་མཚུངས་པར་འགྲུབ་པའི་རྟགས་ཡོད་ན། ཕྱིར་སྣང་དུ་ཚུར་ལོག་ནས། སྐྱེ་འཇུག་གཉིས་ལ་དབང་སྟེ་སེམས་ཅན་དོན་དུ་ཡེ་ཤེས་སྒྱུ་མ་ཆུ་ཟླ་ལྟ་བུའི་འཕོ་བ་ཆེན་པོའི་སྐུ་བཞེངས་པ་ཡིན་ནོ། །མདོར་ན་སྐྱེ་འཇུག་གཉིས་ཀ་ལ་རང་དབང་ཐོབ་པས། སྐད་ཅིག་གཅིག་གིས་སངས་རྒྱ་ནའང་རྒྱར་ཡོད་ལ། སྐུ་དེས་སེམས་ཅན་གྱི་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་ན་ཡང་དབང་འབྱོར་བའོ། །ཡང་བསྐྱར་དུ་བཤད་ན། ཐོབ་པ་རྣམ་པ་གཉིས་ཏེ། སྐྱེ་འཇུག་གཉིས་ལ་དབང་ཐོབ་པ་འདི་གཉིས་ཆོས་ཉིད་ཟད་པའི་རྗེས་ཀྱི་ནང་དབྱིངས་ལ་འཇུག་ཁ་དེ་ནས་ཐོབ་པ་ཡིན་ལ། འདིའི་སྐབས་སུ་སེམས་ཅན་སུམ་སྟོང་ཅིག་ཆར་དུ་གྲོལ་བར་བྱེད་གསུངས་པ་ནི་འཕོ་ཆེན་གྱི་སྐུ་རུ་བཞེངས་ནས་སྐུ་དེས་འགྲོ་དོན་མི་མཛད་པ་ཡིན་ན་བར་དོར་སེམས་ཅན་སུམ་སྟོང་གྲོལ་བར་མཛད་ནས་དབྱིངས་ལ་འཇུག་པ་དང་། འཕོ་ཆེན་གྱི་སྐུར་བཞེངས་ནས་སྐུ་དེའི་ཐོག་ནས་བསྐལ་བ་ཇི་སྲིད་བར་དུ་འགྲོ་དོན་མཛད་པ་ཡིན་ན་ནང་དབྱིངས་ནས་ཚུར་ལོག་ནས་རིམ་གྱིས་སེམས་ཅན་སུམ་སྟོང་གྲོལ་བ་མཛད་པ་ཡིན་ནོ།།

ཉིན་བཅོ་ལྔ་བའི་ཆོས་ཁྲིད།

རྒྱལ་བའི་དབང་པོ་ཀློང་ཆེན་ཞབས་ཀྱིས། འགྲོ་བ་གཡོ་བ་དུས་ཀྱི་ཤིང་འདབ་བཞིན། །ཅིས་ཀྱང་ཤི་བ་ཡིན་ནོ་ཆོས་ལ་འབོད། །རང་བཞིན་འགྱུར་བ་ཚོགས་ཁང་སྐྱེ་བོ་བཞིན། །འདུས་ཀྱང་འབྲལ་བ་ཡིན་ནོ་གདུང་སེམས་སྤོངས། །ཞེས་གསུངས་ལ་དབྱར་གྱི་དུས་ཀྱི་ཤིང་ལོ་དེ་ཡལ་འདབ་མེ་ཏོག་མཛེས་པ་དྲི་ཞིམ་པོའི་བསང་ངད་ལྡན་པ་སྐྱེ་བོ་དགའ་བའི་མིག་གི་བདུད་རྩི་ཞིག་ཡིན་པ་ནི་དེ་ཉིན་འུ་ཚོས་ཐོག་མར་ཆོས་མགོ་འཛིན་དུས་དེ་ལྟ་བུ་ཞིག་ཡིན་མོད། འོན་ཀྱང་དུས་རིང་པོར་མི་འགོར་བར་དབྱར་ཟླ་གསུམ་གྱི་ཟླ་བ་རྫོགས་དུས་སྟོན་སེར་བྱང་རླུང་དང་འགྲོགས་ནས་ཁ་བའི་འདབ་མ་བར་སྣང་ནས་འཕུར་ཏེ་ནམ་ཚ་སྟོན་གཞུག་ལ་ཐོན་དུས་ཤིང་ལོ་རྒས་པ་སེར་པོར་གྱུར་ནས་རེ་རེ་བཞིན་དུ་ས་ལ་ལྷུང་ནས་འཐོར་འགྲོ་བ་རེད། དེང་སང་གི་དུས་ཚོད་དེ་དང་ཉེ་བཞིན་ཡོད་འདུག་ལ་དེ་དང་འདྲ་བར་ཕྱི་སྣོད་ཀྱི་འཇིག་རྟེན་ནང་བཅུད་ཀྱི་སེམས་ཅན་འདི་ཐམས་ཅད་མི་རྟག་འགྱུར་བའི་རང་བཞིན། སྐྱེས་པ་འཆི། མཐོ་བ་ལྷུང་། འབྱོར་བ་རྒུད་ནས་མཐར་ཚང་མ་ཡོངས་རྫོགས་རྗེས་ཤུལ་ཙམ་ཞིག་མེད་པར་འགྱུར་བ་ཡིན་གསུངས་པ་ནི་གཅིག་ཏུ་རྟག་པ་མིན་པའི་འདུས་བྱས་གཡོ་བའི་རང་བཞིན་ཅན་ནོ་ཞེས་གསུངས་པའོ། །རང་བཞིན་འགྱུར་བ་ཚོགས་ཁང་སྐྱེ་བོ་བཞིན། །འདུས་ཀྱང་འབྲལ་བ་ཡིན་ནོ་གདུང་སེམས་སྤོངས། །གསུངས་པ་ནི་མི་རྟག་པའི་རང་བཞིན་ནམ་རང་གཤིས་དེ་འགྱུར་བ་ཅན་ཡིན་པ་སྟེ། དཔེར་ན་ཚོགས་ཁང་གི་སྐྱེ་བོ་འུ་ཅག་ལྟ་བུ་ཆོས་གཅིག་གིས་མཉམ་དུ་བསྡུས་ནས་སྐབས་གཅིག་རིང་ལ་དམ་པའི་ལྷ་ཆོས་ལ་མཉམ་དུ་ལོངས་སུ་སྤྱད་དེ་རྫ་ཕུག་གངས་འདབས་ཀྱི་རི་ཁྲོད་འདི་ནས། རང་ཚོད་དང་བསྟུན་པའི་ཆོས་འཆད་ཉན། བསྟན་པ་འཛིན་སྲུང་སྤེལ་བའི་ཉི་མ་མགོ་གང་མ་ཞིག་ཤར་བ་ཡིན་ཡང་། འདུས་པ་མི་རྟག་འབྲལ་བའི་ཆོས་ཅན་ཡིན་པས་ཉི་མ་ཁ་ཤས་ཀྱིས་རང་རང་ཁ་ཁ་སོ་སོའི་གནས་སུ་གྱེས་རྒྱུ་ཡིན་པ་ལྟར་དུ་འདུས་པ་ཐམས་ཅད་འབྲལ་བ་ཡིན་ནོ། །དེས་ན་འདུས་ཀྱང་འབྲལ་བ་ཡིན་ནོ་གདུང་སེམས་སྤངས། །ཞེས་གསུངས་སོ། །འོན་ཀྱང་ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་ཡིན་པས་ན་དེ་དང་ནི་ནམ་ཡང་འབྲལ་བར་ཡོད་པ་མིན་པས། གཉེན་ཉེ་བ་ལ་ཆགས་ཞེན་ཡོད་ན་ཆོས་ལ་འབད་དགོས་པ་དང་། གཉེན་ཉེ་བ་ཤ་རྩ་དགའ་རྒྱུད་ཕ་མ་བཟའ་ཚང་ལ་གཅེས་ན་དམ་པའི་ལྷ་ཆོས་སྒྲུབས་དང་དེ་དག་ལ་ཚེ་འདིས་མི་ཚད་ཕྱི་མ་ལ་ཡང་ཕན་ཐོགས་ཆེའོ། །ཚེ་འདི་ལ་རྟ་བྱིན་ཟོག་བྱིན་དང་གཞིས་འཁོར་བ་སྤྲད་ན་ཡང་དེ་དག་གིས་ཕྱི་མའི་འགྲོ་ལམ་ལ་ཕན་ཐོགས་ཡོད་དཀའ་བའོ། །དེ་བས་མ་ཎི་ཨོཾ་ཞིག་གི་སྦྱོར་དངོས་རྗེས་གསུམ་བསྐྱེད་རྫོགས་ཀྱི་འགྲོ་སྟངས་རྣམས་ཤེས་པར་གྱིས་དང་སྐྱེ་བ་ཚེ་རབས་མང་པོ་ལ་ཕན་ཐོགས་དེ་བས་ཆེ་བ་རེད། འུ་ཚོ་ཁྱིམ་པ་ཕོ་མོ་ཚོས་དཔུང་བུ་རྒྱུད་ལ་རྒྱུ་རྫས་ཤིག་འཇོག་ཁུལ་བྱེད་པའི་བསམ་བློ་བཏང་བ་ཡིན་ཡང་། རྒྱུ་རྫས་བྱིན་པས་ཕན་ཆེན་པོ་ཐོགས་པ་མ་ཡིན་ཏེ། ཕ་མའི་ཚེ་གཅིག་ལ་བསགས་པ་བུ་རྒྱུད་ཀྱི་ལག་ལ་བཞག་ཁུལ་བྱས་ཀྱང་བུ་རྒྱུད་ངན་པ་གྲོགས་ངན་གྱི་ཁ་ལ་རྒྱུག་ན་ཤོ་སྐུགས་རྒྱན་གསུམ་དང་། ཆང་རིན་གཏའ་མ་རུ་ཤོར་ནས་སྤྲང་པོར་རེད་རྒྱུ་ལ་ཚེགས་མེད་པའི་ཕྱིར། དེ་མིན་ཡང་ནོར་ཡོད་ན་དགའ་སྣང་གིས་དེ་ལ་འབད་པར་བྱེད་པ་ཡིན་ཡང་ནོར་རྫས་དགྲ་ཡི་གཡབ་མོ་ཡིན་པས་རྒྱུ་ནོར་གྱི་དབང་གིས་མི་སྲོག་མ་འཚམས་པ་ཡང་ཅི་འདྲའི་མང་བ་དང་། དེ་ལ་ཆགས་ནས་འཁོར་བའི་གཏིང་རྡོ་བྱེད་པ་ནི་ལྷག་ཏུ་མང་བ་ཡིན་ནོ། །དེ་བས་ན། ལོངས་སྤྱོད་ལྷག་མ་བུ་ཚའི་ཤེས་ཡོན་གྱི། །རྟེན་དུ་ཐོངས་དང་རང་གཞན་ཀུན་ལ་བདེ། །ཞེས་པ་ཞིག་ངས་སྔོན་མར་བྲིས་མྱོང་། རབ་ཡིན་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཆོས་ཕྱོགས་སུ་གཏོང་དགོས་ལ་དེ་མ་ཐུབ་ན་ཡང་བུ་ཚ་ཡི་ཡོན་ཏན་སློབ་རྒྱུའི་རྟེན་རྩ་ལ་ཐོངས་དང་རང་གཞན་ཐམས་ཅད་ལ་ཕན་ཐོགས་ཆེན་པོ་ཡོད་པ་ཡིན། ཁྱད་པར་དུ་འུ་ཚོ་བོད་གདོང་དམར་གྱི་རིགས་རྒྱུད་འདི་ལ་ཐུན་མོང་མ་ཡིན་པའི་ཕ་ནོར་རིག་གནས་བཅུ་དེའི་ནང་གི་ཡ་གྱལ་མཆོག་ཏུ་གྱུར་པ་ནང་རིག་པ་སྡེ་སྣོད་གསུམ་སྔར་བྱོན་གྱི་མེས་པོ་ཐམས་ཅད་ཀྱིས་དཀའ་བའི་ཚེགས་དཀོན་པའི་རྒྱུ་གཅེས་པའི་སྐུ་སྲོག་བསྡོས་ནས་བསྒྱུར་ཞུས་གཏན་ལ་ཕབ་པའི་རྒྱལ་བའི་བཀའ་དྲི་མ་མེད་པ་དེའི་དགོངས་འགྲེལ་བསྟན་བཅོས་དང་བཅས་པ་མདོར་ན་མདོ་སྔགས་ཟུང་འབྲེལ་གྱི་དམ་པའི་ཆོས་ཆ་ཚང་པ་གནད་ལ་དྲིལ་བ་དབང་ལུང་མན་ངག་གདམས་ཁྲིད་དང་བཅས་པ་ཡོད་པ་འདི་གཞན་ལ་མེད་པའི་ཁྱད་ནོར་ཞིག་ཡིན། འདི་སྐད་ཡིག་གཞན་གྱི་ཐོག་ནས་ཚུར་བསྒྱུར་མི་དགོས་ཤིང་། མི་རིགས་སྐད་རིགས་མི་གཅིག་པའི་དགེ་རྒན་གཞན་དག་ཅིག་བསྟེན་པའི་ཆེད་དུ་རྒྱུག་མི་དགོས་པར་རང་ས་ན་ཡོད་པའི་རང་ཉིད་ཀྱི་ནོར་སྐལ་རང་ཉིད་ཀྱིས་ཚུར་ལེན་པ་ལས་དཀའ་ཚེགས་ཅི་ཡང་བསྟེན་མི་དགོས་པས། གནའ་དེང་གཉིས་ཀའི་རིག་གནས་ཅི་ཡིན་ཡང་ཤེས་ན་ལོས་བཟང་སློབ་དཔོན་པདྨའི་རྣམ་ཐར་གྱི་ནང་དུ་རྫ་རྩི་ཡན་ཆོད་བསླབ་རབས་མང་པོ་གསུངས་ཡོད་འདུག ཁྱད་པར་དུ་ད་ལྟའི་དུས་འདིར་བསམ་བློ་བཏང་ན་རང་ཉིད་ཀྱི་རིག་གནས་སྲུང་སྐྱོང་གི་ཆེད་དུ་མི་རིགས་གཞན་གྱི་རིག་གནས་ཐུན་མོང་གི་ཤེས་བྱ་སྣ་ཚོགས་དུས་རབས་ཡར་རྒྱས་ཀྱི་འགྲོས་དང་བསྟུན་ནས་ཤེས་ལོས་དགོས་ཀྱང་། མི་རིགས་རང་གི་མེས་པོས་བཞག་པའི་རིག་གནས་རྩ་ཆེན་མིའི་རིགས་སྤྱི་ཁྱབ་ནས་འགྲོ་བ་སེམས་ཅན་ཡོངས་ལ་ཕན་ཐོགས་ཅན་གྱི་ནང་ཆོས་འདི་ཚོ་སེར་སྐྱ་ཕོ་མོ་རྒན་གཞོན་སུས་ཀྱང་སྦྱངས་ནས་ཆེ་ཚོད་ཆུང་མིན་རེ་ཤེས་ཐབས་བྱེད་རྒྱུ་ནི་ཚེ་འདི་ཕྱི་རང་གཞན་གཉིས་དོན་ཡིན་ནོ། །རང་རྒྱུད་ཀྱི་བསྟན་པ་འཛིན་སྲུང་བྱེད་རྒྱུ་ནི་རབ་བྱུང་དགེ་འདུན་པ་རྣམས་ཀྱི་དམིགས་བསལ་གྱི་མ་བགོས་ཐོག་བབས་ཀྱི་འགན་འཁྲི་ཡིན་ལ། ཡང་སྒོས་སུ་མི་རབས་གསར་རྙིང་གི་བརྗེ་མཚམས། དུས་རབས་སྔོན་རྗེས་ཀྱི་འཕོ་མཚམས་འདི་ལ་དངོས་པོ་གཟུགས་སུ་གྲུབ་པའི་སྐུ་གསུང་ཐུགས་རྟེན་བྱིན་ཅན་དང་། གནའ་རྫས་རྙིང་པ་ལ་རིན་ཐང་ལོས་ཡོད་ཁྱད་པར་དུ་བྱིན་རླབས་ཅན་གྱི་རྟེན་རྫས་དེ་ཚོའི་རིན་ཐང་ཞིག་སུས་གཞལ་ཤེས་ཀྱང་། དེ་བས་ཀྱང་གཟུགས་སུ་གྲུབ་པའི་དངོས་པོ་མ་ཡིན་པའི་དབང་ཁྲིད་ལུང་རྒྱུན། མན་ངག་བེའུ་བུམ། གདམས་ངག་ལག་ཁྲིད། བྱིན་རླབས་འཕོ་བའི་སྟོབས་ཀྱིས་དགོངས་བརྒྱུད་ཀྱི་བྱིན་རླབས་འཐོབ་དགོས་པའི་རིགས་འདི་དག་ཐམས་ཅད་དེ་བས་ཀྱང་རྩ་ཆེན་ཡིན་པས་རང་ནུས་གང་ཡོད་ཀྱིས་བསྟན་པའི་སྲོག་ལ་ཤུགས་བསྣན་ཐབས་གང་གིས་དགའ་ན་དེ་ལ་བརྩོན་ན་བསོད་ནམས་ལྷག་པར་དུ་ཆེ་བས་མི་ཚད་པར་འགྲོ་བ་སེམས་ཅན་གྱི་བདེ་དོན་བྱས་ན་ཕན་རླབས་ཀྱང་དེ་བས་ལྷག་པར་དུ་ཆེ་བ་ཡིན། ངས་མཚམས་རེར་བསམ་བློ་བཏང་ན་ད་ལྟའི་དུས་འདིར་ཁྱབ་བསྒྲགས་ཀྱི་སྟབས་བདེ་བའི་གནས་ཚུལ་དེ་དང་བསྟུན་ཏེ་བོད་ལ་དར་བའི་ནང་ཆོས་ཡུལ་ལུང་གཞན་དང་མི་རིགས་གཞན་ལ་ཁྱབ་བསྒྲགས་བཏང་ནས་དམ་ཆོས་འཆད་སྤེལ་བྱས་ན་ཡག་པོ་ཡོད་ངེས། བསྟན་པ་འཛིན་སྲུང་སྤེལ་གསུམ་གྱི་ནང་དུ་སྤེལ་ཞེས་པའི་ཚིག་ཅིག་ཀྱང་ཡོད་པ་ཡིན། འོན་ཀྱང་བསྟན་པ་འཛིན་སྲུང་སྤེལ་གསུམ་ཞེས་ཚེ་བསྟན་པ་ངོས་འཛིན་རྒྱུ་ལ་སོགས་པའི་སྐད་ཆ་མང་པོ་རེད། དེ་ཚོ་མ་བཤད་ནས་གསུང་རབ་འཆད་སྤེལ་གཏང་རྒྱུ་རྐྱང་པའི་ཕྱོགས་ནས་བསམ་བློ་བཏང་ན་ཡང་ལོས་བཟང་། ཆགས་མེད་ཚང་གིས། ལག་པ་ན་ཡང་འབད་ནས་བྲིས། མང་པོ་འགའ་ལ་ཨེ་ཕན་བསམ། །གསུངས་པས་མང་པོ་ལ་ཁྱབ་དགོས་པ་ཡིན། འོན་ཀྱང་ད་དེང་སང་རྩིས་འཕྲུལ་ཡོད་པས་ལག་པ་དེ་ཙམ་ན་དགོས་ས་མ་རེད། ཕྱོགས་གཅིག་ནས་དེ་ལྟ་བུ་ཡིན་ཡང་གསང་སྔགས་ཀྱི་ཟབ་དོན་བཀའ་རྒྱ་ཅན་དག་ཀྱང་གཞན་གྱི་སྐད་རིགས་དག་མ་དག་ཅིག་ལ་བསྒྱུར་ནས་མ་མཁའ་འགྲོའི་ཐུགས་ཀྱི་ཐིག་ལེ་ཟབ་དོན་སྙིང་གི་གསང་མཛོད་ཡིན་ཟེར་བ་རྣམས་ཁྱི་སྐྱུག་སྐྱུག་བྱས་ནས་ཕྱི་རོལ་པ་ཡན་ཆོད་ཀྱི་སྔོན་དུ་ཤོག་བུའི་རིན་ཐང་ཞིག་གི་སར་བཀྲམ་བཞག་པ་ལས། སྐད་གཉིས་སྐད་གསུམ་སྨྲ་བ་ཡིན་ན་མི་རིགས་གཞན་གྱི་ཁྱད་ནོར་དང་ཁྱད་ཆོས་ལྡན་པའི་རིག་གནས་ཚུར་བསྒྱུར་ནས་རང་ཁྱིམ་དུ་ཁྱེར་ཤོག་དང་རབ་ཡིན། འོ་ན་ཁྱོད་ཀྱིས་བཤད་པ་ལྟར་ན་བོད་ཀྱི་མི་མ་གཏོགས་གཞན་ལ་འདི་ཕྱིའི་ཕན་བདེ་མི་དགོས་སམ་དེ་དག་གི་ནང་ན་ཡང་སྣོད་ལྡན་ཡོད་ན་ཅི་ཤེས་ཤེ་ན། དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚངས་པའི་དབྱངས་ཀྱིས་མིའི་རིགས་འདྲ་དང་མི་འདྲས་མི་ཚད་པར་ལྷ་ཀླུ་གནོད་སྦྱིན་དྲི་ཟ་གྲུལ་བུམ་གྱི་སྐད་ཀྱིས་ཆོས་གསུངས་ལ། འུ་ཚོས་ཀྱང་དེ་བཞིན་དུ་སྐད་རིགས་འདྲ་མིན་དུ་འགྱུར་བར་ཤོག་ཅེས་སྨོན་པ་བྱེད་ཀྱིན་ཡོད་ཀྱང་། གསང་སྔགས་ཀྱི་ཆོས་ཟབ་མོ་འདི་དག་ནི་སྔར་གྱི་ལོ་པན་བཀའ་དྲིན་ཅན་ཚོའི་ཕྱག་སྲོལ་བཞིན་ཤིན་ཏུ་གསང་ཞིང་བཀའ་རྒྱ་དམ་པོར་བྱས་པ་ལ་རྒྱུ་མཚན་ཡོད་ངེས་པ་ཡིན་པས། དེ་བས་དེ་དག་ལ་ཕན་པ་ཁོ་ནའི་ཀུན་སློང་ཡིན་ཚེ་ལམ་རིམ་བགྲོད་སྔོན་འགྲོ་དངོས་གཞིའི་རིམ་པ་བརྒྱུད་དུ་བཅུག་ན། ཆོས་ཀྱི་བྱིན་རླབས་མི་ཡལ་བ་དང་། གདུལ་བྱ་ལ་ཕན་ཐོགས་འབྱུང་བ་དང་། རང་གཞན་གཉིས་ཀ་ལ་ཆོས་ལ་དབང་ཟ་བའི་ཉེས་པ་མི་འབྱུང་བ་དང་། གསང་སྔགས་ཁྲོམ་བསྒྲགས་ཀྱི་འགལ་ཉེས་མི་འབྱུང་བ་ལ་སོགས་པའི་ཕན་ཐོགས་ཡོད་པ་ཡིན་ཞེས་བཤད་པ་ཡིན་ནོ། །མདོར་ན་སེར་སྐྱ་ཕོ་མོ་ལ་མ་ལྟོས་པའི་རྒན་པ་ཐམས་ཅད་ཀྱིས་ཀྱང་ཆོས་སྦྱོང་དགོས་ཤིང་ཆོས་སྦྱོང་ཚེ་ཡང་ཆོས་ཆོས་བཞིན་དུ་སྦྱོང་དགོས་པ་ཡིན། ཆོས་ཞེས་པ་གཙོ་བོ་སེམས་ཀྱིས་བསྒྲུབ་བྱ་ཤི་བའི་གནས་སྐབས་ན་ཆོས་མ་གཏོགས་རེ་ས་སྐྱབས་གནས་གཞན་མེད་པ་ཡིན་པས་ཕྱག་སྐོར་ཁ་ཏོན་བཟླས་བརྗོད་བྱེད་དུས་ཀྱང་སེམས་ཀྱི་བསམ་བློ་གཏང་ཚུལ་ཤེས་དགོས། དེ་བཞིན་དུ་གཞོན་པ་ཐམས་ཅད་ཀྱིས་ཀྱང་ནང་དོན་རིག་པ་དམ་པའི་ལྷ་ཆོས་ཀྱི་གཙོ་བོར་བྱས་པའི་རང་གཞན་གྱི་རིག་གནས་ཚང་མ་སྦྱོང་དགོས་ཤིང་། དམ་ཆོས་སྒྲུབ་པ་དེ་ཡང་ཤི་དུས་མ་གཏོགས་མི་དགོས་རྒྱུ་ཞིག་མ་ཡིན་པར་ཚེ་འདིའི་ཐོག་གི་མི་ཡ་རབས་སྤྱོད་བཟང་སྙིང་རྗེའི་ཕན་སེམས་ཅན་ཐམས་ཅད་ཀྱི་མགོན་དང་དཔུང་གཉེན་ཞིག་བྱེད་བསམ་ནའང་ཆོས་ཤེས་པར་བྱས་ཏེ། ཆོས་བཞིན་དུ་བསམ་སྤྱོད་ཚང་མ་བཟང་པོའི་ཕྱོགས་སུ་བཅོས་དགོས་པ་ཡིན། དེ་ལྟར་མིན་པར་མི་གཤིས་ངན་སྙིང་རྗེ་དང་ཕན་སེམས་གཅིག་ཀྱང་མེད་མཁན། སུས་ཀྱང་མིག་སྔར་མི་འགྲོ་བ་ཚེ་འདིའི་སྡིག་པའི་སོ་ནམ་གྱིས་ཕྱི་མ་དམྱལ་བའི་གཏིང་རྡོ་བྱེད་པ། འདི་ཕྱི་གཉིས་ཀ་མེད་པ་ཞིག་བྱེད་བསམ་ན་མི་སྐྱ་ཚོས་ཐ་མ་ཁ་གཞིབས། ཆང་རག་བཏུངས། རྒྱན་པོ་འགྱེད། འཁྲུག་རྩོད་བྱེད། བཟའ་འཛིང་སློང་། ཉམ་ཆུང་གི་ཐོག་ལ་གྲི་མགོ་འཕུར། ཐུབ་འདུག་སྙམ་ན་དགེ་སྡིག་སྣང་མེད་ཀྱི་ལས་བྱེད། བཙན་པོ་དང་ཐུག་ན་ངོ་དགའ་བཤད། ལྐོག་ཏུ་ངན་སྨོད་དང་ཚིག་རྩུབ་ལབ། དུས་རྒྱུན་དུ་ཕྲག་དོག ཁོང་ཁྲོ། གཟེ་རེ། གདུག་རྩུབ། གནོད་སེམས་མ་གཏོགས་མེད་པ། ལྷ་མ་ཡིན་གྱི་བྱེད་པ་རྒྱུ་མཐུན་མངོན་དུ་གྱུར་པ་ལྟ་བུ་བྱེད་མཁན་རྣམས་ནི། མིའི་ཡང་ཐ། མིའི་རིགས་ཀྱི་ཞབས་འདྲེན། ནང་པ་སངས་རྒྱས་པའི་ཁྱུ་རྫོབ། ཚང་མའི་མིག་ནང་ནས་འབུད་རྒྱུ་ཞིག་ཏུ་འགྱུར་བ་ཡིན་ནོ། །དེས་ན་གསོན་འདི་གང་ལེགས་ཉེས་གཉིས་ཀྱི་གདམ་ཀ་ཡོད་ས་དང་། ལམ་བཟང་ངན་གྱི་སྣེ་མོའི་འདམ་ཁ་ལ་རང་དབང་ཡོད་པའི་དུས་སྨྲ་ཤེས་དོན་གོ་མིའི་མཚན་ཉིད་ཚང་བའི་སྐབས་འདིར། མགོ་གྱེན་དུ་བསྟན། རྐང་པ་གཉིས་ཐུར་དུ་བཙུགས། སྐ་རགས་ཐད་དུ་བཅིངས་པའི་མི་ཞིག་ཡིན་ཚེ་དུད་འགྲོ་བས་ལྷག་པའི་དོན་ཞིག་འགྲུབ་པ་ནི་གནད་ཆེ་ཚུལ་ནམ་དང་ནམ་ཡིན་ན་བཤད་ཀྱིན་ཡོད་པ་ཡིན། དེ་ཚོ་ཁྱེད་རྣམ་པས་ཁྱིམ་པ་མི་སྐྱ་རྣམས་དང་ཁྱད་པར་དུ་ཕོ་གསར་ཚོ་ལ་བརྒྱུད་བསྒྲགས་བྱེད་རོགས། ནང་པ་སངས་རྒྱས་པའི་ཆོས་སྒོ་ལ་ཞུགས། སྐྱབས་གསུམ་འཛིན་པའི་སྡོམ་པ་ལེན་མཁན་ཞིག་ཡིན་ཚེ་སྐྱིད་ན་སྡུག་ན་ལེགས་ན་ཉེས་ན་བཟང་ངན་སྐྱིད་སྡུག་མཐོ་དམན་གང་བྱུང་ཡང་། སྐྱིད་ན་བླ་མ་དཀོན་མཆོག་གི་ཐུགས་རྗེ། སྡུག་ན་ཚེ་སྔོན་གྱི་ལས་འབྲས་ཡིན་པའི་ཡང་དག་གི་ལྟ་བ་ལ་ཡིད་ཆེས་བྱེད་དགོས་ཤིང་། ཆོས་གང་དང་བླ་མ་སུ་ཡིན་ཡང་དད་པ་མ་ཞོག་ནའང་དད་ལོག་མི་བྱེད་པ་གནད་ཆེའོ། །གང་ཟག་གི་ཚོད་སུས་ཟིན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཁོང་དང་ཁོང་འདྲ་བ་ཞིག་ཡིན་ན་མ་གཏོགས་གང་ཟག་གི་ཚོད་མི་ཤེས་གསུངས་པ་ཡིན། ཁྱད་པར་དུ་དང་པོ་སུ་ཡིན་གང་ཡིན་བླ་མའི་མཚན་ཡག་པ་ཞིག་མ་ཤེས་དུས་ནས་ཆོས་ཞུ་ཁུལ་བྱས། བར་ཞིག་བླ་མའི་ལོ་རྒྱུས་རྩད་བཅད་ནས་བླ་མའི་སྐྱོན་ཆ་བཙལ་གྱིན་ཡོད་པ་དེ་ཚོ་རང་གཞན་དམྱལ་བ་ལྷུང་བྱེད་ཀྱི་རྒྱུ་ཡིན། ཁྱི་དང་གློ་བ་ཐུག་འདྲ་བྱས་ནས་བླ་མ་མ་བསྟེན་གསུངས་ཡོད་པས་དང་པོ་བླ་མར་བརྟག་པར་གྱིས། སྤྱིར་ན་བླ་མ་མ་དགོས་དང་མི་རང་ག་བ་ཡིན་ནའང་རྒྱུས་ལེན་དགོས་ན་དཀའ་སྟེ། མི་རྒྱུས་མིས་ལེན་པར་ཚེ་ཕྱེད། ཁྱི་རྒྱུས་རྐུན་མས་ལེན་པར་ནམ་ཕྱེད། ཅེས་པ་ཡིན་པས་ལས་སླ་མོ་ཞིག་གིས་མི་རྒྱུས་མ་དགོས་རང་རྒྱུས་ལོན་དཀའ་སྟེ། མི་ཚེ་ལ་ཚེ་སྟོད་ཚེ་སྨད་མི་འདྲ་ནས་འགྱུར་བ་འགྲོ་རྒྱུ་ཡོད་པའི་ཕྱིར། འོན་ཀྱང་བླ་མའི་རྟགས་ཐུན་མོང་གི་ལུགས་ལྟར་བྱས་ན། བཤེས་གཉེན་ཞི་བ་དུལ་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བཅས་ལུང་གིས་ཕྱུག །ལ་སོགས་པ་དང་། ཐུན་མིན་གསང་སྔགས་ཀྱི་བླ་མ། ཡོན་ཏན་བརྒྱད་ལྡན་དང་དེ་ཉིད་བཅུ་ལ་ནང་བྱན་ཚུད་པ་ཞིག་ཡིན་དགོས་པ་རེད། དེ་ཡང་ཐ་མལ་པས་ཐུགས་རྒྱུད་ཀྱི་གསང་བ་དེ་དཔོག་དཀའ་བ་རེད་ཀྱང་ཐབས་སླ་མོ་ཞིག་གིས་བརྟགས་ན་ཐུགས་རྒྱུད་སྙིང་རྗེ་དང་མ་བྲལ་བ་སེམས་ཅན་ཐམས་ཅད་མ་གཅིག་པུའི་བུ་ལ་བརྩེ་བ་འདྲ་ཞིག་ཡིན་ན་ཡོན་ཏན་ཅན་གྱི་བླ་མ་འབྲེལ་ཚད་ལོག་པར་མི་གཏོང་མཁན་ཞིག་རེད་ཟེར་ཆོག་པས། འབྲེལ་ཚད་ལོག་པར་མི་གཏོང་བའི་རྟགས་དེ་ལ་བལྟ་དགོས། དེ་ལྟ་བུའི་མདུན་ནས་ཆོས་ཞུས་ཏེ་ཕན་པའི་གདམས་ངག་གནང་པ་དེ་སེམས་སུ་བཅང་དགོས། ཡང་བློ་ཆུང་ལ་ལས་སྙམ་པ། ཆུང་ནས་ཆོས་ལ་དད་ཅིང་གཞོན་ནས་རྒས་ཀྱི་རིང་དུ་ཁ་ཐོན་བཟླས་བརྗོད་མ་ཆགས། དད་པ་ལྷ་ལ་བཞག་མཆོད་པ་དཀོན་མཆོག་གསུམ་ལ་ཕུལ་ཀྱང་ལས་གང་བསམ་ཐམས་ཅད་འགྲུབ་དུས་ཤིག་མི་འདུག་པར་མ་ཟད་གྱེན་ལ་སོང་ན་ཐུར་དུ་བགྲོད་པ་དང་འདྲ་ཞིང་། འགའ་རེ་འདིས་མི་དགེ་བ་ཁོ་ན་ལ་སྤྱོད་ཀྱང་ཉི་མ་གཅིག་གི་ཁ་ན་སོ་ཚ་མེད་པ་ལ་བལྟས་ན་རྒྱུ་འབྲས་ཟེར་རྒྱུའི་དྲང་ཐིག་གི་ཚོད་འཛིན་བྱེད་ཅིག་ཡོད་པ་མི་འདུག་བསམ་ནས་བསོད་ནམས་ཟད་ཁར་ལྷ་ལ་ཡིད་ཆད་དང་དད་ལོག་བྱེད་མཁན་ཡོད་ཀྱང་། དེ་ནི་ཆོས་བྱས་ཤིང་བྱས་ཤིང་མི་འདོད་པ་འབྱུང་རྒྱུ་དེ་བཟང་རྟགས་ཆོས་གནད་དུ་སོང་བའི་རྟགས་ཡིན་ཏེ། དཔེར་ན་གསོན་པོའི་སྐུ་རིམ་ཞིག་བྱེད་ཚེ་འཕྲལ་དུ་མི་འདོད་པ་ཞིག་བྱུང་བ་དེ་དུག་རོ་ཁོང་དུ་ཡོད་པ་བསྐྱལ་སྨན་གྱིས་དེད་པ་དང་འདྲ་བར་ཕན་ནུས་ཡོད་པའི་རྟགས་ཡིན། ཚེ་འདི་ལ་འཕྲལ་དུ་སྨིན་རྒྱུའི་མི་འདོད་པ་ཆུང་ཆུང་དེས་ཚེ་ཕྱི་མའི་སྡུག་བསྔལ་ཆེན་པོ་ཞིག་མྱོང་བའི་གོ་ཆོད་ཐབས་སུ་ཆོས་ཀྱིས་བྱིན་གྱིས་བརླབས་པ་རེད། ལས་ནག་པོ་དམྱལ་བར་སྐྱེ་བྱེད་ཆེན་པོ་ཞིག་བསགས་ཡོད་ཀྱང་ཚེ་འདི་ལ་མགོ་བོ་ན་བ་ཙམ་གྱིས་བྱང་པས། ཚེ་མཐའ་དང་ཕྱི་མ་གཉིས་ཀ་ལ་སྐྱིད་པའི་སྔ་ལྟས་ཡིན། ལས་ངན་ཅི་ཞིག་བསགས་ཀྱང་ཇེ་བཟང་ལ་འགྲོ་བ་ནི་བཟང་རྟགས་ཤིག་མིན་ཏེ། མར་མེ་འཆི་ཁར་ཇེ་གསལ་ལ་འགྲོ་བ་དེ་ཡུན་རིང་ཞིག་མི་འགོར་བར་ནག་ཚུབ་སེ་འགྲོ་བའི་སྔ་ལྟས་ཡིན་པ་བཞིན་དུ། ཚེ་སྔོན་བསོད་ནམས་བསགས་པའི་འབྲས་བུ་ཅུང་ཟད་ཅིག་ཡོད་པ་དེ་སྔོན་སྨིན་བྱས་ཏེ། ཚེ་མཇུག་དང་ཕྱི་མ་ལ་སྡུག་བསྔལ་གྱི་མགོ་འཛིན་རྒྱུའི་སྔ་ལྟས་སྔོན་དུ་ཚང་བ་ཡིན་ནོ། །མདོར་ན་ཆོས་རའི་ནང་ནས་ཆོས་ཞུས་པའི་དོན་པོ་ནི་རང་རྒྱུད་དུག་གསུམ་གྱི་དབང་དུ་མི་ཤོར་བའི་ཕན་ཐོགས་འབྱུང་དགོས་པ་ཡིན། ད་སྔོན་ཉི་མ་ཡན་ཆོད་དུ་ཁམས་གསུམ་འཁོར་བའི་གནས་སུ་འཁོར་ནས། སྐྱིད་ལག་མཐིལ་འདྲ་ཞིག་མ་རིག་ནས་སྡུག་བསྔལ་འབའ་ཞིག་མྱོང་བ་ནི། འདོད་ཆགས་ཞེ་སྡང་གཏི་མུག་གི་དུག་གསུམ་གྱི་དགྲ་བོའི་ལག་ཏུ། དབང་མི་ལག སྐྲ་ཤིང་ལག་ཏུ་གྱུར་པ་དེས་ལན་པ་ཡིན། ཆོས་ཐོས་ནས་ཤེས་པར་བྱེད་པའི་རྩ་བ་ཉོན་མོངས་པ་དུག་གསུམ་ནད་ཀྱི་གཉེན་པོའི་སྨན་ཞིག་ཐོབ་པའི་ཆེད་ཡིན། དེས་ན་ད་ནི་ཐོས་པའི་དོན་དེ་རང་ནུས་དང་བསྟུན་པའི་ལག་ལེན་གྱི་ཐོག་ཏུ་སྨིན་པར་བྱེད་པ་ནི་གནད་ཀྱི་སྙིང་པོ་རེད། དེ་ལྟར་མིན་ཚེ་ཕན་པ་ཅི་ཡང་མེད་པ་ཡིན་འདུག་བསམ་དགོས། ཆོས་ཉན་དུས་སྒྲུབ་དུས་ནམ་ཡིན་ཡང་རང་རྒྱུད་ཁ་ཁ་ཞིག་ཏུ་བཞག ཆོས་ཁ་ཁ་ཞིག་ཏུ་ལྷག་སོང་དུས་ཁ་སོང་གི་ཉི་མ་དྲོ་བ་དེས་དེ་རིང་གི་གྲང་བ་སེལ་བ་ལ་ཕན་ཐོགས་མེད་པ་ལྟ་བུ་ཡིན་པས། ཆོས་བཤད་ཚད་ཉན་ཚད་དེ་ཐག་རིང་རྒྱང་གི་སྐད་ཆ་མི་གཞན་ཞིག་གི་ལོ་རྒྱུས་དོན་དག་བཤད་པ་དང་འདྲ་བ་ཞིག་ཏུ་མི་བལྟ་བར་རང་རང་སོ་སོའི་ཕྱོགས་སུ་བསྐོར་དགོས། རང་རྒྱུད་དང་ཆོས་མ་བསྲེས་ཚེ་གོ་ཆོད་ཀི་མེད་པས་དེའི་དུས་སུ་ཆོས་ཀྱི་ཕན་ནུས་དེ་ཕྱི་རུ་ཤོར་སོང་བ་ཡིན། ཆོས་དེས་གཞན་སྐྱོན་འཚོལ་བྱེད་ཀྱི་ཐུར་མ་ཞིག་བྱས་པས། རང་ལ་དགོས་རྒྱུ་ནི་སྐྱོན་བཅོས་ནས་སྡུག་བསྔལ་གྱི་ནད་དྲག་ཐབས་བྱེད་རྒྱུ་དེ་ཡིན་མ་གཏོགས་མི་གཞན་གྱི་དགེ་སྡིག་རྩིས་ལེན་བྱེད་པའི་གཤིན་རྗེའི་རྒྱ་མ་འཇལ་མཁན་མ་རེད། གཞན་སྐྱོན་མཐོང་ཚེ་ཡང་སྙིང་རྗེ་སྒོམ་པའི་རྐྱེན་དུ་བསྒྱུར་དགོས། སྤྱོད་ཡུལ་ཐམས་ཅད་ཆོས་སྒྲུབ་པའི་མཐུན་རྐྱེན་བྱེད་ཆོག་པ་ཡིན། གཙོ་བོ་ཆོས་ཀྱི་མེ་ལོང་དེ་རང་སྐྱོན་ལྟ་བྱེད་བྱས་ནས་རང་སྐྱོན་རང་གིས་ཐེར་འདོན་བྱེད་དགོས། རང་ཉིད་ཀྱི་སྐྱོན་ཆ་ཐམས་ཅད་ཀྱི་རིགས་དེ་ཚུར་བསྡུས་ཡོང་ན་མི་དགེ་བ་བཅུ་ཕྱོགས་མཐུན་དང་བཅས་པ་དང་། དེའི་སྟེང་དུ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་བླངས་བའི་རབ་སྔགས་སུ་ཡིན་ཡང་སྡོམ་པ་དེ་དང་དེའི་མི་མཐུན་ཕྱོགས་གང་དང་གང་རང་ཉིད་ཀྱིས་བསྒྲུབས་པའི་སྐྱོན་ཆ་དེ་ཐམས་ཅད་ཆོས་ཀྱི་མེ་ལོང་ནང་ནས་དང་པོ་ངོས་བཟུང་། དེ་ནས་སྐྱོན་གང་གང་བྱུང་སོ་སོའི་སྐབས་ཐོབ་ལྟར་དུ་ཆོས་ཀྱི་སྨན་བྱས་ནས་སྐྱོན་གྱི་ནད་སེལ་ཐབས་བྱེད་དགོས། དེ་ལྟ་བུའི་ནད་བརྒྱ་ཡི་སྨན་གཅིག་རང་གཞན་ལེགས་པའི་ལམ་ལ་འགྲོ་བའི་ཐར་ལམ་གྱི་སྣང་བ་ཆེན་པོ་ཐོབ་པའི་དམ་པའི་ཆོས་ཞུ་བའི་སྐབས་ལས། ད་རེས་ནི་མ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམ་པའི་ཆོས་ཞུ་བ་ཡིན་བསམ་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་བའི་སྒོ་ནས། དངོས་གཞི་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ཏེ། སྒོ་གསུམ་དད་ཅིང་གུས་པས་སྟོང་ཉིད་ཀྱི་ལྟ་བ་དང་མི་འབྲལ་བར་འདི་སྣང་སྒྱུ་མའི་དཔེ་བརྒྱད་དང་མཚུངས་པའི་དམིགས་མེད་ཀྱི་ལྟ་བས་རྩིས་ཟིན་པར་བྱེད་པ་དང་། མཇུག་དགེ་རྩ་མ་གྱུར་སེམས་ཅན་གྱི་དོན་དུ་འཁོར་གསུམ་ཡོངས་སུ་དག་པས་རྒྱལ་བ་སྲས་བཅས་ཀྱིས་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་འདུན་པ་དང་བཅས་ཏེ་སྔོ་བར་བྱེད་པ་དེ་ལྟ་བུའི་དམ་པ་གསུམ་གྱི་དམིགས་རྣམ་དང་མི་འབྲལ་བའི་སྒོ་ནས་ཆོས་གསན་དགོས། སྐབས་སུ་བབ་པ་གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། རྟོགས་པའི་དབང་ཕྱུག་ལྷ་བཙུན་ཆེན་པོ་དང་། །དགོངས་པའི་ཀློང་བརྡོལ་རིག་འཛིན་འཇིགས་མེད་གླིང་། །བསྟན་པའི་མངའ་བདག་གཏེར་ཆེན་བླ་མ་སོགས། །ཀུན་མཁྱེན་གཞུང་ལས་བྱིན་བརྒྱུད་ཐོབ་པ་ཡིན། །གསུངས་པ་ལྟར་སྔོན་བྱོན་རིག་འཛིན་བརྒྱུད་པའི་རྟོགས་པའི་ཕ་ཕོག་ཐོབ་ས། ཕྱི་རབས་ལས་ཅན་གྱི་འགྲོ་བ་ལ་ཀུན་མཁྱེན་བླ་མས་སྐུའི་འདྲ་འབག གསུང་གི་བདུད་རྩི། ཐུགས་ཀྱི་བྱིན་རླབས་ཐམས་ཅད་གཅིག་ཏུ་འདུས་པ། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། བསྟན་པའི་མཆོད་སྡོང་ཆེན་པོ། སྲིད་པ་གསུམ་ན་འགྲན་གྱི་ཟླ་མེད་པ་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་འཆད་ཉན་བྱེད་པའི་སྐབས་ལས། གསང་ཆེན་རྡོ་རྗེའི་ཐེག་པ་འོད་གསལ་རྫོགས་པ་ཆེན་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོ་ཆེའི་མཛོད་འདི་འཆད་པའི་སྐལ་བ་བཟང་པོ་མངོན་དུ་གྱུར་པ་འདིའི་སྐབས་ནས། བརྒྱད་པ་ཉམས་ལེན་གྱི་གནས་བསྟན་པའི་ནང་ནས་སྣང་བ་ཡུལ་གྱི་བློ་ཅན་གྱི་ངོ་སྐལ་དུ་གྱུར་པའི་གདམས་པ་སོང་ནས་རིག་པ་རང་སྣང་གི་བློ་ཅན་གྱི་དབང་དུ་བྱས་པའི་གདམས་པ་ལས་ཀྱང་། ཁྲེགས་ཆོད་ཀྱི་རིམ་པ་སོང་ནས་ཐོད་རྒལ་ལས་ཀྱང་མང་ཆེ་བ་སོང་ནས་དེ་རིང་།

༤ མཐའ་རྟེན་གྱི་མན་ངག་བསྟན་པ།

༼༽ མི་འགུལ་བ་གསུམ་ལ་གཞི་བཅའ་བ།

༼ ལུས་ཀྱི་མི་འགུལ་བ་གསུམ་གྱིས་གནད་གཟིར་བ།

བཞི་པ་མཐའ་རྟེན་གྱི་མན་ངག་ནི། སྣང་བ་བཞི་ཚད་ལ་ཕེབས་དུས་ཀྱི་གྲོགས་སམ་རྒྱབ་རྟེན་དུ་བྱུང་བ་སྟེ། དེའང་མི་འགུལ་བ་གསུམ་ལ་གཞི་བཅའ་བ་དང་། སྡོད་པ་གསུམ་གྱིས་ཚད་བཟུང་བ་དང་། ཐོབ་པ་གསུམ་གྱིས་གཟེར་བཏབ་པ་དང་ཆོས་ཚན་གསུམ་གྱི་དབྱེ་བས་ཆོས་ཀྱི་རྣམ་གྲངས་དགུར་གནས་པ་ནི། ཐལ་འགྱུར་ལས། དེ་ལ་མཐའ་རྟེན་ཡིད་ཆེས་བྱ། །མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །སྡོད་པ་གསུམ་གྱིས་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་དང་ངེས་འབྱུང་བའོ། །ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་སོ། །དེ་ལ་དང་པོ་མི་འགུལ་བ་གསུམ་ལ་གཞི་བཅས་པས་མྱ་ངན་ལས་འདས་བའི་གཞི་ཐིངས་པའི་ཕྱིར་འདིའི་གནད་བཤད་དེ། ལུས་ཀྱི་མི་འགུལ་བ་གསུམ་གྱིས་གནད་གཟིར་བ། ངག་གི་མི་འགུལ་བ་གསུམ་གྱིས་ལམ་གསལ་བ། སེམས་ཀྱི་མི་འགུལ་བ་གསུམ་གྱིས་འབྲས་བུ་བཅུད་དུ་སྨིན་པའོ། །དང་པོ་ལུས་ཀྱི་མི་འགུལ་པ་གསུམ་ལའང་གསུམ་སྟེ། ཁྱབ་པ་བཞུགས་སྟངས་ཀྱི་མི་འགུལ་བ་གསུམ་གྱིས་རླུང་འགྲོ་འོང་དགག་པ། འཆར་བྱེད་གཟིགས་སྟངས་ཀྱི་མི་འགུལ་བ་གསུམ་གྱིས་སྣང་བའི་འཕེལ་བཟུང་བ། གཅུད་པ་དེམས་ཀྱི་མི་འགུལ་བ་གསུམ་གྱིས་འབྱུང་བ་ཆམ་ལ་དབབ་པའོ། །དང་པོ་ལ་རྣམ་དབྱེ་མདོར་བསྟན་པ་དང༌། རྣམ་གྲངས་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། མུ་ཏིག་ཕྲེང་བ་ལས། ལུས་ཀྱི་གནད་ནི་འདི་གསུམ་སྟེ། །སེང་གེའི་ཚུལ་དང་གླང་ཆེན་ཚུལ། །དྲང་སྲོང་ལྟ་བུར་ཤེས་པར་བྱ། །ཞེས་སོ། །གཉིས་པ་འདུག་སྟངས་གསུམ་ལས། ཆོས་སྐུའི་འདུག་སྟངས་ནི། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ཞེས་པས། བཞུགས་སྟངས་དེ་ཇི་ལྟར་བཅའ་བ་ནི་དཔེར་ན་སེང་གེ་འགྱིང་བ་འདྲ་སྟེ། རྐང་མཐིལ་གཉིས་ས་ལ་ཕབ་པ་ནི་འབྱུང་བ་སྙོམས་པ་དྲོད་ཀྱི་གནད། ལུས་འགྱིང་ཚུགས་སུ་འདུག་པས་ལས་རླུང་གནོན་ཡེ་ཤེས་ཀྱི་རླུང་འཕེལ་བའི་གནད། ལག་སོར་བསྒོངས་ཏེ་ས་ལ་ཕབ་པས་འཕྲོ་བ་ལས་ཀྱི་རླུང་ལྡོག་པའི་གནད། རོ་སྟོད་གསེང་ལ་བོར་བས་ཉམས་སྣང་མྱུར་དུ་འཆར་བའི་གནད། རྩལ་མཇིང་པ་ལ་བོར་བས་དབྱིངས་རིག་འདུ་འབྲལ་མེད་པའི་གནད་དོ། །གནད་གཅུན་པའི་ཡོན་ཏན་ནི་གསེར་གྱི་མཁའ་ལྡིང་ལས། གང་གི་ཆོས་སྐུར་བཞུགས་པའི་ཚུལ། །གང་ཟག་གང་གི་ལུས་ཀྱི་གནད། །དེ་དང་མཐུན་པར་སུས་ཤེས་པ། །འདིས་ནི་ཆོས་སྐུ་བདེ་ཆེན་ལ། །རྣལ་འབྱོར་དག་ཏུ་བྱེད་པའོ། །ཞེས་སོ། །འདི་འཆའ་བ་རྒྱུན་གྱི་གནད་དང་། ངལ་གསོ་ཡེ་ཤེས་ཀྱི་གནད་གཉིས་ལས། འཆའ་བ་རྒྱུན་གྱི་གནད་ཀྱི་དགོས་པ་ནི། དབྱིངས་དང་རིག་པ་འཕྲད་པ་དང་། རྣམ་རྟོག་སྣ་ཚོགས་པ་འགགས་པ་དང་། ལས་ཉོན་གྱི་འགྱུ་བ་སྟོངས་པ་དང་། རྟག་ཏུ་ཆོས་ཉིད་ལས་མི་འབྲལ་བར་བྱེད་པ་དང་། ཆོས་ཉིད་ཀྱི་དོན་ལས་མི་འཕྱུག་པའི་གནད་སྟོན་པའོ། །ངལ་གསོ་ཡེ་ཤེས་ཀྱི་གནད་ནི། ཁྱབ་བྱེད་ལས་ཀྱི་རླུང་ལྡོག་པའི་དགོས་པ་ཡོད། དེ་ལོག་པས་ཕྱི་རུ་ཡེ་ཤེས་དག་པའི་སྣང་བ་མཐོང་བ་དང་། ནང་དུ་ཉོན་མོངས་ཀྱི་རྒྱུན་དུམ་བུ་བ་འགགས་པ་དང་། །ལས་ཀྱི་རླུང་འགགས་ཤིང་དེའི་སྟོབས་ཀྱིས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དང་། གཟུང་བ་ལས་རླུང་འགགས་པས་འཛིན་པའི་ཡུལ་ཅན་གྱི་རྟོག་པ་རྒྱུན་ཆད་པ་ལ་སོགས་པའི་གནད་དང་ལྡན་པའོ། །ལོངས་སྐུའི་བཞུགས་སྟངས་ནི། ཐལ་འགྱུར་ལས། ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་རྣམས་ལ་ལོངས་སྤྱད་ན། །པད་མའི་སྤྱན་གྱིས་མཐོང་བར་འགྱུར། །ཞེས་པས་ཇི་ལྟར་བཅའ་བ་ནི། ཁ་སྦུབ་ཏུ་ཉལ་བས་ཚོགས་པའི་ཆོས་བཅར་ལ་གནོན་པའི་གནད། པུས་བྲང་སྦྱར་བས་འབྱུང་བའི་དྲོད་འབེབས་པའི་གནད། རྐང་པའི་སོར་མོ་ཕྱིར་འཕུལ་བས་གཡོ་བ་ལས་ཀྱི་རླུང་འཛིན་པའི་གནད། ལག་པའི་གྲུ་མོ་ས་ལ་བཙུགས་པས་དབྱིངས་ལ་རིག་པ་འདྲེན་པའི་གནད། མཇིང་པ་གྱེན་ལ་བཏེག་པས་དབྱིངས་རིག་གཉིས་མི་འབྲལ་བའི་གནད་དོ། །ཡོན་ཏན་ནི། གསེར་གྱི་མཁའ་ལྡིང་ལས། ཆོས་ཀྱི་དབྱིངས་ལ་ལོངས་སྤྱོད་ཕྱིར། །ལོངས་སྐུའི་བཞུགས་སྟངས་བསྟུན་བྱས་པས། །འདི་ནི་སྐུ་གསུམ་ཞིང་ལ་སྤྱོད། །ཅེས་སོ། །འདིའི་འཆའ་བ་རྒྱུན་གྱི་གནད་ཀྱིས་སྲིད་གསུམ་ཟིལ་གྱིས་གནོན་པའི་སྟོབས་བྱེད་པ་དང་། སྣང་བ་ཡེ་ཤེས་སུ་འཆར་བའི་གཞི་བྱེད་པ་དང་། གཡོ་བྱེད་ཀྱི་ལས་ཀྱི་ལས་ཀྱི་རླུང་གནོན་པར་བྱེད་པ་དང་། ཆོས་ཉིད་མངོན་སུམ་དུ་འཆར་བ་བརྟན་པར་བྱེད་པ་དང་། རྣམ་རྟོག་ཡེ་ཤེས་སུ་འཆར་བར་བྱེད་དོ། །ངལ་གསོ་ཡེ་ཤེས་ཀྱི་གནད་ཀྱིས་སྒོ་གསུམ་གྱི་ཞེན་འཛིན་གནོན་པ་དང་། རྣམ་རྟོག་ལས་ཀྱི་རླུང་ལྡོག་པ་དང་། དེ་ལོག་པས་འཁྲུལ་སྣང་འགགས་ལ་ལུས་སེམས་ལ་བདེ་དྲོད་སྐྱེ་བ་དང་། འགྱུ་བ་ལས་ཀྱི་རླུང་ལྡོག་པ་དང་། དེ་ལོག་པས་ཕྱི་རུ་ཐིག་ལེ་དང་ཐིག་ཕྲན་འཆར་ལ། ནང་དུ་འོད་གསལ་ཉིན་མཚན་མེད་པའི་ཉམས་འཆར་བ་ལ་སོགས་པའི་གནད་ཡོད་པའོ། །སྤྲུལ་སྐུའི་བཞུགས་སྟངས་ནི། ཐལ་འགྱུར་ལས། སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བ་རང་སྤྲུལ་པས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་པས། དཔེར་ན་དྲང་སྲོང་ཙོག་པུ་དང་འདྲ་སྟེ། རྐང་པའི་ལོང་བུ་གཉིས་གཤིབས་པས་ཐབས་དང་ཤེས་རབ་ཀྱི་འབྲེལ་པ་འབྱུང་བའི་གནད། རྐང་མཐིལ་གཉིས་ས་ལ་ཕབ་པས་ཉོན་མོངས་དང་ལས་རླུང་གཉིས་གནོན་པའི་གནད། བུས་བྲང་སྦྱར་བས་ལུས་ཀྱི་འབྱུང་བ་སྙོམས་པའི་གནད། ལུས་སྤྱི་དྲང་པོར་འདུག་པས་རྩ་མི་འཆུས་པའི་གནད། ལག་པ་གཉིས་བསྣོལ་བས་དབྱིངས་རིག་འདྲེས་པའི་གནད། མཇིང་བ་ཐད་ཀར་བསྲངས་པས་སྒྲོན་མ་བཞི་རང་ཡུལ་ལ་འཕུལ་བའི་གནད་དོ། །ཡོན་ཏན་ནི་གསེར་གྱི་མཁའ་ལྡིང་ལས། ལུས་ཀྱི་ཚོགས་པ་དག་བྱེད་པ། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ཉིད། །སུ་ཡིས་ཤེས་པ་དེ་གནད་བསྟུན། །དེ་ཉིད་ལས་གྲོལ་འཚང་རྒྱའོ། །ཞེས་སོ། །འདིའི་འཆའ་བ་རྒྱུན་གྱི་གནད་ཀྱིས་ཐབས་ཤེས་ཀྱི་བཅུད་འབྱིན་པ་དང་། རླུང་འཕེན་སྡུད་ཀྱི་ལས་སྟོངས་པར་བྱེད་ཅིང་ལུས་ལ་ཡེ་ཤེས་ཀྱི་དྲོད་འབེབས་པར་བྱེད་པ་ལ་སོགས་པ་དང་། ངལ་བསོ་ཡེ་ཤེས་ཀྱི་གནད་ཀྱིས་འཕྲོ་བ་ཡེ་ཤེས་ཀྱི་རླུང་ལྡོག་པ་དང་། དེ་ལོག་པས་ཕྱི་རུ་སྐུའི་སྣང་བ་འཆར་ལ་ནང་དུ་སེམས་གཡོ་མེད་དུ་སྡོད་པ་དང་། སྲོག་རྩོལ་ལས་ཀྱི་རླུང་ལྡོག་ཅིང་། དེ་ལོག་པས་ཕྱི་རུ་ལུས་ལ་དྲོད་སྐྱེ། ནང་དུ་ཆོས་ཉིད་སྐྱེ་མེད་ཀྱི་ཉམས་སྐྱེ་བ་ལ་སོགས་པའོ། །དེ་འདྲའི་གནད་ཡོད་པ་ཅིའི་ཕྱིར་ཞེ་ན། ལུས་གནད་རྩ་དང་རྩ་གནད་རླུང་། རླུང་གནད་སེམས་ལ་ཐུག་ཡོད་པས་སོ། །དེའང་ལུས་ཀྱི་འབྱུང་བ་གྲང་ཤས་ཆེ་བས་སྤྲུལ་སྐུ་དང་བསྟུན་ན་གྲང་དྲོ་སྙོམས་ལ། ཚ་བ་ཆེ་བས་ཆོས་སྐུ། སྙོམས་པས་གླང་པོ་དང་བསྟུན་པར་བྱའོ། །འཆར་བྱེད་གཟིགས་སྟངས་ཀྱི་མི་འགུལ་བ་གསུམ་ནི། སྤྲུལ་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པ་ཐུགས་རྗེའི་སྣང་བ་ལ་ལོངས་སྤྱོད། དེ་ཡང་མིག་དལ་བ་ལ་བརྟེན་པས་ཏིང་ངེ་འཛིན་དང་འབྲལ་མི་སྲིད། ཡིད་ཙམ་ཐུར་ལ་ཕབ་པས་སྟོང་ཉིད་བསམ་ངོ་དང་བྲལ་བའི་ལྟ་བ་ལ་གནས། མཉམ་པར་བལྟས་པས་ཉོན་མོངས་པའི་དབང་དུ་འགྱུར་མི་སྲིད་དོ། །ལོངས་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པ་རང་བཞིན་གྱི་སྣང་བ་མངོན་དུ་མཐོང་སྟེ། དེའང་ལུས་མ་གཅུས་བར་མིག་གཉིས་གཡས་གཡོན་དུ་ཟུར་གྱིས་མཉམ་པར་བལྟས་པས་འཁྲུལ་སྣང་དུས་གཅིག་ལ་འགག གཡས་ཟུར་གྱིས་རིག་པ་རང་སྣང༌། གཡོན་ཟུར་གྱིས་དབྱིངས་སྣང་རང་ཤར། ཡིད་ཙམ་མནན་པས་ལུ་གུ་རྒྱུད་ཀྱི་འགྲོ་འོང་ཆོད་པའོ། །ཆོས་སྐུའི་གཟིགས་སྟངས་སུ་བལྟས་པས་རིག་པའི་ངོ་བོ་མཐོང་སྟེ། དེའང་མིག་གཉིས་མཉམ་པར་ཡིད་ཙམ་གྱེན་ལ་བཟློག་པས་ངན་སོང་གསུམ་གྱི་སྐྱེ་གནས་རྒྱུན་གཅོད། སྨིན་མཚམས་སུ་གཅུད་པས་རིག་པ་ལ་འཁྱོར་ས་མེད། ནམ་མཁའི་མཐོངས་ལ་བལྟས་པས་དབྱིངས་རིག་འབྲལ་བ་མེད་དོ། །དེ་ཐམས་ཅད་ལ་མིག་ཧ་ཅང་མ་བསྒྲིམས་པར་ཁོང་དལ་ལ་གློད་པ་གཅེས་སོ། །ཆོས་སྐུའི་གཟིགས་སྟངས་ཀྱིས་གཟིགས་པས་རིག་པའི་ངོ་བོ་མཐོང་། ལོངས་སྐུའི་གཟིགས་སྟངས་ཀྱིས་རིག་པའི་རང་བཞིན་གྱི་སྣང་བ་མངོན་སུམ་དུ་མཐོང་། སྤྲུལ་སྐུའི་གཟིགས་སྟངས་ཀྱིས་རིག་པའི་ཐུགས་རྗེའི་སྣང་བ་ལ་ལོངས་སྤྱོད་པའོ། །གང་ལྟར་ཡང་གཟིགས་སྟངས་ཐམས་ཅད་ལ་མིག་གིས་དལ་བར་བལྟ་བ་གནད་དོ། །གཅུད་པ་དེམས་ཀྱི་མི་འགུལ་བ་གསུམ་ནི། ལུས་ཀྱི་ཡན་ལག་གཅུད་པས་འགྲོ་དྲུག་གི་འཁྲུལ་པའི་འཁོར་ལོ་རྒྱུན་ཆད། སོར་མོའི་ཚིགས་རྣམས་བསྐུམས་པས་ལུས་གཡོ་རྩོལ་ལ་དགའ་བའི་བྱ་བ་འཇིག སྐབས་སུ་མཇིང་པའི་རྩ་ལྟེམས་པས་འོད་སྣང་རང་ལུགས་སུ་འཆར། ལུས་ཀྱི་གཅུད་པ་སོར་བཞག་པས་ཁམས་གསུམ་མིང་མེད་པར་བྱེད་པའོ།།

༼ ངག་གི་མི་འགུལ་བ་གསུམ་གྱིས་ལམ་གསལ་བ།

གཉིས་པ་ངག་གི་མི་འགུལ་བ་གསུམ་ནི། གཞན་དང་ངག་མ་འདྲེས་པས་འགྲོ་དྲུག་ཕལ་པའི་ངག་སྟོངས་པར་བྱེད། ཚིག་གི་འགྲོ་ལྡོག་བཅད་པས་ཚིག་རང་བྱུང་གི་ཡེ་ཤེས་འཆར་བར་བྱེད། རང་གི་བརྗོད་པ་ཐམས་ཅད་བཀག་པས་ཆོས་ཐམས་ཅད་བརྗོད་དུ་མེད་པའི་ངང་ལ་གནས་པའོ། །འདི་དག་གི་སྔོན་དུ་ངག་བསླབ་པ་རྒྱུས་མེད་པའི་སར་སྨྱོན་པའི་ཚིག་ལྟར་ཅི་དྲན་སྔ་ཕྱི་ཐམས་ཅད་བསླངས་ནས་བརྗོད་པས་དུབ་སྟེ་ཅི་ཡང་ཟེར་སྙིང་མི་འདོད་པ་ན་མི་སྨྲ་བའི་ངང་ལ་ངག་གནས་པར་བྱ་ཞིང་སྐབས་སུ་སྨྲ་སྙིང་མི་འདོད་ཀྱང་ལུང་སྟོང་ལ་སོགས་པ་མི་མེད་པར་དུབ་པ་ཙམ་བརྗོད་ནས་མི་སྨྲ་བའི་ངང་ལ་བསླབ་བ། །དེ་ནས་གཞན་དང་གླེང་བ་སྤངས་ཏེ་མདོ་ཁ་ཏོན་སྔགས་བཟླས་པ་ཙམ་ལས་མི་བྱ་བ་ནི་བརྟན་པར་བྱ་བའོ། །དེ་ནས་དེ་དག་ཀྱང་བཀག་ནས་ཅི་ཡང་མི་སྨྲ་བར་ལ་བཟླ་བ་ནི། གསང་བ་སྒྲ་རྒྱུད་ལས། ངག་ནི་བསླབ་དང་གནས་པ་དང༌། །ལ་བཟླ་བརྟེན་པར་བྱ་བའོ། །ཞེས་བཤད་པ་བཞིན་ནོ།།

༼ སེམས་ཀྱི་མི་འགུལ་བ་གསུམ་གྱིས་འབྲས་བུ་བཅུད་དུ་སྨིན་པ།

གསུམ་པ་སེམས་ཀྱི་མི་འགུལ་བ་གསུམ་ནི་གཏད་པའི་འབེམ་དང་མ་བྲལ་བས་རྟག་ཏུ་སངས་རྒྱས་ཀྱི་དགོངས་པ་ལ་གནས། རིག་པ་དབྱིངས་ཀྱི་གོ་རར་བཅུག་པས་དངོས་པོའི་གནས་ལུགས་འཁྱོར་ས་མེད། རྟག་ཏུ་དེ་ཉིད་ཀྱི་ངང་དང་མ་བྲལ་བས་སྣང་བ་བཞི་ཚད་དུ་ཕྱིན་པར་ངེས་སོ། །དེའང་འགྱུ་བས་རྟོག་ལ་རྟོག་པས་འཁོར་བའི་ལས་སོག་པ་ལས། འགྱུ་བའི་རྟེན་རྩ་རླུང་གནད་དུ་གཅུན་པས་རྟོག་པ་རྒྱུན་ཆད་པའི་རང་གནད་གལ་པོ་ཆེའོ། །ལུས་བཞུགས་སྟངས་ལས་མི་འགུལ་བས་རླུང་རང་དལ། མིག་གཟིགས་སྟངས་ལས་མི་འགུལ་བས་སྣང་བའི་འཕེལ་འཛིན། སེམས་བཟོ་མེད་ལས་མི་འགུལ་བས་དབྱིངས་རིག་གཉིས་ཀ་ཟུང་དུ་ཆུད་པར་བྱེད་པའི་དགོས་པ་དང་ལྡན་ནོ།།

༼༽ སྡོད་པ་གསུམ་གྱིས་ཚད་བཟུང་བ།

གཉིས་པ་སྡོད་པ་གསུམ་གྱིས་ཚད་གཟུང་བ་ལ་གསུམ་སྟེ། ལུས་ཀྱི་སྡོད་པ་གསུམ་གྱིས་བྱ་བ་དང་བྲལ་བ་དང༌། རླུང་གི་སྡོད་པ་གསུམ་གྱིས་མི་སྐྱེ་བའི་ཚད་གཟུང་བ་དང༌། སྣང་བའི་སྡོད་པ་གསུམ་གྱིས་མི་ལྡོག་པར་ཡིད་ཆེས་པའོ། །དང་པོ་གསུམ་ནི་ལུས་ཀྱི་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་བ་འཕེལ་མི་སྲིད། ཡན་ལག་གི་འཕེན་སྡུད་སྡོད་པས་འཁྲུལ་པའི་འཁོར་ལོ་རྒྱུན་ཆད། བྱ་བ་གཞི་ལ་ཕབ་སྟེ་རྩོལ་མེད་དུ་སྡོད་པས་བསགས་པ་ལས་ཀྱི་རྣམ་སྨིན་དང་བྲལ་བའོ། །རླུང་གི་སྡོད་པ་གསུམ་ནི་རླུང་ཕྱིར་མི་འགྲོ་བར་སྡོད་པས་སྣང་རྐྱེན་ཐ་དད་པས་སྡོད་ས་མེད། རླུང་ནང་དུ་མི་འགེངས་པར་སྡོད་པས་རྣམ་རྟོག་ཐ་དད་པའི་རྟེན་མེད། རླུང་ཕྱི་ནང་དུ་འགྲོ་འོང་མེད་པར་སྡོད་པས་འཁོར་འདས་གཉིས་སུ་འཛིན་པའི་གཞི་སྟོངས་པའོ། །སྣང་བའི་སྡོད་པ་གསུམ་ནི་འོད་ལ་འཕྲིག་ས་མེད་པར་སྡོད་པས་ཁམས་གསུམ་དུ་མི་ལྡོག་པར་ངོ་ཤེས། རིག་པ་ལ་འཕྲིག་ས་མེད་པར་སྡོད་པས་ལས་དང་རྣམ་པར་སྨིན་པའི་མཐའ་ཟད། སྐུ་ལ་འདར་ས་མེད་པར་སྡོད་པས་ལུས་ཀྱི་ཟག་པ་རྣམས་རང་ཟད་པར་འགྱུར་རོ། །ལུས་བྱ་བ་ལ་མི་གནས་པར་སྡོད་པས་འཁོར་བའི་འཁྲུལ་རྟོག་རྣམས་དག རླུང་འཕེན་མེད་དུ་སྡོད་པས་རྣམ་རྟོག་གཡོ་བའི་རྐྱེན་རྣམས་ཟད། སྣང་བ་འདར་འཕྲིག་མེད་པར་སྡོད་པས་ན་ཞིང་ཁམས་ཚད་ལ་ཕེབས་པར་བྱེད་པའོ། །འདི་དག་གི་དུས་ན་རྟགས་ལུས་ངག་ལ་འཆར་བ་དང༌། ཚད་རྨི་ལམ་གྱིས་གཟུང་བ་གཉིས་ལས། དང་པོ་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཐོང་བའི་དུས་ན་ལུས་རུས་སྦལ་འཁར་གཞོང་དུ་བཅུག་པ་ལྟ་བུ་ནི་ལུས་ཀྱི་རྩ་དལ་བར་གནས་པ་ལས་འབྱུང་སྟེ། འདི་ནི་རྫོགས་པ་ཆེན་པོའི་དོན་བྱ་རྩོལ་དང་བྲལ་བ་ལུས་ཀྱི་ཡན་ལག་ལ་ཞུགས་པ་སྟེ། བུམ་པའི་དབང་གི་ལུས་དག་པས་སྤྲོས་བཅས་ཀྱི་ཡེ་ཤེས་རང་ལུགས་སུ་ཤར་པའོ། །ངག་ལྐུགས་པའི་རྣམ་པ་ལྟར་སོང་བ་ནི་རྩ་ནང་དུ་རྣམ་ཤེས་ཚུད་པ་ལས་འབྱུང་སྟེ། འདི་ནི་རྫོགས་པ་ཆེན་པོ་བརྗོད་གཞི་རང་སར་དག་པ་ངག་གི་བརྡ་ལ་ཞུགས་པས་སྤྲོས་པ་ཕྱིར་བཅད་ནས་ཡེ་ཤེས་ནང་དུ་གསལ་བའོ། །སེམས་མཁའ་འགྲོ་རྙི་ལ་ཟིན་པ་ལྟར་སོང་བ་ནི་རིག་པ་འོད་གསལ་དང་འདྲེས་པ་ལས་འབྱུང་སྟེ། འདི་ནི་རྫོགས་པ་ཆེན་པོ་འཛིན་མེད་རང་གྲོལ་བ་སེམས་ཀྱི་སྣང་བ་ལ་ཞུགས་པས་སྤྲོས་པ་ཐམས་ཅད་དང་བྲལ་བར་གནས་པའོ། །ཉམས་གང་འཕེལ་གྱི་སྣང་བ་མཐོང་བའི་དུས་ན་ལུས་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར་ངོ་ཚ་དང་མཛེས་སྒེག་མེད་པ་ནི་རླུང་དབུ་མར་ཐོབ་པ་ལས་འབྱུང་བ་སྟེ། འདི་ནི་རྫོགས་པ་ཆེན་པོ་དགག་སྒྲུབ་མེད་པའི་དོན་ལུས་སྤྱི་ལ་ཞུགས་པ་སྟེ། གསང་དབང་གིས་ལས་དག་པས་སྤྲོས་པ་མེད་པའི་དབང་ལས་ཉེ་བར་ཐོབ་པའི་ཡེ་ཤེས་རང་ལུགས་སུ་ཤར་བའོ། །ངག་སྨྱོན་པ་རང་ཚིག་རྡོལ་བ་ལྟར་སོང་བ་ནི་བརྗོད་ཚིག་རང་ངོར་དག་པ་ལས་འབྱུང་སྟེ། འདི་ནི་རྫོགས་པ་ཆེན་པོ་ཚིག་ལས་འདས་པའི་དོན་ངག་གི་གདངས་ལ་ཞུགས་པས་སྤྲོས་པ་མེད་པའི་དོན་ནང་དུ་ཆོད་པའོ། །སེམས་སྐྱེས་བུ་རྩི་དུག་གིས་ལན་བདུན་ཐེབས་པ་ལྟར་དྲན་པ་གཏད་ཡལ་འཛིན་མེད་དུ་སོང་བ་ནི་སེམས་སྐྱེ་མེད་ཀྱི་ཀློང་དུ་གྲོལ་བ་ལས་འབྱུང་བ་སྟེ། རྫོགས་པ་ཆེན་པོ་མ་སྐྱེས་རང་གྲོལ་གྱི་རྟོགས་པ་སེམས་ཀྱི་བྱུང་ས་ལ་ཞུགས་པས་སྤྲོས་པ་ཡེ་ནས་མེད་པའི་ཡེ་ཤེས་སུ་སྐྱེས་པའོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་མཐོང་བའི་དུས་ན་ལུས་གླང་པོ་ཆེ་འདམ་དུ་བྱིང་བ་ལྟར་སོང་བ་ནི་སེམས་རྩ་རླུང་ལ་ཐེབས་པ་ལས་འབྱུང་བ་སྟེ། འདི་ནི་རྫོགས་པ་ཆེན་པོ་སྤང་བླང་མེད་པའི་དོན་སྙིང་ལ་ཞུགས་པ་སྟེ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་ལས་དག་པས་ཤིན་ཏུ་སྤྲོས་པ་མེད་པའི་ཡེ་ཤེས་རང་བྱུང་དུ་ཤར་བའོ། །ངག་གྲུལ་བུམ་གྱི་ཕྲུ་གུ་བྲག་བར་ནས་འཐོན་པའི་དབྱངས་ལྟར་སོང་བ་ནི། ཤེས་རབ་ཀྱི་དབང་དུ་སྙིང་རྗེ་འདུས་པ་ལས་འབྱུང་བ་སྟེ། རྫོགས་པ་ཆེན་པོ་སྨྲ་བསམ་ལས་འདས་པའི་དོན་ངག་གི་སྒྱུར་བྱེད་ལ་ཞུགས་པས་ཤིན་ཏུ་སྤྲོས་པ་མེད་པའི་དོན་ནང་དུ་ཆད་པའོ། །སེམས་རིམས་ནད་བྱང་པས་སླར་མི་ལྡོག་པ་ལྟར་སོང་བ་ནི་འདས་པའི་ཆོས་ལ་ད་ལྟ་རྗེས་སུ་མི་བསྙག་པས་དུས་གསུམ་འབྲེལ་ཐག་ཆད་པ། སེམས་རྣམ་པར་དག་པའི་རླུང་གིས་ཟིན་པ་སྟེ། རྫོགས་པ་ཆེན་པོ་ཡེ་གྲོལ་བསྐྱལ་གཞི་མེད་པ་སེམས་ཀྱི་གནས་པ་ལ་ཞུགས་པ་སྟེ། ཤིན་ཏུ་སྤྲོས་པ་མེད་པའི་ཡེ་ཤེས་རང་སྣང་རང་གྲོལ་ལ་དབང་བ་ཞེས་བྱའོ། །ཆོས་ཉིད་ཟད་པའི་སྣང་བ་མཐོང་བའི་དུས་ན་ལུས་མཁའ་འགྲོ་རྙི་ལས་བཏོན་པ་ལྟར་སོང་བ་ནི་སེམས་འོད་གསལ་གྱི་དྲ་བར་ཚུད་པ་ལས་འབྱུང་བ་སྟེ། འདི་ནི་རྫོགས་པ་ཆེན་པོ་རང་གྲོལ་ལུགས་ཀྱི་དམིགས་པ་ལ་ཞུགས་པས་ཉམ་ང་དང་བག་ཚ་དང་རེ་དོགས་དང་དགའ་འཇིགས་མེད་པ་སྟེ། ཚིག་དབང་གིས་ལུས་ཀྱི་ལས་དག་པས་རབ་ཏུ་སྤྲོས་པ་མེད་པའི་ཡེ་ཤེས་རང་བྱུང་དུ་ཤར་བའོ། །ངག་བྲག་ཅའི་རྣམ་པ་ལྟར་བརྗོད་འཛིན་མེད་པར་སོང་བ་ནི་རྩ་གནས་ཀྱི་ཡེ་གེ་རླུང་གི་ཐིག་ལེར་ཚུད་པ་ལས་འབྱུང་བ་སྟེ། རྫོགས་པ་ཆེན་པོ་བརྗོད་དུ་མེད་པའི་དོན་ངག་གི་གྲག་པ་ལ་ཞུགས་ཏེ། རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ལ་དབང་བའོ། །སེམས་སྐྱེས་བུའི་སྙིང་ལ་མདས་ཟིན་པ་སྐད་ཅིག་ལ་འཆི་བ་ལྟར་རང་ཡལ་སྐར་མདའ་འཕྲོ་བ་ཙམ་དུ་སོང་བ་ནི་གོམས་པ་ཀློང་དུ་གྱུར་པ་ལས་འབྱུང་བ་སྟེ། རྫོགས་པ་ཆེན་པོ་སྐད་ཅིག་མ་མྱུར་བྱེད་ཀྱི་ཚད་སེམས་ཀྱི་འགྲོ་ས་ལ་ཞུགས་པ་སྟེ། རབ་ཏུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་ཡེ་ཤེས་ལ་རང་དབང་འབྱོར་བའི་དུས་སོ། །གཉིས་པ་ཚད་རྨི་ལམ་གྱིས་གཟུང་བ་ནི། དེ་དག་གི་དུས་སུ་བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་བ་རྣམས་ལ་རྨི་ལམ་རྒྱུན་ཆད་པ་ནི་གོམས་པ་ཆེ་པོ་འབྱུང་བས་ལས་དང་བག་ཆགས་ཀྱིས་མ་གོས་ཤིང་ཕན་གནོད་མེད་པའི་རྟགས་སོ། །འབྲིང་བར་དོར་འཚང་རྒྱ་བ་རྣམས་ལ་རྨི་ལམ་ལ་རྨི་ལམ་དུ་ཤེས་པ་ནི་གོམས་བ་ངེས་པ་ལས་འབྱུང་བས་བག་ཆགས་བཟང་ངན་གྱི་རྟོག་པ་མེད་པའོ། །ཐ་མ་རང་བཞིན་སྤྲུལ་སྐུར་དབུགས་ཕྱུང་ནས་འཚང་རྒྱ་བ་རྣམས་ལ་བག་ཆགས་ངན་པའི་རྨི་ལམ་རྣམས་འགགས་ཏེ། དཀར་ཕྱོགས་བཟང་པོ་ཤ་སྟག་ཏུ་རྨི་བ་ནི་ངན་པ་བཟང་པོ་འགྱུར་བ་ཏེ། གོམས་པ་ཙམ་ལས་འབྱུང་བས་བག་ཆགས་ཀྱི་མཐའ་སྟོངས་པའོ། །གསང་བ་སྒྲ་རྒྱུད་ལས། རབ་ལ་ཆད་དང་འབྲིང་གིས་ཤེས། །ཐ་མ་འགྱུར་བར་ངེས་པ་སྟེ། །ཞེས་སོ། །དབང་རྣོན་བརྩོན་འགྲུས་རབ་ཅན་གྱིས་རྨི་ལམ་དབྱིངས་སུ་དག་ནས་གཉིད་འོད་གསལ་དུ་འཆར་བ་ཡིན། འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས་ནས་སྤྲུལ་བསྒྱུར་བྱེད་ཐུབ། ཐ་མས་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་འབའ་ཞིག་རྨིས། རབ་སྐྱེ་བ་འདི་ལ་འཚང་རྒྱ་བའི་རྟགས་དང་། འབྲིང་བར་དོ་འཚང་རྒྱ་བའི་རྟགས་དང་། ཐ་མ་རང་བཞིན་སྤྲུལ་བའི་ཞིང་ཁམས་སུ་དབུགས་འབྱིན་ནུས་པའི་རྟགས་ཡིན་ནོ།།

༼༽ ཐོབ་པ་གསུམ་གྱིས་གཟེར་བཏབ་པ།

དོན་གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། སྐྱེ་བ་ལ་རང་དབང་ཐོབ་པས་གཞན་དོན་དངོས་སུ་བྱེད། འཇུག་པ་ལ་རང་དབང་ཐོབ་པས་ཟག་བཅས་མི་སྣང་བར་འཚང་རྒྱ། རླུང་སེམས་ལ་རང་དབང་ཐོབ་པས་ཁམས་གསུམ་དུ་ལྡོག་མི་སྲིད་པ་སྟེ། གསང་བ་སྒྲ་རྒྱུད་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་བས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་སོ། །འདི་ལ་བཤད་ལུགས་ཀྱི་ཚིག་ཁ་ཞིག་བསྒྱུར་ན། ཕྱི་སྣང་བ་ལ་དབང་ཐོབ་པས་སྣང་རྐྱེན་ཞིང་ཁམས་སུ་གྲོལ། ནང་སྒྱུ་ལུས་ལ་དབང་ཐོབ་པས་རྡོས་བཅས་འོད་གསལ་དུ་གྲོལ། གསང་བ་རིག་པ་ལ་དབང་ཐོབ་པས་རླུང་སེམས་ཀྱི་འཁྲུལ་བ་ཟད་པ་དེ་ལྟ་བུ་བཤད་ཀྱང་ཆོག་གོ །མདོར་ན་དོན་གྱི་འབྲས་བུ་ལ་དབང་ཐོབ་ཏུ་ཉེ་བ་ཞེས་བྱའོ། །དེ་ལྟར་སྣང་བ་བཞི་མཐའ་རྟེན་དང་བཅས་པའི་སྐབས་ཡོངས་སུ་རྫོགས་པའི་བར་ལ་ས་ལམ་གྱི་རྫོགས་ཚུལ་ངེས་པ་ལ་གཉིས་ཏེ། ཕྱི་རྒྱུའི་ས་བཅུའི་དོན་ཚང་བར་རྫོགས་ཚུལ་དང༌། ནང་འབྲས་བུ་སྣང་བའི་བཅུ་དྲུག་གི་རྫོགས་ཚུལ་ལོ། །དང་པོ་ནི་རང་ཤར་ལས། ས་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །བདེན་པ་མཐོང་བའི་གང་ཟག་གཅིག་ལ་ས་རྣམས་རྫོགས་ནས་ཡོད་དོ། །དེའང་ངོ་སྤྲོད་བསྟན་པའི་གང་ཟག་དེ་དང་པོ་བདེན་པ་མཐོང་བའི་དུས་ན་དེ་ལ་དགའ་བ་སྐྱེས་པ་ནི་དང་པོ་རབ་ཏུ་དགའ་བའི་ས་ནོན་པའོ། །དེ་ལ་རང་གི་སྣང་བ་ཡིན་པར་ངོ་ཤེས་པ་ནི་གཉིས་པ་དྲི་མ་མེད་པའི་ས་ནོན་པའོ། །དེ་ནས་དེ་ལ་གོམས་པ་ནི་གསུམ་པ་འོད་བྱེད་པའི་ས་ནོན་པའོ། །དེ་ནས་དེ་ལ་གོམས་ནས་འོད་ཀྱི་སྣང་བ་ཆེར་མཐོང་བ་ནི་ས་བཞི་པ་འོད་འཕྲོ་བའི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་མཐོང་བ་དེ་ལ་གོམས་ནས་ཉོན་མོངས་པ་ཐམས་ཅད་རང་བཞིན་གྱིས་སྦྱངས་ནས་ཡེ་ཤེས་མཐོང་བ་ནི་ལྔ་བ་སྦྱང་དཀའ་བའི་ས་ནོན་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མངོན་དུ་གྱུར་པ་དེ་ནི་དྲུག་པ་མངོན་དུ་གྱུར་པའི་ས་ནོན་པའོ། །དེ་ནས་གོམས་པ་མཐར་ཕྱིན་ནས་ཉོན་མོངས་པ་རིང་དུ་སོང་བ་ནི་བདུན་པ་རིང་དུ་སོང་བའི་ས་ནོན་པའོ། །དེ་ནས་སྣང་བའི་ཡོན་ཏན་ཡོངས་སུ་རྫོགས་ཏེ་རྣམ་པར་རྟོག་པ་མི་གཡོ་བ་ནི་བརྒྱད་པ་མི་གཡོ་བའི་ས་ནོན་པའོ། །དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི་དགུ་པ་ལེགས་པའི་བློ་གྲོས་ཀྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར་བ་ནི་ཆོས་ཐམས་ཅད་ཀྱི་སྤྲིན་ལྟ་བུར་མཐོང་ནས་གོམས་པས་བཅུ་པ་ཆོས་ཀྱི་སྤྲིན་ལྟ་བུའི་ས་ནོན་པའོ། །དེ་ནི་གང་ཟག་བདེན་པ་མཐོང་བས་སྦུབས་འདི་ཉིད་མ་བོར་བར་ས་ནོན་པའོ་ཞེས་སོ། །ལུས་རྒྱའི་སྦུབས་འདི་བོར་ནས་གྲོལ་བ་རྣམས་ཀྱིས་ས་འདི་ལྟར་ནོན་ཏེ། འཁྲུལ་སྣང་འགགས་ནས་ཚོམ་བུའི་སྣང་བ་ཤར་བ་ནི། བཅུ་གཅིག་པ་ཀུན་ཏུ་འོད་ཀྱི་ས་ནོན་པ་ཡིན་ནོ། །དེ་ནས་སྣང་བ་དེ་ལ་ཡང་མ་ཆགས་པར་ཕྱི་ནང་གི་ཆོས་ཀྱིས་མ་གོས་པ་ནི། བཅུ་གཉིས་པ་མ་ཆགས་པདྨ་ཅན་གྱི་ས་ནོན་པ་ཡིན་ནོ། །དེ་ནས་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཟེར་ཐག་ཤར་ནས་ནམ་མཁའི་མཐོངས་ནས་འོད་ཀྱི་ཚོམ་བུ་ལྔ་འཁོར་ལོའི་ཚུལ་དུ་གནས་པ་ནི། བཅུ་གསུམ་པ་ཡི་གེ་འཁོར་ལོ་ཚོགས་ཆེན་གྱི་ས་ནོན་པའོ། །དེ་ནས་ཡེ་ཤེས་ཀྱི་སྣང་བ་དེ་ལ་གནས་པ་ནི། བཅུ་བཞི་པ་ཏིང་འཛིན་ཆེན་པོའི་ས་ནོན་པའོ། །དེ་ནས་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་པ་ནི་བཅོ་ལྔ་པ་རྡོ་རྗེ་འཛིན་གྱི་ས་ཐོབ་པའོ། །དེ་ནས་ཀ་དག་གི་ས་ལ་ཡེ་ཤེས་ལྷུག་པར་ཤར་ནས་གནས་པ་དེའི་གོང་ན་མེད་པ་ནི་བཅུ་དྲུག་ཡེ་ཤེས་བླ་མའི་ས་ཐོབ་པའོ། །ས་དེ་དག་ཀྱང་རིག་པ་འོད་གསལ་སྦྱང་བགྲོད་མེད་པའི་ས་གཅིག་གི་སྣང་ཆ་ལས་དབྱེ་བ་བྱས་པ་ཙམ་མ་གཏོགས་དོན་དུ་རིག་པའི་ས་གཅིག་ཡིན་པར་གསུངས་སོ། །གོང་གི་ལུས་འདི་མ་བོར་བར་ས་བཅུ་གནོན་ཚུལ་གསུངས་པ་དེའང་སྣང་ཚུལ་གྱི་ཐོག་ནས་ཆ་མཚུངས་སྦྱར་བ་ཙམ་ལས་ས་བཅུ་དངོས་ནི་མ་ཡིན་ནོ། །སངས་རྒྱས་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ལ་རྒྱུའི་ས་སྒོས་སུ་སྦྱོང་དགོས་པ་མིན་ཏེ། ལམ་གྱི་གནད་ཐ་དད་པའི་འཇུག་སྒོ་ལ་དེ་ལྟར་སྦྱར་བའི་ཕྱིར་རོ། །ཐུན་མོང་ཐེག་པ་ལྟར་རྒྱུ་འབྲས་ཀྱི་རིམ་པས་ས་རེའི་ཐོབ་ཚུལ་དང་། སྔགས་ཕྱི་ནང་དང་འདྲ་བར་བསྐྱེད་རྫོགས་རྩོལ་སྒྲུབ་ཀྱི་སྒོ་ནས་ཐོབ་ཅིང་སྦྱོང་དུ་མེད་དེ། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་གྱིས་རྫོགས། །ཞེས་པ་དང་། ས་དང་ལམ་ཞེས་བྱ་བ་གུད་ན་ཡོད་པ་མ་ཡིན་ནོ། །ཞེས་ཀུན་བྱེད་རྒྱལ་པོ་དང་རིག་པ་རང་ཤར་གྱི་རྒྱུད་ཀྱི་ལུང་གིས་རྒྱབ་རྟེན་བྱས་ནས་གསུངས་སོ། །འོན་ཀྱང་ལམ་གནད་ཐ་དད་པའི་འཇུག་ཕྱོགས་དང་སྒོ་བསྟུན་ནས་དེ་ལྟར་སྦྱར་ནས་གསུངས་པའོ། །གཉིས་པ་ནི་སྣང་བ་བཞིའི་རིམ་པ་སྟེ། ཆོས་ཉིད་མངོན་སུམ་གྱི་སྣང་བ་མཆེད་པ་མིག ཉེ་བར་མཆེད་པ་མིག་གི་དེ་ཁོ་ན་ཉིད། ཐོབ་པ་ལུ་གུ་རྒྱུད་མཐོང་བ། དེ་ཉེ་བར་ཐོབ་པ་དེ་ལ་གོམས་པ་རྙེད་པའོ། །ཉམས་གོང་འཕེལ་གྱི་སྣང་བ་མཆེད་པ་འོད། ཉེ་བར་མཆེད་པ་ཐིག་ལེ། ཐོབ་པ་ཁ་དོག་ལྔར་གསལ་བ། ཉེ་བར་ཐོབ་པ་འགུལ་བ་དང་འཕྲིག་པའི་ཟེར་སྣ་ཚོགས་སུ་འབར་བའོ། །རིག་པ་ཚད་ཕེབས་ཀྱི་སྣང་བ་མཆེད་པ་སྐུ་རྐྱང་པ། ཉེ་བར་མཆེད་པ་ཡབ་ཡུམ་ཟུང་འབྲེལ། ཐོབ་པ་ཚོམ་བུ་ལྔ་ལྔར་སྣང་བ། ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པའོ། །ཆོས་ཉིད་ཟད་པའི་སྣང་བ་མཆེད་པ་སྐུ་དང་ཡེ་ཤེས་ལ་མི་གནས་པ། ཉེ་བར་མཆེད་པ་སྟོང་པ་གཏད་ས་མེད་པ། ཐོབ་པ་བརྗོད་དུ་མེད་པ། ཉེ་བར་ཐོབ་པ་བལྟར་མེད་པའི་ཆོས་ཉིད་གང་དུའང་མ་གྲུབ་པའོ། །དེ་ལྟར་སྣང་བའི་ས་བཅུ་དྲུག་ཡོངས་སུ་རྫོགས་པ་ལས་ཆོས་སྐུ་ཀ་དག་གི་སར་གཤེགས་པ་ནི་མགོན་པོ་རྡོ་རྗེ་འཆང་གི་ས་སྟེ། ཡོན་ཏན་གྱི་ཆ་དབྱེ་བས་ཐ་དད་པའི་རིམ་པ་རྣམས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཇི་ལྟར་ཉམས་སུ་བླང་བའི་རིམ་པ་སྟེ་རྡོ་རྗེའི་གནས་བརྒྱད་པ་རྒྱ་ཆེར་བཤད་པའོ།། །།

རྡོ་རྗེའི་གནས་དགུ་བ་རྟགས་ཚད་ངེས་པའི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ངོ་བོ་མདོར་བསྟན་པ།

དེ་ནས་ཉམས་སུ་བླངས་པ་དག་གི་རྟགས་ཚད་ངེས་པ་ལ་གཉིས་ཏེ། ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པ་བཤད་པའོ། །དང་པོ་ནི་རང་བཞིན་རྫོགས་པ་ཆེན་པོ་དེར་ཀློང་དུ་གྱུར་པས་གདེང་བཞི་སྟེ། དམྱལ་བ་ཚ་གྲང་གི་སྡུག་བསྔལ་ལའང་བག་ཚ་བ་མེད་པའི་གདེང༌། འཁོར་བའི་བདེ་སྡུག་ལ་འཁོར་གྱི་དོགས་པ་མེད་པའི་གདེང༌། མྱ་ངན་ལས་འདས་པའི་ས་ལ་རེ་བ་མེད་པའི་གདེང༌། སངས་རྒྱས་ཀྱི་ཡོན་ཏན་ལ་དགའ་བྲོད་མེད་པའི་གདེང་ངོ༌། །དང་པོ་ནི། ངན་སོང་གི་སྡུག་བསྔལ་དང་ཚེ་ཚད་ལ་སོགས་པ་ཐོས་ཀྱང་དེ་ལ་ཉམ་ང་བ་དང་བག་ཚ་བ་མེད་པ་ནི་ཡེ་ནས་འཁྲུལ་མ་མྱོང་པའི་རིག་པ་ལ་བདེ་སྡུག་ཤེས་བྱ་ལ་མི་སྲིད་པར་ཐག་ཆོད་པས་འཁོར་པ་མིང་ཙམ་དུའང་རིག་པའི་སྟེང་དུ་མི་འདུག་པར་ཡིད་ཆེས་ཏེ། ད་བསྐྱར་ནས་ངན་སོང་དུ་འགྲོ་མི་སྲིད་པར་བློ་བདེ་བའོ། །གཉིས་པ་ནི་འཁོར་བ་མིང་ཙམ་དུ་མེད་པས་རིག་པ་རྗེན་པར་བུད་དེ་ལས་དང་རྣམ་སྨིན་ལས་བཟློག་པས་འཁོར་བར་ལྷུང་གི་དོགས་པ་མེད་པའོ། །གསུམ་པ་ནི། རིག་པའི་ངོ་བོ་ལ་གྲོལ་གྲོལ་པོ་བདེ་བདེ་པོའི་མྱང་འདས་སུ་མི་འདུག་པར་རྟོགས་པས། དེ་ཐོབ་ཏུ་རེ་བ་དང་བྲལ་བའོ། །བཞི་པ་ནི། རིག་པ་ཉིད་ལས་ལོགས་སུ་གྱུར་པའི་སངས་རྒྱས་མེད་པར་ཐག་ཆོད་པས་གཞན་དུ་བགྲོད་ཅིང་ཐོབ་བྱའི་ཡོན་ཏན་ལ་དགའ་བྲོད་རྡུལ་ཙམ་ཡང་མེད་པའོ། །དེ་ལྟར་གདེང་བཞི་ཡང་རང་གི་རིག་པ་རང་བྱུང་གི་ཡེ་ཤེས་ཡེ་ནས་ཀ་དག་ཆོས་ཟད་ཆེན་པོའི་དོན་མངོན་དུ་གྱུར་པའི་རྣལ་འབྱོར་པ་ལ་ཡོད་དེ། འཁོར་འདས་ལ་ཟློས། ཆོས་ཉིད་ཟད་སར་ཕྱིན། རང་ས་ནམ་མཁའ་ལྟར་གྱུར་དུས་ཕྱིར་མི་ལྡོག་པའི་ས་ལ་དེ་བཞིན་གཤེགས་པའི་ཚད་ཅེས་བྱ་སྟེ། རིན་ཆེན་སྤུངས་པའི་རྒྱུད་ལས། མི་འགྱུར་ལྟ་བའི་གདེང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་གཟུང༌། །ཞེས་པ་དང༌། མུ་ཏིག་ཕྲེང་བ་ལས། ཚད་ནི་གདེང་བཞིའི་རྣལ་འབྱོར་ཉིད། །ཅེས་གསུངས་སོ། །གདེང་བཞི་ནི་ཡར་གྱི་གདེང་གཉིས་དང་། མར་གྱི་གདེང་གཉིས་ཏེ་བཞིའོ། །ཡར་སངས་རྒྱས་ལ་ཨེ་ཐོབ་ཀྱི་རེ་བ་དང་། མི་ཐོབ་ཀྱི་དོགས་པ་མེད་པ་དང་། མར་འཁོར་བ་དང་ངན་སོང་ལ་མི་ལྷུང་གི་རེ་བ་དང་། ཨེ་ལྷུང་གི་དོགས་པ་མེད་པའོ། །དེ་ཡང་རང་ངོ་གདོད་ནས་འཁྲུལ་མི་ཤེས་པའི་ཐོག་ཏུ་ཕེབས་པས། གཅིག་ན་བདེ་སྡུག་ཤེས་བྱ་ལ་མི་སྲིད་པའི་ཐག་ཆོད་པས་ངན་སོང་ལ་བག་མི་ཚ་བའི་གདེང་ཐོབ་པ་དང་། གཉིས་སུ་རིག་པ་གཞི་ཐོག་ལ་ཕེབས་པས་འཁོར་བ་མིང་ཙམ་དུ་ཡང་མ་གྲུབ་པར་མཐོང་ནས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདེང་ཐོབ་པ་དང་། གསུམ་དུ་ཆོས་ཉིད་ཀྱི་གཤིས་སུ་མྱང་འདས་རང་མཚན་པ་མེད་པས་ཐོབ་བྱ་རེ་དོགས་མེད་པའི་གདེང་ཐོབ་པ་དང་། བཞི་རུ་རང་ངོ་རིག་པ་ལས་གཞན་དུ་གྱུར་པའི་སངས་རྒྱས་ཞེས་པ་ཞིག་མེད་པའི་གཤིས་ཐོག་ཏུ་ཕེབས་པས་དགའ་བྲོད་མཉམ་པ་ཉིད་དུ་དག་པའི་གདེང་ཐོབ་པའོ།།

༼ཁ༽རང་བཞིན་རྒྱས་པ་བཤད་པ།

༼ཀ ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད་བསྟན་པ།

གཉིས་པ་ལ་གསུམ་སྟེ། ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད། གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད། དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་དོ། །དང་པོ་ལ་མདོར་བསྟན་པ་དང༌། རྒྱས་པར་བཤད་པ་གཉིས། དང་པོ་ནི་ཐལ་འགྱུར་ལས། དེ་ལྟར་ཉམས་སུ་བླངས་པ་ལས། །རྟགས་དང་ཚད་ནི་འདི་ལྟ་སྟེ། །ལུས་ནི་ཡང་ཞིང་ཟང་ཐལ་སྣང༌། །ས་ལ་རེག་མེད་ཐོགས་མེད་དང༌། །ངག་གི་ནུས་རྫོགས་གཏམ་ཟུངས་ཟད། །སེམས་ནི་འཕོ་བར་ནུས་པའོ། །མིག་དང་རྣ་བ་སྣ་དང་ལྕེ། །ལུས་ཀྱི་དབང་པོ་ཀུན་ཟད་དེ། །རང་བཞིན་མེད་པར་གྱུར་པའི་ཚད། །ཅེས་པ་དང༌། རང་ཤར་ལས། རིག་པའི་རྒྱལ་པོ་མཐོང་བའི་ཚད། །འདི་ཡིས་ཡང་དག་གཟུང་བར་བྱ། །གཅིག་པུར་བསྡད་ན་བདེ་བ་ཐོབ། །རང་སྣང་གྲོགས་སུ་འཆར་བའི་ཕྱིར། །ཕ་རོལ་སེམས་དང་མཐུན་པ་ཡིན། །རང་གི་དེ་དང་མི་འབྲལ་ཕྱིར། །ཆགས་དང་ཞེན་པ་མེད་པར་འགྱུར། །རང་གི་ས་ལ་འགྲོ་བའི་ཕྱིར། །གང་ལ་ཞེ་འདོད་བྱེད་མི་འགྱུར། །རང་གི་དོན་ཉིད་རྙེད་པའི་ཕྱིར། །ཤིང་བལ་འདབ་མ་ལྟ་བུར་ཡང༌། །འབུ་དང་སྲིན་བུ་དེངས་པའི་ཕྱིར། །ཞེས་སོ། །འདི་ལ་ཚེ་སྔ་མ་ལ་སྦྱངས་བའི་རྟགས། ད་ལྟའི་ལུས་ངག་ཡིད་ལ་གནས་པའི་ཚུལ་དང་། ད་ལྟ་ལམ་ལ་ཞུགས་པའི་རྟགས་སྒོ་གསུམ་སྣང་བ་དང་བཅས་པ་ལ་ཤར་ལུགས་དང། བར་དོ་དང་ཕྱི་མ་ལ་གྲོལ་འཁྲུལ་ངེས་པའི་རྟགས་ཞེས་པ་རྣམས་ཡོད་པས། འདིར་ཉམས་ལེན་ངེས་པ་སྤྱིའི་རྟགས་ཚད་ཐལ་འགྱུར་གྱི་ལུང་གིས་མདོར་བསྟན་ནས། རྒྱས་པར་བཤད་པ་ལ་གསུམ་ལས། ཚེ་འདིར་ཉམས་སུ་བླངས་པའི་བརྩོན་འགྲུས་རབ་རྣམས་གྲོལ་བའི་རྟགས་ཚད་དང༌། བར་དོར་གྲོལ་བའི་རྟགས་ཚད་དང༌། རང་བཞིན་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཚད་ངེས་པ་སྟེ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ནས། ཀྱེ་གྲོགས་པོ་དག་བསྟན་པ་འདི་ལ་གནས་པའི་གང་ཟག་རྣམས་ལ་འདི་བཞིན་དུ་ལུང་སྟོན་ཅིག སྐྱེས་བུ་དེ་མྱ་ངན་ལས་འདའ་བའི་སྔ་ལྟས་འདི་རྣམས་འབྱུང་སྟེ། གཅིག་པུར་བསྡད་ན་ཉམས་དགའ་བ་དང༌། ལུས་ཤིང་བལ་གྱི་འདབ་མ་བཞིན་དུ་ཡང་བ་དང༌། མི་དང་འགྲོགས་སྙིང་མི་འདོད་པ་དང༌། ནམ་མཁའ་ལ་འཕུར་བ་སྙམ་བྱེད་པ་དང༌། སྣང་བ་འདི་འགགས་ན་དགའ་བའི་འདུ་ཤེས་དང༌། ལུས་དང་སྲོག་ལ་མི་ཆགས་པ་དང༌། སྣང་བ་འདི་གང་ལའང་ཡིད་མི་འཇུག་པ་དང༌། ཤེས་པ་མ་བྱིང་བར་གསལ་བ་དང༌། ཤེས་པ་ངང་གིས་དལ་བ་དང༌། འགྲོགས་ན་བདེ་བ་དང༌། ཉོན་མོངས་པ་གང་གིས་ཀྱང་ལྡང་མི་ནུས་པ་དང་། ཉོན་མོངས་པ་ལངས་ཀྱང་རྟག་པར་མི་འཛིན་པ་དང༌། གཟུགས་སྡུག་པ་ལ་ཆགས་པ་མི་སྐྱེ་བ་དང༌། གཟུགས་མི་སྡུག་པ་ལ་ཞེ་མི་སྡང་བ་དང༌། ཏིང་ངེ་འཛིན་གྱི་ནུས་པས་ཟས་དང་སྐོམ་གྱི་འདུ་ཤེས་མི་སྐྱེ་བ་དང༌། མི་དང་འགྲོགས་ན་ཡང་ཕ་རོལ་གྱི་སེམས་དང་མཐུན་པར་བྱེད་པ་སྟེ། དེ་རྣམས་ནི་ཡོངས་སུ་མྱ་ངན་ལས་འདའ་བའི་སྔ་ལྟས་སོ། །འདི་དག་ནི་གཙོ་བོ་ནང་གི་རྟགས་ཡིན་ལ། ཕྱིའི་རྟགས་སུ་དབུགས་ཕྱི་ནང་གི་འགྱུ་བ་ཟད་པ་དང་། ནམ་མཁར་བྱ་བཞིན་དུ་འགྲོ་བ་དང་། ཆུ་ལ་ཉ་བཞིན་དུ་འཕྱོ་བ་དང་། གླིང་བཞི་རི་རབ་དང་སངས་རྒྱས་ཀྱི་ཞིང་ཁམས་མང་པོ་དུས་གཅིག་ལ་མཐོང་ཚུལ་སོགས་ཡོད་དོ། །རྫོགས་པ་ཆེན་པོ་འདིའི་ལུགས་ལ་མྱ་ངན་ལས་འདས་པ་དེ་ཡང་གཉིས་ཏེ། བརྩོན་འགྲུས་རབ་རྡོས་བཅས་དག་ནས་ཕུང་པོའི་ལྷག་མ་མེད་པར་མྱ་ངན་ལས་འདས་པའི་ཡང་དག་པར་རྫོགས་པར་སངས་རྒྱས་པ་དང༌། རྟགས་སྣང་བའི་སྒོ་ནས་རྡོས་བཅས་ཀྱི་ལྷག་མ་དང་བཅས་པའི་མྱ་ངན་ལས་འདའ་བའི་མངོན་པར་རྫོགས་སངས་རྒྱས་པའོ། །དེ་ལ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པའི་སྐྱེས་བུ་དེ་ལ་འོད་དང་སྒྲ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་བའོ། །འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་འབྱུང་བ་དང༌། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་འབྱུང་བའོ། །འོད་ཁྱིམ་ལྟར་འབྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་སྐས་ལྟར་འབྱུང་བ་ནི་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །འོད་རྣམ་པ་གསུམ་དུ་གསུངས་པ་ཡང་ཡོད་ལ། དེ་ནི་མུ་ཁྱུད་གྱེན་འགྲེང་རྩིབས་ཤར་གསུམ་མོ། །རྩིབས་ཤར་གྱི་རྟགས་ཡོད་ན་བར་དོ་ཐ་མར་སངས་རྒྱ་བ་ཡིན་གསུངས། འདིར་གཉིས་གསུངས་པ་ནི་རྣལ་འབྱོར་པ་དབང་པོ་རབ་འབྲིང་གཉིས་ཀྱི་དབང་དུ་མཛད་ནས་གསུངས་པ་ཡིན་ནམ་སྙམ། སྒྲ་ལ་ཡང་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་འཚང་རྒྱ་བའོ། །དལ་ལ་རྒྱུན་རིང་བ་ཞི་བའི་རྔ་སྒྲ་ལྟ་བུ་དང་། དྲག་ལ་ཡུན་ཐུང་བ་ཁྲོ་བོའི་འབྲུག་སྒྲ་ལྟ་བུའི་དཔེ་བཞག་ནས་འུར་བ་དང་ཐུག་པ་དེ་ལྟར་གསུངས་ཡོད་ལ། ཐུག་གིས་ཞེས་པ་ནི་གློ་བུར་དུ་འབྱུང་བ་ལ་ཟེར་ཞིང་གཞན་པ་ནི་ཡུན་གྱིས་ཡོད་པ་ཞི་བའི་རྔ་སྒྲ་ལྟ་བུའོ། །གདུང་ལའང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི་ཞིང་ཁམས་སུ་མངོན་པར་རྫོགས་པར་འཚང་རྒྱ་བའོ། །ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱིའོ། །དམར་པོ་ནི་སྣང་བ་མཐའ་ཡས་ཀྱིའོ། །ལྗང་གུ་ནི་དོན་ཡོད་གྲུབ་པའི་འོ། །ཁ་དོག་སྣ་ཚོགས་སུ་བྱུང་ན་སྐུ་ལྔ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། །གདུང་རིང་བསྲེལ་འདི་དག་ལ་དཀར་ལ་དྭངས་པ་ཤ་རཱི་རཾ། སྔོ་ལ་ནག་པ་བ་རཱི་རཾ། ཁ་དོག་སེར་པོ་ཆུ་རཱི་རཾ། དམར་ལ་དྭངས་པ་བསེ་རཱི་རཾ། ཉ་རཱི་རཾ་ལྗང་གུ། པཉྩ་རཾ་དམར་ལྗང་ནག་ལྟ་བུའི་དབྱེ་བ་མང་ངོ། སྤྱིར་ན་གདུང་གི་རྒྱུ་སོ་སོའི་དབྱེ་བ་ཡོད་ཀྱང་། གདུང་དེ་ནི་དྭངས་མའི་ནང་གི་ཤིན་ཏུ་དྭངས་མ་ལས་བྱུང་བ་ཡིན་ལ། རིང་བསྲེལ་ནི་དྭངས་མ་དཀར་དམར་དང་ཤ་རུས་དྲོད་དབུགས་ཀྱི་དྭངས་མ་དྲིལ་བ་ལས་བྱུང་བའོ། །གདུང་དང་འདྲ་བའི་རིང་བསྲེལ་ཡང་ཡོད་པར་གསུངས་སོ། །སྐུ་ལ་ཡང་གཉིས་ཏེ། ཞི་བ་དང་ཁྲོ་བོའི་སྐུའོ། །ཞི་བའི་སྐུ་བྱུང་ན་སྣང་བ་འདི་འགགས་མ་ཐག་ཏུ་བརྟན་པ་ཐོབ་སྟེ་སྤྲུལ་པའི་སྐུ་འབྱིན་མི་ནུས་སོ། །ཁྲོ་བོའི་སྐུ་བྱུང་ན་དེ་ཉིད་ལ་བརྟན་པ་ཐོབ་པ་སྟེ། ཞག་ཉི་ཤུ་རྩ་གཅིག་ན་སྤྲུལ་པའི་སྐུ་འབྱིན་ནུས་སོ། །སྐུ་འབྱུང་པ་ནི་སྤྱིར་སེམས་ཅན་ཐམས་ཅད་ལ་ཡེ་ནས་འོད་གསལ་གྱི་སྐུ་དང་། གདུང་ཡོད་པའི་གནད་ཀྱིས་རྣལ་འབྱོར་ལམ་པས་བསྐྱེད་རྫོགས་ཀྱི་སྒོ་ནས་གསལ་བཏབ་པས་མངོན་གྱུར་གྱི་རྒྱུ་འབྱུང་བ་འདུས་པའི་དྭངས་མ་ལས་བྱུང་བ་ཡིན། སྐུ་དེ་ཡང་ཞི་བ་དང་ཁྲོ་བོའི་སྐུ་རྣམ་པ་གཉིས་ལས། ཞི་ཁྲོའི་སྐུ་གཉིས་ཀ་མཉམ་དུ་བྱུང་བ་ཡིན་ན། རྣམ་ཤེས་ནམ་མཁའ་ལ་ཐིམ། ནམ་མཁའ་ཀ་དག་གི་གདངས་སུ་ཤར་ཚེ་གྲོལ་བ་ཡིན་ལ། དེ་ལ་ཆོས་ཉིད་བར་དོ་མེད་པར་གྲོལ་སོང་བ་ཡིན་པས་བར་དོ་མེད་པར་སངས་རྒྱས་ཞེས་པ་དེ་ཡིན། ཚེ་འདི་ལ་གྲོལ་བའི་ཁོངས་སུ་གཏོགས་པའོ། །སྤྲུལ་བ་འབྱིན་མི་འབྱིན་གསུངས་པ་འདི་ནི། དཀའ་བའི་གནད་དེ་འདི་མ་གོ་བའི་དབང་གིས་སངས་རྒྱས་ནས་གཞན་དོན་བྱེད་ནུས་མི་ནུས་ལ་བློ་རྩེ་གཏོད་པ་དག་བྱུང་བའོ། །དེ་ནི་སངས་རྒྱས་ནས་སྤྲུལ་བ་མི་འགྱེད་གཞན་དོན་མི་མཛད་ཅེས་པའི་དོན་མིན་ཏེ། སངས་རྒྱས་ནས་དོན་མི་བྱེད་པའི་སངས་རྒྱས་ཐེག་པ་ཆེན་པོ་ལ་མི་འདོད་ཅིང་དོན་ལའང་མི་སྲིད་པའི་ཕྱིར་རོ། །དེ་ཡང་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་མ་དགོས་པར་གྲོལ་ཚེ་ཀ་དག་གི་ས་དེ་ནི་སྤྲུལ་བ་འབྱུང་བའི་གནས་མ་ཡིན་ནོ། །འོན་ཀྱང་གཞན་སྣང་ལོངས་སྤྲུལ་འཆར་བའི་གཞི་ཡིན་པ་དེས་ན་གཞན་དོན་གྱི་ཕྲིན་ལས་རྒྱུན་ཆད་མེད་པར་མི་ཟད་པ་རྒྱན་གྱི་འཁོར་ལོ་བསྐོར་བ་ཡིན་ནོ། །ཁྲོ་བོའི་སྐུ་རྐྱང་པ་ཤར་བ་ཅན་ཡིན་ན་བསམ་གཏན་གྱི་ཞག་ཉི་ཤུ་རྩ་གཅིག་རྫོགས་ནས་དེའི་མཚམས་ཀྱིས་འཆར་ལུགས་དྲུག་དང་སྒོ་གཉིས་ཤར་བའི་སྐབས་སུ། རང་སྣང་གི་མ་དག་འཁོར་བའི་སྒོ་ཤར་ནས་འགྲོ་དྲུག་ཏུ་སྣང་དུས། དག་པ་ཡེ་ཤེས་ཀྱི་སྒོ་ནས་གང་ལ་གང་འདུལ་གྱི་སྤྲུལ་བ་སྤྲོས་ནས་འགྲོ་བའི་དོན་བྱེད་པ་སྟེ། དེ་ཡང་སྒྱུ་མས་སྒྱུ་མའི་དོན་བྱེད་པ་ལྟར། རང་སྣང་ལ་རང་སྣང་གིས་དོན་བྱེད་པ་ཞིག་ལ་གོ་དགོས་སོ། །རྟགས་དེ་རྣམས་མ་བྱུང་ན་སྐྱེ་བ་གཅིག་གིས་ཐོགས་ཏེ། ཡང་དེ་བཞིན་དུ་མི་འབྱུང་མི་སྲིད་དོ། །དེ་བཞིན་དུ་འོད་དང༌། སྒྲ་དང༌། གདུང་དང༌། སྐུ་དང༌། ཐ་ན་རིང་བསྲེལ་ཡན་ཆད་འབྱུང་ངོ་ཞེས་པ་དང༌། རང་ཤར་ལས། སངས་རྒྱས་ཀྱི་དགོངས་པ་རྙེད་པའི་ཚད་འདི་རྣམས་ཀྱིས་ཟུང་ཞིག དེའང་བདེ་བ་དང་ལྡན་པ་དང༌། འཇིག་རྟེན་ལ་མངོན་པར་ཞེན་པར་མེད་པ་དང༌། སྣང་བ་ཐམས་ཅད་འོད་དུ་འཆར་བ་དང༌། འོད་ལ་སྐུའི་ཚོམ་བུ་མ་འགགས་པར་མཐོང་བ་དང༌། འཛིན་པ་མེད་པར་ལུས་བདེ་བ་དང༌། ཤེས་པ་རྩེ་གཅིག་ཏུ་གྱུར་པ་དང༌། ཤེས་པ་ངང་གིས་དལ་བ་དང༌། ཤེས་པ་མ་ཡེངས་པ་དང༌། ཤེས་པ་གཞན་ལ་མི་འཇུག་པ་དང༌། ཤེས་པ་ཅི་ཡང་མ་ཡིན་པར་རྟོགས་པ་དང༌། ཤེས་པ་མི་འགྱུར་བ་དང༌། ཤེས་པ་མི་འགག་པར་གསལ་བ་དང༌། ཤེས་པ་མི་རྟོག་པར་འཆར་བ་དང༌། ཤེས་པ་འཛིན་པ་མེད་པར་རང་གྲོལ་བ་དང༌། ཕྱི་ནང་གི་ཆོས་ལ་འཛིན་པ་ཆུང་བ་དང༌། ལུས་ལ་ཆགས་པ་དང་ཞེན་པ་མེད་པ་ཡིན་ནོ། །སྔ་རྟགས་དེ་རྣམས་དང་ལྡན་ན་ཡེ་ཤེས་ཀྱི་སྣང་བ་ལ་ཐོགས་རྡུགས་མེད་པར་འགྲོའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདས་པའི་རྟིང་ལའང་འོད་དང༌། སྒྲ་དང༌། གདུང་དང༌། རིང་བསྲེལ་དང༌། ས་གཡོ་བ་ལ་སོགས་པ་འབྱུང་ངོ༌། །དེ་ལྟ་བུའི་རྣལ་འབྱོར་པ་དེ་ཉིད་ཀྱིས་ལམ་སྒྲུབ་པའི་ཚེ་ན་སངས་རྒྱས་དང་བྱང་ཆུབ་དཔའ་རྣམས་ཀྱང་དེ་ལ་ཕྱག་བྱེད་པ་ལ་སོགས་པ་འབྱུང་ངོ༌། །མི་མ་ཡིན་པ་རྣམས་གྲོགས་བྱེད་ཅིང་རྟག་ཏུ་དེ་དང་མི་འབྲལ་ལོ། །འོད་ཀྱི་འཇིག་རྟེན་གང་ན་འདུག་པ་དེ་མཐོང་ནས་དེ་ལ་འཛིན་པ་མ་སྐྱེས་པ་རང་གིས་རང་ཡིན་པར་ཤེས་པའོ། །མི་དང་འགྲོགས་སྙིང་མི་འདོད་པ་ནི་རང་གི་སྣང་བ་ཤར་པའི་རྟགས་ཡིན་ནོ། །རི་ཕུག་ཏུ་འགྲོ་བ་བྱེད་པ་ནི་སངས་རྒྱས་ཀྱི་དགོངས་པ་རྙེད་པའི་རྟགས་ཡིན་ནོ། །འཇིག་རྟེན་གྱི་བྱ་བ་འབྲེལ་བ་ནི་སྣང་བ་ཕྱོགས་གཅིག་མཐོང་བའི་རྟགས་ཡིན་ནོ། །དེ་ཡང་མེད་པར་འདི་ལྟར་བྱུང་ན་ཁ་ཚིག་ལ་སྤྱོད་ཅིང་གཏིང་མ་རྟོགས་པའི་རྟགས་ཡིན་ནོ། །སྨྱོན་པ་ལྟ་བུར་བྱུང་ན་བར་ཆོད་ཀྱི་བདུད་བྱུང་བ་ཡིན་པས་ཚོགས་རྒྱ་ཆེན་པོ་བཏང་ལ་ཉམས་སུ་བླང་ངོ༌། །དྲན་པ་ཉམས་པ་ལྟ་བུ་བྱུང་ན་སྣང་བ་མ་མཐོང་བའི་རྟགས་ཡིན་པས་རྩ་གསུམ་བཟློག་པར་བྱའོ། །མཁའ་འགྲོ་མ་དག་ལུང་སྟོན་པ་བྱུང་ན་ཉམས་ལྟ་བ་ཡིན་པས་དགོངས་པ་ལ་གཏད་དོ། །ཡང་དག་པའི་རྟགས་ཀྱི་རིམ་པ་དེ་བཞིན་དུ་བྱུང་ན་དགོངས་པ་ཚད་དུ་ཕྱིན་པའི་རྟགས་ཡིན་ནོ་ཞེས་གསུངས་སོ།།

༼ཁ གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་བསྟན་པ།

དོན་གཉིས་པ་གདམས་ངག་ངེས་པ་དུས་ཀྱི་རྟགས་ཚད་ལ་གསུམ་སྟེ། ཤར་དུས་ངེས་པ་སྤྱིའི་རྟགས་ཚད། ཤར་སྣང་ངེས་པ་རང་བཞིན་གྱི་རྟགས་ཚད། རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་དོ། །དང་པོ་ནི་སྐྱེས་བུ་བརྩོན་འགྲུས་ཅན་གྱིས་ཆོས་ཉིད་ཀྱི་སྣང་བ་ཉམས་སུ་བླང་དུས་སྣང་བ་མི་འདྲ་བ་དང་ཤེས་པའི་ཉམས་སྣ་ཚོགས་པ་འཆར་བས་དེ་དག་གི་དུས་རྟགས་ཚད་ངེས་པའི་བྱེ་བྲག་མ་ཕྱེད་ན་བདུད་དང་གོལ་སྒྲིབ་ཀྱི་འཕྲང་ལས་མི་སྒྲོལ་བས། ཡང་དག་པའི་རྟགས་ཚད་དུས་གསུམ་གདམས་པ་འདི་གཅེས་སོ། །གང་ཞེ་ན་རང་ཤར་ལས། རྒྱུད་ལ་ཤེས་རབ་ཤར་བའི་དུས་སུ་སྐུ་ངོ་ཤེས་པར་གྱིས་ཤིག ཏིང་ངེ་འཛིན་སྟོབས་སུ་གྱུར་པའི་དུས་སུ་སྒྲོལ་མ་རྣམ་པར་དག་པ་ངོ་ཤེས་པར་གྱིས་ཤིག སྟོབས་ཁྱད་པར་ཅན་སྐྱེས་པའི་དུས་སུ་ཏིང་ངེ་འཛིན་ལམ་དུ་བསྒྱུར་བ་ངོ་ཤེས་པར་གྱིས་ཤིག རིག་པའི་སྐུ་མཐོང་བའི་དུས་སུ་ཞེན་འདོད་མེད་པར་ཤེས་པར་གྱིས་ཤིག ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པའི་དུས་སུ་བདུད་ཀྱིས་བསླུ་བ་ངོ་ཤེས་པར་གྱིས་ཤིག ཉམ་ང་བ་མེད་པའི་སྤྱོད་པ་ཀློང་རྡོལ་བའི་དུས་ན་ཤེས་རབ་ཀྱི་འཇུག་ཕྱོགས་ངོ་ཤེས་པར་གྱིས་ཤིག སྟོང་པ་ཡུལ་ལ་ཁྱབ་པའི་དུས་ན་འོད་ངོ་ཤེས་པར་གྱིས་ཤིག སྒྲོན་མ་ཡུལ་ལ་སྣང་བའི་དུས་སུ་དབྱིངས་དང་ཡུལ་ངོ་ཤེས་པར་གྱིས་ཤིག ཀྱེ་རིགས་ཀྱི་བུ་ཉོན་ཅིག སངས་རྒྱས་ཀྱི་དགོངས་པའི་ཚད་ནི་ང་ཉིད་བདག་དུ་རྟོག་པའི་བློ་དང་བྲལ་ནས་རང་རིག་པའི་ཡེ་ཤེས་མི་གཡོ་བའི་ཤེས་རབ། མ་བསྒྲིམས་པའི་བསམ་གཏན། གནས་པ་མེད་པའི་ཏིང་ངེ་འཛིན། རྟོག་པ་མེད་པའི་ལྟ་བའོ། །དེ་རྣམས་ཀྱི་དོན་ལའང་མི་གནས་པར་གྱུར་ན་སངས་རྒྱས་ཀྱི་དགོངས་པ་རྙེད་པའོ་ཞེས་སོ། །རྟགས་ཐམས་ཅད་པོའི་གནད་བསྡུ་ན་སྙིང་རྗེ་ཚད་མེད་སྔར་དང་མ་འདྲ་བ་སྐྱེ་བ་དང་། ཉོན་མོངས་རང་རྒྱུད་པ་དང་། རེ་དོགས་དགག་སྒྲུབ་ཀྱི་བློ་མ་འཆར་ན་རྟགས་ཡང་དག་པ་དང་། དེ་ལས་ལྡོག་པ་ཐམས་ཅད་ལ་གེགས་སེལ་གཞུང་བཞིན་དུ་བྱེད་དགོས། གཉིས་པ་ལ་གཉིས་ཏེ། དབྱིངས་རིག་ངེས་པ་སྤྱིའི་རྟགས་ཚད་དང༌། ཏིང་ངེ་འཛིན་མི་གཡོ་བ་བྱེ་བྲག་གི་རྟགས་ཚད་དོ། །དང་པོ་ལའང་འཆར་ཚུལ་ངེས་པའི་ངོ་བོ། ཉམས་ལེན་ངེས་པའི་རིམ་པ། སྣང་ཚུལ་ངེས་པའི་གདམས་ངག་གོ །དང་པོ་ནི་སེང་གེ་རྩལ་རྫོགས་ལས། རྫོགས་པ་ཆེན་པོའི་དོན་མཐའ་ནི། །མཐར་ཐུག་རིག་པ་ཉིད་དུ་བསྟན། །དེ་ཡང་བསྟན་པ་འདི་ལྟ་སྟེ། །རང་སྣང་རིག་པའི་དངོས་པོ་དེ། །ཡེ་ཤེས་ལུ་གུ་རྒྱུད་དུ་གནས། །དཔེར་ན་འདབ་ཆགས་འཕུར་སྐྱེན་བཞིན། །སྐད་ཅིག་ཙམ་ལ་ཀུན་ཏུ་རྒྱུ། །དེ་ལ་རྩི་ཡིས་ཐེབས་གྱུར་ན། །རི་དྭགས་མགྱོགས་པ་ཙམ་དུ་འགྱུར། །དེ་ནས་དོན་ལ་མ་ཡེངས་ན། །བུང་བ་བཅུད་ལ་འཁོར་པ་ཙམ། །དེ་ནས་རང་སྣང་བལྟས་གྱུར་ན། །དཔེར་ན་སྨིག་རྒྱུ་ལྟ་བུར་གནས། །དེ་ནས་དོན་ལ་མ་ཡེངས་ན། འགུལ་ལམ་འཕྲིག་པ་ཙམ་དུ་འགྱུར། །དེ་ནས་དོན་ལ་མ་ཡེངས་ན། །ལྟེམ་བཞིན་པ་དང་མེར་བར་འགྱུར། །དེ་ནས་ཤིན་ཏུ་བལྟས་གྱུར་ན། །འགྲོ་འོང་མ་ཡིན་འོད་སྣང་མཐོང༌། །དེ་ཡི་དོན་ལ་བརྟན་གྱུར་ན། །ཐིག་ལེ་སྟོང་པའི་སྒྲོན་མ་མཐོང༌། །དེ་ལ་ཡང་དག་བརྟན་གྱུར་ན། །ཐིག་ལེ་སྐུ་དང་བཅས་པ་མཐོང༌། །དེ་ཡི་དོན་ལ་མ་ཡེངས་ན། །འཁྲུལ་སྣང་ལོངས་སྐུར་མཐོང་བར་འགྱུར། །སྐུ་ཡི་སྣང་བ་དེ་རྣམས་ཀུན། །སྒྱུ་མ་འཇའ་ཚོན་ཇི་བཞིན་ནོ། །དེ་ལ་རབ་ཏུ་བརྟན་གྱུར་ན། །ཉིན་མོ་མཚན་མོ་མེད་པ་ནི། །དཔེར་ན་ཅེ་སྤྱང་མོ་ཡི་མིག །ཉིན་དང་མཚན་མོ་མེད་པ་ལྟར། །རང་སྣང་དཀྱིལ་འཁོར་དེ་བཞིན་ནོ། །སྐུ་ཡི་སྣང་བ་དེ་དག་ཀུན། །ཡུལ་གྱི་སྣང་བ་མ་ཡིན་ཏེ། །དཔེར་ན་ན་ཆུང་གཞོན་པ་ཡིས། །མེ་ལོང་མཚན་ཉིད་གསལ་བ་ལ། །རང་གི་བཞིན་སྣང་མཐོང་བ་ལྟར། །ཆོས་ཉིད་ཡུལ་གྱི་ནམ་མཁའ་ལ། །རིག་པའི་སྣང་བ་སྐུ་རུ་ཤར། །རང་གི་གནས་ལུས་མཐོང་བའོ། །ཞེས་སོ། །གཉིས་པ་ནི། དབྱིངས་རིག་འདུ་འབྲལ་མེད་པ་ཉམས་སུ་བླངས་པ་ལས། དང་པོ་མཐོང་བའི་ཚད། བར་དུ་གོམས་པའི་ཚད། མཐར་བརྟན་པའི་ཚད་གསུམ་འབྱུང་སྟེ། སྒྲོན་མ་སྣང་བྱེད་ལས། ཉམས་བླངས་ཚད་ནི་རྣམ་གསུམ་སྟེ། །མཐོང་བའི་ཚད་དང་གོམས་པའི་ཚད། །བརྟན་པའི་ཚད་དང་གསུམ་དུ་བསྟན། །མཐོང་བའི་ཚད་ནི་འོད་ཡིན་ཏེ། །མི་འགྱུར་མཐིང་ག་དབྱིངས་ཀྱི་ཚད། །ཟླུམ་ཁྲིགས་གསལ་བ་སྒྲོན་མའི་ཚད། །ཕྲ་ལ་འགྱུ་བ་རིག་པའི་ཚད། །མཐོང་བའི་ཚད་དུ་ཤེས་པར་བྱ། །གོམས་པའི་ཚད་ནི་རྣམ་གསུམ་སྟེ། །མཐིང་ག་ལས་མཆེད་ཁ་དོག་ལྔ། །ཁྲུ་གང་ཙམ་དུ་སྣང་བ་ནི། །དང་པོར་གོམས་པའི་ཚད་ཡིན་ནོ། །དེ་ནས་དེ་ལ་རབ་འདྲིས་ན། །རེ་ལྡེའི་རྣམ་པ་ཙམ་འཆར་བས། །དེ་ལ་རབ་ཏུ་གོམས་པའི་ཚད། །དེ་ནས་ཡུལ་གྲུ་ཙམ་དུ་སྟེ། །དེ་ལ་མཆོག་ཏུ་གོམས་པ་ན། །སྣང་བ་ཐམས་ཅད་འོད་སྣང་དུ། །ཤར་བས་གོམས་པའི་ཚད་ཟིན་པའོ། །ཟླུམ་འཁྲིགས་ལས་ནི་ཟ་འོག་རིས། །རང་གི་སྣ་རྩེ་ལ་ཤར་ན། །དང་པོ་གོམས་བའི་ཚད་ཡིན་ནོ། །དེ་ནས་གོང་དུ་སྨིན་མའི་མཚམས། །མེ་ལོང་ཙམ་དུ་གསལ་གྱུར་ན། །བར་དུ་གོམས་པའི་ཚད་ཡིན་ནོ། །སྣང་བ་ཐམས་ཅད་ཐིག་ལེ་རུ། །ཤར་ནས་ཀྲིག་གེ་གནས་པ་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །དེ་ཉིད་ཡང་ནས་ཡང་བལྟས་ན། །བུང་བ་བཅུད་ལ་འཁོར་བ་ཙམ། །བལྟས་བའི་ས་དེར་སྡོད་གྱུར་ན། །མཆོག་ཏུ་གོམས་པའི་ཚད་ཡིན་ནོ། །ཤིན་ཏུ་ཡང་དག་གོམས་པའི་ཚད། །འགུལ་དང་འཕྲིག་པ་མེད་པ་དང༌། །ཉིན་དང་མཚན་མོ་མི་སྣང་དང༌། །རབ་ཏུ་གོམས་བའི་ཚད་ཡིན་ནོ། །རང་རྐྱང་སྐུར་སྣང་ལུ་གུ་རྒྱུད། །ཚིག་དང་འདྲ་བའི་བར་དག་ཏུ། །ཐིག་ལེ་ཡུངས་འབྲུ་ཙམ་ནང་དུ། །སྐུ་ནི་ཤིན་ཏུ་ཕྲར་ཤར་དང༌། །སྣང་བ་ཐམས་ཅད་སྐུར་ཤར་ན། །རིག་པ་བརྟན་པའི་ཚད་ཡིན་ནོ། །ས་ཆུ་མེ་རླུང་སྣང་བ་དང༌། །འབྱུང་བཞིའི་སྣང་བ་འགགས་གྱུར་ནས། །ཁ་དོག་ལྔ་ཡི་འོད་སྣང་གིས། །གང་དུ་བལྟས་པ་དེར་སྣང་ན། །དབྱིངས་ནི་བརྟན་པའི་ཚད་ཡིན་ནོ། །རང་ལུས་འོད་ཀྱི་སྟེང་དག་དུ། །འཁར་གཞོང་བརྩེགས་པ་ལྟ་བུ་ཡི། །ཐིག་ལེ་བརྩེགས་མ་གྱེན་ཤར་ན། །སྒྲོན་མ་བརྟན་པའི་ཚད་ཡིན་ནོ། །ཞེས་སོ། །ཉམས་ལེན་ངེས་པའི་རིམ་པས། དང་པོར་མཐོང་། བར་དུ་གོམས། ཐ་མར་བརྟན་པའི་ཚད་གསུམ་གྱི་ཐོག་ནས་གསུངས་པའོ། །གསུམ་པ་སྣང་ཚུལ་ངེས་པའི་གདམས་ངག་ནི་དབྱིངས་རིག་གི་སྣང་བ་དེ་ཀུན་གྱི་དུས་ན་རབ་ཏུ་གཅེས་ཏེ༌། སེང་གེ་རྩལ་རྫོགས་ལས། སྣང་བ་དུམ་བུ་དུམ་བུའི་ཚེ། །མཁས་པས་རབ་ཏུ་བརྟག་པར་བྱ། །ཤིན་ཏུ་ཕྲ་དང་འགྱུ་བའི་ཚེ། །གོམས་པས་རབ་ཏུ་གནས་པ་བྱ། །འཕྲིག་དང་ཕྲ་དང་འགྱུར་བའི་ཚེ། །མཐོང་བ་རབ་ཏུ་གཟུང་བར་བྱ། །ཟླུམ་དང་ཕྲ་དང་འཁྲིལ་བའི་ཚེ། །མཁས་པས་ཡེངས་མེད་ཏིང་འཛིན་བརྟན། །ལྟེམ་དང་མེར་དང་སྐུར་སྣང་ཚེ། །གོམས་པས་སྣང་བ་མཆེད་པ་བཟུང༌། །ཡང་དག་ཀུན་ཏུ་སྣང་བའི་ཚེ། །མཁས་པས་སྣང་བ་བསྡུ་བར་བཤད། །ཆགས་དང་ཞེན་པ་མེད་པའི་ཚེ། །མཁས་པས་གཟུང་ཐབས་ཤེས་པར་བྱ། །གསང་སྔགས་གོམས་པའི་མཚན་ཉིད་དོ། །ཞེས་སོ། །ཐོག་མཐའ་བར་གསུམ་དུ་དབྱིངས་རིག་གི་སྣང་བ་ཤར་དུས་ཇི་ལྟར་བྱ་བའི་གདམས་ངག་བསྟན་པའོ། །གཉིས་པ་ཏིང་ངེ་འཛིན་མི་གཡོ་བ་བྱེ་བྲག་གི་རྟགས་ཚད་ལ་གཉིས་ཏེ། །ཏིང་ངེ་འཛིན་གསུམ་གྱི་སྒོམ་ཚུལ་མདོར་བསྟན་པ་དང༌། སོ་སོའི་རྟགས་ཚད་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི་དབྱིངས་རིག་གནད་དུ་གཟིར་བའི་དུས་ན་མཆོག་ཏུ་གཅེས་པ་ཏིང་ངེ་འཛིན་གསུམ་གྱི་སྒྲོམ་ནས་འདོན་པ་ཡིན་ཏེ། ཀློང་དྲུག་པ་ལས། ང་ལ་ཏིང་འཛིན་གསུམ་ཡོད་དེ། །རང་གནས་ཅོག་གཞག་བསམ་གཏན་གྱིས། །དངོས་པོའི་གནས་ལུགས་མཉམ་པར་འཇོག །ཐོག་བབས་ཆེན་པོའི་ཏིང་འཛིན་གྱིས། །རང་གནས་ཐད་ཀའི་ཞེན་པ་བཟློག །རྒྱས་འདེབས་ཆེན་པོའི་ཏིང་འཛིན་གྱིས། །སྣང་བ་ཐམས་ཅད་རང་སར་འཇོག །ཅེས་སོ། །རང་གནས་ཅོག་གཞག་བཞིའི་ཏིང་འཛིན་དང་། ཐོག་བབས་ཆེན་པོའི་ཏིང་འཛིན་དང་། རྒྱས་འདེབས་ཆེན་པོའི་ཏིང་འཛིན་དང་གསུམ་གྱིས་མདོར་བསྟན་པའོ། །འདི་དག་གི་སྒོམ་ཚུལ་དངོས་ནི་གསུམ་སྟེ། ལུས་ངག་རང་སོར་གློད་ལ་ཤེས་པ་ཡུལ་ཐོག་ཏུ་མ་ཤོར་བར་རང་བབས་སུ་ལྷོད་ཆགས་པ་ཅོག་གཞག་ཆེན་པོའི་ཏིང་ངེ་འཛིན་དང༌། སྒོ་གསུམ་རང་བབས་ལ་བཞག་དུས་རིག་པ་རྗེན་སངས་སངས་ངོས་འཛིན་པ་ཐོག་བབས་ཆེན་པོའི་ཏིང་འཛིན་དང༌། ཡུལ་སྣང་སྒྱུ་མར་བལྟ་ཞིང་རིག་པ་སྟོང་གསལ་དུ་ཤེས་པས་ཉིན་མཚན་དབྱིངས་རིག་གི་དོན་ལ་དུས་བཞིན་རྣལ་འབྱོར་དུ་བྱེད་པ་རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ཏེ། རྒྱུད་དེ་ཉིད་ལས། ཏིང་འཛིན་གསུམ་ལ་འདི་ལྟར་བསླབ། །རང་གནས་ཅོག་གཞག་ཏིང་འཛིན་ནི། །དབང་པོའི་སྒོ་རྣམས་མི་དགག་ཅིང༌། །ལུས་ཀྱི་སྤྱོད་པ་སྤྱད་མི་བྱ། །གཉིད་ཀྱང་སྤང་བར་མི་བྱ་སྟེ། །སེམས་ཀྱིས་གུད་དུ་བཅད་པ་མིན། །མདོར་ན་ལུས་ངག་རང་སོ་ལ། །ཡིད་འབྱུང་ཆ་རྣམས་ཕྱིར་མ་ཤོར། །དབང་པོའི་ཡུལ་རྣམས་དྲུག་ལ་ཡང༌། །ཤེས་བཞིན་དཔྱོད་བའི་ཡིད་མ་འགྱུས། །རང་སྣང་མི་རྟོག་ཆེན་པོ་ལ། །གསལ་ལ་རྟོག་མེད་ཉམས་སྐྱེས་པའོ། །ཤེས་པ་ཡུལ་ཐོག་ཏུ་མ་ཤོར་བར་རང་བབས་སུ་གློད་པའོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ནི། །ལུས་ནི་ཐ་མལ་ལྟ་བུ་ལ། །ངག་ནི་སྨྲ་བརྗོད་ཚིག་དང་བྲལ། །སེམས་ནི་དམ་དུ་མ་བཅིངས་པའོ། །སྒོ་གསུམ་ཐོག་བབས་སུ་བཞག་དུས་རིག་པ་རྗེན་སེང་ངེ་ཟིན་པའོ། །སྣང་བ་རྒྱས་འདེབས་ཏིང་འཛིན་ནི། །ལུས་དང་ཡུལ་དང་རིག་པ་ཡིས། །རང་སྣང་དག་པའི་ཚད་རྣམས་གཟུང༌། །ཉིན་མཚན་དབྱིངས་རིག་གི་དོན་ལས་མི་འདའ་བའོ། །ཞེས་སོ། །དེས་སྒོམ་ཚུལ་བསྟན་པའོ། །གཉིས་པ་ལ་གསུམ་ལས། དང་པོ་ཅོག་གཞག་ཆེན་པོའི་ཉམས་དང་རྟགས་ཚད་ངེས་པ་ནི། ཀློང་དྲུག་པ་ལས། ཏིང་འཛིན་དང་པོའི་ཅོག་གཞག་གིས། །སྐུ་གསུམ་རིམ་གྱིས་གོམས་པ་ཡིན། །དངོས་པོ་གཤིས་ཀྱི་གནས་ལུགས་ལ། །དོན་འདིས་མཆོག་ཏུ་ཉེ་བར་འགྱུར། །སྐུ་གསུམ་གོམས་པའི་ཏིང་འཛིན་ཉམས། །ཅིག་ཅར་སྐྱེ་བ་མ་ཡིན་ཏེ། །འདི་ཀུན་རིམ་གྱིས་བློ་ཡུལ་ལོ། །ཐོག་མར་ཏིང་འཛིན་སྤྲུལ་སྐུ་ཐོབ། །དེ་དུས་རང་གི་ཤེས་པ་ལ། །སྔར་མ་མཐོང་བའི་ཆོས་རྣམས་ནི། །སེམས་ལ་མེད་པར་བློ་ལ་འཆར། །རང་གི་གདམས་པའི་ཐ་སྙད་ཚིག །མ་བཟུང་བཞིན་དུ་སེམས་ལ་བཀྲ། །སྐྱེས་བུ་སྐལ་དང་ལྡན་པ་ལ། །ཆོས་ཀྱི་རོ་ཡིས་སེམས་རྒྱས་པས། །ལུས་ཀྱང་ཞག་ནི་དྲུག་བདུན་ན། །ཡོད་པ་དག་ནི་མི་ཚོར་ཞིང༌། །ས་ཡི་སྟེང་ལས་འཕགས་ནས་ནི། །བར་སྣང་དག་ལ་འགྲོ་བའི་ཉམས། །རང་གི་སྤྱོད་ཡུལ་ཉིད་དུ་འབྱུང༌། །རིག་པ་བཅོས་མེད་མཁར་བཞག་ན། །རང་གི་སྤྲུལ་སྐུ་དེ་ལྟར་ཐོབ། །དེ་འདས་རིག་པ་མ་འགྱུར་བས། །ལོངས་སྤྱོད་རྫོགས་པའི་སྐུ་ཉིད་ཀྱང༌། །རང་གི་ཤེས་པའི་རྒྱན་དུ་ནི། །རང་སྣང་རྩོལ་བ་ཀུན་བྲལ་བར། །ཉམས་སུ་མྱོང་བ་འདི་ལྟར་འབྱུང༌། །སྔར་མ་མཐོང་བའི་འོད་སྣང་ཡང༌། །དུམ་བུ་དུམ་བུར་སུས་མཐོང་བ། །འདི་ཡང་ལོངས་སྤྱོད་རྫོགས་སྐུར་སྤྱོད། །སྐལ་ལྡན་རྣལ་འབྱོར་རིགས་ལྡན་དེའི། །ཤེས་པ་རང་གསལ་ཉམས་རེ་གསལ། །དྲན་བསམ་དབང་པོ་མ་འགགས་པར། །ཡིད་རྟོག་གཞན་མ་མི་འཇུག་ཅིང༌། །རིག་པ་རང་དག་བདེ་བདག་མེད། །རང་གསལ་བློ་ལ་གོམས་པ་ཡིས། །ནང་གསལ་འགྱུ་ཡིད་ཕྱིར་མི་འཆོར། །དངོས་པོའི་རྗེས་སུ་སེམས་མི་འབྲེང༌། །འཇིག་རྟེན་བྱ་བ་བློར་མི་སྣང༌། །འདིས་ནི་ལོངས་སྤྱོད་རྫོགས་པ་ཐོབ། །དེ་ནས་རིག་པ་ནམ་མཁའ་ལ། །ཅོག་གཞག་ཆེན་པོའི་ལྟ་སྟངས་ཀྱིས། །ཡེང་བ་མེད་པར་མཉམ་གཞག་པས། །ཡང་ནི་ཆོས་སྐུའི་ཏིང་འཛིན་སྣང༌། །དེ་དུས་ཤེས་པ་གཏིང་ནས་གསལ། །ལུ་གུ་རྒྱུད་ལ་མངོན་དུ་སྤྱོད། །སྣང་བ་འཕེལ་བའི་ཚད་ཡིན་ཏེ། །ཤེས་པ་རྣོ་ལ་མྱུར་བ་ཡིས། །སྔར་མ་མཐོང་བའི་སངས་རྒྱས་ཀྱང༌། །འདི་ཡིས་དེ་དུས་མི་རྣམས་ནི། །སྐལ་དང་ལྡན་པ་འདིས་ཐོབ་སྟེ། །བརྒྱ་སྟོང་བྱེ་བ་བློ་ལ་སྣང༌། །ལུས་ཀྱིས་སྔར་མ་བྱས་པ་ཡི། །ཤེས་པ་མེད་པའི་བཟོ་རྣམས་དང༌། །སྒྱུ་རྩལ་རྣམས་དང་ཡི་གེ་དང༌། །སྐད་དང་བརྡ་དང་རྟེན་འབྲེལ་ནི། །ཇི་ལྟར་སྔར་མ་མཐོང་བ་ཡི། །འདི་ཀུན་ཉམས་སུ་མྱོང་བ་དང༌། །ས་དང་ཆུ་དང་མེ་རླུང་གི །སྒྲ་ཡང་འདི་ཡིས་རང་དབང་ཐོབ། །མདོར་ན་མངོན་ཤེས་དྲུག་རྣམས་ཀྱང༌། །སྐལ་དང་ལྡན་པ་འདིས་ཐོབ་སྟེ། །རང་དང་ཕ་རོལ་དོན་རྣམས་ནི། །སྐྱེས་བུ་འདི་ཡིས་བྱེད་པར་འགྱུར། །ཀྱེ་མ་བྱང་ཆུབ་སེམས་ཆེན་པོ། །སྐུ་གསུམ་རང་བྱུང་དགོངས་པ་ནི། །མདོར་ན་འདི་ལྟར་ཉམས་ཚད་རྙེད། །སྤྲུལ་པ་སྐུ་ཡི་རྣལ་འབྱོར་སྤྱོད། །སྔར་མེད་སྙིང་རྗེ་ཆེན་པོ་ནི། །རང་གི་རྒྱུད་ལ་མཆོག་ཏུ་སྐྱེ། །འདི་དུས་སྤྲུལ་སྐུའི་ཏིང་འཛིན་ཐོབ། །གསལ་ལ་མི་རྟོག་ཤེས་པའི་ཉམས། །ལོངས་སྐུའི་ཏིང་ངེ་འཛིན་ཞེས་བྱ། །ཟག་མེད་སྟོང་པ་ཐིག་ལེའི་སྐུ། །རྩོལ་བ་མེད་པར་རང་ཤར་ཚེ། །ཆོས་ཀྱི་སྐུ་ཡི་ཏིང་འཛིན་ནི། །རྣལ་འབྱོར་ལྡན་པ་འདིས་ཐོབ་པོ། ཞེས་སོ། །དེ་ཡན་གྱིས་ཅོག་གཞག་ཆེན་པོའི་ཏིང་འཛིན་དངོས་སུ་བསྟན་ནས། དེའི་ཉམས་དང་རྟགས་ཚད་ཞོར་དུ་བསྟན་པའོ། །གཉིས་པ་ཐོག་བབས་ཆེན་པོའི་ཉམས་དང་རྟགས་ཚད་ནི། སྣང་བ་སྒྱུ་མར་འབྱོངས་པས་གང་ལའང་ཞེན་པ་མེད་པ་དང༌། རིག་པ་རྗེན་པ་བུད་པས་རྟོགས་པ་མཆོག་ཏུ་གསལ་བ་དང༌། དགོངས་པ་ཆོས་ཉིད་དུ་འདྲེས་པས་མ་བསྒོམས་ཀྱང་མི་རྟོག་པའི་ཏིང་ངེ་འཛིན་རང་བཞིན་གྱི་བསམ་གཏན་ལ་གནས་པ་དང་། ཤེས་རབ་རང་བྱུང་དུ་ཤར་བས་ཚིག་དོན་གྱི་ཀློང་རྡོལ་བ་སྟེ། དེའི་ཚུལ་རྒྱུད་དེ་ཉིད་ལས། ཐོག་བབས་ཆེན་པོའི་ཏིང་འཛིན་ནི། །གང་གིས་འདི་ལ་གོམས་སྤྱོད་ན། །སྣང་བ་ཀུན་ལ་དབང་སྒྱུར་ཐོབ། །དེ་ཉིད་རིམ་པའི་བཅའ་ཐབས་ནི། །རྣམ་པར་སྒོམ་པ་གང་འདོད་པ། །འདི་ཀུན་བློ་ཡི་ཡུལ་དུ་བྱ། །ཡུལ་ལ་རྐྱེན་རྟོག་རང་ཤར་ཚེ། །འདི་ཀུན་རང་བཞིན་མེད་ཤེས་ན། །སྣང་བ་ཐམས་ཅད་སྒྱུ་མའམ། །རྨི་ལམ་དང་ནི་གཟུགས་བརྙན་ལྟར། །མི་རྟོག་གཟུགས་བརྙན་ཆེན་པོའི་ཉམས། །སུ་ཡི་རྒྱུད་ལ་ཤར་བ་དེ། །སྣང་བ་རྣམས་ནི་ཐོག་བབས་སུ། །སྣང་རྐྱེན་ཡུལ་ལ་མི་འཆར་བར། །ཕྱིར་མི་ལྡོག་པའི་ཏིང་འཛིན་ཐོབ། །ཅེས་སོ། །རིག་པ་རྗེན་ལ་བུད་པ་དང་། རང་བཞིན་གྱི་བསམ་གཏན་ལ་གནས་པ་དང་། དགོངས་པ་ཏིང་འཛིན་ལས་མི་གཡོ་བ་དང་། ཤེས་རབ་རང་བྱུང་དུ་ཤར་བའི་རྟགས་ཚད་རྣམས་བསྟན་པའོ། །གསུམ་པ་རྒྱས་འདེབས་ཆེན་པོའི་ཉམས་དང་རྟགས་ཚད་ནི་འདུག་སྟངས་དང་གཟིགས་སྟངས་གཅུན་པས་སྣང་བ་འོད་གསལ་དུ་ཤར་བས་ཉིན་མཚན་ཆོས་ཉིད་ལ་གནས་པའོ། །དེའི་བསྒོམ་རིམ་རྟགས་ཚད་དང་བཅས་པ་ནི། ཀློང་དྲུག་པ་ལས། རྒྱས་འདེབས་ཆེན་པོའི་ཏིང་འཛིན་ནི། །སུ་ཞིག་བསྒོམ་པར་འདོད་པའི་མིས། །མི་འགྱུར་བ་ཡི་གནད་གཟིར་ཕྱིར། །ལུས་ཀྱི་འདུག་སྟངས་གཟིར་བྱས་ནས། །ཤེས་པ་ནམ་མཁའི་མཐོངས་སུ་འཕང༌། །དེ་བཞིན་མིག་ནི་བར་སྣང་ལ། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས། །དྲན་མེད་རྒྱས་འདེབས་ཆེན་པོར་བཞག །དེ་ལྟར་རིག་པ་ནམ་མཁར་གཏད། །འདི་དང་འབྲལ་བ་མེད་པར་ནི། །རྣལ་འབྱོར་རྒྱུན་དུ་གང་བསྒོམས་པ། །ཉིན་དུས་སྣང་བ་རྒྱས་འདེབས་སོ། །མཚན་དུས་རང་གི་གནས་ཁང་དུ། །དུས་བཞིན་མཉམ་པའི་ཚད་གཟུང་ཕྱིར། །དབང་པོའི་སྒོ་རྣམས་རང་བསྡུས་ནས། །ཐིག་ལེ་སྟོང་པའི་སྒྲོན་མ་ལ། །རྣལ་འབྱོར་ལྡན་པས་སེམས་བཞག་པས། །ཐིག་ལེ་ཉིད་ནི་འཕེལ་བ་ན། །ཤེས་པ་ཉིད་ཀྱང་འཕེལ་བར་གཏད། །དེ་བཞིན་ཐིག་ལ་ཕྲར་གྱུར་ཚེ། །ཐིག་ལེ་ཇེ་ཕྲ་ཇེ་ཕྲ་ལ། །ཤེས་པའང་ཇེ་ཕྲ་ཇེ་ཕྲར་བཞག །གཉིད་དང་རྨི་ལམ་གནད་ཀྱིས་ནི། །སྔར་ཞེན་བག་ཆགས་རྩད་ནས་དབྱུང༌། །འདི་ལྟར་མཚན་མའི་དུས་རྣམས་སུ། །རྣལ་འབྱོར་སྐལ་དང་ལྡན་པར་སྤྱོད། །འདིས་ནི་སྣང་བར་རང་རྒྱས་ཐེབས། །ཞེས་སོ། །རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་ནི། སྣང་བ་འོད་གསལ་དུ་ཤར་ནས་ཉིན་མཚན་ཆོས་ཉིད་ལས་མི་འདའ་བའོ། །གོང་གི་དེ་དག་ནི་ཉམས་ལེན་གོམས་པའི་ཚད་དོ། །རྒྱས་འདེབས་ཆེན་པོའི་ཏིང་ངེ་འཛིན་དེའི་བརྟན་པ་ལ་མཐར་ཕྱིན་པའི་ཚད་ནི། རྒྱུད་དེ་ཉིད་ལས། རང་གནས་ཅོག་གཞག་ཏིང་འཛིན་ཚད། །འབྱུང་བའི་དགྲས་མི་གནོད་པས་གཟུང༌། །དེ་བཞིན་ཐོག་བབས་ཏིང་འཛིན་ཚད། །འདོད་ཆགས་ལ་སོགས་ཉོན་མོངས་རྣམས། །རང་གི་རྒྱུད་ལ་གཏན་མི་སྐྱེ། །མི་དགེའི་བསམ་པ་སྐྱེ་མི་སྲིད། །འདིས་ནི་དེ་ཡི་ཚད་རྣམས་གཟུང༌། རྒྱས་འདེབས་ཆེན་པོའི་ཏིང་འཛིན་ཚད། །རགས་པའི་སྣང་བ་འགགས་པས་གཟུང༌། །ཞེས་སོ། །འདི་དག་ནི་གནད་གལ་པོ་ཆེའོ། །གསུམ་པ་རྗེས་སུ་གདམས་པ་གནད་ཀྱི་རྟགས་ཚད་ལ་གཉིས་ཏེ། །ངོ་ཤེས་པར་གདམས་པ་དང༌། །ཚད་ངེས་པར་གཟུང་བའོ། །དང་པོ་ནི་རང་ཤར་ལས། ཀྱེ་རིགས་ཀྱི་བུ་སེམས་མེད་པའི་རིག་པ་ངོ་ཤེས་པར་གྱིས་ཤིག ཡིད་དང་བྲལ་བའི་ཤེས་རབ་ངོ་ཤེས་པར་གྱིས་ཤིག དབུགས་དང་བྲལ་བའི་སྐུ་ངོ་ཤེས་པར་གྱིས་ཤིག འཛིན་པ་དང་བྲལ་བའི་རང་གྲོལ་ངོ་ཤེས་པར་གྱིས་ཤིག རྟོག་པ་དང་བྲལ་བའི་འོད་སྣང་ངོ་ཤེས་པར་གྱིས་ཤིག འབྱུང་བ་དང་བྲལ་བའི་ཡེ་གདངས་ངོ་ཤེས་པར་གྱིས་ཤིག བག་ཆགས་ལས་འདས་པའི་རིག་པ་ངོ་ཤེས་པར་གྱིས་ཤིག རྒྱུ་མེད་པའི་འབྲས་བུ་ངོ་ཤེས་པར་གྱིས་ཤིག དུས་དང་བྲལ་བའི་རང་གདངས་ངོ་ཤེས་པར་གྱིས་ཤིག སངས་རྒྱས་མེད་པའི་སེམས་ཅན་ངོ་ཤེས་པར་གྱིས་ཤིག དབང་རང་བྱུང་གི་དཀྱིལ་འཁོར་ངོ་ཤེས་པར་གྱིས་ཤིག་ཅེས་སོ། །དབྱིངས་དང་ཡེ་ཤེས་ཟུང་དུ་འབྲེལ་བ་སྟེ་སྐུ་ཐུགས་དབྱེར་མེད་པའི་ངོ་བོ་རིག་པ་རྟོག་བྲལ་སེམས་ལས་འདས་པའི་ཡེ་ཤེས་ཆེན་པོའི་དོན་བསྟན་པའོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། སྐྱེ་བ་མེད་པའི་ཚད་འཆི་བ་མེད་པ་ལ་ཟུངས་ཤིག འགག་པ་མེད་པའི་ཚད་སྣ་ཚོགས་སུ་འཆར་བ་ལ་ཟུངས་ཤིག འགྱུར་བ་མེད་པའི་ཚད་གཏིང་ཟབ་པ་ལ་ཟུངས་ཤིག ཡངས་པའི་ཚད་མཐའ་དབུས་མེད་པ་ལ་ཟུངས་ཤིག དགོངས་པའི་ཚད་མ་ཡེངས་པ་ལ་ཟུངས་ཤིག ཏིང་ངེ་འཛིན་གྱི་ཚད་བཏང་བཞག་མེད་པ་ལ་ཟུངས་ཤིག མ་བཅོས་པའི་ཚད་སྐྱོན་མེད་པ་ལ་ཟུངས་ཤིག རྟོགས་པ་ལམ་དུ་འཁྱེར་བའི་ཚད་འཆར་ནུབ་མེད་པ་ལ་ཟུངས་ཤིག གདམས་ངག་ཐེབས་པའི་ཚད་སྣང་བ་ཟད་པ་ལ་ཟུངས་ཤིག་ཅེས་སོ། །ཚད་ངེས་པར་གཟུང་བར་གདམས་པའོ།།

༼ག དུས་གསུམ་ངེས་པ་གྲངས་ཀྱི་རྟགས་ཚད་བསྟན་པ།

ཀ༽ སྔོན་གྱི་རྟགས་ཚད་ངེས་པ་བཤད་པ།

དོན་གསུམ་པ་དུས་གསུམ་ངེས་པ་རྣམ་གྲངས་ཀྱི་རྟགས་ཚད་ལ་གསུམ་སྟེ། སྔོན་དང་ད་ལྟ་དང༌། ཕྱིས་ཀྱི་རྟགས་ཚད་ངེས་པའོ། །དང་པོ་ལའང་ཚེ་རབས་སྔོན་དུ་སྐུ་གསུང་ཐུགས་ལ་སྦྱངས་པའི་རྟགས་ད་ལྟའི་ལུས་ལ་ཡོད་པ། ངག་ལ་སྣང་བ། སེམས་ལ་འཆར་བ་དང་གསུམ་ལས། དང་པོ་ནི་ཚེ་སྔོན་རང་གིས་སྐུ་གསུང་ཐུགས་ལ་སྦྱངས་པའི་རྟགས་སུ་ད་ལྟ་ལུས་ལ་རྟགས་མཚན་ངོ་མཚར་ཅན་འཆར་བ་ནི། སྐུ་གདུང་འབར་བ་ལས། བདེ་གཤེགས་སྐུ་ལ་སུས་འབྱོངས་པ། །དེ་ཡི་དཔྲལ་བའི་དབྱིངས་སུ་ཡང༌། །དུང་ནི་གཡས་སུ་འཁྱིལ་བའམ། །ཡང་ན་རྩེ་གསུམ་གཉེར་མ་གྱེན། །དེ་བཞིན་ཡང་ན་ཡི་གེ་ཨོཾ། །རི་མོའམ་ནི་ཡང་འབུར་དུ། །སུ་ལ་རྟགས་ནི་བྱུང་བའི་མི། །སྔོན་དུ་སངས་རྒྱས་སྐུ་ལ་སྦྱངས། །འདི་ཉིད་སྦྱངས་པའི་རྣལ་འབྱོར་དེ། །སངས་རྒྱས་སྐུ་དང་དབྱེར་མེད་པར། །ཚེ་རབས་གཉིས་ན་ཐོབ་པར་འགྱུར། །འདི་ལ་བར་ཆོད་མ་ཞུགས་པར། །སྒོམ་པ་ཉིད་ལ་བརྩོན་པ་ནི། །འདི་ཉིད་རབ་ཏུ་གཅེས་པའོ། །སངས་རྒྱས་ཀུན་གྱི་གསུང་ལ་ནི། །སྔོན་དུ་འབྱོངས་པའི་མི་དེ་ཉིད། །སྐལ་བ་དང་ནི་ལྡན་པ་ལ། །དེ་ཡི་མགྲིན་པའི་གཡས་གཡོན་དུ། །པདྨ་འདབ་མ་བརྒྱད་པའམ། །ཡང་ན་དུང་ནི་གཡས་སུ་འཁྱིལ། །དེ་བཞིན་དར་ལྕེ་འཕྱར་བའམ། །ལྕགས་ཀྱུའམ་ནི་རལ་གྲི་དང༌། །ཡི་གེ་ཨཱཿ ཡིས་མཚན་པ་ནི། །རི་མོ་ཉིད་དང་འབུར་དུ་ཡང༌། །སུ་ལ་ཡོད་པའི་སྐྱེས་བུ་དེ། །སངས་རྒྱས་ཀུན་གྱི་གསུང་ལ་ཡང༌། །འདི་ཡིས་སྔོན་དུ་སྦྱངས་པས་ན། །ཚེ་གཉིས་ཀྱིས་ནི་གསུང་གཅིག་ཏུ། །ངེས་པའི་འབྲས་བུ་ཐོབ་པར་འགྱུར། །འདི་ཡང་བར་ཆོད་མེད་པ་གཅེས། །བར་མ་ཆད་པའི་གསུང་བསྒོམས་ན། །གདོན་མི་ཟ་བར་ཐོབ་པར་ངེས། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང༌། །སྔོན་དུ་གོམས་པར་སུས་བྱས་པ། །འདི་ཡི་ལུས་ལ་རྟགས་འདིའོ། །གང་གི་སྙིང་གའི་གནས་སུ་ནི། །རྩེ་གསུམ་རྡོ་རྗེ་གྱེན་འགྲེང་དང༌། །དེ་བཞིན་འཁོར་ལོ་རྩིབས་བཞིའམ། །རིམ་པ་གསུམ་པའི་ཤ་མདངས་སམ། །རིན་པོ་ཆེ་ཡི་དབྱིབས་ཉིད་དམ། །ཡི་གེ་ཧཱུཾ་གི་མཚན་མ་ནི། །སུ་ལ་བྱུང་བའི་སྐྱེས་བུ་དེ། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ནི། །འདི་ཡིས་གོམས་སོ་སྐལ་དང་ལྡན། །འདིས་ནི་སྒོམ་ལ་བརྩོན་བྱས་ན། །བར་མ་ཆད་དེ་ཚེ་གསུམ་ན། །སངས་རྒྱས་ཐུགས་ཀྱི་དཀྱིལ་འཁོར་དུ། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་སོ། །གཉིས་པ་ནི། ཚེ་སྔོན་སྐུ་གསུང་ཐུགས་ལ་སྦྱངས་བའི་རྟགས་ད་ལྟ་ངག་ལ་སྣང་བ་ནི། རྒྱུད་དེ་ཉིད་ལས། སངས་རྒྱས་ཀུན་གྱི་སྐུ་ཉིད་ལ། །སྔོན་དུ་སུ་ཡིས་གོམས་པ་དེའི། །སྨྲས་པའི་ཚིག་ནི་བཙན་པ་དང༌། །ཚད་རྣམས་འགྱུར་བ་མེད་པར་ཡང༌། །འདི་ཉིད་འགྱུར་ཏེ་སྐལ་དང་ལྡན། །ཉི་མ་ཡི་ནི་དུས་གཅིག་ལ། །ཚིགས་སུ་བཅད་པ་སྟོང་ངམ་ནི། །ཡང་ན་བཞི་བརྒྱའི་ཚིགས་བཅད་ཀྱི། །དོན་ནི་བློ་ལ་སྣང་བར་འགྱུར། །ཅི་སྨྲས་གཞན་ལ་ཕན་པའི་མི། །འདིས་ནི་སྔོན་དུ་སྐུ་ལ་ཡང༌། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །སྔོན་དུ་སངས་རྒྱས་ཀུན་ལ་ཡང༌། །གསུང་ལ་སུ་ཡིས་གོམས་པ་ལ༌། །སྐད་ནི་ཚངས་པའི་དབྱངས་བཞིན་དུ། །ཀུན་གྱི་རྣ་བར་སྙན་པ་དང༌། །ཚིགས་སུ་བཅད་པ་སྟོང་དག་ཀྱང༌། །ཉིན་གཅིག་ལ་ནི་བློར་ཟིན་དང༌། །སེམས་ཅན་ཐམས་ཅད་བྲན་བཞིན་དུ། །འདི་ཡི་འཁོར་དུ་འགྱུར་བ་སྟེ། །སྔོན་དུ་སངས་རྒྱས་གསུང་ལ་ཡང༌། །འདི་ཡིས་གོམས་སོ་མཁའ་འགྲོ་མ། །སངས་རྒྱས་རྣམས་ཀྱི་ཐུགས་ལ་ཡང༌། །སྔོན་དུ་གོམས་པའི་སྐྱེས་བུ་ཡིས། །ཕ་རོལ་ཚིག་གཅིག་སྨྲས་པ་ནི། །དེ་ཡི་དོན་ནི་བདེ་ལུགས་སུ། །དེ་ལྟར་བཞིན་དུ་གོ་བ་དང༌། །རང་གིས་སྨྲས་པའི་ཚིག་རྣམས་ལ། །འགྱུར་བ་མེད་པར་གཞན་རྗེས་འཛིན། །འདིས་ནི་སངས་རྒྱས་ཐུགས་ལ་ཡང༌། །སྔོན་དུ་གོམས་སོ་མཁའ་འགྲོ་མ། །དེ་ལྟར་སྐུ་གསུང་ཐུགས་ལ་ཡང༌། །སུ་ཡིས་གོམས་པའི་སྐྱེས་བུ་ནི། །ཚེ་གཅིག་ལ་ནི་སངས་རྒྱས་ཐོབ། །ཅེས་སོ། །གསུམ་པ་ནི། ཚེ་སྔོན་སྐུ་གསུང་ཐུགས་ལ་སྦྱངས་པའི་རྟགས་རང་གི་ཡིད་ལ་འཆར་བ་ནི། སྐུ་གདུང་འབར་བ་ལས། །མ་བསླབས་སྒོམ་པ་རང་བབས་དང༌། །སེམས་ནི་ངང་གིས་དལ་བ་རྙེད། འདིས་ནི་སྔོན་དུ་སྐུ་ལ་གོམས། །བསམ་པ་ཆོས་རྣམས་བློར་སྣང་དང༌། །སྔར་མ་མཐོང་བའི་ཡུལ་མཐོང་དང༌། །སྔར་མ་ཐོས་པའི་ཆོས་ཀྱི་ཚིག །རང་བཞིན་དུ་ནི་ཤེས་པ་ནི། །འདིས་ནི་སྔོན་དུ་སངས་རྒྱས་ཀྱི། །གསུང་ལ་གོམས་སོ་མཁའ་འགྲོ་མ། །རྟག་ཏུ་གཅིག་བུར་འདུག་པ་དང༌། །གང་ལ་འཇིགས་པའི་སེམས་མེད་དང༌། །རི་དང་ནགས་ཚལ་འགྲིམ་པའི་མི། །འདིས་ནི་སྔོན་དུ་ཐུགས་ལ་ཡང༌། །གོམས་པ་ཡིན་ནོ་མཁའ་འགྲོ་མ། །འདི་ལྟར་ལྡན་པའི་སྐྱེས་བུ་དེས། །བར་མ་ཆད་པར་བདེན་སྤྱད་ན། །ཚེ་གསུམ་གྱིས་ནི་གདོན་མེད་པར། །སངས་རྒྱས་ཉིད་ལ་ཐེ་ཚོམ་མེད། །ཅེས་སོ། །ཚེ་སྔོན་མ་ལ་སྒོ་གསུམ་གྱིས་སྐུ་གསུང་ཐུགས་ལ་སྦྱངས་ནས་བག་ཆགས་དེ་ལ་བཞག་པའི་རྟགས་སུ་ད་ལྟའི་ལུས་ངག་ཡིད་ལ་དེའི་རྟགས་ནོར་མི་དགོས་པར་ཡོད་པ་ནི་གོང་གི་རྒྱུད་ཀྱི་ལུང་དོན་ལྟར་རོ། །རྟགས་དེ་དག་ཡོད་པའི་རྐྱེན་གྱིས་ཚེ་འདི་ལ་འབད་པ་བྱས་ན་སྐུ་གསུང་ཐུགས་སུ་གྲོལ་ཐུབ་པ་ཡིན་ལ། དེ་ཅིའི་ཕྱིར་ཞེ་ན་འགྲོ་བ་ཐམས་ཅད་ལ་གསོས་ཐེབས་དང་མ་ཐེབས་ཀྱི་ཁྱད་པར་དང་། སྨིན་དང་མ་སྨིན་གྱི་ཁྱད་པར་དང་། རིགས་སད་དང་མ་སད་དམ་རང་ངོ་ཤེས་དང་མ་ཤེས་ཀྱི་ཁྱད་པར་ཙམ་ལས་གཞིའི་དུས་ནས་སྐུ་གསུང་ཐུགས་རང་ཉིད་ལ་ཡོད་པ་དེའི་དབང་གིས་སམ་སྐྱེ་བ་སྔ་མའི་ཆོས་འདི་མཐོང་བའི་མོས་པ་དང་སྨོན་ལམ་གྱི་དབང་གིས་ཀྱང་རྟེན་འདིར་གྲོལ་བའམ་སྐྱེ་བ་རྗེས་མར་གྲོལ་བ་ཐོབ་པ་ཡིན་གསུངས་པའོ། །སྐུའི་རྟགས་ཡོད་པ་ཞིག་གིས་སྐུ་ལ་ད་ལྟ་སྦྱངས་ན་ཚེ་གཉིས་ན་རྡོ་རྗེའི་སྐུ་འཐོབ་པ་དང་། གསུང་གི་རྟགས་ཡོད་པ་ཞིག་གིས་བསྒྲུབས་པར་བྱས་ན་གསུང་རྡོ་རྗེ་སྐྱེ་བ་གཉིས་ནས་འགྲུབ་པ་དང་། དེ་བཞིན་དུ་ཐུགས་ལ་གོམས་པ་ཞིག་གིས་ཐུགས་རྡོ་རྗེ་སྐྱེ་བ་གསུམ་ན་འགྲུབ་པའོ།།

ཁ༽ ད་ལྟའི་རྟགས་ཚད་ངེས་པ་བཤད་པ།

ཀ སྔོན་འགྲོ་ཚད་དུ་འབྱོངས་པའི་རྟགས་ཚད་བསྟན་པ།

དོན་གཉིས་པ་ད་ལྟའི་རྟགས་ངེས་པ་ལ་གཉིས་ཏེ། སྔོན་འགྲོ་ཚད་དུ་འབྱོངས་པའི་རྟགས་ཚད་བསྟན་པ་དང༌། དངོས་གཞིའི་རྟགས་ཚད་ངེས་པའོ། །དང་པོ་འབྱུང་བ་བཞིའི་རྣལ་འབྱོར་དང༌། རུ་ཤན་འབྱེད་པ་གཉིས་ཏེ། ཡང་རྒྱུད་དེ་ཉིད་ལས། གང་གིས་འབྱུང་བའི་སྒྲ་རྣམས་དང༌། །རིགས་དྲུག་སྒྲ་ལ་སུས་གོམས་པ། །འདི་ལ་འབྱུང་བས་མི་གནོད་ཅིང༌། །དེ་བཞིན་མེ་ཡིས་འཚིག་པ་མེད། །ཆུ་ཡིས་བྱིང་ཞིང་ཁྱེར་བ་མེད། །རྐང་པ་ས་ལ་མ་རེག་པར། །བར་སྣང་ལ་ཡང་འགྲོ་བར་ནུས། །རླུང་གིས་གྲང་ཞིང་གཡོ་བ་མེད། འདི་ལྟར་སུ་ལ་བྱུང་བ་ནི། །འབྱུང་བཞིའི་སྒྲ་ལ་གོམས་པ་ཡིན། །སེམས་ཅན་སྣང་དང་མི་སྣང་བའི། །སྐད་ནི་གང་གོམས་ཤེས་པ་སྟེ། །རིགས་དྲུག་གཟུགས་སུ་མི་ལྡོག་ཕྱིར། །འགྲོ་བ་དྲུག་གི་སྐད་རྣམས་ཤེས། །འགྲོ་དྲུག་སེམས་རྒྱུན་རང་ཆོད་ཕྱིར། །དེ་ཀུན་སེམས་ཀྱི་བསམ་པ་ཤེས། །འཁྲུལ་རྟོག་བསམ་པ་ཟད་པའི་ཕྱིར། །མདོར་ན་མངོན་ཤེས་དྲུག་འབྱུང་སྟེ། །འགྲོ་བ་དྲུག་གི་སྣང་བ་ནི། །རང་གི་རང་བཞིན་ལོག་ནས་ནི། །ཕྱིས་ནི་སྐྱེ་བ་བཅད་པའི་དོན། །འདི་ལྟར་སྐྱེས་བུ་འདིས་ཆོད་པས། །རང་རྟགས་འདི་ཀུན་འབྱུང་བའོ། །འཁོར་འདས་རུ་ཤན་འབྱེད་པ་ཡི། །སྔོན་དུ་འགྲོ་བ་ལུས་ངག་ཡིད། །སྤྱོད་པ་ལ་ནི་གོམས་པ་ལ། །འདི་ལྟར་ལུས་ལ་རྟགས་རྣམས་འབྱུང༌། །ལུས་ཀྱི་ཞེན་པ་རང་ལོག་པར། །འཁྲུལ་བའི་ཞེན་པ་རྒྱུན་བཅད་ཕྱིར། །རང་གི་ལུས་ལ་ཆགས་པ་མེད། །ནམ་མཁའ་ལ་ནི་སྤྱོད་པ་དང༌། །དེ་བཞིན་ས་ལ་འཛུལ་བར་ནུས། །བསམ་དང་མི་བསམ་དོན་རྣམས་ཤེས། །ཁ་ནས་ཆོས་ཀྱང་སྨྲ་བ་འབྱུང༌། །འདི་ལྟར་སུ་ལ་བྱུང་བའི་མི། །ལུས་དང་ངག་དང་སེམས་ཀྱི་ནི། །འཁོར་བའི་རྟོག་པའི་འཆིང་བ་ནི། །གང་གིས་བཅིངས་པ་ཀུན་ལས་གྲོལ། །ཕྱིས་ནི་ལུས་ངག་སེམས་འབྲེལ་ཆོད། །ཅེས་སོ། །འབྱུང་བའི་སྒྲ་ལ་གོམས་པས་འབྱུང་བ་སོ་སོར་ལ་རང་དབང་ཐོབ་ནས་འབྱུང་བཞིའི་གནོད་པ་ལས་གྲོལ་བ་དང་། མངོན་ཤེས་དང་རྫུ་འཕྲུལ་སྣ་ཚོགས་ཐོབ་པའི་ཡོན་ཏན་བརྙེས་པའོ།།

ཁ དངོས་གཞིའི་རྟགས་ཚད་ངེས་པ་བསྟན་པ།

༼༡༽ དམིགས་པ་ཡུལ་གྱི་བློ་ཅན་རྣལ་འབྱོར་བཞིའི་ཚད་བསྟན་པ།

གཉིས་པ་དངོས་གཞིའི་རྟགས་ལ་གཉིས་ཏེ། དམིགས་པ་ཡུལ་གྱི་བློ་ཅན་རྣལ་འབྱོར་བཞིའི་ཚད་དང༌། རིག་པ་རང་སྣང་གི་བློ་ཅན་དབྱིངས་རིག་རྟོགས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། ལྟ་བ་ལ་ནི་གོམས་པའི་རྟགས། །སྐལ་དང་ལྡན་པའི་སྐྱེས་བུ་ལ། །འདི་བཞིན་དུ་ཡང་འབྱུང་བར་འགྱུར། །སྟོང་པས་ལུས་དང་སེམས་རྒྱས་པས། །མཁའ་འགྲོ་བཞིན་ཏེ་ནམ་མཁའ་ལ། །རླུང་ལ་རང་དབང་བསྒྱུར་བའི་ཕྱིར། །རླུང་བཞིན་སྐད་ཅིག་དྲུག་བརྒྱ་ལ། །འཛམ་བུའི་གླིང་བཞིར་རྒྱུ་བར་ནུས། །རང་སེམས་སྟོང་པར་རྟོགས་པའི་ཕྱིར། །གང་ལ་བལྟས་བ་ཞུ་བར་ནུས། །འདི་ནི་ལྟ་བའི་གདེང་རྙེད་ཡིན། །གང་གིས་སྒོམ་ལ་འབྱོངས་པའི་རྟགས། །ལུས་ལ་འབུ་སྲིན་སྲོག་ཆགས་མེད། །སྙིང་རྗེས་གཞན་དོན་མཐར་ཕྱིན་ཕྱིར། །རྣམ་རྟོག་སེམས་རྒྱུན་སྟོངས་པས་ན། །ལུས་ནི་ཤིང་བལ་བཞིན་དུ་ཡང༌། །རིག་པ་འཆི་མེད་དོན་ལྡན་པས། །ལུས་ནི་བཅུ་དྲུག་ལོན་བཞིན་འགྱུར། །ཆོས་ཉིད་བརླན་གྱིས་སེམས་ཁྱབ་ཕྱིར། །ལུས་སོགས་སྐྲ་རྣམས་སྣུམ་བག་ལྡན། །འདི་ལྟར་སེམས་ནི་མི་འཕྲོ་བར། །གང་དུ་བསྡད་པའི་སར་སྡོད་ཅིང༌། །འཁྲུལ་པའི་ཡུལ་ལ་འཇུག་མི་ནུས། །འདིས་ནི་སྒོམ་པ་རང་རྙེད་ནས། །ཚེ་གཉིས་ཀྱིས་ནི་སངས་རྒྱས་ཐོབ། །ཅེས་སོ།།

༼༢༽ རིག་པ་རང་སྣང་གི་བློ་ཅན་དབྱིངས་རིག་རྟོགས་པའི་ཚད་བསྟན་པ།

༼༡ ཁྲེགས་ཆོད་མཐར་ཕྱིན་པའི་ཚད་བཤད་པ།

གཉིས་པ་ལ་ཁྲེགས་ཆོད་མཐར་ཕྱིན་པའི་ཚད་དང༌། ཐོད་རྒལ་གོམས་པའི་ཚད་དོ། །དང་པོ་ནི་ཁྲེགས་ཆོད་འབྱོངས་དུས་སྣང་བ་དང༌། ལུས་ཀུན་རྡུལ་ཕྲན་ཆ་མེད་སིལ་བུར་མཐོང་ནས་འབྱུང་བ་བཞིའི་རྡུལ་ཕྲན་རང་སར་དེངས་ཤིང་སྤྱན་དང་མངོན་ཤེས་ལ་དབང་བསྒྱུར་ནས་ཚེ་འདི་ཉིད་ལ་གྲོལ་བ་སྟེ། རིན་པོ་ཆེ་སྤུངས་བའི་རྒྱུད་ལས། འདི་ཉིད་རང་གི་བློར་གོ་བས། །མི་སྣང་རྟོག་པ་མེད་པ་ཡི། །སྣང་བ་ཐམས་ཅད་རང་དག་ནས། །ཐམས་ཅད་ཟང་མ་ཐལ་བྱུང་དུ། །སྟོང་གསལ་ཆེན་པོའི་རིགས་སུ་གྱུར། །ས་ཆུ་མེ་རླུང་འབྱུང་བ་བཞི། །སོ་སོའི་ནུས་པ་མི་སྣང་བར། །ན་བུན་བཞིན་ཏེ་མཁའ་ལ་དེངས། །འཁྲུལ་པའི་ཞེན་པ་སྣ་ཚོགས་ནི། །ཇི་ལྟར་བསམས་ཀྱང་སྐྱེ་མེད་པར། །གཟུང་འཛིན་ཆ་རྣམས་རང་འགགས་ནས། །གང་གི་སྣང་སྟེ་རང་ཟད་དེ། །གསལ་བྱེད་རང་གི་ཉམས་མྱོང་བར། །ལུས་ཅན་ཀུན་ཡང་དེ་བཞིན་སོང༌། །ཞེས་སོ། །འདིའི་འཐད་པ་ནི། ཐེག་པ་ཐུན་མོང་ལས་ཀྱང་རགས་པའི་འབྱུང་བཞི་རྡུལ་ཕྲན་ཆ་མེད་དུ་དོན་ལ་གནས་བར་བཤད་ལ། སྟོང་ཉིད་གོམས་པས་རྡུལ་ཕྲན་མཐོང་བ་དང༌། ར་བ་དང་རི་དང་རྩིག་པ་ལ་སོགས་ལ་ཟང་ཐལ་དུ་འགྲོ་བ་དང༌། རྫུ་འཕྲུལ་གྱིས་ནམ་མཁར་འཕགས་ནས་ཡེ་ཤེས་ཀྱི་མེས་བུར་སྦྱོང་བ་ལ་སོགས་པ་གསུངས་ལ། ཐེག་པ་བླ་ན་མེད་པ་ལས་གཞི་མེད་སྒྱུ་མའི་དཔེ་བརྒྱད་དུ་བསྟན་པས་དོན་དམ་པའི་བདེན་པ་མཐར་ཕྱིན་ནས་འཁྲུལ་པ་འཇིག་པ་ན་ཁྲེགས་ཆོད་ཀྱི་རྡུལ་ཕྲན་དེངས་པའོ། །ཐོད་རྒལ་དང་མི་མཚུངས་ཏེ། ཐོད་རྒལ་གྱི་རྡུལ་ཕྲན་དེངས་ན་འོད་དུ་གསལ་བ་བས་སྐྱེ་བ་དང་འཇུག་པ་ལ་དབང་ཞིང་སླར་འཕོ་བའི་སྐུར་བཞེངས་ཐུབ་ལ། ཁྲེགས་ཆོད་ཀྱི་རྡུལ་ཕྲན་དུ་ལུས་དེངས། ཆོས་ཉིད་དུ་སེམས་དེངས་ནས་ཀ་དག་གི་སར་གྲོལ་ཏེ་དེས་ན་དོན་མཛད་པའི་ཁྱད་ཀྱིས་ཕྱེ་བ་ཡིན་ནོ། །རྫོགས་པ་ཆེན་པོའི་འདི་ནས་གནད་འདི་ལྟ་བུ་བཤད་ཀྱང་གསལ་བར་རྟོགས་ནས་གྲུབ་མཐའ་སློང་ཤེས་པ་ནི་དིང་སང་ཁོ་བོ་ཙམ་དུ་ཟད་དོ། །འདི་གནད་ཤིན་ཏུ་ཆེ་བར་ཡོད་དོ། །དམིགས་པ་ཡུལ་གྱི་བློ་ཅན་གྱི་གང་ཟག་གིས་ཁྲེགས་ཆོད་གནད་དུ་འབྱོངས་པས་ལུས་རྡུལ་ཕྲན་དུ་དེངས་པ་དང་། སེམས་ཆོས་ཉིད་དུ་དག་ནས་ལྟ་བ་མཐའ་གྲོལ་ནམ་མཁའ་ལྟ་བུར་འབྱོངས་བའི་རྐྱེན་གྱིས་ནམ་མཁར་འགྲོ་བ་ལ་སོགས་པའི་རྫུ་འཕྲུལ་ཐོབ་པ་དང་། སྒོམ་པ་ངང་དྭངས་རང་བབས་ཀྱི་བསམ་གཏན་འབྱོངས་པས་ལུས་ངག་སེམས་ཀྱི་རྟགས་ངོ་མཚར་ཅན་འབྱུང་བ་ལ་སོགས་བསྟན་པའོ།།

ཉིན་བཅུ་དྲུག་པའི་ཆོས་ཁྲིད།

རང་རེ་སོ་སོའི་སྐྱེ་བོ་སྲིད་པ་ཁམས་གསུམ་འཁོར་བའི་གནས་ན་སྡུག་བསྔལ་རྣམ་གསུམ་གྱིས་དུས་ཀུན་གདུངས་ཤིང་མནར་ཏེ་ཡོད་པས་བདེ་བ་སྐད་ཅིག་མ་གཅིག་ཙམ་ཡང་ཡོད་པ་མ་ཡིན་ལ་ཁམས་གསུམ་འཁོར་བ་གནས་རིས་དྲུག་པོར་གཅིག་ནས་གཅིག་ཏུ་བརྒྱུད་ནས་ཤིང་རྟའི་འཕང་ལོ་འཁོར་བ་བཞིན་དུ་ཐོག་མེད་ནས་ད་ལྟའི་བར་དུ་འཁོར་མཚམས་མ་ཆད་པར་སྐྱེ་ཤི་འབའ་ཞིག་གི་ཁ་བརྒྱུད་ནས་འཁོར་བ་ཡིན་ན། ད་རེས་ནི་འཁོར་བའི་སྡུག་བསྔལ་འདིའི་ནང་ནས་ཐར་ཐབས་ཤིག་དང་། འདིའི་སྡུག་བསྔལ་འདི་མྱོང་མི་དགོས་པ་ཞིག་བྱེད་རན་ནས་ཡོད་ལ། ད་མི་ཁོམ་པའི་གནས་སེམས་ཅན་དམྱལ་བ་ཡི་དྭགས་དུད་འགྲོ་ལ་སོགས་པའི་གནས་རིས་ལ་མ་སྐྱེས་པར་དལ་ཞིང་ཁོམ་པ་ཡོད་པའི་མིའི་ལུས་རྟེན་ཞིག་རྙེད་ནས་ཡོད་པས་མི་ཚད་ཡང་དག་པའི་དགེ་བའི་བཤེས་གཉེན་ཐར་བའི་ལམ་སྟོན་མཁན་ཞིག་དང་ཡང་འཕྲད་པའི་སྐབས་འདིར་བདེ་འགྲོ་ཐར་བའི་ཐེམ་སྐས་དེ་ལ་མ་འཛེགས་ན་ཕྱིན་ཆད་འདི་འདྲའི་དལ་འབྱོར་ལྡན་པའི་ལུས་རྟེན་རྙེད་དཀའ་ཞིང་། གལ་ཏེ་དལ་བ་བརྒྱད་དང་འབྱོར་བ་བཅུ་ཚང་བའི་མི་ལུས་རིན་པོ་ཆེ་འདི་མ་ཐོབ་ན་སྡིག་པ་འབའ་ཞིག་འཕེལ་བ་མ་གཏོགས་དཀར་པོ་དགེ་བའི་ལས་ལ་གོམས་པ་དང་དམ་པའི་ཆོས་ལ་སྤྱོད་པའི་གོ་སྐབས་མེད་པས། དམ་པའི་ཆོས་ཐར་བའི་སྲོག་མཐུད་པའི་བདུད་རྩི་ལྟ་བུ་འདི་ལ་ལོངས་སུ་སྤྱོད་རྒྱུ་ཡོད་མ་དགོས་དེའི་སྐབས་སུ་ཆོས་ཞེས་པའི་མཚན་གྱི་སྒྲ་ཙམ་ཞིག་རྣ་ལམ་དུ་གོ་བ་ཡང་དཀའ་བ་ཡིན། དམ་པའི་ཆོས་ཀྱི་སྒྲ་ཙམ་ཡང་མི་ཐོས་པའི་གནས་སུ་སྐྱེ་བའི་སྐབས་དང་འཁེལ་ན་བསག་རྒྱུ་སྡིག་པ་དང་བྱེད་རྒྱུ་མི་དགེ་བ་ཡིན་པའི་སྟོབས་ཀྱིས་དེའི་འབྲས་བུ་འོག་ནས་འོག་ཏུ་ངན་སོང་ངན་འགྲོའི་གནས་མུ་མཐའ་མེད་པར་བརྒྱུད་པ་ཡིན་ཏེ། ངན་སོང་གི་གནས་དེ་ནས་ཐར་མ་ཐུབ་ན་ལས་སྔ་མ་བསགས་པའི་འབྲས་བུ་སྡུག་བསྔལ་དྲག་པོ་མྱོང་བཞིན་དུ་ལས་ངན་ཕྱི་མ་དེ་བས་མང་ཞིག་བསགས་ནས་མུ་མེད་ཀྱི་འཁོར་བའི་གནས་ནས་ཐར་བའི་དུས་མེད་པར་རྟག་ཏུ་འཁྱམ་དགོས་པའི་ཕྱིར། ཀུན་མཁྱེན་ཆོས་རྗེས། མཐའ་མེད་སྡིག་པའི་རྒྱ་མཚོར་འཁྱམ་དུས་འདིར། །རང་རང་ལས་ཀྱི་དབའ་ཀློང་དྲག་པོ་འཁྲུགས། །སྡུག་བསྔལ་གཏིང་མཐའ་དཔག་ཏུ་མེད་པ་ལས། ལས་ཟད་བར་དུ་ཡང་ཡང་བརྣག་དགོས་སོ། །ཞེས་གསུངས་ཏེ། དེ་ཡང་མཐའ་མེད་སྡུག་བསྔལ་གྱི་རྒྱ་མཚོ་སྡིག་པའི་ཡོ་ལང་འབའ་ཞིག་གིས་དུས་འདའ་བའི་གནས་དེ་འདྲ་ཞིག་ལ་འཁྱམ་པའི་དུས་དེར་སེམས་ཅན་རང་རང་གི་ལས་དེ་ལྡོག་ཏུ་མེད་པ་ནི་རྒྱ་མཚོའི་རྦ་རླབས་དྲག་ཏུ་འཁྲུགས་པའི་ཀློང་ལྟ་བུ་ཡིན་ལ། དེའི་སྡུག་བསྔལ་དེ་ལས་ཐར་ནས་སྡུག་བསྔལ་དེ་ཟད་དགོས་པ་ཡིན་ན་རྒྱ་མཚོ་ལ་གཏིང་མཐའ་མེད་པ་དང་འདྲ་བར་ལས་ངན་བསགས་སྟོབས་ཆེན་པོ་དེ་གཏིང་མཐའ་མི་མངོན་པ་ཞིག་ཡིན་པས་ཟད་དཀའ་བའི་གནད་ཀྱིས་དེ་མྱོང་སྟོབས་འབའ་ཞིག་གིས་མ་ཟད་ཀྱི་བར་དུ་སྡུག་བསྔལ་དགོས་ཞེས་གསུངས་པའོ། །དེ་ལྟ་བུའི་སེམས་ཅན་རང་རང་གི་ལས་ངན་གྱི་འཁྲུལ་བ་དེ་མེ་དཔུང་ཆེན་པོ་དང་འདྲ་བར་ལས་ངན་བསགས་པའི་བུད་ཤིང་དེ་བསགས་སྟོབས་ཆེ་ཞིང་བསགས་གྲངས་མང་བ་དེ་རྒྱལ་བ་ཐུགས་རྗེ་ཅན་སྐུ་དངོས་པོ་མངོན་སུམ་བྱོན་ཡང་དེའི་ལས་ངན་གྱི་མེ་ཆེན་དེ་གཞིལ་དཀའ་སྟེ། ད་སྔོན་སངས་རྒྱས་གྲངས་མེད་པ་ཞིག་འཇིག་རྟེན་གྱི་ཁམས་སུ་བྱོན་ལ། སངས་རྒྱས་རེ་རེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་བརྩེ་བ་དང་ལྡན་པ་ཤ་སྟག་ཡིན་ཡང་། འུ་ཅག་ཁམས་གསུམ་འཁོར་བའི་ནང་ནས་མ་ཐར་ནས་ལུས་ཏེ་ཡོད་པ་ལ། བསམ་བློ་བཏང་ན་རང་ཉིད་ཀྱིས་འབད་པ་མ་བྱས་ཐབས་མེད་ཀྱི་རྒྱུ་མཚན་རིག་པ་ཡིན་པས་ད་རེས་དལ་འབྱོར་ལྡན་པའི་ལུས་རྟེན་ཞིག་ཐོབ་པའི་སྐབས་འདིར་འཁོར་བའི་སྡུག་བསྔལ་གྱི་མཐའ་ཞིག་དེད་ནས་བསམ་བློ་ཞིག་མ་འཁོར་ན་ཞི་བ་བདེ་བ་བསིལ་བ་སྡུག་བསྔལ་མེད་པའི་ཐར་བ་དམ་པ་རིན་པོའི་ཆེའི་ཁང་བཟང་སྐྱེད་མོས་ཚལ་ལྟ་བུ་དེར་ཐོན་པའི་དུས་ཡོད་པ་མ་རེད་པས་ཕྱི་བཤོལ་སང་བྱེད་གནངས་བྱེད་དུ་མི་འཇོག་པར་དེ་རིང་ནས་ཟབ་མོའི་ཆོས་བསྒྲུབ་པ་ལ་མངོན་པར་ཕྱོགས་ནས་བརྩོན་པ་བསྐྱེད་ན་ཚེ་འདི་ལ་ཐར་བའི་ལམ་སྣ་ཟིན་དང་མི་ཟིན་གྱི་དོགས་པ་དང་ཐེ་ཚོམ་མི་དགོས་ངེས་ཅན་ཡིན་པས། ཐར་ལམ་གྱི་སྣེ་མོ་དེ་གཅིག་ཟིན་དུས་གོང་ནས་གོང་དུ་བདེ་ནས་བདེ་བའི་གནས་སུ་འགྲོ་ཐུབ་པ་ཡིན་ཏེ། དེའི་དུས་སུ་བྱང་ཆུབ་དམ་པ་ཞེས་པའི་བདེ་ལེགས་ཕུན་སུམ་ཚོགས་པའི་འབྱོར་བ་ཐམས་ཅད་དང་ལྡན་པ་དེ་རང་གི་ལག་ཏུ་ཡོད་པ་ལྟ་བུའི་དུས་ཤིག་ལ་ཐོན་རྒྱུ་ཡོད་ངེས། བདེ་ལེགས་ཀྱི་འབྱོར་བ་དེའི་ལམ་སྣེ་དེ་ལ་ཐོན་དུས་ནས་ཀྱང་ངན་འགྲོའི་གནས་སུ་ལྟུང་དུ་མེད་པར་མ་ཟད་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་མཆོག་ཏུ་འགྲོ་ཐུབ་པ་ཡིན། བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དེར་ཡང་ཚེ་རིང་བ་དང་ལོངས་སྤྱོད་ཀྱི་འབྱོར་བ་རྒྱས་ཤིང་ལོངས་སྤྱོད་ཀྱིས་ཕོངས་པ་མེད་པར་ཆོས་སྒྲུབ་པའི་བགོ་སྐལ་དང་ལྡན་པས་དགེ་བའི་ལས་ལ་བརྩོན་པ་བསྐྱེད་ནས་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་དགའ་སྟོན་བཟང་པོ་ཞིག་དུས་རྟག་ཏུ་མྱོང་ནས་དགེ་བ་དེའི་འབྲས་བུ་དེའི་དབང་གིས་ཐར་བའི་ལམ་བཟང་རིན་པོ་ཆེའི་གླིང་ལྟ་བུ་དེ་ནས་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རྨད་དུ་བྱུང་བ་ཐུགས་རྗེ་དང་འཕྲིན་ལས་མཐའ་ཡས་པའི་བདག་ཉིད་ཅན་དེ་སྒྲུབ་ཐུབ་པ་ཡིན་ཏེ། ཀུན་མཁྱེན་ཆོས་རྗེས། པདྨོ་ཅན་སོགས་དག་པའི་འཇིག་རྟེན་དུ། །པདྨོ་ལས་སྐྱེས་སེམས་གཙང་རྙོག་པ་མེད། །པདྨོ་ལྟར་མཛེས་ཡོན་ཏན་ཚོགས་མང་ཞིང་། །པདྨོའི་དཔལ་སོགས་རྒྱལ་བ་མཐོང་བར་འགྱུར། །ཞེས་དག་པའི་ཞིང་ཁམས་སུ་སྐྱེ་བ་བླངས་ཤིང་ཞིང་དེར་བདེ་བར་གཤེགས་པའི་ཞལ་མཇལ་ནས་སངས་རྒྱས་དངོས་ཀྱི་མདུན་ནས་ཆོས་ཉན་ཆོག་པ་དང་། ཞིང་ཁམས་སྦྱངས་ནས་འཕགས་པའི་དགེ་འདུན་ས་ཐོབ་ཤ་སྟག་གི་གྲོགས་དང་འགྲོགས་པའི་སྐལ་བ་དང་ལྡན་པ་ཡིན། པདྨོ་ཅན་ནི་ཞིང་ཁམས་བདེ་བ་ཅན་སངས་རྒྱས་འོད་དཔག་མེད་པའི་ཞིང་ཁམས་ལ་གསུངས་པས་དེའི་ཞིང་ཁམས་དེར་མེ་ཏོག་པདྨོའི་སྦུབས་ལས་བརྫུས་ཏེ་སྐྱེས་ནས་སེམས་གཙང་རྙོག་པ་མེད་པ་ཉོན་མོངས་ཀྱི་རྡུལ་དང་བྲལ་བ་གཟུགས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་པདྨོ་ལྟར་མཛེས་པ་ལ་སོགས་པ་ཡོན་ཏན་གྱི་ཚོགས་མང་པོ་ཐོབ་པ་དང་བཅས་ཏེ། པདྨོའི་དཔལ་ལ་སོགས་པ་སྟེ་ནུབ་ཕྱོགས་བདེ་བ་ཅན་ལ་སོགས་པ་ཞིང་ཁམས་རབ་འབྱམས་རྡུལ་གྱི་གྲངས་སྙེད་དང་མཉམ་པའི་སངས་རྒྱས་ཀྱི་ཞལ་མཐོང་ནས་དབུགས་དབྱུང་བ་ཐོབ་པ་ཡིན་གསུངས་པའོ། །དེས་ན་ཁོག་པའི་ནང་དུ་སེམས་ཡོད་ཅིང་མ་འོངས་ཕྱི་མའི་འདང་རྒྱག་ཅུང་ཟད་ཅིག་བྱེད་ཤེས་མཁན་ཞིག་ཡིན་ན་དེ་རིང་ད་ལྟ་ཉིད་ནས་བརྩོན་པའི་གོ་ཆ་བགོས་ནས་དཀར་པོ་དགེ་བའི་ལས་བསོད་ནམས་བསག་རྒྱུའི་ཕྱོགས་ལ་བསམ་བློ་བཏང་ནས་ཐར་བའི་ལམ་ལ་སྐྱོད་པའི་ཆེད་དུ་བརྩོན་པ་བརྒྱ་འགྱུར་བསྐྱེད་འོས་པས་མི་ཚད་རན་ནས་ཡོད་དོ། །ད་རེས་ཀྱི་གོ་སྐབས་འདིའི་ཐོག་ནས་སྲིད་པ་ཁམས་གསུམ་འཁོར་བའི་གནས་ནས་ཐར་བའི་ལམ་ཡང་དག་པ་ཞིག་མ་རྙེད་ན་ཕྱི་ནས་ནམ་ཡིན་ཡིན་དུ་ལམ་འདི་ལྟ་བུ་དང་འཕྲད་པ་དཀོན་པ་ཡིན་ནོ། །འདི་ལྟ་བུའི་ལམ་དང་མ་ཕྲད་ན་མཐའ་མེད་འཁོར་བའི་གནས་ནས་ཐར་ཐབས་མེད། དེ་མེད་ན་ད་ལྟའི་སྐབས་སུ་ཚ་གྲང་བཀྲེས་སྐོམ་ཅུང་ཟད་རེ་དང་ནད་ན་ཚའི་སྡུག་བསྔལ་ཕྲ་མོ་ཙམ་ཡང་མི་བཟོད་པ་ཡིན་ན་སེམས་ཅན་དམྱལ་བ་དང་ཡི་དྭགས་དུད་འགྲོ་ལ་སོགས་པར་སྐྱེས་ནས་སྡུག་བསྔལ་མེ་ཚོགས་ཀྱི་ཕུང་པོ་འདྲ་བོ་དེ་ཇི་ལྟར་བཟོད་ཐུབ། དེ་བས་ད་ལྟའི་སྐབས་རང་དབང་རང་ལ་ཡོད་དུས་འདིར་དང་པོ་འཁོར་བའི་སྡུག་བསྔལ་དང་ཐར་བའི་ཕན་ཡོན། དགེ་སྡིག་བླང་དོར་ཚོགས་གཉིས་སྒྲུབ་ལུགས་ལ་སོགས་པ་ལེགས་པའི་ཆོས་ལ་ཉིན་མཚན་གཡེལ་བ་མེད་པའི་ཐོག་ནས་འབད་པར་བྱེད་དགོས། དལ་འབྱོར་ལྡན་པའི་ལུས་རྟེན་ཐོབ་བཞིན་དུ་དམ་པའི་ཆོས་མ་བསྒྲུབས་ན་མི་ཚེ་ཆུད་ཟོས་འཕྲོག་བརླག་ཏུ་ཤོར་ནས་ཡེངས་མ་ལམ་ལ་མི་ཚེའི་མཐའ་ལ་ཐུག་འགྲོ་བ་ཡིན་པས། རྒྱ་ལམ་རེས་འགའ་མ་གཏོགས་མི་འཐོབ་པའི་མི་ལུས་རིན་པོ་ཆེ་འདི་ད་རེས་ལག་ཏུ་ལོན་ནས་ཐོབ་སྟེ་ཡོད་ཚེ་སྟོང་ལོག་ཏུ་སོང་ན་གྱོང་ཆེའོ། །ཚེ་འདིའི་སྣང་བ་རྨི་ལམ་དང་འདྲ་བར་དེ་ལས་སད་ཚེ་ཐམས་ཅད་སྟོང་པ་ཡིན་པའི་ཚུལ་ནི། དཔེར་ན་རྨི་ལམ་གྱི་ནང་གི་སྐྱིད་དགའ་ལོངས་སྤྱོད་ཇི་ལྟར་ཡོད་ཀྱང་སད་དུས་གཅིག་ཀྱང་མེད་པ་དང་འདྲ་བར་ཚེ་འདིའི་དུས་ཚོད་རྫོགས་ནས་འཇིག་རྟེན་ཕྱི་མ་ལ་འགྲོ་དུས་འདི་སྣང་གི་འབྱོར་བ་གཅེས་རྒུ་ཚང་མ་བསྐྱུར་ནས་གྲོགས་མེད་གཅིག་པུར་འགྲོ་བའི་དུས་ཚོད་ལ་བབས་ཚེ་རྗེས་སུ་འབྲང་བ་ནི་ལས་དགེ་སྡིག་གཉིས་ལས་གཞན་མེད་དོ། །ཚེ་འདིའི་གཉེན་འདུན་དང་འབྱོར་བ་ཇི་ལྟར་ཡོད་ཀྱང་དེ་དུས་གཅིག་གིས་ཀྱང་མི་ཕན་ནོ། །རྗེས་སུ་འབྲང་བ་གཅིག་ཀྱང་མེད་ལ་རང་ཉིད་ཀྱང་ཕྱིར་དེ་དག་གི་རྩར། ཡང་བསྐྱར་དུ་ལོག་ཐུབ་པ་མ་ཡིན་ནོ། །དེས་ན་ཉིན་ཁ་ཤས་ཀྱི་བྱ་བ་འདིས་རང་ཉིད་ལ་ཕན་ཐོགས་ཡོད་པ་མ་ཡིན་པས་དེ་བས་འཇིག་རྟེན་འཁྲུལ་བའི་སྣང་བའི་ཆགས་ཞེན་དང་ཞེན་འཛིན་ཡོད་དོ་ཅོག་སྤངས་ནས་དེ་རིང་ཉིད་ནས་ཆོས་ཕྱོགས་ལ་བརྩོན་པ་ལྷུར་བླངས་ནས་དལ་འབྱོར་དོན་ལྡན་ལ་ཆུད་ཟོས་སུ་མ་ཤོར་བ་ཞིག་བྱེད་དགོས་བསམ་ནས། ད་རེས་ལོང་ཁོམ་ཡོད་པའི་དུས་འདིར་རང་ཉིད་ལ་ཕན་པའི་བྱ་བ་རང་གིས་མ་བསྒྲུབས་ན་ཕྱིས་ནས་ཡུན་རིང་དུ་འདུག་རྒྱུའི་གདེང་ཚོད་གང་ན་ཡོད། ཐམས་ཅད་མི་རྟག་པའི་རང་བཞིན་ཡིན་པས་ཚེ་འདིར་ནོར་རྫས་གསོག་ཁུལ་བྱས་པ་ནི་སྦྲང་མས་སྦྲང་རྩི་བསགས་པ་དང་འདྲ་འདྲ་ཡིན་ཏེ། སྦྲང་མས་སྦྲང་རྩི་བསགས་པ་དེ་བསགས་རང་ཉིད་ཀྱིས་བསགས་པར་བྱས་ཀྱང་སྤྱོད་གཞན་གྱིས་སྤྱོད་པ་དང་འདྲ་བར་ནོར་རྫས་བསགས་པ་ཡང་རང་གིས་གསོག་ཁུལ་བྱས་ཏེ་དེ་ཡང་སྡིག་སྡུག་བསྔལ་ལ་མ་འཛེམས་པར་གསོག་ཁུལ་བྱས་ཀྱང་བསགས་པའི་ཐ་མ་རང་ཉིད་ལ་སྤྱོད་དབང་མེད་པར་གཞན་ཞིག་གིས་སྤྱོད་འགྲོ་བ་ཡིན་ནོ། །དཔེ་དེ་བཞིན་དུ་གཉེན་འདུན་མཛའ་བཤེས་ཐམས་ཅད་མགྲོན་པོ་གནས་གཅིག་ཏུ་ཞག་གཅིག་ལ་མཉམ་པོར་བསྡད་པ་ལྟ་བུ་ལས་མ་འདས་སོ། །ད་ལྟ་ལྷན་ཅིག་ཏུ་ཡོད་ཀྱང་ཡུན་རིང་མི་བརྟན་པར་སོ་སོར་འབྲལ་བ་ཡིན་པ་དང་། སྐྱེས་བུའི་ཚེ་སྲོག་ཅེས་པ་དེ་རྩྭ་ཁའི་ཟིལ་བ་དང་འདྲ་བར་ད་ལྟ་ཡོད་ཀྱང་ད་ལྟ་མེད་འགྲོ་བ་དང་། འཆི་བདག་གི་བདུད་པོ་དེ་ཉག་ཁའི་སྒུག་མ་དང་འདྲ་བར་ཉིན་མཚན་ནམ་ཡིན་ཡང་སྐྱེ་བོའི་ཚེ་སྲོག་ལ་གླགས་བལྟས་ནས་སྲོག་འཕྲོག་པའི་གོ་སྐབས་སྒུག་ཡོད་པ་རེད། ཚེ་འདིའི་སྣང་བ་ནི་རྨི་ལམ་སད་ཁ་དང་འདྲ་བར་རྟག་མི་ཐུབ་ཅིང་ཡུན་ཐུང་ཐུང་ཅིས་ཀྱང་མྱུར་དུ་འདོར་ངེས་པའོ། །རྒྱུ་འབྲས་བསླུ་བ་མེད་པའི་ལས་ནི་ལུས་ཀྱི་གྲིབ་མ་དང་འདྲ་བ་དུས་རྟག་ཏུ་བྱེད་པོ་རང་ཉིད་ཀྱི་རྗེས་སུ་འབྲང་བ་ལས་འབྲལ་བ་མེད་པ་ཡིན། ད་དེ་དག་ལ་བསམ་བློ་བཏང་ན་བློ་དང་ལྡན་པ་སེམས་ཡོད་ཀྱི་སྐྱེ་བོ་ཞིག་ཡིན་དུས་དེ་རིང་ཉིད་ནས་བསྟུན་ཏེ་ཐར་ལམ་སྒྲུབ་རན་པའོ། །འཇིག་རྟེན་ཡ་རབས་ཀྱི་སྤྱོད་པ་དམ་པ་ཐམས་ཅད་ཀྱིས་བྱེད་ཅིང་ཕྱག་ལེན་དུ་གྱུར་པ་དང་། དམ་པའི་ཆོས་དང་ལེགས་པའི་ལམ་ལ་རྟག་ཏུ་འབད་པའི་ཕྱོགས་ལ་ཉེ་བར་བྱེད་པའི་ལས་མ་ནོར་བ་བསམ་བྱ་དང་དྲན་བྱ་མཆོག་ཏུ་གྱུར་པ་དེ་གང་ཡིན་པ་རེད་ཅེ་ན། འཆི་བ་མི་རྟག་པ་དྲན་པ་དེ་ཡིན་པས་དེ་དྲན་པར་བྱས་ནས་སྐྱེ་བོ་དམ་པ་ཡ་རབས་སྔར་བྱོན་རྣམ་པའི་ཤུལ་དུ་བསྙེག་དགོས། ཚེ་འདིའི་བྱ་བཞག་ཡིན་ནས་བཟུང་སྟེ་བྱ་བ་གང་དང་གང་ཡིན་ཡང་མིང་ཡག་བཙོག་ཙམ་ལས་ཐམས་ཅད་བྱས་པ་དོན་མེད་སྡུག་བསྔལ་གྱི་རྒྱུ་འཁྲུལ་བ་ཤ་སྟག་ཡིན་པས། འཁྲུལ་བ་ནི་བྱིས་པ་སླུ་བྱེད་སྙིང་པོ་མེད་པ་ལས་གཞན་གཅིག་ཀྱང་མེད། ཆོས་བརྒྱད་འཇའ་རིས་ལ་ཞེན་པ་འཁྲུལ་སྣང་གི་བྱིས་པ། །འདི་སྣང་སེར་བའི་རིལ་བུ་ནོར་བུ་རུ་བརླམས་ཀྱང་། །མི་རྟག་སྤྲིན་བྲལ་ཉི་མས་འོད་སྣང་གིས་བྲན་ཚེ། །འཁྲུལ་སྣང་སྙིང་པོ་མེད་པའི་རང་མཚང་དེ་ངོམ་ཡོང་། །ཞེས་གསུངས་པས་འཁྲུལ་སྣང་ལ་སྙིང་པོ་ཞིག་ཡོད་པ་མ་ཡིན་ཏེ། འདིར་སྣང་ཆོས་བརྒྱད་ཀྱི་ཞེན་པ་འདི་ནམ་མཁའ་དངོས་མེད་ཀྱི་འཇའ་ལ་ཞེན་ནས་དེ་རྗེས་ཨེ་ཟིན་གྱིས་བདས་ནས་སོང་བ་འདྲ་ཞིག་ཡིན་པས་ཟིན་རྒྱུ་དང་ལོན་རྒྱུ་ཞིག་ཡོད་པ་མ་ཡིན་ནོ། །དེ་ལྟ་བུའི་འཁྲུལ་སྣང་ཅན་གྱི་སོ་སྐྱེ་དེ་བྱིས་པ་དང་འདྲ་བས་འཇིག་རྟེན་འདིར་སྣང་གི་བྱ་བ་ལ་རྟག་འཛིན་བྱེད་པ་ནི། དཔེར་ན་སེར་དྲག་བརྒྱབ་པའི་སེར་བའི་རིལ་བུ་ལ་ནོར་བུ་ཡིན་སྣང་ཤར་ནས་དེ་ཡུན་རིང་ཉར་ཚགས་བྱེད་འདང་བྱས་ན་སྤྲིན་བྲལ་ཉི་མ་ཚ་མོ་ཞིག་གི་འོད་སྣང་ཤར་ཚེ་འཁྲུལ་སྣང་སྙིང་པོ་མེད་པའི་རང་མཚང་བུད་ཡོང་བ་རེད་ཅེས་པའོ། །དེས་ན། བྱ་བ་བཏང་ན་དམ་ཆོས་ངང་གིས་འགྲུབ། །བྱ་བ་ཐོང་ན་དངོས་འཛིན་འཁྲུལ་བ་འཇིག །བྱ་བ་མེད་ན་ཉོན་མོངས་ཆུ་བོ་བརྒལ། །བྱ་བ་བྲལ་ན་རང་སེམས་ངང་གིས་བདེ། །ཞེས་གསུངས་ཏེ། འཇིག་རྟེན་ཚེ་འདིའི་བྱ་བ་དོན་མེད་བྲེལ་ཟིང་གི་ཁུར་བོ་འདི་བཏང་ཐུབ་ན་དམ་ཆོས་ངང་གིས་འགྲུབ་པ་ཡིན་ལ། བྱ་བ་བཏང་ནས་བྱ་བ་བློས་ཐོང་སོང་ན་འཇིག་རྟེན་མཐུན་སྣང་གི་དངོས་འཛིན་གྱི་འཁྲུལ་སྣང་འཇིག་ཅིང་། འཁྲུལ་བའི་བྱ་བ་དེ་དག་མེད་སོང་ན་ཉོན་མོངས་པ་དུག་ལྔ་དུག་གསུམ་གྱི་ཆུ་བོ་བརྒལ་ཐུབ་ཅིང་། དེ་ལྟར་བྱ་བ་བྲལ་སོང་ན་རྟག་ཏུ་རང་སེམས་ངང་གིས་བདེ་ཞིང་གཏན་དུ་བདེ་བའི་གོ་འཕང་ཐོབ་པ་ཡིན་ཞེས་གསུངས་པའོ། །དེས་ན་མི་རྟག་སྙིང་པོ་མེད་པ་འཕོ་ཞིང་འགྱུར་བའི་ཆོས་ཚེ་འདིའི་འཁྲུལ་སྣང་ལ་མི་ཆགས་མཁན་དེ་སྐྱེ་བོ་མཁས་པ་ཡིན་པས། འཁོར་བ་འདི་ལ་བློ་ལོག་ནས་ཐར་བའི་ལམ་ཆེན་ལ་ཞུགས་ཏེ་ཉིན་མཚན་དུ་བརྩོན་པ་བསྐྱེད་ན་སྡུག་བསྔལ་གྱི་ཆུ་བོའི་ཕ་རོལ་དུ་ཐོན་པ་ནི་རང་གི་ལག་ཡིན་ནོ། །འགྲོ་བ་སེམས་ཅན་རིགས་དྲུག་གི་འཁོར་བའི་གནས་སུ་འཁོར་བ་འདི་ནི་འཁྲུལ་བའི་དབང་གིས་འཁོར་བ་ཡིན་པས་དེའི་འཁྲུལ་བ་དེ་དང་པོ་གང་ནས་བྱུང་། ད་འཁྲུལ་བ་དེ་ཕྱིས་ཇི་ལྟར་ལྡོག་དགོས་པའི་གནད་དང་རྒྱུ་མཚན་ཐམས་ཅད་དམ་པའི་ཆོས་སྒྲུབ་པ་ལས་ཤེས་པ་ཡིན། དམ་པའི་ཆོས་སྒྲུབ་པ་ལ་བརྩོན་པ་བསྐྱེད་དགོས་ཏེ། ཅི་འདྲའི་བརྩོན་པ་བསྐྱེད་ནུས་ན་དེའི་ཚོད་ཀྱི་འབྲས་བུ་མངོན་མཐོ་ངེས་ལེགས་ཀྱི་བདེ་བ་རྙེད་ངེས་པ་ཡིན་པ་རེད། མི་རྟག་ཚེ་འདིའི་སྣང་བ་འདི་འགྱུར་བ་ཅན་ཞིག་ཡིན་ན་དེ་འགྱུར་བ་ཅན་ཡིན་པ་མི་ཤེས་པར་སྐྱེ་བོ་ཐམས་ཅད་སྡུག་བསྔལ་གྱིན་ཡོད་པ་རེད། ཚེ་འདིའི་སྣང་བ་འདི་འགྱུར་བ་ཅན་ཞིག་ཡིན་ན་དེ་འགྱུར་བ་ཅན་ཡིན་པར་ངེས་པའི་བློ་དང་། འགྱུར་བཅས་རྟག་བརྟན་མེད་པ་དེས་ཡིད་དབྱུང་ནས་སུན་སྟེ་ཐར་བ་དོན་གཉེར་གྱི་བློ་ཞིག་བསྐྱེད་དགོས་ཏེ། སུན་པ་རྐྱང་པ་ནི་ངེས་འབྱུང་མཚན་ཉིད་པ་མིན་ལ། ངེས་པར་འབྱུང་ནས་ཐར་བ་དོན་གཉེར་གྱི་བློ་འགྱུར་མེད་ཅིག་དགོས་པའི་ཕྱིར། །དེའི་སྟེང་ནས་འགྱུར་བ་མེད་པའི་ངེས་པའི་དོན་བསྒོམས་ནས་ཇི་བཞིན་པར་རྟོགས་པས་སྲིད་པ་ཁམས་གསུམ་འཁོར་བའི་གནས་ནས་ཐར་བ་ཡིན་ནོ། །མདོར་བསྡུས་ན་རིག་མ་རིག་ཤེས་མ་ཤེས་ཀྱི་ཁྱད་པར་སོ་སོ་བ་ཞིག་ལ་བརྟེན་ནས་ལས་ཀྱི་སྣང་ཚུལ་ཐ་དད་ལ་བདེ་སྡུག་སོ་སོར་སྣང་ཞིང་སྣང་སྲིད་ཀྱིས་བསྡུས་པ་འདི་དག་ཐམས་ཅད་གཟུང་འཛིན་གྱི་དབང་གིས་འཁྲུལ་བ་ཡིན་ན་དེའི་འཁྲུལ་བ་དེ་རྩ་བ་གཞི་དང་བཅས་པ་ཤེས་པར་བྱས་ནས་དེའི་ཕྱོགས་ལ་མ་རྨོངས་པའི་མཁས་པ་ཞིག་བྱས་ནས། དམ་པའི་ཆོས་ལ་བརྩོན་པ་མྱུར་དུ་མ་བསྐྱེད་ན་ལོང་ཁོམ་ཅི་ཙམ་ཡོད་ཤེས་པ་མ་ཡིན་པས་མགྱོགས་དང་མྱུར་དུ་འགྲོ་འདང་རྒྱག་འོས་སོ། །དེས་ན་དུས་དང་རྣམ་པ་ཐམས་ཅད་དུ་གང་བྱུང་ཅི་བྱུང་བྱས་ནས་སྔ་བསམ་ཕྱི་འདང་དང་ཅི་བསམ་འདི་དྲན་མེད་པར་དུད་འགྲོ་ལྟ་བུའི་བྱ་སྤྱོད་ལས་ལྡོག་ནས་དུས་རྟག་ཏུ་རང་གི་རྒྱུད་རང་གིས་བརྟགས་ནས་ཆོས་དང་རང་རྒྱུད་རང་གིས་བསྲེ། ཆོས་ཀྱི་སྨན་དེ་རང་རྒྱུད་ཉོན་མོངས་ཀྱི་ནད་ཀྱི་ཆེད་དུ་རང་གིས་བསྟེན་ནས་རྣམ་པ་ཀུན་ཏུ་མ་བརྟགས་པར་གྱ་ཚོམ་གྱི་སྤྱོད་པ་དང་རྣམ་གཡེང་འཁྲུལ་བའི་དབང་དུ་མི་གཏང་བར་དད་པ་དང་བརྩོན་འགྲུས་དྲན་པ་དང་ཤེས་བཞིན་བསྟེན་ནས་བག་ཡོད་པ་ལྷུར་ལེན་པ་ནི་ཡ་རབས་ཀྱི་སྐྱེ་བོ་དང་དམ་ཆོས་རྣམ་དག་སྒྲུབ་མཁན་ལ་མེད་དུ་མི་རུང་བ་ཡིན། དེ་ལྟ་བུའི་དགོངས་དོན་སྔོན་དུ་འགྲོ་བ་དང་བཅས་སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་གསང་སྔགས་རྒྱུད་སྡེ་ཐམས་ཅད་ཀྱི་ཡང་སྙིང་། རྫོགས་ཆེན་ཀློང་དགུའི་མན་ངག་གི་བཅུད་འདུས་ཀློང་ཆེན་མཛོད་བདུན་ཞེས་བྱ་བ། སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཅེས་གསུངས་པ་ལྟ་བུའི་གཞུང་བཟང་ཡིད་བཞིན་གྱི་ནོར་བུ་ལྟ་བུ། གླེགས་བམ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱི་གྲངས་སུ་སྐལ་ལྡན་སྐྱེས་བུའི་བསོད་ནམས་ཀྱི་མཆོད་སྡོང་དུ་བཞུགས་པའི་ནང་ཚན། ཚིག་དོན་རིན་པོ་ཆེའི་མཛོད། ཚིག་དོན་བཅུ་གཅིག་གིས་གཞི་ལམ་འབྲས་བུའི་གནད་ཐམས་ཅད་བསྡུས་པའི་མན་ངག་གི་བསྟན་བཅོས་འདི་ཉིད་འཆད་ཉན་གྱི་སྐབས་ལས། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་པ་ལས་དགུ་བ་རྟགས་བཤད་པའི་སྐབས་ནས་འགའ་ཞིག་སོང་ནས།

༼༢ ཐོད་རྒལ་གོམས་པའི་ཚད་བཤད་པ།

གཉིས་པ་ཐོད་རྒལ་གོམས་པའི་ཚད་ལ་ལྔ་སྟེ། འོད། དབྱིངས། ཐིག་ལེ། སྐུ། རིག་པ། གོམས་པའི་ཚད་བསྟན་པའོ། །དང་པོ་ནི་ཡེ་ཤེས་ལྔའི་རང་འོད་ལ་གོམས་པའི་རྟགས་ཚད་ནི། སྐུ་གདུང་འབར་བ་ལས། གང་གི་འོད་ལ་སུ་གོམས་པ། །རང་གིས་མཐོང་བའི་སྤྱོད་ཡུལ་དུ། །ས་དང་ཆུ་དང་མེ་རླུང་དང༌། །འབྱུང་བཞིའི་སྣང་བ་རང་ནུབ་ནས། །རིམ་གྱིས་ཁ་དོག་ལྔ་ལ་སྤྱོད། །འདི་དང་འབྲལ་བ་མེད་པའི་རྟགས། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །སྨྱོན་པ་བཞིན་ཏེ་ཐོགས་མེད་པར། །གང་ལ་ཆགས་པ་མེད་པ་དང༌། །རི་བྲག་རྣམས་ལ་ཟང་ཐལ་དང༌། །དེ་བཞིན་ས་གཏིང་འཛུལ་བར་སྣང༌། །ཆུ་རྣམས་ལ་ཡང་ཟང་ཐལ་ལོ། །ལུས་ལ་གོས་ཀྱང་མེད་པར་ནི། །གཅེར་བུ་གང་ལ་ཐོགས་མེད་ཅིང༌། །ཟས་སོགས་འདོད་པ་རང་བྲལ་བས། །འདིས་ནི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་སར་དེངས་ནས་ནི། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་ཐོབ་པར་ཐེ་ཚོམ་མེད། །ཅེས་སོ། །སྐབས་འདིའི་འོད་དང་སྐུ་དང་ཐིག་ལེ་ལ་སོགས་པ་འདི་དག་ལ། ངོ་བོ། ངེས་ཚིག དབྱེ་བ། མཚན་ཉིད། འབྲས་བུ་སྟེ་དེ་དག་གི་སྟེང་ནས་བཤད་དགོས་པ་ཡིན་པས། འོད་ཀྱི་ངོ་བོ་རིག་པའི་གདངས་སྟོན་པ་དང་། །ངེས་ཚིག་ནི། སྣང་ཞིང་གསལ་བའི་ཕྱིར་འོད་དོ། །དབྱེ་ན། རང་གི་མཚན་ཉིད་འཛིན་པའི་འོད་ཡེ་ཤེས་ལྔའི་རང་གདངས་དང༌། ཉམས་སུ་བླངས་པ་གོམས་པ་ཚད་ཀྱི་འོད་མངོན་སུམ་ལས་ཉམས་གོང་དུ་འཕེལ་བའི་སྣང་བ་ཚད་ཕེབས་ལ་ཐུག་པ་སྟེ་རྣམ་པ་གཉིས་སོ། །མཚན་ཉིད་ནི། གསལ་བྱེད་གཞན་ལ་མ་ལྟོས་པ་རང་གསལ་བའོ། །འབྲས་བུ་ནི། ཆོས་ཀྱི་དབྱིངས་བསམ་གྱིས་མི་ཁྱབ་པའི་ངང་དུ་སངས་རྒྱ་བའི་རྐྱེན་དུ་གྱུར་པའོ། །དེ་ལྟ་བུའི་འོད་ལ་གོམས་པས་འཁྲུལ་སྣང་འོད་གསལ་དུ་གྲོལ་ནས་ལུས་ངག་གི་རྟགས་ཁྱད་པར་ཅན་སྣང་བའོ། །གཉིས་པ་ནི། དབྱིངས་སྣང་འོད་ཡིན་ཡང་དབྱིངས་དངོས་མུ་ཁྱུད་ཀྱི་ར་བ་ཡིན་པས་དེ་ལ་གོམས་པའི་ཚད་ནི། རྒྱུད་དེ་ཉིད་ལས། གང་གི་དབྱིངས་ལ་གོམས་པ་ནི། །དབུགས་ནི་ཕྱི་ནང་རྒྱུ་བ་ཆད། །ནམ་མཁར་བྱ་བཞིན་འགྲོ་བ་དང༌། །དེ་བཞིན་ཆུ་ལ་ཉ་བཞིན་དུ། །སྐལ་དང་ལྡན་པ་འདི་འགྲོ་སྟེ། །སྔར་མ་མཐོང་བའི་ཡུལ་རྣམས་དང༌། །གླིང་དང་རི་རབ་བཅས་པ་ཡང༌། །འདུག་ས་གཅིག་ནས་མཐོང་བ་དང༌། །དེ་བཞིན་སངས་རྒྱས་ཞིང་ཁམས་ནི། །སྔ་ན་མཐོང་བ་མེད་པ་རྣམས། །འདི་ཀུན་དུས་གཅིག་མཐོང་བར་འགྱུར། །འདི་ལྟར་རྟགས་དང་གང་ལྡན་པ། །འདི་ནས་ཟླ་བ་བཅུ་དྲུག་ན། །ཆོས་ཀྱི་དབྱིངས་ཀྱང་མཐོང་བར་གྱུར། །ཞེས་སོ། །ཡངས་ཤིང་གདལ་ཁྱབ་ཆེན་པོའི་བདག་ཉིད་རང་བཞིན་གྱིས་གསལ་བ་དེ་དབྱིངས་ཀྱི་ངོ་བོ་ཡིན་ལ། མཚན་ཉིད་ནི། ཡངས་པ་གོ་འབྱེད་ཅིང་སྣང་བར་ནུས་ལ་ཁྱབ་པས་གསལ་བའི་ཡུལ་དུ་སྣང་བ་མེ་ལོང་དྭངས་པའི་དབྱིངས་བཞིན་ནོ། །འདི་ལ་དབྱེ་ན་ཕྱིའི་དབྱིངས་ནམ་མཁའ་དྭངས་པ། ནང་གི་དབྱིངས་སྒྲོན་མ། གསང་བའི་དབྱིངས་འོད་དང་ཐིག་ལེ། བླ་ན་མེད་པའི་དབྱིངས་འཁྲུལ་སྣང་རང་འགག་པའི་སྣང་བ་ཆེན་པོའོ། །དེའང་རིམ་པ་ལྟར། རིག་པ་དང༌། ཡེ་ཤེས་དང༌། སྐུ་གསུམ་དང༌། འབྲས་བུའི་ཡུལ་ཡིན་ནོ། །མདོར་ན་ཆོས་ཉིད་དངོས་མ་ཡིན། ཆོས་ཉིད་སྣང་བར་བྱེད་པའི་ཡུལ་གསལ་བའི་ནུས་པ་འབྱིན་པར་བྱེད་པའོ། །འབྲས་བུ་ནི། ཆོས་ཉིད་ཀྱི་ཡུལ་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལ་བརྟེན་ནས། ཆོས་ཉིད་རང་གི་ངོ་བོ་མཐོང་སྟེ་མངོན་སུམ་མི་འགྱུར་བ་ལམ་དུ་བྱས་ནས་སངས་རྒྱ་བའོ། །དེ་ལྟ་བུའི་དབྱིངས་དེ་ལ་གོམས་པས་ཕྱིའི་རྟགས་ངོ་མཚར་ཅན་མང་པོ་སྣང་ཉམས་ལ་འཆར་བ་ནི་གོང་དུ་སྐུ་གདུང་འབར་བའི་ལུང་གིས་བསྟན་པ་དེའོ། །གསུམ་པ་ཐིག་ལེའི་ཚད་ནི། །རྒྱུད་དེ་ཉིད་ལས། ཐིག་ལེ་ཀློང་དུ་སུས་གྱུར་པ། །འདི་ནི་སྐལ་ལྡན་ཉག་གཅིག་མཐོང༌། །ཐིག་ལེ་སྟོང་པའི་སྒྲོན་མ་ནི། །རྩོལ་བ་མེད་པར་རང་ཤར་ན། །འདི་ཀུན་རང་གི་ཉམས་ཀྱི་རྟགས། །ཚིག་གི་སྤྲོས་པ་རྣམས་ཆོད་དོ། །གཞན་ལ་བློ་ནི་སྐད་ཅིག་ཀྱང༌། །འཇུག་པར་མི་འགྱུར་དེ་སྐབས་མེད། །གཏམ་རྒྱུད་བརྗོད་པ་ཟད་པའི་ཕྱིར། གཞན་ལ་སྨྲ་བྱེད་བསམ་པ་ཡང༌། །སྐྱེས་བུ་འདི་ལ་འབྱུང་མི་སྲིད། །སྒྲ་ཚིག་རྗེས་སུ་ག་ལ་འགྱུར། །འདི་ལྟར་སུ་ལ་སྣང་བ་དེ། །སྤྲོས་མེད་ཉག་གཅིག་དེས་རྩད་ཆོད། །འདི་ལྟར་རྟགས་དང་ལྡན་པ་དེ། །དེ་ནས་ལོ་ནི་གཉིས་ན་ཡང༌། །རིག་པ་ཉིད་ཀྱི་ཚད་ཤེས་ནས། །དབྱིངས་དང་རིག་པའི་རང་སྣང་དང༌། །འབྲལ་བ་མེད་པར་འཇུག་པའོ། །དེ་ཡང་འབྱུང་བ་རང་དྭངས་སུ། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །ཐིག་ལེའི་ངོ་བོ་ནི། ཐ་དད་མ་ཡིན་ཞིང་གཅིག་ཏུ་གནས་པས་ཟླ་དང་བྲལ་བའོ། །ངེས་ཚིག་ནི། ཐིག་མི་འགྱུར་བ། ལེ་གདལ་བ་ཆེན་པོ་ཀུན་ལ་ཁྱབ་པའོ། །མདོར་ན་མི་འགྱུར་གདལ་བ་བདེ་ཀློང་གཅིག་ཏུ་འཁྱིལ་བ་སྣ་ཚོགས་ཟུག་རྔུ་དང་བྲལ་བ་ཟླུམ་པོ་སྤྲོས་པ་མེད་པ་ཞིག་ལ་ཐིག་ལེ་ཞེས་པའི་མིང་གི་དོན་ནོ། །དབྱེ་ན། ལུས་གནས་རྩའི་ཐིག་ལེ། རང་བཞིན་ལམ་གྱི་ཐིག་ལེ། མཐར་ཕྱིན་འབྲས་བུའི་ཐིག་ལེ་དང་གསུམ་མོ། །དང་པོ་ལ་ཀུན་རྫོབ་རྒྱུའི་ཐིག་ལེ་དཀར་དམར་གཉིས་དང༌། དོན་དམ་ཡེ་ཤེས་ཀྱི་ཐིག་ལེ་བཟང་པོའི་ཐིག་ལེ་ལྔ་ཡི་རང་བཞིན་ཅན་ནོ། །བཟང་པོའི་ཐིག་ལེ་ལྔ་ནི། གཞིའི་ཐིག་ལེ་བཟང་པོ། ལམ་གྱི་ཐིག་ལེ་བཟང་པོ། བཟང་པོའི་ཐིག་ལེ་དང་། བཟང་པོའི་རྩེ་མོའི་ཐིག་ལེ། བཟང་པོ་རྒྱན་དང་ལྡན་པའི་ཐིག་ལེ་དང་ལྔའོ། །གཞིའི་ཐིག་ལེ་བཟང་པོ་འོད་ཀྱི་གོང་བུར་ལུས་སྤྱིའི་རྩ་ནང་ན་མི་གཡོ་བར་གནས་པའོ། ལམ་གྱི་ཐིག་ལེ་བཟང་པོ་ནི། ཡེ་ཤེས་རླུང་གིས་བསྐྱོད་ནས་རྩ་ནང་ནས་སྐྱོད་པའོ། །བཟང་པོའི་ཐིག་ལེ་ནི། སྒྲོན་མ་བཞི་ཡུལ་ལ་འཆར་བར་བྱེད་པའོ། །བཟང་པོའི་རྩེ་མོའི་ཐིག་ལེ་ནི། ཤེས་རབ་ཀྱི་དཔྱོད་བྱེད་སྣ་ཚོགས་རྩ་ནང་ནས་སྐྱོད་པ་དང་། བཟང་པོ་རྒྱན་དང་ལྡན་པའི་ཐིག་ལེ་ནི་སྒྲོན་མ་བཞི་ལ་བརྟེན་ནས་ཉམས་གོང་འཕེལ་གྱི་སྣང་བ་སྟོན་པར་བྱེད་པའོ། །རང་བཞིན་ལམ་གྱི་ཐིག་ལེ་ནི། ཆོས་ཉིད་ཀྱི་ཐིག་ལེ་བཅོས་པ་མེད་ཅིང་ཀུན་ལ་ཁྱབ་པ་དང༌། ཀུན་དུ་བཟང་པོའི་ཐིག་ལེ་བཟང་ངན་དང་ཆེ་ཆུང་མེད་པར་སྣང་བ་དང༌། དབྱིངས་ཀྱི་ཐིག་ལེ་ཕྱི་ནང་མེད་པར་གསལ་བ་དང༌། དབྱིངས་རྣམ་པར་དག་པའི་ཐིག་ལེ་གོལ་སྒྲིབ་དང་ཕྱོགས་ལྷུང་མེད་པར་ཤར་བ་དང༌། ཡེ་ཤེས་ཀྱི་ཐིག་ལེ་ཡེ་ནས་བྱས་པ་མེད་པར་བཞུགས་པ་དང༌། ཡེ་ཤེས་ཆེན་པོའི་ཐིག་ལེ་ཉོན་མོངས་པ་གང་གིས་ཀྱང་མ་བསྒྲིབས་པར་མངོན་སུམ་དུ་སྣང་བ་དང་དྲུག་གོ །དེས་ལུས་གནས་རྩ་ཡི་ཐིག་ལེ་དང་རང་བཞིན་ལམ་གྱི་ཐིག་ལེ་གཉིས་བཤད་ཟིན་ནས། ད་མཐར་ཕྱིན་འབྲས་བུའི་ཐིག་ལེ་ནི། ཀ་དག་གི་ངོ་བོའི་ངང་དེ་ལས་རྩལ་སྣ་ཚོགས་འདྲ་དང་མི་འདྲ་འཆར་ཡང་། འཆར་ཚུལ་ནས་སྣ་ཚོགས་སུ་འཆར་ལ། གྲུབ་ཚུལ་ནས་གང་དུའང་མ་གྲུབ་པ་ཆོས་སྐུའི་ཐིག་ལེ་ཉག་ཅིག་སྤྲོས་བྲལ་ངོས་གཟུང་དང་བྲལ་བར་གཅིག་ཏུ་ཟླུམ་པའོ། །དེ་ལྟ་བུའི་ཐིག་ལེ་དེ་ཉིད་ཀློང་དུ་གྱུར་པའི་རྟགས་དང་མཚན་མ་སྐལ་ལྡན་ལ་ཤར་ནས་དབྱིངས་རིག་གི་རང་སྣང་དང་འབྲལ་བར་མེད་པར་གྱུར་པས་འབྱུང་བ་རང་དྭངས་སུ་འགྲོ་བའི་རྟགས་ཡིན་པར་གསུངས་སོ། །བཞི་པ་སྐུའི་ཚད་ལ་ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ་སྟེ། རྒྱུད་དེ་ཉིད་ལས། ཆོས་ཀྱི་སྐུ་ལ་སུས་གོམས་པ། །གཞན་གྱིས་མཐོང་བའི་སྤྱོད་ཡུལ་དུ། །ལུས་ནི་སུས་ཀྱང་མི་མཐོང་བར། །རྣལ་འབྱོར་རང་ནི་རང་དགར་རོལ། །མ་བཙལ་བཞག་པའི་བསམ་གཏན་ནི། །རང་གི་རྒྱུད་ལ་སྐྱེ་བ་དང༌། །ཤེས་པ་ཇི་མི་སྙམ་པའི་ཉམས། རྣལ་འབྱོར་ཀུན་གྱི་སེམས་ལ་སྣང༌། །འདི་ལྟར་འབྱུང་བའི་སྐྱེས་བུ་རྣམས། །ཆོས་ཀྱི་སྐུ་ཡི་སྣང་བ་མཐོང༌། །འདི་མཐོང་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་ཀློང་དུ་འདུས་པའོ། །གང་གིས་ལོངས་སྤྱོད་རྫོགས་པ་ལ། །གོམས་ཤིང་གདེང་དུ་གྱུར་པའི་རྟགས། །འདི་ལྟར་ཉམས་སུ་མྱོང་བའི་མི། །སྐུ་ལྔ་ཡེ་ཤེས་ལྔ་ལ་རོལ། །རོལ་བ་ཆེན་པོའི་སྟ་སྟངས་ཀྱིས། །འདི་ལྟར་རྟགས་དང་སུ་ལྡན་པ། །རྣལ་འབྱོར་ལྡན་པའི་སྐལ་ལྡན་ཏེ། །ཐིག་ལེ་སྟོང་བའི་སྒྲོན་མ་དང༌། །རྩོལ་བ་མེད་པར་ཤར་བ་ལ། །སྣང་བ་ཉིད་ཀྱང་སྐུ་རུ་ཡང༌། །རིམ་གྱིས་མཐོང་བའི་སྐྱེས་བུ་ནི། །ལོངས་སྐུའི་རྩ་བ་འདིས་མཐོང་ཡིན། །འདི་ལྟར་རྒྱུད་ལ་གོམས་པ་ཡི། །ངག་ནི་གསལ་ཞིང་སྐད་དང་ལྡན། །བརྫུན་དུ་བརྗོད་པའི་ཚིག་རྣམས་ནི། །འདི་ཡི་ཁ་ནས་ཚིག་མི་འབྱུང༌། །དེ་བཞིན་མི་དགེའི་ལས་ཀྱི་ཚིག །གཏན་དུ་སྨྲ་བའི་བརྗོད་མཐའ་འགགས། །དེ་ལྟར་རྟགས་དང་ལྡན་པ་དེས། འདི་དོན་ཉམས་སུ་བླངས་ན་ནི། །ནམ་མཁའ་ལ་ནི་འཕུར་བ་དང༌། །རི་བྲག་ལ་ཡང་ཟང་ཐལ་དང༌། །ས་ཡི་འོག་ཏུ་འཛུལ་བ་དང༌། །ཆུ་ལ་བྱིང་བ་མེད་པར་འབྱུང༌། །དེ་ལྟར་ལྡན་པའི་སྐལ་ལྡན་གྱིས། །དབྱིངས་རིག་གདེང་དུ་མ་ཚུད་ན། །འབྱུང་བ་ཉིད་ནི་རང་དེངས་སུ། །འགྱུར་བ་ཉིད་ནི་མ་ཡིན་ཏེ། །འདི་ནས་སྐྱེ་བ་འཕོས་ནས་ནི། །ཆོས་ཉིད་ཀྱི་ནི་བར་དོ་ལ། །སྐད་ཅིག་ལྔ་ལ་གྲོལ་བར་འགྱུར། །གང་དག་སྐྱེས་བུ་སྐལ་དང་ལྡན། །སྤྲུལ་པའི་སྐུ་ལ་གོམས་ནས་ནི། །འདི་ཉིད་གདེང་དུ་གྱུར་པའི་མི། །ལུས་ངག་སེམས་ཀྱི་རྟགས་འདི་དག །སུ་ལ་བྱུང་བའི་སྐྱེས་བུ་ནི། །འདི་ཡང་སྐལ་དང་ལྡན་པར་འགྱུར། །སྔོན་དུ་ཐོས་པའི་ཆོས་རྣམས་ཀྱི། །དོན་ནི་རང་གི་རྒྱུད་ལ་ཡང༌། །ཅིག་ཅར་དུ་ནི་འཆར་བར་ནི། །འདི་ལས་འགྱུར་རོ་མཁའ་འགྲོ་མ། །དེ་བཞིན་སྔོན་དུ་མ་ཐོས་པའི། །ཆོས་ཀྱི་ཚིག་ནི་སྣ་ཚོགས་པ། །རང་བཞིན་དུ་ནི་ཁ་ནས་སྨྲ། །དེ་བཞིན་གསང་སྔགས་གཞན་དག་གི །རྒྱུད་ཀྱི་ཚིག་རྣམས་ཇི་བཞིན་དུ། །རིམ་པ་ཇི་ལྟར་གསལ་བར་འགྱུར། །དེ་བཞིན་ཆོས་རྣམས་མཐའ་དག་ལ། །ཚིག་དང་དོན་གྱི་རྣམ་པ་ཀུན། །སེམས་ཅན་ཇི་ལྟར་མོས་པ་ཡི། །ཆོས་རྣམས་དང་ནི་མཐུན་པར་ཡང༌། །ཇི་ལྟར་དྲིས་པའི་ལན་དེ་ཡང༌། །སྐལ་དང་ལྡན་པ་འདིས་འདོན་པས། །འདི་ནི་སྨྲ་བའི་སེང་གེའོ། །ལུས་ཀྱི་སྟོབས་སུ་སྔོན་པས་ཀྱང༌། །རྐང་པ་མགྱོགས་པའི་སྟོབས་ཀྱང་རྙེད། །ལུས་ཀྱི་གཉེར་མ་མེད་པ་དང༌། །སྐྲ་དཀར་དག་ཀྱང་ནག་པོ་འགྱུར། །དེ་བཞིན་བཅུ་དྲུག་ལོན་པ་བཞིན། །གཞོན་པའི་མདངས་དང་ལྡན་པར་ཡང༌། །དཔེར་ན་རྩྭ་ནི་གཞོན་ནུ་ལ། །ཆར་བ་དག་ནི་ཡང་བབ་བས། །སྐྱེད་ནི་ངང་སྐྱེད་ལྡན་པར་འགྱུར། །སྔ་ན་མེད་པའི་སྙིང་རྗེ་ཡང༌། །འདི་ལ་གཏིང་ནས་སྐྱེ་བ་དང༌། །དེ་རྗེས་སེམས་ཅན་དོན་ལ་འཇུག །རང་གི་ལུས་ཀྱིས་ཕན་པ་ཡི། །སེམས་ཅན་དག་ནི་བྱུང་བ་ན། །དེ་ལ་ཇི་ལྟར་འདོད་པ་ཡི། །ལུས་དང་ཡན་ལག་གཏོང་བར་ནུས། ཕྱི་རོལ་བདོག་པ་སྨོས་ཅི་དགོས། །དེ་བཞིན་རང་གི་བླ་མ་ལ། །གོང་བཞིན་ལུས་སོགས་གཏོང་བར་ནུས། །འདི་ལྟར་སུ་ལ་བྱུང་བའི་མི། །སྤྲུལ་པའི་སྐུ་ལ་འདིས་རེག་གོ །དེ་ལྟར་ལྡན་པའི་སྐྱེས་བུ་ནི། །ཕྱིས་ནི་སྤྲུལ་སྐུའི་ཞིང་ཁམས་སུ། །བརྫུས་ནས་སྐྱེས་ཀྱི་ལུས་བླངས་ནས། །ལོ་ནི་དྲུག་ཁྲི་བརྒྱ་སྟོང་དུ། །སེམས་ནི་གནས་ནས་སེམས་ཅན་དོན། །སྐྱེས་བུ་འདི་ཡིས་བྱེད་པའོ། །དེ་ནས་ངོ་བོ་རང་བཞིན་ལས། །འཛམ་བུའི་གླིང་སོགས་གླིང་རྣམས་སུ། །སྤྲུལ་པ་བྱེ་བ་དྲུག་ཁྲི་ཡིས། །རང་རང་མཐུན་པའི་ལུས་བླངས་ནས། །སེམས་ཅན་དོན་ཀུན་བྱེད་པར་ནི། །འདི་ཡིས་འགྱུར་རོ་མཁའ་འགྲོ་མ། །དེ་ནས་ངོ་བོ་ཀ་དག་ལ། །ཉི་མ་ལ་ནི་ཟེར་འདུས་ལྟར། །རང་གི་སྤྲུལ་པར་བཅས་པ་ནི། །རང་གི་ངོ་བོར་རང་ཐིམ་ནས། །དབྱེར་མེད་འབྱེད་པ་མེད་པར་འགྱུར། །ཞེས་སོ། །སྐུ་བཤད་པ་ལ་ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ་གསུམ་གྱི་དབྱེ་བ་བྱས་ན། ཐེག་པ་ཐུན་མོང་བ་དག་གིས་སྐུ་གསུམ་འབྲས་བུར་འདོད་ཀྱང་། རྫོགས་པ་ཆེན་པོ་འདིའི་ལུགས་ཀྱིས་སྐུ་གསུམ་ལམ་སྣང་དུ་འདོད་པ་ཡིན། འདི་སྣང་བ་བཞི་དང་སྦྱར་ན། ཚད་ཕེབས་རྫོགས་ནས་ཟད་པའི་སྣང་བ་ཀ་དག་གི་ནང་དབྱིངས་སུ་ཐིམ་ལ་ཉེ་བའི་སྐབས་དེར་ཆོས་སྐུའི་སྣང་བ་དང་། ཚད་ཕེབས་དག་པའི་སྣང་བ་འབའ་ཞིག་ཏུ་ཤར་བ་ལོངས་སྐུའི་སྣང་བ་དང་། ཆོས་ཉིད་མངོན་སུམ་དང་ཉམས་གོང་འཕེལ་གཉིས་ཀ་ལ་དག་མ་དག་གི་སྣང་བ་སྣ་ཚོགས་ལ་སྤྱོད་པས་ན་སྤྲུལ་སྐུའི་སྣང་བ་ལ་བཞག་པ་ཡིན་ནོ། །འོན་ཀྱང་རིག་པ་ཚད་ཕེབས་ཀྱི་སྐབས་སུ་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཇི་ལྟ་བ་བཞིན་ཤར་བའི་སྐབས་སུ། སྐུ་དང་ཞིང་ཁམས་འཁོར་དང་མཛད་པར་སྟོན་པ་དེ་ལོངས་སྤྲུལ་གཉིས་ཀ་ལ་བཞག་ནའང་དོན་གྱི་ཆ་ནས་འགྲིགས་ཤིང་། ཁྲེགས་ཆོད་ཀྱི་སྐབས་སུ་སྐུ་གསུམ་ལུགས་འབྱུང་དུ་ཤར་བ་དང་ཐོད་རྒལ་གྱི་སྐབས་སུ་ལུགས་ལྡོག་ཏུ་གསུངས་པ་གཉིས་ཀ་དོན་གྱི་ཆ་ནས་གཅིག་ཡིན། དེ་ཡང་སྐུའི་ངོ་བོ་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱི་རྟེན། དབྱེ་བ་སྐུ་གསུམ་གྱི་བདག་ཉིད་ཅན། མཚན་ཉིད་ལམ་སྣང་འོད་གསལ་སྟོང་པའི་རང་བཞིན་ཅན། དེའི་འབྲས་བུ་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ལས་བསྐྱོད་པའི་ཚེ་ནང་གསལ་སྐུ་གསུམ་གྱི་འཆར་གཞི་ཙམ་དུ་གནས་པ་ཞིག་གོ །དེ་ལྟ་བུའི་ལམ་སྣང་སྐུའི་ཆོས་ཉིད་ལ་གོམས་པས་ཐོབ་པའི་སྣང་ཉམས་སྐུ་གསུམ་གྱི་རྟགས་གོང་དུ་ལུང་གིས་བསྟན་པ་རྣམས་འཆར་བ་ཡིན་ནོ། །ལྔ་པ་རིག་པའི་ཚད་ལ་གཉིས་ཏེ། །རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་དང༌། རང་ངོ་ཀ་དག་སྐྱོན་མེད་ལ་ནང་དུ་གོམས་པའི་ཚད་དོ། །དང་པོ་ནི། སྐུ་གདུང་འབར་བ་ལས། རིག་པ་ལ་ནི་སུས་གོམས་པ། །དེ་ཡི་ལུས་ལ་རྒྱ་འདིའོ། །གང་དུ་གཏད་པའི་དངོས་པོ་ལ། །དེར་ནི་རང་ཤེས་འཛུད་པར་ནུས། །གང་དུ་འདུག་པའི་ས་ཉིད་དུ། །ལུས་ཀྱང་དེ་ཡིས་རྗེས་སུ་སྟེ། །ཇི་ལྟར་རིག་པ་ཉིད་དང་མཚུངས། །གཞན་གྱི་མ་དད་བསྒྱུར་ནུས་དང༌། །བསམ་རྒྱུན་ཞེན་པ་རང་འགགས་དང༌། །ནང་གི་རྟགས་དང་རྣམ་པར་ལྡན། །མངོན་སུམ་ཉིད་དུ་སུས་རིག་པ། །འདི་ནི་འབྱུང་བ་རང་གི་སར། །སྐལ་དང་ལྡན་པ་འདི་དེངས་ནས། །སྐྱེ་མེད་མཆོག་ལ་སྙེགས་པའོ། །ཞེས་སོ། །སྐབས་ཐོབ་ཀྱི་རིག་པའི་གོ་དོན་སློང་ཤེས་དགོས་པས། ཤེས་རབ་རང་བྱུང་གི་སྒྲོན་མའི་ངོ་བོ་དང་། གདངས་དང་། རྩལ་དང་གསུམ་པོ་ལ་རིག་པའི་སྒྲ་གཅིག་གིས་བསྟན་པ་གོང་ནས་བཤད་ལ། སྐབས་འདིའི་རིག་པ་ནི་རྡོ་རྗེ་ལུ་གུ་རྒྱུད་ཡིན་པས་དེའི་ངོ་བོ་ནི། རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བའོ། །ངེས་ཚིག་ནི། སྔར་རང་ལ་ཡོད་པ་དེ་མ་རིག་ཀྱང་ད་བླ་མའི་གདམས་ངག་གིས་རིག་པས་ན་རིག་པའོ། །དབྱེ་ན་གཞིར་གནས་ཀྱི་རིག་པ་དང་། ལམ་སྣང་གི་རིག་པ་དང་། ལྷག་མཐོང་གི་རིག་པ་དང་གསུམ་ལས། གཞི་གནས་ཀྱི་རིག་པ་ནི། གཞི་དངོས་པོ་དོན་གྱི་གནས་ལུགས་དགེ་སྡིག་སྐྱོན་ཡོན་ལས་འདས་པའོ། །ལམ་སྣང་གི་རིག་པ་ནི། གྲུབ་མཐའ་སོ་སོའི་ཆོས་སྐད་ལ་གྲགས་པའི་སེམས་ཉིད་དང༌། སྐྱེ་མེད་དང༌། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང༌། བློ་འདས་དང༌། དོན་གྱི་ཀུན་གཞི་དང༌། བྱང་ཆུབ་ཀྱི་སེམས་ཞེས་པ་ལ་སོགས་པ་མིང་ཅིར་བཏགས་ཀྱང༌། སངས་རྒྱས་དང་སེམས་ཅན་ཐམས་ཅད་ཁྱབ་པར་གནས་པའི་སོ་སོ་རང་གི་ཡེ་ཤེས་རང་གསལ་སྟོང་པ་རྗེན་པར་ས་ལེ་བ་འདིའོ། །ལྷག་མཐོང་གི་རིག་པ་ནི། རྡོ་རྗེ་ལུ་གུ་རྒྱུད་ཀྱི་སྐུ་མངོན་སུམ་དུ་སྣང་བས་ཡིད་དཔྱོད་ཚིག་གི་ར་བ་ལས་གྲོལ་པ། དགེ་སྡིག་སྐྱོན་ཡོན་གྱི་གསལ་འགྲིབ་མེད་པ་དེ་ལ་བརྩོན་པས་ལྟ་བ་མ་ཡེངས་ན་འོད་ལུས་ཟང་ཐལ་དུ་འགྲུབ་པ་དེའོ། །གོང་ནས་སྐུའི་སྐབས་སུ་བཤད་པ་ལྟར་ཐུན་མོང་ཐེག་པས་སྐུ་གསུམ་འབྲས་བུར་འདོད་ཀྱང་། མན་ངག་སྡེའི་ལྷུན་གྲུབ་ཐོད་རྒལ་གྱི་ལམ་འདི་ནས་སྐུ་གསུམ་ལམ་དུ་བྱས་ནས། ཀ་དག་མཐའ་གྲོལ་ཆེན་པོ་གཞི་འབྲས་དབྱེར་མེད་པའི་བདག་ཉིད་ཡིན་ཡང་སྐུ་དང་ཡེ་ཤེས་སུ་མ་གྲུབ་ལ། འཆར་གཞི་མ་འགགས་པའི་ཀ་དག་གདོད་མའི་ནང་དབྱིངས་དཔེར་ན་མན་ཤེལ་རྐྱེན་དང་མ་འཕྲད་པ་ལྟ་བུ་འབྲས་བུར་འདོད་པས་ཁྱད་ཆེའོ། །དེ་ལྟ་བུའི་རིག་པ་དེ་ལ་གོམས་པས་རང་གདངས་ལུ་གུ་རྒྱུད་ལ་ཕྱིར་གོམས་པའི་ཚད་སྐུ་གདུང་འབར་བའི་ལུང་གིས་བསྟན་པ་དེ་དང་། རང་ངོ་ཀ་དག་སྐྱེ་མེད་ནང་ནས་གོམས་པའི་ཚད་ཀྱང་དེ་བཞིན་དུ་འབྱུང་བའོ། །གཉིས་པ་ནི། རྒྱུད་དེ་ཉིད་ལས། གང་གི་སྐྱེ་མེད་སུ་ཡིས་ནི། །རྩད་ནས་ཆོད་པའི་མི་དེ་ལ། །རྟགས་ནི་འདི་ལྟ་བུ་ཡང་འབྱུང༌། །འདི་རྟགས་སུ་ལ་ལྡན་པ་ནི། །ང་དང་སྐལ་བ་མཉམ་པ་ཡིན། །ལུས་ལ་འབུ་སྲིན་ཤིག་ལ་སོགས། །འདི་ཀུན་སྐྱེ་བ་རྒྱུན་ཆད་དང༌། །གང་གི་སྐྲ་དང་སེན་མོ་དང༌། །འདི་ཀུན་མི་སྐྱེ་རྒྱུན་ཟད་ན། །འདི་ནི་སྐྱེ་བ་མེད་པ་སྟེ། །འདི་ལྟར་རྟགས་དང་ལྡན་པ་ནི། །ཟླ་བ་དག་ནི་གསུམ་ན་ཡང༌། །འདི་ནི་འབྱུང་བ་རང་དེངས་སུ། །ཟག་བཅས་ཕུང་པོ་མི་སྣང་བར། །རང་ལུས་འོད་ཀྱི་གདངས་དཀྱིལ་དུ། །རིགས་དང་བཅས་ཏེ་འདི་འགྱུར་རོ། །ཞེས་སོ། །ཀ་དག་གི་རྟོགས་པ་ལ་གདེང་ཐོབ་པའི་རྣལ་འབྱོར་པ་དེའི་ལམ་རྟགས་ལ་སྲིད་པའི་གནས་སུ་སྐྱེ་བ་ཕྱི་མ་མི་ལེན་པའི་རྟགས་སུ། ལུས་ལ་སྲིན་བུ་མི་འབྱུང་བ་ལ་སོགས་པ་དང་། དེས་སྣང་བ་ལུས་ངག་གི་ཡོན་ཏན་དང་། སྣང་མེད་རིག་པ་སྟོང་པའི་ཡོན་ཏན་མཐའ་ཡས་པ་ཚད་མེད་པ་ཐོབ་པ་ནི། རང་སྣང་སངས་རྒྱས་ཀྱི་ཞིང་ཁམས་ལ་ཞི་ཁྲོའི་དཀྱིལ་འཁོར་གྱི་བཀོད་པ་སྣང་བ་དང་། ཆོས་སྐུའི་ཡོན་ཏན་ལ་སྤྱོད་པ་ཡིན་ནོ། །ནང་ཀ་དག་སྐྱེ་མེད་ལ་གོམས་པའི་ཚད་ནི། རྣལ་འབྱོར་པ་གོམས་པའི་ཁྱད་པར་གྱིས་འགའ་རེ་ལ་རྟགས་རྐྱང་པ་རེ་རེ་ཙམ་དང་། འགའ་རེ་ལ་གཉིས་འདྲེས་དང་། འགའ་རེ་ལ་གསུམ་ལྡན་རྣམས་ལས། ལུས་རྟགས་ཐམས་ཅད་རྫོགས་ན་བར་དོར་གྲོལ་བ་དང་། ལུས་དང་ངག་གི་རྟགས་ཅན་སྤྲུལ་བའི་ཞིང་དུ་གྲོལ་བ་དང་། སེམས་རྟགས་ཁོ་ན་རྫོགས་ན་བར་དོར་སྐད་ཅིག་གསུམ་གྱིས་གྲོལ་བ་དང་། ལུས་ངག་སེམས་གསུམ་གྱི་རྟགས་ཡོངས་སུ་རྫོགས་པ་འཛོམས་ན་རྟེན་དེ་ཉིད་ལ་འོད་ལུས་སུ་གྲོལ་བ་ཡིན་པའོ། །དེ་ལྟར་ཡིན་པ་ནི་རྡོ་རྗེ་འཆང་གི་བཀའ་ཡིན་ལ། ཡིན་ན་ཡང་རྟགས་ཁྱད་པར་ཅན་མེད་པར་རྟགས་འགའ་ཙམ་ཡོད་ཀྱང་མ་ངེས་པའི་རྟགས་ཅན་ཡིན་པས་གྲོལ་བར་མི་འགྱུར་ལ། ཕྱི་ནང་གི་རྟགས་ངེས་པ་ཅན་ལ་དེ་ལྟར་གྲོལ་ཚད་དུ་ཡོད་པའོ། །མདོར་ན་རྟགས་ཡོད་ཙམ་ཞིག་གིས་གྲོལ་བས་མ་ཁྱབ་ཀྱང་གྲོལ་བ་ལ་རྟགས་ཡོད་པས་ཁྱབ་བོ།།

ག༽ ཕྱིས་ཀྱི་རྟགས་ཚད་ངེས་པ་བཤད་པ།

ཀ མདོར་བསྟན་པ།

དོན་གསུམ་པ་ཕྱིས་ཀྱི་རྟགས་ལ་གཉིས་ཏེ། མདོར་བསྟན་པ་དང༌། རྒྱས་བར་བཤད་པའོ། །དང་པོ་ནི། །སྐལ་ལྡན་གྲོལ་བའི་རྟགས་དང༌། །སྐལ་མེད་འཁྲུལ་པའི་རྟགས་ཏེ། སྐུ་གདུང་འབར་བ་ལས། གང་དག་མྱ་ངན་ལས་འདས་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང༌། །ས་ནི་གཡོ་བར་འགྱུར་བའོ། །ནམ་མཁའ་ཆར་དང་ཁུ་རླངས་དང༌། །འདི་ལྟར་རྟགས་ནི་ཕྱིས་ནས་འབྱུང༌། །ཞེས་སོ། །རྣལ་འབྱོར་བ་གྲོལ་བས་བྱང་ཆུབ་ཐོབ་པའི་རྟགས་དང་། འགྲོ་དྲུག་འཁྲུལ་བས་སྐྱེ་བ་ལེན་པའི་རྟགས་དངོས་དང་ཤུགས་ཀྱིས་མདོར་བསྟན་པའོ།།

ཁ རྒྱས་བར་བཤད་པ།

༼༡༽ རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་བཤད་པ།

གཉིས་པ་ལ་གཉིས་ཏེ། རྣལ་འབྱོར་པ་གྲོལ་ཚད་ངེས་པའི་རྟགས་དང༌། འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་སོ། །དང་པོ་ལྔ་སྟེ། སྐུ། གདུང༌། འོད། སྒྲ། ས་གཡོ་བའི་རྟགས་ཚད་བསྟན་པའོ། །དང་པོ་སྐུ་ལ་གཉིས་ཏེ། རྒྱུད་དེ་ཉིད་ལས། རིགས་ལྡན་མྱ་ངན་འདས་པ་ལ། །དེ་ཡི་ལྷག་མ་ཟག་བཅས་ཀྱི། །ཕུང་པོ་རྟེན་ཡུལ་བསྲེགས་སྦྱངས་པས། །དེ་ལ་སྐུ་ནི་རྣམ་གཉིས་ཏེ། །ཞི་བའི་སྐུ་དང་ཁྲོ་བོའི་སྐུ། །རྣམ་པ་གཉིས་ཀྱི་གཟུགས་སུ་ཡང༌། །སུ་ཞིག་རྣལ་འབྱོར་ལྡན་པ་ལ། །འདི་གཉིས་གཟུགས་ཀྱི་རྣམ་བ་ཡང༌། །གལ་ཏེ་གཉིས་ཀ་བྱུང་བ་ན། །འདི་ནི་བར་དོ་མེད་པར་ཡང༌། །ངོ་བོ་ཀ་དག་ཆེན་པོ་ཡི། །གདེང་དང་ལྡན་པར་འདི་འགྱུར་རོ། ཞི་བའི་སྐུ་ཡི་རྟགས་བྱུང་ན། །ཞག་ནི་ལྔ་ཡིས་བདེན་མཐོང་སྟེ། །དེ་ཡང་སངས་རྒྱས་ཉིད་དུ་ཐིམ། །གལ་ཏེ་ཁྲོ་བོའི་སྐུ་བྱུང་ན། །འདི་ནི་ཆོས་ཉིད་བར་དོ་ཡི། །སྐད་ཅིག་ཉིད་ནི་ཆ་ལྔ་ལ། །གྲོལ་བར་འགྱུར་རོ་མཁའ་འགྲོ་མ། །ཞེས་སོ། །རྣལ་འབྱོར་བ་འདས་ནས་སྐུ་གདུང་བསྲེགས་པའི་སྐབས་སུ་རུས་པའི་སྟེང་དུ་ཐུགས་ལྗགས་སྤྱན་གསུམ་གོང་བུ་གཅིག་ཏུ་གྱུར་ནས་སྐུ་དོད་པ་སོགས་ཡོད་པས། དེ་ལ་ཡང་ཕྱེད་སྐུ་སྣང་བ་དང་། སྐུ་རྐྱང་དང་། ཡབ་ཡུམ་དང་། ཚོམ་བུ་ལ་སོགས་པ་དང་། གཞན་ཡང་མཆོད་རྟེན་དང་། འཁོར་ལོ་དང་། རལ་གྲི་དང་། རྡོ་རྗེ་ལ་སོགས་པའི་རྣམ་པར་སྣང་ལ། དེ་དག་ནི་བསྐྱེད་རྫོགས་ནར་སོན་མ་སོན་གྱི་ཁྱད་ཡིན་ཏེ། བསྐྱེད་རྫོགས་ཡོངས་སུ་རྫོགས་ན་སྐུ་ཡབ་ཡུམ་ཚོམ་བུ་དཀྱིལ་འཁོར་དང་བཅས་པ་ཡོད་པ་དང་། དེ་ཙམ་མིན་ན་ཕྱེད་སྐུ་དང་སྐུ་རྐྱང་ལ་སོགས་པ་དང་། བསྐྱེད་རྫོགས་ནར་དེ་ཙམ་མ་སོན་པ་ལ་ཕྱག་མཚན་དང་ཡིག་འབྲུ་སྣང་བ་ཡིན་ནོ། །དབྱེ་ན་ཞི་བའི་སྐུ་དང་། ཁྲོ་བོའི་སྐུ་གཉིས་སོ། །རྒྱུ་ནི་གཉིས་ལས། ངོ་བོའི་རྒྱུ་སེམས་ཅན་ཀུན་ལ་ཡེ་ནས་འོད་གསལ་གྱི་སྐུ་དང་། གདངས་རང་ཆས་སུ་ཡོད་པ་དེ་ལས་བསྐྱེད་རྫོགས་ཀྱིས་གསལ་ཐེབས་པ་དེ་ལ་བརྟེན་ནས་མངོན་གྱུར་གྱི་རྒྱུ་དྭངས་མའི་འབྱུང་བ་འདུས་པ་ལས་བྱུང་བ་སྟེ། འདི་ལ་སྨིན་དང་མ་སྨིན་གྱི་དབྱེ་བའི་ཐོག་ནས་བཤད་ན་བག་ལ་ཞར་ཡོད་པ་མ་སྨིན་པའི་རང་བཞིན་དང་། མངོན་གྱུར་མཐོང་ཆོས་སུ་གྱུར་པ་སྨིན་པའི་སྐུ་གདུང་དུ་སྣང་བ་དང་གཉིས་སོ། །འདི་འབྱུང་སའི་གནས་དེ་གང་ཡིན་ན་གཙོ་བོ་མགོ་དང་སྒལ་ཚིགས་ལས་འབྱུང་ཞིང་། རང་རེ་པདྨའི་ཐང་གི་ནང་རྟེན་ཁྱད་འཕགས་རྒྱ་གར་གྱི་གྲུབ་ཐོབ་རས་དཀར་བའི་དབུ་ཐོད་ལ་སྐུ་བཅོ་ལྔ་བཅུ་དྲུག་ཅིག་དངོས་སུ་མཇལ་རྒྱུ་ཡོད་འདུག འདི་ངོ་མ་ཁྱད་འཕགས་རྒྱལ་བའི་སྐུ་དང་གདུང་ཡིད་བཞིན་གྱི་ནོར་བུ་རེད། ཡིད་བཞིན་གྱི་ནོར་བུ་ཡང་སངས་རྒྱས་ཀྱི་རིང་བསྲེལ་རྒྱ་མཚོའི་ནང་དུ་ལོ་མང་ལྷག་པ་ཡིན་ཞེས་གྲགས་ལ། དེས་ན་འདི་ཚོ་མཇལ་བ་ཙམ་ཡང་བསོད་ནམས་ཆེན་པོ་དང་ལྡན་པའོ། །དེ་ཡང་ཞི་བའི་སྐུ་བྱུང་ན་འོད་གསལ་ལམ་གཏོད་དེ་ཀ་དག་ཆོས་སྐུའི་ནང་དབྱིངས་སུ་ཟང་ཐལ་དུ་གྲོལ་བ་ཡིན་པས། དེ་ལ་བར་དོ་ནས་རང་སྣང་གི་སྤྲུལ་བ་མི་འབྱུང་ལ། ཁྲོ་བོའི་སྐུ་བྱུང་བ་ལ་སྒྲ་འོད་ཟེར་གསུམ་རང་སྣང་དུ་ངོ་ཤེས་པས་གྲོལ་དུས། ལྷུན་གྲུབ་ཀྱི་གཞི་སྣང་ཤར་བའི་ངང་དུ་བསམ་གཏན་གྱི་ཞག་ཉི་ཤུ་རྩ་གཅིག་ལ་བསྡད་པའི་རྗེས་ནས། སྒོ་གཉིས་ཤར་བའི་སྐབས་སུ་མ་དག་འཁོར་བའི་སྒོ་ཤར་བ་ལ། དག་པ་ཡེ་ཤེས་ཀྱི་སྒོ་ནས་སྤྲུལ་བས་འགྲོ་དོན་བྱེད་པའོ། །འདིའི་སྐོར་གོང་ནས་ཀྱང་བཤད་ལ། སྤྲུལ་བ་མི་འབྱིན་པ་ནི་འཁྲུལ་བའི་སྒོ་ཤར་ལོང་མེད་ནས་ཀ་དག་ཟང་ཐལ་གྱི་སར་གྲོལ་བས་སྤྲུལ་བ་མི་འབྱིན་པ་དང་། ལྷུན་གྲུབ་ཀྱི་སྒོ་མ་ཤར་དུས་མ་དག་པའི་སྒོ་སྣང་བ་མིན་པས་སྤྲུལ་བ་མི་འབྱིན་པའོ། །སྤྲུལ་བ་འབྱིན་པ་ལ་མ་དག་པའི་སྒོ་སྣང་བ་ཡིན་ལ་འཁོར་བའི་སྒོ་ནུབ་པ་མ་ཡིན་པས་སངས་རྒྱས་མཛད་པ་རང་སྣང་དུ་མ་རྫོགས་པ་དེ་རྫོགས་པར་བྱེད་པ་ལ་སྤྲུལ་བ་བཀྱེ་བའི་གོ་དོན་ཏེ། །དེས་དོན་མཛད་ནས་འཁོར་བ་སྟོངས་པར་བྱས་ནས་སླར་སྤྲུལ་བའི་སྣང་བ་དེ་ཀ་དག་ནང་དབྱིངས་སུ་ཐིམ་པ་ཡིན། ཀ་དག་གི་ས་དེ་སྣང་མི་སྣང་ལས་འདས་པ་ཡིན་པས་སྐུ་གསུམ་གྱི་འཆར་གཞི་ཙམ་ལས་སྐུ་གསུམ་སོ་སོ་བ་དངོས་སུ་དབྱེར་མེད་ཅིང་། དེ་ལས་གཞི་སྣང་དུ་ཕྱི་རུ་ཤར་ནས་གཞན་དོན་མཛད་པ་ནི་མཐར་ཐུག་གི་གོ་བ་ཡིན་ལ་འདི་ཤེས་དགོས་པའི་གལ་ཆེན་རྡོ་རྗེའི་ཆིངས་གསང་བ་ཆེན་པོ་ཀློང་ཆེན་བརྒྱུད་པའི་དགོངས་རྒྱུད། རྒྱུད་དོན་གཞན་གྱིས་བཀྲལ་མ་ཐུབ་པ་ཀློང་ཆེན་པ་ཁོང་གིས་བཤད་ནས་རྩལ་འདོན་མཛད་པ་ཡིན་གསུངས་པའི་མན་ངག་རིན་ཐང་ཅན་ཡིན་ནོ། །གདུང་ལ་ངོ་བོ་མདོར་བསྟན་པ་དང༌། རང་བཞིན་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ནི་བདེ་གཤེགས་གདུང༌། །དེ་བཞིན་བ་རཱི་རཾ་ཞེས་ནི། །རྡོ་རྗེའི་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རཾ་ནི་རིན་པོ་ཆེ། །བསེ་རཱི་རཾ་ནི་པད་མའོ། །དེ་བཞིན་ཉ་རཱི་རཾ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་སོ། གཉིས་པ་ལ་གདུང་རིགས་ལྔ་སྟེ། སོ་སོའི་ཁ་དོག ཚད། རྒྱུ། གནས། ཡུལ་རྣམས་བསྟན་པ་ནི། རྒྱུད་དེ་ཉིད་ལས། ཤ་རཱི་རཾ་ཞེས་དཀར་ལ་དྭངས། །སྣུམ་ལ་འདྲིལ་ཏེ་ཁ་དོག་གསལ། །སྲན་མ་ཡི་ནི་རྡོག་འབྲུ་ཙམ། །འདི་ནི་རུས་པའི་དྭངས་མ་སྟེ། །སྨིན་པས་འདྲིལ་བར་འབྱུང་བ་ཡིན། །ཐབས་ལྡན་དེ་ཡི་མགོ་ལས་འབྱུང༌། །བ་རཱི་རཾ་ཞེས་སྔོ་ནག་ལ། །ཡུངས་ཀར་གྱི་ནི་འབྲུ་ཙམ་མམ། །ཡང་ན་སྲན་ཆུང་འབྲུ་ཙམ་མོ། །འདི་ནི་དྲོད་ཀྱི་དྭངས་མ་འདྲིལ། །དེ་ཡི་རྩིབ་མའི་གོ་མཚམས་ནས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཆུ་རཱི་རཾ་ནི་ཁ་དོག་སེར། །ཡུངས་འབྲུ་ཙམ་ནི་ཁྲག་ལས་སོ། །དེ་ནི་མཆིན་པའི་སྟེང་ནས་འབྱུང༌། །བསེ་རཱི་རཾ་ཞེས་དམར་ལ་དྭངས། །ཆེ་ཆུང་ཚད་ཀྱང་ཡུངས་འབྲུ་ཙམ། །འདི་ནི་འབྱུང་བ་འདུས་ལས་འདྲིལ། །སྐལ་དང་ལྡན་པའི་མཁལ་མ་ལས། །འབྱུང་བ་ཡིན་ནོ་མཁའ་འགྲོ་མ། །ཉ་རཱི་རཾ་ནི་ཨིནྡྲ་སྟེ། །ཡུངས་འབྲུ་ཙམ་ལ་ཁ་དོག་གསལ། །ཤེས་པ་རྣམས་ཀྱི་དྭངས་མ་ལས། །འདི་ནི་གློ་བའི་སྟེང་ནས་འབྱུང༌། །འདི་ཀུན་སྤྱི་དབྱིབས་ཟླུམ་ལ་འདྲིལ། །ཀུན་གྱི་གཏིང་གསལ་ཁ་དོག་ལྔ། །ཞེས་སོ། །གདུང་གི་སྐོར་དེ་ཞུས་ཟིན་པ་ཡིན། རིང་བསྲེལ་ཡང་དེ་དང་ཆ་འདྲ་བ་རེད། ཁ་དོག་ལྔ་ཡོད་པ་ནི་རིགས་ལྔའི་ཆ་འཛིན་པ་ཡིན་པས་ལྔ་རུ་བྱུང་ལ། ཆེ་ཆུང་གི་ཚད་སྤྱིར་བཏང་གི་དུས་རྒྱུན་མཐོང་རྒྱུ་འདི་ལྟ་བུ་རེད། ད་ལྟ་གོང་དུ་གསུངས་པ་ལྟར་དུ་གདུང་གི་རྒྱུ་དེ་ཚོ་ཤ་རཱི་རཾ་རུས་པའི་དྭངས་མ་ལས་བྱུང་བ་དང་། བ་རཱི་རཾ་དྲོད་ཀྱི་དྭངས་མ་ལས་བྱུང་བ་དང་། ཆུ་རཱི་རཾ་ཁྲག་གི་དྭངས་མ་ལས་བྱུང་བ་སྟེ། མདོར་ན་འབྱུང་བའི་དྭངས་མ་དང་ཤེས་པའི་དྭངས་མའི་རྒྱུ་ལས་བྱུང་བ་ཡིན་ལ། དེ་ཡང་འབྱུང་བ་ཡོད་པ་ཙམ་གྱིས་ཡོད་པ་མིན་པས་རྣལ་འབྱོར་བ་གྲོལ་བ་ཐོབ་པའི་རྟགས་སོ། །རིང་བསྲེལ་ནི་འདིའི་རྣལ་འབྱོར་པ་སྤྲུལ་པར་དབུགས་འབྱིན་པའི་རྟགས་ཏེ་འབྱུང་བས་འཇིག་ལ། གདུང་མི་འཇིག་སྟེ། རྒྱུད་དེ་ཉིད་ལས། འདི་དང་ཡང་ནི་འདྲ་བ་ནི། །རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། །ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་བར་ནུས། །འདི་ནི་སྤྲུལ་པའི་ཞིང་ཁམས་སུའོ། །གདུང་ནི་སུས་ཀྱང་འཇིག་མི་ནུས། །སྲ་མཁྲེགས་འཇིགས་པ་ཀུན་བྲལ་བས། འདི་ཀུན་འཇིགས་མེད་སངས་རྒྱས་ཐོབ། །ཅེས་པ་དང༌། རང་ཤར་ལས། སྐུ་དང་གདུང་དང་འོད་རྣམས་ཀྱང༌། །མྱ་ངན་འདའ་བ་གང་ཡོད་པ། །དེ་ལ་རྟགས་རྣམས་འབྱུང་བར་བཤད། །ཅེས་སོ། །གདུང་དང་རིང་བསྲེལ་གྱི་ཁྱད་པར་ནི། གདུང་འབྱུང་བས་མི་འཇིག་པ་དང་། རིང་བསྲེལ་འཇིག་པ་ཡིན་པ་དང་། འདི་གཉིས་ཀའི་རྒྱུ་དང་འབྱུང་ས་ཡང་མི་འདྲ་སྟེ། རིང་བསྲེལ་གྱི་རྒྱུ་ཤ་ཁྲག་དྲོད་དབུགས་སོགས་ཀྱི་དྭངས་མ་ལས་བྱུང་བ་ཡིན་ལ། གདུང་ནི་དྭངས་མའི་ཤིན་ཏུ་དྭངས་མ་ལས་བྱུང་བ་ཡིན། རིང་བསྲེལ་ཡོང་བའི་སྐྱེ་བོ་དེ་སྙིང་ཐིག་སྒོམ་པའི་རྣལ་འབྱོར་བ་ཡིན་ན་རང་བཞིན་སྤྲུལ་བའི་ཞིང་ཁམས་སུ་དབུགས་འབྱིན་པ་ཡིན། འགྲོ་བ་ཕལ་བ་ལ་ཡང་འབྱུང་སྲིད་དོ། །འོད་ལ་འཁོར་ཡུག་དང༌། གྱེན་འབྲེང་དང༌། རྩིབས་སྒུགས་གསུམ་སྟེ། སྐུ་གདུང་འབར་བ་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པར་ནི། །གང་གི་ཤུལ་ལ་བྱུང་བ་ནི། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡིན་ནོ་འབྲས་བུ་ཐོབ། །གལ་ཏེ་གྱེན་ལ་འགྲེང་བ་ན། །འདིས་ནི་བར་དོ་མི་སྣང་བར། །སྐད་ཅིག་ལ་ནི་སངས་རྒྱས་སོ། །འོད་ནི་རྩིབས་སུ་སྣང་གྱུར་ན། །འདི་ནི་བར་དོ་ཐ་མ་ལ། །མངོན་པར་བྱུང་ཆུབ་ཉིད་བརྙེས་སོ། །ཞེས་སོ། །འོད་ཀྱི་རྒྱུ་ནི། འབྱུང་བའི་དྭངས་པ་དང་རྣལ་འབྱོར་བའི་རིག་པ་གོམས་པའི་རང་གདངས་གཉིས་ཀ་འཛོམ་པ་ལ་རྟེན་ནས་རྣལ་འབྱོར་བ་མྱ་ངན་ལས་འདའ་བའི་དུས་སུ་འབྱུང་བའོ། །འོད་གྱེན་འགྲེང་གནམ་དུ་འཐེན་པ་ལྟར་བྱུང་ན་ཆོས་ཉིད་བར་དོ་མེད་པར་ཀ་དག་ལ་ཟང་ཐལ་གྱིས་གྲོལ་བ་དང་། མུ་ཁྱུད་དུ་བྱུང་ན་བར་དོ་དང་པོ་ལ་གྲོལ་བ་ལ་སོགས་པའི་རྟགས་རྣམས་སྐུ་གདུང་འབར་བའི་ལུང་གིས་གསལ་བ་ལྟར་རོ། །སྒྲ་ལའང་ཕྱོགས་དང་སྐད་ཀྱི་རིམ་པས་དབྱེ་བ་ནི། སྐུ་གདུང་འབར་བ་ལས། གང་དུ་འདས་པའི་གནས་ཁང་ནི། །ཤར་གྱི་ཕྱོགས་སུ་ཉེ་བའི་སར། །སྒྲ་ནི་རབ་ཏུ་གྲག་པ་ན། །འདི་ནི་རྡོ་རྗེའི་རིགས་སུ་འགྱུར། །དེ་བཞིན་ལྷོ་ཡི་ཕྱོགས་སུ་ཡང༌། །སྒྲས་ནི་རིན་ཆེན་རིགས་སུ་སྣང༌། །ནུབ་ཏུ་པད་མ་དེ་བཞིན་ནོ། །བྱང་དུ་ལས་ཀྱི་རིགས་སུ་འགྱུར། །དེ་བཞིན་སྟེང་དུ་དེ་བཞིན་རིགས། །སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང༌། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདིས་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །ཞེས་སོ། །སྒྲ་ནི་སྤྱིར་ན་ནམ་མཁའི་ཁམས་ནས་གྲགས་པའི་འབྲུག་སྐད་ལ་སོགས་པ་གཉིས་འཐབ་པ་ལས་བྱུང་བ་ཞིག་ཡིན་ལ། འདི་རྣལ་འབྱོར་བ་སྐུ་གསུམ་གྱི་ཞིང་དུ་བརྟན་པ་ཐོབ་པའི་སྒྲ་ཡིན་པར་གསུངས་ལ། སྡིག་ཆེན་ཤི་ཁ་དང་། བདུད་སྟོབས་ཆེན་གྱི་ཁ་དར་དུས་སུ་ཡང་གྲགས་རྒྱུ་ཡོད་ཀྱང་། སྒྲ་དང་ས་གཡོ་འདི་དག་སེམས་ཅན་གནོད་པ་ཡོད་མེད་ཀྱི་སྒོ་ནས་བཟང་ངན་གང་ཡིན་བརྟག་ཆོག་ཅིང་། བྱང་ཆུབ་སེམས་དཔའ་ས་ནས་ས་འཕར་བའི་རྟགས་སུ་ས་ཆེན་པོ་འདི། འགུལ་རབ་ཏུ་འགུལ། གཡོས་རབ་ཏུ་གཡོས་གསུངས་པ་ཡོད་ལ། འོན་ཀྱང་སེམས་ཅན་ལ་གནོད་པ་མེད་དོ། །གནོད་པ་ཅན་གྱི་སྒྲ་དང་ས་གཡོ་བ་དེ་ནི་བདུད་སྟོབས་ཅན་གྱི་ཁ་དར་བ་དང་། སྨོན་ལམ་ལོག་པའི་བདུད་རིགས་འཇིག་རྟེན་ན་སྐྱེ་བ་ལེན་དུས་སེམས་ཅན་སྤྱི་ཡི་སྡུག་བསྔལ་ཆེན་པོ་བརྩེགས་མར་བྱས་ནས་དམིགས་བསལ་གྱིས་ཡོང་བའི་རྟགས་བྱུང་བའོ། །མདོར་ན་སེམས་ཅན་ལ་གནོད་པ་ཡོད་མེད་ཀྱི་སྒོ་ནས་རྟགས་བཟང་ངན་གྱི་ཁྱད་པར་ཕྱེད་དགོས་སོ། །ས་གཡོ་བའི་རྟགས་ཚད་ནི། །རྒྱུད་དེ་ཉིད་ལས། ས་ནི་གཡོ་བའི་སྐྱེས་བུ་དེའི། །དབུགས་དང་བྲལ་བའི་ཚེ་བྱུང་ན། །འདི་ནི་ཉན་ཐོས་ས་ཐོབ་བོ། །དེ་བཞིན་ཞག་ནི་གསུམ་ན་ཡང༌། །དེ་ཉིད་ས་ནི་གཡོས་གྱུར་ན། །འདི་ནི་རང་སངས་རྒྱས་ཀྱི་ས། །ཞག་ནི་དྲུག༌ན་བྱུང་བ་ན། །འདི་ནི་བྱང་ཆུབ་སེམས་དཔའ་ཡི། །ས་ལ་འཇུག་གོ་མཁའ་འགྲོ་མ། །གལ་ཏེ་ཞག་ནི་དགུ་ན་ཡང༌། །ས་ནི་གཡོས་པར་གྱུར་པ་ན། །འདི་ནི་རིག་པ་འཛིན་པ་ཡི། །ས་ལ་ཅི་དགར་སྤྱོད་པར་ནུས། །ས་ནི་གཡོས་པའི་སྐལ་ལྡན་ལ། །སངས་རྒྱས་འབྲས་བུ་མི་སྣང་སྟེ། །དེ་བཞིན་ས་དང་ལམ་རྣམས་ལ། །ཡུན་དུ་སྦྱོང་ཞིང་གནས་པའོ། །ཞེས་སོ། །ས་ལམ་འདི་མཐའ་གཅིག་ཏུ་དཔེ་གཅིག་གིས་འཇལ་དུ་མེད་དེ། ཐེག་པའི་འཇུག་སྒོ་དང་། ལམ་གྱི་ཁྱད་པར་ཡོད་པ་དང་། དེ་བཞིན་དུ་མྱུར་བུལ་གྱི་ཁྱད་པར་ཡང་མ་ངེས་པ་དང་། ལམ་སོ་སོའི་ཐབས་དང་ཤེས་རབ་ཀྱི་བྱེད་པ་ཡང་དེ་དང་འདྲ་བར་མཁས་པ་ཤེས་རབ་ཅན་གྱིས་ཁོང་དུ་ཆུད་པར་བྱའོ།།

༼༢༽ འགྲོ་དྲུག་སོ་སོར་སྐྱེ་བའི་རྟགས་བཤད་པ།

དོན་གཉིས་པ་འགྲོ་དྲུག་གི་གནས་སོ་སོར་སྐྱེ་བའི་རྟགས་ལ་དྲུག་སྟེ། རྒྱུད་དེ་ཉིད་ལས། །གང་ཞིག་ཤི་བ་དེ་ཚེ་ན། །ནམ་མཁའ་སྨུག་ནག་མུན་པ་ནག །དེ་བཞིན་ཆར་དང་ཁུ་རླངས་དང༌། །རླུང་དང་སེར་བ་བུ་ཡུག་སྟེ། །འདི་ཀུན་སུ་ལ་བྱུང་བ་དེ། །སེམས་ཅན་དམྱལ་བའི་སྐྱེ་གནས་སུ། །འདི་ལ་བར་མ་དོ་མེད་པར། །འགྱུར་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་ན་བུན་ལྟ་བུ་ལ། །འོད་ཟེར་སེར་ལ་ཉི་ཟླ་ཤི །རླུང་དང་སེར་བུ་མེད་པ་ལ། །སེར་གློག་ཉི་མ་མི་སྣང་དང༌། །ཆར་བབ་ཤུལ་ལམ་ཡང་ན་ནི། །འདི་ཡི་སྲོད་ལ་བབ་པར་གྱུར། །འདི་ཉིད་སུ་ལ་བྱུང་བ་སྟེ། །ཡི་དྭགས་ཀྱི་ནི་སྐྱེ་གནས་སུ། །སྐྱེ་བ་ཡིན་ནོ་མཁའ་འགྲོ་མ། །ནམ་མཁའ་རྨུགས་ཤིང་རླུང་ཡང་མེད། །སྤྲིན་ནི་གནག་ལ་གོ་མཚམས་མེད། །ཡང་ན་ན་བུན་སྣང་བ་དང༌། །རྨུགས་ཤིང་ཉམས་མི་དགའ་པ་ལ། །ཚེ་ཡི་འདུ་བྱེད་སུ་བྱས་བ། །འདི་ནི་བྱོལ་སོང་གནས་སུའོ། །ཤིན་ཏུ་དྲག་པོའི་རླུང་གིས་འཁྲུགས། །སྤྲིན་ནི་ཁམ་ནག་འཇིགས་པའི་གཟུགས། །རབ་ཏུ་འཁྲུགས་ཤིང་འགྲོ་འོང་བཅས། །འབྲུག་དང་གློག་གི་ལྕེ་འབྱིན་དང༌། །ཉི་མ་ཟླ་བ་སྣང་མི་ནུས། །འདི་ལྟར་སུ་ལ་བྱུང་བ་སྟེ། །འདི་ནི་ལྷ་མིན་སྐྱེ་གནས་སོ། །ནམ་མཁའ་གསལ་ཞིང་དྭངས་པ་ལ། །ཉི་མ་ཟླ་བའི་སྣང་བ་གསལ། །རླུང་དང་སེར་བུ་སྣང་མི་ནུས། །འདི་ནི་ལྷ་ཡི་སྐྱེ་གནས་སོ། །ཡང་ནི་ནམ་མཁའ་གསལ་ལ་དྭངས། །མི་མཇེད་སྤྲིན་ནི་དར་དཀར་བཞིན། །ཤིན་ཏུ་སྲབ་ཅིང་བརྡལ་བར་སྣང༌། །ཡང་ན་ཉི་ཟླ་འོད་ཁྱིམ་ཅན། །འདི་ལྟར་སུ་ལ་བྱུང་བ་དེ། །མི་ཡི་སྐྱེ་གནས་འདིས་ཐོབ་བོ། །ཞེས་སོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་རྟགས་ཚད་ངེས་པའི་རིམ་པ་སྟེ་རྡོ་རྗེའི་གནས་དགུ་པ་རྒྱ་ཆེར་བཤད་པའོ།། །།

རྡོ་རྗེའི་གནས་བཅུ་བ་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་གི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ བར་དོ་སྤྱིའི་རྣམ་པར་གཞག་པ་བསྟན་པ།

༼ཀ དབྱེ་བ་བསྟན་པ།

དེ་ནས་བར་དོར་ཡེ་ཤེས་ཀྱི་སྒྲོན་མ་ལ་རང་སྣང་ངེས་པའི་གདམས་ངག་ཇི་ལྟར་གདབ་ཚུལ་བསྟན་པ་ལ་གཉིས་ཏེ། བར་དོ་སྤྱིའི་རྣམ་པར་གཞག་པ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། དབྱེ་བ། ས་མཚམས། སྣང་ལུགས་སོ། །དབྱེ་ན་བཞི་སྟེ། ཐལ་འགྱུར་ལས། དབྱེ་ན་རྣམ་པ་བཞི་དག་ལས། །ཞེས་པས། རང་བཞིན་གྱི་བར་དོ། འཆི་ཀའི་བར་དོ། ཆོས་ཉིད་ཀྱི་བར་དོ། སྲིད་པའི་བར་དོའོ།།

༼ཁ ས་མཚམས་བསྟན་པ།

ས་མཚམས་ལ་རང་བཞིན་གྱི་བར་དོ་དང་པོ་མའི་མངལ་ནས་འཐོན་ནས་ཐ་མ་ལ་འཆི་རྐྱེན་གྱི་ནད་ཀྱིས་བཏབ་པ་ལ་ཐུག་པ་ཚུན་ཆད་དོ། །འཆི་ཀའི་བར་དོ་ནི་འཆི་རྐྱེན་གྱི་ནད་ཀྱིས་ཐེབས་ནས་ནང་དབུགས་ཁྲོག་གིས་ཆད་པ་ཚུན་ཆད་དོ། །ཆོས་ཉིད་ཀྱི་བར་དོ་ནི་དབུགས་ཆད་ནས་སྐད་ཅིག་མ་ལ་འོད་གསལ་ཤར་བ་ནས་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །སྲིད་པའི་བར་དོ་ནི་ལྷུན་གྲུབ་ཐིམ་པ་ནས་ཡིད་ཀྱི་ལུས་ཅན་ཐོགས་མེད་རྒྱུ་བ་ལས་མའི་མངལ་དུ་ཚུད་པ་ཕྱིན་ཆད་དེ། མངལ་དུ་ཚུད་ནས་སྲིད་པ་ཕྱི་མའོ། །བར་དོ་ཞེས་པ་དེའི་བར་ཞེས་བརྗོད་དོན་ཅི། གང་གི་བར་དུ་ཡོད་པ་ཡིན་ཞེ་ན། དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཏེ། ཐོག་མའི་གཞི་དབྱིངས་དང་ཐ་མའི་གྲོལ་སའི་དབྱིངས་གཉིས་ཀའི་བར་དུ་ཡོད་དོ་ཅོག་ལ་བར་དོ་ཞེས་བྱའོ། །བར་དོའི་ངོ་བོ་ནི། ཕྱི་ཡུལ་གྱི་ཆོས་ནང་གི་བློ་ལ་སྣང་བའི་གནས་སྐབས་ཐམས་ཅད་བར་དོའི་ཁོངས་སུ་འདུས་པའོ། །འདི་ལ་གཞི་སྣང་སྐུ་དང་ཡེ་ཤེས་སུ་འཆར་བའི་རང་གདངས་དག་པ་ཆོས་ཉིད་ཀྱི་བར་དོ་དང་། འཁྲུལ་སྣང་འགྲོ་དྲུག་གི་སྣང་བ་ཤར་བ་མ་དག་འཁྲུལ་བའི་བར་དོའོ། །གཞན་ནས་བར་དོ་དྲུག་ཏུ་བཤད་ཀྱང་འདི་ནས་བཞིའི་ནང་དུ་བར་དོ་དྲུག་པོ་འདུ་བ་ཡིན་པ་དེས་ན་བར་དོ་བཞིར་གསུངས་པའོ།།

༼ག སྣང་ལུགས་བསྟན་པ།

སྣང་ལུགས་ལ་བཞི་ལས། རང་བཞིན་དུ་གནས་པའི་བར་དོའི་སྣང་ལུགས་ལའང་སྤྱིར་བསྟན་པ་དང༌། བྱེ་བྲག་ཏུ་བཤད་པ་གཉིས་ལས། དང་པོ་ལའང་ཁམས་གསུམ་སྤྱི་བཙན། གནས་རིགས་ཐ་དད། གང་ཟག་སྒོས་བཙན་གསུམ་ལས། སྤྱི་བཙན་ལ་ཀུན་གཞིའི་སྟེང་དུ་བག་ཆགས་སོ་སོར་གཞག་པའི་དབང་གིས་རྩ་བ་མ་རིག་པ་གཟུང་འཛིན་དུ་སེམས་ལ་སྣང་བ། ཕྱི་ཡུལ་ལྔར་ཡུལ་གྱི་རྣམ་པར་སྣང་བ། ལུས་སུ་སྣང་བ། བདེ་སྡུག་བར་མ་དགའ་གདུང་དུ་སྣང་བ། ཆགས་སོགས་ཉོན་མོངས་དུག་ལྔར་སྣང་བས་གཅིག་ནས་གཅིག་ཏུ་འཁོར་བར་སྣང་བའི་ཕྱིར་ཁམས་གསུམ་སྤྱིའི་སྣང་བ་ཞེས་བྱའོ། །ཀློང་ཆེན་པས་ཡིད་བཞིན་མཛོད་ལས། ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང༌། །དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔའོ། །དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང༌། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས། །དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ །ཞེས་གསུངས་པ་ལྟར་རོ། །དེ་ལས་གནས་རིགས་ཐ་དད་པར་སྣང་ཚུལ་བརྗོད་ཀྱིས་མི་ལང་ཡང་རིས་སུ་བསྡུ་ན་དྲུག་པོ་རྣམས་ཡུལ་དང༌། ལུས་དང༌། བདེ་སྡུག་ཕལ་ཆེར་ལས་མཐུན་གྱི་ཆ་སོ་སོ་ནས་ཕྱོགས་བསྡེབས་པས་འགྲོ་བ་དྲུག་སྟེ། རང་རང་གི་ལས་མཐུན་པས་ལྷ་རྣམས་ཀྱི་གནས་དང་བདེ་བ་ལ་སོགས་པ་ནས་མི་དང་ལྷ་མིན་ལ་སོགས་པ་སྟེ། འདི་དག་ཐམས་ཅད་ལ་དངོས་པོ་གཅིག་ལ་མཐུན་པར་ནི་མེད་དེ། ཆུ་གཅིག་པུ་ལའང་ལྷས་བདུད་རྩིར་མཐོང་བ་ལ་སོགས་པ་དང༌། སྤྲིན་གཅིག་པུ་ལའང་གཞན་འཕྲུལ་དབང་བྱེད་ལ་སོགས་པར་རིན་པོ་ཆེ་དང་མེ་ཏོག་གི་ཆར་དུ་འབབ་ལ། སུམ་ཅུ་རྩ་གསུམ་དང་རྒྱལ་ཆེན་བཞིར་བདུད་རྩིའི་ཆར་དང༌། མི་ལ་ཆུ་དང༌། དུད་འགྲོ་ལ་ཡོངས་སུ་གདུང་བ་ལ་བཏུང་དུ་རུང་བ་ཙམ་དང༌། ཡི་དྭགས་ལ་རྣག་ཁྲག་གི་ཆར་དང༌། དམྱལ་བ་ལ་མེ་མདག་གི་ཆར་དུ་འབབ་པར་མཐོང་སྟེ། བདེན་གཉིས་ལས། དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་མཐོང་བ་ཡིན། །ཞེས་སོ། །དེ་དག་ཀྱང་ཕྱི་རོལ་ན་དོན་གཞན་བདེན་པར་གྲུབ་མེད་པས་ཐ་དད་དུ་སྣང་ལ། དེ་ཡང་སོ་སོའི་ལས་ཐ་དད་ལས་དེ་ལྟར་སྣང་བ་སྟེ། སྤྱོད་འཇུག་ལས། ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་འདི་དག་གང་ལས་བྱུང༌། །དེ་འདྲ་དེ་དག་ཐམས་ཅད་ཀྱང༌། །སྡིག་སེམས་ལགས་པར་ཐུབ་པས་གསུངས། །ཞེས་པ་བཞིན་ནོ། །དེ་དག་ལས་ཀྱང་གང་ཟག་སྒོས་བཙན་ལ་སྣང་བ་ནི། གནས་རིགས་སོ་སོ་བ་དེ་དག་གི་འགྲོ་བ་རྣམས་ཀྱང་ལ་ལ་བདེ། ལ་ལ་སྡུག ལ་ལ་བར་མར་གནས་ཏེ། སྣང་ཚུལ་ཡང་ལྷས་བྱིན་གཅིག་ལའང་དགྲ་གཉེན་བར་མ་གསུམ་སོ་སོར་འཛིན་པ་དང༌། ལ་ལའི་ཟས་ལ་ལ་ལའི་དུག་ཏུ་སྣང་བ་དང༌། ལ་ལའི་སྣང་བ་ལ་ལའི་མུན་པར་སྣང་བ་ལ་སོགས་པ་ནང་མི་མཐུན་པ་ཤིན་ཏུ་མང་བ་རྣམས་ཏེ། འདི་དག་ཀྱང་རང་རང་གི་ལས་ལས་གྱུར་པ་སྟེ། འཕགས་པ་དཀོན་མཆོག་བརྩེགས་པའི་ཆོས་ཀྱི་རྣམ་གྲངས་ལས། ལས་ནི་སྣ་ཚོགས་སུ་བྱེད་པའི་ཕྱིར་རི་མོ་མཁན་ལྟ་བུའོ་ཞེས་གསུངས་པ་བཞིན་ནོ། །ཡུལ་ཁམས་གཅིག་གི་མིའི་འགྲོ་བ་ལའང་། ལ་ལ་བདེ། ལ་ལ་སྡུག ལ་ལ་ཕྱུག ལ་ལ་དབུལ། ལ་ལ་ནད་མེད་ཚེ་རིང་། ལ་ལ་ནད་མང་ཚེ་ཐུང་། དུད་འགྲོ་སྒོ་ཁྱི་ཧ་ལུ་ཞིག་ལ་མཚོན་ནའང་སྡེ་རིས་གཅིག་ཡིན་ཡང་། ནང་ཚན་གྱི་སྐྱིད་སྡུག་སྣ་ཚོགས་པ་བྱུང་བའོ། །བྱེ་བྲག་ཏུ་བཤད་པ་ནི། རང་བཞིན་དུ་གནས་པའི་བར་དོ་ལ་ཕུང་པོ་ལྔས་བཅིངས་པས་སྐུ་ལྔའི་སྣང་བ་རང་འགགས་པ་དང༌། ཁམས་དང་སྐྱེ་མཆེད་ཀྱིས་བཅིངས་པས་འོད་དང་ཁ་དོག་གི་སྣང་བ་རང་འགགས་པ་དང༌། ལས་དང་ཉོན་མོངས་ཀྱིས་བཅིངས་པས་ཡེ་ཤེས་དང་ཆོས་ཉིད་ཀྱི་སྣང་བ་རང་འགགས་པའོ། །མི་རྟག་པ་ལ་རྟག་པར་བཟུང་། སྡུག་བསྔལ་བ་ལ་བདེ་བར་བཟུང་། རང་བཞིན་གྱིས་སྟོང་པ་ལ་དངོས་པོ་དང་མཚན་མར་བཟུང་། མི་བདེན་པ་ལ་བདེན་པར་བཟུང་ནས་ཕྱི་སྣང་བའི་ཡུལ། ནང་འཛིན་པའི་སེམས་སུ་ཞེན་ནས་ཉིན་མཚན་འཁོར་མོར་ལས་དང་བག་ཆགས་ལ་སྤྱོད་པའོ། །འཆི་ཀ་མའི་བར་དོའི་སྣང་ཚུལ་ནི་ལུས་ཀྱི་འབྱུང་བ་འཁྲུགས་པས་ཕྱི་ལུས་ཀྱི་སྡུག་བསྔལ་ཉམས་སུ་མྱོང༌། སེམས་བྱུང་ཚོར་གྱི་ལམ་སྟོར་བས་ནང་སེམས་ཀྱི་སྡུག་བསྔལ་ཉམས་སུ་མྱོང༌། གཟུང་འཛིན་གྱི་མཚོ་རྡོལ་བས་ལུས་སེམས་འབྲེལ་བའི་རྟེན་སྟོར་གྱིས་དོགས་པའི་སྡུག་བསྔལ་ཉམས་སུ་མྱོང་སྟེ། དོན་ལ་ཤི་ཡིས་དོགས་པའི་སྡུག་བསྔལ་གནས་པའོ། །ནད་དང་ན་ཚས་གདུང་བ་ཕྱི་ཡི་སྡུག་བསྔལ་དང་། སེམས་ཀྱི་ཚོར་བ་མྱོང་བ་ནང་གི་སྡུག་བསྔལ་དང་། ལུས་སེམས་འབྲེལ་ཐག་ཆད་པ་ཕྱི་མའི་སྡུག་བསྔལ་ལ་སྐྲག་པ་གསང་བའི་སྡུག་བསྔལ་དང་། དོན་བསྡུས་ན་མི་ཤི་བའི་རེ་བ་ཨེ་འགྲུབ་ཀྱི་སྡུག་བསྔལ། ཤི་འགྲོ་བ་ལ་དོགས་པ་ཆེ་བའི་སྡུག་བསྔལ་རྣམས་ཡོད་དོ། །ཆོས་ཉིད་བར་དོའི་སྣང་ཚུལ་ནི། ཕུང་པོ་བདག་འཛིན་གྱི་རྟེན་བོར་བས་སྐུ་དང་ཡེ་ཤེས་ཀྱི་སྣང་བ་རང་ཤར། ལས་དང་བག་ཆགས་ཀྱི་འབྲེལ་ཆད་པས་རང་བཞིན་བབས་ཀྱི་བསམ་གཏན་ལ་ངང་གིས་གནས། དབང་པོ་འཛིན་བྱེད་ཀྱི་ཡུལ་སྟོངས་པས་རང་སྣང་དག་པའི་འོད་གསལ་ལ་སྤྱོད་པའོ། །རང་སྣང་རང་ངོ་མ་ཤེས་ནས་ཟེར་གྱིས་སྔངས་སྐུ་ཡིས་སྐྲག་ནས་བྲེད་སྔངས་ཀྱིས་མནར་བའི་སྐབས་སོ། །སྲིད་པ་བར་དོའི་སྣང་ཚུལ་ནི་ཕྱི་ལུས་ཀྱི་སྲིད་པ་ཡིད་ཀྱི་ལུས་ཅན་རྨི་ལམ་གྱི་སྣང་བ་ལྟར་ས་ཟིན་མེད་པ། ནང་སེམས་ཀྱི་སྲིད་པ་སྙེམས་བྱེད་དུ་མ་ལ་འཇུག་ཅིང་ཀུན་ཏུ་རྟོག་པ། ལུས་སེམས་གཉིས་འདུས་ཀྱི་སྲིད་པ་གང་ལའང་ཐོགས་མེད་དུ་རྒྱུ་ཞིང་སྣ་ཚོགས་སྡུག་བསྔལ་ལ་སྤྱོད་པ་སྟེ། ཐལ་འགྱུར་ལས། བར་མ་དོ་ཡི་སྣང་བ་ནི། །རང་བཞིན་གནས་པའི་ཕུང་པོ་དང༌། །ཁམས་དང་ཉོན་མོངས་ཡུལ་དུ་སྣང༌། །འཆི་ཀའི་བན་བུན་ལང་ལོང་དང༌། །ཤེས་པ་གཅིག་ཏུ་མི་གནས་པའོ། །ཆོས་ཉིད་བར་དོ་སྐུ་དང་ཡང༌། །ཡེ་ཤེས་འོད་དང་ཁ་དོག་གོ །ཐིག་ལེ་མཆེད་དང་འབྱུང་སྣང་དག །ཅིར་སྣང་ཆོས་ཉིད་གཞལ་ཡས་སོ། །སྲིད་པའི་སྣང་བ་ཕྱད་ཕྱོད་དང༌། །ཡད་ཡུད་རྨི་ལམ་སྣང་བ་ལྟར། །བདེན་སྣང་རྫུན་པ་ཡིད་ཀྱི་ལུས། །དཀར་སླེག་ལ་སོགས་རིགས་དྲུག་འོད། །སོ་སོའི་དམིགས་པའི་ཡུལ་སྣང་བའོ། །ཞེས་སོ། །སྐྱེ་བ་སྔ་མའི་གནས་ལུས་རྒྱུ་ནོར་ལ་ཞེན་ཅིང་ཆགས། ཕྱི་མ་གར་སྐྱེས་སྡུག་བསྔལ་གྱི་གནས་དེར་ལས་ཀྱི་དབང་གིས་དེད་ནས། མིང་བཞི་འདུས་པའི་ཕུང་པོ་རྟེན་སའི་གནས་རྟེན་པའི་ལུས་མེད་ནས་སྐྲག་སྔངས་དང་འཇིགས་པ། ཆགས་སྡང་རྨོངས་པས་མནར་བའི་སྐབས་སོ།།

༼ཁ༽ སོ་སོའི་རང་བཞིན་རྒྱས་པར་བཤད་པ།

༼ཀ རང་བཞིན་གྱི་བར་དོ་ལ་ཤེས་བྱའི་སྒྲོ་འདོགས་གཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག་བསྟན་པ།

དོན་གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་བཞི་སྟེ། རང་བཞིན་གྱི་བར་དོ་ལ་ཤེས་བྱའི་སྒྲོ་འདོགས་གཅད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུའི་གདམས་ངག འཆི་ཀའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་བལྟ་བ་ལྟ་བུའི་གདམས་ངག ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པར་བྱེད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག །སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་གོ །དང་པོ་ལའང་དཔེ་དགོད་པ། དོན་བསྟན་པ་གཉིས་ལས། དཔེ་ནི་ཐི་བྱ་ནི་ཚང་དང་པོ་འཆའ་དུས་མི་ལ་སོགས་པའི་གནོད་པ་བརྟགས་ཏེ་བཙན་སར་བཅས་ནས་ཕྱིས་ཚང་དུ་ནམ་འཇུག་ཀྱང་རྟོག་དཔྱོད་མེད་པར་སྐད་ཅིག་ལ་འཇུག་པ་ལྟར། རྣལ་འབྱོར་པ་དེ་ཡང་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པའོ། །ཐི་བྱ་ནི་བྱ་ཁ་ལ་ཡུག་སྟེ། ཡིག་སྐད་དུ་ཁུག་རྟ་ཞེས་པ་དེ་ཡིན་པར་གྲགས་ལ་དེས་དང་པོར་ཚང་བཅའ་དུས་བཙན་ས་ཞིག་ཏུ་ཚང་བཅའ་བ་གདམས་ཤེས་ཤིང་། ས་བཙན་ས་ཞིག་ཏུ་ཚང་བཅས་ཚར་ནས་ཕྱིན་ཆད་ཚང་ནང་དུ་ནམ་ཞུགས་དགོས་ན་གནོད་པ་མེད་པར་ཤེས་ནས་དོགས་མེད་དུ་ཚོམ་པ་མེད་པར་འཇུག་པ་ལ་དཔེར་བྱས་པའོ། །གཉིས་པ་ནི་དཔེ་དེ་བཞིན་དུ་དང་པོར་ཐོས་བསམ་གྱིས་བློའི་སྒྲོ་འདོགས་བཅད་ནས་སྒོམ་དུས་དོན་ཐོག་དེར་ཐེ་ཚོམ་མི་ཟ་བས་ཅར་ཕོག་ཏུ་བསྒོམ་པའོ། །དེ་ཡང་དང་པོར་རང་གཞན་གྱི་གྲུབ་པའི་མཐའ་དང་ཐེག་པའི་རྣམ་གྲངས་དུ་མ་ལ་ཐོས་བསམ་གྱིས་བློ་སྦྱངས་པས་བློའི་སྤྲོས་བ་མཐའ་དག་ཆོད་པར་བྱེད་པའོ། །སྤྱིར་གང་ཉམས་སུ་བླང་བ་དེ་ཐོས་པས་ཆོག་མོད་ཀྱང་གང་ཟག་སྔོན་ནས་ལས་སད་པའི་རིགས་དང༌། སྔོན་བསྐལ་བ་བཟང་དུས་བླ་མ་ཡང་གྲུབ་ཆེན་ཤ་སྟག་བྱོན་དུས་རང་གི་ལས་འཕྲོ་དང་བླ་མའི་ཐུགས་རྗེ་དང་མངོན་པར་མཁྱེན་པས་གནད་དུ་འགྲོ་བའི་ཆོས་རང་གང་མོས་ལས་འཕྲོ་ཡོད་པ་གཅིག་པུ་དེས་གྲོལ་བ་ཡིན་ཀྱང༌། ད་ལྟའི་དུས་ན་ལས་འཕྲོ་བཟང་པོའང་དཀའ་ལ། རྣམ་རྟོག་གྲངས་མང་པས་སྤྲོས་པ་གཅིག་གིས་ཆོད་པའང་སྲིད་མཐའ་མ་ཁེགས་པ་ཙམ་ལས། ཕལ་པ་ཀུན་ཐོས་བསམ་ཕྱོགས་མེད་དུ་སྦྱོང་དགོངས་ཏེ། ད་ལྟའི་སྙིང་ཏིག་འདིའི་བསྟན་པའི་མཐའ་མ་མོས་པས་སྤྱོད་པའི་ས་ཞེས་བྱ་བ་ལ་སླེབ་པའི་དུས་ཏེ། ཁྱད་བར་དུ་གསང་བ་རྒྱལ་པོ་འདི་ཀུན་གྱི་རྩེ་མོ་ཡིན་པས་ཀྱང་ཐོས་བསམ་ཆེ་ལ་ཤེས་རབ་དང་སྐལ་བ་མཆོག་མ་གཏོགས་པས་འདིའི་དོན་རྟོགས་མི་སྲིད་པའི་ཕྱིར་ན་ཐེག་པ་འདིར་འཇུག་པ་ལ་ཐོས་བསམ་ཆེ་བ་ཞིག་བསྟེན་དགོས་ཏེ། ཐལ་འགྱུར་ལས། ཚིག་བརྗོད་གྲུབ་མཐའི་རྣམ་གྲངས་ཀྱི། །རིམ་པ་དགུ་ནི་ཡིད་དཔྱོད་པས། །མངོན་སུམ་གནད་དང་བྲལ་བ་ལ། །མ་འོངས་གདུལ་བྱའི་སེམས་ཅད་དང༌། །རྟོག་པ་རགས་པའི་སེམས་ཅན་རྣམས། །ཚིག་ལ་སྤྱོད་ཕྱིར་སྨིན་པ་མིན། །འདི་ཡི་བསྟན་པའི་ཐ་མ་ལ། །མོས་པས་སྤྱོད་བའི་ས་ཞེས་བྱ། །ཚིག་འདས་སྤྲོས་པ་ཡོངས་རྫོགས་ཆེ། །གསང་བ་ངེས་པའི་རྒྱུད་འདི་ཡི། །མངོན་སུམ་ལམ་ལ་བརྟེན་པ་ཡིས། །རང་ཤེས་རིག་པ་འདུས་པའོ། །སངས་རྒྱས་ཐམས་ཅད་གཅིག་བསྡུས་པའི། །རང་རིག་ངེས་པའི་ཆོས་ཉིད་ནི། །མཉམ་ཉིད་འདྲེས་པ་མེད་པར་སྤྱད། །དེ་ནི་ཚིག་འདས་རིམ་པའོ། །ཞེས་སོ། །འོ་ན་དབང་པོ་ལ་རྣོ་རྟུལ་མེད་པར་བཤད་པ་དང་འགལ་ལོ་སྙམ་ན། དེ་ནི་སྔོན་ལས་སད་པས། ཚེ་འདིར་བླ་མ་མཚན་ཉིད་དང་ལྡན་པ་ཞིག་ལ་ཆོས་འདི་ཐོས་ན་སྤྲོས་བ་དུས་གཅིག་ལ་ཆོད་དེ་འདི་བས་འདི་ཟབ་མང་པོ་མི་འཚོལ་བར་ཉམས་ལེན་མདུང་འདྲིལ་དུ་ཐོད་རྒལ་ཁོ་ན་ལ་བྱེད་པ་རྣམས་ལ་ཟེར་གྱི། ཕལ་བ་སྤྲོས་བཅས་ཚིག་ལ་ཞེན་ནས་ཐོད་རྒལ་མཐོང་ཡང་ངེས་ཤེས་མེད་པ་རྣམས་ལ་སྤྲོས་པའི་ཆོས་དགོས་ལ། དེས་གྲོལ་བ་ལ་ཐོས་པ་དུ་མའི་སྒྲོ་འདོགས་གཅོད་དགོས་པས་ཐོས་བསམ་གནད་ཆེ་པར་བསྟན་པའོ། །ཧྲིལ་གྱིས་བསྡུ་ན་ད་ལྟའི་དུས་སུ་ཐོད་རྒལ་ལ་ཡིད་ཆེས་ཐུན་མོང་མ་ཡིན་པ་སྐྱེས། ཁྲེགས་ཆོད་ཀྱི་དེ་ལ་འཛིན་པ་རྡུལ་ཙམ་མེད་པ་འདུག་ན་ལས་ཅན་ཡིན་པས་མང་པོའི་ཁ་ན་མེད་དོ། །ཡིད་ཆེས་པ་འདི་གཅིག་པུས་ལམ་བགྲོད་པས་ཉམས་ལེན་ལ་བརྩོན་པ་གཅིག་པུས་ཆོག་ལ། དེ་མི་འདུག་པ་དང་གཞན་ལ་སྟོན་པའི་བླ་མར་མིང་འདོགས་ན་ངེས་པར་ཐོས་བསམ་རྒྱ་ཆེ་དགོས་ཏེ། རང་གཞན་གྱི་ལམ་མ་ནོར་བ་ཤེས་དགོས་བའི་ཕྱིར་རོ། །ལྷག་པར་སློབ་དཔོན་དེ་ལམ་མ་ནོར་བ་དགོས་ཏེ། ནོར་ན་དེས་བསྟན་ཚད་ནོར་པ་ལ་འགྲོ་བའི་ཕྱིར་དང་པོ་ཐོས་བསམ་རྒྱ་ཆེ་བ་གཅེས་སོ། །དེ་ལྟར་ཕྱི་ཐོས་བསམ་གྱིས་ཤེས་བྱའི་སྒྲོ་འདོགས་བཅད་ནས་ནང་སྒོམ་པས་ཆོས་ཉིད་ཀྱི་ངང་ལ་བསྐྱང་ཞིང་གསང་བ་དབྱིངས་རིག་གི་རང་རིག་རྗེན་ལ་ཕུད་ནས་ཆོས་སྐུ་ཅེར་མཐོང་དུ་གོམས་པ་ལ་རྟག་ཏུ་བརྩོན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབྱིངས་ཀྱི་སྒྲོན་མ་སུས་མཐོང་བ། ཆོས་ཀྱི་དབྱིངས་ལ་མངོན་དུ་སྤྱོད། །ཐིག་ལེའི་སྒྲོན་མ་སུས་མཐོང་བ། །རྩོལ་བཅས་རྣམས་ཀྱི་རེ་གནས་ཐོབ། །ཤེས་རབ་སྒྲོན་མ་སུས་མཐོང་བ། །སྤྱི་དང་རང་གི་མཚན་ཉིད་རྟོགས། །ཆུ་ཡི་སྒྲོན་མ་སུས་མཐོང་བ། །དབང་པོ་རྣམས་ལ་དབང་སྒྱུར་ཐོབ། །ལུ་གུ་རྒྱུད་ལ་སུ་གོམས་པ། །རིག་པ་རྣམས་ནི་སྲང་ལ་ཐེབས། །དེ་ཡི་འབྲས་བུ་སྐུ་གསུམ་པས། །འདི་ཉིད་རྣམས་ནི་རང་རིག་པ། །རང་བཞིན་གནས་པའི་བར་མ་དོར། འདི་རྣམས་གོམས་པའི་སྐྱེས་བུ་ནི། །འབྱུང་བ་ཐམས་ཅད་རང་དེངས་སུ། །འགྱུར་བར་འདི་ལ་ཐེ་ཚོམ་མེད། །ཅེས་སོ། །འདིའི་ཐད་ཀྱི་ཐི་བྱས་ཚང་བཅས་པའི་དཔེ་ཡིས་བསྟན་པའི་དོན་ནི། དང་པོ་ཐོས་པས་སྒྲོ་འདོགས་བཅད། དེ་ནས་བསམ་པས་རྒྱུད་ལ་སྐྱེལ། ཐ་མ་སྒོམ་པས་ཉམས་སུ་བླངས་ནས་ཕྱི་སྣང་བ་ལ་བལྟས་པས་སྣང་ཡུལ་མདང་གི་རྨི་ལམ་འདྲ་འདྲའི་གཞི་མེད་སྟོང་པའི་རང་གཟུགས་སུ་མཐོང་སྟེ། སྣང་བ་བློས་མ་བསྒྱུར་པ་དང་། བློ་སྣང་བས་མ་ཕྲོགས་པས་ཆོས་ཅན་སྣ་ཚོགས་སུ་སྣང་ཚད་ཐམས་ཅད་ལྟ་སྒོམ་སྤྱོད་པའི་མེ་ལོང་དུ་ཡེ་ནས་ཤར་ཏེ། ཆོས་ཉིད་ཀྱི་རོལ་བར་འགག་མེད་དུ་ཤར་བའི་རང་རྩལ་ཡིན་པའི་ཕྱིར་རོ། །ཚོགས་དྲུག་མ་བཀག་སྒོ་ལྔ་ཆ་མཉམ་དུ་རང་ས་རུ་བཞག་ན་ཆོས་ཉིད་ཀྱི་སྣང་བ་རང་ཤུགས་སུ་འཆར་ཞིང་། དེ་ལྟར་ཕྱིའི་ཆོས་ཅན་དུ་བལྟས་པས་ཡུལ་མེད་སྟོང་པའི་རང་གཟུགས་སུ་ཤེས་དུས་གཟུང་འཛིན་ཡུལ་མེད་མཁའ་ལྟར་དག་པས། གཟུང་བ་རང་བཞིན་མེད་པར་རྟོགས་པ་ཞེས་བྱའོ། །དེའི་དུས་སུ་ནང་ཤེས་པ་ལ་བལྟས་པས་འགྱུ་བ་སྟོང་ཡལ་རིས་མེད་དུ་སངས་ནས། ཧར་སངས་བར་མེད་རང་གསལ་དུ་རྟོགས་དུས། ནང་ཆོས་ཉིད་སྐྱེ་འགག་གཉིས་མེད་ཀྱི་དོན་རྟོགས་པས། འཛིན་པ་རྟེན་མེད་ནམ་མཁའ་འདྲ་བའི་ཆོས་ཉིད་མཉམ་པ་ཆེན་པོའི་ངང་དུ་བཞག་པས། ནང་འཛིན་པ་སེམས་ཀྱི་རྟོད་ཕུར་ཐོན་པའི་དགོས་པ་ཡོད་དེ། དེ་ལྟར་ཡུལ་སེམས་གཞི་མེད་རྩ་བྲལ་དུ་རྟོགས་དུས། གསང་བ་རང་རིག་གཟུང་འཛིན་དང་སྤྲོས་བྲལ་རྗེན་པ་ལ་སོང་སྟེ། རིག་པ་རང་གསལ་ཀ་དག་ཆེན་པོ་བླ་མའི་གདམས་པས་རང་ངོ་སྤྲད་པའི་ཐོག་ཏུ་བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་བཅུན་ནས་སྒྲོན་མ་རྣམ་པ་བཞིས་དབྱིངས་རིག་འདུ་འབྲལ་མེད་པའི་ངང་དུ་སྒོམ་དུས། ཕྱི་སྣང་བའི་འོད་གསལ་དུ་ཕར་བལྟས་པས། ནང་རིག་པའི་འོད་གསལ་ཚུར་གསལ་ཏེ། ལྟ་བ་ངང་དྭངས། སྒོམ་པ་རང་བབས། སྤྱོད་པ་བླང་དོར་མེད་པ། འབྲས་བུ་སྒྲིབ་གཡོགས་མེད་པ། སྐྱོན་མ་སྤངས་ཀ་ནས་དག་པ་ལ། ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པས་གདོད་མའི་མགོན་པོའི་རྒྱལ་ས་དང་། ཀློང་ཆེན་བརྒྱུད་པའི་བུ་རྒྱུད་དམ་པ་གོང་མའི་ཞབས་རྗེས་བསྙེགས་ནས་དེའི་རྒྱལ་ས་འཛིན་པ་ལ་རང་དབང་ཐོབ་པ་ཡིན་ནོ། །འོན་ཀྱང་དེང་སང་མོས་པས་སྤྱོད་པའི་ས་ལ་ཐོན་པ་ཡིན་པས་། སྔོན་བསྐལ་བ་བཟང་དུས་དང་མི་འདྲ་གསུངས་པ་ལྟར། ད་ལྟ་དུས་སྙིགས་མའི་སྐབས་སྙིགས་སྤྱོད་དུག་རླུང་གི་འཚུབ་མ་གཡོ་བའི་སྐབས་འདིར། ང་ལ་བརྒྱུད་པ་བཟང་པོ་ཞིག་ཡོད། ངའི་གདན་ས་འདི་གཅིག་དང་མི་འདྲ་བའི་ཁྱད་པར་ཅན་ཞིག་ཡིན། ང་ལ་བཤད་མི་ཉན་པ་དང་བཤད་ཐབས་མེད་པའི་སྨྲ་བསམ་བརྗོད་མེད་སྨྲ་བརྗོད་ཀྱི་ར་བ་ལས་འདས་སོང་བའི་ཉམས་རྟོགས་ཤིག་ཡོད་ཅེས་སྨྲས་ཀྱང་། མིག་གིས་རིག་ཏུ་མེད་ན་ཁས་མི་ལེན་པའི་དུས་ཚོད་ཡིན་པས། སྔ་འགྱུར་བ་རྐྱང་པ་ཙམ་མིན་པ་དེང་སང་འཛམ་བུའི་གླིང་ན་ནང་ཆོས་སྒྲུབ་མཁན་དང་། ནང་ཆོས་ལ་དད་པ་བྱེད་མཁན་གྱི་མི། གནམ་བདག་ལ་སོགས་པའི་ཆོས་ལུགས་གཞན་དག་སྒྲུབ་མཁན་གྱི་མི་གྲངས་ལས་ཉུང་བ་དང་། ཁྱད་པར་དུ་བོད་བརྒྱུད་ནང་བསྟན་ལ་དད་མཁན་དེ་བས་ཀྱང་ཉུང་བ་ཡིན་པས། བསྟན་པ་ནི་གང་ཟག་གི་རྒྱུད་ལ་བཞུགས་པ་ཞིག་ཡིན་པས་ཆོས་པ་རང་གི་ངོས་ནས་བསྟན་པ་དྲི་མ་མེད་པའི་སྒྲུབ་བྱེད་ཅིག་བསྟན་རྒྱུ་མེད་ཚེ། གནའ་ཞིག་ལ་ངེད་ལ་ཡོད་མྱོང་བ་ཡིན་ཞེས་པ་ནི་བྱང་གཡག་ཡོད་ཅེས་བྱ་སྟེ། བྱང་ཐང་དུ་འབྲོང་ཡོད་པ་རེད་ཅེས་པ་ཙམ་གྱིས་འབྲོང་བསྟན་རྒྱུ་མེད་ན་གལ་ལ་བབས་དུས་དོན་བྱེད་ནུས་སྟོང་ཡིན་པས། ངས་བསམ་ན་ཕྱ་བ་ཆོས་སེང་ཡབ་སྲས་དེ་ཚོ་བོད་ལ་བཀའ་དྲིན་ཤིན་ཏུ་ཆེ་འདུག་སྙམ། ཚུལ་གསུམ་ཚད་མའི་རིགས་ལམ་གྱི་འགྲོས་ཀྱིས་ཤེས་བྱ་གཏན་ལ་ཕབ་པ་དང་མཉམ་དུ་ཡང་དག་དང་ལྟར་སྣང་གི་དབྱེ་བའི་ཐོག་ནས་ལྟ་སྒོམ་སྤྱོད་པ་མ་ནོར་བས་བསྟན་པ་ལ་བྱི་དོར་བྱེད་པ་ནི་རིན་ཐང་ཅན་གྱི་ནོར་བུའོ་སྙམ་གྱིན་ཡོད། ནང་བསྟན་གྱི་སློབ་གྲྭ་མི་རིགས་གཞན་དང་། ཡུལ་ལུང་གཞན་དུ་མང་པོ་ཡོད་འདུག་ཀྱང་། དེ་ཡང་ལྟར་སྣང་དུ་ཅི་འདྲའི་སྒྲིག་གཞི་དང་ལྡན་པས་སློབ་ཁྲིད་བྱེད་པ་འདུག་ཀྱང་། དོན་ངོ་མའི་ཐོག་ནས་བཤད་ན་གྲུབ་མཐའ་སྡེ་བཞིའི་བཞེད་གཞུང་མ་ནོར་མ་འདྲེས་པར་ཇི་ལྟར་གཏན་ལ་འབེབ་ཀྱིན་ཡོད་ན་སྙམ། སྔགས་ཕྱི་ནང་ནི་དེ་བས་ཀྱང་སྨོས་མ་དགོས་ལ། ངས་ནི་དེ་དག་གིས་དྲང་ངེས་ཙམ་གྱི་དབྱེ་བ་འབྱེད་པའང་དཀའ་འོ་སྙམ། སྔར་ཧ་ཤང་གིས་མདོ་ལུང་བརྒྱད་ཅུ་དྲངས་པ་དག་ཀྱང་མདོ་ལུང་དག་མ་ཤ་སྟག་ཡིན་རྒྱུ་རེད། ཀ་མ་ལ་ཤཱི་ལས་ཀྱང་དེ་བས་མང་ཞིག་དྲངས་ཡོད་ཚུལ་མེད་ཀྱང་། རྩ་བ་ཐེག་པའི་མཐོ་དམན་དང་། ལྟ་བའི་རྣམ་གཞག་རི་རབ་རྩེ་ནས་རི་ཕྲན་ལ་བལྟས་པ་དང་རི་ཕྲན་གྱི་རྩེ་ནས་རི་རབ་ལ་བལྟས་པ་གཉིས་མ་འདྲ་བའི་ཁྱད་པར་ཞིག་བྱུང་བ་དེ་རྩ་བའི་རིག་གཞུང་གི་ལྟ་བ་གཏན་ལ་འབེབ་སྟངས་དང་། རྒྱལ་བའི་དགོངས་པ་ལེན་སྟངས་ཀྱི་ཁྱད་པར་གྱིས་ཡིན། ཧ་ཤང་ཡང་རིག་པ་རྣོ་བ་དཔེར་ཀ་མ་ལ་ཤཱི་ལས་ཁམས་གསུམ་འཁོར་བའི་རྒྱུ་དེ་གང་ཞེས་པའི་བརྡ་རུ་ཕྱག་ཤིང་གླད་ལ་ལན་གསུམ་སྐོར་ཚེ། ཧ་ཤང་གིས་མ་རིག་པ་རེད་ཅེས་པའི་བརྡ་རུ་མགོ་བཏུམས་པ་ལྟ་བུའོ། །དེང་སང་ཡང་རིག་པ་ཞིབ་དགོས་ན་མི་རིགས་གཞན་དག་གི་མི་དེ་ཚོ་རིག་པ་ཞིབ་མོ་རིག་པ་ཕྲ་མོ་ཡོད་འདུག་ལ། དེང་གི་དུས་སུ་ནང་བསྟན་པའི་མིང་འཛིན་མཁན་གྱི་ནང་དུ་བོད་བརྒྱུད་ནང་བསྟན་ལ་དགག་པ་རྒྱག་མཁན་གྱི་མི་མང་པོ་ཡོད་པ་རེད། དེ་དང་འདྲ་འདྲའི་ཆོས་མེད་ལྷ་མེད་སྨྲ་བ་ལ་ལས་ཀྱང་བོད་བརྒྱུད་ནང་བསྟན་ལ་གཙོ་བོར་དམིགས་ནས་ཆོས་མེད་ལྷ་མེད། ཆོས་པའི་ཁོང་ན་མེད། མེད་པའི་མེད་ལུགས་བླ་མ་འདི། སྤྲུལ་སྐུ་འདིས་འདིའི་དུས་འདི་མ་བྱས་རབས་ཟེར་ནས་མཚན་གཞི་བཞག་སྟེ་བཤད་ཀྱིན་ཡོད་པ་མང་བ་ནི་ཁྱེད་རྣམ་པས་གཟིགས་དང་རྩིས་འཕྲུལ་གྱི་དྲྭ་རྒྱ་ལ་སོགས་པའི་ནང་ན་མང་དང་མང་བཞིན་ཡིན་ལ། དེ་དང་མཉམ་དུ་རང་རིགས་ཡིན་ཡང་ལ་ལས་ཁྱི་འགྲོགས་སྤྱང་འགྲོགས་ཀྱིས་དགོས་སྣང་ཤར་ཏེ་བོད་པའི་མདུན་ལམ་དེ་གནའ་ཞིག་ནས་ཆོས་ཀྱིས་བཀག་སོང་ཞེས་ཟེར་ཁུལ་བྱེད་ཀྱིན་ཡོད་ཀྱང་། དོན་ངོ་མས་བཤད་ན་མདུན་ལམ་ཆོས་ཀྱིས་བཀག་པ་མ་ཡིན་པར་ཆོས་སྒྲུབ་མ་ཤེས་ནས་བཀག་པ་ཡིན། དེང་དུས་ཀྱི་ཤེས་བྱ་ཡོན་ཏན་དང་མཐུན་རྐྱེན་འབྱོར་བ་མི་རིགས་གཞན་དག་གིས་བཟང་ཡང་། ནང་བའི་ལྟ་བ་བཤད་ས་ལ་ཐུག་ན་བོད་པ་གདོང་དམར་གྱི་མི་རྣམས་ལྷག་ངེས་ཅན་ཡིན་ཏེ། དེ་ནི་མེས་པོ་མཁས་གྲུབ་རིམ་བྱོན་གྱི་བཀའ་དྲིན་ཡིན། ད་དེའི་བརྒྱུད་པ་འཛིན་པས་ནང་འཛིང་མི་ཐུག་པར་ཞོར་དུ་བསྟན་པ་འཛིན་སྲུང་གི་རྣོ་སོ་ཅི་ཡོད་དེ་ཕྱི་ལ་སྐོར་དགོས་འདུག་སེམས། དེ་ལྟར་དུ་འུ་ཚོས་བཤད་ཀྱིན་ཡོད་པ་དེ་གང་ཡིན་ཞེ་ན། ང་སྒོམ་ཆེན་ཡིན་ཅེ་ནས་སྣ་སྒོ་སྤུ་བཞག་ན་འགུལ་ས་མི་འདུག་བསམ་པ་ཞིག་བྱས་ནས་བསྡད་འདུག་ཁུལ་བྱེད་ཀྱང་། དེས་སྟོང་པ་ཕྱང་ཆད་ཅིག་སྒོམ་གྱིན་ཡོད་དང་། གསལ་བ་རིས་ཆད་ཅིག་སྒོམ་གྱིན་ཡོད་སུས་ཤེས། བསྐྱེད་རྫོགས་ཟེར་དུས་སྣང་སྟོང་ཕྱོགས་རེ་བ་ཞིག་ལ་བསམ་བློ་བཏང་། སྒོམ་པ་བ་འགའ་རེ་བྱིང་པ་འབའ་ཞིག་ལ་ལོག་སོང་བས་དྲན་པའི་ལྕགས་མཁར་གྱི་ནང་ནས་ཕྱིར་བུད་མ་ཐུབ་པས་སྣང་བ་འདི་འགག་མ་ཐག་ཅི་ཡང་མེད་པའི་ལྷ་གནས་སུ་བསྐལ་ཆེན་རེ་འགར་འདུག་དགོས་པ་རུ་གྱུར་ན་ཡང་ཆ་མེད་པ་ཡིན། དེས་ན་སྙིང་ནས་བསྟན་པ་ལ་བྱ་བ་ཞིག་བྱེད་ནས་གསང་ཆེན་སྙིང་པོའི་བསྟན་པའི་སྲོག་འཛིན་བསམ་ན་ཐོས་བསམ་ཤེས་རབ་ཀྱི་མིག་བསྟེན། ཤེས་བྱ་ཡོན་ཏན་གྱི་མཐའ་རྒྱ་བཅད། དེའི་ཐོག་ནས་ཁ་བཤད་ཚིག་སྐམ་ལ་མ་སོང་བར་ཉམས་ལེན་དོན་ཐོག་ལ་འཁྱོལ་བ་ཞིག་གི་སྒྲུབ་ཚུགས་བཟུང་ན་ནམ་ཞིག་རང་སྣང་དབང་དུ་འདུས། གཞན་སྣང་ཟིལ་གྱིས་གནོན་ནས་སེམས་ཅན་ལ་ཕན་ཐོགས། རང་ཉིད་ཀྱིས་སྒྲུབ་ཚུགས་ཟིན། བསྟན་པའི་རྒྱལ་མཚན་བསྒྲེངས་པའི་རླབས་ཆེན་གྱི་བྱ་བ་སྒྲུབ་པའི་རིམ་པ་མ་ནོར་བའི་སྒོ་ནས་མདོར་ན་རང་ནུས་གང་ལྕོགས་ཀྱིས་དམ་པའི་ཆོས་ལ་ཞུགས་ནས་རང་བཞིན་བར་དོའི་གནས་སྐབས་གསོན་པོའི་ཚེ་ཐོག་འདིར་ཐི་བྱ་ཚང་དུ་ཞུགས་པ་ལྟ་བུས་གྲ་སྒྲིག་བྱེད་པ་ནི་རང་བཞིན་བར་དོའི་གདམས་པའི་གནད་གལ་ཆེན་ནོ།།

༼ཁ འཆི་ཀའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་བལྟ་བ་ལྟ་བུའི་གདམས་ངག་བསྟན་པ།

ཀ༽ ཐུན་མོང་པ་སྤྱིའི་རང་བཞིན་དང༌།

དོན་གཉིས་པ་འཆི་ཀའི་བར་དོ་ལ་མི་གསལ་བ་གསལ་གདབ་པ་སྒེག་མོ་མེ་ལོང་བལྟ་བ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། ཐུན་མོང་པ་སྤྱིའི་རང་བཞིན་དང༌། ཁྱད་པར་མཆོག་གི་བྱེ་བྲག་བསྟན་པའོ། །དང་པོ་ལ་བདུན་ཏེ། འཆི་བར་ངེས་པའི་རྒྱུ་མཚན། འཆི་བ་བརྟག་པའི་ཐབས། དེ་ལས་བཟློག་པའི་ཐབས། འཆི་ག་མའི་སྣང་བ། རྣལ་འབྱོར་པའི་གདམས་ངག འགྲོ་དྲུག་ཕལ་པའི་སྐྱེ་རྟགས། དེ་ཉིད་སྦྱོང་བའི་ཆོ་གའོ། །དང་པོ་ནི་སྐྱེས་པ་ཉིད་ནས་འཆི་བར་ངེས་པས་དམ་པའི་ཆོས་ཁོ་ན་ལ་བརྩོན་དགོས་ཏེ། རིན་ཆེན་སྤུངས་པའི་རྒྱུད་ལས། སྐྱེས་བུ་བརྟན་པའི་ཚེ་སྲོག་ལ། །དུས་བཏབ་མེད་པས་ཡ་རེ་ཆ། །ཚོགས་དྲུག་ཡུལ་གྱི་སྣང་བ་ལ། །རྟག་པ་མེད་བས་ཡ་རེ་ཆ། །ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། གང་ཞིག་ལུས་ཅན་སྐྱེས་བུ་རྣམས། །ཚེ་ནི་མི་རྟག་རྨི་ལམ་འདྲ། །རྨི་ལམ་གྱིས་ནི་གྲུབ་པ་མེད། །ཚེ་ནི་མི་རྟག་ཆུ་དྲག་འདྲ། འབབ་ཆུས་གཅིག་ཏུ་བསྡད་པ་མེད། །ཚེ་ནི་མི་འཛིན་རླུང་དང་འདྲ། །རླུང་གི་སྐྱེས་བུ་གཟུང་བ་མེད། །ཚེ་ནི་ཡུན་ཐུང་སྤྲུལ་པ་འདྲ། །སྤྲུལ་པས་རྟག་ཏུ་གནས་པ་མེད། །ཚེ་ནི་བདེན་མེད་སྒྱུ་མ་འདྲ། །སྒྱུ་མས་བདེན་པའི་ས་གཟུང་མེད། །ཚེ་ནི་མི་སྡོད་འགྲོན་པོ་འདྲ། འགྲོན་པོས་རྟག་ཏུ་བསྡད་པ་མེད། ཚེ་ནི་མ་ངེས་ཆར་སྤྲིན་འདྲ། །སྤྲིན་གྱིས་དུས་ཚོད་བཟུང་བ་མེད། །དེ་ལྟར་སྐྱེས་བུའི་ཚེ་ཡི་ཚད། །འདི་ལྟར་གཅིག་ཏུ་མ་ངེས་ཏེ། གློ་བུར་བ་དང་ཐོག་བབས་སུ། །དུས་ཚོད་འདི་ལྟར་གཟུང་བ་མེད། །ཅེས་སོ། །རྒྱལ་སྲས་ཞི་བ་ལྷས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུ་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱིས་འདི་ཡང་དག་འབྱོར་བ་ག་ལ་འགྱུར། །གསུངས་པ་ལྟར་ད་རེས་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་གླིང་ལས་ཀྱི་ས་བ་རུ་སྐྱེས། རྙེད་དཀའ་བ་དལ་འབྱོར་གྱི་ལུས་རྟེན་རྙེད། ཕྲད་དཀའ་བ་དགེ་བའི་བཤེས་གཉེན་དང་འཕྲད། ཐོབ་དཀའ་བ་རྫོགས་ཆེན་གྱི་ཆོས་ཟབ་མོ་ཐོབ་པའི་གོ་སྐབས་བཟང་པོ་འདི་མ་ཤོར་བའི་ཐོག་ནས་དལ་ཁོམ་རེས་འཇོག་མེད་པར་བརྩོན་འགྲུས་བརྩམས་ནས་ཟབ་མོའི་དོན་བསྒོམ་དགོས་སོ། །ད་རེས་སྙིང་ལ་རུས་པ་མ་བསྐྱེད་ན་ཕྱིས་ནས་ནམ་ཡིན་ན་འདི་འདྲའི་ལུས་རྟེན་ཐོབ་རྒྱུ་ཡོད་དཀའ་བ་ནི་གོང་ལྟར་ཡིན་པས། དེའི་སྐབས་སུ་ཆོས་མ་གཏོགས་གཅིག་གིས་ཕན་ཐོགས་མེད་པར་རང་གིས་རང་ལ་གསལ་འདེབས་བྱས་ནས། དྲན་པའི་ར་བ་ལས་ནམ་ཡང་མི་འདའ་བ་ཞིག་བྱེད་དགོས། དེས་འཆི་བ་ངེས་པའི་རྒྱུ་མཚན་ཤེས་ནས་གཉིས་པ་འཆི་བ་བརྟག་པའི་ཐབས་བསམ་དགོས། རྣལ་འབྱོར་བའི་མངོན་ཤེས་ཀྱིས་རང་ཉིད་ནམ་འཆི་ཤེས་ན་རབ་ཡིན་ལ་མ་ཤེས་ན་འཆི་ལྟས་ཤེས་པར་བྱས་ནས་མི་གསལ་བ་ལ་གསལ་གདབ་པ་སྒེག་མོས་མེ་ལོང་ལ་ལྟ་བའི་གདམས་ངག་ཨ་ས་ལེར་ཡོད་པའི་གྲ་སྒྲིག་བྱེད་དགོས་སོ། །འཆི་བ་བརྟག་པ་ལ་ཉི་ཤུ་རྩ་གཅིག་སྟེ། ཐལ་འགྱུར་ལས། འཆི་བའི་རྟགས་ཀྱང་ཉི་ཤུ་གཅིག །དུར་ཁྲོད་དབེན་པའི་ཕྱོགས་སོང་ལ། བླ་མ་མཆོད་ཅིང་བསྟོད་པ་བྱ། གཞན་ཡང་བཟའ་དང་བཏུང་བ་ཡིས། །འགྲོ་བ་གཞན་ཡང་མགུ་བྱས་ཏེ། །དེ་ནས་ཕྱི་ནང་གསང་བ་ཡི། །འཆི་བའི་རྟགས་ནི་བཤད་པ་བྱ། །ཞེས་སོ། །བརྟགས་ལུགས་རྒྱས་པར་ནི་མན་ངག་གི་ཡི་གེ་ན་གསལ་ཡང་འདིར་ཡིད་ཆེས་པའི་ཡན་ལག་ཏུ་རྒྱུད་ཀྱི་གནས་གསལ་བར་བཤད་ན། ཉི་ཟླ་ཁ་སྦྱོར་ལས། འཆི་ཀའི་བར་དོ་འདི་ལྟར་བརྟག །དབེན་པའི་ཕྱོགས་སམ་ལུང་སྟོང་དུ། །འཆི་བའི་དུས་ཚོད་གཟུང་བ་གཅེས། །འདི་དག་རྟགས་ནི་སུ་ལ་བྱུང༌། །ལུས་ཅན་ཚེ་ཡི་འདུ་བྱེད་བྱེད། །ཡན་ལག་སེན་མོའི་ཁྲག་མེད་ན། །ཟླ་བ་དགུ་ན་གདོན་མི་ཟ། །སྐྱེས་བུའི་མིག་གི་སྤྲིན་ཡལ་ན། །དེ་བཞིན་ཟླ་བ་ལྔ་ནའོ། །འཆི་བདག་གཤིན་རྗེ་ཉིད་ལངས་ན། །ཞག་ནི་ཉི་ཤུ་གཅིག་ན་འཆི། །དེ་ལ་ཅིས་ཀྱང་ཕན་པ་མེད། །རྐང་པའི་ལོང་བུ་ཕྱིར་ཐོན་ན། །དེ་བཞིན་ཟླ་བ་གཅིག་ནའོ། །གལ་ཏེ་གཞན་གྱིས་ལུས་རྟོག་ན། །སྐྱེས་བུ་ནད་ཀྱི་བཏབ་པའི་ཚེ། །སོ་ཡི་རྩ་བར་དྲེག་པ་ཆགས། །ཞག་དགུ་ན་ནི་དེ་ཡང་འཆི། །དེ་བཞིན་སྣ་ཞོམ་ཞག་ལྔ་ན། །དེ་བཞིན་དུ་ཡང་འཆི་བའོ། །ཡན་ལག་ཡང་ཡང་བརྐྱང་བསྐུམ་བྱེད། །དེ་ནི་ཉི་མ་བདུན་ནའོ། །མིག་ནི་འབུར་ཚུགས་བལྟ་བ་ན། །ཞག་གསུམ་དང་ནི་དྲོ་ཁའོ། །མིག་གི་ཚོགས་རྣམས་རབ་འཁྲུལ་ན། །དེ་ནི་ཟླ་བ་ཕྱེད་ནའོ། འགྲམ་པ་ཡི་ནི་རྒྱུན་ཆད་ན། །དེ་བཞིན་ཞག་ནི་བཅུ་དགུ་ན། །སྐྱེས་བུ་ཚེ་ཡི་འདུ་བྱེད་བྱེད། །དབུགས་ནི་བརྩེགས་མར་ཡང་རྒོད་ན། །དེ་ཡང་ཟླ་བ་དྲུག་ནའོ། །སྣ་ཡི་མ་སི་ཀ་ཆད་ན། །ཞག་བདུན་ན་ནི་འགུམ་པར་འགྱུར། །མིག་གི་བ་ར་ན་ཆད་ན། །ཞག་ལྔ་དག་ན་དེ་ཡང་འགུམ། །འགྲམ་པ་གཡོན་གྱི་ཤ་ཤོར་ན། །ཞག་གཅིག་ན་ནི་དེ་ཀུན་འགུམ། །སྟེང་འོག་སོ་ནི་འཐམས་གྱུར་ན། །ཞག་གསུམ་གྱིས་ནི་གདོན་མི་ཟ། །ལྕེ་ལ་ནག་པོའི་ཐིག་ལེ་བྱུང༌། །ཞག་གཉིས་ཀྱིས་ནི་དེ་ཡང་འགུམ། །རྣ་བ་མགོ་ལ་འབྱར་གྱུར་ན། །དེ་ནི་དེ་ནུབ་ནམ་ཕྱེད་དོ། །བྲང་གི་ལྷེན་སྣ་ཞོམ་པ་ན། །ཟླ་བ་ཕྱེད་ཀྱིས་གདོན་མི་ཟ། །གཉིད་ལོག་རྩ་ནི་མེད་པ་ན། །དེ་ཡང་ཟླ་བ་ཕྱེད་ནའོ། །གལ་ཏེ་རང་གི་དོན་བྱེད་ན། །ནམ་མཁའི་ཁམས་ཀྱི་གཟུགས་བརྙན་ནི། །མི་རྟག་འགྱུར་ཏེ་ཡལ་བ་ན། །ཟླ་གཅིག་མོད་དེར་འཆི་བ་ཡིན། །ཡན་ལག་བཞི་ཆད་ཟླ་བཞི་ནའོ། །དེ་སྟེང་མགོ་ཆད་ཟླ་གསུམ་ནའོ། །སྟོད་སྨད་བྱེ་ན་ཟླ་གཉིས་ནའོ། །ཐུམ་པོར་འདྲིལ་ན་ཟླ་གཅིག་ནའོ། །དེ་ཡི་དུས་ཚོད་ཤེས་པར་བྱ། །གནམ་ས་གཉིས་ཀྱི་འབྲེལ་ཐག་ནི། །གལ་ཏེ་ཆད་པར་གྱུར་པ་ན། །ཞག་ནི་བཅུ་དགུ་ལས་མི་ཐུབ། །རི་རབ་ཀྱི་ནི་ལོགས་དག་ནས། །སེང་གེ་དཀར་མོ་མི་བབས་ན། །བཅུ་དྲུག་ཞག་ནི་གདོན་མི་ཟ། །གལ་ཏེ་རི་དང་ཐང་མཚམས་སུ། །དཔག་བསམ་ལྗོན་ཤིང་རྐེད་ཆག་ན། །འདི་དག་ཀྱང་ནི་མཁས་པས་བརྟག །རྒྱ་མཚོ་ཆུ་ཡི་སྤྲིན་ཡལ་ནི། །འདི་ཡང་རིམ་པ་མཁས་པས་དབྱེ། །ས་ཡི་གྲོང་ཁྱེར་དག་ཏུ་ནི། །དགེ་སྦྱོང་དུ་བ་ཉིད་ཆད་ན། །ཞག་ནི་དགུ་ན་དེ་བཞིན་འགུམ། །རི་རབ་རི་ཡི་རྩེ་མོ་ལ། །མི་འགྱུར་ཉི་མ་ཆུབ་གྱུར་ན། །ཞག་གསུམ་ན་ནི་དེ་ཡང་འཆི། །ཆོ་ག་རྣམས་ནི་རབ་སྤངས་ལ། །རང་རིག་སྙིང་པོའི་དོན་ལ་བརྟག །རི་རབ་དག་གི་ཁོང་གསེང་ན། །མཁའ་འགྲོ་མ་ཡི་སྒྲ་ཆད་ན། །བཅུ་གསུམ་ཉིད་དམ་ལྔ་ནའོ། །གལ་ཏེ་དཔག་བསམ་ལྗོན་ཤིང་ལས། །འཆི་བདག་གི་ནི་བདུད་ལངས་ན། །ཞག་བདུན་གྱིས་ནི་གདོན་མི་ཟ། །དེ་ནི་ཕན་པར་མི་འགྱུར་གྱི། །སྟོང་པ་ཉིད་ལ་གོམས་པ་གཅེས། །སྟོང་པ་གསལ་བའི་སྙིང་པོ་ཅན། །གསལ་བ་རིག་པའི་སྙིང་པོ་ཅན། །རིག་པ་འོད་ཀྱི་ཁང་པ་ཅན། །སྒྲོན་མ་བཞི་ལ་གོམས་པ་གཅེས། །ཞེས་སོ།།

ཉིན་བཅུ་བདུན་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ་ཀུན་མཁྱེན་ཆོས་རྗེས། ཀྱེ་མ་གྲོགས་དག་དལ་འབྱོར་རྙེད་གྱུར་ཀྱང་། །སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་དུ་གང་བྱུང་བདག་ལ་ཆ་ཡོད་དམ། །འཆི་དུས་ཅི་བྱེད་དེ་དུས་སུ་ལ་རེ། །དེ་བས་ད་ལྟ་འཆིའམ་རྟོལ་མེད་ཀྱི། །ཅི་འགྲུབ་དགེ་ལ་དེ་རིང་བརྟུན་ཏེ་བྱ། །ཞེས་གསུངས་པས། དེ་ཡང་ཀྱེ་མ་ཉམ་ཐག་འཁོར་བར་གནས་པའི་མིའི་འགྲོ་བ་དམ་པའི་ཆོས་ལམ་དུ་ཞུགས་ནས་ཐར་བ་བྱང་ཆུབ་སྒྲུབ་པར་སེམས་པའི་དོན་མཐུན་ཆོས་ལམ་དོན་གཉེར་ཅན་གྱི་གྲོགས་དག་ཅེས་བོས་མཛད་ནས། ཁྱེད་ཅག་གིས་དལ་འབྱོར་བཅོ་བརྒྱད་ཚང་བའི་ལུས་རྟེན་ཞིག་སྔར་བསགས་བསོད་ནམས་ཀྱི་དབང་གིས་རྙེད་པ་ཡོད་ནའང་། སང་དང་འཇིག་རྟེན་ཕྱི་མའི་སྣང་བ་གཉིས། །སྔོན་དུ་གང་བྱུང་བདག་ལ་ཆ་ཡོད་དམ། །ཞེས་སང་ཉིན་ཙམ་དུའང་འདུག་ལོང་དང་སྒུག་ལོང་མེད་པར་འཆི་བདག་བདུད་པོ་ཐོན་ནས་འཇིག་རྟེན་ཕྱི་མའི་སྣང་བ་སྔོན་དུ་མི་ཡོང་བའི་ངེས་པ་མེད་པས་གལ་ཏེ། འཆི་དུས་ཅི་བྱེད་དེ་དུས་སུ་ལ་རེ། །ཞེས་གསུངས་ཏེ། །འཆི་བདག་གློ་བུར་དུ་ཐོན་ནས་ཕྱི་མའི་ལམ་དུ་འགྲོ་རན་སོང་ན་དེ་དུས་ཅི་བྱེད། དེ་དུས་རང་མགོ་འདོན་བྱེད་ཀྱི་ནུས་པ་རང་ལ་མེད་ན་སུ་ལ་རེ་བ་ཡིན་ཞེས་པའོ། །དེ་བས་ད་ལྟ་འཆིའམ་རྟོལ་མེད་ཀྱི། །ཅི་འགྲུབ་དགེ་ལ་དེ་རིང་བརྟུན་ཏེ་བྱ། །ཞེས་གསུངས་པ་སྟེ། འཆི་བདག་ད་ལྟ་ཉིད་དུ་ཟུར་དུ་ཐོན་ན་དེ་དུས་ང་ལ་ཐབས་འདི་ཡོད་སྙམ་པའི་གྲ་སྒྲིག་ཅིག་སྔོན་ནས་མེད་ན། དེ་དུས་སྐྲག་སྔངས་འཇིགས་གསུམ་གྱིས་རྒྱལ་རྩིས་བྱེད་ཀྱང་ཕན་པ་མེད་པས། དེ་བས་ད་ནས་དེའི་ཚུལ་ད་ལྟ་ཉིད་དུ་འཆིའམ་ཆ་མེད་པའི་ཚུལ་ལ་ལེགས་པར་བསམ་ནས་དེའི་ཚེ་ཕྱི་མར་འགྲོ་རྩིས་ཀྱི་གྲ་སྒྲིག་དཀར་པོ་དགེ་བའི་ལས་ལམ་ལ་ཕྱི་བཤོལ་མི་བྱེད་པར་དེ་རིང་ཉིད་ནས་བརྟུན་པའམ་བརྩོན་བ་བསྐྱེད་ནས་འབད་པར་བྱེད་དགོས་ཞེས་གསུངས་པའོ། །གསུང་དེ་དག་གི་དོན་ལ་བསམ་བློ་རེ་བཏང་ན། མི་རྟག་ཕྱི་མའི་ལམ་ཆེན་ལ་འགྲོ་རན་ཚེ་འཚོ་བའི་སྲོག་དེ་འཆི་བདག་བདུད་ཀྱིས་ཕྲོགས་ནས་གཅོད་པ་དང་། དར་མའི་ལང་ཚོ་དེ་འབྱུང་བ་འཁྲུགས་པའི་ནད་སྤྱི་དང་། ཁྱད་པར་ཐ་མའི་ཚེ་སྲོག་སྡུད་པའི་ནད་ཀྱིས་འཇོམས་པར་བྱས་ནས། ཤི་གསོན་གཉིས་ཀྱི་དབྱེ་བ་འབྱེད་བྱེད་ཀྱི་སྲོག་དབུགས་ཕྲ་མོ་ཞིག་ཡོད་པ་དེ་འཆི་བདག་སྲིན་པོ་སྙིང་རྗེ་ཤ་ཚ་མེད་པ་དེས་ཕྲོགས་ནས་ཚེ་འདིའི་སྣང་བ་དུས་ཀྱིས་བསྡུས་ནས་ཡལ་བའི་དུས་དེ་ནམ་ཡོང་དང་འདི་ནས་ཡོང་གི་ངེས་པ་མེད་པས། ས་ཆ་ཡུལ་རིས་དང་གནས་ལུས་ལོངས་སྤྱོད་ལ་སོགས་པ་སྒྱུ་མ་མཁན་གྱིས་སྤྲུལ་བ་ལྟ་བུའི་སྣང་བ་འདི་ལ་ཆགས་ཞེན་མི་རིགས་ཏེ། སེམས་ཡོད་བསམ་བློ་གཏོང་ཤེས་པ་ཞིག་གིས་ཞིབ་འདང་བརྒྱབ་ན་འཇིག་རྟེན་ཕྱི་མའི་ཡུལ་དུ་ཁུར་མི་བཏུབ་པའི་ཟང་ཟིང་གི་དངོས་པོ་དང། སྒྱུ་མའི་ཕུང་པོ་འདི་དག་གིས་ཅི་བྱེད་སྙིང་པོ་མི་འདུག་སྙམ་པའི་བློ་བསྐྱེད་དགོས་སོ། །དེ་ལྟར་དུ་མ་རིག་པའི་དབང་གིས་འཁོར་བའི་གནས་སུ་ཡང་ཡང་སྐྱེས་ནས་ཡང་ཡང་སྡུག་བསྔལ་གྱི་ཆུ་བོ་ལ་འཇུག་པ་འདི་ནི་འཁོར་བའི་སེམས་ཅན་རྨོངས་པས་གཞན་དབང་དུ་གྱུར་པ་ལས་གཞན་མཁས་པ་ཞིག་ཡིན་ཚེ། ཡང་སྲིད་ཕྱི་མ་ལེན་པའི་ལས་དང་བག་ཆགས་མི་གསོག་པའི་ཐབས་ལ་བརྩོན་ནས་འཇིག་རྟེན་ཚེ་འདིའི་ཞེན་འཛིན་ཡོད་དོ་ཅོག་མཆིལ་མའི་ཐལ་བ་བཞིན་བསྐྱུར་ནས་འདོར་དགོས་སོ་ཞེས་པའོ། །དེའི་རྒྱུ་མཚན་ཅི་ཡིན་ཞེ་ན། འདུས་བྱས་ཐམས་ཅད་རྟག་པ་ཅན་མིན་པའི་གནད་ཀྱིས་བློ་ཕེར་བ་མིན་པ་བསླུ་བའི་ཆོས་ཅན་ཡིན་པས་འཇིག་རྟེན་གྱི་དངོས་པོ་ཐམས་ཅད་རྟག་པ་མེད་དེ། དཔེར་ན་སྣོད་ཀྱི་འཇིག་རྟེན་གླིང་བཞི་རི་རབ་ཉི་ཟླ་གཟའ་སྐར་འདོད་ཁམས་ཀྱི་མཁར་དང་ས་གཞིར་གྲགས་པའི་ལྷའི་སྐྱེད་མོས་ཚལ་བསམ་གཏན་གྱི་གནས་དང་བཅས་པ་མ་ལུས་པ་ཐམས་ཅད་ཀྱང་། མཐར་མེ་བདུན་ཆུ་གཅིག་རླུང་དང་བཅས་པས་གཏོར་བའི་དུས་སུ་སྐྲ་རྩེའི་ཁྱོན་ཙམ་ཞིག་ཤུལ་དུ་མི་ལྷག་པར་ཞིག་ནས་ནམ་མཁའ་སྟོང་བ་གཅིག་ཏུ་འགྱུར་བ་ཡིན་པ་དང་། དབྱར་དགུན་སྟོན་དཔྱིད་ལོ་ཟླ་ཚེས་གྲངས་དང་བཅས་པའི་དུས་ཚོད་འདི་ཡང་སྐད་ཅིག་རེ་རེ་བཞིན་དུ་འགྱུར་བ། དེ་ཡང་ཁ་སང་ནས་དེ་རིང་དང་། དེ་རིང་ནས་སང་ཉིན་དུ་འགྱུར་ཏེ། དབྱར་གྱི་དུས་སུ་སྐྱེས་པའི་རྩྭ་དང་རྩི་ཤིང་མེ་ཏོག་དང་ཐོག་གུ་སྨན་རིགས་ལ་སོགས་པ་ཐམས་ཅད། དགུན་གྱི་དུས་སུ་སྐམ་ནས་མེད་པར་འགྱུར་བ་སོགས་ལ་ལྟོས་དང་རྟག་བརྟན་མེད་པར་ཤེས་སོ། །བཅུད་ཀྱི་སེམས་ཅན་ལ་བསམ་ན་ཡང་། དེ་བཞིན་དུ་འུ་ཚོའི་མི་རབས་རྒན་གཞོན་ཚོའི་རང་རང་གིས་བལྟས་ན་རྒན་གཞོན་ལ་མ་ལྟོས་པར་རང་ཅག་གི་ཁ་ཡ་ན་ཟླ། གཏམ་བཤད་གྲོགས། ལས་བྱེད་གྲོགས། གྲྭ་རོགས་གྲོགས་མཆེད། ཕ་མ་མཛའ་བཤེས། གཉེན་འདུན་བྲན་ཁོལ། ད་སྔོན་ཇི་ཙམ་ཞིག་ཕྱི་མའི་ལམ་ཆེན་དུ་སོང་ནས་འུ་ཚོ་རྗེས་སུ་ལུས་པའི་ཚུལ་ལ་འདང་ཞིག་རྒྱོབ་དང་། དང་པོ་ཆུང་དུས་དང་། བར་དུ་གཞོན་དུས་ནས། ད་ན་ཚོད་ཕྱི་ཡོལ་གྱི་སྐབས་སུ་མ་ཐོན་བར་དུ་ཁྱིམ་གཅིག་ལས་ཀྱང་མི་ཇི་ཙམ་ཤི་བ་དང་། དེ་དག་གིས་ཀྱང་དེ་འདྲའི་མགྱོགས་མྱུར་དུ་ཤི་བ་ཡིད་ལ་མ་ཤར་བར། འུ་ཅག་དང་འདྲ་བར་ནམ་ཞིག་ལ་ཤི་ངེས་ཀྱང་སྐབས་གཅིག་ལ་མི་ཤི་སྙམ་ནས་ཡུན་རིང་འདུག་སྣང་གི་ཕྱི་ཚིས་འབའ་ཞིག་གིས་གློ་བུར་དུ་ཤི་བ་ཡིན་ལ། འགའ་རེས་ཤི་བའི་འདང་རྒྱག་གིས་ཆོས་རེ་ཞུ་བ་དང་འབུམ་ལྔ་རེ་གསོག་དགོས་སྙམ་པ་རེ་ཡོད་ཀྱང་། དང་པོ་འདི་ཞིག་བསྒྲུབས་ནས་དེའི་འཕྲོ་དེ་དག་བྱ་ཆོག་སྙམ་པའི་རྟག་འཛིན་གྱི་ངང་དུ་ཚེ་ཟད་དེ། འཆི་བདག་སྙིང་རྗེ་མེད་པ་དེས་སྒུག་ལོང་སྒྲུབ་ལོང་མེད་པར་བཙན་གྱིས་ཁྲིད་སོང་བ་ནི་ཅི་འདྲའི་མང་བ་ལ་ཨང་སྙམ་ན་སྙིང་ནས་སྐྱོ་བ་འཕེལ་བྱེད་ཡིན་ནོ། །གཞན་ཡང་འདས་པའི་དུས་ཀྱི་ལོ་བརྒྱའི་ནང་ལ་བསམ་ན་ཅི་འདྲ་བའི་བླ་མ་གྲགས་ཅན་དང་། ཅི་འདྲ་བའི་དཔོན་པོ་ཐོབ་ཅན། ཕྱུག་པོ་གནམ་འདྲ་བ། བཙན་པོ་ཐོག་འདྲ་བ་བྱུང་ནས་རང་རང་གི་འབྱོར་བ་སྤེལ་བར་བྱེད་མྱོང་ཡང་། མཐར་མིང་ཙམ་ལས་མེད་པར་ཡལ་བའི་སྒྱུ་མའི་རྒྱལ་རབས་ཤ་སྟག་ཏུ་གྱུར་པ་ལས་རྟག་པའི་རང་གཟུགས་ལ་གནས་ཐུབ་པ་ནི་གཅིག་ཀྱང་ཡོད་མ་མྱོང་པའོ། །ཕྱིས་འབྱུང་མ་འོངས་ཀྱི་ལོ་རྒྱུས་ལ་ཡང་བསམ་ན་ཡང་དེ་ལས་མ་འདས་པ་དང་། ད་ལྟའི་ས་སྟེང་གི་འགྲོ་བ་ཕལ་མོ་ཆེའང་ནོར་དང་རྫས་ལ་སྲེད་ནས་འདོད་པས་མ་ངོམས་པར་གདུང་བཞིན་དུ་གསོག་གྲུན་སྣ་ཚོགས་ཀྱིས་བྲེལ་ཏེ། ཡུན་རིང་པོ་ཞིག་ལ་འདུག་འདང་ཡོད་པར་མ་ཟད། རང་གི་བདེ་བའི་ཆེད་དུ་གཞན་ལ་གནོད་པ་བྱེད་པ་དང་། ཆགས་སྡང་འཐབ་རྩོད་ཀྱི་འཁོར་ལོ་སྐོར་བཞིན་ཡོད་ཀྱང་། དུས་ཀྱིས་བསྐུལ་ནས་རྙིང་བར་གྱུར་པའི་ཤིང་ཏོག་སར་ལྷུང་བ་ལྟར་གྱུར་ནས། མདོར་ན་དུས་གསུམ་གྱི་སྐྱེ་འགྲོ་ཐམས་ཅད་སྔོན་རྗེས་ཅུང་ཟད་ཙམ་ལས་རྟག་པ་མེད་པའི་མངོན་རྟགས་སུ་ལོ་བརྒྱ་ཡི་ནང་མཚམས་སུ་ཕལ་ཆེར་ཕྱི་མའི་ལྔ་ལམ་དུ་འགྲོ་བ་ཡིན་ནོ། །སྐྱེད་མོས་ཚལ་གྱི་མེ་ཏོག་གི་འདབ་ལོ་ས་ལ་ལྷུང་པ་དང་ལྗོན་ཤིང་གི་ཡལ་འདབ་གོག་པོར་གྱུར་ནས་ས་ལ་ལྷུང་བ་ལྟར། སོ་དང་། སེན་མོ་དང་། སྐྲ་དང་། བ་སྤུ་དང་། ཤ་དང་། རུས་པ་རྣམས་སོ་སོ་རུ་བྲལ་ནས་རྡུལ་ཕྲན་དུ་གྱུར་ཏེ། ཐ་མ་འབྱུང་བཞིའི་ཀློང་དུ་ཐིམ་པར་འགྱུར་རོ། །ཉིན་ཁ་ཤས་ཀྱི་གཡར་བོ་ལྟ་བུའི་སྒྱུ་མའི་ལུས་འདིའི་ཆེད་དུ་ནོར་རྫས་འཚོ་སྐྱོང་ལ་སོགས་པའི་དཀའ་བ་མང་པོས་ཤ་ཐང་ཆད་དུ་འཇུག་པ་ནི་དགོས་པ་མེད་པའི་རྒྱུ་མཚན་དེ་ལྟར་ཡིན་ནོ། །ཚུལ་འདི་མ་ཤེས་པས་ས་སྟེང་གི་འགྲོ་བ་ཕལ་མོ་ཆེ་བསླུས་ཏེ་མགོ་འཁོར་བའོ། །དེ་ལྟ་བུའི་མི་རྟག་སྒྱུ་མའི་རང་བཞིན་གཡོ་ཞིང་འགྱུར་བའི་མཚན་ཉིད་དེ་གསལ་བོར་མ་ཤེས་ནས། རང་དང་རང་ཉིད་ཀྱི་སྡེ་རིས་ཕ་མ་གཉེན་འདུན་བུ་རབས་ཚ་རྒྱུད་ལ་སོགས་པའི་དོན་དུ་ཡར་དང་རྩོད་ཅིང་མར་དང་འཁོན་ནས། དེ་དག་གི་དོན་དུ་ལུས་ངག་ཡིད་གསུམ་གྱིས་མི་དགེའི་སྡིག་པ་སྣ་ཚོགས་བསགས་པའི་རྣམ་སྨིན་ཐམས་ཅད་བདག་ཉིད་གཅིག་པུས་ཁུར་ནས་འགྲོ་བ་ལས། ཁྱེད་ཅག་གི་དོན་དུ་ངས་སྡིག་པ་འདི་བསགས་པ་རེད་ང་གཅིག་པུའི་སྟེང་དུ་མ་བསྐུར་ཟེར་ས་དང་། གཞན་གྱིས་ཀྱང་ངེད་ཅག་གི་དོན་དུ་ཁྱོད་ཀྱིས་སྡིག་པ་བསགས་པ་ཡིན་པས་སྡིག་པའི་རྣམ་སྨིན་དེ་ངེད་ཅག་གིས་བགོས་ནས་དུམ་བུ་རེ་ཁུར་འགྲོ་ཟེར་ས་ལོན་པ་མ་ཡིན་ཏེ། དེའི་དུས་སུ་སྡུག་སྡིག་པ་གཉིས་ཀྱིས་བསགས་པའི་ནོར་རྫས་ཐམས་ཅད་གཞན་གྱིས་སྤྱད་པ་དང་། སྡིག་པའི་འབྲས་བུ་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང་ནས་བར་སྲིད་མིང་བཞིའི་ཕུང་པོ་ཞིག་གསར་དུ་ཐོབ་པའི་སྐབས་སུ་སེར་སྣ་དང་རེ་ཆགས་བྱེད་ཀྱང་། དེ་དུས་ཐབས་ཟད་འུ་ཐུག་གི་གནས་སུ་གྱུར་ཏེ། ནང་མི་གཅིག་ཀྱང་ཁྲིད་ས་མེད་པར་མ་ཟད་ནོར་རྫས་ལོངས་སྤྱོད་ཏིལ་འབྲུ་ཙམ་ཡང་ཁྱེར་དབང་མེད་པ་ཡིན་པ་ནི། ཅི་འདྲའི་ཁས་དྲག་དཔུང་བཙན་ཡིན་ཡང་དཔུང་རོགས་གཅིག་དང་། ཅི་འདྲའི་དབང་ཆེན་གྲོས་ཀྱི་མགོ་འཛིན་ཡིན་ཡང་གྲོས་བྱེད་ས་བློ་འདྲི་ས་ཞིག་དང་། ཅི་འདྲའི་བཟོ་རིག་ཡོན་ཏན་ལ་མཁས་ཀྱང་བློ་འཕྲུལ་འགོད་ས་ཙམ་ཡང་མི་རྙེད་པར་མ་ཚད། དུས་ཚོད་སྐར་ཆ་གཅིག་ལ་དལ་མོར་བྱེད་པའི་རང་དབང་མེད་དོ། །ཕྱི་མའི་ཡུལ་དུ་ཐོན་དུས་དགེ་སྡིག་བྱས་པ་མ་བྱས་པ་དང་མ་བྱས་པ་བྱས་པ་ལ་སོགས་པའི་རྫུན་བཤད་པའི་གནས་མེད་དེ། གཤིན་རྗེའི་མེ་ལོང་དུ་མ་ནོར་མ་འགྱུར་པར་གསལ་ནས་ཡོད་པ་ཡིན་པ་དེས་ན་ཚེ་འདི་སྣང་གི་ནོར་རྫས་སྒྱུ་མ་ལྟ་བུ་ལ་ཞེན་ཆགས་སྤང་། གཉེན་བཤེས་ཞེས་པ་ནི་འཆིང་ཐག་ཡིན་པས་བརྩེ་གདུང་སྤང་། ཚེ་འདི་མི་རྟག་པ་ནི་རྨི་ལམ་ལྟ་བུ་ཡིན་པས་རྟག་འཛིན་མི་བྱེད་པར་མཛའ་དང་མི་མཛའི་ཆེད་དུ་ཆགས་སྡང་ཐམས་ཅད་ལིང་གིས་བསྐྱུར་ནས་འདི་དང་ཕྱི་མའི་ཕན་བདེ་བསྒྲུབ་དགོས། ད་ནི་བསྒྲུབ་རན་པས་མི་ཚད་འཕྱིས་པ་རེད་བསམ་དགོས། ཅི་ཞིག་བསྒུགས་ནས་རྟག་འཛིན་དང་ཕྱི་བཤོལ་བྱེད་དེ། དེ་ལྟ་བུའི་ངང་ནས་ཅི་འདྲའི་མང་པོ་མི་རྟག་ཕྱི་མའི་ལམ་ཆེན་ལ་རིག་ས་གོ་ས་ནས་བུད་སོང་ཨ། ད་ནི་བྱིས་པ་བསམ་མེད་ཀྱི་བྱ་བ་ཚེ་འདི་སྣང་གི་དོན་ཆུང་ཆུང་ཁེ་ཆུང་ཆུང་དཀའ་ལས་ཆེན་པོ་ཅན་འདིས་རྨུས་པ་ཡིན། ད་ནི་རང་ཉིད་ཀྱི་ཡོ་བྱད་དང་གཉེན་འདུན་གྱི་ཆེད་དུ་ཡིན་རུང་སྡིག་པ་མི་བསག དོན་མེད་དུ་སེམས་ཅན་ལ་གནོད་འཚེ་དང་རྩོད་པ་མི་བྱེད། དོན་ཡོད་མེད་ཐམས་ཅད་ཀྱི་སེམས་མི་དཀྲུག ཐམས་ཅད་ཀུན་ལ་སྙོམས་ཤིང་བརྩེ་བའི་བཏང་སྙོམས་ཀྱི་ཐོག་ཏུ་ཞོག་དང་དེས་འདི་ཕྱི་གཉིས་ཀའི་ཕན་བདེ་འགྲུབ་པ་རེད་ཅེས་བསམ་དགོས། དེ་རིང་ཡོད་པའི་རྟགས་རྒྱུ་མཚན་གྱིས་སང་ཉིན་ཡོད་པར་ཤེས་པ་དང་། ད་ལོ་ཡོད་པའི་རྟགས་རྒྱུ་མཚན་གྱིས་སང་ཕོད་ཡོད་པར་ཤེས་ཐུབ་པ་དང་འདྲ་བར། ཚེ་འདི་ཡོད་པའི་རྒྱུ་མཚན་གྱིས་ཕྱི་མ་ཡོད་པར་ཤེས་ཐུབ་ཅིང་། དཔྱིད་ཀ་ས་བོན་བཏབ་ན་སྟོན་ཀར་ལོ་ཐོག་འབྱུང་བ་ལྟར་། ལས་དཀར་ནག་ཅི་བྱས་གང་བྱས་ཀྱི་འབྲས་བུ་དེ་ཕྱི་མ་ལ་སྨིན་པར་ངེས་ཀྱང་། ད་ལྟའི་སྐབས་སུ་བདེ་སྡུག་མྱོང་བ་ནི་ཚེ་སྔ་མ་དང་ཚེ་སྟོད་ཀྱི་ལས་ཀྱི་འབྲས་བུ་ཡིན་པ་ནི། རྒྱུ་འབྲས་བསྙོན་མེད་སུ་ཞིག་གིས་བསྒྱུར་མི་ཐུབ་པ་ཡིན་པས། རང་རེས་སང་ཕོད་ཀྱི་སོ་ཚིས་ད་ལོ་བྱེད་པ་བཞིན་དུ་ཕྱི་མའི་འགྲོ་རྩིས་ད་ལྟ་ནས་བྱེད་དགོས་ཏེ། སང་ཕོད་དང་སྐྱེ་བ་ཕྱི་མ་གཉིས་གང་སྔོན་དུ་ཡོང་ད་ལྟ་ཤེས་པ་མིན་པའི་ཕྱིར། དེས་ན་གལ་སྲིད་མི་ཤི་བར་ཚེ་སྨད་ཅེས་པ་ཞིག་ཡོད་ན་ཚེ་སྨད་ཀྱི་དུས་མཇུག་ཐུང་ཐུང་ཞིག་གི་བྱ་བཞག་ཉི་ཚེ་བ་ལ་བརྩོན་པ་ལས། སྐྱེ་བ་ཚེ་རབས་མང་པོ་དང་འབྲེལ་བའི་ཕྱི་མའི་དོན་ཆེན་དེའི་གནད་ཆེ་བ་ཡིན་པས་དེ་སྔོན་དུ་འཇོག་འོས་སོ། །དེས་ན་ཀུན་མཁྱེན་ཆེན་པོས། ཚེ་འདི་འབབ་ཆུ་འདྲ་སྟེ་རྟག་བརྟན་མེད། །ལུས་འདི་གཡར་བོ་འདྲ་སྟེ་ཡིད་བརྟན་མེད། །སྐྱེ་ཤི་འཁོར་ལོ་འདྲ་སྟེ་ཕ་མཐའ་མེད། །ཆོས་ཀུན་སྒྱུ་མ་འདྲ་སྟེ་སྙིང་པོ་མེད། །རང་གཞན་དར་རྒུད་རྨི་ལམ་སྣང་བ་འདྲ། །རྟག་ཏུ་ཡིད་བརྟན་མེད་དོ་དམ་ཆོས་སྒྲུབས། །ཞེས་གསུངས་པའོ། །སྐྱེས་བུའི་ཚེ་འདི་རི་གཟར་མོའི་རྦབ་ཆུ་ཐུར་དུ་རྒྱུག་པ་དང་འདྲ་བར་སྐད་ཅིག་ཙམ་ཡང་རྟག་པ་ཡོད་པ་མིན། ལུས་འབྱུང་བཞི་འདུས་པའི་ཕུང་པོ་འདི་གཡར་པོའི་ཅ་ལག་ཕྱིར་སྤྲོད་དགོས་པ་དང་འདྲ་བར་དང་པོ་འབྱུང་བཞིའི་ཁོངས་ནས་ཡོང་བ་ཡིན་ལ་ད་ཡང་ཕྱིར་འབྱུང་བཞིའི་ཕག་ཏུ་ཞ་བར་ངེས། སྐྱེ་ཤི་འཁོར་ལོ་འདྲ་སྟེ་ཕ་མཐའ་མེད། །ཅེས་གསུངས་ན་སྐྱེ་བ་དང་ཤི་བ་གཉིས་ཀ་གཅིག་གི་སྣེ་ལ་གཅིག་མཐུད་ནས་འཁོར་བ་འདི་ཚར་འགྲོ་རྒྱུ་ཞིག་དང་ཟད་མཐའ་ཞིག་ཡོད་པ་མ་རེད་ཅེས་གསུངས་པའོ། །ཆོས་ཀུན་སྒྱུ་མ་འདྲ་སྟེ་སྙིང་པོ་མེད། །གསུངས་ན་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་མཁན་གྱིས་ཤིང་བུ་དང་རྡེའུ་ལས་མི་དང་རྟ་གླང་ལ་སོགས་པ་སྤྲུལ་བ་ལྟར་ལས་མེད་ཅེས་པའོ། །རང་གཞན་དར་རྒུད་རྨི་ལམ་སྣང་བ་འདྲ། །རྟག་ཏུ་ཡིད་བརྟན་མེད་དོ་དམ་ཆོས་སྒྲུབས། །གསུངས་ན་རང་གཞན་ཐམས་ཅད་ཀྱི་མཚམས་རེར་དར་བ་དང་། མཚམས་རེར་རྒུད་པ་དང་། སྐབས་རེར་བདེ་བ་དང་། སྐབས་རེར་སྡུག་བསྔལ་བ་འདི་དག་ཐམས་ཅད་རྟག་བརྟན་མེད་པ་ནི་དགོང་མར་ཉལ་གྱི་རྨི་ལམ་དེ་རིང་མེད་པ་དང་འདྲ་བ་ཡིན་པས། དུས་རྟག་ཏུ་འདུས་བྱས་ཀྱི་ཆོས་ལ་ཡིད་རྟོན་ས་ཞིག་དང་བློ་འཁེལ་ཡུལ་ཞིག་ཡོད་པ་མིན་པས་འདི་དང་ཕྱི་མར་རང་གཞན་ཐམས་ཅད་ལ་ཕན་ཐོགས་ཡོད་ཤག་ཤག་དམ་པའི་ལྷ་ཆོས་སྒྲུབས་ཤིག་གསུངས་ནས་རྗེས་འཇུག་ཕྱི་རབས་པ་ཐམས་ཅད་ལ་ཞལ་གདམས་ཡང་དང་ཡང་དུ་གནང་བའོ། །དེ་ཡང་སྲིད་པའི་གནས་ནས་ཞི་བའི་ཆོས་ལམ་ལ་འཇུག་པའི་ལས་དང་པོ་བ་དག་གིས་ཇི་ལྟར་བསྒྲུབ་དགོས་སྙམ་ན་ཐོག་མར་ལྷ་དང་མི་ཡི་ཆོས་ལུགས་ཡང་དག་པར་སྦྱོང་དགོས་པར་གསུངས་ཏེ། ལྷ་དང་མི་ཡི་ཆོས་ལུགས་ལ་བརྟེན་ནས། །རིམ་གྱིས་ཐར་བའི་བྱང་ཆུབ་འཐོབ་པར་འགྱུར། །ཞེས་སོ། །དེས་ན་ཐོག་མའི་སྐབས་སུ་མངོན་པར་མཐོ་བའི་ཆོས་ལ་བརྟེན་དགོས་པས། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྟེ་རང་ངོ་ལ་ལྟོས་ནས་ངོ་ཚ་ཤེས་པ་དང་གཞན་ངོ་ལ་ལྟོས་ནས་ཁྲེལ་ཡོད་པར་བྱེད་པ། དེ་གཉིས་ཀ་ལ་བརྟེན་ནས་ཡོན་ཏན་གཞན་དག་ཐམས་ཅད་ཡར་ལྡན་གྱིས་བསྒྲུབ་དགོས། དེ་ཡང་གང་དང་གང་དག་བསྒྲུབ་དགོས་ན་དགེ་བ་བཅུ་བསམ་གཏན་བཞི་གཟུགས་མེད་བཞིའི་ཏིང་ངེ་འཛིན་དེ་དག་བསྒྲུབ་དགོས། དེ་དག་བསྒྲུབས་ནས་བག་ཡོད་པའི་སྒོ་ནས་བསོད་ནམས་ཆ་མཐུན་གྱི་ལས་བསགས་པའི་སྟོབས་ཀྱིས་ལྷ་དང་མིའི་བདེ་འབྲས་ཐོབ་པ་ཡིན། དེ་འདྲའི་ལྷ་མིའི་བདེ་འབྲས་དེ་རང་གིས་ཐོབ་པར་མ་ཟད་ཕ་མ་གཉེན་གྲོགས་མཛའ་བཤེས་ཁྱིམ་མཚེས་རྣམས་ཀྱིས་ཀྱང་འཐོབ་པའི་ཆེད་དུ་དེ་དག་དགེ་བའི་ལས་ལམ་ལ་འཇུག་པའི་སྐུལ་མ་བྱེད་དགོས། དུས་རྒྱུན་དུ་འགྲོ་བ་སྲོག་དང་ལྡན་པའི་སེམས་ཅན་དབུགས་འབྱིན་ཚད་ལ་བྱམས་པ་དང་སྙིང་རྗེ་བསྒོམ་ཞིང་། བྱམས་པའི་སེམས་དང་བརྩེ་བའི་མིག་གིས་ལྟ། སེམས་ཅན་དེ་ཐམས་ཅད་ཆོས་ལ་བསྐུལ་ཞིང་སྡིག་ལས་ལྡོག ཡར་དཀོན་མཆོག་ལ་མཆོད་པ་བྱེད། མར་དབུལ་ཕོངས་ལ་སྦྱིན་པ་གཏོང་། རྒན་རབས་ལ་སྲི་ཞུ་བྱེད་། ཕ་མ་ལ་ཞབས་ཏོག་འབུལ། ནད་པ་རྒན་པོ་མགོན་མེད་ཉམ་ཐག་རྣམས་བརྩེ་བས་བསྐྱང་། ད་རུང་དམ་པ་གོང་མ་ལ་བཀུར་མཆོད་ཀྱི་འབྲེལ་བ་འཇོག་པ་ལ་སོགས་པའི་དགེ་བའི་ལས་བསྒྲུབ་པ་དང་། མཆོད་རྟེན་དང་ལྷ་ཁང་སྐུ་གཟུགས་ལ་ཕྱག་དང་སྐོར་བ་བྱེད་པ་ལ་སོགས་པ་རིམ་གྱིས་བློ་ཆོས་ཕྱོགས་སུ་འཁོར་བའི་སྙིང་སྟོབས་དེ་ལྟར་དུ་ནར་སོན་ཚེ་ཐར་བ་ཆ་མཐུན་གྱི་དགེ་བ་ལ་བློ་ཁ་ཕྱོགས་པ་སྟེ། བློ་རྟུལ་པོ་དང་ལས་དང་པོ་བའི་རིགས་ཅན་ཆོས་ལམ་ལ་ཞུགས་པའི་ཚུལ་དེ་འདྲ་ཡིན། དེ་དག་ནི་སྐྱ་སེར་ཐུན་མོང་ལ་བཤད་པ་ཡིན། དེའི་ཐོག་ནས་གོང་ནས་བཤད་པར་ལྟར་འཁོར་བའི་སྡུག་བསྔལ་ལ་ངེས་འབྱུང་བསྐྱེད་དགོས་པ་རེད། ཐར་བའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་འབྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་འགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཅེས་ང་ཚོས་དུས་རྒྱུན་དུ་སྨོན་ལམ་འདེབས་བཞིན་པ་འདིའོ། །དེའི་སྟེང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང༌། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་སོ། །དེ་དང་མཉམ་དུ་ཐེག་ཆེན་སྔགས་ཀྱི་མྱུར་ལམ་ལ་འཇུག་དགོས་པ་ཡིན། རང་རེའི་འདིའི་སྨོན་ལམ་འདི་ཉིན་བཞིན་འདོན་གྱིན་ཡོད་པས་ཁ་ལ་བབས་ནས་ལུང་དྲངས་རྒྱུ་དྲན་ཡོང་བ་རེད། ན་མོ་གུ་རུ་བསྐལ་མང་གོང་ནས་ཞེས་པའི་སྨོན་ལམ་འདི་ནང་པ་སངས་རྒྱས་པའི་སོར་བྱང་སྔགས་གསུམ་གྱི་ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་མདོ་སྔགས་ཐེག་རིམ་དགུ་ཡི་ཉམས་ལེན་གྱི་གནད་ཐམས་ཅད་འདུས་པ་ཞིག་བྱས་ནས་གསུངས་ཡོད་དེ། འདི་ལས། ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང༌། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང༌། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཅེས་པ་འདིས་ཐུན་མོང་གི་ཐུན་མིན་གྱི་སྔོན་འགྲོ་དང་འབྲེལ་བའི་ལམ་ཞུགས་ལྷ་མིའི་ཐེག་པ་བསྟན་པ་དང་། ཐར་བའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་འབྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་འགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཅེས་པ་འདིས་སོ་ཐར་དང་འབྲེལ་བའི་ཐེག་དམན་ཉན་རང་གི་ལམ་དེ་བསྟན་པ་དང་། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང༌། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆགས་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །ཅེས་པ་འདིས་ཐེག་ཆེན་བྱང་ཆུབ་སེམས་དཔའི་ཐེག་པ་བསྟན་པས་མི་ཚད་བྱེ་བྲག་ཏུ་སྨོན་པ་སེམས་བསྐྱེད་ཀྱང་བསྟན་པ་དང་། གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཅེས་པ་འདིས་བྱང་ཆུབ་འཇུག་པ་སེམས་བསྐྱེད་བསྟན་པ་དང་། ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང༌། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག །ཅེས་པ་འདིས་བདེན་པ་གཉིས་ཀྱིས་བསྡུས་པའི་ཚོགས་གཉིས་ལ་བརྟེན་ནས་འབྲས་བུ་ས་ལམ་གྱི་རིམ་པ་བསྟན་པ་དང་། །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ཅེས་པ་འདིས་གསང་སྔགས་སྤྱི་དང་བྱེ་བྲག་ནང་རྒྱུད་གསུམ་ལས་རྒྱུད་མ་ཧཱ་ཡོ་ག་བསྟན་པ་དང་། ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང༌། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །ཅེས་པ་འདིས་ལུང་ཨ་ནུ་ཡོ་ག་བསྟན་པ་དང་། །བཅོས་མ་སྤངས་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང༌། །བཅོས་བསླད་བྲལ་བའི་མཉམ་བཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །ཅེས་པ་འདིས་རྫོགས་ཆེན་ཨ་ཏི་ཡོ་ག་བསྟན་པའོ། །འདི་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོའི་གསུང་ཡིན་པས་མཁས་པའི་གསུང་དང་བྱང་ཆུབ་སེམས་དཔའི་ཐུགས་བསྐྱེད་སྨོན་ལམ་ཁྱད་པར་ཅན་གྱི་བདེན་ཚིག་གྲུབ་པའི་ངག རྫོགས་ཆེན་མཁན་པོ་ལྷ་སྒང་གིས་ང་ལ་འདི་བློ་ལ་བླངས་ཤོག་གསུངས་པ་ནི། ད་བལྟས་ན་གསུང་སྒྲོམ་ཆེན་ཕྱི་མཐའ་གཟིགས་པའི་ལུང་ཡང་ཡིན་འདུག་སྙམ་གྱིན་ཡོད། འདིར་མདོ་སྔགས་ཀྱི་ལམ་གྱི་ཉམས་ལེན་ཐམས་ཅད་ཀྱི་གནད་འདུས་པ་ཞིག་ཡིན་འདུག ཕྱོགས་གཅིག་ནས་བཤད་ན་འདི་རྗེས་མར་རྒྱུགས་སྤྲོད་ཤོག་གསུངས་བྱུང་། དེ་ནི་ལུང་བསྟན་ཡང་ཡིན་འདུག་སྟེ་རྒྱུགས་ད་སྤྲོད་གྱིན་ཡོད་པ་རེད། ཁོམ་པ་ཡོད་དུས་ཤིག་ལ་ངོ་མས་བཤད་ན་འདི་ལ་འགྲེལ་བ་ཞིག་ཀྱང་འབྲི་དགོས་ཡོད་སྙམ་པ་དེ་འདྲ་ཞིག་རེད། དེ་ལྟ་བུའི་མདོ་སྔགས་ལམ་གྱི་རིམ་པ་དེ་ཉིད་བགྲོད་ནས་དབང་རྣོན་རྫོགས་པ་ཆེན་པོའི་གདུལ་བྱ་དམིགས་བསལ་བ་ཡིན་ན་དེ་ལྟ་བུའི་རྨང་གཞི་དེའི་ཐོག་ལ། ཐུན་མོང་མིན་པའི་སྔོན་འགྲོ་དང་། དངོས་གཞིའི་རིམ་པ་བརྒྱུད་ནས་སྙིགས་དུས་ཚེ་ཐུང་འདིར་མཐའ་ཡས་སེམས་ཅན་གྱི་དོན་དུ་གྲོལ་བ་ཐོབ་པའི་སྙིང་རུས་བསྐྱེད་དགོས་པ་ཡིན་པས། དེའི་ཚུལ་དང་འབྲེལ་བ་གང་ཞིག་འཆད་ཉན་བྱ་བའི་མན་ངག་གི་གཞུང་བཟང་རྒྱུད་དོན་མན་ངག་ཏུ་བཀྲལ་བ་ཚིག་དོན་རིན་པོ་ཆེའི་མཛོད་འཆད་པའི་སྐབས་ནས་རྡོ་རྗེའི་གནས་བཅུ་བ་བར་དོ་བཤད་པའི་སྐབས་ནས་འགའ་ཞིག་སོང་ནས། དེ་རིང་འཆི་བ་བླུ་བའི་ཆོ་ག་བཤད་པའི་སྐབས་སོ། །སྤྱིར་ནམ་འཆི་གར་འཆིའི་ངེས་པ་ཧ་ལམ་ཞིག་རྙེད་ན་ཚེ་ཟད་ནས་ཟློག་ཐབས་མེད་པ། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་མི་ཤེས། །གསུངས་པ་ལྟ་བུ་མིན་པར་གློ་བུར་གྱི་འགལ་རྐྱེན་ཡིན་ན་རྐྱེན་དབང་ལ་མི་མངག་པར་ཟློག་ཐབས་བྱེད་དགོས་པ་དེས་ན་འཆི་བ་བསླུ་བའི་ཆོ་ག་ཡང་ཐལ་འགྱུར་ལས། གལ་ཏེ་ངན་ན་བཟློག་པ་ཙམ། །བཟང་བ་བླ་མར་གསོལ་བ་གདབ། །ཅེས་པས། སྤྱི་དང་བྱེ་བྲག་ཏུ་བཟློག་པའི་ཐབས་མན་ངག་ཏུ་བཤད་ལ། རྒྱབ་རྟེན་དུ་ལུང་གིས་ཡིད་ཆེས་པ་བྱ་ན། ཉི་ཟླ་ཁ་སྦྱོར་ལས། དེ་ལྟར་ལུས་ལ་རྟགས་བྱུང་ན། །འཆི་བ་བསླུ་བའི་ཆོ་ག་བཤད། །སྐྱེས་བུས་བཟློག་པའི་ལས་བརྩམས་པ། །རང་གི་བླ་མ་དགེ་འདུན་དང༌། །ཚོགས་བསགས་ཞིང་ནི་ཁྱད་པར་ལ། །ཡོན་དང་སྟོན་མོས་མཉེས་བྱས་ལ། །ཆོ་ག་འདི་དག་བརྩམ་པར་བྱ། །འབྱུང་བའི་སྒྲ་རྣམས་ཆ་མཉམ་ཕྱིར། །ཏ་ལ་ཡི་ནི་ལོ་མ་ལ། །འབྱུང་བ་ལྔ་ཡི་འཁོར་ལོ་ནི། །རྩིབས་བཞི་ལྟེ་བ་མུ་ཁྱུད་བཅས། །ས་ཆུ་མེ་རླུང་ནམ་མཁའ་ཡི། །འཁོར་ལོ་དག་ནི་ལྔ་བྱས་ལ། །ཁ་དོག་དག་ནི་འབྱུང་བས་དབྱེ། །ལྟེ་བ་རྩིབས་དང་ལྔ་རྣམས་ལ། །རང་རང་གི་ནི་ཡི་གེ་ལྔ། །མུ་ཁྱུད་ཨཱ་ལའི་ཚོགས་ཀྱིས་བསྐོར། །དེ་ལྟར་འཁོར་ལོ་རྣམས་བྲིས་ཏེ། །མཆོད་དང་བསྟོད་དང་སྡིག་པ་བཤགས༌། །སོ་སོའི་ཅི་འདོད་གསོལ་བ་གདབ། །ལྟེ་བར་འབྱུང་བའི་ལྷ་བསམས་ལ། །ཡི་གེའི་གྲངས་ནི་བརྗོད་ལ་བསྟིམ། །དེ་ནས་ཁམ་ཕོར་ཁ་སྦྱོར་དུ། །འཁོར་ལོ་དེ་ཀུན་བཅུག་ནས་ནི། །ཚོན་སྐུད་ལྔ་ཡིས་རྒྱ་གྲམ་བཅིང༌། །ཤིང་དང་ཆུ་དང་མེ་དང་ས། །རིགས་མི་མཐུན་པའི་ཁ་རླངས་ལ། །དེ་ཀུན་བསྒྲེས་ལ་ངར་ཟན་དང༌། བསྲེས་ལ་གཟུགས་ནི་ཁྲུ་གང་བྱ། །དབང་པོ་ལྔ་ལ་ཡི་གེ་ལྔ། །རྒྱ་ཤོག་བྲིས་ཏེ་ཁོལ་བཏོན་གཞུག །དེས་ནི་འབྱུང་བ་ཉམས་པ་གསོ། །གལ་ཏེ་གདོན་གྱིས་ཟིན་པ་ལ། །ངར་ཟན་སྐྱེས་བུའི་ལོ་སོང་ཚད། །ཁ་དོག་ཉིད་ནི་བསྒྱུར་བྱས་ལ། །རང་གི་དྲི་མའི་གོས་དུམ་དང༌། །དེ་བཞིན་འབྱུང་བའི་རྫས་རྣམས་དང༌། །ཟན་དང་བསྲེས་ནས་གཟུགས་སུའོ། །བལ་ཚོན་དར་དང་སྒྲོ་རྣམས་ཀྱིས། །གཟུགས་དེ་རྣམས་ནི་བརྒྱན་བྱས་ལ། །དེ་རྣམས་དང་ནི་མཐུན་པ་ཡི། །གཏོར་མ་དག་ཀྱང་དེ་བཞིན་ནོ། །དེ་གཟུགས་ཐ་མར་ངར་ཟན་ནི། །རྣལ་འབྱོར་ལོ་གྲངས་ཙམ་གྱིས་བསྐོར། །བྱིན་གྱིས་བརླབས་ལ་ཚིག་འདི་བརྗོད། །ཁྱེར་ཅིག་ཁྱེར་ཅིག་སྟོབས་ལྡན་རྣམས། །སྲེད་དང་ཆགས་དང་ཞེན་པ་དང༌། །དྲན་དང་བཟུང་དང་བསམ་དང་རེག །གློད་དང་ཞི་དང་གྲོལ་བར་མཛོད། །ཚིག་ནི་དེ་ཀུན་ལན་གསུམ་བརྗོད། །དེ་ནས་ཆུ་བོའི་གཞུང་ལ་བསྐྱལ། །འཆི་བ་ལས་ནི་ཟློག་པ་ལ། །ཐེ་ཚོམ་མེད་དོ་ན་ར་སྐན། །ཞེས་སོ། །འདིའི་འཆི་བ་ཟློག་ཐབས་ཞིང་ཁྱད་པར་ཅན་ལ་ཚོགས་བསགས་པ་དང་འབྱུང་བའི་རྟེན་འབྲེལ་གྱི་འཁོར་ལོ་བསྒྲུབས་པ་དང་། གདོན་ལ་གླུད་བྱིན་ནས་འཆི་བ་བསླུ་བ་དེ་དག་བསྟན་ལ། འཆི་བ་བསླུ་ཐབས་ཀྱི་ནང་གི་གཙོ་ཆེ་བ་དེ་ཚོགས་བསགས་ཀྱི་ཞིང་བླ་མ་དགེ་འདུན་ལ་བརྟེན་པའི་ཚོགས་དང་མཆོད་འབུལ་ཉམས་ཆག་བསྐང་བཤགས་ལ་འབད་པ་དང་བླ་མའི་རྣལ་འབྱོར་ལ་བརྩོན་ནས་ཐུགས་ཡིད་དབྱེར་མེད་བསྲེ་བ་རྣམས་ཡིན་ནོ། །འཆི་ཀའི་སྣང་བ་ནི་འབྱུང་བ་སོ་སོའི་ཐིམ་ཚུལ་གྱི་རྩ་རླུང་གི་འདུ་བའི་བྱེད་པ་སྟེ། རྒྱུད་དེ་ཉིད་ལས། སྐྱེས་བུའི་ལུས་ལ་ནད་བཏབ་ནས། །རྟགས་ནི་སུ་ལ་བྱུང་བ་དེ། །ཤི་བའི་དུས་ནི་བཏབ་པ་ཡིན། །ས་ནི་ས་ལ་ཐིམ་པ་དང༌། །དེ་བཞིན་ཆུ་དང་མེ་དང་རླུང༌། །སོ་སོ་རང་ལ་ཐིམ་པ་ནི། །སྐྱེས་བུའི་ལུས་ལ་འདི་ལྟར་འོང༌། །ས་ནི་རང་ལ་རང་ཐིམ་པས། །ལུས་ནི་ལྕི་ཞིང་ཟས་མི་ལེན། །ལངས་དང་འགྲོ་བའི་སྟོབས་ཀུན་ཟད། །ཆུ་ནི་ཆུ་ལ་ཐིམ་པའི་ཚེ། །ཁ་ཆུ་སྣ་ཆུ་འཛག་པར་བྱེད། །དེ་བཞིན་མེ་ལ་མེ་ཐིམ་པས། །ཁ་སྣ་དག་ནི་རབ་ཏུ་སྐམ། །ལུས་ཀྱི་མཐའ་ཡི་དྲོད་རྣམས་འཆོར། །དེ་བཞིན་རླུང་ལ་རླུང་ཐིམ་པས། །དབུགས་ནི་ངར་ངར་ཡན་ལག་ཕྲ། །མིག་ཀྱང་གྱེན་ལ་ཟློག་པའོ། །རྟགས་ནི་སུ་ལ་བྱུང་བ་དེ། །འདི་ལ་མི་གནས་ཕ་རོལ་དུ། །ངེས་པ་རུ་ནི་འགྲོ་བས་ན། །ཞེས་སོ། །འབྱུང་བ་སོ་སོ་ལ་ཐིམ་དུས་རྩ་རླུང་འཁྲུགས་པའི་སྣང་བ་སོ་སོ་དེ་ལྟར་འབྱུང་ལ། ས་ཐིམ་པའི་རྟགས་སུ་ལུས་ཇེ་ལྕི་དང་། ཆུ་ཐིམ་པའི་རྟགས་སུ་ཁ་ཆུ་སྣ་ཆུ་མི་ཚོགས། མེ་ཐིམ་པའི་རྟགས་སུ་དྲོད་ཤོར་རོ་མདོག་དོད། རླུང་ཐིམ་པའི་རྟགས་སུ་དབུགས་ཁ་རྒོད་པ་ལ་སོགས་པ་འབྱུང་ཞིང་། དེའི་སྐབས་སུ་རྣལ་འབྱོར་པའི་གདམས་ངག་ནི་ཆོས་འདིའི་སྐལ་ལྡན་རྣམས་ལ་དུས་འདིར་གདབ་པར་བྱ་སྟེ། རང་ལ་གསལ་པོ་ཡོད་ན་དེས་ཆོག་པས་སྐབས་འདི་དྲན་པར་བྱ་སྟེ། ཡུལ་དང་གནས་ལ་འཇུག་པ་དང༌། སྐུ་དང་ཡེ་ཤེས་ལ་འཇུག་པའི་གནད་གཉིས་གང་རུང་ལམ་ཁྱེར་དུ་བྱེད་པའོ། །དང་པོ་ནི་འཕོ་བ་སྟེ་རླུང་ཐ་མ་ཕྱིར་འགྲོ་དུས་སྙིང་ནས་རིག་པ་བླ་མའི་སྐུ་ཚོན་གང་བ་འོད་ཟེར་ལྔ་དང་བཅས་པའམ། ཨཱཿ དཀར་པོ་ཞིག་ཏུ་བསམས་ལ་ཚངས་བུག་ནས་ཡར་རྒྱངས་སོང་བར་བསམ་དུས་ཧིཀ་ཉེར་གཅིག་བརྩེགས་མར་བརྗོད་པས་གྲོལ་བར་ངེས་སོ། །གཉིས་པ་ནི། བཞུགས་སྟངས་གསུམ་མམ། སེང་གེ་ཉལ་ལུགས་ཀྱི་ཤེས་པ་མིག་ལ་གཏད་མིག་དབྱིངས་རིག་པ་གཏད་ནས་ཀ་དག་གི་ངང་ལ་འཕྲོ་འདུ་མེད་པར་བཞག་པས་སྐད་ཅིག་དེ་ཉིད་ལ་གྲོལ་ལོ། །དབྱིངས་རིག་མི་གསལ་ན་ཆོས་ཉིད་ཀྱི་བར་དོའི་འཆར་ལུགས་རྣམས་ལ་ཡིད་ཆེས་པ་མ་ཉམས་པར་བྱས་པས་མི་བརྟན་པོ་ལ་འཕྲིན་བཅོལ་དུས་གྲོང་ཕྱི་ནང་སྟེང་འོག་གང་དུ་ཕྱིན་པ་དེར་འཕྲིན་བརྡོལ་བ་ལྟར་ཆོས་ཉིད་རང་ངོ་ཤེས་ནས་གྲོལ་བར་ངེས་སོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། དེ་ཚེ་བླ་མའི་མན་ངག་རྣམས། །རང་གི་རྒྱུད་ལ་འདྲིས་པར་བྱ། །དོན་འདི་རྣམས་ཀྱིས་གསལ་ཡང་གདབ། །དེ་ཚེ་སྐྱེས་བུ་སྐལ་ལྡན་དེའི། །སྣང་བ་ཉིད་ནི་རང་གསལ་ན། །མི་གནས་ཤེས་པ་རང་སོ་ཞེས། །རླུང་བཞི་རིམ་གྱིས་ཞི་ནས་ཀྱང༌། །རླུང་ཆེན་གཅིག་གིས་བསྐྱོད་པའི་ཚེ། །ཡུལ་དང་གནས་ལ་འཇུག་པ་དང༌། །སྐུ་དང་ཡེ་ཤེས་འཇུག་ལུགས་བསྟན། །ཡུལ་གནས་དག་ལ་འཇུག་ལུགས་ནི། །གྲོང་འཕོ་གྲོང་འཇུག་གདམས་བ་སྟེ། །རྣམ་ཤེས་རླུང་ལ་ཞོན་ལ་སྦྱང༌། །དེ་ཡང་གོང་དུ་འབྱོངས་པ་གཅེས། རིག་པ་བསྡུ་དང་འཕང་བ་གཅེས། །དེ་ཡང་ཧིཀ་གིས་འཕང་བའོ། །དེ་ཉིད་བླ་མའི་ཞལ་ལ་ཐུག །སྐུ་དང་ཡེ་ཤེས་འཇུག་ལུགས་ནི། །རིག་ལ་འདི་ལྟར་གཏད་པར་བྱ། ཕུང་པོ་སེང་གེའི་ཉལ་ལུགས་ཀྱིས། །རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཤི་བའི་དབུགས་ཀྱང་དལ་བར་འགྱུར། །གལ་ཏེ་དབྱིངས་རིག་མི་གསལ་ན། །ཆོས་ཉིད་བདེ་བའི་བར་མ་དོར། །རིག་པའི་སྣང་བ་གཟུང་བའི་ཕྱིར། །སྔར་བསྟན་འོད་རྣམས་ཡིད་ལ་བྱ། །དེས་ནི་བདེན་པའི་སྣང་བ་ཐོབ། །ཅེས་སོ། །འདིར་ཡུལ་གནས་འཇུག་པ་འཕོ་བའི་གདམས་པ་དང་། སྐུ་དང་ཡེ་ཤེས་ལ་འཇུག་པ་དབྱིངས་རིག་བསྲེ་བ་གཉིས་ལས། སྔ་མ་ཡུལ་གནས་ལ་འཇུག་པ་འདི་གསུངས་ལ། ཡེ་ཤེས་བླ་མའི་ནང་དུ་ཐེག་མཆོག་མཛོད་ཀྱི་དགོངས་པ་ལྟར་རྣལ་འབྱོར་བ་གོམས་པ་རབ་འབྲིང་ཐ་གསུམ་ལ་སྦྱར་ནས། དང་པོ་དབྱིངས་རིག་རང་སོ་ལ་བཞག་པ་གོམས་པ་རབ་ཀྱི་སྤྱོད་ཡུལ། གཉིས་པ་འཕོ་བའི་གདམས་པ་གོམས་པ་འབྲིང་གི་སྤྱོད་ཡུལ། གསུམ་པ་གཞན་རྐྱེན་ལ་ལྟོས་པ་གོམས་པ་ཐ་མའི་སྤྱོད་ཡུལ་ལ་བསྟན་ནས་གསུངས་སོ། །དེ་ལ་དང་པོ་རྣལ་འབྱོར་བ་གོམས་པ་ཡང་རབ་ཅན་ཉམས་ལེན་གྱི་གནད་འབྱོངས་པ། འོད་གསལ་གྱི་སྣང་བ་དང་འདུ་འབྲལ་མེད་པ་ཞིག་ཡིན་ན་དེའི་ངང་དེར་དབྱིངས་རིག་བསྲེ་བའི་གནད་གཟིར་བཞིན་དབུགས་ཀྱི་རྒྱུ་བ་ཆད་ཚེ་སྐད་ཅིག་དེར་ཡར་གྱི་ཟང་ཐལ་དུ་གྲོལ་ཏེ་ཆོས་ཉིད་ཀྱི་བར་དོ་མེད་པར་སངས་རྒྱས་པ་ནི་། རིག་པ་ཉིད་ནི་མིག་ལ་གཏད། །ཡིད་ཙམ་བར་སྣང་ལམ་དུ་བྱ། །དབྱིངས་དང་རིག་པ་མ་འགྱུར་ན། །མི་དེ་བར་དོ་མེད་པར་ནི། །འཚང་རྒྱ་བ་ལ་ཐེ་ཚོམ་མེད། །ཅེས་གསུངས་པ་བཞིན་ནོ། །འདིའི་སྐབས་སུ་བཞུགས་སྟངས་གསུམ་གང་རུང་ངམ་གཞོག་གཡས་པ་ས་ལ་ཕབ་ལག་གཡས་ཀྱིས་འགྲམ་པ་སྐྱོར་ལག་པ་གཡོན་པ་བརླ་ཐོག་ལ་བཞག་པའི་སེང་གེའི་ཉལ་སྟབས་བདག་ཅག་གི་སྟོན་པ་སྐུ་མྱ་ངན་ལས་འདའ་བའི་གཟིམ་སྟངས་ལྟ་བུ་བྱས་ནའང་ཆོག་ལ། ཤེས་པ་ཡེ་ཤེས་འཆར་བའི་སྒོ་མིག་ལ་གཏད་པ་དང་། མིག་དབྱིངས་རིག་ལ་གཏད་དེ་གནས་ལུགས་ཀ་དག་གི་ངང་དུ་སྤྲོ་བསྡུ་མེད་པར་བཞག་པའི་ངང་དེ་ནས་ཚེའི་འདུ་བྱེད་བཏང་ན་སྐད་ཅིག་དེར་གྲོལ་བ་ལ་ཐེ་ཚོམ་མི་དགོས་སོ། །འདིའི་དོན་རྒྱུད་ཀུན་གསལ་ལས་ཀྱང་། བག་ཆགས་ལུས་རྒྱའི་རིག་པ་དང་། །མཁའ་དབྱིངས་གསང་བའི་རིག་པ་གཉིས། །ཡེ་ཤེས་སྒོ་ཡིས་མཚམས་སྦྱར་ན། །བག་ཆགས་ལུས་རྒྱས་མི་སྒྲིབ་པར། །གཉིས་མེད་ཟང་ཐལ་ཆེན་པོར་འགྲོ། །ཞེས་གསུངས་ལ། རྣལ་འབྱོར་པ་འཕོ་བའི་དུས་ལ་བབས་དུས་ཕྱི་མཚོན་བྱེད་དཔེ་ནམ་མཁའ་སྟོང་གསལ་སྒྲིབ་གཡོགས་དང་བྲལ་བ་ལ་གཏད་བྱའི་འབེན་བྱས་ནས། ནང་སྐྱེ་མེད་སྟོང་པའི་ནམ་མཁའ་རིག་པ་འོད་གསལ་འཕོ་འགྱུར་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ། གསང་བ་སེམས་ཉིད་སྤྲོས་པ་དང་བྲལ་བ་ཆོས་སྐུའི་དགོངས་པ་ལ་མཉམ་པར་བཞག་པའི་ནམ་མཁའ་སུམ་སྤྲུགས་སམ་ནམ་མཁའ་སུམ་སྦྲེལ་གྱི་གདམས་པ་ལ་གནད་དུ་བསྣུན་དགོས་སོ། །གལ་ཏེ་དེའི་སྐབས་སུ་གྲོལ་མ་ཐུབ་ན་གཉིས་པ་ཡུལ་དང་གནས་ལ་འཇུག་པ་འཕོ་བའི་གདམས་པའི་ལས་ལ་སྦྱར་ཏེ། དེ་ཡང་རླུང་རྣམ་ཤེས་ལ་འཇུག་པའི་དུས་སུ་སྲོག་རླུང་སྙིང་ཁ་ནས་བཏེག་པའི་དུས་ཡིན་པས། དེའི་དུས་སུ་སྙིང་ཁ་ལ་རིག་པ་སེམས་ཀྱི་ངོ་བོ་ཨ་ཡིག་དཀར་པོའམ་ཡང་ན་ཧྲཱིཿ་ ཡིག་དམར་པོ་ཞིག་བསམ་ནས་སྤྱི་བོ་ཚངས་པའི་བུ་ག་ནས་རྒྱངས་ཀྱིས་སོང་བར་བསམ་ནས་ཧིཀ་ཉེར་ཅིག་ལ་སོགས་པ་བརྗོད་ནས་སྤྱི་བོའི་བླ་མ་མགོན་པོ་འོད་དཔག་མེད་དང་དབྱེར་མེད་པའི་ཐུགས་ཀར་འཕོ་དགོས་ལ། དེ་ཡང་གོང་དུ་འབྱོངས་པ་གཅེས། །གསུངས་པས་ད་ལྟར་གོམས་པ་བྱས་ནས་ལས་ལ་སྦྱར་རན་དུས་ཐེ་ཚོམ་མི་དགོས་པ་ཞིག་བྱེད་དགོས་སོ། །ད་གནད་དེ་ལྟ་བུ་དང་ལྡན་ན་འབྱུང་བའི་ཐིམ་རིམ་གྱི་ངེས་པ་ལ་མི་ལྟོས་པར་བྱང་ཆུབ་སེམས་དཔའི་འཕོ་ལུགས་ཀྱིས་མྱ་ངན་ལས་འདའ་བ་ཡིན་ནོ། །གསུམ་པ་ནི། དེའི་དུས་སུ་ཉམས་ལེན་གྱི་བརྟན་པ་མ་ཐོབ་ནས་གདེང་མ་ཁེལ་བ་དང་ནད་ཀྱི་རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་ཤེས་པ་རྣལ་དུ་མ་བབས་ནས་རང་སྟོབས་ཀྱིས་གསལ་ཐེབས་པ་མི་འདུག་བསམ་ན། བླ་མ་དང་མཆེད་གྲོགས་ཀྱིས་གསལ་འདེབས་བྱེད་དགོས་ཏེ། དེའི་ཚེ་ད་ལྟའི་སྐབས་དང་འདྲ་བར་ཤེས་པ་བག་ཡངས་པ་ཞིག་མིན་ཏེ། དེའི་དུས་སུ་ཤི་བའི་འཇིགས་སྐྲག་དང་འབྱུང་བའི་འདུ་འཁྲུགས་དང་། འཁྲུལ་སྣང་གི་བསུན་མ་མང་པོ་ཞིག་གིས་གདོང་ལེན་བྱེད་དགོས་པ་ཡིན་པས་ལས་སླ་པོ་ཞིག་གཏན་ནས་མིན་པས། དེ་དུས་ཁོག་པའི་ནང་དུ་གཡུ་ལོ་ཡོད་པ་ནི་རེ་རེ་གཉིས་གཉིས་ཡིན་ལ། དེ་དུས་སུ་ལ་ལས་འཆུག་མི་ཉན་བསམ་ནས་ཤི་མ་རན་གོང་དུ་འདས་རྟགས་བཞག་སྟེ། རྒྱུ་བགོ་སྔ་བྱས་ནས་ཕྱི་ཉིན་ཇ་སྐོལ་བྱེད་མེད་པར་སོང་བ་ཡང་ཡོད་ཅིང་། ཡང་ལ་ལ་སྡོད་ཆེ་བས་སམ་རྟག་འཛིན་ཆེ་བས་ཡིན་མ་ཤེས་པར་སྔས་མགོའི་འོག་ཏུ་སྒོར་མོ་ཁྲི་ཆག་ཆ་རེ་མནན་ནས་བསྡད་པའང་ཡོད་པས། དེའི་ཚོད་ཐིག་མཁན་བུ་བཟང་རེ་མིན་ན་དཀའ་བ་ཡིན། བུ་བཟང་སྙིང་རུས་ཅན་ཞིག་མིན་ན་ཆོས་འགྲུབ་པ་མིན་ནོ། །དབྱིངས་རིག་བསྲེ་བའི་གདམས་པས་ཀྱང་གྲོལ་མ་ཐུབ། འཕོ་བའི་གདམས་པ་གནད་དུ་ཡང་མ་ཁེལ། རྣལ་འབྱོར་བས་རང་སྟོབས་ཀྱིས་འཕོ་བའི་ཐབས་ཞན་སོང་ན་གསུམ་པ་གཞན་རྐྱེན་ལ་ལྟོས་དགོས་སོ། །རང་ལ་གདམས་ངག་དེ་དག་མི་གསལ་ཞིང་གདེང་མེད་ན་བླ་མའམ་མཆེད་གྲོགས་དམ་ཚིག་གཙང་བ་ཞིག་གིས་གསལ་གདབ་སྟེ། མངོན་སུམ་གྱི་སྣང་བ་བསྟན་ལ་དེའི་ངང་དུ་བལྟར་བཅུག་ལ། ད་ལྟའི་རིག་པ་འདི་ཀ་བར་དོར་འཆར་བ་ལ་ཆོས་ཉིད་ཀྱི་བར་དོ་ཟེར་བས་རང་སྣང་དུ་ངོ་ཤེས་པར་གྱིས་ཞེས་པ་དང༌། ད་ལྟའི་རིག་པ་རྗེན་པ་འདི་ཀ་དག་གི་གྲོལ་ས་ཡིན་པས་འདིའི་ངང་ལ་མ་འགྱུར་བར་ལྟོས་ཤིག་ཅེས་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་གསལ་གདབ་པོ། །འདེབས་འཕྲོ་ལ་ཤི་ན་ནད་པའི་ཁ་སྣ་དང་རང་གི་ཁ་སྣ་སྤྲད་པའི་དུས་སུ་རླུང་དྲག་པོ་འཕངས་ལ་ཚུར་བརྔུབས་པས་དེའི་རླུང་ཆད་པས་སོས་ཏེ་མིག་ཧྲིག་གིས་བྱུང་དུས་མིག་གིས་དེ་ཉིད་སྒྲོན་མའི་སྣང་བ་ངོ་སྤྲད་པ་ལ་གདམས་ངག་བཏབ་པས་དབང་པོ་རྣོན་པོ་ཁ་ཅིག་དེ་ཉིད་དུ་གྲོལ་ལ། གཞན་དག་ཆོས་ཉིད་ཀྱི་བར་དོར་གྲོལ་ཏེ། ད་ལྟའི་འོད་གསལ་སྐྱེལ་མ་དང་འདྲ་བས་གྲོགས་བྱས། ཆོས་ཉིད་ཀྱི་འོད་གསལ་བསུན་མ་དང་འདྲ་བས་སྣ་བསུ། དེ་གཉིས་གུང་སྦྱོར་བས་གཞན་དུ་འཁྱོར་ས་མེད་དེ་ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཚུངས་པས་བར་ན་མུན་པ་མེད་པ་བཞིན་ནོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། གལ་ཏེ་དེ་དག་མི་གསལ་ན། །རང་གི་བླ་མ་གནས་པ་ན། །གོང་གི་མན་ངག་གསལ་ཡང་གདབ། །བླ་མ་མེད་ན་རྡོ་རྗེ་སྤུན། །ཤེས་པ་གསལ་ཡང་གདབ་པར་བྱ། །གལ་ཏེ་གཞན་གྱི་དོན་བྱེད་ན། །དེ་ཉིད་ཐུགས་རྗེས་གཟུང་བའི་ཕྱིར། །སྒོ་གསུམ་དག་ནི་སྒོ་སྤྲད་དེ། །དབུགས་ནི་བཏབ་དང་རྔུབ་དང་འཕང༌། །ཡི་གེ་འབྲུ་གསུམ་གཞུག་པ་ནི། །ལུས་དང་ངག་ཡིད་སྟོབས་བསྐྱེད་ཕྱིར། །དབུགས་དང་བཅས་ཏེ་མཁས་པས་བྱ། །དེ་ལྟར་ཡང་དང་ཡང་བྱས་པས། །དེ་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་ལུས་ཀྱི་སྟོབས་རྙེད་ན། །གདམས་པ་དག་ནི་གདབ་པར་བྱ། །འོན་ཏེ་ཤེས་པ་གསལ་གྱུར་ན། །དགོངས་པ་ཉིད་ལ་མཉམ་པར་གཞག །དབང་པོའི་སྒོ་རྣམས་རང་དྲུང་ན། །མིག་གི་དེ་ཉིད་བལྟ་རུ་གཞུག །མཉམ་པར་གནས་པའི་སེམས་བྱུང་ན། །མི་རྟོག་ལྡན་པའི་ཏིང་འཛིན་ཐོབ། །ཅེས་སོ། །འདིའི་སྐབས་སུ་རྒྱུད་ཆེན་ཟབ་མོ་ཉི་ཟླ་ཁ་སྦྱོར་གྱི་གདམས་ངག་གསུམ་གྱིས་ཕན་གདགས་པའི་དུས་ཡིན་པས། ཡི་གེ་གསུམ་གྱིས་ཁོའི་རྣམ་ཤེས་ཚུར་དྲང་དགོས་པས་ཨོཾ་ཨཱཿ་ ཧཱུྃ་གི་ཡི་གེ་གསུམ་གྱིས་ཚུར་དྲངས་ནས། ཐིག་ལེ་སྟོང་པའི་སྒྲོན་མ་མཐེབ་མཛུབ་ཀྱིས་བཙིར་ནས་ངོ་སྤྲད་དགོས་པ་ནི་ད་ལྟའི་ལུང་དོན་ལྟར་ཡིན་ལ། ཡི་གེ་ཨཱཿ་ཡིས་ཁོའི་རྣམ་ཤེས་ཚུར་རང་སེམས་དང་བསྲེས་ནས་མཉམ་པར་བཞག་པས། ཁོའི་རྣམ་ཤེས་རང་བཞིན་གྱིས་འོད་གསལ་གྱི་ངང་དུ་ཡོད་པ་དང་གསལ་འདེབས་མཁན་གྱི་མཉམ་བཞག་གི་བདེན་པ་གཉིས་ཀ་ནང་འཕྲད་ནས་འདྲོང་ཐུབ་པའི་གནད་ཁྱད་པར་ཅན་ཡོད་དོ། །འདི་གདམས་ངག་ཚང་སྤྲུགས་སུ་གདབ་པ་ཞེས་བྱ་ལ། རྫོགས་པ་ཆེན་པོའི་གནད་གལ་པོ་ཆེའོ། །འགྲོ་དྲུག་ཕལ་པ་ཡིན་ན་སོ་སོའི་གནས་སུ་སྐྱེ་བའི་རྟགས་ནི། འདིའི་དབང་པོ་ཡང་མཐའ་ནི་སྤྲུལ་པའི་ཞིང་དུ་དབུགས་འབྱིན་ན་དྲོད་སྤྱི་བོར་འདུ་ལ། རབ་ཀ་དག འབྲིང་བར་དོ། ཐ་མ་རང་བཞིན་སྤྲུལ་བའི་ཞིང་དུ་དབུགས་འབྱིན་པ་ཡན་ཆོད་ལ་སྤྱི་བོ་ནས་རླངས་པ་འཕྱུར་པའི་རྟགས་འདི་ཡོད་པ་ཡིན། གཞན་རྣམས་ལྷའི་གནས་སུ་སྐྱེ་བ་སྟེ། འདིའི་དུས་སུ་ལག་པ་གཡས་གཡོབ་པའོ། །དྲོད་རྐང་མཐིལ་དུ་འདུ་ཞིང་རྐང་པ་གཡོན་ས་ལ་རྡེབ། །མིག་རབ་རིབ་བྱེད་ན་དམྱལ་བའོ། །དྲོད་མཆན་ཁུང་གཡས་སུ་འདུ། །ཁ་ནས་ཚིག་འཆོལ་ན་ལྷ་མིན་ནོ། །དྲོད་ཁར་འདུ་ལུས་ཀྱི་མདོག་སེར་མིག་རབ་རིབ་བྱེད་པ་ཡི་དྭགས་སོ། །དྲོད་མཚན་མར་འདུ་དུད་འགྲོའི་སྐད་འདོན། དེ་ནས་ཁ་ལྐུགས་སོ་འཐམས་མིག་རབ་རིབ་བྱེད་ན་བྱོལ་སོང་ངོ༌། །དྲོད་མིག་ཏུ་འདུ་ཚིག་གསལ་དྲན་པ་མ་ཉམས་ན་མིར་སྐྱེ་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། ཕྱི་ཡི་སྣང་བ་འདི་ལྟ་བུ། །གལ་ཏེ་དྲོད་ནི་གྱེན་ཡལ་ན། །དབུགས་ཆེན་འབྱིན་པར་འགྱུར་བ་ཡིན། །མིག་ནི་མི་གསལ་རབ་རིབ་ན། །ངན་སོང་གནས་རྣམས་དག་ཏུ་སྐྱེ། །ལག་པ་དག་ནི་གཡས་གཡོབ་ན། །མི་དེ་ལྷ་ཡི་གནས་སུའོ། །ཁ་ནས་ཚིག་ནི་འཆོལ་བ་ན། །ལྷ་མིན་གནས་སུ་དེ་བཞིན་སྐྱེ། །རྐང་པ་གཡོན་པ་ས་ལ་རྡེབ། །དེ་ནི་དམྱལ་བའི་གནས་སུའོ། །ལུས་ཀྱི་མདོག་ནི་སེར་བཀྲག་མེད། །དེ་ནི་ཡི་དྭགས་ཡུལ་དུའོ། །ཁ་ནས་སེམས་ཅན་སྐད་འདོན་ན། །དེ་ནི་བྱོལ་སོང་གནས་སུའོ། །ཡང་ན་ཁ་ལྐུགས་སོ་འཐམས་ན། །དེ་བཞིན་བྱོལ་སོང་སྐྱེ་གནས་སོ། །ཚིག་གསལ་དྲན་པ་མ་ཉམས་ན། །དེ་ནི་མི་ཡི་གནས་སུའོ། །ཕྱི་ཡི་རྟགས་ནི་དེ་དག་དང༌། །ནང་གི་རྟགས་ནི་འདི་དག་སྦྱར། །སྤྱི་བོར་དྲོད་རྣམས་འདུས་པ་ན། །དེ་ནི་ལྷ་ཡི་གནས་སུའོ། །དེ་བཞིན་རྐང་མཐིལ་དྲོད་འདུས་ན། །དེ་ནི་དམྱལ་པའི་གནས་སུའོ། །མཆན་ཁུང་གཡས་སུ་དྲོད་འདུས་ན། །དེ་ནི་ལྷ་མིན་ཡུལ་དུའོ། །དེ་བཞིན་ཁར་ནི་དྲོད་འདུས་ན། །མི་དེ་ཡི་དྭགས་གནས་སུ་སྐྱེ། །དེ་བཞིན་མཚན་མར་དྲོད་འདུས་ན། །དེ་ནི་བྱོལ་སོང་སྐྱེ་གནས་སོ། །མིག་ཏུ་དྲོད་རྣམས་འདུས་པ་ན། །མི་ཡི་གནས་སུ་སྐྱེ་བ་ཡིན། །དེ་དག་རྟགས་དང་སུ་ལྡན་པ། །འདི་ནི་ངེས་པ་ཁོ་ནའོ། །ཞེས་སོ། །རིགས་དྲུག་སོ་སོའི་གནས་སུ་སྐྱེ་བའི་ངེས་པ་ཅན་གྱི་རྟགས་དང་མཚན་མ་ཡོད་པ་དག་གིས་སྐྱེ་གནས་སྦྱོང་བར་བྱེད་པའི་ཐབས་གསུངས་པ་ནི། དེ་ཉིད་སྦྱང་བའི་ཆོ་ག་ནི་གསུམ་སྟེ། །དབུགས་དང་མ་བྲལ་པ་ལ་སྦྱང་བ། རོ་ལ་སྦྱང་བ། རྗེས་སུ་སྦྱང་བའོ། །དང་པོ་ནི་དེའི་སྙིང་ནང་དུ་ཨཱཿ དཀར་པོ་བསམས་ཏེ་རང་གི་ཁ་དེའི་སྤྱི་བོར་གཏད་ནས་དབུགས་ནར་ནར་དྲང་ཞིང་ཨཱཿ མི་དེའི་ལོ་གྲངས་རེ་བརྗོད་པས། དེ་རྣམ་ཤེས་གོང་ནས་གོང་དུ་འདྲོངས་པ་ཡིན་ནོ། །རོ་ལ་སྦྱང་བ་ནི་རོ་དེའི་མདུན་དུ་མཎྜལ་པད་འདབ་བཞི་པའི་དབུས་སུ་བུམ་པ་གཞན་དང་མཐུན་པར་བཅས་ལ། རིགས་ལྔའི་སངས་རྒྱས་བླ་མ་བརྒྱུད་པ་དང་བཅས་པ་བསྐྱེད་ནས། མཆོད་བསྟོད་བྱས་ལ། ཨོཾ་ཨཱཿ ཧཱུཾ་སྭཱ་ཧཱ་ཞེས་པ་ཅི་འགྲུབ་བཟླས་པའི་མཐར། ཨ་བྷྱ་དྱ་ཏཾ་ཀེཾ་ཞེས་པའང་བརྒྱ་རྩ་རེ་བཟླས་པའི་བུམ་ཆུས་རོ་དེའི་སྤྱི་བོ། མགྲིན་པ། སྙིང་ག ལྟེ་བ། མཚན་མ། མཆན་ཁུང་རྣམས་སུ་བཀྲུས་ན་གནས་འབྱོངས་པ་ཡིན་ནོ། །མཎྜལ་ཞེས་པ་ནི་དཀྱིལ་འཁོར་ལ་ཟེར་བས་དཀྱིལ་འཁོར་ཁྲུ་དོ་བ་ཞིག་བྱས་པའི་སྟེང་དུ། པདྨ་འདབ་བཞིའམ་འདབ་བརྒྱད་གང་ཡང་རུང་བ་ཞིག་གི་མཛེས་མཚོན་གྱིས་སྤྲས་པའི་དབུས་ཀྱི་བུམ་པ་གཟུངས་ཐག་དང་བཅས་པའི་ནང་དུ་བུམ་རྫས་ཀྱིས་བཀང་བའི་ཕྱོགས་བཞི་ལ་ཨ་བྲིས་པ་བཞི་བཞག་ལ། བུམ་པ་འོད་ལྔའི་གཞལ་ཡས་ཁང་དུ་བསམ་པའི་ནང་དུ་སྟོན་པ་ཀུན་ཏུ་བཟང་པོ་མཐིང་ཁ་མཉམ་བཞག་གི་ཕྱག་རྒྱ་ཅན་ཡུམ་དང་བཅས་པའི་ཕྱོགས་མཚམས་ལ་རིགས་ལྔའི་སངས་རྒྱས་དང་། སྟེང་ཕྱོགས་ལ་བརྒྱུད་པའི་བླ་མ་བསམས་ལ། སྤྱན་འདྲེན་མཆོད་བསྟོད་བསྙེན་པ་བཟླ་བ་རྣམས་བྱའོ། །བསྙེན་པ་གཙོ་བོ་ཨོཾ་ཨཱཿ ཧཱུཾ་སྭཱ་ཧཱ་སྟེ་འབྲུ་ལྔའི་བཟླས་པ་དང་། དེ་ནས་བར་བར་དུ་ཨ་བྷྱ་དྱ་ཏཾ་ཀིཾ ཞེས་པ་འདི་ངན་སོང་སྦྱོང་པའི་སྔགས་ཡིན། འདི་ལ་རྒྱུད་འགའ་རེར་ཨོཾ་ཡོད་པའང་ཡོད་ལ། ཤཱིནྟཾ་ཀུ་རུ་ཡེ་སྭཱ་ཧཱ་དང་སྦྲེལ་ནས་ཀྱང་བཟླའོ། །རང་ཉིད་རྡོར་སེམས་ལ་བསམ་ནས་ཐུགས་ཀའི་གཟུངས་ཐག་ལ་འཁྲིལ་ཏེ་སོང་བས་བླ་མ་དང་ལྷ་སོ་སོའི་སྐུའི་ཆ་ཤས་ནས་བདུད་རྩི་བབས་པས་བུམ་པ་གང་བར་བསམས་ནས། མཆོད་བསྟོད་ལ་སོགས་པ་དུས་རྒྱུན་ལྟར་དང་བུམ་པའི་ཆུས་དབང་བསྐུར་ནས་ངན་སོང་དང་འཁོར་བའི་གནས་དྲངས་པའི་ཆོ་གའོ། །རྗེས་ལ་བདུན་ཚིགས་བྱེད་ནའང་བུམ་པ་བཅས་པར་ལྷ་བསྐྱེད་ནས། མཆོད་བསྟོད་བཟླས་པ་དེ་དང་འདྲ་བ་ལས་མིང་བྱང་བཀྲུ་ཞིང་ལམ་བསྟན་པ་དང་ཆོས་བཤད་པ་བྱས་ཏེ་ཐ་མའི་ནུབ་མོ་མིང་བྱང་བསྲེགས་ནས་ལམ་བསྟན་ལ་བསྔོ་བ་དང་སྨོན་ལམ་བྱའོ། །རྒྱུད་དེ་ཉིད་ལས། དེ་དག་རྗེས་སུ་གཟུང་བའི་ཕྱིར། །གནས་ནི་རིམ་པར་དྲང་བའི་ཕྱིར། །ཡི་གེ་ཨ་ཡི་སྦྱོར་བ་ཡིས། །དབུགས་དང་དེ་ཡི་གྲངས་དང་སྦྱར། །གལ་ཏེ་དེ་བར་མ་ཤི་ན། །སྤྱི་བོར་ཁ་གཏད་དབུགས་ཀྱིས་ནི། །ཤེས་པ་ལུས་ཀྱི་དཀྱིལ་དུ་ཡང༌། །ཨ་ནི་དམིགས་ཏེ་བསྡུ་བ་བྱ། །དེ་ཉིད་ཤི་བར་གྱུར་པའི་ཚེ། །ཟག་པར་བཅས་པའི་ཕུང་པོ་ལ། །བུམ་པ་སྤྱི་བོར་བཞག་ནས་ནི། །ཡི་གེ་ཡི་ནི་འབྲུ་ཉིད་དང༌། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དམྱལ་བའི་གནས་རྣམས་སྟོངས་ནས་ནི། །དེ་ཡི་རྟགས་སུ་དེ་བཞིན་ནོ། །ཡི་དྭགས་རྟགས་དང་ལྡན་པ་ལ། །ཡི་གེ་བྷྱ་ཡི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་བདུན། །ལྕེ་ཡི་སྟེང་དུ་བྷྱ་བཞག་སྟེ། །ཤེས་པའི་ངོ་བོ་དེ་ཡིས་བསྡུ། དེ་བཞིན་བུམ་པ་ཁ་ཡི་སྟེང༌། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ཡི་དྭགས་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་བརྟག་གོ །བྱོལ་སོང་རྟགས་དང་སུ་ལྡན་པ། །ཡི་གེ་དྱ་ཡི་སྦྱོར་བ་ཡིས། །དེ་ཡི་གནས་རྣམས་སྦྱང་བར་བྱ། །དབུགས་དང་བཅས་ཏེ་ལན་གྲངས་དགུ། །མཚན་མ་རྒྱ་ཡིས་བཏབ་ནས་ནི། །ཤེས་པ་རྣམས་ནི་སྟོང་པར་ངེས། །ཡང་ཡང་རླུང་དང་བཅས་པས་འཕང༌། །དེ་བཞིན་བུམ་པ་མཚན་མའི་སྟེང༌། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །བྱོལ་སོང་གནས་རྣམས་སྟོངས་ནས་ནི། །མི་དེ་ཡང་ནི་དེ་བརྟག་གོ །གང་ཞིག་ལྷ་ཡི་རྟག་བྱུང་ན། །ཡི་གེ་ཏཾ་གི་སྦྱོར་བ་ཡིས། །དབུགས་དང་བཅས་ཏེ་གྲངས་ནི་ཡང༌། །བཅུ་གཅིག་ལྡན་པས་ཤེས་པ་སྦྱངས། །སྤྱི་བོར་ཡི་གེ་ཏཾ་ཞེས་བསམ། །ཤེས་པ་ཟག་མེད་མིག་ཏུ་དྲང༌། དེ་བཞིན་བུམ་པ་སྤྱི་བོའི་སྟེང་། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །ལྷ་ཡི་གནས་རྣམས་སྟོངས་ནས་ནི། །དེས་ནི་མི་ཡི་སྐྱེ་གནས་ཐོབ། །ལྷ་མིན་རྟགས་དད་སུ་ལྡན་པ། །ཡི་གེ་ཀེཾ་གྱི་སྦྱོར་བ་ཡིས། །དབུས་དང་བཅས་ཏེ་ཉི་ཤུའི་གྲངས། །མཆན་ཁུང་ཉིད་ནི་གཡས་སུ་ཡང༌། །ཡི་གེ་ཀེཾ་ནི་མཁས་པས་བཞག །ཤེས་པ་མཉམ་པ་ཆེན་པོར་སྤྲོ། །དེ་བཞིན་བུམ་པ་མཆན་ཁུང་སྟེ། །ཡེ་ཤེས་ཆུ་རྒྱུན་གྱིས་བཀྲུས་ན། །ལྷ་མིན་གནས་རྣམས་སྟོངས་ནས་ནི། །དེ་ཡང་མི་ཡི་སྐྱེ་གནས་ཐོབ། །དེ་ལྟར་རྗེས་སུ་བཟུང་བ་ཡིས། །རིམ་པའི་གནས་ནས་འཕོས་ནས་ནི། །རིམ་པས་ཚེ་ཚད་ཉུང་གྱུར་ནས། །མི་ཡི་གནས་ཀྱི་བདེ་བ་ཐོབ། །དེ་ལྟར་ཆོ་ག་ལྡན་པའི་ཚེ། །མི་དེ་དབུགས་དང་མ་བྲལ་ན། །ཡི་གེ་དབུགས་དང་བཅས་པ་ཡིས། །ཐེ་ཚོམ་མེད་པར་གནས་རྣམས་སྦྱོང༌། །གལ་ཏེ་དབུགས་དང་བྲལ་བ་ལ། །ཕུང་པོའི་གནས་སུ་བུམ་པ་ཡི། །ཡེ་ཤེས་ཆུ་རྒྱུན་གྱིས་སྦྱངས་ན། །དེ་ཡང་ཐེ་ཚོམ་མི་ཟའོ། །གལ་ཏེ་ཕུང་པོ་མེད་པ་ན། །དེ་ཉིད་ཤི་ནས་ཞག་གྲངས་ནི། །ཉི་ཤུ་རྩ་གཅིག་བར་དུ་ཡང༌། །བདུན་པའི་ཚེ་ན་ཆོ་ག་འབད། །དམིགས་པའི་ཏིང་འཛིན་ལྡན་པ་གཅེས། །ཡང་ན་བདུན་ཕྲག་བདུན་དུ་བྱ། །དེ་ཚེ་དེ་ལ་ལམ་ཡང་བསྟན། །ཆོས་ནི་སྣ་ཚོགས་བཤད་པར་བྱ། །དེ་ལྟར་ཆོ་ག་སུ་ལྡན་པ། །དེ་ཉིད་ལ་ཡང་ཐེ་ཚོམ་མེད། །ངེས་པར་འབྲས་བུ་ཐོབ་པའོ། །ཞེས་སོ། །འདི་ལ་རྫོགས་པ་རང་བྱུང་གི་རྒྱུད་ནས་གསུངས་པ་ལྟར་གནས་འདྲེན་དང་། ཟད་གཏད་ལ་སོགས་པ་སྤྲོས་པ་ལ་དགའ་བས་བྱས་ན་ཆོག་ཅིང་། སྤྲོས་པ་མེད་པའི་ལུགས་བྱས་ན་གོང་གི་ཆོ་ག་གཅིག་པུའི་ཆོག་པ་ཡིན། དེ་ལ་སྦྲེལ་ནས་ཆོས་བཤད་དང་། ལམ་སྦྱོང་དང་། ལམ་བསྟན་པ་རྣམས་དགོས་པར་གསུངས་ལ། རྫོགས་པ་རང་བྱུང་གི་རྒྱུད་ཀྱི་ནང་དུ་ལམ་སྟོན་རྒྱས་པར་ཡོད་པ་འུ་ཚོའི་ཞེ་དགུའི་ལམ་སྟོན་གྱི་སྐབས་སུ་རྟོགས་པ་མཆོག་ལྡན་མན་ངག་གི་གདམས་ངག་ཅན་ཡིན་ན་དེ་སྦྲེལ་ན་ལེགས་སྙམ། འདི་ནས་ལོག་རྟོག་དགག་པ་ནི། འདིར་རྨོངས་པ་ཐོས་པ་ཆུང་བ་དག་ན་རེ། རིགས་དྲུག་གོང་ནས་གོང་དུ་འདྲེན་པ་མི་འཐད་དེ། འདྲེན་ཐུབ་ན་སངས་རྒྱས་ཀྱི་ཞིང་དུ་དྲངས་པས་ཆོ་ག་ཟེར་བ་ལ། འོ་ན་སྦྱོང་རྒྱུད་ལས་ཀྱང་རིགས་དྲུག་གི་སྡིག་པ་སྦྱང་བའི་སྔགས་བཤད་པ་དང་བདེ་བ་ཅན་དུ་ལམ་བསྟན་པའང་མི་འཐད་དེ། སངས་རྒྱས་སུ་གྲུབ་པར་བྱས་པས་ཆོག་མོད། བྱང་ཆུབ་སེམས་དཔའ་ས་གོང་ནས་གོང་དུ་འཕར་ཞིང་སྤྱོད་བ་ཡང་མི་འཐད་དེ། འཕར་ཐུབ་ན་ས་དེ་དག་མ་སྦྱངས་པར་སངས་རྒྱས་ཀྱི་སར་ཕྱིན་པས་ཆོག་མོད། དེ་ལ་ཁོ་ན་རེ་སྒྲིབ་པ་འོག་མ་མ་བྱང་བ་རིམ་པས་སྦྱོང་ཞིང་འདི་ནས་བདེ་བ་ཅན་ལ་སོགས་པར་སྐྱེ་བ་ཡིན་ནོ་ཞེ་ན། འདིར་ཡང་འོག་མའི་ལས་ཆོག་དེས་སྦྱངས་ནས་གོང་དུ་གནས་སྤོར་བ་ལས་རིམ་གྱིས་གོང་དུ་བགྲོད་པ་འདི་ཡང་འཐད་པ་ཡིན་ནོ་ཞེས་མཚུངས་པར་བསྟན་ཏོ། །དེས་ན་གཅིག་ཏུ་བཤད་པ་དེ་ལས་གཞན་མེད་པར་འདོད་ན་རྨོངས་པར་བསྟན་པ་ཆོས་ཀྱི་རྣམ་གྲངས་ཚད་མེད་པའི་ཐབས་དང་འདོད་པ་མཐའ་ཡས་པར་ཤེས་པར་བྱའོ།།

ཁ༽ ཁྱད་པར་མཆོག་གི་བྱེ་བྲག་བསྟན་པ།

དོན་གཉིས་པ་ཁྱད་པར་མཆོག་གི་བྱེ་བྲག་བསྟན་པ་ལ་གཉིས་ཏེ། རྣལ་འབྱོར་པའི་འཆི་ལུགས་དང༌། འབྱུང་བའི་ཐིམ་ཚུལ་ལོ། །དང་པོ་ལ་དབང་པོ་གསུམ་ལས། ཐ་མའི་ཐ་མ་རྣམས་སྲིད་པ་བར་དོར་འཕྲོ་མཐུད་དེ་དབུགས་འབྱིན་པས་འཆི་དུས་ནའང་ཐ་མལ་བ་རྣམས་དང་རྣམ་པ་ཕལ་ཆེར་འདྲའོ། །ཆོས་པ་ཡིན་ཡང་། ན་བའི་དུས་སུ་སྨན་པ་བསྟེན། མོ་འདེབས། རིམ་གྲོ་འདྲ་མིན་བྱེད་པ་ནི། དམ་པའི་ཆོས་ལ་བདེན་པའི་མཚན་ཉིད་མ་མཐོང་བའི་རྟགས་ཡིན་པ་དང་། འཆི་བའི་དུས་སུའང་གཉེན་ཉེ་དང་། འཁོར་སློབ་སོགས་ཀྱིས་བསྐོར་ནས་འཆི། ཤི་ནས་ཀྱང་དེ་དག་གིས་མྱ་ངན་དང་སྨྲེ་སྔགས་བྱེད་ཅིང་། བདུན་ཚིགས་རོ་སྲེག་ལ་སོགས་པ་བྱེད་པ་དག་ནི། ཐ་མལ་པ་རྣམས་དང་ཁྱད་མེད་ཀྱི་འཆི་ལུགས་ཡིན་ནོ། །འོ་ན་ཇི་ལྟར་འཆི་དགོས་ཤེ་ན། འབྲིང་ལ་ཡུལ་རྐྱེན་མེད་པར་འཆི་བ་ནི་གངས་ཁྲོད་དམ་རི་ཕུག་གམ་ལུང་སྟོང་དུ་གཞན་ལ་རྒྱུས་མེད་པར་འཆི་བ་རི་དྭགས་སམ་སེང་གེ་ལྟ་བུའོ། །ཡུལ་རྐྱེན་གྱིས་མི་གནོད་པ་རྣམས་ནི་འགྲོན་ཁང་ངམ་གྲོང་འདབ་བམ་རྒྱ་ལམ་གྱི་ལོགས་སུ་འཆི་བ་སྤྲང་པོ་ལྟ་བུ་དང༌། འཆི་བའི་རྟགས་དང་མཚན་མ་ཡང་མི་རྟོག་ནམ་འཆི་དང་གར་འཆིའི་རྩིས་གདབ་མེད་པ་བུ་ཆུང་འཆི་བ་ལྟ་བུའོ། །འདིར་འཆི་ལུགས་རྣམ་པ་གསུམ་གསུངས་པ་དང་། གཞན་དུ་རི་དྭགས་དང་སེངྒེ་སོ་སོར་ཕྱེས་ནས་འཆི་ལུགས་རྣམ་པ་བཞི་གསུངས་པའང་ཡོད། རི་དྭགས་རྨས་མ་དེ་མིའི་རྒྱུ་འགྲུལ་མེད་པའི་རི་ཕུག་གམ་ལུང་སྟོང་ནས་ཤི་བ་དང་། སེངྒེ་ཡང་གཅན་གཟན་གྱི་རྒྱལ་བོ་ཡིན་པས་ཤི་ལུགས་མི་འདྲ་བ་ཞིག་ཡོད་དམ་སྙམ། འདི་ནས་རི་དྭགས་དང་སེངྒེ་ལྟ་བུའི་ཤི་ལུགས་དེ་ནི་གང་ལའང་འཇིགས་པ་མེད་པའི་རྟགས་དང་། སྤྲང་པོ་སུ་ཡིན་ཆ་མེད་གནས་གང་དུ་ཤི་ཡང་ཁྱད་པར་མེད་པ་དང་འདྲ་བར་རྣལ་འབྱོར་བ་དེ་ཡང་ཡུལ་གྱི་མངོན་ཞེན་འགགས་ཤིང་ཆོས་ཉིད་ལ་སྤྱོད་པའི་རྟགས་དང་། བུ་ཆུང་བསམ་མེད་ལ་འཆི་མི་འཆིའི་རྩིས་གདབ་མེད་པ་དང་འདྲ་བར་རྣལ་འབྱོར་བ་དེ་ཡང་འཁྲུལ་བ་ཞིག་པས་ཤི་ན་སྡུག་པ་དང་མ་ཤི་ན་དགའ་བ་དང་ཤི་ས་དང་ཤི་ལུགས་ཀྱི་འཁྲུལ་རྟོག་མེད་པའི་ཤི་བ་ནི་འཁྲུལ་སྣང་ནུབ་པའི་རྟགས་སོ། །རབ་ལ་ལུས་ཀྱི་རྡུལ་ཕྲན་དེངས་པས་འཆི་དུས་རོ་མེད་པ་མཁའ་འགྲོ་མ་འཆི་བ་ལྟ་བུ་དང༌། གཞན་འཇུག་པའི་དོན་དུ་ནམ་མཁའ་འོད་ཕུང་གིས་བཀང་ནས་འོད་དུ་ཡལ་བ་རིག་འཛིན་འཆི་བ་ལྟ་བུ་དང༌། མེ་ཕུང་བུད་ཤིང་ཟད་པས་འཆི་བ་ལྟར་འོད་ལུས་སུ་ཡལ་བ་དང༌། བུ་ག་ནམ་མཁའ་དང་ནམ་མཁའ་འདྲེས་པ་ལྟར་ལུས་ཡལ་བས་རིས་མེད་པ་དང་བཞིའོ། །རབ་ཀྱི་འཆི་ལུགས་ནི་བཞི་སྟེ། མཁའ་འགྲོ། རིག་འཛིན། མེ་དཔུང་། ནམ་མཁའ་ལྟ་བུའི་འཆི་ལུགས་དང་བཞིའོ། །དང་པོ་ནི། དཔེར་ན་མཁའ་འགྲོ་མ་ཤི་ཚེ་རོ་མེད་པ་དང་འདྲ་བར་རྣལ་འབྱོར་པ་བརྩོན་འགྲུས་རབ་ཚེ་འདིར་ཕུང་པོ་མེད་པར་དེངས་པ་ནི་བར་དོ་མེད་པར་སངས་རྒྱས་པའི་རྟགས་ཅན་ནོ། །གཉིས་པ་ནི། དཔེར་ན་རིག་འཛིན་རྣམས་ས་གོང་ནས་གོང་དུ་འཕར་བའི་ཚེ་ཕུང་པོ་དང་བཅས་ཏེ་ནམ་མཁའ་ལ་སྒྲ་དང་འོད་དུ་བཅས་ནས་ཀུན་གྱིས་མཐོང་བར་འགྲོ་བ་ལྟར། རྣལ་འབྱོར་བ་མཆོག་གཞན་བསྟན་པ་ལ་གཞུག་པའི་དོན་དུ་སྐྱེ་བོ་ཀུན་གྱིས་མཐོང་བར་ནམ་མཁར་འོད་ཕུང་གི་དཀྱིལ་ན་སྒྲ་དང་བཅས་ཏེ་ཡལ་ནས། སྤྲུལ་བ་བསམ་གྱིས་མི་ཁྱབ་པས་འགྲོ་བའི་དོན་བྱེད་པའོ། །གསུམ་པ་ནི། དཔེར་ན་མེ་དཔུང་བུད་ཤིང་རང་ཟད་ཀྱིས་ཤི་བ་དང་འདྲ་བར། རྣལ་འབྱོར་བས་རྒྱུ་འབྱུང་བ་ཟད་པས་ན་རྐྱེན་ཕུང་པོའི་རྡོས་པ་མེད་པར་སོང་བ་ནི་ཉོན་མོང་རང་སར་གྲོལ་བའི་རྟགས་ཅན་ནོ། །བཞི་བ་ནི། དཔེར་ན་བུ་ག་ནམ་མཁར་འདྲེས་དུས་བུ་གའི་ནམ་མཁའ་ལོགས་ན་མེད་པ་དང་འདྲ་བར་རྣལ་འབྱོར་བ་ཀ་དག་གི་སར་གྲོལ་དུས་ལུས་རྡུལ་ཕྲན་གྱི་བུམ་པ་ཆག་དུས་ནང་རིག་པ་རིག་པ་སྔ་ཕྱི་མེད་པར་ཆོས་དབྱིངས་ཆེན་པོར་འདྲེས་པ་ནི། ཀ་དག་གི་ས་ལ་ཟང་ཐལ་གྱིས་གྲོལ་བའི་རྟགས་ཅན་ནོ། །མཁའ་འགྲོ་དང་རིག་འཛིན་གྱི་འཆི་ལུགས་གཉིས་ནི་ཀ་དག་ཁྲེགས་ཆོད་ཀྱིས་གྲོལ་བའི་འཆི་ལུགས་དང་། མེ་དཔུང་དང་ནམ་མཁའི་འཆི་ལུགས་འདི་གཉིས་ལྷུན་གྲུབ་ཐོད་རྒལ་གྱི་འཆི་ལུགས་སོ། །དེ་དག་འཆི་དུས་ཆོས་ཟད་པས་གདམས་ངག་ལ་དགོས་པ་མེད་དེ་རིག་པ་ཀ་དག་གི་ས་ལ་གཤེགས་པ་དང༌། ཕུང་པོ་རྟེན་མེད་དུ་ཡལ་བ་དུས་མཉམ་པ་སྟེ། ཉི་ཟླ་ཁ་སྦྱོར་ལས། རྣལ་འབྱོར་པས་ནི་འདི་ལྟར་བརྟག །དབང་པོ་ཐ་མའི་ཐ་མ་ནི། །སྲིད་པ་བར་དོར་འཕྲོ་མཐུད་དེ། །དཔེར་ན་རྐོང་ཆག་ཝ་བཞིན་ནོ། །དེ་བཞིན་དབང་པོ་འབྲིང་པོ་རྣམས། །རི་དྭགས་ལྟ་བུའི་འཆི་ལུགས་ནི། །རྣལ་འབྱོར་པ་ཡི་འཆི་ལུགས་སོ། །དེ་བཞིན་སེང་གེ་ལྟ་བུ་དང༌། །གང་ཞིག་སྤྲང་པོ་ལྟ་བུ་དང༌། །དེ་བཞིན་བུ་ཆུང་ལྟར་ཤི་བ། རྣལ་འབྱོར་འབྲིང་གི་ཤི་ས་ཡིན། །གང་ཞིག་མཁའ་འགྲོའི་འཆི་ལུགས་དང༌། །དེ་བཞིན་རིག་འཛིན་འཆི་ལུགས་དང༌། །མེ་ཕུང་ལྟ་བུར་རང་ཟད་དང༌། །མི་སྣང་ནམ་མཁའ་ལྟ་བུ་རྣམས། །འདི་ཀུན་འབྱུང་བ་རང་ཟད་པར། །མི་སྣང་མི་ལེན་འདི་ལྟ་བུར། །དབང་པོ་རབ་ཀྱི་སྤྱོད་ཡུལ་ཏེ། །འདི་ལ་གོམས་པའི་རང་ཤུགས་རྙེད། །འཆི་ཀར་འདི་དག་ཤེས་པས་ནི། །ལུས་སེམས་འཕོ་བའི་མཚན་ཉིད་ཤེས། །འདི་ལྟར་གནས་པའི་རྣལ་འབྱོར་ལ། །འཆི་རྐྱེན་བརྟག་དང་མི་བརྟག་མེད། །དེ་བཞིན་འཇིག་པ་ཀུན་བྲལ་ཏེ། །ལུས་ཀྱི་ཞེན་པའི་མཐའ་དང་བྲལ། །ལྟ་བ་ཉིད་དང་སྒོམ་པས་ཀྱང༌། །རྣལ་འབྱོར་ལྡན་ལ་ཕན་གནོད་བྲལ། །ཕན་བྲལ་གནོད་པའི་འབྲས་མེད་པས། །འདི་ལ་གནས་པའི་ཡུལ་ཡང་མེད། །རྒྱུ་དང་འབྲས་བུའི་རྣམ་སྨིན་བྲལ། །དེ་ཕྱིར་འདི་ལ་གོམས་པས་ཆོག །རང་ཤར་རང་གྲོལ་སྐྱེ་མེད་ཀློང༌། །དུས་མ་འགྱུར་བར་སྣང་བ་འགྱུར། །ལྷུན་གྲུབ་ཀ་དག་ཀློང་དུ་ཐིམ། །རེ་དོགས་གཉིས་ཀྱི་མཐའ་དང་བྲལ། །རྒྱུ་འབྲས་གཉིས་ཀྱི་མཐའ་ཟད་ནས། །དབྱིངས་རིག་གཉིས་མེད་ཀ་དག་ཀློང༌། །དེ་ཕྱིར་འདི་དོན་རྟོགས་པས་ཆོག །བྱར་མེད་ལྷུན་རྫོགས་ཆེན་པོའོ། །ཞེས་སོ། །གཉིས་པ་ནི། ལུས་ཀྱི་འབྱུང་ལྔ་སོ་སོར་ཐིམ་པ་སྟེ། ཕྱི་ནང་གསང་བ་ཡོངས་སུ་རྫོགས་པའི་འབྱུང་བ་དང་བཞི་ལས། ཕྱི་ནི་ས་ཆུ་མེ་རླུང་བཞི་ཐིམ་པ་ཡན་ཆད་ཕྱི་འབྱུང་གི་ཐིམ་ཚུལ་ལོ། །ནམ་མཁའ་ལྔ་ཐིམ་པ་ནི་ནང་འབྱུང་གི་སྐབས་སུའོ། །སྲོག་ལྔ་ཐིམ་པ་ནི་གསང་འབྱུང་ངོ༌། །རླུང་ལྷག་མ་ཉི་ཤུ་ཐིམ་པ་ནི་ཡོངས་སུ་རྫོགས་པའི་འབྱུང་བའོ། །སྔར་རང་གི་ལུས་ལ་འབྱུང་བ་ལྔ་ཚན་དུ་དབྱེ་བ་ཉི་ཤུ་རྩ་ལྔ། རླུང་ལས་ཕྱེ་བ་ཉི་ཤུ་རྩ་ལྔ་པོ་དེ་སྐབས་འདིར་ཐིམ་པའི་རིམ་པ་ཡིན་ནོ། །དེ་ལྟར་འབྱུང་བ་རིམ་གྱིས་བསྡུས་ནས་འཆི་བ་རྣམས་ལ་རྐྱེན་མེད་པའི་འཆི་ལུགས་ཞེས་བྱ། །འགྲོ་བ་ཉེ་བར་ཞི་བའི་འཆི་ལུགས་ཞེས་བྱའོ། །གློ་བུར་དུ་རྦབ་དང་མཚོན་དང་གཟའ་ལ་སོགས་པས་བཏབ་ནས་འཆི་བ་རྣམས་ལ་རྐྱེན་དང་བཅས་པའི་འཆི་ལུགས་ཞེས་བྱ། བྱང་ཆུབ་སེམས་དཔའི་འཆི་ལུགས་ཞེས་བྱའོ། །ཆོས་འདིའི་སྒོ་མཐོང་བའི་གང་ཟག་མེ་ཆུ་གཡང་ས་རྦབ་དང་མཚོན་ལ་སོགས་པའི་རྐྱེན་གྱིས་གློ་བུར་དུ་ཤི་ན་འབྱུང་བ་རགས་པའི་ཐིམ་རིམ་འཆར་ལོང་མེད་ནས་ཤི་བ་ཡིན་ཡང་རིག་པ་འཕོ་དུས་མཐོ་རིས་དམ་པ་དང་རང་བཞིན་སྤྲུལ་བའི་ཞིང་ཁམས་སུ་ཆོས་འདི་དང་འཕྲད་པའི་སྟོབས་ཀྱིས་འཕོ་བ་ཡིན་པས་དེ་ལ་བྱང་ཆུབ་སེམས་དཔའི་འཕོ་ལུགས་སམ་འཆི་ལུགས་ཞེས་བྱ། དེ་ལྟར་མ་ཡིན་པའི་འབྱུང་བའི་ཐིམ་རིམ་གྱི་བསྡུ་ལུགས་ནི། འདི་དག་གི་རིམ་པ་ངེས་པ་ནི་མ་བཀྲོལ་ཡང་གོ་བས་ལུང་གི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། རང་ཤར་ལས། ཀྱེ་གྲོགས་པོ་དག་སེམས་ཅན་རྣམས་དབུགས་འཕོ་བའི་ཚེ་ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལྔ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། གསང་བའི་འབྱུང་བ་ལྔ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས་ལམ་ཆེན་པོར་འཇུག་པའི་ཚེ་འདི་ལྟར་ཤེས་པར་བྱའོ། །དེ་ཡང་ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པའི་རྟགས་སུ་འདི་ལྟར་ཤེས་པར་བྱ་སྟེ། ས་ས་ལ་ཐིམ། ཆུ་ཆུ་ལ་ཐིམ། མེ་མེ་ལ་ཐིམ། རླུང་རླུང་ལ་ཐིམ། ནམ་མཁའ་ནམ་མཁའ་ལ་ཐིམ་མོ། །དེ་ཡང་ས་ས་ལ་ཐིམ་པ་ལ་གཉིས་ཏེ། ཕྱིའི་ས་ནང་གིས་ལ་ཐིམ་པ་དང༌། ནང་གི་ས་ཕྱིའི་ས་ལ་ཐིམ་པའོ། །ཕྱིའི་ས་ནང་གི་ས་ལ་ཐིམ་པའི་དུས་ནི་དང་པོའི་དུས་སོ། །ནང་གི་འབྱུང་བ་ལྔ་ཕྱི་ལ་ཐིམ་པ་ནི། ནང་གི་ས་ཕྱིའི་ས་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་སྟོབས་འཆོར་དེ་ཡང་འདི་ལྟར་སྟེ་ཀུན་ཏུ་སྣང་བའི་ས་ཐིམ་པའི་རྟགས་སུ་ཕྱིའི་ཤེས་པ་རྨུགས། མི་འགྱུར་བ་རྡོ་རྗེའི་ས་ཐིམ་པའི་རྟགས་སུ་ལུས་ཀྱི་སྟོབས་འཆོར། ཐམས་ཅད་འབྱུང་བ་རིན་པོ་ཆེའི་ས་ཐིམ་པའི་རྟགས་སུ་ཉམས་ལྡང་མི་ནུས། སྣང་བ་སྟོང་པ་ཀུན་ཏུ་མཐའ་ཡས་པའི་ས་ཐིམ་པའི་རྟགས་སུ་ཡོངས་སུ་རྫོགས་པའི་སྟོབས་ཤོར་ནས་དགོངས་པ་མི་གསལ་ལོ། །སྒྲུབ་པ་མཐར་ཕྱིན་པའི་ས་ཐིམ་པའི་རྟགས་སུ་སྒྲོན་མའི་སྣང་བ་འགག་གོ །ནང་གི་ཆུ་ཕྱིའི་ཆུ་ལ་ཐིམ་པའི་རྟགས་སུ་ཆུ་མི་ཐུབ་སྟེ། དེའང་འདི་ལྟ་སྟེ། འགྱུར་བ་མེད་པའི་ཆུ་ཐིམ་པའི་རྟགས་སུ་ཁ་སྣ་ནས་ཆུ་འཛག །ཞི་བ་གསལ་དག་གི་ཆུ་ཐིམ་པའི་རྟགས་སུ་གསང་བའི་གནས་ནས་ཆུ་མི་ཐུབ། ཡོན་ཏན་འབྱུང་བ་རྒྱས་པའི་ཆུ་ཐིམ་པའི་རྟགས་སུ་མིག་གྱེན་ལ་ལོག་ནས་འོང༌། ཆགས་པ་མེད་པའི་ཆུ་ཐིམ་པའི་རྟགས་སུ་ཁ་སྣ་བསྐམས། འཛིན་མེད་རྫོགས་པའི་ཆུ་ཐིམ་པའི་རྟགས་སུ་རྣ་བས་སྒྲ་མི་ཐོས་པའོ། །ནང་གི་མེ་ཕྱིའི་མེ་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་དྲོད་འཆོར་བ་སྟེ་དེའང་འདི་ལྟར་ཤེས་པར་བྱའོ། །ཕྱི་ནང་ཀུན་ཁྱབ་ཀྱི་མེ་ཐིམ་པའི་རྟགས་སུ་ནང་གི་དྲོད་འཆོར་ཞིང་ཤེས་པ་མི་གསལ། ཕྱི་ནང་ཀུན་ཏུ་མཉམ་པའི་མེ་ཐིམ་པའི་རྟགས་སུ་གསང་བའི་དྲོད་འཆོར། །ཕྱི་ནང་གི་བྱ་བ་རྟོག་པའི་མེ་ཐིམ་པའི་རྟགས་སུ་ཡོངས་སུ་རྫོགས་པའི་དྲོད་འཆོར། ཕྱི་ནང་གི་བྱ་བ་བསྒྲུབ་པའི་མེ་ཐིམ་པའི་རྟགས་སུ་ཐིག་ལེ་སྟོང་པའི་སྒྲོན་མ་མི་མཐོང་ངོ༌། །ནང་གི་རླུང་ཕྱིའི་རླུང་ལ་ཐིམ་པའི་རྟགས་སུ་ལུས་ཀྱི་རྩལ་འཆོར། དེ་ཡང་འདི་ལྟར་ཤེས་པར་བྱ་སྟེ། བཀྲག་དང་གཟི་མདངས་བསྐྱེད་པའི་རླུང་ཐིམ་པའི་རྟགས་སུ་ལུས་ཀྱི་བཀྲག་འཆོར། མེ་དང་མཉམ་དུ་གནས་པའི་རླུང་ཐིམ་པའི་རྟགས་སུ་ལུས་ནས་ཆུ་འབྲུབ། སྲོག་འཛིན་པའི་རླུང་ཐིམ་པའི་རྟགས་སུ་དབུགས་མི་ཐུབ། ཀུན་ཏུ་ཁྱབ་བྱེད་ཀྱི་རླུང་ཐིམ་པའི་རྟགས་སུ་ལུས་ཀྱི་བཀྲག་དང་དྲན་པ་འཆོར། སྙིང་རྗེ་མེད་པ་བསྐལ་བ་ལས་ཀྱི་རླུང་ཐིམ་པའི་རྟགས་སུ་ཕྱིའི་དབུགས་ཆད་པ་ཡིན་ནོ། །དེ་ནི་ཕྱིའི་འབྱུང་བ་ཞེས་བྱའོ། །ནམ་མཁའ་ནམ་མཁའ་ལ་ཐིམ་པ་ནི་སྤྱི་ཀུན་ལ་ཁྱབ་པའི་ནམ་མཁའ་སྒྲོན་མ་རྣམ་པར་དག་པ་ལ་ཐིམ་མོ། །ཡུལ་མེད་གསལ་དྭངས་ཀྱི་ནམ་མཁའ་རིག་པ་ལ་ཐིམ་མོ། །མ་འདྲེས་དག་པའི་ནམ་མཁའ་དབྱིངས་ལ་ཐིམ་མོ། །དོན་མཚོན་བྱེད་ཀྱི་ནམ་མཁའ་ཤེས་རབ་ལ་ཐིམ་མོ། །དག་པའི་ཞིང་དུ་བགྲོད་བྱེད་ཀྱི་ནམ་མཁའ་ཉི་ཤུ་རྩ་གཅིག་དོན་ལ་ཐིམ་མོ། །དེ་ནི་ནང་གི་འབྱུང་བ་ཞེས་བྱའོ། །རྩ་བ་འཛིན་པའི་སྲོག་ཐིག་ལེ་ལ་ཐིམ་མོ། སྐྱོབ་བྱེད་ཀྱི་སྲོག་མཁའ་ལ་འཁྱིལ་ལོ། །རྣམ་པར་ཕྲ་བའི་སྲོག་ལུས་ལ་འཁྱིལ་ལོ། །མི་གཙང་བའི་སྲོག་ནམ་མཁའ་ལ་ཡལ་ལོ། །རྣམ་པར་འདར་བྱེད་ཀྱི་སྲོག་དབྱིངས་སུ་ཐིམ་མོ། །དེ་ནི་གསང་བའི་འབྱུང་བ་ཞེས་བྱའོ། །དྭངས་སྙིགས་འབྱེད་བའི་རླུང་ཚོམ་བུ་ལ་ཐིམ་མོ། །དྲོད་སྐྱེད་པའི་རླུང་འོད་ལ་ཐིམ་མོ། །གསལ་འགྱུར་གྱི་རླུང་སྐུ་ལ་ཐིམ་མོ། །རྣམ་པར་སྡུད་བའི་རླུང་ཡེ་ཤེས་ལ་ཐིམ་མོ། །རྣམ་པར་གཟེངས་བསྟོད་པའི་རླུང་ཐུགས་རྗེ་ལ་ཐིམ་མོ། །རྣམ་པར་ཤེས་པ་བསྐྱོད་པའི་རླུང་སྟོང་པ་ལ་ཐིམ་མོ། །རྣམ་པར་ཡིད་འཇུག་པའི་རླུང་གཉིས་མེད་ལ་ཐིམ་མོ། །རྣམ་པར་མདངས་དང་ལྡན་པའི་རླུང་མཐའ་གྲོལ་ལ་ཐིམ་མོ། །རྣམ་པར་བསྲེག་པའི་རླུང་བདེ་བ་ཆེན་པོ་ལ་ཐིམ་མོ། །རྣམ་པར་རྒོད་པའི་རླུང་གསལ་བ་ལ་ཐིམ་མོ། །གཞི་ལ་ཁྱབ་བྱེད་ཀྱི་རླུང་མཁའ་གསལ་ལ་ཐིམ་མོ། །འཕྲལ་ལ་ཁྱབ་བྱེད་ཀྱི་རླུང་གཏིང་གསལ་ལ་ཐིམ་མོ། །དངངས་ཤིང་སྐྲག་པ་ཁྱབ་བྱེད་ཀྱི་རླུང་ཡུལ་ལ་ཐིམ་མོ། །དྲན་པ་ཁྱབ་བྱེད་ཀྱི་རླུང་བར་དོ་ལ་ཐིམ་མོ། །འཛིན་པས་ལུས་ཀུན་ལ་ཁྱབ་པའི་རླུང་རང་སྣང་ལ་ཐིམ་མོ། །རྣམ་པར་སྐྱོད་བྱེད་ཀྱི་རླུང་གིས་རིག་པ་མཁའ་ལ་བསྐྱོད་དོ། །རྣམ་པར་སྒྲོལ་བྱེད་ཀྱི་རླུང་གིས་ཕྱི་ནང་གི་ཆོས་དང་འཕྲལ་ལོ། །རྣམ་པར་ཟློག་བྱེད་ཀྱི་རླུང་གིས་རིག་པ་ཉིད་གཞི་ལ་ཟློག་པའོ། །རྣམ་པར་མྱུར་བྱེད་ཀྱི་རླུང་གིས་རིག་པའི་ཡུལ་མཐོང་བར་བྱེད་དོ། །སྐད་ཅིག་མའི་རླུང་གིས་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་ཕྱིན་པར་བྱེད་པའོ། །དེ་ནི་ཡོངས་སུ་རྫོགས་པའི་འབྱུང་བའོ། །ཟག་བཅས་ཀྱི་རྐྱེན་གྱི་དབང་དུ་མ་སོང་བ་རྣམས་དེ་བཞིན་དུ་ཚེའི་འདུ་བྱེད་དོ། །དེ་ལྟར་མིན་པར་ཚེའི་དུས་བྱས་པ་ནི་བྱང་ཆུབ་སེམས་དཔའི་དབུགས་འཕོ་ལུགས་ཞེས་བྱ་སྟེ་སྐྱེ་གནས་ཀྱང་བདེ་བ་དང་ལྡན་པར་སྐྱེའོ། །དེ་མིན་ལས་ཟད་པ་རྣམས་ལ་དེ་བཞིན་དུ་ཤེས་པར་གྱིས་ཤིག་ཅེས་གསུངས་སོ། །འཆི་ཀ་བར་དོ་བསྟན་ཟིན་ནོ། །འབྱུང་ལྔའི་ཐིམ་རིམ་འདི་ལ་ཕྱི་ནང་གསང་བའི་འབྱུང་བ་ལྔ་ཚན་དུ་ཕྱེས་ནས། ཕྱིའི་འབྱུང་བ་ལྔ་ནང་གི་འབྱུང་བ་ལ་ཐིམ། ནང་གི་འབྱུང་བ་ལྔ་གསང་བའི་འབྱུང་བ་ལྔ་ལ་ཐིམ། དེ་ཡོངས་སུ་རྫོགས་པའི་འབྱུང་བ་ལྔ་ལ་ཐིམ་ནས། འོད་གསལ་ཆོས་ཉིད་ཀྱི་ལམ་ཆེན་པོ་ལ་འཇུག་པ་ཡིན་ནོ། །འོ་ན་ཕྱི་ནང་གསང་བའི་འབྱུང་བ་ཞེས་པ་ནི་གང་དག་ཡིན་ཞེ་ན། དང་པོ་ཕྱིའི་འབྱུང་བ་ནི། ལུས་ཀྱི་ཆའི་ས་ཆུ་མེ་རླུང་ནམ་མཁའ་ལྔ་སྟེ། སྣང་བ་འཛིན་ཅིང་བསྐྱེད་པས་ཕྱི་ཞེས་བྱའོ། །ཕྱི་རོལ་སྣང་ཡུལ་གྱི་འབྱུང་གཟུགས་ལ་མི་ཟེར་རོ། །གཉིས་པ་ནང་འབྱུང་ལའང་ཕྱི་ནང་གཉིས་ལས། ནང་འབྱུང་ཕྱི་མའམ་དང་པོ་ནི། ཕྱིའི་འབྱུང་བ་ལྔ་ལ་ཐིམ་པ་དེ་དང་། ནང་འབྱུང་ནང་མ་ལྔ་ནི་གསང་འབྱུང་ལྔ་ལ་ཐིམ་པ་དེའོ། །ནང་འབྱུང་ལ་གཉིས་དབྱེ་བ་ནི་དྭངས་སྙིགས་ཀྱི་ཆ་ནས་ཕྱེ་དགོས་ལ། གསུམ་པ་གསང་འབྱུང་ལྔ་ནི། འབྱུང་བ་ལྔ་ཡི་ཆ་ཤིན་ཏུ་ཕྲ་བའི་སྲོག་ལ་ཟེར་ཞིང་། སྲོག་ལྔའི་བདག་ཉིད་ཅན་གྱི་གསང་འབྱུང་དེ་དག་ཡོངས་རྫོགས་རླུང་ལྷག་མ་ཉི་ཤུ་ལ་ཐིམ་འགྲོ་བ་དེ་ཡིན། དང་པོའི་སྲོག་རླུང་དུ་གནས་པ་དེ་ཐམས་ཅད་ཡོངས་སུ་རྫོགས་པའི་འབྱུང་བ་ཆེན་པོ་གཞི་སྣང་རིག་པའི་རང་གདངས་སྙིང་ཁའི་འོད་རྩ་ལ་རང་ཆས་སུ་རིག་པ་འོད་ཀྱི་ཁང་བ་ཅན། སྒྲོན་མ་བཞིའི་སྣང་བ་དང་བཅས་པ་ལ་ཐིམ་ནས། ཆོས་ཉིད་བར་དོའི་གནས་སྐབས་སུ་རང་གདངས་ཕྱི་གསལ་དུ་འཆར་བའི་ཆ་ཙམ་ཞིག་བྱས་ཏེ། ཕྱི་ནང་གི་ཆོས་མ་དག་པ་འཁོར་བའི་སྒོ་དང་བྲལ་ནས། རིག་པ་དེ་གནས་སྐབས་ཀྱི་གཞི་ལས་ལྡོག་སྟེ། རང་ཡུལ་གདོད་མའི་ཀ་དག་གི་ས་ལ་ཕྱིན་སོང་བའོ། །ཕྱི་འབྱུང་ནང་འབྱུང་ལ་ཐིམ་ཞེས་པ་ནི། ས་ས་ལ་ཐིམ་དུས་ས་ཁམས་ཀྱི་ཤ་མེད་ནས་ག་ཤེད་ཐིམ་འགྲོ་བ་དང་། ཆུ་ཁམས་ཀྱི་ཁྲག་མེད་ནས་ག་ཤེད་བུད་འགྲོ་བ་དེ་འདྲ་མིན་པར། ས་ཁམས་ཀྱི་ཕྱིའི་སྟོབས་དེ་ནང་གི་ནུས་པའི་ཆ་ལ་ཐིམ་སོང་བ་དང་། ནང་འབྱུང་ཕྱི་ལ་ཐིམ་ཟེར་དུས་ཀྱང་དེའི་ནུས་པའི་ཆ་ཕྱི་རུ་དེང་སོང་བ་དང་། ནང་འབྱུང་ཤིན་ཏུ་ཕྲ་བ་དྭངས་མ་ལྔ་བོ་དེ་གསང་འབྱུང་ཤིན་ཏུ་ཕྲ་བའི་འབྱུང་ལྔའི་ཆ་སྲོག་ལ་ཐིམ་སོང་བ་དེ་ལྟ་བུའི་གོ་དོན་ནོ།།

༼ག ཆོས་ཉིད་ཀྱི་བར་དོ་ལ་རང་སྣང་ལ་ཡིད་ཆེས་པར་བྱེད་པ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་བསྟན་པ།

ཀ༽ དཔེ་དོན་གྱི་ངོ་བོ་མདོར་བསྟན་པ།

དོན་གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་སྔར་འདྲིས་ཀྱི་མི་དང་འཕྲད་པའམ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། དཔེ་དོན་གྱི་ངོ་བོ་མདོར་བསྟན་པ་དང༌། གདམས་ངག་གི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི། དཔེར་ན་སྔར་འདྲིས་ཀྱི་མི་དེ་ཕྱིས་གང་དུ་འཕྲད་ཀྱང་ཡིན་མིན་གྱི་ཐེ་ཚོམ་མེད་པ་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་ད་ལྟ་འོད་གསལ་ལ་འདྲིས་ཤིང་རིག་པའི་དོན་བརྟན་པ་དེ་ཕྱིས་ཆོས་ཉིད་བར་དོར་རང་སྣང་ཅར་ཕོག་ཏུ་ངོ་ཤེས་ནས་གྲོལ་བའོ། །ཡང་མ་བུ་གཉིས་པོ་འབྲེལ་འདྲིས་གོམས་ཆེ་བས་ཉིན་གཅིག་མ་ཕྲད་ན་སང་ཉིན་ཕྲད་དུས་གཅིག་ལ་གཅིག་ཐེ་ཚོམ་མེད་པར་བུ་དེ་མའི་པང་དུ་སྐད་ཅིག་ལ་འཇུག་པ་ལྟར་གཞི་རིག་པའི་འོད་གསལ་ཆེན་པོ་མ་ལྟ་བུའི་གདེང༌། སྣང་བ་བཞིའི་འོད་གསལ་བུ་འདྲ་བ་དང་གཉིས་ཡེ་འབྲེལ་དུ་ཡོད་པ་རྣལ་འབྱོར་པས་ཀྱང་འདྲིས་པར་བྱས་པ་སྟེ། ཉིན་གཅིག་མ་ཕྲད་པ་ལྟར་ཕྲ་རགས་འབྱུང་བའི་ཐིམ་ཚུལ་གྱི་བར་དེར་མི་སྣང་བ་ལས། སང་ཉིན་ཕྲད་པ་ལྟར་ཆོས་ཉིད་མའི་སྣང་བ་ཤར་དུས་རང་རིག་རང་ངོ་ཤེས་པའི་རྟོགས་པ་གློ་བུར་དུ་ཤར་བ་དེས་མཚམས་སྦྱར་བས་རང་སྣང་བུའི་སྣང་བ་དེ་མ་ཀ་དག་གི་གྲོལ་ས་དེར་རང་ཐིམ་ལ་འཇུག་པ་ཤེས་པའི་གནད་དོ། །དེའང་ད་ལྟའི་རིག་པ་ཀ་དག་གཞིའི་འོད་གསལ་མ་ལྟ་བུ་དེ་ཁྲེགས་ཆོད་ཀྱིས་རྟོགས་པ། གཞི་ལས་གཞི་སྣང་དུ་ཤར་བའི་སྣང་བ་བཞིའི་ཡེ་ཤེས་བུ་ལྟ་བུ་ཐོད་རྒལ་གྱིས་རྟོགས་པ་སྟེ། བར་དོར་གྲོལ་ས་ཀ་དག་གི་རང་ས་དེ་མ་པང་དང་འདྲ་ལ། རང་སྣང་འོད་ལྔར་ཤར་བ་དང་རང་བཞིན་གྱི་སྣང་བ་དེ་བུ་དང་འདྲ་བ་སྟེ། གཞི་ཐིམ་མ་ལ་འདྲེས་དུས་བུ་པང་དུ་འཇུག་པ་དང་འདྲ་བ་སྟེ་སྐད་ཅིག་དེར་ངོས་ཟིན་དུས་མ་བུ་དགའ་བདེར་ཤར་བ་ལྟར་རྟོགས་པས་བྱེ་བྲག་ཕྱེད་ནས་རང་བཞིན་གྱི་བསམ་གཏན་ཤར་ཏེ་གྲོལ་བས་སངས་རྒྱས་ཀྱི་བདེ་བ་རྙེད་པའོ། །གནད་འདི་ཤིན་ཏུ་རྟོགས་པར་ཡང་དཀའ་ལ་ཁག་ཆེ་ཤོས་སུ་ཡོད་པས་རྟོགས་པར་བྱའོ། །རླུང་ལྔ་དབྱིངས་སུ་ཐིམ་ནས་སྙིང་གའི་ཡེ་ཤེས་སུམ་བརྩེགས་ཀྱི་གདངས་དེ་གློ་བའི་ནང་དུ་འཇུག་པའི་རྟ་དང་བྲལ་བས་རྩལ་རང་ལ་ཐིམ་ནས། ཀུན་གཞི་ཚོགས་བརྒྱད་སེམས་བྱུང་ང་གཅིག་ཀུན་རྟོག་བརྒྱད་ཅུ་དང་བཅས་པ་འཁོར་བའི་ཆོས་ཐམས་ཅད་བག་ལ་ཞ་བས། དར་ཅིག་འཁོར་འདས་རྒྱབ་གྱེས་པའི་བར་དེར་རིག་པ་དར་དཀར་གྱི་ལམ་དེད་ནས་ཆུའི་སྒྲོན་མ་བརྒྱུད་ནས་དབྱིངས་རྣམ་དག་གི་མཁའ་ལ་ཐོན་ནས་རང་སྣང་དུ་འཆར་ཏེ། ཐོག་མར་གྲོལ་བའི་བར་ལ་ཐིམ་ཚུལ་བརྒྱད་ཀྱིས་མཐར་ཕྱིན་པར་འགྱུར་བའོ། །དེའི་དུས་སུ་ཕུང་པོ་བདག་འཛིན་གྱི་རྟེན་བོར་ནས་རང་སྣང་ཡིན་ལུགས་ཀྱི་འོད་གསལ་སྣང་ཚེ་གཞིའི་རིག་པ་ཀ་དག་ཆེན་པོ་མ་ལྟར་དུ་གནས་པ་དེ། ཁྲེགས་ཆོད་གོམས་སྟོབས་ཀྱིས་རྟོགས་པ་དང་། དེ་ལས་གཞི་སྣང་དུ་མཆེད་པའི་རྩལ་གྱི་སྣང་བ་བུ་ལྟ་བུ་དེ་ཐོད་རྒལ་ལ་གོམས་པའི་སྟོབས་ཀྱིས་ངོ་བོ་དང་རང་རྩལ་གཉིས་ཀ་བར་དོའི་གནས་སྐབས་དེར་ཉི་མ་དང་ཟེར་གྱི་རང་བཞིན་འདྲ་བ་ཞིག་ལས་མེད་པའི་ངེས་ཤེས་འདྲོངས་ནས་ངོ་ཤེས་བྱེ་བྲག་ཕྱེད་པའི་མི་ཡིས་གྲོལ་བ་ཐོབ་པ་ལ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །ཡིན་ན་ཡང་ཐ་མལ་པ་ཡི་སྣང་བ་འདི་ཡུན་ཐུང་ནས་གྲོལ་བ་ལོང་ཡོད་དུ་འཆར་བ་མ་ཡིན་ལ། ཚེ་འདིར་གོམས་པ་ཆེ་ན་ཡུན་རིང་པས། མངོན་སུམ་མཐོང་ན་ཡང་གོམས་ཆ་མེད་ན་དེ་ལྟར་དུ་ཕན་ཐོགས་ཆུང་བ་ཡིན་པས་ད་ལྟའི་སྐབས་སུ་ཐོད་རྒལ་གྱི་ཏིང་ངེ་འཛིན་ལ་གོམས་དུ་འཇུག་པ་ནི་གལ་ཤིན་ཏུ་ཆེ་བའོ།།

ཁ༽ གདམས་ངག་གི་རང་བཞིན་རྒྱས་པར་བཤད་པ།

ཀ ཐིམ་ཚུལ་གྱི་རིམ་པ་མདོར་བསྟན་པ།

གཉིས་པ་གདམས་ངག་གི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཐིམ་ཚུལ་གྱི་རིམ་པ་མདོར་བསྟན། འཆར་ཚུལ་གྱི་རིམ་པ་རྒྱས་པར་བཤད། དབང་པོའི་རིམ་པས་དོན་བསྡུ་བའོ། །དང་པོ་ནི་རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་རྣམས་ལ་འདི་ལྟར་ཤེས་པར་བྱའོ། །རིགས་ཀྱི་བུ་དེ་མྱ་ངན་ལས་འདའ་བའི་ཚེ་ལུས་ཀྱི་ཟུངས་ཤོར་ནས་ཡེ་ཤེས་ཀྱི་སྣང་བ་གཞི་ནས་འཕགས་ཏེ་ཡེ་ཤེས་མཁའ་ལ་བསྐྱོད་པའི་ཚེ། རིག་པ་མིག་ནས་ལམ་བྱུང་ནས་ནམ་མཁའ་ལ་བསྐྱོད་དོ། །དེ་ཡང་འདི་ལྟར་ཤེས་པར་བྱའོ། །ཙིཏྟའི་དཀྱིལ་ནས་རིག་པ་ཐིག་ལེ་ལ་ཐིམ་མོ། །ཐིག་ལེ་སྒྲོན་མ་ལ་ཐིམ་མོ། །སྒྲོན་མ་འོད་ལ་ཐིམ་མོ། །འོད་སྐུ་ལ་ཐིམ་མོ། །སྐུ་ཚོམ་བུ་ལ་ཐིམ་མོ། །ཚོམ་བུ་ཡེ་ཤེས་བཞི་ལ་ཐིམ་མོ། །ཡེ་ཤེས་ལྷུན་གྲུབ་བཞི་ལ་ཐིམ་མོ། །ལྷུན་གྲུབ་ཀ་དག་ཆེན་པོ་ལ་ཐིམ་ནས་རིག་པས་རང་ས་ཟིན་པའོ། །གང་ཟག་བདེན་པ་མཐོང་བ་རྣམས་གྲོལ་ལུགས་དང་ཐིམ་ལུགས་དེ་ལྟར་སྣང་ངོ་ཞེས་སོ།།

ཁ འཆར་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ།

༼༡༽ ནམ་མཁའ་འོད་གསལ་ལ་ཐིམ་ཚུལ་བསྟན་པ།

འཆར་ཚུལ་གྱི་རིམ་པ་རྒྱས་པར་བཤད་པ་ལ་བཞི་སྟེ། ནམ་མཁའ་འོད་གསལ་ལ་ཐིམ་པ། འོད་གསལ་ཟུང་འཇུག་ལ་ཐིམ་པ། ཟུང་འཇུག་ཡེ་ཤེས་ལ་ཐིམ་པ། ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་ཚུལ་ལོ། །དང་པོ་ནི་ནང་དབུགས་ཆད་ནས་རྣམ་ཤེས་ནམ་མཁའ་ལ་ཐིམ་པས་ལུས་སེམས་ཀྱི་འབྲེལ་ཆད། རིག་པ་སྙིང་གནས་ལམ་དར་དཀར་ལ་ཞུགས་ཏེ་སྒོ་རྒྱང་ཞགས་ནས་འཐོན་དུས་རིག་པ་མེ་སྟག་ཡར་བའི་རྣམ་པ་ལྟར་ཆོས་ཉིད་ཀྱི་བར་དོ་དང་པོར་རང་ཤར་བ་ནི་ནམ་མཁའ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། ཕྱི་ས་རྡོ་རི་བྲག་གི་སྣང་བ་ནི་འགགས། ནང་ཆོས་ཉིད་འོད་གསལ་གྱི་སྣང་བ་ནི་ཤར། སྣང་བ་ཐམས་ཅད་ཡེ་ཤེས་ལྔའི་འོད་དུ་འབར་ཏེ། འདིའི་དུས་ན་སྣང་བ་མཆེད་པ་རང་གི་གདངས་སུ་ཤེས་པར་བྱ་སྟེ། ཐུན་མོང་གི་གསར་རྒྱུད་དག་ལས་སྣང་གསུམ་མཐའ་ཡི་འོད་གསལ་ཞེས་བཤད་པ་དང་གོ་བའི་འགྲོས་ཧ་ལམ་འདྲ་བའོ། །ཐལ་འགྱུར་ལས། འཆི་ཀ་ལས་ནི་ཐར་བའི་ཚེ། །རྣམ་ཤེས་ནམ་མཁའ་དག་ལ་ཐིམ། །ནམ་མཁའ་འོད་གསལ་ལ་ཐིམ་དུས། །ཕྲ་རགས་སྣང་བ་ཀུན་འགགས་ཏེ། །དབང་པོ་ཀུན་ལྡན་འོད་ཀྱི་ལུས། ལུས་ལས་གྲིབ་མ་བཞིན་དུ་འགྱུར། །འདི་ཚེ་འོད་སྣང་དུམ་བུའི་ཚེ། །མཁས་པས་སྣང་བ་མཆེད་པ་གཟུང༌། །ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། ཕུང་པོ་མེད་ཅིང་ཟག་བཅས་བྲལ། །སྣང་བ་ཐམས་ཅད་བདེ་བའི་ཞིང༌། །རང་སྣང་དག་བའི་སྐུ་སྣང་སྟེ། །ཆོས་ཉིད་ཞིང་ཁམས་སྣང་བ་ལ། །ཐུགས་རྗེ་འོད་ཟེར་སྐུར་ཤར་ཏེ། །འདི་ལ་ཐེ་ཚོམ་སུ་ཟ་བ། །རྒྱལ་བ་རྣམས་ཀྱི་སྐུ་ལ་སྒྲིབ། །ཅེས་སོ། །འདི་དག་འཆར་ཚུལ་རྒྱས་པར་རྒྱུད་ཀྱི་གནས་ཇི་ལྟ་བ་བཞིན་རྟོགས་པར་བྱ་སྟེ། ཡང་དེ་ཉིད་ལས། སྐྱེས་བུ་རྣམས་ཀྱི་རྣམ་པར་ཤེས་པ་འོད་གསལ་ལ་ཐིམ་པ་ཞེས་བྱ་སྟེ། དབུགས་ཕྱི་ནང་གི་འགྲུལ་ཐག་ཆད་མ་ཐག་ཏུ་རང་གི་དབང་པོ་རྣམས་ཀྱི་ཆ་ལས་དངོས་པོར་སྣང་བ་ནི་མེད་དེ། ཡོད་སྙམ་པའི་ཤེས་པ་ནི་འབྱུང་ངོ༌། །རྡོས་བཅས་ཀྱི་ལུས་འདི་མི་སྣང་སྟེ་འོད་ཀྱི་ལུས་སུ་གསལ་བའོ། །དེའི་ཚེ་དབང་པོའི་སྤྱོད་ཡུལ་དུ་གྱུར་ཚད་ཙམ་འོད་ཟེར་ལྔའི་དཀྱིལ་འཁོར་དུ་སྣང་ངོ༌། །དེ་ཡང་སྣང་བ་དེ་དག་ནི་ཕྱི་ནས་བལྟས་ན་ནང་གསལ། །ནང་ནས་བལྟས་ན་ཕྱི་གསལ། ཕྱི་ནང་མེད་པར་ཀུན་ཏུ་ཟང་ཐལ་བ། ལྟེམ་བཞིན་པ། མེར་བཞིན་པ། མནན་ན་ནེམ་པ་སྙམ་པ། བཏེག་ན་འཕར་བ་སྙམ་པ། ཤིན་ཏུ་ཡིད་འཕྲོག་པ། ཁ་དོག་ཤིན་ཏུ་གསལ་བ་ལ་སོ་སོར་མ་འདྲེས་པ། རང་གསལ་བ། ཆ་མཉམ་པ་ལ་གསལ་བའི་ཆ་མ་འགགས་པ། ཡང་དག་པར་བལྟས་ན་ཤིན་ཏུ་ཕྲ་བ་དང༌། འགྱུ་བ་དང༌། འགུལ་བ་ལྟ་བུ་དང༌། འཕྲིག་པ་ལྟ་བུ་དང༌། རབ་ཏུ་འཚེར་བ་ལྷུན་བརྗིད་པའོ། །ཤིན་ཏུ་རྒྱ་ཆེ་བ་ལ་དཔག་པའམ་དམིགས་སུ་མ་ཆུད་པ། དཔངས་མཐོ་ལ་རྩེ་མོ་ཡངས་པ་ཞེས་བྱ་སྟེ། དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་སུ་བཞུགས་སོ། །དེ་ཡང་ཁ་དོག་ནི་ལྔ་སྟེ། དཀར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ། དེ་བཞིན་དུ་སེར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ། དམར་པོ་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ། ལྗང་གུ་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ། དེ་བཞིན་དུ་མཐིང་ག་ཉིད་རང་ས་ན་གསལ་བ་ལ་ཟེར་འཕྲོ་བ་སྟེ། དེ་དག་ཀྱང་འབྱར་བ་ལ་མ་རེག་པས་སོ་སོ་ན་ཁ་དོག་རང་གསལ་བ། ཤིན་ཏུ་ལྷུན་སྟུག་པར་གནས་སོ་ཞེས་སོ། །རིག་པ་མིག་ནས་ཐོན་ཏེ་ནམ་མཁར་སྣང་བའི་དུས་སུ། རིག་པའི་ཀློང་ན་ཡེ་ཤེས་ཀྱི་རླུང་ལྔ་ཡོད་པ་མཆེད་པ་ལས་འོད་གསལ་གྱི་སྣང་བ་འཇའ་ཚོན་རིས་སུ་སྣང་བས་ནམ་མཁར་གང་བའོ། །སྣང་བ་འདི་མཐོང་བའི་ཚེ། ཤེས་པ་རང་བཞིན་གྱི་བསམ་གཏན་ལ་གནས་པ་ཡིན་པས། དེའི་ཚེ་སྣང་བ་མཆེད་པ་རང་སྣང་དུ་ཤེས་པའི་གནད་ཀྱི་མན་ངག་མཆོག་ཏུ་གཟུང་ཞིང་དེའི་ངང་ལ་གནས་པར་བྱའོ། །འདི་དག་གི་དུས་སུ་རང་ལུས་འོད་དུ་སྣང་བ་ཤེལ་གྱི་ཁང་བུ་ལས་འོད་ལྔའི་སྣང་བ་ཕྱིར་ཤར་བ་དེ་རང་སྣང་དུ་ཤར་དུས་བསམ་གཏན་གྱི་ཞག་ལྔ་རང་ས་ན་གནས་པ་ལ་ཀ་དག་ཏུ་གྲོལ་བ་སྟེ། འདིར་ངོས་ཟིན་ན་སྐད་ཅིག་མ་གསུམ་ལ་ཀ་དག་གི་སར་གྲོལ་བ་ཡིན་ཏེ། སྐད་ཅིག་དང་པོར་ངོ་ཤེས། སྐད་ཅིག་གཉིས་པར་བྱེ་བྲག་ཕྱེད། སྐད་ཅིག་གསུམ་པར་ཤེས་ཐོག་ལ་གྲོལ། གསུམ་པར་གྲོལ་ཐོག་དེ་ནས་ཀ་དག་ལ་ཐིམ་པས་དེ་ཕན་ཆད་ཀྱི་སྣང་བ་གང་ཡང་མེད་དོ། །སེང་གེ་རྩལ་རྫོགས་ལས། སངས་རྒྱས་རྣམས་ཀྱི་དགོངས་པའི་ཐུགས་རྗེ་ནི། །འགྲོ་བ་ཀུན་ལ་རང་བཞིན་ཡེ་ནས་ཁྱབ། །གསང་བའི་རིག་པ་ཡུལ་ལ་སྣང་གྱུར་ན། །སྣང་བའི་འོད་ལྔ་མ་བུ་ཕྲད་བའི་ཚུལ། །བུ་ཡི་སྣང་བ་མ་ལ་ཐིམ་པའི་ཚེ། །བྱ་བྱེད་བློ་ཡི་སྣང་བ་ཀུན་སངས་ཏེ། །འཁྲུལ་རྟོག་ལུང་གི་ཐེ་ཚོམ་ཆོད་གྱུར་ནས། །ཡེ་ཤེས་ཉི་ཟེར་ཀུན་ཏུ་སྣང་འགྱུར་ཞིང༌། །མཚན་མའི་དངོས་པོ་རབ་ཏུ་དེངས་པར་འགྱུར། །རྣམ་རྟོག་བློ་ཡི་ཐེ་ཚོམ་བྲལ་བའི་ཕྱིར། །རིག་པའི་ཤེས་རབ་སྟོབས་སུ་གྱུར་ནས་ནི། །བསམ་བྲལ་ངང་ལ་དེ་བཞིན་རྣམ་བར་འབྱུང༌། །སྣང་བ་མེད་པའི་ཡེ་ཤེས་ཅི་ཡང་མཐོང༌། །གསང་སྔགས་འབྲས་བུ་བཅུ་དང་ལྡན་གྱུར་ནས། །རིག་པའི་ཡེ་ཤེས་ཐུག་པ་མེད་པར་སྣང༌། །དེ་ཚེ་རང་གི་དྲན་པས་སད་ནས་ནི། །ཡུལ་རྐྱེན་འབྱུང་བའི་ངོ་བོ་རྣམ་པར་དག །ཡངས་པའི་གྲོང་ཁྱེར་ཤེལ་གྱི་ཁང་བུར་གནས། །ཐ་སྙད་བྲལ་བའི་ཡེ་ཤེས་དོན་ལ་སྤྱོད། །གསང་སྔགས་ཚད་མའི་སྣང་བ་མཐོང་བར་འགྱུར། །ཤེས་རབ་ཡུལ་གྱི་སྣང་བ་རྣམ་པ་དག །ཡིན་དང་མིན་པའི་ཤེས་པ་མ་ཞུགས་ན། །ཞག་ལྔ་དག་ན་ཏིང་འཛིན་ཐོབ་པར་གསུངས། །ཞེས་སོ། །ཞེས་ལུང་གིས་རྒྱབ་སྐྱོར་བའམ་མན་ངག་རྒྱུད་ཚིག་གིས་གསལ་བར་མཛད་པ་སྟེ། ལུང་གིས་སྤྲས་ན་མཁས་པ་དག་ལ་མཛེས་ཤིང༌། བླུན་པོ་དག་ཀྱང་བློ་གྲོས་ཀྱི་མིག་དབྱེ་བར་བྱ་བའི་ཕྱིར་རོ། །དེ་ཡང་ཀུན་མཁྱེན་བླ་མ་ཉིད་ནས། སྐྱེས་བུ་ཁ་ཅིག་ལུང་ལ་མི་དགའ་ན་གཏི་མུག་ཅན་བློ་གྲོས་མེད་པར་ཤེས་སོ། །མཁས་པ་དག་ནི་ལུང་གིས་ཁྱད་པར་དུ་བྱས་པ་ཡིན་ནོ། །ཞེས་གསུངས་པས། ལུང་མང་པོ་འདྲེན་པ་ནི་མཁས་པའི་ཁྱད་ཆོས་དང་ཀློང་རྡོལ་གྱི་གསུང་། རྒྱུད་དོན་དགོངས་ཀློང་དང་དབྱེར་མེད་ཡིན་པའི་གནད་ཀྱིས་སོ།།

༼༢༽ འོད་གསལ་ཟུང་འཇུག་ལ་ཐིམ་ཚུལ་བསྟན་པ།

གཉིས་པ་འོད་གསལ་ཟུང་འཇུག་ལ་ཐིམ་པ་ནི་ཡེ་ཤེས་ཀྱི་རླུང་གཡོས་པ་ལས་སྣང་བ་དེ་དག་འོད་ལྔའི་འཇའ་ཚོན་རིས་ལས་ཡེ་ཤེས་འཇུག་པའི་རླུང་གི་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ལྷུན་སྟུག་པའི་ནང་ན་རིགས་ལྔ་ཚོམ་བུའི་དཀྱིལ་འཁོར་བརྒྱ་སྟོང་འབུམ་ཕྲག་གྲངས་ལས་འདས་པར་སྣང་སྟེ། འདིའི་དུས་སུ་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོམ་བུའི་ཐུགས་ཀར་ཟུག་པ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱ་ལ། སླར་ཚོམ་བུ་ཚུར་འདུ་བ་ནི་འོད་རིག་པ་ལ་འཇུག་པ་ཞེས་བྱ་སྟེ། རང་འོད་རང་ལ་ཐིམ་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་གདམས་ངག རིག་པ་རང་ས་ན་འདུག་པ་དེ་རང་ངོ་ཤེས་པར་བྱའོ། །དེ་དག་ཀྱང་ཐལ་འགྱུར་ལས། གཡོ་བ་རླུང་དག་མཆེད་པ་ཡི། །ཁ་དོག་ལྔ་ཡི་འོད་དང་ཟེར། །མ་ངེས་འཇའ་ཚོན་རིས་སུ་སྣང༌། །འཇུག་ཅིང་སྨིན་པའི་རླུང་ལས་ཀྱང༌། །ཕྱོགས་བཞི་མཚམས་དང་བླ་འོག་འགྲུབ། །དེ་ལ་ཕྱོགས་ཀྱི་འོད་འདུས་པས། །རིགས་ལྔའི་སྐུ་ཡང་རྣམ་པར་སྣང༌། །མཐིང་ག་དཀར་སེར་དམར་ལྗང་ནི། །སོ་སོའི་ཡུམ་དང་བཅས་པར་སྣང༌། །འདི་ལ་ཆེད་དུ་འཛིན་ཤེས་ན། །སངས་རྒྱས་རྣམས་ཀྱི་ཡོན་ཏན་རྫོགས། །ཁམས་གསུམ་འཇུག་པ་མ་ཡིན་ནོ། །དེ་ཡི་མཚན་ཉིད་འདི་ལྟ་བུ། །རགས་པའི་འབྱུང་བ་ལྟོས་བྲལ་བས། །འོད་ལས་ཐིག་ལེ་ཟུང་དུ་འབར། །ཐིག་ལེ་ལྔ་འབྲེལ་སྐུས་བཀང་སྟེ། །ཕྱེད་སྐུ་ལས་ནི་གཟུགས་རྫོགས་པའོ། །གཟུགས་ཕྱེད་སྐུ་ལས་ལྔ་ལྔའི་ཟུང༌། །སོ་སོའི་ཚོམ་བུ་རྫོགས་པ་ལ། །ལྔ་ལྡན་བཅུ་ལྡན་བརྒྱ་ལྡན་དང༌། །ཚོམ་བུ་སྟོང་དང་བརྒྱ་ལྡན་དང༌། །བསམ་ངོ་རང་བཞིན་དག་པར་སྣང༌། །བརྗོད་ཀྱིས་མི་ལང་གྲངས་མེད་པ། །འདི་ལ་རང་དང་གཞན་ཤེས་ན། །སྐུ་གསུམ་གཅིག་ཏུ་དྲིལ་བ་ཐོབ། །ཐོབ་པ་འོད་ལས་སླར་ལྡོག་མེད། །གསལ་བཏབ་པ་ལས་བྱུང་བའོ། །ཞེས་དང༌། །ཉི་ཟླ་ཁ་སྦྱོར་ལས། དེ་ཡང་སྐྱེས་བུའི་འོད་གསལ་དེ་ཟུང་འཇུག་ལ་ཐིམ་པ་ཞེས་བྱ་སྟེ། ཡང་སྣང་བ་དེ་དག་སྐུའི་རྣམ་པར་རང་ཤར་ཏེ། སྐུ་དེ་དག་ཀྱང་མི་ཆེ་བ། མི་ཆུང་བ། ཆ་མཉམ་པ། རྒྱན་དང༌། ཁ་དོག་དང༌། བཞུགས་ཚུལ་དང༌། གདན་ཁྲི་དང༌། རང་རང་གི་ཕྱག་རྒྱ་དང་བཅས་པ་སྟེ། སྐུ་དེ་ཀུན་ཀྱང་ལྔ་ལྔའི་ཟུང་གིས་ཁྱབ་པ། ལྔ་ཚན་རེ་ལ་འོད་ཀྱི་མུ་ཁྱུད་དང་བཅས་པ། ཡབ་ཀྱི་ཆ་འཛིན་པའི་རིགས་དང༌། སེམས་དཔའ་དང༌། སེམས་མ་དང༌། དཀྱིལ་འཁོར་ཐམས་ཅད་གཅིག་ལ་རྫོགས་པར་གནས་སོ། །དེའི་ཚེ་རང་གི་སྙིང་ག་ནས་འོད་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་སྐུ་ཐམས་ཅད་ཀྱི་ཐུགས་ཀར་འབྲེལ་པར་འཆར་རོ། །དེ་ལ་རང་གི་ཤེས་པ་ཟིན་ན་མི་རྟོག་པའི་བསམ་གཏན་ལ་རང་བཞིན་དུ་གནས་སོ། །དེ་ནི་རིག་པ་འོད་ལ་འཇུག་པ་ཞེས་བྱའོ། སྣང་བ་དེ་ཀུན་ཀྱང་རབ་ཏུ་འཕྲིག་པ་མངོན་པར་འགྱུར་ཏེ། སྙིང་གའི་ཟེར་ཐག་དེ་ལས་ཀྱང་ཐིག་ལེ་ཕྲ་མོ་གྲངས་མེད་པ་འཆར་རོ། །དེ་ནས་རང་གི་སྙིང་ག་ནས་འོད་ཀྱི་ཟེར་ཐག་ཚོན་སྐུད་བསྒྲིལ་བ་ཙམ་ཞིག་འཆར་རོ། །དེ་ནས་སྐུ་དེ་དག་ཐམས་ཅད་རང་གི་ལུས་ལ་ཐིམ་པ་སྙམ་བྱེད་པའི་སྣང་བ་འཆར་ཏེ་དེ་ནི་འོད་རིག་པ་ལ་ཚུར་འཇུག་པ་ཞེས་བྱའོ། །དེའི་ཚེ་སྐྱེས་བུ་རྣམས་ཀྱིས་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །འདིའི་སྐབས་སུ་ལུས་རང་མཚན་པ་ཡོད་པ་མིན་ཡང་ཡོད་པའི་སྣང་བ་ཤར་བ་ནི་སྔར་ལུས་ལ་བདག་ཏུ་འཛིན་པའི་བག་ཆགས་ཀྱི་དབང་གིས་འབྱུང་བ་རྨི་ལམ་ལྟ་བུ་སྟེ། དེའི་བག་ཆགས་ཀྱི་ས་བོན་མ་ཟད་ཀྱི་བར་དུ་འོད་ཀྱི་ལུས་སུ་ཡོད་པས། སྙིང་ག་ན་རིག་པ་ལ་ཞིང་སྣང་ཡོད་པའི་གདངས་ཕྱིར་ཤར་བས། སྐུ་རེའི་ཐུགས་ཀར་ཚོམ་བུའི་དཀྱིལ་འཁོར་གསལ་བར་སྣང་བ་སྟེ་མེ་ལོང་དུ་བཞིན་ཤར་བ་བཞིན་ནོ། །འདིའི་དུས་སུ་ལོངས་སྐུ་དེ་དག་ཐམས་ཅད་ཀྱི་ཐུགས་ཀ་ནས་འོད་རྟ་རྔའི་ཆ་ཙམ་ཕྱོགས་བཅུ་ཀུན་ནས་ཚུར་རང་གི་སྙིང་གར་ཟུག་པ་དང༌། རང་གི་སྙིང་ག་ནས་ཀྱང་དེ་དག་གི་ཐུགས་ཀར་ཟུག་པ་ནི། རང་གདངས་ཡིན་པའི་འབྲེལ་པ་མཚོན་པ་སྟེ། ཤེལ་འོད་རྣམས་ཤེལ་ལ་འབྲེལ་བའི་ཟེར་ཐག་བཞིན་ནོ། །དེའི་དུས་སུ་རང་གི་མིག་གི་ཟེར་ཐག་མཐོང་བས་ཤེས་པ་ཟིན་ཏེ་ཡུལ་གང་དུའང་མི་རྟོག་པའི་བསམ་གཏན་ལ་རང་བཞིན་གྱིས་གནས་པ་ཡིན་ནོ། །དེ་ལ་རིག་པ་འོད་ལ་འཇུག་པ་ཞེས་བྱའོ། །རིག་པ་འོད་ལ་འཇུག་པའི་སྐབས་དེར་རང་སྣང་ལ་ཕར་བལྟ་དུས་སྣང་བ་དེ་རང་སྣང་དུ་ཤེས་པའི་ངང་ལ་བཞག་པས། སྣང་བ་དེ་དག་ཐམས་ཅད་ཟེར་ཐག་བརྒྱུད་ནས་རང་གི་སྙིང་ཁར་ཚུར་ཐིམ་པ་ལ་འོད་རིག་པ་ལ་འཇུག་པ་ཞེས་བྱའོ། །རིག་པ་ནི་རང་ཡིན་ལ། འོད་ནི་ཕྱིའི་རང་སྣང་དེ་རྣམས་ལ་ཟེར་བས། དང་པོ་མཆེད་དུས་དེ་ལ་ཕར་འཇུག །ཐིམ་དུས་དེ་དག་ཚུར་ལ་ནང་དུ་འཇུག་པ་ཞེས་པའི་ཐ་སྙད་སྦྱར་བའོ། །དོན་ལ་དེ་དུས་རང་ངོ་ཤེས་པས་ཀ་དག་གི་ས་ལ་གྲོལ་བ་སྟེ། ཕྱི་སྣང་བུ་དང་འདྲ་བའི་འོད་རྣམས། རང་རིག་མ་ཡི་སྙིང་གར་ཐིམ་པས་ཟུང་འཇུག་མ་ཡི་པང་དུ་བུ་ཐོན་པ་ལ་དཔེ་བྱས་པའོ།།

༼༣༽ ཟུང་འཇུག་ཡེ་ཤེས་ལ་ཐིམ་ཚུལ་བསྟན་པ།

གསུམ་པ་ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་སྣང་བ་ནི། དེའི་ཚེ་སྙིང་ག་ནས་ཡེ་ཤེས་བཞི་ལྡན་གྱི་སྣང་བ་འཆར་ཏེ། མཐིང་ག་དང༌། དཀར་པོ་དང༌། སེར་པོ་དང༌། དམར་པོའི་སྣམ་བུའི་སྟེང་དུ་སོ་སོའི་ཁ་དོག་དང་མཐུན་པའི་ཐིག་ལེ་མེ་ལོང་ཙམ་རེ་སྟེང་དུ་ཚོམ་བུའི་ཐིག་ཆུང་ལྔ་ལྔ་རྒྱན་བཀྲམ་པ་བཞིན་འཆར་བ། སྟེང་དུ་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་ལྟ་བུ་ཞིག་ཀྱང་འཆར་རོ། །འདིའི་དུས་སུ་ཕུང་པོ་བདག་འཛིན་ལས་གྲོལ་བས་ལུས་འོད་གསལ་དུ་གྲོལ་བའི་ཆོས་ཉིད་རང་ངོ་ལ་གནས། འབྱུང་བ་ཕྲ་རགས་ཀྱི་རྡོས་པ་ལས་གྲོལ་བས་སྣང་བ་འོད་གསལ་བདེ་བ་ཆེན་པོར་གྲོལ། ཉོན་མོངས་པ་ཕྲ་རགས་ལས་གྲོལ་པས་རིག་པ་ཉིད་མ་ལ་བྱུང་ཐིམ་དུ་གྲོལ་བའི་རང་སྣང་ངོ་ཤེས་པར་བྱ་སྟེ་གྲོལ་བ་ལུས་ཀྱི་གནད་ཅེས་བྱའོ། །སྣང་བ་དེ་ཀུན་རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ཞེས་བྱ་སྟེ། ཐད་ཀ་རང་སོ་ལ་མ་ཡེངས་པར་རིག་པ་གཏད་པས་རང་ས་ན་གྲོལ་བ་སྨན་པ་མཁས་པས་སྙིང་ཐུར་བཙུགས་པ་རང་ས་དེ་ལས་མི་གཡོ་བས་སྙིང་ཆུ་ཕྱིར་དྲངས་ན་སོས་པ་ལྟ་བུའོ། །དེ་དག་ཀྱང་ཉི་ཟླ་ཁ་སྦྱོར་ལས། ཡང་རང་གི་སྙིང་ག་ནས་འོད་ཀྱི་ཐག་པ་ཤིན་ཏུ་ཕྲ་བ་ཞིག་འཆར་ཏེ། དེ་ནི་སྟེང་གི་ནམ་མཁའ་ལ་གྱེན་ལ་ཟུག་པར་སྣང་བ་འོང་ངོ༌། །དེ་ལ་རང་གི་མིག་མ་ཡེངས་པར་བལྟས་པས་སྣང་བ་དེ་གཞན་དང་མ་འདྲེས་པར་ཤིན་ཏུ་རྒྱ་ཆེ་བར་འཆར་ཏེ། དེ་ཡང་མཐིང་གའི་སྣམ་བུའི་སྟེང་དུ་ཐིག་ལེ་ཟེར་དང་ལྡན་པ་མེ་ལོང་ཁ་སྦུབས་པ་ཙམ་ཤིན་ཏུ་གསལ་བ་འཚེར་བ་དེ་ལའང་རང་བཞིན་གྱི་ཐིག་ལེ་ལྔ་ལྔས་བརྒྱན་པའོ། །ཡང་དེའི་སྟེང་དུ་དཀར་པོའི་སྣམ་བུའི་སྟེང་དུ་ཐིག་ལེ་ཤིན་ཏུ་གསལ་བ་ལ་གོང་དང་འདྲ་བར་འཆར་རོ། །སེར་པོའི་སྣམ་བུའི་སྟེང་དུ་ཡང་ཐིག་ལེ་གོང་དང་འདྲ་བར་འཆར་རོ། དེའི་སྟེང་དུ་དམར་པོའི་སྣམ་བུའི་སྟེང་དུ་གོང་ལྟར་འཆར་རོ། །དེའི་སྟེང་དུ་འོད་ཟླུམ་པོ་ཤིན་ཏུ་གསལ་བ་ཅིག་གདུགས་ལྟར་འཆར་རོ། །དེ་དག་ཀྱང་ཡེ་ཤེས་ལྔའི་རྣམ་པ་སྟེ། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་རྩལ་མ་རྫོགས་པས་མི་སྣང་ངོ༌། །དེ་ནི་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཞེས་བྱ་སྟེ། རྡོ་རྗེ་སེམས་དཔའི་ཁོང་གསེང་གི་ལམ་ཞེས་བྱའོ། །དེའི་ཚེ་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་སྐབས་སྟེ། ཟུང་འཇུག་ཡེ་ཤེས་ལ་ཐིམ་པའི་སྐབས་འདིར་རང་གི་སྙིང་ཁ་ནས་འོད་ཁ་དོག་བཞི་འཁྲིལ་གྱི་ཐག་པ་ཤིན་ཏུ་ཕྲ་བ་རྟ་རྔའི་ཉག་མ་ཙམ་ཞིག་འཆར་ཏེ། སྟེང་གི་ནམ་མཁར་ཟུག་པའི་སྣང་བ་འཆར་བ་དེ་ལ་ཤེས་རབ་ཀྱི་མིག་གིས་བལྟས་པས། སྣང་བ་ཕྲ་མོ་དེ་ལས་མཆེད་པའི་ཚུལ་གྱིས་འོད་རྣམས་མ་འདྲེས་པར་རྒྱ་ཆེར་སོང་སྟེ། དང་པོའི་ཕྲ་མོ་དེའི་ངོ་བོ་མ་འགྱུར་བཞིན་དུ་རྣམ་པ་རྒྱ་ཇེ་ཆེར་སོང་བ་ནི། མཐིང་ཁའི་སྣམ་བུ་ལ་སོགས་པ་གོང་ནས་ལུང་གིས་གསུངས་པ་ལྟར་ཡིན་ནོ། །འདིའི་སྐབས་སུ་ཡེ་ཤེས་བཞི་སྦྱོར་གྱི་སྣང་བ་ཤར་ཞིང་། དེ་དག་ཀྱང་གང་ཟག་གི་དབང་པོའི་རིམ་པས། མཚན་ཉིད་གཏན་ལ་ཕེབས་ལུགས་ཀྱིས་འབྱུང་བ་ཡིན་པ་ཤེས་པར་བྱ་བའོ། །ཡེ་ཤེས་ལྔ་ཡོད་པ་ཡིན་ན་བཞི་སྦྱོར་ཟེར་དགོས་པ་ཅི་ཞེ་ན། བྱ་གྲུབ་ཡེ་ཤེས་ད་དུང་འཆར་མེད་ལ། དེ་མི་འཆར་བ་ནི་ས་བོན་གྱི་ཆ་ཙམ་ཞིག་ལས་ད་རུང་གྲོལ་མེད་པས། རྩལ་མ་རྫོགས་པས་བྱ་བ་ཡོངས་རྫོགས་གྲུབ་མེད་པ་དེ་ཀ་དག་ཏུ་གྲོལ་བའི་སྐབས་སུ་རྩལ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་དག་གི་སྟེང་ན་འོད་ཟླུམ་པོ་རྨ་བྱའི་གདུགས་འཁོར་བ་འདྲ་བ་ནི་ཡེ་ཤེས་ལྔའི་དབྱིངས་ཀྱི་སྣང་བ་སྟེ། དབུས་མཐིང་ག་ཁ་དོག་ལྔའི་མུ་ཁྱུད་ཀྱིས་འཁོར་བ་འཆར་རོ། །འདི་ནི་ལྷུན་གྲུབ་འཆར་བའི་ས་བོན་དུ་དུས་འདིར་འབྱུང་བའོ། །དེ་དག་ནི་རྡོ་རྗེ་སེམས་དཔའ་ཁོང་གསེང་གི་ལམ་ཞེས་བྱའོ།།

ཉིན་བཅོ་བརྒྱད་པའི་ཆོས་ཁྲིད།

ཇི་སྐད་དུ་སློབ་དཔོན་ཙནྡྲ་གོ་མིའི་ཞལ་ནས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོ་མཐར་འབྱིན་ཅིང་། །བྱང་ཆུབ་མཆོག་གི་ས་བོན་དགེ་བའང་འདེབས་བྱེད་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པ། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་དང་། སེམས་ཀྱི་སྟོབས་ཆེན་མི་ཡིས་རྙེད་པ་གང་ཡིན་པ། །ལམ་དེ་ལྷ་དང་ཀླུ་ཡིས་མི་རྙེད་ལྷ་མིན་དང་། །མཁའ་ལྡིང་རིག་འཛིན་མི་འམ་ཅི་དང་ལྟོ་འཕྱེས་མིན། །ཅེས་གསུངས་ཏེ། དེ་ཡང་རྟེན་འབྲེལ་བཅུ་གཉིས་ཀྱིས་འཁོར་བའི་འཁོར་ལོ་ནི། སྲིད་རྩ་མ་རིག་པས་སྲིད་པ་བསྐྱེད་ནས་གྲུབ་པ་ཡིན་ལ། དེ་ཡང་ཐོག་མའི་སྐྱེ་བ་མེད་ན་ཐ་མའི་རྒ་ན་འཆི་བ་མེད་པས། སྐྱེ་བའི་མཐའ་ཆོད་པས་ཤི་བའི་མཐའ་ཆོད་པ་ཡིན་ཕྱིར་འཁོར་བའི་འཁོར་མཚམས་བཞག་ནས། བྱང་ཆུབ་དགེ་བ་སྟེ་སྤྱིར་ན་ཐར་བ་ཐམས་ཅད་ལ་བྱང་ཆུབ་ཀྱི་སྒྲ་འཇུག་པ་ཡིན་ཡང་བྱང་ཆུབ་དགེ་བའམ་བྱང་ཆུབ་མཆོག་གི་དགེ་བ་ཞེས་བརྗོད་ཚེ་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཉིད་ཡིན་པས་དེ་ཉིད་ཀྱི་ས་བོན་འདེབས་པར་བྱེད་པ་པོ་ཡིད་བཞིན་གྱི་ནོར་བུ་བས་ཀྱང་ཆེས་ལྷག་པ་སྟེ། ཡིད་བཞིན་གྱི་ནོར་བུ་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་བྱེད་པ་དེས་ཀྱང་། འཇིག་རྟེན་གྱི་ལོངས་སྤྱོད་གང་ལ་ཅི་འདོད་སྦྱིན་པ་ཙམ་ལས་ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དངོས་གྲུབ་སྦྱིན་མི་ནུས་པས། ཡིད་བཞིན་གྱི་ནོར་བུ་དེ་བས་ཀྱང་ཆེས་ལྷག་པའི་མི་ཉིད་ཀྱི་ལུས་རྟེན་མཆོག་ཏུ་གྱུར་པ་ཐོབ་ནས་འཁོར་བའི་རྒྱ་མཚོ་གཏིང་མཐའ་མེད་པ་ལས་རང་ཐར་བ་མ་ཟད་གཞན་སྐྱོབ་པར་བྱེད་པའི་མཐུ་སྟོབས་ནུས་པ་ཞིག་ཐོབ་ཡོད་པས། དེ་ལས་སྙིང་པོའི་རིན་ཐང་མི་ལེན་པར་འབྲས་བུ་མེད་པར་རང་གར་ཆུད་གསོན་མཁན་ཞིག་སུ་ཡོད་དམ། དེ་གལ་ཏེ་ཡོད་ན་སེམས་མེད་ཀྱི་སྨྱོན་པ་ཞིག་དང་ཁྱད་པར་མེད་དོ་ཞེས་པའོ། །ཡང་སེམས་ཀྱི་སྟོབས་ཆེན་སྐྱེས་བུ་ཆེན་པོའི་ལམ་བགྲོད་བྱ་མཐར་ཐུག་པའི་མཆོག་དེ་ཉིད། སྙིགས་དུས་ཚེ་ཐུང་གི་དུས་གཅིག་ལ་སྒྲུབ་ཐུབ་པའི་ལམ་གྱི་མཐུན་རྐྱེན་ཚོགས་པའི་མིའི་ལུས་རྟེན་མི་རང་ཉིད་ཀྱིས་རྙེད་པ་གང་ཡིན་པ་འདི་དང་འདྲ་བའི་ལམ་དེ། འགྲོ་བ་གཞན་མཐོ་རིས་ཀྱི་གྲོང་འོད་ཀྱི་ཁང་བཟང་དང་ཡིད་འོང་གི་སྐྱེད་མོས་ཚལ་གྱི་ལྷ་དང་། ལོངས་སྤྱོད་ཀྱི་འབྱོར་བ་ཕུན་སུམ་ཚོགས་པའི་ཀླུ་དང་། ལྷ་དང་ཆ་འདྲ་བའི་མངའ་ཐང་འབྱོར་བ་དང་སྟོབས་ནུས་ལྡན་པའི་ལྷ་མ་ཡིན་དང་། མཁའ་ལྡིང་དང་། རིག་འཛིན་མིའམ་ཅི་དང་ལྟོ་འཕྱེ་ལ་སོགས་པའི་འགྲོ་བ་རིགས་སོ་སོ་ན་ཡོད་པའི་རང་རང་གི་མཐུ་སྟོབས་དང་། འབྱོར་བ་དང་། མངའ་ཐང་དང་། ཚེ་དང་བསོད་ནམས་ལྡན་པ་དེ་ཚོས་ཀྱང་འདི་ལྟ་བུའི་དོན་ཆེན་འགྲུབ་པ་མ་ཡིན་ནོ་ཞེས་པའོ། །དེས་ན་མིའི་ལུས་རྟེན་ནི་ཆོས་དང་འཕྲད་པ་དང་དེ་འདྲའི་རྩ་ཆེན་དང་རིན་ཆེན་ཞིག་ཡིན་པ་ཅིའི་ཕྱིར་སྙམ་ན། དལ་འབྱོར་གྱི་མི་ལུས་འདིས་མི་དགེ་བ་སྤོང་ཐུབ་པ་དང་། དགེ་བ་སྒྲུབ་ཐུབ་པས། འཁོར་བའི་རྒྱ་མཚོ་ལས་རྒལ་ཐུབ་པ་དང་། བྱང་ཆུབ་མཆོག་གི་ལམ་ལ་བགྲོད་ནས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ནུས་པས། ལོངས་སྤྱོད་དང་འབྱོར་བ་དང་བདེ་སྐྱིད་དང་ལྡན་པའི་འགྲོ་བ་གཞན་གྱི་ལུས་རྟེན་གྱི་ཐོག་ནས་སྒྲུབ་མི་ཐུབ་པ་ཞིག་འདིས་འགྲུབ་པས་ན་རིན་པོ་ཆེ་ཞེས་དཀོན་པའི་དངོས་པོ་ཡིན་པས་ན་རྩ་བ་ཆེ་ཞེས་གསུངས་པའོ། །ཚེ་རིང་ལོངས་སྤྱོད་འབྱོར་བ་རྒྱས་ཆེ་ན་གཡེངས་པས་ཁྱེར་ནས་ཆོས་སྒྲུབ་མི་ནུས་པ་དང་། ངན་སོང་ངན་འགྲོའི་ལུས་ལྟ་བུའི་ལུས་རྟེན་ངན་པ་ཞིག་བླངས་ན་ལུས་སེམས་ཀྱི་སྡུག་བསྔལ་བཟོད་གླགས་མེད་པ་ཅན་ཞིག་ཡིན་ཕྱིར་སྡུག་བསྔལ་གྱི་ཚོར་བ་རྩུབ་མོ་དེས་མནར་ཞིང་གཟིར་བས་ཆོས་སྒྲུབ་པའི་གོ་སྐབས་མེད་དོ། །ཡང་ཀླ་ཀློ་དང་ལོག་ལྟ་ཅན་དབང་པོ་མ་ཚང་བ་ལ་སོགས་པ་མདོར་ན་ཆོས་ཀྱི་སྣོད་དུ་མ་གྱུར་པ་ཡང་མང་བ་ཡིན་པས་ན་རང་ཉིད་ཀྱི་དལ་རྟེན་འདི་ལ་རང་གིས་རང་ལ་རིན་ཐང་ཤེས་དགོས་པ་ཞིག་གོ །ཅི་ཡང་མེད་པ་ཞིག་ལ་ཡོད་སྣང་ཤར་ནས་ངའོ་བསམ་ནས་མཆོག་འཛིན་བྱས་ན་དེའི་མིང་ལ་མངོན་པའི་ང་རྒྱལ་ཟེར་ཞིང་། འོན་ཀྱང་ཡོད་པ་ཞིག་ལ་མེད་སྣང་ཤར་ནས་དཔའ་ཞུམ་ནས་སྒྱིད་པ་འཁུམས་པ་ལ་ནི་སྒྱིད་ལུག་བདག་ཉིད་བརྙས་པའི་ལེ་ལོ་ཟེར་བ་ཡིན་པས། དེ་གཉིས་ཀའི་མཐའ་ལ་མ་ལྷུང་བར་རང་ལ་ཡོད་པའི་རིན་ཐང་ངོ་ཤེས་དགོས་པ་ཡིན། དེས་ན་དལ་འབྱོར་གྱི་མི་ལུས་འདི་རྙེད་པར་དཀའ་ཞིང་ཕན་པ་ཆེན་པོ་ཅན་ཡིན་པའི་གནད་ཀྱིས་རིན་པོ་ཆེ་ལྟ་བུ་ཞེས་དཔེར་བཀོད་པའོ། །དེ་འདྲའི་རྙེད་དཀའ་བ་ཞིག་དང་། རྙེད་ན་རིན་ཐང་ཅན་ཞིག་ཡིན་ཡང་། འདི་རྙེད་དཀའ་འཇིག་སླ་ཞིག་ཀྱང་ཡིན་ཏེ། ཀུན་མཁྱེན་ཆོས་རྗེས། ཚེ་འདིའི་འཁྲུལ་སྣང་བྱིས་པའི་རྩེད་མོ་འདྲ། །བསླུ་ཞིང་འགྱུར་བ་ཡིན་ནོ་ཐར་ལམ་བགྲོད། །ཐམས་ཅད་བདེན་མེད་བར་སྣང་འཇའ་ཚོན་འདྲ། །གང་ལའང་ཡིད་བརྟན་མེད་ཀྱི་བྱང་ཆུབ་སྒྲུབས། །ཞེས་ཞལ་གདམས་མཛད་པའོ། །དལ་རྟེན་གྱི་མི་ལུས་འདི་དང་པོ་རྙེད་པར་དཀའ་བའི་ཚུལ་དང་རྙེད་ཀྱང་འཇིག་པར་སླ་བ་ཡིན་པའི་ཚུལ་ལ་བསམ་བློ་བཏང་ནས། ལུས་འདི་ལ་གྲུ་ཞིག་གི་འདུ་ཤེས་བཞག་ནས་འཁོར་བའི་རྒྱ་མཚོའི་ཕ་རོལ་ཏུ་སྒྲོལ་དགོས་ཏེ། རྒྱལ་སྲས་ཞི་བ་ལྷས་ཀྱང་། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། །གྲུ་འདི་ཕྱིས་ནས་རྙེད་དཀའ་བས། །རྨོངས་པ་དུས་སུ་གཉིད་མ་ལོག །ཅེས་བསྐུལ་བ་སྟེ། འུ་ཚོ་འཁོར་བའི་སེམས་ཅན་ཐམ་མེ་ཐོམ་མེར་བྱས་ནས་གཉིད་འཐོམ་མེ་བར་ཡོད་པ་རྣམས་རྨོངས་པ་ཞེས་འབོད་བཞིན་དུ་གོང་བ་ནས་བཟུང་སྟེ་འཐེན་པ་ལྟ་བུའོ། །དེས་ན་ད་རེས་ཐར་བའི་ལམ་བྱང་ཆུབ་དམ་པ་ཞིག་མ་བསྒྲུབས་ཚེ། དུས་གཏན་དུ་འཁོར་བའི་གནས་ནས་མི་ཐར་བ་ཞིག་ཏུ་འགྱུར་བ་ནི་རིག་རྒྱུ་གསལ་རྒྱུ་འདིའོ། །སྡུག་བསྔལ་ཅན་གྱི་གནས་འདི་ནས་མ་ཐར་ན་རང་གཞན་གཉིས་ཀས་སྡུག་བསྔལ་མྱོང་གིན་ཡོད་པ་འདི་ལ་གཅིག་བལྟས་ན་བཟོད་ཐབས་མེད་པ་ནི་ཧ་གོ་བཞིན་པ་འདང་ཡང་རྒྱག་བྱས་ན་ཤེས་ནུས་པ་ཡིན་ནོ། །གོ་ཚད་ཐམས་ཅད་སྡུག་བསྔལ་གྱི་འོ་དོད་ཤ་སྟག་ཡིན་པ་དང་། བཤད་ཚད་ཐམས་ཅད་མྱ་ངན་གྱི་ངུ་སྒྲ་འབའ་ཞིག་ཡིན་པ་ནི། འུ་ཚོ་མཐོ་རིས་མིའི་འཇིག་རྟེན་དུ་སྐྱེས་ཡོད་པ་རེད་ཀྱང་། རང་ཅག་གི་དུས་རྒྱུན་གྱི་ཁ་བརྡ་དང་སྐད་ཆ་ལ་ཕྱིར་དྲན་ཞིག་བྱས་ན། བཤད་རྒྱུ་བོ་ཅི་ཞིག་བཤད་ཀྱིན་ཡོད་ན། ཡ་ཀིས་ཕོ་མ་བྱས་རབས། མ་ཀིས་དོན་མ་འགྲུབ་ཚུལ། དེའི་རྐྱེན་གྱིས་འདི་བྱུང་ལུགས། དེ་མ་བྱས་ན་འདི་ཡོང་ས་མེད་པ། གཅིག་ན་ནས་སོང་བ། དེ་ཤི་ནས་ཡོད་པ། ཁོ་རྒས་ནས་ཡོད་ཚུལ། ང་ན་རྒྱུ་ཆེ་རབས། སྤུན་བླ་བདེ། ཕ་མ་བདེ་ཆེན། ཞང་པོ་འདས་པ། བསད་འགྲོ་རྒྱུ་དེ། ད་རེས་ཤི་འགྲོ་རྒྱུ་བོ་ལ་སོགས་པ་ནི་འུ་ཚོས་དུས་རྒྱུན་གྱི་བཤད་རྒྱུ་རྣམས་ཡིན་ལ། བཤད་རྒྱུ་ཡིན་པས་མ་ཚད་དོན་དངོས་ཀྱི་ཡོད་རྒྱུ་དང་ཡིན་རྒྱུ་ཡང་དེ་དག་རེད། ད་རུང་དེས་མི་ཚད་པར་གཞན་ཅི་ཤོད་ཀྱིན་ཡོད་ན་ངན་སྨོད་ལྐོག་དཔྱ་དགྲ་གྱོད་བོར་སྟོར་ལ་སོགས་མདོར་ན་མིག་ཆུ་མ་ཡོད་ཀྱང་སྡུག་བསྔལ་གྱི་ངུ་སྐད་ཤ་སྟག་གོ །དེ་ནི་ཁག་མེད་པ་ཡིན་ཏེ་ཚོར་བ་སྡུག་བསྔལ་ལས་མེད་ཚེ་བཤད་རྒྱུ་ཡང་སྡུག་བསྔལ་རབས་ལས་གཞན་ཅི་ཡོད་དེ། སེམས་ན་ན་བཤད། ལུས་ན་ན་རེག ཅེས་པའི་དཔེ་ལྟར་ཡིན་པའི་ཕྱིར། སྡུག་བསྔལ་ལ་སྡུག་བསྔལ་ཡིན་པར་ཤེས་ན། དེ་སྤོང་ཐབས་དང་མེད་ཐབས་ཀྱི་ལམ་ཞིག་བཙལ་ཡོང་བ་ཡིན་ནོ། །དེ་ཡང་ཐོག་མར་དེའི་འབྱུང་རྩ་ཤེས་དགོས་སོ། །སྡུག་བསྔལ་ལ་སྡུག་བསྔལ་ཡིན་པར་མ་ཤེས་དུས་ལམ་བསྒྲུབ་རྒྱུ་དེ་སྣང་མེད་དུ་ལུས་འགྲོ་བས། བཅོམ་ལྡན་འདས་ཀྱིས་དང་པོར་ཡུལ་ཝཱ་རཱ་ཎ་སཱི་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་ནས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་དུས་སུ་སྡུག་བསྔལ་བདེན་པ་སྔོན་དུ་གསུངས་པའང་དེས་སོ། །སྡུག་བསྔལ་དེ་སྤང་འདོད་ཀྱི་བློ་ཞིག་སྐྱེས་ཚེ་དེ་གང་ནས་འབྱུང་བའི་རྩ་བ་ལས་ཉོན་ཡིན་པས། དེ་ལ་ཀུན་འབྱུང་བདེན་པ་ཞེས་གསུངས་པ་དང་། དེ་འདྲའི་སྡུག་བསྔལ་རྒྱུ་འབྲས་དེ་སྤོང་དགོས་ན་ལམ་རྒྱུད་ལ་བསྟེན་དགོས་པ་ཡིན་ཡང་འབྲས་བུ་འགོག་བདེན་དང་པོར་བསྟན་པ་ནི། ལམ་རྒྱུད་ལ་བསྟེན་དགོས་པ་ཤེས་པ་དང་བསྟེན་འདོད་སྐྱེ་བའི་རྒྱུ་མཚན་གྱིས་འགོག་ལམ་གཉིས་ཀ་རྒྱུ་འབྲས་སུ་གསུངས་པའོ། །འཁོར་བའི་སྡུག་བསྔལ་འདིའི་ནང་ནས་ཐར་འདོད་ན། དལ་རྟེན་གྱི་ལུས་འདིའི་ཐོག་ནས་ཚེ་ཐུང་གཡེངས་པའི་དབང་དུ་མི་ཤོར་བར་ཐར་པ་དོན་གཉེར་བྱེད་དགོས། དེའི་དོན་གཉེར་དེ་ད་རེས་ཀྱི་གོ་སྐབས་ཐོབ་ཚེ་འདི་ལ་མ་བྱས་ན། རང་གིས་རང་ཉིད་བསླུས་ནས་བརླགས་པར་བྱས་པའོ། །སྲིད་པའི་གྲོང་ལས་རིང་དུ་འདས་པའི་མྱ་ངན་ལས་འདས་པ་མཆོག་ཏུ་ཞི་བའི་རང་བཞིན་ཅན་ཐར་བ་བྱང་ཆུབ་སྒྲུབ་པ་ལ་འབད་དགོས་དུས་ཐོག་མ་ཉིད་ནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་སོང་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས་པས། དེ་ཡང་རྩ་བ་སྙིང་རྗེ་ལ་ཐུག་པ་ཞིག་ཡིན་པས་སྙིང་རྗེའི་ས་བོན་ལས་སྐྱེས་པའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ན། གནས་སྐབས་སྲིད་པའི་ཁམས་འདིར་གནས་པའི་རིང་ལ་ཡང་བདེ་བའི་འབྲས་བུ་མང་པོ་ལྡན་པ་དང་། མཐར་ཐུག་གཞལ་དུ་མེད་པའི་ཡོན་ཏན་ཡིད་བཞིན་ནོར་བུའི་གཏེར་ཆེན་པོ་ཐོབ་པ་དང་འདྲ་བར་ཡིན་པས་ན། གཞན་དོན་དུ་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་ན་འདིའི་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ལ་རྒྱལ་བ་ཐམས་ཅད་ཀྱིས་བསྔགས་ཤིང་འཇིག་རྟེན་གསུམ་གྱིས་མངོན་པར་བསྟོད་པའོ། །སྨོན་དང་འཇུག་པའི་བདག་ཉིད་ཅན་བྱང་ཆུབ་ཏུ་སེམས་རིན་པོ་ཆེ་བསྐྱེད་པའི་དགེ་བ་དེ་དང་ཆ་འདྲ་བ་གཞན་ཞིག་འཇིག་རྟེན་གསུམ་ན་བཙལ་ཀྱང་ཡོད་པ་མིན་ཏེ། དེ་ཡང་སྨོན་པ་བྱང་ཆུབ་ཀྱི་སེམས་བསྐྱེད་ལྟ་བུ་ཞིག་ལ་མཚོན་ན་སྡུག་བསྔལ་མང་པོས་ཀུན་ནས་མནར་བའི་ཐོག་མེད་ནས་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་ལ་བརྩེ་བའི་སྒོ་ནས་ཚད་མེད་བཞི་སྒོམ་པ་སྟེ། ཚད་མེད་བཞི་སྒོམ་པའི་དུས་ཀྱང་བྱམས་པའི་ས་གཞི་ལ་སྙིང་རྗེའི་མེ་ཏོག་བཀྲམ། དགའ་བའི་ལྗོན་ཤིང་ལ་བཏང་སྙོམས་ཀྱི་མཚོ་རྫིང་བསྐྱིལ་ནས་མ་ལུས་འགྲོ་བའི་ཚོགས་ཐམས་ཅད་སྡུག་བསྔལ་མེད་པའི་ངལ་གསོའི་འགྲོན་སྟེགས་ཤིག་གཉེར་ནས། འཇུག་པ་སེམས་བསྐྱེད་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་བསླབ་པ་སྟེ། བསླབ་རྒྱུ་དེ་ཡང་ཕྱིན་དྲུག་གི་རང་བཞིན་དྲུག་ཚན་དྲུག་པོ་དེ་གོ་ཆའི་སྒྲུབ་པས་སྒྱུ་མ་བཞིན་དུ་ཐག་བཅད་པ་སྟེ། དེ་ཡང་གཅོད་པ་པོ་དང་། གཅད་བྱའི་དངོས་པོ་དང་། གང་ཞིག་ཡུལ་དུ་བྱས་པ་ཐམས་ཅད་དངོས་པོ་མེད་པའི་འཁོར་གསུམ་དག་པས་བྱང་ཆུབ་ཆེན་པོ་ཐར་བའི་མཆོག་ལ་བསྔོ་བ་དེ་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དམ་པ་མ་ནོར་བ་ཡིན། དེ་བཞིན་དུ་ཕྱིན་དྲུག་དང་ཐབས་སྟོབས་སྨོན་ལམ་ཡེ་ཤེས་ཀྱི་ཕར་ཕྱིན་བཅུ་བོ་རེ་རེ་ལ་བཅུ་བཅུར་དབྱེ་བས་ས་ཐམས་ཅད་ཡོངས་སུ་བསྒྲུབས་པར་བྱས་ནས་དེ་དང་དུས་མཚུངས་སུ་ཚོགས་སྦྱོར་མཐོང་སྒོམ་གྱི་ལམ་བཞི་ལ། དྲན་པ་ཉེ་བར་བཞག་པ་བཞི། ཡང་དག་པའི་སྤོང་བ་བཞི། རྫུ་འཕྲུལ་གྱི་རྐང་བ་བཞི། དབང་པོ་ལྔ། སྟོབས་ལྔ། བྱང་ཆུབ་ཀྱི་ཡན་ལག་བདུན། འཕགས་ལམ་ཡན་ལག་བརྒྱད་པོ་ཐམས་ཅད་མཉམ་བཞག་དང་རྗེས་ཐོབ་ཅན་གྱི་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་བསྒོམས་པས། གཟུངས་དང་ཏིང་འཛིན་སྤྱན་དང་མངོན་ཤེས་ལ་མངའ་བརྙེས་ནས་སྒྲིབ་པའི་མུན་པ་དང་བྲལ་ཏེ་ཡེ་ཤེས་ཀྱི་སྣང་བ་ལ་དབང་འབྱོར་བ་ཡིན་ནོ། །དེ་ལྟ་བུའི་ས་ལམ་གྱི་བགྲོད་པ་ཉི་ཟླའི་འགྲོས་བཞིན་མྱུར་བར་བགྲོད་ནས་མཐར་གྱིས་དག་པ་གཉིས་ལྡན་གྱི་ཆོས་སྐུའི་ཕོ་བྲང་ཆེན་པོ་དེར་གཤེགས་ནས། ལོངས་སྤྱོད་རྫོགས་སྐུ་དང་སྤྲུལ་བ་སྐུ་ཡི་གཟུགས་སྐུ་རྣམ་པ་གཉིས་ཀྱིས་བརྒྱན་ནས་རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པ་ཡིན་ནོ། །རྒྱུ་མཚན་དེས་ན་བྱང་ཆུབ་དོན་དུ་གཉེར་བའི་སྐལ་ལྡན་གྱི་སྐྱེས་བུ་ཞིག་ཡིན་ནས་བཟུང་སྟེ་མི་ཚེའི་ཉི་མ་དོན་ལྡན་དུ་སྐྱེལ་ནས་སྤྱོད་ཡུལ་ཐམས་ཅད་པོ་ཐར་བ་བྱང་ཆུབ་སྒྲུབ་པའི་ལམ་དེ་ལས་མ་འདས་པ་ཞིག་བྱེད་དགོས་སོ། །དེ་ཡང་ཉིན་ཞག་ཕྲུགས་གཅིག་ལ་མཚོན་ན། ཆུ་ཚོད་ཉི་ཤུ་རྩ་བཞིའི་ནམ་གྱི་ཆ་སྟོད་སྨད་གཉིས་ཉིན་གྱི་སྔ་ཕྱི་དྲོ་གཉིས་དང་དགུང་གཉིས་དང་ཐུན་དྲུག་གམ་དེ་ལྟར་མ་ནུས་ན་ཉིན་མཚན་གྱི་ཐུན་བཞིའི་རྣལ་འབྱོར་ལས་མི་འདའ་བར་བརྩོན་འགྲུས་ཆོས་ཕྱོགས་སུ་བརྩམ་དགོས་པས། །བསམ་གཏན་དང་ཆོས་སྤྱོད་ལ་ཅི་ནས་ཀྱང་བརྩོན་པ་དང་། །དུས་རྒྱུན་དུ་མི་རྟག་འཆི་བ་ནམ་ཡོང་ཆ་མེད་ཀྱི་འདུ་ཤེས་དང་མི་འབྲལ་བའི་ཐོག་ནས་དཀོན་མཆོག་གསུམ་པོ་རྟག་ཏུ་དྲན་པ་ལ་སོགས་པའི་སྤྱོད་ཡུལ་ཡོངས་སུ་དག་པའི་སྤྱོད་པ་ལ་སྤྱོད་བཞིན་དུ། རང་གིས་རང་ལ་བརྟགས་ཤིང་དཔྱད་ནས་རང་སྐྱོན་ངན་པ་དེ་མཚང་ནས་འདོན། ཡུལ་ནས་ཕུད། གཞན་སྐྱོན་མཐོང་བའི་དུས་སུ་རང་སྣང་འཁྲུལ་བ་རེད་བསམ་ནས། གཞན་གྱི་ཡོན་ཏན་ལ་རྗེས་སུ་ཡི་རངས་བྱེད་པ་དང་སྐྱེས་བུ་དམ་པ་རང་ལས་ལྷག་པ་རེ་བསྟེན་ནས་གོང་དུ་བཀུར་རྒྱུ་དང་ནི། ནམ་ཡང་སྡིག་པའི་གྲོགས་པོ་དང་མི་འགྲོག་པར་དེའི་དབང་དུ་མི་འགྲོ་བར་བྱེད་པ་དང་། དེ་ལྟ་བུའི་དམ་པའི་ཆོས་ལམ་ནས་ཚེ་འདིར་སྒྲུབ་པ་ཉམས་ལེན་གྱི་འབྲས་བུ་ཐོབ་པ་ཞིག་བྱེད་བསམ་ན། དབེན་པའི་གནས་དམ་པ་གོང་མའི་སྒྲུབ་པའི་གནས་ཤིག་ཏུ་སོང་སྟེ། ཐོས་བསམ་སྒོམ་པས་རང་གི་རྒྱུད་སྦྱངས་ནས་ཅི་བྱེད་དམ་པའི་ཆོས་ལ་འགྲོ་བ་ཞིག་གི་ཐོག་ནས། སེམས་ཉིད་ཀྱི་དབྱིངས་ལ་ལྟ་བའི་རྫོང་བཅས་ནས་གནས་ལུགས་འཕོ་འགྱུར་བྲི་གང་དང་བྲལ་བའི་ངང་དུ་མཉམ་པར་འཇོག་དགོས་སོ། །དེ་ལྟར་བྱས་ནས་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་མིག་ཡོར་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་སྤྲུལ་བ་བཞིན་དུ་སྣང་དུས་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ། གཟུང་འཛིན་དང་བྲལ་བའི་གསལ་སྣང་མཁའ་ལྟར་དག་ནས་སྤྲོས་པ་ཐམས་ཅད་ཞི་བ་མ་སྐྱེས་མ་འགགས་མི་གནས་འགྲོ་འོང་བསམ་བརྗོད་དང་བྲལ་བ་བསམ་འདས་བརྗོད་མེད་བྱང་ཆུབ་སེམས་ཀྱི་ངང་དེར་ཟབ་མོ་འཕགས་པའི་སྤྱོད་ཡུལ་ལ་བླ་མའི་ལུང་བཞིན་དུ་མཉམ་པར་བཞག་ན་ཡོན་ཏན་གྱི་ཚོགས་ཟད་མི་ཤེས་པ་ཞིག་མ་འབད་ལྷུན་གྱིས་གྲུབ་པ་ཡིན་ནོ། །འུ་ཚོ་སོ་སོའི་སྐྱེ་བོ་ཐ་མ་པ་ལ་མཚོན་ན་རྣམ་རྟོག་གི་སྤྲོས་པ་ཡུལ་ཐོག་ཏུ་འཕྲོ་བའི་བློ་ངན་གོམས་ཀྱི་བག་ཆགས་དེ། ཤོག་དྲིལ་དྲིལ་ལམ་དུ་རྒྱུག་པ་དང་འདྲ་བར་ཐོག་མེད་ནས་གོམས་སོང་བ་ཡིན་པས། ད་གཟོད་ནས་དྲན་ཤེས་ཀྱི་སྒྲོག་གིས་སྡོམ་དགོས་ན་གོ་རར་མ་འདུས་པའི་ཚུགས་ཀས། སྒོམ་པ་བས་ཀློག་འདོན་ཞིག་གི་སླ་བ་ལྟ་བུ་དང་། ཕྱག་སྐོར་སོགས་ལས་རྒྱུ་ཞིག་གི་སླའོ་སྙམ་པ་ལྟ་བུ། ལས་དང་པོ་བ་ལ་ཡོང་སྲིད་པ་ཡིན་ཡང་། རིམ་གྱིས་རིམ་གྱིས་གོམས་ནས་ཇེ་སླ་རུ་འགྲོ་བ་ཡིན་ཏེ། མ་མྱོང་བ་དེ་ཐོག་མར་དཀའ་སྣང་ཤར་བ་ནི་དངོས་པོ་ཐམས་ཅད་ཀྱི་ཆོས་ཉིད་ཡིན་པའི་ཕྱིར། དེས་ན་ཞི་ལྷག་ཟུང་འཇུག་གི་བསམ་གཏན་ལ་གོམས་ན་བར་ཞིག་ལ་དེའི་ངང་ནས་སེམས་ཕྱིར་འཕྲོས་ནས་ཐ་མལ་གྱི་རྣམ་རྟོག་ཤར་ཁ་མི་ཉན་པ་ཞིག་ཡོང་རྒྱུ་ཡོད་པ་རེད། སྤྱིར་ན་རང་གཞན་སུ་ཡིན་ཡང་འདོན་སྒོམ་ཞིག་གི་དུས་སུ་གཉིད་ལོག་བྱེད་པའམ་ཡང་ན་སེམས་ཡུལ་ཐོག་ཏུ་འཕྲོས་ནས་མི་འཁྲུལ་དགུ་འཁྲུལ་དུ་འཁྲུལ་འགྲོ་བ་ཞིག་རེད་ཀྱང་། སེམས་གནས་ཀྱི་བསམ་གཏན་སྒོམ་དུས་ཡིན་གཅིག་མིན་གཅིག་རྣམ་རྟོག་དགག་དགོས་པ་ཞིག་ཅི་ལ་ཡིན། མི་གསོན་པོ་སེམས་ཡོད་ཀྱི་སེམས་རྣམ་རྟོག་མི་ཤར་བ་ཞིག་གང་ན་སྲིད། རྫོགས་པ་ཆེན་པོ་སྒོམ་པའི་སྐབས་སུ་རྣམ་རྟོག་ཁོག་ཤོག་གསུངས་མེད་ཅིང་། དེ་མ་ཤེས་ནས་རྣམ་རྟོག་དགག་ས་ནས་སྲོག་ལ་རླུང་ཞུགས་ནས་འགའ་རེ་སྒོམ་སྨྱོན་དུ་འགྲོ་བཞིན་འདུག་པས་དེ་འདྲ་རེད་འགྲོ། རྣམ་རྟོག་ཤར་མ་ཆོག་ན་གང་ཤར་རང་གྲོལ་གསུངས་དོན་ཡོད་པ་མ་ཡིན། ཤར་མ་ཆོག་དུས་ཅི་ཞིག་གྲོལ་ཡོང་སྟེ་དེས་ན་གྲོལ་ཡོང་རྒྱུ་ཞིག་ཡོད་པ་མ་ཡིན། བུད་ཤིང་མེད་པའི་མེ་ཞིག་ཁྱེར་ཤོག་ཅེ་ན་དེ་ནི་བཙན་གཏམ་བཤད་པ་ཡིན་པ་དང་འདྲའོ། །དེས་ན་དུས་རྒྱུན་དུ་ཁ་ཏོན་དགེ་སྦྱོར་སྔོན་འགྲོ་ཡི་སྐབས་ལ་སོགས་པ་ཐམས་ཅད་ལ་ཡེངས་འབྱམས་འཁྲུལ་བའི་དབང་དུ་མི་ཤོར་བའི་དྲན་པ་ཞིག་བསྟེན་ནས་དྲན་པ་སྒོམ་གྱི་ངོ་བོ་རུ་གྱུར་ནས་བསྐྱེད་རིམ་རྫོགས་རིམ་ལ་སོགས་པ་ཉམས་ལེན་གང་ཡིན་ཡང་དེ་དང་སྦྱར་ནས་གྲིམ་ལྷོད་རན་པོ་བྱེད་པ་ནི་གནད་ཀྱི་མན་ངག་ཡིན། དེ་ལྟ་བུའི་ཡེངས་མེད་ཞེན་པ་དང་བྲལ་བ། བསྒོམ་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་པ་ལ། ཡེངས་སུ་སྐད་ཅིག་ཀྱང་མི་འགྲོ་བའི་བརྩོན་འགྲུས་གཞུ་བདུང་བ་འདྲ་བ་ཞིག་གི་སྟེང་ནས་མི་ཚེའི་ཉི་མ་དོན་ལྡན་མཛད་དགོས་པའི་དྲན་སྐུལ་ཞུས་པ་དང་ཆབས་ཅིག་ཏུ། སྐབས་འདིར་གང་ཞིག་གསན་པར་བྱ་བ་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེའི་སྙིང་པོའི་གནས་གསུམ་གསལ་བར་བྱེད་པ་ཚིག་དོན་རིན་པོའི་མཛོད་འདི་ཉིད་འཆད་ཉན་བགྱི་བའི་སྐབས་ལས་རྡོ་རྗེའི་གནས་བཅུ་བ་བར་དོ་བཤད་པའི་སྐབས་ལས་འགའ་ཞིག་སོང་ནས།

༼༤༽ ཡེ་ཤེས་ལྷུན་གྲུབ་ལ་ཐིམ་ཚུལ་བསྟན་པ།

བཞི་པ་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་སྣང་བ་བསྟན་པ་ལ་གཉིས་ཏེ། ལྷུན་གྲུབ་ཀྱི་འཆར་ལུགས་དང༌། ཐིམ་ལུགས་སོ། །དང་པོ་ནི་ཡེ་ཤེས་ཀྱི་སྣང་བ་དེ་དག་སྟེང་གི་འོད་ཟླུམ་དེ་ལ་འདུས་ནས་རང་དང་དབྱེར་མེད་པའི་ངང་ལས་རང་ས་སྟེང་གི་ཆ་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་མེད་པ་ལྟ་བུའི་ངང་ལས་འོག་ཏུ་ཁྲོ་བོའི་ཞིང་དང༌། ཞི་བའི་ཞིང་དང་རང་བཞིན་སྤྲུལ་པའི་ཞིང་དང༌། འོག་ན་མ་དག་པ་འགྲོ་དྲུག་གི་ཞིང་སྣང་གཟུགས་བརྙན་ལྟ་བུ་རྣམས་དུས་གཅིག་ལ་འཆར་ཏེ། དེ་ཡང་ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད་པ་ལ་སོགས་པའོ། །འདིའི་དུས་སུ་དར་ཅིག་རང་རིག་ཀ་དག་གི་ས་ལ་གནས་པ་སྟེ་རང་ངོ་ཤེས་ནས་དེའི་ངང་ལས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་སོང་པ་ལས་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེ་ནས་རང་གི་ཤེས་པ་སྟེང་གི་འོད་ལ་ཐིམ་པས་ཤར་ལུགས་བརྒྱད་ཉམས་སུ་མྱོང་བའོ། །དེའི་ཚེ་འོག་གི་ལོངས་སྐུ་ཁྲོ་བོའི་སྣང་བ་རྣམས་ཀྱང་མཐོང་བར་འགྱུར་རོ། །ཤར་ལུགས་བརྒྱད་གང་ཞེ་ན། ཐུགས་རྗེ་ལྟར་ཤར་བས་འཁོར་འདས་རྒྱ་མ་ཆད། འོད་ལྟར་ཤར་བས་སྣང་བ་ཐམས་ཅད་ནང་ན་གསལ། སྐུ་ལྟར་ཤར་བས་ཤེས་བྱའི་ཁ་ཕྱིར་མ་ཤོར། ཡེ་ཤེས་ལྟར་ཤར་བས་སྣང་བ་ཐམས་ཅད་ཟང་ཐལ། གཉིས་མེད་ལྟར་ཤར་བས་རང་གི་ཤེས་པ་རྩེ་གཅིག་ཏུ་གནས། མཐའ་གྲོལ་ལྟར་ཤར་བས་མཐའ་གང་ལའང་མི་གནས། མ་དག་པའི་འཁོར་བའི་སྒོ་ལྟར་ཤར་བས་སྲིད་པའི་བྱུང་ཁུངས་མ་འགགས། དག་པ་ཡེ་ཤེས་ཀྱི་སྒོ་ལྟར་ཤར་བས་ཆོས་ཉིད་དུ་འབྲེལ་བའོ། །དེའི་ཚེ་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་ཐབས་མཆོག་ཏུ་དྲན་པར་བྱའོ་ཞེས་སོ། །ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་སྐབས་འདིར། ཤར་ལུགས་དྲུག་དང་སྒོ་གཉིས་ཀྱིས་བརྒྱད་དུ་སྣང་བ་ནི་གོང་འོག་གི་ཚུལ་དུ་སྣང་སྟེ། སྟེང་ན་ཀ་དག་གི་སྣང་བ་ནམ་མཁའ་སྤྲིན་བྲལ་གཡའ་དག་པ་ལྟ་བུ། དེའི་འོག་ཏུ་ལོངས་སྐུ་ཁྲོ་བོའི་དཀྱིལ་འཁོར་རྒྱ་ཆེ་ལྷུན་སྟུག་གི་རང་བཞིན། དེའི་འོག་ན་ལོངས་སྐུ་ཞི་བའི་སྣང་བ་འོད་གསལ་ལ་བཀོད་ལེགས་པ། དེའི་ཕྱོགས་མཚམས་དག་ན་རང་བཞིན་སྤྲུལ་བའི་ཞིང་སྣང་ཡིད་དུ་འོང་ལ་ལྟ་ན་སྡུག་པ། འོག་ན་འགྲོ་དྲུག་འཁྲུལ་བའི་སྣང་བ་འདུལ་བྱེད་སྟོན་པ་དང་བཅས་པ། དེ་ཐམས་ཅད་ཀྱང་རང་སྣང་དུ་གཟུགས་བརྙན་ལྟར་སྣང་དུས། ངོ་མ་ཤེས་ན་གཞན་ལྟར་སྣང་བའོ། །འདི་དག་ཀྱང་སྔར་ངོ་མ་ཤེས་ནས་འཁྲུལ་ཏེ་ཡོང་སའི་གཞི་སྣང་རྣམས་དུས་འདིར་ཤར་བས། འདིའི་སྐབས་སུ་དཔག་ཆེན་གྱི་མདའ་ཚུར་མི་ལྡོག་པ་ལྟ་བུའི་གདམས་ངག་དྲན་དགོས་སོ། །ནང་དབྱིངས་ཀ་དག་ཟང་ཐལ་སྐད་ཅིག་གིས་རྟོགས་ཏེ། ཕྱིས་ལུས་བླངས་ནས་ལུས་སུ་མི་ལྡོག་པའི་གདམས་པ་གནད་ཆེ་སྟེ། འདིའི་དུས་སུ་དང་པོ་རང་སྣང་ཡིན་པར་རང་ངོ་ཤེས་ནས་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟ་བུའི་རང་སྣང་ལ་ཐེ་ཚོམ་མི་ཟ་བར་ཡིད་ཆེས། དེ་ནས་མི་འགྱུར་བ་གསེར་གྱི་ཐུར་མའི་དཔེས་ཡིད་ཆེས་ཐོག་དེ་ནས་གཞན་དུ་མི་གཡོ་བ་བརྩོན་པ་བསྐྱེད་ནས་རང་ཉིད་ཀྱིས་བཙན་ས་གཟུང་བ་གནད་ཆེ་ཞིང་། དེའི་ཐོག་ནས་གོང་དུ་བཤད་པའི་དཔག་ཆེན་གྱི་མདའ་ཕྱིར་མི་ལྡོག་པའི་དཔེས་བཙན་ས་བཟུང་བའི་གཤིས་མི་འགྱུར་བ་དེའི་ཐོག་དེར་མི་གཡོ་བར་བཞག་པས་གྲོལ་བའོ། །ཚུར་བསྡུས་ན་རང་ངོ་ཤེས། བྱེ་བྲག་ཕྱེད། ཕྱེད་ཐོག་ནས་གྲོལ་བ་དེ་དག་ཡིན་ནོ། །དེ་ལྟར་ཀ་དག་གི་རིག་པ་ལ་འཆར་བྱེད་བརྒྱད་དུ་ཡེ་ནས་ཡོད་པའི་ཕན་ཡོན་གྱིས་སྐུ་དང༌། ཡེ་ཤེས་དང༌། ཐུགས་རྗེ་དང༌། ཡོན་ཏན་དང༌། འཕྲིན་ལས་ཤར་ནས་རང་བཞིན་གྱི་དོན་འབྱུང་བ་སྟེ། འཆར་ཚུལ་གྱི་ཆ་འདི་རྣམས་མེད་ན་རིག་པ་སྟོང་ཆད་དམ་འཁོར་འདས་འབྲེལ་ཐག་ཆད་པས་ཐུགས་རྗེས་དོན་མཛད་པ་གཏན་ནས་མི་འབྱུང་ལ། འཁོར་འདས་གཉིས་ཀ་ལྟེ་ཆད་ཅེས་པའི་གོ་དོན་ནོར་བས། མྱང་འདས་ཡར་ཆད་པ་དང་། འཁོར་བ་མར་ཆད་པར་བཟུང་ནས། མྱང་འདས་ནི་གཏན་དུ་མྱང་འདས་དང་། འཁོར་བ་ཡང་གཏན་དུ་འཁོར་བ་ཡིན་པས། སེམས་ཅན་འཁྲུལ་བས་མ་འཁྲུལ་བའི་ལམ་སྒོམ་ཞིང་འབྲས་བུ་སྡུག་བསྔལ་དང་འབྲལ་དུ་མེད་པར་གོ་བ་ཡོད་ཀྱང་། འཁོར་འདས་སུ་སྣང་བ་འདི་རིག་པའི་སྣང་ཚུལ་ཙམ་ཡིན་པས་གྱེས་གཞི་གཅིག་ཡིན། དེ་ཡང་མ་འདྲེས་ཤིང་འབྲེལ་བར་གྲུབ་པ་ཞེས་པ་སྟེ། གཞི་ལ་འཁྲུལ་བ་མེད་ཀྱང་འཁྲུལ་བ་གཞི་ལ་ཡོད་པའི་གོ་བ་དང་ཕྱོགས་འདྲའོ། །འཁོར་འདས་རང་ངོར་སྣང་བའི་ཆ་འདི་རྣམས་ཀྱང་ད་ལྟ་སུ་ལའང་སྣང་བར་མི་རིགས་པ་ལས་ལྷུན་གྲུབ་ཀྱི་འཆར་ཚུལ་མ་འགགས་པའི་ཡོན་ཏན་ཡིན་ནོ་ཞེས་བཤད་པ་ནི། རིན་པོ་ཆེ་སྤུངས་པ་ལས། ལྷུན་གྲུབ་འཆར་བྱེད་མ་འགགས་པས། །སྣ་ཚོགས་སྣང་བའི་རང་བཞིན་ནི། །ཡོན་ཏན་ཆེན་པོ་རྣམས་སུ་སྣང༌། །འཆར་བྱེད་སྒོ་རྣམས་བརྒྱད་ལས་ཀྱང༌། །ཡོན་ཏན་བརྒྱད་ཀྱི་ཚུལ་དུ་ཤར། །རིགས་དྲུག་འབྲོས་ཁུང་རང་བཅད་ནས། །འཁོར་བར་དཔྱང་ཐག་ཆད་པ་རྣམས། །སྙིང་རྗེའི་ཞགས་པས་གཟུང་བའི་ཕྱིར། །སྐྱེ་བཞིའི་གཟུགས་ཀྱིས་སེམས་ཅན་ལ། །ཐུགས་རྗེ་ཆེན་པོ་ཉིད་དུ་སྣང༌། །འཁོར་འདས་རང་འབྲེལ་ཡོན་ཏན་དུ། །གཉིས་ཆ་འདྲེས་པའི་ཚུལ་དུ་སྣང༌། །འདི་མེད་འཁོར་འདས་ལྟེ་ཆད་པས། །རྟོགས་པ་མེད་པའི་སྐྱོན་འགྱུར་བས། །ཡོན་ཏན་འབྱུང་ཚུལ་འདི་ཙམ་མོ། །སངས་རྒྱས་ཀུན་གྱི་རང་ཡུལ་ལ། །ལུས་དང་གྲིབ་མ་ཇི་བཞིན་དུ། །སྣང་བའི་འོད་ལྔས་ཁྱབ་པའི་ཕྱིར། །ནང་གི་སྣང་ཆ་རང་གསལ་བར། །འོད་ལྔའི་ཚུལ་གྱིས་འཆར་སྒོ་ལས། །ཡོན་ཏན་གསལ་བྱེད་ཕྱིར་མ་ཤོར། །འདི་མེད་སེམས་ཅན་རང་འོད་དང༌། །རྒྱ་ཆད་གུད་དུ་བཅད་པར་འགྱུར། །ཟུང་འཇུག་འཆར་བྱེད་འབྲེལ་བའི་ཕྱིར། །རང་སྣང་ཡོན་ཏན་ཆེན་པོར་འབྱུང༌། །ལུས་ཀུན་གཅིག་ཏུ་དྲིལ་བའི་ཕྱིར། །སྐུ་གསུམ་གཅིག་ཏུ་གནས་པས་ན། །ངོ་བོ་སྐུ་ཡི་རང་བཞིན་དུ། །རང་སྣང་གང་དུ་མི་འབྱེད་པས། །ངོ་བོ་གསལ་བྱེད་སྐུ་ལྟར་ཤར། །འདི་མེད་ངོ་བོ་མི་རྙེད་པས། །ལུས་ཀུན་རྫོགས་པའི་སྐུ་ལྟར་སྣང༌། །དེ་ཀུན་ཐ་དད་མ་ཡིན་པར། །གཉིས་མེད་མཉམ་པར་གནས་པས་ན། །འབྱེད་མེད་གཉིས་སུ་མེད་པ་ཡི། །སྣང་བ་ཕྱི་དང་ནང་ཀུན་དུ། །ཁྱབ་བྱེད་ཆེན་པོའི་ཚུལ་དུ་ཤར། །འདི་མེད་རང་ངོ་ཐ་དད་པས། །འཁོར་འདས་འདྲེས་པའི་མཚམས་མི་སྦྱོར། །རང་ས་ཉིད་ལས་མི་གྲོལ་བས། །སྒྱུར་ཟློག་མེད་པའི་སྐྱོན་འགྱུར་པས། །སྣང་བྱེད་ཡོན་ཏན་ཚུལ་དུ་ཤར། །ཤེས་བྱ་ཀུན་ལ་རང་ཁྱབ་པས། །བཞི་སྦྱོར་ཆེན་པོའི་སྣང་བར་ནི། །འཁོར་འདས་འབྲེལ་བའི་ལམ་དུ་སྣང༌། །འདི་མེད་གཞི་ལམ་མི་འབྱོར་བས། །ཡེ་ཤེས་བཞི་ཡི་ལམ་ཉིད་དུ། །སེམས་ཅན་རྣམས་ཀྱི་གསང་ལམ་དུ། །སྣང་བ་བཞི་ཡི་ཚུལ་དུ་ཡང༌། །ཅིག་ཅར་བ་དང་རིམ་གྱིས་སུ། །དབང་པོའི་སྒོ་རྣམས་ཡོད་བཞིན་སྣང༌། །མཐའ་བཞིའི་དྲི་མ་ལས་འདས་པའི། །འཆར་བྱེད་ཡོན་ཏན་མ་འགགས་པར། །མཐའ་གྲོལ་ཆེན་པོའི་སྣང་ཚུལ་དུ། །ལྷུན་གྲུབ་རང་རྫོགས་ཆེན་པོ་ལས། །ངེས་པའི་ཀ་དག་ལ་སྤྱོད་ཕྱིར། །མཐའ་དང་བྲལ་པའི་ཡེ་ཤེས་སུ། །འདི་ཉིད་རང་བྱུང་རང་ཤར་བས། །མཐའ་ལས་གྲོལ་བར་སྣང་བ་ནི། །ངོ་བོ་ཉིད་དང་འབྲེལ་པར་སྣང༌། །འདི་མེད་ངེས་པ་མི་ཐོབ་པས། །རྒྱུ་འབྲས་བཟློག་པའི་སྐྱོན་འགྱུར་བས། །མཐའ་གྲོལ་ཉིད་དུ་ཡང་དག་སྣང༌། །ཡོན་ཏན་འཆར་ཚུལ་མ་འགགས་པས། །འཁོར་བ་བསྐྱེད་བའི་བྱུང་ཁུངས་སུ། །མ་དག་པ་ཡི་འཆར་སྒོ་ལྟར། །བྱུང་ཚུལ་འགག་པ་མེད་པར་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །དེ་ཕྱིར་མ་དག་འཁོར་བའི་སྒོ། །སྲིད་པ་རྣམས་ཀྱི་རྒྱུ་སྲང་དུ། །སྣང་བ་འགགས་མེད་ཚུལ་དུ་ཤར། །འདི་མེད་འཁྲུལ་པ་མིང་མེད་པས། །མ་དག་འཁོར་བའི་སྒོ་ཞེས་བསྟན། །ཐོད་རྒལ་ཡེ་ཤེས་ཡོད་པས་ན། །དག་པ་ཉིད་ཀྱིས་དག་པ་མཚོན། །འཆར་བྱེད་སྣང་བ་སོ་སོའི་ལམ། །དག་པ་ཡེ་ཤེས་ཆེན་པོའི་སྒོ། །ཟང་ཐལ་རྣམ་པ་གསུམ་དུ་ཤར། །འདི་མེད་རང་རྩལ་མི་རྫོགས་པས། །དག་པ་ཡེ་ཤེས་ཆེན་པོའི་སྒོར། །ངོ་བོ་ཀ་དག་རྟོགས་ཕྱིར་ཤར། །ཞེས་སོ། །འདི་དག་གི་གནད་ལ་བསམས་པས་འཁོར་འདས་རིག་པའི་ངོ་ལ་སྣང་ཚུལ་རིག་པ་ལས་གྱེས་ཚུལ། རིག་པར་ཟློག་ཚུལ། རིག་པ་འཁོར་འདས་དང་མ་འདྲེས་ལ་འབྲེལ་བར་སྣང་བ་རྨི་ལམ་ལྟར་རྟོགས་པ་སྟེ། དག་པ་དང་མ་དག་པ་སོ་སོའི་ཆ་མ་འདྲེས་པར་སྣང་བའི་འཐད་པ། ཆོས་སྐུ་ལས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་འབྱུང་ཚུལ། སེམས་ཅན་ལ་ཐུགས་རྗེས་འཇུག་ཚུལ། རང་ངོ་ཆོས་སྐུ་ལས་མི་གཡོ་བའི་ངང་ནས་སྐུ་དང་ཡེ་ཤེས་སུ་སྣང་ཚུལ་ལ་སོགས་པའི་ཆིངས་རླབས་པོ་ཆེ་རྣམས་གོ་རྒྱུ་ཡོད་པའི་རྩ་བ་འདི་ན་ཡོད་པས། ཤེས་རབ་ཀྱི་མིག་ཡོད་པས་ཞིབ་མོར་གཟིགས་པར་མཛོད་ཅིག ཁོ་བོས་ཀྱང་འདི་ལས་སྙིང་ཏིག་གི་གནས་ངེས་པ་རྣམས་རྙེད་པ་ཡིན་ནོ། །འདི་ནི་ཟབ་གནད་ཡིན་པས་ལེགས་པར་དཔྱོད་ཅིག་ཅེས་པའོ། །ཀུན་མཁྱེན་འཇིགས་གླིང་གིས་ཡེ་ཤེས་བླ་མའི་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྐབས་སུ་ཡང་འདིའི་ཐད་ཀྱི་ཚིག་དོན་མཛོད་ཀྱི་ལུང་འདི་དྲངས་ཤིང་། ཉིད་ཀྱི་ཞལ་ནས། རང་བཞིན་ལེགས་པར་འདོམས་པའི་དོན་ལ་རྟོག་པ་དེང་སང་ཡང་སྲིད་ན་རྫོགས་པ་ཆེན་པོའི་བསྟན་པ་ཉི་ཞུར་ཙམ་གནས་སོ་སྙམ་ནས་དང་བ་སྟོན་པ་ལ་མཆོག་ཏུ་སྤྲོའོ། །ཞེས་གསུངས་པའི་དོན་ནི་འདིའི་དོན་ལ་སེམས་པ་རེ་ཡོད་ན་རྫོགས་པ་ཆེན་པོའི་བསྟན་པའི་མཇུག་མ་རྫོགས་པར་སྤྲིན་མཐོངས་ཉི་མའི་གསལ་མདའ་ཙམ་ཞིག་ས་དེར་ཡོད་པའི་རྟགས་སོ་དགོངས་ནས་ཁོང་གིས་དང་བ་སྟོན་པ་ལ་དགའ་སྤྲོ་མཛད་ཀྱིན་ཡོད་ཅེས་པའོ། །རང་རེ་ཡང་དེའི་རྗེས་སུ་ཞུགས་པས་རྒྱལ་བ་གོང་མ་མཉེས་པའི་ཐབས་མཆོད་པའི་མཆོག་ཏུ་འགྱུར་གྱིན་འདུག་སྙམ་ནས་དང་བ་བསྐྱེད་པ་དང་། ཐོས་བསམ་འཆད་ཉན་བྱེད་པ་དེ་ཡང་། ཡིག་ནག་ཤར་འདོན་གྱི་རྟ་རྒྱུག་དར་ཤུད་མ་ཞིག་གིས་རྒྱུ་མཚན་ཅི་ཡང་མེད་པར་ཐུགས་རྗེ་མ་ཆུང་ཟེར་བ་དང་། ཚིག་སྐམ་སྟོང་བཤད་ཀྱི་ཐ་སྙད་ཁ་ཤས་གང་ཡིན་སར་ལྷན་པོ་ལྟར་རྒྱག་པའི་ཕྱོགས་གཉིས་སུ་མ་ལྷུང་བར་སྙིང་ཐིག་སྙིང་པོའི་ཆོས་ཀྱི་གནད་ངེས་པར་གསང་བའི་སྙིང་པོའི་དོན་འདི་དག་ལ་གོ་བ་དཔྱིས་ཕྱིན་པ་གནད་ཐོག་དུ་འཁེལ་བ་རེ་ཨེ་ལོན་བལྟ་དགོས་སོ། །ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་ལུགས་དང་འཆར་ལུགས་འདི་ཚོ་ཡུལ་རང་མཚན་པ་བརྒྱད་དུ་མི་གཟུང་བ་ནི། ཀུན་མཁྱེན་འཇིགས་གླིང་གིས་དབང་པོ་དྲུག་ལ་རྣམ་ཤེས་གཅིག་ཐ་དད་པར་འཇུག་པའི་དཔེར་བྱས་ཏེ། འདིའི་འཆར་ལུགས་བརྒྱད་དུ་སྣང་བ་འདི་ཡང་འཁོར་འདས་སོ་སོའི་འཇུག་ལྡོག་རིག་པ་དང་མ་འདྲེས་ཤིང་འབྲེལ་བར་ལྟར་དུ་གནས་པའི་མཚང་འདི་ཤེས་ན་འཁོར་འདས་གཉིས་ཀ་རིག་པའི་ངོ་ཁར་སྣང་ཆོག་པ་ཡིན་ལ། འཁོར་འདས་གཉིས་ཀ་དང་པོའི་གྱེས་གཞི་རིག་པ་གཅིག་གི་ཐོག་ནས་གྱེས་པ་ཡིན་པ་དང་། སླར་ཡང་ལྷུན་གྲུབ་སྒོ་བརྒྱད་ཤར་བའི་སྐབས་སུ་རང་སྣང་དུ་རང་ངོ་ཤེས་ནས་ཐེ་ཚོམ་མེད་ན་གཞི་སྣང་རིག་པ་ཀ་དག་གི་ཐོག་ཏུ་ལྡོག་ཚུལ་ཤེས་དགོས། དེ་ཡང་གནས་སྐབས་ཀྱི་གཞི་མཐར་ཐུག་གི་གྲོལ་གཞི་རུ་ཐིམ་པའི་ཕྱོགས་ལ། གཞི་སྣང་ནས་གྲོལ་དང་། གཞི་ཐོག་ནས་གྲོལ་ལ་སོགས་པ་དཀའ་བའི་གནད་དེ་དག་རང་ཤུགས་ཀྱིས་ཐག་ཆོད་པ་ཡིན་ནོ། །ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་འདི་འཁོར་འདས་འབྲེལ་བའི་ལམ་ཡིན་པ་ཤེས་དུས་རིག་པ་འཁོར་འདས་དང་མ་འདྲེས་ལ་འབྲེལ་བར་སྣང་བ་དཔེར་ན་རྨི་ལམ་ལྟར་རྟོགས་པ་ཡིན་པས་དག་དང་མ་དག་གི་ཆ་སོ་སོར་མ་འདྲེས་ནས་སྣང་ཆོག་པའི་འཐད་པ་རང་ཤུགས་ཀྱིས་གྲུབ་པ་སྟེ། ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ། རང་བཞིན་གསལ་བ་ལོངས་སྐུ་དང་། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ་གཟུགས་སྐུ་གཉིས་འཕྲིན་ལས་དང་བཅས་པ་བྱུང་ནས་སེམས་ཅན་གྱི་དོན་མཛད་ཚུལ། རང་ངོ་ཆོས་སྐུ་ལས་གཡོ་མི་དགོས་པར་སྐུ་དང་ཡེ་ཤེས་ཀྱི་སྣང་ཚུལ་བསམ་གྱིས་མི་ཁྱབ་པ་སྣང་ཆོག་ལུགས་ཀྱི་ཆིངས་མང་པོ་ཞིག་གི་མདོ་མདུད་འདི་གཅིག་བཤིག་ན་སྒྲོག་མང་པོ་ཁྲོལ་བ་ཡིན་ནོ། །འདིའི་སྐབས་སུ་དར་ཅིག་རིག་པ་ལྷུན་གྲུབ་ལ་ཐིམ་ཟིན་པའི་རང་དུས་དེར། དེ་ནས་ཕྱིར་མི་ལྡོག་པ་རྒྱལ་པོ་ཕོ་བྲང་གི་ནང་ན་འདུག་པ། སྒོར་མ་ཐོན་པ་བཙན་ས་འཛིན་པ་གལ་ཆེ་བའི་མན་ངག་གཅེས་སོ། །དེའང་ད་ལྟའི་སྐབས་སུ་འོད་གསལ་གྱི་སྣང་བ་ལུ་གུ་རྒྱུད་དང་བཅས་པའི་གདངས་ངོས་ཟིན་པའི་ངང་དེར་མི་གཡོ་བར་མཉམ་པར་བཞག་ནས་དེ་ལས་ཕྱིར་མི་ལྡོག་པ་ཐོད་རྒལ་གྱི་ཉམས་ལེན་ལ་འདྲིས་ནས་བརྟན་པ་ཐོབ་བཅུག་ན་དེའི་དུས་སུ་བརྟན་པ་ཐོབ་པ་ལ་ཕན་པ་ཆེའོ། །དེའི་སྐབས་སུ་ལུག་རྒྱུད་འཆར་བ་མ་ཡིན་ཏེ། ལུག་རྒྱུད་ཐིག་ལེ་དང་བཅས་པ་སྐུ་དང་ཁམས་སུ་སྨིན་པས། དངོས་སུ་ལུག་རྒྱུད་མི་སྣང་བ་ཡིན་ནོ། །འོན་ཀྱང་ད་ལྟའི་མཐོང་སྣང་དུ་འཆར་བ་འདི་ལུག་རྒྱུད་ཀྱི་སྣང་བ་ཡིན་པས། འདི་ལ་གོམས་ན་དེ་དུས་གོམས་ཆ་བརྟན་པར་ཕན་ནོ། །ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་འདིར་སྐྱེས་བུ་དེ་ལ་རྗེས་སུ་དྲན་པ་དྲུག མངོན་པར་ཤེས་པ་དྲུག མི་བརྗེད་པའི་གཟུངས། རྒྱུན་གྱི་ཏིང་ངེ་འཛིན་ཏེ། ཡོན་ཏན་གྱི་རྣམ་གྲངས་བཅུ་བཞི་འབྱུང་བ་ལས། བླ་མ་དྲན་ནས་རྗེས་འཛིན་ཤོག །ཡི་དམ་དྲན་ནས་ཞལ་མཐོང་ཞིང༌། །ལྟ་བ་དང་ནི་བསམ་པ་དང༌། །སྐྱེ་གནས་མན་ངག་དྲན་པར་ཤོག །ཅེས་པའི་རྗེས་སུ་དྲན་པ་འདི་དག་རྒྱུད་ལས་མངོན་ཤེས་ཀྱི་རྗེས་ལ་གསུངས་ཀྱང༌། འདིར་སྐྱེ་ཚུལ་གྱི་དབང་དུ་བྱས་ཏེ་སྔོན་ལ་བཤད་ན་སྔར་བླ་མ་དང་ཡི་དམ་གྱི་ལྷ་དང་མཁའ་འགྲོ་གསུམ་ལ་མཆོག་ཏུ་གང་མོས་དེ་འདིར་རང་སྣང་དུ་ཞལ་མཐོང་ནས་ལུང་སྟོན་པར་སྣང་བའོ། །དེའི་ཚེ་བླ་མའི་གདམས་ངག་རྗེས་སུ་དྲན་ནས་རང་རིག་གི་ལྟ་བ་རྗེས་སུ་དྲན་པ་ལས་སྒོམ་པའི་ལམ་རྗེས་སུ་དྲན་པ་མཉམ་པར་གཞག་པས་རང་གནས་ཀྱི་བསམ་གཏན་རྗེས་སུ་དྲན་པའི་ངང་ལ་ཞག་ལྔ་གནས་ནས་ཁ་ཅིག་དེ་ཉིད་དུ་གྲོལ་ལ། དབང་པོ་ཐ་མ་ཁ་ཅིག་སྐྱེ་གནས་རྗེས་སུ་དྲན་པས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པའོ། །དུས་དེར་གྲོལ་བ་རྣམས་ཀྱི་སྐྱེ་གནས་རྗེས་དྲན་གྱི་ཆ་ནི་ཀ་དག་གི་རང་སའོ། །འདིར་སྔར་འདྲིས་ཀྱི་མི་དང་གང་དུ་འཕྲད་ཀྱང་ཅར་ཕོག་ཏུ་ངོ་ཤེས་པ་ལྟར་རང་ངོ་ཀ་དག་གི་རང་ས་སྐད་ཅིག་ཅར་ཕོག་ཏུ་ཤེས་པའི་གདམས་པ་དྲན་པར་བྱ་སྟེ། ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་རྗེས་སུ་དྲན་པ་དྲུག་ཀྱང་འཆར་ཏེ། ལྷ་རྗེས་སུ་དྲན་པས་དེ་ཉིད་དུ་ཡི་དམ་ལྷའི་ཞལ་མཐོང་བ་དང༌། ལམ་རྣམས་རྗེས་སུ་དྲན་པས་བར་མ་དོའི་ཆོས་ཉིད་ལ་དབང་བསྒྱུར་བ་དང༌། སྐྱེ་གནས་རྗེས་སུ་དྲན་པས་དབང་པོ་ཐ་མ་རྣམས་རང་བཞིན་སྤྲུལ་པ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་པ་དང༌། བསམ་གཏན་རྣམས་རྗེས་སུ་དྲན་པས་ཞག་ལྔར་བསམ་གཏན་ལ་གནས་པ་དང༌། བླ་མའི་མན་ངག་རྗེས་སུ་དྲན་པས་རང་གི་སྣང་བ་རྣམས་དང་གཉིས་སུ་མེད་པར་སྤྱོད་པ་དང༌། ལྟ་བ་རྗེས་སུ་དྲན་པས་སྔར་འདྲིས་པའི་མི་ཕྱིས་ཕྲད་པ་ཙམ་གྱིས་ངོ་ཤེས་པ་ལྟར་བུའོ་ཞེས་སོ། །རྗེས་དྲན་ཞེས་པ་ནི་སྔར་རང་གིས་ལམ་གྱི་གནས་སྐབས་ནས་སྦྱངས་བ་དེ་ལྷུན་གྲུབ་ཀྱི་ཡོན་ཏན་ལས་སྐབས་འདིར་རྗེས་སུ་དྲན་ནས་དེའི་ནུས་པའི་རྩལ་རྫོགས་པའམ་ནུས་པ་ཐོན་པའི་ཚོད་ལ་ཐོན་པ་ཡིན། དེས་ན་རྗེས་དྲན་རྒྱུད་ལ་སྐྱེ་བ་སྔོན་རང་གི་བསོད་ནམས་དང་བླ་མའི་ཐུགས་རྗེས་དམ་པའི་ཆོས་ལ་ཞུགས་ནས་ཉམས་ལེན་གྱི་གོམས་པ་འདིར་དངོས་སུ་ཤར་བ་སྟེ། ད་ལྟའི་སྐབས་སུ་དབང་ཞུས་པའི་སྟོབས་ཀྱིས་དེ་དུས་དབང་གི་ཆུ་བོ་འབབ་པར་མཐོང་བ་དང་། བསྐྱེད་རིམ་བསྒོམས་པའི་སྟོབས་ཀྱིས་ལྷ་རྗེས་སུ་དྲན་པ་དང་། རྫོགས་རིམ་བསྒོམས་པའི་སྟོབས་ཀྱིས་ལམ་དང་། གདམས་ངག་དང་། བསམ་གཏན་དང་། ལྟ་བ་རྗེས་སུ་དྲན་པ་དང་། སྨོན་ལམ་བཏབ་པ་རྗེས་སུ་དྲན་པས་དབང་པོ་ཐ་མ་ཞིག་ཡིན་ཡང་རང་བཞིན་སྤྲུལ་བའི་ཞིང་ཁམས་དྲན་ནས་དེར་དབུགས་འབྱིན་པ་ཡིན་ནོ། །འདིའི་སྐབས་སུ་རང་ཉིད་ཀྱི་རྩ་བའི་བླ་མ་ལ་དད་གདུང་དྲག་པོ་ཡོད་པས་བླ་མ་དྲན་པའི་དེ་མ་ཐག་ཏུ་ནམ་མཁར་བྱོན་ཏེ། གདམས་པ་ངོ་སྤྲོད་པ་འབྱུང་བས་མི་གྲོལ་བ་མི་སྲིད་ལ། ཡི་དམ་ལ་མོས་པ་རྣམས་ལ་རང་གི་ལྷག་ལྷ་གང་ཡིན་པ་དེའི་ཞལ་མཐོང་བས་བག་ཆགས་ཀྱི་ལུས་འདི་མི་སྣང་སྟེ། ཡི་དམ་གྱི་ལྷའི་གཟུགས་སུ་སྒྱུ་ལུས་བཟུང་དུས། ལུང་བསྟན་པ་ཡང་འབྱུང་ངོ། །འདི་གཉིས་གཅིག་ཏུ་འདྲེན་ནས་རྗེས་དྲན་དྲུག་ཏུ་བརྩི་བ་ནི། ལྷའི་མཆོག་ཏུ་གྱུར་པ་བླ་མ་ཡིན་པས་བླ་མ་ཡི་དམ་གཉིས་ཀ་རྗེས་དྲན་གཅིག་ཏུ་བརྩིས་པའོ། །ལྷུན་གྲུབ་ཀྱི་སྐབས་འདིར་སྣང་བ་ཐམས་ཅད་རང་སྣང་ཡིན་པ་ལ་ངེས་ཤེས་ཁྱད་པར་ཅན་སྐྱེས་པའི་བསོད་ནམས་དེའི་སྟོབས་ཀྱིས། དེ་བཞིན་གཤེགས་པ་ཐམས་ཅད་སྟེང་གི་ནམ་མཁར་བྱོན་ནས་དབང་བསྐུར། མཆོད་པའི་ལྷ་མོ་མང་པོས་མེ་ཏོག་གི་ཆར་བ་ཕབ། བཀྲ་ཤིས་པའི་གླུ་གར་བྱེད་པའི་སྣང་བ་ཤར་ནས་གཞིའི་དབང་ཐོབ་པ་ཡིན་ལ། ལམ་རྗེས་དྲན་གྱི་སྟོབས་ཀྱིས་བར་དོའི་ཆོས་ཉིད་སྐུ་དང་ཡེ་ཤེས་འོད་དང་ཁ་དོག་ལ་སོགས་པ་ལ་དབང་སྒྱུར་ཐུབ་པ་དང་། སྐྱེ་གནས་རྗེས་དྲན་གྱི་སྟོབས་ཀྱིས། ཐ་མ་པ་ཡིན་ཡང་སྤྲུལ་སྐུའི་ཞིང་ཁམས་སུ་དབུགས་འབྱིན་ནས་སྐྱེ་བ་ལེན་ཐུབ་པ་དང་། བསམ་གཏན་རྗེས་དྲན་གྱིས་བསམ་གཏན་གྱི་ཞག་ལྔ་ལ་རང་བཞིན་གྱི་བསམ་གཏན་ལ་ངང་གིས་གནས་ཐུབ་པ་དང་། བླ་མའི་གདམས་པ་རྗེས་སུ་དྲན་པས་རང་ཆོས་ཉིད་ལ་སྤྱོད་ཐུབ་པ་དང་། ལྟ་བ་རྗེས་དྲན་གྱི་ཐོག་ནས་ཆོས་ཉིད་མངོན་སུམ་གྱི་ལྟ་བ་སྔར་མཐོང་བ་དེ། དུས་འདིར་ཡང་དུ་ངོས་ཟིན་ནས་སྔར་འདྲིས་ཀྱི་མི་དང་འཕྲད་པར་ལྟ་བུ་ཡོང་བ་ཡིན་ནོ། །དེ་ཇི་ལྟར་ཡིན་ན་འཁྲུལ་བའི་སྣང་ཐོག་ལ་མངོན་སུམ་གྱི་སྣང་བ་ཅོག་གཞག་བྱས་ནས་བཞག་པའི་གནད་ཀྱིས། འཁྲུལ་བ་འོད་གསལ་དུ་གྱུར་ནས་གཟུང་འཛིན་མེད་པའི་རིག་པ་ནང་ནས་གསལ་བས་དེ་ཡིད་དཔྱོད་མིན་པའི་ཆོས་ཉིད་ཀྱི་མིག་གིས་མཐོང་ནས་ལྟ་སྒོམ་གྱི་ཤུབས་ལས་གྲོལ་ནས་གཞི་ཀ་དག་གི་སར་བསྐྱལ་བས་སྣང་སེམས་ཞེན་འཛིན་ཐམས་ཅད་ཟད་སར་འཁྱོལ་བའི་དགོངས་པ་དེ་ལས་བྱུང་བའོ། །མངོན་ཤེས་དྲུག་ནི། རྒྱུད་དེ་ཉིད་ལས། དེ་ལྟར་ཤར་བའི་ཚེ་རིགས་ཀྱི་བུ་དེ་ལ་མངོན་པར་ཤེས་པ་དྲུག་འཆར་ཏེ་ཞེས་གསུངས་པས། དབང་པོ་དང༌། སེམས་ལས་སུ་རུང་བ་དང༌། ཤེས་རབ་ལ་དབང་བ་དང་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཆོས་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བ་དང༌། སངས་རྒྱས་ཀྱི་མཁྱེན་པ་ཕྱིན་ཅི་མ་ལོག་པར་མཐོང་བའི་མངོན་པར་ཤེས་པ་དྲུག་ཕྲག་དྲུག་རྣམས་འཆར་རོ། །འདི་དག་གི་རིམ་པ་རྒྱས་པར་དབྱེ་ན། དང་པོ་དབང་པོའི་མངོན་ཤེས་ལ་དྲུག་ལས། ཐོག་མར་མིག་གི་མངོན་པར་ཤེས་པ་འཆར་ཏེ། ཆུ་བུར་གྱི་མིག་རྣམ་པར་དག་པ་ལས་མིག་ཕྱེ་བཙུམས་མེད་པར་དངོས་པོ་རྣམས་ཟང་ཐལ་བར་མཐོང་བ་དང༌། དེ་ནས་ཤའི་མིག་དག་པས་ལྐོག་ཏུ་གྱུར་པ་རགས་པའི་དངོས་པོ་རྣམས་དཔག་ཚད་ལྔ་ཚུན་ཆད་དུ་མཐོང་བ་དང༌། གླིང་བཞི་རི་རབ་དང་བཅས་པ་གཅིག་མཐོང་བ་དང༌། ཤིན་ཏུ་རྣམ་པར་དག་པས་གཉིས་དང་གསུམ་མཐོང་བ་དང༌། རབ་ཏུ་དག་པས་བཅུ་མཐོང་བའོ། །དེ་ནས་ཤེས་རབ་ཀྱི་མིག་གིས་ཚིགས་སུ་བཅད་པ་བརྒྱ་མཐོང་བ་དང༌། རྣམ་པར་དག་པས་སྟོང་ལ་དབང་བ་དང༌། ཤིན་ཏུ་རྣམ་པར་དག་པས་ཁྲི་དང་འབུམ་གྱི་དོན་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་དང་ས་ཡ་དང་གྲངས་མེད་པའི་དོན་ཕྱིན་ཅི་མ་ལོག་པར་མཐོང་བའོ། །དེ་ནས་ཡེ་ཤེས་ཀྱི་མིག་གིས་སྤྲུལ་སྐུའི་ཞིང་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་ཞིང་འབུམ་ཕྲག་བརྒྱད་མཐོང་བ་དང༌། ཤིན་ཏུ་དག་པས་བྱེ་བ་ཕྲག་དགུ་མཐོང་བ་དང༌། རབ་ཏུ་དག་པས་བྱེ་བ་ཕྲག་དགུ་བཅུ་རྩ་གཅིག་མཐོང་བའོ། །དེ་ནས་ཐམས་ཅད་མཁྱེན་པའི་མིག་གིས་ལོངས་སྐུའི་ཞིང་ཁམས་བརྒྱ་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་འབུམ་ཕྲག་ལྔ་མཐོང་བ་དང༌། རབ་ཏུ་རྣམ་པར་དག་པས་དབྱེ་བ་གྲངས་མེད་པ་བདུན་ཅུ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣམ་པ་ཐམས་ཅད་མཁྱེན་པའི་མིག་གིས་ཆོས་ཀྱི་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །རྣམ་པར་དག་པས་ལོངས་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། །ཤིན་ཏུ་རྣམ་པར་དག་པས་སྤྲུལ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་དུས་གཅིག་ལ་མཐོང་བ་དང༌། རབ་ཏུ་རྣམ་པར་དག་པས་སྐུ་གསུམ་རྣམ་པར་རོལ་པའི་ཞིང་ཁམས་ཐུག་པ་མེད་པ་དུས་གཅིག་ལ་མཐོང་བའོ། །དེ་ནས་རྣ་བའི་མངོན་ཤེས་ནི། ལྷའི་རྣ་བས་དངོས་པོར་ཐོས་པའི་སྟེང་དུ་འགྲོ་བ་ལྐོག་ཏུ་གྱུར་པ་རྣམས་ཀྱི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་དཔག་ཚད་སྟོང་ཚུན་ཆད་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་ལྔ་སྟོང་དང༌། རབ་ཏུ་དག་པས་དཔག་ཚད་འབུམ་ཕྲག་གཉིས་ཚུན་ཆད་ཀྱི་སྒྲ་ཐོས་པའོ། །ཤའི་རྣ་བས་ངན་སོང་གི་སྒྲ་དཔག་ཚད་འབུམ་ཚུན་ཆད་ཐོས་པ་དང༌། རྣམ་པར་དག་པས་ལྷ་མིན་རྣམས་དང༌། ཤིན་ཏུ་དག་པས་ལྷ་རྣམས་དང༌། རབ་ཏུ་དག་པས་གླིང་བསམ་གྱིས་མི་ཁྱབ་པའི་འགྲོ་བ་རྣམས་ཀྱི་སྒྲ་དུས་གཅིག་ལ་ཐོས་པའོ། །རྣམ་པར་གྲོལ་བའི་རྣ་བས་ཉན་རང་གི་སྒྲ་ཐོས་པ་དང༌། རྣམ་པར་དག་པས་བྱང་ཆུབ་སེམས་དཔའ་བཀའ་བགྲོ་བའི་སྒྲ་ཐོས་པ་དང༌། ཤིན་ཏུ་རྣམ་པར་དག་པས་སངས་རྒྱས་གྲངས་མེད་པའི་སྒྲ་ཐོས་པ་དང༌། རབ་ཏུ་དག་པས་སངས་རྒྱས་གྲངས་མེད་པ་བདུན་གྱི་བཀའ་བགྲོ་བ་མཛད་པ་ཐོས་པའོ། །དེ་ནས་སྣའི་མངོན་ཤེས་ནི། ལྷའི་སྣས་མི་སྣང་བའི་དྲི་ཚོར་བ་དང༌། རྣམ་པར་དག་པས་བེམ་པོ་རྣམས་ཀྱི་དྲི་ཚོར་བ་དང༌། ཤིན་ཏུ་དག་པས་གཟུགས་སུ་མེད་པ་རྣམས་ཀྱི་དྲི་ཚོར་བ་དང༌། རབ་ཏུ་དག་པས་མཁའ་གནས་ཀྱི་དྲི་ཚོར་བའོ། དཔེ་བྱད་དང་ལྡན་པའི་སྣས་འགྲོ་དྲུག་གི་དྲི་དུས་གཅིག་ལ་ཚོར་བ་དང༌། རྣམ་པར་དག་པས་ཉན་རང་དང༌། ཤིན་ཏུ་དག་པས་བྱང་ཆུབ་སེམས་དཔའ་དང་རབ་ཏུ་དག་པས་སངས་རྒྱས་ཀྱི་དྲི་ཚོར་བའོ། །ལྕེའི་མངོན་ཤེས་ནི། འབྱུང་བའི་ལྕེ་དག་པས་ལྷའི་བདུད་རྩི་ལོ་ཀའི་རོ་མྱོང་བ་དང༌། རྣམ་པར་དག་པས་བདུད་རྩི་སྟོང་ཕྲག་བདུན་གྱི་རོ་མྱོང་བ་དང༌། ཤིན་ཏུ་དག་པས་མཁའ་འགྲོ་མའི་དངོས་གྲུབ་ཀྱི་བདུད་རྩི་ཆེན་པོའི་རོ་མྱོང་བ་དང༌། རབ་ཏུ་དག་པས་ཁ་བདུད་རྩི་འཁྱིལ་བའི་དཔའ་བོ་རྙེད་པའོ། །ཉེར་ལེན་རྣམ་པར་དག་པའི་ལྕེས་བཀོད་པ་ཆེན་པོའི་ཏིང་ངེ་འཛིན་གྱི་རོ་མྱོང་། ཤིན་ཏུ་དག་པས་སངས་རྒྱས་སྟོང་ཕྲག་བདུན་གྱིས་ཕྱག་མཛད་པའི་རོ་མྱོང༌། རབ་ཏུ་དག་པས་བསྐལ་བ་འབུམ་ཕྲག་བདུན་གྱི་སངས་རྒྱས་ཀྱིས་ཕྱག་མཛད་པའི་བདུད་རྩིའི་རོ་མྱོང་བའོ། །ལུས་ཀྱི་མངོན་ཤེས་ནི། རྡུལ་ཕྲ་རབ་ཀྱི་མཐའ་དག་པས་ལུས་འཇམ་པའི་དབྱངས་ཀྱི་རེག་བྱ་ལ་སྤྱོད། །རྣམ་པར་དག་པས་བྱམས་མགོན་དྲི་མ་མེད་པའི་སྐུ་ལ་རེག ཤིན་ཏུ་དག་པས་ཉི་མ་སྟོང་གིས་བརྒྱན་པའི་སྐུ་ལ་རེག རབ་ཏུ་དག་པས་སྐུ་མཚུངས་མཐའ་ཡས་པའི་ཐུགས་ཀྱི་དཀྱིལ་འཁོར་ལ་རེག་པའོ། །དྲི་མ་ཟད་པའི་ལུས་ཀྱིས་འདས་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་རེག རྣམ་པར་དག་པས་ད་ལྟ་དང༌། ཤིན་ཏུ་དག་པས་མ་འོངས་པ་དང༌། རབ་ཏུ་དག་པས་དུས་གསུམ་དབྱེར་མེད་པའི་སངས་རྒྱས་རྣམས་ཀྱི་ཐུགས་ལ་རེག་པའོ། །ཡིད་ཀྱི་མངོན་ཤེས་ནི། ཐ་མལ་རང་དག་པའི་ཡིད་ཀྱིས་ཏིང་ངེ་འཛིན་བཅུ་ལ་དབང༌། རྣམ་པར་དག་པས་བརྒྱ། ཤིན་ཏུ་དག་པས་སྟོང༌། རབ་ཏུ་དག་པས་ཁྲི་ལ་དབང་ངོ༌། །གཟུགས་ཀྱི་མཐའ་ལས་གྲོལ་བའི་ཡིད་ཀྱི་འབྱུང་བཞིའི་ནུས་པ་སོ་སོར་བསྒྱུར་ནུས། རྣམ་པར་དག་པས་སེམས་ཅན་མཐུན་པའི་གནས་སྤོ་ནུས། ཤིན་ཏུ་དག་པས་འགྲོ་དྲུག་གི་གནས་བསྒྱུར་ནུས། རབ་ཏུ་དག་པས་ཉན་རང་གི་རྫུ་འཕྲུལ་གྱི་མཐུ་འཕྲོག་ནུས་པའོ། །དེ་ལྟར་དབང་པོ་དྲུག་གི མིག་དྲུག རྣ་བ་གསུམ། སྣ་གཉིས། ལྕེ་གཉིས། ལུས་གཉིས། ཡིད་གཉིས་ཏེ་བཅུ་བདུན་ལ་རེ་རེ་ཞིང་ཆོས་ཚན་བཞི་བཞིར་སྦྱར་བས་དབང་པོའི་མངོན་ཤེས་དྲུག་ཅུ་རྩ་བརྒྱད་དེ་བསྡུ་ན་རྩ་བ་དྲུག་པོར་འདུས་པའོ། །ལོག་པར་རྟོག་པ་འགོག་པ་ནི། དེ་ཡང་འདིའི་དུས་སུ་ལུས་ངག་ཡིད་གསུམ་དང་བྲལ་ནས་རང་མཚན་དུ་མེད་པར་དེ་དག་གི་མངོན་ཤེས་འཆར་བ་མི་འཐད་དོ་ཞེ་ན། སྐབས་འདིར་ལུས་སེམས་ཞེས་པ་ཞིག་མེད་པས་དབང་པོ་དང་སེམས་ཀྱི་མངོན་ཤེས་ཇི་ལྟར་ཡོང་བ་ཡིན་སྙམ་པའི་དོགས་པ་ཡོད་ན། དབང་པོ་རྡོས་བཅས་དག་པ་ཁོ་ནས་འཐད་དོ། །ལུས་སེམས་ཡོད་པས་མངོན་ཤེས་ལ་སོགས་པ་མེད་དེ། འུ་ཚོ་ལ་ད་ལྟ་མེད་པའི་ཕྱིར། དེས་ན་དེ་མེད་པའི་གནད་ཀྱིས་ཤེས་པའོ། །དེ་ཡང་སྔོན་སྒོ་གསུམ་སྤྲིན་དང་འདྲ་བའི་ཆས་རིག་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་ལ་བསྒྲིབས་པས་མངོན་ཤེས་ལ་སོགས་པའི་ཡོན་ཏན་འོད་ཟེར་གྱི་ཚུལ་དུ་ཡོད་པ་མ་མཐོང་བ་སྟེ། སྐབས་འདིར་སྤྲིན་དེངས་པས་ཉི་མ་གསལ་བ་ལྟར་སྒོ་གསུམ་དེངས་པས་སོ་སོའི་བསྒྲིབས་ཆ་རེ་དག་པའི་ཆ་ནས་དབང་པོ་སོ་སོའི་མངོན་ཤེས་ཞེས་དག་འབྲས་ལ་དག་རྒྱུ་དྲི་མའི་མིང་གིས་བཏགས་པ་སྟེ། དེ་མ་དག་ན་དེ་མི་སྣང་བའི་འབྲེལ་བ་གྲུབ་པའི་ཆ་ནས་བརྗོད་ཀྱང་དོན་ལ་སྒོ་གསུམ་གྱི་དག་འབྲས་སམ་བྲལ་འབྲས་ཀྱི་ཡོན་ཏན་ཞེས་བྱ་བར་འདོད་པ་ཡིན་ནོ། །དཔེར་ན་ཡོལ་བས་བསྒྲིབས་པའི་མར་མེའི་འོད་ཕྱིར་མི་གསལ་ཡང་། གལ་ཏེ་དེ་བསལ་བར་བྱས་ན་མར་མེའི་འོད་ཕྱིར་མངོན་པ་དང་འདྲ་བར་ལུས་རྒྱ་དང་བྲལ་ན་མངོན་ཤེས་ལ་སོགས་པའི་ཡོན་ཏན་འབྱུང་བའོ། །འདི་དག་འབྲས་ལ་དག་རྒྱུའི་མིང་གིས་བསྙད་ནས་དབང་པོ་སོ་སོའི་མངོན་ཤེས་ཞེས་གསུངས་པ་ལས་དོན་ལ་དག་འབྲས་སམ་བྲལ་འབྲས་ཀྱི་ཡོན་ཏན་ནོ། །གནད་འདི་ནི་ཤིན་ཏུ་གལ་ཆེ་བས་གསལ་པོར་བཤད་པ་ཡིན་ནོ། །དེ་ནས་སེམས་ལས་སུ་རུང་བའི་མངོན་ཤེས་དྲུག་ནི། སྔར་གྱི་ཞེན་པ་དག་པའི་སེམས་ཀྱི་མཐོང་བ་རྣམ་པར་དག་པ་དང༌། ཕྱིས་འབྱུང་བའི་འཁྲུལ་པ་ཟད་པའི་མཐོང་བ་རྣམ་པར་དག་པ་དང༌། གདུལ་བྱའི་མཁྱེན་པ་རྫོགས་པའི་མཐོང་བ་དག་པ་དང༌། མི་སྣང་བ་ལམ་དུ་གྱུར་པའི་མཐོང་བ་དག་པ་དང༌། འགྲོ་བ་རྣམས་ཡོངས་སུ་རྫོགས་པའི་མཐོང་བ་དག་པ་དང༌། དབང་པོ་ཕྱིན་ཅི་ལོག་ལས་གྲོལ་བའི་སེམས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་པར་ཤེས་པའོ། །དེ་ལ་སྔར་གྱི་ཞེན་པ་རྣམས་རྣམ་པར་དག་པའི་སེམས་ཀྱི་མཐོང་བ་དག་པས་སྔར་འདས་པའི་སྐྱེ་བ་བརྒྱ་ཕྲག་དྲན་པ་དང༌། རྣམ་པར་དག་པས་སྟོང་དང༌། ཤིན་ཏུ་དག་པས་འབུམ་དང༌། རབ་ཏུ་དག་པས་ཁྲག་ཁྲིག་བདུན་ཅུ་རྩ་གཉིས་ཀྱི་སྐྱེ་བ་ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་ལྟར་དུས་གཅིག་ལ་དྲན་པའོ། །ཕྱིས་འབྱུང་འཁྲུལ་བ་ཟད་པའི་མཐོང་བ་རྣམ་པར་དག་པས་སྔར་གྱི་སྐྱེ་བ་བླངས་དུས་ཀྱི་ལུས་ཀྱི་མཚན་ཉིད་མཁྱེན་པ་དང༌། རྣམ་པར་དག་པས་ངག་དང༌། ཤིན་ཏུ་དག་པས་སེམས་དང༌། རབ་ཏུ་དག་པས་དེ་གསུམ་ཀའི་མཚན་ཉིད་དུས་གཅིག་ལ་མཐོང་ཞིང་མཁྱེན་པའོ། །གདུལ་བྱའི་མཁྱེན་པ་རྫོགས་པའི་སེམས་ཀྱི་མཐོང་བ་རྣམ་པར་དག་པས་སེམས་ཅན་གཞན་གྱི་སྐྱེ་བ་འབུམ་ཕྲག་གྲངས་མེད་པའི་ལུས་དང༌། རྣམ་པར་དག་པས་ངག་དང༌། ཤིན་ཏུ་དག་པས་སེམས་དང༌། རབ་ཏུ་དག་པས་དེ་གསུམ་ཀའི་མཚན་ཉིད་དུས་གཅིག་ལ་མཐོང་བའོ། །མི་སྣང་བ་ལམ་དུ་གྱུར་པའི་སེམས་ཀྱི་མཐོང་བས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་དུས་གཅིག་ལ་ཤེས་པ་དང༌། རྣམ་པར་དག་པས་དེ་སྙེད་ན་གནས་པའི་སེམས་ཅན་དེ་དག་གི་ཤེས་པར་ཇི་ལྟར་འགྱུས་པའི་གྲངས་དུས་གཅིག་ལ་ཤེས་པ་དང༌། ཤིན་ཏུ་དག་པས་སྣོད་བཅུད་ཀྱི་རང་བཞིན་རྣམས་ཤེས་པ་དང༌། རབ་ཏུ་དག་པས་ཆོས་ཉིད་སྟོང་པ་ཉིད་ཀྱི་དོན་རྣམས་མཐོང་བའོ། །འགྲོ་བ་རྣམས་ཡོངས་སུ་རྫོགས་པའི་སེམས་ཀྱི་མཐོང་བ་དག་པས་སྔར་རང་གིས་ལུས་བླངས་ཚད་ཀྱི་རླུང་ཇི་ཙམ་འགྱུས་ཀྱི་གྲངས་དུས་གཅིག་ལ་ཤེས་པ་དང༌། རྣམ་པར་དག་པས་མི་དགེ་བའི་སེམས་ཇི་ཙམ་འགྱུས་ཀྱི་གྲངས་དུས་གཅིག་ལ་ཤེས་པ་དང༌། ཤིན་ཏུ་དག་པས་དགེ་བའི་གྲངས་མཐོང་བ་དང༌། རབ་ཏུ་དག་པས་དགེ་མི་དགེ་གཉིས་ཀའི་གྲངས་དུས་གཅིག་ལ་མཐོང་བའོ། །དབང་པོ་ཕྱིན་ཅི་ལོག་ལས་གྲོལ་བའི་སེམས་ཀྱི་མཐོང་བས་རང་གི་སྔར་སྐྱེ་བ་བླངས་ཚད་ཀྱི་དུས་ཀྱི་གནས་ཀྱི་མཚན་ཉིད་མཐོང་བ་དང༌། རྣམ་པར་དག་པས་གཞན་གྱི་སྔོན་གྱི་སྐྱེ་གནས་མཐོང་བ་དང༌། ཤིན་ཏུ་དག་པས་རང་གི་ལུས་ངག་སེམས་ཀྱི་སྤྱོད་ཡུལ་རྣམས་ཤེས་པ་དང༌། རབ་ཏུ་དག་པས་རང་གཞན་གཉིས་ཀའི་སྔོན་གྱི་སྐྱེ་གནས་དང་ལུས་ངག་ཡིད་ཀྱི་སྤྱོད་ལམ་ཇི་ལྟར་བྱས་པ་རྣམས་དུས་གཅིག་ལ་མཐོང་བའོ། །དེ་ལྟར་དྲུག་ལ་བཞི་བཞིར་ཕྱེ་བས་ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བཞིར་གནས་སོ། །དེ་ནས་ཤེས་རབ་ལ་དབང་བའི་མངོན་ཤེས་དྲུག་ནི། བློ་དང༌། ཚིག་དང༌། སྙམ་བྱེད་དང༌། ཡིད་དཔྱོད་དང༌། སྐྱེ་བ་དང༌། མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བ་དག་པའི་མངོན་ཤེས་སོ། །དང་པོ་བློ་དང་བྲལ་བས་རང་གི་སེམས་ཀྱི་མཚན་ཉིད་ཅིག་ཅར་དུ་མཐོང་བ་དང༌། རྣམ་པར་དག་པས་གཞན་དང༌། ཤིན་ཏུ་དག་པས་རང་གཞན་གཉིས་ཀ་དང༌། རབ་ཏུ་དག་པས་ལྷག་མ་མ་ལུས་པར་མཐོང་བའོ། །ཚིག་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བས་སྡེ་སྣོད་ཀྱི་ཆོས་རྣམས་ཀྱི་ཚིག་དུས་གཅིག་ལ་མཐོང་བ་དང༌། རྣམ་པར་དག་པས་དེ་དག་གི་དོན་ཕྱིན་ཅི་མ་ལོག་པ་དང༌། ཤིན་ཏུ་དག་པས་དེ་དག་གི་འབྲས་བུ་དང་གྲོལ་ས་རྣམས་ཤེས་པ་དང༌། རབ་ཏུ་དག་བས་དེ་དག་རྣམས་ཀྱི་སོ་སོའི་འཇུག་པ་མཐོང་བའོ། སྙམ་བྱེད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བས་ཆོས་ཐམས་ཅད་ཀྱི་རང་བཞིན་ཤེས་པ་དང༌། རྣམ་པར་དག་པས་དེ་དག་ལ་སྤྱོད་པའི་གང་ཟག་གི་དབང་པོ་རྣོ་རྟུལ་རྣམས་མཐོང་བ་དང༌། ཤིན་ཏུ་དག་པས་དབང་པོའི་གྲོལ་ས་རྣམས་ཤེས་པ་དང༌། རབ་ཏུ་དག་པས་དབང་པོའི་ཆོས་མཐུན་ཤེས་པའོ། །ཡིད་དཔྱོད་ལས་འདས་པའི་ཤེས་རབ་ཀྱི་མཐོང་བས་ཆོས་སྤྱིའི་དོན་ཐམས་ཅད་ལྷག་མཐོང་དུ་མཐོང་བ་དང༌། རྣམ་པར་དག་པས་རང་གི་དོན་མཐོང་བ་དང༌། ཤིན་ཏུ་དག་པས་སྤྱི་དང་རང་གཉིས་ཀ་ལྷག་མཐོང་དུ་མཐོང་བ་དང༌། རབ་ཏུ་དག་པས་ཚིག་དང་ཡི་གེ་ལས་འདས་པའི་དོན་མཐོང་བའོ། །སྐྱེ་བ་གཅོད་པའི་ཤེས་རབ་ཀྱི་མཐོང་བས་འཁོར་བའི་ཆོས་རྣམས་ཀྱི་རྒྱུ་མཐོང་། རྣམ་པར་དག་པས་དེའི་རྐྱེན་ཉོན་མོངས་པ་རྣམས་ཀྱི་མཚན་ཉིད་མཐོང༌། ཤིན་ཏུ་དག་པས་དེ་དག་གི་དུས་དང་མཚན་ཉིད་མཐོང༌། རབ་ཏུ་དག་པས་དེ་དག་ལས་རྣམ་པར་གྲོལ་བར་མཐོང་བའོ། །མཚན་ཉིད་དང་བྲལ་བའི་ཤེས་རབ་ཀྱི་མཐོང་བས་རང་གི་སེམས་ཀྱི་འགྱུ་བའི་ཚད་ཟིན། རྣམ་པར་དག་པས་སེམས་ཀྱི་མཚན་ཉིད་ཅེར་མཐོང་དུ་མཐོང༌། ཤིན་ཏུ་དག་པས་སེམས་ཅན་གྱི་སེམས་ཀྱི་འགྱུ་བ་མཐོང༌། རབ་ཏུ་དག་པས་དུས་གསུམ་གྱི་སེམས་ཅན་གྱི་སེམས་ཀྱི་འགྱུ་བ་དང་རྟོག་པ་དང་མི་རྟོག་པ་དང་བསམ་པའི་ཁྱད་པར་རྣམས་དུས་གཅིག་ལ་ཤེས་པའོ། །དེ་དག་བསྡོམས་པས་ཀྱང་ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་བཞིའོ། །དེ་ནས་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་དྲུག་འཆར་ཏེ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་གྱུར་པའི་མངོན་ཤེས་ཀྱིས་མ་འོངས་པའི་སེམས་ཅན་གྱི་སྐྱེ་གནས་དུས་གཅིག་ལ་ཤེས། མེ་ལོང་ལྟ་བུས་འདས་པའི་ཤེས། མཉམ་པ་ཉིད་ཀྱིས་ད་ལྟའི་ཤེས། སོ་སོར་རྟོག་པས་མ་འོངས་པའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས། བྱ་བ་གྲུབ་པས་འདས་པའི་ཤེས། མི་གནས་པའི་ཡེ་ཤེས་ཀྱི་མཐོང་བ་རྣམ་པར་དག་པའི་མངོན་ཤེས་ཀྱིས་ད་ལྟའི་སེམས་ཅན་རྣམས་ཀྱི་འཆི་འཕོ་ཤེས་པ་སྟེ་དྲུག་གོ །དེ་ནས་ཆོས་ཉིད་ཕྱིན་ཅི་མ་ལོག་པ་ཤེས་པའི་མངོན་ཤེས་དྲུག་ཤར་དུས་རང་དོན་མཐར་ཕྱིན་པས་གཞན་གྱི་མཛད་པ་ལ་སྤྱོད་པའོ། །དེ་ཡང་ཆོས་ཐམས་ཅད་སྤྲོས་པ་དང་བྲལ་བར་རྟོགས་པའི་མངོན་ཤེས་ཀྱི་དམྱལ་བའི་སྐྱེ་གནས་རྣམས་དུས་གཅིག་ལ་མཐོང་ནས་དེ་ཉིད་དུ་སྤྲུལ་པ་འབུམ་ཕྲག་དུ་མ་འགྱེད་ནུས། མཚན་མ་མེད་པའི་ཆོས་ཉིད་རྟོགས་པས་ཡི་དྭགས་ཀྱི་སྐྱེ་གནས་དང་སྡུག་བསྔལ་དང་ཚེ་ཚད་དང་ལས་དང་ལས་ཀྱི་མཐའ་མཐོང་བས་དེ་ཉིད་ལ་བརྩེ་བའི་སེམས་སྐྱེས་ནས་སྤྲུལ་པ་གྲངས་མེད་གསུམ་འགྱེད། ཆོས་ཐམས་ཅད་རང་བཞིན་འོད་གསལ་དུ་རྟོགས་པས་བྱོལ་སོང་གི་སྐྱེ་གནས་སྡུག་བསྔལ་ཚེ་ཚད་ལ་སོགས་པ་མཐོང་བས་སྤྲུལ་པ་གྲངས་མེད་ཕྲག་ལྔ་སོ་སོར་འབྱེད། ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས་པས་མིའི་སྐྱེ་གནས་དང་སྡུག་བསྔལ་ཚེ་ཚད་ལ་སོགས་པ་མཐོང་ནས་སྤྲུལ་པ་བྱེ་བ་ཕྲག་བརྒྱ་འགྱེད། ཆོས་ཐམས་ཅད་བདག་གིས་སྟོང་པར་རྟོགས་པས་ལྷ་མིན་གྱི་སྐྱེ་གནས་ལ་སོགས་པ་མཐོང་སྟེ། སྤྲུལ་བ་དགུ་ཁྲི་དང་དགུ་སྟོང་སོ་སོར་འགྱེད། ཆོས་ཐམས་ཅད་ཚིག་དང་བྲལ་བར་རྟོགས་པས་ལྷ་རྣམས་ཀྱི་སྐྱེ་གནས་དང་འཆི་འཕོ་ལྟུང་བ་ལ་སོགས་པའི་སྡུག་བསྔལ་དང་ཚེ་ཚད་དང་ལས་དང་ལས་ཀྱི་རྣམ་སྨིན་མཐོང་བས་སྤྲུལ་པ་བརྒྱ་ཕྲག་དགུ་སྟོང་དགུ་བརྒྱ་འགྱེད་ནུས་པ་སྟེ་དེ་ལྟར་དྲུག་གོ །སངས་རྒྱས་ཀྱི་མཁྱེན་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་མངོན་ཤེས་དྲུག་ནི། གནས་པ་ཏིང་ངེ་འཛིན་དུ་རྒྱས་པས་དངོས་པོའི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཐོང༌། ངོ་བོ་སྐུར་རྒྱས་པས་སྐུ་གསུམ་གྱིས་བསྡུས་པའི་སྣང་བ་མཐོང༌། མཁྱེན་པ་ཡེ་ཤེས་སུ་རྒྱས་པས་སྔར་གྱི་མངོན་པར་ཤེས་པ་དེ་དག་དུས་གཅིག་ཏུ་མཐོང༌། མཛད་པ་འཕྲིན་ལས་སུ་རྒྱས་པས་སྤྲུལ་སྐུའི་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན། ཆོས་ཉིད་འགག་པ་མེད་པའི་ཡེ་ཤེས་ལ་སྤྱོད་པའི་མངོན་ཤེས་ཀྱིས་ཤེས་བྱ་ལ་སྲིད་ཚད་མཐོང༌། མཚན་མ་རང་དག་པའི་ཡེ་ཤེས་ཀྱི་མངོན་ཤེས་ཀྱིས་ཆོས་དང་ཆོས་ཉིད་མ་ལུས་པའི་རང་བཞིན་མངོན་དུ་གྱུར་པ་སྟེ་དྲུག་གོ །དེ་ལྟར་ན་མངོན་པར་ཤེས་པ་ཐམས་ཅད་བསྡོམས་ན་བརྒྱ་སུམ་ཅུ་རྩ་བཞི་སྟེ་བསྡུ་ན་སུམ་ཅུ་རྩ་དྲུག དེ་ཡང་བསྡུ་ན་རྩ་བ་དྲུག་ཁོ་ནའོ། །སུམ་ཅུ་རྩ་དྲུག་ཏུ་བརྩི་དུས་དྲུག་ཚན་ལྔ་བ་དབང་པོས་ཚུ་རོལ་མཐོང་བ་དྲུག་ནི་ཟག་བཅས་དང་། དྲུག་ཚན་དང་པོ་ལྔ་ཡི་དབང་པོ་དྲུག་གིས་ཕ་རོལ་མཐོང་བ་སུམ་ཅུ་ནི་ཟག་མེད་དང་། ཐ་མ་ནི་ཤིན་ཏུ་ཟག་མེད་ཡིན་ནོ། །འོན་ཀྱང་ཡེ་ཤེས་བླ་མ་ལྟ་བུའི་མན་ངག་གི་ཡིག་ཆའི་ནང་དུ་དྲུག་ཏུ་བསྡུས་ནས་གོ་བདེ་བའི་ཐོག་ནས་གསུངས་ཡོད་པ་དེ་དག་ལ་ཞིབ་ཏུ་གཟིགས་དགོས། ཐེག་མཆོག་མཛོད་དུ་ཞིབ་རྒྱས་སུ་གསུངས་པའང་ཕལ་ཆེར་འདི་དང་ཕྱོགས་འདྲ་ཡིན་ནོ། །མི་བརྗེད་པའི་གཟུངས་ནི་ཉི་ཟླ་ཁ་སྦྱོར་ལས། དེའི་ཚེ་མི་བརྗེད་པའི་གཟུངས་རྣམས་ཀྱང་རང་གི་རྒྱུད་ལ་སྐྱེ་བ་སྟེ། སྔོན་གྱི་ཆོས་ཐམས་ཅད་རྒྱུད་ལ་དུས་གཅིག་ལ་འཆར་རོ། །དེ་བཞིན་དུ་སྔར་མ་མཐོང་བའི་ཆོས་རྣམས་ཀྱང་འཆར་བས་ན་ཆོས་ཉིད་ཀྱི་བར་དོ་ཞེས་བྱའོ་ཞེས་སོ། །སྔོན་ཐོས་མྱོང་བའི་ཆོས་ཐམས་ཅད་དུས་གཅིག་ལ་རྒྱུད་ལ་འཆར་ཞིང་སྔོན་མ་ཐོས་པའི་ཆོས་ཀྱི་རྣམ་གྲངས་ཀྱང་ཚད་མེད་པ་འཆར་ཐུབ་པ་ཡིན་ནོ། །རྒྱུན་གྱི་ཏིང་ངེ་འཛིན་ཡང༌། རྒྱུད་དེ་ཉིད་ལས། རྒྱུན་གྱི་ཏིང་ངེ་འཛིན་རྒྱུད་ལ་རང་བཞིན་གྱིས་ཤར་བས་རྣམ་པར་རྟོག་པ་ངན་པ་གཏན་ནས་མི་སྐྱེའོ་ཞེས་སོ། །དེའི་སྐབས་སུ་ཆོས་ཉིད་རྣམ་པར་མི་རྟོག་པའི་ངང་དུ་བློའི་འཇུག་པ་ཞི་ནས། ཆོས་ཉིད་ཟད་པའི་སྣང་བ་ཤར་བ་ཡིན་པའི་གནད་ཀྱིས། རྣམ་རྟོག་ངན་པ་ལ་སྔར་ཞེན་དང་། ཕྱིས་ལེན་མེད་པར་ནམ་མཁའ་གཡའ་དག་པ་ལྟ་བུའོ།།

ག དབང་པོའི་རིམ་པས་དོན་བསྡུ་བ།

༼༡༽ དབང་པོའི་རབ་ཏུ་དབྱེ་བ་བཤད་པ།

གསུམ་པ་དབང་པོའི་རིམ་པས་དོན་བསྡུ་བ་ལ་གཉིས་ཏེ། དབང་པོའི་རབ་ཏུ་དབྱེ་བ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ནི་ཉི་ཤུ་རྩ་གཅིག་སྟེ། རང་ཤར་ལས། དབང་པོ་ལ་རྣམ་པ་གསུམ་བསྟན་ཏེ། རབ་དང༌། འབྲིང་དང༌། ཐ་མའོ། །རབ་ལ་བདུན་ཏེ། རབ་ཀྱི་ཐ་མ་དང༌། རབ་ཀྱི་འབྲིང་དང༌། རབ་ཀྱི་རབ་དང༌། རབ་ཀྱི་ཕུལ་དང༌། རབ་ཀྱི་མཆོག་དང༌། རབ་ཀྱི་རྩེ་མོ་དང༌། རབ་ཀྱི་མཐར་ཕྱིན་པའོ། །དེ་ནི་རབ་ཀྱི་དབྱེ་བ་ཡིན་ནོ། །དེ་ཡང་མཐོང་ཚུལ་རེ། ཡེ་ཤེས་ཀྱི་སྣང་བ་སྐྱེ་ཚུལ་རེ། རྟོགས་པ་ཚད་རེ། སྣང་བའི་སྐྱེ་ཚུལ་རེ། གོ་བའི་དུས་རེ། ཤེས་པའི་ལྟ་ལུགས་རེ་ཤར་ནས་རང་རང་གི་སྣང་བ་ལ་བརྟན་པ་ཐོབ་བོ། །འབྲིང་ལའང་བདུན་ཏེ། འབྲིང་གི་ཐ་མ་དང༌། འབྲིང་གི་འབྲིང་དང༌། འབྲིང་གི་རབ་དང༌། འབྲིང་གི་ཕུལ་དང༌། འབྲིང་གི་མཆོག་དང༌། འབྲིང་གི་རྩེ་མོ་དང༌། འབྲིང་གི་མཐར་ཕྱིན་པའོ། དེ་ལ་ཡང་ཡེ་ཤེས་སྐྱེ་བའི་ཚད་རེ་འབྱུང་ངོ༌། །དེ་ནི་འབྲིང་གི་དབྱེ་བ་ཡིན་ནོ། །ཐ་མ་ལའང་བདུན་ཏེ། ཐ་མའི་ཐ་མ་དང༌། ཐ་མའི་འབྲིང་དང༌། ཐ་མའི་རབ་དང༌། ཐ་མའི་མཆོག་དང༌། ཐ་མའི་ཕུལ་དང༌། ཐ་མའི་རྩེ་མོ་དང༌། ཐ་མའི་རྩེ་ཟིན་པའོ་ཞེས་སོ།།

༼༢༽ སོ་སོའི་རང་བཞིན་རྒྱས་པར་བཤད་པ།

༼༡ གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན་པ།

གཉིས་པ་ལ་གསུམ་སྟེ། གྲོལ་འཁྲུལ་གྱི་རྣམ་གཞག་སྤྱིར་བསྟན། དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད། ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བའོ། །དང་པོ་ནི། ཆོས་ཉིད་ཀྱི་སྣང་བ་འདི་དག་གི་དུས་ན་རང་ངོ་ཤེས་པ་རྣམས་དབང་པོ་ཉི་ཤུ་རྩ་གཅིག་གི་རིམ་པས་གྲོལ་བ་དང༌། མ་ཤེས་པ་རྣམས་དེ་ནས་འཁྲུལ་བའི་རིམ་པ་སྔོན་གྱི་གཞི་སྣང་ལས་སེམས་ཅན་གྱི་འཁྲུལ་ཚུལ་ལྟར་འབྱུང་བ་སྟེ། ཉི་ཟླ་ཁ་སྦྱོར་ལས། དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་བསྟན་པ་ཡང་ཡོད་དོ། །དེར་རང་གི་ཤེས་པ་མ་ཚུད་ཅིང་སྔར་བླ་མའི་ལུང་མེད་པ་རྣམས་ནི་སྣང་བ་དེ་ལ་བྲེད་པ་དང༌། དངངས་པ་དང༌། རྡུགས་པ་དང༌། འཇིགས་པ་དང༌། འདུ་ཤེས་ཤོར་བ་ལ་སོགས་ཏེ་ཡང་འཁོར་བའི་ཉེ་བར་ལེན་པའི་ཁ་ལེན་ཏེ་དབང་པོ་ཉི་ཤུ་རྩ་གཅིག་གི་བྱེ་བྲག་ཏུ་འཁྲུལ་བ་ཡང་ཡོད་དོ་ཞེས་སོ། །འཁྲུལ་ཚུལ་ནི། ཐ་མའི་ཐ་མ་རྣམ་པ་ལ་འཁྲུལ་བ་དང་ཉམས་ལ་འཁྲུལ་བ་ལ་སོགས་པ་བདུན་དང༌། འབྲིང་གི་ཐ་མ་ཡུལ་མེད་པ་ལ་འཁྲུལ་པ་དང་སྙིང་པོ་ལ་འཁྲུལ་བ་ལ་སོགས་པ་བདུན་དང༌། རབ་ཀྱི་ཐ་མ་འཛིན་པ་ལ་འཁྲུལ་པ་དང་འཛིན་པ་མེད་པ་ལ་འཁྲུལ་བ་ལ་སོགས་པ་བདུན་ཏེ་ཉི་ཤུ་རྩ་གཅིག་ནི་གོང་གི་ཇི་ལྟ་བ་བཞིན་དུ་རྒྱུན་གྱི་གནས་པ་ལས་གསལ་བ་སྟེ། ལུང་གིས་ཞིབ་པར་བཀྲལ་བ་ནི་རང་ཤར་ལས། སེམས་ཅན་རྣམས་ནི་བར་དོ་ལ་འདི་ལྟར་འཁྲུལ་ལོ། །ལ་ལ་རྣམ་པ་ལ་འཁྲུལ་ལོ། །ལ་ལ་ཉམས་ལ་འཁྲུལ་ལོ། །ལ་ལ་དེ་མ་ཐག་པ་ལ་འཁྲུལ་ལོ། །ལ་ལ་དམིགས་པ་ལ་འཁྲུལ་ལོ། །ལ་ལ་ཇི་མི་སྙམ་པ་ལ་འཁྲུལ་ལོ། །ལ་ལ་སྙམ་བྱེད་ལ་འཁྲུལ་ལོ། །ལ་ལ་ཡུལ་ལ་འཁྲུལ་ལོ། །དེ་དག་ནི་ཐ་མའི་ཐ་མ་ཡི་འཁྲུལ་ལུགས་སོ། །ལ་ལ་ཡུལ་མེད་པ་ལ་འཁྲུལ་ལོ། །ལ་ལ་སྙིང་པོ་ལ་འཁྲུལ་ལོ། །ལ་ལ་མ་རིག་པ་ལ་འཁྲུལ་ལོ། །ལ་ལ་རྐྱེན་ལ་འཕྲུལ་ལོ། །ལ་ལ་བཏགས་པ་ལ་འཁྲུལ་ལོ། །ལ་ལ་ད་ལ་འཁྲུལ་ལོ། །ལ་ལ་ངོ་མ་ཤེས་པ་ལ་འཁྲུལ་ལོ། །དེ་དག་ནི་དབང་པོ་འབྲིང་གི་ཐ་མའི་འཁྲུལ་ལུགས་སོ། །ལ་ལ་འཛིན་པ་ལ་འཁྲུལ་ལོ། །ལ་ལ་འཛིན་པ་མེད་པ་ལ་འཁྲུལ་ལོ། །ལ་ལ་འདུ་ཤེས་ལ་འཁྲུལ་ལོ། །ལ་ལ་རྒྱུ་ལ་འཁྲུལ་ལོ། །ལ་ལ་སྐད་ཅིག་གིས་འཁྲུལ་ལོ། །ལ་ལ་རྟགས་ལ་འཁྲུལ་ལོ། །ལ་ལ་གཟུགས་ལ་འཁྲུལ་ལོ། །དེ་དག་ནི་རབ་ཀྱི་ཐ་མའི་འཁྲུལ་ལུགས་སོ། །བར་མ་དོ་ལ་སེམས་ཅན་གྱི་བློ་ཉི་ཤུ་རྩ་གཅིག་ཡོད་པའི་ཕྱིར་འཁྲུལ་ལུགས་ཉི་ཤུ་རྩ་གཅིག་ལ་སྣང་བ་རྫོགས་པར་འོང་སྟེ། དེ་ཡང་འཁྲུལ་ལུགས་རེ་རེ་ལ་སྣང་བ་རེ་རེ་འཆར་རོ། །དེ་ནི་བར་དོ་ལ་འཁྲུལ་ལུགས་རྒྱས་པར་བཤད་པའོ་ཞེས་སོ།།

ཉིན་བཅུ་དགུ་པའི་ཆོས་ཁྲིད།

ཆོས་འཆད་ཉན་སྒོམ་སྒྲུབ་གང་གི་སྐབས་སུ་ཡིན་ནའང་ཀུན་སློང་འདི་གཙོ་ཆེ་བ་དེས་ན་ཐོག་མར་རང་ཉིད་ཀྱི་ཀུན་སློང་ལ་རང་ཉིད་ཀྱིས་ཞིབ་བཤེར་ཞིག་བྱས་ནས་ཁ་ནང་དུ་འཁོར་ཏེ་རང་ཉིད་ཀྱི་སེམས་ལ་བརྟག་དཔྱད་བྱས་ཡོང་ན། ཀུན་སློང་གི་རིགས་ཐམས་ཅད་པོ་ཀུན་སློང་རྣམ་པ་གསུམ་ལས་མི་འདའ་བ་ཞིག་ཡིན་ཏེ། གསུམ་པོ་དེ་གང་གང་ཡིན་ཞེ་ན། དགེ་བའི་ཀུན་སློང་དང་། མི་དགེ་བའི་ཀུན་སློང་དང་། ལུང་མ་བསྟན་གྱི་ཀུན་སློང་དང་གསུམ་པོ་འདི་ཡིན། དེ་ལས་དགེ་མི་དགེ་གཉིས་མིན་པའི་ལུང་མ་བསྟན་གྱི་ཀུན་སློང་དེ་ཅི་ལྟ་བུ་ཞིག་ཡིན་ཞེ་ན། འདི་བསམ་དེ་བསམ་གྱི་དམིགས་ཡུལ་ཆེ་ཞིག་མེད་པའི་མི་རྗེས་སུ་ཁྱི་དེད་པ་ལྟ་བུ་དང་། མི་རྒོད་ཀྱིས་མིའི་ལད་མོ་བྱས་པ་ལྟ་བུ་སྟེ། མི་རྒོད་རྣམས་ཀྱིས་ནགས་གསེང་ནས་བལྟས་བསྡད་དུས་མི་རྣམས་ཀྱིས་ཤིང་གསེ་བཞིན་ཡོད་པ་རིག་ནས་མི་དག་སོང་རྗེས་ཁོང་རྣམས་ཀྱིས་ཀྱང་དེའི་སྟངས་བྱེད་པར་གྲགས་ལ། དེ་ཤེས་པའི་མི་གནག་སེམས་ཅན་རྣམས་ཀྱིས་ལག་ཏུ་སྟ་རེ་བཟུང་ནས་གཅིག་གིས་གཅིག་ལ་རྒྱག་ཁུལ་བྱས་ནས་འཐབ་རེས་བཀྱེ་རེས་དང་རྫོགས་རེས་བྱེད་ཁུལ་བྱས་ནས་སྟ་རེ་དག་ཤུལ་དུ་བསྐྱུར་ནས་བུད་སོང་དུས་མི་རྒོད་རྣམས་ཀྱང་མར་བབས་ནས་གཅིག་གིས་གཅིག་ལ་སྟ་རེའི་རྒྱག་རེས་བྱས་ནས་ཚང་མ་ཤི་འགྲོ་ཐབས་ཀྱི་གཡོ་འཕྲུལ་ངན་པ་རྔོན་པའི་རིགས་དེ་དག་གིས་བྱེད་དར་བ་རེད་ཟེར་སྲོལ་ཡོད་པ། དེ་དང་མཚུངས་པར་དམིགས་ཡུལ་ལ་བརྟག་དཔྱད་མེད་པའི་བྱ་བ་ལ་བཟང་འབྲས་མེད་དོ། །དགེ་སྡིག་གང་ཡང་མིན་པའི་ལུང་མ་བསྟན་གྱི་སེམས་ཀྱིས་ཆོས་གྲལ་དུ་བསྡད་ཀྱང་ཆོས་ཐོས་པའི་ཕན་ཡོན་ཆེན་པོ་ཞིག་ཡོད་པ་མིན་ཏེ། ཆོས་དབང་བཙན་དུ་བྱས་ན་དུད་འགྲོའི་རྣ་ལམ་དུ་ཆོས་སྒྲ་ཐོས་པའི་ཕན་ཡོན་གྱིས་བདེ་འགྲོ་ཐོབ་ཚུལ་གསུངས་ཡོད་པ་ཡིན་ཡང་། གང་ཟག་དབང་བཙན་དུ་བྱས་ཡོང་ན་ཆོས་ཀྱི་བྱིན་རླབས་ཀྱིས་ཐར་བའི་ས་བོན་ཐེབས་པ་ཙམ་ལས་ལུང་མ་བསྟན་གྱི་ཀུན་སློང་གི་དབང་གིས་འབྲས་བུ་ཆེན་པོ་ཞིག་ཐོབ་དཀའ་འོ། །ཀུན་སློང་གཉིས་པ་མི་དགེ་བའི་ཀུན་སློང་ནི་སྤང་དགོས་ལ། དེ་ནི་ཆགས་སྡང་རྨོངས་གསུམ་སྟེ་གཉེན་ལ་ཆགས་དགྲ་ལ་སྡང་བར་ལ་གཏི་མུག་པའི་དུག་གསུམ་དང་འབྲེལ་བའི་ཀུན་སློང་དང་། དེ་ལས་གཞན་དུ་ཚེ་འདིའི་བདེ་སྐྱིད་སྙན་གསུམ་འདོད་ནས་གདོན་བགེགས་ཀྱིས་གནོད་པ་མི་ཡོང་བའི་ཆེད་དང་ན་ཚ་འཇིགས་སྐྲག་ལས་སྐྱོབ་པའི་ཆེད་དང་། རྙེད་བདེ་གྲགས་བསྟོད་ལ་བསམ་ནས་འཇིགས་སྐྱོབ་དང་ལེགས་སྨོན་གྱི་སྒོ་ནས་ཆོས་ཞུ་བ་དེ་དག་སྤང་བྱའི་ཀུན་སློང་ཡིན་ཏེ། བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ནང་དུ། ཚེ་འདི་ལ་ཞེན་ན་ཆོས་པ་མིན། གསུངས་ཡོད་པ་ཡིན་པས་བསམ་པའི་ཀུན་སློང་དེ་ལས་མེད་བཞིན་ཆོས་ཞུས་པའི་མིང་ལ་ཆོས་པ་དངོས་ཀྱི་མིང་མེད་པས། ཆོས་པའི་གཟུགས་བརྙན་ཙམ་ཞེས་པ་དེ་ཡིན། དགེ་བའི་ཀུན་སློང་དེ་ཅི་འདྲ་ཞིག་ཡིན་ཞེ་ན། རང་འདོད་སྒྲུབ་པའི་ཀུན་སློང་ཞིག་དང་གཞན་དོན་སྒྲུབ་པའི་ཀུན་སློང་སྟེ་གཉིས་ཡོད་པ་རེད། དེ་ལས་རང་འདོད་སྒྲུབ་པའི་ཀུན་སློང་དེ་ལ་རང་ཉིད་ངན་སོང་གསུམ་གྱི་སྡུག་བསྔལ་ལས་ཐར་ནས་མངོན་མཐོ་ལྷ་མིའི་གོ་འཕང་འཐོབ་པར་འདོད་པ་ལ་སྐྱེས་བུ་ཆུང་ངུའི་ཀུན་སློང་ཞེས་ཟེར་ལ། འོན་ཀྱང་འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །གསུངས་པས། ལྷ་མིའི་གོ་འཕང་ཐོབ་ཀྱང་འཁོར་བ་ལས་མ་འདས་པ་ཡིན་པས་ནམ་ཞིག་ངན་སོང་ལ་ཡང་འཁྱམས་པ་ཡིན་ཕྱིར། འཁོར་བ་ལས་ངེས་པར་འབྱུང་བའི་བློ་སྟེ། ཁམས་གསུམ་འཁོར་བའི་གནས་ན་བདེ་བ་མེད་པར་ཤེས་ཤིང་། རང་ཉིད་གཅིག་པུའི་ཐར་བ་དོན་གཉེར་བྱེད་པ་དེ་སྐྱེས་བུ་འབྲིང་ཉན་རང་གཉིས་ཡིན། དེ་ཡང་། བདག་དོན་ལ་ཞེན་ན་སེམས་བསྐྱེད་མིན། །དེ་ཡང་གསུངས་པས། དགེ་བའི་ཀུན་སློང་ཡིན་རུང་གཞན་ཕན་གྱི་སེམས་མེད་པ་དང་ནི་མཐར་ཐུག་གི་ཐར་བ་མཆོག་མ་ཐོབ་པའི་ཆ་ནས་དེ་ལྟ་བུའི་ཀུན་སློང་གཉིས་པོ་ཡང་སྤང་བྱ་ཡིན་ནོ། །གང་བླང་བར་བྱ་བའི་སྐྱེས་བུ་ཆེན་པོའི་ཀུན་སློང་དེ་ཇི་ལྟར་ཡིན་ཞེ་ན། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདག་གིས་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་པར་བྱའོ་བསམ་པའི་ཐོག་ནས་དེའི་རྒྱུ་ལམ་ལ་བསླབ་པ་དེ་ཡིན། ད་ལྟ་ང་ཡང་འཁོར་བའི་སེམས་ཅན་ཡིན་པས་སེམས་ཅན་ཐམས་ཅད་དང་འདྲ་བར་འཁོར་བའི་གནས་ནས་སྡུག་བསྔལ་མྱོང་གིན་ཡོད་པའི་ཉམས་ཐག་གི་སེམས་ཅན་ཞིག་རེད། སེམས་ཅན་ཐམས་ཅད་སྐྱོབ་མ་དགོས་རང་ཉིད་མགོ་ཐོན་པའི་ཐབས་དང་ནུས་པ་མེད་ལ། འོན་ཀྱང་རང་གཅིག་པུ་བདེ་ཐབས་ཀྱིས་ཕན་ཐོགས་མེད་དེ། མ་སེམས་ཅན་ཐམས་ཅད་པོ་སྡུག་བསྔལ་གྱི་གནས་སུ་ལུས་པ་ཡིན་པས། རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་མཚོ་ལས་སྒྲོལ་བའི་ནུས་པ་དེ་སུ་ལ་ཡོད་ན་སངས་རྒྱས་བཅོམ་ལྡན་འདས་བདུད་བཞིའི་དགྲ་ལས་རྒྱལ་ཞིང་སྤངས་རྟོགས་མཐར་ཕྱིན་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བརྙེས་སོང་བ་དེ་ཁོ་ན་ལ་ཡོད་པས། དེ་ལ་སྐྱབས་སུ་སོང་ནས་རང་ཉིད་ལ་དེའི་ནུས་པ་དང་ཡོན་ཏན་ཐམས་ཅད་ཡོད་པ་ཞིག་བྱས་ན། གཞི་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཐུབ་པར་འགྱུར་བ་ཡིན། གཞན་དུ་སྐྱོབ་པར་འདོད་ཀྱང་སྐྱོབ་པའི་ནུས་པ་མེད་པས་རྒན་མོ་བསམ་བཟང་གི་ཡིད་སྨོན་ཙམ་ཞིག་གིས་དོན་ཆེན་མི་འགྲུབ་པར་འདུག་བསམ་ནས་སྐྱབས་གནས་མཆོག་གསུམ་དང་རྩ་བ་གསུམ་ལ་སྐྱབས་སུ་འགྲོ་དགོས་པས། སྐྱབས་སུ་འགྲོ་ཚུལ་དེ་ལ་ཡང་གསང་སྔགས་རྫོགས་ཆེན་གྱི་སྐབས་འདིར་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་ཡིན་པས་བླ་མ་གཅིག་ལ་མཆོག་གསུམ་རྩ་གསུམ་སྐུ་གསུམ་ཐམས་ཅད་འདུས་པ་ཡིན། འོན་ཀྱང་བླ་མ་མི་རུ་བཟུང་པའི་ལོག་ལྟ་མི་འབྱུང་བའི་ཆེད་དུ་རྣམ་པ་གུ་རུ་མཚོ་སྐྱེས་རྡོ་རྗེར་གསལ་བཏབ་ནས་ཚོགས་ཞིང་གི་གཙོ་བོར་བསྐྱེད་ན་ཆོག དེ་ཡང་བསྐྱེད་རིམ་གྱི་གསལ་སྣང་ཞལ་ཕྱག་མཚན་མའི་རྣམ་པ་རྒྱ་ཆེར་འཆར་ཁ་མ་ཉན་ཡང་། ལས་དང་པོ་བས་མོས་སྒོམ་ཙམ་ཞིག་བྱས་ནའང་ཆོག་པ་ཡིན། གུ་རུ་རིན་པོ་ཆེ་ནི་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་གསང་གསུམ་གཅིག་ཏུ་འདུས་པའི་རང་གཟུགས་ཐུགས་བསྐྱེད་ཀྱི་སྟོབས་ཀྱིས་དུས་སྙིགས་མའི་སྐབས་སུ་ཐུགས་རྗེ་ལྷག་པར་མྱུར་བ་ཞིག་ཡིན་པས་མ་ཚད་པར། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། གསུངས་པས་དད་ལྡན་བུ་ལ་བྱིན་རླབས་ལྷག་ཏུ་འཇུག་པའི་ཞལ་བཞེས་ཀྱང་མཛད་ཡོད་པས། གུ་རུ་རིན་པོ་ཆེ་ལ་དད་པ་བྱས་ན་གང་ཟག་ཅི་འདྲ་ཞིག་ཡིན་ཡང་ལས་ལ་བཟང་ངན་དང་ལུས་ལ་ཕོ་མོ་རིགས་རུས་ཀྱི་མཐོ་དམན་ཐོབ་དང་དབུལ་ཕྱུག་ན་ཚོད་རྒས་གཞོན་མེད་པར་ཐམས་ཅད་ལ་བྱིན་རླབས་འཇུག་པ་ཡིན། དེས་ན་ཆོས་འདིའི་སྒོ་རུ་ཞུགས་མཁན་ཐམས་ཅད་ཀྱིས་རྒྱུན་དུ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་ལ་མཐིལ་དུ་གཟུང་རྒྱུ་གལ་ཆེའོ། །སྔོན་འགྲོ་དངོས་གཞི་ནམ་དང་ནམ་གྱི་སྐབས་ཡིན་ན་བླ་མའི་རྣལ་འབྱོར་དང་འབྲལ་མི་རུང་། བླ་མ་དང་གུ་རུ་རིན་པོ་ཆེ་དབྱེར་མེད་དུ་སྒོམ་ན་ཐུགས་རྗེ་དང་བྱིན་རླབས་རང་རྒྱུད་ལ་འཇུག་སླ་བའི་དགོས་པ་ཁྱད་པར་ཅན་ལྡན་པ་ཡིན། དེ་ཡང་ལམ་ཐམས་ཅད་ལ་དད་པ་སྔོན་དུ་འགྲོ་དགོས་པ་ཞིག་ཡིན་པས། གུ་རུ་རིན་པོ་ཆེ་ནི་སངས་རྒྱས་ཆོས་དང་དགེ་འདུན་སྟེ་དཀོན་མཆོག་ཀུན་འདུས། བླ་མ་ཡི་དམ་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས། ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་སྟེ་སྐུ་གསུམ་ཀུན་འདུས་ཀྱི་བདག་ཉིད་སྐྱབས་གནས་དགུ་ཕྲུགས་ཀྱི་བདག་ཉིད་ཡིན་པའི་མོས་པ་དང་འདུན་པ་བསྐྱེད་ཅིང་། ཕ་མ་རིགས་དྲུག་གི་སེམས་ཅན་རང་དང་བཅས་པ་ཐམས་ཅད་པོ་འཁོར་བ་སྡུག་བསྔལ་ཅན་གྱི་གནས་འདི་ནས་ཕ་མ་ཉེ་འབྲེལ་གྱིས་སྐྱོབ་མི་ཐུབ་ལ་གཞི་བདག་གནས་བདག་གིས་ཀྱང་སྐྱོབ་མི་ཐུབ་ཅིང་ཚངས་དང་དབང་པོ་བརྒྱ་བྱིན་སོགས་ཀྱིས་ཀྱང་སྐྱོབ་ཐུབ་པ་མ་ཡིན་ལ་སྐྱོབ་ནུས་པའི་སྐྱབས་གནས་ཐམས་ཅད་ཀྱི་ནུས་པ་གཅིག་ཏུ་བཟླུམས་པ་ནི་གུ་རུ་རིན་པོ་ཆེའོ་བསམ་ནས་རྒྱུ་མཚན་ཤེས་པས་སྐྱབས་སུ་འགྲོ་དགོས། དེ་ལ་ཤེས་པ་ལས་བྱུང་བའི་དད་པ་ཞེས་བྱ་སྟེ། རྨོངས་པ་གཞན་རྗེས་སུ་སྙེགས་པའི་དད་པ་མ་ཡིན་པ་རང་གིས་བརྟགས་ཤིང་དཔྱད་པ་བརྒྱུད་པའི་རྒྱུ་མཚན་ཤེས་པའི་དད་པ་ཡིན་པའི་ཕྱིར། དེ་ཡང་རྒྱུན་དུ་གུ་རུ་རིན་པོ་ཆེ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་རང་གི་སྤྱི་བོ་ན་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་རུ་བཞུགས་ཡོད་པར་སྒོམ་པ་དང་འབྲལ་མི་རུང་བ་ཡིན་ནོ། །བསྒོམ་རྒྱུ་དེ་ཡང་ཆོས་སྐུ་རྡོ་རྗེ་འཆང་ཆེན་ནས་དགོངས་པ་བརྡ་དང་སྙན་བརྒྱུད་ཀྱི་བརྒྱུད་གསུམ་འདུས་པའི་བླ་མ་ཐམས་ཅད་ནས་རང་ཉིད་ཀྱི་ཐུན་མིན་གྱི་རྩ་བའི་བླ་མའི་བར་དང་བཅས་པ་ཐམས་ཅད་ཡུལ་ཉེར་བཞི་གནས་སོ་གཉིས་དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པའི་ཧེ་རུ་ཀའི་གནས་བཅུ་ལ་སོགས་པའི་མཁའ་སྤྱོད་དང་ས་སྤྱོད་ན་བཞུགས་པའི་མདོར་ན་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཐམས་ཅད་ཚོགས་ཞིང་ལྟར་དུ་རྒྱས་པར་བྱས་ནས་སྒོམ་ན་ཡང་ཆོག་ལ་གུ་རུ་རིན་པོ་ཆེ་གཅིག་ལ་ཐམས་ཅད་འདུས་པ་ཀུན་འདུས་ནོར་བུའི་ལུགས་སུ་སྒོམ་ནའང་ཆོག གུ་རུ་རིན་པོ་ཆེ་ཉིད་ཀྱི་ཞལ་ནས། ང་སྒྲུབ་སངས་རྒྱས་ཐམས་ཅད་འགྲུབ། །ང་མཐོང་སངས་རྒྱས་ཐམས་ཅད་མཐོང་། །ང་ནི་བདེ་གཤེགས་འདུས་པ་ཡིན། །མོས་གུས་ཅན་གྱི་དྲུང་དུ་ནི། །ང་ཉིད་འདུ་འབྲལ་མེད་པར་གནས། །ཞེས་སོ། །སློབ་དཔོན་མཚོ་སྐྱེས་རྡོ་རྗེ་དང་བླ་མ་དབྱེར་མེད་སྒོམ་ན། རྒྱུད་ལས། གང་གིས་བསྐལ་བ་བྱེ་བ་རུ། །ལྷ་སྐུ་འབུམ་ཕྲག་བསྒོམས་པ་ལས། །བླ་མ་སྐད་ཅིག་དྲན་པ་མཆོག །ཅེས་གསུངས་སོ། །དད་པ་ཅན་ལ་བྱིན་རླབས་ཇི་ལྟར་འཇུག་པ་ཡིན་ཞེ་ན། བླ་མ་དང་འབྲལ་མེད་དུ་བསྒོམས་སྟེ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེས་ནས་མཉམ་པར་བཞག་ན་དུས་གསུམ་གྱི་འཁྲུལ་རྟོག་ཐམས་ཅད་དག་ནས་བདེ་གསལ་མི་རྟོག་པའི་ཉམས་ཞེན་དང་བྲལ་བའི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ཡིན། དུས་རྒྱུན་དུ་མཚམས་མཚམས་སུ་བླ་མ་དྲན་པའི་གདུང་དབྱངས་འབོད་པ་དང་། སྔོན་འགྲོའི་རྒྱུན་འདོན་གྱི་སྐབས་སུ་བླ་མ་མཁྱེན་ཞེས་གསོལ་བ་འདེབས་ཀྱིན་ཡོད་པས། བླ་མ་མཁྱེན་དང་པོའི་སྐབས་སུ་སོ་ཐར་གྱི་ལམ་གྱི་རྩ་བ་ངེས་འབྱུང་དང་འབྲེལ་དགོས་ཏེ། ཁམས་གསུམ་འཁོར་བའི་གནས་འདི་སྡུག་བསྔལ་དུ་ཤེས་ནས་དེ་ལས་ཐར་འདོད་ཀྱི་བསམ་པ་དང་། དེ་ལ་ཞེན་ལོག་གིས་སྣ་དྲངས་ནས་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་གནས་འདི་ནས་ཐར་བ་ཞིག་ཁྱེད་མཁྱེན་ཁྱེད་ཀྱིས་གཟིགས་བསམ་པའི་འཁོར་བ་ཞེན་ལོག་གི་ངེས་འབྱུང་གིས་འབོད་པར་བྱེད་དགོས། བླ་མ་མཁྱེན་ཞེས་པའི་གདུང་དབྱངས་གཉིས་པའི་སྐབས་སུ་ལམ་གྱི་རྩ་བ་བྱང་སེམས་དང་འབྲེལ་དགོས་ཏེ། བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་ནི་རྣམ་མཁྱེན་གྱི་དངོས་རྒྱུ་ཡིན། དེ་སྙིང་རྗེ་ཆེན་པོ་དང་མི་འབྲལ་བ་ཞིག་དང་སྙིང་རྗེའི་རྩ་བ་ཅན་ཞིག་ཡིན་པས་ཁམས་གསུམ་འཁོར་བའི་གནས་ན་སྡུག་བསྔལ་མྱོང་བའི་སེམས་ཅན་འདི་ཐམས་ཅད་སྡུག་བསྔལ་དེ་ལས་ཐར་ནས་སངས་རྒྱས་ཀྱི་གོ་འཕང་ལ་འགོད་རྒྱུའི་གཞན་ཕན་དོན་གཉེར་གྱི་ལྷག་པའི་བསམ་པའི་སྒོ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་རྒྱུ་འབྲས་གཉིས་དང་བྲལ་བ་ཞིག་ཁྱེད་མཁྱེན་ཁྱེད་ཀྱིས་དགོངས་བསམ་པའི་བྱང་སེམས་ལམ་གྱི་རྩ་བ་དང་འབྲེལ་བ་ཡིན། བླ་མ་མཁྱེན་གསུམ་པའི་སྐབས་སུ་གསང་སྔགས་ལམ་གྱི་རྩ་བ་དང་འབྲེལ་དགོས་ཏེ། དེ་ཇི་ལྟར་འབྲེལ་དགོས་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ནས་དག་མཉམ་ཆེན་པོ་སྣང་སྲིད་གཞིར་བཞུགས་ཀྱི་བདག་ཉིད་ཡེ་ནས་ཡིན་པ་ལ་དེ་ལྟ་བུའི་གནས་ཚུལ་མ་རྟོགས་ནས་སྣང་ཚུལ་འཁོར་བར་འཁྱམས་པའི་སེམས་ཅན་ཐམས་ཅད་གློ་བུར་སྒྲིབ་གཉིས་ཀྱི་དྲི་མ་དང་བྲལ་ནས་སྐུ་དང་ཡེ་ཤེས་མངོན་གྱུར་གྱི་ཐོག་ནས་སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་དག་མཉམ་སྐུ་དང་ཡེ་ཤེས་ལྷ་སྔགས་ཆོས་ཉིད་ཀྱི་རང་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་རྟོགས་པར་བྱིན་གྱིས་རློབས། དེ་ལྟར་བྱིན་གྱིས་རློབ་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་བླ་མ་དམ་པ་ཁྱེད་མཁྱེན་ཁྱེད་ཡིན་བསམ་པའི་གསང་བ་སྔགས་ཀྱི་ལམ་གྱི་རྩ་བ་དང་འབྲེལ་བ་ཞིག་དགོས་སོ། །གསང་སྔགས་ནི་དག་སྣང་གི་ལམ་ཡིན་ལ་སེམས་བསྐྱེད་ཀྱང་ཡིན་ནོ། །རྗེས་ཐོབ་སྤྱོད་ལམ་གྱི་སྐབས་ཐམས་ཅད་ལ་ཡང་སྣང་སྲིད་ཐམས་ཅད་བླ་མའི་རོལ་བ་རུ་བཞེངས་ན། བྱིན་རླབས་འཇུག་པ་དང་། དག་སྣང་གི་མོས་གུས་འདྲེན་པ་དང་། བགེགས་དང་བར་ཆད་མི་འཇུག་པར་སྐྱིད་སྡུག་རོ་སྙོམས་ཐུབ་པ་ལ་སོགས་པ་རྣལ་འབྱོར་ལམ་པ་ཞིག་ལ་མཚོན་ན་མེད་དུ་མི་རུང་བའི་དགོས་གནད་ཁྱད་པར་ཅན་ཡིན་པས། དེ་ལྟ་བུའི་གནད་ཀྱི་གདམས་པ་བྱིན་རླབས་ཀྱི་ཉིང་ཁུ་མན་ངག་ཐམས་ཅད་ཀྱི་སྙིང་པོ་ཐམས་ཅད་ཀུན་འདུས་དེ་བླ་མའི་རྣལ་འབྱོར་ཡིན། བློ་ལྡོག་རྣམ་བཞི་དང་འབྲེལ་ནས་བཤད་ན་ཡང་དལ་འབྱོར་ཚང་བའི་ལུས་རྟེན་འདི་རྙེད་དཀའ་འཇིག་སླ་ཆུའི་ཆུ་བུར་ལྟ་བུ་ཞིག་ཡིན་ན་འདི་ཆུད་ཟོས་སུ་བཏང་ནས་དོན་ཆུང་ཚེ་འདིའི་གཡེངས་བའི་ཁུར་བོས་དུས་འདའ་བ་ལས་བློ་ལྡོག་ནས་དལ་འབྱོར་ཆོས་ལ་བཀོལ་ནས་སྙིང་པོ་ལེན་པ་དང་། རྟག་འཛིན་ཕྱི་ཚིས་ཀྱི་རེ་དོགས་ལས་བློ་ལྡོག་ནས་ནམ་འཆི་ཆ་མེད་འཆི་རྐྱེན་ངེས་མེད་བསམ་པས་བློ་སྣ་བསྟུང་པ་དང་། འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་མི་བསྔལ་ས་ཞིག་མེད་པས་འཁོར་བའི་ཉེས་དམིགས་ལ་བློ་ལྡོག་ནས་སྙིང་ནས་ངེས་འབྱུང་བསྐྱེད་པ་དང་། དགེ་སྡིག་རྒྱུ་འབྲས་བསླུ་མེད་ཀྱིས་བདེ་སྡུག་བསྐྱེད་པ་ཡིན་པས་རྒྱུ་འབྲས་ཀྱི་རྣམ་གཞག་མི་ཤེས་པའི་རྨོངས་པའི་ལམ་ལས་བློ་ལྡོག་ནས་རྒྱུ་འབྲས་ཡིད་ཆེས་ཀྱི་ངེས་ཤེས་བསྐྱེད་ནས་རང་གཞན་སེམས་ཅན་ཐམས་ཅད་ཐར་བ་རྣམ་མཁྱེན་གྱི་གོ་འཕང་ལ་སྦྱོར་བར་བྱེད་པའི་ཉམས་ལེན། སྦྱོར་དངོས་རྗེས་གསུམ་ཚང་བ་ཞིག་རྒྱུད་ལ་སྐྱེ་བ་ནི་བླ་མ་དཀོན་མཆོག་གསུམ་པོ་ཁྱེད་མཁྱེན་ཁྱེད་ཀྱི་ཐུགས་རྗེས་ཟུངས་བསམས་ནས་སྐྱབས་འགྲོ་སེམས་བསྐྱེད་ལ་སོགས་པའི་འདོན་པ་གང་བཏོན་ཀྱང་སེམས་ཀྱིས་དེ་བཞིན་དུ་བསམ་པ་དང་དམིགས་པའི་གསལ་འདེབས་ཀྱང་དེ་བཞིན་དུ་བྱེད་དགོས་པ་ཡིན། དུས་འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་རྣམ་པ་མཚོ་སྐྱེས་རྡོ་རྗེ་སྐྱབས་གནས་དགུ་ཕྲུགས་ཚང་བའི་བདག་ཉིད་ཅན་ལ་མོས་གུས་གདུང་ཤུགས་དྲག་པོས་སྐྱབས་སུ་མཆི་བ་ཡིན། བློ་ཡག་ན་ཉེས་ན་གཏོད་ས་ཁྱེད་ཡིན། མཐོ་ན་དམའ་ན་སྐྱིད་ན་སྡུག་ན་རེ་ས་སྐྱབས་གནས་ཁྱེད་ལས་གཞན་ཞིག་མེད་བསམ་ནས་སྐྱབས་སུ་འགྲོ་དགོས། འདི་ལྟ་བུའི་སྐྱབས་སུ་འགྲོ་བ་དེ་ལ་རྒྱུ་འབྲས་རྣམ་པ་གཉིས་ཀྱི་སྟེང་ནས་ཕྱེས་ཡོང་ན་དེ་རྒྱུའི་སྐྱབས་འགྲོ་དང་། དེ་ལྟ་བུའི་རྒྱུ་བྱས་ན་གཞི་རྒྱུད་བདེ་གཤེགས་སྙིང་པོའི་སྟེང་ན་སྐུ་གསུམ་འདུ་འབྲལ་མེད་པའི་ཡོན་ཏན་རང་ཆས་སུ་ཡོད་པའི་རིགས་སད་པ་དེ་འབྲས་བུའི་སྐྱབས་འགྲོ་ཡིན། སེམས་བསྐྱེད་དང་སྦྲེལ་ནས་བཤད་ན་ཡང་སྙིང་རྗེའི་སེམས་ཅན་ལ་དམིགས་པའི་ཟུར་དང་པོ་དང་ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས་པ། མདོར་ན་དོན་གཉིས་དང་ལྡན་པའི་སེམས་བསྐྱེད་པ་སྟེ། དམ་བཅའ་དང་ལྡན་པའི་སྨོན་སེམས་དང་། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཉམས་ལེན་ལ་འབད་པ་དངོས་སུ་འདོན་པ་ནི་འཇུག་པ་སེམས་བསྐྱེད་དོ། །དེ་ལྟ་བུའི་སྨོན་འཇུག་གི་བདག་ཉིད་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ་བརྟེན་ནས་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་གནས་ལུགས་མངོན་དུ་གྱུར་པར་བྱས་པའི་དོན་དམ་སེམས་བསྐྱེད་རྒྱུད་ལ་འབྱོངས་པ་ནི། སྦྱོར་བ་སྐྱབས་འགྲོ་སེམས་བསྐྱེད་དང་ལྡན་པས་དངོས་གཞི་གསལ་སྟོང་འཛིན་མེད་ཞེན་པ་དང་བྲལ་བ་བློ་འདས་སྤྲོས་པ་དང་བྲལ་བའི་ངང་དུ་ཐུགས་ཡིད་དབྱེར་མེད་དུ་བསྲེ་བའི་མཉམ་བཞག་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གྱི་སྒོམ་པ་དང་མི་འབྲལ་བར་བྱེད་དགོས་སོ། །འཛིན་པ་བྱུང་ན་ལྟ་བ་མིན། ཅེས་གསུངས་པ་ནི་དེའོ། །དེ་ལྟ་བུའི་ལྟ་སྒོམ་སྤྱོད་གསུམ་ཡ་མ་བྲལ་བའི་ཐོག་དེ་ནས་རྗེས་བསྔོ་བ་དང་སྨོན་ལམ་གྱིས་མཐའ་བརྒྱན། དེའི་སྐབས་སུ་ཡང་བསྔོ་ཡུལ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ། བསྔོ་བྱ་རང་ཉིད་ཀྱིས་སྦྱོར་དངོས་རྗེས་གསུམ་ཚང་བའི་ཉམས་ལེན་བྱས་པའི་དགེ་རྩ་དང་། རང་གཞན་གྱི་དུས་གསུམ་བསགས་པའི་དགེ་བ་ཐམས་ཅད་བསྡོམས་ནས། བསྔོ་དོན་དེ་ཐམས་ཅད་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཆེད་དུ། བསྔོ་ཚུལ་གུ་རུ་རིན་པོ་ཆེ་ལ་སོགས་པ་སྔོན་གྱི་རྒྱལ་བ་གོང་མ་རྣམ་པས་ཇི་ལྟར་བསྔོས་པ་ལྟར་དུ་འཁོར་གསུམ་དམིགས་མཐའ་དང་བྲལ་བའི་སྒོ་ནས་བསྔོ་བ་ཡིན་བསམ་ནས་སྨོན་ལམ་འདེབས་དགོས་སོ། །བློ་བླ་མར་གཏད་པ་སྐྱབས་འགྲོ་ཡི་མཐར་ཐུག །གསུངས་པ་ཡིན་པས་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཉམས་ལེན་སྦྱོར་དངོས་རྗེས་གསུམ་ཚང་བ་རེ་ཆགས་མེད་ཀྱིས་བྱེད་ཐུབ་ན་དེའི་ཕན་གྱི་ཉམས་ལེན་མིང་ཆེན་ཞིག་ཟུར་ནས་དགོས་པ་མིན། རབ་ཚེ་འདི། འབྲིང་འཆི་ཁ། ཐ་མ་བར་དོའི་སྐབས། ཡང་ཐ་ཡིན་ཡང་སྲིད་པ་བར་དོའི་སྐབས་སུ་གུ་རུ་རིན་པོ་ཆེ་བླ་མ་དང་དབྱེར་མེད་དུ་མཇལ་ནུས་པ་ནི་ཐེ་ཚོམ་མི་དགོས་པ་ཡིན་ནོ། །དེ་ལྟ་བུའི་ངེས་ཤེས་ཀྱི་འདུན་པ་གཞུར་དུ་དྲངས་ནས་ཉམས་ལེན་གནད་སྨིན་མཛད་པ་དང་བཅས་ཏེ་གང་ཞིག་གསན་པར་བྱ་བ་རྫོགས་ཆེན་སྡེ་གསུམ་ཀློང་དགུའི་ཡང་བཅུད་རྒྱུད་དོན་མན་ངག་ཏུ་བཀྲལ་བའི་གཞུང་ཚིག་དོན་རིན་པ་ཆེའི་མཛོད་འདི་ཉིད་འཆད་བཞིན་པའི་སྐབས་ལས་རྡོ་རྗེའི་གནས་ཚིག་དོན་བཅུ་བ་ལས། ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་དང་འདྲ་བའི་ནང་ཚན་བར་དོ་བཤད་པའི་སྐབས་ལས་འགའ་ཞིག་སོང་ནས།

༼༢ དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ།

གཉིས་པ་དབང་པོའི་གྲོལ་ལུགས་བྱེ་བྲག་ཏུ་བཤད་པ་ལ། སྤྱིར་སྐད་ཅིག་དང་བསམ་གཏན་གྱི་ཞག་མང་ཉུང་ཇི་ཙམ་བསྟན་ཡང་དབང་པོ་ཉི་ཤུ་རྩ་གཅིག་གི་གྲོལ་ལུགས་འདིར་འདུ་བས། དབང་པོ་རབ་རྣམས་སྐད་ཅིག་གསུམ་ལ་གྲོལ་ཏེ། དང་པོ་ལ་རང་སྣང་མཐོང༌། གཉིས་པ་ལ་བྱེ་བྲག་ཕྱེད། གསུམ་པ་ལ་ཕྱེད་ཐོག་ནས་གྲོལ་བའོ། །འདི་ལའང་རབ་ཀྱི་མཐར་ཕྱིན་པ་དེ་སྐད་ཅིག་གསུམ་པ་རྫོགས་མ་ཐག་ལ་ཀ་དག་ཏུ་གྲོལ་ལ། འདི་རྣམ་གྲོལ་གྱི་སྐད་ཅིག་མ་ལ་གོ་དགོས། ལྷག་མ་དྲུག་གི་སྐད་ཅིག་གསུམ་ནི་བྱ་བ་རྫོགས་པའི་སྐད་ཅིག་མ་གསུམ་སྟེ། བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་པ་ཡོད་པ་ནི་རྒྱུད་རང་ཤར་ན་གསལ་ལོ། །འབྲིང་རྣམས་སྐད་ཅིག་བཞི་ལ་གྲོལ་ཏེ། དང་པོ་ལ་རང་སྣང་དུ་ཤར། གཉིས་པ་ལ་རང་གདངས་སུ་ཤེས། གསུམ་པ་ལ་ཤེས་ཐོག་ཏུ་གནས། བཞི་པ་ལ་གནས་ཐོག་ནས་གྲོལ་ལོ། །ཐ་མ་རྣམས་སྐད་ཅིག་ལྔ་ལ་གྲོལ་ཏེ། སྐད་ཅིག་དང་པོ་ལ་སྣང་བ་ཤར། གཉིས་པ་ལ་དཔྱད་པ་ཞུགས། གསུམ་པ་ལ་རང་སྣང་དུ་ཤེས། བཞི་པ་ལ་ཤེས་ཐོག་ཏུ་གནས། ལྔ་པ་ལ་གནས་ཐོག་ནས་གྲོལ་པའོ། །འདི་དག་ཀྱང་བྱ་བ་རྫོགས་པའི་སྐད་ཅིག་མ་ཡིན་ལ། དེ་དག་ལའང་བསམ་གཏན་གྱི་ཞག་མང་ཉུང་ཅི་རིགས་སུ་ཡོད་པ་ནི་རྒྱུད་བཞིན་ནོ། །ཁ་ཅིག་གིས་སྐད་ཅིག་དང་བསམ་གཏན་གཉིས་གཅིག་ཏུ་བཤད་པ་ནི་ཆ་ཕྱེད་དབྱིངས་མ་གོ་བ་རྣམ་པ་འདྲེས་པ་ཡིན་ནོ། །སྐད་ཅིག་མ་ལ་རྣམ་གྲོལ་གྱི་སྐད་ཅིག་མ་དང་། བྱ་རྫོགས་ཀྱི་སྐད་ཅིག་གཉིས་ཡོད་པ་ནི་ཤེས་པར་བྱ་བ་ཡིན་ལ། བསམ་གཏན་གྱི་ཞག་རྣལ་འབྱོར་བའི་གོམས་པ་རྒྱུན་རིང་ཐུང་ལ་རྩི་བ་ཡིན་ཞིང་། བསམ་གཏན་འདི་དག་སྐད་ཅིག་མས་བཅིངས་ནས་བཤད་པའོ། །སྐད་ཅིག་མའི་ཆར་དབྱེ་བ་དེ་ལ་རང་ངོ་ཤེས་པའི་རྟོགས་པས་ཁྱབ་ལ། རང་ངོ་ཤེས་པའི་རྟོགས་པས་ཁྱབ་པ་དེ། བསམ་གཏན་གྱི་ཞག་ཡིན་ན་རྟོགས་པས་ཁྱབ་སྟེ། མ་རྟོགས་ཀྱང་རང་བཞིན་གྱི་བསམ་གཏན་ལ་ཡོད་པའི་ཕྱིར་ཏེ། ལྷུན་གྲུབ་ཀྱི་ཐ་མ་བཞིན་ནོ། །དེ་ཡང་སྐད་ཅིག་མ་ལ་བསམ་གཏན་གྱི་ཞག་གིས་མ་ཁྱབ་སྟེ། རྟོགས་པའི་སྐད་ཅིག་ལ་ཀ་དག་ཏུ་གྲོལ་བ་བཞིན་ནོ། །དེ་ལྟ་བུའི་སྐད་ཅིག་མ་ནི་རྟོགས་ཚུལ་ཤེས་རབ་ཀྱི་ཆ་ཡིན་ལ། བསམ་གཏན་ནི་གནས་པ་ཏིང་ངེ་འཛིན་གྱི་ཆ་ཡིན་ནོ། །རབ་ལྟར་དུ་སྐད་ཅིག་རྣམ་གསུམ་དུ་བསྡུས་ཀྱང་འགལ་བ་མེད། འབྲིང་ཐ་ལྟར་དུ་གཅིག་དང་ལྔར་ཕྱེ་ཡང་འགལ་བ་མེད་དེ། གྲོལ་ཚད་རྟོགས་པ་སྐྱེ་པའི་རང་དུས་ངོས་ཟིན་པ་ཙམ་ལས་གཞན་དུ་འཁྲུལ་པ་མེད་དོ། །བསམ་གཏན་ལ་རྒྱུད་ནས་སོ་སོར་གང་བཤད་ཀྱི་ཆ་དེ་ལས་མང་ཉུང་དུ་དབྱེ་བསྡུ་བྱས་པ་མེད་དོ། །བསམ་གཏན་རྣམས་སྐད་ཅིག་མས་བཅིངས་པར་ཤེས་པར་བྱའོ། །འདི་མ་ཕྱེད་ན་ཆ་འདྲེས་ནས་ཅི་ཟེར་དང་བཞག་ས་མེད་པའི་སྐྱོན་གྱིས་མགོ་འཁྲུགས་པར་ཡོད་པས་གནད་གལ་པོ་ཆེ་ཡིན་ནོ། །དེ་དག་གི་ངེས་པ་རྒྱུད་ཀྱི་སྟེང་ནས་རྟོགས་པར་བྱ་སྟེ། རང་ཤར་ལས། དེ་ཡང་དབང་པོ་རབ་ནི་སྐད་ཅིག་མ་གསུམ་ལ་སངས་རྒྱས་ནས་སྤྲུལ་པ་རང་བཞིན་དུ་འབྱུང་ངོ༌། །དེ་ཡང་སྐད་ཅིག་མ་གཅིག་ལ་ཚོམ་བུའི་སྣང་བ་འགགས། སྐད་ཅིག་མ་གཅིག་ལ་ལྷུན་གྲུབ་ཀྱི་སྣང་བ་སྐྱེས། སྐད་ཅིག་མ་གཅིག་གིས་ཀ་དག་གི་བདེན་པ་མཐོང་ངོ༌། །དེ་ཡང་སྤྲུལ་པ་ནི་ཀ་དག་གི་ས་ནས་མི་འགྱེད་དེ། ལམ་དུ་དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་ཐོབ་ནས། དཔེར་ན་སྐར་མདའ་ནམ་མཁའ་ལ་རྒྱུག་པའི་ཚུལ་ཏེ། སྐར་མདའ་དེ་ལས་འོད་འཕྲོ་བ་དང་འདྲ་བར་སྤྲུལ་པ་བཀྱེ་ནས་འགྲོ་བའི་དོན་བྱེད་དེ། དོན་བྱེད་ནི་ཞག་གསུམ་ནས་ནུས་སོ། །དབང་པོ་རབ་ཀྱི་རྩེ་མོ་ནི་ཞག་གཅིག་བར་དོར་སྡོད་དོ། །དེ་ཡང་ཡེ་ཤེས་ཁ་སྦྱོར་གྱི་སྣང་བ་ལ་རང་གི་སྣང་བ་མཐོང་སྟེ། དེ་ཡང་བདག་གི་མིག་ནས་ཡེ་ཤེས་ཀྱི་མེ་གཉིས་བྱུང་བས་མཚོན་ཆར་བབ་པ་དེ་ཀུན་ཚིག་ནས་སྣང་བ་འགག་པ་མེད་པར་ཤར་བས་དེ་ལ་རང་གི་ཤེས་པ་སད་ནས་རང་གི་ཡུལ་མཐོང་སྟེ་ལྷུན་གྲུབ་ཀྱི་ས་ལ་ངེས་པ་རྙེད་ནས་ཡང་སྐར་མདའ་ལྟ་བུར་ཤེས་པར་བྱའོ། །དབང་པོ་རབ་ཀྱི་མཆོག་ནི་ཞག་གཉིས་ན་འཚང་རྒྱ་སྟེ། དེ་ཡང་ཚོམ་བུའི་སྣང་བ་ལ་ཞག་གཅིག་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་ཡེ་ཤེས་ཀྱི་ཉི་མ་གཅིག་འཆར་ཏེ་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོའོ། །དེ་ལས་འོད་ཟེར་གྱི་རྩེ་མོ་རེ་རེ་ལ་དེ་བཞིན་གཤེགས་པའི་སྐུ་རེ་རེ་འཆར་རོ། །དེས་སྣང་བའི་སྤྱོད་ཡུལ་ཐམས་ཅད་སྐུའི་རང་བཞིན་དུ་མཐོང་ངོ༌། །དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བ་ལ་ཡང་ངེས་པ་རྙེད་ནས་སྤྲུལ་པ་ཡང་ཞག་བདུན་ན་དོན་བྱེད་ནུས་སོ། །ཡང་སྐར་མདའ་བཞིན་ནོ། །རབ་ཀྱི་ཕུལ་ནི་ཞག་གསུམ་བར་དོ་ལ་སྡོད་དོ། །དེ་ཡང་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་ལ་ཡང་ངེས་པ་རྙེད་པས་ཡེ་ཤེས་ཀྱི་སྣང་བ་ལ་རང་གི་སྣང་བའི་ཆ་གཅིག་འཆར་རོ། །དེ་ཡང་ཞག་གཅིག་སྡོད་དོ། །ཞག་དང་པོ་ལ་འོད་མཐོང་ངོ༌། །ཞག་གཉིས་པ་ལ་སྐུ་མཐོང་སྟེ། སྐུ་དེ་ཡང་ཆེ་བ་རགས་པར་མཐོང་ངོ༌། །དེ་ལ་ཡིད་ཆེས་ནས་ལྷུན་གྲུབ་ཀྱི་ས་དེ་ལ་ངེས་པ་རྙེད་དོ། །དེ་ཡང་སྐར་མདའ་ལྟར་ཤེས་པར་བྱའོ། །སྤྲུལ་པ་ཡང་ཞག་བཅུ་གཅིག་ན་དོན་བྱེད་ནུས་སོ། །རབ་ཀྱི་རབ་ནི་ཞག་བཞི་བར་དོ་ལ་སྡོད་དོ། །དེ་ཡང་རང་གི་མདུན་ན་ཚོམ་བུ་ལྔ་བཀྲ་ས་ལེ་འདུག་པ་མཐོང་ནས་དེ་ལ་རང་གི་བག་ཆགས་སད་ནས་ཤར་ཕྱོགས་ཀྱི་ཚོམ་བུ་ལ་ཞག་གཅིག་སྡོད་དོ། །དེ་བཞིན་དུ་ཕྱོགས་བཞིའི་ཚོམ་བུ་ལ་ཞག་རེ་རེ་སྡོད་དོ། །དེ་ནས་ཡང་ལྷུན་གྲུབ་ལ་ངེས་པ་རྙེད་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཅུ་བཞིན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་འབྲིང་ནི་ཞག་ལྔ་ན་བདེན་པ་མཐོང་ངོ༌། །དེ་ཡང་འདི་ལྟ་སྟེ། ཞག་བཞི་ཚོམ་བུ་ལ་སྡོད་དོ། །ཞག་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་འོད་ཟེར་གྱི་ཐག་པ་རྟ་རྔ་ཙམ་ཞིག་བྱུང་སྟེ། དེ་ཡང་ནམ་མཁའི་མཐོངས་སུ་འགྲེང་བུར་འོང་ངོ༌། དེ་ལ་རང་གི་མིག་མ་ཡེངས་པར་བཟུང་ནས་བལྟས་པས་ནམ་མཁའི་དཀྱིལ་ན་ཚོམ་བུ་ཆེན་པོ་བཀྲ་ས་ལེ་བ་དེ་མཐོང་ནས་དེ་ལ་ཡིད་ཆེས་རབ་ཏུ་སྐྱེས་ནས་རང་གི་སྣང་བ་ཡིན་སྙམ་པའི་ཤེས་པ་ཞིག་བྱུང་བས་ཡིད་ཆེས་པ་མ་པང་དུ་བུ་འཇུག་པའི་གདམས་ངག་ཅེས་བྱའོ། །དེ་ནས་དེ་ལ་རང་གི་རིག་པ་བསྟིམ་གྱིས་ཐིམ་པ་ནི་མི་འགྱུར་བ་གསེར་གྱི་ཐུར་མ་ལྟ་བུའི་མན་ངག་གོ །དེ་ལ་ཡང་མི་གནས་པར་ཀ་དག་གི་ས་ལ་ཐིམ་པ་ནི་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་གདམས་ངག་ཅེས་བྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་གཅིག་ན་དོན་བྱེད་ནུས་སོ། །དབང་པོ་རབ་ཀྱི་ཐ་མ་ནི་ཞག་དྲུག་ཐོགས་ཏེ། དེ་ཡང་ཚོམ་བུ་ལ་ཞག་བཞི་ཐོགས། ཡེ་ཤེས་ཀྱི་སྣང་བ་དང་ཆོས་ཀྱི་དབྱིངས་ལ་ཞག་གཅིག་ཐོགས་སོ། །དེ་ནས་ཡང་རང་གི་མིག་གཉིས་ནས་ཡེ་ཤེས་ཀྱི་མེ་ལོང་གསལ་བ་གཉིས་ལྷག་གིས་འཆར་ཏེ། དེ་ལས་སྣང་བ་དཔག་ཏུ་མེད་པ་འཕྲོས་ནས། གཅིག་རང་གི་སྟེང་དུ་ཚོམ་བུ་གཅིག་ཏུ་སྡོད་དོ། །གཅིག་རང་གི་མདུན་དུ་ཚོམ་བུ་ཆེན་པོ་ཞིག་ཏུ་མཐོང་ངོ༌། །དེ་ནས་ངེས་པ་ཐོབ་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་ལྔ་ན་དོན་བྱེད་ནུས་སོ་ཞེས་དང༌། འབྲིང་གི་ངེས་པ་ལ་འཇོག་པ་ནི་ཞག་བདུན་ན་ངེས་པ་རྙེད་དོ། །དེ་ཡང་ཞག་ལྔ་ཚོམ་བུའི་སྣང་བ་ལ་སྡོད་དོ། །ཞག་གཅིག་ཆོས་ཀྱི་དབྱིངས་ལ་སྡོད་དོ། །ཞག་གཅིག་མེ་ལོང་ཡེ་ཤེས་ལ་སྡོད་དོ། །དེ་ཡང་རང་གི་ཐུགས་ཀ་ནས་སྐུ་གཅིག་བྱུང་བ་དེ་ལས་སྐུ་གྲངས་མེད་པ་འཕྲོས་པས་དེ་ལ་རང་གི་ཤེས་པ་བསད་དེ་སྟོབས་སུ་གྱུར་ནས་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་དྲུག་ན་དོན་བྱེད་ནུས་སོ། །དབང་པོ་འབྲིང་གི་རྩེ་མོ་ནི་ཞག་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས་སོ། །ཡེ་ཤེས་བཞིའི་སྣང་བ་ལ་ཞག་གསུམ་བསྡད་ནས་ཡང་རང་གི་སྟེང་ན་ཡེ་ཤེས་ཀྱི་སྐུ་སྣ་ཚོགས་སུ་འཕྲོ་བ་ཞིག་མཐོང་བས་དེ་ལ་ངེས་པ་རྙེད་ནས་དེ་ཡང་སྐར་མདའ་ལྟ་བུའོ། །སྤྲུལ་པ་ཡང་ཞག་ཉི་ཤུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་མཆོག་གིས་ཞག་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་ལྔ་ཐོགས། ཡེ་ཤེས་ལ་ཞག་བཞི་ཐོགས་སོ། །དེ་ནས་ཡང་ངེས་པ་རྙེད་དེ་ཅི་སྣང་ཐམས་ཅད་མེ་ལོང་ལྟ་བུར་རྟོགས་ཤིང་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་ན་དོན་བྱེད་ནུས་སོ། །འབྲིང་གི་ཕུལ་ནི་ཞག་བཅུ་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ཀྱི་སྣང་བ་ལ་བཞི། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་ཐོགས་ནས་སྐུ་དེ་དག་ཐམས་ཅད་གཉིས་མེད་དུ་རྟོགས་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་གཅིག་ན་དོན་བྱེད་ནུས་སོ། །འབྲིང་གི་རབ་ཞག་བཅུ་གཅིག་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཅིག་གནས་ཏེ། དེ་ནས་ཡང་ངེས་པ་རྙེད་ནས་སྣང་བ་ཐམས་ཅད་འོད་ཁྱིམ་དུ་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བཞི་ན་དོན་བྱེད་ནུས་སོ། །འབྲིང་གི་འབྲིང་ནི་ཞག་བཅུ་གཉིས་ཐོགས་ཏེ། ཡང་ཚོམ་བུ་ལ་ལྔ། ཡོངས་སུ་ཁྲོ་བོའི་ཞིང་ཁམས་སུ་གཅིག་ཡེ་ཤེས་ཀྱི་སྣང་བ་ལ་ཞག་ལྔ། ལྷུན་གྲུབ་ཀྱི་སྣང་བ་ལ་ཞག་གཅིག་གནས་ནས་ཀྱང་ངེས་པ་རྙེད་དེ་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་བདུན་ན་དོན་བྱེད་ནུས་སོ། །འབྲིང་གི་ཐ་མ་ནི་ཞག་བཅུ་གསུམ་ཐོགས་ཏེ། ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་གཉིས་གནས་པས། ཡང་ཅིར་སྣང་མར་མེའི་དཀྱིལ་འཁོར་ལྟར་མཐོང་ནས་ངེས་པ་རྙེད་དོ། །སྤྲུལ་པ་ཡང་ཞག་སུམ་ཅུ་རྩ་དགུ་ན་དོན་བྱེད་ནུས་སོ་ཞེས་པ་དང་དེ་ཡང་ཐ་མའི་ས་ཟིན་པ་ནི་ཞག་བཅུ་བཞི་ཐོགས་ཏེ། དེ་ཡང་ཚོམ་བུ་གོང་འོག་ལ་དྲུག ཡེ་ཤེས་ལ་ལྔ། ལྷུན་གྲུབ་ལ་ཞག་གསུམ་ཐོགས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་རྩེ་མོ་ནི་ཞག་བཅོ་ལྔ་ཐོགས་ཏེ། ཡང་ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་གཅིག་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་བཞི་བཅུ་ཞེ་གསུམ་ན་དོན་བྱེད་ནུས་སོ། །ཐ་མའི་མཆོག་ནི་ཞག་བཅུ་དྲུག་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་ལྔ་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པ་ཡང་ཞག་ཞེ་དྲུག་ན་དོན་བྱེད་ནུས་སོ། །ཐ་མའི་ཕུལ་ནི་ཞག་བཅུ་བདུན་ཐོགས་ཏེ། ཚོམ་བུ་དང་ཡེ་ཤེས་ཀྱང་གོང་བཞིན་ནོ། །ལྷུན་གྲུབ་ལ་ཞག་དྲུག་གནས་པའི་ཐ་མ་ཡང་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་པའོ། །སྤྲུལ་པ་ཡང་ཞག་ཞེ་བདུན་ན་དོན་བྱེད་ནུས་སོ། །ཐ་མའི་རབ་ཞག་བཅོ་བརྒྱད་ཐོགས་ཏེ། ཡང་ཚོམ་བུ་ལ་ཞག་དྲུག་ཐོགས་སོ། ཡེ་ཤེས་ལ་ཞག་བརྒྱད་དོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་རང་གི་སྣང་བ་མཐོང་ནས་བརྟན་པ་ཐོབ་བོ། །སྤྲུལ་པའང་ཞག་ལྔ་བཅུ་ན་དོན་བྱེད་ནུས་སོ། །ཐ་མའི་འབྲིང་ནི་ཞག་བཅུ་དགུ་ཐོགས་ཏེ། ཡང་ཚོམ་བུ་ལ་བཅུ་གཉིས་ཐོགས། ཡེ་ཤེས་ལ་བཞི་གནས་སོ། །ལྷུན་གྲུབ་ལ་ཞག་གསུམ་གནས་པའི་ཐ་མ་ལ་རང་གི་སྣང་བ་མཐོང་སྟེ་འཚང་རྒྱའོ། །སྤྲུལ་པ་ཡང་ཞག་ལྔ་བཅུ་རྩ་གསུམ་ན་དོན་བྱེད་ནུས་སོ། །སེམས་ཅན་གྱི་དབང་པོ་དེ་རྣམས་ཀུན་ཀྱང་སངས་རྒྱས་ཀྱི་ས་ནོན་པའོ། །བར་དོ་དེ་རྣམས་ཀྱང་དཔེར་ན་རྨི་ལམ་ལྟ་བུའོ་ཞེས་སོ། །འདིའི་སྐད་ཅིག་གི་སྐབས་སུ་རྣམ་གྲོལ་གྱི་སྐད་ཅིག་དང་བྱ་རྫོགས་ཀྱི་སྐད་ཅིག་མ་ནོར་མི་རུང་ལ། བསམ་གཏན་གྱི་ཞག་དང་སྐད་ཅིག་མ་མ་ནོར་དུས་གོ་བ་ཆེན་པོ་འཕྱུག་ས་མེད་དོ། །དེ་དག་གི་དུས་ན་གྲོལ་བ་གནད་ཀྱི་མན་ངག་ལ་གསུམ་སྟེ། ཆོས་ཉིད་ཀྱི་སྣང་བ་རང་སྣང་དུ་ཤེས་པ་མ་པང་དུ་བུ་འཇུག་པའི་གདམས་པ་དང༌། ཤེས་ཐོག་དེར་དར་ཅིག་རང་བཞིན་གྱི་བསམ་གཏན་ལས་མི་གཡོ་བ་གསེར་གྱི་ཐུར་མ་ལྟ་བུའི་གདམས་ངག་དང༌། གནས་ཐོག་གི་ངང་རང་ས་ཀ་དག་ལས་གྲོལ་ནས་ཕྱིར་མི་ལྡོག་པ་དཔག་ཆེན་གྱི་མདའ་ལྟ་བུའི་མན་ངག་རྣམ་པ་གསུམ་དྲན་པར་བྱའོ། །དེ་ཡང་དབང་པོ་རབ་ལྟ་བུ་ལ་དཔེར་མཚོན་ན་སྐད་ཅིག་དང་པོ་ལ་ཚོམ་བུ་འགགས། གཉིས་པ་ལ་ལྷུན་གྲུབ་སྐྱེས་དུས་སྐད་ཅིག་དང་པོ་ལ་རང་ངོ་ཤེས། སྐད་ཅིག་གཉིས་པ་ལ་ཤེས་ཐོག་ཏུ་གནས། སྐད་ཅིག་གསུམ་པ་ལ་ཀ་དག་གི་བདེན་པ་མཐོང་ནས་གྲོལ་ཏེ་དབྱིངས་སུ་མ་ཐིམ་པའི་བར་དེར་བསམ་གཏན་གྱི་ཞག་གསུམ་གནས་པའི་ངང་ནས་སྐར་མདའ་ལས་འོད་འཕྲོ་བ་ལྟར་རིག་པ་ལས་སྤྲུལ་པ་བཀྱེ་ནས་སེམས་ཅན་གྱི་དོན་རང་སྣང་ཙམ་དུ་བྱས་ཏེ་ཀ་དག་ཏུ་སླར་ཐིམ་པ་སྐར་མདའ་དབྱིངས་སུ་ཐིམ་པ་ལྟ་བུའོ། །འདིའི་སྐར་མདའ་ལ་དཔེ་བྱས་པ་ནི། སྐར་མདའ་དང་འདྲ་བའི་མགྱོགས་པ་ཞིག་ལ་གསུངས་པ་མིན་པར་སྐར་མདའ་རྒྱུག་པའི་རིང་ལ་འོད་འཕྲོ་བ་དང་འདྲ་བར། ཀ་དག་གི་ནང་དབྱིངས་ལ་མ་འཁྱིལ་གྱི་བར་དུ་རང་སྣང་གི་སེམས་ཅན་གྱི་དོན་བྱེད་པ་དང་། སྐར་མདའ་དབྱིངས་སུ་ཐིམ་དུས་འོད་མི་སྣང་བ་ལྟར་དུ་ཀ་དག་གི་ནང་དབྱིངས་དངོས་ནས་སྤྲུལ་བ་འགྱེད་པ་མིན་ལ། སྤྲུལ་བ་ཇི་ལྟར་འགྱེད་ན་དེ་ནས་ལྷུན་གྲུབ་ཀྱི་སའི་ཐུགས་རྗེས་རང་བཞིན་ལྷུན་གྲུབ་ཏུ་དོན་འབྱུང་བ་ལས། ཀ་དག་གིས་དེ་ནས་དངོས་སུ་སྤྲུལ་པ་མི་འགྱེད་དེ་ཆོས་སྐུ་བྱ་བྱེད་གཡོ་རྩོལ་ལས་འདས་པའི་ས་ཡིན་པའི་ཕྱིར་རོ། །ཞག་འདི་གནས་པ་ཏིང་ངེ་འཛིན་སྔོན་གནས་ཀྱི་ཆའི་ཡུན་ལ་བརྩི་བ་ཡིན་ལ། དབང་པོ་རྣམས་རང་རང་གྲོལ་ནས་རང་བཞིན་གྱི་བསམ་གཏན་ལ་ཞག་སུམ་ཅུ་དང་བཞི་བཅུ་ལ་སོགས་པ་ནས་ཐ་མ་ལྔ་བཅུ་རྩ་གསུམ་རང་གནས་པའི་ངང་ནས་སྤྲུལ་པ་བཀྱེ་ནས་དོན་བྱས་རྟིང་ནང་དབྱིངས་སུ་འཇུག་པའོ། །དེ་ཡང་གྲོལ་ནས་དབྱིངས་སུ་མ་ཐིམ་གྱི་བར་དེར་སྤྲུལ་པ་འགྱེད། རང་གི་ཞག་སོ་སོར་གནས་རྟིང་དབྱིངས་སུ་ཐིམ་པའོ།།

༼༣ ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ།

གསུམ་པ་ཐིམ་ཚུལ་གྱི་རིམ་པས་མཇུག་བསྡུ་བ་ནི། སྔར་ལྷུན་གྲུབ་ཀྱི་སྣང་བ་ཤར། དེ་དག་སླར་རིག་པ་ཉིད་ཀྱི་ངང་དུ་ཐིམ་པ་ནི་ཤེལ་འོད་ནང་ཐིམ་ལ་སོང་བ་ལྟ་བུ་སྟེ། རིན་པོ་ཆེ་སྤུངས་པ་ལས། རོལ་པའི་རྩལ་དུ་ཐིམ་ལུགས་བརྒྱད། །ལྷུན་གྲུབ་ངེས་པ་མེད་པའི་གཞི། །ཡོན་ཏན་ཚུལ་དུ་འདི་ལྟ་བུ། །ཞེས་དང༌། རང་ཤར་ལས། ཀྱེ་གྲོགས་པོ་དག་ལྷུན་གྲུབ་ཀྱི་སྣང་བ་ལ་རང་གི་དེ་ཉིད་སྟོབས་སུ་གྱུར་ནས་བདེན་པ་མཐོང་བའི་ཚེ། ཐིམ་ལུགས་བརྒྱད་དོ་ཤེས་པར་བྱའོ། །དེ་ཡང་ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་ནི་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུའོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུའོ། །འོད་འོད་ལ་ཐིམ་པ་ནི་དཔེར་ན་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟ་བུའོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ། །མཐའ་གྲོལ་མཐའ་གྲོལ་ལ་ཐིམ་པ་ནི་དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པ་ལྟ་བུའོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་ནི་དཔེར་ན་སེང་གེས་གངས་ཟིན་པ་ལྟ་བུའོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུའོ་ཞེས་སོ། །ལྷུན་གྲུབ་ཀྱི་ཐིམ་ཚུལ་ནི། སྔར་ཤར་བ་ཐམས་ཅད་ད་ནང་དུ་བསྡུ་བ་སྟེ། ཤར་ལུགས་བརྒྱད་དུས་གཅིག་ལ་ཤར་བར་བཞིན་དུ། ཐིམ་ལུགས་བརྒྱད་དུས་གཅིག་ལ་འབྱུང་བ་ནི། ཐུགས་རྗེ་ཐུགས་རྗེ་ལ་ཐིམ་པ་དཔེར་ན་ཉི་མ་ནུབ་པའི་ཟེར་ལྟ་བུ་ཞེས་པ་ནི། ཉི་མས་ནུབ་རི་བརྒལ་དུས་ཉི་ཟེར་ཀྱང་རང་ཤུགས་ཀྱིས་དེ་ལ་འདུས་ཏེ་མེད་སོང་བ་ལྟར། རིགས་དྲུག་གི་སྣང་ཆ་རང་ངོ་ལ་མི་སྣང་བར་མ་དག་པའི་འཁྲུལ་བའི་མིང་མེད་དེ་གཟིགས་སྣང་ལས་འདས་པའི་དོན་ཏོ། །ཡེ་ཤེས་ཡེ་ཤེས་ལ་ཐིམ་པ་ནི་དཔེར་ན་མ་པང་དུ་བུ་འཇུག་པ་ལྟ་བུ་ཞེས་པ་ནི། མ་པང་དུ་བུ་ཞུགས་ན་སོ་སོར་མིན་པ་མི་གཅིག་གི་གོ་ན་ཡོད་པ་དང་འདྲ་བར། ཆོས་ཉིད་མ་དང་རིག་པ་བུ་གཉིས་ཀ་གཉིས་མེད་དུ་འདྲེས་ནས་ངོས་གཟུང་མེད་པ་ལ་གསུངས་པའོ། །འོད་འོད་ལ་ཐིམ་པ་དེ་ནམ་མཁའི་འཇའ་ཚོན་ཡལ་བ་ལྟ་བུ་ཞེས་པ་ནི། འཇའ་ཚོན་ནམ་མཁའ་ལ་ཡལ་ཚེ་སྟོང་བའི་དབྱིངས་ལ་རོ་གཅིག་སོང་བ་ལྟར། འོད་དང་ཁ་དོག་གི་མཚན་མའི་རིས་མེད་པར་སྟོང་པ་ངོས་གཟུང་དང་བྲལ་བའི་དབྱིངས་སུ་རོ་གཅིག་པའི་དོན་ཏོ། །སྐུ་སྐུ་ལ་ཐིམ་པ་ནི་དཔེར་ན་བུམ་པའི་སྐུ་ལྟ་བུའོ་ཞེས་པ་ནི། ཤེས་བྱ་ནང་གསལ་དུ་སོང་ནས་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་མེད་པར་རྣམ་པར་དག་པའི་དོན་ཏོ། །གཉིས་མེད་གཉིས་མེད་ལ་ཐིམ་པ་ནི་དཔེར་ན་ཆུ་བོ་ཆུ་བོ་ལ་ཐིམ་པ་ལྟ་བུའོ་ཞེས་པ་ནི། ཆུ་དང་ཆུ་བོ་གཉིས་ཀ་འདྲེས་དུས་གཅིག་ཏུ་གྱུར་ནས་འདྲེས་པ་ལྟར། གདོད་མའི་ཆོས་སྐུ་རུ་གྲོལ་བས་ཆོས་སྐུའི་དགོངས་པར་རོ་གཅིག་ཏུ་གྱུར་ཏེ་དབྱེར་མེད་སྤྲོས་པ་དང་བྲལ་བའི་དོན་ཏོ། །མཐའ་གྲོལ་མཐའ་གྲོལ་དུ་ཐིམ་པ་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟ་བུ་ཞེས་པ་ནི། སྟོང་པ་ལ་གཏད་པའི་ཡུལ་མེད་དེ་བསམ་ཡུལ་ལས་འདས་པའི་དོན་ཏོ། །དག་པ་ཡེ་ཤེས་ཀྱི་སྒོ་ངོ་བོ་ཀ་དག་ལ་ཐིམ་པ་སེངྒེས་གངས་ཟིན་པ་ལྟ་བུ་ཞེས་པ་ནི། ཡ་ང་དང་བག་ཚ་མེད་དེ་རིག་པ་རང་ཡུལ་དུ་ཕྱིན་པའི་དོན་ཏོ། །མ་དག་པ་འཁོར་བའི་སྒོ་དག་པ་ཡེ་ཤེས་ལ་ཐིམ་པ་སྦྲའི་ཆོན་ཐག་བརྟུལ་བ་ལྟ་བུ་ཞེས་པ་ནི། སྦྲ་ཕབ་ནས་ཆགས་ལྟེབ་བྱེད་དུས་ཆོན་ཐག་ཀྱང་དེ་དང་མཉམ་དུ་རུག་སོང་བ་ལྟར། ཐིག་ལེ་ཉག་གཅིག་ལ་འདུས་པའོ་ཞེས་པའི་དོན་ཏོ། །དེ་ལྟར་བརྒྱད་པོ་ཐིམ་དུས་རིག་པ་ཤེལ་གོང་སྐྱོན་དང་བྲལ་བ་ལྟར་ཀ་དག་ནང་དབྱིངས་གཅིག་ཏུ་གནས་པས་ངོ་ཤེས་པ་རྣམས་ཆོས་སྐུ་ཉག་གཅིག་ཏུ་བདེ་ཀློང་གཅིག་ཏུ་འཁྱིལ་བའི་དུས་སོ། །ལྷུན་གྲུབ་ཐིམ་ལུགས་བརྒྱད་ཀྱི་སྣང་བ་ཤར་ནས་ཀ་དག་གི་ནང་དབྱིངས་སུ་ཐིམ་པ་འདིའི་ཐད་དུ། རྒྱལ་བ་ཀློང་ཆེན་པས་རྒྱུད་དོན་རྩལ་འདོན་མཛད་པའི་མན་ངག་རྣམ་པ་གཉིས་ཏེ། ཆོས་ཉིད་དོན་གྱི་མན་ངག་གིས་གནད་དུ་བརྡེག་པ་དང་། དུས་གསུམ་གནད་ཀྱི་མན་ངག་གིས་དམིགས་སུ་གདབ་པའོ། །དང་པོ་ནི། ཚེ་འདི་དང་བར་དོ་གཉིས་ཀར་གནད་དུ་སྣུན་ཐབས་བསྟན་པ་སྟེ། ངོ་བོ། རང་བཞིན། ཐུགས་རྗེའི་གནད་གསུམ་ལས། ངོ་བོའི་གནད་ནི། རང་ཐོག་ཏུ་ངོ་ཤེས། ཡིན་ཐོག་ཏུ་ཐག་ཆོད། གྲོལ་ཐོག་ཏུ་གདེང་བཅའ་བ་གསུམ་ལས། དང་པོ་ནི། རང་བཞིན་འོད་དུ་སྣང་ཡང༌ངོ་བོ་རིག་གདངས་གཅིག་ལས་མ་འདས་པའི་གནད་དེ་ཤེས་པས་ཤར་ཆ་གང་ཤར་ཡང་རིག་པ་སྟོང་གསལ་ཟང་ཀ་དེ་ཀ་དག་གི་རང་ངོ་ཡིན་པར་ཐག་ཆོད་པ་ནི་མཐར་ཐུག་གི་གྲོལ་ས་རིག་པ་ཅེར་མཐོང་དུ་ངོ་ཤེས་པའོ། །གཉིས་པ་ནི། དེའི་ངང་དེ་བཏང་བཞག་མེད་པར་རང་བཞིན་གྱི་བསམ་གཏན་དུ་ཐག་རྦད་ཀྱིས་བཅད་ལ་མ་ཡེངས་ལ་མི་འཛིན་པས་སྒོམ་པའོ། །གསུམ་པ་ནི། དེའི་ཚེ་བསྒོམ་བྱ་སྒོམ་བྱེད་ལས་འདས་པའི་རིག་པ་ཟང་ཐལ་དུ་ཤར་ཞིང་གྲོལ་བའི་ལམ་དེ་ནས་བཟང་ངན་གྱི་རྟོག་ཚོགས་མ་སྤངས་པར་རང་གྲོལ་བའི་གདེང་ལ་ཡིད་ཆེས་ཤིང་ཟློ་པར་བྱེད་པའོ། །དེས་ན་ངོ་བོ་རང་བཞིན་གསུམ་ལས་ངོ་བོའི་གནད་དེ་དེ་ལྟར་གོ་དགོས་སོ། །རང་བཞིན་གྱི་གནད་ནི། འོད་སྣང་ཆོས་ཉིད་དུ་གྲོལ་བའི་གདམས་པ་སྟེ། ཕར་ལ་བལྟས་པས་ཚུར་ལ་གསལ་བའི་རིག་པ་སྐད་ཅིག་མ་རྗེན་ལ་བུད་པའི་ངོ་སྤྲོད་ཡིན་ལ། དེ་ཡང་རང་བཞིན་གྱི་གནས་ལ་སྣ་ཚོགས་སུ་སྣང་ཡང་སྣང་ངོ་ཙམ་ལས། དོན་རང་གསལ་རྗེན་པའི་ཡེ་ཤེས་གཅིག་ཏུ་ཐག་ཆོད་པ་ནི། སྣང་བ་ལ་བལྟས་ན་མཐའ་ཡས་ཀྱང་། རིག་པ་ལ་བལྟས་ན་གཅིག་ཀྱང་མེད་པ་རིག་ངོ་རྗེན་པར་ཤར་བས། གྲོལ་སར་པར་གྱིས་བཏབ་པའི་མན་ངག་གོ །དེ་ནས་ཐུགས་རྗེའི་གནད་ནི། ཕྱི་སྣ་ཚོགས་འཆར་བའི་རྐྱེན་རེ་ལ་ནང་འཆར་བའི་རིག་པ་མང་པོ་ཞིག་འཕྲོ་བཞིན་བསྡད་ཀྱང་། ཕྱི་རུ་འཕྲོ་བའི་རྗེས་མི་གཅད། རང་ངོར་མི་བརྟག ནང་དུ་མི་དགག་པར་གང་ཤར་དེ་ཀའི་ཐད་དེར་ཅོག་གིས་བཞག་ལ། བར་མེད་ཀྱི་ཤེས་པ་རྗེན་པ་ཟང་ཐལ་ཞིག་མངོན་དུ་བུད་པ་དེ་ངོས་བཟུང་བས། གྲོལ་ས་ཅེར་མཐོང་དུ་ཟིན་ཏེ། ཤར་གྲོལ་རང་ཡལ་གྱི་རིག་པ་ཧར་སོང་རྗེན་པ་ཟང་ཐལ་བ་དེ་ཀ་འདི་དང་བར་དོའི་ཤེས་པ་འཆར་བྱེད་མ་འགགས་པར་ངོས་བཟུང་བས། ཀ་དག་ཐུགས་རྗེའི་རིག་པ་ཟིན་ནས་གྲོལ་བ་ཐོབ་པའི་གནད་ཡོད་དོ། །དེ་དག་ནི་ངོ་བོ་རང་བཞིན་ཐུགས་རྗེའི་གནད་ཀྱི་ཆིངས་གལ་ཆེན་གསུམ་ཡིན་ནོ། །གཉིས་པ་དུས་གསུམ་གནད་ཀྱི་མན་ངག་གིས་དམིགས་སུ་གདབ་པ་ནི། གནད་གསུམ་ལ་བརྟེན་པ་ཡིན། འཇུག་པ་ཤེས་པའི་གནད། གྲོལ་བ་རང་ངོའི་གནད། མཐར་ཕྱིན་པ་ངོ་ཤེས་པའི་གནད་དོ། །དང་པོ་ནི། རིག་པ་ཕར་འོད་གསལ་གྱི་སྣང་བ་ལ་འཇུག་དུས་རང་སྣང་ཡིན་པ་ངོ་ཤེས་པ་དང་། འོད་སྣང་ཚུར་རིག་པ་ལ་འཇུག་དུས་ཀ་དག་གི་རང་ས་ཟིན་པའི་ངང་དེའི་ཐོག་ནས་མི་གཡོ་བ་ཤེས་པར་བྱའོ། །གཉིས་པ་ནི། ཕུང་པོ་བདག་འཛིན་དེངས་ནས་ལུས་འོད་གསལ་དུ་གྲོལ་བས་ཆོས་ཉིད་རང་ངོ་ལ་གནས། འབྱུང་བ་ཕྲ་རགས་ཀྱི་རྡོས་པ་ལས་གྲོལ་བས་སྣང་བ་འོད་གསལ་བདེ་ཆེན་དུ་ཤར། ཉོན་མོངས་པ་ཕྲ་རགས་ལས་གྲོལ་བས་རིག་པ་མ་ལ་བུའི་ཐིམ་དུ་གནས་པའོ། །དེའང་ཕྱིའི་འཁྲུལ་པ་དག་པས་རིག་པ་ཆོས་ཉིད་མ་དང་ཕྲད། ཤེས་པ་དང་སྣང་བའི་རྐྱེན་སྣ་ཚོགས་ཡུལ་དུ་སྣང་བའི་དངོས་པོ་ཕྲ་རགས་ལས་གྲོལ་བས་མ་བུ་གཉིས་མེད་དུ་གྲོལ་བས་ཕྱིའི་ཆོས་ཡུལ་དང་ཡུལ་ཅན་དང་། ནང་གི་ཆོས་རྣམ་རྟོག་དང་ཐ་དད་དུ་འཛིན་པ་དང་། གསང་བའི་ཆོས་རིག་པ་ཉིད་ལ་འཛིན་པ་ཙམ་ཡང་མེད་པའི་རང་ངོ་ཤེས་པར་བྱེད་པའོ། །གསུམ་པ་མཐར་ཕྱིན་པ་ངོ་ཤེས་པའི་གནད་ནི། རིག་པ་ལྷུན་གྲུབ་རིན་པོ་ཆེའི་རང་ཡུལ་དུ་ཕྱིན་ནས། འཁོར་འདས་དང་རྟག་ཆད་ཡོད་མེད་ལ་སོགས་པ་གང་དུ་ཡང་མ་གྲུབ་པས་ཀ་དག་ལྷུན་གྲུབ་དབྱེར་མེད་འཁོར་འདས་གཞི་གྲོལ་གྱི་ས་ལ་ཐོན་པ་ནི། ལྷུན་གྲུབ་ཐིམ་ཚུལ་གྱི་དུས་དེར་ངོ་ཤེས་པར་བྱ་དགོས་སོ། །དེ་ནས་ངོ་མ་ཤེས་ན་སླར་ཡང་། ལ་ལ་ནི་རྣམ་པ་ལས་འཁྲུལ། ལ་ལ་ནི་ཉམས་ལས་འཁྲུལ། ལ་ལ་ནི་དེ་མ་ཐག་པ་ལས་འཁྲུལ་ཏེ། ཁམས་གསུམ་འཁོར་བ་གཞི་ནས་འབྱུང་བའོ།།

༼ང སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་བསྟན་པ།

ཀ༽ རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་བསྟན་པ།

དོན་བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་པ་ཡུར་བ་རྐང་ཆག་པ་ལ་ཝ་འཛུགས་པ་ལྟ་བུའི་གདམས་ངག་ལ་གཉིས་ཏེ། རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཚུལ་དང་། སྲིད་པ་བར་དོ་དངོས་རྒྱས་པར་བཤད་པའོ། །དང་པོ་ནི། རྫོགས་པ་ཆེན་པོ་གསང་བ་སྙིང་ཏིག་འདིའི་དབང་པོ་ཉི་ཤུ་རྩ་གཅིག་གི་ཐ་མའི་ཐ་མ་དེ་སྲིད་པའི་བར་དོ་རྨི་ལམ་དང་འདྲ་བ་ལས་ལམ་བྱུང་ནས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་རྫུས་ཏེ་སྐྱེས་ནས་བར་དོ་མེད་པར་འཚང་རྒྱ་བ་སྟེ། རང་ཤར་ལས། བདེན་པ་མཐོང་བའི་སེམས་ཅན་ནི། །རྟོགས་པ་རྒྱུད་ལ་མ་སྐྱེས་ཀྱང༌། །ཕྱོགས་བཅུ་སྤྲུལ་པའི་ཞིང་ཁམས་སུ། །གནས་ནས་མཐར་ཕྱིན་གྲོལ་བར་འགྱུར། །ཞེས་པ་དང༌། ཡང་དེ་ལས། དབང་པོ་ཐ་མའི་ཐ་མ་ནི་ཞག་ཉི་ཤུ་གནས་ནས་དེ་ནས་ཡང་ལྷུན་གྲུབ་ཀྱི་སྣང་བར་ལམ་བྱུང་ནས་མ་དག་པ་འཁོར་བའི་སྒོར་ལམ་བྱུང་སྟེ་ཕྱོགས་བཅུ་སྤྲུལ་པ་སྐུའི་ཞིང་ཁམས་སུ་གནས་ནས་བར་དོ་མེད་པར་ཡང་དག་པར་འཚང་རྒྱའོ་ཞེས་པ་དང༌། ཉི་ཟླ་ཁ་སྦྱོར་ལས། འདི་མཐོང་དབང་པོ་ཐ་མ་ལ། །བར་མ་དོ་ཉིད་སྣང་འགྱུར་རམ། །འོན་ཏེ་མི་སྣང་བའམ་ཅི། །སྟོན་པས་གསུངས་པ་དེ་སྣང་དེ། །རང་གར་འཛིན་པའི་བག་ཆགས་ཟད། །རང་བཞིན་སྤྲུལ་པར་དབུགས་ཕྱུང་སྟེ། །བར་དོ་མེད་པར་སངས་རྒྱས་ཉིད། །ཅེས་སོ། །དབང་པོ་རབ་བདུན་དང་། འབྲིང་བདུན་གྱིས་བདུན་གཉིས་བཅུ་བཞི་དེའི་ཐོག་ཏུ་ཐ་མའི་དྲུག་གིས་དབང་པོའི་དབྱེ་བ་ཉི་ཤུ་ཐམ་པ་ཡིན། མྱུར་བུལ་གྱི་ཁྱད་ལ་མ་ལྟོས་པར་གྲོལ་བར་ཐོབ་པ་ཡིན་པས། ཐ་མའི་ཐ་མ་དབང་པོ་རྟུལ་པོ་དེ་ཉི་ཤུ་རྩ་གཅིག་པ་ཡིན་ཡང་། རྫོགས་པ་ཆེན་པོའི་གསང་བ་སྙིང་ཐིག་གི་ལམ་ལ་ཞུགས་པའི་གང་ཟག་དེས་སྲིད་པ་བར་དོ་རྨི་ལམ་གྱི་སྣང་བ་འདྲ་བ་ལ་ལམ་བརྒྱུད་ཙམ་ཞིག་གིས་ཆོས་ཉིད་བདེན་པའི་བྱིན་རླབས་ཀྱིས་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ཐུབ་ཅེས་པའོ། །ཞིང་དེ་དག་གི་རང་བཞིན་ལོངས་སྐུའི་རྣམ་པ་འདྲར་རུང་དུ་སྣང་སྟེ། ཕྱོགས་བཞི་ཞི་བས་བསྐོར་བའི་དབུས་སྟེང་གི་ཆར་རང་རང་གི་མདུན་ནས་བལྟས་པ་ན་ཁྲོ་བོའི་ཞིང་ཡོད་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་རྡོ་རྗེ་འཆང་གི་བྱིན་རླབས་ལས་རང་ཤར་བའོ། །འདི་ནས་མར་མི་གོ་བ་ཞིག་མེད་པར་ལྟར་སྣང་ཡང་། དོན་གྱི་ཐོག་ནས་ཞིང་དག་པའི་ཡོན་ཏན་སངས་རྒྱས་ཀྱི་ལྗགས་ཀྱིས་ཀྱང་བརྗོད་པར་དཀའ་བ་ཡིན་ན་སོ་སོའི་སྐྱེ་བོས་དེ་བས་ཀྱང་བརྗོད་པ་ག་ལ་ནུས། ངག་གི་བརྗོད་པ་ལས་འདས་པ་ཞིག་ཡིན་པས་ཚིག་དང་ཡི་གེས་ཀྱང་མཚོན་ཐབས་མེད་ཀྱང་། གདུལ་བྱའི་སྐྱེ་བོས་བློ་ཁར་ཕྱོགས་པའི་མོས་པ་དང་འཚམས་པར་གསུངས་པ་ཡིན་པས་མར་འདོན་སོང་ན་ཆོག་འདུག དེ་ཡང་རང་ཤར་ལས། འདི་ནས་ཤར་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་ཞིང་ཁམས་མངོན་པར་དགའ་བ་ཞེས་བྱ་བ་ཡོད་དེ། སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དབང་བསྐུར་དམ་པ་ཐོབ་པའི་གནས་དེ་ན་གཞལ་ཡས་ཁང་གི་ཡོན་ཏན་དཔག་ཏུ་མེད་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་བ་སྒོ་བཞི་དང་ལྡན་པ། རིན་པོ་ཆེ་སྣ་ལྔའི་རྟ་བབས་དང་ལྡན་པ། ས་གཞི་ཐམས་ཅད་ཀྱང་རིན་པོ་ཆེ་ཤེལ་ལས་གྲུབ་པ། ཤིན་ཏུ་ཡིད་དུ་འོང་བ་བལྟ་ན་སྡུག་པ། ཐེམ་སྐས་དང་དཀར་ཁུང་དང་ལྡན་པ། ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་པ། གསེང་དཀར་ནས་ཉི་མ་ཤར་བས་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་པ་ལ་ཕོག་ནས་ནང་དུ་ཉིན་མོ་འོད་ལྔའི་སྣང་བ་ལྷུག་པར་འཆར་བ། གཞལ་ཡས་ཁང་དེའི་ཕྱི་རོལ་ན་ཡན་ལག་བརྒྱད་དང་ལྡན་པའི་ཆུའི་འོབས་ཡོད་པ། ཆུ་དེ་ལ་ནད་ཀྱིས་བཏབ་པ་རྣམས་ཀྱིས་འཐུངས་ན་ནད་འཚོ་བར་འགྱུར་ལ། དེའི་ཕྱི་རོལ་ན་མཚེའུ་བརྒྱད་ཡོད་དེ། དེ་རྣམས་ཀྱི་ནང་ན་ཡང་བྱ་སྐད་སྙན་པ་སྣ་ཚོགས་ཏེ། དེ་ཡང་འདི་ལྟ་སྟེ། བྱའི་རྒྱལ་པོ་ངང་བ་གསེར་ལྡན་དང་མཐིང་རིལ་དང༌། བྱ་ཀ་ཏི་དང༌། རྨ་བྱ་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྤབས་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་ལ་སོགས་ཏེ། གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱི་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལ་ལྟར་ལྗང་བ་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རིམ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁྲི་ཆོས་བཤད་པའི་སྟན་དང་ལྡན་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་དེས་སྲོད་ལ་འཁོར་རྣམས་ལ་རྒྱུའི་ཆོས་འཆད་དོ། །ནམ་ཕྱེད་ན་སྔགས་ཕྱིའི་ཆོས་འཆད་དོ། །ཐོ་རངས་གསང་སྔགས་ནང་གི་ཆོས་འཆད་དོ། །ཉི་མ་ཕྱེད་ན་རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད་པའི་ཆོས་འཆད་དོ། །དེ་ལྟར་ཞག་རེ་རེ་ལ་ཆོས་ཐུན་བཞི་བཞི་འབྱུང་ངོ༌། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །ལོ་ཡང་ལྔ་བརྒྱ་ལྔ་བཅུ་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡང་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་ནད་མེད་ལ་འབྱུང་སྲིད་ནའང་ཆུ་ཡན་ལག་བརྒྱད་དང་ལྡན་པ་དེ་འཐུངས་པས་ནད་སེལ་ལོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་ཆེར་བྱེད་པ་ཤ་སྟག་གོ །གཞལ་ཡས་ཁང་དེའི་ཟུར་བཞི་ན་མུ་ཏིག་ལས་གྲུབ་པའི་མཆོད་རྟེན་བཞི་ཡོད་དེ། དེ་བཞིའི་བར་དྲིལ་བུ་གཡེར་ཁ་དྲྭ་བའི་ཐག་པས་སྦྲེལ་ནས་ཡོད་དེ་ཐག་པ་དེ་རླུང་གིས་བསྐྱོད་པ་ན་དྲིལ་བུའི་སྒྲ་ཡིད་དུ་འོང་བ་སྣ་ཚོགས་འབྱུང་ངོ༌། །ཕྱོགས་བཞི་ན་དར་སྣ་ཚོགས་ཀྱི་བ་དན་བཞི་ཡོད་དེ་རླུང་གིས་བསྐྱོད་པ་ལས་དྲི་ཞིམ་པ་སྣ་ཚོགས་འབྱུང་ངོ༌། །གཞལ་ཡས་ཁང་དེ་ན་ཡོན་ཏན་དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ། །གཞལ་ཡས་ཁང་དེ་ནི་འདི་ནས་ཤར་ཕྱོགས་ན་དཔག་ཚད་ལྔ་བརྒྱ་འདས་པའི་སྟེང་ན་ཡོད་དོ། །དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སུམ་ཅུ་རྩ་གསུམ་གྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །ཤར་ཕྱོགས་ཀྱི་སྤྲུལ་པའི་སྐུའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །འདི་ནས་ལྷོ་ཕྱོགས་ན་དཔལ་དང་ལྡན་པའི་ཞིང་ཁམས་སྤྲུལ་པ་སྐུའི་གནས་དེ་ན་ཡང་རིན་པོ་ཆེ་གསེར་ལས་གྲུབ་པའི་ཁང་པ་གྲུ་བཞི་པ་བ་གམ་དང་བཅས་པ། སྒོ་བཞི་རྟ་བབས་དང་བཅས་པ། ཟུར་བཞིར་མཆོད་རྟེན་དང་བཅས་པ། ལོགས་བཞིར་བ་དན་དང་བཅས་པ། ཕྱོགས་བཞིར་གསེང་དཀར་དང་བཅས་པ། མཚོ་བདུན་བྱ་དང་བཅས་པ། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ལྕགས་རི་དང་བཅས་པ། ཁྲི་དང་ཆོས་ཀྱང་གོང་གི་ལྟར་བཤད་དོ། །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །སྤྲུལ་པའི་སྐུ་རིན་པོ་ཆེ་འབྱུང་ལྡན་གྱི་ཞིང་ཁམས་དེ་ན་ཡོན་ཏན་དེ་ལྟ་བུ་ཡོད་དོ། །འདི་ནས་ནུབ་ཕྱོགས་ན་པདྨ་བརྩེགས་པའི་ཞིང་ཁམས་ནའང་སྤྲུལ་པ་སྐུའི་ཞིང་ཁམས་དེ་ན་སྤྲུལ་པའི་སྐུ་སྣང་བ་མཐའ་ཡས་ཞེས་བྱ་བ་ཡོད་དེ། དེ་ནའང་གོང་གི་ཡོན་ཏན་དང་མཉམ་པ་ཡོད་དོ། །འདི་ནས་བྱང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ན་རིན་པོ་ཆེ་རྣམ་པར་བཀོད་པ་ཞེས་བྱ་བ་ཡོད་དེ། དེ་ན་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བའི་ཞིང་ཁམས་དེ་ན། གཞལ་ཡས་ཁང་གི་ཡོན་ཏན་འདི་ལྟ་བུ་ཡོད་དེ། རིན་པོ་ཆེ་ཨིནྡྲ་ནཱི་ལ་ལས་གྲུབ་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་ཕྱོགས་བཞི་ན་གསེང་དཀར་ཆེན་པོ་བཞི་ཡོད་དེ། དེ་ནས་ཉི་མ་ཤར་བས་འོད་ལྗང་གུས་ནང་ཁེངས་ནས་ཡོད་དོ། །ས་གཞི་ཐམས་ཅད་ཀྱང་ཨིནྡྲ་ནཱི་ལ་ལས་གྲུབ་པ་ཡོད་དོ། །དེའི་ཕྱི་རིམ་ན་ཆུ་ཡན་ལག་བརྒྱད་དང་ལྡན་པ་རེག་ན་བདེ་བ། འཐུངས་ན་ནད་ཐམས་ཅད་སེལ་བ་ཡོད་དོ། །དེའི་ཕྱི་རིམ་ན་མཚེའུ་བདུན་ཡོད་པ། དེའི་ནང་ན་བྱ་སྐད་སྙན་པ་རྣམ་པ་སྣ་ཚོགས་པ་གནས་ཏེ། དེ་ཡང་འདི་ལྟ་སྟེ་བྱའི་རྒྱལ་པོ་ངང་པ་གསེར་ལྡན་དང༌། མཐིང་རིལ་དང༌། བྱ་ཀ་ཏ་རི་དང༌། རྨ་བྱ་དང༌། ནེ་ཙོ་མི་སྐད་ཤེས་པ་དང༌། ཁུ་བྱུག་དང༌། ཤང་ཤང་ཏེའུ་དང༌། རི་སྐེགས་དང༌། དེ་ལ་སོགས་ཏེ་སྐད་སྙན་པའི་བྱ་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། གཞན་ཡང་ཡིད་དུ་འོང་བའི་བྱ་རིགས་འདི་ལྟ་སྟེ། ཀང་ཀ་རི་དང༌། ཟེར་མོ་དང༌། སྤབས་དང༌། ལྷའི་བྱ་དྲིལ་བུའི་སྐད་ཅན་དང༌། བྱ་ཀྲི་ཏི་པ་གསེར་གྱི་རྡོ་རྗེའི་གཟུགས་དང༌། དེ་ལ་སོགས་ཏེ་གཡུའི་མདོག་ལྟར་སྔོ་བ་དང༌། དུང་གི་མདོག་ལྟར་དཀར་བ་དང༌། བྱེ་རུའི་མདོག་ལྟར་དམར་བ་དང༌། ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ་དང༌། དེ་དག་ལ་སོགས་ཏེ་ཡིད་དུ་འོང་བ་དང་སྐད་སྙན་པ་བསམ་གྱིས་མི་ཁྱབ་པ་ཡོད་དོ། །དེའི་ཕྱི་རོལ་ན་རིན་པོ་ཆེ་སྣ་བདུན་གྱི་ལྕགས་རི་ཡོད་དོ། །དེ་རྣམས་ཀྱི་དབུས་ན་རིན་པོ་ཆེ་མརྒད་ལས་གྲུབ་པའི་ཁྲི་ཆོས་བཤད་པའི་སྟན་དང་བཅས་པ་ཡོད་དོ། །དེར་སྤྲུལ་པའི་སྐུ་དོན་ཡོད་གྲུབ་པ་ཞེས་བྱ་བ་དེས་སྲོད་ལ་གདམས་ངག་གི་ཆོས་སྟོན་ཏོ། །ནམ་ཕྱེད་ན་དབང་གི་ཆོས་སྟོན་ཏོ། །ཐོ་རངས་སྤྱོད་པའི་ཆོས་སྟོན་ཏོ། །ཉི་མ་ཕྱེད་ན་ལྟ་སྒོམ་གྱི་ཆོས་སྟོན་ཏོ། །དེར་ཞག་རེ་ལ་ཆོས་ཐུན་བཞི་བཞིས་འཁོར་རྣམས་ཀྱི་རྒྱུད་འགྲོལ་ལོ། །དེ་ན་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་གོ །ལོ་ཡང་སྟོང་སྟོང་ཐུབ་བོ། །ཞིང་ཁམས་དེ་ན་ཟས་དང་སྐོམ་ཡིད་ལ་དྲན་པ་ཙམ་གྱིས་ཚིམ་པ་ཡོད་དོ། །དེ་ན་བད་ཀན་ལས་གྱུར་པ་དང༌། རླུང་ལས་གྱུར་པ་དང༌། མཁྲིས་པ་ལས་གྱུར་པ་དང༌། འདུས་པ་ལས་གྱུར་པའི་ནད་མེད་དོ། །མེ་ཏོག་སྣ་ཚོགས་ཀྱིས་སྤྲུལ་པའི་སྐུ་དེ་ལ་མཆོད་པ་རྒྱ་ཆེར་བྱེད་པ་ཤ་སྟག་གོ །བྱང་ཆུབ་སེམས་དཔའ་དེ་དག་ཀྱང་ཁ་དོག་ལྗང་གུ་ཤ་སྟག་གོ །རྟ་དང་བཞོན་པ་ཡང་ལྗང་གུ་ཤ་སྟག་གོ །ཁྱེའུ་དང་བུ་མོའི་གཟུགས་སུ་སྣང་བ་ཤ་སྟག་གོ །ཀུན་ཀྱང་འདོད་པ་དང་བྲལ་ཞིང་དགའ་བ་ཤ་སྟག་གོ །ཀུན་ཀྱང་རྣམ་རྟོག་མེད་པ་ཤ་སྟག་གོ །ཞིང་ཁམས་དེ་ན་སེམས་ཅན་རྣམ་པ་གསུམ་མེད་དོ། །ཡིད་དྲུག་མེད་དོ། །ཉོན་མོངས་པ་དྲུག་མེད་དོ། །མ་རིག་པའི་རྐྱེན་བཞི་དང་བཅས་པ་མེད་དོ། །མ་རིག་པ་དང་མཚུངས་པར་ལྡན་པའི་ཡིད་མེད་དོ། །ཀུན་ཀྱང་རྣམ་རྟོག་དང་བྲལ་བ་ཤ་སྟག་གོ །གཞལ་ཡས་ཁང་གི་འཁོར་གྱི་ཡོན་ཏན་ནོ། །གཞལ་ཡས་ཁང་དེའི་ཟུར་བཞི་ན་རིན་པོ་ཆེ་ཤེལ་གྱི་མཆོད་རྟེན་ཁྲི་འཕང་དགུ་པ་བཞི་ཡོད་དོ། །དེའི་བར་རྣམས་གསེར་གྱི་དྲིལ་བུ་གཡེར་ཁ་དྲྭ་བའི་ཐག་པས་སྦྲེལ་ནས་ཡོད་དོ། །དེ་རླུང་གིས་བསྐྱོད་པ་ལས་དྲིལ་བུའི་སྒྲ་སྙན་པ་སྣ་ཚོགས་པ་འབྱུང་ངོ༌། །མཆོད་རྟེན་བཞི་ལ་ཉི་མ་ཕོག་པས་འོད་ལྔའི་ཞགས་པས་འབྲེལ་ནས་ཡོད་དོ། །ཕྱོགས་བཞི་ན་རྨ་བྱའི་བ་དན་བཞི་ཡོད་དེ་དེ་རླུང་གིས་བསྐྱོད་པས་ཡིད་དུ་འོང་བ་དང་མཛེས་པ་སྣ་ཚོགས་འབྱུང་ངོ༌། །ཡོན་ཏན་དཔག་ཏུ་མེད་པ་དེ་ལྟ་བུ་ཡོད་དོ། །གཞལ་ཡས་ཁང་དེ་ནི་འདི་ནས་བྱང་ཕྱོགས་ན་དཔག་ཚད་ལྔ་བརྒྱའི་སྟེང་ན་ཡོད་དོ། དེར་སྐྱེས་པའི་བྱང་ཆུབ་སེམས་དཔའ་དེ་དག་ཀྱང་གཟུགས་ཁམས་ཀྱི་ལྷ་དང་ལོངས་སྤྱོད་མཉམ་མོ། །བྱང་ཕྱོགས་ཀྱི་སྤྲུལ་པའི་ཞིང་ཁམས་དེ་ན་དེ་བཞིན་དུ་ཡོད་དོ། །ཞིང་ཁམས་དེ་དག་གི་མདུན་གྱི་བར་སྣང་ལ་སྤྲུལ་པའི་སྐུ་ཁྲོ་བོའི་ཞིང་ཁམས་ཡོད་དེ། དུར་ཁྲོད་ཆེན་པོ་མེ་རི་འབར་བ་ཞེས་བྱ་བ་ཡོད་དེ། དེ་ཡང་གཞལ་ཡས་ཁང་འདི་ལྟ་བུ་ཡོད་དོ། །ཐོད་པའི་ཁང་པ་གྲུ་བཞི་དང་ལྡན་པ་ཡོད་དེ། དེ་ཡང་འདི་ལྟ་སྟེ། ཐོད་པ་སྐམ་པོས་གྲམ་བུ་བྱས་པ། ཤར་རི་ཡོད་པས་རྩིག་པ་བྱས་པ། བྷནྡྷ་ལྕང་ལོ་ཅན་གྱིས་ཁ་བད་བྱས་པ། རྒྱ་དང་དཔངས་དཔག་ཏུ་མེད་པ། གནམ་ལྕགས་ཀྱི་གཟེར་བཏབ་པ། རཀྟའི་ཞམ་ཆུ་འབབ་པ། ཉི་ཟླའི་ཀ་གདན་བྱས་པ། ཆུ་སྲིན་ཁ་ཡིས་ཀ་གཞུ་བྱས་པ། ལྷ་ཆེན་པོ་བརྒྱད་གདུང་དུ་བྲེས་པ། མཆོག་ཆེན་པོའི་གྲལ་མ་བཏང་བ་ཡོད་དོ། །ཉིན་མོ་རླུང་འཚུབ་པ། མཚན་མོ་མེ་འབར་བ། གཞལ་ཡས་ཁང་དེའི་ཟུར་བཞི་ན་ཞིང་ཆེན་གྱི་གདུགས་ཕུབ་པ། ལྷ་མོ་ལྔ་གར་བྱེད་པ། ས་གཞི་ཐམས་ཅད་ཀྱང་རཀྟའི་རྦ་ཀློང་འཁྲུག་པའོ། །གཞལ་ཡས་ཁང་དེའི་ནང་ན་བཅོམ་ལྡན་འདས་གཞོན་དུ་དཔའ་བོ་སྟོབས་ལྡན་ཞེས་བྱ་བ་ཐུགས་ཞི་བ་ལས་མ་གཡོས་ཀྱང་སྐུ་ཁྲོ་བོའི་ཆ་བྱད་དུ་བསྟན་པ། མཁའ་འགྲོ་མ་དང་ཁྲོ་བོའི་ཚོགས་དཔག་ཏུ་མེད་པས་བསྐོར་ནས་ཡོད་དོ། །དེ་ཡང་འདི་ལྟ་སྟེ། མཁའ་འགྲོ་མ་པུརྣ་ཉེ་བར་ཞི་བ་དང༌། ཚངས་པ་དུང་མགྲིན་ཅན་དང༌། དྲང་སྲོང་ཟླ་འོད་གཞོན་ནུ་དང༌། ཡང་འཁོར་གྱི་མཁའ་འགྲོ་མ་ཨེ་ཀ་ཛ་ཊཱི་སྤུན་དྲུག་དང༌། དེའི་བྲན་མོ་བཅུ་བཞི་དང༌། གཡོག་མོ་ལྔ་བཅུ་རྩ་བརྒྱད་དང༌། ཡང་གཡོག་འབུམ་ཁྲི་དྲུག་སྟོང་ལ་སོགས་ཏེ་མཁའ་འགྲོ་མའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །བཅོམ་ལྡན་འདས་དེའི་ཐུགས་ལས་སྤྲུལ་པའི་འཁོར་ཕྱག་ན་རྡོ་རྗེ་ལ་སོགས་ཏེ་ཁྲོ་བོའི་འཁོར་བསམ་གྱིས་མི་ཁྱབ་པས་བསྐོར་བ། དགའ་རབ་རྡོ་རྗེ་ལ་སོགས་ཏེ་མིའི་འཁོར་དཔག་ཏུ་མེད་པས་བསྐོར་བའོ། །འཁོར་རྣམས་ལ་འབྲས་བུ་གསང་སྔགས་བླ་ན་མེད་པའི་ཆོས་འདི་ཉིད་ཀྱིས་ཞི་བ་སྤྲུལ་པ་སྐུའི་བྱང་ཆུབ་སེམས་དཔའ་རྣམས་གྲོལ་བར་བྱེད་པ། ཐམས་ཅད་ཀྱང་ཁྲོ་བོའི་གཉེར་མ་དང་ལྡན་པ་ཤ་སྟག་གོ །དེ་ལ་སོགས་ཏེ་ཐུན་མོང་དང་ཁྱད་པར་གྱི་འཁོར་དཔག་ཏུ་མེད་པས་བསྐོར་བ། ཆོས་ཀྱི་གླུ་དང་ཆོས་ཀྱི་གར་སྣ་ཚོགས་པ་དང་ཆོས་ཀྱི་སྒྲ་སྣ་ཚོགས་པ་སྒྲོག་པ་ཤ་སྟག་གོ་ཞེས་སོ། །དེ་ཡང་ཁ་ཅིག་གི་བཞེད་ཀྱིས་ཐ་མའི་གང་ཟག་དེ་ཞིང་ལྔ་པོ་ཐམས་ཅད་ཉུལ་བར་འདོད་དེ། སྐྱེ་བའང་སྐད་ཅིག་མ་ལ་བརྫུས་ཏེ་སྐྱེའོ་ཞེས་པའང་འདིའི་དགོངས་པར་མི་སྣང་སྟེ། ཞིང་དེ་དག་ན་སྐྱེ་བ་གཅིག་གི་ཐོགས་པ་ཤ་སྟག་ཅེས་བཤད་པ་དང་ཡང་འགལ་ལ། ལོ་ཡང་ལྔ་བརྒྱ་ན་གྲོལ་བར་བཤད་དེ། ཨ་ཏི་བཀོད་པ་ཆེན་པོ་ལས། ལྔ་བརྒྱ་དག་ན་ངེས་པའི་སར་གྲོལ་ལོ། །ཞེས་པས་ཞིང་སོ་སོ་ཐམས་ཅད་དུ་སྐྱེ་ན་ལོ་དེ་བས་ལྷག་པ་དགོས་པའི་ཕྱིར་རོ། །དེས་ན་བཤད་འགྲེལ་ཆེན་མོ་ལས་གསུངས་པ་ལྟར། ཞིང་གང་དུ་སྐྱེས་པ་དེར་རྒྱུད་སྨིན་ནས་མདུན་གྱི་ནམ་མཁའ་མི་མཇེད་བརྩེགས་པ་ལ་ཁྲོ་བོའི་ཞིང་མཐོང་དུས་དེའི་བྱིན་རླབས་ཀྱིས་ཤེས་བྱའི་སྒྲིབ་པ་མཐའ་དག་སྦྱངས་ཏེ་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པ་ཡིན་ནོ། །འདི་ཡང་འདིའི་གནད་ཆེ་བ་གཅིག་ཏུ་ཡོད་པས་ལེགས་པར་དབྱེ་བ་ཕྱེད་པ་གཅེས་སོ། །ལ་ལས་དབང་པོ་ཐ་མའི་གང་ཟག་དེས་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔ་བོར་སྐྱེ་བ་བླངས་ནས་ཉུལ་བ་བཤད་པ་ནི་མི་འཐད་པས། རང་ཉིད་གང་ལ་འདུན་ཞིང་མོས་པ་དང་ལས་འབྲེལ་ཡོད་པའི་ཞིང་དེར་སྐྱེས་ནས་སྒྲིབ་པ་མཐའ་དག་དེ་ནས་སྦྱངས་ཏེ་ཀ་དག་གི་ས་ལ་མངོན་པར་བྱང་ཆུབ་པ་ཡིན་ཞེས་པའོ།།

ཁ༽ སྲིད་པ་བར་དོ་དངོས་རྒྱས་པར་བཤད་པ།

གཉིས་པ་སྲིད་པའི་བར་དོ་དངོས་རྒྱས་པར་བཤད་པ་ལ་རྣམ་གྲངས་ངེས་པ་ཉི་ཤུ་སྟེ། འཁོར་ཚུལ། ངེས་ཚིག ཆ་བྱད༌། མངོན་ཤེས། རྫུ་འཕྲུལ། ཚེ་ཚད། ཁ་དོག མགོ་བོའི་ལྟ་ལུགས། ལས་བསོག་མི་བསོག ལས་ཀྱི་ལྟས། མིང་གི་རྣམ་གྲངས། ལུས་ཀྱི་ཚད། སྐྱེ་གནས། སྤྱོད་ལམ། འོད། ལས་འབྲེལ། ཕྱི་མའི་ལུས། ཉོན་མོངས་དང༌། ཁམས་གང་དུ་གཏོགས་པ། མངལ་དུ་ཚུད་པའི་ལྟས། དཔེས་ཉེ་བར་མཚོན་པའི་ཁྱད་པར་རོ། །དང་པོ་འཁོར་ཚུལ་གྱི་ཁྱད་པར་ནི། ཟོ་ཆུན་གྱི་འཁོར་ལོ་ལྟར་སྔ་མའི་ལུས་དང་སྣང་བ་སྤངས་ནས་སྲིད་པ་བར་དོར་འཇུག དེ་ནས་ཕྱི་མར་འཇུག ཡང་བར་དོར་འཇུག་པ་ལན་གྲངས་མེད་པར་འཕོ་སྟེ་སོ་སོའི་ཡིད་ཀྱི་ལུས་ཅན་རྨི་ལམ་ལྟར་བརྟེན་མི་ཐུབ་པ་ཐོགས་པ་མེད་པ་འབྱུང་བཞི་རགས་པ་དང་བྲལ་ཡང་ཡོད་པ་སྙམ་པ་ནི་ས་བོན་གྱི་ཆ་ཀུན་གཞི་ལ་ཡོད་པ་ལངས་པས་སྲིད་པའི་མིང་དང་འབྱུང་བའི་མིང་གཉིས་འཛིན་པའི་ལུས་ཅན་ནོ། །ཆོས་འདིའི་སྒོ་མ་མཐོང་བའམ་མཐོང་ཡང་ཡིད་མ་ཆེས་ཤིང་ཉམས་སུ་མ་ལོན་པ་རྣམས་ལ་ཆོས་ཉིད་བར་དོའི་འཆར་སྣང་ཡུན་ཐུང་བ་དང་། རང་སྣང་ཡིན་པ་ངོ་མ་ཤེས་ཏེ་སྲིད་པ་བར་དོ་ལ་ཡང་དང་ཡང་དུ་ཁ་འཁྱལ་ཏེ། ཤ་ཁྲག་རང་ག་མའི་གཟུགས་ཡོད་པ་མ་ཡིན་ཡང་སྔོན་ནས་ལུས་ལ་བདག་འཛིན་གོམས་པའི་བག་ཆགས་ཀྱིས་རྨི་ལམ་དང་འདྲ་བའི་དབང་པོ་ཀུན་ཚང་གི་ཤ་གཟུགས་ཤིག་ཡོད་སྣང་ཤར་བས། ཡིད་ཀྱི་སྲིད་པའི་མིང་དང་། འབྱུང་བཞིའི་ས་བོན་གྱི་ཆ་དེ་ལ་བརྟེན་ནས་ལུས་ལ་འཇུག་ཏུ་ཉེ་བས་སྒྱུ་མ་ལུས་ཀྱི་མིང་གཉིས་ཅན། ས་ཟིན་མེད་པས་ལས་ཀྱིས་ཀུན་ཏུ་བསྐྱོད་ཅིང་འཁོར་བའོ། །ངེས་ཚིག་ནི་ལས་དང་སྐྱེ་གནས་དང་བདེ་སྡུག་དུ་མ་སྲིད་པས་སྲིད་པ་སྐྱེ་བ་སྔ་མ་ནུབ་ཕྱི་མ་མ་བླངས་པའི་བར་ཡིན་པས་བར་དོ་ཞེས་བྱའོ། །སྔ་ཕྱིའི་བར་ཡིན་པས་ན་བར་དང་། དེ་གཉིས་ཟུང་དུ་སྦྲེལ་བའི་དོ་ཐག་ལྟ་བུ་ཡིན་པས་དོ་ཞེས་བྱའོ། །ཡར་མར་གྱི་ཟང་ཐལ་གཉིས་དང་འཕོ་བ་འབྱོངས་པ་རྣམས་ལས་གཞན་ལ་བར་དོ་འདི་བརྒྱུད་དགོས་སོ། །ལུས་ཀྱི་ཆ་བྱད་ཀྱི་ཁྱད་པར་ནི་བར་དོར་ཇི་ཙམ་གནས་པའི་ཕྱེད་སྔར་གྱི་ཆ་བྱད་དུ་འབྱུང་བ་ནི་བག་ཆགས་སྔ་མའི་སྟོབས་ནུབ་ཏུ་ཉེ་བ་ཡིན་ལ། ཕྱེད་ཕྱི་མ་གར་སྐྱེ་དེའི་ལུས་དང་གོས་ལ་སོགས་པར་འཆར་བ་ནི་བག་ཆགས་ཕྱི་མ་ལངས་སུ་ཉེ་བའི་མགོ་བརྩམས་པ་ལས་འབྱུང་བའོ། །སྣང་བ་དང་འདུ་ཤེས་ཀྱང་ཚེ་སྔ་ཕྱི་གང་དང་ཉེ་བའི་ལུས་སྣང་ཡོད་ན་དེ་ལྟར་དུ་ཡིན་ནོ། །མངོན་ཤེས་ཀྱི་ཁྱད་པར་ནི་ཟག་བཅས་ཀྱི་མངོན་ཤེས་ཀྱིས་སྟོང་གསུམ་གྱི་འཇིག་རྟེན་སྣོད་བཅུད་དུ་སྣང་བ་ཐམས་ཅད་དུས་གཅིག་ལ་དབང་པོའི་ཡུལ་དུ་མཐོང་བ་སྟེ། སྔར་མངོན་ཤེས་ཀྱི་སྒོ་མཐོང་བ་ལས་འབྱུང་བའོ། །སྤྱིར་ན་ཆོས་ཉིད་ཀྱི་ས་བོན་ཡོད་པ་དང་། དེའི་ཐོག་ཏུ་བར་སྲིད་པ་དེ་ཉིད་སྒྲིབ་བྱེད་ཀྱི་ལུས་རང་ག་བ་ཡོད་པ་མིན་པ་དང་། གོང་གི་ཆོས་ཉིད་ཀྱི་རང་གདངས་མཐོང་བ་དེ་དག་གི་བྱིན་རླབས་ཀྱི་སྟོབས་ཀྱིས་རྫུ་འཕྲུལ་དང་མངོན་ཤེས་ཕྲ་མོ་ཞིག་འཆར་བ་ཡིན་ནོ། །རྫུ་འཕྲུལ་གྱི་ཁྱད་པར་ནི་གང་དུ་བསམས་པ་དེར་སྐད་ཅིག་གིས་སླེབ་པ་ཡིད་མགྱོགས་ཀྱི་རྫུ་འཕྲུལ་ཡོད་པས་ནམ་མཁའ་ལ་འགྲོ་ཞིང་ཁབ་ཀྱི་མིག་དང༌། རྟ་རྔའི་ཉག་དང༌། སྐྲའི་ནང་དང༌། བྲག་དང༌། སྒོ་ང་ལ་སོགས་པའི་ནང་རགས་པ་དང་ཕྲ་བ་གང་དུ་ཤེས་པ་ཆུད་ཀྱང་དེར་ཚུད་ནས་མངལ་གནས་དང་རྡོ་རྗེ་གདན་མ་གཏོགས་པ་ཐམས་ཅད་ལ་ཟང་ཐལ་བའོ། །དེ་ཡང་གོང་དུ་ལོངས་སྐུའི་རྫུ་འཕྲུལ་མཐོང་བ་ལས་འབྱུང་བའོ། །འདི་དག་ཀྱང་རྨི་ལམ་ལྟར་སྐད་ཅིག་ལ་ཡལ་ནས་དེ་ནས་སྣང་བ་གཞན་འཆར་བས་རྟག་མི་ཐུབ་པའོ། །འུ་ཚོ་རྨི་ལམ་གྱི་ནང་ནས་འཕུར་ཆོག་པ་ལྟར་རྡོས་བཅས་ཀྱི་ལུས་མེད་ཅིང་དབང་པོ་གསལ་ཞིང་རྫོགས་པ་ཡོད་པའི་སྣང་བ་ཤར་བའི་སྟོབས་ཀྱིས་རྨི་ལམ་གྱི་སྣང་བ་དང་འདྲ་བར་ཐོགས་པ་མེད་པ་ཞིག་ཡིན་ནོ། །ཚེ་ཚད་ཀྱི་ཁྱད་པར་ནི། སྐྱེ་ཚུལ་ཉི་ཤུ་པོ་འདི་དག་ཞག་བདུན་ལ་སོགས་ཏེ། ཞག་བདུན་སོང་ནས་སྔར་གྱི་ཤི་བ་དྲན་པ་ལས། སྔར་ཤི་བའི་དུས་དེར་འཆི། སྐྱེ་བ་དྲན་པ་ལས་ཀྱང་སྐྱེ་བ་སྟེ། བདུན་ཕྲག་བདུན་ཚུན་ཆད་ཞག་བདུན་ཕན་ཆད་ཀྱི་བར་སྲིད་པ་བར་དོར་གནས། ལ་ལ་བདུན་ཚན་དང་པོ་རྫོགས་ནས་ལུས་ལེན། ཁ་ཅིག་བདུན་ཕྲག་གཉིས་དང་གསུམ་དང་བཞི་ལྔ་ལ་སོགས་པ་རིང་དུ་གནས་ནས་ལུས་ལེན་པ་སྟེ། རིང་མཐའ་ཞག་བཞི་བཅུ་རྩ་དགུའོ། །འདིར་སྐྱེ་བར་སྣང་བ་བདུན་དང་། གནས་པར་སྣང་བ་བདུན་དང་། འཆི་བར་སྣང་བ་བདུན་དང་། བདུན་ཚན་བདུན་གྱི་ཞག་མ་བཞི་བཅུ་ཞེ་དགུས་བར་སྲིད་སྤྱིར་བཏང་གི་ཚེ་ཚད་རིང་མཐའ་རྫོགས་པ་ཡིན་ནོ། །ཁ་དོག་གི་ཁྱད་པར་ནི་ཕྱི་མ་གར་སྐྱེ་བ་དེའི་ཁ་དོག་སྣང་སྟེ། ལྷ་མི་གཉིས་དཀར། ལྷ་མིན་དང་དུད་འགྲོ་སེར། ཡི་དྭགས་སྔོ། དམྱལ་བ་སྨུག་ནག་གོ །རྒྱུ་ནི་གོང་དུ་ཆོས་ཉིད་ཀྱི་ཁ་དོག་མཐོང་བ་ལས་འབྱུང་བའོ། །མགོ་ལྟ་བའི་ཁྱད་པར་ནི་ལྷ་མི་གྱེན། ལྷ་མིན་དང་དུད་འགྲོ་འཕྲེད། ཡི་དྭགས་དང་དམྱལ་བ་ཐུར་ལ་བལྟའོ། ལས་སོག་མི་སོག་གི་ཁྱད་པར་ནི་རགས་པ་མངོན་གྱུར་པ་མི་སོག་ལ། ཕྲ་བ་ལུང་མ་བསྟན་སྔོན་དང་ཕྱི་མའི་ཉེར་ལེན་གྱི་ཆ་ཅན་ཕྲ་བར་གསོག་སྟེ་རྨི་ལམ་བཞིན་ནོ། །འདིས་ལས་སོག་ཚུལ་ནི་ཤེས་པ་སྔ་ཕྱིའི་བར་དུ་རྨི་ལམ་གྱི་རང་དུས་བཞིན་དུ། ལས་བར་མ་ཟེར་བ་ཕྱི་མའི་ཁ་སྣོན་ཙམ་ཞིག་གསོག་པ་ཡིན་གསུངས་ལ། ཕྱི་མའི་ལས་ཀྱི་འབྲེལ་བ་དེ་ཡང་འདིའི་རྒྱུ་མཐུན་གྱི་འབྲས་བུ་གཅིག་ལ་གཅིག་བརྒྱུད་བྱས་ཏེ་འཁོར་བར་བྱེད་པའོ། །དགེ་སྡིག་གི་ལྟས་ཀྱི་ཁྱད་པར་ནི་ལས་དཀར་ཞིང་བདེ་འགྲོར་འགྲོ་བ་རྣམས་ཤེས་པ་གསལ་ལ། མི་དགེ་བའི་ལས་ཀྱིས་ངན་འགྲོར་འགྲོ་བ་རྣམས་ཤེས་པ་རྨུགས་ཤིང་མི་གསལ་ལོ། །མིང་གི་ཁྱད་པར་ནི་བཞི་སྟེ། འབྱུང་བ་ཕྲ་མོའི་བག་ཆགས་ཀྱི་གཟུགས་རགས་པ་མེད་ཀྱང་ཡོད་པར་སྣང་བས་སྲིད་པའི་ཤ་གཟུགས་ཅན་དང་གཅིག ཟས་སུ་དྲི་ཟ་ཞིང་ལས་ཀྱི་ཉེ་བར་འཁོར་བས་དྲི་ཟ་ཉེ་བར་འཁོར་བ་དང་གཉིས། ལུས་སྔ་ཕྱིའི་བར་ཡིན་པས་སྲིད་པའི་བར་དོར་ཕུང་པོ་ཉེ་བར་ལེན་པའི་མཚམས་སྦྱོར་བ་དང་གསུམ། གཟུགས་དང་དབང་པོ་རགས་པར་མེད་ཀྱང་ལས་དང་བག་ཆགས་ཀྱི་དབང་པོ་ཚང་བར་མཐོང་བས་དབང་པོ་ཀུན་ཚང་ཐོགས་མེད་ལྡན་དང་བཞིའོ། །རྒྱུ་ནི་གང་དུ་ཡེ་ཤེས་བཞི་སྦྱོར་གྱི་རྩལ་ལས་འབྱུང་བའོ། །མདོར་ན་མིང་བཞི་འདུས་པའི་བདག་ཉིད་ཅན་དྲི་ཙམ་གྱི་ཟས་ལ་འཁོར་བ་ཞིག་གོ །ལུས་ཚད་ཀྱི་ཁྱད་པར་ནི་ལས་དག་པ་རྣམས་བྱིས་པ་ལོ་བཅུ་དྲུག་ལོན་པའི་ན་ཚོད་ལ། མ་དག་པ་རྣམས་བརྒྱད་པ་ཙམ་སྟེ། ལྷུན་གྲུབ་ཀྱི་སྣང་བ་མཐོང་བ་ལས་འབྱུང་བའོ། །སྐྱེ་གནས་བཞི་ལས་གང་དུ་གཏོགས་པའི་ཁྱད་པར་ནི། རྫུས་སྐྱེས་སུ་གཏོགས་ཏེ་ལྷ་དང་ཆོས་མཐུན་པས་འོད་དང་རྫུ་འཕྲུལ་ཡོད་ལ། དམྱལ་བ་དང་ཆོས་མཐུན་པས་ཞག་བདུན་བདུན་ན་སྐྱེ་ཤིའི་སྡུག་བསྔལ་དྲག་པོ་ལ་སྤྱོད་པའོ། །ཐུན་མོང་གི་ལུང་ལས་ཀྱང༌། དམྱལ་བ་རྣམས་དང་ལྷ་རྣམས་དང༌། །སྲིད་པ་བར་མ་བརྫུས་ཏེ་སྐྱེ། །ཞེས་བཤད་པ་བཞིན་ནོ། །རྒྱུ་ནི་གོང་དུ་སྤྲུལ་པའི་སྣང་བ་མཐོང་བ་ལས་འབྱུང་བའོ། །འདི་སྐྱེ་བ་རྫུས་སྐྱེས་སུ་གཏོགས་ལ། ཆོས་གང་དང་མཐུན་པ་ཡིན་ན་རྫུ་འཕྲུལ་དང་འོད་ཡོད་པས་ལྷ་དང་མཐུན་པ་ཞིག་ཡིན་ལ། ཞག་བདུན་རེའི་མཚམས་ནས་སྐྱེ་ཤིའི་སྡུག་བསྔལ་ལ་སྤྱོད་པས་དམྱལ་བ་དང་མཐུན་པ་ཞིག་ཀྱང་ཡིན་ནོ། །སྤྱོད་ལམ་གྱི་ཁྱད་པར་ནི། ཆོས་ཉིད་ཀྱི་སྟོབས་ཡལ། སྔར་ཞེན་གྱི་བག་ཆགས་ལངས་པས་སྔར་གང་བྱེད་ཀྱི་ལས་ལ་སྤྲོ་བའོ། །རྒྱུ་ནི་ཆོས་ཉིད་བར་དོ་ལ་བྲེད་ཅིང་དངངས་པ་ལས་འབྱུང་བའོ། །འོད་ཀྱི་ཁྱད་པར་ནི། ལས་དག་པ་རྣམས་ལ་དཔག་ཚད་གཅིག་ཏུ་གསལ་ལ། མ་དག་པ་རྣམས་ལ་མོག་མོག་པོར་གསལ་བ་སྟེ་ཆོས་ཉིད་ཀྱི་རང་འོད་གསལ་བ་ལས་བྱུང་བའོ། །ཕྱི་མའི་ལས་འབྲེལ་གྱི་ཁྱད་པར་ནི། ཕྱི་མ་བདེ་འགྲོར་སྐྱེ་ན་འདིར་ལས་བཟང་པོའི་རྣམ་པ་དང་འཕྲད་པར་སྣང་ལ། ངན་འགྲོར་སྐྱེ་ན་མི་དགེ་བའི་སྣང་བ་ལ་སྤྱོད་པ་སྙམ་བྱེད་པ་སྟེ། སྔར་ཆོས་ཉིད་ཀྱི་སྣང་བ་ལ་དགའ་གདུང་དུ་བཟུང་བ་ལས་འབྱུང་བའོ། ཕྱི་མའི་ལུས་དང་ཉོན་མོངས་ཀྱི་ཁྱད་པར་ནི། ཞེ་སྡང་ལས་གཟུགས། འདོད་ཆགས་ལས་འདོད་པ། གཏི་མུག་ལས་གཟུགས་མེད་དུ་སྐྱེ་བའི་ལས་འབྲེལ་དུ་འབྱུང་སྟེ། ཆོས་ཉིད་ཀྱི་སྣང་བ་ལ་གོལ་བ་ལས་འབྱུང་བའོ། །འདི་དུས་གཟུགས་རང་ག་མ་ཞིག་མེད་ཀྱང་རྨི་ལམ་ལྟ་བུའི་རང་གཟུགས་ལ་ཆགས་པ་སྐྱེ་ན་འདོད་པ་དང་། སྡང་བ་སྐྱེ་ན་གཟུགས་ཁམས་དང་། གཏི་མུག་ཆ་མཚུངས་ཀྱི་བར་མ་སྐྱེ་ན་གཟུགས་མེད་ཁམས་སུ་སྐྱེ་བའོ། །ཁམས་གསུམ་ལས་གང་དུ་གཏོགས་པའི་ཁྱད་པར་ནི། གཟུགས་རང་མཚན་དུ་མེད་པས་གཟུགས་མེད་དུ་གཏོགས་ཏེ་མིང་གཞིའི་ཕུང་པོ་ལ་སེམས་ཀྱི་རྒྱུད་བརྟེན་པར་ཆོས་མཐུན་པའི་ཕྱིར་རོ། །མིང་བཞིའི་ཕུང་པོ་ཡང་ཕྲ་བ་ས་བོན་གྱི་ཆའི་འབྱུང་བ་ཀུན་གཞིའི་སྟེང་ན་ཡོད་པ་ལས་འབྱུང་བའོ། །རྒྱུ་ནི་ཆོས་ཉིད་སྒྱུ་མ་ལྟ་བུའི་སྣང་བ་མཐོང་བ་ལས་འབྱུང་བའོ། །གཟུགས་ལས་གཞན་པའི་ཕུང་པོ་ལྷག་མ། ཚོར་བ། འདུ་ཤེས། འདུ་བྱེད། རྣམ་ཤེས་རྣམས་བག་ལ་ཉལ་གྱི་ཕུང་པོར་གནས་པས་གཟུགས་མེད་ཁམས་སུ་གཏོགས་པ་ཡིན། ཕྱི་མའི་ལུས་དང་འབྲེལ་པའི་ལྟས་ཀྱི་ཁྱད་པར་ནི་བར་དོར་སྡོད་པའི་ཚེ་རྫོགས་ནས་ཕྱི་མའི་ལུས་ལེན་དུ་ཉེ་བའི་ཚེ། མའི་མངལ་དུ་ལས་རླུང་གི་འཕངས་པ་ལས་ལྷའི་སྐྱེ་གནས་སམ་མངལ་དུ་ཚུད་ན་ལྷ་ཁང་གི་ཡང་ཐོག་གམ་ཁང་བུ་བརྩེགས་པའི་ནང་ན་འདུག་སྙམ་བྱེད། ལྷ་མིན་གྱི་མངལ་དུ་ཚུད་ན་མགལ་མེའི་འཁོར་ལོའི་དབུས་སམ་ཆར་འབབ་པའི་དཀྱིལ་ན་འདུག་པ་སྙམ་བྱེད། མིའི་མངལ་དུ་ཚུད་ན་རབ་ཏུ་གྲང་སྙམ་བྱེད་ན་མི་ལུས་ཙམ་པོ། ནམ་རྨུགས་པའི་དཀྱིལ་ན་འདུག་པ་སྙམ་བྱེད་ན་མི་ལུས་གཙང་མ། སྐྱེ་བོ་འདུས་པའི་ཅ་ཅོའི་གསེབ་ན་འདུག་པ་སྙམ་བྱེད་ན་མི་ལུས་རིན་པོ་ཆེའི་མངལ་དུ་ཚུད་པའོ། །ངན་སོང་ལ་བྱོལ་སོང་གི་མངལ་དུ་ཚུད་ན་ན་བུན་གྱི་ནང་ངམ་སྤྱིལ་བུའི་ནང་ན་འདུག་པ་སྙམ་བྱེད། ཡི་དྭགས་ཀྱི་མངལ་དུ་ཚུད་ན་བྲག་ཕུག་རྡུགས་པའམ་གྲོག་པོ་སྟོང་པ་ན་འདུག་པ་སྙམ་བྱེད་དོ། །དམྱལ་པ་ནི་བརྒྱུད་པ་ལས་དངོས་སུ་སྲིད་པའི་བར་དོ་མི་སྣང་སྟེ་དབུགས་ཆད་པ་དང་སྐྱེ་བ་དུས་མཉམ་དུ་གནས་པའོ། །འདི་དག་གི་རྒྱུ་ནི་ཆོས་ཉིད་མའི་སྣང་བ་ལ་ཡིད་མ་ཆེས་པ་ལས་འབྱུང་བའོ། །ལས་ཀྱི་དབང་གིས་སྐྱེ་བ་ལེན་ས་དེར་དགའ་སྣང་སྐྱེས་ནས་དེར་ཞུགས་པ་ཙམ་གྱིས་ལུས་ངན་བླངས་ཚར་བ་ཡིན་པས། དེའི་དུས་སུ་རབ་ཡིན་ན་ཆགས་སྡང་མིག་སེར་སྤངས་ནས་སྣང་བ་བདེན་མེད་དུ་སྦྱང་བ་དང་། ཀ་དག་ཆོས་སྐུའི་ངང་དུ་གྲོལ་ཨེ་ཐུབ་བལྟ་བ་དང། འབྲིང་ཡིན་ན་གསུམ་པའི་དབང་དོན་གྱི་ཡེ་ཤེས་དྲན་ནས་བདེ་སྟོང་གི་དོན་ལ་མཉམ་པར་བཞག་བླ་མ་དང་ཡི་དམ་གྱི་བསྐྱེད་རིམ་དྲན་ནས་དག་པའི་ཞིང་ལ་འཕོ་ཨེ་ཐུབ་བལྟ་དགོས། ཐ་མ་ཡིན་རུང་མི་སྡུག་པ་དང་ཞེན་ལོག་གི་གཉེན་པོ་བསྟེན་ནས་མངལ་སྒོ་དགག་ནས་བདེ་བ་ཅན་སོགས་ལ་འཕོ་ཨེ་ཐུབ་བལྟ། ཤིན་ཏུ་ཐ་མ་ཞིག་ཡིན་ཡང་བར་དོའི་སེམས་ཅན་ལ་མངོན་ཤེས་ཕྲ་མོ་ཡོད་པ་ཡིན་ན་ཆོས་ལྡན་གྱི་ལུས་ལ་སྐྱེ་བ་བླངས་ནས་ཆོས་འདི་ཉིད་དང་ཕྲད་པའི་སྨོན་ལམ་འདེབས་དགོས་སོ། །དཔེས་ཉེ་བར་མཚོན་པའི་ཁྱད་པར་ནི། རྩྭས་མེ་འཛིན་པ་ལྟར་བག་ཆགས་ཀྱིས་མངལ་འཛིན་པ་དང༌། འདམ་རྫབ་ཀྱིས་ནོར་བུ་ལ་སོགས་འཛིན་པ་ལྟར་འཁོར་བ་ན་དག་པའི་ཡེ་ཤེས་འཛིན་པ་དང༌། རྙིས་བྱ་འཛིན་པ་ལྟར་མངལ་གྱིས་སྲིད་པ་བར་དོའི་སེམས་ཅན་འཛིན་པའོ། །དེ་ལྟར་རྣམ་གྲངས་ཉི་ཤུ་པོ་དེ་ཡང་ཉི་ཟླ་ཁ་སྦྱོར་ལས། སྲིད་པའི་བར་དོ་ཞེས་བྱ་བ། །འཁོར་བའི་གནས་ཀྱི་ལམ་མགོ་ནི། །དཔེར་ན་ཟོ་ཆུ་བཞིན་དུ་འཁོར། །ཤ་ཁྲག་རང་གའི་ལུས་བྲལ་ནས། །སྒྱུ་མ་ཡིད་ཀྱི་གཟུགས་ཅན་ནོ། །རྡོས་དང་བྲལ་བས་མིང་གཉིས་པ། །སྔ་མའི་ཤེས་པ་སྣང་བ་འགགས། ཕྱི་མ་ཉིད་ནི་མ་བྱུང་བར། །རིགས་ཅན་གང་དུ་མ་ངེས་པས། །གང་ནུས་གང་སྣང་དེ་སྐབས་ན། །སྐད་ཅིག་གནས་པའི་བར་མ་དོ། །ཕྱིས་ནི་གང་སྐྱེའི་ཆ་བྱད་འཛིན། ཕྱིས་འབྱུང་ཆ་བྱད་ཡོངས་བཟུང་ནས། །རིགས་དྲུག་སོ་སོའི་སྣང་ཆར་འགྱུར། །འདོད་པ་ཁམས་ཀྱི་ཕྱི་སྣོད་དང༌། །བཅུད་ནི་རང་གིས་རིག་ཅིང་གསལ། །རང་གར་སྐྱེ་བའི་སྣོད་བཅུད་ཀྱང༌། །དེ་ཉིད་དུས་ན་གསལ་བའོ། །འདོད་ལྡན་སྣོད་བཅུད་གསལ་བར་སྣང༌། །དབང་པོ་ཡན་ལག་ཡོངས་རྫོགས་པས། །དངོས་པོ་ཀུན་ལ་ཐོགས་མེད་ཅིང༌། རི་བྲག་ལ་སོགས་ཐོགས་མེད་འཇུག །གཞན་ལས་ཚེ་ནི་ཞག་བདུན་འགྱུར། །ཞག་ནི་བདུན་ཕྲག་བདུན་གྱི་ནི། །དེ་ཡི་ཚེ་ཡི་ཚད་ཡིན་ནོ། །ལྷ་དང་མི་ནི་ཁ་དོག་དཀར། །ལྷ་མ་ཡིན་དང་བྱོལ་སོང་སེར། །ཡི་དྭགས་འོད་ནི་དུ་བ་འདྲ། །དམྱལ་བ་སྡོང་དུམ་ལྟ་བུའམ། །ཡང་ན་བལ་ནག་གཡེངས་པ་འདྲ། །བྱོལ་སོང་ཡང་ན་ཁྲག་བཙོས་བཞིན། །ལྷ་མིན་ཁ་ཆར་འབབ་པ་བཞིན། །དེ་ཚེ་ཁ་ནི་འདི་ལྟ་སྟེ། །ལྷ་དང་མི་ནི་གྱེན་ལ་བལྟ། །ལྷ་མིན་བྱོལ་སོང་དེ་བཞིན་འཕྲེད། །ཡི་དྭགས་དམྱལ་བ་ཐུར་དུ་བལྟ། །འདི་དག་ད་གདོད་སྐྱེ་བའི་དབང༌། །སྲིད་པའི་བར་དོར་ལས་རྣམས་ནི། །སོག་དང་མི་སོག་ལྟས་འདིའོ། །རྣམ་པར་སྨིན་པའི་བག་ཆགས་མེད། །བར་མའི་དབང་གི་རྒྱུ་མཐུན་པའི། །བག་ཆགས་རྣམས་ནི་འདིས་སོག་གོ །དེ་ཚེ་ཤེས་པའི་ལྟས་འདིའོ། །གང་ཞིག་ལས་ནི་དག་པ་ཡི། །ཤེས་པ་ཉིད་ནི་གསལ་བ་ཡིན། །དེ་བཞིན་མ་དག་རྣམས་མི་གསལ། །དེ་ཀུན་དགེ་སྡིག་ལས་ལས་བྱུང༌། །དེ་ཉིད་མིང་གི་རྣམ་གྲངས་ནི། །འདི་དག་རྣམས་སུ་རིག་པར་བྱ། །མིང་བཞི་འདུས་པའི་བདག་ཉིད་ཅན། །སྲིད་པ་ཡི་ནི་ཤ་གཟུགས་དང༌། །སྒྱུ་ལུས་དྲི་ཟ་ཉེ་བར་འཁོར། །སྲིད་པའི་བར་དོ་ཕུང་མཚམས་སྦྱོར། གཟུགས་མེད་དབང་པོ་ཀུན་ལྡན་པས། །ཐོགས་པ་མེད་པར་ཀུན་ལ་འཇུག །དེ་ལྟར་བར་མའི་ལུས་ཀྱི་ཚད། །བྱིས་པ་ལོ་བརྒྱད་ལོན་པའམ། །ལོ་བཅུ་ལོན་པའི་ལུས་ཚད་དུ། །རྨི་ལམ་ལྟ་བུའི་གཟུགས་སུ་གནས། །སྐྱེ་གནས་ཉིད་ནི་རྣམ་བཞི་ལས། །བརྫུས་ནས་སྐྱེས་པ་ཉིད་དུ་སྟེ། །ལྷ་དང་དམྱལ་བ་བར་མ་དོ། །འདི་ཀུན་བརྫུས་པ་ལས་སྐྱེའོ། །སྤྱོད་པ་ཉིད་ནི་བར་མ་དོ། །སྔར་ཞེན་ལས་ལ་སྤྲོ་བ་སྟེ། །དེ་ཡི་རྗེས་སུ་ཞུགས་ནས་ནི། །དེ་ཆོས་ཡིད་ཀྱི་རྗེས་སུ་འཛིན། །དེ་ཉིད་འོད་ཀྱི་ཚད་རྣམས་ནི། །སྔར་ཞེན་བག་ཆགས་ཆུང་བ་དང༌། །འདི་ཡི་འོད་ནི་དཔག་ཚད་གཅིག །ཁ་དོག་དཀར་པོ་ལྷང་ལྷང་པོ། །འདི་ནི་ལྷ་མིའི་སྐྱེ་གནས་སོ། །བག་ཆགས་ཅན་ལ་གསལ་མི་སྣང༌། །གང་གི་ལས་ནི་བཟང་ངན་གྱིས། །བཟང་བས་དགེ་དང་ཡིད་འོད་འཕྲད། །ངན་པས་སེམས་ཅན་བག་ཆགས་ཅན། །ཡིད་དུ་མི་འོང་མངལ་དུ་འཇུག །ཕྱི་ནང་ལུས་དང་འབྲེལ་བ་ནི། །རང་ཤུགས་ཞེ་སྡང་སྐྱེས་པའི་རྒྱུ། །དེ་བཞིན་འདོད་ཆགས་རྐྱེན་གྱིས་ནི། །ཕྱི་མ་ལ་ནི་སྣང་བའི་ཚུལ། །ཁམས་ནི་རྣམ་པ་གསུམ་དག་ལས། །མིང་གཞིའི་ཕུང་པོ་མ་འགགས་ཏེ། །ཕྱི་མ་མ་བླངས་བར་མའི་སྲིད། །མིང་གཞི་འདུས་པའི་ཕུང་པོ་ལ། །ཤ་ཁྲག་གཟུགས་ནི་མི་སྣང་བས། །གཟུགས་ནི་མེད་པའི་ཁམས་སུའོ། །ཕྱི་མའི་ལུས་དང་ཉེ་བའི་ཚེ། །མགལ་མེའམ་ནི་ཆར་པའམ། །དེ་བཞིན་གྲང་པ་ནམ་རྨུགས་པ། །སྐྱེ་བོ་འདུས་པའི་ཅ་ཅོ་དང༌། །ལྷ་ཁང་དམ་ནི་ཡང་ཐོག་གམ། །ཁང་བུ་དག་ནི་བརྩེགས་པར་མཐོང༌། །ངན་སོང་རྣམས་ནི་སྤྱིལ་བུའམ། །ཕུགས་རྡུགས་གྲོག་པོ་སྟོང་པར་མཐོང༌། །འདི་དག་མངལ་དུ་ཚུད་པའི་རྟགས། །འགྲོ་བར་འདོད་ཀྱང་རྒྱས་འཐུམས་ཏེ། །ཐོགས་པ་ཉིད་དང་བཅས་པའོ། །དཔེ་ནི་རྩྭས་ནི་མེ་འཛིན་དང༌། །དེ་བཞིན་འདམ་གྱིས་རྫས་འཛིན་དང༌། །མཁའ་འགྲོ་འདོད་པའི་དབང་གིས་ནི། །ས་ཁུང་བྲུས་པའི་རྙིས་འཛིན་ལྟར། །དབང་མེད་ཆགས་པའི་རྙིས་འཛིན་ནོ། །ཞེས་གསུངས་སོ། །དེ་ལྟར་སྲིད་པ་བར་དོ་ནས་ལམ་བརྒྱུད་དེ། ལས་ཀྱི་དབང་གིས། དགའ་བ་དང་ལྡན་པ་ལྷ་དང་། རྩོད་པ་དང་ལྡན་པ་ལྷ་མ་ཡིན་དང་། ཆ་མཉམ་ལྡན་མི་དང་། གཉིས་ལྡན་དུད་འགྲོ་དང་། བཀྲེས་ལྡན་ཡི་དྭགས་དང་། སྡུག་བསྔལ་ཆེན་པོ་དང་ལྡན་པ་དམྱལ་བ་སྟེ་འགྲོ་བ་རིགས་དྲུག་གི་གནས་སུ་ཟོ་ཆུའི་འཁོར་ལོ་བཞིན་དུ་གཅིག་ནས་གཅིག་ཏུ་འགྲོ་བས་འགྲོ་བ་རིགས་དྲུག་ཅེས་བྱའོ། །འདི་ལ་ལམ་རྒྱུད་ལྔ་ཡང་བྱ་སྟེ། དེ་ཡང་ལྷ་མ་ཡིན་འདོད་ལྷ་ལ་སོགས་པར་བསྡུས་ཚེ། དམྱལ་བ་གདུང་བའི་ལམ། ཡི་དྭགས་འགོག་པའི་ལམ། བྱོལ་སོང་མུན་པའི་ལམ། མི་འདམས་པའི་ལམ། ལྷ་གཡེངས་པའི་ལམ་མོ། །འདིའི་ལམ་ཞེས་པ་ནི་བདེ་སྡུག་ཏུ་ཕྱོགས་ཤིང་སྒྲུབ་པར་བྱེད་པས་ན་ལམ་དང་། རིགས་མི་འདྲ་བ་ལྔ་ཡོད་པས་ལྔ་སྟེ་ལམ་དེ་ལྟ་བུར་གཅིག་ནས་གཅིག་ཏུ་ཁ་བརྒྱུད་ནས་འཁོར་བ་མུ་མེད་དུ་འཁོར་བའོ། །གནད་འདི་དག་ནི་གལ་པོ་ཆེ་ཡིན་པས་རྒྱས་པར་བསྟན་ཏོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་ཉམས་སུ་ལེན་པ་རྒྱལ་པོའི་ཁང་བཟང་སྟེ་རྡོ་རྗེའི་གནས་བཅུ་པ་རྒྱ་ཆེར་བཤད་པའོ།།

ཉིན་ཉི་ཤུ་པའི་ཆོས་ཁྲིད།

ཐེག་ཆེན་མདོ་སྔགས་སྤྱི་དང་ཁྱད་པར་དུ་ཟབ་མོ་གསང་སྔགས་ཀྱི་དམ་པའི་ཆོས་གསན་བསམ་ཉམས་བཞེས་ཀྱི་སྐབས་སུ་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དོན་གཉིས་ལྡན་པའི་སེམས་བསྐྱེད་པ་སྟེ། སྙིང་རྗེས་གཞན་དོན་ལ་དམིགས་པའི་ཟུར་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པའི་ཟུར་གཉིས། ཐབས་དང་ཤེས་རབ་གཉིས་ཡ་མ་བྲལ་བའི་ཐོག་ནས། གསང་བ་སྔགས་ཀྱི་ཀུན་སློང་ཐུན་མོང་མ་ཡིན་པ་སྣོད་བཅུད་ཡེ་ནས་སངས་རྒྱས་པའི་རང་བཞིན་འཁོར་འདས་ཡེ་ཤེས་གཅིག་གི་རོལ་བར་ཀ་ནས་དག་པ་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་དང་ལྡན་པའི་སྒོ་ནས། ཆོས་འཆད་ཉན་བྱེད་པའི་སྟོན་འཁོར་དང་། གང་འཆད་བྱའི་ཆོས་དང་། དུས་གནས་ཐམས་ཅད་དཀྱིལ་འཁོར་གཅིག་གི་རང་བཞིན་ལས་མ་འདས་པའི་ཕུན་སུམ་ཚོགས་པ་ལྔ་ཡི་གླེང་གཞི་དང་མཐུན་པའི་དག་དྲན་དགོས། ལྟ་བས་དེ་ལྟར་ཐག་ཆོད་ཀྱང་སྒོམ་པ་དང་སྤྱོད་པ་ཚད་དུ་མ་འཁྱོལ་ན། ལྟ་བ་ཡས་བབ་སྤྱོད་པ་མས་འཛེགས་ཀྱི་ལམ་དུ་མ་ཞུགས་ཐབས་མེད་ཡིན། ཐུབ་པའི་བསྟན་པ་སྤྱིའི་སྒྲོམ་གཞི། སྐས་ཀྱི་གདང་བུ་ལྟ་བུ་ལ་བརྟེན་ནས་རིམ་བགྲོད་མ་བྱས་ཐབས་མེད་ཡིན་པས། ཐུན་མོང་དང་། ཐུན་མིན་དང་། ཁྱད་པར་ཅན་གྱི་སྔོན་འགྲོ་ལ་སོགས་པ་སྔོན་དུ་སོང་ནས་དངོས་གཞིའི་ཉམས་ལེན་གྱི་རིམ་པ་ལ་འཇུག་པ་ནི་ཆོས་བརྒྱུད་འདིའི་ཕྱག་སྲོལ་དམ་པ་གོང་མའི་ཕྱག་ལེན་ཡིན་པས། རྗེས་འཇུག་སློབ་མས་ཉམས་ལེན་གྱི་གནད་དུ་འཛིན་དགོས་པ་དང་མ་བཟུང་ཐབས་མེད་ཡིན། དེའི་སྟབས་ཀྱིས་ཆོས་གྲྭའི་ནང་དུ་ནམ་འཚོགས་ལ་སྔོན་འགྲོ་བློ་སྦྱོང་གི་ཆོས་ཀྱིས་རྒྱུད་འཆོས་ཐབས་ནི་ང་རང་གི་རྒྱུད་ལ་དཔེ་བླངས་ནས་། ཚད་རང་གི་ཐོག་ལ་བསྐོར་ནས་ནམ་ཡིན་ཡིན་དུ་ཞུས་པ་ཡིན་པས། སོ་སོའི་སྐྱེ་བོ་ཐ་མལ་པ་ཞིག་འཁོར་བའི་བྱ་བཞག་སྙིང་མེད་ལ་འཁྲུལ་ལུགས་བཤད་ཚེ། སྡུག་བསྔལ་ཚུལ་དང་། བདེ་བ་མེད་ཚུལ། མི་ཚེ་ཐུང་ཚུལ་དང་། ཆོས་མེད་ཤི་ན་སྡུག་ཚུལ། དོན་དངོས་སུ་ཆོས་ཡོད་མཁན་ཞེས་པ་དཀོན་ཚུལ་དང་། ལ་ཕར་རྒྱབ་ཀྱི་ཨ་ཁུ་ཆོས་རྒྱལ་གྱི་སྒོ་རྩར་ཐོན་ཚེ། དམྱལ་གླིང་རྫོགས་པ་ཆེན་པོ་ནས་གླིང་གེ་སར་དམྱལ་ཁམས་སུ་སོང་བ་བཤད་པ་དང་འདྲ་བའི་ལས་སླ་མོ་ཞིག་མིན་ཚུལ་ལྟ་བུ་འབའ་ཞིག་བཤད་པའི་ཚེ། གསར་བུ་བ་ལ་ལས་ཉིན་དེ་ལ་སྡུག་ཚུལ་ཐ་ཚུལ་ཤ་སྟག་བཤད་རྒྱུ་འདུག་ལ། དེ་དག་ལ་ཉན་ཚེ་བྱེད་འདོད་རྒྱུའི་ཡི་གར་འོང་བ་རྣམས་ནི་མི་ཉན་པ་དང་མི་ཆོག་པ་འབའ་ཞིག་སྟེ། དེ་ཡང་སྡིག་པ་ཞེས་པ་དང་། མི་དགེ་བ་ཞེས་པ་དང་། ཁ་ན་མ་ཐོ་བ་ཞེས་པ་དང་། ཚུལ་མིན་ཡིད་བྱེད་ཅེས་པ་དང་། རང་བཞིན་གྱི་ཉེས་པ་ཞེས་པ་དང་། སྡོམ་པ་ཞེས་པ་དང་། དམ་ཚིག་ཅེས་པ་ལ་སོགས་མིང་འདྲ་མིན་མང་པོ་ཞིག་བཏགས་པ་རྣམས་ནི་མདོར་ན་མི་ཆོག་པ་དང་མི་ཉན་པ་དང་བྱེད་དུ་མི་རུང་བ་འབའ་ཞིག་ཡིན་ནས་འདུག་ལ། སྒྲུབ་དགོས་རྒྱུ་ལེགས་པའི་ཕྱོགས་རེད་ཟེར་བ་རྣམས་ནི་གཅིག་ལས་གཅིག་དཀའ་བ་དག་ཆེད་དུ་བསལ་ཡོང་བ་ལྟ་བུ་ཤ་སྟག་རེད་སྙམ་པ་ཡོང་སྲིད་ལ། དེ་ནི་ཁག་མེད་པ་ཡིན་ཏེ་ད་སྔོན་ཉི་མ་ཡན་ཆོད་སྐྱེ་བ་ཚེ་རབས་ཐོག་མེད་ནས་ད་ལ་མ་ཐུག་གི་བར་དུ། བཟང་ལ་མ་གོམས་ངན་ལ་གོམས་ཏེ། ངན་འཁོར་བ་རྒྱུ་འབྲས་ཀྱི་སྡིག་སྡུག་བསྔལ་ཁོ་ན་ལ་སྤྱོད་པ་ཡིན་པས། ངན་ཆུ་རྒྱུན་ཐུར་དུ་རྒྱུག་པ་འདྲ་བ་འདི་ལ་བཟང་ཞིང་སྐྱིད་པའི་གནད་ཀྱིས་ཞེན་ཅིང་ཆགས་པ་མ་ཡིན་པར་གོམས་ཚུལ་གྱི་དབང་གིས་དེ་ལྟར་བྱུང་བ་སྟེ། དཔེར་ན་རྒྱ་རྣམས་ཀྱིས་སྲན་མ་འཐག་བྱེད་ཀྱི་མཆིག་འདྲུད་དུ་བཅུག་པའི་རྟ་རྣམས་བསྐོར་ནས་འགྲོ་བ་ལས་དྲང་པོར་འགྲོ་མི་ཤེས་པ་དང་འདྲ་བར། ལོབས་ལུགས་དེ་ལ་ལོབས་དུས་དང་པོའི་དུས་སུ་དེ་བདེ་སྣང་ཤར་བ་ཡིན་པ་དང་། འབུ་ཕྱེ་སླེབ་ཅིག་ལ་ཁྱོད་མར་མེའི་འོད་ལ་མ་ལྕེབ་ཅེས་བརྗོད་ནས་གོ་བརྡ་འཕྲོད་ན། དེས་ཁོ་ལ་སྡུག་པོ་ཟེར་འདུག་བསམ་ངེས་རེད། དེ་དང་འདྲ་བར་རང་ག་བའི་མི་ཞིག་ལ་ཁྱོད་ཀྱིས་འདོད་ཡོན་ལྔ་ལ་སྤྱོད་པ་དེ་ལ་ཆོག་ཤེས་གྱིས། ཉོན་མོངས་པ་དུག་ལྔ་ལ་འཛེམ་བག་དང་མགོ་གནོན་བྱས་ནས་ཉམ་དམས་པར་བྱ་དགོས་ཞེས་བརྗོད་ན་དེས་ཁོ་ལ་བཟང་བྱེད་པ་རུ་འཛིན་པའི་ངེས་པ་མེད། དམྱལ་བ་རང་ཡུལ་ལ་དུངས། ཞེས་པའི་དཔེ་ཞིག་ཡོད་པ་དེ་སྡུག་བསྔལ་ལ་སྡུག་བསྔལ་དུ་མ་ཤེས་ནས་དེར་དུངས་པ་ཞེས་པའི་དཔེ་ཡིན་ངེས། དེ་བཞིན་དུ་འཁོར་བའི་གནས་ཐམས་ཅད་པོ་དམྱལ་བ་དང་ཧ་ལམ་འདྲ་བར་སྡུག་བསྔལ་ཅན་ཡིན་པའི་གནད་ཀྱིས་སྲོག་གཅད་ས་ལ་བླ་འཁོར་གྱིན་ཡོད་པ་རེད་ཅེས་པའི་བརྡ་ཡིན་པ་འདུག དེ་ལྟ་བུས་ཐོག་མེད་ནས་འཁོར་བའི་སྡུག་བསྔལ་རྒྱུ་འབྲས་ལ་གོམས་ནས་དེའི་ངན་གཤིས་སུ་བསྙེགས་ནས་དེ་ལ་སྡུག་ལོབས་མུག་ལོབས་རེད་སོང་བ་ནི། གཅིག་ན་དེའི་ཡན་གྱི་བདེ་བ་ཞིག་མཐོང་མ་མྱོང་བ་དང་། གཉིས་ས་ནས། ས་པཎ་གྱིས། ཚུལ་མཐུན་གཙུག་ལག་ཟུང་གི་ཁྲིམས། །ཡ་རབས་རྣམས་ལ་གཉེན་དང་འདྲ། །མ་རབས་རྣམས་ལ་དགྲ་འདྲ་སྟེ། །ཁྲིམས་ཀྱི་སྐྱོན་མིན་རང་སྐྱོན་ཡིན། །ཞེས་གསུངས་པ་ལྟར་དཔེ་དགོན་པ་ཞིག་དང་ཆོས་གྲྭ་ཞིག་ལ་མཚོན་ན་འདུལ་ཁྲིམས་དམ་པོ་ཞིག་ཡོད་ན། བསླབ་གསུམ་མིག་གི་འབྲས་བུ་བཞིན་དུ་བསྲུང་བསམ་མཁན་དང་། སྤང་ཀློག་ཐོས་བསམ་གྱིས་དུས་འདའ་བར་བྱའོ་བསམ་མཁན་གྱི་ཡ་རབས་ཤིག་ལ་དེ་གཉེན་ཡིན་པ་རེད། དེ་ནི་དེ་ལ་དགོས་པའི་མཐུན་རྐྱེན་མཆོག་ཡིན། འོན་ཀྱང་མ་རབས་བསྟན་བཤིག་ཅིག་ལ་དེ་ནི་དགྲ་དང་འདྲ་བར་ཡིན་ཏེ། དེར་ངན་སྤྱོད་མ་རབས་སྣ་དགུ་བྱེད་ཆོག་པ་མིན་པའི་ཕྱིར། དེས་ན་དེ་ལ་བཙོན་ཁང་ཞིག་དང་ཁྱད་མེད་པར་ཡིན་ནོ། །སྤྱིར་ན་སྐྱིད་སྡུག་ཅེས་པ་ནི་སེམས་ཀྱིས་བཏགས་ལུགས་དང་། ལེགས་ཉེས་ནི་བསམ་པའི་འཁྱེར་སོ་ཡིན་པས། དང་པོ་སྡུག་གི་མགོ་བཟུང་ནས་ཇེ་སྐྱིད་གཏན་བདེ་ཡུན་དུ་སྐྱིད་པའི་ལམ་དུ་འགྲོ་མཁན་རྣམས་གང་ཡིན་ན་དམ་པའི་ཆོས་སྒྲུབ་མཁན་རྣམས་ཡིན། དང་པོ་སྡུག་སྟེ་མ་ལོབས་པའི་སྐབས་སུ་དཀའ་སྣང་ཅུང་ཟད་རེ་ཤར་བ་དང་དེའི་དུས་སུ་ཆོས་ཕྱོགས་སུ་བརྩོན་འགྲུས་བརྩམ་དགོས་ཀྱང་། ནམ་ཞིག་ལ་འབད་པ་ཆེར་མ་དགོས་པ་ཡོན་ཏན་ཐོབ་ཡོང་བ་ཡིན། དཔེར་ན་རང་རེའི་ཐོད་རྒལ་བཤད་པ་ལྟར་ཉམས་གོང་འཕེལ་ཡན་དུ་ཐོན་དུས་དཀའ་བ་ཆེར་མེད་པར་རང་ཤུགས་ཀྱིས་ས་ལམ་གྱི་ཡོན་ཏན་བརྙེས་པ་ཡིན་གསུངས་པ་དང་མཚུངས་སོ། །སྐྱིད་ཀྱི་མགོ་བཟུང་ནས་སྡུག་གི་མཐའ་ཕུད་མཁན་ནི། འཁོར་བའི་སེམས་ཅན་དང་ཁྱད་པར་དུ་མིའི་ལུས་རྟེན་གྱི་ཐོག་ནས་སྡིག་པའི་ལས་བྱེད་པ་དེ་དག་རེད། ཚོགས་མ་བསགས་པའི་རྒྱུ་ནོར་གྱིས་ཉིན་ཁ་ཤས་སུ་སྐྱོན་མེད་པར་ལྟར་སྣང་ཡང་ལས་ངན་གྱི་འབྲས་བུ་རིམ་པར་བཞིན་དུ་སྨིན་ནས་ཚེ་སྟོད་བས་ཚེ་སྨད་སྡུག་པ་དང་། ཚེ་སྨད་བས་ཕྱི་མ་སྡུག་སྟེ། ཇེ་སྡུག་ཇེ་ངན་དུ་སོང་ནས་མཐར་ངན་སོང་གི་གནས་ནས་མི་ཐར་བ་ཞིག་འགྱུར་བ་ཡིན་ནོ། །དེ་ལྟར་བཤད་དུས་ཉིན་བཞིན་སྡུག་ཚུལ་ཐ་ཚུལ་ཤ་སྟག་བཤད་ཀྱིན་འདུག་མ་སེམས་དང་། རང་རེ་ནི་ལས་དང་སྨོན་ལམ་མཐུན་པའི་སྐལ་ལྡན་རྡོ་རྗེའི་མཆེད་ལྕམ་ཤ་སྟག་ཡིན་པས། འུ་ཅག་ལ་མཚོན་ན་སྐྱིད་པོ་ཡིན་པ་རེད། དེས་ན་རང་རེས་དེ་རིང་སྐྱིད་ཚུལ་དགའ་ཚུལ་ཁོ་ན་བཤད་དགོས། རང་ཅག་རྣམས་སྔར་སྐྱིད་པོ་ཡིན་ལ་ད་ལྟ་ཡང་སྐྱིད་པོ་ཡིན་པར་མ་ཟད་མ་འོངས་པ་ལ་ཡང་སྐྱིད་པོ་རེད། སྔར་སྐྱིད་པ་ཇི་ལྟར་ཡིན་ཞེ་ན། སྔར་བསོད་ནམས་བསགས་པའི་དབང་གིས་ད་སྐབས་ཟབ་མོའི་ཆོས་འདི་ལྟ་བུ་དང་ཕྲད་པ་སྟེ། དེ་ངས་བཤད་པ་ཙམ་མ་ཡིན་པར་ཀློང་ཆེན་པས་གསུངས་ཡོད་དེ། ཐེག་མཆོག་མཛོད་ལས། དེའང་སྔོན་བསྐལ་བ་དུ་མ་ནས་ཚོགས་བསགས་པའི་མཐུས། བསྟན་པ་འདི་དང་ད་གདོད་ཕྲད་ནས། རིང་པོར་མི་ཐོགས་པར་སངས་རྒྱ་བ་ལ་འབྲས་བུའི་ཐུས་ཀ་ཟེར་བས། བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །ཞེས་གསུངས་པ་སྟེ། དེ་ཡང་བསྟན་པ་འདི་དང་ཕྲད་པ་ཐམས་ཅད་མྱུར་དུ་སངས་རྒྱས་འཐོབ་སྟེ། ཞེས་པའི་དམ་བཅའ་བཀོད་ནས། འབྲས་བུའི་ཐུས་ཀ་དང་ཕྲད་པའི་ཕྱིར་རོ། །ཞེས་སྒྲུབ་བྱེད་བཀོད་ཡོད་པ་རེད། དེས་ན་རང་རེ་ནི་སྔར་བསོད་ནམས་བསགས་པའི་བསོད་ནམས་ཅན་གྱི་མི་འབའ་ཞིག་ཡིན་པས་སྔར་སྐྱིད་པོ་ཡིན་པར་འདུག ད་ལྟ་ཡང་སྐྱིད་པོ་ཡིན་པ་ནི་མངོན་སུམ་པ་འདི་རེད། ཚངས་དང་དབང་པོ་བརྒྱ་བྱིན་གྱིས་ཀྱང་འགྲན་དུ་མེད་པའི་ཚངས་སྤྱོད་ངུར་སྨྲིག་གི་རྒྱལ་མཚན་འཆང་བའི་རྟེན་བཟང་ཐོབ་ཡོད་པར་མ་ཟད། ཁྱད་པར་ཅན་གྱི་ཆོས་རང་གཞན་འཕྲལ་དང་ཡུན་དུ་སྐྱིད་པའི་ཉམས་ལེན་གྱི་གདམས་པ་ས་སྟེང་གསེར་གྱིས་བཀང་ཡང་མི་བརྗེ་བའི་དམ་ཆོས་རྫོགས་པ་ཆེན་པོ། ཡང་གསང་མན་ངག་སྡེའི་ཆོས་དང་འཕྲད་པ་ཡིན་པས་སྙིང་རུས་རང་ཉིད་ལ་ཡོད་ན་སངས་རྒྱས་རང་ལག་ལ་ཡོད་པ་ཡིན་པས། སྐྱིད་པའི་ནང་ནས་ཡང་སྐྱིད་དང་། སྐྱིད་ཀྱི་མཆོག་གྱུར་པ་ཡིན་པ་དང་། ད་ཕྱིན་ཆད་འབྱུང་གྱུར་གྱི་ཆ་ཡང་དེ་བས་སྐྱིད་པ་ཡིན་ཏེ། ཡང་ཀློང་ཆེན་པས། འོ་སྐོལ་དཔོན་སློབ་ཆོས་ཅན། ཚེ་འདིའམ། བར་དོའམ། རང་བཞིན་སྤྲུལ་སྐུའི་ཞིང་གང་རུང་དུ་མྱུར་དུ་སངས་རྒྱས་འགྲུབ་ངེས་པ་ཡིན་ཏེ། སངས་རྒྱས་འགྲུབ་ངེས་ཀྱི་རྒྱུ་ནུས་པ་ཐོགས་མེད་བསྟན་པ་དག་པ་འབྲས་བུའི་ཐུས་ཀ་དང་ཕྲད་ནས་དེ་ལ་མོས་པས་སྤྱོད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་སོ། །དེ་ལྟར་འཆད་ཚེ་མི་ལ་ལས་བླ་སྤྲུལ་དྲག་གྲས་རྣམས་དང་སྡེ་སྣོད་འཛིན་པ་ཚོ་དེ་ལྟར་ཡིན་ངེས་ཀྱང་ང་རང་ནི་དེ་ལྟར་མིན་སྙམ་མི་དགོས་ཏེ། ཡང་ཀུན་མཁྱེན་ཆེན་པོས། དེ་ཡང་གསང་མཆོག་ངེས་པ་འདིར་ཞུགས་ནས་ཁྲིད་དང་གདམས་པ་ཐོབ་ནས། གོ་དོན་མ་རྙེད་ཀྱང༌། སྐྱེས་པ་དང་བུད་མེད་དང་བྱིས་པ་དེ་དག་ཐོས་པའི་ཕན་ཡོན་གྱིས་མྱུར་དུ་གྲོལ་ངེས་ཏེ། འབྲས་བུའི་ཐུས་ཀ་བླ་ན་མེད་པ་དང་ཕྲད་པ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པས་ཁོང་གི་གསུང་ལ་བསླུ་བ་ཞིག་གང་ན་ཡོད། དེས་ན་འདིའི་དོན་ཉམས་ལེན་བྱེད་ནུས་ན་མྱུར་དུ་འབྲས་བུ་ཐོབ་པ་སྨོས་ཅི་དགོས་གལ་ཏེ་མ་ནུས་ནས་ཉལ་བསྡད་ཀྱང་དམ་ཚིག་མ་ཉམས་ན་སྡུག་པོ་མི་འགྱུར་བ་དེ་ལྟར་ཡིན་ནོ། །དེས་ན་འདི་བདེ་ཕྱི་སྐྱིད་ཚེ་རབས་གཏན་གྱི་བདེ་སྐྱིད་ཡིན་པས་དམ་པའི་ཆོས་འདི་ལྟ་བུ་ཉན་སེམས་སྒོམ་པས་དུས་འདའ་ཆོག་པ་ནི་སྐལ་བ་བཟང་ངོ་སྙམ་པའི་ཐུགས་སྤོབས་སེམས་སྤྲོ་སྣང་དང་བཅས་པས་སྐྱིད་ཀྱིས་ཁོག་པ་གང་འདུག་ཆོག་པ་ཡིན་ནོ། །དེ་ལྟ་བུའི་སྤྲོ་སྣང་དང་ལྡན་པའི་ཐོག་ནས་དུས་ཐ་མའི་སྐབས་འདིར་ལུང་རྟོགས་ཀྱི་བསྟན་པ་རང་རྒྱུད་ནས་འཛིན་པའི་ཐུགས་སྟོབས་མཛད་པ་རྨད་དུ་བྱུང་བའི་དགོངས་དོན། སྔོན་དུ་བཏང་བ་དང་བཅས་པས་སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་ནི་འཇམ་མགོན་མི་ཕམ་རིན་པོ་ཆེས། ཟབ་གསང་ཐེག་མཆོག་ངེས་གསང་སྙིང་པོའི་དོན། །གངས་ཅན་ཁྲོད་འདིར་ཉི་ལྟར་གསལ་མཛད་གང་། །ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཀློང་ཆེན་པའི། །གསུང་རབ་དྲི་མེད་ཡིད་བཞིན་ནོར་བུའི་མཛོད། །ཅེས་གསུངས་པ་ལྟ་བུའི་བསྟན་བཅོས། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མཚོན་དོན་དུ་རྒྱལ་སྲིད་རིན་པོ་ཆེ་རྣམ་པ་བདུན་གྱི་གྲངས་ལྡན་དུ་བཞུགས་པ་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས། གསང་བ་འོད་གསལ་སྙིང་ཐིག་གི་མན་ངག་སྡེའི་རྒྱུད་དང་མན་ངག་ཐམས་ཅད་ཀྱི་སྙིང་བཅུད་གཞི་ལམ་འབྲས་བུའི་རྣམ་གཞག་དང་། ཁྱད་པར་དུ་ལམ་ཁྲེགས་ཆོད་དང་ཐོད་རྒལ་གྱི་རྣམ་གཞག་བསྟན་པ་ཉམས་ཁྲིད་མན་ངག་གི་ཚུལ་གྱིས། གཞི་དངོས་པོ་གཤིས་ཀྱི་གནས་ལུགས་བསྟན་པ་ནས་འབྲས་བུའི་གྲོལ་ས་ལ་ཐུག་གི་བར་དུ་རྡོ་རྗེའི་གནས་བཅུ་གཅིག་གིས་གཏན་ལ་འབེབས་པ། ཚིག་དོན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པར་བྱེད་བཞིན་པ་ལས། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང༌། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་པའི་སྡོམ་ཚིག་གི་ཆིངས་ཀྱིས་བསྟན་པའི་ནང་ནས་རྡོ་རྗེའི་གནས་བཅུ་བ་ཡན་ཆོད་སོང་ནས།

རྡོ་རྗེའི་གནས་བཅུ་གཅིག་པ་མཐར་ཕྱིན་འབྲས་བུའི་རིམ་པ་རྒྱ་ཆེར་བཤད་པ།

༼ཀ༽ དབྱེ་བསྡུའི་ངོ་བོ་མངོན་པར་བྱང་ཆུབ་པ་རྒྱ་མཚོའི་གནས་གསལ་བར་བསྟན་པ།

དེ་རིང་རྡོ་རྗེའི་གནས་བཅུ་གཅིག་པ་གྲོལ་ས་བཤད་ནས་མཇུག་ཡོངས་སུ་གྲུབ་ལ་ཉེ་བའི་སྐབས་ལ་འཁེལ་བ་ཡིན་པ་ལས་དེ་ཡང་དེ་ནས་མཐར་ཐུག་གི་འབྲས་བུ་གྲོལ་ས་ཆེན་པོ་གང་ཡིན་པ་ནི། ལམ་སྦྱོང་ཚུལ་གྱི་རིམ་པས་དབང་པོ་ཐ་དད་ཀྱང་འབྲས་བུ་དག་པ་གཉིས་ལྡན་གྱི་ཆོས་སྐུ་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་སུ་ངོ་བོ་གཅིག་པ་སྟེ། སྣོད་ཐ་དད་བའི་ནམ་མཁའ་དབྱིངས་གཅིག་ཏུ་འདུ་བའམ། ཆུ་བོ་ཐ་དད་པ་རྒྱ་མཚོ་ཆེན་པོ་གཅིག་ཏུ་རོ་གཅིག་པ་བཞིན་ནོ། །དེ་ཡང་གྲོལ་ས་ཆོས་སྐུར་རིགས་གཅིག་གི་གང་ཟག་ཏུ་མ་གཏོགས་པར་རྫས་གཅིག་པར་མཚོན་པ་མ་ཡིན་པ་སྟེ། གང་དུ་རིག་པ་གློ་བུར་གྱི་དྲི་མ་མཐའ་དག་དང་བྲལ་དུས་རང་བཞིན་རྣམ་དག་གི་ཆོས་སྐུ་མངོན་དུ་གྱུར་ཏེ། མཐར་ཐུག་གི་འབྲས་བུ་སྐུ་དང་ཡེ་ཤེས་ནི། ལམ་ཁྲེགས་ཆོད་དང་ཐོད་རྒལ་ལ་བརྟེན་པ་དང་། གཞི་ཀ་དག་དང་ལྷུན་གྲུབ་ལ་ཐུག་པ་ཞིག་སྟེ། དེ་ཡང་མཐར་ཕྱིན་འབྲས་བུའི་རིམ་པ། ནང་དབྱིངས་ཀ་དག་གི་ས་རུ་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་པ་ལ་གཉིས་སྟེ། གྲོལ་སའི་ངོ་བོ་ངོས་གཟུང༌། ཇི་ལྟར་གྲོལ་བའི་རང་བཞིན་སོ་སོར་བཤད་པའོ། །དང་པོ་ནི། མཐར་ཐུག་གི་གྲོལ་སའི་ངོ་བོ་དེ་གང་ཡིན་ཞེ་ན། མཐར་ཐུག་གི་གྲོལ་ས་ནི་རང་བྱུང་གི་རིག་པ་རང་བཞིན་གྱིས་རྣམ་པར་དག་པ་ལ་གློ་བུར་གྱི་དྲི་མ་མཐའ་དག་གིས་དག་པ་སྟེ། དག་པ་གཉིས་ལྡན་གྱི་ཆོས་སྐུ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ནི་མཐར་ཐུག་གི་གྲོལ་ས་ཡིན་ནོ། །གཉིས་པ་ལ་གསུམ་སྟེ། དབྱིངས་སུ་གྲོལ་ཚུལ་དངོས། དབྱིངས་སུ་གནས་པའི་རང་བཞིན། དབྱིངས་སུ་ཆོས་ཉིད་ཀྱི་དགོངས་ཀློང་ཇི་ལྟར་འཁྱིལ་བའོ། །དང་པོ་ནི། གྲོལ་ན་ཇི་ལྟར་གྲོལ་བ་ཡིན་ཞེ་ན། དབང་པོ་རྣོ་རྟུལ་འབྲིང་གསུམ་པོ་དེ་གྲོལ་ལུགས་ལ་ཁྱད་པར་ཡོད་ཀྱང་གྲོལ་བའི་འབྲས་བུ་ལ་ཁྱད་པར་མེད་ལ། གྲོལ་ཞེས་པ་དེ་ཅི་ཞེ་ན། ཆོས་སྐུ་བརྗོད་པ་དང་བྲལ་བ་རང་བཞིན་ཐིག་ལེ་ཉག་ཅིག་ལ་སངས་རྒྱས་པ་སྟེ། དཔེར་ན་ནམ་མཁའ་ནམ་མཁའ་ལ་ཐིམ་པའམ། ཆུ་ཆུ་ལ་ཐིམ་པ་དང་། ཉི་མ་ནུབ་པའི་ཟེར་དེ་ཉི་མ་རང་ཉིད་ལ་འདུས་པ་བཞིན་ནོ། །དེ་ལྟ་བུའི་ཀ་དག་གི་རང་ངོ་ལ་ཡོད་མེད་ཀྱི་མཐའ་དང་བྲལ་བ་ཞིག་ཡིན་པས་ན་སྐུ་དང་ཡེ་ཤེས་ལ་སོགས་པའི་སྣང་བ་ཡོད་མེད་མཐའ་ལས་འདས་ལ། །འོན་ཀྱང་འཆར་གཞི་མ་འགགས་པ་ཙམ་ནི། དཔེར་ན་ཤེལ་གོང་རང་ངོ་ལ་འོད་དང་ཁ་དོག་མ་གྲུབ་ཀྱང་། ཤེལ་གོང་དེའི་ངང་ན་འོད་ལྔའི་འཆར་གཞི་མ་འགགས་པ་དང་འདྲ་བར། ནང་དབྱིངས་ཀ་དག་གི་རང་བཞིན་ལའང་འཆར་གཞི་ཙམ་ལས། དངོས་སུ་གང་དུའང་གྲུབ་པ་མེད་དོ། །གཉིས་པ་དབྱིངས་སུ་རིག་པ་གནས་པའི་རང་བཞིན་ལ་ལྔ་སྟེ། འབྱུང་བ་མ་ལ་ཞ་བ། ཡེ་ཤེས་དབྱིངས་སུ་ཐིམ་པ། ཤེས་རབ་མཁའ་ལ་འདེགས་པ། འོད་གསལ་དབྱིངས་སུ་འཁྱིལ་བ། རིག་པས་རང་ས་ཟིན་བའོ། །དང་པོ་འབྱུང་བ་མ་ལ་ཞ་བ་ནི། གཞི་ལམ་འབྲས་བུའི་སྦུབས་གསུམ་གཅིག་ཏུ་དྲིལ་བས་འབྱུང་ལྔ་དྭངས་མར་གྲོལ་ཏེ། ཡེ་ཤེས་དག་པའི་སྤྱན་ལ་ཐོགས་པ་མེད་པའོ། །དེ་ཡང་མ་དག་པའི་འབྱུང་ལྔ་དག་པའི་སྟོབས་ཀྱིས། ཡེ་ཤེས་དག་པའི་རླུང་ལྔའི་འབྱུང་ཆེན་སྣང་རུང་ལ་ལྟོས་ནས། དག་རྒྱུ་ལ་མ་བཞག་པར་དག་འབྲས་སུ་རྣམ་པར་བཞག་པས་འབྱུང་བ་མ་ལ་ཞ་བ་ཞེས་བྱའོ། །གཉིས་པ་ཡེ་ཤེས་དབྱིངས་སུ་ཐིམ་པ་ནི། དེའི་དུས་སུ་ཉོན་མོངས་ལྔ་དེ་ཡེ་ཤེས་ལྔ་རུ་གནས་དག་པའི་རང་གདངས་ལྔ་བོ་དེ་ནང་དབྱིངས་འོད་གསལ་དུ་ཐིམ་ནས། གཏིང་གདངས་ཁ་དོག་ལྔའི་འཆར་གཞིར་གནས་པ་ལ་ཡེ་ཤེས་དབྱིངས་སུ་ཐིམ་ཞེས་གསུངས་སོ། །གསུམ་པ་ཤེས་རབ་མཁའ་ལ་འདེགས་པ་ནི། ནང་དབྱིངས་ཡེ་ཤེས་ཀྱི་རླུང་ལྔ་རང་སོ་ལ་མི་གཡོ་འཕོ་འགྱུར་མེད་པར་གནས་པའོ། །བཞི་པ་འོད་གསལ་དབྱིངས་སུ་འཁྱིལ་བ་ལ་བཞི་སྟེ། ཕྲ་བའི་ཡེ་ཤེས་ནང་གསལ་དུ་གནས་པ། གསལ་བ་ལ་རྟོག་པ་མེད་པ། ཡིན་པ་ལ་བདག་མེད་པ། སོ་སོར་མ་འདྲེས་ལ་གོ་མི་འབྱེད་པའོ། །དང་པོ་ཕྲ་བའི་ཡེ་ཤེས་ནང་གསལ་དུ་གནས་པ་ནི། ནང་གསལ་ཐིམ་པ་ལ་མ་རྨུགས་པའི་ཕྲ་བའི་ཡེ་ཤེས་དེ་ཉིད། ཐིམ་ལ་མ་རྨུགས་པ་ཡིན་པ་དང་། འབྱུང་བ་མ་ལ་ཞ། ཡེ་ཤེས་དབྱིངས་སུ་ཐིམ་པ་ཡིན་ན་ཡང་སྐུ་གསུམ་འདུ་འབྲལ་མེད་པར་ཕྲ་བའི་ཡེ་ཤེས་ནང་གསལ་དུ་གནས་པའོ། །གཉིས་པ་གསལ་ལ་རྟོག་པ་མེད་པ་ནི། ཆོས་སྐུ་དྲི་མ་མེད་པས་སྐུ་ལ་མདུན་རྒྱབ་མེད་པ་དང་། སྟེང་འོག་དང་ཕྱོགས་མཚམས་མེད་པར་འོད་གསལ་བས། སྐུ་དང་ཡེ་ཤེས་ཀྱི་འཆར་གཞི་རུ་བཞུགས་ལ། སེམས་དང་དབུགས་མེད་པས་འཁོར་པའི་ཆོས་ཐམས་ཅད་ཀྱིས་མ་གོས་པའོ། །གསུམ་པ་ཡིན་པ་ལ་བདག་མེད་པ་ནི། ཡིན་ནི་ལྟ་བ་རང་བྱུང་གི་རྒྱལ་པོ་ཡིན་པ་ལ་བག་ཆགས་ཀྱི་བདག་དང་བྲལ་བའོ། །བཞི་པ་སོ་སོར་མ་འདྲེས་ལ་གོ་མི་འབྱེད་པ་ནི། ཆོས་སྐུའི་ཀློང་ན་རིན་པོ་ཆེ་འོད་འབར་བའི་སྐུ་ལྔ་གཏིང་གསལ་དུ་གནས་པས། དང་པོའི་གཞི་རང་ས་ན་གནས་ཀྱང༌། གཞི་དེ་ལ་རྟོག་པ་མེད་པས་ད་འཁོར་བར་འཁྲུལ་པའི་གོ་མི་འབྱེད་པའོ། །དེ་ཡང་ཤེས་རབ་སྐུ་རུ་སྨིན་ནས་སྐུ་ལྔ་དབྱིངས་སུ་བསྐྱོད་པ་ལས་བྱུང་བའོ། །ལྔ་པ་རིག་པས་རང་ས་ཟིན་པ་ལ་བཞི་སྟེ། ཆོས་སྐུ་ལ་འགྱུར་བ་མེད་པ་རྡོ་རྗེ་ལྟ་བུའི་སྐུ། ཡེ་ཤེས་ལ་འགྱུར་བ་མེད་པ་གཡུང་དྲུང་ལྟ་བུའི་ཚེ། དགོངས་པ་ལ་འདུ་འབྲལ་མེད་པ་ཆུ་བོ་ལྟ་བུའི་རྒྱུན། རིག་པ་ལ་གསལ་འགྲིབ་མེད་པ་ཉི་མ་ལྟ་བུའི་ཟེར་རོ། །དང་པོ་རྡོ་རྗེའི་ལྟ་བུའི་སྐུ་ནི། གཟུགས་སྐུ་ཆོས་སྐུར་ཐིམ་པས་ངོ་བོ་གཅིག་ཏུ་གྱུར་ཏེ། རིག་པ་འཕོ་འགྱུར་མེད་པའོ། །གཉིས་པ་མི་འགྱུར་བ་གཡུང་དྲུང་ལྟ་བུའི་ཚེ་ནི། ཡེ་ཤེས་ཡིན་པས། ངོ་བོ་གཞི་འཛིན་པའི་ཡེ་ཤེས། རང་བཞིན་མཚན་ཉིད་འཛིན་པའི་ཡེ་ཤེས། ཐུགས་རྗེ་འགྲོ་བ་འདུལ་བའི་ཡེ་ཤེས་རྣམས་འཆར་གཞིའི་ཆ་ཙམ་དུ་རང་ངོ་དབྱེར་མེད་པས་རྟག་པར་གནས་པས་དུས་ཐམས་ཅད་པའི་ཡེ་ཤེས་འགྱུར་བ་མེད་པ་གཡུང་དྲུང་ལྟ་བུའི་ཚེ་ཞེས་བྱའོ། །གསུམ་པ་དགོངས་པ་ལ་འདུ་འབྲལ་དང་རྒྱུན་ཆད་མེད་པ་ཆུ་བོ་ལྟ་བུའི་རྒྱུན་ནི། རྒྱུན་གྱི་ཏིང་ངེ་འཛིན་ལ་འདུ་འབྲལ་མེད་པས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཏིང་ངེ་འཛིན་ལས་འཕོ་འགྱུར་མེད་པའོ། །བཞི་པ་རིག་པ་ལ་གསལ་འགྲིབ་མེད་པ་ཉི་མ་ལྟ་བུའི་ཟེར་ནི། རིག་པ་ནང་གསལ་རིན་པོ་ཆེའི་སྦུབས་ལ་འཕོ་འགྱུར་མེད་པར་བཞུགས་པས་ན་གསལ་འགྲིབ་མེད་པ་ཉི་མ་ལྟ་བུའོ། །གསུམ་པ་དབྱིངས་སུ་ཆོས་ཉིད་ཀྱི་དགོངས་ཀློང་ཇི་ལྟར་འཁྱིལ་པ་ལ་གཉིས་སྟེ། ངོ་བོ་མདོར་བསྟན། རྣམ་པ་རྒྱས་པར་བཤད་པའོ། །དང་པོ་ནི། ཀ་དག་གི་དབྱིངས་ན་ལྷུན་གྲུབ་གཏིང་གསལ་རིག་པའི་ཡེ་ཤེས་ལ་འོད་གསལ་བའི་སྙིང་པོ་འབྲལ་མེད་དུ་བཞུགས་པ་ནི། ལྟ་བའི་མཐར་ཐུག་གི་སྐྱེལ་སོ། ཚུར་མཐོང་གི་བློ་ཡུལ་ལས་འདས་པའི་འཕྱོང་། ལམ་ཐམས་ཅད་ཀྱི་རྩེ་མོ། གྲོལ་བའི་ཡུལ། གསང་བ་རྒྱལ་པོའི་ཆོས་ཐམས་ཅད་ཀྱི་མཛོད་ཁང་ཆེན་པོའོ། །གཉིས་པ་རྣམ་པ་རྒྱས་པར་བཤད་པ་ལ་གཉིས་ལས། ངོ་བོ་སྟོང་པ་ལྟར་དུ་གཞལ་ན་ཀ་དག་ནམ་མཁའ་ལྟ་བུ་གང་དུ་ཡང་མ་གྲུབ། ཅིར་ཡང་མི་གནས་པས་མཐའ་གྲོལ་རྫོགས་པ་ཆེན་པོའི་ཆོས་སྐུའི་ཀློང་ཡངས་པ་ཡིན་ལ། རྣམ་པ་གསལ་བ་ལྟར་གཞལ་ན་ཆོས་སྐུའི་དབྱིངས་རུམ་ན་ནང་གསལ་ལྷུན་གྲུབ་ཀྱི་ཡེ་ཤེས་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་འབྱུང་གནས་སུ་ཕྲ་བའི་ཆ་ལ་གཏིང་གསལ་གྱི་ཚུལ་དུ་གནས་པ་ཡིན་པའི་གོ་དོན་རྙེད་དགོས་སོ། །སངས་རྒྱས་ཀྱི་ས་འདི་ལ་མི་སློབ་པའི་ལམ་ཞེས་གསུངས་པ་ནི། སངས་རྒྱས་ཀྱི་ས་ནི་འབྲས་བུའི་མཐར་ཕྱིན་པ་སྦྱང་བགྲོད་མེད་པའི་ས། དེའི་ཡན་དུ་བགྲོད་དུ་མེད་པས་ན་མི་སློབ་པའོ། དེ་ལ་ལམ་ཞེས་པའི་སྒྲ་སྦྱར་བ་ནི་སྐུ་དང་མཛད་པ་གཉིས་སུ་ཕྱེ་ཚེ་གདུལ་བྱ་འདྲེན་པ་ཐུགས་རྗེའི་ལམ་སྐུ་དང་། ཡེ་ཤེས་ཕྲིན་ལས་ཕྱིར་སྣང་གི་ལམ་མཛད་པ་ལ་ལྟོས་ནས་མི་སློབ་པའི་ལམ་ཞེས་གསུངས། དེའི་ཚུལ་ནི། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་མངོན་པར་བྱང་ཆུབ་ནས་ཕྱོགས་མཐའ་གཏུགས་པའི་འཇིག་རྟེན་དུ་སྒྲོན་མ་རྣམ་པར་བཀོད་དེ་ཆོས་ཀྱི་སྐུ་ལས་མ་གཡོས་བཞིན་དུ་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུ་འཕྲིན་ལས་དང་བཅས་པས་དོན་གཉིས་ལྷུན་གྱིས་གྲུབ་པར་མཛད་པ་ནི་འདིའི་མཐར་ཐུག་གི་འབྲས་བུའོ། །འདི་ལ་ཡོན་ཏན་གྱི་རྣམ་པར་གཞག་པ་མཐའ་ཡས་ཀྱང་རེ་ཞིག་རིགས་བསྡུ་བས་གཏན་ལ་དབབ་པ་ལ་གཉིས་ཏེ། དབྱེ་བསྡུའི་ངོ་བོ་མངོན་པར་བྱང་ཆུབ་པ་རྒྱ་མཚོའི་གནས་གསལ་བར་བསྟན་པ་དང༌། རིག་པ་ཡེ་ཤེས་ཀྱི་རང་བཞིན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་རྒྱ་ཆེར་བཤད་པའོ། །དང་པོ་ལ་བཅུ་སྟེ། ངོ་བོ། ངེས་ཚིག མཚན་ཉིད། རང་བཞིན། བཞུགས་ཚུལ། ཞིང་ཁམས། གདུལ་བྱ། བྱེད་ལས། གདེང་ཚད། རབ་ཏུ་དབྱེ་བའོ། །ཇི་སྐད་དུ་ཐལ་འགྱུར་ལས། སྐུ་ཡི་མཚན་ཉིད་ངོ་བོ་དང༌། །ངེས་ཚིག་དབྱེ་བ་རྣམས་དང་ནི། །སོ་སོའི་ཞིང་ཁམས་གདུལ་བྱ་དང༌། །བྱེད་པའི་ལས་དང་གདེང་ཚད་དོ། །ཞེས་སོ། །དབྱེ་བསྡུའི་གནས་གསལ་བར་བསྟན་པ་ལུང་གིས་ས་བཅད་བཞག་ནས་ཞིབ་རྒྱས་ཀྱི་དབྱེ་བ་ནི། དང་པོ་སྐུའི་ངོ་བོ་ནི། སངས་རྒྱས་ཀྱི་ཡོན་ཏན་རྣམས་ཀྱི་ལུས་སམ་རྟེན་གཞིར་གྱུར་པ་སྟེ། ཆོས་སྐུའི་ངོ་བོ་བསམ་བརྗོད་དང་བྲལ་བས་ཀ་དག་ཆེན་པོ། ལོངས་སྐུའི་ངོ་བོ་རང་གསལ་རྟོག་མཐའ་དང་བྲལ་བས་ལྷུན་གྲུབ་ཆེན་པོ། སྤྲུལ་སྐུའི་ངོ་བོ་ཐུགས་རྗེ་འཆར་གཞིའི་ཆ་ལས་གང་ལ་གང་འདུལ་དུ་འབྱུང་བ་སྟེ། རང་ཤར་ལས། སྐུ་གསུམ་གཅིག་ལ་རྫོགས་པའོ། །སྐུ་གསུམ་གཅིག་གི་རང་བཞིན་ལ། །དུ་མར་སྣང་བ་འཁྲུལ་པ་ཡིན། །ཆོས་སྐུ་བསམ་པའི་ཡུལ་དང་བྲལ། །ལོངས་སྐུ་རྣམ་རྟོག་བདུད་དང་བྲལ། །སྤྲུལ་སྐུ་ངེས་པའི་མཐའ་དང་བྲལ། །ཞེས་པ་དང༌། ཐལ་འགྱུར་ལས། ངོ་བོ་རང་བཞིན་དག་པ་དང༌། །སོ་སོའི་ཡུལ་སྣང་སྟོན་པ་དང༌། གཟུགས་ལྡན་དབང་པོ་རྫོགས་པའོ། །ཞེས་སོ། །ཆོས་སྐུའི་ངོ་བོ་རང་བྱུང་གི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ། ལོངས་སྐུའི་ངོ་བོ་རང་གསལ་ཆེན་པོར་ཡོངས་སུ་རྫོགས་པའི་རང་བཞིན་མི་གཡོ་བའི་སྐུ་མཚན་དཔེ་དང་རིགས་སུ་གསལ་ལ་མི་གཡོ་བའོ། །སྤྲུལ་སྐུའི་ངོ་བོ་སྣ་ཚོགས་ངེས་མེད། ཐུགས་ཏིང་འཛིན་མི་རྟོག་པའི་ངང་དུ་མཉམ་པར་བཞག་པའོ། །སྤྱིར་ན་སྐུའི་དབྱེ་བ་འདིའི་ཐོག་ནས་རང་ཤར་གྱི་ལུང་ལས། སྐུ་གསུམ་གཅིག་ལ་རྫོགས་པའོ། །ཞེས་གསུངས་པ་ལྟར་སྐུ་གཅིག་ཏུ་བསྟན་པ་ནི། གཞི་རིག་པར་གཅིག་པ་དང་། ལམ་རིག་པའི་སར་གཅིག་པ་དང་། འབྲས་བུ་རིག་པ་དྲི་མེད་ཀ་དག་ལ་གཅིག་པའི་ལྡོག་པའི་ཆ་ནས་མཐའ་བྲལ་ནམ་མཁའ་ལྟ་བུའི་མི་འགྱུར་རྡོ་རྗེའི་སྐུ་སྟོང་བ་ཡེ་ཤེས་ཀྱི་སྙིང་པོ་ཅན་ལྷུན་གྲུབ་རིན་པོ་ཆེའི་སྦུབས་དང་པོ་སངས་རྒྱས་ཀྱི་སྐུའོ། །ཡང་སྐུ་གཉིས་སུ་ཕྱེ་བ་ནི། གཞི་ཀ་དག་ལྷུན་གྲུབ་གཉིས་མེད་ཀྱི་རིག་པ་ཡིན་པ་ལ། ལམ་དབྱིངས་དང་ཡེ་ཤེས་གཉིས་མེད་ཀྱིས་ཉམས་སུ་བླངས་པས། འབྲས་བུ་ཆོས་གཟུགས་ཀྱི་སྐུ་གཉིས་སུ་ཤར་བས་དོན་གཉིས་མཐར་ཕྱིན་པ་དེའོ། །སྐུ་གསུམ་དུ་དབྱེ་བ་ནི་གོང་དུ་གསུངས་པ་ལྟར་ཆོས་སྐུའི་ངོ་བོ་བསམ་བརྗོད་དང་བྲལ་བའི་ཀ་དག་ཆེན་པོ། དེའི་ངོ་བོའི་ཆ་ནས་སྟོང་རིག་མཁྱེན་པའི་ཡེ་ཤེས་ཆོས་སྐུ། ལོངས་སྐུའི་ངོ་བོ་རང་གསལ་གཏིང་མཐའ་དང་བྲལ་བའི་ལྷུན་གྲུབ་ཆེན་པོ་རང་སྣང་འོད་གསལ་གྱི་ལོངས་སྐུ། སྤྲུལ་སྐུའི་ངོ་བོ་ཐུགས་རྗེའི་འཆར་གཞི་སྣ་ཚོགས་སྤྲུལ་སྐུ་གང་ལ་གང་འདུལ་དུ་འབྱུང་བའོ། །འདིའི་འཕྲོས་དོན་སྐུ་བཞིའི་དབྱེ་བ་བྱས་ན་སྐུ་གསུམ་གྱི་ཆོས་ཉིད་གཅིག་དང་དུ་མའི་མཐའ་དང་བྲལ་བ་ངོ་བོ་ཉིད་སྐུའོ། །ཡང་སྐུ་ལྔ་རུ་ཕྱེ་ན། སྤངས་རྟོགས་མཐར་ཕྱིན་ཞི་བ་བརྙེས་པ་མངོན་པར་བྱང་ཆུབ་ཀྱི་སྐུ་དང་། དབྱིངས་ཀ་དག་ལས་འཕོ་འགྱུར་མེད་པར་མི་འགྱུར་རྡོ་རྗེའི་སྐུ་དང་། དེའི་ཁར་ཆོས་ལོངས་སྤྲུལ་གསུམ་བསྣན་ན་སྐུ་ལྔའོ། །ངེས་ཚིག་ལ་གཉིས་ལས། སྤྱིའི་ངེས་ཚིག་ནི། རང་ཤར་ལས། འཛིན་མེད་རང་གསལ་ངོ་བོར་གནས་པའི་སྐུ། །ཁ་དོག་སོ་སོའི་མཚན་ཉིད་འཛིན་པའི་སྐུ། །རྡོ་རྗེ་དོན་ཉིད་དོན་དང་ལྡན་པའི་སྐུ། །ཞེས་སོ། །བྱེ་བྲག་གི་ངེས་ཚིག་ལ་གསུམ་ལས། ཆོས་ནི་སྟོང་གསལ་དག་པ་གཉིས་ལྡན་མཚན་མ་ལས་འདས་པ། སྐུ་ནི་འཕོ་འགྱུར་མེད་པ་སྟེ། རྒྱུད་དེ་ཉིད་ལས། མི་འཇིགས་སྟོང་དང་གསལ་བ་དང༌། །བྱ་བ་ཐམས་ཅད་རྫོགས་པ་ནི། །ཆོས་ཀྱི་སྐུ་ཡི་ངེས་ཚིག་གོ །ཞེས་སོ། །ལོངས་སྤྱོད་ནི་མཚན་དཔེ་ཡིན་ལ། རྫོགས་པ་ནི་ཚང་པ་སྟེ། སྐུ་ནི་སྣང་ལ་རང་བཞིན་མེད་པའོ། །སེང་གེ་རྩལ་རྫོགས་ལས། ལོངས་སྐུའི་ངེས་ཚིག་གསལ་འཚེར་ལྡན། །ཞེས་སོ། །སྤྲུལ་སྐུ་ནི་སྣ་ཚོགས་སུ་སྣང་ལ་དོན་མཛད་པ་སྟེ། རང་ཤར་ལས། འགྲོ་བ་གང་དག་འདུལ་བ་ལ། །དེ་དང་མཐུན་པར་སྣང་བའོ། །ཞེས་སོ། །མཚན་ཉིད་ལའང་སྤྱིའི་མཚན་ཉིད། མཐར་ཐུག་གི་དག་པ་གཉིས་ལྡན་གང་ཞིག་རྟེན་གཞི་སངས་རྒྱས་ཀྱི་ལུས་སུ་གནས་པ། བྱེ་བྲག་གི་མཚན་ཉིད་ནི། སེང་གེ་རྩལ་རྫོགས་ལས། ཆོས་སྐུའི་མཚན་ཉིད་བསམ་པ་བྲལ། །ལོངས་སྐུའི་མཚན་ཉིད་གསལ་རྟོག་མེད། །སྤྲུལ་སྐུའི་མཚན་ཉིད་སྣ་ཚོགས་སྟོན། །ཞེས་དང༌། ཐལ་འགྱུར་ལས། མཚན་ཉིད་ཆོས་ལས་གྲུབ་པ་དང༌། །འདོད་ཡོན་རྣམས་ལས་གྲུབ་པ་དང༌། །སྣ་ཚོགས་ཐབས་ལས་གྲུབ་པའོ། །ཞེས་སོ། །སྟོང་ཉིད་གང་དུའང་མ་གྲུབ་པ་སྨྲ་བསམ་བརྗོད་པ་དང་བྲལ་བ་དེ་ཉིད་ཆོས་སྐུའི་མཚན་ཉིད། གསལ་ལ་རྟོག་མེད་མཁྱེན་ཆ་མ་འགགས་པར་དཔྱོད་པ་ལོངས་སྐུའི་མཚན་ཉིད། གང་ལ་གང་འདུལ་སྣ་ཚོགས་སུ་སྟོན་པ་སྤྲུལ་སྐུའི་མཚན་ཉིད། རང་བཞིན་ནི། རྒྱུད་དེ་ཉིད་ལས། སྐུ་ཡི་རང་བཞིན་ཆོས་ཉིད་ནི། །རང་བཞིན་སྟོང་དང་གསལ་བ་དང༌། །མཁྱེན་རིག་མ་འགགས་མངོན་སྣང་བའོ། །སྐུ་ཡི་ཆོས་ཉིད་རྫོགས་པ་དང༌། །ཕྱིར་མི་ལྡོག་དང་འགྲོ་འོང་མེད། །སྨྲ་བསམ་བརྗོད་པ་མེད་པའོ། །ཞེས་སོ། །ཆོས་སྐུའི་རང་བཞིན་གང་དང་ཡང་མ་འདྲེས་པ། ལོངས་སྐུའི་རང་བཞིན་མི་གཡོ་མཚན་དཔེའི་གསལ་རྫོགས་ཀྱི་བདག་ཉིད་ཅན། སྤྲུལ་སྐུའི་རང་བཞིན་གང་འདུལ་སྤྲུལ་བའི་རོལ་གར་དུ་སྟོན་པ་ཞེས་ཀྱང་ཆོག་གོ །བཞུགས་ཚུལ་ལ་གསུམ་ལས། ཆོས་སྐུ་མཚན་མ་ལས་གྲོལ་བར་བཞུགས་ཏེ་དཔེ་ནམ་མཁའ་ལྟ་བུ། ལོངས་སྐུ་རྡོས་པ་ལས་གྲོལ་བར་བཞུགས་ཏེ་དཔེ་འཇའ་ཚོན་ལྟ་བུ། སྤྲུལ་སྐུ་ངེས་མེད་སྣ་ཚོགས་སུ་བཞུགས་ཏེ་དཔེ་སྒྱུ་མའི་རྩེད་མོ་ལྟ་བུའོ། །ཐལ་འགྱུར་ལས། སྐུ་ཡི་བཞུགས་ཚུལ་རྣམ་པ་གསུམ། །མཚན་མའི་ཆོས་ལས་གྲོལ་བའི་ཕྱིར། །རིས་ཅན་གཟུགས་སུ་མ་ཡིན་དང༌། །གསལ་བའི་རང་བཞིན་རྫོགས་པའི་ཕྱིར། །སྣང་ལ་རང་བཞིན་མེད་པ་དང༌། །གདུལ་བྱའི་རྒྱུད་རྣམས་སྦྱང་བའི་ཕྱིར། །མི་གཡོ་མཉམ་གཞག་ཆེན་པོར་བཞུགས། །ཞེས་སོ། །ཆོས་སྐུའི་བཞུགས་ཚུལ་ཀ་ནས་དག་པའི་རང་བཞིན་ཅན་ཡིན། ལོངས་སྐུའི་བཞུགས་ཚུལ་རིག་ཅིང་གསལ་ཡང་མི་གཡོ་བ། སྤྲུལ་སྐུའི་བཞུགས་ཚུལ་ཆགས་མེད་མི་གཡོ་བའི་ངང་དུ་མཉམ་པར་བཞག་པའོ། །ཞིང་ཁམས་ལ་གསུམ་ལས། ཆོས་སྐུའི་ཞིང་ཁམས་ཀ་དག་བསམ་ངོ་ལས་འདས་པ། ལོངས་སྐུའི་ཞིང་ཁམས་སྐུ་ལྔ་ཡེ་ཤེས་སུ་གསལ་བ། སྤྲུལ་སྐུའི་ཞིང་ཁམས་གདུལ་བྱ་སྣ་ཚོགས་པ་སྣོད་བཅུད་དུ་སྣང་བ་ནམ་མཁའི་མཐའ་ཀླས་པ་སྟེ། རྒྱས་པར་དབྱེ་བའི་སྐབས་སུ་འཆད་དོ། །གདུལ་བྱ་ནི། རང་ངོ་རྣམ་པར་དག་པ་ནི་ཆོས་སྐུའི་གདུལ་བྱ་རིག་པ་གཡོ་རྩོལ་ལས་འདས་པའོ། །ལོངས་སྐུའི་གདུལ་བྱ་རང་སྣང་གཙོ་འཁོར་གྱི་ཚོམ་བུའོ། །སྤྲུལ་སྐུའི་གདུལ་བྱ་འགྲོ་དྲུག་རང་གནས་སོ། །དེ་དག་ཀྱང་ཕུན་སུམ་ཚོགས་པ་ལྔ་ལྔའི་རང་བཞིན་དང་བཅས་པ་སྟེ། རིན་པོ་ཆེ་སྤུངས་པ་ལས། འཛིན་པ་རང་དག་ཆོས་སྐུ་ཡིས། །སྤྲོས་མེད་རང་དག་གཞལ་ཡས་སུ། །ཉིད་དང་དབྱེར་མེད་ནང་འཁོར་ལ། །མཚན་མ་མེད་པའི་གསུང་གིས་ནི། །སྤྲོས་པ་མེད་པའི་ཆོས་རྣམས་ནི། །མི་གནས་རང་ཟད་ཐུགས་ལས་ཕྱུང༌། །མ་གསུངས་གསུངས་པ་མེད་པར་ནི། །མཉམ་པ་ཆེན་པོའི་ངང་དུ་བསྟན། །རང་གསལ་དག་པའི་ལོངས་སྐུ་ཡིས། །འོད་ལྔ་རྣམ་དག་གཞལ་ཡས་ན། །སྤྲོས་མེད་བདེ་ཆེན་གསུང་གིས་ནི། །སྐུ་ལྔའི་རིགས་ཀྱི་འཁོར་རྣམས་ལ། །དངོས་མེད་དག་པའི་ཆོས་རྣམས་ནི། །ཡེ་ཤེས་ལྔ་ལྡན་ཐུགས་ནས་ཕྱུང༌། །རྣམ་དག་འོད་ཟེར་ལྗགས་ལ་བཀྲམ། །རང་བྱུང་ཡི་གེ་དྲུག་ཏུ་ཡང༌། །མ་གསུངས་རང་བྱུང་ཆེན་པོར་བསྟན། །སྤྲུལ་སྐུ་མངོན་ཞེན་མེད་པ་ཡིས། །ཆོས་འབྱུང་གདུལ་བྱའི་རང་གནས་ན། །རིགས་དྲུག་ལས་སད་སྐལ་ལྡན་ལ། །སྤྲོས་བཅས་ཚིག་གི་གསུང་གིས་ནི། །དབང་པོ་གང་མོས་ཆོས་རྣམས་ཀུན། །དྲན་པ་རང་གསལ་ཐུགས་ནས་ནི། །དབང་པོ་འདོད་མེད་ལྗགས་ལ་བཀྲམ། །ཐེག་པ་གྲངས་ཀྱི་ཆོས་སུ་བསྟན། །ཞེས་སོ། །སྤྱིར་ན་ངོ་བོའི་འཆར་གཞི་ལས་སྐུ་གསུམ་དུ་སྣང་བ་ཡང་། དག་བྱ་སྒོ་གསུམ་གྱི་དྲི་མ་དག་སྟོབས་ཀྱིས་ཐོབ་པར་བསྟན་པ་ནི། ཐལ་འགྱུར་ལས། གཞན་ཡང་འབྲས་བུའི་རིམ་པ་ནི། །ཆོས་སྐུ་སེམས་ཀྱི་ལས་ཀྱིས་དང༌། །ལོངས་སྐུ་ངག་གི་རྣམ་པར་ཐོབ། །སྤྲུལ་པའི་སྐུ་ནི་ལུས་ཀྱིས་སོ། །ཞེས་སོ། །འདི་དག་དག་བྱའི་རྒྱུ་འབྲས་ལ་འཇོག་པ་ཡིན་ནོ། །རང་བཞིན་ལྷུན་གྲུབ་ཡིན་པས་རྒྱུ་རྐྱེན་གྱིས་བསྐྱེད་ནས་ཐོབ་པ་ཤེས་བྱ་ལ་མི་སྲིད་པར་ཤེས་པར་བྱའོ། །གཞི་ལམ་འབྲས་གསུམ་བཤད་པའི་སྐབས་སུ་སྐུ་གསུམ་འབྲས་བུ་ལ་བཞག་དགོས་ཏེ། རྒྱུད་ལས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ། །ཞེས་གསུངས་པའི་ཕྱིར། འོ་ན་དེ་སྐུ་གསུམ་ལམ་སྣང་དུ་བཤད་པ་དང་འགལ་ལོ་སྙམ་ན། ལ་ལས་འདི་ལ་འབྲས་བུ་མ་ཡིན་ཟེར་པ་ནི། འབྲས་བུ་སྐུ་གསུམ་དུ་ཞེན་པའི་མཐར་འཛིན་དང་བྲལ་བར་བྱེད་པ་ལ་དགོངས་པའམ། སྦུབས་གསུམ་མཐར་ཐུག་ཏུ་འདོད་པ་དེ་དགག་པ་ལ་དགོངས་པའོ་ཞེས་འགལ་སྤོང་མཛད་པ་ཡོད་ཀྱང་། དོན་དུ་ཁོ་རང་ལ་འགྲེ་བ་འབྱུང་བས་མ་ཚད། ཀ་དག་གི་ནང་དབྱིངས་ཀྱི་ངོ་བོ་དངོས་དེ་མ་ཤེས་པའི་རྣམ་འགྱུར་ཡིན་ཞེས་ཀློང་ཆེན་པས་བཀག་ཡོད། འོ་ན་ཇི་ལྟར་ཡིན་ཞེ་ན། ལམ་སྣང་དང་འབྲས་བུ་གཉིས་ཀ་ཡིན་པ་མི་འགལ་ཏེ། ལམ་སྣང་ཡིན་པ་ནི་ལྷུན་གྲུབ་ཀྱི་སྦུབས་ཀ་དག་ཆེན་པོ་དེ་དོན་གྱི་འབྲས་བུ་ཁང་པ་ལྟ་བུ་ཞིག་ཡིན་ན། དེའི་ཁང་པ་དེའི་ནང་ཡར་ཞུགས་པ་དང་ཕྱིར་གྱེད་པ་གཉིས་ཀ་གཞི་ཀ་དག་དེའི་ངང་ནས་འཆར་དགོས་པ་ཡིན་ན་ལམ་སྣང་ཡིན་ཞེས་ཀྱང་ཆོག་ལ། སྤྱིར་ན་ལམ་སྣང་འདི་ལ་གཉིས་ཕྱེ་རུ་ཡོད་དེ། འབྲས་བུའི་སྔོན་རོལ་ན་ཡོད་པའི་ལམ་སངས་རྒྱས་སྒྲུབ་པའི་དུས་ཤིག་དང་། འབྲས་བུ་གྲུབ་ཟིན་པའི་རྗེས་ན་ཡོད་པ་རང་ཉིད་སངས་རྒྱས་ཟིན་ནས་གདུལ་བྱ་འདྲེན་པའི་ལམ་སྐུ་མངོན་པར་སྣང་བས་དོན་མཛད་པ་གཉིས་སུ་ཡོད་པའོ། །དེ་ལས་འདིར་མི་སློབ་པའི་ལམ་སྣང་དུ་འདོད་པས་སྐུ་གསུམ་ལམ་སྣང་ཡིན་པ་དང་། སྐུ་གསུམ་མཐར་ཐུག་གི་འབྲས་བུ་ཡིན་པ་དེ་གཉིས་ཀ་མི་འགལ་བ་ཡིན་པས་མ་ཚད་པར་འབྲེལ་བ་གྲུབ་པའི་དོན་ཏོ། །གདུལ་བྱའི་དོན་དུ་ཆོས་སྐུའི་ནང་དབྱིངས་དེ་ནས་སྐུ་གསུམ་ཕྱིར་སྣང་གི་ལམ་དུ་ཤར་དུས་སྐུ་དང་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་ཇི་ལྟར་སྣང་བ་ཡིན་ཞེ་ན། ཆོས་སྐུ་ཡེ་ཤེས་ཀྱི་ཐུགས། ལོངས་སྐུ་དེའི་སྐུ། སྤྲུལ་སྐུ་མཛད་པར་སྣང་ནས་དོན་མཛད་པ་ཡིན། ནང་གསལ་འཆར་གཞིའི་སྐུ་དང་ཡེ་ཤེས་དང་ཕྱིར་གསལ་སྐུ་གསུམ་གྱི་ལམ་སྣང་རང་སྣང་ལ་ཤར་བ་གཉིས་ཀ་རིག་པའི་ངང་དུ་འདྲ་ཡང་། ཕྱི་ནང་གི་ཁྱད་པར་ཡོད་ལ། རང་སྣང་དེ་གདུལ་བྱའི་མཐོང་བ་མིན་ཞིང་། དེ་ལས་ཤར་བ་དེ་མཐོང་བས་ན་འདྲ་གཉིས་ཤན་ཕྱེ་དགོས་སོ། །དེ་ལྟར་ནང་དབྱིངས་དང་། ཕྱི་གསལ་ལམ་སྣང་གི་ཆ་མ་ཕྱེད་པར་སྐུ་གསུམ་རང་སྣང་གི་འབྲས་བུར་འདོད་ན། སྤྲུལ་སྐུ་གདུལ་བྱ་ལ་སྣང་བ་ལྟར། གྲོལ་སའི་ཀ་དག་གི་ཆོས་སྐུ་གདུལ་བྱ་ལ་སྣང་བར་ཐལ། སྐུ་གསུམ་ངོ་བོ་གཅིག་ཡིན་པའི་ཕྱིར། ཆོས་སྐུ་འཕྲོ་འདུ་དང་ཁ་དོག་ཅན་དུ་སྣང་དགོས་པར་ཐལ། ཁྱོད་དང་ངོ་བོ་གཅིག་པའི་ལོངས་སྤྲུལ་བའི་ཆོས་དེ་སྣང་བའི་ཕྱིར། ཡང་ན་ཆོས་སྐུ་མི་སྣང་བ་བཞིན་དུ་སྤྲུལ་སྐུ་གདུལ་བྱ་ལ་མི་སྣང་བ་ཐལ་བ་ལ་སོགས་པའི་སྐྱོན་ཡོད་དོ། །བྱེད་ལས་ནི། རང་དོན་ཆོས་སྐུར་རྫོགས་པས་དབྱིངས་ལས་མི་གཡོ་བར་བཞུགས་པའི་ངང་ནས་གཞན་དོན་གཟུགས་སྐུར་བཞེངས་ཏེ་འགྲོ་བའི་ཁ་ལོ་གྱེན་ལ་བསྒྱུར་བས་འཁོར་བ་ཇི་སྲིད་བར་དོན་གཉིས་ལྷུན་གྲུབ་ཏུ་བྱེད་པ་སྟེ། བྱེད་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་ཞེས་བྱ་བ་ནི། རྒྱུད་དེ་ཉིད་ལས། རང་གི་རང་བྱུང་རང་ཤར་བས། །ཆོས་ཉིད་སྟོང་པའི་རང་སྒྲར་ནི། །ཡེ་ནས་ཆོས་ཀྱི་འཁོར་ལོ་བསྐོར། །ཞེས་པ་དང༌། གཞན་དོན་ན་དབྱིངས་ལས་མ་གཡོས་བཞིན་དུ་ངང་གིས་འབྱུང་བ་ནི་ཆུ་ཟླ་བཞིན་ཏེ། ཕལ་པོ་ཆེ་ལས། ཇི་ལྟར་ཟླ་བ་སྣང་གྱུར་པ། །ཚད་མེད་པ་ཡི་གཟུགས་བརྙན་རྣམས། །ཆུ་ཡི་སྣོད་དུ་སྣང་གྱུར་ཀྱང༌། །ཟླ་བ་གཉིས་སུ་གྱུར་པ་མེད། །དེ་བཞིན་ཆགས་མེད་མཁྱེན་ལྡན་རྣམས། །ཞིང་རྣམས་ཀུན་ན་སྣང་གྱུར་ཀྱང༌། །འཕོས་པ་མ་ཡིན་འོངས་པ་མིན། །ཞེས་པ་དང༌། རྒྱུད་བླ་མ་ལས། ཆོས་ཀྱི་སྐུ་ལས་མ་གཡོས་ཀྱང༌། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། །སྐྱེ་བ་མངོན་པར་སྐྱེ་བ་དང༌། །དགའ་ལྡན་གནས་ནས་འཕོ་བ་དང༌། །ལྷུམས་སུ་འཇུག་དང་བལྟམས་པ་དང༌། །བཟོ་ཡི་གནས་ལ་མཁས་པ་དང༌། །བཙུན་མོའི་འཁོར་དགྱེས་རོལ་པ་དང༌། །ངེས་འབྱུང་དཀའ་བ་སྤྱོད་པ་དང༌། །བྱང་ཆུབ་སྙིང་པོར་གཤེགས་པ་དང༌། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་དང༌། །མྱ་ངན་འདའ་བ་རྟག་སྟོན་པ། །ཡོངས་སུ་མ་དག་ཞིང་རྣམས་སུ། །སྲིད་པ་ཇི་སྲིད་གནས་པར་སྟོན། །ཞེས་པ་དང༌། མངོན་རྟོགས་རྒྱན་ལས། དེ་བཞིན་སྲིད་པ་ཇི་སྲིད་འདིའི། །ལས་ནི་རྒྱུན་མི་འཆད་པར་འདོད། །ཅེས་སོ། །མདོར་བསྡུས་ན་སངས་རྒྱས་ཀྱི་འཕྲིན་ལས་ཀྱི་ངོ་བོ་སེམས་ཅན་གྱི་དོན་འཁོར་བ་མ་སྟོང་གི་བར་དུ་མཛད་པ་དེའོ། །གདེང་ཚད་ནི། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་ནས་སངས་རྒྱས་ཀྱི་སྐུ་གསུམ་དུ་ལོངས་པ་སྟེ། དགོས་འདོད་འབྱུང་ན་ཡིད་བཞིན་གྱི་ནོར་བུའི་གདེང་ཚད་དུ་ལོངས་པ་བཞིན་ནོ། །དེ་ཡང་མི་གཡོ་སྤྲོས་པ་དང་བྲལ་བ་ཆོས་སྐུའི་གདེང་ཚད། རང་གསལ་མཚན་དཔེ་རྫོགས་པ་ལོངས་སྐུའི་གདེང་ཚད། དོན་གཉིས་ལྷུན་གྲུབ་ཏུ་བྱེད་པ་སྤྲུལ་སྐུའི་གདེང་ཚད་དེ། རྣམ་པར་མི་རྟོག་ལ་དོན་ཀུན་རྫོགས་པ་ནི་འཕོ་འགྱུར་མེད་པ་ཆོས་སྐུའི་དབྱིངས་ན་རྟག་པར་ལྷུན་གྱིས་གྲུབ་པར་བཞུགས་པ་ནི། ཐལ་འགྱུར་ལས། མི་གཡོ་བ་དང་གསལ་བ་དང༌། །རིག་ཅིང་མཁྱེན་པའི་ཆར་སྣང་དང༌། །མཉམ་དང་ཕྱོགས་རིས་མི་འབྱེད་པའོ། །ཞེས་པ་དང༌། འཇུག་པ་ལས་ཀྱང༌། ཞི་སྐུ་དཔག་བསམ་ཤིང་ལྟར་གསལ་གྱུར་ལ། །ཡིད་བཞིན་ནོར་བུ་ཇི་བཞིན་རྣམ་མི་རྟོག །འགྲོ་གྲོལ་བར་དུ་འཇིག་རྟེན་འབྱོར་སླད་བརྟག །འདི་ནི་སྤྲོས་དང་བྲལ་ལ་སྣང་བ་ཡིན། །ཞེས་གསུངས་པ་བཞིན་ནོ། །འདིའི་འཇུག་པའི་ལུང་དོན་གོ་བ་ལེན་ཚུལ་ལ། མདོ་ཕྱོགས་ཀྱི་དབུ་མའི་སྐབས་སུ་སངས་རྒྱས་དངོས་ནི་ཆོས་སྐུ་རྣམ་དག་སྟོང་པ་དེ་ལ་འདོད་ལ། རང་ངོར་ཡོད་མེད་སོགས་ཀྱི་སྤྲོས་པ་ཐམས་ཅད་ཞི་བས་སྐུ་དང་ཡེ་ཤེས་ཙམ་ཡང་མ་གྲུབ་ཅིང་། གཞན་སྣང་གི་ངོར་སངས་རྒྱས་ཀྱི་ཐུགས་རྗེ་དང་། གདུལ་བྱའི་སྨོན་ལམ་གྱི་དབང་གིས་གཟུགས་སྐུ་འཕྲིན་ལས་དང་བཅས་པ་སྣང་བ་ནི། ནམ་མཁའ་ལྡིང་གི་མཆོད་སྡོང་དང་། ཡིད་བཞིན་གྱི་ནོར་བུ་དང་། དཔག་བསམ་གྱི་ཤིང་ལྟར་ཡིན་པར་བཞེད་པའོ། །རྫོགས་ཆེན་གྱི་སྐབས་འདིར་ཡང་ཀ་དག་གི་རང་ངོ་དེ་དང་འདྲ་རུང་ཡིན་པ་ལས། ཕྲ་བའི་ཡེ་ཤེས་དབྱིངས་ན་ཡོད་པ་ལས་སྐུ་དང་ཡེ་ཤེས་འཆར་ལ། དེས་སེམས་ཅན་ལ་སངས་རྒྱས་ཀྱིས་དངོས་སུ་དོན་བྱེད་པ་སྨོན་ལམ་བཏབ་པ་རྣམས་ཀྱིས་དོན་བྱེད་ལ། ངོ་བོའི་ཆ་ནས་ལྷུན་གྲུབ་ཡིན་པས་རྒྱུ་སྨོན་ལམ་གྱིས་བསྐྱེད་པར་ཡིན་པར་མི་འདོད་པའི་ཁྱད་པར་གྱིས་ཕྱེ་བ་ཡིན་ཞེས་ཀུན་མཁྱེན་ཆེན་པོས་གསུངས་སོ། །འདི་དག་ནི་ཀ་དག་གི་འབྲས་བུའི་གནད་གལ་ཆེན་ཡིན་ནོ། །དབྱེ་ན་གཉིས་ཏེ། སྐུ་གསུམ་གྱི་གནས་སྤྱིར་དབྱེ་བ་དང༌། རྣམ་པར་འཕྲུལ་པའི་རང་བཞིན་བྱེ་བྲག་ཏུ་དབྱེ་བའོ། །དང་པོ་ལ་སྐུ་གསུམ་རེ་རེ་ཞིང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ལྔར་དབྱེ་བས་ཆོས་ཀྱི་རྣམ་གྲངས་བཅོ་ལྔར་ངེས་པ་ནི། ཐལ་འགྱུར་ལས། ཆོས་ཀྱི་སྐུ་ནི་སྐུ་དང་གསུང༌། །ཐུགས་དང་ཡོན་ཏན་འཕྲིན་ལས་སོ། །སྐུ་ནི་སྟོང་དང་གསལ་བ་དང༌། །མཚན་མ་མེད་པའི་རང་བཞིན་ནོ། གསུང་ནི་སྒྲ་ཚིག་མིང་བྲལ་ནས། །བརྗོད་ཅིང་གླེང་བ་ཉིད་བྲལ་ལོ། །ཐུགས་ནི་བསམ་དང་འགྱུ་མེད་པས། །འཕྲོ་ཞིང་དཔྱོད་པ་རྣམས་ལས་འདས། །ཡོན་ཏན་ཕྱིར་འོང་ལྡོག་པ་མེད། །དབྱིངས་དང་ཡེ་ཤེས་ཁྱབ་པ་དང༌། །རང་བཞིན་བཅོས་པ་མེད་པའོ། །འཕྲིན་ལས་མ་བྱུང་མ་སྐྱེས་པ། །ཤུགས་བྱུང་བ་དང་འགག་པ་མེད། །མ་བྱས་བྱེད་པ་མེད་པའོ། །ལོངས་སྐུ་ལ་ཡང་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་ལྔ་ཡིན་ནོ། །སྐུ་ནི་སྣང་ལ་རང་བཞིན་མེད། །གསལ་དང་གསལ་བྱེད་རིག་པས་ཁྱབ། །གསུང་ནི་རང་བྱུང་རང་སྣང་དང༌། །སྤྲོ་བསྡུ་རྣམ་པའི་འཁོར་ལོའོ། །ཐུགས་ནི་རྒྱུན་ཆད་མེད་གཟིགས་དང༌། །མཁྱེན་པའི་རྩལ་དང་དགོངས་པའོ། །ཡོན་ཏན་མཚན་དཔེ་རྫོགས་པ་ལ། །དགོངས་གསལ་མངོན་ཤེས་རྫོགས་པའོ། །འཕྲིན་ལས་ཆོས་ཀྱི་འཁོར་ལོ་ལས། །ཕྱི་ནང་གསང་བ་རྣམས་འཕྲོས་ཏེ། །སོ་སོའི་རིགས་ཀྱི་སངས་རྒྱས་དང༌། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང༌། །རང་བྱུང་ལྗགས་ལས་རྣམ་སྤྲོས་ཏེ། །འཁོར་ལ་རང་གི་ངོ་བོས་སྟོན། །སྤྲུལ་པའི་སྐུ་ཡང་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ལྔ་ལའོ། །སྐུ་ནི་མཚན་དང་དཔེ་བྱད་ལ། །གདུལ་བྱ་གང་འདུལ་ལུས་སྤྲུལ་པ། །གསུང་ནི་ཚིག་སྦྱོར་ལེགས་པ་ལ། །ཚངས་པའི་དབྱངས་ནི་ཡན་ལག་དྲུག །ཐུགས་ནི་ཤེས་བྱའི་ཡེ་ཤེས་ཀྱིས། །རང་གཞན་དོན་གཉིས་དགོངས་པར་གནས། །ཡོན་ཏན་མཁྱེན་པ་རྫོགས་པ་དང༌། །ཕྲིན་ལས་ཕྱི་ནང་གསང་བ་ཡི། །མཛད་པ་མ་ལུས་རྫོགས་པ་དང༌། །ཕུན་སུམ་ཚོགས་པ་ལྔར་གནས་སོ། །ཞེས་སོ། །ཆོས་སྐུའི་ངོ་བོ་རང་བྱུང་གི་ཡེ་ཤེས་སྟོང་གསལ་སྤྲོས་པ་དང་བྲལ་བ། ངེས་ཚིག་ནི། བཏགས་པ་རྣམ་གྲངས་ཀྱི་ཆོས་ལས་སྐུར་སྨིན་པས་དངོས་མེད་མཚན་མ་དང་བྲལ་བ། དབྱེ་བ་ནི། དངོས་པོ་མཚན་ཉིད་དང་འབྲེལ་པའི་ཆོས་སྐུ། གནས་པ་ཁྱབ་ཚུལ་དང་འབྲེལ་པའི་ཆོས་སྐུ། རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུ་དང་གསུམ་ལས། དང་པོ་ནི། དངོས་པོ་ངོས་གཟུང་ལས་འདས་པས་སྐྱེ་འཇིག་འཕོ་འགྱུར་མེད་པ། སྤྲོས་པའི་མཐའ་དང་བྲལ་བའི་ངོས་ནས་དངོས་པོ་མཚན་ཉིད་དང་འབྲེལ་པའི་ཆོས་སྐུ་ཞེས་བྱ། གཉིས་པ་ནི། འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་སྐུ་དྲི་མ་གློ་བུར་བས་དག་པའི་དག་པ་གཉིས་ལྡན་དེ་ལ་གནས་པ་ཁྱབ་ཚུལ་དང་འབྲེལ་པའི་ཆོས་སྐུ་ཞེས་ཟེར། གསུམ་པ་ནི། ཐེག་པ་སོ་སོ་ནས་རིག་པ་དང་སྟོང་བ་ལ་སོགས་པའི་མིང་དང་དོན་གང་གིས་བསྟན་ཡང་དོན་ཡོངས་སུ་རྫོགས་པའི་ཆོས་སྐུ་སྤྲོས་པ་དང་བྲལ་བ་འདིར་འདུས་ནས་ཡོད་པས་ན་རྣམ་དབྱེ་སྣང་ཚུལ་དང་འབྲེལ་བའི་ཆོས་སྐུའོ། །དེ་ལྟ་བུའི་ཞིབ་རྒྱས་ཀྱི་དབྱེ་བའང་མཛད་དོ། །འདིའི་རྣམ་གྲངས་ཀྱི་ཐོག་ནས་གཉིས་པ་རྣམ་པར་འཕྲུལ་པའི་རང་བཞིན་བྱེ་བྲག་ཏུ་དབྱེ་བ་ལ་སྐུ་གསུམ་གྱི་རིམ་པ་ལས། དང་པོ་ཆོས་སྐུའི་ཆོས་སྐུ་ཞིང་ཁམས་བསམ་གྱིས་མི་ཁྱབ་པ། གནས་བསམ་ངོ་ལས་འདས་པའི་ཆོས་ཉིད། ཏིང་ངེ་འཛིན་མི་གཡོ་བ་ཆེན་པོ། འཁོར་སྣ་ཚོགས་རང་བཞིན་མི་གཉིས་པ། བསྟན་པ་བརྗོད་དུ་མེད་པའི་ཆོས་ཉིད། དུས་གང་དུའང་འགྱུར་པ་མེད་པའི་ཆོས་ཉིད་དོ། །ཆོས་སྐུའི་ལོངས་སྐུ་ཞིང་ཁམས་རྡུལ་དང་བྲལ་ཞིང་དྲི་མ་མེད་པ། གནས་དྲན་པ་ཡིད་ཀྱི་རྟོག་པ་ཆོད་པ། ཏིང་ངེ་འཛིན་སེམས་དང་སེམས་བྱུང་དབྱིངས་སུ་དག་པ། འཁོར་སྟོང་པ་རང་སྣང་གི་བྱེད་པ་ཅན། །བསྟན་པ་དམིགས་པ་ཡོངས་སུ་དག་པ། དུས་བཏགས་པ་མ་ཡིན་པའོ། །ཆོས་སྐུའི་སྤྲུལ་སྐུ་ཞིང་ཁམས་སྟོང་ཉིད་རྒྱ་མ་ཆད་པ། གནས་ཐམས་ཅད་ཀྱི་འཆར་གཞིར་གྱུར་པ། ཏིང་ངེ་འཛིན་འགག་མེད་ཆེན་པོར་རང་གསལ་བ། འཁོར་རིས་མེད་ཀྱི་སངས་རྒྱས་དང་ཡེ་ཤེས་རྒྱ་མཚོའི་ཚོགས། བསྟན་པ་རང་བཞིན་མ་བཅོས་པ། དུས་སྙིང་པོ་མངོན་པར་བྱང་ཆུབ་ཏུ་རང་སྣང་བའོ། །འདི་དག་ཚང་མ་ཀ་དག་རང་གནས་ཀྱི་ཆོས་སྐུའི་ཆ་ལ་བཏགས་པ་ཙམ་ལས། དོན་ངོ་མ་གང་དུ་ཡང་མ་གྲུབ་པས་མཐའ་བྲལ་ཆེན་པོར་བཞུགས་པ་ལ་གོ་དགོས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔ་ཡི་སྒོ་ནས་བཤད་ན། སྐུ་སྟོང་གསལ་མཚན་མ་མེད་པ། གསུང་བརྗོད་མེད་སྒྲ་ཚིག་ལས་འདས་པ། ཐུགས་དྲན་བསམ་སྤྲོས་པ་མེད་པ། ཡོན་ཏན་འཕོ་འགྱུར་མེད་པ། འཕྲིན་ལས་ལྷུན་གྲུབ་ཏུ་འཆར་ཚུལ་མ་འགགས་པའོ། །གཉིས་པ་ལོངས་སྐུའི་ཞེས་པ་སྟེ་དེའི་ངོ་བོ། རང་གསལ་ཆེན་པོ་ལ་ཡོངས་སུ་རྫོགས་པ། ལོངས་སྐུའི་ངེས་ཚིག་ལོངས་སྐུར་སྣང་བ་ལ་སྤྱོད་པ་དེ་ཉིད་ལ་མཁྱེན་པ་མ་འགགས་པར་སྤྱོད་པ། སྐུ་ནི་སྣང་བ་རང་གསལ་བཀོད་པ་ཆེན་པའོ། །དབྱེ་བ་ལ་བཞི་སྟེ། འབྱུང་ཆེན་ངོ་བོའི་སྐུ། གནས་པ་ཁྱབ་ཚུལ་གྱི་སྐུ། སྣང་བ་ལམ་གྱི་སྐུ། གདུལ་བྱ་སྣང་ཚུལ་གྱི་སྐུའོ། །དང་པོ་ནི། ཆོས་སྐུའི་འཆར་གཞི་ལས་རང་ཤར་ཏེ་འོད་གསལ་ལ་ལྔ་ལྡན་གྱི་སྐུར་རྫོགས་པ་ནི། གཞི་སྣང་འབྱུང་བ་ཆེན་པོའི་རང་བཞིན་གསལ་བ་དྲོ་བ། བསིལ་བ། ཡངས་པ། ཁྱབ་པའི་བདག་ཉིད་ཅན་ནོ། །གཉིས་པ་ནི། སངས་རྒྱས་དང་སེམས་ཅན་ཐམས་ཅད་ལ་འོད་དང་འོད་ཁྱིམ་གྱིས་ཁྱབ་པའི་ཆ་མངོན་དུ་གྱུར་པའོ། །གསུམ་པ་ནི། གཞི་སྣང་ཆོས་ཉིད་ཀྱི་ལོངས་སྐུ་སེམས་ཅན་ལ་བར་དོར་ལམ་དུ་སྣང་བ་དེ་སྐབས་འདིར་གདུལ་བྱ་འདྲེན་པའི་ལམ་དུ་ཆོས་སྐུའི་ནང་དབྱིངས་ལས་རང་ཤར་ཏེ། འཇའ་འོད་ཟེར་ཐིག་སྐུ་དང་ཚོམ་བུར་གསལ་བའོ། །བཞི་པ་ནི། ལོངས་སྐུས་འདུལ་བའི་གདུལ་བྱ་སོ་སོ་ལ་རིགས་དང་དཀྱིལ་འཁོར་སོ་སོར་སྣང་བའོ། །དེས་ན་རྣམ་འཕྲུལ་གྱི་དབང་གིས་གདུལ་བྱའི་དབང་དུ་བྱས་ན་ལོངས་སྐུའི་ཆོས་སྐུ་རྣམ་པར་སྣང་མཛད་གངས་ཆེན་མཚོ་དེའི་བཞུགས་ཚུལ་ཕྱི་ནས་བལྟས་ན་ནང་གསལ་བ། ནང་ནས་བལྟས་ན་ཕྱི་གསལ་བ། སྐུ་མདུན་དང་རྒྱབ་ཏུ་མེད་པ། ཞལ་ཕྱོགས་བཅུ་ཀུན་ཏུ་ཐ་ལེ་བའོ། །དེའི་ཞིང་ཁམས་ཕྱག་གི་མཐིལ་འཇིག་རྟེན་གྱི་ཁམས་ཉི་ཤུ་རྩ་གཅིག་ལ་མངའ་མཛད། གནས་རྣམ་དག་སྟུག་པོ་བཀོད་པ། འཁོར་ཉིད་ལས་མི་གཞན་པ། བསྟན་པ་རང་བྱུང་གི་ཡེ་ཤེས་རང་སྣང་བ། དུས་རྟོགས་པ་མངོན་དུ་གྱུར་པའོ། །ལོངས་སྐུའི་ལོངས་སྐུ་རིགས་ཀྱི་གཙོ་བོ། དེའི་མཚན་ཉིད་ངོ་བོ་ཐ་དད་པ་རང་བཞིན་གཅིག་པ། ཞིང་ཁམས་སོ་སོའི་རིགས་ཀྱི་དཀྱིལ་འཁོར་གྲངས་མེད་པ། གནས་འོག་མིན། འཁོར་སོ་སོའི་རིགས་ལྔ། བསྟན་པ་མཁྱེན་པའི་ཡེ་ཤེས་ལྔ་ལ་ལོངས་སྤྱོད་པ། དུས་སྣང་བ་འདུ་བ་མཆེད་པའོ། །ལོངས་སྐུའི་སྤྲུལ་སྐུ་ནི་རིགས་ལྔའི་སངས་རྒྱས་དང་སོ་སོའི་གཙོ་འཁོར་རོ། །དེའི་མཚན་ཉིད་སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པའོ། །དེའི་ཞིང་ཁམས་ན་ལྷ་དང་ལྷ་མོ་འབུམ་ཕྲག་བསམ་གྱིས་མི་ཁྱབ་པ་ལ་ལོངས་སྤྱོད་དོ། །གནས་ལྕང་ལོ་ཅན་ཡེ་ཤེས་ལྔ་ལྷུན་གྱིས་གྲུབ་པ། འཁོར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པའོ། །དུས་རིག་པ་རང་སྣང་གི་དུས་སོ། །ལོངས་སྐུའི་སྐུ་སྟོང་གསལ་འཇའ་ཚོན་ལྟ་བུ། གསུང་གདུལ་བྱའི་རང་སྣང་རྨི་ལམ་ལྟ་བུ། ཐུགས་མཚན་ཉིད་འཛིན་པའི་ཡེ་ཤེས་རྒྱུན་ཆད་པ་མེད་པ། ཡོན་ཏན་སྐུ་མཚན་དཔེའི་ཕུང་པོ་འོད་དུ་འབར་བ། གསུང་རང་བྱུང་གི་ཡི་གེའི་སྣང་བར་འཆར་བ། ཐུགས་མངོན་ཤེས་དང་ཏིང་འཛིན་རྒྱ་མཚོའི་གཏེར་མཛོད་དུ་གྱུར་པ། ཕྲིན་ལས་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པར་སྐོར་བའི་བདག་ཉིད་དོ། །གསུམ་པ་སྤྲུལ་སྐུའི་ངོ་བོ་ནི། སྣ་ཚོགས་ངེས་མེད། ངེས་ཚིག་ནི། གང་འདུལ་དེ་སྟོན་དུ་སྤྲུལ་པས་ན་སྤྲུལ་པ། དེ་ཉིད་མཐུན་པར་སྣང་བའི་གཟུགས་སྐུར་སྟོན་པས་ན་སྐུའོ། །དབྱེ་ན་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལུགས་གཉིས་ལས། ཐུན་མོང་གི་ལུགས་ལྟར་ན་མདོ་སྡེའི་རྒྱན་ལས། བཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །བྱང་ཆུབ་མཆོག་གི་སྤྲུལ་པ་སྟེ། །སངས་རྒྱས་སྤྲུལ་པའི་སྐུ་འདི་ནི། །རྣམ་པར་གྲོལ་བའི་ཐབས་ཆེན་པོ། །ཞེས་གསུངས་པ་ལྟར་རོ། །ཐུན་མོང་མ་ཡིན་པ་རྫོགས་ཆེན་གྱི་སྐབས་འདིར། མ་དག་པ་སྤྲུལ་པའི་སྐུ་དང༌། འགྲོ་བ་འདུལ་བའི་སྤྲུལ་པའི་སྐུ་དང༌། རང་བཞིན་སྤྲུལ་པའི་སྐུ་དང་གསུམ་ལས། དང་པོ་ནི། རྔོན་པ་དང༌། སྨད་འཚོང་ལ་སོགས་པར་སྤྲུལ་པ་དེ་ཡིན། གཉིས་པ་ནི། གང་ལ་གང་འདུལ་དུ་ཐུབ་པ་དྲུག་གི་སྤྲུལ་བའི་སྣང་བ་ལ་སོགས་པའོ། །གསུམ་པ་ནི། མངོན་དགའ་དང༌། དཔལ་ལྡན་ལ་སོགས་པའི་ཞིང་ཁམས་ནས་རིགས་ལྔ་དག་པའི་སངས་རྒྱས་སུ་སྣང་མཛད་ནས་འགྲོ་བའི་དོན་མཛད་པའོ། །དེ་ཡང་རྣམ་པར་འཕྲུལ་བ་གདུལ་བྱའི་དབང་དུ་བྱས་ན་སྤྲུལ་སྐུའི་ཆོས་སྐུ་དཔལ་རྡོ་རྗེ་འཆང་ཆེན་པོ། དེའི་མཚན་ཉིད་སྐྱེ་བ་བཞིའི་ལུས་སུ་བྱུང་ཞིང་མཛད་པ་སུམ་ཅུ་རྩ་དྲུག་མཐར་ཕྱིན་པར་ཞལ་གྱིས་བཞེས་པ། དེའི་ཞིང་ཁམས་སྟོང་གསུམ་བྱེ་བ་ཕྲག་བརྒྱས་བསྐོར་བ་ཚངས་ཆེན་གྱི་ཞིང་ཁམས། དེའི་གནས་མེ་ཏོག་པདྨ་ཁ་སྟོང་དང་ལྡན་པ། འཁོར་སྐྱེ་བ་བཞིས་བསྡུས་པའི་འགྲོ་བ། བསྟན་པ་སྡེ་སྣོད་ཀུན་གྱི་རྩ་བ་སྒྲ་ཐལ་འགྱུར། དུས་ཚེ་ལོ་དཔག་ཏུ་མེད་པ་ཐུབ་པའི་དུས་སོ། །སྤྲུལ་སྐུའི་ལོངས་སྐུ་དཔལ་རྡོ་རྗེ་སེམས་དཔའ། དེའི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ། གནས་གདུལ་བྱ་ངོ་དང་སྦྱར་བ། འཁོར་ས་བརྒྱད་པའི་བྱང་ཆུབ་སེམས་དཔའ། བསྟན་པ་ངེས་པ་དོན་གྱི་ཐེག་པ། དུས་ངེས་པ་མེད་པའོ། །སྤྲུལ་སྐུའི་སྤྲུལ་སྐུ་ཤཱཀྱ་ཐུབ་པ་དེའི་མཚན་ཉིད་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ལ་སོགས་པ་མཛད་པ་བཅུ་གཉིས་ལ་ལོངས་སྤྱོད་པའོ། །ཞིང་ཁམས་འཛམ་གླིང་བྱེ་བ་ཕྲག་བརྒྱ་ལ་སོགས་པ་སྟོང་གསུམ་གྱི་སྟོང་ཆེན་པོ་མི་མཇེད་ཀྱི་འཇིག་རྟེན་ཆེན་པོ་གཅིག་ལ་མངའ་མཛད། གནས་བྱ་རྒོད་ཕུང་པོའི་རི་ལ་སོགས་པ། འཁོར་ཐུན་མོང་བ་དགེ་སློང་ཕ་མ་གཉིས་དགེ་བསྙེན་ཕ་མ་གཉིས་ཏེ་རྣམ་པ་བཞི། ཐུན་མོང་མ་ཡིན་པ་བྱང་ཆུབ་སེམས་དཔའ་ཆེན་པོ་ས་ཐོབ་པ་གྲངས་མེད་བརྗོད་ཀྱིས་མི་ལང་བ། སྣ་ཚོགས་ངེས་པ་མེད་པའི་འཁོར་ལྷ་དང་མི་དང་ལྷ་མ་ཡིན་ལ་སོགས་པ་དཔག་ཏུ་མེད་པ། བསྟན་པ་རྒྱུ་འབྲས་ཀྱི་ཐེག་པ་སྣ་ཚོགས། དུས་ངེས་པ་ཆེན་པོ་རྣམ་པར་གཅོད་པ་སྟེ་གདུལ་བྱ་སོ་སོ་ལ་ཕན་པར་མཛད་པའི་དུས་སོ། །སྤྲུལ་སྐུའི་སྐུ་གང་འདུལ་འགྲོ་བློའི་མོས་ངོར་རང་རང་གི་ཆ་ཡི་མཚན་དཔེ་རྫོགས་པ། གསུང་ཡན་ལག་དྲུག་ཅུའི་དབྱངས་སྡེབ་སྦྱོར་ལེགས་པ། ཐུགས་ཇི་ལྟ་ཇི་སྙེད་ཀྱི་མཁྱེན་པ་རྒྱས་པ། ཡོན་ཏན་སྟོབས་དང་མི་འཇིགས་པ་ལ་སོགས་པ་སངས་རྒྱས་ཀྱི་ཆོས་ཐམས་ཅད་མངའ་བ། འཕྲིན་ལས་ཕྱི་ནང་གསང་བའི་ཆོས་ཀྱི་འཁོར་ལོ་ཕུན་སུམ་ཚོགས་པ་ལྔ་ཡི་རང་བཞིན་དུ་བསྐོར་བའོ།།

༼ཁ༽ རིག་པ་ཡེ་ཤེས་ཀྱི་རང་བཞིན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་རྒྱ་ཆེར་བཤད་པ།

༼ཀ ཡེ་ཤེས་ཀྱི་ངོ་བོ་བསྟན་པ།

དོན་གཉིས་པ་རིག་པ་ཡེ་ཤེས་ཀྱི་རང་བཞིན་ཡིད་བཞིན་གྱི་ནོར་བུའི་རྒྱལ་མཚན་རྒྱ་ཆེར་བཤད་པ་ལ་གསུམ་སྟེ། ཡེ་ཤེས་ཀྱི་ངོ་བོ། ངེས་ཚིག རབ་ཏུ་དབྱེ་བའོ། །ངོ་བོ་ནི་རིག་པ་ཉི་མ་ལྟ་བུ་ཡེ་ནས་མཁྱེན་རིག་གི་ཆར་གནས་པ་གློ་བུར་གྱིས་བསྒྲིབས་པའི་སྤྲིན་ཐམས་ཅད་དང་བྲལ་བས་ཤེས་རབ་དྲི་མ་མེད་པའི་དགོངས་པ་ཉིད་སྐུ་རྣམས་ཀྱི་སྙིང་པོར་གནས་པ་སྟེ། ཐལ་འགྱུར་ལས། ཤེས་པས་རིག་ཅིང་རང་གསལ་ཆ། །བསྡུས་པའི་ངོ་བོ་རང་རིག་པ། །ཞེས་པ་དང༌། རང་ཤར་ལས། རང་བྱུང་ཡེ་ཤེས་དགོངས་པ་ནི། ལྷུན་གྲུབ་ཀྱི་དྲི་མེད་རང་གསལ་ལོ། །ཞེས་སོ། །ཡེ་ཤེས་ཀྱི་ངོ་བོ་མདོར་བསྡུས་ན་རང་རིག་པའི་རང་བཞིན་སྤྲོས་པ་དང་བྲལ་བའོ།།

༼ཁ ངེས་ཚིག་བསྟན་པ།

ངེས་ཚིག་ནི། ཡེ་ནས་མཁྱེན་རིག་ཏུ་གསལ་བའི་ཆ་ལྷུན་གྲུབ་དེ་ཉིད་རྟོགས་པ་མངོན་གྱུར་དུ་ཤེས་པས་སྒྲིབ་པ་ཀུན་ལས་རང་གྲོལ་ཏེ་ཡོན་ཏན་མ་ལུས་པའི་དཀྱིལ་འཁོར་དུ་རྒྱས་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བདེ་ཀློང་དུ་འཁྱིལ་པ་སྟེ། ཐལ་འགྱུར་ལས། ཡེ་ནི་གསལ་ཞིང་མཁྱེན་རིག་ཆ། །ཤེས་པ་རང་གྲོལ་དཀྱིལ་འཁོར་གཅིག །ཅེས་པ་དང༌། རང་ཤར་ལས། ཡེ་ནས་རང་བཞིན་ལྷུན་གྱིས་གྲུབ། །དེ་ནས་རྟོགས་པ་མངོན་དུ་གྱུར། །ཡེ་ཤེས་ངེས་ཚིག་དེ་བཞིན་ནོ། །ཞེས་སོ། །དེ་ཡང་སྐུའི་སྙིང་པོར་གནས་པས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཡང་ངོ་བོ་བདག་གཅིག་གི་འབྲེལ་པ་གྲུབ་པའི་དོན་ཏེ། རྒྱུད་དེ་ཉིད་ལས། ཐ་དད་རང་བཞིན་འགྱུར་བ་མེད། །དེ་ཕྱིར་སྐུ་ལྔའི་ཡེ་ཤེས་ཏེ། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད། །དོན་ལ་དེ་བཞིན་གནས་པའོ། །ཞེས་སོ། །བསྡུ་ན་ཡེ་ནས་གནས་པའི་ཤེས་པ་བསལ་བཞག་བྲི་གང་དང་བྲལ་བ་ཞིག་གོ།

༼ག རབ་ཏུ་དབྱེ་བ་བསྟན་པ།

ཀ༽ ཐུན་མོང་གི་རབ་ཏུ་དབྱེ་བ་བཤད་པ།

རབ་ཏུ་དབྱེ་བ་ལ་གཉིས་ཏེ། ཐུན་མོང་གི་རབ་ཏུ་དབྱེ་བ་དང༌། སོ་སོའི་རང་བཞིན་རྒྱས་པར་བཤད་པའོ། །དང་པོ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་སོ། །དེའང་ཆོས་སྐུའི་ཡེ་ཤེས་ཉི་མའི་སྙིང་པོ་ལྟར། ལོངས་སྤྲུལ་གཉིས་ཀྱི་ཡེ་ཤེས་ཉི་ཟེར་དང་འདྲ་བའི་འཆར་གཞི་བྱེད། ལོངས་སྐུའི་ཡེ་ཤེས་མེ་ལོང་དང་འདྲ་བས་ཡེ་ཤེས་རྫོགས་པའི་གཟུགས་བརྙན་སྟོན་ཅིང་མཚན་ཉིད་མ་འདྲེས་གསལ་བར་འཛིན། སྤྲུལ་སྐུའི་ཡེ་ཤེས་ཆུ་ཟླ་ལྟ་བུས་སྣོད་དང་འཚམས་པར་དོན་མཛད་པའོ། །ཐལ་འགྱུར་ལས། དེ་ལྟར་གྲོལ་བའི་སེམས་ཉིད་ལ། །ཐུགས་རྗེ་མེད་པ་མ་ཡིན་ཏེ། །གཞི་ལ་གནས་པའི་ཡེ་ཤེས་ཀྱིས། །རང་བཞིན་ཤུགས་ཀྱི་འཆར་གཞི་བྱེད། །མཚན་ཉིད་འཛིན་པའི་ཡེ་ཤེས་ཀྱིས། །རྐྱེན་གྱི་དག་པ་སྨིན་པར་བྱེད། །ཤེས་དང་ཤེས་བྱའི་ཡེ་ཤེས་ཀྱིས། །མོས་གུས་ཅན་ལ་དངོས་གྲུབ་སྟེར། །ཞེས་སོ། །ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་ནི་ཤེལ་གོང་རང་སོར་གནས་པ་ལྟར་སྟོང་གསལ་འཆར་གཞིའི་ཆར་གནས། དེའི་ངང་ནས་མཚན་ཉིད་འཛིན་པའི་ཡེ་ཤེས་དང་ཀུན་ཁྱབ་ཀྱི་ཡེ་ཤེས་གཉིས་འཆར་བྱེད་ཀྱི་ཆ་ཙམ་ལས་དངོས་སུ་གསལ་བ་མེད་དོ། །མཚན་ཉིད་འཛིན་པའི་དུས་ན་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའི་ཚང་ཚུལ་ཙམ་དང༌། ཀུན་ཁྱབ་ཀྱི་ཡེ་ཤེས་ཟེར་ལྟར་འཕྲོ་བས་དངོས་སུ་མེད་ལ། རང་ངོ་མཚན་ཉིད་འཛིན་པའི་ཡེ་ཤེས་ཤེལ་ལས་འོད་ལྔ་སྣང་བ་ལྟར་གནས་སོ། །སྤྲུལ་སྐུའི་ཡེ་ཤེས་ཀྱི་དུས་ན་གཞི་གནས་ཀྱི་ཡེ་ཤེས་ཉི་ཟླའི་སྙིང་པོ་ལྟར་དབྱིངས་ལས་མ་གཡོས། མཚན་ཉིད་འཛིན་པའི་ཡེ་ཤེས་ཟེར་དང་འཇའ་ཚོན་ལྟར་ལོངས་སྐུའི་ཞིང་ན་གནས་ཏེ་དངོས་སུ་མེད་ལ། ཀུན་ཁྱབ་ཀྱི་ཡེ་ཤེས་ཆུ་ཟླ་རང་ངོ་ན་ཤར་བ་ལྟར་གདུལ་བྱ་སོ་སོའི་ངོ་ཁ་ལ་སྣང་བ་སྟེ། སྣང་ཚུལ་ཆོས་ཅན་ལ་ལྟོས་ནས་སོ་སོར་ཕྱེ་ལ། རང་བཞིན་ཆོས་ཉིད་ལ་ལྟོས་ནས་གཅིག་དང་ཐ་དད་ལས་འདས་པའི་ངོ་བོ་གཅིག་པ་ཙམ་དུ་བརྗོད་དེ། ཐལ་འགྱུར་ལས། དེ་ཡང་སེམས་ཉིད་སྨིན་པའི་ཚེ། །ཆོས་ཀྱི་སྐུ་ལ་གཞི་གནས་ཏེ། །ཀ་ནས་དག་པས་དྲི་མ་ཟད། །ངོ་བོ་ཡེ་ནས་འཁྲུལ་པ་མེད། །འཆར་བྱེད་མ་འགགས་ལྷུན་གྲུབ་བོ། །རང་བཞིན་འདི་འདྲ་ངེས་པ་མེད། །ཀུན་ལ་ཁྱབ་པས་ཐུགས་རྗེ་སྟེ། །འཁོར་བ་འདས་པ་ཆད་པ་མིན། །ཞེས་སོ། །འདི་དག་ཀྱང་རིག་པ་ཆོས་སྐུ་ལ་ལྷུན་གྲུབ་ཀྱི་སྒོ་ཡོད་པ་ལས་བྱུང་བ་སྟེ། ཆོས་སྐུ་རང་ངོ་དངོས་པོ་དང་མཚན་མར་མེད་པ་ངོ་བོ་གཉིས་མེད་མཐའ་གྲོལ་དག་པ་ཡེ་ཤེས་ཀྱི་སྒོ་དང་གཞིའི་འཆར་གཞི་རང་ས་ན་གནས་པ་ལས་བྱུང་ལ། ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ནི་འོད་དང་སྐུ་དང་ཡེ་ཤེས་གསུམ་ལ་ཐུག་ཅིང༌། སྤྲུལ་སྐུ་གདུལ་བྱ་ལ་སྣང་ནུས་པ་མ་དག་པ་འཁོར་བའི་སྒོ་ཡི་འབྲེལ་དུ་ཤར་བ་ལས་བྱུང་བ་སྟེ། དབང་རྣམ་པར་ཕྱེ་བ་ལས། འཁོར་བ་ངན་སོང་རོལ་པར་ཡེ་ཤར་ལ། །ཞེས་པ་བཞིན་ནོ། །ཆོས་སྐུའི་དུས་ན་སྒོ་བརྒྱད་དབྱིངས་སུ་ནུབ་པའི་འཆར་གཞིར་ཡོད་པ་ལས་ལོངས་སྤྲུལ་ཕྱིར་སྣང་དུ་འཆར་ནུས་པའི་གནད་དེ་ལས་བྱུང་བ་སྟེ། ཆོས་སྐུ་སྟོང་པའི་ཆ་ལ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའམ་ས་བོན་ལྟ་བུའི་ཆ་རུ་གལ་སྲིད་མེད་པ་ཡིན་ན། སངས་རྒྱས་འཁྲུལ་པ་སངས་པས་ཡར་ཆད། སེམས་ཅན་འཁྲུལ་པར་འཁོར་བས་མར་སྡེ་ཆད་ནས། འཁོར་འདས་གཉིས་ཀའི་འབྲེལ་ཆད་པས་གདུལ་བྱ་འདུལ་བྱེད་དུ་མི་རུང་བ་ཞིག་ཏུ་འགྱུར་བ་ཡིན་པ། དེས་ན་གཞི་གནས་ཀྱི་ཡེ་ཤེས་དེ་ལས་ཕྱིར་སྣང་དུ་ཤར་ཏེ། འཁོར་བ་ཇི་སྲིད་ཀྱི་བར་དུ་སེམས་ཅན་གྱི་དོན་འབྱུང་བ་ནི་རང་བཞིན་ཤུགས་ཀྱི་ཐུགས་རྗེ་གཏིང་གསལ་མཁྱེན་རིག་རྫོགས་པ་ལས་བྱུང་བའོ། །དབྱིངས་འདི་ལྟ་བུའི་འབྲེལ་བརྩི་ལུགས་རྫོགས་པ་ཆེན་པོ་འདི་མ་གཏོགས་པ་ན་གསལ་པོར་མེད་ལ། ལེགས་པར་འཇལ་ཤེས་པ་ནི་དེང་སང་ཁོ་བོ་ཙམ་དུ་ཟད་དོ། །ཐུན་མིན་ཁྱད་ཆོས་ཀྱི་གནད་སྟོན་པ་དང་འབྲེལ་ནས་ཐུན་མོང་གི་རབ་དབྱེ་བསྟན་ནས།

ཁ༽ སོ་སོའི་རང་བཞིན་རྒྱས་པར་བཤད་པ།

ཀ ཆོས་སྐུ་གཞི་གནས་ཀྱི་ཡེ་ཤེས་རྒྱས་པར་བཤད་པ།

གཉིས་པ་སོ་སོའི་རང་བཞིན་རྒྱས་པར་བཤད་པ་ལ་གསུམ་སྟེ། ཆོས་སྐུ་གཞི་གནས། ལོངས་སྐུ་མཚན་ཉིད་འཛིན་པ། སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པའོ། །དང་པོ་ནི་གྲོལ་སར་གྲོལ་བའི་ཆོས་སྐུ་ཀ་དག་ནམ་མཁའ་ལྟ་བུར་རོ་གཅིག་པ་སྟེ། འདིའི་དུས་ན་ཡེ་ཤེས་གསུམ་ལྡན་དུ་གནས་པ་ནི་ངོ་བོ་ཀ་དག་གི་ཡེ་ཤེས་སྤྲོས་བརྗོད་ཀྱི་མཐའ་ལས་འདས་པ་ཤེལ་གོང་ཟང་ཐལ་བ་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་སྣང་ཆའི་ཡོན་ཏན་གྱི་འཆར་གཞི་གཏིང་གསལ་ཕྲ་བ་ཙམ་ལས་དངོས་པོ་རིས་ཅན་དུ་མེད་པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ངོ་བོའི་རྩལ་ལས་འཆར་གཞིར་མ་འགགས་ལ་ཤེས་རིག་ཡུལ་ལ་དངོས་སུ་མི་དཔྱོད་པའི་ཆ་ཙམ་དུ་གནས་པའོ། །དེ་ཡང་ཆོས་སྐུ་ལ་རགས་པ་ཡོད་ན་དངོས་པོ་དང་མཚན་མར་འགྱུར་བས་མཚན་ཉིད་སྤྲོས་བྲལ་ཞི་བར་མི་འཐད་ལ། འཆར་གཞི་གཏིང་གསལ་གྱི་ཆ་ཕྲ་བར་མེད་ན་སྟོང་ཆད་ནམ་མཁའ་བཞིན་དུ་འགྱུར་བས་ན། དེ་གཉིས་ཀ་ལས་ལོག་ནས་སྟོང་གསལ་ཕྲ་བའི་ཡེ་ཤེས་འཆར་གཞིར་གནས་པ་སྟེ། ཀློང་དྲུག་པས། འདི་ལ་དབང་པོར་སྣང་བ་མེད། །རྡོས་བཅས་མཚན་མ་རང་དག་ཕྱིར། །གཏིང་གསལ་ཆེན་པོའི་གཞི་མར་གནས། །ཁྱབ་དང་ཁྱབ་པ་ཉིད་ཀྱིས་སྟོང༌། །ཕྱང་ནས་ཆད་པ་མེད་སྣང་བར། །གསལ་བྱེད་སྣང་བའི་ཆ་མ་འགགས། །སྙིང་པོ་ཐམས་ཅད་བཅུད་བསྡུས་པའི། །དྲི་མ་མེད་ཅིང་རང་སར་དག །སངས་རྒྱས་རྣམས་ཀྱི་གསང་ཆེན་དུ། །རང་བཞིན་གྱི་ནི་ཆ་ལ་བཞུགས། །ཐུགས་རྗེའི་སྣང་ཆ་སྣ་ཚོགས་ལས། །སྟོང་ཆ་འགག་པ་མེད་པ་ཉིད། །ཤེས་བྱ་ཡེ་ཤེས་རྣམ་གཉིས་སུ། །སྣང་བའི་ཆ་ལ་སྣང་བར་བས། །མེད་པའི་སྣང་བ་རང་དག་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ནི། །མཛད་པའི་རྩོལ་བ་ཡེ་མེད་པས། །མ་བྱས་སྣང་བའི་ཚུལ་དག་ཏུ། །ཡེ་ནས་འབྱེད་པ་མེད་པར་སྣང༌། །ཉི་མ་ལས་ནི་འོད་བཞིན་དུ། །རང་གི་བྱས་པ་མ་ཡིན་ཏེ། །རང་གི་རང་བཞིན་དེ་ལྟར་སྣང༌། །ཤེས་བྱ་ཡེ་ཤེས་གཉིས་མེད་ན། །བེམ་པོ་རྣམས་དང་ཁྱད་ཅི་ཡོད། །ཡང་ན་སྟོང་པ་ཕྱང་ཆད་དུ། །འདི་ཉིད་འགྱུར་པ་ཁོ་ནའོ། །ཞེས་པ་ནས། དེ་ཕྱིར་ཐམས་ཅད་མཁྱེན་པ་ཡི། །ཡེ་ཤེས་ཐུགས་རྗེའི་ཆ་ལ་སྣང༌། །ཞེས་པའི་བར་དུ་གསུངས་སོ། །དེ་ལྟར་ཆོས་སྐུའི་རང་དུས་ན་ཡེ་ཤེས་གསུམ་ལྡན་གྱི་ཆ་རྟག་ཆད་སྤྲོས་པ་ལས་འདས་པར་བཞུགས་ཏེ། ཐལ་འགྱུར་ལས། ངོ་བོ་ཀ་དག་ཡེ་ཤེས་ལ། །མ་རིག་པ་ཞེས་སྲིད་མིང་མེད། །གཅིག་དང་གཉིས་ཀྱི་གྲངས་མེད་པའོ། །བརྟགས་པས་ཡོད་མེད་གྲུབ་པ་མེད། །གོང་དུ་མ་ཕྱེའི་མཚན་ཉིད་ལས། །ཡེ་ཤེས་ཙམ་དུའང་གྲུབ་པ་མེད། །ཚིག་མེད་བརྗོད་པར་གྲུབ་པ་མེད། །མཐའ་ལ་མི་གནས་རང་རིག་དག །བརྗོད་འཛིན་མིང་གི་མཐའ་ཟད་པའོ། །རྒྱུ་མེད་རྐྱེན་གྱི་གྲངས་མེད་ལ། །གཉིས་སྣང་ཡུལ་དང་ཡུལ་ཅན་མེད། །མཚན་ཉིད་གང་དུའང་ཕྱེ་བ་མེད། །ཡུལ་རྐྱེན་རགས་པར་རང་ཟད་པའོ། །ཡེ་ནས་མེད་པས་དག་པས་དག །འཁྲུལ་རྟོག་འགགས་པས་ཅིར་མ་འཛད། །མ་སྐྱེས་པས་ན་འགག་སྟོང་ངོ༌། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ཞེས། །མི་སྐྱེ་མི་འགག་ཅིར་མི་དགོངས། །ཡུལ་དག་ངེས་པ་མེད་ཕྱིར་རོ། །རྩལ་དང་ཡོན་ཏན་འགག་མེད་པས། །རོལ་པ་ཙམ་དུ་སྣང་བ་ལས། །སྣ་ཚོགས་རྫོགས་པའི་གཞི་མའོ། །མེད་ཕྱིར་སྣང་ལ་སྣང་ཕྱིར་སྟོང༌། །སྣང་སྟོང་འཇུག་པའི་ཡན་ལག་ཅན། །སངས་རྒྱས་སེམས་ཅན་དག་ཡུལ་ལོ། །འདི་ལྟར་གཞི་ཞེས་མངོན་པར་གནས། །རང་བཞིན་ཙམ་དུ་གནས་པ་ལས། །ངོ་བོའི་ཆ་ནས་བཏགས་པས་སྟོང༌། །ཡན་ལག་སྤྲོས་ཕྱིར་མཁྱེན་པ་རྫོགས། །རང་གནས་ལྷུན་གྱིས་གྲུབ་པའི་ཕྱིར། །འདི་ལ་སྤང་བླང་གཉིས་མེད་པའོ། ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ལ། །མི་མཛད་སྣ་ཚོགས་འཆར་བའི་སྒོ། །འཛད་པ་ལྟར་སྣང་ངོ་བོར་རྫོགས། །ཆོས་སྐུ་སྟོང་པའི་རང་བཞིན་ལས། །ཡེ་ཤེས་མཁྱེན་པ་རྫོགས་པའི་ཆ། །ཤུགས་ཀྱིས་སེམས་ཅན་རྣམས་ལ་འཆར། །འདི་མེད་འཁོར་འདས་སྡེ་ཆད་པས། །མཁྱེན་པས་རིག་ཅིང་གསལ་བའོ། །རང་རིག་གསལ་བའི་བདག་ཉིད་ལས། །རང་བཞིན་ཤུགས་ཀྱི་ཐུགས་རྗེ་ཉིད། །མ་འགགས་འགག་པ་མེད་པའོ། འབྱུང་བ་དག་པའི་ཆ་ལས་ནི། །ལོགས་སུ་མེད་པ་གཅིག་རྫོགས་པའི། །ཉི་མ་ལས་ནི་འོད་བཞིན་དུ། །རང་ཆས་སྒྲིབ་པ་མེད་པའོ། །ཞེས་སོ། །དེ་ལྟར་ཆོས་སྐུ་སྟོང་པའི་ཡེ་ཤེས་འཆར་གཞི་རང་མལ་ན་གནས་པ་ཞེས་བྱའོ། །འདིའི་སྐབས་སུ་ཡེ་ཤེས་སུམ་ལྡན་དུ་གནས་པ་ནི། ངོ་བོ་སྟོང་བའི་ཡེ་ཤེས། རང་བཞིན་གསལ་བའི་ཡེ་ཤེས། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་གསུམ་པོ་དེ་ཡིན་ལ། ངོ་བོ་ཀ་དག་སྟོང་པའི་ཡེ་ཤེས་དེ་རིག་པ་སྟོང་གསལ་དྲི་མེད་མཐར་ཐུག་ཡིན་པས་དབྱིངས་དག་པ་གཉིས་ལྡན་གྱི་རང་བཞིན་སྐུ་གསུམ་དབྱེར་མེད་ཀྱི་འཆར་གཞིར་གནས་པ་ཞིག་གོ །རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་གཏིང་གསལ་འོད་ཀྱི་འཆར་གཞིར་གནས་པས་ཞིང་དང་གཞལ་ཡས་ཁང་དང་འོད་ཟེར་ལ་སོགས་པས་གདུལ་བྱའི་རེ་བ་སྐོང༌པ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་དབྱིངས་དང་ཡེ་ཤེས་ལྷུན་གྲུབ་ཆེན་པོའི་ངང་ལས་མ་གཡོས་བཞིན་དུ་འགྲོ་བའི་དོན་གཉིས་འབད་མེད་ལྷུན་གྲུབ་ཏུ་འབྱུང་བའི་ས་བོན་བྱེད་པའོ།།

ཁ ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་རྒྱས་པར་བཤད་པ།

གཉིས་པ་ལོངས་སྐུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལ་ལྔ་ལས། དང་པོ་ནི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལ། ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་གྲོལ་གཞི་དབྱིངས་ཀ་ནས་དག་པའི་ཆ་སྟོང་པ་དང༌། རང་གསལ་ཡེ་ཤེས་ཀྱི་རང་འོད་ཀྱི་གཞི་དང༌། ཤེས་རིག་གི་དབྱིངས་གསུམ་དབྱེར་མེད་པ་སྟེ། རང་ཤར་ལས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ནི། །སྟོང་པ་ཆེན་པོ་ཡུལ་ཉིད་དང༌། །གསལ་བ་འོད་ཀྱི་སྣང་བ་དང༌། །ཡེ་ཤེས་རིག་པའི་སྤྱོད་ཡུལ་གསུམ། །དེ་གསུམ་འཛོམ་པས་དབྱིངས་ཞེས་བྱ། །ཞེས་པ་དང༌། ཐལ་འགྱུར་ལས། ཆོས་ཀྱི་དབྱིངས་ནི་ཡངས་པ་ལ། །མཐའ་དང་དབུས་སུ་མི་དམིགས་པས། །གྲོལ་གཞིའི་ཆོས་ཉིད་དག་པའོ། །ཞེས་སོ། །ཆོས་དབྱིངས་ཡངས་པ་མཐའ་དབུས་མེད་པ་གྲོལ་གཞིའི་ཆོས་ཉིད་དག་པ་དེ་ལ་ཟེར། ངེས་ཚིག་ནི། ཡང་དེ་ཉིད་ལས། ཆོས་ནི་སྤྱོད་པར་བྱེད་པ་ལ། །འདས་དང་འཇིག་རྟེན་བྱ་བ་མེད། །རང་བཞིན་གསལ་ཞིང་དྭངས་པའོ། །དབྱིངས་ཀྱི་གོ་སྐབས་འབྱེད་པ་ལ། །རང་བྱུང་ཆེན་པོའི་གནས་པའོ། །ཡེ་ནི་རྫོགས་པའི་བདག་ཉིད་ལ། །ཐོག་མ་ནས་ནི་བཅོས་པ་མེད། །ཤེས་པས་འཁོར་འདས་གཉིས་ལས་གྲོལ། །རང་སྣང་རྫོགས་པའི་དགོངས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། དབྱིངས་ཀྱི་ཡེ་ཤེས་དང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་གཉིས། དབྱིངས་རྣམས་པར་དག་པའི་ཡེ་ཤེས་དང་དབྱིངས་ཆེན་པོའི་ཡེ་ཤེས་གཉིས། དབྱིངས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །ཡེ་ཤེས་ལྔ་ལ་ལྔ་རེར་ཕྱེས་པའི་ཉེར་ལྔ་གསུངས་པ་སྟེ་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས་ཀྱང་འདི་དག་བསྟན་ཡོད་དོ། །དེ་དག་གི་ངོ་བོ་ནི། རྒྱུད་དེ་ཉིད་ལས། རྣམ་དག་ཆོས་ཉིད་གདལ་པའི་ཀློང༌། །རྣམ་པར་དག་པའི་དབྱིངས་སུ་བཤད། །རྟོག་མེད་བསམ་པ་ཀུན་སྤངས་པ། །དབྱིངས་ཆེན་གསལ་བའི་ཡེ་ཤེས་ཡིན། །ཕྱི་ནང་སྟོང་པ་རིས་མེད་ནི། །དབྱིངས་ཆེན་དག་པའི་ཡེ་ཤེས་ཡིན། །ཕྱི་ནང་གསལ་པའི་ཆོས་རྣམས་རྫོགས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཡིན། གཉིས་མེད་དོན་ལྡན་རྡོ་རྗེའི་དོན། །གཉིས་མེད་དབྱིངས་ཀྱི་ངོ་བོར་འདོད། །ཅེས་སོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི་རིག་པ་སྟོང་གསལ་ལ་འཆར་ཚུལ་གོ་མ་འགགས་པར་གསལ་བར་སྟེ། ཐལ་འགྱུར་ལས། མེ་ལོང་ཡེ་ཤེས་གཟུགས་བརྙན་ལས། །དབྱིབས་དང་ཁ་དོག་སྣང་ཆ་རྫོགས། །དཀར་པོ་དྲི་མ་དག་ཕྱིར་འོད། །རང་འདས་སྣང་སྟེ་འཁོར་འདས་སྦྱོར། །ཆོས་རྣམས་ཀུན་གྱི་གཟུགས་སྣང་བས། །རང་རིག་ཡེ་ཤེས་ཞེས་བྱའོ། །ཞེས་པ་དང༌། རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་ནི། །དཔེར་ན་མེ་ལོང་དཀྱིལ་འཁོར་ལ། །གང་བསྟན་རྐྱེན་དེ་འོང་བ་བཞིན། །དེ་བཞིན་རིག་པ་དྲི་མེད་ལ། །ཉོན་མོངས་རྐྱེན་གྱིས་འཕྲོས་པ་མེད། །ཡེ་ཤེས་གཟུགས་བརྙན་རང་གསལ་ལོ། །ཞེས་སོ། །ཆོས་ཐམས་ཅད་ཀྱི་གཟུགས་སྣང་བའི་རང་རིག་ཡེ་ཤེས་གསལ་སྟོང་མཐའ་གྲོལ་ཆེན་པོའོ། །ངེས་ཚིག་འདི་ལྟ་སྟེ། །སྣ་ཚོགས་དོན་ལ་སྤྱོད་པས་མེ། །དེ་ལ་རྟོགས་ཤིང་གོམས་པས་ལོང༌། །མེ་ལོང་ཡེ་ཤེས་དེ་བཞིན་ནོ། །ཞེས་སོ། །དབྱེ་ན་ལྔ་སྟེ་རང་ཤར་ལས། མེ་ལོང་ལྟ་བུའི་ཡེ་ཤེས་དང་མེ་ལོང་ཆེན་པོའི་ཡེ་ཤེས་གཉིས། རྟོག་མེད་གསལ་བའི་ཡེ་ཤེས་དང་རྟོག་མེ་དྭངས་པའི་ཡེ་ཤེས་གཉིས། གསལ་ལ་འཛིན་མེད་ཆེན་པོའི་ཡེ་ཤེས་དང་ལྔའོ་ཞེས་སོ། །ངོ་བོ་ནི། དེ་ཉིད་ལས། འགག་མེད་གསལ་དྭངས་ཆེན་པོའི་དོན། །མེ་ལོང་ལྟ་བུའི་ཡེ་ཤེས་སོ། །དག་པ་གསལ་གདངས་ངོ་བོ་ལ། །དག་པའི་སྣང་བ་དུས་གཅིག་རྫོགས། །མེ་ལོང་ཡེ་ཤེས་ཆེན་པོ་ཡིན། །རྣམ་རྟོག་ཡིད་མེད་སེམས་མེད་ལ། །ཆགས་པའི་འཛིན་པ་མ་ཞུགས་པ། རྟོག་མེད་གསལ་བའི་ཡེ་ཤེས་ཡིན། །གསལ་བྱ་གསལ་བྱེད་ཆོས་དང་བྲལ། །དེ་ལ་རྣམ་རྟོག་མ་འགྱུས་པ། །གསལ་བ་འཛིན་མེད་ཡེ་ཤེས་ཡིན། །ཞེས་སོ། །རྟོག་མེད་གསལ་བའི་ཡེ་ཤེས་དེ་མེ་ལོང་ཡེ་ཤེས་ཀྱི་ངོ་བོ་ཡིན། མཉམ་པ་ཉིད་ཀྱི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་མཉམ་རྒྱུ་འཁོར་འདས་ཀྱི་དབྱིངས་སུ་ཡེ་གྲོལ་མཉམ་པ་ཆེན་པོ་ལ། མཉམ་རྐྱེན་སྒོ་གསུམ་སྐུ་གསུང་ཐུགས་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་མཉམ་པ་ཆེན་པོར་བཞུགས་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་སྟེ། ཐལ་འགྱུར་ལས། མཉམ་པ་ཉིད་ཅེས་བྱ་བ་ནི། །མཉམ་རྒྱུ་གཉིས་ལ་མཉམ་རྐྱེན་གསུམ། །མཉམ་པའི་དུས་དང་ཚད་ཀྱིས་སོ། །ཞེས་པ་དང༌། རིས་གྲོལ་རང་གནས་ཀྱི་ཡེ་ཤེས་ཟུག་རྔུའི་སྤྲོས་པ་ཐམས་ཅད་དང་བྲལ་བ་མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཡིན། རང་ཤར་ལས། ཆོས་རྣམས་མཉམ་པའི་ངོ་བོ་ལ། །གང་གི་ཕྱོགས་སུ་མ་ལྷུང་བའོ། །ཞེས་སོ། །ངེས་ཚིག་ནི་དེ་ཉིད་ལས། ཆོས་ཉིད་རྒྱ་ཆད་མེད་པ་མཉམ། །རིག་པའི་དོན་དང་ལྡན་པས་ཉིད། །མཉམ་ཉིད་ཡེ་ཤེས་དེ་བཞིན་ནོ། །ཞེས་པ་དང༌། ཐལ་འགྱུར་ལས། མཉམ་པ་ཞེས་བྱ་ཆོས་ཉིད་ལ། ཟུག་རྔུའི་སྤྲོས་དང་བྲལ་བའོ། །ཉིད་ཅེས་བཅོས་ཤིང་རྩོལ་སྒྲུབ་མེད། །རང་བཞིན་གནས་པ་ངོ་བོས་སྟོང༌། །སེམས་ཉིད་རྟོག་པ་ཀུན་ཟད་པའོ། །ཡེ་ཤེས་ཞེས་བྱ་གནས་པ་ལ། །དེ་ཡི་མཚན་ཉིད་རྟོགས་པ་ཡིས། །འཁོར་འདས་གཉིས་ལ་མི་གནས་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མཉམ་པ་ཉིད་མ་འགགས་པའི་ཡེ་ཤེས་གཉིས། མི་གཡོ་བ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་མི་འགག་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་གཉིས། ཅི་ལ་ཡང་མི་གནས་པ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་ངོ་བོ་ནི། ཡང་རྒྱུད་དེ་ཉིད་ལས། ཆོས་ཉིད་མཉམ་ལ་མ་འདྲེས་པ། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཡིན། །མ་འགགས་སོ་སོའི་མཚན་ཉིད་འཛིན། །མཉམ་ཉིད་མ་འགགས་ཡེ་ཤེས་ཡིན། །མི་གཡོ་བ་ནི་སྐུ་ཡི་རྒྱ། །རྒྱ་ཆད་ཕྱོགས་ལྷུང་མེད་པ་ནི། །མི་གཡོ་མཉམ་ཉིད་ཡེ་ཤེས་ཡིན། །མི་འགག་གསལ་གདངས་ཆེན་པོ་ལ། །ཡིད་ཀྱི་རྟོག་པ་དག་པ་ནི། །མཉམ་ཉིད་མི་འགག་ཡེ་ཤེས་ཡིན། །ཅིར་ཡང་མི་གནས་ཀུན་གྱི་རྩེ། །མཚན་མའི་དངོས་པོ་གྲོལ་བ་ནི། །མི་གནས་མཉམ་ཉིད་ཡེ་ཤེས་ཡིན། །ཞེས་སོ། །སོ་སོར་རྟོག་པའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག་དབྱེ་བ་གསུམ་ལས། ངོ་བོ་ནི་ཆོས་ཐམས་ཅད་མ་འདྲེས་པར་མངོན་སུམ་དུ་རྟོགས་པ་སྟེ། ཐལ་འགྱུར་ལས། སོ་སོར་རྟོག་པ་དབང་པོའི་རིགས། །གང་ལ་གང་སྣང་དེ་ཡི་ཆོས། རིམ་པ་སོ་སོར་གསལ་བའོ། །རྟག་པར་རང་སྣང་དག་ནས་ནི། །རིག་པ་ཡུལ་དུ་གྱུར་པ་ཉིད། །ཅེས་སོ། །ཆོས་ཐམས་ཅད་ཀྱི་རང་བཞིན་མ་འདྲེས་པར་ས་ལེར་མངོན་སུམ་དུ་མཁྱེན་པ་སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ཡིན། ངེས་ཚིག་ནི། རང་ཤར་ལས། དབང་པོ་ཉི་ཤུ་རྩ་གཅིག་ཕྱིར། །སོ་སོར་རྟོག་ཅེས་དེ་ལ་བྱ། །ཞེས་པ་དང༌། ཐལ་འགྱུར་ལས། སོ་སོ་ཞེས་བྱ་བྱེ་བྲག་ལ། །གཉིས་པོའི་ཚུལ་དུ་བྱུང་བ་སྟེ། །རྟོག་པ་ཞེས་ནི་མཚན་ཉིད་མཐོང༌། །རང་སྣང་འཕེལ་དང་བཅས་པའོ། །ཡེ་ཤེས་ཐོག་མར་བྱུང་བ་ལ། །ཤེས་པས་ཉོན་མོངས་སྐྱོན་དག་གོ །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། སོ་སོར་རྟོག་པའི་ཡེ་ཤེས་དང་དོན་ཐམས་ཅད་རབ་ཏུ་འབྱེད་པའི་ཡེ་ཤེས་གཉིས། རྟོག་པ་སྐད་ཅིག་ལ་སྐྱེ་བའི་ཡེ་ཤེས་དང་སྒྲ་ཐམས་ཅད་རྣམ་པར་སེལ་བའི་ཡེ་ཤེས་གཉིས། སྒྲ་དང་ཚིག་ལ་མི་གནས་པར་རྟོག་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་དོན་ནི། རྒྱུད་དེ་ཉིད་ལས། བློ་ལ་སྣང་བའི་ཐེ་ཚོམ་གྲོལ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །སྣ་ཚོགས་གཅིག་ཏུ་སྡུད་པ་སྟེ། །དེ་ལས་དབྱེ་ན་དོན་རྣམས་འབྱུང༌། །དོན་རྣམས་འབྱེད་པའི་ཡེ་ཤེས་ཡིན། །རྟོག་པའི་དོན་ལས་མི་འདའ་ཞིང༌། །སྐད་ཅིག་གསུམ་ལ་གྲོལ་བྱེད་པ། །སྐད་ཅིག་སྐྱེ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་རིག་པའི་ངོ་བོ་འདས། །ཐ་སྙད་གཅིག་ལ་རྫོགས་པའི་ཕྱིར། །སྒྲ་རྣམས་སེལ་བའི་ཡེ་ཤེས་ཡིན། །སྒྲ་ཚིག་ཐམས་ཅད་དོན་ལ་རྫོགས། །རིག་པའི་ཀློང་དུ་ཚིག་རྣམས་འདས། །ཚིག་ལ་མི་གནས་ཡེ་ཤེས་ཡིན། །ཞེས་སོ། །བྱ་བ་གྲུབ་པའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག དབྱེ་བ་གསུམ་ལས། ངོ་བོ་ནི། རང་དོན་རིག་པའི་ངང་དུ་གྲུབ་ནས་གཞན་དོན་ནོར་བུ་ལྟར་ལྷུན་གྲུབ་རྩོལ་མེད་དུ་འབྱུང་བ་སྟེ། ཐལ་འགྱུར་ལས། བྱ་བ་གྲུབ་པ་ཞེས་བྱ་བ། །འབད་ཅིང་རྩོལ་བ་རང་འགགས་ནས། །ཆོས་ཀུན་རང་གཞག་རང་གྲོལ་ལོ། །རང་གྲོལ་རྫོགས་པའི་གཞི་སྣང་ལས། །ཆ་ཕྲ་རྡུལ་བྲལ་དྲི་མེད་ཐོབ། །རྟོག་དཔྱོད་ཡུལ་ལས་འདས་པ་སྟེ། གང་གིས་མ་ཕྱེའི་ཆོས་ཉིད་དོ། །ཞེས་པ་དང༌། རང་ཤར་ལས། བྱ་བ་གྲུབ་པའི་ཡེ་ཤེས་ནི། ཅིར་སྣང་རིག་པའི་ངང་དུ་རྫོགས། །ཞེས་སོ། །རང་དོན་གྲུབ་ནས་གཞན་དོན་ལྷུན་གྲུབ་ཏུ་འབྱུང་བ་དེ་བྱ་བ་གྲུབ་པ་ལ་གོ་དགོས། ངེས་ཚིག་ནི། ཐལ་འགྱུར་ལས། རང་བཞིན་རྫོགས་པས་སྣང་མཐའ་ཟད། །ཅིག་ཅར་རྟོགས་པས་བྱ་བའོ། །གྲུབ་པས་འདོད་པ་བྲལ་བ་ལ། །བསྐྱར་དང་ལྡོག་པ་མེད་པའོ། །ཡེ་ནི་གནས་པའི་དོན་ཉིད་ལ། །ཤེས་པས་མངོན་དུ་གྱུར་ནས་ནི། །ཆོས་རྣམས་ཟད་པའི་སར་ཕྱིན་པའོ། །ཞེས་སོ། །དབྱེ་ན་ལྔ་སྟེ། རང་ཤར་ལས། བྱ་བ་གྲུབ་པའི་ཡེ་ཤེས་དང་བྱ་བ་ཐམས་ཅད་པའི་ཡེ་ཤེས་གཉིས། བྱ་བ་ལ་མི་གནས་པའི་ཡེ་ཤེས་དང་བྱ་བ་བཏང་བའི་ཡེ་ཤེས་གཉིས། སྒྲོ་འདོགས་ཆོད་པའི་ཡེ་ཤེས་དང་ལྔའོ་ཞེས་སོ། །དེ་དག་གི་དོན་རྒྱུད་དེ་ཉིད་ལས། རང་རིག་འཛིན་པའི་ཆོས་ལས་གྲོལ། །ཐ་སྙད་བཏགས་པའི་མིང་ལས་འདས། །བྱ་བ་གྲུབ་པའི་ཡེ་ཤེས་ཡིན། །ཐུགས་རྗེའི་འོད་ཟེར་ཕྱོགས་བཅུར་འཕྲོ། །སྤྲུལ་པས་འགྲོ་བའི་དོན་བྱེད་ཕྱིར། །བྱ་བ་བྱེད་པའི་ཡེ་ཤེས་ཡིན། །འགྱུར་མེད་ངང་ལ་བྱ་བ་བཏང༌། །མཚན་མའི་ཆོས་ལས་འདས་པ་ནི། །བྱ་བ་མི་གནས་ཡེ་ཤེས་ཡིན། །རིག་པ་རྟོག་མེད་གསལ་བ་ལ། །ཤེས་པ་ངང་གིས་དལ་བ་ནི། །བྱ་བ་བཏང་བའི་ཡེ་ཤེས་ཡིན། །ཕྱི་ནང་གསང་བའི་ཆོས་རྣམས་ཀུན། །རིག་པའི་ཀློང་དུ་ཀུན་འདུས་པས། །སྒྲོ་འདོགས་ཆོད་པའི་ཡེ་ཤེས་ཡིན། །ཞེས་སོ། །དབྱིངས་སྤྲོས་བྲལ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་ཀྱང་རང་བཞིན་འོད་གསལ་གྱི་མཁྱེན་ཆ་འགག་པ་མེད་པའི་གདངས། ཕྱིར་གསལ་ལོངས་སྤྱོད་རྫོགས་སྐུར་ངེས་པ་ལྔ་དང་ལྡན་པ་མཚན་དང་དཔེ་བྱད་རྒྱ་མཚོའི་བདག་ཉིད་ཅན་ཞིག་ཡིན་ལ། ལོངས་སྤྱོད་རྫོགས་སྐུ་དེའི་ཐུགས་ཀྱིས་ཆོས་སྐུའི་ཆ་བཟུང་བ་དང་། ཕྲིན་ལས་ཀྱིས་སྤྲུལ་སྐུའི་ཆ་བཟུང་པས་ན་སྐུ་གསུམ་ཐ་མི་དད་པའི་རང་བཞིན་ཅན་ཡིན་པ། དེས་ན་ལོངས་སྐུ་དང་ལོངས་སྐུའི་ཞིང་སྣང་དུ་སངས་རྒྱས་རང་སྣང་ཙམ་ཞིག་ལས་ག་ཤེད་ཡོད་པའི་རྟེན་དང་བརྟེན་པའི་རང་མཚན་ཅན་ཞིག་མེད་པའོ།།

ག སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པ།

དོན་གསུམ་པ་སྤྲུལ་སྐུ་ཀུན་ཁྱབ་ཀྱི་ཡེ་ཤེས་རྒྱས་པར་བཤད་པ་ལ་གཉིས་ཏེ། ཐལ་འགྱུར་ལས། ཤེས་བྱ་བསྡུས་པའི་ཡེ་ཤེས་ནི། །རྣམ་པར་གཉིས་སུ་ཤེས་པ་བྱ། །ཞེས་པས། གདུལ་བྱའི་ངོར་སྣང་བའི་སྤྲུལ་སྐུ་དེ་ཡང་བེམ་སྟོང་གཟུགས་བརྙན་ལྟ་བུ་མ་ཡིན་པར་ཡེ་ཤེས་གཉིས་ཀྱིས་འགྲོ་བའི་དོན་ལྷུན་གྲུབ་ཏུ་མཛད་པ་སྟེ། ཇི་ལྟ་བ་མཁྱེན་པས་ཆོས་རྣམས་ཀྱི་ངོ་བོ་མ་ནོར་བ་དང༌། དོན་དམ་པའི་བདེན་པ་རྟོགས་པས་སྐྱེ་འགག་སྤྲོས་པ་དང་བྲལ་བའི་ཆོས་ཉིད་ནམ་མཁའ་ལྟ་བུར་སྟོན་ལ། ཇི་སྙེད་པ་མཁྱེན་པས་ཆོས་རྣམས་ཀྱི་རྣམ་པ་མ་འདྲེས་པར་ཀུན་རྫོབ་ཀྱི་བདེན་པ་རྟོགས་པས་ཆོས་ཅན་སྒྱུ་མའི་དཔེ་བརྒྱད་དུ་དབང་པོ་དང་ཆོས་དང་ལས་འབྲས་དང་ལམ་ལ་སོགས་འདོམ་པར་མཛད་པའོ། །ཐུགས་རྗེའི་ཆ་འདི་ལ་ཤེས་པས་བསྡུས་པའི་ཡེ་ཤེས་དང་། ཤེས་བྱས་བསྡུས་པའི་ཡེ་ཤེས་གཉིས་སུ་ཕྱེ་རུ་ཡོད་ལ། ཤེས་པས་བསྡུས་པ་ནི། སངས་རྒྱས་ལ་སྐུ་དང་ཡེ་ཤེས་ཀྱི་དགོངས་པ་རང་གསལ་དུ་གནས་ལ། སེམས་ཅན་ལ་ཕྲ་བ་སྙིང་པོའི་ཚུལ་དུ་གནས། ཤེས་བྱས་བསྡུས་པའི་ཡེ་ཤེས་ལ་གཉིས་ཏེ། ཇི་སྙེད་པ་ཤེས་བྱའི་རྣམ་པ་ལ་ཅི་སྣང་བ་ཐམས་ཅད་སོ་སོར་མ་འདྲེས་པར་མཁྱེན་པ་དང་། ཇི་ལྟ་བ་ཤེས་བྱའི་གནས་ལུགས་སྤྲོས་བྲལ་ནམ་མཁའ་ལྟ་བུ་མཁྱེན་པའོ། །དེ་ལྟར་ཡེ་ཤེས་རྣམ་པ་གཉིས་ལས། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལའང་ངོ་བོ། ངེས་ཚིག རབ་ཏུ་དབྱེ་བ་དང་གསུམ་ལས། ངོ་བོ་ནི་ཆོས་སོ་ཅོག་གི་གནས་ལུགས་ཕྱིན་ཅི་མ་ལོག་པར་མཁྱེན་པ་སྟེ། ཐལ་འགྱུར་ལས། ཇི་ལྟ་མཁྱེན་པའི་ཡེ་ཤེས་བཤད། །སྣང་ཆས་བརྗོད་གཞི་བྲལ་བ་ལ། །རང་སྣང་དག་པའི་གཟུགས་བརྙན་གསལ། །དངོས་པོའི་གནས་ལུགས་མཁྱེན་པ་ལ། །རང་དོན་རྟོགས་པས་འཁྲུལ་རྒྱུན་ཟད། །ཅེས་པ་དང༌། ཀློང་དྲུག་པ་ལས། ཤེས་བྱ་ཇི་ལྟ་ཉིད་མཁྱེན་པའི། །ཐུགས་རྗེའི་ཆ་ཡི་ཡེ་ཤེས་ཀྱིས། །རང་གི་དངོས་པོའི་གནས་ལུགས་མཁྱེན། །ཞེས་སོ། །ཇི་ལྟར་མཁྱེན་པའི་ཡེ་ཤེས་ཀྱི་ངོ་བོ་དེ་རང་གིས་རིག་པ་ཡེ་ནས་མཁྱེན་ཆར་གནས་པ་ཞིག་གོ །ངེས་ཚིག་ནི། །ཐལ་འགྱུར་ལས། ཇི་ཞེས་བྱ་བ་གནས་ལུགས་ལ། །ལྟ་བ་ཡེང་པ་མེད་པར་སྤྱོད། །མཁྱེན་པ་འགག་པ་མེད་ཕྱིར་རྫོགས། །ཡེ་ནི་ལམ་དུ་གྱུར་པ་ལ། །ཤེས་པས་ཚད་དུ་ཕྱིན་པའོ། །ཞེས་སོ། །འདིའི་ངེས་ཚིག་ཡེ་ནས་གནས་པའི་དོན་རྟོགས་ཤིང་ཤེས་པའོ། དབྱེ་ན་ཆོས་ཅན་སྣང་བའི་གནས་ལུགས་ཇི་ལྟ་བ་མཁྱེན་པ་དང༌། ཆོས་ཉིད་སྟོང་པའི་གནས་ལུགས་ཇི་སྙེད་མཁྱེན་པའོ། །དེ་ཡང་སྣང་ཆའི་སྙེད་པ་མཁྱེན་པ་མ་ཡིན་ནམ་ཞེ་ན། སྣང་བའི་ཆ་ལ་ངོ་བོ་དང་རྣམ་པ་གཉིས་ལས། ངོ་བོ་ཇི་ལྟ་བ་མཁྱེན་ལ་རྣམ་པ་ཇི་སྙེད་པ་མཁྱེན་ཏེ། ཨུཏྤལ་དང་དེའི་ཆོས་སྔོན་པོ་ལ་སོགས་པ་བཞིན་ནོ། །ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ལའང་ངོ་བོ། །ངེས་ཚིག རབ་ཏུ་དབྱེ་བ་དང་གསུམ་ལས། ངོ་བོ་ནི་གདུལ་བྱའི་ཁམས་དང་བག་ལ་ཉལ་ལ་སོགས་པ་ཆོས་ཅན་སྣང་བའི་བྱེ་བྲག་གི་ཆ་མ་འདྲེས་པར་མཁྱེན་པ་སྟེ། ཀློང་དྲུག་པ་ལས། ཤེས་བྱ་ཇི་སྙེད་མཁྱེན་པ་ཡི། །ཐུགས་རྗེ་ཡི་ནི་ཡེ་ཤེས་ཀྱིས། །གདུལ་བྱ་རྣམས་ཀྱི་བསམ་པ་མཁྱེན། །ཞེས་པ་དང༌། ཐལ་འགྱུར་ལས། དེ་ལ་ཤེས་བྱ་ཇི་སྙེད་བཤད། །འདིས་ནི་གདུལ་བྱའི་བསམ་པ་མཁྱེན། །གཞན་དོན་ཁོང་དུ་ཆུད་པ་ཡི། །ཆོས་རྣམས་རང་བཞིན་ཤེས་པའོ། །ཞེས་སོ། །ངེས་ཚིག་ནི། རྒྱུད་དེ་ཉིད་ལས། ཇི་ཞེས་བྱ་བ་གནས་ལུགས་ལ། །སྙེད་པས་མ་ལུས་རྫོགས་པར་བྱས། །ཡེ་ནི་སེམས་ཅན་ཀུན་དོན་ལ། །ཤེས་པ་ཁམས་གསུམ་དོང་ནས་འབྱིན། །ཞེས་སོ། །དབྱེ་ན་སྤྲུལ་སྐུས་འཇལ་རུང་གི་ཆོས་སོ་ཅོག་དག་པ་སངས་རྒྱས་ཀྱི་ཆོས་ཀྱི་རྣམ་གྲངས་དང༌། མ་དག་པ་སེམས་ཅན་གྱི་རྣམ་གྲངས་ཇི་སྙེད་པ་མཁྱེན་པས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་དོན་གཉིས་ཡིད་བཞིན་གྱི་ནོར་བུ་ལྟར་ལྷུན་གྲུབ་ཏུ་མཛད་པ་སྟེ། །ཐལ་འགྱུར་ལས། སྤྲུལ་པ་སྐུ་ཡི་མཁྱེན་པའི་ཆ། །རང་སྣང་ངོ་ལ་རྫོགས་པའོ། །ཞེས་སོ། །དེ་ལྟར་ན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པས་རང་དོན་དབྱིངས་སུ་རྫོགས་ནས་གཞན་དོན་ལྷུན་གྱིས་གྲུབ་པར་མཛད་པ་ནི་འདིའི་འབྲས་བུ་སྟེ། དེ་ལྟར་ན་སངས་རྒྱས་ཀྱི་སའི་ཡོན་ཏན་ཐམས་ཅད་ཚུར་བསྡུ་ན་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ནང་དུ་འདུས་པ་སྟེ། སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོ་གཟུགས་སྐུ་མཚན་དང་དཔེ་བྱད་གསལ་བ་དང༌། ཆོས་སྐུ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་རང་བཞིན་ཅན་དང༌། གསུང་མི་ཟད་པ་རྒྱན་གྱི་འཁོར་ལོ་ཆོས་ཀྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པའི་འཁོར་ལོ་དང་བཅས་པ་དང༌། ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་སྤངས་པ་དང་རྟོགས་པའི་རང་བཞིན་ཚད་མེད་པ། མངོན་པར་ཤེས་པ་བསམ་མི་ཁྱབ་པ་དང༌། ཏིང་ངེ་འཛིན་རྒྱ་མཚོ་ལ་མངའ་བརྙེས་པ། ཡོན་ཏན་མི་ཟད་པ་རྒྱན་གྱི་འཁོར་ལོ། སྟོབས་བཅུ་དང༌། མི་འཇིགས་པ་བཞི་དང༌། མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་དང་ལྡན་པ། འཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་ཐམས་ཅད་ཀྱི་དོན་གཉིས་ལྷུན་གྱིས་གྲུབ་པའི་མཛད་པའོ། །ཀློང་དྲུག་པ་ལས། ཆོས་སྐུ་ནམ་མཁའ་ལྟ་བུ་ལས་ལོངས་སྐུ་སྐར་མའི་ཚོགས་ལྟ་བུར་རང་ཤར་ནས་སྤྲུལ་སྐུ་སྤྲིན་ཕུང་ལྟ་བུར་རང་འདུས་ཏེ་སེམས་ཅན་གྱི་དོན་མ་འགགས་པར་བྱེད་པའོ་ཞེས་པ་དང༌། མངོན་རྟོགས་རྒྱན་ལས་ཀྱང༌། གང་གིས་སྲིད་པ་ཇི་སྲིད་པར། །འགྲོ་ལ་ཕན་པ་སྣ་ཚོགས་དག །མཉམ་དུ་མཛད་པའི་སྐུ་དེ་ནི། །ཐུབ་པའི་སྤྲུལ་སྐུ་རྒྱུན་མི་འཆད། །ཅེས་རྒྱ་ཆེར་གསུངས་སོ། །སྤྲུལ་སྐུའི་ཡེ་ཤེས་གཉིས་འདིས་ཤེས་བྱ་ཐམས་ཅད་ལ་ཁྱབ་པར་འཇུག་པ་སྟེ། སྣང་བས་བསྡུས་སོ་ཅོག་ཇི་སྙེད་པའི་ཡེ་ཤེས་ཀྱིས་མཁྱེན་ལ། སྟོང་པས་བསྡུས་སོ་ཅོག་ཇི་ལྟ་བའི་ཡེ་ཤེས་ཀྱིས་མཁྱེན་པས། ཀུན་རྫོབ་ཀྱི་ཆོས་ཐམས་ཅད་མ་འདྲེས་པར་མཁྱེན་ནས་གདུལ་བྱའི་དབང་པོ་དང་ཁམས་དང་མོས་པ་དང་བག་ལ་ཉལ་མཐའ་ཡས་པའི་ཚོགས་ལ་འདོམས་པར་མཛད་ཅིང་། དོན་དམ་པའི་ཆོས་ཉིད་མཁྱེན་ནས་སྟོང་པ་དང་། མཚན་མ་མེད་པ་དང་། འོད་གསལ་བའི་ཆོས་མངོན་པར་འདུ་མཛད་དོ། །དེ་ལྟར་ན་སངས་རྒྱས་སྐུ་གསུམ་གྱི་བདག་ཉིད་ཅན་གྱི་ཡེ་ཤེས་གསུམ་ནི། སྤྲུལ་བའི་སྐུ་ཕྱིར་སྣང་གི་ཤེས་བྱའི་རྣམ་པ་སྣང་སྟོང་གཉིས་མཁྱེན་པ་ལ་ལྟོས་ནས། ཆོས་ཅན་དོན་གྱི་རྣམ་པ་དང་། ཆོས་ཉིད་ཞི་བའི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ལོངས་སྐུ་ཐད་ཀའི་རང་སྣང་འོད་གསལ་ཡེ་ཤེས་ཀྱི་ཤེས་བྱའི་རྣམ་པ་ལ་ལྟོས་ནས། ཐམས་ཅད་མཁྱེན་པའི་ཡེ་ཤེས་དང་། ཆོས་སྐུ་ནང་གསལ་གྱི་ངོ་བོ་གཞི་གནས་ཀྱི་ཡེ་ཤེས་འཆར་གཞིའི་ཆ་ཙམ། རང་མལ་ཀ་དག་གི་དབྱིངས་ན་མཁྱེན་པ་ནང་གསལ་དུ་གནས་པའོ། །ཚིག་དོན་རིན་པོ་ཆེའི་མཛོད་ལས་མཐར་ཕྱིན་པ་འབྲས་བུའི་རིམ་པ་སྟེ་ཀུན་ཏུ་བཟང་པོ་བྱང་ཆུབ་མཆོག་གི་གནས་གྲོལ་ས་ཆེན་པོའི་ཚུལ་རྒྱ་མཚོ་གཏན་ལ་ཕབ་པ་སྟེ་རྡོ་རྗེའི་གནས་ཐ་མ་རྒྱ་ཆེར་བཤད་པའོ།།

༼ག༽ ཐ་མ་དགེ་བ་མཇུག་གི་དོན་མཇུག་ཡོངས་སུ་རྫོགས་པའི་བྱ་བ་བསྟན་པ།

དེ་ཡན་གྱིས་གསང་བ་བླ་ན་མེད་པ་འོད་གསལ་རྡོ་རྗེ་སྙིང་པོའི་གནས་གསུམ་གསལ་བར་བྱེད་པའི་བསྟན་བཅོས་ཆེན་པོ་ཚིག་དོན་རིན་པོ་ཆེ་འདི་ཉིད་ཀྱི་ཐོག་མ་དགེ་བ་ཀླད་ཀྱི་དོན་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་དང་། བར་དུ་དགེ་བ་གཞུང་གི་དོན་བརྩམ་བྱ་བསྟན་དངོས་ཀྱི་ལུས་ཡོངས་སུ་རྫོགས་པ་རྡོ་རྗེའི་གནས་བཅུ་གཅིག་གིས་གསལ་བར་བྱས་པ་དེ་ཉིད་འཆད་གྲུབ་ནས། ད་ནི་ཐ་མ་དགེ་བ་མཇུག་གི་དོན་མཇུག་ཡོངས་སུ་རྫོགས་པའི་དགེ་བ་རྫོགས་བྱང་དུ་བསྔོ་བ་སྨོན་ལམ་གྱིས་མཐའ་བརྒྱན་ནས་མཛད་བྱང་དང་བཅས་པ་བསྟན་པ་ལ། དེ་ལྟར་ལེགས་བཤད་འོད་ཟེར་སྟོང་ལྡན་ཆོས་དབྱིངས་ནམ་མཁའི་དབྱིངས་ཁྱབ་པ། །བློ་གྲོས་ཡངས་པའི་རྟ་བདུན་གྱིས་བསྐྱོད་ཚིག་དོན་རྣམ་བཀྲའི་དཀྱིལ་འཁོར་རྒྱས། །ཟབ་ཅིང་རྒྱ་ཆེའི་རྣམ་འགྲོས་རབ་བརྟན་གླིང་བཞིའི་མུན་པ་སེལ་བ་གང༌། །བསྟན་པའི་པད་ཚལ་རབ་ཏུ་རྒྱས་བྱེད་འོད་གསལ་མཛོད་ཀྱི་སྣང་བ་སྤྲོས། །བརྗོད་བྱ་ཟབ་དང་རྒྱ་ཆེའི་ཆོས་ཚུལ་དེ། བརྗོད་བྱེད་ཚིག་དོན་གྱི་རྣམ་པར་བཞག་པས་འགྲོ་བའི་བློའི་མུན་པ་སེལ་བའི་མཁྱེན་དཔྱོད་དེ་མཁའ་དབྱིངས་ཉིན་བྱེད་གླིང་བཞི་དང་བཅས་པའི་གཟུགས་སུ་བཀོད་ནས་གང་བརྩམ་བྱའི་བསྟན་བཅོས་ཚིག་དོན་རིན་པོ་ཆེའི་མཛོད་དམ་འོད་གསལ་རིན་པོ་ཆེའི་མཛོད་དེའི་མཚན་གསལ་བ་མཛད་པའོ། །གང་འདིར་མ་ལུས་ཡོན་ཏན་རབ་རྫོགས་རྒྱལ་བའི་ཐུགས་ཀྱི་གསང་བ་ལས། །མཆོག་གསང་རབ་མཆོག་རྫོགས་པ་ཆེན་པོ་འོད་གསལ་རྡོ་རྗེ་སྙིང་པོའི་རྩེ། །སྐལ་བཟང་སྐྱེ་བོ་ཐར་པ་འདོད་རྣམས་ཚེ་གཅིག་བྱང་ཆུབ་བསྒྲུབ་པའི་གནས། །ཤིན་ཏུ་རྨད་བྱུང་རླབས་ཆེན་གང་དེ་འགྲོ་ལ་ཕན་ཕྱིར་གསལ་བར་བཤད། །རང་བཞིན་བརྗོད་པའི་རྒྱན་གྱི་ཐོག་ནས་བསྟན་བཅོས་འདི་ཉིད་བརྩམས་པའི་དགོས་པ་བསྟན་པའོ། །ནམ་མཁའ་བཞིན་ཏེ་ཤིན་ཏུ་རྒྱ་ཆེ་ཚུ་རོལ་མཐོང་བའི་ཡུལ་མིན་ཞིང༌། །རྒྱ་མཚོ་ཇི་བཞིན་ཟབ་ཅིང་བརྒལ་དཀའ་བློ་གྲོས་ཆུང་ངུའི་སྤྱོད་ཡུལ་མིན། །ཉི་ཟླ་བཞིན་ཏེ་འོད་གསལ་མདངས་བཀྲ་སྐྱེ་དགུའི་ལམ་བཟང་སྣང་བྱེད་པ། །ནོར་བུ་ཇི་བཞིན་ཡོན་ཏན་རབ་རྫོགས་གསང་ཆེན་དམ་པའི་རིན་ཆེན་མཛོད། །དཔེ་རྒྱན་གྱི་ཐོག་ནས་འོད་གསལ་གསང་བ་སྙིང་ཐིག་ཟབ་དོན་གནད་ཀྱི་ཡང་བཅུད། ཚུར་རོལ་མཐོང་བའི་བློའི་ཡུལ་དུ་མ་གྱུར་ཀྱང་། འཕགས་པའི་མཉམ་བཞག་གི་ཡེ་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་གང་ཡིན་པ་དེའི་གནད་གསང་དེ་ཉིད། སྐྱེ་དགུའི་ལམ་བཟང་སྣང་བར་བྱེད་པའི་འདོད་དོན་འགྲུབ་པར་བྱེད་པའི་ཡིད་བཞིན་གྱི་ནོར་བུ་དགོས་འདོད་འབྱུང་བ་ནི་གསང་ཆེན་དམ་པའི་ཆོས་ཀྱི་རིན་པོ་ཆེའི་མཛོད་ཁང་འདི་ཉིད་ཡིན་ནོ་ཞེས་པའོ། །གང་འདི་ཀུན་གྱིས་རྟོགས་པར་དཀའ་ཡང་དཔལ་མགོན་བླ་མའི་བྱིན་རླབས་དང༌། །སྣ་ཚོགས་ཐེག་པའི་སྒོ་ལ་རྣམ་སྦྱངས་བློ་གྲོས་མིག་སྟོང་ལྡན་གྱུར་པས། དམ་ཆོས་ཟབ་མོའི་སྐལ་བ་མི་དམན་དེ་སླད་བདག་གིས་རྣམ་ཕྱེ་སྟེ། །ཕྱི་རབས་སྐལ་ལྡན་བྱང་ཆུབ་འདོད་རྣམས་དོན་དུ་བདག་གིས་ལེགས་པར་བཤད། །གསང་ཆེན་ཟབ་མོའི་དགོངས་མཛོད་འདི་སྐྱེ་བོ་ཀུན་གྱིས་རྟོགས་པར་དཀའ་བའི་གནས་ཡིན་ཡང་དཔལ་མགོན་བླ་མ་དམ་པའི་ཐུགས་རྗེའི་བྱིན་རླབས་དང་རང་གི་མཁྱེན་དཔྱོད། ཀུན་མཁྱེན་འཇིགས་གླིང་གིས་ངག་བསྟོད་ལས། ཕྱོགས་རེའི་གཞུང་ལ་ཐལ་རྒྱུག་མ་ཡིན་ཤེས་བྱར་སྲིད་ཚད་མཁྱེན་རབ་འདྲེན་བྱེད་བརྒྱད་ཀྱིས་དཔྱོད། །ཐུབ་བསྟན་བཤད་སྒྲུབ་མདོ་སྔགས་ཆོས་ཀྱི་རྒྱལ་སྲིད་ཆེན་པོ་མི་མཇེད་འཇིག་རྟེན་ཡངས་པའི་ཁྲིར། །སྟོབས་བཅུ་མངའ་ཀུན་མགྲིན་གཅིག་བླངས་པའི་དབྱངས་ཀྱིས་མངའ་གསོལ་མཆོག་གི་སྤྲུལ་སྐུ་ཀློང་ཆེན་པ། །ཞེས་གསུངས་པ་བཞིན་དུ་ཤེས་བྱ་རྒྱ་མཚོ་ལ་བློ་གྲོས་ཀྱི་འཇུག་པ་ཡངས་པ། སྤྱིར་བཏང་བ་ཙམ་གྱིས་མི་ཚད་པར་སྐྱེས་སྦྱངས་ཀྱི་མཁྱེན་པ་ཟླ་མེད་པ། ཤེས་བྱ་སྲིད་ཚད་མཁྱེན་པའི་སྤྱན་རས་ཀྱིས་མདོ་རྒྱུད་རྒྱ་མཚོའི་དགོངས་དོན་རྣམ་པར་ཕྱེས་ནས། ཕྱི་རབས་སྐལ་ལྡན་གྱི་གདུལ་བྱའི་དོན་དུ་བདག་ཀློང་ཆེན་པས་ལེགས་པར་བཤད་ཅེས་སོ། །འགྲོ་བར་བརྒལ་དཀའི་ཉི་གཞོན་དམར་བས་རབ་བརྟན་གདོང་བཞིའི་པད་མོ་ཅན། །བདེ་སོགས་དབང་པོའི་དཔལ་ལས་རབ་རྒྱལ་ཕུན་ཚོགས་ནོར་བུའི་ཕྲེང་གདུབ་ཀྱིས། །མི་འཕྲོགས་ཞིང་གི་མཚོ་ཆུ་བསིལ་བས་བདུད་རྩི་དག་བྱེད་དང༌ལྡན་ཞིང༌། །རྣམ་བཀྲའི་མཛེས་བྱེད་རང་དགར་རོལ་པས་འཇིག་རྟེན་གསུམ་ན་མཚུངས་བ་མེད། །ལྷ་བརྒྱའི་ལག་པད་སྤྱི་བོ་ཟུམ་པས་ཉེར་སྡོད་གོང་གི་མགོར་ལྷུང་བ། །དྲང་སྲོང་རྒྱ་མཚོའི་རྩེ་མོར་གྱུར་གང་དེས་ཀྱང་མངོན་པར་ཕྱག་བྱས་ཤིང༌། །རྣམ་གྲོལ་ཡོན་ཏན་མཚོ་ཆེན་དབུས་ན་ཐོག་མའི་རྒྱལ་བས་ཕྱག་མཛད་པ། །དེ་སླད་རང་བཞིན་རྫོགས་པ་ཆེན་པོ་དཔེ་ལས་འདས་པའི་ཆོས་ཀྱི་མཛོད། །གང་དག་མཐོང་ཐོས་སྐལ་བ་མཆོག་རབ་སྲིད་གསུམ་ཆུ་བོའི་ཕ་རོལ་ཞིང༌། །བརྩོན་པས་ལྷུར་ལེན་འབྱུང་བཞི་རང་དེངས་དེ་སླད་དེ་འདྲར་གཞན་གྱིས་ཅི། །འབད་ཅིང་རྩོལ་མེད་རང་བཞིན་གནས་སུ་ཉོན་མོངས་རྣམ་དག་ཀློང་ཡངས་པས། །སྤང་གཉེན་རྒྱུ་འབྲས་ཆོས་ལས་རྣམ་འདས་ཀུན་གྱི་ནང་ནས་རྩེ་མོར་གྱུར། །གང་འདིས་གནས་ཀྱང་ཤིན་ཏུ་རྒྱ་ཆེ་རྒྱུད་ལུང་མན་ངག་གྲངས་མེད་ལ། །རྡོ་རྗེའི་གནས་ཀྱང་མཆོག་ཏུ་རྟོགས་དཀའ་དཔག་མེད་ནམ་མཁའ་རྒྱ་མཚོའི་ཀློང༌། །གསལ་བར་རྣམ་ཕྱེ་གཅིག་ཏུ་བསྡུས་ནས་ཟབ་ཅིང་རྒྱ་ཆེའི་དོན་གསལ་བ། །གུས་པས་རྣམ་བཤད་ནོར་བ་རྣམ་སྤངས་འགྲོ་ཀུན་བློ་ཡི་བདུད་རྩིར་བྱས། །ཆོས་ཚུལ་འདི་ནི་ཚིག་དོན་རིན་ཆེན་མཛོད། །ཟབ་ཅིང་རྒྱ་ཆེའི་ཉི་ཟླ་མདངས་བཀྲ་ཞིང༌། །ལེགས་བཤད་བཀོད་པའི་འོད་ཟེར་སྟོང་འཕྲོ་བས། །མ་རིག་མུན་སེལ་ཐར་གླིང་སྣང་བྱེད་ཡིན། །ཆོས་ཀྱི་རྣམ་གྲངས་འོད་བརྒྱ་པས། །ཉོན་མོངས་མི་ཤེས་མུན་པ་དང༌། །ཐེ་ཚོམ་གདུང་བ་རྣམ་བསལ་ཞིང༌། །བློ་གསལ་ཀུནྡའི་ཚལ་རབ་རྒྱས། །གཞུང་ལུགས་གསལ་བའི་རྔ་ཆེན་བརྟེན་སྒྲོགས་པས། །ཡང་ཟབ་དུས་མཚམས་ཞི་བའི་གནས་ཀུན་ཁྱབ། །མི་ཤེས་གཉིད་མྱོས་གྱུར་ལས་རབ་སད་དེ། །ཐར་པའི་གྲང་དུ་ཀུན་དགའི་དགའ་སྟོན་སྤེལ། །སྐྱེ་བོ་དམ་པ་བྱང་ཆུབ་ཚལ་དུ་མཆོག་འགྲོ་བ། །གང་རྣམས་ལམ་ནི་ཆོས་མཆོག་གཞན་མེད་འདི་བསྟེན་མཛོད། །མྱུར་དུ་ཞི་བའི་དགའ་ཚལ་རབ་ཏུ་ཉམས་དགའ་བ། །སྐུ་དང་ཡེ་ཤེས་ལྗོན་ཚོགས་མེ་ཏོག་མཛེས་པར་འགྱུར། །བློ་གྲོས་མཁའ་ལ་ཐོས་པའི་སྤྲིན་ཆེན་གློག་ཕྲེང་ཅན། །དོན་ཟབ་འབྲུག་སྒྲའི་ང་རོས་གསལ་བར་ཁྱབ་པ་སྟེ། །ཟབ་མོའི་ཆོས་ཚུལ་འོད་གསལ་མཛོད་ཀྱི་ཆར་བཟང་པོ། །སྐལ་ལྡན་རྣམས་ལ་ཕན་པ་མཛད་པའི་དོན་དུ་སྤྲོས། །རྒྱལ་བ་རིག་འཛིན་རྒྱ་མཚོ་དཔག་མེད་ཀྱི། །དགོངས་པ་འགྲོ་ཕན་བཞེད་དེ་རྫོགས་ཕྱིར་དང༌། །དཔལ་མགོན་བླ་མའི་བཀའ་རྣམས་བསྡུ་བྱའི་ཕྱིར། །སྙིང་ཏིག་ངེས་པའི་བཀའ་རྣམས་འདིར་གཅིག་བྱས། །དེང་སང་དུས་ན་འདི་ཡི་གནད་རྣམས་འཆུགས། །གྲུབ་མཐའ་འདྲེས་ཤིང་དགོངས་པ་གཞན་དང་བསྟུན། །ཁྱད་པར་མི་ཤེས་འོག་མའི་དོན་དང་སྦྱོར། ཉམས་ལེན་གནད་འཆུགས་འདྲ་མིན་བསྲེས་བསླད་གྱུར། །དེ་ཕྱིར་ཆོས་ཚུལ་མཆོག་འདི་ནུབ་ཏུ་ཉེ། །འདི་དོན་བསམས་ནས་ཕྱི་རབས་འགྲོ་བའི་ཕྱིར། །བླ་མའི་གསུང་དང་རང་གི་ཉམས་རྟོགས་དང༌། །རྒྱུད་ལུང་མན་ངག་སྙིང་པོའི་བཅུད་བསྡུས་ཏེ། །ཡང་ཟབ་གནད་ཀྱི་མན་ངག་མཐར་ཕྱིན་པ། །གང་དང་མི་འདྲ་ཀུན་ལས་འཕགས་པའི་དོན། །ཚིག་དོན་རིན་ཆེན་མཛོད་ཀྱི་རྣམ་བཤད་བྱས། །སྐལ་བཟང་སྐྱེ་བོའི་ཚོགས་རྣམས་དགའ་བར་མཛོད། །སྨོན་ལམ་དང་བསྔོ་བ་ནི། དགེ་བ་དེ་ཡིས་བདག་དང་འགྲོ་བ་ཀུན། །སྲིད་ལས་རྣམ་གྲོལ་ཡོན་ཏན་རྫོགས་པའི་དཔལ། །ཀུན་ཏུ་བཟང་པོའི་གོ་འཕང་མཆོག་ཐོབ་ནས། །གཞན་དོན་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག །རབ་དགེ་དྲི་མེད་ཤིན་ཏུ་རྒྱ་ཆེ་ནམ་མཁའི་དབྱིངས་ཀུན་ཁྱབ་པ་དེས། །མ་ལུས་འགྲོ་ཀུན་བདེ་ཆེན་མཆོག་ཞུགས་འོད་གསལ་སྣང་བ་བཞི་མཐོང་ནས། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་འཁོར་བ་ཕྱམ་གཅིག་སྟོངས་གྱུར་ཏེ། །ཐར་པའི་ཞིང་ཁམས་ཀུན་ཏུ་གང་བས་ཡོན་ཏན་འབྱོར་པ་རྒྱས་པར་ཤོག །ཕྱོགས་དང་དུས་ཀུན་སྐྱེ་དགུ་བདེ་ཞིང་སེམས་གཙང་དང་བའི་ས་གཞི་ལ། །དགེ་བའི་ས་བོན་དཔེ་མེད་འདེབས་ཤིང་རྟག་ཏུ་དམ་པའི་ཆོས་བྱེད་ཅིང༌། །ཐར་པའི་མྱུ་གུ་ལོ་འབྲས་སྨིན་པས་ས་དང་ལམ་གྱི་མཆོག་གྲུབ་ནས། །ཀུན་མཁྱེན་སངས་རྒྱས་ས་ཐོབ་ཕྱིར་གྱུར་གཞན་དོན་འཕྲིན་ལས་རྫོགས་པར་ཤོག །ཆོས་ཚུལ་འདི་ཡང་ཉི་ཟླ་ཇི་བཞིན་ཀུན་ལ་ཁྱབ་པས་མ་རིག་མུན་པ་རྣམ་སེལ་ཞིང༌། །ནོར་བུ་བཞིན་ཏེ་དོན་ཀུན་འབྱུང་བས་སྐྱེ་དགུའི་རེ་བ་རྣམ་སྐོང་ཞིང༌། །ཆུ་བོ་ཇི་བཞིན་རྒྱུན་ཆད་མེད་པས་རྟག་པར་རྒྱུན་གནས་རླབས་ཆེ་ཞིང༌། །རྒྱལ་བ་ཇི་བཞིན་མཛད་པ་མཐའ་ཡས་འཛམ་བུའི་གླིང་གི་རྒྱན་གྱུར་ཤོག །བདག་དང་དམ་ཆོས་རང་བཞིན་ལྷུན་གྲུབ་རྗེས་ཞུགས་འགྲོ་བ་དཔག་མེད་རྣམས། །རང་གཞན་དོན་གཉིས་མཛད་པ་རྒྱ་ཆེན་ལྷུན་གྱིས་གྲུབ་པའི་སྣང་བ་ལ། །ཡེ་ཤེས་དཔེ་མེད་འབྱོར་པ་རྒྱ་མཚོ་ངང་གིས་ལྷུན་གྲུབ་འོད་གསལ་ཞིང༌། །བཀྲ་ཤིས་བདེ་ལེགས་ཉིན་མོར་བྱེད་པས་ལྷུན་གྱིས་གྲུབ་པའི་གནས་ཐོབ་ཤོག །དཔལ་ལྡན་བཀྲ་ཤིས་རྒྱ་མཚོ་སྙིང་པོ་ཡོན་ཏན་འབྱོར་པའི་གངས་ཆེན་མཚོ། །ཡིད་བཞིན་དབང་པོ་བཀྲ་ཤིས་ཕུན་ཚོགས་རྟག་ཏུ་གཞན་ལ་ཕན་བརྩོན་ཞིང༌། །མཐོང་ཐོས་དྲན་རེག་ཐར་བའི་གྲོང་དུ་བཀྲ་ཤིས་བདེ་ལེགས་འབྱོར་བའི་དཔལ། །རླབས་ཆེན་འཕྲིན་ལས་རྫོགས་པའི་བཀྲ་ཤིས་དངོས་གྲུབ་རྒྱ་མཚོ་མཐའ་ཡས་ཤོག །ཅེས་བཀྲ་ཤིས་བརྗོད་པའི་ཚིག་གིས་མཐའ་བརྒྱན་ནས་མཛད་བྱང་ནི། ཚིག་དོན་རིན་པོ་ཆེའི་མཛོད་ཅེས་བྱ་བ་ཐེག་པ་མཐའ་དག་གི་དོན་ལ་མང་དུ་ཐོས་པའི་བློ་གྲོས་རླབས་ཆེ་ཞིང་རྡོ་རྗེ་སྙིང་པོའི་ལམ་ལྡན་ལྷུན་གྱིས་གྲུབ་པའི་འབྱོར་པས་མཛེས་པ། མང་དུ་ཐོས་པའི་ཆོས་སྨྲ་བ་ཀུན་མཁྱེན་ངག་གི་དབང་པོས་གངས་རི་ཐོད་དཀར་གྱི་མགུལ་དུ་ལེགས་པར་སྦྱར་པའོ།། དགེའོ།། དགེའོ།། དགེའོ།། །།དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་པའི་རང་གཞན་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཀྱི་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ། མཐའ་ཡས་པའི་སེམས་ཅན་ཐམས་ཅད་མྱུར་དུ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་རྒྱུར་འགྱུར་བའི་ཕྱིར་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པདྨོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །ན་མོ་གུ་རུ། །བསྐལ་མང་གོང་ནས་གཡོ་སྒྱུ་སྤངས་པའི་ཐུགས། །བཅོས་མའི་ཚུལ་སྤོང་དྲང་ཞིང་བདེན་པའི་གསུངས། །ཚུལ་འཆོས་མི་མངའ་ཚུལ་དང་མཐུན་པའི་སྐུ། །ཐུབ་པ་དྲང་སྲོང་ཆེན་པོ་ལ་ཕྱག་འཚལ། །ཐུབ་པ་དེ་སྲས་བདེན་པའི་དོན་གཟིགས་པའི། །བདེན་གསུངས་མངའ་བ་བདེན་ཚིག་གྲུབ་པའི་ཚོགས། །ཐེག་པ་གསུམ་གྱི་ཐར་པའི་ལམ་ཞུགས་པ། །དེ་དག་ཀུན་ལ་གུས་པས་ཕྱག་འཚལ་ལོ། །བདག་ནི་དེང་ནས་སྐྱེ་དང་ཚེ་རབས་སུ། །རྒྱལ་བ་སྲས་བཅས་ཁྱེད་དང་མི་འབྲལ་ཞིང་། །རྒྱལ་བ་སྲས་བཅས་ཁྱེད་ཀྱིས་རྗེས་བཟུང་ནས། །རྒྱལ་བ་སྲས་བཅས་ཁྱེད་བཞིན་འགྲུབ་པར་ཤོག །ལུས་སྤྱོད་ཚུལ་འཆོས་མེད་པར་དུལ་བ་དང་། །ངག་ཚིག་རྫུན་གཏམ་མེད་པར་བདེན་པ་དང་། །སེམས་སྤྱོད་གཡོ་སྒྱུ་མེད་པར་དྲང་བ་ཡིས། །ཆོས་མཐུན་གྲོགས་དང་བཤེས་གཉེན་བསྟེན་པར་ཤོག །ཐར་བའི་ལམ་ལ་དང་པོར་འཇུག་པའི་སྒོ། །འཁོར་བའི་གནས་ནས་དང་པོར་བྲོས་པའི་ལམ། །ཉམས་ལེན་ཆོས་རྣམས་ཀུན་གྱི་དང་པོའི་མགོ །བཅོས་མེད་ངེས་འབྱུང་རྒྱུད་ལ་སྐྱེ་བར་ཤོག །ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་འགྲུབ་པའི་ས་བོན་མ་ནོར་བ། །རྣམ་དག་བྱང་ཆུབ་སེམས་མཆོག་བསྐྱེད་པར་ཤོག །གོང་ནས་གོང་དུ་བྱང་ཆུབ་སེམས་མཆོག་འཕེལ། །ཚེ་རབས་ཀུན་ཏུ་བྱང་ཆུབ་སེམས་མི་བརྗེད། །ཡང་དང་ཡང་དུ་བྱང་ཆུབ་སེམས་བསྒོམས་ནས། །བྱང་ཆུབ་སེམས་དཔའི་སྤྱོད་ལ་འཇུག་པར་ཤོག །ཐུབ་པ་མཆོག་དང་འཇམ་དཔལ་དཔའ་བོ་དང་། །ཀུན་ཏུ་བཟང་པོའི་སྤྱོད་པ་གང་ཡིན་པ། །བདག་གི་ཚེ་རབས་སྤྱོད་ཀུན་དེ་འདྲ་བར། །གྱུར་ནས་དོན་གཉིས་སྤྱོད་པ་ལྷུན་གྲུབ་ཤོག །ཚེ་གཅིག་སངས་རྒྱས་སྒྲུབ་པའི་ལམ་བཟང་ཅན། །དུས་གཅིག་དོན་གཉིས་སྒྲུབ་པའི་ཐབས་མཁས་པོ། །ཚུལ་གཅིག་འཁོར་འདས་དབྱེར་མེད་ལྟ་བ་ཡིས། །ལམ་གཅིག་རྡོ་རྗེ་ཐེག་པར་འཇུག་པར་ཤོག །ལམ་འདིའི་ལམ་སྒོམ་རྡོ་རྗེ་འཛིན་པའི་ཚོགས། །ཀུན་ལ་བདེ་སྟོང་བསྐྱེད་པའི་གྲོགས་བགྱིད་ཅིང་། །ལྷན་ཅིག་སྐྱེས་པ་མཚོན་པའི་སྒོར་གྱུར་པའི། །ལམ་གཅིག་མཁའ་འགྲོའི་གླིང་དུ་རོལ་བར་ཤོག །བཅོས་མ་སྤང་བའི་སེམས་ཉིད་གཉུག་མའི་ཞལ། །བཅོས་མ་མིན་པར་རང་ངོ་རྗེན་པར་མཐོང་། །བཅོས་བསླད་བྲལ་བའི་མཉམ་གཞག་རྒྱུན་བསྐྱངས་ཏེ། །བཅོས་མེད་དོན་གྱི་འབྲས་བུ་ཐོབ་པར་ཤོག །གནས་སྐབས་སུ་ཡང་བསམ་པའི་དོན་ཀུན་འགྲུབ། །གསོན་པའི་ཚེ་ན་བསམ་པ་ངན་པ་མེད། །འཆི་བའི་ཚེ་ན་གནད་གཅོད་སྡུག་བསྔལ་མེད། །ཤི་ནས་འཁྲུལ་སྣང་འཇིགས་སྐྲག་མེད་པར་ཤོག །བདག་མཐོང་ཐོས་དང་དྲན་རེག་འགྲོ་བ་ཀུན། །ངེས་འབྱུང་བྱང་ཆུབ་སེམས་དང་ལྷན་ཅིག་སྐྱེས། །ཇི་ལྟར་རིག་པ་ཇི་བཞིན་རྒྱུད་སྐྱེས་ནས། །མྱུར་དུ་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག །སངས་རྒྱས་ཉི་མ་མཚན་དཔེའི་ཞལ་མཐོང་ཞིང་། །དམ་ཆོས་ཉི་མ་སྙིང་གི་བདུད་རྩིར་སྤྱོད། །དགེ་འདུན་ཉི་མ་ཐར་པའི་གྲོགས་གྱུར་ནས། །མཆོག་གསུམ་ཉི་མའི་འོད་དང་མི་འབྲལ་ཤོག །སྒྲུབ་པ་པོ་ཉི་མའི་ཐུགས་བཞེད་བཞིན་བཙུན་གཟུགས་དཔལ་དགེས་བྲིས་པའོ།། བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག །སྐྱེས་པ་ཉམས་པ་མེད་པར་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བྱང་ཆུབ་སྤྱོད་ལ་གཞོལ་བ་དང་། །སངས་རྒྱས་རྣམས་ཀྱིས་ཡོངས་གཟུང་ཞིང་། །བདུད་ཀྱི་ལས་རྣམས་སྤང་བར་ཤོག །ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་གཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་བ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བར་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །གངས་རིའི་ར་བས་སོགས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ།། །།

དེ་ལྟར་ཟབ་གསང་རྫོགས་པ་ཆེན་པོ་ཡི།།

གཞི་ལམ་འབྲས་བུའི་ཟབ་གནད་མ་ལུས་པ།།

བརྒྱུད་གསུམ་བླ་མའི་མན་ངག་ལ་བརྟེན་ནས།།

ཉམས་ལེན་གནད་དུ་དྲིལ་བའི་གཞུང་ཡིན་པས།།

རྟོག་གེའི་ཐལ་རྒྱུགས་བྱེད་པའི་མཁས་རློམ་དང་།།

རྨོངས་སྒོམ་ཨུ་ཚུགས་བྱེད་པའི་རི་ཁྲོད་པ།།

གཞུང་བཟང་འདི་ལ་བརྟེན་པར་གྱིས་ཤིག་དང་།།

སྙིང་གི་རབ་རིབ་སེལ་བའི་ཐུར་མ་ཡིན།།

ངེས་དོན་སྙིང་པོ་ཨ་ཏིའི་དགོངས་དོན་མཆོག།

དུས་ཀྱི་ཁམས་སུ་ཡིད་ཙམ་ཉལ་བ་དེ།།

མངོན་པར་སློང་བའི་འབྲུག་སྒྲ་བཟང་པོ་ཡིན།།

བསྟན་པ་འཛིན་རྣམས་དགྱེས་པའི་གསོས་སུ་ཆེ།།

རང་བཟོའི་ཚིག་གི་སྙན་རིས་རབ་དོར་ནས།།

དཔལ་ལྡན་བླ་མ་སངས་རྒྱས་དངོས་བྱོན་གྱི།།

ཞལ་གྱི་གདམས་པ་ཐང་མར་བརྡལ་བས་ན།།

གཟུར་གནས་སྐྱེ་བོའི་ཚོགས་རྣམས་དགའ་བར་ངེས།།

དྲི་མེད་གཞུང་འདི་བགོ་སྐལ་ཐོབ་པ་ཡི།།

སླད་ནས་འབྱོན་པའི་དད་ལྡན་ཚོགས་ཀྱིས་ཀྱང་།།

བླ་མ་མཆོག་ལ་སངས་རྒྱས་དངོས་མཐོང་གིས།།

གུས་པས་ལོངས་དང་དགོངས་བརྒྱུད་བྱིན་རླབས་འཕོ།།

ཟབ་གསང་རྫོགས་ཆེན་བཀའ་ཡི་བསྡུ་བ་ལ།།

མངོན་པར་བརྩོན་པའི་བསོད་ནམས་གང་ཐོབ་དེས།།

འགྲོ་ཀུན་ཀུན་བཟང་ཀློང་དུ་རབ་གྲོལ་ནས།།

བདག་ཀྱང་གསང་བདག་དཔའ་པོ་ཇི་བཞིན་ཤོག།

དེ་ལྟར་ཟབ་གསང་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་བུའི་གནད་ཐམས་ཅད་གཏན་ལ་འབེབས་པར་བྱེད་པའི་ཚིག་དོན་རིན་པོ་ཆེའི་མཛོད་ཀྱི་སྐྱུད་བྱང་འདི་ཉིད། རྗེ་གང་གི་ཞལ་སློབ་ཡོངས་ཀྱི་ཐ་ཤལ་བ་བསྟན་འཛིན་དགྲ་ལྷ་ནས་རབ་བྱུང་བཅུ་བདུན་པའི་རྣམ་འགྱུར་ལྕགས་སྟག་སྤྲེལ་ཟླའི་ཚེས་བཅུ་ལ་རུ་དམ་ཡང་དབེན་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ཉེ་ཞོལ་རང་སྐྱིལ་སྤོང་ཁང་དུ་མཇུག་ཡོངས་སུ་རྫོགས་པར་བགྱིས་པ་དགེའོ།། དགེའོ།། དགེའོ།། །།