འགོ་བརྗོད།

ཚོགས་གཉིས་ཆུ་གཏེར་བསྲུབས་པ་ལས་འཁྲུངས་ཤིང་།།

སྤངས་རྟོགས་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས།།

མཁྱེན་བརྩེ་འོད་ཟེར་འབུམ་གྱི་དྲྭ་བ་ཅན།།

ཐུབ་དབང་ལྷ་མིའི་བླ་མར་གུས་ཕྱག་འཚལ།།

གྲངས་མེད་བསྐལ་བར་གོམས་པའི་ཐུགས་བསྐྱེད་ལས།།

དཔག་མེད་འགྲོ་ལ་མཚན་དཔེའི་སྐུར་སྣང་བ།།

མཚུངས་མེད་འོད་སྣང་མཐའ་ཡས་གང་དེ་ལ།།

ཟོལ་མེད་སྒོ་གསུམ་གུས་པས་ཕྱག་འཚལ་ལོ།།

མཁྱེན་པས་ཤེས་བྱའི་ཆོས་ཀུན་ཇི་བཞིན་གཟིགས།།

བརྩེ་བས་འགྲོ་ཚོགས་ཀུན་ལ་བུ་ལྟར་དགོངས།།

ནུས་པས་ངན་འགྲོའི་གཡང་ལས་སྐྱོབ་མཛད་པ།།

གངས་རིའི་མགོན་པོ་སྤྱན་རས་གཟིགས་ལ་འདུད།།

བདེ་ལྡན་ཞིང་དུ་བྱང་སེམས་མཐུ་ཆེན་ཐོབ།།

གསང་སྔགས་བཀའ་ཡི་སྡུད་པོ་རྡོ་རྗེ་འཛིན།།

རབ་འབྱམས་ཞིང་དུ་མཚན་གྱི་གྲགས་འབར་བ།།

གསང་བའི་བདག་པོས་ཤིས་པའི་སྣང་བ་སྩོལ།།

སྣང་བ་མཐའ་ཡས་ཐུགས་ཀའི་ཧྲཱིཿཡིག་ལས།།

སིནྡྷུའི་དྭངས་མཚོར་པདྨའི་སྡོང་པོའི་རྩེར།།

ཐོལ་བྱུང་བརྫུས་སྐྱེས་ངོ་མཚར་སྤྲུལ་བའི་སྐུ།།

རྩ་གསུམ་ཀུན་འདུས་པདྨ་ཀཱ་རས་སྐྱོངས།།

སྤྱན་རས་གཟིགས་དངོས་ཀརྨ་ཆགས་མེད་ཞབས།།

སེམས་དཔའ་ཆེན་པོ་ཆོས་ཀྱི་དབང་པོ་སོགས།།

བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ལྷ།།

མཁའ་འགྲོ་ཆོས་སྐྱོང་བཅས་ལ་གུས་པས་འདུད།།

རྒྱལ་ཀུན་མཁྱེན་རབ་ཕུང་པོ་གཅིག་གྱུར་མེ་འབར་རལ་གྲིའི་འཕྲུལ་འཁོར་ཅན།།

གང་ཐུགས་པདྨའི་ཟེའུ་འབྲུར་སྨིན་པས་མི་འཇིགས་སྤོབས་པའི་གཏེར་བརྒྱད་གྲོལ།།

འཆད་རྩོད་རྩོམ་པའི་སྤོབས་པ་ཐོགས་མེད་ཡང་དར་བསྟན་པའི་སྒྲོན་མེ་སྦར།།

ཁྱབ་བདག་བླ་མ་༧པདྨ་སྐལ་བཟང་བདེ་ཆེན་འཁོར་ལོའི་རྒྱན་དུ་རོལ།།

ཐར་མེད་འཁོར་བའི་བཙོན་ར་འདི་ལས་རྣམ་དག་བདེ་ཆེན་ཞིང་ཁམས་སུ།།

སྐྱེ་བའི་རྒྱུ་དང་མི་སྐྱེའི་གེགས་སོགས་རབ་གསལ་མན་ངག་འབུམ་གྱི་བཅུད།།

མཚུངས་མེད་བླ་མའི་ལྗགས་ཁྲིད་ཟབ་མོ་དོན་བཟང་གསུང་གི་སྙིང་པོ་ཞིག།

ཕྱི་རབས་གདུལ་བྱའི་ཆེད་དུ་བསམ་སྟེ་ངས་འདི་སྤེལ་གྱིས་གུས་པས་ལོངས།།

དེ་ལྟར་ཤིས་པར་བརྗོད་པའི་ཚིག་གིས་མདུན་བསུས་ཏེ་གང་གླེང་བར་བྱ་བ་ནི། རབ་འབྱམས་ཕྱོགས་བཅུའི་ཞིང་ན་བཞུགས་པའི་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཡོངས་ཀྱི་གསང་བ་གསུམ་གྱི་ཕུང་པོ་ཐམས་ཅད་གཅིག་ཏུ་འདུས་པའི་བདག་ཉིད། རྒྱུད་དོན་འཆད་ལ་གསང་བའི་བདག་པོ། མན་ངག་བཀྲལ་ལ་དགའ་རབ་དཔའ་བོ། རིག་པའི་གནས་མཐའ་དག་ལ་མཁས་པ་འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་ཀྱི་བློ་ཡི་སྤོབས་པ་ཕྱོགས་གཅིག་ཏུ་དྲིལ་བ་ལྟ་བུ། ཁྱད་ཆོས་ཆེ་བ་དྲུག་ལྡན་གསང་ཆེན་སྔ་འགྱུར་རྙིང་མ་པའི་བསྟན་པའི་སྲོག་ཤིང་ཆེན་མོ་བཀའ་དྲིན་མཚུངས་ཟླ་དང་བྲལ་བ་དོན་གྱི་སླད་དུ་མཚན་ནས་སྨོས་ན་རིས་སུ་མ་ཆད་པའི་འགྲོ་བ་ལྷ་དང་བཅས་པའི་གཙུག་རྒྱན་དམ་པ་༧ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་ནམ་༧སྐྱབས་རྗེ་ཡིད་བཞིན་ནོར་བུ་རྫོགས་ཆེན་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་ཉིད་ཀྱིས་ཕྱོགས་མེད་ནས་འདུས་པའི་སྐལ་བཟང་སློབ་ཚོགས་ཡོངས་ལ་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ཡང་དབེན་ནས། བདེ་ཆེན་ཞིང་ཁྲིད་ཆེན་མོའི་བཀའ་ཆོས་གནང་བའི་གདམས་ཟབ་འདི་ཟེར་སྡེར་ལས་བཤུས་ཏེ་ཡིག་འཇོག་བགྱིད་པ་ལ་རྩ་གསུམ་སྲུང་མས་གནང་བ་བསྩལ་དུ་གསོལ།།