Nitartha Digital Library
Tibetan
 
previousགླེང་གཞི།next

གླེང་གཞི།

ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་ཟབ་གསང་སྙིང་པོའི་དོན་རྡོ་རྗེའི་ལྗགས་ཀྱིས་བཀྲལ་བ་སྐྱུད་བྱང་དུ་བསྡུས་པ་རྨོངས་མུན་སེལ་བའི་སྣང་མཛོད་ཅེས་བྱ་བ་བཞུགས་སོ།། ༼ཨོྃ༽

ཀུན་མཁྱེན་བླ་མ་ཡིད་བཞིན་དབང་གི་རྒྱལ་པོ་ལ་ཕྱག་འཚལ་ལོ།།

རྣམ་པར་སྣང་མཛད་གངས་ཆེན་མཚོ་ཡི་འཇིག་རྟེན་རྣམ་པར་འཕྲུལ་བའི་གཞིར།།

དེ་སྙེད་འདུལ་བྱེད་སྒྱུ་འཕྲུལ་རེ་རེས་རྡུལ་སྙེད་འགྲོ་ཁམས་སྒྲོལ་བའི་ཚེ།།

ཐོས་བསམ་སྒོམ་གསུམ་ཕ་མཐར་སོན་པའི་རོལ་གར་རྩེན་པའི་ཐབས་མཁས་པོ།།

བདག་སོགས་འགྲོ་བའི་སྙིང་གི་མུན་སེལ་དཔལ་ལྡན་བླ་མ་གཙུག་ན་རྒྱལ།།

རིག་སྟོང་ཆོས་ཀྱི་དབྱིངས་སུ་བློ་ཐིམ་ཡང་།།

རིག་རྩལ་ཕྱོགས་མེད་འབར་བའི་བློ་གྲོས་འབུམ།།

རིག་གདངས་འགག་མེད་ཀློང་ནས་ཤར་བའི་མཐུས།།

རིག་པའི་གནས་ཀུན་མཁྱེན་འདི་ཀུན་མཁྱེན་རྗེ།།

མཐའ་དག་ཤེས་བྱའི་གནས་ཀུན་རབ་གསལ་ཞིང་།།

མདོ་རྒྱུད་གྲུབ་མཐའ་རྒྱ་མཚོའི་མན་ངག་མཛེས།།

གཅིག་ཤེས་ཀུན་གྲོལ་དྲུག་བྲལ་གསུམ་ལྡན་གཞུང་།།

རྡོ་རྗེའི་ལྗགས་ཀྱིས་བཀྲལ་དེའི་ཟིན་ཐུན་བསྡེབ།།

དེ་ཡང་དུས་ཕུན་སུམ་ཚོགས་པ། དུས་བཞི་མཉམ་པ་ཉིད་ཀ་དག་ཐོག་མའི་དུས་རྟག་པར་རྒྱུན་གྱི་འཁོར་ལོ་ལས་མ་གཡོས་བཞིན་དུ་ཐུན་མོང་གི་སྣང་ངོར་འདི་སྐད་བདག་གིས་ཐོས་པའི་དུས་ལྕགས་མོ་ཡོས་ཀྱི་ལོའི་གྲོ་བཞིན་ཟླ་བའི་ཚེས་ལྔའི་ཉིན། གནས་ཕུན་སུམ་ཚོགས་པ། ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་གངས་རྒྱན་གསེར་གྱི་པདྨའི་གན་དྷོ་ལ་ཆེན་པོར། འཁོར་ཕུན་སུམ་ཚོགས་པ། རིག་འཛིན་ཕོ་མོ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་མ་འོངས་བསྟན་པའི་སྲོག་རྒྱུན་མཐུད་པར་ཐུགས་བསྐྱེད་སྨོན་ལམ་གཅིག་ཏུ་མཐུན་ནས་མཁན་སྤྲུལ་དགེ་འདུན་འདུས་པའི་རྣམ་པར་བྱོན་པ་རྣམས་ལ། སྟོན་པ་ཕུན་སུམ་ཚོགས་པ་དུས་གསུམ་རྒྱལ་བའི་སྤྱི་གཟུགས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག ཨོ་རྒྱན་རྡོ་རྗེ་འཆང་གི་ཐུགས་ཀྱི་གསང་བ་ཆེན་པོ། ལྔ་བརྒྱ་བའི་འགྲོ་ལ་ལྷག་པར་བརྩེ་བའི་ཀུན་སྣང་སྙིང་རྗེ་ཆེན་པོའི་རོལ་རྩལ་ལས་དགེ་སྦྱོང་ངུར་སྨྲིག་གི་རྣམ་པར་འཆང་བ། མཆོག་གསུམ་གྱི་ངོ་བོ། རྩ་གསུམ་གྱི་བདག་ཉིད། སྐུ་གསུམ་གྱི་རང་གཟུགས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཡིད་བཞིན་གྱི་ནོར་བུ། འགྲོ་ཁམས་རྒྱ་མཚོའི་མུན་སེལ་གྱི་སྒྲོན་མེ། མ་འདྲིས་པའི་སེམས་ཅན་ཡོངས་ཀྱི་རྩ་ལག་དམ་པ། ཐེག་མཆོག་འབྲུག་སྒྲ་ཟབ་མོས་སྐྱེ་དགུ་མ་རིག་པའི་གཉིད་ལས་སློང་བའི་སྟོན་པ་ཆེན་པོ། ཁྱབ་བདག་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གྱི་བདག་ཉིད་གང་གིས། ཆོས་ཕུན་སུམ་ཚོགས་པ་སྤང་བླང་གི་གནས་ཀུན་ཡིད་བཞིན་དུ་ལེགས་པར་སྟོན་ཅིང་། ཐོས་བསམ་སྒོམ་པའི་ཆོས་ཚུལ་མཐའ་དག་གི་མཛོད་ཁང་ཆེན་མོའི་དགོངས་དོན་ཐང་མར་བརྡལ་བ་སྐྱུད་བྱང་དུ་བསྡུ་བ་ལ། དེ་ཡང་ཁྱབ་བདག་གང་གིས་ཐུགས་ཟབ་མོའི་ཏིང་འཛིན་ལས་མ་གཡོས་བཞིན་དཀར་ལ་སྨུག་པའི་ཞལ་གྱི་དཀྱིལ་འཁོར་འཁོར་ཚོགས་ཡོངས་ལ་མངོན་པར་ཕྱོགས་ཏེ། བརྩེ་བའི་སྤྱན་རས་ཀྱིས་གཟིགས་བཞིན་ཅུང་ཟད་འཛུམ་པའི་ཉམས་དང་བཅས་བཀའ་བསྩལ་བ་ནི་འདི་ལྟར།།


previousགླེང་གཞི།next