Nitartha Digital Library
Tibetan
 
previousཉིན་དང་པོའི་ཆོས་ཁྲིད།next

ཉིན་དང་པོའི་ཆོས་ཁྲིད།

ཡང་གནས་འདི་ནས་ན་ནིང་ཞལ་གྱེས་ཞུས་པའི་དུས་ཚོད་ནས་བཟུང་སྟེ་བརྩིས་ཡོང་ན་རང་གཞན་ཐམས་ཅད་ཀྱི་མི་ཚེའི་དུས་ཚོད་ཀྱི་ནང་ནས་ལོའི་ཁྱུད་འཁོར་ཞིག་འདས་པའི་རྗེས་སུ། སླར་ཡང་ཚེ་སྔོན་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བྱས། སྦྱིན་སོགས་དགེ་བས་འཕེན་པའི་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་བའི་རྣམ་དཀར་བསོད་ནམས་ཀྱི་ཕུང་པོ་མི་དམན་པ་ཞིག་མཉམ་དུ་བསགས་ཤིང་སྨོན་པའི་ལས་འཕྲོ་བཙན་པོ་སྟོབས་སུ་སྨིན་པའི་མཐུ་ལས། དལ་བརྒྱད་འབྱོར་བཅུ་ཚང་བའི་ལུས་འདི་བཟུང་བས་མི་ཚད། དུས་ཀྱི་ཐ་མ་འདིར་དམ་པའི་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་ནས། འཁྲུལ་སྣང་འཁོར་བའི་མཚོ་ཆེན་སྡུག་བསྔལ་གྱི་རྦ་ཀློང་དྲག་པོ་ཅན་དེ་བརྒལ་ནས། ཐར་བ་རིན་པོ་ཆེའི་གླིང་དུ་ཕྱིན་པར་བྱེད་པའི་ལམ་བཙལ་ནས་མཉམ་དུ་འཇུག་པའི་དོན་མཐུན་ཟླ་ཡི་གྲོགས་པོ་ཤ་སྟག་ཡིན་ལ། དེ་ཡང་ཕལ་བའི་གྲོགས་ཀྱིས་སྒྲུན་དུ་མེད་པའི་ཁྱད་པར་ཅན། ཚེ་རབས་གཏན་གྱི་འདུན་མ་རང་གཞན་འཕྲལ་ཕུགས་ཀྱི་བྱ་གཞག་གལ་ཆེན་ལ་མཚུངས་པར་འཇུག་པའི་ཆོས་གྲོགས་རྣམས་དང་ཡང་བསྐྱར་ཐེངས་གཅིག་མཇལ་འཛོམས་བྱུང་བ་ལ་སེམས་གཏིང་ནས་སྤྲོ་བ་ཆེན་པོ་བྱུང་། སྤྱིར་ན་ཕུང་པོ་འཇིག་པའི་ཚོགས་ལ་བདག་ཏུ་བརྟེན་བཅས་པའི་རྟེན་དང་བརྟེན་པའི་བརྟན་གཡོའི་འཇིག་རྟེན་སྒྱུ་མ་ལྟ་བུའི་འཁྲུལ་སྣང་ལ་རྟག་བརྟན་ཞིག་ཅི་ཡོད། ཁྱད་པར་དུ་དེང་སང་ཚེ་དང་དུས་ལྟ་བ་ལ་སོགས་པའི་སྙིགས་མ་ལྔ་བདོ་བའི་སྐབས་དང་ཁེལ་ཡོད་པས། ཕྱོགས་གཅིག་ནས་འཇིག་རྟེན་གྱི་འབྱོར་བ་ཡར་འཕེལ་གྱི་ཕྱོགས་ཙམ་རེ་ཡོད་ན་ཡང་། ཕྱོགས་གཞན་ཞིག་ནས་བལྟས་ན་སྙིགས་མའི་རང་རྟགས་དབང་མེད་དུ་ངོམས་ནས། སྤྱི་ལ་འབྱུང་བཞིའི་གནོད་འཚེ། དམག་འཁྲུག་ཁེང་ལོག ནད་ཡམས་དང་མུ་གེ བྱེ་བྲག་སྒེར་སོ་སོ་ལའང་འདུ་འཁྲུགས་ཀྱི་འཆི་ནད། དགྲ་གདོན་དང་རྐུན་ཇག་ལ་སོགས་པའི་འཚེ་བས་མནར་བའི་སྡུག་བསྔལ་ལྷག་པར་ཆེ་བའི་དུས་ཚོད། ཡང་སྒོས་སྐྱེས་བུའི་ཚེ་སྲོག་ནི་ནམ་མཁའི་སྐར་མདའ་བརྒྱུགས་པ་བཞིན་ཡུད་ཙམ་གྱིས་ཚེའི་སྨད་ལ་གཏུགས་ནས། ན་ནིང་ཡོད་པ་ད་ལོ་མེད་པ་དེ་དག་ཀྱང་། རང་རེ་དང་འདྲ་བར་ནད་མེད་འཚོ་ཁམས་ལྡན་པས་ཡུན་རིང་འདུག་འདེང་ལས་བློ་བུར་ཚེ་ཡི་བར་ཆད་ཅིག་ཡོད་སྣང་ཙམ་ཡང་མ་ཤར་ཏེ་ཚེ་འདིའི་བྲེལ་དོ་ཁོ་ནས་འདའ་བཞིན་པའི་སྐབས་སུ། གློ་རྒྱག་གིས་ཚེའི་དུས་བྱས་ནས་འཆི་བདག་གཤིན་རྗེས་འཇིག་རྟེན་ཕ་རོལ་དུ་འགྲོ་འདོད་མེད་ཀྱང་དབང་མེད་དུ་ཁྲིད་ནས་འགྲོ་དགོས་ཐུག་པའང་གང་མང་མང་བྱུང་བས་མ་ཚད། ནང་སྐྱེ་བོའི་བསམ་བློའི་འགྱུར་བ་ལ་བསམ་བློ་བཏང་ན་ཡང་། བཟང་ཡ་རབས་མེ་ལྕེ་གྱེན་དུ་འབར་འདྲ་བོ་ལས། ངན་མ་རབས་ཀྱི་བློ་སྣ་ཆུ་རྒྱུན་ཐུར་དུ་རྒྱུག་པ་ལྟ་བུ་དེས་ཤུགས་དྲག་ནས། བསམ་ངན་དང་གཡོ་སྒྱུ། ངན་སེམས་དང་ཕྲག་དོག་གི་སྟོབས་བདོ་བའི་སྙིགས་མའི་དུས་ཚོད། སྤྱིར་བར་ཆད་ཀྱི་རྐྱེན་མང་ཞིང་། བྱེ་བྲག་དམ་པའི་ལྷ་ཆོས་རྣམ་དག་ལ་ཞུགས་མཁན་ཞིག་ཡིན་དུས་དེའི་ཚོད་ཀྱི་བདུད་དང་བར་ཆད་ཀྱི་ཚོགས་ཀྱང་འདྲ་མིན་དུ་བརྫུས་ནས་བར་དུ་གཅོད་པའི་དུས། མདོར་ན་སྤྱི་དང་བྱེ་བྲག་གི་རྐྱེན་ངན་བར་ཆད་ཀྱི་རླུང་འཚུབས་པའི་བར་གསེང་འདི་ནས། རང་རེ་མཉམ་དུ་འཛོམས་ཏེ་སེམས་ལྷོད་ལ་ཕབ་ནས་དམ་པའི་ཆོས་ཀྱི་བདུད་རྩི་ཚེ་རབས་བསྐལ་བ་མང་པོར་མཇལ་ཞིང་ཐོས་པ་དཀའ་བ་མ་ཟད། ཐོས་ནས་སྒྲུབ་པ་ཉམས་ལེན་བྱེད་པ་ཡང་དེ་བས་དཀོན་པའི། མི་ཚེའི་ནང་གི་རིན་ཐང་ཅན་གྱི་མཛད་པ། འཁོར་བའི་གཅོང་ནད་འཇོམས་པའི་སྨན་མཆོག ཐར་བའི་སྲོག་རྩ་མཐུད་པའི་འཆི་སོས་ཀྱི་བདུད་རྩི་ལྟ་བུ་འདི་ལ་ལོངས་སྤྱད་ནས་འཇུག་ཏུ་ཡོད་པ་འདི་ནི། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག སྔར་བསགས་བསོད་ནམས་ཀྱི་སྟོབས་ཀྱིས་གྲུབ་པ་འདི་དང་བསྟུན་ནས། རང་རང་གི་ངོས་ཀྱི་འཆད་ཉན་གྱི་གོ་སྐབས་བཟང་པོ་མི་བརླག་པར་དལ་འབྱོར་དོན་ལྡན་རང་གཞན་གཉིས་ཕན་ཞིག་བྱེད་དགོས་སྙམ་པའི་སྤྲོ་སེམས་དང་སྤོབས་པ་གཉིས་ཀ་ལྡན་པ་ཞིག་གལ་ཆེ་བ་ཡིན། དེ་ལ་སྤྱིར་མིའི་སེམས་ཞེས་པ་འདི་ཕྱིའི་ཡུལ་གྲོགས་གནས་རྐྱེན་ལ་ལྟོས་པའི་གཞན་དབང་ཅན། ཕྱིའི་ཡུལ་གྱི་སྣང་བརྙན་ཡིད་དུ་འོང་མི་འོང་ལ་བརྟེན་ནས་དགའ་སྡུག་གི་ཚོར་བ་འབྱུང་བ་ཡིན་ཀྱང་། རྩ་བ་དེད་ནས་སོང་ན་ནང་རང་གི་སེམས་ལ་རག་ལས་པ་རེད། དཔེར་ན་ཐད་དུ་ཡོད་པའི་མི་ཕ་རོལ་པོ་ཞིག་ལ་མཚོན་ན། དེ་ལ་ལའི་དགྲ་ཡིན་པས་ཡིད་དུ་མི་འོང་ཞིང་། ཡང་ལ་ལའི་གཉེན་ཡིན་པས་ཡིད་དུ་འོང་བར་སྣང་བ་ཡིན། ཡང་ལ་ལ་ལ་མཚོན་ན་བཏང་སྙོམས་པ་ཡིན་པས་དེ་ལ་དགའ་སྡུག་གཉིས་ཀའི་སྣང་བ་མི་འདུག དེ་དག་ཀྱང་རྟག་བརྟན་མེད་པར་སེམས་ཀྱི་ལྟ་ཕྱོགས་དང་མཉམ་དུ་འགྱུར་སླ་བ། དཔེར་ན་ཚེ་སྟོད་ཡིད་འོང་གི་གྲོགས་པོ་དེ་ཚེ་སྨད་ཡིད་དུ་མི་འོང་བའི་དགྲ་ལ་འགྱུར་བ་ཡོད་པས་མ་ཚད། དོན་ཆུང་ངུ་རེའི་རྐྱེན་དང་། དུས་ཐུང་ངུ་སྔ་ཕྱི་དྲོ་ཙམ་ལ་ཡང་འགྱུར་བ་ཕྲད་པའང་ཡོད་པ་ཡིན། དེ་བཞིན་དུ་སེམས་སྤྲོ་བའི་ཉིན་ཞིག་ལ་གནས་ཕྱག་དར་གད་སྙིགས་ཀྱི་ཁྲོད་དུ་ཉལ་དགོས་ཀྱང་སེམས་ལ་བདེ་སྐྱིད་འཁོར་བ་ཡིན། སེམས་ཀྱི་བདེ་སྐྱིད་ཁོག་ན་ཡོད་དུས་ཕྱི་རོལ་གྱི་འཁོར་ཡུག་རང་ཤུགས་ཀྱིས་ཉམས་དགའ་བར་སོང་ནས་སྐྱིད་པའི་སྣང་བར་འཆར་བ་ཡིན། སེམས་སྡུག་པའི་ཉིན་ཞིག་ལ་རྒྱལ་པོའི་ཕོ་བྲང་ངམ་ལྷའི་ཡུལ་ལ་འགྲན་བཟོད་པའི་སྐྱེད་མོའི་ཚལ་དུ། ཕུན་སུམ་ཚོགས་པའི་འབྱོར་བ་ལ་ལོངས་སྤྱོད་བཞིན་བསྡད་ཀྱང་ཡིད་མི་བདེ་བའི་གཅོང་ནད་ནང་དུ་ཡོད་པའི་དབང་གིས་སེམས་ལ་སྤྲོ་བ་མི་སྐྱེ་བ་ཡིན། དེས་ན་མི་ང་ཞེས་བདག་ཏུ་འཛིན་པའི་གཞི་ནི་ལུས་སེམས་འདི་གཉིས་ལས་མེད་ལ། དེ་ལས་ཀྱང་སེམས་ནི་གཙོ་བོ་དང་ལུས་ངག་གཉིས་ཀ་དེའི་འཁོར་བྲན་གཡོག་ལྟ་བུ་ཡིན་ཕྱིར། དམ་པའི་ལྷ་ཆོས་སྒྲུབ་པ་ནི་སེམས་ཀྱི་སྦྱོང་བརྡར་ཞིག་དང་། ཆོས་ནི་སེམས་ཁམས་ཀྱི་སྨན་དང་། ཆོས་སྒྲུབ་པའང་སེམས་ཁམས་ཀྱི་འཕྲོད་བསྟེན་ཞིག་ལ་གྱུར་ནས་ཡོད་པ་ཡིན། འཁོར་འདས་བདེ་སྡུག་ཐམས་ཅད་ཀྱི་གཏེར་སྒོ་སེམས་འདིའི་སྟེང་ནས་འབྱེད་ནུས་པས། སེམས་འཁྲུལ་བའི་དབང་དུ་ཤོར་ནས་སད་དུ་མེད་པའི་འཁོར་བ་རྨི་ལམ་ལྟ་བུའི་སྡུག་བསྔལ་འདི་མྱོང་བ་ཡིན་ཅིང་། གལ་ཏེ་སེམས་འདིའི་རང་ངོ་མཐོང་ནས་སྒྲིབ་པའི་དྲི་མ་མཐའ་དག་དག་ཅིང་། ཡོན་ཏན་ཐམས་ཅད་མངོན་དུ་གྱུར་ནས་སྤངས་རྟོགས་ཡོངས་སུ་རྫོགས་པ་ལ་སངས་རྒྱས་ཞེས་སུ་གྲགས་པ་ཡིན་ལ། དེའི་དུས་སུ་མཁའ་མཉམ་སེམས་ཅན་གྱི་དོན་རྒྱུན་མི་འཆད་པར་བྱེད་པ་དང་། འགྲོ་དོན་ལྷུན་གྲུབ་ཏུ་འབྱུང་བ་ཡིན་པས་ཆོས་བསྒྲུབས་པའི་དོན་གོ་ཐམས་ཅད་དེ་དུས་ཆོད་པ་ཡིན། ད་དེ་ཙམ་མ་བྱུང་ཡང་འཆི་བའི་འཇིགས་སྐྲག་བོར་བ་ཞིག་བྱུང་ཡང་ཆོག་པ་ཡིན་ཏེ། ཚེ་འདིར་སངས་རྒྱས་མ་ཐོབ་ཀྱང་མཐོ་རིས་རིམ་བརྒྱུད་ཀྱིས་ཐར་ལམ་ལ་སྙེག་ཏུ་ཡོད་པའི་ཕྱིར། དེས་ན་འབྲས་བུ་དེ་མ་ཐོབ་པའི་ལམ་གྱི་དུས་ད་ལྟའི་སྐབས་འདིར་ཕྱིའི་འབྱུང་ལུས་འདི་མི་འཁྱག་མི་ལྟོགས་པའི་ཟས་གོས་ཀྱི་མཐུན་རྐྱེན་དང་འཕྲལ་མཁོའི་ཉེར་སྤྱད་རེ་སྟབས་པར་བྱས་ནས། གཙོ་བོ་ནང་རང་གི་སེམས་ཀྱི་བདེ་སྐྱིད་དང་སྤྲོ་སྣང་སེམས་ཁོ་རང་གི་ཐོག་ནས་འབྱུང་ཐབས་བྱེད་དགོས་པ་ཡིན། དཔེར་ན་དེ་རིང་ཆོས་ཚིག་གཅིག་གོ་བ་དེ་ད་ལྟ་ཉིད་ནས་སེམས་ཀྱི་སྨན་དུ་ཐིངས་སོང་ན། ཆོས་ཐུན་གཅིག་གི་ནང་དུ་ཞུགས་པའི་དུས་ཚོད་དེ་འཕྲོ་བརླག་ལ་མ་སོང་ཞིང་། དེའི་སྨན་ཐུས་གཅིག་དེ་ཚེ་གཅིག་ལ་བེད་སྤྱོད་གཏང་ཆོག་པ་དང་། རང་གཞན་སུ་ལ་ཡང་འཕྲོད་ངེས་ཡིན། དེ་ལྟར་རིམ་གྱིས་བསགས་ན་ཆུ་ཡི་ཐིགས་པ་ཉག་ཕྲ་ཡང་སྣོད་ཆེན་རིམ་གྱིས་གང་བར་འགྱུར་བ་ལྟ་བུ་ཡིན། ཆོས་བསྒྲུབས་ན་སེམས་ཀྱི་འགྱུར་བ་ཆེན་པོ་སེམས་བསྐྱེད་དང་སྙིང་སྟོབས་འབྱུང་བས་མ་ཟད། འཇིག་རྟེན་གྱི་མི་ཚེ་སྐྱིད་ཀྱིས་བསྐྱལ་ནས་རང་ཉེ་འཁོར་དང་བཅས་པ་བདེ་ལ་འགོད་པའི་སྐྱེས་ཕོ་རབ་མོ་རབ་ཅིག་དགོས་ཚེ། རང་སེམས་ཁོང་ཡངས་དཀྱེལ་ཆེ་དང་། ཕན་སེམས་བསམ་པ་བཟང་པོ་ལྡན་པའི་སྐྱིད་ཉི་མ་འདྲ་བོ་རང་གི་སྙིང་ནས་ཤར་ཏེ་ཡོད་པ་ཞིག་བྱེད་དགོས་པ་ལས། རང་སེམས་མུན་ཆུ་བཞིན་ཐུར་དུ་རུབ་ནས་མིག་རྒྱང་གྱེན་དུ་ལྟ་བའི་འདེང་རྒྱག་མེད་པར་སེམས་བག་འཁུམས་པའི་སྣང་བ་ཐམས་ཅད་དགྲ་རུ་ལང་བ་ཞིག་ལ་མཚོན་ན། སྣོད་བཅུད་ཐམས་ཅད་དགྲ་རུ་ལངས་ནས། ཐད་དེ་ནས་ཚག་སྒྲ་ཆེ་ཞིག་གྲགས་ཀྱང་ང་ལ་གནོད་པ་ཞིག་རེད་བསམ་ནས་བཟེ་རེ་ཅན་ལ་གནོད་འཚེ་མང་བའི་དུས་སུ་མ་འཇོན་པ་ཡིན། ཁྱད་པར་དུ་ཆོས་པའི་བྱང་ཁོག་ནང་གི་སེམས་དེ་སྐྱེ་བོ་རྨོངས་པ་ཆོས་མེད་ཕལ་བ་ཞིག་དང་མ་འདྲ་བ་ཞིག་དགོས་པ་ཡིན། དེ་འདྲ་དང་མི་འདྲའི་རང་རྒྱུགས་རང་གིས་བླངས་དང་རྐྱེན་ངན་དང་ཕྲད་དུས་ཧ་གོ་བ་རེད། རྐྱེན་ངན་གྲོགས་འགྱུར། ལྟས་ངན་གཡང་ལེན་གྱི་གདམས་པ་མ་ཤེས་ནས་ཤ་ཟ་གྲིབ་མ་འདྲེ་མཐོང་དུ་ལོག་ནས་ཆོས་པ་རླུང་ནང་གི་མར་མེས་རང་ཚུགས་ཟིན་དཀའ་བ་ཡིན། མདོར་ན་ད་འདི་ནས་ངས་ཅི་ཞིག་འཆད་བཞིན་ཡོད་ཟེར་ན། རང་རེ་འདི་ལྟ་བུའི་ཆོས་ར་གཅིག་གི་ནང་དུ་དམ་པའི་ལྷ་ཆོས་ལ་མཉམ་དུ་ལོངས་སྤྱོད་རྒྱུའི་བསྐལ་བ་བཟང་པོ་ཚེས་པ་འདི། ལོ་མང་པོའི་རྗེས་སུ་ཕྱིར་བལྟས་བྱས་ན། བལྟ་རིན་ཡོད་པ་དང་། བཤད་རིན་ཆོག་པའི་རིན་ཐང་ཅན་ཞིག་ཏུ་མཐོང་སྲིད་པ་དང་། རྣམ་པ་ཚོས་མི་ཚེའི་སྟོད་དུ་ཆོས་ཕྱོགས་མཛད་པའི་རྨང་གཞི་བཟང་པོ་རེ་ཞོག་ན། ཚེ་རྐེད་དང་ཚེ་སྨད་ལ་སྐྱིད་པའི་ཉི་མ་མགོ་ནས་མི་ནུབ་པའི་དོན་ཆེན་གྱི་ལག་འབབ་ཆེ་ཆུང་ནི་གང་ཟག་སོ་སོའི་བསམ་བློ་གཏོང་ལུགས་དང་དོན་གཉེར་གྱི་བརྩོན་པའི་རྒྱུན་བསྲིང་ཐུབ་མིན་ལ་རག་ལས་པ་ཡིན་པས། གཙོ་བོ་ཐུགས་བདེ་བག་ཕེབས་ཀྱིས་མཉམ་དུ་ཆོས་འཆད་ཉན་ལ་དགྱེས་བཞིན་སྤྲོ་བཞིན་དུ་འཇུག་པ་གལ་ཆེ་ཞེས་ཞུས་པ་ཡིན། ང་ལྟ་བུ་ཞིག་ལ་མཚོན་ན་དམ་པའི་མཚན་གྱི་ཅོད་པན་རྫོགས་ཆེན་པདྨ་བཛྲའི་སྐྱེ་བའི་ཕྲེང་བ་ཞིག་ཡིན་པར་གསུངས་མྱོང་ན་ཡང་། གང་ཟག་རང་ངོས་བཤད་ན་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཡིན་ཕྱིར། སོ་སྐྱེ་འཆིང་བ་ཀུན་ལྡན། ཐུན་མོང་ཐེག་པའི་ཚོགས་ལམ་ཆུང་ངུའི་སྣེ་ཙམ་ཡང་མ་ཟིན་པ་ཞིག་ཡིན་པ་ནི་དུས་རྒྱུན་དུ་ཞུས་པ་ལྟར་དུ་ཡིན་པས། འདིར་བཞུགས་ཀྱི་མཁྱེན་ཡོན་རྣམ་དཔྱོད་མཛད་པ་ཕྱག་རྗེས་གང་གི་ཐད་ནས་ཀྱང་མི་དམན་པའི་མཁན་སྤྲུལ་གཉིས་ཀའི་མཚན་ཉིད་ཚང་བའི་བསྟན་འཛིན་གྱི་སྐྱེས་ཆེན་དག་དང་། དམ་པའི་མཚན་གྱི་གསལ་ཁ་མ་གཏད་པའི་སྦས་པའི་ཚུལ་ཅན། མ་འོངས་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་མཛད་འཕྲིན་རྨད་བྱུང་དང་ལྡན་པ་མང་རབ་ཏུ་བཞུགས་ནས་ཡོད་ཀྱང་། འཇིག་རྟེན་མནའ་མིའི་གཏམ་དཔེ་ལ། རིང་རྭ་ཅོས་རིང་ཡང་། སྐྱེས་རྣ་ཅོས་སྔ་བ་ཡིན་ཞེས་པ་ལྟར་དུ། ང་ནི་དུས་རབས་སྔ་མའི་དུས་སྟོད་ཀྱི་མི། དམ་པའི་སྐྱེས་ཆེན་མང་པོའི་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བ་ཐོབ་པ་དང་། དབང་ལུང་ཁྲིད་གསུམ་གྱི་རྒྱུན་ནི་གང་ཟག་གཅིག་ནས་གཅིག་ཏུ་བརྒྱུད་དགོས་པ་ཞིག་ཡིན་པ་དང་། ད་སྐབས་དུས་རབས་མི་རབས་བརྗེ་མཚམས་དང་འཕོ་འཚམས་ཀྱི་སྐབས་དང་ཁེལ་ནས། བུ་ལན་མ་རེད་ས་ལན་རེད། ཅེས་པ་ལྟར་དུ་བསྟན་པའི་བབས་རིམ་འཁོར་ཕྱོགས་ཀྱི་བྱ་གཞག་ལ་མ་འཇུག་ཐབས་མེད་ཀྱི་འོས་འགན་བབས་ནས་འདི་བཞིན་སྤེལ་བ་ཡིན། དམ་པ་གོང་མའི་ཐུགས་རེ་དགོངས་འདུན་རྫོགས་པའི་མཆོད་པ་དམ་པའང་ཡིན་ཆགས་ཡིན། ཆོས་ཀྱི་ཆེ་བ་འདོན་ཕྱིར་ང་ཁ་མར་ལ་འཁོར་ནས་འཆད་ཚུལ་བྱེད་དུས། ཁྱེད་རྣམ་པའི་དད་མོས་ཐུགས་བསྐྱེད་ཀྱི་སྟོབས་དང་། ཆོས་ཉིད་དང་ཆོས་ཅན་བསླུ་བ་མེད་པའི་བདེན་པའི་སྟོབས་དང་། བརྒྱུད་པ་སེལ་མེད་ཀྱི་དམ་ཚིག་གཙང་མའི་མཐུ་ཡིས་རྒྱལ་བའི་ཐུགས་རྗེ་དང་བྱིན་རླབས་སྨྲ་བ་པོའི་ངག་ལ་ཞུགས་པས་མ་ཚད། སྒྲ་ཚིག་ཆོས་ཀྱི་རང་སྒྲ་དེས་ཁྱེད་རྣམ་པའི་ཐུགས་རྒྱུད་ཀྱི་རིགས་ཁམས་ལ་སྒྲིབ་བྱེད་ཀྱི་དྲི་མ་སེལ་བའི་གསོས་ཤིག་ཐེབས་ངེས་བསམ་བཞིན་ཡོད། ད་ས་ཆ་འདི་ནི་སྔ་འགྱུར་རྫོགས་ཆེན་པའི་གདན་ས། རྫོགས་པ་ཆེན་པོའི་རྒྱུད་སྡེ་འཆད་ཉན་བྱེད་སའི་ཐུན་མོང་མིན་པའི་བསྟི་གནས་ཁྱད་པར་ཅན་ཞིག་ཡིན་པས་མ་ཚད། དམ་པ་གོང་མ་མང་པོ་གྲུབ་པ་བརྙེས་པའི་ཡང་དབེན་ཀྱང་ཡིན་ཕྱིར། བསྟན་པ་ཡང་དར་གྱི་སྐབས་འདིར་རྫོགས་ཆེན་གདན་ས་རང་རྐང་གི་སྔ་འགྱུར་སྡེ་གསུམ་ཀློང་དགུའི་ཆོས་བརྒྱུད་ཀྱི་བསྟན་པའི་མེ་རོ་གསོས་ནས་ད་ལྟའི་བར་ལ་ལོ་ངོ་བཅུ་ཕྲག་ལྷག་ཅིག་འགྲོ་བཞིན་ཡོད་པ་སྟེ། སྔར་ངའི་ཆོས་གྲོགས་རྒན་པ་ཨ་སྐྱོང་རྟོགས་ལྡན་བློ་གྲོས་རྒྱ་མཚོ་ཚང་གིས་མི་ལོ་བཞིའི་རིང་རྫོགས་པ་ཆེན་པོའི་ཁྲིད་གསུངས་པ་དང་། དེ་རྗེས་ངས་དེ་ལ་མཐུད་ནས་ལོ་དགུ་ཙམ་གྱི་རིང་ལ་བཏོན་དང་འདོན་བཞིན་པ་འདི་རེད། ལོ་འདིས་ཡེ་ཤེས་བླ་མའི་ཁྲིད་མི་ཉག་ནས་བཏོན་གྲུབ་མ་རག་པ་ཡིན་ལ། ད་ལོའི་གདན་ས་རང་གི་གཙོ་ཆེའི་ཆོས་ཁྲིད་ཀློང་ཆེན་མཛོད་བདུན་མུ་མཐུད་ནས་འདོན་འཆར་ན་ནིང་ཞིག་ནས་བྱས་པ་རེད། ངའི་མཛོད་བདུན་གྱི་ཁྲིད་རྒྱུན་ནི་ཐེག་མཆོག་མཛོད་ལས་གཞན་པའི་མཛོད་དྲུག་པོ་དེ་འཇིགས་མེད་ཡོན་ཏན་མགོན་པོའི་མདུན་ནས་ཐོབ་པ་དང་། ཐེག་མཆོག་མཛོད་དེ་མཁན་ཆེན་ཐུབ་བསྟན་སྙན་གྲགས་ཚང་གི་མདུན་ནས་ཐོབ་པ་ཡིན། འོན་ཀྱང་ཨ་བུ་སྒང་གི་བཀའ་གཏད་དང་ཞལ་ཆེམས་གནང་བ་དེ་འདས་རྗེས་ང་ལ་བབས་པ་ཡིན་ཞེས་པ་མིན་ཀྱང་། གནད་ཀྱི་དགོས་པ་ཆེན་པོ་དང་ལྡན་པ་ཡིན་སྙམ་པ་ཡིན། ད་ཨ་བུ་ལྷ་སྒང་ཞུ་དུས་ཨ་བུ་ཞེས་པ་ནི་ས་ཆ་འདི་ཡས་མས་ཀྱི་གཅེས་པའི་མིང་གིས་འབོད་ཚུལ་ཞིག་རེད། དཔེར་ན་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལ་མི་རྣམས་ཀྱིས་ཨ་བུ་ཞེས་ཞུ་བའི་སྐབས་སུ་ཁོང་གིས་དེར་ཧྲལ་བོ་ཞེས་པ་ཞིག་བསྣན་ཨ་བུ་ཧྲལ་བོ་ཞེས་གསུངས་འདུག་པ་ལྟ་བུ་རེད། ཡིག་སྐད་ལ་ཇོ་ཇོ་ཞེས་པ་དེ་རེད། གཅེས་མིང་དང་གུས་ཞབས་གཉིས་ལྡན་གྱི་ཚིག་ཅིག་རེད། གཞན་ཡང་དཔལ་ལྡན་ཨ་ཏི་ཤ་ལ་ཇོ་བོ་རྗེ་ཞེས་འབོད་པ་དང་། སྟོན་པ་ཤཱཀྱ་མུ་ནེའི་སྐུ་བརྙན་ལ་ཇོ་བོ་ཞེས་ཞུས་པ་ལྟ་བུ་རེད། ཨ་བུ་ལྷ་སྒང་གི་མཚན་དངོས་ལ་རྫོགས་ཆེན་མཁན་པོ་ལྷ་རྒྱལ་ཞུ་བ་དང་། བརྒྱུད་འདེབས་ནང་དུ་པདྨ་ཐེག་མཆོག་བློ་ལྡན་ལ་གསོལ་བ་འདེབས། ཞེས་པ་དེ་རེད། ཁོང་དགུང་ལོ་ཉེར་དགུ་ལ་སོན་སྐབས་ལས་ཐོག་མཁན་ཆེན་ཁྲི་པའི་ཐུགས་འགན་བཞེས་ཟིན་པ་ནས་ཐ་མའི་དགུང་གྲངས་བརྒྱད་ཅུ་ལྷག་གི་བར་དུ་གཤིན་རྗེའི་སྒྲུབ་ཕུག་ནས་རྫོགས་ཆེན་མན་ངག་སྡེའི་ཉམས་ལེན་ཐེམ་པ་སྤངས་ནས་མཛད་པའི་བྱ་བཏང་གི་རྣལ་འབྱོར་པ་ཆེན་པོ། ཐོད་རྒལ་སྣང་བཞིའི་རྣལ་འབྱོར་གྱི་ཉམས་ལེན་མཐར་ཕྱིན་ནས་ཆོས་ཟད་ཆོས་སྐུའི་དགོངས་པ་བརྙེས་པའི་ལམ་རྟགས་ཀྱི་ཡོན་ཏན་མངའ་བའི་དམ་པའི་སྐྱེས་ཆེན་ཁྱད་འཕགས་ཤིག་ཡིན་ལ། ངས་སྔོན་ཐེངས་མ་མང་པོར་ཞུས་པ་ལྟར་དུ། ང་ལོ་བཅུར་སོན་པའི་སྐབས་ཀྱི་དུས་རབས་སྔོན་མའི་དུས་སྐེད་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་ལྔ་བཅུ་ང་གསུམ་གྱི་ལོར་གདན་སར་འདིར་ཐོག་མར་ཐོན་པའི་དུས་དེར་ཁོང་སྤྱན་གྱིས་མི་གཟིགས་པའི་དུས་ཡིན་པས། ཁོང་གི་མདུན་ནས་ཆོས་འབྲེལ་བཀའ་གཏད་ཙམ་ལས་ཐོབ་མ་མྱོང་ལ། ད་ལྟའི་དུས་ཚོད་འདིར་བཀའ་གཏད་དང་ཆོས་འབྲེལ་ཙམ་ནི་ཅང་གི་སར་མི་འཇོག་པ་ལྟ་བུར་སྣང་ན་ཡང་། དོན་ངོ་མས་བཤད་ན་མང་པོ་ཞིག་ཉན་དགོས་པའི་ངེས་པའང་མེད་དེ། ཤྲཱི་སེང་ཧས་སློབ་དཔོན་པདྨ་ལ། ཤར་ཤར་མ་ཞེན་ཤར་ཤར་ཤར་མ་ཞེན། །ལ་སོགས་པའི་ཚིག་ཁ་ཤས་ཤིག་གསུངས་ནས་ཕྱག་གཡས་པའི་སྡིག་མཛུབ་ནམ་མཁའ་ལ་གཏད་དུས་རྟོགས་གྲོལ་དུས་མཉམ་བརྡ་ཙམ་ཞིག་གིས་དོན་གྱི་དགོངས་པ་མཉམ་སོང་བ་ལྟ་བུ་དང་། བེམ་པོ་ས་རྡོ་དང་ཟངས་རག་གི་སྣང་བརྙན་ལ་རབ་གནས་ཀྱི་སྒོ་ནས་ཡེ་ཤེས་པ་བསྟིམ་པར་བྱས་ཚེ་སངས་རྒྱས་དངོས་ཀྱི་བྱིན་རླབས་དེ་ལ་ཞུགས་ནས་རྗེས་སུ་བྱིན་རླབས་ཟད་མེད་དུ་འཐོབ་ཏུ་ཡོད་པ་ཡིན་ན་གང་ཟག་གི་ཤེས་རྒྱུད་ལ་བྱིན་རླབས་ཅིའི་ཕྱིར་མི་འཇུག དེས་ན་ངས་ཨ་བུ་ལྷ་སྒང་ལས་ཆོས་མང་པོ་ཞིག་མ་ཐོབ་ཀྱང་ཁོང་གིས་ཐུན་མོང་མིན་པའི་ཐུགས་བརྩེ་ཆེན་པོ་མཛད་ནས། ན་མོ་གུ་རུ། བསྐལ་མང་གོང་ནས་ཞེས་པའི་དཔལ་སྤྲུལ་ཚང་གི་གསུངས་པ་དེའི་དཔེ་ཞིག་གནང་ནས། བློ་ལ་ཟུངས་ཤོག་རྒྱུགས་ལེན་རྒྱུ་ཡིན་གསུངས་བྱུང་། དེའི་ཕྱི་ལོ་ཙམ་ལ་ཁོང་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་རེད། དགོངས་པ་རྫོགས་ཁར་ཉེར་གནས་རྨེ་བ་ཨོ་རྒྱན་དང་། སྐུ་ཚ་དབང་ཕྱུག་ཚེ་རིང་ལ་ཞལ་ཆེམས་གནང་ནས་མཛོད་བདུན་གྱི་ཕྱག་དཔེ་དེ་ང་ལ་སྤྲོད་ཤོག་གསུངས་ཡོད་འདུག དེའི་སྐབས་རྫོགས་ཆེན་ཚང་གི་བླ་སྤྲུལ་མཁན་གསུམ་སེངྒེའི་གདང་འཛོམས་དུས་ཡིན་ཀྱང་ང་བྱིས་པ་ལོ་བཅུ་གཅིག་བཅུ་གཉིས་ཅན་ཞིག་ལ་གནང་བ་ནི་ཕྱི་མའི་དུས་ཀྱི་ཆོས་བརྒྱུད་ལ་དགོངས་ནས་གཟིགས་པ་རྒྱང་རིང་ལ་གཟིགས་འདུག་པ་ནི་ད་ལྟར་བལྟས་ན་ཤེས་པ་འདི་རེད། དེས་ན་ངའི་མཛོད་བདུན་གྱི་ཁྲིད་ལུང་དངོས་ཞུ་ས་ཁོང་མིན་ཀྱང་དོན་བརྒྱུད་ཀྱི་དགོངས་པ་འཕོས་པའི་ཐུགས་དགོངས་གཏད་བྱུང་སྙམ་པའི་ཡིད་ཆེས་དང་ངེས་ཤེས་རང་བློ་རང་ལ་འཁེལ་ཆོག་པ་ཞིག་ཡོད་པ་ཡིན་པ་དང་། བརྒྱུད་པ་འདི་མ་འོངས་ཕྱི་རབས་ཀྱི་བསྟན་རྗེས་འཛིན་པའི་རྣམ་པ་ལྷན་རྒྱས་ཀྱི་ཕྱག་ལ་འཕྲོད་པ་ནི། ང་དུས་ངན་གྱི་རྒུད་པའི་ནང་ནས་ནད་མུག་མཚོན་འཁྲུགས་ཁྲིམས་འཇིགས་ལ་སོགས་པ་གང་གིས་ཀྱང་མ་ཚུགས་ནས་གསོན་པའི་དོན་གོ་ཆོད་པ་ཡིན་པར་སེམས་བཞིན་ཡོད། མཛོད་བདུན་གྱིས་མ་ཚད་པར་ངལ་གསོ་སྐོར་གསུམ་ཤིང་རྟ་རྣམ་གསུམ་དང་བཅས་པའི་ཁྲིད་རེ་བཤད་རྒྱུའི་སྐལ་བ་ལྡན་ན་ཅི་མ་རུང་སྙམ་པའི་རེ་སྨོན་ཡང་བྱེད་ཀྱིན་ཡོད། འོན་ཀྱང་དུས་སྙིགས་མའི་ཚེ་ལ་རྟག་བརྟན་མེད་པ་དང་། ཁྱད་པར་དུ་དྲུག་ཅུའི་སྟན་སྨད་དང་བདུན་ཅུའི་སྔས་འགོ་བྱེད་པའི་ལོ་ལོན་ཞིག་ལ་མཚོན་ན་དེ་བས་ཀྱང་རྟག་བརྟན་མེད་ཤག་ཤག་རེད། གཉིས་ན་སྔར་ལུས་ཕུང་ལ་བརྡབ་སྐྱོན་སོང་བའི་དབང་གིས་མིག་གཡོན་པ་འདི་སྐྱོན་ཅན་དུ་འགྱུར་ཡོད་པས་འདི་ལ་སྨན་པས་སྒྲིབ་སྐྱོན་འབྱུང་ངེས་ཞེས་བཤད་པ་དང་། ན་ནིང་བཤགས་བཅོས་བྱས་ཀྱང་མིག་གི་མཐོང་ནུས་དངོས་ལ་ཕན་པ་ཅི་ཡོད་ད་དུང་ཆེར་ཞིག་མི་ངེས་ལ། སྐབས་རེར་ལོ་རྟག་པར་འཆད་པ་ལས་འབྲི་དགོས་པ་འགའ་རེ་བྲིས་ན་སྤྱི་བྱེ་ཐམས་ཅད་ལ་ཕན་པ་ཆེའམ་སེམས་པའང་འདུག ཡང་སྐབས་རེར་མི་དང་འབྲེལ་གཏུག་བྱེད་པ་ལ་འཚེར་སྣང་ཤར་ནས་གཅིག་པུར་ཁུག་ཅིག་ལ་ཉལ་བ་ནི་ཁོ་བོའི་སྤྱོད་ཡུལ་ཡིན་ད་ནི་གཏུག་འབྲེལ་ཁ་བརྡའི་མཇུག་རྫོགས་པ་ཡིན་བསམ་གྱིན་ཡོད། དེས་ན་ཀློང་ཆེན་མཛོད་བདུན་ནི་མང་བ་ཡིན་པས་མཛོད་རེ་རེ་བཞིན་བསྣར་ན་ཆ་ཚང་འབུལ་མི་ཐུབ་པར་འབྱུང་བའམ། བླ་མ་རྣམ་པ་ཡང་ཐུགས་བྲེལ་ཆེ་ཞིང་། ཁག་ཀྱང་མི་འདུག་བསྟན་འགན་གྱི་གཟིགས་རྒྱ་ཆེ་བས་རེད། དེས་ན་དང་པོ་སྔོན་དུ་ལུང་ཞིག་ཤར་འདོན་བྱས་ན་བསམ་བྱུང་། ཡང་རྣམ་པ་འགའ་རེས་ལུང་རྒྱུན་སྤེལ་མཁན་ཡོད་པར་འདུག་ཁྲིད་གོ་ཆོད་ཅིག་བྱེད་རྒྱུ་གལ་ཆེ་ཞེས་གསུངས་འདུག དེས་རྐྱེན་གྱིས་གང་དགའི་ཐག་ཆོད་མེད་པར་ཡུན་རིང་དུ་ལུས་ནས། ཆོས་བརྡ་རྒྱག་རྒྱུ་སོགས་ཀྱང་ཅང་འཐུས་ཤོར་གྱུར་ཀྱང་། མཐར་ཕྱོགས་གཉིས་ལ་མ་ལྷུང་བ་ནི་གོ་བདེ་ས་ནས་ཁྲིད་མ་ལུང་གིས་སྡེབ་གྲངས་ཆོད་པ་ཞིག་དང་། གནད་ཆེ་སའི་སྐབས་ནས་རྟ་རྒྱུག་མ་མིན་ཙམ་གྱི་ཞིབ་བཤད་བྱེད་ཞོར་དུ་སྡེབ་གྲངས་ཆོད་པ་ཞིག་ཨེ་ཡོང་བསམ་པ་ཡིན། འོན་ཀྱང་ང་ལ་མཚོན་ན་དུས་རྒྱུན་དུ་བརྩོན་འགྲུས་ཞན་པ་དང་། དང་པོ་ནས་ཀྱང་རྟ་ཐོག་གི་བླ་མ་ཆོས་བརྒྱད་ཀྱི་ཁོལ་པོ་ཡིན་པས་སློབ་མ་ཞིག་གི་ཐོས་བསམ་བྱེད་མ་མྱོང་བ་ཞིག་གིས་བླ་མ་ཞིག་གི་འཆད་ཁྲིད་བྱེད་པ་ནི་གཡག་སྣར་ཁུ་ཚུར་དངོས་ཡིན་པས། ཚར་གཅིག་མཇལ་དགོས་ཀྱང་དེར་ཐོག་མ་ཕྱིན་པ་ཞིག་ཡིན་ཕྱིར་ད་རེས་ཁྲིད་རྒྱུན་སྤེལ་བའི་དགོས་གནད་འདི་དང་བསྟུན་ནས་རང་གཞན་གཉིས་ཀས་མཉམ་དུ་བག་ཆགས་རེ་བཞག་ནས་ཚར་གཅིག་མཇལ་ཐུབ་ན་དེ་ཡང་བསོད་ནམས་ཆེན་པོ་རེད་སྙམ་པ་ཡིན། མདོར་ན་དེ་རིང་ནས་ཡིད་བཞིན་མཛོད་ཀྱི་ཐོག་མའི་དབུ་འཛིན་པ་ལ་ཁེལ་བ་ཡིན་པས། ད་འདིའི་མཛད་པ་པོ་རྒྱལ་བ་ཀློང་ཆེན་པ་ནི་གསང་འཛིན་དགའ་རབ་དཔའ་བོ་སླར་ཡང་གངས་ཅན་ལྗོངས་སུ་བྱོན་པ་དང་གཉིས་སུ་མེད་པའི་རྫོགས་ཆེན་བསྟན་པའི་ཤིང་རྟ་ཉག་གཅིག་ཡིན་ལ། སྤྱིར་བསྟན་བཅོས་འཆད་ཉན་གྱི་ཐོག་མར་གང་འཆད་བྱའི་བསྟན་བཅོས་དེ་ཉིད་མཛད་པ་པོ་སུས་མཛད་ཀྱི་རྣམ་ཐར་རེ་བཤད་སྲོལ་ཡོད་པས། ད་རེས་ཡིད་བཞིན་རིན་པོ་ཆེའི་མཛོད་འཆད་པའི་སྐབས་སུ་ཡང་། དད་ཅིང་དང་བ་འདྲེན་པ་དང་། བརྩོན་པ་ལྷུར་ལེན་གྱི་མོས་པ་བསྐྱེད་པའི་ཆེད་དུ། འདིའི་མཛད་པ་པོ་རྒྱལ་བ་ཀློང་ཆེན་པའི་རྣམ་ཐར་རགས་བསྡུས་ཐོར་བུ་ཞིག་ངག་རྒྱུན་དང་སྦྲེལ་ནས་ཞུ་ན། ད་རྒྱལ་བ་ཀློང་ཆེན་པ་འདི་རབ་གནས་ས་སྤྲེལ་ལོར་འཁྲུངས་པ་ནི་ཡོངས་གྲགས་ཡིན་ལ། དེ་ཡང་རབ་གནས་ས་སྤྲེལ་ཏེ་རབ་བྱུང་ལྔ་བའི་ས་ཕོ་སྤྲེལ་གྱི་ལོར་སྐུ་འཁྲུངས་ཤིང་། རབ་བྱུང་དྲུག་པའི་ཤིང་ཕོ་འབྲུག་གི་ལོར་སྐུའི་བཀོད་པ་བསྡུས་པའི་བར་ལོ་ལྔ་བཅུ་ང་དྲུག་ལ་འཚོ་གཞེས་གནང་ཞིང་། དེ་ཡང་དེང་སང་གི་འབོད་སྟངས་དང་བསྟུན་པའི་ཕྱི་ལོའམ་སྤྱི་ལོ་ཆིག་སྟོང་སུམ་བརྒྱ་དང་བཅུ་མེད་བརྒྱད་ཀྱི་དུས་ཏེ་གཅིག་གསུམ་ཐིག་བརྒྱད་ཀྱི་ལོར་འཁྲུངས་པ་ཡིན་པས། འཁྲུངས་ནས་ད་ལྟའི་ལྕགས་མོ་ཡོས་ལོ་འདིའི་བར་ལ་ལོ་བདུན་བརྒྱ་དང་གསུམ་ཙམ་ཞིག་སོང་བ་ཡིན། འདས་ལོ་ནས་བརྩིས་ན་དེ་ལས་ལྔ་བཅུ་ང་དྲུག་མར་ཕྲིས་པ་དེ་རེད། དེ་ཡང་། ལྔ་རིག་སྣང་བའི་ཉིན་བྱེད་ས་པཎ་རྗེ། །མདོ་སྔགས་ལེགས་བཤད་འབྱུང་གནས་ཙོང་ཁ་པ། །ཡོངས་རྫོགས་བསྟན་པའི་མངའ་བདག་ཀློང་ཆེན་ཞབས། །གངས་ལྗོངས་འཇམ་པའི་དབྱངས་དངོས་རྣམ་གསུམ་ཡིན། །ཞེས་པའི་གངས་ལྗོངས་འཇམ་དབྱངས་རྣམ་གསུམ་ལས་བྱོན་སྔ་བ་ནི་ས་སྐྱ་པཎ་ཆེན་ཡིན་པས་རབ་བྱུང་གསུམ་པའི་ཆུ་སྟག་ལོར་འཁྲུངས་ནས་ད་ལྟའི་བར་ལོ་བརྒྱད་བརྒྱ་ཉེར་དགུ་འདས་པ་དང་། རྗེ་རིན་པོ་ཆེ་རབ་བྱུང་དྲུག་པའི་མེ་བྱ་ལ་འཁྲུངས་པ་ཡིན། ད་ལྟའི་བར་ལ་རྩིས་ན་ལོ་དྲུག་བརྒྱ་གྱ་བཞི་ཙམ་འདས་ཡོད་པས། ས་པཎ་རབ་བྱུང་གསུམ་པའི་ནང་དང་། ཀློང་ཆེན་པ་རབ་བྱུང་ལྔ་བ། རྗེ་རིན་པོ་ཆེ་རབ་བྱུང་དྲུག་པའི་ནང་ལ་འཁྲུངས་པ་ཡིན། ལོ་རྒན་དྲུག་ཅུའི་སྐོར་གཅིག་རབ་བྱུང་རེ་བརྩིས་པའི་ད་ལྟ་རབ་བྱུང་བཅུ་བདུན་པའི་སྐབས་ལ་ཐོན་པ་ཡིན། རྒྱལ་བ་ཀློང་ཆེན་པ་སྐུ་འཁྲུངས་ས་དེ་དབུས་ཀྱི་ས་ཆ་ཡིན། དབུས་དེ་ལ་ཡང་དབུ་རུ་དང་གཡོ་རུ་གཉིས་ཡོད་པ་ལས་གཡོ་རུ་གྲ་ནང་གི་ས་ཆར་འཁྲུངས་པ་དང་། རུས་ནི་སློབ་དཔོན་པདྨའི་དངོས་སློབ་རྗེ་འབངས་ཉེར་ལྔའི་ནང་གི་རྟ་མགྲིན་སྤྲུལ་བའི་གྲུབ་ཆེན་རྒྱལ་བ་མཆོག་དབྱངས་ཀྱི་གདུང་རྒྱུད་མི་རབས་ཉི་ཤུ་རྩ་ལྔ་པ་ཡིན་པར་གསུངས་ལ། དེ་ཡང་ཡབ་སློབ་དཔོན་བསྟན་པ་སྲུང་དང་ཡུམ་འབྲོག་བཟའ་བསོད་ནམས་རྒྱན་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། འཁྲུངས་མ་ཐག་ཏུ་ནམ་གྲུ་རེ་མ་ཏི་དངོས་སུ་བྱོན་ནས་ཕྱག་གིས་བླངས་ཏེ་དེ་ནས་བཟུང་འགོ་ཞིང་མི་འབྲལ་བར་བསྲུངས་པའི་ལོ་རྒྱུས་སོགས་མང་བ་དང་། སྐུ་ཆུང་དུས་ནས་ཀྱང་གཞན་དང་མི་འདྲ་བའི་དད་དང་སྙིང་རྗེ་དང་བློ་གྲོས་ཀྱི་རྩལ་རྒྱས་ནས་མི་འཕྲོག་པའི་རྣམ་དཔྱོད་མཚུངས་པ་མེད་པ་ཞིག་ཡིན་པས། དགུང་ལོ་ལྔ་ནས་འབྲི་ཀློག་མཁྱེན་པ་དང་། དགུང་ལོ་དགུ་ཙམ་གྱི་ཐོག་ནས་གྲྭ་ཕྱི་ཚོང་འདུས་ནས་ཉི་ཁྲི་བརྒྱད་སྟོང་གཉིས་ཀ་བརྒྱ་ཚར་རེ་བཀླགས་ནས་ཐུགས་ལ་ཆུད་པ་དང་། དགུང་ལོ་བཅུ་གཉིས་ཙམ་ནས་རབ་ཏུ་བྱུང་ནས་འདུལ་བའི་གྲྭ་སྐོར་ལ་ཞུགས་པ་དང་། རིས་མེད་མཁས་པའི་དབང་པོ་མང་པོའི་ཞབས་ལ་གཏུགས་ཏེ་ཤེས་བྱ་རིག་པའི་གནས་མཐའ་དག་ལ་གསན་བསམ་མཛད་རབས་རྣམ་ཐར་ལས་གསལ་ལ། གསང་ཕུའི་རིག་གྲྭ་རུ་སྐབས་ཤིག་ལ་བཞུགས་ནས་མི་གཡོ་བ་དང་དབྱངས་ཅན་མ་རྣམས་ཀྱི་ཞལ་གཟིགས། དེ་ནས་རིས་མེད་ཀྱི་ཆོས་གྲྭ་མང་པོར་བྱོན་ནས་མདོ་སྔགས་རིག་གནས་དང་བཅས་པའི་གསན་བསམ་མཐར་ཕྱིན་ནས་མཁས་པའི་གྲགས་པས་ས་སྟེང་ཁྱབ་སྟེ། ངག་གི་དབང་པོའི་འཆད་ལུགས་མཐོང་ཙ་ན། །སྐུ་མཆེད་གསུམ་པོའི་ཆོས་འཆད་དིག་དིག་པོ། །ཀློང་ཆེན་རབ་འབྱམས་རིག་གྲྭར་རྩོད་ཙ་ན། །ཕྱྭ་གཙང་དན་གསུམ་རྩོད་པ་རྐྱང་རྐྱང་པོ། །ཀུན་མཁྱེན་ཆེན་པོའི་རྩོམ་པ་མཐོང་ཙ་ན། །བུ་དོལ་ཤེར་གསུམ་རྩོམ་པ་མོག་མོག་པོ། །ཞེས་གྲགས་པར་གྱུར་པ་ཡིན། གསང་ཕུ་ནས་བྱོན་ནས་ཅོག་ལའི་བྲག་ལ་མུན་པའི་རྣལ་འབྱོར་ལ་བཞུགས་ཚེ་རྗེ་བཙུན་སྒྲོལ་མས་ཞལ་གཟིགས་བྱིན་རླབས་དང་སྔོན་ནས་ལས་འབྲེལ་ཡོད་པའི་རིག་འཛིན་བླ་མ་ཀུ་མ་ར་ཛ་དང་མཇལ་དགོས་པའི་ལུང་སྟོན་གནང་བ་ཡིན། དེ་ནས་ཡར་སྟོད་སྐྱལ་གྱི་ཕུར་རིག་འཛིན་བླ་མ་ཀུ་མཱ་ར་ཛ་བཞུགས་པའི་དྲུང་དུ་བྱོན་ནས། བླ་མ་མཇལ་སྐབས་བླ་མས་མདང་གི་འོད་གསལ་གྱི་གཟིགས་སྣང་ལ་བརྟགས་ཡོང་ན་ཁོ་བོའི་ཆོས་བརྒྱུད་ཁྱེད་ཀྱིས་འཛིན་པར་འདུག་ཅེས་ལུང་བསྟན་ཐོབ་པ་དང་། དེ་དུས་ཀུན་མཁྱེན་ཆེན་པོ་དགུང་ལོ་ཉི་ཤུ་རྩ་དྲུག་བདུན་གྱི་སྐབས་ཡིན་ལ། སྐབས་དེར་ཉམས་ལེན་མཛད་དུས་ཕྱེ་བྲེ་གསུམ་དང་དངུལ་ཆུ་རིལ་བུ་ཉི་ཤུ་རྩ་གཅིག་གིས་ཟླ་བ་གཉིས་ཀྱི་གསོལ་ཆས་མཛད་པ་དང་། སྒྱེ་ཞིག་གིས་གོས་གདན་གཉིས་ཀའི་གོ་བཅད་པ་སོགས་ཀྱི་དཀའ་བ་སྤྱད་ནས། སྡེ་གསུམ་རྫོགས་པ་ཆེན་པོའི་ཆོས་བཀའ་ཡོངས་རྫོགས་དབང་ཁྲིད་ལུང་དང་མན་ངག་རྒྱབ་རྟེན་དང་བཅས་པ་ཐུགས་ཉམས་ལ་བཞེས་པ་དང་། བསམ་ཡས་མཆིམས་ཕུ་ནས་ལོ་བདུན་དམ་བཅའི་སྐབས་མཆིམས་ཕུའི་ལྷུན་གྲུབ་སྒང་ནས་ཕག་མོ་ནག་མོའི་ཞལ་ལན་བདུན་ལ་གཟིགས་པ་དང་། གནོད་སྦྱིན་ཛཾ་བྷ་ལས་ནོར་བུ་ཕུར་བ་དང་། རྡོ་རྗེ་གཡུ་སྒྲོན་མས་རང་ཞལ་སྟོན་ནས་རང་གི་ཕྱི་ནང་གསང་བའི་སྒྲུབ་ཐབས་དང་བཅས་པ་ཕུལ་བའི་ལོ་རྒྱུས་དང་། མཆིམས་ཕུའི་དགེ་འུའི་གོང་ལ་བཞུགས་དུས་གུ་རུ་ཞི་བ་དང་། ཕག་མོ་དམར་མོ། རྡོ་རྗེ་སེམས་དཔའ། རྟ་མགྲིན་དང་སྒྲོལ་མ་ལ་སོགས་པ་ཡི་དམ་མང་པོའི་ཞལ་གཟིགས་པ་དང་། མཁའ་སྤྱོད་དག་པའི་ཞིང་ལ་བྱོན་ནས་མཁའ་འགྲོ་སྙིང་ཐིག་གི་རྗེས་གནང་ཐོབ་པ་དང་། ལྷ་སའི་ཇོ་བོ་ཤཱཀྱ་མུ་ནེའི་མཛོད་སྤུ་ནས་འོད་ཟེར་འཕྲོས་ནས་ཀུན་མཁྱེན་ཆེན་པོ་ཉིད་ཀྱི་མཛོད་སྤུར་ཐིམ་དུས་སྐུའི་སྐྱེ་བ་དུ་མར་པཎྜི་ཏ་མང་པོའི་སྐྱེ་བ་བཞེས་པ་དང་། བྱ་རྒོད་སྤུང་རི་དང་ལི་ཡུལ་སོགས་ནས་སྐྱེ་བ་སྔོན་མར་ཐུབ་པའི་མདུན་ནས་ཐོས་པའི་ཆོས་མང་པོ་ཐོགས་མེད་དུ་ཐུགས་ལ་ཤར་རབས་དང་། དབུ་རུ་ཞྭ་པདྨ་དབང་ཆེན་ལ་ཕེབས་ནས་དེའི་ལྷ་ཁང་རྫུ་འཕྲུལ་གྱིས་ཞིག་གསོས་མཛད་ཚུལ་དང་། དགུང་ལོ་ཉེར་བརྒྱད་ཙམ་གྱི་ཐོག་ནས་མཆིམས་ཕུའི་རི་མོ་ཅན་ནས་རྫོགས་པ་ཆེན་པོའི་ཆོས་སྒོ་ཕྱེས་མཛད་ནས་སྤྲོས་བཅས་ཀྱི་དབང་གནང་སྐབས་འོད་མཐིང་ཁ་ཁྱབ་པ་ཆེན་པོའི་ཕྱོགས་དུས་ཐམས་ཅད་ལ་ཁྱབ་པ་དང་། སྤྲོས་མེད་ཀྱི་དབང་གི་དགོང་མོར་ལྔ་ལྡན་མཇའ་ཟེར་གྱི་སྣང་བས་ཁྱབ་པ་ཐམས་ཅད་ཀྱི་མཐོང་ཆོས་སུ་གྱུར་བ་དང་། ཨོ་རྒྱན་རིན་པོ་ཆེ་སྐུ་མདོག་མཐིང་ཀ་ཅན་དང་། མཚོ་རྒྱལ་དམར་མོ་ཕྱག་ན་བུམ་པ་བསྣམས་པའི་གུ་རུ་ཡབ་ཡུམ་ལ་འཁོར་དཔའ་བོ་མཁའ་འགྲོ་དང་བཅས་པ་བྱོན་ནས། མཁའ་འགྲོ་སྙིང་ཐིག་གི་བྱིན་རླབས་རྗེས་གནོང་དང་བཅས་དངོས་སུ་སྩལ་བ་དང་། ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྲས་མོ་ལྷ་ལྕམ་པདྨ་གསལ་གྱི་སྐྱེ་བའི་ཕྲེང་བ་རྗེས་སུ་དྲན་ནས་མཁའ་འགྲོ་སྙིང་ཐིག་གི་ཆོས་ཀྱི་བདག་པོར་སྔར་གུ་རུའི་ལུང་སྟོན་པ་བཞིན་དུ་གྱུར་པ་དང་། ཨོ་རྒྱན་ཆེན་པོས་མཚན་ལ་དྲི་མེད་འོད་ཟེར་དང་། ཡེ་ཤེས་མཚོ་རྒྱལ་གྱིས་མཚན་ལ་རྡོ་རྗེ་གཟི་བརྗིད་དུ་གསོལ། ཨ་ཏི་བཀོད་པ་ཆེན་པོ་དང་སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ཀྱི་ནང་ནས་ལུང་གིས་ཟིན་པ་ནི། དེ་འོག་བློ་གྲོས་མཆོག་གིས་འཛིན། །གསུངས་པ་དང་། བཀའ་ཆེམས་ལས། བློ་གྲོས་མིང་ཅན་ཐོགས་མེད་བྱ་བཞིན་རྒྱུ། །གསུངས་པ་སོགས་ལུང་གིས་ཟིན་པ་ཡང་མང་བ་དང་། རྩ་བ་གསུམ་གྱི་ལྷ་ཚོགས་མང་པོའི་ཞལ་གཟིགས་ལུང་སྟོན་ཐོབ་རབས་རྣམས་རྣམ་ཐར་རྒྱས་པ་དག་ལས་གསལ་བ་དང་། རྣམ་ཐར་མཐོང་བ་དོན་ལྡན་གྱི་ནང་ན་བར་སྐབས་ཀྱི་ཚིགས་སུ་བཅད་པ་ལས་བསྔགས་པ་བརྗོད་པ་འདི་ལྟར་གསུངས་ཏེ། ཁྲོམ་ནས་ཆོས་བཤད་གངྒཱའི་ཆུ་རྒྱུན་འདྲ། །རིག་གྲྭར་རྩོད་དུས་འབྲུག་སྒྲ་སྒྲོག་པ་འདྲ། །བསྟན་བཅོས་རྩོམ་དུས་རི་གཟར་རྦབ་ཆུ་འདྲ། །མཉམ་པར་འཇོག་དུས་རྣལ་འབྱོར་མངོན་སུམ་འདྲ། །ཞེས་གསུངས་པ་དང་། སྒྲུབ་གནས་གཙོ་བོ་ནི། གྲ་ཕུ། བསམ་ཡས་མཆིམས་ཕུ། གསང་ཕུ། ཅོག་ལ་བྲག ཡར་སྟོད་ལྕམ་གྱི་ཕུ། ལྷ་རིང་བྲག་རྣམས་དང་། ཤུག་གསེབ་ཨོ་རྒྱན་རྫོང་གངས་རི་ཐོད་དཀར་སྙིང་པོའི་མགུལ་ནི་གཙོ་བོ་ཞིག་ཡིན་ལ། དེ་ནས་མཛོད་བདུན་རྩོམ་མཛད་དུས་མ་གཟའ་རྡོར་གསུམ་གྱིས་སྣག་ཤོག་གི་ལས་བྱས་ནས་རྩོམ་རབས་མཛད་བྱང་དག་ལས། རྣལ་འབྱོར་པ་དྲིི་མེད་འོད་ཟེར་གྱིས་རང་བྱུང་པདྨའི་གནས་སུ་སྦྱར་གསུངས་པ་ལྟ་བུ་དང་། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཡབ་ཡུམ་གྱིས་བྱིན་གྱིས་རླབས་པའི་རྣལ་འབྱོར་པ་དྲི་མེད་འོད་ཟེར་གྱིས་གངས་རི་ཐོད་དཀར་གྱི་མགུལ་ཨོ་རྒྱན་རྫོང་གི་གནས་མཆོག་དམ་པར་ཞེས་གནས་དུས་གཉིས་ཀའི་མིང་དང་སྦྲགས་ནས་གསུངས་པ་དང་། སྟོན་གྱི་ཚེ་མེ་ཏོག་དང་འབྲས་བུ་སྨིན་པའི་དུས་སུ་བཀོད་པའོ་གསུངས་པ་དང་། གངས་རི་ཐོད་དཀར་གྱི་ངོས་ཨོ་རྒྱན་རྫོང་གི་གནས་མཆོག་དམ་པར་སྟོན་ཁའི་ཟླ་བ་དང་པོའི་མེ་ཏོག་དང་འབྲས་བུ་སྨིན་པའི་ཚེ་བྲིས་ཞེས་པ་དང་། ཡང་གྲ་ཕུ་ནས་གསུངས་སམ་སྙམ་པ་འགའ་རེའི་ནང་དུ། རང་དང་གཞན་གྱི་གྲུབ་པའི་མཐའ་རྒྱ་མཚོའི་ཕ་རོལ་ཏུ་སོན་པ་དགེ་སློང་རྡོ་རྗེ་འཛིན་པ་ཚུལ་ཁྲིམས་བློ་གྲོས་ཀྱིས་གྲ་རི་རིན་པོ་ཆེ་པདྨ་བརྩེགས་པའི་འདབས་དཔལ་ལྡན་ལྷུན་གྱིས་གྲུབ་པའི་གླིང་དུ་ལེགས་པར་བཀོད་ཅེས་གསུངས་པ་དང་། མཛོད་འགྲེལ་པདྨ་དཀར་པོ་འདི་དེ་ནས་གསུངས་པ་ཡིན། ཡང་མཛད་བྱང་འགའ་རེ་ལ་མང་དུ་ཐོས་པའི་སྙན་ངག་མཁན་ཀུན་མཁྱེན་ངག་གི་དབང་པོས་གངས་རི་ཐོད་དཀར་གྱི་མགུལ་འོད་ཟེར་སྤྲིན་གྱི་སྐྱེད་མོས་ཚལ་གྱི་ནང་ཀུན་ཏུ་བཟང་པོའི་ཁང་བཟང་མཆོག་ཟླ་བ་ཆུ་ཤེལ་གྱི་མཚེར་བའི་གནས་སུ་སྦྱར་བ་ཞེས་གསུངས་པ་དང་། གཞི་སྟོད་ཏི་སྒྲོ། ལྷོ་བྲག མོན་ཡུལ། འབྲུག་བུམ་ཐང་ཐར་བ་གླིང་རྣམས་ལ་བྱོན་ནས་འགྲོ་དོན་དཔག་མེད་བྱུང་བ་ཡིན། སྐུ་ཚེའི་སྨད་ལ་སློབ་མའི་འདུ་བ་རྒྱས་པའི་སྐབས་སུ་ཁྲི་ཕྲག་དུ་མ་ལས་བརྒལ་བ་དང་། ཆེ་དགུ་དུ་མས་གཙུག་གི་ནོར་བུར་བཀུར་ན་ཡང་སྦྱོང་བའི་ཡོན་ཏན་བཅུ་གཉིས་ལ་གནས་པ་དགེ་སློང་རྡོ་རྗེ་འཛིན་པ་བྱ་བྲལ་སྦས་པའི་ངང་ཚུལ་ལས་རྟག་ཏུ་མི་འདའ་བའི་ལོ་རྒྱུས་ཡ་མཚན་ཅན་མངའ་བ་ཡིན། ལོ་རྒྱུས་རྒྱས་པ་དག་ན་ལོ་ཚིགས་དང་བཅས་པ་གསལ་ཞིང་། དགོང་ལོ་ལྔ་ཅུ་ང་དྲུག་པའི་སྐབས་ཤིག་ལ། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང་། །རྒྱ་མཚོར་དོན་ཡང་འགྲུབ་པའི་ཚོང་པ་བཞིན། །ལ་སོགས་པ་གསུངས་ནས་རྒྱལ་ཟླ་བའི་ཚེས་པ་བཅོ་བརྒྱད་ཀྱི་ཉིན་པར་དགོངས་པ་ཆོས་དབྱིངས་ལ་ཐིམ་ནས་མངོན་པར་རྫོགས་པ་སངས་རྒྱས་པ་ནི། ཁྲིད་ཡིག་ཡེ་ཤེས་བླ་མ་ལས། ཀུན་མཁྱེན་བླ་མ་དགོངས་པ་ཆོས་དབྱིངས་སུ་ཐིམ་པ་དེ་མངོན་པར་རྫོགས་པ་སངས་རྒྱས་པའི་མཚན་གཞི་ལ་བཞག་པ་ལྟར་དང་། ཐུགས་སྲས་བརྒྱུད་འཛིན་གྱི་བུ་སློབ་ལ། གྲགས་པ་ཐོབ་པའི་མཁས་གྲུབ་གསུམ། ཉེ་བའི་ཐུགས་སྲས་ལྔ། བསྟན་པ་འཛིན་པའི་བཤེས་གཉེན་བཞི། གྲུབ་པ་ཐོབ་པའི་གང་ཟག་རྣམ་བཞི་ལ་སོགས་པ་རབ་ཏུ་མང་ཞིང་། དེ་དག་གི་ཡང་སློབ་ཀྱིས་བརྒྱུད་པས་དེང་གི་བར་ས་ཆེན་པོ་ཡོངས་སུ་གང་བ་འདི་བཞིན་པ་དང་། གསུང་རབ་ཆོས་སྐུའི་རིང་བསྲེལ་ཕྱི་རབས་འགྲོ་བའི་བགོ་སྐལ་ལ་ཆོས་སྐུའི་མཆོད་སྡོང་ཆེན་པོར་བཞག་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན། ངལ་གསོ་སྐོར་གསུམ། དེའི་འགྲེལ་བ་ཤིང་རྟ་རྣམ་གསུམ། སྙིང་ཐིག་པོད་བཞིའམ་སྙིང་ཐིག་ཡ་བཞི་ལ་སོགས་པ་བཅུ་ཕྲག་རིག་པའི་གནས་མདོ་རྒྱུད་རྒྱ་མཚོའི་དགོངས་དོན་འགྲེལ་བའི་གསུང་ཆོས་ད་ལྟ་མཇལ་དུ་ཡོད་པའི་ཆོས་ཚན་ཆེ་བ་ཏག་ཏག་རྩིས་ཀྱང་ཆོས་ཚན་བརྒྱ་དང་དྲུག་ཅུ་ཙམ་ཞིག་ཡོད་པ་འདི་ཀུན་མཁྱེན་ཆེན་པོ་དངོས་སུ་བཞུགས་དང་ཁྱད་མེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ངས་ནི་ཁྱོད་ལ་ཐར་པའི་ལམ་བསྟན་གྱི། །ཐར་པ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་གསུངས་པ་ལྟར་དུ་གསུང་གི་བདུད་རྩིས་བསྐྱངས་ནས་སྐལ་ལྡན་ཐར་ལམ་ལ་འདྲེན་པ་ལས་གཞན་པའི་ཐབས་མཆོག་ཡོད་པ་མིན་ལ། དེའི་སྐབས་ཀྱི་གསུང་། རྒྱུ་ལ་ཁམས་འདུས་པ་མེ་ཏོག་གི་ཕྲེང་ལྡན་དང་། རྐྱེན་ལ་ཁམས་འདུས་པ་ཀ་ཁ་སུམ་ཅུ། དུས་ལ་མངོན་པར་སྐྱོ་བའི་རབས་བི་ཛ་ཧ་རཾ་སོགས་ལ་བལྟས་ན་ལེགས་ལམ་མཐོང་བའི་མིག་བསྒྲིབས་ནས་དམ་པའི་ཞལ་མ་འཚོ་བ་ཡང་ཡོད་པར་གོ་ཞིང་། རྣམ་གྲོལ་དོན་དུ་གཉེར་བའི་རིས་མེད་ཀྱིི་གང་ཟག་སྤྱི་དང་། ཁྱད་པར་སྔ་འགྱུར་རྙིང་མའི་བསྟན་ཞབས་སུ་སྐྱེས་ཏེ་དེའི་གྲུབ་མཐའ་འཛིན་པ་ཞིག་ཡིན་ན། རྒྱུ་འབྲས་ཀྱི་ཐེག་པའི་རྣམ་བཞག་དང་། ཁས་ལེན་གྱི་འཛིན་མཚམས་ཀུན་མཁྱེན་ཆེན་པོའི་དགོངས་བཞེད་དྲི་མ་མེད་པ་འཛིན་ཐུབ་ན་རྙིང་མ་པ་མིང་དོན་མཚུངས་པ་ཞིག་ཏུ་འགྱུར་བ་ཡིན་ལ། དེ་ལས་གཞན་དུ་ཕྱོགས་པ་ནི་རྒྱལ་བུ་རྐང་འཁྱམས་ཡིན་པར། རྒྱལ་དབང་ལྔ་བ་ཆེན་པོ་ལ་སོགས་པའི་རིས་མེད་ཀྱི་ཆོས་སྤྱན་མངའ་བའི་དམ་པ་མང་དག་གིས་གསུངས་པ་ལྟར་དུ་ཡིན་པས། རྫོགས་པ་ཆེན་པོའི་ཆོས་འཆད་ཉན་སྒོམ་སྒྲུབ་གང་གི་སྐབས་ཡིན་ཀྱང་། ཀློང་ཆེན་པའི་མན་ངག་གི་གཞུང་དང་སྡེབ་པར་མ་ནུས་ཚེ། བརྡ་ཕྲན་ཚིག་འཆལ་ཐ་ཐོར་གྱིས་ལྟ་སྒོམ་གྱི་མཐའ་རྒྱ་ཆེ་ཞིག་ཆོད་པ་མིན་ལ། ཀུན་མཁྱེན་ཆེན་པོའི་གསུང་ནི་ཚིག་ལ་བསྒྲིམས་པ་བརྡ་ཡི་སྡེབ་སྦྱོར་གཙོར་འདོན་དང་། དཔྱད་གཞིའི་ཡིག་རིགས་སོགས་ལ་ལྟོས་མི་དགོས་པར་དགོངས་པའི་ཀློང་ནས་མ་བཅོས་རང་བྱུང་གིས་བརྡོལ་བའི་དོན་གྱི་སྤྱི་རྒྱ་རླབས་ཀྱིས་བཅད་པའི་གསུང་ཁྱུང་ཆེན་མཁའ་ནས་ལྡིང་བ་ལྟ་བུ་ཞིག་ཡིན་པ་ནི། ངེད་ཚོས་ཆོས་བརྒྱུད་ཀྱི་མི་ཐོག་སྔོན་མའི་དམ་པ་གོང་མ་དཔལ་སྤྲུལ་ཚང་དང་མི་ཕམ་ཚང་གིས་འདིའི་གསུང་གི་ཆེ་བ་མང་རབས་གསུངས་པ་ལས་དཔེར་ན། མི་ཕམ་ཚང་གིས། དེ་ལྟར་དགའ་རབ་གཉིས་པ་ཆོས་ཀྱི་རྗེའི། །དོན་ལ་རྣམ་ངེས་རྡོ་རྗེའི་ཚིག་གི་ཚུལ། །རྟོན་པ་རྣམ་བཞིའི་བརྡ་དང་ངེས་འབྲེལ་བ། །བཅོས་མིན་རིག་པའི་གསང་ནས་དལ་གྱིས་ཤར། །ཞེས་གྲགས་སྙན་གྱི་རེ་བས་བརྩམས་པའི་གཞུང་ལུགས་ཕལ་གྱིས་དོ་ཟླ་མིིན་པའི་ཁྱད་ཆོས་མངའ་ཚུལ་བསྟན་པ་ཡིན་ལ། དེ་ལྟ་བུའི་རྒྱལ་བ་གཉིས་པ་ཀུན་མཁྱེན་ཀློང་ཆེན་པའི་གསུང་རབ་རྒྱ་མཚོ་ལྟ་བུར་བཞུགས་པ་དག་ལས། སྐབས་འདིར་རང་རེའི་བསོད་ནམས་ཀྱི་བགོ་སྐལ་དུ་ཐོབ་པའི་ཀློང་ཆེན་མཛོད་བདུན་འཆད་ཉན་བགྱི་བའི་སྐབས་ལས། དགོས་པའི་དབང་གིས་ཚིག་དོན་མཛོད་དང་མན་ངག་མཛོད་གཉིས་ཀ་བཤད་པ་སྔོན་དུ་སོང་ནས། གོ་རིམ་གྱི་དབང་དུ་བྱས་པའི་མཛོད་ཆེན་བདུན་གྱི་ཐོག་མ་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་པའི་སྐབས་ཡིན་ལ། འདི་ནི་མདོ་རྒྱུད་བསྟན་བཅོས་མཐའ་དག་གི་དོན་ཐོས་བསམ་སྒོམ་པས་གཏན་ལ་འབེབ་ཅིང་། ཐེག་པ་དང་གྲུབ་མཐའ་སྤྱིའི་གནད་སྟོན་པའི་ཟབ་ཅིང་རྒྱ་ཆེ་བའི་བསྟན་བཅོས་ཆེན་མོ་རྩ་བ་ལེའུ་ཉི་ཤུ་རྩ་གཉིས་པ་དང་། དེའི་དགོངས་འགྲེལ་ཊིཀ་ཆེན་པདྨ་དཀར་པོ་ད་ལྟར་འཆད་བཞིན་པ་འདི་ཉིད་དང་། ཁྲིད་ཡིག་ཟབ་དོན་རྡོ་རྗེའི་སྙིང་པོ་དང་བཅས་པ་ཡོད་པ་དང་། དེ་ནས་གྲུབ་མཐའ་རིན་པོ་ཆེའི་མཛོད་ནང་པའི་མདོ་སྔགས་ཀྱི་ལྟ་གྲུབ་གསར་རྙིང་གི་བཞེད་སྲོལ་རིགས་པའི་འཕུལ་མཚམས་དང་བཅས་པ་རྒྱ་ཆེར་སྟོན་པ་དེ་གྲུབ་མཐའ་མཛོད་ལེའུ་བརྒྱད་ཀྱི་བདག་ཉིད་ཅན་དང་། དེ་ནས་མཛོད་གསུམ་པ་མན་ངག་རིན་པོ་ཆེའི་མཛོད་བསླབ་བྱ་དང་གདམས་པའི་སྒོ་ནས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་དྲུག་ཚན་དྲུག་ཚན་གྱི་ཆིངས་ཀྱིས་བཅིངས་པ། དྲུག་ཚན་གཅིག་ཙམ་སེམས་ལ་འཆང་ན་ཡང་མན་ངག་རིན་པོ་ཆེ་རིན་ཐང་གཞལ་མེད་ཡིན་པ་དེ་རང་རེས་ཀྱང་བློ་སྦྱོང་ལྟར་དུ་བཀྲལ་བ་གཙོ་ཆེར་བྱས་ནས་འཆད་ཉན་ཐེངས་གཅིག་བྱས་མ་ཐག་པ་དེ་དང་། དེ་ནས་མཛོད་བཞི་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་རྩ་བ་ལེའུ་བཅུ་གསུམ་པ་འགྲེལ་བ་ལུང་གི་གཏེར་མཛོད་ཀྱིས་རྒྱ་ཆེར་བཀྲལ་བ་རང་བཞིན་རྫོགས་པ་ཆེན་པོའི་དགོངས་དོན་རྗེན་པར་སྟོན་པའི་མན་ངག དཔལ་སྤྲུལ་ཚང་གིས་མཛོད་བདུན་བལྟ་བསྐུལ་ལས། ཆོས་དབྱིངས་མཛོད་འདི་ཆོས་ཀྱི་ཉིང་ཁུ་ཡིན། །དེ་ཕྱིར་གཞུང་བཟང་འདི་འདྲ་སྲིད་འདི་ན། །མཐོང་གྲོལ་ཡིན་ཏེ་ཐོས་གྲོལ་དྲན་གྲོལ་ཡིན། །འབྲེལ་པ་ཐོགས་ཚད་མ་འོངས་སངས་རྒྱས་ཡིན། །ཅེས་གསུངས་པ་དེ་དང་། དེ་ནས་རང་བྱུང་འོད་གསལ་ཡེ་ཤེས་ཀྱི་གནས་ལུགས་རྒྱས་པར་སྟོན་པ་ཐེག་མཆོག་རྡོ་རྗེ་རྩེ་མོས་རང་ལུགས་ཀྱི་དམ་ཚིག་གི་མདོ་ཆིངས་ཆེན་པོ། མེད་པ། ཕྱལ་བ། ལྷུན་གྲུབ། གཅིག་པུ་བཞིའི་ཆིངས་ཀྱིས་བཅིངས་ནས་རྡོ་རྗེའི་གནས་བཅུ་དྲུག་གི་རྣམ་པར་སྟོན་པ་རྩ་བ་ལེའུ་ལྔ་བ་དེའི་འགྲེལ་བ་དང་བཅས་པ་དང་། དེ་ནས་ཐེག་མཆོག་མཛོད་རྫོགས་ཆེན་གསང་བ་མན་ངག་སྡེའི་རྒྱུད་བཅུ་བདུན་མན་ངག་བརྒྱ་དང་བཅུ་དགུའི་དོན་འགྲེལ་རིམ་ཁང་ཉི་ཤུ་རྩ་ལྔའི་བདག་ཉིད་པོད་ཆེན་སྔ་ཕྱི་གཉིས་སུ་བཞུགས་པ་དེ་དང་། དེ་ནས་ཚིག་དོན་རིན་པོ་ཆེའི་མཛོད་རྫོགས་པ་ཆེན་པོའི་ལམ་ཁྱེར་གནད་ཀྱི་དོན་འགྲེལ་ཟབ་མོ་གཞི་དངོས་པོ་གཤིས་ཀྱི་གནས་ལུགས་སྟོན་པ་ནས་མཐའ་ཐུག་འབྲས་བུའི་གྲོལ་ས་ལ་ཐུག་གི་བར་དུ་། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚད་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་རྡོ་རྗེའི་གནས་བཅུ་གཅིག་གི་སྡོམ་གྱི་ས་བཅད་བཞག་ནས་གསུངས་པ་རང་རེས་བཤད་ཟིན་པའོ། །སྐབས་འདིར་དཔལ་སྤྲུལ་ཚང་གིས། །སྲིད་པ་འདི་ན་ཡིད་བཞིན་ནོར་གཅིག་པུ། །ཀུན་མཁྱེན་བླ་མའི་གཞུང་ལུགས་རིན་པོ་ཆེ། །འདི་ལས་གཞན་ལ་སངས་རྒྱས་ཡོད་མིན་ན། །འདི་ལ་རབ་དགའ་མི་སྐྱེ་སུ་ཞིག་ཡོད། །ཅེས་བསྔགས་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ཐོག་མ་ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་འདི་ཉིད་འཆད་ཉན་གསན་བཞེས་མཛད་པ་ལ། མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད་རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེར་འགོད་པར་བྱ་བའི་ཆེད་དུ། དམ་པའི་ཆོས་ཟབ་མོ་རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྟོགས་པར་བྱེད་པའི་བསྟན་བཅོས་ཆེན་པོ་འདི་ཉིད་ཉན་ཞིང་ཇི་ལྟར་གསུངས་པ་ལྟར་ཚུལ་བཞིན་དུ་བསྒྲུབས་ཏེ། རྟེན་འདི་ལ་དོན་གཉིས་ལྷུན་གྲུབ་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ཞིག་བྱ་དགོས་སྙམ་པའི། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དོན་གཉིས་ལྡན་པའི་སེམས་བསྐྱེད་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དང་འབྲེལ་བཞིན་དུ། ཆོས་གསན་པའི་ཀུན་སྤྱོད་མདོ་རྒྱུད་བསྟན་བཅོས་དག་ལས་ཇི་ལྟར་འབྱུང་བ་བཞིན་དང་། ཁྱད་པར་དུ་ཀུན་མཁྱེན་ཆོས་རྗེ་ཉིད་ཀྱི་ཞལ་ནས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད། །ཅེས་གསུངས་པ་ལྟར་དུ། སྦྱོར་བ་སེམས་བསྐྱེད། དངོས་གཞིི་དམིགས་མེད། རྗེས་སྔོ་བ་བཅས་པའི་དམ་པ་གསུམ་ཚང་བའི་སྒོ་ནས་གསན་དགོས་ལ། དེ་ཡང་གང་ཞིག་གསན་པར་བྱ་བའི་ཆོས་ཚན་འདིའི་ཐོག་མར། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་པདྨ་དཀར་པོ་ཞེས་བྱ་བ་བཞུགས་ཞེས་གླེགས་བམ་འདིའི་དབུའི་ཞལ་བྱང་དུ་རྩ་འགྲེལ་གཉིས་ཀའི་མཚན་གྱི་རྣམ་གྲངས་གསལ་བོར་བསྟན་པ་འདི་ཉིད་འཆད་པ་ལ། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་གྱི་ཆིངས་ཀྱིས་བཅིངས་ནས་འཆད་པའི། ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་གྱི་དོན་དང་། ཕྱག་འཚལ་བ་གཉིས་ཡོད་པ་ལས། དང་པོ།

མཚན་གྱི་དོན།

དང་པོ་མཚན་རྒྱ་གར་གྱི་སྐད་དུ་སྨྲས་པ་ནི། རྒྱ་གར་སྐད་དུ་། མ་ཧཱ་ཡཱ་ན་ཨུ་པ་དེ་ཤ་ཤཱསྟྲ་ཙིནྟཱ་རཏྣ་ཀོ་ཥ་པྲྀཏྟི་པུཎྜ་རཱི་ཀ་ནཱ་མ། འདིར་འགྲེལ་བ་བཤད་པའི་ཞོར་དུ་རྩ་བ་རང་ཤུགས་ཀྱིས་ཐོབ་པས་རྩ་བ་ཟུར་ནས་འདོན་མི་དགོས་པའི་དབང་དུ་བྱས་ནས། མཚན་རྒྱ་སྐད་དུ་སྨྲས་པའི་སྐབས་སུ་ཡང་གཞུང་རྩ་བའི་མཚན་དངོས་མ། མ་ཧཱ་ཡཱ་ན་ཨུ་པ་དེ་ཤ་ཤཱསྟྲ་ཙིནྟ་རཏྣ་ཀོ་ཥ་ནཱ་མ། ཞེས་པ་ལ་འགྲེལ་བའི་སྐབས་སུ་ཀོ་ཥ་དང་ནཱ་མའི་བར་དུ་པྲྀཏྟི་པུཎྜ་རཱི་ཀ་ཞེས་པ་ཞིག་བསྣན་པ་ནི་འགྲེལ་བ་པདྨ་དཀར་པོ་ཞེས་པའི་དོན་ཡིན་ལ། དེ་ཡང་རྒྱ་དཀར་ནག་གི་ཟླས་ཕྱེས་པའི་ཡུལ་གྲུ་དེ་ལ་བརྗོད་བདེའི་དབང་གིས་རྒྱ་གར་དང་། དེའི་སྐད་ནི་སཾ་སྐྲྀ་ཏའི་སྐད་ལ་གོ་ཞིང་། དེ་ཡང་སྔོན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྒྱ་གར་རྡོ་རྗེའི་གདན་དུ་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེ་ཡང་འགྲོ་བ་སོ་སོའི་སྐད་དང་མཐུན་པར་ཚངས་པའི་དབྱངས་ཀྱིས་གསུངས་པ་ཡིན་ཀྱང་། གཙོ་བོ་མིའི་འགྲོ་བ་ལ་སཾ་སྐྲྀ་ཏའི་སྐད་ཀྱིས་གསུངས་པ་དང་། དེ་ལས་ལོ་པཎ་བཀའ་དྲིན་ཅན་རྣམས་ཀྱིས་བོད་སྐད་དུ་བསྒྱུར་བ་ཡིན་པས། སྐད་ལ་བག་ཆགས་བཞག་ན་རྒྱུད་ལ་བྱིན་རླབས་འཇུག་པ་ཡིན་པ་དང་། མ་འོངས་པ་ན་རང་ཉིད་འཚང་རྒྱ་བའི་དུས་སུ་སྐད་དང་ཡི་གེ་འདི་ལྟ་བུས་གཞན་ལ་ཆོས་སྟོན་ནུས་པ་ལ་སོགས་པའི་དགོས་པ་དང་ལྡན་པས་ན་འདི་རྒྱ་འགྱུར་མ་མིན་ཀྱང་། དགོས་པ་དེ་ལྡན་གྱིས་རྒྱ་གར་གྱི་སྐད་དུ་སྨྲས་པའོ། །བོད་སྐད་དུ། ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་པ་པདྨ་དཀར་པོ་ཞེས་བྱ་བ། གསུངས་པ་སྟེ། དེ་ཡང་ཡཱ་ན་ཞེས་པའི་སྒྲ་ཐེག་པའམ་བཞོན་པར་འཇུག་པ་ཡིན་པས། གོང་ནས་གོང་དུ་འདེགས་ཤིང་ཐར་བའི་ལམ་གོང་མར་འགོད་པའི་བཞོན་པ་ལྟ་བུ་སྟེ། དེ་ལའང་ཐེག་པ་དམན་འབྲིང་ལས་ཁྱད་པར་འཕགས་པ་ཡིན་པས། དམིགས་པ་ཆེ་དང་སྒྲུབ་པ་དང་། །ཡེ་ཤེས་བརྩོན་འགྲུས་ཐབས་མཁས་དང་། །ཡང་དག་འགྲུབ་དང་འཕྲིན་ལ་ཆེ། །ཞེས་གསུངས་པ་ལྟར་དུ་དམིགས་པ་དང༌། སྒྲུབ་པ་དང༌། ཡེ་ཤེས་དང༌། བརྩོན་འགྲུས་དང༌། ཐབས་མཁས་དང༌། གྲུབ་པ་དང༌། ཕྲིན་ལས་ཏེ་ཆེན་པོ་བདུན་དང་ལྡན་པའི་ཐེག་པ་ཆེན་པོའི་མདོ་རྒྱུད་བཀའ་དང་བསྟན་བཅོས་མཐའ་དག་གི་དོན། ཐོས་དོན་བསམ། བསམ་དོན་བསྒོམས་ཏེ་གཏན་ལ་འབེབ་པར་བྱེད་པས། ཐེག་པ་དང་གྲུབ་མཐའ་སྤྱིའི་གནད་བསྟན་པའི་མན་ངག་གི་གནད་དང་གཞུང་གཅིག་ཏུ་དྲིལ་བ་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པའི་བསྟན་བཅོས། ཟབ་ཅིང་རྒྱ་ཆེ་བའི་དོན་བཟང་འདིའི་ནང་དུ་མ་ཚང་མ་འདུས་པ་མེད་པར་ཐར་བ་འདོད་པའི་གང་ཟག་གི་ཡིད་ཀྱི་རེ་བ་ཐམས་ཅད་སྐོང་བར་བྱེད་པ། ཡིད་བཞིན་ནོར་བུ་དགོས་འདོད་ཀུན་འབྱུང་ལྟ་བུའི་བྱེད་ལས་དཔེ་ཡི་སྒོ་ནས་མཚན་བཏགས་པ་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་རང་འགྲེལ་གནང་བ་པདྨ་དཀར་པོ་དག་ཅིང་དྭངས་ལ་དྲི་མ་མེད་པ། མདངས་བཀྲ་དབྱིབས་ལེགས་རེག་བྱ་འཇམ་པ། བདུད་རྩིའི་ཟིལ་མངར་གྱི་བཅུད་དང་ལྡན་པ། སྐལ་བཟང་བུང་བའི་ཚོགས་ཀུན་དགའ་བར་བྱེད་པའི་མཚུངས་ཆོས་ཅན། ཉེས་པའི་སྐྱོན་དང་བྲལ་ཞིང་འཆོས་སྐྱོབ་ཀྱི་ཡོན་ཏན་དང་ལྡན་པས་བརྗོད་བྱ་ཕུན་སུམ་ཚོགས་ཤིང་། རྗོད་བྱེད་ཡན་ལག་རྫོགས་པ། མཆོད་པའི་རྫས་རྣམས་ཀུན་གྱི་མཆོག་ཏུ་བསྔགས་པའི་ལྷ་རྫས་པདྨ་དཀར་པོའི་མཚན་གྱིས་བསྙད་པ་ཞེས་བྱ་བ་ཞེས་པའི་ཐོག་མའི་ཞལ་བྱང་གིས་ཀྱང་། དབང་རབ་ལ་དབུ་མཚན་མཐོང་བ་ཙམ་གྱིས་དབུ་ཞབས་ཀྱི་དོན་རྟོགས་པའི་དགོས་པ་དང་ལྡན་པའོ། །དེ་ལྟར་བསྟན་ནས་སྐད་གཉིས་ཤན་སྦྱར་ན། མ་ཧཱ་ཡཱ་ན་ཐེག་པ་ཆེན་པོ། ཨུ་པ་དེ་ཤ་མན་ངག ཤཱསྟྲ་བསྟན་བཅོས། ཙིནྟ་ཡིད་བཞིན། རཏྣ་རིན་པོ་ཆེ། ཀོ་ཥ་མཛོད། པྲྀཏྟི་འགྲེལ་བ། པུཎྜ་རཱི་ཀ་པདྨ་དཀར་པོ། ནཱ་མ་ནི་ཞེས་བྱ་བའོ། །དེའི་ཡན་མཚན་རྒྱ་གར་སྐད་དུ་སྨྲས་པའི་དོན་བོད་སྐད་ཀྱི་གོ་བའི་ཐོག་ནས་ལེགས་པར་བཀྲལ་བའི་ཐོག་མ་དགེ་བ་ཀླད་དོན་གྱི་དང་པོ་མཚན་སྨྲས་པ་སོང་ནས་གཉིས་པ།

བྱ་བ་རྩོམ་པའི་ཕྱག

འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ཡང་ཉེས་པའི་རྩུབ་རེག་དང་བྲལ་བས་འཇམ་ཞིང་དོན་གཉིས་འབྱོར་བའི་དཔལ་དང་ལྡན་པ་གང་ཞིག རྒྱལ་བ་ཀུན་གྱི་ཡབ་ཏུ་གྱུར་ཅིང་རྒྱལ་སྲས་གཞོན་ནུའི་ཚུལ་གྱུར་བའི་འཇམ་དཔལ་གཞོན་ནུའི་སྐུར་གྱུར་པ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ལོ། །ཞེས་གཞུང་རྩ་བའི་སྡེ་སྣོད་ངོས་འཛིན་གྱི་ཕྱག་དང་། རང་འགྲེལ་རྩོམ་པ་པོས་འགྲེལ་བའི་ཕྱག་ཀྱང་ཡིན་ནོ།།

འགྲེལ་བའི་མཆོད་བརྗོད།

སངས་རྒྱས་དཀོན་མཆོག་ལ་མཆོད་པར་བརྗོད་པ།

དེ་ནས་འགྲེལ་བ་ལ་ཡང་མཆོད་པར་བརྗོད་པ་དང་རྩོམ་པ་དམ་བཅའ་གཉིས་ཡོད་པའི་མཆོད་པར་བརྗོད་པ་ལའང་། སྐྱབས་ཀྱི་མཆོག་དཀོན་མཆོག་རིན་པོ་ཆེ་གསུམ་ལ་མཆོད་པར་བརྗོད་པའི་ཐོག་མར་སངས་རྒྱས་དཀོན་མཆོག་ལ་མཆོད་པར་བརྗོད་པ་ནི། གང་གི་ཞལ་བཟང་ལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་།།

མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར།།

ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི།།

ཐུབ་དབང་པདྨདཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས།།

ཞེས་གསུངས་ཏེ། དེ་ཡང་ཐུབ་པའི་དབང་པོ་བཅོམ་ལྡན་འདས་ཀྱི་མཚན་དང་དཔེ་བྱད། ཡེ་ཤེས་དང་ཡོན་ཏན། མཛད་པ་དང་ཕྲིན་ལས་ཐམས་ཅད། དྲི་མེད་པདྨ་དཀར་པོའི་གེ་སར་དང་ཟེར་འབྲུ་འདབ་ཡངས་བཅས་པའི་གཟུགས་སུ་བཀོད་ནས། རྣམ་འདྲེན་སྟོང་གི་དབུས་ན་པད་དཀར་ལྟར་བསྔགས་པའི་རྒྱལ་བ་ཤཱཀྱ་སེང་གེའི་སྐུ་དང་ཡེ་ཤེས། ཐུགས་རྗེ་ཕྲིན་ལས་དང་བཅས་པ་གསལ་བར་བསྟན་པ་དང་། ཀུན་མཁྱེན་བླ་མ་ཉིད་ཀྱི་ཐུགས་རྒྱ་མཚོའི་གཟུགས་སུ་བཀོད་པའི་ཡིད་མཚོར་སྐྱོངས་ཞེས་ཇི་ལྟ་ཇི་སྙེད་མཁྱེན་པའི་རྒྱལ་བའི་རྣམ་མཁྱེན་གྱི་ཡེ་ཤེས་དང་། ཁོང་གི་ཤེས་བྱ་རྣམ་པར་འབྱེད་པའི་སོ་སོར་རྟོག་པའི་ཤེས་རབ་གྱི་རྩལ་མི་འཕྲོག་པའི་རྣམ་དཔྱོད་གཉིས་རྟེན་དང་བརྟེན་པའི་ཚུལ་ཅན་ནམ་ཆོས་དང་ཆོས་ཅན་གྱི་ཚུལ་དུ་པདྨ་མཚོ་ལ་གནས་པ་བཞིན་དུ་འདའ་བ་མེད་པར་སྐྱོངས་ཞེས་སངས་རྒྱས་དཀོན་མཆོག་ལ་མཆོད་པར་བརྗོད་ནས།

དམ་ཆོས་དཀོན་མཆོག་ལ་མཆོད་པར་བརྗོད་པ།

གཉིས་པ་དམ་ཆོས་དཀོན་མཆོག་ལ་མཆོད་པར་བརྗོད་པ་ནི།

སྐུ་གསུམ་ཡོན་ཏན་ཆ་ཤས་གང་བས་མཁྱེན་བརྩེའི་རྣམ་འགྲོས་རབ་བརྟན་ཅིང་།།

ཐུགས་རྗེའི་རྟ་བདུན་ཤུགས་ཀྱིས་བསྐྱོད་པས་འགྲོ་ཀུན་དགེ་ལེགས་ཉིན་མོར་བྱེད།།

དམ་ཆོས་འོད་ཟེར་དྲྭ་བ་འགྱེད་པས་མ་རིག་མུན་པ་རབ་སེལ་ཞིང་།།

ས་གསུམ་ཐར་ལམ་པདྨ་འབྱེད་པས་བདག་བློའི་འདབ་སྟོང་རྒྱས་པར་མཛོད།།

ཅེས་གསུངས་པ་ནི། པདྨའི་གཉེན་དུ་ཉི་མ་ཆེ་ཞིང་ཉི་མའི་ཟེར་གྱིས་པདྨོ་འབྱེད་པའི་བྱེད་ལས་དང་མཐུན་པར། སླར་ཡང་འགོག་ལམ་གྱིས་བསྡུས་པའི་ཆོས་དཀོན་མཆོག་དེ། ཉི་མའི་དཀྱིལ་འཁོར་གང་བ་དང་། རྟ་བདུན་གྱི་ཤུགས་ཀྱིས་བསྐྱོད་པ་དང་། འོད་ཟེར་གྱི་དྲྭ་བ་འགྱེད་པ་རྣམས་ཀྱི་གཟུགས་སུ་བཀོད་ནས། ས་གསུམ་འགྲོ་བའི་ཐར་ལམ་གྱི་པདྨོ་འབྱེད་པའི་སྐུ་གསུམ་སྟོན་པའི་བསྟན་པ་དམ་པའི་ཆོས་ཀྱིས་བདག་བློའི་པདྨོའི་འདབ་སྟོང་འབྱེད་པར་བྱས་ནས་མཁྱེན་རབ་གྱི་ཡོན་ཏན་འབར་བར་མཛོད་ཅེས། ཆོས་དཀོན་མཆོག་བརྗོད་མེད་བརྗོད་པའི་ཚིག་ཏུ་ཤར་ནས་ས་གསུམ་འགྲོ་བློའི་པདྨ་འབྱེད་པར་བྱེད་པ་དེ་ཉིད་ཉིན་མོར་བྱེད་པའི་འོད་སྣང་གི་གཟུགས་སུ་བཀོད་ནས་མཆོད་བརྗོད་མཛད་པ་དང་།

དགེ་འདུན་དཀོན་མཆོག་ལ་མཆོད་པར་བརྗོད་པ།

གསུམ་པ་དགེ་འདུན་དཀོན་མཆོག་ལ་མཆོད་པར་བརྗོད་པ་ནི།

ཇི་སྙེད་ཇི་བཞིན་དོན་ཀུན་གཟིགས་པས་མཁྱེན་བརྩེའི་དཀྱིལ་འཁོར་རབ་གང་ཞིང་།།

འགྲོ་ཀུན་མཚན་མོའི་མུན་པ་སེལ་བས་བློ་གྲོས་ཀུནྡའི་གཉེན་དུ་གྱུར།།

སྐུ་དང་ཡེ་ཤེས་སྒྲིབ་པ་མེད་པས་ཆོས་དབྱིངས་མཁའ་ལ་མཛེས་པ་གང་།།

འཇམ་དཔལ་གཞོན་ནུ་པདྨ་བཅས་ཏེ་ཀུན་ནས་དགེ་བའི་གཙུག་གིས་མཆོད།།

ཅེས་གསུངས་པ་ནི། དགེ་འདུན་དཀོན་མཆོག་ཟླ་བའི་གཟུགས་སུ་བཀོད་ནས། དེའི་མཁྱེན་གཉིས་ཀྱི་ཡེ་ཤེས་རྒྱས་པ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་དེས་མཚན་མོའི་མུན་པ་སེལ་བ་དང་ཆབས་ཅིག་ཏུ་སྐལ་ལྡན་བློ་གྲོས་རྒྱས་པ་དེ་ཉིད། ཀུནྡའམ་མེ་ཏོག་ཀུ་མུ་ད་རྒྱས་པའི་གཉེན་དུ་གྱུར་བ་དང་འདྲ་བའི་སྐུ་དང་ཡེ་ཤེས་སྒྲིབ་པ་མེད་པའི་ཆོས་དབྱིངས་མཁའ་ལ་མཛེས་པ་གང་ཡིན་པ་རྒྱལ་ཀུན་མཁྱེན་རབ་གཅིག་བསྡུས་ཀྱི་ཕུང་པོ་བྱང་ཆུབ་སེམས་པའི་ཚུལ་འཆང་བ་འཕགས་པ་འཇམ་པའི་དབྱངས་དང་རྒྱལ་བ་ཐམས་ཅད་ཀྱི་གསང་གསུམ་ནུས་བྱིན་གཅིག་ཏུ་བསྡུས་ཏེ་སླར་ཡང་རྒྱལ་བ་གཉིས་པའི་ཚུལ་དུ་བྱོན་པ་རྒྱལ་དབང་པདྨཱ་ཀ་རའི་མཚན་གྱིས་བསྟན་པ་དང་བཅས་པས་མཚོན་པའི་འཕགས་པའི་དགེ་འདུན་ལ་མཆོད་པར་བརྗོད་ནས།

འགྲེལ་བའི་རྩོམ་པར་དམ་བཅའ་བ།

གཉིས་པ་འགྲེལ་བ་རྩོམ་པར་དམ་བཅའ་བ་ནི།

ཆོས་ཚུལ་གེ་སར་པདྨའི་མཚོ་གླིང་ལས།།

ཤིན་ཏུ་མདངས་བཀྲ་ཟབ་ཅིང་རྒྱ་ཆེའི་དོན།།

གཅིག་ཏུ་བསྡུས་ཏེ་ལེགས་པར་བསྟན་པ་ནི།།

ཡིད་བཞིན་མཛོད་ཀྱི་འགྲེལ་པ་གསལ་བར་བྱ།།

ཞེས་པ་སྟེ། དེ་ཡང་འདིའི་གོང་འོག་རྣམས་སུ་པདྨའི་གཟུགས་སུ་བཀོད་པའི་གཟུགས་ཅན་གྱི་རྒྱན་གྱིས་བརྒྱན་ནས་གསུངས་པ་ནི་ཐེག་པ་ཆེན་པོ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་པདྨ་དཀར་པོ་ཞེས་པའི་མཚན་དེ་གསལ་བ་མཛད་པ་དང་མཉམ་དུ་ཐུབ་པའི་ཆོས་ཚུལ་ཟབ་རྒྱས་ཀྱི་ཕུང་པོ་འདུས་པའི་བདག་ཉིད་ཅན་འདི་ཉིད་བརྩམ་པར་དམ་བཅས་པའོ།།

བར་དུ་དགེ་བ་གཞུང་གི་དོན།

ད་ནི་གང་འགྲེལ་བྱའི་བསྟན་བཅོས་དངོས་ཀྱི་གཞུང་དོན་ལ། བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག བརྩམ་བྱ་བསྟན་བཅོས་ཀྱི་ལུས་དངོས། མཇུག་ཡོངས་སུ་རྫོགས་པའི་བྱ་བ་དང་གསུམ་གྱི་ནང་ནས། དང་པོ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་ཡན་ལག་ལའང་ནང་གསེས་ཀྱི་མཆོད་པར་བརྗོད་པ་དང་འབྲེལ་བའི་ཕྱག་འཚལ་བ། བརྩམ་པར་དམ་བཅའ་བ་དང་གཉིས་ཡོད་པའི་དང་པོ།

མཆོད་པར་བརྗོད་པ་དང་འབྲེལ་བའི་ཕྱག་འཚལ་བ།

བསྟན་བཅོས་འདིའི་ལུས་རྣམ་བཞག་དང་འབྲེལ་བའི་མཚམས་སྦྱར་བ་ནི། དེ་ལ་གང་གི་ཚེ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པ་ནི་ཆོས་ཉིད་དེ། ཉི་མ་ཤར་བ་ན་པདྨ་རྒྱས་པ་བཞིན། འདིར་ཡང་བཅོམ་ལྡན་འདས་དེ་མི་མཇེད་དུ་མཆོག་གི་སྤྲུལ་པས་མངོན་པར་བྱང་ཆུབ་པའི་ཚུལ་བསྟན་པ་ལས། གླིང་བཞི་པ་བར་མའི་འཇིག་རྟེན་འདིར་ཆོས་ཀྱི་འཁོར་ལོ་བསྐོར་བ་དག་གི་སྙིང་པོ་ནི་ཐེག་པ་ཆེན་པོ་ཡིན་ལ། དེའི་ཚུལ་ཕྱིན་ཅི་མ་ལོག་པ་གསལ་བར་བསྟན་པ་ནི། མདོ་དང་། རྒྱུད་དང་། བསྟན་བཅོས་ཆེན་པོ་རྣམས་ཏེ། དེ་དག་གི་ཚིག་དོན་བརླིང་ཞིང་རྟོགས་པར་དཀའ་བ་རྣམས་གཅིག་ཏུ་བསྡོམས་ཏེ་ཤིན་ཏུ་གསལ་ཞིང་གོ་སླ་བར་བྱ་བའི་ཕྱིར། ཚིག་ཉུང་ངུས་ཟབ་ཅིང་རྒྱ་ཆེ་བའི་གནས་སྟོན་པར་བྱེད་པ་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་བརྩམ་པར་འདོད་ནས། ཞེས་པ་སྟེ། དེ་ཡང་གང་གི་ཚེ་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་པོར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བར་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་བྱང་ཆུབ་མཆོག་ཏུ་མངོན་པར་རྫོགས་པར་སངས་རྒྱས་ནས་སེམས་ཅན་གྱི་དོན་མཛད་པ་ནི་ཆོས་ཉིད་དེ། རྒྱལ་བའི་མཛད་པ་ཐམས་ཅད་སེམས་ཅན་གྱི་དོན་མཛད་པ་ཉིད་ལས་མ་འདས་པ་སྟེ། དཔེར་ན་ཉི་མ་ཤར་བ་ན་པདྨ་རྒྱས་པ་ཆོས་ཉིད་ཡིན་པ་བཞིན། འདིར་ཡང་བཅོམ་ལྡན་འདས་དེ་ཉིད་མི་མཇེད་འཇིག་རྟེན་གྱི་ཁམས་འདིར་མཆོག་གི་སྤྲུལ་པས་མངོན་པར་བྱང་ཆུབ་པའི་ཚུལ་རྒྱ་མཚོར་བསྟན་པ་ལས། སྟོན་པ་སྤྲུལ་བའི་སྐུ་གཅིག་གི་གདུལ་ཞིང་གླིང་བཞི་པ་བར་མའི་འཇིག་རྟེན་གྱི་ཁམས་འདིར་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་བ་དག་གི་བསྟན་བྱའི་ངེས་དོན་སྙིང་པོ་ནི་གང་ཡིན་ཅེ་ན་ཐེག་པ་ཆེན་པོ་ཡིན་ལ། དེའི་ཚུལ་ཕྱིན་ཅི་མ་ལོག་པ་གསལ་བར་བསྟན་པ་ནི། མདོ་དང་། རྒྱུད་དང་། དགོངས་འགྲེལ་གྱི་བསྟན་བཅོས་ཆེན་པོ་རྣམས་ཏེ། དེ་དག་གི་ཚིག་དོན་བརླིང་ཞིང་བློ་གྲོས་རྩིང་པོས་རྟོགས་པར་དཀའ་བ་རྣམས་གཅིག་ཏུ་བསྡོམས་ཏེ་ཤིན་ཏུ་གསལ་ཞིང་གོ་སླ་བར་བྱ་བའི་ཕྱིར་དུ་། རྗོད་བྱེད་ཀྱི་ཚིག་ཉུང་ངུས་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བའི་གནས་སྟོན་པར་བྱེད་པའིམན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་བརྩམ་པར་འདོད་ནས། དང་པོ་ཕྱག་འཚལ་བ་ནི། ཐུགས་རྗེའི་མཁའ་དབྱིངས་འོད་གསལ་དག་པ་ལ། །མཁྱེན་བརྩེའི་དཀྱིལ་འཁོར་གང་བས་མཛེས་བྱས་ཤིང་། །མཐའ་ཡས་སྐྱེ་དགུའི་འདོད་སྟེར་རོལ་པ་ཅན། །ཕན་བདེའི་འོད་སྟོང་འཕྲོ་ལ་ཕྱག་འཚལ་ལོ། །དེ་ལ་ཚིགས་སུ་བཅད་པ་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བསྔགས་པ་སྟེ། གཟུགས་ཅན་གྱི་རྒྱན་དུ་ལེགས་པར་བཀོད་ནས། ཞི་བའི་ཐུགས་རྗེ་དམིགས་པ་མེད་པ་ནི་ནམ་མཁའི་དབྱིངས་ལྟར་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང་འོད་གསལ་བ་ཆོས་སྐུའི་ངང་ལས། ཤེས་བྱ་ཐམས་ཅད་གཟིགས་པའི་མཁྱེན་རབ་དང་། སེམས་ཅན་ཐམས་ཅད་ལ་རབ་ཏུ་བརྩེ་བའི་བྱམས་པ་ཆེན་པོས་ཕྱོགས་ཀྱི་མཐར་ཁྱབ་པ་ནི། དཀྱིལ་འཁོར་གང་བའི་ཐ་སྙད་དུ་ལེགས་པར་བརྗོད་དེ། སྟོན་ཀའི་ཟླ་བ་རྒྱས་པ་ཉིད་བཞིན་ནོ། །ཡོན་ཏན་དེ་ལྟ་བུའི་རྟེན་ཆོས་ཀྱིས་མཛེས་པར་བྱས་པ་ནི་རྟེན་གཞི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཚན་དང་དཔེ་བྱད་བཟང་པོས་འབར་བ་གང་ཡིན་པ་དེ་ཉིད་ཀྱི་ངང་ལས་སྤྲུལ་པའི་སྐུ་གདུལ་བྱ་སོ་སོའི་མོས་པ་དང་སྐལ་པ་ཇི་ལྟ་བ་བཞིན་སྣང་བ་ནི། ཚད་མེད་མཐའ་ཡས་པའི་སྐྱེ་དགུ་རྣམས་ཀྱི་འདོད་པའི་རེ་བ་ཐམས་ཅད་སྟེར་བའི་རོལ་པར་ཤར་བ་གང་ཡིན་པའོ། །དེ་ལས་གནས་སྐབས་ཕན་པ་དང་། མཐར་ཐུག་ཞི་བདེའི་དོན་གཉིས་བསྒྲུབས་པས་སེམས་ཅན་གྱི་ཁམས་ལ་ཁྱབ་པར་འགྲོ་བ་ནི་ཕན་བདེའི་འོད་སྟོང་འཕྲོ་བ་སྟེ། སྐུ་གསུམ་མཛད་པ་དང་བཅས་པའི་རང་བཞིན་ལེགས་པར་བསྟན་པ་ཡིན་ནོ། །འདིས་ནི་བསྟན་བཅོས་འདིའི་རྡོ་རྗེའི་གནས་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་ཀུན་མདོར་བསྟན་པ་ཡིན་ཏེ། གཞི་སྐུ་གསུམ་དབྱེར་མེད་ལྷུན་གྱིས་གྲུབ་པ་དང་། ལམ་སྐུ་གསུམ་དབྱེར་མེད་ཟུང་འཇུག་ཆེན་པོ་དང་། འབྲས་བུ་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོ་ངོས་བཟུང་བའོ། །དེ་ལྟར་བརྗོད་བྱ་དང་མཐུན་པའི་མཆོད་པར་བརྗོད་པས། བསྟན་བཅོས་ཀྱི་རང་བཞིན་རྟོགས་པ་དང་། རྩོམ་པ་མཐར་ཕྱིན་པ་དང་། བློ་གྲོས་མཆོག་ཏུ་འགྱུར་བ་དང་། བར་དུ་གཅོད་པ་ཞི་བ་དང་། རང་ཉིད་དམ་པར་རྟོགས་པ་སྟེ་དགོས་པ་ལྔ་དང་ལྡན་པ་ཉིད་དོ།། ཞེས་པ་སྟེ། གཞུང་རྩ་བའི་མཆོད་བརྗོད་ཀྱི་ཚིགས་སུ་བཅད་པ་འདིས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་ལ་བསྔགས་པ་བརྗོད་པར་མཛད་པ་སྟེ། དེ་ཡང་སྙན་ངག་གི་གཟུགས་ཅན་གྱི་རྒྱན་དུ་ལེགས་པར་བཀོད་ནས། མཚན་རྟོག་ཐམས་ཅད་ཉེ་བར་ཞི་བའི་ཐུགས་རྗེ་གང་ལའང་དམིགས་པ་མེད་པ་མཁའ་ལྟར་ཁྱབ་པའི་ཡེ་ཤེས་ནི་ནམ་མཁའི་དབྱིངས་ལྟར་ངོ་བོ་ཉིད་ཀྱིས་རྣམ་པར་དག་ཅིང་འོད་གསལ་བ་ཆོས་ཀྱི་སྐུ་ཡི་ངང་དེ་ལས། ཤེས་བྱ་ཐམས་ཅད་མ་འདྲེས་པར་གཟིགས་པའི་མཁྱེན་རབ་དང་། སེམས་ཅན་ཐམས་ཅད་ལ་བུ་གཅིག་པའི་མ་ལྟར་རབ་ཏུ་བརྩེ་བའི་བྱམས་པ་ཆེན་པོས་ཕྱོགས་ཀྱི་མཐར་ཁྱབ་པ་ནི། སྟོན་ཀའི་ཟླ་བའི་དཀྱིལ་འཁོར་གྱི་ཆ་ཤས་ཡོངས་སུ་གང་བའི་ཐ་སྙད་དུ་ལེགས་པར་བརྗོད་དེ། ཡོན་ཏན་དེ་ལྟ་བུའི་རྟེན་ཆོས་ཀྱིས་མཛེས་པར་བྱས་པའི་མདངས་ནང་གསལ་གྱི་སྐུ་དེ་ཉིད་ནི། རྟེན་གཞི་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མཚན་དང་དཔེ་བྱད་བཟང་པོས་དཔལ་འབར་བ་གང་ཡིན་པ་དེ་ཉིད་ཀྱི་ངང་ལས་སྤྲུལ་པའི་སྐུ་གདུལ་བྱ་སོ་སོའི་མོས་པ་དང་སྐལ་པ་ཇི་ལྟ་བ་བཞིན་དུ་སྣང་བའི་ཕྱིར་གསལ་གྱི་སྐུ་དེ་ནི། ཚད་མེད་མཐའ་ཡས་པའི་སྐྱེ་དགུ་རྣམས་ཀྱི་འདོད་པའི་རེ་བ་ཐམས་ཅད་སྟེར་བའི་རོལ་པར་ཤར་བ་གང་ཡིན་པའོ། །ཞེས་སྐུ་གསུམ་སྟོན་པའི་བཞུགས་ཚུལ་དང་འཆར་ཚུལ་བསྟན་པའོ། །དེ་ལས་འཕྲལ་ཕུགས་རང་གཞན་གྱི་གནས་སྐབས་ཕན་པ་དང་། མཐར་ཐུག་ཞི་བདེའི་དོན་གཉིས་བསྒྲུབས་པར་བྱས་ནས་སེམས་ཅན་གྱི་ཁམས་ལ་ཁྱབ་པར་འགྲོ་བ་ནི་ཕན་དང་བདེ་བའི་ཕྲིན་ལས་ཀྱི་འོད་སྟོང་འཕྲོ་བ་སྟེ། ཞེས་ཕྱག་འཚལ་བའམ་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པའི་རྐང་པ་བཞི་འདིས་སྐུ་གསུམ་མཛད་པ་དང་བཅས་པའི་རང་བཞིན་ལེགས་པར་བསྟན་པ་ཡིན་ནོ། །དེ་ལྟར་སྐུ་གསུམ་མཛད་པ་དང་བཅས་པའི་རང་བཞིན་ལེགས་པར་བསྟན་པ་དེ་ཙམ་གྱིས་མ་ཚད་འདིས་ནི་བསྟན་བཅོས་འདིའི་རྡོ་རྗེའི་གནས་བརྗོད་བྱ་ཟབ་ཅིང་རྒྱ་ཆེ་བ་ཀུན་མདོར་བསྟན་པའང་ཡིན་ཏེ། ཟབ་ཅིང་རྒྱ་ཆེའི་དོན་ཀུན་གཞི་ལམ་འབྲས་གསུམ་གྱི་ནང་དུ་མ་འདུས་པ་མེད་པ་ཡིན་པས་ན་གཞི་སྐུ་གསུམ་དབྱེར་མེད་ལྷུན་གྱིས་གྲུབ་པ་དང་། ལམ་སྐུ་གསུམ་དབྱེར་མེད་ཟུང་འཇུག་ཆེན་པོ་དང་། འབྲས་བུ་སྐུ་གསུམ་དབྱེར་མེད་བདེ་བ་ཆེན་པོར་ངོས་བཟུང་བའོ། །དེ་ཡང་གཞི་སྐུ་གསུམ་ལྷུན་གྲུབ་ཏུ་བཞུགས་པས་ལམ་སྐུ་གསུམ་ཟུང་འཇུག་བསྒྲུབ་ཏུ་ཡོད་པ་དང་ནི། དེ་དང་མཚུངས་པར་འབྲས་བུ་སྐུ་གསུམ་དབྱེར་མེད་མངོན་དུ་འགྱུར་དུ་ཡོད་པའོ། །དེ་ལྟར་བརྗོད་བྱ་དང་མཐུན་པའི་མཆོད་པར་བརྗོད་པས། བསྟན་བཅོས་ཀྱི་རང་བཞིན་རྟོགས་པ་དང་། རྩོམ་པ་མཐར་ཕྱིན་པ་དང་། བློ་གྲོས་མཆོག་ཏུ་འགྱུར་བ་དང་། བར་དུ་གཅོད་པ་ཞི་བ་དང་། རང་ཉིད་དམ་པར་རྟོགས་པ་སྟེ་དགོས་པ་ལྔ་དང་ལྡན་པ་ཉིད་དོ། །དེ་ལ་རྩ་བའི་ཚིག་རྐང་དང་པོ་གསུམ་གྱིས་སྐུ་གསུམ་མཛད་པའི་རང་བཞིན་བསྟན་པའི་སྔགས་པ་བརྗོད་པ་དང་ཆབས་ཅིག་ཏུ་རྐང་པ་རྗེས་མས་ཕྱག་འཚལ་བའི་དོན་གསལ་བར་བྱས་ནས། གཞི་ལམ་འབྲས་བུ་དང་སྐུ་གསུམ་དབྱེར་མེད་པ་དེ་ལྷུན་གྲུབ་དང་། ཟུང་འཇུག་དང་། བདེ་བ་ཆེན་པོའི་རང་བཞིན་གསུམ་དུ་ངོས་བཟུང་ནས་བསྟན་བཅོས་འདིའི་ཟབ་ཅིང་རྒྱ་ཆེའི་བརྗོད་བྱ་དོན་གྱི་ལུས་ཡོངས་སུ་རྫོགས་པ་གཞི་ལམ་འབྲས་གསུམ་གྱིས་བསྡུས་པའི་ལུས་རྣམ་བཞག་དང་འབྲེལ་བའི་བརྗོད་བྱ་དངོས་མདོར་བསྟན་པ་དང་ཆབས་ཅིག་ཏུ་ཕྱག་མཛད་ནས། དེ་ལྟར་བྱས་པས་མགོན་པོ་ཀླུས། བསྟན་བཅོས་བྱེད་པོས་སྟོན་པ་ལ། །མཆོད་པ་བརྗོད་པ་འབྲས་མེད་མིན། །སྟོན་པ་དང་ནི་བསྟན་བཅོས་ལ། །དད་འདུན་བསྐྱེད་པར་བྱ་ཕྱིར་རོ། །ཞེས་པ་ལྟར་དུ་བསྟན་བཅོས་ཀྱི་རང་བཞིན་རྟོགས་པ་དང་། རྩོམ་པ་མཐར་ཕྱིན་པ་དང་། བློ་གྲོས་མཆོག་ཏུ་འགྱུར་བ་དང་། བར་དུ་གཅོད་པ་ཞི་བ་དང་། རང་ཉིད་དམ་པར་རྟོགས་པ་སྟེ་དགོས་པ་ལྔ་དང་ལྡན་པར་བསྟན་པའོ། །གཉིས་པ།

བརྩམ་པར་དམ་བཅའ་བ།

དེ་ནས་བརྩམ་པར་དམ་བཅའ་བ་ནི། སྐལ་བཟང་རྣམས་ཀྱིས་དོན་དུ་གཉེར་བྱ་བ། །ཐར་པའི་མཆོག་སྟེ་དེ་ཉིད་སྒྲུབ་པའི་ཐབས། །ཀུན་གྱི་ནང་ནས་རྩེ་མོར་གྱུར་པ་ཞིག །དེང་སང་བདག་གིས་རབ་ཏུ་གསལ་བར་བྱ། །དམ་པ་རྣམས་ནི་བསྟན་བཅོས་རྩོམ་པ་ན་ཐོག་མར་མཆོད་པར་བརྗོད་དེ། བར་ཆད་རབ་ཏུ་ཞི་བར་བྱས་མ་ཐག་ཏུ་མཐར་ཕྱིན་པར་བྱ་བའི་ཕྱིར་བརྩམ་པར་དམ་བཅའ་བ་ཡིན་ཏེ། གཞན་དུ་ནི་ཅུང་ཟད་བྱ་དཀའ་བ་དང་། ཚིག་དོན་གྱི་གནས་བརླིང་བས་སྒྱིད་ལུག་པ་དང་། གཞན་གྱིས་འཚེ་བ་དང་། རང་གི་སྐྱོ་ངལ་མཐོང་ནས་བར་མ་དོར་འདོར་བར་སེམས་པ་ལས་ཡོངས་སུ་བསྲུང་བའི་ཕྱིར་རོ། །དེ་ལ་བྱང་ཆུབ་འདོད་པའི་སྐྱེ་བོ་གང་ཡིན་པ་ནི་ཆོས་ཀྱི་སྐལ་པ་བཟང་པོ་སྟེ། དེ་དག་གིས་དོན་དུ་གཉེར་བྱའི་མཆོག་ཐར་པ་ཡིན་ལ། དེ་བསྒྲུབ་པའི་ཐབས་ཀྱི་རྩེ་མོ་ཐེག་པ་ཆེན་པོའི་ལམ་སྟེ། དེའི་ཚུལ་རབ་ཏུ་བཟང་པོ་ཟབ་པ་དང་རྒྱ་ཆེ་བ་ཞིག་བསྟན་པར་བྱའོ་ཞེས་དམ་བཅའ་བ་ཡིན་ནོ། །འདིས་ནི་འདིའི་དགོས་འབྲེལ་ལེགས་པར་བསྟན་པ་ཉིད་དེ། སྐྱེས་བུ་བློ་གྲོས་ཅན་དག་གང་ལ་འཇུག་པ་ན། འདི་ལ་བརྗོད་བྱ་དང་། དགོས་པ་དང་། ཉིང་དགོས་དང་། འབྲེལ་བ་ཅི་ཞིག་ཡོད་སྙམ་ནས་ལེགས་པར་རྟོག་ཅིང་། དེ་དག་མཐོང་ནས་ལེགས་པར་འཇུག་པའི་ཕྱིར་འདིར་བརྗོད་པ། ཟབ་པ་དང་། རྒྱ་ཆེ་བའི་གནས་ཀྱི་ཁྱད་པར་གང་ཞིག འཁོར་བ་སྤང་ཞིང་ཐར་པ་བསྒྲུབ་པར་འདོད་པས་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ངོ་བོ་གང་ཡིན་པ་ནི་འདིས་བརྗོད་པར་བྱ་བའོ། །དེའི་རང་བཞིན་ལེའུ་ཉི་ཤུ་རྩ་གཉིས་ལས། ལེགས་པར་བརྟགས་ཏེ་འདི་ལ་བརྟེན་ནས་ཐར་པའི་ལམ་དུ་ཞུགས་པ་ནི་དགོས་པའོ། །ཞུགས་པ་མཐར་ཕྱིན་པའི་བྱང་ཆུབ་འགྲུབ་པ་ནི་དགོས་པའི་དགོས་པ་སྟེ་ཉིང་དགོས་སོ། །བརྗོད་བྱ་དང་རྗོད་བྱེད་ལ་བརྟེན་ནས་རྟོགས་པ་བཞིན་བསྒྲུབས་པའི་འབྲས་བུ་འགྲུབ་པ་སྟེ་དེ་དག་ཀྱང་གཅིག་ལ་བརྟེན་ནས་གཅིག་འབྱུང་བའི་ཕྱིར་འབྲེལ་བ་ཅན་དུ་འབྱུང་བ་ནི་འབྲེལ་བའོ། །དེ་དག་གིས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །ཞེས་པ་སྟེ། དེ་ཡང་དམ་པའི་སྐྱེ་བོ་རྣམས་བསྟན་བཅོས་རྩོམ་པ་ན་ཐོག་མར་ཡུལ་དམ་པ་ལ་མཆོད་པར་བརྗོད་པས་བར་ཆད་རབ་ཏུ་ཞི་བར་བྱས་མ་ཐག་ཏུ་གང་བརྩམ་པ་དེ་ཉིད་མཐར་ཕྱིན་པར་བྱ་བའི་ཕྱིར་བརྩམ་པར་དམ་བཅའ་བ་ཡང་འབྱུང་བ་ཡིན་ཏེ། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་ལས། དམ་པ་ཁས་འཆེ་མང་པོ་མི་བྱེད་ཅིང་། །གལ་ཏེ་དཀའ་བའི་ཁས་ནི་བླངས་གྱུར་ན། །རྡོ་ལ་རི་མོ་བྲིས་པ་ཇི་བཞིན་དུ། །ཤི་ཡང་གཞན་དུ་འདོར་བར་མི་འགྱུར་རོ། །ཞེས་པ་ལྟར་དམ་པས་ཁས་འཆེས་ནས་ཞལ་གྱིས་བཞེས་ཟིན་རྗེས་དམ་བཅའ་བརྟན་ཅིང་ཕྱིར་མི་ལྡོག་པ་ཡིན་ལ། དེ་ལྟར་མ་ཡིན་པ་གཞན་དུ་ན་ཅུང་ཟད་བྱ་དཀའ་བ་དང་། ཚིག་དོན་གྱི་གནས་བརླིང་བས་སྒྱིད་ལུག་པ་དང་། གཞན་གྱིས་འཚེ་བ་དང་། རང་གི་སྐྱོ་ངལ་མཐོང་ནས་བར་མ་དོར་འདོར་བར་སེམས་པ་སོགས་འབྱུང་སྲིད་པས་དེ་ལས་ཡོངས་སུ་བསྲུང་བའི་ཕྱིར་དེ་ལྟར་བརྩམ་པར་དམ་བཅས་པའོ། །དེ་ལ་བྱང་ཆུབ་ཐོབ་པར་འདོད་པའི་སྐྱེ་བོ་ཆོས་ཀྱི་སྐལ་པ་བཟང་པོ་དང་ལྡན་པ་དེ་དག་གིས་དོན་དུ་གཉེར་བྱའི་མཆོག་ཐར་པ་དམ་པ་དེ་སྒྲུབ་པའི་ཐབས་ཀྱི་རྩེ་མོ་ཐེག་པ་ཆེན་པོའི་ལམ་དེའི་ཚུལ་མ་རྟོགས་པ་དང་། ལོག་པར་རྟོགས་པ་དང་། ཕྱོགས་ཙམ་རྟོགས་པ་དང་། ཡང་དག་པ་ཉིད་དུ་མ་རྟོགས་པ་ལ་སོགས་པའི་སྐྱོན་གྱིས་མ་གོས་པའི་རབ་ཏུ་བཟང་པོ་ཟབ་པ་དང་རྒྱ་ཆེ་བའི་གནད་ཐམས་ཅད་མན་ངག་ཏུ་འདུས་ཤིང་ཚང་ལ་མ་ནོར་བ་ཞིག་བསྟན་པར་བྱའོ་ཞེས་བརྩམ་པར་དམ་བཅས་པའོ། །གཞན་ཡང་སྐྱེས་བུ་བློ་གྲོས་དང་ལྡན་པ་དག་བསྟན་བཅོས་གང་ཞིག་ལ་འཇུག་ཅིང་བློ་ཕྱོགས་པ་ན། ཐོག་མ་ཉིད་ནས་འདི་ལ་བརྗོད་བྱ་དང་། དགོས་པ་དང་། ཉིང་དགོས་དང་། འབྲེལ་བ་ཅི་ཞིག་ཡོད་སྙམ་ནས་ལེགས་པར་རྟོག་ཅིང་། དགོས་འབྲེལ་ཡན་ལག་བཞི་མ་ཚང་ན་ཡང་དག་པའི་བསྟན་བཅོས་མ་ཡིན་པར་བརྩིས་ནས་འདོར་བ་དང་། དེ་དག་ཇི་བཞིན་ཡོད་ཚེ་ཡང་དག་པར་མཐོང་ནས་ལེགས་པར་འཇུག་པའི་ཕྱིར་འདིར་དགོས་སོགས་ཆོས་བཞི་ཡང་བསྟན་པ་སྐབས་སུ་བབས་པས་ཚིགས་སུ་བཅད་པ་འདིས་ནི་བསྟན་བཅོས་འདིའི་དགོས་འབྲེལ་སོགས་ལེགས་པར་བསྟན་པ་ཡིན་ལ། དེ་ཡང་ཟབ་པ་དང་། རྒྱ་ཆེ་བའི་གནས་ཀྱི་ཁྱད་པར་གང་ཞིག འཁོར་བ་སྤང་ཞིང་ཐར་པ་བསྒྲུབ་པར་འདོད་པས་ཐོས་པ་དང་། བསམ་པ་དང་། བསྒོམ་པའི་ངོ་བོ་རུ་གྱུར་པ་གང་ཡིན་པ་ནི་འདིའི་བརྗོད་པར་བྱ་བ་དང་། །དེའི་རང་བཞིན་ལེའུ་ཉི་ཤུ་རྩ་གཉིས་སུ་བཞུགས་པ་ལས། དེ་དག་གི་དོན་ལ་ལེགས་པར་བརྟགས་ཏེ་ཁོང་དུ་ཆུད་ཅིང་ཐར་པའི་ལམ་དུ་ཞུགས་པ་ནི་དགོས་པ་དང་། ཞུགས་པ་མཐར་ཕྱིན་པའི་བྱང་ཆུབ་འགྲུབ་པ་ནི་དགོས་པའི་དགོས་པ་སྟེ་ཉིང་དགོས་ཡིན་ལ། བརྗོད་བྱ་རྗོད་བྱེད་ལ་བརྟེན་ནས་རྟོགས་པ་བཞིན་བསྒྲུབས་པས་མཐར་ཐུག་གི་འབྲས་བུ་འགྲུབ་པ་དང་། དེ་དག་ཀྱང་གཅིག་ལ་བརྟེན་ནས་གཅིག་འབྱུང་བའི་ཕྱིར་འབྲེལ་བ་ཅན་དུ་འབྱུང་བ་ནི་འབྲེལ་བའོ། །དེ་དག་གིས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །ད་འདིའི་ཚིག་རེ་རེ་དང་དོན་རེ་རེའི་མཐའ་དཔྱད་དང་བཅས་པ། མདོ་རྒྱུད་ཀྱི་ལུང་རེ་རེ་དང་སྦྲེལ་ནས་སྤྲོས་པ་ཤིན་ཏུ་ཆེན་པོས་བཤད་ན་ཡིད་བཞིན་མཛོད་འདི་གཅིག་པུ་ཡང་ལོ་གཅིག་ལ་བཤད་ཐུབ་པ་མི་འདུག་སྟེ། འདིའི་རྒྱབ་ཆོས་མདོ་དང་རྒྱུད་སྡེ་ཡོད་ཚད་པོ་ཡིན་ལ། མདོ་རྒྱུད་བསྟན་བཅོས་ཡོད་ཚད་པོའི་དོན་འདིའི་ནང་དུ་དྲིལ་ཡོད་པས་འདི་དེ་དག་གི་རྩ་བ་རེད་ཅེས་བརྗོད་ནའང་ཆོག་པ་ནི། འདི་ཡི་གནས་དེ་ཡིན་པས་ཆོས་མངོན་མཛོད། །ཅེས་པ་ལྟར་དང་། འདི་ལ་མདོ་རྒྱུད་ཡིད་བཞིན་རིན་པོ་ཆེའི་མཛོད་ཅེས་ཞུས་ན་ཆོག་པའང་ཡིན། དེས་ན་འུ་ཚོས་རྒྱུན་སྤེལ་རྒྱུའི་དགོས་གནད་གཙོ་བོར་བཟུང་ནས་ལྡེབ་གྲངས་ཀྱི་ས་ཆོད་དགོས་པས་མདོར་བསྡུས་པར་འཆད་པ་ལས་འོས་མེད། དེ་ཡན་གྱིས་བསྟན་བཅོས་བརྩམ་པ་ལ་འཇུག་པའི་ཡན་ལག་བཤད་པ་སོང་ནས་གཉིས་པ་ལ། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་གཉིས། དང་པོ་ལ། སྣང་ཚོད་འཇིག་རྟེན་གྱི་བཀོད་པ་དང་། དེ་དག་གི་བདེ་སྡུག་སྣང་ཚུལ་བསྟན་པ་གཉིས། དང་པོ་ལ། གཞི་གང་ལས་སྣང་བ་དང་། གང་སྣང་བའི་འཇིག་རྟེན་གཉིས། དང་པོ་ལ། གཞི་ཆོས་ཉིད་ངོས་བཟུང་བ་དང་། དེ་ལས་ཇི་ལྟར་སྣང་ཚུལ་གཉིས། དང་པོ།

གཞི་ཆོས་ཉིད་ངོས་བཟུང་བ།

ད་ནི་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་བསྟན་པར་བྱ་སྟེ། འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པ་གཉིས་ནི་འདིའི་ལུས་རྣམ་པར་གཞག་པ་རྡོ་རྗེའི་གནས་སོ། །དེ་ལ་མ་རིག་པ་འཁྲུལ་པའི་འཁོར་བ་གང་ལས་འཁྲུལ་པའི་གཞི་ཉིད་དང་པོར་བཤད་པ། ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་ཉིད། །དོན་གྱི་ཀུན་གཞི་རང་བཞིན་འདུས་མ་བྱས། །ཡེ་ནས་རྣམ་དག་ཉི་མཁའ་ལྟ་བུ་ལས། །མ་རིག་པའི་བག་ཆགས་གཡོས་པས་ན། སེམས་ཅན་རྣམས་འཁྲུལ་པ་ཉིད་དོ། །གཞི་དེ་ཡང་འཁོར་བ་ལ་ལྟོས་པའི་རྟེན་གཞི་ནམ་མཁའ་ལྟར་གདོད་མ་ནས་སྟོང་ཞིང་ངོ་བོ་ཉིད་ཀྱིས་བདག་མེད་པ། ཉི་ཟླ་ལྟར་འོད་གསལ་ཞིང་ལྷུན་གྱིས་གྲུབ་པ་སྟེ། ཐོག་མ་མེད་པ་ནས་གནས་པས་འཕོ་འགྱུར་མེད་པ། སྤྲོས་པའི་མཐའ་ལས་འདས་པས་ངང་གིས་འོད་གསལ་བ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་གནས་པས་བདེ་བར་གཤེགས་པའི་སྙིང་པོ། འཁོར་འདས་ཀྱི་ཆོས་རྣམས་རྟེན་པའི་གནས་ལུགས་དོན་གྱི་ཀུན་གཞི་ཞེས་བྱ་སྟེ། འདུས་མ་བྱས་ཤིང་ཡེ་ནས་རྣམ་དག་ཆེན་པོར་གནས་པའོ། །དེ་ཡང་འཁོར་བའི་ཆོས་ལས་དང་ཉོན་མོངས་པ་རྣམས་རྟེན་པ་མེད་པའི་ཚུལ་གྱིས་བརྟེན་པ་ནི། ཉི་མཁའི་ངོས་ན་སྤྲིན་ཕུང་བརྟེན་པ་ལྟར། གཞི་ལ་མ་རེག་མ་འབྱར་ལ་དེའི་ངང་ལ་གནས་པ་སྟེ། དོན་ལ་རང་བཞིན་མེད་པས་རྟེན་དང་བརྟེན་པར་མ་གྲུབ་བཞིན་དུ་བརྟེན་པར་སྣང་བ་ནི་བཏགས་པ་སྟེ། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས། ས་ནི་ཆུ་ལ་ཆུ་རླུང་ལ། །རླུང་ནི་མཁའ་ལ་རབ་ཏུ་གནས། །མཁའ་ནི་རླུང་དང་ཆུ་དག་དང་། །ས་ཡི་ཁམས་ལ་གནས་མ་ཡིན། །དེ་བཞིན་ཕུང་པོ་ཁམས་དབང་རྣམས། །ལས་དང་ཉོན་མོངས་དག་ལ་བརྟེན། །ལས་དང་ཉོན་མོངས་ཚུལ་བཞིན་མིན། །ཡིད་ལ་བྱེད་ལ་རྟག་ཏུ་གནས། །ཚུལ་བཞིན་མ་ཡིན་ཡིད་བྱེད་ནི། །སེམས་ཀྱི་དག་པ་ལ་རབ་གནས། །སེམས་ཀྱི་རང་བཞིན་ཆོས་རྣམས་ནི། །ཐམས་ཅད་ལ་ཡང་གནས་མ་ཡིན། །ཞེས་གསུངས་པ་བཞིན་ནོ། །མྱ་ངན་ལས་འདས་པའི་ཆོས་རྣམས་ཉི་མ་དང་ཟེར་ལྟར་དབྱེར་མེད་དུ་བརྟེན་ཏེ་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཕྱིར་རོ། །འདི་དག་གི་རང་བཞིན་རྒྱས་པར་འོག་ཏུ་འཆད་པས་འདིར་མི་སྤྲོའོ། །ཞེས་གསུངས་ཏེ། ད་ནི་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་དེ་ཉིད་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། མྱ་ངན་ལས་འདས་པའི་རང་བཞིན་བླང་བྱར་བསྟན་པའི་སྤྱིའི་ཆིངས་ཆེན་པོ་གཉིས་ཀྱིས་བཅིངས་ནས་བཤད་པའི་དང་པོ་ལས་མ་རིག་པ་འཁྲུལ་པའི་འཁོར་བ་དེ་ཉིད་གང་ལས་འཁྲུལ་པའི་གཞི་ཉིད་དང་པོར་བཤད་པ་ནི། གང་ལས་འཁྲུལ་བའི་གཞི་དེ་ལས་མ་རིག་པའི་བག་ཆགས་གཡོས་པས་ན་སེམས་ཅན་རྣམས་འཁྲུལ་པ་ཡིན་ལ། དེ་ཡང་རྫོགས་པ་ཆེན་པོའི་གཞི་བཤད་པའི་གནས་སྐབས་ན། གྲུབ་མཐའ་རྗེས་སུ་འཛིན་པའི་གཞི་དྲུག་སྐྱོན་ཅན་དུ་བསྟན་པ་དང་། ལམ་རྗེས་སུ་འཛིན་པའི་ཀ་དག་སྐྱོན་མེད་ཀྱི་གཞི་རང་གཞུང་དུ་བསྟན་པའི་བཤད་ཚུལ་ཡོད་པ་ལས། གང་ལས་འཁྲུལ་བ་བྱུང་བའི་ཡེ་ཐོག་གཞི་ཡི་ཀ་དག་དེ་ནི་སྨྲ་བསམ་བརྗོད་འདས་ཆེན་པོ་ཡོད་མེད་ཀྱི་མཐའ་ལས་འདས་པ། ངོ་བོ་ཀ་དག་ཡིན་པས་རྟག་པའི་མཐའ་ལས་གྲོལ་ཞིང་། རང་བཞིན་ལྷུན་གྲུབ་ཡིན་པས་ཆད་པའི་མུ་དང་བྲལ་བ། འོད་གསལ་སྟོང་བའི་ཆོས་ཉིད་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་དེ་འཁོར་འདས་གང་དུའང་མ་གྲུབ་པ་ནམ་མཁའ་ལྟར་གནས་པ། དེ་ཡང་ཐོག་མ་མེད་པ་ནས་གནས་པས་འཕོ་འགྱུར་མེད་ཅིང་། སྤྲོས་པའི་མཐའ་ལས་འདས་པས་ངང་གིས་འོད་གསལ་བ་དང་། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་གནས་པས་བདེ་བར་གཤེགས་པའི་སྙིང་པོ་དང་། འཁོར་འདས་ཀྱི་ཆོས་རྣམས་རྟེན་པས་གནས་ལུགས་དོན་གྱི་ཀུན་གཞི་སོགས་ཕྱོགས་རེའི་ཆ་ནས་གཞལ་བའི་མིང་སྣ་ཚོགས་གང་བཏགས་ཀྱང་དོན་དུ་འདུས་མ་བྱས་ཤིང་ཡེ་ནས་རྣམ་དག་ཆེན་པོར་གནས་པ་ཞིག་ཡིན་ལ། དེ་ལྟ་བུའི་ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་དེ་ཉིད་ལ་ཀུན་གཞིའི་སྒྲ་ཡིས་བསྙད་པའི། དོན་གྱི་ཀུན་གཞི་རང་བཞིན་འདུས་མ་བྱས་པ་ཡེ་ནས་རྣམ་དག་ཉི་མ་དང་ནམ་མཁའ་ལྟ་བུ་དེས། འཁོར་འདས་ཀྱི་འཆར་གཞི་བྱེད་པའི་བབ་དེ་ཇི་ལྟར་བསྟན་ཅེ་ན། དབྱིངས་གདོད་མའི་ཡེ་གཞི་དེ་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ངང་དང་རང་བཞིན་བདག་ཉིད་གསུམ་གྱིས་དྲུག་དང་། ཀ་དག་ཉིད་དང་ལྷུན་གྲུབ་ཀྱིས། ངོ་བོ་གཅིག་ལ་ལྡོག་པས་ཕྱེ་ན་བརྒྱད་དུ་གནས་པ་དེའི་ངང་དེ་ནས་གཞི་སྣང་དུ་ཤར་བས་གྲོལ་འཁྲུལ་གཉིས་ཀྱི་གཞི་ཡིན་ལ། དེ་ཡང་གཞི་ལ་མ་རིག་པ་ཡོད་པ་མིན་ཀྱང་། རྩལ་ལས་འཁྲུལ་བ་བྱུང་བ་སྟེ། དཔེར་ན་ནམ་མཁའ་དང་ཉི་མའི་རང་ངོས་ནས་བཤད་ན་སྤྲིན་ཡོད་པ་མིན་ཀྱང་སྤྲིན་གློ་བུར་དུ་བྱུང་བ་ལྟར་དུ། གཞི་མ་འཁྲུལ་བ་དེ་ལ་འཁྲུལ་བ་མེད་ཀྱང་། འཁྲུལ་བ་ལ་གཞིའི་རྣམ་པ་ཐག་ཁྲ་སྦྲུལ་དུ་སྣང་བ་ལྟ་བུ་ཞིག་ཡིན་ལ། གཞི་ལ་གྲོལ་འཁྲུལ་གཉིས་ཀ་མེད་པས་གཞི་ཀ་དག་གྲོལ་འཁྲུལ་ལས་འདས་པ་ཞིག་ཡིན་ཀྱང་། གནས་ཆ་ནས་གཉིས་སུ་མེད་ཀྱང་སྣང་ཆ་ནས་གཉིས་སུ་ཆད་པ་ལྟར་དུ་སྣང་བ་ཡིན་པས། མཐའ་གཅིག་ཏུ་གཞི་ལ་འཁྲུལ་བ་མེད་ཅེས་མེད་མཐའ་རྩལ་འདོན་ཁོ་ན་མ་བྱས་པར་གཞི་ལ་འཁྲུལ་བ་ཡོད་ཅེ་ནའང་རུང་བར་སེམས་ཏེ། ཆོས་ཉིད་ལ་ཆོས་ཅན་ཡོད་ཅེས་བརྗོད་ན་ཡང་། ཆོས་ཉིད་རང་གི་ངོ་བོ་ཡོད་མེད་ཀྱི་མཐའ་ལས་འདས་པ་དང་། ཆོས་ཅན་དེའི་གནས་ལུགས་ལས་གཞན་དུ་ཆོས་ཉིད་ཅེས་པ་ཞིག་མ་གྲུབ་པར་གོ་ཆོག་པ་དང་མཚུངས་པའི་ཕྱིར། དེས་ན་གཞི་ལ་འཁྲུལ་བ་ཡོད་ཅེས་སྨྲས་ཚེ་མེ་དང་ཚ་བ་ལྟར་དུ་གཞི་འཁྲུལ་བ་དང་དབྱེར་མེད་དུ་མི་གོ་བར། ནམ་མཁའ་ལ་སྤྲིན་ཡོད་ཅེས་པའི་ཐ་སྙད་དང་མཚུངས་པར་འབྲལ་རུང་ཅན་དུ་གོ་དགོས་པ་ཡིན། དེ་ལྟར་བརྟགས་ཤིང་དཔྱད་པས་མཐའ་བཅད་ན་སྐྱོན་གྱི་མཐའ་ཁེགས་པ་དང་། ཡིན་ལུགས་དོན་ཐོག་ཏུ་འཇོག་དུས་རང་ལུགས་སྒྲིབ་པའི་སྐྱོན་མེད་པར་ཟུང་དུ་ཆུད་པ་ཡིན། དེ་ལྟར་ན་གཞི་ལ་ལས་དང་ཉོན་མོངས་རྟེན་པ་མེད་པའི་ཚུལ་གྱིས་བརྟེན་ལུགས་ནི། ཐེག་པ་ཆེན་པོ་རྒྱུད་བླ་མ་ལས་གསུངས་པ་ལྟར་དང་། མྱ་ངན་ལས་འདས་པའི་ཆོས་རྣམས་ཉི་མ་དང་ཟེར་ལྟར་དབྱེར་མེད་དུ་བརྟེན་ཏེ་ཡེ་ནས་འདུ་འབྲལ་མེད་པར་གནས་པའི་ཕྱིར་རོ། །མདོར་ན་གཞི་ཆོས་ཉིད་ངོས་བཟུང་བ་ཐོག་མའི་འོད་གསལ་བདེ་གཤེགས་སྙིང་པོ་གནས་ལུགས་དོན་གྱི་ཀུན་གཞིའི་སྒྲས་བསྙད་པ་དེ་ཉིད། ཡེ་ནས་འདུས་མ་བྱས་པ་རྣམ་དག་ནམ་མཁའི་དཔེས་འཁོར་འདས་ཆོས་རྣམས་ཀུན་གྱི་གཞི་གྱུར་བ་ཚིག་ཉུང་དོན་གྱི་སྒྲོམ་གྱིས་སྤྱིར་བསྟན་ནས། ཞིབ་པར་འོག་ནས་འཆད་འགྱུར་ལ་ཞལ་འཕངས་ནས་ས་བཅད་གཉིས་པ་དེ་ལས་ཇི་ལྟར་སྣང་ཚུལ་ལ། ཇི་ལྟར་སྣང་ཚུལ་དངོས། དེའི་རང་བཞིན་བརྟགས་ཤིང་ཤེས་པར་གདམས་པ་གཉིས། དང་པོ་ལ། བག་ཆགས་གསུམ་གྱི་སྣང་བ་འབྱུང་ཚུལ་མདོར་བསྟན་པ། དེ་རྒྱས་པར་བཤད་པ་གཉིས། དང་པོ།

བག་ཆགས་གསུམ་གྱི་སྣང་བ་འབྱུང་ཚུལ་མདོར་བསྟན་པ།

གཞི་དེ་ལྟ་བུའི་ངང་ནས། མ་རིག་ཀུན་བརྟགས་གློ་བུར་སྒྲིབ་པའི་སྤྲིན། །གཟུང་འཛིན་འཁྲུལ་བའི་བག་ལ་ཉལ་ལངས་པས། །ཡུལ་དང་དོན་དང་ལུས་སུ་བག་ཆགས་ཏེ། །རིག་པའི་རང་བཞིན་འོད་གསལ་སྙིང་པོ་སྒྲིབ། །ཐོག་མའི་གནས་ལུགས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད་ཀྱི་ངང་ལས། ཐོག་མ་མེད་པའི་མ་རིག་པ་རང་ཆས་གསལ་ནུས་ཀྱི་རྣམ་པར་བྱུང་སྟེ། དེ་ཉིད་རྒྱུར་བྱས་པའི་གཟུང་འཛིན་བག་ལ་ཉལ་ལངས་པ་ནི་གློ་བུར་གྱི་སྒྲིབ་པ་སྟེ། ཀུན་གཞིའི་སྟེང་དུ་སེམས་ཀྱི་བག་ཆགས་གསུམ་གཞག་པ་ནི། གཟུགས་ལ་སོགས་པའི་ཡུལ་དང་། དེ་དག་འཛིན་པའི་རྣམ་ཤེས་ཀྱི་ཚོགས་དོན་དང་། རང་གི་ལུས་སུ་མེད་བཞིན་སྣང་བའི་བག་ཆགས་པས་གདོད་མའི་གཞི་དང་རིག་པའི་ཡེ་ཤེས་འོད་གསལ་སྙིང་པོ་ལ་མེ་ལོང་གི་སྟེང་དུ་རྡུལ་ཆགས་པ་ལྟར་བསྒྲིབས་ཏེ་འཁོར་བ་འདིར་འཁྱམས་པ་ནི། སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་བཞིན་ནོ། །ཞེས་གསུངས་ཏེ། དེ་ལ་ཐོག་མའི་གནས་ལུགས་རང་བཞིན་གྱིས་འོད་གསལ་བའི་གཞི་དེ་ཉིད་ཀྱི་ངང་ལས་གཞི་སྣང་ཤར་བའི་གནས་སྐབས་ན་མ་རིག་པ་གསུམ་དང་མཚུངས་ལྡན་གྱིས་ཤར་བ་སྟེ། དེ་ཡང་རང་སྣང་རང་ངོ་མ་ཤེས་པའི་རྒྱུ་བདག་ཉིད་གཅིག་པའི་མ་རིག་པ་དང་། རང་ངོ་མ་ཤེས་པ་དང་ཤེས་པ་ལྷན་ཅིག་ཏུ་ཤར་བ་ལྷན་ཅིག་སྐྱེས་པའི་མ་རིག་པ་དེ་གཉིས་ལས། གཟུང་འཛིན་རྒྱང་ཆད་ཀྱི་རང་བཞིན་ལ་བསྐྱོད་པའི་ཀུན་ཏུ་བརྟགས་པའི་མ་རིག་པ། དང་པོར་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཞེས་གསུངས་པ་ལྟ་བུ་དེ་གསུམ་ཤེས་པ་གཅིག་ལ་ལྡོག་པ་ཐ་དད་ཀྱིས་ངོ་བོ་གཅིག་ཏུ་ཡོད་པ་དེ་ལས། གཟུགས་ལ་སོགས་པའི་ཡུལ་གྱི་བག་ཆགས་དང་གཅིག དེ་དག་འཛིན་པའི་རྣམ་ཤེས་ཀྱི་ཚོགས་དོན་གྱི་བག་ཆགས་དང་གཉིས། རང་གི་ལུས་སུ་མེད་བཞིན་སྣང་བའི་ལུས་སུ་བག་ཆགས་པ་གསུམ་གྱིས་གདོད་མའི་གཞི་ནམ་མཁའ་ལྟ་བུ་དང་རིག་པའི་ཡེ་ཤེས་འོད་གསལ་སྙིང་པོ་ཉི་མ་ལྟ་བུ་ལ་གློ་བུར་གྱི་སྒྲིབ་བྱེད་མེ་ལོང་གི་སྟེང་དུ་རྡུལ་ཆགས་པ་ལྟར་བསྒྲིབས་ཏེ་འཁོར་བ་འདིར་འཁྱམས་པ་ནི། སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་རྒྱུད་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་གསུངས་པ་བཞིན་ནོ། །སྒྲིབ་པའི་དཔེ་ནི། ཇི་ལྟར་སྤྲིན་གྱིས་མཁའ་དབྱིངས་ཉི་བསྒྲིབས་བཞིན། །ཡོན་ཏན་མི་མངོན་འཁྲུལ་སྣང་བདེ་སྡུག་སྣང་། །གདོད་མ་ནས་འོད་གསལ་བའི་དབྱིངས་ནམ་མཁའ་ལྟ་བུའི་ངང་ནས་ཡེ་ཤེས་ཉི་མ་ལྟར་ལྷུན་གྲུབ་ཏུ་ཡེ་ནས་གནས་ཀྱང་གློ་བུར་གྱི་སྒྲིབ་པ་སྤྲིན་དང་འདྲ་བས་བསྒྲིབས་པའི་ཕྱིར། དབྱིངས་དང་ཡེ་ཤེས་ཆོས་སྐུ་དང་གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་ཚད་མེད་པ་དག་སོ་སོ་སྐྱེ་བོའི་གནས་སྐབས་ན་སྣང་བ་མ་ཡིན་ཏེ། འཁྲུལ་སྣང་གི་བདེ་སྡུག་སྣ་ཚོགས་པའི་བག་ཆགས་ཀྱི་སྤྲིན་ཕུང་སྣང་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་འོད་གསལ་ཞིང་། སྒྲིབ་པ་ཐམས་ཅད་སྦྱང་དུ་རུང་བ་གློ་བུར་བ་ཡིན་ཏེ། རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །སྒྲིབ་པ་རྣམས་ནི་གློ་བུར་བ། །ཞེས་འབྱུང་བ་བཞིན་ནོ། །ཞེས་པ་སྟེ། སྒྲིབ་པའི་དཔེ་གདོད་མ་ནས་འོད་གསལ་བའི་དབྱིངས་མཁའ་དབྱིངས་དྭངས་མའི་ངོས་ཀྱི་ཡེ་ཤེས་ཉི་མ་ལྟར་སྟོང་གསལ་དབྱེར་མེད་ཀྱི་ངང་དུ་ལྷུན་གྲུབ་ཏུ་ཡེ་ནས་གནས་ཀྱང་གློ་བུར་གྱི་སྒྲིབ་པ་སྤྲིན་དང་འདྲ་བས་གཡོར་ནས་ཉི་འོད་སྔར་བཞིན་མི་སྣང་བའི་ཆ་ལྟར་དུ། དབྱིངས་དང་ཡེ་ཤེས་གཉིས་རིམ་པ་བཞིན་དུ་ཆོས་སྐུ་དང་གཟུགས་སྐུ་ལ་ཡོད་པའི་ཡོན་ཏན་ཚད་མེད་པ་དག་སོ་སོ་སྐྱེ་བོའི་གནས་སྐབས་འཁྲུལ་སྣང་གི་ངོ་ཁ་ན་སྣང་བ་མ་ཡིན་ཏེ། དབྱིངས་རང་བཞིན་རྣམ་དག་ལ་ཡེ་ཤེས་སྒྲིབ་མེད་རང་ཆས་སུ་ཡོད་ཀྱང་། རྒྱུ་གསུམ་རྐྱེན་བཞིའི་དམིགས་པ་མ་དག་པའི་ཆ་ནས་སྣང་བའི་ངོ་ཁ་རུ་ཤེས་པ་གཟུང་འཛིན་ཅན་དུ་འཁྲུལ་ནས་ཡུལ་དྲུག་གི་འཛིན་པ་མ་འགགས་པས། ཉོན་མོངས་དྲུག་གི་བག་ཉལ་ལྡང་ནས་རིག་པའི་འོད་གསལ་བསྒྲིབས་ཏེ་ཡུལ་དྲུག་གི་སྣང་བར་འཁྲུལ་བདེ་སྡུག་སྣ་ཚོགས་པར་འཁྲུལ་བའི་ཕྱིར་རོ། །དེ་ལྟ་བུའི་སེམས་ཀྱི་རང་བཞིན་དེ་འཕོ་འགྱུར་མེད་པ་ཡེ་ནས་འོད་གསལ་ཞིང་། སྒྲིབ་པ་ཐམས་ཅད་སྦྱང་དུ་རུང་བ་གློ་བུར་པ་ཡིན་ནོ། །ཇི་ལྟར་སྤྲིན་དང་འདྲ་བ་ཡིན་ཞེ་ན། སྤྲིན་ལས་ཆར་བྱུང་ལོ་ཏོག་འཕེལ་བ་བཞིན། །མ་རིག་གཟུང་འཛིན་སེམས་སྤྲིན་རབ་གཡོས་པས། །དགེ་སྡིག་ལས་ཀྱི་ཆར་བབས་དེས་བསྐྱེད་པའི། །འབྲས་བུ་ཁམས་གསུམ་འཁོར་བའི་རང་བཞིན་ནོ། །ཆར་སྤྲིན་དག་ནི་ནམ་མཁར་གཡོ་བ་དང་། ཆར་བབས་པ་དང་། ལོ་ཏོག་འཕེལ་བའི་རྒྱུར་གྱུར་བ་ལྟར། སེམས་ཉིད་རང་བཞིན་གྱིས་དག་པའི་ངང་ལས་ཀུན་ཏུ་རྟོག་པའི་གཟུང་འཛིན་གྱི་ཞེན་པ་གཡོས་ཏེ། འཁོར་བར་འདུ་བྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་གྲངས་རབ་ཏུ་མང་པོ་བསགས་པ་ལས། ཁམས་གསུམ་རིགས་དྲུག་གི་སྣང་བ་སོ་སོ་ལ་སྤྱོད་ཅིང་། བདེ་བ་དང་སྡུག་བསྔལ་སྣ་ཚོགས་ཀྱི་ལོ་ཏོག་རྣམ་པར་འཕེལ་བས་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ཉིད་དེ། དབུ་མ་རིན་པོ་ཆེའི་ཕྲེང་བ་ལས། འཁོར་བའི་དཀྱིལ་འཁོར་མགལ་མེ་ཡི། །འཁོར་ལོ་ལྟ་བུར་ཕན་ཚུན་དུ། །རྒྱུ་ཅན་འདི་ནི་འཁོར་བར་འདོད། །ཅེས་གསུངས་པ་བཞིན་ནོ། །ཞེས་པ་སྟེ། དེ་ཡང་མཁའ་ལས་སྤྲིན་བྱུང་བ་དང་། སྤྲིན་ལས་ཆར་བབ་ཅིང་། དེས་ས་གཞིའི་ལོ་ཏོག་བསྐྱེད་པ་ལྟར་དུ། སེམས་ཉིད་རང་བཞིན་གྱིས་དག་པའི་གཞི་ཅི་ཡང་མ་གྲུབ་པའི་ངང་ལས་མ་རིག་གཟུང་འཛིན་གྱི་ཞེན་པའི་སེམས་སྤྲིན་གཡོས་ནས། འཁོར་བར་འདུ་བྱེད་པའི་དགེ་བ་དང་མི་དགེ་བའི་ལས་ཀྱི་རྣམ་གྲངས་རབ་ཏུ་མང་པོ་བསགས་པའི་ལས་ཀྱིས་ཆར་བབས་པ་དེས། ཁམས་གསུམ་འཁོར་བ་མཐའ་མེད་ཀྱི་གནས་སུ་འཕངས་ནས་འཁྲུལ་བའི་དབང་གིས་རིག་པ་དྲི་མེད་དྲི་བཅས་སུ་སོང་། ཀ་དག་གི་རིག་པ་རྟོག་པས་འབགས། ཡིད་དྲུག་གིས་བཅིང་བའི་དབང་གིས་ལུས་རྡུལ་ཕྲན་ཆ་མེད་ཀྱི་དྲ་བར་ཚུད་ནས་ཁམས་གསུམ་རིགས་དྲུག་གི་སྣང་བ་སོ་སོ་ལ་སྤྱོད་ཅིང་། བདེ་བ་དང་སྡུག་བསྔལ་སྣ་ཚོགས་ཀྱི་ལོ་ཏོག་རྣམ་པར་འཕེལ་བས་མགལ་མེའི་འཁོར་ལོ་བཞིན་དུ་འཁོར་བ་ནི། འཇུག་པ་ལས། ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །གསུངས་པ་ལྟ་བུའོ། །དེ་ཡན་གྱིས་བག་ཆགས་གསུམ་གྱི་རང་བཞིན་མདོར་བསྟན་ནས། གཉིས་པ་རྒྱས་བཤད་ལ། སྣང་བ་གསུམ་གྱི་རང་བཞིན་དངོས་བསྟན་པ་དང་། དེ་ལ་ལོག་པར་རྟོག་པ་དགག་པ་གཉིས། དང་པོ་ལ་བསྟན་བཤད་བསྡུ་གསུམ། དང་པོ།

སྣང་བ་གསུམ་གྱི་རང་བཞིན་མདོར་བསྟན་པ།

དེ་ལྟར་འཁོར་བ་ན་བག་ཆགས་གསུམ་གྱི་དབྱེ་བ་རྒྱས་པར་བསྟན་པ་ནི། འཁྲུལ་སྣང་ཇི་སྙེད་བག་ཆགས་གསུམ་ཉིད་ལས། །ཐོག་མ་མེད་པའི་བག་ཆགས་རྣམ་པ་མི་འདྲ་བ་གསུམ་ཀུན་གཞི་ལ་བཞག་པས་སྣང་བ་མི་འདྲ་བ་གསུམ་ཐ་དད་དུ་སྣང་སྟེ། ཞེས་མདོར་བསྟན་པའོ། །གཉིས་པ།

སྣང་བ་གསུམ་གྱི་རང་བཞིན་རྒྱས་པར་བཤད་པ།

ཡུལ་གྱི་བག་ཆགས་སྣོད་ཀྱི་འཇིག་རྟེན་དང་། །དེ་ལ་བརྟེན་པའི་གཟུགས་སོགས་ཡུལ་ལྔའོ། །ཞེས་གསུངས་ཏེ། ཡུལ་གྱི་བག་ཆགས་ཀུན་གཞི་ལ་བཞག་པའི་སྟོབས་ཀྱིས་སྣང་བ་མི་འདྲ་བ་ཕྱི་རོལ་སྣོད་བཅུད་ཀྱིས་བསྡུས་པའི་གཟུགས་དང་། སྒྲ་དང་། དྲི་དང་། རོ་དང་། རེག་བྱ་སྟེ། ཕྱི་ནང་གང་ནའང་མེད་ཀྱང་ཕྱི་རོལ་ན་ཡོད་པ་ལྟར་སྣང་བ། སེམས་ལ་ཤར་ནས་དེ་དག་ལ་དོན་དུ་མངོན་པར་ཞེན་པ་སྟེ་གཟུགས་མཛེས་དང་མི་མཛེས་དང་། སྒྲ་སྙན་མི་སྙན། དེ་བཞིན་དུ་དྲི་རོ་སོགས་ཀྱང་ཡིད་དུ་འོང་མི་འོང་གིས་སྤང་བླང་དགག་སྒྲུབ་ཏུ་འཛིན་པའི་ཡུལ་བྱེད་དོ། །ཞེན་ཡུལ་དུ་སྣང་བ་ལ་འདི་ནི་གཟུགས་སོ་ཞེས་ཕྱི་རོལ་ཏུ་རྟོག་པ་ནི་གཟུང་བའི་རྟོག་པའོ། །སྒྲ་ལ་སོགས་པའང་དེ་བཞིན་ནོ། །ཞེས་གཟུང་རྟོག་བསྟན་ནས། གཉིས་པ་དོན་གྱི་བག་ཆགས་བསྟན་པ་འཛིན་རྟོག་ནི། ནང་གི་བདག་ཉིད་སེམས་སུ་སྣང་བ་ནི་ཞེས་པས་མཚམས་སྦྱར་ནས། དོན་གྱི་བག་ཆགས་རྣམ་ཤེས་ཚོགས་བརྒྱད་དང་། །དེ་ལ་བརྟེན་པའི་དགེ་སྡིག་ལས་རྣམས་སོ། །ཞེས་གསུངས་ཏེ། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ནས། ཀུན་གཞིའི་རྣམ་པར་ཤེས་པ་དང་། ཀུན་གཞི་རྣམ་ཤེས་དེ་ལས་མཆེད་པ་མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་ལ་སོགས་པ་ལྔ་དང་། དབང་པོའི་ཡུལ་རིག་པའི་རྗེས་སུ་ཡིད་ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་དེ་རྣམ་པ་བརྒྱད་དུ་སྣང་བའི་རྣམ་ཤེས་ཚོགས་བརྒྱད་ནི་འཛིན་པའི་སེམས་ཞེས་བྱའོ། །དེ་དག་ལ་རྟོག་པ་ནི་འཛིན་པའི་རྣམ་པར་རྟོག་པའོ། །ཅིའི་ཕྱིར་འཛིན་པ་ཡིན་ཞེ་ན། རྣམ་ཤེས་ཚོགས་བརྒྱད་འཛིན་པའི་སེམས་དེ་ཉིད་ཀྱིས་ལས་དཀར་ནག་དགེ་སྡིག་གསོག་ཚུལ་ནི། ཀུན་གཞི་བག་ཆགས་ཀྱི་ས་པ་དེ་ནི་ངོ་བོ་སྒྲིབ་ལུང་བསྟན་གྱི་མ་རིག་པ། རྣམ་པ་སྣང་ཡུལ་གང་དང་ཡང་མ་འབྲེལ་བའི་རྟོག་མེད་ཙམ་དུ་གནས་པས་གཟུགས་མེད་པའི་བག་ཆགས་འཛིན་པ་ཡིན་ལ། དེའི་ངང་ལས་གསལ་དྭངས་རིག་པའི་ཆ་ཙམ་ཡུལ་དང་མ་འབྲེལ་བ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། འདི་ཡུལ་དང་དངོས་སུ་མ་འབྲེལ་པ་སྟེ། དངོས་སུ་འབྲེལ་ན་སྒོ་ལྔའི་རྣམ་ཤེས་ཡིན་པས་སོ། །གཏན་ནས་མ་འབྲེལ་པའང་མིན་ཏེ་སྣོད་བཅུད་རྒྱ་ཆེན་པོ་ལ་དམིགས་པའི་རྣམ་པས་སོ། མཆེད་འགག་གི་གཞིར་གྱུར་བའི་རྣམ་པ་ཅན་གྱི་ཀུན་གཞིའི་རྣམ་ཤེས་དེས་གཟུགས་ཀྱི་བག་ཆགས་འཛིན་ཅིང་། དེ་ལས་མཆེད་པ་སྐྱེ་འགག་གི་རྣམ་པ་ཅན་སྒོ་ལྔའི་རྣམ་ཤེས་རྟོག་མེད་ཀྱང་གཟུགས་ཀྱི་ས་པའི་ཏིང་ངེ་འཛིན་གྱི་བག་ཆགས་འཛིན་ཏོ། །ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཤེས་གཉིས་ཀྱིས་ནི་འདོད་པའི་བག་ཆགས་རགས་པ་འཛིན་པ་ཡིན་ཏེ་ཞེས་པའོ། །ཡིད་ཅེས་པ་ཉན་ཐོས་པའི་ལུགས་ལྟར་ན་དྲུག་པོ་འདས་མ་ཐག་པ་ཡི། །རྣམ་ཤེས་གང་ཡིན་དེ་ཡིད་དབང་། །ཅེས་པ་ལྟར་དུ་ཐེག་པ་ཆེན་པོས་བཞེད་པ་མིན་པས། ཉོན་མོངས་པ་ཅན་གྱི་ཡིད་ལ་ཡིད་དང་། དེའི་ཉོན་ཡིད་དེ་ཡིད་ཀྱི་རྣམ་ཤེས་ཀྱི་རྟེན་ཡིན་ནོ། །ཚོགས་བརྒྱད་པོ་དེ་དག་ཀྱང་རང་རང་གི་ཡུལ་རྟོག་པ་མེད་པ་དང་། རྟོག་བཅས་ཀྱིས་འཛིན་པ་ཡིན་པའི་ཕྱིར་འཛིན་པའི་སེམས་ཞེས་བྱའོ། །དེ་ལ་བརྟེན་པའི་ལས་ནི་རྣམ་ཤེས་ཚོགས་བརྒྱད་དེས་ཀུན་ནས་བསླངས་ཏེ་བསགས་པའི་དགེ་བ་བསོད་ནམས་ཆ་མཐུན་དང་། མི་དགེ་བ་རྣམས་ནི་སེམས་ལ་བག་ཆགས་པ་གསེར་དང་གཡའ་བཞིན་དུ་གནས་པའི་ཕྱིར་རོ། །ཞེས་ཡུལ་གྱི་བག་ཆགས་དང་དོན་གྱི་བག་ཆགས་གཉིས་ཀ་བསྟན་ནས་ཞོར་དུ་དེ་ཉིད་ལྡོག་ཐབས་ནི། སེམས་དང་སེམས་བྱུང་འཇུག་པ་རབ་ཏུ་ཞི་བར་བྱ་བ་ནི་སྤྲོས་བྲལ་དབུ་མ་ཆེན་པོའི་དོན་ཏོ། །འཁོར་བའི་འཁྲུལ་སྣང་ཇི་སྙེད་པ་ཐམས་ཅད་བག་ཆགས་གསུམ་གྱི་དབང་གིས་བྱུང་བའི་བག་ཆགས་གསུམ་པ་ནི། དེ་ལྟ་བུའི་རྣམ་ཤེས་དག་ཉེ་བར་བརྟེན་པ། ལུས་ཀྱི་བག་ཆགས་འགྲོ་དྲུག་སོ་སོའི་གཟུགས། །དེ་ལ་བརྟེན་པའི་ཡན་ལག་ཉིང་ལག་གོ །ཞེས་གསུངས་ཏེ། ལྷ་དང་མི་ལ་སོགས་པ་སོ་སོའི་ལུས་སྣ་ཚོགས་སུ་སྣང་བས་བདག་གི་ལུས་ཞེས་མངོན་པར་ཞེན་པའི་གདགས་གཞི་འདི་གྲུབ་པ་སྟེ། དེ་ལ་ཞེན་ནས་བདེན་འཛིན་ཨ་འཐས་པས་ཐ་ན་རྨི་ལམ་དུའང་ཆུ་དང་མེ་དང་གཡང་ས་དང་དགྲ་དང་ཁྱི་ལ་སོགས་པ་མཐོང་བ་ན་རང་གི་ལུས་ལ་གནོད་པར་མཐོང་ནས་འབྲོས་པ་དང་། སྡུག་བསྔལ་མྱོང་བར་སྣང་བ་ལ་སོགས་པ་རྣམས་སོ། །དེ་ཡང་ཡན་ལག་ཉིང་ལག་དུ་མ་འདུས་པའི་ཚོགས་པ་ལ་ལུས་ཞེས་བཏགས་ཏེ། ད་དུང་དེ་ལས་གཞན་དུ་གྱུར་བ་ནམ་ཞིག་བེམ་རིག་འབྲལ་ཅིང་ཤུལ་དུ་ལུས་པས་ཀྱང་ལུས་ཞེས་བྱའོ། །འོ་ན་ལྷ་ལ་ཤུལ་དུ་ལུས་སུ་མེད་པས་མི་འཐད་ཅེ་ན། ལྷ་རྣམས་ལ་ཤུལ་དུ་ལུས་པ་མེད་ཀྱང་། སྣང་བ་འོད་ཀྱི་ལུས་དང་། སྟོང་རིག་ཏིང་ངེ་འཛིན་གྱི་ལུས་དང་། རྣམ་སྨིན་གྱི་ལུས་དེ་དག་དང་འབྲལ་བའི་ཆ་ནས་ལུས་ཞེས་བརྗོད་དོ། །བག་ཆགས་གསུམ་གྱི་དབང་གིས་ཡུལ་དོན་ལུས་སུ་གྲུབ་ནས་འཁོར་བར་འཁོར་ཚུལ་བསྟན་པ་སོང་ནས། གསུམ་པ།

སྣང་བ་གསུམ་གྱི་རང་བཞིན་གྱི་དོན་བསྡུ་བ།

ལུས་དང་དོན་དང་ཡུལ་དུ་སོ་སོར་སྣང་བ་ཅི་ཡིན། ཡང་ན་ཐམས་ཅད་ཡུལ་དུ་སྣང་བས་ཆོག་མོད། ཡང་ན་དོན་དང་ལུས་རྐྱང་བར་སྣང་བས་ཆོག་མོད་སྙམ་ན་དེ་ལྟར་གང་བྱས་ན་ཆོག་པ་ནི་མ་ཡིན་ཏེ། སོ་སོར་སྣང་བའི་འཐད་པ་འགོད་པ། དེ་ལྟར་ཀུན་གཞིའི་སྟེང་དུ་བག་ཆགས་གསུམ། །ཐོག་མེད་དུས་ནས་བཞག་པ་དེ་གོམས་པས། །ཚེ་རབས་ཀུན་ཏུ་དེ་ལྟར་སྣང་བ་ཡིན། །ཅེས་གསུངས་ཏེ། བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བག་ཆགས་ཐ་དད་པ་གསུམ་ཡོད་པས། དེའི་དབང་གིས་སྣང་ཚུལ་ལ་ཡང་སྣང་བ་མི་འདྲ་བ་གསུམ་ཤར་བ་ནི། ས་བོན་ཐ་དད་པ་གསུམ་ལས་མྱུ་གུ་ཐ་དད་པ་རེ་རེ་བྱུང་ཡིན་པ་ལྟ་བུ་སྟེ། དེ་ལྟར་སྣང་བ་དེ་ཡང་སྐྱེ་བ་གཅིག་གམ་གཉིས་ཀྱིས་མ་ཚད་ཐོག་མེད་ནས་མཐའ་མེད་ཀྱི་བར་གང་དང་གང་དུ་སྐྱེས་ཀྱང་བག་ཆགས་མ་ཟད་ཀྱི་རིང་ལ་དེ་ལྟར་སྣང་བའི་འཁྲུལ་བའི་སྣང་བ་མི་ཟད་པ་ནི་རྨི་ལམ་གྱི་ལུས་དང་སེམས་དང་ཡུལ་དུ་སྣང་བ་བཞིན་ཏེ། སྔོན་གྱི་བག་ཆགས་ཀྱི་དབང་གིས་ཐ་དད་པ་གསུམ་དུ་སྣང་ཚུལ་ཇི་ལྟར་ཡོད་པ་ནི། ཐོག་མ་མེད་པའི་བག་ཆགས་ཀྱིས་ཚེ་རབས་སྔ་མ་རྣམས་བསྐྱེད་ལ། དེའི་རྒྱུན་གོམས་པས་ཚེ་འདི་བསྐྱེད་ཅིང་། ཉིན་པར་གྱིས་རྨི་ལམ་བསྐྱེད་པ་དང་། ཚེ་འདིའི་བག་ཆགས་ཀྱི་རྒྱུན་ལས་ཕྱི་མའི་ལུས་དང་དོན་དང་ཡུལ་དུ་འཆར་བ་ཡིན་ནོ། །ཚུལ་འདི་དག་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་དུ། རྣམ་གསུམ་རྣམ་གསུམ་སྣང་བ་ཅན། །ཞེས་གསུངས་ཏེ། ཀུན་གཞི་ལ་བག་ཆགས་རྣམ་པ་གསུམ་བཞག་པས། སྣང་བ་མི་འདྲ་བ་རྣམ་པ་གསུམ་སྣང་བ་ཅན་ཡིན་ཞེས་མགོན་པོ་བྱམས་པས་བསྟན་ཏོ་ཞེས་པའོ། །རྣམ་གསུམ་རྣམ་གསུམ་ཞེས་བའི་རྣམ་གསུམ་སྣང་བ་དང་པོ་ནི། གནས་དོན་ལུས་ཀྱི་སྣང་བ་གསུམ་སྟེ། དེ་ཡང་ཀུན་གཞིའི་སྟེང་དུ་སེམས་ཀྱི་བག་ཆགས་མི་འདྲ་བ་རྣམ་པ་གསུམ་བཞག་པས་འཁྲུལ་སྣང་མི་འདྲ་བ་རྣམ་པ་གསུམ་བྱུང་སྟེ། གཟུགས་སྒྲ་དྲི་རོ་རེག་བྱའི་ཡུལ་དྲུག་དང་། དེ་དག་འཛིན་པའི་རྣམ་ཤེས་ཀྱི་ཚོགས་ཏེ་དོན་དང་། རང་གི་ལུས་སུ་མེད་བཞིན་སྣང་བའི་བག་ཆགས་པས་མེ་ལོང་ལ་རྡུལ་ཆགས་པ་ལྟར་སེམས་ཀྱི་འོད་གསལ་བསྒྲིབས་ཏེ་འཁོར་བར་འཁྱམས་པ་ཡིན་ལ། རྣམ་གསུམ་སྣང་བ་ཕྱི་མ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་། འཛིན་པ་སྒོ་ལྔའི་རྣམ་པར་ཤེས་པ། རྣམ་པར་རྟོག་པ་ཡིད་ཀྱི་རྣམ་ཤེས་ཏེ། དེ་རྣམས་ཀྱིས་ཡུལ་སྣ་ཚོགས་ཡོངས་སུ་གཅོད་ཅིང་དེ་དང་དེར་རྣམ་པར་རྟོག་པའོ། །དེའི་གཟུང་འཛིན་གྱི་རྣམ་པའི་སྣང་བ་དྲུག་པོ་དེ་ཀུན་གཞིར་བཞག་པའི་བག་ཆགས་རྣམ་པ་གསུམ་ལས་སྣང་བ་མདོ་སྡེའི་རྒྱན་གྱི་ལུང་དོན་དེ་ཀུན་མཁྱེན་ཆེན་པོས་གནད་ལ་ཕིགས་པའི་རྩལ་འདོན་མཛད་པའོ། །དེ་ཡན་གྱིས་བག་ཆགས་གསུམ་གྱི་སྣང་བ་འབྱུང་ཚུལ་རྒྱས་པར་བཤད་པ་སོང་ནས། གཉིས་པ།

དེ་ལ་ལོག་རྟོག་དགག་པ།

ད་ནི་མང་དུ་ཐོས་པའི་མིག་དང་བྲལ་ཞིང་ཐེག་པ་མཆོག་གི་ཚུལ་ལས་རིང་བ་གཟུ་ལུམ་ཅན་དག་གི་ལོག་པར་རྟོག་པ་དགག་པ་ནི། མི་ཤེས་པ་དག་ཐམས་ཅད་སེམས་ཡིན་ལོ། །སྣང་བ་རྣམ་གསུམ་དོན་ལ་ཤིན་ཏུ་རྨོངས། །སྐྱོན་མང་ཕན་ཚུན་འཆོལ་ཞིང་ཧ་ཅང་ཐལ། །སྐྱང་བྱེད་དག་གི་ལུགས་ངན་དེ་སྤོངས་ཤིག །ཅེས་གསུངས་ཏེ། ཐེག་པ་ཆེན་པོའི་ཚུལ་མི་ཤེས་པར་ཤེས་རློམ་བྱེད་པ་དག་སྣང་སྲིད་འཁོར་འདས་ཕྱི་ནང་སྣོད་བཅུད་ཐམས་ཅད་རང་གི་སེམས་ཡིན་ཞེས་མངོན་རློམ་དང་བཅས་ནས་སྨྲ་བས་སྐྱེ་བོ་མང་པོ་ཞིག་ལམ་ནོར་དུ་ཁྲིད་ནས་བསླུ་བར་སྣང་ངོ་། །དེ་ལྟར་ན་ཐེག་པ་ཆེན་པོའི་གཞུང་ལས་སྣང་བ་རྣམ་གསུམ་གསུངས་པའི་དོན་ཡང་མ་གོ་སྟེ། སེམས་སུ་བག་ཆགས་བཞག་པ་དག་སེམས་ཡིན་གྱི། ལུས་དང་ཡུལ་དུ་བཞག་པ་དག་སེམས་ག་ལ་ཡིན། ལུས་དང་ཡུལ་དུ་བཞག་པ་དག་ཀྱང་སེམས་ཡིན་པ་དེ་ལྟ་ན་སྐྱོན་རབ་ཏུ་མང་སྟེ། ལུས་དང་སྣང་བ་མིག་གིས་བལྟར་ཡོད་ཅིང་དེ་དག་རེག་གཟུགས་སུ་གྲུབ་པ་ལྟར་སེམས་ཀྱང་ལྟར་ཡོད་རེག་གཟུགས་སུ་གྲུབ་པ་དེར་འགྱུར་བའམ། སེམས་མཐོང་ཐོས་སུ་མི་རུང་བ་བཞིན་དུ་ལུས་དང་ཡུལ་རྣམས་མཐོང་ཐོས་སུ་མི་རུང་བར་འགྱུར་བ་དང་། སེམས་ལ་ལུས་དང་ཡུལ་རྣམ་བཞིན་དུ་ཁ་དོག་དང་དབྱིབས་དང་མཐོང་ཐོས་ལ་སོགས་པ་ཡོད་པར་འགྱུར་བ་དང་། གང་ཟག་གཅིག་སངས་རྒྱས་པའམ་ཡང་ན་གང་ཟག་དེ་ཉིད་ངན་སོང་དུ་སོང་དུས་དེ་ལ་སྣང་བ་ཐམས་ཅད་ཀུན་སྣང་བ་དེ་ལྟར་འགྱུར་བ་དང་། མང་པོ་སྣང་ཡུལ་གཅིག་པས་མང་པོའི་ཤེས་པ་གཅིག་ཏུ་འགྱུར་བ་དང་། སྣང་བ་རྣམས་ཞིག་པར་གྱུར་པ་ན་སེམས་ཞིག་པ་དེར་འགྱུར་བ་དང་། ས་ཆུ་མེ་རླུང་སེམས་པ་ཅན་དུ་འགྱུར་བས་ཐམས་ཅད་རང་གི་སེམས་ཟེར་བ་མུ་སྟེགས་རིག་བྱེད་པ་དག་གི་ཕྱོགས་ལ་བསླན་པར་རིགས་སོ། །ཕན་ཚུན་འཆོལ་བའང་ཡིན་ཏེ་ཤེས་པས་རང་གི་ཡུལ་རིག་པ་ལྟར་ཡུལ་བེམ་པོས་ཀྱང་རང་རིག་པར་ཐལ་ཞིང་ཡུལ་བེམ་པོ་ཕྱི་ན་ཡོད་པ་ལྟར་དུ་རང་གི་སེམས་ཕྱི་རོལ་ན་ཡོད་པར་འགྱུར་ཏེ་ཅིའི་ཞེ་ན་སྣང་བ་སེམས་ཡིན་པ་བརླམས་པས་སྣང་བ་ཕྱི་རོལ་ན་འདུག་པའི་ཕྱིར་རོ། །སྣང་བ་རང་གི་ནང་ན་ཡོད་པར་འགྱུར་ཏེ་སེམས་ནང་ན་གསལ་རིག་ཏུ་ཡོད་པའི་ཕྱིར་རོ། །སྣང་ཡུལ་ཕྱི་རོལ་ན་ཡོད་པ་དང་། རང་རིག་ནང་ན་ཡོད་པ་གཉིས་ཐ་དད་དུ་སྣང་བ་ཤིན་ཏུ་མི་རིགས་ཏེ། ངོ་བོ་གཅིག་ལ་ཆ་གཉིས་མེད་པའི་ཕྱིར་རོ། །དེ་ལྟར་ཁས་ལེན་པ་དེ་ནི་ཧ་ཅང་ཐལ་ཏེ་རང་མ་སྐྱེས་པའི་དུས་ནས་རང་གི་སེམས་ས་ཕྱོགས་འདིར་གྲུབ་པར་ཐལ། སྣང་བ་འདི་རང་མ་སྐྱེས་པའི་དུས་ནས་ཕྱོགས་འདིར་ཡོད་པའི་ཕྱིར་དང་། རང་ཤི་ན་ཕྱོགས་འདིའི་སྣང་བ་ས་ཕྱོགས་ལ་སོགས་པའང་མེད་པར་འགྱུར་བ་ལ་སོགས་པ་དང་། དེ་བཞིན་དུ་སྣང་བ་སེམས་ཡིན་ན་རང་ཡུལ་གཞན་དུ་ཕྱིན་དུས་སྣང་བ་འདི་ཡང་དེར་འཕོ་བར་ཐལ་ཏེ་འདི་རང་གི་སེམས་ཡིན་ལ། སེམས་དེ་རང་གི་རྗེས་སུ་འགྲོ་ལྡོག་བྱེད་པའི་ཕྱིར་རོ། །ཡང་ན་གཞན་དུ་ཕྱིན་དུས་རང་གི་སེམས་ཕྱོགས་འདིར་ལུས་པར་ཐལ་ཏེ་སྣང་བ་འདི་འདུག་པའི་ཕྱིར་རོ། །དེ་དག་ལ་སོགས་པ་སྐྱོན་གྱི་རྣམ་གྲངས་རབ་ཏུ་མང་བའི་ཕྱིར་སྐྱོང་བྱེད་དེ་བ་གླང་རྫི་ལྟར་བླུན་ལ་ཐོས་པ་མེད་པ་དག་གི་ལུགས་ངན་རབ་ཏུ་སྤང་བར་བྱའོ། །གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་སྣང་སྟེ་བག་ཆགས་སྣ་ཚོགས་པའི་ཀུན་གཞིའི་སྟེང་ན། ཡུལ་དང་དོན་དང་ལུས་གསུམ་གྱི་བག་ཆགས་བཞག་སྟེ་འཁྲུལ་བའི་དབང་གིས། མེད་སྣང་ཁམས་གསུམ་འཁོར་བའི་སྣང་བ་འདིར་ཞེན་ཅིང་འཁྲུལ་ནས་མཐའ་མེད་དུ་འཁྱམས་པ་ལས་ཐམས་ཅད་སེམས་ལས་བྱུང་ནི་མིན་ཏེ། །སེམས་སུ་བག་ཆགས་པ་དེ་སེམས་ཡིན་ན། ལུས་དང་ཡུལ་དུ་སྣང་བའི་ཡུལ་མིག་གིས་རིག་ཏུ་ཡོད་པ་ལྟར་དུ་སེམས་མིག་གིས་རིག་ཏུ་ཡོད་པ་ཐལ་བ་དང་། ཡང་ན་སེམས་མཐོང་ཞིང་ཐོས་མི་རུང་བ་ལྟར་དུ་ཡུལ་དོན་ཡང་མཐོང་ཐོས་ཀྱི་ཡུལ་དུ་གྲུབ་མི་རུང་བ་ལ་སོགས་པའི་སྐྱོན་མང་པོ་བབ་པ་གོང་ནས་གསུངས་བ་ལྟར་དུའོ། །དེ་ནི་ཤིན་ཏུ་ཐ་ཆད་རྨོངས་པས་མ་གཏོགས་མི་བཤད་པའི་གཏམ་མོ་ཞེས་གསུངས་པའོ། །མདོ་ལས། གང་སྣང་དེ་འདྲའི་བདག་ཉིད་དོ། །ཞེས་པ་དང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་དང་། བག་ཆགས་ཀྱིས་ནི་དཀྲུགས་པའི་སེམས། །དོན་དུ་རབ་ཏུ་སྣང་བ་འབྱུང་། །ཞེས་པ་ལ་སོགས་པ་གསུངས་པས་སེམས་མ་ཡིན་ནམ་ཞེ་ན་དེ་ལ་ལན་སྨྲས་པ། དེ་ནི་སྣང་བ་དང་སྣང་ཡུལ་ཐ་དད་པའི་དབང་དུ་བྱས་པའི་སྣང་བ་སེམས་ཡིན་ཞེས་གོ་བར་བྱ་སྟེ། སྣང་མི་སྣང་དུ་འཛིན་པ་རང་གི་སེམས་ཡིན་པའི་ཕྱིར་རོ། །སྣང་བ་སེམས་ཡིན་པ་སྐད་ཀྱིས་དྲང་དོན་བསྟན་པས་ཕྱི་རོལ་གྱི་ཡུལ་དོན་ལོག་པ་ཞིག་བདེན་པར་འཛིན་པ་ཉན་ཐོས་ལ་སོགས་པའི་ལུགས་འགོག་པ་ལ་དགོངས་ཀྱི། རི་ལ་སོགས་པ་སེམས་སུ་བསྟན་པ་མ་ཡིན། རིའོ་སྙམ་པ་ལ་སོགས་པ་དོན་དུ་རྟོག་པའི་ཞེན་སྣང་རྟོག་ཅིང་དཔྱོད་པ་དེ་ཉིད་སེམས་སུ་རྟོགས་པར་བྱའོ། །སྣང་མི་སྣང་ངེས་པ་ནི་སེམས་ཡིན་ན་སྣང་བ་ཙམ་སེམས་སུ་བཞག་པས་ཆོག་པ་ཡིན་ཀྱང་། སྣང་ཡུལ་སེམས་སུ་བརླམས་པ་མི་རིགས་པར་སྨྲ་བའོ། །དེས་ན་སྣང་ཡུལ་རི་ལ་སོགས་པ་སེམས་མ་ཡིན་ཏེ། སེམས་ལས་ཐ་དད་པའི་རྒྱུ་འབྲས་ལས་སྐྱེ་འགག་ལ་སོགས་པར་གྲུབ་པའི་ཕྱིར་རོ། །ཕྱི་རོལ་དུ་སྣང་བའི་དོན་འདི་དག་དོན་ཡོད་པ་ལྟར་འགྱུར་རོ་ཞེ་ན་མ་ཡིན་ཏེ། དོན་དུ་སྣང་བའི་བག་ཆགས་འཁྲུལ་སྣང་འདི་ཡོད་པས་ཕྱི་རོལ་རགས་པར་སྣང་བ་རྩོམ་གཞི་རྡུལ་ཕྲན་ལ་སོགས་པར་གཞན་དུ་འཛིན་གྱི། ཁོ་བོ་ཅག་ནི་སེམས་ལ་སྣང་བའི་བག་ཆགས་འཁྲུལ་པ་དྷ་དུ་ར་ལ་སོགས་པའི་སྣང་བ་ལྟར་ཕྱི་ནང་གང་ཡང་མ་ཡིན་གང་དུའང་མ་གྲུབ་ཀྱང་། མེད་བཞིན་སྣང་བ་གཞི་མེད་རྩ་བ་དང་བྲལ་བར་འདོད་པས་རང་བཞིན་མེད་པར་སྨྲ་བ་ཡིན་ནོ། །དེས་ན་སྣང་བ་དང་སྣང་ཡུལ་ཕྱེད་པ་ཤིན་ཏུ་གཅེས་སོ། །སྣང་བ་ཞེས་པ་ཅི་ཞེ་ན། སྣང་བའི་མཚན་ཉིད་ནི་མེད་བཞིན་སྣང་བ་རྨི་ལམ་གྱི་གནས་སྐབས་དང་འདྲ་ལ། དེ་དང་དེར་འཛིན་པའི་འཁྲུལ་བའི་སེམས་ཀྱི་དབང་དུ་གྱུར་བ་སྟེ། དཔེར་ན་མིག་ལམ་དུ་ཐག་ཁྲ་རིག་དུས་སྦྲུལ་དུ་འཁྲུལ་བ་དང་འདྲ་ཞིང་། །ཐག་ཁྲ་སྦྲུལ་དུ་འཁྲུལ་བྱེད་དམ་དེར་འཛིན་བྱེད་ཀྱི་ཤེས་པ་རྣམ་རྟོག་སྔོན་མ་དེ་ལ་རྟོག་དཔྱོད་ཞུགས་ནས་ཡང་འཛིན་བྱེད་སྐབས། དེ་ལ་གཟུང་འཛིན་གཉིས་སུ་སྣང་ནས་འཁྲུལ་བ་ཞེས་ཟེར་ལ། །གཟུང་བ་ནི་སྦྲུལ་དུ་སྣང་བའི་ཐག་ཁྲ་དང་། །འཛིན་པ་ནི་རང་གི་ཤེས་པ་ཡིན་པར་འཆད་ན་མི་རིགས་ལ། སྣང་ཡུལ་ནི་རི་ལ་སོགས་པ་སྤྱི་མཐུན་དུ་སྣང་བ་དེ་ཡིན་པས་རང་ཉིད་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་མིན་ཅིང་། །སྣང་བ་དང་སྣང་ཡུལ་ཕྱེད་ནས་འཆད་པ་ནི་ཀློང་ཆེན་པ་བརྒྱུད་པ་བཅས་ཀྱི་རང་ལུགས་དྲི་མ་མེད་པའི་འཇོག་མཚམས་ཡིན་ལ། །དེས་གཟུང་བ་ཡུལ་དང་འཛིན་པ་སེམས་སུ་ཞེན་པ་དང་། ཐམས་ཅད་སེམས་སུ་འདོད་པའི་ལོག་རྟོག་བཀག་སྟེ། གཉིས་པ་སྣང་བ་དེ་དག་གི་རང་བཞིན་ཤེས་པར་བྱ་བ་ལ། དངོས་དང་། དེ་ལྟར་བརྟགས་པའི་ཕན་ཡོན་གཉིས། དང་པོ་ལ། སྣང་གསུམ་སྒྱུ་མ་ལྟར་སྣང་བར་ཤེས་པ་དང་། སྣང་བ་དེ་དག་སེམས་ལ་རག་ལས་པར་བསྟན་པ་གཉིས། དང་པོ།

སྣང་གསུམ་སྒྱུ་མ་ལྟར་སྣང་བར་ཤེས་པ།

ད་ནི་སྣང་བ་གསུམ་ལས་གཟུང་འཛིན་དུ་བྱེད་པའི་ལས་བཤད་པ་ནི། འདི་ལྟར་ཡུལ་ལས་གཟུང་བའི་རྣམ་རྟོག་དང་། །དོན་ལས་འཛིན་པའི་རྣམ་རྟོག་རྣམ་གཉིས་སྐྱེ། །ལུས་ལས་ཉོན་མོངས་གཟེབ་དང་རྟེན་བྱེད་དེ། །མི་མཁས་བདེན་པར་ཞེན་པས་རྟག་ཏུ་འཁོར། །ཞེས་གསུངས་ཏེ། ཡུལ་དུ་སྣང་བ་ལ་སྣང་བར་བཟུང་བས་གཟུང་བའི་རྟོག་པ་སྐྱེ་ཞིང་། ཚོགས་བརྒྱད་ནང་ན་རྩེ་གཅིག་ཏུ་གནས་པ་དང་ཕྱིར་འཆར་བ་ན་སེམས་ཞེས་འཛིན་པའི་རྟོག་པ་སྐྱེ་ཞིང་། ལུས་ནི་གཟུང་འཛིན་དུ་སྐྱེ་བའི་རྟེན་དང་བདེ་སྡུག་གི་གནོད་པ་མངོན་པར་སྒྲུབ་པའི་གནས་བྱེད་དེ། ཡུལ་དོན་ལུས་ཀྱི་སྣང་བ་གསུམ་ལ་བདེན་པར་ཞེན་པས་རྟག་ཏུ་སྲིད་པར་འཁྱམ་ཞིང་སྡུག་བསྔལ་བ་ཡིན་ནོ། །ཞེས་མེ་ལོང་གི་ནང་དུ་བྱད་ཀྱི་གཟུགས་བརྙན་ཤར་དུས་མེ་ལོང་གི་ནང་དུ་བྱད་འཕོ་དགོས་པ་མིན་ཅིང་། སྣང་དུས་ནས་ཀྱང་བྱད་ལས་གཞན་པའི་ཆོས་ཤིག་གྲུབ་པ་མེད་པ་ལྟར་དུ། ཡུལ་དུ་སྣང་བ་ལ་གཟུང་རྟོག་དང་། དེ་འཛིན་གྱི་ཤེས་པ་ལ་འཛིན་པའི་རྟོག་པ་སྐྱེས་ནས། གཟུང་འཛིན་གྱི་རྟེན་དང་བདེ་སྡུག་གི་གནོད་པ་སྒྲུབ་པའི་གནས་ཀྱི་ལུས་མངོན་དུ་བྱས་ཏེ། སྣང་བ་གསུམ་གྱི་སླུ་བྲིད་བྱད་མེ་ལོང་དུ་ཤར་ལྟ་བུ་ལ་བདེན་པར་ཞེན་པས་སྲིད་པར་འཁྱམས་ཤིང་སྡུག་བསྔལ་བའོ། །ཇི་སྐད་དུ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། ཆོས་རྣམས་གང་ལ་རང་བཞིན་འགའ་མེད་དེ། །སྒྱུ་མ་སྨིག་རྒྱུ་ཆུ་ཡི་ཟླ་བ་འདྲ། །མི་མཁས་བདེན་པར་ཞེན་པས་འཆིང་གྱུར་ཏེ། །རྟག་ཏུ་རྫ་མཁན་འཕང་ལོ་བཞིན་དུ་འཁོར། །ཞེས་གསུངས་པ་བཞིན་ནོ། །ད་ནི་རང་བཞིན་མེད་པའི་འཁོར་བ་གཟུགས་བརྙན་དང་འདྲ་ཡང་གཟུང་འཛིན་དབྱིངས་སུ་མ་ནུབ་པ་དེ་སྲིད་དུ་ལས་འབྲས་ལ་གཅེས་སྤྲས་སུ་གདམས་པ་ནི། འདི་དག་ཐམས་ཅད་དོན་ལ་མེད་ན་ཡང་། །གཟུང་འཛིན་དབང་གིས་རྟེན་འབྲེལ་སྒྱུ་མར་སྣང་། །ཇི་སྲིད་གཟུང་འཛིན་དབྱིངས་སུ་མ་ནུབ་པར། །རྒྱུ་འབྲས་ལས་ཡོད་དེ་ཡི་སྤྲུལ་པ་སྟེ། །ཞེས་གསུངས་ཏེ། འདི་ལྟར་ཆོས་ཉིད་དོན་དམ་པའི་བདེན་པ་ལ་ལྟོས་ནས་འཁོར་བ་དང་དེ་བསྐྱེད་པའི་ལས་མེད་ཀྱང་། སྟོང་རྟེན་འབྱུང་ཟུང་དུ་འབྲེལ་བས་ན་ཀུན་རྫོབ་ཏུ་རང་གི་རྒྱུ་དང་རྐྱེན་གྱི་ལས་སྣ་ཚོགས་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་བརྟེན་ནས་འཁོར་བ་སྒྱུ་མ་དང་འདྲ་བ་སྣང་བས། དེའི་རྒྱུ་འབྲས་སྤང་བླང་འདོར་ཞེན་ཚུལ་བཞིན་དུ་སྤྱད་དགོས་ཏེ། གཟུང་བ་དང་འཛིན་པའི་ཀུན་ཏུ་རྟོག་པ་མཐའ་དག་དབྱིིངས་སུ་ནུབ་པ་ན་ལས་མེད་དེ། དེའི་དུས་སུ་སྒྱུ་མའི་རྫས་དང་རིག་སྔགས་ནུབ་པ་ལྟར་དུ་རྒྱུ་མ་རིག་པ་བག་ཆགས་དང་བཅས་པ་མེད་པའི་ཕྱིར་རོ། །གཟུང་འཛིན་གྱི་རྟོག་པ་དབྱིངས་སུ་ནུབ་པ་དེ་ཉིད་མངོན་དུ་མ་བྱས་ཀྱི་བར་དུ་ལས་ཡོད་དེ། མ་རིག་པ་དང་དེས་བསྐྱེད་པའི་ཉོན་མོངས་པ་ཐམས་ཅད་མ་ཟད་པར་ཡོད་པའི་ཕྱིར་ན། འདུ་བྱེད་ཀྱི་རྒྱུ་ལས་འབྲས་བླང་དོར་དུ་བྱ་བ་གཅེས་ཏེ། འཁོར་བའི་འཁྲུལ་སྣང་མེད་བཞིན་སྣང་བ་སྤྲུལ་པ་དང་འདྲ་བ་ལས་དེས་བསྐྱེད་ནས་རྒྱུན་དུ་སྡུག་བསྔལ་བའི་ཕྱིར་རོ། །དེས་ན་འཁྲུལ་བར་སྣང་བའི་གཟུང་འཛིན་གྱི་སྣང་བ་ཤར་བ་ཐམས་ཅད། ཆུའི་ཟླ་བ་དང་སྨིག་རྒྱུའི་ཆུ་ལྟར་དུ་སྐྱེ་བར་སྣང་དུས་ཉིད་ནས་ཀྱང་སྐྱེ་བ་མེད་པ་ཡིན་པར་དོན་རྟོགས་ན་འཁྲུལ་བ་གཞི་ལ་ལྡོག་པར་འགྱུར་རོ། །གཉིས་པ་ལ། དངོས་དང་། དེའི་དཔེ་འགོད་པ་གཉིས། དང་པོ།

དངོས་བཤད་པ།

དེ་ལྟར་སྒྱུ་མ་གཟུགས་བརྙན་སྤྲུལ་བ་སོགས་དང་འདྲ་བའི་ལས་དེ་ཉིད་གང་གིས་གསོག་ཅིང་བསྐྱེད་ཅེ་ན། སེམས་ཀྱིས་འདུ་བྱེད་སེམས་ཀྱིས་ལས་ཀུན་བྱེད། །སེམས་ལ་སྣང་ཞིང་སེམས་ཀྱིས་བརྟགས་པས་ན། །འཁྲུལ་པའི་སེམས་འདུལ་སླད་དུ་འབད་པར་མཛོད། །ཅེས་གསུངས་ཏེ། ལས་ནི་རྒྱུ་ཀུན་འབྱུང་གི་རང་བཞིན་ཡིན་ལ། ལས་དང་ཉོན་མོངས་པའི་འབྲས་བུ་སྡུག་བསྔལ་ཁོ་ན་སྟེ། དེ་དག་གི་རྩ་བ་བསྐྱེད་པ་ནི། སེམས་ཀྱི་འདུ་བྱེད་ལས་གྱུར་པའི་ཕྱིར་སེམས་ཀྱིས་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པའི་ལས་ཀུན་གསོག་ཅིང་ལས་ཀྱི་བྱེད་པ་ཐ་དད་པའི་དབང་གིས་འཁྲུལ་སྣང་བདེ་བ་དང་སྡུག་བསྔལ་སྣ་ཚོགས་སུ་སྣང་བ་དག རྨི་ལམ་གྱི་རྣམ་པ་ལྟར་རང་གི་སེམས་ལ་སྣང་ཞིང་། སེམས་ཀྱིས་གཟུང་འཛིན་དུ་བརྟགས་པས་འཁྲུལ་པ་བརྒྱུད་མར་བྱུང་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ལས། སེམས་འདི་ལས་འདུ་བྱེད་པའོ། །འདུ་བྱེད་པ་གང་ཡིན་པ་དེས་ནི་དགེ་བ་དང་མི་དགེ་བ་དང་ལུང་མ་བསྟན་པ་རྣམས་འདུ་བྱེད་དོ། །འདུ་བྱས་པ་ལས་སེམས་ཅན་རྣམས་ཀྱི་བདེ་བ་དང་སྡུག་བསྔལ་བ་དང་བར་མ་རྣམས་མངོན་པར་སྣང་ངོ་། །ཞེས་གསུངས་སོ། །ཞེས་སྣང་བ་སེམས་ལ་རག་ལས་པར་བསྟན་པའོ། །སྣང་བ་སེམས་སུ་རག་ལས་པ་དེའི་ཕྱིར་ན་རང་གི་སེམས་འདུལ་ཞིང་སྦྱོང་བ་ལ་འབད་པར་རིགས་པ་ཉིད་དོ། །དེ་ཡང་ཆོས་ཉིད་སྐྱེ་མེད་ཀྱི་ངང་ནས་ཆོས་ཅན་སྐྱེ་འགག་བདེ་སྡུག་ལ་སོགས་པ་སྣང་ན་ཡང་། སྐྱེ་མེད་ཀྱི་ངང་ལ་འཕེལ་འགྲིབ་ཡོད་པ་མིན་པ་དང་། སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་རྣམ་པར་དག་ཀྱང་། ཆོས་ཅན་སེམས་ཀྱི་འཁྲུལ་སྣང་ལ་བདེ་སྡུག་སྣ་ཚོགས་སུ་སྣང་བ་ཡིན། དེ་ཐམས་ཅད་སེམས་ཉིད་ལས་གཡོས་མ་མྱོང་པར་ཤེས་པའི་སེམས་ཀྱི་འདུལ་སྦྱོང་གིས་འཁྲུལ་བའི་སེམས་བཏུལ་ནས་མ་འཁྲུལ་བའི་ཆོས་ཉིད་རྟོགས་པར་བྱ་རིགས་སོ། །གཉིས་པ།

དེའི་དཔེ་འགོད་པ།

དེ་ལྟར་འཁྲུལ་སྣང་དུ་ཤར་བ་དག་གི་དཔེ་ནི། ཇི་ལྟར་དྷ་དུ་ར་ཡིས་མྱོས་པ་ལས། །སྣ་ཚོགས་སྣང་བ་མི་འདྲ་ཅི་ཤར་ཡང་། །ཐམས་ཅད་འཁྲུལ་པའི་གཟུགས་ཏེ་དོན་ལ་མེད། །ཅེས་གསུངས་ཏེ། འདི་ལྟར་ཐང་ཕྲོམ་མམ་དྷ་དུ་རའི་ཁུ་བ་འཐུངས་པ་དག་གིས་ནམ་མཁའ་དང་ས་གཞི་ཐམས་ཅད་སྐྱེས་པ་དང་བུད་མེད་ལ་སོགས་པས་གང་བར་འཁྲུལ་སྣང་སྣ་ཚོགས་སུ་མཐོང་ན་ཡང་། མཐོང་བའི་དུས་ཉིད་ནས་འཁྲུལ་ངོར་ཤར་བ་དེ་དག་མེད་དོ། །འོན་ཀྱང་འཁྲུལ་བར་སྣང་བ་ནི་རྫས་དྷ་དུ་ར་དེས་སེམས་འཁྲུལ་བའི་དབང་གིས་ཕྱི་རོལ་སྣ་ཚོགས་པར་ཤར་བ་སྟེ་དེ་ནི་དོན་ལ་མེད་བཞིན་འཁྲུལ་སྣང་ཁོ་ནའོ། །མེད་བཞིན་དུ་སྣང་བའི་དཔེ་ཉེ་བར་བཀོད་པ། དེ་ཡིས་བསྟན་པའི་དཔེ་ཅན་ནི། དེ་བཞིན་སེམས་འཁྲུལ་བ་ཡིས་སྦྱར་བ་ཡིས། །འགྲོ་དྲུག་འཁྲུལ་སྣང་མ་ལུས་ཇི་སྙེད་ཀུན། །མེད་སྣང་སྟོང་པའི་གཟུགས་བརྙན་ཤེས་པར་མཛོད། །ཅེས་གསུངས་ཏེ། སྣང་སྲིད་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དོན་ལ་རྡུལ་གྱི་ཆ་ཕྲ་མོ་བརྒྱར་གཤགས་པ་ཙམ་དུ་ཡང་ཕྱི་སྣང་བའི་ཡུལ་གཞན་དང་། ནང་འཛིན་པའི་སེམས་རང་དང་། དེ་ལས་གཞན་པའི་ཆོས་གང་དུའང་གྲུབ་པ་མེད་དེ། གློ་བུར་བའི་རང་བཞིན་མེད་བཞིན་དུ་སྣང་བ་ཡིན་པའི་ཕྱིར་རོ། །མ་རིག་པའི་རྩལ་དེ་གཟུང་འཛིན་དུ་ཤར་ནས་སེམས་ཉིད་བདག་མེད་ལ་བདག་དང་། སྣང་བ་གཞན་མེད་ལ་གཞན་དུ་བཟུང་ནས། ང་དང་ང་ཡིར་འཛིན་པ་འདི་བྱུང་བ་ཡིན་པས། མེད་བཞིན་སྣང་བའི་འཁྲུལ་བའི་རྩ་བ་འདི་ཆོད་པར་གྱུར་ན། སེམས་ཀུན་བྱེད་རྒྱལ་པོ་རང་བྱུང་རང་ལ་ཐིམ་ནས་སྤྲིན་ཚོགས་ནམ་མཁའ་རུ་དེངས་པའི་ཤུལ་ལྟར་དུ་འཁྲུལ་བ་རང་དྭངས་སུ་འགྲོ་བ་ཡིན་ཅིང་། ད་དུང་དཔེ་ཡི་རྣམ་པ་གཞན་གཅིག་ཏུ་ན་ཆང་གིས་མྱོས་པའམ་བཟི་བ་ན་ས་ཕྱོགས་ཀྱི་ལི་ལི་འཁོར་བར་སྣང་ཡང་འཁོར་བ་མེད་པ་བཞིན་ཏེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོའི་མདོ་ལས། ཇི་ལྟར་མི་དག་ཆང་གིས་མྱོས་པ་ན། །ས་ནི་ཀུན་ཏུ་འགུལ་སྙམ་བྱེད་མོད་ཀྱི། །ས་ནི་གཡོས་ཤིང་འགུལ་བར་གྱུར་པ་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་སོ། །དེས་སྣང་བ་སེམས་སུ་ཤར་ཡང་དཔེ་དྷ་དུ་ར་ཟོས་པའི་མིའི་སྣང་བ་དང་། ཆང་གིས་མྱོས་པའི་སྣང་བ་ལྟར་དུ་དོན་ལ་མ་གྲུབ་པའི་མེད་སྣང་སྟོང་པའི་གཟུགས་བརྙན་དུ་ཤེས་དགོས་པར་བསྟན་པའོ། །གཉིས་པ།

བརྟགས་པའི་ཕན་ཡོན།

ད་ནི་དོན་བསྡུ་བས་མེད་བཞིན་སྣང་བའི་འཁྲུལ་གཞི་གདོད་མའི་རང་བཞིན་ཤེས་པར་བྱ་བ་ལ་གདམས་པ་ནི། དེ་ལྟར་འཁོར་བའི་རང་བཞིན་གཟུགས་བརྙན་བཞིན། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །དེ་ཡིས་མྱ་ངན་འདས་པའི་རང་བཞིན་ཤེས། །སྲིད་ལས་རྣམ་གྲོལ་བདེ་གཤེགས་དབང་པོར་འགྱུར། །ཞེས་གསུས་ཏེ། རང་བཞིན་མེད་པའི་འཁོར་བ་མེ་ལོང་ནང་གི་གཟུགས་བརྙན་དང་འདྲ་བ་འདི་ཉིད་དང་པོ་གང་ལས་བྱུང་བའི་གཞི་དབྱིངས་གདོད་མའི་འོད་གསལ་སྙིང་པོ་བཞུགས་ཚུལ་དང་ཡིན་ལུགས་ལེགས་པར་བརྟག་པས་དེའི་རང་བཞིན་ཤེས་པ་ན། གཟུང་འཛིན་མཁའ་ལྟར་དག་པ་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པའི་འོད་གསལ་བའི་ཡེ་ཤེས་ལ་འཇུག་པས་སྲིད་པའི་འཁྲུལ་སྣང་ཆ་དང་བཅས་པ་ལས་གྲོལ་ཏེ་མངོན་པར་བྱང་ཆུབ་པར་འགྱུར་བའི་ཕྱིར་གདོད་མའི་རང་བཞིན་བརྟག་པར་བྱ་སྟེ། འཕགས་པ་ཏིང་ངེ་འཛིན་རྒྱལ་པོ་ལས། ནམ་ཞིག་འཇིག་རྟེན་ཁམས་འདི་བྱུང་བ་དང་། །བྱུང་ནས་ཞིག་སྟེ་འཇིག་རྟེན་ཁམས་འདི་མེད། །ཇི་ལྟར་སྔོན་བཞིན་ཕྱིས་ཀྱང་དེ་བཞིན་ཏེ། །ཐོག་མ་གང་ལས་བྱུང་བ་བརྟག་པར་གྱིས། །ཞེས་གསུངས་སོ། །ལེའུ་དང་པོ་གཞི་ལས་འཁོར་བའི་འཁྲུལ་ཚུལ་བསྟན་པ་འདིའི་ནང་དོན་མདོར་བསྡུ་ན། ཆོས་ཉིད་དོན་གྱི་ཀུན་གཞི་ནི། གཞི་མ་བཅོས་པའི་རང་བཞིན། གནས་ལུགས་རྣལ་མ་དོན་གྱི་འོད་གསལ། འཁོར་འདས་མཉམ་པ་ཉིད་ཀྱི་ངང་དེ་ལས། གློ་བུར་འཁྲུལ་བའི་བག་ཆགས་ནམ་མཁའ་ལས་སྤྲིན་བྱུང་བ་ལྟར་དུ་གཡོས་པ་ལས་བག་ཆགས་སྣ་ཚོགས་པའི་ཀུན་གཞི་ལ་བརྟེན་ནས། ཡུལ་དོན་ལུས་གསུམ་གྱི་སྣང་བ་སྣ་ཚོགས་མུ་མེད་པར་ཤར་ནས། མེད་བཞིན་སྣང་བ་སྒྱུ་མ་མཁན་གྱི་སྤྲུལ་བ་ལྟ་བུར་སྲིད་པ་ཁམས་གསུམ་འཁོར་བའི་གནས་འདི་སྣང་ཞིང་འཁོར་བ་ཡིན་ལ། དེ་འཁོར་དུས་ཉིད་ནའང་སྣང་ཙམ་ཤར་བ་དེ་ཉིད་ལས་མ་གཏོགས་པའི་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་ཅིང་མ་གྲུབ་པ་ཡིན་པས་ན། ཇི་ལྟར་སྣང་ཡང་ཆོས་ཉིད་ཀྱི་དབྱིངས་ལས་དེ་ལྟར་གཡོ་བ་མེད་པའི་ཚུལ་དུ་ཤེས་པར་བྱའོ། །ཐེག་པ་ཆེན་པོའི་མན་ངག་གི་བསྟན་བཅོས་ཡིད་བཞིན་རིན་པོ་ཆེའི་མཛོད་ལས། གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་སྟེ་དང་པོའི་འགྲེལ་པའོ།། །།གཉིས་པ་གང་སྣང་བའི་འཇིག་རྟེན་བསྟན་པ་ལ། འདུལ་བྱེད་ཀྱི་ཞིང་ཁམས་སྤྱི་དང་བྱེ་བྲག་མདོར་བསྟན་པ་དང་། བྱེ་བྲག་མི་མཇེད་ཀྱི་ཞིང་རྒྱས་པར་བཤད་པ་གཉིས། དང་པོ་ལ། འདུལ་བྱེད་ཞིང་དང་སྟོན་པར་སྣང་ཚུལ་མདོར་བསྟན། དེ་རྒྱས་པར་བཤད། དེ་དག་གི་དོན་བསྡུས་ཤིང་དེ་ལ་དད་པའི་ཕན་ཡོན་བསྟན་པ་གསུམ། དང་པོ།

འདུལ་བྱེད་ཞིང་དང་སྟོན་པར་སྣང་ཚུལ་མདོར་བསྟན།

གོང་དུ་ལེའུ་དང་པོ་ནས་བཤད་པ་དེ་ལྟར་འཁོར་བའི་འཁྲུལ་སྣང་གང་ལས་བྱུང་བའི་རང་བཞིན་ལེགས་པར་རྟོགས་ནས་ཇི་ལྟར་སྣང་བའི་འཇིག་རྟེན་བཀོད་པ་ལ་འཇུག་པར་བྱ་སྟེ། ཇི་སྐད་བཤད་མ་ཐག་པ། དེ་ལྟར་ཁམས་གསུམ་འཁོར་བར་སྣང་བ་ན། །རྒྱལ་བའི་ཐུགས་རྗེས་ཞིང་ཁམས་རྣམ་བཀོད་དེ། །འགྲོ་བའི་དོན་ཀུན་སྒྲུབ་ལ་ནོར་བུ་བཞིན། །སྲིད་ནས་ཞི་བར་རབ་ཏུ་འདྲེན་པར་མཛད། །ཅེས་གསུངས་ཏེ། དེ་ལྟར་འཁྲུལ་བ་རང་སྣང་ཡིན་པར་མ་ཤེས་ཤིང་མ་རིག་པའི་སེམས་ཅན་རྣམས་གང་དུ་བྱུང་བ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཚད་མེད་པའི་ཐུགས་རྗེ་མངའ་བས་གཟིགས་ཏེ། ཡོངས་སུ་འདུལ་བའི་ཞིང་ཁམས་རྣམ་པར་བཀོད་ཅིང་། གདུལ་བྱའི་སེམས་ཅན་སོ་སོའི་ཁམས་དབང་མོས་པའི་སྐལ་པ་ཇི་ལྟ་བ་བཞིན་དུ་སེམས་ཅན་དེ་དག་གི་དོན་མཛད་པ་ནི་གཡོ་བ་དང་འབད་པའི་རྩོལ་བ་མེད་པར་ངང་གིས་ལྷུན་གྱིས་གྲུབ་པར་འབྱུང་སྟེ། སྲིད་པ་ནས་ཞི་བར་འདྲེན་པའི་ཕྲིན་ལས་རབ་ཏུ་མཛད་དེ། ཞེས་ཆོས་སྐུ་སྤྲོས་པ་དང་བྲལ་བའི་ངང་ལས་མ་གཡོས་བཞིན་དུ། ལོངས་སྐུའི་རྣམ་པར་བཞེངས་ཏེ། སྤྲུལ་སྐུ་གང་འདུལ་གྱི་མཛད་པ་བསྟན་པའི་ཞིང་ཁམས་བཀོད་ནས་དེ་དང་དེའི་ངོ་ཁར་སྣང་བའི་མཛད་པ་ཕྲིན་ལས་ཀྱིས་གདུལ་བྱའི་ཁ་ལོ་གྱེན་དུ་བསྒྱུར་བ་མཛད་པ་ཡིན་ཏེ། གསང་བའི་སྙིང་པོ་ལས། མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །ཞེས་གསུངས་པ་བཞིན་ནོ། །ཇི་ལྟར་མཛད་པ་རྒྱ་ཆེ་བའི་ཚུལ་ནི། ནམ་མཁའི་མཐའ་ཀླས་སེམས་ཅན་ཞིང་རྣམས་སུ། །དུས་གསུམ་རྒྱལ་བས་དོན་ཆེན་མཛད་པ་ལས། །ཞེས་གསུངས་ཏེ། དཔག་ཏུ་མེད་པའི་སེམས་ཅན་གྲོལ་བའི་སར་འགོད་པ་ནི། ཕྱོགས་བཅུ་ནམ་མཁའི་མཐས་ཁྱབ་པར་སེམས་ཅན་གྱིས་ཁྱབ་པ་དེ་སྙེད་དུ། འདས་པ་དང་། ད་ལྟར་བྱུང་བ་དང་། མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཁྱབ་ཅིང་དོན་མཛད་པའོ། །སྐུ་གསུམ་གྱི་སྟོན་པས་ཕྱོགས་དང་དུས་ཀྱིས་བསྡུས་པའི་གདུལ་བྱའི་སེམས་ཅན་གྱི་དོན་མཛད་པ་སྤྱིར་བསྟན་ནས་བྱེ་བྲག་དེ་དག་ལས་ཁྱད་པར་དུ་མི་མཇེད་ཀྱི། ཞིང་འདིའི་སྟོན་པས་ཇི་ལྟར་འདུལ་བའི་ཚུལ། །རེ་ཞིག་བསྡུས་ཏེ་རབ་ཏུ་བསྟན་པ་ནི། །ཞེས་མདོར་བསྟན་པའོ། །གཉིས་པ་ལ། ཞིང་རྒྱས་བཤད་དང་། སྟོན་པ་རྒྱས་བཤད་གཉིས། དང་པོ་ལ། སྐུ་གསུམ་གྱི་ཞིང་སྤྱིར་བསྟན་པ་དང་། གཞི་སྙིང་མེ་ཏོག་གིས་བརྒྱན་ཞིང་བྱེ་བྲག་ཏུ་བསྟན་པ་གཉིས། དང་པོ།

སྐུ་གསུམ་གྱི་ཞིང་སྤྱིར་བསྟན་པ།

འདི་ལྟར་འཁོར་འདས་ཀུན་གྱི་དཔལ་དུ་གྱུར་བ། སྟོན་པ་ཡིད་བཞིན་ཀུན་ཏུ་བཟང་པོ་ཉིད། །ཐོག་མ་མེད་པའི་དུས་སུ་བྱང་ཆུབ་ནས། །ཆོས་སྐུའི་ངང་ལས་ལོངས་སྐུར་ལྷུན་གྲུབ་སྟེ། །ཐུགས་གསུང་སྐུ་ཡི་སེམས་དཔའ་གསུམ་སྤྲུལ་ནས། །འགྲོ་དྲུག་གནས་སུ་སེམས་ཅན་དོན་མཛད་ཅིང་། །དུས་རིང་ཐོག་མཐའ་མེད་པར་བཞུགས་པ་ལས། །ཞེས་གསུངས་ཏེ། དེ་ཡང་ཐོག་མཐའ་མེད་པའི་དུས་སུ་མངོན་པར་བྱང་ཆུབ་པའི་ཐོག་མའི་སངས་རྒྱས་འོད་མི་འགྱུར་བ་མགོན་པོ་འདི་ནི། ཆོས་ཀྱི་སྐུའི་གནས་སྐབས་ན་སྟོང་གསལ་གཉིས་སུ་མེད་པའི་ཡེ་ཤེས་སྟོང་བ་གསལ་བའི་ངོ་བོ་ཅན་དེ་ཉིད་སྟོན་པ་ཀུན་ཏུ་བཟང་པོ་ཞེས་བྱའོ། །ལོངས་སྤྱོད་རྫོགས་པ་སྐུའི་གནས་སྐབས་ན་གསལ་བ་རིག་པའི་རང་བཞིན་རིགས་ལྔའི་སངས་རྒྱས་ཞེས་བྱའོ། །སྤྲུལ་པ་སྐུའི་གནས་སྐབས་ན་ཀུན་ཁྱབ་ཐུགས་རྗེའི་བདག་ཉིད་དུ་སྣང་བ་ཐུབ་པ་བཅོམ་ལྡན་འདས་ཞེས་བྱའོ། །གང་གི་ཚེ་ཆོས་ཀྱི་སྐུ་བརྙེས་པ་དེའི་ཚེ་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ཏེ། དེའི་སྐུ་གསུང་ཐུགས་ལས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་གྲངས་མེད་པ་སྤྲུལ་ནས་སེམས་ཅན་གྱི་དོན་མཛད་པ་ལས། ཁྱད་པར་དུ་ཐུགས་ཀྱི་སེམས་དཔའ་ཕྱག་ན་རྡོ་རྗེ་དང་། གསུང་གི་སྤྱན་རས་གཟིགས་དང་། སྐུའི་འཇམ་དཔལ་གཞོན་ནུ་རྣམས་ཏེ་ཐུགས་གསུང་སྐུ་ཡི་སྤྲུལ་བ་རྒྱལ་སྲས་སེམས་དཔའ་རྣམ་གསུམ་དུ་སྤྲུལ་ཏེ། འགྲོ་བ་དྲུག་གི་གནས་རིགས་མ་ལུས་པར་དོན་མཛད་པ་ནི། སྲིད་པ་ཇི་སྲིད་མ་སྟོངས་པ་དེ་སྲིད་དུ་སྣང་བ་ཡིན་ནོ། །གཉིས་པ།

གཞི་སྙིང་མེ་ཏོག་གིས་བརྒྱན་ཞིང་བྱེ་བྲག་ཏུ་བསྟན་པ།

དེ་ལྟར་ནམ་མཁའ་ཁྱབ་པར་སྣོད་བཅུད་ཀྱི་ཞིང་བཀོད་པའི་རང་བཞིན་ལས། དེ་དག་གི་ཁོངས་སུ་ཆུད་པའི་ཆས་གཞལ་ན་སྐྲ་རྩེའམ་ཡུངས་འབྲུའི་ཁྱོན་ཙམ་དུ་སྣང་བའི་འདུལ་ཞིང་འདི་ཉིད་ཇི་ལྟར་བཀོད་ཅིང་སྒྲོན་མ་སྣང་བར་བྱས་པའི་ཚུལ་ནི། བསམ་གྱིས་མི་ཁྱབ་པ་གྲངས་ལས་འདས་པའི་ཞིང་ཁམས་ལས། ཁྱད་པར་མི་མཇེད་འཇིག་རྟེན་དོན་མཛད་པ། །ཆོས་སྐུའི་དབྱིངས་ནས་སྟུག་པོ་བཀོད་པའི་ཞིང་། །རང་སྣང་འོད་གསལ་རྣམ་ལྔའི་འོད་སྤྲོས་པས། །ཞེས་གསུངས་ཏེ། ལོངས་སྤྱོད་རྫོགས་པའི་སྐུ་རུ་བྱོན་པ་ནི་ཆོས་སྐུའི་དབྱིངས་ནམ་མཁའ་ལྟ་བུའི་ངང་ན་དེ་དང་དབྱེར་མེད་པའི་ཞིང་ཁམས་ཡེ་ཤེས་རིན་པོ་ཆེའི་སྣང་བ་ལས་རང་ཤར་བ་ནི་ལྷུན་གྲུབ་སྟུག་པོ་བཀོད་པའི་རྒྱན་ཉིད་དེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་ལས་མི་གཡོ་བར་བཞུགས་པ་དེ་ལས་འོད་ཟེར་བསམ་གྱིས་མི་ཁྱབ་པ་སྤྲོས་ཏེ། ལོངས་སྐུའི་ཞིང་དང་སངས་རྒྱས་དཔག་ཏུ་མེད་པ་སྤྲུལ་ཏེ། དེ་དག་རེ་རེས་ཀྱང་བྱང་ཆུབ་སེམས་དཔའ་ས་ལ་གནས་པ་དཔག་ཏུ་མེད་པའི་དོན་མཛད་པར་གྱུར་ཏོ། །ཞེས་ཆོས་སྐུའི་ངང་ལས་མ་གཡོས་བཞིན་དུ་ལོངས་སྐུར་སྣང་ཚུལ་བསྟན་པའོ། །དེ་ལས་རིགས་ལྔ་གངས་ཆེན་མཚོའི་བཀོད་པར་སྣང་ཚུལ་དེ་ཇི་ལྟར་ཞེ་ན། ལོངས་སྐུ་དེ་དག་རེ་རེའི་ཐུགས་ཀ་ནས་ཀྱང་སྤྲུལ་པ་སྐུའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་སྤྲོས་ནས་སྤྲུལ་པ་སྐུའི་སངས་རྒྱས་དཔག་ཏུ་མེད་པ་སྤྲུལ་ཏེ། སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་པར་གྱུར་ཏོ། །དེ་ལས་ཁྱད་པར་དུ་བཅོམ་ལྡན་འདས་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་བཀོད་དེ་དོན་མཛད་པའི་ཚུལ་ནི་སྔར་བཞིན་ཆོས་སྐུའི་དབྱིངས་རང་སྣང་སྟུག་པོ་བཀོད་པ་ནས་ཡེ་ཤེས་རང་སྣང་བའི་རིགས་ལྔ་ལས་ཁྱད་པར་དུ་རྣམ་སྣང་ལས་འོད་འཕྲོས་པས། རིན་ཆེན་པདྨའི་སྙིང་པོས་བརྒྱན་པའི་ཞིང་། །ལོངས་སྤྱོད་རྫོགས་སྐུས་ཉེ་བར་བརྟེན་པ་ནི། །གཞི་དང་སྙིང་པོ་མེ་ཏོག་བརྒྱན་པ་སྟེ། །མི་མཇེད་འབུམ་ཕྲག་བཅུ་ཡི་རྡུལ་ཕྲན་དང་། །གྲངས་མཉམ་ཞིང་གིས་ཞིང་དེར་བརྒྱན་པ་ཡིན། །ཅེས་གསུངས་ཏེ། ལོངས་སྐུ་དེ་དག་རེ་རེའི་ཐུགས་ཀ་ནས་སྤྲུལ་བའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་སྤྲོས་པ་དེའི་ཚེ་རང་བཞིན་རྣམ་པར་དག་པའི་ནམ་མཁའ་ལ་འོད་ཟེར་དེ་དག་ཀུན་ཏུ་འཁྱིལ་བས་འོག་གཞི་རིན་པོ་ཆེའི་པདྨའི་འདབ་མ་ཡངས་ཤིང་གནམ་འཕང་ནམ་མཁའི་དབྱིངས་ལྟར་མཐའ་ཡས་པས་ཁྱབ་པ་ཞིག་བྱུང་ངོ་། །ཞིང་ཁམས་འདི་ཉིད་དེ་ལ་བརྟེན་ཏེ་གནས་པའི་ཕྱིར་གཞི་མེ་ཏོག་གིས་བརྒྱན་པ་ཞེས་བྱ་སྟེ། རྒྱ་ཆེ་བའི་ཚད་ནི་མི་མཇེད་འཇིག་རྟེན་གྱི་ཁམས་འབུམ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་ཞིང་ཁམས་རྣམ་པར་བཀོད་པའི་ཚད་བཞིན་ནོ། །ཞིང་དེ་དག་རེ་རེའི་ཁོངས་ནའང་ཞིང་ཁམས་ཚད་མེད་པས་བརྒྱན་པ་ཡིན་ཏེ། དཔེར་ན། འཇམ་དཔལ་གྱི་ཞིང་གི་སྙིང་པོ་བྱང་ཆུབ་ཀྱི་ཤིང་གི་ལོ་མ་རེ་རེའི་སྟེང་དང་འོག་ན་ཞིང་ཁམས་ཚད་མེད་པ་གནས་པར་གསུངས་པ་བཞིན་ནོ། །འོག་གཞི་རིན་པོ་ཆེ་རྒྱ་ཆེན་པདྨའི་འདབ་མ་ཡངས་ཤིང་རྒྱ་ཆེ་བ་ལ་བརྟེན་པའི་རྣམ་སྣང་གངས་ཆེན་མཚོའི་སྐུ་ལ་བཀོད་པའི་ཞིང་ཁམས་འདི་ཉིད་སྤྱི་དང་། བྲེ་བྲག་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་ཞིང་ཁམས་ཞེས་བྱའོ། །དེ་ལྟ་བུའི་པདྨ་ཆེན་པོ། དེ་ན་རྣམ་པར་སྣང་མཛད་གངས་ཆེན་མཚོའི། །སྐྱིལ་ཀྲུང་གཅིག་གིས་པད་སྡོང་ཁེབས་པར་བཞུགས། །ཞེས་གསུངས་ཏེ། དེ་ནི་སྐུ་ཆེ་བའི་བཀོད་པ་སྟེ། རབ་ཏུ་མི་གཡོ་ཞིང་རྟག་པར་ལྷུན་གྱིས་གྲུབ་པར་བཞུགས་པ། དེ་ཡི་བ་སྤུའི་བུ་ག་ཐམས་ཅད་ནས། །སྤོས་ཆུའི་རྒྱུན་འབབ་དེ་སྟེང་སངས་རྒྱས་ཞིང་། །གྲངས་མེད་བརྗོད་འདས་བཀོད་པས་དོན་མཛད་ཅིང་། །ཞེས་གསུངས་ཏེ། དེ་ལྟ་བུའི་སྐུའི་བཀོད་པས་དོན་མཛད་ཅིང་སྣང་བ་ནི་འདི་ལྟར་སྐུ་མཉམ་པར་བཞག་པའི་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་རེ་རེ་ནས་ཀྱང་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པ་ལས། དེ་ཐམས་ཅད་ནའང་སངས་རྒྱས་ཀྱི་ཞིང་ཁམས་གངས་ཆེན་མཚོ་གྲངས་མེད་བསམ་གྱིས་མི་ཁྱབ་པས་བརྒྱན་ཞིང་། སངས་རྒྱས་དང་སེམས་ཅན་ཚད་མེད་པ་དེ་སྙེད་སྣང་བས་དོན་མཛད་དོ། །དེས་རྣམ་སྣང་གངས་ཆེན་མཚོའི་སྐུ་ལས་བཀོད་པའི་གངས་ཆེན་མཚོ་དཔག་མེད་བསམ་གྱིས་མི་ཁྱབ་པར་སྤྱིར་བསྟན་ནས། བྱེ་བྲག་ཏུ་ཞིང་འདི་ཉིད་ཇི་ལྟར་ཆགས་ཚུལ་བཤད་པ་ནི། དེ་ལས་ཁྱད་པར་དུ་ཕྱག་གཉིས། མཉམ་གཞག་སྟེང་ན་སྤོས་ཆུའི་རྒྱ་མཚོ་ལས། །པད་སྡོང་རྒྱ་ཆེན་ཟེའུ་འབྲུ་དཔག་ཡས་སྟེང་། །རེ་རེ་ཞིང་ཡང་ཞིང་ཁམས་དཔག་མེད་གནས། །ཞེས་གསུངས་ཏེ། དེ་ཡང་ཡས་མན་དུ་གྲངས་མཐུན་པར་ཉི་ཤུ་རྩ་ལྔ་རྩ་ལྔ་བརྩེགས་མ་ལ་ཕན་ཚུན་དུ་དཔག་ཏུ་མེད་པ་གནས་པའོ། །དེ་རྣམས་ཀྱི་ནང་ནས། ཁྱད་པར་ཟེའུ་འབྲུ་དབུས་མའི་སྟེང་ཉིད་ན། །སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་མ་སྟེ། །ཕན་ཚུན་གྲངས་མེད་ཟ་འོག་བེར་ཁྱིམ་བཞིན། །ཞེས་གསུངས་ཏེ། དེ་ཡང་ཕྱག་གི་མཐིལ་ན་དྲི་ཞིམ་སྨན་གྱི་རྒྱ་མཚོ་ཆེན་པོ་གནས་པའི་ནང་ན་པདྨའི་སྡོང་པོ་ཟེའུ་འབྲུ་དཔག་ཏུ་མེད་པ་གནས་པ་ལ་བརྟེན་པའི་ཕྱིར་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་ཞེས་བྱའོ། །དེའི་ཟེའུ་འབྲུ་དབུས་མའི་སྟེང་ན་ཞིང་ཁམས་བཀོད་པ་དག་ཡས་མན་དུ་ཉི་ཤུ་རྩ་ལྔ་བརྩེགས་ཤིང་། ཕན་ཚུན་དུ་གྲངས་མེད་པར་གནས་པ། ཐམས་ཅད་ཟ་འོག་གི་བེར་ཁྱིམ་ཁ་ཕྱེ་བ་ལྟར་གཟུགས་དང་བཀོད་པ་རྣམ་པ་སྣ་ཚོགས་པ་བཀྲ་ཞིང་སངས་རྒྱས་དང་སེམས་ཅན་དཔག་ཏུ་མེད་པ་རང་སྣང་བའོ། །ཞིང་ཁམས་བརྩེགས་མ་འདི་དག་གི་འོག་གཞི། དང་པོ་དཔལ་འབྱུང་འོད་ཟེར་རྣམ་སྣང་ཞིང་། །གཉིས་པ་པདྨ་དཔལ་གྱིས་བརྒྱན་པ་སྟེ། །གསུམ་པ་རིན་ཆེན་རྒྱན་སྣང་བཀོད་པའི་ཞིང་། །བཞི་པ་མེ་ཏོག་སིལ་མ་བཀྲམ་པ་སྟེ། །ལྔ་པ་དགེ་བ་སྣ་ཚོགས་དག་པའི་ཞིང་། །ཞེས་གསུངས་ཏེ། དེ་ལ་འཇིག་རྟེན་གྱི་ཁམས་འགྲོ་བའི་རྒྱུད་ལས་ཉོན་དང་མི་མཇེད་པའམ་དུག་གསུམ་འདྲེས་མར་གྱུར་བ་སོ་སོར་མི་མཇེད་པས་ན་མི་མཇེད་ཅེས་བྱ་ལ། དེ་ལྟ་བུའི་མི་མཇེད་འཇིག་རྟེན་འདིའི་འོག་ན་དཔལ་འབྱུང་བ་འོད་ཟེར་རྣམ་པར་སྣང་བ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་བདེ་བར་གཤེགས་པ་དྲི་མེད་མར་མེ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་པད་མོ་དཔལ་གྱིས་བརྒྱན་པ་ཞེས་བྱ་བའི་ཞིང་ཁམས་ཡོད་དེ། དེ་ན་དེ་བཞིན་གཤེགས་པ་སེང་གེའི་འོད་ཟེར་དྲི་མེད་ཅེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རིན་པོ་ཆེའི་རྒྱན་སྣང་བའི་ཞིང་ཁམས་ན་སངས་རྒྱས་རྡོ་རྗེ་འོད་ཟེར་བཞུགས་སོ། །དེའི་སྟེང་ན་མེ་ཏོག་སིལ་མ་བཀྲམ་པའི་ཞིང་ཁམས་ན་སངས་རྒྱས་འོད་ཟེར་དགའ་བའི་སྟོབས་བཞུགས་སོ། །དེའི་སྟེང་ན་དགེ་བ་སྣ་ཚོགས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་དབང་པོའི་དཔལ་ཞེས་བྱ་བ་བཞུགས་སོ། །དེ་ནས། དྲུག་པ་མེ་ཏོག་ཤིན་ཏུ་རྒྱས་པ་སྟེ། །བདུན་པ་ཡང་དག་འབྱུང་བའི་གཟི་བརྗིད་དབྱངས། །བརྒྱད་པ་སྒྲ་དབྱངས་མི་ཟད་སྒྲོགས་པའི་ཞིང་། །དགུ་པ་རྡོ་རྗེ་རྒྱལ་མཚན་བཅུ་པ་ནི། །རྣམ་པར་སྣང་ཡིན་བཅུ་གཅིག་སྣང་བའི་མདོག །བཅུ་གཉིས་པ་ནི་རྣམ་སྣང་དང་བའི་ཞིང་། །ཞེས་གསུངས་ཏེ། ལྔ་པ་དེའི་སྟེང་ན་མེ་ཏོག་ཤིན་ཏུ་རྒྱས་པའི་ཞིང་ཁམས་ཡོད་དེ། དེ་ན་སངས་རྒྱས་གྲགས་པ་དབང་ཕྱུག་བཞུགས་སོ། །དེའི་སྟེང་ན་ཡང་དག་པར་འབྱུང་བའི་གཟི་བརྗིད་ཅེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཡེ་ཤེས་རྒྱ་མཚོ་བཞུགས་སོ། །དེའི་སྟེང་ན་སྒྲ་དབྱངས་སྒྲོགས་པ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་གཟི་བརྗིད་ཐུབ་མེད་བཞུགས་སོ། །དེའི་སྟེང་ན་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་འཕགས་པའི་རྒྱལ་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རྣམ་པར་སྣང་བ་ཞེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཆོས་ཉིད་ཚད་མེད་པ་བཞུགས་སོ། །དེའི་སྟེང་ན་སྣང་བའི་མདོག་ཅེས་བྱ་བའི་ཞིང་ཁམས་ན་སངས་རྒྱས་ཚངས་པའི་དབང་པོ་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རྣམ་སྣང་དང་བའི་ཞིང་ཁམས་ན་སངས་རྒྱས་འོད་ཟེར་བཀོད་པ་བཞུགས་སོ། །དེའི་སྟེང་ན། བཅུ་གསུམ་མི་མཇེད་འཇིག་རྟེན་ཁམས་འདི་ཡི། །ཤར་ན་ཁེབས་ལྡན་ལྷོ་ན་རྟག་པ་དང་། །ནུབ་ན་རྡུལ་བྲལ་བྱང་ན་ཡོངས་དགའི་ཞིང་། །ཞེས་གསུངས་ཏེ། དེ་ཡང་འདིར་སྐྱེས་པའི་སེམས་ཅན་རྣམས་དུག་གསུམ་འདྲེས་མར་གྱུར་པས་མི་མཇེད་པའི་ཕྱིར་མི་མཇེད་ཅེས་བྱ་བ་སྟེ། ལས་དང་ཉོན་མོངས་པ་ལས་མི་མཇེད་པའི་ཕྱིར་མི་མཇེད་ཅེས་མདོ་སྡེ་པདྨ་དཀར་པོ་ལས་གསུངས་སོ། །དེས་ན་ཐེག་པ་ཆེན་པོ་གསང་སྔགས་ཀྱི་གདུལ་ཞིང་དུ་གྱུར་པ་ཡིན་ནོ། །འདི་དང་འདབ་འབྱོར་དུ། ཤར་ན་འཇིག་རྟེན་གྱི་ཁམས་ཁེབས་པ་དང་ལྡན་པ་ཞེས་བྱ་བ་ཡོད་དེ། ལྷོ་ན་རྟག་པ་ཞེས་བྱ་བ་དང་། ནུབ་ན་རྡུལ་བྲལ་ཞེས་བྱ་བ་དང་། བྱང་ན་ཡོངས་སུ་དགའ་བ་ཞེས་བྱ་བ་ཡོད་དོ། །མི་མཇེད་འཇིག་རྟེན་འདིའི། སྟེང་ན་འོད་འཕྲོ་དྲི་མེད་བཅུ་བཞི་པ། །བཅོ་ལྔ་པ་ནི་རིན་ཆེན་བརྒྱན་པའི་ཞིང་། །བཅུ་དྲུག་རྡུལ་བྲལ་བཅུ་བདུན་དག་པར་སྣང་། །བཅོ་བརྒྱད་རིན་ཆེན་འོད་འཕྲོ་བཅུ་དགུ་པ། །རབ་སྣང་སྣང་བྱེད་དེ་བཞིན་ཉི་ཤུ་པ། །འོད་བྱེད་འོད་འཕྲོ་ཉི་ཤུ་གཅིག་གཉིས་ཏེ། །སྣང་ལྡན་རབ་མཛེས་ཉི་ཤུ་གསུམ་བཞི་ཡིན། །ཉི་ཤུ་ལྔ་པ་རབ་ཏུ་དགའ་བའི་ཞིང་། །ཞེས་གསུངས་ཏེ། མི་མཇེད་འདིའི་སྟེང་ན་བཅུ་བཞི་པ་འོད་འཕྲོ་སྣང་བ་དྲི་མེད་ཅེས་བྱ་བའི་ཞིང་ན་སངས་རྒྱས་ཉི་མ་དྲི་མེད་སྤྱན་ཞེས་བྱ་བ་བཞུགས་སོ། །དེའི་སྟེང་ན་རིན་ཆེན་འབྱུང་གནས་རབ་ཏུ་བརྒྱན་པའི་སྙིང་པོ་ཞེས་བྱ་བའི་ཞིང་ན་སངས་རྒྱས་ཆགས་མེད་ཡེ་ཤེས་བཞུགས་སོ། །དེའི་སྟེང་ན་རྡུལ་དང་བྲལ་བའི་ཞིང་ན་སངས་རྒྱས་དཔལ་གྱི་རྒྱལ་མཚན་བཞུགས་སོ། །དེའི་སྟེང་ན་ཡོངས་སུ་དག་ཅིང་སྣང་བའི་ཞིང་ན་སངས་རྒྱས་ནམ་མཁའ་ཀུན་ཏུ་སྣང་བའི་འོད་བཞུགས་སོ། །དེའི་སྟེང་ན་རིན་ཆེན་འོད་འཕྲོའི་ཞིང་ན་སངས་རྒྱས་བསོད་ནམས་སྤྲིན་གྱི་འཕགས་པ་བཞུགས་སོ། །དེའི་སྟེང་ན་རབ་ཏུ་སྣང་བ་ཞེས་བྱ་བའི་ཞིང་ན་སངས་རྒྱས་སྣང་མཛད་མར་མེའི་རྒྱལ་པོ་བཞུགས་སོ། །དེའི་སྟེང་ན་སྣང་བྱེད་ཀྱི་ཞིང་ན་སངས་རྒྱས་འོད་ཟེར་བཀོད་པ་བཞུགས་སོ། །དེའི་སྟེང་ན་འོད་བྱེད་ཀྱི་ཞིང་ན་སངས་རྒྱས་ཀུན་ཏུ་གཟིགས་པའི་དབང་པོ་བཞུགས་སོ། །དེའི་སྟེང་ན་འོད་འཕྲོ་བཀོད་པའི་ཞིང་ན་སངས་རྒྱས་འོད་ཟེར་རྒྱལ་པོ་བཞུགས་སོ། །དེའི་སྟེང་ན་སྣང་ལྡན་གྱི་ཞིང་ན་སངས་རྒྱས་ཀུན་ཏུ་སྣང་མཛད་བཞུགས་སོ། །དེའི་སྟེང་ན་རབ་མཛེས་ཀྱི་ཞིང་ན་སངས་རྒྱས་མེ་ཏོག་ཀུན་ཏུ་རྒྱས་པ་བཞུགས་སོ། །དེའི་སྟེང་ན་མདངས་རབ་ཏུ་དགའ་བའི་ཞིང་ན་སངས་རྒྱས་རབ་ཏུ་དགའ་བའི་དཔལ་བཞུགས་སོ། །ཞིང་དེ་དག་གི་ངེས་བྱེད་དམ་གཏན་ཚིགས་ཀྱིས་འཐད་པ་བཤད་པ་ནི། ཇི་སྐད་བསྟན་པ། དེ་ལྟར་ལྔ་ཚན་རྣམ་ལྔའི་རང་བཞིན་ཡང་། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཏེ། །སྐུ་ཡི་སྐུ་སོགས་ཞིང་ཁམས་ཉི་ཤུ་ལྔ། །མི་མཇེད་ཐུགས་ཀྱི་ཐུགས་ཏེ་ཁྱད་པར་ཞིང་། །གསང་ཆེན་ཚེ་གཅིག་ངེས་པའི་སྙིང་པོས་བརྒྱན། །ཅེས་གསུངས་ཏེ། ཞིང་ཁམས་བརྩེགས་པ་ཉི་ཤུ་རྩ་ལྔར་ངེས་པ་ནི་ཡེ་ཤེས་ཉི་ཤུ་རྩ་ལྔའི་དབང་གིས་ཕྱེ་བ་སྟེ་ཡས་ནས་མར་གཞལ་བའི་དང་པོ་སྐུའི་སྐུའི་ཞིང་། གཉིས་པ་སྐུའི་གསུང་། གསུམ་པ་སྐུའི་ཐུགས། བཞི་པ་སྐུའི་ཡོན་ཏན། ལྔ་པ་སྐུའི་ཕྲིན་ལས་ཀྱི་ཞིང་ལྔ་ནི་གཙུག་ཏོར་དང་ཞལ་དང་ཉེ་བའོ། །དེ་ནས་དྲུག་པ་ལ་གསུང་གི་སྐུའི་ཞིང་། བདུན་པ་གསུང་གི་གསུང་། བརྒྱད་པ་གསུང་གི་ཐུགས། དགུ་པ་གསུང་གི་ཡོན་ཏན། བཅུ་པ་གསུང་གི་ཕྲིན་ལས་ཀྱི་ཞིང་ལྔ་ནི། མགྲིན་པ་དང་ཉེ་བའོ། །དེ་ནས་བཅུ་གཅིག་པ་ཐུགས་ཀྱི་སྐུའི་ཞིང་། བཅུ་གཉིས་པ་ཐུགས་ཀྱི་གསུང་། བཅུ་གསུམ་པ་མི་མཇེད་འདི་ཉིད་ཐུགས་ཀྱི་ཐུགས་ཀྱི་ཞིང་སྟེ། ཁྱད་པར་ཆེན་པོའི་ཞིང་ཞེས་བྱ་བས། གསང་སྔགས་རྡོ་རྗེ་ཐེག་པ་ཚེ་གཅིག་གིས་གྲོལ་བའི་ཆོས་ལ་ལོངས་སྤྱོད་པ་ཡང་དེ་ཡིན་ནོ། །དེ་ནས་བཅུ་བཞི་པ་ཐུགས་ཀྱི་ཡོན་ཏན་དང་བཅོ་ལྔ་པ་ཐུགས་ཀྱི་ཕྲིན་ལས་ཀྱི་ཞིང་ངོ་། །འདི་ལྔ་ནི་རྣམ་པར་སྣང་མཛད་ཀྱི་ཐུགས་ཀ་དཔལ་གྱི་བེའུ་ལ་ཉེ་བས་ཐེག་པ་བླ་ན་མེད་པའི་ཆོས་ཀྱིས་འདུལ་བའི་ཕྱིར་ཐུགས་ཀྱི་འཇིག་རྟེན་ནོ། །དེ་ནས་བཅུ་དྲུག་པ་ཡོན་ཏན་གྱི་སྐུའི་ཞིང་། བཅུ་བདུན་པ་ཡོན་ཏན་གྱི་གསུང་གི་ཞིང་། བཅོ་བརྒྱད་པ་ཡོན་ཏན་གྱི་ཐུགས་ཀྱི་ཞིང་། བཅུ་དགུ་པ་ཡོན་ཏན་གྱི་ཡོན་ཏན་གྱི་ཞིང་། ཉི་ཤུ་པ་ཡོན་ཏན་གྱི་ཕྲིན་ལས་ཀྱི་ཞིང་སྟེ་ལྟེ་བའི་ཐད་སོར་ཉེ་བའོ། །དེ་ནས་ཉེར་གཅིག་པ་ཕྲིན་ལས་ཀྱི་སྐུའི་ཞིང་། ཉེར་གཉིས་པ་ཕྲིན་ལས་ཀྱི་གསུང་གི་ཞིང་། ཉེར་གསུམ་པ་ཕྲིན་ལས་ཀྱི་ཐུགས་ཀྱི་ཞིང་། ཉེར་བཞི་པ་ཕྲིན་ལས་ཀྱི་ཡོན་ཏན་གྱི་ཞིང་། ཉེར་ལྔ་པ་ཕྲིན་ལས་ཀྱི་ཕྲིན་ལས་ཀྱི་ཞིང་སྟེ་ལྔ་ནི་གསང་གནས་ཀྱི་ཐད་དང་ཉེ་བའོ། །སྤྱིར་ན་སྟོན་པ་སྐུ་གསུམ་གྱི་ཐུགས་རྗེས་འགྲོ་བ་སེམས་ཅན་གྱི་དོན་མཛད་པའི་གདུལ་ཞིང་ཆོས་དབྱིངས་དང་མཉམ་པས་ཚད་བཟུང་རིས་ཀྱིས་གཞལ་ནུས་པ་མིན་ཀྱང་། མི་མཇེད་ཀྱི་ཞིང་ཁམས་འདི་བསྟན་པ་ལ། རྣམ་སྣང་གངས་ཆེན་མཚོའི་སྐུ་ལ་བརྟེན་པའི་ཞིང་ཁམས་གྲངས་མེད་ཡོད་པ་ལས། ཕྱག་གཉིས་མཉམ་པར་བཞག་པའི་སྟེང་གི་སྤོས་ཆུའི་རྒྱ་མཚོའི་པད་སྡོང་གི་ཟེར་འབྲུ་དབུས་མའི་སྟེང་ན། ཞིང་ཁམས་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པ་ལས། ད་ལྟ་རང་རེ་གནས་ཡོད་པའི་ཞིང་ཁམས་འདི་ཉིད་བཅུ་གསུམ་པ་ཡིན་པ་དང་། བཅུ་གསུམ་པ་འདི་མི་མཇེད་ཐུགས་ཀྱི་ཐུགས་ཀྱི་ཞིང་ཁམས་ཡིན་ཕྱིར། ཀུན་བཟང་ཐུགས་ཀྱི་བསྟན་པ་གསང་སྔགས་རྡོ་རྗེའི་ཐེག་པ་དར་བའི་གནས་ཁྱད་པར་ཅན་དུ་ངོས་འཛིན་པ་ཡིན་ལ། སངས་རྒྱས་ཕལ་བོ་ཆེའི་ནང་ན། འཇིག་རྟེན་ཉི་ཤུ་རྩ་ལྔ་བརྩེགས་མར་གནས་པར། །གསུངས་པ་དེ་དང་སྤྱི་ཁོག་ནས་འདྲ་ཡང་འདིར་ནི་ཐུན་མིན་རྒྱུད་ཀྱི་ལུགས་སུ་བྱས་ནས་གསུངས་པའོ། །དེ་ཡན་གྱིས་སྐུ་གསུམ་གྱི་ཞིང་ཁམས་སྤྱིར་བསྟན་པ་དང་། གཞི་སྙིང་མེ་ཏོག་གི་བརྒྱན་པའི་ཞིང་ཁམས་བྱེ་བྲག་ཏུ་བསྟན་ནས། ད་ནི་ཞིང་ཁམས་སུ་སྒྲོན་མ་རྣམ་པར་བཀོད་ཚུལ་བསྟན་པ་ནི། གཉིས་པ་སྟོན་པར་སྣང་ཚུལ་ལ། ཞིང་སྤྱི་བྱེ་བྲག་གི་སྟོན་པར་སྣང་ཚུལ་དང་། དེ་ལ་དོགས་པ་སྤང་བ་གཉིས། དང་པོ།

ཞིང་སྤྱི་བྱེ་བྲག་གི་སྟོན་པར་སྣང་ཚུལ།

ཞིང་ཁམས་སུ་སྒྲོན་མ་རྣམ་པར་བཀོད་པའི་ཚུལ་ནི། དེ་ལྟར་ལོངས་སྐུའི་གཞིར་གནས་ཞིང་རྣམས་སུ། །ལོངས་སྤྱོད་རྫོགས་པ་རྣམ་སྣང་ཆེན་པོ་ཡིས། །སྤྲུལ་པས་འདུལ་བྱེད་སྟོན་པ་སོ་སོར་སྣང་། །ཞེས་གསུངས་ཏེ། དེ་ལྟ་བུ་ལོངས་སྐུའི་སྣང་བ་ལ་བརྟེན་པའི་ཞིང་ཁམས་ཚད་མེད་པ་དེ་དག་ཏུ། རྣམ་པར་སྣང་མཛད་གངས་ཆེན་མཚོ་ཆེན་པོའི་གནས་ཐམས་ཅད་ལས་འོད་ཟེར་འཕྲོས་པའི་རྩེ་མོ་ལས་གང་ལ་ཅིས་འདུལ་བའི་སྤྲུལ་པ་གྲངས་མེད་པར་སྣང་བར་འགྱུར་ཏེ། སེམས་ཅན་དེ་དག་གི་དོན་མཉམ་དུ་མཛད་པ་ཡིན་ནོ། །དེ་ལ་རྣམ་སྣང་གངས་ཆེན་མཚོའི་དོན་ནི། གངས་ཆེན་པོ་ལྔའི་དབུས་སུ་མཚོ་ཆེན་གཅིག་ཡོད་པ་དང་། མཚོ་དེའི་ནང་དུ་གངས་ཆེན་པོའི་གཟུགས་བརྙན་ལྔ་འཆར་བ་ལ་དཔེར་བྱས་ནས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔའི་མཛད་པ་ཇི་ལྟར་སྣང་ཡང་། གཅིག་གི་བདག་ཉིད་དུ་འདུས་པས་ཆེན་པོ་དང་། ཡང་མཚོ་ཆེན་པོ་ལྔའི་དབུས་སུ་གངས་ཆེན་པོ་གཅིག་ཡོད་པ་དང་། མཚོ་རེ་རེའི་ནང་དུ་གངས་ཆེན་པོའི་གཟུགས་བརྙན་རེ་རེར་སྣང་བ་ལ་དཔེར་བྱས་ནས། སྐུ་གསུང་ཐུགས་ཡོན་ཕྲིན་ལས་ལྔ་བོ་རེ་རེས་ཀྱང་ཐམས་ཅད་ལ་ཁྱབ་པ་སྟེ། དེས་ན་དཔེ་མཚོ་གཅིག་གི་ནང་དུ་གངས་ལྔ་འཆར་བ་དང་། གངས་གཅིག་པོ་མཚོ་ལྔའི་ནང་དུ་འཆར་བ་ལྟར་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྣང་ཚུལ་ཐམས་ཅད་གཅིག་ཏུ་འདུས་ལ་། གཅིག་ཐམས་ཅད་དུ་ཡང་ཤར་བས་ན་དོན་དུ་གཅིག་དང་དུ་མའི་མཐའ་ལས་གྲོལ་བ་དང་། འཁོར་བ་དང་མྱ་ངན་ལས་འདས་པའི་ཆོས་ཐམས་ཅད་གཅིག་ཀྱང་མ་ལུས་པ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔར་ཡེ་ནས་གནས་པ་ལྷུན་རྫོགས་ཐིག་ལེ་ཆེན་པོའི་རང་བཞིན་ཡིན་པས། གནས་ཚུལ་ཇི་བཞིན་པའི་དཔེ་དོན་སྦྲེལ་ནས་གངས་ཆེན་མཚོ་ཆེན་པོ་ཞེས་འགྲེལ་དགོས་པར་སེམས་སོ། །དེ་རིང་གི་ཆོས་ཁྲིད་ཀྱི་མཚམས་དང་པོ་དེ་འདི་ནས་བཞག་ན་ལྡེབ་གྲངས་ཀྱི་ཚོད་འདི་ཙམ་རེ་བྱས་ན་དུས་བཀག་དང་ཧ་ལམ་འགྲིག་འདུག་སྙམ། དེ་རིང་དང་པོར་ཐོག་མ་དགེ་བ་ཀླད་ཀྱི་དོན་དང་འབྲེལ་བའི་བསྟན་བཅོས་བརྩམ་པ་ལ་འཇུག་པའི་ཡན་ལག་བཤད་པ་དང་། དེ་ནས་བར་དུ་དགེ་བ་གཞུང་དོན་དངོས་ལ་འཇུག་པའི་ལེའུ་དང་པོ་དེས་འཁོར་བའི་རང་བཞིན་སྤང་བྱར་བསྟན་པ་དང་། འཁོར་བ་ཞེས་པའི་འཁྲུལ་སྣང་དེ་ཡུལ་དོན་ལུས་སུ་ཇི་ལྟར་སྣང་ཞིང་གཞི་ལས་འཁོར་བའི་གྲུབ་ཚུལ་བསྟན་པའི་ལེའུ་དེ་སོང་ནས། གཉིས་པ་ཞིང་ཁམས་བཀོད་ཚུལ་ལས་ཀྱང་འགའ་ཞིག་སོང་ནས། སང་ཉིན་སྟོང་གསུམ་མི་མཇེད་ཀྱི་ཞིང་འདིར་སྒྲོན་མ་བཀོད་ཚུལ་ནས་འཆད་རྒྱུ་ཡིན། ད་རེས་ཀྱི་ཆོས་ཁྲིད་འདིའི་ནང་གི་རྣམ་པ་མང་པོ་ཞིག་ད་སྔོན་ཡན་ཆད་ཀྱི་མི་ལོ་དགུའམ་བཅུའི་ཡར་སྔོན་ནས་འདིར་ཕེབས་ནས། ང་དང་མཉམ་དུ་པདྨའི་ཡང་དབེན་འདིར་གནས་བཅས་ཏེ། རྫོགས་ཆེན་མན་ངག་སྡེའི་ཆོས་བཀའ་ལ་འཆད་ཉན་སྒོམ་སྒྲུབ་མཛད་ནས་བཞུགས་དང་བཞུགས་བཞིན་པ་དག་ཡིན་ལ། འདིའི་ནང་དུ་ལོ་གསུམ་དུས་བཀག་གིས་བཅད་པའི་དམ་བཅའ་ཅན་གྱི་མཚམས་པ་ཡང་ཡོད་ལ། ཡང་ལོ་ཁ་ཤས་ཚུན་ནས་དབྱར་སྟོན་དུ་འདིའི་ཆོས་ཁྲིད་ཀྱི་ནང་དུ་ཞུགས་པ་དང་། དགུན་དཔྱིད་དུ་འདིའི་ཉིན་སྲིབ་ཀྱི་མཚམས་ཁང་དང་སྒྲུབ་གནས་རྣམས་དང་། ཡང་ན་ས་ཆ་གཞན་དག་གི་སྒྲུབ་གནས་སམ་ཆོས་སྒར་ཁག་དང་རང་ཡུལ་གྱི་དགོན་སྡེ་སྒྲུབ་གྲྭ་སོ་སོར་ཉམས་ལེན་མཛད་པར་བྱོན་པ་ཡང་གང་མང་མང་ཡོད་ཅིང་། འདིའི་ཉིན་སྲིབ་ཀྱི་གཉུག་མར་གནས་པའི་ཇོ་སེར་རྣམས་ལ་མཚོན་ན་ལོ་གཅིག་ལ་ཞག་པོ་སུམ་བརྒྱ་དྲུག་ཅུ་ཡོད་པའི་དུས་ཀྱི་འཆར་གཞི་དེ། དབྱར་སྟོན་གྱི་ཞག་མ་བརྒྱ་ལ་ཆོས་ཁྲིད་ཞུས་ནས། དགུན་དང་དཔྱིད་ཀྱི་དུས་ཚོད་དེ་ཁག་གཉིས་སུ་བགོས་ནས་ལོ་གསར་སྔོན་གྱི་ཞག་བརྒྱ་ཁ་སྐོང་དང་བཅས་པ་ལ་སྔོན་འགྲོའི་ཁྲིད་སྦྱོང་མཛད་རྒྱུ་དང་། ལོ་གསར་རྒྱབ་ཀྱི་ཞག་བརྒྱ་ཁ་སྐོང་དང་བཅས་པ་ལ། རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཁྲིད་ཡིག་ཆེན་མོའི་དངོས་གཞིའི་ཁྲིད་སྦྱོང་མཛད་ནས། སོས་འགོ་དང་སྟོན་མཇུག་གི་དུས་ཚོད་འཕྲོ་མ་ཅང་ཞིག་ལྷག་པ་དེ་ལ་ཁམས་གསེང་དང་སྦྲགས་པའི་འཚོ་ཆས་བུད་ཤིང་ལ་སོགས་པའི་གྲབས་གཤོམ་མཛད་པ་དང་། ལོ་གསར་གྱི་ཉིན་མ་ཁ་ཤས་སུ་དེའི་དུས་སྟོན་དང་འབྲེལ་བའི་དགེ་སྦྱོར་གཞན་ལ་འཇུག་རྒྱུ་དེ་ལྟ་བུའི་མཛད་པ་སྐྱོང་གིན་ཡོད་ཅིང་། ལོ་མའི་ཁྲིགས་སུ་ཆོས་ཁྲིད་ཀྱི་ནང་དུ་གསར་དུ་ཞུགས་པའང་གང་མང་མང་བྱུང་ཞིང་། ད་ལོའང་ས་ཐག་རིང་པོ་ནས་ཕེབས་པ་ཡང་འདི་བཞིན་མང་པོ་ཡོད་པ་རེད། གང་ལྟར་ཐག་རིང་ཐུང་ལ་མ་ལྟོས་པའི་ཆོས་འདོད་དོན་གཉེར་ཅན་གྱི་ཆོས་གྲོགས་མང་པོ་ཞིག་ཕེབ་འདུག འདིའི་ནང་དུ་མདོ་དབུས་ཁམས་གསུམ་གྱི་རིས་མེད་དགོན་སྡེ་མང་པོའི་དགེ་འདུན་པ་བཞུགས་ཤིང་། དེ་དག་ཀྱང་རང་ཡུལ་རྒྱབ་ཏུ་བསྐྱུར། མི་ཡུལ་དང་དུ་བླངས། སྐུ་ངལ་སྣ་ཚོགས་ལ་མ་མཛེམས་ནས། ས་ནག་འདོམ་དུ་བཞལ། སྤྲིན་དཀར་ཐོད་དུ་གཏུགས་ནས་ཕེབས་པ་ཡིན་པས། དེའི་བྱུང་རིམ་བྱོན་བཞུགས་ཀྱི་སྐབས་ཐམས་ཅད་དུ་ཐད་ནས་བལྟས་པ་ལྟ་བུའི་ལས་སླ་བོ་ཞིག་གང་ན་ཡིན་ཏེ། ཐམས་ཅད་ལ་འོ་རྒྱལ་ཆེན་པོ་ཡོད་པ་རེད། ཁྱད་པར་དུ་དེང་སང་གི་སྲིད་འཛིན་ས་ཁོངས་ཀྱིས་བཅད་ལུགས་ཀྱིས་འབོད་པ་ལྟར་བྱས་ན། བོད་ལྗོངས་ནས་ཕེབས་པ་ཚང་མས་དམིགས་གསལ་གྱི་ཉེན་ཁ་སྣ་ཚོགས་སུ་མ་མཛེམས་ནས་ཕེབས་པ་རེད། དགོན་པ་འགའ་རེའི་དགེ་འདུན་པ་ཁག་དགོས་ནས་མཚན་བྲོས་བྱས་ནས་ཞབས་ཐང་མར་ཡུན་རིང་བྲོས་མ་སྡ་སྡོང་གིས་ཕེབས་དགོས་ཐུག་པ་དང་། འགའ་རེ་དང་པོ་ལམ་གཞན་དག་ཏུ་ཕེབས་པའི་ཚུགས་ཀ་བསྟན་ནས་མཐར་འདིར་སྤོམ་སྡོང་བྱས་ནས་བྱོན་པ་སོགས། འུ་ཚོ་མདོ་ཁམས་ཀྱི་ཕྱོགས་ཀྱི་གནས་ཚུལ་དང་མ་འདྲ་བའི་བླ་ལྷག་གི་འོ་བརྒྱལ་ཆེན་པོ་མཛད་ནས་ཕེབས་པ་དེ་ལྟར་མང་པོ་ཡོད་པས། ཁོང་རྣམ་པས་ཆོས་ཕྱིར་དཀའ་སྤྱད་ཀྱི་མཛད་པ་མིག་ལྟོས་ཞུ་འོས་པ་ཞིག་རེད་སྙམ། དེ་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་དམིགས་ཡུལ་གཅིག་གི་དོན་དུ་འདིར་ཕེབས་པ་ཡིན་ལ། འདིའི་རི་ཁྲོད་དབེན་པའི་གནས། རྫ་སྤང་གངས་དང་གཡའ་ཁྲོད་དང་། ནགས་ཀྱི་ར་བས་བསྐོར་བའི་སྤང་ཐང་གི་སྐྱེད་ཚལ་འདི་ནི་སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་ཤིང་། དམ་པ་གོང་མའི་སྒྲུབ་གནས། མཁས་གྲུབ་མང་པོ་བྱོན་པའི་རྗེས་ཤུལ་ཁྱད་པར་ཅན་ཡིན་ལ། གནས་འདིར་ཐོན་ཚེ་སྔར་གྱི་ལོ་རྒྱུས་ངོ་མཚར་ཅན་གྱི་གཏམ་ཙམ་ཞིག་དང་། གྲོགས་སུ་བྱ་དང་རི་དྭགས་དང་། ཆོས་མཐུན་གྱི་མཆེད་གྲོགས་ཚོར་མཐོང་ཐོས་ཀྱི་ཡུལ་དུ་ཡོད་པ་ཙམ་ལས། ད་ཡོད་ཀྱི་མཐུན་རྐྱེན་འདི་འཛོམས་ཟེར་རྒྱུ་མེད་ཀྱང་། གཙོ་བོ་ཆོས་དོན་གཉེར་བྱེད་མཁན་ཞིག་ལ་མཚོན་ན་ཆོས་ཀྱི་མཐུན་རྐྱེན་ཚོགས་པ་གཞི་རྩར་འཛིན་དགོས་པ་ཡིན་པས། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་རྩ་བའི་ཁྲིད་རྒྱུན་འདི་བཞིན་དུ་སྤེལ་དང་སྤེལ་བཞིན་པ་ཡིན་པས་མ་ཚད། རང་རེ་མཉམ་དུ་ཆོས་ཀྱི་བདུད་རྩི་ལ་ལོངས་སྤྱོད་ཆོག་པའི་བགོ་སྐལ་ཡང་ཐོབ་ཡོད་པ་རེད། དེའི་ཐོག་ཏུ་ད་ལོ་ནས་དབུ་བཟུང་སྟེ་མཁན་སྤྲུལ་སྡེ་སྣོད་འཛིན་པ་མིང་ལ་མི་རྟོན་དོན་ལ་རྟོན་ཆོག་པའི་དོན་གྱི་བསྟན་འཛིན་ཚོས་ཀྱང་ཆོས་ཁྲིད་གསུང་རྒྱུའི་འཆར་འགོད་བྱེད་འཆར་ཡིན་ལ། གཙོ་བོ་རྒྱུད་སྡེའི་ཁོག་ཕུད་པའི་སྔ་འགྱུར་མདོ་སྒྱུ་སེམས་གསུམ་གསང་སྔགས་གསར་རྙིང་དང་འབྲེལ་བའི་རྒྱུད་བཤད་གཙོ་བོར་འཛིན་པའི་འོག་དེ་ནས། ལས་དང་པོ་པ་དང་བསྟུན་པའི་ཐུན་མོང་བློ་སྦྱོང་གི་སྐོར་དང་། ཤེས་བྱ་ཕྲན་ཚེགས་དང་བཅས་པ་དགོས་མཁོ་དང་བསྟུན་ཞོར་བྱས་ན་བསམས་པ་ཡིན། མདོར་ན་ཆོས་ཀྱིས་འཚོ། ཆོས་ལ་སྤྱོད། ཆོས་བཞིན་བྱེད་པའི་ཆོས་དང་མཐུན་པའི་ལྗོངས་དང་ཁོར་ཡུག་ཆོས་མིན་གྱི་བསམ་སྤྱོད་ལས་རིང་དུ་འདས་པའི་དབེན་པའི་རྒྱལ་ས་ཞི་བའི་གནས་གཙང་མ་ཞིག་སྔར་ནས་ཡིན་པ་ལ། ཕྱིན་ཆད་ཀྱང་དེ་བཞིན་ཡུན་དུ་བྱི་དོར་བྱེད་རྒྱུའི་མཚོན་དཔེ་ཞིག་འཇོག་འཆར་ཡིན། དེས་ན་འདི་ན་ཕེབས་བཞུགས་མཛད་པ་ཚང་མ་འཇིག་རྟེན་གྱི་རྣམ་གཡེང་འདུ་འཛི་སྐྱིད་འདོད་ཆོས་བརྒྱད་དོན་གཉེར་དུ་ཕེབས་པ་མིན་པར། ཆོས་ཞུགས་ཆོས་འདོད་དོན་གཉེར་དུ་ཕེབས་པ་ཏག་ཏག་ཡིན་པས་དོན་མཐུན་ཟླ་ཡི་གྲོགས་པོ། ཆོས་གཅིག་གིས་མཉམ་དུ་བསྡུས་པའི་མཆེད་ལྕམ་ཤ་སྟག་ཡིན་པས། ཆོས་འདོད་དོན་གཉེར་ཅན་གྱི་ཆོས་པ་ངོ་མ་ཞིག་ལ་མཚོན་ན་མཐུན་རྐྱེན་ཚོགས་ཞེས་པའི་མིང་བཏགས་རིན་ཡོད་པ་ཞིག་རེད། སྤྱིར་དུས་རིང་ཐོག་མེད་ནས་ད་ལྟའི་བར་དང་། ཁྱད་པར་ཚེ་འདིའི་ཐོག་གི་མི་ཚེའི་སྟོད་ཀྱི་ལོ་ཟླ་རིང་མོ་རུ་འཇིག་རྟེན་འཁོར་བའི་བྱ་བཞག་དང་འབྲེལ་བའི་ཆོས་བརྒྱད་དཀར་ནག་ཁྲ་གསུམ་ཟིན་མེད་ཀྱིས་བྲེལ་དོས་སུན་སུན་དཀའ་དཀའི་དབང་གིས་ཐང་ཆད་པའི་སེམས་ཀྱི་ངལ་གསོ་བྱེད་སའི་བསམ་གཏན་སྒོམ་པའི་བསྟི་གནས་འདི་ལྟ་བུ་ཞིག་ཏུ་ཕེབས་པ་ཡིན་ན། ཕྱིའི་གནས་དབེན་པས་མ་ཚད། ནང་གི་སེམས་དབེན་པ། གསང་བ་ཏིང་ངེ་འཛིན་ལ་གེགས་དང་གོལ་སས་དབེན་པའི་དབེན་གསུམ་ཞི་བའི་རྒྱལ་ས་རང་ཉིད་ཀྱིས་བདག་གིར་བཞེས་མཛད་དགོས་པ་ཡིན། མང་པོ་ཚོགས་པའི་དགོན་གནས་དང་སྡེ་ཁག་རྣམས་ལ། དགེ་བསྐོས་དང་། དགོན་དཔོན་ཡོད་པ་དང་། མིན་ཀྱང་ཚོགས་པ་དང་ལས་རིགས་ཀྱི་སྡེ་ཚན་གང་ཡིན་ཀྱང་། མགོ་ནག་མི་ལ་མགོ་བཅའ། །མགོ་རྭ་ཅོ་ཅན་ལ་རྫི་བོ་ཡོད་དར་ན་ཡང་། འུ་གུས་ཆོས་གྲྭ་བཟང་ནས་མི་ལོ་དགུའམ་བཅུ་བོའི་ཚེ་ལ་ཁྱོད་ཀྱིས་དེ་མ་བྱེད་དང་ངས་འདི་ལྟར་བྱེད་ཡོང་ཟེར་མཁན་ཞིག་ཅུང་མ་ཡོད་པ་རེད། སྤྱིར་དམ་པའི་ཆོས་ཀྱིས་རྒྱུད་དུལ་ནས། འདུལ་བའི་སྲབ་ཀྱིས་བསམ་སྤྱོད་ཀྱི་གཏོང་འཛིན་བྱེད་མཁན་ཞིག་ཡིན་དུས། དེའི་ཕན་དུ་ཆོས་པ་ཞེས་པ་ཞིག་མེད་པས། དེ་ལ་ཆོས་ཁྲིམས་པ་ཞིག་ཟུར་ནས་དགོས་རྒྱུ་མ་རེད་སྙམ་པས་ཡིན། འོན་ཀྱང་དུས་ཚོད་སྙིགས་མ་ལྔ་བདོ་བའི་སྐབས་སུ་ལེགས་སྨོན་དང་འཇིགས་སྐྱོབ་ཀྱིས་ཆོས་ལྟར་བཅོས་པའི་ཆོས་པ་བཏགས་པ་བ་དང་། བརྐུ་ཐབས་སུ་གནས་པའི་རབ་བྱུང་གི་རྟགས་ཙམ་འཆང་བའང་ཡོད་མི་སྲིད་པ་མིན་པས། ཕྱིན་ཆད་གལ་ཏེ་དེ་ལྟའི་རིགས་མཆིས་སྲིད་ན་སོ་བྱང་སྔགས་གསུམ་སོ་སོའི་རང་གཞུང་ལ་བཀའ་འདྲི་ཞུ་ཞོར་དུ་སོ་ཐར་གྱི་ནན་ཏུར་གྱི་ལས་ནས། བྱང་སེམས་ཀྱི་རྩ་ལྟུང་འཆགས་ལུགས་དང་། གསང་སྔགས་ཀྱི་དམ་ཚིག་གི་རྣམ་བཞག་རྣམས། སྟོན་པ་བཅོམ་ལྡན་འདས་ཤཱཀྱ་སེང་གེ་དང་། རྡོ་རྗེ་འཆང་གི་རྣམ་པར་བཞེངས་པ་ཚོས་མདོ་སྔགས་ཀྱི་བཅའ་སྒྲིག་མཛད་པ་རྣམས་རང་གཞན་ཐམས་ཅད་ཀྱིས་ཚད་ཤིང་དུ་བཞག་ནས་བྱི་དོར་བྱེད་དགོས་པའང་ཡིན། མདོར་ན་བསྟན་པའི་རྣམ་བཞག་དང་མཐུན་པའི་བསྟན་པའི་བྱ་བ་མཛད་རྒྱུ་དེ་ནི། བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ས་ཕྱོགས་དང་མི་རིགས། སྐད་ཡིག་དང་ཡུལ་སྲོལ་སོགས་མ་གཅིག་ཀྱང་། བརྡ་གཅིག་གིས་གོ་བརྡ་འཇགས་པ་དང་། སྟོན་པའི་རྗེས་འཇུག་ཡོད་ཚད་པོ་དམ་པའི་ཆོས་འཛིན་རྒྱུ་དེ་ལ་གོམ་ཁ་གཅིག་མཚུངས་འགྱུར་བྱེད་ཡིན། དེས་ན་གནས་འདི་ནི་རིས་མེད་ཆོས་པ་ཐམས་ཅད་ཀྱི་བསྟི་གནས། ཆོས་བྱེད་པ་ཐམས་ཅད་ཀྱི་ཕ་ཁྱིམ་ཡིན་ལ། འདི་ལ་བདག་པོ་འདི་དང་མགྲོན་པོ་འདི་ཞེས་པ་ཞིག་ཡོད་པ་མིན་པར། འདི་ན་བཞུགས་སྐབས་གནས་འདི་ནི་ཐམས་ཅད་ཀྱི་རང་ཁྱིམ་རེད། ཕ་གཞིས་རེད། ཚང་མས་ཐུགས་བདེ་བདེ་བག་ཡངས་ཡངས་མཛད་དགོས། རྣལ་འབྱོར་པ་སྣང་སྲིད་དག་པ་རབ་འབྱམས་སུ་ཤར་བ་ཞིག་གིས་སྣང་བ་ཐམས་ཅད་དག་པ་ལས་མ་དག་པ་ཞིག་ཡོད་པ་མིན་ལ། དེ་ཙམ་མིན་ཀྱང་སྤྱོད་ཡུལ་ཡོངས་སུ་དག་པའི་མདོ་སྡེ་ལ་སོགས་པ་ནས་འབྱུང་བ་ལྟར་དུ་སྣང་གྲག་མཐོང་ཐོས་ཐམས་ཅད་དག་པའི་སྤྱོད་ཡུལ་དུ་ལམ་ཁྱེར་གྱིས་དང་ཐམས་ཅད་དག་པ་དང་དགེ་བར་འགྱུར་བ་ཡིན། དེ་བཞིན་དུ་ཉིན་མཚན་ཐམས་ཅད་ཆོས་ཀྱིས་འདའ་ཞིང་འབྲེལ་ཚད་དོན་ལྡན་གྱི་དགོངས་སྤྱོད་ལས་ཐུགས་གཡོ་བ་མེད་པར་མཛད་པའང་གལ་ཆེ་བའི་ཐུགས་གསོས་ཞུས་པ་དང་ཆབས་ཅིག་ཏུ། དེ་ལྟར་ཆོས་འཆད་ཉན་བགྱིས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་དང་ཡོད་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་གྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཀྱི་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་པའི་དབྱངས་དང་། འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ།།


previousཉིན་དང་པོའི་ཆོས་ཁྲིད།next