cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་ཉེར་གཅིག་པ།

ཆོས་དབྱིངས་མཛོད་ཀྱི་ལྗགས་འགྲེལ་ཀུན་ཏུ་བཟང་པོའི་དགོངས་མཛོད། ༼ཨོཾ༽

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་། མཁན་བསྟན་འཛིན་དགྲ་ལྷ་ཡིས་ཡི་གེར་ཕབ།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

ཆོས་དབྱིངས་མཛོད་ཀྱི་ལྗགས་འགྲེལ་ཀུན་ཏུ་བཟང་པོའི་དགོངས་མཛོད། ༼ཨོཾ༽

གླེང་གཞི།

༄༅།། བླ་མ་དང་གཉིས་སུ་མེད་པ་གདོད་མའི་མགོན་པོ་དཔལ་ཏུ་བཟང་པོ་ལ་ཕྱག་འཚལ་ལོ།།

ཀ་དག་མི་འགྱུར་དག་པ་གཉིས་ལྡན་མཆོག་གི་ཞི་བའི་དབྱིངས་ཆེན་པོར།།

ལྷུན་གྲུབ་འོད་གསལ་མ་འགགས་ཡེ་ཤེས་དྲྭ་བའི་སྤྲིན་ཆེན་དཀྲིགས་པའི་དཔལ།།

གཉིས་མེད་རྩལ་སྣང་ཕྱོགས་མཐར་འཕྲོས་པས་རྡུལ་སྙེད་ཞིང་གི་ཁམས་ཆེན་འགེངས།།

གྲངས་མེད་བསྐལ་པར་ལེགས་བྱས་འབྲས་བུས་བདག་གི་མགོན་དུ་སྣང་ལ་འདུད།།

ཞི་བའི་དབྱིངས་ཉིད་ངང་དེར་ཞི་བའི་མཁྱེན་རབ་ཟབ་མོས་མངོན་དུ་མཛད།།

མ་འགགས་ཤར་བའི་ཤེས་བྱ་ཀུན་ཀྱང་མ་འདྲེས་སོ་སོར་རབ་ཏུ་མཁྱེན།།

ཨེ་མ་དེ་ནི་དུས་གསུམ་རྒྱལ་བའི་ཐུགས་ཀྱི་གསང་བ་ཆེན་པོ་སྟེ།།

སྨྲ་བའི་ཉི་མ་ཉིན་མོར་བྱེད་ཀྱིས་བདག་བློའི་པདྨོ་རྒྱས་པར་མཛོད།།

སྡེ་གསུམ་ཀློང་དགུ་སྐོར་ཚོ་གསུམ་གྱི་མན་ངག་ཟིལ་མངར་བདུད་རྩིའི་བཅུད།།

ཡོངས་སུ་འཐུང་སྟེ་མཁྱེན་རབ་རྟོགས་པས་རྣམ་ཀུན་མྱོས་པའི་གད་རྒྱངས་གླུ།།

བསམ་སྒོམ་ལྟ་ཅི་ཀློག་དང་ཐོས་པས་ཉམས་རྟོགས་རབ་འཕེལ་གྱེར་བའི་དབྱངས།།

ལེན་ལ་དབང་ཐོབ་ཀུན་མཁྱེན་མཆོག་ཉིད་ཀུན་ཁྱབ་རིག་པའི་དབྱིངས་ལ་བཞུགས།།

རྡོ་རྗེ་འཆང་ཆེན་ཟབ་གསང་དགོངས་པའི་གནད།།

ཐབས་ཆེན་མཆོག་གིས་ཡི་གེའི་རིས་སུ་ཕབ།།

མན་ངག་ཟབ་མོས་སྐལ་བཟང་འཚེངས་པར་བྱས།།

མེས་དང་ཡང་མེས་བླ་མར་གུས་ཕྱག་འཚལ།།

ཆོས་དབྱིངས་རིན་ཆེན་རང་བྱུང་ཡེ་ཤེས་དོན།།

མངོན་སུམ་ཐང་མར་བརྡལ་བའི་མན་ངག་གནད།།

ཐད་ཀར་བཀྲལ་བའི་མ་གསང་རྡོ་རྗེའི་ཚིག།

ཕྱི་རབས་འགྲོ་ལ་ཡི་གེའི་འཕྲུལ་གྱིས་སྦྱིན།།

དེ་ཡང་དུས་ཕུན་སུམ་ཚོགས་པ། དུས་བཞི་མཉམ་པ་ཉིད་ཀ་དག་ཐོག་མའི་དུས་རྟག་པ་རྒྱུན་གྱི་འཁོར་ལོ་ལས་མ་གཡོས་བཞིན་དུ་ཐུན་མོང་གི་ངོར་འདི་སྐད་བདག་གིས་ཐོས་པའི་དུས་རྣམ་པར་རྒྱལ་བ་ཆུ་མོ་སྦྲུལ་གྱི་ལོའི་ཆུ་སྟོད་ཟླ་བའི་ཡར་ཚེས་བཅོ་ལྔའི་ཉིན། གནས་ཕུན་སུམ་ཚོགས་པ། ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་ཕོ་བྲང་གངས་རྒྱན་གསེར་གྱི་པདྨའི་གན་དྷོ་ལ་ཆེན་པོར། འཁོར་ཕུན་སུམ་ཚོགས་པ། རིག་འཛིན་ཕོ་མོ་དཔའ་བོ་མཁའ་འགྲོའི་ཚོགས་ཐམས་ཅད་མ་འོངས་བསྟན་པའི་སྲོག་རྒྱུན་མཐུད་པར་ཐུགས་བསྐྱེད་སྨོན་ལམ་གཅིག་ཏུ་མཐུན་ནས་མཁན་སྤྲུལ་དགེ་འདུན་འདུས་པའི་རྣམ་པར་བྱོན་པ་རྣམས་ལ། སྟོན་པ་ཕུན་སུམ་ཚོགས་པ་དུས་གསུམ་རྒྱལ་བའི་སྤྱི་གཟུགས། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག ཨོ་རྒྱན་རྡོ་རྗེ་འཆང་གི་ཐུགས་ཀྱི་གསང་བ་ཆེན་པོ། ལྔ་བརྒྱ་པའི་འགྲོ་ལ་ལྷག་པར་བརྩེ་བའི་ཀུན་སྣང་སྙིང་རྗེ་ཆེན་པོའི་རོལ་རྩལ་ལས་དགེ་སྦྱོང་ངུར་སྨྲིག་གི་རྣམ་པར་འཆང་བ། མཆོག་གསུམ་གྱི་ངོ་བོ། རྩ་གསུམ་གྱི་བདག་ཉིད། སྐུ་གསུམ་གྱི་རང་གཟུགས། ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ཆོས་རྗེ་ཡིད་བཞིན་གྱི་ནོར་བུ། འགྲོ་ཁམས་རྒྱ་མཚོའི་མུན་སེལ་གྱི་སྒྲོན་མེ། མ་འདྲིས་པའི་སེམས་ཅན་ཡོངས་ཀྱི་རྩ་ལག་དམ་པ། ཐེག་མཆོག་འབྲུག་སྒྲ་ཟབ་མོས་སྐྱེ་དགུ་མ་རིག་པའི་གཉིད་ལས་སློང་བའི་སྟོན་པ་ཆེན་པོ། ཁྱབ་བདག་རྩ་བའི་བླ་མ་བཀའ་དྲིན་སུམ་ལྡན་གྱི་བདག་ཉིད་གང་གིས། ཆོས་ཕུན་སུམ་ཚོགས་པ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ཉིང་ཁུ། ཐེག་དགུའི་རྩེ་རྒྱལ་ཟབ་གསང་རྫོགས་པ་ཆེན་པོའི་མན་ངག་ཐང་མར་བརྡལ་བ་སྐྱུད་བྱང་དུ་བསྡུ་བ་ལ། དེ་ཡང་ཁྱབ་བདག་གང་གིས་ཐུགས་ཟབ་མོའི་ཏིང་འཛིན་ལས་མ་གཡོས་བཞིན་དཀར་ལ་སྨུག་པའི་ཞལ་གྱི་དཀྱིལ་འཁོར་འཁོར་ཚོགས་ཡོངས་ལ་མངོན་པར་ཕྱོགས་ཏེ། བརྩེ་བའི་སྤྱན་རས་ཀྱིས་གཟིགས་བཞིན་ཅུང་ཟད་འཛུམ་པའི་ཉམས་དང་བཅས་བཀའ་བསྩལ་བ་ནི་འདི་ལྟར།

ཉིན་དང་པོའི་ཆོས་ཁྲིད།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་མངའ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གང་གི་ཞལ་བཟང་ལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུའི་གླིང་འདིར་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོར་གཅིག་སྟེ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་རྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། དེ་དག་ཐམས་ཅད་ཐར་པ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ནི་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུ་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མི་འམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་པ་སྟོང་དུ་ཐོས་པ་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དེ་ལ་དད་བྱས་རྣམ་སྨིན་ཡང་དེ་བཞིན་ཏེ། །བསྐལ་པ་བྱེ་བ་ཁྲག་ཁྲིག་བགྲང་ན་ཡང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་། །ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག།

༈ སྣོད་དང་བཅུད་ཀྱིས་བསྡུས་པའི་འགྲོ་བ་འདི་དག་སྐད་ཅིག་ཀྱང་མི་སྡོད་པར་དུས་ཞེས་པ་སྲིད་གསུམ་རྔམ་ཟས་སུ་བྱེད་པའི་དབང་ཆེན་འདིའི་དབང་འོག་ནས་འགྱུར་ཞིང་འགྲོ་བའི་བདག་ཉིད་གཅིག་ཏུ་བརྟན་པ་མ་ཡིན་པས་ན། འགྲོ་བ་ཞེས་པའི་མིང་དང་དོན་མཚུངས་པའི་འཇིག་རྟེན་གྱི་འགྲོ་ཁམས། འདི་སྣང་གི་འདུ་ཤེས་འཁྲུལ་བ་རྨི་ལམ་ལྟ་བུའི་མཐུན་སྣང་གཅིག་ཏུ་གྲུབ་པའི་རང་རེ་འདིར་འདུས་ཚང་མ། སྔར་བསགས་ལས་དང་སྨོན་ལམ་གྱི་དབང་གིས་ལས་བྱ་བ་གཅིག་ལ་བསྐོས་ནས་ཡོད་པས་མ་ཚད། ཆོས་གཅིག་གིས་མཉམ་དུ་བསྡུས་ནས་མང་ཆེ་བ་ལོ་གྲངས་དུ་མའི་རིང་ལ་འདིར་ལྟར་འཛོམས་པ་ཡིན། དེ་ཡང་ངས་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་གྱི་ཆོས་གྲྭ་འདི་བཟུང་ནས་དམ་ཆོས་རྫོགས་པ་ཆེན་པོ་འཆད་ཉན་གྱི་ཆོས་དུང་བུས་ཏེ་ད་ལོ་མི་ལོ་བཅུ་གཅིག་ལ་ཟིན་ཡོད་ཅིང་། དེ་ནི་ན་གཞོན་དར་མ་ལོ་ན་ཉི་ཤུའི་ནང་དུ་ཡོད་པ་ཞིག་གི་ཚེ་ཕྱེད་དང་། མི་ཚེ་རིང་ལོ་ན་བདུན་ཅུའི་ནང་ན་ཡོད་པ་ང་ལྟ་བུ། མི་ཚེའི་སྐྱིད་སྡུག་རིང་མོའི་ལ་དགུ་ཐུར་བཅུ་བརྒྱུད་ནས། དེའི་བར་གྱི་མི་རབས་ཆ་རེའི་སྐྱིད་སྡུག་བརྗེས་པ་མཐོང་མྱོང་མཁན་ཞིག་ལ་མཚོན་ནའང་། ལོ་བཅུ་གཅིག་དེ་མི་ཚེའི་དྲུག་ཆ་ལྷག་གཅིག་འདས་ཟིན་པ་ཡིན་པས་ན་དུས་ཡུན་ཐུང་ཐུང་ཞིག་ག་ལ་ཡིན། དེ་འདྲའི་མི་ལོ་བཅུ་གཅིག་དེ་ལ་ཕྱི་བལྟས་རྗེས་དྲན་ཞིག་བྱས་ན། དེའི་ཚེ་ལ་ལས་དང་སྐལ་བ་བཟང་པོ་དང་ལྡན་ཏེ། དགེ་འདུན་པ་རྐྱང་རྐྱང་ལ་བསམ་བློ་གཏོང་ན་ཡང་ཞལ་གྲངས་དང་ཐེངས་གྲངས་གཉིས་ཀའི་ཕྱོགས་ནས་བརྩིས་ཡོང་ན་སྟོང་ཕྲག་ནས་ཁྲི་ཚོ་རྒལ་བཞིན་ཡོད་པ་དང་། ཕྱོགས་ཡར་མར་སོང་ནས་བཤད་པ་དང་བཅས་པ་བརྩིས་ན་ཁྲི་ཚོ་ཁ་ཤས་ལ་བསླེབས་ཤིང་། དེ་དག་ལའང་སྤྱིར་ན་ཆོས་ཀྱི་འབྲེལ་བ་དང་། ཁྱད་པར་དུ་ཐེག་རྩེ་ཤིན་ཏུ་རྣལ་འབྱོར་དམ་ཆོས་རྫོགས་པ་ཆེན་པོའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་པའི་ཆོས་འབྲེལ་ཞིག་ཞོག་ཡོད་པ་དང་། ས་ཆ་ཡུལ་ཁམས་མི་རིགས་འདྲ་མིན་ལ་མ་ལྟོས་པའི་ཆོས་འབྲེལ་ཙམ་བཞག་ཚད་ཀྱི་སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱང་བརྩིས་ན། ཤིན་ཏུ་མང་པོ་བརྩི་ཚོད་མེད་པ་ཞིག་ལ་ཆོས་འབྲེལ་དགེ་སྐུལ་བྱས་པའི་རིམ་པ་ཡོད་ལ། དེ་ལྟ་བུ་ངས་མི་ཚེའི་ནང་གི་དཀར་པོའི་དགེ་ཕྱོགས་ཀྱི་བྱ་བ་བསྒྲུབས་ཚད་ཐམས་ཅད་ལ་ཆ་མཚོན་ན། གཅིག་ན་རྒྱལ་བའི་འཕྲིན་ལས་དང་། གཉིས་ན་སྔར་བྱོན་གྱི་ཡོངས་འཛིན་དགེ་བའི་བཤེས་མཉེན་རྣམ་པའི་བཀའ་དྲིན་དང་ཐུགས་བསྐྱེད་ཀྱི་མཐུ་ལས་བྱུང་བ་ཡིན་པ་ནི་གོར་མ་ཆག་ཅིང་། ནག་པོ་མི་དགེའི་བསམ་སྤྱོད་ཀྱི་ཕྱོགས་སུ་གཏོགས་ཚད་ནི་སོ་སྐྱེ་བྱིས་པའི་རང་བཞིན་གྱི་ངན་སྐྱོན་ཡིན་པའང་སྨོས་ག་ལ་དགོས། ད་དུང་ཡང་སྐྱེ་བའི་ཕྲེང་བ་ཀུན་ཏུ་དམ་པའི་ཆོས་འཛིན་པའི་སྨོན་ལམ་དུས་དང་རྣམ་པ་རྒྱུན་དྲུག་ཏུ་རྒྱག་བཞིན་ཡོད་པ་ཡིན། ད་ལྟ་ལོ་བཅུ་གཅིག་པ་འདི་ལ་གསང་འཛིན་དགའ་རབ་དཔའ་བོ་དང་ཞལ་མི་གཉིས་པ། བོད་ཡུལ་རྫོགས་ཆེན་བསྟན་པའི་ཤིང་རྟ་བ་ཆེན་པོ། རྒྱལ་བ་ཀློང་ཆེན་རབ་འབྱམས་པའི་གསུང་། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། ཕྱི་རབས་འགྲོ་བའི་བགོ་སྐལ་དུ་སྐུ་གསུམ་རྟེན་དང་སྟོན་པའི་མཆོད་སྡོང་དུ་བཞག་པའི་མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས་གསུམ་གྱི་འཆད་ཉན་ཡོངས་སུ་གྲུབ་པས་མ་ཚད། ལྷག་མ་བཞི་བོ་ཡང་འཆད་ཉན་ཡོངས་སུ་འགྲུབ་པར་བྱ་འཆར་དང་། ད་རུང་གསུང་ཐོར་བུ་ལ་སོགས་པའི་རྒྱུན་ཡང་བཞུགས་པ་ཡིན་པས་ད་ལོར་འདོན་ཆེ་ཐུབ་ཆུང་ཐུབ་བྱེད་བསམ་པ་ཡིན། ད་ལོའི་གཙོ་བོའི་ཆོས་ཁྲིད་ནི་ཆོས་དབྱིངས་མཛོད་འགྲེལ་ལུང་གི་གཏེར་མཛོད་དང་། བླ་མ་ཡང་ཏིག་ཡིད་བཞིན་ནོར་བུ་གཉིས་ཀ་ཞིབ་ཁྲིད་བྱེད་པའི་ཚུགས་ཀ་དང་། དེའི་ཞོར་དུ་ཐེག་མཆོག་མཛོད་ཀྱིས་མགོ་བྱས་ནས་གཞན་རྣམས་ཁྲིད་མ་ལུང་གི་སྒོ་ནས་འཆད་ཁྲིད་ཅིག་གི་དོད་ཐུབ་པ་ཞིག་བྱས་ཏེ་ཉིན་རེར་ཆོས་ཐུན་གཉིས་རེའི་སྒོ་ནས་སེམས་བསྐྱེད་འབུམ་མཆོད་ཆེན་མོའམ་བདེ་ཆེན་ཞིང་སྒྲུབ་ཆེན་མོ་ཚུན་ཆོད་དུ་ཐུབ་པའི་དུས་ཚོད་ཀྱི་འཆར་གཞིའི་རེའུ་མིག་ཕབ་ཡོད་པ་ནང་བཞིན་ཡིན་ལ། ད་ལོར་དེ་དག་ཐམས་ཅད་མཉམ་གཅིག་ཏུ་འདོན་དགོས་པའི་དོན་ཡང་དལ་དལ་བྱས་ནས་ལོའི་ལོ་ལ་ཡུན་རིང་འགྱངས་སོང་ན། སྤྱིར་སུ་ཡིན་ཡང་མི་ཚེ་ལ་རྟག་བརྟན་མེད་པ་དང་། དེ་ལས་ཀྱང་ལོ་ན་ཡར་ཟད་ལ་ཐོན་པའི་མི་ཚེ་ནི་དགུང་ལ་ཁའི་གྲིབ་སོ་ལྟ་བུ་ལས་མ་འདས་ཤིང་། ལར་ཆོས་གྲོགས་ཆོས་གཅིག་གིས་བསྡུས་པའི་མཆེད་ལྕམ་ཞེས་པ་ཡང་མི་མང་ཞིག་ལས་གྲུབ་པ་ཡིན་ཕྱིར། གཅིག་གི་ཚེ་རྟག་ན་གཅིག་གི་ཚེ་མི་རྟག་པའི་ཚུལ་ཡང་། རྒྱལ་བ་ཀློང་ཆེན་པས། ཚེ་འདི་མི་རྟག་ཡུད་ཙམ་སྐར་མདའ་བཞིན། །ལང་ཚོ་མི་རྟག་སྟོན་ཀའི་མེ་ཏོག་འདྲ། །རང་དབང་མེད་པར་ཕ་རོལ་འགྲོ་དགོས་པས། །འཆི་དུས་ཕན་པའི་ཆོས་ཤིག་རང་ལ་འཚལ། །ཞེས་གསུངས་པ་ལྟ་བུ་ལས་མ་འདས་པས། ལོ་ཉུང་ཞན་ལ་མི་ལྟོས་པ་དང་། ཚེའི་རིང་ཐུང་ལ་ངེས་པ་མེད་པ་དང་། གློ་བུར་ཡེ་འདྲོག་གི་རྐྱེན་དབང་ལ་ཤོར་ནས་ཚེ་མ་ཟད་གོང་ནས་འཆི་བ་ཡང་ཇི་ལྟར་མང་བ་དང་། དུས་སྙིགས་མའི་ཆོས་བྱེད་ལ་འགལ་རྐྱེན་ཕྱི་ནང་གསང་གསུམ་ནས་ཡོང་རྒྱུའང་མང་བ་དང་། གཞན་ཡང་ངས་སྙིང་ཐིག་གོང་འོག་གི་མང་ཆེ་བའི་རྒྱུན་ཐོབ་ས་དེ་ངའི་ཐུན་མིན་གྱི་རྩ་བའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོ་དང་། སྔར་ཞུས་པ་ལྟར་དུ་རྫོགས་ཆེན་ཨ་བུ་ལྷ་སྒང་གི་འདའ་ཁའི་ཞལ་ཆེམ་ང་ལ་བཞག་ནས་ཁོང་གི་སྐུ་ཚེར་གཟིགས་པའི་མཛོད་བདུན་ཕྱག་དཔེ་ང་ལ་གནང་ནས། ན་མོ་གུ་རུ་བསྐལ་མང་གོང་ནས་ཞེས་པའི་སྨོན་ལམ་རྒྱུགས་ལ་ཕྲོད་ཤོག་ཅེས་གསུངས་བྱུང་། ང་དེ་དུས་བྱ་བྱིས་ལོ་བཅུ་ཁ་ལོང་ཙམ་ཡིན་པའི་དུས་རེད། དེ་དང་མཉམ་དུ་འཇམ་དབྱངས་མཁྱེན་བརྩེ་དབང་པོའི་གསུང་། འཇམ་དབྱངས་སྒྲུབ་ཐབས་རྒྱུན་ཁྱེར་བསྡུས་པ་དེ་ཡང་ཡོད་འདུག ཁོང་གི་མདུན་ནས་དེ་ལྟ་བུའི་ཆོས་འབྲེལ་ཙམ་ལས་ཐོབ་མ་མྱོང་ཡང་། དོན་བརྒྱུད་ཀྱི་དགོངས་པའི་བྱིན་རླབས་ཀྱི་བབས་སོ་ང་ལ་གཏད་ཡོད་པ་ཡིན་སྙམ་པའི་ཡིད་ཆེས་དང་ངེས་ཤེས་ཡོད་པ་ཡིན་པས་དེ་ལྟ་བུའི་དམ་པ་གོང་མའི་ཐུགས་དགོངས་རྫོགས་ཆེད་དང་། རྗེས་འགྱོད་དང་བློ་ལྷག་མི་ཡོང་བའི་ཆེད་དུ་ཐེངས་གཅིག་གི་རྒྱུན་དེ་དང་པོར་སྤེལ་ནས། ཡང་སྐབས་དང་བསྟུན་ནས་ཞིབ་ཆའི་སྒོ་ནས་འདོན་ན་སྙམ་པ་ཡིན། གང་ལྟར་ཡང་རྣམ་པ་ལྷན་རྒྱས་ཀྱིས་ཐུགས་བསམ་ནང་དུ་བསྐོར་ནས། གོང་དུ་ཞུས་པ་ལྟར་དུ་དུས་ཞེས་པ་སྐད་ཅིག་ཙམ་ཡང་མི་སྡོད་པར་འགྱུར་བའི་ཆོས་ཅན་འདི་དང་བསྡོངས་ནས། མི་ཚེ་འདི་ཟད་པའི་ཕྱོགས་སུ་སྐྱེལ་བའི་འགྲོས་མྱུར་བ་ནི། འདིའི་མི་ལོ་བཅུ་བོའི་སྔོན་དུ་རང་རེ་གནས་འདི་ནས་འཛོམས་ཏེ་ད་ལྟའི་བར་དུ་སོ་སོ་རང་ཉིད་ཀྱི་ན་ཚོད་ཡོལ་བའི་རྟགས་རི་མོ་ལུས་ལ་དོད་ལུགས་དང་། ཟུར་གྱི་ཁོར་ཡུག་ཡུལ་ཁམས་དང་བཅས་པའི་མི་དག་གིས་ན་རྒས་འཆི་བའི་སྡུག་བསྔལ་མྱོང་ལུགས་དང་། འཛམ་གླིང་ས་འདིའི་སྟེང་གི་མི་མང་གི་ནང་ནས། ནང་ཆོས་སྒྲུབ་མཁན་རྡོག་མ་ཁ་ཤས་མ་གཏོགས་པར་འཇིག་རྟེན་འདི་སྣང་གི་བྱ་བ་ཏག་ཏག་སྒྲུབ་བཞིན་ཡོད་ཀྱང་། མཐར་ཐུག་གི་བདེ་བའི་དངོས་པོ་ཅི་ཡང་མ་རྙེད་པར་འདས་པའི་མི་ཐམས་ཅད། སྡུག་བསྔལ་གྱི་ནང་ནས་མི་ཚེ་ཟད་དེ་མི་འདོད་བཞིན་དུ་ཕྱི་མའི་ལམ་ཆེན་དུ་སོང་བ་ཤ་སྟག་དང་། ད་ལྟ་འཚོ་བཞིན་ཡོད་པའི་འཛམ་གླིང་གི་མི་གྲངས་དུང་ཕྱུར་བདུན་ཅུ་ཙམ་པོ་དེ་ཡང་དེ་ལས་མ་འདས་པས་མ་ཚད། མ་འོངས་འབྱུང་འགྱུར་གྱི་མི་རབས་རྗེས་མ་ཡང་དེ་དང་དེ་བཞིན་དུ་འགྲོ་ས་གཅིག་ལས་མེད་པ་ཁོ་ན་ཡིན། དེ་དག་ཐམས་ཅད་ལ་བལྟས་ཡོང་ན་དམ་ཆོས་མ་གཏོགས་གཞན་གཅིག་ལ་ཡང་བློ་གཏད་ཕེར་ས་མེད་པའི་གནས་ལུགས་དེ་མཐོང་སྟེ། དམ་ཆོས་རྣམ་པར་དག་པ་སེམས་ཐོག་ནས་སྒྲུབ་པ་དེ་འཕྲལ་ཡུན་གཏན་གྱི་འདུན་མ། རང་གཞན་འདི་ཕྱི་ཐམས་ཅད་ལ་ཕན་ཡོད་ཀྱི་བྱ་བ་ཉག་གཅིག་ཡིན་པའི་ངེས་ཤེས་ནང་ནས་འཁྲུངས་པའི་ཐོག་ནས་ཆོས་འཆད་ཉན་ལ་འཇུག་དགོས་པ་ཡིན། སྡེ་སྣོད་འཛིན་པ་སྙིང་ནས་ཆོས་ལམ་ལ་ཞུགས་པ་ཏག་ཏག་ལ་ཞུ་འོས་པ་ཞིག་མིན་ན་ཡང་། ལུས་འདི་ལ་སེམས་འདི་འཁྲི་བ་ནས་བཟུང་སྟེ་འཚོ་བ་ལྷགས་སྐྱོབ་ཀྱི་ཟས་གོས་ཉེར་སྤྱད་ཅིག་མེད་པའི་ཐབས་མེད་ཙམ་ལས། བྱ་བ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་དང་། དངོས་པོ་ཐམས་ཅད་ཀྱི་ནང་ནས་རིན་ཐང་ཆེ་ཤོས། ཚེ་སྐྱེ་བ་ཁ་ཤས་བརྗེས་ནས་ཡུན་རིང་ལ་སོང་ཕྱིན་སོང་དུ་སྟོན་རྒྱུ་རིག་རྒྱུ་ཡོད་པའི་རིན་ཐང་ཅན་ནི། དམ་ཆོས་སྒྲུབ་པའི་འབྲས་བུ་འདི་ཁོ་ན་ཡིན་པའི་གནད་དེ་ཤེས་དགོས་པ་ཡིན། དེ་མ་ཤེས་པའི་དབང་གིས་ཆོས་སྒྲུབ་རྒྱུ་དེ་འགྲོ་ཞོར་འདུག་ཞོར་གྱི་ལས་ཀ་གནད་ཆུང་ཞིག་དང་། དར་སྲོལ་གོམས་གཤིས་ཤིག་དང་། མི་སྔོན་གྱི་འགྲོ་སྟངས་ཤིག་ཡིན་པར་སེམས་པ་ལྟ་བུ་དང་། ལེགས་སྨོན་དང་འཇིགས་སྐྱོབ་ཀྱི་ཀུན་སློང་ལས་མ་འདས་ན་ཆོས་རྣམ་དག་ཅིག་ག་ལ་འགྲུབ། དེ་ཡང་ལས་བྱ་བ་སྣ་ཁ་བརྒྱ་ཐམ་པ་ཡོད་ན་དེའི་ནང་གི་རྩ་བ་ཆུང་ཤོས་དང་། རྒྱུ་ནོར་དངོས་པོ་ཅི་ཡོད་ཀྱི་ནང་ནས་བསོད་ནམས་གསོག་རྟེན་དེ་ལྷག་འཕྲོ་ཁ་ཚར་སྣ་ཚར་ཙམ་ཞིག་ལ་བྱེད་པའི་དུས་སུ་དམ་ཆོས་མ་འགྲུབ་པའི་སྔ་ལྟས་རང་རྒྱུད་ནས་ཚང་བ་ཡིན། ལ་ལས་བཤད་ན། ནང་ཆོས་འདི་ཤར་ཕྱོགས་པའི་གནའ་བོའི་རིག་གནས་ཡིན་པར་སྨྲ་ཞིང་། དེ་ཡང་ནང་དོན་རིག་པ་སྡེ་སྣོད་གསུམ་ནི་རིག་པའི་གནས་ཆེན་ལྔའི་ཡ་གྱལ་ཡིན་པས་རིག་གནས་མ་ཡིན་པར་མི་འདོད་ཀྱང་། ང་ཚོ་རང་གི་མི་རིགས་ཀྱི་ནང་ནས་ཀྱང་སྲོལ་རྒྱུན་གྱི་རིག་གནས་ཟེར་དུས་རྙིང་པ་ཞིག་གི་གྲལ་དུ་བཞག་ནས་ཕལ་ཆེར་རྗེས་ལུས་བེད་མེད་ཅིག་ཡིན་པ་དང་། གསར་བ་ཟེར་དུས་སྔོན་ཐོན་ཞིག་ཡིན་ནོ་སྙམ་པ་ཡང་མང་པོར་བྱུང་འདུག་མོད། འོན་ཀྱང་དོན་དངོས་སུ་རྫས་འཕྲུལ་གྱི་སྦྱོར་སྡེབ་དང་། གནམ་གཤིས་ས་གཤིས། དངོས་ཁམས་རིག་པ་འདི་དག་ཀྱང་། གསར་བ་ཏག་ཏག་ག་ལ་ཡིན། མི་ལོ་བརྒྱ་ཚོ་སྟོང་ཚོ་དང་། ཐ་ན་ཁྲི་ཚོ་མང་པོར་བརྒྱུད་ནས་སྡུག་འབད་བྱས་པའི་ཉམས་མྱོང་གིས་བསགས་ཡོང་བའི་སྡུག་བསྔལ་མྱོང་བའི་ཟིན་ཐོ་ཞིག་ལས་མ་འདས་པ་ཡིན། ཚེ་འདིའི་འཚོ་ཐབས་ཙམ་ནི་དུད་འགྲོས་ཀྱང་ཤེས་ཤིང་། རྒ་ན་འཆི་བའི་སྡུག་བསྔལ་མེད་ཐབས་ཀྱི་རིག་གནས་ལག་རྩལ་གསར་བ་ནི། སུ་ཞིག་གིས་ཀྱང་མ་ཤེས་པས་མ་ཟད། ལུས་ཀྱི་སྡུག་བསྔལ་ཙམ་ཡང་འཇོམས་མི་ནུས་པར་ལྷག་ནས་ཡོད་ན་སེམས་ཀྱི་སྡུག་བསྔལ་ནི་དེ་བས་ཀྱང་ལྟ་ག་ལ་ཞིག སྐྱེ་བ་ཕྱི་མ་ནི་དེ་བས་ཀྱང་ཕར་ཚད་དེ། སྐྱེ་བ་ཕྱི་མ་དེ་ཇི་འདྲ་ཡིན་པའི་རྒྱངས་མིག་ཙམ་ཡང་མ་མཐོང་བར་ལྷག་ཡོད་པ་ཡིན། མི་དེ་དག་འཆི་བ་ལ་སྐྲག་ནས་ཐབས་མེད་འུ་ཐུག་ཏུ་གྱར་ཏེ། འཆི་བའི་མིང་ཙམ་ཡང་འཛིན་མ་ཕོད་ཅིང་། འཆི་བ་མེད་པར་བསྒོམས་ནས་འདུག་པ་དེས་མཐའ་ཟིན་པར་འདུག་གམ། དེ་འདྲ་དེ་སྔོན་ཐོན་ཡིན་འདུག་དང་རྗེས་ལུས་ཡིན་འདུག་ཞིབ་ཏུ་དཔྱོད་དང་ཤེས་སུ་ཡོད་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདུད་རྩི་ཞི་བ་འདུས་མ་བྱས་པའི་ཟབ་རྒྱས་ཀྱི་ཆོས་བསྟན་པ་དེ་ནི། དམ་པའི་དོན་གྱི་སྙིང་བཅུད་སྐྱོན་མེད་ཉག་གཅིག་ཡིན་པས་ལེགས་པར་སྒྲུབ་ཤེས་ན་ཚིག་རེ་རེའི་གོ་དོན་གྱིས་ཀྱང་རང་གཞན་གཏན་བདེའི་ལམ་གྱི་འདུན་མ་སྟོན་བཞིན་ཡོད་པས། དེ་ལྟ་བུའི་དོན་ཆེན་དང་དོན་ཆུང་གཉིས་མི་ནོར་བར་དལ་འབྱོར་གྱི་སྙིང་པོ་ད་རེས་ལོན་དགོས་པའི་ཐུགས་གསོས་ཞུས་པ་དང་ཆབས་ཅིག་ཏུ། གང་ཞིག་འཆད་ཉན་བྱ་བའི་དམ་ཆོས་ནི། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པའི་གསུང་རབ། མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས། སེམས་ཉིད་ཆོས་སྐུའི་རང་ཞལ་མངོན་སུམ་དུ་སྟོན་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ཉིད། རང་འགྲེལ་ལུང་གི་གཏེར་མཛོད་ཀྱི་སྟེང་ནས་འཆད་པ་ལ། གཞུང་བཤད་པ་ལ་འཇུག་པའི་སྤྱི་དོན་དང་། བཤད་བྱ་གཞུང་གི་དོན་དངོས་རྒྱ་ཆེར་བཤད་པ་སྟེ་གཉིས་ལས།

གཞུང་བཤད་པ་ལ་འཇུག་པའི་སྤྱི་དོན།

དང་པོ་གཞུང་བཤད་པ་ལ་འཇུག་པའི་སྤྱི་དོན་དེ་ལའང། ཇི་ལྟར་བཤད་པའི་ཐབས་དང་། གང་ལྟར་འཆད་ཉན་བྱེད་པའི་ཚུལ་དང་། དེ་ལྟར་འཆད་ཉན་བྱས་པའི་ཕན་ཡོན་དང་གསུམ་ཡོད་པ་ལས།

༼ཀ༽ཇི་ལྟར་བཤད་པའི་ཐབས།

དང་པོ་ཇི་ལྟར་བཤད་པའི་ཐབས་ནི། སྤྱིར་ན་ཆོས་སྟོན་པ་པོ་གང་ཟག་གི་ཁྱད་པར་གྱིས་འཆད་ཐབས་ཀྱང་མི་འདྲ་བ་གསུམ་དུ་འགྱུར་བས། སློབ་དཔོན་སངས་རྒྱས་ཀྱིས་ཆོ་འཕྲུལ་གསུམ་ལ་བརྟེན་ནས་གསུངས་པ་སྟེ། དེ་ཡང་སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ་གྱིས་གདུལ་བྱ་དད་ཅིང་འདུན་པར་བྱེད། ཐུགས་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ་གྱིས་གཞན་རྒྱུད་ཀྱི་ཁམས་དང་དབང་པོ་བསམ་པ་བག་ལ་ཉལ་དང་བཅས་པ་ཐམས་ཅད་མཁྱེན་ནས་དེ་དང་མཐུན་པར་རྒྱུད་བྱིན་གྱིས་རླབས་པར་མཛད། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གྱིས་གདུལ་བྱའི་མོས་ཁམས་དང་མཐུན་པའི་ཆོས་བསྟན་ནས་གདུལ་བྱ་མངོན་མཐོ་དང་ངེས་ལེགས་ཀྱི་གོ་འཕང་ལ་སྦྱོར་བ་མཛད་པའོ། །འུ་གུ་སོ་སོའི་སྐྱེ་བོ་ལ་ཆོ་འཕྲུལ་གསུམ་གྱི་ཡོན་ཏན་གྱི་ཆ་ཙམ་ཡང་མེད་པས་ནད་དང་སྨན་འཛོལ་སོང་བ་ལྟ་བུའི་སྐྱོན་བྱུང་ནས། ཆོས་བསྟན་པ་དེ་གདུལ་བྱའི་རྒྱུད་ལ་མ་འཚམས་པར། ལ་ལའི་སྨན་དུ་འགྲོ་བ་དེ་ལ་ལའི་དུག་ཏུ་སོང་ནས་ཕན་ཐོགས་མ་དགོས་གནོད་པ་རུ་ལོག་ནས་རང་གཞན་གཉིས་ཀ་མཉམ་དུ་མར་དྲུད་པར་མི་འདུག་གམ་སྙམ་པའང་འབྱུང་བ་ཡིན། སློབ་དཔོན་དགྲ་བཅོམ་པ་རྣམས་ཀྱིས་དག་པ་རྣམ་པ་གསུམ་ལ་བརྟེན་ནས་འཆད་པ་སྟེ། དེ་དག་ལ་སངས་རྒྱས་ཀྱི་རྫུ་འཕྲུལ་དང་མངོན་ཤེས་ལྟ་བུའི་ཡོན་ཏན་ཚད་མེད་གཞལ་དུ་མེད་པ་ཐོབ་མེད་ན་ཡང་། གཞན་རྒྱུད་བརྟག་པའི་མངོན་ཤེས་ཡོད་པས། ཉན་པ་པོ་གདུལ་བྱ་སྣོད་དག་པ་ཤ་སྟག་ལ། འཆད་པ་པོའི་ངག་དག་པ་ཉན་ན་རྣ་བར་སྙན་ཞིང་ལྡབ་ལྡིབ་དང་ན་གེ་ནོག་གེ་མེད་པ། ངག་ཚིག་དྲི་མ་མེད་པས་མཚམས་སྦྱར་ནས། འཆད་བྱའི་ཆོས་དག་པ་ཚིག་མ་ནོར་ཞིང་དོན་ལ་འཁྲུལ་བ་མེད་པར་བསྟན་ནས་གདུལ་བྱ་ཐར་བར་འདྲེན་པའི་ངག་ཚིག་གི་སྒྲའི་རྣམ་གྲངས་ཀྱིས་བསྟན་པས་དེ་བཞིན་ཕན་ཐོགས་འབྱུང་ཞིང་དོན་འགྲུབ་པ་ཡིན། ཡིན་ན་ཡང་འུ་གུ་ལ་དེ་འདྲའི་དག་པ་རྣམ་པ་གསུམ་གྱིས་ཆོས་འཆད་པའི་ནུས་པ་མེད་པས། སོ་སྐྱེ་ཐ་མལ་པ་དུས་མཐར་ཆོས་སྨྲ་བའི་ཁུར་ལེན་པ་དེས། གཅིག་ན་སློབ་མའི་རྒྱུད་བརྟག་མི་ཤེས། གཉིས་ན་ཤེས་ཀྱང་ཁྱོད་ད་རེས་འདིའི་གྲལ་དུ་མ་ཡོང་ཞེས་སྨྲས་ན། ཕ་རོལ་པོའི་རྣ་བར་མི་འགྲོ། ཞེ་ལ་མི་འབབ་པས་ཕན་ཐོགས་མ་དགོས་འཁོན་གཞི་ཞིག་ཀྱང་དེ་ནས་འབྱུང་ངེས། ལར་འཆད་བྱའི་དོན་ལེགས་པོ་ཞིག་རང་གིས་ཀྱང་མ་གོ་ཞིང་། འཆད་བྱེད་གོ་བརྡ་འཕྲོད་པའི་ངག་ཚིག་གི་སྒྲོས་གཙང་མ་ཞིག་མེད་པ་ལ་སོགས་པའི་སྐྱོན་གྱིས། དེ་རིང་ཆོས་རའི་ནང་ན་ཡོད་པའི་ཆོས་ཞུ་བ་དེ་སང་ཉིན་གྲོང་དང་ཁྲོམ་རའི་ནང་ནས་སྡིག་སྤྱོད་པ་རུ་ལོག་པ་ཡང་མི་ཉུང་བ་ཞིག་བྱུང་བ་ཡིན། སློབ་དཔོན་པཎྜི་ཏས་ཆོས་ཇི་ལྟར་གསུང་བའི་ཚུལ་ནི། མཁས་པ་པཎྜི་ཏ་ཞེས་པ་ནི་རྒྱལ་བའི་བཀའི་དགོངས་པ་ཇི་བཞིན་དུ་འགྲེལ་ནུས་པ་ཞིག་ཡིན་ལ། རབ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པ། འབྲིང་ཡི་དམ་ལྷའི་ཞལ་གཟིགས་ནས་འཆད་རྩོམ་ལ་གནང་བ་ཐོབ་པ། ཐ་མ་ཡིན་ཡང་རིག་པའི་གནས་ལྔ་ལ་ཐོགས་པ་མེད་པ་སྟེ། དེ་འདྲའི་མཁས་པ་ཞིག་མིན་དུས་པཎྜི་ཞེས་པའི་མིང་ཇི་ལྟར་ཐོགས། མདོར་ན་སྐྱེ་འཕགས་གང་ཡིན་ལ་མ་ལྟོས་པའི་པཎྜི་ཏས་ཆོས་གསུངས་དུས། ཆོས་ཁུངས་རྒྱ་གར་མཁས་པའི་ལུགས་ལ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་དག་གིས་ཆོས་གསུངས་སྐབས། བཀའ་ཐམས་ཅད་ཕུན་སུམ་ཚོགས་པ་ལྔ་དང་། བསྟན་བཅོས་ཐམས་ཅད་རྩིས་འགོ་ཡན་ལག་ལྔའི་སྒོ་ནས་འཆད་པ་དང་། བི་ཀྲ་མ་ལ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་པ་ཐམས་ཅད་ཀྱིས་ཉན་པ་པོ་སྣོད་རུང་དུ་བྱ་བ་དང་། བསྟན་པའི་རྣམ་གཞག་ངེས་པ་གཉིས་ཀྱི་སྒོ་ནས་འཆད་པ་ཡིན། འུ་གུ་ལ་མཚོན་ན་ཕུན་སུམ་ཚོགས་པ་ལྔ་དང་། རྩིས་འགོ་ཡན་ལག་ལྔའི་དོད་ཙམ་ལས། ཉན་པོ་སྣོད་རུང་དུ་བྱེད་པའི་རྒྱུད་འཆོས་མ་ཤེས་ཤིང་། རང་གིས་ཀྱང་བསྟན་པའི་རྣམ་གཞག་ལེགས་པར་མི་ཤེས་ན་གཞན་ལ་ཅི་ཞིག་བཤད། སློབ་དཔོན་ཕར་ཞོག་སློབ་མ་བཟང་བ་ཞིག་གི་ཆ་ཚད་མ་ཚང་བ་ཞིག་ལས་མ་འདས་སོ། །ད་ལྟ་ཁྱོད་ཀྱིས་ཆོས་བཤད་པའི་ཁུར་ལེན་ཚར་བས་ཇི་ལྟར་འཆད་པ་ཡིན་ཞེ་ན། དེ་ཡང་འཇིག་རྟེན་གྱི་ཁམས་འདིར་བྲག་ལ་སྐུ་བརྙན་དང་ཡིག་འབྲུ་ཞིག་དོད་པ་དང་། ས་ལ་སཙྪའི་སྐུ་གཟུགས་བྱོན་པ་དང་། སོ་སོའི་སྐྱེ་བོའི་ངག་ལས་དམ་པའི་ཆོས་ཀྱི་སྒྲ་ཙམ་སྣང་བ་དེ་དག་ཀྱང་སངས་རྒྱས་ཀྱི་ཕྲིན་ལས་ཡིན་པའི་ངེས་ཤེས་དང་། ལྷག་བསམ་རྣམ་དག་གི་སྒོ་ནས་སེམས་ཅན་ལ་ཕན་པའི་བསམ་པ་དང་། རྒྱལ་བའི་ཕྲིན་ལས་སྤེལ་བའི་འདུན་པས་བཤད་རྒྱུན་རེ་སྤེལ་ན་ཉེས་པ་ཆུང་བར་སེམས་པའི་སྒོ་ནས་འཆད་མདོག་བྱས་པ་ཡིན། དེ་ཡང་སངས་རྒྱས་དང་དགྲ་བཅོམ་པའི་རྫུ་འཕྲུལ་དང་མངོན་ཤེས་མེད་དུས་དེ་རྣམ་པའི་རྗེས་མ་ཟིན་ལ། མཁས་པ་པཎྜི་ཏའི་སོ་སོར་རང་རིག་པའི་རྣམ་དཔྱོད་དང་། མཁྱེན་རབ་ཀྱི་ཕྱོགས་ཙམ་ཞིག་ལ་ཉེ་ག་ལ་ནུས། འོན་ཀྱང་དེ་དག་གི་བཤད་ཚུལ་གྱི་རྣམ་པ་དེ་དེད་པའི་ཉམས་ཀྱིས་མི་བཤད་པའི་ཐབས་མེད་ཕྱིར། གཞུང་འདི་ནི་རྒྱུད་དང་མན་ངག་ཟུང་དུ་འབྲེལ་བ། བཀའ་དང་བསྟན་བཅོས་གཉིས་ཆར་གྱི་བརྗོད་གཞི་ཚང་བ་ཞིག་ཡིན་པས། དཔལ་ནཱ་ལེནྡྲའི་པཎྜི་ཏ་རྣམས་ཀྱི་འཆད་སྲོལ་ཕུན་སུམ་ཚོགས་པ་ལྔ་དང་བསྟུན་ནས་བཤད་ན། འདི་ནི་ཆོས་སྐུའི་བསྟན་པ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་རྗེན་ཅེར་དུ་བསྟན་པའི་མན་ངག་རྫོགས་པ་ཆེན་པོའི་བསྟན་བཅོས་ཡིན་པ་དེས་ན་འདིའི་ཕུན་སུམ་ཚོགས་པ་ལྔ་ཡང་ཆོས་སྐུའི་དབང་དུ་བྱས་ནས་ཐུན་མིན་ཁྱད་པར་ཅན་གྱི་ལུགས། འོད་གསལ་རྡོ་རྗེ་སྙིང་པོའིདགོངས་པ་དང་བསྟུན་ནས་བཤད་དགོས་ཕྱིར། གནས་ཕུན་སུམ་ཚོགས་པ། ཆོས་ཉིད་འོད་གསལ་གྱི་གཞི་སུས་ཀྱང་འདུ་བྱེད་མ་མྱོང་བའི་འདུས་མ་བྱས་པའི་ཡོན་ཏན་གྱི་བཀོད་པ་དེ་ལས་རང་སྣང་བའི་ལྷུན་གྲུབ་རིན་པོ་ཆེའི་ཞིང་ཁམས་ན། སྟོན་པ་ཕུན་སུམ་ཚོགས་པ། མངའ་དབང་ཡོངས་སུ་རྫོགས་པའི་རྒྱལ་བ་ཀུན་ཏུ་བཟང་པོ་དང་། འཁོར་ཕུན་སུམ་ཚོགས་པ། ཡེ་ཤེས་རྒྱ་མཚོའི་ཚོགས་དང་ལྷན་ཅིག་ཏུ་སྐུ་དང་ཡེ་ཤེས་འདུལ་འབྲལ་མེད་པའི་དགོངས་པར་བཞུགས་པ་ལ། ཆོས་ཕུན་སུམ་ཚོགས་པ། ཆོས་སྐུའི་བསྟན་པ་རྒྱུ་འབྲས་བྱ་རྩོལ་ལས་འདས་པ་དེ། དུས་ཕུན་སུམ་ཚོགས་པ། དུས་གསུམ་དུས་མེད་ཀ་དག་ཆོས་ཉིད་བྱ་རྩོལ་ལས་འདས་པའི་རང་དུས་དེར་སྒྲ་ཚིག་བརྗོད་པ་ལས་འདས་པར་རང་སྣང་བའོ། །རྩིས་འགོ་ཡན་ལག་ལྔ་ལས་འདི་མཛད་པ་པོ་སུས་མཛད་ན། རྫོགས་ཆེན་བསྟན་པའི་ཤིང་རྟ་བ་ཆེན་པོ་རྒྱལ་བ་གཉིས་པ། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་ཀྱིས་མཛད་པ་དང་། ལུང་གང་ལས་བཏུས་ན། རྫོགས་ཆེན་སེམས་ཀློང་མན་ངག་སྡེའི་ཀློང་དགུ་བམ་པོ་ཉི་ཁྲི། རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་སོགས་ལས་སྙིང་པོའི་ཡང་བཅུད་དུ་བཏུས་པ་ཡིན། ཕྱོགས་གང་དུ་གཏོགས་པ་ཡིན་ན། ཐེག་རྩེ་འབྲས་བུའི་ཐེག་པ་རྫོགས་ཆེན་ཨ་ཏི་ཡོ་གའི་གསང་བ་བླ་ན་མེད་པའི་སྡེ་གསུམ་བཅུད་འདྲིལ་དུ་གཏོགས་པ་ཡིན། འདི་དགོས་ཆེད་ཅི་ཞིག་གི་ཆེད་དུ་མཛད་ན། དབང་པོ་རྣོན་པོ་འབད་མེད་དུ་གྲོལ་བའི་རིགས་ཅན་གྱི་དོན་དུ་གསུངས་པ་ཡིན། འདིའི་དབུ་ནས་ཞབས་སུ་བསྡུས་པའི་དོན་ནི། རྫོགས་ཆེན་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་པའི་ཉམས་ལེན་གྱི་གནད་རྣམས་བསྡུས་ནས་བསྟན་པའོ། །དེ་ནི་ཇི་ལྟར་འཆད་པའི་ཚུལ་ལོ།།

༼ཁ༽གང་ལྟར་འཆད་ཉན་བྱེད་པའི་ཚུལ།

གཉིས་པ་གང་ལྟར་འཆད་ཉན་བྱེད་པའི་ཚུལ་ནི། དེ་ལ་ཆོས་འཆད་ཉན་བྱེད་མཁན་ནི་སློབ་དཔོན་དང་སློབ་མ་གཉིས་ཀ་ཡིན་པས། འཆད་མཁན་སློབ་དཔོན་གྱི་རང་བཞིན། ཉན་མཁན་སློབ་མའི་རང་བཞིན། དེ་གཉིས་ཀའི་ཐུན་མོང་གི་བྱ་བའི་རང་བཞིན་རྣམས་ངེས་དགོས་པ་ཡིན་པས། དེ་ལ་སྤྱིར་སློབ་དཔོན་གྱི་མཚན་ཉིད་ནི། མདོ་སྡེ་རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པར་བརྩོན་བཅས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །བརྩེ་བའི་བདག་ཉིད་སྐྱོབ་སྤངས་ལ་བརྟེན། །ཞེས་པ་ལྟར་དུ་སྒོ་གསུམ་ཞི་ཞིང་ལེགས་པར་སྡོམ་པ། ཡོན་ཏན་དང་། བརྩོན་འགྲུས་དང་། ཐོས་པ་རྣམས་ཆེ་བ་སོགས་དང་། ཁྱད་པར་དུ་ལུང་གི་གནས་དང་ཟབ་མོའི་དོན་སྟོན་པ་ལ་མཁས་ཤིང་། ཆོས་སྟོན་པའི་དཀའ་བར་བཟོད་པ་ཞིག་དགོས་པ་ཡིན་ལ། འུ་གུ་ལ་དེའི་ཆ་འདྲ་ཙམ་དཀོན་ན་ཡང་། གོང་ནས་ཞུས་པ་ལྟར་དུ་ལྷག་པའི་བསམ་པས་དམ་པའི་ཆོས་འཛིན་པ་དེ། སྟོན་པའི་རྗེས་འཇུག་དགེ་སྦྱོང་ཞིག་གི་ལས་སྐལ་ཡིན་པར་བསམས་ནས་དཀའ་བ་དང་དུ་ལེན་པའི་ཁུར་བཟོད་པ་ཙམ་ཞིག་རེད། དེ་བཞིན་དུ་ཉན་པ་པོ་སློབ་མའི་རང་བཞིན་ཡང་། ཆོས་དང་བླ་མ་ལ་གུས་ཤིང་། ཆོས་ལ་དོན་གཉེར་གྱི་འདུན་པ་ཁྱད་པར་ཅན་ཡོད་པས་ཆོས་སྒྲུབ་ནུས་པ་ཞིག་དགོས་པ་ཡིན། འདིར་འདུས་ཀྱི་བསྟན་འཛིན་གྱི་སྐྱེས་བུ་མཁན་སྤྲུལ་རྣམ་པ་དང་། སྡེ་སྣོད་འཛིན་པ་ཐོས་བསམ་པ་དག་ལ་མཚོན་ན། ཐམས་ཅད་སྣོད་ཀྱི་སྐྱོན་གསུམ་དྲི་མ་དྲུག་དང་བྲལ་བའམ། དེར་འདུན་པའི་མོས་པ་ཅན་ཤ་སྟག་ཡིན་ངེས་ལ། འཆད་མཁན་ཉན་མཁན་ཐུན་མོང་གི་བྱ་བ་ནི། ཕྱིན་དྲུག་ཚང་པའི་འཆད་ཉན་ཏེ། དེ་ཡང་སློབ་མའི་ངོས་ནས་དྲུག་དང་སློབ་དཔོན་གྱི་ངོས་ནས་དྲུག་ཏུ་ཡོད་པ་སྟེ། ཆོས་སྤྱོད་ཐམས་ཅད་ཀྱི་མན་ངག་མངོན་པར་རྟོགས་པའི་རྒྱུད་ལས། མེ་ཏོག་སྟན་སོགས་རབ་འབུལ་ཞིང་། །ས་ཕྱོགས་སྤྱོད་ལམ་སྡོམ་པ་དང་། །སྲོག་ཆགས་ཀུན་ལ་འཚེ་མི་བྱེད། །བླ་མ་ལ་ནི་གསོལ་བ་འདེབས། །མ་ཡེངས་བླ་མའི་གདམས་ངག་ཉན། །དོགས་སེལ་ཕྱིར་ན་སྐྱོན་ཚིག་འདྲི། །སྒྲོལ་མ་ཡན་ལག་དྲུག་དང་ལྡན། །ཞེས་པ་ལྟ་བུའི་སློབ་མའི་ངོས་ནས་ཚང་དགོས་པ་དྲུག་དང་། སློབ་དཔོན་གྱི་ངོས་ནས་ཀྱང་ཚང་དགོས་པ་དྲུག་ནི། ལེགས་པར་སྨྲ་བ་སྦྱིན་པ་སྟེ། །ཉོན་མོངས་བསྡམས་པ་ཚུལ་ཁྲིམས་ཉིད། །སྐྱོ་བར་བཟོད་པ་བཟོད་པ་སྟེ། །འཆད་ལ་བརྩོན་པ་བརྩོན་འགྲུས་ཉིད། །དེ་ལས་མ་ཡེངས་བསམ་གཏན་ལ། །ཚིག་དོན་འབྱེད་མཁས་ཤེས་རབ་ཉིད། །འཇམ་དཔལ་ཡན་ལག་དྲུག་དང་ལྡན། །ཞེས་གསུངས་པ་ལྟར་རོ།།

༼ག༽དེ་ལྟར་འཆད་ཉན་བྱས་པའི་ཕན་ཡོན།

གསུམ་པ་དེ་ལྟར་འཆད་ཉན་བྱས་པའི་ཕན་ཡོན་ནི། ཆོས་འཆད་པ་ནི་སྦྱིན་པ་ཐམས་ཅད་ཀྱི་མཆོག་ཡིན་པ་དང་། ཆོས་བཤད་ན་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་ཀྱི་མཛོད་འཛིན་པ་དང་། བདེ་གཤེགས་སྲས་བཅས་ཀྱིས་མ་ཡིས་བུ་བཞིན་དུ་དགོངས་པར་མཛད་པ་དང་། རྟག་ཏུ་ཚེ་རབས་དྲན་པ་དང་། སངས་རྒྱས་ལས་ཆོས་ཐོས་པས་མྱུར་དུ་སངས་རྒྱས་ཐོབ་པའི་ཕན་ཡོན་ལ་སོགས་པ་དཔག་ཏུ་མེད་པ་ཡོད་པ་དང་། གཞན་ཡང་ཆོས་ཉན་ན་སེམས་ཀྱི་སྒྲིབ་པ་དག ཐེ་ཚོམ་གྱི་འཆིང་བ་གཅོད། ཚེ་རབས་ཀུན་ཏུ་དམ་པའི་ཆོས་དང་མི་འབྲལ། གཟུངས་ཀྱི་སྒོ་ཐོབ། ངན་སོང་ངན་འགྲོའི་གནས་སུ་མི་ལྟུང་། དཀར་ཕྱོགས་སྐྱོང་བའི་ལྷས་ཀྱང་སྲུང་ཞིང་ནད་དང་འཚེ་བ་ཉུང་བ་དང་། ཤེས་རབ་ཀྱི་མིག་རྙེད་ནས་མི་འགྱང་བར་སངས་རྒྱས་ཐོབ་པའི་དགོས་པ་ཁྱད་པར་ཅན་ལྡན་པ་ཡིན་ནོ།།

བཤད་བྱ་གཞུང་གི་དོན་དངོས་རྒྱ་ཆེར་བཤད་པ།

དེ་ལྟ་བུའི་འཆད་ཉན་ཚུལ་བཞིན་མཛད་པའི་གནད་ངེས་པའི་ཐོག་ནས་སྐབས་སུ་བབ་པ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་འཆད་པ་ལ། སྤྱི་ཆིངས་རྣམ་པ་ལྔས་འབྲེལ་དགོད་པ་དང་། དགོས་འབྲེལ་ཡན་ལག་བཞི་ཡིས་གཏན་ལ་ཕབ་པ། གཞུང་བཤད་པ་དངོས་ལ་འཇུག་པ་དང་གསུམ་ལས།

༼ཀ༽སྤྱི་ཆིངས་རྣམ་པ་ལྔས་འབྲེལ་དགོད་པ།

དང་པོ་ལའང་། རྣམ་བཤད་རིག་པ་ལས། མདོ་རྣམས་འཆད་འདོད་དེ་དག་ལ། །མན་ངག་ཅུང་ཟད་སྦྱིན་པར་བྱ། དེ་ལ་མན་ངག་འདི་ཡིན་ཏེ། །དགོས་པ་བསྡུས་པའི་དོན་བཅས་དང་། །བརྒལ་ལན་བཅས་དང་མཚམས་སྦྱོར་བཅས། །ཚིག་དོན་བཅས་ཏེ་བསྙད་པར་བྱ། །ཞེས་གསུངས་པ་ལྟར་དུ་ལྔ་ལས།

དང་པོ་དགོས་པའི་དོན།

དང་པོ་དགོས་པའི་དོན་ནི། སྤྱིར་རྒྱལ་བ་ཀློང་ཆེན་པའི་ཆོས་སྐུའི་དགོངས་པའི་གསང་མཛོད་མཛོད་ཆེན་བདུན་དང་ཤིང་རྟ་རྣམ་གསུམ་སོགས་དང་། ཁྱད་པར་དུ་ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ནི། སེམས་ཉིད་ཆོས་སྐུའི་རང་ཞལ་བསལ་བཞག་དང་བྲལ་བའི་ཡེ་ཤེས་རྗེན་པར་སྟོན་པའི་མན་ངག་གི་གཞུང་། ཟབ་པའི་ཡང་ཟབ་སྙིང་པོའི་ཡང་བཅུད་ཡིན་པས། འཇིགས་མེད་ཆོས་ཀྱི་དབང་པོས། གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང་། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་རེ་ཀན། །ཞེས་གསུངས་པ་སྟེ། བསོད་ནམས་ཀྱི་ཚོགས་ཆེན་བསགས་པ་སྔོན་སོང་ཅན་གྱི་སྐལ་བ་མཆོག་དང་ལྡན་པའི་གང་ཟག་གིས་ཐོས་བསམ་སྒོམ་པའི་རིམ་པས་འདི་ལ་ཞུགས་ན་གནས་སྐབས་དང་མཐར་ཐུག་གི་རང་གཞན་དོན་གཉིས་མྱུར་དུ་འགྲུབ་པ་དང་། བདེ་བར་གཤེགས་པའི་དོན་གྱི་བསྟན་པ་འཇིག་རྟེན་གྱི་ཁམས་སུ་ཡུན་རིང་དུ་གནས་པའི་གཞི་དང་། ཀུན་བཟང་ཐུགས་ཀྱི་བསྟན་པ་རང་བཞིན་རྫོགས་པ་ཆེན་པོ་སྙིང་ཐིག་སྙིང་པོའི་བསྟན་པ་མི་ནུབ་སྲིད་མཐར་གནས་པའི་མཆོག་གི་དགོས་པའོ།།

གཉིས་པ་བསྡུས་པའི་དོན།

བསྡུས་པའི་དོན་ནི། གཞུང་འདིར་རྫོགས་ཆེན་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་པ་དང་བཅས་པ། གང་ཟག་གཅིག་ལོ་དང་ཟླ་བས་འཚང་རྒྱ་བའི་གཞི་གྲོལ་འབྲས་བུའི་ཐེག་པ་དང་། ཐེག་པ་ཀུན་གྱི་ལམ་གནད་མཐར་ཐུག་རྣམས་བསྡུས་པའོ།།

གསུམ་པ་ཚིག་གི་དོན།

ཚིག་གི་དོན་ནི། མན་ངག་གིས་ཟབ་མོའི་གཞུང་དོན་རྒྱ་ཆེར་བཀྲལ་བའི་སྒྲ་དོན་ཡི་གེའི་འདུ་འགོད་དུ་བཀོད་པའི་ཚིག་གི་ཚོགས་སོ།།

བཞི་བ་སྔ་ཕྱི་འབྲེལ་བའི་མཚམས་སྦྱོར།

སྔ་ཕྱི་འབྲེལ་བའི་མཚམས་སྦྱོར་ནི། གཞུང་དོན་ལེའུ་བཅུ་གསུམ་ཡོད་པ་ལས། ལེའུ་དང་པོ་གཉིས་ཀྱིས་འཁོར་འདས་དབྱིངས་ལས་མ་གཡོས་ཤིང་སྣང་སྲིད་ཞིང་ཁམས་སུ་ཤར་བ་བསྟན་པ་དང་། བར་གྱི་ལེའུ་བདུན་གྱིས་བྱང་ཆུབ་སེམས་ཀྱི་མཚོན་དཔེ་དང་། རང་བཞིན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་བྱང་ཆུབ་སེམས་སུ་ཐམས་ཅད་འདུས་ཤིང་ཡེ་ནས་ལྷུན་གྲུབ་གཉིས་མེད་བྱང་ཆུབ་སེམས་སུ་ལ་ཟློ་ཚུལ་རྣམས་བསྟན་ཞིང་། ལེའུ་ཐ་མ་བཞི་ཡིས་ཆོས་ཉིད་གཡོ་མེད་ཀྱི་དགོངས་པ་མཁའ་མཉམ་དག་པར་བརྡལ་བའི་ཡེ་གྲོལ་བྱང་ཆུབ་སེམས་དེ་ལ། ཡང་གྲོལ་རྩོལ་སྒྲུབ་མེད་པར་བསྟན་པའི་སྒོ་ནས་རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་ཟབ་དོན་རིམ་པ་ཅན་དུ་མཚམས་སྦྱར་བས་ན་དོན་མ་ནོར་བར་གསུངས་པའོ།།

ལྔ་བ་བརྒལ་ལན།

བརྒལ་ལན་ནི། སྤྱིར་ན་ཐེག་མཆོག་ལྟ་བའི་ཆོས་སྐད་སེངྒེའི་སྒྲ་དབྱངས་ལྟ་བུ་སྒྲོག་ཡོང་དུས་དམན་པའི་ཡིད་དཔྱོད་ཀྱི་རང་ས་ན་འགྱིངས་པའི་ཝ་སྐྱེས་ལ་སོགས་པའི་རི་དྭགས་ཀྱི་ཚོགས་འགའ་རེས་ཟིལ་མ་ཐུབ་པར་སྐད་ངན་ཤོར་བའི་རིགས་དང་མཚུངས་པ་དག་ལ་གཞུང་གི་སྐབས་སོ་སོ་ནས་དགོས་གནད་ཁྱད་པར་ཅན་དང་བསྟུན་པའི་བརྒལ་བའི་ལན། ཟིལ་གནོན་བཀའ་རྟགས་ཀྱི་ཕྱག་རྒྱ་དངོས་དང་བརྒྱུད་པ་ཅི་རིགས་པ་མཚམས་དང་མཚམས་སུ་འབྱུང་ཞིང་། འདིར་མཚན་དོན་དང་འབྲེལ་བའི་བརྒལ་བ་ནི། འདིའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་འདི་ལ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་ཅེས་བྱ་བ་བཞུགས་སོ། །ཞེས་དབུའི་ཞལ་བྱང་གིས་བསྟན་པ་ལ། བསྟན་བཅོས་ཀྱི་མཚན་ལ་ལུང་གི་གཏེར་མཛོད་ཅེས་བཏགས་པ་མི་འཐད་དེ། འདིས་བསྟན་བྱའི་སྙིང་པོ་ནི་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པའི་ཆོས་ཡིན་ལ། རྩོལ་སྒྲུབ་རྒྱུ་འབྲས་བྱ་བྱེད་ལས་འདས་པའི་ཆོས་གང་ཞིག་ལ་ལུང་དང་རིགས་པས་གང་དུ་ཅི་ཞིག་བསྒྲུབ་པར་བྱ་ཞེ་ན། དེ་ལ་འདི་འཐད་ཅིང་གྲུབ་སྟེ། ལུང་ནི་ཡིད་ཆེས་ཚིག་ཡིན་ནོ། །ཞེས་གསུངས་ན། ལུང་དེ་ཡང་གཟུགས་སྐུ་གཉིས་ཀྱི་འཆར་གཞི་ཆོས་སྐུའི་སྟོན་པ་མཐར་ཐུག་རྡོ་རྗེ་འཆང་གི་དགོངས་གསང་སྒྲ་ཚིག་ཏུ་ཤར་བ་རྫོགས་ཆེན་བཅུ་བདུན་རྒྱུད་ཀྱི་དགོངས་དོན་དེ་ཡིན་པས། བཅུ་བདུན་རྒྱུད་ཀྱི་སེམས་ཀློང་མན་ངག་སྡེའི་ཡང་ཟབ་སྙིང་པོར་དྲིལ་བའི་མཛོད་ཀྱི་ལུང་ལས་འདི་བྱུང་ཞིང་། འདི་ཉིད་དེའི་དགོངས་དོན་གསལ་བར་བྱེད་པའི་གཏེར་མཛོད་ཀྱི་སྒོའི་ཡང་འབྱེད་ཀྱི་ལྡེའུ་མིག་ལྟ་བུ་ཡིན་པས་ལུང་གི་གཏེར་མཛོད་དུ་འཐད་པ་དང་། འདིར་དེའི་དོན་གསལ་བས་ཀྱང་ལུང་གི་གཏེར་མཛོད་དུ་གྲུབ་ཅིང་འཐད་དོ། །དེས་སྤྱི་ཆིངས་རྣམ་པ་ལྔས་འབྲེལ་དགོད་པ་སོང་ནས།།

༼ཁ༽དགོས་འབྲེལ་ཡན་ལག་བཞིས་གཏན་ལ་ཕབ་པ།

གཉིས་པ་དགོས་འབྲེལ་ཡན་ལག་བཞིས་གཏན་ལ་ཕབ་པ་ནི། སྤྱིར་སྐྱེས་བུའི་ངག་ཙམ་ལ་ཡོད་པའི་དགོས་འབྲེལ་ཆུ་ལོངས་ཤིག་ལྟ་བུའི་ངག་ཚིག་ལ་བརྗོད་བྱ་དགོས་པ་ཉིང་དགོས་འབྲེལ་བ་དང་བཞི་ཡོད་པ་དེ་དཔེ་རུ་བཀོད་ནས། དགོས་འབྲེལ་ངག་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ལས། བརྗོད་བྱ་ནི་འདིའི་བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་དང་། དེ་ལ་བརྟེན་ནས་བསྟན་བཅོས་འདི་ལ་ཆོས་བཞི་ཚང་བར་ཤེས་པ་ནི་དགོས་འབྲེལ་གྱི་ངག་བཀོད་པའི་དགོས་པ། ཡང་དེ་ལ་བརྟེན་ནས་རྟོག་ལྡན་གྱི་གང་ཟག་མན་ངག་གི་བསྟན་བཅོས་འདི་ལ་འཇུག་པ་ནི་ཉིང་དགོས་དང་། དེ་དག་འབྲེལ་བ་ནི་འབྲེལ་བའོ། །དེ་བཞི་ཡིས་བསྟན་བཅོས་འདི་ལ་འཇུག་པའི་རྒྱུ་བརྗོད་ནས། བསྟན་བཅོས་ལུས་ལ་ཡོད་པའི་དགོས་འབྲེལ་ཡན་ལག་བཞི་ནི། རྫོགས་ཆེན་གཞི་ལམ་འབྲས་བུའི་དོན་གང་ཟག་གཅིག་གི་ཐར་ལམ་ཚང་ལ་མ་ནོར་བར་བསྟན་པ་ནི་བརྗོད་བྱ། དེ་སྣོད་ལྡན་གྱི་སྐྱེས་བུས་རྟོགས་པ་ནི་དགོས་པ། དེ་བཞིན་ཉམས་སུ་བླངས་ནས་མཐར་ཐུག་གི་གྲོལ་བ་ཐོབ་པ་ཉིང་དགོས་སོ། །འདི་ལྟར་བཤད་པ་ནི། བརྗོད་བྱ་མེད་པར་དོགས་པ་ལ་བརྗོད་བྱ་བསྙད་དགོས་པ་དང་། འབྲས་བུ་གང་ཡོད་སྙམ་པའི་ཐེ་ཚོམ་ལྡོག་པའི་ཆེད་དུ་དགོས་པ་བརྗོད་དགོས་པ་དང་། མཐར་ཐུག་གི་དགོས་པ་ཅི་འགྲུབ་སྟོན་པའི་ཆེད་དུ་དགོས་པའི་དགོས་པ་བསྟན་དགོས་པ་དང་། དེའི་ཐབས་མེད་པའི་དོགས་པ་སྤོང་བའི་ཆེད་དུ་འབྲེལ་བ་ཡང་བཤད་དགོས་པ་སྟེ། དེ་ལྟར་ན་བརྗོད་བྱ་བསྙད་པ་དང་། དགོས་པ་བརྗོད་པ་དང་། ཉིང་དགོས་བསྟན་པ་དང་། འབྲེལ་བ་བཤད་པ་དང་བཞི་ནི། སྟོན་པ་བཅོམ་ལྡན་འདས་ཀྱིས་དམ་ཆོས་འདུལ་བ་གསུངས་དུས་ཀྱང་ཚུལ་དེ་ལྟ་བུས་བསྟན་པའི་ཕྱིར་ན། མདོ་རྒྱུད་བསྟན་བཅོས་སྤྱིའི་འཆད་ཐབས་ཡིན་ནོ།།

༼ག༽བཤད་བྱ་གཞུང་གི་དོན་དངོས་བསྟན་པ།

གསུམ་པ་བཤད་བྱ་གཞུང་གི་དོན་དངོས་བསྟན་པ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ཉིད་ཀྱི་འགྲེལ་བ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ་དང་། འཇུག་ཡུལ་ལུས་ཀྱི་དོན་དངོས་རྒྱ་ཆེར་བཤད་པ་དང་། ཡོངས་སུ་རྫོགས་པ་མཇུག་གི་དོན་དང་གསུམ་གྱིས་བཤད་པ་ལས།

འགྲེལ་བ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ།

དང་པོ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ་ལ། མཚན་སྨོས་པ། འགྲེལ་བ་པོས་ཕྱག་འཚལ་བ། འགྲེལ་བ་ཉིད་བརྩམ་པར་དམ་བཅའ་བ། མཚན་དོན་འགྲེལ་བ། གཞུང་རྩ་བ་དངོས་ཀྱི་ཕྱག་གིས་མཆོད་པར་བརྗོད་པ་སོགས་རིམ་གྱིས་འབྱུང་བ་ལས།

༼ཀ༽འགྲེལ་བའི་མཚན་སྨོས་པ།

ཐོག་མར་མཚན་རྒྱ་གར་གྱི་སྐད་དུ་སྨོས་པ་ནི། རྒྱ་གར་སྐད་དུ། དྷརྨ་དྷཱ་ཏུ་རཏྣ་ཀོ་ཥ་ནཱ་མ་བྲྀཏྟི། དེ་ཉིད་བོད་སྐད་དུ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་འགྲེལ་པ། ཞེས་གསུངས་ཏེ། སྐད་གཉིས་ཤན་སྦྱར་ན། དྷརྨ་དྷཱ་ཏུ་ཆོས་དབྱིངས། རཏྣ་ཀོ་ཥ་རིན་པོ་ཆེའི་མཛོད། ནཱ་མ་ཅེས་བྱ་བའི། བྲྀཏྟི་འགྲེལ་པའོ།།

༼ཁ༽འགྲེལ་བའི་ཕྱག་འཚལ་བ།

༡ སྤྱིར་ཕྱག་འཚལ་བ།

གཉིས་པ་རང་འགྲེལ་མཛད་པ་པོ་རང་ཉིད་ཀྱིས་འགྲེལ་བའི་ཐོག་མར་ཕྱག་མཛད་པ་ལ། སྤྱི་དང་བྱེ་བྲག་གི་ཕྱག་འཚལ་བ་གཉིས་ཡོད་པ་ལས། དང་པོ་སྤྱིར་ཕྱག་འཚལ་བ་ནི། རྒྱལ་བ་རྒྱ་མཚོའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་སྟེ། རྒྱལ་བ་དགྲ་རྒྱལ་རྣམ་པ་རྒྱལ། །ཞེས་གསུངས་པ་ལྟར་དུ་བདུད་བཞིའི་དགྲ་ལས་རྒྱལ་བའི་རྒྱལ་བ་དང་། རྒྱ་མཚོ་ནི་མཐའ་ཀླས་པའི་དོན་ཡིན་ལ། གདོད་མའི་མགོན་པོ་མངོན་པར་བྱང་ཆུབ་ནས་ནང་གསལ་གསང་བའི་དབྱིངས་ན་བཞུགས་པའི་རྩལ་ལམ་དེའི་བྱིན་རླབས་ལས། ཡེ་ཤེས་ལྔ་རུ་བརྡལ་བའི་ཞིང་ཁམས་རྒྱ་མཚོ་ལ་རང་ཤར་ཞིང་། དེའི་སྣང་ཆ་ལས་རིགས་ལྔའི་རྒྱལ་བ་གངས་ཆེན་མཚོའི་རྣམ་འཕྲུལ་དང་བཀོད་པ་མཐའ་ཡས་པ་རྒྱ་མཚོ་ལྟ་བུའི་ཕྱོགས་བཅུ་དུས་བཞིའི་བདེ་བར་གཤེགས་པ་མ་ལུས་མི་ལུས་ལུས་པ་མེད་པའི་ཚོགས་ཐམས་ཅད་ལ་ཕྱག་འཚལ་ལོ་ཞེས་སྤྱི་ལ་ཕྱག་འཚལ་བས་མདོར་བསྟན་ནས།

༢ བྱེ་བྲག་ཏུ་ཕྱག་འཚལ་བས་རྒྱས་པར་བཤད་པ།

བྱེ་བྲག་ཏུ་ཕྱག་འཚལ་བས་རྒྱས་པར་བཤད་པ་ནི། ཐོག་མའི་མགོན་པོ་ཀུན་ཏུ་བཟང་པོ་ནི། །དྲི་མེད་ནམ་མཁའ་ལྟ་བུར་རྣམ་དག་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། །སྲིད་ཞིའི་དཔལ་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཡེ་ཐོག་གདོད་མའི་དུས་སངས་རྒྱས་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པའི་ཀུན་ཏུ་བཟང་པོ་འོད་མི་འགྱུར་བའི་སངས་རྒྱས་དེ་ཉིད། ཇི་ལྟར་སངས་རྒྱས་ཏེ་གདོད་མའི་མགོན་པོར་གྲུབ་པ་ཡིན་ན། ཐོག་མའི་དབྱིངས་སམ་གནས་ལུགས་ཀྱི་ཐོག་མའི་གཞི་ལས་གཞན་དུ་མི་འགྱུར་བའི་ངང་ནས་ལྷུན་གྲུབ་ཀྱི་ནང་གདངས་ཕྱིར་འཕགས་ཏེ། ཐུགས་རྗེའི་རིག་པ་མ་རིག་པའི་ཆར་ལྡོག་པའི་མགོ་རྩོམ་པའི་དུས་སུ། རིག་པའི་ཆོས་ཉིད་ཀུན་ཏུ་བཟང་པོས་རང་སྣང་རང་བཞིན་མེད་པར་ཤེས་ཏེ། ཕྱིས་འཁྲུལ་བ་མི་སྲིད་པའི་ཀ་དག་གི་ས་ལ་ཐིམ་ནས། སངས་རྒྱས་ཐམས་ཅད་ཀྱི་སྔོན་རོལ་དུ་ཀུན་གྱི་སྟོན་པར་སངས་རྒྱས་པ་ནི་སྟོན་པ་ཀུན་ཏུ་བཟང་པོ་ཡིན་ལ། དེ་ཡང་དྲི་མེད་སྟོན་གྱི་ནམ་མཁའ་གཡའ་དག་པ་ལྟ་བུའི་ངོ་བོ་ཀ་དག་གི་ཆ་ལ་བློའི་རྟོག་དཔྱོད་ཀྱི་དྲི་མ་རྣམ་པར་དག་ཅིང་། རང་བཞིན་ལྷུན་གྲུབ་ཀྱི་སྐུ་ལྔ། ཡེ་ཤེས་ལྔ། རིགས་ལྔ། འོད་ལྔ། མཁའ་འགྲོ་ལྔ་ལ་སོགས་པ་རང་བཞིན་འདུ་འབྲལ་མེད་པར་བཞུགས་པའི་ལྷ། སྲིད་ཞིའི་དཔལ་ལམ་སངས་རྒྱས་དང་སེམས་ཅན་ཐམས་ཅད་ཀྱི་བླ་མའམ་སྤྱི་དཔལ་ཆེན་པོར་གྱུར་པ་གང་ཡིན་པ་དེ་ཉིད་ལ་ཕྱག་འཚལ་བ་པོ་རང་གི་རིག་པ་དང་འདུ་འབྲལ་མེད་པར་རང་ཞལ་མཇལ་བ་སྟེ། རབ་ལྟ་བ་མཇལ་བའི་སྒོ་ནས་ཕྱག་འཚལ་བའོ། །འདིའི་སྐབས་ཀྱི་རང་རིག་ལྟ་བ་མཇལ་བའི་ཕྱག་འཚལ་སའི་ལྷ་དེ་གང་ལ་གོ་དགོས་ན། ཆོས་ཉིད་དོན་གྱི་ལྷ་སྣང་སྟོང་གཉིས་མེད་ཀྱི་ཡེ་ཤེས། འཕོ་ཆགས་མཚན་མའི་སྤྲོས་པ་ཐམས་ཅད་དང་བྲལ་བ། དུས་གསུམ་བདེ་གཤེགས་ཐམས་ཅད་དང་ཐ་མི་དད་པའི་རང་བྱུང་ཡེ་ཤེས་སྐུ་ཅན། འཁོར་འདས་མཉམ་ཉིད་དུ་སངས་རྒྱས་པའི་རིགས་ཀུན་ཁྱབ་བདག་དོན་གྱི་ལྷ་ལ་གོ་དགོས་ཤིང་། དེའི་ཞིང་དང་མཛད་པ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པར་སངས་རྒྱས་དང་སེམས་ཅན་གྱི་སྣང་བས་ཇི་ཙམ་ཁྱབ་པ་དེ་ཙམ་དུ་ཐོག་མཐའ་མེད་པར་བཞུགས་ཤིང་དེ་ལ་མངའ་དབང་རྫོགས་པའི་སྟོན་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་བའོ། །དེས་བྱེ་བྲག་ཏུ་ཕྱག་འཚལ་བ་རྒྱས་པར་བཤད་པ་སོང་ནས།

༼ག༽འགྲེལ་བའི་བརྩམ་པར་དམ་བཅའ་བ།

གསུམ་པ་བརྩམ་པར་དམ་བཅའ་བ་ནི། འགྲོ་ཀུན་མེད་སྣང་སྒྱུ་འདྲའི་འཁོར་བ་འདིར། །རྨི་ལམ་བཞིན་དུ་འཛིན་པས་བཅིངས་པ་རྣམས། །རང་བཞིན་རྣམ་གྲོལ་རྫོགས་པ་ཆེན་པོའི་དོན། །ལྷུན་མཉམ་ཡངས་པ་ཆེན་པོའི་རྣམ་བཤད་བྱ། །ཞེས་གསུངས་ཏེ། དེ་ཡང་ཐོག་མའི་གཞི་ལ་འཁྲུལ་བ་མ་མཆིས་ན་ཡང་། གཞི་ལས་གཞི་སྣང་ཤར་བའི་རང་ངོ་མ་རིག་པའི་དབང་གིས་མ་རིག་པ་གསུམ་པོ་ཚོགས་ཤིང་འདུས་པ་རྒྱུའི་རྐྱེན་དང་། དེ་ལ་རྟོག་དཔྱོད་དུ་སོང་བ་བདག་པོའི་རྐྱེན། དེ་ལ་ཡུལ་དུ་བཟུང་བ་དམིགས་པའི་རྐྱེན། དེ་གསུམ་དུས་མཚུངས་པས་དེ་མ་ཐག་རྐྱེན་བྱས་པ་སྟེ། དེ་ལྟ་བུའི་རྒྱུ་གསུམ་རྐྱེན་བཞིའི་དམིགས་པ་མ་དག་པའི་དབང་གིས་ཁམས་གསུམ་འཁོར་བར་འཁྱམས་པའི་འགྲོ་བ་སེམས་ཅན། མེད་བཞིན་དུ་སྣང་བ་མདང་གི་རྨི་ལམ་ལྟ་བུའི་འཁོར་བའི་འཁོར་ལོ་འདི་དག རྨི་ལམ་གྱི་དུས་སུ་རྨི་ལམ་ལ་བདེན་པར་འཛིན་པ་བཞིན་དུ། བདེན་ཞེན་ཨ་འཐས་ཞེན་པས་རང་གིས་རང་བཅིངས་ཤིང་ལས་ཉོན་གྱི་སྒྲོག་ཏུ་ཚུད་པའི་སྙིང་རྗེའི་ཡུལ་གྱུར་མཐའ་ཀླས་པ་རྣམས་རྣམ་པར་དགྲོལ་བར་བྱ་བའི་ཕྱིར་དུ་། ཡེ་ནས་བཅིངས་མ་མྱོང་བའི་གནས་ལུགས་གཤིས་ཀྱི་བཞུགས་ཚུལ། རང་བཞིན་གྱི་རྣམ་པར་གྲོལ་བ་གཞི་རྫོགས་འཕོ་འགྱུར་དང་བྲལ་བ། གཅིག་རྫོགས་ཀུན་རྫོགས་ཆོས་ཀུན་འདུས་པའི་རྩེ་མོ། རང་བྱུང་ལྷུན་གྱིས་གྲུབ་པའི་རྫོགས་པ་ཆེན་པོ། འཁོར་འདས་མཉམ་ཉིད་ཡེ་ནས་གྲོལ་ཞིང་ཡེ་ནས་ལྷུན་མཉམ་པ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའི་ཡངས་པ་ཕྱམ་གདལ་ཆེན་པོའི་གཞི་ལམ་འབྲས་བུའི་དོན་གྱི་རྣམ་གཞག་མ་འདྲེས་པར་ལེགས་པར་བཤད་པར་བྱའོ་ཞེས་བརྩམ་པར་དམ་བཅས་པའོ། །འདིའི་ལྷུན་མཉམ་གྱིས་སེམས་སྡེ། ཡངས་པ་ཞེས་པས་ཀློང་སྡེ། ཆེན་པོའི་སྒྲས་མན་ངག་སྡེ་སྟེ། སྡེ་གསུམ་གྱི་སྙིང་པོའི་དོན་རྣམས་གསལ་བར་ཕྱེས་པའི་གོ་དོན་ཡང་བཀྲལ་དུ་ཡོད་ཅིང་། འདིའི་མཚན་བཀོད་པའི་དགོས་པ་ནི། དབུ་མཚན་མཐོང་བས་དབུ་ཞབས་ཀྱི་དོན་ཁོང་དུ་ཆུད་པའམ་ཕྱོགས་ཙམ་རྟོགས་ཤིང་བསྟན་བཅོས་འཚོལ་སླ་བའི་དགོས་པ་སོགས་དང་། སྐད་གཉིས་ཀྱི་སྟེང་ནས་མཚན་སྨོས་པས་སྤྲུལ་སྐུའི་སྟོན་པ་འཚང་རྒྱ་བའི་གནས་ཆོས་ཁུངས་རྒྱ་གར་སོགས་གསང་སྔགས་བྱོན་པའི་གནས་གཞན་དང་བཅས་པའི་རྒྱུད་སྡེ་ཐམས་ཅད་དོན་མཐུན་བོད་སྐད་དུ་བཀོད་པའི་ཤེས་བྱེད་དུ་འགྱུར་བ་དང་། ཕྱག་འཚལ་བས་རྩོམ་པ་མཐར་ཕྱིན་པ་དང་། རྗེས་འཇུག་གི་ཚོགས་གཉིས་རྫོགས་པ་དང་། སྟོན་པ་ལ་དད་ཅིང་བསྟན་བཅོས་ལ་འཇུག་འདོད་བསྐྱེད་པ་སོགས་ཀྱི་དགོས་པ་དང་། གཞན་ཡང་བརྩམ་པར་དམ་བཅས་པས་ཁས་བླངས་ཉམས་འོག་ཏུ་ཆུད་ཅིང་། བྱ་དཀའི་རྐྱེན་གྱིས་མི་འཕྲོག་པར་བརྩམ་པ་མཐར་ཕྱིན་པའི་དགོས་པའང་ཡོད་དེ། བརྒྱད་སྟོང་འགྲེལ་ཆེན་ལས། གཞན་དོན་བརྩེ་བ་ཅན་རྣམས་སྲོག་ཕྱིར་ཡང་། །རང་གི་ནུས་པ་ལྷོད་པར་མི་བྱེད་དེ། །སྐྱེས་བུ་དམ་པ་ཁུར་ལྕི་ཁུར་བ་དག །ཉམ་ངའི་གནས་སུ་ནམ་ཡང་འདོར་མི་བྱེད། །ཅེས་གསུངས་པའི་ཕྱིར། དེས་འགྲེལ་བ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ་སོང་ངོ་།།

འཇུག་ཡུལ་ལུས་ཀྱི་དོན་དངོས་རྒྱ་ཆེར་བཤད་པ།

༡ རྒྱུད་འབྱུང་གི་གླེང་གཞི་བསྟན་པ།

གཉིས་པ་འཇུག་ཡུལ་བསྟན་བཅོས་དངོས་ཀྱི་ལུས་བཤད་པ་ལ། ཐོག་མར་རྒྱུད་འབྱུང་གི་གླེང་གཞི་ཡིས་གླེང་བསླངས་ནས་བཤད་པ་ནི། གང་གི་ཚེ་གདོད་མའི་དབྱིངས་སུ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བྱང་ཆུབ་བརྙེས་ནས། ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་ཏེ། སྐུ་དང་། གསུང་དང་། ཐུགས་དང་། ཡོན་ཏན་དང་། ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་ལས། ཉི་མའི་དཀྱིལ་འཁོར་སྒྲིབ་པ་མེད་པ་ལས་འོད་ཟེར་འཕྲོ་བ་ལྟར། ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་ཞིང་ཁམས། ཆོས་ཀྱི་དབྱིངས་དང་ནམ་མཁའི་མཐའ་ཀླས་པའི་རྒྱ་མཚོའི་སྙེད་དུ། ལྷུན་གྱིས་གྲུབ་པའི་ཐུགས་རྗེ་དང་། གདུལ་བྱ་རྣམས་ཀྱི་དཀར་པོ་རྣམ་པར་འཕེལ་བའི་རྒྱུས། གང་ལ་གང་འདུལ་བའི་ཐུབ་པ་བཅོམ་ལྡན་འདས་ཀྱི་སྒྲོན་མ་རྣམ་པར་བཀོད་པས། ཆོས་ཀྱི་འཁོར་ལོ་བསྐོར་བ་དག་གི་འབྲས་བུའི་དོན་ཡོངས་སུ་རྫོགས་པ་ནི། རང་བཞིན་རྫོགས་པ་ཆེན་པོ་གསང་བ་བླ་ན་མེད་པའི་ཐེག་པ་འདི་ཡིན་ཏེ། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། འདི་ནི་ཉག་གཅིག་རྣལ་མ་ཡིན། །དོན་ཀྱི་ས་བོན་རྣམས་སུ་ནི། །ངེས་པའི་སྙིང་པོ་ཉིད་དུ་ཡང་། །གསུངས་སོ་བསྟན་ཏོ་བཤད་པ་ཡིན། །བསྟན་པའི་གསུང་ནི་རྒྱ་མཚོ་ཀུན། །ལ་ལ་གནས་སྐབས་ཡུལ་དོན་དུ། །ལ་ལ་མ་འོངས་འཇུག་དོན་ཡིན། །ལ་ལ་གདུལ་དོན་ཐ་དད་ཉིད། །སྙིང་གི་སྙིང་པོ་ཚིག་འགའ་ལས། །ཀུན་གྱིས་འགྲུབ་པ་མ་ཡིན་ནོ། །ཞེས་གསུངས་སོ། །ཞེས་གསུངས་པ་སྟེ། ཀུན་ཏུ་བཟང་པོས་གཞི་སྣང་རང་ངོ་ཤེས་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་དེ་གྲོལ་བའི་གཞི་རྫོགས་འཕོ་འགྱུར་དང་བྲལ་བའི་དུས་གང་གི་ཚེ། གདོད་མའི་དབྱིངས་སུ་ལུང་མ་བསྟན་གྱི་མ་རིག་པ་བག་ཆགས་དང་བཅས་པ་སྤངས་ནས་ཉོན་མོངས་པ་ལས་གྲོལ་བས་བསོད་ནམས་ཀྱི་ཚོགས་རྫོགས། དེ་དང་ཆབས་ཅིག་ཏུ་དེ་བཞིན་ཉིད་ཀྱི་དགེ་བ་སྡིག་པའི་ཆོས་ཅན་མ་ཡིན་པ་རང་བྱུང་གིས་རྟོགས་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་སྟེ། དེ་ལྟར་འབད་པ་མེད་པར་ཚོགས་གཉིས་ཡེ་རྫོགས་སྒྲིབ་གཉིས་ཡེ་དག་གི་སངས་རྒྱས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་བྱང་ཆུབ་མཆོག་གི་གོ་འཕང་བརྙེས་ནས། ནང་དབྱིངས་སྤྲོས་བྲལ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་བཞིན་དུ་རང་བཞིན་འོད་གསལ་གྱི་མཁྱེན་ཆ་འགག་པ་མེད་པའི་གདངས་ཕྱིར་གསལ་དབྱིངས་ཀྱི་ལོངས་སྤྱོད་རྫོགས་སྐུ་ངེས་པ་ལྔ་དང་ལྡན་པ་མཚན་དཔེའི་བདག་ཉིད་ཅན་དེ། གནས་ལྷུན་རྫོགས་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་ས་བཅུའི་དབང་ཕྱུག་དག་གིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་པའི་སྐུ་དང་གསུང་དང་ཐུགས་དང་ཡོན་ཏན་དང་ཕྲིན་ལས་མི་ཟད་རྒྱན་གྱི་འཁོར་ལོར་བཀོད་པའི་མདངས་ནང་གསལ་དུ་བཞུགས་ཏེ། དེའི་གཟུགས་བརྙན་ལོངས་སྐུའི་སྟོན་པས་རང་གི་འཁོར་ས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ། དེ་བཞིན་གཤེགས་པའི་གསང་བ་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པ་མི་ཟད་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་ཆོས་ཉིད་ངོ་བོས་གཉིས་མེད་དུ་འདྲེས་ནས་སྟོན་འཁོར་དགོངས་པ་མཉམ་པ་མ་གྱུར་པར་དེ་སྲིད་དུ་དུས་མི་ཟད་རྟག་པར་རྒྱུན་གྱི་འཁོར་ལོར་བཞུགས་པ་དེ་ལས། ཉི་མའི་དཀྱིལ་འཁོར་སྒྲིབ་པ་མེད་པ་ལས་འོད་ཟེར་འཕྲོ་བ་ལྟར་དུ། བརྩེ་བའི་ཐུགས་རྗེ་ཆེན་པོ། འགྲོ་བ་རྨི་ལམ་དང་འདྲ་བར་འཁྲུལ་རྒྱུ་མེད་བཞིན་དུ་འཁྲུལ་བ་དེ་དག་གི་དོན་དུ་རང་སྣང་ལོངས་སྤྱོད་རྫོགས་པའི་སྐུའི་སྣང་ཆར་ཤར་བ་དེ་ལས། རིགས་ལྔའི་རྒྱལ་བ་གངས་ཆེན་མཚོའི་སྐུ་ཕྱོགས་བཅུ་མཐའ་ཡས་མུ་མེད་པར་བཀོད་པའི་ཞིང་ཁམས། ཆོས་ཀྱི་དབྱིངས་དང་། ནམ་མཁའི་རྒྱ་ཆེན་དང་མཉམ་པར་མཐའ་ཀླས་ཤིང་ཚད་མེད་པའི་རྒྱ་མཚོ་དེ་སྙེད་ཀྱི་ཚད་ལས་ཀྱང་ཚད་མེད་པའི་ཚད་མེད་བསམ་གྱིས་མི་ཁྱབ་པའི་ཞིང་ཁམས་རྣམས་སུ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྟག་པ་རྒྱུན་གྱི་འཁོར་ལོ། ཐོག་མ་དུས་འདི་ནས་བྱུང་བ་དང་། ཐ་མའི་མཛད་པ་འདི་ནས་རྫོགས་པའི་སྔོན་དང་ཕྱི་མའི་མཐའ་དཔོག་པར་མི་ནུས་པའི་མི་གཡོ་ལྷུན་གྱིས་གྲུབ་པའི་ཐུགས་རྗེ་དང་། གདུལ་བྱའི་སེམས་ཅན་ཐམས་ཅད་ཀྱི་དཀར་པོ་བསོད་ནམས་རྣམ་དཀར་གྱི་ཆ་རྣམ་པར་འཕེལ་བའི་རྒྱུ་ཡིས། གང་ལ་གང་གིས་འདུལ་བའི་ཐུབ་པ་བཅོམ་ལྡན་འདས་ཀྱི་སྒྲོན་མ་རྣམ་པར་བཀོད་པས་ཏེ། སྤྱིར་ན་རྒྱལ་བའི་ཞིང་ཁམས་ཀྱི་བཀོད་པ་འདི་ལ། སྐུ་གསུམ་གྱི་སྣང་བའི་ཞིང་ཁམས་གསུམ་དུ་འབྱུང་བ་ཡིན་ཏེ། ཆོས་སྐུའི་དུས་སུ་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས། རང་སྣང་ལོངས་སྤྱོད་རྫོགས་པའི་དུས་སུ་ཚངས་པ་རྔ་སྒྲའི་ཞིང་ཁམས། སྤྲུལ་སྐུའི་དུས་སུ་ཚངས་ཆེན་གྱི་ཞིང་ཁམས་ཏེ། དེ་ཡང་འབྱུང་བཞིས་གར་ཁྱབ་དེ་ཚངས་ཆེན་གྱི་བསྐལ་པའི་ཁོངས་སུ་འདུ་ཞིང་། དེ་ལྟ་བུའི་གདུལ་ཞིང་ལ་འདུལ་བྱེད་སྐུ་གསུམ་སྟོན་པས་ཆོས་ཀྱི་ཆར་བ་ཕབ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བ་དག་གི་འབྲས་བུའི་དོན་ཡོངས་སུ་རྫོགས་པ་ནི། རང་བཞིན་རྫོགས་པ་ཆེན་པོའི་གསང་བ་བླ་ན་མེད་པའི་ཐེག་པ་འདི་ཡིན་ཏེ་ཞེས། ཆོས་ལོངས་སྤྲུལ་སྐུའི་ཕུན་སུམ་ཚོགས་པ་ལྔ་ཤུགས་ལ་བསྟན་པའི་གོ་དོན་དང་ལྡན་པའི་རྒྱུད་འབྱུང་གི་གླེང་གཞིའམ། ཆོས་རྫོགས་པ་ཆེན་པོའི་ཁྱད་ཆོས་ཁྱད་དུ་འཕགས་པའི་རྨད་བྱུང་ངོ་མཚར་བའི་རང་བཞིན་བསྟན་པའོ། །དེ་ལྟ་བུའི་ཉག་གཅིག་རྣལ་མ་དོན་གྱི་ས་བོན་ངེས་པའི་སྙིང་པོ་ཉིད་དུ་བསྟན་ཞིང་འདུས་པ་ཡིན་ཡང་། ཁམས་དབང་ཐ་དད་པའི་གདུལ་བྱ་འདུལ་བའི་དོན་དུ་ཐེག་པའི་རྣམ་གྲངས་དང་འཇུག་སྒོ་སྣ་ཚོགས་བསྟན་པ་ཡིན་ལ། འོན་ཀྱང་དོན་གྱི་སྙིང་པོ་ནི། རྫོགས་པ་ཆེན་པོ་གནད་ཀྱི་སྙིང་པོའི་ཡང་ཟབ་བསྟན་པའི་ཚིག་འགར་འདུས་པས། དེ་ལས་གཞན་གྱིས་གྲུབ་པ་མ་ཡིན་པའི་རྫོགས་པ་ཆེན་པོ་འདིའི་གནས་ངེས་པ་ནི་འབད་མེད་ཅོག་གཞག་གིས་གྲོལ་བ་ཀ་དག་ཁྲེགས་ཆོད་དང་། འབད་བཅས་རྩོལ་བ་ཅན་གྱིས་གྲོལ་བ་ལྷུན་གྲུབ་ཐོད་རྒལ་གྱི་རིམ་པ་གཉིས་ལས། རེ་ཞིག་དབང་པོ་ཡང་རབ་མཆོག་ཏུ་གྱུར་པ་རྣམས་འབད་པ་མེད་པར་གྲོལ་བར་བྱེད་པ་གཞི་ཁྲེགས་ཆོད་ཀྱི་དོན་ཏེ། རྒྱུད་དང་མན་ངག་གི་རིམ་པ་རབ་ཏུ་མང་པོ་དག་ལས། འདིའི་དབང་རྣོན་ནི་སྦྱོང་པ་སྔོན་སོང་གི་དབང་གིས་ཚེ་འདིར་རྟོག་དཔྱོད་ཀྱི་ཚོར་བ་རྣོ་བའི་རིགས་ཅན་ལ་གོ་རྒྱུ་མ་ཡིན་པར། སྔོན་མའི་སྐྱེ་བ་རྣམས་སུ་ཚོགས་བསགས་པས་ད་ལྟའི་སྐྱེ་བ་འདིར་ལས་དང་སྐལ་བས་ཆོས་འདི་དང་ཕྲད་དེ་མི་འཕྲོག་པའི་དད་པས་རྒྱུད་རླན་པ་དང་། སྙིང་རྗེ་ཆེ་ཞིང་འཛིན་ཆགས་ཆུང་བ་ལ་སོགས་པའི་ཆོས་འདིའི་སྣོད་དུ་གྱུར་པ་དག་གིས་འབད་མེད་དམ་འབད་པ་ཆེན་པོའི་ངལ་བ་ལ་མི་ལྟོས་པར་འཁོར་བའི་འཁྲུལ་སྣང་གི་འཆིང་བ་ལས་གྲོལ་བ་ཐོབ་པའི་ཆོས། གཟུང་འཛིན་གྱི་འཁྲུལ་སྣང་ཁྲེགས་ཀྱིས་སམ་ཐད་ཀར་གཅོད་པར་བྱེད་པའི་ཁྲེགས་ཆོད་ཀྱི་གདམས་པའི་དོན་དེ་ཉིད་རྒྱུད་དང་མན་ངག་གི་རིམ་པ་མང་པོ་དག་ལས། ཐབས་དང་རྗོད་བྱེད་ཀྱི་ཚིག་སྣ་ཚོགས་པས་བསྟན་ཡོད་ཀྱང་། གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས་ངེས་པའི་སྙིང་པོར་དྲིལ་བའི་ཚིག་འགའ་ལས་ཀུན་གྱིས་འགྲུབ་པ་མ་ཡིན་པའི་བསྟན་དོན་དང་མཐུན་པར། འདིར་རྡོ་རྗེའི་གནས་ངེས་པ་དེ་དག་གི་རང་བཞིན་གཅིག་ཏུ་བསྡུས་ཏེ། ཤིན་ཏུ་གསལ་བར་བཤད་པ་ནི། ཆོས་ཀྱི་དབྱིངས་རིན་པོ་ཆེའི་མཛོད་ཅེས་བྱ་བའི་བསྟན་བཅོས་རྒྱ་ཆེར་བཤད་དེ། ཞེས་གང་བཤད་བྱའི་བསྟན་བཅོས་ཀྱི་ཚིག་དོན་ལ་གཞོལ་བའི་སྤྱི་ཆིངས་ཀྱི་དཀྱུ་ས། རྟ་རྒྱུག་ན་རྒྱུག་སྣ་གཏད་སའི་དམིགས་འབེན་ལྟ་བུ་དེ་བསྟན་པའོ།།

༢ བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་ཉེ་བར་དགོད་པ།

གཉིས་པ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་ཉེ་བར་དགོད་པ་ནི། གང་དག་ཡོངས་སུ་རྩོམ་པར་འདོད་པ་རྣམས་ཐོག་མར་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་ཉེ་བར་དགོད་པ་ལས། ཞེས་མཚམས་སྦྱར་ནས།

ཀ༽མཚན་གྱི་དོན་བསྟན་པ།

རིམ་པར་མཚན་བཏགས་པའི་དགོས་པ་དང་། ཇི་ལྟར་མཚན་བཏགས་པའི་ཚུལ་དང་རྒྱུ་མཚན་དགོད་པ་རྣམས་བསྟན་པ་ལས་རེ་ཞིག་མཚན་གྱི་རྣམ་པར་གཞག་པ་ནི། དབང་པོ་རྣོན་པོ་དག་མིང་ཐོས་པ་ཙམ་གྱིས་དོན་རྟོགས་པར་འགྱུར་བ་དང་། བསྟན་བཅོས་ཀྱི་རྡོ་རྗེའི་ལུས་མདོར་བསྟན་པ་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་བཀོད་པ་སྟེ། དོན་ལ་མིང་དུ་འདོགས་པའང་། དཔེ་དང་། དོན་དང་། ཚོགས་པ་གསུམ་གང་རུང་ལ་བརྟེན་ནས་འབྲེལ་པ་ཅན་གྱི་མིང་རྣམས་འབྱུང་བ་ལས། འདིར་དཔེ་དོན་ཚོགས་པའི་རིམ་པ་ལས་མཚན་ཉེ་བར་བཏགས་ཏེ། ཞེས་པ་ནི་དབང་རྣོན་གྱིས་མཚན་ཙམ་མཐོང་ཞིང་ཐོས་པས་བརྗོད་བྱ་བསྟན་བཅོས་ཀྱི་དོན་རྟོགས་ཤིང་། བསྟན་བཅོས་ཀྱི་རྡོ་རྗེའི་ལུས་ཀྱི་བརྗོད་བྱ་མདོར་བསྟན་གྱི་སྤྱི་ཆིངས་སམ་སྡོམ་དུའང་འགྱུར་བ་ཡིན་ལ། དེ་ལྟ་བུའི་བརྗོད་བྱ་མིང་དུ་འདོགས་པ་དེ་ཡང་། ཡང་ན་དཔེ། ཡང་ན་དོན། ཡང་ན་དེ་གཉིས་ཀ་ཚོགས་པའི་ཆ་གང་ཡང་རུང་བ་ཞིག་ལ་བརྟེན་ནས་འབྲེལ་བ་ཅན་གྱི་མིང་རྣམས་འབྱུང་བ་ལས། འདིར་དེ་གསུམ་པོ་ཚོགས་པའི་རིམ་པ་ལས་བཏགས་པའོ། །མཚན་གྱི་དོན་ཇི་ལྟར་ཡིན་པར་འགྲེལ་བ་ནི། ཆོས་ཀྱི་དབྱིངས་ནི་དོན་ཡིན་ལ། རིན་པོ་ཆེའི་མཛོད་ཅེས་བྱ་བ་ནི་དཔེ་སྟེ། ཆོས་ཀྱི་དབྱིངས་རང་བྱུང་གི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་ནི། སེམས་ཉིད་དོན་དམ་པའི་བདེན་པ་སྟེ། རིག་པ་དང་མ་རིག་པའི་དབང་གིས་འཁོར་འདས་ཀྱི་ཆོས་མ་ལུས་པ་འབྱུང་བའི་ཕྱིར། རིན་པོ་ཆེ་བསམ་འཕེལ་གྱི་མཛོད་ནས་འདོད་དགུ་འབྱུང་བ་དང་མཚུངས་པར་དཔེ་དོན་སྦྱར་བ་སྟེ། ཐོག་མའི་དབྱིངས་བདེ་བར་གཤེགས་པའི་སྙིང་པོ་རང་བཞིན་ལྷུན་གྱིས་གྲུབ་པའི་སངས་རྒྱས་སུ་བརྗོད་ཅིང་། འདི་ཉིད་རྟོགས་མ་རྟོགས་ལས་གཞན་པའི་འཁོར་འདས་མེད་ལ། འདིའི་སྔོན་རོལ་དུ་སངས་རྒྱས་དང་སེམས་ཅན་ཞེས་ཐ་སྙད་གང་དུའང་གྲུབ་པ་མེད་དེ། ཞེས་ཆོས་ཐམས་ཅད་ཀྱི་ཆོས་ཉིད་གང་ཡིན་པ་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་ཅིང་ཡེ་ནས་ཡོད་པའི་གནས་ལུགས་དོན་གྱི་བཞུགས་ཚུལ་རང་བྱུང་གི་ཡེ་ཤེས་དེ་ནི་སེམས་ཉིད་དོན་དམ་པའི་བདེན་པ་སྟེ། དེ་ཉིད་རིག་དང་མ་རིག་པའི་དབང་གིས་འཁོར་འདས་གྲོལ་འཁྲུལ་གྱི་ཆོས་མ་ལུས་པ་འབྱུང་ཞིང་བྱུང་བ་ཡིན་པའི་ཕྱིར་ན། དེ་ལྟ་བུའི་དོན་ཆོས་དབྱིངས་འགྱུར་བ་མེད་པ་རང་བྱུང་གི་ཡེ་ཤེས་རང་བཞིན་གྱིས་རྣམ་པར་དག་པ་དེའི་དཔེ་རིན་པོ་ཆེའི་མཛོད་ནས་འདོད་དགུ་འབྱུང་བ་ལ་སྦྱར་ནས་བསྟན་པའོ། །ཡེ་ཐོག་མའི་དབྱིངས་སམ་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་རང་བཞིན་ལྷུན་གྲུབ་ཀྱི་སངས་རྒྱས་ཀྱི་མིང་གི་བླ་དྭགས་བརྗོད་ཅིང་། འདི་ཉིད་ཇི་བཞིན་རྟོགས་པ་ལས་སངས་རྒྱས་དང་། མ་རྟོགས་པས་འཁོར་བའི་སེམས་ཅན་ཞེས་བཏགས་པ་ཙམ་ལས་འཁོར་འདས་ཞེས་ལོགས་སུ་མེད་པས་འདིའི་སྔོན་རོལ་དུ་སངས་རྒྱས་དང་སེམས་ཅན་གྱི་ཐ་སྙད་གང་དུའང་གྲུབ་པ་མེད་དོ། །འོ་ན་ཐོག་མའི་ཡེ་གཞི་དེ་གྲོལ་གཞི་ཡིན་པས་མ་ཚད་འཁྲུལ་གཞིའང་ཡིན་པར་ཁས་བླངས་ཤིང་། འོ་ན་དོན་དངོས་སུ་འཁྲུལ་གཞི་དེ་བདེ་གཤེགས་སྙིང་པོ་ཡིན་པར་སྨྲའམ་མ་རིག་པ་རྒྱུ་དང་བཅས་པ་ཡིན་པར་སྨྲ། དང་པོ་ལྟར་ན་སངས་རྒྱས་ཀྱི་དགོངས་པ་འཁྲུལ་བ་ཅན་དུ་ཐལ་ལ། མ་རིག་པ་འཁྲུལ་གཞི་རུ་སྨྲ་ན་གཞི་གྲོལ་འཁྲུལ་གང་དུ་འང་མ་གྲུབ་པར་ཁས་བླངས་པས་དེ་ལ་འཁྲུལ་བའི་ངོ་བོ་རྙེད་དུ་མེད་ཅིང་། གལ་ཏེ་ཡོད་ན་གཞི་གྲོལ་འཁྲུལ་གང་དུའང་མ་གྲུབ་པར་བུད་དོ་ཞེ་ན། དེ་ནི་མི་སྐྱོན་ཏེ་ངོ་བོ་ཀ་དག་དེ་བདེ་གཤེགས་སྙིང་པོ་ཡིན་པས་ནམ་ཡང་མ་འཁྲུལ་འཁྲུལ་བ་མི་འགྱུར་ཡང། རང་བཞིན་ལྷུན་གྲུབ་ཡིན་པས་དེའི་རྩལ་གྱི་རང་ངོ་མ་ཤེས་ན་འཁྲུལ་ཞིང་ཤེས་ན་གྲོལ་བའི་འཐད་པ་ཡོད་པས་སོ། །དེས་ན་གསལ་སྟོང་ཟུང་དུ་འཇུག་པའི་རིག་པ་མེད་ན་འཁོར་འདས་སུ་གང་གིས་ངེས་པ་དང་། གྲོལ་འཁྲུལ་གྱི་རྩིས་གཞི་གང་ཡང་མེད་པའི་ཕྱིར་རོ། །ཇི་སྐད་དུ་བཤད་པའི་རྒྱུད་རིག་པ་རང་ཤར་ལས། ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་སེམས་ཅན་གཉིས་མེད་དེ། །ལམ་དང་གྲུབ་པ་ག་ལ་ཡོད། །ང་ལས་མ་བྱུང་གཅིག་ཀྱང་མེད། །ང་ནི་སྟོང་པ་ཆེན་པོའོ། །ང་ལས་འབྱུང་བ་རྣམ་ལྔ་སྐྱེས། །ང་ནི་འབྱུང་བདག་ཆེན་པོ་ཡིན། །ང་ནི་སངས་རྒྱས་ཀུན་གྱི་མེས། །ང་མེད་པ་ཡི་སྔོན་རོལ་ན། །སངས་རྒྱས་བྱ་བའི་མིང་མེད་དོ། །ང་ནི་ཐབས་ཀྱི་ཕ་རོལ་ཕྱིན། །ང་ལ་མཚན་མའི་ཆོས་མེད་པས། །ང་ཡི་སེམས་ལ་གཡོས་པ་མེད། །ང་ནི་སངས་རྒྱས་ཀུན་གྱི་དུར། །འགྱུར་མེད་དུར་ས་ང་ལ་བཏབ། །ང་ནི་སེམས་ཅན་ཀུན་གྱི་གནས། །བག་ཆགས་ལུས་ལྟར་སྣང་བའོ། །ང་ནི་འབྱེད་མེད་ཤེས་རབ་བོ། །ང་ལ་ཕྱི་ནང་གསང་བ་རྫོགས། །ང་ནི་རྡོ་རྗེ་སྙིང་པོའི་སྐུ། །ང་ལས་སངས་རྒྱས་བསྐྱེད་པའོ། །ང་ནི་སྐྱེ་མེད་རིག་པའི་དོན། །ང་ནི་དངོས་པོའི་ཆོས་དང་བྲལ། །ང་ལ་མཚན་མ་མེད་པའི་ཕྱིར། །ང་ནི་སེམས་ཅན་དུར་ནས་འདོན། །ང་ལས་ཐུགས་རྗེ་འཆར་བའི་ཕྱིར། །ང་ནི་སྟོང་པའི་ཚིག་ལས་འདས། །ང་ལས་གསལ་བྱ་འབྱུང་བའི་ཕྱིར། །ང་ནི་མུན་པ་སྣང་བར་འགྱུར། །ཞེས་སོ། །ཞེས་རིག་པ་རང་བྱུང་གི་ཡེ་ཤེས་ཀུན་བྱེད་སེམས་ཀྱི་ཆོས་ཉིད་རྩལ་འདོན་དུ་བསྟན་ནས། དེ་ལྟར་རིག་པ་རང་བྱུང་གི་ཡེ་ཤེས་ནི་ཆོས་ཀྱི་དབྱིངས་ཏེ། འཁོར་འདས་ཀྱི་ཆོས་མ་ལུས་པ་དེའི་དབྱིངས་ལས་འབྱུང་བས་ན་མཛོད་ཁང་གི་སྒྲས་ཉེ་བར་བརྗོད་པ་ཉིད་དོ། །ཞེས་དོན་བསྡུས་པའོ། །དེ་ཡན་གྱིས་དོན་དང་དཔེ་དང་ཚོགས་པ་དང་གསུམ་པོ་སྦྱར་ནས་མཚན་དོན་སྤྱིར་བསྟན་ཏེ། བྱེ་བྲག་གཞི་ལམ་འབྲས་གསུམ་དང་སྦྱར་ཏེ་མཚན་དོན་འགྲེལ་བ་ནི། འདི་ལ་རྣམ་གྲངས་ཀྱི་བཤད་ཚུལ་མཐའ་ཡས་ཀྱང་རྡོ་རྗེའི་གནས་གསུམ་དུ་བཤད་དེ། གཞི་རང་བཞིན་གྱིས་དག་པ་ཁམས་བདེ་བར་གཤེགས་པའི་སྙིང་པོ་སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་ནི། ཆོས་ཀྱི་དབྱིངས་ཏེ། ལྷུན་གྱིས་གྲུབ་པའི་ཡོན་ཏན་ཁམས་ལ་ཡེ་ནས་ལྡན་པ་རྣམས་ཀྱི་རིན་པོ་ཆེའི་མཛོད་དུ་གནས་པའི་ཕྱིར་རོ། །ལམ་སྨིན་བྱེད་དབང་གི་རིམ་པ་བཞི་ལྷུན་གྲུབ་རིག་པའི་རྩལ་དབང་དང་བཅས་པ་ནི་ལེགས་པའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཡིན་ལ། གྲོལ་བྱེད་བླ་མའི་གདམས་ངག་དང་ཉམས་སུ་ལེན་པའི་ལྟ་སྒོམ་སྤྱོད་པའི་ཆོས་རྨད་དུ་བྱུང་བ་ནི་རིན་པོ་ཆེ་དང་མཚུངས་པར་བརྗོད་དེ། རྟོགས་པ་དང་ཏིང་ངེ་འཛིན་ལ་སོགས་པའི་ཉམས་དང་རྟོགས་པའི་རྩལ་ཕྱོགས་མེད་དུ་ཤར་བ་ནི་ཡོན་ཏན་ཀུན་གྱི་མཛོད་དུ་ཤེས་པར་བྱའོ། །འབྲས་བུ་རང་རིག་དྲི་མ་དང་བྲལ་བའི་དག་པ་གཉིས་ལྡན་གྱི་ཆོས་སྐུ་དམ་པ་ནི་ཆོས་ཀྱི་དབྱིངས་ཏེ་ཡོན་ཏན་གྱི་འཆར་གཞི་དྲི་མ་མེད་པར་གནས་ལ། ལོངས་སྤྱོད་རྫོགས་པའི་སྐུ་ནི་ལྷུན་གྱིས་གྲུབ་པའི་མངའ་དབང་རྫོགས་པས་རིན་པོ་ཆེ་དང་འདྲ་ཞིང་། སྤྲུལ་པའི་སྐུ་ཕྲིན་ལས་དང་བཅས་པ་ནི་གདུལ་བྱའི་རེ་བ་རྫོགས་པར་སྐོང་བས་མཛོད་ཁང་བཟང་པོ་དང་མཚུངས་པར་བསྟན་པ་ཡིན་ནོ། །ཞེས་གསུངས་ཏེ། དེ་ཡང་གཞི་རྒྱུད་བདེ་གཤེགས་སྙིང་པོའམ་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་འདི་ལ་ཡོན་ཏན་ལྷུན་གྲུབ་ཀྱི་ངོས་ནས་རྣམ་གྲངས་ཀྱི་བཤད་ཚུལ་མཐའ་ཡས་པ་ཞིག་རྒྱུད་ལུང་མན་ངག་སོ་སོའི་སྐབས་སུ་ཡོད་པ་ཡིན་ཡང་། གཞི་བསྡུ་བའི་དབང་དུ་བྱས་ཏེ་གནད་དུ་དྲིལ་ནས་ཆིངས་སུ་བཅིངས་ན། གཞི་ལམ་འབྲས་གསུམ་གྱི་རྡོ་རྗེའི་གནས་གསུམ་དུ་བསྡུས་ནས་འདིའི་གཞུང་དོན་མཚན་གྱིས་བསྟན་པ་འདི་ཉིད་བཤད་དེ། གཞི་རང་བཞིན་རྣམ་དག་རང་བྱུང་བྱང་ཆུབ་ཀྱི་སེམས་སམ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བའི་བདེ་གཤེགས་སྙིང་པོ་ནི། ཆོས་ཀྱི་དབྱིངས་ཏེ། ལྷུན་གྲུབ་ཀྱི་ཡོན་ཏན་རྣམས་དེ་ལ་ཡེ་ལྡན་དུ་ཡོད་པས་ན་དེ་ཉིད་རིན་པོ་ཆེའི་མཛོད་དུ་གྲུབ་པ་དང་། ལམ་སྨིན་བྱེད་དབང་གི་རིམ་པ་བརྒྱུད་དེ་ལྷུན་གྲུབ་རིག་པའི་རྩལ་དབང་ངམ་སེམས་ཉིད་རང་བྱུང་གི་ཡེ་ཤེས་ཀྱི་ཆོས་དབྱིངས་དོན་གྱི་དབང་སེམས་ལ་བསྐུར་བ་ལས། ལེགས་པའི་ཆོས་ཐམས་ཅད་འབྱུང་བའི་ཕྱིར་ཆོས་ཀྱི་དབྱིངས་ཡིན་ལ། དེ་དང་མཐུན་པའི་གྲོལ་བྱེད་བླ་མའི་གདམས་པ་དང་མན་ངག་ཉམས་སུ་བླངས་པས། ལྟ་སྒོམ་སྤྱོད་པའི་ཉམས་རྟོགས་དང་། ཏིང་འཛིན་དང་། ཡོན་ཏན་གྱི་རྩལ་ཕྱོགས་མེད་དུ་རྒྱས་པ་ནི་རིན་པོ་ཆེའི་མཛོད་ལྟ་བུའོ། །འབྲས་བུ་སྐུ་གསུམ་གྱི་རྣམ་གཞག་གི་སྐབས་སུའང་དག་པ་གཉིས་ལྡན་གྱི་ཆོས་སྐུ་དབྱིངས་རིག་དབྱེར་མེད་ནང་གསལ་སྒྲིབ་གཡོགས་དང་བྲལ་བར་བཞུགས་པ་ནི་ཆོས་ཀྱི་དབྱིངས་ཡིན་ལ། དེ་ལས་ཕྱིར་གསལ་གཟུགས་སྐུ་རྣམ་གཉིས་སུ་སྣང་བའི་ལོངས་སྐུ་ནི། ཡོན་ཏན་ལྷུན་གྲུབ་རིན་པོ་ཆེའི་འབྱོར་བས་བརྒྱན་ཅིང་། ངེས་པ་ལྔ་དང་ཁ་སྦྱོར་བདུན་ལྡན་གྱི་བདག་ཉིད་བརྩེ་བའི་ཐུགས་རྗེའི་མངའ་དབང་ཡོངས་སུ་རྫོགས་པའི་སྟོན་པར་བཞུགས་པ་ནི་རིན་པོ་ཆེ་དང་འདྲ་ཞིང་། དེ་ལས་གདུལ་བྱ་འདུལ་ཕྱིར་སྤྲུལ་སྐུར་ཤར་བ་སེམས་ཅན་གྱི་དོན་མཛད་པའི་ཕྲིན་ལས་གང་ལ་གང་འདུལ་དེ་ལ་དེར་སྟོན་དུ་སྣང་ནས་གདུལ་བྱའི་རེ་འདོད་སྐོང་བ་ཡིན་པས་མཛོད་ཁང་བཟང་པོ་ཞེས་པའི་ཐ་སྙད་ཀྱིས་བསྟན་པ་སྟེ། དེ་དག་གིས་ནི་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཅེས་པའི་མཚན་གྱི་དོན་བཤད་ཟིན་ཏོ།།

ཁ༽ཕྱག་གི་མཆོད་པར་བརྗོད་པ།

མདོར་བསྟན་པ།

ད་ནི་ཕྱག་གི་མཆོད་པར་བརྗོད་པ་ལ་གཉིས་ལས། མདོར་བསྟན་པ་ནི། དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །ཞེས་སྨོས་ཏེ། དཔལ་ནི་རང་དོན་ཆོས་སྐུ་དམ་པ་བརྙེས་ནས་དབྱིངས་ལས་མི་གཡོ་བཞིན་དུ། གཞན་དོན་གཟུགས་སྐུ་དམ་པས་འཁོར་བ་ཇི་སྲིད་བར་སེམས་ཅན་ལ་ཕན་པ་མཛད་པ་སྟེ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་པའི་དོན་ཏོ། །དེ་སུ་ལ་ཡོད་ཅེ་ན། ཀུན་ཏུ་བཟང་པོ་ལ་ཞེས་པ་སྟེ། གདོད་མའི་མགོན་པོ་འཁོར་འདས་ཀུན་གྱི་བླ་མར་བྱོན་ནས། ཕྲིན་ལས་བཟང་པོ་ལྷུན་གྱིས་གྲུབ་པ་ནི་ལམ་སྟོན་པའི་དེད་དཔོན་དམ་པར་ཡེ་ནས་མངའ་དབང་རྫོགས་པའི་སྟོན་པ་ཕུན་སུམ་ཚོགས་པ་དེ་ལ། རྩོམ་པ་པོ་མངོན་པར་དད་པས་ཕྱག་འཚལ་ལོ་ཞེས་སྒོ་གསུམ་མཆོག་ཏུ་གུས་པ་ཆེན་པོས་ཕྱག་འཚལ་བའོ། །ཞེས་གཞི་འབྲས་དབྱེར་མེད་པའི་བདག་ཉིད། དག་པ་གཉིས་ལྡན། ནང་གསལ་མཁྱེན་ཆ་འགག་མེད་ཀྱི་ཆོས་སྐུ། རྟོགས་པ་བདག་གི་དཔལ་དང་། ཐུགས་རྗེ་གཞན་གྱི་དཔལ་མངའ་བ། སྤངས་རྟོགས་མཐར་ཕྱིན་ཅིང་དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ། སངས་རྒྱས་ཀུན་གྱི་སྔ་རོལ་དུ་ཀུན་གྱི་བླ་མ་གདོད་མའི་མགོན་པོ་འོད་མི་འགྱུར་བ་ཆེན་པོར་བྱོན་པ། ལྷུན་གྲུབ་ཕྲིན་ལས་རྫོགས་པའི་ལམ་སྟོན་གྱི་དེད་དཔོན་དམ་པ་སྟོན་པ་ཕུན་སུམ་ཚོགས་པར་མངའ་དབང་རྫོགས་པ་དེ་ཉིད་ལ་ཕྱག་འཚལ་བ་སྤྱིར་བསྟན་པའོ། །བྱེ་བྲག་ཏུ་ནང་གསེས་ཀྱི་དབྱེ་བར་བྱས་ཏེ་ཕྱག་འཚལ་བ་ནི། འོ་ན་སངས་རྒྱས་ཀུན་གྱི་སྔ་རོལ་དུ་སངས་རྒྱས་པའི་ཐོག་མའི་སངས་རྒྱས་དེ་འབའ་ཞིག་ལ་ཕྱག་འཚལ་ལམ་ཞེ་ན་ཞེས་དོགས་པ་སློང་བའམ་དྲི་བའི་ཚིག་བཀོད་ནས། དབྱེ་གཞི་བྱེ་བྲག་ཏུ་བཤད་པ་ནི། དེར་ཡང་མ་ཟད་སངས་རྒྱས་ཐམས་ཅད་ཀུན་ཏུ་བཟང་པོའི་ངོ་བོར་སངས་རྒྱས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་ལ་སྔ་ཕྱི་དང་མཐོ་དམན་མེད་པར་དེའི་དགོངས་ཀློང་ལས་མ་འདས་པ་དེ་དག་དང་། འོག་ནས་འབྱུང་མ་རགས་པའི་གཞི་དང་། ལམ་དང་། འབྲས་བུའི་ཆོས་ཐམས་ཅད། ཀུན་ཏུ་བཟང་པོ་ལྔར་གནས་ཤིང་མ་འདུས་པ་མེད་པ་དེ་དག་ཀུན་ལ་བསྟན་བཅོས་ཀྱི་བརྗོད་བྱ་ཡང་དེ་ལས་མ་འདས་པས་བརྗོད་བྱ་རྟོགས་པའི་ཡན་ལག་ཏུ་ཕྱག་འཚལ་བ་སྟེ། དེ་ནས་ཀུན་ཏུ་བཟང་པོ་ལྔ་ཡི་དབྱེ་བ་རིམ་པར་བསྟན་པ་ནི། སྟོན་པ་ཀུན་ཏུ་བཟང་པོ་གཅིག་གི་ངོ་བོར་སངས་རྒྱས་ཐམས་ཅད་འོག་མིན་ལྷུན་སྟུག་པོ་བཀོད་པ་དང་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན་ལོངས་སྤྱོད་རྫོགས་པ་དང་། ཆོས་ཀྱི་སྐུར་བཞུགས་བཞིན་དུ་སྤྲུལ་པ་གདུལ་བྱའི་གནས་རིས་ཀུན་ཏུ་འཕྲོ་བས་དོན་མཛད་པ་སྟེ། རྣམ་འགྲེལ་དུ། རྟོག་པའི་དྲ་བ་རྣམ་བསལ་ཞིང་། །ཟབ་ཅིང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་པ་ལྟར་རོ། །གཞི་ཀུན་ཏུ་བཟང་པོ་ནི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་དེ་བཞིན་ཉིད་དེ་རང་བཞིན་ཀུན་ཏུ་བཟང་པོ་ཞེས་བྱའོ། །རྒྱན་ཀུན་ཏུ་བཟང་པོ་ནི་སྣ་ཚོགས་རྒྱན་དུ་ཤར་བའི་ཆོས་ཐམས་ཅད་ཀྱི་སྣང་བ་ཆོས་ཅན་གྱི་རོལ་བར་རང་ཤར་བ་སྟེ། འཁོར་འདས་ཀྱི་ཆོས་སྒྱུ་མ་ལྟ་བུའི་འབྱུང་གཞི་ནི་རིག་པ་བྱང་ཆུབ་ཀྱི་སེམས་དེ་ཡིན་པས་ན་སྒྱུ་མའི་རང་བཞིན་དུ་རྣམ་པར་དག་པ་གང་ཡིན་པའོ། །རིག་པ་ཀུན་ཏུ་བཟང་པོ་ནི་རང་བྱུང་གི་ཡེ་ཤེས་གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཀུན་ལ་ཁྱབ་པ་དེ་ཉིད་ཡིན་པ་སྟེ། རྒྱུད་བླ་མ་ལས། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གང་གསུངས་པ་དེ་ཉིད་དོ། །རྟོགས་པ་ཀུན་ཏུ་བཟང་པོ་ནི་གཤིས་ཀྱི་གནས་ལུགས་ཏེ་དེ་ཉིད་ཇི་བཞིན་དུ་བློའི་རིམ་པ་དང་སྦྱར་ནས་ལེགས་པར་རྟོགས་པས་ཐར་པའི་མིག་རྙེད་པ་སྟེ་ལམ་ཀུན་ཏུ་བཟང་པོ་ཞེས་བྱའོ། །དེ་དག་ཀྱང་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ཆོས་ཐམས་ཅད་ཀུན་ཏུ་བཟང་པོ་ལྔའི་རང་བཞིན་དུ་ཤེས་པར་བྱའོ། །གང་ཞེ་ན་འདི་ལྟ་སྟེ། རང་བཞིན་ཀུན་ཏུ་བཟང་པོ་དང་། རྒྱན་ཀུན་ཏུ་བཟང་པོ་དང་། སྟོན་པ་ཀུན་ཏུ་བཟང་པོ་དང་། རིག་པ་ཀུན་ཏུ་བཟང་པོ་དང་། རྟོགས་པ་ཀུན་ཏུ་བཟང་པོའོ་ཞེས་གསུངས་སོ། །དེས་ཕྱག་འཚལ་བ་མདོར་བསྟན་པ་སོང་ནས།

ཕྱག་གི་དོན་རྒྱས་པར་བཤད་པ།

ཕྱག་གི་དོན་རྒྱས་པར་བཤད་པ་ནི། མཁའ་མཉམ་བྱང་ཆུབ་ཀྱི་སེམས་ལ་བསྔགས་པ་སྟེ། ཞེས་མཚམས་སྦྱར་ནས།

གདོད་ནས་ལྷུན་གྲུབ་ངོ་མཚར་རྨད་ཀྱི་ཆོས།།

རང་བྱུང་ཡེ་ཤེས་འོད་གསལ་བྱང་ཆུབ་སེམས།།

སྣང་སྲིད་སྣོད་བཅུད་འཁོར་འདས་འབྱུང་བའི་མཛོད།།

མི་གཡོ་སྤྲོས་དང་བྲལ་ལ་ཕྱག་འཚལ་ལོ།།

ཞེས་པ་སྟེ། འདིས་ནི་བསྟན་བཅོས་འདིའི་བརྗོད་བྱ་སྤྱིར་བསྟན་ཏོ། །དེ་ལ་སེམས་ཉིད་རང་བཞིན་གྱིས་རྣམ་པར་དག་པ་ནི། གདོད་མ་ནས་སུས་ཀྱང་མ་བྱས་པར་རང་བྱུང་བས་གཞིའི་སངས་རྒྱས་ཆོས་སྐུ་འཕོ་འགྱུར་མེད་པའི་དེ་བཞིན་ཉིད་དུ་ལྷུན་གྱིས་གྲུབ་པ་ཉིད་དང་། དབྱིངས་ཀྱི་ཡོན་ཏན་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་ཡེ་ནས་གནས་པས་ངོ་མཚར་རྨད་ཀྱི་ཆོས་སུ་གནས་པ་ཉིད་དང་། རྟག་ཏུ་འགྱུར་བ་མེད་པའི་ཡེ་ཤེས་རང་བྱུང་གི་འོད་གསལ་བྱང་ཆུབ་ཀྱི་སེམས་སུ་གནས་པ་ཉིད་དང་། རྟོགས་མ་རྟོགས་ཀྱི་རྐྱེན་གྱིས་འཁོར་འདས་སུ་བྱུང་ཡང་། ངོ་བོ་དེ་གང་དུའང་འཕོ་འགྱུར་མེད་པའི་ཆོས་ཉིད་རང་བཞིན་རྫོགས་པ་ཆེན་པོར་བཞུགས་པའི་བདག་ཉིད་དམ་པ་ལ། གནས་ལུགས་ཤེས་པའི་ཡན་ལག་ཏུ་ཕྱག་འཚལ་ལོ་ཞེས་བརྗོད་དེ། རང་ཤར་ལས། ཡང་དག་དོན་གྱི་ངོ་བོ་ལ། །སངས་རྒྱས་དང་ནི་སེམས་ཅན་མེད། །རིག་པ་འཛིན་པ་མེད་པས་སྟོང་། །སྟོང་པ་ཉིད་ལ་མི་གནས་ན། །རང་གི་བདེ་ཆེན་ས་ལ་གནས། །སངས་རྒྱས་ཀུན་གྱི་རྗེ་བཙན་ནི། །རང་གི་རིག་པར་ཤེས་པར་བྱ། །རང་སྣང་རིག་པའི་རྒྱལ་པོ་འདི། །ཀུན་ལ་ཡོད་དེ་རྟོགས་པ་མེད། །ཅེས་སོ། །ཞེས་གསུངས་པ་སྟེ། དེ་ཡང་ཀ་ནས་དག་པ་དང་། དང་པོ་ནས་དག་པ། ཐོག་མ་འམ་ཡེ་གདོད་མ་ནས་དག་པ་རྣམས་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པས། སེམས་ཉིད་རང་བཞིན་གྱིས་དེ་ལྟ་བུར་རྣམ་པར་དག་པ་དེ་ནི། སུས་ཀྱང་མ་བྱས་ཤིང་འདུས་མ་བྱས་པ། རང་བྱུང་དུ་ལྷུན་གྱིས་གྲུབ་པའི་དེ་བཞིན་ཉིད། གཞིའི་སངས་རྒྱས་འཕོ་འགྱུར་དང་བྲལ་བའི་ཆོས་སྐུ་སྟེ། དེ་ལྟ་བུའི་ངོ་མཚར་རྨད་དུ་བྱུང་བའི་དབྱིངས་ཀྱི་ཡོན་ཏན་འདུ་འབྲལ་མེད་པར་ཡེ་ནས་བཞུགས་པའི་རང་བྱུང་མཁའ་དང་མཉམ་པའི་ཡེ་ཤེས་འོད་གསལ་བྱང་ཆུབ་ཀྱི་སེམས་རྟག་ཏུ་འགྱུར་བ་མེད་པར་གནས་པ་ཉིད། ངོ་བོའི་ལྡོག་པ་ན་ཡོད་དང་མེད་པའི་མཐའ་ལས་འདས་ཤིང་། རང་བཞིན་གྱི་ལྡོག་པ་ན་འཁོར་འདས་སུ་འཆར་རུང་གི་ཆ་ཙམ་དུ་གནས་པ་དང་། དེ་གཉིས་ཀྱང་རང་ངོར་དབྱེ་བ་མེད་པ། མཐའ་ལས་གྲོལ་བ། རྫོགས་ཆེན་མཉམ་ཉིད་བྱང་ཆུབ་ཀྱི་སེམས་སུ་གནས་ཤིང་། དེ་ཉིད་རྟོགས་པས་མྱང་འདས་དང་མ་རྟོགས་པས་འཁོར་བར་འཁྱམས་པའི་རྐྱེན་དུ་བྱུང་ཡང་། ངོ་བོ་གཤིས་ཀྱི་བཞུགས་ཚུལ་ནི་ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན་དུ་ཆོས་ཉིད་འགྱུར་བ་མེད་པར་བཞུགས་པའོ། །དེ་ལ་གནས་ལུགས་དོན་གྱི་བཞུགས་ཚུལ་ཤེས་པའི་ཕྱག་འཚལ་བ་སྟེ། དེ་ཡང་རྒྱུད་རང་ཤར་གྱི་དགོངས་པ་བཞིན་དུ། ཡང་དག་དོན་གྱི་ངོ་བོ། རིག་པ་རང་བྱུང་གི་ཡེ་ཤེས། གཞི་ལྷུན་གྲུབ་ཀྱི་སངས་རྒྱས། འགྱུར་མེད་རང་གི་རིག་པ་ལ། རང་རིག་རང་ངོ་ཤེས་པའི་ལྟ་བ་མཇལ་བའི་ཕྱག་འཚལ་བ་སྟེ། དེ་ཡང་དོ་ཧ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་པ་དང་ཚུལ་མཐུན་པའོ། །དེས་ཕྱག་འཚལ་བ་བསྟན་བཤད་གཉིས་ཀ་སོང་ནས།

ག༽བརྩམ་པར་དམ་བཅའ་བ།

དེའི་འོག་ཏུ་བརྩམ་པར་དམ་བཅའ་བ་ནི།

ཐེག་པའི་ཡང་རྩེ་རི་རྒྱལ་ཉི་ཟླའི་ཀློང་།།

འོད་གསལ་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ཀློང་།།

རྩོལ་ཞིང་བསྒྲུབ་མེད་རང་བཞིན་བབས་ཀྱི་ཀློང་།།

ཡེ་འབྱམས་རྨད་དུ་བྱུང་བ་བཤད་ཀྱིས་ཉོན།།

ཞེས་གདམས་པ་སྟེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་སུ་དོན་གཅིག་ཀྱང་། གཏན་ལ་འབེབས་ཚུལ་གྱི་རིམ་པས་དབང་པོ་ཐ་དད་པ་ལ་ལྟོས་ནས་ཐེག་པའི་རིམ་པ་དུ་མར་བཤད་པ་དག་ཀྱང་། མདོ་དགུར་འདུས་ཏེ། ཨ་ཏི་བཀོད་པ་ཆེན་པོ་ལས། ཆུང་བའི་རིམ་པ་རྣམ་གསུམ་སྟེ། །དེ་ཡི་བློ་དང་མཐུན་པའི་ཆོས། །རྟོག་པས་སྦགས་ལ་ཉན་ཐོས་སོ། །འདུ་ཤེས་ཅན་ལ་རང་རྒྱལ་ཏེ། །རྟོག་འཇུག་ཅན་ལ་བྱང་སེམས་སོ། །འབྲིང་པོ་གསུམ་ལ་བསྟན་པ་ནི། །རབ་ཏུ་དམན་ལ་བྱ་བ་སྟེ། །དམན་པ་རྣམས་ལ་སྤྱོད་པའོ། །རྣམ་ཤེས་ཅན་ལ་རྣལ་འབྱོར་ཉིད། །ཆེན་པོ་རིམ་ལྡན་གསུམ་དག་ལ། །སེམས་ཡས་པ་ལ་བསྐྱེད་པ་སྟེ། །སེམས་བཅུད་ཅན་ལ་རྫོགས་པའོ། །མཆོག་གསང་རབ་ལ་རྫོགས་པ་ཆེ། །ཞེས་སོ། །དེ་ལྟར་དགུ་ལས་རྩེ་མོར་སོན་པ་ནི། །ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོ་སྟེ། །དེ་ལའང་སྡེ་གསུམ་ལས་མན་ངག་གི་སྡེའི་ཐིག་ལེ་བླ་ན་མེད་པ་ནི་ཡང་རྩེར་གྱུར་པས་རི་རྒྱལ་ཉི་ཟླའི་ཀློང་ཞེས་བྱའོ། །ཡང་དེ་ཉིད་ལས། ཡིད་ཅན་རྣམས་ལ་སེམས་ཀྱི་སྡེ། །ནམ་མཁའ་ཅན་ལ་ཀློང་གི་སྡེ། །རིམ་རྩོལ་བྲལ་ལ་མན་ངག་གོ །ཞེས་སོ། །རང་བཞིན་གྱིས་དག་ཅིང་གྲུབ་བསལ་ལས་འདས་པས་འོད་གསལ་བ་རྡོ་རྗེ་སྙིང་པོའི་ཀློང་དང་། རྩོལ་སྒྲུབ་ལས་འདས་པས་རང་བཞིན་བབས་ཀྱི་ཀློང་དང་། རང་ངོ་ཡེ་ནས་དག་པས་ཡེ་འབྱམས་རྨད་དུ་བྱུང་བའི་ཀློང་སྟེ། རིག་པ་བྱང་ཆུབ་ཀྱི་སེམས་ཨ་ཏི་རྡོ་རྗེ་སྙིང་པོ་ནམ་མཁའ་ལྟ་བུའི་དོན་ཕྱི་རབས་ཀྱི་དོན་དུ་བཤད་ཅིང་བརྩམ་པར་བྱའོ་ཞེས་དམ་བཅའ་བ་སྟེ། དབྱིངས་འདི་ནི་ལྟ་བ་ཀུན་གྱི་ཡང་རྩེར་བསྔགས་པ་ནི། རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཡངས་པས་གོ་སྐབས་འབྱེད་པའི་དོན། །ནམ་མཁའ་ལྟ་བུར་ཤེས་པར་བྱ། །རྒྱ་ཆེ་གཏིང་ཟབ་བརྟག་དཀའི་དོན། །རྒྱ་མཚོ་ཆེན་པོའི་གཏིང་དང་མཚུངས། །གསལ་བའི་འོད་ཟེར་འདུས་པའི་དོན། །ཉི་མའི་དཀྱིལ་འཁོར་ཉིད་དུ་ཤེས། །རྟོག་པའི་མཐའ་ལས་གྲོལ་བའི་ཕྱིར། །གསང་སྔགས་ཐབས་ཀྱི་རྒྱལ་པོར་གསུངས། །ཞེས་སོ། །ཞེས་གསུངས་པ་སྟེ། རྫོགས་ཆེན་ཨ་ཏི་ཡོ་ག་སེམས་ཀློང་མན་ངག་གི་སྡེ་གསུམ་དང་ཀློང་དགུ་རུ་བསྡུས་པ་དེ་ཐེག་དགུའི་རྩེ་མོར་གྱུར་པ་སྟེ། དེ་ཡང་ཕྱི་ཆུང་ངུ་ཉན་ཐོས་རང་རྒྱལ་བྱང་སེམས་ཀྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ། ནང་འབྲིང་པོ་ཀྲི་ཡ་ཨུ་པ་ཡོ་ག་སྟེ་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ། གསང་བ་ཆེན་པོ་མ་ཧཱ་ཨ་ནུ་ཨ་ཏི་སྟེ་དབང་སྒྱུར་ཐབས་ཀྱི་ཐེག་པ་གསུམ་དང་དགུ་ལས། ཐེག་པའི་ཡང་རྩེ་ཨ་ཏི་ཡོ་ག་ནི། རི་རྒྱལ་གྱི་རྩེ་མོར་ཕྱིན་པ་ལྟ་བུ་ཡིན་ལ། དེ་ལའང་སྡེ་གསུམ་ཡོད་པ་ལས། གསང་བ་མན་ངག་གི་སྡེའི་ཐིག་ལེ་བླ་ན་མེད་པ་ནི། རི་རྒྱལ་གྱི་རྩེ་མོའི་ཡང་རྩེར་འཕགས་པས་ཉི་ཟླའི་ཀློང་ཞེས་བྱའོ། །འོད་གསལ་ལྷུན་གྲུབ་རང་བཞིན་གྱིས་དག་ཅིང་བྱ་བྱེད་གྲུབ་བསལ་ལས་འདས་པ་སེམས་སྡེ་འོད་གསལ་རྡོ་རྗེའི་སྙིང་པོའི་ཀློང་དང་། རྩོལ་ཞིང་སྒྲུབ་མེད་ཀློང་སྡེ་དང་སྦྱར་བའི་རང་བཞིན་བབས་ཀྱི་ཀློང་དང་། རང་ངོ་ཡེ་ནས་དག་པའི་མན་ངག་སྡེ་ཡེ་འབྱམས་རྨད་བྱུང་གི་ཀློང་སྟེ། རིག་པ་བྱང་ཆུབ་ཀྱི་སེམས་རྩོལ་མེད་རྒྱུ་འབྲས་ལས་འདས་པ་ནམ་མཁའ་ལྟ་བུའི་དོན་དེ་ཉིད་ཕྱི་རབས་ལས་ཅན་གྱི་དོན་ལ་བཤད་ཅིང་བརྩམ་པར་བྱའོ་ཞེས་བརྩམ་པར་དམ་བཅས་པ་དང་ཆབས་ཅིག་ཏུ། དབྱིངས་རང་བྱུང་བྱང་ཆུབ་ཀྱི་སེམས་དེ་ཉིད་ལྟ་བ་ཀུན་གྱི་ཡང་རྩེ་ཡིན་པར་རང་ཤར་གྱི་ལུང་གིས་ཀྱང་། ཡངས་ཤིང་རྒྱ་ཆེ་བ་ནམ་མཁའ་ལྟ་བུ་དང་། རྒྱ་ཆད་ཕྱོགས་ལྷུང་བྲལ་ཞིང་གཏིང་ཟབ་བརྟག་པར་དཀའ་བ་རྒྱ་མཚོའི་གཏིང་རུམ་དང་མཚུངས་ཤིང་། གསལ་ཞིང་འོད་ཟེར་འབར་བའི་གཞིར་གྱུར་པ་ཉི་མའི་དཀྱིལ་འཁོར་ལྟ་བུ་སྟེ། དེ་ལྟ་བུའི་དཔེ་ནམ་མཁའ། རྒྱ་མཚོ། ཉི་མ་གསུམ་གྱིས་རྟོག་དཔྱོད་སྤྲོས་པའི་མཐའ་ལས་གྲོལ་བའི་གསང་སྔགས་ཐབས་ཀྱི་རྒྱལ་པོའི་ཆེ་བ་བསྟན་པའོ། །དེ་དག་གིས་ཕྱོགས་དང་པོ་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ། །དེ་རིང་གི་ཆོས་མཚམས་བསྟན་བཅོས་བརྩམ་པ་ལ་འཇུག་པའི་རྒྱུ་བསྟན་ཟིན་ཏོ་ཞེས་པའི་མཚམས་འདིར་བཞག་ནས། སང་ཉིན་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་དངོས་རྒྱས་པར་བཤད་པ་ནས་འཇུག་རྒྱུ་བྱེད། ད་རྣམ་པ་ཐམས་ཅད་ཀྱིས་ཐུགས་བསམ་དགོངས་པ་ནང་དུ་སྐོར་བར་མཛོད་དང་། འདི་ཐེངས་གཅིག་གསན་ནས་སྐྱུར་མི་བཏང་བར། ཁྱད་པར་ཉམས་ལེན་པ་ཚོས་འདི་ལ་ཡང་དང་ཡང་དུ་གཟིགས་པ་དང་། ཡང་དང་ཡང་དུ་བསམ་པ་དང་། ཐེངས་མང་པོ་ལ་དོན་ཞིབ་ཏུ་སེམས་ཤིང་གོ་བའི་གནད་ལ་ཕིགས་དགོས་པ་ཡིན། འདིའི་སྒྲ་ཚིག་དང་ཐ་སྙད་ཀྱི་འབྲུ་དོན་ཁྲོལ་བ་ཙམ་གྱིས་ཆོག་པ་མི་བྱེད་པར་འདིའི་བརྗོད་བྱའི་སྙིང་པོ། ཆོས་ཉིད་མི་འགྱུར་བའི་གཤིས། གནས་ལུགས་དོན་གྱི་ཡེ་ཤེས། ཡིན་ལུགས་ཀྱི་བཞུགས་ཚུལ། བསལ་བཞག་བྲི་གང་དང་བྲལ་ཞིང་རྗོད་བྱེད་སྒྲ་ཚིག་གིས་མཚོན་ཐབས་བྲལ་བ་དེ། སྒྲ་ཚིག་གི་བརྡ་ལ་བརྟེན་ནས་རྟོགས་པར་བྱེད་པ་ནི། བརྡ་དང་ལྡེའུ་མིག་ལྟ་བུའི་བཤད་པ་སྟེ། ཚིག་གི་སྒྲ་སྐད་དམ་མིང་ཚིག་ཡི་གེའི་གཟུགས་སུ་ཤར་བ་དེས་དོན་ཡང་ཟབ་གནད་ཀྱི་གདམས་པ་ཟད་མི་ཤེས་པའི་ཆོས་གཏེར། དེ་ཡང་གཞན་ལས་མ་ཡིན་པར་རང་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བའི་རང་སེམས་ཆོས་ཉིད་ཀྱི་གཤིས། ཡེ་ཐོག་དང་པོའི་སངས་རྒྱས་དང་དགོངས་པ་མཉམ་པར་བཞུགས་པ་དེའི་རང་ཞལ་མཇལ་བའི་ལྟ་སྒོམ་གྱི་གནད་དེ་འཛིན་དགོས་པ་ཡིན། རྣམ་པ་ཚང་མ་ཆོས་འདོད་དོན་གཉེར་ཅན་ཏག་ཏག་ཡིན་པས་མ་ཚད། དེ་ལས་ཀྱང་མང་ཤོས་ཤིག་ཆོས་ཁོ་ནའི་དོན་དུ་ས་ཐག་རིང་གི་སྐུ་ངལ་སྣ་ཚོགས་ལ་མ་འཛེམས་པར་ཕེབས་པ་ཡིན་པས། དེའི་དགོངས་དོན་ཇི་བཞིན་དུ་འགྲུབ་པའི་ཆེད་དང་། དུས་ཚོད་ཉི་མ་ནམ་ཟླ་འཕྲོ་བརླག་མི་འགྲོ་བའི་ཆེད་དུ་འདི་ནས་ཆོས་ཁྲིད་ཐེངས་གཅིག་ཤར་འདོན་བྱེད་པ་ཙམ་ཞིག་མ་ཡིན་པར། ཞིབ་ཁྲིད་དང་རྒྱས་ཁྲིད་ཀྱི་ཕྱག་བཞེས་ལྟར་དུ་ཁྲིད་སྦྱོང་ཐུན་དུ་བཅད་པའི་བཀོད་སྒྲིག་བྱས་ཡོད་པ་དེ་དུས་ཚོད་ཀྱི་རེའུ་མིག་ལྟར་དུ་ཐུན་དང་བསྟུན་ནས་མཁན་པོ་བསྟན་འཛིན་དགྲ་ལྷས་ཁྲིད་དཔོན་མཛད་དེ་ཐུན་བསྡམ་དགོས། ཁོང་གིས་མགོ་སྐུལ་བླ་རྣལ་གྱི་ངག་འདོན་དང་སྦྲགས་ནས་གསུངས་ཡོང་དུས། དེ་དང་སྦྲགས་ནས་ཉིན་རེའི་སྐབས་ཐོབ་ཀྱི་བརྗོད་བྱའི་གོ་དོན་གྱི་གནད་དང་བསྟུན་པའི་རང་རང་སོ་སོའི་བློ་ཚོད་དང་མཐུན་པའི་ཉམས་ཁྲིད་སྐྱོང་རྒྱུ་དང་། འདིའི་ནང་གི་མང་ཆེ་བ་རྫོགས་ཆེན་དངོས་གཞིའི་ཁྲིད་ཐོབ་ཅིང་ངོ་སྤྲོད་ཐེབས་ཚར་བ་ཤ་སྟག་ཡིན་པས། དེ་རྣམས་ཀྱིས་ངོ་རང་ཐོག་ཏུ་འཕྲོད་པའི་རིག་སྟོང་སྤྲོས་པ་དང་བྲལ་བའི་ཀ་དག་གི་གནས་ལུགས་ལ། ཐག་ཆིག་ཐོག་ཏུ་ཆོད་པའི་གདེང་གིས་གང་ཤར་རང་གྲོལ་དུ་སྐྱོང་བའི་ཉམས་ལེན་གྱི་གནད་དུ་འཛིན་པར་གྱིས་དང་། དུས་རྒྱུན་དུ་སྒོམ་ཁང་གི་ནང་ནས་ཁེ་རུ་གཅིག་པུར་སྒོམ་པ་ལས་ཁྱད་དུ་འཕགས་པ་ཡིན་ཏེ། གཅིག་ན་འདུས་པའི་བྱིན་རླབས། གཉིས་ན་གནས་ཀྱི་ཆེ་བ། ཁྱད་པར་དུ་དགོངས་བརྒྱུད་རྟོགས་པའི་ཕ་ཕོག་སྨིན་བྱེད་ཀྱི་དབང་དང་། གྲོལ་བྱེད་ཀྱི་ཁྲིད་ཐོབ་པའི་རྟེན་འབྲེལ་གྱི་གཤིས་རྣམས་ནང་འཛོམས་པའི་དབང་གིས། སྔར་སོང་བསགས་པ་བསོད་ནམས་ཅན་གྱི་གང་ཟག་འགའ་རེ་ཡིས་ཚེ་གཅིག་གཏན་དུ་འཚེངས་པའི་དགོས་འདོད་ཀྱི་རེ་བ་སྐོང་བའི་ནོར་མཆོག་རྙེད་ངེས་པ་དང་། ལས་དང་པོ་པའི་རིགས་ཅན་དག་གིས་ཀྱང་། སངས་རྒྱས་རང་ལ་ཡོད་པའི་ངེས་ཤེས་ཀྱི་ཐོག་ནས་དད་པ་དང་གཅིག སྙིང་རྗེ་དང་གཉིས། མ་གཡེངས་པའི་སྒོམ་དང་གསུམ་པོ་ཆུ་དང་འོ་མ་འདྲེས་པ་བཞིན་དུ་ཁ་ཁར་དབྱེ་རུ་མེད་པའི་གསལ་སྟོང་འཛིན་མེད་ཀྱི་ཐོག་ཏུ་བཞག་ནས་སྡོད་དང་། མན་ངག་གི་གོ་དོན་ཁྲོལ་རིམ་བཞིན་དུ་སྒོམ་སྐྱོན་མེད་ཀྱི་ས་ཟིན་ཡོང་ངེས་ཡིན། གང་ལྟར་ཡང་ངས་མི་ཤེས། ངས་ཐུབ་པ་ཞིག་མ་རེད་སྙམ་ནས་ལེ་ལོ་ངན་ཞེན་དང་། སྒྱིད་ལུག་བདག་ཉིད་བརྙས་པའི་དབང་དུ་བཏང་ནས་མི་བསྐྱུར་བར་འབད་པ་གྱིས་དང་། གོམས་ན་སླ་བར་མི་འགྱུར་བ་ཞིག་ཡོད་མི་སྲིད་པ་ཡིན་པས། གསར་བ་ཚོས་ཐུན་སྡོམ་དུས། དང་པོར་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་གཞག་ཐབས་གནད་དུ་བསྣུན་པ་གནད་ཆེ་བས། ལུས་ཀྱི་འདུག་སྟངས་རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ་ཕྱེད་སྐྱིལ་བདེ་ལུགས་སུ་བཅའ། ཆོས་གྲྭའི་ནང་གི་ཤིང་གདན་འཐས་འདུག་སྙམ་ན། གདན་ཆུང་རེ་བསྣམས་ནས་དེའི་སྟེང་དུ་བདེ་ལུགས་སུ་བཞུགས་ནས། སྒལ་ཚིགས་མདའ་ལྟར་དུ་དྲང་པོར་བསྲངས། དཔུང་པ་ལྷོད་དེ་བརྒྱངས། ཕྱག་གཉིས་པུས་མོར་བཞག་ནས་ཀློང་ཆེན་པའི་བཞུགས་སྟངས་ལྟ་བུ་ཞིག་བྱས་ནས། མགྲིན་པ་ཨེན་ཙམ་སྒུར། ལྕེ་རྩེ་ཡ་རྐན་ལ་སྦྱར། འདིིའི་སྐབས་སུ་དབུགས་སྣ་ནས་མི་གཏོང་བར་ཁ་ནས་ཐོངས། སོ་མཆུ་མ་རེག་པའི་བར་ནས་དབུགས་དལ་བར་མངགས། སྤྱན་གྱིས་ཟུམ་བུའི་ཚུལ་གྱིས་མདུན་ཐད་ཀྱི་བར་སྣང་ལ་གཏད་མེད་དུ་ལྟོས། དེ་ལྟ་བུའི་རྣམ་སྣང་ཆོས་བདུན་ཟུག་རྔུ་མེད་པ་ཞིག་བཅའ་དགོས། དེ་ལུས་ཀྱི་འདུག་སྟངས་རེད། དེ་ནས་སེམས་ཀྱི་གཞག་ཐབས་ནི། སྔར་འདས་པའི་འདུ་ཤེས་ཀྱི་རྗེས་མི་གཅོད། མ་འོངས་པའི་བློ་སྣ་བསྟུངས་ནས་ཕྱིས་མདུན་མི་བསུ། ད་ལྟའི་རྣམ་རྟོག་སྤྲོ་བསྡུ་བཅས་བཅོས་ཀྱང་གང་ཡང་མི་བྱེད་པར་རང་བབས་སུ་བཞག་པ་སྟེ། དེ་ལྟ་བུའི་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་གཞག་ཐབས་དང་མ་བྲལ་བར་གྱིས། ཐུན་གྱི་ནང་ནས་ངག་གི་སྨྲ་བ་སྡོམ་པས་མི་ཚད་དབུགས་ཀྱི་འབྱིན་འཇུག་ཀྱང་ཤིན་ཏུ་དལ་བར་བྱས་ནས། མི་རྟོག་རྩེ་གཅིག་གནས་པའི་ཞི་གནས་དང་། གསལ་གདངས་ངར་དང་བཅས་པའི་ལྷག་མཐོང་གཉིས་ཀ་ཟུང་དུ་འབྲེལ་བ་ཞིག་གི་ཐོག་ཏུ་བཞག་ནས་ཐུན་སྡོམ་དགོས། གྲངས་མེད་བསྐལ་པ་མང་པོའི་མཐའ་དང་ཚེ་རབས་སྐྱེ་བའི་ཕྲེང་བ་མང་པོའི་ཡང་མཐའ་ལ་སྒུག་མི་དགོས་པར་ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་པའི་ཆོས་སྒྲུབ་པར་བྱེད་པ་ལ། ཉམས་ལེན་ཐུན་དུ་བཅད་པ་ཙམ་གྱི་བརྩོན་འགྲུས་ཀྱི་འབད་པ་ཆུང་ཆུང་ཞིག་ལོས་དགོས། འཇིག་རྟེན་གྱི་ཟིན་མེད་ཚེ་འདིའི་གཉེར་ཁའི་བྱ་ལས་སྣེ་རེ་ལ་ཅི་འདྲ་འདྲའི་འབད་པ་ཞིག་དགོས་འདུག་ན། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་རང་གཞན་འདི་ཕྱིའི་དོན་ཆེན་དེ་ཚེགས་ཆུང་ཆུང་ཞིག་གིས་འགྲུབ་པའི་དོན་ཆེན་ལ་དོན་ཆུང་དུ་བརྩི་བའི་འདེང་ལོག་ཏུ་མི་ཤོར་བའི་ཕྱོགས་ལ་ཐུགས་བསམ་ལེགས་པར་བཞེས་ནས། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་པ་ལྟར་དུ་ཐུགས་སྤྲོ་སེམས་དང་སྤོབས་ཉམས་བརྟན་པོ་ལྡན་པའི་ཐོག་ནས་ཉམས་ལེན་ལ་བརྩོན་དགོས་པའི་ཐུགས་གསོས་དྲན་སྐུལ་དང་གསོལ་འདེབས་སུ་ཞུ་བ་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཉིན་གཉིས་པའི་ཆོས་ཁྲིད།

ད་རང་རེ་ཆོས་གྲོགས་རྣམ་པ་ཡང་འདི་བཞིན་དུ་དུས་རབས་ཉེར་གཅིག་པའི་སྟོང་ལོ་གསར་བའི་དུས་རབས་དང་པོའི་མགོ་སྟོད། ལོ་རབས་ཉི་ཤུ་བའི་ནང་གི་ཉིས་སྟོང་བཅུ་གསུམ་པའི་ལོ་འདིར། ཆོས་གྲྭ་འདིའི་ནང་ལ་མཉམ་དུ་འཛོམས་པ་ཡིན་ལ། དེ་ཡང་ལོ་ནས་ལོ་མཐུད་དེ་མི་ལོ་བཅུ་གཅིག་གི་བར་དུ་རྒྱུན་མ་ཆད་པར་ཐེག་ཆེན་མདོ་དང་སྔགས་ཀྱི་ཆོས་ཚུལ་སྤྱི་དང་། དེ་ལས་ཀྱང་རྫོགས་པ་ཆེན་པོ་སྙིང་ཐིག་མ་བུ་གཙོ་བོར་བྱས་པའི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། རྒྱབ་རྟེན་གྱི་ལུང་དང་བཅས་པའི་ཆོས་བརྒྱུད་གདན་ས་འདིའི་རྩ་བའི་རྒྱུན་སྲོལ་མ་ཉམས་པའི་རྒྱུན་སྤེལ་རྒྱུ་བྱུང་བ་ལ་ཡང་བསྐྱར་ཕྱི་བལྟས་ཤིག་བྱས་ཚེ། ང་རང་ཉིད་ལ་མཚོན་ན། སྤྱིར་རྒྱལ་བ་ཤཱཀྱ་སེང་གེའི་བསྟན་པ་ཆ་ཚང་དར་སའི་བོད་གངས་ཅན་ཆོས་ལྡན་གྱི་ཡུལ་གྲུ་ལ་སྐྱེས་ཤིང་། ཁྱད་པར་དུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དང་ཆོས་སྐལ། སྔ་འགྱུར་རྫོགས་ཆེན་པའི་བསྟན་ཞབས་ལ་འཇུག་ཏུ་ཡོད་པ་ནི་སྔོན་མའི་ལས་དང་བསོད་ནམས་ཀྱིས་བསྐོས་པ་ཞིག་དང་། མ་ཚད་ཤིན་ཏུ་ཉག་ཕྲའི་བསྟན་སྲོག་ཆགས་འཇིག་གི་ཉེན་འཕྲང་ཅན་གྱི་དུས་འདི་འདྲའི་སྐབས་སུ་སྙིང་པོའི་བསྟན་རྒྱུན་སྤེལ་བའི་འབྲེལ་མཐུད་པ་ཞིག་ཏུ་གྱུར་ནས། མ་འོངས་ཕྱི་རབས་ཀྱི་དུས་རིང་ལ་བསྟན་པའི་པད་ཚལ་རྒྱས་པའི་སོན་རྩ་ཞིག་ཏུ་འགྱུར་བའི་བྱ་གཞག་ཕྲན་བུ་ཞིག་འགྲུབ་པ་ནི་མི་ཚེ་དོན་དང་ལྡན་པ་དང་། དུས་བཟང་ངན་གཉིས་པོའི་སྐབས་ཀྱི་སྐྱིད་སྡུག་དར་རྒུད་ལ་དགུ་འཕྲང་བཅུའི་འགྲོ་ལམ་རིང་མོར་བརྒྱུད་ནས། རང་རྒྱུད་ཀྱི་བསྟན་པའི་བྱི་དོར་དེ་ལྷག་བསམ་དཀའ་སྤྱད་ཀྱི་སྙིང་པོར་བཟུང་པའི་མཐའ་གཞུག་གི་རེ་འབྲས་དོན་སྨིན་བྱུང་སོང་སྙམ་སྟེ། རང་བློ་རང་ཁོག་ནས་བདེ་བའི་བློ་བདེ་སེམས་ཚིམས་ཀྱི་ཐོག་ཏུ་བསླེབས་པས་མ་ཚད། ཚེ་མཇུག་མི་ཚེའི་ལྷག་མ་ལ་ཉིན་རེ་ཡིན་ཡང་། འདི་བཞིན་དམ་པའི་ཆོས་འཛིན་ཅིང་སྤེལ་བ་ལས་གཞན་པའི་བྱ་བ་ཞིག་སྒྲུབ་འགན་མེད་པ་ནི། ཆོས་ཞུགས་ཤཱཀྱའི་དགེ་སྦྱོང་སྟོན་པའི་རྗེས་འཇུག་ཅིག་གི་རང་སྐལ་ཐོག་ལ་བབ་པའི་བྱ་གཞག་མ་ནོར་བ་དང་། སྤྱིར་ལུགས་གཉིས་ཀྱི་བྱ་བ་གང་སྒྲུབ་ཀྱང་། དེ་འགྲུབ་པ་ལ་རྒྱུ་དང་རྐྱེན་དུ་མ་ཞིག་ཚོགས་དགོས་ལ། འདི་བཞིན་མི་ལོ་ཁ་གྲངས་ཅན་གྱི་ཡུན་དུ་དབང་ཁྲིད་ལུང་གསུམ་གྱི་རྒྱུན་སྤེལ་བའི་སྐབས་སུ་ཡང་། སྤེལ་མཁན་སྤེལ་བྱ་སྤེལ་ས་ཞིག་སྟེ་གསུམ་པོའི་མཐུན་རྐྱེན་ཚོགས་པ་དང་། ཕྱི་ནང་གསང་གསུམ་གྱི་དགག་ཕྱོགས་ཀྱི་འགལ་རྐྱེན་ཅི་ཡང་མེད་ཅིང་། སྒྲུབ་ཕྱོགས་ཀྱི་མཐུན་རྐྱེན་ཆ་ཚང་ཚོགས་པ་ཞིག་མ་བྱུང་ན། གང་བསྒྲུབ་བྱའི་དམིགས་ཡུལ་དེ་ཇི་བཞིན་འགྲུབ་པའི་ངེས་པ་དང་གདེང་ཚོད་གཏན་ལ་ཁེལ་བ་ཞིག་ཡོང་དཀའ་བ་ཡིན། ད་ང་འདྲ་ཞིག་ལ་མཚོན་ན། སྤྱིར་ན་བླ་མའི་མཚན་ཉིད། སྒོས་སུ་སྔགས་ཀྱི་རྡོ་རྗེ་སློབ་དཔོན་གྱི་མཚན་ཉིད་ཚང་མཁན་ཞིག་མ་ཡིན་ཡང་། དུས་རབས་དང་མི་རབས་སྔ་ཕྱིའི་རིམ་པ་དང་། ཆོས་ཀྱི་བརྒྱུད་ཐག་གི་རིམ་པ་སྔོན་རྗེས་དང་། དུས་རབས་གོང་མའི་དུས་སྟོད་ཀྱི་དམ་པ་གོང་མ་སངས་རྒྱས་དངོས་བྱོན་དག་གི་ཞལ་མཇལ་ཏེ་གསུང་གི་བདུད་རྩི་མྱངས། དེ་རྣམ་པའི་ཞབས་རྗེས་ཤིག་ཟིན་པའི་མི་ཞིག་ཡིན་པའི་དབང་གིས། སྒེར་རང་ངོས་ནས་མི་གང་ཟག་ཕལ་བ་ཙམ་ལས་མ་འདས་ཀྱང་། ཆོས་ཟབ་མོའི་ཉེ་བརྒྱུད་ཀྱི་རྒྱུན་ཞིག་བཞུགས་པའི་སྐལ་བ་ཞིག་ལྡན་སོང་བ་རེད། འདི་གཏད་ས་ཕྱི་རབས་ཀྱི་བསྟན་རྒྱུན་གསོ་ཞིང་འཚོབ་ཐུབ་མཁན་ཁྱེད་རྣམ་པ་ལྟ་བུའི་སྣོད་ལྡན་དོན་གཉེར་ཅན་དག་མེད་ན། སུ་ལ་བཤད། གང་ལ་སྟོན། ཡང་བཤད་མཁན་དང་ཉན་མཁན་གཉིས་ཀྱི་ཆ་རྐྱེན་ཞིག་ལྡན་རུང་། འགལ་རྐྱེན་ཉེར་འཚེ་སྣ་ཚོགས་པའི་བར་ཆད་ཀྱི་དབང་གིས་འཆད་ཉན་མཐར་མི་ཕྱིན་པ་ཡང་མང་བ་དང་། ཁྱད་པར་དུ་ཆོས་ཟབ་མོ་བཀའ་བཙན་བྱིན་ཆེའི་གདམས་ཁྲིད་འདི་ལྟ་བུ་སྔར་དུས་བཟང་པོའི་སྐབས་སུ་ཡང་། བླ་སློབ་རང་ཐད་ཀྱི་དམ་ཚིག་མ་གཙང་ན་སྲུང་མའི་འཁུ་ལྡོག་སོགས་ཀྱིས་མཐར་ཕྱིན་པ་དཀའ་མོ་ཡིན་པའི་ལོ་རྒྱུས་ཡོད་པ་ཡིན། འོན་ཀྱང་རང་རེས་མི་ལོ་བཅུ་གཅིག་གི་རིང་ལ་འདི་ལྟར་རྒྱུན་མཐུད་ནས། ཆོས་གྲོགས་བརྒྱ་ཚོ་སྟོང་ཚོ་མང་པོ་ལ་དམ་ཆོས་རྫོགས་པ་ཆེན་པོའི་རྒྱུན་སྤེལ་བ་འདི་ལ་ཉེར་འཚེ་ཆེར་ཞིག་མ་བྱུང་བ་ནི། གཅིག་ན་དམ་པ་གོང་མའི་ཐུགས་བསྐྱེད་ཀྱི་མཐུ་དང་། གཉིས་སུ་ལྷ་དང་སྲུང་མའི་སྡོང་གྲོགས་ཀྱི་སྟོབས་ལ་བརྟེན་པ་ཞིག་ཡིན་པ་ནི་སྨོས་མ་དགོས་ཀྱང་། གཙོ་བོ་ནི་ཁྱེད་མི་རབས་རྗེས་མའི་གཞོན་སྐྱེས་བསྟན་འཛིན་གྱི་སྐྱེས་བུ། མཁན་སྤྲུལ་སྡེ་སྣོད་འཛིན་པ་རྣམ་པའི་སྔོན་སྨོན་ཐུགས་བསྐྱེད་དུས་ལ་བབ་པའི་དབང་གིས། ལྷག་བསམ་དང་དོན་གཉེར་གྱི་ཐུགས་སྟོབས་འགྲན་ཟླ་བྲལ་བ་ཞིག་ཡོད་པ་དེ་ཉིད་ཡིན་པར་གོར་མ་ཆག་སྙམ། གནའ་ཤུལ་གྲགས་ཅན་གྱི་གདན་ས་རྙིང་པ་ཡིན་པ་དང་། ད་ལྟའི་དུས་སུ་རྟེན་གཞིའི་བཞེངས་བསྐྲུན་མི་དམན་པ་རེ་ཡོད་ས་ལྟ་བུ་ཞིག་ཡིན་ཡང་། མིང་དང་དོན་མཚུངས། ཕྱི་དང་ནང་མཚུངས་པ་ཞིག་མེད་ཚེ། གནའ་སྔ་མོའི་མིང་སྐམ་ཞིག་དང་། ཕྱི་ཁོག་གི་ཁང་སྟོང་ཞིག་ཡོད་ནའང་བསྟན་པའི་མིང་དོན་གཉིས་ཀ་ཚང་བ་ནི་དཀའ་བའི་གནས་སུ་ཡོད་པས། ད་ཡོད་མིག་གིས་བལྟ་ས་ལ་ཁ་ཡོད་ལག་ཡོད་ཀྱི་སྟོན་རྒྱུ་ཞིག་མེད་ན། གནའ་ག་ཤེད་ཅིག་ལ་གཅིག་གཅིག་གཉིས་གཉིས་ཀྱི་ལོ་རྒྱུས་ཡོད་པར་བསྒྲགས་པས་ཅི་ཡང་མི་ཡོང་བ་ནི། ན་ནིང་གི་དྲོད་རླུང་གིས་ད་ལོའི་ས་ཆུ་མི་དྲོས་པ་ལྟ་བུ་ཡིན། ཕྱིའི་མཁར་དང་ཁང་པ་རྐྱང་པ་ཡོད་པས་ཀྱང་མི་ཆོག་པར། ནང་དུ་ལུང་སྡེ་སྣོད་གསུམ་གྱི་འཆད་ཉན་དང་ལམ་བསླབ་པ་གསུམ་གྱི་ཉམས་ལེན་བྱེད་པའི་མི་མེད་ན། ཕྱི་རྫིག་ནང་སྟོང་། སེངྒེའི་གསོབ་ལྟ་བུ་རྒྱང་ནས་བལྟས་ན་ཡོད་ཡོད་འདྲ་བ། འགྲམ་ལ་བཅར་ན་སྙིང་མེད་ཁོག་སྟོང་། དེ་ཡང་ནང་སྟོང་ཙམ་ཁོ་ན་ཡིན་ན་བླ་ཡང་དེ་ལས་ཀྱང་ཐུ་བ་ནི། བླ་གྲྭའི་མིང་དང་རྟགས་ཙམ་འཛིན་པའི་སྒོ་ནས་བསྟན་པ་བཤིག་ཅིང་། སྡིག་ལྟ་འཆལ་སྤྱོད་ཀྱིས་བསྟན་ཞབས་ལ་ཐག་པ་འདོགས་པའི་མིས་གང་ནས་ཡོད་པ་ལས་མེད་ན་དགའ་བ་ཡིན། དེ་བས་གནའ་ཡི་གཙང་མའི་ལོ་རྒྱུས་ཡོད་པའི་མཚན་སྙན་མི་བརྗེད་པའི་དྲན་གསོས་ཤིག་ལ། དྲན་རྟེན་གྱི་རྡོ་རིང་ཞིག་བཙུགས་ནས་སྟོང་པར་བཞག་ན་དགའ་འདུག་སྙམ། དེའི་ཚུལ་ན་ནིང་ཞིག་ལའང་བཤད་མྱོང་། དགའ་འོས་པ་ཞིག་ལ་གནའ་དུས་རབས་སྔོན་མའི་དུས་སྐེད་ངེད་ཚོས་ཤེས་ཚོད་ཀྱི་དུས་བསྐལ་པ་བཟང་སྐབས་སུ་ས་ཆ་སྟོད་སྨད་བར་གསུམ་གྱི་དགོན་སྡེ་མང་པོའི་ནང་ལ་ཐོན་མྱོང་ཡང་། གྲྭ་ཇོ་སེར་མང་ཆེ་བ་འདི་བཞིན་དུ་ཐོས་བསམ་འཆད་ཉན་དང་། ཉམས་ལེན་སྒོམ་སྒྲུབ་ལ་ཞུགས་ནས་ཡོད་པ་མཇལ་དུ་ཡོད་པ་དཀོན་པོ་ཡིན་པས་མ་ཚད་གོ་རྒྱུ་ཡང་དཀོན་པོ་ཡིན་དར། རང་རེའི་གདན་ས་འདི་ལ་མཚོན་ན། རྒན་གཞོན་མེད་པའི་གྲྭ་སྟོང་གྲྭ་མང་པོ་འདི་ལྟར་དམ་ཆོས་གསན་བསམ་ཉམས་བཞེས་ལ་ཐུགས་གཞོལ་ནས་ཞུགས་པ་ནི་གཞན་དང་མཚུངས་པ་བྲལ་བའི་ཁྱད་ཆོས་ཁྱད་པར་བ་ཞིག་རེད། དོ་ཞག་ཅིག་ལ་བཤད་སྣང་ཡོད། ང་ལ་མི་ལོ་ཉི་ཤུ་སུམ་བཅུའི་ཡར་སྔོན་ཞིག་ལ་ཁ་སྲོལ་ཞིག་ཡོད་པ་ནི། དགོན་པ་འཇིག་ནས་མི་ལོ་བཅུ་ཕྲག་ཁ་གྲངས་ཅན་སོང་བ་དེ་ཡར་འཛུགས་ཆོག་ཚེ། བཙུགས་ན་བཙུགས་པ་ནང་བཞིན་དུ་དུས་རབས་ཀྱི་རྗེས་ཟིན་པའི་དགོན་པ། ཡུལ་ཁམས་དེང་རབས་ཅན་ལ་ཇི་ལྟར་འགྱུར་བ་མི་ཤེས་ཀྱང་། འུ་ཚོས་དགོན་པ་དེང་རབས་ཅན་དུ་ངེས་པར་དུ་བསྒྱུར་དགོས། དེ་ཡང་ལུང་པ་དགོན་པ་ཅན་དང་། དགོན་པ་ཡང་གྲྭ་བ་ཅན། གྲྭ་བ་ཡང་ཡོན་ཏན་ཅན་ལ་བསྒྱུར་དགོས་ཚུལ་ཡིག་ཐོག་ལ་བཀོད་དེ་གྲོས་གཞིར་བཟུང་བའི་ཁྱབ་བསྒྲགས་བྱས་མྱོང་། ད་ལྟ་དུས་ཚོད་དང་བྱ་བའི་བརྒྱུད་རིམ་ཙམ་ལས་དོན་ཐོག་ལ་ཁེལ་ཏེ་འགྲུབ་བཞིན་པ་ལ་བལྟས་ན། གཏམ་དེ་ཚོ་ཁ་ལྷ་ཡིས་བསྒུལ་ནས་བཤད་པ་ཞིག་རེད་བསམ་ཆོག་པར་འདུག མདོར་ན་བསྟན་པ་ཞེས་པའི་མཛུ་གུ་འཛུགས་ས་ནི་ལུང་རྟོགས་གཉིས་ཀ་ཡིན་ལ། དེ་བཤད་སྒྲུབ་གཉིས་ཀས་འཛིན་དགོས་པས། འཛིན་མི་འཛིན་དང་། ཟིན་མི་ཟིན་ནི་གང་ཟག་ལ་རག་ལས་ཕྱིར། ཁྱེད་རྣམ་པས་འདི་ལྟར་དམ་ཆོས་འཆད་ཉན་དང་ཐོས་བསམ་ཉམས་ལེན་ལ་ཞུགས་པ་ནི། ད་ལྟའི་བསྟན་པ་འཛིན་སྐྱོང་དང་། ཕྱི་རབས་བསྟན་རྒྱུན་མཐུད་པ་ལ་བྱ་བ་གང་ཞིག་གིས་ཀྱང་འགྲན་དུ་མེད་པའི་བསྟན་དོན་ཁུར་བཞེས་ཀྱི་མཛད་སྤྱོད་རླབས་ཆེན་ཞིག་ཡིན་པ་ནི་སྨྲོས་མ་དགོས་པས། ངས་ཁྱེད་རྣམ་པའི་མཛད་པ་ལ་རྗེས་སུ་ཡི་རང་དང་བཅས་ཏེ་བཀའ་དྲིན་ཆེ་ཞུ་བ་ཡིན། འདི་ལྟ་བུའི་བསྟན་འཛིན་དགེ་འདུན་གྱི་སྡེ་ཆེན་པོ་འདི་བཞིན་གདན་འཛོམས་པ་ནི། ཕྱག་གི་ཡུལ། དད་པའི་གནས། མཆོད་པའི་རྟེན། བསོད་ནམས་ཀྱི་ཞིང་ས་ཁྱད་པར་ཅན་ཡིན་ཕྱིར། ངས་དང་པོར་སྒོ་ཁ་ནས་ཡར་ཕྱག་གསུམ་འཚལ་ཏེ། དེའི་འཕྲོར་གུས་པའི་ཞེ་ས་དང་བཅས་ཏེ་ཆོས་ཁྲིད་འབུལ་འོས་པ་ཞིག་ཡིན་ན་ཡང་། དམ་པའི་ཆོས་ཀྱི་ཆེ་བ་འདོན་པའི་ཕྱིར་དུ་འཆད་མཁན་མི་ཡིན་ཡང་། འཆད་བྱའི་ཆོས་དབང་བཙན་གྱིས་སྲོལ་རྒྱུན་ལྟར་དུ་ཁ་མར་འཁོར་ནས་འཆད་བཞིན་ཡོད་པ་རེད། མཚམས་རེར་འདུས་པ་ཤིན་ཏུ་མང་དུས་ཁྲི་རེ་ཡི་སྟེང་ལ་འགོས་ནས་དབང་རེ་ཡང་བཏོན་པ་ཡིན་ཡང་། ང་ལྟ་བུ་ཞིག་ལ་མཚོན་ན་ཆོས་བརྒྱད་གདིང་ནས་སྤངས་པའི་ཆོས་པ་རྣམ་དག་རེད་སོང་བ་ཞིག་མིན་ཡང་། རང་བལྟས་རོགས་ལ་བལྟས་ཚེ། འདི་སྣང་ཆོས་བརྒྱད་དོན་གཉེར་གྱིས་སྣ་སུན་ཕོག་ནས། རང་གཞན་ཕྱི་རྟིང་གནམ་བཀྱག་ལ་ཞེན་པ་ལོག་པའི་མི་ཡིན་པས། ལུས་འདི་དབུགས་དང་མ་བྲལ་བའི་ཉི་མ་ཁ་ཤས་ཀྱི་ཚེ་ལ་དམ་ཆོས་འཆད་སྤེལ་བྱེད་པའི་རྟེན་ཞིག་ཆོག་སོང་བའི་སྐལ་བ་བཟང་པོ་ཐོབ་པའི་དགའ་སྤྲོའི་སྤོབས་པ་དང་བཅས་ཏེ། དམ་ཆོས་འཆད་ཉན་ལ་འདི་ལྟར་ཉིན་རེ་བཞིན་དུ་ཞུགས་པ་ཡིན། རང་རེ་རྣམ་པ་ལྷན་རྒྱས་དང་བཅས་པས། འདི་ལྟར་ཁམས་གསུམ་འཁོར་བའི་གནས་ན་རྒྱུ་བའི་མཐའ་ཡས་ནམ་མཁས་གར་ཁྱབ་ཀྱི་སེམས་ཅན་འདི་དག་ཐམས་ཅད། ཇི་སྲིད་གཏན་བདེ་རྫོགས་པའི་བྱང་ཆུབ་ལ་འགོད་མ་ཐུབ་ཀྱི་བར་ཏེ། ནམ་མཁའ་མ་ཞིག འཁོར་བ་མ་སྟོངས། སེམས་ཅན་ལས་ཉོན་གྱི་གཞན་དབང་ཅན་གཅིག་ཀྱང་མེད་པར་མ་གྱུར་ཀྱི་བར་དུ། དམ་པའི་ཆོས་རང་གིས་འཛིན་ཅིང་གཞན་ལའང་དེ་བཞིན་དུ་བསྟན་ཏེ། འཁོར་བའི་སེམས་ཅན་རྨོངས་པ་སྡུག་བསྔལ་ཅན། སྔར་ཐོག་མེད་ཀྱི་དུས་ནས་ད་ལྟ་ལ་མ་ཐུག་གི་བར་དུ། བར་མེད་དུ་འཁྲུལ་ནས་སྡུག་བསྔལ་མྱོང་ན་ཡང་། ད་རུང་སྡུག་བསྔལ་རྒྱུ་འབྲས་གཉིས་ཀ་ལ་རྒྱུད་མར་སྤྱོད་ནས། མཐའ་མེད་ཀྱི་འཁོར་བའི་སྡུག་བསྔལ་ཕྱི་མའི་ཕྱི་མ་མུ་མཐའ་མེད་པ་ལ་འཇུག་པ་འདི་དག་གི་ལམ་སྟོན་བྱས་ཏེ། ཕན་ཐོགས་ལག་ལ་ལོན་པ་ཞིག་འབྱུང་བའི་ཆེད་དུ། བདག་གིས་ད་རེས་ཐོས་པ་དཀའ་ཞིང་མཇལ་བར་དཀོན་པའི་ཆོས་ཟབ་མོ་འདི་ཉན་པས་མ་ཚད་དོན་ཡིད་ལ་བྱས་ཤིང་རྒྱུད་ལ་སྦྱར་ནས། ཉམས་སུ་ལོན་པ་ཞིག་བྱེད་ངེས་པ་ཡིན་དགོངས་པའི་ཁ་མིན་དོན་གྱི་དམ་བཅའི་ཐུགས་བསྐྱེད། སྙིང་རྗེས་དྲངས་པའི་བྱང་ཆུབ་སེམས་མཆོག དོན་གཉིས། ཟུར་གཉིས། སྨོན་འཇུག་དང་། བདེན་གཉིས་སོགས་ཁ་ཙམ་གྱི་བཤད་རྒྱ་ཆེན་པོ་བསྣར་རུང་མ་བསྣར་རུང་། ཐབས་ཤེས་གཉིས་ཀ་ཟུང་དུ་འབྲེལ་བའི་བསམ་སྤྱོད་ཡ་མ་བྲལ་བ་ཞིག་གི་ཐོག་ནས། སྤྱིར་ཐེག་ཆེན་མདོ་སྔགས་གཉིས་ཀའི་དམ་ཆོས་འཆད་ཉན་ལ་ཞུགས་དགོས་པ་དང་། ཁྱད་པར་དུ་གསང་སྔགས་ཀྱི་རྒྱུད་ལུང་མན་ངག ཡང་སྒོས་རྫོགས་པ་ཆེན་པོའི་གདམས་ཟབ་འཆད་ཉན་གྱི་སྐབས་སུ་ཐུགས་བསྐྱེད་དེ་ལྟ་བུ་དང་མ་བྲལ་བའི་སྒོ་ནས་ཉན་དགོས་པ་དང་། ཡང་ན་འདིར་ཞུགས་མང་ཆེ་བ་ནི་ཉམས་ལེན་པ་རྙིང་པ་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་ཏག་ཏག་ཡིན་པས། ཆོས་གསན་དུས་སུ་མ་བཅོས་རིག་པ་རང་གསལ། ཇི་བཞིན་རང་བབས་ཀྱི་གཤིས་རྣལ་མའི་ངང་དང་མ་བྲལ་བའི་རིག་རྩལ་ཤེས་རབ་ཀྱི་རྣམ་ཆར་ཤར་བའི་ཐོག་ནས་གསན་བཞེས་མཛད་པ་ནི་ཞུ་མ་དགོས་པར་མཁྱེན་བཞིན་པ་དང་བཅས་ཏེ། གང་ཞིག་གསན་པར་བྱ་བ་གསང་ཆེན་རྡོ་རྗེའི་ཐེག་པའི་ཐེག་རྩེ་རྫོགས་པ་ཆེན་པོའི་གངས་ལྗོངས་བསྟན་པའི་ཤིང་རྟ་བ་ཆེན་པོ་རྒྱལ་བ་གཉིས་པ་ཀློང་ཆེན་རབ་འབྱམས་ཀྱི་གསུང་རབ། ཀུན་ཏུ་བཟང་པོའི་ཐུགས་བཅུད། འབུམ་ཕྲག་རྒྱུད་སྡེའི་དགོངས་དོན་ཕྱོགས་གཅིག་ཏུ་བསྡུས་པ། མཛོད་ཆེན་རིན་པོ་ཆེ་རྣམ་པ་བདུན་གྱི་ནང་ནས། དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། ཁྱད་པར་གཉུག་མའི་སེམས་ཉིད་ཆོས་སྐུའི་དོན། །བསལ་བཞག་བྲལ་བའི་ཡེ་ཤེས་རྗེན་པ་རུ། །ལེགས་སྟོན་ཀུན་མཁྱེན་བླ་མའི་དགོངས་པའི་མཐིལ། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ཆེན་མཛོད། །ཅེས་གསུངས་པ་ལྟར་དུ། ཆོས་སྐུའི་ཡེ་ཤེས་བསལ་བཞག་དང་བྲལ་བ་མངོན་སུམ་རྗེན་པར་སྟོན་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད། ཡང་ཁོང་གིས། གཞུང་བཟང་འདི་འདྲ་དམ་ཆོས་ཀུན་གྱི་མཛོད། །ཆོས་རྣམས་ཀུན་གྱི་བརྗོད་བྱ་མཐར་ཐུག་པ། །ཆོས་སྐུའི་ཡེ་ཤེས་རྗེན་པར་སྟོན་པ་སྟེ། །ཆོས་ཀུན་བསྡུར་ཀྱང་འདི་ལས་ཡོད་རེ་ཀན། །ཞེས་འགག་དང་བཅས་པས་གསུངས་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཟབ་མོ་གཅིག་ཏུ་བསྡུས་ཤིང་། སྐལ་ལྡན་ལས་ཅན་དག་འདི་དང་འཕྲད་པ་ཙམ་གྱིས། སྲིད་པ་ཐ་མར་བྱེད་པའི་གཞུང་བཟང་ལེའུ་བཅུ་གསུམ་བཞུགས་པའི་རྩ་བ་ལ། ཀུན་མཁྱེན་བླ་མ་རང་གིས་རང་འགྲེལ་དུ་མཛད་པའི་ལུང་གི་གཏེར་མཛོད་ཅེས་བྱ་བ་འདི་ཉིད་འཆད་པའི་སྐབས་ལས། གཞུང་བཤད་པ་ལ་འཇུག་པའི་སྤྱི་དོན་དང་། བཤད་བྱ་གཞུང་གི་དོན་དངོས་རྒྱ་ཆེར་བཤད་པ་གཉིས་ལས། ཁ་རྩང་ཉིན་དང་པོའི་སྐབས་སུ་གཞུང་བཤད་པ་ལ་འཇུག་པའི་སྤྱི་དོན་གྱི་ཇི་ལྟར་བཤད་པའི་ཐབས། གང་ལྟར་འཆད་ཉན་བྱེད་པའི་ཚུལ། དེ་ལྟར་འཆད་ཉན་བྱས་པའི་ཕན་ཡོན་རྣམས་ངེས་པར་བྱས་པས་མ་ཚད། སྤྱི་ཆིངས་རྣམ་པ་ལྔ་ཡིས་འགྲེལ་དགོད་པ་དང་། དགོས་འབྲེལ་ཡན་ལག་བཞི་ཡིས་གཏན་ལ་ཕབ་ཚུལ་རྣམས་སོང་ཟིན་པས་མ་ཚད། སྤྱི་དོན་གཉིས་པ་བཤད་བྱ་གཞུང་གི་དོན་དངོས་རྒྱ་ཆེར་བཤད་པ་དེ་ལའང། འགྲེལ་བ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ་དང་། འཇུག་ཡུལ་ལུས་ཀྱི་དོན་དངོས་རྒྱ་ཆེར་བཤད་པ་དང་། ཡོངས་སུ་རྫོགས་པ་མཇུག་གི་དོན་དང་རྣམ་པ་གསུམ་གྱིས་འཆད་པའི་དང་པོ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པའི་མཚན་སྨོས་པ། འགྲེལ་བ་པོའི་ཕྱག་འཚལ་བ། འགྲེལ་བ་ཉིད་བརྩམ་པར་དམ་བཅའ་བ་སོགས་དང་། གཞུང་རྩ་བ་དངོས་ཀྱི་མཚན་བརྗོད་པ་ལ་སོགས་པས་བསྟན་བཅོས་རྩོམ་པ་ལ་འཇུག་པའི་རྒྱུ་བསྟན་པ་རྣམས་ཡོངས་སུ་བཤད་ཟིན་ནས། དེརིང་སྐབས་སུ་བབ་པ་ད་ནི་འཇུག་ཡུལ་བསྟན་བཅོས་ཀྱི་ལུས་དངོས་རྒྱས་པར་བཤད་པ་ལ་གཞུང་དོན་ལེའུ་བཅུ་གསུམ་གྱིས་གསང་བ་རྒྱལ་པོའི་གནས་སྟོན་པ་སྟེ། དེ་ཡང་དང་པོ་འཁོར་འདས་དབྱིངས་ལས་མ་གཡོས་པའི་རང་བཞིན་བསྟན་པ་དང་། གཉིས་པ་དབྱིངས་དང་དབྱིངས་སྣང་ཡེ་ནས་ཞིང་ཁམས་སུ་ཤར་བ་བསྟན་པའི་ལེའུ་གཉིས་ཀྱིས་བྱང་ཆུབ་སེམས་ཀྱི་རང་བཞིན་སྤྱིར་བསྟན་པ་དང་། ལེའུ་གསུམ་པ་ནས་དགུ་བའི་བར་གྱི་ལེའུ་བདུན་པོ་དེས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་དང་། དེའི་རང་བཞིན་དང་། བྱང་ཆུབ་ཀྱི་སེམས་དེ་ཉིད་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པ་དང་། ཐམས་ཅད་ཀུན་ཁྱབ་བྱང་ཆུབ་ཀྱི་སེམས་སུ་འདུས་ཚུལ་དང་། དེ་ཡང་ལྷུན་གྱིས་གྲུབ་པར་བསྟན་པ་དང་། བྱང་ཆུབ་སེམས་ལ་གཉིས་སུ་མེད་པ་དང་། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ཀློང་དུ་ལ་ཟློ་ཚུལ་རྣམས་བྱེ་བྲག་ཏུ་བསྟན་པ་ཡིན་ཞིང་། ལེའུ་ཐ་མ་གསུམ་གྱིས་དགོངས་པ་ཆོས་ཉིད་ལས་མི་གཡོ་བ་དང་། རྐྱེན་སྣང་མཁའ་མཉམ་དག་པ་དང་། བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་གྲོལ་བའི་རང་བཞིན་དང་། ཡེ་སངས་རྒྱས་པ་ལ་རྩོལ་སྒྲུབ་མེད་པར་ཡང་སངས་རྒྱས་པའི་འགག་སྡོམ་པ་སྟེ། དེ་ལྟར་རྫོགས་ཆེན་སྡེ་གསུམ་གྱི་གཞི་ལམ་འབྲས་གསུམ་ལ་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཚང་བར་བསྟན་པའོ།།

ལེའུ་དང་པོ་འཁོར་འདས་དབྱིངས་ལས་མ་གཡོས་པའི་རང་བཞིན་བསྟན་པ།

དེ་ལས་དང་པོ་འཁོར་འདས་དབྱིངས་ལས་མ་གཡོས་པས། ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ངང་ལས་འཕོ་འགྱུར་མེད་པར་བསྟན་པ་ལ་ཞེས་པ་སྟེ་འདི་ལ་ནང་གསེས་སུ་དབྱེ་ན། ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ངང་ལས་འཕོ་འགྱུར་མེད་པར་བསྟན་པ་དང་། ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་སྣང་རང་ཤར་དུ་འདུས་པར་བསྟན་པ་དང་། འཁོར་འདས་ཡོད་མ་མྱོང་བས་དབྱིངས་ལྷུན་མཉམ་ཡངས་པ་ཆེན་པོར་དོན་བསྡུ་བ་དང་གསུམ་ལས།

༼ཀ༽ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ངང་ལས་འཕོ་འགྱུར་མེད་པར་བསྟན་པ།

དང་པོ་དེ་ལ་ཡང་རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་འཁོར་འདས་སུ་ཤར་ཡང་དབྱིངས་ལྷུན་གྲུབ་ལས་མ་གཡོས་པར་བསྟན་པ་དང་། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པས་ཕྱི་ནང་སྣང་བརྟགས་ཀྱི་རང་སྣང་ཐམས་ཅད་རང་ཤར་དུས་ནས་བྱར་མེད་མཉམ་པ་ཆེན་པོར་ཕྱམ་བརྡལ་ཚུལ་དང་གཉིས་སུ་ཡོད་པ་ལས།

ཀ༽རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་འཁོར་འདས་སུ་ཤར་བར་བསྟན་པ།

དང་པོ་དེ་ལ་ཡང་ནང་གསེས་བཞི་རུ་ཡོད་པ་ལས། དང་པོ།

༼ཀ འཁོར་འདས་སུ་རང་ཤར་ཡང་དབྱིངས་ལྷུན་གྲུབ་ལས་མ་གཡོས་པར་བསྟན་པ།

རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་འཁོར་འདས་སུ་རང་ཤར་ཡང་དབྱིངས་ལྷུན་གྲུབ་ལས་མ་གཡོས་པར་བསྟན་པ་ནི། ཞེས་མཚམས་སྦྱར་ནས།

ལྷུན་གྲུབ་ཀློང་ལས་ཐམས་ཅད་འབྱུང་བའི་གཞི།།

ངོ་བོ་སྟོང་ལ་རང་བཞིན་མ་འགགས་པ།།

ཅིར་ཡང་མ་གྲུབ་ཅིར་ཡང་འཆར་བ་སྟེ།།

སྐུ་གསུམ་ཀློང་ནས་འཁོར་འདས་རང་ཤར་ཀྱང་།།

དབྱིངས་ལས་མ་གཡོས་ཆོས་ཉིད་བདེ་བའི་ཞིང་།།

ཞེས་གསུངས་ཏེ། འདི་ལྟར་རིག་པ་རང་བཞིན་གྱིས་དག་པའི་ངོ་བོ་སྟོང་པ་ཆོས་ཀྱི་སྐུ་དང་། རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེའི་འཆར་ཚུལ་མ་འགགས་པ་སྤྲུལ་པའི་སྐུ་དང་གསུམ་ནི་ཡེ་ནས་མ་བཙལ་བར་ལྷུན་གྱིས་གྲུབ་པ་ནི་ནུབ་པ་མེད་པའི་གཏེར་ཆེན་པོ། འོད་གསལ་གཞི་གནས་ཀྱི་དཀྱིལ་འཁོར་ཏེ། དེའི་ངང་ལས་དག་པ་སངས་རྒྱས་ཀྱི་རང་སྣང་། མ་དག་པ་སེམས་ཅན་གྱི་རང་སྣང་ཅིར་ཡང་ཤར་དུས་ཉིད་ནས། དབྱིངས་ཆོས་ཉིད་ཀྱི་རོལ་བ་ཙམ་ལས་གཞན་དུ་ཤར་བ་མེད་དེ། རྨི་ལམ་བཟང་ངན་ཅི་རྨིས་པ་གཉིད་ཀྱི་ངང་ལས་གཡོས་པ་མེད་པ་བཞིན་ནོ། །རང་ཤར་ལས། སྟོང་པའི་ངང་ནས་རིག་པའི་ཉི་ཤར་བས། །ནུབ་པ་མེད་པའི་གཏེར་ཆེན་དཀྱིལ་འཁོར་ནས། །འགྱུར་བ་མེད་པའི་སྐུ་ལྔ་ཤར་གྱིས་བྱུང་། །རྟོག་པ་མེད་པའི་ངང་དུ་གཉིས་མེད་རོལ། །ཡང་དག་ས་ལ་མ་བཀོད་ཕུང་པོ་ལྔ། །སྣང་བའི་ཆོ་འཕྲུལ་ཅིར་ཡང་སྟོན་པར་མཛད། །ཅེས་པ་དང་། ཀུན་བྱེད་ལས། སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་དེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། །སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ཞེས་སོ། །དེ་ཡང་གཞིའི་རིག་པ་ནི། རང་བཞིན་གྱིས་དག་པ་ཀ་དག་དང་ལྷུན་གྲུབ་དབྱེར་མེད་པ་ཞིག་ཡིན་པས་མ་ཚད། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་དེའི་ཆོ་འཕྲུལ་ལས་བྱུང་བ་མདང་གི་རྨི་ལམ་ལྟ་བུ་ཞིག་ལས་མ་འདས་ཤིང་། དེ་ལྟ་བུའི་རིག་པ་རང་གི་གནས་ལུགས་གཤིས་ཀྱི་བཞུགས་ཚུལ་ནི། ངོ་བོ་སྐྱེ་མེད་དུ་སྟོང་པ་ཆོས་ཀྱི་སྐུ་དང་། རང་བཞིན་འགགས་མེད་དུ་གསལ་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། ཐུགས་རྗེ་ཀུན་ཁྱབ་ཏུ་ཤར་ནས་འཆར་ཚུལ་རྐྱེན་གྱི་དབང་གིས་སྣ་ཚོགས་སུ་སྣང་བ་སྤྲུལ་པའི་སྐུ་སྟེ། དེ་གསུམ་ཡང་ངོ་བོ་གཅིག་ལ་ལྡོག་པས་ཐ་དད་ལ་དབྱེ་ཚུལ་ཙམ་ལས་གཞན་དུ་མེད་པ། ཡེ་ནས་མ་བཙལ་བར་ལྷུན་གྱིས་གྲུབ་པ་ནི། ནུབ་པ་མེད་ཅིང་འགྱུར་བ་མེད་པས། ནུབ་མེད་ཀྱི་གཏེར། ཟད་མེད་ཀྱི་ལོངས་སྤྱོད། འོད་གསལ་གཞི་གནས་ཀྱི་དཀྱིལ་འཁོར་ཡིན་ཕྱིར། འདི་ལ་ལྟ་སྤྱོད། དཀྱིལ་འཁོར། དབང་དང་། དམ་ཚིག མཆོད་སྔགས། ཏིང་འཛིན། འཕྲིན་ལས། སྒྲུབ་པ་སོགས་སྔགས་ཀྱི་དེ་ཉིད་བཅུ་ཡང་མ་འདུས་པ་མེད་ལ། རྨི་ལམ་བཟང་ངན་ཅི་རྨིས་པ་ཐམས་ཅད་གཉིད་ཀྱི་ངང་གཅིག་ལས་མ་གཡོས་པ་བཞིན་དུ། སྐུ་གསུམ་དགོངས་པའི་ཀློང་ལས་འཁོར་འདས་དག་དང་མ་དག་གི་རང་སྣང་ཅི་ཞིག་ཤར་ཡང་། དབྱིངས་འགྱུར་བ་མེད་པ་བྱང་ཆུབ་ཀྱི་སེམས་དེ་ལས་གཡོས་མ་མྱོང་པས། དོན་དུ་ཐམས་ཅད་མི་བདེ་བ་མེད་པར་ཆོས་ཉིད་བདེ་བའི་ཞིང་གཅིག་ལས་སྔར་མ་འདས། ད་ལྟ་མི་འདའ། སླད་ནས་ཀྱང་འདའ་བ་མི་འགྱུར་བ་ཡིན་པར་བསྟན་ཞིང་། རྒྱུད་རང་ཤར་གྱིས་དེའི་རྒྱབ་སྐྱོར་ནས། ཀ་དག་ངོ་བོ་སྟོང་པའི་ངང་ནས་ལྷུན་གྲུབ་རང་བཞིན་གསལ་བའི་རིག་པ་བྱང་ཆུབ་སེམས་ཀྱི་ཉི་མ་ཤར་བས། ཟུང་འཇུག་ཀུན་ཁྱབ་ཐུགས་རྗེའི་འོད་ཟེར་གྱི་གཏེར་ཆེན་བརྡོལ་བའི་ནུབ་པ་མེད་པའི་དཀྱིལ་འཁོར་དེ་ནས། འགྱུར་བ་མེད་པའི་སྐུ་ལྔ་དང་། ཡེ་ཤེས་ལྔ་ལ་སོགས་པ་ཤར་གྱིས་བྱུང་བའི་རྟོག་བྲལ་སེམས་ལས་འདས་པའི་ཆོས་ཏེ། འདི་གཞི་ལམ་འབྲས་གསུམ་དང་སྦྱར་ནས་བཤད་ན། གཞི་རྫོགས་ཆེན་མཉམ་རྫོགས་ཆོས་ཉིད་ཀྱི་ལྟ་བ་གཉིས་མེད་ཆེན་པོ་ལ། ལམ་སྒོམ་པ་ས་ལམ་ངལ་བཅས་རྩོལ་བ་ཅན་གྱི་སྦྱངས་བགྲོད་མེད་པར་ཉམས་སུ་བླངས་པའི་འབྲས་བུ་སྣང་བའི་ཆོ་འཕྲུལ་ཅི་ཞིག་ཤར་ཇི་ལྟར་སྟོན་ཀྱང་ཆོས་ཉིད་གཅིག་གི་ཡོ་ལང་ལས་མི་འདའ་ཞིང་ཡེ་གྲོལ་རེ་དོགས་མེད་པར་ལྷུན་གྱིས་གྲུབ་པ་ཡང་ཤུགས་ལ་བསྟན་པའོ། །དེ་བཞིན་དུ་ཀུན་བྱེད་ཀྱི་ལུང་གིས། སྣང་སྲིད་སྣོད་བཅུད་འཁོར་འདས་བདེ་སྡུག་གི་ཆོས་ཐམས་ཅད་སྐུ་གསུམ་འདུས་པའི་ཀུན་བྱེད་རྒྱལ་པོ་ངོ་བོ་གཅིག་ལ་ལྡོག་པས་དབྱེ་བའི་སྐུ་གསུམ་ཀུན་འདུས་ཀྱི་ཀུན་བྱེད་རྒྱལ་པོ་རང་བྱུང་བྱང་ཆུབ་ཀྱི་སེམས་ནི་ང་ཡི་དེ་བཞིན་ཉིད་ཡིན་ཞེས། དེ་ལྟར་ངོ་སྤྲད་པས་ད་ལྟ་ཉིད་ནས་ཆོས་ཐམས་ཅད་རང་བཞིན་རྫོགས་པ་ཆེན་པོའི་ངང་དུ་གནས་པས། སྐྱོན་ཡེ་ནས་དག་ཅིང་ཡོན་ཏན་ཕུན་སུམ་ཚོགས་པ་ཐམས་ཅད་ལྷུན་གྱིས་གྲུབ་པས། ལུས་མི་རུ་སྣང་ཡང་དགོངས་པ་སངས་རྒྱས་ཀྱི་ཆོས་ཉིད་ཡིན་པར་ལུང་བསྟན་པ་ནི། རྩ་རྒྱུད་རྣམ་གྲངས་བསྡུ་བའི་ལེའུ་ལས། བྱར་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །འདི་ཡིས་སེམས་ཅན་དོན་བྱས་ན། །རྩོལ་སྒྲུབ་མི་དགོས་བདེ་བར་གནས། །ཞེས་པ་ལྟ་བུའོ། །གཉིས་པ།

༼ཁ བྱང་ཆུབ་སེམས་ཀྱི་ཀློང་ནས་རོལ་བའི་འཆར་ཚུལ་མདོར་བསྟན་པ།

དེ་ལྟར་ཡིན་པ་དེའི་ཕྱིར་སྣང་སྲིད་འཁོར་འདས་སུ་སྣང་བ་དབྱིངས་ཀྱི་ཆོ་འཕྲུལ་དུ་བསྟན་པ་ནི། ཞེས་མཚམས་སྦྱར་ཏེ།

སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་།།

རོལ་བ་ངེས་མེད་ཐུགས་རྗེ་ཆོ་འཕྲུལ་ཀློང་།།

ཐམས་ཅད་དབྱིངས་ཀྱི་རྒྱན་ལས་ལོགས་ན་མེད།།

ཕྱི་ནང་འདུ་འཕྲོ་བྱང་ཆུབ་སེམས་ཀྱི་རྩལ།།

ཅིར་ཡང་མ་ཡིན་ཅིར་ཡང་འཆར་བའི་ཕྱིར།།

ངོ་མཚར་ཆོ་འཕྲུལ་ཡ་མཚན་རྨད་ཀྱི་ཆོས།།

ཞེས་གསུངས་ཏེ། སོ་སོ་རང་གི་རིག་པ་ནམ་མཁའ་ལྟ་བུའི་ངང་ན་སྣ་ཚོགས་ཀྱི་ཆོས་སྣོད་བཅུད་གནས་པ་ལྟ་བུའི་རོལ་བ་འདི་ནི། སྐྱེ་བ་མེད་པའི་ངང་ནས་འགག་པ་མེད་པའི་ཆོ་འཕྲུལ་དུ་ཡེ་ནས་ཤར་བས། ཡ་མཚན་རྨད་ཀྱི་ཆོས་སུ་བསྟན་པ་ནི། རང་ཤར་ལས། ཀུན་གྱིས་རྟོགས་པར་དཀའ་བའི་རིག་པ་ནི། །ཕྲ་ཞིང་ཤེས་དཀའ་ཀུན་གྱིས་མཐོང་བ་མེད། །འཛིན་མེད་ཀུན་ལ་སྙོམས་པ་རང་བྱུང་བདེ་བའི་ཀློང་། །འགག་མེད་ངང་དུ་འཁོར་འདས་རོལ་བར་ཤར། །ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་བྱང་ཆུབ་སེམས་ཡིན་དེ་དཔེ་ནི། །ཀུན་དཔེ་ནམ་མཁའ་ལྟ་བུའི་རང་བཞིན་དུ། །བྱང་ཆུབ་སེམས་ཀྱི་དོན་ཡང་དེ་བཞིན་ནོ། །ནམ་མཁའ་རླུང་ཆུ་ས་མེ་རྣམ་པ་ལྔ། །བྱང་ཆུབ་སེམས་ལས་རྨད་བྱུང་མངོན་སངས་རྒྱས། །སྲིད་གསུམ་ལམ་ལྔ་འགྲོ་དྲུག་སྣང་བ་ཡང་། །རྣམ་སྨིན་ལས་ཀྱིས་མི་བསྐྱོད་མངོན་སངས་རྒྱས། །ཁམས་གསུམ་ཡེ་ནས་བྱང་ཆུབ་སྐུ་གསུང་ཐུགས། །དེ་བས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཀུན། །ནམ་མཁའི་ངང་ན་མི་གནས་མེད་པ་བཞིན། །བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་སེམས་ཅན་སྣོད་བཅུད་ཀུན་ཀྱང་གནས། །ཞེས་སོ། །ཞེས་གསུངས་ཏེ། ཀུན་བྱེད་རྒྱལ་པོའི་རྒྱུད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་ཡང་བཏགས། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ཞེས་གསུངས་པ་ལྟར་དུ། ཆོས་ཅན་སེམས་ཀྱི་ཆོས་ཉིད། སེམས་ཉིད་ཀློང་ཆེན། སོ་སོར་རང་གིས་རིག་པ། འགྱུར་མེད་ནམ་མཁའི་ངང་ལ་སོགས་པ་གང་ལྟར་བརྗོད་ན་ཡང་། རང་བྱུང་བྱང་ཆུབ་སེམས་ཀྱི་ངང་ལས་མ་གཡོས་བཞིན་དུ། ཇི་ལྟར་ནམ་མཁའ་ལ་འགྱུར་བ་མེད་བཞིན་དུ་སྣོད་བཅུད་སྣ་ཚོགས་ཀྱི་སྣང་བ་འཆར་རུང་བ་དང་མཚུངས་པར། སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་ན་རོལ་བ་དང་། རྒྱན་དང་། རྩལ་རྣམས་ཅི་ཡང་མ་ཡིན་བཞིན་དུ་ཅིར་ཡང་སྣང་ཞིང་། དེ་ཡང་ཐུགས་རྗེ་ཆོ་འཕྲུལ་གྱི་ཀློང་ནས་རོལ་བ་ངེས་མེད་དུ་ཤར་ནས། ཐམས་ཅད་ཆོས་ཉིད་དབྱིངས་ཀྱི་རྒྱན་དུ་ཤར་བ་ཙམ་ལས་ལོགས་སུ་གྱུར་པའི་གནོད་པ་ཅན་ཞིག་མེད་ལ། ཕྱི་ནང་འདུ་འཕྲོའི་རྣམ་རྟོག་བཟང་ངན་ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས་ཀྱི་རྩལ། སྐྱེ་བ་མེད་པའི་ཡེ་ཤེས་ཀྱི་ངང་ནས་འགག་པ་མེད་པའི་ཆོ་འཕྲུལ་དུ་ཤར་བ་ཡིན། དེ་ཡང་ཇི་ལྟར་ཤར་ན། འདོད་ཆགས་བདེ་སྟོང་སོ་སོར་རྟོག་པའི་ཡེ་ཤེས། ཞེ་སྡང་གསལ་སྟོང་མེ་ལོང་ལྟ་བུའི་ཡེ་ཤེས། གཏི་མུག་སྣང་སྟོང་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། ང་རྒྱལ་རིག་སྟོང་མཉམ་པ་ཉིད་ཀྱི་ཡེ་ཤེས། ཕྲག་དོག་དྲན་སྟོང་བྱ་བ་གྲུབ་པའི་ཡེ་ཤེས་སུ་ཤར་ཏེ། ཉན་རང་ལྟར་མ་སྤངས། བྱང་སེམས་ལྟར་མ་སྦྱངས། གསང་སྔགས་ལྟར་མ་བསྒྱུར་བར་ཉོན་མོངས་པའི་རྟོག་ཚོགས་ཐམས་ཅད་གང་ཤར་རང་སར་དག་སྟེ། ཀུན་བྱེད་རང་བྱུང་རིག་པའི་རྒྱལ་པོ་ལྷུན་གྱིས་གྲུབ་པ། ཐེག་པ་ཀུན་ལས་ཁྱད་པར་འཕགས་པའི་འཕགས་ཆོས་བསྟན་ཞིང་། དེ་ནི་ཀུན་གྱིས་རྟོགས་པ་དཀའ་བའི་ཡ་མཚན་རྨད་ཀྱི་ཆོས་སུ་གྲུབ་ཚུལ་དང་། ཁམས་གསུམ་སྲིད་པ་གསུམ། ལམ་རྒྱུད་ལྔ། འགྲོ་བའི་རིགས་དྲུག་གི་སྣང་བ་ཐམས་ཅད་ཡེ་ནས་མངོན་སངས་རྒྱས་པའི་བྱང་ཆུབ་སེམས་ཀྱི་ཀློང་ཆེན་པོའི་ངང་ན། ཐམས་ཅད་མ་འདུས་པ་མེད་པར་འདུས་ཤིང་གནས་པའི་ཚུལ། རང་ཤར་དང་ཀུན་བྱེད་ཀྱི་ལུང་གཉིས་ཀྱིས་གསལ་བར་ཕྱེས་པའོ། །གསུམ་པ།

༼ག བྱང་ཆུབ་སེམས་ཀྱི་ཀློང་ནས་རོལ་བའི་ཤར་ཚུལ་རྒྱས་པར་བསྟན་པ།

བྱང་ཆུབ་སེམས་ཀྱི་ཀློང་ནས་རོལ་བའི་ཤར་ཚུལ་རྒྱས་པར་བསྟན་པ་ནི།

ཕྱི་ནང་སྐྱེ་འགྲོ་གཟུགས་སུ་སྣང་བ་ཀུན།།

དབྱིངས་ཀྱི་རྒྱན་ཏེ་སྐུ་ཡི་འཁོར་ལོར་ཤར།།

མ་ལུས་གྲགས་པའི་སྒྲ་སྐད་ཇི་སྙེད་ཀུན།།

དབྱིངས་ཀྱི་རྒྱན་ཏེ་གསུང་གི་འཁོར་ལོར་ཤར།།

དྲན་རིག་འགྱུ་འཕྲོ་མི་རྟོག་བསམ་ཡས་ཀྱང་།།

དབྱིངས་ཀྱི་རྒྱན་ཏེ་ཐུགས་ཀྱི་འཁོར་ལོར་ཤར།།

ཞེས་གསུངས་པ་སྟེ། རིག་པའི་ངང་འདི་ན་སྣང་སྲིད་སྣོད་བཅུད་འཁོར་འདས་སུ་སྣང་ངོ་ཅོག་རང་སྣང་རང་ཤར་རྨི་ལམ་གྱི་ངོ་བོ་ཉིད་དམ། ཆུ་ཟླའི་རང་བཞིན་ཙམ་དུ་གཟུགས་སྣང་ཐམས་ཅད་ནི་རང་བྱུང་ཡེ་ཤེས་ཀྱི་སྐུའི་དཀྱིལ་འཁོར་རམ་རོལ་བ། སྒྲ་སྐད་ཐམས་ཅད་ནི་གསུང་གི་དཀྱིལ་འཁོར། དྲན་རིག་དང་རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ་ཐམས་ཅད་ནི་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་བ་ཙམ་དུ་རང་ཤར་བ་སྟེ། དབང་པོ་དྲུག་ཡུལ་དང་བཅས་པ་བདག་ཏུ་འཛིན་པས་ཉོན་མོངས་པའི་ཚོགས་སུ་སྣང་བའང་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་གཅིག་གི་ངང་ལས་མ་གཡོས་པ་ནི། ཡི་གེ་མེད་པ་ལས། ཐམས་ཅད་འབྱུང་བ་འཁྲུལ་སྣང་ང་ཡི་སེམས། །ཐམས་ཅད་གནས་པ་འཁྲུལ་སྣང་ང་ཡི་ཐུགས། །ཐམས་ཅད་སྣང་བ་འཁྲུལ་སྣང་ང་ཡི་སྐུ། །ཐམས་ཅད་གྲགས་པ་འཁྲུལ་སྣང་ང་ཡི་གསུང་། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་སྐུ་ཡི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་སྣང་ཞིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་བ་མེད་པའི་ཆོས་དབྱིངས་ངང་ལ་བཀོད། །སྙིང་པོའི་དོན་ལ་བླང་དོར་མེད་པའི་ཕྱིར། །དེ་ཡང་ཀུན་བྱེད་ང་ཡིས་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་གསུང་གི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་གྲགས་ཤིང་གནས་པའི་ཆོས་རྣམས་ཀུན། །སྐྱེ་མེད་དབྱིངས་ལས་ཚིག་གིས་གསུང་དུ་བཀོད། །སྙིང་པོ་བརྗོད་དུ་མེད་པའི་གསུང་ལ་འདུས། །དེ་ཡང་ཀུན་བྱེད་རྒྱལ་པོས་བཀོད་པ་ཡིན། །ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །སྙིང་པོ་རིག་པའི་དཀྱིལ་འཁོར་བཀོད་པ་ནི། །ཇི་ལྟར་དྲན་རིག་རྟོག་པ་ཐམས་ཅད་ཀུན། །མ་སྐྱེས་ཀུན་བྱེད་ཉིད་ཀྱི་དོན་དུ་རིག །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཉིད་ནི། །མ་བཅོས་རྣལ་དུ་གཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་ནས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་སོ། །ཞེས་གསུངས་ཏེ། དེ་ཡང་ཕྱི་ནང་གི་སྐྱེ་འགྲོ་དང་སྣོད་བཅུད་གཟུགས་སུ་སྣང་ཚད་པོ་དབྱིངས་ཀྱི་རྒྱན་ཡིན། སྣང་བ་ཐམས་ཅད་སྐུའི་འཁོར་ལོ་རུ་ཤར་བ་ཡིན། འཁོར་འདས་ཀྱི་མ་ལུས་གྲགས་པའི་སྒྲ་སྐད་ཡོད་དོ་ཅོག་ཐམས་ཅད་ཀྱང་དེ་བཞིན་དུ་དབྱིངས་ཀྱི་རྒྱན་ཡིན། གསུང་གི་འཁོར་ལོ་རུ་ཤར་བ་ཡིན། ཐ་མལ་གྱི་དྲན་རིག་འགྱུ་འཕྲོ་དང་། རྣམ་པར་མི་རྟོག་པའི་ཡེ་ཤེས་རྒྱ་མཚོ་ལྟ་བུ་ཐམས་ཅད་ཀྱང་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོའི་རོལ་བ་ཙམ་དུ་རང་ཤར་བ་སྟེ། མདོར་ན་གཟུགས་སྣང་། སྒྲ་སྣང་། དྲན་རིག་ཡིད་ཀྱི་རྟོག་པ་ཐམས་ཅད་སྣང་དུས་ཉིད་ནས་མ་སྐྱེས་པའི་དཀྱིལ་འཁོར་གསུམ་དུ་གནས་པའི་ཕྱིར། རང་བབས་གཉིས་མེད་ཆེན་པོར་སྤྱོད་དེ། སྣང་སྲིད་དཀྱིལ་འཁོར་གྱི་རང་བཞིན་དུ་རྟོགས་པས་དགག་སྒྲུབ་དང་སྤང་གཉེན་རང་སར་གྲོལ་བར་བསྟན་པ་ཡིན། སྒོ་གསུམ་ཙམ་གྱིས་མ་ཟད་དབང་དྲུག་ཡུལ་དང་བཅས་པ། སྲིད་རྩ་བདག་འཛིན་གྱིས་གཟུང་འཛིན་དུ་བཅིངས་པའི་ཉོན་མོངས་ཀྱི་ཚོགས་སུ་སྣང་བ་འདི་དག་ཐམས་ཅད་ཀྱང་། གོང་ནས་འདོད་ཆགས་སོར་རྟོག་ཡེ་ཤེས་ལ་སོགས་པའི་ཡེ་ཤེས་ལྔ་ཡི་ངོ་བོར་དག་ནས་དབྱིངས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གཅིག་ལས་མི་གཡོ་བའི་ཚུལ། རྒྱུད་ཡི་གེ་མེད་པའི་ལུང་དང་། ཁྱད་པར་དུ་ཀུན་བྱེད་རྒྱལ་པོའི་རྩ་རྒྱུད་ཀྱི་སྙིང་པོའི་དོན་ལ་གནས་པའི་ལེའུའི་ལུང་དོན་གྱིས། སྐུ་གསུང་ཐུགས་ཀྱི་རོལ་བ་སྙིང་པོ་སྐུ་ཡི་དཀྱིལ་འཁོར་དང་སྙིང་པོ་གསུང་གི་དཀྱིལ་འཁོར་ཇི་ལྟར་གྲགས་ཅིང་སྣང་བའི་ཆོས་ཐམས་ཅད་སྐྱེ་མེད་ཀྱི་དབྱིངས་ལས་ཚིག་གི་གསུང་དུ་བཀོད་པའི་སྙིང་པོ་བརྗོད་མེད་ཀྱི་གསུང་ལ་འདུས་པ་དང་། དྲན་རིག་གི་རྟོག་པ་ཞིག་ཡོད་དོ་ཅོག་མ་བཅོས་ཀུན་བྱེད་ཀྱི་ཐུགས་ལ་འདུས་ཤིང་། དེ་ལྟ་བུའི་མ་བཅོས་རྣལ་གཞག་གིི་དཀྱིལ་འཁོར་རྣམ་པ་གསུམ་པོ་མ་བཀོད་དུས་གཅིག་ལ་རྫོགས་པའི་དོན་རྟོགས་ནས། ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད་པ་ནི། སྤྱོད་པས་འཕྲང་བསལ་བའི་མན་ངག་གི་སྐབས་སུ། ཉོན་མོངས་རང་གྲོལ་གྱི་སྤྱོད་པ་དང་། སྣང་བ་དབང་བསྒྱུར་གྱི་སྤྱོད་པ། བརྟུལ་ཞུགས་ལམ་སློང་གི་སྤྱོད་པ་དང་གསུམ་དུ་བསྟན་པ་ལས་གཉིས་པ་སྣང་བ་དབང་བསྒྱུར་གྱི་སྐབས་དང་བསྟུན་ཏེ་གསུངས་སོ། །བཞི་བ།

༼ང དབྱིངས་ཀྱི་ཆོ་འཕྲུལ་གཅིག་ཏུ་དོན་བསྡུ་བ་རྟོགས་ཚུལ་དང་བཅས་པ།

ད་ནི་དབྱིངས་ཀྱི་ཆོ་འཕྲུལ་གཅིག་ཏུ་དོན་བསྡུ་བ་རྟོགས་ཚུལ་དང་བཅས་པ་ནི།

འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་པོ་ཡང་།།

ཆོས་དབྱིངས་ངང་ལས་གཡོས་པ་རྡུལ་ཙམ་མེད།།

སྣང་སྲིད་ཡུལ་དྲུག་གཟུང་འཛིན་སྣང་བ་ཡང་།།

ཆོས་དབྱིངས་ངང་ན་མེད་སྣང་སྒྱུ་མའི་ཚུལ།།

རྟེན་མེད་སང་སེང་ཡེ་སྟོང་ཡངས་པ་ཆེ།།

རང་གསལ་ཇི་བཞིན་ཆོས་དབྱིངས་རྒྱན་དུ་ཤར།།

ཞེས་གསུངས་ཏེ། འདི་ལྟར་འགྲོ་བ་དྲུག་ཁམས་གསུམ་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རིག་པའི་ངང་ན། མེད་པ་གསལ་སྣང་གི་ཆོ་འཕྲུལ་ཙམ་དུ་རང་ངོར་སྣང་བ་ནི། སྒྱུ་མའི་གྲོང་དང་སྣང་བ་ཆེན་པོ་སྟེང་གི་ནམ་མཁའ་ལ་སྣང་བ། སྒྱུ་མ་མཁན་རབ་ཏུ་བཟང་པོའི་སྤྲུལ་པ་དང་འདྲ་སྟེ། སྣང་དུས་ཉིད་ནས་ཡོད་མ་མྱོང་བ་སྟོང་པའི་རང་གཟུགས་ཙམ་དུ་རང་ཤར་བ་ལ། ཚོགས་དྲུག་ཡུལ་གྱི་སྣང་བ་རྨི་ལམ་སྒྱུ་མའི་རོལ་བར་རིག་པའི་ངང་འདིར་རང་ཤར་བ་ནི། ཡི་གེ་མེད་པ་ལས། མཐོང་བ་མ་འགགས་ང་ཡི་གཟུགས་ལྟར་སྣང་། །ཐོས་པ་མ་འགགས་ང་ཡི་སྒྲ་ལྟར་གྲག །སྣོམ་བྱེད་མ་འགགས་ང་ཡི་དྲི་ལྟར་ཚོར། །མྱོང་བྱེད་མ་འགགས་ང་ཡི་རོ་ལྟར་བདའ། །ཚོར་བྱེད་མ་འགགས་ང་ཡི་ཡིད་ལྟར་མགྱོགས། །གསང་བའི་ཉོན་མོངས་ང་ཡི་ཆོ་འཕྲུལ་ཏེ། །སངས་རྒྱས་སེམས་ཅན་ང་ཡི་དུར་ས་ཡིན། །ཀུན་བྱེད་ང་ནི་སྣང་བ་རང་གསལ་ཆེ། །སྣང་བ་མེད་པའི་ཐོག་མའི་དུས་ཀྱི་ཚེ། །དཔྱོད་བྱེད་མགྱོགས་པའི་ཡིད་དྲུག་མ་འགགས་པས། །དྲན་བྱེད་མ་འགགས་ཚོགས་དྲུག་ལྷུག་པར་ཤར། །ཞེས་པ་དང་། རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་སོ། །ཞེས་གསུངས་ཏེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་ནམ་མཁའ་ལྟ་བུ་ཅི་ཡང་མ་གྲུབ་པའི་ངང་དེ་ནས། རྩ་བ་སྲོག་འཛིན་པའི་རླུང་ལྔ་གཡོས་ཏེ་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ནས་རང་སྣང་འོད་གསལ་དུ་ཤར་བ་རང་ངོ་མ་ཤེས་པའི་ཆ་ནས་ཕྱི་ནང་སྣོད་བཅུད་ལུས་དང་བཅས་པ་འཁྲུལ་བ་ཡིན་ཡང་། དེ་ལྟ་བུའི་འགྲོ་བ་རིགས་དྲུག་དང་སྐྱེ་གནས་བཞིས་བསྡུས་པའི་ནང་སེམས་ཅན་ཐམས་ཅད་འཁྲུལ་དང་མ་འཁྲུལ་གཉིས་ཀྱི་སྐབས་གང་དུ་ཡང་ཆོས་དབྱིངས་ཀྱི་ངང་ལས་གཡོས་པ་རྡུལ་ཙམ་མེད་དོ། །སྣང་སྲིད་ཚོགས་དྲུག་ཡུལ་གྱི་སྣང་བ་ཐམས་ཅད་ཆོས་དབྱིངས་ངང་ནས་ཇི་ལྟར་མེད་བཞིན་སྣང་བ་ཡིན་ཞེ་ན། སྒྱུ་མ་ལྟར་འཁྲུལ་བ་སྟེ། དེ་ཡང་སྒྱུ་མའི་རྟ་གླང་ལ་སོགས་སྣང་བའང་འཁྲུལ་གཞིའི་རྒྱུ་ཤིང་བུ་རྡེའུ་ཉིད། འཁྲུལ་རྐྱེན་རིག་སྔགས་ཀྱིས་མིག་གི་ཤེས་པ་བསླད་དུས། འཁྲུལ་སྣང་རྟ་གླང་གི་རྣམ་པར་སྣང་བ་དེ་ཡང་རྟེན་འབྲེལ་ཚོགས་པའི་རང་སྣང་ལས་ཤར་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་དེ་དང་འདྲ་སྟེ། རྒྱུ་རིག་པ་ཉིད། རྐྱེན་མ་རིག་པ་ཡུལ་དུ་བྱས་པའི་གཟུང་འཛིན་གྱིས་བསླད་པས། འཁྲུལ་སྣང་སྣོད་བཅུད་སོ་སོའི་ངོ་ཁ་ལ་སྣ་ཚོགས་སུ་སྣང་སྟེ། དུག་གསུམ་གྱི་འཁོར་བ་མཐོ་དམན་ལ་སྤྱོད་ཅིང་ཡོད་ཡོད་ལྟར་སྣང་དུས་འདི་ཉིད་ནས། དོན་ལ་རྫུན་སྣང་སྟོང་པའི་གཟུགས་བརྙན་ཙམ་ལས་མེད་པ་ནི། མེད་སྣང་སྒྱུ་མའི་དཔེ་བདུན་དང་འབྲེལ་བ་སྟེ། སྒྱུ་མ་མཁན་བཟང་པོས་ཞུས་པའི་མདོ་ལས། ལས་ཀྱིས་སྤྲུལ་པའི་སྒྱུ་མ་ནི། །འགྲོ་བ་རིགས་དྲུག་འདི་དག་གོ །རྐྱེན་གྱིས་སྤྲུལ་པའི་སྒྱུ་མ་ནི། །མེ་ལོང་གཟུགས་བརྙན་ལ་སོགས་སོ། །ཞེས་གསུངས་པ་ལྟར་དུ། འདི་ལྟར་སྣང་བའི་ཡུལ་དྲུག་གཟུང་འཛིན་དང་བཅས་པ་དེ་རྟེན་མེད་སང་སེང་ཡེ་སྟོང་ཡངས་པ་ཆེན་པོ་སྟེ། ཆོས་རྣམས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་གཤིས་ཅིར་ཡང་མ་གྲུབ་པས་ནམ་མཁའི་ངོ་བོ་ཉིད་དེ། དེ་ལ་ཁ་ཅིག་ཆོས་དེ་ལ་མི་ལྡན་རྣམ་བཅད་ཀྱིས་སྟོང་ལ། རང་གི་ངོ་བོས་མི་སྟོང་པར་འདོད་པ་ཡོད་དེ་ཉི་མ་མུན་པས་སྟོང་ལ་འོད་ཟེར་གྱིས་མི་སྟོང་ཞེས་པ་ལྟ་བུ་ནི། ཉི་ཚེ་བའི་སྟོང་པ་སྟེ། བདེན་ཞེན་ལས་ནམ་དུའང་གྲོལ་བ་མི་སྲིད། འདི་ལྟར་ཉི་མ་རང་གི་ངོ་བོ་གཅིག་དང་དུ་མས་སྟོང་པས་འོད་ཟེར་སྟོང་སྟེ། སྟོང་ལ་སྣང་བ་འདི་ནི་དབུ་མའི་དེ་ཁོ་ན་ཉིད་དུ་གསུངས་ཤིང་། དེའང་སྟོང་པས་མེད་པར་འགྱུར་བ་མ་ཡིན་ཏེ། སྟོང་པའི་རང་བཞིན་སྣང་བ་དང་དབྱེར་མེད་པས། སྟོང་པ་ལ་ཆོས་ཐམས་ཅད་འཐད་དེ། འཕགས་པ་ཀླུའི་དབང་པོའི་ཞལ་སྔ་ནས། །གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །ཞེས་གསུངས་པ་བཞིན་ནོ། །རང་གསལ་ཆོས་དབྱིངས་ཀྱི་རྒྱན་དུ་ཤར་ཚུལ་ཡི་གེ་མེད་པའི་ལུང་གིས་བསྒྲུབས་པ་དང་། ཆོས་དབྱིངས་ངང་ལ་མེད་སྣང་སྒྱུ་མའི་ཚུལ་དུ་སྣང་ཚུལ་རྩ་ཤེར་གྱི་ལུང་གིས་རྒྱབ་སྐྱོར་བའོ། །དེ་དག་གིས་རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་དེ་ཉིད་ལས་འཁོར་འདས་སུ་ཤར་ཡང་དབྱིངས་ལྷུན་གྲུབ་དེ་ལས་མ་གཡོས་པར་བསྟན་པ་ནང་གསེས་དོན་བསྡུ་བ་དང་བཅས་པ་སོང་ནས།

ཁ༽དེ་ལྟར་ཤར་བའི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པར་བསྟན་པ།

གཉིས་པ་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པར་བསྟན་པ་དེ་ཉིད་ལ། ཕྱི་ནང་སྣང་བཏགས་ཀྱི་རང་སྣང་རང་ལ་ཤར་དུས་ཉིད་ནས་བྱར་མེད་མཉམ་པ་ཆེན་པོར་ཕྱམ་གདལ་བ། ཆོས་སྐུ་བྱ་རྩོལ་ལས་འདས་པའི་དོན་གྱི་ངོ་བོ་རིག་པ་རང་བྱུང་གི་ཡེ་ཤེས་དེའི་རང་བཞིན་རང་གསལ་དག་པ་ལོངས་སྐུ་བཅོས་བསླད་མེད་པར་བསྟན་པ། རིག་པའི་འཆར་ཚུལ་མ་འགགས་པར་སྤྲུལ་སྐུར་ཡེ་ནས་ཤར་ཚུལ་དང་སྐུ་གསུམ་རིག་པའི་ངང་རྫོགས་ཚུལ་བསྟན་པ། རིག་པ་བྱང་ཆུབ་ཀྱི་སེམས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བསྟན་པས་འགག་བསྡམས་པ་དང་། དེ་ལྟར་སྐུ་དང་ཡེ་ཤེས་རིག་པའི་ངང་དུ་རྫོགས་པས་རིག་པ་ཀློང་དུ་གྱུར་པའི་རྒྱལ་བ་རྒྱ་མཚོའི་ཞིང་དང་མཁྱེན་པའི་སྤྱོད་ཡུལ་ཡང་རིག་པའི་ཆོ་འཕྲུལ་ཡིན་པར་བསྟན་པའི་ས་བཅད་རྣམ་པ་ལྔ་རུ་ཡོད་པ་ལས། དང་པོ།

༼ཀ རང་སྣང་ཐམས་ཅད་ཤར་དུས་ཉིད་ནས་བྱར་མེད་ཆོས་སྐུ་ཆེན་པོར་ཕྱམ་གདལ་ཚུལ།

ད་ནི་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པས། ཕྱི་ནང་སྣང་བཏགས་ཀྱི་རང་སྣང་ཤར་དུས་ཉིད་ནས། བྱར་མེད་མཉམ་པ་ཆེན་པོར་ཕྱམ་གདལ་བ་ནི།

ཇི་ལྟར་སྣང་གྲགས་དབྱིངས་ཀྱི་ངང་ཆེན་འདིར།།

ལྷུན་མཉམ་མི་གཡོ་ཆོས་སྐུ་བྱང་ཆུབ་སེམས།།

ཡེ་བབས་རང་སྟོང་འཕོ་དང་འགྱུར་མེད་པས།།

ཅིར་སྣང་ཆོས་ཉིད་རང་བྱུང་ཡེ་ཤེས་ངང་།།

བྱ་དང་རྩོལ་མེད་བདེ་ཀློང་གཅིག་ཏུ་འཁྱིལ།

ཞེས་གསུངས་ཏེ། གང་སྣང་བའི་དུས་ནས་རིག་པའི་ངང་ལས་གཞན་མེད་དེ། རྨི་ལམ་ཅི་སྣང་བའི་དུས་ནས་གཉིད་ཀྱི་ངང་ལས་གཞན་མེད་པ་བཞིན་ནོ། །དེ་ལྟ་བུའི་རིག་པ་ནི་ཡེ་སྟོང་འཕོ་འགྱུར་མེད་པ་ནམ་མཁའ་ལྟ་བུ་ཡིན་པས། དེའི་ངང་ལས་སྣང་བའང་མེད་སྣང་སྟོང་པའི་རོལ་བ་ཡིན་པའི་ཕྱིར། རང་མཚན་དུ་གྲུབ་པ་འགའ་ཡང་མེད་པས་སྤང་བླང་དང་རེ་དོགས་མི་དགོས་པའི་གནད་དུ་ཡེ་ནས་ཤར་ཟིན་ཏེ། ད་བསྐྱར་ནས་འབད་རྩོལ་དང་རེ་དོགས་མ་བྱེད་པར་རང་ཡལ་མཉམ་པའི་ངང་དེར་གདལ་བ་ཆེན་པོ་མ་བཅོས་རྣལ་གཞག་གཅིག་ཏུ་གདམས་པ་ནི། སེང་གེ་རྩལ་རྫོགས་ལས། ཁྱབ་གདལ་འུབ་ཆུབ་སྙིང་པོའི་དོན་གྱི་མཆོག །ཆ་སྙོམས་ཡུལ་འཇུག་རང་བྱུང་ངང་དུ་ཐིམ། །མཐའ་ཡས་དོན་སྤྱོད་རང་རིག་བདེ་ཆེན་ས། །ངོ་བོ་སྣང་བ་སྐུ་ཡི་ཀློང་དུ་ཐིམ། །རང་བཞིན་ཀུན་ཁྱབ་དབྱིངས་ལ་སྣང་མཐའ་ཡས། །ཟག་མེད་རང་བྱུང་སྤྲོས་པའི་མཐའ་དང་བྲལ། །དབྱིངས་རིག་གསལ་བ་རང་བཞིན་ཁྱབ་གདལ་ལོ། །བྱ་དང་བྱེད་པའི་ཆོས་མིན་ཡུལ་ལས་འདས། །ལྷུན་གྲུབ་རང་སྣང་མཐར་ཐུག་ཀུན་ལ་རོལ། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སྟོན་པའི་སྟོན་པ་ཀུན་བྱེད་རྒྱལ་པོ་ཡིས། །མ་བཅོས་འཁོར་གྱི་ནང་དུ་ལུང་བསྟན་པ། །མ་བཅོས་སྙིང་པོ་ཆོས་ཀུན་རྩ་བ་ལ། །ཇི་ལྟར་སྣང་བས་གཏན་ལ་འབེབས་པར་བྱེད། །སྙིང་པོ་རང་བཞིན་གཅིག་གི་དོན་རྟོགས་ན། །ཀུན་གྱི་རང་བཞིན་ཀུན་བྱེད་ཉིད་དུ་འདུས། །ཞེས་སོ། །ཞེས་བསྟན་པ་སྟེ། ཇི་ལྟར་སྣང་ཞིང་གྲགས་པའི་ཚོགས་དྲུག་གི་སྣང་བ་འདི་ཐམས་ཅད་གང་ཤར་ཞིང་སྣང་བའི་དང་པོའི་དུས་ཉིད་ནས། རིག་པ་བྱང་ཆུབ་སེམས་ཀྱི་དབྱིངས་ཆེན་པོ་ཉིད་ལས་གཞན་དུ་སྣང་བ་ཞིག་མེད་པ་ནི། རྨི་ལམ་བཟང་ངན་གྱི་སྣང་བ་སྣ་ཚོགས་ཅི་རྨིས་ན་ཡང་གཉིད་གཅིག་གི་ངང་ལས་མ་འདས་པ་དང་ཁྱད་མེད་ཅིང་། དེ་ལྟ་བུའི་ཆོས་ཀུན་བྱང་ཆུབ་སེམས་སུ་འདུས་པའི་དབྱིངས་ཆེན་པོ་དེ་ནི། ལྷུན་མཉམ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཡངས་པ་ཆེན་པོ། ཡེ་ནས་འཕོ་འགྱུར་མེད་པའི་མི་གཡོ་བའི་རིག་པ་འགྱུར་མེད་ཆོས་སྐུ་བྱང་ཆུབ་ཀྱི་སེམས་སོ། །སྣང་སྲིད་ཀྱི་ཆོས་ཐམས་ཅད་རྨི་ལམ་གྱི་སྣང་བ་ལྟར་ཀུན་རྫོབ་སྣང་ཙམ་དུ་མེད་པ་གསལ་སྣང་གི་སྟོང་གཟུགས་ཙམ་མོ། །དེ་ཡང་དོན་དམ་པར་བདེན་རྫུན་དང་ཡོད་མེད་ལས་འདས་པའི་རང་བཞིན་ནམ་མཁའ་ལྟ་བུའོ། །དེས་ན་འདི་ལ་བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་རྐྱེན་དང་བཅས་པ་བྲལ་བས་ན་ཡེ་བབས་རང་སྟོང་འཕོ་འགྱུར་མེད་པ་ཞེས་བྱའོ། །དེ་ཉིད་མ་རིག་པས་སེམས་ཅན་ཐམས་ཅད་ཀུན་སྣང་མེད་པ་གསལ་སྣང་ལ་བདེན་པར་ཞེན་ནས་འཁྲུལ་སྣང་ལ་སྤྱོད་ཀྱང་། སྤྱོད་པའི་དུས་ནས་ཆོས་ཉིད་ལ་གཡོས་པ་ཅུང་ཟད་མེད་པས། ཅིར་སྣང་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དབྱིངས་བདེ་བར་གཤེགས་པའི་དགོངས་པའི་ངང་ལ་སྤང་བླང་དང་རེ་དོགས་མི་དགོས་པར་ཀུན་ཁྱབ་བདེ་བའི་གཞི་ཀློང་ཆེན་པོ་གཅིག་ཏུ་ཡེ་ནས་འཁྱིལ་བ་ལ། ད་ཡང་བསྐྱར་འབད་རྩོལ་གྱི་ངལ་བ་མི་དགོས་པར་མ་བཅོས་རྣལ་གཞག་ལ་རང་བབས་སུ་གློད་པར་གདམས་པ་ནི། སེངྒེ་རྩལ་རྫོགས་དང་། ཀུན་བྱེད་ཀྱི་ལུང་དོན་གནད་ཀྱི་ཁོལ་ཕྱུང་མཛད་པའོ། །དེས་དབྱིངས་ཀུན་སྣང་མཐའ་ཡས་གདལ་བ་ཆེན་པོ། རང་རིག་བདེ་ཆེན་ངོ་བོ་ཀུན་འདུས། རང་བཞིན་ཀུན་ཁྱབ། དབྱིངས་རིག་གསལ་ཁྱབ་ཀྱི་བདག་ཉིད། མ་བཅོས་རང་བྱུང་གི་སྙིང་པོ། ཆོས་ཐམས་ཅད་ཀྱི་རྩ་བ་དེ་ཉིད་ཇི་ལྟར་སྣང་བ་དེ་བཞིན་གཏན་ལ་ཕབ་ན། གནད་གཅིག་ཤེས་པ་ཙམ་གྱིས་འགག་བརྒྱ་གྲོལ་བ། ཀུན་འདུས་རང་བྱུང་བྱང་ཆུབ་ཀྱི་སེམས། ཆོས་སྐུའི་དགོངས་པའི་ཀློང་ལས་འདའ་བ་མེད་པར་བསྟན་པའོ། །གཉིས་པ།

༼ཁ རིག་པའི་རང་བཞིན་རང་གསལ་དག་པ་དེ་ལོངས་སྐུ་བཅོས་བསླད་མེད་པ་ཡིན་ཚུལ།

དེ་ལྟར་བླང་དོར་མེད་པའི་ཆོས་སྐུ་བྱ་རྩོལ་ལས་འདས་པའི་དོན་གྱི་ངོ་བོ་ཡང་། རིག་པ་རང་བྱུང་གི་ཡེ་ཤེས་ཡིན་ལ། དེའི་རང་བཞིན་རང་གསལ་དག་པ་ནི་ལོངས་སྐུ་བཅོས་བསླད་མེད་པའོ་ཞེས་བསྟན་པ་ནི། ཞེས་མཚམས་སྦྱར་ནས།

རང་གསལ་མི་གཡོ་ལོངས་སྤྱོད་རྫོགས་པ་ནི།།

གང་སྣང་ཉིད་ནས་རང་བཞིན་ལྷུན་གྱིས་གྲུབ།།

བཅོས་ཤིང་བསྒྱུར་མེད་ལྷུན་མཉམ་གདལ་བའོ།།

ཞེས་པས་བསྟན་ལ། རིག་པའི་རང་ངོ་རང་གསལ་དུ་གནས་པ་ནི་ལོངས་སྐུ་ལྷུན་གྲུབ་ཏུ་རང་ཤར་བས། མ་བཅོས་མཉམ་པ་ཆེན་པོ་སྟེ། སྟོང་གསལ་འགྱུར་བ་མེད་པའི་རང་བཞིན་ནོ། །ཞེས་གསུངས་པ་སྟེ། རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོ་ལ་ཡེ་ནས་སངས་རྒྱས་ཀྱི་སྐུ་ཆེ་བའི་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་ཡོད་དེ་སྐུ་གསུམ་རང་ཆས་སུ་ཚང་བའི་ཕྱིར་ན་ལོགས་ནས་བཙལ་མི་དགོས་པར། འདི་ཉིད་ཇི་བཞིན་མ་བཅོས་པའི་ངང་ལས་མ་གཡོས་ན་འགྲུབ་པ་ཡིན་ཕྱིར། སྟོང་གསལ་འགྱུར་མེད་རིག་པའི་རང་ངོ་རང་གསལ་དུ་གནས་པ་ནི་ལྷུན་གྲུབ་ལོངས་སྐུ་རུ་རྫོགས་པའོ་ཞེས་བསྟན་པ་ཡིན་ནོ། །གསུམ་པ།

༼ག རིག་པའི་འཆར་ཚུལ་མ་འགགས་པ་དེ་སྤྲུལ་པའི་སྐུ་རུ་ཡེ་ནས་ཤར་ཚུལ།

དེ་བཞིན་དུ་རིག་པའི་འཆར་ཚུལ་མ་འགགས་པར་སྤྲུལ་པའི་སྐུར་ཡེ་ནས་ཤར་ཏེ། ཞེས་གསུངས་ནས།

སྣ་ཚོགས་མ་འདྲེས་རོལ་བའི་འཆར་ཚུལ་ལས།།

སྤྲུལ་པ་རང་བྱུང་ཡ་མཚན་འཕྲུལ་གྱི་དོན།།

བྱ་བྲལ་ཀུན་ཏུ་བཟང་ལས་གཡོས་པ་མེད།།

ཅེས་གསུངས་ཏེ། མེ་ལོང་གཡའ་དག་པའི་ངོས་ལ་འཆར་ཚུལ་མ་འགགས་པར་གསལ་ཡང་དེ་ལ་གོས་པ་མེད་པ་ལྟར། རིག་པ་བྱང་ཆུབ་ཀྱི་སེམས་ལས་སྣ་ཚོགས་མ་འདྲེས་རོལ་བའི་འཆར་ཚུལ་རྩལ་གྱི་སྣང་ཆ་དག་དང་མ་དག་གི་རྣམ་ཆར་གང་ལྟར་ཤར་ཡང་། ངོ་བོ་བྱ་བ་དང་བྲལ་བ་དུས་ཀུན་ཏུ་འགྱུར་བ་མེད་པའི་ཀུན་བཟང་གི་ཀློང་ལས་གཡོ་བ་མེད་ལ་གོས་པ་མེད་པ་རྩལ་མ་འགགས་པར་ཅི་ཡང་མེད་པ་ལས་ཅི་ཡང་སྣང་བའི་ཡ་མཚན་ཆོ་འཕྲུལ་གྱི་ལྟད་མོ་འཆར་བའི་རང་བྱུང་གི་སྤྲུལ་བ་འཕྲོ་བ་ནི་སྤྲུལ་པའི་སྐུ་སྟེ། སྐུ་གསུམ་རིག་པའི་ངང་ལ་རྫོགས་པའི་ཚུལ་ལུང་ལས་ཇི་ལྟར་འབྱུང་བ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ནི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་བྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་སྟེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། །སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ཞེས་པ་དང་། ཞེས་སུས་ཀྱང་རྡུལ་ཙམ་བཅོས་སུ་མེད་པའི་རང་བྱུང་བྱང་ཆུབ་སེམས་ཀྱི་རང་བཞིན་ལས། མ་བཙལ་ལྷུན་གྱིས་གྲུབ་པའི་རྒྱལ་བའི་སྙིང་པོ་སྐུ་གསུམ་རང་ཆས་སུ་གྲུབ་པར་བསྟན་ནས། ཡི་གེ་མེད་པ་ལས། ང་ལ་སྐུ་ལྔ་རང་སྣང་བས། །ཞིང་ཁམས་ཆོས་ཉིད་ཡོངས་སུ་རྫོགས། །ཞེས་སོ། །ཞེས་སངས་རྒྱས་སྐུ་གཅིག སྐུ་གཉིས། སྐུ་གསུམ། སྐུ་བཞི། སྐུ་ལྔ་ལ་སོགས་པར་དབྱེ་བའི་ཚུལ་ཐམས་ཅད་རང་བྱུང་བྱང་ཆུབ་ཀྱི་སེམས་གཅིག་ལས་རང་སྣང་བ་ཡིན་ཞིང་། སྐུ་དང་ཞིང་ཁམས་ཐམས་ཅད་ཆོས་ཉིད་གཅིག་གི་ཀློང་དུ་རྫོགས་ཤིང་འདུས་པར་བསྟན་པ་དང་། འདས་པའི་སངས་རྒྱས་ཐམས་ཅད། ད་ལྟ་བཞུགས་པའི་སངས་རྒྱས་ཐམས་ཅད། སླད་ནས་འབྱོན་འགྱུར་གྱི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ནི། སེམས་ཉིད་མ་བཅོས་རང་བྱུང་གི་དོན་རྣལ་མ་རྟོགས་ཤིང་མཐོང་བ་ལས་བྱུང་བ་ཡིན་པར་ཡང་བསྟན་པའོ། །དེའང་དབྱིངས་ཀྱི་སྐུ་དང་ཡེ་ཤེས་ལ་སོགས་པ་ལྷུན་གྲུབ་ཏུ་རྫོགས་པར་བཤད་དུས། རྨོངས་ལ་ཐོས་བསམ་མ་དག་པ་ཁ་ཅིག་ད་ལྟ་སེམས་ཅན་ལ་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡོད་ཅིང་རྫོགས་ན་དང་རེ་ལེགས་ཏེ། མི་སྲིད་དོ་ཞེས་རྔམས་པོ་ཆེར་སྨོད་པ་ནི། སྤྲིན་རུམ་གྱིས་བསྒྲིབས་དུས་ཉི་མ་མེད་པར་འཛིན་པ་དང་འདྲ་བས། རྨོངས་པ་དེ་དག་དང་ལྷན་ཅིག་རྩོད་པར་མི་བྱའོ། །འོན་ཀྱང་ཁྱེད་དངངས་པར་མི་འོས་ཏེ། ཁམས་ལ་ལྷུན་གྲུབ་ཀྱི་ཡོན་ཏན་གསུངས་པ་དེ་དག་མེད་ན་སངས་རྒྱས་དུས་ཕྱོགས་གང་ཞིག་ནས་གསར་དུ་འབྱུང་བར་འགྱུར། བྱམས་པས་ཀྱང་། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་བཤད་པ་དང་། བརྟག་གཉིས་ལས་ཀྱང་། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་པ་ལ་སོགས་པའི་ལུང་གིས་ཤེས་ལ། ད་ལྟ་གློ་བུར་རྣམ་དག་ཏུ་ཡོན་ཏན་དེ་དག་ཡོད་ཅེས་པ་ནི་ཁོ་བོ་ཅག་ཀྱང་མི་འདོད་པས། རང་བཞིན་རྣམ་དག་གི་ཡོན་ཏན་ལ་བློ་གྲོས་ཕྱོགས་གཅིག་པས་ཆོས་སུ་འདུན་པར་རིགས་སོ། །འདི་ལྟར་ཡངས་པ་ཅན་དུ་བཅོམ་ལྡན་འདས་ཀྱིས་དགེ་སློང་ཆོས་མ་ཡིན་པ་དག་ཆོས་ཀྱི་ཕྱོགས་སུ་འདུན་པར་གསུངས་པ་བཞིན་ནོ། །ཞེས་པ་སྟེ། འདི་ལྟ་བུའི་བརྒལ་བ་གསང་སྔགས་སྔ་འགྱུར་པ་སྤྱི་དང་བྱེ་བྲག་དང་། ཆོས་བརྒྱུད་ཁག་སོ་སོ་ལ་བྱུང་མྱོང་བས་མི་ཚད་པར། ཐེག་པ་ཆེན་པོ་སངས་རྒྱས་ཀྱི་བཀའ་མ་ཡིན་པར་སྨྲ་བ་ཡང་ཡོད་མྱོང་བ་དང་། ཕྱི་རོལ་པས་ནང་པ་སངས་རྒྱས་པའི་ལྟ་གྲུབ་ཡང་དག་མ་ཡིན་པར་སྨྲ་བ་སོགས་འཇིག་རྟེན་གྱི་ཁམས་ལ་བློ་མིག་མ་དག་ནི་མཐའ་མེད་པ་སྟེ། ཆོས་ཀྱི་གྲགས་པས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་བསྟན་པ་ལ་བྱི་དོར་བྱེད་པའི་ཕྱིར་དུ་སྔ་འགྱུར་མཁས་པའི་རྒོལ་བའི་ལོག་རྟོག་སུན་འབྱིན་པའི་དཔེ་ཚོགས་རྐྱང་པ་ཡང་ལོ་དུ་མའི་རིང་ལ་བལྟས་ཀྱང་མི་ཚར་བ་ཡོད་ཅིང་། སྤྱིར་ན་བརྒལ་བ་ལ་རྟོན་པ་བཞི་གོ་ལྡོག་ཏུ་གྱུར་པའི་ལོག་རྟོག་གི་དྲི་མ་ངན་པས་སྦགས་སོང་བ་དང་། སྨོན་ལམ་ལོག་པའི་བདུད་རིགས་ཀྱི་མཐུ་ཡིས་བྱིན་པ་དང་། ཡང་ལ་ལ་རྔ་ལ་དབྱུ་གུས་བསྐུལ་བ་བཞིན་དུ་ལེགས་པར་བཤད་པའི་གསུང་རིན་ཐང་ཅན་གྱི་སྒོ་ལྕགས་འབྱེད་པའི་ལྡེའུ་མིག་ཏུ་བྱས་པའང་ཡོད་ཅིང་། སྨྲ་བ་ངན་པ་ཟིལ་གྱིས་གནོན་པའི་བརྒལ་ལན་གྱི་རིགས་འདི་དག་ཀྱང་དོན་མེད་ཆགས་སྡང་གི་དབང་གིས་བྱས་པ་མ་ཡིན་པར་ཡང་དག་པའི་ལམ་ལ་བྱི་དོར་བྱེད་པའི་ཕྱིར་དང་། ཕ་རོལ་པོ་ལམ་མིན་གཡང་སར་འཕྱན་པ་ལ་བརྩེ་བའི་ཕྱག་གི་ཀྱོ་བས་འདྲེན་པའི་ངང་ཚུལ། རྒྱལ་བ་སྲས་དང་བཅས་པའི་མཛད་པ་རྗེས་སུ་ཡི་རང་དང་བསྔགས་འོས་ཀྱི་གནས་ཁྱད་པར་ཅན་ཏེ། དཔལ་ལྡན་ཟླ་བས། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་གྱུར་ན་ཉེས་པ་མེད། །རང་གི་ལྟ་ལ་ཆགས་དང་དེ་བཞིན་དུ། །གཞན་གྱི་ལྟ་ལ་འཁྲུག་གང་རྟོག་པ་ཉིད། །དེ་ཕྱིར་འདོད་ཆགས་ཁོང་ཁྲོ་རྣམ་བསལ་ཏེ། །རྣམ་དཔྱོད་པ་ནི་མྱུར་དུ་གྲོལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །བཞི་བ།

༼ང རིག་པ་བྱང་ཆུབ་ཀྱི་སེམས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བསྟན་པ།

ད་ནི་རིག་པ་བྱང་ཆུབ་ཀྱི་སེམས་ལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བསྟན་པ་ནི།

གཡང་ས་མེད་པའི་བྱང་ཆུབ་སེམས་ཉིད་ལ།།

རྩོལ་བ་མེད་པའི་སྐུ་གསུམ་ལྷུན་རྫོགས་ཀྱང་།།

དབྱིངས་ལས་མ་གཡོས་ལྷུན་གྲུབ་འདུས་མ་བྱས།།

སྐུ་དང་ཡེ་ཤེས་ཕྲིན་ལས་ལྷུན་རྫོགས་ཀྱང་།།

ཚོགས་ཆེན་ཡེ་རྫོགས་ཡེ་ཤར་ཆེན་པོའི་ཀློང་།།

ཞེས་གསུངས་ཏེ། ཡེ་གདོད་མ་ཉིད་ནས་རིག་པའི་ངོ་བོ་ལ་སྐུ་དང་ཡེ་ཤེས་ལྷུན་གྱིས་རྫོགས་པའི་ཕྱིར། ཉི་མ་དང་འོད་བཞིན་འཕོ་འགྱུར་མེད་པ་ནི། རང་བྱུང་གི་ཡེ་ཤེས་ཏེ་སྐུ་གསུང་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྫོགས་པ་ནི། སེང་གེ་རྩལ་རྫོགས་ལས། རིག་པ་གཅིག་ལ་དོན་བརྗོད་པས། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྐྱེན་གྱིས་མ་གོས་བདག །སྣང་བའི་ཡེ་ཤེས་ཀུན་ཏུ་རོལ། །མཐའ་ཡས་ལམ་ལས་རྣམ་པར་གྲོལ། །སྟོང་གསུམ་རབ་འབྱམས་འཇིག་རྟེན་ནས། །སྐུ་ཡི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་སྣང་བར་གསལ། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ནས། །གསུང་གི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་གྲགས་པར་སྟོན། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ནས། །ཐུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་རྟོགས་པས་སངས། །སྐུ་དང་གསུང་དང་རྡོ་རྗེའི་ཐུགས། །སྣང་བ་མེད་ལས་ཐམས་ཅད་སྣང་། །སངས་རྒྱས་སྐུ་དང་ཡེ་ཤེས་འོད། །སྣང་བ་རང་སྣང་ཉིད་དུ་ཡོད། །ཀུན་ཏུ་བཟང་པོ་རང་རིག་པའོ། །ཞེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་ཡེ་ནས་རྒྱལ་བའི་སྐུ་དང་ཡེ་ཤེས་ལས་མ་འདས་པའི་ཕྱིར། སྐུ་གསུམ་ལྷུན་གྲུབ་རྒྱལ་བའི་ཞིང་ཁམས་ཀྱང་དེའི་ངང་དུ་རྫོགས་ཤིང་། འགྲོ་དྲུག་འཁོར་བར་སྣང་ཡང་སྐུ་གསུམ་གྱི་རང་སྣང་དང་། དག་པ་མྱང་འདས་སུ་སྣང་ཡང་སྐུ་གསུམ་གྱི་རང་སྣང་ཡིན་ཕྱིར། ཐམས་ཅད་གཉིས་མེད་སྐུ་གསུམ་གྱི་འཁོར་ལོ་ལས་མ་འདས་པས། སྐུ་གསུང་ཐུགས་ཀྱི་མི་ཟད་རྒྱན་པ་འཁོར་ལོའི་རང་བཞིན་དུ་རྫོགས་པ་ཡིན་ནོ། །གནས་ལུགས་རིན་པོ་ཆེའི་མཛོད་ལས། དོན་གྱི་སྙིང་པོ་རང་བྱུང་ཡེ་ཤེས་ལ། །རྒྱུ་འབྲས་མེད་པས་འཁོར་བའི་གཡང་ས་ཆོད། །བཟང་ངན་མེད་པས་འཁོར་འདས་དལ་ཁོད་སྙོམས། །གོལ་སྒྲིབ་མེད་པས་སྲིད་གསུམ་གདར་ཤ་ཆོད། །ཅེས་གསུངས་པ་བཞིན་དུ། གཡང་ས་དང་། འཆོར་ས་དང་། ལྷུང་ས་མེད་པའི་རང་བྱུང་བྱང་ཆུབ་ཀྱི་སེམས་ལ་ཉི་མ་གྲུབ་དུས་འོད་ཟེར་ལོགས་ནས་བསྒྲུབ་མི་དགོས་པ་བཞིན་དུ། ཐམས་ཅད་རིག་པའི་ངང་ལས་མ་འདས་པ་ནི་ཐམས་ཅད་ཆོས་སྐུའི་ངང་ལས་མ་འདས་པ་ཡིན་པས། ཡོན་ཏན་ཡེ་ནས་གྲུབ་ཟིན་ལ་ད་གཟོད་གསར་དུ་འབད་རྩོལ་གྱིས་བསྒྲུབ་མི་དགོས་པར་སྐུ་གསུམ་ལྷུན་རྫོགས་དབྱིངས་བྱང་ཆུབ་སེམས་ཀྱི་ངོ་བོ་ལས་མ་གཡོས་པའི་ལྷུན་གྲུབ་འདུས་མ་བྱས། དགེ་སྡིག་རྒྱུ་འབྲས་བྱ་རྩོལ་ལ་ལྟོས་མི་དགོས་པར་དེའི་ངོ་བོ་མཐོང་བས་ཚོགས་ཆེན་ཡེ་རྫོགས་དང་། སྐུ་དང་ཡེ་ཤེས་འཕྲིན་ལས་ཐམས་ཅད་ལྷུན་གྱིས་གྲུབ་ནས་ཡེ་ཤར་ཆེན་པོའི་ཀློང་གཅིག་ཏུ་རྫོགས་པར་བསྟན་ཞིང་། སེངྒེ་རྩལ་རྫོགས་ཀྱི་ལུང་གིས་ཀྱང་། རིག་པ་གཅིག་གི་ངང་དུ་འཁོར་འདས་ཐམས་ཅད་རྫོགས་ཤིང་། སྐུ་གསུམ་རྒྱལ་བའི་ངོ་བོ་ལས་གཞན་དུ་མ་གྱུར་པར་སྣང་གྲགས་དྲན་རྟོག་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་ཆོ་འཕྲུལ། སྣང་དང་མི་སྣང་གི་ཆོས་ལས་འདས་ཤིང་། རྟོགས་དང་མི་རྟོགས་ལ་སོགས་པའི་མཐའ་ལས་གྲོལ་བ་ཡིན་ཕྱིར། སྟོང་གསུམ་རབ་འབྱམས་འཇིག་རྟེན་གྱི་གཟུགས་སུ་སྣང་བ་ཇི་སྙེད་པ་ཐམས་ཅད་སྐུ་ཡི་དཀྱིལ་འཁོར་དང་། སྒྲ་རུ་གྲགས་པ་ཐམས་ཅད་གསུང་གི་དཀྱིལ་འཁོར། དྲན་རྟོག་མ་ལུས་ཇི་སྙེད་ཐུགས་ཀྱི་དཀྱིལ་འཁོར་ཡིན་པས། སྣང་བ་མེད་ལས་ཐམས་ཅད་སྣང་ནས་ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་བ་ཀུན་ཏུ་བཟང་པོ་རང་རིག་པའི་དཀྱིལ་འཁོར་ལ་རྫོགས་པར་བསྟན་པ་ཡིན་ནོ། །གསུམ་པ།

༼ཅ རྒྱལ་བ་རྒྱ་མཚོའི་ཞིང་དང་མཁྱེན་པའི་སྤྱོད་ཡུལ་ཀྱང་རིག་པའི་ཆོ་འཕྲུལ་དུ་བསྟན་པ།

དེ་ལྟར་སྐུ་དང་ཡེ་ཤེས་རིག་པའི་ངང་དུ་རྫོགས་པས། རིག་པ་ཀློང་དུ་གྱུར་པའི་རྒྱལ་བ་རྒྱ་མཚོའི་ཞིང་དང་མཁྱེན་པའི་སྤྱོད་ཡུལ་ཀྱང་རིག་པའི་ཆོ་འཕྲུལ་ལོ་ཞེས་བསྟན་པ་ནི།

ཡེ་ནས་ལྷུན་གྲུབ་འཕོ་འགྱུར་མེད་པའི་ཞིང་།།

ཆོས་དབྱིངས་ངང་ལས་ཆོས་ཉིད་གཟིགས་པ་ཡང་།།

མཁྱེན་པ་མ་འགགས་དབྱིངས་ཀྱི་རྒྱན་དུ་ཤར།།

བྱས་ཤིང་བསྒྲུབ་མེད་ཡེ་ནས་གནས་པ་ཉིད།།

ཉི་མཁའ་བཞིན་ཏེ་ངོ་མཚར་རྨད་ཀྱི་ཆོས།།

ཞེས་གསུངས་ཏེ། གང་གི་ཚེ་དག་པ་གཉིས་ལྡན་གྱི་བྱང་ཆུབ་བརྙེས་པ་དེའི་ཚེ། ཆོས་ཀྱི་སྐུ་དང་། ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའི་སྐུའི་ཡེ་ཤེས་དང་སྣང་བ་ཐམས་ཅད་ཀྱང་། སངས་རྒྱས་ཉིད་ཀྱི་རིག་པ་ཀློང་དུ་ཕེབས་པའི་རང་སྣང་ཙམ་ལས་གཞན་དུ་གྲུབ་པ་མེད་དེ། སྐུ་དང་ཡེ་ཤེས་ཀྱི་སྣང་བ་དེ་དག་རང་ལ་ཡོད་པ་དེའི་ཚེ་མངོན་དུ་གྱུར་པ་ལས་གཞན་མེད་པའི་ཕྱིར་རོ། །བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལས་བྱུང་བ་མ་ཡིན་ནམ་ཞེ་ན། སྨྲས་པ། ཚོགས་གཉིས་ནི་ཡེ་ནས་སྣང་བ་དང་། སྟོང་པའི་ཡོན་ཏན་དུ་རྫོགས་ཟིན་པ་ལ་ལྷུན་གྲུབ་ཅེས་བརྗོད་དེ། གློ་བུར་དུ་བསགས་པ་དེ་ནི་དྲི་མ་སེལ་བྱེད་ཀྱི་རྐྱེན་གྱི་ཆ་ཙམ་ལ་རྒྱུ་ཚོགས་གཉིས་ཞེས་བཏགས་པ་ཙམ་སྟེ། ནོར་བུ་དྲི་མས་གོས་པ་ཁྲུས་རས་དང་འདག་ཆལ་གྱིས་ཕྱི་བ་ལ། ནོར་བུ་མཐོང་བའི་རྒྱུར་བརྗོད་པ་བཞིན་ནོ། །དེའི་ཕྱིར་སྐུ་གསུམ་རང་བྱུང་ཡེ་ཤེས་ཀྱི་སྣང་བར་འདུས་ལ། རང་བྱུང་གི་ཡེ་ཤེས་སྐུ་གསུམ་ལ་སོགས་པའི་ཆོས་རྣམས་ཀྱི་འཆར་གཞིའམ་སྟོན་པར་གནས་པ་ཡིན་ཏེ། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཀུན་གྱི་སྟོན་པར་གཅིག །ང་ཡི་རང་བཞིན་རྣམ་གསུམ་སྣང་བ་ལས། །སྟོན་པའི་གྲངས་ནི་རྣམ་པ་གསུམ་དུ་བྱུང་། །ཞེས་སོ། །དེ་ཡང་ཡེ་ནས་ལྷུན་གྲུབ་ཅེས་པ་ནི་དཔེར་ན་ནོར་བུ་ལ་དགོས་འདོད་སྐོང་བའི་ཡོན་ཏན་ཡེ་ནས་རང་རྫོགས་ལ་ཡོད་པ་བཞིན་དུ། རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་ངོ་བོ་གང་དུ་ཡང་མ་གྲུབ་ཀྱང་། རྩལ་ཅི་ཡང་འཆར་བའི་ཡོན་ཏན་དང་ལྡན་པས། ཡེ་ནས་ཆོས་ཐམས་ཅད་ཀྱི་དབྱིངས་སམ་ཆོས་ཐམས་ཅད་ཀྱི་གཞི་ལ་ལྷུན་གྱིས་གྲུབ་པར་ཡོད་པས་ཡེ་ནས་ལྷུན་གྲུབ་བོ། །དེ་ལྟ་བུའི་ཡེ་ནས་ལྷུན་གྲུབ་འཕོ་འགྱུར་གཡོ་བ་མེད་པའི་ཡེ་དག་ཆོས་དབྱིངས་ཀྱི་ངང་ལས། བྲལ་དག་ཆོས་ཉིད་གཟིགས་པའི་དག་པ་གཉིས་ལྡན་མངོན་དུ་གྱུར་ནས། སྐུ་གསུམ་གྱི་སྣང་ཆ་བརྙེས་པ་དེའི་ཚེ། གཞི་སངས་རྒྱས་ཡིན་པ་དེ་ལ་ལམ་དང་འབྲས་བུར་བཏགས་ཀྱང་སངས་རྒྱས་ཉིད་ཀྱི་རིག་པ་ཀློང་དུ་ཕེབས་པ་ཙམ་སྟེ། དེ་ཡང་མཁྱེན་པ་མ་འགགས་པར་དབྱིངས་ཀྱི་རྒྱན་དུ་ཤར་བ་ལས་གསར་དུ་བྱས་ཤིང་རྩོལ་བས་བསྒྲུབ་པ་མེད་དེ། གལ་ཏེ་ཡོད་ན་རང་བྱུང་ཡེ་ཤེས་མིན་པར་འགྱུར་བའི་ཕྱིར། ཡེ་ནས་གནས་པའི་ཚུལ་ཇི་ལྟར་ཞེ་ན། ཉི་མ་དང་ནམ་མཁའ་ལྟར་དུ་སྟོང་བཞིན་སྣང་བའི་ངོ་མཚར་རྨད་བྱུང་གི་ཆོས་སོ། །ཚོགས་གཉིས་ཀྱང་སྣང་སྟོང་ཡེ་ནས་འདུ་འབྲལ་མེད་པའི་ཡོན་ཏན་དུ་རྫོགས་ཟིན་པ་ལ་ལྷུན་གྲུབ་ཏུ་གསུངས་པ་སྟེ། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཐམས་ཅད་རིག་པའི་ཡེ་ཤེས་མཐོང་བ་གཅིག་ལ་འདུས་ཤིང་ཡོད་པ་ཡིན་ལ། དེ་ཉིད་ཀློང་དུ་ཕེབས་པའི་ཆེད་དུ་རྐྱེན་དྲི་མ་སེལ་བྱེད་ཀྱི་ཆ་ལ་རྒྱུ་ཚོགས་གཉིས་བཏགས་པ་ཙམ་ཡིན་པ་ནི། ནོར་བུ་བཀྲུ་སྦྱང་གི་དཔེས་བསྟན་པ་དང་། ཡང་རང་བྱུང་ཡེ་ཤེས་གཅིག་ལས་སྐུ་གསུམ་སྟོན་པར་སྣང་ཡང་། སྐུ་གསུམ་ཀུན་གྱི་སྟོན་པ་རང་བྱུང་ཡེ་ཤེས་གཅིག་ལ་འདུས་ཚུལ་ཀུན་བྱེད་ཀྱི་ལུང་གིས་གསལ་བར་བྱས་པའོ། །དེ་ཡན་གྱིས་ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པ་ནང་གསེས་དབྱེ་བ་དང་བཅས་པ་སོང་ནས།།

༼ཁ༽ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་སྣང་རང་ཤར་དུ་འདུས་པར་བསྟན་པ།

གཉིས་པ་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་སྣང་རང་ཤར་དུ་འདུས་པར་བསྟན་པ་དེ་ལ། གང་ལྟར་སྣང་བ་དེ་ལྟར་གྲུབ་པ་མེད་པས་སྒྱུ་མའི་ལྟད་མོ་ལྟར་བསྟན་པ་དང་གཅིག འཁྲུལ་སྣང་རྨི་ལམ་དང་འདྲ་བའི་སྣང་བ་རང་སྣང་དུ་འགྲོ་བ་ཀུན་ལ་རང་ཤར་བར་བསྟན་པ་དང་གཉིས། འཁྲུལ་སྣང་འཁོར་བར་སྣང་དུས་ཉིད་ནས་དོན་ལ་འཁྲུལ་བ་ཡོད་མ་མྱོང་བ་རྨི་ལམ་གྱི་རང་བཞིན་དུ་བསྟན་པ་དང་གསུམ། དེ་ལྟར་འཁྲུལ་བ་མེད་པས་མ་འཁྲུལ་བ་ཙམ་དུའང་གྲུབ་པ་མེད་པར་བསྟན་པ་དང་བཞི་ལས། དང་པོ།

ཀ༽གང་ལྟར་སྣང་བ་དེ་ལྟར་གྲུབ་པ་མེད་པས་སྒྱུ་མའི་ལྟད་མོ་ལྟར་བསྟན་པ།

དེ་ལྟར་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་སྣང་རང་ཤར་དུ་འདུས་པས། གང་ལྟར་སྣང་བ་དེ་ལྟར་གྲུབ་པ་མེད་པས་སྒྱུ་མའི་ལྟད་མོ་ལྟར་བསྟན་པ་ནི།

ཡེ་ནས་ལྷུན་གྱིས་གྲུབ་པའི་དབྱིངས་རུམ་འདིར།།

འཁོར་བ་ཀུན་བཟང་མྱ་ངན་འདས་པ་བཟང་།།

ཀུན་བཟང་ཀློང་ན་འཁོར་འདས་ཡེ་ནས་མེད།།

སྣང་བ་ཀུན་བཟང་སྟོང་པ་ཀུན་ཏུ་བཟང་།།

ཀུན་བཟང་ཀློང་ན་སྣང་སྟོང་ཡེ་ནས་མེད།།

སྐྱེ་ཤི་ཀུན་བཟང་བདེ་སྡུག་ཀུན་ཏུ་བཟང་།།

ཀུན་བཟང་ཀློང་ན་སྐྱེ་ཤི་བདེ་སྡུག་མེད།།

བདག་གཞན་ཀུན་བཟང་རྟག་ཆད་ཀུན་ཏུ་བཟང་།།

ཀུན་བཟང་ཀློང་ན་བདག་གཞན་རྟག་ཆད་མེད།།

ཅེས་གསུངས་པ་སྟེ། རིག་པ་བྱང་ཆུབ་ཀྱི་སེམས་ནམ་མཁའ་ལྟ་བུའི་ངོ་བོ་ལ་གང་དུའང་མ་གྲུབ་པས། འཁོར་འདས་དང་། སྣང་སྟོང་དང་། སྐྱེ་ཤི་དང་། བདེ་སྡུག་དང་། བདག་གཞན་གང་དུའང་སྣང་བ་དང་གྲུབ་པ་མེད་ལ། དེའི་ངང་ངམ་རྩལ་ལམ་རོལ་བ་ཙམ་དུ་དེ་དག་སྣང་བ་མ་འགགས་པར་རང་སྣང་བ་སྒྱུ་མ་དང་། རྨི་ལམ་དང་། ཆུ་ཟླ་དང་། མིག་ཡོར་དང་། དྲི་ཟའི་གྲོང་ཁྱེར་དང་། སྤྲུལ་པ་ལྟ་བུར་སྣང་ལ་རང་བཞིན་མེད་པའི་ཕྱིར། འཁོར་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་སྣང་ས་ནས་ཡོད་མ་མྱོང་བ་གཞི་བྲལ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་དགོངས་པ་ལས་མ་གཡོས་པ་སྟེ། ཞེས་པ་ནི་སྣང་སྲིད་འཁོར་འདས་ཐམས་ཅད་འཆར་བའི་གཞི་རིག་པའི་ངོ་བོ་དེ་གང་དུ་ཡང་མ་གྲུབ་པ་ནམ་མཁའ་ལྟ་བུ་ཞིག་ཡིན་ལ། དེ་ཡིན་པའི་སྟབས་ཀྱིས་དེའི་རྩལ་དང་རོལ་བ་འགག་མེད་དུ་སྣང་བ་ནི། རང་སྣང་སྒྱུ་མ་རྨི་ལམ་ལྟར་དུ་རང་བཞིན་མེད་པར་ཤར་བ་ཙམ་ལས། འཁོར་འདས་ཀྱི་ཆོས་ཐམས་ཅད་སྣང་དུས་ཉིད་ནས་ཡོད་མ་མྱོང་བ་གཞི་བྲལ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་ཡིན་ཕྱིར་དེ་ལ་ཡེ་ནས་ལྷུན་གྲུབ་ཅེས་སུ་ཐོགས་པ་ཡིན། དེ་ལྟ་བུའི་ལྷུན་གྲུབ་ཡངས་ཤིང་རྒྱ་ཆེ་བའི་དབྱིངས་རུམ་ན། འཁོར་འདས། སྣང་སྟོང་། སྐྱེ་ཤི། བདེ་སྡུག བདག་གཞན། རྟག་ཆད་ལ་སོགས་པ་གང་དུ་སྣང་ཞིང་ཤར་ན་ཡང་། དེ་འདྲའི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་ལས་ཤར། རིག་པ་ལ་སྣང་། རིག་པར་གྲོལ་བས་རིག་པས་བཅིངས་ལ། ཆོས་དང་རིག་པ་ཡང་མཚོན་བརྗོད་འདས་པའི་ཆོས་ཉིད་ཕྱལ་བས་བཅིངས་པས་ན། སུས་ཀྱང་འདའ་བ་མེད་པའི་རང་བཞིན་གྱིས་རྣམ་པར་དག་པའི་ཀུན་བཟང་རྡོ་རྗེའི་ཆིངས་ཀྱིས་འགག་བསྡམས་ནས་ཀུན་ཁྱབ་ཀུན་བཟང་ཡབ་ཡུམ་གྱི་དགོངས་པ་ལས་མ་གཡོས་པར་བསྟན་པ་སྟེ། ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་ལས། ང་ལས་མ་བྱུང་གཅིག་ཀྱང་མེད། །ང་ནི་འབྱུང་བ་ཀུན་ཏུ་བཟང་། །ང་ཡིས་མི་སྟོན་གཅིག་ཀྱང་མེད། །ང་ནི་སྟོན་པ་ཀུན་ཏུ་བཟང་། །ང་ལས་རང་བཞིན་ཐ་དད་འབྱུང་། །ང་ནི་རང་བཞིན་ཀུན་ཏུ་བཟང་། །ང་ནི་ཐ་སྙད་ཆོས་དང་བྲལ། །ང་ནི་གཅིག་པ་ཀུན་ཏུ་བཟང་། །ང་ལ་འོད་ཆེན་རྣམ་ལྔ་རྫོགས། །ང་ནི་རྒྱན་ཆེན་ཀུན་ཏུ་བཟང་། །ང་ཡིས་དག་པའི་ཞིང་དུ་སྒྲོལ། །ང་ནི་སྒྲོལ་བྱེད་ཀུན་ཏུ་བཟང་། །ང་ཡི་སེམས་ལ་ཅིར་སྣང་རྫོགས། །ང་ནི་རྟོགས་པ་ཀུན་ཏུ་བཟང་། །ཞེས་པ་དང་། ཀུན་ཏུ་བཟང་པོ་རྒྱ་ཆེན་ཀུན་ལ་རོལ། །ཀུན་བཟང་ཡབ་ཡུམ་གཉིས་མེད་གཅིག་གི་ཚུལ། །ཡབ་ཡུམ་གཉིས་མེད་འགྲོ་བ་ཡོངས་ལ་ཁྱབ། །འཛིན་མེད་བགྲོད་མེད་ཀུན་བཟང་བྱང་ཆུབ་སེམས། །ཀུན་བཟང་ཞལ་ནི་ཕྱོགས་བཅུ་ཀུན་ཏུ་གཟིགས། །ཀུན་གཟིགས་ཀུན་བཟང་སྐུ་ལ་མདུན་རྒྱབ་མེད། །ཡུམ་གྱི་བྷ་ག་བདེ་ཀློང་གཅིག་ཏུ་འཁྱིལ། །གང་དུ་མི་གནས་ཚིག་གིས་མཚོན་དུ་མེད། །དོན་དམ་ངང་ལས་ཀུན་བཟང་ཆོ་འཕྲུལ་འབྱུང་། །ཐམས་ཅད་ཡིད་བཞིན་འབྱུང་བའི་ཀུན་བཟང་གཏེར། །ཟད་མེད་ལོངས་སྤྱོད་ཀུན་ཏུ་བཟང་མོའི་ཀློང་། །དོན་དང་མཐུན་པའི་ཡེ་ཤེས་རྟགས་མཆོག་ལྡན། །མ་བྲིས་དཀྱིལ་འཁོར་འོད་གསལ་བདེ་བའི་ཀློང་། །ཀུན་བཟང་དཀྱིལ་འཁོར་འགྲོ་བ་ཡོངས་ལ་ཁྱབ། །ཅེས་པ་དང་། སེང་གེ་རྩལ་རྫོགས་ལས། ཆོས་དབྱིངས་ཀུན་ཏུ་བཟང་མོ་ཡུལ་ལ་སྣང་། །རྣམ་དག་ཀུན་ཏུ་བཟང་པོ་ཡུལ་ལ་སྤྱོད། །ཡེ་ཤེས་ཀུན་ཏུ་བཟང་མོ་མཁའ་ལ་རོལ། །རིག་པ་ཀུན་ཏུ་བཟང་པོ་དབྱིངས་ལ་འཇུག །རྟག་ཆད་མེད་པའི་ཡབ་ཡུམ་རྣམ་པར་དག །རང་སྣང་ཀུན་ཏུ་བཟང་མོ་རྒྱ་མ་ཆད། །རྟོགས་པ་ཀུན་ཏུ་བཟང་པོས་གཅིག་ཏུ་བསྡུས། །འབྱུང་བ་ཀུན་ཏུ་བཟང་མོ་བདག་ཏུ་སྣང་། །ཤེས་རབ་ཀུན་ཏུ་བཟང་པོས་རང་སྣང་སྟོན། །མཁའ་དབྱིངས་ཀུན་ཏུ་བཟང་མོ་མི་གཡོ་ཞིང་། །མཉམ་ཉིད་ཀུན་ཏུ་བཟང་པོ་རྟོག་པ་མེད། །འདུས་པ་ཀུན་ཏུ་བཟང་མོ་གཅིག་ཏུ་འཁྱིལ། །རིག་པ་ཀུན་ཏུ་བཟང་པོ་དོན་ལ་འཇུག །ཤེས་རབ་ཀུན་ཏུ་བཟང་མོ་སྣ་ཚོགས་སྡུད། །ཐབས་མཆོག་ཀུན་ཏུ་བཟང་པོ་རིག་པར་སྣང་། །གསལ་འཚེར་ཀུན་ཏུ་བཟང་མོ་འཛིན་པ་མེད། །བཅོམ་ལྡན་ཀུན་ཏུ་བཟང་པོ་ཅིག་ཅར་འཆར། །འཛིན་མེད་ཀུན་ཏུ་བཟང་མོ་རང་སར་འདུག །ཐིག་ལེ་ཀུན་ཏུ་བཟང་པོ་ངོ་བོས་སྟོང་། །ཆོས་འབྱུང་ཀུན་ཏུ་བཟང་མོ་བྱེད་པ་མེད། །རྟོག་མེད་ཀུན་ཏུ་བཟང་མོ་གཡེང་བ་མེད། །ཀུན་རྫོབ་ཀུན་ཏུ་བཟང་པོ་ས་བོན་དངོས། །དོན་དམ་ཀུན་ཏུ་བཟང་མོས་ཆོ་འཕྲུལ་སྟོན། །རྒྱན་མཛེས་ཀུན་ཏུ་བཟང་མོ་ཡུལ་ལ་སྣང་། །དབྱིངས་རིག་ཀུན་ཏུ་བཟང་པོ་ཆོས་སྐུ་དངོས། །རང་བཞིན་ཀུན་ཏུ་བཟང་མོ་འགག་པ་མེད། །ངོ་བོ་ཀུན་ཏུ་བཟང་པོ་འགྱུར་བ་མེད། །ཐུགས་རྗེ་ཀུན་ཏུ་བཟང་མོ་ཅིར་ཡང་སྣང་། །སྟོན་པ་ཀུན་ཏུ་བཟང་པོ་ཉོན་མོངས་འདུལ། །སྟོང་པ་ཀུན་ཏུ་བཟང་མོ་ཐ་སྙད་བྲལ། །གསལ་བ་ཀུན་ཏུ་བཟང་པོ་ངོས་གཟུང་བྲལ། །ཡབ་ཡུམ་གཉིས་ཀ་ཀུན་བཟང་རིག་པའི་ཀློང་། །ཞེས་གསུངས་སོ། །རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་བྱུང་ཞིང་དེའི་ངང་ལས་མ་གཡོས་པས། ཀུན་ཏུ་བཟང་པོའི་བྱ་བྲལ་ལྷུན་གྱིས་གྲུབ་པའི་དབྱིངས་ཞེས་བྱ་བའི་ཐ་སྙད་གྲུབ་ཅིང་། ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས། །མཐའ་རྣམས་མ་ལུས་ཐམས་ཅད་ཟིལ་གྱིས་མནན། །མཐའ་རྣམས་མ་ལུས་དབྱིངས་སུ་གཅིག་པས་ན། །གཅིག་པུ་འགྲན་ཟླ་བྲལ་བ་ཆེ་བའི་མཆོག །ཅེས་པ་དེ་ནི་གཅིག་ལས་ཀུན་འབྱུང་ལྷུན་གྲུབ་རིན་ཆེན་ཞེས་བྱ་བར་བསྟན་པའོ། །ཀུན་བཟང་ཡབ་ཡུམ་གཉིས་སུ་སྣང་བ་དེ་ཡང་གཉིས་མེད་གཅིག་གི་ཚུལ་གྱིས་སྣོད་བཅུད་འགྲོ་བ་ཡོངས་ལ་ཁྱབ་པ་སྟེ། ཐབས་དང་ཤེས་རབ། དབྱིངས་དང་ཡེ་ཤེས། སྣང་བ་དང་སྟོང་པ། ཡུལ་དང་བྱེད་པ། རྟག་དང་ཆད་པ་ཐམས་ཅད་གཉིས་ཆོས་སུ་མེད་པར་ཀུན་ཏུ་བཟང་པོ་ངོ་བོ་སྟོང་པའི་ཐིག་ལེ་ཉག་གཅིག་དང་། ཀུན་ཏུ་བཟང་མོ་བདེ་ཀློང་འཁྱིལ་བའི་ཆོས་འབྱུང་བདེ་ཆེན་གྱི་དབྱིངས་གཉིས། བདེ་སྟོང་གཉིས་མེད་སྟོང་གསལ་མཐའ་དབུས་བཟང་ངན་ཐམས་ཅད་དང་བྲལ་བ། རིག་པ་གཅིག་གི་ཀློང་དུ་ཐམས་ཅད་མི་བཟང་བ་མེད་པར་ཀུན་བཟང་ཡབ་ཡུམ་གཉིས་མེད་ཀྱི་ཚུལ་ལ་རྫོགས་པའོ། །གཉིས་པ།

ཁ༽འཁྲུལ་སྣང་རྨི་ལམ་དང་འདྲ་བའི་སྣང་བ་རང་སྣང་དུ་འགྲོ་བ་ཀུན་ལ་རང་ཤར་བར་བསྟན་པ།

དེ་ལྟ་བུའི་ངང་ལས་འཁྲུལ་སྣང་རྨི་ལམ་དང་འདྲ་བའི་སྣང་བ་རང་སྣང་དུ་འགྲོ་བ་ཀུན་ལ་རང་ཤར་བར་བསྟན་པ་ནི།

མེད་ལ་ཡོད་པར་འཛིན་པས་འཁྲུལ་བར་བཏགས།།

རྟེན་མེད་རྨི་ལམ་འདྲ་བའི་རང་བཞིན་ལ།།

འཁོར་འདས་རང་མཚན་ཞེན་པ་མཚར་རེ་ཆེ།།

ཞེས་གསུངས་པ་སྟེ། དེ་ཡང་སོ་སོ་རང་གི་རིག་པ་ལྷུན་གྲུབ་ཆོས་སྐུའི་ངོ་བོ་སྟོང་གསལ་ནམ་མཁའ་ལྟར་དངོས་པོ་དང་མཚན་མར་མེད་ཀྱང་། རང་ངོ་མ་ཤེས་པ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེ་མ་ཡིན་ལ་དེར་འཛིན་པ་ཀུན་ཏུ་བརྟགས་པའི་མ་རིག་པ་གཉིས་དུས་མཚུངས་པས། གཟུང་འཛིན་འཁྲུལ་བའི་ཆར་སོང་ནས། འཁོར་བའི་འཁྲུལ་སྣང་སྣ་ཚོགས་སུ་ཤར་ཏེ། རྨི་ལམ་གྱི་ཡུལ་དང་སྣང་བ་ལ་བདག་ཏུ་འཛིན་པ་ལྟར། སྣང་སྲིད་སྣོད་བཅུད་ཀྱི་འཁྲུལ་བ་ལ་མངོན་པར་ཞེན་པ་འདི་དག་མེད་པ་གསལ་སྣང་གི་ཆོས་ལ་དོན་དུ་འཛིན་པའི་ཕྱིར། སྒྱུ་མའི་སྣང་བ་ལ་བདེན་པར་ཞེན་པ་ལྟ་བུ་སྟེ། མཚར་ཆེའོ་ཞེས་ཤེས་པར་བྱ་སྟེ། མུ་ཏིག་ཕྲེང་བ་ལས། འདི་ལྟར་སྣ་ཚོགས་སྣང་བ་རྣམས། །ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །ཞེས་པ་དང་། གསང་སྙིང་ལས། ཨེ་མ་ཧོ་བདེ་གཤེགས་སྙིང་པོ་ལས། །རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །ཞེས་པ་དང་། སྡུད་པ་ལས། སེམས་ཅན་ཐ་མ་འབྲིང་དང་མཆོག་གྱུར་ཇི་སྙེད་པ། །དེ་ཀུན་མ་རིག་ལས་བྱུང་བདེ་བར་གཤེགས་པས་གསུངས། །ཞེས་སོ། །རིག་པ་རང་བྱུང་གི་ཡེ་ཤེས། ལྷུན་གྲུབ་ཆོས་སྐུའི་ངོ་བོ། སྟོང་གསལ་མཚན་མ་དང་བྲལ་བ། རང་ངོ་ཀ་དག་གི་དགོངས་པ་སོ་སོར་རང་གི་རིག་པ་བྱ་བ་དེ་ནི་སྣང་དུས་ཉིད་ནས་སྐྱེ་ཤི་བདེ་སྡུག་སོགས་སུ་གྲུབ་པ་རྡུལ་ཙམ་ཡང་མེད་པ་ཞིག་ཡིན་ལ། འོན་ཀྱང་ང་མེད་ལ་ང་རུ་བཟུང་། བདག་མེད་ལ་བདག་ཏུ་ཞེན་ནས། མ་རིག་གསུམ་དང་མཚུངས་ལྡན་གྱི་གཟུང་འཛིན་རྒྱང་ཆད་དུ་སོང་བའི་དབང་གིས། མེད་ལ་ཡོད་པར་བཟུང་ནས་འཁྲུལ་བར་བཏགས་པ་ནི་རྟེན་མེད་རྨི་ལམ་འདྲ་བའི་རང་བཞིན་ལས་མ་འདས་ཤིང་། འཁོར་བའི་འཁྲུལ་སྣང་ཐམས་ཅད་འཁྲུལ་འཛིན་གྱི་བག་ཆགས་བརྟས་པ་ལས་བྱུང་ལ། དེ་ཡང་འཁྲུལ་རྟོག་སྐད་ཅིག་མའི་རྒྱུན་འབྲེལ་པ་ལས་བྱུང་བའོ། །རྨི་ལམ་གཉིད་ཀྱི་ངང་ལས་བྱུང་བ་དང་། གཉིད་ནི་ཀུན་གཞིའི་རྣམ་ཤེས་ཀྱི་ཕྲ་བའི་བག་ཆགས་མཐར་ཐུག་པ་ལས་བྱུང་བ་ཡིན་པས། མེད་པ་གསལ་སྣང་གི་ཆོས་ལ་སྒྱུ་མའི་སྣང་བ་ལ་བདེན་པ་བཟུང་བ་གཉིས་སུ་མ་མཆིས་པས། བྱིས་པའི་རྩེད་མོ་ལ་རྒན་པོ་མཚར་བ་བཞིན་དུ་མཚར་ཆེའོ། །འཁོར་བའི་འཁྲུལ་སྣང་གི་རྩ་བ་ལས་དང་ཉོན་མོངས་པའི་རང་བཞིན། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དེའི་ཕུགས་དེད་ན་སེམས་ཉིད་ནམ་མཁའ་ལྟ་བུ་ཡིན་པར་མདོ་རྒྱུད་ཀྱི་ལུང་འདི་དག་གི་བསྟན་དོན་དང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ལྟ་བུའོ། །དེ་ཡང་རིག་པ་བྱང་ཆུབ་ཀྱི་སེམས་གྲུབ་བསལ་འཕོ་འགྱུར་མེད་ཅིང་ཕྱི་ནང་སྟེང་འོག་མེད་པས་ཅི་སྣང་ཅི་ཤར་ཡང་ངོ་བོ་བསམ་བརྗོད་ལས་འདས་པའི་དབྱིངས་བྱང་ཆུབ་ཀྱི་སེམས་ལ་ཕྱིར་ཐུག་པའི་གོ་བའོ། །གསུམ་པ།

ག༽དོན་ལ་འཁྲུལ་བ་ཡོད་མ་མྱོང་བ་རྨི་ལམ་གྱི་རང་བཞིན་དུ་བསྟན་པ།

དེ་ལྟར་འཁྲུལ་སྣང་དུས་ནས། དོན་ལ་འཁྲུལ་བ་ཡོད་མ་མྱོང་བ་རྨི་ལམ་གྱི་རང་བཞིན་དུ་བསྟན་པ་ནི།

ཐམས་ཅད་ཀུན་བཟང་ལྷུན་གྲུབ་ཆེན་པོ་ཡིན།།

མ་འཁྲུལ་མི་འཁྲུལ་འཁྲུལ་བར་མི་འགྱུར་བས།།

སྲིད་པ་མིང་ཙམ་ཡོད་མེད་མཐའ་ལས་འདས།།

སུ་ཡང་གང་དུ་སྔར་ཡང་མ་འཁྲུལ་ལ།།

ད་ལྟ་མི་འཁྲུལ་སླད་ཀྱིས་འཁྲུལ་མི་འགྱུར།།

འདི་ནི་སྲིད་གསུམ་ཀ་དག་དགོངས་པའོ།།

ཞེས་གསུངས་ཏེ། གང་གི་ཚེ་ཁ་ཅིག་གཉིད་དུ་སོང་བ་ལས་རྨི་ལམ་ན་འགྲོ་བ་དང་ཁམས་གསུམ་གྱི་སྣང་བ་དུས་གཅིག་ལ་ཤར་བ་ཞིག་རྨིས་ན། རང་དུས་དེ་ཉིད་ན་སྣང་སེམས་ཀྱིས་འཛིན་པ་སེམས་ལ་ཞེན་ཡང་། དོན་ལ་ཡོད་མ་མྱོང་སྟེ་རང་མལ་དུ་གཉིད་དུ་སོང་བ་ལས་མ་གཡོས་པའི་ཕྱིར་རོ། །དེ་བཞིན་དུ་འཁོར་བའི་འཁྲུལ་སྣང་ཅི་སྣང་ཅི་ཤར་ཅི་འཛིན་ཡང་རང་དུས་དེ་ཉིད་ནས། རིག་པའི་ངང་ལས་མ་གཡོས་པས། གང་དུའང་མ་གྲུབ་ཅིང་སྣང་བ་ཙམ་དེ་ཡང་། དང་པོ་ཡོད་མ་མྱོང་སྟེ་མེད་པ་གསལ་སྣང་ཡིན་པའི་ཕྱིར་དང་། མེད་པ་ལ་འཁྲུལ་མི་སྲིད་པས་དང་པོ་འཁྲུལ་མ་མྱོང་། དང་པོ་མ་འཁྲུལ་ན་ད་ལྟ་འཁྲུལ་བ་དང་། ཕྱིས་འཁྲུལ་བར་འགྱུར་མི་སྲིད་དེ། མོ་གཤམ་ལ་བུ་སྐྱེ་བས་སྟོང་པའི་ཕྱིར། མོ་གཤམ་གྱི་བུ་དང་པོ་སྐྱེས་མ་མྱོང་བས། ད་ལྟ་དར་ལ་བབ་པ་དང་གནས་པ་མི་སྲིད་ལ། མཐར་རྒས་པ་དང་འཆི་བ་གཏན་ནས་མི་སྲིད་པ་བཞིན་ནོ། །འདི་ལྟར་སྣོད་བཅུད་དུ་སྣང་ཙམ་འདི་ཡང་ཡོད་མི་སྲིད་དེ། དཔེར་ན་ཐག་པ་ལ་སྦྲུལ་དུ་འཁྲུལ་དུས་འཇིགས་དངངས་སྐྱེད་པའི་ཐག་པ་དེ་ཡང་འཁྲུལ་ངོར་སྦྲུལ་དུ་བདེན་བདེན་ལྟར་མཐོང་བས་ཀུན་རྫོབ་བསླུ་བའི་རང་བཞིན་ཉིད། ཁ་ཅིག་གིས་ཐག་པར་བསྟན་དུས་སྦྲུལ་འཛིན་ལོག་ནས། ཐག་པར་བདེན་པས་འདྲ་བ་དེ་ཡང་། བརྟགས་ན་སྤུ་ཉག་མ་རེ་རེ་བ་དེ་ཡང་རྡུལ་ཕྲན་ཆ་མེད་པས་སྟོང་པ་ལྟར། འཁྲུལ་སྣང་ལས་འཁྲུལ་འཛིན་གྱི་བློ་སྐྱེ་བ་ལས། དམ་པ་རྣམས་ཀྱིས་སྟོང་པར་བསྟན་པས་རང་བཞིན་མེད་པར་རྟོགས་དུས་སྦྲུལ་འཛིན་ལོག་པ་ལྟར་བདེན་འཛིན་ལོག་ལ། ཟློག་བྱེད་དང་བཟློག་བྱ་དང་ཆོས་ཞེས་བྱ་བ་ཡང་བརྟགས་ན་ཅི་ཡང་གྲུབ་པ་མེད་པ་ནི་ཐག་པ་ཉིད་ཀྱང་མེད་པ་ལྟ་བུ་སྟེ། ཆོས་ཐམས་ཅད་མཐར་ཟད་མིང་མེད་ཆེན་པོར་ལ་བཟླ་བ་ནི། སྲིད་གསུམ་ཀ་དག་གི་དགོངས་པ་སྟེ། མུ་ཏིག་ཕྲེང་བ་ལས། ཐག་པ་ལ་ནི་སྦྲུལ་མཐོང་བཞིན། །དེ་མ་ཡིན་ལ་དེར་བཟུང་བས། །ཕྱི་ནང་སྣོད་བཅུད་གཉིས་སུ་ཆགས། །དེ་ཡང་བརྟགས་ན་ཐག་པ་ཉིད། །སྣོད་བཅུད་ཡེ་ནས་སྟོང་པ་ཉིད། །དོན་དམ་ཀུན་རྫོབ་གཟུགས་ཅན་ནོ། །སྦྲུལ་མཐོང་དེ་ཉིད་མཐོང་བས་བདེན། །ཐག་མཐོང་ཡང་དག་ཉིད་དུ་བདེན། །དཔེར་ན་མཐོ་ལ་བྱ་གནས་བཞིན། །བདེན་པ་གཉིས་ཀྱི་རང་བཞིན་ནི། །འཇིག་རྟེན་ཀུན་རྫོབ་ཙམ་དུ་སྟེ། །ཡང་དག་ཉིད་ལ་འབྲེལ་བ་མེད། །སྟོང་པ་ཉིད་ཀྱི་དབྱིངས་ལ་ནི། །དེ་ཡི་ངོ་བོར་ཐམས་ཅད་གྲོལ། །ཞེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། འཁྲུལ་མ་མྱོང་བའི་མ་རིག་རྩད། །མ་བརྟགས་ཡེ་ནས་ཆོད་ནས་འདུག །གོང་དུ་འདི་ཀུན་སུས་མ་ཚོར། །རགས་པའི་འབྱུང་བ་འདི་ཀུན་ཡང་། །ཐོག་མ་ཉིད་ནས་རང་དེངས་པར། །འགྲོ་བའི་གནས་མེད་རང་སངས་པས། །རང་ལུས་ཡེ་ནས་མེད་པར་ནི། །སྔ་ཕྱི་མེད་པར་འདིར་ཡང་རིག །ཅེས་སོ། །ཐམས་ཅད་ཀུན་བཟང་ལྷུན་གྲུབ་ཆེན་པོ་ཞེས་པ་ནི། ནོར་བུ་ལ་དགོས་འདོད་འབྱུང་བའི་ཡོན་ཏན་ཡེ་ནས་རང་རྫོགས་སུ་ཡོད་པ་བཞིན་དུ་ཀུན་བཟང་ལྷུན་གྲུབ་ཆེན་པོ་འཁོར་འདས་བྱ་རྩོལ་དང་བྲལ་བའི་ངང་དེ་ཉིད། དུས་གསུམ་དུ་མ་འཁྲུལ་མི་འཁྲུལ་འཁྲུལ་བ་མི་འགྱུར་ཞིང་། རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གང་དུ་ཡང་མ་གྲུབ་པས། རྩལ་ཅི་ཡང་འཆར་བའི་ཡོན་ཏན་དེ་ཡེ་ནས་ཆོས་དབྱིངས་ཀྱི་གཞི་དེར་ལྷུན་གྱིས་གྲུབ་པའི་དབང་གིས། རྨི་ལམ་གྱི་སྣང་བ་མེད་བཞིན་སྣང་བ་དེ་སྣང་བ་ཁོ་རང་གི་ངོར་མ་འགགས་ཤིང་། དོན་དུ་སྣང་དུས་ཉིད་ནས་མ་གྲུབ་པ་བཞིན་དུ། འདས་པའི་ཆོས་ཡོད་དོ་ཅོག་ཐམས་ཅད་ཁ་རྩང་གི་སྣང་བ་དང་མདང་གི་རྨི་ལམ་ལྟ་བུ་དང་། ད་ལྟའི་སྣང་བ་དེ་དག་དོ་དགོང་གི་རྨི་ལམ་ལྟ་བུ་དང་། མ་འོངས་པའི་ཆོས་ཐམས་ཅད་སང་ཉིན་གྱི་སྣང་བ་དང་སང་དགོང་གི་རྨི་ལམ་ལྟ་བུ་ཡིན་པས། སྲིད་པ་ཞེས་པའི་འཁྲུལ་སྣང་འདི་མིང་ཙམ་གྱི་སྟེང་ནས་ཀྱང་ཡོད་མ་མྱོང་བའི་མེད་པ་གསལ་སྣང་ཡིན་པས། དེ་ལྟར་འཁྲུལ་བ་ཞེས་པ་མེད་པའི་ཆོས་ཤིག་ལ་སྔར་དང་ད་ལྟ་ཕྱིའི་གསུམ་དུ་འཁྲུལ་བྱ་འཁྲུལ་བྱེད་དུ་མེད་པས་ཅི་འཁྲུལ་ཅི་ཞིག་འཁྲུལ་ཏེ་མེད་དོ། །དེས་ན་མེད་པར་བསམ་པ་ཙམ་ཡང་མེད་པས་ན་ཡོད་མེད་ལ་སོགས་སྤྲོས་མཐའ་ཐམས་ཅད་ལས་འདས་པ་སྟེ། དེ་ལ་སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱའོ། །མོ་གཤམ་གྱི་བུ་སྐྱེས་མ་མྱོང་བ་བཞིན་དུ་དོན་དངོས་སུ་སྣོད་བཅུད་ཀྱི་སྣང་བ་འདི་ཙམ་ཞིག་ཀྱང་མེད་དེ། ཐག་ཁྲ་སྦྲུལ་དུ་མཐོང་བ་དེ་འཁྲུལ་ངོའི་ཀུན་རྫོབ་རྫུན་པ་བསླུ་བའི་ཆོས་ཅན་ཡིན་པར་མ་ཟད། སྦྲུལ་མིན་པ་ཐག་པར་མཐོང་བའི་བདེན་པ་དེ་ཡང་བརྟགས་ཤིང་དཔྱད་ན། སྤུ་ཉག་མ་རེ་རེ་ནས་བསལ་ན་སྦྲུལ་འཛིན་ལོག་པས་མི་ཚད་ཐག་འཛིན་ཀྱང་ལོག་ཕྱིར་ཟློག་བྱེད་བཟློག་བྱ་དང་བཅས་པ་གཅིག་ཀྱང་མ་གྲུབ་པ་སྟེ། ཡེ་ཤེས་བླ་མ་ལས། གྲུ་རྡིབ་པའི་ཚེ་ཆུ་ལ་འཇུས་པ་ལྟར་ཞེས་པ་དང་མཚུངས་པར་ཆོས་ཟད་མིང་མེད་ཆེན་པོར་ལ་བཟླས་པས་མ་ཚད་མེད་པ་ཉིད་ཀྱང་མེད་པར་ཐག་ཆོད་ནས། སྲིད་པ་མིང་ཙམ་ཡོད་མེད་མཐའ་ལས་འདས་པའི་དོན་གཏན་ལ་ཕབ་པའོ། །སྤྱིར་ཕྱི་ནང་གི་ཆོས་ལ་དབང་པོའི་རིམ་པས་འཛིན་སྟངས་དང་འཇལ་ལུགས་ཐ་དད་དེ། ཉན་ཐོས་བྱེ་བྲག་ཏུ་སྨྲ་བས་སྣོད་བཅུད་ཀྱི་གཟུགས་ལྟ་བུ་ལ། རགས་པ་ཀུན་རྫོབ་ཆ་མེད་དོན་དམ་དུ་འཛིན་ལ། སེམས་ཙམ་དྲི་བཅས་རྣམ་བདེན་པས་རང་གི་ཤེས་པའི་རྣམ་པར་འདོད་ལ། དབུ་མ་རང་རྒྱུད་པས་ཀུན་རྫོབ་ཏུ་རྟེན་འབྲེལ་རྒྱུ་འབྲས་ཕྱི་རོལ་ན་སྣང་ཙམ་གཟུགས་བརྙན་དང་འདྲ་བར་འདོད་ལ། ཐལ་འགྱུར་བས། མེད་པ་གསལ་སྣང་ཆུ་ཟླ་དང་སྐྲ་ཤད་ལྟར་འདོད་ལ། རྫོགས་ཆེན་སེམས་ཕྱོགས་པས། རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རོལ་བའི་རྩལ་ཤར་བ་ཙམ་དུ་འདོད་ལ། ཀློང་སྡེ་བས་རིག་པའི་ཀློང་ན་རང་སྣང་བའི་རྒྱན་བཀོད་པ་ལས་རིག་པ་ཉིད་ཤར་བར་མི་འདོད་པས་རང་སྣང་ཙམ་དུ་འདོད་ལ། མན་ངག་གི་སྡེས་རང་བྱུང་གི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་རང་སྣང་ལྷུན་གྲུབ་ཀྱི་སྒོ་ལས་རང་ཤར་བས། ཕྱི་ནང་བར་གསུམ་གང་ནའང་མེད་པའི་རང་སྣང་བ་འདིར་ཡེ་ཤར་དུ་སྣང་བ་ཙམ་དུ་འདོད་པས། སྣང་སྲིད་རིག་པའི་ངང་ན་རང་གསལ་མེད་སྣང་སྒྱུ་མ་སྟེ། སྟོང་གཟུགས་ཤར་བ་ཙམ་དུ་འཇོག་པས། སྣང་བ་འདི་དག་སེམས་དང་དོན་གཞན་གང་དུའང་མ་གྲུབ་པ་རང་སྣང་འཁྲུལ་བ་ཙམ་དུ་འཇོག་པས། ཁམས་གསུམ་ཡོད་མ་མྱོང་གཟུགས་བརྙན་དང་འདྲ་བར་ཡེ་ནས་དག་པའི་རང་བཞིན། རང་སར་ཡེ་གྲོལ་དུ་གནས་པས། རང་བཞིན་རྟོགས་ནས་ངང་ལ་གོམས་དུས་ཡིན་ཐོག་ཏུ་གྲོལ་བས། འཁྲུལ་བ་གར་སོང་ཆ་མེད་དུ་སངས་ནས། རིག་པ་རང་བྱུང་གི་ཡེ་ཤེས་ཉག་གཅིག་རང་མལ་ཀ་དག་གི་ཆོས་སྐུར་བཞུགས་ཏེ། དབྱིངས་ལས་མ་གཡོས་པའི་ངང་ལས། གཟུགས་སྐུ་ལྷུན་གྲུབ་ཏུ་འཆར་བས་དོན་མཛད་པར་འདོད་པ་ཡིན་ནོ། །སྤྱིར་ན་ཕུང་པོ་ལྔས་བསྡུས་པའི་ཕྱི་ནང་གི་གཞལ་བྱའི་ཆོས་ཐམས་ཅད་ལ་འཇལ་བྱེད་དབང་པོའི་རིམ་པ་ཐ་དད་པའི་དབང་གིས། བཅལ་ནས་རྣམ་བཤད་བྱས་པ་དང་། ལྟ་བའི་འཛིན་སྟངས་ཐ་དད་པར་བྱུང་བས། ཉན་ཐོས་བྱེ་སྨྲ་བ་ལྟ་བུ་ཞིག་ལ་མཚོན་ན། ཕྱི་རོལ་བའི་གང་ཟག་གི་བདག་ཏུ་འཛིན་པའི་རྟག་ཆད་ཀྱི་ལྟ་བ་དེ་བཀག་ནས། སྣང་གཞི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པའི་བདག་ཉིད་ཀྱི་ཕྱི་རགས་པ་སྣང་བའི་རྒྱུ་འབྱུང་བ་ཆེན་པོ་བཞིའི་རྡུལ་ཕྲ་རབ་དང་། ནང་རྣམ་པར་ཤེས་པ་སྐད་ཅིག་མ་དོན་དམ་བདེན་པ་རུ་འདོད་པ་དང་། སེམས་ཙམ་རྣམ་བདེན་དྲི་བཅས་པས་སྣང་བ་སྣ་ཚོགས་སུ་ཤར་བ་འདི་རང་གི་ཤེས་པའི་རྣམ་པ་ཕྱིར་ཤར་བར་འདོད་པ་དང་། འདི་ལ་ནང་གསེས་ཀྱི་དབྱེ་བ་ཡང་དུ་མ་ཡོད་ཅིང་། དབུ་མ་རང་རྒྱུད་པས་སེམས་ཙམ་རྣམ་བདེན་དྲི་མེད་པས་ཤེས་པ་རང་རིག་རང་གསལ་བདེན་གྲུབ་ཏུ་འདོད་པ་དེ་བཀག་ནས། འདི་ལྟར་སྣ་ཚོགས་སུ་སྣང་བའི་རྣམ་པ་དང་འཇལ་བྱེད་ཐམས་ཅད་མེད་པ་གསལ་སྣང་ཙམ་དང་། དོན་དམ་པར་སོ་སོ་རང་གི་རིག་པའི་ཡེ་ཤེས་དེ་ཡང་རང་བཞིན་གྱིས་ངོ་བོ་ཉིད་མེད་པར་བཞེད་པ་ཡིན། ཐལ་འགྱུར་པས་ནི་དོན་དམ་པར་མ་གྲུབ་པ་ཅིང་། ཀུན་རྫོབ་སྣང་ཙམ་སྒྱུ་མ་ལྟ་བུར་གྲུབ་པར་འདོད་པ་དེ་ཡང་བཀག་ནས། སྣ་ཚོགས་སུ་སྣང་ཙམ་པོ་འདི་འཇིག་རྟེན་པས་ཇི་ལྟར་བཞག་པ་ལྟར་བརྡ་ཤེས་པའི་ཡན་ལག་ཙམ་ལས། དོན་ལ་བློས་བཀོད་པའི་གྲུབ་མཐའ་སྤྲོས་པ་ཅན་གང་ཡང་ཁས་ལེན་མེད་པར། ཆོས་སུ་སྣང་བ་ཐམས་ཅད་བདེན་འཛིན་གྱི་མཐའ་ལས་འདས་པའི་ཕྱིར་ཡོད་མེད་ཀྱི་མཐའ་ཐམས་ཅད་ད་ལྟའི་དུས་ནས་བྲལ་བར་འདོད་པ་ཡིན། རྫོགས་ཆེན་སེམས་སྡེ་ལ་ནང་གསེས་ཀྱི་དབྱེ་བ་མང་ཞིང་། དེ་དག་ནི་འདི་ལྟར་སྣང་བའི་ཆོས་ཐམས་ཅད་རིག་པ་ཀུན་བྱེད་བྱང་ཆུབ་སེམས་ཀྱི་རོལ་བའི་རྩལ་དུ་ཤར་བ་རང་ལས་བྱུང་ཞིང་རང་ལས་ཤར་བ་འདོད་པ་དང་། ཀློང་སྡེ་ལའང་དབྱེ་བ་ཤིན་ཏུ་མང་ཞིང་། སྐབས་འདིར་ཀློང་དཀར་ནག་ཁྲ་གསུམ་དང་རབ་འབྱམས་ཏེ་བཞིར་ཡོད་པ་ལས། རབ་འབྱམས་ཀྱི་བྱེ་བྲག་རྒྱན་གྱི་ཀློང་གིས་སྣང་བ་སེམས་ཀྱི་རྒྱན་ཡིན་ལ་སེམས་སྟོང་པ་ངོས་བཟུང་དང་བྲལ་བར་འདོད་པ་དང་། མན་ངག་སྡེས་སེམས་ཉིད་རང་བྱུང་གི་ཡེ་ཤེས་གདོད་ནས་དག་པ་ནམ་མཁའ་ལྟ་བུ་ཅིར་ཡང་མ་གྲུབ་པའི་ངང་ལས། རྩ་བ་སྲོག་འཛིན་པའི་རླུང་ལྔ་གཡོས་པ་ལས། རང་སྣང་འོད་གསལ་དུ་ཤར་བ་རང་ངོ་མ་ཤེས་པའི་ཆ་ལས། ཕྱི་ནང་གི་སྣོད་བཅུད་ལུས་དང་བཅས་པར་འཁྲུལ་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ཡེ་ཤར་དུ་སྣང་བ་ཡིན་ལ། དེ་ཡང་སྣང་བ་རིག་པའི་ངང་ལས་སྣང་ཡང་རང་གསལ་མེད་སྣང་སྒྱུ་མ་ལྟར་སྣ་ཚོགས་སུ་རང་སྣང་བའི་རྫུན་སྣང་སྟོང་པའི་གཟུགས་བརྙན་ཙམ་ཡིན་པས་ངང་ལ་གོམས་ནས་ཡིན་ཐོག་ཏུ་གྲོལ་བ་མངོན་དུ་གྱུར་ནས་སྤྲོས་པའི་མཐའ་དང་བྲལ་བའི་ངོ་བོ་མཐོང་དུས། འཁྲུལ་བ་གར་སོང་ཆ་མེད་དུ་དག་ནས་དུས་གསུམ་མཉམ་ཉིད་དུ་རྟོགས་པའི་རྣལ་འབྱོར་བའི་ངོར། རིག་པ་རང་བྱུང་གི་ཡེ་ཤེས་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ཀ་དག་ནང་གསལ་ཀྱི་ཆོས་སྐུར་འཁྱིལ་ནས། དབྱིངས་དེ་ལས་མ་གཡོས་པའི་མདངས་ནང་གསལ་ལྷུན་གྲུབ་མངའ་དབང་རྫོགས་པའི་ལོངས་སྐུ་དང་། དག་དང་མ་དག་ལ་བྱད་དང་གཟུགས་བརྙན་ལྟ་བུའི་གང་འདུལ་སྤྲུལ་བའི་རོལ་བ་གཟུགས་སྐུའི་འགྲོ་དོན་གདུལ་བྱའི་སྣོད་དང་འཚམས་པར་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་བར་བཞེད་དོ། །དེས་འཁྲུལ་སྣང་འཁོར་བར་སྣང་དུས་ནས་དོན་ལ་འཁྲུལ་བ་ཡོད་མ་མྱོང་བ་རྨི་ལམ་གྱི་རང་བཞིན་དུ་བསྟན་པའོ། །བཞི་བ།

ང༽འཁྲུལ་བ་མེད་པས་མ་འཁྲུལ་བ་ཙམ་དུའང་གྲུབ་པ་མེད་པར་བསྟན་པ།

དེ་ལྟར་འཁྲུལ་བ་མིང་མེད་པས་དེ་ལ་ལྟོས་པའི་མ་འཁྲུལ་བ་ཙམ་དུའང་གྲུབ་པ་མེད་དོ་ཞེས་བསྟན་པ་ནི།

འཁྲུལ་བ་མེད་པས་མ་འཁྲུལ་ཆོས་མེད་དེ།།

ཡེ་ནས་ལྷུན་གྲུབ་རང་བྱུང་རིག་པ་ཆེ།།

མ་གྲོལ་མི་གྲོལ་གྲོལ་བར་མི་འགྱུར་བས།།

འདས་པ་མིང་ཙམ་སུ་ཡང་གྲོལ་མ་མྱོང་།།

གྲོལ་བར་མི་འགྱུར་བཅིངས་པ་ཡེ་ནས་མེད།།

མཁའ་བཞིན་རྣམ་དག་རྒྱ་ཆད་ཕྱོགས་ལྷུང་བྲལ།།

འདི་ནི་ཡོངས་གྲོལ་ཀ་དག་དགོངས་པའོ།།

ཞེས་གསུངས་ཏེ། དེ་ལ་ལྟོས་གཞི་ལོག་པས་དེ་ལ་ལྟོས་པའི་ཆོས་ལོག་པ་དང་། ལྟོས་ཆོས་ཕན་ཚུན་པ་ལོག་པས་ཀྱང་དེ་ལ་ལྟོས་པའི་ཆོས་ལྡོག་པ་ལས། འདིར་མ་འཁྲུལ་བའི་ལྟོས་ཆོས་འཁྲུལ་བ་ལོག་པས། མ་འཁྲུལ་ཉིད་དུའང་གྲུབ་པ་མེད་པའི་ཕྱིར་མྱ་ངན་ལས་འདས་པ་མིང་ཙམ་སྟེ། འཁོར་འདས་བཅིངས་གྲོལ་ལས་འདས་པར་བསྟན་པ་ནི། ཀུན་བྱེད་ལས། དོན་དམ་ཆོས་ཞེས་ལྷག་པའི་གནས་ཞེས་བཤད་པའང་མེད། །འཁྲུལ་དང་བྱང་ཆུབ་ལམ་དེ་རྟོགས་པས་ཐོབ་པའང་མེད། །རང་བྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་དང་བྲལ། །ཞེས་པ་དང་། ཁྱུང་ཆེན་ལས། སངས་རྒྱས་མེད་ཅིང་སུ་ཡིས་བཅིངས་པའི་རྒྱ། །འཁྲུལ་དང་མ་རིག་སེམས་ཅན་སུ་ལ་སྲིད་མིང་མེད། །དེ་ཕྱིར་ཡེ་ནས་མ་བཀྲོལ་ཕྱིས་གྲོལ་མེད་སྣང་བའོ། །གཞི་མེད་ལམ་ཞེས་འབྲས་བུ་སུ་འདོད་པ། །འདོད་ཕྱིར་ཐར་པའི་གནས་ལ་འདི་ཡིས་སྒྲིབ། །སྟོང་མུ་གསལ་དང་ཡོད་དང་མེད་པ་ཉིད། །རྟག་ཆད་རྒྱུ་འབྲས་བཞི་སྟེ་བརྒྱད་རྣམས་ལ། །མཐའ་བྲལ་ནམ་མཁའི་དབྱིངས་དང་མཚུངས་པ་ཉིད། །ཅེས་པ་དང་། གསང་སྙིང་ལས། སུས་ཀྱང་མ་བཅིངས་པཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །བཅིངས་མེད་རྣམ་པར་བཀྲོལ་མེད་པ། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་སོ། །གོང་ནས་འཁྲུལ་བ་གཞི་ལ་མ་གྲུབ་པས་མི་ཚད་གཞི་སྣང་སྣང་དུས་ཉིད་ནས་མ་གྲུབ་པའི་སྲིད་གསུམ་ཀ་དག་གི་དགོངས་པ་བསྟན་ནས། ད་ནི་ལྟོས་གཞི་འཁྲུལ་བ་ལོག་ཚེ་ལྟོས་ཆོས་མ་འཁྲུལ་བ་ཡང་མེད་པར་བསྒྲུབས་ཏེ་ཡང་གྲོལ་ཀ་དག་གི་དགོངས་པ་བསྟན་པ་སྟེ། མ་འཁྲུལ་བ་ཡང་མ་གྲུབ་ཚེ་མྱ་ངན་ལས་འདས་པ་ཡང་མིང་གི་བླ་དྭགས་ཙམ་ཞིག་ལས་མེད་པ་ཡིན། སྣང་སྲིད་ཐམས་ཅད་བྱང་ཆུབ་སེམས་ཀྱི་རྩལ་ལམ་རོལ་བ་ཡིན་པར་བསྙད་པ་ནི་འབྲས་མིང་རྒྱུ་ལ་བཏགས་པ་ཙམ་ལས་འཁོར་འདས་སུ་སྣང་བ་དེ་ཡང་རིག་པའི་རྩལ་དུ་ཤེས་པར་བྱས་ནས། རིག་པ་ཉིད་འཁོར་འདས་གང་དུ་ཡང་མ་གྲུབ་ཅིང་འཆར་གཞི་མ་འགགས་པ་ཞིག་ལ་ལྷུན་གྲུབ་སྣང་སྟོང་དབྱེར་མེད་ཀྱི་དོན་དུ་གོ་དགོས་པ་ཡིན། ཡེ་སྣང་མེད་པ་གསལ་སྣང་དུ་ཤར་བ་འདི་སེམས་སུ་མ་གྲུབ་པ་དང་། སེམས་ལས་གཞན་དུ་ཡང་མ་གྲུབ་པའི་སྟོང་གསལ་གཞི་མེད་ཡེ་དག་ལ་ཤེས་ནས་གྲོལ་ཚེ། རྩལ་དང་རོལ་བ་གཞི་མེད་ཡིན་པའི་དབང་གིས། གཉིད་སད་དུས་རྨི་ལམ་སད་པ་བཞིན་དུ་རང་དག་ཏུ་རང་རིག་ཆོས་སྐུ་འགྱུར་བ་མེད་ཅིང་བཅིངས་པ་མེད་པ་སྟེ། རྣམ་པར་གྲོལ་བ་མེད་པའི་ཡེ་ནས་ལྷུན་རྫོགས་དང་པོའི་རང་མལ་ལས་མ་གཡོས་པས། དངོས་པོ་དང་མཚན་མ་དག་པ་མཐའ་གྲོལ་ནམ་མཁའི་དབྱིངས་དང་མཚུངས་པར་གཏན་ལ་ཕབ་པའོ། །དེ་དག་གིས་ལེའུ་དང་པོ་འཁོར་འདས་དབྱིངས་ལས་མ་གཡོས་པར་བསྟན་པ་ལ། རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་འཁོར་འདས་སུ་ཤར་ཡང་དབྱིངས་ལྷུན་གྲུབ་ལས་མ་གཡོས་པར་བསྟན་པ་དང་། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པས་ཕྱི་ནང་སྣང་བཏགས་ཀྱི་རང་སྣང་ཤར་དུས་ཉིད་ནས་བྱར་མེད་མཉམ་པ་ཆེན་པོར་ཕྱམ་གདལ་ཚུལ་དང་། དེ་ལྟར་སྐུ་དང་ཡེ་ཤེས་རིག་པའི་ངང་དུ་རྫོགས་པས་ན་རིག་པ་ཀློང་དུ་གྱུར་པའི་རྒྱལ་བ་རྒྱ་མཚོའི་ཞིང་དང་མཁྱེན་པའི་སྤྱོད་ཡུལ་ཡང་རིག་པའི་ཆོ་འཕྲུལ་ཡིན་པར་བསྟན་པ་སྟེ་ས་བཅད་གསུམ་ནང་གསེས་དང་བཅས་པ་སོང་ནས། གསུམ་པ།

༼ག༽འཁོར་འདས་ཡོད་མ་མྱོང་བས་དབྱིངས་ལྷུན་མཉམ་ཡངས་པ་ཆེན་པོར་དོན་བསྡུ་བ།

ལེའུའི་མཇུག་བསྡུ་བ་ནི། ད་ནི་འཁོར་འདས་ཡོད་མ་མྱོང་བས་དབྱིངས་ལྷུན་མཉམ་ཡངས་པ་ཆེན་པོར་དོན་བསྡུ་བ་ནི། ཞེས་མཚམས་སྦྱར་ནས།

མདོར་ན་ལྷུན་གྲུབ་ཡངས་པའི་དབྱིངས་རུམ་ནས།།

རོལ་བའི་རྩལ་གྱིི་འཁོར་འདས་ཅི་ཤར་ཡང་།།

ཤར་ཙམ་ཉིད་ནས་འཁོར་འདས་ཡོད་མ་མྱོང་།།

གཉིད་ཀྱི་རྩལ་ལས་རྨི་ལམ་ཅི་ཤར་ཡང་།།

དོན་ལ་མེད་དེ་རང་རིག་བདེ་བའི་མལ།།

ལྷུན་མཉམ་ཡངས་པ་ཆེན་པོར་ཕྱམ་གདལ་ལོ།།

ཞེས་གསུངས་ཏེ། ལེའུ་འདིའི་གནས་ནི་དབྱིངས་དང་དེའི་ངང་ནས་ཤར་བའི་འཁོར་འདས་རྨི་ལམ་དང་འདྲ་བས་གཞི་མེད་མཉམ་པ་ཆེན་པོར་མཇལ་བ་ལས། དེ་དག་གི་དོན་གཅིག་ཏུ་བསྡུ་བ་སྟེ། རིག་པའི་ངང་ནས་འཁོར་འདས་སྣང་སྲིད་ལ་སོགས་པའི་ཆོས་ཅི་ཤར་ཡང་། ལྷུན་གྲུབ་ཀྱི་སྒོ་ལ་རོལ་བའི་འཆར་ཚུལ་མ་འགགས་པར་རང་ཤར་བ་ཙམ་ལས། དོན་ལ་གང་ཡང་གྲུབ་པ་མེད་པར་བསྟན་པ་ནི་རྨི་ལམ་བཟང་ངན་ཅི་ཤར་ཡང་རང་གི་རིག་པ་མལ་ན་ཉལ་བ་ལས་གུད་དུ་སོང་བ་མེད་པ་ལྟ་བུ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་རང་སྣང་བདེན་མེད་དུ་རང་ཤར་བ་ནི། ཁྱུང་ཆེན་ལས། ཡེ་ནས་ཕྱོགས་སུ་ལྷུང་བ་མེད་པའི་སེམས། །འཁོར་དང་ངན་སོང་སུ་ལ་གྲུབ་སྣང་བ། །མི་བདེན་རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་ཁྱེར་བཞིན། །རྫུན་སྣང་བདེན་པའི་ནུས་པ་འདི་ལ་མི་སྲིད་དོ། །ཞེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མེད་པས་སེམས་ཅན་མིང་ཡང་མེད། །སྲིད་པ་མིང་ཙམ་བཏགས་པའི་ཆོས་ལས་འདས། །ཞེས་སོ། །འདིའི་དོན་མདོར་བསྡུས་ནས་བཤད་ན། ལྷུན་གྲུབ་ཡངས་པ་ཆེན་པོ་རང་བྱུང་གི་རིག་པའི་དབྱིངས་རུམ་མམ་རིག་པའི་ངོ་བོ་དང་དེའི་ངང་ནས་སྣང་སྲིད་འཁོར་འདས་ཀྱི་ཆོས་རང་སྣང་བ་ཡང་ཡེ་ནས་མ་བཙལ་བར་ཤར་ཏེ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་སེམས་ཅན་གྱི་ལུས་ངག་ཡིད་གསུམ་བྱ་བྱེད་རང་སྣང་རྒྱན་གྱི་འཁོར་ལོ་ཤར་བས། གཅིག་ལས་ཀུན་འབྱུང་ལྷུན་གྲུབ་རིན་ཆེན་ཞེས་བྱའོ། །གཞི་དག་པ་ཆེན་པོ་ལས། འཆར་ཚུལ་དྲུག སྒོ་གཉིས་དང་བརྒྱད་ཀྱི་ཚུལ་དུ་བྱུང་བས་གཞི་རང་སྣང་སྐྱེ་འགྲོ་སྣོད་བཅུད་འཁོར་འདས་ཀྱི་རྩལ་དང་ཡོན་ཏན་སྣང་བ་ནི། ཤར་ཙམ་ཉིད་ནས་འཁོར་འདས་གཉིས་ཀ་ཡོད་མ་མྱོང་བས། གཉིད་ཀྱི་རྩལ་ལས་རྨི་ལམ་དུ་ཤར་བ་དང་ཁྱད་མེད་པར་ཀུན་རྫོབ་སྣང་ཙམ་དེ་ཡང་མེད་པ་གསལ་སྣང་དོན་ལ་མེད་པ། དཔེར་ན་གཉིད་སད་དུས་བདེ་བའི་མལ་ན་གནས་པ་བཞིན་དུ་དོན་དམ་པ་བདེན་རྫུན་ཡོད་མེད་ལས་འདས་པའི་རང་བཞིན་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ནི་ལྟ་བ་རྣམ་སྦྱོང་གི་ཕྱག་རྒྱ་ཞེས་བྱའོ། །དེ་ལྟར་ལྷུན་མཉམ་ཡངས་པ་ཆེན་པོ་རིས་མེད་ཕྱོགས་བྲལ་དུ་ཕྱམ་གདལ་བ་བསྟན་ནས་ལེའུའི་མཚན་གྱིས་དོན་བསྡུ་བ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། འཁོར་འདས་དབྱིངས་ལས་མ་གཡོས་པའི་རང་བཞིན་བསྟན་པ་སྟེ། ལེའུ་དང་པོའི་འགྲེལ་པའོ།། །།དེ་རིང་གི་དུས་ཚོད་ཡང་ཚང་སོང་ཆོས་མཚམས་འདི་རུ་འཇོག སང་ཉིན་ལེའུ་གཉིས་པ་ནས་དབུ་བཟུང་སྟེ་བཤད་རྒྱུ་བྱེད། འདི་ཡན་ཆད་ཀྱི་ལེའུ་དང་པོ་འདིས། འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་མཁའ་མཉམ་རྫོགས་པ་ཆེན་པོའི་ངང་དུ་གྲུབ་བསལ་དང་འཕོ་འགྱུར་མེད་པར། འཁོར་བར་ཤར་ཡང་རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་ཤར་བ་དང་། འདས་པར་ཤར་ཡང་རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ཀློང་དེ་ལས་ཤར་བ་དང་། འཁོར་འདས་ཀྱི་རྣམ་པ་གང་དུ་ཤར་བསྡད་ཀྱང་དབྱིངས་ལྷུན་གྲུབ་ཀྱི་ངང་ལས་གཡོས་མ་མྱོང་། ཤར་རྒྱུ་དེ་ཡང་བྱེད་པོ་ཞིག་གིས་ཆེད་དུ་ཤར་དུ་བཅུག་པ་ཞིག་མ་ཡིན་པར་རང་ཤར་ཡིན་པ་དང་། དང་པོར་རང་ཤར་ཡིན་པས་ན་ཐ་མར་རང་གྲོལ་གྱི་འཐད་པ་ཡང་ཤུགས་ཀྱིས་གྲུབ་པ་ཡིན། འདི་སེམས་སྡེའི་ཆོས་སྐད་ལྟར་ན་ཐམས་ཅད་རང་བྱུང་བྱང་ཆུབ་ཀྱི་སེམས་ཀྱི་རྩལ་དང་རོལ་བ་དང་རྒྱན་དུ་ཤར་བ་ཡིན། དེ་ལྟ་བུའི་ཡ་མཚན་རྨད་དུ་བྱུང་བའི་ཆོ་འཕྲུལ་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་གཅིག་གི་ངང་ལས་གཡོས་མ་མྱོང་། ཅིར་སྣང་ཆོས་ཉིད་རང་བྱུང་ཡེ་ཤེས་ཀྱི་ངང་ལ། ཀློང་སྡེའི་ཆོས་སྐད་བྱས་ན་རྩོལ་མེད་བདེ་ཀློང་གཅིག་ཏུ་འཁྱིལ་བས་ན་འབད་རྩོལ་དང་རེ་དོགས་བསྐྱུངས་ནས་ཁྱབ་གདལ་མཉམ་པ་ཆེན་པོར་མ་བཅོས་སྤྲོས་མེད་ཀུན་ཏུ་བཟང་མོའི་མཁའ་ཀློང་ཆེན་པོའི་ངང་དུ་རྣལ་ཕབ་ནས་བཞག་པར་བསྟན་པ་དང་། མན་ངག་སྡེ་ཡི་དགོངས་པ་དང་བསྟུན་ན། རིག་པ་རང་བྱུང་གི་ཡེ་ཤེས་ལ་སྐུ་གསུམ་ཡེ་རྫོགས་ཀུན་ཏུ་བཟང་པོའི་ཀློང་དུ་རྫོགས་པས། འཁྲུལ་སྣང་འཁོར་བ་སྣང་དུས་ཉིད་ནས་འཁྲུལ་བ་དོན་དུ་ཡོད་མ་མྱོང་བ་རྨི་ལམ་སྒྱུ་མ་ལྟ་བུར་བསྟན་ནས་སྲིད་གསུམ་ཀ་དག་གི་དགོངས་པ་གཏན་ལ་ཕབ་པའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་འདིས་གཙོ་བོར་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་རྩལ་འདོན་མཛད་ཅིང་། ཀ་དག་དང་ལྷུན་གྲུབ་དབྱེར་མེད། ཁྲེགས་ཆོད་དང་ཐོད་རྒལ་ཟུང་དུ་འཇུག་པའི་ཉམས་ལེན་གྱི་གནད་ཀྱི་རྩ་བ་འདི་ལ་འདུས་ཡོད་པའི་ཕྱིར་ན། མ་བསྒོམས་སངས་རྒྱས། རིག་སྟོང་རྗེན་པའི་ཀློང་ན་ལེ་ལོ་ཅན་ཡང་འབད་རྩོལ་ཆེན་པོ་ཞིག་མི་དགོས་པར་ཆོས་སྐུའི་རང་ཞལ་མངོན་སུམ་དུ་མཇལ་བའི་རྩོལ་མེད་ཀྱི་ལམ་ཡིན། འདི་ནི་ཆོས་སྐུའི་བསྟན་པའི་ཉིང་ཁུ། མཐོང་གྲོལ་གྱིས་མི་ཚད། ཐོས་གྲོལ། དྲན་གྲོལ། རེག་གྲོལ་ཡང་ཡིན་པས་ན། འབྲེལ་བ་ཐོགས་ཚད་མ་འོངས་པའི་སངས་རྒྱས་ཡིན། །དགོངས་པ་རྙེད་ན་ད་ལྟའི་སངས་རྒྱས་ཡིན། །ཞེས་དམ་པ་དུ་མས་ལན་གཅིག་མིན་པར་བསྔགས་པ་བརྗོད་མཛད་པ་དང་། འདི་མཇལ་བའི་དུས་སུ་ཡང་ཚིག་ལ་བསྒྲིམས་པ་རྟོག་གེའི་བསྟན་བཅོས་ལྟར་དུ་མཇལ་རྒྱུ་ཞིག་མིན་པར། ཚིག་གི་དོན་རྒྱུད་ལ་སྦྱར། གཞུང་གིི་དོན་སེམས་ལ་བླངས་ནས་གཞུང་དང་སེམས་བསྲེ། སེམས་ལ་གཞུང་གི་རྒྱ་ཡིས་བཏབ་ནས། རང་བབས་མ་བཅོས་པའི་ངང་ལ། རང་བཞག་སྤང་བླང་རེས་མེད་ཀྱི་སྒོ་ནས། མཁའ་མཉམ་ཕྱམ་གདལ་ཀློང་ཆེན་ཡངས་པའི་དགོངས་ཀློང་ལ་རང་བབས་ཀྱིས་བཞག་སྟེ། རིག་གདངས་དད་པར་ཤར་བའི་ངང་དེ་ཉིད་རང་རྩལ་རྣམ་འབྱེད་ཀྱི་ཤེས་རབ་ཏུ་འབར་བ་ཞིག་བྱས་ཏེ། ཚིག་གི་བརྡར་ཤ་ཆེན་པོ་ཞིག་མ་ཆོད་ནའང་དོན་གྱི་ཞེ་ཕུགས་རེ་དོགས་ནང་ནས་བཅད་པའི་སྒོ་ནས། ཡང་ནས་ཡང་དུ་ལན་གཅིག་མིན་པར་མཇལ་དགོས་པ་ནི། དཔལ་སྤྲུལ་ཚང་གིས། ངེས་ཚིག་ཚིག་དོན་ཁྲོལ་རུང་མ་ཁྲོལ་རུང་། །བརྗོད་བྱའི་དོན་ཟབ་ཤེས་རུང་མ་ཤེས་རུང་། །དགོངས་པའི་ཞེ་ཕུགས་རྙེད་རུང་མ་རྙེད་རུང་། །རེ་དོགས་ཆོད་ལ་མ་ཡེངས་ངང་ནས་གཟིགས། །ཡང་ལྟོས་ཡང་ལྟོས་ཉམས་དང་བསྲེས་ལ་ལྟོས། །ཞེས་གསུངས་པ་ཡིན། ཆོས་དབྱིངས་མཛོད་ཀྱི་ཁྲིད་འདི་ཐོབ་ནས་ཉིན་རེ་ཆོས་དབྱིངས་མཛོད་ཀྱི་རྩ་བ་ཚར་རེ་འདོན་མ་ཐུབ་ནའང་། ལེའུ་རེ་ཆག་མེད་ཀྱིས་ཡིན་ན་མིན་ན་འདོན་དགོས། གཞུང་དང་སེམས་བསྲེ་མ་ཐུབ་ནའང་དད་པ་དག་སྣང་བྱས་ཏེ་འདོན་དགོས། གོང་ས་སྐྱབས་མགོན་རིན་པོ་ཆེ་ཚང་གིས་ཀྱང་ཁ་རྩང་དོ་ཞག་གི་གསུང་འཕྲོས་ཤིག་ལས། ཁོང་གིས་དུས་རྒྱུན་དུ་ཆོས་དབྱིངས་མཛོད་ལེའུ་རེ་ཉིན་རེར་གསུང་བཞིན་ཡོད་ཅིང་། མཛད་བྲེལ་ཇི་ལྟར་ཆེ་ན་ཡང་ལྡེབ་མ་ཆ་རེ་འདོན་རྒྱུ་ཆག་ཏུ་བཅུག་མ་མྱོང་ལ། དེ་རིང་བྲེལ་བ་ཆེ་བའི་དབང་གིས་ད་ནང་ལྡེབ་མ་ཁ་ཤས་ལས་འདོན་ཐུབ་མ་སོང་། ཞེས་གསུངས་འདུག་ན་ཚང་མས་འདོན་ཨེ་ཐུབ་བལྟ་དགོས། དེ་མ་གཏོགས་ལྟ་བ་མཐོན་པོའི་ཁ་བཤད་ཁ་ལ་ཁྱེར་རུང་། སྤྱོད་པས་མཐོ་རྗེས་མ་ཟིན་ཏེ་ལྟ་རྐུབ་སྤྱོད་པས་ཕུད་ཡོང་བ་ཡིན། ད་དུང་ཁོང་གིས་ལས་དང་པོ་བ་ལ་ཆོས་དབྱིངས་མཛོད་ཞུ་སྔ་བྱེད་མ་བཅུག གྲུབ་མཐའ་མཛོད་དང་། ཡིད་བཞིན་མཛོད་ཤོད་དང་ཐེག་པ་དང་གྲུབ་མཐའ་ཐམས་ཅད་ཀྱིི་གནད་ངེས་ཡོང་བ་ཡིན་ཞེས་ཟུར་འཕྲོས་ཀྱི་གསུང་ཆའང་བསྐུར་འདུག བོད་ལ་མིང་གི་བསྟན་འཛིན་ཁྲི་དང་འབུམ། དོན་གྱི་བསྟན་འཛིན་ཡང་བརྒྱ་དང་སྟོང་ལས་མི་དམའ་བར་ཡོད་པ་ལས། ཁོང་ནི་དེ་སྔོན་ལོ་རྒྱུས་ཀྱི་སྟེང་ལ་བྱུང་མ་མྱོང་བའི་ཐུགས་བསྐྱེད་དང་མཛད་པ་འཕྲིན་ལས་རྨད་དུ་བྱུང་བ་སྤྱི་མཐུན་གྱི་བསོད་ནམས་ལས་སྣང་བ་ཡིན་པས་དེ་ལྟར་བཤད་པ་ཡིན། གནའ་ནས་ད་ལྟའི་བར་དུ་རིས་མེད་དོན་གྱི་བསྟན་འཛིན་གྱི་སྐྱེས་ཆེན་ཐམས་ཅད་ཀྱི་ཐུགས་དམ་ཉམས་བཞེས་ཀྱི་མཐིལ་ངོ་མ་དེ་རྫོགས་པ་ཆེན་པོ་ལ་མཛད་པ་ནི། དཔེར་ན་ལྔ་བ་ཆེན་པོས་ཐུན་མིན་འོད་གསལ་རྫོགས་ཆེན་གྱི་ཉམས་ལེན་དང་དེའི་གདམས་ཁྲིད་ཟུར་ཆེན་ཆོས་དབྱིངས་རང་གྲོལ་ལས་གསན་པ་ལྟ་བུ་ཡིན་པ་དེས་ན་རྒྱལ་བསྟན་ཡོངས་རྫོགས་ཀྱི་སྙིང་པོ། ཆོས་སྐུའི་མཆོད་སྡོང་འདི་ལྟ་བུ་མཇལ་བའི་སྐལ་བ་དང་ལྡན་དུས་ཉམས་ལེན་ཞན་ག་ལ་རུང་། ད་ལྟ་ང་ཚོས་ཉིན་བཞིན་ཐུན་བཅད་པ་འདི་ལ་ལོ་ཉུང་ཚོ་དང་། ཡང་ཅུང་ཟད་ཆེན་པོའི་སྙེམས་པ་འཆང་བའི་སྐྱིད་ལོབས་མ་ཚོས་ཀྱང་འཚེར་སྣང་ཤར་ན་ཐང་ཡང་། དེ་དག་ནི་མ་གོམས་པའི་དབང་གིས་རེད། ད་རེས་ཐོག་མེད་ནས་ངལ་ཞིང་དུབ་པའི་སེམས་འདི་ལ་བསམ་གཏན་སྒོམ་པའི་གནས་འདི་ནས་ངལ་ཞིག་གསོས་དང་། སེམས་ལ་ངལ་སོས་ཤིག་ཐོབ་ནས། དེ་དང་མཉམ་དུ་སེམས་ཁམས་ལ་སྔར་མེད་ཀྱི་དགའ་བདེ་ཞིག་ཐོབ་སྲིད་པ་ཡིན། ད་སྔར་ཕར་བལྟས་ཕྱི་ལ་བལྟས་པ་དེ་ཕྱིར་ལྡོག་ནས་ད་ནང་བལྟས་སེམས་ཁོ་རང་ལ་གཅིག་ལྟོས་དང་། སེམས་ཉིད་ཆོས་སྐུའི་རང་ཞལ་གྱི་ལྟད་མོ་ཡོད་པ་ཡིན། མི་ཚེ་གཅིག་གི་རིང་དུ་འཇིག་རྟེན་ཟིན་མེད་ཀྱི་བྱ་བ་ལ་དཀའ་ལས་བརྒྱབ་པའི་འབྲས་བུས་འདི་ལྟ་བུའི་རིན་ཐང་ཅན་གྱི་ཆ་ཤས་ཆུང་ཆུང་ཞིག་ལའང་གཞལ་དུ་མེད་པ་ཡིན། འུ་ཚོའི་མི་ཚེའི་ནང་ནས་ལོ་ཟླ་བ་ཅི་འདྲའི་མང་པོ་འཕྲོ་བརླག་ལ་སོང་མེད། ན་ཚོད་ཕྱེད་ཀ་ཡོལ་ལ་ཉེ་བའི་ལོ་གྲངས་སུམ་ཅུ་བཞི་བཅུ་ཅན་ཞིག་ལ་མཚོན་ན། མི་ཚེའི་ནང་ནས་ཟླ་བ་གཉིས་ཀྱི་དུས་ཚོད་བརྒྱ་ཚོ་བརྒྱ་ཚོ་བྱས་ཏེ་འདས་ཟིན་ཅིང་། འོན་ཀྱང་གོ་གཅིག་ཀྱང་མ་ཆོད་བཞིན་དུ་གདོང་ཕྱི་མའི་ལམ་ཆེན་ཕྱོགས་ནས། ལོ་དང་ཟླ་བ། ཞག་དང་ཉི་མའི་གོམ་པ་འཆི་བདག་གི་ཕྱོགས་སུ་དོར་ཏེ། མི་ཚེའི་བྱ་བའི་མཇུག་སྡོམ་འཆི་བས་རྒྱག་ས་ལ་ནམ་ཞིག་ཐོན་པར་སྒུག་བཞིན་ཡོད་པ་ལས་མ་འདས་པ་ཡིན་ཕྱིར། ད་རེས་ཀྱི་ཟླ་བ་གཉིས་ནི་མི་ཚེའི་ནང་གི་དོན་ཐོན་པའི་ཟླ་བ། རིན་ཐང་ཅན་གྱི་ཟླ་བ་ཡིན་པས། གླེན་པ་དུས་སུ་གཉིད་མ་ལོག་ཅེས་གསུངས་པ་དེ་རྒྱུན་དུ་དྲན་པར་མཛད་དགོས། ཆོས་དབྱིངས་མཛོད་ཀྱི་ཆོས་ཁྲིད་ནམ་ཁེལ་དུ་ཁྲེགས་ཆོད་ཀྱི་ཁྲིད་སྦྱོང་དང་། བར་མཚམས་སུ་ལུས་སྦྱོང་དང་གཅིག རླུང་སྦྱོང་དང་གཉིས། རྩ་རླུང་དང་གསུམ། འཕོ་བ་དང་བཞི་བོ་དེ་ད་ལོའི་ཁྲིད་ཆེན་འདིའི་སྐབས་སུ་ཡོངས་རྫོགས་འགྲོ་བའི་འཆར་གཞི་ཡིན་པས། ཕྱོགས་ནས་ཕེབས་པ་ཚོ་ལ་མཚོན་ན་ས་འདི་རང་གི་ཕ་ཡུལ་མིན་ཕྱིར་ཆ་རྐྱེན་དེ་འདྲ་མི་བཟང་བས། སྐུ་གཟུགས་འཕྲོད་བཞེས་ལ་ཐུགས་ལྷོད་མེད་པའི་ཐོག་ནས་བརྩོན་པ་ཆེར་སྐྱེད་མཛོད། ན་ནིང་སྔོན་མ་ཡིན་ན་མང་ཆེ་བས་གུར་ཕུག་ནས་ས་རློན་གྱི་ཐོག་ལ་ཡུན་རིང་བཞུགས་དགོས་ཐུག་ན་ཡང་། དེང་སང་རྟེན་གཞིའི་བཞེངས་བསྐྲུན་ཡར་རྒྱས་ལ་ཕྱིན་ནས་ཚང་མས་གནས་ཁང་རེ་རྙེད་ཚོད་རེད། འོན་ཀྱང་ལེགས་ཚོགས་ཐམས་ཅད་ཀྱི་གཞི་མ་ནི་སྐུ་གཟུགས་བདེ་ཐང་ཡིན་པས། སྐུ་གཟུགས་བདེ་ཐང་ལ་མཐོང་ཆུང་མ་མཛད། མཚམས་རེ་ཚ་གཟིམས་རེ་མཛད་ན། རང་རེའི་ཚ་ཆུ་འདི་ཚོད་ལྟ་བྱས་ཏེ་བརྐོས་པ་རེད། ངོ་མ་བོ་གཞི་ནས་ཨེ་ལེན་ལྟ་འཆར་ཡིན། འདིའི་ཆུ་ལ་ཆེད་མཁས་པས་འཕྲུལ་ཆས་བརྒྱུད་ནས་བརྟག་གཞིག་བྱས་འབྲས་ཕོ་ཁ་དང་ཚིགས་ཀྱི་ནད་ལ་ཕན་ཐོགས་ཡོད་ཚུལ་དང་། ཚ་ཆུ་འདི་ལ་ཨང་དང་འབྲིང་དུ་མ་ཡོད་པ་ལས་ཨང་དང་པོའི་ཚ་ཆུ་ཡིན་ཚུལ་དང་། དྲི་ངད་ཅན་དེ་ཨང་གཉིས་པའི་ཚ་ཆུ་ཡིན་ཚུལ་དང་། འདིའི་ཆུ་འདི་དྲོད་ཚད་ཀྱི་སྐར་གྲངས་བརྒྱ་ཡན་ལ་བུད་ནས་ཁོལ་མྱོང་བའི་ཆུ་ཞིག་ཡིན་པར་བཤད་འདུག ད་རུང་ཞིབ་ཏུ་བརྟག་ཞིབ་དང་། གསོ་དཔྱད་པས་ཞིབ་འཇུག་བྱས་ན་གསལ་ཁ་ཡོད་ངེས། དེས་མ་ཚད་གནས་བྱིན་ཆེན་གུ་རུ་རིན་པོ་ཆེས་བདུད་རྩི་སྨན་གྱི་སྒྲུབ་པ་མཛད་པའི་གནས་ཀྱི་ཆུ་ཡིན་པས་བྱིན་རླབས་ཀྱང་ཡོད་ངེས། ད་རུང་འདིའི་ཐོག་ལ་བདུད་རྩི་སྨན་གྱི་སྒྲུབ་པ་ཞིག་དང་། གནས་ཆེན་བྱིན་འབེབས་ཚད་ལྡན་རེ་བྱས་ན་ལྷག་པར་བྱིན་རླབས་ཆེ་བ་སྨྲོས་ག་ལ་དགོས། གང་ལྟར་ཡང་འུར་སྒྲ་ཅུང་ཟད་ཆེ་འདུག་ཀྱང་དགེ་འདུན་པའི་སྐུ་གཟུགས་བཀྲུ་ས་ལ་ཉན་ནས་ལོ་གཅིག་སོང་བ་རེད་སྙམ་ནས་དགའ་བ་སྒོམ་བཞིན་ཡོད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཉིན་གསུམ་པའི་ཆོས་ཁྲིད།

ནམ་མཁའི་མཐའ་དང་མཉམ་པའི་མར་གྱུར་འགྲོ་བ་སེམས་ཅན་ཐམས་ཅད། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་སྔོན་དང་ཕྱི་མའི་མཐའ་རྒྱ་མི་དཔོག་པ། སྐྱེ་རྒ་ན་དང་འཆི་བ་སོགས་ཀྱི་སྡུག་བསྔལ་བརྒྱད་དང་། འགྱུར་བའི་སྡུག་བསྔལ་ལ་སོགས་པའི་གནོད་པ་བརྒྱ་ཕྲག་གི་སྡུག་བསྔལ་དང་ལྡན་པའི་ཆུ་སྲིན་སྡུག་པ་ཅན་མང་པོས་གང་བའི་དུག་གི་མཚོ་ཆེན་ལྟ་བུ་འདི་ལས་བསྒྲལ་ནས། རྣམ་མཁྱེན་བྱང་ཆུབ་དམ་པ་གཏན་བདེ་ཐར་བའི་འགྲམ་ངོགས་རྗེས་སུ་ནམ་ཡང་འཁོར་བའི་སྡུག་བསྔལ་མི་མྱོང་བའི་ས་རུ་ཕྱིན་པ་ཞིག་ངེས་པར་བྱ། དེའི་ཆེད་དུ་བདག་གིས་ད་རེས་དམ་པའི་ཆོས་ཟབ་མོ་ཐོས་བསམ་སྒོམ་པའི་རིམ་པས་ཉམས་སུ་བླངས་ཏེ། འགྲོ་བ་སྡུག་བསྔལ་ལས་སྐྱོབ་པའི་ནུས་པ་དང་ལྡན་པ་ཞིག་བྱའོ་སྙམ་པའི་ཐུགས་བསྐྱེད་དང་། ཐུགས་བསྐྱེད་དེ་དང་མཐུན་པའི་ཆོས་གསན་པའི་ཀུན་སྤྱོད་བླང་བར་བྱ་བ་དག་ཀྱང་ཚུལ་དང་མཐུན་པར་མཛད་པའི་སྒོ་ནས་གསན་དགོས་པས་ན། དམ་པའི་ཆོས་གསན་པའི་ཀུན་སློང་ཀུན་སྤྱོད་སྤྱི་དང་། ཁྱད་པར་དུ་རྨད་བྱུང་འབྲས་བུའི་ཐེག་རྩེ་རྫོགས་པ་ཆེན་པོའི་ཟབ་ཁྲིད་གསན་པའི་གནས་སྐབས་སུ། གདོད་ནས་གཞི་རྫོགས་འཕོ་འགྱུར་དང་བྲལ་བ་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནས། ཆོས་སྐུའི་བསྟན་པ། སྟོན་འཁོར་དུས་དང་བཅས་པ་ཐུན་མིན་ཀུན་ཏུ་བཟང་པོའི་དགོངས་སྤྱོད་ལས་གཞན་དུ་མ་གྱུར་པའི་ངང་ལས་གཡོ་བ་མེད་པའི་དགོངས་ཉམས་ལ་བཞག་ནས་གསན་དགོས་པ་ནི་མཁྱེན་བཞིན་པས་སྨྲོས་མ་དགོས་ལ། གང་ལྟར་བཤད་ཀྱང་ལམ་ལ་སློབ་པའི་གང་ཟག ཐོག་མར་སེམས་བརྒྱུད་འཆོས་པའི་ཚུལ་ལས་བརྩམས་ཏེ་སློབ་པ་ཞིག་ལ་མཚོན་ན། དེའི་ཐད་ལ་ཡང་འདེང་མི་རྒྱག་ཐབས་མེད་ཡིན་པས། རང་རེ་ཆོས་གྲོགས་རྣམ་པ་ཉི་མ་རེ་རེ་བཞིན་དུ་ཐེངས་རེ་རེ་གཉིས་རེར་འདི་ལྟར་མཇལ་འཛོམས་བྱུང་ནས། དམ་པའི་ཆོས་ཀྱི་དགའ་སྟོན་ལ་ཐུན་མོང་མཉམ་དུ་ལོངས་སུ་སྤྱོད་དུ་ཡོད་པའི་བགོ་སྐལ་བཟང་པོ་ཐོབ་པ་འདི་ལ་བསམ་བློ་ཞིག་བཏང་ན། འདི་སྟབས་ལེགས་སྟེས་དབང་གིས་གང་བྱུང་ཅི་ཐོད་ལ་བྱུང་བ་ཞིག་མ་ཡིན་པར། ཚེ་སྔོན་བསོད་ནམས་བསགས་པའི་མཐུ་དང་། ལས་སྨོན་གཅིག་ཏུ་འབྲེལ་བའི་སྟོབས་བཙན་པོ་ཞིག་གིས་བསྡུས་པ་ཡིན་པ་ནི་གོར་མ་ཆག་ཅིང་། ད་ལྟའི་སྐབས་ཀྱི་དུས་བསྐལ་པ་བཟང་པོ་དམ་ཆོས་སྤྱོད་པའི་ལས་དབང་ཅན་དེ་རིང་ལྟ་བུ་དེ་ཚེས་ཡོད་ནའང་། འདིའི་རྗེས་ཀྱི་མ་འོངས་འབྱུང་འགྱུར་སང་ཉིན་ལྟ་བུ་དེའི་ལས་དང་བྱ་བ་ལ་ཡང་། ཆག་འཆར་གཞིའི་བསམ་བློ་ཞིག་མི་བཏང་ཀ་མེད། དཔེར་ན་གོམ་པའི་འདེགས་འཇོག་བསྒྱུར་ནས་ལམ་ལ་འགྲོ་བཞིན་པའི་གང་ཟག་ཅིག་གི་རྐང་པ་ཡ་གཅིག་གནམ་ལ་བཀྱགས་པའི་རྗེས་སུ་འདིར་བརྫིའོ་སྙམ་ནས་རྡོག་སྣེའི་རྒྱ་ལམ་ལ་གཅིག་མི་བལྟ་བའི་ཐབས་མེད་པ་ལྟ་བུ་ཞིག་ཡིན། དེས་ན་མི་ཚེའི་ཉི་མ་འདི་དང་འགྲོགས་པའི་དུས་ཞེས་པ། གཅིག་ཏུ་བརྟན་པ་མིན་པར་སྐད་ཅིག་སྐད་ཅིག་གིས་གཡོ་ཞིང་འགྱུར་བའི་མཚན་ཉིད་ཅན་འདིའི་དབང་འོག་ཏུ་ཚུད་ནས་མཐར་ཁྱུར་མིད་བྱས་ནས་མིང་མེད་དུ་མ་སོང་བ་ཞིག་སྲིད་པ་འདིར་གཅིག་ཀྱང་ཡོད་མ་མྱོང་ཞིང་། གཡོ་བ་བཅུད་ཀྱི་སེམས་ཅན་ལ་རྟག་པ་བརྟན་པ་ཅི་ཡོད་དེ། སྐྱེས་ཚད་འཆི་བའི་རང་བཞིན་ཡིན། སྲོག་ཆགས་འགའ་རེའི་ཚེ་ཚད་ཉིན་རེ་ཙམ་ལས་མེད་པ་དང་། འགའ་རེ་ཟླ་གྲངས་ཙམ་དང་། ཡང་ལ་ལ་ཞག་གྲངས་ཙམ་ཐུབ་པ་དང་། ཡང་དུད་འགྲོ་འགའ་རེ་ནི་མི་ལས་ཀྱང་ཚེ་རིང་བར་ཡང་བཤད་ཅིང་། གང་ལྟར་ཡང་སྐྱེ་བའི་རྗེས་སུ་འཆི་བ་ནི་ལུས་ཅན་ཐམས་ཅད་ལ་ཁྱད་མེད་དུ་འབྱུང་བ་ཡིན། བརྟན་པ་སྣོད་ཀྱི་འཇིག་རྟེན་ཡང་དང་པོར་ཆགས་པའི་ཕྱིར་ན་ཐ་མར་འཇིག་པ་ཟློག་ཏུ་མེད་པ་ནི་འདུས་བྱས་ཀྱི་མཚན་ཉིད་ཡིན་པས་ཏེ། དེ་ནི་ཆོས་པ་ཡིན་མིན་ཚང་མས་ཧ་གོ་ཞིང་། འུ་ཚོ་འཛམ་བུ་གླིང་གི་ད་ལྟ་མཐོང་བཞིན་པའི་ས་སྒང་རིལ་མོ་འདིའི་ཐོག་གི་མི་ལ་མཚོན་ན། ཚེ་ཚད་རིང་ཐུང་སྣ་ཚོགས་པ་ཡོད་ཅིང་། གློ་བུར་ཡེ་འདྲོག་གི་རྐྱེན་དབང་ལ་སོང་བ་ཡང་གྲངས་ཀྱིས་མི་ཆོད་པ་ཡོད་པ་ཡིན། རང་རེ་ཡོད་སའི་ཁོར་ཡུག་གི་དེང་སྐབས་ཀྱི་འཚོ་ཆས་འཕྲོད་བསྟེན་ཅུང་ཟད་མ་སྐྱོན་པའི་དབང་དུ་བཏང་དུས། མིའི་ཆ་སྙོམས་ཀྱི་ཚེ་ཚད་ལོ་བདུན་ཅུ་དོན་གྲངས་ལ། ཚན་རིག་པས་དབྱེ་ཞིབ་བྱས་ཡོད་ཀྱང་། འུ་ཚོས་དེ་ལྟར་ཆ་ཚད་རིང་མོར་བཞག་ཀྱང་འཕྲལ་རྐྱེན་ཞིག་གིས་ཐང་རྩ་བསྡམ་རན་ནས་ཡོད་ནའང་ལ་ཐང་མེད་པས། སྔུན་ན་ཡོད་པའི་ཚེ་ཡི་རིང་ཐུང་དང་མི་ཚེའི་འདུག་ཡུན་ཇི་ཙམ་ཞིག་ཡོད་པ་ནི་མི་ཤེས་ན་ཡང་། དེ་སྔོན་འདས་པའི་དུས་ཚོད་ད་སྔ་ཡོང་སའི་ཕྱོགས་དེ་རྗེས་དྲན་གྱིས་ཤེས་རྒྱུ་ཅན་ཞིག་ཡིན་པས། སྐྱེས་ནས་འཆི་བ་ལ་མ་ཐུག་བར་གྱི་དུས་ཚོད་ཀྱི་རིང་ཐུང་དེ། ལམ་ཐག་ལེ་བར་ཁ་གྲངས་ངེས་པ་ཅན་གྱི་ལམ་ཞིག་ལ་ཞུགས་ནས་འགྲོ་བཞིན་པ་ལྟ་བུ་ཞིག་ལ་མཚོན་ན། སྔུན་ལ་ཡོད་རྒྱུའི་རྒྱང་ཐག་གི་ལེ་བར་དུ་ཡོད་པ་ནི་དེ་སྔོན་འགྲོ་མ་མྱོང་བའི་རྒྱུས་མེད་ཀྱི་ལམ་ལ་མངོན་ཤེས་མེད་པའི་མི་ཡི་མིག་རྒྱང་གིས་མི་མཐོང་མོད། ད་སྔོན་སོང་ཤུལ་གྱི་ལམ་ལ་ཕྱི་བལྟས་བྱས་ན་སྔུན་གྱི་ལམ་ཐག་རིང་ཐུང་ཡང་ཤེས་པ་བཞིན་དུ། ད་ལྟ་ནམ་འཆིའི་ཚེ་ཚད་དང་། སྔུན་ན་སྐྱིད་སྡུག་ཅི་ཞིག་གིས་སྒུག་ཡོད་པ་མ་ཤེས་རུང་། སྐྱེས་ནས་ད་ལྟའི་བར་གྱི་ལོ་ཟླ་བའི་ཁ་གྲངས་དང་། དེའི་ཚེ་ལ་ཅི་བྱས་གང་བྱས་དང་ཅི་ཡོང་གང་ཡོང་ཐམས་ཅད་ཞེ་ན་ཨ་ཁྲིགས་སེ་ངེས་པ་ཡིན། གང་ཟག་སོ་སོའི་མི་ཚེའི་སྐྱེལ་སྟངས། བྱས་པའི་ལག་རྗེས། བསམ་བློའི་འདུ་ཤེས། བདེ་སྡུག་གི་སྣང་ཚུལ་སོགས་བྱུང་ནས་ཡལ་བའི་འདས་དུས་ཀྱི་ལོ་རྒྱུས་རིང་ཐུང་ལ་སོགས་པ་དེ་ཕྱིར་ཡོང་མེད་ཅིང་། དབང་པོ་གཟུགས་ཅན་པ་མིག་ལ་སོགས་པས་མངོན་སུམ་མྱོང་བའི་ཡུལ་དུ་མ་གྲུབ་ཀྱང་། འདས་དོན་ཡིད་ཀྱི་དྲན་པའི་ཡུལ་དུ་གྱུར་ནས། ད་སྔོན་གྱི་བྱུང་བ་ཆུང་བྱིས་པའི་དུས་དང་ཚུན་ཆོད་ཀྱི་རང་རང་གི་མི་ཚེའི་ལོ་རྒྱུས་ལ་ཁ་ཕྱིར་འཁོར་རྒྱུ་ཡོད་ལུགས་ནི་ཚང་མ་འདྲ་འདྲ་ཡིན། ཕྱིས་འབྱུང་གི་མི་ཚེའི་ཚོད་དེ་མངོན་ཤེས་མེད་པ་ཞིག་ལ་མཚོན་ན་མུན་ནག་ནང་གི་ལག་རྙོབ་ཏུ་སོང་ནས། སྔུན་ལ་ཡོད་པའི་སྐྱིད་སྡུག་གི་ལས་དབང་རྡོག་ལམ་དེ་བདེ་གཟར་ཅི་ཞིག་ལ་ཁེལ་ཡོད་པ་མི་ཤེས་ཀྱང་། སྔར་སོང་འདས་པའི་ལོ་རྒྱུས་ནི་ད་ལྟ་ཡིད་ལ་གསལ་བས་དེས་བེད་ཅིག་སྤྱད་དགོས་པ་ཡིན་པས། འདས་པའི་མི་ཚེའི་དུས་ཚོད་ལ་མི་རང་རང་གི་ངོས་ནས་བརྟགས་ཤིང་དཔྱད་ན། བྱ་བ་བཟང་པོ་རང་གཞན་འདི་དང་ཕྱི་མར་ཕན་པའི་བྱ་ལས་ཤིག་བསྒྲུབས་ཡོད་པའམ། བྱ་བ་ངན་པ་རང་གཞན་འཕྲལ་ཕུགས་གཉིས་ལ་གནོད་ཚབས་ཅན་གྱི་བྱ་བཞག་ཅིག་བསྒྲུབས་ཡོད་པའམ། ཡང་ན་བར་མིན་མདོ་མིན་ལུང་མ་བསྟན་གྱིས་མི་ཚེ་ནམ་ཟླ་སྟོང་ཟད་ལ་བརྒལ་ཡོད་པ་ལྟ་བུ་གང་ཡིན་ཡང་། དེ་དག་བསྐྱར་དུ་ལོག་ནས་ཚུར་ཡོང་ཐབས་མེད་པ་ནི་ཁ་རྩང་གི་བྱ་བ་དང་མདང་གི་རྨི་ལམ་གཉིས་ཀ་དེ་རིང་མེད་ལུགས་འདྲ་འདྲ་དང་། དེ་རིང་གི་བྱ་བ་དང་དོ་དགོང་གི་རྨི་ལམ་གཉིས་ཀ་སང་ཉིན་མེད་ལུགས་འདྲ་འདྲ་བྱས་ནས། ཕྲ་བ་སྐད་ཅིག་ཐང་ཅིག རགས་པ་ཞག་དང་ལོ་ཟླའི་འགྲོས་ལ་འགྲོགས་ནས་མི་ཚེའི་ཉི་མ་སྐད་ཅིག་ལ་མི་སྡོད་པར་འགྲོ་དང་འགྲོ་བཞིན་པ་ཡིན། འོ་ན་སྔར་སོང་འདས་པའི་བྱ་བཞག་ད་ལྟ་ཚུར་ལ་ཡོད་རྒྱུ་མེད་པ་དེས་བེད་ཅིག་ཇི་ལྟར་སྤྱད་དགོས་སྙམ་ན། དེའི་ཉམས་མྱོང་དངོས་མའི་བྱ་རིམ་གྱི་ནང་དུ་རང་ཉིད་དངོས་སུ་བརྒྱུད་ནས་ཡོང་བ་ཡིན་པས། གཞན་ལ་རྒྱང་བལྟས་བྱས་པ་དང་། གཞན་གྱིས་བཤད་པ་ཉན་པ་ལྟ་བུ་ཞིག་མ་ཡིན་པར་དེའི་མངར་སྐྱུར་ཁ་གསུམ་གྱི་བྲོ་བ་རང་གིས་མྱངས་ནས་ཡོད་པ་དེ་ལ་བརྟེན་ནས། ད་ཕྱིན་ཆད་ཀྱི་འགྲོ་ལམ་གྱི་བསམ་བློ་གཏོང་ཕྱོགས། སྤྱོད་ལམ་ཡག་ཉེས་ཀྱི་ཚད་གཞིའི་ཐིག་ཚད། ཉམས་སུ་མྱོང་བའི་དཔེ་རིས་ཤིག་གི་གོ་ཞིག་ཆོད་པ་ཞིག་བྱེད་ཤེས་དགོས། སྔོན་ནས་ད་ཡི་བར་དུ་འཕྲོ་བརླག་ལ་སོང་བའི་མི་ཚེའི་འདས་པའི་དུས་ཚོད་དེ་ཕྱིར་མི་ལོན་ཡང་། དེའི་གསེང་གི་ཕན་ཐོགས་ཅན་གྱི་རིན་ཐང་དེ་ལེན་ཤེས་དགོས་པ་ཡིན། མི་ཞིག་ཡིན་དུས་བྱ་བ་ཞིག་ལོས་སྒྲུབ། བྱ་བ་གང་དང་གང་ལ་འཐམ་ཡོད་ན་དེ་ལ་དམིགས་འདུན་ཞིག་ཡོད་པ་དེ་འགྲུབ་དགོས་པ་ཡིན་པས། ད་ལྟའི་སྐབས་ལ་རང་རེ་ཆོས་གྲོགས་རྣམ་པ་ལ་མཚོན་ན། ཆོས་ཐེག་ཆེན་མདོ་དང་སྔགས་ཀྱི་སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད། གདམས་ཟབ་མང་པོ་ཞིག་ཞུས་པ་འདིའི་དགོས་དོན་ངོ་མ་ནི་ནང་སེམས་རྒྱུད་ཀྱི་འགྱུར་བ། སྔར་དང་མ་འདྲ་བ་ཞིག་ལ་གོ་འཕོ་མ་ཐུབ་དུས་ཆོས་བསྒྲུབས་པའི་གོ་ཆོད་མེད་པ་ཡིན། ཆོས་པའི་གཟུགས་བརྙན་འཆང་བ་མང་པོ་ཞིག་ད་སྔོན་དེ་ལྟར་བྱས་ནས་སྟོང་ལོག་ཁུར་ཡོད་ཅིང་། ངས་ཀྱང་དེ་སྔོན་ཆོས་དང་དབང་ཞུས་ནས་མི་ལོ་གྲངས་ཀ་ཅན་ཏེ། ད་སྔོན་གྱི་མི་ཚེ་ཆ་ཚང་དེ་ལ་བཏང་བ་ཡིན་ཞེས་བརྗོད་ནའང་ཆོག་པར་ཆགས་ཡོད། འོན་ཀྱང་ད་དུང་གཤིས་རྒྱུད་སྔར་ལས་སོར་གང་གིས་མ་འཕགས་ཤིང་། ད་རུང་འདི་བཞིན་སོང་ན་ལོ་རེའི་རྒྱབ་ཀྱི་དུས་ཚོད་ནི་འགྲོ་ཇེ་མགྱོགས་ཡིན་པ་ནི་བཅོས་སུ་མེད་ཅིང་། ང་ཡང་བསྐྱར་ལམ་དེར་ཞུགས་པར་བྱས་ན་དེ་ལས་མི་འདའ་བ་ནི་སྔུན་ལ་ཡོད་པ་འདི་རེད། གཞན་རྐྱེན་རྐྱང་པ་ལ་བློ་གཏད་བྱས་པས་ཀྱང་མི་ཡོང་བར་འདུག་སྟེ། སྤྱིར་ན་བྱིན་རླབས་ས་དང་རྡོ་ཡིན་ཡང་ཞུགས་སུ་ཡོད་དེ། རྒྱལ་བའི་ཐུགས་རྗེའི་ཡེ་ཤེས་ཀྱིས་སྣོད་བཅུད་ཀུན་ལ་ཁྱབ་ཅིང་འཇུག་པ་ཡིན། འོན་ཀྱང་གདུལ་བྱ་རང་ལ་ཡོད་པའི་རིགས་སམ་ནུས་པ་རང་སྟོབས་ཀྱིས་སད་བྱེད་ཀྱི་མ་མཐའི་ཆ་རྐྱེན་དད་དང་སྙིང་རྗེ་ཐུན་མོང་མ་ཡིན་པ་ཞིག་རང་རྒྱུད་ནས་སྐྱེ་མ་ནུས་ཚེ། བྱིན་བརྒྱུད་ཀྱི་དགོངས་པ་བཙན་ཐབས་སུ་བརྙེས་ཞེས་པ་དེ་ཡང་གཞི་ལམ་འབྲས་གསུམ་འབྲེལ་མི་དགོས་ཤིང་ཚོགས་གཉིས་རྫོགས་སྟོབས་སྔོན་ལ་གཏན་ནས་འགྲོ་མི་དགོས་པའི་གོ་བ་ཞིག་ག་ལ་ཡིན། གལ་ཏེ་དེ་ཡིན་དུ་ཆུགས་ཀྱང་། ཐེག་རིམ་འོག་མ་ཐམས་ཅད་ལམ་ནོར་དང་། ཡང་མིན་ན་སངས་རྒྱས་སྒྲུབ་པ་ལ་དགོས་མེད་དུ་ཐལ་བས། དེ་ལྟར་མིན་པ་ནི་འོག་མའི་དགོས་པ་ཐམས་ཅད་ཡར་ལྡན་དུ་རྫོགས་པའི་ཐེག་རྩེའི་མྱུར་ལམ་ཐབས་མང་དཀའ་བ་མེད་པ་ལ་སོགས་པའི་འཕགས་ཚུལ་བསྟན་པས་ཀྱང་ཤེས་ཤིང་། མྱུར་ལམ་དེ་ཡང་མྱུར་ལམ་ཡིན་པའི་ཟབ་ཁྱད་དེ་ཆོས་རྐྱང་པའི་སྟེང་ནས་འཇོག་ཏུ་མེད་པར། དེ་ཉམས་སུ་ལེན་པའི་གང་ཟག་རང་གི་ཤེས་རྒྱུད་ཀྱི་སྟེང་ནས་ཀྱང་སྣོད་དུ་རུང་བས་མ་ཚད་བཅུད་དུ་སྨིན་པ་ཞིག་དགོས་པས། ཆོས་དང་རང་རྒྱུད་གཉིས་ཀ་གཅིག་ཏུ་འདྲེས་ཐབས་ལ་རང་ཉིད་ཀྱིས་མ་འབད་དུས། ཆོས་ཀྱི་ཁ་ཚོད་མཐོན་པོ་ཐེག་ཆེན་གྱིས་མི་ཚད་གསང་སྔགས། གསང་སྔགས་ཀྱིས་མི་ཚད་ཐེག་དགུའི་ཡང་རྩེ་སོགས་ཇི་འདྲའི་ཆེན་པོ་མཐོན་པོ་བཤད་ཀྱང་། དོན་རང་རྒྱུད་རང་དོན་ཞི་བདེ་དོན་གཉེར་གྱི་འདུན་པ་ཅན་གྱི་གང་ཟག་གི་བདག་འཛིན་ལས་ལྡོག་པའི་ཕྱོགས་ཙམ་ལ་ཡང་མ་སོང་དུས། སྔགས་ལམ་མ་དགོས་མདོ་ལམ། ཐེག་ཆེན་མ་དགོས་ཐེག་དམན་ཉན་ཐོས་ཀྱི་ཐེག་པའི་ཐར་བ་ཙམ་ལ་ཡང་ཉེ་རུ་མེད་ཅིང་། དེ་ལྟར་རང་རྒྱུད་རང་གིས་ཞིབ་བཤེར་དང་། རང་གི་ནང་ཆ་རང་གིས་བསློག་ཡོང་དུས་ཅི་ཡང་འགྲུབ་མེད་པའི་ཡུལ་ཁ་དེ་མཐོང་ནས་སྐབས་བབས་དགོས་པའི་ཡོ་བྱད་ཇི་ལྟ་བུ་ཞིག་བེད་སྤྱད་ན་དྲག་སྙམ་པ་བྱུང་ན། དེ་སྔོན་ཚེ་སྟོད་ཀྱི་གཡེངས་པའི་བྲེལ་ཟིང་གི་བྱ་བ་གཅིག་གིས་ཀྱང་ལ་མ་བརྒལ་བར་ལུས་ཤིང་། དེས་གྱོང་བཏབ་རབས། ཕམ་ཁ་ཁུར་ལུགས། ཚེ་སྟོད་སྔ་དྲོའི་ཉི་མ་འདྲ་འདྲའི་བཟང་ས་ཡག་ས་དེ་ཅི་ཡང་མ་འགྲུབ་པར་ཆུད་ཟོས་ལ་སོང་ཚུལ། ད་དུང་ཡང་དེའི་ངན་གཤིས་ལ་བསྙེགས་ནས་དེའི་དབང་དུ་ཤོར་བའི་ལམ་ལོག་ཏུ་ཁྲིད་ཉེན་ཡོད་པ་རྣམས་ངོས་ཟིན་པར་བྱས་ནས། དེ་འདྲའི་ད་སྔའི་ཕམ་ཁའི་ཕྱོགས་ཀྱི་མྱོང་བ་དངོས་མའི་འདྲ་དཔེ་དེ་ཁྱེར་ཡོང་ནས། ད་རུང་དེ་འདྲའི་ཉེན་ཁ་ཅན་གྱི་ཕྱོགས་ལ་མི་ལྷུང་བའི་ཟོན་ཞིག་བྱེད་པའི་དོགས་འཛེམ་གྱི་ནུས་པ་ལ་ཤུགས་སྣོན་བརྒྱབ་སྟེ་དགག་ཕྱོགས་ཀྱི་སློབ་གཞི་ཞིག་ལ་བཟུང་བ་དང་། དེ་ལྟ་བུའི་དེ་སྔོན་རིན་བྲལ་གྱི་དུས་ཚོད་བཟང་པོ་འཕྲོ་བརླག་ལ་ཤོར་བའི་ཉེན་ཚབས་ཅན་གྱི་བྱ་བཞག་ལ་འདེང་ཕོག་པའི་བློ་སྣ་དྲག་པོ་དགྲ་གཤེད་མའི་ལག་ནས་གཉིད་ཚ་སད་བྱུང་བ་ལྟ་བུ་ཞིག་དགོས་པ་ལས། འདི་ལྟར་དུ་ཡ་ལེ་ཡོ་ལེའི་སྒོ་ནས་དབྱར་དགུན་སྟོན་དཔྱིད་ཀྱི་དུས་བཞི་འགྱུར་བའི་ལོ་ཟླ་བརྩིས་ཏེ། མི་ཚེའི་དུས་ཚོད་དེ་ལ་ཁའི་རི་དྭགས་བཞིན་དུ་ཟ་ཉལ་གཉིས་ལས་གཞན་པའི་འདེང་རྒྱག་ཆེ་ཞིག་མི་ཤེས་པའི་འདུན་པ་ལས་མེད་དུས། དུད་འགྲོ་ཕལ་དང་ཁྱད་པར་འབྱེད་ཆོས་མ་བྱུང་བ་རེད་སྙམ་པའི་བློ་སྦྱོང་སྟེ། དེ་འདྲའི་སྔ་བསམ་ཕྱི་འདེང་ཞིག་མ་ཕོག་ཚེ་མི་ལུས་བླངས་པའི་དོན་གོ་ཆུང་ཞིང་། ཆོས་ཞུས་ནས་ཉི་མ་ནམ་ཟླ་ལོ་དང་ཟླ་བ་སོང་བ་དེས་གོ་ཆེ་ཞིག་ཆོད་མེད་པ་རེད། དེས་ན་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ཞིང་མཐའ་མེད་པའི་འཁོར་བའི་སྡུག་བསྔལ་མྱོང་བ་འདི་ལས་མ་འདས་ཤིང་། དེ་ཡང་རང་ཅི་འདྲ་རོགས་ཀྱང་ཡིན་པས། སྡུག་བསྔལ་མྱོང་བའི་སེམས་ཅན་འདི་དག་ཐོག་མེད་ནས་ཕ་མ་རུ་འབྲེལ་ཞིང་། སྐྱབས་དང་སྐྱོབ་པ་དང་རེ་ས་རེ་ལྟོས་མེད་པར་སྡུག་བསྔལ་མྱོང་ཚུལ་ཡང་། སྔར་རང་གི་ལུས་སེམས་ཀྱི་ཐོག་ལ་ཡོང་མྱོང་བ་དང་། མ་ཚད་དེ་བས་ཀྱང་ཚབས་ཆེ་བ་དང་། ཁྱད་པར་ངན་སོང་གི་འགྲོ་བའི་སེམས་ཅན་ལ་བསམ་ན་དེ་ཚོའི་སྡུག་བསྔལ་གྱི་ཆ་ཤས་ཙམ་ཡང་བཟོད་ཐབས་མེད་པ། ད་ལྟ་ངན་སོང་ལ་སྐྱེས་མེད་རུང་སྐྱེ་བར་ཕྱོགས་པ་སྟེ། དེར་སྐྱེ་བའི་ལས་བསགས་ཟིན་གྱི་རང་རེ་ཚེ་འདིའི་གྲོགས་དགའ་མཛའ། ཕ་མ་མིང་སྲིང་ལ་སོགས་པའི་གཉེན་ཚན་འདི་དག་ནས་བརྩམས་ཏེ་མཐར་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་དྲག་པོ་ཤས་མི་བཟོད་པ་ཞིག་བསྐྱེད་དེ། ད་རེས་ཆོས་ཟབ་མོ་རྫོགས་ཆེན་གྱི་ཆོས་དང་འཕྲད། ལམ་མྱུར་མོ་རང་མ་ཞན་ན་ལོ་དང་ཟླ་བས་ཀྱང་འཁོར་བ་ལས་གྲོལ་བའི་ཐར་བ་མཆོག་གི་གོ་འཕང་ལག་ལ་ལོན་དུ་ཡོད་པའི་དུས་འདིར། འཁྲུལ་བ་འདི་དང་པོའི་གཞི་ལ་ཕྱིར་གཏུགས་ནས། མ་འཁྲུལ་དོན་གྱི་གནས་ལུགས་རང་གནས་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་པ་ཞིག་བྱ་སྙམ་པའི་ཆོད་སེམས། དེ་ཡང་སད་དེ་སུད་དེ་ཞིག་མ་ཡིན་པར་རྡོ་གོར་མོ་ཆག་པ་འདྲ་འདྲའི་བཅོས་སུ་མེད་པའི་བློ་སྣ་བརྟན་པོ་ཞིག་རང་རྒྱུད་ལ་འགེལ་ཐུབ་ན་ཐོག་མའི་སྦྱོར་བ་སེམས་བསྐྱེད་དོན་དང་ལྡན་པ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་གཞན་དོན་ཟེར་ནས་བཏོན་པ་དེ་ཁ་ཟེར་བཤད་སྒྲོས་ཙམ་ལ་མ་སོང་ཚེ། ཆོས་ཁྲིད་ཐུན་གཅིག་ཞུས་པའི་ཕན་ཡོན་ཡང་བསམ་གྱིས་མི་ཁྱབ་པས་མ་ཚད་པར། སྦྱོར་དངོས་རྗེས་གསུམ་ཚང་པའི་དངོས་གཞིའི་ཉམས་ལེན་གྱི་གནད་དང་སྦྱར་ན། ཐར་བ་དམ་པ་རང་ལག་ལ་ཡོད་པ་དང་། གཞན་དོན་ངང་གིས་འབྱུང་ཞིང་ཆོས་གསན་བསམ་ཉམས་བཞེས་གཟུགས་བརྙན་ལ་མ་སོང་བའི་དོན་གོ་ཆོད་ཚུལ་གསར་བུ་ཅུང་ཟད་ལས་དང་པོ་པའི་རིགས་ཅན་གྱི་དགོས་དོན་ལ་དམིགས་ནས། རང་ཉམས་དང་སྦྱར་བའི་ཐུགས་གསོས་ཞུས་པ་དང་མཉམ་དུ་གང་ཞིག་འཆད་ཉན་བྱ་བའི་ཆོས་ཀྱི་རིམ་པ་ནི། ཇི་སྐད་དུ། གཞུང་བཟང་འདི་འདྲ་འཕགས་ཚོགས་ཀུན་གྱི་ཐུགས། །དུས་གསུམ་སྔ་ཕྱིའི་རྒྱལ་སྲས་འཕགས་རྣམས་ཀྱི། །རྟོགས་པའི་ཡེ་ཤེས་འདི་ལས་མ་འདས་ཏེ། །འཕགས་པའི་ཡེ་ཤེས་འདི་ལས་ཡོད་རེ་ཀན། །ཞེས་པ་ལ་སོགས་པ་དཔལ་སྤྲུལ་ཚང་གིས་འགག་མང་པོ་ཞིག་མཛད་ནས་གསུངས་པའི་མདོ་སྔགས་ལེགས་བཤད་ཀྱི་གཞུང་ལུགས་ཐམས་ཅད་ཀྱི་བརྗོད་བྱའི་སྙིང་པོ་གཅིག་ཏུ་དྲིལ་བའི་གདམས་པ། ཕྱོགས་བཅུ་དུས་གསུམ་གྱི་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་ཟབ་མོ་སྟོན་པའི་མན་ངག ལམ་གཞན་དག་ནི་རྒྱུ་བསྒྲུབས་ནས་འབྲས་བུ་ནམ་ཞིག་ལ་ཐོབ་པའི་དུས་ལ་ལྟོས་ཤིང་སེམས་ལམ་བྱེད་རིང་བའི་ལམ་ཡིན་ཡང་། འདི་ནི་འབྲས་བུའི་རང་གནད་རྟོགས་པའི་ཡེ་ཤེས་རྗེན་ཅེར་ལ་སྟོན་པའི་ཆོས་སྐུའི་བསྟན་པ་མངོན་སུམ་དུ་སྟོན་པའི་ཀུན་ཏུ་བཟང་པོའི་ཐུགས་བཅུད། འདི་དོན་རྟོགས་པ་ལས་གཞན་དུ་འཕགས་པའི་ཡེ་ཤེས་མེད་ཅིང་། འཕགས་པའི་ཡེ་ཤེས་བརྗོད་བྲལ་ཚིག་ལས་འདས་པ་དེ་བརྗོད་འདས་རྡོ་རྗེའི་བརྡ་ཡིས་ཉེ་བར་སྟོན་པ། འཕགས་པའི་ཡེ་ཤེས་མངོན་སུམ་མཇལ་དུ་ཡོད་པའི་ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ། ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ལྟ་བུའི་ཟབ་ཆོས་འཆད་ཉན་གྱི་སྐལ་བཟང་མངོན་དུ་གྱུར་པ་ལ་སླར་ཡང་དད་ཅིང་འདུན་པའི་སྒོ་ནས། དགོངས་པ་བརྗོད་བྱའི་དོན་རྒྱལ་བའི་གསང་བ་ཟབ་མོའི་ཀློང་ལས་གཡོ་བ་མེད་པའི་ཐུགས་འདུན་དང་བཅས་ཏེ་གསན་པའི་སྐབས་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན། བར་དུ་དགེ་བ་གཞུང་གི་དོན། ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། རང་འགྲེལ་ལུང་གི་གཏེར་མཛོད་འདི་ཉིད་ཀྱི་འགྲེལ་བ་བཤད་པ་ལ་འཇུག་པའི་རྒྱུ་བརྗོད་པ་ལ་སོགས་པ་དང་། འཇུག་ཡུལ་ལུས་ཀྱི་དོན་དངོས་རྒྱ་ཆེར་བཤད་པ་ལ་ལེའུ་བཅུ་གསུམ་ཡོད་པའི་ལེའུ་དང་པོ་འཁོར་འདས་དབྱིངས་ལས་མ་གཡོས་པའི་རང་བཞིན་བསྟན་པའང་སོང་ནས། དེ་རིང་ལེའུ་གཉིས་པ་སྣང་སྲིད་ཞིང་ཁམས་སུ་ཤར་བའི་ལེའུ་བཤད་པའི་སྐབས་ཏེ།

ལེའུ་གཉིས་པ་སྣང་སྲིད་ཞིང་ཁམས་སུ་ཤར་བར་བསྟན་པའི་འགྲེལ་པ།

ལེའུ་དང་པོས་རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་ལས་འཁོར་འདས་སུ་ཤར་ཡང་དབྱིངས་ལྷུན་གྲུབ་ལས་མ་གཡོས་པར་བསྟན་པ་དང་། ཆོས་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་འདུས་པས་རང་སྣང་ཤར་དུས་ཉིིད་ནས་བྱར་མེད་མཉམ་པ་ཆེན་པོར་ཕྱམ་གདལ་ཚུལ་དང་། སྐུ་དང་ཡེ་ཤེས་རིག་པའི་ངང་དུ་རྫོགས་པས་རྒྱལ་བའི་ཞིང་དང་མཁྱེན་པའི་སྤྱོད་ཡུལ་ཡང་རིག་པའི་ངང་དུ་རྫོགས་ཚུལ་གྱི་འཁོར་འདས་དབྱིངས་ལས་མ་གཡོས་པར་བསྟན་པ་སྟེ། དེ་ལྟར་དབྱིངས་ཀྱི་རང་བཞིན་འཆར་གཞིར་གཏན་ལ་ཕབ་ནས། ད་ནི་དབྱིངས་དང་དབྱིངས་སྣང་ཞིང་ཁམས་སུ་ཡེ་ནས་རང་ཤར་བའི་དོན་རྒྱ་ཆེར་བསྟན་པ་ལས། ཞེས་པ་སྟེ། སྣང་སྲིད་ཞིང་ཁམས་སུ་ཤར་བའི་ལེའུ་འདི་ལ། དབྱིངས་དང་དབྱིངས་སྣང་ཞིང་ཁམས་སུ་ཡེ་ནས་རང་ཤར་བའི་དོན་རྒྱ་ཆེར་བསྟན་པ་དང་། ལྷུན་གྲུབ་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་སུ་ཆོས་ཉིད་འཕོ་འགྱུར་མེད་པར་ངང་གཅིག་པར་བསྟན་པ་དང་། དེ་ལྟ་བུའི་ངང་དུ་ཆོས་ཐམས་ཅད་རྫོགས་པར་བསྟན་པས་འགག་བསྡུ་བ་དང་། དེ་དག་གི་དོན་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་སུ་བསྡུ་བ་དང་བཞི་ལས།

༼ཀ༽དབྱིངས་དང་དབྱིངས་སྣང་ཞིང་ཁམས་སུ་ཡེ་ནས་རང་ཤར་བའི་དོན་རྒྱ་ཆེར་བསྟན་པ།

དང་པོ་དབྱིངས་དང་དབྱིངས་སྣང་ཞིང་ཁམས་སུ་ཡེ་ནས་རང་ཤར་བའི་དོན་རྒྱ་ཆེར་བསྟན་པ་ལ། གདལ་བ་ཆེན་པོའི་ཀློང་ནམ་མཁའ་ལྟ་བུར་བརྗོད་པ་དང་གཅིག སྟོང་པའི་རིག་དབྱིངས་ལས་འཁོར་འདས་སྟོང་པའི་རང་གཟུགས་སུ་ཤར་བ་དང་གཉིས། ཤར་ཡང་ལྷུན་གྲུབ་འགྲོ་འོང་ལས་འདས་པའི་དགོངས་པར་བསྟན་པ་དང་གསུམ། དེ་ཉིད་མཁའ་མཉམ་ཀློང་གཟེར་ཆེན་པོར་བསྟན་པ་དང་བཞི། རང་བཞིན་དག་མཉམ་ཆེན་པོའི་དབྱིངས་ཀྱི་དགོངས་པས་དོན་བསྡུ་བ་དང་རྣམ་པ་ལྔ་ལས།

༼ཀ དང་པོ་གདལ་བ་ཆེན་པོའི་ཀློང་ནམ་མཁའ་ལྟ་བུར་བརྗོད་པ།

དེར་ཐོག་མར་གདལ་བ་ཆེན་པོའི་ཀློང་ནམ་མཁའ་ལྟ་བུར་བརྗོད་པ་ནི།

དབྱིངས་ཀྱི་རང་བཞིན་གདོད་ནས་ལྷུན་གྲུབ་ལ།།

ཕྱི་དང་ནང་མེད་ཀུན་ཏུ་ཁྱབ་པར་གདལ།།

མཐའ་ཡི་མུ་མེད་སྟེང་འོག་ཕྱོགས་མཚམས་འདས།།

ཡངས་དོག་གཉིས་མེད་རིག་པ་མཁའ་ལྟར་དག།

དམིགས་བསམ་སྤྲོས་དང་བྲལ་བའི་ཀློང་ཉིད་དོ།།

ཞེས་གསུངས་ཏེ། མཁའ་མཉམ་བྱང་ཆུབ་ཀྱི་སེམས་ཡེ་ནས་རྣམ་པར་དག་པའི་ངོ་བོ་ལ། ཕྱི་ནང་དང་། ཕྱོགས་ཆ་དང་། ཡངས་དོག་དང་། ངོ་བོ་དང་། ངོས་གཟུང་གི་ཆོས་སུ་གྲུབ་པ་ཅུང་ཟད་ཀྱང་མེད་པས། ནམ་མཁའི་རང་བཞིན་དང་ཕྱོགས་ཙམ་འདྲ་བའི་དཔེ་དོན་སྦྱར་བ་ནི། ཀུན་བྱེད་ལས། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་མེད་གཅིག་ཅེས་བགྲང་དུ་མེད། །ཅེས་སོ། །ཞེས་གསུངས་པ་སྟེ། དེ་ཡང་མཁའ་ཁྱབ་ཀུན་དང་མཉམ་པའི་དབྱིངས་ཀྱི་རང་བཞིན་བྱང་ཆུབ་ཀྱི་སེམས། ཡེ་ནས་རྣམ་དག་གདོད་ནས་ལྷུན་གྲུབ་ཀྱི་ངོ་བོ་ལ། ཡུལ་གྱི་སྣང་བ་ཐམས་ཅད་སྟོང་པའི་རང་གཟུགས། རྡུལ་ཕྲན་དང་ཆ་ཤས་ཀྱང་མེད་པས་ཕྱི་དང་ནང་དང་། ཕྱོགས་ཆའི་དངོས་པོ་རུ་མ་གྲུབ་པར། སེམས་གང་ཤར་སྐད་ཅིག་ཆ་མེད་ངོ་བོ་རང་གིས་སྟོང་པའི་རིག་སྟོང་རང་བྱུང་གི་ཡེ་ཤེས་ལས་མ་འདས་པས། ཡངས་དོག་དང་། མཐོ་དམན་དང་། ངོ་བོ་ངོས་བཟུང་མེད་པ་ནམ་མཁའ་ལྟར་དག་ཅིང་། མཐའ་ཡི་མུ་མེད་སྟེང་འོག་ཕྱོགས་མཚམས་ལས་འདས་པའི་སེམས་ཀྱི་ཡིན་ལུགས་ཡེ་ཇི་བཞིན་པ། རྣམ་མེད་སྤྲོས་བྲལ་ཡེ་གནས་ལ་ངོ་བོ་ངོས་བཟུང་གི་དམིགས་པའི་ཡུལ་མེད་པ། ཕྱོགས་ཡོངས་ནས་ནམ་མཁས་ཀྱང་མཚོན་དུ་མེད་པའི་ཆོས་ཉིད་དོན་གྱི་ནམ་མཁའ་ཀུན་ཁྱབ་ཀུན་ལ་གདལ་བའི་ཀློང་ཆེན་པོ་བསམ་བརྗོད་ལས་འདས་པར་བསྟན་པའོ།།

༼ཁ གཉིས་པ་སྟོང་པའི་རིག་དབྱིངས་ལས་འཁོར་འདས་སྟོང་པའི་རང་གཟུགས་སུ་ཤར་བ།

དེ་ལྟར་རིག་པ་སྟོང་པའི་དབྱིངས་ནས། འཁོར་འདས་སྟོང་པའི་རང་གཟུགས་ཤར་བར་བསྟན་པ་ནི།

སྐྱེ་མེད་དབྱིངས་ལས་སྐྱེ་བའི་ཆོ་འཕྲུལ་རྣམས།།

ཅིར་ཡང་མ་ངེས་གར་ཡང་རྒྱ་ཆད་མེད།།

འདི་ཞེས་མི་མཚོན་དངོས་པོའི་མཚན་མ་མེད།།

ཕྱོགས་འབྱམས་ནམ་མཁའ་འདྲ་བའི་རང་བཞིན་ལ།།

སྐྱེ་མེད་ལྷུན་གྲུབ་སྔ་ཕྱི་ཐོག་མཐའ་བྲལ།།

ཞེས་གསུངས་ཏེ། རིག་པ་གདོད་མ་ནས་སྐྱེ་བ་མེད་པའི་ངང་ལས། སྐྱེ་བ་ལ་སོགས་པ་ཅི་སྣང་ཡང་སྐྱེ་བ་མེད་པའི་རོལ་བ་སྟེ། རྒྱ་ཆད་དང་ཕྱོགས་ལྷུང་ལས་འདས་པ་ནི། སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་ང་ཡི་བྱང་ཆུབ་སེམས། །རིག་པའི་ངོ་བོ་རྟོག་མེད་ལ། །ཅི་ཡང་མེད་པས་ཅི་ཡང་འབྱུང་། །ཞེས་པ་དང་། ཀུན་བྱེད་ལས། ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པས་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོར་བསྟན། །ཞེས་སོ། །དེ་ཡང་གདོད་ནས་སྐྱེ་བ་མེད་པའི་སྐྱེ་མེད་རིག་པའི་དབྱིངས་ཀྱི་ངང་དེ་ལས། སྐྱེ་བའི་ཆོ་འཕྲུལ་རང་སྣང་རྒྱན་གྱི་འཁོར་ལོ། གཅིག་ལས་ཀུན་འབྱུང་སྣོད་བཅུད་འཁོར་འདས་ཀྱི་རོལ་བ་ཅི་ཤར་ཡང་། ཅི་ཡང་མེད་པ་ལས་ཅིར་ཡང་བྱུང་བ་ཡིན་པས། སྐྱེས་པ་ཉིད་ནས་སྐྱེ་བ་མེད་པའི་རང་བཞིན་འཁོར་འདས་ཀྱི་སྟོང་གཟུགས་སུ་ཤར་བས་ཅིར་ཡང་མ་ངེས་ཤིང་གར་ཡང་རྒྱ་ཆད་མེད་པ། མཚོན་བྱ་མིན་པས་ཚིག་གིས་མི་མཚོན། མཚན་མ་མེད་པས་མཚན་ཉིད་སྨྲ་རུ་མི་བཏུབ་པའི་དམིགས་མེད་དོན་གྱི་ངོ་བོ་སྐྱེ་བ་མེད་པའི་ངང་ལས་ལྷུན་གྲུབ་མ་འགགས་པར་སྣང་ཞིང་། སྣང་དུས་ཉིད་ནས་ཀྱང་སྔ་ཕྱི་ཐོག་མཐའ་དང་བྲལ་བའོ།།

༼ག གསུམ་པ་ཤར་ཡང་ལྷུན་གྲུབ་འགྲོ་འོང་ལས་འདས་པའི་དགོངས་པར་བསྟན་པ།

དེ་ལྟ་བུའི་ལྷུན་གྲུབ་འགྲོ་འོང་ལས་འདས་པའི་དགོངས་པར་བསྟན་པ་ནི།

འཁོར་འདས་ཀུན་གྱི་ངོ་བོ་བྱང་ཆུབ་སེམས།།

མ་བྱུང་མ་སྐྱེས་མ་ངེས་ལྷུན་གྲུབ་ནི།།

གང་ནས་མ་འོངས་གར་ཡང་སོང་བ་མེད།།

སྔ་ཕྱི་རིས་མེད་བྱང་ཆུབ་སེམས་ཀྱི་ཀློང་།།

འགྲོ་དང་འོང་མེད་ཀུན་ཏུ་ཁྱབ་པར་གདལ།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ལྷུན་གྲུབ་བརྗོད་གཞི་ལས་འདས་པ་འཁོར་འདས་ཀྱི་དབྱིངས་སུ་བསྟན་པ་སྟེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་གཅིག །སངས་རྒྱས་སེམས་ཅན་སྣང་སྲིད་སྣོད་བཅུད་ཀུན། །ཐམས་ཅད་འབྱུང་བའི་སྙིང་པོ་བྱང་ཆུབ་ལ། །གཅིག་ཏུ་མེད་ལ་བགྲངས་ན་བརྗོད་མི་ལང་། །སངས་རྒྱས་སྐུ་གསུང་སེམས་ཅན་ལུས་ངག་ཀྱང་། །བྱང་ཆུབ་སེམས་ཡིན་ཡེ་ནས་གཟུང་འཛིན་བྲལ། །ཞེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་ལྷུན་གྲུབ་ཕྱོགས་མེད་མཐའ་འདས་ཀྱི་ངོ་བོ་དེའི་ངང་ནས་འཁོར་འདས་ཐམས་ཅད་སྣང་ན་ཡང་ཀུན་ཁྱབ་རིས་མེད་མཉམ་པ་ཆེན་པོར་གདལ་བས། སྔ་ཕྱི་མེད་པས་མ་བྱུང་ཞིང་མ་སྐྱེས། རིས་མེད་ཡིན་པས་གཅིག་ཏུ་མ་ངེས། ཡེ་ནས་གཟུང་འཛིན་དང་བྲལ་བའི་ཆོས་ཀུན་རྩ་བ་བྱང་ཆུབ་ཀྱི་སེམས་གཅིག་པུ་དེ་ལས་འགྲོ་འོང་ལྟར་དུ་སྣང་ན་ཡང་འགྲོ་འོང་མེད་པ་ཀུན་ཁྱབ་གདལ་བ་ཡིན་པའི་རྒྱུ་མཚན་གྱིས་ལྷུན་གྲུབ་བརྗོད་གཞི་ལས་འདས་པའི་དབྱིངས་ཀྱི་དགོངས་པའོ།།

༼ང བཞི་བ་དེ་ཉིད་མཁའ་མཉམ་ཀློང་གཟེར་ཆེན་པོར་བསྟན་པ།

དེ་ཉིད་མཁའ་མཉམ་ཀློང་གཟེར་ཆེན་པོར་བསྟན་པ་ནི།

ཐོག་མཐའ་དབུས་མེད་ཆོས་ཉིད་དེ་བཞིན་ཉིད།།

ཕྱམ་གདལ་མཁའ་མཉམ་དག་པའི་རང་བཞིན་ལ།།

ཐོག་མཐའ་མེད་དེ་སྔ་ཕྱི་ཡུལ་ལས་འདས།།

སྐྱེ་འགག་མེད་དེ་དངོས་པོ་མཚན་མར་མེད།།

འགྲོ་འོང་མེད་དེ་འདི་ཞེས་མཚོན་དང་བྲལ།།

རྩོལ་ཞིང་བསྒྲུབ་མེད་བྱ་བའི་ཆོས་ཀྱིས་སྟོང་།།

ཕྱོགས་ཆ་དབུས་མེད་དེ་བཞིན་ཉིད་ཀྱི་གཞི།།

དམིགས་མེད་རྒྱུན་ཆད་མེད་པས་མཉམ་པའི་ཀློང་།།

ཞེས་གསུངས། འདི་ལྟར་རིག་པ་གང་དུའང་མ་གྲུབ་པས་འདི་དང་འདིའོ་ཞེས་མཚོན་དཔེ་དང་རང་བཞིན་ཐམས་ཅད་ལས་འདས་པའི་ཕྱིར། ཐོག་མཐའ་མེད་པ། སྐྱེ་འགག་མེད་པ། འགྲོ་འོང་མེད་པ། རྩོལ་སྒྲུབ་མེད་པ། མཐའ་དབུས་མེད་པ་ལ་སོགས་པའི་སྒྲས་བརྗོད་དེ། ཀློང་དྲུག་པ་ལས། མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །སྔགས་ལས་མ་སྐྱེས་ཡེ་རྫོགས་ཉིད། །རྒྱུ་དང་རྐྱེན་རྣམས་ཡོངས་སུ་བྲལ། །ལྟ་སྒོམ་དྲི་མ་ཀུན་དང་བྲལ། །མཐའ་མེད་དབུས་སུ་དམིགས་པ་མེད། །རྣམ་པ་མེད་ཅིང་ཡུལ་རྣམས་མེད། །ལྷ་མེད་སྔགས་ཀྱང་ཡོད་མ་ཡིན། །ཆོས་མེད་བཏགས་པ་ཀུན་ལས་འདས། །དགྲ་མེད་བཤེས་ཀྱང་ཡོད་པ་མིན། །ལུས་མེད་དབང་པོར་སྣང་བ་མེད། །ཆོས་ནི་བསམ་པས་མི་སྣང་སྟེ། །གང་མེད་གང་དུ་འཛིན་པ་མེད། །ང་མེད་ང་ཡི་འཁོར་ཡང་མེད། །དབྱིངས་མེད་རིག་པའི་སྐུ་ཡང་མེད། །དགེ་མེད་སྡིག་པའི་རྣམ་སྨིན་མེད། །སྲོག་མེད་བཅད་པའི་དམིགས་ཡུལ་མེད། །ཚོགས་མེད་བསགས་པའི་ཡུལ་ཡང་མེད། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །གནས་མེད་སྟོང་པ་ཉིད་ཀྱང་མེད། །ཐབས་མེད་ཉན་པའི་འཁོར་ཡང་མེད། །ཡུལ་མེད་དུས་གསུམ་ཉིད་ཀྱང་མེད། །དུས་གསུམ་ཚོགས་པའང་ཡོད་པ་མིན། །ཅེས་སོ། །ཡེ་སྟོང་གདོད་ནས་དག་པའི་ཆོས་ཉིད་དེ་བཞིན་ཉིད་དེ། གང་དུ་ཡང་མ་གྲུབ་པས་ཕྱམ་ཕྱལ་ཡངས་པ་ཆེན་པོར་ངང་གིས་གདལ་བ་ཡིན་ཞིང་། མཁའ་མཉམ་མཁའ་ལྟར་དག་པའི་རང་བཞིན་ལ། མཚོན་ཚིག་དང་བསམ་བརྗོད་ཀྱིས་མཚོན་པའམ་དམིགས་པ་བྱེད་པ་ལས་འདས་པ་ཡིན་པའི་ཕྱིར་ན་ཐོག་མཐའ་དང་། སྔ་ཕྱི། སྐྱེ་འགག འགྲོ་འོང་། རྩོལ་སྒྲུབ་ལ་སོགས་པ་བྱར་མེད་པས་ན་མེད་པའི་རང་བཞིན་ནམ་མཁའི་དགོངས་པ་ལྟ་བུ་སྟེ། ནམ་མཁའི་ཆིངས་ཀྱིས་སྣོད་བཅུད་བཅིངས་པ་ལྟར་དུ་ཆོས་ཐམས་ཅད་དམིགས་མེད་རྒྱུན་ཆད་མེད་པར་མཉམ་པའི་ཀུན་ཏུ་བཟང་པོའི་ཀློང་གི་གཟེར་རམ་འཛེར་མས་འགྱུར་བ་མེད་པར་བསྡོམས་པའོ།།

༼ཅ ལྔ་བ་རང་བཞིན་དག་མཉམ་ཆེན་པོའི་དབྱིངས་ཀྱི་དགོངས་པས་དོན་བསྡུ་བ།

དེ་ལྟ་བུའི་རང་བཞིན་དབྱིངས་དག་མཉམ་ཆེན་པོའི་དགོངས་པ་ཉིད་དོ་ཞེས་བསྟན་པས་དོན་བསྡུ་བ་ནི།

ཐམས་ཅད་ཆོས་ཉིད་མཉམ་པའི་རང་བཞིན་པས།།

མཉམ་པའི་ཀློང་ན་མི་གནས་གཅིག་ཀྱང་མེད།།

གཅིག་མཉམ་ཀུན་མཉམ་བྱང་ཆུབ་སེམས་ཀྱི་ངང་།།

མ་སྐྱེས་མཁའ་མཉམ་ཡངས་པར་ཕྱམ་གདལ་བས།།

མཉམ་ཉིད་ངང་ལས་རྒྱུན་ཆད་མེད་པའི་ཕྱིར།།

ཞེས་གསུངས་ཏེ། རིག་པ་བྱང་ཆུབ་སེམས་ཀྱི་ངང་ན་ཐམས་ཅད་མ་སྐྱེས་པ་དང་། མི་འགག་པ་དང་། མི་གནས་པར་མཉམ་པས། འགྲོ་འོང་མེད་པའི་དགོངས་པ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་དེ། ཀུན་བྱེད་ལས། མི་རྟོག་མཉམ་ཉིད་དེ་བཞིན་ཉིད་འདི་ལ། །ཉིད་ལ་ཉིད་ཀྱིས་བསྟན་པ་རྡུལ་ཙམ་མེད། །ཅེས་པ་དང་། ཀློང་དྲུག་པ་ལས། ང་ནི་མ་ཕྱེ་མི་འབྱེད་སྣང་། །ང་ལས་འདས་པ་ང་ཡི་ཡུལ། །མཛད་དང་སྤྱོད་པར་མ་ཕྱེ་བས། །དུས་གསུམ་མཉམ་པ་ཉིད་དུ་སྟེ། །ང་ཡི་ཡུལ་མེད་གཞི་བསམ་བྲལ། །ཞེས་སོ། །ཐོག་མཐའ་དབུས་དང་བྲལ་བའི་དམིགས་མེད་མཉམ་པའི་ཀློང་ཆེན་པོ་རིག་པ་བྱང་ཆུབ་སེམས་ཀྱི་ངང་དེ་ན། གང་སྣང་གང་ཤར་ཐམས་ཅད་ཕྱམ་གདལ་མཁའ་མཉམ་དག་པའི་རང་བཞིན་ཡིན་པས། མཉམ་པའི་ཀློང་ཆེན་པོའི་དགོངས་པ་དེར་མི་གནས་ཤིང་དེ་ལས་གཞན་དུ་གཡོས་པ་ཅུང་ཟད་ཀྱང་མེད་པར། གཅིག་མཉམ་པའི་རྒྱུ་མཚན་གྱིས་ཀུན་མཉམ་པ། ཀུན་མཉམ་བྱང་ཆུབ་སེམས་ཀྱི་ངང་དེར་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་སྐྱེས་པས་ན་མ་འགགས་པར་ཕྱམ་གདལ་བ། གཟུང་འཛིན་བྲལ་བའི་མཉམ་ཉིད་རྒྱུན་ཆད་མེད་པའི་ཕྱིར་ན་དབྱིངས་དག་མཉམ་ཆེན་པོ་གཅིག་གི་དགོངས་པ་ལས་མ་འདས་པར་གཏན་ལ་ཕེབས་པའོ། །དེ་ཡིས་དབྱིངས་གདལ་ཁྱབ་སྟོང་པ་ལྷུན་གྲུབ་མཁའ་མཉམ་དག་པ་ཆེན་པོ་ལས་མ་འདས་པ་དེ་བསྟན་ཟིན་ནས།

༼ཁ༽གཉིས་པ་ལྷུན་གྲུབ་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་སུ་ཆོས་ཉིད་འཕོ་འགྱུར་མེད་པར་ངང་གཅིག་པར་བསྟན་པ།

དེ་ལ་ཡེ་ནས་རིག་པ་རྡོ་རྗེ་སྙིང་པོའི་རྫོང་བཅས་པར་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་གཉིས་ལས།

༼ཀ དང་པོ་ཡེ་ནས་རིག་པ་རྡོ་རྗེ་སྙིང་པོའི་རྫོང་བཅས་པར་མདོར་བསྟན་པ།

ཚུལ་དེ་ཉིད་མཉམ་པ་ཆེན་པོའི་ལྷུན་གྲུབ་རྡོ་རྗེ་དབྱིངས་ཀྱི་ཞིང་ཁམས་སུ་ཆོས་ཉིད་འཕོ་འགྱུར་མེད་པར་ངང་གཅིག་པས། ཡེ་ནས་རིག་པ་རྡོ་རྗེ་སྙིང་པོའི་རྫོང་བཅས་པར་བསྟན་པ་ནི།

ལྷུན་གྲུབ་ཕྱོགས་མེད་ཀུན་ཁྱབ་གདལ་བའི་རྫོང་།།

སྟེང་འོག་བར་མེད་ཡེ་ཀློང་ཡངས་པའི་རྫོང་།།

ཕྱོགས་མེད་ཀུན་ཤོང་སྐྱེ་མེད་ཆོས་སྐུའི་རྫོང་།།

མི་འགྱུར་ལྷུན་གྲུབ་རིན་ཆེན་གསང་བའི་རྫོང་།།

སྣང་སྲིད་འཁོར་འདས་ཡེ་རྫོང་ཕྱམ་གཅིག་རྫོགས།།

ཞེས་གསུངས་ཏེ། ཐམས་ཅད་རིག་པ་རྣམ་དག་རང་བྱུང་གི་ཡེ་ཤེས་སུ་ཡེ་ནས་གནས་པས། གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་ཡང་མེད་དེ། འཁྲུལ་བ་དང་བདེ་སྡུག་གི་རང་བཞིན་ཀུན་ནས་ཉོན་མོངས་པ་དང་། ལས་དང་རྣམ་པར་སྨིན་པའི་དགྲ་ལས་འདས་ཏེ། བདུད་དང་གོལ་སའི་ཡུལ་མེད་པས། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཚུལ་མཉམ་པ་ཆེན་པོ་རྡོ་རྗེའི་དབྱིངས་སུ་རྫོང་བཅས་པ་ནི། རྩལ་རྫོགས་ལས། ཡངས་པ་ཆེན་པོའི་བྱང་ཆུབ་སེམས། །མི་འགྱུར་བསམ་དང་བརྗོད་མེད་པས། །རྫོང་དུ་རྡོ་རྗེའི་མཁར་བརྩིགས་ཏེ། །ཅིས་ཀྱང་མི་ཤིགས་སྐྱོན་དང་བྲལ། །ཞེས་པ་དང་། རང་རིག་རྡོ་རྗེ་ཀུན་ཏུ་འབར། །མཚན་མེད་རྡོ་རྗེ་རང་སྣང་འབར། །འབར་བ་འཇིགས་བྲལ་རྡོ་རྗེ་སྟོང་པ་ཆེ། །ཕྲ་རགས་དྲི་མེད་རྡོ་རྗེ་རབ་ཏུ་འབར། །སྟོང་པ་ཀུན་ཁྱབ་རྡོ་རྗེ་ཅོད་པན་ཆེ། །མཐའ་ཡས་རྡོ་རྗེ་མ་བསྐུར་རང་བཞིན་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། རྒྱུ་ཉིད་རྡོ་རྗེ་རྐྱེན་དང་འདྲ། །མ་སྐྱེས་པས་ན་འཇིག་པ་མེད། །གདོད་ནས་སྙིང་པོ་བྱང་ཆུབ་ལ། །བཙལ་བའི་བསམ་པས་དབྱིངས་མི་བསྐྱོད། །ཅེས་སོ། །རྡོ་རྗེ་ནི་མི་ཤིགས་བདུན་ལྡན་གྱི་བདག་ཉིད། འགྱུར་བ་མེད་པའི་ཆོས་ཀྱི་དོན་ལ་གསུངས་ཤིང་། འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་དབྱིངས་མཉམ་པ་ཆེན་པོའི་ཞིང་ཁམས་སུ་ཆོས་ཉིད་འཕོ་འགྱུར་མེད་པའི་རིག་པ་དག་མཉམ་རང་བྱུང་གི་ཡེ་ཤེས་ལ་ཡེ་ནས་གནས་པས་མི་ཤིགས་པའི་རྫོང་དུ་གྲུབ་པ་ཡིན། དེའི་མཉམ་པ་ཆེན་པོ་དེ་ལྷུན་གྲུབ་སྟོང་པ་ཀུན་ཁྱབ་ཡིན་པས་ན་ཀུན་ཁྱབ་གདལ་བའི་རྫོང་དང་། སྣང་སྲིད་ཀྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་། སྣང་བཞིན་དག་པར་མཉམ་པ། སྟེང་འོག་བཟང་ངན་ལ་སོགས་པའི་གཉིས་སྣང་འཛིན་པའི་བར་མེད་པ་དེ་ཡེ་ཀློང་ཡངས་པའི་རྫོང་དང་། སྣང་སྟོང་རིས་མེད་ཉག་གཅིག་ཐིག་ལེའི་ཀློང་དུ་ཕྱོགས་མེད་བཟང་ངན་མཉམ་པར་ཀུན་ཤོང་བ་ནི་སྐྱེ་མེད་ཆོས་སྐུའི་རྫོང་དང་། ཐམས་ཅད་དབྱིངས་གཅིག་ལས་འགྱུར་བ་མེད་པའི་འགྱུར་མེད་འདོད་དགུ་ལྷུན་གྲུབ་ཀྱི་རང་བཞིན་ནི་རིན་ཆེན་གསང་བའིི་རྫོང་དང་། ཐམས་ཅད་ཀུན་འདུས་སྣང་སྲིད་འཁོར་འདས་ཡེ་ནས་བདེ་ཀློང་གཅིག་ཏུ་འཁྱིལ་བའི་རྫོང་ལ་ཕྱམ་གཅིག་ཏུ་རྫོགས་པ་སྟེ། ངེས་བརྗོད་ཀྱིས་མདོར་བསྟན་པའོ།།

༼ཁ གཉིས་པ་རིག་པ་ཉིད་རྒྱལ་པོ་ཕུན་སུམ་ཚོགས་པའི་ཡུལ་ཁམས་དང་ཆོས་མཐུན་པར་སྦྱར་བས་རྒྱས་པར་བཤད་པ།

དེ་ལ་དབྱེ་ན་ཆོས་ཉིད་དབྱིངས་ཀྱི་ས་གཞི་ལ་རང་བྱུང་སྙིང་པོའི་ཕོ་བྲང་བཀོད་པ་དང་གཅིག ཕོ་བྲང་དེའི་རྒྱན་དང་བཀོད་པ་བསྟན་པ་དང་གཉིས། རིག་པའི་གཏན་ཡུལ་ངེས་པ་དང་གསུམ། ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་དང་བཞི། རིག་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་ཆོས་ཐམས་ཅད་རོ་གཅིག་པར་བསྟན་པ་དང་ལྔ་ལས།

ཀ༽དང་པོ་ཆོས་ཉིད་དབྱིངས་ཀྱི་ས་གཞི་ལ་རང་བྱུང་སྙིང་པོའི་ཕོ་བྲང་བཀོད་པ།

དེ་ལྟ་བུའི་རིག་པ་ཉིད་རྒྱལ་པོ་ཕུན་སུམ་ཚོགས་པའི་ཡུལ་ཁམས་དང་ཆོས་མཐུན་པར་སྦྱར་བ་ལས། ཆོས་ཉིད་དབྱིངས་ཀྱི་ས་གཞི་ལ་རང་བྱུང་སྙིང་པོའི་ཕོ་བྲང་བཀོད་པ་ནི།

ཕྱོགས་མེད་ཀུན་ཁྱབ་གདལ་བའི་ས་གཞི་ལ།།

འཁོར་འདས་རིས་མེད་བྱང་ཆུབ་སེམས་ཀྱི་མཁར།།

ཆོས་ཉིད་ཀློང་ཡངས་རྩེ་མོ་ལྷུན་མཐོ་ཞིང་།།

མ་བྱས་རང་བཞིན་ཕྱོགས་བཞི་ཡངས་པའི་དཀྱིལ།།

རིམ་རྩོལ་བྲལ་བའི་འཇུག་སྒོ་ཤིན་ཏུ་ཡངས།།

ཞེས་གསུངས་ཏེ། དབྱིངས་རང་བཞིན་གྱིས་དག་པའི་ངོ་བོ་ལ་གྲུབ་བསལ་དང་བཅོས་བསླད་མེད་ཅིང་ཐམས་ཅད་བརྟེན་པའི་ཕྱིར་ས་གཞི་དང་ཆོས་མཐུན་ལ། འཁོར་བ་དང་མྱ་ངན་ལས་འདས་པ་གང་དུའང་རྒྱ་ཆད་ཕྱོགས་ལྷུང་མེད་པས་རང་བྱུང་མུ་མཐའ་དང་བྲལ་བའི་ཕོ་བྲང་དང་མཚུངས་ཏེ། ཆོས་ཉིད་དཀྱིལ་ཡངས་ལ་ཚད་དང་ངོས་གཟུང་མེད་པས་ལྷུན་མཐོ་བ་ཙམ་དུ་བརྗོད་ཅིང་། ཡེ་ནས་བྱ་རྩོལ་དང་རྟག་ཆད་ལ་སོགས་པ་མུ་བཞི་ལས་འདས་པ་ནི་ཕྱོགས་བཞི་ཡངས་པའི་ངོས་དང་ཆ་སྦྱར་བ་དེའི་རང་བཞིན་དུ། བློ་ཡང་རབ་རྣམས་འཇུག་པའི་སྒོ་ནི་རིམ་རྩོལ་རྒྱུ་འབྲས་ལས་འདས་པའི་སྒོ་འཕར་ཡེ་ནས་རང་བཙུགས་པ་ནི་ཆོས་ཉིད་བྱང་ཆུབ་སེམས་ཀྱི་ཕོ་བྲང་ཞེས་བྱའོ། །དེ་དག་གི་རང་བཞིན་ནི། ཀློང་དྲུག་པ་ལས། ཡེ་ཤེས་མ་བཅོས་རྣམ་དག་པ། །ཁ་དོག་མ་བཅོས་མ་འདྲེས་གསལ། །གཉིས་མེད་མ་བཅོས་སྟོང་པའི་ངང་། །རང་བྱུང་མ་བཅོས་རིག་པའི་ཀློང་། །ཞེས་པ་དང་། ཀུན་བྱེད་ལས། སྒོ་ནི་བཙལ་དུ་མེད་པའི་སྒོ་ནས་འཇུག །ཅེས་སོ། །རྟེན་ཆོས་ཉིད་ཀྱི་དབྱིངས་རང་བཞིན་གྱིས་དག་པའི་ངོ་བོ་ཕྱོགས་དང་རིས་སུ་མ་ཆད་པའི་ཀུན་ཁྱབ་ཡངས་ཤིང་གདལ་བའི་གཞི། འཁོར་འདས་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཀྱི་རྟེན་གཞི་ཡིན་པས་ས་གཞི་ལྟ་བུ་དེའི་སྟེང་ལ། འཁོར་འདས་མཉམ་པ་ཉིད་རང་བྱུང་མུ་དང་མཐའ་མེད་པའི་རིག་པ་བྱང་ཆུབ་སེམས་ཀྱི་མཁར་ཕོ་བྲང་རྒྱ་ཆེ་བ་དང་ཆོས་མཚུངས་པ་སྟེ། དེ་ཡང་ཆོས་ཉིད་ཀློང་ཡངས་པ་ལ་ཚད་མེད་པ། སྟེང་དང་འོག་ཏུ་ལྟ་བ་ཐང་རེ་ཆད། །ཅེས་གསུངས་པ་བཞིན་དུ་ངོས་བཟུང་མེད་པར་རྩེ་མོ་ལྷུན་མཐོ་བའི་ཚིག་གིས་གོ་བ་བྱས་ཤིང་། གྲུ་བཞི་ཕྱོགས་བཞི་རྒྱ་ཚད་ཀྱིས་གཞལ་དུ་མེད་པའི་ཕྱོགས་བཞི་ཡངས་པའི་ཚིག་གིས་རྟག་ཆད་སྐྱེ་འགག་འགྲོ་འོང་ལ་སོགས་པ་མཚན་མའི་ཆོས་ཀྱི་མུ་བཞི་ལས་འདས་པར་བསྟན་ནས། དེ་ལྟ་བུའི་མཐའ་དབུས་འདས་པའི་ཆོས་ཉིད་དབྱིངས་ཀྱི་ཕོ་བྲང་ཆེན་པོའི་དཀྱིལ་དབུས་ལ་འཇུག་དགོས་ན། སྒོ་ནས་འཛུལ་ཏེ་སྐས་ཐེམ་བརྒྱུད་དེ་རིམ་གྱིས་དཀྱིལ་དུ་ཐོན་པར་བྱེད་དགོས་པ་དེ་ལྟ་བུ་མ་ཡིན་ཏེ། དེ་ཡང་སྤྱིར་ཐེག་རིམ་སྣ་ཚོགས་ལ་ལམ་སྒོམ་ཚུལ་ཡང་ཐ་དད་པར་ཡོད་ཀྱང་། འདིར་ནི་གཞན་དང་མི་འདྲ་བར་ཆོས་ཉིད་ལམ་དུ་བྱེད་པ་ཡིན་པས་འོག་མའི་ལམ་ནས་གདོད་ཞུགས་ཏེ་ས་ལམ་སྦྱང་བགྲོད་མི་དགོས་པས་རིམ་རྩོལ་བྲལ་བའི་འཇུག་སྒོ་ཤིན་ཏུ་ཡངས་པར་བསྟན་པ་སྟེ། ཀུན་བྱེད་ལས། མ་བསྒྱུར་མ་སྦྱངས་རིག་པ་ལྷུན་རྫོགས་སོ། །ཞེས་པ་དང་གོ་དོན་གཅིག་པའོ།།

ཁ༽གཉིས་པ་ཕོ་བྲང་དེའི་རྒྱན་དང་བཀོད་པ་བསྟན་པ།

ཕོ་བྲང་དེའི་རྒྱན་དང་བཀོད་པ་ནི།

ལྷུན་གྲུབ་འབྱོར་པའི་བཀོད་པས་བརྒྱན་པ་དེར།།

རང་བྱུང་ཡེ་ཤེས་རྒྱལ་པོ་གདན་ལ་བཞུགས།།

འདུ་འཕྲོར་སྣང་བ་ཡེ་ཤེས་རྩལ་རྣམས་ཀུན།།

བློན་པོར་གྱུར་པས་ཡུལ་ལ་དབང་བསྒྱུར་ཞིང་།།

རང་གནས་བསམ་གཏན་བཙུན་མོ་དམ་པ་དང་།།

དགོངས་པ་རང་ཤར་སྲས་དང་བྲན་གཡོག་བཅས།།

བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད།།

ཞེས་གསུངས་ཏེ། དེ་ལྟ་བུའི་འབྱོར་བས་རྒྱན་པའི་ཕོ་བྲང་ཆེན་པོ་དེ་ལ་རྒྱལ་བློན་བཙུན་མོ་སྲས་འཁོར་དང་བཅས་པ་བཞུགས་ཚུལ་བསྟན་པ་ནི། དེ་ལ་རང་བྱུང་ལྷུན་གྲུབ་ཀྱི་རིག་པ་ནི་ཕོ་བྲང་གི་བཀོད་པ་སྟེ། སྐུ་དང་ཡེ་ཤེས་འདུ་འབྲལ་མེད་ཅིང་ཆོས་ཐམས་ཅད་རྫོགས་པ་སྟེ། ཡི་གེ་མེད་པ་ལས། ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ཞེས་སོ། །དེ་ལྟར་ལྷུན་གྱིས་གྲུབ་པའི་སྙིང་པོའི་ངོ་བོ་ནི་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ལྟ་བུའོ། །དེའི་ངོ་བོ་ལ་རང་གནས་རང་བཞིན་གྱི་བསམ་གཏན་ནི་རིག་པ་དང་བྲལ་མ་མྱོང་བས་བཙུན་མོ་ལྟ་བུའོ། །དེའི་དོན་རྟོགས་ནས་དགོངས་པའི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་བློན་པོ་ཡུལ་འཁོར་ལ་དབང་བསྒྱུར་ནས་འདོད་པ་བསྒྲུབས་པ་ལྟ་བུའོ། །འདིའི་ཁྱད་པར་མ་ཕྱེད་ན་སྨྱོན་པ་རྡོལ་ཐབས་སུ་སྨྲ་བ་དང་ཁྱད་མེད་པའི་ཕྱིར། རང་བྱུང་གི་ཡེ་ཤེས་དུས་ཐམས་ཅད་པ་ན་རང་གནས་ལྷུན་གྲུབ་ཀྱི་ངོ་བོ་ཡུལ་ལ་མི་ལྟོས་པ་དང་། རིག་བྱེད་རྩལ་གྱི་ཡེ་ཤེས་ཡུལ་ཐོག་ཏུ་འཆར་བ་ཡུལ་ལ་ལྟོས་པ་ཅན་ཏེ། གློད་མ་ཤེས་ན་རྐྱེན་རྟོག་པ་རང་ག་མ་གཉིས་ཁྱད་པར་ཤིན་ཏུ་ཆེ་བས་ན། ནང་རང་བྱུང་ལ་ངོས་ཟིན་ནས་རྩལ་གཞི་ཐོག་ཏུ་གྲོལ་བར་འགྱུར་ཏེ། ཀ་དག་ཆོས་ཟད་ཀྱི་ངང་དུ་ལ་བཟླ་ལ། མ་ཟིན་ན་རང་བྱུང་གི་ཆ་དེ་ལུང་མ་བསྟན་ལས། རྩལ་རྟོག་པ་ཡུལ་ལ་འཇུག་པའི་ཕྱིར། དགོངས་པ་བར་མཚམས་མེད་པ་རང་བཞིན་གྱི་བསམ་གཏན་དང་བཅས་པ་རང་ངོ་ཤེས་པ་གཅེས་སོ། །འདིའི་ངོ་བོ་དང་ཁྱད་པར་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག ཡེ་ཤེས་ཡེ་ཤེས་ཞེས་བྱ་བ། །ཡེ་ཤེས་ཡེ་ནས་ཤེས་པ་ཡིན། །རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བའི་རང་བྱུང་མིན། །ཡུལ་མེད་ཙམ་ན་གསལ་མི་བྱེད། །དེས་ན་རང་བྱུང་ཡེ་ཤེས་དེས། །ཡེ་ནས་ཤེས་པའི་ཡེ་ཤེས་ཏེ། །ཡེ་ཤེས་ཞེས་ནི་དེ་ལ་བྱ། །འཁོར་གྱི་སྟོན་པའི་ཡེ་ཤེས་ནི། །ཡུལ་ལ་བརྟགས་པའི་ཡེ་ཤེས་དེས། །གང་དུ་ཡུལ་ལ་རྟོག་བྱེད་པ། །དེ་ནི་རིག་བྱེད་ཡེ་ཤེས་ཡིན། །རིག་པར་བྱ་བའི་ཡུལ་དེ་ནི། །བྱང་ཆུབ་སེམས་ལས་བྱུང་བའི་ཕྱིར། །དེ་ནི་ཡུལ་མེད་བྱང་ཆུབ་སེམས། །ཡེ་ཤེས་རང་ལས་བྱུང་བའི་ཕྱིར། །དེ་ལ་ཏིང་འཛིན་སྒོམ་མི་བྱེད། །ཏིང་འཛིན་སྒོམ་པ་མི་བྱེད་པས། །ཏིང་འཛིན་བག་ཆགས་སོག་མི་འགྱུར། །བག་ཆགས་མེད་པའི་ཆོས་ཉིད་དེ། །དུས་གསུམ་སངས་རྒྱས་དགོངས་པར་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པ་ཡུལ་ལ་མི་རྟོག་སྟེ། །མཉམ་པ་ཉིད་དུ་ཡེ་ནས་གནས། །ཞེས་སོ། །རང་བྱུང་གི་ཡེ་ཤེས་ཡུལ་ལ་མི་རྟོག་པ་དེ་ལ་རང་གནས་ཀྱི་བསམ་གཏན་མ་བྱས་ལྷུན་གྲུབ་ཏུ་ཡོད་པ་ཉིད་རྣལ་འབྱོར་པའི་བསམ་གཏན་ཡིན་ལ། ཡུལ་རྩེ་གཅིག་ཏུ་ཡིད་ལ་བྱེད་པའི་ཞི་ལྷག་འཇིག་རྟེན་བྱིས་པའི་བསམ་གཏན་ཡིན་པས། བག་ཆགས་སོག་མི་སོག་གི་ཁྱད་ཡོད་དོ། །རིག་པ་རང་གནས་ཀྱི་ངོ་བོ་ནི་བྱང་ཆུབ་ཀྱི་སེམས་ཡིན་ལ། ཆོས་ཉིད་ཀྱི་དགོངས་པ་ཞེས་བྱའོ། །ཡུལ་ལ་འཆར་བའི་ཤེས་པ་ནི་འཁོར་བའི་སེམས་ཞེས་བྱ་བས། འཛིན་པ་དང་གཟུང་བའི་རྣམ་ལྡན་དུ་སྐྱེ་བའོ། །དེ་ཡང་ངོས་ཟིན་ནས་ངང་ལ་གློད་ཤེས་དུས་རང་བྱུང་གི་རྩལ་གཞི་ལ་ཐིམ་པས། དགོངས་པ་ཆོས་ཉིད་དུ་འཆར་བའོ། །དོན་འདི་གཉིས་ཤིན་ཏུ་ཁྱད་ཆེ་བས་ཡང་བཤད་པ་ནི། དེ་ཉིད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །རང་བྱུང་ཡེ་ཤེས་ཐུགས་དེ་ལ། །ཡེ་ནས་རྟོག་པ་མེད་པའི་ཕྱིར། །སངས་རྒྱས་དགོངས་པ་མི་མཛད་དེ། །རྟོག་པའི་ཡུལ་ནི་ཀུན་དང་བྲལ། །ཤིན་ཏུ་རྣལ་འབྱོར་གང་ཟག་གང་། །སུ་ཡང་རུང་བ་དེ་ཡིས་ནི། །རྟོག་པ་མེད་ལ་གནས་གྱུར་ན། །དེ་ནི་སངས་རྒྱས་དགོངས་པ་མཛད། །རང་བྱུང་ཡེ་ཤེས་ཡུལ་ལ་མི་རྟོག་པས། །རྣམ་པར་རྟོག་པའི་བག་ཆགས་གོས་མི་འགྱུར། །ཞེས་སོ། །ཞེས་གསུངས་ཏེ། ཉི་མ་གྲུབ་དུས་འོད་གསལ་བ་ཟུར་ནས་བསྒྲུབ་མི་དགོས་པ་ལྟར་རིག་པ་གྲུབ་དུས་ཆོས་སྐུར་གྲུབ་ཟིན་པས་གསར་དུ་འབད་རྩོལ་གྱིས་ཕྱིས་བསྒྲུབ་མི་དགོས་ཏེ། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་སྣ་ཚོགས་སུ་འཆར་བ་སྐུ་གསུམ་གྱི་རང་གདངས་ལྷུན་གྲུབ་ཆེན་པོར་གནས་ལ། རིག་པའི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་གཞིའི་སྐུ་གསུམ་ལྷུན་གྲུབ་ཏུ་གནས་པའི་དབྱིངས་དང་རིག་པ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་རྫོགས་པའི་ཕྱོགས་མེད་དབྱིངས་ཀྱི་ས་གཞི་ལ་རིས་མེད་རིག་པ་རང་གསལ་གྱི་མཁར་ཞིག་གྲུབ་པ་དེའི་ནང་ན། སྙིང་པོ་མ་བཙལ་ལྷུན་གྲུབ་རང་བྱུང་གི་ཡེ་ཤེས་ཏེ་རྒྱལ་པོ་ཁྲི་ལས་མི་གཡོ་བ་ཕོ་བྲང་གི་སྙིང་བཅུད་དུ་བཞུགས་པ་ལྟ་བུ་དང་། གདན་ལ་འབྲལ་མེད་དུ་བཞུགས་པའི་རང་གནས་རང་བཞིན་གྱི་བསམ་གཏན་ནི། རིག་པའི་ངོ་བོ་དང་འབྲལ་མི་ཤེས་པས་བཙུན་མོ་དང་མཚུངས་ཤིང་། དེའི་ངོ་བོའི་དོན་ཇི་བཞིན་དུ་རྟོགས་ནས། གནས་ཀྱང་རིག་པའི་ངང་། འཕྲོས་ཀྱང་རིག་པའི་ངང་། རིག་པའི་ཡེ་ཤེས་གཅིག་གི་ངང་ལས་མ་འདས་པ་ཡིན་པས་ན། འདུ་འཕྲོ་སྣང་བའི་ཡེ་ཤེས་ཀྱི་དྲོད་རང་ཆས་སུ་གྲུབ་པ་ནི་སྲས་དང་བྲན་གཡོག་ལྟ་བུའོ། །རིག་པའི་ངང་ནས་རང་རྩལ་ཡུལ་ཐོག་ཏུ་འཕྲོ་བའི་ཤེས་པ་ནི་ཡུལ་ཁམས་སྣ་ཚོགས་ལ་དབང་སྒྱུར་བར་བྱེད་པའི་བློན་འཁོར་གྱིས་རྒྱལ་པོའི་བྱ་བ་བྱེད་པ་བཞིན་དུ་དགོངས་པ་བར་མཚམས་མེད་པའི་ཡེ་ཤེས་གཅིག་གི་རང་ངོ་ལས་མ་འདས་པ་ལ་རྒྱལ་སྲིད་འབྱོར་བས་བརྒྱན་པའི་དགོས་དགུ་ཆ་ཚང་བའི་ལྷུན་གྲུབ་ཀྱི་ཡེ་ཤེས་དེ་བསྟན་པའོ། །ཐ་མལ་རང་ག་མའི་རྣམ་རྟོག་ཡུལ་རྗེས་སུ་འབྲངས་ནས་འཁྲུལ་བ་དང་། རང་བཞིན་གྱི་བསམ་གཏན་ནང་རང་བྱུང་གི་ཡེ་ཤེས་ངོས་ཟིན་པའི་རྩལ་ཆོས་ཉིད་ཀྱི་དགོངས་པ་ལས་མ་འདས་པ་གཉིས་ཀ ཡུལ་རྗེས་སུ་འབྲངས་མ་འབྲངས་དང་། གཟུང་འཛིན་གྱི་འཁྲུལ་རྟོག་ཡིན་མིན་གྱི་ཁྱད་པར་ཆེ་ཞིང་། དེའི་དོན་འདིར་ལུང་གི་རྒྱབ་རྟེན་དང་བཅས་པས་གསལ་བར་གསུངས་པས་སེམས་རིག་གི་ཁྱད་པར་ཡང་འདིས་འབྱེད་པ་དེས་ན་འདིའི་དོན་ཐམས་ཅད་བདེ་ཆེན་ཀློང་འཁྱིལ་རང་གསལ་རྟོག་པ་མེད། །ཅེས་པ་འདིས་དོན་གྱི་འགག་བཀྲོལ་ནས་བསྟན་པའོ།།

ག༽གསུམ་པ་རིག་པའི་གཏན་ཡུལ་ངེས་པས་འགག་བསྡམས་ཏེ་བསྟན་པ།

དེ་ལྟར་དབྱིངས་འཕོ་འགྱུར་མེད་པའི་དགོངས་པ་རིག་པའི་གཏན་ཡུལ་ངེས་པ་ནི།

མི་གཡོ་བསམ་བརྗོད་འདས་པའི་ངང་ཉིད་ལས།།

སྣང་སྲིད་སྣོད་བཅུད་ཀུན་ལ་མངའ་དབང་བསྒྱུར།།

ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེའོ།།

ཞེས་བྱ་བ་ནི་དོན་བསྡུ་བ་སྟེ། རང་བྱུང་གི་ཡེ་ཤེས་རང་གནས་ཀྱི་ངང་དང་། ངང་ལས་ཤར་བའི་དབང་པོ་ལྔའི་ཤེས་པ་རང་སངས་རང་གྲོལ་ལ་སོང་བ་ཡང་ཆོས་ཉིད་ལས་མ་གཡོས་པས། སྣང་སྲིད་ཆོས་སྐུའི་ཞིང་ཁམས་སུ་ཤར་བ་སྟེ། འདས་རྗེས་ལས། ཡིན་པ་གྲུབ་པ་མེད་པའི་རིག་པ་འདི། །རང་སྣང་འཆར་ཚུལ་ཅིར་ཡང་མ་འགགས་པས། །སྣང་སྲིད་ཀུན་ཀྱང་ཆོས་སྐུའི་ཞིང་དུ་ཤར། །ཤར་བ་དེ་ཉིད་རང་གི་ཐོག་ཏུ་གྲོལ། །ཞེས་པ་དང་། ཀུན་བྱེད་ལས། མི་རྟོག་པ་ཡི་རང་བྱུང་ཡེ་ཤེས་ལྔ། །སེམས་ཀྱི་རང་བཞིན་དབང་པོ་སྒོ་ལྔར་བཤད། །རང་བྱུང་ཡེ་ཤེས་དེ་ལ་འགག་པ་མེད། །བྱང་ཆུབ་སེམས་ཀྱི་ངོ་བོ་མངོན་སྣང་ལ། །རང་བྱུང་ཡེ་ཤེས་མི་འགག་སོ་སོར་གསལ། །ཞེས་སོ། །ནམ་མཁའ་ལ་སྣོད་བཅུད་ཤོང་བ་བཞིན་དུ་རིག་ངོ་ལ་འཁོར་འདས་ཤོང་བས། མི་གཡོ་བསམ་བརྗོད་ལས་འདས་པའི་རང་བྱུང་ཡེ་ཤེས་རང་གནས་ཀྱི་ངང་དྲན་རྟོག་བསམ་བརྗོད་དང་བྲལ་བའི་མི་རྟོག་ནམ་མཁའི་དཀྱིལ་ལྟ་བུ་ལ་ཅོག་བཞག་བྱས་པས་རིག་པ་སྟོང་གསལ་ཆེན་པོ་ལྷུན་གྱིས་གྲུབ་ནས། སྣོད་བཅུད་ཀུན་ལ་མ་ཁྱབ་པར་མེད་པའི་མངའ་དབང་བསྒྱུར་ཚེ་རིག་པ་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་ངང་དེ་ལས་འཁོར་འདས་ཀྱི་ཆོས་ཐམས་ཅད་མ་གཡོས་པས་ན། ཆོས་དབྱིངས་ཡངས་པའི་ཡུལ་ཁམས་སམ་ཀུན་ཏུ་བཟང་པོ་བྱ་བྲལ་ལྷུན་གྱིས་གྲུབ་པའི་དབྱིངས་རྒྱ་ཆེ་བའོ། །སྤྱིར་རིག་པའི་རང་ངོ་གང་དུའང་མ་གྲུབ་པ། གང་དུའང་མི་རྟོག་པ། གང་ལའང་མི་གནས་པ་སྟེ། འདི་ལ་བྱང་ཆུབ་ཀྱི་སེམས་དང་། དོན་དམ་པའི་བདེན་པ་དང་། རང་བྱུང་གི་ཡེ་ཤེས་དང་། ཆོས་ཀྱི་སྐུ་ལ་སོགས་པར་མིང་མང་པོ་བཏགས་ཏེ། གསལ་བ་དང་། སྟོང་པ་ལ་སོགས་པའི་ཆའི་ལྡོག་པ་ཕྱོགས་རེ་ལ་ཕྱེ་བར་ཟད་དོ། །དོན་ལ་རིག་པ་གྲུབ་བསལ་མེད་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བྱེད་ང་ཡི་རང་བཞིན་གཅིག་པུ་ལ། །འཁོར་གྱི་འདོད་པ་རྣམས་ཀྱིས་མིང་བཏགས་པ། །ལ་ལས་བྱང་ཆུབ་སེམས་སུ་མིང་བཏགས་ལ། །ལ་ལས་ནམ་མཁའི་ཁམས་སུ་མིང་ཡང་བཏགས། །ལ་ལས་རང་བྱུང་ཡེ་ཤེས་མིང་ཡང་བཏགས། །ལ་ལས་ཆོས་ཀྱི་སྐུ་རུ་མིང་ཡང་བཏགས། །ལ་ལས་ལོངས་སྤྱོད་རྫོགས་པར་མིང་ཡང་བཏགས། །ལ་ལས་སྤྲུལ་པའི་སྐུ་རུ་མིང་ཡང་བཏགས། །ལ་ལས་ཐམས་ཅད་མཁྱེན་པར་མིང་ཡང་བཏགས། །ལ་ལས་རྣམ་པ་ཐམས་ཅད་མིང་ཡང་བཏགས། །ལ་ལས་ཡེ་ཤེས་བཞི་དང་གསུམ་དུ་བཏགས། །ལ་ལས་ཡེ་ཤེས་ལྔ་རུ་མིང་ཡང་བཏགས། །ལ་ལས་དབྱིངས་དང་ཡེ་ཤེས་མིང་བཏགས་པ། །རང་བྱུང་བྱང་ཆུབ་སེམས་ནི་གཅིག་ལ་བཏགས། །རང་བྱུང་ང་ལ་མཐོང་ཚོད་སྨྲས་པ་ཡིན། །ཞེས་སོ། །འདི་ལ་བསལ་བྱ་ཅི་ཡང་མེད། །བཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་ལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཞེས་གསུངས་པ་ལྟར་དུ་རིག་པ་བསལ་བཞག་བྱ་རྩོལ་བྲལ་བའི་ངོ་བོ་དེ་འདི་ཞེས་མཚོན་ཐབས་མེད་ཅིང་མཚོན་པར་བྱར་མེད་པ་དེ་བརྗོད་མེད་རྗོད་པའི་སྒྲ་ཡིས་མཚོན་པར་བྱས་ཏེ་ཕྱོགས་ཆ་རེ་རེ་ནས་བཏགས་པའི་མིང་གི་བརྡ་ཆད་ཀྱིས་མཚོན་པར་བྱེད་ཀྱང་། དོན་དུ་མཚན་མ་གང་དུ་ཡང་མ་གྲུབ་པ། རྣམ་པ་གང་དུ་ཡང་མི་རྟོག་པ། ཡུལ་གང་ལ་ཡང་མི་གནས་པ་ཡིན་པར་བསྟན་ཏོ།།

ང༽བཞི་བ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ།

དེ་ལྟ་བུའི་དོན་དེ་ཆོས་ཉིད་བྱང་ཆུབ་ཀྱི་སེམས་སུ་བདེ་ཀློང་གཅིག་ཏུ་འཁྱིལ་བར་བསྟན་པ་ནི། ཞེས་མཚམས་སྦྱར་ནས།

ཡུལ་དེར་གནས་ན་ཀུན་ཀྱང་ཆོས་ཀྱི་སྐུ།།

རང་བྱུང་ཡེ་ཤེས་གཅིག་ལས་མ་གཡོས་པར།།

མ་བྱས་ཡེ་ཟིན་རྩོལ་སྒྲུབ་འདས་པ་ཉིད།།

གྲྭ་ཟུར་མེད་པའི་ཐིག་ལེ་ཟླུམ་པས་ན།།

ཇི་བཞིན་དབྱེ་བསལ་མེད་པའི་ཀློང་དུ་འཁྱིལ།།

ཞེས་གསུངས་ཏེ། རིག་པ་དྲི་མ་མེད་པའི་ངོ་བོ་ནི་ཆོས་སྐུ་ཐིག་ལེ་ཉག་གཅིག་ཏུ་ཡེ་ནས་གནས་པ་སྟེ། བྱ་རྩོལ་བསམ་ཡུལ་ལས་འདས་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། མུ་ཏིག་ཕྲེང་བ་ལས། ཀུན་གཞི་ཆོས་སྐུར་རང་ཤར་བས། །བརྒྱུད་པའི་རྩ་བ་རྩད་ནས་བཅད། །ཡིད་བཞིན་དགོངས་པར་ཡེ་གནས་པས། །འགྱུ་བྱེད་རྣམས་ནི་རང་གཞག་ཡིན། །དབུགས་ནི་ཡེ་ནས་རྒྱུན་ཆད་པས། །སྐྱེ་ཤི་གདོད་ནས་ཡོད་པ་མིན། །འདོད་པའི་ཡོན་ཏན་ཡེ་རྫོགས་པས། །ཞེན་པའི་མཐའ་ནི་སྒོམ་པ་ཉིད། །ཡན་ལག་མ་བསྐྱོད་ཡེ་ཕྱིན་པས། །འགྲོ་བའི་ལམ་ཉིད་ཡེ་ནས་བགྲོད། །སྨྲས་པའི་ངག་ནི་བརྗོད་མེད་པས། །ཡེ་ནས་སྨྲ་བསམ་ཡུལ་ལས་འདས། །བསམ་པའི་འཕྲོ་འདུ་ཡེ་སྟོང་པས། །ཡེ་ནས་བསམ་གཏན་ཆེན་པོར་གནས། །དྲི་མ་རྣམས་ནི་རང་དག་པས། །དྲི་མེད་ཟང་ཐལ་ཆེན་པོར་གནས། །བྱས་པ་བྱུང་བ་མེད་པའི་ཕྱིར། །ཐོག་མ་ཉིད་ནས་བྱ་བྱེད་བྲལ། །གཞི་ནས་གཞན་བྱུང་ཆོས་མེད་པས། །གདོད་ནས་རང་བྱུང་ཉག་གཅིག་གོ །གཅིག་དང་གཉིས་ཀྱི་གྲངས་ཟད་པས། །ཐིག་ལེ་ཟླ་དང་བྲལ་བ་ཉིད། །མུན་པ་གདོད་ནས་རྣམ་དག་པས། །རིག་པའི་སྣང་བ་འོད་གསལ་ཁྱབ། །འཁོར་བ་འགྱུར་མེད་འགགས་ཟིན་པས། །ཡེ་ནས་ལྷུན་རྫོགས་སངས་རྒྱས་པ། །མཚན་མའི་དངོས་པོ་སྟོང་སངས་པས། །བདག་འཛིན་བློ་ནི་ཡེ་ནས་ཟད། །ཅེས་སོ། །གོང་དུ་བསྟན་པའི་ཆོས་དབྱིངས་ཡངས་པའི་ཡུལ་ཁམས་རྒྱ་ཆེ་བ་ཕྱོགས་དང་རིས་སུ་མ་ཆད་པ་དེར། དབྱིངས་རིག་ཐ་མི་དད་པ་རོ་གཅིག་ཏུ་གནས་པ། སྟོང་པ་རིག་པའི་སྙིང་པོ་ཅན་སྟོང་གསལ་འགག་མེད་རང་ཆས་སུ་བཞུགས་པའི་ཆོས་སྐུའི་ཡེ་ཤེས་རང་བྱུང་ལྷུན་གྱིས་གྲུབ་པ། གཅིག་པུ་གཉིས་སུ་མེད་པ་དེའི་ངང་ལས་མ་གཡོས་པ་དེ་ཉིད། བྱས་ཆོས་བྱ་བ་ལ་མ་ལྟོས་པའི་མ་བྱས་ཡེ་ཟིན་རྩོལ་སྒྲུབ་ལས་འདས་པ་ཡིན་ལ། གལ་ཏེ་ཕྱོགས་ཀྱི་གྲྭ་དང་མཐའ་ཡི་ཟུར་ཡོད་ན་དངོས་པོ་དང་མཚན་མ་ལས་མ་འདས་ཤིང་། དངོས་པོ་དང་མཚན་མའི་ཆོས་ཐམས་ཅད་ནི་རྩོལ་སྒྲུབ་ལས་མ་འདས་པས། ཆོས་ཀྱི་དབྱིངས་སྟོང་གསལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཟླུམ་པས་ན། གདོད་ནས་དག་པའི་དབྱིངས་གཅིག་གི་ངང་དུ་ཇི་བཞིན་དབྱེ་བསལ་མེད་པའི་བདེ་ཀློང་གཅིག་ཏུ་འཁྱིལ་བ་ཡིན་པས། ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས་པར་བསྟན་པའོ།།

ཅ༽ལྔ་བ་རིག་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་ཆོས་ཐམས་ཅད་རོ་གཅིག་པར་བསྟན་པ།

རོ་གཅིག་པར་དོན་བསྡུས་པས་རིག་པའི་ངང་དུ་འཁོར་འདས་འུབ་ཆུབ་པར་བསྟན་པས་སེམས་ཉིད་སྐུ་གསུམ་དུ་འགག་བསྡམས་ཤིང་འགྲོ་དྲུག་ཞིང་སྣང་དུ་ཤར་བ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་བསྡམས་པ་སྟེ། དེ་ལྟར་རིག་པའི་ངོ་བོ་བྱང་ཆུབ་ཀྱི་སེམས་སུ་ཆོས་ཐམས་ཅད་རོ་གཅིག་པར་བསྟན་པ་ནི།

འགྲོ་དྲུག་གནས་དང་སངས་རྒྱས་ཞིང་ཁམས་ཀྱང་།།

གཞན་ན་མེད་དེ་ཆོས་ཉིད་ནམ་མཁའི་ངང་།།

རང་གསལ་བྱང་ཆུབ་སེམས་སུ་རོ་གཅིག་པས།།

རིག་པའི་ངང་དུ་འཁོར་འདས་འུབ་ཆུབ་བོ།།

ཞེས་གསུངས་ཏེ། རྨི་ལམ་གཉིད་དུ་ངང་གཅིག་པ་ལྟར་ཆོས་སོ་ཅོག་རིག་པའི་ངང་དུ་རོ་གཅིག་པས། རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ་ནི། དེ་ཡང་ལུང་གིས་གོ་བར་མཛད་པ་ནི། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །སྒྲ་ཚིག་ཇི་ལྟར་གྲགས་པ་ཐམས་ཅད་ཀུན། །ང་ཡི་དོན་ཉིད་ཚིག་སྒྲར་ཕྱུང་བ་ཡིན། །སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཞེས་སོ། །རིག་པ་སྟོང་གསལ་ནམ་མཁའ་ལྟ་བུ་རྣམ་པ་ཀུན་ལྡན་གྱི་སྟོང་ཆེན། རྣམ་ཀུན་མཆོག་ལྡན་གྱི་འོད་གསལ། གདོད་ནས་དག་པ་ཆོས་སྐུའི་ངང་ལས། རང་སྣང་གི་རྩལ་མ་དག་པ་ལྟར་ཤར་བ་འཁོར་གནས་འགྲོ་བ་རིགས་དྲུག་དང་། དག་པ་ལྟར་ཤར་བ་སངས་རྒྱས་ཀྱི་ཞིང་ཁམས་ཏེ་བཟང་ངན་ཅིར་སྣང་ཡང་། གཞི་སྣང་རིག་པའི་ངང་ལས་གཡོས་པ་མེད་པས་རྨི་ལམ་བཟང་ངན་ཐམས་ཅད་གཉིད་གཅིག་གི་ངང་ལས་མ་འདས་པ་བཞིན་དུ། རྩ་བ་རང་གསལ་བྱང་ཆུབ་ཀྱི་སེམས་རིག་པའི་ངང་དུ་འཁོར་འདས་གཉིས་ཀ་ཆུ་བརྒྱ་ཟམ་འོག་གཅིག་ལ་འདུས་པ་ལྟར་དུ་ཐ་དད་རོ་མཉམ་གཅིག་ཏུ་འུབ་ཏུ་འདུས་ནས་ཆུབ་པའོ།།

༼ག༽བཞི་བ་དེ་ལྟ་བུའི་ངང་དུ་ཆོས་ཐམས་ཅད་རྫོགས་པར་བསྟན་པས་འགག་བསྡུ་བ།

དེ་ལ་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་མ་བཙལ་ལྷུན་གྲུབ་ཆེན་པོར་གནས་པ་དང་གཅིག བྱང་ཆུབ་སེམས་ཀྱི་དབྱིངས་ན་འགྲོ་དྲུག་ཞིང་སྣང་དུ་ཤར་བ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པ་དང་གཉིས་ལས།

༼ཀ དང་པོ་མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་མ་བཙལ་ལྷུན་གྲུབ་ཆེན་པོར་གནས་ཚུལ་བསྟན་པ།

དེ་ལྟ་བུའི་ངང་དུ་ཆོས་ཐམས་ཅད་རྫོགས་པའི་ཕྱིར། མྱ་ངན་ལས་འདས་པའི་ཆོས་རྣམས་ཀྱང་མ་བཙལ་ལྷུན་གྲུབ་ཆེན་པོར་གནས་ཏེ།

ཐམས་ཅད་ཀུན་འབྱུང་ཆོས་དབྱིངས་མཛོད་འདི་ན།།

འདས་པ་མ་བཙལ་ཡེ་ནས་ལྷུན་གྲུབ་པས།།

ཆོས་སྐུ་མི་འགྱུར་ཡུལ་མེད་ཀུན་འབྱམས་ལ།།

ཕྱི་ནང་སྣོད་བཅུད་སྣང་བ་ལོངས་སྤྱོད་རྫོགས།།

གཟུགས་བརྙན་ལྟ་བུར་རང་ཤར་སྤྲུལ་པའི་སྐུ།།

སྐུ་གསུམ་རྒྱན་དུ་མ་རྫོགས་ཆོས་མེད་པས།།

ཐམས་ཅད་སྐུ་གསུང་ཐུགས་ཀྱི་རོལ་བར་ཤར།།

བདེ་གཤེགས་ཞིང་ཁམས་མ་ལུས་གྲངས་མེད་ཀྱང་།།

ཉིད་ལས་བྱུང་བས་སེམས་ཉིད་སྐུ་གསུམ་ཀློང་།།

ཞེས་གསུངས་ཏེ། འདི་ལྟར་ཆོས་ཐམས་ཅད་ནི་ཡེ་ནས་སྟོང་པ་ཆེན་པོའི་ཆོས་ཀྱི་སྐུ་དང་། རང་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ་དང་། སྣ་ཚོགས་སུ་མ་འགགས་པར་ཤར་བ་སྤྲུལ་པའི་སྐུ་དང་། དག་པའི་ཞིང་ནས་སེམས་ཅན་གྱི་དེད་དཔོན་དམ་པར་བྱོན་པ་རྣམས་ཀྱང་སྐུ་གསུམ་གྱི་རང་བཞིན་ཏེ། རིག་པ་བྱང་ཆུབ་ཀྱི་སེམས་སུ་རང་རྫོགས་པའི་ཕྱིར་ན། མ་བཙལ་ལྷུན་གྱིས་གྲུབ་པའི་ངོ་བོར་གནས་པ་ནི། ལུང་གིས་གསལ་བ་བྱེད་པ། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་སྟེ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །སྐུ་གསུམ་ཀུན་བྱེད་ང་རུ་བསྡུས་པ་དེ། །ཇི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རང་བཞིན་ངོ་བོ་ཐུགས་རྗེ་མ་བཅོས་གསུམ། །སྐུ་གསུམ་ང་ཡི་དེ་བཞིན་ཉིད་དུ་བསྟན། །ང་དང་ང་ཡི་དེ་བཞིན་ཉིད་ལས་ནི། །སངས་རྒྱས་ཞེས་བྱའི་ཡོན་ཏན་སྒྲོས་ཀྱང་མེད། །སེམས་ཅན་ཞེས་བྱའི་སྐྱོན་གྱིས་སྐུར་བ་མེད། །མི་རྟོག་མཉམ་པ་ཉིད་དུ་དེ་བཞིན་གནས། །འདི་ལས་མ་གཏོགས་པ་ནི་གཞན་མེད་པས། །སངས་རྒྱས་རྣམས་ཀྱིས་འདི་ལས་ལྷག་པ་ཡི། །ཀུན་བྱེད་ང་ལ་དེས་ལུང་མནོས་པ་མེད། །ཅེས་སོ། །ནོར་བུ་བཻཌཱུརྱ་གཅིག་ཉི་མ་དང་ཟླ་བ་ཤར་བའི་རྐྱེན་སོ་སོའི་མེ་དང་ཆུར་འབྱུང་བ་ལྟར། རིག་པ་གཅིག་ཉིད་རང་ངོ་མ་ཤེས་པས་འཁོར་བ་དང་ཤེས་པས་མྱ་ངན་ལས་འདས་པའི་སྣང་བ་སོ་སོར་ཤར་ཡང་། རིག་པ་གཅིག་གི་རོལ་བའམ་འཆར་ཚུལ་ལས་ངོ་བོ་ཐ་དད་པ་མེད་པའི་ཆོས་དབྱིངས་ཀྱི་མཛོད་འདི་ན། འདས་པའི་དུས་ཤིག་ལ་བསྒྲུབས་པའི་བྱ་རྩོལ་གྱི་ཆོས་ཅན་མ་ཡིན་པར་མ་བཙལ་བཞིན་དུ་ཡེ་ནས་ལྷུན་གྲུབ་ཏུ་ཡོད་པ་ནི་ཆོས་ཐམས་ཅད་ཡེ་ནས་སྟོང་པ་ཆེན་པོའི་ཆོས་ཀྱི་སྐུ་ཡུལ་མེད་ཀུན་ཁྱབ་ཡེ་ཤེས་ཀྱི་སྐུ་ཅན། ཕྱི་ནང་སྣོད་བཅུད་དུ་སྣང་བ་ནི་རང་སྣང་འགག་མེད་རིག་པ་འོད་ཀྱི་སྐུ་ཅན་སྟོང་པ་གསལ་བའི་སྙིང་པོ་ཅན་དུ་རང་ཤར་བ་ལོངས་སྤྱོད་རྫོགས་སྐུ། སྣ་ཚོགས་མ་འགགས་གཟུགས་བརྙན་ལྟ་བུ་རང་ཤར་བ་གདུལ་བྱའི་སྣང་ངོར་གང་འདུལ་ཆུ་སྣོད་ལ་ཟླ་གཟུགས་ཤར་བ་ལྟར་དུ་སྣང་བ་སྤྲུལ་བའི་སྐུ་སྟེ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྐུ་གསུམ་གྱི་རང་བཞིན་དག་པའི་ཞིང་དུ་ཤར་བའི་སྐུ་གསུམ་གྱི་རང་བཞིན་ཡིན་པས་མ་ཚད། འཁོར་བ་ཤར་བའི་གནས་སྐབས་ན་ཡང་སྐུ་གསུམ་མམ་སྐུ་གསུང་ཐུགས་ཀྱི་རོལ་བ་ཡིན་ཕྱིར་ཐམས་ཅད་སྐུ་གསུམ་དུ་འདུས་པའོ།།

༼ཁ གཉིས་པ་བྱང་ཆུབ་སེམས་ཀྱི་དབྱིངས་ན་འགྲོ་དྲུག་ཞིང་སྣང་དུ་ཤར་བ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པ།

དེ་ལྟར་བྱང་ཆུབ་སེམས་ཀྱི་དབྱིངས་ན་འགྲོ་དྲུག་ཞིང་སྣང་དུ་ཤར་བ་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཏུ་ཟླུམ་པ་ནི།

འཁོར་བའི་རང་བཞིན་འགྲོ་དྲུག་གྲོང་ཁྱེར་ཀྱང་།།

ཆོས་དབྱིངས་ངང་ནས་གཟུགས་བརྙན་ཤར་བ་ཙམ།།

སྐྱེ་ཤི་བདེ་སྡུག་སྣ་ཚོགས་སྣང་བ་ཡང་།།

སེམས་ཉིད་ཀློང་འདིར་སྤྲུལ་པའི་ལྟད་མོ་བཞིན།།

མེད་ལ་ཡོད་ལ་སྣང་ལ་གཞི་མེད་པས།།

མཁའ་ལ་སྤྲིན་བཞིན་གློ་བུར་རྐྱེན་འབྱུང་ཙམ།།

ཡོད་མིན་མེད་མིན་རང་བཞིན་མཐའ་འདས་པས།།

སྤྲོས་བྲལ་ཐིག་ལེའི་ངང་དུ་འུབ་ཆུབ་བོ།།

ཞེས་གསུངས་ཏེ། སྣང་ཞིང་སྲིད་པའི་ཆོས་དང་། ཁྱད་པར་དུ་འཁྲུལ་སྣང་འགྲོ་བ་རིགས་དྲུག་གི་རང་བཞིན་འདི་དག་རང་བཞིན་མེད་པའི་སྟོང་གཟུགས་རྨི་ལམ་གྱི་དུས་ན་སྒྱུ་མའི་ལྟད་མོ་མཐོང་བ་ལྟར་མ་རྟོགས་པའི་སྐྱེ་བོ་ལ་ཉིང་འཁྲུལ་དུ་སྣང་བ། རྣལ་འབྱོར་པ་ལ་སྒྱུ་མ་ཙམ་དུ་ཤར་བ་སྟེ། མེད་པ་གསལ་སྣང་གློ་བུར་བའི་རང་བཞིན་འདི་མ་རྟོགས་པའི་རྐྱེན་ཅུང་ཟད་ཀྱིས་ཤར་ཡང་། ངོ་བོ་དང་རང་བཞིན་མེད་པ། མིག་སྔགས་ལས་མིག་འཕྲུལ་དུ་སྣང་བའི་གཟུགས་བརྙན་ལྟ་བུ་སྟེ། མ་བརྟགས་གཅིག་པུར་ཉམས་དགའ་བ་ཉིད། བརྟགས་ན་ངོ་བོ་ཉིད་ཀྱིས་དབེན་པ་ནི། ལུང་གིས་འགྲེལ་བ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །སྒྱུ་མའི་ཆུ་སྟེ་གཟུགས་ལས་བྱུང་བ་ཡི། །སྙིང་པོ་བརྒྱ་དང་བརྟག་དཔྱད་ཡིད་ཟད་དོ། །ཞེས་པ་དང་། ཀུན་བྱེད་ལས། འགྲོ་བ་དྲུག་ཅེས་མིང་ཙམ་བཏགས་པས་སྟོང་། །ཞེས་སོ། །གསེར་གྱི་ངོ་བོ་གཅིག་ལ་སྐུ་གཟུགས་བྱས་པ་ངོ་མཚར་བ་དང་། རྒྱན་དང་གདུ་བུར་བྱས་པས་མཛེས་པ་དང་། ཆོལ་ཟངས་ཀྱི་སྣོད་དུ་བྱས་པས་བཙོག་པར་འཛིན་ཀྱང་། ངོ་བོ་ལ་གསེར་གྱི་དབྱིངས་སུ་གཅིག་སྟེ། གསེར་གྱི་ཁམས་ལ་བཟང་ངན་མེད་པ་ལྟར། གཅིག་ལས་ཀུན་འབྱུང་ལྷུན་གྲུབ་རིན་པོ་ཆེའི་གཞི་དག་པ་ཆེན་པོ་གཅིག་ལས། འཆར་ཚུལ་དྲུག སྒོ་གཉིས་དང་བརྒྱད་ཀྱི་ཚུལ་དུ་བྱུང་བའི་སྐབས་སུ་རང་སྣང་ཡིན་ལུགས་གཅིག་ལ་ལྟ་ལུགས་མ་འདྲ་བའི་མཐོང་སྣང་གིས་འཁོར་འདས་ཀྱི་ལམ་སོ་སོར་གྱེས་པ་བཞིན་དུ། ད་ལྟ་སྣང་བཞིན་པའི་འགྲོ་དྲུག་གི་གྲོང་ཁྱེར་འདི་དག་ཀྱང་། མ་དག མ་དག་དག་པ་དང་། ཤིན་ཏུ་དག་པའི་གཟིགས་ཚུལ་ལྟར་དུ་སྣང་ལུགས་འཁྲུལ་དང་མ་འཁྲུལ་སྣ་ཚོགས་སུ་སྣང་ཡང་། དོན་དུ་ཆོས་དབྱིངས་ཀྱི་ངང་ལས་གཟུགས་བརྙན་ཤར་བ་ཙམ་དུ། སྐྱེ་ཤི་བདེ་སྡུག་ལ་སོགས་པའི་སྣང་བ་ཐམས་ཅད་ཀྱང་། སེམས་ཉིད་ཆོས་སྐུའི་དགོངས་པའི་ཀློང་ནས་གཞལ་ཡོང་ན་སྤྲུལ་བའི་ལྟད་མོ་དང་སྒྱུ་མའི་སྣང་བ་བཞིན་དུ་མེད་ལ་ཡོད་ལ་སྣང་ལ་གཞི་མེད་པས་ནམ་མཁའི་འཇའ་ཚོན་དང་བར་སྣང་གི་སྤྲིན་བཞིན་དུ་མཐའ་བཞི་འམ་བརྒྱད་ཀྱི་སྤྲོས་པ་ལས་འདས་པས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཆོས་དབྱིངས་གཅིག་གི་ངང་དུ་ཡང་འུབ་ཆུབ་པར་བསྟན་པའོ། །སེམས་ཅན་དུ་འཇོག་པའང་ལས་དང་ཉོན་མོངས་པ་ཡིན་ཏེ། དེ་ཡང་དཔྱད་ན་གཞི་མེད་པས་གཅིག་དང་དུ་མའི་མཐའ་དང་བྲལ་ཞིང་། ངོ་བོ་ཉིད་ཀྱིས་དབེན་པ་སྟེ། ཁྱུང་ཆེན་ལས། གཞི་ནས་འདོད་པ་མི་སྲིད་སེམས་འདི་ལ། །རྣམ་སྨིན་བག་ཆགས་གཞི་མེད་སུ་ལ་བརྟེན། །ནམ་མཁའི་མེ་ཏོག་སྐྱེ་བའི་གནས་མེད་རྟེན་བྲལ་ལྟར། །ལུས་ལ་སེམས་ཀྱི་གནས་མེད་བག་ཆགས་རྟེན་མི་སྲིད། །ཅེས་པ་དང་། མུ་ཏིག་ཕྲེང་བ་ལས། སེམས་ཅན་ཉོན་མོངས་ལྔ་ཉིད་ནི། །དོན་ལ་ཡོད་པ་མ་ཡིན་ཏེ། །ནམ་མཁའ་ལ་ནི་སྤྲིན་བཞིན་དུ། །གློ་བུར་རྐྱེན་དང་བཅས་པ་ཉིད། །སྤྲིན་དེ་ནམ་མཁའ་ཉིད་ལས་བྱུང་། །དེ་བཞིན་ནམ་མཁར་ཐིམ་ཤེས་ན། །དབྱེར་མེད་གཅིག་གི་ངང་ཞེས་བྱ། །དེ་བཞིན་ཉོན་མོངས་དྲི་མ་ཉིད། །རང་བྱུང་རང་ཞི་ཉིད་ཤེས་ན། །སེམས་ཅན་འཆིང་བར་ག་ལ་འགྱུར། །ཞེས་པ་དང་། རྣམ་འགྲེལ་ལས་ཀྱང་། སེམས་ཀྱི་རང་བཞིན་འོད་གསལ་བ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་བཤད་པ་ལྟ་བུའོ། །སེམས་ཅན་ཞེས་པ་ཡང་གཞི་གཅིག་ལས་གཞི་སྣང་ཤར་དུས་ང་མེད་ལ་ང་དང་བདག་མེད་ལ་བདག་ཏུ་བཟུང་ནས། སྲིད་རྩ་བདག་འཛིན་མ་རིག་པའི་དབང་གིས་གཟུང་འཛིན་རྒྱང་ཆད་དུ་སོང་། ཆགས་སྡང་རྨོངས་གསུམ་གྱིས་འཁྲུལ་བའི་གཞན་དབང་དུ་གྱུར་པ་ཙམ་ཞིག་ཡིན་པས། ལས་དང་ཉོན་མོངས་པ་ཡང་དཔྱད་ན་གཞི་མེད་པ། དུག་ལྔ་ཡེ་ཤེས་ལྔ་ཡི་རྩལ་ལས་ཤར་བ་གཞི་མེད་གློ་བུར་གྱི་རྐྱེན་བྱུང་། གཅིག་དང་དུ་མའི་མཐའ་དང་བྲལ་བ། བཅིངས་པ་ཡེ་ནས་མེད་པས་ན་དགྲོལ་བ་གསར་དུ་མ་དགོས་པ་ལྟ་བུ་ཡིན་ནོ།།

༼ང༽དེ་དག་གི་དོན་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་སུ་བསྡུ་བ།

དེ་ཡན་ཆད་ཀྱིས་སྣང་སྲིད་ཞིང་ཁམས་སུ་ཤར་བའི་ལེའུའི་དབྱིངས་དང་དབྱིངས་སྣང་ཞིང་ཁམས་སུ་ཤར་བའི་ནང་གསེས་ཀྱི་དབྱེ་བ་འགག་བསྡུ་བ་དང་བཅས་པ་སོང་ནས། ད་ནི་དེ་དག་གི་དོན་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་སྙིང་པོའི་དབྱིངས་སུ་བསྡུ་བ་ནི།

སེམས་ཉིད་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ།།

མཁའ་ལྟར་དག་པས་སྐྱེ་ཤི་བདེ་སྡུག་མེད།།

དངོས་པོ་རིས་མེད་འཁོར་འདས་ཆོས་ལས་གྲོལ།།

འདི་ཞེས་མི་མཚོན་མཁའ་ཀློང་རབ་ཡངས་པས།།

མི་འགྱུར་མི་འཕོ་ལྷུན་གྲུབ་འདུས་མ་བྱས།།

འོད་གསལ་རྡོ་རྗེ་སྙིང་པོར་སངས་རྒྱས་པས།།

ཐམས་ཅད་ཀུན་ཀྱང་རང་བྱུང་བདེ་བའི་ཞིང་།།

ལྷུན་མཉམ་བྱང་ཆུབ་མཆོག་གི་ངང་ཉིད་དོ།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ནམ་མཁའ་ལྟ་བུའི་རང་བཞིན་འཕོ་འགྱུར་མེད་པ་ནི་ཇི་བཞིན་པའི་ངོ་བོ་སྟེ། དེའི་ངང་དུ་འཁོར་འདས་ཡེ་ནས་གྲོལ་ཟིན་པས། རྡོ་རྗེ་སྙིང་པོར་སངས་རྒྱས་ཏེ། ལྷུན་མཉམ་བྱང་ཆུབ་མཆོག་གི་རང་བཞིན་དུ་བསྟན་པ་ནི། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་པ་དང་། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་སྒྲུབ་མ་བྱེད་པར། །མི་རྟོག་ཅིར་མི་དགོངས་ལ་མཉམ་པར་ཞོག །ཅེས་སོ། །རྒྱུད་འདིར་ནི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་པའི་མཐའ་དང་བྲལ་བ་ལ་བྱང་ཆུབ་ཀྱི་སེམས་ཟེར་ལ། ཚིགས་སུ་བཅད་པ་བསྡེབས་པའི་ངོར་སེམས་ཞེས་ཀྱང་བཤད་དེ། སེམས་ལས་མ་གཏོགས་པ་ཡི་སངས་རྒྱས་ནི། །ཀུན་བྱེད་ང་ཡིས་བསྟན་པར་གྱུར་པ་མེད། །ཅེས་པ་བཞིན་ནོ། །ཡུལ་ལ་འཕྲོ་བའི་སེམས་ནི་རིག་བྱེད་རྩལ་ལམ་རོལ་བའི་སེམས་ཞེས་བྱའི། བྱང་ཆུབ་ཀྱི་སེམས་དངོས་མ་ཡིན་པས། འདི་གཉིས་ཀྱི་བྱེ་བྲག་ཤེས་པ་གལ་ཆེའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། སྣང་སྲིད་ཞིང་ཁམས་སུ་ཤར་བ་སྟེ། ལེའུ་གཉིས་པའི་འགྲེལ་པའོ།། །།སེམས་ཀྱི་ཆོས་ཉིད་དམ་རིག་པའི་ངོ་བོ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ཉིད་སྟོང་གསལ་ཆོས་ཉིད་ཡངས་པ་ཆེན་པོ། ཕྱོགས་དང་རིས་མེད་པའི་ནམ་མཁའ་ལྟ་བུ་དག་ཅིང་འཕོ་འགྱུར་མེད་པ་ཡིན་པས་ན། འཁྲུལ་སྣང་འཁོར་བའི་གྲོང་ཁྱེར་གྱི་སྐྱེ་ཤི་བདེ་སྡུག་སྣ་ཚོགས་སུ་སྣང་བ་ཡང་དོན་ལ་མེད་པས། འཁོར་བ་མེད་ལ་མྱང་འདས་ཀྱང་མེད་ལ། འཁོར་འདས་ཡེ་ནས་དབྱིངས་རྡོ་རྗེ་སྙིང་པོར་གྲོལ་ཟིན་དུ་ཡོད་པའི་རང་བཞིན། ཀུན་བྱེད་ལས་བྱང་ཆུབ་སེམས་ཞེས་གསུངས་པ་འདི་སེམས་ཉིད་རང་བྱུང་གི་ཡེ་ཤེས་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་དེ་ལ་གོ་དགོས་ཤིང་། སྐབས་རེར་ཚིག་སྦྱོར་སྡེབ་པའི་ཚིག་སྡུད་ཀྱིས་སེམས་རྐྱང་པར་གསུངས་ནས་གོ་བར་མཛད་པའང་ཡོད་ལ། སེམས་ཆེན་པོ་ཞེས་སངས་རྒྱས་ཀྱི་ཡེ་ཤེས་མཚོན་པར་བྱེད་པའི་སྐབས་མདོ་རྒྱུད་གཉིས་ཀའི་ནང་ནའང་ཡོད་ཅིང་། གང་ལྟར་ཡང་དངོས་པོའི་རིས་མེད་པ་འཁོར་འདས་གཉིས་ཀྱིས་ཆོས་ལས་གྲོལ་བ་ལ་ཚིག་གིས་མཚོན་ཐབས་ཅི་ཡོད། དེ་ལྟ་བུའི་འཕོ་འགྱུར་བྲལ་བའི་མཁའ་ཀློང་ཡངས་པ་ལྷུན་གྲུབ་འདུས་མ་བྱས་དབྱིངས། སྟོང་པ་ཕྱང་ཆད་མ་ཡིན་པར་འོད་གསལ་རྡོ་རྗེ་ལྟ་བུའི་འགྱུར་བ་མེད་པའི་སྙིང་པོར་ཡེ་ནས་སངས་རྒྱས་སུ་ཡོད་པས་ན། འཁོར་འདས་སྣང་སྲིད་སྣོད་བཅུད་ཐམས་ཅད་ལྷུན་མཉམ་བྱང་ཆུབ་མཆོག་གི་བདེ་བའི་ཀློང་གཅིག་གི་ངང་ཉིད་དུ་མདོར་དྲིལ་བའོ། །འདི་ཡན་ཆད་ཀྱི་ལེའུ་འཁོར་འདས་དབྱིངས་ལས་མ་གཡོས་པ་དང་། སྣང་སྲིད་ཞིང་ཁམས་སུ་ཤར་བ་གཉིས་ཀྱིས། གཞི་ལམ་འབྲས་གསུམ་དུ་ཕྱེ་བའི་གཞི་གཙོ་བོར་བསྟན་ནས། དེ་རིང་གི་ཆོས་མཚམས་འདིའི་མཚམས་ཆེ་བ་འདི་ནས་བཞག་སྟེ་སང་ཉིན་ཕན་ཆད་འབྱུང་འགྱུར་བར་གྱི་ལེའུ་བདུན་ཏེ། བྱང་ཆུབ་སེམས་ཀྱི་མཚོན་དཔེ་དང་། ངོ་བོ་དང་། ཇི་ལྟར་ཉམས་སུ་བླངས་ཏེ་དེའི་ངང་དུ་ལ་ཟློ་ཚུལ་སོགས་ཀྱིས་ལམ་གྱི་ཆོས་གཙོ་བོ་བསྟན་ཞིང་། དེའི་འཕྲོས་ཀྱི་ཐ་མ་གསུམ་གྱིས་འབྲས་བུའི་མཚོན་ཚུལ་རྩོལ་སྒྲུབ་མེད་པ་ཡང་སངས་རྒྱས་པའི་བསྐོར་ནས་བསྟན་པའི་ས་བཅད་བཞག་ནས་རིམ་པས་དགོངས་པ་འགྲོལ་དགོས། རང་རེས་ཐེངས་འདིའི་ཁྲེགས་ཆོད་ཀྱི་ཐུན་བཅད་ནས་ཉི་མ་གཉིས་སོང་ནས་དེ་རིང་ཉི་མ་གསུམ་པ་རེད། འདིའི་ནང་གི་མང་ཆེ་བ་ཉམས་ལེན་པ་རྙིང་པ་ཏག་ཏག་ལོ་གསུམ་དང་ལོ་དྲུག་ལ་སོགས་པར་རྫོགས་པ་ཆེན་པོ་ཉམས་ལེན་དམ་མཚམས་བཅད་རྒྱ་བྱས་ཏེ་བཞུགས་ཚར་མཁན་དང་བཞུགས་བཞིན་པ་ཡང་མང་པོ་ཡོད་པ་དང་། མ་ཚད་མངོན་སུམ་འོད་གསལ་གྱི་སྒོ་མཐོང་། རིག་སྟོང་ཀ་དག་སྤྲོལ་བྲལ་གྱི་ལྟ་བའི་གདེང་རྙེད་ནས། ལྷུན་གྲུབ་སྣང་བཞིའི་ཚད་རྫོགས་པ་ལ་གང་ལ་གང་འཚམས་ཀྱི་གོ་མྱོང་རྟོགས་གསུམ་གྱི་ནང་ནས་མྱོང་བ་དང་། རྟོགས་པའི་ས་ཚོད་ལ་ཐོན་ཞེས་པ་ནི་དཀའ་བ་ལྟར་དུ་སྣང་ནའང་། གོ་བ་རྣལ་མ་གོལ་ཤོར་ནོར་བའི་འཕྲང་ལ་མི་ཐོགས་མཁན་ནི་གྲངས་ཀ་ཅན་ཞིག་འདིའི་ནང་དུ་ཡོད་ངེས་པ་ཡིན་པ་དང་། ཡང་འགའ་རེ་ཞིག་ཚིག་གི་ཐོག་ནས་ཐོས་པའི་མཐའ་རྒྱ་ད་སྔོན་བཅད་མ་མྱོང་བས། བཤད་དགོས་ན་ཟེར་སྒྲོས་གཙང་མ་འདི་རེད་བསམ་རྒྱུ་ཞིག་བཤད་རྒྱུ་མེད་ཀྱང་། ཡིད་ཆེས་དང་མོས་གུས་གདེང་དུ་བྱས་ནས་རྩེ་གཅིག་ཕུར་ཚུགས་ཀྱི་དད་དང་དག་སྣང་སྟོབས་སུ་གྱུར་པའི་བརྩོན་འགྲུས་བྱས་པའི་དད་པ་ཅན་ལ་སྦྱོར་བའི་དངོས་གྲུབ་ཐོབ་ནས། བརྒྱུད་པའི་བྱིན་རླབས་དད་མོས་ཀྱིས་དྲངས་ཏེ་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་སོང་བ་ཡང་ཡོད་ངེས་ཤིང་། རེ་གཉིས་ཉུང་ཤོས་ཤིག་ཡར་གྱི་ཤྭ་རྗེས་མ་ཆོད། ཐོས་པ་སློབ་གཉེར་གྱིས་ལ་མ་བརྒལ། མི་ཤེས་མཁན་ཞིག་རེད་ཟེར་རྒྱུ་མེད་པ་ཁྱབ་མཐའ་འདྲ་ཞིག་འགོད་ཁུལ་བྱེད་ཅིང་། གཞུང་བཀའ་པོད་ལྔ་བོ་ལ་ཐུག་ཙམ་རེག་ཙམ་དུ་ཡོད་པ། ཤེས་མཁན་ཞིག་རེད་ཟེར་ན་གཞུང་ཁེ་རུ་ཞིག་གི་དཀའ་གནད་ཀྱང་མི་ཁྲོལ་མཁན། མར་གྱི་ཤེའུ་རྗེས་ཀྱང་མ་ཆོད་པར། རྒྱུ་འབྲས་བསླུ་བ་མེད་པའི་འཇིག་རྟེན་ཡང་དག་གི་ལྟ་བ་དང་གཅིག ཅི་མཛད་ལེགས་མཐོང་གིས་བློ་གཏད་ལྷ་དང་བླ་མ་ལས་ལིང་བསྐྱུར་བྱེད་པ་སོགས་ཀྱི་སྒོམ་པ་དང་གཉིས། དགེ་སྡིག་སྤང་བླང་དགག་སྒྲུབ་འདོར་ལེན་གྱི་སྤྱོད་པ་དང་གསུམ་པོ་ཁྱིམ་ན་གནས་པའི་དགེ་བསྙེན་དྲ་མ་ཞིག་གི་རྗེས་སུ་ཡང་མ་ཟིན་པས་མ་ཚད། བཅོམ་ལྡན་འདས་ཀྱིས་ཆོས་འདུལ་བ་དང་པོ་གསུངས་དུས་སུ་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱིས་རྒྱུད་བསྡམས་ཏེ་ཞེས་གསུངས་པའི་ངེས་འབྱུང་ཞིག་ཀྱང་སྐྱེ་མེད་ན་སོ་ཐར་གྱི་སྡོམ་པ་ཐོབ་ཡོད་དམ་སྙམ་པའང་དོན་མི་འགྱུར་གྱི་ཐེ་ཚོམ་ལ་འགྲོ་བ། ལར་དཀོན་མཆོག་གསུམ་ངོས་ཡང་དག་པར་ཟིན་པའི་སྐྱབས་སྡོམ་ཡང་དག་པ་ཞིག་རྒྱུད་ལ་མེད་ན། སྡོམ་པ་ཐམས་ཅད་ཀྱི་རྨང་གཞི་མེད་པས་སོ་བྱང་སྔགས་གསུམ་ཡར་ལྡན་དུ་རྫོགས་པ་ནི་ཕར་ཚད་རེད། ད་རུང་ཡང་ལྟ་བྱེད་དུས་ཆོས་ཕྱོགས་མ་དགོས་འཇིག་རྟེན་གྱི་ཕྱོགས་ཀྱི་མི་ངོ་མ་ཡ་རབས་སྤྱོད་བཟང་། དཔལ་སྤྲུལ་ཚང་གིས་གསུངས་པའི་མྱི་རབ་རེ་རེའི་ཡུལ་ཁམས་སྡེ་འབངས་སྤྱི་ཡི་དོན་བྱེད་པ་ཅན་པོ་མ་རེད་ཀྱང་། བར་མ་དོ་གོ་རྒྱུ་རིག་རྒྱུ་མེད་པ་བྱས་ནས་བསྡད་བཞག་ན་ཕན་མེད་ནའང་གནོད་ཅང་མེད་ཀྱང་། མི་ངན་རེ་རེས་ཡུལ་སྡེ་དཀྲུག་ནི་ཡང་ཡོད་གསུང་རྒྱུ་དེ་རེད་སོང་ན། ཅི་སྡུག་གང་སྡུག་དེ་འདྲའི་ལས་མཐའ་ལོག་པ་དང་། རྒྱུད་མ་རུང་པ་ལ་བཅོས་ཐབས་མེད་པའི་ཀུན་སྤྱོད་ངན་པ་ཅན་རྐུ་ཐབས་སུ་གནས་པ་ཡང་དགེ་འདུན་གྱི་བཞུགས་གྲལ་ནང་དུ་དུས་སྡུག་པའི་སྐབས་སུ་མེད་མི་སྲིད་པ་མིན་ཞིང་། དེས་ན་གྲྭ་སར་གསར་ཞུགས་ཀྱི་བཙུན་ཆུང་ཚོས་དང་པོ་ཉིད་ནས་གྲོགས་བཟང་པོ་འགྲོགས་བཤེས་ཆོག་ས་ཞིག་བརྟེན་རྒྱུ་གལ་ཆེ་བ་ཡིན། དེ་ལྟར་ན་ཡར་ཀའི་ཤྭ་རྗེས་དབང་རྣོན་ཐུགས་དམ་བསམ་སྒོམ་ལ་དྲིལ་མཁན་ལ་ཡང་མ་ཟིན། མར་ཀའི་ཤྭེའུ་རྗེས་དད་པ་དག་སྣང་གིས་མ་ཆོག་ནས་བར་མིན་མདོ་མིན་ན་ཡོད་པའི་གསར་རུ་མགོ་འཁྲེབ་སྐད་ཆ་ཞིག་བཤད་ན། གཏམ་གྱི་མགོ་གླེང་དུས་ནས་ཡང་མིན་ན་དཀོན་མཆོག་གསུམ་དེ་དཔང་ལ་གཅིག་ཨེ་བཙུགས། ཡང་མིན་ན་ཡུམ་དུམ་པ་བཅུ་གཉིས་ཀྱི་མནའ་ཞིག་ཨེ་བསྐྱལ། མདོར་ན་མནའ་ཞིག་གི་ཆེ་རྒྱུ་ཆུང་རྒྱུ་མེད་ནི་ཞིག་མགོ་དེ་ན་བསྐྱལ་ནས། སྒོམ་ཞེས་པ་དེ་ཅི་ཞིག་རེད་ཅི་ཞིག་དྲན་ནས་འདུག་དགོས་པ་རེད། ཡང་དེའི་མཚམས་ནས་མནའ་དེའི་ཆེ་མེད་པ་གཅིག་བསྐྱལ་ནས། དེའི་ཐུན་དེའི་ནང་ན་འདུག་ཚོད་ཀྱང་མི་འདུག གཅིག་ངོ་གཅིག་ལྟ་བྱས་ཏེ་བསྒོངས་བསྡད་དུས་དགོད་ཁ་འདྲ་ཞིག་ཀྱང་ཤོར་ཡོང་བར་འདུག་ཟེར་བ་ཡོད་སྲིད་ཀྱང་། དེ་དག་ལ་ཐ་མལ་གྲོང་ཚིག་གི་ཕལ་སྐད་ངོ་མ་ཡིས་གོ་བརྡ་ཞིག་སྤྲད་ན། སྒོམ་ཟེར་རྒྱུ་དེ་སངས་རྒྱས་ཀྱི་ཐུགས་བསྒོམ་དགོས་ཤིང་། སངས་རྒྱས་ཀྱི་ཐུགས་ཨེ་ཤེས་བལྟས་ཏེ་སྦྱངས་སྦྱངས་པའི་མཐར་ཤེས་ནས་ལོབས་ཏེ་བྱང་ཆ་ཡག་པ་ཞིག་ཕོག་ནས་བྱང་ཡག་རེད་སོང་དུས་སངས་རྒྱས་སུ་འགྱུར་བ་ཡིན། ད་ལྟ་དེ་ལྟར་ཨེ་འགྲུབ་ལྟ་བཞིན་ཡོད་པ་ཡིན། འོ་ན་སངས་རྒྱས་སུ་འགྱུར་སོང་ན་ཅི་ཞིག་ཕན་ཐོགས་ཡོད་པ་ཡིན་སྙམ་ན། སངས་རྒྱས་སུ་འགྱུར་སོང་དུས་རང་སྡུག་བསྔལ་དང་བྲལ་བས་མི་ཚད། གཞན་སྡུག་བསྔལ་ལས་སྐྱོབ་ཐུབ་པའི་ནུས་པ་དང་ལྡན་པ་ཡིན། འདིའི་སྐད་ཆ་འདི་ཆོས་སྐད་ཀྱི་ཐོག་ནས་བཤད་ན། འབྲས་བུ་དེ་རྒྱུའི་རྗེས་སུ་བྱེད་པ་ཉིད་ཀྱི་ཕྱིར་ན། འབྲས་བུ་དང་རྗེས་སུ་མཐུན་པའི་ལམ་ལ་བསླབ་དགོས་པར་གསུངས་ཤིང་། སངས་རྒྱས་ཞེས་པ་དེ་ཡར་མཐོ་ས་སྤྲིན་དཀར་པོ་འགྲོ་སའི་ཡན་དང་ཡན་གྱི་ཉི་ཟླ་གཉིས་ཀྱི་ཁ་མཚམས་ཤིག་ལ་ཡོད་པ་དང་། སེམས་ཅན་ཟེར་རྒྱུ་བོ་མར་མན་ཆོད་ས་དོག་མོའི་མན་ལ་གནས་པ་ཞིག་ཏུ་ཡོད་ནས། དེ་གཉིས་ཀྱི་བར་ལ་རྒྱང་ཐག་གིས་ཕྱེས་སོང་བའི་འཁོར་འདས་ལྟེ་ཆད་སོང་བ་དེ་འདྲ་ཞིག་ག་ལ་ཡིན། ཡེ་ཤེས་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་མཆོག །ཅེས་གསུངས་པ་བཞིན་དུ་དཀོན་མཆོག་གསུམ་རང་གི་སེམས་ཉིད་གཅིག་ལ་ཚང་། དཀོན་མཆོག་གསུམ་ཡང་མཐར་གཏུགས་ན་སངས་རྒྱས་ཆོས་ཀྱི་སྐུ་ལ་འདུས་པས་ན། ཁམས་བདེ་གཤེགས་སྙིང་པོ་དྲི་མ་ཡེ་དག་དང་། སངས་རྒྱས་ཀྱི་ས་བོན་རང་ལ་ཡོད་པ་ཡིན་པས་ན་བསྒོམས་ན་སངས་རྒྱས་རང་ལས་འགྲུབ་ཏུ་ཡོད་པ་ཡིན། སེམས་ཅན་སྡུག་བསྔལ་བ་ལ་མི་བཟོད་པའི་བློ་མ་ལག་རྡུམ་མའི་བུ་ཆུས་ཁྱེར་བ་ལྟ་བུ་ཞིག་སྐྱེས་པ་ཡིན་ན་ཐེག་པ་ཆེན་པོའི་རིགས་སད་པ་ཡིན། ཆོས་ཟབ་མོའི་སྣོད་དུ་གྱུར་པའི་གདུལ་བྱའི་ཆ་རྐྱེན་ཚང་ཡོང་བ་རེད། བསྒོམས་ན་སངས་རྒྱས་འགྲུབ་པར་བཤད་ཡོང་དུས། ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་ན་སངས་རྒྱས་ཐོབ་ཟེར་རྒྱུ་ཞིག་གོ་མ་མྱོང་ཡང་སྙམ་སྲིད་ཀྱང་། ཐབས་མང་དཀའ་བ་མེད་པའི་མྱུར་ལམ་ནས། དམིགས་བཅས་བསྐྱེད་རིམ་གྱིས་བསོད་ནམས་ཀྱི་ཚོགས་རྫོགས། དམིགས་མེད་རྫོགས་རིམ་གྱིས་ཡེ་ཤེས་ཀྱི་ཚོགས་རྫོགས། རྩོལ་མེད་བྱ་བྲལ་རྫོགས་ཆེན་གྱི་ལམ་ནས་ཀུན་ཏུ་བཟང་པོས་དགེ་བ་སྣ་གཅིག་མ་བྱས་པར་རང་རིག་རང་ངོ་ཤེས་པས་སྐད་ཅིག་ལ་གྲོལ་ཞེས་པ་དེ། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས་ཚོགས་གཉིས་སྟབས་གཅིག་ཏུ་རྫོགས་པའི་དོན་རེད། རང་འདོད་ཡིད་བྱེད་ཀྱི་བློ་དང་མ་བྲལ་བའི་ཟག་བཅས་དཀར་པོའི་ཕྱོགས་ཀྱི་འདུས་བྱས་ཀྱི་དགེ་རྩ་ཞིག་སྒྲུབ་ཁུལ་བྱེད་པ་དེ་འཁོར་བ་སྒྲུབ་པའི་རྒྱུ་ཙམ་ཞིག་ལ་མི་འདའ། རྫོགས་ཆེན་གྱི་མ་བཅོས་རང་བཞག་གི་ཆོས་སྐུའི་དགོངས་པ། རིག་སྟོང་སྤྲོས་པ་དང་བྲལ་བ། སྟོང་གསལ་འགག་མེད། ཡིད་དཔྱོད་ལས་འདས་པའི་ཐོག་ལ་ཞོག་ཅེས་བརྗོད་དུས་ཀྱང་སྒོམ་དེ་འདྲ་ཞིག་མ་བདེའོ་སྙམ་ན། དཔེ་ཆའི་ཤོག་སྣེ་རེ་འཕུར་མྱོང་མཁན་ཞིག་ཡིན་ན་ཉེས་པ་ལྔ་སྤོང་འདུ་བྱེད་བརྒྱད་བསྟེན་པའི་སེམས་གནས་ཀྱི་ཐབས་ལ་བསླབ་དགོས་པས། ལེ་ལོ་དང་ནི་གདམས་ངག་རྣམས། །བརྗེད་དང་བྱིང་དང་རྒོད་པ་དང་། །འདུ་མི་བྱེད་དང་འདུ་བྱེད་དེ། །འདི་དག་ཉེས་པ་ལྔར་འདོད་དོ། །ཞེས་པའི་ཉེས་པ་ལྔ་དེ་སྤངས་ནས། དད་འདུན་རྩོལ་བ་ཤིན་སྦྱངས་དང་། །དྲན་པ་ཤེས་བཞིན་སེམས་པ་དང་། །བཏང་སྙོམས་འདུ་བྱེད་བརྒྱད་ཡིན་ནོ། །ཞེས་པའི་སྤོང་བྱེད་དེ་དག་བསྟེན་ནས། འཇོག་དང་རྒྱུན་འཇོག་བླན་ཏེ་འཇོག །ཉེར་འཇོག་དུལ་བྱེད་ཞི་བར་བྱེད། །རྣམ་ཞི་རྩེ་གཅིག་མཉམ་པར་འཇོག །སེམས་གནས་པ་ཡི་ཐབས་དགུའོ། །ཞེས་པའི་ཐབས་དེ་དག་ལ་བརྟེན་ནས། དང་པོར་སེམས་གནས་བསྒོམས་ན། དེ་ནས་ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་ཡང་དག་པ་ཞིག་རྙེད་དེ། སྟོང་ཉིད་སྤྲོས་བྲལ་བྱར་མེད་གཅིག་གི་ཀློང་ན། སྣང་སྟོང་ཐབས་ཤེས་ཟུང་འཇུག་གི་རྒྱལ་བ་དགྱེས་པའི་ལམ་བཟང་རྙེད་རྒྱུ་ཡང་ཡོད་སྲིད་ཅིང་། སྤྱིར་ན་བསམ་གཏན་གྱི་གནས་སྐབས་ཀྱི་གནས་ལུགས་སེམས་ཀྱི་ལམ་བྱེད་འདི་དང་། ཤེས་རབ་ཀྱི་གནས་སྐབས་ཀྱི་རིག་ཐོག་ལ་སྤྲོས་པ་རང་ཞིག་ཏུ་སོང་བ་འདི་གཉིས་ཀའི་ཁྱད་པར་སྒོམ་པ་གསར་རྙིང་ཚང་མས་འབྱེད་དགོས་པ་ཞིག་ཡིན། གྲུབ་མཐས་བློ་མ་བསྒྱུར་བ་ཞེས་པ་དེ་མིན་ཡང་ཐོས་བསམ་གྱིས་ཅི་ཡང་སྦྱོང་མ་མྱོང་བའི་དད་པ་ཅན་ཞིག་ཡིན་ན་སྒོམ་ཅུང་བདེ་བའང་ཡོད། འོ་ན་དང་པོའི་དུས་སུ་སྒོམ་ཇི་ལྟར་བྱེད་ཅེ་ན། མཆོག་གསུམ་ལྷ་དང་བླ་མ་ལ་དད་པ་མི་ཕྱེད་པ་དང་གཅིག སེམས་ཅན་སྡུག་བསྔལ་ཅན་ལ་མི་བཟོད་པའི་སྙིང་རྗེ་སྒོམ་པ་དང་གཉིས། ཡེངས་མེད་འཛིན་པ་བྲལ་བའི་སྒོམ་གྱི་ངོ་བོ་སྐྱོང་བ་དང་གསུམ་པོ་དེ་དབྱེར་མེད་གཅིག་འདྲེས་བྱས་ནས་སྡོད་ཤོག་དང་། གོམ་པ་རིམ་བགྲོད་ཀྱི་རིམ་པས་བླ་མའི་མན་ངག་དང་བསྟུན་ནས། ངོ་ཤེས། ཐག་ཆོད། གདེང་ཐོབ་ནས་ངེས་ཤེས་རང་ལས་རྙེད་པའི་ས་ཞིག་ལ་ཐོན་དུ་ཡོད་པ་ཡིན། གོང་ནས་བཤད་པའི་དང་པོར་འདོད་སེམས་རྩེ་གཅིག་པ་ཞིག་ནས་མགོ་བཟུང་སྟེ། བསམ་གཏན་དང་པོའི་ཉེར་བསྡོགས་མི་ལྕོགས་མེད་ནས་དངོས་གཞི་ཙམ་ཁྱད་སོགས་ཀྱི་ས་དྲུག་དང་། གཟུགས་མེད་སྔ་མ་གསུམ་པོ་བསྣན་པའི་བསམ་གཏན་ས་དགུ་དང་། འགོག་སྙོམས་སོགས་ཀྱི་རིམ་པ་ལས་བརྒལ་ནས་ཚོགས་བརྒྱད་སེམས་ལས་འདས་པའི་ཡེ་ཤེས་མཐའ་གཉིས་སྤངས་པའི་མྱང་འདས་ཀྱི་ཡེ་ཤེས་སྒྲུབ་རྒྱུ་ལ་བློ་ཁ་ཕྱོགས་དགོས་པ་ཡིན། མདོར་ན་ཐམས་ཅད་ཀྱིས་ངས་ནི་ཤེས་མི་འོང་སྙམ་པ་དང་། ངས་ནི་དེ་ལྟར་འགྲུབ་པའི་རེ་བ་མེད་དོ་སྙམ་དུ་མི་སེམས་པར་བརྩོན་འགྲུས་གྱིས་དང་ཉིན་རེ་བཞིན་དུ་བསྐྱེད་རྒྱག་རྒྱུ་ཡོད་པ་ཡིན། མ་བསྒོམས་སངས་རྒྱས་རྒྱལ་བས་མ་གསུངས་སོ། །ཞེས་གསུངས་པ་ཡིན་པས་མ་བསྒོམས་པར་སངས་རྒྱས་ཐོབ་ཐབས་ཤིག་དང་། མ་བསྒོམས་པར་སྡུག་བསྔལ་ལས་གྲོལ་ཐབས་ཤིག་མེད་པས་བསྒོམ་དགོས་སོ། །ཅི་བྱས་ཀྱང་འགྲུབ་པར་མི་འདུག་པས་ད་ནི་རེ་བ་མི་འདུག་གོ་སྙམ་མཁན་ཡང་ཡོད་སྲིད་ན། དེ་དག་གིས་སྐབས་གཅིག་གི་རིང་ལ་ལམ་ཆུང་བའི་སྟངས་བྱས་ནས་སྒྲིབ་སྦྱོང་ལ་འབད་དགོས། འུ་ཚོ་ལ་མཆིལ་ལྷམ་སྒྲོག་གུ་ཅན་དབྱི་རྒྱུ་མེད་ཀྱང་། དགེ་འདུན་འདུས་པའི་གཙུག་ལག་ཁང་ལ་བྱི་དོར་དང་། སྐོར་ལམ་འཕྱག་རྒྱུ་དང་བདེ་བར་གཤེགས་པའི་སྐུ་གཟུགས་དང་དགེ་འདུན་ལ་ལུས་ཀྱི་བསྙེན་བཀུར་གྱིས་དང་། བསམ་པ་དག་ན་རྡུལ་དང་དྲི་མ་དག་ནས་ཉིན་ཞིག་ལ་རིགས་སད་པའི་རེ་བ་ཡོད་པ་ཡིན། དེ་ཡང་བརྙས་སུ་ག་ལ་ཡོད་དེ། ཆུ་ཀློང་ཆེན་པོའི་རྒྱུད་ལས། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཚོགས་བསགས་སྒྲིབ་པ་དག་པའི་ལག་རྗེས་དང་། །རྟོགས་ལྡན་བླ་མའི་བྱིན་རླབས་ཁོ་ན་ལས། །ཐབས་གཞན་བསྟེན་པ་རྨོངས་པར་ཤེས་པར་བྱ། །ཞེས་གསུངས་ཡོད་པ་ཡིན། གནངས་གཞེས་ཤིག་ལ་ལུས་སྦྱོང་རན་པ་ཡིན། རྣམ་པ་ཚང་མ་དང་། ཁྱད་པར་དུ་ན་གཞོན་གྱི་རིགས་དང་། ལུས་ཁམས་བདེ་ཐང་ཅན་ཚོས་ཨང་རག་དང་འབེབ་གདན་ད་ལྟ་ནས་གྲ་སྒྲིག་མཛོད། ལུས་སྦྱོང་གི་མི་ཚད་རྩ་རླུང་ལའང་དགོས་པ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཉིན་བཞི་བའི་ཆོས་ཁྲིད།

འགྲོ་བ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད། བླ་མེད་རྫོགས་བྱང་དམ་པ་མཐར་ཐུག་གཏན་གྱི་བདེ་བ་ལ་དགོད་པར་བགྱི། དེའི་ཆེད་དུ་བདག་གིས་དམ་པའི་ཆོས་ཟབ་མོ་ཉན་འཆད་སྒོམ་སྒྲུབ་ལ་ཞུགས་པ་ཡིན་བསམ་དགོས་པ་ཡིན། དེ་ལྟ་བུ་དགོས་པ་རེད་ཅེས་པའི་ཚིག་གིས་སྣ་དྲངས་ནས་བཤད་པ་དེ་ཡང་རང་གཞན་ཚང་མའི་ཁ་ན་རྒྱུན་དུ་ཡོད་ཀྱང་། ཁ་ཡིས་བཤད་པ་ཙམ་གྱིས་མི་ཚད་པར་དོན་གྱིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བས་གང་བསྒྲུབ་པར་བྱ་བའི་དངོས་གཞི་ལ་འཇུག་པ་ནི། ཐེག་ཆེན་དམ་པའི་ཆོས་སུ་འགྲོ་བ་ལ་མེད་མི་རུང་བ་ཡིན་ཏེ། སྐྱབས་སེམས་སྔོན་དུ་མ་སོང་བའི་ཐེག་ཆེན་མདོ་སྔགས་ཀྱི་ཆོ་ག་ལས་འགྲིགས་ཤིག་མེད་པས་མ་ཚད། སྦྱོར་དངོས་རྗེས་གསུམ་པོ་དམ་པ་གསུམ་གྱིས་རྩིས་ཟིན་པ་ཞིག་བྱེད་པ་ནི་དགེ་སྦྱོར་ཆེ་ཕྲ་གང་ལ་ཡང་གལ་ཆེ་བས་མ་ཚད་། རང་གཞན་ཀུན་གྱིས་ཀྱང་དེ་ལྟར་སྨྲ་ནའང་། དོན་དུ་དར་སྲོལ་ཙམ་དང་ངག་འདོན་གྱི་ཁ་ཟེར་ཙམ་ཞིག་མ་གཏོགས་པར་དོན་ལ་ཁེལ་བའི་སེམས་བསྐྱེད་མཚན་ཉིད་པ་ཞིག་མ་དགོས་ཚིག་རྗེས་དོན་དྲན་གྱི་ངེས་ཤེས་ཙམ་ཡང་མ་སྐྱེས་ཚེ། སྦྱོར་བ་སེམས་བསྐྱེད་ཁ་ཁྲལ་འཇལ་བྱེད་ཙམ་དེའི་རྗེས་ན། དངོས་གཞི་དམིགས་མེད་ཡེངས་མ་ལམ་ཞིག་ལས་ཡོང་རྒྱུ་ག་ལ་ཡོད། དེའི་རྗེས་སུ་འཁོར་གསུམ་དམིགས་མཐའ་བྲལ་བའི་བསྔོ་བ་དམ་པ་དུག་མེད་ཅིག་ཀྱང་ཡོང་དཀའ་བ་ཡིན། དེ་མ་དགོས་རང་ངམ་སེམས་ཅན་ཕྱོགས་རེ་བ་ལ་དམིགས་པའི་འདུན་པ་ཙམ་ཡང་སྐྱེས་མེད་ན་ཐེག་པ་ཆེ་ཆུང་གཅིག་གི་ཆོས་གྲལ་དུའང་མི་འགྲོ་བའི་གཟུགས་བརྙན་ཙམ་ཞིག་ཏུ་འགྱུར་མི་སྲིད་པ་ཞིག་མ་ཡིན་པས། སྤྱིར་རིས་སུ་མ་ཆད་པའི་སྔར་བྱོན་དགེ་བའི་བཤེས་གཉེན་ཐམས་ཅད་ཀྱིས་བློ་སྦྱོང་འདི་ལ་ནན་ཏན་མཛད་པ་དང་། ཁྱད་པར་དུ་ཆོས་བརྒྱུད་འདིའི་དམ་པ་གོང་མ་ཚོས་ཀྱང་དེ་བཞིན་དུ་བློ་སྦྱོང་འདི་ཐོག་མཐའ་བར་གསུམ་དུ་གནད་ཆེན་རྩིས་ཆེན་མཛད་པ་ནི། བློ་ཆོས་སུ་འགྲོ་ཐབས། ཆོས་ལམ་དུ་འགྲོ་ཐབས། ཆོས་དང་རང་རྒྱུད་ལ་ཁ་ཁ། ལུང་པ་སོ་སོར་གྱེས་མི་འགྲོ་བའི་ཆེད་དུ་ཡིན་པ་དེས་ན་ཆོས་ཞུགས་ཉམས་ལེན་པ་གསར་རྙིང་སུ་ཡིན་ཡང་། བསླབ་རིམ་མཐོ་དམན། ཐོས་རྒྱ་ཆེ་ཆུང་ལ་མ་ལྟོས་པར་དམ་ཆོས་འཆད་ཉན་སྒོམ་སྒྲུབ་ལ་ཞུགས་པ་འདི། རང་རྒྱུད་དུལ་བའི་སྨན་དུ་འགྲོ་བ་ནི་ཤིན་ཏུ་གལ་ཆེ་ཞིང་། རང་གཞན་སུ་ཡིན་ཡང་ནང་རེ་བཞིན་དུ་དམ་བཅའ། ཐུན་རེ་བཞིན་དུ་བརྟག་དཔྱད་བསམ་གཞིག་བྱེད་དགོས་པ་ཡིན། དེ་ཡང་ཁ་ཕར་ཕྱི་ལ་མི་བསྐོར་བར་ནང་རང་རྒྱུད་དུ་ཚུར་ལ་བསྐོར་ནས། རང་གིས་རང་ལ་བསམ་སྤྱོད་གཉིས་ཀྱི་ཐད་ནས་རྒྱུགས་རེ་ལེན་རྒྱུ་ནི་མེད་པའི་ཐབས་ཆག་ཡིན། སྔོན་གྱི་བཀའ་གདམས་པའི་དགེ་བའི་བཤེས་གཉེན་རྣམ་པ་ཚོས། དཔང་པོ་གཉིས་ཀྱི་གཙོ་བོ་བཟུང་། །ཞེས་གསུངས་པ་ལྟར་དུ། གཞན་གྱིས་ཆོས་པ་བཟང་འདུག བླ་མ་ཐུ་འདུག གྲྭ་བ་ཡག་འདུག དེ་ཚོ་ཤི་དུས་སུ་སྔས་མགོ་ལ་ལོན་ན་ཆོག་འདུག་ཅེས་སྨྲས་རུང་། གཅིག་བྱས་ན་དེ་ཙམ་མ་ངན་པས་ཡིན་ཐང་ཡང་། གཅིག་བྱས་ན་བྱིས་པའི་སྐྱེ་བོ་མགུ་སླ་ཞིང་བློ་ཆུང་བ། བློ་སྣ་ཐུང་ཐུང་། གསར་འགྲོགས་ཆེ་བ་ཡིན་ཕྱིར་ཁོ་རང་མ་འབེན་ན། ཡང་ཉི་མ་ཁ་ཤས་ཀྱིས་ཅི་ཟེར་ཡང་མི་ཤེས། ལར་ཐམས་ཅད་མགུ་ཐབས་སུས་ཀྱང་བྱེད་དུ་མེད་ཅིང་། ཁྱད་པར་དེང་སང་གཡམ་རྒྱུགས་ཝ་འདྲོགས་ཁྱི་འདྲོགས་ཀྱི་དུས་ཚོད་ལ་བཟང་བར་སྨྲས་ཀྱང་བལྟ་རྒྱུ་མེད། ངན་པར་སྨྲས་པ་ལ་ཡང་དེ་ལྟར་ཡིན་པར་རློམ་རྒྱུ་མེད། རང་ཨེ་བཟང་ཨེ་ངན་ནི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པས་རང་རྒྱུས་རང་ལ་མེད་ན་སུ་ལ་ཡོད། དེས་ན་དཔང་པོ་རང་གཞན་གཉིས་ཀའི་ནང་གི་གཙོ་བོ་རང་ཉིད་བཟུང་། རང་རྒྱུགས་རང་ལ་སྤྲད་དེ། རང་ཉིད་རང་གི་དཔང་པོར་བྱས་དུས་ལྟ་ལོ་བ་དང་། ཆོས་དང་མཐུན་པ་ཞིག་རེད་མེད་ནས་མ་མགུ་དུས། རང་སེམས་རང་ལ་མི་དཀར་མཁན་མེད་པས། མགུ་ཐབས་ལོ་ཐབས་ཤིག་རང་གིས་བྱེད་ནས། རང་གིས་རང་བཟང་པོའི་ལམ་ལ་འཇོག་དགོས་པ་ཡིན། ཆོས་སྒྲུབ་ཅེས་པའང་ཆོས་ཀྱི་སྨན་དེ་ཁྱེར་ཡོང་ནས་རང་རྒྱུད་ལ་སྦྱར་ཏེ། ནད་སྨན་གཉིས་ཀ་སྤྲད་ནས་རང་རྒྱུད་བཟང་པོར་འཆོས་ཤིང་བཟང་པོའི་ལམ་ལ་ཡང་དག་པར་ཞུགས་ན། བཟང་པོ་ངན་དང་མ་འདྲེས་པའི་བྱ་ལས་ཤིག་འགྲུབ་པ་ལ། དམ་པའི་ཆོས་སྒྲུབ་པའི་ལྟ་སྒོམ་སྤྱོད་འབྲས་ཚང་བ་ཡིན་ཅེས་བརྗོད་ན་ཆོག་པ་ཡིན། དམ་པའི་ཆོས་ཟེར་རྒྱུ་འདི་ལ་བསམ་བློ་ཞིག་བཏང་ན། རྒྱ་གར་ཝཱ་རཱ་ཎ་སཱི་ནས་སྟོན་པ་སྤྲུལ་སྐུའི་རྣམ་པ་ཅན་རྒྱལ་བ་ཤཱཀྱ་སེངྒེ་ཡིས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བ་ནས། འོག་མིན་གྱི་གནས་དང་ལྷ་གནས་གསུམ་དང་གསང་ཆེན་རོལ་བའི་དུད་ཁྲོད་ལ་སོགས་པ་ནས། ཆོས་སྐུ་ཀུན་ཏུ་བཟང་པོ་དང་། ལོངས་སྐུ་རྡོ་རྗེ་འཆང་གསང་འཛིན་གསང་བའི་བདག་པོའི་སྐུར་བཞེངས་ནས་གསང་སྔགས་རྡོ་རྗེའི་ཐེག་པའི་གསང་བ་མན་ཆད་ཀྱི་མདོ་སྔགས་ཐེག་རིམ་ཐམས་ཅད་རང་གི་ལུས་ཕུང་ཁམས་སྐྱེ་མཆེད་འདིའི་ཁོངས་སུ་འདུས་པའམ་འདིའི་ཕན་དུ་གསུང་བ་ཞིག་མེད་ལ། དམ་ཆོས་འདུལ་བའི་གཞི་བཅུ་བདུན། སོ་སོར་ཐར་བ་རིགས་བདུན་ནམ་བརྒྱད་ཀྱི་སྡོམ་པ། དེའི་ནང་ནས་མཆོག་ཏུ་གྱུར་པ་དགེ་སློང་གི་སྡོམ་པ། དེའི་བཅས་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གྱི་འདུལ་ཁྲིམས། ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་གཙོར་འཛིན་གྱི་སྤྱོད་པ་གཙོ་བོ་བསྟན་ན་ཡང་ལུས་འདིའི་ཐོག་ནས་གཙོ་བོར་བསྟན་པ་ཞིག་ཡིན་པ་དང་། བྱ་རྒོད་ཕུང་པོའི་རི་བོ་ནས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་ནས་ལྷག་པ་ཤེས་རབ་ཀྱི་བསླབ་པ་གཙོར་འཛིན་གྱི་ཐོག་ནས་མངོན་པའི་སྡེ་སྣོད་དུ་གཏོགས་པ་དངོས་བསྟན་སྟོང་ཉིད་ཀྱི་རིམ་པ་ལྟ་བ་གཙོ་བོར་བསྟན་པ་ཡང་སེམས་འདིའི་ཐོག་ནས་དང་། དེ་བཞིན་དུ་གནས་ངེས་མེད་སྣ་ཚོགས་པ་ནས་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ནས་སྦས་དོན་ས་ལམ་གྱི་རིམ་པ་ནས་འོད་གསལ་སེམས་ཀྱི་ཆོས་ཁམས་དྲི་བྲལ་བདེ་གཤེགས་སྙིང་པོ་བསྟན་པས་མདོ་སྔགས་མཚམས་སྦྱར་བ་ནས་བཟུང་སྟེ། ལྷག་པ་ཏིང་འཛིན་གྱི་བསླབ་པ་གཙོར་འཛིན་གྱི་མདོ་སྡེའི་སྡེ་སྣོད་དམ་སྡེ་སྣོད་བཞི་བར་གྲགས་པ། གསང་སྔགས་རྡོ་རྗེའི་ཐེག་པའི་སྔགས་རྒྱུད་སྡེ་བཞི་དྲུག་གི་དཀྱིལ་འཁོར་དབང་དང་དམ་ཚིག་ལ་སོགས་པ། ཐབས་ཤེས་ཟུང་དུ་འབྲེལ་བའི་བསྐྱེད་རྫོགས་ཀྱི་རིམ་པ་ཐམས་ཅད་ཀྱང་། བདག་ལུས་ཕུང་ཁམས་སྐྱེ་མཆེད་འདིའི་སྟེང་ནས་གསུངས་པ་ཏག་ཏག་ཡིན་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་ལུས་སེམས་འདི་ལ་ཚང་བས་དེ་བཞིན་གཏན་ལ་ཕབ་ནས་གསུངས་པ་ཡིན་པས། ངོ་མཚར་ཅན་གྱི་གསང་མཛོད་བྱེ་བ་འབུམ་ཕྲག་གི་ཡིད་བཞིན་རིན་ཆེན་མཛོད་དེ་སེམས་ལ་ཚང་། དེ་ཡང་ཆོས་ཅན་སེམས་འདིའི་ཆོས་ཉིད་གྲོལ་འཁྲུལ་ལས་འདས་པ་གཅིག་ལ་ཚང་། དེ་ད་ལྟའི་སྐབས་སུ་ཁམས་དྲུག་ལྡན་པའི་མིའི་ཕུང་ཁམས་འདི་ལ་བརྟེན་ནས་བཞུགས་པ་ཡིན། རྒྱལ་བས་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་ཐབས་དང་ལྡན་པ་སྒོ་འབྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཡིན་པས། དེའི་ལྡེ་མིག་དེ་བཟུང་ནས་ངོ་མཚར་ཅན་གྱི་མི་ཟད་འདོད་དགུའི་གཏེར་ཆེན་ཐང་མར་བརྡལ་སའི་མཛོད་སྒོ་དང་བཅས་པ་དེ་གང་ན་ཡོད་ན་རང་རྒྱུད་ན་ཡོད་པ་ཡིན་པས། ཆར་བ་འོག་ཕྱོགས་ཀླུ་ནས་བབས་ན་གནད་མི་ཤེས་པ་ཡིས་གནམ་ལ་ལྟ་མི་འདུག་པར། ཆོས་སྒྲུབ་པའི་བྱ་བའི་ཐོག་མ་མགོ་དང་པོ་འཛིན་དུས་ཉིད་ནས་ནང་རང་རྒྱུད་སེམས་ལ་བལྟས་ནས་ཚུར་ལ་བསྐོར་ཏེ་སེམས་དེ་ལ་ཕན་ཐོགས་པའི་བློ་སྦྱོང་འདི་གནད་ཆེ་བ་ཡིན། དོན་ངོ་མས་བཤད་ན་ནང་པ་སངས་རྒྱས་པའི་ཆོས་ཡོངས་རྫོགས་བློ་སྦྱོང་གི་ནང་ལ་འདུས་པ་ཡིན་ཞེས་བཤད་ན་མ་ཆོག་པ་ཞིག་ག་ལ་ཡོད། དེ་ཡང་བློ་སྦྱོང་གནད་ཆེ་བ་ཡིན་ཞེས་མགོ་ནས་དྲན་ཙམ་ཞིག་བྱས་ནས་དེའི་འཕྲོར་སྐྱུར་གཏང་ཆོག་པ་ཞིག་མ་ཡིན་པས། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན། །ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་གསུངས་པ་ཡིན། ཆོས་ཐོས་བསམ་གྱི་སྙིང་པོ་སྒོམ་པས་རང་གི་རྒྱུད་ཐོག་ཏུ་བླངས། དེ་བླངས་པའི་འབྲས་བུ་ངེས་འབྱུང་གིས་དལ་འབྱོར་ཆུད་མི་གསན་པར་སྙིང་པོ་ལེན་པའི་བློ་མིག་ཡང་དག་རྒྱུད་ལ་འབྱོར་དགོས་པ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྨོན་འཇུག་གི་བདག་ཉིད་ཅན་རྒྱུད་ལ་བསྐྱེད་པར་བྱས་ནས། ཡང་དག་པའི་ལྟ་བ་སྤྲོས་བྲལ་སྟོང་ཉིད་ཀྱི་དམིགས་རྣམ་འབྱེད་པའི་ཤེས་རབ་བསྟེན་པ་དེ་གསུང་རབ་དམ་ཆོས་ཀུན་གྱི་སྙིང་པོར་མཐོང་ནས། དུས་དང་རྣམ་པ་རྒྱུན་དྲུག་ཏུ་བློ་སྦྱོང་འདི་ལ་བསླབས་ཏེ། རྒྱུ་འབྲས་ཡིད་ཆེས་ཀྱི་ངེས་ཤེས་གཏིང་ཚུགས་པ་དེའི་སྟེང་གི་འགལ་ཉེས་ཕྲ་ཞིབ་ཐམས་ཅད་ལ་མངོན་ལྐོག་བརྒྱུད་གསུམ་ནས་འཛེམ་པ་དང་། ལུས་ངག་གི་སྤྱོད་པ་ཐམས་ཅད་ཐེག་པ་ཆེན་པོའི་ཆོས་སྤྱོད་བཅུ་དང་མི་འབྲལ་ཞིང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་གཙོ་བོར་བྱས་པའི་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི་རིམ་པ་ལ་གོ་རིམ་མ་ནོར་ཚུལ་བཞིན་དུ་འཇུག་པར་བྱས་ནས་གོམས་པར་བྱེད་པ་དེ་ལ་ཆོས་པ་རྣམ་དག་ཅེས་བརྗོད་ན་ཆོག་པས་མ་ཚད། དགེ་སྦྱོང་ཆེན་པོ། སེམས་དཔའ་ཆེན་པོ། དོན་བཞིན་དུ་ཆོས་སྟོན་ཅིང་། དོན་དང་མཐུན་པར་སྤྱོད་པ་ལ་འཇུག་པའི་དགེ་བའི་བཤེས་གཉེན། རྟོགས་པ་མཆོག་དང་ལྡན་པའི་རྣལ་འབྱོར་བ་ཆེན་པོ་ལ་སོགས་པ་གང་བརྗོད་ན་ཡང་མི་ཆོག་པ་མེད་ཅིང་། དེ་ནི་དོན་ལ་གནས་པ། མིང་སྟོང་ལ་མ་སོང་བ། དུས་ཀྱི་མཐའ་མ་ལ་རྒྱལ་བའི་མཛད་པ་སྒྲུབ་པའི་དོན་གྱི་བསྟན་འཛིན་ཡང་དེ་ཡིན་ལ། དེ་དུས་ལྷ་དང་བླ་མ་དབྱིངས་ནས་ཐུགས་དགྱེས་པས་གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ་བའི་དུས་ལ་ཐོན་ཡོད་པ་ཡིན་པས་ན། ཡིད་བདེ་འབའ་ཞིག་རྒྱུན་དུ་བསྟེན་ཐུབ་ཡོད་ཅིང་། དེ་དུས་མི་བདེ་བ་དང་མི་སྙན་པ་གང་བྱུང་ཡང་གཉེན་པོས་རྐྱེན་ཐུབ་ནས་ཡིད་མི་བདེ་བའི་རྐྱེན་དུ་མི་འགྱུར་བ་ཡིན། དེ་ལས་གཞན་དུ་མཚམས་རེར་རྒྱགས་སྐྱིད་ཉི་མས་དྲོས་དུས་བདེ་སྡུག་གཏོང་ལེན་སོགས་བྱེད་མདོག་མདོག་བྱས་ཀྱང་། རྐྱེན་ངན་གློ་བུར་བ་ཐོག་ལ་བབས་དུས་ཉམས་ལེན་ནམ་མཁའི་ན་བུན་འདྲ་བོ་གར་སོང་ཆ་མེད་དུ་ཡལ་སོང་ན། དགོས་པའི་དུས་སུ་ཉམས་ལེན་གྱིས་གོ་མ་ཆོད་ཅིང་བེད་མ་ཆོད་པ་རེད། དེ་ལྟར་མ་ཡིན་པར་ཡེངས་ཀྱང་ཐུབ་ན་འབྱོངས་པ་ཡིན། །ཞེས་གསུངས་པ་བཞིན་དུ། མི་སྐྱ་རྩལ་ཅན་ཞིག་གིས་རྟ་རྒོད་ཅིག་ལ་ཞོན་ན། རྟ་འདྲོགས་དུས་ཡེངས་ནས་ཡོད་ཀྱང་ཐང་ལ་མི་རྒྱག་པ་བཞིན་དུ་གཏམ་ངན་སྡུག་བསྔལ་ཉེར་འཚེ་གང་བྱུང་ཡང་ཐམས་ཅད་བྱང་ཆུབ་ཀྱི་ལམ་དུ་སྒྱུར་ཐུབ་པ་ཞིག་རེད་དུས་བློ་སྦྱོང་ནས་འབྱོངས་པའི་རྟགས་ཐོན་པ་དང་། དེ་ལྟ་བུ་ཞིག་མ་བྱུང་གི་བར་དུ་བློ་སྦྱོང་ལ་འབད་དགོས་པ་ནི། བཀའ་གདམས་གོང་མ་རྣམ་པ་ནས་རྒྱལ་བ་ཀློང་ཆེན་པ་ལ་སོགས་པ་བརྒྱུད་པའི་བླ་མ་ཐམས་ཅད་ཀྱི་གསུང་དབྱངས་གཅིག་གྱུར་ཡིན། ཀུན་མཁྱེན་ཆོས་རྗེས་སེམས་ཉིད་ངལ་གསོའི་དང་པོའི་དབུ་ནས་མར། འོད་གསལ་ཆོས་སྐུ་དྲི་མེད་རྒྱལ་བའི་ཁམས། །མ་རིག་འཛིན་པས་སྲིད་པ་འདིར་འཁྱམས་ཏེ། །ལས་དང་ཉོན་མོངས་མྱ་ངམ་ཐང་དཀྱིལ་དུ། །དུབ་པའི་སེམས་ཉིད་དེ་རིང་ངལ་གསོ་བྱ། །ཞེས་གསུངས་ཤིང་། དལ་འབྱོར་རྙེད་དཀའ་ནས་མགོ་བརྩམས་ཏེ། བློ་སྦྱོང་སེམས་རྒྱུད་འདུལ་བའི་ཆོས་གསུངས། ཐར་བའི་ལམ་བསྟན། ལམ་སྟོན་བཤེས་གཉེན་གྱི་མཚན་ཉིད་དང་དེ་ཉིད་ཇི་ལྟར་བསྟེན་ཚུལ། དེའི་གདམས་པ་ཉམས་སུ་ལེན་ལུགས། མཐར་ཐུག་གི་འབྲས་བུའི་རྣམ་གཞག་དང་བཅས་པ་ཤིང་རྟ་ཆེན་པོ་དང་བཅས་པའི་རྩ་འགྲེལ་གཉིས་ཀའི་ལེའུ་བཅུ་གསུམ་གྱིས་གསུངས་ཡོད་པ་ཡིན། སྔོན་འགྲོས་བློ་འབྱོངས་པའི་རྟགས་ལ་ཁོང་གིས། རྟགས་ནི་སྟོང་ཉིད་སྙིང་རྗེ་ཟུང་དུ་འབྲེལ། །འབྲས་བུ་གནོད་སེམས་རྣམ་འཚེ་བྲལ་བའི་སེམས། །ལས་རུང་གདོད་ནས་དག་པ་ཉིད་དུ་འགྲུབ། །ཅེས་ཚད་བསྟན་པ་དང་། བཀའ་གདམས་བརྒྱུད་པ་ནས་གསུངས་པའི་ལམ་གྱི་རིམ་པའི་འགྲོས་འདི། གསར་རྙིང་ཐུན་མོང་གི་ལུགས་ཡིན་པ་ནི་སེམས་ཉིད་ངལ་གསོའི་བརྒྱུད་པའི་རིམ་པ་ཡི་ནང་ན་གསལ་ཞིང་། དེས་ན་ཆོས་ཁྲིད་ནམ་བཤད། ཆོ་ག་ཚིག་བཞི་ཞིག་ནམ་འདོན་ལ་ཐོག་མར་སེམས་བསྐྱེད་ཀྱི་ཚིག་བཞི་ཞིག་སྦྱར་བ་ནི་ཐེག་ཆེན་མདོ་སྔགས་ཀྱི་དམ་ཆོས་དར་བའི་ས་ཆ་ཁྱད་འཕགས་ཡིན་པའི་ཕྱག་སྲོལ། དེའི་བསྟན་ཞབས་ལ་སྐྱེས་པའི་མི་ཡིས་དགོས་གནད་ཤོར་མི་ཉན་པ་དང་། བོར་མི་བྲ་རྒྱུ་བོ་ཡིན་པ་མ་ཚད་ཁ་དང་དོན་མཐུན་པའི་ལས་ཀྱི་མགོ་ནས་ཆོས་ལོ་ཡག་དང་མི་ཡག་གི་གནད་འགག་ཀྱང་དེ་ལ་ཐུག་ཡོད་པ་ཡིན། དེང་སང་སྙིགས་མའི་དུས་ཡིན་པའི་དབང་གིས། དུས་འདི་ལ་ཆོས་གྲྭ་དགོན་སྡེ་ཉུང་ཤས་ཤིག་གི་མི་ལ་ལ་མྱེས་མ་དྲོས་གོང་ནས་ཐལ་བས་དྲོས་འདུག་ཁུལ་བྱས་ཏེ། དང་པོར་ངེས་པར་འབྱུང་བ་ཡིན། ཡིན་ན་མིན་ན་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུབ་བྱུང་དགོས་པར་བཤད་པས། མཁན་སློབ་རྣམ་པས་ཀྱང་བདེན་སྣང་ཤར་ནས་དེ་བཞིན་དང་དུ་བླངས། མདོ་དང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་འདི་མ་བཤད་དང་འདི་མ་བྱིན་བསམ་པ་ཞིག་མེད་པར་བྱས། དེ་དག་གིས་ཀྱང་དེ་ཚེ་དེ་དུས་ཙམ་ལ་ལོ་མཚམས་ཆ་རེའི་དམ་བཅའ་ལེན་ཁུལ་བྱས་ན་ཡང། མཐར་བར་ཆད་ཀྱི་རྐྱེན་རང་གི་སེམས་རྒྱུད་ནས་བུད་དེ་ཆོས་མགོ་མ་ཐོན། ཡར་རྗེས་མར་རྗེས་གཉིས་ཀ་མ་བསྙེག་པ་ཡང་གྲངས་མང་པོ་མིན་རུང་ཆ་རེ་ཡོད་པ་ནི། ཕྱོགས་ཡར་མར་ཐམས་ཅད་ནས་འབྱུང་འདུག་རྒྱུ་ཞིག་བྱུང་བ་རེད། དེ་ནི་གཙོ་བོར་བློ་སྦྱོང་གིས་བློ་འབྱོངས་མ་ཐུབ། སེམས་རྒྱུད་ཆོས་ཀྱིས་མ་ཐུལ། ཆགས་སྡང་རང་གར་ཤོར་ནས། ཆོས་དང་རང་རྒྱུད་གཉིས་ལ་ཁ་ཁར། ལུང་པ་སོ་སོར་བུད་སོང་བའི་ངན་སྐྱོན་ལྷང་ལ་བུད་པའི་འདྲ་དཔེ་སྟོན་པ་ཡིན། སྲོལ་རྒྱུན་ལྟར་ན་བློ་ལྡོག་རྣམ་བཞིའི་གོ་རིམ་དེ་དལ་འབྱོར་རྙེད་དཀའ་ནས་མགོ་བཟུང་ནས་མང་ཆེ་བས་གསུངས་པར་འདུག་ཀྱང་། དེ་ནི་ཆོས་ཕྱོགས་ཀྱི་རྫོགས་ལྡན་ཚེས་པའི་སྔར་གྱི་དུས་བཟང་གི་རྒྱུན་སྲོལ། རྒྱུ་འབྲས་ཡིད་ཆེས་ཡོད་པ་གཞིར་བཞག་གིས་གསུངས་པ་ཞིག་ཡིན་ལ། དེང་སང་དུས་སྙིགས་མ་རྩོད་ལྡན་གྱི་དུས་རེད། ཁྱད་པར་དུ་ན་ནིང་དོ་ཞག་ལ་འགའ་རེས་རྟོག་སད་པ་ཡིན་ཟེར་ནས་ཐ་སྙད་ཡག་སྦྱོར་བྱེད་པར་འདུག་ཀྱང་། རྟོགས་ཡང་འཇུག་ཅན་པོ་སད་པ་ཡིན་དང་། ངན་རྟོག་ལོག་པའི་ལྟ་སྤྱོད་ཀྱིས་འཐུམས་པ་ཡིན་ཟེར་ཚོད་མི་ཐིག་པར་འདུག གང་ལྟར་ཡང་ལས་རྒྱུ་འབྲས་སྐྱེ་བ་སྔ་ཕྱི་ཁས་མི་ལེན། སྟོང་རྟེན་འབྱུང་གི་ལྟ་སྤྱོད་ལ་འགལ་ཟླ་རུ་འགྱུར་དུས་ཆོས་འདི་བ་ལས་ཕྱི་རོལ་དུ་གྱུར་ནས་ནང་དུ་མ་གཏོགས་པ་ཡིན། ཕྱི་པ་ནང་པ་སྐྱབས་འགྲོ་དང་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིས་འབྱེད་དགོས་པ་ཡིན། ངེས་པར་དུ་ཆོས་པ་ཞིག་གིས་ནི་རང་ཉིད་ཀྱིས་ཆོས་འགྲུབ་པའི་རྨང་གཞི་དེ་རང་ཉིད་ཀྱི་སེམས་ལ་འདེང་རྒྱག་དགོས་པ་ཡིན། ལར་དེ་ཚོ་དགེ་འདུན་པ་སྡེ་སྣོད་འཛིན་པ་ཏག་ཏག་གི་དབུས་ནས་ཞུ་འོས་པ་ཞིག་མིན་ན་ཡང་། ནང་པ་སངས་རྒྱས་པའི་ཆོས་སྒོར་ཞུགས་དུས། འཇིག་རྟེན་ཡང་དག་གི་ལྟ་ལ་དད་པ་ནས་མགོ་འཛུགས་རྒྱུ་གལ་ཆེན་ཡིན་པ་ནི། རང་རྒྱུད་ཐད་ལ་བཞག་ནས་དེ་དང་སྦྱར་ཏེ་བཤད་པ་ཡིན། ང་ཚོ་བོད་ཞིང་འབྲོག་གི་ས་ཆ། ཁྱད་པར་དུ་ས་འདི་ཚོ་ལ་མཚོན་ན། ལས་དགེ་བ་སྒྲུབ་ན་བདེ་འབྲས་མེད། མི་དགེའི་སྡིག་ལས་བྱས་ཀྱང་སྡུག་བསྔལ་མྱོང་མི་དགོས། ལས་རྒྱུ་འབྲས་མེད། སྐྱེ་བ་སྔ་ཕྱི་མེད། སངས་རྒྱས་རྫུན་མ་རེད། ཁྱོས་ཤོབ་རེད་ཟེར་མཁན་ཕར་ཆེར་ཡོད་རྒྱུ་མ་རེད། དེ་རྨོངས་དད་དུ་མི་འགྱུར་ཏེ། སྤྱིར་རྨོངས་དད་འདི་ལ་ཡུལ་དང་ཡུལ་ཅན་གྱི་ངོས་ནས་འགྲེལ་ལུགས་གཉིས་བྱེད་ཆོག་པ་ཡིན། སྤྱིར་སྐྱབས་འགྲོ་ཤེས་རྒྱུ་དེ་ཡང་རང་གཞན་སུའི་ཐད་ནས་སླ་མོ་ཞིག་མིན་པས། རྒྱུ་མཚན་འདི་ལ་བརྟེན་ནས་དཀོན་མཆོག་གསུམ་ལ་དད་པ་ཡིན། དཀོན་མཆོག་གསུམ་སྐྱབས་སུ་འཛིན་ལུགས་འདི་ལྟར་ཡིན་ཟེར་མི་ཤེས་པ་མང་དག་ཡོད་ཅིང་། རང་སྟོབས་ཀྱི་རིགས་པས་དཔྱད་པའི་རྣམ་དཔྱོད་ཀྱི་ཚོར་བ་རྣོན་པོ་ལ་བརྟེན་ནས་ཆོས་རྗེས་སུ་འབྲངས་པ་དང་། གཞན་གྱི་གྲགས་པའི་རྗེས་འབྲངས་ཀྱིས་ཆོས་ལམ་ལ་ཞུགས་པ་སྟེ་གཉིས་སུ་ཡོད་དུ་རུང་ནའང། དང་པོར་ཆོས་སྒོ་ལ་ཇི་ལྟར་ཞུགས་པ་ཡིན་ད་ལྟ་རང་གིས་བརྟགས་ཤིང་དཔྱད་དེ་ཞིབ་མོའི་བློ་ཡིས་ཕུགས་ཤིག་བཅད་དེ། ཐོག་མ་ཉིད་ནས་རྒྱུ་འབྲས་ཡིད་ཆེས་ལ་ངེས་ཤེས་བརྟན་པོ་ཐོབ་པ་ཞིག་ངེས་པར་དུ་འགྱུར་དགོས་པས། སྔོན་འགྲོ་དངོས་གཞི་ཐམས་ཅད་ཀྱི་རིམ་པ་བརྟན་པོ་ཞིག་གི་ངང་ནས་མི་ཚེའི་དུས་ཚོད་བཟང་པོའི་བྱ་བ་རིམ་གྱིས་འདའ་ཞིང་། ཐ་ན་དབུགས་ཀྱི་རྒྱུ་འགྲུལ་ཡན་ལག་ཉིང་ལག་གི་འགུལ་སྐྱོད་ཙམ་ཡང་དོན་ལྡན་དུ་འགྱུར་བ་ཞིག་མ་བྱུང་གི་བར་དུ་བློ་སྦྱོང་འདི་དང་ངེས་པར་དུ་འབྲལ་མི་རུང་བའི་ཚུལ། རང་གར་རང་ཉིད་ཀྱི་ཁམས་དང་བསྟུན་པའི་གློ་བུར་གྱི་དྲན་ཕྱོགས། རྣམ་པ་ཚོས་དཔྱད་གཞི་ཙམ་རེ་གླེང་མོལ་བྱས་པ་དང་བཅས་ཏེ། གང་ཞིག་འཆད་ཉན་བྱ་བཞིན་པའི་དམ་པའི་ཆོས་ནི། ཇི་སྐད་དུ། མཆོག་གསུམ་ཡོངས་རྫོགས་ཆོས་སྐུའི་མཆོད་སྡོང་ནི། །རྒྱལ་བ་ཀུན་གྱི་གཤེགས་ཤུལ་བླ་ན་མེད། །ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་སྟེ། །འདི་ལ་སུ་མཇལ་སྲིད་པ་ཐ་མ་ཡིན། །ཞེས་གསུངས་པ་ལྟར་དུ། དཀོན་མཆོག་གསུམ་ཡོངས་སུ་འདུས་པ་སྟེ། ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཡིན། །ཞེས་གསུངས་པ་ནང་བཞིན་མཆོག་གསུམ་འདུས་པའི་ཆོས་སྐུའི་མཆོད་སྡོང་ཆེན་པོ་གདུལ་བྱའི་ཁམས་ལ་སྣང་བ། དུས་གསུམ་བྱོན་བཞུགས་འབྱོན་འགྱུར་གྱི་རྒྱལ་བ་ཀུན་གྱི་བགྲོད་པ་གཅིག་པུའི་ལམ། ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག དགོངས་པའི་གཏེར་མཛོད། འདི་ལ་སུས་མཇལ་བ་དང་། འདི་དོན་སུས་མཐོང་ན་དེ་ཉིད་སྲིད་པ་ཐ་མར་ངེས་པའི་ཆོས་སྐུའི་བསྟན་པ་རྗེན་ཅེར་དུ་བསྟན་པའི་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་འཆད་པའི་སྐབས་ལས། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་དོན་ལེའུ་བཅུ་གསུམ་ལས། ལེའུ་དང་པོ་དང་། གཉིས་པ་འཁོར་འདས་དབྱིངས་ལས་མ་གཡོས་ཤིང་སྣང་སྲིད་ཞིང་ཁམས་སུ་བསྟན་པ་སོང་མ་ཐག་པའི་མཚམས་ཀྱི།

ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པའི་འགྲེལ་པ།

དེ་རིང་ལེའུ་གསུམ་པ་བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པའི་ལེའུ་བཤད་པའི་སྐབས་ཏེ། དེ་ལ་ཡང་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ཆོས་ཐམས་ཅད་རྫོགས་པ་ཆེན་པོར་འདུས་པའི་རང་བཞིན་སྤྱིར་བསྟན་པ་དང་། བྱེ་བྲག་ཏུ་དེའི་རང་བཞིན་རྒྱས་པར་བཤད་པ་དང་། ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་ལེའུའི་དོན་བསྡུ་བ་དང་གསུམ་ལས།

༼ཀ༽དང་པོ་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ཆོས་ཐམས་ཅད་རྫོགས་པ་ཆེན་པོར་འདུས་པའི་རང་བཞིན་སྤྱིར་བསྟན་པ།

དེ་ལྟར་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་ནས། ད་ནི་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་ཆོས་ཐམས་ཅད་རྫོགས་པ་ཆེན་པོར་འདུས་པའི་རང་བཞིན་བཤད་པ་ནི། ཞེས་མཚམས་སྦྱར་ཏེ།

ཐམས་ཅད་ཀུན་འདུས་བྱང་ཆུབ་སེམས་སུ་འདུས།།

བྱང་ཆུབ་སེམས་ལས་མ་གཏོགས་ཆོས་མེད་པས།།

ཆོས་ཀུན་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ།།

ཞེས་གསུངས་ཏེ། ཆོས་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་ལས་བྱུང་ཞིང་ངང་དུ་ཤར་བས། ནམ་མཁའི་ངང་དུ་སྣོད་བཅུད་ཀུན་འདུས་པ་ལྟ་བུ་དང་། བུ་རམ་གཅིག་གི་རོར་བུ་རམ་ཀུན་གྱི་རོ་འདུས་པ་ལྟར་འཁོར་འདས་ཀྱི་ངོ་བོ་དང་། སངས་རྒྱས་ཐམས་ཅད་ཀྱི་དགོངས་པའི་འདུས་ལུགས་བསྟན་ཏེ། ཀུན་བྱེད་ལས། ཀུན་བྱེད་རྒྱལ་པོ་ང་ལ་ནི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །དགོངས་པའི་དོན་ནི་ང་ལ་འདུས། །ང་ཡི་རང་བཞིན་འདི་ལ་ནི། །སྐུ་འདུས་གསུང་འདུས་དགོངས་པ་འདུས། །ཞེས་པ་དང་། ཀུན་བྱེད་རྒྱལ་པོའི་རང་བཞིན་ལས་། །སྐྱེ་བ་མེད་པར་བསྟན་པ་བཞིན། །སངས་རྒྱས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལ། །ཆོས་ཉིད་འགག་པ་མེད་པ་བཞིན། །གོང་བཤད་སངས་རྒྱས་ཐམས་ཅད་ཀྱི། །ཆོས་ཉིད་ལ་ནི་འགག་པ་མེད། །དེས་ན་ཆོས་ཉིད་འདུས་པར་བསྟན། །ཞེས་སོ། །འཁོར་འདས་དགག་སྒྲུབ་བཟང་ངན་དུ་སྣང་བའི་ཆོས་ཐམས་ཅད། བྱང་ཆུབ་ཀྱི་སེམས་མཐའ་གྲོལ་ཀློང་ཡངས་དེའི་ངང་ལས་བྱུང་ཞིང་དེའི་ངང་དུ་མ་འདུས་པ་ཞིག་མེད་པས་ན་ཆོས་ཀུན་བྱང་ཆུབ་སེམས་ཀྱི་རང་བཞིན་ཡིན་པ་སྟེ། དེ་ཇི་ལྟར་ཡིན་པའི་ཚུལ་ཡང་། ནམ་མཁའི་ངང་དུ་སྣོད་བཅུད་འདུས་པ་བཞིན་དུ་བྱང་ཆུབ་སེམས་གཅིག་གི་ངང་དུ་སྣང་སྲིད་སྣོད་བཅུད་ཐམས་ཅད་འདུས་པ་དང་། བུ་རམ་གཅིག་གིས་རོས་བུ་རམ་ཀུན་གྱི་རོ་མཚོན་པ་ལྟར་དུ་སྣང་སྲིད་སྣོད་བཅུད་ཀྱི་ནང་ནས་ཆོས་བྱེ་བྲག་པ་གཅིག་གི་ངོ་བོ་ཡང་བྱང་ཆུབ་ཀྱི་སེམས་ལས་གཞན་དུ་མ་གྱུར་པས་ཆོས་ཐམས་ཅད་ཀྱི་རང་བཞིན་དང་ངོ་བོས་བསྡུས་ཤིང་འདུས་པའི་ཚུལ་སྤྱིར་བསྟན་པའོ།།

༼ཁ༽བྱེ་བྲག་ཏུ་དེའི་རང་བཞིན་རྒྱས་པར་བཤད་པ།

གཉིས་པ་བྱེ་བྲག་ཏུ་དེའི་རང་བཞིན་རྒྱས་པར་བཤད་པ་ལ། དཔེ་དོན་རྟགས་གསུམ་གཏན་ཚིགས་དང་བཅས་པས་ལྟ་བ་གཏན་ལ་ཕབ་པ་དང་། དཔེ་དོན་རྟགས་གསུམ་གྱིས་གཏན་ལ་ཕབ་པའི་དོན་བསྡུ་བ་དང་། ལྟ་དོན་སྒོམ་པས་ཇི་ལྟར་ཉམས་སུ་ལེན་ཚུལ་བསྟན་པ་དང་གསུམ་ལས།

ཀ༽དང་པོ་དཔེ་དོན་རྟགས་གསུམ་གཏན་ཚིགས་དང་བཅས་པས་ལྟ་བ་གཏན་ལ་ཕབ་པ།

དེ་ལ། རིག་པ་བྱང་ཆུབ་སེམས་ཀྱི་དཔེ་བསྟན་པ་དང་། དཔེས་ཉེ་བར་མཚོན་པའི་དོན་བཤད་པ་དང་། དེ་ལྟར་ངེས་པའི་རྟགས་ཀྱིས་རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་བཀོད་པ་དང་གསུམ་ལས།

༼ཀ དང་པོ་རིག་པ་བྱང་ཆུབ་སེམས་ཀྱི་དཔེ་བསྟན་པ།

དེ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ལ་དཔེ་དོན་རྟགས་གསུམ་གྱིས་ཤེས་པར་བྱ་བ་ལས། དང་པོ་དཔེ་ནི།

བྱང་ཆུབ་སེམས་ཀྱི་མཚོན་དཔེ་ནམ་མཁའ་འདྲ།།

སེམས་ལ་རྒྱུ་མེད་སྐྱེ་བའི་ཡུལ་མེད་པས།།

མི་གནས་བརྗོད་མེད་བསམ་ཡུལ་འདས་པ་ཉིད།།

ནམ་མཁའི་དབྱིངས་ཞེས་དཔེ་རུ་མཚོན་པ་ཙམ།།

མཚོན་དཔེ་ཉིད་ཀྱང་འདི་ཞེས་བྱར་མེད་ན།།

མཚོན་དཔེའི་དོན་ལ་བསམ་བརྗོད་ག་ལ་སྲིད།།

འདི་ནི་རང་བཞིན་དག་པའི་དཔེར་ཤེས་བྱ།།

ཞེས་གསུངས་ཏེ། སེམས་ཉིད་རང་བྱུང་གི་ཡེ་ཤེས་དངོས་པོ་དང་མཚན་མ་མེད་པ། སྟོང་གསལ་སྤྲོས་པ་དང་བྲལ་བས། འདི་དང་འདིའོ་ཞེས་དམིགས་སུ་མེད་པ་ནི། དཔེ་ནམ་མཁའ་ལྟ་བུ་ཞེས་མཚོན་ཡང་། དཔྱད་ན་མཚོན་དཔེ་ནམ་མཁའ་དེ་ཡང་ཁ་དོག་དང་། དབྱིབས་དང་། ངོས་གཟུང་དུ་མེད་པས་དཔེར་གཞག་པའི་ཆོས་སུ་མེད་ན། དཔེ་དེས་མཚོན་པའི་དོན་སེམས་ཉིད་རང་བཞིན་གྱིས་དག་པ་ཉིད་གང་དུའང་གྲུབ་པ་ཡོད་པ་མ་ཡིན་པས་རེ་ཞིག་དམིགས་སུ་མཚོན་དུ་མེད་པ་ཙམ་ཞིག་མཚོན་པའི་དཔེར་ཤེས་པར་བྱ་བ་ཉིད་དོ། །སེང་གེ་རྩལ་རྫོགས་ལས། མཉམ་ཉིད་དངོས་བྲལ་སངས་རྒྱས་དགོངས་པ་ནི། །ཡེ་ཤེས་རང་སྣང་ཆོས་སྐུ་མཁའ་ལྟར་དག །སྤྲོས་བྲལ་རིག་པ་ནམ་མཁའི་མཐའ་དང་མཉམ། །སྤྱོད་པ་སྟོང་ཡུལ་འཛིན་མེད་རང་སར་གྲོལ། །དགོངས་པ་རང་གནས་ཏིང་འཛིན་ཅོག་གཞག་ངང་། །དངོས་མེད་རང་སྣང་དཀྱིལ་འཁོར་ཀུན་གྱི་དངོས། །འགྱུར་མེད་རང་སངས་ཆོས་ཉིད་ཀུན་གྱི་ཡུལ། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། ཆོས་ཀུན་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རང་བཞིན་མེད། །ནམ་མཁའ་ལ་ནི་དཔེ་ཡང་མེད། །ནམ་མཁའ་ལ་ནི་ཚད་ཀྱང་མེད། །ཆོས་རྣམས་ཐམས་ཅད་མ་ལུས་པའི། །དོན་ནི་འདི་ལྟར་ཤེས་པར་གྱིས། །ཞེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་མ་རྟོགས་པས་འཁོར་བ་བྱས། སྣོད་བཅུད་དུ་སྣང་། རྟོགས་པས་མྱང་འདས་བྱས། སྐུ་དང་ཡེ་ཤེས་སུ་སྣང་སྟེ། རིག་པས་ཀུན་བྱས་ཀྱང་རིག་པ་གཅིག་པུ་སུས་ཀྱང་མ་བྱས་པར་ཡེ་ནས་ལྷུན་གྲུབ་ཏུ་གནས་པའི་དཔེ་ནམ་མཁའ་ཁོ་ནས་ཕྱོགས་ཙམ་མཚོན་པ་སྟེ། འདིའི་སེམས་ལ་རྒྱུ་མེད་སྐྱེ་བའི་ཡུལ་མེད་པར་གསུངས་པའི་སེམས་འདི་ནི། སེམས་ཉིད་རང་བྱུང་གི་ཡེ་ཤེས་ཏེ་དེ་ལ་དང་པོར་སྐྱེ་བའི་ཡུལ་མེད་པ་དངོས་པོ་དང་མཚན་མ་མ་གྲུབ་ལ། བར་དུ་མི་གནས་པ་སྟོང་གསལ་སྤྲོས་པ་དང་བྲལ་ཞིང་དམིགས་འདས་བརྗོད་མེད་བསམ་ཡུལ་ལས་འདས་པ་དང་། དངོས་མཚན་མེད་པའི་སྟོང་པ་འགག་མེད་ཡིན་པས་ཐ་མར་འགག་པའི་ཐ་སྙད་ཀྱང་བྱར་མེད་པ་སྟེ། དེ་ལ་དཔེ་ནི་ནམ་མཁའ་མ་གཏོགས་གཞན་གང་ཞིག་འཇོག་ཏུ་མེད་ལ། ནམ་མཁའ་ཡང་དབྱིབས་ཁ་དོག་ངོ་བོ་ངོས་གཟུང་དུ་གྲུབ་པ་ཞིག་མེད་ཕྱིར་དཔེ་ཡི་ཆོས་འདིའོ་ཞེས་པ་ཞིག་མེད་པས། དཔེ་དེས་མཚོན་པའི་དཔེ་ཅན་སེམས་ཉིད་བྱང་ཆུབ་ཀྱི་སེམས་ནི་གང་དུ་ཡང་མ་གྲུབ་པས། རེ་ཞིག་རང་བཞིན་དག་པ་ཉིད་གང་དུའང་གྲུབ་པ་མེད་པའི་དཔེ་ཉེ་བར་མཚོན་པར་བྱ་བ་ཙམ་ཞིག་ཡིན་པར་ཤེས་པར་བྱའོ།།

༼ཁ གཉིས་པ་དེ་ལྟར་དཔེས་ཉེ་བར་མཚོན་པའི་དོན་བསྟན་པ།

དེ་ལྟར་དཔེས་ཉེ་བར་མཚོན་པའི།

དོན་ནི་རང་རིག་མཁའ་མཉམ་བྱང་ཆུབ་སེམས།།

བསམ་པའི་ཡུལ་མིན་མཚོན་བརྗོད་འདས་པ་སྟེ།།

རང་གསལ་མི་གཡོ་འོད་གསལ་ཡངས་པའི་ཀློང་།།

མ་བྱས་ལྷུན་གྲུབ་ཡངས་དོག་མཐོ་དམན་མེད།།

ཆོས་སྐུ་བྱང་ཆུབ་སྙིང་པོའི་དཀྱིལ་ཡངས་སོ།།

ཞེས་གསུངས་ཏེ། རང་བྱུང་གི་ཡེ་ཤེས་ནི་ཆོས་སྐུའི་སྙིང་པོར་ལྷུན་གྱིས་གྲུབ་པས་བསམ་བརྗོད་སྤྲོས་པ་དང་བྲལ་བ་སྟེ། རང་ཤར་ལས། བསམ་མེད་ཆོས་སྐུ་སྤྲོས་བྲལ་ནི། །སངས་རྒྱས་ཡེ་ཤེས་ཆོས་ཉིད་ལ། །རྟོག་མེད་སངས་རྒྱས་ངོ་བོ་གསལ། །འཛིན་མེད་རང་དག་ཆེན་པོ་ལ། །རྡོ་རྗེ་སེམས་དཔའི་རིག་པ་གསལ། །གསལ་དག་སྟོང་པའི་ཡེ་ཤེས་ལ། །མཚན་མ་མེད་པའི་ཆོས་ཉིད་གསལ། །ཞེས་པ་དང་། སྒྲ་ཐལ་འགྱུར་རྩ་བའི་རྒྱུད་ལས། བྱ་བ་བྲལ་བས་རྫོགས་པས་རྫོགས། །མཐའ་དང་བྲལ་བས་དབུས་མི་གནས། །ཡོངས་སུ་རྫོགས་པས་བསྔོ་དང་བྲལ། །ལྷག་མ་མེད་པས་ཆ་ཤས་མིན། །གཅིག་ཏུ་མ་ཡིན་གཉིས་མཐའ་ཟད། །དུ་མར་མི་སྣང་གཅིག་ལས་འདས། །བརྗོད་དུ་མེད་པས་ཚིག་གི་གཞི། །དངོས་བྲལ་སྟོང་པའི་སྙིང་པོའི་དོན། །ཕྱོགས་སུ་མ་ལྷུང་ལྟ་བའི་དོན། །ཞེས་པ་དང་། ཀུན་བྱེད་ལས། རྫོགས་པ་ཆེན་པོའི་ལྟ་སྤྱོད་འདི། །རྒྱུ་འབྲས་སྒྲུབ་དང་མི་འདྲ་སྟེ། །ལྟ་སྤྱོད་བྱང་ཆུབ་སེམས་འདི་ནི། །ནམ་མཁའ་ལྟ་བུའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྟོག་དཔྱོད་འདས། །གང་ཞིག་རྟོག་དཔྱོད་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་བཞིན་མི་འགྲུབ། །ལྟ་སྤྱོད་ནམ་མཁའི་རང་བཞིན་ལ། །གང་ཞིག་གཟུང་དང་འཛིན་བྱེད་པ། །ནམ་མཁའ་བྱང་ཆུབ་དེ་མི་འགྲུབ། །གཟུང་འཛིན་གཉིས་བྱུང་གོལ་སྒྲིབ་བོ། །ནམ་མཁའ་གཉིས་སུ་མེད་པ་བཞིན། །བྱང་ཆུབ་ལ་ནི་གཉིས་སུ་མེད། །གང་ཞིག་གཉིས་སུ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །ལྟ་སྤྱོད་གཉིས་བྱུང་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་བླང་དོར་མེད། །གང་ཞིག་བླང་དོར་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །བླང་ཞིང་དོར་བ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྩོལ་སྒྲུབ་མེད། །གང་ཞིག་རྩོལ་སྒྲུབ་བྱེད་པ་དེས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྩོལ་ཞིང་སྒྲུབ་པ་གོལ་སྒྲིབ་བོ། །བྱང་ཆུབ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ལ་ནི་རྒྱུ་འབྲས་མེད། །གང་ཞིག་རྒྱུ་འབྲས་གཉིས་ལྟ་བས། །བྱང་ཆུབ་ནམ་མཁའ་དེ་མི་འགྲུབ། །རྒྱུ་འབྲས་ལྟ་བ་གོལ་སྒྲིབ་བོ། །ཞེས་སོ། །གོང་དུ་ནམ་མཁའི་དཔེ་ཡིས་ཕྱོགས་ཙམ་མཚོན་པར་བྱས་པའི་དོན་རང་རིག་མཁའ་མཉམ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་དེ། སེམས་ཀྱི་བསམ་པའི་ཡུལ་དང་། ངག་གི་མཚོན་བརྗོད་ལས་འདས་པ་སྟེ། དེ་ཡང་མེད་པ་ཕྱང་ཆད་ནམ་མཁའ་སྟོང་པ་ལྟ་བུ་མ་ཡིན་པར་རང་གསལ་གཡོ་བ་མེད་པའི་འོད་གསལ་ཡངས་པ་ཆེན་པོའི་ཀློང་། སུས་ཀྱང་མ་བྱས་ཡེ་ནས་ལྷུན་གྱིས་གྲུབ་པ། ཡངས་དོག་མཐོ་དམན་མེད་པའི་ཆོས་སྐུའི་བྱང་ཆུབ་སྙིང་པོ་དེ། ངོ་བོ་སྟོང་པས་རྟག་པའི་ཕྱོགས་ལས་འདས། རང་བཞིན་གསལ་བས་ཆད་པའི་མཐའ་ལས་འདས། དེ་ལྟ་བུའི་ཡོད་མེད་ཡིན་མིན་གྱི་མཐའ་བཞི་ལས་འདས་པས་ན་གྲུབ་བསལ་འཕོ་འགྱུར་དང་བྲལ་བའི་ཡངས་པ་ཆེན་པོ་ཞེས་སུ་གྲགས་པའོ། །དེ་ལྟ་བུའི་ཡངས་པ་ཆེན་པོ་དེ་ལྟ་བའི་མཐའ་འམ་སྙིང་པོ་ཡིན་པར་བསྟན་པའོ།།

༼ག གསུམ་པ་དེ་ལྟར་ངེས་པའི་རྟགས་ཀྱིས་རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་དགོད་པ།

དེ་ལྟར་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ནམ་མཁའ་ལྟར་རྣམ་དག་རྒྱ་ཆད་དང་ཕྱོགས་ལྷུང་མེད་པའི་གཏན་ཚིགས་ངེས་པ་ནི།

རྟགས་ནི་རྩལ་ལས་ཅིར་ཡང་འཆར་བ་སྟེ།།

ཤར་བའི་དུས་ན་ཤར་ས་ཤར་མཁན་མེད།།

ཤར་ཞེས་མིང་ཙམ་དཔྱད་ན་ནམ་མཁའ་འདྲ།།

རིས་མེད་མཉམ་པ་ཆེན་པོར་འུབ་ཆུབ་བོ།།

ཕྱམ་གདལ་གཟུང་འཛིན་མེད་པའི་ཀློང་ཉིད་དོ།།

ཞེས་གསུངས་ཏེ། རིག་པའི་ངང་ལས་འཆར་ཚུལ་མ་འགགས་པ་རྒྱ་མཚོ་དྭངས་པའི་ནམ་མཁའི་གཟུགས་བརྙན་ལྟར། སྣ་ཚོགས་སུ་ཤར་ཤར་འདྲ་ཡང་། དོན་ལ་ཤར་ས་དང་ཤར་མཁན་མེད་པས་སྟོང་ཡལ་རིས་མེད་ཀྱི་ཆོས་སྐུར་ལ་བཟླ་སྟེ་རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་ཀྱིས་སེམས་ཉིད་ནམ་མཁའ་ལྟ་བུར་སྒྲུབ་ནུས་ཏེ། རིག་པའི་ངོ་བོ་ཆོས་ཅན། སྐྱེ་མེད་ནམ་མཁའ་ལྟར་བསམ་བརྗོད་ལས་འདས་པའི་ཐ་སྙད་དུ་བརྗོད་དུ་རུང་སྟེ། ཁྱོད་དང་ངོ་བོ་གཅིག་གི་ངང་ནས་རྩལ་དུ་ཤར་བའི་སེམས་ལ་ངོ་བོ་ངོས་གཟུང་གང་ཡང་མེད་པར་ནམ་མཁའ་ལྟར་ཡེ་སྟོང་སྤྲོས་པ་དང་བྲལ་བར་གྱུར་པའི་ཕྱིར། རང་ཤར་ལས། འཛིན་མེད་ཆོས་ཉིད་རང་གསལ་བདེ་བའི་ཀློང་། །རྟོག་མེད་མཁའ་ཁྱབ་ཆོས་ཉིད་ཀུན་ལ་རོལ། །འཛིན་པ་མེད་པའི་ཆོས་ཉིད་རང་སར་དག །རྟོག་པ་མེད་པའི་རང་གྲོལ་བདེ་བའི་ཤུགས། །ཡེངས་པ་མེད་པའི་རང་སྣང་ཀུན་ལ་ཁྱབ། །ཡང་དག་ཆོས་ཉིད་བདེ་ཆེན་ས་ལ་གཤེགས། །ཞེས་པ་དང་། ཀུན་བྱེད་ལས། རྟགས་ནི་ཀུན་བརྟགས་བྱང་ཆུབ་སེམས། །ཞེས་སོ། །དེ་དག་ཀྱང་རིག་པ་ཡུལ་ཐོག་ནས་ཤར་གྲོལ་རིས་མེད་དུ་སངས་པས་ཆོས་ཉིད་ཀྱི་ནམ་མཁའ་དང་རྒྱ་མཚོའི་ངང་དུ་འུབ་ཆུབ་པར་བསྟན་ཏེ། སེང་གེ་རྩལ་རྫོགས་ལས། ཆོས་ཉིད་མིང་དང་བྲལ་བའི་ནམ་མཁའ་ལ། །མཚན་མའི་ཡུལ་མེད་རང་སྣང་བྱ་ཁྱུང་ལྡིང་། །བཅོས་པ་མ་ཡིན་རང་རིག་བདེ་བར་གཟུང་། །རང་བྱུང་སྤྲོས་བྲལ་ཆོས་ཉིད་རྒྱ་མཚོ་ན། །མཚན་མའི་དངོས་མེད་གསེར་གྱི་ཉ་མོ་འགྱུ། །རང་སྣང་ཆོས་སྐུ་རོ་གཅིག་ངང་དུ་འུབ། །རྣམ་དག་སྤྲོས་དང་བྲལ་བའི་ནམ་མཁའ་ལ། །ཆོས་སྐུ་སྤྲོས་བྲལ་གསེར་གྱི་བྱ་ཁྱུང་ལྡིང་། །རྩོལ་སེམས་མ་ཡིན་སྒྲོན་མའི་ངང་དུ་འུབ། །ཆོས་ཉིད་མཐའ་ཡས་རང་བྱུང་རྒྱ་མཚོ་ན། །རང་རིག་རྟོག་བྲལ་གསེར་གྱི་ཉ་མོ་འགྱུ། །སྟོང་གསལ་འཁོར་འདས་བྲལ་བའི་ངང་དུ་འུབ། །གསལ་ལ་འཛིན་ཆགས་བྲལ་བའི་ནམ་མཁའ་ལ། །དགོངས་པ་རང་གནས་གསེར་གྱི་བྱ་ཁྱུང་ལྡིང་། །ཆོས་ཉིད་ཡངས་པ་ཀུན་ཁྱབ་ངང་དུ་འུབ། །སྤྲོས་པ་རང་སར་དྭངས་པའི་ནམ་མཁའ་ལ། །བྱ་བྱེད་བྲལ་བའི་རང་སྣང་བྱ་ཁྱུང་ལྡིང་། །རྩོལ་སྒྲུབ་བྲལ་བའི་ཆོས་ཉིད་ངང་དུ་འུབ། །མ་བསླད་ལྷུན་རྫོགས་ཡེ་ཤེས་རྒྱ་མཚོ་ན། །རིག་པ་གསལ་དག་གསེར་གྱི་ཉ་མོ་འགྱུ། །རྐྱེན་གཞི་བྲལ་བའི་རང་བྱུང་ངང་དུ་འུབ། །ཅེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་རང་བྱུང་གི་ཡེ་ཤེས་དེ་ཆོས་སྐུའི་སྙིང་པོར་ལྷུན་གྱིས་གྲུབ་པས་ན་བསམ་བརྗོད་ཀྱི་ཡུལ་དུ་མ་གྱུར་པའི་སྤྲོས་བྲལ་གསལ་སྟོང་འཛིན་མེད་ཡིན་པའི་རྟགས་སུ། རིག་པ་རང་གི་ངོ་བོ་ལས་རྩལ་སྣ་ཚོགས་ཀྱི་སྣང་བ་འཆར་ཚུལ་མ་འགགས་པ་རྒྱ་མཚོ་དྭངས་པའི་ངོས་ལ་ནམ་མཁའི་གཟའ་སྐར་གྱི་གཟུགས་བརྙན་ཤར་བ་ལྟར་དུ་སྣང་སྣ་ཚོགས་སུ་སྣང་ནས་ཤར་ཤར་འདྲ་ཡང་། དོན་ལ་གཞི་མེད་སྟོང་པའི་རང་མདངས། ཤར་ས་དང་ཤར་མཁན་མེད་པར། ཤར་དུས་ཉིད་ནས་ཤར་བ་རང་གི་ངོ་བོས་སྟོང་པའི་ཡེ་སྟོང་སྤྲོས་པ་དང་བྲལ་བ་མངོན་དུ་གྱུར་པ་ཡིན་པས། རིས་མེད་མཉམ་པ་ཆེན་པོའི་གཏན་ཚིགས་ཀྱི་ཆོས་གཅིག་གིས་ཆོས་ཐམས་ཅད་ཀྱི་རང་བཞིན་དེ་དཔོག་ཐུབ་པ་དཔེར་ན་ལན་ཚྭ་གཅིག་གིས་ལན་ཚྭ་ཐམས་ཅད་ཀྱི་རོ་ནུས་དཔོག་པ་བཞིན་དུ་ཆོས་སྐུ་གཅིག་པུའི་ཡོ་ལང་ལས་མ་འདས་པར་འགྲུབ་པའོ། །འདི་ནས་རྩལ་གང་ཤར་སྣང་བའི་སེམས་ཡེ་སྟོང་སྤྲོས་པ་དང་བྲལ་བ་ཡིན་པའི་རྟགས་ཀྱིས། ངོ་བོ་སྟོང་ཡལ་རིས་མེད་སེམས་ཉིད་ནམ་མཁའ་ལྟ་བུར་བསྒྲུབས་པ་བཞིན་དུ། ཁ་ཕྱིར་བསྐོར་ནས་རྩལ་འཁྲུལ་སྣང་དུ་ཤར་བའི་སེམས་ཀྱི་ངོ་བོ་ཆོས་ཅན། ཁྱོད་ངོ་བོ་ངོས་བཟུང་མེད་པའི་ནམ་མཁའ་ལྟ་བུ་ཡིན་ཏེ། ཁྱོད་གང་ལས་ཤར་བའི་གཞི་ཁྱོད་དང་ངོ་བོ་གཅིག་པའི་ཆོས་ཉིད་དེ་ལྟར་ཡིན་ཕྱིར། ཞེས་པ་ཡང་དོན་གྱིས་གོ་བ་གཅིག་གོ།

ཁ༽གཉིས་པ་དཔེ་དོན་རྟགས་གསུམ་གྱིས་གཏན་ལ་ཕབ་པའི་དོན་བསྡུ་བ།

དེ་དག་གི་དོན་ཆོས་ཉིད་མཐའ་དབུས་མེད་པའི་ངང་དུ་བསྡུ་བ་ནི། ཞེས་མཚམས་སྦྱར་ནས།

རང་བྱུང་ཡེ་ཤེས་ཆོས་ཉིད་ཕྱོགས་ཡན་ལ།།

དཔེ་དོན་རྟགས་ཀྱིས་ངེས་པའི་མཚོན་དཔེ་བསྟན།།

མཁའ་མཉམ་གཟེར་ཆེན་གསུམ་གྱི་བདག་ཉིད་དུ།།

ཐམས་ཅད་ཀུན་འདུས་རང་བཞིན་དབྱེ་བསལ་མེད།།

ཕྱམ་མཉམ་ཡངས་པ་ཆེན་པོའི་དབྱིངས་རུམ་འདིར།།

ཐམས་ཅད་ཡེ་མཉམ་སྔ་ཕྱི་བཟང་ངན་མེད།།

ཀུན་བཟང་རྡོ་རྗེ་སེམས་དཔའི་དགོངས་པའོ།།

ཞེས་གསུངས་ཏེ། རིག་པ་མཐའ་བྲལ་བསམ་བརྗོད་ལས་འདས་པ་ཉིད་དཔེ་དོན་རྟགས་གསུམ་ངེས་པའི་གཟེར་གསུམ་གྱིས་ཆོས་ཉིད་ཀྱི་ངང་ལས་མི་འཆུགས་པར་བསྟན་ཏེ། ཀུན་བྱེད་ལས། དོན་འདི་ངེས་པར་རྟོགས་འདོད་ན། །དཔེ་ནི་ནམ་མཁའ་ལྟ་བུར་བརྟག །དོན་ནི་ཆོས་ཉིད་སྐྱེ་བ་མེད། །རྟགས་ནི་སེམས་ཉིད་འགག་པ་མེད། །ནམ་མཁའ་ལྟ་བུའི་ཆོས་ཉིད་ལ། །ནམ་མཁའ་ལྟ་བུའི་དཔེ་ཡིས་མཚོན། །དམིགས་སུ་མེད་པའི་ཆོས་ཉིད་ལ། །དམིགས་སུ་མེད་པར་མཚོན་ཏེ་བསྟན། །ཚིག་ཏུ་བརྗོད་དུ་མེད་པ་ལ། །བརྗོད་དུ་མེད་པའི་ཚིག་བརྗོད་དེ། །དམིགས་མེད་དོན་གྱི་ངོ་བོར་བསྟན། །བསྡུས་ཏེ་བསྟན་པའི་དོན་འདི་ནི། །དོན་གྱི་ངོ་བོ་འགྲེལ་པ་སྟེ། །འདི་ཡིས་ང་དོན་རྟོགས་པར་གྱིས། །འདི་ཡིས་ང་དོན་མ་རྟོགས་ན། །དོན་གྱི་སྒྲ་ཚིག་ཅི་བསྟན་ཡང་། །ང་དང་འཕྲད་པར་མི་འགྱུར་ཏེ། །ང་ལས་གོལ་ཞིང་ང་བསྒྲིབས་པས། །ཆོས་ཀྱི་སྙིང་པོ་མཐོང་མི་འགྱུར། །ཞེས་སོ། །དེ་ལྟར་ནམ་མཁའི་དཔེས་མཚོན་པའི་རིག་པ་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་ངོ་བོ་ནི་ཀུན་ཏུ་བཟང་པོ་དང་རྡོ་རྗེ་སེམས་དཔའ་ལ་སོགས་པའི་དགོངས་པ་སྟེ། རྒྱུད་དེ་ཉིད་ལས། ཀུན་བཟང་དགོངས་པ་འདུས་པ་ནི། །ཇི་ལྟར་སྣང་བ་ཐམས་ཅད་ཀུན། །བཟང་ངན་བླང་དོར་མེད་པ་རུ། །ཀུན་བྱེད་མངོན་དུ་ཕྱུང་བར་འདུས། །རྡོ་རྗེ་སེམས་དགོངས་འདུས་པ་ནི། །མི་སྐྱེས་མི་འགག་དགོངས་པ་འདུས། །རབས་བདུན་ཤཱཀྱ་ཐུབ་པ་དང་། །སྟོང་རྩ་གཉིས་དང་རྡུལ་སྙེད་དང་། །སྐུ་གསུང་ཐུགས་ཀྱིས་དོན་མཛད་པའི། །བྱུང་ཡང་སྐུ་གསུང་ཐུགས་ལས་བྱུང་། །སྐུ་གསུང་ཐུགས་ཀྱི་ཆོས་ཉིད་ལ། །སྐུ་གསུང་ཐུགས་ཀྱིས་དོན་མཛད་ཚུལ། །དེ་ཡང་ཀུན་བྱེད་ཉིད་དུ་འདུས། །ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ནམ་མཁའི་ཁམས་ཀྱི་གཞལ་ཡས་ན། །ང་རུ་མ་འདུས་གཅིག་ཀྱང་མེད། །ཅེས་སོ། །རིག་པ་རང་བྱུང་གི་ཡེ་ཤེས་མཐའ་བྲལ་བསམ་བརྗོད་ལས་འདས་པའི་ཆོས་ཉིད་ཕྱོགས་ཡན་ཆེན་པོ་དེ་ཉིད། དཔེ་དོན་རྟགས་གསུམ་གྱིས་ངེས་པའི་མཚོན་དཔེ་བསྟན་པའི་མཁའ་མཉམ་འགྱུར་བ་མེད་པར་བྱེད་པའི་གཟེར་ཆེན་པོ་གསུམ་གདབ་ནས། ཐམས་ཅད་ཀུན་འདུས་ཀྱི་ཆོས་རང་བཞིན་དབྱེ་བསལ་མེད་པའི་ངང་ལས་མི་འཆུགས་པར་བྱས་པས་སྣང་སྲིད་འཁོར་འདས་ཕྱམ་གདལ་བའི་མཉམ་ཉིད་ཡངས་པ་ཆེན་པོ་ཀུན་འདུས་མ་ཤོང་བ་མེད་པའི་དབྱིངས་རུམ་འདིར། ཐམས་ཅད་ཡེ་མཉམ་ཐོག་མ་ཉིད་ནས་བཟང་ངན་མེད་ཅིང་། མི་བཟང་བའི་ཆ་ཙམ་ཡང་མེད་པའི་ཀུན་བཟང་། སྔ་ཕྱི་བར་གསུམ་ལ་འགྱུར་བ་མེད་པའི་རང་བྱུང་རྡོ་རྗེ་སེམས་དཔའི་དགོངས་པ་ཆོས་ཉིད་ཀུན་འདུས་ཀྱི་ལྟ་བའི་ཀློང་ཆེན་པོར་དོན་བསྡུས་པའོ།།

ག༽གསུམ་པ་ལྟ་དོན་སྒོམ་པས་ཇི་ལྟར་ཉམས་སུ་ལེན་ཚུལ་བསྟན་པ།

དེ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི།

༼ཀ དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པས་མདོར་བསྟན་པ།

དེ་ལྟ་བུའི་རིག་པ་ཉི་མའི་སྙིང་པོ་ལྟར་བསྟན་པ་ནི།

བྱང་ཆུབ་སེམས་ནི་ཉི་མའི་སྙིང་པོ་འདྲ།།

ངང་གིས་འོད་གསལ་ཡེ་ནས་འདུས་མ་བྱས།།

སྒྲིབ་པའི་ཆོས་མེད་ཟང་ཐལ་ལྷུན་གྱིས་གྲུབ།།

སྤྲོས་པའི་ཆོས་མེད་མི་རྟོག་ཆོས་ཉིད་ངང་།།

ཞེས་མདོར་བསྟན་ཏེ། ངང་གིས་འོད་གསལ་ལ་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པའི་ཆོས་སྐུ་རིག་པ་ཟང་ཐལ་ཆེན་པོ་སྟེ། རང་ཤར་ལས། མཐའ་བཞི་བྲལ་བའི་ཆོས་སྐུ་ཆེན་པོ་ནི། །དྲི་མེད་འོད་གསལ་མན་ཤེལ་དག་པ་འདྲ། །མཐའ་བྲལ་ཆོས་སྐུ་མུན་པ་སངས་པའི་སྐུ། །དྲི་མེད་མུན་སེལ་ཉི་མའི་དཀྱིལ་འཁོར་ལྟར། །མཐའ་བཞིའི་མུན་སེལ་ཡེ་ནས་ལྷུན་གྱིས་གྲུབ། །ཅེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་འདི་ནི་མཐའ་བཞིའི་མུན་པ་སེལ་ཞིང་ངང་གིས་འོད་གསལ་བའི་ཆ་ནས་ཉི་མའི་སྙིང་པོ་དང་འདྲ་བར་བསྟན་པ་དང་། དེའི་ཁྱད་པར་གྱི་ཆོས་ངང་གིས་འོད་གསལ་བ་ཁོ་ནས་མི་ཚད་པར་ཡེ་ནས་འདུས་མ་བྱས་པ། ངོ་བོ་ལ་སྒྲིབ་བྱེད་ཀྱི་ཆོས་མི་གནས་ཤིང་དེའི་ངོར་ཆགས་སུ་མེད་པའི་ཟང་ཐལ་དུ་གྱུར་པ། དེ་ཡང་རང་བྱུང་ལྷུན་གྱིས་གྲུབ་པས་ན་སྤྲོས་པའི་ཆོས་མེད་ཅིང་། མི་རྟོག་ཆོས་ཉིད་ཀྱི་ངང་སྔ་ཕྱི་དུས་གསུམ་དུ་འཕོ་འགྱུར་མེད་པ་དེའི་ངང་ལས་མི་འདའ་བར་བསྟན་པའོ།།

༼ཁ གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ།

དེ་ལ་སྐུ་གསུམ་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་ཚུལ་སྤྱིར་བསྟན་པ། དེའི་ངང་ལས་སྣང་སྲིད་ཤར་ཚུལ་བཤད་པ། ཤར་བ་ཉིད་ནས་རང་བཞིན་མེད་ཚུལ་བསྟན་པ། དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ། ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་གྲུབ་ཚུལ། སྐྱེ་མེད་དབྱིངས་ཀྱི་ངང་ལས་འགག་མེད་དུ་ཤར་ཡང་རྫུན་སྣང་ཡོད་མ་མྱོང་བར་བསྟན་པ། རིག་ངོར་སྐྱེ་འགག་གནས་གསུམ་མ་གྲུབ་པར་ཆོས་ཉིད་ཀྱི་རིག་པས་འགག་བསྡུ་བ་དང་རྣམ་པ་བདུན་ཡོད་པ་ལས།

༼༡༽་དང་པོ་སྐུ་གསུམ་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པ་ལྷུན་གྱིས་གྲུབ་ཚུལ་སྤྱིར་བསྟན་པ།

རྒྱས་པར་བཤད་པ་ནི།

སྟོང་པས་ཆོས་སྐུ་གསལ་བས་ལོངས་སྤྱོད་རྫོགས།།

ཟེར་ལྡན་སྤྲུལ་པ་སྐུ་གསུམ་འདུ་འབྲལ་མེད།།

ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས།།

སྐྱོན་དང་ཉེས་ཆའི་མུན་པས་བསྒྲིབས་པ་མེད།།

སྔ་ཕྱི་དུས་གསུམ་འཕོ་འགྱུར་མེད་པར་གཅིག།

སངས་རྒྱས་སེམས་ཅན་ཀུན་ལ་ཁྱབ་པར་གཅིག།

འདི་ནི་རང་བྱུང་བྱང་ཆུབ་སེམས་ཞེས་བྱ།།

ཞེས་གསུངས་ཏེ། སེམས་ཉིད་སྟོང་པའི་ཆ་ནས་ཆོས་ཀྱི་སྐུ་དང་། གསལ་བའི་ཆ་ནས་ལོངས་སྤྱོད་རྫོགས་པའི་སྐུ་དང་། འཆར་བའི་ཆ་ནས་སྤྲུལ་པའི་སྐུ་ཞེས་མིང་དུ་བརྗོད་ཀྱང་། ངོ་བོ་ངོས་གཟུང་གི་ཆོས་སུ་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། དགོངས་པ་དེ་ཉིད་དུས་གསུམ་འཕོ་འགྱུར་མེད་པར་ལྷུན་གྱིས་གྲུབ་སྟེ། འཁོར་འདས་ཀུན་ལ་སྙིང་པོའི་ཚུལ་དུ་ཁྱབ་པའི་ཕྱིར། བདེ་གཤེགས་སྙིང་པོས་འགྲོ་ཀུན་ཡོངས་ལ་ཁྱབ། །ཅེས་གསུངས་ཏེ། དེ་དག་ཀྱང་སྟོང་གསལ་རང་བྱུང་གི་ཡེ་ཤེས་སུ་བསྟན་པ་ནི། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །རང་བཞིན་མ་བཅོས་རྣམ་གསུམ་ལས། །མིང་ཙམ་སྐུ་གསུམ་བྱུང་ཚུལ་བསྟན། །ངེས་པར་སྐུ་གསུམ་རང་བཞིན་ཀྱང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ངེས་པར་ཆོས་སྐུ་མིང་ཙམ་སྟེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ངོ་བོ་མིང་ཙམ་མངོན་བྱུང་བ། །ལོངས་སྤྱོད་རྫོགས་སྐུ་མིང་ཙམ་ཚུལ། །ངེས་པར་ལོངས་སྤྱོད་རྫོགས་སྐུ་དེ། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཀུན་བྱེད་བྱང་ཆུབ་སེམས་ང་ཡི། །ཐུགས་རྗེ་སྤྲུལ་སྐུ་མངོན་ཕྱུང་བ། །ཐུགས་རྗེ་མ་བཅོས་རང་བཞིན་ལས། །མིང་ཙམ་སྤྲུལ་སྐུའི་ཚུལ་བྱུང་བ། །ངེས་པར་སྤྲུལ་པའི་སྐུ་དེ་ཡང་། །དེ་བཞིན་ཉིད་ལས་གཡོས་པ་མེད། །ཅེས་སོ། །སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྐུ་གསུམ་འདུ་འབྲལ་མེད་པའི་རིག་པ་བྱང་ཆུབ་ཀྱི་སེམས་ཆོས་སྐུའི་དགོངས་པ་དེ་ལས་མ་འདས་ཤིང་། ཆོས་ཐམས་ཅད་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་སྣ་ཚོགས་ལ་འཆར་བའི་སྐུ་གསུམ་གྱི་རང་གདངས་ལྷུན་གྲུབ་ཆེན་པོ་རུ་གནས་ཤིང་། དེའི་ཆོས་ཉིད་རང་རིག་སེམས་ཉིད་ཀྱི་ངོ་བོ་དེ་སྟོང་པའི་ཆ་ནས་ཆོས་སྐུ་དང་། གསལ་བའི་ཆ་ནས་ལོངས་སྐུ། འཆར་ཆ་འགག་མེད་ཀྱི་ཆ་ནས་སྤྲུལ་སྐུར་སྣང་ཞིང་། མིང་གིས་ཀྱང་དེ་ལྟར་བརྗོད་པ་ཡིན་ཡང་། ངོ་བོ་ངོས་གཟུང་གི་ཆོས་སུ་སྒྲུབ་ཅིང་གྲུབ་པ་ནི་ཅུང་ཟད་ཀྱང་མེད་ལ། ཡེ་ནས་ཡོན་ཏན་ལྷུན་གྱིས་གྲུབ་ཟིན་པས་སྐྱོན་གྱིས་གོས་པ་མི་སྲིད་ཅིང་། དུས་གསུམ་འཕོ་འགྱུར་མེད་པར་སངས་རྒྱས་ཀུན་ལ་ཁྱབ་པར་གནས་པ། འཁོར་བ་རང་མཚན་པ་མེད་པས་སྤང་བྱ་ཞིག་ཟུར་ནས་མ་གྲུབ་ཅིང་། འདས་པ་ལོགས་ནས་བཙལ་དུ་མེད་པས་བླང་བྱ་ཡང་མ་གྲུབ་པ། འཁོར་འདས་རིག་ངོ་ལ་མཉམ་པ་འདི་ནི་རང་བྱུང་བྱང་ཆུབ་སེམས་ཀྱི་དགོངས་པ་ཞེས་བྱ་བའི་གནད་དོ་ཞེས་ངེས་བཟུང་གི་སྒྲས་བསྟན་ནས་དེ་ཉིད་ལུང་གིས་བཀྲལ་བའོ།།

༼༢༽གཉིས་པ་དེ་ལྟ་བུའི་རང་བྱུང་བྱང་ཆུབ་ཀྱི་སེམས་དེའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ།

དེ་ལྟ་བུའི་ངང་ལས་སྣང་སྲིད་ཤར་བར་བསྟན་པ་ནི།

དེ་ཡི་རྩལ་ནི་ཅིར་ཡང་འཆར་བ་སྟེ།།

རྟོགས་དང་མི་རྟོགས་སྣང་སྲིད་སྣོད་བཅུད་དང་།།

སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་དོ།།

རིག་པའི་རང་བཞིན་མེ་ལོང་ལྟ་བུའི་ངང་ན་རང་རྩལ་གཟུགས་བརྙན་དང་འདྲ་བ་ཐམས་ཅད་འཆར་བའི་གཞིར་གནས་པས། སྣང་སྲིད་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་སུ་ཤར་ཡང་རིག་པའི་ངོ་བོ་ལ་གོས་པ་དང་འཕོ་འགྱུར་མེད་དེ། གཟུགས་བརྙན་གྱིས་མེ་ལོང་ལ་མ་གོས་ཤིང་འཕོ་འགྱུར་གང་ཡང་མེད་པ་བཞིན་ནོ། །རང་ཤར་ལས། དུས་མེད་སྣང་བའི་རང་བྱུང་ཆེན་པོ་ནི། །ནམ་མཁའི་ངང་ནས་ཉི་ཟླའི་ཆོ་འཕྲུལ་འབྱུང་བ་ལྟར། །སྐྱེ་མེད་ངང་ལས་འགག་མེད་ཆོ་འཕྲུལ་འབྱུང་། །དེ་བཞིན་ཆོ་འཕྲུལ་ཆེན་པོ་དཀའ་བ་མིན། །ཞེས་པ་དང་། ཀུན་བྱེད་ལས། ཡང་དག་ཀུན་གྱི་ངོ་བོ་བྱང་ཆུབ་ང་། །སྤྲོས་མེད་དབྱིངས་ཀྱི་ངོ་བོ་ང་ཡིན་ལ། །སངས་རྒྱས་ཀུན་གྱི་གསང་ཆེན་ང་ཡིན་པས། །རོལ་བ་ཁམས་གསུམ་འགྲོ་དྲུག་ང་ལས་ཤར། །ཞེས་སོ། །དེ་ཡི་རྩལ་ནི་ཅིར་ཡང་འཆར་ཞེས་པ་ནི། རིག་པའི་རང་བཞིན་མེ་ལོང་དང་། རྩལ་གཟུགས་བརྙན་ལ་དཔེར་བྱས་ནས་གསུངས་པ་སྟེ། རིག་པ་རང་བྱུང་གི་ཡེ་ཤེས་དེ་ཤེལ་སྒོང་དྭངས་མོ་བཞིན་དུ་ཀ་དག་སྟོང་གསལ་ཆེན་པོའི་ངང་ན་རང་བཞིན་གྱིས་འོད་ལྔ་ལྷུན་གྲུབ་ནང་གསལ་གྱི་ཆ་ལ་འཁྱིལ་བ་དེ། གདངས་ཕྱི་གསལ་རྐྱེན་དང་འཕྲད་པའི་ཤེལ་འོད་ལྟ་བུ་དེ་ཕྱི་ལ་ཤར་བའི་གཞི་ལས་གཞི་སྣང་ཤར་ཚེ། རང་སྣང་རང་ངོ་མ་ཤེས་པར་གཟུང་འཛིན་དུ་ཞེན་ནས་བདག་ཏུ་བཟུང་བའི་སྙིགས་མའི་འབྱུང་བ་སྣོད་བཅུད་དུ་འཁྲུལ་བ་ཡིན་ལ། དེའི་དུས་སུ་རྟོགས་ན་གྲོལ་བ་དང་མ་རྟོགས་ན་དེ་ལྟར་འཁྲུལ་ནས། སྣང་སྲིད་སྣོད་བཅུད་དང་སྐྱེ་འགྲོའི་སྣང་བ་སྣ་ཚོགས་ཇི་སྙེད་པ་རྨི་ལམ་གྱི་འཁྲུལ་སྣང་ལྟ་བུ་འདི་མེད་བཞིན་དུ་སྣང་བ་ཡིན་ཡང་། སྣང་བཞིན་འཁྲུལ་བཞིན་པའི་གནས་སྐབས་སུའང་གཟུགས་བརྙན་བཟང་ངན་གང་ཤར་ཡང་མེ་ལོང་གི་ངོ་བོ་ལ་གོས་པ་མེད་བཞིན་དུ་རིག་པའི་ངོ་བོ་ལ་གོས་པ་མེད། ཀུན་ཏུ་བཟང་པོ་གྲོལ་དུས་ཀྱི་རིག་པ་དང་ཁམས་གསུམ་སེམས་ཅན་འཁྲུལ་དུས་ཀྱི་རིག་པ་གཉིས་ཀ་རིག་པའི་རང་ངོ་ནས་ཁྱད་པར་མེད་ལུགས་དུས་རྒྱུན་བཤད་པ་ལྟར་དུའོ།།

༼༣༽གསུམ་པ་ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ།

ཤར་བ་ཉིད་ནས་རང་བཞིན་མེད་དོ་ཞེས་བསྟན་པ་ནི།

འདི་ཀུན་ཤར་ཡང་རང་བཞིན་འགའ་མེད་དེ།།

སྨིག་རྒྱུའི་ཆུ་དང་རྨི་ལམ་སྒྲ་བརྙན་བཞིན།།

སྤྲུལ་པ་གཟུགས་བརྙན་དྲི་ཟའི་གྲོང་ཁྱེར་དང་།།

མིག་ཡོར་ཇི་བཞིན་མེད་པ་གསལ་སྣང་དུ།།

གཞི་མེད་རྟེན་མེད་གློ་བུར་སྣང་བ་ཙམ།།

བར་སྐབས་རེ་འགའི་ཆོས་སུ་རྟོགས་པར་བྱ།།

རྨི་ལམ་གྱི་སྣང་བ་ནི་གཉིད་དུ་མ་སོང་བ་དང་སད་པའི་དུས་སྔ་ཕྱི་གཉིས་ཀར་མེད་ཀྱང་། གཉིད་ཁུང་ན་བར་དེར་སྣང་བ་ལྟར། འཁོར་བའི་འཁྲུལ་སྣང་ཡང་ཐོག་མ་ཆོས་ཉིད་གཞིའི་དུས་དང་། ཐ་མ་མྱ་ངན་ལས་འདས་པ་འབྲས་བུའི་དུས་གཉིས་ཀར་མེད་ལ། ད་ལྟ་བར་འདིར་བློ་འཁྲུལ་བ་ལ་སྣང་ཡང་སྣང་དུས་ཉིད་ནས་མེད་པ་གསལ་སྣང་གི་ངོ་བོ་སྟོང་གཟུགས་སྣང་བ་ཙམ་ལས་གང་དུའང་གྲུབ་པ་མེད་དེ། ཆོས་ཐམས་ཅད་རང་བཞིན་མེད་པས་སྐྱེ་འགག་གནས་གསུམ་དུ་གྲུབ་པ་མེད་པའི་ཕྱིར་རོ། །རྩ་བ་ཤེས་རབ་ལས། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ཡང་འཇིག་པར་གསུངས། །ཞེས་པ་དང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་སྐྱེ་འཆི་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ལས་བྱས་བསགས་པ་ནམ་ཡང་མེད་མི་འགྱུར། །ཞེས་གསུངས་པ་བཞིན་ནོ། །གོང་ནས་བསྟན་པའི་རང་བྱུང་བྱང་ཆུབ་སེམས་ཀྱི་རྩལ། སྣང་སྲིད་སྣོད་བཅུད་སྣ་ཚོགས་ལ་ཤར་བ་འདི་ཀུན། ཤར་ཡང་དོན་ལ་རང་བཞིན་མེད་པ་ནི། སྣང་ལ་རང་བཞིན་མེད་པ་སྨིག་རྒྱུའི་ཆུ་ལྟ་བུ། མེད་པ་གསལ་སྣང་གི་སྣང་བ་ལ་སྤྱོད་པ་རྨི་ལམ་ལྟ་བུ། གྲག་དུས་ཉིད་ནས་ཡོད་མ་མྱོང་བའི་སྟོང་པ་སྒྲ་བརྙན་ལྟ་བུ། ཇི་བཞིན་མིན་པ་སྤྲུལ་བའི་སྐྱེས་བུ་ལྟ་བུ། སྣང་ཡང་ཕྱི་ནང་གང་དུ་ཡང་མ་གྲུབ་པ་གཟུགས་བརྙན་ལྟ་བུ། དོན་ཐ་དད་པའི་ངོ་བོར་མ་གྲུབ་པ་དྲི་ཟའི་གྲོང་ཁྱེར་འགྲོ་བ་དང་འོང་བ་མེད་པ་ལྟ་བུ་སྟེ། དེ་ལ་སོགས་པའི་གཞི་ལས་གཞི་སྣང་གི་འཆར་ཚུལ་སྒྱུ་མའི་དཔེ་བརྒྱད་ལྟར་དུ་གཞི་མེད་པ། དུས་སྔ་ཕྱི་གཉིས་ཀ་མེད་པ། རྟེན་མེད་པ། རང་བཞིན་དང་ངོ་བོའི་ཆ་གང་ནས་ཀྱང་མེད་པ། མེད་ཀྱང་སྣང་ལ་རང་བཞིན་མེད་པའི་འཁྲུལ་སྣང་གློ་བུར་གྱི་སྣང་བ། བར་འདི་ནས་མེད་པ་གསལ་སྣང་གོང་གི་དཔེ་དག་དང་འདྲ་བ་སྣང་བ་ཡིན་ཡང་། དོན་ལ་སྐྱེ་འགག་གནས་གསུམ་དང་བྲལ་བ་བར་སྐབས་རེར་སྣང་ཙམ་པ་ཉིད་ལས་གཞན་དུ་གྲུབ་པ་མེད་པར་བསྟན་པའོ།།

༼༤༽བཞི་བ་དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ།

དེ་དག་ཆོས་ཉིད་ལས་མ་གཡོས་པར་བསྟན་པ་ནི།

ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་རང་བཞིན་ལས།།

རོལ་བ་མ་འགགས་འཁོར་འདས་ཆོ་འཕྲུལ་འབྱུང་།།

ཆོ་འཕྲུལ་དེ་ཀུན་དབྱིངས་སུ་འུབ་ཆུབ་པས།།

གདོད་མའི་ངང་ལས་གཡོས་པ་མེད་ཤེས་བྱ།།

འཁོར་འདས་ཇི་སྙེད་སྣང་ཡང་སྣང་དུས་ཉིད་ནས་བྱང་ཆུབ་སེམས་ཀྱི་ངོ་བོའི་ངང་ལས་མ་གཡོས་ཏེ། ཀུན་བྱེད་ལས། ཆོས་ཀུན་རྩ་བ་ཀུན་བྱེད་བྱང་ཆུབ་སེམས། །ཇི་ལྟར་སྣང་བ་ང་ཡི་ངོ་བོ་ཡིན། །ཇི་ལྟར་བྱུང་བ་ང་ཡི་ཆོ་འཕྲུལ་ཡིན། །ཞེས་སོ། །ལྷུན་གྲུབ་ཀྱི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ལས་རོལ་བ་མ་འགགས་པར་འཁོར་འདས་ཀྱི་ཆོ་འཕྲུལ་ཇི་སྙེད་པ་ཞིག་སྣང་ན་ཡང་བྱང་ཆུབ་སེམས་ཀྱི་ངོ་བོ་དེའི་ངང་ལས་གཡོས་མ་མྱོང་སྟེ། འགྲོ་དྲུག་རང་སྣང་གི་ཆོས་སོ་ཅོག་རིག་པའི་དབྱིངས་ལས་མ་གཡོས་ཤིང་། སྐུ་གསུམ་དག་སྣང་གི་ཆོས་སོ་ཅོག་ཀྱང་རིག་པ་གཟུང་འཛིན་ལས་གྲོལ་བའི་དབྱིངས་ལས་གཞན་དུ་གཡོས་པ་ཅུང་ཟད་དུ་མེད་ཀྱང་རོལ་བ་མ་འགགས་འཁོར་འདས་ཀྱི་ཆོ་འཕྲུལ་དེ་བྱུང་བ་ཡིན་པས། དེ་ཐམས་ཅད་གཟུང་འཛིན་ལས་གྲོལ་བའི་རྩ་བ་དབྱིངས་བྱང་ཆུབ་ཀྱི་སེམས་སུ་འུབ་ཆུབ་པ་འམ་འདུས་པས་ན། འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་པོ་ཡང་ཆོས་ཀྱི་དབྱིངས་ནས་སྐྱེས་ཤིང་ཆོས་ཀྱི་དབྱིངས་སུ་འགྲོ། གཟུང་འཛིན་ཡུལ་སེམས་ཐ་དད་ལ་སྣང་བ་ཡང་། སྣང་དུས་ཉིད་ནས་ཆོས་ཀྱི་དབྱིངས་ལ་གཟུང་ཞིང་དབྱིངས་ལ་འཛིན། འོན་ཀྱང་ཆོས་ཀྱི་དབྱིངས་ལ་གཟུང་དང་འཛིན་པ་མེད། དུས་གསུམ་སངས་རྒྱས་རྣམས་ཀྱིི་མཁྱེན་ཚད་ཀྱང་། ཆོས་ཀྱི་དབྱིངས་ལས་ཤར་ཞིང་དབྱིངས་སུ་མཁྱེན་པས་ན། འཁོར་འདས་ཐམས་ཅད་གདོད་མའི་ངང་ཆོས་དབྱིངས་ཆེན་པོ་དེ་ལས་གཡོས་པ་མེད་པ་ཤེས་པར་བྱའོ།།

༼༥༽ལྔ་བ་ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ།

ཐམས་ཅད་དབྱིངས་སུ་རྫོགས་པས་རྫོགས་པ་ཆེན་པོར་བསྟན་པ་ནི།

འདིར་ནི་ཐམས་ཅད་བྱང་ཆུབ་སེམས་ཀྱི་ངང་།།

གཅིག་རྫོགས་ཀུན་རྫོགས་མ་བྱས་དོན་ཀུན་རྫོགས།།

རང་བཞིན་ལྷུན་རྫོགས་རང་བྱུང་ཡེ་ཤེས་སོ།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་ཏེ། ཡི་གེ་མེད་པ་ལས། ང་ལ་སྐྱེ་དང་འཆི་མེད་པས། །འགག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ཕྱི་དང་ནང་མེད་པས། །གསལ་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་སྟོང་དང་དངོས་མེད་པས། །སྣང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དམིགས་པའི་ཡུལ་མེད་པས། །མཐོང་བའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་ལུས་དང་སེམས་མེད་པས། །རང་སྣང་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བདག་དང་གཞན་མེད་པས། །རིག་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་བྱེད་པའི་རྒྱུ་མེད་པས། །བསམ་གཏན་ཆེན་པོ་ཡོངས་སུ་རྫོགས། །ང་ལ་ཕྱིན་པའི་ཡུལ་མེད་པས། །རང་སྣང་ཡུལ་ནི་ཡོངས་སུ་རྫོགས། །ང་ལ་ཕྱོགས་དང་རིས་མེད་པས། །གསང་བའི་ཡེ་ཤེས་ཡོངས་སུ་རྫོགས། །ང་ལ་སྣང་བ་འགག་མེད་པས། །དབྱིངས་ཀྱི་ཆོས་གསུམ་ཡོངས་སུ་རྫོགས། །ང་ལ་གཅིག་དང་གཉིས་མེད་པས། །ཐིག་ལེའི་ཆོས་རྣམས་ཡོངས་སུ་རྫོགས། །ང་ལ་མུན་དང་སྣང་མེད་པས། །མངོན་པར་སྣང་བའི་ཆོས་རྣམས་རྫོགས། །ང་ལ་བདག་རྟོག་གཉིས་མེད་པས། །སྟོང་པའི་ཆོས་ནི་ཡོངས་སུ་རྫོགས། །ང་ལ་དྲི་མ་གཉིས་མེད་པས། །གསལ་བའི་ཆོས་ལྔ་ཡོངས་སུ་རྫོགས། །ང་ལ་སྤྲོ་ཞིང་བསྡུ་མེད་པས། །ཡི་གེའི་དོན་རྣམས་ཡོངས་སུ་རྫོགས། །ཞེས་སོ། །ཐམས་ཅད་དབྱིངས་གཅིག་ཏུ་རྫོགས་པའི་རྫོགས་པ་ཆེན་པོའི་སྐབས་འདིར་འཁོར་འདས་སྣང་བརྟགས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་དེའི་ངང་དེར་གཅིག་ཏུ་རྫོགས་ཤིང་འདུས་པ་ལྟར་དུ་ཀུན་རྫོགས་པ་དང་། སུས་ཀྱང་མ་བྱས་ཡེ་ནས་འདུས་མ་བྱས་པའི་ཆོས་སུ་དོན་དང་དངོས་པོ་ཀུན་ཏུ་རྫོགས་པ་སྟེ། དེ་ཡང་རང་བཞིན་ལྷུན་གྱིས་རྫོགས་པས་ན་རང་བྱུང་གི་ཡེ་ཤེས་ཏེ། དེའི་ངང་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཀུན་རྫོགས་པར་བསྟན་པའོ། །དེའང་སྣང་ཚོད་མ་འགགས་པར་བྱང་ཆུབ་སེམས་ཀྱི་ངོ་ཁ་ལ་ཡོད་སྣང་ཙམ་དུ་རྫོགས་ཚུལ་བསྟན་ན། ཀློང་དྲུག་པ་ལས་ཀྱང་། སྐྱེ་བ་ཡོད་པའི་སེམས་ཉིད་ལ། །འགྲོ་དྲུག་སྣང་བ་རང་ཤར་བས། །ཐ་དད་གཟུགས་རྣམས་འཛིན་པར་ནི། །སྣང་བ་གཟུགས་སུ་སྨིན་པར་རྫོགས། །འགག་པ་ཡོད་པའི་སེམས་ཉིད་ལ། །མི་རྟག་རྒྱུ་རུ་རང་ཤར་བས། །རང་བཞིན་མེད་པའི་སྣང་བར་ནི། །དཔེར་ན་རྨི་ལམ་བཞིན་དུ་རྫོགས། །སྤྲོས་པ་ཡོད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་རང་ཤར་བས། །སྒོ་ལྔ་སོ་སོའི་སྣང་བར་ནི། །རང་ས་གཟུང་བའི་ཆ་ནས་རྫོགས། །བསྟན་དུ་ཡོད་པའི་སེམས་ཉིད་ལ། །སྒྲ་ཚིག་མིང་རྣམས་རང་ཤར་བས། །ཐ་སྙད་བློ་རྣམས་རང་དག་པར། །བླ་མའི་མན་ངག་གསང་བ་རྫོགས། །མཐོང་དུ་ཡོད་པའི་སེམས་ཉིད་ལ། །བྱུང་རྐྱེན་དུ་མ་རང་ཤར་བས། །སྣང་བའི་ཡུལ་ལ་མངོན་པར་སྣང་། །མ་འདྲེས་རང་གསལ་ཉིད་དུ་རྫོགས། །རྒྱུན་དུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཕུང་པོ་སོ་སོར་ཤར། །ཟུང་འཇུག་ཆེན་པོར་རང་འབྲེལ་བར། །མི་བརྗེད་གཟུངས་དང་ལྡན་པར་རྫོགས། །ཡུལ་དུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རྣམས་ནི་རང་ཤར་བས། །བདག་འཛིན་གཉིས་པོ་རང་དག་པར། །ཡུལ་དྲུག་རྣམས་ནི་སོ་སོར་རྫོགས། །བརྗོད་དུ་ཡོད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་གཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། །བལྟ་རུ་ཡོད་པའི་སེམས་ཉིད་ལ། །སྣང་སྲིད་གཅིག་པར་རང་ཤར་བས། །ཁམས་གསུམ་རང་སར་གྲོལ་བ་ནི། །ཨ་ཏི་རང་གཞག་ཆེན་པོར་རྫོགས། །ཐོབ་ཏུ་ཡོད་པའི་སེམས་ཉིད་ལ། །རེ་བ་ཉིད་ནི་རང་དག་པས། །རྩོལ་སྒྲུབ་རྣམས་དང་བྲལ་བར་ནི། །སྐུ་གསུམ་རང་ལ་ལེགས་པར་རྫོགས། །བགྲང་དུ་ཡོད་པའི་སེམས་ཉིད་ལ། །ཐེག་པ་སོ་སོ་རང་ཤར་བས། །འདོད་རྒྱལ་ཡིད་དཔྱོད་མིན་པར་ནི། །སྙིང་པོ་ཡང་གསང་ཆེན་པོར་རྫོགས། །དམིགས་སུ་ཡོད་པའི་སེམས་ཉིད་ལ། །སྣང་བ་སྣ་ཚོགས་རང་ཤར་ཏེ། །མིང་དང་ཁ་དོག་སོ་སོར་ནི། །གཟུགས་སུ་རྣམ་པ་གཉིས་སུ་རྫོགས། །དཔག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བའི་ཡུལ་ལ་བདེན་ཤར་ཏེ། །གཏད་པའི་ས་ཉིད་རང་ཤར་དུ། །དམིགས་པའི་རྟེན་དང་བཅས་ཏེ་རྫོགས། །བསྒྲག་ཏུ་ཡོད་པའི་སེམས་ཉིད་ལ། །ངོ་མཚར་ཚིག་ཀུན་རང་ཤར་བས། །བརྗོད་བྱ་ཀུན་གྱི་གཞི་མར་ནི། །སྟོན་པའི་ཚིག་དང་བཅས་པར་རྫོགས། །གཞག་ཏུ་ཡོད་པའི་སེམས་ཉིད་ལ། །སྣང་བ་རང་གཞག་གཞིར་ཤར་བས། །ཅོག་གཞག་ཆེན་པོའི་ལྟ་བར་ནི། །བཙལ་བ་མེད་པའི་ཚུལ་དུ་རྫོགས། །བསྒྱུར་དུ་ཡོད་པའི་སེམས་ཉིད་ལ། །ཉོན་མོངས་རྣམས་ནི་རང་ཤར་བས། །དུག་ལས་སྨན་དུ་བསྒྱུར་བ་བཞིན། །སྐུ་དང་ཡེ་ཤེས་ཉིད་དུ་རྫོགས། །དག་ཏུ་ཡོད་པའི་སེམས་ཉིད་ལ། །སྒོ་ལྔའི་ཡུལ་རྣམས་རང་དག་པར། །མ་རྙོག་ཆུ་ནི་རང་དྭངས་བཞིན། །སྣང་བ་རྣམས་ནི་རང་སར་རྫོགས། །གྲོལ་དུ་ཡོད་པའི་སེམས་ཉིད་ལ། །འདི་ལྟར་སྣང་བའི་ཡུལ་འདི་དག །སྦྲུལ་གྱི་མདུད་པ་རང་གྲོལ་བཞིན། །རང་གི་འདུག་སར་གྲོལ་ཏེ་རྫོགས། །གཞལ་དུ་ཡོད་པའི་སེམས་ཉིད་ལ། །རང་སྣང་དག་པའི་ཚད་རྣམས་རྫོགས། །བྲེ་སྲང་ཚད་ལ་ཕབ་པ་བཞིན། །ཉམས་མྱོང་གོང་ནས་གོང་དུ་རྫོགས། །ཞེས་སོ། །དེའང་རིག་པ་ལ་མེད་མེད་པོ་སྟོང་ཆ་ལྟ་བུ་གཅིག་མ་ཡིན་པར་ཆོས་ཉིད་དང་ཆོས་ཅན་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱ་སྟེ། སྒྱུ་འཕྲུལ་གསང་སྙིང་ལས། རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ། །ཞེས་གསུངས་པ་བཞིན་ནོ། །སྒྱུ་འཕྲུལ་གསང་བ་སྙིང་པོའི་གཞི་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ཤེས་པར་བྱ་བའི་སྐབས་སུ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀ་དག་ཡེ་ནས་སྟོང་པའི་ངང་ལས་བྱུང་བ་རྒྱུ་གཅིག་པ་ཡིན་ཞིང་། དེ་ལྟར་སྟོང་པའི་ངང་ལས་དང་པོར་བྱུང་བར་མ་ཟད། ད་ལྟའི་དུས་ཉིད་ནས་ཀྱང་ཡིག་འབྲུ་ཨའི་ཚུལ་དུ་རང་བཞིན་གྱིས་མ་སྐྱེས་པའི་ངོ་བོ་སྣང་སྟོང་གཉིས་སུ་མེད་པར་གནས་ཤིང་། དེའང་སྣང་བ་ནི་ཨོཾ། སྟོང་པ་ནི་ཨཱཿ གཉིས་སུ་མེད་པ་ནི་ཧཱུྃ་གི་རང་བཞིན་དུ་གནས་པས་སྣང་བཞིན་དུ་སྟོང་སྟོང་བཞིན་དུ་སྣང་སྣང་བ་དང་སྟོང་པ་གཉིས་སུ་མེད་པ། མེ་ཡི་རང་བཞིན་ཚ་བས་བྱིན་གྱིས་བརླབས་པ་ལྟར་ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི་རང་བཞིན་དུ་སངས་རྒྱས་པར་བྱིན་གྱིས་བརླབས་དང་སྟེ་མ་དག་པ་མེད་ཅིང་དག་པ་འབའ་ཞིག་གི་ཚུལ་དུ་གནས་ཤིང་། དེ་ལྟར་གནས་པའི་རང་བཞིན་རྣམས་ཀྱང་དུས་གཞན་ནམ་ལྐོག་ཏུ་གྱུར་པ་ལ་སོགས་པ་མ་ཡིན་པར་སྣང་དུས་ཉིད་ནས་མཉམ་པ་ཉིད་ཀྱི་རང་བཞིན་གྱི་ངང་ལས་མི་གཡོ་བའི་དགོངས་པ་སྟོན་པ་ཡིན་ཏེ། དེའང་གཞིའི་གནས་ལུགས་དེ་རང་གི་བསོད་ནམས་དང་། བླ་མ་དམ་པས་ཐུགས་རྗེས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་ཕྱིན་ཅི་མ་ལོག་པར་རབ་ཏུ་རྟོགས་པ་རྣམ་པ་བཞི་ཡིས། ཆོས་ཐམས་ཅད་ཡེ་ནས་མངོན་པར་རྫོགས་པར་བྱང་ཆུབ་པའི་རྒྱལ་པོ་ཆེ་དེ་ལྟར་རྟོགས་པ་ན་སྣང་སྲིད་འཁོར་འདས་ཀྱི་ཆོས་རྣམས་ལ་སྤོང་ལེན་མེད་པར་ཕྱམས་གཅིག་ཡེ་ཤེས་ཀྱི་རོལ་བར་འཆར་བས་གསང་ཆེན་དོན་གྱི་གནས་ལུགས་སུ་བསྟན་པ་ལྟར་དུ་འདི་ནས་རྫོགས་པ་ཆེན་པོར་རྫོགས་ཞེས་པ་དེའང་། སྟོང་ཆ་ལྟ་བུ་ཞིག་ལ་རྫོགས་པའི་གོ་བ་མ་ཡིན་པར་བདེན་པ་གཉིས་དང་དག་པ་གསུམ་གྱི་ངོ་བོར་རྫོགས་པའི་ཕྱིར་ན་རྫོགས་པ་ཆེན་པོ་ཞེས་བྱའོ་ཞེས་སོ།།

༼༦༽དྲུག་པ་ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ།

ངོ་བོ་གང་དུའང་མ་གྲུབ་ལ་རྣམ་པ་ཅིར་ཡང་འཆར་བས་སྐྱེ་མེད་ཀྱི་ངང་ལས་འགག་མེད་འཆར་བར་བསྟན་པ་ནི།

བྱང་ཆུབ་སེམས་ནི་སྣང་དང་མི་སྣང་ལ།།

འཁོར་འདས་ཕྱི་ནང་ཆོས་སུ་མེད་ན་ཡང་།།

དེ་ཡི་རྩལ་ལས་གཡོས་པའི་རང་བཞིན་གྱིས།།

སྣང་སྲིད་འཁོར་འདས་སྣ་ཚོགས་རོལ་བར་ཤར།།

ཞེས་གསུངས་ཏེ། ཤེལ་གོང་གཅིག་ཉིད་ཟང་ཐལ་དྲི་མ་མེད་པའི་ངོ་བོ་ལས་གཞན་དུ་མེད་ཀྱང་། རྐྱེན་ཉི་ཞུར་དང་འཕྲད་པ་ལས་འོད་ལྔ་ལྷུག་པར་འཆར་བ་ལྟར། རིག་པའི་ངོ་བོ་གང་དུའང་མ་གྲུབ་པས་སྟོང་གསལ་ཆོས་སྐུ་དག་པར་གནས་ཀྱང་། རྟོགས་མ་རྟོགས་ཀྱི་རྐྱེན་ལས་འཁོར་འདས་ཀྱི་རྩལ་ལས་སྣང་སྲིད་ཀྱི་རོལ་བ་སྣ་ཚོགས་སུ་ཤར་ཏེ། སེམས་ཉིད་ཇི་བཞིན་རྣམ་དག་ཆེན་པོ་རྣམ་མེད་ནམ་མཁའི་རང་བཞིན་ལ། སྣང་བ་སྣ་ཚོགས་ཀྱི་རྣམ་པ་ཀུན་ལྷུན་གྲུབ་ཏུ་རྫོགས་པ་ནི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན་ཞེས་བྱ་སྟེ། འདིའི་ཡུལ་དྲུག་སྣང་ལ་བདག་གིར་བྱེད་པའི་སེམས་ཀྱི་བདེ་སྡུག་ལ་སོགས་པ་སྣ་ཚོགས་ཀྱི་ལས་དང་བག་ཆགས་དང་སྣོད་བཅུད་བྱས་ཏེ། རང་ངོར་རྫོགས་པ་ནི། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ། སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཇི་བཞིན་གཉིས་མེད་བདེ་བ་ཆེན་པོ་ལ། །རྣམ་པ་ཀུན་ལྡན་རྣམ་པ་ཡོངས་ཀྱིས་མེད། །སྤྲོས་བྲལ་ནམ་མཁའ་བཞིན་དུ་ཡེ་གནས་ལ། །དམིགས་པའི་ཡུལ་འདས་གཅིག་ཅེས་བགྲང་དུ་མེད། །བྱང་ཆུབ་སེམས་ལ་བགྲང་ཞིང་མཚོན་མེད་ན། །སེམས་ཀྱིས་བྱས་པའི་ཆོས་ལ་རྣམ་གྲངས་བྱུང་། །སེམས་ཀྱིས་བྱས་པ་གང་དང་གང་ཞེ་ན། །སྣང་སྲིད་སྣོད་བཅུད་སངས་རྒྱས་སེམས་ཅན་རྣམས། །སེམས་ཀྱི་རང་བཞིན་ངོ་བོ་དེ་ལས་བྱས། །བྱས་ནས་མངོན་དུ་ཕྱུང་སྟེ་བསྟན་པ་ནི། །ཆེན་པོ་ལྔ་དང་རིགས་དྲུག་སྣང་བ་དང་། །དེ་ཡི་དོན་མཛད་གཟུགས་སྐུ་རྣམ་གཉིས་ནི། །སེམས་ཀྱི་རང་བཞིན་དག་ནི་ཕྱུང་ནས་བགྲང་། །ཞེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་དེ་ཉིད་སྣང་དང་མི་སྣང་གི་ཁྱད་པར་གྱིས་བྱས་པ་ལ། འཁོར་འདས། ཕྱི་ནང་། བདེ་སྡུག བཟང་ངན་ལ་སོགས་པའི་གཉིེས་ཆོས་སུ་སྣང་ཡང་དོན་ལ་མེད་པ་ནི། དཔེར་ན་ཤེལ་གོང་ཟང་ཐལ་དྲི་མེད་ཀྱི་ངོ་བོ་གཅིག་ཉིད་མ་གཏོགས་སྣ་ཚོགས་སུ་གྲུབ་པ་མེད་ན་ཡང་། རྐྱེན་ཕྱི་རོལ་གྱི་ཉི་ཞུར་ལ་སོགས་པའི་འོད་དང་འཕྲད་ཚེ་འོད་ལྔ་རང་ཤུགས་ལ་འཆར་བ་བཞིན་དུ། རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གཞི་ལྷུན་གྲུབ་དེ་སྟོང་གསལ་འདུས་མ་བྱས་པར་གནས་པ་དང་། དེ་ལྟར་སྐུ་གསུམ་ངོ་བོ་གཅིག་པ་ཆོས་སྐུ་དག་པར་གནས་ན་ཡང་། གཞི་སྣང་རྩལ་དང་རོལ་བ་ཤར་ཚེ་རྟོགས་མ་རྟོགས་དང་རང་ངོ་ཤེས་དང་མ་ཤེས་ཀྱི་རྐྱེན་དེ་ལས་འཁོར་འདས་སུ་སྣང་བ་ཡིན། དེ་འདྲའི་སེམས་ཀྱི་ཆོས་ཉིད་ཡེ་ཇི་བཞིན་པ་མ་བཅོས་གཤིས་ཀྱི་གནས་ལུགས་དེ་སྤྲོས་པའི་དྲི་མ་ཀུན་དང་བྲལ་བས་རྣམ་དག་ཆེན་པོ་ཡིན་ན་ཡང་། རྩལ་སྣང་འཁོར་འདས་ཀྱི་སྣང་བ་མ་འགགས་སྣ་ཚོགས་སུ་འཆར་ཆོག་ཏུ་ཡོད་ཕྱིར། རྣམ་མེད་ནམ་མཁའི་རང་བཞིན་ལ་རྣམ་པ་སྣ་ཚོགས་ལྷུན་གྲུབ་ཏུ་རྫོགས་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་སུ་བརྗོད་པ་ཡིན་ནོ། །དེས་སྣ་ཚོགས་སུ་སྣང་ཡང་རྣམ་མེད་སྤྲོས་བྲལ་ནམ་མཁའ་བཞིན་དུ་གཉིས་མེད་བདེ་བ་ཆེན་པོར་ཡེ་ནས་གནས་པ་དེ་ཉིད་ཀྱི་ངང་དུ་སྣ་ཚོགས་ལས་དང་བག་ཆགས་ཀྱི་སྣང་བ་འདུལ་བྱེད་གཟུགས་སྐུ་རྣམ་གཉིས་གདུལ་བྱ་དང་བཅས་པ་རྫོགས་པར་བསྟན་པའོ།།

༼༧༽བདུན་པ་རིག་ངོར་སྐྱེ་འགག་གནས་གསུམ་མ་གྲུབ་པར་ཆོས་ཉིད་ཀྱི་རིག་པས་འགག་བསྡུ་བ།

རིག་པའི་རང་ངོ་གང་དུའང་མ་གྲུབ་པས་སྐྱེ་འགག་གནས་གསུམ་དང་བྲལ་བ་སྣང་སྟོང་ལས་འདས་ཏེ་མཚོན་བརྗོད་ཀྱི་ཡུལ་མ་ཡིན་པའི་གནད་ལས། དེའི་ངང་དུ་ཤར་བ་རྫུན་སྣང་ཡོད་མ་མྱོང་དུ་བསྟན་པའི་ཆོས་ཉིད་ཀྱི་རིགས་པས་འགག་བསྡུ་བ་ནི།

ཤར་ཙམ་ཉིད་ནས་རང་བཞིན་སྟོང་པའི་གཟུགས།།

སྐྱེ་བ་མེད་ལས་སྐྱེ་བར་སྣང་བ་སྟེ།།

སྣང་དུས་ཉིད་ནས་སྐྱེས་པ་འགའ་ཡང་མེད།།

འགག་པ་མེད་ལས་འགག་པར་སྣང་ན་ཡང་།།

འགག་པ་མེད་དེ་སྒྱུ་མ་སྟོང་པའི་གཟུགས།།

གནས་པ་ཉིད་ནས་གནས་པའི་ཆོས་མེད་དེ།།

གནས་མཁན་གཞི་མེད་འགྲོ་འོང་མེད་པའི་ངང་།།

ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པས།།

རང་བཞིན་མེད་ཅེས་བཏགས་པ་ཙམ་དུ་ཟད།།

ཅེས་གསུངས་ཏེ། སྣང་བའི་ཕྱིར་རང་བཞིན་མེད་དེ་སྒྱུ་མ་བཞིན་ནོ་ཞེས་ཆོས་ཉིད་ཀྱི་རིགས་པས་གཏན་ལ་ཕབ་པའི་ཕྱིར། སྐྱེ་བར་སྣང་དུས་ཉིད་ནས་སྐྱེ་བ་མེད་པ་དང་། གནས་པར་སྣང་དུས་ཉིད་ནས་གནས་པ་མེད་པ་དང་། འགག་པར་སྣང་དུས་ཉིད་ནས་འགག་པ་མེད་པ་དང་། འགྲོ་འོང་དུ་སྣང་དུས་ཉིད་ནས་འགྲོ་འོང་མེད་པའི་རང་བཞིན་དུ་ཤེས་པར་བྱ་སྟེ། སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་འདུས་པའི་མདོ་ལུང་ལས། ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ནས་སྐྱེ་བ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ནས་འགག་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ནས་གནས་པ་མེད། །ཨེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ནས་འགྲོ་འོང་མེད། །ཅེས་པ་དང་། རང་ཤར་ལས། སྐད་ཅིག་ངང་ལས་ཆོས་རྣམས་ཐམས་ཅད་འབྱུང་། །ཨེ་མའོ་རིན་ཆེན་བྱང་ཆུབ་སེམས། །ཀུན་ལ་ཡོད་དེ་ཀུན་གྱིས་མཐོང་བ་མེད། །རང་བྱུང་ཡེ་ཤེས་བདུད་རྩིའི་ཐིགས་པ་འདི། །བརྩལ་བྱ་རྩོལ་བྱེད་མེད་པར་རང་བྱུང་རང་ལས་ཤར། །སངས་རྒྱས་དགོངས་པ་རང་བྱུང་སྐྱེ་བ་མེད། །གནས་དང་འོང་བ་མེད་པའི་རང་བྱུང་ཆེན་པོ་ཡིན། །འཛིན་ཆགས་མེད་པའི་རང་གྲོལ་ཆེན་པོ་ནི། །སེམས་མེད་རིག་པའི་ངང་དུ་ཤེས་པར་བྱ། །ཞེས་སོ། །འདིའི་སྒྲུབ་གཞི་རིག་པའི་རང་ངོ་གང་དུ་ཡང་མ་གྲུབ་པ་ལ། བསྒྲུབ་བྱ་སྐྱེ་འགག་གནས་གསུམ་སྣང་སྟོང་མཚོན་བརྗོད་ཀྱི་ཡུལ་ལས་འདས་པ་དེ་ཉིད། སྒྲུབ་བྱེད་ཆོས་ཉིད་ཀྱི་རིགས་པ་དང་། དཔེ་སྒྱུ་མ་ལྟ་བུས་བསྒྲུབས་པས། གྲུབ་པའི་འབྲས་བུ་ཇི་ལྟར་སྣང་བ་དེ་ལྟར་མ་གྲུབ་པ་སྟེ། རང་བཞིན་མེད་ཅེས་པ་དེ་ཡང་མིང་གི་བླ་དྭགས་བཏགས་པ་ཙམ་དུ་ཟད་པ། སྐྱེ་འགག་གནས་གསུམ་འགྲོ་འོང་ལ་སོགས་པ་དང་པོ་སྣང་དུས་ཉིད་ནས་དེ་ལྟར་མེད་པའི་རང་བཞིན་གཏན་ལ་ཕབ་པའོ། །འདིའི་ལུང་དོན་སྔོན་མས་ཆོས་ཐམས་ཅད་ཀྱི་གནས་ལུགས་ངོ་མཚར་རྨད་བྱུང་གི་ཚིག་ཨེ་མ་ཧོ་ཞེས་པས་སྣ་དྲངས་ནས། ངོ་མཚར་རྨད་བྱུང་ཡིན་ལུགས་རྫོགས་པའི་སངས་རྒྱས་ཀུན་གྱི་གསང་བ་ཟབ་མོའི་དོན། སྐྱེ་འགག་གནས་གསུམ་འགྲོ་འོང་ཐམས་ཅད་དེའི་རང་དུས་ཉིད་ནས་བརྟེན་པའི་གཞི་མེད་ཅིང་བསྐྱེད་པའི་རྩ་བས་དབེན་པའི་ཡེ་ཤེས་ལྔའི་ངོ་བོར་བསྟན་པ་དང་། ལུང་རྗེས་མས་རིག་པ་སྐད་ཅིག་མ་མཚན་མཚོན་སྨྲ་བརྗོད་ལས་འདས་པའི་བྱང་ཆུབ་ཀྱི་སེམས། ཆོས་རྣམས་ཀུན་གྱི་འབྱུང་གནས་འདིའི་གནད་གསང་བདུད་རྩིའི་ཐིགས་པ་ལྟ་བུ་དེ་བྱ་རྩོལ་བྲལ་བའི་རང་བྱུང་རང་གྲོལ་གྱི་དགོངས་པ་སེམས་མེད་རིག་པའི་ངང་དུ་རྫོགས་པའམ་འདུས་པ་བསྟན་པའོ།།

༼ག༽ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་ལེའུའི་དོན་བསྡུ་བ།

ད་ནི་ཇི་ལྟར་སྣང་བ་དེ་ལྟར་རང་བཞིན་མེད་པའི་ངོ་བོ་ཉིད་དུ་ལེའུའི་དོན་བསྡུ་བ་ནི།

སྣང་བ་དེ་ཡང་རྩལ་ལས་རང་ཤར་བས།།

རྟེན་འབྲེལ་ཉིད་ཅེས་རང་བཞིན་བརྡ་ཙམ་བརྗོད།།

རྩལ་ལས་ཤར་བར་སྣང་བའི་རང་དུས་ནས།།

ཤར་དང་མ་ཤར་ཕྱོགས་དང་རིས་མེད་པས།།

རྩལ་ཡང་བརྡ་ཙམ་ངོ་བོ་འགའ་མེད་པས།།

ཐམས་ཅད་རྟག་ཏུ་འཕོ་འགྱུར་མེད་པའི་ངང་།།

བྱང་ཆུབ་སེམས་ལས་གཡོས་པ་རྡུལ་ཙམ་མེད།།

ཅེས་གསུངས་ཏེ། རིག་པའི་རྩལ་ལས་འཁོར་འདས་སུ་ཤར་བ་དེ་ཡང་ཐ་སྙད་ཙམ་ལས། ངོ་བོ་ལ་འཁོར་འདས་སུ་ཤར་བ་དང་ཤར་མཁན་ཐ་དད་པར་གྲུབ་པ་ཅུང་ཟད་ཀྱང་མེད་པས། ཆོས་ཉིད་མཉམ་པའི་ངང་ལས་མ་གཡོས་པ་ནི། རྒྱ་མཚོ་དྭངས་པའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་བར་སྣང་ཡང་། དོན་ལ་ཤར་བ་མེད་དེ་ཤར་ས་རྒྱ་མཚོའི་དབྱིངས་ཉིད་ཆུ་དྭངས་པ་ཙམ་དང་། ཤར་མཁན་གཟའ་སྐར་ཉིད་ནམ་མཁའི་དཀྱིལ་ལས་གཡོས་པ་མེད་པ་དང་། ཚོགས་པ་ལྷན་ཅིག་པའི་ཆོས་སུ་མེད་པས་སྣང་ལ་སྟོང་པའི་གཟུགས་བརྙན་ཙམ་སྟེ། དོན་དེ་བཞིན་དུ་ཆོས་ཐམས་ཅད་འགག་པ་མེད་པ་དང་། སྐྱེ་བ་མེད་པ་དང་། འོང་བ་མེད་པ་དང་། འགྲོ་བ་མེད་པ་དང་། ཆད་པ་མེད་པ་དང་། རྟག་པ་མེད་པ་དང་། དོན་ཐ་དད་པ་དང་། དོན་གཅིག་ཏུ་མ་གྲུབ་ལ་སྣང་བ། རྟེན་འབྲེལ་སྒྱུ་མ་ཙམ་དུ་ཤེས་པར་བྱ་སྟེ། རྩ་བ་ཤེས་རབ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞིར་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་དང་། ཐལ་འགྱུར་ལས། ཆོས་ཀུན་གཞི་མེད་རྩ་བ་མེད། །སྲིད་བྲལ་འདོད་པ་མེད་པའི་སེམས། །རང་བཞིན་མ་བཅོས་བརྗོད་ལས་འདས། །བྱ་བྱེད་འཁྲུལ་བའི་རྟོག་པ་ཟད། །ཆོས་མེད་སངས་རྒྱས་སེམས་ཅན་མེད། །ང་མེད་བདག་མེད་གཟུང་འཛིན་མེད། །ཅེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་རྣམ་མེད་ནམ་མཁའི་རང་བཞིན་ལས། རྩལ་རྣམ་པ་སྣ་ཚོགས་སུ་སྣང་ནས་ཤར་བའི་ཆོས་འདི་ཐམས་ཅད་མེད་བཞིན་སྣང་བ་རྟེན་འབྲེལ་གྱི་ཆོས་སུ་གཏན་ལ་ཕབ་པ། དེ་ཡང་ཐ་སྙད་རྟོགས་པའི་བརྡ་བརྗོད་པ་ཙམ་མ་གཏོགས་པར། རྩལ་ལས་ཤར་ནས་སྣང་བའི་རང་དུས་ཉིད་ནས། རིག་པའི་ངོ་བོ་ལ་ཤར་དང་མ་ཤར་སྣང་དང་མི་སྣང་སོགས་ཀྱི་ཕྱོགས་དང་རིས་རྡུལ་ཙམ་ཡང་གྲུབ་པ་མེད་ཅིང་། ཐམས་ཅད་བྱང་ཆུབ་ཀྱི་སེམས་རྟག་ཏུ་འཕོ་འགྱུར་མེད་པ་ཆོས་ཉིད་མཉམ་པའི་ངང་ལས་གཡོས་མ་མྱོང་པ་ནི་སྣང་ལ་སྟོང་པ། སྣང་བའི་རྒྱུ་མཚན་གྱིས་སྟོང་པར་གྲུབ་པ། དཔེར་ན་རྒྱ་མཚོའི་ནང་ན་གཟའ་སྐར་གྱི་གཟུགས་བརྙན་ཤར་ཡང་། རྒྱ་མཚོ་ལ་འཕོ་འགྱུར་དང་། གཟའ་སྐར་ལ་གཡོ་འགུལ་མེད་ཀྱང་། མེད་སྣང་སྟོང་པའི་གཟུགས་བརྙན་འཆར་རུང་བ་ལྟར་དུ། རྩ་ཤེར་གྱི་ལུང་གིས་མཐའ་བརྒྱད་སྤྲོས་པ་ཀུན་བྲལ་དང་། ཐལ་འགྱུར་གྱི་ལུང་གིས་གཞི་མེད་རྩ་བ་བྲལ་བའི་རང་བཞིན་མ་བཅོས་བརྗོད་འདས་བྱར་མེད་ཀྱི་དོན་གྱི་གནས་ལུགས་ཀྱི་ངང་དུ་གནས་པར་དོན་བསྡུས་པའོ། །ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་མཚོན་དཔེ་བསྟན་པ་སྟེ། ལེའུ་གསུམ་པའི་འགྲེལ་པའོ།། །།མཚམས་ཆེ་ས་ཞིག་ལ་ཁེལ་འདུག་པས་དེ་རིང་འདི་ནས་གཞག་དགོས་འདུག རྣམ་པ་ལྷན་རྒྱས་ཀྱི་ནང་ནས་བསྟན་པའི་བདག་པོ་མཁན་སྤྲུལ་རྣམ་པ་ཡར་ཕུད་པ་དང་། དེའི་འཕྲོས་ཀྱི་རྒན་པ་དང་ཉམས་ལེན་པ་རྙིང་པ་ཚོ་ལའང་ལྷག་ཏུ་ཞུ་མ་དགོས་ཀྱང་། གསར་བུ་ཅུང་ཟད་ལས་དང་པོ་པའི་རིགས་ཅན་དག་གིས་དེ་རིང་གི་ཆོས་ཁྲིད་མཚམས་བཞག་ནས་གྲོལ་བའི་གཞུག་གི་སང་ཉིན་གྱི་ཆོས་ཁྲིད་ལ་མ་ཐུག་གི་བར་དུ་ཞལ་ཙམ་ཡང་མི་ཕྱེ་བར་འཚོགས་རན་ཁར་ཞིག་ལ་ཡི་གེ་དེ་གང་ན་ཡོད་འདུག་ཅེས་ཉུལ་དགོས་པར་བྱས་ནས་སྐྱུར་མི་བཞག་པར་ཚར་ཆ་རེ་གཟིགས་མ་ཐུབ་རུང་ཚར་རེ་ངེས་པར་དུ་གཟིགས་དགོས། འདི་མཚན་ཉིད་ཐེག་པའི་སྐྱོར་སྦྱོང་བྱེད་པ་ལྟར་དུ་ཚིག་ལ་འཆེལ་བའི་བཤད་ཡམ་དང་རྩོད་གླེང་གིས་གཏན་ལ་ཨེ་ཕེབས་ལྟ་བའི་ཕྱག་སྲོལ་ཞིག་ཡོད་པ་མིན་ན་ཡང་། འདི་ཚིག་ལ་མི་རྟོན་དོན་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པའི་ངེས་དོན་ཐད་ཀར་བསྟན་པ། བདེ་བར་གཤེགས་པའི་དགོངས་གསང་རྨ་མེད། ཀུན་ཏུ་བཟང་པོའི་ཐུགས་ཀྱི་ཏི་ལ་ཀ བརྒྱུད་གསུམ་བླ་མའི་དགོངས་བརྒྱུད་ཀྱི་རྟོགས་པའི་མཐིལ། རྡོ་རྗེའི་ཚིག་དོན་ཐ་མལ་སྒྲ་ཚིག་གི་རྣམ་ཆར་ཤར་བ་ཞིག་ཡིན་པས། འདི་ལྟ་དུས་རིག་ཐོག་ཏུ་བཞག་ནས། གཞུང་དང་སེམས་སྲེས་སེམས་ལ་གཞུང་རྒྱས་ཐོབ། །ཅེས་གསུངས་པ་བཞིན་དུ། མཚམས་རེར་དབྱངས་སུ་གྱེར་ཞིང་མགུར་དབྱངས་འཐེན་དགོས། དེས་བྱིང་བ་བསང་ཞིང་བག་བྲོ་ལ་རིག་པ་དྭངས་པ་དང་། སྐྱོ་སུན་དང་ཉམས་ང་བྱུང་བ་སེལ་ཐུབ་པ་ཡིན། མཚམས་རེར་མཚང་ལ་རྒོལ་ཞིང་གཉེན་པོར་བསྟེན་པར་གྱིས། དེས་འཕྲོ་རྒོད་ལས་སུ་མ་རུང་པའི་ངན་ཤུགས་མར་ཆག་ནས། རྟོག་ངན་རྙིང་པའི་དུག་རོ་ལྷང་ལ་ཕུད་ན་གདམས་ངག་གནད་ཀྱི་མེ་བཙའ་ནད་ཐོག་ཏུ་སྨན་ཁེལ་བར་ལྟར་དུ་འགྲོ་བ་ཡིན། སྐྱིད་ན་གོང་གནོན་འདིས་གྱིས། སྡུག་ན་སྐྱོ་གྲོགས་འདིས་གྱིས། ནམ་དང་ནམ་དུ་འདི་དང་མ་འབྲལ་གསུངས་པས། འདིའི་དགོངས་པའི་དོན་ཆེ་ཚོད་ཆུང་མིན་དང་མི་འབྲལ་བར་བྱས་ནས་རིག་ཐོག་ལ་བཞག་ནས་བལྟས་ན་རིག་རྩལ་ཤེས་རབ་ཀྱི་རྣམ་ཆར་ཤར་ནས་དོན་བརྒྱུད་དགོངས་པའི་བྱིན་རླབས་སྔར་མེད་སེམས་ལ་འཆར་ཡོང་བ་ཡིན། དེའི་དུས་སུ་རང་བབས་གུ་ཡངས་བློ་བདེ། རང་གསལ་ཟང་ཐལ་རྗེན་པའི་ཡེ་ཤེས་སྨྲ་བརྗོད་ཚིག་གིས་མཚོན་མི་ནུས་པ་ངོ་བོ་མཐོང་བྱ་མཐོང་བྱེད་དང་བྲལ་བ་ཞིག་མཐོང་ཡོང་དུས། ཀུན་མཁྱེན་བླ་མའི་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་པ་ཡིན་པར་བློ་ཁེལ་ཆོག་པ་ཡིན། དེ་ཅིའི་ཕྱིར་སྙམ་ན། འདི་ཀུན་མཁྱེན་བླ་མའི་རྟོགས་པའི་འདྲ་འབག་ཡིན་པས། རང་གི་སེམས་ཀྱིས་ཐུབ་ན་རྒྱལ་བ་ཀློང་ཆེན་པ་སྐུ་དངོས་སུ་མདུན་གྱི་ནམ་མཁར་བྱོན་ནས། ཡེ་ཤེས་ཀྱི་སྐུས་ཀུན་མཁྱེན་འཇིགས་བྲལ་གླིང་པ་རྗེས་སུ་བཟུང་བ་དང་ཁྱད་པར་མེད་པ་འགྱུར་བ་ཡིན། འདི་དང་འབྲེལ་བ་ཐོགས་ཚད་མ་འོངས་པའི་སངས་རྒྱས་དང་། འདིའི་དགོངས་པ་ལོན་ན་ད་ལྟའི་སངས་རྒྱས་ཡིན་པ་དང་། མཐོང་གྲོལ། ཐོས་གྲོལ། དྲན་གྲོལ་ཡིན་པར་གསུངས་པའང་ཀུན་མཁྱེན་བླ་མ་དངོས་སུ་མཇལ་བ་དང་ཁྱད་པར་མེད་པས་ལོས་ཡིན། རང་གི་སེམས་ཀྱིས་མ་ཐུབ་ནས་མོས་གུས་དག་སྣང་དུ་ཤར་བའི་དད་མོས་རྣམ་དག་ཅིག་མེད་ན། ཀུན་མཁྱེན་བླ་མ་དངོས་སུ་བྱོན་ཡང་གདུལ་བྱའི་བློ་མིག་མ་དག་ན་ཅོ་ཏོ་ནས་འཐེན་ཏེ་འདྲེན་ཐབས་དཀའ་བ་རེད། དེས་ན་འདིའི་ཚིག་ཡང་ཡང་བསྐྱར་ཞིང་། དོན་ལ་རང་སེམས་བསྲེ་ཐུབ་ན། མོས་གུས་རིག་གདངས་སུ་ཤར། རྩལ་ཡེ་ཤེས་སུ་གྲོལ་ནས། གཞི་བདེའི་སྟེང་ལ་བློ་བདེ་ཟུར་ནས་བཙལ་མི་དགོས་པ་དེ་འདྲ་ཡོང་རྒྱུ་ཡོད་ངེས་པར་ཡིད་ཆེས་བློས་གདེང་ཁེལ་ཆོག་པ་ཡིན། དུས་གསུམ་འཁྲུལ་བའི་རྣམ་རྟོག་དག་ནས་རིག་པ་རྐྱང་དེད་དང་། ཡེ་ཤེས་རྗེན་དེད་ལ་འབད་རྩོལ་ཆེར་བསྐྱེད་མི་དགོས་པའི་སྐབས་སུ་ཐོན་ཚེ། དེ་ལྟར་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་དང་། འཁོར་བའི་གནས་ལ་ཞེན་ལོག་གི་ངེས་འབྱུང་། གཞན་ཕན་དོན་གཉེར་གྱི་བྱང་སེམས། སྣང་སྲིད་ཡེ་དག་གི་སྣང་བ་སོགས་རང་ཤུགས་ཀྱིས་འཆར་ཡོང་བ་ཡིན། དེ་འཆར་དུས་རྣམ་བྱང་མྱང་འདས་ཀྱི་རྒྱུ་ཚོགས་རང་རྒྱུད་ལ་འཆར་བ་ནི། མཁས་པའི་བསྟན་བཅོས་དང་རྟོགས་ལྡན་མྱོང་ཁྲིད་ཞལ་མཐུན་པ་ཡིན། མདོར་ན་གཞོན་པ་ཚོས་དུས་དང་རྣམ་པ་རྒྱུན་དྲུག་ཏུ། དྲན་དང་ཤེས་བཞིན་བག་ཡོད་གསུམ་དང་མི་འབྲལ་བའི་སྒོ་ནས། དམ་པའི་བཤེས་དང་ཆོས་མཐུན་གྱི་གྲོགས་བཟང་དང་འགྲོགས་ཏེ། ཆོས་སྐུའི་རིང་བསྲེལ་གྱི་ཕུང་པོ་མན་ངག་འདི་ལྟ་བུའི་ཉམས་ཁྲིད་ལ་བློ་འདྲེས་པར་བྱས་ནས་རང་རྒྱུད་ཆོས་དང་འདྲེས་ན། བྱ་སྤྱོད་ཆོས་དང་འདྲེས་ཡོང་བ་དང་། བསམ་སྤྱོད་ཆོས་ལ་འགྱུར་དུས་སྣང་སྤྱོད་ཐ་མལ་ལས་ལོག་ནས། རྣམ་པ་མི་རུ་སྣང་བ་ན་ནིང་དོ་ཞག་གི་མི་དེ་ཡིན་ཡང་། དགོངས་པ་སངས་རྒྱས་དང་མཉམ་ནས་འབྲེལ་ཚད་འགྲོ་བ་ཐམས་ཅད་ཡང་དག་གི་ལམ་ལ་སྒྱུར་ཐུབ་པའི་དོ་ཞག་གི་མི་དེ་མིན་པ་ཞིག་ལ་ལོག་སོང་དུས་ཆོས་ཞུས་པའི་དོན་གོ་ཆོད་སོང་བ་དང་། ཉམས་ལེན་བྱས་པའི་འབྲས་བུ་ཐོབ་སོང་བ་རེད། ཟླ་བ་གཉིས་ཀྱི་དུས་ཚོད་འཕྲོ་བརླག་ལ་མ་སོང་བས་མ་ཚད་པར་ཚེ་གཅིག་གཏན་གྱི་འདུན་མ་ཉིན་གཅིག་དུས་གཅིག་ལ་འགྲུབ་སོང་བ་ཡིན། དེས་ན་ལས་དང་པོ་པའམ་ཉམས་ལེན་པ་དང་སྒོམ་པ་བས་རང་ཚུགས་ལེགས་པོ་ཞིག་མ་ཟིན་པའི་གནས་སྐབས་སུ་དྲན་པ་དང་གཅིག ཤེས་བཞིན་དང་གཉིས། བག་ཡོད་པ་དང་གསུམ་པོ་དུས་དང་རྣམ་པ་རྒྱུན་དྲུག་ལ་མི་འབྲལ་བ་བྱེད་རྒྱུ་ནི་གནད་ཆེ་བ་ཡིན། དེ་ཇི་ལྟར་ཞེ་ན། བསྒྲུབ་བྱའི་དོན་མ་བརྗེད་པར་སེམས་པའི་དྲན་པ་ནི། མི་དགེ་བ་ལས་སྲུང་ཞིང་དགེ་བ་ལ་སྦྱོར་བ་བྱེད་པའི་སེམས་ཀྱི་འདུ་བྱེད་ཅིག་སྟེ། བྱེད་ལས་ཉོན་མོངས་པ་མི་འབྱུང་བར་བྱེད་པ་དང་། བདུད་ཀྱི་ལས་སྣ་ཚོགས་ཀྱིས་གླགས་ལྟ་བའི་སྐབས་མི་ཕྱེད་པས། དེ་ལྟ་བུའི་སེམས་སེམས་བྱུང་གི་མི་དགེ་བའི་ཀུན་རྟོག་དང་ཚུལ་མིན་ཡིད་བྱེད་ཀྱི་སྐབས་མ་ཕྱེད་དུས་ལམ་ངན་པའི་དབང་དུ་མི་འགྲོ་ཞིང་། ལམ་གོལ་བའི་ཕྱོགས་སུ་ཡང་མི་འཕྱན་པ་ཡིན། བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་དེ་སེམས་རྣམ་པར་མི་གཡེང་བའི་བྱེད་ལས་ཅན་ཞིག་ཡིན་པའི་གནད་ཀྱིས། དེ་ལ་བརྟེན་ནས་ཤེས་བཞིན་ཡང་འབྱུང་བ་ཡིན། དེ་ནི་སྒོ་གསུམ་གྱི་སྤྱོད་པ་ལ་བརྟགས་ནས་སྤང་བླང་རུང་མི་རུང་གི་གནས་འབྱེད་པའི་བྱེད་ལས་ཅན་ཞིག་ཡིན་ཕྱིར། ཤེས་བཞིན་གྱིས་ལུས་སེམས་གཉིས་ཀའི་བསམ་སྤྱོད་ངན་པའི་གནོད་པ་ལས་སྲུང་ཐུབ་པས། གཞུང་དག་ལས་དྲན་པ་སོ་བ་ལྟ་བུ་དང་། ཤེས་བཞིན་སྒོ་སྲུང་ལྟ་བུ་ལ་དཔེར་བྱས་ནས་གསུངས་ཡོད་པ་ཡིན། དེ་ལྟ་བུའི་དྲན་ཤེས་བཞིན་ལྡན་པ་ལ་བག་ཡོད་པ་རང་ཤུགས་ཀྱིས་འབྱུང་བ་ཡིན། བག་ཡོད་ཀྱི་ངོ་བོ་ནི་ཉོན་མོངས་པ་ལས་སེམས་སྲུང་ཞིང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བ་ཡོངས་སུ་སྒྲུབ་པར་བྱེད་པ་ཞིག་ཡིན་པས། བག་ཡོད་པ་ལ་གནས་པ་དེས་རང་གི་སེམས་འདུལ་ཐུབ་པ་དང་། གཞན་གྱི་སེམས་སྲུང་ཐུབ་པ་དང་། དགེ་བ་སྡུད་ཅིང་མི་དགེའི་རྣམ་རྟོག་གི་རྒྱུ་བ་རང་ཤུགས་ཀྱིས་འགོག་ཐུབ་པ་ཡིན་ཕྱིར། རང་སེམས་རྣལ་དུ་ཕེབས་པའི་གང་ཟག་ཁོག་པའི་ནང་ན་སེམས་བསམ་བློ་གཏོང་བྱེད་བདེ་ཐང་ཅན་ཞིག་ཡོད་པ་ཞིག་ཡིན་ན། རང་གིས་རང་ལ་མི་གཅེས་པ་ཞིག་མེད་ངེས་ཤིང་། དེ་མེད་དུས་དྲན་དང་ཤེས་བཞིན་བག་ཡོད་གསུམ་དང་མི་འབྲལ་བ་ནི་གནད་ཀྱི་གདམས་པ་ཡིན་ཏེ། རྒྱལ་སྲས་ཞི་བ་ལྷས་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས། སེམས་བསྲུང་འདོད་པ་རྣམས་ལ་ནི། །དྲན་པ་དང་ནི་ཤེས་བཞིན་དག །སྲོག་ལ་བབ་ཀྱང་སྲུངས་ཤིག་ཅེས། །བདག་ནི་དེ་སྐད་འདོམས་པར་བྱེད། །ཅེས་པ་དང་། ཤེས་བཞིན་མེད་པའི་ཆོམ་རྐུན་དག །དྲན་པ་ཉམས་པའི་རྗེས་འབྲང་བས། །བསོད་ནམས་དག་ནི་ཉེར་བསགས་ཀྱང་། །རྐུན་པོས་ཕྲོགས་བཞིན་ངན་འགྲོར་འགྲོ། །ཞེས་ཇག་པས་ཕྲོགས་སོང་བ་བཞིན་དུ་ལེགས་པའི་ཆ་ཐམས་ཅད་ཤོར་འགྲོ་བར་གསུངས་པས། རང་བློ་རང་ལ་མི་དཀར་བ་མི་སྲིད་པ་ཡིན་པས་རང་ལེགས་སུ་འདོད་པའི་གང་ཟག་གིས། དེ་ལྟ་བུའི་དྲན་ཤེས་བཞིན་བག་ཡོད་གསུམ་གྱིས་རང་ཉིད་ཀྱི་ལེགས་པར་སྤེལ་ཞིང་། ཉེས་པ་འགོག་པའི་ཐབས་ཚུལ་འདི་དག་དང་རྒྱུན་དུ་མི་འབྲལ་བ་བྱེད་པ་ནི་ཤིན་ཏུ་གལ་ཆེན་ཡིན་ཚུལ་ཨ་ནས་ཡང་གི་ནན་སྐུལ་ཐུགས་གསོས་ཞུས་པ་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཉིན་ལྔ་བའི་ཆོས་ཁྲིད།

ཇི་སྐད་དུ་ཀུན་མཁྱེན་ཆོས་རྗེས། སྣང་ལ་རང་བཞིན་མེད་པའི་ལས་འབྲས་ཀྱིས། །སྣང་ལ་རང་བཞིན་མེད་པའི་ལམ་བསྒོམས་ཏེ། །སྣང་ལ་རང་བཞིན་མེད་པའི་འབྲས་བུ་འཐོབ། །སྣང་ལ་རང་བཞིན་མེད་པའི་སེམས་ཅན་དོན། །སྣང་ལ་རང་བཞིན་མེད་པའི་མཛད་པ་ནི། །དག་པའི་རྒྱུ་འབྲས་ཟབ་མོའི་རྟེན་འབྲེལ་ཡིན། །ཞེས་གསུངས་པ་སྟེ། དེ་ཡང་འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་སྤྲུལ་བ་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་སྒྱུ་མའི་དཔེ་བརྒྱད་དང་མཚུངས་པར་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུའི་འཁྲུལ་བའི་སྣང་ཤེས་འདི་དང་མ་བྲལ་བའི་རིང་ལ་རྨི་ལམ་གཉིད་ཀྱི་ངོ་ཁར་བདེན་པར་སྣང་བ་བཞིན་དུ། སྣང་ལ་རང་བཞིན་མེད་པའི་ལས་ཀྱིས་སྣང་ཞིང་། རང་བཞིན་མེད་པའི་འབྲས་བུ་འབྱིན་ཅིང་། དེ་ལྟར་ཡིན་པ་དེའི་ཕྱིར་ན་དམ་པའི་དོན་དུ་མྱ་ངན་ལས་འདས་པ་ཡང་མ་དམིགས་ཤིང་། ད་རུང་མྱ་ངན་ལས་འདས་པ་ལས་ལྷག་པའི་ཆོས་ཤིག་ཡོད་ན་ཡང་དེ་བཞིན་མ་དམིགས་པ་སྒྱུ་མ་ལྟ་བུ་ཡིན་ཚུལ་རྒྱལ་བས་གསུངས་ཤིང་། དེ་ལྟར་ཡིན་པར་ཁ་ཡིས་བཤད་ཀྱང་དོན་ལ་མངོན་དུ་མ་གྱུར་ནས། ལག་པ་ཁབ་དང་འཕྲད་ན་ཚ་བ་དང་། མེ་སྟག་ཤ་ཐོག་ལ་ལྷུང་ན་ཚིག་པ་དང་། ཁྱོད་བཟང་བར་བཤད་ན་དགའ་ཞིང་། ཁྱོད་སྡུག་པར་བཤད་ན་མི་དགའ་བ་འབྱུང་དུ་ཡོད་པའི་གནས་སྐབས་འདི་ལྟ་བུའི་དུས་སུ། སྣང་ལ་རང་བཞིན་མེད་པའི་ལམ་བསྒོམས་ནས། སྣང་ལ་རང་བཞིན་མེད་པའི་འབྲས་བུ་ཞིག་རང་རྒྱུད་ནས་ཐོབ་པར་བྱས་ཏེ། མཐར་ཐུག་གི་དགོས་དོན་སྣང་ལ་རང་བཞིན་མེད་པའི་སེམས་ཅན་གྱི་དོན་གནས་སྐབས་དང་མཐར་ཐུག་གི་ཕན་བདེ་བསྒྲུབས་ནས། སྣང་ལ་རང་བཞིན་མེད་པའི་རྒྱལ་བའི་མཛད་པ་བསྒྲུབ་རྒྱུ་དེ་ནི་དག་པའི་རྒྱུ་འབྲས་ཟབ་མོ་རྟེན་ཅིང་འབྲེལ་འབྱུང་གི་ཁྱད་ཆོས་ཡིན་པར་གདམས་ཡོད་པས། རང་རེས་ཀྱང་དམ་ཆོས་འཆད་ཉན་བྱ་བའི་སྐབས་སུའང། གང་ཞིག་ཇི་ལྟར་བསྒྲུབས་ནས་ཅི་ཞིག་འགྲུབ་པར་བྱེད་པའི་དོན་འདི་ལ་སྔ་བསམ་ཕྱི་འདེང་ཡང་དག་ཅིག་མ་བྱས་པར། རང་གར་འདི་དག་ཐམས་ཅད་ཆོས་དུང་འབུད་དུས་བཤར་སོང་བ་དང་། ཡང་ན་ཐག་རིང་གི་ཆོས་ཞུ་པ་མང་པོ་འགྲོ་བཞིན་འདུག་པས་ང་ཡང་དེ་དག་གི་རྗེས་སུ་དེད་ནས་འགྲོ་དགོས་སྙམ་པ་ཞིག་གིས་ག་ལ་འོང་། དེ་ལ་དང་པོར་ལར་ང་ཟེར་ས་དེ་སུ་རེད་སྙམ་ནས། དེར་མཛུ་གུ་ཞིག་ཚུགས་དང་ང་ཟེར་ས་ནི་སྒོ་གསུམ་གྱི་རང་བཞིན་ཅན་གྱི་ཉེ་བར་ལེན་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་ཚོགས་པ་འདི་ལ་བཏགས་པ་ཡིན་ལ། དེ་ཡང་རིགས་པས་དཔྱད་ན་རྡོ་ཕུང་ཞིག་ལ་ལབ་རྩེ་རུ་བཏགས་པ་དེ་བཤིག་བཞག་ན་རྡོའི་ཕུང་པོ་ཞིག་ལས་མ་འདས་ལ། དེ་ཡང་བཤིག་ན་རྡུལ་ཕྲན་གྱི་རང་བཞིན་ཡིན་པ་བཞིན་དུ། ལུས་སེམས་འདི་ཡང་རྡུལ་དང་སྐད་ཅིག་གི་ཆ་ཤས་སུ་བསིལ་ནས། དེ་ཡང་ཆ་ཤས་ཆ་མེད། ཆ་མེད་ཡུལ་མེད། ཡུལ་མེད་རྟེན་བྲལ། གཞི་མེད་རྩ་བྲལ་ལ་སོང་དུས་ཡུལ་དང་ཡུལ་ཅན་གཉིས་ཀའི་སྟེང་ནས་ང་ཟེར་ས་ཞིག་མ་གྲུབ་པ་ཡིན། འོན་ཀྱང་གནས་སྐབས་ཤིག་ལ་རང་བཞིན་མེད་ཀྱང་སྣང་དུ་ཡོད་པ་འདིའི་སྟེང་ནས། སྣང་ལ་རང་བཞིན་མེད་པའི་ལམ་ཞིག་བསྒྲུབས་ཏེ། སྣང་ལ་རང་བཞིན་མེད་པའི་འབྲས་བུ་ཞིག་ཐོབ་པར་བྱེད་པ་ལ། དམ་པའི་ཆོས་སྒོ་གསུམ་འདིའི་ཐོག་ནས་བསྒྲུབ་དགོས་ཤིང་། དེ་ཡང་སྒོ་ལུས་ངག་གཉིས་ཀ་སེམས་ཀྱིས་ཅི་བྱས་ཀྱི་འོག་ན་ཡོད་པས། སེམས་ནི་རྒྱལ་པོ་བཀོད་འདོམས་པ་ལྟ་བུ་དང་། ལུས་ངག་གཉིས་ཀ་འབངས་མི་བཀོད་འདོམས་ཉན་མཁན་དང་འདྲ་བ་ཞིག་ལས་མ་འདས། སྟོབས་ཤུགས་ཆེ་ཆུང་གི་ཐད་ནས་བསམ་བློ་བཏང་ན་ཡང་། ལུས་ཀྱིས་གོམ་པ་བརྒྱ་ཡིས་ཀྱང་མི་ཐོན་པའི་ས་དེར། ངག་གིས་ཀི་ཞིག་བཏབ་ན་རྒྱང་གྲགས་གཅིག་གི་ཕར་ནང་ལ་གོ་བ་དང་། དེའི་ཚེ་ལ་སེམས་ཀྱིས་འཇིག་རྟེན་སྲིད་པ་གསུམ་པོ་འདི་ལ་བསྐོར་བ་བརྒྱ་ཕྲག་གཅིག་ཀྱང་བསྐོར་ནུས་པ་སྟེ། དེ་ལྟ་བུའི་ནུས་པ་ཆེ་ཆུང་ཡོད་ཅིང་། དེ་ཡོད་པའི་དབང་གིས་ཆོས་སྒྲུབ་དུས་ཀྱང་སེམས་ཀྱིས་སྒྲུབ་པའི་ཆོས་ཀྱི་ཆོད་སྒོ་ཆེ་བའི་གནད་ཀྱིས། སེམས་རྒྱུད་ཆོས་དང་འདྲེས་དགོས་པ་དེ་གལ་ཆེ་བར་ནམ་ཡིན་ཡིན་དུ་བཤད་པ་ཡིན། རྒྱལ་བས་གསུངས་པའི་ཆོས་སྒོ་གྲངས་མང་ཐབས་དང་ཤེས་རབ་ཀྱི་ཆ་ཁྱད་པར་དུ་འཕགས་མིན་ལས་ཐེག་པ་ཆེ་ཆུང་དང་མདོ་སྔགས་སུ་བཞག་པ་དེ་ཚང་མ། རྒྱ་སྒོ་འབྱེད་བྱེད་ཀྱི་ལྡེ་མིག་ལྟ་བུ་ཞིག་ཡིན་ཞིང་། གང་འབྱེད་པའི་ནོར་བུའི་གཏེར་མཛོད་ནི་རང་གི་རྒྱུད་ན་ཡོད་པའི་སེམས་ཉིད་ཡིད་བཞིན་རིན་ཆེན་གྱི་སྤྲིན་ཟད་པ་མེད་པ་དེ་ཡིན། དེ་རང་ལ་ཡོད་ཀྱང་དབུལ་པོའི་ནོར་ངོ་མ་ཆོད་པ་བཞིན་དུ་བདེ་སྐྱིད་ཕྱི་ནས་འཚོལ་བ་ནི་ནོར་སོང་བ་ཡིན་པས། རྩ་བ་རང་སེམས་ལ་བསྒྱུར་བཀོད་བཏང་ནས་སེམས་ཀྱི་རིན་ཐང་རང་གི་སེམས་ནས་ལེན་དགོས། དོན་དངོས་སུ་བཤད་ན་རྒྱལ་བའི་ཆོས་སྒོ་མཐའ་དག་གི་བསྟན་དོན་ནི་བློ་སྦྱོང་ཡིན་ལ། བློ་བྱང་ཆུབ་སེམས་ལ་འབྱོངས་དུས་འབྱོངས་པ་ཡིན་པ་དེས་ན་བློ་སྦྱོང་གལ་ཆེ་ཞེས་པ་དེ་བཤད་པར་བྱ་བ་ཡིན། དེ་ཡང་དང་པོར་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་འཇིག་རྟེན་ཡང་དག་གི་ལྟ་བ་ནས་མགོ་འཛུགས་དགོས་པའི་གླེང་མོལ་གྱི་ཚིག་སྣེ་ཞིག་བཞག་མྱོང་བས། དེ་ལ་མཐུད་ནས་གྲོས་གླེང་གི་ཚུལ་ཞིག་བྱེད་པ་ལ། གོང་ནས་བཤད་མ་ཐག་པ་ཁ་ཤས་ཤིག་ཆོས་བསྒྲུབ་པར་གཤར་བཞིན་ཡོད་པ་དེའི་རྗེས་ལ་དེད་སོང་བ་ལྟ་བུ་ནི། བྱ་བ་ཕྱི་མཐར་ཕེར་བ་ཞིག་དང་། སྒེར་ཚུགས་རང་རྐྱ་ཐུབ་པ་ཞིག་ཡོང་བ་མ་རེད། རིག་ཚད་ཀྱི་རྗེས་ལ་དེད་ནས་དེ་དག་གིས་ཅི་བྱེད་ཀྱི་ལད་མོ་ནགས་གསེང་གི་སྲོག་ཆགས་དུད་འགྲོ་མི་རྒོད་རྣམས་ཀྱིས་མིའི་ཅི་བྱེད་བྱེད་པ་ལྟར་དུ་བྱས་ན། འགའ་རེ་གཡང་དུ་མཆོངས་ནས་ལྕེབ་མཁན་ཡང་ཡོད་པས་དེ་འདྲ་དང་ཐུག་ནས་དེའི་རྗེས་སུ་བྲག་རོང་དུ་ལྕེབ་དགོས་པ་ཡང་ཆགས་པ་ཡིན། འོན་ཀྱང་ལྕེབ་རན་ཁ་ངོ་མའི་ལྕེབ་མ་ལྕེབ་ཀྱི་མཚམས་ཤིག་ལ། ལམ་ལོག་ཏུ་སོང་བའི་འགྱོད་པ་ཞིག་ནམ་སྐྱེས་ན། ད་དུང་གསོན་པོའི་མི་རུ་ཆགས་ཡོད་པས་བསམ་བློ་གཏང་ས་མེད་པའི་སྡུག་པོ་ངོ་མ་དེ་རེད་མེད་པས། ཕམ་ཁའི་མྱོང་བ་ལ་བརྟེན་ནས་རྒྱལ་ཁའི་ལམ་ལ་བསྙེགས་ནས་ངན་སྐྱོན་བཟང་ལ་འགྱུར་རྒྱུ་དང་བསྒྱུར་རྒྱུ་གཉིས་ཀ་ཡོད་ཀྱང་། དེ་སྔོན་ལམ་ལོག་ལ་སོང་བའི་དུས་ཚོད་རིན་ཐང་ཅན་དེ་འཕྲོ་བརླག་སྟོང་ཟད་ལ་སོང་ཞིང་། མ་ཚད་བསམ་སྤྱོད་ངན་པས་རང་རྒྱུད་བརྫད་ནས་ཡོད་ན་གྱོང་ཁ་དེ་བས་ཀྱང་ཆེ་བ་ཡིན། དེས་ན་བྱ་བ་གང་ལ་ཡང་བརྟགས་ཤིང་དཔྱད་པ་རང་གིས་གཏང་དགོས་ལ། དེ་ཡང་བྱ་བ་དེ་ལ་མ་ཞུགས་ཀྱི་སྔོན་ལ་གཏང་དགོས། དམ་པའི་ཆོས་ཡིན་ཡང་དཔྱད་པ་སྔོན་དུ་འགྲོ་དགོས་པ་ཡིན། དེ་ལ་འདི་ལྟར་སེམས་ཏེ་སྤྱིར་སོ་སྐྱེ་ནི་བྱིས་པའི་རང་བཞིན་ཡིན་པ་དང་། ཁྱད་པར་དུ་སྙིགས་མའི་སྐྱེ་བོའི་བསམ་སྤྱོད་ཀྱི་རྗེས་སུ་མ་འབྲངས་ཞེས་པ་ནི་བདེན་ཏེ། ཕ་མ་གཉེན་ཉེ་དག་བསམ་པ་དཀར་ནའང་འདི་ཕྱི་འཕྲལ་ཡུན་གྱི་དགེ་སྐྱོན་ཁོང་ཚོས་ཀྱང་མ་རིག་ནས་སྡུག་བསྔལ་བཞིན་ཡོད་པས་ལོང་པས་ལམ་གོ་མ་ཆོད་པ་ལྟ་བུ་ལས་མ་འདས་ཤིང་། དེ་ཚོ་ཡང་སྙིགས་མའི་སྐྱེ་བོའི་བསམ་སྤྱོད་ཀྱི་རྗེས་ལ་མ་འབྲངས་ཟེར་སའི་གྲལ་ལ་གཏོགས་ཀྱང་། དམ་པའི་ཆོས་ལ་ད་གཟོད་བརྟག་དཔྱད་ཞིབ་འཇུག་གྱིས་ཟེར་ཡང་མི་བྱེད་དེ། འུ་ཚོས་ཡན་དང་ཡན་གྱི་བརྟག་ཞིབ་གཏན་ལ་ཕབ་པའི་ཕྱིར་ཟེར་ན་བདེན་ཏེ། ཆོས་ཀྱི་ངོས་ནས་གནད་ཤེས་པས་བལྟས་ན་དེ་ལྟར་ངེས་ཤིང་། འོན་ཀྱང་ཆོས་ཀྱི་ངོས་ནས་དེ་ལྟར་ཡང་དག་ཡིན་ན་ཡང་དེ་ལ་ལྟ་བྱེད་ཀྱི་མིག་མ་དག་ན་ལོག་པར་མཐོང་སྲིད་པས་མ་ཚད་མཐོང་ངེས་པའང་ཡིན་པས། བློ་མིག་ཚད་ལྡན་མིན་པ་རྒྱུ་མཚན་དུ་བྱས་པའི་དཔྱད་པ་ཞིབ་མོ་སྔོན་ལ་མ་སོང་བའི་དབང་གིས། ཡིད་ཆེས་དང་བདེན་བཟུང་མེད་བཞིན་དུ་མ་ཞུགས་ཞེས་བརྗོད་ན་ལེགས་པར་སྨྲས་པ་ཡིན་ཏེ། དེ་ནི་ནང་པ་མིན་ཡང་ཕྱི་བར་ཆགས་མེད་ལ། དེ་ནི་ཐེ་ཚོམ་ཅན་ལས་ལོག་ལྟ་ཅན་དུ་མ་སོང་བའི་ཕྱིར། རང་ཉིད་ཀྱིས་དཔྱད་པ་སྔོན་ལ་སོང་ནས་རྒྱུ་མཚན་མཐོང་། ངེས་ཤེས་སྐྱེས་ནས། དད་པས་མོས་པ་ཞིག་ཡིན་ན་ཕྱིན་ཆད་རྐྱེན་གང་དང་ཐུག་ནའང་བློ་རྩེ་གཉིས་ཐེ་ཚོམ་གྱི་རྐྱེན་གྱིས་མི་འཕྲོག་པ་ཞིག་ཏུ་འགྲོ་བ་ཡིན། དེ་དུས་ལམ་ལ་ཞུགས་རྐྱང་བྱེད་ཆོག་པ་ལས་འདེང་ཡང་རྒྱག་བྱེད་དགོས་པ་མ་ཡིན། སྤྱིར་མི་ཚེའི་དུས་ཚོད་ཐུང་བ་དང་། ཁྱད་པར་དེང་སང་གི་མི་ཚེ་ལ་ངེས་པ་མེད་ཅིང་། དུས་ཐ་མའི་མི་རྣམས་ལོག་པའི་ཤེས་རབ་ཀྱི་རྣམ་རིག་བཀྲ་བ་ཙམ་ལས། ཡང་དག་པའི་དབང་པོ་དང་རྣམ་རིག་རྟུལ་བ་མ་ཟད། དཀའ་སྤྱད་བཟོད་སྲན་ཡང་ཆུང་བ་ཡིན། ཡས་མས་ཀྱི་བྱ་བ་མང་པོ་ཞིག་སྒྲུབ་ལོང་ཡང་མེད་ལ། འགྲུབ་པའི་ནུས་པ་དང་ཕོ་ཚོད་ཀྱང་ཞན་པ་སྟེ། འུ་ཚོ་རང་ཉིད་ལ་བསམ་བློ་ཚུར་བསྐོར་ན། འཁོར་བ་ངན་སོང་གི་སྡུག་བསྔལ་ཟེར་བ་འདི་མེད་སྣང་ཤར་བ་དང་། ཤི་ནས་ངན་སོང་ལ་སྐྱེ་མི་འགྲོ་བའི་སྣང་བ་དང་། ཤི་ནས་ངན་སོང་ལ་སྐྱེ་རྒྱུར་མི་སྐྲག་པ་ནི་མིན་ཞིང་། སེམས་ཅན་ཐམས་ཅད་ལ་ད་ལྟའི་ཚེ་འདིའི་ཕ་མ་དང་འདྲ་བའི་སྙིང་རྗེ་ཁ་ཡིས་བཤད་པ་ཙམ་ལས་དོན་ལ་དཀའ་ཡང་། ད་ལྟའི་ཕ་མ་སྤུན་གྲོགས་ལ་ཤ་ཚ་སྙིང་རྗེ་མེད་པ་མ་ཡིན་ཞིང་། ཚེ་འདིའི་སྙིང་དམར་ཅན་གྱི་ཤི་བོ་དེ་ཚོ་དམྱལ་བར་སྐྱེས་ནས་ཚ་གྲང་གི་སྡུག་བསྔལ་མྱངས་ནས། ཆོས་དགེ་བའི་ར་མདའ་ཡོང་རྒྱུའི་རེ་བ་འུ་ཚོ་ལ་བྱེད་བཞིན་ཡོད་ན་ཅི་ཞིག་བྱེད་དགོས་པ་ལ་སྙམ་པའི་སེམས་ཀྱི་འཁྱུག་སྐོར་མཚམས་རེར་ཡོད་རྒྱུ་ཞིག་རེད། འོན་ཀྱང་དེ་ལ་ཡུན་མེད་པ་ནི། ངེས་འབྱུང་གཏིང་ནས་མེད་པར་ཚེ་འདིའི་འཁྲུལ་སྣང་ལ་མགོ་འཁོར་ནས་བྱིས་པས་རྩེད་རྡོ་ལ་རྟ་ནོར་དུ་བརླམས་ནས་མགོ་འཁོར་བ་དང་འདྲ་བར་སོང་བས་ཡིན། གཅིག་གིས་ཚེ་འདིར་རྒྱལ་པོའི་རྒྱལ་སྲིད་ཐོབ་པ་དང་། གདམས་ངག་ཚེ་གཅིག་སངས་རྒྱས་གཉིས་ཀ་གང་བདམ་པ་ཡིན་ཅེས་འདམ་དུ་བཅུག་ན། འགའ་རེས་རྒྱལ་སྲིད་མ་དགོས་སྒོར་རྡོག་བརྒྱའི་ཆེད་དུ་ཆོས་ཁྲིད་དང་ཁྲིད་སྦྱོང་ཐུན་རེ་གཅད་རྒྱུ་ལ་ཇི་མི་སྙམ་པར་ཤོག་རྡོག་བརྒྱ་བོ་ལ་འཐམ་འགྲོ་བ་ཡོད་པ་དང་། ཡང་འགའ་རེས་སྒོར་རྡོག་བརྒྱ་དང་མི་བརྗེ་ཡང་རྒྱལ་པོའི་རྒྱལ་སྲིད་དང་ལག་གཡས་གཡོན་བྱས་ནས་འདམ་ཁ་སྐོར་ཡོང་དུས། ཅུང་ཟད་དྲག་ཤོས་སུ་བརྩི་ས་ཞིག་ཡིན་ཡང་། འཇིག་རྟེན་གྱི་མི་འདི་འདོད་པ་ཆེ་བའི་དབང་གིས། གཉིས་ཀ་ཤོར་མི་ཉན་བསམས་ནས་གཉིས་ཀ་དགོས་ཟེར་ངེས། འོན་ཀྱང་ཕུན་ཚོགས་སྡེ་བཞིའི་དཔལ་གཡང་འཛོམས་པ་ནི་སྲིད་འབྱོར་ཆོས་ཀྱིས་འཚོ་བའི་ཁྱིམ་པ་རྒྱལ་བློན་འབངས་གསུམ་གྱི་དབང་དུ་བྱས་ཏེ་གསུངས་པ་ལས། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་སྦྱངས་ཡོན་ལ་གནས་པའི་དགེ་སྦྱོང་ཞིག་ལ་གསུངས་པ་མིན་པས། ཆོས་ངོ་མ་སྙིང་ནས་སྒྲུབ་པ་ཞིག་གི་ངོས་ནས་བཤད་ན། ཆོས་སྲིད་གཉིས་ལྡན་བུ་ལུགས་བླ་ལུགས་གཉིས་ཀ་ལྡན་མི་ལྡན་འཇིག་རྟེན་པས་ཟེར་དར་ཡང་། ཆོས་འཇིག་རྟེན་གཉིས་ཀ་མཉམ་དུ་སྒྲུབ་ལུགས་ཡོད་ཀྱང་འགྲུབ་ལུགས་ཡོད་པ་མ་ཡིན། རྒྱལ་པོ་ཨིནྡྲ་བྷཱུ་ཏིས་འདོད་ཡོན་མ་སྤངས་པར་གྲུབ་པ་ཐོབ་པ་ཡིན་ཡང་། དེ་འདྲའི་གྲུབ་ཐོབ་ཀྱི་བརྒྱུད་པ་ལམ་མས་སྦྱོང་གི་གང་ཟག་ཕལ་བའི་ཚད་དང་སྦྱར་དུ་ཡོད་པ་མིན། དེ་ལྟར་བལྟས་ཡོང་ན་ངེས་འབྱུང་ཡང་དག་ཅིག་རྒྱུད་ལ་མ་འཁྲུངས་པའི་རྩ་བ་ངོ་མ་དེད་ནས་སོང་ན། རྒྱུ་འབྲས་ཡིད་ཆེས་དེ་སད་དེ་སུད་དེ་ཞིག་ཡིན་པའི་དབང་གིས་ད་སྔོན་ཡན་ཆད་ཀྱི་མི་ཚེའི་རིང་ལ་བྱས་བྱས་འཁོར་བའི་གཞི་རྩ། བསྒྲུབས་བསྒྲུབས་ཚེ་འདིའི་དོན་ཆུང་ཞིག་ལ་མགོ་འཁོར་སོང་བ་ཡིན་པས། ད་ཤི་ཁར་ལག་སྟོང་ལ་འགྲོ་བའི་ཉིན་པར་འགྱོད་པ་གཞི་ནས་སྐྱེས་ཀྱང་འཕྱིས་པའི་ཚོད་ལ་ཐོན་ཚེ་འདེང་མ་ཕོག་འཆར་གཞི་མ་ཞོག་པ་ཡིན། དེས་ན་མདོ་དོན་ཚིག་གི་རྩ་བ་རྒྱུ་འབྲས་ཡིད་ཆེས་ཀྱི་ཕྱོགས་འདི་ལ་ངེས་ཤེས་བརྟན་པོ་ཞིག་ཡོད་དུ་འཇུག་པ་ནི། ཁྱད་པར་དེང་སང་གི་དུས་འདིར་གནད་ཆེ་བར་སེམས་ཤིང་། དེ་ཡང་སྐྱེ་བ་སྔ་ཕྱི་ཡོད་མེད་འདིའི་སྟེང་ནས་འཛམ་གླིང་ས་འདིའི་ཐོག་གི་མི་མང་པོ་ཞིག་གར་འགྲོ་ངོས་ཟིན་གྱི་ལམ་ངོ་མ་ཤེས་པ་དང་། ཤེས་ཀྱང་གདེང་ཁེལ་བ་ཞིག་མ་བྱུང་བར་ཡོད་པ་ཡིན། དེ་ལ་དཔྱད་པ་ཞིག་ཞུགས་ན། སྐྱེ་བ་སྔ་ཕྱི་བར་གསུམ་དེ་དུས་ཀྱི་རྒྱུན་དང་འབྲེལ་ནས་བཤད་བཞིན་ཡོད་ཅིང་། དུས་འདས་པ་ནི་ཁ་རྩང་གི་དུས་དང་འདྲ་ཞིང་། ཁ་རྩང་གི་དུས་འདས་པ་ཡོད་པ་ནི་མྱོང་བས་གྲུབ་པ་བཞིན་དུ་སྐྱེ་བ་སྔ་མའང་ཡོད་པ་དང་། དེ་རིང་ཡོད་པའི་གནད་དེ་ཁ་རྩང་ཡོད་པའི་རྒྱུ་མཚན་ལ་ཐུག་པ་ཡིན་པས། ད་ལྟའི་སྐྱེ་བ་འདི་ཡོད་པའི་རྒྱུ་མཚན་གྱིས་སྐྱེ་བ་ཕྱི་མའང་ཡོད་པར་འགྲུབ་ཐུབ་པ་ཡིན། དེ་ཅིའི་ཕྱིར་ཞེ་ན། ཁ་རྩང་ཡོད་པ་ལ་བརྟེན་ཏེ་དེ་རིང་ཡོད་པ་དང་། དེ་རིང་ཡོད་པའི་རྒྱུ་མཚན་གྱིས་སང་ཉིན་ཡོད་པར་བསྒྲུབ་ཐུབ་པ་དང་གཅིག་ཡིན་པའིི་ཕྱིར། དེ་ཡང་དོན་ངོ་མས་བཤད་ན་གོང་ནས་གསུངས་པ་ལྟར་དུ་དུས་གསུམ་དུས་ལས་འདས་པའི་དུས་མེད་ཀྱི་དུས་ཤིག་ནས། སྣང་ལ་རང་བཞིན་མེད་པའི་དུས་སུ་འཁྲུལ་ཏེ་འཁོར་བའི་འཁྲུལ་སྣང་དང་སྡུག་བསྔལ། སྣང་ལ་རང་བཞིན་མེད་པ་སད་དུ་མེད་པའི་རྨི་ལམ་འདྲ་བ་འདི་བྱུང་བ་ཡིན། འདིའི་འཁྲུལ་བ་འདི་གཞི་ལ་མ་ལྡོག་གི་བར་དུ་སྐྱེ་བ་ཕྱི་མ་དང་། ཕྱི་མའི་ཡང་སྲིད་ཉེ་བར་ལེན་པའི་རྟེན་འབྲེལ་བཅུ་གཉིས་སྲིད་པའི་འཁོར་ལོའི་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་ལ་བསླུ་བ་ཡོད་པ་མིན། དུས་གསུམ་དུས་ལས་འདས་པའི་དུས་མེད་ཀྱི་དུས་ཞེས་པ་སྔགས་ཀྱི་སྐབས་སུ་བཤད་པ་དེ་ཅི་ཞིག་ཅེ་ན། ཆོས་ཅན་འདུས་བྱས་ཀྱི་ལྡོག་ཆ་ནས་དུས་གསུམ་དང་། ཆོས་ཉིད་འདུས་མ་བྱས་པའི་ལྡོག་ཆ་ནས་དུས་བཞི་མཉམ་ཉིད་ཀྱི་ཡེ་ཤེས་འཁོར་འདས་གཉིས་མེད་ཀྱི་རང་བཞིན་ལ་གོ་བ་སྟེ། སྐྱེ་བ་སྔ་མ་དྲན་པའི་མི་དེང་སང་ཡོད་པས་མི་ཚད་པར་སྐྱེ་བ་སྔོན་མའི་སྐྱེ་ཡུལ་དང་སྐྱེ་ཁྱིམ་ཐོ་གཏུག་ཏུ་ཡོད་པའི་བདེན་དཔང་ཅན་མང་པོ་ཡོད་ན་ཡང་། གཙོ་བོ་རིགས་པས་བསྒྲུབས་ནས་གྲུབ་པར་གནད་ཆེ་ལ། ཁྱད་པར་ལམ་ཞུགས་ཀྱི་ཆོས་པ་ལས་དང་པོ་པ་དང་། མིན་ཡང་རང་གཞན་འཕྲལ་ཕུགས་ཀྱི་བདེ་སྡུག་ལ་དཔྱད་པ་གཏོང་མཁན་ཞིག་ཡིན་ན། དང་པོར་ཐེ་ཚོམ་ལོས་ཡོད་ཐེ་ཚོམ་ཤར་ནས་བརྟགས་ཤིང་དཔྱད་དེ་གང་ཞིག་རིགས་པས་གྲུབ་པ་དེ་ཚད་མར་འཛིན་ན་བློ་གཏད་ཕེར་བ་རེད། འུ་ཚོ་མིན་ན་ཡང་ཕ་རོལ་པོ་འགའ་རེས་སངས་རྒྱས་ཞེས་པ་དེ་ཅི་ཞིག་ཡིན། ད་ལྟ་གང་ན་ཡོད། ཅི་འདྲ་ཞིག་ལ་སངས་རྒྱས་ཟེར་ནས་ངོས་འཛིན་དགོས་པ་སྟེ། དེ་དག་ལེགས་པར་མི་ཤེས་པའི་གང་ཟག རྨོངས་པ་དང་ཐེ་ཚོམ་གྱིས་བཅིངས་ནས་འཐུམས་པའི་མ་རིག་པའི་གཞན་དབང་དུ་གྱུར་པ་ཅན་དག་གིས། ལུང་ལ་ཚད་མར་འཛིན་པ་མིན་པས་རིགས་པ་ཚད་མས་མངོན་སུམ་དུ་གཏན་ལ་ཕབ་པའི་རྗེས་སུ། དཔྱད་གསུམ་དག་པ་སྲང་རྒྱ་མ་ཐམས་ཅད་ཚད་ཐོག་གཅིག་ལ་བབ་པ་ཞིག་ཡོང་བ་ཡིན། སྐྱེ་བ་སྔ་ཕྱི་སྒྲུབ་བྱེད་ཀྱི་རིགས་པ་དེ་ཚོ་རགས་རིམ་གྱིས་བཤད་ན། རིགས་འདྲ་སྔོན་སོང་དང་། ཉེར་ལེན་སྔོན་སོང་། གོམས་པ་སྔོན་སོང་། མྱོང་བ་སྔོན་སོང་ལ་སོགས་པའི་ཐོག་ནས་འཆད་དུ་ཡོད་ཅིང་། དེ་འཆད་དུས་ཧ་ཞིག་སུ་ཡིན་ཡང་གོ་རྒྱུ་ཡོད་པ་རེད། རིགས་འདྲ་སྔོན་སོང་རྐྱང་པ་ལྟ་བུ་ཞིག་ལ་བསམ་བློ་གཏོང་ན། འུ་ཚོས་ང་ཟེར་ནས་གཅེས་པར་སྐྱོང་བ་དང་། ངའི་ཟེར་ནས་བདག་ཏུ་འཛིན་ཡང་། ང་དང་པོར་གང་ནས་ཡོང་བ་དང་། རྗེས་མ་གང་ལ་འགྲོ་རྒྱུ་ཡིན་པའི་ཕུགས་བཅད་ནས་ཆོད་པ་མེད་ཅིང་། སྒོ་གསུམ་པོ་འདི་ལ་ང་རུ་ཞེན་པའི་སྐབས་སུ། ལུས་འདི་ནི་ཉི་མ་ཁ་ཤས་ཀྱིས་བསྐྱུར་རྒྱུ་ཅན་དང་། ངག་ནི་དེ་ལ་བརྟེན་པའི་བྲག་ཆ་ལྟ་བུ་ཞིག་ཡིན། དེས་ན་སེམས་རྣམ་ཤེས་ཀྱི་རྒྱུན་འདི་བདེ་སྡུག་གི་འབྲས་བུ་མྱོང་བ་པོར་གྲུབ་པ་ཡིན། འདིའི་སེམས་རྣམ་ཤེས་སྐྱེ་ཞིང་མཆེད་པའི་རང་བཞིན་ཅན་འདི་གསལ་རིག་གི་རྣམ་པ་ཅན་ཞིག་སྟེ། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཅེས་སུ་འཆད་པ་ཡིན། འུ་ཚོ་ཞིང་ལས་ཀྱི་ས་ཆ་ཞིག་ནས་སོས་ཀར་ས་བོན་ས་ཞིང་ལ་ཅི་ཞིག་བཏབ་ཡོད་ན། སྟོན་ཁའི་ལོ་ཏོག་ལ་དེ་བཞིན་མི་འགྱུར་བར་སྐྱེ་བ་ལས། ཕར་ནས་བཏབ་ན་ཚུར་འབྲས་དང་གྲོ་སྐྱེ་བ་ལྟ་བུ་དང་། ཕར་ས་བོན་ཞིང་ལ་མ་བཏབ་ན་ཚུར་ལོ་ལེགས་ཀྱི་སྟོན་ཐོག་ཅིག་སྨིན་དུ་ཡོད་པ་ཞིག་མི་སྲིད་པ་བཞིན་དུ། སེམས་རྣམ་པར་ཤེས་པ་སྔོན་སོང་གི་རྒྱུན་རིགས་འདྲ་སྔོན་ལ་སོང་བའི་རྗེས་སུ་རིགས་འདྲ་ཕྱི་མ་ཡོང་པ་ནི། མེད་ན་འབྱུང་བ་མི་སྲིད་པའི་རྒྱུ་རྐྱེན་དང་འབྲེལ་བའི་འགྲོས་ཤིག་ཡིན། ཚེ་སྐྱེ་བ་སྔོན་མའི་འཆི་སེམས་སྐད་ཅིག་ཐ་མ་ནས་སྐྱེ་བ་འདིའི་སྐྱེས་སེམས་སྐད་ཅིག་དང་པོའི་བར་གྱི་དབུགས་ཀྱི་རྒྱུན་ཆད་པ་དང་། ལུས་ཀྱི་རྟེན་དང་བྲལ་ནས་རགས་སྣང་ཕྲ་བར་ཐིམ་ནས། གཞིའི་འོད་གསལ་གྱི་སྣང་ཆ་དེ་ལས་སླར་ཡང་མཆེད་པའི་ཕྲ་བའི་སྣང་བ་དེ་རིམ་བརྒྱུད་ཀྱི་ཐོག་ནས་རགས་སྣང་ལ་ཤར་ནས་སྐྱེ་བ་སྔ་ཕྱིའི་འབྲེལ་མཐུད་སོང་བ་ཡིན་ཞིང་། སོང་ན་ཡང་སྐྱེ་བ་སྔ་ཕྱིའི་ལུས་རྟེན་དང་སྡེ་རིས་མི་འདྲ་བའི་དབང་གིས་སྣང་བའི་འདུ་ཤེས་མི་འདྲ་བར་འབྱུང་བ་སྟེ། དཔེར་ན་ད་ལྟ་སྐམ་ལ་གནས་པའི་སྲོག་ཆགས་ཤིག ཕྱི་མར་མེ་དང་ཆུ་ལ་གནས་པའི་སྲོག་ཆགས་ཤིག་ཏུ་ལུས་རྟེན་བརྗེས་སོང་ན། དེ་དང་དེའི་སྐབས་ཀྱི་ཡུལ་དང་གནས་མཐུན་པའི་རྐྱེན་ལ་སྣང་བ་ཡིན། དེ་བཞིན་དུ་ཉེར་ལེན་དང་གོམས་པ་མྱོང་བ་སྔོན་སོང་དག་གིས་ཀྱང་ཤེས་པ་ཡིན། ཆ་བཞག་ན་དུད་འགྲོ་ཡིན་ཡང་མང་པོའི་ནང་ནས་མ་ངོ་ཤེས་པ་དང་། མ་བསླབས་པར་མ་ལས་འོ་མ་ནུ་ཤེས་པ་དང་། འུ་ཚོ་མི་རྣམས་ཀྱང་བཟང་ངན་གཅིག་འདྲ་ཏག་ཏག་མ་ཡིན་པར། འགའ་རེ་གཟུགས་བཟང་། འགའ་རེ་མི་སྡུག་པའི་མཚན་མ་མང་པོས་བརྒྱན་པ། འགའ་རེ་འབྱོར་ཞིང་ཕྱུག འགའ་རེ་དབུལ་ཞིང་ཕོངས། འགའ་རེ་ཚེ་རིང་ནད་མེད་ཅི་བསམ་ལམ་ལ་འགྲོ། གང་འདོད་ཐོག་ལ་ཁེལ་བ། འགའ་རེ་ཚེ་ཐུང་ནད་མང་མི་འདོད་སྣ་དགུ་འདི་མི་ཡོང་བསམ་རྒྱུ་མེད་པ་ཡོང་བ་ཡང་ཡོད་པ་ཡིན། དེ་ཚོ་ལ་བལྟས་ཡོང་ན་སྔ་མ་གང་བྱས་དེ་ད་ལྟའི་ལུས་དང་། ཕྱི་མ་ཅི་ཡོང་དེ་ད་ལྟའི་ལས་ཀྱིས་འབྱེད་པ་ནི་རྒྱུ་དང་འབྲས་བུའི་འགྲོ་ལུགས། བསྒྱུར་རྒྱུ་བསྣོག་རྒྱུ་མེད་པ་མིག་རིག་ལག་ཐོགས་སུ་ཡོད་པ་སྟེ། དེ་ལ་སོགས་པའི་ལས་འབྲས་ཕྲ་ཞིབ་ཀྱི་དབྱེ་བ་ཤིན་ཏུ་ཞིབ་ཅིང་ཕྲ་བ་མདོ་དང་བསྟན་བཅོས་ཀྱི་ནང་ནས་གསུངས་པ་ནི། རང་གཞན་ཚང་མས་རྒྱུན་མཐོང་ངག་འདོན་ལྟ་བུར་ཆགས་ཡོད་ཀྱང་། གོ་མྱོང་དང་མ་མྱོང་། ཡང་ཟེར་ཤེས་དང་མི་ཤེས་ཤིག་གི་གནད་འགག་མ་ཡིན་པར། དེ་ལ་སེམས་ཀྱི་སྟེང་ནས་ངེས་ཤེས་བསྐྱེད་ནས་ཡིད་ཆེས་བློ་ཐག་ཆོད་པའི་རྩ་བ་ངེས་འབྱུང་ཞིག་མ་སྐྱེས་དུས་ཆོས་རྣམ་པར་དག་པ་ཞིག་མི་འགྲུབ་པའི་ཚིག་མཚམས་དེ་ནས་འཕྲོད་པ་ཡིན་པས། རྒྱུ་འབྲས་ལ་ཡིད་ཆེས་ཨེ་ཡོད་ངེས་འབྱུང་གིས་ཤེས་པ་དང་། ངེས་འབྱུང་ངོ་མ་ཨེ་ཡོད་ཆོས་བརྒྱད་འདིར་སྣང་གི་ཞེན་པ་ཆོད་མ་ཆོད་ཀྱིས་ཤེས་པ་རེད། འཇིག་རྟེན་འདིར་སྣང་གི་བདེ་སྐྱིད་སྙན་གསུམ་རྙེད་བདེ་གྲགས་བསྟོད་བཞི་བོ་ལ་མི་དགའ་ཞིང་མི་འདོད་པ་ཞིག་འདོད་པའི་ཁམས་འདིར་མེད་ཀྱང་། མངར་ཆས་བཏུམས་པའི་དུག་གི་རིལ་བུ་ཟ་མི་ཕོད་པ་དང་། ད་ལྟ་ཤན་པས་སྐེ་རྩ་གྲི་ཡིས་བཅད་རྒྱུ་ཅན་ཞིག་ལ་རྒྱལ་པོའི་སྲིད་འབྱོར་ཁྱོད་ལ་སྦྱིན་ཟེར་རུང་ཡི་ག་མེད་པ་དང་། ཤི་གསོན་གཉིས་ཀྱི་སོ་མཚམས་ནས་འཆི་མེད་ཚེའི་རིལ་བུ་ཞིག་གཅིག་གིས་བྱིན་ན་དང་དུ་མི་ལེན་པ་ནི་མི་སྲིད་པའི་དཔེ་དང་། སྡར་མའི་པང་ལ་སྦྲུལ་ཞུགས་པ་དང་། སྒེག་མོའི་མགོ་ལ་མེ་ཤོར་པའི་དཔེ་དང་མཐུན་པའི་ངེས་འབྱུང་གི་བློ་སྣ་དྲག་པོ་མདུང་ཐུང་བྲང་ཁ་རུ་ཚད་ཀྱང་ཕྱིར་གྱེད་མི་བྱེད་པར་ཆོས་ལ་འཇུག་པའི་ཚད་ལ་མ་ཐོན་དུས། ཆོས་འགྲུབ་ཅེས་པ་ནི་སྟོང་གཏམ་ཁ་བཤད་རྐྱང་པ་ཞིག་ལ་འགྱུར་འགྲོ་བ་དང་། ཆོས་མེད་ལག་སྟོང་དུ་ལྷུང་ནས། མིག་མཆི་མ་ཙ་རེ་གཤིན་རྗེའི་གྲོང་སྒོ་ལ་གློ་བུར་དུ་འགྲིམ་དགོས་པའི་ཉིན་མ་ཚེས་ནས། སྡུག་པ་དང་ཕུང་བ་གཉིས་ཀས་མ་ཚད་ཡིད་འགྱོད་རྟས་མི་བསླེབ་པ་དང་གསུམ་པོ་མཉམ་དུ་བྱུང་དུས། གཞན་དོན་མ་དགོས་རང་དོན་ཉི་ཚེ་བ་ཞིག་ཀྱང་འགྲུབ་མེད་པ་ཡིན་ནོ་ཞེས་པའི་གྲོས་གླེང་གི་གཏམ་མཇུག་འཚོས་པ་དང་བཅས་ཏེ། སྐབས་བབས་གང་ཞིག་འཆད་པར་བྱ་བ། ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་རེད། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ཞིང་། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་། ལེའུ་གསུམ་པ་ཡན་ཆད་སོང་ནས། ལེའུ་གསུམ་པས་ནི་རང་བཞིན་བྱང་ཆུབ་སེམས་ཀྱི་དཔེས་ཉེ་བར་མཚོན་པ་གཙོ་བོ་བྱས་ཏེ་བསྟན་ནས།

བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་སྟེ་ལེའུ་བཞི་པའི་འགྲེལ་པ།

ལེའུ་བཞི་བ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུ་བསྟན་པ་ལ། རིག་པ་བྱང་ཆུབ་ཀྱི་སེམས་ཀྱི་རང་བཞིན་ངེས་པ་སྤྱིར་བསྟན་པ་དང་། རང་བཞིན་གྱིས་དག་ལ་གདལ་བ་ཆོས་ཉིད་དུ་རྫོགས་པའི་ངོ་བོ་ཉིད་བྱེ་བྲག་ཏུ་བསྟན་པ་དང་། ཀུན་ཁྱབ་ཐིག་ལེ་ཉག་གཅིག་ཏུ་འདུས་པས་འགག་བསྡམས་ནས་དེ་ལྟ་བུའི་དབྱིངས་དེ་ཀུན་ལ་ཡོད་ཀྱང་སྐལ་ལྡན་འགའ་ཡི་ཡུལ་དུ་བསྟན་པས་སྒོམ་པའི་འཕྲང་བསལ་བ་དང་། སྣང་སྲིད་ཞིང་ཁམས་སུ་གནས་པས་བླང་དོར་བཟང་ངན་མེད་པར་བསྟན་པ་ནང་གསེས་དང་བཅས་པ་དང་། ལེའུའི་དོན་མཁའ་ཀློང་ཡངས་པ་ཆེན་པོར་བསྡུ་བ་སྟེ་ལྔ་ལས།

༼ཀ༽དང་པོ་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ངེས་པ་སྤྱིར་བསྟན་པ།

དེ་ལྟར་དཔེས་ཉེ་བར་བསྟན་པས་དོན་ཁོང་དུ་ཆུད་པའི་ཕྱིར་ན། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ངེས་པ་ནི།

ཀུན་འདུས་བྱང་ཆུབ་སེམས་ཀྱི་རང་བཞིན་ནི།།

སྣང་བ་མ་ཡིན་སྣང་བའི་ཆོས་ལས་འདས།།

སྟོང་པ་མ་ཡིན་སྟོང་པའི་ཆོས་ལས་འདས།།

ཡོད་པ་མ་ཡིན་དངོས་པོ་མཚན་མ་མེད།།

མེད་པ་མ་ཡིན་འཁོར་འདས་ཀུན་ལ་ཁྱབ།།

ཡོད་མེད་མ་ཡིན་ལྷུན་མཉམ་གདོད་མའི་དབྱིངས།།

ཕྱོགས་དང་རིས་མེད་གཞི་རྩ་དངོས་པོ་མེད།།

ཅེས་གསུངས་ཏེ། རིག་པའི་ངོ་བོ་ལ་བསམ་བརྗོད་སྤྲོས་པའི་མཐའ་དང་བྲལ་བས་ཡོད་མེད་ཀྱི་ཡུལ་དུ་མ་གྲུབ་ལ། འཁོར་འདས་ཀུན་ལ་ཡེ་ནས་ཁྱབ་པ་སྟེ། རང་ཤར་ལས། སྐྱེ་བ་མེད་པས་འགག་པ་མེད། །འཛིན་པ་མེད་པས་རང་སར་གྲོལ། །དམིགས་པ་མེད་པས་སྤྲོས་པ་མེད། །བྱས་པས་མ་བྱུང་ཀུན་ལ་ཡོད། །འདུས་མ་བྱས་པས་རྣམ་དག་དབྱིངས། །འཛིན་པའི་ཐ་སྙད་ཆོས་དང་བྲལ། །རང་བཞིན་མེད་པས་བརྗོད་དང་བྲལ། །ཡང་དག་ཆོས་ཉིད་རིག་པའི་ཀློང་། །ཀུན་ལ་ཁྱབ་པས་ཡབ་ཀྱི་ངང་། །ཐམས་ཅད་བསྐྱེད་པས་ཡུམ་གྱི་དབྱིངས། །བརྗོད་དུ་མེད་པའི་ཤེས་རབ་ལ། །བསྟན་དུ་མེད་པའི་ལུང་ཆེན་གནས། །བཏང་གཞག་བྲལ་བའི་ཆོས་སྐུ་ལ། །དམིགས་པ་མེད་པའི་ཏིང་འཛིན་གསལ། །འདུས་མ་བྱས་པའི་ཀློང་དཀྱིལ་ནས། །རིག་པའི་རྒྱལ་པོ་ཡེ་ཤེས་འཕྲོ། །སྐྱེ་འགག་མེད་པའི་ཀློང་དཀྱིལ་ནས། །རང་བྱུང་ཤེས་རབ་མིག་གསལ་བ། །ཀུན་ལ་ཁྱབ་པའི་ཉག་གཅིག་ཡིན། །ཞེས་སོ། །ཡུལ་མེད་ཀུན་ཁྱབ་ཀུན་འདུས་བྱང་ཆུབ་སེམས་ཀྱི་རང་བཞིན་དེ་ནི། རིག་ངོར་སྣང་བ་ཕྱི་ཡུལ་གྱི་ཆོས་ཐམས་ཅད་མེད་པ་གསལ་སྣང་གཟུགས་བརྙན་ལྟར་སྟོང་པས་ན་སྣང་བ་མ་ཡིན་ལ་སྣང་བའི་ཆོས་ལས་ཀྱང་འདས་པ་ཞིག་དང་། ནང་གི་ཆོས་ཐམས་ཅད་བར་སྣང་གི་བྱ་རྗེས་ལྟར་དུ་འགྱུ་བ་གང་ཤར་རྗེས་མེད། སྟོང་པར་བཏགས་ཀྱང་སྟོང་བྱ་སྟོང་བྱེད་དང་བྲལ་བ་སྟོང་པ་མ་ཡིན་ཞིང་སྟོང་པའི་ཆོས་ལས་ཀྱང་རིང་དུ་འདས་ཤིང་། ཡོད་པར་སྨྲས་ཀྱང་དངོས་པོ་མཚན་མ་དང་བྲལ་བ། མེད་པར་སྨྲས་ཀྱང་འཁོར་འདས་ཀུན་ལ་ཁྱབ་པ། གཉིས་ཀ་གཉིས་མིན་སོགས་ཀྱི་མཐའ་ཐམས་ཅད་ལས་ཀྱང་འདས་ཤིང་ཡོད་མེད་ཀྱི་ཡུལ་དུ་མ་གྲུབ་པའི་ཕྱིར་ན། དེ་ལྟར་ཡོད་མེད་ཡིན་མིན་དངོས་མཚན་ཐམས་ཅད་དང་བྲལ་བ། ལྷུན་མཉམ་ཕྱོགས་དང་རིས་མེད་པ་གཞི་རྩ་དངོས་པོ་མེད་པ་དེ་ལྟ་བུ་ཡི་གདོད་མའི་དབྱིངས་ཞེས། ཀུན་ཁྱབ་འདུས་མ་བྱས་ཀྱི་དབྱིངས་ཐིག་ལེ་ཉག་གཅིག་ཏུ་སྤྱིར་བསྟན་པའོ།།

༼ཁ༽གཉིས་པ་བྱེ་བྲག་རང་བཞིན་གྱིས་དག་ལ་གདལ་བ་ཆོས་ཉིད་དུ་རྫོགས་པའི་ངོ་བོ་ཉིད་དུ་བསྟན་པ།

རང་བཞིན་གྱིས་དག་ལ་གདལ་བ་ཆོས་ཉིད་དུ་རྫོགས་པའི་ངོ་བོ་ཉིད་ནི།

རྒྱུན་ཆད་མེད་པས་རིག་པ་བྱང་ཆུབ་ཀློང་།།

འཕོ་དང་འགྱུར་མེད་མཁའ་དབྱིངས་ཡེ་ནས་གདལ།།

རང་བྱུང་ཡེ་ཤེས་དཔེ་ཟླ་མེད་པའི་དོན།།

མི་སྐྱེ་མི་འགག་ཐིག་ལེ་གཅིག་ཏུ་འདུས།།

མ་ངེས་ཀུན་ཁྱབ་ཕྱོགས་མཐའ་ཡོངས་ཀྱི་མེད།།

ཅེས་གསུངས་ཏེ། དབྱིངས་རང་བྱུང་གི་ཡེ་ཤེས་ནི་ལྷུན་གྲུབ་གདལ་ཁྱབ་ཆེན་པོ། ཀུན་འདུས་རྒྱུན་ཆད་མེད་པའི་ངོ་བོ་སྟེ། དཀྱིལ་འཁོར་ཡིད་བཞིན་གཏེར་གྱི་འབྱུང་གནས་སུ་ཡེ་ནས་གནས་པ་ནི། ནོར་བུ་ཕྲ་བཀོད་ལས། སྐུ་གཅིག་སེམས་ཅན་ཀུན་ལ་སྣང་། །སྐུ་གཅིག་འགྲོ་དོན་མཐར་ཕྱིན་པ། །སྐུ་གཅིག་སྣང་བ་ཀུན་ཏུ་སྟོན། །སྐུ་གཅིག་མཐའ་ལ་མི་གནས་པ། །རྡོ་རྗེ་སྙིང་པོ་ཡེ་ཤེས་སྐུ། །བསམ་གཏན་སྙིང་པོ་ཚིག་ལས་འདས། །མངོན་པར་བྱང་ཆུབ་སྐུ་ཉིད་གསལ། །ཡེ་ཤེས་གཅིག་ཆོད་གཉིས་སྣང་བྲལ། །རྡོ་རྗེ་འཛིན་སྐུ་དོན་མི་འགྲུབ། །མཐའ་གཉིས་མི་གནས་རང་གསལ་ཆེ། །ཕྱག་རྒྱའི་རྡོ་རྗེ་འགྱུར་བ་མེད། །མི་བསྐྱོད་དཀྱིལ་འཁོར་ལས་བྱུང་བའི། །ཡང་དག་གཞུང་ཉིད་རབ་བརྟན་སྐུ། །ཐིག་ལེ་སྣ་ཚོགས་སྐུ་ཡི་དབྱིག །མཚོན་ལྡན་དཀྱིལ་འཁོར་སྐུ་གསུམ་རྫོགས། །བྱ་བྱེད་མེད་པས་དབྱིངས་དང་ལྡན། །གཅིག་ལས་མི་གཡོ་ཆོས་ཀྱི་སྐུ། །གཉིས་སུ་མ་ཡིན་རང་སྣང་ཡུལ། །དོན་དམ་ཀུན་རྫོབ་གཉིས་ལས་འདས། །འཛིན་པའི་མཐའ་གཉིས་རྣམ་པར་སྤངས། །དཀྱིལ་འཁོར་རྡོ་རྗེ་ཡིད་བཞིན་གཏེར། །མཐའ་ལ་མི་གཡོ་མཉམ་པའི་ངང་། །གོལ་སྒྲིབ་གཉིས་ཀྱི་རྟོག་པ་སངས། །བྱས་པས་མ་བྱུང་ཆོས་ཀྱི་སྐུ། །བཟུང་བས་མི་ཟིན་ཆུ་ཟླ་འདྲ། །ཐུགས་རྗེ་ཐབས་ལ་རང་སྣང་བས། །ཉི་མ་དང་ནི་ཟེར་བཞིན་དུ། །ཤེས་རབ་རྩལ་གྱིས་རབ་གནས་པས། །དོན་གྱི་དཀྱིལ་འཁོར་སྣང་མཐའ་ཡས། །སྐུ་ཡི་སེམས་ཉིད་སྟོང་བདག་མེད། །ཡེ་ཤེས་ཕུང་པོ་སྐྱེ་འཇིག་བྲལ། །བསམ་འདས་ཆོས་ཉིད་ཞི་བ་སྟེ། །སྣང་བ་མཐའ་ཡས་ཞིང་དུ་གྲོལ། །རང་བྱུང་སྐུ་ཉིད་རྣམ་པར་དག །སྟོང་པ་ཉིད་ཀྱི་དམ་ཚིག་ལས། །རིག་པའི་ཡུལ་དུ་རྣམ་པར་སྣང་། །ཞེས་སོ། །སྐྱེ་མེད་ཀྱི་ཀློང་ནས་འགག་མེད་དུ་གསལ་ཞིང་། ཕྱི་ནང་བར་མེད་ཟང་ཐལ་ནམ་མཁའ་དང་འདྲ་བའི་དབྱིངས་རང་བྱུང་གི་ཡེ་ཤེས་རྒྱུན་ཆད་མེད་པའི་རིག་པ་བྱང་ཆུབ་ཀྱི་ཀློང་ཆེན་པོ་དེ་ཉིད། ཡངས་ཤིང་འཕོ་འགྱུར་མེད་པ་ལྷུན་གྲུབ་གདལ་ཁྱབ་ཆེན་པོའི་མཁའ་དབྱིངས་སུ་ཡེ་ནས་གདལ་བས་ན་སྣ་ཚོགས་ཕྱི་ནང་གི་ཆོས་ཐམས་ཅད་སྣང་བའི་འབྱུང་གནས་ཡིན་ལ། ཀུན་འདུས་ཡིད་བཞིན་གྱི་གཏེར་རང་བྱུང་དཔེ་ཟླ་མེད་པའི་ཡེ་ཤེས་སུ་གནས་པའི་དོན་དེ། མི་སྐྱེ་མི་འགག་ཐིག་ལེ་གཅིག་ཏུ་འདུས་པའི་རྡོ་རྗེའི་ཆིངས་ཀྱིས། མ་ངེས་ཀུན་ལ་ཁྱབ་ཅིང་ཕྱོགས་མཐའ་ཡོངས་ལ་རིས་སུ་མ་ཆད་པར་ཕྱོགས་སུ་ལྷུང་བ་མེད་པ་གཅིག་ལས་ཀུན་ཤར་ཞིང་། ཀུན་ཀྱང་རང་བྱུང་རྣམ་པར་དག་པའི་རིག་དབྱིངས་གདལ་བ་ཆོས་ཉིད་ཀྱི་ངོ་བོ་གཅིག་པོ་དེར་རྫོགས་པར་བསྟན་པའོ།།

༼ག༽གསུམ་པ་དེ་ལྟ་བུའི་དབྱིངས་ཀུན་ལ་ཡོད་ཀྱང་སྐལ་བ་ཅན་འགའི་ཡུལ་དུ་བསྟན་པ།

དེ་ལྟ་བུའི་དབྱིངས་ཀུན་ལ་ཡོད་ཀྱང་སྐལ་བ་ཅན་འགའི་ཡུལ་དུ་བསྟན་པ་ནི།

ལྷུན་མཉམ་མི་གཡོ་རྡོ་རྗེ་སྙིང་པོའི་གདུང་།།

འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས་འདི།།

ཚིག་གིས་མཚོན་པའི་སྤྱོད་ཡུལ་མ་ཡིན་ཏེ།།

ཤེས་རབ་ཀློང་རྡོལ་སོ་སོ་རང་རིག་ཡུལ།།

བསམ་བརྗོད་སྤྲོས་དང་བྲལ་བའི་རྣལ་འབྱོར་པས།།

མཚོན་དང་མི་མཚོན་མེད་པར་ཐག་བཅད་དེ།།

སྒོམ་དང་བསྒོམ་པར་བྱ་བ་མ་རྙེད་པས།།

བྱིང་རྒོད་རྣམ་རྟོག་དགྲ་བོ་བསད་མ་དགོས།།

ཞེས་གསུངས། རིག་པའི་རང་ངོ་ལྟ་སྒོམ་རྩོལ་སྒྲུབ་ལས་འདས་པ་ནི་རྡོ་རྗེ་སྙིང་པོའི་གདུང་སྟེ། འདུ་འབྲལ་མེད་པའི་དབྱིངས་མཚོན་བརྗོད་ལས་འདས་པའི་རང་བཞིན་ནི། སོ་སོ་རང་རིག་ཡེ་ཤེས་ཀྱི་ཡུལ་ལས་བསམ་བརྗོད་སྤྲོས་པའི་ཡུལ་མ་ཡིན་ཏེ། རྨད་བྱུང་རྒྱལ་པོ་ལས། བསམ་དུ་མེད་པའི་ཆོས་ཉིད་བྱང་ཆུབ་སེམས། །བསམ་དང་བརྗོད་པས་གཏན་ལ་ཕེབས་པ་མེད། །ཅེས་པ་དང་། རྡོ་རྗེ་གཅོད་པ་ལས། ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་སོ། །འདིའི་འགྲེལ་བའི་ཚིག་ལུང་འདྲེན་གཉིས་དང་བཅས་པས་རྩ་བའི་ཚིག་རྐང་བརྒྱད་པོའི་ནང་གི་སྔོན་མ་གསུམ་གྱི་དོན་བཀྲལ་བ་སྟེ། རིག་པ་བྱང་ཆུབ་སེམས་ཀྱི་རང་ངོ་ཆོས་ཉིད་རྣམ་པར་དག་པའི་ལྷུན་མཐོ་བ། ཐེག་དགུའི་ཡང་རྩེའི་ཀུན་འདུས་ཀུན་བཟང་དགོངས་པའི་ཀློང་ཆེན་པོ། འཁོར་འདས་ཡོངས་ལ་ཁྱབ་ཅིང་བཟང་ངན་མཉམ་པར་གདལ་བ་ཡེ་ནས་མི་གཡོ་འཕོ་འགྱུར་རྩོལ་སྒྲུབ་དང་བྲལ་ཞིང་བྱ་བྱེད་བྱས་ཆོས་ལས་འདས་པ་དེ་ནིི་རྡོ་རྗེ་སྙིང་པོའི་གདུང་ངམ་བདེ་བར་གཤེགས་པ་ཀུན་གྱི་ཐུགས་བཅུད་འགྱུར་མེད་དོན་གྱི་གནས་ལུགས་ཀྱི་རང་ཞལ་ཡིན། དེ་ནི་སྟོང་པ་གསལ་བའི་སྙིང་པོ་ཅན་སྟོང་གསལ་འདུ་འབྲལ་མེད་པའི་ཆོས་ཀྱི་དབྱིངས་རྣམ་པ་ཀུན་གྱི་མཆོག་དང་ལྡན་པ། ལྷུན་གྲུབ་རབ་ཏུ་འབྱམས་ཤིང་ཕྱོགས་མེད་མཐའ་བྲལ་གྱི་ཀློང་ཆེན་པོར་འདུས་པ་འདི་ཚིག་གིས་མཚོན་པའི་སྤྱོད་ཡུལ་མ་ཡིན་ཏེ་ཞེས་པའི་རྣམ་གཅོད་ཀྱིས་འདུ་འབྲལ་མེད་པའི་དབྱིངས་འདི་ཚིག་གིས་མཚོན་བརྗོད་ལས་འདས་པར་བསྟན་ནས། ཡོངས་གཅོད་དུ་ཤེས་རབ་ཀློང་རྡོལ་སོ་སོར་རང་རིག་པའི་ཡུལ་ཡིན་པའི་ཚུལ་ཚིག་འོག་མ་དག་དང་ཁྱད་པར་དུ་ཚིག་རྐང་བཞི་བས་བསྟན་པ་སྟེ་དེའི་སྒྲུབ་བྱེད། སོ་སོ་རང་རིག་པའི་ཡུལ་ཡིན་ཏེ། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། །ཞེས་པ་བཞིན་ནོ། །འདི་ལ་ཡང་རིགས་པ་ཁ་ཕྱིར་བལྟས་ཀྱི་ཚིག་ལ་འཆེལ་བའི་བཤད་པའི་ཁུར་འཛིན་གྱི་སློབ་དཔོན་གཞན་དག་ཆོས་ཉིད་དེ་ཡོངས་གཅོད་ལ་ཤེས་བྱ་མ་ཡིན་ཏེ་བསམ་བརྗོད་ལས་འདས་པའི་ཕྱིར་རོ། །རྣམ་གཅོད་ལ་ཤེས་བྱ་ཡིན་ཏེ་བདེན་པ་གཟིགས་པ་རྣམས་ཀྱི་ཡུལ་དུ་བྱར་རུང་བའི་ཕྱིར་རོ་ཞེས་པའང་ཁ་ཕྱིར་བལྟས་འཆད་པ་ནི་མ་མཐོང་རྒྱང་གི་གཏམ་རྒྱུད་ལོང་བའི་ལམ་སྟོན་དོན་གྱི་མྱོང་བ་རང་རྒྱུད་ལ་མེད་པའི་ཚིག་སྐམ་བཤད་ཡམ་ཙམ་ལས་འཐད་པར་མ་མཐོང་སྟེ། དོན་རང་ཐོག་ཏུ་མྱོང་བ་མེད་པའི་ཚིག་གོ །ཞེས་མཚོན་བརྗོད་ཀྱི་ཡུལ་ཡིན་པར་བཀག་ཅིང་། སྒྲུབ་བྱེད་ཀྱི་གཏན་ཚིགས་ནི་འདིར་ནི་བློས་བསམས་ན་སྤྲོས་པ་ཡིན་པས་དྲན་བསམ་གྱི་ཡུལ་མ་ཡིན་ཏེ། རྟོག་པ་དང་རྫས་འགལ་བའི་ཕྱིར་རོ། །བློས་བསམ་བརྗོད་མེད་པར་གནས་དུས་དོན་རང་ཐོག་ཏུ་ཕེབས་པས་རང་རིག་པའི་ཡུལ་ཡིན་ཏེ། རིག་པའི་ངོ་བོ་ཆོས་ཉིད་དོན་དམ་དུ་གནས་པ་ཉིད་དུས་དེར་མངོན་དུ་གྱུར་པའི་ཕྱིར་རོ། །དོན་དེ་ཉིད་རང་བབས་ལྷུན་གྲུབ་ཆེན་པོར་རྟོགས་པའི་གང་ཟག་ནི་ཡང་རབ་རྡོ་རྗེ་སྙིང་པོའི་གདུང་འཛིན་པ་སྟེ། ཆོས་ཉིད་དང་མཐུན་པར་གང་ཟག་དེ་ཡང་བྱ་བྲལ་འབད་རྩོལ་ཞིག་པའི་རྣམ་པ་སྟེ། ཁྱུང་ཆེན་ལས། རང་བཞིན་ཡོད་མེད་བརྟག་དཀའི་སེམས་ལ་རེག་ནུས་ཤིང་། །མ་བསམས་འཁྲུལ་བ་ཞིག་པའི་ཡེ་ཤེས་ཉིད། །བྱ་བྲལ་གླེན་པའི་ཤུགས་འཆང་བློ་བདེ་བ། །སྤྲོས་མེད་ནམ་མཁའི་ཡིད་ཅན་རྣམས་ཀྱིས་བྱོས། །ཞེས་པ་དང་། ཐལ་འགྱུར་ལས། ཡང་ན་ངང་རིང་ཤུགས་དལ་བ། །ལྷུག་པ་གླེན་པའི་ལྷོད་ཡོད་པ། །རྟོག་པ་ཆུང་ཞིང་རང་བཞིན་དལ། །ལུས་ངག་བྱ་བ་བྲལ་བ་དང་། །ཤེས་རབ་ལྡན་པས་འཛིན་པར་འགྱུར། །ཞེས་སོ། །ཤེས་རབ་ཀློང་རྡོལ་སོ་སོར་རང་རིག་ཡུལ་ཞེས་པའི་ཤེས་རབ་འདི་ཅི་ཞིག་ལ་གོ་དགོས་ན། འཇམ་དཔལ་ལས། ཤེས་རབ་ཆེན་པོས་སྐད་ཅིག་ལ། །ཆོས་ཀུན་ཁོང་དུ་ཆུད་པ་འཆང་། །ཞེས་པའི་ཤེས་རབ་སྟེ་སངས་རྒྱས་ཀྱི་སོ་སོར་རང་རིག་པའི་ཡེ་ཤེས་ཡིན་ཞིང་། གོང་ནས་ཡུམ་བསྟོད་ཀྱི་ལུང་གིས་བསྟན་པའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དེ་དང་རྫོགས་པ་ཆེན་པོ་དོན་གཅིག་པ་སྟེ། ཀུན་མཁྱེན་འཇིགས་གླིང་གིས། རྒྱལ་བས་འཁོར་ལོ་བར་པར་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་པོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལྟ་བུའོ། །བསམ་བརྗོད་སྤྲོས་པ་དང་བྲལ་བའི་དོན་མངོན་དུ་གྱུར་པའམ་དེ་ཉིད་ཇི་བཞིན་དུ་འབྱེད་པའི་རྣལ་འབྱོར་པ་ནི། ཁྱུང་ཆེན་དང་ཐལ་འགྱུར་གྱི་ལུང་དོན་ལྟར་དུ་སྤྲོས་མེད་ནམ་མཁའི་ཡིད་ཅན་ཤེས་རབ་དང་ལྡན་པ་སྟེ། དབང་རྣོན་རབ་ཏུ་གྱུར་པའི་རྣལ་འབྱོར་པ། དེ་ལ་ཡང་ནང་ཚན་གྱིས་དབྱེ་ན། རྒྱུད་རང་ཤར་ལས་གསུངས་པའི་ལུས་སེམས་ཕྱེད་པའི་རྣལ་འབྱོར། ལུང་བསྟན་ཐོབ་པའི་རྣལ་འབྱོར། དབུགས་ཆེན་འབྱིན་པའི་རྣལ་འབྱོར། རྩལ་ཆེན་རྫོགས་པའི་རྣལ་འབྱོར་རྣམས་ལ་གོ་དགོས་ཤིང་། དེ་ལྟ་བུའི་སོ་སོར་ཡང་དག་གི་གནས་ལུགས་ཇི་བཞིན་དུ་རང་གིས་རིག་པའི་རྣལ་འབྱོར་པ་ལ་བྱིང་རྒོད་དང་གོལ་སྒྲིབ་མེད་པས་འཕྲང་རང་བཞིན་གྱིས་སེལ་བ་དེ་ཚིག་རྐང་འོག་མ་བཞི་ཡིས་བསྟན་པའོ། །རིག་པའི་ངོ་བོ་ཤེས་ནས་རིག་པ་ཉིད་རང་སོར་གནས་སམ། འཆར་རམ། བྱིང་རྒོད་ལ་སོགས་པ་ཅི་བྱུང་ཡང་རང་བྱུང་གི་ཡེ་ཤེས་ཉིད་ཀྱི་ངོ་བོ་དང་རོལ་བ་ཙམ་ལས། གོལ་སྒྲིབ་ལོགས་སུ་བསལ་དུ་མེད་དེ། གོལ་སྒྲིབ་དེ་ཉིད་རིག་པ་མ་གཏོགས་པ་གཞན་གཅིག་བྱུང་བ་མེད་ལ། རིག་པ་ཡེ་ནས་ཆོས་སྐུ་བྱ་བྲལ་ལྷུན་གྲུབ་ཆེན་པོར་གནས་པས། རིན་པོ་ཆེ་གསེར་གླིང་དུ་ཕྱིན་དུས་གསེར་ལས་མ་གཏོགས་པའི་ས་རྡོ་ངན་པ་བཙལ་ཀྱང་མི་རྙེད་པ་བཞིན་ནོ། །ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག སྔ་རབས་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལ་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་གྲུབ་པ་ཡིན། །ད་ལྟར་བཞུགས་དང་སླད་ཀྱིས་འབྱོན་པ་ཡང་། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་པ་དང་། བདེ་ཆེན་གདལ་བའི་ཆོས་ཉིད་ཀློང་དཀྱིལ་ན། །མི་རྟོག་མཉམ་པ་ཆེན་པོའི་རང་བཞིན་གནས། །ཆོས་ཉིད་སྣང་བ་མེད་པའི་རང་བཞིན་ལ། །རིག་པས་མི་རྟོག་ཏིང་འཛིན་མ་བྱེད་ཅིག །ངང་ལ་གནས་པས་གཡོ་མེད་ལྷུན་གྱིས་གྲུབ། །རང་བཞིན་གནས་པས་སུས་ཀྱང་བཅོས་སུ་མེད། །མ་བཙལ་ཇི་བཞིན་པ་རུ་གནས་པ་དེ། །བྱ་བ་མེད་པ་ལས་ཀྱི་མཆོག་ཏུ་བསྟེན། །ཞེས་སོ། །རང་གནས་ཀྱི་བསམ་གཏན་ལ་བྱིང་རྒོད་མི་སྲིད་དེ། རིན་པོ་ཆེ་སྤུངས་པ་ལས། རང་བཞིན་བསམ་གཏན་བར་མེད་ལ། །བྱིང་རྒོད་མེད་པ་ཡ་རེ་མཚན། །ཞེས་གསུངས་སོ། །རང་བབས་ལྷུན་གྲུབ་ཀྱི་བསམ་གཏན་མ་བསྒོམས་ཆུ་བོའི་རྒྱུན་དུ་ཤེས་པ་དེ་ལ་གང་ཡང་ཆོས་ཉིད་དུ་འཆར་བས་གོལ་སྒྲིབ་དང་བྱིང་རྒོད་དང་ཡེང་དང་མ་ཡེངས་མེད་དེ་ཡེང་ཡུལ་ཆོས་ཉིད་ཀྱི་རོལ་བར་ཤར་བའི་ཕྱིར་རོ། །དེ་ལས་གཞན་པའི་སྒོམ་ཆེན་གྱི་རིག་པ་རྩེ་གཅིག་ཏུ་མ་ཡེངས་པའི་ངང་བསྒོམས་ཀྱང་། བསམ་གཏན་གཟུགས་མེད་དུ་འཁོར་བའི་བརྟོད་ཕུར་ལས། སངས་རྒྱ་བ་ལ་སྔ་འདྲེས་གཅིག་གིས་ཉེར་མ་སོང་སྟེ། དཔེར་ན་དེང་སང་གི་ཞི་བྱེད་པ་ཁ་ཅིག་བཞིན་ནོ། །ཀུན་བྱེད་ལས། རང་གམ་བཞག་ནས་གཞན་མ་རྒྱང་དུ་ཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །མ་ཡེངས་ཏིང་འཛིན་འཛིན་པའི་བརྟོད་ཕུར་ཡིན། །ཡེ་ནས་ཡིན་ལ་ཡེང་མེད་ཤོར་བ་མེད། །མ་ཡེངས་ཏིང་འཛིན་རེ་བའི་བསླུ་མཁན་དེས། །རྒྱུ་འབྲས་ཐེག་ཆེན་དྲང་བའི་ལུང་བསྟན་ཡིན། །ཡེ་ནས་ཡིན་པས་ཡེང་མེད་ཤོར་མེད་དེ། །བྱར་མེད་རྩོལ་སྒྲུབ་ཀུན་ལས་འདས་པ་ཡིན། །ཞེས་སོ། །རིམ་བརྒྱུད་གདམས་པའི་ཉིང་བཅུད་དེ་བླ་མ་དམ་པའི་བྱིན་རླབས་ཀྱིས་རང་རྒྱུད་ལ་ཞུགས་ཚེ། རིག་པའི་ཡེ་ཤེས་སེམས་ཉིད་འོད་གསལ་བའི་ངོ་བོ་མཐོང་སྟེ། དེ་ཡང་སྨྲ་བསམ་བརྗོད་པ་ལས་འདས་པ་ནམ་མཁའ་ལྟར་མཐོང་བའི་དུས་དེར་སྔ་ཕྱི་རིས་མེད་བསལ་བཞག་ལས་འདས་པར་རྟོགས་པས་འཆིང་བ་ཀུན་ལས་གྲོལ་ཏེ། མངོན་རྟོགས་རྒྱན་ལས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ན་རྣམ་པར་གྲོལ། །ཅེས་སོ། །སེམས་ཉིད་གཤིས་ཀྱི་དོན་དེ་མཐོང་བ་ལ། །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དབུ་མ་དང་། ཞི་བྱེད་དང་། ཕྱག་རྒྱ་ཆེན་པོ་དང་། རྫོགས་པ་ཆེན་པོ་ལ་སོགས་མིང་ཅི་བཏགས་ཀྱང་། དོན་ངོ་བོ་གཅིག་སྟེ་རིག་པ་གཡོ་མེད་སེམས་གཤིས་ཀྱི་གནས་ལུགས་བྱང་ཆུབ་ཀྱི་སེམས་ཀུན་བྱེད་ནམ་མཁའ་ལྟ་བུའོ། །གནས་ལུགས་མཐོང་བའི་ངོ་བོ་ནི་ཐེག་པ་དང་གྲུབ་མཐའི་ཡིད་དཔྱོད་ཀྱིས་མི་རྟོགས་ཏེ་ཚིག་དང་ཐ་སྙད་ཀྱི་ཡུལ་ལས་འདས་པའི་ཕྱིར་དང་། མོས་སྒོམ་དོན་སྤྱིའི་ཡུལ་ལས་འདས་ཏེ་བློ་བྲལ་གཉིས་མེད་ནམ་མཁའ་ལྟར་བསམ་བརྗོད་ལས་འདས་པའི་ཕྱིར་ན་རིན་པོ་ཆེ་གསེར་གླིང་ལ་ཐོན་དུས་ས་རྡོ་ཕལ་བ་བཙལ་ཀྱང་རྙེད་དུ་མེད་པ་བཞིན་དུ། རིག་པ་ཆོས་སྐུའི་རང་ཞལ་མཇལ་དུས་མ་རྟོག་གོལ་སྒྲིབ་དང་། བྱིང་རྒོད་ཀྱི་འཕྲང་ཞིག་ཡོད་དོན་མེད་དེ། ཀུན་བཟང་ཀློང་ན་མི་བཟང་གཅིག་ཀྱང་མེད། །ཅེས་པ་ལྟར་ཡིན་ལ། རྩེ་གཅིག་རེ་དོགས་ཀྱི་གཞུར་ལ་དྲངས་པའི་བསམ་གཏན་དེ། སྟོང་པར་གོལ་ན་གཟུགས་མེད། གསལ་བར་གོལ་ན་གཟུགས་ཁམས་སོགས་ཀྱི་གཟུང་འཛིན་སེམས་ཀྱི་རྟོད་ཕུར་ལས་འདའ་བ་མིན་པས། བྱར་མེད་རྩོལ་སྒྲུབ་བྲལ་བའི་གནས་ལུགས་དེ་རང་གི་འཁྲིས་སུ་བཞག་ནས་གཞན་དུ་མ་ཚོལ་མ་གཏོགས། གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་འཚོལ་བས་རྙེད་པའི་དུས་མི་ཡོང་བ་དང་འདྲ་བར་གསུངས་པའོ། །དེ་ཡིས་དབྱིངས་ཀུན་ལ་ཡོད་ཀྱང་སྐལ་བ་ཅན་འགའ་རེས་སྤྱོད་ཡུལ་ཡིན་པ་དང་། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ངེས་པ་སྤྱི་དང་། བྱེ་བྲག་འགག་བསྡམས་པ། འཕྲང་བསལ་བ་དང་བཅས་པ་སོང་ཟིན་ནས།

༼ང༽བཞི་བ་སྣང་སྲིད་ཞིང་ཁམས་སུ་གནས་པས་བླང་དོར་བཟང་ངན་མེད་པར་བསྟན་པ།

བཞི་བ་སྣང་སྲིད་ཞིང་ཁམས་སུ་གནས་པས་བླང་དོར་བཟང་ངན་མེད་པར་བསྟན་པ་ལ། ཁམས་གསུམ་འདི་ཉིད་རང་བཞིན་མཉམ་པའི་ཞིང་ཁམས་སུ་བསྟན་པ་དང་། མྱ་ངན་ལས་འདས་པ་ཡང་སངས་རྒྱས་ཉིད་ཀྱི་རང་སྣང་དག་པ་ཙམ་ལས་གཞན་དུ་མེད་པར་བསྟན་པ་དང་། དེ་ལྟ་བུའི་རིག་པ་རང་ངོ་རྟོགས་ན་གོལ་སྒྲིབ་ཤུགས་ཀྱིས་ཆོད་པར་བསྟན་པ་དང་། རིག་པའི་ངང་ལ་ཅི་སྣང་ཡང་དབྱིངས་ལས་གཡོས་པ་མེད་པར་བསྟན་པ་དང་། དེ་ལྟ་བུའི་རིག་པ་སྟོང་གསལ་འགག་མེད་ཆེན་པོར་བསྟན་པ་དང་། རིག་པ་བྱང་ཆུབ་ཀྱི་ཀློང་ཡངས་པར་བསྟན་པ་དང་དྲུག་ལས།

༼ཀ དང་པོ་ཁམས་གསུམ་འདི་ཉིད་རང་བཞིན་མཉམ་པའི་ཞིང་དུ་བསྟན་པ།

ད་ནི་སྣང་སྲིད་ཞིང་ཁམས་སུ་གནས་པས་བླང་དོར་བཟང་ངན་མེད་པར་བསྟན་པ་ནི།

ཡེ་ནས་སྤྱི་བླུགས་གནས་པའི་ཆོས་ཉིད་ལ།།

བདག་དང་གཞན་དུ་རྟོག་པ་མི་མངའ་བས།།

ཁམས་གསུམ་འདི་ཉིད་རང་བཞིན་མཉམ་པའི་ཞིང་།།

ཞེས་གསུངས་ཏེ། རིག་པ་དག་མཉམ་ལྷུན་གྲུབ་ཆེན་པོས་ཁྱབ་པའི་ཞིང་། །ཁམས་གསུམ་རིགས་དྲུག་ཏུ་སྣང་ཡང་རང་བྱུང་ཡེ་ཤེས་ཀྱི་ཞིང་ཁམས་སུ་ཡེ་ནས་རང་ཤར་བས། ཆོས་ཉིད་རྫོགས་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཡེ་ནས་སངས་རྒྱས་པར་བསྟན་པ་ནི། ཐལ་འགྱུར་ལས། གཞན་ཡང་རྐྱེན་གྱིས་སེམས་ཅན་རྣམས། །སངས་མ་རྒྱས་པ་གཅིག་ཀྱང་མེད། །རང་སྣང་ཡེ་ཤེས་ཆོས་མཐུན་ཕྱིར། །འཁོར་བ་ཡེ་ནས་ཡོད་མ་ཡིན། །དེ་ཕྱིར་རང་རང་སངས་རྒྱས་སོ། །སྐྱེ་བ་ཉིད་ནི་རྟོགས་པ་ལ། །མངལ་དུ་གནས་པ་ཆོས་ཀྱི་དབྱིངས། །ལུས་སེམས་འདུས་པས་དབྱིངས་རིག་འབྲེལ། །ལུས་སུ་གནས་པས་སྐུ་གསུམ་སྟེ། །རྒས་པས་ཆོས་ཟད་འཁྲུལ་སྣང་འགག །ན་བས་ཆོས་རྣམས་ཉམས་སུ་མྱོང་། །ཤི་བས་སྟོང་པ་ངོས་གཟུང་མེད། །དེས་ན་སེམས་ཅན་སངས་རྒྱས་དངོས། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། ཐབས་དང་ཤེས་རབ་སྦྱོར་བ་ལས། །ཕ་དང་མ་ཡི་རྒྱུ་ཉིད་དག །འཕེན་པའི་རླུང་གིས་བསྐྱོད་པས་ནི། །བྱང་ཆུབ་རང་རིག་བདེ་ཆེན་པོ། །འབྱུང་ལྔའི་རྒྱུ་ལས་ས་བོན་ནི། །སྟོང་ཉིད་ཡུལ་ལ་སྣང་བར་ཤར། །གཉིས་ཀྱི་བདེ་བའི་སྙོམས་འཇུག་ནི། །ཐབས་ལས་བྱུང་བའི་ཤེས་རབ་ཉིད། །མངལ་གྱི་ལྷུམས་སུ་ཚུད་པ་ནི། །རང་རིག་གཞི་ནས་སྣང་བར་ཤར། །བདུན་ཚན་བདུན་ནི་རྟོགས་ཚད་དོ། །ཟླ་བཅུས་ས་རྣམས་བགྲོད་པ་ཉིད། །བཙས་པ་ཉིད་ནི་སྐུར་བཞེངས་ཏེ། །ལུས་བསྐྱེད་པ་ནི་གཞི་སྣང་ཡུལ། །ལུས་སུ་གནས་པ་གཞི་ཡིན་ཏེ། །རྒས་པ་དག་གིས་འཁྲུལ་བ་སངས། །ན་བ་ཉིད་ནས་རྟོགས་པའི་གདེང་། །ཤི་བས་ཆོས་ཉིད་སྟོང་པར་གྲོལ། །གཟུགས་སུ་སྣང་བའི་སེམས་ཅན་ཀུན། །འབད་མེད་ཡེ་ནས་རྫོགས་སངས་རྒྱས། །ཞེས་སོ། །ཁམས་གསུམ་རིགས་དྲུག་གི་སེམས་ཅན་འདི་དག་ཐམས་ཅད་བདེ་སྡུག་ཏུ་སྣང་བ་ཡིན་ཡང་། ཡེ་ནས་སྤྱི་བླུགས་སངས་རྒྱས་པའི་ཆོས་ཉིད་གཅིག་གིས་ཁྱབ་པར་གནས་ཤིང་། དེ་ཡང་དག་མཉམ་ལྷུན་གྲུབ་ཆེན་པོའི་ཞིང་ཁམས་འབྱུང་བ་ལྔར་སྣང་བ་དེ། རིག་པའི་ངང་ལས་ཤར། ངང་ལ་གནས། ངང་ལ་གྲོལ་བ་ཡིན་ཞིང་། དེ་བཞིན་དུ་སེམས་ཅན་དུ་ཤར་བ་ཡང་རིག་པའི་ངང་ལས་ཤར། ངང་ལ་སྣང་། ངང་ལ་གྲོལ་བ་ཡིན། ཁམས་གསུམ་གྱི་སེམས་ཅན་འདི་དག་ནི་རྣལ་འབྱོར་ལྔའི་ནང་ནས། བཀའ་སྡོད་ལས་ཀྱི་རྣལ་འབྱོར་ཡིན་ཞིང་། དེ་ལྟར་ན་ཁམས་གསུམ་སྣོད་བཅུད་དང་བཅས་པ་རང་བྱུང་ཡེ་ཤེས་ཀྱི་ཞིང་ཁམས་སུ་ཤར་བ་ལས་མ་འདས་པ་ཡིན་པས་སྣང་སྲིད་ཞིང་ཁམས་སུ་གནས་པས་བཟང་ངན་བླང་དོར་མེད་པར་བསྟན་པའོ། །དེ་ལྟར་སེམས་ཅན་ཐམས་ཅད་སངས་རྒྱས་པའི་ཆོས་མཐུན་ཡོད་པས་སངས་རྒྱས་ཞེས་བརྗོད་དེ། ཆོས་མཐུན་སྦྱོར་མི་ཤེས་པར་གད་མཆོངས་གཡང་མཆོངས་ལ་ཐམས་ཅད་ཡེ་ནས་སངས་རྒྱས་ཡིན་རང་སྣང་ཡིན་ཟེར་བ་ནི་རྨོངས་པ་རྡོལ་ཐབས་སུ་སྨྲ་བ་སྟེ། གཉིད་ཁུང་དུ་ཁ་ཅིག་ལབ་རྡོལ་ལ་དེ་སྐད་ཟེར་བ་དང་ཁྱད་མེད་དོ། །གཞི་འབྲས་གཉིས་ཀྱི་ཁྱད་པར་མ་ཕྱེད་ནས་རྣམ་པ་ཀུན་ཏུ་སེམས་ཅན་སངས་རྒྱས་ཡིན། སངས་རྒྱས་ཀྱང་སངས་རྒྱས་ཡིན་ཟེར་བ་ནི་རྡོལ་ཐབས་སུ་ལབ་རྡོལ་དུ་སྨྲ་བ། སྨྱོན་པས་ཁ་བླ་བ་དང་ཁྱད་མེད་པའོ། །གཞན་ཡང་ཆོས་མཐུན་དང་དག་པ་སྦྱར་བས་སེམས་ཅན་གྱི་ཁམས་དང་སྣོད་བཅུད་དུ་སྣང་བ་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་བྱ་སྟེ། གསང་སྙིང་ལས། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་བདག་ཉིད་དོ། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མའོ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་མ་ལུས་ཆོས་སོ་ཅོག །ཐམས་ཅད་མ་ལུས་སངས་རྒྱས་ཞིང་། །སངས་རྒྱས་ཉིད་ལས་གཞན་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་པ་དང་། ཐལ་འགྱུར་ལས། སྣང་བ་འཁྲུལ་བའི་རང་བཞིན་ནི། །ཡེ་ཤེས་ཡིན་པ་སྔར་མ་མཐོང་། །རྟོག་བཅས་འཁྲུལ་བ་གཞི་མེད་པས། །ཀུན་གཞི་ཆོས་སྐུ་ཆེན་པོར་རྟོགས། །འཁྲུལ་བའི་རང་རྟོག་རྒྱུན་ཆད་དོ། །དེ་ལྟར་འཁྲུལ་མེད་སྣང་བ་ནི། །ཡེ་ནས་གྲོལ་བའི་གནད་ལས་བྱུང་། །འགྲོ་བའི་ཕུང་པོ་སངས་རྒྱས་སྐུ། །ཡེ་ནས་ཡིན་པ་སུས་མ་རིག །ཅེས་པ་དང་། རིན་པོ་ཆེ་སྤུངས་པ་ལས། བདག་དང་འཛིན་པའི་ཞེན་ཡུལ་ནི། །དང་པོ་ཉིད་ནས་ཆོས་ཉིད་ལ། །འདི་ཀུན་རང་གིས་རང་སྣང་བར། །ཡེ་ནས་སྣང་བ་སྔར་མ་རིག །བདག་རྟོག་བཅིངས་པའི་ཉོན་མོངས་ལྔ། །ཡེ་ནས་རིག་པར་རང་ཤར་བས། །ལྷན་ཅིག་གནས་པ་ཞལ་མ་འཚོ། །ཞེས་སོ། །འདི་ལྟར་སྣང་བའི་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་ཡེ་ནས་སྐྱེ་འགག་གནས་དམིགས་འགྲོ་འོང་ཐམས་ཅད་དང་བྲལ་བ་ཡེ་ཤེས་ལྔ་ཡི་རང་བཞིན་ཡིན་པས་ན། བདག་ཏུ་འཛིན་པའི་ཞེན་ཡུལ་རྟོག་བཅས་འཁྲུལ་བའི་གཞི་མེད་པ་ཡེ་ནས་རིག་པ་རང་ཤར་ཞིང་གྲོལ་བའི་གནད་ཀྱིས། འགྲོ་བའི་ཕུང་པོ་སངས་རྒྱས་ཀྱི་སྐུ་དང་། ཉོན་མོངས་པ་ལྔ་ཡེ་ཤེས་ཀྱི་རང་མདངས། སྲིད་གསུམ་གྱི་ཆོས་སོ་ཅོག་སངས་རྒྱས་ཀྱི་ཞིང་དང་སངས་རྒྱས་ལས་གཞན་པའི་ཆོས་ཤིག་སངས་རྒྱས་ཉིད་ཀྱིས་ཀྱང་མི་རྙེད་ལ། དེ་ལྟར་ཡེ་ནས་ཡིན་པ་ལ་ཡིན་པར་ངོ་མ་ཤེས་པའི་དབང་གིས། ཡིན་ལུགས་དང་ལྷན་ཅིག་ཏུ་གནས་པའི་ཞལ་མ་འཚོ་བ་དེ། འདི་ལྟར་ཆོས་མཐུན་དག་པར་སྦྱར་བས་ན་ད་སྔོན་མ་ཤེས་པར་འཁྲུལ་བའི་སེམས་ཅན་གྱི་ཁམས་དང་སྣོད་བཅུད་དུ་སྣང་བ་ཐམས་ཅད་སངས་རྒྱས་ཀྱི་དཀྱིལ་འཁོར་དུ་རྟོགས་པར་གྱིས་ཤིག་ཅེས་པའོ།།

༼ཁ གཉིས་པ་མྱ་ངན་ལས་འདས་པ་ཡང་སངས་རྒྱས་ཉིད་ཀྱི་རང་སྣང་དག་པ་ཙམ་ལས་གཞན་དུ་མེད་པར་བསྟན་པ།

དེ་ལྟར་འཁོར་བ་ཡེ་སངས་རྒྱས་པ་ཡང་རིག་པའི་རང་སྣང་དུ་ཤར་བ་ལྟར། མྱ་ངན་ལས་འདས་པ་ཡང་སངས་རྒྱས་ཉིད་ཀྱི་རང་སྣང་དག་པ་ཙམ་ལས་གཞན་དུ་མེད་པར་བསྟན་པ་ནི།

དུས་གསུམ་རྒྱལ་བ་རང་སྣང་དག་པ་སྟེ།།

སྤང་བླང་མེད་པར་ཐམས་ཅད་ཕྱམ་གཅིག་པས།།

གཞན་ནས་ཐོབ་པར་བྱ་བ་རྡུལ་ཙམ་མེད།།

ཆོས་ཀུན་སེམས་ཉིད་ཀློང་ཆེན་དེར་གསལ་ལ།།

མཉམ་པའི་དོན་ལས་གཡོས་པ་ཅུང་ཟད་མེད།།

ཅེས་གསུངས་ཏེ། རིག་པ་གློ་བུར་གྱི་དྲི་མ་ལས་དག་ཙམ་ལས། རྒྱུ་རྐྱེན་དང་རྩོལ་སྒྲུབ་ཀྱི་སེམས་ཉིད་ལས་གཞན་ནས་སངས་རྒྱས་ཀྱི་ངོ་བོ་བཙལ་དུ་མེད་དེ། རིག་པ་དག་པ་ལ་སངས་རྒྱས་ཞེས་བརྗོད་པ་ལས་གཞན་མེད་པའི་ཕྱིར་རོ། །སངས་རྒྱས་ཀྱི་སྣང་བ་དེ་ཡང་རིག་པའི་སྣང་ཚུལ་ལས་གཞན་མ་ཡིན་པས། བྱང་ཆུབ་སེམས་ཀྱི་དབྱིངས་སུ་སངས་རྒྱས་པ་དེ་ཡང་གཞན་ནས་རྙེད་པའི་གནས་མེད་དེ། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་པ་དང་། ཀུན་བྱེད་ལས། སྣང་སྲིད་ཆོས་དང་སྣང་མེད་བྱང་ཆུབ་སེམས། །སེམས་ཀྱི་དེ་བཞིན་ཉིད་འབྱུང་དེ་བཞིན་ཉིད། །དེ་བཞིན་ཉིད་དུ་མ་རྟོགས་སོ་སོར་མཐོང་། །དེ་བཞིན་ཉིད་ནི་དབྱིངས་ནས་ཚོལ་བྱེད་པ། །དུས་གསུམ་རྒྱལ་བས་བཙལ་ཀྱང་མི་རྙེད་དོ། །ཞེས་པ་དང་། སྔ་རབས་འདས་པའི་སངས་རྒྱས་ཀྱང་། །རང་སེམས་མ་བཅོས་སྔར་མཐོང་རྟོགས། །ཞེས་སོ། །སྔར་བྱོན་པ་དང་། ཕྱིས་འབྱོན་པ། ད་ལྟར་བཞུགས་པའི་དུས་གསུམ་གྱི་རྒྱལ་བ་རྫོགས་པའི་སངས་རྒྱས་རྣམས་ཀྱང་། སེམས་ཅན་ཀུན་ལ་ཁྱབ་པའི་རིག་པ་བདེ་བར་གཤེགས་པའི་སྙིང་པོའི་གློ་བུར་གྱི་དྲི་མ་དག་པའི་རང་སྣང་དག་པ་ཙམ་ལས། རྒྱུ་དང་རྐྱེན་ལ་ལྟོས་པའི་རྩོལ་སྒྲུབ་སྤང་བླང་གིས་མེད་པའི་ཆོས་ཤིག་གསར་དུ་བསྒྲུབས་པ་མ་ཡིན་པར་ཐམས་ཅད་ཕྱམ་གཅིག་པ། དཔེར་ན་གསེར་གྱི་ངོ་བོ་གཅིག་ལ་སྐུ་གཟུགས་བྱས་པ་ངོ་མཚར་བ་དང་། རྒྱན་དང་གདུ་བུར་བྱས་པས་མཛེས་པ་དང་། ཆོལ་ཟངས་ཀྱི་སྣོད་དུ་བྱས་པས་བཙོག་པར་འཛིན་ཀྱང་། ངོ་བོ་ལ་གསེར་གྱི་དབྱིངས་སུ་གཅིག་སྟེ། གསེར་གྱི་ཁམས་ལ་བཟང་ངན་མེད་པ་ལྟར། སངས་རྒྱས་ཀྱང་རུང་མ་རྒྱས་ཀྱང་རུང་རང་སྣང་དག་དང་མ་དག་གི་ཁྱད་པར་ཙམ་ལས་གཞན་ནས་ཐོབ་པའམ་གཞན་ནས་རྙེད་པ་རྡུལ་ཙམ་ཡང་མེད་པར། ཆོས་ཐམས་ཅད་སེམས་ཉིད་ཀློང་ཆེན་ཡངས་པའི་མཁའ་ཀློང་གཅིག་ལས་གཡོས་པ་ཅུང་ཟད་ཀྱང་མེད་པ་ནི། ཕྱོགས་བཅུ་དང་དུས་བཞི་གང་ནས་ཀྱང་། རྫོགས་པའི་སངས་རྒྱས་སྟོབས་བཅུ་མངའ་བས་བཙལ་ཀྱང་། སེམས་ཉིད་རིག་པའི་ངོ་བོ་དག་པ་ལས་གཞན་པའི་སངས་རྒྱས་ཤིག་རྙེད་མི་སྲིད་ཅིང་། སྣང་སྲིད་ཀྱི་ཆོས་དང་སྣང་མེད་ཀྱི་བྱང་ཆུབ་སེམས་ཐམས་ཅད་དེ་བཞིན་ཉིད་ལས་འབྱུང་བ་ཡིན་པ་དང་། དེ་བཞིན་ཉིད་དེ་བཞིན་ཉིད་དུ་མ་མཐོང་ཞིང་མ་རྟོགས་པར་སོ་སོར་མཐོང་ན། དེ་བཞིན་ཉིད་ནི་དབྱིངས་ནས་ཚོལ་ཡང་དུས་གསུམ་རྒྱལ་བས་ཀྱང་མི་རྙེད་པ་དང་། སྔ་རབས་ཀྱི་སངས་རྒྱས་ཐམས་ཅད་ཀྱིས་རང་སེམས་མ་བཅོས་རིག་པའི་ངོ་བོ་སྔར་མཐོང་ནས། རང་སྣང་དག་པའི་སྟོབས་ཀྱིས་སྔོན་དུ་སངས་རྒྱས་པ་ཡིན་ལ། དེ་བཞིན་དུ་ད་ལྟ་འབྱོན་བཞིན་པ་དང་། མ་འོངས་འབྱོན་འགྱུར་གྱི་སངས་རྒྱས་ཐམས་ཅད་ཀྱིས་ཀྱང་རང་སེམས་མ་བཅོས་པའི་ངོ་བོ་འདི་མཐོང་ནས་སངས་རྒྱས་པ་ཡིན་ནོ།།

༼ག གསུམ་པ་དེ་ལྟ་བུའི་རིག་པ་རང་ངོ་རྟོགས་ན་གོལ་སྒྲིབ་ཤུགས་ཀྱིས་ཆོད་པར་བསྟན་པ།

དེ་ལྟ་བུའི་རིག་པ་རང་ངོ་རྟོགས་ན་གོལ་སྒྲིབ་ཤུགས་ཀྱིས་ཆོད་པ་སྟེ།

ཕྱི་དང་ནང་མེད་འཆར་ནུབ་རྙོག་པ་མེད།།

མཐའ་ཡི་མུན་སེལ་རྩ་བ་བྱང་ཆུབ་སེམས།།

གང་ཡང་མ་སྤངས་གོལ་ས་ཤུགས་ལ་ཆོད།།

ཅེས་གསུངས་ཏེ། རིག་པའི་ངོ་བོ་སྤང་བླང་བྱ་བརྩལ་ལས་འདས་པས་གཞན་དུ་བགྲོད་པ་དང་བལྟར་མེད་པའི་ཕྱིར་གོལ་ས་དང་སྒྲིབ་པ་མེད་ལ། རིག་པའི་ངོ་བོ་རང་ལ་བཞག་ནས། དེ་ནས་ལོགས་སུ་འབད་རྩོལ་དང་ལྟ་སྒོམ་བྱས་པས་གོལ་སྒྲིབ་ཏུ་བྱུང་བ་སྟེ། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་འདི་ཉིད་ནི། །ཆོས་ཀུན་མ་ལུས་པ་ཡི་སྙིང་པོ་སྟེ། །མ་སྐྱེས་རྣམ་པར་དག་པས་སྒྲིབ་པ་མེད། །བགྲོད་པའི་ལམ་དང་བྲལ་བས་གོལ་ས་མེད། །ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་དུ་མེད། །ཆོས་ཀུན་སྙིང་པོ་བྱང་ཆུབ་སེམས་གཅིག་ལ། །གཅིག་ལ་རྣམ་པར་བགྲངས་པས་གོལ་སྒྲིབ་བྱུང་། །བགྲོད་དུ་མེད་ལ་བགྲོད་པས་གོལ་ས་བྱུང་། །དམིགས་མེད་བལྟས་པས་མ་མཐོང་སྒྲིབ་པ་བྱུང་། །ཞེས་སོ། །རང་མལ་ལས་གཡོས་མ་མྱོང་བའི་རིག་པའི་ངོ་བོ་མཐོང་བའི་རྣལ་འབྱོར་པས། ཕྱི་རུ་འཆར་བ་དང་ནང་དུ་ནུབ་པ་མེད་ཅིང་དྭངས་གསལ་རྙོག་པ་དང་བྲལ་བའི་རིག་པ་རང་མལ་ནས་ཤར་དུས། ཤར་བས་ཤེས་པ་གསལ། གནས་པས་ཏིང་འཛིན་རྙེད་ནས་གཞན་ཞིག་ལ་བགྲོད་པ་དང་བལྟ་ས་མེད་པའི་རྒྱུ་མཚན་གྱིས། གོལ་སྒྲིབ་ལོགས་ནས་སྤང་མི་དགོས་པར་རང་དག་ཏུ་འགྲོ་ཞིང་། རིག་པ་བྱང་ཆུབ་ཀྱི་སེམས་ནི་མ་སྐྱེས་རྣམ་དག་ཡིན་པས་སྒྲིབ་པ་མེད་པ་དང་། བགྲོད་པའི་ལམ་མེད་པས་གོལ་འགྲོ་ས་ཞིག་མེད་ཅིང་། ཡེ་ནས་ལྷུན་གྱིས་གྲུབ་པས་བཙལ་ཞིང་བསྒྲུབ་ཏུ་ཡང་མེད། སྙིང་པོ་བྱང་ཆུབ་ཀྱི་སེམས་གཅིག་ལ་གཉིས་སུ་བགྲང་ན་གོལ་སྒྲིབ་འབྱུང་ཞིང་། བགྲོད་དུ་མེད་པའི་ས་ལ་བགྲོད་པ་ཡོད་པར་བཟུང་ན་གོལ་ས་རང་གིས་བཟོས་པ་ཡིན་པ་དང་། དམིགས་མེད་ལ་བལྟ་བྱ་རུ་བཟུང་ནས་བལྟས་དུས་དམིགས་མེད་མ་མཐོང་བར་དམིགས་བཅས་སྒྲིབ་པ་བྱུང་བ་སྟེ། མདོར་ན་རིག་པའི་ངང་ལས་མ་གཡོས་ན་གོལ་ཤོར་ནོར་གསུམ་མེད་པ་ཡིན་ནོ། །འཁོར་འདས་རིག་པའི་རང་སྣང་དུ་བསྟན་ཞིང་ཞར་ལ་གོལ་སྒྲིབ་ཤུགས་ཀྱིས་ཆོད་པ་དང་བཅས་པ་བསྟན་ནས།

༼ང བཞི་བ་རིག་པའི་ངང་ལ་ཅི་སྣང་ཡང་དབྱིངས་ལས་གཡོས་པ་མེད་པར་བསྟན་པ།

རིག་པའི་ངང་ལ་ཅི་སྣང་ཡང་དབྱིངས་ལས་གཡོས་པ་མེད་པར་བསྟན་པ་ནི།

འགྲོ་བའི་སྣང་ཚུལ་སྣ་ཚོགས་འཇིག་རྟེན་དང་།།

དག་པའི་སངས་རྒྱས་སྐུ་དང་ཡེ་ཤེས་ཀྱང་།།

རྟོགས་དང་མ་རྟོགས་རྩལ་ལས་ཤར་བ་ཡི།།

རོལ་བ་མ་འགགས་ནམ་མཁའི་དབྱིངས་ཁྱབ་ཀུན།།

ཆོས་དབྱིངས་ངང་ལ་རྟོགས་དང་མ་རྟོགས་ཙམ།།

རྟོགས་པས་བདེ་གཤེགས་དག་པའི་སྣང་བ་དང་།།

མ་རྟོགས་མ་རིག་གཟུང་འཛིན་བག་ཆགས་ལས།།

སྣ་ཚོགས་སྣང་ཡང་དབྱིངས་ལས་གཡོས་པ་མེད།།

ཅེས་གསུངས་ཏེ། དབྱིངས་རང་བྱུང་གི་ཡེ་ཤེས་རང་ངོ་ཤེས་པས་སངས་རྒྱས་དང་མ་ཤེས་པས་སེམས་ཅན་ལྟར་སྣང་ཡང་། གཉིས་ཀ་རིག་པའི་ངང་དུ་རོ་གཅིག་པས་རྒྱ་ཆད་དང་ཕྱོགས་ལྷུང་མེད་པ་སྟེ། ཀུན་བྱེད་ལས། སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་དང་། །སངས་རྒྱས་སེམས་ཅན་བསྡུས་པ་ཐམས་ཅད་ཀུན། །ཀུན་བྱེད་བྱང་ཆུབ་ང་ཡིས་བྱས་པའི་ཕྱིར། །ཐམས་ཅད་བྱང་ཆུབ་སེམས་ལས་མ་གཏོགས་པ། །གཞན་ཞེས་བྱ་བ་ཡེ་ནས་མེད་པའི་ཕྱིར། །ཀུན་ཀྱང་བྱང་ཆུབ་སེམས་སུ་བསྟན་པ་ཡིན། །ཞེས་སོ། །སྣོད་དང་བཅུད་ཀྱིས་བསྡུས་པའི་འགྲོ་བའི་སྣང་ཚུལ་སྣ་ཚོགས་པ། ཇི་ལྟར་རྡ་དུ་ར་ཟོས་པའི་མིའི་འཁྲུལ་སྣང་ལྟ་བུའི་འཇིག་རྟེན་མ་དག་པའི་སྣང་བ་དང་། དག་པའི་རང་སྣང་འཁྲུལ་སྣང་གཉིད་སད་པ་ལྟ་བུའི་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་ཡོན་ཏན་འཕྲིན་ལས་ཏེ། དེ་ལྟ་བུའི་དག་དང་མ་དག་ཏུ་ཤར་བ་ཐམས་ཅད་ཀྱང་དབྱིངས་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ། དེའི་རང་ངོ་ཤེས་དང་མ་ཤེས་རྟོགས་དང་མ་རྟོགས་ཀྱི་རྩལ་དང་རོལ་བའི་འཆར་ཚུལ། བཟང་ངན་མ་ངེས་མཁའ་ལྟར་བགྲང་ཡས་སྣ་ཚོགས་སུ་སྣང་བ་དེ་ཐམས་ཅད། ཆོས་དབྱིངས་ཀྱི་ངང་ནས་གཞལ་ན་རྟོགས་དང་མ་རྟོགས་ཀྱི་ཁྱད་པར་ཙམ་ཞིག་ཡིན། རྟོགས་པས་སངས་རྒྱས་བདེ་གཤེགས་དག་པའི་སྣང་བ་ཤར། མ་རྟོགས་པས་མ་རིག་གཟུང་འཛིན་བག་ཆགས་ཀྱི་མཐུ་བརྟས་པས་མ་དག་གི་སྣང་བ་ཤར་ཡང་། དོན་ལ་གཉིས་ཀ་རིག་པ་ཆོས་དབྱིངས་ཆེན་པོའི་ངང་དུ་བཟང་ངན་གྱི་རྒྱ་ཆད་པ་དང་མཐོ་དམན་གྱི་ཕྱོགས་སུ་ལྷུང་བ་ཞིག་མེད་ལ། ཐམས་ཅད་ཀུན་བྱེད་བྱང་ཆུབ་ཀྱི་སེམས་ཀྱིས་བྱས་ཤིང་དེ་ལས་གཞན་དུ་གྱུར་པའི་ཆོས་ཤིག་མེད་པའི་ཕྱིར་ན་ཐམས་ཅད་ཀུན་ཀྱང་བྱང་ཆུབ་སེམས་ལས་མ་འདས་པར་བསྟན་པའོ། །གཞན་ཡང་ཀུན་བྱེད་རྒྱལ་པོའི་རྩ་རྒྱུད་ལེའུ་དྲུག་པ་ལས་ཀྱང་། སངས་རྒྱས་སྐུ་དང་ཡེ་ཤེས་ཡོན་ཏན་དང་། །སེམས་ཅན་ལུས་དང་བག་ཆགས་ལ་སོགས་པ། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀུན། །བྱང་ཆུབ་སེམས་ཀྱི་ངོ་བོ་ཡེ་ནས་ཡིན། །ཅེས་གསུངས་པ་ལྟར་དུ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ལས་མ་འདས་པས་ན། མ་རྟོགས་པ་ཡིས་འཁོར་བར་བསྙད་པ་ཙམ་མོ།།

༼ཅ ལྔ་བ་དེ་ལྟ་བུའི་རིག་པ་སྟོང་གསལ་འགག་མེད་ཆེན་པོར་བསྟན་པ།

དེ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས།

ཀ༽དང་པོ་མདོར་བསྟན་པ།

དེ་ལྟ་བུའི་རིག་པ་སྟོང་གསལ་འགག་མེད་ཆེན་པོར་བསྟན་པ་ནི།

བྱང་ཆུབ་སེམས་ནི་ཀུན་གྱི་དངོས་གཞི་སྟེ།།

མཚན་ཉིད་མ་འགགས་སྣ་ཚོགས་ཅི་ཤར་ཡང་།།

རང་གསལ་ཆོས་ཉིད་དག་པའི་དབྱིངས་གསལ་བས།།

དབྱེ་བསལ་མེད་དོ་རྒྱ་ཡན་རིག་པའི་འགྲོས།།

ཤེལ་གོང་དྲི་མ་མེད་པ་ལྟར་ངོ་བོ་སྟོང་གསལ་ཅིར་ཡང་མ་གྲུབ་པའི་སྐྱེ་མེད་ཀྱི་ངང་ལས། འགག་མེད་ཀྱི་རོལ་བ་ཅིར་ཡང་འཆར་བ་སྟེ། རིག་པ་རང་ཤར་ལས། ཕྱོགས་སུ་མ་ལྷུང་རྒྱ་མ་ཆད། །ཕྱི་དང་ནང་མེད་ཡངས་པ་ཆེ། །དག་པ་དྲི་མེད་ཤེལ་གོང་བཞིན། །སྣང་ལ་རང་བཞིན་མེད་པར་གསུངས། །ཞེས་སོ། །རིག་པ་སྟོང་གསལ་འགག་མེད་བྱང་ཆུབ་ཀྱི་སེམས་དེ་ནི། ཀུན་གྱི་དངོས་གཞིའམ་ཆོས་ཐམས་ཅད་ཀྱི་ཆོས་ཉིད། ཀུན་དང་འདུ་འབྲལ་མེད་པ་རྡོ་རྗེ་སྙིང་པོའི་དབྱིངས་ཏེ། དཔེར་ན་ཤེལ་གྱི་གོང་བུ་དྲི་བྲལ་རྐྱེན་དང་ཕྲད་ན་འོད་ལྔ་ཤར་བ་བཞིན་དུ། ངོ་བོ་སྐྱེ་མེད་སྟོང་གསལ་ཅི་ཡང་མ་གྲུབ་པའི་ངང་དེ་ལས། རོལ་བ་འགག་མེད་སྣ་ཚོགས་སུ་འཆར་བའི་བདག་ཉིད་ཅན། ཕྱོགས་གང་དུ་ཡང་མ་ལྷུང་། རྒྱ་གར་ཡང་མ་ཆད། ཕྱི་དང་ནང་མེད། ཟང་ཐལ་ཡངས་པ་ཆེན་པོ་སྣང་སྟོང་འདུ་འབྲལ་མེད་པས་སྣང་ལ་རང་བཞིན་མེད་ཅིང་ཡོད་མེད་སོགས་ཀྱི་མཐའ་ཐམས་ཅད་ལས་བྲལ་བར་མདོར་བསྟན་པའོ།།

ཁ༽གཉིས་པ་དེའི་རང་བཞིན་རྒྱས་པར་བཤད་པ།

དེའི་རང་བཞིན་རྒྱས་པར་བཤད་པ་ནི།

ཟང་ཐལ་ཡེ་ཤེས་རང་བྱུང་ཀློང་ཡངས་ཤིང་།།

མ་བསྒྲིབས་ཕྱི་ནང་མེད་པར་འོད་གསལ་བས།།

རང་རིག་སེམས་ཀྱི་མེ་ལོང་འོད་པོ་ཆེ།།

འདོད་འབྱུང་ནོར་བུ་རིན་ཆེན་ཆོས་ཀྱི་དབྱིངས།།

བཙལ་བ་མེད་པར་ཐམས་ཅད་རང་འབྱུང་བས།།

རང་བྱུང་ཡེ་ཤེས་འདོད་དགུར་འབྱུང་བའི་དཔལ།།

ཞེས་གསུངས་ཏེ། དབྱིངས་རང་བྱུང་གི་ཡེ་ཤེས་ལྷུན་གྲུབ་ནོར་བུའི་རྩེ་མོ་ནི་ངང་གིས་འོད་གསལ་ལ་དྲི་མ་མེད་པའི་འོད་ཟེར་འཁོར་འདས་ཡོངས་ལ་ཁྱབ་པར་འཕྲོ་བས་བྱང་ཆུབ་སེམས་ཀྱི་མེ་ལོང་འོད་པོ་ཆེ་ཞེས་བྱ་སྟེ། ཡངས་པ་ཆོས་ཉིད་ཀྱི་ངོ་བོ་བསམ་ཡུལ་ལས་འདས་པ་ཉིད། སེང་གེ་རྩལ་རྫོགས་ལས། རྫོགས་ཆེན་ང་ཡི་བྱང་ཆུབ་སེམས། །རིག་པའི་ངོ་བོ་རྟོག་མེད་ལ། །ཅི་ཡང་མེད་པས་ཅི་ཡང་འབྱུང་། །ཞེས་པ་དང་། རང་ཤར་ལས། མི་འགག་རོལ་བའི་ཆོས་ཉིད་ལས། །ཀུན་བཟང་ཡངས་པའི་དབྱིངས་ཉིད་ཤར། །དགོངས་པ་ཤེས་རབ་ཆེན་པོའི་དབྱིངས། །འཛིན་པའི་ཆོས་ཉིད་ཆགས་པ་མེད། །རྟོག་མེད་སྨྲ་བསམ་ཡུལ་ལས་འདས། །དཔེར་ན་ནམ་མཁའི་ཆོ་འཕྲུལ་བཞིན། །ཞེས་སོ། །ཟང་ཐལ་ཡེ་ཤེས་རང་བྱུང་ཀློང་ཡངས་ཤིང་། །ཞེས་པས་ནི། རིག་པ་བྱང་ཆུབ་སེམས་དེའི་རང་བཞིན། ཟང་ཐལ་སྟོང་པའི་ཡེ་ཤེས་དབྱིངས་རང་བཞིན་གྱི་སྤྲོས་པ་དང་བྲལ་བའི་རང་བྱུང་མ་བཅོས་ཀློང་ཡངས་ཆོས་ཉིད་གདལ་བ་ཆེན་པོ་བསྟན་པ་དང་། མ་བསྒྲིབས་ཕྱི་ནང་མེད་པ་འོད་གསལ་བས། །ཞེས་པ་འདིས། ལྷུན་གྲུབ་སྣང་བའི་འོད་གསལ་རོལ་རྩལ་ཅི་ཡང་འཆར་བ། འགག་མེད་རིག་པའི་རྒྱན་དུ་ཆེ་བ་དེ་ཉིད་བསྟན་ཏེ། རང་རིག་སེམས་ཀྱི་མེ་ལོང་འོད་པོ་ཆེ། །ལ་སོགས་པའི་ཚིག་རྐང་བཞི་པོ་འདིས། འདོད་པ་ཀུན་འབྱུང་ཡིད་བཞིན་གྱི་ནོར་བུ་ལྟ་བུའི་རིག་པ་རང་བྱུང་གི་ཡེ་ཤེས་ལ། ཡོན་ཏན་རང་རྫོགས་སུ་ཡོད་པར་བསྟན་པ་སྟེ། དེ་ཡང་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་དེ་རྣམ་རྟོག་མེད་བཞིན་དུ་བསམ་དོན་འགྲུབ་པའི་ཡོན་ཏན་རང་ཆས་སུ་ཡོད་པ་ལྟར་དུ། དབྱིངས་རང་བྱུང་རང་རིག་བྱང་ཆུབ་སེམས་ཀྱི་མེ་ལོང་གི་ངོ་བོ་གང་དུ་ཡང་མ་གྲུབ་ཀྱང་། ཡོན་ཏན་འཕྲིན་ལས་ཀྱི་འོད་པོ་ཆེ་འཁོར་འདས་ཡོངས་ལ་ཁྱབ་པར་འཕྲོ་བ་དང་། དེ་ཉིད་བཙལ་ཞིང་སྒྲུབ་མི་དགོས་པར་རང་བྱུང་གིས་འབྱུང་བས་ན། རང་བྱུང་ཡེ་ཤེས་འདོད་དགུར་འབྱུང་བའི་དཔལ། །ཞེས་ཚིག་རྐང་ཐ་མས་དོན་བསྡུས་ཏེ་བསྟན་པའོ། །ལུང་སྔོན་མས་སྟོང་པ་གསལ་བའི་སྙིང་པོ་ཅན། རྟོག་བྲལ་ཅི་ཡང་མ་གྲུབ་པ་ལས་ཅིར་ཡང་འབྱུང་བ་དང་། ལུང་རྗེས་མས་གསལ་བ་སྟོང་པའི་ཆོས་ཉིད་ཅན། མ་འགགས་རྩལ་དང་རོལ་བར་འཆར་ཡང་། དབྱིངས་ཆོས་ཉིད་རྟོག་མེད་སྨྲ་བསམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་ལས་འདའ་བར་མེད་པར་བསྟན་པའོ།།

༼ཆ དྲུག་པ་རིག་པ་བྱང་ཆུབ་ཀྱི་ཀློང་ཡངས་པར་བསྟན་པ།

རིག་པ་བྱང་ཆུབ་ཀྱི་ཀློང་ཡངས་པར་བསྟན་པ་ནི།

ཆེ་བའི་ཡོན་ཏན་རྣམ་གྲངས་ཇི་སྙེད་པ།།

དབྱིངས་ལས་དབྱིངས་བྱུང་ཐབས་མཆོག་མ་འགགས་ཤར།།

ཐམས་ཅད་སྐྱེ་མེད་དབྱིངས་སུ་ལྷུན་རྫོགས་པས།།

དངོས་པོ་ཟིལ་གནོན་སྟོང་ཉིད་བྱང་ཆུབ་ཀློང་།།

སྟོང་པ་ཟིལ་གནོན་རང་རིག་བྱང་ཆུབ་ཀློང་།།

ཞེས་གསུངས་ཏེ། མཐའ་བཞི་ལས་རྣམ་པར་གྲོལ་བའི་རིག་པ་ནམ་མཁའི་ངང་དང་། དེ་ལས་ཤར་བའི་ཆོས་ཐམས་ཅད་སྒྱུ་མ་ཆུ་ཟླ་ལྟར་ཡོད་མེད་ལས་འདས་པའི་ཕྱིར། ཆོས་ཉིད་ཀློང་ཆེན་དག་པའི་རང་བཞིན་དུ་བསྟན་ཏེ། རིག་པ་རང་ཤར་ལས། སྒྱུ་མ་ཆུ་ཟླ་སྨིག་རྒྱུ་བཞིན། །མེད་པ་ཟང་མ་མ་ཡིན་ལ། །ཡོད་པ་ཡང་ནི་མ་ཡིན་ནོ། །ཡོད་མེད་གཉིས་ལས་འདས་པའི་ཕྱིར། །རིག་པའི་ངོ་བོ་སྐྱེ་བ་མེད། །སྣང་བའི་རང་བཞིན་འགག་པ་མེད། །རིག་པའི་མཚན་ཉིད་དངོས་པོ་མེད། །རིག་པའི་འབྲས་བུ་མ་བཅོས་པ། །རིག་པ་སྐུ་གསུམ་ངོ་བོར་གསུངས། །ཞེས་སོ། །མཐའ་གྲོལ་སྟོང་གསལ་འགག་མེད། འདོད་འབྱུང་ཡོན་ཏན་ལྷུན་གྲུབ་སོགས་རིག་པ་བྱང་ཆུབ་སེམས་ཀྱི་ཆེ་བའི་ཡོན་ཏན་གྱི་རྣམ་གྲངས་ཇི་སྙེད་པ་ཐམས་ཅད། རིག་པ་ནམ་མཁའ་ལྟ་བུའི་ངང་ལས་ཤར་བ་ཡིན་ཞིང་། དེ་ལྟར་ཤར་བའི་སྣ་ཚོགས་སྣང་བའི་ཆོས་ཐམས་ཅད་ཀྱང་། ཆོས་ཉིད་མཐའ་བྲལ་ཀློང་ཡངས་དེའི་ངང་ལས་མ་འདས་པའི་ཕྱིར་ན་སྟོང་པ་ལས་སྟོང་པའི་རང་མདངས་ཤར་བ་སྟེ། སྟོང་པ་ལས་སྟོང་པའི་རང་མདངས་ཤར་བ་དབྱིངས་ལས་དབྱིངས་བྱུང་བས་མཚོན་ཏེ། ཐབས་མཆོག་སྟོང་པའི་རང་རྩལ་འགག་མེད་དུ་ཤར་བ་ཐམས་ཅད་པོ་སྐྱེ་མེད་མ་བཅོས་པའི་དབྱིངས་སུ་ལྷུན་གྱིས་གྲུབ་པའམ་རང་བཞིན་གྱིས་རྫོགས་པ་ཡིན་པས། དངོས་པོར་སྣང་བ་ཐམས་ཅད་ཟིལ་གནོན་སྟོང་ཉིད་བྱང་ཆུབ་ཀྱི་ཀློང་གཅིག་གིས་ཁྱབ་པ་དང་། སྟོང་པར་རྟོགས་པ་དེ་ཡང་མཐའ་བྲལ་བྱང་ཆུབ་ཀྱི་ཀློང་གིས་ཟིལ་གྱིས་མནན་ཏེ། རང་རིག་ཀློང་ཆེན་དག་པའི་ཆོས་ཉིད་ཆེན་པོ་གཅིག་གི་རང་བཞིན་དུ་བསྟན་པའོ། །དེ་ཡིས་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་དབྱེ་བ་དང་རྣམ་གྲངས་སྣ་ཚོགས་ཀྱིས་བསྟན་ཏེ།

༼ཅ༽ལྔ་བ་དེ་དག་གི་དོན་མཁའ་ཀློང་ཡངས་པ་ཆེན་པོར་བསྡུ་བ།

ད་ནི་དེ་དག་གི་དོན་མཁའ་ཀློང་ཡངས་པ་ཆེན་པོར་བསྡུ་བ་ནི།

བྱང་ཆུབ་སེམས་ལ་སྣང་སྟོང་ཡེ་ནས་མེད།།

གཉིས་མེད་མ་ཞེན་བསམ་ཡས་ཆོ་འཕྲུལ་འབྱུང་།།

དུས་གསུམ་དུས་མེད་སྐྱེ་མེད་ཆོས་ཀྱི་དབྱིངས།།

མི་འགྱུར་མི་ཕྱེད་འདུས་མ་བྱས་པའི་ཀློང་།།

དུས་གསུམ་སངས་རྒྱས་རིག་པ་ཡེ་ཤེས་དབྱིངས།།

གཟུང་འཛིན་ཟིལ་གནོན་རང་རིག་བྱང་ཆུབ་ཀློང་།།

ཕྱི་དང་ནང་མེད་ཆོས་ཉིད་ལྷུན་ཡངས་སོ།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ལ་སྣང་སྟོང་ལ་སོགས་པར་མ་གྲུབ་ཅིང་དུས་གསུམ་མཉམ་པའི་དབྱིངས་འདུས་མ་བྱས་པ་ནི། རིག་པ་དུས་གསུམ་གྱི་སངས་རྒྱས་སུ་ཡེ་ནས་ཤར་བས་གཟུང་འཛིན་མེད་པའི་ཆོས་སྐུ་སྟེ། རང་ཤར་ལས། དེ་ཡང་མཚན་ཉིད་འགྱུར་མེད་ཡིན། །ཐ་དད་མ་ཡིན་གཅིག་པུ་ཉིད། །སངས་རྒྱས་བས་ཀྱང་ང་སྔར་བྱུང་། །གཟུང་འཛིན་བསླད་པའི་ཆོས་མེད་པའོ། །ཞེས་པ་དང་། རྩལ་རྫོགས་ལས། གཉིས་མེད་རིག་པའི་རང་སྣང་ཅིར་ཡང་འཆར། །ཆོས་སྐུ་དངོས་བྲལ་ཡེ་ཤེས་གསང་བ་ཉིད། །སྣང་བ་རང་ལུགས་ཡེ་འབྱམས་ཐུགས་ལ་གནས། །ཟད་མེད་རིག་པའི་སྣང་བ་ཅིར་ཡང་སྣང་། །འགག་མེད་རོལ་བའི་རིག་པ་ཅིར་ཡང་འཆར། །རྟོག་མེད་ཐུགས་ཀྱི་དགོངས་པ་མཉམ་པ་ཉིད། །དུས་གསུམ་སངས་རྒྱས་རིག་པ་གཟུང་འཛིན་བྲལ། །ཞེས་གསུངས་སོ། །རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། སྣང་སྟོང་གི་མཚན་མ་མ་གྲུབ་ཅིང་། གཉིས་མེད་བསམ་བརྗོད་དང་བྲལ་བ་ལ་ཡང་འཛིན་པས་མ་ཞེན་བཞིན་དུ་འདོད་འབྱུང་ནོར་བུ་རིན་ཆེན་ཆོས་ཀྱི་དབྱིངས་འཁོར་འདས་ཀྱི་སྣ་ཚོགས་སྣང་བའི་ཆོ་འཕྲུལ་འགག་མེད་དུ་ཤར་བའི་དུས་གསུམ་གྱི་དུས་མེད་པའི་དུས་ཀུན་མཉམ་པའི་དབྱིངས་འདུས་མ་བྱས་པ་ཆོས་ཀྱི་དབྱིངས་འགྱུར་བ་མེད་པ་དེའི་ཀློང་དེ་ལས། དུས་གསུམ་གྱི་སངས་རྒྱས་ཀྱང་ཡེ་ནས་ཤར་བ་མ་གཏོགས་པར། རྩོལ་སྒྲུབ་ཅན་དུ་མ་དམིགས་པས་གཟུང་འཛིན་ཟིལ་གནོན། རིག་པ་ཟང་ཐལ་ཡེ་གྲོལ་དུ་རྗེན་ལ་སངས་དུས་ཆོས་སྐུ་ཟད་པའི་དགོངས་པར་ཕྱིན་ཏེ་རྟོགས་པ་མི་ནུབ་པའི་རྒྱལ་མཚན་རྩེ་མོ་ལས་རང་བྱུང་ཡེ་ཤེས་ཀྱི་ཉི་ཟླ་འོད་གསལ་བ། རྣམ་པ་ཀུན་ལྡན་གྱི་སྟོང་ཆེན་རིག་པའི་ངང་དུ་ཤར་བས། འཁོར་འདས་འཆིང་གཞིའི་མུན་པ་སངས་པ་ཞེས་བྱའོ། །རྟོག་མེད་ཐུགས་ཀྱི་དགོངས་པ་མཉམ་པ་ཉིད་དུ་མི་གཡོ་པའི་ཆོས་སྐུའི་གསང་བ་ཆེན་པོར་བསྟན་པའོ། །ལེའུ་མཚན་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པ་སྟེ། ལེའུ་བཞི་པའི་འགྲེལ་པའོ།། །།

ལེའུ་ལྔ་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པའི་འགྲེལ་པ།

ལེའུ་ལྔ་བ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པའི་ལེའུ་ལ་དང་པོ་རང་བྱུང་ཡེ་ཤེས་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པ་སྡོམ་གྱིས་བསྟན་པ་དཔེ་དང་བཅས་པ་དང་། གཉིས་པ་ཐེག་པའི་རིམ་པ་མཐའ་དག་ཨ་ཏིའི་འཇུག་སྒོར་བསྟན་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པ་ཨ་ཏིའི་རང་ངོའི་དགོངས་པ་བསྟན་པ་དང་། གསུམ་པ་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་འབྱེད་པའི་དབྱེ་བ་མཇུག་སྡུད་དང་བཅས་པ་བསྟན་པ། བཞི་བ་རྟོགས་པའི་རྣལ་འབྱོར་པ་ལ་འགྱུ་འཕྲོར་སྣང་བ་དང་ཡུལ་སྣང་སྒྱུ་མའི་རྩེད་མོ་ཙམ་ལས་གོས་པ་མེད་པའི་གནད་བསྟན་པ། ལྔ་བ་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་དང་ལྔ་ལས།

༼ཀ༽དང་པོ་རང་བྱུང་ཡེ་ཤེས་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པ་སྡོམ་གྱིས་བསྟན་པ་དཔེ་དང་བཅས་པ་བསྟན་པ།

དང་པོ་ལ། རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པ་མདོར་བསྟན་པ་དངོས་དང་། དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ། རང་བཞིན་བཅུའི་ཆོས་བསྟན་པ་ཉིད་ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་དང་གསུམ་ལས།

༼ཀ རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པ་མདོར་བསྟན་པ་དངོས།

ལེའུ་གོང་མས་བསྟན་པ་དེ་ལྟ་བུའི་རིག་པ་བྱང་ཆུབ་སེམས་ཀྱི་རང་བཞིན་ཉིད་བྱ་བཙལ་རྒྱུ་འབྲས་ལས་འདས་པར་བསྟན་པ་ནི།

སེམས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ།།

ལྟ་བ་བསྒོམ་མེད་སྤྱོད་པ་སྤྱད་དུ་མེད།།

འབྲས་བུ་བསྒྲུབ་མེད་ས་ལམ་བགྲོད་དུ་མེད།།

དཀྱིལ་འཁོར་བསྐྱེད་མེད་བཟླས་བརྗོད་རྫོགས་རིམ་མེད།།

དབང་ལ་བསྐུར་མེད་དམ་ཚིག་བསྲུང་དུ་མེད།།

ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་ལ།།

གློ་བུར་རིམ་རྩོལ་རྒྱུ་འབྲས་ཆོས་ལས་འདས།།

ཞེས་གསུངས་ཏེ། འདིར་དོན་དམ་པའི་བདེན་པ་རིག་པ་ནམ་མཁའ་ལྟ་བུའི་ངོར་བྱས་ན་གང་དུའང་གྲུབ་པ་མེད་པའི་ཕྱིར། ལྟ་སྒོམ་སྤྱོད་འབྲས་དང་། དཀྱིལ་འཁོར་བསྐྱེད་རྫོགས་དང་། དམ་ཚིག་སྡོམ་པ་ལ་སོགས་པ་གྲུབ་པ་མེད་དེ། སྟོང་ཞིང་བདག་མེད་པའི་རིག་པ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཀྱི་ཕྱིར་རོ། །འདིའི་རྩ་བའི་ཚིག་རྐང་གསུམ་གྱིས། སེམས་ཉིད་དོན་དམ་པའི་བདེན་པ་རིག་པ་བྱང་ཆུབས་སེམས་ཀྱི་ངོ་བོའམ། དེའི་ངོ་ཁར་ལྟ་སྒོམ་སྤྱོད་འབྲས་ཀྱིས་ས་ལམ་བགྲོད་དུ་མེད་པའི་ཆིངས་ཀྱིས་སྤྱིར་བཅིངས་ནས། ཚིག་རྐང་བར་མ་གཉིས་ཀྱིས། བསྐྱེད་རྫོགས་དབང་དང་དམ་ཚིག་གི་བྱ་བྱེད་ཀྱིས་དགོས་པ་མེད་པར་བྱེ་བྲག་ཏུ་བསྟན་པ་དང་། ཚིག་རྐང་ཐ་མ་གཉིས་ཀྱིས་ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་དེ། གློ་བུར་རིམ་རྩོལ་དང་རྒྱུ་འབྲས་བྱ་བྱེད་ཀྱི་ཆོས་ལས་འདས་པར་བསྟན་ཞིང་། དེ་འགྲེལ་བས་བཀྲལ་བ་ནི། རིག་པ་ནམ་མཁའ་ལྟ་བུའི་ངོ་བོ་ལ། ལྟ་སྒོམ་སྤྱོད་འབྲས་ལ་སོགས་པར་གྲུབ་པ་མེད་དེ་ཞེས་དམ་བཅས་ནས། སྟོང་ཞིང་བདག་མེད་ཀྱི་རིག་པ་དེ་མཚོན་བརྗོད་ཐམས་ཅད་ལས་འདས་པའི་ཕྱིར། དེ་ཡང་ཡིན་ཏེ། གྲུབ་པ་མེད་ཅེས་པའི་ཐ་སྙད་ཀྱང་བླ་དྭགས་ཙམ་སྟེ། དེ་ཅིའི་ཕྱིར་ཞེ་ན། གང་དུ་ཡང་གྲུབ་པར་མེད་པའི་ཕྱིར་ཞེས་པའོ། །ཡིད་ཆེས་ཀྱི་ལུང་གིས་ངེས་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ནི་ནམ་མཁའ་ལྟ་བུ་སྟེ། །ནམ་མཁའ་ལྟ་བུའི་སེམས་ཉིད་ཆོས་ཉིད་ལ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་མེད་ཡེ་ཤེས་སྒྲིབ་པ་མེད། །ས་ལ་སྦྱང་མེད་བགྲོད་པའི་ལམ་ཡང་མེད། །ཕྲ་བའི་ཆོས་མེད་གཉིས་མེད་འབྲེལ་པ་མེད། །སེམས་ལས་ངེས་ལུང་གཏན་ལ་འབེབས་པ་མེད། །སྒྲོ་སྐུར་འདས་པས་མན་ངག་ལ་བཟླར་མེད། །རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བའོ། །ཞེས་པ་དང་། ནམ་མཁའ་ལྟ་བུའི་རིག་པ་བྱང་ཆུབ་ཀྱི་ངོ་བོ་ལ། ལྟ་སྒོམ་དམ་ཚིག་འཕྲིན་ལས་ས་ལམ་དང་བཅས་པའི་རྩོལ་སྒྲུབ་གཉིས་ཆོས་ལས་འདས་པ་ནི། རྫོགས་ཆེན་བྱང་ཆུབ་སེམས་ཀྱི་ལྟ་བ་ཡིན་པར་བསྟན་ནས། རང་ཤར་ལས། དོན་ནི་སྐྱེ་མེད་བྱང་ཆུབ་སེམས། །དེ་ལ་གཉེན་པོས་གཞིག་ཏུ་མེད། །དེ་ལ་ཕྱོགས་དང་རིས་སུ་མེད། །ང་དང་བདག་ཏུ་འཛིན་པ་མེད། །བཟང་དང་ངན་པའི་རྣམ་རྟོག་མེད། །ཡིན་དང་མིན་པའི་མཐའ་ལས་འདས། །རྟོགས་དང་མི་རྟོགས་ཆོས་ལས་འདས། །རྟག་དང་ཆད་པ་གཉིས་དང་བྲལ། །གོལ་དང་སྒྲིབ་པའི་ཆོས་ལས་འདས། །རྟོགས་དང་མ་རྟོགས་གཉིས་སུ་མེད། །དག་དང་མ་དག་མཐའ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཤེས་དང་མ་ཤེས་གཉིས་སུ་མེད། །མ་རིག་འཁྲུལ་བའི་སེམས་ལས་འདས། །སྒྲ་དང་ཐ་སྙད་ཚིག་དང་བྲལ། །གཟུང་འཛིན་སེམས་ཀྱི་དྲི་མ་མེད། །རྟོག་པ་ལམ་གྱི་དྲི་མ་བསལ། །བསམ་པ་སྣ་ཚོགས་བྱ་བྱེད་འདས། །དངོས་པོར་འཛིན་པའི་ཆོས་དང་བྲལ། །ས་དང་ལམ་ལ་སྦྱང་དུ་མེད། །ལྷ་ལ་མཆོད་པ་འབུལ་མི་དགོས། །དགེ་བ་བཅུ་ཡིས་བསྐྱབ་ཏུ་མེད། །སྡིག་པས་དེ་ལ་གོས་མི་འགྱུར། །འཁོར་བ་ངན་སོང་ག་ལ་ཡོད། །མྱ་ངན་འདས་པའི་ཆོས་མེད་ཅིང་། །བདག་དང་གཞན་དུ་ལྟ་བ་མེད། །ལོག་དང་མ་ལོག་ག་ལ་ཡོད། །ཡོད་དང་མེད་པའི་མཐའ་ལས་འདས། །ཁ་དོག་མེད་ཅིང་དབྱིབས་མེད་པའོ། །ཞེས་པ་དང་། སྤང་གཉེན་ལམ་གྱི་དྲི་མ་མེད་པར་བསྟན་པའོ། །རིན་པོ་ཆེ་སྤུངས་པ་ལས། འདི་ལ་སྔགས་དང་ཕྱག་རྒྱ་མེད། །དཀྱིལ་འཁོར་ལྷ་དང་མཆོད་པ་ཡང་། །འདི་ལ་དགོས་དོན་གང་ཡང་མེད། །རྫས་དང་ཆོ་ག་བཤམ་མི་དགོས། །འཇུག་དང་ཡེ་ཤེས་དབབ་ཏུ་མེད། །ཅེས་པ་དང་། བསྐྱེད་རིམ་མེད་པར་བསྟན་པའོ། །རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་རང་སྐད་ནི། །སྣང་དང་སྟོང་པའི་ཡུལ་ལས་འདས། །སེམས་དང་ཡིད་དང་ཆོས་ལས་འདས། །ཡིན་དང་མིན་པ་གཉིས་ལས་འདས། །བཟང་དང་ངན་པའི་ལྟ་བ་མེད། །སྒོམ་དང་མི་སྒོམ་གཉིས་སུ་མེད། །ཅེས་པ་དང་། རྫོགས་རིམ་མེད་པར་བསྟན་པའོ། །རིག་པའི་སྐུ་དང་དམ་ཚིག་མེད། །སྲུང་དང་བསྲུང་བར་བྱ་བ་མེད། །སྣང་དང་མི་སྣང་དམ་ཚིག་མེད། །རང་རིག་རྫོགས་ཆེན་ངོ་བོ་ལ། །དམ་ཚིག་ལུང་དུ་བསྟན་དུ་མེད། །ཤེས་རབ་ཆེན་པོའི་སྤྱོད་ཡུལ་ནི། །མེད་པ་ཉིད་ལ་མེད་པ་སྤྱོད། །གཅིག་པུ་ཉིད་ལ་གཅིག་པུ་སྤྱོད། །ཕྱལ་པ་ཉིད་ལ་ཕྱལ་པ་ཡིས། །ལྷུན་གྲུབ་ཉིད་ལ་ལྷུན་གྲུབ་སྟེར། །ཞེས་སོ། །དམ་ཚིག་ཀྱང་བསྲུང་བྱ་སྲུང་བྱེད་ལས་འདས་པར་བསྟན་པའོ། །ཡེ་ནས་ལྷུན་གྲུབ་དག་པའི་ཆོས་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་ངོ་བོ་གློ་བུར་རིམ་རྩོལ་རྒྱུ་འབྲས་ཀྱི་ཆོས་ལས་འདས་ཤིང་མེད་པ་ཡིན་ལ། དེ་ཡང་མེད་པའི་ཚིག་ལ་རྩལ་འདོན་མཛད་པ་ཡང་ཡོད་པ་བཀག་པའི་མེད་པར་སྒྲུབ་པར་བྱེད་པ་མ་ཡིན་པར། མེད་པ་ཙམ་དུའང་མ་གྲུབ་པའི་ཚིག་དང་ཐ་སྙད་ཀྱི་ཆོས་ལས་འདས་པའི་གྲུབ་མཐའ་འཆའ་བ་སྟེ། འཁོར་བར་སྣང་བའི་ཆོས་ཐམས་ཅད་རྒྱུ་འབྲས་ཀྱི་སྣང་ཚུལ་མ་འགགས་པ་ལས་བྱུང་ལ། མཚན་འཛིན་གྱི་ལས་ལ་གོམས་པ་རྣམས་ཀྱི་འཇུག་སྒོ་རུ་རྒྱུ་འབྲས་རྩོལ་གྲུབ་ཅན་གྱི་འདས་ལམ་བསྟན་ན་ཡང་། དོན་གྱི་སྐྱེལ་སོ་རིག་པ་ཟང་ཀ་རང་གསལ་རྗེན་པའི་ངོ་བོ་ལ་འཁོར་འདས་མཉམ་ཉིད་རྒྱུ་འབྲས་མེད་པས་འཁོར་བར་ལྷུང་བ་དང་བདེ་སྡུག་གི་གཡང་ས་ཡེ་ནས་ཆོད་པ་ནམ་མཁའ་ལྟ་བུའི་ངང་དེ་ཉིད་དེ་ཇི་ལྟར་ཡིན་པར་ཐད་གྲངས་སུ་བསྟན་པ་སྟེ། རིག་པ་གང་དུའང་མེད་པའི་ངང་ནས་ལས་དགེ་སྡིག་རྒྱུ་འབྲས་སུ་ཇི་ལྟར་ཤར་ཞིང་གནས་པ་དེ་ཉིད། གཉིད་དུས་རྨི་ལམ་སྣང་ཡང་སད་དུས་མེད་པ་ལྟར་དུ། རྣལ་འབྱོར་པས་རིག་པའི་རང་ངོ་རྟོགས་ནས་ཆོས་ཟད་སྟོང་པ་ཡེ་དག་ཏུ་སངས་དུས་དགེ་སྡིག་རྒྱུ་འབྲས་མེད་ཅིང་། དེ་མེད་པས་ཚེ་སྔ་ཕྱི་མེད་པར་སྐྱེ་བའི་ངོ་བོ་ཟད་པས་སྲིད་གསུམ་ཀ་དག་ཆེན་པོར་སྟོངས་ཏེ། འཁོར་བ་དོང་སྤྲུགས་ཆེན་པོ་ཞེས་བྱའོ། །དེ་ལྟ་བུའི་རྣལ་འབྱོར་པ་ཡང་རབ་ཀྱིས་སྣང་བ་བག་ཡངས་སུ་སྤྱོད་ཆོག་པ་ནི། རྡོ་རྗེའི་གད་མོ་བཅུ་གཉིས་དང་། ངོ་མཚར་པའི་ཚིག་ཆེན་བདུན་ནམ་བརྒྱད་ལ་སོགས་པ་རིན་པོ་ཆེ་སྤུངས་པའི་རྒྱུད་ལས་གསུངས་པ་རྣམས་སྒྲ་ཇི་བཞིན་པར་འཛིན་ཆོག་པའོ། །དེ་ཡན་གྱིས་མེད་པའི་རང་ངོའི་བཞུགས་ཚུལ་བྱ་རྩོལ་རྒྱུ་འབྲས་ལས་འདས་པའི་ཆིངས་སམ་མདོར་བསྟན་པ་ཡིན་ལུགས་སྒྲུབ་བྱེད་ལུང་གི་རྒྱབ་སྐྱོར་དང་བཅས་པ་སོང་ནས།

༼ཁ གཉིས་པ་དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ།

དེ་ལྟར་གང་དུའང་བྱ་རྩོལ་དང་སྤང་བླང་མེད་པའི་དཔེ་ངེས་པ་ནི།

འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ།།

ཉི་མ་སྤྲིན་དང་མུན་པས་མ་བསྒྲིབས་ལ།།

གློ་བུར་མ་བྱས་དབྱིངས་ན་ངང་གིས་གསལ།།

ཞེས་གསུངས་ཏེ། ཉི་མའི་ངོ་བོ་ནི་ནམ་མཁའི་དབྱིངས་ན་རང་བཞིན་གྱིས་འོད་གསལ་བ་སྟེ། དེའི་ངོ་བོ་ལ་སྤྲིན་གྱིས་སྒྲིབ་ཏུ་ཡང་མེད་དེ། རྒྱུ་འབྲས་ཀྱིས་གློ་བུར་དུ་འོད་གསལ་བར་ཡང་བྱར་མེད་པ་དེ་བཞིན་དུ། རིག་པའི་རང་ངོ་ལ་རྒྱུ་འབྲས་དང་སྒྲིབ་པ་ཡོད་མི་སྲིད་པའོ། །གླིང་བཞིའི་མིས་བལྟས་དུས་རེས་འགའ་བསྒྲིབས་པ་ལ་སོགས་པར་སྣང་བ་ནི། ཉི་མ་བསྒྲིབས་པ་མ་ཡིན་གྱིས། རང་གི་མིག་སྔར་སྤྲིན་གྱིས་བསྒྲིབ་པར་སྣང་བ་ལ། ཉི་མ་བསྒྲིབས་སོ་སྙམ་དུ་འཛིན་པ་ནི་འཁྲུལ་བ་ཞེས་བྱའོ། །དེ་བཞིན་དུ་གློ་བུར་བའི་ཉོན་མོངས་པ་ལ་སོགས་པས་རིག་པ་ལ་གོལ་བ་དང་བསྒྲིབས་པ་མེད་ཀྱིས། འཁྲུལ་རྟོག་གི་ངོ་ཁ་ལ་བསྒྲིབས་པར་སྣང་བ་ལ། རིག་པ་བསྒྲིབ་པ་དང་ལྡན་ནོ་དག་པར་བྱའོ་ཡོན་ཏན་བསྐྱེད་དོ་སྙམ་པ་ནི་འཁྲུལ་བ་ཟང་མ་ཞེས་བྱའོ། །འདི་དག་བྱང་ཆུབ་སེམས་ཀྱི་ངོ་བོ་སྟེ། །ཞེས་པ་འདིས་གོང་ནས་བཤད་པའི་མེད་པའི་རང་ངོའི་དོན་བསྡུས་ཤིང་། ལྷག་མ་འདྲེན་པའི་ཚིག་གིས་འོག་གི་དཔེ་དང་། དཔེ་དོན་སྦྲེལ་པའི་ཚིག་གིས་མཚམས་སྦྱར་ནས། འགྲེལ་པས་ཞིབ་པར་བཀྲལ་ཏེ། ཉི་མའི་ངོ་བོ་སྤྲིན་གྱིས་བསྒྲིབས་པ་མ་ཡིན་པར་མིག་སྔར་སྤྲིན་གྱིས་བསྒྲིབས་པ་དང་འདྲ་བར། རིག་པའི་ངོ་བོ་དྲི་མས་བསྒྲིབས་པ་མ་ཡིན་པར་འཁྲུལ་རྟོག་གི་ངོར་རང་གི་རིག་པ་མ་མཐོང་པ་ལ་རིག་པ་དྲི་མས་བསྒྲིབས་པའི་སྣང་བ་ཤར་བ་སྟེ། དེ་ནི་འཁྲུལ་བ་ཟང་མའམ་འཁྲུལ་བ་ཉག་གཅིག་གོ །དཔེ་གཞན་ཡང་སྒྱུ་མ་མཁན་གྱིས་མིག་འབྲིད་པའི་རྩེད་མོའི་སྤྲུལ་པ་བྱས་ཚེ། དེར་རྒྱུས་མེད་པའི་བྱིས་པ་བློའི་ཤེད་མ་སྐྱེས་པའི་བྱིས་པ་དག་གིས་བདེན་པར་སེམས་ཤིང་དོན་དུ་གྲུབ་པར་འདུ་ཤེས་ཀྱང་། རྒན་པོ་རྒྱུས་ཅན་གྱིས་བལྟས་ཚེ་དེའི་གནད་ཚང་མ་ཤེས་ནས་མི་འཆིང་བ་བཞིན་དུ། འདི་ལྟར་སྣང་བའི་ཆོས་མེད་པ་གསལ་སྣང་སྒྱུ་མའི་སྟོང་གཟུགས་སུ་བདག་ཏུ་ཞེན་པའི་སྐྱེ་བོས་བདེན་པར་ཞེན་ནས་འཆིང་ན་ཡང་། རྣལ་འབྱོར་པས་དེ་ཁོ་ན་ཉིད་ཀྱི་དོན་ཤེས་ཤིང་རིག་པའི་རང་ངོ་རྟོགས་པས། འཆིང་གྲོལ་གཉིས་ཀ་ལས་འདས་པའི་ཉག་གཅིག་ཆོས་སྐུའི་ཀློང་དུ་གྲོལ་བའོ། །དེའི་དོན་ལུང་གིས་གསལ་བར་བྱས་པ་ནི། ཡུམ་ཆེན་མོ་ལས་ཀྱང་། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བ་ལགས་སོ་ཞེས་པ་དང་། མངོན་རྟོགས་རྒྱན་ལས་ཀྱང་། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཅེས་པ་དང་། རང་ཤར་ལས། རིག་པ་ཉིད་ཀྱི་སྣང་བ་ནི། །རྟག་ཆད་གཉིས་ཀྱི་མཐའ་ལས་འདས། །བརྗོད་མེད་རྣམ་པར་དག་པའི་ཆོས། །ཡིན་དང་མིན་པའི་མཐའ་ལས་འདས། །དགག་དང་སྒྲུབ་པ་མེད་པ་ཉིད། །འཛིན་དང་ཆགས་པའི་མཐའ་ལས་འདས། །དྲི་མེད་འོད་གསལ་ལྷུན་གྲུབ་ཉིད། །ཅེས་པ་ལྟ་བུའོ། །འདི་ཆུ་ཀླུང་ཆེན་པོའི་རྒྱུད་ཀྱི་ནང་ལ་སོགས་པ་ནས་ཀྱང་སྒྲ་གཅིག་དོན་གཅིག་གིས་འབྱུང་བ་ཡིན། དེ་ཡིས་རིག་པའི་རང་བཞིན་བྱ་རྩོལ་རྒྱུ་འབྲས་ལས་འདས་པ་དོན་དང་དཔེ་སྦྱར་ནས་སྡོམ་གྱིས་མདོར་བསྟན་ཏེ།

༼ག གསུམ་པ་རང་བཞིན་བཅུའི་ཆོས་བསྟན་པ་ཉིད་ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ།

རིག་པའི་ངོ་བོ་དེ་ལྟར་ཡིན་ཡང་དབང་པོ་དམན་པའི་ངོར་རང་བཞིན་བཅུའི་ཆོས་བསྟན་པ་ཉིད། ཨ་ཏིའི་རྣལ་འབྱོར་པས་གོལ་སྒྲིབ་ཏུ་ཤེས་པར་བྱ་བ་ནི།

རྩོལ་ཞིང་བསྒྲུབ་པའི་ཆོས་བཅུ་གང་བསྟན་པ།།

རྩལ་ལས་གློ་བུར་འཁྲུལ་ངོར་གསུངས་པ་ཉིད།།

རིམ་རྩོལ་དབང་པོའི་རིམ་པས་འཇུག་པའི་ཐབས།།

ཨ་ཏི་ཡོ་ག་རྡོ་རྗེ་སྙིང་པོའི་དོན།།

ཇི་བཞིན་རྣལ་དུ་འབྱོར་ལ་བསྟན་པ་མིན།།

ཞེས་གསུངས་ཏེ། འདིའི་དོན་ལུང་གིས་བཀྲལ་པས་འཐུས་པར་མཛད་པ་སྟེ། ཇི་སྐད་དུ། བྱང་ཆུབ་ཀྱི་སེམས་ཀུན་བྱེད་རྒྱལ་པོ་ལས། ཡོངས་སུ་རྣལ་འབྱོར་ལ་སོགས་གསུམ་པོ་སྟེ། མ་ཧཱ་དང་། ཨ་ནུ་དང་། སྔགས་ཕྱི་པ་གསུམ་པོ་གཅིག་ཏུ་བརྩིས་པ་དང་གསུམ་ལ། །རང་བྱུང་ཡེ་ཤེས་ཆེ་དང་མི་ལྡན་པས། །ལམ་ལ་བགྲོད་ཅིང་ས་ལ་སྦྱོང་བར་བྱེད། །དམ་ཚིག་བསྲུང་ཚུལ་ལྟ་བ་སྒོམ་བྱེད་པ། །གོམས་པ་དྲག་དལ་ལྟ་སྤྱོད་ཡོད་མ་ཡིན། །དེ་བས་ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་ནི། །ཡེ་ནས་ཀུན་བྱེད་ཉིད་ཀྱིས་བྱས་པའི་ཕྱིར། །ལམ་ལ་མི་བགྲོད་ས་ལམ་སྦྱོང་མི་བྱེད། །དམ་ཚིག་མི་སྲུང་ལྟ་བ་སྒོམ་མི་བྱེད། །བྱང་ཆུབ་ཆེན་པོའི་ལམ་ནས་ཀུན་འབྱུང་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བགྲོད། །བགྲོད་པ་བྱང་ཆུབ་ཉིད་ལས་མེད་པའི་ཕྱིར། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་སྤྱོད། །དམ་ཚིག་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ལ་བྱང་ཆུབ་ཉིད་མི་བསྲུང་། །སྒོམ་པའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་སྒོམ་དུ་མེད། །ལྟ་བའི་རང་བཞིན་བྱང་ཆུབ་ཉིད་ཡིན་པས། །བྱང་ཆུབ་ཉིད་ཀྱིས་ཉིད་ལ་བལྟར་མེད་ཕྱིར། །ཤིན་ཏུ་རྣལ་འབྱོར་ལྟ་སྤྱོད་བྱར་མེད་འདི། །རང་བྱུང་ཡེ་ཤེས་གོམས་པ་དྲག་དལ་ཅན། །ཀུན་བྱེད་རྒྱལ་པོ་ང་ཡི་གོམས་པ་ཡིན། །རྒྱུ་འབྲས་ཐེག་པ་ཅན་གྱི་སྤྱོད་ཡུལ་མིན། །ཞེས་སོ། །འདིའི་ལུང་ལས་འབྱུང་བའི་རྣལ་འབྱོར་བཞི་ནི། སེམས་དཔའི་རྣལ་འབྱོར་སྔགས་ཕྱི་པ་གསུམ། ཀྲི་ཡ། ཨུ་པ། ཡོ་གའོ། །རྣལ་འབྱོར་ཆེན་པོ་བསྐྱེད་པ་མ་ཧཱ་ཡོ་ག ཡོངས་སུ་རྣལ་འབྱོར་རམ་རྗེས་སུ་རྣལ་འབྱོར་ཏེ། མ་ཧཱ་ཡོ་གའི་རྗེས་སུ་འབྱུང་བས་སམ་འདིའི་རྗེས་སུ་ཨ་ཏི་ཡོ་ག་འབྱུང་བས་ན་རྗེས་སུ་རྣལ་འབྱོར་རོ། །ལུང་ཨ་ནུ་ཡོ་ག ཤིན་ཏུ་རྣལ་འབྱོར་མན་ངག་ཨ་ཏི་ཡོ་གའོ། །ཤིན་ཏུ་རྣལ་འབྱོར་གྱི་ལྟ་སྤྱོད་ནི། བྱར་མེད་ཀུན་བྱེད་རིག་པ་བྱང་ཆུབ་ཀྱི་སེམས་ཉིད་ཀྱིས་བྱས་པའི་ཕྱིར་ན། ལམ་ལ་བགྲོད་རྒྱུ་དང་ས་ལམ་སྦྱོང་མི་དགོས་ཤིང་། དམ་ཚིག་སྲུང་རྒྱུ་དང་། ལྟ་སྒོམ་བྱེད་རྒྱུའང་མི་དགོས་ཏེ། དེ་ནི་བྱང་ཆུབ་ཆེན་པོའི་ལམ་ཡིན་ལ། བྱང་ཆུབ་ཆེན་པོ་དེ་ནི་གཞན་འབྱུང་བའི་གནས་ཡིན་པའི་ཕྱིར་ན། ཀུན་འབྱུང་བྱང་ཆུབ་ཀྱིི་སེམས་ལ་བྱང་ཆུབ་བགྲོད་མིི་དགོས་སོ། །དེ་དག་གི་ཁྱད་པར་ཡང་རྒྱུད་དེ་ཉིད་ལས། ཤིན་ཏུ་རྣལ་འབྱོར་ཡོངས་སུ་རྣལ་འབྱོར་དང་། །རྣལ་འབྱོར་ཆེན་པོ་སེམས་དཔའི་རྣལ་འབྱོར་བཞི། །སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་ལ། །བལྟས་པས་མཐོང་བའི་ཡུལ་ནི་རྣམ་པ་བཞི། །སེམས་དཔའི་རྣལ་འབྱོར་ཡུལ་དང་དབང་པོར་མཐོང་། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་རྣམ་པ་བཞིས། །བྱིན་གྱིས་བརླབས་ནས་སེམས་དཔའི་ལྷ་གཉིས་ལྟ། །སྙིང་པོ་དོན་གྱི་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་སེམས་དཔའ་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །རྣལ་འབྱོར་ཆེན་པོ་རྣམས་ཀྱིས་མཐོང་བ་ནི། །ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། །བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་བྱས་ནས། །འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ། །དོན་གྱི་སྙིང་པོ་རྣལ་མ་མཐོང་བ་མེད། །མ་བཅོས་དེ་བཞིན་ཉིད་དུ་ཆེན་པོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། །དབྱིངས་ཀྱི་སྙིང་པོ་རྣལ་མའི་རྒྱུར་མཐོང་ལ། །ཡེ་ཤེས་ཆེན་པོ་རྣལ་མའི་འབྲས་བུར་མཐོང་། །སྙིང་པོ་གཅིག་ལ་རྒྱུ་འབྲས་གཉིས་མཐོང་བས། །རྒྱུ་འབྲས་འདས་པའི་རྣལ་འབྱོར་མཐོང་བ་མིན། །མ་བཅོས་དེ་བཞིན་ཡོངས་སུ་རྣལ་འབྱོར་ཞོག །དོན་གྱི་སྙིང་པོ་རྣལ་མ་བྱར་མེད་ལ། །ཤིན་ཏུ་རྣལ་འབྱོར་རྫོགས་ཆེན་ལྟ་མཐོང་བས། །བྱང་ཆུབ་སེམས་ནི་ཀུན་གྱི་སྙིང་པོར་མཐོང་། །དེ་ཉིད་མ་བཅོས་དོན་གྱི་རྣལ་མ་མཐོང་། །ལྟ་བ་ཡེ་ནས་བསྒོམ་དུ་མེད་པར་ཞོག །དམ་ཚིག་ཡེ་ནས་སྲུང་དུ་མེད་པར་བཞག །འཕྲིན་ལས་ཡེ་ནས་བཙལ་དུ་མེད་པར་བཞག །བཞག་པས་དེ་བཞིན་ཉིད་ལ་རྣལ་དུ་འབྱོར། །ཞེས་སོ། །རྣལ་འབྱོར་བཞིའི་ལམ་ནས། སྙིང་པོ་དོན་གྱི་རྣལ་འབྱོར་བྱར་མེད་བྱས་ཆོས་དང་བྲལ་བ་ཨ་ཏི་རྫོགས་པ་ཆེན་པོའི་རིག་པ་བྱང་ཆུབ་ཀྱི་སེམས་ལ་བལྟས་པས། གང་ཟག་གི་བློ་ཁྱད་དང་ཐེག་རིམ་མཐོ་དམན་གྱི་དབང་གིས་མཐོང་ཚུལ་མི་འདྲ་བ་རྣམ་པ་བཞི་རུ་མཐོང་སྟེ། སེམས་པའི་རྣལ་འབྱོར་ཕྱི་རྒྱུད་སྡེ་གསུམ་གྱིས། མངོན་བྱང་ལྔ་དང་ཆོ་འཕྲུལ་རྣམ་པ་བཞི་ཡིས་བྱིན་གྱིས་བརླབས་ནས། བདག་དམ་ཚིག་སེམས་དཔའ་དང་ལྷ་ཡེ་ཤེས་སེམས་དཔའ་ཐ་དད་ལ་ལྟ་ཞིང་། དེ་དག་གིས་སྙིང་པོའི་དོན་མཐོང་མེད་ལ། རྣལ་འབྱོར་ཆེན་པོ་རྣམས་ཀྱི་མཐོང་བ་ནི། ཡེ་ནས་རང་རྒྱུད་དག་པའི་དཀྱིལ་འཁོར་ལ་རྒྱུ་ལས་འབྲས་བུ་ལྷ་ཡི་དཀྱིལ་འཁོར་དེ། བསྙེན་སྒྲུབ་བཞི་ཡི་ཡན་ལག་རྫོགས་པར་བྱས་ནས། འཕྲོ་འདུས་བདག་ཉིད་ལྷུན་གྱིས་གྲུབ་པར་ལྟ་བ་ཡིན་ལ། དེས་ཀྱང་སྙིང་པོ་དོན་གྱི་རྣལ་མ་མཐོང་མེད་ཅིང་། ཡོངས་སུ་རྣལ་འབྱོར་རྣམས་ཀྱིས་མཐོང་བ་ནི། དབྱིངས་དང་ཡེ་ཤེས་རྒྱུ་འབྲས་སུ་འཛིན་པས། རྒྱུ་འབྲས་ལས་འདས་པའི་རྣལ་འབྱོར་དེ་བཞིན་ཉིད་མཐོང་མེད་ཅིང་། ཤིན་ཏུ་རྣལ་འབྱོར་གྱིི་ལམ་ནས་རྫོགས་ཆེན་གྱི་ལྟ་བ་མཐོང་ཞིང་། ལྟ་བ་བསྒོམ་དུ་མེད། དམ་ཚིག་བསྲུང་དུ་མེད། འཕྲིན་ལས་བཙལ་དུ་མེད་པར་ཇི་བཞིན་པའི་ངང་དེར་བཞག་པས་རྣལ་དུ་འབྱོར་བའོ། །རིག་པ་སྟོང་གསལ་ཉག་གཅིག་རྟག་ཆད་མེད་པའི་རང་ངོ་དེ་ཉིད་ཕྱི་ནང་གཟུང་འཛིན་ལས་འདས་པའི་ཕྱིར་ན། རྒྱུ་འབྲས་དགེ་སྡིག་བྲལ་ཞིང་རྣམ་སྨིན་བག་ཆགས་མེད་པས་ན་ཟང་ཐལ་ཀུན་ཏུ་བཟང་པོའི་དགོངས་པ། མེད་པ་དོན་གྱི་སྙིང་པོ་ལ་འགག་བསྡུས་ཏེ་བསྟན་པའོ། །དེ་རིང་གི་ཆོས་མཚམས་འདི་ནས་བཞག་སྟེ་རྗེས་མའི་ཆོས་ཁྲིད་ལ། རྒྱས་པར་བཤད་པ་ཐེག་དགུའི་དབྱེ་བ་དགོངས་ཚུལ་དང་བཅས་པ་ནས་བཤད་རྒྱུ་བྱེད། ལས་དང་པོ་བ་དང་གསར་བུ་རེ་གཉིས་དང་རྒན་ཞུགས་འགའ་རེས། མཚམས་གསལ་བོར་མ་ཕྱེད་པའང་ཡོད་ངེས་པས། ད་ནི་ཐེག་པ་དགུའི་དབྱེ་བ་དགོངས་ཚུལ་དང་བཅས་པ་བསྟན་པ་ལས། ཞེས་པ་ནས་ཆོས་ཁྲིད་རྗེས་མར་བཤད་རྒྱུ་རེད། དེ་རིང་ཞེས་སོ་གསུང་སའི་མཚམས་ནས་བཞག་པ་ཡིན། དེ་རིང་ཆུ་ཚོད་ཀྱང་ཚང་རན་འདུག་པས་དེ་ནས་བཞག་ན་ཆོག་འདུག སང་ཉིན་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ལ་ཁེལ་བས། སྤྲེལ་ཟླའི་ཚེས་བཅུའི་ཚོགས་འཁོར་འཚོགས་ནས་དེ་རིང་ཚུན་ཆོད་ལ་ཉི་མ་བཅོ་ལྔ་སྟེ། དེའི་ཚེར་ཟླ་བ་ཕྱེད་གཅིག་འདས་སོང་བར་འདུག འུ་ཚོས་ཀྱང་ཉེར་ལྔ་འཚོག་དགོས་པས། སང་ཉིན་སྔ་དྲོ་འགའ་རེས་ཚོགས་འཁོར་གྱི་གྲ་སྒྲིག་བྱེད་པ་དང་། ཕྱི་དྲོ་དུས་ཚོད་རེའུ་མིག་ལྟར་འཚོགས་རྒྱུ་དང་གྲོལ་རྒྱུ་བྱེད། སང་ཉིན་འུ་ཆ་གས་རི་ཁྲོད་པའི་འདོན་པ་དུས་རྒྱུན་གྱི་གསོལ་ཁ་ཉུང་བསྡུས་ཀྱིས་ཆོག་ལ། ཆོ་ག་དུས་རྒྱུན་ལྟར་རིག་འཛིན་ཡུམ་ཀའི་ཁོག་ཕུད་ནས་དབྱངས་མི་འཐེན་པར་འདོན་རྟ་དང་བཅས་པས་གསུང་རྒྱུ་དང་། རྔ་ཆེན་དང་རོལ་ཆེན་མང་པོ་ཞིག་མེད་ན་ཆོག་འདུག དེང་སང་ཚོགས་ཚང་མ་གཙོ་བོ་ཉ་བྱེ་རིལ་ལ་འགྱུར་ཞིང་། དེ་ཡང་ཟས་རིགས་རྫུན་མས་བྱས་པ་དག་ནི་རིན་གོང་བདེ་ཞིང་ཕར་བལྟས་ན་མང་པོ་ཡོད་པ་དེ་ལ་དགོས་པ་ཅི་ཡང་མི་འདུག དགེ་འདུན་པ་སྙུང་རྐྱེན་དུ་ཡང་འགྱུར་ངེས་པས། དེ་བས་སྤུས་དག་མོ་ཅ་དག་ཁམས་ལ་འཕྲོད་པ་ཞིག་གིས་དགའ་འདུག་སྙམ་པ་ཡིན། ངས་འགན་འཛིན་པ་རྣམས་ལ་ཚོགས་རྫས་ཀྱི་ཁུག་མའི་ནང་ན་ཤ་ཆང་གི་དོད་ཐུབ་རྫས་མཚོན་ཞིག་དང་། ཚོགས་གཏོར་གྱི་དོད་ཅིག་དགོས་པར་བཤད་ཡོད། ད་རེས་ཕལ་ཆེར་འཛོམ་ཡོད་ངེས། དམར་ཕྱོགས་ཀྱི་ཚེས་བཅུ་འདི་མར་ངོས་ཉི་ཤུ་ལྔ་མཁའ་འགྲོ་འདུ་བའི་དུས་ཆེན་དང་། འུ་ཆ་གས་ཟབ་ཁྲིད་བཤད་པའི་བར་མཚམས་ལ་ཉམས་ཆག་བསྐངསཤིང་བཤགས་པ་བྱེད་པའི་གོ་སྐབས་འདི་ལྟ་བུ་ཞིག་བྱུང་བ་ནི་ཤིན་ཏུ་བཟང་བས། རྣལ་འབྱོར་ལུས་ཀྱི་དཀྱིལ་འཁོར་གདན་གསུམ་ཚང་པའི་རང་བཞིན་ལ། གནས་ཡུལ་ཉེར་བཞིའི་སྣོད་བཅུད་ཀྱི་བཀོད་པ་ཚང་པ་ཡིན་པས། སྔགས་ཀྱི་གསོ་སྦྱོང་ཞིག་ལ་ཡང་འགྱུར་བ་ཡིན། དེ་རིང་ཕན་ཆོད་ཀྱི་ཆོས་དབྱིངས་མཛོད་ཀྱི་ཆོས་ཁྲིད་ཉི་མ་ལྔ་བོའི་ཚེར་ཁྲེགས་ཆོད་ཀྱི་ཁྲིད་སྦྱོང་མཛད་དགོས། མང་ཆེ་བ་ཉམས་ལེན་པ་རྙིང་པ་ཏག་ཏག་ཡིན་པས། ཀ་དག་ལྷུན་གྲུབ་དབྱེར་མེད། ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་གི་ཉམས་ལེན་ཞི་ལྷག་གཉིས་མེད་ཀྱི་རྣལ་འབྱོར་ལ་ཐུན་གྱི་སྙིང་པོ་འཛིན་བཞིན་ཡོད་པ་དང་། གསར་བུ་ལས་དང་པོ་བ་ཚོས་ཀྱང་འདིའི་ཉིན་རེའི་ཆོས་ཁྲིད་ཀྱི་གོ་དོན་ལ་སྙིང་པོར་བཟུང་ནས། དེའི་བརྗོད་དོན་བསྟན་བྱའི་སྙིང་པོ་ལས་མི་འདའ་བའི་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མ་མཛད་ཆོག་པ་དང་། འདི་ཐུན་མོང་རིག་གནས་ཀྱི་སློབ་ཁྲིད་དང་མཚན་ཉིད་ཐེག་པའི་བཤད་པ་དང་མི་འདྲ་བས། སྒོམ་ཁྲིད་དུས་སྐྱོར་སྦྱང་སྒོམ་གྱིས་བྱེད་དགོས་པ་ཡིན། འོ་ན་ཅི་ཇི་ལྟར་བྱས་ཏེ་བསྒོམ་དགོས་སྙམ་ན། མན་ངག་རང་གཞུང་ལ་གཏུགས་ནས་རྟོན་པ་བཞི་གོ་ལྡོག་ཏུ་མ་སོང་བ་ཞིག་བྱེད་དགོས་པ་ཡིན། འདིའི་འཕྲོས་ཀྱི་ཆོས་ཁྲིད་ཉི་མ་ཁ་ཤས་བཤད་པའི་རྗེས་སུ་རླུང་སྦྱོང་ལ་ཐུག་པ་དང་། དེའི་འཕྲོར་ལེའུ་དགུ་བ་ནས་ངོ་སྤྲོད་ཀྱི་དངོས་གཞི་ལ་ཁེལ་བ་ཡིན། དེ་དུས་ལྷག་ཏུ་ཞིབ་ཆ་ཞིག་དགོས་པ་ཡིན། མ་གཞི་ཐམས་ཅད་གནད་གཅིག་ཆེ་གཉིས་ཆེ་ཡིན་པ་ལས། ལེའུ་དགུ་བ་དང་བཅུ་བ་དག་གནད་ཀྱི་ནང་ནས་མ་ཆེ་དེ་ཆེའི་གྲས་དང་། སྤྱིར་ན་རྒྱལ་བའི་ཆོས་སྒོ་རབ་འབྱམས། འདུལ་མངོན་མདོ་སྡེ་མདོ་སྔགས་རྒྱུད་སྡེ་གང་ནས་བཤད་ནའང་། རྩ་བ་ལུས་སེམས་འདི་གཉིས་ཀའི་ཐོག་ནས། འཁོར་འདས་ཀྱི་ཤན་ཕྱེད་ཅིང་། བསམ་སྒོམ་གང་བྱས་ཀྱང་སྣང་ཤེས་ཐ་མལ་དུ་མི་ལུས་པ་དེ་གནད་དུ་འཛིན་པ་ནི་དོན་གྱི་འགག་རྩ་ཡིན། ཀུན་མཁྱེན་ཡབ་སྲས་ཀྱི་རྗེས་སུ་ཞུགས་ནས། དགོངས་བརྒྱུད་རྟོགས་པའི་བྱིན་རླབས་འཕོ་ཞེས་པ་དེ། གདམས་པ་ཡིག་ཐོག་དང་མན་ངག་ཚིག་ཐོག་ལ་མི་ལུས་པར། སྐྱིད་ན་མགོ་གནོན་དང་སྡུག་གི་སྐྱོ་གྲོགས་ལ་འཛིན་ཐུབ་དགོས། གང་སྣང་ཐུག་ཕྲད་རང་གྲོལ་གྱི་གདམས་པའི་གནད་ཙམ་ཞིག་དང་པོ་ཉིད་ནས་མ་ཟིན་ནའང་། ཅི་ཤར་ཆོས་སྐུའི་ཡོ་ལང་གི་རྩལ་སྣང་རོལ་བའི་གནད་དེ། གོ་ཡུལ་དུ་ངེས་པ་ཙམ་གྱིས་ཀྱང་སྣང་ཤེས་དང་ཉམས་རྟོགས་བན་མ་བུན་དུ་སོང་ནས། དཔེར་ན་ནམ་ཚ་དབྱར་ཀའི་ལྷགས་རླུང་འདྲ་བར། ཨ་འཐས་ཞེན་འཛིན་གྱི་དགུན་ཀའི་ལྷགས་རླུང་ངར་མའི་ཁོང་ཤེད་དེ་མར་འགྲིབ་པ་ལ་ཕྱོགས་དུས། ཆར་བ་ཆུ་དང་ཐུག་པ་བཞིན་དུ། ཆོས་ཉིད་ཀྱི་དགོངས་པ་ནང་འཕྲད་པའི་བྱིན་རླབས་ཀྱི་རྒྱུན་ལ་ཉེ་ནས་ཡོད་པ་ཡིན། སྐྱིད་ན་གོང་གནོན་དང་སྡུག་ན་སྐྱོ་གྲོགས་ཞེས་པ་དེ་ཅི་ཟེར་བ་ཡིན་ཞེ་ན། སོ་སོའི་སྐྱེ་བོའི་བྱིས་པའི་བློ་འདི་ཅོལ་ཆུང་བ་ཡིན་པས། རྐྱེན་ཆུང་ཆུང་རེ་ཡིས་སྒྱུར་སླ་ཞིང་། སྐྱིད་ན་སྐྱིད་ལོང་མེད་པར་རྟ་ངན་སྔོ་མས་རྒྱགས་པ་བཞིན་དུ་ཚོད་མི་ཟིན་པར་མཐོ་ལྡིང་དམའ་ལྡིང་བྱེད་ནས་གད་ཁ་ནས་ཀྱང་མཆོང་འགྲོ་བར་འདུག་སྙམ་པ་ཞིག་བྱེད་པ་དང་། སྡུག་ན་སྡུག་ལོང་དང་ཉམས་དམའ་ན་དམའ་ཚོད་མི་ཟིན་པར་རྔ་མ་སྒྱིད་ཁུག་ལ་འཁུམ་འགྲོ་བ་ཡིན། འོན་ཀྱང་མན་ངག་གི་གནད་ཀྱི་གདམས་པ་འདི་ཚོ་བསྟེན་ནས། གདམས་པ་རང་རྒྱུད་ལ་ཅུང་ཟད་ཙམ་ཞིག་འདྲེས་ཐབས་ཐུབ་སོང་ན། དེ་མ་ཐག་ཏུ་འཁོར་འདས་མཉམ་ཉིད་དུ་རྟོགས་པའི་ལྟ་བ་ཞིག་བརྙེས་མེད་ནའང་། སྐྱིད་སྡུག་གང་བྱུང་རོ་སྙོམས་ཀྱི་གོ་བ་ཞིག་དང་། སྐྱིད་སྡུག་ལམ་ཁྱེར་གྱི་འདུ་ཤེས་ཙམ་རེ་འཛིན་ཐུབ་པར་བྱུང་ན། རྐྱེན་ངན་ཐོག་ཏུ་གློ་བུར་དུ་བབ་དུས། ཐ་མལ་པ་དང་མི་འདྲ་བར་ཁབ་ལེན་ལ་ལྕགས་འབྱར་བ་བཞིན་དུ་ཕྱིའི་རྐྱེན་གྱིས་དེ་མ་ཐག་ཏུ་སྒྱུར་མི་ཐུབ་ཅིང་གནོད་པས་མི་ཚུགས་པའི་གནོད་འགོག་གི་ནུས་པའི་སྟོབས་སམ་གོ་ཆ་ཞིག་ཡོད་འདུག་པ་ཡིན། བརྩོན་འགྲུས་མ་ཞན་ཞིང་དད་པ་དག་སྣང་མ་འཕྱུགས་ན། དེ་ལྟར་རིམ་གྱིས་རིམ་གྱིས་ན་འཕར་ནས། གོ་མྱོང་རྟོགས་པའི་ཐེམ་པ་བརྒྱུད་རིམ་བཞིན་དུ། རིང་པོར་མི་འགོར་བར་རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བརྙེས་སུ་ཡོད་པ་ལ་ཐེ་ཚོམ་མི་དགོས་ཤིང་། དེ་ཡང་ལམ་གྱི་སྦྱང་བགྲོད་ཀྱི་ཁྱད་པར་གྱིས། བསྐྱེད་རྫོགས་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པའམ་ཡེ་ཤེས་རང་སྣང་བའི་ངོ་བོར་སངས་རྒྱས་པའི་ལམ་རྫོགས་རིམ་ཆེན་པོའི་འགྲོས་ཀྱིས། འོད་གསལ་སྣང་བཞི་ལུགས་འབྱུང་ལྡོག་གི་བརྒྱུད་རིམ་མམ། ཡང་ན་བསྐྱེད་རྫོགས་ཟུང་འཇུག་གི་ལམ་ནས་རིག་འཛིན་རྣམ་པ་བཞིའི་མྱུར་ལམ་བགྲོད་ནས། མེས་པོ་དམ་པ་གོང་མའི་གཤེགས་ཤུལ་གྱི་ཞབས་རྗེས་ཟིན་ནས། ཕ་རྗེས་བུ་ཡིས་སྙེག་པའི་ཀློང་ཆེན་བརྒྱུད་པའི་ཕྱི་རབས་པ། གང་ལྟར་བཤད་ཀྱང་སེང་ཆེན་དཀར་མོའི་བརྒྱུད་པ་ལ་སེང་ཕྲུག་དང་། བྱ་རྒྱལ་ཁྱུང་གི་བརྒྱུད་པ་ལ་ཁྱུང་ཕྲུག་ལས་གང་དུའང་འགྲོར་མེད་པའི་གདེང་ཚོད་དང་སྤོབས་པའི་ཐུགས་ཤུགས་མི་ཞན་པའི་སྒོ་ནས། ཟབ་ཆོས་གདམས་པའི་རྒྱུན་ལེན་ཞོར་དུ་རང་ཐད་ཀྱི་མི་ཚེའི་སྔ་བར་ཕྱི་གསུམ་གྱི་འགྲོ་ལམ་ལ། སྔ་བལྟས་ཕྱི་བལྟས་ཀྱི་རྒྱང་མིག་གིས་ཚོད་ཐིག་པའི་སྟེང་ནས། ད་རེས་ཐེངས་འདིའི་ཆོས་ཁྲིད་ཀྱི་ཉམས་བཞེས་འདི་བརྒྱུད་དེ། ཕྱིན་ཆད་གནས་གང་དུ་ཕྱིན་ཀྱང་། གྲོགས་སུ་དང་འགྲོགས་ཀྱང་། རྐྱེན་བཟང་ངན་ཅི་ཞིག་ལ་ཐུག་ནའང་ཁྱི་རྔ་ལ་མྱེ་འབྱར་བ་བཞིན་དུ་འདུར་རྒྱུག་བྱེད་འདུག་མི་དགོས་པས་མ་ཚད། བློ་ཕ་དང་གྲོས་མ་ལ་ཡང་བྱེད་འདུག་མི་དགོས་པར་རང་བློ་ཁེར་བཅད་ཀྱི་ཕུགས་འདུན་དེ། སྣང་ཤེས་ཐ་མལ་ལས་ལོག་པའི་གང་ཤར་རིག་སྟོང་རྗེན་པའི་ངང་ལས་མི་འདའ་བར། གྲོལ་འཁྲུལ་སེམས་ཀྱི་རི་མོ་དེ་ཐ་སྙད་བྱིས་པའི་རྩེད་མོ་རུ་མཐོང་བའི་ཉམས་ལེན་གྱི་གནད་ཐུགས་ལ་འཆང་དགོས་པ་དང་། ཁྱད་པར་དུ་ཐག་རིང་གི་ཆོས་ཞུ་པ་ཚོས་ཕྱིར་རང་ཡུལ་རང་གནས་ལ། དོན་གཉེར་གྱི་མགྲོན་པོས་བྱེས་དོན་ཐམས་ཅད་འགྲུབ་ནས་གཞིས་ལ་འཁོར་བ་འདྲ་ཞིག་མཛད་དགོས་པའི་ཐུགས་འདུན་མཛོད་ཅེས་ཞུས་པའོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཉིན་དྲུག་པའི་ཆོས་ཁྲིད།

རང་གཞན་སུ་ཡིན་ཡང་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ཆོས་ལམ་ལ་ཞུགས་ནས། གཞན་དོན་རྫོགས་བྱང་དོན་གཉེར་གྱི་འདུན་པ་འཆང་བའི་དགེ་འདུན་གྱི་བཞུགས་གྲལ་ན་ཡོད་པ་ཞིག་ཡིན་དུས། ཐོག་མར་བསྟན་པའི་གཞི་མ་བསྟན་དང་སྟོན་པའི་ཞལ་ཚབ་དམ་ཆོས་འདུལ་བ་ནས་བརྩམས་པའི་སོ་བྱང་སྔགས་གསུམ་གྱི་སྡོམ་དང་དམ་ཚིག་མནོས་ཏེ། བསྟན་པའི་བབ་རིམ་དང་བསྟུན་པའི་ལམ་ལ་སློབ་པའི་སྐབས་ཀྱི་དང་པོ་སོ་ཐར་གྱི་སྡོམ་པ་ལེན་པའི་སྐབས་ལྟ་བུ་ཞིག་ལ་བསམ་བློ་གཏོང་ན། ངེས་པར་འབྱུང་བའི་བསམ་བློའི་ཀུན་ནས་བསླངས་ཏེ། ཆོ་ག་ཐུན་མོང་གི་ལུགས་ཡིན་ཡང་། བསམ་པ་སེམས་བསྐྱེད་ཀྱིས་ཁྱད་པར་དུ་བྱས་པའི་ཐེག་ཆེན་སོ་ཐར་གྱི་སྡོམ་པ་བླངས་ཤིང་། དེ་ལྟ་བུའི་སོ་ཐར་གྱི་སྡོམ་པས་བསྡོམ་བྱ་ནི། ཚེ་འདིའི་བདེ་སྐྱིད་སྙན་གསུམ་དང་ལྟོ་གོས་གཏམ་གསུམ་དོན་དུ་གཉེར་བའི་བློ་སོགས་ཡིན་པ་དང་། སྡོམ་བྱེད་ནི་ངེས་པར་འབྱུང་བའི་བསམ་པས་རང་གཞན་འཁོར་བའི་སྡུག་བསྔལ་གྱི་ནང་ནས་ཐར་ཐབས་ལ་བརྩོན་པའི་དམ་བཅའ་བྱས་པ་དེ་ཡིན་ཞིང་། དེ་ལྟ་བུ་དེ་ལ་ཐེག་ཆེན་སོ་ཐར་གྱི་སྡོམ་པ་རུ་གྲགས་ཤིང་། དེའི་སྟེང་དུ་ཚད་མེད་བཞི་འམ་རྒྱུ་འབྲས་མན་ངག་བདུན་ལྡན་གྱི་བློ་སྦྱོང་དང་ཉམས་ལེན་བརྒྱུད་དེ། སྲོལ་གཉིས་གང་རུང་གི་སྒོ་ནས་སྨོན་འཇུག་སྟབས་གཅིག་ཏུ་ལེན་པའམ། སྨོན་པའི་སེམས་བསྐྱེད། འཇུག་པ་དམ་བཅས་པ་ནི་བྱང་ཆུབ་སེམས་དཔའི་སེམས་བསྐྱེད་ཀྱི་སྡོམ་པ་ཞེས་བྱ་ལ། དེས་བསྡོམ་བྱ་ནི། རང་འདོད་ཡིད་བྱེད་ཀྱི་བློ་དང་། སྡོམ་བྱེད་ནི་སྡོམ་སྡུད་དོན་བྱེད་ཀྱི་ཚུལ་ཁྲིམས་རྣམ་པ་གསུམ་གྱི་སྒོ་ནས་མཐའ་ཡས་སེམས་ཅན་གྱི་དོན་བྱེད་པར་ཁས་བླངས་པ་ནི་བྱང་ཆུབ་སེམས་ཀྱི་སྡོམ་པ་དང་། མཐའ་ཡས་འགྲོ་བའི་དོན་དུ་བྱ་དཀའི་རྒྱལ་སྲས་ཀྱི་སྤྱོད་པར་འཇུག་པ་ནི་བྱང་ཆུབ་སེམས་དཔའི་བསླབ་བྱ་ཡིན་ལ། དེས་ཀྱང་མི་ཚད་པར་གསང་སྔགས་ཀྱི་དཀྱིལ་འཁོར་གཉན་པོའི་སྒོ་ལ་ཞུགས་ནས་སྔགས་ཀྱི་སྡོམ་པའང་བླངས་པ་ཡིན་པས། དེའི་སྐབས་སུ་དམ་ཚིག་ཚུལ་བཞིན་དུ་སྲུང་བར་དམ་བཅས་ཏེ་དམ་ཚིག་གི་མནའ་ཆུ་ཐེངས་གཅིག་མིན་པར་ཁོག་ཏུ་འཐུང་བ་ཡིན་ལ། དེ་འདྲའི་གསང་སྔགས་ཀྱི་བསྡོམ་བྱ་དེ་གང་ཡིན་ན། གཟུང་འཛིན་གྱི་འཁྲུལ་སྣང་དང་། སྡོམ་བྱེད་རིམ་གཉིས་བསྐྱེད་རྫོགས་ཀྱིས་རང་རྒྱུད་སྨིན་ཅིང་གྲོལ་བར་བྱས་ནས་འཁོར་འདས་དབྱེར་མེད་དུ་རྟོགས་པའི་ལྟ་བའི་གདེང་ཐོབ་པ་ནི་སྔགས་ཀྱི་སྡོམ་པ་ཞེས་བྱ་ལ། དེ་ལྟ་བུའི་སོ་བྱང་སྔགས་གསུམ་གྱི་སྡོམ་པ་དམ་ཚིག་ལེན་གང་དགོས་ཐམས་ཅད་མནོས་ནས་ཁས་ལེན་རྒྱུ་ཆེ་ཡོད་ཆུང་ཡོད་ཀྱི་དམ་བཅའ་ཐམས་ཅད་བླངས་པ་ཡིན་ན་ཡང་། ཁས་བླངས་ཤིང་དམ་བཅས་པའི་བསླབ་སྡོམ་དང་འབྲེལ་བའི་གཞན་དོན་རླབས་ཆེན་གྱི་སྤྱོད་པ་དང་། དོན་ཆེན་ཉམས་ལེན་གྱི་ལག་ལེན་དངོས་ལ་ཇི་ལྟར་འཇུག་པའི་སྐོར་ལ། དཔྱད་པ་ཙམ་ཞིག་ཞུགས་མ་མྱོང་བས་མ་ཚད་དེའི་སྐོར་ལ་བསམ་བློ་ཙམ་ཡང་བཏང་མ་མྱོང་བ་ཡིན་ན། དེ་ནི་མི་མ་དགོས་རང་ཁྲེལ་བྱེད་དུ་ཡོད་ཅིང་། ཁྲེལ་བས་མ་ཚད་བསམ་བློ་ཡང་བཏང་ཞིག་བྱས་ན་རྗེས་འགྱོད་རྟ་ཡིས་མི་ཟིན་པ་རང་གིས་སྔར་བྱས་ལ་རང་ཡིད་མི་ཆེས་པའི་ཚད་དུ་ཐོན་པ་ནི། རང་ཐད་ལ་བཞག་སྟེ་རང་རྒྱུགས་རང་གིས་བླངས་ན། དེ་འདྲའི་ཕྱོགས་ལ་འཕྱན་ནས་སྙིགས་མའི་དུས་ཀྱི་སེར་གཟུགས་རྟགས་ཙམ་འཆང་བའི་གྲལ་དུ་གཏོགས་ནས་ཡོད་པ་ཡང་དུས་འདིར་མེད་མི་སྲིད་པ་མིན་པས། གལ་ཏེ་དེ་འདྲ་བའི་ཕྱོགས་ལ་ཉེ་བཞིན་ཡོད་ན། བསམ་བློ་ནང་དུ་བསྐོར་ནས་ད་གང་ལྟར་བྱས་ན་དྲག་པར་འདུག སོང་ཟིན་པའི་འདས་དོན་ནི་ཕྱིར་ཡོང་བའི་ཐབས་མེད་ལ། འོན་ཀྱང་ད་བྱ་དགོས་པའི་སོ་ནམ་མ་འཆུགས་པའི་བྱ་ལས་གང་དང་གང་ཞིག་ལ་འཇུག་ན་དགའ་བར་འདུག་སྙམ་ནས། དོན་ཆེན་དེ་དག་ལ་འདེང་རང་གིས་བརྒྱབ་ནས་ཕོག་དགོས་པའམ། ཡང་ན་བློ་མི་ལ་དྲིས་ནས་ཤེས་དགོས་པ་སོགས་ཅི་དྲག་གང་དགའ་ཞིག་མ་བྱས་ན། ཨ་ཁུའི་གཟེར་ཁ་འབྲི་མོའི་རྭ་ཁ་ལ་ཐུག་ནས། གཟེར་ཆེན་པོ་ཞིག་གིས་གནད་གཅོད་ཐེབས་ཏེ་དབུགས་ཕར་འཕང་ཚུར་ལ་བརྔུབ་དཀའ་ས་ལ་ཐོན་དུས། འགྱོད་ཀྱང་དེ་དུས་འཕྱིས་སོང་བ་ཡིན། དཔེར་ན་འཇིག་རྟེན་པས་ཚེ་འདིའི་དོན་ཆེན་ཞིག་ལ་བརྩི་རྒྱུ་ཞིག་བསྒྲུབ་དགོས་ན། ཚེ་སྲོག་ཡིན་ཡང་འབེན་ལ་བཞག་ནས། སྙིང་རུས་ཅན་ཞིག་གིས་དེ་མ་འགྲུབ་ཀྱི་བར་ལ་སྡུག་བསྲན་བྱེད་པ་ཡིན། དེས་ནི་ཚེ་འདིའི་ཡུན་ཐུང་གི་དོན་དག་རང་དོན་ཉི་ཚེ་བ་ཙམ་ཞིག་ལས་ཅི་ཡང་འགྲུབ་ཏུ་མེད་པ་ཡིན། ཆོས་རྣམ་དག་རང་གཞན་འདི་ཕྱིའི་དོན་ཆེན་ཞིག་ཡུན་ཐུང་མི་ཚེ་འདིའི་དུས་ཚོད་ལ་འགྲུབ་དགོས་ན། འཇིག་རྟེན་ཚེ་འདིའི་བྱ་གཞག་བློས་མ་བཏང་ན་འགྲུབ་ཐབས་མི་འདུག་སྙམ་པ་ཞིག་ངེས་པར་ཡོད་དགོས་ཏེ། དེ་ནི་མི་ཁར་བདག་རྒྱུག་གི་ཕུགས་མེད་ཀྱི་སྐད་ཆ་ཞིག་མ་ཡིན་པར། རང་མྱོང་རང་གིས་ཤེས་པ། དེ་སྔོན་མ་འགྲུབ་པའི་རྒྱུ་དང་རྐྱེན་ཚང་མ་རང་རྒྱུས་རང་ལ་ཡོད་པ་ཡིན་པས། ཚེ་འདི་དོན་གཉེར་གྱིས་ཕྱི་མའི་དོན་མི་འགྲུབ་པ་དང་། ཚེ་ཕྱི་མའི་དོན་ཆེན་ཞིག་བསྒྲུབ་དགོས་ན་ཚེ་འདིའི་འཁྲུལ་སྣང་སྒྱུ་མ་ལྟ་བུའི་བསླུ་བྲིད་ཀྱི་བྱ་གཞག་འདི་བསྐྱུར་བ་ལས་གཉིས་ཀ་མཉམ་དུ་སྒྲུབ་ཐབས་མེད་པའི་གནད་ཀ་རྒྱུ་མཚན་དེ་ལྟར་ལྷང་ལ་བུད་པ་ཡིན། དེ་ཡང་འཆི་བདག་གཤིན་རྗེ་དང་ལག་སྔ་ཕྱི་ཚད་ནས་མགྱོགས་པོར་མ་རེམ་དུས། མིག་འབྱེད་འཛུམ་གྱི་ཡུན་དང་འདྲ་བར་མི་ཚེ་རྫོགས་སླ་བ་ནི་ཤེས་བཞིན་པ་དང་གསལ་བཞིན་པ་ཡིན། ངེས་འབྱུང་སད་དེ་སུད་དེ་བློ་སྣ་ཐུང་ཐུང་ཅན། དང་པོའི་སྣ་རྒྱག་ལ་ཉི་མ་ཆ་རེར་རི་ཁྲོད་དུའང་འགོས་འགྲོ་ཁུལ་བྱེད་ཀྱང་། ཉིན་ཞིག་ལ་བྱ་བ་མཐར་མ་ཕྱིན་ནས་ཕྱིར་ལོག་བྱེད་པའི་དཔེ་དང་འདྲ་མ་གང་མང་མང་ཡོད་པ་དེས་ན་བྱས་པའི་ལས་ལ་གྲུབ་པའི་མཐའ་ཞིག་ཡོད་པའི་ཆེད་དུ། སྙིང་སྟོབས་བཙན་པོའི་གོ་ཆ་རང་གིས་རང་ལ་བགོ་དགོས་པ་ཡིན། དེ་ཡང་གཙོ་བོ་བློ་སྦྱོང་གིས་བློ་འབྱོངས་དང་མ་འབྱོངས་ལ་རག་ལས་པ་ཡིན་པས། བློ་སྦྱོང་གི་རྨང་གཞི་བརྟན་པའི་ཐོག་ནས་ཐོས་བསམ་སྒོམ་གསུམ་གང་བྱས་ཀྱང་ཡུན་དང་ཡུན་དུ་རྒྱུན་སྲིང་ཐུབ་པའི་སྙིང་སྟོབས་དང་། ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་སྲན་ཡོད་དགོས་ཏེ། སིངྒ་ལ་ཡི་ནགས་གསེབ་ན། །མི་ལ་རས་པས་སྟོང་ཉིད་སྒོམ། །སྒོམ་ཤོར་གྱིས་དོགས་པ་མ་ལགས་ཏེ། །སྒོམ་ཡུན་དུ་བསྲིང་བ་དཔའ་ཚུལ་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན། འདེང་དམའ་ས་ངོ་མ་ནས་བརྒྱབ་ནའང་། འུ་ཚོ་ཆུང་བྱིས་པ་ཡིན་པའི་དུས་སུ། སྐྲ་སོར་གསུམ་བཅད་ན་བླ་ལུ་ལ་དབང་། །སྐེད་འཁོར་གསུམ་བཏགས་ན་དཔོན་ལུ་ལ་དབང་། །ཞེས་པའི་དཔེ་བཞིན་དུ་གྲྭ་ས་གྲལ་གདན་ལ་བསྡད་པའམ། ཡང་ན་ནར་སོན་ནས་བསམ་ངོ་ཟིན་ཏེ་ངེས་འབྱུང་གི་བསམ་པས་ཆོས་ལ་ཞུགས་པ་སྟེ། མདོར་ན་གང་ཡིན་ཡང་མགོའི་སྐྲ་བཞར། ལུས་ཀྱི་གོས་བསྒྱུར་ནས་རྒྱལ་བ་ཤཱཀྱ་སེངྒེའི་རྗེས་སུ་ཞུགས་པ་འདི་ནི། བློ་དམན་པའི་དབང་དུ་བྱས་ན་རང་སྡུག་བསྔལ་ལས་ཐར་ཆེད་དང་། བློ་ཆེ་བའི་དབང་དུ་བཏང་ན་ཕ་མ་སེམས་ཅན་གྱི་འདྲེན་སྟོན་ཨེ་ཡོང་བསམ་པ་ཞིག་ཡིན་དགོས་པ་ལས། དེ་གཉིས་ཀ་མ་ཡིན་པའི་སེར་གོས་ཤིག་གྱོན་པ་ནི། ཡང་མིན་ན་མི་ཁར་བདག་རྒྱུག་ཅིག ཡང་མིན་ན་ཟ་རློམ་རྙེད་འཚོལ་ཞིག ཡང་མིན་ན་དེ་ཚེ་དེ་གང་གི་འདེང་རྒྱག་ཟ་འདོད་འགུལ་འཚེར་དཀོར་ཟས་ཉལ་ཟ་བྱེད་པའི་དམིགས་ཡུལ་ལས་གཞན་པའི་དམིགས་ཡུལ་གཞན་མེད་པ་ཡིན། དེ་ལ་དམ་ཆོས་འདུལ་བ་ལས་རྐུ་ཐབས་སུ་གནས་པ་ཞེས་གསུངས་ཤིང་། མདོར་ན་ལེགས་སྨོན་དང་འཇིགས་སྐྱོབ་ལས་མ་འདས་པ་རེད། ངེས་པར་འབྱུང་བའི་བློ་མེད་པའི་དབང་གིས་རབ་ཏུ་བྱུང་བའི་ཕན་ཡོན་མི་ཐོབ་པར་མ་ཟད། ཆོས་ཞུ་བའི་དམིགས་ཡུལ་ཡང་དེ་ཙམ་ཞིག་ལས་མ་འདས་པའི་ཕྱིར་ན་ཀུན་སློང་རྣམ་དག་ཏུ་འགྲོ་བ་མིན། དེས་ན་དགོངས་བརྒྱུད་རྟོགས་པའི་བྱིན་རླབས་འཕོ་རྒྱུ་ནི་དེ་བས་ཀྱང་ཕར་ཚད་དུ་སོང་བ་ཡིན། ཡང་ཤིན་ཏུ་ཉུང་ཤོས་འགའ་རེས་མཚམས་རེར་བསམ་བློ་གཏོང་དུས། ང་ནི་སྔོན་མ་དང་ད་གཉིས་ཀ་བསྡུར་ན། སྔར་སེར་གོས་མ་གོན་གོང་ངམ་དང་པོ་གོན་སྐོར་གྱི་དུས་སུ་དགའ་བ་ཡང་མཐོང་སྲིད་དེ། དེ་དུས་དཀོན་མཆོག་གསུམ་པོ་ངོས་ལེགས་པོར་མི་ཟིན་ན་ཡང་། བླ་སེར་དགེ་འདུན་པ་ལ་དྭངས་པ་དང་དད་པའམ་དགའ་བ་དང་འདུན་པ་ཡོད་དར་ལ། དེས་མ་ཚད་སེམས་ཅན་དུད་འགྲོ་ཤི་ཁ་མ་ཞིག་མཐོང་ན་མ་ཎི་རེ་ཁ་ལ་ཡོང་བའི་སྙིང་རྗེ་དང་། དགེ་སེམས་ཀྱི་ས་བོན་འདྲ་རེ་ཡོད་པ་ཡིན་པས་དེ་དུས་ང་རང་གི་ཚོད་ཀྱི་མ་སྐྱོན་ཙམ་ཞིག་ཏུ་ཡོད་ལ། དེའི་ཕྱིས་སུ་བླ་གྲྭ་དགེ་འདུན་པའི་གྲལ་དུ་ཡུན་རིང་དུ་སོང་། དཀོར་ཟས་ཟོས། དཀོར་རྫས་ལ་འབགས། དགེ་འདུན་པ་ལ་ང་དང་ཁྱོད་བྱས་ཏེ་གཅིག་རྒྱུས་གཅིག་གིས་ལོན། ངན་པ་དག་གིས་ངན་སྐྱོན་ལས་བཟང་པོའི་ཡོན་ཏན་མི་རིག་པ་ཡིན། དེ་ཡང་བལྟ་ས་གཞན་ངོས་ནས་བཟང་པོ་མེད་པས་མ་ཡིན་པར་ལྟ་མཁན་རང་ངོས་ཀྱི་ལྟ་བྱེད་ཀྱི་མིག་མ་དག་པའི་དབང་གིས། མི་སྐྱོན་ཏག་ཏག་གླེང་། གཞན་མཚང་རེ་ཡང་བཤད་བྱེད་རྒྱུ་ལོན་ན་མཚར་སྣང་ཤར། ཡུན་དང་ཡུན་དུ་དེ་ལྟར་སོང་བའི་དབང་གིས། བར་ཞིག་ལ་དཔའ་བོ་ཁྱི་ཡིས་རྨུགས་ན་ཡག་སྣང་ཤར། ཕྱུག་པོ་མུ་གེས་ཤི་ན་དགའ་སྣང་ཤར། མཐོན་པོ་ཐོབ་ཐོག་ནས་ལྷུང་ན་སྐྱིད་སྣང་ཤར་པ་ཞིག་ཏུ་གྱུར་ནས། འཁོར་བ་ལ་ངེས་འབྱུང་དང་། འདི་སྣང་ལ་ཞེན་ལོག་དང་། ཁྱད་པར་དུ་དད་དང་དག་སྣང་ཇེ་བཟང་ལ་མི་འགྲོ་བས་མ་ཟད་སྔར་ཡོད་ཐམས་ཅད་ནམ་མཁའི་འཇའ་ཡལ་བ་བཞིན་དུ་ཕར་མེད་ནས། ཕྲག་དོག་དང་ང་རྒྱལ་ཇེ་ཆེ། བཟེ་རེ་དང་གདུག་རྩུབ་ཡར་ལྷག་གིས་ཡོད་པ། མཐོ་འདོད་དང་འགྲན་སེམས་ཀྱིས་ཉིན་མཚན་གཉིས་ཀ་འདས་ནས་འདྲེ་གདོན་ཞིག་གི་སེམས་དང་ཁྱད་མེད་དུ་ལོག་ནས། ཐུགས་དམ་ཉམས་བཞེས་ཀྱི་ཚབ་དེ་དག་གིས་བྱས་ནས་བརྩོན་པའི་དབང་གིས། དམ་གྲིབ་ཉམས་གྲིབ་དཀོར་གྲིབ་དང་བཅས་པ་དྭངས་རྒྱུ་མེད་པའི་དམུ་གབ་ཀྱི་ཞྭ་མོ་དགུ་བརྩེགས། གྱོན་ཐུབ་རུང་ཕུད་མི་ཐུབ་པ་རུ་སོང་ནས། ཆོས་དྲེད་ཆོས་ཀྱིས་འདུལ་དུ་མེད་པ་ཞིག་ལ་ལོག་ཉེན་ཡོད་པ་ཡིན་པས། གཟབ་དགོས་ས་རང་རྒྱུད་ན་ཡོད་པའི་བདུད་དང་བར་ཆད་ལ་ཉེན་ཟོན་གྱི་ཆེད་དུ་དུས་དང་རྣམ་པ་རྒྱུན་དྲུག་ཏུ་བྱ་ར་དགོས་པའི་ཚུལ། གཞན་ཕན་གྱི་བསམ་པ་བཟང་པོས་ཆོས་མི་ལ་འཆད་བཞིན་ཡོད་པ་ཞིག་གིས་ཕན་སེམས་བསམ་པ་རྣམ་དག་གིས་རང་ཅི་འདྲ་རོགས་ལ་ཚད་གཞི་བཞག་ནས་དྲན་སྐུལ་རེ་ཞུས་ན་ཕན་མེད་ན་གནོད་དུ་མི་འགྲོའོ་སྙམ་ནས་ཉིན་བཞིན་དུ་དེ་ལྟར་བཤད་པ་ཡིན། ཆོས་ཞུས་ཤིང་ཞུས། བསྒྲུབས་ཤིང་བསྒྲུབས་ལ་དད་དང་སྙིང་རྗེ་ཇེ་ཆེ་རུ་སོང་། ཚེ་འདིའི་བློ་སྣ་ཇེ་ཐུང་དུ་གྱུར། ཁྱད་པར་དུ་འཆི་ལ་ཇེ་ཉེ་རེད་སྙམ་ནས་དགེ་སྦྱོར་ལ་འབད་པ་ཇེ་ཆེར་སོང་ན་ཆོས་པ་སད་ཀྱིས་མ་ཁྱེར་བའི་རྟགས་ཡིན་གསུངས་པ་ཡིན། འཇིག་རྟེན་གྱི་འདོད་ཡོན་བསླུ་མཁས་པས། སོ་སྐྱེ་བྱིས་པའི་ཅོལ་ཆུང་གི་བློ་སྣ་དང་རྣམ་རྟོག་གིས་རྐྱེན་ཆེན་པོ་ཐེག་པ་མ་ཡིན། དེའི་ཐོག་ལ་ཆོས་བརྒྱད་ཀྱི་ལྕགས་སྒྲོག་དེ་འདོར་དཀའ་བས། འདོད་ཡོན་ཚེ་འདིའི་ཞེན་ཆགས་དང་གཉེན་གྲོགས་བདུད་ཀྱི་ཕོ་ཉ་འདི་དག་གི་དབང་དུ་སོང་ནས། རྙེད་དང་བཀུར་སྟི་ཞིག་གི་ཆེད་དུ་རང་ཉིད་བཙོངས་པ་ནི། བྱང་ཆུབ་སེམས་དཔའ་ཕམ་པའི་ལག་རྗེས་ཡིན་པར་གསུངས་པ་དེས་ན། ཐུགས་རྒྱུད་ཡོན་ཏན་གྱིས་གང་བའི་བླ་མ་དམ་པ་ལ་བསྟེན། ཆོས་མཐུན་དགེ་བའི་གྲོགས་པོ་དང་འགྲོགས། མདོ་རྒྱུད་ཟབ་མོའི་མན་ངག་ལ་རྒྱུན་དུ་བལྟས་ནས། འཆི་བ་ཡེངས་མེད་དུ་བསམ་པ་དང་། ལས་འབྲས་བསླུ་མེད་ལ་ཡིད་ཆེས་བྱས་ནས་རང་རྒྱུད་ཀྱི་དད་དང་མོས་གུས་ལ་སོགས་པའི་ཡོན་ཏན་དག་ཉིན་རེ་བཞིན་དུ་ཡར་འཕེལ་དུ་འཇུག་དགོས། མདོར་ན་འཁོར་བའི་འཁྲུལ་སྣང་གིས་རྨུས་ནས་ཡིད་སུན་སོང་བ། མཁྲིས་ནད་ཅན་གྱི་མིག་སྔར་སྣུམ་ཟན་བཞག་པ་ལྟ་བུ་དང་། བླ་མ་དཀོན་མཆོག་ལ་དད་གུས་ཀྱི་གདུང་བ་ཡོད་པ་བུ་ཆུང་ཁ་འོར་མ་བསྐྱུར་པས་མ་ལ་འཁྲེང་བ་ལྟ་བུ་དང་། ཐོས་བསམ་སྒོམ་པའི་ཤེས་རབ་རང་རྒྱུད་ལ་བསྐྱེད་པར་བརྩོན་པ་དང་ལེན་ཡོད་པ་སྐོམ་པ་ཆུ་ལ་བསྙེགས་པ་ལྟ་བུ་དང་། དེས་མ་ཚད་རང་རྒྱུད་ཀྱི་བསླབ་པར་གཅེས་སྤྲས་བྱེད་ལུགས་དབུལ་པོའི་རིན་ཆེན་རྙེད་དུས་དེ་བོར་བརླག་ཤོར་གྱིས་དོགས་པ་ལྟ་བུ་དང་། ད་རུང་ཐེག་པ་ཐམས་ཅད་ཀྱི་ལམ་གནད། གཞུང་ལུགས་ཐམས་ཅད་ཀྱི་གདམས་པ་གནད་གང་ཆེ་ཕན་གང་ཐོགས་རྣམས་འཛིན་ཤེས་པ་ནི། མི་འདོད་ཆེན་ཚོང་འདུས་ཀྱི་ཁྲོམ་ནང་ལ་ཐོན་པ་ལྟ་བུ་སྟེ། དོན་ཆེན་རིན་ཐང་ཅན་ཤོར་མི་ཉན་པར་ལོན་དགོས་པ་དེ་དག་ཐམས་ཅད་རྟེན་མི་ལུས་རིན་ཆེན་འདིའི་ཐོག་ནས་ལོན་དགོས་ཤིང་། དེ་ཡང་མ་རྒུད་མ་རྙིང་ནས་ནུས་པ་ཅུང་ཟད་ཡོད་ཚེ་འགྲུབ་དགོས་པ་ཡིན་པས་ལོང་མེད་རྒྱུད་ལ་བསྐྱེད་ནས། རང་རྒྱུད་ཆོས་ཀྱིས་ཐུལ་ཏེ་ཆོས་དང་གང་ཟག་གཉིས་ཀ་ཡ་མ་འཛོལ་བ་ཞིག་བྱེད་པ་ནི་རང་དྲིན་རང་ལ་ཆེ་བའི་བྱ་ལས་ཉག་གཅིག་ཡིན་པའི་ཐུགས་གསོའི་དྲན་སྐུལ། ཉིན་རེའི་དུས་ཚོད་ཀྱི་ཅོང་བརྡ་བཞིན་དུ་ཞུས་པ་དང་བཅས་ཏེ། སྐབས་འདིའི་གང་ཞིག་གསན་པར་བྱ་བའི་དམ་ཆོས་ནི། གངས་རིའི་ལྗོངས་འདིའི་གསང་འཛིན་དགའ་རབ་དཔའ་བོ་གཉིས་པ་རྫོགས་ཆེན་བསྟན་པའི་ཤིང་རྟ་བ་ཆེན་པོ། རྒྱལ་བ་ཀློང་ཆེན་རབ་འབྱམས་བཟང་པོའི་ཐུགས་ཀྱི་གསང་བ་ཟབ་མོ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་བཅུད། རྒྱ་མཚོ་ཆེན་པོ་ལ་ཆུ་བོ་ཀུན་འདུས་པ་ལྟ་བུའི་གསང་གསུམ་ཟད་མེད་ཀྱི་གཏེར། མཛོད་ཆེན་རིན་པོ་ཆེ་བདུན་གྱི་ནང་ནས། ཆོས་དབྱིངས་རིན་པོ་ཆེ་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་འཆད་ཉན་བྱེད་བཞིན་པ་ལས། འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལེའུ་བཅུ་གསུམ་ལས་ལེའུ་གསུམ་པའི་འགྲེལ་བ་ཡན་ཆད་སོང་སྟེ། ལེའུ་བཞི་བ་བྱང་ཆུབ་སེམས་ཀྱི་རང་བཞིན་བསྟན་པའི་ལེའུའི་སྐབས་ནས་ཀྱང་འགའ་ཞིག་སོང་སྟེ།

༼ཁ༽གཉིས་པ་ཐེག་པའི་རིམ་པ་མཐའ་དག་ཨ་ཏིའི་འཇུག་སྒོར་བསྟན་པ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པ་ཨ་ཏིའི་རང་ངོའི་དགོངས་པ་བསྟན་པ།

དེ་ལ་ཐེག་པ་དང་པོ་དྲུག་བསྟན་པ་དང་། སྔགས་ནང་པ་གསུམ་གྱི་རིམ་པ་བསྟན་པ་དང་། ཐམས་ཅད་རྡོ་རྗེ་སྙིང་པོའི་འཇུག་སྒོར་བསྟན་པ་དང་། ལས་རྩོལ་སྒྲུབ་ཀྱི་རིམ་པ་བསྟན་པ་དང་། རང་ངོ་ཨ་ཏིའི་དགོངས་པ་བསྟན་པ། ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་དང་དྲུག་ཡོད་པ་ལས།

༼ཀ དང་པོ་ཐེག་པ་དང་པོ་དྲུག་བསྟན་པ།

དེ་རིང་ད་ནི་སྔ་འགྱུར་རང་ལུགས་ཀྱི་ཐུན་མིན་གྱི་ཐེག་པ་དགུའི་རྣམ་གཞག་ཡོད་པ་ལས་དེའི་དབྱེ་བ་དགོངས་ཚུལ་དང་བཅས་པ་བསྟན་པ་ལས། ཐེག་པ་དང་པོ་ཕྱི་ཀུན་འབྱུང་འདྲེན་པའི་ཐེག་པ་གསུམ་དང་། ནང་དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་སྟེ། ཐེག་པ་ཆུང་དང་འབྲིང་དུ་ཕྱེས་པ་དྲུག་ནི།

རིམ་འཇུག་རྩོལ་བ་ཅན་གྱི་གང་ཟག་རྣམས།།

ཆོས་ཉིད་གདོད་མའི་དབྱིངས་སུ་དྲང་བའི་ཕྱིར།།

ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ཐེག།

ཆུང་ངུ་གསུམ་ལ་བསྟན་པའི་རིམ་པ་སྟེ།།

ཀྲཱི་ཡ་ཨུ་པ་ཡོ་ག་རྣམ་པ་གསུམ།།

འབྲིང་པོ་གསུམ་ལ་རང་བཞིན་བབས་ཀྱིས་གྲུབ།།

ཅེས་གསུངས་ཏེ། བླ་ན་མེད་པའི་ཐེག་པར་འཇུག་པའི་ཐབས་སམ་རྒྱུའི་རིམ་པས། དབང་པོ་ཐ་དད་ཀྱི་ཐེག་པ་བསྟན་པ་ལས། ཚེ་འདི་ཉིད་དུ་སངས་རྒྱ་བའི་ཉེ་ལམ་ཡིན་མ་ཡིན་ལ་ལྟོས་ནས། ཕྱི་མཚན་ཉིད་ཀྱི་ཐེག་པ་ཉན་རང་སེམས་དཔའ་གསུམ་ཆུང་ངུར་བཞག་ལ། སྔགས་ཆེན་པོར་བཤད་ཅིང་། སྔགས་ལའང་ལམ་ཉེ་རིང་གིས་ཕྱི་པ་གསུམ་ཆུང་ངུར་བཞག་སྟེ། དེ་དག་གི་ལྟ་སྒོམ་ཐམས་ཅད་རྫོགས་པ་ཆེན་པོས་ཡས་ནས་མར་བལྟས་ནས། རིག་པའི་ངོ་བོ་མ་མཐོང་བར་ཅི་བྱ་སྟོར་བ་ཅི་བྱེད་ཀྱི་ཚོད་མ་ཐིག་པའི་བྱིས་པའི་ཐེག་པར་མཐོང་བས། གོལ་སྒྲིབ་ཏུ་བཤད་དེ། ཀུན་བྱེད་ལས། ཆོས་ཉིད་བྱང་ཆུབ་སེམས་གཅིག་ངོ་བོ་ལ། །སྡུག་བསྔལ་ཀུན་འབྱུང་བདེན་པ་རྣམ་པ་བཞིས། །སྡུག་བསྔལ་ཀུན་འབྱུང་ངན་སོང་རྒྱུ་ཟེར་ནས། །ཆོས་ཉིད་བྱང་ཆུབ་སེམས་དེ་སྤོང་བར་བྱེད། །དེ་ཡིས་ཆོས་ཉིད་མི་མཐོང་ཡངས་པ་ཡིན། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །དོན་དམ་ཀུན་རྫོབ་བདེན་པ་རྣམ་གཉིས་ཀྱིས། །སྦྱིན་པ་ཚུལ་ཁྲིམས་ཕ་རོལ་ཕྱིན་པ་བཅུས། །ས་བཅུ་ལམ་ལ་སྦྱངས་ཏེ་བགྲོད་པ་ཡིས། །ཆོས་ཉིད་མ་མཐོང་སྦྱོང་བའི་ས་ལ་གནས། །ཆོས་ཉིད་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །གཟའ་དང་རྒྱུ་སྐར་དུས་ཚིགས་བཟང་སྒོ་ནས། །བྱང་ཆུབ་ལྔ་དང་ཆོ་འཕྲུལ་ཆེན་པོ་བཞིས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ལ། །བྱིན་གྱིས་བརླབས་ནས་ལྷ་ཡི་སྐུར་བསྒོམས་པ། །དེ་ཡིས་རང་སེམས་སྒོམ་མེད་མཐོང་བ་མིན། །ཞེས་སོ། །ཐེག་པ་ཞེས་པ་འདི་ཡཱ་ན་ཞེས་པའི་སྒྲ་ལས་དྲངས་ན། ཐེག་པའམ་བཞོན་པ་ལ་འཇུག་ཅིང་། འདི་ལ་འདིས་འདེགས་པ་དང་། འདི་འདེགས་པ་དང་། འདིར་འདེགས་པ་སྟེ། དེ་དག་ཀྱང་འདིས་འདེགས་པས་ན་ཐེག་པ་སྟེ་བཞོན་པ་བཟང་པོ་ལྟ་བུ་དང་། འདི་འདེགས་པས་ན་ཐེག་པ་སྟེ་དེ་ལ་བརྟེན་ནས་འགྲོ་བའི་གང་ཟག་ལྟ་བུ་དང་། འདིར་འདེགས་པས་ན་ཐེག་པ་སྟེ་རང་རང་གི་འདོད་པའི་འབྲས་བུ་ལྟ་བུ་རྣམས་སོ། །སྤྱིར་ན་ཐེག་པའི་རིམ་པ་དང་ལམ་གྱི་འཇུག་སྒོ་ནི་གདུལ་བྱའི་དབང་པོའི་ཁྱད་པར་དང་བསྟུན་པ་ཞིག་ཡིན་ལ། དེ་ཡང་སེམས་ཅན་གྱི་བསམ་པའི་ཁྱད་པར་གྱིས་གྲངས་མཐར་ཐུག་པ་མེད་ཅིང་། འོན་ཀྱང་རིགས་བསྡུས་ཏེ་ཐེག་རིམ་དགུའི་རྣམ་གཞག་གསུངས་པ་ནི། སྔ་འགྱུར་རྡོ་རྗེ་ཐེག་པའི་ཐུན་མིན་གྱི་ལུགས་ཡིན་པ་དང་། འདི་ནས་རིམ་འཇུག་རྩོལ་བ་ཅན་གྱི་གང་ཟག་ཅེས་དམིགས་སུ་བཀར་ཚེ་རིམ་འཇུག་རྩོལ་བ་ཅན་གྱི་ལམ་ཞིག་དང་། ཅིག་ཅར་བ་རྩོལ་མེད་ཆིག་ཆོད་ཀྱི་ལམ་གཉིས་སུ་འདུས་པའང་ཤུགས་ཀྱིས་གོ་ཞིང་། གོང་ནས་ལུང་གིས་བསྟན་དོན་ལྟར་དུ་ཡོངས་སུ་རྣལ་འབྱོར་མན་ཆད་སྔགས་ཕྱི་པ་མཚན་ཉིད་ཐེག་པ་དང་བཅས་པ་ནི་རིམ་འཇུག་རྩོལ་བ་ཅན་གྱི་ལམ་ཡིན་པར་བསྟན་པ་སྟེ། རིམ་འཇུག་ཅེས་པའི་ཚིག་གིས་རིམ་པས་གང་ལ་འཇུག་ཅེ་ན། བླ་ན་མེད་པ་ཨ་ཏི་བྱང་ཆུབ་སྙིང་པོའི་འབྲས་བུའི་ཐེག་པར་འཇུག་པའི་ཐབས་སམ་དེའི་རྒྱུ་ཙམ་སྒྲུབ་པར་བྱེད་པར་རློམ་པ། མདོར་ན་ཚེ་འདིར་སངས་རྒྱས་ཐོབ་པའི་ལམ་མིན་པའི་ཆ་ནས། ཆུང་དང་འབྲིང་གི་རྣམ་གཞག་མཛད་ཅིང་། གང་ལྟར་ཨ་ཏི་རྫོགས་ཆེན་བྱར་མེད་སྙིང་པོའི་དོན་གྱི་ངོས་ནས་བལྟས་ཡོང་ན། ཐམས་ཅད་གོལ་སྒྲིབ་ཡིན་པར་ཀུན་བྱེད་ཀྱི་ལུང་གིས་བསྟན་པ་སྟེ། འོན་ཀྱང་འདི་ཉིད་འོག་མའི་ཐེག་པ་ཁྱད་དུ་བསད་པའི་གོ་བ་མ་ཡིན་པར་གོང་མའི་ཁྱད་ཆོས་ཁྱད་དུ་འདོན་པའི་ཆ་ནས་གསུངས་པའོ།།

༼ཁ གཉིས་པ་སྔགས་ནང་པ་གསུམ་གྱི་རིམ་པ་བསྟན་པ།

སྔགས་ནང་པ་གསུམ་གྱི་རིམ་པ་ནི།

མ་ཧཱ་ཨ་ནུ་ཨ་ཏི་རྣམ་པ་གསུམ།།

ཆེན་པོ་གསུམ་ལ་གདོད་ནས་སྣང་བ་སྟེ།།

རྒྱུ་འབྲས་ཐེག་པའི་ཆོས་ཀྱི་སྒོ་དབྱེ་བས།།

སྐལ་ལྡན་འགྲོ་བ་བྱང་ཆུབ་གསུམ་ལ་འདྲེན།།

ཞེས་གསུངས་ཏེ། འདི་དག་ཀྱང་ཨ་ཏི་ཉག་གཅིག་ལས་གཞན་གཉིས་ཡོངས་སུ་མ་རྫོགས་པས་མཐར་ཐུག་པ་མ་ཡིན་ཏེ། སེམས་ཅན་གྱི་བློ་རིམ་འཁྲིད་པ་ཙམ་གྱི་ཕྱིར་རོ། །དེའི་དོན་ཀུན་བྱེད་ལས། ཆོས་གཅིག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ། །ཏིང་འཛིན་གསུམ་དང་ཆོ་ག་རྣམ་པ་ལྔས། །རང་རྒྱུད་དག་པའི་རྡོ་རྗེ་ཕུང་པོ་ལ། །བསྙེན་སྒྲུབ་རྣམ་པ་བཞི་ཡིས་ལྷ་བསྒོམས་ནས། །སྣང་ལ་རང་བཞིན་མེད་པར་བྱེད་པ་ནི། །བཙལ་ཞིང་བསྒྲུབས་ནས་རང་སེམས་ལྷར་བཅོས་པས། །དེས་ཀྱང་རང་སེམས་བྱར་མེད་མཐོང་བ་མེད། །རང་གི་ཆོས་ཉིད་བྱང་ཆུབ་སེམས་ལ་ནི། །ཀུན་བྱེད་རྒྱལ་པོ་སྟོན་པའི་སྟོན་པས་ཀྱང་། །རང་སེམས་ཡེ་ནས་ཆོས་ཉིད་གྲོལ་བ་ལས། །སྟོན་པ་གསུམ་ལ་སྒོམ་པའི་ལུང་མ་བསྟན། །སྒོམ་སྒྲུབ་བཙལ་ན་རང་སེམས་སྤང་བ་སེམས། །ཀྱེ་སེམས་དཔའ་ཆེན་པོ་རང་སེམས་གྲུབ་འདོད་ན། །འདོད་པ་མེད་པས་གྲུབ་པ་ཡིན་པའི་ཕྱིར། །རྟོག་མེད་མཉམ་པ་ཉིད་ལ་གནས་མི་བྱེད། །བླང་དོར་མེད་པའི་ཡུལ་ལ་རང་བཞིན་གནས། །གཡོས་པ་མེད་པའི་ངང་ལ་ངང་གིས་གནས། །སེམས་ནི་ཇི་བཞིན་པ་ཡི་ངོ་བོ་སྟེ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཉིད་དུ་གྲུབ། །ཇི་བཞིན་པ་ལ་འཆོས་པར་མ་བྱེད་ཅིག །ངོ་བོ་ཉིད་ལས་གཞན་དུ་མ་སྒྲུབས་ཤིག །བཙལ་ན་རྒྱལ་བས་དབྱིངས་ནས་རྙེད་མི་འགྱུར། །སྔར་བྱས་ཟིན་པས་ད་ནི་བྱེད་མི་དགོས། །སྔར་གྲུབ་ཟིན་པས་ད་ནི་བསྒྲུབ་མི་དགོས། །ཞེས་སོ། །ཞེས་དེའི་དོན་བཀྲལ་བ་སྟེ། རིག་པ་གསལ་སྟོང་འགག་མེད་བྱང་ཆུབ་སེམས་ཀྱི་རང་བཞིན་མཚོན་བརྗོད་ཀུན་ལས་འདས་པ་སྒྲུབ་དང་བསྒྲུབ་པར་བྱར་མེད་ཅིང་། རིག་པ་རང་ངོ་གང་དུའང་མ་གྲུབ་པས། དེ་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་ཆོས་དང་། སྦྱང་བགྲོད་ས་ལམ་གྱི་རྣམ་གཞག་དང་། མཚན་བཅས་བསྐྱེད་རྫོགས་དང་། དམིགས་བཅས་དམ་ཚིག་དང་། བསྒྲུབ་བྱའི་འཕྲིན་ལས་དང་། བཟང་པོར་སྒྲུབ་པའི་ཡེ་ཤེས་ལ་སོགས་གང་ཡང་མེད་ལ། སྒྲོ་སྐུར་མེད་པས་ཆོས་དང་ཆོས་མ་ཡིན་པར་དབྱེ་བསལ་མེད་ཅིང་། གང་ཅི་སྣང་ཅི་ཤར་ཐམས་ཅད་རང་སྣང་ཡེ་གྲོལ་རྣམ་དག་ཏུ་ཐག་ཆོད་པས་རིན་པོ་ཆེ་གསེར་གླིང་དུ་ཕྱིན་དུས་ས་རྡོ་ཕལ་བ་བཙལ་དུ་མི་རྙེད་པ་ལྟར། མ་གྲོལ་བའི་ཆོས་དང་སྤང་བྱ་དང་ཆེད་དུ་བྱ་བའི་ལྟ་སྒོམ་སྤྱོད་འབྲས་ཀྱིས་བཙལ་དུ་མི་རྙེད་དེ། ཐམས་ཅད་རིག་པ་ཟང་ཐལ་ཆོས་ཟད་རང་སྣང་དུ་ས་ལེ་སྣང་བ་རྒྱ་ཡན་རིག་པ་བར་མེད་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་བཅུས་རྩོལ་ཞིང་བསྒྲུབ་ཏུ་མེད་པ་ཡིན། དེ་ལྟར་ཆོས་སུ་མ་གྲུབ་པའི་ངོ་བོ་ཉིད་དེ་ལ་དེ་ལས་གཞན་དུ་བསྒྲུབས་པར་བྱས་ན། མཐར་ཕྱིན་ཡོངས་སུ་རྫོགས་པའི་ལམ་མིན་ལ། དོན་ངོས་བཟུང་ནས་བཤད་ན། མ་ཧཱ་ཨ་ནུར་གབ་ཅིང་སྦས་པའི་སྙིང་པོའི་དགོངས་དོན་མཐར་ཐུག་དེ། ཨ་ཏི་རྫོགས་ཆེན་གྱི་བྱར་མེད་བློ་འདས་རང་གི་ངོ་བོ་མཐོང་བ་ལས་གཞན་ཞིག་མི་རྙེད་པར་བསྟན་པའོ།།

༼ག གསུམ་པ་ཐམས་ཅད་རྡོ་རྗེ་སྙིང་པོའི་འཇུག་སྒོར་བསྟན་པ།

དེ་ཇི་ལྟར་བསྟན་སྙམ་ན་ཐམས་ཅད་རྡོ་རྗེ་སྙིང་པོའི་འཇུག་སྒོར་བསྟན་པ་ནི།

ཀུན་ཀྱང་མཐར་ཐུག་རྡོ་རྗེ་སྙིང་པོའི་དོན།།

གསང་ཆེན་རྨད་དུ་བྱུང་འདིར་འཇུག་དགོས་པས།།

ཀུན་གྱི་རྩེ་མོ་འོད་གསལ་མཆོག་མི་འགྱུར།།

མངོན་པར་བྱང་ཆུབ་སྙིང་པོའི་ཐེག་པར་གྲགས།།

ཞེས་གསུངས་ཏེ། ཐེག་པ་དེ་དག་ཀྱང་མཐར་ཐུག་རྡོ་རྗེ་སྙིང་པོའི་ཐེག་པ་འདིར་འཇུག་དགོས་ཏེ། སྒོ་འདི་མ་མཐོང་ན་སངས་རྒྱས་ཐོབ་མི་སྲིད་པའི་ཕྱིར་རོ། །གསང་བ་སྤྱོད་པ་ས་བོན་གྱི་རྒྱུད་ལས། སངས་རྒྱས་འབྲས་བུ་སུས་ཐོབ་པ། །འདི་ཉིད་དེ་ལ་སྣང་བ་ཡིན། །འདི་མ་མཐོང་བའི་སངས་རྒྱས་ནི། །གཅིག་ཀྱང་བྱུང་བ་སྔ་ཕྱིར་མེད། །ཅེས་པ་དང་། གྲངས་མེད་རྡོ་རྗེ་འཆང་རྣམས་ཀྱིས། །ཐུགས་རྡོལ་ཉག་གཅིག་དགོངས་དོན་གཅིག །ཅེས་སོ། །རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དང་ལྡན་པ་དེས་གདུལ་བྱ་འདུལ་བའི་དོན་དུ་བསམ་ཡས་ཐེག་པའི་གྲངས་མཐའ་ཐུག་པ་མེད་པར་བསྟན་པ་དེ་དག་ཐམས་ཅད་ཀུན་ཀྱང་། མཐར་ཐུག་རྡོ་རྗེ་སྙིང་པོ་རྩོལ་མེད་ཨ་ཏིས་བསྟན་དོན་གསང་ཆེན་རྨད་དུ་བྱུང་བའི་འབྲས་བུ་མཐར་ཐུག་གི་ཐེག་པ་འདི་ལ་འཇུག་དགོས་པའི་ཆེད་དུ་གསུངས་པ་ཞིག་ཡིན་པས་ན། འདི་མ་མཐོང་བའི་སངས་རྒྱས་སྔར་མ་བྱོན། ད་མི་བྱོན། ཕྱིས་ཀྱང་འབྱོན་པ་མི་སྲིད་པས། གྲངས་མེད་བརྗོད་ལས་འདས་པའི་རྡོ་རྗེ་འཆང་རྣམས་ཀྱི་ཐུགས་དགོངས་པའི་ཀློང་ནས་རྡོལ་བའི་གསང་བ་གཅིག་པུ་འདི་ཡིན་པར་བསྟན་པའོ། །དེའང་རིམ་པ་བརྒྱད་པོ་བློ་ཆུང་རྣམས་ཀྱི་གཉེན་པོར་བསྟན་ལ། ཨ་ཏི་ཡང་རབ་སྐལ་བ་ཅན་ལ་སྣང་བའོ། །དེའང་རིག་པའི་རང་ངོ་ལ་ཐེག་པ་གང་དུའང་མེད་ཀྱང་། དེ་རྟོགས་པར་བྱེད་པའི་སྒོ་ཙམ་དུ་སོ་སོར་ཤར་ཏེ། རིག་པ་ཐད་དྲང་དུ་སྟོན་པ་ཨ་ཏི་ཡངས་པ་ཆེན་པོ་ལས་གཞན་མེད་དེ། སེང་གེ་རྩལ་རྫོགས་ལས། ཡངས་སོ་ཆེའོ་ཆོས་ཆེན་པོ། །ཆུང་ངུ་རྣམས་ཀྱི་གཉེན་པོ་ཡིན། །ཆུང་དང་ཆེ་བའི་རིམ་པ་རྣམས། །ཡང་དག་ས་ལ་མེད་མོད་ཀྱང་། །སེམས་ཅན་བློ་ལ་གཉིས་སུ་བྱུང་། །ཞེས་སོ། །འོ་ན་རིམ་པ་གཞན་བརྒྱད་པོ་དེ་མ་བསྟན་པས་ཆོག་པར་འདུག་སྟེ། རིང་ལམ་ཐག་རིང་ཞིག་ལ་འཁྲིད་པར་བྱེད་པ་ལས་དང་པོ་ཉིད་ནས་ཉེ་ལམ་དངོས་དེ་བསྟན་རིགས་པ་ལ་དེ་ལྟར་མིན་པ་ཅིའི་ཕྱིར་ཞེ་ན། བྱིས་པ་དང་། གཞོན་ནུ་དང་། དར་མའི་ན་ཚོད་ཀྱི་རིམ་པའི་ཁམས་དང་མཐུན་པའི་ལྟོ་བཅུད་དང་སྨན་ཆས་སྤྲད་པ་དང་འདྲ་བར། ཐེག་པ་བརྒྱད་པོ་ནི་བློ་ཆུང་དང་། བློ་འབྲིང་ལ་བསྟན་ཞིང་། དེ་ནི་ཨ་ཏི་ལ་རིམ་གྱིས་འཇུག་པའི་སྒོ་རུ་བཙུད་པ་ཡིན་ལ། བློ་ཆེན་ཐད་དྲང་ལ་སྟོན་ཆོག་པ་ལ་བསྟན་པར་བྱ་བ་ནི་ཨ་ཏི་ཡངས་པ་ཆེན་པོ་དེའི་གོང་ན་མེད་པ་དེ་ཉིད་ཡིན་ཞིང་། གོང་ནས་བཤད་པ་རྩོལ་བཅས་རྩོལ་མེད་ཀྱི་ལམ་གཉིས་དང་། གང་ཟག་གི་རིགས་གཉིས་ཏེ་དེ་དག་ཐམས་ཅད་དེ་ལ་འདུས་པར་གཏན་ལ་ཕེབས་སོ།།

༼ང བཞི་བ་རྩོལ་སྒྲུབ་ཀྱི་རིམ་པ་བསྟན་པ།

དེ་ལྟར་གཉིས་ལས་རྩོལ་སྒྲུབ་ཀྱི་རིམ་པ་ནི།

ཆོས་ཀྱང་གཉིས་ལས་བླང་དོར་བྱ་བཙལ་ཅན།།

རྩལ་ལས་རོལ་བར་ཤར་བའི་རང་བཞིན་གྱིས།།

སེམས་དང་སེམས་བྱུང་བག་ཆགས་སྦྱང་ཕྱིར་བསྟན།།

དེ་དག་སེམས་ལས་ཡེ་ཤེས་དག་པར་འདོད།།

ཅེས་གསུངས་ཏེ། རྩོལ་བཅས་དང་རྩོལ་མེད་ཀྱི་གང་ཟག་རིགས་གཉིས་ལ་ཆོས་ཀྱང་རྣམ་པ་གཉིས་སུ་ཡོད་ཅིང་། བླང་དོར་བྱ་རྩོལ་ཡོད་མེད་ལ་སོགས་པ་གསུངས་པའི་དོན་བསྡུས་ན་སེམས་ལམ་བྱེད་དང་། ཡེ་ཤེས་ལམ་བྱེད་ཀྱི་རིགས་གཉིས་སུ་ངེས་སོ། །རིམ་པ་བརྒྱད་པོ་རྣམས་ནི་སེམས་ལམ་དུ་བྱེད་པས་བླང་དོར་བྱ་བཙལ་དང་བཅས་པར་ལམ་དུ་བྱེད་ཅིང་། སེམས་དྲི་མ་དང་བྲལ་ན་ཡེ་ཤེས་སུ་འདོད་པ་བཞིན་དུ། ཨ་ཏིའི་ཡང་སྙིང་འོད་གསལ་སྙིང་ཐིག་གི་ལམ་མན་ངག་སྡེའི་བསྟན་དོན་མ་རྟོགས་པ་མཚུངས་པར་སེམས་ལམ་བྱེད་ཀྱི་ཐེག་པ་དེའི་ཕྱོགས་སུ་བསླན་པར་འོས་ཏེ། སེམས་འབའ་ཞིག་ལ་བྱང་ཆུབ་ཀྱི་གཞི་ལམ་འབྲས་བུར་སྟེགས་འཆའོ། །འདིའི་ཁྱད་པར་ནི་ཁོ་བོས་བྱས་པའི་བསྟན་བཅོས། གྲུབ་པའི་མཐའ་རིན་པོ་ཆེའི་མཛོད་དང་། ཐེག་པའི་མཆོག་རིན་པོ་ཆེའི་མཛོད་དང་། འོད་གསལ་རིན་པོ་ཆེའི་མཛོད་དེ་ཚིག་དོན་རིན་པོ་ཆེའི་མཛོད་དུ་ཤེས་པར་བྱའོ། །ཞེས་ཞལ་འཕངས་ནས། རྩལ་རྫོགས་ལས་ཀྱང་། སེམས་དང་ཡེ་ཤེས་བག་ཆགས་དངོས་མ་ཡིན། །ཡེ་ཤེས་བག་ཆགས་ཀུན་དང་བྲལ་གྱུར་ཀྱང་། །སེམས་ཀྱིས་སྣ་ཚོགས་བག་ཆགས་སྡུད་པར་བྱེད། །སེམས་དང་ཡེ་ཤེས་གཉིས་སུ་མ་ཕྱེ་ན། །སྣང་བ་ཡུལ་གྱི་རྩ་བ་མི་ཆོད་པས། །རྐྱེན་བྲལ་ཆོས་ཉིད་དག་ཀྱང་རྟོགས་པར་དཀའ། །ཞེས་པས། འདིར་ཉུང་ངུར་བསྡུས་ན། ཡེ་ཤེས་དང་སེམས་ཀྱི་ཤན་འབྱེད། དོན་བསྡུས་སུ་གསུངས་པ་ནི། ཡེ་ཤེས་ནི་རིག་པའི་རང་ངོ་དུས་ཐམས་ཅད་པ་ཡུལ་དང་བྲལ་བའི་དགོངས་པ་སྟེ། བསམ་བརྗོད་སྤྲོས་པ་ཐམས་ཅད་དང་བྲལ་བའོ། །སེམས་ནི་ཡུལ་ལ་འཛིན་པའི་ཤེས་པའོ། །སེམས་ཀྱི་རྩ་བ་ཡེ་ཤེས་ལ་ཐུག་ཅིང་། གསེབ་ན་ཡེ་ཤེས་ཀྱི་གདངས་སམ་རྩལ་ལྟར་ཡོད་པས་རང་ངོ་ཡེ་ཤེས་སུ་དུས་ལ་ལྟོས་ནས་ངོས་ཟིན་པར་བྱེད་དགོས་ཏེ། མ་ཟིན་ན་དྲི་མ་ཞེས་བྱའོ། །རིག་པའི་ངོ་བོ་དང་། རྩལ་གྱི་ཁྱད་ཡོད་པས་སེམས་དང་ཡེ་ཤེས་ཕྱེད་པར་བྱའོ། །དེ་ཡང་རྒྱུ་མཚན་ཉིད་ཀྱི་ཐེག་པ་གསུམ་གཅིག་ཏུ་བྱས་པ་དེ་དང་། ཀྲཱི་ཡ། ཨུ་པ། ཡོ་ག་གསུམ་སྟེ་བཞི། མ་ཧཱ་ཨ་ནུ་གཉིས་ཏེ་དྲུག་ནི་རྫོགས་པ་ཆེན་པོའི་གོལ་སར་བསྟན་ཏེ། ཀུན་བྱེད་ལས། ངེས་པ་ཐོབ་པའི་ཐེག་པ་དྲུག །རྫོགས་པ་ཆེན་པོའི་གོལ་སར་བསྟན། །དེ་ཡང་ཇི་ལྟ་བུ་ཞེ་ན། །བྱང་ཆུབ་སེམས་དཔའི་མདོ་སྡེ་ནི། །ཀུན་ཏུ་འོད་ཀྱི་ས་འདོད་པ། །བདེན་པ་གཉིས་ཀྱི་རྟོག་དཔྱོད་ཀྱི། །ཆོས་ཉིད་སྟོང་པ་ནམ་མཁར་འདོད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྟོག་དཔྱོད་འདས་པའི་བྱང་ཆུབ་སེམས། །རྟོག་དཔྱོད་འདས་ལ་མདོ་སྡེས་བསྒྲིབས། །རྫོགས་ཆེན་རྟོག་དང་དཔྱོད་པ་ནི། །མདོ་སྡེ་དག་ཏུ་གོལ་བར་བཤད། །ཀྲཱི་ཡ་རྡོ་རྗེ་འཛིན་འདོད་པ། །དག་པ་རྣམ་གསུམ་སྒོར་ཞུགས་ནས། །གཟུང་འཛིན་དག་པའི་ཡུལ་ལ་གནས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཟུང་འཛིན་འདས་པའི་བྱང་ཆུབ་སེམས། །གཟུང་འཛིན་འདས་ལ་ཀྲཱི་ཡས་བསྒྲིབས། །རྫོགས་ཆེན་གཟུང་དང་འཛིན་བྱེད་པ། །ཀྲཱི་ཡ་དག་ཏུ་གོལ་བར་བཤད། །ཨུ་པ་ཡ་ཡི་ལྟ་སྤྱོད་ནི། །ཀྲཱི་ཡ་སྤྱོད་ཅིང་ཡོ་ག་སྒྲུབ། །ལྟ་སྤྱོད་འབྲེལ་བའི་དོན་མེད་པས། །གཉིས་སུ་མེད་པའི་དོན་མ་རྟོགས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །གཉིས་སུ་མེད་པའི་བྱང་ཆུབ་སེམས། །གཉིས་སུ་མེད་ལ་ཨུ་པས་བསྒྲིབས། །རྫོགས་ཆེན་གཉིས་སུ་བྱེད་པ་ནི། །ཨུ་པ་ཡ་རུ་གོལ་བར་བཤད། །ཡོ་ག་སྟུག་པོ་བཀོད་འདོད་པས། །མཚན་མ་ཡོད་མེད་སྒོར་ཞུགས་ནས། །ཕྱག་རྒྱ་བཞི་ལ་གཙོར་བྱེད་པ། །བླང་དོར་མེད་ལ་འཇུག་མ་ནུས། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །བླང་དོར་མེད་པའི་བྱང་ཆུབ་སེམས། །བླང་དོར་མེད་ལ་ཡོ་གས་བསྒྲིབས། །རྫོགས་ཆེན་བླང་དང་དོར་བྱེད་པ། །ཡོ་ག་དག་ཏུ་གོལ་བར་བཤད། །མ་ཧཱ་རྡོ་རྗེ་འཆང་འདོད་པ། །ཐབས་དང་ཤེས་རབ་སྒོར་ཞུགས་ནས། །རང་རྒྱུད་དག་པའི་དཀྱིལ་འཁོར་ལ། །བསྙེན་སྒྲུབ་རྣམ་བཞིས་སྒྲུབ་པར་བྱེད། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྩོལ་སྒྲུབ་འདས་པའི་བྱང་ཆུབ་སེམས། །རྩོལ་སྒྲུབ་འདས་ལ་མ་ཧཱས་བསྒྲིབས། །རྫོགས་ཆེན་རྩོལ་སྒྲུབ་བྱེད་པ་ནི། །མ་ཧཱ་ཡོ་གར་གོལ་བར་བཤད། །ཨ་ནུ་དབྱེར་མེད་ས་འདོད་པ། །དབྱིངས་དང་ཡེ་ཤེས་སྒོར་ཞུགས་ནས། །འདི་ལྟར་སྣང་བའི་ཆོས་རྣམས་ལ། །རྒྱུ་ནི་དག་པའི་དབྱིངས་ལྟ་བ། །འབྲས་བུ་ཡེ་ཤེས་དཀྱིལ་འཁོར་ལྟ། །ཨ་ཏི་ཡོ་གའི་བདེ་ཆེན་ནི། །རྒྱུ་འབྲས་འདས་པའི་བྱང་ཆུབ་སེམས། །རྒྱུ་འབྲས་འདས་ལ་ཨ་ནུས་བསྒྲིབས། །རྫོགས་ཆེན་རྒྱུ་འབྲས་གཉིས་ལྟ་ན། །ཨ་ནུ་ཡོ་གར་གོལ་བར་བཤད། །ཅེས་གསུངས་སོ། །ཞེས་ལུང་གིས་བཀྲལ་བའོ། །དེ་ལྟར་ན་ཐེག་པ་འོག་མའི་ཉམས་ལེན་ཏིང་འཛིན་དང་རྟོགས་པའི་ཡོན་ཏན་གྱི་ཆ་ཐམས་ཅད་སྙིང་པོའི་ཐེག་པ་འདི་ལ་འདུས་པ་དང་། འོག་མའི་བློ་སྐྱོན་གྱི་ཆ་དེ་དག་མེད་པས་མ་འདྲེས་ཡོངས་རྫོགས་ཀྱི་ཐེག་པ་རུ་གྲུབ་སྟེ། འོད་གསལ་རིག་པའི་རང་ངོ་སྐྱོང་བའི་སྐད་ཅིག་ལ་གནས་པ་དེའི་ཚེ། གང་ཟག་དང་ཆོས་ཀྱི་བདག་ཏུ་འཛིན་པ་མེད་པས་ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་གསུམ་གྱི་ལྟ་བའི་དགོངས་པ་འདུས་སོ། །ལུས་ངག་ཡིད་གསུམ་ཉོན་མོངས་པའི་དྲི་མ་མེད་པས་གཙང་སྦྲར་སྤྱོད་པ་ཀྲཱི་ཡ་ཨུ་པ་ཡོ་ག་གསུམ་གྱི་ཡེ་ཤེས་དྲི་མེད་གསུམ་དུ་འདུས་སོ། །སྣང་བ་རིག་པ་གཉིས་མེད་གསུམ་ཟུང་དུ་ཆུད་དེ་རྟོགས་པ་ཏིང་ངེ་འཛིན་ཁྱད་པར་ཅན་མངོན་དུ་གྱུར་པས་མ་ཧཱ་ཨ་ནུ་ཨ་ཏི་གསུམ་གྱི་དགོངས་པ་འདུས་སོ། །དེ་ལྟར་ན་སྐྱོན་ཀུན་ཟད་ཡོན་ཏན་ཡར་ལྡན་གྱི་ཆ་དེ་ནས་མ་འདྲེས་ཡོངས་རྫོགས་འབྲས་བུའི་རྒྱལ་པོའི་ཐེག་པར་གྲུབ་ཅིང་འོག་མའི་གོལ་ས་ཤུགས་ཀྱིས་ཆོད་པར་བསྟན་ནས།

༼ཅ ལྔ་བ་རང་ངོ་ཨ་ཏིའི་དགོངས་པ་བསྟན་པ།

རང་ངོ་ཨ་ཏིའི་དགོངས་པ་ནི།

བླང་དོར་བྱ་བརྩལ་མེད་པའི་ཆོས་ཆེན་ནི།།

རང་བྱུང་ཡེ་ཤེས་བྱང་ཆུབ་སེམས་ཉིད་ཀྱི།།

ངོ་བོ་ཐད་དྲང་ངང་ལས་མ་གཡོས་པར།།

མངོན་དུ་བྱེད་པས་གཞན་དུ་རྩོལ་མི་དགོས།།

རང་ལ་བཞག་ནས་གཞན་དུ་འཚོལ་མི་བྱེད།།

ཅེས་གསུངས་ཏེ། རྡོ་རྗེ་སྙིང་པོ་ལྷུན་གྱིས་གྲུབ་པ་འདིའི་རང་གཞུང་ནི་རིག་པ་བཅོས་བསླད་མེད་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པ་ཆོས་སྐུ་གཞིའི་སངས་རྒྱས་སུ་འདོད་པས། དེ་ལས་གཞན་དུ་བཙལ་ཀྱང་སངས་རྒྱས་མི་རྙེད་ལ། སངས་རྒྱས་མིང་ཙམ་ལས་དོན་ལ་རིག་པ་འཕོ་འགྱུར་མེད་པའི་ངོ་བོ་ཀློང་དུ་ཕེབས་པ་ཙམ་དུ་འདོད་དེ། ཁྱུང་ཆེན་ལས། རྒྱུ་མེད་རྐྱེན་དང་བྲལ་བའི་རང་སྣང་སྒྲིབ་མེད་ཉིད། །རྩོལ་བྲལ་ཉག་གཅིག་སུས་ཀྱང་མ་བྱས་པའི། །ཡེ་རྫོགས་སྙིང་པོ་ལྷུན་གྲུབ་ཡུལ་ལ་རོལ། །ཞེས་པ་དང་། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། སངས་རྒྱས་མ་བལྟ་རང་སེམས་བྱར་མེད་རྟོགས། །བརྟགས་ན་མེད་དེ་རང་རིག་ཡེ་ནས་གསལ། །འདི་མིན་སྙམ་པའི་རྒྱུ་འབྲས་ཐེག་ཆེན་ལ། །སྤོང་འགེགས་སྦྱངས་པ་བྱིན་རླབས་སྣ་ཚོགས་ཀྱིས། །རང་སེམས་ཆོས་ཉིད་བྱར་མེད་དེ་ལས་གོལ། །རང་གམ་བཞག་ནས་གཞན་མ་རྒྱང་དུ་འཚོལ། །བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་ནད་དུ་དེ་ལས་ཆེ་བ་མེད། །ཅེས་སོ། །གོང་ནས་ཀྱང་སེམས་དང་ཡེ་ཤེས་ཀྱི་ཁྱད་འབྱེད་གསུངས་པ་ལྟར་དུ། སེམས་ནི་ཡུལ་འཛིན་པའི་རྟོག་དཔྱོད་གཟུང་འཛིན་དུ་སྐྱེས་པ། ཁམས་གསུམ་པའི་སེམས་སེམས་བྱུང་གི་གཞི་རུ་གནས་ཏེ། ས་དགུའི་དྲི་མ་སྐྱེས་པ་ཅན། རྟོག་དཔྱོད་དང་བསམ་གཏན་གཟུགས་མེད་ཀྱི་རྣམ་པ་དགུའོ། །ཡེ་ཤེས་ནི་དེ་ལས་འདས་པའི་ངོ་བོ་སྤྲོས་བྲལ་གྱི་རིག་པའོ། །རིག་པ་ནི་ཐམས་ཅད་པའི་ཚེ་རིག་ཆར་གནས་པས་རང་བྱུང་འཕོ་འགྱུར་མེད་པའི་ཕྱིར། དེ་བཞིན་ཉིད་དོན་དུ་གནས་པར་ཤེས་བྱའོ། །དེའི་རིག་པ་དེ་ཉིད་རང་བྱུང་འཕོ་འགྱུར་དང་བྲལ་བས་ན། བླང་དོར་དང་བྱ་བཙལ་གྱི་མཚན་མའི་ཆོས་མེད་ཅིང་། བློ་དང་རྟོག་པ་གང་གིས་ཀྱང་སྤྱོད་ཡུལ་དུ་མ་གྱུར་ཅིང་ཆོས་ལས་འདས་པས་ན་ཆོས་ཆེན་པོ་ཞེས་བྱ་ལ། དེ་ལྟ་བུའི་རང་བྱུང་གི་ཡེ་ཤེས་དེ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་ཞིང་། ངོ་བོ་སྟོང་པ་ཆོས་སྐུ་ནམ་མཁའ་ལྟ་བུ། རང་བཞིན་གསལ་བ་ལོངས་སྐུ་ཉི་ཟླ་ལྟ་བུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་འོད་ཟེར་ལྟ་བུ་སྟེ། དེ་གསུམ་ཡང་ངོ་བོ་དབྱེར་མེད་སྐུ་གསུམ་ཡེ་ཤེས་ཀྱི་རང་བཞིན་དུ་ཡེ་ནས་འཕོ་འགྱུར་མེད་པར་དབྱིངས་སུ་གནས་པ་ཡིན་པས། དེ་འདྲའི་ཆོས་སྐུ་གཞིའི་སངས་རྒྱས་དེ་ཉིད་མངོན་དུ་བྱེད་དགོས་ན། རྒྱུ་འབྲས་བྱེད་པ་གཅིག་པའི་བདག་ཉིད་མི་བསླུ་བ་ཡིན་པས་ན། ཨ་ཏིའི་དགོངས་པ་རྡོ་རྗེ་སྙིང་པོ་ལྷུན་གྲུབ་ཀྱི་འབྲས་བུའི་ཐེག་པ་འདིའི་རང་བྱུང་རང་ལ་གནས་པའི་རིག་པ་བྱང་ཆུབ་སེམས་ཉིད་ཀྱི་ངོ་བོ་ཐད་དྲང་ཇི་ལྟར་ཡིན་པ་དེ་ལྟར་གྱི་ངང་ལས་མངོན་དུ་བྱེད་པ་ལས་སེམས་ལམ་དུ་བྱས་ནས་གཞན་དུ་རྩོལ་བ་བྱེད་དགོས་པ་མིན་ནོ། །རྒྱུ་འབྲས་གཉིས་ཀྱི་བྱེད་པ་གཅིག་ཡིན་པའི་སྟབས་ཀྱིས། ཉམས་སུ་ལེན་དུས་ཀྱང་འཁོར་བའི་སེམས་ནི་འབྲས་བུ་འཁོར་བ་ཉིད་ལས་ལོགས་སུ་གྱུར་པ་ཞིག་ཡོད་དོན་མེད་ཅིང་། ཁམས་གསུམ་སེམས་ཅན་ཐམས་ཅད་གཞི་ཅི་ཡང་མ་ཡིན་པ་ལས་ཅིར་ཡང་འཁྲུལ་ནས། སྔར་འཁོར་བ་དེ་ལྟར་འཁྱམས་པས་ད་དུང་རང་བྱུང་གི་རིག་པ་རང་ལ་ཡོད་པ་དེ་ཉིད་བསྐྱུར་ནས། གཞན་དུ་བཙལ་བར་སོང་ན་སྔར་ལས་མ་འདས་ཤིང་། སངས་རྒྱས་ཞེས་པ་དེ་ཡང་རིག་པ་འཕོ་འགྱུར་མེད་པ་དེ་ཇི་བཞིན་རང་ངོ་ཤེས་ནས་དེ་ལ་གོམས་ཏེ། གོམས་པ་ཀློང་དུ་གྱུར་པའི་ཕན་ན་ཡོད་པ་མ་ཡིན་པས་སངས་རྒྱས་རང་ལ་བཞག་ནས་གཞན་དུ་བཙལ་དུ་མ་འགྲོ་མ་གཏོགས་རྙེད་དུ་མེད་དོ་ཞེས་པའོ།།

༼ཆ དྲུག་པ་ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ།

དེ་ཡིས་རང་ངོ་ཨ་ཏིའི་དགོངས་པ་བསྟན་ནས་ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པ་ནི།

འདི་ནི་ཉི་མའི་ངོ་བོ་དེ་ཉིད་དོན།།

རང་གཞག་འོད་གསལ་མི་གཡོ་གནས་པར་འདོད།།

གཞན་ནི་སྤྲིན་དང་མུན་སེལ་རྩོལ་སྒྲུབ་ཀྱིས།།

ཉི་མ་གདོད་གྲུབ་བྱེད་དང་མཚུངས་པར་བསྟན།།

དེས་ན་འདི་གཉིས་ཁྱད་པར་གནམ་ས་བཞིན།།

ཞེས་གསུངས་ཏེ། ལྷུན་གྲུབ་རྡོ་རྗེ་སྙིང་པོ་འདི་ནི་རིག་པའི་ངོ་བོ་འདི་ཉིད་ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མ་དངོས་སུ་ལྟར་ཡོད་པ་དང་འདྲ་ལ། གཞན་རྣམས་སྤྲིན་དང་མུན་པ་བསལ་བའི་རྒྱུ་དང་རྐྱེན་ལས་གདོད་ཉི་མ་མཐོང་བར་འདོད་པ་ལྟར། རྒྱུ་རྐྱེན་རྩོལ་སྒྲུབ་བྱས་པའི་མཐར་སངས་རྒྱས་འགྲུབ་པར་འདོད་པ་སྟེ། ལྷུན་གྱིས་གྲུབ་པ་དང་འགལ་བར་ཞུགས་པས་ཐེག་པ་དེ་དག་སོ་སོའི་གཞུང་ནང་འགལ་བ་སྟེ། དེས་ན་རིག་པ་རང་བྱུང་གི་ཡེ་ཤེས་ཉིད་ད་ལྟ་ནས་སངས་རྒྱས་རང་བབས་སུ་ཡོད་པ་དང་། མེད་པའི་ཁྱད་ཀྱིས་ཕྱེ་བ་སྟེ། འོག་མ་དེ་དག་གིས་དོན་རྣལ་མ་མ་རྟོགས་པར་བསྟན་པ་ནི། རྩལ་རྫོགས་ལས། དཀྱིལ་འཁོར་གཅིག་ལ་དོན་བརྗོད་པ། །གསང་སྔགས་གཅིག་ལ་འཁྱེར་སོ་དགུ། །དེ་ཡང་རྣམ་པ་ཙམ་དུ་སྣང་། །རིམ་པ་དགུ་ཡིས་ངོ་བོ་ཡི། །རང་བྱུང་ཡེ་ཤེས་དོན་མ་རྟོགས། །སྣང་བའི་རང་བཞིན་སྣང་བ་ལ། །དོན་དམ་དང་ནི་ཀུན་རྫོབ་གཉིས། །ཐ་དད་མ་ཡིན་གཅིག་གི་ངང་། །ཡེ་ནས་རྟོགས་པའི་ངོ་གང་ལ། །མཚན་མའི་རྣམ་རྟོག་ཅི་བྱུང་བ། །ཐམས་ཅད་ཡེ་ཤེས་རོལ་བ་ཙམ། །རིག་པ་གཅིག་ལ་དོན་བརྗོད་པ། །སྐུ་གསུམ་རྒྱལ་བའི་ངོ་བོར་སྣང་། །སྐུ་ལས་ཡེ་ཤེས་ཆོ་འཕྲུལ་འབྱུང་། །སྣང་དང་མི་སྣང་ཆོས་མ་ཡིན། །རྟོགས་དང་མ་རྟོགས་མཐའ་ལས་གྲོལ། །སྣང་བའི་ཡེ་ཤེས་ངོ་བོར་གནས། །འབྱུང་བ་རྡོ་རྗེ་རྐྱེན་གྱི་བདག །ཅེས་སོ། །འདིའི་ཐེག་པ་གཉིས་ཀྱི་ཁྱད་པར་བསྟན་པའི་ཐེག་པ་གཉིས་དེ་གང་ལ་ངོས་བཟུང་ན། རྩ་བའི་ཚིག་གིས་འདི་ནི་ཞེས་དམིགས་ཀྱིས་བཀར་ནས་ངེས་བཟུང་མཛད་པའི་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་རྩོལ་མེད་ཨ་ཏིའི་གསང་ལམ། ཁྱད་པར་དུ་གསང་བ་མན་ངག་སྡེའི་དགོངས་པ། རིག་པ་རང་གནས་ཀྱི་གནས་ལུགས། ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པ་ཉི་མའི་སྙིང་པོ་སྤྲིན་གྱིས་གོས་མ་མྱོང་པ་དང་འདྲ་བར་ཡོད་པ་ལ། ཐད་ཀར་རང་གཞག་མ་བཅོས་རང་བབས་སུ་གློད་དུས་འོད་གསལ་མི་གཡོ་མཉམ་པ། ཡེ་ཇི་བཞིན་པའི་ཐོག་ལ་གནས་པ་ཡིན་པས་དེ་ནི་ཡེ་ཤེས་ལམ་བྱེད་རྩོལ་མེད་རང་གཞག་གི་ཐེག་པ་དང་། ཅིག་ཤོས་ནི་སེམས་ལམ་བྱེད་སྤྲིན་དང་མུན་པ་བསལ་ནས། རྒྱུ་རྐྱེན་ཚོགས་པའི་ཐབས་སུ་རྩོལ་ཞིང་སྒྲུབ་པའི་ངལ་བ་བསྟེན་པའི་ཡིད་དཔྱོད་ཀྱི་ཐེག་པ་སྟེ། རྩོལ་མེད་ཨ་ཏིའི་རང་ལམ་ལས་གཞན་དུ་གྱུར་པ་ཐམས་ཅད་དོ། །སྤྱིར་ན་ཐུན་མོང་གི་ཐེག་པ་ལས་གནད་བདུན་གྱིས་འཕགས་ཚུལ་ལ་སོགས་པ་གསུངས་ཀྱང་། འདི་ནས་དཔེ་གཅིག་གི་སྟེང་ནས་དོན་གྱི་ཁྱད་པར་གནམ་ས་བཞིན་དུ་རྒྱུག་པའི་དབྱེ་བ་དང་ཁྱད་ཆོས་རྣམ་པ་གཉིས་ཀྱིས་བསྟན་པ་སྟེ། འབད་མེད་ལྷུན་གྲུབ་ཏུ་རང་གནས་ཀྱིས་བཞག་པ་དང་། འབད་བཅས་རྩོལ་བས་དེའི་དོན་ལ་ངལ་བ་བྱས་པ་གཉིས་ཀ་ལ་བཟང་ངན་གནམ་ས་ལྟ་བུའི་ཁྱད་པར་ཡོད་པ་སྨྲོས་མ་དགོས་ཤིང་། ཐད་དྲང་གི་ལམ་དངོས་ལ་འཇུག་མ་ཤེས་པར་རྒྱང་བཀྱེད་པར་བྱས་ཚེ་གོལ་ཤོར་ནོར་བ་ལས་འོས་མེད་ཅིང་། རིག་པ་ཀ་དག་སྟོང་གསལ་གྱི་ངོ་བོ་སྟོང་པས་རྟག་པའི་མཐའ་ལས་གྲོལ་བ་དང་། རང་བཞིན་གསལ་བས་ཆད་པའི་མཐའ་ལས་འདས་ཤིང་། ཡོད་མེད་ཡིན་མིན་གྱི་མཐའ་བཞིའི་ཡུལ་ལས་ཡེ་ནས་འདས་པའི་ལྷུན་གྱིས་གྲུབ་པས་ན། སངས་རྒྱས་རང་བབས་སུ་ད་ལྟ་ནས་རང་རྒྱུད་ལ་ཡོད་པར་རྟོགས་པའི་ཤེས་རབ་ཁྱད་པར་ཅན་ཀློང་དུ་གྱུར་ཡོད་མེད་ཀྱིས་ཐེག་པ་གཉིས་ཀྱི་ཁྱད་བྱུང་སྟེ། འོག་མས་འདིའི་དོན་ཐད་ཀར་མ་མཐོང་བའི་ཁྱད་པ་བསྟན་པའོ།།

༼ག༽གསུམ་པ་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་འབྱེད་པའི་དབྱེ་བ་མཇུག་སྡུད་དང་བཅས་པ་བསྟན་པ།

དེ་ལ་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་དང་། རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ལེགས་པར་བཤད་པ་དང་། ཐུགས་རྗེའི་རྩལ་དང་གཟུང་འཛིན་གྱི་རྟོག་པའི་བྱེ་བྲག་དབྱེ་བ་དང་གསུམ་ལས།

༼ཀ དང་པོ་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ།

དེ་ལྟར་བཤད་ན་རྨོངས་པ་གཟུ་ལུམ་ཅན་འགའ་རེས་ཕྱིན་ཅི་ལོག་ཏུ་གོ་ནས་ལམ་ལོག་པར་འཕྱན་ཅིང་གཞན་དག་ཀྱང་དེར་ཁྲིད་ཉེན་ཡོད་པས། ད་ནི་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་གཉིས་མ་ཕྱེད་པའི་རྨོངས་པ་བཟློག་པ་ནི།

དེང་སང་ཨ་ཏིར་རློམ་པའི་གླང་ཆེན་དག།

འགྱུ་འཕྲོའི་རྟོག་ཚོགས་བྱང་ཆུབ་སེམས་ཡིན་ལོ།།

རྨོངས་པ་འདི་ཀུན་མུན་པའི་ཀློང་ཉིད་ངང་།།

རང་བཞིན་རྫོགས་པ་ཆེན་པོའི་དོན་ལ་རིང་།།

རྩལ་དང་རྩལ་ལས་ཤར་བའང་མི་ཤེས་ན།།

བྱང་ཆུབ་སེམས་ཀྱི་ངོ་བོ་སྨོས་ཅི་དགོས།།

ཞེས་རྨོངས་པ་སྐལ་མེད་འགའ་རེ་མུན་པར་འཕྱན་ནས་ལམ་ནོར་ལ་ཞུགས་དོགས་ཀྱིས། འཕྲང་བསལ་ཞིང་ལམ་ལ་བྱི་དོར་བྱེད་པའི་ཆེད་དུ་དེ་དག་གི་ངང་ཚུལ་བརྗོད་པ་སྟེ། ཐེག་པ་འདིར་མོས་པ་ཙམ་དང་ལྡན་ཡང་ལེགས་པར་མཐོང་བའི་སྐལ་བ་ནི་སྐྲའི་ཉག་མ་ལ་བརྒྱར་བགོས་པའི་ཆ་ཙམ་ཡང་མེད་ལ། ཀུན་ཏུ་མ་བརྟགས་པའི་གཏི་མུག་གིས་ལུས་བསྒྱིངས་ཤིང་། ཕྲག་དོག་དང་ལོག་པར་རྟོག་པའི་གསེར་གྱི་དྲ་བས་གདོང་བརྒྱན་པ། གླང་པོའི་ངང་ཚུལ་ཅན་གྱི་ཤེས་པར་རློམ་ལ་ཁ་གསག་དང་ལྡན་པ་ཁ་ཅིག་དག་རང་ཡང་ཉོན་མོངས་པ་དང་གཏི་མུག་དང་ལོག་པའི་ལམ་དུ་ཞུགས་པར་མ་ཟད། ཐར་པར་ཕྱོགས་པའི་སྐྱེ་བོ་བསོད་ནམས་ཆུང་ངུ་འཕྲད་པར་ཉེས་པ་དག་དང་འཕྲད་པ་ཀུན་ལ་འདི་སྐད་དུ་འདོམས་ཏེ། རྩོལ་མེད་ཨ་ཏིའི་ཐེག་པ་འདི་ལ་མོས་པ་ཙམ་ཞིག་ལྡན་ཡོད་ཀྱང་། དོན་ཇི་བཞིན་དུ་མཐོང་བའི་སྐལ་བ་ཕྲ་ཞིང་། མ་ཟད་མ་བརྟག་གྱ་ཚོམ་དུ་འཇུག་པའི་གཏི་མུག་རྨོངས་པའི་གཞན་དབང་དུ་གྱུར་པའི་ལུས་བོངས་གླང་ཆེན་ལྟ་བུ་སྟེ། དེ་ནི་སྲོག་ཆགས་རིན་ཐང་ཅན་དང་། མིང་ཆེ་བ་དང་། ཆེ་བའི་ཉམས་ཀྱི་འགྱིང་བག་ཡོད་ཀྱང་། དོན་ལ་དུད་འགྲོ་ཡིན་པས་ཤེས་རབ་ཀྱི་སྣང་བ་ཞན་པ་བཞིན་དུ། ལེགས་ཉེས་འབྱེད་པའི་བློ་སྟོབས་དང་རྣམ་དཔྱོད་མེད་པས་ལམ་ཡང་དག་ལ་ཞུགས་མ་ཤེས་ཤིང་། ཕྲག་དོག་དང་ལོག་རྟོག་གི་གསེར་གྱི་དྲ་བས་བརྒྱན་པ་དང་། ང་ཆེ་དང་ང་རློམ། མཐོ་འདོད་དང་རང་ཆེ་ཡིས་འགྱིངས་པའི་ཞོར་དུ་རང་ལམ་ལོག་ལ་ཞུགས་པས་མ་ཚད་པར་གཞན་བསོད་ནམས་དམན་པའི་རིགས་ཅན་ལ་ལ་ལམ་ལོག་པར་འཁྲིད་པར་ཕྱོགས་པར་དག་ལ། གང་ཤར་ཆོས་སྐུའི་རང་བཞིན། རྟོག་པ་ཟང་མ་འདི་ཉིད་རང་བྱུང་གི་ཡེ་ཤེས་སོ་ཞེས་པ་དང་། ཏིང་འཛིན་ཡིན་བཞིན་མ་རིག་ཡིད། །ཅེས་པ་ལ་སོགས་པས་འགྲོ་བ་བསླུ་བའི་བཅོས་མ་ཉེ་བར་སྟོན་པས། གཞན་ལ་མེད་པའི་ཟབ་ཆོས་སུ་འཆད་པ་དག་མཐོང་སྟེ། འདི་ནི་ཐེག་པ་འདིའི་ཆོམ་རྐུན་པ་ཞིག་དེང་སང་བྱུང་བར་ཟད་མོད། ཡིན་ལུགས་དངོས་ནི་འདི་ལྟར་རང་བྱུང་གི་ཡེ་ཤེས་ལས་ཐུགས་རྗེའི་རྩལ་གཡོས་ཏེ། ཡུལ་ལ་ཤར་བའི་ཤེས་པ་དེ་ཉིད་ལ་རྩལ་ལས་ཤར་བའི་རོལ་བ་ཞེས་བཤད་ཀྱི་རང་བྱུང་གི་ཡེ་ཤེས་མ་ཡིན་ཏེ། ཡུལ་ཡོད་མེད་ཀྱི་རྗེས་སུ་བྱེད་པའི་ཕྱིར་དང་། ཐབས་ཀྱིས་མ་ཟིན་ན་སྲིད་པར་འཇུག་པའི་ལས་དང་ཉོན་མོངས་སུ་བྱེད་པའི་ཕྱིར་དང་། རྟོག་པ་དང་དཔྱོད་པའི་རང་བཞིན་འཁོར་བའི་རང་ངོ་ལས་མ་འདས་པའི་ཕྱིར་རོ། །ཀུན་བྱེད་ལས་ཀྱང་། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལ་རྟོག་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་སོ། །ཐུན་མོང་གི་ཐེག་པ་ལས་ཀྱང་། སེམས་དང་སེམས་བྱུང་ཁམས་གསུམ་པའི། །སྒྲོ་བཏགས་རྣམ་པ་ཅན་རྟོག་ཡིན། །ཞེས་བདེན་གཉིས་ལས་བཤད་པ་དང་། ཕྱོགས་ཀྱི་གླང་པོས་ཀྱང་། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྷུང་བྱེད་ཡིན། །ཞེས་བཤད་པ་དང་འགལ་བ་ཉིད་དུ་སྣང་བའི་ཕྱིར་ལོག་པར་རྟོག་པ་རྔམས་ཆེ་བ་ཉིད་དོ། །གསང་སྔགས་ཀྱི་རྒྱུད་འབྱུང་གི་གླེང་གཞིའི་སྐབས་སུ། ཐར་བ་ནག་པོ་དང་དན་ཕག་གཉིས་ཀྱིས་དགེ་སློང་ཐུབ་དཀའ་གཞོན་ནུ་བླ་མར་བསྟེན་ནས་ཆོས་ཞུ་བའི་སྐབས་སུ། ཐར་བས་སྒྲ་ཇི་བཞིན་པ་ལ་བཟུང་བའི་གོ་ནོར་ཐེབས་ནས་ལོག་པའི་ལམ་དུ་འཕྱན་པ་ལྟར་དུ། གང་ལྟར་ཆོས་སྐུའི་རང་བཞིན་ཞེས་པའི་ཚིག་ཙམ་ཐད་ཀར་འཇུས་ནས། སེམས་ཀྱི་འགྱུ་འཕྲོ་རྟོག་ཚོགས་གང་ཤར་ཅི་འགྱུས་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཡིན་པར་སྨྲས་ནས། རང་གིས་ཀྱང་དེ་ཡིན་པར་བཟུང་། གཞན་ལའང་དེ་འཆད་ནས་རང་གཞན་ལོག་ལམ་དུ་ཕྱོགས་པ་འདི་དག་ནི། སྤྱིར་བསྟན་པའི་ཞབས་འདྲེན། ཁྱད་པར་རྫོགས་ཆེན་བསྟན་པའི་ཆོམ་རྐུན་པ། བསྟན་ཞབས་ལ་ཐག་པ་འདོགས་པའི་ལག་དམར་ནང་ནས་བུད་པ་ནི་འདི་དག་གོ །རྩལ་དང་རོལ་བའི་འཆར་ཚུལ་ཙམ་ཞིག་མི་ཤེས་པར་རྨོངས་པ་མུན་པའི་ཀློང་ཉིད་ཀྱི་ངང་ལ་འཐོམས་ནས་ཡོད་པ་དག་གིས། བྱང་ཆུབ་སེམས་ཀྱི་ངོ་བོ་ངོ་མ་ག་ལ་ཤེས། དེའི་ཕྱིར་ན་དེ་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་དོན་དང་ཐག་རིང་ཞིང་། དང་པོ་སེམས་ཅན་འཁྲུལ་དུས་གཞི་ལས་ཤར་བའི་གཞི་སྣང་གི་དུས་སུའང། གཞི་སྣང་དེ་རང་ངོ་མ་ཤེས་པར་ཐུགས་རྗེའི་རྩལ་ཤེས་པ་གསལ་ཞིང་དཔྱོད་ནུས་སུ་རང་ཤར་བ་དེ་རང་ངོ་མ་ཤེས་པས། མ་རིག་གསུམ་དང་མཚུངས་ལྡན་གྱི་རྐྱེན་བཞི་དམིགས་པ་མ་དག་པའི་དབང་གིས། སྣང་བའི་ཆ་དེ་ལ་ཤེས་པ་གཟུང་འཛིན་དུ་འཁྲུལ་དུས་ཡིད་དྲུག་འཛིན་པ་མ་འགགས་པར་ཤར་བས་ཉོན་མོངས་པ་དྲུག་བག་ལ་ཉལ་གྱི་ཆར་ཤར་ནས་ལས་ཉོན་གྱི་འཆིང་བའི་འཁྲུལ་སྣང་གི་གཟེབ་དུ་ཚུད་པ་ཡིན་པས། ད་ཡང་དེ་བསྒོམས་ན་དེ་ལས་གཞན་དུ་འགྲོ་ས་ཅི་ཡོད་དེ་མེད་དོ། །སེམས་རྣམ་རྟོག་ཡུལ་རྗེས་སུ་འབྲངས་ཤིང་། རྟོག་དཔྱོད་སེམས་བྱུང་འཁོར་བའི་འདྲ་འབག་ཡིན་པ་དང་། རང་བྱུང་གི་ཡེ་ཤེས་ནི་ཡུལ་མེད་ཟང་ཐལ་རྗེན་པ་ཡིན་པས། ཐབས་ཁྱད་པར་ཅན་གྱིས་མ་ཟིན་ན། འཁྲུལ་རྟོག་གིས་འཁོར་བའི་ལས་ཉོན་སྐྱེད་པར་བྱེད་ཅིང་། ལྷུན་གྲུབ་རིག་པའི་རང་ངོ་མཐོང་བའི་སྐད་ཅིག་དེར། ཁམས་གསུམ་པའི་སེམས་དང་སེམས་བྱུང་ཀུན་གཞི་དང་བཅས་པ་ལྡོག་པ་ཡིན་ནོ། །དེའི་ཕྱིར་ན་ལོག་པར་རྟོག་པའི་སྨྲ་བ་ངན་པ་འདི་ལྟ་བུའི་འདོད་པ་ཐོས་པར་ཡང་མི་བྱ་ན། རྗེས་སུ་ཕྱོགས་ནས་འཇུག་པར་མི་བྱེད་པ་ལྟ་ཅི་སྨོས་སོ། །ཞེས་ལམ་ངན་གྱི་འཕྲང་བསལ་ནས་ཡང་དག་པའི་ལམ་ལ་བྱི་དོར་མཛད་པས་མདོར་བསྟན་ནས།

༼ཁ གཉིས་པ་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ལེགས་པར་བཤད་པ།

འདིར་རང་བྱུང་གི་ཡེ་ཤེས་དེ་གང་ཡིན་ཞེ་ན་ཞེས་དྲི་བས་མདུན་བསུས་པའི་མཚམས་སྦྱོར་དང་བཅས་ཏེ། དེའི་ལན་ལེགས་པར་བཤད་པ་ནི།

འདིར་ནི་གདོད་ནས་དག་པའི་བྱང་ཆུབ་སེམས།།

དོན་དམ་དབྱིངས་ཀྱི་ཆོས་ཉིད་བདེན་པ་ནི།།

སྨྲ་བསམ་འདས་པས་ཤེས་རབ་ཕ་རོལ་ཕྱིན།།

ངང་གིས་མི་གཡོ་རང་བཞིན་འོད་གསལ་ཞིང་།།

འགྱུ་འཕྲོའི་སྤྲོས་དང་ཡེ་ནས་བྲལ་བ་ལ།།

ངོ་བོ་ཞེས་བརྗོད་ཉི་མའི་སྙིང་པོ་འདྲ།།

དེ་ཡི་རྩལ་ནི་འཆར་ཚུལ་མ་འགགས་པའི།།

རིག་པ་ཟང་ཐལ་རྟོག་དཔྱོད་གཉིས་དང་བྲལ།།

སལ་གྱིས་གསལ་ཡང་གཟུང་འཛིན་མེད་པ་ཡིན།།

ཞེས་གསུངས། འདིའི་རྩ་བའི་ཚིག་འདི་དག་གི་རྣམ་པའི་ཚིག་ཟིན་གྱིས་ངོ་བོ་དང་རང་རྩལ་གཉིས་ཀྱི་ཐད་ནས་གསུངས་པ་ལྟ་བུ་ཞིག་མངོན་ཡང་། དོན་དངོས་སུ་ཚིག་རྐང་དང་པོ་གསུམ་གྱིས་ངོ་བོ་སྟོང་པ་ཆོས་སྐུ་སྐྱེ་མེད་ཀྱི་དོན་བསྟན་པ་དང་། འདིའི་བར་བ་གསུམ་གྱིས་རང་བཞིན་གསལ་བ་ལོངས་སྐུ་འགག་མེད་ཀྱི་དོན་གཏན་ལ་ཕབ་པ་དང་། ཐ་མ་གསུམ་གྱིས་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་གནས་དམིགས་འགྲོ་འོང་དང་བྲལ་བར་བསྟན་པའོ། །དེ་ཡང་རང་བྱུང་གི་ཡེ་ཤེས་ནི་རིག་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་ཤེལ་གོང་དག་པ་ལྟ་བུ་ཡུལ་ལ་མི་དཔྱོད་པའི་ངོ་བོར་སྐྱེས་པ་དེ་ཡིན་ལ། ཞེས་པས་ནང་རྩལ་ཆོས་སྐུའི་ངོ་བོ་སྟོང་པ་གསལ་བའི་སྙིང་པོ་ཅན་བསྟན་པའོ། །འཆར་གཞིའི་ཆར་གནས་ཀྱང་། རང་ངོ་ལ་ཤར་དང་མ་ཤར་མེད་པས་རང་གསལ་དུ་ལྷག་གེ སྟོང་པར་ཟང་ངེ་། ཀ་དག་ཏུ་སངས་སེ་བ་འདི་ཡིན་ནོ། །ཞེས་པས་མདངས་ནང་གསལ་ལོངས་སྐུའི་རང་བཞིན་གསལ་བ་རིག་པའི་སྙིང་པོ་ཅན་གཏན་ལ་ཕབ་པའོ། །དེའི་ངང་ལས་སྣ་ཚོགས་སུ་ཤར་བའི་ཆ་དེ་གཟུང་འཛིན་གྱི་སྤྲོས་པ་སྟེ། ཞེས་པས་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་རོལ་རྩལ་རིག་པ་འོད་ཀྱི་ཁང་པ་ན་བཞུགས་པའི་གདངས་རླུང་གི་རྟ་དང་འགྲོགས་པ་དེ་ཉིད་བསྟན་པའོ། །ཤར་བ་དེའི་རང་ངོ་རྗེན་སངས་སེ་བ་དེ་རིག་ཆ་ཡེ་ཤེས་སུ་གནས་པས། ཡུལ་ལ་རྟོག་པ་མ་ཡིན་པས་རང་བྱུང་གི་ཡེ་ཤེས་ཞེས་བྱའོ། །འདིར་ངོ་སྤྲད་ལ་མ་འཕྲོད་པ་ཀུན་ཤར་ཐོག་དེར་གློད་པ་ལ་ལྟ་བར་ངོས་འཛིན་ཏེ། རྟོག་པ་ཉིང་འཁྲུལ་ཞེས་བྱ་བའི་གནད་མ་གོ་བ་ཡིན་ནོ། །ཁམས་གསུམ་སེམས་ཅན་གྱིས་ཐོག་མེད་ནས་ད་ལྟའི་བར་དུ་འཁྲུལ་རྟོག་རང་ག་མའི་ཐོག་ལ་གློད་ཆེ་བའི་དབང་གིས། འཁྲུལ་བ་རྒྱ་འབྱམས་ཀུན་འབྱུང་ལས་དང་ཉོན་མོངས་ཀྱི་འཁྲུལ་སྣང་ཨ་འཐས་ཀྱི་གཞན་དབང་ལ་སོང་སྟེ་འཁོར་བའི་གནས་འདིར་འཁྱམས་པ་ཡིན་ལ། འཕྲོ་གནས་གང་གི་སྐབས་ཡིན་ཡང་རང་ངོའི་རིག་ཆ་རྗེན་པ་ལྷང་ལ་ཕུད་ནས། དེ་ལ་སྤྲོས་པའི་གོས་མི་བསྐོན་པར། ཞེན་པའི་ཤུབས་ནས་བཏོན་ཏེ། ཡེ་ནས་མཉམ་པ་ཆེན་པོ་གཟུང་འཛིན་བྲལ་བའི་ཕྱམ་གདལ་རིས་མེད་ཀྱི་ངང་ལ་རང་བབས་སུ་བཞག་ན། གང་སྣང་ས་དེ་ནས་གཞི་མེད་ཡེ་སངས་སུ་དག གང་ཤར་ས་དེ་ནས་ཡེ་དག་རང་སྟོང་ལ་གདལ་ནས། བར་མེད་མཉམ་པ་ཆེན་པོའི་གནས་ལུགས་ལ་ཆོས་ཐམས་ཅད་ཡེ་ནས་རང་ཤར་བའོ། །ཤར་དུས་ནས་ཤར་ས་ཤར་མཁན་མེད་པའི་རིག་པ་རྗེན་སངས་སེ་བ་དེ་ཐུགས་རྗེ་འཆར་ཚུལ་མ་འགགས་པའི་ཡེ་ཤེས་སུ་གནས་པ་དེ་ངོས་བཟུང་བས། རྩ་བ་རང་བྱུང་ཡེ་ཤེས་སུ་རང་ས་ན་རྗེན་པར་གནས་པ་དེ་ཞར་ལ་ངོས་ཟིན་ནས། ངོ་བོ་དང་རང་རྩལ་གཉིས་སུ་མེད་པས་གཉིས་མེད་རང་བྱུང་གི་ཡེ་ཤེས་སྤྲོས་བྲལ་ཐིག་ལེ་ཉག་གཅིག་ཅེས་བྱ་སྟེ། དེའི་དོན་རྒྱུད་ཀྱི་ལུང་གིས་བསྟན་པ་ནི། རང་ཤར་ལས། རིག་པ་སྤྲོས་དང་བྲལ་བ་ལ། །འཁྲུལ་དང་མ་རིག་ག་ལ་ཡོད། །ཡེ་ཤེས་སེམས་དང་བྲལ་བ་ལ། །བག་ཆགས་དྲི་མ་ག་ལ་ཡོད། །ཅེས་པ་དང་། ཐལ་འགྱུར་ལས། མཚན་ཉིད་སྟོང་གསལ་རིག་པ་ལ། །རང་བཞིན་གང་དུ་མ་འདྲེས་པ། །གཟུང་དང་འཛིན་པའི་མཐའ་ཟད་དང་། །ཆོས་ཉིད་རང་ངོ་དག་པའོ། །ཞེས་པ་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡིད་ཀྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པའོ། །ཞེས་པ་དང་། ཀློང་དྲུག་པ་ལས། མཉམ་པ་ཆེན་པོའི་སེམས་ཉིད་ལ། །ཁྱབ་གདལ་ཆེན་པོའི་སྤྲུལ་སྣང་བས། །གཉིས་མེད་སྣང་བ་ཡེ་འབྲེལ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །མཚན་མ་མེད་པའི་སེམས་ཉིད་ལ། །ཆོས་རྣམས་གྲངས་སུ་སྣང་བ་ནི། །རང་གྲོལ་གཉིས་མེད་ཅེས་བྱ་བར། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བརྗོད་དུ་མེད་པའི་སེམས་ཉིད་ལ། །གླེང་གཞི་བྲལ་བའི་ཚིག་སྣང་བ། །སྨྲ་བསམ་ཡུལ་ལས་འདས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བཙལ་དུ་མེད་པའི་སེམས་ཉིད་ལ། །རང་བྱུང་ཆེན་པོ་རང་སྣང་བ། །རང་བྱུང་ཡེ་ཤེས་ཆེན་པོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲི་མ་མེད་པའི་སེམས་ཉིད་ལ། །ཡུལ་རྐྱེན་བྲལ་བའི་སྣང་བ་ནི། །རང་དག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟོག་པ་མེད་པའི་སེམས་ཉིད་ལ། །མ་བཟུང་འགག་མེད་རང་སྣང་བས། །རང་རིག་གསལ་བའི་ཡུལ་ལོ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བསམ་པ་མེད་པའི་སེམས་ཉིད་ལ། །རང་གནས་ལྷུན་འབྱམས་སྣང་བ་ནི། །སྒྲ་གཞི་རང་ལོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །དྲན་པ་མེད་པའི་སེམས་ཉིད་ལ། །འགྱུ་བྱེད་རང་དག་སྣང་བ་ནི། །འཛིན་པ་རང་གྲོལ་བསམ་གཏན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱུང་ཚོར་མེད་པའི་སེམས་ཉིད་ལ། །མ་བསམས་ལྷག་མཐོང་སྣང་བ་འདི། །འགྲོ་འོང་ཟད་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །གཟུང་བ་མེད་པའི་སེམས་ཉིད་ལ། །མ་འགགས་དག་པའི་སྣང་བ་ནི། །རོལ་བ་ཆེན་པོའི་ཏིང་འཛིན་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །འཛིན་པ་མེད་པའི་སེམས་ཉིད་ལ། །རང་ཤར་ཆེན་པོའི་སྣང་བ་ནི། །མ་འགགས་མི་རྟོག་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཟུག་རྔུ་མེད་པའི་སེམས་ཉིད་ལ། །བདག་རྟོག་བྲལ་བའི་སྣང་བ་ནི། །རང་གཞག་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །རྟག་ཆད་མེད་པའི་སེམས་ཉིད་ལ། །བཟང་ངན་བྲལ་བའི་སྣང་བ་ནི། །སྤང་བླང་བྲལ་བའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བླང་དོར་མེད་པའི་སེམས་ཉིད་ལ། །ཕྱོགས་མེད་རང་གྲོལ་སྣང་བ་ནི། །ཁྱབ་གདལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །བྱིང་རྒོད་མེད་པའི་སེམས་ཉིད་ལ། །བཏང་སྙོམས་ཆེན་པོའི་རིག་པ་ནི། །ཚོགས་དྲུག་ལྷུག་པའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཡ་ང་མེད་པའི་སེམས་ཉིད་ལ། །རེ་དོགས་བྲལ་བའི་སྣང་བ་ནི། །ཡེ་གཞག་གདེང་ལྡན་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །སྣང་ཆ་མེད་པའི་སེམས་ཉིད་ལ། །ཉག་གཅིག་ཆ་ཕྲའི་སྣང་བ་ནི། །སྤྲོས་བྲལ་ཆེན་པོའི་དགོངས་པ་ཞེས། །ཀུན་ཏུ་བཟང་པོ་ང་ཡིས་བསྟན། །ཞེས་སོ། །དེ་དག་ཀྱང་རང་ངོ་སྤྲོས་བྲལ་དང་། དེའི་རྩལ་ལས་ཤར་དུས་ཕྱིར་མ་དཔྱད། ནང་དུ་མ་བརྟགས། བར་དུ་མ་བཞག་པའི་རིག་པ་རྗེན་པ་སང་ངེ་བ་འཛིན་རྟོག་མེད་པ་ཉིད་ངོས་ཟིན་པ་ཙམ་གྱིས། རང་ངོ་སྤྲོས་བྲལ་དེ་ཀ་དེར་རྗེན་ནེ་བ་ལས་གཞན་མེད་པར་རྟོགས་པས། གཉིས་མེད་རང་བྱུང་གི་ཡེ་ཤེས་ཏེ། དེའི་དོན་མ་གོ་བར་དང་པོར་ལྟ་བ་འཕྱུགས། དེ་ནས་དེའི་ངང་སྐྱོང་པའི་སྒོམ་པ་ཡང་དེ་བཞིན་དུ་ནོར་ནས། ངོ་བོ་དང་། དེའི་རྩལ་ཞེས་ཚིག་གིས་གཉིས་སུ་བརྗོད་པས་ཤེས་པ་གནས་པ་དང་། འཆར་བ་གཉིས་ཡིན་སྙམ་ནས། ངོ་བོ་མི་རྟོག་པར་འཇོག རྩལ་ཤར་གྲོལ་དུ་སྐྱོང་ཟེར་ནས། མི་རྟོག་པར་འཇོག་རྒྱུ་ཞིག་དང་། ཤར་གྲོལ་ལ་སྐྱོང་རྒྱུ་ཞིག་གི་ཉམས་ལེན་ཆ་གཉིས་སུ་སོང་བ་ནི་གནད་མ་གོ ངོ་མ་འཕྲོད་པའི་རྣམ་འགྱུར་ཡིན་པས། འདིར་རང་ངོ་དང་རྩལ་ཞེས་ཚིག་གི་སྟེང་ནས་ཐ་དད་པར་བརྗོད་ཀྱང་། རང་ངོ་ལ་ཡུལ་སྣང་བ་ནི་ཡུལ་རྗེས་སུ་ཕར་འབྲངས་པའི་སེམས་རྣམ་རྟོག་ལྟ་བུ་མ་ཡིན་པར་མེ་ལོང་དུ་གཟུགས་བརྙན་ཤར་བའམ་རྒྱ་མཚོ་དྭངས་པ་ལ་ནམ་མཁའི་གཟའ་སྐར་ཤར་བ་དང་འདྲ་བས། རྫས་གཅིག་ངོ་བོ་གཅིག་པའི་རིག་པ་རྗེན་པ་དེ་ཀ་ལས་གཞན་མེད་པའི་ཕྱིར། འཆར་བ་ལ་བསྐྱངས་དུས་རང་ངོ་རྗེན་པའི་གཞི་ལ་རང་གནས། གནས་པ་འདྲ་བ་དེ་ལ་བསྐྱངས་ཀྱང་རིག་གདངས་མ་འགགས་པའི་འཆར་ཚུལ་རང་གསལ་ཏེ། གཟུགས་བརྙན་དང་འདྲ་བས་འཆར་བའི་ཤེས་པ་རྗེན་པ་དང་། མེ་ལོང་གི་ངོས་དང་འདྲ་བ་རང་མལ་གྱི་ཤེས་པ་རང་བྱུང་གི་ཡེ་ཤེས་གཉིས། སོ་སོ་མ་ཡིན་ཐ་མི་དད་པར་རྗེན་སངས་སྤྲོས་བྲལ་ཀ་དག་གི་རང་ངོ་ཆོས་ཉིད་ཟད་པའི་ངོ་བོ་ལ། རང་བྱུང་གི་ཡེ་ཤེས་ཞེས་མིང་དུ་བརྗོད་པ་སྟེ། འོད་གསལ་གྱི་ཡེ་ཤེས། དོན་དམ་པའི་བདེན་པ། ཡེ་གྲོལ་གྱི་ཆོས་སྐུ། རིག་པ་བྱང་ཆུབ་ཀྱི་སེམས་ལ་སོགས་པ་ཅིར་མིང་བཏགས་ཀྱང་། ངོ་བོ་ཟང་མ་རྗེན་པ་ཀ་ནས་དག་པའི་རང་གསལ་འདི་ངོ་ཤེས་པར་བྱའོ། །རྫོགས་པ་ཆེན་པོ་འདིའི་བརྗོད་བྱའི་ངོ་ཏི་ཟང་མ་ནི་གནས་ལུགས་དེ་ཡིན་པས། ཁྲེགས་ཆོད་ཅེས་བྱ། རྗེན་པ་ཞེས་བྱ། ཟང་ཐལ་ཞེས་བྱ། ཡེ་གྲོལ་ཞེས་བྱ། ཀ་དག་ཅེས་བྱ། ལྷུན་གྲུབ་ཅེས་བྱ་ཡང་། མིང་སོ་སོ་ལས་དོན་ཐིག་ལེ་ཉག་གཅིག་ཟང་མ་རྗེན་པ་འདི་ཀ་ཡིན་པས། གནད་འདི་ཤིན་ཏུ་གསལ་བར་བཤད་དེ། སྙིང་ཐིག་གི་དགོངས་པའི་མཐར་ཐུག་ནི་འདི་ཉིད་ཁོ་ན་ཡིན་པས། གནད་འདི་རྟོགས་དུས་ཆེད་དུ་བྱ་བ་དང་རྩོལ་བ་མེད་པས། དབང་པོ་ཡང་རབ་མ་བསྒོམས་པར་སངས་རྒྱ་བའི་ཆོས་ཞེས་བྱ་སྟེ། བསྒོམ་བྱ་དང་སྒོམ་བྱེད། བསྐྱང་བྱ་དང་སྐྱོང་བྱེད་ལ་སོགས་པ་གང་ཡང་མེད་དོ། །རིག་པ་གསལ་སྟོང་གི་ཡེ་ཤེས་རྗེན་པར་བུད་པ་དེའི་སྟེང་ལ་རང་གསལ་དུ་ངོས་བཟུང་བས། ཏིང་འཛིན་སེམས་ཀྱི་བག་ཆགས་ཀྱི་གོལ་ས་ཆོད་ནས། ཟང་ཐལ་རིག་སྟོང་རྗེན་པའི་ཆོས་སྐུ་ཁོང་ནས་འཆར་བ་ཡིན་ནོ། །དོན་འདི་ནི་སེམས་རྩེ་གཅིག་ཏུ་ནང་གནས་དང་། ཕྱིར་འཕྲོ་ལ་རྩལ་སྦྱོང་བྱེད་པའི་ལྟ་སྒོམ་གཟུང་འཛིན་ལས་མ་གྲོལ་བ་ཀུན་ལས་འཕགས་པའི་ཕྱིར། རང་བྱུང་གི་ཡེ་ཤེས་སྤྲོས་པ་དང་བྲལ་བ་ཉིད་དེ། ཁྱུང་ཆེན་ལས། ཆོས་ཀུན་སྤྲོས་དང་བྲལ་ཞིང་རྙོག་མེད་པས། །བྱས་མེད་རང་སར་གྲོལ་བའི་གནད་འདི་རབ་ཏུ་ཆེ། །ཞེས་སོ། །རང་བབས་ཀྱི་རིག་པ་དེ་རང་བྱུང་གི་ཡེ་ཤེས་ཡིན་པའི་དབང་གིས། རང་གསལ་གྱི་ཐོག་ལ་རྗེན་ནེ་བཞག་ནས། ཕྱི་རུ་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་དམིགས་བསམ་སྤྲོ་བསྡུ་བྲལ་བའི་རང་ངོ་ལ་བཞག་དུས། ཕྱི་ནང་བར་མེད་རང་གསལ་རྗེན་པ་ལྟ་སྒོམ་གྱིས་མ་བསླད་པའི་ཆོས་སྐུ་དང་། རྣམ་རྟོག་གིས་མ་བསྐྱོད་པའི་ཡེ་ཤེས། སྤྲོ་དང་བསྡུ་བའི་བཟོ་བཅོས་ཀྱིས་མ་བྱས་པའི་གསལ་ལ་རྟོག་མེད། གནས་ལ་འཛིན་པ་མེད་པ་རྒྱ་མཚོ་དྭངས་པ་ལྟ་བུ། གསལ་བ་ལ་ཉི་ཟླ་འདྲ་བ། ཡངས་པ་ལ་ནམ་མཁའ་ལྟ་བུ། བརྟན་པ་རི་རྒྱལ་ལྟ་བུའི་རང་བབས་ཅོག་བཞག་གི་ངོ་བོ་ལ་བླ་མའི་མན་ངག་ལྟར་དུ་མ་ཡེངས་ཙམ་ལས་ཆེད་དུ་སྒོམ་པ་མེད་པ་བཞག་དགོས་སོ་ཞེས་པའོ། །དེ་བཞིན་དུས་གཅིག་པ་ལས་ཀྱང་། སྣ་ཚོགས་རང་བཞིན་མི་གཉིས་ཀྱང་། །ཆ་ཤས་ཉིད་དུ་སྤྲོས་དང་བྲལ། །ཇི་བཞིན་པ་ཞེས་མི་རྟོག་ཀྱང་། །རྣམ་པར་སྣང་མཛད་ཀུན་ཏུ་བཟང་། །ཟིན་པས་རྩོལ་བའི་ནད་སྤངས་ཏེ། །ལྷུན་གྱིས་གནས་པས་བཞག་པ་ཡིན། །ཞེས་པ་དང་། ཀུན་བྱེད་ལས། ཇི་ལྟར་སྣང་བ་དེ་བཞིན་ཉིད་དུ་གཅིག །འདི་ལ་སུ་ཡང་འཆོས་པར་མ་བྱེད་ཅིག །མ་བཅོས་མཉམ་པའི་རྒྱལ་པོ་དེ་ལ་ནི། །མི་རྟོག་ཆོས་སྐུའི་དགོངས་པ་དེ་ལ་གནས། །ཞེས་དང་།

༼ག གསུམ་པ་ཐུགས་རྗེའི་རྩལ་དང་གཟུང་འཛིན་གྱི་རྟོག་པའི་བྱེ་བྲག་དབྱེ་བ།

ཐུགས་རྗེའི་རྩལ་དང་། གཟུང་འཛིན་གྱི་རྟོག་པའི་བྱེ་བྲག་དབྱེ་བ་ནི།

རྩལ་ལས་ཤར་བའི་རིག་པ་སྤྲོས་པའི་བློ།།

དེས་བསྐྱེད་གཟུང་འཛིན་བག་ཆགས་སྣ་ཚོགས་ཅན།།

ཡུལ་མེད་ཡུལ་དུ་བཟུང་བས་ཡུལ་ལྔ་དང་།།

བདག་མེད་བདག་ཏུ་འཛིན་པའི་ཉོན་མོངས་ལྔ།།

ཕྱི་ནང་སྣོད་བཅུད་འཁྲུལ་སྣང་ཇི་སྙེད་དེ།།

འཁོར་བར་སྣང་བ་རྩལ་ལས་ཡང་ཤར་བ།།

མ་རྟོགས་ལོག་པར་བཟུང་བས་སྣང་བ་ཉིད།།

ཅེས་གསུངས་ནས། རིག་པ་ཐུགས་རྗེའི་ངོ་བོ་ཟང་ཐལ་རྗེན་གྱིས་རང་གསལ་བ་མེ་ལོང་གཡའ་དག་པ་འདྲ་བ་དེ་དང་། འཆར་གཞི་ལས་ཐུགས་རྗེའི་རྩལ་ཟང་མའམ་མ་འཁྲུལ་བ་དེ་མ་རྟོགས་པས། རྩལ་ལས་ཡུལ་ཐོག་ཏུ་ཤ་ར་ར་ཤར་ཟིན་ཤར་བདོའི་རྟོག་པ་གཉིས། གསལ་བ་དང་། མི་འགག་པའི་ཆ་ཕྲ་བ་ལས་དེ་གཉིས་ཀ་གཅིག་ཏུ་འཁྲུལ་ཏེ་རིག་པ་འཆར་བ་ལ་མ་བཟུང་ན་ཡེ་ཤེས། བཟུང་ན་རྟོག་པ་ཟེར་ནས། ཤར་བ་དེ་ལ་གློད་པའམ་ལྟ་བ་ནི་ཕྱོགས་མ་མཐོང་བའི་སྟོང་ལྡན་ཆེན་པོ་གླང་ཆེན་བསྒྱིངས་ཞེས་བྱ་བ་ཡིན་ནོ། །འདིར་དེ་གཉིས་སོ་སོར་འབྱེད་པ་ནི། མེ་ལོང་དུ་གཟུགས་བརྙན་ཚུར་སྣང་བ་ལྟར། ཡུལ་སྣང་རིག་པ་ལ་སྣང་དུས་ཤེས་པ་རྗེན་སང་ངེ་བ་རྟོག་པར་མ་འཕྲོས་པ་དེ་ཐུགས་རྗེའི་འཆར་གཞི་རྩལ་ཞེས་བྱའོ། །སྤྱིར་ན་ངོ་བོ་རང་བཞིན་ཐུགས་རྗེའི་རིག་པ་གསུམ་གང་ཡིན་ཡང་། ཡེ་ཤེས་གསུམ་ལྡན་སྐུ་གསུམ་འདུ་འབྲལ་མེད་པ་ཡིན་ལ། དེའི་ཕྱིར་ན་རྩལ་ཐུགས་རྗེའི་རིག་པའི་སྐབས་སུ་ཡང་། ངོ་བོ་ཟང་ཐལ་རྗེན་པ་རང་གསལ་མེ་ལོང་གཡའ་དག་པ་ལྟ་བུ་དེ་ལས་འགྱུར་བ་མེད་ཅིང་། དེ་ཉིད་འཆར་གཞིར་བྱས་པའི་རང་གསལ་སྣ་ཚོགས་སྣང་བ་མ་འགགས་པར་འཛིན་མེད་དུ་ཤར་བ་དང་། རྩལ་ཡུལ་ཐོག་ཏུ་ཤོར་བའི་གཟུང་འཛིན་ཅན་གཉིས་ཀ་གཅིག་ཏུ་འཁྲུལ་ནས། འཁྲུལ་རྟོག་རྒྱ་འབྱམས་ལ་གློད་པ་ནི་ཕྱོགས་མ་མཐོང་བའི་མཐོང་རྒྱ་ཅན། གླང་ཆེན་བསྒྱིངས་པའི་རྣམ་ཐར་གོང་ནས་བཤད་པ་དེ་ལས་མ་འདས་སོ། །དེ་ངོ་མ་ཤེས་པ་ལས། ཡུལ་ཐོག་ཏུ་ཤེས་པ་ཕར་འཕྲོ་བ་ནི་གཟུང་འཛིན་གྱི་རྣམ་རྟོག་ཅེས་བྱ་སྟེ། དེའི་ཐོག་ལ་རྒྱུན་མཐུད་སོང་དུས་ཐོག་མེད་ནས་ཡུལ་དུ་འཛིན་པ་ལ་གོམས་པས་ཕྱི་ཡུལ་གྱི་འཁྲུལ་སྣང་མཐུ་བརྟས་ཏེ་སྣ་ཚོགས་སུ་ཤར་བ་སྟེ། ནང་སེམས་སུ་འཛིན་པ་ལས་ཉོན་མོངས་པ་དུག་ལྔར་ཤར་ཏེ་ལས་དང་ཉོན་མོངས་པས་འཁྲུལ་སྣང་གི་འཁོར་བ་སོ་སོར་གྲུབ་པ་ཡིན་ནོ། །དེ་ལྟར་ན་རིག་པ་རང་གསལ་མལ་ལས་མ་གཡོས་པ་དང་། ཡུལ་ཐོག་ཏུ་ཤོར་བའི་ཁྱད་ཡོད་པས་ན། འདྲ་གཞི་གཅིག་ལ་གོལ་ས་ཆེ་སྟེ། སེང་གེ་རྩལ་རྫོགས་ལས། རང་སྣང་ཐབས་ཀྱི་རྒྱལ་པོ་ལ། །སྟོབས་ཀྱི་རིག་པ་མ་འགགས་པས། །རང་གི་ཤེས་རབ་ཉིད་ལ་དྲིས། །དམིགས་པ་མེད་པའི་ཏིང་འཛིན་ནི། །བྱ་བརྩལ་བྲལ་བའི་ངང་དུ་དྲིས། །ཡུལ་གསལ་ཐོག་མ་མེད་པའི་སེམས། །རྣམ་པར་དག་པའི་དབྱིངས་ལ་དྲིས། །དེ་ནི་དགོངས་པའི་དོན་དུ་བསྟན། །ཀུན་གཞི་སེམས་ཀྱི་རྩ་བ་དང་། །རང་རིག་ཡུལ་གྱི་རྩ་བ་གཉིས། །འདྲ་བའི་གཞི་ལ་གོལ་ས་ཆེ། །མ་རིག་སེམས་སུ་སྣང་བ་དང་། །རིག་པ་རྟོག་མེད་སྣང་བ་གཉིས། །འདྲ་གཞི་གཅིག་ལ་གོལ་ས་ཆེ། །ཞེས་པ་དང་། ཀློང་དྲུག་པ་ལས། རང་རིག་བསམ་པ་བྲལ་བ་དང་། །སེམས་ཀྱི་བྱུང་ཚོར་སྣ་ཚོགས་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཤེས་རབ་རང་རྩལ་རྫོགས་པ་དང་། །ཡིད་ཀྱི་དྲན་པ་ཕྱིར་ཤོར་གཉིས། །འདྲའོ་འདྲའོ་ནོར་ར་རེ། །ཞེས་སོ། །གནད་འདི་ནི་གལ་པོ་ཆེ་སྟེ། ཁྱད་པར་ཕྱེད་པ་ནི་བློ་གྲོས་ཀྱི་མིག་དང་ལྡན་པ་འགའ་དང་འགའི་སྤྱོད་ཡུལ་ལོ། །ཚུལ་འདི་ལྟ་བུའི་གསལ་བར་བཀོད་ཀྱང་། མ་གོ་བ་དག་གམ་གོ་ཡང་ཕྱིན་ཅི་ལོག་གི་ཕྱོགས་ལ་བརྟེན་པར་བྱེད་ན། དཔལ་ས་ར་ཧས། བྱོལ་སོང་འཇིག་རྟེན་མི་གོ་ཇི་ལྟར་བྱ། །ཞེས་གང་གསུངས་པའི་ཐོག་ཏུ་བབས་པར་ངེས་སོ། །རིག་པ་རང་གསལ་རང་གིི་རང་མལ་ལས་མ་གཡོས་པ་དང་། རྩལ་ཡུལ་ཐོག་ཏུ་ཤོར་བའི་གཟུང་འཛིན་སྤྲོས་པའི་བློ་གཉིས་ཀ གཅིག་མྱ་ངན་ལས་འདས་པའི་ཡེ་ཤེས་དང་། ཅིག་ཤོས་འཁོར་བའི་རྩ་བ་འཁྲུལ་བའི་རྣམ་རྟོག་ཡིན་པས། དེ་གཉིས་ཀ་ངོ་ཤེས་མ་ཤེས་ཀྱི་དབང་གིས། དང་པོ་གཞི་ནས་གཞི་སྣང་ཤར་དུས་སུ་འཁོར་བའི་སེམས་ཅན་དེ་ནས་འཁྲུལ་བ་ཡིན་ལ། ད་ལྟ་ལམ་ལ་སྙེག་སྐབས་སུ་ཡང་། འདྲ་གཞི་གཅིག་གི་སྟེང་ནས་གོལ་ཤོར་ནོར་བ་ཐེབས་ནས་འཁྲུལ་བའི་རྩ་བ་འདི་ལ་ཐུག་ཡོད་པས་གནད་ཆེ་བར་གསུངས་ཤིང་། དེ་ཡང་གནད་ཆེ་སྟེ་འཁྲུལ་མ་འཁྲུལ་དང་འཁོར་འདས་གཉིས་ཀྱི་ལམ་དུ་དཀྱུ་སའི་བཞི་མདོ་ནས་འཕྱུགས་པ་ཡིན་པས། ཁྱད་པར་ཕྱེད་པ་ནི་བློ་གྲོས་ཀྱི་མིག་དང་ལྡན་པའམ་སྔར་བསགས་བསོད་ནམས་དང་ལས་འཕྲོ་ལྡན་པའི་སྐལ་ལྡན་དབང་རབ་འགའ་དང་འགའི་སྤྱོད་ཡུལ་ལོ། །འདི་བཞིན་གསལ་བར་བཀོད་ཀྱང་། ད་དུང་དབང་པོ་རྟུལ་བས་མི་གོ་བ་དང་། ཚིག་གི་དོན་གོ་ཡང་ལྟ་བ་ངན་པ་ཕྱིན་ཅི་ལོག་གི་ཕྱོགས་དང་། བཤེས་གཉེན་ངན་པའི་ལམ་ལོག་གི་གཡང་ལ་གཟུར་བར་མི་བྱེད་པར་དེ་ལ་བསྟེན་པར་བྱེད་ན། དུད་འགྲོ་ལ་མི་སྐད་བཤད་པ་འདྲ་བར་གོ་ཐབས་མེད་ན། རེ་ཞིག་ངན་སོང་གི་སྡུག་ཡུན་ཐུང་བར་ཤོག་ཅེས་སྨོན་ལམ་བཟང་པོ་བཏབ་ནས་བསྐྱུར་བ་ལས་ཐབས་གཞན་མེད་དོ་ཞེས་པའོ། །དེ་རིང་གི་ཆོས་ཁྲིད་ཐོག་ཏུ་བབས་པར་ངེས་སོ་ཞེས་པའི་མཚམས་འདི་ནས་བཞག་ཏེ། སང་ཉིན་ད་ནི་རྟོགས་པའི་རྣལ་འབྱོར་ཞེས་པ་ནས་བཤད་རྒྱུ་བྱེད། ནང་དུས་སྔ་མོ་ངས་བཏོན་པའི་སྔོན་འགྲོའི་ངག་འདོན་ཞིག་རྒྱང་གྲག་གི་སྒྲ་སྒམ་ནས་མངགས་ཏེ། སྔ་ཕྱི་དྲོའི་དུས་ཚོད་བགོས་ནས་དགོང་མོའི་གཅོད་ཐུན་དང་བཅས་པའི་ཐུན་བཞིའི་རྣལ་འབྱོར་གྱིི་འགྲོས་ཤིག་དེད་པ་འདི། ཆོས་ཁྲིད་འདིའི་ཚེ་ཡི་ཕྱི་ཚུལ་གྱི་སྒྲིག་ལམ་འཇོག་བྱེད་ཙམ་ཞིག་མ་ཡིན་པར་ཆོས་བརྒྱུད་འདི་ལ་ཞུགས་ནས་ཆོས་འདི་ཉམས་ལེན་བྱེད་དུས་འདི་བཞིན་དུ་ཐུན་བཞིའམ་དྲུག་གི་རྣལ་འབྱོར་གྱིས་མི་ཚེའི་ཚད་དུ་བཙུགས་ནས། སྒྲུབ་པ་ཉམས་ལེན་མཛད་པར་ཞུ་ཞེས་པའི་སྐུལ་བརྡ་ཡིན། འདི་སྔར་བྱོན་དམ་པ་གོང་མའི་ཕྱག་བཞེས་ཡིན་པས། དེ་བཞིན་དུ་བརྒྱུད་པའི་རིང་ལུགས་མ་ཉམས་པར་མཛོད་དང་། འཇའ་ལུས་འོད་སྐུར་གྲོལ་བའི་རྗེས་ཤུལ་གྱི་གྲུབ་བརྙེས་རིག་འཛིན་གོང་མའི་གདན་ས་འཛིན་པ་ལ་ངོ་གནོང་མི་དགོས་པ་ཞིག་འགྱུར་བས་མི་ཚད། བསྟན་པ་ཉམས་དམའ་ཉག་ཕྲའི་དུས་སྐབས་འདི་ལ། ཁ་ཕྱི་ལ་འཁོར་བའི་ཁ་ཕོ་སྟོང་བཤད་འབྲུག་གྲག་གྲག་བྱེད་པ་ལས། ནང་ལ་འཁོར་བའི་དོན་ནོམ་པ་ཡོད་ཤག་ཤག་དང་། ཐོས་དོན་བསམ་སྒོམ་ལ་དྲིལ་བའི་སྙིང་པོ། རྟོགས་པའི་བསྟན་པ་སྒྲུབ་པས་འཛིན་པར་བྱས་ན་བསྟན་དང་འགྲོ་བ་ཀུན་ལ་སྨན་པའི་དུས་སུ་བབ་པའི་གྲུ་ཆར་ཞིག་ཏུ་འགྲོའོ་སྙམ་པ་ཡིན། སྒྲུབ་པ་ཉམས་ལེན་བྱེད་རྒྱུ་དེ་ཡང་རྣམ་པ་ལམ་བྱེད་ཙམ་ཞིག་མ་ཡིན་པར། དབེན་གསུམ་ཞི་བའི་རྒྱལ་ས་གཟུང་དགོས། དེ་ཡང་སྨོན་པ་ལམ་བྱེད་ཙམ་གྱིས་མི་ཆོག་པར། མཉམ་བཞག་ནམ་མཁའ་ལྟ་བུའི་ཐུན་གྱི་དངོས་གཞི་ཞིག་དང་། རྗེས་ཐོབ་སྒྱུ་མ་ལྟ་བུའི་ཐུན་མཚམས་ཀྱི་ཉམས་ལེན་གྱི་ངང་དེ་མི་འབྲལ་བའི་བརྩོན་འགྲུས་རྒྱུན་དུ་བརྩམ་དགོས། འུ་ཚོ་ཐ་མལ་པའི་མི་འདི་དགེ་བའི་ལས་ལམ་ཆེ་བ་ཞིག་གི་རྒྱུན་བསྲིངས་ནས་དེའི་རྒྱུན་མཐུད་བྱེད་སར་ཐུག་དུས། ནུས་པ་ཞན་པོ་སྒྱིད་ལུག དཔའ་འཁུམས། མདོག་ཤོར་ནས་མ་ཁ་འདྲ་ཞིག་ཤི་ནས་འདུག་པ་དང་། འཇིག་རྟེན་གྱི་བྱ་ལས་དགྲ་འདུལ་གཉེན་སྐྱོང་། ཚོང་སོ་ནམ་ཞིག་དང་། ཆོས་བརྒྱད་ཀྱི་གཉེར་ཁ་ཞིག་ལ་ཐུག་དུས། ནམ་སྐྱ་མོ་གྱེན་ལ་ལངས་ནས་ལོག་པའི་རྣམ་རིག་ཇེ་བཀྲ་ལ་སོང་། ཡ་ཁོག་བགད་ཀྱིས་གང་། ཁ་ངོ་འཛུམ་གྱིས་གང་ནས་མགོ་རྣ་བ་སོགས་ཀྲོག་ཀྲོག་ལ་བུད་འགྲོ་རྒྱུ་བོ་འདི། དེ་སྔོན་ཐོག་མེད་ནས་ད་ཡི་བར་དུ་ཆུ་རྒྱུན་ཐུར་དུ་རྒྱུག་པ་བཞིན་དུ་ལོག་པའི་ལམ་ལ་གོམས་ཤུགས་ཆེ་སོང་བའི་ཤུལ་བསྙེགས་པ་ཡིན། དགེ་བའི་ལས་ལམ་དགེ་སེམས་ཐུན་གཅིག་ལ་བློ་ཁ་ཕྱོགས་ནས་འདུག་དགོས་ན། ཉམས་འདྲ་ཞིག་ཤོར་ནས་གླལ་རིང་ཞིག་བྱས་ཏེ་གཉིད་ལོག་ཐོན་ཡོང་བ་ནི། བཟང་གོམས་མེ་ལྕེ་གྱེན་ལ་འབར་བ་ལྟ་བུའི་སྔོན་སོང་གི་བག་ཆགས་སྲབ་པའི་དབང་གིས་རེད། སྤྱིར་ན་མོས་གུས་དང་སྙིང་རྗེ་སྐྱེ་དཀའ་བ་ལ་ཁག་མི་འདུག་དེ་ནི་འཕགས་པའི་ནོར་རེད། སོ་སོའི་སྐྱེ་བོ་ལ་འཕགས་པའི་ནོར་གྱིས་དབུལ་བའི་དབང་གིས་རེད། འོ་ན་ཇི་ལྟར་བྱ་དགོས་སྙམ་ན། རང་གིས་རང་ལ་ཁ་ནང་དུ་འཁོར་ཏེ་བསམ་བློ་ཞིག་བཏང་ནས་འདེང་ཞིག་བརྒྱབ་ན། ངས་ཆོས་ཕྱོགས་ལ་བསྲན་མི་བཟོད་པ་དང་ལོག་ལམ་ལ་བརྩོན་པ་ཆེ་རྒྱུ་འདི། ལས་ངན་གྱི་མཐུ་ཡིས་བྱུང་བ་ཞིག་ཡིན་པས། འདི་བཟང་པོ་ཞིག་ག་ལ་ཡིན། འདི་ནི་ཚེ་རབས་མུ་མཐའ་མེད་པར་སྡུག་བསྔལ་མྱོང་དགོས་པའི་སྔ་ལྟས་ཤིག་རེད། ད་རེས་དལ་རྟེན་ཐོབ་པ་འདིའི་སྟེང་ནས་རང་གཞན་གྱི་དོན་ཞིག་མ་འགྲུབ་དུས། མི་ཞིག་མ་རེད་ཟོག་ཅིག་རེད། རྟ་ཟོག་དུད་འགྲོ་ཞིག་དང་འདྲ་འདྲ་དང་། སྒོ་ཁའི་ཁྱི་རྒན་རྒྱ་ལུའི་བསྙེག་རྒྱུ་བོ་ཡང་བསྙེགས་མི་འདུག་སྙམ་ནས། རང་གིས་རང་ལ་སྙིང་སྟོབས་ཀྱི་གོ་ཆ་བགོ་དགོས་པ་དང་། དེའི་སྟེང་དེ་ནས་ཡུན་ཐུང་མི་ཚེའི་ཉི་མའི་སྐབས་འདིར་ད་རེས་མི་བསྒྲུབ་ཕྱིས་ནས་སྒྲུབ་སྙམ་པའི་དལ་འགྱངས་མི་བྱེད་པར། ཆོས་སྒྲུབ་པ་དེ་ད་ལྟ་ལངས་ནས་ཡོད་ན་དེ་ཡི་ཐོག་ནས་དང་། བསྡད་ནས་ཡོད་ན་བསྡད་པའི་ཐོག་དེ་ནས་མགོ་འཛུག་དགོས་པ་ཡིན། དངོས་པོའི་འདུ་འགོད་ཅིག་དང་། ལུས་ངག་གི་བྱ་སྤྱོད་ཅིག་ཡིན་ན་དེ་ལ་གྲ་སྒྲིག་ཆེ་ཚོད་ཆུང་མིན་ཞིག་དགོས་ན་ཡང་། ཆོས་མཆོག་ཏུ་གྱུར་པ་ནི་སེམས་ཀྱིས་བསྒྲུབ་བྱ་ཡིན་པས། དེ་ནི་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་ཞེས་སེམས་ཀྱི་བསམ་བློའི་འགྱུར་བག་དེ་ཤིན་ཏུ་མྱུར་བའི་དཔེ་རུ་འདྲེན་པ་ཡིན་པས་ན་སེམས་ཀྱི་འདུ་ཤེས་འཛིན་ལུགས་ལ་གྲབས་གཤོམ་བྱེད་འདུག་ག་ལ་དགོས། གདན་ས་དེའི་ཐོག་ནས་ནང་ལ་ཚུ་ར་ཁ་འཁོར་ནས་ཉམས་ལེན་ལ་བརྩོན་དགོས་པ་ཡིན། གནའ་གཅིག་གིས་བཟོད་པ་སྒོམ་སྐབས་འདིས་སྤྲོ་སློང་ནས་བཟོད་པ་སྒོམ་དུ་མི་འཇུག་གོ་ཞེས་པ་དང་མཚུངས་པར་ཆ་རྐྱེན་མང་པོ་ཞིག་མི་འཛོམས་ནས་ལྷག་འདུག་པ་འདི་ཆོས་མ་འགྲུབ་པའི་སྔོན་རྟགས། མུན་མ་རུབ་པའི་སྔོན་ལ་ས་རྩ་རུབ་འགྲོ་བ་ལྟ་བུ་ལས་མ་འདས། ལོང་མེད་ཅིག་རྒྱུད་ལ་ཡོད་རྒྱུ་དེ་གང་ལྟར་བཤད་ཀྱང་ཡོན་ཏན་སྐྱེས་པའི་སྔོན་རྟགས། ནམ་མ་ལངས་གོང་ལ་སྐྱ་རེངས་ཤར་བ་ལྟ་བུ་ཡིན་པས། ཅི་ཤར་རིག་སྟོང་རྗེན་པའི་ཟས། །ཅི་འགྱུ་ཆོས་སྐུ་རྒྱལ་པོའི་རྩལ། །ཞེས་གསུངས་པ་བཞིན་དུ་ཅི་སྣང་ཉམས་ལེན་གྱི་མཐུན་རྐྱེན་དང་། གང་སྣང་བརྡ་དང་དཔེ་ཆོས་ལ་ཤར་བ་ཞིག་རང་གིས་རང་ལ་བྱེད་དགོས་པ་ཡིན། དགོན་པ་གང་དང་། ས་ཕྱོགས་གང་། ཆོས་བརྒྱུད་གང་གིས་ཡིན་ཡང་ལུས་ལ་སྟོན་པའི་ན་བཟའ་ངུར་སྨྲིག་གི་རྒྱལ་མཚན་ཞིག་འཆང་ནས། དགེ་འདུན་འདུས་པའི་བཞུགས་གྲལ་ལ་འགྲོ་བ་འདི་དག་སངས་རྒྱས་ཀྱི་རྗེས་འཇུག་སངས་རྒྱས་ཀྱི་མཛད་པ་སྒྲུབ་མཁན་རེད། སངས་རྒྱས་ཀྱི་མཛད་པ་ནི་གཞན་མ་ཡིན་པར་བསྟན་པ་སེམས་ཅན་གྱི་དོན་སྒྲུབ་པ་དེ་ཡིན། བསྟན་པ་ཞེས་མཛུ་གུ་འཛུགས་ས་དེ། ཕྱིའི་ལྷ་ཁང་ཞིག་དང་། དེའི་ནང་དུ་སྐུ་གསུང་ཐུགས་རྟེན་ཞིག་ཡོད་པ་ཙམ་ཞིག་མ་ཡིན་པར། ནང་རང་གི་སེམས་རྒྱུད་དང་འབྲེལ་ཡོད་ཀྱི་ལུང་དང་རྟོགས་པའི་བསྟན་པ་གཉིས་ཀ་ཡིན། དེས་ན་བླ་མ་ལྟ་ཅི་སྨོས་གྲྭ་བ་ཞིག་བྱས་ནས་ན་བཟའ་མནབས་ཚར་དུས། དང་པོར་བསླབ་པ་སློབ་གཉེར་ལ་འབད། དེའི་དོན་སྒྲུབ་པ་ཉམས་ལེན་གྱིས་ལག་ལ་བླངས། བཤད་དང་སྒྲུབ་པའི་སྒོ་ནས་ལུང་དང་རྟོགས་པའི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་དགོས་པ་རེད་མ་གཏོགས། སྐྱབས་འགྲོ་དང་ལས་འབྲས་ཀྱི་ཤེས་བྱ་ཙམ་ཞིག་དང་། གཞི་ལམ་འབྲས་བུའི་རྣམ་གཞག་རགས་རིམ་ཙམ་ཡང་མི་ཤེས་བཞིན་དུ་ལུས་དེ་ན་གྲྭ་ཆས་ཤིག་གོན། ངག་དེ་ནས་འདོན་ཁ་ཁྲལ་སྒྲ་སྡུད་འཁོར་ལོ་བཏང་བ་བཞིན་དུ་བསྐྱེད་རྫོགས་བཟླས་དམིགས་གཅིག་ཀྱང་མེད་པར་གྲོང་ཆོག་ཏག་ཏག་ལ་དུས་འདའ་བ་འདིས་དོན་གྱི་བསྟན་པ་ལ་ཕན་ཐོགས་འབྱུང་དཀའ་བ་ཡིན། གཞན་ཡང་ཐོས་པ་བྱས་པ་དེ་ནང་བདག་འཛིན་གྱི་གཉེན་པོར་མ་སོང་བར་ཁ་ཕྱིར་བལྟས་གཞན་སྐྱོན་འཚོལ་བྱེད་དུ་སོང་ནས། བསྡུས་གྲྭའི་ཐལ་ངག་ཁ་ཤས་བཀོད་ཤེས་ན་ཡང་། ནང་རང་རྒྱུད་ཀྱི་ཉོན་མོངས་པ་མར་མགོ་གནོན་མ་དགོས་ང་རྒྱལ་དང་ཕྲག་དོག་གི་སྣོན་མ་རུ་ལོག་སོང་ན། ཡར་འགྲོ་ཕར་ཞོག་མར་ཐུར་དུ་འཁྲིད་བྱེད་ལས་གཞན་ཅི་ཡང་མེད། དེས་ན་ཕྱི་ནས་འཇིག་རྟེན་གྱི་ལུགས་དང་མ་མཐུན་ཡང་། ནང་ནས་རྒྱལ་བའི་བཀའ་དང་འགལ་བ་མེད་པ་བླ་མའི་ལུང་ལ་དཔང་པོ་བྱེད་ཆོག་པ་ཞིག་བྱུང་ན་ད་གཟོད་འདུན་མ་མ་ཉེས་པ་ཡིན། རྫོགས་ཆེན་སྒོམ་པའི་ཉམས་ལེན་པ་ངོ་མ་ཞིག་བྱེད་ན་སྣང་བ་གདོང་འདེད་རང་བབས་བྱུང་རྒྱལ་བྱེད་དགོས་པ་ལས། འཇིག་རྟེན་གྱི་ལུགས་དང་མཐུན་པ། ཆེ་ས་དང་མཐོ་སའི་བླ་དཔོན་མན་ཆོད། ཆུང་ས་དང་དམའ་སའི་གོ་ཁའི་ཨ་ཡས་ཨ་མྱེ་ཡན་ཆོད་སུ་དང་གང་གི་ཁ་ལ་ཉན་ཡང་ཆོས་དང་མཐུན་པ་ཞིག་དཀོན་པ་ཡིན། ཀུན་མཁྱེན་འཇིགས་མེད་གླིང་པས། བརྒྱུད་པ་བཟང་པོའི་བྱིན་རླབས་དོན་བརྒྱུད་ལ་ཞུས་པས། །དབང་བཞིའི་ཉམས་རྟོགས་བུམ་པ་གང་བྱོ་རུ་བསྩལ་བྱུང་། །རིག་པའི་རྩལ་དབང་རང་ལ་ཡོད་པ་འདི་དགའ་འོ། །ལྟ་སྒོམ་སྤྱོད་པའི་ཐ་སྙད་ཟད་པ་འདི་སྐྱིད་དོ། །ཞེས་གསུངས་པ་ཡིན། ད་རུང་། གསང་ལམ་ཟབ་མོ་ཁྲེགས་ཆོད་ཨ་ཏི་ལ་བྱས་པས། །ད་ལྟའི་རིག་པ་ཀུན་ཏུ་བཟང་པོ་ལ་ལངས་སོང་། །བསྐྱེད་རྫོགས་བཟླས་བརྗོད་ཌ་དྲིལ་མི་དགོས་པ་དགའ་འོ། །ཤེས་པ་གདོང་གཏད་སྒོམ་ལ་སོང་བ་འདི་སྐྱིད་དོ། །ཞེས་གསུངས་པ་དང་། མདོ་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་ཀྱིས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་ན་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། །ཞེས་གསུངས་པ་ཡིན། འདིའི་འདུ་ཤེས་ནི་རང་རྒྱུད་ཀྱི་དངོས་པོས་བསྡུས་པའི་ཕུང་པོའི་བདག་ཉིད་ཅན་གཟུགས་ཚོར་བ་འདུ་ཤེས་འདུ་བྱེད་ཀྱི་ཡ་གྱལ་གྱི་འདུ་ཤེས་མིན་ཏེ། དེ་ཡིན་ན་ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་ཤེར་མདོ་ལས་གསུངས་པ་དང་འགལ་བའི་ཕྱིར་རོ། །དེ་བས་ན་སྟོང་ཉིད་ལ་བལྟ་བའི་གནས་སྐབས་ཀྱི་འདུ་ཤེས་ནི་སོ་སོར་རྟོག་པའི་ཤེས་རབ་བོ། །འོན་ཀྱང་དེའི་བྱེད་ལས་ནི་ཆོས་ཉིད་ཀུན་ཏུ་འགྲོ་བ་ཅན་ཡིན་པས་རྣམ་པ་རིག་པ་ཅན་གྱི་ཐོས་བསམ་སྒོམ་པའི་རྟོག་དཔྱོད་མ་ཡིན་པར། རིག་པ་རང་གནས་ཀྱི་ཤེས་རབ་ཡིན་པས། ཞི་ལྷག་གཉིས་ཀའི་ཟླས་ཕྱེས་པའི་ལྷག་མཐོང་ཁྱད་པར་ཅན་ཡང་དེ་ཡིན། གནས་པ་ཐམས་ཅད་ཞི་གནས་དང་། དཔྱོད་པ་ཐམས་ཅད་ལྷག་མཐོང་དུ་ཡང་མ་ངེས་ཏེ། ལྷག་མཐོང་གི་ཡེ་ཤེས་སོ་སོར་རྟོག་པའི་ཤེས་རབ་ལ་གོམས་པས་ཡེངས་ཡུལ་ཆོས་ཉིད་དུ་ཤར་ནས། གསེར་གླིང་ནས་ས་རྡོ་མི་རྙེད་པ་ལྟར་སེམས་དང་སེམས་བྱུང་གི་རྟོག་པ་གང་སྐྱེས་ཀྱང་རིག་པ་རང་གནས་ཀྱི་བསམ་གཏན་ལ་སྤང་གཉེན་གཉིས་ཀ་མི་དགོས་པར་སྣང་སེམས་དབྱེར་མེད་གཞི་གྲོལ་ཀློང་ཡངས་ཆེན་པོར་འཆར་ཐུབ་པ་ཡིན། དེ་གནས་འགྱུ་གང་གི་སྐབས་སུ་ཡང་ཡོད་པ་ལས། ཀུན་གཞི་རྟོག་མེད་ཀྱི་ངང་དུ་འཐིམས་སོང་བ་ཞིག་ག་ལ་ཡིན། དེ་ལྟ་བུའི་རྣལ་འབྱོར་པའི་རིག་པའི་ངོ་ལ་ཡུལ་སྣང་མི་འགག་ཀྱང་། རིག་པ་ཉིད་སྣང་ཐོག་ཏུ་མི་འཆོར་བས། བསམ་གཏན་གྱི་ངང་དུ་སེམས་གཅུན་པའི་ཐབས་ལ་མི་ལྟོས་ཤིང་། དེ་ལྟར་མ་གཅུན་པས་གནས་འགྱུ་ཐམས་ཅད་ལ་རིག་པས་དབང་བྱས་ནས་བྱིང་རྒོད་ཀྱི་གནོད་པས་ཀྱང་བརྫི་བར་མི་ནུས་སོ། །སེམས་ལམ་དུ་བྱེད་པའི་བསམ་གཏན་ནི་ཇི་ལྟར་དམིགས་པའི་ཡུལ་ལ་རྩེ་གཅིག་ཏུ་འདོགས་ཤིང་དེ་ཡང་ལྟ་སྒོམ་གཉིས་རྟེན་དང་བརྟེན་པ་ལྟ་བུར་ཟུང་དུ་འཇུག་པ་དེ་ཉིད་རིག་པའི་སྒྲིབ་བྱེད་དུ་སོང་ནས་རྣམ་རྟོག་ངལ་གསོ་བའི་བསྟི་གནས་ལྟ་བུ་ལས་ས་ཆོད་ཆུང་བ་ཉིད་དོ། །མདོར་ན་ཇི་སྲིད་གཟུང་འཛིན་སེམས་ཀྱི་འཁྲུལ་རྟོག་དབྱིངས་སུ་མ་དག་པའི་བར་དེར་ཀུན་རྫོབ་ལས་དང་ལས་ཀྱི་འབྲས་བུ་བསླུ་མེད་བསྙོན་མེད་དུ་ཡོད་པས། འཛིན་མེད་སྒྱུ་མ་ལྟ་བུས་རྩིས་ཟིན་པའི་ངང་དེ་ནས་ཐབས་ཤེས་ཟུང་འཇུག་གི་ལམ། ཐེག་ཆེན་དམ་པ་གསུམ་ལྡན་གྱི་དགེ་རྩ་སྒྲུབ་པ་ལ་བླང་དོར་ཚུལ་བཞིན་བྱ་དགོས་པ་ལས། སྟོང་ལྟ་ཧད་པོས་ལས་འབྲས་ཁྱད་གསོད་མི་བྱེད་པ་ནི་དོན་གལ་བོ་ཆེའོ། །རྣམ་པ་ཚང་མ་ཞལ་གྲངས་མང་བས། རེ་རེ་བཞིན་དུ་མཚན་ངོས་ཟིན་པ་མི་འདུག་ཀྱང་། རང་རེ་དཔོན་སྟོབས་གསང་སྔགས་ཀྱི་དཀྱིལ་འཁོར་གཉན་པོ་ལ་མཉམ་དུ་ཞུགས་ནས། ཟབ་ཁྲིད་གདམས་པའི་འཆད་ཉན་གསན་བཞེས་མཉམ་དུ་མཛད་པ་ཡིན་པས། སྤྱི་རིང་ཉེ་དང་ནང་འདྲེས་ལ་སོགས་པའི་མཆེད་ཐམས་ཅད་ཚངས་པའི་རྡོ་རྗེའི་མཆེད་དང་ལྕམ་དྲལ་དུ་སོང་བའི་དབང་གིས། མཛེས་བཅོས་དང་འཛེམས་ཟོན་མེད་པའི་ནང་ལུགས་ཀྱི་སྐད་ཆ་ཐད་ཀར་ཞུས་པ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཉིན་བདུན་པའི་ཆོས་ཁྲིད།

དམ་པའི་ཆོས་ཞེས་བྱ་བ་ནི་ནད་འཆི་སོས་ཀྱི་བདུད་རྩི་ལྟ་བུ། གང་དག་ཉོན་མོངས་པའི་ཉེས་པ་བརྒྱ་ཡི་ལྕགས་སྒྲོག་གིས་བཅིངས་ཤིང་སྡུག་བསྔལ་རྣམ་པ་གསུམ་གྱིས་དུས་རྟག་ཏུ་གཟིར་བའི་འཁོར་བ། ཤིན་ཏུ་ཉམ་ངའི་བཙོན་ར་ལྟ་བུ་འདིའི་ནང་ནས་ཐར་བར་བྱེད་པའི་ཐབས་དང་། གང་ལས་ཉོན་གྱི་གཞན་དབང་དུ་གྱུར་པའི་རྩ་བ་སྲིད་རྩ་མ་རིག་པའི་གདོན་ཆེན་ལས་ལྡོག་པར་བྱེད་པའི་རིག་སྔགས་དང་། སྨན་ཆེན་ལྟ་བུ་ཞིག་ཡིན་ལ། འདི་ཉིད་ལ་རང་དབང་དུ་སྤྱོད་རྒྱུ་ཡོད་པའི་གོ་སྐབས་བཟང་པོ་ཐོབ་པ་འདི། སྔར་བསགས་བསོད་ནམས་ཀྱི་དབང་གིས་ཡིན་པ་དང་། ཁྱད་པར་དུ་ཆོས་ཐོས་པའི་བགོ་སྐལ་མ་འགགས་ཙམ་གྱི་ཆོས་སྒྲ་རྣ་བས་གོ་བ་ཙམ་རེ་སུ་ལ་ཡང་ཡོད་སྲིད་ཀྱང་། སྒོམ་སྒྲུབ་ཉམས་ལེན་གྱི་སྙིང་པོར་བཟུང་ནས་མི་ཚེ་ཆོས་ལ་སྒྲིལ། ཚེ་འདིར་བྱང་ཆུབ་བསྒྲུབས་ནས་རྟེན་འདིའི་ཐོག་ཏུ་འཁོར་བར་ཕྱི་ཕྱག་འཚལ་བ་ནི། རབ་ཏུ་བྱུང་བའི་རྟེན་འདིའི་སྟེང་ནས་སྒྲུབ་སླ་བ་ཡིན་པ་དེའི་ཕྱིར་ན་འདི་ལྟ་བུའི་ལུས་རྟེན་ཐོབ་པ་དེ་བསྐལ་པ་མང་པོ་ལ་བསོད་ནམས་བསགས་པའི་འབྲས་བུ་ཡིན་ཏེ། སྲིད་གསུམ་བདག་པོ་སྔར་ཡང་ལན་བརྒྱར་སྐྱེས། །ངུར་སྨྲིག་རྒྱལ་མཚན་འཛིན་པ་ད་རེས་ཙམ། །ཞེས་གསུངས་པ་ཡིན། འོན་ཀྱང་དེ་རིང་ཁ་རྩང་དུས་སྙིགས་མ་རུ་གྱུར། དུས་སྙིགས་ཞེས་པ་དེ་ཡང་དབྱར་དགུན་སྟོན་དཔྱིད་གོ་ལོག་ཏུ་ཤར་སོང་བ་ཞིག་མ་ཡིན་པར། མིའི་སྤྱོད་པ་སྙིགས་ཏེ་བྱ་ངན་སྣ་ཚོགས་པ་ཞིག་བརྩམས། དེ་ཡང་བསམ་པ་སྙིགས་པ་ལས་བྱུང་བ་ཡིན་པས། སེམས་རྒྱུད་ཉོན་མོངས་པའི་གདོན་གྱིས་བརླམས་སོང་བའི་སྨྱོན་པ་ཁྱུ་གཅིག་ཏུ་གྱུར་ནས། སེམས་ཅན་གྱི་སྙིགས་མས་ལྟ་བའི་སྙིགས་མ་བཟུང་ནས། ཉོན་མོངས་པའི་སྙིགས་མ་ལྷག་པར་བདོ་བའི་ལས་ཉོན་གྱི་རྒྱུ་དེ་ཡིས། ཚེའི་སྙིགས་མ་ཚེ་ཐུང་ནད་མང་ལ་སོགས་པའི་སྡུག་བསྔལ་དྲངས་པའི་སྐབས་དེར། དུས་ཀྱི་སྙིགས་མ་ཁ་ཁ་ནས་ཚེས་འདུག་མི་དགོས་པར་རྟེན་གཞི་སྣོད་ཀྱི་འཇིག་རྟེན་མར་རྒུད། བརྟེན་པ་བཅུད་ཀྱི་སེམས་ཅན་ཐམས་ཅད་སྨྱོན་པའི་ཚུལ་ཅན་དུ་གྱུར་པ་ཡིན། སྨྱོན་པས་སྨྱོ་ལས་ཤིག་མ་གཏོགས་ཅི་ཞིག་བྱེད་ཡོང་། དེའི་དབང་གིས་རང་གཞན་ཐམས་ཅད་ཕུང་ལ་སྦྱོར། གོས་ངུར་སྨྲིག་གི་ཚངས་པར་སྤྱོད་པའི་རྒྱལ་མཚན་སྟོན་པའི་ན་བཟའ་རེ་འཆང་བ་ཙམ་དུ་ཡོད་ཀྱང་། ངན་སྤྱོད་སྣ་དགུ་ལ་ཞུགས་པ་དེ་འདྲ་ཡོད་སྲིད་པའི་དུས་ཚོད་ཡིན་ལ། གནའ་དུས་བཟང་རྫོགས་ལྡན་གྱི་སྐབས་སུ་སྟོན་པའི་དམ་ཆོས་དར་ཞིང་། བསྟན་འཛིན་བཤེས་གཉེན་དམ་པ་མང་བའི་དུས་ཚོད་ལ། ན་བཟའ་སེར་པོའི་དྲ་རས་ཙམ་ལ་ཡང་གུས་པས་བསྙེན་བཀུར་བྱེད། དགེ་འདུན་གྱི་སྡེ་ནི། རྒྱལ་པོའི་ཡན་གྱི་བླ་མཆོད། །ཅེས་ཅི་འདྲའི་ཆེ་བཙན་དྲག་ཤུལ་ཅན་ཞིག་ཡིན་ཡང་དགེ་འདུན་པ་དབུའི་མཆོད་གནས་སུ་བཀུར་བའི་ལམ་སྲོལ་ཡོད་པ་ཡིན། འོན་ཀྱང་དེ་རིང་ཁ་རྩང་གི་གནས་སྐབས་སུ་ངུར་སྨྲིག་གི་རྒྱལ་མཚན་ཡིན་ཡང་ཆས་གོས་ཀྱི་རིགས་གཅིག་ལ་བརྩིས་ནས། དེ་འདྲ་གོན་པའི་མི་ཚོ་ཞིག་ཡོད་པ་ཡིན་ནོ་སྙམ་པ་ཙམ་ལས་ཇི་མི་སྙམ་སྟེ་གཞན་ངོས་ནས་རྩི་ཐང་ཆུང་དུས་རང་ངོས་ནས་ཀྱང་དེའི་ལྟ་ཚུལ་དོན་ལ་གནས་པའི་ཕལ་བའི་བསམ་སྤྱོད་ཙམ་ལས་འདའ་མ་ཐུབ་ན། སྤྱོད་ངན་རང་གིས་བྱེད་ནས་དུས་ངན་ཟེར། །ཞེས་པའི་ལུང་བསྟན་གྱི་ཐོག་ལ་ཁེལ་བའི་འཁྲབ་སྟོན་པ་དེ་རང་གིས་བྱས་བཞག་དུས་གཞན་གྱི་དད་ལོག་ལྡོག་ཐབས་མེད་པས། མཐར་རང་གཞན་ཚང་མ་སྨྱོན་པ་ཁྱུ་གཅིག་ཏུ་ལོག་ནས་ཆུ་ནང་ལ་མཉམ་དུ་མཆོངས་པ་ལྟ་བུའི་དུས་ངན་སྙིགས་མའི་བསམ་སྤྱོད་ལ་འདེང་ཞིག་བརྒྱབ་ན། ད་ཁ་ཕྱི་ལ་འཁོར་ནས་གཞན་མགོ་འདོན་ཟེར་ན་དཀའ་བའི་དུས་ཚོད་ཅིག་ཡིན་པས། དེ་བས་ཁ་ནང་ལ་འཁོར་ནས་རང་རྒྱུད་དམ་ཆོས་ཀྱིས་ཕྱུག་ཅིང་ཆོས་དང་བྱ་སྤྱོད་གཉིས་ཀ་འབྲེལ་ཆེ་ཐུབ་ཆུང་ཐུབ་ཅིག་ངེས་པར་བྱ་དགོས་སྙམ་པའི་མོས་པ་དང་བརྩོན་པ་ཡོད་དགོས་པའི་དུས་ཚོད་ཅིག་ཡིན་ཏེ། དེ་ཡོད་ན་གང་ལྟར་བཤད་ཀྱང་མི་འདྲ་བ། གོས་སྣེ་གསུམ་འདི་ལུས་ལ་གྱོན། མཁན་སློབ་དགེ་འདུན་གྱི་མདུན་ནས་སྡོམ་པ་ཞིག་ཞུས། མདོ་དང་སྔགས་ཀྱི་ཆོས་སྒོ་ལ་མ་ཞུགས་མ་ཐོབ་བསམ་རྒྱུ་ཞིག་མེད་པར་བྱས་ཡོད་པས། དེའི་ཚོད་ཀྱི་དོན་གོ་རང་ཉམས་དང་མཐུན་པ་ཞིག་རང་རྒྱུད་ནས་ཆོད་དགོས་པ་ཡིན། གྲྭ་ཇོ་སེར་བསླབ་པ་རྒན་གཞོན་སུ་ཞིག་ཡིན་ཡང་འཇིག་རྟེན་གྱི་མི་ལུས་ཤིག་བླངས་ཡོད་པས། ཁྱིམ་ཕ་མ་དང་གཉེན་ཉེ་འབྲེལ་མེད་པ་ཞིག་སུ་ཡོད་ཀྱང་། ཁྱིམ་པའི་འཚོ་ཚིས་ཁ་གསོ་རྒྱབ་འགེབས་དགྲ་གཉེན་ཆགས་སྡང་བྱས་ནས་དེ་དག་དང་གཤིབས་ན་ཡང་དེ་དག་ལ་ཕན་ཆེན་པོ་ཞིག་ཐོགས་པ་མེད་པས་མ་ཚད། དེ་དག་ཡར་འཐེན་ཞིག་མ་དགོས་སྨིན་མ་ནུས་པའི་རང་རྒྱུད་ཀྱི་ཆོས་སེམས་ཉག་ཕྲ་མདང་སྐྱེས་ཀྱི་མྱུ་གུ་ལྟ་བུ་དེ་སད་ཀྱིས་ཁྱེར་བའི་རྐྱེན་ཞིག་ཏུ་ལོག་ནས་རང་ཉིད་མར་འཐེན་ཞིག་གི་རྒྱུ་ལས་མི་འདུག་གོ་སྙམ་དགོས་པ་ཡིན། དེ་ལྟར་བསམ་མ་ཐག་ཏུ་མི་མེད་ལུང་སྟོང་ཞིག་ལ་འགོས་སྔ་བྱེད་འགྲོ་མི་དགོས་ཏེ། སྤྱིར་ཕྱི་དབེན་ནང་དབེན་གསང་དབེན་གྱི་དབེན་གསུམ་ཞི་བའི་རྒྱལ་སར་བསྙེག་དགོས་པ་ཡིན་ཡང་། ཉམས་ལེན་པ་ལས་དང་པོ་བ་ཞིག་ལ་མཚོན་ན་དང་པོར་ནང་དབེན་དང་གསང་དབེན་གཉིས་ཀའི་མཐུན་རྐྱེན་མ་ཚོགས་དུས། ཕྱི་དབེན་ཉི་མ་ཁ་ཤས་ཀྱིས་མཐའ་མི་བརྟན་ཞིང་ས་མ་ཟིན་ནས་དེ་བས་མཐོ་མེད་ས་ནས་དེ་བས་དམའ་མེད་ས་ལ་ལྷུང་བ་ཡང་ཡོད་ངེས་པ་ཡིན་པས། ང་ཚོ་ཉམ་ཆུང་གི་ཆོས་པ་ཞིག་ལ་མཚོན་ན་བསམ་རྒྱུ་རང་རྒྱུད་ཆོས་དང་འདྲེས་ཐབས་དང་། ལས་རྒྱུ་ཆོས་ཐོབ་པ་དེའི་ཉམས་ལེན་ལ་འཇུག་པ་དེ་ལས་གཞན་པ་ཞིག་མེད་པས་མ་ཚད་དེ་ལས་དགོས་པ་ཡང་མིན་ཕྱིར། ཁ་ཕྱི་ལ་འཁོར་ནས་མི་སྔོན་ནས་ཡག་ཐབས་མཛེས་ཐབས། བསྟོད་བཀུར་བསྔགས་བརྗོད་སོགས་ཐོབ་ཐབས་ལ་བསམ་བློ་གཏོང་བཞག་དུས་གང་ལྟར་བྱས་ཀྱང་ཆོས་བརྒྱད་དང་འདྲེས་ཤིང་། ཆོས་བརྒྱད་ཀྱི་དུག་དང་འདྲེས་པའི་དབང་གིས་རང་རྒྱུད་ལ་ཉམས་ལེན་གྱི་སྐྱེད་ཡོང་རྒྱུ་མེད་པ་ལ་གནོད་པ་ཡོད་པའི་ཚུལ་ལ་ལེགས་པར་སེམས་དགོས་པ་ཡིན། ཚུལ་འཆོས་རྒས་པ་ཚུལ་ཁྲིམས་ཞེས་པ་ཆོས་ཞུགས་ལས་དང་པོ་བས་གཞན་ངོས་ནས་ཁྲེལ་དང་། རང་ངོས་ནས་ངོ་ཚ་ཤེས་པའི་བག་ཡོད་བསྟེན་ཏེ་རིམ་གྱིས་བརྟུལ་ཞུགས་བརྟན་པར་འགྱུར་བའི་གསུང་ཚུལ་ཡོད་ན་ཡང་། རྟེན་འདིར་རྫོགས་པ་ཆེན་པོའི་མན་ངག་གི་ཉམས་ལེན་ལ་ཞུགས་ནས་རང་གཞན་གྱི་དོན་ཆེན་འགྲུབ་པའི་ཆོད་སེམས་བརྟན་པོ་ཡོད་པའི་ཆོས་པ་ངོ་མ། རྫོགས་པ་ཆེན་པོའི་རྣལ་འབྱོར་བ་མིང་དོན་མཚུངས་པ་ཞིག་ཨེ་ཡོང་བསམ་དུས། དང་པོར་སེམས་འདིའི་སྟེང་ནས་བློ་སྦྱོང་གི་སྒྱུར་བཀོད་ཆེ་བ་ཞིག་བཏང་སྟེ་སེམས་ཐག་གདིང་ནས་མ་ཆོད་ན། དེ་སྔོན་ཡང་རང་ས་གཞན་ཡུལ་གཉིས་ཀ་ནས་སྐྱ་སེར་གཉིས་གོ་འདྲ་ཞིག་བཅད་ཁུལ་བྱས། ཁྱིམ་གཞིས་དགོན་གཞིས་གང་ཡིན་ཡང་རང་རང་རང་གི་ཚོད་ཀྱི་གཞིས་འཁོར་ཀ་རེ་ཡི་མགོ་རྫིའི་འགན་བཟུང་ཁུལ་བྱས། ཐ་མ་ཆོས་འཇིག་རྟེན་གཉིས་ཀ་མ་འགྲུབ་པ་ནི་ཅི་འདྲའི་མང་འདུག་སྙམ་པའི་འདྲ་དཔེ་ལ་བལྟས་ན་ལེགས་པར་ཤེས་སུ་ཡོད་ཅིང་། ཐམས་ཅད་པོ་རང་ཉིད་ལ་མི་གཅེས་པ་སུ་ཞིག་ཡོད། རང་སེམས་རང་ལ་མི་དཀར་བ་ཡང་ཡོད་པ་མ་རེད། སེམས་དཀར་ལུགས་དང་གཅེས་ལུགས་མི་ཤེས་འདུག་རྒྱུ་དེ་ཁ་རྩང་དོ་ཞག་རྟག་པར་བཤད་འདུག་པའི་རྒྱུ་འབྲས་ཕྲ་ཞིབ་ཀྱི་གོ་བ་དེ་མ་ལོན་པའི་དབང་གིས་ལས་བྱ་བ་ཐམས་ཅད་འཕྱུག་བཞིན་ཡོད་པ་དེ་ཤེས་པར་བྱས་ནས། རང་གིས་རང་ལ་ལྕག་འདེད་ཅིག་དགོས་པ་ཡིན། ཀུན་མཁྱེན་ཆེན་པོས། དེ་བས་ངེས་དོན་མདོ་རྒྱུད་སྙིང་པོའི་དོན། །ཚོགས་གཉིས་ཟུང་འཇུག་རིམ་གཉིས་བསྐྱེད་རྫོགས་ཀྱིས། །མྱུར་དུ་རྫོགས་པའི་སངས་རྒྱས་སྒྲུབ་བྱེད་ཡིན། །ཞེས་གསུངས་པ་ལྟར་དུ། ངེས་དོན་སྙིང་པོའི་མདོ་དང་རྒྱུད་སྡེའི་སྙིང་པོའི་དགོངས་དོན་བཅུད་དུ་དྲིལ་བ་དེ་གང་ཡིན་པ་རེད་ཟེར་ན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཟུང་དུ་འཇུག་པའི་རིམ་པ་ལྟར་དུ། བསྐྱེད་རྫོགས་རིམ་གཉིས་ཀྱི་ཉམས་ལེན་གནད་དུ་སྨིན་པའི་ཐོག་དེ་ནས། མྱུར་དུ་རྟེན་འདི་ལ་རྫོགས་པའི་སངས་རྒྱས་སྒྲུབ་པར་བྱེད་པའི་བྱེད་ཐབས་ཉག་གཅིག་སྟེ། དེ་ཡང་རྒྱུ་འབྲས་རྟེན་འབྲེལ་ཟབ་མོའི་གནད་ཀྱི་གོ་དོན་རང་རྒྱུད་ལ་སྦྱོར་རྒྱུ་དེ་འདི་ཡིན་ཞེས་གསུངས་པ་ཡིན། རང་གཞན་རོགས་དང་གསུམ་པོ་སྟེ་ང་དང་ཁྱེད་དང་ཁོང་ཟེར་བའི་གང་ཟག་གི་ཚོད་གང་ཟག་གིས་མངོན་ཤེས་མེད་ན་མི་ཟིན་པ་ཡིན་པས། རང་རྒྱུད་ཐད་ལ་བཞག་ནས་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་དེ་ཉིད་འདྲ་དཔེ་བྱས་ནས་མི་བཤད་པའི་ཐབས་མེད་དེ། གཞན་རྒྱུད་ཀྱི་ཚོད་མི་ཐིག་པ་དང་། ཆོས་འཆད་པ་པོ་ལ་མངོན་ཤེས་ཡོད་དགོས་གསུང་དོན་ཡང་དེ་ཡིན་པའི་ཕྱིར། གཞན་གྱི་རྒྱུད་ཚོད་མ་ཤེས་པའི་ཆོས་བཤད་ཀྱིས་གཞན་རྒྱུད་ལ་ཕན་ཐོགས་ཆེ་བ་མིན། ནད་ལ་ཚོད་སྨན་བྱིན་དུས་ཕན་ཐོགས་མེད་པས་མི་ཚད་འགའ་རེ་ལ་སྨན་དུག་ཏུ་འགྱུར་རྒྱུ་ཡང་ཡོད་པ་རེད། འོ་ན་གཞན་རྒྱུད་ཀྱི་ཚོད་མ་ཐིག་དུས་ཅི་དགོས་པ་རེད་ཟེར་ན། ཚོད་ཐིག་རྒྱུ་ངོ་མ་དེ་སུ་ཡིན་ན་རང་རྒྱུད་རེད། རང་རྒྱུས་རང་ལ་ཆེ་བ་ཡིན། ངས་ནམ་བཤད་ལ་རང་ཉམས་ལ་སྦྱར་ནས་འཆད་བཞིན་ཡོད། འུ་ཅག་གིས་ཆོས་འཆད་ཉན་གྱི་དབུ་བཟུང་ནས་འདིར་ཡོད་ཀྱི་མང་ཆེ་བ་དང་མཉམ་དུ་ལོ་མང་བུད་ཐལ། འདིའི་ནང་གི་མང་པོ་ཞིག་གིས་མ་འོངས་བསྟན་པའི་རྒྱུན་འཛིན། རང་གཞན་སེམས་ཅན་གྱི་དོན་མཛད་ནས། བསྟན་འགྲོར་སྨན་པའི་མཛད་པ་རླབས་ཆེན་འགྲུབ་ངེས་པ་ཡིན་བསམ་ས་ཡང་ཡོད་པ་རེད། ཡང་འགའ་རེས་ཚེ་དང་སྒྲུབ་པ་སྙོམས། མི་ཚེ་སྒྲུབ་ལ་གཞོལ་བ། ཕྱི་ཚུལ་ཕལ་བའི་ཚུལ་དང་ནང་ཚུལ་དམ་པའི་རྣམ་ཐར་སྐྱོང་བའི་སྦས་པའི་རྣལ་འབྱོར་བ་ཡང་ཡོད་ངེས་པ་ནི་སྨོས་མ་དགོས་ཤིང་། གང་ལྟར་ཡང་ཐམས་ཅད་རྫོགས་པ་ཆེན་པོའི་ཆོས་ཀྱི་ལས་འབྲེལ་ཅན་ཡིན་པས། དབང་རབ་ཚེ་འདིར་གྲོལ། དབང་འབྲིང་བར་དོར་གྲོལ། ཐ་མ་ཡིན་ཡང་རང་བཞིན་སྤྲུལ་བའི་ཞིང་ཁམས་ལ་དབུགས་འབྱིན་པའི་ཆོས་ཀྱི་ཟབ་ཁྱད་ལ་རང་ངོས་ནས་དམ་ཚིག་མ་ཉམས་ན་བསླུ་བ་ཡོད་རྒྱུ་མ་རེད། ཡང་ཐ་ཡིན་ཡང་སྐྱེ་བ་དུ་མར་བརྒྱུད་མཐར་ཆོས་གདམས་པ་འདི་དང་འཕྲད་ནས་མཐོ་རིས་རིམ་བརྒྱུད་ལ་སོགས་པས་གྲོལ་བ་ཐོབ་པ་ནི་སྒྲ་ཇི་བཞིན་དུ་བཟུང་ནས་བློ་གདེང་འཆའ་ཆོག་པ་ཡིན། འོན་ཀྱང་རང་དང་སྐལ་བ་མཉམ་པ་ཆོས་ཐོབ་པའི་ཐོབ་ཡིག་མང་ཡང་། དོན་སྙིང་པོའི་ཉམས་ལེན་གྱི་གཏད་སོ་འདི་ཡོད་བསམ་རྒྱུ་མེད་པ་དག་གིས། ཐོག་མར་བློ་སྦྱོང་གི་གཞི་གདན་དེ་ཡང་འཇོག་ཅིག་བྱས་ན་སྙམ་ནས་ཉིན་བཞིན་དེའི་ཕྱོགས་ནས་བཤད་པ་ཡིན། ཆོས་འཆད་མཁན་གྱི་ཚིག་སྒྲོས་བཟང་ངན་དང་། ཉན་ན་སྙན་ཞན་ལ་ཐུག་ཡོད་པ་མ་ཡིན་ལ། ཉན་མཁན་དག་ཀྱང་མི་སྔུན་ནས་ཕྱི་ཚུལ་འཆོས་པ་ཙམ་གྱིས་གོ་མི་ཆོད་པར། དོན་ངོ་མའི་ཐོག་ནས་ཉིན་ཞག་གཅིག་ལ་ཆུ་ཚོད་ཉེར་བཞི་ཡོད་པའི་ནང་ནས། གཉིད་ཐུན་གཅིག་གི་ཆུ་ཚོད་དྲུག་བདུན་པོ་ཕར་ཕུད་ཤུལ་གྱི་ཆུ་ཚོད་བཅུ་བདུན་བཅོ་བརྒྱད་ཅིག་ལྷག་པ་དེའི་ནང་གི་མང་ཆེ་བ་དགེ་བའི་བསམ་སྤྱོད་དུ་འདུག་གམ་མི་འདུག་ངེས་པར་བརྟག་དགོས། དེ་ལས་མང་ཆེ་བ་འཇིག་རྟེན་ཆོས་བརྒྱད་དང་ཡེངས་མ་ལམ། ཡང་ན་མང་ཆེ་བ་རྣམ་གཡེང་འདུ་འཛི་དང་ཚུལ་མིན་ཡིད་བྱེད་དུ་སོང་ནས་ཡོད་ན། ཉིན་ཞག་རེ་རེ་དངོས་གཞིའི་མཉམ་བཞག་གི་ཐུན་དུས་ཚོད་དུ་ཙམ་རེ་ཆོད་པ་དང་། ལར་དམ་པའི་ཆོས་ལ་ཡིད་ཆེས་དང་ལོང་མེད་རྒྱུད་ལ་སྐྱེས་པའི་ཚད་ཇི་ཙམ་ཡོད་པ་དང་། འཆི་བ་ཟེར་བའི་དགྲ་ཆེན་དེ་ཐོག་ལ་ཐོན་བྱུང་ན་དཔའ་གདེང་ཅི་ཞིག་ཡོད་པ་དང་། ཆགས་སྡང་ཉོན་མོངས་དྲག་པོ་གློ་བུར་ལ་སྐྱེ་ན་དེའི་དུས་སུ་ཉམས་ལེན་གྱི་སྙིང་པོ་གང་ལ་འཛིན་དགོས་པ་དང་། ཆོས་ཉམས་ལེན་གྱིས་སྐྱིད་ཀྱི་གོང་གནོན་དང་སྡུག་གི་སྐྱོ་གྲོགས་ཡོང་དགོས་པར་གསུངས་ཤིང་། དང་པོ་ཆོས་སྒོར་ཞུགས་ནས་འབུམ་ལྔའི་བསགས་སྦྱོང་གི་མགོ་བཟུང་ནས་དངོས་གཞིའི་ཁྲིད་ཀ་རེ་ལ་བག་ཆགས་བཞག་དང་ཚུན་ཆད་དུ་རང་རྒྱུད་འདི་ལ་སྐྱེད་ཐོན་པའི་འགྱུར་བ་ཅི་ཙམ་སོང་ཡོད་པ་དང་། ངེས་འབྱུང་སྙིང་ནས་སྐྱེས་ཏེ་འཁོར་བར་ཞེན་ལོག་ཇེ་ཆེ་དང་ཐར་བ་དོན་གཉེར་ཇེ་ཆེར་འདུག་གམ། སྙིང་རྗེ་དང་གཞན་ཕན་དག་སྣང་མོས་གུས་ཀྱི་ཕྱོགས་ནས་འགྱུར་བ་ཅི་ཙམ་ཞིག་སོང་ཡོད་འདུག་སྙམ་ནས། རང་གིས་རང་ལ་རྒྱུགས་ལེན་རྒྱུ་ནི་གཙོ་བོ་གནད་ཆེ་ཞིང་། དེ་ལྟར་རྒྱུགས་བླངས་དུས་ཨ་ཁ་ཅི་ཞིག་བྱུང་བ་ཡིན་ན་ཇེ་སྡུག་འདྲ་ཞིག་མ་རེད་དམ། དེ་དུས་ཨ་གསར་དང་མཉམ་དུ་ཉམས་ལེན་ཐུན་རེ་ལ་སྒ་སྒ་སྒོང་སྒོང་བྱས་ནས་བསྡད་བསྡད་ན་གཅིག་སྨིན་རྒྱུ་ཡོད་སྣང་འདྲ་ཞིག་ཤར་བ་ཡིན། ད་ནི་ལོ་དུ་མ་སོང་ཡང་དེ་དང་དེ་རེད། གར་སོང་འདིར་བརྒྱབ་གང་ཡང་མེད་པ་ཤིང་མདའ་སྒྲོ་མེད་ནགས་སུ་འཕངས་པ་ལྟ་བུ་ཞིག་རེད་སྙམ་པ་ཞིག་བྱུང་ན། དེ་ཡང་ཐ་ཆད་པ་མ་ཡིན་ཏེ་ཆོས་དྲེད་ཆོས་ཀྱིས་མི་ཐུལ་བའི་མི་ཡིས། དེ་གསུངས་དར་བ་དང་ཡིག་ཆའི་ནང་ལ་དེ་ལྟར་ཡོད་ན་ཡང་ཉམས་ལེན་རྒྱུད་ལ་འགེལ་མཁན་དང་བཀལ་ནས་དོན་ཐོག་ལ་ཞོག་ཡོང་ས་ཞིག་དང་ཡོང་རྒྱུ་ཞིག་ཅང་ཡོད་པ་མ་རེད་བསམ་པའི་ལོག་རྟོག་ཅན། ལས་མཐའ་ལོག་ཉེན་ཡོད་པ་དག་ལས་ལྷག་དང་ལྷག་ཡིན། ལོ་མང་ཉམས་ལེན་བྱས་པའི་སྐྱེད་རང་རྒྱུད་ལ་ཐོན་ཨེ་འདུག་བལྟས་ནས་ནང་ལ་འཁོར་རྒྱུ་དེ་ཡང་སྔོན་དང་བསྡུར་ན་ཡར་སྐྱེད་ཅིག་ཡིན། བྱིན་རླབས་རང་རྒྱུད་ལ་འཇུག་དགོས་ན་དད་དང་མོས་གུས་ཡོད་དགོས་པ་ཡིན། བཅོམ་ལྡན་འདས་ཀྱིས་དོན་དམ་པ་ནི་དད་པས་རྟོགས་པར་བྱ་བ་ཡིན་གསུངས་པ་རེད། དེ་ཡང་དད་པས་ཤེས་རབ་བསྐྱེད་ནས་དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་རྒྱུད་ལ་སྐྱེ་བ་ཡིན་ཞེས་པའི་དོན་རེད། ངེས་འབྱུང་དང་དད་མོས་གུས་ཀྱིས་ཁྱོག་ཡོད་ན་ལོ་བདུན་བརྒྱད་ལ་ཉམས་ལེན་བྱས་པ་ནི་དུས་ཚོད་ཐུང་ཐུང་མ་རེད། ཉམས་རྟོགས་ཀྱི་ཚོད་ཀྱིས་རང་རྒྱུད་ལ་བློ་གདེང་ཁེལ་བ་དང་། གཉིས་འཛིན་དང་བྲལ་བའི་ལྟ་བ། ཡེངས་མེད་ངང་གཞག་གི་སྒོམ་པ། རེ་དོགས་མེད་པའི་སྤྱོད་པ་རྣམས་བརྒྱུད་ནས། སྤང་ཐོབ་བྲལ་བའི་འབྲས་བུ་ལ་ཕྱོགས་པ་སྟེ། ཕྱག་ཆེན་གྱི་ཆོས་སྐད་དང་སྦྱར་ན། རོ་གཅིག་ལ་བསྙེགས་མེད་ཀྱང་། རྩེ་གཅིག་ཡན་གྱི་རྟགས་ཚད། གོ་བས་མི་ཚད་མྱོང་བ་ཞིག་ཐོན་དགོས་པ་ཞིག་ཡིན། གང་ལྟར་བཤད་ཀྱང་དད་དང་མོས་གུས་མ་ཞན་ན་དད་པའི་ཞིང་ས་ལ་དགེ་བའི་མྱུ་གུ་སྨིན་ཅིང་། དེ་ཡང་ཐུན་མིན་རྫོགས་ཆེན་གྱི་ལམ་ཡིན་ཕྱིར་ལམ་ཞུགས་ཕལ་བ་བརྒྱ་ཡིས་དོ་ཟླ་ཡོད་རྒྱུ་མ་རེད། ཡིན་ན་ཡང་ཆོས་རྩ་ཆེན་ཡིན་བརྒྱུད་པ་བཟང་པོ་ཡིན་སྙམ་ནས་གློ་བ་དགའ། སྣང་བ་སྤྲོ། སྤོབས་པ་མཐོ་བ་ཙམ་རྐྱང་པས་མི་ཆོག་པས། ཆོས་གྲོགས་གསར་རྙིང་སུ་དང་གང་ཡིན་ན་ཉམས་ལེན་སྙིང་པོ་གནད་ལ་སྨིན་པ་ཞིག་འགོར་འགྱངས་མི་བྱེད་པར་ཡོང་བའི་ཆེད་དུ། བློ་སྦྱོང་འདི་ལ་ཡང་འབད་སྐྱར་འབད་ཅིག་གྱིས་དང་། བློ་སྦྱོང་གིས་བློ་འབྱོངས་ཡོད་ན་ཇ་དལ་འཐུང་བྱས་ནས་འདུག་ཕོད་ཐབས་ཤིག་གང་ན་ཡོད། བྲག་ཧར་མ་ཁང་རྩེག་སྟོང་ཕྲག་མང་པོ་ཡོད་ས་ཞིག་ནས་མར་ལྷུང་ནས། འོག་གི་དུག་མཚོའི་ནང་ལ་མ་ཐོན་པའི་སྔོན་དེར་རྫུ་འཕྲུལ་ཅན་ཞིག་འཕུར་ཡོང་ནས་ལག་མགོ་ལ་འཐམ་དུ་བཅུག་ན་མི་འཐམ་པ་ཞིག་མི་སྲིད་པ་བཞིན་དུ། འུ་ཚོ་སོ་སྐྱེ་ཐ་མལ་པ་ལས་ངན་གྱི་རྒྱུ་བྱས་ལུས་ངན་གྱིས་སྡུག་བསྔལ་མྱོང་བཞིན་པའི་ཐོག་འདི་ལ། སྔར་སོང་བསོད་ནམས་ཆ་མཐུན་གྱིས་ཟག་བཅས་དགེ་བའི་ལས་བསགས་ནས། ད་རེས་མཐོ་རིས་ཀྱི་མི་ལུས་འདི་བླངས་པ་རེད། འདིའི་ཐོག་ནས་ཐར་བའི་ལམ་སྣེ་ཞིག་ཟིན་མ་ཐུབ་ན། བསམ་ཚད་མི་དགེ་བ། བྱས་ཚད་སྡིག་པ། བཤད་ཚད་གཞན་སྐྱོན། ཐམས་ཅད་འཇིག་རྟེན་ཆོས་བརྒྱད་ལས་མ་འདས་པ་ཞིག་གིས། སྐྱེ་གནས་བཟང་པོ་དང་ལུས་རྟེན་ལེགས་པ་ཞིག་ཕྱི་ནས་རྙེད་པར་དཀའ་བའི་སྐྱེ་རྟགས་རང་གིས་རང་ལ་བཤད་ཤེས་པ་ཡིན། སྐྱེ་བ་རྗེས་མ་ཟེར་རྒྱུ་ཞིག་ཡོད་པས་དགའ་དང་མེད་པས་དགའ་ཞེས་དྲིས་ནས་གདམ་ཀ་བྱེད་ཆོག་རྒྱུ་ཞིག་ཡིན་ན་མེད་ན་དགའ་ཟེར་ངེས་ཀྱང་། དེ་ཡོད་པ་ནི་རྒྱུ་འབྲས་རྟེན་འབྱུང་གི་གཤིས་དང་། རང་གི་རིགས་པས་བརྟགས་ཤིང་དཔྱད་ན་ཡང་གྲུབ་པའི་སྒོ་ནས་ཤེས་རྒྱུ་ཞིག་ཡིན་པ་ནི། ལན་གྲངས་མང་པོར་བསྲེགས་བཅད་བརྡར་གསུམ་གྱིས་ཉམས་ཞིབ་བརྒྱུད་ཚར་བ་ཞིག་རེད། དེས་ན་འདི་འདྲའི་ཡག་ཉེས་ཅན་གྱི་ས་ཚོད། ཉམས་ལེན་རྣམ་དག་ཐུན་ཁེ་རུ་ཞིག་གིས་ཀྱང་ཕྱིན་ཆད་སྐྱེ་ཤིའི་འཁོར་བ་རྩི་ཚོད་མེད་རྒྱུ་ཞིག་གི་ཁ་བསྒྱུར་བ་ལ་ཕན་གནོད་ཆེན་པོ་གཏུག་པའི་སྐབས་འདིར། རང་གཞན་འདི་ཕྱིའི་དོན་ཆེན་འགྲུབ་རྒྱུ་ལ་ལོ་མང་པོའི་ཕྱག་སྐོར་སྒྲིབ་སྦྱོང་དང་། རྒྱ་ཆེན་པོའི་སྤྲོས་པ་ཅན་གྱི་མཆོད་པ་སྨོན་ལམ་བས་ཐུན་ཐུང་ཐུང་ཞིག་གིས་ཆོད་སྒོ་ཆེ་བའི་དངོས་གཞིའི་ཉམས་ལེན་ལ་མི་འབད་པར། འཁྲུལ་སྣང་འཇིག་རྟེན་གྱི་བྱ་གཞག་མ་དགོས་དགེ་སྦྱོར་ཞ་གི་ཞི་གིའི་གཟུགས་བརྙན་དག་ལ་མ་དག་ཅིག་ལ་འཇུག་པས་ཅི་བྱེད་བསམ་དགོས་པ་ཡིན། དང་པོ་བྱིས་པའི་དུས་སུ་བསམ་ངོགས་མ་ཟིན་ནས་ལུས་པ་དང་། དེ་ནས་ན་གཞོན་ཡིན་པའི་དུས་སུ་གྲོགས་ངན་མིན་ཡང་གྲོགས་བཟང་ངོ་མ་དང་མ་ཐུག་ནས་རྣམ་གཡེང་གི་ངང་ནས་ཀྱང་ལོ་ཟླ་ཕོན་ཆེན་ཟད་ཅིང་། མ་འོངས་རྒས་ནས་ལུས་སེམས་གཉིས་ཀ་རྒུད་པའི་དུས་སུ་འགྲུབ་ཡོང་རྒྱུ་ཞིག་མེད་པ་ནི་ཕར་བལྟས་ཚུར་གསལ་ཡིན་ལ། ད་ལྟ་རང་དབང་རང་ལག་ལ་ཡོད། ལུས་སེམས་གཉིས་ཀྱི་སྟོབས་མ་ཞན། དབང་པོ་རྣམ་རིག་གསལ་བའི་དུས་སུ་ཉམས་ལེན་ཞིག་མ་བྱས་ན་ད་ནམ་བྱེད་ཡོང་། འདུག་གྲབས་མ་བྱེད་འགྲོ་གྲབས་གྱིས། འཆི་བ་ད་ཐོན་ན་གདོང་ལེན་གྱི་ལག་ཆ་འདི་ཡོད་བསམ་རྒྱུ་ཞིག་མེད་དུས། འདུག་གྲབས་བྱས་ཀྱང་དགུན་ཁའི་དར་ཐོག་ལ་མཁར་རྩིག་པ་དང་འདྲ་བར་ཡུན་རིང་འདུག་འདེང་མེད་པ་ནི་ཞེ་ལ་ངེས་ངེས་སུ་ཡོད་པས། བྱ་བ་ལྷུས་ཐིངས་པའི་ཆགས་འཆར་གཞི་ཞོག་པ་ཞིག་རེད་མེད་པ་ཡིན། ཡང་སྒོས་རང་རང་གི་ལོ་ནམ་ཟླའི་ཚོད་ཀྱིས་དགུན་གྱི་ཉི་མ་ལོག་ཚར་ནས་དཔྱིད་ཟླ་དང་པོར་ཚེས་རྒྱུ་ལ་ཡུན་རིང་ཞིག་མེད་པའི་ཚོད་ལ་ཐོན་པ། དཔྱིད་ཁའི་ས་དྲོད་དྲོས་རྒྱུ་ལ་ཡུན་མེད་དུས་དར་ཐོག་ལ་མཁར་ཞིག་བརྩིགས་པ་བྱས་ན་བློ་གཏད་མེད་པ་དང་གཉིས་སུ་མ་མཆིས་ཤིང་། དེ་ཡང་མི་ཚེ་གཅིག་གི་མགོ་མཐའ་རྟག་པའི་ཚོད་ཀྱི་སྐད་ཆ་རེད། འདུས་བྱས་ཀྱི་ཆོས་ལ་རྟག་བརྟན་མེད་ལུགས་ལ་བསམ་ན། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚོས་དོ་དགོང་མར་གཟིམས་ནས་སང་ཉིན་ཡར་བཞེངས་ཏེ་གསོལ་ཇ་གསོལ་རྒྱུའི་གྲ་སྒྲིག་མཛད་མི་དར་བ་ཡིན། ང་ཚོས་མི་རྟག་པ་ཡིན་ཡང་ང་སང་ཉིན་ཤི་མེད་པའི་ཁག་འཁུར་ཤི་ཡོད་རྒྱུ་མ་རེད་སྙམ་པར་བྱེད་ཀྱང་། སང་ཉིན་གྱི་རྒྱབ་ལ་སང་ཉིན་ཡོད་པས་ཟད་པ་མེད་ཅིང་། ནམ་ཞིག་སང་ཉིན་ཚེས་ལོང་མེད་པར་ཤི་ནས་ཡོད་ཤག་ཤག་རེད། དེ་ལྟ་བུའི་སང་ཉིན་དེ་ནམ་ཡིན་པ་དང་། སང་ཉིན་དུ་ཞིག་གི་འཕྲོ་ལ་ང་འཆི་བ་ཡིན་མི་ཤེས་ཤིང་། མི་ཚོས་དེའི་ཕྱོགས་ལ་བསམ་བློ་གཏོང་མ་ཕོད་པས་མི་ཤེས་ཁུལ་བྱས་ནས་རང་གིས་རང་ལ་ཤེས་བཞིན་དུ་མགོ་གཡོག་བཞིན་ཡོད་པ་རེད། དེ་བས་འགྲོ་གྲབས་སྔོན་ལ་གྱིས་ཤོག ད་ལྟ་ཤི་ཡང་ཞེ་བློ་བདེ་བ་ཞིག་གྱིས་ཤོག་དང་འདུག་རྒྱུ་ཡོད་ནའང་སྐྱིད་རེད། ཉིན་རེ་བསྡད་ཀྱང་རང་གཞན་གྱི་དོན་རེད། འདུག་རྒྱུ་མེད་ནའང་སྐྱིད་རེད། སྡུག་བདེན་ཉེར་ལེན་གྱི་ཕུང་པོ་མི་འདོད་སྣ་དགུའི་འབྱུང་གནས་མི་གཙང་བའི་རང་བཞིན་འདི་བསྐྱུར་ནས་སེམས་ཉིད་ཀློང་ཆེན་གྱི་མཁའ་ལ་བྱ་རྒོད་པོའི་ནམ་འཕང་བཅད་པ་བཞིན་དུ་འགྲོ་བ་ལས་སྐྱིད་ཅིག་གང་ན་ཡོད། དེས་ན་ཆོས་ཟབ་པའི་ཚོད་ཀྱི་གདམས་པ་འཕྲད་ཆོག་མ་ཡིན་ན་ཡང་ཉམས་ལེན་གནད་ལ་ཁེལ་བའི་སྙིང་རུས་དཀའ་སྤྱད་རང་གིས་བརྒྱུད་ལོས་དགོས་མ་གཏོགས། ཐེག་པ་འོག་མའི་ལམ་ནས་འབད་པ་ཅི་འདྲ་དགོས་འདུག ཐེག་རྩེའི་རྫོགས་ཆེན་གྱི་ལམ་ནས་འབད་པ་མི་དགོས་པ་ཞིག་ཡོད་པ་མ་རེད། འབད་མེད་མ་སྒོམ་སངས་རྒྱས་ཞེས་གསུངས་དུས་ནས་ཀྱང་། ཐུན་མོང་གི་འབད་པ་ལས་འདས་པའི་ཤིན་ཏུ་རྟོགས་དཀའ་བའི་འབད་པ་ལས་འདས་པའི་འབད་པ་ཞིག་གི་སྟོབས་བསྐྱེད་དགོས་པ་ནི་དོན་གྱིས་བསྟན་པ་རེད། དེས་ན་རྙེད་དཀའི་ཆོས་དང་འཕྲད་པའི་སྤྲོ་བ་དང་། སྐད་ཅིག་ཐང་ལྷོད་མེད་པའི་བརྩོན་པ་ཤུགས་དྲག བརྩོན་གང་དགེ་ལ་སྤྲོ་བའི་འཇུག་པ། ལེ་ལོ་དང་སྙོམ་ལས་སྒྱིད་ལུག་སོགས་ཀྱིས་མི་ཕིགས་པའི་གོ་ཆ་སྲ་མོ་ཞིག་བགོ་བ་དང་བཅས་ཏེ། གང་ཞིག་གསན་པར་བྱ་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས་ལེའུ་ལྔ་བ་རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པའི་ལེའུ་ལས། ཁ་རྩང་རྒྱུ་འབྲས་བྱ་རྩོལ་ལས་འདས་པར་བསྟན་པའི་ལེའུ་འདིའི་ས་བཅད་དང་པོ། བྱ་རྩོལ་རྒྱུ་འབྲས་ལས་འདས་པའི་དོན་དང་དཔེ་བསྟན་པ་དང་། ས་བཅད་གཉིས་པ་འོག་མའི་ཐེག་པ་གོལ་སྒྲིབ་ཏུ་བསྟན་པ་ནང་གསེས་དང་བཅས་པ་དང་། གསུམ་པ་རང་བྱུང་གི་ཡེ་ཤེས་དང་གཞན་བྱུང་གི་རྟོག་ཚོགས་འབྱེད་པའི་དབྱེ་བ་མཇུག་སྡུད་དང་བཅས་པ་བསྟན་པ་རྣམས་སོང་ནས། དེ་རིང་ཇི་ལྟར་སྣང་ཡང་སྒྱུ་མའི་རྩེད་མོ་ཙམ་ལས་དོན་ལ་གོས་པ་མེད་པའི་གནད་དེ་ཉིད་བསྟན་པ་སྟེ།

༼ང༽བཞི་བ་རྟོགས་པའི་རྣལ་འབྱོར་པ་ལ་འགྱུ་འཕྲོར་སྣང་བ་དང་ཡུལ་སྣང་སྒྱུ་མའི་རྩེད་མོ་ཙམ་ལས་གོས་པ་མེད་པའི་གནད་བསྟན་པ།

དེ་ལ་རྟོགས་པའི་རྣལ་འབྱོར་པ་ལ་འགྱུ་འཕྲོར་སྣང་བ་དང་ཡུལ་སྣང་སྒྱུ་མའི་རྩེད་མོ་ཙམ་ལས་གོས་པ་མེད་པའི་གནད་བསྟན་པ་དངོས་དང་། རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ། ས་ལམ་སྦྱང་བགྲོད་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་བ་གདམས་པ་དང་གསུམ་ལས།

ཀ༽དང་པོ་རྟོགས་པའི་རྣལ་འབྱོར་པ་ལ་འགྱུ་འཕྲོར་སྣང་བ་དང་ཡུལ་སྣང་སྒྱུ་མའི་རྩེད་མོ་ཙམ་ལས་གོས་པ་མེད་པའི་གནད་བསྟན་པ་དངོས།

ད་ནི་རྟོགས་པའི་རྣལ་འབྱོར་པ་ལ་འགྱུ་འཕྲོར་སྣང་བ་དང་ཡུལ་སྣང་སྒྱུ་མའི་རྩེད་མོ་ཙམ་ལས་གོས་པ་མེད་པའི་གནད་ནི།

གང་ནས་མ་འོངས་གང་དུ་མ་སོང་ལ།།

གར་ཡང་མི་གནས་ཆོས་ཉིད་ཀློང་ཆེན་དུ།།

རྟོགས་པས་ཁམས་གསུམ་ཡོངས་གྲོལ་དགོངས་པ་ཞེས།།

ཨ་ཏི་ལྷུན་གྲུབ་རྡོ་རྗེ་སྙིང་པོའི་ལུང་།།

ཀུན་བཟང་ཡངས་པ་ཆེན་པོའི་ཀློང་ནས་ཤར།།

ཞེས་གསུངས་ཏེ། རྫོགས་པ་ཆེན་པོ་འདིའི་དོན་རྗེན་པར་རྟོགས་པའི་རྣལ་འབྱོར་པ་ལ། རིག་པ་ཟང་མ་རྗེན་པར་སོང་བས། ཡུལ་སྣང་རིག་པའི་ངོ་ལ་ཚུར་སྣང་ཡང་། རིག་པ་སྣང་བའི་ཡུལ་ཐོག་ཏུ་ཕར་མི་འཆོར་བས། གཟུང་འཛིན་འཁོར་བའི་རྩ་བ་སྟོངས་ཏེ། རིག་པ་ཟང་ཀ་རྗེན་ལ་སངས་ཏེ། ཡུལ་ཐོག་ཏུ་མ་ཤོར་བའི་རྟགས་སུ་སྣང་བ་ལ་ཆགས་ཞེན་དང་དགག་སྒྲུབ་གང་ཡང་མེད་པའི་ཕྱིར་རོ། །འཁོར་བ་མྱང་འདས་སུ་གྲོལ་བས་ཆོས་སྐུ་ཟང་ཐལ་དུ་ཤར་བ་ཞེས་བྱ་སྟེ། རྫོགས་པ་ཆེན་པོའི་བསྟན་དོན་གྱི་སྙིང་པོ་ནི་རིག་པ་ཉག་གཅིག་ཡིན་ལ། རིག་པ་རྗེན་ལ་བུད་པའི་རྣལ་འབྱོར་པས་རྫོགས་པ་ཆེན་པོའི་དོན་རྗེན་པར་རྟོགས་པ་ཡིན་ཞིང་། ཡུལ་མེད་རིག་པ་རྗེན་པ་དེ་ཇི་ལྟ་བུ་ཞིག་ཅེ་ན། དངུལ་ཆུ་དཀར་མོ་ས་ལ་ལྷུང་ཡང་རྡུལ་གྱིས་མ་གོས་པ་བཞིན་དུ། ཡུལ་སྣང་རིག་པའི་ངོ་བོར་ཚུར་མ་འདྲེས་པར་འཆར་ན་ཡང་། རིག་པ་སྣང་བའི་ཡུལ་ཐོག་ལ་ཕར་འཁོར་བའི་རྣམ་རྟོག་ལྟར་དུ་འཆོར་དུ་མེད་པས་འཁོར་བ་མྱང་འདས་སུ་གྲོལ་ཞིང་། དེ་ཅིའི་ཕྱིར་ཞེ་ན། འཁོར་བའི་རྩ་བ་གཟུང་འཛིན་གཉིས་ཀ་ཡིན་ལ། དེ་གཉིས་ཆོས་ལས་འདས་པའི་རིག་པ་ཟང་མ་རྗེན་པ་ཉག་གཅིག་གི་ཀློང་དུ་དྲིལ་དུས་ཟང་ཐལ་ཆོས་སྐུའི་དགོངས་པ་བརྙེས་པ་ཡིན། དེ་རིགས་པས་སྒྲུབ་པ་ནི། གཟུང་འཛིན་འཁོར་བའི་རྩ་བ་སྟོངས་ཏེ། ཅིའི་ཕྱིར་ཞེ་ན། རིག་པ་ཟང་ཀ་རྗེན་ལ་བུད་དེ་ཡུལ་ཐོག་ཏུ་མ་ཤོར་བའི་ཕྱིར། གྲུབ་སྟེ། ཡུལ་ཐོག་ཏུ་མ་ཤོར་བའི་རྟགས་སུ་སྣང་བ་ལ་དགག་སྒྲུབ་དང་ཆགས་ཞེན་གང་ཡང་མེད་པའི་ཕྱིར་རོ། །ཞེས་སོ། །དེའི་རྒྱབ་རྟེན་གྱི་ལུང་ནི། རིན་པོ་ཆེ་སྤུངས་པ་ལས། འབྲས་བུ་ཆོས་སྐུ་སྟོང་ཉིད་ལ། །དངོས་པོ་ཟད་པ་ཡ་མཚན་ཆེ། །དངོས་མེད་ཡེ་ཤེས་ཟང་ཐལ་ལ། །གཟུང་བ་མེད་པ་ཡ་མཚན་ཆེ། །ཞེས་སོ། །འདིའི་དུས་སུ་སྣང་སྲིད་རྒྱ་གྲོལ་ལ་སོང་བས་གང་སྣང་རྟོགས་པར་གྲོལ་ཏེ། ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ། འཁོར་བ་ཡོད་མ་མྱོང་དུ་རྟོགས་པས། སྲིད་གསུམ་ཀ་དག་གི་དགོངས་པ་ཞེས་བྱ། སྣང་བརྟགས་ཐམས་ཅད་བདེན་མེད་དུ་ཤིག་ཤིག་རྟོགས་པས་གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བ་ཞེས་བྱ་སྟེ། རྒྱུད་དེ་ཉིད་ལས། སྣོད་བཅུད་ཡོད་ཐོས་སྣང་བ་འདི། །བརྟགས་པས་རང་བཞིན་མེད་པར་ཡང་། །གྲོང་ཁྱེར་རྒྱུན་གཅོད་ལྟ་བར་ནི། །ཡེ་ནས་འདུག་པ་མ་མཐོང་བ། །དབང་པོ་རྣམས་ཀྱི་སྒོ་འགགས་སམ། །ཞེས་པ་ལེགས་པར་མཐོང་ཞིང་རྟོགས་པའོ། །ཡུལ་སྣང་སྤང་ལེན་ལས་འདས་པའི་རྣལ་འབྱོར་པའི་ངོར་འཁོར་འདས་ཀྱི་སྣང་བ་ཤར་དུས་ཉིད་ནས་རིག་པ་ལ་གོས་པ་མེད་པ། དཔེར་ན་མེ་ལོང་གཡའ་དག་པའི་ངོས་དེ་གཟུགས་བརྙན་གང་དུའང་མ་གྲུབ་ལ། གང་ལྟར་ཡང་འཆར་བའི་གཞི་བྱེད་པ་བཞིན་དུ། རིག་པ་མེ་ལོང་དྭངས་པ་ལྟ་བུ་དེ་ཡང་གང་དུའང་མ་གྲུབ་ལ། གང་ལྟར་འཆར་བའི་གཞི་ལ། འཁོར་འདས་ཀྱི་སྣང་བ་ཤར་དུས་ཉིད་ནས། གང་ནས་མ་འོངས། གང་དུ་མ་སོང་། གར་ཡང་མི་གནས་པའི་ཆོས་ཉིད་འགྲོ་འོང་གནས་གསུམ་དང་བྲལ་བའི་ཀློང་ཆེན་ཡངས་པ་ལས་མ་འདས་པར་རྟོགས་པས། འགྱུ་འཕྲོ་སྣང་བ་དང་ཡུལ་སྣང་ཇི་ལྟར་ཤར་ཡང་གནད་ཤེས་པས་སྒྱུ་མའི་རྩེད་མོར་བལྟས་པ་ལྟ་བུ་ལས་མ་འདས་སོ། །ཀློང་ཆེན་པའི་སྒྱུ་མ་ངལ་གསོ་ལས། གདོད་ནས་དག་པས་སྒྱུ་མ་ལྟ་བུ་ལ། །མེད་བཞིན་སྣང་བས་སྒྱུ་མ་ཉིད་དང་མཚུངས། །རྐྱེན་ལས་སྐྱེས་ཕྱིར་སྒྱུ་མ་དང་འདྲ་ཞིང་། །བསླུ་ཞིང་འཇིག་པ་སྒྱུ་མ་ལྟ་བུ་ཞེས། །འཁོར་བའི་འཁྲུལ་སྣང་སྒྱུ་མར་གཏན་ལ་ཕབ། །ཅེས་གསུངས་ཤིང་། དེ་ལྟར་རྟོགས་པའི་རྣལ་འབྱོར་པས་བལྟས་ཚེ་མ་གྲོལ་བ་ཞིག་གང་ཡང་མེད་པར་ཡེ་དང་མ་ནས་བཅིངས་གྲོལ་གཉིས་ཀ་ལས་འདས་པ་གཞིི་མེད་རང་སྣང་རྨི་ལམ་སྒྱུ་མ་ནམ་མཁའ་ལྟ་བུའི་རང་བཞིན་དུ་མཐོང་ནས། སྣང་སྲིད་ཐམས་ཅད་འཆིང་བའི་རྒྱ་ལས་གྲོལ་བའི་མ་གྲོལ་བ་མེད་པའི་རྟོགས་པ་མཆོག་ལ་གྲོལ་ཏེ། མངལ་གྱི་གྲོང་ཁྱེར་རྒྱུན་ཆོད་ནས་ཕྱིན་ཆད་ཁམས་གསུམ་འཁོར་བར་མི་ལྡོག་པས་ཁམས་གསུམ་ཡོངས་གྲོལ་གྱི་དགོངས་པ་ཞེས་བྱ་ལ། དེ་ལྟར་འཁོར་བ་ཞེས་པའི་འཆིང་བ་དང་མྱང་འདས་ཞེས་པའི་གྲོལ་བ་ཅན་ཞིག་མེད་པར་གཞི་ཀ་དག་འཁོར་འདས་གང་དུ་ཡང་མ་གྲུབ་པ་ལ། ལམ་ཀ་དག་དགོངས་པའི་གནད་རྟོགས་ནས། འབྲས་བུ་ཀ་དག་གཞི་འབྲས་དབྱེར་མེད་པའི་ཚད་དུ་ཕྱིན་དུས། སྲིད་གསུམ་ཀ་དག་གི་དགོངས་པ་མངོན་དུ་གྱུར་པའོ། །དེའི་དུས་སུ། ཕྱི་ཆོས་ཅན་ལ་བལྟས་པས་རང་བཞིན་མེད་པར་མཐོང་ནས་ཀུན་རྫོབ་ཀྱི་སྣང་བ་གཞི་མེད་ཡང་དག་ལ་སོང་། ལས་དང་བག་ཆགས་མེད་པའི་གདེང་རྙེད། ནང་ཆོས་ཉིད་ལ་བལྟས་ཡོང་དུས་རང་བཞིན་མེད་པའི་དོན་ཡེ་ཤེས་ཀྱི་མིག་གིས་མཐོང་ནས་ཆོས་ཟད་ཀྱི་ངང་ལ་བློ་བདེ། གསང་བ་རིག་པ་ལ་བལྟས་པས་དབྱིངས་རིག་དབྱེར་མེད་དུ་མཐོང་ནས། འཁོར་འདས་སྣང་བརྟགས་ཐམས་ཅད་བདེན་མེད་སྒྱུ་མའི་རོལ་རྩེད་དུ་མཐོང་ཞིང་ལྟ་བ་ནི་ལྟ་བ་གྲོང་ཁྱེར་རྒྱུན་གཅོད་དོ།།

ཁ༽གཉིས་པ་རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ།

རིག་པའི་ངོ་བོ་ཡུལ་འདས་ནམ་མཁའ་ལྟ་བུར་བསྟན་པ་ནི།

རྣམ་དག་བྱང་ཆུབ་སེམས་ཀྱི་ངོ་བོ་ལ།།

ལྟ་བའི་ཡུལ་མེད་ལྟ་བའི་ཆོས་སུ་མེད།།

བལྟ་བར་བྱ་དང་བྱེད་པ་རྡུལ་ཙམ་མེད།།

སྒོམ་པའི་བློ་མེད་བསྒོམ་བྱའི་ཆོས་ཀྱང་མེད།།

སྤྱད་དང་སྤྱོད་པ་གཉིས་མེད་ལྷུན་གྲུབ་པས།།

བསྒྲུབ་པར་བྱ་བའི་འབྲས་བུ་རྡུལ་ཙམ་མེད།།

ཅེས་གསུངས་ཏེ། དེ་ཡང་ཚིག་རྐང་དང་པོ་གཉིས་ཀྱིས་ལྟ་སྒོམ་སྤྱོད་འབྲས་ཀྱི་གཞི་རིག་པ་རྣམ་དག་བྱང་ཆུབ་ཀྱི་སེམས་ཡུལ་འདས་ནམ་མཁའ་ལྟ་བུ་དེ་ཆོས་ཅན་དུ་བཀོད་དེ། དེ་ནས་ཚིག་རྐང་བཞི་བོ་རེ་རེ་བཞིན་དུ། ལྟ་སྒོམ་སྤྱོད་འབྲས་བཞི་བོ་ལས་འདས་པ་དེ་ཉིད་གཏན་ཚིགས་རྣམ་པ་གསུམ་གྱིས་གཏན་ལ་ཕབ་པ་འགྲེལ་བས་གསལ་བར་གསུངས་པ་ནི། ལྟ་སྒོམ་སྤྱོད་འབྲས་ནི་རིག་པའི་སྟེང་དུ་བྱེད་ན། བྱེད་དུས་ཀྱི་རིག་པ་དེ་ཉིད་ངོ་བོ་མེད་པས་ཀྱང་དེ་དག་ཏུ་བྱར་མེད་པ་ཉིད་དང་། ཕན་ཚུན་རྫས་འགལ་བས་ཀྱང་། སྐད་ཅིག་ལ་བྱ་བྱེད་དུ་མ་གྲུབ་པ་ཉིད་དང་། རང་རིག་ཆོས་སྐུ་གྲུབ་ཟིན་པས་ཀྱང་ལྟ་སྒོམ་སྤྱོད་འབྲས་ལ་དོན་མེད་པའི་གཏན་ཚིགས་གསུམ་གྱིས། རིག་པ་ལྟ་སྒོམ་སྤྱོད་འབྲས་ལས་འདས་པར་བསྟན་ཏེ། ལུང་གིས་བཀྲལ་བ་ནི། སེང་གེ་རྩལ་རྫོགས་ལས། རིག་པ་མ་བསྒོམས་ལྷུན་གྲུབ་ལ། །སྒོམ་པ་བྱས་པས་ང་མི་རྙེད། །རང་བྱུང་ཡེ་ནས་བཅོས་མེད་ལ། །སྤྱོད་པ་སྤྱད་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་པ་དང་། ཀློང་དྲུག་པ་ལས། ཀུན་བཟང་ང་ལ་ལྟ་བ་མེད། །ལྟ་བ་མེད་ཕྱིར་སྣང་བ་ཟད། །དེ་བཞིན་སྒོམ་པ་ཉིད་ཀྱང་མེད། །སྒོམ་པ་མེད་ཕྱིར་དྲན་པ་འགགས། །སྤྱོད་པ་ཞེས་ནི་བརྗོད་དུ་མེད། །སྤྱོད་པ་མེད་ཕྱིར་ལུས་འབྱུང་ཟད། །ཅེས་པ་དང་། རང་ཤར་ལས། རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་དང་སྒོམ་དང་སྤྱོད་པ་མེད། །ལེགས་པར་བསྟན་གྱིས་ཡིད་ལ་ཟུངས། །བསྒྲུབ་མེད་རྩལ་སྤྲུགས་སྨོན་པ་མེད་པ་ཡི། །བྱར་མེད་ལྷུན་རྫོགས་སྔ་མ་དེ་ཉིད་དོན། །བྱ་བ་དང་ནི་བྱེད་པ་ག་ལ་ཡོད། །སྤྱོད་པ་མེད་པའི་ཆོས་ཉིད་རང་བྱུང་འདི། །གང་གི་ཕྱོགས་སུ་མ་ལྷུང་ནམ་མཁའ་བཞིན། །ཡོད་པ་མ་ཡིན་སྟོང་པ་གཅིག་པུ་ཉིད། །མེད་པ་མ་ཡིན་ཡང་དག་བདེ་བའི་སྐུ། །བྱས་པ་མ་ཡིན་རང་བྱུང་རྟོག་མེད་ཉིད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །སྒོམ་པའི་ཆོས་ཉིད་ག་ལ་ཡོད། །བཏང་དང་བཞག་པ་མེད་པའི་ཆོས། །སྒོམ་དང་མ་བསྒོམས་མཐའ་ལས་གྲོལ། །འཛིན་མེད་སེམས་ཀྱི་དྲི་མ་ཅི། །ཡང་དག་རིག་པ་དྲི་མ་མེད། །དྲི་མེད་དག་པའི་ཆོས་སྐུ་ལ། །སྒོམ་དང་བསྒོམ་པར་བྱ་བ་མེད། །བསྒོམས་པས་ཡང་དག་ཉིད་མི་རྙེད། །རྙེད་ན་རང་རིག་མེད་པར་འགྱུར། །ཅི་ཕྱིར་རང་རིག་ཡེ་ཤེས་ལ། །ཡེངས་དང་མ་ཡེངས་མེད་པའི་ཕྱིར། །གང་ལ་འཛིན་པ་ཡོད་པ་ལ། །རང་བྱུང་ཡེ་ཤེས་ཡོད་མ་ཡིན། །གལ་ཏེ་རང་བྱུང་ཡེ་ཤེས་ཉིད། །སྒོམ་པའི་དབང་དུ་གྱུར་པའི་ཕྱིར། །ཡེ་ཤེས་དམ་བཅའ་འགལ་བར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །བསྒོམས་པས་དོན་མི་མཐོང་བར་བཤད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །བལྟ་བ་སེམས་ཀྱི་དྲི་མ་ཡིན། །དྲི་མེད་དག་པའི་ཆོས་ཉིད་ལ། །བལྟ་བྱ་ལྟ་བྱེད་གཉིས་དང་བྲལ། །ལྟ་བ་ཉིད་ལ་བལྟ་རུ་མེད། །ཅི་ཕྱིར་བལྟ་བ་ཡོད་གྱུར་ན། །རིག་པའི་སྒྲོན་མ་མེད་པར་འགྱུར། །དེ་ཕྱིར་རྫོགས་ཆེན་ཨ་ཏི་ལ། །ལྟ་བ་འཛིན་པའི་ཆོས་ཉིད་མེད། །རྫོགས་ཆེན་ཨ་ཏི་ཡོ་ག་ལ། །འབྲས་བུ་བསྒྲུབ་ཏུ་མེད་པར་གསུངས། །འབྲས་བུ་བྱས་མེད་རང་བྱུང་ཉིད། །རྟོག་མེད་ས་ལ་དེ་བཞིན་གཤེགས། །ཡེ་ཤེས་དག་སྣང་ཆེན་པོ་ལ། །འཛིན་མེད་རང་གདངས་གསལ་བའི་ཕྱིར། །གལ་ཏེ་འབྲས་བུ་ཡོད་པ་ན། །སངས་རྒྱས་མེད་པ་ཉིད་དུ་འགྱུར། །རང་བྱུང་རྩོལ་བ་མེད་པའི་ཕྱིར། །འབྲས་བུ་བྱས་པའི་ཆོས་ཉིད་དེ། །བྱས་པ་གང་དང་གང་ཡོད་པ། །འཇིག་པའི་ཆོས་ཉིད་ཡིན་པའི་ཕྱིར། །དེ་ཕྱིར་འབྲས་བུ་བསྒྲུབ་ཏུ་མེད། །ཅེས་སོ། །ནམ་མཁའ་གཅིག་གི་ཀློང་ནས་སྣོད་བཅུད་འདི་དག་ཐམས་ཅད། དང་པོ་རང་སྣང་། བར་དུ་རང་གནས། ཐ་མ་རང་ཞིག་ཏུ་སོང་ན་ཡང་། ཐོག་བར་མཐའ་གསུམ་དུ་ནམ་མཁའི་ངང་ལས་མ་གཡོས་པ་བཞིན་དུ། ཆོས་ཐམས་ཅད་རིག་པའི་ཀློང་ནས་དང་པོར་ཤར། བར་དུ་རིག་པའི་ཀློང་དུ་གནས། ཐ་མར་རིག་པའི་ཀློང་དུ་གྲོལ་ཡང་། ཐམས་ཅད་རིག་སྟོང་བྱང་ཆུབ་ཀྱི་སེམས་རྣམ་དག་ནམ་མཁའ་ལྟ་བུ་ལས་མ་གཡོས་པས། ཕྱི་ཡུལ་ལྔ་དང་ནང་ཤར་གྲོལ་གྱི་སེམས་དང་བཅས་པ་ཐམས་ཅད་རང་བྱུང་གི་ཡེ་ཤེས་སུ་ཡེ་སྟོང་གདོད་ནས་དག་པའི་ཆིངས་ཀྱིས་བཅིངས་སོང་དུས། ལྟ་སྒོམ་སྤྱོད་འབྲས་ལས་འདས་པའི་ཡེ་སྟོང་རྩ་བྲལ་ཀུན་ཏུ་བཟང་པོའི་ཀློང་དུ་འདུས་པར་འགག་བསྡམས་པའོ།།

ག༽གསུམ་པ་ས་ལམ་སྦྱང་བགྲོད་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་བ་གདམས་པ།

དེ་བཞིན་དུ་ས་ལ་སྦྱང་དུ་མེད་པ་ལ་སོགས་པ་ཡང་ཤེས་པར་བྱ་སྟེ།

མེད་པའི་ཆོས་ལ་བགྲོད་པའི་ས་མེད་པས།།

ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད།།

འོད་གསལ་ཐིག་ལེ་ཆེན་པོར་གྲུབ་ཟིན་པས།།

རྣམ་རྟོག་འཕྲོ་འདུས་བསྐྱེད་པའི་དཀྱིལ་འཁོར་དང་།།

སྔགས་དང་ཁ་ཏོན་དབང་དང་དམ་ཚིག་མེད།།

རིམ་སྡུད་ལ་སོགས་མི་དམིགས་རྫོགས་རིམ་མེད།།

ཡེ་ནས་གྲུབ་ཟིན་སྐུ་དང་ཡེ་ཤེས་ལ།།

འདུས་བྱས་གློ་བུར་རྐྱེན་བྱུང་རྒྱུ་འབྲས་མེད།།

འདི་དག་ཡོད་ན་རང་བྱུང་ཡེ་ཤེས་མིན།།

འདུས་བྱས་ཉིད་ཕྱིར་འཇིག་པ་ཉིད་དང་ནི།།

ལྷུན་གྲུབ་འདུས་མ་བྱས་ཞེས་གང་སླད་མཚོན།།

ཞེས་གསུངས་ཏེ། རིག་པ་ངོ་བོ་ཉིད་མེད་པའི་ཕྱིར་དང་། དེ་ཉིད་ལ་བྱ་བྱེད་རྫས་འགལ་བའི་ཕྱིར་དང་། ཡེ་ནས་ལྷུན་གྱིས་གྲུབ་ཟིན་པའི་ཕྱིར་ན། ས་སྦྱང་བ་དང་། ལམ་བགྲོད་པ་དང་། དཀྱིལ་འཁོར་བསྐྱེད་པ་དང་། དབང་བསྐུར་བ་དང་། ལམ་བསྒོམ་པ་དང་། དམ་ཚིག་བསྲུང་བ་དང་། ཕྲིན་ལས་བསྒྲུབ་པ་ལ་སོགས་པ་བྱར་མེད་དེ། ཡེ་ནས་ལྷུན་གྲུབ་ལ་བསྐྱར་ནས་བསྒྲུབ་མི་དགོས་པའི་ཕྱིར་རོ། །དགོས་ན་ལྷུན་གྲུབ་འདུས་མ་བྱས་ཀྱི་ཐ་སྙད་དུ་མི་རུང་བ་དང་། ཆོས་སྐུ་འཇིག་པར་ཐལ་ཏེ་འདུས་བྱས་ཡིན་པའི་ཕྱིར་ཏེ། རྒྱུ་དང་རྐྱེན་གྱིས་བྱས་པ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། སྐྱེ་མེད་དོན་ལས་འདའ་མེད་ལ། །དམ་ཚིག་བསྲུངས་པས་སངས་མི་རྒྱ། །དཀྱིལ་འཁོར་ཡེ་ནས་རང་གནས་ལ། །དཀྱིལ་འཁོར་བྲིས་པས་ལྷ་མི་མཐོང་། །ཕྱག་རྒྱ་མ་བསྒྱུར་ཡེ་རྫོགས་ལ། །རྩོལ་བའི་ཕྱག་རྒྱས་དངོས་གྲུབ་ཡལ། །སྙིང་པོ་ཡེ་ནས་རང་གསལ་ལ། །སྙིང་པོ་བཟླས་པས་ས་བོན་རུལ། །གཞལ་ཡས་ཡེ་ནས་རང་རྫོགས་ལ། །གཞལ་ཡས་བསྐྱེད་པས་རང་སྣང་སྟོར། །ཐུགས་རྗེའི་འོད་ཟེར་རང་ཤར་ལ། །ཆ་ལུགས་བསྒོམས་པས་རང་དོན་ཡལ། །མ་བསྐྱེད་ལྷུན་གྱིས་རྫོགས་པ་ལ། །བསྐྱེད་རིམ་སྤྱན་འདྲེན་བྱ་མི་དགོས། །རྩོལ་བའི་མཆོད་བསྟོད་ལྷ་མི་དགྱེས། །ཆོས་སྐུ་འཛིན་མེད་ཟང་ཐལ་ལ། །མཚན་མའི་སྒོམ་པས་དོན་མི་རྙེད། །ཅེས་པ་དང་། ཀུན་བྱེད་ལས། ལྟ་བ་བསྒོམ་དུ་མེད་པར་བསྟན་པ་ཡིན། །དམ་ཚིག་བསྲུང་དུ་མེད་པར་བསྟན་པ་ཡིན། །འཕྲིན་ལས་བརྩལ་དུ་མེད་པར་བསྟན་པ་ཡིན། །ལམ་ལ་བགྲོད་དུ་མེད་པར་བསྟན་པ་ཡིན། །གནས་ས་དཔྱད་དུ་མེད་པར་བསྟན་པ་ཡིན། །ཡེ་ཤེས་མི་རྟོག་སྤྱོད་པ་མེད་པ་ཡིན། །ཆོས་ཉིད་ཇི་བཞིན་བཅོས་སུ་མེད་པ་ཡིན། །ཞེས་སོ། །རྫོགས་པ་ཆེན་པོའི་སྡེ་གསུམ་གྱི་དགོངས་པའི་མཐར་ཐུག་གི་སྙིང་པོའི་དོན། དམ་ཚིག་གི་མདོ་ཆིངས་རྡོ་རྗེའི་ཆིངས་བཞི་ལ་བསྡུས་ནས་བསྟན་པ་ནི། མེད་པ་ཕྱལ་བ་ལྷུན་གྲུབ་གཅིག་པུ་བཞི་ལས། ཆོས་ཐམས་ཅད་རང་བཞིན་མེད་པ། ཡེ་ནས་ལྷུན་གྱིས་གྲུབ་པ། རྒྱ་ཆད་ཕྱོགས་སུ་ལྷུང་བ་མེད་པས་ཕྱལ་བ། རང་བྱུང་གི་ཡེ་ཤེས་གཅིག་པུའི་ངང་ལ་འདུས་པས་དེར་བསྡུ་བ་དང་དམ་ཚིག་རྣམ་པ་བཞིའི་ཆིངས་ཀྱིས་བཅིངས་ནས་གཏན་ལ་ཕབ་པའོ། །དེ་ཡང་འགལ་བ་ཅན་མིན་ཏེ། ངོ་བོ་ཉིད་མེད་པས་ཡེ་ནས་ལྷུན་གྱིས་གྲུབ་ཟིན་པ་དང་། གྲུབ་ཟིན་ཡིན་པས་ཕྱལ་བ། ཕྱལ་བ་ཐིག་ལེ་ཉག་གཅིག་ལ་འདུས་པ་རྣམས་རིག་པ་གཅིག་གིས་ཁྱབ་པའི་ཕྱིར་ན། མེད་པའི་ཆོས་ལ་བགྲོད་པའི་ས་མེད་པ་དང་། དེ་བཞིན་དུ་ཕྱིན་པར་བྱ་བའི་ལམ་ཡང་ཡེ་ནས་མེད་ཅེས་གཏན་ཚིགས་གསུམ་གྱིས་གཏན་ལ་ཕབ་པ་ཡིན། མེད་པའི་ཕྱིར་ན་བྱར་མེད་པས་ལྟ་བའི་གནད་བཀྲོལ། ལྷུན་གྱིས་གྲུབ་པའི་ཕྱིར་ན་བསྐྱར་ནས་སྒྲུབ་མི་དགོས་པས་སྒོམ་པའི་འགག་བསྡམས། ལྟ་སྒོམ་ཕྱོགས་སུ་མ་ལྷུང་བའི་ཡངས་ཆེན་བྱ་བའི་སྤྱོད་པའི་ཆིངས་ཀྱིས་བཅིངས་ནས། ཐམས་ཅད་དོན་རང་བྱུང་ཡེ་ཤེས་གཅིག་གི་ངང་དུ་འདུས་པའི་ལ་བཟླ་བ་དང་བཞི་བོ་གཅིག་འདུས་སུ་བསྟན་པ་ཡིན། དེའི་ཕྱིར་ན་ཐེག་པ་འོག་མའི་ལྟ་སྒོམ་སེམས་ལམ་བྱེད་ལས་འདས་པའི་རིག་པའི་རང་ངོ་གང་དུ་ཡང་མ་གྲུབ་པས། དེ་ལ་ལྟ་སྒོམ་སྤྱོད་འབྲས་ཀྱི་ཆོས་དང་སྦྱངས་བགྲོད་ཀྱི་ས་ལམ། མཚན་བཅས་ཀྱི་བསྐྱེད་རྫོགས། དམིགས་བཅས་ཀྱི་དམ་ཚིག བསྒྲུབ་བྱའི་འཕྲིན་ལས་ལ་སོགས་པ་རང་བཞིན་བཅུ་ཡི་རྩོལ་ཞིང་བསྒྲུབ་པ་དགོས་པ་མིན་ཏེ། དེ་དགོས་ན་ལྷུན་གྲུབ་འདུས་མ་བྱས་སུ་མི་འགྲུབ་ཅིང་། དེ་མ་འགྲུབ་དུས་ཆོས་སྐུ་རྒྱུ་རྐྱེན་གྱིས་བྱས་པའི་འདུས་བྱས་སུ་འགྱུར་བ་ལ་སོགས་པ་མདོ་སྔགས་ཀུན་དང་འགལ་བའི་སྐྱོན་མང་པོ་ལྡོག་མེད་དུ་འབབ་པ་ཡིན་ནོ།།

༼ཅ༽ལྔ་བ་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ།

ད་ནི་དེ་དག་གི་དོན་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྡུ་བ་ནི།

དེ་ཕྱིར་དོན་དམ་དབྱིངས་ཀྱི་ངོ་བོ་ལ།།

རྒྱུ་འབྲས་ལས་འདས་རང་བཞིན་རྣམ་བཅུ་མེད།།

རྩོལ་དང་བསྒྲུབ་མེད་སེམས་ཉིད་རྣལ་མའི་དོན།།

ཡོད་མེད་སྤྲོས་ཀུན་ཞི་བར་མཁྱེན་འཚལ་ལོ།།

ཞེས་གསུངས་ཏེ། གཤིས་རང་བྱུང་གི་ཡེ་ཤེས་གང་དུའང་མ་གྲུབ་པའི་ཕྱིར། རང་བཞིན་བཅུའི་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་བཟང་དུ་བྱར་མེད། འཁོར་བའི་ཆོས་ཀྱིས་ངན་པར་བྱར་མེད་པས། ནམ་མཁའ་ལྟར་ཡོད་མེད་སྤྲོས་པ་དང་བྲལ་བའི་ངོ་བོ་ཐིག་ལེ་ཉག་གཅིག་ཏུ་གནས་པ་དེ་དབང་པོ་ཡང་རབ་རྣམས་ཀྱིས་ཤེས་པར་བྱ་སྟེ། ཀུན་བྱེད་ལས། བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས། །ཀུན་བྱེད་བྱང་ཆུབ་ང་ལ་དད་པ་ཡིས། །ལས་དང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་པ། །ལྟ་བ་བསྒོམ་མེད་དམ་ཚིག་བསྲུང་དུ་མེད། །འཕྲིན་ལས་བརྩལ་མེད་ལམ་ལ་བགྲོད་དུ་མེད། །ས་ལ་སྦྱང་མེད་རྒྱུ་དང་འབྲས་བུ་མེད། །དོན་དམ་དང་ནི་ཀུན་རྫོབ་རྣམ་གཉིས་མེད། །བསྒོམ་ཞིང་བསྒྲུབ་ཏུ་མེད་པར་མཐོང་བ་དང་། །སེམས་བསྐྱེད་མེད་ཅིང་གཉེན་པོ་མི་མཐོང་བ། །ཀུན་བྱེད་སེམས་ཀྱི་རང་བཞིན་མཐོང་བ་ཡིས། །དེ་ལྟ་བུ་ཡི་དགོས་ཆེད་བསྟན་པ་ཡིན། །ཞེས་པ་དང་། རང་ཤར་ལས། ང་ཡི་སྐུ་ལ་ཐམས་ཅད་རྫོགས། །ང་ཡི་གསུང་ལ་ཐམས་ཅད་རོལ། །ང་ཡི་ཐུགས་ལ་ཐམས་ཅད་རྟོགས། །ང་ཡི་ཡོན་ཏན་ཅིར་ཡང་སྣང་། །ང་ཡི་ཕྲིན་ལས་མ་བཙལ་རྙེད། །ང་ཡི་ལྟ་བ་ཐིག་ལེའི་སྐུ། །ང་ཡི་སྒོམ་པ་བློ་ལས་གྲོལ། །ང་ཡི་སྤྱོད་པ་ཡུལ་ལས་འདས། །ང་ཡི་འབྲས་བུ་གཅིག་པའི་ས། །ང་ཡི་དམ་ཚིག་བསྲུང་དུ་མེད། །ང་ཡི་དབང་ལ་བསྐུར་ཐོབ་མེད། །ང་ནི་དུར་ཁྲོད་ཆེན་པོ་སྟེ། །སངས་རྒྱས་སེམས་ཅན་ཀུན་གྱི་དུར། །ང་ཡི་བྱིན་རླབས་ཆེན་པོ་ལས། །དུས་གསུམ་སངས་རྒྱས་ཐམས་ཅད་འབྱུང་། །ཞེས་སོ། །གནས་ལུགས་རིན་པོ་ཆེའི་མཛོད་ལས། རང་བྱུང་ཡེ་ཤེས་ཁོང་ནས་ཤར་བ་དང་། །རྒྱུ་འབྲས་མཚན་མའི་མུན་པ་སངས་པ་དང་། །དགེ་སྡིག་སྤྲིན་ཚོགས་གང་ཡང་མེད་པས་ན། །ཆོས་དབྱིངས་ནམ་མཁའི་དོན་དམ་ཉི་མ་ཤར། །འདི་ནི་མཐར་ཐུག་དོན་གྱི་ལ་བཟླ་སྟེ། །མེད་པའི་རང་བཞིན་བཅུ་ཡིས་གཏན་ལ་ཕབ། །རྒྱུ་འབྲས་ཐེག་པ་ཀུན་ལས་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་དུ། གོང་ནས་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་གཏན་ལ་ཕབ་པ་དེའི་ཕྱིར་ན། དོན་དམ་དབྱིངས་ཀྱི་ངོ་བོ་གཤིས་རང་བྱུང་གི་ཡེ་ཤེས་ཉིད་གང་དུ་ཡང་མ་གྲུབ་ཅིང་རྒྱུ་འབྲས་ལས་འདས་པའི་ཕྱིར་ན། བཟང་ངན་རྒྱུ་འབྲས་ཀྱིས་རྩོལ་སྒྲུབ་བྱར་མེད་པས་བཟང་པོའི་ཕན་མ་བཏགས་ཤིང་ངན་པས་གནོད་མ་སྐྱེལ་བའི་རང་བྱུང་གི་དབྱིངས་ནམ་མཁའ་ལྟ་བུ་ལ། རྒྱུ་འབྲས་རྩོལ་སྒྲུབ་མཚན་མོའི་མུན་ནག་ལྟ་བུ་དེ་སངས་ནས་དགེ་སྡིག་ཆོས་ཀྱི་སྤྲིན་ཚོགས་ཡར་སོང་དུས། ཆོས་དབྱིངས་དོན་གྱི་ནམ་མཁའ་ལ་འོད་གསལ་སྙིང་པོའི་ཉི་མ་ཤར་བ་ཡིན་ནོ། །དེའི་ཕྱིར་ན་སངས་རྒྱས་ནི་སེམས་ཅན་ཀུན་གྱི་དུར་དང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་འབྱུང་བའི་གནས་སོ། །ལེའུའི་མཚན་བརྗོད་པས་མཇུག་བསྡུ་བ་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། རྩོལ་སྒྲུབ་རྒྱུ་འབྲས་ལས་འདས་པར་བསྟན་པ་སྟེ། ལེའུ་ལྔ་པའི་འགྲེལ་པའོ།། །།

ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ་སྟེ་ལེའུ་དྲུག་པའི་འགྲེལ་པ།

དེ་ལྟར་གོང་དུ་རིག་པའི་རང་བཞིན་རྩོལ་སྒྲུབ་ལས་འདས་པའི་རྣམ་དག་ཆེན་པོར་གཏན་ལ་ཕབ་ནས་ལེའུ་དྲུག་པ་རིག་པ་བྱང་ཆུབ་སེམས་ངོ་བོ་ཉིད་ཀྱིས་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་འདི་ལ་ས་བཅད་བཞི་སྟེ། དང་པོ་ཆོས་ཐམས་ཅད་རང་བྱུང་བྱང་ཆུབ་ཀྱི་སེམས་སུ་འདུས་ཚུལ་བསྟན་པ་དང་། གཉིས་པ་ཆོས་ཐམས་ཅད་རྩོལ་སྒྲུབ་མེད་པར་བསྟན་པ་དང་། གསུམ་པ་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐེག་པ་ཐམས་ཅད་འདུས་པར་བསྟན་པ་དང་། བཞི་བ་ལེའུའི་དོན་བསྡུ་བ་དང་བཅས་པའོ།།

༼ཀ༽དང་པོ་ཆོས་ཐམས་ཅད་བྱང་ཆུབ་སེམས་སུ་འདུས་ཚུལ་བསྟན་པ།

དེ་ལ། ཆོས་ཉིད་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་དང་། ཆོས་ཅན་ཇི་ལྟར་སྣང་ཡང་རིག་པའི་ངང་དུ་འདུས་པར་བསྟན་པ་དང་། ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་དང་། དོན་བསྡུ་བ་དང་བཞི་ལས།

༼ཀ དང་པོ་ཆོས་ཉིད་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ།

དེ་ལྟར་རིག་པ་ངོ་བོ་ཉིད་ཀྱི་དག་པ་ལ་ཆོས་ཐམས་ཅད་འདུས་པར་བསྟན་པ་ལས། རེ་ཞིག་ཆོས་ཉིད་དེ་བཞིན་ཉིད་དུ་རིས་མཐུན་པས་མ་སྐྱེས་པའི་ངང་དུ་ཐམས་ཅད་འདུས་པར་བསྟན་པ་ནི།

ཉི་མའི་སྙིང་པོར་འོད་རྣམས་འདུས་པ་ལྟར།།

ཆོས་ཀུན་རྩ་བ་བྱང་ཆུབ་སེམས་སུ་འདུས།།

སྣང་སྲིད་སྣོད་བཅུད་མ་དག་འཁྲུལ་བ་ཡང་།།

གང་བྱུང་རྟེན་དང་གནས་པའི་དབྱིངས་བརྟགས་པས།།

གཞི་མེད་ཡེ་གྲོལ་སེམས་ཀྱི་ངང་དུ་འདུས།།

ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་།།

འཁྲུལ་དང་མ་འཁྲུལ་མིང་དོན་འདས་པར་འདུས།།

ཞེས་གསུངས་ཏེ། ཉི་མའི་དཀྱིལ་འཁོར་དུ་འོད་ཟེར་འདུས་པ་ལྟར་སྣང་སྲིད་ཀྱི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ཡང་། དཔྱད་ན་འཁོར་འདས་རྨི་ལམ་གྱི་ངོ་བོ་ཉིད་འདིའི་བྱུང་ས་དང་གནས་ས་དང་འགྲོ་ས་བརྟགས་པས། འཁོར་འདས་མ་གྲུབ་པས་ཀྱང་བྱུང་གནས་འགྲོ་གསུམ་དུ་མ་གྲུབ་ལ། བྱུང་གནས་འགྲོ་གསུམ་མ་གྲུབ་པས་ཀྱང་འཁོར་འདས་མ་གྲུབ་ལ། རྟེན་གཞིའམ་དབྱིངས་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་ཡང་ངོ་བོ་ངོས་གཟུང་དུ་མ་གྲུབ་པས་ན། ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ལས་གཞན་མེད་པ་དེ་ལ་ཆོས་ཉིད་དུ་འདུས་པ་ཞེས་ཐ་སྙད་བཏགས་ཀྱང་། འདུས་པ་དང་འདུས་ཆོས་གཞི་མེད། རྟེན་ས་མེད་པར་ཤེས་པར་བྱ་སྟེ། ཀུན་བྱེད་ལས། ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འདུས་པའི་ཕྱིར་ན་སྙིང་པོར་བཤད། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །སྐྱེ་བའི་ཕྱིར་ན་ས་བོན་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །འབྱུང་བའི་ཕྱིར་ན་རྒྱུ་ཡང་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀྱི། །ཡན་ལག་འབྱུང་བས་སྡོང་པོ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ངང་ལ་གནས་པས་གཞི་མ་ཡིན། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །ང་ཡིན་པས་ན་རྩ་བར་བཤད། །ཅེས་པ་དང་། དགོངས་པ་དོན་གྱི་འདུས་པ་ནི། །ཀུན་བྱེད་རྒྱལ་པོའི་རང་བཞིན་ལས། །སྐྱེ་བ་མེད་པར་བསྟན་པ་བཞིན། །ཆོས་རྣམས་ཀུན་ལ་སྐྱེ་མེད་པས། །སྐྱེ་མེད་ཆོས་ཉིད་འདུས་པར་བསྟན། །ཞེས་པ་དང་། རང་ཤར་ལས། དམིགས་པའི་ཡུལ་བྲལ་རང་བཞིན་ཆོས་རྣམས་ཀུན། །བཙལ་བའི་སེམས་མེད་ཡེ་ཤེས་དབྱིངས་སུ་འདུས། །ཞེས་སོ། །ཉི་མའི་འོད་ཟེར་གྱིས་གླིང་བཞི་ཀུན་ལ་ཁྱབ་ན་ཡང་། འོད་ཐམས་ཅད་ཉི་མའི་དཀྱིལ་འཁོར་གྱི་སྙིང་པོ་དངོས་ལས་བྱུང་བས་ན་བྱུང་ས་དེར་འདུས་པ་ལྟར་དུ། སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྩ་བ་བྱང་ཆུབ་ཀྱི་སེམས་ཀུན་བྱེད་འཁོར་འདས་ཀུན་གྱི་བྱེད་པོ་དེར་འདུས་ཤིང་། དེ་ལྟར་དེ་ཡང་ཚིག་གིས་བརྗོད་པ་ཙམ་ལས་བྱུང་ས་དངོས་ཤིག་བསྟན་དུ་མེད་དེ། འདུས་པ་དེ་ལ་བརྟགས་ཤིང་དཔྱད་ན་འཁྲུལ་བ་རྨི་ལམ་གྱི་སྣང་ཚུལ་ལྟ་བུ་འདི་ཁོ་རང་མ་གྲུབ་པའི་ཕྱིར་ན། བྱུང་ས་མ་གྲུབ་ཅིང་། བྱུང་ས་མེད་ན་གནས་ས་དང་འགྲོ་ས་དེ་བས་ཀྱང་ག་ལ་ཡོད། དེ་ལྟར་བྱུང་རྒྱུའི་འཁོར་བ་མ་གྲུབ་ན་དེ་ལས་འདས་པ་ཡང་ཅི་ལ་གྲུབ། དེ་ལྟར་བརྟེན་པའམ་བྱུང་རྒྱུའི་འཁོར་འདས་མ་གྲུབ་དུས། རྟེན་གཞིའམ་འབྱུང་ཁུངས་ཀྱི་དབྱིངས་བྱང་ཆུབ་ཀྱི་སེམས་དེ་ཡང་བརྟགས་ན་ངོ་བོ་ངོས་བཟུང་མེད་པས་ཆོས་ཐམས་ཅད་ཆོས་ཉིད་ནམ་མཁའ་ལྟ་བུ་ཞིག་གི་ངང་ལས་མཛུ་གུ་བཙུགས་ས་གཞན་མ་རྙེད་པ་ལ། ཆོས་ཉིད་གཅིག་ཏུ་འདུས་ཞེས་ཐ་སྙད་བྱས་པ་ཙམ་ལས་དོན་དུ་མ་གྲུབ་པས་མ་ཚད། མིང་ཡང་མ་གྲུབ་པའི་ཆོས་ཉིད་ཡེ་ཀློང་ཡངས་པ་ཆེན་པོའི་ངང་ལ་འཁྲུལ་མ་འཁྲུལ་གྱི་མིང་དང་དོན་གཉིས་ཀ་ལས་འདས་པར་འདུས་ཤིང་། འདུས་ཞེས་པའང་ཟད་པའམ་མེད་པའི་དོན་དང་གཅིག་པ་སྟེ། རིག་པ་ཆོས་ཟད་རྗེན་པ་འདི་ཉིད་ཆོས་སྐུ་རང་མལ་གྱི་དགོངས་པ་ཆོས་ཐམས་ཅད་ཀྱི་ཟད་པ་ཆོས་ཟད་ཀ་དག་ཆེན་པོས་ཏེ། ཆོས་ཐམས་ཅད་ཀྱང་མཐར་ཐུག་འདིར་ཟད། འདི་ཡང་ཆོས་ཞེས་མིང་དུ་ཟད་དེ་མཚོན་བརྗོད་ལས་འདས་པར་ཕུ་ཐག་ཆོད་པས། དེ་ཉིད་རྟོགས་པས་རྣལ་འབྱོར་པ་ལ་གཏད་མེད་ཡོངས་གྲོལ་གྱི་དགོངས་པ་སྔ་ཕྱི་དུས་གསུམ་གྱི་སངས་རྒྱས་དང་། རྣལ་འབྱོར་པ་ཐམས་ཅད་དང་རྟོགས་པ་དབྱིངས་གཅིག་པས་ཕྱོགས་བྲལ་རྒྱ་གྲོལ་རང་ཡན་དུ་ཤར་བར་བསྟན་པའོ།།

༼ཁ གཉིས་པ་ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ།

ཆོས་ཅན་ཇི་ལྟར་སྣང་བའང་རྨི་ལམ་གཉིད་ཀྱི་ངང་དུ་འདུས་པ་ལྟར་རིག་པའི་ངང་དུ་འདུས་པར་བསྟན་པ་ནི།

དག་པའི་རང་སྣང་སྐུ་དང་ཞིང་ཁམས་དང་།།

ཡེ་ཤེས་ཕྲིན་ལས་ངོ་མཚར་རོལ་བ་ཡང་།།

རང་བྱུང་ངང་ལ་འདུ་འབྲལ་མེད་པར་འདུས།།

སྣང་སྲིད་འཁོར་འདས་ཀུན་འདུས་བྱང་ཆུབ་སེམས།།

ཉི་མཁའ་བཞིན་དུ་སྟོང་གསལ་འདུས་མ་བྱས།།

གདོད་ནས་རང་བྱུང་ཡེ་ཀློང་ཡངས་པ་ཡིན།།

ཞེས་གསུངས་ཏེ། དག་པ་སངས་རྒྱས་ཀྱི་སྣང་བ་དང་། མ་དག་པ་སེམས་ཅན་གྱི་འཁྲུལ་སྣང་ཐམས་ཅད་ཀྱང་རང་རང་གི་རིག་པའི་ངང་དུ་འདུས་པའི་ཕྱིར། རིག་པ་བྱང་ཆུབ་ཀྱི་སེམས་སུ་མ་འདུས་པའི་ཆོས་མེད་ལ། རིག་པ་དེ་ནི་ཉི་མ་ལྟར་ལྷུན་གྱིས་གྲུབ་ལ་ངང་གིས་འོད་གསལ་ཞིང་། ནམ་མཁའ་ལྟར་སྟོང་ལ་བདག་མེད་པ་སྟེ། རང་བྱུང་གི་ཡེ་ཤེས་གདོད་མའི་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཞེས་བྱའོ། །ཀུན་བྱེད་ལས། ཀུན་ལས་འདས་པའི་ཆོས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ཆོས་ཀུན་སྙིང་པོ་ཡིན། །བྱང་ཆུབ་སེམས་ནི་ཆོས་ཀུན་རྩ་བ་ཡིན། །རྩ་བ་ཡིན་པས་ཐམས་ཅད་དོན་ཡང་འདུས། །ཞེས་པ་དང་། ང་ནི་ཆོས་ཀུན་རང་བཞིན་ཡིན་པ་སྟེ། །ང་ཡི་རང་བཞིན་ལས་ནི་ཆོས་གཞན་མེད། །སྟོན་པ་སྐུ་གསུམ་ང་ཡི་རང་བཞིན་ཡིན། །དུས་གསུམ་སངས་རྒྱས་ང་ཡི་རང་བཞིན་ཡིན། །བྱང་ཆུབ་སེམས་དཔའ་ང་ཡི་རང་བཞིན་ཡིན། །རྣལ་འབྱོར་རྣམ་བཞི་ང་ཡི་རང་བཞིན་ཡིན། །འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་གསུམ་ཡང་། །ཀུན་བྱེད་ང་ཡི་རང་བཞིན་བསྟན་པ་ཡིན། །འབྱུང་ཆེན་ལྔ་ཡང་ང་ཡི་རང་བཞིན་ཡིན། །རྒྱུད་དྲུག་སེམས་ཅན་ང་ཡི་རང་བཞིན་ཡིན། །སྣང་བ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྲིད་པ་ཐམས་ཅད་ང་ཡི་རང་བཞིན་ཡིན། །སྣོད་བཅུད་ཐམས་ཅད་ང་ཡི་རང་བཞིན་ཡིན། །ང་ཡི་རང་བཞིན་ལས་ནི་གཞན་མེད་པས། །ཆོས་རྣམས་ཀུན་གྱི་རྩ་བ་ང་ལ་འདུས། །ཞེས་སོ། །སྐུ་གསུམ་དག་པའི་རང་སྣང་སངས་རྒྱས་ཀྱི་སྣང་བ། སྐུ་དང་། ཞིང་ཁམས། ཡེ་ཤེས། འཕྲིན་ལས་ལ་སོགས་པའི་ངོ་མཚར་གྱི་རོལ་བ་དང་། འགྲོ་དྲུག་རང་སྣང་གི་ཆོས་མ་དག་འཁྲུལ་བའི་སྣང་བ་ཐམས་ཅད་ཀྱང་། རང་བྱུང་རིག་པ་རང་ལ་ཡོད་པའི་བྱང་ཆུབ་ཀྱི་སེམས་དེའི་ངང་དུ་མ་འདུས་པ་མེད་པར་འདུས་ཤིང་། འདུས་པའི་ཚུལ་དཔེར་ན་ཉི་མ་ལྟར་འོད་ཟེར་རང་ཆས་སུ་ལྷུན་གྱིས་གྲུབ་ཅིང་ངང་གིས་འོད་གསལ་བ་དང་། ནམ་མཁའ་ལྟར་སྟོང་ཞིང་བདག་མེད་སྤྲོས་པ་ཀུན་དང་བྲལ་བས་མཚོན་བྱ་མཚོན་བྱེད་ཀྱི་ཆོས་ལས་འདས་པ་སྟེ། དཔེ་དེ་གཉིས་ཀས་མཚོན་པའི་ཆོས་དེ་གང་ཡིན་ན། སྟོང་གསལ་ཀ་དག་ཆེན་པོ་གདོད་ནས་འགྱུར་བ་མེད་པ་ཡེ་ཀློང་ཡངས་པ། རང་བྱུང་གི་ཡེ་ཤེས་ཆོས་སྐུ་ཇི་བཞིན་པའི་སངས་རྒྱས་ཀུན་འདུས་ཀུན་ལས་འདས་པར་བསྟན་པའོ།།

༼ག གསུམ་པ་ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ།

ཀློང་ཆེན་སེམས་ཀྱི་རང་བཞིན་བསྟན་པ་ནི།

སེམས་ཉིད་ཀློང་ཆེན་འགྱུར་མེད་ནམ་མཁའི་ངང་།།

རོལ་བ་ངེས་མེད་བྱང་ཆུབ་སེམས་ཀྱི་རྩལ།།

འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བས།།

བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་མནན།།

མཐའ་རུ་གྱུར་པའི་ཡུལ་གཞན་ལོགས་ན་མེད།།

ཆོས་ཉིད་བྱང་ཆུབ་སེམས་ལས་གར་མ་གཡོས།།

ཞེས་གསུངས་ཏེ། ནམ་མཁའི་ཀློང་ནི་སྣང་སྲིད་སྣོད་བཅུད་ཀུན་གྱི་རྟེན་དང་དབྱིངས་ཡིན་པས་ཀུན་ལ་གོ་འབྱེད་པར་མངའ་དབང་བསྒྱུར་བ་ལྟར། ཆོས་ཉིད་བྱང་ཆུབ་ཀྱི་སེམས་ཀྱང་འཁོར་འདས་ཀུན་གྱི་དབྱིངས་རུམ་ཡིན་པས་མངའ་དབང་བསྒྱུར་བ་སྟེ། ཐམས་ཅད་གདལ་བ་ཆེན་པོའི་ཀློང་ལས་གང་དུའང་གཡོས་པ་མེད་པ་ཉིད། ཀུན་གྱི་སྔོན་ནས་ཡངས་པ་ཆོས་ཉིད་ཀྱི་ཀློང་དུ་ཡེ་ནས་གནས་པ་སྟེ། རང་ཤར་ལས། ནམ་མཁའ་མེད་པའི་སྔོན་རོལ་ན། །ནམ་མཁའི་མཚན་ཉིད་ཡེ་ནས་མེད། །ཆོས་ཉིད་མེད་པའི་སྔོན་རོལ་ན། །ཆོས་ཅན་མཚན་མའི་མིང་ཡང་མེད། །སངས་རྒྱས་མེད་པའི་སྔོན་རོལ་ན། །སེམས་ཅན་མཚན་མ་ཡེ་ནས་མེད། །མྱ་ངན་འདས་པའི་སྔོན་རོལ་ན། །འཁོར་བ་བྱ་བ་ཡེ་ནས་མེད། །དེ་ཕྱིར་སངས་རྒྱས་ཐམས་ཅད་ཀྱི། །རྗེ་བཙུན་དམ་པ་ང་ཡིན་ནོ། །འབྱུང་བ་ལྔ་བས་ང་ཉིད་ཆེ། །འབྱུང་བ་བས་ཀྱང་ང་སྔར་བྱུང་། །སངས་རྒྱས་བས་ཀྱང་ང་སྔར་རྒྱས། །ང་ནི་ཡང་དག་བདེ་བའི་སྐུ། །ང་ཡི་ངང་འདིར་ཐམས་ཅད་རྫོགས། །ཞེས་པ་དང་། ཀུན་བྱེད་ལས། ལྷུན་གྲུབ་ཆོས་ཉིད་ཡངས་པའི་སྙིང་པོ་ནི། །མ་གཡོས་མི་གཡོ་གཡོ་བར་མི་འགྱུར་ཏེ། །སྣང་སྲིད་སྣོད་བཅུད་ཀུན་འདུས་ཆོས་ཉིད་ཀློང་། །ལྷུན་གྱིས་གྲུབ་པ་བྱ་བྱེད་ཀུན་དང་བྲལ། །ཞེས་སོ། །སེམས་ཉིད་ཀློང་ཆེན་འགྱུར་མེད་འདི་ནམ་མཁའི་དཔེ་ཡིས་མཚོན་ནས་བསྟན་པ་ལས། དཔེ་ནམ་མཁའི་ཀློང་ནི་བར་སྣང་སྟོང་པ་གོ་འབྱེད་པའི་ཆ་སྟེ། འདིས་སྣོད་བཅུད་རྟེན་དང་བརྟེན་པ་བཅས་པ་ཆགས་པའི་གཞིའམ་རྟེན་དང་། དབྱིངས་འདིས་སྣོད་བཅུད་ཀུན་ལ་མ་ཁྱབ་པ་མེད་པར་མངའ་དབང་བསྒྱུར་བ་བཞིན་དུ། ཆོས་ཐམས་ཅད་ཀྱི་ཆོས་ཉིད་རིག་པ་བྱང་ཆུབ་ཀྱི་སེམས། སེམས་ཉིད་ཀློང་ཆེན་འགྱུར་བ་མེད་པ་དེ་ཡང་འཁོར་འདས་ཐམས་ཅད་ཀྱི་དབྱིངས་རུམ་ཡིན། དེ་མེད་ན་འཁོར་འདས་སུ་སྣང་དུ་མི་རུང་བས་འཁོར་འདས་ཐེག་པ་ཐམས་ཅད་ལ་མངའ་དབང་སྒྱུར་བ་པོ་ཡིན་པས། བྱར་མེད་བྱང་ཆུབ་ཀྱི་སེམས་གཅིག་གིས་ཐམས་ཅད་ཟིལ་གྱིས་གནོན་པའམ་དབང་དུ་བྱས་ཤིང་། འཁོར་འདས་ཐམས་ཅད་ལ་གདལ་བ་ཆེན་པོའི་ཚུལ་གྱིས་ཁྱབ་པའི་ཀློང་འདི། འཁོར་འདས་ཀུན་གྱི་སྔོན་རོལ་ནས་འགྱུར་མེད་ནམ་མཁའ་ལྟ་བུའི་ཀློང་ངམ་དབྱིངས་ལས་གར་ཡང་མ་གཡོས་པ་སྟེ། ནམ་མཁའ་མེད་པའི་སྔོན་ལ་ནམ་མཁའི་མཚན་ཉིད་མེད་པ་དང་འདྲ་བར། ཆོས་ཉིད་མེད་པའི་སྔོན་རོལ་དུ་ཆོས་ཅན་མཚན་མའི་མིང་ཡང་མེད་ཅིང་། དེ་བཞིན་དུ་སངས་རྒྱས་མེད་པའི་སྔོན་རོལ་དུ་སེམས་ཅན་མེད། མྱང་འདས་མེད་པའི་སྔོན་རོལ་དུ་འཁོར་བ་མེད། དེ་མེད་པས་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རིག་པས། འཁོར་འདས་ཀུན་གྱི་སྔོན་རོལ་ན་ཐོག་མའི་སངས་རྒྱས་འོག་མི་འགྱུར་བ་སངས་རྒྱས་ཀུན་གྱི་རྗེ་བཙུན། སངས་རྒྱས་ཀུན་ལ་ལམ་སྟོན་པ་པོར་བྱོན་པ་རྒྱུད་རང་ཤར་དང་ཀུན་བྱེད་ཀྱི་ལུང་གིས་གྲུབ་ཅིང་། དེ་ལྟ་བུའི་མ་གཡོས་མི་གཡོ་གཡོ་བ་མི་འགྱུར་བའི་ཀུན་འདུས་ཆོས་ཉིད་གཅིག་གིས་ཀློང་དུ་བྱ་བྱེད་དང་བྲལ་བའི་ལྷུན་གྲུབ་ཀྱི་བདག་ཉིད་ཅན་དེ་ལ་མི་བཟང་བ་ཡི་ཆོས་མེད་པས་ན་ཀུན་ཏུ་བཟང་པོ་ཞེས་བྱའོ།།

༼ང བཞི་བ་ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པས་དོན་བསྡུ་བ།

ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་ཉེ་བར་དགོད་པ་ནི།

ཐམས་ཅད་ཀུན་བཟང་ལྷུན་གྲུབ་གཅིག་ཤར་བས།།

མ་ལུས་ཀུན་འདུས་འགྲན་ཟླ་བྲལ་བའི་མཆོག།

ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས།།

རྒྱལ་པོ་ལྟ་བུར་ཐམས་ཅད་ཀུན་འདུས་པས།།

འཁོར་འདས་ཀུན་ལ་དབང་བསྒྱུར་གར་མ་གཡོས།།

ཞེས་གསུངས་ཏེ། རྒྱལ་པོ་རང་གི་ཕོ་བྲང་ལས་མ་གཡོས་པའི་མངའ་འོག་ཏུ་ཡུལ་འབངས་ཀུན་འདུས་པ་ལྟར། རིག་པ་ཆོས་ཉིད་ལས་མ་གཡོས་པའི་ངང་འདིར་འཁོར་འདས་ཀུན་འདུས་པ་སྟེ། རྫོགས་པ་སྤྱི་ཆིངས་ལས། མཁའ་མཉམ་བྱང་ཆུབ་སེམས་ཀྱི་ཀློང་ཆེན་དུ། །མ་ལུས་ཆོས་ཀུན་འདུས་ཏེ་རྒྱལ་པོ་འདྲ། །ཀུན་ལ་དབང་བསྒྱུར་མི་གཡོ་མཉམ་པའི་ཀློང་། །རང་བྱུང་ཡེ་ཤེས་ཡེ་ནས་འཕོ་འགྱུར་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་ཀྱིས་བྱས་ཤིང་སེམས་ལས་ཤར་ཡང་། སེམས་ཉིད་སུས་ཀྱང་མ་བྱས་ཏེ་བྱ་བྱེད་ཐམས་ཅད་ལས་འདས་པས་བྱ་མི་དགོས་པར་བསྟན་པ་ནི། ཀུན་བྱེད་ལས། བྱང་ཆུབ་སེམས་ཀྱིས་ཀུན་བྱས་གཅིག་མ་བྱས། །ཀུན་བྱས་བྱང་ཆུབ་ཉིད་ཀྱི་རང་བཞིན་བྱས། །གཅིག་མ་བྱས་པ་ཉིད་ལ་བྱ་མི་དགོས། །ཞེས་སོ། །གོང་ནས་སེམས་ཉིད་ཀློང་ཆེན་འགྱུར་མེད་ཀྱི་ངང་ལ་འཁོར་འདས་ཐམས་ཅད་མ་འདུས་པ་མེད་ཅིང་། ཐམས་ཅད་ཀུན་འདུས་གཡོ་མེད་ཀུན་གྱི་སྔོན་རོལ་དུ་སངས་རྒྱས་པ་ཀུན་ཏུ་བཟང་པོའི་ཆོས་ཀྱི་དབྱིངས་དེར་ཐམས་ཅད་འདུས་ལ་མ་གཡོས་པའི་དཔེ་བཀོད་དུས། རྒྱལ་པོ་ཆེན་པོ་མངའ་ཐང་རྒྱས་ཤིང་ཆབ་སྲིད་བརྟན་ལ་ཕོ་བྲང་དུ་གཡོ་བ་མེད་པར་ཆེ་བའི་ཡོན་ཏན་གྱིས་བརྗིད་པའི་གནས་སྐབས་སུ་ཡུལ་སྡེ་འབངས་མི་ཐམས་ཅད་མངའ་འོག་ཏུ་འདུས་པ་ལྟར་དུ། ཐམས་ཅད་ཀུན་བཟང་ཆོས་ཉིད་གཡོ་བ་མེད་པ་འདུ་འབྲལ་མེད་པའི་དབྱིངས་མཆོག་རབ་འབྱམས། ཆེ་བའི་ཆེ་བ་ཀུན་བཟང་ཆོས་ཀྱི་དབྱིངས་སམ་རིག་པ་ཆོས་ཉིད་ཀྱི་ངང་ལས་མ་གཡོས་པར་དེའི་ངང་དུ་འཁོར་འདས་ཐམས་ཅད་འདུས་པ་ཡིན་ཞེས། སེམས་ཉིད་ཀློང་ཆེན་གཅིག་གི་ངང་ལ་འཁོར་འདས་ཆོས་ཀུན་འདུས་པར་དོན་བསྡུས་པའོ།།

༼ཁ༽ཆོས་ཐམས་ཅད་རྩོལ་སྒྲུབ་མེད་པར་བསྟན་པ།

ས་བཅད་གཉིས་པ་ཆོས་ཐམས་ཅད་རྩོལ་སྒྲུབ་མེད་པར་བསྟན་པ་དེ་ལ། ཆོས་ཐམས་ཅད་རང་བཞིན་མཉམ་ཉིད་ཡིན་པས་རྩོལ་སྒྲུབ་མེད་པར་བསྟན་པ་དང་། དབྱིངས་ལས་ཤར་བ་ཉིད་ཀྱིས་ཀྱང་རྩོལ་སྒྲུབ་མེད་པར་བསྟན་པ་དང་། རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པས་དོན་བསྡུ་བ་དང་གསུམ་ལས།

༼ཀ དང་པོ་ཆོས་ཐམས་ཅད་རང་བཞིན་མཉམ་པ་ཡིན་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ།

ཆོས་ཐམས་ཅད་རང་བཞིན་མཉམ་པ་ཡིན་པས་བཟང་ངན་དང་རྩོལ་སྒྲུབ་མེད་པར་བསྟན་པ་ནི།

ཐམས་ཅད་ཀུན་བཟང་མི་བཟང་གཅིག་མེད་པས།།

བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག།

གྲུབ་དང་མ་གྲུབ་ཐམས་ཅད་དབྱིངས་གཅིག་པས།།

ཐམས་ཅད་ལྷུན་གྲུབ་མི་གཡོ་མཉམ་པར་གཅིག།

ཅེས་གསུངས་ཏེ། ཆོས་ཐམས་ཅད་སྣང་མཉམ་རང་བཞིན་སྟོང་གཟུགས་ཀྱི་རོལ་བ་ཡིན་པས་ཀྱང་བཟང་ངན་དང་རྩོལ་སྒྲུབ་མེད་པར་གཅིག་ལ། སྟོང་མཉམ་གཞི་མེད་ནམ་མཁའ་ལྟར་དག་པས་ཀྱང་བཟང་ངན་དང་བླང་དོར་མེད་པར་གཅིག་ཅིང་། རང་བྱུང་ཡེ་ཤེས་ཀྱི་ངང་ན་མཉམ་པས་ཀྱང་བཟང་ངན་དང་ཕྱོགས་རིས་མེད་པར་གཅིག་པ་སྟེ། ཡུམ་ཆེན་མོ་ལས། ཆོས་ཐམས་ཅད་མཉམ་པ་ཉིད་པས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མཉམ་པ་ཉིད་དོ་ཞེས་པ་དང་། ཀུན་བྱེད་ལས། ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །སྐུ་གསུམ་མཚན་ཉིད་དེ་བཞིན་གནས། །ཐམས་ཅད་དེ་བཞིན་ཉིད་དུ་གནས། །ཇི་ལྟར་སྣང་བའི་ཆོས་ཀུན་ནི། །ཇི་བཞིན་པ་ལས་བཅོས་སུ་མེད། །བཟང་ངན་བླང་དོར་མེད་པའོ། །ཞེས་སོ། །ཐམས་ཅད་གཅིག་གི་ནང་དུ་འདུས་པ་ཡིན་པས་གཅིག་བཟང་དུས་ཐམས་ཅད་མི་བཟང་བ་མེད་པར་བཟང་བར་གྲུབ་ཅིང་། དེ་གྲུབ་ན་འཁོར་འདས་ཐམས་ཅད་ལ་མི་བཟང་བ་གཅིག་ཀྱང་མེད་པ་ཡིན། ཅིའི་ཕྱིར་ཞེ་ན། ཐམས་ཅད་དབྱིངས་གཅིག་ཆོས་དབྱིངས་ཀུན་ཏུ་བཟང་པོར་འདུས་པ་བསྟན་པ་ཡིན་པ་དེས་ན། གྲུབ་དང་མ་གྲུབ་བཟང་དང་ངན་པ་མེད་པར་གཅིག་པས་ན། ལྷུན་གྲུབ་ཡིན་པས་ཐམས་ཅད་ཚང་བ་ཡིན་ཞིང་། མི་གཡོ་མཉམ་པས་གཅིག་ཏུ་འདུས་ཤིང་། གཅིག་རྒྱུ་དེ་ཡང་རྩོལ་སྒྲུབ་མེད་པས་དང་། བླང་དོར་མེད་པས་དང་། ཕྱོགས་རིས་མེད་པས་གཅིག་པའོ། །དེ་ཡང་སྣང་མཉམ་རང་བཞིན་སྟོང་པ་བཟང་ངན་དང་རྩོལ་སྒྲུབ་མེད་པས་གཅིག་པ་དང་། སྟོང་མཉམ་གཞི་མེད་མཁའ་ལྟར་དག་པས་བླང་དོར་མེད་པར་གཅིག་པ་དང་། སྟོང་གཞི་རང་བྱུང་གི་ཡེ་ཤེས་རིག་པའི་ངང་དུ་མཉམ་པས་ཀྱང་ཕྱོགས་རིས་མེད་པར་གཅིག་པ་སྟེ། མཉམ་ཉིད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་དང་། ཇི་བཞིན་གནས་པ་དེ་བཞིན་ཉིད་ཀྱི་སྐུ་གསུམ་འདུས་པའི་མཚན་ཉིད་ལས་བཟང་ངན་བླང་དོར་གྱི་ཆོས་སུ་མེད་པར་བསྟན་པའོ།།

༼ཁ གཉིས་པ་དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ།

དབྱིངས་ལས་ཤར་བ་ཉིད་ཀྱིས་རྩོལ་སྒྲུབ་ལས་འདས་པར་བསྟན་པ་ནི།

གཅིག་ལས་ཀུན་ཤར་མ་ལུས་ཆོས་ཀྱི་དབྱིངས།།

བྱར་མེད་ངང་ལ་བསྒྲུབ་མེད་བརྩལ་དུ་མེད།།

རྩོལ་སྒྲུབ་རང་གི་དབྱིངས་ལས་གཞན་མེད་པས།།

གང་ནས་རྩོལ་ཞིང་གང་དུ་སྒྲུབ་པར་བྱེད།།

ཅེས་གསུངས་ཏེ། ཇི་ལྟར་རྨི་ལམ་ན་རྩོལ་སྒྲུབ་བྱེད་པ་དག་ཨ་ཐང་ཡང་དོན་མེད་ལ་མལ་གཅིག་ལས་མ་གཡོས་ཤིང་བྱ་བ་ཅུང་ཟད་ཀྱང་བྱས་པ་དང་ཟིན་པ་མེད་པ་ལྟར། ད་ལྟར་སྤང་གཉེན་གྱི་རྩོལ་སྒྲུབ་བྱེད་པ་ཡང་དེ་དང་འདྲ་སྟེ། རིག་པའི་ངང་ཙམ་ལས་གཞན་མེད་ལ། བྱས་པ་དང་ཟིན་པའང་ཅུང་ཟད་ཀྱང་མེད་དེ་རིག་པ་ཉིད་ཀྱི་ངང་ཙམ་ལས་མ་གཡོས་པའི་ཕྱིར་དང་། ཟླ་བ་རྒྱལ་མཚན་གྱི་བློ་རྒྱ་ལྟར་མེད་པ་གསལ་སྣང་ལ་དོན་དུ་ཞེན་པས་འཁྲུལ་བ་ཙམ་མ་གཏོགས་པ། ཆོས་ཉིད་ལ་རྡུལ་ཆ་ཙམ་ཡང་རེག་པ་དང་ཉེ་བ་མེད་པའོ། །དེའི་ཕྱིར་སེམས་ཉིད་ནམ་མཁའ་ལྟ་བུ་ལ་རྩོལ་སྒྲུབ་བྱར་མེད་དེ། རྒྱུ་འབྲས་ཀྱིས་བསྒྱུར་དུ་མེད་པའི་ཕྱིར་རོ། །རང་བྱུང་གི་ཡེ་ཤེས་ཀུན་གྱི་གཞིར་གནས་པས། ཆོས་ཀུན་དེ་ལས་ཤར་ཡང་། དེ་ཉིད་དགེ་སྡིག་གི་མཐའ་ལས་འདས་པ་ཉིད། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བཤད་ན་ཉན་ཐོས་རང་སངས་རྒྱས། །རབ་ཏུ་སྐྲག་སྟེ་བརྒྱལ་བར་འགྱུར། །དེས་ན་མཆོག་ཏུ་གསང་བར་བྱ། །བཏགས་པ་མེད་པའི་ཆོས་རྣམས་ནི། །བྱུང་ས་མེད་པས་གཞི་ཞེས་བྱ། །དེ་ལ་གནས་པ་མེད་པའི་ཕྱིར། །དངོས་དང་སྟོང་པ་གང་མི་གནས། །གསལ་དང་མུན་པ་སྲིད་འབྱུང་མིན། །འགྲོ་འོང་སྲིད་མཐའ་མེད་ཕྱིར་རོ། །འབད་ཅིང་རྩོལ་བས་མ་བཅིངས་པས། །ཟང་མ་ཉིད་དང་ཐལ་བྱུང་ངོ་། །རྒྱ་ཆད་ཕྱོགས་ལྷུང་མེད་པའི་ཕྱིར། །དགེ་དང་སྡིག་པའང་གྲུབ་པ་མེད། །དགེ་སྡིག་གཉིས་ཀ་སེལ་ཕྱིར་རོ། །འཁོར་དང་འདས་པར་མི་གནས་པས། །ཆོས་ཉིད་སྟོང་པ་ཀུན་ཁྱབ་ཕྱིར། །ཡེ་ཤེས་རང་ངོར་གནས་པ་ལ། །གསུམ་གྱི་ཚུལ་དུ་དབྱེར་མེད་དོ། །ཞེས་པ་དང་། རྩལ་རྫོགས་ལས། རང་རིག་ཡེ་ནས་འགྱུར་མེད་པས། །དགེ་སྡིག་གཉིས་ཀྱིས་ང་མི་སྒྲིབ། །རང་བྱུང་རྒྱུ་རྐྱེན་མེད་པ་ལ། །འདུས་བྱས་ཆོས་སྤྱོད་བྱ་མི་དགོས། །ཞེས་སོ། །ནོར་བུ་བེེཌཱུརྱ་གཅིག་དེ་ཉིད་ཉི་མ་དང་ཟླ་བའི་རྐྱེན་སོ་སོ་ལ་བརྟེན་ནས་ཉི་མ་ཤར་ན་མེ་འབྱུང་བ་དང་། ཟླ་བ་ཤར་ན་ཆུ་འབྱུང་བ་ལྟར་དུ། རིག་པ་རང་བྱུང་གི་ཡེ་ཤེས་གཅིག་ཉིད་འདི་ལས་ངོ་ཤེས་ན་མྱ་ངན་ལས་འདས་པའི་སྣང་བ་དང་མ་ཤེས་ན་འཁོར་བའི་སྣང་བ་ཤར་ཞིང་། འོན་ཀྱང་དོན་རིག་པ་གཅིག་གི་འཆར་ཚུལ་ལས་ངོ་བོ་ཐ་དད་ལ་གཡོས་པ་མེད་པ་ཡིན། ཆོས་དབྱིངས་བྱར་མེད་གཅིག་གི་ངང་ལས་ཤར་བ་ལ་བྱས་ནས་ཟིན་པ་དང་། བསྒྲུབས་ནས་གྲུབ་པ་དང་། དེ་བཞིན་དུ་བཙལ་ནས་རྙེད་པ་དང་། རྩོལ་སྒྲུབ་ཀྱིས་འགྲུབ་ཏུ་མེད་པར་དེ་ལས་འདས་པ་ནི་འགྲེལ་བས། རྨི་ལམ་གྱི་རྩོལ་སྒྲུབ་ཨ་ཐང་ཆད་ཀྱང་དོན་མེད་མལ་ས་གཅིག་གི་ནང་གི་སེམས་ཀྱི་འཁྲུལ་སྣང་ཙམ་ལས། བྱས་ནས་འགྲུབ་རྒྱུ་དང་ཟིན་རྒྱུ་མེད་པ་བཞིན་དུ། ཆོས་དབྱིངས་ཀྱི་ངོ་བོ་མཐོང་བའང་རྩོལ་སྒྲུབ་ཀྱིས་བསྒྲུབ་ཏུ་མེད། རྩོལ་སྒྲུབ་བྱེད་པ་ཁོ་རང་ཡང་ཆོས་དབྱིངས་ལས་མ་འདས་པ་ཡིན་པས་གང་ལ་རྩོལ་ཞིང་གང་དུ་ཅི་ཞིག་སྒྲུབ་པར་བྱེད། ཡིད་དཔྱོད་བློ་ཡིས་ཇི་ལྟར་རྩོལ་ཞིང་བསྒྲུབས་ཀྱང་ཆོས་ཉིད་ཀྱི་དོན་དང་སྐད་ཅིག་རྡུལ་ཆ་ཙམ་གྱི་ཉེ་བ་མེད་ལ། སེམས་ཉིད་ནམ་མཁའ་ལྟ་བུ་ཡིན་པས་ནམ་མཁའ་ལ་བསྒྱུར་དུ་མེད་པ་བཞིན་དུ་སེམས་ཉིད་ལ་རྒྱུ་འབྲས་རྩོལ་སྒྲུབ་ཀྱིས་ཀྱང་བསྒྱུར་དུ་མེད། ཆོས་ཀུན་དེ་ལས་ཤར་ཡང་དེ་ཉིད་གཅིག་ལས་ཀྱང་མ་ཤར་ལ། རང་བྱུང་ཡེ་ཤེས་ལས་ཐམས་ཅད་བྱུང་ཡང་རང་བྱུང་ཡེ་ཤེས་ཉིད་གང་ལས་ཀྱང་མ་བྱུང་བ་དེས་ན་མ་བྱུང་མ་སྐྱེས་ནམ་མཁའ་ལྟ་བུ་དགེ་སྡིག་སྐྱོན་ཡོན་ཀུན་ལས་འདས་པར་བསྟན་པའོ།།

༼ག གསུམ་པ་དེའི་ཕྱིར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པས་དོན་བསྡུ་བ།

དེའི་ཕྱིར་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པ་ནི།

བཙལ་བའི་ཡུལ་མེད་བསྒོམས་པས་མཐོང་བ་མེད།།

བསྒྲུབ་པའི་གནས་མེད་གཞན་ནས་འོང་བ་མེད།།

འགྲོ་འོང་མེད་པས་མཉམ་ཉིད་ཆོས་ཀྱི་སྐུ།།

ལྷུན་རྫོགས་ཐིག་ལེ་ཆེན་པོའི་དབྱིངས་སུ་འདུས།།

ཞེས་གསུངས། སེམས་ཉིད་ནམ་མཁའ་ལྟ་བུའི་ངོ་བོ་ནི་དབྱིངས་ཐིག་ལེ་ཉག་གཅིག་སྟེ། དེའི་ངང་དུ་ཆོས་ཐམས་ཅད་འདུས་པས་རང་བཞིན་བཅུ་ལ་སོགས་པས་བཙལ་དུ་མེད་པ་ནི། ཆོས་ཀྱི་དབྱིངས་མུ་མཐའ་དང་བྲལ་བ་སྟེ། ཀུན་བྱེད་ལས། ཀུན་གྱི་སྙིང་པོ་བྱང་ཆུབ་སེམས་འདི་ནི། །ཡེ་ནས་རང་གི་རང་བཞིན་ལྷུན་གྲུབ་པས། །རང་བཞིན་བཅུ་ཡིས་བརྩལ་ཞིང་བསྒྲུབ་མི་དགོས། །ང་ཡི་རང་བཞིན་ཀུན་དཔེ་ནམ་མཁའ་འདྲ། །ནམ་མཁའ་དག་ལས་ཀུན་ཀྱང་རྩོལ་མི་བྱེད། །ནམ་མཁའ་དག་ལ་ཀུན་གྱིས་བརྩལ་བྱ་རུ། །ནམ་མཁའ་ཀུན་ཀྱང་རྩོལ་སྒྲུབ་ཀུན་ལས་འདས། །དེ་བཞིན་ཀུན་བྱེད་སྙིང་པོ་བྱང་ཆུབ་སེམས། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ང་ལ་བལྟར་མེད་ཡེ་ནས་བསྒོམ་དུ་མེད། །དེ་བཞིན་རང་བཞིན་བཅུ་པོ་དེས་ཀྱང་ནི། །འདས་པ་ང་ལ་བྱ་རུ་ཡོད་མ་ཡིན། །རྒྱུ་དང་འབྲས་བུའི་ཐེག་པ་ཅན་རྣམས་ཀྱིས། །རང་བཞིན་བཅུ་ཡིས་ང་ལ་བཙལ་བྱས་ན། །ང་དང་ང་ཡི་རང་བཞིན་མཐོང་འདོད་པ། །མཁའ་ལ་གོམ་བོར་ས་ལ་ལྷུང་བ་བཞིན། །རང་བཞིན་བཅུ་པོས་བགྲོད་པས་ལྟུང་བར་འགྱུར། །ང་ཡི་རང་བཞིན་ངེས་པར་ཁུངས་བསྟན་པ། །ང་ནི་སྤྱོད་ཡུལ་ཀུན་ལས་འདས་པའི་ཕྱིར། །ལྟ་བ་བསྒོམ་དུ་མེད་པ་དེ་བཞིན་དུ། །རང་བཞིན་བཅུ་ལ་དེ་བཞིན་དོན་མེད་ཀྱིས། །རང་བཞིན་བཅུ་ལ་དོན་ཡོད་མ་རྟོགས་ཤིག །ང་ནི་བལྟས་པས་མཐོང་བའི་ཡུལ་མེད་པས། །ལྟ་བར་མ་བྱེད་དེ་བཞིན་ཉིད་དུ་ཞོག །ཅེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་ཉིད་དེ་བཙལ་བའི་ཡུལ་མེད་ལ་བཙལ་བས་རྙེད་ཡོང་རྒྱུ་ཞིག་ཀྱང་མེད། བསྒོམ་བྱ་སྒོམ་བྱེད་མེད་པའི་ཕྱིར་ན་བསྒོམས་པས་མཐོང་བ་མེད་པ་ཡིན། དེ་བཞིན་དུ་བསྒྲུབ་པའི་གནས་མེད་ཅིང་། གཞན་ནས་འོང་བ་མེད་པས་ན་འགྲོ་འོང་མེད་པས་མཉམ་ཉིད་ཆོས་ཀྱི་སྐུ་རུ་གོང་ནས་ཀྱང་གཏན་ལ་ཕབ་པ་ཡིན། དེ་ལྟར་ཡིན་པའི་རྒྱུ་མཚན་ནི། སེམས་ཉིད་སྤྲོས་མཚན་ཀུན་དང་བྲལ་བ་ནམ་མཁའ་ལྟ་བུའི་ངོ་བོ་ནི་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ལ་འདུས་པས་སོ། །ལྷུན་རྫོགས་ནི་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་གཅིག་གི་ངང་དུ་མ་རྫོགས་པ་མེད་པ་དང་། ཐིག་ལེ་ཆེན་པོའི་དབྱིངས་སུ་འདུས་པ་ནི་དེ་ལས་གཞན་དུ་ཆོས་ཤིག་མི་སྲིད་པ་སྟེ། དེ་ཡང་ཆོས་ཐམས་ཅད་རིག་པའི་ངང་ལས་ཤར་བས། དང་པོ་ཤར་བའང་རིག་པ་གཅིག་གིས་བཅིངས་པ་དང་། ད་ལྟར་སྣ་ཚོགས་སུ་སྣང་བའི་དུས་ཉིད་ནས་ཀྱང་། རིག་པའི་ངང་ལས་གཞན་དུ་མ་གཡོས་པས་སྣང་བ་རང་བྱུང་རིག་པའི་ཀློང་གིས་བཅིངས་པ་དང་། ཆོས་ཐམས་ཅད་མཐར་རིག་པའི་ངང་དུ་བཟློག་ཅིང་དེ་ལས་གཞན་དུ་འགྲོ་ས་མེད་པས་གྲོལ་བའང་རིག་པའི་དབྱིངས་གཅིག་ལས་མ་འདས། ཆོས་དབྱིངས་ཀུན་ཁྱབ་ཐིག་ལེ་ཉག་གཅིག་དེའི་ངོ་བོ་ནི་བསམ་བརྗོད་སྤྲོས་པ་ཀུན་གྱི་ཡུལ་ལས་འདས་པ་ནམ་མཁའ་ལྟར་ཡེ་ནས་དེ་ལྟར་གནས་ཤིང་འགྱུར་བ་མེད་པས་ན། ཆོས་དབྱིངས་མུ་མཐའ་མེད་པ་ལ་བྱ་ལོང་གིས་ནམ་མཁའི་མཐའ་འཚོལ་བ་བཞིན་དུ་ཐེག་བརྒྱད་བློ་ཡི་གྲུབ་མཐས་རྩོལ་ཞིང་ངལ་བའི་ཆོས་བཅུ་ལ་སོགས་པས་བསྒྲུབས་པ་ནི་དོན་མེད་པའོ་ཞེས་རང་བྱུང་ཡེ་ཤེས་ཀྱི་ངོ་བོ་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པར་བསྟན་ནས་དོན་བསྡུས་པའོ།།

༼ག༽གསུམ་པ་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐེག་པ་ཀུན་འདུས་པར་བསྟན་པ།

དེ་ལ་ཐེག་པ་ཆུང་འབྲིང་ཆེ་གསུམ་གྱི་འདུས་ཚུལ་སོ་སོར་བསྟན་པ་གསུམ་ལས།

༼ཀ དང་པོ་ཆུང་ངུ་གསུམ་གྱི་འདུས་ཚུལ་བསྟན་པ།

ད་ནི་རིག་པ་བྱང་ཆུབ་ཀྱི་སེམས་སུ་ཐེག་པ་ཀུན་འདུས་པར་བསྟན་པ་ལས། ཆུང་ངུ་གསུམ་གྱི་འདུས་ཚུལ་ནི།

ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའི་ལུང་།།

བདག་དང་བདག་གི་མེད་པར་ཐག་བཅད་ནས།།

སྤྲོས་བྲལ་ནམ་མཁའ་ལྟ་བུར་དགོངས་དོན་གཅིག།

ཨ་ཏི་མཆོག་གསང་རྣལ་འབྱོར་ཆེན་པོའི་ལུང་།།

བདག་གཞན་དབྱེར་མེད་ཡངས་པའི་ནམ་མཁའ་ལ།།

རང་བྱུང་ཡེ་ཤེས་ཇི་བཞིན་རྣལ་འཇོག་པས།།

དགོངས་དོན་དེ་ཀུན་སྙིང་པོའི་མཆོག་འདིར་འདུས།།

ཞེས་གསུངས་ཏེ། ཉན་ཐོས་ཀྱི་ལྟ་བ་ཕྱི་ནང་གི་ཆོས་ཐམས་ཅད་གང་ཟག་གི་བདག་མེད་པ་ནམ་མཁའ་ལྟར་འདོད་པ་དང་། རང་སངས་རྒྱས་ནི་དེའི་སྟེང་དུ་ཆོས་ཀྱི་ཕྱེད་གཟུང་བ་མེད་པ་དང་། བྱང་ཆུབ་སེམས་དཔའི་ནི་འཛིན་པ་དང་གཟུང་བ་སྟེ་ཆོས་དང་། གང་ཟག་གི་བདག་མེད་པ་ནམ་མཁའི་རང་བཞིན་དུ་འདོད་དེ། ཕྱིར་མི་ལྡོག་པ་འཁོར་ལོའི་མདོ་ལས། མ་རིག་ནམ་མཁའ་ཇི་བཞིན་དུ། །ཆོས་རྣམས་ཐམས་ཅད་མཚན་ཉིད་མེད། །ཅེས་སོ། །དེ་ལྟར་རྟོགས་པ་དེ་ཡང་། རྫོགས་པ་ཆེན་པོ་རང་བྱུང་གི་ཡེ་ཤེས་སུ་སྟོང་གསལ་རང་བྱུང་གི་ཡེ་ཤེས་ནམ་མཁའི་ངོ་བོ་ཉིད་དུ་འདུས་པས་ཆོས་ཀུན་གྱི་དེ་བཞིན་ཉིད་འདུས་པའི་ཕྱིར་དགོངས་པ་འདིར་འདུས་པ་སྟེ། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ཀྱི་རང་བཞིན་དུ། །མ་ལུས་ཀུན་འདུས་མཁའ་ལྟར་སྤྲོས་དང་བྲལ། །ཞེས་སོ། །སྤྱིར་ན་ཐེག་པའི་རྣམ་གྲངས་ནི་གདུལ་བྱའི་བསམ་པ་དང་མོས་པ་བཞིིན་དུ་མཐའ་ཡས་པ་ཞིག་ཡོད་པ་ཡིན་ལ། འོན་ཀྱང་རིགས་བསྡུ་ན་ནང་པ་སངས་རྒྱས་པའི་ཐེག་རིམ་དེ་སྔ་འགྱུར་རང་ལུགས་ལ་གསུམ་ཚན་གསུམ་གྱིས་དགུ་རུ་ཕྱེ་བ་སྟེ། དེ་ཡང་ཆུང་སྐོར་གསུམ་ཉན་རང་བྱང་སེམས་གསུམ་ལས། ཉན་ཐོས་བྱེ་བྲག་སྨྲ་བས་ཆོས་ཐམས་ཅད་ཤེས་བྱ་གཞི་ལྔར་བསྡུས་ཏེ། འདུས་བྱས་ཀྱི་ཕྱོགས་ཐམས་ཅད་ཆ་མེད་གཉིས་སུ་བཤིག་ནས། དེའི་སྟེང་དུ་གང་ཟག་གི་བདག་མེད་པར་རྟོགས་ཏེ། རང་ལམ་གྱི་བདེན་བཞི་རྟོགས་པ་དང་མཐུན་པའི་ལྟ་སྒོམ་སྤྱོད་པ་བརྒྱུད་ནས་གནས་སྐབས་ལམ་གྱུར་གྱི་འབྲས་བུ་བདུན་དང་། མཐར་ཐུག་ཁམས་གསུམ་གྱི་ཀུན་སྦྱོར་ཟད་པའི་དགྲ་བཅོམ་ཐོབ་པའོ། །མདོ་སྡེ་པ་ཡང་དེ་དང་ཕྱོགས་འདྲ་ཞིང་། རང་རྒྱལ་གྱི་ཐེག་པས་དེའི་སྟེང་དུ་ཆོས་ཀྱི་བདག་མེད་ལས་གཟུང་བ་གཟུགས་ཀྱི་ཕྱོགས་བདེན་མེད་དུ་ཤེས་པའི་བདག་མེད་ཕྱེད་དང་གཉིས་རྟོགས་པ་དང་། ཐེག་ཆེན་བྱང་ཆུབ་སེམས་དཔའི་ཐེག་པ་ལ་ཡང་དབུ་སེམས་གཉིས་ལས། སེམས་ཙམ་པས་ཀུན་བརྟགས་གཞན་དབང་ཡོངས་གྲུབ་གསུམ་གྱིས་ཆོས་ཐམས་ཅད་གཏན་ལ་ཕབ་ཅིང་། བདག་གཉིས་ཀྱིས་སྟོང་པའི་ཆོས་དབྱིངས་གཟུང་འཛིན་གཉིས་མེད་ཀྱི་ཤེས་པ་དེ་ཉིད་གནས་ལུགས་སུ་འཛིན་པ་དང་། དབུ་མ་པ་ལ་ཡང་ནང་གསེས་ཀྱི་དབྱེ་བ་ཡོད་ཀྱང་སྤྱིར་སྣང་སྟོང་ངོ་བོ་ཉིད་ཀྱིས་འདུ་འབྲལ་མེད་པའི་ཆོས་དབྱིངས་སྤྲོས་པ་ཀུན་བྲལ། བདེན་གཉིས་དབྱེར་མེད་མཉམ་བཞག་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྒྱུ་མ་ལྟ་བུ་རུ་བཞེད་པ་ཡིན་ལ། མཐར་ཐུག་དེ་དག་ཐམས་ཅད་རིག་པ་རང་གནས་ཀྱི་ཡེ་ཤེས་སྟོང་གསལ་ནམ་མཁའི་ངོ་བོ་རུ་མ་འདུས་པ་ཞིག་མེད་ལ། ཕྱི་ནང་གཟུང་ཡུལ་རྡུལ་ཕྲན་ཆ་མེད་སྟོང་པ་དེ་ཡང་རིག་པའི་ངང་དུ་རང་སྣང་ལ། ནང་སེམས་ཀྱང་སྐད་ཅིག་ཆ་མེད་སྟོང་པར་རང་ཡལ་རྗེས་མེད་དུ་རིག་པར་སངས་ལ། གཉིས་ཀ་ཡེ་སྟོང་རྩ་བྲལ་ནམ་མཁའ་ལྟར་དག་པ་དེ་ཡང་རིག་པའི་ངང་ལ་དག་པའོ།།

༼ཁ གཉིས་པ་འབྲིང་པོ་གསུམ་འདུས་པ་བསྟན་པ།

འབྲིང་པོ་གསུམ་འདུས་པ་ཡང་།

ཀྲཱི་ཡ་ཨུ་པ་ཡོ་ག་རིགས་གསུམ་ཡང་།།

བདག་དང་ལྷ་དང་ཏིང་འཛིན་མཆོད་སྤྲིན་ལས།།

སྒོ་གསུམ་རྣམ་དག་དངོས་གྲུབ་འདོད་པར་གཅིག།

རྡོ་རྗེ་རྩེ་མོ་ལུང་རྒྱལ་གསང་བ་ཡང་།།

སྣང་གྲགས་རིག་པ་རྣམ་དག་ཡེ་ནས་ལྷ།།

སྒོ་གསུམ་རྣམ་དག་དངོས་གྲུབ་མངོན་གྱུར་པས།།

དགོངས་པ་དེ་ཀུན་སྙིང་པོའི་མཆོག་འདིར་འདུས།།

ཞེས་གསུངས། ཀྲཱི་ཡ་ཏན་ཏྲ་སྟེ་བྱ་བའི་རྒྱུད་ཀྱི་ལུགས་ཀྱིས། བདག་བྲན་དང་ལྷ་རྗེའི་ཚུལ་དུ་བསམས་ཏེ། མཆོད་པ་དང་བསྟོད་པ་ལ་སོགས་པས་དངོས་གྲུབ་འདོད་ལ། ཨུ་པ་ཡ་ཏན་ཏྲ་སྟེ་སྤྱོད་པའི་རྒྱུད་དུ་བདག་དམ་ཚིག་པའི་མདུན་དུ་ལྷ་ཡེ་ཤེས་པ་བསྐྱེད་ནས་དངོས་གྲུབ་འདོད་པ་དང་། ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་གྱི་རྒྱུད་དུ་དམ་ཚིག་པའི་དཀྱིལ་འཁོར་དུ་ལྷ་ཡེ་ཤེས་པ་བསྟིམས་ནས་མཆོད་པ་དང་བསྟོད་པ་ལ་སོགས་པས་དངོས་གྲུབ་འདོད་པ་སྟེ། དེ་དག་ཀྱང་སྒོ་གསུམ་གྱི་དྲི་མ་དག་པ་དང་། དངོས་གྲུབ་སྒྲུབ་པར་གཅིག་པ་ལ། འདིར་ཆོས་ཐམས་ཅད་དཀྱིལ་འཁོར་དུ་སངས་རྒྱས་པའི་ངང་ནས་དག་མཉམ་བྱང་ཆུབ་སེམས་སུ་ཤེས་པ་དེར་དེ་དག་གི་དགོངས་པ་འདུ་བ་སྟེ། ཀུན་བྱེད་ལས། རང་བྱུང་སྙིང་པོ་མཆོག་གི་དཀྱིལ་འཁོར་ལས། །སྒོ་གསུམ་ལྷུག་པ་ཇི་བཞིན་ངང་བཞག་ན། །ཀུན་བྱེད་ང་ཡི་དགོངས་པར་ལྷུན་གྱིས་གྲུབ། །ཅེས་སོ། །འབྲིང་སྐོར་གསུམ་སྔགས་ཕྱི་བ་ཀྲཱི་ཡོག་སྡེ་གསུམ་གྱིས་ཆོས་ཐམས་ཅད་དོན་དམ་པར་རང་བཞིན་གྱིས་དག་པའི་སྟོང་པ་ཉིད་དེ་མཐའ་བཞི་དང་བྲལ་ཞིང་ལྷའི་ངོ་བོར་སྦྱོར་བའི་སྐུ་གསུང་ཐུགས་ཀྱི་མཚན་མ་ལམ་དུ་བྱེད་པས། དེའི་ཐབས་བསྒྲུབས་ནས་གནས་སྐབས་དང་མཐར་ཐུག་གི་ཐུན་མོང་དང་མཆོག་གི་དངོས་གྲུབ་བསྒྲུབ་པ་ཡིན། དེ་ལས་ཀྲཱི་ཡ་བྱ་རྒྱུད་པས་བདག་དང་ལྷ་རྗེ་དང་ཁོལ་གྱི་ཚུལ་གྱིས་དག་པ་རྣམ་པ་གསུམ་གྱི་སྒོ་ནས་འཇུག་པ་དང་། ཨུ་པ་སྤྱོད་རྒྱུད་པས་བདག་མདུན་སྤུན་གྲོགས་ཀྱི་ཚུལ་གྱིས་བསྐྱེད་བཟླས་ཏིང་འཛིན་གྱི་སྒོ་ནས་དངོས་གྲུབ་ནོད་པར་འདོད་པ་དང་། ཡོ་ག་རྣལ་འབྱོར་གྱི་རྒྱུད་ཀྱིས་དོན་དམ་མཐའ་བྲལ་གྱི་དབྱིངས་སུ་ཆོས་ཐམས་ཅད་མཉམ་པ་ཡིན་ན་ཡང་། ཀུན་རྫོབ་བསླུ་མེད་ཀྱི་སྣང་ཚུལ་ལ་དམ་ཡེ་གཉིས་མེད་ཀྱི་བཟླས་སྒོམ་ལ་བརྟེན་ནས་ཕྱག་རྒྱ་བཞི་ཡི་ཚུལ་གྱིས་དངོས་གྲུབ་སྒྲུབ་པ་སྟེ། དེ་ཐམས་ཅད་ཀྱིས་ཀྱང་མ་དག་འཁོར་བའི་སྒོ་གསུམ་གྱི་དྲི་མ་དག་པའི་ཆེད་དང་། སྒྲིབ་གཉིས་བག་ཆགས་དང་བཅས་པ་དག་པའི་དངོས་གྲུབ་དེ་ཉིད་མངོན་དུ་བྱེད་པར་འདོད་པ་ལ་གཅིག་པས། ཨ་ཏི་རྫོགས་པ་ཆེན་པོའི་ཡེ་ནས་རིག་པ་ཡེ་ཤེས་ཀྱི་རྩལ་སྣང་ལྷའི་དཀྱིལ་འཁོར་གཅིག་ཏུ་རྫོགས་པའི་མཉམ་ཉིད་བདེ་ཀློང་ཆེན་པོའི་ངང་དུ་དེ་ཐམས་ཅད་ཀྱང་མ་འདུས་པ་མེད་པར་འདུས་པའོ།།

༼ག གསུམ་པ་ཆེན་པོ་གསུམ་ཡང་རྫོགས་པར་བསྟན་པ།

ཆེན་པོ་གསུམ་ཡང་རྫོགས་ཏེ།

མ་ཧཱ་ཨ་ནུ་ཨ་ཏི་རིམ་གསུམ་ཡང་།།

སྣང་སྲིད་སྣོད་བཅུད་ལྷ་དང་ལྷ་མོའི་ཞིང་།།

དབྱིངས་དང་ཡེ་ཤེས་དབྱེར་མེད་རྣམ་དག་པས།།

ཆོས་ཉིད་མི་གཡོ་རང་བྱུང་ཡེ་ཤེས་འདོད།།

མཆོག་གསང་རབ་འདིར་ཐམས་ཅད་རྣམ་དག་པས།།

མ་བྱས་གཞལ་ཡས་ཡེ་ཀློང་བདེ་བའི་ཞིང་།།

ཕྱི་དང་ནང་མེད་ཀུན་ཁྱབ་གདལ་བ་ལས།།

བླང་དོར་བྱ་བརྩལ་མཚན་མའི་ཆོས་མེད་པར།།

ཐམས་ཅད་ཡེ་འབྱམས་ཆོས་སྐུའི་ཀློང་ཡངས་པས།།

དགོངས་པ་དེ་ཀུན་གསང་ཆེན་སྙིང་པོར་འདུས།།

ཞེས་གསུངས་ཏེ། མ་ཧཱ་ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་ཆེན་པོ་ཕའི་རྒྱུད་དང་ཨ་ནུ་ཡོ་ག་ཏན་ཏྲ་སྟེ་རྣལ་འབྱོར་མའི་རྒྱུད་གཉིས་ནི། གཞིའི་དཀྱིལ་འཁོར་རིག་པ་དང་། ལམ་གྱི་དཀྱིལ་འཁོར་སྣོད་བཅུད་ལྷ་དང་གཞལ་ཡས་ཁང་དུ་གསལ་བས། དབྱིངས་དང་ཡེ་ཤེས་ཐབས་དང་ཤེས་རབ་འདུ་འབྲལ་མེད་པར་ཉམས་སུ་བླངས་པས། འབྲས་བུ་བྱང་ཆུབ་མཆོག་གི་དཀྱིལ་འཁོར་ཐོབ་པར་འདོད་ལ། ཨ་ཏི་རྫོགས་པ་ཆེན་པོར་ཡང་ཐམས་ཅད་ཡེ་ནས་སངས་རྒྱས་པའི་དཀྱིལ་འཁོར་དུ་ཤེས་པས། བླང་དོར་བཅོས་བསླད་མེད་པའི་དགོངས་པ་ཆོས་ཉིད་ལས་མི་གཡོ་བས། རིག་པ་གཞི་ཐོག་ཏུ་ཕེབས་པར་འདོད་པ་དེར་དོན་གྱི་སྙིང་པོ་འདུ་བའི་ཕྱིར་གསང་ཆེན་དོན་གྱི་ཐེག་པ་སྟེ། རྩལ་རྫོགས་ལས། སྐུ་ཡི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་སྣང་བར་གསལ། །གསུང་གི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་གྲག་པར་སྟོན། །ཐུགས་ཀྱི་དཀྱིལ་འཁོར་ཇི་སྙེད་པ། །ཐམས་ཅད་མ་ལུས་རྟོག་པ་སངས། །སྐུ་དང་གསུང་དང་རྡོ་རྗེའི་ཐུགས། །སྣང་བ་མེད་ལས་ཐམས་ཅད་སྣང་། །ཞེས་པ་དང་། ཀུན་བྱེད་ལས། མ་བཅོས་རྣལ་དུ་གཞག་པའི་དཀྱིལ་འཁོར་གསུམ། །མ་བཀོད་དུས་གཅིག་རྫོགས་པའི་དོན་རྟོགས་པས། །ལྷུན་གྲུབ་སྙིང་པོའི་དོན་ལ་འཇུག་པར་བྱེད། །ཅེས་སོ། །ཆེ་སྐོར་གསུམ་ནང་རྒྱུད་སྡེ་གསུམ་ལས་ཕ་རྒྱུད་མ་ཧཱ་ཡོ་ག་ཡིས་ཏིང་འཛིན་གསུམ་གྱིས་ཁོག་ཕུབ་ཅིང་། བསྐྱེད་རིམ་ཐབས་ཀྱི་རིམ་པར་གཙོ་བོར་བྱས་ནས་སྣོད་བཅུད་ལྷ་དང་གཞལ་ཡས་དཀྱིལ་འཁོར་གསུམ་གྱི་ངོ་བོར་ཆོས་རྣམས་འདུས་པར་བྱས་པའི་ངང་ནས་མཚན་བཅས་དང་མཚན་མེད་ཀྱི་རྫོགས་རིམ་ལ་འཇུག་པ་དང་། མ་རྒྱུད་ཨ་ནུ་ཡོ་གས་དབྱིངས་དང་ཡེ་ཤེས་ཐབས་དང་ཤེས་རབ་གཉིས་མེད་དང་། ཁྱད་པར་དུ་རྫོགས་རིམ་ཤེས་རབ་གཙོར་བྱེད་ཀྱི་ཞི་བདེ་ལྷན་སྐྱེས་ཀྱི་ཡེ་ཤེས་རྩལ་འདོན་གྱིས་འབྲས་བུ་བྱང་ཆུབ་སྒྲུབ་པ་དང་། གཉིས་མེད་རྒྱུད་སྡེ་ཨ་ཏི་ཡོ་གས་རིག་པ་ཡེ་ཤེས་ཀྱི་རྩལ་སྣང་དེ་ཡེ་ནས་ལྷའི་དཀྱིལ་འཁོར་དུ་རྫོགས་པའི་ཡེ་ཤེས་ཉིད་ལ་དབང་སྒྱུར་བ་ཡིན་པས། བླང་དོར་བྱ་རྩོལ་གྱི་མཚན་མའི་ཆོས་ལས་རིང་དུ་འདས་པ་ཡིན་པས་ན་དགོངས་པ་མི་གཡོ་པའི་རིག་པའི་གཞི་ཀློང་ཆེན་པོར་ཕེབས་པ་ཐམས་ཅད་དོན་གྱིས་སྙིང་པོ་རིག་པ་བྱང་ཆུབ་ཀྱི་སེམས་མ་བཅོས་རྣལ་བཞག་གི་ཆོས་ཉིད་ཆེན་པོ་འདིའི་དབྱིངས་གཅིག་གི་ངང་དུ་མ་འདུས་པ་མེད་དོ།།

༼ང༽བཞི་བ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་རྫོགས་པར་དོན་བསྡུ་བ།

ད་ནི་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་རྫོགས་པར་དོན་བསྡུ་བ་ནི།

གཅིག་རྫོགས་ཀུན་རྫོགས་ཆོས་ཀུན་འདུས་པའི་ཀློང་།།

ཡེ་བབས་རང་གསལ་ལྷུན་གྲུབ་ཆེན་པོར་འདུས།།

ཞེས་གསུངས་ཏེ། ཐམས་ཅད་བྱང་ཆུབ་སེམས་སུ་རྫོགས་པ་དེ་ཡང་གཅིག་རྫོགས་རིག་པའི་ངང་དུ་རྫོགས་པ། གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས་པ། ཀུན་རྫོགས་གང་ཡང་སྣང་བས་ཕུན་སུམ་ཚོགས་པར་རྫོགས་པ་སྟེ། ཀུན་བྱེད་ལས། འདི་ལ་མ་རྫོགས་གང་ཡང་མེད། །གཅིག་རྫོགས་གཉིས་རྫོགས་ཀུན་རྫོགས་པས། །བྱ་བ་ཕུན་སུམ་ཚོགས་པར་བྱེད། །གཅིག་རྫོགས་བྱང་ཆུབ་སེམས་སུ་རྫོགས། །གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས། །ཀུན་རྫོགས་ཕུན་སུམ་ཚོགས་པར་རྫོགས། །གཅིག་ལ་རྫོགས་པའི་ལུང་འདི་ཡིས། །སངས་རྒྱས་དགོངས་པ་འདི་ལ་གནས། །ཀུན་རྫོགས་པ་ཡི་དོན་འདི་ཡིས། །ཐམས་ཅད་ཕུན་སུམ་ཚོགས་པར་བྱེད། །ཅེས་སོ། །དེ་ལྟར་རྟོགས་པའི་རྣལ་འབྱོར་པ་ལ་བསྔགས་པ་ནི། རྩལ་རྫོགས་ལས། སངས་རྒྱས་བདེན་པ་མཐོང་ན་རྒྱལ་བའི་སྲས། །རྟོགས་པ་ཁོང་དུ་ཆུད་ན་ནམ་ཡང་བདེ། །ཞེས་པ་དང་། སྔ་མ་ལས། བྱར་མེད་འདི་ལ་གང་གནས་པ། །ལུས་འདི་གང་ཟག་ལྷ་མི་ཡང་། །དགོངས་པ་ཆོས་ཉིད་སངས་རྒྱས་ཡིན། །ཞེས་སོ། །འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་སུ་འདུས་ཤིང་རྫོགས་པའི་ཚུལ་ནི། གཅིག་རིག་པའི་ངང་དུ་རྫོགས་པ་སྟེ། དང་པོ་ཉིད་ནས་ཆོས་ཐམས་ཅད་རིག་པའི་ངང་དུ་རྫོགས་ཤིང་ཅི་སྣང་རིག་པའི་ངང་ལས་སྣང་བ་དང་། མཐར་རིག་པའི་ངང་དུ་བཟློག་ཅིང་གྲོལ་ཏེ། ནམ་མཁར་སྤྲིན་རྣམས་དེངས་པའི་དཔེ་ལྟར་རིག་སྟོང་ཆོས་སྐུའི་དབྱིངས་སུ་ཟད་པ་ཆོས་ཉིད་ཆེན་པོར་བཅིང་བ་དང་། གཉིས་རྫོགས་སེམས་ཀྱི་བྱས་པར་རྫོགས་ཏེ། སྣང་སྲིད་སྣོད་བཅུད་ཐམས་ཅད་རིག་པ་བྱང་ཆུབ་ཀྱི་སེམས་ལས་བྱུང་བས་འཛིན་པའི་སེམས་ཀྱང་རང་ཡལ་རྗེས་མེད། གང་དུ་ཡལ་སའི་གཞི་དེར་རིག་པ་ཉིད་ཀྱང་ཀ་དག་ནམ་མཁའ་ལྟ་བུ་རྫོགས་དུས། ཕྱི་སྣང་བ་སྣ་ཚོགས། ནང་སེམས་ཀྱི་འཕྲོ་འདུ། གསང་བ་རིག་པའི་འཕྲོ་འདུ་ཐམས་ཅད་ཡེ་བབས་རང་གསལ་གྱི་ལྷུན་གྲུབ་ཆེན་པོ་འཁོར་འདས་སྣང་དུས་ཉིད་ནས་འཁོར་བ་མ་གྲུབ་པས་འཁོར་བ་སྤང་དུ་མེད་ཅིང་མྱ་ངན་ལས་འདས་པ་བསྒྲུབ་དུ་མེད་པའི་གཤིས་བྱ་རྩོལ་དང་བྲལ་བ་ཡིན་པས་ཆོས་ཟད་བློ་ཟད་དུ་ཕྱམ་གདལ་བའོ། །ལེའུའི་མཚན་ནི། ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པ་སྟེ། ལེའུ་དྲུག་པའི་འགྲེལ་པའོ།། །།ཆུ་ཚོད་ཀྱི་མཚམས་ལ་ཐོན་ནས་འདུག་དེ་རིང་གི་ཆོས་མཚམས་འདི་ནས་གཞག་རྒྱུ་བྱེད། སང་ཉིན་ལེའུ་བདུན་པ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པའི་ལེའུ་ནས་བཤད་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཉིན་བརྒྱད་པའི་ཆོས་ཁྲིད།

ནམ་མཁའི་ཁྱོན་གྱིས་གར་ཁྱབ་ལ་སེམས་ཅན་གྱིས་ཁྱབ་པས། ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་སེམས་ཅན་ལ་ཡང་མཐའ་མེད་ཅིང་། སེམས་ཅན་གྱི་རྣམ་གྲངས་ཀྱིས་གར་ཁྱབ་ལ་སྡུག་བསྔལ་གྱིས་ཁྱབ་པ་ཡིན། དེ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱིས་མྱོང་བའི་སྡུག་བསྔལ་གྱི་རྣམ་གྲངས་ནི་ཟད་མཐའ་བྲལ་བས་མ་ཚད་སེམས་ཅན་རེ་རེའི་ལུས་སེམས་ལ་མྱོང་བའི་སྡུག་བསྔལ་ཡང་བཟོད་པར་དཀའ་ཞིང་། སེམས་ཅན་དེ་དག་ཐམས་ཅད་ད་ལྟའི་རང་རེ་བཞིན་དུ་བདེ་བར་འདོད་ལ་སྡུག་བསྔལ་མི་འདོད་པ་ཤ་སྟག་ཡིན། འོན་ཀྱང་བདེ་འདོད་ན་ཡང་བདེ་བའི་རྒྱུ་སྒྲུབ་མི་ཤེས་ཤིང་། སྡུག་བསྔལ་མི་འདོད་ཀྱང་དེའི་རྒྱུ་ལ་ངམ་ངམ་ཤུགས་ཀྱིས་འཇུག་པ་བྱེད་པ་སྟེ། འདི་ལྟ་བུའི་འཁོར་བའི་སེམས་ཅན་འདི་དག་ཐམས་ཅད་སྡུག་བསྔལ་ལས་གཏན་དུ་ཐར་བའི་ཐར་བ་ཡང་དག་པ་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་ཐུབ་ན་ཅི་མ་རུང་། ད་རེས་བདག་ཉིད་མི་ལུས་ཆོས་ལྡན་ཞིག་ཏུ་སྐྱེས་ནས་ཐར་བའི་ལམ་རྙེད་པའི་སྐབས་འདིར། དམ་ཆོས་བྱང་ཆུབ་བསྒྲུབས་ཏེ་འགྲུབ་པ་ཞིག་བྱེད་དགོས་པ་ལས། སྐྱེས་པ་འཆི་བའི་རང་བཞིན་དང་། དར་བ་རྒུད་པའི་བདག་ཉིད་འདི་གལ་སྲིད་དམ་པའི་ཆོས་ལས་མ་གསུངས་ཀྱང་འཇིག་རྟེན་འགྲོ་བ་ཀུན་གྱི་རང་གཤིས་ལས་ཤེས་ཤིང་། འགྲེངས་ཏེ་འགྲོ་བའི་མི་རྐང་པ་གཉིས་པ་སྨྲ་ཤེས་ཤིང་དོན་གོ་བ་ཞིག་ཡིན་པའི་རྒྱུ་མཚན་གྱིས། རང་ལ་ཡོད་པའི་རྣམ་དཔྱོད་ཀྱི་རྩལ་དེ་བཏོན་ནས། འཇིག་རྟེན་གྱི་ཁམས་ཀུན་ལ་གནས་ཤིང་འཁྱམས་པའི་རང་འདྲའི་སེམས་ཅན་རང་དང་བཅས་པ་ཀུན་ལ་ཕན་པའི་བྱ་ལས་ཤིག་ད་རེས་མ་འགྲུབ་དུས། ཕྱིས་སུ་འགྱོད་ཀྱང་ཕན་ཐོགས་མེད་པའི་ས་ཚོད་ལ་ཐོན་དུ་ཡོད་པ་ནི་ངེས་པ་ཅན་རེད་སྙམ་པའི་བསམ་བློ་བཏང་སྟེ། ད་རེས་བསྟན་དང་མཇལ་ནས་དམ་ཆོས་ཐོབ་པའི་རིན་ཐང་ཅན་གྱི་དོན་དག་དེ་ཉིད། རིན་ཐང་ཅན་གྱི་མི་ཚེའི་དུས་ཚོད་འདིའི་སྟེང་ནས་དུས་ཚོད་ཆུད་ཟོས་སུ་གྲོན་དུ་མི་འཇུག་པར་བསྒྲུབ་དགོས་པ་ཡིན། བསྟན་པ་དང་དམ་ཆོས་ནི་ལུང་དང་རྟོགས་པའི་བདག་ཉིད་ཅན་ཞིག་ཡིན་ལ། ལུང་གི་ཆོས་ཐོས་བསམ་དང་། རྟོགས་པའི་ཆོས་སྒྲུབ་པ་ཉམས་ལེན་གྱིས་རྒྱུད་ལ་སྦྱོར་བར་བྱ་དགོས་ཤིང་། ཐོས་བསམ་བྱེད་པ་དེ་ཡང་བསྒོམ་པའི་ཆེད་དང་། བསྒོམས་ནས་འཁྲུལ་བ་བྲལ་བའི་མ་འཁྲུལ་དོན་གྱི་ཡེ་ཤེས་མངོན་དུ་བྱས་ནས་མཐའ་ཡས་འགྲོ་ལ་ཕན་བདེ་སྒྲུབ་པ་ནི་བསྟན་པ་དང་མཇལ་ཞིང་དམ་ཆོས་བསྒྲུབས་པའི་དགོས་དོན་གྱི་རིམ་པ་ཆ་ཚང་ཡིན་པས། ཐོག་མར་ལུང་གི་ཆོས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས་གསུངས་པའི་གསུང་རབ་ཀྱི་བརྗོད་བྱའི་དོན་མཐར་ཐུག་དེ། གདུལ་བྱའི་གང་ཟག་བློ་ཆུང་འབྲིང་ཆེ་གསུམ་དུ་ཡོད་པའི་སྟབས་ཀྱིས། དེ་དག་ཐར་བ་བདེ་བའི་ལམ་ལ་འགོད་པའི་ཆེད་དུ་སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་ལ་གནད་བསྡུས་ནས་གསུངས་ཤིང་། དེ་ལྟར་བྱས་ཏེ་གསུང་དགོས་པའང་ཅི་ཞིག་སྙམ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཐོག་མར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་ཚོགས་གཉིས་རྒྱ་མཚོ་ལྟ་བུ་ཞིག་བསགས། མཐར་མངོན་པར་རྫོགས་པ་སངས་རྒྱས་པའི་ཐོག་བར་མཐའ་གསུམ་གྱི་མཛད་པ་ཐམས་ཅད་སེམས་ཅན་གྱི་ཆེད་དུ་མཛད་པ་ལས་མ་འདས་པས་ན། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་སྐབས་སུ་ཡང་། སེམས་ཅན་ཐམས་ཅད་ཀྱི་བློ་ཡི་རིམ་པ་དང་མཐུན་ཞིང་། སེམས་ཅན་ཐམས་ཅད་ལ་ཕན་ཐོགས་ཡོད་ཅིང་། སེམས་ཅན་ཀུན་ལ་སྨན་པའི་ཆོས་ཀྱི་འཁོར་ལོ་དེ་ལྟར་བསྐོར་བ་ཡིན། སྐྱེས་བུ་ཆེན་པོའི་རིགས་ཅན་ལ་ཡང་དབང་པོའི་ཁྱད་པར་ཡོད་པས་མདོ་དང་སྔགས་ཀྱི་རིམ་པ་འབྱུང་བ་ཡིན་ཞིང་། རིམ་འཇུག་རྩོལ་བ་ཅན་གྱི་གང་ཟག་གིས་སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་གྱི་རིམ་པ་བརྒྱུད་དགོས་པ་མ་ཟད། ཤིན་ཏུ་དབང་རྣོན་གཅིག་ཆར་བའི་རིགས་ཅན་ལ་འོག་མའི་ལམ་རིམ་མི་དགོས་པ་ནི་མ་ཡིན་ཏེ། དབང་རྣོན་སྔོན་བྱུང་ཅན་ནི་ལམ་དེ་དག་གི་རིམ་པ་བརྒྱུད་ཅིང་གོམས་པར་བྱས་པའི་སྔར་གྱི་ཚོགས་བསགས་ཅན་ཡིན་པས་རྟེན་འདིར་དབང་རྣོན་དུ་གྱུར་པས་གོང་མའི་ལམ་ལ་འོག་མའི་ཡོན་ཏན་ཡར་ལྡན་དུ་རྫོགས་ཡོད་པ་ཡིན་པས་བསྟན་པ་ཐམས་ཅད་འགལ་མེད་ཀྱི་གོ་དོན་རྙེད་དགོས་པ་ཡིན། འོ་ན་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ་དེ་ཇི་ལྟ་བུ་ཞིག་ཡིན་ཞེ་ན། སངས་རྒྱས་ཀྱི་མཛད་པ་སེམས་ཅན་གྱི་དོན་སྒྲུབ་པ་ཡིན་པས་ན། གང་བསྒྲུབ་བྱའི་སེམས་ཅན་གྱི་དོན་དེ་རྣམ་པ་གཉིས་སུ་བསྡུ་ཆོག་ཅིང་། དེ་ཡང་གནས་སྐབས་ཀྱི་དོན་དང་། མཐར་ཐུག་གི་དོན་གཉིས་ཀ་ཡིན་ལ། གནས་སྐབས་མངོན་མཐོ་དགོས་ཏེ་ངན་སོང་གི་སྡུག་བསྔལ་མི་མྱོང་བར་མཐོ་རིས་ལྷ་མིའི་བདེ་བ་ཐོབ་དགོས་པའི་ཕྱིར། མཐར་ཐུག་ངེས་ལེགས་དགོས་ཏེ་གནས་སྐབས་སུ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ནས་སྐབས་ཤིག་ལ་བདེ་བ་མྱོང་ན་ཡང་། འཁོར་བ་ལས་ད་དུང་གཏན་དུ་ཐར་མེད་པས་ཕུགས་མི་བརྟན་པའི་ཕྱིར། དེས་ན་ངེས་ལེགས་ཀྱི་གོ་འཕང་བསྒྲུབ་དགོས་པ་ཡིན། དེས་ན་མངོན་མཐོ་སྒྲུབ་པ་ལས་བརྩམས་ཏེ་གསུངས་པ་འདི་དག་ཐམས་ཅད་སྐྱེས་བུའི་ཆུང་ངུའི་ལམ་ཡིན་ལ། འོན་ཀྱང་དེ་སྐྱེས་བུ་ཆུང་ངུ་ལས་མི་དགོས་པ་མིན་ཞིང་། སྐྱེས་བུ་ཆུང་ངུའི་དངོས་ཀྱི་ལམ་ཐམས་ཅད་དང་ཐུན་མོང་གི་ཆོས་སྐོར་ཡིན། སྐྱེས་བུ་འབྲིང་དང་ཆེན་པོ་གཉིས་ཀྱི་ལམ་དེ་ཇི་ལྟར་ཞེ་ན། བསྒྲུབ་བྱ་མངོན་མཐོ་ངེས་ལེགས་གཉིས་ལས། མངོན་མཐོ་སྒྲུབ་པ་གཙོ་བོར་གསུངས་པ་དེ་སྐྱེས་བུ་ཆུང་ངུའི་ལམ་ཡིན་ཚེ། ངེས་ལེགས་སྒྲུབ་པ་དེ་སྐྱེས་བུ་འབྲིང་དང་ཆེན་པོའི་ལམ་ཡིན་དགོས་ཤིང་། འོ་ན་དེ་གཉིས་ཀ་གཅིག་གམ་ཞེ་ན་མ་ཡིན་ཏེ། ངེས་ལེགས་ལ་ཡང་ཐར་བ་དང་ཐམས་ཅད་མཁྱེན་པ་གཉིས་ཡོད་ཅིང་། ཐར་བ་སྒྲུབ་པ་ལས་བརྩམས་ཏེ་གསུངས་པ་ཐམས་ཅད་སྐྱེས་བུ་འབྲིང་དང་ཐུན་མོང་པའི་ཆོས་སྐོར་ལ་འདུས་པ་དང་། ཐམས་ཅད་མཁྱེན་པ་ལས་བརྩམས་ཏེ་གསུངས་པ་ཐམས་ཅད་སྐྱེས་བུ་ཆེན་པོའི་ཆོས་སྐོར་ལ་འདུས་པ་ཡིན། དེ་ལྟ་བུའི་སྐྱེས་བུ་ཆེན་པོའི་ལམ་ཐེག་པ་ཆེན་པོ་ལ་ཡང་། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་སྔགས་ཀྱི་ཐེག་པ་གཉིས་ཀྱི་རྣམ་དབྱེ་ཡོད་པ་ཡིན། དེ་གཉིས་ཀ་གང་ལ་འཇུག་དགོས་ཀྱང་འཇུག་པའི་སྒོ་ནི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་ཉིད་ཡིན་པས་ཀུན་མཁྱེན་བླ་མས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་ནི། །ཐར་ལམ་བགྲོད་པའི་གཅེས་པ་རྣམ་གསུམ་ཉིད། །ཅེས་གསུངས་པ་ནི། ཐར་བའི་མཆོག་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱེད་པའི་དགེ་བ་གང་ཞིག་སྒྲུབ་པར་བྱེད་པ་ལ་དམ་པ་རྣམ་གསུམ་དེ་ཚང་དགོས་པར་བསྟན་པ་ཡིན། དེ་ལས་སྦྱོར་བ་སེམས་བསྐྱེད་ནི་ཐོག་མ་ཉིད་ནས་མེད་དུ་མི་རུང་བར་གསུངས་ཤིང་། དེ་མེད་ན་སྐྱོན་ཅི་འབྱུང་ཞེ་ན། དེ་མེད་ན་ཐེག་པ་ཆེན་པོའི་ཆོས་སུ་མི་འགྲོ་བས། བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་ལེན་མན་ཆད་ནས། དགེ་སེམས་སྐད་ཅིག་མ་ཞིག་ཅི་སྐྱེས་ཡན་ཆད་དེ་སེམས་བསྐྱེད་དང་འབྲེལ་ན་ཐམས་ཅད་མཁྱེན་པའི་རྒྱུ་དང་། དེ་དང་མ་འབྲེལ་ན་ཐེག་དམན་ཐར་བ་ཆ་མཐུན་གྱི་དགེ་བ་སྐྱེས་བུ་འབྲིང་གི་ལམ་ཙམ་གྱི་ཡན་ལས་མི་འཕར་བ་ཡིན། དེས་ན་ཐེག་པ་ཆེན་པོའི་མདོ་སྔགས་ཀྱི་ཆོས་འཆད་ཉན་གྱི་སྐབས་སུ། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་བྱང་ཆུབ་སྒྲུབ་པའི་འདུན་པ་དེ་མེད་ཐབས་མེད་པ་ཡིན་ཕྱིར། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཞེས་ཆོས་མ་བཤད་ཆོས་དུང་ཞིག་མ་བུས་ན་མ་གཏོགས་ཚིག་མགོ་དེ་ཡིས་ལེན་པར་བྱེད་པ་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དེ་རྒྱུད་ལ་སྐྱེ་དགོས་དུས། མཐའ་ཡས་སེམས་ཅན་སྡུག་བསྔལ་གྱིས་མནར་བཞིན་ཡོད་པ་ཐམས་ཅད་ལ་ཐོག་མར་མི་བཟོད་པའི་སྙིང་རྗེ་བསྐྱེད་དགོས་པ་ཡིན། དེ་སྐྱེ་བར་བྱེད་པ་ལ་འཇིག་རྟེན་ཡང་དག་གི་ལྟ་བ་ལས་རྒྱུ་འབྲས་ལ་ཚད་མར་འཛིན། སྐྱེ་བ་སྔ་ཕྱི་ཁས་ལེན། ངན་སོང་ངན་འགྲོའི་གནས་རིས་ཀྱི་དམྱལ་བ་ཡི་དྭགས་སོགས་ཡོད་པ་དང་། རང་ཉིད་དེ་ལ་སྐྱེ་འགྱུར་གྱི་ལས་གསོག་བཞིན་ཡོད་པའི་ཚུལ་རྣམས་ཡང་བསྐྱར་ཤེས་པར་བྱས་ནས་དེ་ལ་ངེས་ཤེས་བསྐྱེད་པ་ནི་རྣམ་པ་ཀུན་ཏུ་གནད་ཆེ་བ་ཡིན་ཕྱིར་ནམ་དང་ནམ་ཡིན་ནའང་བཤད་པ་ཡིན། ད་ལྟའི་སྐབས་སུ་རང་རེ་ནི་མིའི་འཇིག་རྟེན་མཐོ་རིམ་གྱི་སྲོག་ཆགས། དམ་པའི་ཆོས་ཕྱོགས་ཀྱི་སྐད་དུ་བྱས་ན་མཐོ་རིས་ཀྱི་མིའི་འཇིག་རྟེན་ཡིན་ཞིང་། ད་ལྟ་དེར་སྐྱེ་བ་བླངས་ཤིང་། འདི་མངོན་མཐོའི་གནས་ཡིན་ཕྱིར་ངན་སོང་གི་གནས་དང་འདྲ་བའི་སྡུག་བསྔལ་རགས་པ་ཤུགས་དྲག་མེད་པས་སྐྱིད་འདུག་བདེ་འདུག་སྙམ་པའང་མཚམས་རེ་ཡོང་བ་ཡིན། དེ་ཡང་གཅིག་ན་མཐོ་རིས་ཀྱི་གནས་ཡིན་པས་སྡུག་བསྔལ་རགས་པ་ཅུང་ཆུང་བ་དང་། གཉིས་ན་འཁོར་བའི་སེམས་ཅན་གྱིས་ཟག་མེད་ཀྱི་བདེ་བ་སྟེ། བདེ་བ་དངོས་དེ་མྱོང་མ་མྱངས་པའི་དབང་གིས་སྡུག་བསྔལ་རགས་པ་མ་སྐྱེས་པ་ལ་བདེ་བ་ཡིན་སྣང་ཤར་བ་ཡིན། དཔེར་ན་ལག་མཐིལ་ལ་སྤུ་ཉག་གཅིག་བཞག་པ་དང་། མིག་ནང་ལ་སྤུ་ཉག་གཅིག་བཞག་པའི་ཚོར་བ་མི་འདྲ་བ་བཞིན་དུ་སོ་སྐྱེ་ཡིས་སྡུག་བསྔལ་ཡིན་སྣང་མི་ཤར་བ་ཡང་འཕགས་པས་སྡུག་བསྔལ་ཆེན་པོ་ཞིག་ཏུ་གཟིགས་པར་གསུངས་པ་ཡིན། འུ་ཚོས་འདེང་ཞིག་བརྒྱབ་ན་རང་རེས་མཐོང་བཞིན་པའི་ས་སྟེང་གི་ད་ཡོད་འཛམ་གླིང་གི་མི་འདི་ཐམས་ཅད་ལ་མཚོན་ན། མི་ཡིན་པའི་ངོས་ནས་བདེ་སྡུག་གཅིག་འདྲ་ཏག་ཏག་མ་རེད་མོད། ཡུལ་ཁམས་ཀྱི་ཐད་ནས་ཡིན་ནའང་ཡུལ་ལ་ལ་བདེ་ཞིང་སྐྱིད་ཕྱུག་ཅིང་འབྱོར་བ་དང་། ཡུལ་ལ་ལ་མི་བདེ་མི་སྐྱིད་པ་ཐ་ན་ཟས་གོས་ཀྱི་ཕོངས་ས་ཡང་འཛམ་བུའི་གླིང་ན་ཅི་འདྲ་འདྲའི་ཡོད་འདུག དེ་བཞིན་དུ་ཡུལ་ཁམས་གཅིག་ནས་ཡིན་ནའང་ལུང་ཚན་སོ་སོའི་བདེ་སྡུག་མི་འདྲ་བ་དང་། སྡེ་གྲོང་པ་གཅིག་གི་ནང་ནས་མ་དགོས་ཁྱིམ་གཅིག་གི་ནང་ནས་སྐྱེས་པའི་མི་ལ་ཡང་སྐྱིད་སྡུག་འདྲ་མི་འདྲའི་ཁྱད་པར་རྒྱུག་པ་ནི། ད་ལྟའི་སྐྱེ་བ་འདིའི་སྐྱིད་སྡུག་ཅི་ཡོང་གི་རྒྱུ་སྔ་མའི་བསགས་སྟོབས་ཀྱི་ཁྱད་པར་རྒྱུག་སོང་བས་རེད། དེ་ལྟར་དུ་སེམས་ཅན་ཡིན་པའི་རིགས་གཅིག་ཀྱང་བདེ་སྡུག་མྱོང་ཚུལ་མི་འདྲ་བའི་འགྲོ་བ་རིགས་དྲུག་ཡོད་པ་ནི་དེས་ཀྱང་ཤེས་ཐུབ་ཅིང་། དོན་ངོ་མས་བཤད་ན་ལྔ་དང་དྲུག་གིས་ཅི་ལ་ཚད། ལས་བསགས་ལུགས་དང་འབྲས་བུ་སྨིན་ལུགས། མྱོང་བའི་ཁྱད་པར་ལ་སོགས་པས་མཐའ་ཡས་པ་ཞིག་ཡོད་ཀྱང། ཚུར་རིགས་བསྡུས་ནས་རྒྱུད་ལྔ་དང་རིགས་དྲུག་ཁམས་གསུམ་སོགས་སུ་གསུངས་པ་ཡིན། དེས་ན་དམྱལ་ཁམས་དང་ལྷ་ཡུལ་སོགས་མ་མཐོང་བའི་ཕྱིར་ན་མེད་པ་རེད་ཟེར་རྒྱུ་གང་ན་ཡོད། དབང་པོ་ཐ་ཤལ་བ་འདི་ཚོས་ཅི་ཞིག་རིག་ཐུབ། ངས་མ་རིག་པས་རིག་རྒྱུ་ཡོད་མ་རེད་ཟེར་བ་དང་། ངས་མི་ཤེས་པས་ཁྱོད་ཀྱིས་ཤེས་སུ་མེད་ཅེས་ཟེར་ཐག་ག་ལ་ཆོད། དཔེ་ཆུང་ཆུང་ཞིག་ལ་བྱེད་ན་དེང་སང་གི་འཕྲུལ་ལས་ཡར་རྒྱས་ཀྱི་སྔོན་ཐོན་གྱི་འཕྲུལ་ཆས་དེ་དག་མི་འགའ་རེས་བེད་སྤྱོད་བཏང་མི་ཤེས་པར་ཡུན་རིང་པོར་སྦྱོང་དགོས་ཤིང་སྦྱོང་ནའང་ཤེས་མི་སླ་བ་དེ་འདྲ་ཡིན་ཡང་། མི་འགའ་རེས་དེ་གསར་གཏོད་བྱས་ཡོང་བ་རེད་། དེས་ཅི་ཞིག་མཚོན་ན་རྣམ་དཔྱོད་ཀྱི་རྩལ་ཆེ་ཆུང་དང་མཐུན་པར་ཤེས་བྱ་གཞལ་བའི་རྟགས་ཡིན་པ་རེད། གཞལ་བྱ་འདི་ལས་མེད་ཅེས་ཚད་འཇོག་ཤེས་པ་ཡིན་ན་འཇལ་བྱེད་དེས་ཡན་དུ་མེད་པའི་དབང་པོ་ཞིག་ཡོད་དགོས་པ་ཡིན། དེང་སང་མི་མང་པོ་ཞིག་གིས་ཚན་རིག་ཁས་ལེན་བཞིན་ཡོད་ལ། ང་ཚོ་ཆོས་པ་དག་གིས་ཀྱང་ཚན་རིག་ཁས་ལེན་དགོས་པ་ཡིན། སྔོན་སྐུ་དྲག་ཅིག་གི་ལྕམ་མ་རྒན་ལྷག་བསམ་ཅན་ཞིག་གིས་གོང་ས་བཅུ་བཞིི་པ་ལ་དེང་སང་གི་ཚན་རིག་ཟེར་བ་འདི་ཡག་པོ་ཁྱོན་ནས་མི་འདུག་འདིས་ང་ཚོའི་ནང་པའི་ཆོས་ལ་གནོད་པ་ཆེན་པོ་བསྐྱལ་བ་འདུག་ཅེས་ཞུས་རབས་ཡོད་མོད། དོན་ངོ་མས་བཤད་ན་ཚན་རིག་རྩེར་སོན་གྱི་དུས་སུ་ཆོས་ལ་རམ་འདེགས་བྱེད་ཐུབ་པ་རེད། ཚན་རིག་ཅེས་པ་འདི་དེང་སང་གི་ཐ་སྙད་སྦྱོར་སྟངས་ཡོངས་གྲགས་ལ་ཁྱབ་ཆེ་བ་ཙམ་ལས་འདིའི་དོན་ངོ་མ་དེ་ངས་བལྟས་ན་མ་ནོར་བ་ཞིག་དང་ཇིི་མ་ཇི་བཞིན་པ་ཞིག་གཏན་ལ་ཕབ་ཡོང་བའི་རིག་པ་ཡང་དག་ཅིག་ལ་གོ་དགོས་འདུག་སྙམ། དེང་སང་གི་ཚན་རིག་པ་མང་ཆེ་བས་དངོས་ཁམས་དང་། རྫས་འགྱུར་དང་། གནམ་གཤིས་དང་། ས་ཁམས་སོགས་ཀྱི་དངོས་པོར་རྟོག་ཞིབ་བྱས་པའི་དཔྱད་འབྲས་ཤིག་ལ་གཙོ་བོར་འཛིན་པ་རེད། དེ་ཡང་དེང་སྐབས་ཀྱི་ཚན་རིག་པས་མཐོང་བའི་ཆོས་ལས་འདས་པའི་ཡུལ་ཁམས་རྒྱ་ཆེན་པོ་མ་མཐོང་བའི་དབང་གིས་རེད། ཚན་རིག་པ་མཁས་ཅན་དག་གིས་ཀྱང་ཤི་རྒྱུའི་སྐོར་དེ་སྐྲག་ནས་དེ་ཙམ་བཤད་ཕོད་ཀྱིན་ཡོད་པ་མ་རེད། ཐེ་ཚོམ་བྱེད་ཞོར་དུ་རང་ཉིད་དང་ཁྱིམ་མི་དག་གི་ཕྱི་མ་བདེ་བའི་དོན་དུ་རོ་སྒམ་གོང་ཆེན་སོགས་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཕྱི་རྒྱལ་གྱི་མཱ་ཡ་བའི་རིག་གནས་ཟེར་རྒྱུའི་མི་འདྲ་བ་ཞིག་ཡོད་པར་བཤད་པ་དེས་སྤྱི་ཟླ་བཅུ་གཉིས་པའི་ཚེས་པ་ཉི་ཤུ་གཅིག་ཨེ་ཡིན་གོ་དེའི་ཉིན་དེར་འཇིག་རྟེན་འདི་འཇིག་པའི་དུས་ཚོད་ཡིན་པར་བཤད་ནས་རྫུན་རྐུབ་བུད་ཨོས་ཐལ། བོད་པ་འགའ་རེས་ཀྱང་དེའི་ཁ་ལ་རྒྱུག་ནས་ངོ་ཚ་ཉོས་རབས་ཡོད་འདུག་མོད། དེས་ན་མ་འོངས་འབྱུང་འགྱུར་གྱི་ལོ་གྲངས་བཅུ་ཕྲག་ཁ་ཤས་སམ་ཡང་ན་བརྒྱ་ཕྲག་ཁ་ཤས་ཀྱི་རྗེས་ནས་བལྟས་ན། ད་ལྟའི་ཚན་རིག་པས་མཐོང་བ་འདི་དག་མཐོང་བ་ཡང་དག་མིན་པའི་ར་འཕྲོད་ཡོང་བ་རེད། དེ་ཡང་སེམས་ཐག་བཅད་ནས་བཤད་ཐུབ་པ་ནི་འཇིག་རྟེན་གྱི་དེ་སྔའི་འཕེལ་རིམ་ལ་བལྟས་ནས་དེའི་འགྱུར་འགྲོས་ཀྱིས་ཧ་གོ་ཐུབ་རྒྱུ་ཞིག་ཡིན་པ་རེད། རང་རེ་མིའི་རིགས་འདི་མཐོ་རིམ་གྱི་སྲོག་ཆགས་རེད། ང་ཚོས་མཐོང་བའི་དུད་འགྲོ་དག་དང་བསྡུར་ན་མི་རྣམས་ལྷག་ཙམ་དུ་ཡོད་པ་རེད། འོན་ཀྱང་སེམས་ཅན་ཡིན་པའི་ཆ་ནས་དབང་པོ་ཐ་ཤལ་བ་ཙམ་ལས་མེད་པས་འགྲོ་བའི་གནས་རིས་གཞན་མཐོང་མ་དགོས། ང་ཚོ་ཡོད་སའི་འཁོར་ཡུག་གི་ནམ་མཁའི་རྒྱ་ཁྱོན་དང་། ང་ཚོ་ཆགས་ས་འདི་མིན་པའི་འཇིག་རྟེན་གཞན་དེང་སང་སྐར་མའི་གོ་ལ་ཟེར་བ་འདི་དག་དུ་ཡོད་ཤེས་ཚོར་མེད་པ་རེད། རིག་གང་གི་ནམ་མཁའིི་སྐར་མ་ང་ཚོས་བརྩིས་ནས་འཇལ་ཐུབ་པ་མ་རེད། རྒྱང་མཐོང་ཆེ་ཤེལ་བཟང་པོ་ཞིག་གིས་བལྟས་ཡོང་ན་ད་ལྟ་མིག་གིས་མཐོང་རྒྱུ་འདིས་མང་དང་མང་ཞིག་མཐོང་བས་མ་ཚད། དེའི་ཕར་རྒྱབ་ལ་དེ་བས་ཀྱང་མང་བ་དང་། ཡང་དེ་ལས་འདས་ན་དེ་བས་ཀྱང་མང་བར་ཡོད་པ་རེད། དེང་སང་གི་ཚན་རིག་པ་དྲག་ཤོས་འགའ་རེས་ད་རུང་འདི་མིན་པའི་ཉི་མའི་ཁྱིམ་རྒྱུད་གཅིག་ཡོད་ལས་ཆེ་འདུག་ཟེར་བ་དང་། འཇིག་རྟེན་འདིའི་ཕར་ཚད་ཅིག་ལ་བསམ་ཡུལ་ལས་འདས་པའི་སྟོང་ཁམས་ཤིག་ཡོད་ན་ཐང་ཞེས་རྟོག་ཞིབ་ཀྱི་ས་བོན་ཙམ་རྙེད་པར་ཕྱོགས་བཞིན་ཡོད་པ་ཡིན། དེ་དག་ནི་འཕགས་པ་ཞིག་གི་གཟིགས་ངོ་ལ་ལྟོས་ན་ཨབ་རའི་མིག་གིས་རྨ་ཕ་རོལ་གྱི་གངས་རི་མ་མཐོང་བ་དང་ཁྱད་པར་མེད་དེ། ཐུན་མོང་མདོ་ཡི་སྐབས་ནས་གསུངས་པའི་སྟོང་གསུམ་གྱི་འཇིག་རྟེན་ལ་སོགས་པ་དང་། ཐུན་མིན་སྔགས་ཀྱི་སྐབས་ཀྱི་གདུལ་བྱའི་ཞིང་ཁམས་བཀོད་པའི་རྣམ་གཞག་ཆོས་ལོངས་སྤྲུལ་སྐུའི་ཞིང་ཁམས་ཏེ། ཆོས་སྐུའི་དུས་ཀྱི་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་དང་། ལོངས་སྐུའི་དུས་ཀྱི་ཚངས་པ་རྔ་སྒྲའི་ཞིང་དང་། སྤྲུལ་སྐུའི་དུས་ཀྱི་ཚངས་ཆེན་གྱི་བསྐལ་པའམ་ཞིང་ཁམས་དེ་དག་གསུངས་དུས། ས་ཆུ་མེ་རླུང་འབྱུང་བ་བཞི་ནམ་མཁའ་དང་ལྔ་ཡིས་གར་ཁྱབ་དུ་ཚངས་ཆེན་གྱི་ཞིང་ཁམས་སྤྲུལ་སྐུའི་གདུལ་ཞིང་དུ་གྱུར་པ་ཡིན་པར་གསུངས་ཤིང་། དེ་ཡང་སྐུ་གསུམ་གྱི་ཞིང་ཁམས་ལས་ཆ་ཤས་ཙམ་ཞིག་ཡིན་ལ། ཚན་རིག་པ་ཡིས་ཕུང་པོ་ལྔ་ཡི་ཆ་ཤས་སུ་གྱུར་པ་གཟུགས་ཙམ་ཞིག་ལ་མི་ལོ་བརྒྱ་ཚོ་མང་པོ་ལ་ཞིབ་འཇུག་བྱས་ཤིང་། དེའི་རྨང་གཞིའི་ཐོག་ནས་ཉེ་ལམ་གྱི་དུས་རབས་ཉི་ཤུ་པ་དང་ཉེར་གཅིག་པའི་ནང་དུ་དེ་སྔོན་བརྒྱུད་པའི་ལམ་ཐག་གི་ཡང་རྩེར་ཐོན་པའི་ཚུལ་ཡིན་ཞིང་། ནང་སེམས་ཁམས་དང་ཚེ་སྲོག་གི་གསང་བའི་ཕྱོགས་ལ་ཞིབ་འཇུག་གིས་ཡང་རྩེ་ལ་བསྙེགས་ཤིང་བསྙེགས་ལ་སྟོན་པ་སངས་རྒྱས་ཀྱིས་མི་ལོ་ཉིས་སྟོང་ལྔ་བརྒྱའི་ཡར་སྔོན་ནས་གསུངས་པའི་སྟོང་རྟེན་འབྱུང་ཚན་རིག་གི་རྒྱལ་པོ་ལ་གུས་བཀུར་ཞུ་རྒྱུ་ལ་ཁེལ་བ་ནི་ཐེ་ཚོམ་མི་དགོས་པར་སེམས་ཤིང་། མི་ཤི་རྒྱུ་མེད་ཐབས་མི་ཐོན་ཏེ། ཤི་རྒྱུ་མེད་པ་དེ་རྒས་རྒྱུ་མེད་པ་ཞིག་དང་། ན་རྒྱུ་མེད་པ་ཞིག་ཡིན་དགོས་ལ། རྒ་ན་ཤི་གསུམ་སྐྱེ་བ་ལ་ཐུག་པས། སྐྱེས་ནས་ཡོད་པའི་ལུས་འདི་སྐྱེ་མེད་ལ་བསྒྱུར་དགོས་ན། ཤ་ཁྲག་ལས་གྲུབ་པའི་ལུས་དང་སྐད་ཅིག་གི་རྒྱུན་ཅན་གྱི་སེམས་འདིའི་རྣམ་པ་བསྒྱུར་ནས། རྡུལ་དང་སྐད་ཅིག་གི་ཁྱོན་ལས་འདས་པའི་རྡུལ་བྲལ་སྒྱུ་མའི་འཁོར་ལོ་ལ་དག་སྟེ་འཕོ་ཆེན་གྱི་འཇའ་སྐུ་བརྙེས་པ་ནི་ཤི་རྒྱུ་མེད་པའི་རིག་པ་མཐར་ཐུག ཚན་རིག་གི་ཡང་རྩེ་ལག་ལེན་ལ་ཐེབས་པ་ཡིན། དེ་ཚོ་བདེན་པར་སྨྲ་བ་དང་རིགས་པར་སྨྲ་བ་ལ་ཚན་རིག་ཏུ་རྩི་བའི་མིའི་བསམ་བློ་གཏོང་ཚུལ་རེད། རྒྱལ་བའི་བཀའ་ཡི་གྲངས་ངེས་ཙམ་གྱི་དབྱེ་བ་དང་དེའི་དགོས་པའི་རྣམ་འབྱེད་ཙམ་ཡང་མི་ཤེས་པའི་མི་ཡིས། རྒྱལ་བའི་བཀའ་ཡི་བདེན་རྫུན་ཕྱེ་བའི་འཕྲིན་པ་བྱེད་པ་ནི་དགོད་ཁ་སློང་བྱེད་ཙམ་ལས་མེད་པ་ནི་རང་རིགས་གཞན་རིགས་སུ་ཡིན་ཡང་གཅིག་པ་རེད། འོན་ཀྱང་ལོག་པའི་ལམ་ལ་མཐའ་མེད་པའི་ཕྱིར་ན་འཇིག་རྟེན་གྱི་ཁམས་ལ་ལྟ་བ་འདྲ་དང་མི་འདྲ་འཛིན་མཁན་ནི་ཅི་འདྲའི་མེད། དེས་ན་དམྱལ་བ་ཡི་དྭགས་རང་རེའི་མིག་གིས་མ་རིག་ཀྱང་མེད་པའི་ཁ་ཚོན་ཆོད་པ་མ་རེད། སྣང་བ་ཁ་ཁ་དང་འདུ་ཤེས་ཐ་དད་ཡིན་པའི་སེམས་ཅན་འདྲ་མིན་གྲངས་མེད་པར་ཡོད་ཅིང་། སྲོག་ཆགས་མང་དག་མེ་དང་འཕྲད་ན་ཚིག་འགྲོ་བ་ཡིན་ཡང་། མེ་ལ་གནས་པའི་སྲོག་ཆགས་མེ་ལ་མ་བརྟེན་ན་འཚོ་མི་ནུས་ཤིང་། དཔེར་ན་ཆུ་ལ་གནས་པའི་སྲོག་ཆགས་སྐམ་ལ་མི་འཚོ་བ་དང་། རྐྱལ་རྩལ་མ་བྱང་བའི་མི་ཞིག་ཆུ་ཆེན་དང་མཚོ་ཆེན་ནང་དུ་ལྷུང་ན་ཤི་བ་ལས་མེད་པ་དང་འདྲ་འདྲ་རེད། འོ་ན་དབྱར་ཁའི་དྲོད་གཤེར་གྱི་རྒྱུ་རྐྱེན་འགའ་རེ་ལ་བརྟེན་ནས་བེམ་པོ་སྲོག་ལྡན་དུ་འགྱུར་རྒྱུ་ཡོད་པ་དེ་ཚོ་ཅི་ཞིག་ཅེས་དྲི་བར་བྱེད་པ་ཡོད་ཅིང་། དེ་ཡང་སེམས་ཅན་ལུས་ཅན་ཞིག་ཡོད་ཚད་ཐམས་ཅད་པོ་སྐྱེ་བ་རྣམ་བཞི་ལས་སྐྱེ་བར་གསུངས་ལ། དེ་ཡང་ཆེ་ལོང་གིས་རིགས་བསྡུས་ནས་གསུངས་པ་ཡིན་ཞིང་། ནང་གསེས་ཀྱི་སྐྱེ་བ་རྣམ་བཞི་རེ་རེ་ལ་ཡང་ཁྱད་པར་མང་དག་ཡོད་པ་ཡིན། བེམ་པོ་སྲོག་ལྡན་དུ་འགྱུར་ངེས་ཏེ། རང་རེ་མངལ་སྐྱེས་ལྟ་བུ་ཞིག་ལ་མཚོན་ན། ཕ་མའི་རྒྱུ་རྐྱེན་བེམ་པོ་ལ་རྣམ་ཤེས་སྔ་མའི་རྒྱུན་བརྟེན་ནས་སྐྱེ་བ་ལས་མ་འདས་ཏེ། གཅིག་ཐ་དད་ཀྱི་རིགས་པས་བརྟགས་ན། ཕ་མ་ལ་རྣམ་ཤེས་དུ་མ་ཞིག་བགོ་རུ་ཡོད་པའམ། ཡང་ན་ཕ་མ་ཤི་དུས་བུ་ཡང་ཤི་བའམ། ཡང་ན་ཕ་མ་དང་བུ་རྒྱུད་ཤེས་རྒྱུད་གཅིག་ཏུ་ཐལ་བ་ལ་སོགས་པ་སྐྱོན་དུ་མ་ལྡོག་མེད་དུ་འབབ་པ་ཡིན། དེས་ན་ཤེས་བྱ་མཐའ་མེད་ཀྱི་སྤྲོས་པའི་མཐའ་རྒྱ་དེ་ཕྱི་ནས་ཆོད་ཡོང་རྒྱུ་ཞིག་ཡོད་པ་མ་རེད། ནང་རང་གི་ཕུང་ཁམས་སྐྱེ་མཆེད་འདིའི་སྟེང་ནས་འཁོར་འདས་སྣང་སྲིད་སྣོད་བཅུད་ཀྱི་ཆོས་ཐམས་ཅད་གཏན་ལ་ཕབ་ཐུབ་པ་ཡིན་པས། སྐྱེ་བ་སྔ་ཕྱི་ཡང་འདིའི་སྟེང་ནས་རྩི་ཐུབ་པ་རེད། ལྷ་ཡུལ་གཟུགས་མེད་ཀྱིི་ཁམས་སྲིད་རྩེ་ཞེས་པ་ཡར་གནམ་གྱི་མཐོངས་ཤིག་ལ་མེ་ཤུགས་འཕུར་མདའ་བཞིན་དུ་འགྲོ་ས་ཞིག་དང་། དམྱལ་ཁམས་བཅོ་བརྒྱད་ཅེས་པ་ས་འོག་གི་གདིང་ཞིག་ལ་འཛུལ་འགྲོ་ས་ཞིག་ཡོད་ག་ལ་དགོས་ཏེ། རྒྱལ་སྲས་ཞི་བ་ལྷས། །དེ་འདྲ་དེ་དག་ཐམས་ཅད་ཀྱང་། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་ཡིན། མི་འགའ་རེ་ལུང་ལ་ཡིད་མི་ཆེས་ཀྱང་། མཚན་མོའི་འཁྲུལ་སྣང་གི་རྨི་ལམ་ལ་ལྟོས་དང་ད་ལྟའི་སྣང་བ་དང་ཕྲ་རགས་ཙམ་ལས་གཅིག་པ་རེད། སྣང་བ་སྒྱུ་མར་ཤེས་པ་དེ་སྒྱུ་མ་ཡིིན་པ་གཏན་ལ་ཕབ་ནས་མངོན་སུམ་དུ་རྟོགས་དུས། ཡོད་པ་མེད་པར་དང་མེད་པ་ཡོད་པར་སྒྱུར་ནུས་པ། དཔེར་ན་མི་ལ་རས་པ་གཡག་རྭའི་སྦུག་ཏུ་བཞུགས་དུས་གཡག་རྭ་ཇེ་ཆེ་དང་རྗེ་བཙུན་ཇེ་ཆུང་ལ་མ་སོང་བ་ནི་རང་རེའི་དབང་ཡུལ་ལ་ཐ་དད་ཡིན་པའི་དབང་གིས་ཡིན་པ་དང་། གཞན་ཡང་རྨ་ཐོག་རིན་ཆེན་གྱིས་རྡོ་གསོལ་བ་དང་། ནམ་མཁའི་སྙིང་པོ་ཉི་ཟེར་ལ་ཆིབས་པ་དང་། ཡེ་ཤེས་མཚོ་རྒྱལ་གྱིས་མི་རོ་གསེར་ལ་བསྒྱུར་བ་ལ་སོགས་པ་ཡོད་པ་ཡིན། དེ་ལྟར་ན་རྒྱུ་འབྲས་ཀྱི་འགྲོས་ཕྲ་ཞིབ་ཐམས་ཅད་ཤེས་དགོས་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལས་གཞན་གྱི་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་ཡིན་ཡང་། སྐྱེ་བ་སྔ་ཕྱིའི་འགྲོས་དེ་རང་རེའི་རིགས་པས་ཀྱང་དཔོག་པ་ཡིན་པས། སྔར་བསགས་བསོད་ནམས་ཀྱིས་བསྐྲུན་པའི་ད་ལྟའི་ལུས་རྟེན་ཁྱད་པར་ཅན་རྙེད་ཅིང་། ཆོས་དང་ལྡན་པའི་རིན་ཐང་དེ་ཤེས་པར་བྱས་ནས། རྙེད་དཀའ་ཐོབ་པ་དཀའ་བའི་རྒྱུ་མཚན་ལ་བསམ་བློ་བཏང་སྟེ་དམ་ཆོས་ཚུལ་བཞིན་ལ་སྤྱོད་པས་མི་ཚད་པར་ཆོས་བསྒྲུབས་པའི་འབྲས་བུ་ལག་ལ་ལོན་པ་ཞིག་ལས་འཆུག་མི་རུང་ངོ་ཞེས་པའི་རང་འཁོས་དང་བསྟུན་པའི་གྲོས་གླེང་བརྒྱུད་ནས། གང་ཞིག་འཆད་ཉན་བྱ་བ་ཆོས་དབྱིངས་རིན་པོ་ཆེའི་མཛོད་ཀྱི་འགྲེལ་བ་ལུང་གི་གཏེར་མཛོད་འདི་ཉིད་ལས། ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་གི་དོན་ལས་ཁ་རྩང་ལེའུ་དྲུག་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པར་བསྟན་པའི་ལེའུ་སོང་མ་ཐག་པའི་མཚམས་ཀྱི།

ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པ།

དེ་རིང་ལེའུ་བདུན་པ་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པའི་ལེའུ་འདི་ཉིད་འཆད་པ་ལ། ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ལྷུན་གྱིས་གྲུབ་པ་ཡིན་པར་དོན་དང་དཔེ་བཤད་ནས་ངོ་བོ་མདོར་བསྟན་པ་དང་། བྱ་རྩོལ་མེད་པའི་རིག་པ་སྐུ་གསུམ་དུ་བསྟན་པ་སོགས་ཀྱི་རང་བཞིན་རྒྱས་བཤད་ཀྱི་དབྱེ་བ་དང་། ལྷུན་གྲུབ་དབང་གི་ཆུ་བོ་རིག་པའི་ངང་དུ་རྫོགས་པའི་རྣམ་པས་དོན་བསྡུ་བ་དང་ས་བཅད་གསུམ་ལས།

༼ཀ༽དང་པོ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ལྷུན་གྱིས་གྲུབ་པ་ཡིན་པར་བསྟན་པ།

དེ་ལ་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་དེ་ལྷུན་གྱིས་གྲུབ་པ་ཡིན་པར་བསྟན་པ་དངོས་དང་། དེ་ཉིད་དཔེ་ཡིས་ཇི་ལྟར་མཚོན་ཚུལ་ཕྲ་ཞིབ་ཀྱིས་གསུངས་པ་དང་། གོང་འོག་གི་ཁྱད་དང་ཆེ་བ་གཞན་ཡང་བཤད་པ་སྟེ་གསུམ་ལས།

༼ཀ དང་པོ་དོན་བཤད་པ།

ལེའུ་དྲུག་པས་དེ་ལྟར་ཆོས་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་གསུངས་པ་དེ་ཡང་ལྷུན་གྱིས་གྲུབ་པ་ཡིན་ནོ་ཞེས་བསྟན་པ་ནི།

རང་བཞིན་ལྷུན་གྲུབ་བྱང་ཆུབ་སེམས་ཀྱི་ལུང་།།

མ་བྱས་དོན་གྲུབ་རི་རྒྱལ་རྩེ་མོ་ནི།།

ཀུན་ལས་འཕགས་སོ་ཐེག་མཆོག་རྒྱལ་པོ་ཆེ།།

ཞེས་གསུངས་ཏེ། རིའི་རྒྱལ་པོ་ནི་གླིང་བཞི་པའི་དབུས་ན་མཆོག་ཏུ་འཕགས་པ་ལྟར། ཨ་ཏི་རྡོ་རྗེ་སྙིང་པོའི་ཐེག་པ་ཡང་ཀུན་ལས་འཕགས་པའི་ཡང་རྩེར་བཤད་དེ། རང་ཤར་ལས། ལྟ་བ་ཀུན་གྱི་ཡང་རྩེ་ནི། །ཨ་ཏི་རྫོགས་པ་ཆེན་པོར་བཤད། །ཅེས་སོ། །ཐེག་པ་དགུ་ཡི་རྩེ་རྒྱལ་ཨ་ཏི་རྡོ་རྗེ་སྙིང་པོའི་ཐེག་པའི་བསྟན་དོན་རང་བཞིན་ལྷུན་གྲུབ་རིག་པ་བྱང་ཆུབ་སེམས་ཀྱི་འཁོར་འདས་ཀུན་འུབས་སུ་འདུས་པའི་ཆེ་བའི་བཀའ་ལུང་འདི་ནི། མ་བྱས་དོན་གྲུབ་ཀུན་གྱི་རྗེ་བཙུན་ཡིན་པ་ནི། རིའི་རྒྱལ་པོ་རི་རབ་གླིང་བཞི་བའི་འཇིག་རྟེན་གྱི་དབུས་ན་མཆོག་ཏུ་འཕགས་ཤིང་ལྷུན་བརྗིད་པ་ལྟར་དུ། ཐེག་པ་ཀུན་གྱི་དབུས་ན་འཕགས་པའི་ཐེག་མཆོག་རྒྱལ་པོ་མཚུངས་པ་མེད་པ་གཅིག་པུ་ཡིན་པར་བསྟན་པའོ།།

༼ཁ གཉིས་པ་དེ་ཉིད་དཔེ་ཡིས་ཇི་ལྟར་མཚོན་ཚུལ་ཕྲ་ཞིབ་ཀྱིས་གསུངས་པ།

ཀུན་གྱི་རྩེ་མོར་བསྟན་པའི་དཔེ་ནི།

ཇི་ལྟར་རི་རྒྱལ་རྩེ་མོར་ཕྱིན་པ་ན།།

དམའ་བའི་ལུང་རྣམས་དུས་གཅིག་མཐོང་བ་སྟེ།།

ལུང་གི་རྩེ་མོའི་རང་བཞིན་མཐོང་དང་བྲལ།།

དེ་བཞིན་ཨ་ཏི་རྡོ་རྗེ་སྙིང་པོ་ནི།།

ཐེག་པའི་ཡང་རྩེ་དོན་ཀུན་གསལ་བར་མཐོང་།།

འོག་མའི་ཐེག་པས་འདི་དོན་མཐོང་བ་མེད།།

དེ་ཕྱིར་ལྷུན་གྲུབ་རྩེ་མོར་གྱུར་པའི་རྩེ།།

ཞེས་གསུངས་ཏེ། རིའི་རྩེ་མོ་ནས་དམའ་བའི་ལུང་པ་རྣམས་དུས་གཅིག་ལ་མཐོང་ཡང་། ལུང་ནས་རི་རྩེའི་སྤྱི་བོ་རང་ས་ན་གསལ་བར་མི་མཐོང་བ་བཞིན་དུ། ཐེག་པ་འོག་མའི་དོན་རྣམས་འདི་ནས་དུས་མཉམ་དུ་མཐོང་ལ། འདིའི་དོན་འོག་མས་མཐོང་བ་མེད་དེ་མཐོ་དམན་འཛོལ་བའི་ཕྱིར་རོ། །གསང་འདུས་སུ། དེ་ཕྱིར་རྩེ་མོར་གྱུར་པའི་རྩེ། །ཞེས་བཤད་པ་ལྟ་བུའོ། །རིའི་རྒྱལ་པོའི་རི་རབ་དེ་གླིང་བཞིའི་དབུས་ན་འཕགས་པ་ལྟར་དུ། ཨ་ཏི་རྡོ་རྗེ་སྙིང་པོའི་ཐེག་པ་ཡང་ཐེག་པ་ཀུན་ལས་ཁྱད་པར་འཕགས་པར་བཤད་ནས། འཕགས་ཆོས་བྱེ་བྲག་ཏུ་བསྟན་པ་ནི། རི་མཐོན་པོའི་རྩེ་མོ་ལ་འགོས་ནས་བལྟས་ན་དམའ་བའི་ལུང་གཞུང་ཐམས་ཅད་དུས་གཅིག་ལ་མཐོང་ཞིང་། འོན་ཀྱང་དམའ་བའི་ལུང་གཞུང་ནས་ཡར་རི་ཤ་ཆེན་གྱི་རྩེ་མོ་མཐོང་ཐབས་བྲལ་བ་བཞིན་དུ། ཨ་ཏི་རྡོ་རྗེ་སྙིང་པོ་ཐེག་པའི་ཡང་རྩེ་ནས་བལྟས་ཡོང་ན་འོག་མའི་ཐེག་པ་ཐམས་ཅད་ཀྱི་དོན་ཀུན་ཏུ་གསལ་བར་མཐོང་བ་ཡིན་ན་ཡང་། འོག་མའི་ཐེག་པས་འདིའི་དོན་ཡར་མཐོང་བ་མེད་པ་དེའི་ཕྱིར་ན་ལྷུན་གྲུབ་རྩེ་མོ་གྱུར་པའི་རྩེ་ཡིན་པ་དང་། ལྷུན་གྲུབ་འདིར་འོག་མའི་ཐེག་པའི་ཡོན་ཏན་དང་མངོན་རྟོགས་ཐམས་ཅད་ཡར་ལྡན་དུ་རྫོགས་པར་བསྟན་པའོ།།

༼ག གསུམ་པ་གོང་འོག་གི་ཁྱད་དང་ཆེ་བ་གཞན་ཡང་བཤད་པ།

མཐོ་དམན་འཛོལ་བ་ཙམ་གྱིས་མ་ཚད་པར་གོང་འོག་གི་ཁྱད་དང་ཆེ་བ་གཞན་ཡང་བཤད་པ།

ཇི་ལྟར་ཡིད་བཞིན་ནོར་བུ་ཆེན་པོ་ལ།།

གསོལ་བ་བཏབ་ན་འདོད་དགུ་ངང་གིས་འབྱུང་།།

ཕལ་པའི་དངོས་ལ་དེ་ལྟ་མ་ཡིན་པ།།

རྡོ་རྗེ་སྙིང་པོ་སྐུ་གསུམ་ལྷུན་གྲུབ་པས།།

རང་གཞག་དབྱིངས་ལས་སངས་རྒྱས་རང་ལ་འགྲུབ།།

རྩོལ་ཞིང་བསྒྲུབ་མེད་ཆེ་བ་དེ་ཉིད་དོ།།

འོག་མའི་ཐེག་པས་བླང་དོར་འབད་བྱས་ཀྱང་།།

བསྐལ་པར་མི་འགྲུབ་ཚི་ཆད་ནད་དུ་ཆེ།།

ཞེས་གསུངས་ཏེ། ཡིད་བཞིན་གྱི་ནོར་བུ་ལ་གསོལ་བ་བཏབ་ན་འདོད་དགུ་འབྱུང་བ་དེ་ཡང་སྐལ་པ་ཅན་གྱི་སྤྱོད་ཡུལ་ཡིན་པ་ལྟར། རང་བྱུང་གི་ཡེ་ཤེས་ལ་ཡོན་ཏན་ལྷུན་གྲུབ་ཏུ་རྟོགས་ནས་རྩོལ་མེད་ལྷུག་པར་འཇོག་པའང་ཡང་རབ་ཀྱི་ཡུལ་ཡིན་ནོ། །ནོར་བུ་ལ་དོན་ཀུན་འབྱུང་བ་དེ་ལ་སྨོན་པས་ཁ་ཅིག་ཤིང་གི་ནོར་བུའི་གཟུགས་ལ་གསོལ་བ་འདེབས་ན་དོན་མི་འགྲུབ་པ་ལྟར་ཐེག་པ་འོག་མའི་རྩོལ་སྒྲུབ་ལས་སངས་རྒྱས་འདོད་པ་ཡང་དེ་དང་འདྲ་སྟེ། ཚི་ཆད་ཅིང་ངལ་བ་ལས་གཞན་མེད་པར་བསྟན་ཏེ། ཀུན་བྱེད་ལས། དགོས་ནི་ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན། །རང་སེམས་དེ་བཞིན་ཉིད་དུ་མཐོང་གྱུར་ན། །སངས་རྒྱས་ཚིག་གི་ས་ལ་མི་གནས་པས། །ད་ལྟ་ཉིད་ནས་ཤིན་ཏུ་རྣལ་འབྱོར་ཐོབ། །ལས་མེད་སྐལ་པ་ཆུང་བ་རྣམས་ལ་ནི། །མ་གབ་མངོན་དུ་བསྟན་ཀྱང་མི་རྟོགས་ཏེ། །གང་ཞིག་ནོར་བུ་རིན་ཆེན་འདོད་པ་དེ། །ཤིང་ལ་བྱི་དོར་བྱས་པས་མི་འགྱུར་བཞིན། །ལས་བཟང་སྐལ་ལྡན་ཤིན་ཏུ་རྣལ་འབྱོར་ལ། །ལྟ་བ་དམ་ཚིག་ཕྲིན་ལས་ས་ལམ་དང་། །སེམས་བསྐྱེད་རྒྱུ་འབྲས་སྒོམ་སྒྲུབ་གཉེན་པོ་མེད། །ཅེས་པ་དང་། བྱར་མེད་བདེ་བོར་རྩོལ་བ་དང་དུ་ལེན། །ཚི་ཆད་པ་ཡི་ནད་དུ་དེ་ལས་མེད། །ཅེས་སོ། །ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པའི་དཔེ་ཇི་ལྟར་ན། ཡིད་བཞིན་ནོར་བུ་ཆེན་པོ་དང་འདྲ་བར་སུ་ཡིས་གསོལ་བ་བཏབ་ཀྱང་འདོད་དགུ་ངང་གིས་འབྱུང་ཞིང་། རང་བྱུང་གི་ཡེ་ཤེས་ནི་ཡོན་ཏན་ལྷུན་གྲུབ་ཀྱི་བདག་ཉིད་ཅན་སྐུ་གསུམ་ལྷུན་གྲུབ་ཡིན་ཡང་། རྡོ་རྗེ་སྙིང་པོའི་ལམ་ནས་རང་གཞག་གི་དབྱིངས་ནས་རྩོལ་ཞིང་སྒྲུབ་མེད་རང་བབས་སུ་འཇོག་པའི་ཆེ་བ་དབང་རབ་རྟོགས་གོམས་ཅན་གྱི་ཡུལ་ཡིན་པའི་གནད་ནི། དཔེར་ན་ནོར་བུ་ངོ་མ་ལ་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་ལྟ་བུ་དང་། ནོར་བུ་ངོ་མ་མ་ཡིན་པ་ཤིང་ལ་སོགས་པས་ནོར་བུའི་འདྲ་གཟུགས་སུ་བཅོས་པ་ལ་གསོལ་བ་བཏབ་ཀྱང་འདོད་དགུའི་འབྲས་བུ་མི་འབྱིན་པ་བཞིན་དུ། འོག་མའི་ཐེག་པའི་བླང་དོར་གྱི་འབད་པས་བསྐལ་བར་བསྒྲུབས་ཀྱང་མི་འགྲུབ་པར་ཚི་ཆད་ནད་དུ་ཆེ་བ་ཡིན་ཅེས། རང་གཞག་དབྱིངས་ཀྱི་དེ་ཉིད་རྟོགས་པས་སངས་རྒྱས་རང་ལས་འགྲུབ་པའི་རྩོལ་མེད་ཀྱི་ཆེ་བ་ཁྱད་པར་དུ་འཕགས་པ་བསྟན་པའོ།།

༼ཁ༽གཉིས་པ་བྱ་རྩོལ་མེད་པའི་རིག་པ་སྐུ་གསུམ་དུ་བསྟན་པ་སོགས་ཀྱིས་རང་བཞིན་རྒྱས་བཤད་ཀྱི་དབྱེ་བ་བཤད་པ།

དེ་ལ་སྐུ་གསུམ་དགོངས་པ་རང་བབས་ཀྱི་མདོ་ཆིངས་བསྟན་པ་དང་། སྐུ་གསུམ་གྱི་དགོངས་པ་བྱ་རྩོལ་ལས་འདས་པའི་རིག་དབྱིངས་གཅིག་ཏུ་འདུས་པར་བསྟན་པ་གཉིས་ལས།

༼ཀ དང་པོ་སྐུ་གསུམ་རང་བབས་ཀྱི་དགོངས་པ་བསྟན་པ།

དེ་ལ་ཡང་། ཆོས་སྐུ་རང་བབས་ཀྱི་དགོངས་པ། ལོངས་སྐུ་རང་བབས་ཀྱི་དགོངས་པ། སྤྲུལ་སྐུ་རང་བབས་ཀྱི་དགོངས་པ་དང་གསུམ་ལས།

ཀ༽དང་པོ་ཆོས་སྐུ་རང་བབས་ཀྱི་དགོངས་པ་བསྟན་པ།

ད་ནི་བྱ་རྩོལ་མེད་པའི་རིག་པ་སྐུ་གསུམ་དུ་བསྟན་པ་ལས། ཆོས་སྐུ་རང་བབས་ཀྱི་དགོངས་པ་ནི།

ཡེ་ནས་ལྷུན་མཉམ་རིག་པ་བྱང་ཆུབ་སེམས།།

ཇི་བཞིན་རང་བབས་ཆོས་ཉིད་ཡངས་པ་ནི།།

རང་བཞིན་ཆོས་སྐུ་མཉམ་ཉིད་གདོད་མའི་ཀློང་།།

ཀུན་ལ་ཡོད་དེ་སྐལ་ལྡན་འགའ་ཡི་ཡུལ།།

ཇི་བཞིན་བཞག་ན་ངང་དེར་བབས་ཀྱིས་འགྲུབ།།

ཅེས་གསུངས་ཏེ། རིག་པའི་ངོ་བོ་སྟོང་གསལ་སྤྲོས་པ་དང་བྲལ་བ་དེ་ཆོས་སྐུའི་དོན་ཏེ། སེམས་ཉིད་རང་བབས་སུ་རྟོགས་པ་འགའི་ཡུལ་དུ་མཐོང་བ་ལས་ཐམས་ཅད་ཀྱི་སྤྱོད་ཡུལ་མ་ཡིན་ཏེ། མཐའ་བྲལ་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །སེང་གེ་རྩལ་རྫོགས་ལས། ཆོས་སྐུ་རྟོག་མེད་ཀུན་ཏུ་བཟང་མོ་ངས། །རིག་གསལ་ཆོས་ཉིད་ཡུལ་ལ་ཕར་བལྟས་པས། །སྣ་ཚོགས་བྲལ་བའི་རིག་པ་ནང་དུ་མཐོང་། །རང་རིག་དུ་མའི་ཡུལ་ལ་ཕར་བལྟས་པས། །ཆོས་སྐུ་རྟོག་མེད་ཆེན་པོ་ནང་དུ་རྙེད། །ཅེས་པ་དང་། རང་ཤར་ལས། སྟོང་གསལ་རྡོ་རྗེའི་དཀྱིལ་འཁོར་ནི། །ཆོས་སྐུ་རྟོག་མེད་ཟང་ཐལ་ཉིད། །འཛིན་པ་བཅོས་པའི་མཐའ་དང་བྲལ། །མཐའ་བྲལ་ཆོས་ལ་ཞེ་འདོད་མེད། །ཅེས་སོ། །རིག་པ་བྱང་ཆུབ་ཀྱི་སེམས་ལ་སྐུ་གསུམ་ཡེ་ནས་ལྷུན་གྲུབ་རང་ཆས་སུ་བཞུགས་ཤིང་། དེ་ཡང་གཞི་གནས་ཡེ་ཤེས་གསུམ་ལྡན་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་སྟེ། དེ་ཡང་རྣམ་གསུམ་དབྱེར་མེད་ཆེན་པོ་ངོ་མཚར་བསམ་མི་ཁྱབ་པའི་སྤྱོད་ཡུལ་དུ་ཡོད་ལ། རིག་པའི་ངོ་བོ་ཅི་ཡང་མ་གྲུབ་པའི་སྟོང་པ་དེ་ཡང་ཕྱང་ཆད་མེད་པ་སྟོང་ཆད་མ་ཡིན་པར། གསལ་བ་རིས་སུ་མ་ཆད་པའི་སྟོང་པ་གསལ་པའི་སྙིང་པོ་ཅན། སྟོང་གསལ་དབྱེར་མེད་ལྷུན་མཉམ་མི་གཡོ་བ་ཇི་བཞིན་རང་བབས་ཀྱི་ཆོས་ཉིད་ཡངས་པ་ཆེན་པོ་ལས་གཞན་དུ་མ་གྱུར་པ། འཁོར་འདས་མཉམ་ཉིད་གདོད་མའི་ཀློང་ཆེན་པོ་དེ་ཉིད་ཆོས་སྐུ་རང་བབས་སྤྲོས་བྲལ་གྱི་དགོངས་པ་ཡིན་ཡང་། མཐའ་དང་བྲལ་བའི་མཉམ་ཉིད་དེ་ཟབ་ཞི་སྤྲོས་བྲལ་གྱི་དགོངས་པ་རྡོ་རྗེ་དབྱིངས་ཀྱི་ངོ་བོ་ཡིན་པ་དེའི་ཕྱིར་ན། ཀུན་ལ་ཡོད་པ་འཁོར་འདས་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོས་མ་ཁྱབ་པ་ཞིག་མེད་པར་ཁྱབ་པའི་ཁྱབ་གདལ་ནམ་མཁའི་ཁོར་ཡུག་ཡིན་ཞིང་། འོན་ཀྱང་བྱ་བྱེད་བློ་ཡུལ་ལས་འདས་པ་དམིགས་གཏད་དང་ཞེན་པ་བྲལ་བའི་ཕྱིར་ན་མཐོང་བ་ནི་འགའ་དང་འགའ་ཡི་སྤྱོད་ཡུལ་ཏེ། ཐམས་ཅད་སྐལ་ལྡན་ཡིན་པས་མ་ཁྱབ་པའི་ཕྱིར། དབང་རབ་ལས་སྐལ་ལྡན་པས་ཡུལ་མེད་ཟང་ཐལ་གྱི་རོལ་བ་ལ་འབད་མེད་རང་གཞག་གི་གནད་ཀྱིས་ངང་དེར་བཞག་པས་བབས་ཀྱིས་འགྲུབ་པ་ཡིན་ནོ།།

ཁ༽གཉིས་པ་ལོངས་སྐུ་རང་བབས་ཀྱི་དགོངས་པ་བསྟན་པ།

ལོངས་སྐུ་རང་བབས་ཀྱི་དགོངས་པ་ནི།

ཁྱབ་གདལ་རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས།།

ཀུན་ལ་ཡོད་ཀྱང་མཐོང་བ་འགའ་ཡི་ཡུལ།།

གང་སྣང་རང་གཞག་བྱ་བཙལ་བྲལ་ན་མངོན།།

ཞེས་གསུངས་ཏེ། རིག་པ་རང་གསལ་ལོངས་སྐུའི་རང་བཞིན་དེ་སྣང་ཡུལ་མ་འགགས་པར་ཤར་དུས་འཛིན་པ་མ་ཞུགས་པར་སལ་ལེ་བའི་དུས་ན་ལེགས་པར་གསལ་ཏེ། རྩལ་རྫོགས་ལས། ལོངས་སྐུའི་ཡེ་ཤེས་རྒྱ་ཆེ་རྣམ་པར་རོལ། །རང་གསལ་བྱ་བྱེད་མེད་པ་ལྷུན་གྲུབ་ཡིན། །ཞེས་སོ། །སྟོང་པ་གསལ་བའི་སྙིང་པོ་ཅན་འཁོར་འདས་ཀུན་ལ་ཁྱབ་ཅིང་ཕྱོགས་མེད་ཡོངས་ལ་གདལ་བ་དེའི་རང་བཞིན་མ་འགགས་སྣ་ཚོགས་སུ་ཤར་ན་ཡང་། ཤར་དུས་ཉིད་ནས་འཛིན་པ་མ་ཞུགས་པའི་རང་གསལ་ལྷུན་གྲུབ་ལོངས་སྤྱོད་རྫོགས་སྐུའི་ངོ་བོར་ཡེ་ནས་རང་ཆས་སུ་བཞུགས་ཤིང་ཀུན་ལ་ཡོད་པ་ཡིན་ཡང་། དེ་ཉིད་ཇི་བཞིན་དུ་མཐོང་བ་ནི་ཡང་དབང་རབ་སྐལ་བ་དང་ལྡན་པ་འགའ་ཡི་ཡུལ་ཏེ། ཕྱི་སྣ་ཚོགས་ཀྱི་ཡུལ་དུ་སྣང་ཡང་གཟུང་ཡུལ་གཞི་མེད་རྩ་བྲལ། ནང་འཛིན་རྟོག་སེམས་དང་སེམས་བྱུང་འཛིན་མཁན་ཝལ་པོ་རྗེས་མེད། གཟུང་འཛིན་ཡུལ་མེད་རྟེན་བྲལ་ལ་རང་བབས་ཀྱི་རིག་པ་རང་གསལ་རྗེན་པ། གང་སྣང་རང་གཞག་ཕྱིར་མི་སྤྲོ། ནང་དུ་མི་བསྡུ། བར་དུ་མི་བསམ་པའི་རང་ངོ་བྱ་རྩོལ་བྲལ་བའི་ངང་ལ་བཞག་པར་བྱས་ན། ལོངས་སྐུའི་རང་བབས་ཀྱི་དགོངས་པ་ལྷུན་གྲུབ་རང་བྱུང་གི་དབྱིངས་ཆེན་པོ་དེ་ལས་མ་འདས་པར་ལྷུན་གྲུབ་ཏུ་མངོན་པར་འགྱུར་བ་ཡིན་ནོ།།

ག༽གསུམ་པ་སྤྲུལ་སྐུའི་དགོངས་པ་བསྟན་པ།

སྤྲུལ་སྐུའི་དགོངས་པ་ནི།

མ་འགགས་རོལ་བ་སྤྲུལ་སྐུ་གདལ་བའི་ཀློང་།།

ཀུན་ལ་ཡོད་དེ་འཆར་བའི་དུས་ན་གསལ།།

ཡིད་བཞིན་ཡོན་ཏན་ཕྲིན་ལས་ཆོ་འཕྲུལ་ཡང་།།

གཞན་ན་མེད་དེ་རང་རིག་དག་པའི་ཀློང་།།

ཆུ་དང་རྙོག་བཞིན་རང་སངས་པཞག་ན་གསལ།།

ཞེས་གསུངས་ཏེ། རིག་པ་རང་གནས་ཀྱི་ངང་ལས་འཆར་འཆར་འདྲ་བའི་ཆ་ཟང་མ་རྗེན་པ་དེ་སྤྲུལ་པའི་སྐུ་སྟེ། ཡོན་ཏན་དང་ཕྲིན་ལས་སུ་ཡེ་ནས་ཤར་བས། སྤང་བླང་དང་བྱ་བརྩལ་མེད་པའི་ངང་འདིར་སྤྱན་དང་མངོན་ཤེས་ལ་སོགས་པའི་གཟུགས་བརྙན་འཆར་བ་ནི་ཆུ་རྙོག་སངས་པ་ལས། དྭངས་པའི་གཟུགས་བརྙན་གསལ་བ་བཞིན་ཏེ། ཀུན་བྱེད་ལས། རྒྱ་མཚོ་བཞིན་དུ་ཡེ་གནས་ལ། །ཆོས་རྣམས་སྣ་ཚོགས་འབྱུང་བར་བྱེད། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བསྡུ་བའི་གནས་སུ་ངེས་པ་མེད། །བྱང་ཆུབ་སྙིང་པོར་དེ་མ་ཐག །ཏིང་འཛིན་རྒྱལ་པོ་ཆེན་པོ་འབྱུང་། །སྣང་བ་རྒྱ་མཚོ་ཆེན་པོ་བཞིན། །མི་རྟོག་ནམ་མཁའི་མཐའ་ལྟར་ཡངས། །ཞེས་སོ། །སྟོང་པ་རིག་པའི་སྙིང་པོ་ཅན་འགག་མེད་རོལ་བ་ཤར་བའི་ཐུགས་རྗེའི་རྒྱུན་དེ་ཡོན་ཏན་དང་འཕྲིན་ལས་ཀྱི་ཆ་རུ་ཤར་བ། ཆོས་ཉིད་རང་བབས་སུ་ཤར་བའི་གནད་ཀྱིས་ཅིར་ཡང་མ་གྲུབ་ཀྱང་ཅིར་ཡང་སྣང་ཆོག་པ། སྣང་དུས་ཉིད་ནས་ཆོས་དབྱིངས་ཀློང་ཆེན་གདལ་བ་ཆེན་པོ་ལས་མ་འདས་ཀྱང་། དངོས་གྲུབ་ཡ་མཚན་གྱི་ཆོ་འཕྲུལ་ཀུན་གཞི་རྙོག་པ་དྭངས་པ་ལས་རང་གསལ་ཆོས་དབྱིངས་ཀྱི་རྒྱན་དུ་རྙོག་པ་དྭངས་པའི་ཆུ་སྣོད་དུ་གཟུགས་བརྙན་སྣ་ཚོགས་གསལ་བ་དང་ཁྱད་མེད་པར་སྤྲུལ་སྐུ་རང་བབས་ཀྱི་དགོངས་པ་ཡང་རང་རིག་བྱང་ཆུབ་ཀྱི་སེམས་སུ་ལྷུན་གྲུབ་ཀྱིས་འདུས་པ་སྟེ། སྐུ་གསུམ་དགོངས་པ་རང་བབས་ཀྱི་མདོ་ཆིངས་དེ་ལྟར་བསྟན་པའོ།།

༼ཁ གཉིས་པ་སྐུ་གསུམ་གྱི་དགོངས་པ་བྱ་རྩོལ་ལས་འདས་པའི་རིག་དབྱིངས་གཅིག་ཏུ་བསྟན་པ།

དེ་ལ། སྐུ་གསུམ་གྱི་དགོངས་པ་དབྱིངས་གཅིག་ཏུ་བསྟན་པ་དང་། རིག་པ་རང་གནས་གཅིག་ཏུ་བསྟན་པ་དང་། ཐམས་ཅད་བཞག་པས་འགྲུབ་པའི་རྒྱུ་མཚན་དང་བཅས་པ། འཁོར་འདས་རིག་པར་གྲུབ་པ་ལས་ཆོས་སྐུ་སེམས་ཉིད་ལས་གཞན་ན་མེད་པར་བསྟན་པ། འཁོར་བའི་སེམས་ཉིད་ཆོས་སྐུར་གྲུབ་པས་སྤང་བྱར་མི་དགོས་པ་བསྟན་པ། རིག་པ་གཡོ་རྩོལ་ལས་འདས་པར་དོན་བསྡུ་བ་དང་དྲུག་ལས།

ཀ༽དང་པོ་དེ་ལྟར་སྐུ་གསུམ་གྱི་དགོངས་པ་བྱ་བརྩལ་ལས་འདས་པའི་དབྱིངས་གཅིག་ཏུ་བསྟན་པ།

དེ་ལྟར་སྐུ་གསུམ་གྱི་དགོངས་པ་བྱ་བརྩལ་ལས་འདས་པའི་དབྱིངས་གཅིག་ཏུ་བསྟན་པ་ནི།

བཙལ་བས་མི་རྙེད་གདོད་ནས་དག་པའི་ཆོས།།

སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ།།

སྔར་གྲུབ་ཟིན་པས་ད་གཟོད་བསྒྲུབ་མི་དགོས།།

ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་།།

མི་འགྱུར་ལྷུན་གྱིས་གྲུབ་ལ་རྩོལ་མ་བྱེད།།

ཅེས་གསུངས། སེམས་ཉིད་ཇི་བཞིན་པ་ཆོས་སྐུའི་ངོ་བོ་རང་ཆས་སུ་གྲུབ་ཟིན་པས་རྩོལ་བསྒྲུབ་བྱ་མི་དགོས་པར་གདམས་པ་ནི། འདིའི་དོན་ལུང་གིས་གསལ་བ་བསྟན་པ་ནི། ཀུན་བྱེད་ལས། ཐམས་ཅད་བྱང་ཆུབ་སེམས་ཡིན་ཡིད་ཀྱང་ཆེས། །བྱང་ཆུབ་སེམས་ཡིན་ཡེ་ནས་ཡིད་ཆེས་པས། །སེམས་ལ་བཙལ་མེད་ཆོས་སྐུར་ཡིད་ཆེས་ཀྱང་། །རྩོལ་མེད་ཆོས་སྐུར་ཡེ་ནས་ཡིད་ཆེས་པས། །མི་རྩོལ་བདེ་བ་ཆེན་པོའི་ངང་ལ་གནས། །ཞེས་སོ། །མ་བྱས་ཡེ་ཟིན། སྤང་བླང་ཡེ་གྲོལ། བྱར་མེད་བྱས་ཆོས་ལས་འདས་པའི་རང་བྱུང་རིག་པ་བྱང་ཆུབ་སེམས་ཀྱི་དབྱིངས། སེམས་ཉིད་ཇི་བཞིན་པ་ཆོས་སྐུའི་ངང་ལ་སྐུ་གསུམ་ལྷུན་རྫོགས་ཀྱིས་རྫོགས་པ་དེ་ལ་ད་གསར་དུ་བཙལ་བས་མི་རྙེད། བཙལ་བྱ་འཚོལ་བྱེད་དང་བྲལ་བའི་གདོད་ནས་ཡེ་དག་ཡེ་སྟོང་ནམ་མཁའ་ལྟ་བུའི་ངང་བྱར་མེད་བློ་འདས་ཁམས་གསུམ་ཡོངས་གྲོལ་ཆེན་པོ་ལ། འཁོར་འདས་མིང་མེད་དུ་དག་པའི་ཆོས་ཡིན་པས། དེ་ལ་སངས་རྒྱས་བྱང་ཆུབ་ཟེར་བ་ཞིག་ལོགས་ནས་གསར་དུ་བསྒྲུབ་ཏུ་མེད་པ་རང་བྱུང་རིག་པའི་ཀློང་ན་སྔར་དང་མ་ཡེ་གདོད་མ་ནས་གྲུབ་སྟེ་ཡོད་པས་གྲུབ་ཟིན་བསྒྲུབ་མི་དགོས་པར། ཆེ་བ་རང་ལ་གནས་པའི་ཆོས་ཉིད་ཀྱི་དགོངས་པ་མི་འགྱུར་ལྷུན་གྱིས་གྲུབ་པ་ལ་རྩོལ་སྒྲུབ་ཀྱི་ངལ་བ་མ་བྱེད་ཅིག རྩོལ་སྒྲུབ་ངལ་བ་ཅན་གྱི་དམིགས་གཏད་སྒྲིམ་པོའི་གཟེབ་ཏུ་ཚུད་ཚེ། རྣམ་རྟོག་གི་འཆིང་རྒྱ་དང་ཡིད་དཔྱོད་ཀྱི་ཡུལ་ལས་མ་འདས་པ་ཡིན་པས། དེའི་སྐབས་སུ་རགས་པ་མངོན་ཞེན་དང་ཕྲ་བ་གཤིས་ཤོར་སོགས་ཀྱི་གོལ་ས་མང་པོ་ལྡང་བ་ཡིན། སྐུ་གསུམ་རིག་པ་ཡེ་དག་གི་བྱ་རྩོལ་མེད་པའི་ལྷུན་གྲུབ་ཀྱི་དབྱིངས་གཅིག་ལས་མ་འདས་དུས། ཐམས་ཅད་ཀློང་འབྱམས་ཀུན་ཏུ་བཟང་པོའི་དབྱིངས་གཅིག་ལས་མ་གཡོས་པ་ཡིན་པས། འགྱུར་བ་མེད་པ་མི་གཡོ་བ་ལ་འགྱུར་ས་དང་ནོར་ས་དང་གཡོས་པ་ཞིག་ཡོད་པ་མ་ཡིན་ནོ།།

ཁ༽གཉིས་པ་རིག་པ་རང་གནས་གཅིག་ཏུ་བསྟན་པ།

དེ་ལྟ་བུའི་རིག་པ་རང་གནས་གཅིག་ཏུ་བསྟན་པ་ནི།

ཡེ་གཞི་བབས་གཞི་བྱང་ཆུབ་སྙིང་པོའི་གཞི།།

རང་བཞིན་ངང་ལས་གཡོས་པ་འགའ་མེད་པས།།

ཀློང་གསལ་རིག་པའི་དོན་ལས་མ་གཡོ་ཞིག།

ཅེས་གསུངས་ཏེ། རིག་པའི་རང་ངོ་གང་དུའང་མ་གྲུབ་ལ་སྤྲོ་བསྡུ་མེད་པའི་ཕྱིར། དེའི་དོན་རྟོགས་པ་དང་མངོན་དུ་བྱ་བར་འདོད་ན་ཤེས་པ་རང་བབས་ཀྱི་བསམ་གཏན་དང་། ཟང་ཐལ་རྗེན་པའི་ངང་ལས་མ་གཡོས་པ་གལ་ཆེ་སྟེ། ཆོས་ཉིད་གཡོ་བྱེད་དང་བྲལ་བ་ཡིན་པས། ཡུལ་ལ་ཀུན་ཏུ་རྟོག་པའི་གཡོ་བ་དང་འགལ་བའི་ཕྱིར་རོ། །རྩལ་རྫོགས་ལས། ཐམས་ཅད་འབྱུང་བའི་ཆོས་སྐུ་ལ། །ཀློང་ཡངས་ཡུལ་མེད་ངོ་བོར་བཤད། །བཏང་གཞག་མེད་ན་ཏིང་འཛིན་མཆོག །ཅེས་པ་དང་། ཀུན་བྱེད་ལས། ངང་ལ་གནས་ན་གཡོ་མེད་ལྷུན་གྱིས་གྲུབ། །ཅེས་སོ། །འདིར་ཡེ་གཞི་དང་། བབས་གཞི་དང་། བྱང་ཆུབ་སྙིང་པོའི་གཞི་སྟེ་གཞི་གསུམ་གྱི་རྣམ་དབྱེ་མཛད་ནས། དེ་དག་ཀྱང་རང་བཞིན་གཅིག་གིི་ངང་ལ་འགག་བསྡུས་ནས་བསྟན་པ་ལས། ཡེ་ཐོག་གཞི་ཡི་ཀ་དག་ཅེས་པ་ནི། སྨྲ་བསམ་བརྗོད་འདས་ཆེན་པོ། ཅིའི་ངོ་བོ་ཡང་མ་གྲུབ་པའི་ངོ་བོ་སྟོང་པ་ཡོད་མེད་ཀྱི་མཐའ་ལས་འདས་པ་ཞིག་སྟེ། དེ་ངོ་བོ་ཀ་དག་ཡིན་པས་རྟག་མཐའ་དང་དངོས་མཚན་གྱི་ཆོས་སུ་གྲུབ་པ་ཞིག་མེད་ཅིང་། རང་བཞིན་ལྷུན་གྲུབ་ཡིན་པས་ཆད་མཐའ་དང་མེད་པའི་ཕྱོགས་ལས་ཀྱང་འདས་པ་ཞིག་གོ །བབས་གཞི་ནི། དབྱིངས་གདོད་མའི་ཡེ་གཞི་ལ་ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ངང་དང་རང་བཞིན་བདག་ཉིད་གསུམ། ཀ་དག་ཉིད་དང་ལྷུན་གྲུབ་སྟེ། ངོ་བོ་གཅིག་ལ་ལྡོག་པས་ཕྱེ་ན་བརྒྱད་དུ་གནས་པའི་མདངས་ནང་གསལ་དེ་ལ་ངོས་བཟུང་བ་ཡིན། བྱང་ཆུབ་སྙིང་པོའི་གཞི་ནི། གཞི་ཡེ་ཤེས་སུམ་ལྡན་ངོ་བོ་སྐུ་རུ་གནས། རང་བཞིན་འོད་དུ་གསལ། ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་ཅན་ཞིག་ཡིན་པས་ན། ཕྱིར་གསལ་གཞི་སྣང་ལ་ཤར་ཡང་ངོ་བོ་ཀ་དག་གི་ཡེ་ཤེས་དེ་ནམ་མཁའ་རྣམ་དག་ལྟ་བུ། རང་བཞིན་ལྷུན་གྲུབ་ཀྱི་ཡེ་ཤེས་དེ་རྒྱ་མཚོ་དྭངས་པ་ལྟ་བུ། ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་དེ་ནོར་བུ་དྲི་མེད་ལྟ་བུའི་ཚུལ་གྱིས་བྱང་ཆུབ་སྙིང་པོའི་གཞི་ལ་གཡོ་བ་མེད་པར་གནས་པ་ཡིན་པས། རིག་པ་རང་བབས་སྤྲོ་བསྡུ་བྲལ་བའི་རང་གནས་ཀྱི་ངོ་བོ་དང་དེའི་རང་བཞིན་མངོན་དུ་བྱ་བར་འདོད་ན། ཤེས་རབ་རང་གནས་ཀུན་ཁྱབ་ཐུགས་རྗེའི་བདག་ཉིད་ཀྱི་བསམ་གཏན་རྩལ་དང་རོལ་བ་ཅི་ཤར་ཐམས་ཅད་ཆོས་ཉིད་གཅིག་ལས་མ་འདས་པའི་རིག་ངོ་ཟང་ཐལ་རྗེན་པའི་ངང་ལས་མ་གཡོས་པ་གནད་ཆེ་སྟེ། ཆོས་ཉིད་གཡོ་བྱ་གཡོ་བྱེད་དང་འདས་པ་ཡིན་པས་ན། དངུལ་ཆུ་དཀར་མོ་རྡུལ་དང་འདྲེས་མི་ཤེས་པ་བཞིན་དུ། ཆོས་ཉིད་མི་རྟོག་པའི་ཀུན་གསལ་ཀུན་ལ་ཁྱབ་པའི་རིག་པ་དང་། ཡུལ་ལ་ཀུན་ཏུ་རྟོག་པའི་འཁྲུལ་རྟོག་གཡོ་བ་གཉིས་ཀ་རྫས་འགལ་བ་དངོས་པོ་རིགས་མི་འདྲ་བ་གཉིས་དང་འདྲ་བར་གནས་པས་ན་གཡོ་བ་མེད་པར་ལྷུན་གྱིས་གྲུབ་པ་རང་བྱུང་རིག་པ་རང་གནས་གཅིག་པོ་དེ་ལས་མ་གཡོ་ཞིག་ཅེས་གདམས་པའོ།།

ཁ༽གསུམ་པ་ཐམས་ཅད་བཞག་པས་འགྲུབ་པའི་རྒྱུ་མཚན་བསྟན་པ།

ཐམས་ཅད་བཞག་པས་འགྲུབ་པའི་རྒྱུ་མཚན་ཡང་།

མི་འགྱུར་ཀུན་འགྲོ་ཁྱབ་བདག་ཡེ་ཤེས་ལྔ།།

སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ།།

ཕྲིན་ལས་ལྔ་སྟེ་དང་པོའི་སངས་རྒྱས་ཀྱང་།།

ཐོག་མཐའ་མེད་པའི་ཀློང་འདིར་ལྷུན་གྲུབ་པས།།

གཞན་དུ་མ་འཚོལ་རང་བཞིན་ཡེ་ནས་གྲུབ།།

ཅེས་གསུངས་ཏེ། རིག་པའི་ངོ་བོ་འཕོ་འགྱུར་མེད་པས་མི་འགྱུར་རྡོ་རྗེའི་སྐུ་ལ་སོགས་པ་ལྔ་དང་། རིག་པའི་ངོ་བོ་བརྗོད་དུ་མེད་པས་ཆོས་ཉིད་བྱང་ཆུབ་ཀྱི་གསུང་ལ་སོགས་པ་ལྔ་དང་། རིག་པའི་ངོ་བོ་སྤྲོས་པ་དང་བྲལ་བས་རང་བྱུང་ཡེ་ཤེས་ཀྱི་ཐུགས་ལ་སོགས་པ་ལྔ་དང་། རྣམ་གྲངས་འདི་དག་ཐེག་མཆོག་མཛོད་དུ་ཞིབ་པར་གསུངས་ཡོད། རིག་པའི་ངོ་བོ་འདོད་དགུ་རང་རྫོགས་སུ་གྲུབ་པས་ཐམས་ཅད་རྫོགས་པའི་གཞི་ལ་སོགས་པ་ཡོན་ཏན་ལྔ་དང་། རིག་པའི་ངོ་བོ་ལ་ཕྲིན་ལས་བཞི་དང་དག་མཉམ་ཡེ་ཤེས་སུ་གྲུབ་པས་ཆོས་ཉིད་རྣམ་དག་གི་ཕྲིན་ལས་ལ་སོགས་པ་ལྔ་སྟེ། ཆོས་ཀྱི་རྣམ་གྲངས་ཉི་ཤུ་རྩ་ལྔ་རྫོགས་པ་ནི་དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའི་བྱང་ཆུབ་སྟེ། རིག་པའི་ངོ་བོ་ལ་ཡེ་ནས་གྲུབ་ཟིན་པས་གཞན་ནས་བཙལ་མི་དགོས་ཏེ། གསང་སྙིང་ལས། ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་པས། །སངས་རྒྱས་གཞན་དུ་མ་ཚོལ་ཅིག །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་པ་དང་། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་ང་ཡི་རང་བཞིན་ལས། །མ་བཙལ་རང་བཞིན་ལྷུན་གྱིས་གྲུབ་པ་ཡི། །རྒྱལ་བ་ཀུན་གྱི་སྙིང་པོ་སྐུ་གསུམ་སྟེ། །ང་ཡི་རང་བཞིན་མ་བཅོས་ཆོས་སྐུར་གྲུབ། །ང་ཡི་ངོ་བོ་མ་བཅོས་ལོངས་སྤྱོད་རྫོགས། །ང་ཡི་ཐུགས་རྗེ་མངོན་ཕྱུང་སྤྲུལ་སྐུ་གསུམ། །བཙལ་ནས་གྲུབ་པའི་འབྲས་བུ་བསྟན་པ་མིན། །མ་བཙལ་བདེ་བ་ཆེ་ལ་ལྷུན་གྱིས་གྲུབ། །ཅེས་པ་དང་། རྩལ་རྫོགས་ལས། རྫོགས་ཆེན་རིག་པའི་ངོ་བོ་ལ། །སངས་རྒྱས་ཆོས་རྣམས་མ་བཙལ་རྫོགས། །ཞེས་སོ། །རིག་པ་ཡེ་གྲོལ་ཟང་ཐལ་རྗེན་ལ་སང་བའམ་རིག་པ་རྗེན་ལ་བུད་དུས་ཆོས་ཟད་ཆོས་སྐུའི་དགོངས་པར་ཕྱིན་ཏེ། སྤངས་ཐོབ་རེ་དོགས་གཉིས་ཀ་མེད་པ་ཐིག་ལེ་གཅིག་གི་ཀློང་དུ་གཡོ་མེད་ལྷུན་གྱིས་གྲུབ་པར་འཁྱིལ་བ་ཡིན་ཞིང་། དེ་དུས་ཐམས་ཅད་བཞག་པས་འགྲུབ་པའི་རྒྱུ་མཚན་ཅིའི་ཕྱིར་ཞེ་ན། མི་འགྱུར་ཀུན་ལ་ཁྱབ་པའི་དགོངས་པ། མི་ནུབ་རྒྱལ་མཚན་གྱི་རྩེ་མོ། རང་བྱུང་ཡེ་ཤེས་ཀྱི་ཉི་ཟླ་འོད་དུ་གསལ་དུས། འགྱུར་མེད་ཀུན་འགྲོ། སྐུ་དང་ཡེ་ཤེས་ཀྱི་འཕྲོ་གཞི། རྣམ་ཀུན་མཆོག་ལྡན་གྱི་སྟོང་ཆེན། རིག་པའི་ངང་དུ་རང་ཤར་ནས། འཁོར་འདས་སུ་འཆིང་བྱའི་མུན་པ་ཐམས་ཅད་སངས་ནས། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལྔས་མི་ཟད་རྒྱན་གྱི་འཁོར་ལོ་བསྐོར་ནས། རིགས་རྣམས་ཀུན་གྱི་ཁྱབ་བདག་དང་པོའི་མགོན་པོ་དང་དབྱེར་མི་ཕྱེད་པའི་ཐོག་མཐའ་བར་མེད་སྟོང་གསལ་ཆེན་པོའི་ལྷུན་གྲུབ་ཀྱི་དབྱིངས་དེར་འདུས་པའོ་ཞེས་སྟོང་གསལ་རིག་པ་རང་བྱུང་གི་ཡེ་ཤེས་ཉག་གཅིག་དེར་འདུས་པར་བསྟན་པའོ།།

ག༽བཞི་བ་འཁོར་འདས་རིག་པར་གྲུབ་པ་བསྟན་པ།

དེ་ལ་ཆོས་སྐུ་སེམས་ཉིད་ལས་གཞན་ན་མེད་པར་བསྟན་པ། འཁོར་བའི་སེམས་ཉིད་ཆོས་སྐུར་གྲུབ་པས་སྤང་མི་དགོས་པར་བསྟན་པ། རིག་པ་གཡོ་རྩོལ་ལས་འདས་པར་བསྟན་པ། ལྷུན་གྲུབ་དབང་གི་ཆུ་བོ་རིག་པའི་ངང་དུ་ཡེ་ནས་རྫོགས་པར་བསྟན་པ་དང་བཞི་ལས།

༼༡ དང་པོ་ཆོས་སྐུ་སེམས་ཉིད་ལས་གཞན་ན་མེད་པར་བསྟན་པ།

འཁོར་འདས་རིག་པར་གྲུབ་པ་ལས། ཆོས་སྐུ་སེམས་ཉིད་ལས་གཞན་ན་མེད་པ་ནི།

སངས་རྒྱས་ཀུན་གྱི་ཆོས་སྐུ་བྱང་ཆུབ་ཀྱང་།།

མི་འགྱུར་མཉམ་པའི་དོན་ལས་གཞན་ན་མེད།།

དེ་ཡང་རང་བྱུང་ངང་འདིར་ལྷུན་གྲུབ་པས།།

མ་ཚོལ་མ་སྒྲུབས་རེ་དོགས་ལྷུན་གྱིས་ཞོག།

སངས་རྒྱས་ཆོས་ཀྱི་སྐུ་བརྙེས་པ་དེ་ཡང་རིག་པའི་ངོ་བོ་བཅོས་བསླད་མེད་པ་མངོན་དུ་གྱུར་པ་ལས་གཞན་མེད་ལ་རིག་པ་ནི་འཕོ་འགྱུར་མེད་པར་ཐམས་ཅད་ལ་ཡོད་པའི་ཕྱིར། རང་གི་རིག་པ་མ་བཅོས་ལྷུན་གྲུབ་ཏུ་གཞག་པར་གདམས་ཏེ། མུ་ཏིག་ཕྲེང་བ་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ཅེས་པ་དང་། ཀུན་བྱེད་ལས། ཀུན་བྱེད་བྱང་ཆུབ་སེམས་ང་ནི། །མ་སྐྱེས་གཟུང་འཛིན་བྲལ་བ་ལས། །ཆོས་སྐུ་སྐྱེ་མེད་མིང་ཙམ་བྱུང་། །ཞེས་སོ། །རིག་པས་ཀུན་ལ་ཁྱབ་ཅིང་ཐམས་ཅད་རིག་པ་ལས་བྱུང་ཡང་རིག་པ་དེ་སྣོད་བཅུད་མཚན་མའི་ཆོས་གཅིག་དང་མ་འདྲེས་ཤིང། གཅིག་གིས་ཀྱང་མ་བྱས་པ་ཡེ་ནས་ལྷུན་གྲུབ་ལ་གནས་པར་གསུངས་ཤིང་། དེ་ལྷུན་གྲུབ་ལ་གནས་པའི་དཔེ་ནམ་མཁའ། དོན་རིག་པ། རྟགས་བྱང་ཆུབ་ཀྱི་སེམས་ལས་མ་འགགས་རང་ཤར་དུ་སྣོད་བཅུད་སྣང་སྲིད་ཀྱི་ཆོས་ཐམས་ཅད་ཤར་བ་འདིས་ཀྱང་ཤེས་ཐུབ་པ་ཡིན། དེའི་དོན་མ་རྟོགས་པས་འཁོར་བ་བྱས་ནས་སྣོད་བཅུད་ལ་སྣང་བ་དང་། རྟོགས་པས་མྱང་འདས་བྱས་ནས་སྐུ་དང་ཡེ་ཤེས་སུ་སྣང་བ་ཡིན་པས། སངས་རྒྱས་ཐམས་ཅད་ཀྱིས་རྟོགས་ནས་ཆོས་སྐུ་བརྙེས་པ་དེ་ཡང་། མི་འགྱུར་མཉམ་པའི་དོན་རིག་པའི་ངོ་བོ་འགྱུར་མེད་བཅོས་བསླད་མེད་པ་མངོན་དུ་བྱས་པའི་ཕན་དུ་ཅུང་ཟད་མེད་ཅིང་། དེ་ཡང་རང་གཞན་ཐམས་ཅད་ལ་ཡོད་པའི་རང་བྱུང་ལྷུན་གྲུབ་ཀྱི་ངང་འདིའི་ཐོག་ལ་ཐག་གཅིག་ཐོག་ཏུ་ཆོད་དགོས་པ་ལས། རེ་དོགས་ཀྱིས་ཟུར་ཞིག་ནས་བཙལ་དུ་མི་རུང་སྟེ། སྐྱེ་མེད་གཟུང་འཛིན་དང་བྲལ་བའི་ངང་དུ་ཕྱིན་ན་དེ་ཆོས་སྐུ་ཡིན་ལ། ཆོས་སྐུ་ཡང་དོན་དུ་མི་འགྱུར་མཉམ་པའི་དོན་ལས་གཞན་དུ་མ་གྲུབ་པའི་མིང་གི་བླ་དྭགས་ཙམ་མོ་ཞེས་ཆོས་སྐུ་སེམས་ཉིད་ལས་གཞན་དུ་བསྒྲུབ་ཏུ་མེད་པར་བསྟན་པའོ།།

༼༢ གཉིས་པ་འཁོར་བའི་སེམས་ཉིད་ཆོས་སྐུར་གྲུབ་པས་སྤང་མི་དགོས་པར་བསྟན་པ།

འཁོར་བའི་སེམས་ཉིད་ཆོས་སྐུར་གྲུབ་པས་སྤང་མི་དགོས་པར་བསྟན་པ་ནི།

སེམས་ཅན་ཀུན་གྱི་རང་བྱུང་ཡེ་ཤེས་ཀྱང་།།

མ་བྱས་མ་བཙལ་ཆོས་སྐུར་ལྷུན་གྲུབ་པས།།

སྤང་བླང་མ་འཛིན་ཆོས་དབྱིངས་ངང་འདིར་ཞོག།

ཅེས་གསུངས་ཏེ། སེམས་ཅན་ཞེས་པའང་རིག་པའི་ངང་ལས་གཞན་མེད་ལ། རིག་པ་དེ་ཉིད་འཁོར་འདས་ལ་དབྱེར་མེད་དུ་ཡོད་པའི་ཕྱིར་གཞན་ནས་རྩོལ་སྒྲུབ་བྱེད་མི་དགོས་ཏེ། རྩལ་རྫོགས་ལས། སེམས་ཅན་རྣམས་དང་སངས་རྒྱས་གཉིས། །རིག་པ་སོ་སོ་མ་ཡིན་ཏེ། །ཞེས་པ་དང་། རང་ཤར་ལས། སེམས་ཅན་རིག་པ་སངས་རྒྱས་དངོས། །ཞེས་སོ། །དག་པ་མྱང་འདས་སུ་སྣང་བ་དེ་སྐུ་གསུམ་གྱི་རང་སྣང་ཡིན་པས་མ་ཚད་པར། ཀུན་བྱེད་ལས། ང་ཉིད་ཐམས་ཅད་འབྱུང་བའི་སྙིང་པོ་བས། །ཆེན་པོ་ལྔ་དང་ཁམས་གསུམ་རྒྱུད་དྲུག་རྣམས། །ང་ཡི་སྐུ་གསུང་ཐུགས་ལས་གཞན་མེད་པས། །ང་ཡི་རང་བཞིན་ང་ཡི་བཀོད་པ་ཡིན། །ཅེས་གསུངས་པ་བཞིན་དུ། མ་རིག་འགྲོ་དྲུག་གི་སྣང་བ་སྣང་ཡང་སྐུ་གསུམ་གྱི་རང་སྣང་ཡིན་དགོས་པས་སེམས་ཅན་ཀུན་ལ་ཡོད་པའི་རང་བྱུང་ཡེ་ཤེས་ཀྱང་མ་བྱས་རྩོལ་སྒྲུབ་ཀྱི་ཆོས་སྐུ་རུ་ལྷུན་གྱིས་གྲུབ་ཕྱིར། རེ་དོགས་སྤང་བླང་ལ་མི་འཛིན་པར་ཞོག་དང་། རང་ལ་ཡོད་པ་གཞན་ནས་རྩོལ་སྒྲུབ་མི་དགོས་སོ་ཞེས་ཐམས་ཅད་གཉིས་མེད་སྐུ་གསུམ་གྱི་འཁོར་ལོ་ལས་མ་འདས་པས་ཆོས་སྐུ་སེམས་ཉིད་ལས་གཞན་དུ་འཁོར་བ་ཞེས་པའི་སྤང་བྱ་ཞིག་མེད་པར་བསྟན་པའོ།།

༼༣ གསུམ་པ་རིག་པ་གཡོ་རྩོལ་ལས་འདས་པར་བསྟན་པ།

རིག་པ་གཡོ་རྩོལ་ལས་འདས་པར་བསྟན་པ་ནི།

མི་གཡོ་མི་བསམ་ལྷུན་མཉམ་ངོ་བོ་ལ།།

མ་བྱས་དོན་གྲུབ་གཞི་ཀློང་ཡངས་པ་ཡིན།།

ཞེས་གསུངས་ཏེ། རིག་པའི་ངོ་བོ་ལ་ཆོས་སྐུ་ལྷུན་གྲུབ་ཏུ་ཡོད་པས་མ་བྱས་དོན་གྲུབ་ཀྱི་ངོ་བོར་གནས་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཡེ་ཤེས་ཏེ། དེ་མཐའ་བྲལ་ཆོས་དབྱིངས་ཀྱི་གཞི་མར་བསྟན་པ་ནི། ཐལ་འགྱུར་ལས། ངོ་མཚར་རྨད་བྱུང་ཡེ་ཤེས་ནི། །སྔོན་མེད་ཕྱིས་མེད་གདོད་ནས་མེད། །ད་ལྟ་རྣམ་རྟོག་ཡུལ་ལས་འདས། །མཐའ་བྲལ་སྟོང་པའི་རང་བཞིན་ཉིད། །ཚིག་འདས་བློ་བྲལ་ངོ་བོས་སྟོང་། །རང་བཞིན་གང་དུ་མ་ཕྱེ་བས། །ཐུགས་རྗེ་མཛད་པ་མི་སྣང་ངོ་། །ཡེ་ཤེས་སྣང་བ་གསུམ་པོ་ལས། །ཡིད་འབྱུང་ཤེས་རབ་འཁྲུལ་ཆར་བཟུང་། །འདི་ལ་རྣམ་པར་དམིགས་མཐའ་མེད། །མེད་པ་རྨད་བྱུང་རོལ་བ་ལས། །སངས་རྒྱས་རྣམས་ཀྱི་འབྲས་བུ་རྙེད། །ཕྱི་དང་ནང་ཀུན་ཆོས་ཀྱི་དབྱིངས། །འདི་ལ་གང་ཡང་མི་སྣང་ངོ་། །ཞེས་སོ། །འཁོར་འདས་དགག་སྒྲུབ་ཀྱི་ཆོས་ཐམས་ཅད་རིག་པ་སྟོང་གསལ་ཟང་ཐལ་ཆོས་ཟད་རྗེན་པ། ནམ་མཁའ་ཡངས་པའི་དཀྱིལ་ལྟ་བུ་མི་གཡོ་བརྗོད་བྲལ་བསམ་པའི་ཡུལ་ལས་འདས་པ་དེར་མ་འདུས་པ་ཞིག་མེད་པས་ན་ཆོས་སྐུ་ལྷུན་གྲུབ་ཡིན། མ་བྱས་དོན་ཀུན་རང་འགྲུབ་ཀྱི་གཞི་ཀློང་དེ་འཁོར་འདས་ཀུན་ཤོང་གཅིག་ལ་ཀུན་འདུས་ལྷུན་ཡངས་པ་ཞིག་ཡིན། ཆོས་དབྱིངས་ཀྱི་གཞི་མ་ངོ་མཚར་རྨད་བྱུང་གི་ཆོས་མཐའ་བྲལ་ཐིག་ལེ་ཉག་གཅིག་ལ་ཆོས་ཀུན་འདུས་པར་བསྟན་པས་ན། རིག་པ་སྐུ་གསུམ་གྱི་དགོངས་པ་བྱ་རྩོལ་ལས་འདས་པས་དབྱིངས་གཅིག་ཏུ་འདུས་པའི་དོན་བསྡུས་པའོ།།

༼༤ བཞི་བ་ལྷུན་གྲུབ་དབང་གི་ཆུ་བོ་རིག་པའི་ངང་དུ་ཡེ་ནས་རྫོགས་པར་བསྟན་པས་དོན་བསྡུ་བ།

ལྷུན་གྲུབ་དབང་གི་ཆུ་བོ་རིག་པའི་ངང་དུ་ཡེ་ནས་རྫོགས་པར་བསྟན་པ་ནི།

མི་འགྱུར་ཀུན་འགྲོ་སྐུ་དང་ཡེ་ཤེས་བདག།

རྒྱལ་ཐབས་སྤྱི་བླུགས་རང་བྱུང་ཆེན་པོའི་དབང་།།

སྣང་སྲིད་སྣོད་བཅུད་ཡེ་ནས་ལྷུན་གྲུབ་པས།།

བྱ་བཙལ་མི་དགོས་རང་བཞིན་ལྷུན་གྱིས་གྲུབ།།

ཐམས་ཅད་ཀུན་འགྲུབ་ལྷུན་གྲུབ་ཆེན་པོར་རྒྱས།།

ཞེས་གསུངས་ཏེ། ཡེ་ནས་རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱི་ངོ་བོར་རྫོགས་པས་དབང་རྫོགས་པ་རང་བྱུང་གི་ཡེ་ཤེས་སུ་གྲུབ་ཟིན་པས། ད་འབད་རྩོལ་དང་རྫས་ཀྱི་དབང་ལ་རག་མི་ལས་ཏེ། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ཆེན་པོའི་དབང་། །གཞི་ལ་དེ་བཞིན་གནས་པའོ། །ཞེས་པ་དང་། ཀུན་བྱེད་ལས། རིག་པའི་རྒྱལ་པོ་གསལ་བར་དབང་བསྒྱུར་བས། །མཚན་མ་བདེ་བའི་དབང་ལ་རག་མི་ལས། །རྟོགས་ནས་མི་རྟོག་དོན་ལ་ཇི་བཞིན་ཞོག །ཀུན་བྱེད་རྒྱལ་པོའི་དབང་ཐོབ་རིག་པ་ན། །དངོས་པོ་མ་བཅོས་ཇི་བཞིན་རྟག་ཏུ་ཤར། །རྒྱུ་དང་རྐྱེན་མེད་ཞི་བ་མཆོག་གི་ལམ། །གཞི་གཞག་གང་ལྟར་བཞག་ཀྱང་དེ་ཉིད་ངང་། །ཀུན་བྱེད་རྒྱལ་པོའི་ཐབས་ཆེན་རྟོགས་པའི་དབང་། །ཀུན་ཀྱང་ཇི་བཞིན་ཡུལ་ལ་འཇུག་པ་ན། །སྐྱོན་དང་ཡོན་ཏན་གཉིས་ཀ་མཉམ་ཤེས་པས། །འཇུག་དང་མི་འཇུག་དོན་ལས་ཤིན་ཏུ་འདས། །ཀུན་བྱེད་རིག་པས་དབང་བསྒྱུར་དགོངས་པ་འདི། །ངག་གིས་སྨྲར་མེད་དམིགས་པའི་ཡུལ་ལས་འདས། །དྲན་པ་ཞི་ཞིང་སྤྲོས་པ་མེད་པ་སྟེ། །མཁའ་ལྟར་ཁྱབ་ཅིང་ཕྱོགས་ཆ་ཡོངས་ཀྱིས་མེད། །དབང་ནི་རྟོགས་པས་རེ་དོགས་བཅད་པ་ཡིན། །འདི་ལ་ངེས་པར་འཇུག་པའི་རྣལ་འབྱོར་པས། །ཤིན་ཏུ་རྣལ་འབྱོར་རྒྱུ་འབྲས་འདས་པའི་ལུང་། །མ་བཅོས་ཡེ་ཤེས་ཀུན་བྱེད་རྒྱལ་པོ་ལས། །གང་ལྟར་འདི་ལྟར་འཇོག་ཅེས་ལུང་མི་སྟོན། །ཞེས་སོ། །སྤྱིར་ན་དབང་གི་བསྐུར་ཐོབ་ཅེས་པ་ནི་མ་སྨིིན་པ་སྨིན་པར་བྱེད་པའམ་ནུས་པ་དེ་དང་མི་ལྡན་པ་ལ་དེ་དང་ལྡན་པའི་དབང་ངམ་ཐོབ་ཐང་སྦྱིན་པ་ཞིག་ལ་གོ་དགོས་ཤིང་། རྒྱུན་མི་ཆད་པའི་བྱིན་རླབས་ཀྱི་ནུས་པ་རྒྱུད་ལ་ཞུགས་པས་ན་ཆུ་བོ་དང་མཚུངས་དཔེ་སྦྱར་ནས་དབང་གི་ཆུ་བོ་ཞེས་ཐ་སྙད་དོན་མཐུན་དུ་སྦྱར་བ་ཡིན། གཞན་ཡང་སྔ་འགྱུར་བཀའ་བབ་ཀྱི་ཆུ་བོ་བཞི་ཞེས་པ་ལྟ་བུའང་བྱིན་རླབས་བར་མ་ཆད་པའི་རྒྱུན་གཙོ་བོར་འཛིན་པའི་ཆ་ནས་ཆུ་བོ་བཞི་ཞེས་བཏགས་པ་ཡིན། དབང་ལ་ཡང་མཆོག་ཕལ་གྱི་རྣམ་གྲངས་ཡོད་པ་སྟེ། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་ཏེ་ཆེན་པོའི་སྲིད་དབང་དེའི་གོང་ན་མེད་པ་ལ་བཀོད་པ་ལྟ་བུ་ལ་རྒྱལ་ཐབས་སྤྱི་བླུགས་ཀྱི་དབང་ཞེས་གྲགས་ཤིང་། འདི་ནས་རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱི་ཆོས་སྐུའི་རྒྱལ་སྲིད་ཆེན་པོའི་ངོ་བོར་རང་བྱུང་གི་ཡེ་ཤེས་སུ་རང་གྲུབ་ནས་རྫོགས་པའམ་ཚང་ནས་ཡོད་པས། ལོགས་ཤིག་ནས་འདུས་བྱས་ཀྱི་རྫས་བྱིས་པའི་རྩེད་མོ་དང་འདྲ་བ་ལ་བརྟེན་མི་དགོས་པ་ནི། གོང་ནས་སྣང་སྲིད་སྣོད་བཅུད་ཐམས་ཅད་ཡེ་ནས་ལྷུན་གྲུབ་རིག་པའི་ངང་དུ་རྫོགས་ཚུལ་རྣམ་པ་མང་པོས་བསྟན་པ་བཞིན་དུ་ཐམས་ཅད་ཀུན་འགྲུབ་ལྷུན་གྲུབ་ཆེན་པོར་རྒྱས་པའི་ཚུལ་རྒྱུ་རྐྱེན་མེད་པ་ཤིན་ཏུ་རྣལ་འབྱོར་རྒྱུ་འབྲས་ལས་འདས་པའི་ལུང་གིས་གསལ་བར་བསྟན་པའོ། །དེའང་རིག་པའི་ངོ་བོ་གང་དུའང་མ་གྲུབ་པའི་ངོས་ནས་དབང་དང་བསྐྱེད་རྫོགས་ལ་སོགས་པ་མེད་པར་ཐག་མ་བཅད་ན། ལྟ་བའི་ཕུ་ཐག་མི་ཆོད་པས་འཁོར་འདས་དང་བླང་དོར་དང་བྱ་བྱེད་དང་ལྟ་སྒོམ་ལ་སོགས་པ་ཐམས་ཅད་ཡུལ་མེད་ནམ་མཁའ་ལྟར་རིག་པའི་སྟེང་དུ་ད་ལྟ་ཉིད་ནས་རྟོགས་པར་བྱ་སྟེ། མུ་ཏིག་ཕྲེང་བ་ལས། གཉིས་ནི་གཞི་གཅིག་ཁྱད་པར་ལས། །སྤྲོས་མེད་ཉག་གཅིག་དགོངས་པར་གནས། །བདེ་ཆེན་ཐིག་ལེའི་རང་བཞིན་ཅན། །སངས་རྒྱས་ཀུན་གྱི་དཀྱིལ་འཁོར་གཅིག །ངོ་བོ་ཉིད་ནི་ཀ་དག་པས། །རང་བཞིན་ཉིད་ལ་ལྷུན་གྲུབ་བོ། །ས་དང་ཕྱོགས་དང་རིས་ལས་འདས། །ཡོད་དང་མེད་དང་ལྟར་སྣང་མེད། །སྒྲ་ཚད་རྣམས་ཀྱི་སྤྱོད་ཡུལ་མིན། །གཅིག་དང་གཉིས་དང་བགྲང་ཡུལ་མེད། །སྟོང་པ་ཆེན་པོར་བབས་ཀྱིས་གྲུབ། །ལུང་དང་རིགས་པའི་སྤྱོད་ཡུལ་མིན། །རྒྱུད་དང་མན་ངག་གིས་མི་མཚོན། །ལྟ་དང་སྒོམ་དང་སྤྱོད་པས་ནི། །དེ་ཡི་དོན་རྣམས་ཤེས་མི་འགྱུར། །དེ་དོན་འབྲས་བུར་གྲུབ་པ་མེད། །ཆོས་ཀྱི་དེ་ཉིད་བསྒྲིབ་པར་འགྱུར། །བསམས་པས་འགྲུབ་པ་མ་ཡིན་ཏེ། །ཤེས་རབ་ཀྱིས་ཀྱང་དཔྱད་དུ་མེད། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་ཡིས། །དེ་ཉིད་གནོད་དང་ཕན་འབྲས་བྲལ། །ཐོས་དང་བསམ་དང་སྒོམ་པས་ནི། །མཆོག་ཏུ་བརྟགས་ཀྱང་དེ་མི་མཐོང་། །དེ་ལ་དཀྱིལ་འཁོར་ཡོད་པ་མིན། །ལྷ་མེད་བསྐྱེད་པའི་ས་བོན་མེད། །སྔགས་དང་ཕྱག་རྒྱས་ཅི་ཞིག་བྱ། །མཆོད་པ་ལ་སོགས་སྤྲོ་མི་དགོས། །དབང་དང་དམ་ཚིག་ག་ལ་ཡོད། །བསྙེན་པ་དང་ནི་སྒྲུབ་པ་མེད། །འཁོར་ལོ་སྤྲོ་བ་ཡོད་པ་མིན། །སྲུང་བ་མེད་ཅིང་བསྲུང་ཡུལ་མེད། །གདོན་དང་གནོད་པའི་ཡུལ་ལས་འདས། །དེ་ནི་ང་ཡིན་འགྲོ་བ་ཡིན། །སེམས་ཡིན་སེམས་ལས་བྱུང་བ་ཡིན། །དུ་མ་ཡིན་ལ་ཉག་གཅིག་ཡིན། །འཁོར་དང་མྱང་འདས་ང་རང་ཡིན། །དཀྱིལ་འཁོར་ལ་སོགས་རིམ་འཇུག་ཡིན། །ཆོས་ཡིན་ཆོས་སུ་སྣང་བ་ཡིན། །གནས་པ་ཡིན་ལ་འགྲོ་བ་ཡིན། །འདུག་དང་ཉལ་དང་འཆག་པ་ཡིན། །སྲོག་ཡིན་གཅོད་པ་ཉིད་ཀྱང་ཡིན། །འཇིག་རྟེན་གསུམ་པོ་དེ་ལས་སྐྱེས། །ལྷ་དང་སྔགས་དང་ཕྱག་རྒྱར་སྣང་། །དགེ་དང་དེ་ཡི་འབྲས་ལྟར་བྱུང་། །ཕ་རོལ་ཕྱིན་པ་བཅུ་ཡང་ཡིན། །ས་རྣམས་དང་ནི་ཡོན་ཏན་ཀྱང་། །དེ་ཉིད་ལས་ནི་ཐམས་ཅད་འབྱུང་། །སྤྱོད་པ་སྒོམ་པ་ཉིད་དང་ནི། །ལྟ་བ་ལ་སོགས་ཀུན་ཀྱང་འབྱུང་། །ཆེ་ཆུང་རིམ་པའི་ཐེག་པ་ཡང་། །དེ་ལས་ཐམས་ཅད་འབྱུང་བའོ། །མདོར་ན་ཇི་ལྟར་སྣང་བ་ཡི། །ཆོས་ཀུན་དེ་ལས་བྱུང་བའོ། །ཞེས་སོ། །ངོ་བོ་གང་དུའང་མ་གྲུབ་པས་རིག་པ་ཡེ་སྟོང་ནམ་མཁའ་ལྟ་བུར་ཐག་བཅད། དེའི་ངང་ལས་འཆར་ཚུལ་ཅི་སྣང་དུ་འབྱུང་བས་ལྷུན་གྲུབ་ཏུ་ལ་བཟླ། དེ་གཉིས་རིག་པར་མཚན་ཉིད་གཅིག་པས་ཡོད་མེད་ཀྱི་མཐའ་དང་བྲལ་བར་ངོས་གཟུང་བ་ནི། རྫོགས་པ་ཆེན་པོ་འདིའི་ལུགས་ཡིན་པས། སྣང་ལ་ཡོད་པར་མ་གྲུབ། སྟོང་ལ་མེད་པར་མ་སོང་། གཉིས་མེད་ལྷུན་གྲུབ་ཆེན་པོའི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་འགག་བསྡོམས་པའོ། །ཐག་བཅད་པ་དང་། ལ་ཟློ་བ་དང་། ངོས་བཟུང་བ་དང་གསུམ་ལས། དང་པོ་ནི། ངོ་བོ་སྟོང་པ་གང་དུ་ཡང་མ་གྲུབ་པ་རིག་པ་ཡེ་སྟོང་ནམ་མཁའ་ལྟ་བུར་ཐག་བཅད་པ་དང་། གཉིས་པ་ནི། དེའི་ངང་ལས་འཆར་ཚུལ་རང་བཞིན་འགག་མེད་དུ་ཤར་བའི་ལྷུན་གྲུབ་ཆེན་པོར་ལ་བཟླས་པ་དང་། གསུམ་པ་ནི། ཟུང་འཇུག་རིག་པར་མཚན་ཉིད་གཅིག་པས་ན་ཡོད་མེད་མཐའ་བྲལ་གྱི་ཆོས་དབྱིངས་ཐིག་ལེ་ཉག་གཅིག་ལ་མདོ་དྲིལ་བ་ཡིན་པས། སྣང་བས་ཡོད་མཐའ་སེལ། སྟོང་པས་མེད་མཐའ་ཆོད། གཉིས་མེད་ལྷུན་གྲུབ་ཆེན་པོ་སྤྲོས་མཐའ་ཐམས་ཅད་དང་བྲལ་བ་སྟེ། མདོར་ན་གྲུབ་བསལ་འཕོ་འགྱུར་དང་བྲལ་བར་གཏན་ལ་ཕབ་པའོ། །ལེའུའི་མཚན་ཆོས་དབྱིངས་རིན་པོ་ཆེའི་མཛོད་ལས། ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་ཡེ་ནས་ལྷུན་གྱིས་གྲུབ་པར་བསྟན་པ་སྟེ། ལེའུ་བདུན་པའི་འགྲེལ་པའོ།། །།

བརྒྱད་པ་བྱང་ཆུབ་ཀྱི་སེམས་ལ་གཉིས་སུ་མེད་པར་བསྟན་པའི་ལེའུ།

འདི་ལ་ཡང་ཤར་དུས་ཉིད་ནས་རང་ངོ་གཉིས་སུ་མེད་པར་མཚོན་པ། ཕྱི་ནང་གི་ཆོས་ལས་མ་སྐྱེས་པ་དེ་མཁའ་མཉམ་དག་པས་རྟོགས་པའི་ཚུལ་ངེས་པར་བྱ་བ། རྣལ་འབྱོར་པ་ལ་ཆོས་ཐམས་ཅད་གཏད་མེད་ཡོངས་གྲོལ་ཆེན་པོར་འཆར་བ་བསྟན་པ། རྟོགས་པ་ནམ་མཁའ་ཀློང་ཡངས་སུ་དོན་བསྡུ་བ་དང་བཞི་ལས།

༼ཀ༽དང་པོ་ཤར་དུས་ཉིད་ནས་རང་ངོ་གཉིས་སུ་མེད་པར་མཚོན་པ།

དེ་ལ་ཡང་གསུམ་སྟེ། རང་ངོ་གཉིས་སུ་མེད་པར་མཚོན་པ་ཞར་ལ་ལོག་རྟོག་གི་འཕྲང་བསལ་བ་དང་བཅས་པ། དེ་རྟོགས་པ་རང་སྣང་དུ་ཤར་བའི་དུས་ངེས་པ་ལ་བསྔགས་པ། མེད་སྣང་སྟོང་པའི་གཟུགས་བརྙན་བསྟན་པ་དང་གསུམ་གསུམ་ལས།

༼ཀ དང་པོ་རང་ངོ་གཉིས་སུ་མེད་པར་མཚོན་པ་ཞར་ལ་ལོག་རྟོག་གི་འཕྲང་བསལ་བ་དང་བཅས་པ།

དེ་ལྟར་ལྷུན་གྲུབ་རང་བཞིན་དག་པ་དེ་ཡང་མཚན་ཉིད་གཉིས་སུ་མེད་པར་བསྟན་པའི་ཕྱིར། དབྱིངས་གཅིག་ལས་ཤར་བ་ཉིད་ཀྱིས་ཤར་བ་ནས་རང་ངོ་གཉིས་སུ་མེད་པར་མཚོན་པ་ནི།

ཐམས་ཅད་དབྱིངས་གཅིག་རང་བྱུང་ཡེ་ཤེས་ལ།།

གཉིས་སུ་མེད་པ་ངོ་བོའི་འདུག་ཚུལ་ཏེ།།

གཉིས་སྣང་མ་འགགས་རྩལ་ལས་རོལ་བར་ཤར།།

སྣང་བཏགས་གཉིས་མེད་བྱང་ཆུབ་སེམས་ཞེས་བྱ།།

ཞེས་གསུངས་ཏེ། མེ་ལོང་གཅིག་གི་ངོས་ལ་ཤར་བ་ཉིད་ཀྱི་གཟུགས་བརྙན་ཅིར་སྣང་ཡང་མེ་ལོང་དང་གཉིས་སུ་མེད་པ་ལྟར་ཆོས་ཐམས་ཅད་རིག་པའི་ངང་དུ་ཤར་བས་རིག་པ་དང་གཉིས་སུ་མེད་པ་ཉིད་དང་། གཉིད་གཅིག་གི་ངང་དུ་ཤར་བ་ཉིད་ཀྱི་རྨི་ལམ་སྣ་ཚོགས་པ་གཉིད་ལས་གཞན་དུ་མེད་པ་ལྟར། འཁོར་འདས་རིག་པའི་རོལ་བ་ལས་གཞན་མ་ཡིན་པ་ཉིད་དང་། ཆུ་བོ་གཅིག་གི་ངང་ལས་ཤར་བའི་ཕྱིར་རྦ་རླབས་ཆེ་ཆུང་ཐམས་ཅད་ཆུ་བོ་ལས་གཞན་དུ་མེད་པ་ལྟར། ཆོས་ཐམས་ཅད་ཅི་ཡང་མེད་པའི་ངང་ནས་ཤར་བར་སྣང་བ་དེ་ཡང་མེད་པ་གསལ་སྣང་ཙམ་ལས་ཆོས་ཉིད་སྟོང་པའི་རང་བཞིན་གྱི་རིག་པ་དང་། དེ་དག་གི་སྟོང་པ་ཉིད་གཉིས་སུ་མེད་པ་སྟེ། གཏན་ཚིགས་གསུམ་ལ་བརྟེན་ནས་ཆོས་ཐམས་ཅད་གཉིས་སུ་མེད་པར་ཐག་བཅད་དོ། །གོང་ནས་ཆོས་ཐམས་ཅད་དང་པོ་རིག་པ་ལས་བྱུང་བས། རིག་པ་ལྷུན་གྲུབ་ཀྱི་ངང་ལ་གནས་པའི་ལྷུན་གྲུབ་ཀ་དག་གི་ནང་དབྱིངས་མཐའ་བྲལ་བསམ་བརྗོད་ལས་འདས་པར་གཏན་ལ་ཕབ་ཅིང་། འདིར་གཉིས་མེད་བྱང་ཆུབ་ཀྱི་སེམས་ལ་འདུས་པར་བསྟན་པའི་སྐབས་སུ། ཆོས་ཐམས་ཅད་རང་བྱུང་རིག་པའི་དབྱིངས་གཅིག་ལས་ཤར། གཅིག་ལ་གནས། གཅིག་ཏུ་གྲོལ་བ་ཡིན་པས། དབྱིངས་གཅིག་རང་བྱུང་གི་ཡེ་ཤེས་ལ་གཉིས་སུ་མེད་པ་དེ་གཤིས་ངོ་བོའི་བཞུགས་ཚུལ་ཡིན་པའི་སྟབས་ཀྱིས་གཉིས་སྣང་མ་འགགས་པར་ངོ་བོ་ལས་རྩལ་ཤར་བ་དང་། རྩལ་ལས་རོལ་བ་ཤར་བ་ཡིན། ཤར་ཡང་མེད་པ་གསལ་སྣང་སྣང་བཏགས་གཉིས་སུ་མེད་པར་བསྟན་པ་ཡིན། འགྲེལ་བས་ཆོས་ཐམས་ཅད་རིག་པ་དང་གཉིས་སུ་མེད་པ་དང་། རིག་པ་ལས་གཞན་དུ་མེད་པ་དང་། གཞན་མ་ཡིན་པ་སྟེ་གསུམ་པོ་དཔེ་གསུམ་གྱི་སྒོ་ནས་བསྟན་པ་ལས། དཔེ་དང་པོས་མེ་ལོང་གཅིག་གི་ངོས་སུ་ཤར་བའི་གཟུགས་བརྙན་སྣ་ཚོགས་དེ་མེ་ལོང་དང་གཉིས་སུ་དབྱེ་རུ་མེད་པ་བཞིན་དུ་ཆོས་ཐམས་ཅད་རིག་པའི་ངང་དུ་ཤར་བས་རིག་པ་དང་གཉིས་སུ་མེད་པར་བསྟན་པ་དང་། དཔེ་གཉིས་པས་རྨི་ལམ་སྣ་ཚོགས་རྨིས་པ་དེ་ཉིད་གཉིད་ལས་གཞན་མ་ཡིན་པ་ལྟར་དུ་འཁོར་འདས་རིག་པའི་རོལ་བ་ལས་གཞན་མིན་པར་བསྟན་པ་དང་། དཔེ་གསུམ་པས་ཆུ་བོ་གཅིག་ལས་ཤར་བའི་ཆུ་དང་རྦ་རླབས་ཐམས་ཅད་ཆུ་བོ་ལས་གཞན་དུ་མེད་པ་ལྟར། ཅི་ཡང་མེད་པའི་ངང་ལས་ཅི་ཡང་ཤར་བ་དེ་མེད་པ་གསལ་སྣང་ཙམ་ཞིག་ལས་ཆོས་ཉིད་སྟོང་པའི་རང་བཞིན་གྱི་རིག་པ་དང་། དེ་དག་གི་སྟོང་པ་ཉིད་གཉིས་སུ་མེད་པ་སྟེ། དེ་གཏན་ཚིགས་གསུམ་གྱིས་སྒྲུབ་པ་ནི། གཏན་ཚིགས་དང་པོ་དཔེ་མེ་ལོང་གི་གཟུགས་བརྙན་དང་སྦྲེལ་ནས་གཉིས་མེད་མཉམ་པ་ཆེན་པོར་གཏན་ལ་འབེབས་པའི་གཏན་ཚིགས་གསུང་བ་སྟེ། ཆོས་ཐམས་ཅད་མ་གྲུབ་པར་མཉམ་པ་ཉིད་དང་། མི་འགག་པར་མཉམ་པ་ཉིད་དང་། རིག་ངོར་སྣང་ཙམ་དུ་སོ་སོའི་དོན་བྱེད་ནུས་པར་མཉམ་པ་ཉིད་དང་། རྐྱེན་རྟེན་འབྲེལ་ལས་འཆར་ཙམ་ཉིད་དུ་སྣང་བ་ཉིད་ཀྱིས་མཉམ་པ་ཉིད་དེ། རྣམ་པ་བཞི་ལ་ལྟོས་ནས་ཀྱང་གཉིས་སུ་མེད་པའི་མཉམ་པ་ཆེན་པོ་རྟོགས་པར་བྱ་སྟེ། སྒྲུབ་བྱེད་མཉམ་ཉིད་ཀྱི་རིགས་པ་རྣམ་པ་བཞིས་བསྒྲུབས་ནས་གཉིས་མེད་མཉམ་པ་ཆེན་པོར་གཏན་ལ་ཕབ་པ་སྟེ། ཆོས་ཐམས་ཅད་ཡོད་པ་མ་ཡིན་ཏེ། རྒྱལ་བས་ཀྱང་འདི་ཡོད་པར་མ་གཟིགས་པ་ཡིན། ཅིར་ཡང་མ་གྲུབ་པ་མེད་མཉམ་ཀྱི་ངང་ལས་སྟོང་པ་ཡིན་པའི་སྟབས་ཀྱིས་སྣང་བ་གྲུབ་པ་ཡིན། མེད་པ་ཡང་མ་ཡིན་འཁོར་འདས་ཀུན་གྱི་གཞི་ལ་འགག་མེད་མཉམ་པས་ཤར་བ་རིས་མེད་དུ་བསྟན་པ་དང་། རིག་ངོ་ལས་མ་གཡོས་ཀྱང་ཇི་ལྟར་སྣང་བ་དེ་ལྟར་དུ་སོ་སོའི་དོན་བྱེད་ནུས་པ་མཉམ་པའི་ལྷུན་གྲུབ་ཡིན་པ་དང་། རོལ་བ་སྣ་ཚོགས་སུ་སྣང་བ་དེ་ཡང་རྐྱེན་རྟེན་ཅིང་འབྲེལ་འབྱུང་ལས་སྣང་ཙམ་པར་མཉམ་པ་ཉིད་དེ། རྣམ་པ་བཞི་ལ་ལྟོས་ནས་ཀྱང་རིག་པ་ཆོས་ཉིད་ཀྱི་དབྱིངས་ཐིག་ལེ་ཉག་གཅིག་གི་ཀློང་དུ་གཅིག་པ་གཉིས་སུ་མེད་པའི་མཉམ་པ་ཆེན་པོ་རྟོགས་པར་བྱའོ། །འདི་དམ་ཚིག་གི་ཆིངས་རྣམ་པ་བཞི་ཡིས་བཅིངས་ནས་ཀྱང་འགྲེལ་ཐུབ་པ་ཡིན་ནོ། །ལུང་གིས་ཀྱང་། འཕགས་པ་ཏིང་ངེ་འཛིན་གྱི་རྒྱལ་པོ་ལས་ཀྱང་། གང་ཞིག་རྐྱེན་ལས་སྐྱེས་ཕྱིར་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་གསུངས། །ཞེས་པ་ལྟ་བུའོ། །གཏན་ཚིགས་གཉིས་པ་གཉིད་རྨི་ལམ་ལས་གཞན་དུ་མེད་པ་དང་སྦྲེལ་ནས་རྩལ་དང་ངོ་བོའི་འཆར་ཚུལ་ལས་གཞན་དུ་མེད་པར་བསྟན་པ་སྟེ། འཁོར་འདས་རིག་པའི་རྩལ་སྣང་དུ་ཤར་བ་ཉིད་ཀྱི་ངོ་བོ་གཉིས་སུ་ཡོད་མི་སྲིད་དེ། རྨི་ལམ་གྱི་སྣང་བ་དང་། དེ་མཐོང་བའི་སྐྱེས་བུ་ལ་གཉིས་སུ་སྣང་ཡང་གཉིས་སུ་མེད་དེ་གཉིད་གཅིག་དུས་གཅིག་མེད་པ་གསལ་སྣང་གཅིག་གི་རྣམ་པར་ཤར་བ་ཙམ་ལས། དོན་ལ་མ་གྲུབ་པའི་ཕྱིར་རོ། །རྨི་ལམ་བཟང་ངན་མི་གཅིག་པ་སྣ་ཚོགས་སུ་རྨིས་ནའང་གཉིད་གཅིག་གི་ངང་ལས་མ་གཡོས་པ་དང་འདྲ་བར་རྩལ་འཁོར་འདས་སྣ་ཚོགས་སུ་ཤར་ནའང་དེའི་ངོ་བོ་རིག་པ་གཅིག་ལས་གཉིས་སུ་མེད་པས་དོན་ལ་མ་གྲུབ་པར་བསྟན་པའོ། །དེའི་ལུང་། མངོན་རྟོགས་རྒྱན་ལས་ཀྱང་། རྨི་ལམ་དང་ནི་དེ་མཐོང་ཉིད། །གཉིས་ཀྱི་ཚུལ་དུ་མི་མཐོང་ལྟར། །ཆོས་རྣམས་གཉིས་སུ་མེད་པར་ནི། །དེ་ཉིད་སྐད་ཅིག་གཅིག་གིས་རྟོགས། །ཞེས་པ་བཞིན་ཏེ། གཏན་ཚིགས་གསུམ་པ་ཆུ་བོ་གཅིག་ལས་ཤར་བའི་རྦ་རླབས་ཆེ་ཆུང་ཐམས་ཅད་ཆུ་བོ་དེ་ལས་ཐ་དད་མེད་པ་དང་དོན་གྱིས་སྦྲེལ་ནས། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་ངོར་སྣང་ཡང་ཤར་བ་དབྱིངས་ཀྱི་ངང་ལས་ཤར་བས་ན་གཉིས་སུ་མེད་པར་བསྟན་པ་སྟེ། འདི་ལྟར་ཆོས་སུ་སྣང་ངོ་ཅོག་ཀྱང་མེད་པ་གསལ་སྣང་། རང་གི་ཤེས་པ་དང་རིག་པ་དང་ལུས་ལ་སོགས་པའང་མེད་པ་གསལ་སྣང་། ཇི་ལྟར་སྣང་དུ་རུང་ནས་མེད་པ་གསལ་བར་སྣང་བ་ཙམ་ལས། གཅིག་དང་ཐ་དད་པའི་ཆོས་རང་མཚན་པ་རྡུལ་ཙམ་མེད་པ་ཉིད་ཀྱི་ཕྱིར། སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རིག་ངོར་སྣང་ཡང་གཉིས་སུ་མེད་པའོ་ཞེས་ཤེས་པར་བྱའོ། །ཆོས་རྣམས་རིག་ངོར་ཤར་བ་འདི་ཡང་དབྱིངས་ཀྱི་ངང་ནས་ཤར་བའི་ཕྱིར། རིག་པ་ཉིད་ལས་བྱུང་ཞིང་རིག་པའི་ཆོ་འཕྲུལ་ཙམ་དུ་ཐ་སྙད་བཏགས་ཏེ། རྒྱབ་རྟེན་གྱིི་ལུང་ནི། མུ་ཏིག་ཕྲེང་བ་ལས། ས་ཆུ་མེ་རླུང་ནམ་མཁའ་ཡང་། །འབྱུང་བ་ཆེ་རྣམས་དེ་ལས་བྱུང་། །ལྷ་དང་ལྷ་མིན་མི་རྣམས་དང་། །དམྱལ་བ་བྱོལ་སོང་ཡི་དྭགས་རྣམས། །ཆེན་པོ་དེ་ལས་ཡང་དག་བྱུང་། །འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ལ་སོགས་ནི། །དེ་ཉིད་ལས་ནི་ཆོ་འཕྲུལ་འབྱུང་། །མ་རིག་སེམས་དང་ཡིད་རྣམས་དང་། །ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །རྣམ་པར་ཤེས་པའི་ཚོགས་དག་དང་། །དབང་པོ་ལྔ་ལ་སོགས་པ་བྱུང་། །སྒྲ་དང་དྲི་དང་རོ་དང་ནི། །རེག་བྱ་ཉིད་དང་འདོད་ཡོན་ནི། །དེ་ཉིད་ཀྱིས་ནི་རྒྱན་དུ་བྱུང་། །སྲོག་དང་ཡ་མ་བརླ་དང་ནི། །སྙིང་པོ་མེད་ལ་སོགས་པ་ཡང་། །དེ་ཡི་རྩལ་དང་རོལ་བར་བྱུང་། །ཀུན་གཞི་དང་ནི་ཉེར་ལེན་གྱི། །ཤ་དང་ཁྲག་དང་ཆུ་སེར་དང་། །རུས་དང་པགས་པ་བ་སྤུ་དང་། །བསགས་པའི་ལུས་རྣམས་དེ་ལས་བྱུང་། །ལུས་དང་ངག་དང་ཡིད་དང་ནི། །སེམས་ལས་བྱུང་བ་སྣ་ཚོགས་ནི། །ཐམས་ཅད་ང་ཡི་ངོ་ལས་བྱུང་། །སྐྱེས་པ་བུད་མེད་རྟ་གླང་དང་། །གཟུགས་ནི་ཐམས་ཅད་དེ་ལས་བྱུང་། །བཟའ་དང་ཉལ་དང་འདུག་པ་དང་། །སྣ་ཚོགས་ལས་རྣམས་དེ་ལས་བྱུང་། །ཞེས་པ་དང་། ཀུན་བྱེད་ལས། ཀྱེ་སེམས་དཔའ་ཆེན་པོ་ངའི་རང་བཞིན་འདི་རྟོགས་ཤིག ང་ནི་བྱང་ཆུབ་སེམས་ཀྱི་རང་བཞིན་ཏེ། །བྱང་ཆུབ་སེམས་ནི་ཀུན་བྱེད་རྒྱལ་པོ་ཡིན། །ཀུན་བྱེད་རྒྱལ་པོའི་རང་བཞིན་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱིས་མ་བྱས་གཅིག་ཀྱང་མེད། །དུས་གསུམ་སངས་རྒྱས་སྐུ་གསུང་ཐུགས་ཀྱིས་བྱས། །ཁམས་གསུམ་སེམས་ཅན་ལུས་ངག་ཡིད་གསུམ་ཡང་། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །སྣང་སྲིད་སྣོད་བཅུད་བསྡུས་པ་ཐམས་ཅད་ཀྱང་། །ཇི་བཞིན་མ་བཅོས་པ་ཡི་ཆོས་ཉིད་དུ། །ཀུན་བྱེད་ང་ཡི་སྐུ་གསུང་ཐུགས་ཀྱིས་བྱས། །ཞེས་སོ། །དེ་ཡན་ཆད་ཀྱིས་དབྱིངས་གཅིག་ལས་ཤར་བ་ཉིད་ཀྱིས་རང་ངོ་གཉིས་སུ་མེད་པར་མཚོན་པ་བསྟན་ནས། ཞར་ལ་ལོག་རྟོག་གི་འཕྲང་བསལ་བ་ནི། རྗེས་འཇུག་གི་ཐེ་ཚོམ་སེལ་ཞིང་ངེས་ཤེས་གཏིང་ནས་སྐྱེད་པའི་ཆེད་དུ་སྐབས་འདིར་ཐ་སྙད་འགལ་བའི་རྨོངས་པ་བླ་རྡོལ་གང་དྲན་དྲན་སྨྲ་བ་དག་གི་འདོད་པ་དང་འདྲེས་པ་སྤང་བར་བྱ་སྟེ། ཐོས་པ་དམ་པས་མ་བརྒྱན་ལ་རྡོལ་ཐབས་སུ་སྨྲ་བ་ཁ་ཅིག་ན་རེ། ཕྱི་སྣ་ཚོགས་སུ་སྣང་བ་འདི་དག་བྱང་ཆུབ་ཀྱི་སེམས་དང་། རང་གི་སེམས་དེ་ལྟར་སྣང་བའོ་ཞེས་འདོད་ལ། ཞེས་ལོག་པར་རྟོག་ཚུལ་བསྟན་ནས། དེ་ལྟར་བཤད་པ་འདི་དང་འདིར་ཡང་བྱང་ཆུབ་སེམས་ཀྱི་ཀློང་དུ་ངོ་བོ་གཅིག་པར་བསྟན་པ་གཉིས། གནམ་ས་ལྟར་ཁྱད་པར་ཆེ་སྟེ། ཁྱད་པར་ཇི་ལྟར་ཆེ་ན་རྨོངས་པ་དེ་དག་བྱང་ཆུབ་ཀྱི་སེམས་དང་རང་སེམས་སུ་འདོད་ལ། འདིར་བྱང་ཆུབ་སེམས་ཀྱི་ངང་ལ་བདག་ཏུ་གཟུང་བའི་རྩལ་ལས་ཤར་བར་འདོད་དེ། ཞེས་མཚམས་སྦྱར་ནས། ཤར་དུས་ཉིད་ནས་རྩལ་གྱི་རོལ་བ་ཙམ་ལས། ཕྱི་ནང་གང་ན་མེད་པ་གསལ་སྣང་སེམས་དང་སེམས་ལས་གཞན་དུ་མ་གྲུབ་པའི་ཆོས་ཅན་རྐྱེན་སྣང་རྟེན་འབྲེལ་ལས་སྣང་བ་ཙམ་དུ་འདོད་པའོ། །ཞེས་མདོར་བསྟན་ནས། རྒྱས་པར་བཤད་པ་དགག་པ་རྣལ་མས་ལོག་རྟོག་སུན་འབྱིན་པ་ནི། ཕྱི་སྣ་ཚོགས་པ་འདི་དག་འཁྲུལ་སྣང་གཞི་མེད་ཡོད་མ་མྱོང་བའི་སྟོང་པ་དེ་དང་། སེམས་ཉིད་སྟོང་པ་གཉིས་ལ་ཐ་དད་དུ་བྱར་མེད་པ་ཙམ་ལ། ཁོ་བོ་ཅག་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་རོ་གཅིག་བྱང་ཆུབ་ཀྱི་སེམས་ཞེས་ཆོས་ཉིད་ཀྱི་ཆ་ལ་དབྱེ་བསལ་མེད་པ་ནས་བརྗོད་ཀྱང་སྣང་ཙམ་ཐ་སྙད་པ་རྣམས་དང་རང་སེམས་གཅིག་ཏུ་མི་འདོད་དེ། ཕར་ཚུར་རྫས་འགལ་བ་དང་། རང་གཞན་འགྲོ་འདུག་དང་ཡོད་མེད་ཀྱི་རྗེས་སུ་བྱེད་མི་བྱེད་ཀྱི་འབྲེལ་པ་མ་གྲུབ་པ་དང་། སྣང་ཡུལ་དང་། སྣང་བ་ཐ་དད་ཀྱི་རང་ཆ་ལ་སོགས་པའི་ཆོས་ཀྱི་བྱེ་བྲག་དུ་མས་ཁྱད་པར་ངེས་པའི་ཕྱིར། རྨོངས་པ་དག་གི་ཕྱོགས་དང་མཚུངས་པ་མེད་པ་ཉིད་དུ་རྟོགས་པར་བྱའོ། །སྤྱིར་ཡང་ཐ་སྙད་འཇོག་ན་ཕྱི་ནང་དང་། སྣང་སེམས་དང་། འཁྲུལ་མ་འཁྲུལ་དང་། འཁོར་འདས་ལ་སོགས་པ་ཀུན་རྫོབ་པའི་བདེན་པ་ལ་འབྱེད་པ་ནི་ཆོས་ཐམས་ཅད་གཏན་ལ་འབེབས་པར་བྱེད་པའི་བསྟན་བཅོས་རྣམས་ཀྱི་ལུགས་ཡིན་ན། རྨོངས་པ་དེ་དག་གི་ལུགས་ལྟར་བྱས་ན། ཁྱི་མཆོངས་ཝ་མཆོངས་ཕྱམ་གཅིག་པས་འདི་ལ་ཐ་སྙད་དང་། ལམ་དང་། དག་མ་དག་གཞག་ཏུ་མེད་ལ། དོན་དམ་གཤིས་ལ་གང་ཡང་མ་གྲུབ་པས་ཐམས་ཅད་སེམས་སུ་འདོད་པའང་འཁྲུལ་བར་ངེས་པའི་ཕྱིར། སེམས་ཙམ་རྣམ་བདེན་པ་ཁ་ཅིག་གམ་མུ་སྟེགས་ཕྱོགས་ཀྱི་གོས་ཅན་གཅེར་བུ་པ་ཁ་ཅིག་དེ་ལྟར་འདོད་པའི་ཕྱོགས་འཛིན་པ་ཡིན་པའི་ཕྱིར། ཚུལ་དེ་ལ་བརྟེན་པར་མི་བྱ་བ་ཁོ་ནའོ། །ཕྱིའི་སྣ་ཚོགས་སྣང་བའི་ཆོས་འཁྲུལ་སྣང་གཞི་མེད་སྣང་ཙམ་ཉིད་ནས་ཡོད་མ་མྱོང་བའི་ཆོས་ཉིད་དང་། གང་ལ་སྣང་བའི་ནང་སེམས་ཀྱི་ཆོས་ཉིད་དེ་ཕྱི་ནང་གིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་སྟོང་པ་ཉིད་གཉིས་ལ་ཐ་དད་དུ་བྱར་མེད་པའི་ཆོས་ཐམས་ཅད་ཀྱི་ཆོས་ཉིད་རོ་གཅིག་པ་བྱང་ཆུབ་ཀྱི་སེམས་ཞེས། ཆོས་ཅན་སོ་སོར་སྣང་ཡང་ཆོས་ཉིད་ཀྱི་ཆ་ལ་དབྱེ་བསལ་མེད་པའི་ཐད་ཀྱིས་དེ་ལྟར་གསུངས་པ་ལས། སྣང་ཙམ་པའི་ཐ་སྙད་གདགས་སའི་རི་དང་ཤིང་སྡོང་ཁང་ཁྱིམ་ལ་སོགས་པ་དང་རང་སེམས་གཅིག་ཏུ་ག་ལ་འདོད། འདོད་ན་ཁྱོད་ཀྱི་ལུས་དེ་ངའི་སེམས་རེད་ཅེས་པ་དང་འདྲ་བས་སྨྱོན་པས་ཁ་བླ་བ་དང་ཁྱད་པར་མེད་ཕྱིར་རྡོལ་གཏམ་སྨྲ་བ་ཞེས་བྱའོ། །ཕྱིའི་དངོས་པོ་སྣ་ཚོགས་དང་ནང་རང་གི་སེམས་རྫས་འགལ་བ་ཁ་ཁ་སོ་སོ་སྟེ། དཔེར་ན་མདུན་གྱི་རི་བོ་ལ་ངས་བལྟས་དུས་ངའི་སེམས་ཡིན་ན། ཁྱོད་ཀྱིས་བལྟས་ན་ཁྱོད་ཀྱི་སེམས་ཀྱང་ཡིན་དགོས་པས། ང་སོང་དུས་སེམས་ཤུལ་དུ་ལུས་པའམ། ཁྱོད་སོང་དུས་ཁྱོད་ཀྱི་སེམས་ངའི་སེམས་དང་གཅིག་ཡིན་པས་ཤུལ་དུ་ལུས་པར་ཐལ་བ་དང་། གཞན་ཡང་སྣང་སྲིད་སྣ་ཚོགས་པ་བཞིན་དུ་སེམས་ཀྱང་སྣ་ཚོགས་གྲངས་མེད་དུ་འགྱུར་བ་དང་། གཅིག་གིས་སྡུག་བསྔལ་མྱོང་ན་ཅིག་ཤོས་ཀྱིས་བདེ་བ་མྱོང་མི་རིགས་པར་ཐལ་བ་ལ་སོགས་པ་སྐྱོན་སྣ་ཚོགས་སུ་ཐལ་བས། སྣང་བ་དང་སྣང་ཡུལ་ཐ་དད་དུ་ཕྱེ་དགོས་པའི་གནད་ཀྱི་གོ་བའང་འདིར་ཤེས་པར་བྱས་ནས། རྨོངས་པ་དག་གིས་ཕྱོགས་དང་མཚུངས་པ་མེད་པ་ཉིད་དུ་རྟོགས་པར་བྱའོ་ཞེས་དགག་པའི་དོན་བསྡུས་ཏེ། སྤྱིར་བཏང་གི་རིགས་པ་སྨྲ་བའི་ཐ་སྙད་འཇོག་ལུགས་ཙམ་ཡང་མི་ཤེས་པར་ཁྱི་མཆོངས་ཝ་མཆོངས་འདྲེས་མ་ཅན། སེམས་ཙམ་རྣམ་བདེན་པ་ཁ་ཅིག་གམ་མུ་སྟེགས་གཅེར་བུ་པའི་འདོད་པ་དང་འབྱེད་ཆོས་ཐ་དད་པ་མེད་པ། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །ཞེས་དཔལ་ལྡན་ཆོས་ཀྱི་གྲགས་པས་གསུངས་པ་ལྟ་བུ་སྟེ། མདོར་ན་ཐམས་ཅད་སེམས་སུ་འདོད་པ་འཁྲུལ་བ་ཡིན་པར་ངེས་པའི་རྒྱུ་མཚན་གྱིས་བརྟེན་པར་མི་བྱའོ་ཞེས་ལམ་མིན་གཡང་སར་འཕྱན་པའི་འཕྲང་བསལ་བས་འགག་བསྡོམས་པའོ། །སེམས་སྡེ་ལས་ཐམས་ཅད་སེམས་སུ་བཤད་པ་དེ་ཁྱེད་ཀྱི་འདོད་པ་དང་མི་གཅིག་སྟེ། ཐམས་ཅད་བྱང་ཆུབ་ཀྱི་སེམས་ལས་བྱུང་བ་དང་། དེའི་རྩལ་ལས་རོལ་བར་ཤར་བ་ལ་དེ་སྐད་བརྗོད་ནས་གསུངས་ཏེ། རྩལ་དང་རོལ་བ་དང་བྱང་ཆུབ་ཀྱི་སེམས་ཞེས་བྱ་བ་གསུམ་དུ་རྣམ་པར་འཇོག་པས། ཆོས་རྣམས་གཏན་ལ་འབེབས་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་ནི་གང་དུའང་མ་གྲུབ་ལ་གང་གིའང་གཞིར་གྱུར་པས་ནམ་མཁའ་ལྟ་བུའོ། །དེའི་རྩལ་ནི་འཆར་ཚུལ་མ་འགགས་པ་མེ་ལོང་གཡའ་དག་པའི་ངོས་ལྟ་བུའོ། །རོལ་བ་ནི་སྣ་ཚོགས་སུ་ཤར་བའི་ཆོས་སྒྱུ་མའི་དཔེ་བརྒྱད་ལྟ་བུའོ། །འདི་གསུམ་ཡང་སྟོང་ངོས་ནས་གང་དུའང་མ་གྲུབ་པས་གཉིས་སུ་མེད་ལ། སྣང་ངོས་ནས་ཐ་སྙད་དུ་རིག་པ་དང་། གཉིད་དང་། རྨི་ལམ་ལྟར་གཅིག་ལས་གཅིག་ཤར་བའི་དུས་ནས་གཞི་མེད་ཀྱི་རང་བཞིན། བྱང་ཆུབ་ཀྱི་སེམས་དང་། རྩལ་དང་། རོལ་བ་གསུམ་དུ་སྣང་བ་སྟེ། འདི་དག་ངོ་བོ་ལ་ལྟོས་ནས་གཅིག་དང་ཐ་དད་པའི་ཆོས་ལས་འདས་ལ། སྣང་ཚུལ་ལ་ལྟོས་ནས་ཐ་སྙད་གསུམ་དུ་བརྗོད་པ་ནི། དེའི་ངོ་བོར་བྱས་ནས་ཐ་སྙད་དུ་འཇོག་དུས། རོལ་བ་དང་བྱང་ཆུབ་ཀྱི་སེམས་གཅིག་ཏུ་མི་འཐད་པས། རོལ་བ་འདི་དག་ལ་ལྟོས་ནས། སྣང་བ་དང་སྣང་ཡུལ་དུ་ཕྱེ་སྟེ། ཕྱི་ནང་གང་ནའང་མེད་ལ་སྣང་བའི་གཟུགས་བརྙན་སྒྱུ་མའི་དཔེ་བརྒྱད་དུ་ཤེས་པས། ཆོས་དང་ཆོས་ཅན་ལ་སོགས་པར་བཏགས་ཀྱང་། མེད་པ་གསལ་སྣང་ཆེན་པོར་རྫོགས་པ་ཆེན་པོ་འདིའི་ལུགས་ལ་འདོད་པ་ཡིན་པས་དེ་ལྟར་རྟོགས་པར་བྱའོ། །རང་ལུགས་ཀུན་མཁྱེན་ཆེན་པོའི་ལུགས་ལ། སྣང་བ་དང་སྣང་ཡུལ་ཕྱེད་པ་ནི་གལ་ཆེན་ཞིང་། རྫོགས་ཆེན་སྡེ་གསུམ་གྱི་ནང་ནས་སེམས་སྡེའི་སྐབས་སུ་ཐམས་ཅད་སེམས་སུ་བཤད་པ་ཡོད་ཀྱང་། དེའི་སྐབས་ཀྱི་སེམས་ཞེས་པ་ནི་རྫོགས་པའི་སངས་རྒྱས་ཀྱི་རྣམ་མཁྱེན་གྱི་ཡེ་ཤེས་ལ་སེམས་ཆེན་པོ་ཞེས་གསུངས་པའི་སྐབས་དང་མཐུན་པར། རང་བྱུང་གི་རིག་པ་ལ་བྱང་ཆུབ་ཀྱི་སེམས་ཞེས་པའི་ཐ་སྙད་མཛད་པ་ཡིན། དེ་ཡང་དོན་དམ་བྱང་ཆུབ་ཀྱི་སེམས་གོམས་སྟོབས་ཀྱིས་རྟོགས་པ་དེ་ཡང་རིག་པ་རང་བྱུང་གི་ཡེ་ཤེས་བདེ་བར་གཤེགས་པའི་སྙིང་པོ་མངོན་དུ་གྱུར་པ་ལ་གོ་དགོས་པ་ཡིན། སེམས་སྡེའི་སྐབས་སུ་བྱང་ཆུབ་སེམས་དང་དེའི་རྩལ་དང་དེའི་རོལ་བ་སྟེ་རྣམ་པ་གསུམ་གྱིི་རྣམ་གཞག་གིས། འཁོར་འདས་སྣང་བཏགས་ཀྱི་ཆོས་ཐམས་ཅད་གཏན་ལ་འབེབས་ཡོང་དུས། ཅིར་ཡང་མ་གྲུབ་ཅིང་གང་གི་ཡང་གཞིར་གྱུར་པའི་བྱང་ཆུབ་ཀྱི་སེམས་དེའི་དཔེ་ནམ་མཁའ་ལྟ་བུ་དང་། དེའི་རྩལ་གྱི་དཔེ་མེ་ལོང་གཡའ་དག་དང་། རོལ་བ་སྒྱུ་མའི་དཔེ་བརྒྱད་ཀྱིས་བསྟན་པའི་དོན་ཀུན་གྱི་གཞིར་གྱུར་པ། འཆར་ཚུལ་མ་འགགས་པ། སྣ་ཚོགས་ལ་ཤར་བ་རྣམས་ཀྱང་། ངོ་བོ་སྟོང་ངོས་ནས་གཉིས་སུ་མེད་ལ། ཐ་སྙད་སྣང་ངོས་ནས་གཅིག་ལ་བརྟེན་ཏེ་གཅིག་བྱུང་བའི་འབྲེལ་བ་གྲུབ་པ་དང་། དེ་བཞིན་དུ་ཡང་ངོ་བོ་སྟོང་ངོས་ནས་གཟུང་འཛིན་མཚན་མའི་ཆོས་ཐ་དད་པར་འཇོག་ཏུ་མེད་ཀྱང་། རྩལ་དང་རོལ་བའི་འཆར་ཚུལ་གྱི་སྟེང་ནས་སྣང་བ་དང་སྣང་ཡུལ་གྱི་དབྱེ་བས་གཟུང་འཛིན་དུ་ཕྱེ་བའི་གོ་དོན་གསལ་བར་གསུངས་ཤིང་། མདོར་ན་བྱང་ཆུབ་ཀྱི་སེམས་དང་། རྩལ། རོལ་བ། ཆོས་ཅན། ཆོས་ཉིད་ལ་སོགས་པ་མིང་ཅི་ཞིག་བཏགས་ཀྱང་དོན་གང་སྣང་མེད་པ་གསལ་སྣང་ཆེན་པོར་འདོད་པ་ནི་རྫོགས་ཆེན་གྱི་ལུགས་སོ་ཞེས་པའོ། །འདི་ལྟར་འཆད་ཤེས་ནས་རྒྱ་རླབས་ཀྱིས་བཅད་པའི་གོ་དོན་གྱིི་ཀློང་ཡངས་པ་དང་། བཤད་པ་རྩིང་པོ་ལ་མ་སོང་བའི་ཕྲ་ཞིང་ཞིབ་པ་དང་། ལུགས་གཞན་དང་མ་འདྲེས་པའི་ཁྱད་ཆོས་ཁྱད་པར་བ་དང་ལྡན་པ་དང་། འཁོར་འདས་དང་སྣང་སྟོང་ལ་སོགས་པའི་རྣམ་གཞག་དུ་མར་བྱར་ཡོད་པས་གང་ལྟར་བཤད་ཀྱང་འགལ་བ་མེད་པ་བཤད་ཐུབ་པས་ན། གཞན་ལས་གྲུབ་པའི་མཐའ་ཁྱད་པར་དུ་འཕགས་པར་བཞུགས་ཏེ། དེང་སང་ལེགས་པར་འཆད་ཤེས་ཤིང་རྒྱུད་དོན་འགྲོལ་ཤེས་པ་ནི་ཁོ་བོ་ཅག་གི་ལུགས་ཙམ་མོ། །དེ་རིང་གི་ཆོས་མཚམས་འདི་ནས་བཞག་ན་ཆུ་ཚོད་ཀྱང་ཚང་ནས་འདུག སང་ཉིན་མུ་མཐུད་དེ་རྟོགས་པ་རང་སྣང་དུ་ཤར་བའི་དུས་ངེས་པ་ལ་བསྔགས་པ་བརྗོད་པ་ནས་བཤད་རྒྱུ་བྱེད། དེ་རིང་དང་སང་ཉིན་གཉིས་ཀ་ལ་འདིའི་ཁྲིད་སྦྱོང་མཛད་ནས། གནངས་ཉིན་ནས་རླུང་སྦྱོང་ལ་ཐུག་ཡོད་ས་ཡོད། དེ་དུས་དོན་ཁྲིད་རྡོ་རྗེ་སྙིང་པོ་དོ་ཞག་གི་མཚམས་ནས་མར་ཁྲིད་རྒྱུ་ཡིན། འུ་བུ་ཅག་གི་ཁྲིད་སྦྱོང་འདི་ལ་སྒོམ་རྒྱག་དགོས་པ་ཡིན། སྒོམ་རྒྱག་ཟེར་རྒྱུའི་ཐ་སྙད་འདི་ལ་དཔྱད་པ་ཞིག་བྱེད་ན། སྒོམ་རྒྱག་ཅེས་པའི་བྱ་ཚིག་གཉིས་ལྷན་དུ་འབྲེལ་བའི་ཐ་སྙད་ཀྱི་ཚིག་ཅིག་ཡོང་རྒྱུ་འདི། ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་ཐབས་གཉིས་ཀྱི་སྒོ་ནས། ནང་རླུང་སེམས་ཀྱི་འདུ་བ་ལམ་དུ་བྱས་ནས་མཚན་བཅས་སམ་མཚན་མེད་ཀྱི་དམིགས་རྣམ་ཞིག་གི་ཐོག་ལ་བཞག་ནས་འདུག་པ་དེ་ལ་གོ་བ་ཡིན། སྤྱིར་ན་སྒོམ་བརྒྱབ་ནས་བསམ་གཏན་གྱི་ངང་ལ་གནས་རྒྱུ་འདི་ནང་པ་སངས་རྒྱས་པའི་ཐེག་རིམ་སོ་སོས་མ་ཚད། ཕྱི་རོལ་པ་ལ་ཡང་བསྒོམ་རྒྱག་རྒྱུ་ཡོད་ཅིང་། བསམ་གཟུགས་ཀྱི་ཏིང་ངེ་འཛིན་ཕྱི་ནང་ཐུན་མོང་གི་བསམ་གཏན་སྒོམ་པ་ནི་ལམ་ཞུགས་ལྷ་མིའི་ཐེག་པའི་བསྟན་བྱ་ཡང་ཡོད་པ་ཡིན། འོན་ཀྱང་ཕྱི་བ་དང་ནང་བའི་སྒོམ་གྱི་ཁྱད་པར་ནི། སྤྱིར་ལྟ་གྲུབ་ཀྱིས་ཕྱེ་བ་དང་། བྱེ་བྲག་ཏུ་སྐྱབས་སུ་འགྲོ་བ་ཁྱད་པར་ཅན་གྱི་རྨང་གཞིའི་སྟེང་ནས། སོ་བྱང་སྔགས་ཀྱི་སྡོམ་པས་རྒྱུད་བསྡམས་ནས་ལྟ་བ་ཡང་དག་ཏུ་འབྲེལ་བའི་གཞི་ལམ་འབྲས་བུའི་རྣམ་གཞག་དང་། ངེས་འབྱུང་དང་། བྱང་སེམས་དང་། དག་སྣང་རྣམས་ཀྱིས་ཁྱད་པར་དུ་ཕྱེ་བར་བྱས་ནས། འཁོར་བ་ལས་ཐར་བའི་ཐར་བ་སྒྲུབ་སྟངས་དང་བསྒྲུབས་ནས་འགྲུབ་པའི་ཐད་ཀྱི་ཆུང་སྐོར་གསུམ་འབྲིང་སྐོར་གསུམ་ཆེ་སྐོར་གསུམ་མམ། ཡང་ན་དམན་འབྲིང་མཆོག་གི་གོ་འཕང་སྒྲུབ་ལུགས་དང་། དེ་འགྲུབ་པའི་ཐད་ནས་ནང་པའི་ལྟ་སྒོམ་སྤྱོད་གསུམ་ཕྱི་བ་ལས་ཁྱད་དུ་འཕགས་པས་མི་ཚད། ནང་པ་ལ་ཡང་སྤྱིར་ན་ཐེག་རིམ་མཐོ་དམན་གྱི་ཁྱད་པར་དང་། ཡང་སྒོས་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས་སྔགས་ལྷག་པ་དང་། སྔགས་ལ་ཡང་གོང་མ་གོང་མའི་ནང་གསེས་ཀྱི་ཁྱད་པར་འཕགས་པའི་རང་བཞིན་ཡོད་པ་ཡིན་པས་ན། དེའི་དབྱེ་བ་ལའང་སྔ་འགྱུར་རང་ལུགས་ཀྱི་ཐེག་དགུའི་རྣམ་གཞག་འདི། མཐར་ཐུག་གི་མྱུར་ལམ་འཚོལ་བ་ཞིག་ལ་མཚོན་ན། མེད་ན་ཁྱད་པར་མི་འབྱེད་པའི་ཐེག་པའི་དབྱེ་རིམ་དགོས་གནད་ཁྱད་པར་བ་དང་ལྡན་པ་ཞིག་ཡིན་ཅིང་། དེ་ནི་དོན་ལ་རྟོན་པ་རྒྱལ་བའི་དགོངས་པ་ངེས་དོན་ཟབ་མོ་འབྱེད་པའི་བློ་གྲོས་ཀྱིས་བརྟགས་ན་ཤེས་རྒྱུ་ཅན་ཞིག་ཡིན་ལ། དེ་ཡིན་པའི་སྟབས་ཀྱིས་དེ་རིང་ཁ་རྩང་རིས་མེད་ཀྱི་བསྟན་འཛིན་མང་པོ་ཞིག་གིས། རྫོགས་པ་ཆེན་པོའི་ཆོས་འདི་ཐུགས་དགོངས་པའི་དཀྱིལ་དུ་བཟུང་ནས་ཐུགས་དམ་ཉམས་བཞེས་ཀྱི་མཐིལ་དུ་མཛད་བཞིན་ཡོད་པ་རེད། སྒོམ་རྒྱག་པ་ཞེས་པའི་མིང་གི་ཐ་སྙད་ཀྱི་ཐད་ནས་བཤད་ན། བསམ་གཏན་ལ་མཉམ་པར་བཞག་པ་ཞེས་པ་དང་། ཏིང་ངེ་འཛིན་སྒོམ་ཞེས་པ་དང་། ནང་དུ་ཡང་དག་འཇོག་ལ་གནས་པ་ཞེས་པ་ལ་སོགས་པའི་བཤད་སྟངས་མང་པོ་ཞིག་ཡོད་ཅིང་། འོག་མའི་སྐབས་ཀྱི་ཕར་ཕྱིན་གྱི་ཐོག་ནས་བཤད་ན། ཕར་ཕྱིན་ཕྱི་མ་བསམ་གཏན་དང་ཤེས་རབ་གཉིས་ཀྱི་ནང་ནས་བསམ་གཏན་དང་། ཞི་ལྷག་གི་ཟླས་ཕྱེ་བའི་ཞི་གནས་ལ་གཙོ་བོར་སྨྲོས་པ་ཞིག་ཡིན་པ་དང་། ཞི་གནས་དང་ལྷག་མཐོང་ཟེར་པའི་མིང་གི་བརྡ་ཆད་ཙམ་དང་། དེ་དང་མཐུན་པའི་རང་རང་གི་ལམ་གྱི་སྒོམ་པའི་ཐབས་དེ་ནི། ཐེག་དམན་ཉན་ཐོས་ཀྱི་ལམ་ཡན་ཆད་ནས་ཡོད་པ་ཞིག་དང་། ལྟ་སྒོམ་མཆོག་དམན་ལ་མ་ལྟོས་པ་ཞི་གནས་ཀྱིས་ལྷག་མཐོང་འདྲེན་པའི་ཐབས་དང་ཐབས་བྱུང་གི་གོ་རིམ་བརྒྱུད་པའམ། ཡང་ན་ཞི་ལྷག་ཟུང་དུ་འབྲེལ་བའི་ལམ་གྱི་དངོས་གཞི་ཞིག་ལ་གཙོ་བོར་གོ་དགོས་པ་ཡིན། རྫོགས་ཆེན་ཨ་ཏི་ཡོ་གའི་ཤིན་ཏུ་རྣལ་འབྱོར་གྱི་ཆོས་སྐད་ཀྱི་སྟེང་ནས་བཤད་ཡོང་ན། སྒོམ་བསམ་གཏན་གྱི་ཏིང་འཛིན་འདིའི་ངོ་བོའི་སྟེང་ནས་དབྱེ་བ་ཕྱེས་ཡོང་ན། སེམས་ལམ་བྱེད་ཅིག་དང་ཡེ་ཤེས་ལམ་བྱེད་ཅིག་སྟེ་གཉིས་ཀྱི་ཁྱད་པར་གྱིས་ཕྱེ་བ་དང་། རྫོགས་ཆེན་ཨ་ཏིིའི་ངོས་ནས་གཞལ་ཡོང་ན་ཐེག་བརྒྱད་བློ་ཡི་གྲུབ་མཐའ་ཐམས་ཅད་སེམས་ལམ་བྱེད་ཡིན་པས་མ་ཚད། ཨ་ཏི་རང་ཉིད་ལ་ཡང་སྡེ་གསུམ་ཀློང་དགུ་ཕྱེས་ཡོང་བའི་མན་ངག་སྡེ་ཁྱད་དུ་འཕགས་པ་ཡིན། གསང་བ་མན་ངག་སྡེ་ལ་ཡང་སྐོར་ཚོ་བཞིར་ཕྱེས་པའི་ཕྱི་ནང་གསང་བའི་སྐོར་ཚོ་གསུམ་ལས་ཀྱང་ཡང་གསང་བླ་ན་མེད་པ་འདི་ཉིད། ལུས་དབང་ཡོངས་སུ་རྫོགས་པའི་སྐྱེས་བུ་ཞིག་ལ་དཔེ་བཞག་ནས་སྒྲོན་མ་སྣང་བྱེད་ཀྱི་ནང་ནས་གསུངས་པའི་ཁྱད་ཆོས་ལྡན་པ་ཡིན། དེ་གང་གི་ཐད་ནས་ཁྱད་དུ་འཕགས་ཟེར་ན། བསམ་གཏན་ལས་བརྒལ་བའི་ཤེས་རབ་ཁྱད་པར་ཅན་གྱིས་ཁྱད་པར་བྱས་པ་ཞིག་ལ་གོ་དགོས་ཤིང་། དམུས་ལོང་དམིགས་བུ་མེད་པ་བརྒྱ་ཕྲག་གྲོང་ཁྱེར་ལ་འཇུག་པའི་ལམ་ངོགས་མི་ཟིན་པ་བཞིན་དུ། ཤེས་རབ་མེད་ན་ཕ་རོལ་ཕྱིན་ལྔས་ཐམས་ཅད་མཁྱེན་པའི་གྲོང་ཁྱེར་དུ་འཇུག་པ་མི་ནུས་པར་གསུངས་ནས། དེའི་ཐད་ཀྱི་མདོ་དང་བསྟན་བཅོས་ཀྱི་ལུང་མང་པོ་འདྲེན་ཚོད་མེད་རྒྱུ་ཞིིག་ཡོད་པ་ཡིན། དེ་ལྟ་བུའི་ཤེས་རབ་ཀྱི་ངོ་བོ་དེ་ཅི་ཞིག་ལ་གོ་དགོས་ན། ཇི་ལྟ་བ་དང་ཇི་སྙེད་པ་ལ་དམིགས་པའི་ལྷག་མཐོང་གི་ཡེ་ཤེས་ཡིན། སྟོང་པའི་གདངས་ཀྱིས་ཡེ་ཤེས་ཀྱི་གོ་འབྱེད་པའི་ཆ་ནས་སོ་སོར་རང་རིག་པ་ཞེས་གསུངས་ཀྱང་། དེ་ལ་དྲན་བསམ་རང་རྒྱུད་པ་མི་གནས་པས་རྟོག་པ་དང་རྫས་འགལ་བ་ཡིན་པས་མི་ཚད་པར། དྲན་ཤེས་ཉམས་པའི་གཏི་མུག་མི་རྟོག་པའི་བསམ་གཏན་སྒོམ་པ་དང་དེ་གཉིས་ཀ་མིག་ཕྱེས་ཙུམ་གྱི་ཁྱད་པར་ལྟར་དུ་ཡོད་པ་མ་ཟད། བསམ་གཏན་གྱི་གནས་སྐབས་ན་གཞི་བཞག་གི་གནས་ལུགས་སེམས་ཀྱིས་ལམ་དུ་བྱེད་པ་དང་། ཤེས་རབ་ཀྱི་གནས་སྐབས་ན་རིག་ཐོག་ཏུ་སྤྲོས་པ་རང་ཞིག་ལ་སོང་བ་གཉིས་ཀྱི་བར་དུ་གནམ་ས་ལྟ་བུའི་ཧེ་བག་རྒྱུག་པ་ཡིན། འོན་ཀྱང་དེ་དང་འདྲ་ལ་མ་ཡིན་པའི་འཁོར་བའི་སེམས། འབྲས་བུ་སྐྱེ་བའི་ཏིང་འཛིན་གཅིག་ལ་གཏོད་ཕུར་སྲ་མོ་ཞིག་ཐེབས་ནས། གཏིང་གསལ་གྱི་རང་མདངས་མ་རྙེད་ན། དབང་པོའི་ཡུལ་རྒྱུན་འགགས་པའི་ཤེས་པ་ནམ་མཁའ་ལྟར་སྟོང་ལ་མ་འགགས་ཙམ་གྱི་ངོ་བོ་ཉིད་ཡིད་ལ་བྱེད་པ་བརྟན་པ་ལས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ཀྱི་སེམས་སོགས་ཀྱི་རྒྱུ་སྙོམས་འཇུག་གི་བསམ་གཏན་ལ་གོམས་སོང་དུས། འབྲས་བུ་སྐྱེ་བའི་བསམ་གཏན་འགྲུབ་པ་ལས་ཐར་བ་ཙམ་ལ་ཡང་སྙེག་པ་མེད་ཅིང་། འདས་ལམ་ཡིན་ཡང་སྤྱིར་ཐེག་ཆེན། སྒོས་སྔགས། ཁྱད་པར་ཐེག་རྩེ་རྫོགས་ཆེན་དང་བསྡུར་ཡོང་ན། དམན་མཆོག་གི་ཁྱད་པར་གནམ་ས་འདྲ་ཞིག་རྒྱུག་པ་ཡིན། སྐབས་འདིའི་བཤད་གང་ཡིན་ན། ཡེ་ཤེས་བླ་མའི་དངོས་གཞིའི་མུ་བཞི་བཤད་པའི་སྐབས་སུ་རང་ལུགས་ཀྱི་ཆོས་བརྒྱུད་འདིའི་དགོངས་པ་ཇི་ལྟར་བཀྲལ་བ་ཡིན་ཟེར་ན། མན་ངག་སྡེའི་སྐོར་ཚོ་བཞི་ལ་སྦྱར་ནས་བཤད་པས་ན་གཞི་མཐོང་ལ་དངོས་མ་མཐོང་བ་དེ་ཕྱི་སྐོར་ཡིན། དངོས་མཐོང་ལ་གཞི་མ་མཐོང་བ་དེ་ནང་སྐོར་ཡིན། གཉིས་ཀ་མ་མཐོང་བ་གསང་སྐོར་ལ་བཞག་དུས། ཐམས་ཅད་ཀུན་མཐོང་དབང་པོ་ཀུན་ཚང་ལ་དཔེ་གཞག་ས་དེ་གསང་བ་བླ་ན་མེད་པ་ཡིན། དེ་ཡང་གཙོ་བོ་ཐོད་རྒལ་གྱི་སྣང་བཞིའི་རིམ་པ་དང་། བརྡ་དོན་རྟགས་ཀྱིས་མཚོན་པའི་རིག་པ་ཆོས་སྐུའི་རང་ཞལ། ད་ལྟ་ནས་མངོན་སུམ་དབང་པོའི་སྤྱོད་ཡུལ་དུ་འཆར་བས་ཁྲེགས་ཆོད་ལས་ཐོད་རྒལ་འཕགས་ཆོས་བདུན་གྱི་སྒོ་ནས་ཁྱད་དུ་འཕགས་པའི་ཁྱད་འཕགས་ཀྱི་རང་བཞིན་ཡིན་གསུངས་ཡོད་པ་ཡིན། དེའི་རྒྱུད་དོན་རྒྱལ་བ་ཀློང་ཆེན་པས་བཀྲལ་བའི་ཚིག་དོན་མཛོད་དང་། ཐེག་མཆོག་མཛོད་གཉིས་ཀའི་ནང་ནས་ཀྱང་ཇི་མ་ཇི་བཞིན་དུ་གསུངས་ཤིང་། དེ་ལྟར་བྱས་ཡོང་དུས་ཆོས་དབྱིངས་མཛོད་འདི་མཛོད་བདུན་པོའི་ནང་གི་རྩ་བ་ཆེ་ཤོས་ཆོས་སྐུའི་དགོངས་པ་རྗེན་གཅེར་དུ་བསྟན་པའི་མན་ངག ཆོས་སྐུའི་རིང་བསྲེལ་དུ་བཞག་པའི་ཕུང་པོ་དེའང་འདི་ཡིན། ཆོས་སྐུའི་མཆོད་སྡོང་ཆེན་པོའང་འདི་ཡིན། ཀུན་མཁྱེན་བླ་མའི་གསུང་གི་འདྲ་འབག་ཀྱང་འདི་ཡིན་ཞེས་གསུངས་པ་ཡིན། འོ་ན་འདིའི་བསྟན་དོན་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་ལས་ཐོད་རྒལ་གསུངས་མེད་ཅིང་། ཁྲེགས་ཆོད་ལས་ཐོད་རྒལ་ཁྱད་ཆོས་བདུན་གྱིས་འཕགས་པས། འདི་ཁྱད་ཆོས་བདུན་ལས་དམན་པར་འདུག་མོད་སྙམ་ན། དེ་འདྲ་བ་དེས་དང་པོར་ཐོད་རྒལ་ཞེས་པ་དེ་ཅི་ཞིག་ཡིན་པ་དང་། དེའི་བསྟན་དོན་གྱི་གོ་བའི་གཏིང་ངོ་མ་དེ་ཟབ་མོ་ཞིག་ལོན་དགོས་པ་ཡིན། ཐོད་རྒལ་གྱི་སྐབས་སུ་བཞུགས་སྟངས་གསུམ་དང་གཟིགས་སྟངས་རྣམ་གསུམ་གྱིས་གཅུན་པའི་སྒྲོན་དྲུག་སྣང་བཞིའི་སྐོར་བཤད་པའི་སྐབས་སུ། སྒྲོན་མ་དྲུག་དང་སྒྲོན་མ་དགུ་ཡི་རྣམ་གཞག་ཚང་མ་དེ་སྒྲོན་མ་བཞི་ལ་འདུས་པ་ཡིན། སྒོ་རྒྱངས་ཞག་ཆུ་ཡི་སྒྲོན་མས་ལམ་བྱས་ནས། དག་པ་དབྱིངས་ཀྱི་སྒྲོན་མས་སྣ་ཚོགས་ཞིང་དང་གཞལ་ཡས་ཁང་གི་རྒྱན་བཀྲམ་དུས། ཐིག་ལེ་སྟོང་པའི་སྒྲོན་མས་རྟེན་དང་བརྟེན་པའི་ལྷ་ཚོགས་སུ་འཆར་བའི་གཞི་བྱས་ནས། རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་རིགས་ལྔ་ཞི་ཁྲོའི་སྐུར་སྨིན་པར་བྱེད་ཅིང་། ངོ་མས་བཤད་ན་དེ་ཤེས་རབ་སྐུ་རུ་སྨིན་པ་ལས་མ་འདས། མཐར་གཏུགས་ནས་ཡོང་ན་སྒྲོན་མ་ཐམས་ཅད་ཀྱི་རྩ་བ་ནི་ནང་ཤེས་རབ་རང་བྱུང་གི་སྒྲོན་མ་དེ་རེད། ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་སྟོབས་ཤེས་རབ་ཀྱི་རང་རྩལ་དེ་ནང་ནས་རྫོགས་ནས་ཤེས་རབ་སྐུ་རུ་སྨིན་པ་ཡིན། དེ་ཡིན་ན་གོང་ནས་བཤད་པའི་རྫོགས་ཆེན་གསང་བ་མན་ངག་གི་སྡེ་སེམས་ལས་འདས་པའི་ཡེ་ཤེས་ལམ་བྱེད། འབྲས་བུའི་ཐེག་པ་ངོ་མ་ལ་དོན་གྱིས་གྲུབ་ཅིང་། ཆོས་ཟད་ཆོས་སྐུའི་དགོངས་པ་སྣང་བཞི་མཐར་ཕྱིན་ནས་ཟད་པའི་ས་ལ་བསྐྱལ་དུས། ཁྲེགས་ཆོད་ཐོད་རྒལ་གཉིས་ཀས་སྣང་བཞི་ལུགས་འབྱུང་དང་ལུགས་ལྡོག་གང་ནས་བཤད་ན་ཡང་། སྐུ་གསུམ་ལམ་སྣང་དུ་བྱས་ནས་སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་པའི་ཀུན་བཟང་ཆོས་དྲུག་གིས་གྲོལ་བ་ཡིན། འདིའི་ཡེ་ཤེས་ལམ་བྱེད་ཀྱི་ཐེག་པའི་ཡེ་ཤེས་དེ་གང་ལ་གོ་དགོས་ན། སོ་སོར་རྟོག་པའི་ཤེས་རབ་དབྱེ་བ་ལྔ་ཡི་བདག་ཉིད་ཅན་ཞིག་རེད། རྒྱལ་བའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་མཁྱེན་ཆ་འགག་པ་མེད་པ་མཁྱེན་བརྩེ་ནུས་པ་ཐམས་ཅད་ཀྱི་འཕྲོ་གཞི། གང་དབྱིངས་སུ་འཁྱིལ་བའི་ཡེ་ཤེས་དེ་དང་གཉིས་སུ་མ་མཆིས་པ་དེ་ཡིན། དེས་ན་ཐོད་རྒལ་ཉམས་ལེན་གྱི་རྩ་བ་དེ་ནང་ཤེས་རབ་རང་བྱུང་གི་སྒྲོན་མ་ལ་ཐུག་པ་ཡིན་པས་ཀ་དག་ལྷུན་གྲུབ་གཉིས་མེད་རེད། ནང་གསལ་རང་བྱུང་གི་ཡེ་ཤེས་རིག་སྟོང་སྤྲོས་པ་དང་བྲལ་བ་འོད་གསལ་གྱི་ཡེ་ཤེས་ཀྱི་སྣང་ཆ། རང་ཆས་སུ་ཡོད་པ་དེ་རང་བྱུང་མ་བཅོས་ཟང་ཐལ་གྱི་རིག་པ་ཡང་རེད་ལ་ནང་ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་གདངས་གཉིས་ཀ་འཆར་གཞི་ངོ་བོ་ཡང་དེ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་སྐུ་དང་ཡེ་ཤེས་སུ་གསུངས་པའི་གཞི་ལམ་འབྲས་བུའི་རྣམ་གཞག་བྱུང་ཞིང་། ཀ་དག་ལྷུན་གྲུབ་གཉིས་མེད། ཁྲེགས་ཆོད་ཐོད་རྒལ་གཉིས་ཀ་ཟུང་འཇུག་རེད། ཆོས་གཟུགས་ཀྱི་སྐུ་གཉིས་ཀྱང་སྣང་སྟོང་གི་ལྡོག་ཆ་ཙམ་ཡིན་པས་གཞི་འབྲས་དབྱེར་མེད་དག་པ་གཉིས་ལྡན་ནང་གསལ་སྐུ་གསུམ་གྱི་དབྱེ་གཞི་ཆོས་ཀྱི་སྐུ་གཅིག་ལས་མ་འདས་པའི་འཕྲོ་གཞི་དེ་ལས། གདུལ་བྱར་གཟུགས་སྐུ་གཉིས་སུ་སྣང་བ་ཡིན་པས། ཕུགས་རྩ་བ་དེད་དུས་ཆོས་སྐུའི་དགོངས་པ་གཅིག་ལ་ཐུག་པ་ཡིན། དེ་ཉིད་སྒྲ་ཚིག་གི་རྣམ་པར་ཤར་བ་ཀུན་ཏུ་བཟང་པོའི་ཐུགས་བཅུད་ཐང་མ་བརྡལ་བ་དེ་གང་ཡིན་ན་ཆོས་དབྱིངས་རིན་པོ་ཆེའི་མཛོད་འདི་ཉིད་ཡིན་པས་ན། །ཟབ་ལས་ཆེས་ཟབ་ཆོས་དབྱིངས་རིན་ཆེན་མཛོད། །ཡང་དག་ཆོས་སྐུ་དངོས་སུ་བྱོན་པའི་གཞུང་། །གཞུང་བཟང་འདི་འདྲ་སངས་རྒྱས་དངོས་ཡིན་ཏེ། །སྲིད་པ་འདི་ན་རྒྱལ་བའི་མཛད་པ་སྒྲུབ། །ཅེས་དཔལ་སྤྲུལ་ཚང་གིས་གསུངས་པ་དེ་དོན་ལ་གནས་པའི་གསུང་ཡིན་པ་དེ་ལྟར་གྲུབ་པ་ཡིན། ད་རུང་དེའི་འཕྲོ་ལ། རྒྱལ་བའི་དགོངས་པ་མངོན་སུམ་སྟོན་པའི་གཞུང་། །སངས་རྒྱས་མཇལ་ཀྱང་འདི་ལས་ཡོད་རེ་ཀན། །ཞེས་འགག་མཛད་མ་བཞག་ན་གླེན་པ་དག་གིས་གནད་ཆེན་དུ་བརྩི་ཤེས་རྒྱུ་མ་རེད་དགོངས་ནས་འགག་མཛད་པ་ཡིན། འགའ་རེས་ད་ལོ་ཧ་བོ་ཡེ་ཤེས་བླ་མ་གསུངས་མ་སོང་ཞེས་སྨྲ་བར་འདུག་ཀྱང་། ཡེ་ཤེས་བླ་མ་མི་ལོ་བཅུ་ཙམ་ཞིག་ལ་བཤད་ནས་ལོ་བཅུ་གཅིག་པ་ལ་གནད་དེ་བས་ཆེ་མེད་པའི་ཟབ་པའི་མཐར་ཐུག ཆོས་དབྱིངས་མཛོད་དང་བླ་མ་ཡང་ཏིག་གཉིས་ཀ་རྗེས་ལ་བཞག་ནས་གཟབ་གཟབ་བྱས་ནས་རྒྱས་ཁྲིད་བྱས་པ་ཡིན། ངོ་སྤྲོད་དེ་ཡིན་གཉུག་མའི་ཡེ་ཤེས་དེ། །ཀུན་མཁྱེན་བླ་མའི་གདམས་ངག་དེ་རང་ཡིན། །བརྗོད་བྱ་བྱེད་ཡིན་དབང་བསྐུར་དངོས་ཀྱང་དེ། །སྙིང་པོའི་ཉམས་ལེན་དེ་ག་རང་གིས་ཆོག །ཅེས་གསུངས་པ་ཡིན་པས། དེའི་གནད་ཆེན་རིན་ཐང་ཅན་པོ་གང་ཡིན་དེ་གསལ་མོ་ཞིག་འབྱེད་རྒྱུ་དེ་གལ་ཆེ་ཞིང་། དེ་ལྟ་བུའི་ཟབ་དོན་གདམས་པའི་མན་ངག་འཕྲད་ཆོག་མ། མཐོང་གྲོལ་ཡིན་ཞིང་ཐོས་གྲོལ་དྲན་གྲོལ་ཡང་ཡིན་པའི་རིན་ཐང་ཅན། མཇལ་བ་དཀའ་བ་ཐོབ་པ་དཀོན་པ། བརྒྱུད་པའི་བྱིན་རླབས་ཀྱི་དྲོད་བཅུད་མ་ཡལ་བ། དེ་ལྟ་བུ་ཞིག་ལག་ལ་ཐོན་དུས་གལ་ཆེན་དོན་ཆེན་ཡིན་པ་ཤེས་པའི་ཐོག་དེ་ནས་སྙིང་པོ་བོར་ནས་ཤུན་པ་འཚོལ་བ་དང་། རྩོལ་མེད་བོར་ནས་རྩོལ་བ་གཞན་ཞིག་ལ་སྤྱད་པ་དང་། ནོར་བུ་བསྐྱུར་ནས་མཆིང་བུ་བསྲེལ་བའི་གནད་མི་ཤེས་པའི་རྣམ་འགྱུར་དེ་ཚོ་དོར་ནས། འདི་འདྲའི་གདམས་ཟབ་མན་ངག་གི་ཚིག་རེ་རེ་གོ་རྒྱུ་ཡང་སྐལ་བ་བཟང་པོ་རེད་སྙམ་ནས་ཆོས་ཀྱི་རིན་ཐང་དེ་ངོ་ཤེས་དགོས་པ་ཡིན། བཅོམ་ལྡན་འདས་ཀྱིས་སློབ་པ་ལམ་གྱི་གནས་སྐབས་ན་ཆོས་ཕྱིར་དཀའ་བ་སྤྱད་པའི་སྐྱེས་རབས་ཀྱིི་ནང་ན། རྒྱལ་བུ་ཟླ་བས་བྲམ་ཟེའི་ངག་ལས་ལེགས་པར་བཤད་པའི་ཚིག་བཞི་ཞིག་ལ། གསེར་སྲང་སྟོང་ཕྲག་ཅིག་བྱིན་ནས་ཉན་པ་ཡིན། ངོ་མས་བྱས་ན་རྒྱལ་པོའི་རྒྱལ་སྲིད་བྱིན་ཡང་དེ་ལ་རི་བར་གསུངས་ཤིང་། འཇིག་རྟེན་ཡ་རབས་ཀྱི་ལྷ་ཆོས་དང་འབྲེལ་བའི་ཚིག་བཞི་ཞིག་ལ་དེ་ལྟར་རི་དུས། འདིའི་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་བསྟན་པའི་ཚེ་གཅིག་གི་གྲོལ་བའི་གདམས་ངག་ཚིག་རེ་ལ་གསེར་སྲང་སྟོང་ཕྲག་ཁྲི་ཕྲག་གིས་མི་ཚད། སྟོང་གསུམ་སྣོད་དུ་བྱས་ནས་ལྷ་མིའི་རིན་པོ་ཆེས་བཀང་ནས་ཕུལ་ཡང་རིན་དུ་མི་ཆེ་བ་ཡིན། སྟོང་གསུམ་གྱི་འཇིག་རྟེན་བཀང་བའི་རིན་པོ་ཆེ་མ་དགོས། སྟོང་གསུམ་གྱི་རྒྱལ་པོ་ཁྱོད་ཡིན་ཞེས་ཀྱང། དེས་ཤི་མི་དགོས་རྒྱུ་དང་། ཤི་ནས་ལས་ངན་གྱི་རྣམ་སྨིན་མྱོང་མི་དགོས་རྒྱུ་ལ་ཕན་ཐོགས་མེད་ཅིང་། ད་རུང་ཞེན་ཆགས་ཀྱི་གཞི་མ་རུ་གྱུར་ནས་བཏགས་པའི་རྒྱན་ཞིག་མ་ཡིན་པར་དྲུད་ཀྱི་གདོས་སུ་ཆེ་བ་ཡིན། དེ་བས་འདིའི་ཚིག་ཁེ་རུ་མ་ཞིག་གི་དོན་ཉམས་སུ་ལོན་ན། མ་འབད་ཆོས་སྐུའི་རྒྱལ་ས་ལ་གཏན་བདེའི་ཟག་མེད་ཀྱི་བདེ་བ་རྒྱ་མཚོའི་འབྱོར་བ་དང་ལྡན་པའི་རྒྱལ་ཐབས་ཆེན་པོ་ཞིག་ལ་དབང་སྒྱུར་ཆོག་པ་དེས་མི་དགའ་བར། དོན་ཆེན་བསྐྱུར་ནས་དོན་ཆུང་ཞིག་ལ་འཐམས་ཏེ། རྟ་བསྐྱུར་ནས་ཀུ་རུ་བཙལ་དུས་སྨྱོ་བ་མིན་ན་ཅི་ཡིན། དེས་ན་གདམས་ཟབ་འདི་ལྟ་བུ་ལ་ལོངས་སུ་སྤྱོད་པའི་བགོ་སྐལ་བཟང་པོ་ཐོབ་པ་ལ། དགའ་བ་དང་སྤྲོ་བའི་ཐུགས་འདུན་གྱིས་ནོར་བུ་ལག་ལ་ལོན་པས་མི་ཆོག་པར་དགོས་འདོད་ཐོབ་དགོས་པ་དང་འདྲ་བར། འདི་ཞུས་ཡོད་ཐོབ་ཡོད་ཅིག་གིས་མི་ཆོག་པར་དོན་ཉམས་སུ་ལོན་ནས་ཉམས་རྟོགས་ཀྱི་ཡོན་ཏན་འབར། ཚེ་འདིའི་སྟེང་ནས་ཀ་དག་ཆོས་ཟད་ཀྱི་གདོད་མའི་ས་ལ་གཤེགས་པའི་ཡབ་མེས་དམ་པ་གོང་མའི་ཞབས་རྗེས་བསྙེག་རྒྱུ་དེ། ཀློང་ཆེན་བརྒྱུད་པའི་རིགས་ལ་སྐྱེས་པའི་འདུན་མ་ཉག་གཅིག་ཀྱང་ཡིན་ལ། ཆོས་ཟབ་ཁྲིད་གདམས་པ་ཞུས་པའི་དོན་གོ་ཡང་དེ་ཡིན། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ་རང་གཞན་གྱི་དུས་གསུམ་བསགས་ཡོད་ཀྱི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡོམས་པའི་མཐུས། སྤྱིར་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལུང་དང་རྟོགས་པའི་བདག་ཉིད་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱི་སྒོ་ནས་གོང་དུ་འཕེལ་ཞིང་རྒྱས་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་སྔ་རབས་གཤེགས་པ་རྣམས་ཀྱི་དགོངས་པ་ཡོངས་སུ་རྫོགས། ད་ལྟར་བཞུགས་པ་རྣམས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན། ཁྲིམས་གཙང་། བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་འབེབས། ལོ་ཕྱུགས་རྟག་ཏུ་ལེགས། མི་ནད་དང་ཕྱུགས་ནད་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད། བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱོད་པའི་ཕྱིར་དང་། བདག་ཅག་རྣམས་ཀྱི་ཚེ་འདིའི་ཕ་མ་གཉིས་དང་། དགྲ་བགེགས་གཉིས་ཀྱི་གཙོ་བྱས་པའི་བཟང་འབྲེལ་ངན་འབྲེལ་ཐོགས་པའི་མཐའ་ཡས་སེམས་ཅན་ཐམས་ཅད་མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དང་། དེ་མ་ཐོབ་ཀྱི་བར་དུ་ཡང་མཐོ་རིས་ཡོན་ཏན་བདུན་དང་ལྡན་པའི་ལུས་རྟེན་ཁྱད་པར་ཅན་ཞིག་རྙེད་ནས་ཐེག་པ་ཆེན་པོའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པའི་ཕྱིར་དུ་རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་གནང་བར་ཞུ། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་རླབས་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།