cover

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་ཉེར་དྲུག་པ།

མཁའ་ལྡིང་གཤོག་རླབས་ཀྱི་ཞལ་ཁྲིད་རིག་སྟོང་རྡོ་རྗེའི་རང་སྒྲ།

ཁྱབ་བདག་པདྨ་སྐལ་བཟང་གི་གསུང་། སྤྲུལ་ཨོ་རྒྱན་བསྟན་འཛིན་དང་སྤྲུལ་ཐུབ་འོད་ཀྱིས་ཡི་གེར་ཕབ།

པདྨའི་འོད་སྣང་ཚོགས་པ།
ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེ་ཞུ།

༈ སྐྱེ་རྒུའི་བདེ་སྐྱིད་ཀྱི་འབྱུང་གནས་རྒྱལ་བ་མཉམ་མེད་དོན་ཀུན་གྲུབ་པ་ཆེན་པོའི་གསང་གསུམ་ཡེ་ཤེས་ཀྱི་སྒྱུ་འཕྲུལ་ངོ་མཚར་ཆོས་སྐུའི་རིང་བསྲེལ་གྱི་གཟུགས་སུ་བལྟམས་པ་གསུང་རབ་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། ཐུབ་པའི་དགོངས་པ་རང་སྟོབས་ཀྱི་བཀྲལ་ནུས་པའི་འཕགས་ཡུལ་པཎ་གྲུབ་རྣམས་ཀྱི་མཛད་པའི་བསྟན་འགྱུར་རིན་པོ་ཆེ་སྟེ་མདོ་སྔགས་གཉིས་ལྡན་གྱི་ཡོངས་རྫོགས་བསྟན་པ་རྒྱ་མཚོ་འདི་ཉིད། དེང་གི་ཆར་གངས་རིའི་ལྗོངས་ཀྱི་ཡེ་གེ་ཁོ་ནའི་གཟུགས་སུ་བཞུགས་པ་ནི་སྤྲུལ་པའི་མཁན་སློབ་ཆོས་གསུམ་གྱི་ཐུགས་བསྐྱེད་ཉག་གཅིག་ལས་བྱུང་བ་དང་། དེ་དག་མི་ནུབ་བརྒྱུད་འཛིན་ཡུན་གནས་ཀྱི་ཆེད་དུ་གངས་ལྗོངས་ཆོས་བརྒྱུད་ཁག་ལས་བྱོན་པའི་རིས་སུ་མ་ཆད་པའི་སྐྱེས་ཆེན་རྣམས་ཀྱིས་བཀའ་བསྟན་རིན་པོ་ཆེའི་དགོངས་སྙིང་ཅན་གྱི་གསང་རབ་གླེགས་བམ་སྟོང་ཕྲག་མང་པོ་མཛད་ཅིང་། དཀའ་སྤྱད་ཐུགས་བརྩོན་སྣ་ཚོགས་གྱིས་མ་ཕྱི་གསར་བསྐྲུན་དང་བསྐྱར་བསྐྲུན་སོགས་ཀྱིས་འཇིག་རྟེན་གྱི་ཁམས་སུ་བཞུགས་པ་མཛད་མུས་བཞིན། དེང་གི་ཆར་གློག་རྡུལ་འཕྲུལ་ཆ་དང་དྲྭ་རྒྱའི་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱིའི་རིག་གཞུང་སྤྱི་མཚུངས་ལྟར། རྒྱལ་བའི་གསུང་རབ་རིན་པོ་ཆེ་གཙོ་བོར་གྱུར་པའི་འཕགས་བོད་མཁས་པའི་གཞུང་ལུགས་རྣམས་དྲྭ་ཐོག་ནས་བཤེར་འཚོར་དང་འདྲ་བཤུས་སྒྲིག་གཟོ་སོགས་སྟབས་བདེའི་ལམ་ནས་བཀོལ་སྤྱོད་ཐུབ་པའི་གཞི་རྒྱ་ཆེ་བའི་འཆར་འགོད་དངོས་སུ་ལས་བཞིན་པར། མཆོག་སྤྲུལ་མུ་ར་རིན་པོ་ཆེའི་གཙོས་པདྨའི་འོད་སྣང་ཚོགས་པ་ནས་༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་གསུང་འབུམ་མཚན་བཟང་སོ་གཉིས་ཀྱི་གྲངས་ལྡན་ཅན་འདིར་གནང་འབྱོར་བྱུང་བ་ལགས་ན། ཁོང་རྣམ་པའི་རྨད་དུ་བྱུང་བའི་མཛད་རྒྱས་ལ་སྙིང་ནས་ཐུགས་རྗེ་དང་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་བ་དང་ཆབ་གཅིག་སླད་ནས་ཀྱང་གསུང་རབ་རིན་པོ་ཆེ་ཅི་རིགས་དཔེ་སྐྲུན་གནང་ན་འདི་གར་འདྲ་བཤུས་གནང་སྩོལ་ཡོང་བར་ཅི་ནས་ཀྱང་བཀའ་དྲིན་མི་ཆུང་བ་ཞུ།

ཞེས་དྲྭ་རྒྱའི་དཔེ་མཛོད་འགན་འཛིན་པ་རྫོགས་ཆེན་བསྟན་འཛིན་རྣམ་དག་ནས་ཕུལ།།

མཁའ་ལྡིང་གཤོག་རླབས་ཀྱི་ཞལ་ཁྲིད་རིག་སྟོང་རྡོ་རྗེའི་རང་སྒྲ།

འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཀྱི་ཞལ་ཁྲིད་རིག་སྟོང་རྡོ་རྗེའི་རང་སྒྲ་ཞེས་བྱ་བ་བཞུགས་སོ།།

ཐུན་དང་པོའི་ཆོས་ཁྲིད།

ཨ༔བདག་ཉིད་ཐ་མལ་སྤྱི་བོ་རུ༔

པད་དཀར་ཟླ་བའི་གདན་གྱི་དབུས༔

ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔

དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔

རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔

ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང༔

འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔

ཕྱིན་ཆད་སྲོག་ལ་བབས་ཀྱང་སྡོམ༔

ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང༔

ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔

བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔

ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔

བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔

ག་བུར་རྡུལ་ལྟར་འཛག་པ་ཡིས༔

བདག་དང་ཁམས་གསུམ་སེམས་ཅན་གྱི༔

ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔

ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔

མ་ལུས་བྱང་བར་མཛད་དུ་གསོལ༔

ཨོཾ་བཛྲ་ས་ཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་ས་ཏྭ་ཏྭེ་ནོ་པ། ཏིཥྛ་དྲྀ་ཌོ་མེ་བྷ་ཝ། སུ་ཏོཥྱོ་མེ་བྷ་ཝ། སུ་པོཥྱོ་མེ་བྷ་ཝ། ཨ་ནུ་རཀྟོ་མེ་བྷ་ཝ། སརྦ་སིདྡྷི་མྨེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲི་ཡཾ་ཀུ་རུ་ཧཱུྃ། ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱན། སརྦ་ཏ་ཐཱ་ག་ཏ། བཛྲ་མ་མེ་མུཉྩ། བཛྲི་བྷ་ཝ། མ་ཧཱ་ས་མ་ཡ་ས་ཏྭ་ཨཿ

མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིསཿ

དམ་ཚིག་ལས་ནི་འགལ་ཞིང་ཉམསཿ

བླ་མ་མགོན་པོས་སྐྱབས་མཛོད་ཅིགཿ

གཙོ་བོ་རྡོ་རྗེ་འཛིན་པ་སྟེཿ

ཐུགས་རྗེ་ཆེན་པོའི་བདག་ཉིད་ཅནཿ

འགྲོ་བའི་གཙོ་ལ་བདག་སྐྱབས་མཆིཿ

སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ༔ སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ༔ རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུྃ་གི་མཐའ་མར་ཡི་གེ་འབྲུ་བཞི་བོ་གསལ་བ་ལས་འོད་ཟེར་འཕྲོས། ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་གྱུར། ཨོཾ་བཛྲ་ས་ཏྭ་ཧཱུྃ༔ དགེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །རྡོ་རྗེ་སེམས་དཔའ་ཁྱེད་སྐུ་ཅི་འདྲ་དང་། །འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་། །ཁྱེད་ཀྱི་མཚན་མཆོག་བཟང་བོ་ཅི་འདྲ་བ། །དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། །གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་ཀར་གླེགས་བམ་འཛིན། །གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བས། །འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོག་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱལ་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད། །བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི། །བློ་གྲོས་སྤོབས་པའི་སྣང་བ་སྐྱེད་དུ་གསོལ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ། དཔལ་མགོན་བླ་མ་དམ་པའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། གང་གི་ཞལ་བཟང་ལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེའི་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུའི་གླིང་འདིར་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོ་གཅིག་སྟེ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཀྱིས། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་བ། །འཇིགས་མེད་གླིང་བའི་ཞབས་ལ་གསོལ་བ་འདེབས། །དུས་གསུམ་ཀུན་མཁྱེན་པདྨ་འབྱུང་གནས་ཀྱིས། །ཟབ་གཏེར་བདག་པོར་མངའ་གསོལ་འཁོར་ལོས་བསྒྱུར། །སངས་རྒྱས་གླིང་བའི་ཡང་སྤྲུལ་སྦས་ཚུལ་འཆང་། །ཀུན་བཟང་གཞན་ཕན་ཞབས་ལ་གསོལ་བ་འདེབས། །འཕགས་པ་འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་འཕྲུལ། །འགྲོ་བ་ཐར་གླིང་བགྲོད་པའི་དེད་དཔོན་མཆོག །འབྲེལ་ཚད་དོན་ལྡན་ཀློང་ཆེན་རྣལ་འབྱོར་བ། །འཇིགས་མེད་རྒྱལ་བའི་མྱུ་གུར་གསོལ་བ་འདེབས། །དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །འཇའ་ལུས་རྡོ་རྗེའི་སྐུ་བརྙེས་བཱི་མ་ལ། །དབྱེར་མེད་ཐུགས་རྗེ་གཅིག་བསྡུས་སྤྲུལ་བའི་སྐུ། །མི་འགྱུར་ནམ་མཁའི་རྡོ་རྗེར་གསོལ་བ་འདེབས། །ཨོ་རྒྱན་རིག་འཛིན་ཆེན་པོའི་རིང་ལུགས་ཀྱི། །བཤད་སྒྲུབ་བསྟན་པའི་རྒྱལ་མཚན་འཛིན་མཛད་ཅིང་། །ཡོན་ཏན་ནོར་བུའི་མཛོད་མངའ་ཆོས་ཀྱི་རྗེ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །འཕགས་ཡུལ་མཁས་པའི་དབང་ཕྱུག་ཟླ་བ་གྲགས། །གངས་ལྗོངས་འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་རྗེ། །དབྱེར་མེད་ཐུགས་རྗེ་ཡས་སྤྲུལ་དགེ་བའི་བཤེས། །གཞན་ཕན་ཆོས་ཀྱི་སྣང་བར་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་བ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་མཉན་ཕྱིར་ན་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མིའམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་བ་སྟོང་དུ་ཐོས་པར་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དེ་ལ་དད་བྱས་རྣམ་སྨིན་ཡང་དེ་བཞིན་ཏེ། །བསྐལ་བ་བྱེ་བ་ཁྲག་ཁྲིག་བགྲངས་ན་ཡང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་། །ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པར། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག ༈ །རང་རེ་སྔར་བསགས་ཀྱི་ལས་དང་སྨོན་ལམ་གཅིག་ཏུ་མཐུན་པའི་དགེ་འདུན་འདུས་པའི་སྡེ་རབ་སྔགས་འདི་འདྲའི་མང་བོ་ཞིག་ས་ཆ་འདི་རུ་ཆོས་གཅིག་གིས་མཉམ་དུ་བསྡུས་པ་ཡིན་པས། ངས་ཐོག་མར་ཁྱེད་ཆོས་གྲོགས་མཆེད་ལྕམ་ཚང་མ་ལ་ཆོས་ཀྱི་ཤུགས་ཀྱིས་སྤྲོ་བའི་མདངས་དང་བཅས་ཏེ། སེམས་ཁོང་གི་ཆེས་ཉེ་བའི་གཏམ་གྱིས་ཁམས་བདེའི་འཚམས་འདྲི་ཞིག་གུས་ལུགས་ཀྱིས་ཞུ་བ་དང་ཆབས་ཅིག་ཏུ། ཆོས་དང་འབྲེལ་བའི་གཏམ་གྱི་འདུན་མ་གླེང་ཕྱོགས་ནས་མགོ་བཟུང་སྟེ་ཆོས་འཆད་ཉན་ལ་འཇུག་པར་བྱ། རང་རེ་འདིར་བཞུགས་ཚང་མ་སྐྱེས་པའི་ས་ཕྱོགས་ཁ་ཁ་ཡིན་པས། ས་ཆ་ཡུལ་ལུང་མི་གཅིག་པར་མ་ཟད་སྐད་ལུགས་དང་། གོམས་གཤིས་སོགས་གང་ཐད་ནས་ཅུང་ཟད་མི་འདྲ་ས་ཡོད་པ་ནི། མདོ་དབུས་ཁམས་གསུམ་གྱི་མི་སྣ་ཚོགས་ས་ལ་ཡོད་ངེས་པ་ཞིག་ཡིན། འོན་ཀྱང་འདྲ་ས་གང་ནས་འདྲ་བ་རེད་ཟེར་ན། བོད་ཆོས་ལྡན་གྱི་ས་ཆའི་མི་ཡིན་པ་དང་། ཆུང་དུས་ནས་དད་མོས་དམ་པའི་ལྷ་ཆོས་ལ་བྱེད་པའི་རིགས་རྒྱུད་ཡིན་པ་དང། ད་དུང་གཅིག་མཚུངས་ངོ་མ་དེ་གང་ཡིན་ཞེ་ན། བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་མ་ཟད། བདེ་བ་དོན་གཉེར་གྱི་ཆེད་དུ་ཉིན་མཚན་ལོ་དང་ཟླ་བའི་དུས་ཚོད་སྐྱེལ་བཞིན་ཡོད་པའི་ཆ་ནས། སེམས་ཅན་སྲོག་དང་ལྡན་པ་ཤེས་པ་སོ་ན་གནས་པ་ཞིག་ཡིན་ཚད་གཅིག་མཚུངས་ཡིན། རང་རེ་འདིར་ཡོད་ཀྱི་གྲལ་དུ་ལོ་ན་རྒན་གྲས་ལ་ཐོན་ཡོད་པ་དང་། མ་ཚད་གཞོན་དར་གྱི་ན་ཚོད་ཅན་ཡང་ཡོད་ཕྱིར། རྒན་དར་གཞོན་གསུམ་ལ་མ་ལྟོས་པར་ཚང་མས་རང་རང་གི་ཚེ་སྟོད་ཀྱི་དུས་ཚོད་ནམ་ཟླ་འདས་པའི་ཕྱོགས་སུ་སོང་བ་ལ་ཕྱིར་བལྟས་ཤིག་བྱས་ཏེ། རང་རང་གི་ངོས་ནས་ད་སྔའི་མི་ཚེའི་ཕྱོགས་སྡོམ་ཞིག་བརྒྱབ་ན། འཇིག་རྟེན་ཚེ་འདིའི་སྣང་བ་སྐྱིད་མ་སྡུག་འདི་མིག་མདུན་དུ་ཤར་ཏེ། དབྱར་རེའི་རྒྱབ་ཏུ་དགུན་རེ་ཚེས་ནས་ལོ་གཅིག་འཁོར་བའི་ལོ་གསར་མི་ཉུང་བ་ཞིག་དེ་སྔོན་བྱས་པ་ཡིན། དེ་ནི་མི་རང་རང་གི་ཚེ་ཚད་ལོ་ཅི་ཙམ་ཡོད་པ་དེ་ལས། དེའི་གྲངས་ཀའི་ཚོད་ཅིག་འདས་ཟིན་པ་ཡིན། དེ་ལྟར་བསམ་བློ་ཞིག་བཏང་ན། ཆུང་བྱིས་པ་བསམ་མེད་ཀྱི་དུས་སུ་ཕ་མས་གཉོར་སྐྱོང་བྱེད་སྐབས་དོན་ཆེན་མཐའ་རིང་གི་བྱ་བའི་འགྲོས་ལ་བསམ་བློ་གཏོང་མི་ཤེས། འོན་ཀྱང་རྒྱུག་ཐུབ་འགྲོ་ཐུབ་ཀྱི་དུས་སུ། འགའ་རེ་ཡིག་རྩིས་ཀློག་འདོན་སློབ་སའི་གྲྭ་རེ་ལ་བཞག་ནས། རང་རང་གི་ཚོད་ཀྱི་བྱ་ལས་རེ་ལ་འཇུས་ཡོད་པ་ཡིན། དེ་རིང་ཁ་སང་འདིའི་ནང་གི་རྒན་གཞོན་གཉིས་ཀའི་བར་ན་ཡོད་པ་ལོ་གྲངས་སུམ་ཅུ་བཞི་བཅུའི་ལོ་ཚད་བརྒལ་ཏེ་ལྔ་བཅུ་དྲུག་ཅུ་ལ་ཐག་དེ་ཙམ་མི་རིང་བ་རྣམ་པས་འདང་རེ་བརྒྱབ་ན། དམ་པའི་སྐྱེས་ཆེན་མཚན་གྱིས་གྲགས་པ་དང་། མ་གྲགས་པ་ཚོ་ཕར་ཕུད་ཤུལ་གྱི་ཕལ་བའི་སྐྱེ་བོ་མང་ཆེ་བའི་མི་ཚེའི་དུས་ཚོད་དེ་ད་ལྟ་བལྟས་ན་ཅི་འདྲའི་མང་པོ་ཞིག་འདས་སོང་བར་འདུག་ཨང་སྙམ་པ་ཞིག་ཡོང་བ་ཡིན། དུས་དེ་དག་གི་རིང་ལ་དོན་དངོས་སུ་རང་གཞན་འདི་ཕྱིར་ཕན་པའི་དོན་ཆེན་ཅི་ཞིག་འགྲུབ་འདུག་བལྟས་ནས་ཕྱིར་འདང་ཞིག་བརྒྱབ་ན། ཆོས་པ་ཞིག་གི་མིང་བཟུང་ནས་དགེ་འདུན་འདུས་པའི་བཞུགས་གྲལ་རེ་ན་ཡོད་པར་མ་ཟད། གྲལ་མགོ་གྲལ་སྟོད་རེ་ལའང་བསྙེགས་ནས་བསྡད་པ་ཡིན། འོན་ཀྱང་དོན་ངོ་མའི་ནང་ཉམས་ལ་ཐུག་དུས། གལ་ཏེ་སང་ཉིན་གྱི་ཉི་མ་མགོ་ལ་འཆར་རྒྱུ་མེད་པར་དོ་དགོང་ཤི་རན་པ་ཡིན་ན། ཕྱི་མར་འཁོར་བ་ངན་སོང་ལ་མི་ལྷུང་བར་བདེ་ཞིང་སྐྱིད་པའི་གནས་འདི་དང་འདི་ལ་འདི་ལྟར་བྱས་ནས་འགྲོ་ཆོག་ཆོག་ཡིན་སྙམ་པའི་བྱ་བ་ཚགས་སུ་ཚུད་ཨེ་ཡོད་དང་། རེ་ཞིང་ལྟོས་པའི་ཁྱིམ་མི་ཉེ་འཁོར་ཡིན་ནའང་འདྲ། གྲྭ་བུ་སློབ་ཡིན་ནའང་འདྲ། མདོར་ན་ཁོར་ཡུག་དང་བཅས་པ་འདི་བཞིན་འབྲེལ་ཚད་ཀྱི་རོགས་ལ་ཕན་རེ་ཐོགས་པའི་བྱ་བའི་ཤུལ་བཞག་ཅི་ཞིག་འགྲུབ་ཡོད་པར་འདུག་ལ་སོགས་པ་དེ་ཚོ་ལ་བསམ་བློ་ཞིག་མི་གཏོང་ཐབས་མེད་ཡིན་པས། མི་ཞིག་ཡིན་ན་འདང་ཞིག་རྒྱག་རྒྱུའི་བསམ་བློ་འཁོར་བ་ཡིན། དེའི་སྟེང་དུ་རྣམ་དཔྱོད་ཀྱི་ནུས་པས་ལེགས་ཉེས་བཟང་ངན་དཔྱད་ཞིབ་ཐེངས་ཤིག་བྱེད་པ་ལ། གང་ཟག་ཕལ་བ་ཞིག་ལ་མཚོན་ན། ཉིན་མཚན་རྣམ་གཡེང་གིས་འདས། སྐྱིད་མེད་སྡུག་གི་ཁུར་བོ། རང་དབང་རང་གིས་སྤྱོད་མི་ཤེས་པའི་ལས་མཐའ། བྲག་རོང་གཡང་གཟར་མཐོན་པོ་ཞིག་གི་འཐའ་འགོ་ནས་མར་ལྕེབས་རྩིས་བྱེད་པ་ལྟ་བུའི་ཉེན་ཁ་ཅན་གྱི་དུས་ལ་ཐོན་ནས་ཡོད་པའི་མཚང་དེ་རིག་སོང་བ་ཡིན། བཟང་ངན་གང་ཡིན་རུང་འདས་པའི་དུས་ཚོད་སོང་ཚར་བས་དེ་རྗེས་དྲན་བྱས་ཀྱང་ཚུར་ཡོང་རྒྱུ་མེད་པར། འདས་པའི་དུས་ཀྱི་མི་ཚེའི་འགྲོ་ལམ་གྱི་སྐྱིད་སྡུག་བཟང་ངན་གང་བྱུང་ཡིད་ཀྱི་སྣང་བརྙན་ལ། དེ་དེ་དྲན་པའི་ཡུལ་དུ་འགྱུར་བ་ཡིན། དེ་དག་གི་མྱོང་བ་དེ་བེད་ཅིག་སྤྱད་ནས་ཕྱིན་ཆད་ད་སོ་མ་གཏད་སའི་མདུན་གྱི་འགྲོ་ལམ་བརྒྱུད་དུས་བཟང་ངན་ཚད་འཇོག་གི་དཔེ་མཚོན་ཞིག་དང་། ཉམས་མྱོང་དངོས་མའི་སློབ་གཞིའི་འདྲ་དཔེ་ཞིག་ལ་གཟུང་རྒྱུའི་གོ་བཅད་ཆོག་པ་ཡིན་པས་གོ་བཅད་དགོས་པ་ཡིན། འུ་ཚོས་དམ་པའི་ལྷ་ཆོས་རེ་བསྒྲུབས་ནས་འགྲུབ་ཀྱང་ཡོད་སྙམ་པ་འདྲ་རེ་ཡོད་ནའང་། དེ་ཡང་ཕྱི་ནས་བལྟ་སའི་གཟུགས་བརྙན་ཙམ་ལས་དོན་དུ་བསྒྲུབ་བྱའི་ཆོས་ངོ་མ་དེའི་ཕྱོགས་ལ་སོང་མེད་པ་ཡིན་ན། དེ་དགེ་སྡིག་གང་གི་ཕྱོགས་སུ་གཏོགས་པའང་འབྱེད་དཀའ་བར་མ་ཟད་འཁོར་བ་འགྲུབ་པའི་ལས་ཀྱི་སྣོན་མ་ཙམ་ལས་མ་འཕགས་པར་ཡང་འགྱུར་ངེས་པ་ཡིན། དེས་ན་ཆོས་ནི་དམ་ཆོས་རྫོགས་པ་ཆེན་པོ་ཐེག་པ་དགུ་ཡི་རྩེ་རྒྱལ། ཨ་ཏི་ཡོ་ག་འབྲས་བུའི་ཐེག་པ་ཡིན་ཟེར་བ་ལྟར་དུ་ཆོས་ཀྱི་ངོས་ནས་ཡིན་ཡང་ཡིན་ལ། འོན་ཀྱང་གང་ཟག་གི་ངོས་ནས་ཆོས་དེ་ཇི་བཞིན་འགྲུབ་པའི་མཐུན་རྐྱེན་ཚོགས་མེད་ན་ཆོས་བཟང་ཡང་ཕན་ཐོགས་མི་ཆེའོ། །ཆོས་ཐེག་པ་ཀུན་གྱི་རྩེ་མོ་ལ་ཁའི་ལབ་ཙེ་མཐོན་པོ་རི་རྩེར་ཡོད་པ་ཡིན་ཡང་། གང་ཟག་རང་གི་རྒྱུད་ཚོད་དེ་དམའ་མོ། ད་དུང་ཡང་ལུང་ཁོག་ཆུ་བོའི་གཞུང་གི་འཁོར་ངན་གྱི་ཆགས་སྡང་རྨོངས་གསུམ་གྱི་འདམ་རྫབ་ནང་ནས་ཡར་མ་ཐར་བར་འཕག་འཚག་བྱེད་ཀྱིན་ཡོད་ན། མགོ་མཐོ་ས་ལ་བཏགས་རུང་། སྐེ་དམའ་ས་ནས་ཆད། ཅེས་པའི་གཏམ་དཔེ་ལས་མ་འདས་པས་དེ་ནི་གང་ཟག་སྒེར་གྱི་རང་སྐྱོན་ཡིན། དེ་འདྲ་ཡིན་ཚེ་ཆོས་མ་ཞུའི་སྔོན་ལ་ཆོས་ཀྱི་སྣོད་རང་རྒྱུད་ལ་བྱི་དོར་དང་གཙང་སྦྲ་བྱེད་རྒྱུ་དེ་གལ་ཆེ་བ་ནི། གསང་སྔགས་སེང་གེའི་འོ་མ་འདྲ། །རིན་ཆེན་གསེར་སྣོད་མ་ལགས་པའི། །སྣོད་གཞན་ཕལ་བར་བླུགས་གྱུར་ན། །སྣོད་ཀྱང་ཆག་ལ་བཅུད་ཀྱང་ཟགས། །ཞེས་གསུངས་པ་ལྟར་ཡིན། དེས་ན་གསང་སྔགས་འབྲས་བུའི་ཐེག་པ་མ་ཟད། ཐུན་མོང་རྒྱུའི་ཐེག་པ་ཐེག་དམན་ཉན་རང་གི་ལམ་ལ་ཞུགས་དགོས་ཀྱང་རང་རྒྱུད་སྣོད་ཀྱི་མཐུན་རྐྱེན་མ་ཚོགས་ཐབས་མེད་ཡིན་པ་སྟེ། འཁོར་བ་ངེས་འབྱུང་གི་ཀུན་སློང་ཞིག་མེད་ན། ཐེག་དམན་སོ་ཐར་གྱི་སྡོམ་པ་ཡང་མི་ཐོབ་ལ། སྡོམ་པས་རྒྱུད་མ་བསྡམས་པ་ལ་ཏིང་ངེ་འཛིན་མི་སྐྱེ་ཞིང་། ཏིང་འཛིན་མེད་ན་ཤེས་རབ་མེད་པས་ཐུན་མོང་ཐར་བའི་ལམ་སྣེ་ཙམ་ཡང་ཟིན་དཀའ་ཞིང་། སྤྱིར་ན་འུ་ཅག་གི་ཆོས་བརྒྱུད་འདི་དང་། ཁྱད་པར་དུ་ངས་ཆོས་ཚིག་བཞི་པའི་ཚིགས་སུ་བཅད་པ་ཙམ་ཞིག་ལས་མ་བཤད་ན་ཡང་། དང་པོའི་མགོ་ལ་འཇོག་རྒྱུ་དང་རྩ་བའི་གནད་དུ་འཛིན་རྒྱུ་དེ་བློ་སྦྱོང་གི་ཆོས་འདི་ཡིན། ཀུན་མཁྱེན་ཆོས་རྗེའི་ཤིང་རྟ་རྣམ་དག་དུ། མངོན་ཤེས་མི་ལྡན་གཞན་དོན་མི་ནུས་པས། །རང་དོན་ལྷུར་བླངས་ཡིད་ཀྱིས་གཞན་དོན་བསམ། །རྣམ་གཡེང་འདུ་འཛི་བདུད་ཀྱི་བསླུ་བྲིད་འདིས། །རང་སེམས་མ་བསླུས་སྒྲུབ་ལ་འབད་པ་གཅེས། །ཞེས་གསུངས་ནས་ཞལ་གདམས་གནང་བ་ཡིན། རང་དོན་ཡང་ཚགས་ཚུད་མེད་པའི་གང་ཟག་ང་ལྟ་བུས་གཞན་དོན་ཆོས་བཤད་བྱེད་རྒྱུ་འདི་དུས་ལ་མ་བབ་པ། ཚོད་ལ་མ་རན་པའི་བྱ་ལས་ཤིག་ཡིན། འོན་ཀྱང་སྐྱེ་སྔ་ཕྱིའི་དུས་རབས་ཀྱི་རྒྱུ་ལེན་ཞིག་གིས། བསྟན་པའི་འཕེལ་འགྲིབ་དར་ནུབ་ཀྱི་འཕོ་འགྱུར་འདི་འདྲའི་སྐབས་སུ་ཆོས་བརྒྱུད་འཛིན་སྲུང་སྤེལ་བའི་སྐལ་བ་ཞིག་ལྡན་པའམ། དེ་འདྲའི་ལས་ཁུར་ཞིག་ཐོག་ལ་བབས་སོང་བ་ཡིན་པས། གོང་ནས་གསུངས་པ་ལྟར་དུ་གཞན་རྒྱུད་བརྟགས་པའི་མངོན་ཤེས་མེད་པའི་མིས་ཆོས་བཤད་པའི་ཁུར་བླངས་དུས་གཞན་རྒྱུད་དཔོག་ཐབས་མེད་པས་ཚུལ་བཞིན་ཆོས་དང་མཐུན་པ་ཞིག་བཤད་དཀའ་བ་ཡིན་མོད། འོན་ཀྱང་རང་རྒྱུད་རང་ལ་ལྐོག་ཏུ་མ་གྱུར་བ་ཡིན་པས། རང་རྒྱུད་རང་གིས་ཤེས་པ་དེ་ལ་གཞི་བཟུང་སྟེ། རང་དཔེ་རོགས་ལ་བསྟན་ནས་བཤད་པ་ནི་དེ་ལས་ཐབས་མེད་ཀྱི་ཐབས་ལ་བརྟེན་པ་རེད། དེས་ན་བློ་སྦྱོང་བཤད་པའི་སྐབས་སུ་བློ་ལྡོག་རྣམ་བཞིའི་ཐོག་མར་དལ་འབྱོར་རྙེད་དཀའ་བཞག་ནས་གསུང་སྲོལ་ཡོད་པ་ཞིག་ཡིན། དེའི་ཐད་དུ་ངས་ནི་དལ་འབྱོར་ཚང་བའི་མི་ལུས་རིན་པོ་ཆེ་ལྟ་བུ་དེའི་རྣམ་གྲངས་བརྩི་ཤེས་པའི་སྔོན་དུ་དང་པོར་རང་ཉིད་ཀྱི་མི་ཚེའི་རིན་ཐང་ཤེས་པའམ། རང་གིས་རང་ལ་གཅེས་པའི་ཚུལ་དེ་ཤེས་པ་གལ་ཆེ་བར་སེམས་པ་ཡིན། གཅེས་པ་རང་སྲོག་ལ་མི་གཅེས་པའི་སྲོག་ལྡན་ཞིག་མེད་ལ། འཛམ་གླིང་གི་རྒྱུ་ནོར་ལས་རང་གི་སྲོག་འདི་གལ་ཆེ་བ་ཡིན། སྲོག་མེད་ན་རྒྱུ་ཡིས་ཅི་བྱེད། སྲོག་བརྟེན་སའི་རྟེན་གཞི་ལུས་འདི་ཡིན་ལ། ལུས་སེམས་གཉིས་ཀ་ཉི་མ་འགའ་ཞིག་ལ་ཁ་མ་འཐོར་བའི་སྐབས་འདི་ལ་གསོན་པོའི་མི་ཞེས་ཟེར་བ་ཡིན། ལུས་འདི་ནི་ནམ་ཞག་ཕུགས་སུ་ཡུན་རིང་ལ་བརྟན་པའི་བློ་གཏད་ཡོད་ས་ཞིག་ཇི་ལྟར་བྱས་ཀྱང་མིན་པས། འཛམ་གླིང་གི་རྒྱུ་ནོར་ལས་གཅེས་པའི་སྲོག་གི་རིན་ཐང་ལུས་འདི་དང་འབྲེལ་ནས་བསྡད་ཡོད་པ་འདི་ནམ་འབྲལ་རང་གིས་ཀྱང་མི་ཤེས་ཤིང་། ཕུགས་ཡུན་རིང་ལ་ཇི་ལྟར་བྱས་ཀྱང་མི་བརྟན་པ། དེ་འདྲའི་མི་ཚེ་ཐུང་ཐུང་རིན་ཆེན་གསེར་ལས་རིན་གོང་ཆེ་བའི་དུས་ཚོད་སྐར་ཆ་ཕྱིན་ཆད་ལག་ལ་ཡོང་རྒྱུ་མེད་པ་འདི། བྱ་བཞག་ཙག་གི་ཙིག་གི་རེ་དང་། ཆ་ངི་ཆུང་ངི་ཞིག་ལ་ད་དུང་མགོ་འཁོར་ནས་དོན་ཆེན་ངོ་མ་དེ་ཤོར་དུ་བཅུག་སྟེ། ལ་ཁའི་རི་དྭགས་ཤི་ཤི་བྱེད་དགོས་དུས། མི་ཚེའི་དུས་ཚོད་རིན་ཐང་ཅན་དེའི་རིན་ཐང་མ་ལོན་པར་འཕྲོ་བརླག་ཏུ་ཤོར་བ་ཡིན། དེའི་མིང་ལ་ཁྲིད་ཡིག་རྣམས་སུ་དལ་འབྱོར་སྟོང་ལོག་ཅེས་གསུངས་པ་ཡིན། དོན་ངོ་མས་བཤད་ན། ལ་ཁའི་རི་དྭགས་དང་སྒོ་ཁའི་ཕྱུགས་ཟོག་རྣམས་ལས་བཟང་བའི་ཁྱད་པར་མ་ཐོན་པ་ཡིན། དེ་ཚོས་ཀྱང་མ་ཤིའི་བར་དུ་རྩྭ་བཟའ་ཆུ་འཐུང་གི་འཚོ་ཐབས་ཙམ་རེ་བྱེད་ཤེས་པ་རེད། ཤི་ཕན་ཆད་རང་དང་གཞན་གྱི་དོན་ནི་འུ་ཚོས་ཀྱང་འགྲུབ་མེད་པས། རྩྭ་བཟའ་བ་དང་ཟས་བཟའ་བ་ནི་འགྲོ་བ་སོ་སོའི་འདུ་ཤེས་འཁྲུལ་སྣང་གི་སྣང་ཤེས་མ་འདྲ་བ་ཙམ་ལས་དོན་གྱིས་ཡུན་རིང་བོར་ཕུགས་འདང་མ་ཕོག་ན་ནི་གཅིག་མཚུངས་རེད། ལེགས་ན་ཐར་བའི་གྲུ་གཟིངས་ལུས་འདི་ཡིན། །ཉེས་ན་འཁོར་བའི་གཏིང་རྡོ་ལུས་འདི་ཡིན། །ཞེས་གསུངས་པ་ཡིན་པས། རང་གཅེས་པའི་གཅེས་ལུགས་ཤེས་པའི་སྟེང་ནས་མི་ཚེའི་རིན་ཐང་འཚོལ་བ་ལ། གཞི་ཆོས་གཞུང་དང་བསྟུན་ཏེ་དལ་བ་བརྒྱད་དང་འབྱོར་བ་བཅུ་རང་ཉིད་ལ་ཚང་ཡོད་མེད་ཀྱི་དབྱེ་ཞིབ་དེ་ཆོས་སྒྲུབ་པའི་ཐོག་མ་ཉིད་ནས་གཟུང་དགོས་པ་རེད། དེ་ཡང་དལ་བརྒྱད་བྲལ་བའི་སྒོ་ནས་བཞག་རྒྱུ་དང་། འབྱོར་བཅུ་ལྡན་པའི་སྒོ་ནས་འཇོག་པ་ཡིན། དལ་བརྒྱད་ཚང་བ་ལ་འབྱོར་བཅུ་ཚང་བས་མ་ཁྱབ་ཀྱང་། འབྱོར་བཅུ་ཚང་བ་ལ་དལ་བརྒྱད་ཚང་བས་ཁྱབ་པ་ཡིན། ད་རེས་ངན་སོང་གསུམ་ལ་མ་སྐྱེས་ཤིང་། ལྷ་ཚེ་རིང་པོ་ལའང་མ་སྐྱེས་ན་ཡང་། ཀླ་ཀློའི་ལྟ་བས་ཤེས་རྒྱུད་བརླམས་ཡོད་མེད་དང་། རང་རྒྱུད་ལོག་ལྟས་བསླད་ཡོད་མེད་དེ་ཚོ་ལ་རང་གིས་རང་ལ་དག་ཐེར་བྱེད་དགོས་སའི་གཞི་ཆེན་པོ་ཞིག་ཡིན་པ་རེད། དཀོན་མཆོག་གསུམ་ལ་དད་ལོག་དངོས་སུ་བྱས་མེད་རུང་། རྒྱུ་འབྲས་ཡིད་ཆེས་ཀྱི་ཡང་དག་པའི་དམིགས་རྣམ་གདིང་གི་ངེས་པ་འདི་རེད་བསམ་རྒྱུ་ཞིག་རྙེད་མེད་པ་ཡིན་ན། ལོག་ལྟ་ཅན་མ་ཡིན་པའི་གྲས་ལ་འཇོག་དཀའ་བ་ཡིན། གཞན་འབྱོར་གྱི་ཐད་ནས་ཕལ་ཆེར་ཚང་ནས་བསྡད་ཡོད་ཀྱང་། རང་འབྱོར་གྱི་ཐད་འདི་ནས། ལས་མཐའ་མ་ལོག་པ་དང་བསྟན་ལ་དད་པ་དག་ཚང་ཡོད་ཟེར་ན་ཡང་རང་རྒྱུགས་རང་ལ་འཕྲོད་དཀའ་སྟེ། དེ་ཅིའི་ཕྱིར་ཟེར་ན། བྱ་བ་མི་བདེན་སྤྱོད་པས་ཤེས། ཟེར་བ་ལྟར་དུ་རྣམ་གཡེང་འཇིག་རྟེན་གྱི་བྱ་བཞག་ལ་ཤོར་བའི་དབང་གིས། ཕྱི་བཤོལ་དེ་དམ་པའི་ལྷ་ཆོས་བསྒྲུབ་རྒྱུ་ལ་བྱས་ཏེ། དུས་ཚོད་བཟང་ས་ཡག་ས་ཡོད་ཚད་ཀྱིས་འཇིག་རྟེན་གྱི་བྱ་བཞག་བསྒྲུབས་ནས། རྒྱུ་ཟས་བེད་སྤྱོད་ཀྱི་ལྷག་མས་ཚོགས་བསགས་ཀྱི་ཁྲལ་སོད་ཅིག་བྱེད་རྒྱུ་བྱུང་དུས། དལ་འབྱོར་བཟང་བོ་ཞིག་མ་ཚང་བའི་དོ་ལོ་གཡུ་ལ་བརྫུས་པ་ལྟ་བུའི་མཚང་དེ་བུད་པ་ཡིན། དོན་མདོ་རྩ་བཤད་ན། ཆོས་པ་ངོ་མ་ཞིག་བྱེད་དགོས་དུས་སྔོན་འགྲོ་བློ་ལྡོག་རྣམ་བཞིའི་བློ་འབྱོངས་བའི་ཐོག་ནས་ལམ་ལོག་པ་ལས་ལྡོག་པའི་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་སྐྱབས་སུ་འགྲོ་བའི་རྨང་གཞི་ཞོག ལམ་དམན་པ་ལས་ལྡོག་པའི་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དེ་ཡང་སྐྱེས་ལ་མི་ཉམས་པའི་སེམས་བསྐྱེད་རང་རྒྱུད་ན་ཡོད་པ་དང་། དེའི་སྟེང་དུ་མཚན་ཉིད་ལྡན་པའི་བླ་མ་ཞིག་བསྟེན་ནས། སྨིན་བྱེད་དབང་བཞིས་རྒྱུད་སྨིན། གྲོལ་བྱེད་གདམས་པས་རང་རྒྱུད་གྲོལ་ཏེ་ཟུང་འཇུག་སྐུ་བཞིའི་ཡེ་ཤེས་དེ་མྱུར་ལམ་ཟབ་མོའི་ཐབས་ལ་བརྟེན་ནས་ཚེ་འདིར་མངོན་དུ་བྱེད་པ་དེ་ལྟ་བུའི་བརྩོན་སེམས་དང་འདུ་ཤེས་མ་བྲལ་བར་དམ་པའི་ཆོས་ཤིག་བསྒྲུབ་ན་འགྲུབ་རྒྱུ་ཡོད་པ་དེའི་ཕྱིར། མགོ་ནས་གསང་སྔགས་ཟབ་མོའི་དམ་ཆོས་ཟབ་ཁྲིད་གསན་པའི་ཀུན་སློང་དང་ཀུན་སྤྱོད་ཀྱི་ཐད་ནས་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། མ་སེམས་ཅན་ཐམས་ཅད་བྱང་ཆུབ་ཆེན་པོ་ལ་འགོད་རྒྱུ་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་། སྣང་སྤྱོད་དག་པ་རབ་འབྱམས་ཀྱི་འཁོར་ལོར་བསམ་པ་དང་མ་བྲལ་བས་གསན་རྒྱུ་དེ་ཐུགས་ཉམས་ལ་འཇོག་དགོས། འདིར་སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱ་བ། ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་གསུང་། རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་། ལྷུན་གྲུབ་ཐོད་རྒལ་གྱི་རིམ་པ་གཉིས་ལས། ཐོག་མར་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ཞེས་དོན་གྱིས་ཡོངས་སུ་གྲགས་པའི་མཚན་སྙན། མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་དེ་ཉིད་འཆད་པའི་སྐབས་ལ་སླེབས་པ་ཡིན། འདི་འཆད་པ་ལ། བཤད་བྱའི་ཡན་ལག་བཤད་པ་དང་། བཤད་བྱ་དངོས་བཤད་པ་གཉིས། དེ་ལས་དང་པོ་བཤད་བྱའི་ཡན་ལག་བཤད་པ་ལ། བཤད་མཁན་སློབ་དཔོན་གྱི་བཤད་ལུགས། ཉན་མཁན་སློབ་མའི་ཉན་སྟངས། དེ་གཉིས་ཀྱིས་འཆད་ཉན་ཡང་དག་པ་ཞིག་ཅི་ལྟར་བྱེད་པའི་སྐོར་དང་གསུམ་ལ་འདུ། སློབ་དཔོན་ཟེར་ཚད་པོ་གཅིག་མཚུངས་ཡིན་པར་མ་ངེས། སློབ་དཔོན་ལ་རྣམ་གྲངས་ཡོད་དེ། སྔོན་གྱི་སློབ་དཔོན་སངས་རྒྱས་དང་དགྲ་བཅོམ་པ་པཎྜི་ཏ་རྣམས་ཡིན། ད་ལྟའི་རྗེས་འཇུག་དག་དེ་རྣམ་པའི་རྗེས་སུ་འཇུག་དགོས་པ་ཡིན་པས། སློབ་དཔོན་སངས་རྒྱས་ཀྱིས་ཆོས་གསུངས་དུས་སངས་རྒྱས་ལ་དབང་བཅུའི་དབང་དང་ལྡན་པ་དང་། སྟོབས་བཅུའི་སྟོབས་མངའ་ཞིང་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཐམས་ཅད་ལ་ཐོགས་པ་མེད་པ་ཡིན་པས། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། ཐུགས་ཀུན་ཏུ་སྤྱོད་པའི་ཆོ་འཕྲུལ། གསུང་རྗེས་སུ་བསྟན་པའི་ཆོ་འཕྲུལ་གསུམ་གྱིས་གདུལ་བྱ་འཁོར་དུ་མ་འདུས་པ་བསྡུས་ཤིང་། འདུས་པ་ཡིད་ཆེས་པར་མཛད་དེ། གདུལ་བྱའི་བློ་དང་དབང་པོ་བག་ལ་ཉལ་དང་བཅས་པ་མཁྱེན་པའི་ཐོག་ནས་གང་ལ་གང་གིས་འདུལ་བའི་ཆོས་དེ་གསུང་དབྱངས་ཡན་ལག་དྲུག་ཅུས་གསུངས་པ་ཡིན། སློབ་དཔོན་དགྲ་བཅོམ་པ་ཞིག་ཡིན་ན་དག་པ་གསུམ་གྱི་སྒོ་ནས་འཆད་པ་ཡིན། དགྲ་བཅོམ་པ་ལ་གཞན་སེམས་མཁྱེན་པའི་མངོན་ཤེས་ཡོད། དག་པ་དང་པོ་དེ་ཉན་པ་པོའི་སྣོད་དག་པར་བྱེད་པ་དང་། དག་པ་གཉིས་པ་དེ་དགྲ་བཅོམ་པ་ཟེར་དུས་ཆགས་སོགས་ཉོན་མོངས་ཀྱི་སྒྲིབ་པ་ལས་གྲོལ་ཟིན་པ་ཡིན་པས། ཆགས་སོགས་ཉོན་མོངས་དང་མ་འདྲེས་པར་བཤད་པའི་ངག་ཚིག་དྲི་མེད་བརྡ་དག་སྙན་པའི་དབྱངས་ཀྱིས་འཆད། དག་པ་གསུམ་པ་དེ་མི་བརྗེད་པའི་དྲན་པའི་གཟུངས་ཀྱིས་ཡོངས་འཛིན་རྫོགས་པའི་སངས་རྒྱས་ཀྱིས་ཇི་ལྟར་གསུངས་པ་དེ་ལྟར་དུ་ཚིག་ལ་ལྷག་ཆད་དང་དོན་ལ་ནོར་འཁྲུལ་མེད་པར་བཤད་ཐུབ་པ་ཡིན། སློབ་དཔོན་པཎྜི་ཏས་ཆོས་ཇི་ལྟར་འཆད་པ་ཡིིན་ཟེར་ན། དམ་པའི་ཆོས་འདིའི་འབྱུང་ཁུངས་རྒྱ་གར་འཕགས་པའི་ཡུལ་ན་སྔར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་འདྲ་ཞིག་ཡོད་དུས་སུ་ཡོངས་སུ་གྲགས་པའི་གཙུག་ལག་ཁང་རྣམ་པ་གཉིས་ཡོད་པ་ལས། དཔལ་ན་ལེནྡྲའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་ཚོས་འཆད་ཚུལ་ཞིག་དང་། བི་ཀྲ་མ་ཤཱི་ལའི་གཙུག་ལག་ཁང་ན་བཞུགས་པའི་པཎྜི་ཏ་རྣམས་ཀྱིས་འཆད་ཚུལ་ཞིག་དང་གཉིས་ཡོད་པ་ལས། འུ་གུ་དུས་ཐ་མའི་སོ་སོ་སྐྱེ་བོ་ཡིན་པས། བསྟན་པ་སྤྱི་དང་བྱེ་བྲག་ཉམས་དམའ་བའི་སྐབས་འདིར་བསྟན་པ་ལྷག་བསམ་བཅངས་པས་གསོ་བའི་ཆོས་བརྒྱུད་མཐུད་པའི་གང་ཟག་ཅིག་གིས། ལྷག་བསམ་དད་མོས་བཅངས་པ་གཙོར་བཟུང་གི་ཐོག་ནས། ཆོས་བཤད་དུས་བཤད་མཁན་སོ་སྐྱེ་ཐ་མལ་པ་ཡིན་ཡང་། བཤད་རྒྱུ་ཆོས་ཡིན་པའི་སྟབས་ཀྱིས་སྔར་གྱི་འཆད་སྲོལ་དང་སྒོ་མ་བསྟུན་ཐབས་མེད་ཡིན་པས། དཔལ་ན་ལེནྡྲའི་གཙུག་ལག་ཁང་གི་པཎྜི་ཏ་རྣམས་ཀྱི་འཆད་ཚུལ་གཙོ་བོར་བྱས་ནས་དེའི་རྗེས་སུ་འབྲངས་པའི་དབང་དུ་བཏང་ན། རྩིས་མགོ་ཡན་ལག་ལྔའི་སྒོ་ནས་བཤད་དགོས་པ་ཡིན། གང་འཆད་བྱའི་ཆོས་དང་མཛད་པ་པོ་སུས་མཛད་པ་ཡིན། ལུང་གང་ནས་བཏུས་པ་ཡིན། ཕྱོགས་གང་ལ་གཏོགས་པ་ཡིན། དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན། དགོས་ཆེད་སུའི་དོན་ལ་མཛད། དེ་དག་གི་སྐོར་ནས་བཤད་དགོས་པས། དང་པོ་མཛད་པ་པོ་སུས་མཛད་ཀྱི་སྐོར་ནས། ཐོག་མར་ཞབས་དཀར་ཚང་གི་རྣམ་ཐར་རགས་བསྡུས་ཤིག་མ་ཤེས་པ་ཚོར་གསར་སྟོན་ཞིག་དང་། ཤེས་པ་ཚོར་གསལ་འདེབས་ཤིག་བྱེད་རྒྱུ་དེ་དགོས་དོན་རྒྱུ་མཚན་དང་འབྲེལ་བ་རེད། སྤྱིར་ན་དམ་པའི་སྐྱེས་བུའི་རྣམ་ཐར་དེ་ཐུན་མོང་ཐུན་མིན་གྱི་གདུལ་བྱའི་ངོ་ལ་ཕྱི་ནང་གསང་བ་གསུམ་དུ་ཕྱེས་ནས་བཤད་ལུགས་ཡོད་ཀྱང་། ཡོངས་གྲགས་ཐུན་མོང་གི་གདུལ་བྱའི་མཐུན་སྣང་ལ་གྲུབ་པ་ཕྱིའི་རྣམ་ཐར་ལ་ནང་འཇིག་རྟེན་ཕལ་བའི་བསམ་སྤྱོད་ལས་བརྒལ་བའི་ཐོས་བརྩོན་སྒྲུབ་པ་ཉམས་ལེན་མཛད་ཅིང་། སྒྲུབ་འབྲས་མངོན་དུ་གྱུར་བའི་རང་གཞན་དོན་གཉིས་སྒྲུབ་ཚུལ་དང་བཅས་ཏེ། འདིའི་མཛད་པ་པོའི་ཆེ་བའི་ཡོན་ཏན་མཚོན་པའི་སྟེང་ནས་དང་ཞིང་དད་པའི་མོས་པ་དང་འདུན་པས་འདིའི་གཞུང་དོན་འཆད་ཉན་ལ་འཇུག་ཐུབ་པའི་གནད་དེ་ཟིན་དགོས་པ་ཡིན། མཛད་པ་པོ་དེ་ལ་ཡིད་ཆེས་ཀྱི་དད་པ་ཡོད་པའི་སྟེང་དེ་ནས་གང་མཛད་པའི་ཆོས་ལ་མོས་གུས་རང་འཁྲུངས་ཀྱི་གདུང་བ་ཞིག་སྐྱེས་འོང་དུས། ཚིག་བརྒྱུད་མིང་དང་ཡི་གེར་ཤར་བ་དེ། དོན་བརྒྱུད་སྐྱེས་བུའི་སྙིང་ལ་ཞུགས་ནས། ཉམས་རྟོགས་མ་སྐྱེས་པ་གསར་དུ་སྐྱེས་ཤིང་། སྐྱེས་ཟིན་པ་དེ་གོང་འཕེལ་ལ་འགྱུར་ཐུབ་རྒྱུའི་རེ་བ་ཡོད་པ་ཡིན། དེ་ལྟ་ཡིན་ན་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་སྐུ་འཁྲུངས་ཡུལ་ནི། བོད་གངས་ཅན་གྱི་ལྗོངས་འདིར་ཆོལ་ཁ་རྣམ་པ་གསུམ་དུ་ཕྱེས་པའི་མདོ་སྨད་རྟའི་ཆོལ་ཁའི་ད་ལྟ་རང་རེ་ཡོད་ས་དང་ས་ཁད་ཐག་ཉེ་བའི་རེབ་ཀོང་གསེར་སྨུག་ལྗོངས་ལ་འཁྲུངས་པ་རེད། དེ་ཡང་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྒྱལ་བ་ཙོང་ཁ་པ་འཁྲུངས་ཡུལ་གྱི་ཙོང་ཁའི་སྐྱེས་རིའི་ལྷོ་ཕྱོགས་ས་ཆ། རེབ་ཀོང་གི་གྲུབ་པ་འཐོབ་པའི་གནས་བརྒྱད་དང་། ཤར་རྒྱལ་བ་སྐལ་ལྡན་རྒྱ་མཚོའི་སྒྲུབ་གནས་དག་དང་འབྲེལ་བའི། ས་མིང་ལ་ཞོ་འོང་ལ་ཁ་ཟེར་ཞིང་། ཞོ་འོང་ལ་ཁའི་སྡེ་བ་གཉན་རྒྱ་ཞེས་པའི་གྲོང་སྡེ་དེར། སྐྱེད་ཡབ་དེ་སུ་ཡིན་ན། སྔགས་འཆང་རྡོ་རྗེ་རྣམ་རྒྱལ་དང་། སྐྱེད་ཡུམ་དེ་དམ་གཙང་ཟེར་བའི་རུས་རྒྱུད་ལས་མཆེད་པ་མིང་ལ་བཀྲ་ཤིས་བརྩེགས་ཞེས་པ་བུ་ཚབ་བུ་མོས་བཟུང་བ་དེ་འདྲའི་རིགས་རུས་ཚ་རྒྱུད་ལ་འཁྲུངས་པ་ཞིག་ཡིན། འདི་བ་ཚང་བཀའ་མདོ་རྒྱུད་ཀྱི་ལུང་གིས་ཟིན་པའི་དམ་པའི་སྐྱེས་བུ་ཡིན་པ་རེད། མཚན་དང་དོན་གྱི་ཐད་ནས་ལུང་གིས་ཟིན་པའི་ལུང་མང་ཡང་། གཙོ་བོ་གཏེར་ཕྱོགས་ནས་གཏེར་སྟོན་བདུད་འདུལ་རྡོ་རྗེའི་བསྟན་པ་སྤྱི་ལུང་གི་ནང་ན། དཔལ་གྱི་རྡོ་རྗེ་ཤར་གྱི་ཕྱོགས་སུ་འཕུར། །རང་གྲོལ་མིང་ཅན་ཡང་དག་དོན་ལ་མཁས། །གསུངས་པ་ལ་སོགས་པས་ཁོང་གི་མཛད་འཕྲིན་གྱི་ཚིག་ཟིན་དང་བཅས་ཏེ་གསལ་བོར་བསྟན་ཡོད་པ་རེད། རང་རེའི་ཆོས་རྒྱུད་འདིའི་དབང་དུ་བཏང་ན་ཡང་གྲུབ་དབང་རྫོགས་ཆེན་པ་ཀུན་བཟང་གཞན་ཕན་གྱི་ལུང་བསྟན་ལ་སོགས་པར་ལན་གཅིག་མ་ཡིན་པར་འབྱུང་ཞིང་། ཞིབ་རྒྱས་སུ་ནི་ཞབས་དཀར་ཁོང་ཉིད་ཀྱི་གསུང་འབུམ་དེབ་དང་པོ་རུ། ཚིགས་བཅད་ལྷུག་གཉིས་ཀྱིས་སྐབས་བཅོ་ལྔ་ཙམ་གྱི་སྡེ་ཚན་དུ་ཕྱེས་ནས་གསུངས་ཡོད་པ་ལྟར་དུ་ཡིན་ལ། གཙོ་བོ་བླ་མ་བསྟེན་ཚུལ་དང་སྒྲུབ་པ་མཛད་ཚུལ། དེའི་འཕྲོར་གདུལ་བྱ་བསྐྱངས་ཚུལ་དེ་དག་ཡིན། དེའི་ནང་ནས་འཁྲུངས་ཡུལ་དུ་མ་ཟད་མཚོ་སྙིང་མ་ཧཱ་དེ་ཝ་དང་། ཨ་མྱེས་རྨ་ཆེན། བྲག་དཀར་སྤྲེལ་རྫོང་རྣམས་སུ་སྒྲུབ་པ་མཛད་ཚུལ་དང་། ད་དུང་དབུས་གཙང་དང་མངའ་རིས། ལ་དྭགས་ཀྱི་ཕྱོགས་ནས་སྒྲུབ་པ་དང་འགྲོ་དོན་མཛད་ཚུལ་ཡང་མང་ཞིང་། སྟོད་ན་གྲགས་ཆེ་བ་གངས་དཀར་ཏེ་སེ་སེང་གདོང་དཀར་མོ་སྐུའི་གནས། བར་ན་ཁུངས་བཙུན་པ་ལ་ཕྱིའི་སྟག་གདོང་ཁྲ་མོ་གསུང་གི་གནས། སྨད་ན་འགྲན་ཟླ་ཐམས་ཅད་དང་བྲལ་བ་ཙ་རི་ཕག་གདོང་ནག་མོ་ཐུགས་ཀྱི་གནས། ད་དུང་བལ་ཡུལ་དང་དབུས་གཙང་ནས་རང་དོན་ཚགས་ཚུད་ཀྱིས་སྒྲུབ་པ་མཛད། གཞན་དོན་ལྷུར་ལེན་གྱིས་བསྟན་པ་དང་སེམས་ཅན་ལ་སྨན་པའི་འཕྲིན་ལས་བསྐྱངས་ཚུལ་ཧ་ཅང་མང་པོ་ཞིབ་རྒྱས་ཀྱིས་མགུར་འབུམ་དང་འབྲེལ་ནས་གསུངས་ཡོད་པ་ལྟར་དུ་རེད། འདིའི་འཁྲུངས་ཚོད་དེ་དུས་རབས་བཅུ་བདུན་པའི་ནང་ཡིན་དགོས་ལ། ལྕགས་མོ་གླང་གི་ལོ་༼༡༧༨༡༽ལ་འཁྲུངས་གསུངས་པ་རེད། བོད་རབ་བྱུང་བཅུ་གསུམ་པའི་དྲུག་ཅུ་སྐོར་དེར་འཁྲུངས་པ་ཡིན། ད་ལོ་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོ་འདིའི་བར་ལ་ལོ་ངོ་མཐོང་སུམ་བརྒྱ་ལ་མ་ཚང་བ་དེ་རེད། ཁོང་གིས་ཕྱི་རབས་ཀྱི་གདུལ་བྱའི་འགྲོ་དོན་དང་གདུལ་བྱའི་ངོ་སྐལ་ལ་བཞག་པའི་གསུང་འབུམ་པོད་བཅུ་གྲངས་ཞིག་ད་ལྟ་དེབ་ཏུ་བསྒྲིགས་དུས་དེབ་ཕྲེང་བཅུ་གཅིག་ཙམ་ཞིག་ལ་བསྒྲིགས་པ་སྤྱི་དང་། ཁྱད་པར་དུ་དེའི་ནང་གི་ངོ་མཚར་སྤྲུལ་བའི་གླེགས་བམ། རྒྱལ་སྲས་སྤྲུལ་བའི་གླེགས་བམ། ཡ་མཚན་སྤྲུལ་བའི་གླེགས་བམ་ལ་སོགས་པ་སྤྲུལ་བའི་གླེགས་བམ་རྣམ་བརྒྱད་དང་། ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཨ་ཏིའི་ལྟ་སྒོམ་སྤྱོད་གསུམ་དང་འབྲས་བུའི་མན་ངག་རྩལ་འདོན་མཛད་པ་ད་ལྟ་འཆད་བཞིན་པའི་ཆོས་ཚན་འདི་ཉིད་ཡིན། འདི་ཐུན་མིན་གྱི་ཁྱད་ཆོས་ཅན་ཡིན། མཛད་པ་པོ་སུས་མཛད་པའི་སྐོར་གྱི་རྣམ་ཐར་དང་འབྲེལ་ནས་བཤད་ཀྱིན་ཡོད་ན། ཁོང་ཚང་ཆུང་དུས་ཁྱིམ་ན་ཡོད་སྐབས་ཀྱི་མཚན་ལ་ངག་དབང་བཀྲ་ཤིས་ཞུ་བ་ཡིན། ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་དུས་ཀྱི་མཚན་ལ་བྱམས་པ་བཀྲ་ཤིས་ཞུ། གསང་སྔགས་དབང་སྐུར་གྱི་མཚན་ལ་ཚོགས་དྲུག་རང་གྲོལ་ཞུ། དེ་ལྟ་བུའི་མཛད་པ་པོ་དེ་ཉིད་ཀྱིས་གང་མཛད་པ་ལྟ་བའི་གླུ་དབྱངས་མཁའ་ལྡིང་གཤོག་རླབས་འདི་དང་ཐོད་རྒལ་གཉིས་ཀ་ལུང་གང་ལས་བཏུས་པ་ཡིན་ན། གངས་རིའི་ལྗོངས་འདིའི་རྫོགས་ཆེན་བསྟན་པའི་ཤིང་རྟ་བ་ཆེན་པོ་བསྟན་ལ་སྟོན་པ་གཉིས་པ་ལྟ་བུའི་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་ཀྱི་གསུང་། ཀུན་ཏུ་བཟང་པོའི་ཐུགས་བཅུད་པད་འབྱུང་དང་བཱི་མ་ལའི་བཀའ་སྲོལ་ལས་བྱུང་བ་མཐའ་དག་དང་། ཁྱད་པར་དུ་མཁའ་ལྡིང་གཤོག་རླབས་འདི་གུ་རུ་རིན་པོ་ཆེའི་གཅེར་མཐོང་རང་གྲོལ་ལ་གཞི་མཛད་ནས། སྡེ་གསུམ་དགོངས་པ་གཅིག་ཏུ་འདུས་པའི་ཀློང་ཆེན་རྒྱལ་བ་ཡབ་སྲས་ཀྱི་མན་ངག་གིས་ཟུར་བརྒྱན་ཏེ་གསུངས་པ་ཞིག་རེད། འདི་ཕྱོགས་གང་དུ་གཏོགས་པ་ཡིན་ཟེར་ན། ཐེག་ཆེན་གསང་བ་སྔགས་ལ་ཐུན་མོང་རྒྱུད་སྡེ་བཞིར་ཕྱེས་པའི་སྔགས་བླ་མེད། ཐུན་མིན་དྲུག་ཏུ་དབྱེ་བའི་ནང་རྒྱུད་ཨ་ཏི་ཡོ་གར་གཏོགས་པ་དང་། འདིའི་དབུ་ནས་ཞབས་སུ་བསྡུས་པའི་དོན་གང་ཡིན་ན། རྫོགས་ཆེན་སེམས་ཀློང་མན་ངག་སྡེའི་ལྟ་བ་གཙོར་འདོན་གྱི་ཐོག་ནས་གཞི་ལམ་ལྟ་སྒོམ་སྤྱོད་འབྲས་ཀྱི་རྣམ་གཞག་ཀྱང་རྒྱས་པར་བཀྲལ་དུ་རུང་བའི་དོན་ཅན་ཞིག་རེད། འདི་དགོས་ཆེད་སུའི་དོན་དུ་མཛད་པ་ཡིན་ན། སྤྱིར་ཐེག་པ་འདིས་གདུལ་བར་བྱ་བའི་ལས་ཅན་སྤྱི་དང་། ཁྱད་པར་དུ་ཐོས་བསམ་སྦྱང་བ་རྒྱ་ཆེར་སྔོན་དུ་མ་སོང་བའི་རིགས་ཅན་ཡིན་ཡང་། ཚིག་གོ་སླ་ཞིང་དོན་ཡིད་ལ་འཇགས་བདེ་བ་མཆོག་དམན་ཀུན་གྱི་ཡི་གར་རྒྱུ་བ་ནི་འདིའི་གསུང་གི་ཁྱད་ཆོས་ཡིན། དེ་ལྟར་ན་རིག་པ་རང་སྣང་གི་བློ་ཅན་དང་སྣང་བ་ཡུལ་གྱི་བློ་ཅན་གྱི་རྫོགས་ཆེན་ཐུན་མོང་དང་ཐུན་མིན་གྱི་གདུལ་བྱ་ཐམས་ཅད་གྲོལ་བར་བྱེད་པའི་ཆོས་ཚུལ་ཞིག་ཡིན་ཞེས་བཤད་དགོས། དེ་ནི་ཆོས་བཤད་མཁན་སློབ་དཔོན་གྱིས་ཇི་ལྟར་འཆད་ཚུལ་དང་འབྲེལ་བའི་ཚུལ་ཡིན། ད་ཉན་མཁན་སློབ་མས་ཇི་ལྟར་ཉན་དགོས་པ་རེད་ཟེར་ན། སྤྱིར་ཆོས་ཉན་པའི་ཀུན་སློང་དང་ཀུན་སྤྱོད་སྔར་མགོ་ནས་ཀྱང་ཞུས་པ་ཡིན་ལ། ཁྱད་པར་དུ་ཐེག་ཆེན་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པ་དང་མི་འབྲལ་བ། ཡང་སྒོས་ཐབས་ཀྱི་ཁྱད་པར་དུ་བྱས་པ་གསང་བ་སྔགས་ཀྱི་ཀུན་སློང་སྣོད་བཅུད་དག་པ་རབ་འབྱམས་ཞིང་དང་གཞལ་ཡས་ཁང་། གཟུགས་སྣང་སྐུ། སྒྲ་གྲགས་གསུང་། དྲན་རྟོག་ཐུགས། དེ་ཡང་རྣལ་འབྱོར་བ་གོམས་པ་ཅན་ཚོ་གང་སྣང་དགག་སྒྲུབ་མེད་པའི་ཐོག་ཏུ་ཡེངས་མེད་འཛིན་པ་དང་བྲལ་བའི་མ་འཁྲུལ་དོན་གྱི་གནས་ལུགས་ཀྱི་ངང་སྐྱོང་བ་དང་མི་འབྲལ་བར་གསན་དགོས་པ་དང་། སྤང་བླང་གི་ཀུན་སྤྱོད་ཀྱི་ཐད་དུ་དམ་པའི་ཆོས་གྲལ་ལ་ཞུགས་ནས་ཆོས་གསན་དུས། དད་ཅིང་གུས་པའི་ཡིད་ཀྱིས་རང་ཉིད་ནད་པ། ཆོས་ལ་སྨན་ལ་སོགས་པའི་འདུ་ཤེས་བཞི་བསྟེན། དེའི་སྟེང་ནས་སྣོད་ཀྱི་སྐྱོན་གསུམ། དྲི་མ་དྲུག མི་འཛིན་པ་ལྔ་ལ་སོགས་པ་སྤངས་ནས་གསན་དགོས། མདོར་ན་ཆོས་འཆད་མཁན་ཉན་མཁན་ཚང་མས་ཕ་རོལ་ཏུ་ཕྱིན་པ་དྲུག་ཚང་བའི་སྒོ་ནས་ཆོས་གསན་དགོས་པ་ནི་མཁྱེན་བཞིན་པ་ལྟར་དུ་རེད། དེ་ལྟ་བུའི་བཟང་པོའི་ཀུན་སློང་ཀུན་སྤྱོད་དང་ལྡན་པས་དཔོན་སློབ་གཉིས་ཀས་ཆོས་འཆད་ཉན་ཇི་ལྟར་བགྱི་བའི་ཚུལ་འདི་ལ། ཆིངས་ལྔའམ་གསུམ་གྱིས་བཅིངས་ནས་བཤད་དགོས་པ་དེ་སྤྱི་འགྲོས་རེད། ཆིངས་ལྔ་འདི་མཚན་དོན་དང་འབྲེལ་བའི་བཤད་ཚུལ་ཡོད་ཀྱང་། འདི་གཞུང་དོན་སྤྱི་དང་མི་འབྲེལ་བ་ཞིག་ཡིན་པ་མ་རེད། དེ་གཞུང་དོན་ལུས་དངོས་དང་སྦྲེལ་ན། རྣམ་བཤད་རིག་པའི་ལུང་། དགོས་པ་བསྡུས་པའི་དོན་བཅས་ལ་སོགས་པའི་བསྟན་དོན་ལྟར་དུ་འཆད་ན། ཆིངས་ལྔའི་དང་པོ་དགོས་དོན་ནི། སྤྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་སྙིང་བོ་ཅན་དྲི་མ་འབྲལ་རུང་དང་ཡོན་ཏན་མངོན་དུ་འགྱུར་རུང་ཅན་ཡིན་པས། འཁྲུལ་བར་འཕྱན་པའི་འགྲོ་བ་མཐའ་དག་གིས་མ་འཁྲུལ་དོན་གྱི་གནས་ལུགས་རྟོགས་ནས་མངོན་འཚང་རྒྱ་བའི་དགོས་པ་དང་ཁྱད་པར་དུ་དབང་རྣོན་རྫོགས་ཆེན་གྱི་གདུལ་བྱས་ཚེ་འདིར་གྲོལ་བ་མངོན་འགྱུར་ཐོབ་པའི་དགོས་པ་དང་། གཉིས་པ་བསྡུས་དོན་ནི། འདིས་རྫོགས་ཆེན་གཞི་ལམ་འབྲས་གསུམ་ལྟ་སྒོམ་སྤྱོད་པའི་གནད་ཐམས་ཅད་བསྡུས་པ་དང་། གསུམ་པ་ཚིག་གི་དོན་ནི། རྗོད་བྱེད་མིང་དང་ཚིག་ཏུ་བསྡེབས་པས་བརྗོད་བྱ་རྫོགས་ཆེན་སྡེ་གསུམ་གྱི་མན་ངག་གོ་བདེར་བསྟན་པ་དང་། བཞི་བ་མཚམས་སྦྱོར་ནི། གོང་འོག་གི་བརྗོད་བྱ་རྗོད་བྱེད་དང་བཅས་པ་གོ་མ་འཁྲུགས་པར་བསྟན་པ་དང་། ལྔ་བ་བརྒལ་ལན་ནི། རྗོགས་ཆེན་ལྟ་བའི་ཡང་རྩེའི་སྒྲ་ཆེན་པོ་སེང་གེའི་ངར་སྐད་ལྟ་བུ་དེས་ལྟ་བ་དམན་པ་དང་ངན་པའི་རི་དྭགས་ཀྱི་ཚོགས་ཐམས་ཅད། དེའི་རྔམ་ཟིལ་གྱིས་རང་ཤུགས་ལ་སྤ་བཀོང་བར་བྱེད་པའོ། །གཞན་ཡང་ཆིངས་ཆེན་པོ་གསུམ་གྱི་ཐད་ནས་བཤད་ནའང་། དཀྱུས་ཀྱི་ས་གཅོད། ཚིག་གི་འབྲུ་མནན། སྐབས་ཀྱི་མཇུག་བསྡུ་བ་གསུམ་པོ་དེ་སྟག་མོའི་མཆོངས་སྟབས་དང་། རུས་སྦལ་གྱི་ནུར་འགྲོས་དང་། སེང་གེའི་འགྱིང་སྟབས་གསུམ་ལ་དཔེ་བཞག་ནས་བསྟན་པ་ཇི་བཞིན་དུ་འདིར་བཤད་པའི་ཚིག་ཚོགས་ལ་མཚོན་ན། ཨ་བྲའི་གོམ་པ་སྤོས་པ་འདྲ་བས་བསྟན་བྱའི་དོན་གྱི་ས་མ་ཆོད་པ་མིན་པས་དཀྱུས་ཀྱི་ས་གཅོད་པ་སྟག་མོ་མཆོང་སྟབས་ལྟ་བུ། ཡང་རགས་བཤད་སྤོམ་ཡུགས་སུ་བཤད་ནས་དོན་གྱི་གནད་བོར་བ་དེ་འདྲ་མ་ཡིན་པས་གཞུང་དོན་ཚིག་གི་འབྲུ་མནན་པ་རུས་སྦལ་གྱི་ནུར་འགྲོས་ལྟ་བུ། ཡང་སྐབས་དོན་གོང་འོག་གི་མཚམས་མི་འབྱེད་པ་ན་རེ་ནུར་རེ་འཐག་ངན་པས་གྲུ་གུ་འཐག་པ་འདྲ་འདྲ་ཞིག་མ་ཡིན་པར་བར་སྐབས་ཀྱི་མཇུག་བསྡུ་བ་སེང་གེའི་འགྱིང་སྟབས་ལྟ་བུ་སྟེ། དེ་ལྟ་བུའི་གཞན་འགྲན་མེད་པའི་ཉམས་དང་ལྡན་པ་ཡང་འདི་ལ་ཚང་། དེ་ལྟར་ན་འདིའི་བཤད་བྱ་དངོས་དེ་བཤད་པ་ལ། འདི་ཉིད་ནི་དེ་བཞིན་གཤེགས་པའི་ངེས་དོན་སྙིང་པོའི་བཀའ་ཡི་སྦས་དོན་ཡང་འབྱེད་གྱི་ཆོས་སྐོར་ཡིན་ལ། འོ་ན་དེ་བཞིན་གཤེགས་པའི་བཀའ་དེ་ཅི་འདྲ་ཞིག་ཡིན་པ་རེད་ཟེར་ན། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། དོན་བཟང་པོ། ཚིག་འབྲུ་བཟང་པོ་ལ་སོགས་པ། སྐྱོན་ཟད་ཡོན་ཏན་ཚོགས་པའི་རང་བཞིན་ཅན་ཞིག་ཡིན་པ་ལྟར་དུ། འདི་ཡང་ཐོག་མར་དགེ་བ་བར་དུ་དགེ་བ་ཐ་མར་དགེ་བའི་ཆིངས་ཆེན་པོ་གསུམ་གྱིས་བཅིངས་ནས་བཤད་དགོས་པ་ཡིན། དེའི་དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལ། མཚན་སྨོས་པ་དང་། མཆོད་པར་བརྗོད་པ། རྩོམ་པར་དམ་བཅའ་བ་དང་གསུམ་ཡོད་པ་ལས་དང་པོ་མཚན་སྨོས་པ་ནི། འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་བཞུགས་སོ། །ཞེས་པའི་དབུའི་ཞལ་བྱང་འདིས་བསྟན་པ་རེད། མཚན་དང་དོན་གཉིས་ཀ་འབྲེལ་བའི་མཚན་གསལ་ཁ་ཅན་གྱི་དབུའི་ཞལ་བྱང་འདི། དབང་རྣོན་ཤེས་རབ་ཅན་ཞིག་གིས་འདིའི་མཚན་མཐོང་ཐོས་བྱུང་བ་ཙམ་གྱིས་གཞུང་དོན་ཡོངས་རྫོགས་གཏན་ལ་འབེབས་ཐུབ་པ་དང་། དབང་འབྲིང་རྣམ་འབྱེད་ཀྱི་ཤེས་རབ་མ་སྨིན་པ་ཞིག་གིས་ཀྱང་། ཐེག་པ་ཆེ་ཆུང་མདོ་དང་སྔགས་ཀྱི་ཕྱོགས་གང་ལ་གཏོགས་པ་ཡིན། ལམ་མྱུར་བུལ་ཇི་འདྲའི་གྲས་ཡིན་པ་ཧ་ལམ་ཤེས་རྒྱུ་དང་། ཤིན་ཏུ་དབང་རྟུལ་ཐ་མར་གྱུར་བ་ཞིག་ཡིན་རུང་། མིང་དོན་འབྲེལ་བ་འདིའི་སྟེང་ནས་གླེགས་བམ་དང་ཆོས་ཚན་བཙལ་བདེ་བའི་དགོས་པ་དེ་འདྲ་ཡོད་པ་རེད། རང་རེས་ཐེངས་འདིར་སྨིན་ཁྲིད་ཀྱི་ཚུལ་གྱིས་རྫོགས་ཆེན་དོན་ཁྲིད་ལག་ཁྲིད་དང་སྦྲེལ་ནས་བཤད་པའི་སྐབས་ཡིན་པས། འདི་ལུང་འདོན་པ་ལྟར་ཤར་འདོན་བྱས་པས་མི་ཆོག་ལ། མོས་ཁྲིད་བརྒྱབ་བྱུང་འཕངས་བྱུང་ཙམ་ཞིག་དང་བཤད་བྱུང་ཐོབ་བྱུང་ཞེས་པའི་མིང་ཡོད་དོན་མེད་ཀྱི་ས་ཁོངས་ཤིག་བཟུང་བས་ཀྱང་མི་ཆོག དེས་མ་ཆོག་ཚེ་ད་ཅི་འདྲ་བྱེད་དགོས་ཟེར་ན། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞི་དང་སྦྲེལ་ཏེ། ཚང་མ་ཁ་ཚང་བ་ཞིག་བྱས་ཏེ་བཤད་དགོས་པ་རེད། དེ་དགོས་ན་སྨིན་བྱེད་དབང་གིས་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པས་རྒྱུད་སྨིན་པར་བྱེད་དགོས་པས། ཁྲེགས་ཆོད་ཐོད་རྒལ་གཉིས་ཀྱི་དངོས་གཞིའི་ཁྲིད་ཀྱི་མཚམས་འདི་ནས། རྫོགས་ཆེན་སྙིང་ཐིག་གོང་མའི་དབང་བསྐུར་དགོས་པ་རེད། ལ་ལས་སྔར་དང་པོ་ཐོན་པའི་ཕྱི་ཉིན་ལ་དབང་བསྐུར་ཟིན་པ་མ་ཡིན་ནམ། ཉིན་རྟག་པར་དབང་རེ་ཡོད་པ་ཅི་ཞིག་ཡིན་སྙམ་ན། དབང་ཟེར་ཚད་གཅིག་ཡིན་པ་མ་རེད། རྣམ་གྲངས་མང་པོ་ཡོད། ཉིན་དེར་དང་པོར་ཁྲོམ་དབང་བྱས་ནས་བསྐུར་རྒྱུ་དེ་མདོ་སྔགས་རྒྱུད་སྡེ་ཐུན་མོང་དང་འབྲེལ་བའི་ཚེ་དབང་ཞིག་རེད། དེའི་རྗེས་ནས་དགེ་འདུན་པའི་སྡེ་ལ་གཅིག་བསྐུར་བ་དེ། བླ་མེད་ཐུན་མོང་གི་རྫོགས་རིམ་དང་འབྲེལ་བའི་རྩ་ཐིག་རླུང་གསུམ་གྱི་རྣལ་འབྱོར། ཁྱད་པར་དུ་ཐབས་ལམ་དང་གཙོ་ཆེར་འབྲེལ་བའི་ཞུ་བདེ་འབར་འཛག་གི་ཉམས་ལེན་བདེ་སྟོང་གི་ཡེ་ཤེས་སྐྱེད་པའི་སྨིན་བྱེད་དུ་མ་རྒྱུད་ཨ་ནུའི་བསྐྱེད་ཆོག་དང་འབྲེལ་བའི་ཡུམ་ཀ་བདེ་ཆེན་རྒྱལ་མོའི་དབང་བསྐུར་བ་རེད། ད་རྫོགས་པ་ཆེན་པོ་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་དོན་གསང་ཆེན་བཅུ་བདུན་རྒྱུད་ཀྱི་ཉིང་བཅུད་ཟབ་པ་པོད་བཞིར་དྲིལ་ནས། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་དམར་ཁྲིད་ཞབས་དཀར་བའི་གསུང་ལ་གཞིར་བྱས་ནས་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གི་ཁྲིད་ཆེན་གྱི་ལུགས་སུ་བྱས་ཏེ་བཤད་པའི་སྐབས་འདིར། དེའི་རང་ལམ་གྱི་དབང་སྟེ་དབང་བཞི་བ་ཚིག་དབང་རིན་པོ་ཆེ་ཞེས་པ་སྤྲོས་བཅས། སྤྲོས་མེད། ཤིན་ཏུ་སྤྲོས་མེད། རབ་ཏུ་སྤྲོས་མེད་ཅེས་པའི་འོག་མའི་དབང་བཀའ་ཐམས་ཅད་ཡར་ལྡན་དུ་རྫོགས་པའི་སྨིན་བྱེད་ཟབ་མོའི་དབང་འདི་མ་ཐོབ་པར། གྲོལ་བྱེད་ཁྲིད་ཀྱི་རིམ་པ་བཤད་རུང་བ་མ་ཡིན། དཔེར་ན་ཆང་བསྙལ་བའི་མི་ཡིས་ནས་ལ་ཕབས་མ་བཏབ་པར་ཆང་བསྙལ་མི་རུང་པ་དང་འདྲ་འདྲ་ཡིན། དབང་དེ་ཡང་སྔོན་གྱི་སྐབས་ཤིག་ལ་ཐོབ་མྱོང་བ་དང་། རྗེས་ནས་ཞུ་ཡོང་ཞེས་པའི་ཕྱིས་འཇོག་གིས་མི་ཆོག་པས། དང་པོར་དབང་བསྐུར་ནས། དབང་གི་དམ་ཚིག་མ་ཉམས་པའི་སྟེང་དུ་ཁྲིད་བཤད་ན་འབྲེལ་ཆགས་པར་མ་ཟད་དོན་དང་ལྡན་པ་ཞིག་ཡོང་བ་རེད། དེ་ལ་སྙིང་ཐིག་གི་མ་གཉིས་བུ་གཉིས་བཅས་ཡ་བཞིའི་དབང་དེ་ངས་སྐབས་རེར་ཆ་ཚང་བྱས་ཏེ་འདོན་གྱིན་ཡོད། སྐབས་རེར་འདོན་རེས་འདྲ་ཞིག་བྱེད་བཞིན་ཡོད། དེ་ལྟ་ན་ད་ལོ་ཀུན་ཀྱི་ཡང་ཏིག་ཟབ་མོ་ཡང་ཏིག་གི་དབང་དེ་བཏོན་ན་སྙམ་པ་ཡིན། སྨིན་བྱེད་དབང་བཞིའི་ཆུ་བོ་སྐུར་ཐབས་ངོ་སྤྲོད་དང་བཅས་པས་རྒྱུད་སྨིན་པར་བྱས་པའི་རྗེས་སུ། དཀྱུས་བཤད་གཞུང་གི་ཆུ་བོ་འགྲེལ་ཊིཀ་སྟོང་ཐུན་དང་བཅས་པ་དང་། ཉམས་ལེན་གདམས་པའི་ཆུ་བོ་དམར་ཁྲིད་གནད་བྱང་དང་བཅས་པ་གཉིས་སྦྲེལ་ནས། གང་སྨིན་པ་དེ་ཉིད་གྲོལ་བར་བྱེད་པའི་ཐབས་དང་ལྡན་པ། རྒྱུད་དང་ལུང་དང་མན་ངག་གསུམ་པོ་ལ་གཞི་བཅོལ་ནས། སེམས་ལས་འདས་པའི་ཆོས་ཉིད་དོན་གྱི་བཞུགས་ཚུལ་རྫོགས་ཆེན་ཡེ་གདལ་གཏིང་མཐའ་མེད་པའི་དོན་རང་ངོ་རང་ཤེས་སུ་ངོ་སྤྲད་ནས་འཕྲོད་པར་བྱེད་དགོས་པ་ཡིན། དེ་དང་མཉམ་དུ་ཕྱག་བཞེས་འཕྲིན་སྒྲུབ་ཀྱི་ཆུ་བོ་ལས་ཀྱི་ཁ་ཚར་དང་བཅས་པ་ཞེས་གསུངས་ཏེ། རྒྱུད་སྡེ་དང་སྒྲུབ་སྡེ་ཁོག་གཅིག་གི་འབྲེལ་བར་རང་ཤུགས་ཀྱིས་གྲུབ་ཡོང་། དེ་ལྟ་བུའི་རྒྱུད་སྒྲུབ་ཐབས་དང་འབྲེལ་མ་ནུས་པ་ཡིན་ན་དགོངས་པ་མི་འགྱུར་བའི་གཟེར་མེད་པ་ཡིན་པས། གཟེར་གཞན་གསུམ་པོའི་ལྟ་དགོངས་ཏིང་འཛིན་དང་བཅས་པ་དེ་གཞི་མེད་ཀྱི་འབྲས་བུ་རྨང་མེད་པའི་རྩིག་པ་མིང་ཙམ་ཞིག་ལ་འགྱུར་འགྲོ། དེ་ལྟར་ན་འདིའི་མཚན་དོན་བཀྲལ་བ་ལ་ཐོག་མར་འོད་གསལ་ཞེས་པའི་ཐ་སྙད་འདི། སྒྲ་འདྲ་བ་ཙམ་ཞིག་ནི་སྔགས་བླ་མེད་ཀྱི་ཐུན་མོང་གི་རྫོགས་རིམ་ཆོས་དྲུག་གི་སྐབས་སུ། ལམ་གྱི་སྙིང་པོ་འོད་གསལ་ཞེས་འབྱུང་ངོ་། །འོན་ཀྱང་འོད་གསལ་ལ་གཞི་ལམ་འབྲས་བུའི་འོད་གསལ། དཔེ་དང་དོན་གྱི་འོད་གསལ་སོགས་ཀྱི་ཁྱད་པར་ཡོད་པ་ཡིན། འོད་གསལ་ཟེར་རྒྱུ་དེ་བདེན་སྟོང་མེད་དགག་གི་ཆ། བདེ་གསལ་མི་རྟོག་པའི་ཉམས་ཞེན་འཛིན་པ་ཅན་ཞིག་མ་ཡིན་པར་སེམས་ཀྱི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་ལ་འདི་ནས་འོད་གསལ་རྫོགས་པ་ཆེན་པོར་གསུངས་པ་རེད། དབྱིངས་རང་བཞིན་གྱིས་འོད་གསལ་བའི་ཆ་ནས་འོད་གསལ་དང་། སྟོང་རྐྱང་ཕྱང་ཆད་མིན་པའི་ཆ་ནས་རང་བྱུང་ཡེ་ཤེས་གསུངས་པ་རེད། འདི་ཡེ་ཤེས་ཐམས་ཅད་ཀྱི་འཆར་གཞི་ཡིན་པས་ན་གསལ་ལ་འཛིན་པ་མེད་པ། སྟོང་ལ་རང་བབས་གསལ་བ། སྟོང་བའི་རང་མདངས་འགགས་མེད། དཔེ་དོན་འབྲེལ་བའི་འོད་གསལ་ལ་གོ་དགོས་པ་ཡིན། དེའི་སྟབས་ཀྱིས་ཁྲེགས་ཆོད་ཀ་དག་སྟོང་བའི་འོད་གསལ་དང་། ཐོད་རྒལ་ལྷུན་གྲུབ་སྣང་བའི་འོད་གསལ་ཞེས་པའི་བརྡ་ཆད་དེ་བྱུང་བ་ཡིན། འདི་གནས་ལུགས་ལ་ཟློ་བའི་སྐབས་དང་སྣང་ཚུལ་ཤན་འབྱེད་པའི་སྐབས་སོ་སོར་ཕྱེས་ཏེ་བཤད་དགོས་པ་ནི་གནད་ཡིན། འོན་ཀྱང་དོན་ལ་གཅིག་དང་ཐ་དད། སྣང་དང་སྟོང་བ། གཟུང་དང་འཛིན་པའི་བཟང་ངན་སོགས་ཀྱི་སྤྲོས་མཐའ་ཐམས་ཅད་ལས་གྲོལ་བ། མཉམ་ཉིད་ཡེ་རྫོགས་ཆེན་པོ་གཅིག་གི་ངང་དུ་འཁོར་འདས་ཀྱི་ཆོས་ཀུན་རྫོགས་ཤིང་ཚང་ལ་འདུས་པས་ན་རྫོགས་པ་ཆེན་པོ་ཞེས་གསུངས་པ་ཡིན། འདི་ཆོས་ཐམས་ཅད་ཀྱི་གནས་ལུགས་མཐར་ཐུག་ཡིན། འདིའི་ངོ་བོ་ལ་དབྱེ་བསྡུ་མི་དམིགས་ན་ཡང་བརྟེན་ཆོས་ལ་ལྟོས་ཏེ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རྫོགས་ཆེན་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཡོད། འོན་ཀྱང་། འདི་མཐར་ཐུག་འབྲས་བུའི་གནས་སྐབས་ལ་འཁོར་བ་ཟད་ཙམ་གྱི་མྱང་འདས་ཤིག་མ་ཡིན་པར་གཞི་དུས་ནས་ཇི་ལྟར་ཡིན་པ་དེ་ལྟར་འབྲས་དུས་སུ་ཡང་ཡོན་ཏན་ཡེ་ལྡན་མངོན་དུ་གྱུར་པ་ཡིན། དཔེར་ན། རལ་གྲི་ཚད་ལྡན་ཞིག་ལ་གཅོད་པའི་རྣོ་ངར་གྱི་ཡོན་ཏན་ཡོད་ཀྱང་། ཤུབས་ནས་མ་ཕྱུང་ན་མི་མངོན་པ་དང་། མེ་ལོང་དྭངས་མོ་ལ་གཟུགས་བརྙན་ཤར་བའི་ནུས་པ་དང་ཡོན་ཏན་ཡོད་ཀྱང་སྒྲོམ་གྱི་ནང་ནས་མ་ཕུད་ན་མི་གསལ། དེ་བཞིན་དུ་ནོར་བུ་དག་མ་ལ་འོད་དང་འདོད་འབྱུང་གི་ཡོན་ཏན་ཡོད་ཀྱང་འདམ་རྙོགས་ཁྲོད་དུ་ཡོད་དུས་དེའི་ཡོན་ཏན་མངོན་མི་ཐུབ་པ་དང་། སྒྲིབ་བྱེད་སོ་སོ་དང་བྲལ་དུས་ཇི་བཞིན་དུ་སྣང་བ་ལྟར་དུ། འདིའི་བྲལ་གཞི་བྲལ་འབྲས་ཀྱི་སྟེང་ནས་བཤད་ན། བརྗོད་བྱ་དོན་གྱི་རྫོགས་ཆེན་ཟེར་རྒྱུ་དེ་དག་པ་ཉིས་ལྡན་དུ་བསྒྲུབས་པ་དང་ཡང་འགལ་བ་མིན་ལ། གདུལ་བྱ་དབང་རྣོན་ཡིན་ཡང་། དེའི་ནང་ན་རྣོ་རྟུལ་ལ་ཁྱད་པར་གཏན་ནས་མེད་པ་ཞིག་མིན་པའི་སྟབས་ཀྱིས། རྗོད་བྱེད་ཚིག་གི་རྫོགས་ཆེན་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་ལུང་དང་མན་ངག་གིས་ཀྱང་དེ་དང་མཐུན་པའི་རྣམ་གྲངས་ཀྱིས་བསྡུས་ཏེ་བསྟན་པ་ལས་སེམས་ཀློང་མན་ངག་གི་སྡེ་གསུམ་གྱི་བསྟན་དོན་སྙིང་པོ་ཚུར་བསྡུས་ན། ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལམ་གྱི་རིམ་པ། ཀ་ལྷུན་དབྱེར་མེད་པ་འདིར་འདུས་པ་ཡིན། དེ་ཡང་ཐ་སྙད་བརྡ་དང་ཚིག་གིས་བཤད་དགོས་པ་ཡིན་པས་ན་ངོ་བོ་གཅིག་ལ་ལྡོག་པས་མཚོན་ཚུལ་གྱིས་ཚིག་གི་རིམ་པས་རིམ་ཅན་དུ་བཤད་པ་ལས། འདི་ནས་དང་པོར་འཆད་བྱ་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ཡིན། གཟུང་འཛིན་གྱི་སྤྲོས་པ་ཐམས་ཅད་རྩྭ་དྲེས་མའི་ཐག་པ་མེས་འཚིག་པ་བཞིན་དུ་ཁྲེགས་ཀྱིས་སམ་ཐད་ཀར་ཆོད་པས་ན་ཁྲེགས་ཆོད་གསུངས་པ་རེད། དེ་ལྟ་བུའི་རིག་པ་རང་བྱུང་གི་ཡེ་ཤེས། སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་མཐར་ཐུག་གང་ཡིན་པ་དེ་ཉིད། རིག་པ་རང་སྣང་གི་བློ་ཅན་གྱི་རྣལ་འབྱོར་བའི་ངོར་སྣང་ཚུལ་ལ་དག་མ་དག་ཅི་ཞིག་སྣང་རུང་། ངོ་བོ་འཁོར་འདས་མིང་མེད་དུ་ཡེ་དག་ཡིན་པས་ན། ཐ་མལ་གྱི་སྣང་བ་འདི་དག་སྤུ་མ་བརྗེས་མདོག་མ་འགྱུར་བར་སངས་རྒྱས་སུ་གནས་པ་ཡིན་པས་ན། གང་སྣང་དག་པར་ཤར་བའི་ལྟ་དགོངས་མཐོན་པོ་ཅན་གྱི་རྣལ་འབྱོར་བས། རང་གི་དགོངས་ཉམས་དང་མཐུན་པའི་ལྟ་བའི་གླུ་དབྱངས། རིན་པོ་ཆེ་སྤུངས་པའི་རྒྱུད་ལ་སོགས་པར་འབྱུང་བའི་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་བསྒྲགས་པ་ལྟར། རྟོགས་པའི་གླུ། རྡོ་རྗེའི་དོ་ཧ་བཅད་ལྷུག་སྤེལ་མ་ལ་སོགས་པའི་ཚིག་དང་སྦྱར་ནས་གསུངས་སྲོལ་ཡོད་པ་རེད། དེ་ལས་འདི་ལྟ་བའི་གདེང་འགྲོས་དང་མཐུན་པའི་དབྱངས་ཀྱི་ངག་གདངས་སུ་འགུགས་པའི་གླུ་དང་མགུར་གང་བཏགས་ཀྱང་ཆོག དཔལ་ལྡན་ས་ར་ཧའི་ཉམས་སྣང་གི་རྟོགས་རྒྱུད་ཐམས་ཅད་རྡོ་རྗེའི་གླུའམ་དོ་ཧ་ཡིས་གསུངས་ཡོད་པ་རེད། འདི་བ་ཚང་གིས་ཀྱང་ཉིད་ཀྱི་གསུང་ལས། རྣལ་འབྱོར་ཚོགས་དྲུག་རང་གྲོལ་ང་། །སྐྱིད་སྡུག་གཉིས་ཀྱི་གང་བྱུང་ཡང་། །གླུ་དབྱངས་འཐེན་པ་རང་གཤིས་ཡིན། །ཅེས་གསུངས་པ་ཡིན། དེའི་ཕྱིར་ན། འདི་ལ་ཡང་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ཞེས་གསུངས་པ་དང་། ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་བཞུགས་སོ་གསུངས་པ་ནི། རྫོགས་ཆེན་གཞི་ལམ་འབྲས་གསུམ་སྟེ། གཞི་ཀ་དག་དང་ལྷུན་གྲུབ། ལམ་ཁྲེགས་ཆོད་དང་ཐོད་རྒལ། འབྲས་བུ་སྐུ་དང་ཡེ་ཤེས་རྣམས་ཡིན་ལ། མ་ལུས་ཞེས་པའི་ཚིག་འདིས་གོང་གི་རྫོགས་པ་ཆེན་པོའི་མཚན་དོན་ཚིག་གི་བསྟན་དོན་ལྟར། དེ་ནི་མ་ཀིའི་ཉན་ཐོས་ཐེག་པ་ནས་ཡ་ཀའི་གསང་བ་སྔགས་ཀྱི་ཐེག་པའི་བར་གྱི་ཟབ་དང་རྒྱ་ཆེ་བ་རྒྱལ་བས་ཆོས་སྒོ་ཇི་སྙེད་པ་ཞིག་བསྟན་པའི་ཉིང་བཅུད། དབྱིངས་རིག་དབྱེར་མེད་རྫོགས་པ་ཆེན་པོའི་ངང་དུ་མ་འདུས་མ་ཚང་བ་མེད་ཅིང་། དེ་ཉིད་སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས་ཡིན་པས་ན་ཆེན་པོར་གསུངས་པ་དང་། དེ་ལྟ་བུའི་ལམ་མ་ལུས་པའི་གནད་འདུས་པ་མྱུར་དུ་བགྲོད་པའི་ལམ། མཐར་ཐུག་འཐོབ་བྱའི་གོ་འཕང་གཏད་ས་དང་ཐོན་སའི་དམིགས་འབེན་གཅིག་ཡིན་ནའང་། བགྲོད་བྱེད་ཕྱུགས་དང་གླང་པོ་ཉི་ཟླའི་འགྲོས་ཁྱད་སོགས་ཀྱི་དཔེ་ལྟར་ཡོད་པ་ཡིན་པས། ཚེ་གཅིག་ལོ་དང་ཟླ་བ་ལ་སོགས་པའི་དུས་ཐུང་ཐུང་ལ་བསྐལ་མང་ཐོག་མེད་ཀྱི་དུས་ནས་མ་རྙེད་པའི་བྱང་ཆུབ་ཀྱི་བདེ་ལམ་འབྲས་བུ་མཐར་ཐུག་ལ་སྙེག་ཐུབ་པ། སྒྲོན་མེ་གཅིག་གིས་ལོ་སྟོང་མུན་པ་བསལ། །ཞེས་པ་བཞིན་དུ་ལམ་མ་ལུས་མྱུར་དུ་བགྲོད་ཅེས་པ་འདིས་གཙོ་བོར་བྱེད་ལས་བསྟན་པ་རེད། འདིའི་འབྲེལ་སྒྲ་འདིས་དཔེ་དང་འབྲེལ་བའི་དཔེ་རྩལ་ལྡན་མཁའ་ལྡིང་གཤོག་རླབས་མཚུངས་ཆོས་སུ་སྦྱར་ནས་བསྟན་ཡོད་པ་ཡིན། མཁའ་ལྡིང་གསུངས་པ་ནི་སྟོབས་ལྡན་བྱ་རྒྱལ་ཁྱུང་ཆེན་ལ་གསུངས་པ་རེད། སྟོབས་ལྡན་བྱ་རྒྱལ་ཁྱུང་ཆེན་དེ་ནམ་མཁའ་ལ་ཡར་འཕུར་ནས་རྩལ་གྱིས་བྱ་ལམ་མཐོན་པོར་སྙོག་བཞིན་ཡོད་དུས། དེ་ལ་ཁྱད་ཆོས་བཞི་དང་ལྡན་པ་སྟེ། གཅིག་དེ་རྩལ་གྱིས་བྱ་ལམ་མཐོན་པོར་སྙེག་ཐུབ་པ་རེད། གཉིས་དེ་ས་གཞི་རི་ཀླུང་ཐམས་ཅད་ཁོབས་འོག་ཏུ་འདུས་པ་རེད། གསུམ་པ་དེ་དམའ་ས་གཞིའི་དངོས་པོ་ཡིན་ཡང་མ་འདྲེས་པར་རིག་ཐུབ། བཞི་བ་དེ་གཡང་རོང་བྲག་གཟར་ལ་ལྷུང་དོགས་ཀྱི་ཉམ་ང་ཡོད་པ་མ་རེད། དཔེ་དེ་བཞིན་དུ་རྫོགས་པ་ཆེན་པོ་ཐེག་རྩེའི་འབྲས་བུའི་ཐེག་པ་ལྟ་བ་མཐོ་ལ། ལྟ་དོན་སྒོམ་པར་དྲིལ་བའི་གནས་སྐབས་ན། ཐེག་བརྒྱད་འོག་མའི་འཕགས་ཆོས་ཞར་ལ་ཚང་ཞིང་། དེ་དང་མཉམ་དུ་ལྟ་བ་མཐོ་ཡང་སྤྱོད་པ་ཞིབ་མོ། ལས་འབྲས་ཕྲ་ཞིང་ཕྲ་བ་ནས་ཞིབ་པའི་སྤྱོད་པ་དག་པའི་ཐོག་ཏུ། རྫོགས་ཆེན་རིག་པ་རང་བྱུང་གི་ཡེ་ཤེས་བཅོས་བསླད་རེ་དོགས་བཟོ་བཅོས་ཀྱི་གཟེབ་དང་བྲལ་བའི་རྗེན་ལ་བུད་དུས། གོལ་དོགས་དང་ནོར་དོགས། ཤོར་དོགས་ཀྱི་འཕྲང་ཡོད་པ་མ་རེད། ཀུན་བཟང་ས་ལ་མི་བཟང་གཅིག་མེད་པས། །བཟང་ངན་མེད་པར་ཀུན་ཏུ་བཟང་པོར་གཅིག །ཅེས་གསུངས་པ་དང་འདྲ་བ་ཡིན། དེ་ལྟ་བུའི་རྒྱུད་ཀྱི་དགོངས་དོན། ལུང་གི་མདོར་རྩ། མན་ངག་གི་སྙིང་བོར་དྲིལ་བའི་ཡི་གེ་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་འདི་ན་བཞུགས་སོ། །ཞེས་བརྗོད་བྱ་དོན་གྱི་ལུས་རྣམ་གཞག་མཚན་གྱིས་གསལ་བར་བསྟན་པའི་མན་ངག་གི་མཚན་བརྡ་བྱང་རྟགས་ཀྱི་རི་མོ་གཞན་དང་མི་ནོར་བའི་མཚན་མར་བཀོད་པ་རེད། དེས་འུ་ཚོས་མཚན་སྨོས་པ་དང་མཚན་དོན་འགྲེལ་བ་སོང་ནས། ད་མཆོད་པར་བརྗོད་པ་ལ་ཐོག་མར། ཕྱག་མཛད་པ་འབྱུང་རྒྱུ་འདི་མདོ་རྒྱུད་སྤྱི་བབས་དང་བསྟུན་ཏེ། ན་མོ་གུ་རུ་བྷྱཿ ཞེས་བླ་མ་ལ་ཕྱག་འཚལ་བ་ཡིན། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །གསུངས་པ་ལྟར་དུ་བྱིན་རླབས་ཀྱི་རྩ་བ་བླ་མ། དེ་ཡང་མཚོན་བྱ་དོན་གྱི་བླ་མ་སེམས་ཉིད་ཆོས་སྐུའི་ངོ་བོ་དང་དབྱེར་མ་མཆིས་པ་དེ་ཉིད་ལ་རང་ངོ་རང་གིས་ཤེས་པའི་ལྟ་བའི་དད་ཕྱག་འཚལ་བ་རེད། མ་ཚད་འདིར་སཾ་སྐྲི་ཏའི་སྐད་ཀྱིས་སྨོས་པ་ཙམ་ཡང་ཆོས་ཁུངས་བཙུན་ཞིང་བྱིན་རླབས་འཇུག་པའི་དགོས་དབང་། མདོ་དང་རྒྱུད་སྡེ། བཀའ་དང་བསྟན་བཅོས་སྤྱིའི་འགྱུར་ཕྱག་དང་བསྟུན་ཞིང་མཐུན་པ་ཞིག་ཀྱང་ཡིན། དེ་ནས་ཚིག་ཤོ་ལོ་ཀ་གསུམ་གྱིས་ཁོང་ཉིད་ཀྱི་བླ་མ་གསུམ་གྱི་མཚན་སྒྲ་དང་སྦྱར་ཏེ་མཆོད་པར་བརྗོད་པ་ལས་དང་པོ་ནི། ཀུན་གསལ་མཁྱེན་བརྩེའི་རྟ་བདུན་དཀྱིལ་འཁོར་ལས། །ཚད་མེད་ཐུགས་རྗེའི་འོད་ཟེར་རབ་སྤྲོས་ནས། །ཁམས་གསུམ་འགྲོ་བའི་མ་རིག་མུན་པ་ཀུན། །དུས་གཅིག་སེལ་མཛད་ཆོས་ཀྱི་རྒྱལ་པོར་འདུད། །ཅེས་གསུངས་ཏེ། འདིའི་མཆོད་བརྗོད་ཀྱི་ཡུལ་འདི་ཞབས་དཀར་ཚང་གི་ཐུན་མོང་མ་ཡིན་པའི་རྩ་བའི་བླ་མ། ས་ཆ་སོག་པོའི་ཡུལ་གྱི་དེའི་སྐབས་སུ་སྟོབས་ཀྱིས་མངའ་དབང་བསྒྱུར་བ་གསུངས་ཏེ་ཆེ་བསྟོད་མཛད་པའི་དཔོན་ཚང་ཏཱ་ལེ་ཏེའི་ཆིང་ཝང་ངག་དབང་དར་རྒྱས་དཔལ་བཟང་པོ་ཆོས་རྒྱལ་ངག་གི་དབང་པོ་དེ་ཉིད་ཡིན། འདི་གཟུགས་ཅན་གྱི་རྒྱན་དུ་དྲངས་ཏེ། ཁོང་གི་དགོངས་ཀློང་ཀུན་གསལ་ནམ་མཁའི་དབྱིངས་ནས་མཁྱེན་དང་བརྩེ་བའི་ཉི་མ་ཤར་ཏེ། ཚད་མེད་པའི་ཐུགས་རྗེ་འོད་ཟེར་མཐའ་ཡས་མུ་མེད་ལ་རབ་ཏུའམ་འགོག་པ་མེད་པར་སྤྲོས་ནས། སྣང་དང་མི་སྣང་ཕྱེད་སྣང་གི་ཁམས་གསུམ་མཐའ་ཀླས་འགྲོ་བའི་ཚོགས་པ་དེ་རྒྱལ་བའི་ཡེ་ཤེས་ཀྱི་འཕྲིན་ལས་ཆེན་པོས་མ་བཏང་ཞིང་། སྲིད་རྩ་མ་རིག་གི་གདོན་ཆེན་དེ་ཐུགས་རྗེ་རིག་པའི་ཡེ་ཤེས་གཅིག་གི་སྣང་བ་ཆེན་པོས་དངོས་བརྒྱུད་ཤུགས་གསུམ་ནས་སེལ་བར་མཛད་པ། ཡོན་ཏན་སངས་རྒྱས་ཀུན་དང་མཉམ་ན་ཡང་། །བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་མགོན། །གསུངས་པ་བཞིན་དུ། ཐོག་མར་བུམ་དབང་དང་འབྲེལ་བའི་བསྐྱེད་རིམ་ལྷའི་ཁྲིད། དེ་ནས་གསང་དབང་དང་འབྲེལ་བའི་རྩ་རླུང་གཏུམ་མོའི་ཁྲིད། དེ་རྗེས་ཤེས་རབ་ཡེ་ཤེས་ཀྱི་དབང་དང་འབྲེལ་བའི་བདེ་སྟོང་ཕྱག་རྒྱའི་ཁྲིད། དེའི་མཐར་ཚིག་དབང་རིན་པོ་ཆེ་དང་འབྲེལ་བའི་ཁྲེགས་ཆོད་ཐོད་རྒལ་གྱི་ཁྲིད། རྗེས་གནང་བཀའ་སྲུང་དང་བཅས་པའི་དབང་ཆ་ཚང་གནང་བར་མ་ཟད། དུས་རྒྱུན་ཉིན་རེ་བཞིན་དུ་དབང་བཞི་དང་འབྲེལ་བའི་ཉམས་ལེན་གྱི་གནད་དང་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གནང་བའི་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཡིན་ཚུལ་རྣམ་ཐར་ནང་དུ་འཁོད་ཡོད་པ་ལྟར་རེད། དེའི་ཕྱིར་ན་དེ་ཉིད་ལ་གུས་འདུད་དང་བཅས་པའི་ཕྱག་དང་པོས་བཏུད་ཅིང་མཆོད་པར་བརྗོད་ནས། མཆོད་བརྗོད་གཉིས་པ་སྔགས་འཆང་རྡོ་རྗེ་ལ་འདུད་ཅེས་པ་འདི་ནི། རིགས་ཡབ་མཚོ་འདུའི་མཁན་ཆེན་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ཡིན་པ་སྟེ། དེ་ཡང་སྐུ་གསུང་ཐུགས་ཀྱི་རྣམ་པར་འཕྲུལ་བ་སྒོ་གསུམ་གྱི་བྱེད་པ་ཅན་ལ་མཐུན་སྣང་དུ་སྐུ་གསུང་ཐུགས་སྐྱེད་བྱེད་ཀྱི་ཡབ་ལ་བརྟེན་ནས་སྐུ་གསུང་ཐུགས་ཀྱི་རྨད་བྱུང་ཁྱད་འཕགས་ཀྱི་ཡོན་ཏན་གྲུབ་པ་ཡིན་པས་ན། ཐུགས་ཀྱི་ཡབ་ཆོས་རྒྱལ་ངག་གི་དབང་པོ་དང་། སྐུའི་ཡབ་སྔགས་འཆང་རྡོ་རྗེ་རྣམ་རྒྱལ་ཡིན་པས། གཉིས་པ་དེ་ལ་མཆོད་པར་བརྗོད་ནི། སྟོང་གསལ་ཆོས་སྐུའི་ལྷ་ལམ་ཡངས་པའི་ངོས། །བྱམས་དང་བརྩེ་བའི་ཆུ་འཛིན་རབ་འཁྲིགས་ནས། །སྐལ་བར་ལྡན་པའི་གདུལ་བྱའི་འཛིན་མ་ལ། །ཆོས་ཆར་འབེབས་མཁས་སྔགས་འཆང་རྡོ་རྗེར་འདུད། །ཅེས་གསུངས་ཏེ། འདི་ཆོས་སྐུའི་མཁའ་ལམ་དུ་ལོངས་སྐུའི་མཁྱེན་བརྩེའི་སྤྲིན་ཆེན་འཁྲིགས་ཏེ། གང་འདུལ་སྐལ་ལྡན་གྱི་འགྲོ་ངོ་ལ། གང་འདོད་ཆོས་ཀྱི་གྲུ་ཆར་གྱིས་ཚིམས་པར་མཛད་མཁས་པ་གང་དེའི་ཞེས་མཆོད་པར་བརྗོད་པའོ། །གསུམ་པ་འཇམ་དབྱངས་རྒྱ་མཚོ་ལ་མཆོད་པར་བརྗོད་པ་སྟེ། ཁོང་ནི་ཞབས་དཀར་ཚང་འཁྲུངས་སའི་ཡུལ་ཕྱོགས་དེའི་རྩ་བའི་བླ་མ་ཀུན་གྱིས་གཙུག་གི་ནོར་བུར་བཀུར་ས། ཞབས་དཀར་ཚང་ལའང་ཆོས་དང་གདམས་ངག་གི་གསུང་གི་བདུད་རྩིས་བསྐྱངས་ནས་གསུང་སྲས་སུ་སྐྱེད་སྲིང་བར་གནང་བའི་བཀའ་དྲིན་ཅན་ཡིན་པས་ན། མཆོད་བརྗོད་གསུམ་པ་ནི། ལྟ་བའི་གྲུ་དབུས་ལྷག་བསམ་དར་ཆེན་འཕྱར། །བརྩོན་འགྲུས་རླུང་གིས་བསྐྱོད་ནས་སྲིད་མཚོ་རུ། །བྱིངས་པའི་འགྲོ་རྣམས་སྐུ་གསུམ་ནོར་བུའི་གླིང་། །འགོད་མཛད་དེད་དཔོན་འཇམ་དབྱངས་རྒྱ་མཚོར་འདུད། །ཅེས་གསུངས་ཏེ། འདི་སྲིད་པའི་རྒྱ་མཚོ་ཕ་མཐའ་ཡས་པ་ལས། ལྟ་བ་གསང་སྔགས་ཀྱི་ལྟ་དགོངས་མཐོན་པོ་ལ། སྤྱོད་པ་རྒྱལ་བའི་སྲས་ཀྱི་ཕྱིན་དྲུག་གི་མཛད་པ། ལྷག་བསམ་བྱང་ཆུབ་སེམས་ཀྱི་དགོངས་སྤྱོད་དང་མི་འབྲལ་བཞིན་དུ་ཐབས་དང་ཤེས་རབ་སྣང་བཅས་སྣང་མེད་ཀྱི་ཚོགས་གཉིས་གྲུ་གཟིངས་བརྩོན་པའི་རླུང་གིས་བསྐུལ་ཏེ། འཁོར་བ་སྡུག་བསྔལ་གྱི་སྲིད་མཚོར་བྱིངས་ཤིང་ནུབ་པའི་འགྲོ་བ་རྣམས། རྣམ་མཁྱེན་ཐར་བའི་འགྲམ་ངོགས་སྐུ་གསུམ་ནོར་བུའི་གླིང་དུ་འགོད་ཅིང་ཁྲིད་པར་མཛད་པའི་དོན་ཅན་གྱི་མཆོད་པར་བརྗོད་པ་ཞིག་སྟེ། འདིའི་མཆོད་བརྗོད་ཚན་པ་གསུམ་འདི། ཉི་མ། སྦྲང་ཆར། གྲུ་ཆེན་གསུམ་གྱི་གཟུགས་སུ་བཀོད་དེ་མཁྱེན་བརྩེ་ནུས་གསུམ་དང་། སྐུ་གསུང་ཐུགས་གསུམ་སྦྱར་ནས་གསུངས་པའོ། །དེས་མཆོད་བརྗོད་བསྟན་ནས། གསུམ་པ་རྩོམ་པར་དམ་བཅའ་བ་ནི། དེ་གསུམ་མཁྱེན་བརྩེ་རྟ་བདུན་དཀྱིལ་འཁོར་ལས། །འཕྲོས་པའི་བྱིན་རླབས་ནུས་མཐུའི་ཚ་བའི་ཟེར། །སྐལ་ལྡན་བྱ་བཏང་པད་དཀར་བདག་ལ་ཕོག །རིག་པའི་ཁ་ཕྱེ་ཉམས་རྟོགས་འདབ་སྟོང་བཞད། །བདག་བློའི་གེ་སར་ལྟོ་བར་ལེགས་འཁྱིལ་བའི། །ལྟ་བའི་གླུ་དབྱངས་མྱོང་གྲོལ་བདུད་རྩིའི་བཅུད། །སྐལ་ལྡན་སློབ་མ་རྐང་དྲུག་ཚོགས་ལ་འབུལ། །ངོམས་པ་མེད་པར་གུས་པའི་ཡིད་ཀྱིས་རོལ། །ཅེས་གསུངས་པ་སྟེ། གོང་ནས་མཆོད་པར་བརྗོད་མ་ཐག་པའི་བླ་མ་དེ་གསུམ་གྱི་མཁྱེན་དང་བརྩེ་བའི་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལྟ་བུ་ལས། བྱིན་རླབས་ནུས་པའི་ཚ་དྲོད་མ་ཉམས་པའི་འོད་ཟེར་འཕྲོས་པ་དེ། ཁོང་སྐལ་བ་བཟང་པོ་དང་ལྡན་པའི་ལས་ཅན་བྱ་བྲལ་བ་པད་མ་དཀར་པོ་ལྟ་བུའི་བདག་ལ་ཕོག་ནས། ཉི་འོད་ཀྱིས་པད་མོ་བཞད་པ་ལྟར་དུ་ཁོང་གི་རིག་པའི་ཁ་ཕྱེས་ནས་ཉམས་དང་རྟོགས་པའི་ཡོན་ཏན་གྱི་འདབ་མ་སྟོང་ཕྲག་བཞད་ཅིང་བཀྲ་བར་གྱུར་ཏོ། །འདིའི་རིག་པ་ཞེས་པ་ནི་རང་བྱུང་རིག་པའི་ཡེ་ཤེས་ཀྱི་རྩལ་ཁ་ཕྱེ་བའམ་དེ་ཉིད་སྒྲིབ་བྱེད་དང་བྲལ་ནས་མངོན་དུ་གྱུར་བ་ལ་གོ་དགོས་པ་ཡིན། རང་དོན་སྒྲུབ་པ་ཉམས་ལེན་གྱི་སྟོབས་ཀྱིས་ཉམས་རྟོགས་ཀྱི་ཡོན་ཏན་ནང་ནས་རྒྱས་ཏེ་ཚགས་སུ་ཚུད་པའི་རྗེས་འདིར། གཞན་དོན་འཕྲིན་ལས་ཀྱི་མཛད་པས་གདུལ་བྱའི་རེ་འདོད་སྐོང་བ་ལ། ཁོང་གི་བདག་བློ་པདྨའི་ཟེའུ་འབྲུའི་ལྟོ་བའི་སྙིང་བཅུད་དུ་ལེགས་པར་འཁྱིལ་ཞིང་ཐུགས་རྒྱུད་བཀང་བའི་མཛོད་དེ་ལས་ལྟ་བའི་གླུ་དབྱངས་གཙོར་འདོན་བྱས་ཤིང་། སྒོམ་པ་སྤྱོད་འབྲས་དང་བཅས་པའི་འཁོར་བའི་གཅོང་ནད་འཇོམས་པའི་འཆི་སོས་བདུད་རྩིའི་བཅུད་སྦྲང་རྩི་ལྟ་བུ་དེ། སྐལ་ལྡན་སློབ་མ་རྐང་དྲུག་གི་བུང་བ་ལྟ་བུ་ཁོང་ལ་ལྟོས་པའི་ལས་ཅན་གྱི་གདུལ་བྱ་བྱུང་དང་འབྱུང་འགྱུར་ཐམས་ཅད་ལ། རང་རང་དང་མཐུན་པའི་བགོ་སྐལ་དུ་འབུལ་བ་ཡིན་པས། ཚིམས་པར་གྱིས་ལ་ངོམས་པ་མེད་པར་གུས་དང་དད་པའི་བསམ་སྤྱོད་ཀྱིས་འདི་ལ་རོལ། ཞེས་རྩོམ་པར་དམ་བཅའ་བ་སྐལ་ལྡན་ཆོས་ལ་སྐུལ་བའི་གཏམ་དང་བཅས་བསྟན་པའོ། །འདིའི་ཤུགས་ལ་བརྒྱུད་པ་གསུམ་གྱི་ཆོས་ཀྱི་འབྱུང་ཁུངས་བསྟན་པ་སྤྱི་དང་བྱེ་བྲག་གི་བབས་ཚུལ་ཡང་གོ་བར་བྱ་བ་ཤུགས་ལ་བསྟན་པ་ཡིན། དེས་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། གཉིས་པ་བར་དུ་དགེ་བ་གཞུང་དོན་ལ། ལེ་ཚན་ཉི་ཤུ་རྩ་གསུམ་གྱིས་ལྟ་བ་སྒོམ་པ་སྤྱོད་པ་སྟེ། དེ་ཡང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གི་འགྲོས་དང་། རྫོགས་པ་ཆེན་པོའི་གདུལ་བྱ་དབང་པོ་རྣོ་རྟུལ་འབྲིང་གསུམ་དང་མཐུན་པའི་སེམས་ཀློང་མན་ངག་སྡེའི་དགོངས་པ་བསྟར་ཆགས་དང་འདྲེས་མའི་ཚུལ་གྱིས། གཙོ་བོར་ཐོས་བསམ་སྦྱོང་པ་རྒྱ་ཆེར་སྔོན་དུ་མ་སོང་བའི་གང་ཟག་གི་བློ་དང་འཚམས་པར་གསེབ་ཚག་གི་སྒོ་ནས་བསྟན་པ་ལས། དང་པོ་དེ་གཞི་རྒྱུད་བདེ་གཤེགས་སྙིང་པོ་ཡེ་ནས་རང་ལ་གནས་པའི་ཚུལ་བསྟན་པ་ནི། ཨེ་མ་ཧོ། བྱ་བཏང་གུ་ཡངས་ཡན་པ་བློ་བདེ་ངས། །ས་ལམ་མ་ལུས་མྱུར་དུ་བགྲོད་བྱེད་པའི། །ལྟ་བའི་གླུ་དབྱངས་མཁའ་ལྡིང་གཤོག་རླབས་ལེན། །སྐལ་ལྡན་སེམས་ཀྱི་བུ་རྣམས་ལྷན་ནེར་ཉོན། །ཞེས་མཚམས་སྦྱར་བ་སྟེ། འཇིག་རྟེན་འཁོར་བའི་བྲེལ་ཟིང་གི་བྱ་བ་བཏང་བས་གུ་ཡངས་པ། གཏད་མེད་རྒྱ་ཡན་གྱི་རིག་པ་ལ་རང་བྱན་ཆུད་པས་ན་བློ་བདེ་བ། རྣལ་འབྱོར་བརྟུལ་ཞུགས་སྤྱོད་པའི་གདེང་དང་ལྡན་པ་ཁོང་གིས། རྫོགས་པ་ཆེན་པོའི་ལྟ་བ་བསྟན་པའི་ཐོག་མར་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་གིས་མགོ་བླངས་ནས། ཅིའི་ཕྱིར་ངོ་མཚར་བ་ནི་གཤམ་ནས་འབྱུང་མ་རག་པ་ངོ་མཚར་རྣམ་པ་བདུན་གྱིས་ངོ་མཚར་བར་བསྟན་པ་སྟེ། འཁོར་འདས་གཉིས་ལ་འབྲུག་གི་སྒྲ་བཞིན་དུ། །ཡོངས་གྲགས་སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །ཞེས་དེས་གང་ལ་ངོ་མཚར་བའི་གཞི་བསྟན་པ་སྟེ། སངས་རྒྱས་ནི། མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །བློ་གྲོས་པད་མོའི་འདབ་ལྟར་རྒྱས། །ཞེས་གསུངས་པ་མ་ཡིན་ནམ། སྤངས་རྟོགས་ཀྱི་ཡོན་ཏན་མཐར་ཕྱིན་དུས་སངས་རྒྱས་ཞེས་བྱ་བ་ཡིན་པས། འགྲོ་དྲུག་སེམས་ཅན་རྒྱུད་ལ་རྟག་བཞུགས་ནས། །སྐད་ཅིག་ཙམ་ཡང་གཡེལ་མེད་འགྲོགས་འདི་མཚར། །ཞེས་གསུངས་པའི་མཚར་ལུགས་དང་པོ་དེ་ཇི་ལྟར་སྙམ་ན། སློབ་དཔོན་སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཀྱི་མན་ངག་ལྟ་ཕྲེང་དུ། ཆོས་ཐམས་ཅད་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་འཚང་རྒྱ་བའི་ལྟ་བ་བཤད་པའི་སྐབས་དེར། རང་བཞིན་སངས་རྒྱས་དང་། རྟོགས་པའི་སངས་རྒྱས་དང་། གྲུབ་པའི་སངས་རྒྱས་ཞེས་པའི་དབྱེ་བ་མཛད་ནས་གསུངས་ཡོད། དེ་ལས་རང་བཞིན་སངས་རྒྱས་ལ་སྐྱེ་བ་རྒྱུའི་སངས་རྒྱས་དང་། སྐྱེ་བ་རྟེན་པའི་སངས་རྒྱས་དང་། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་གསུམ་དུ་དབྱེ་བ་ཕྱེས་ཡོད་ཅིང་། དེ་ལ་སྐྱེ་བ་རྒྱུའི་སངས་རྒྱས་ནི། ལུས་སེམས་འགྲུབ་པའི་རྒྱུ་དང་། སྐྱེ་བ་རྟེན་པའི་སངས་རྒྱས་ནི། ཕ་མ་གཉིས་ཀྱི་ལུས་དང་སེམས་ཀྱི་ཁམས། སྐྱེ་བ་མངོན་པར་གྲུབ་པའི་སངས་རྒྱས་ནི། རང་གི་ལུས་མངོན་པར་གྲུབ་པ་འདི་ཉིད་ཀྱི་སྐབས་ལ་བཞག་པ་དང་། ད་དུང་རྟོགས་པའི་སངས་རྒྱས་ནི་དེ་ལྟར་རྟོགས་པའི་རིག་འཛིན་གྱི་ས་ལ་གནས་པ་རྣམས་དང་། གྲུབ་པའི་སངས་རྒྱས་ནི་དེ་ཉིད་མངོན་དུ་གཟིགས་པར་གྱུར་པ་ལ་བཞག་པ་སྟེ། འདི་དག་གིས་རང་བཞིན་དང་གནས་སྐབས་ཀྱི་བྱེ་བྲག་ཕྱེས་ནས་དེ་ལྟར་གསུངས་ཡོད། དེས་ན་འདིའི་དགོངས་པ་དང་སྦྱར་ན་སངས་མ་རྒྱས་པའི་ཆོས་རྡུལ་ཙམ་ཡང་མི་དམིགས་མོད། འོན་ཀྱང་ཁྱད་པར་དང་དབྱེ་བ་མེད་པ་ཞིག་ག་ལ་ཡིན། མ་རྟོགས་པ་དང་། རྟོགས་པར་བྱ་བ། མ་གོམས་པ་དང་། གོམས་པར་བྱ་བའི་ཁྱད་ཡོད་པའི་ཕྱིར་ན་སངས་རྒྱས་ཀྱི་ས་མངོན་དུ་འགྱུར་བའི་བློ་སྦྱང་དགོས་པ་ཡིན། འོ་ན་སེམས་ཅན་ལ་སངས་རྒྱས་ཇི་ལྟར་བཏགས་པ་ཡིན། འགྲོ་དྲུག་སེམས་ཅན་གྱི་རྒྱུད་ན་སངས་རྒྱས་རྟག་ཏུ་བཞུགས་པར་མ་ཟད་སྐད་ཅིག་ཙམ་ཡང་དབྱེ་བ་མེད་ལུགས་ཇི་ལྟར་ཡིན་ཟེར་ན། སྤྱིར་རྫོགས་པ་ཆེན་པོ་བཤད་དུས་གཞིའི་བཞུགས་ཚུལ་ཐོག་མ་ཉིད་ནས་ཤེས་དགོས། གཞི་དང་འཁྲུལ་ཚུལ་ཁྱབ་ཚུལ་དང་། །གནས་དང་ལམ་དང་སྒོ་དང་ཡུལ། །ཉམས་ལེན་ཚུལ་དང་བར་མ་དོ། །གྲོལ་ས་ཉིད་དང་བཅུ་གཅིག་གོ །ཞེས་པ་འདིས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་དང་ལྟ་སྒོམ་སྤྱོད་པ་ཡོངས་རྫོགས་བསྡུས་ནས་བསྟན་ཡོད། དེ་ཡིན་ན་ཡེ་ཐོག་གཞི་ཡི་འོད་གསལ་གདོད་མའི་གནས་ལུགས་མཐར་ཐུག་དེ་ཆོས་ཐམས་ཅད་ཀྱི་ཆོས་ཉིད་མཐར་ཐུག་ཀྱང་ཡིན། དེའི་ངང་ནས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འཆར་བཞིན་ཡོད་ནའང་། ཤར་དུས་ཉིད་ནས་དེ་ལས་སྐད་ཅིག་ཀྱང་གཡོས་མ་མྱོང་ཞིང་། དེ་ལས་འདས་པའི་ཆོས་གཞན་ཞིག་སྲིད་པ་མ་ཡིན། འདི་ནི་མཐར་ཐུག་གི་གྲོལ་སའང་ཡིན་པས། གནས་ལུགས་དོན་དམ་པའི་ཆོས་སྐུ་ཡང་འདི་ལ་བརྗོད་ཅིང་། སྒྲིབ་གཉིས་གློ་བུར་བའི་བག་ཆགས་དང་བཅས་པ་དག་ནས། དག་པ་ཉིས་ལྡན་ཐེག་པ་མཆོག་གི་འགོག་བདེན་མཐར་ཐུག་གི་དུས་སུ་འདི་ལ་ངོ་བོ་ཉིད་སྐུ་ཞེས་གསུངས་པ་ཡིན། དེ་ལྟ་བུའི་གཞི་དེ་ལ་གྲོལ་བ་ཞེས་པ་དང་འཁྲུལ་བ་ཞེས་པའི་ཁྱད་གཉིས་མེད་པའི་ཕྱིར་ན། རང་བཞིན་མཉམ་པ་ཆེན་པོ་ཡང་ཡིན། གཞི་དེར་སྤྲོས་པའི་མཚན་མ་རྡུལ་ཆ་ཙམ་ཡང་མ་དམིགས་པས་ན་ཀ་དག་དང་། སྟོང་རྐྱང་ནམ་མཁའ་འདྲ་བའི་ཕྱང་ཆད་མིན་པར་རང་གསལ་རིས་མེད་རྒྱར་ཆད་པ་དང་ཕྱོགས་སུ་ལྷུང་བ་མེད་པའི་ཕྱིར་ན་ལྷུན་གྲུབ་དང་། འཁོར་འདས་ཀྱི་སྣང་བ་ཐམས་ཅད་ཀྱི་འབྱུང་གནས་ཡིན་པས་ན་ཐུགས་རྗེ་ཀུན་ཁྱབ་ཅེས་གསུངས་པ་ཡིན། གཞི་ཡེ་ཤེས་སུམ་ལྡན་ངོ་བོ་སྟོང་། རང་བཞིན་གསལ། ཐུགས་རྗེ་ཀུན་ཁྱབ་ཀྱི་བདག་ཉིད་ཅན་དེ་ལྟ་བུའི་ཚུལ་གྱིས་གྲུབ་པ་ཡིན། དེ་འདྲའི་གཞི་དབྱིངས་འོད་གསལ་ཆེན་པོ་དེ་ལས་རྣམ་པ་ཀུན་ཏུ་གཡོ་མི་སྲིད་བཞིན་དུ་རྩལ་སྣང་འཁོར་འདས་ཀྱི་སྣང་བ་ཅིར་ཡང་འཆར་རུང་བ་ཡིན། མ་རྟོགས་འཁོར་བར་འཁྱམས་དུས་གཟུང་འཛིན་གྱི་སྣང་བ་སྣ་ཚོགས་དང་། གཉིས་སྣང་བདག་གཞན་བདེ་སྡུག་བཟང་ངན་སོགས་སུ་ཤར་བ་དང་། རྟོགས་པ་མྱང་འདས་སམ་རྣམ་བྱང་གི་དུས་སུ་ཆོས་ཉིད་རང་བཞིན་བབས་ཀྱི་བཞུགས་ཚུལ་རྟོགས་ན། སྣང་བ་སྣ་ཚོགས་ཅི་ཞིག་སྣང་ཡང་གདོད་ནས་རྣམ་གྲོལ་གཉིས་མེད་མཉམ་པ་ཆེན་པོ་སངས་རྒྱས་པའི་རང་བཞིན་ལས་མ་འདས་པར་འཆར་བ་ཡིན། དེའི་ཕྱིར་ན་ཆོས་ཉིད་རང་བཞིན་རྣམ་དག་གི་གནས་ལུགས་རྟོགས་པའི་དབང་དུ་བྱས་ན། སྣང་བ་རྣམ་དག་ཐམས་ཅད་སངས་རྒྱས་ཀྱི་རང་བཞིན་དུ་མ་འཁྲུལ་བ་ཆོས་ཉིད་ཀྱི་རིག་པ་བསླུ་མེད་ཀྱིས་གཏན་ལ་ཕེབས་ཤིང་གྲུབ་པ་ཡིན། གཉིས་སྣང་འཁྲུལ་བ་ཅན་གྱི་བློས་གཞལ་ན་དེ་འདྲ་ཞིག་མིན་ཡང་། གཉིས་སྣང་འཁྲུལ་བའི་བློས་གཞལ་བ་དེས་གཉིས་མེད་དག་པའི་བློ་ལ་མི་གནོད། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན་པ་ནི་ཚད་མར་གྱུར་བའི་སྐྱེས་བུའི་ལུང་ཡིན་པས་ན། སངས་རྒྱས་སེམས་ཅན་གྱི་རྒྱུད་ལ་རྟག་ཏུ་བཞུགས་ནས་སྐད་ཅིག་ཀྱང་འབྲལ་མ་མྱོང་བ་ནི། རང་གར་ཁྱད་མཚར་བ་ཙམ་མ་ཡིན་པར་ངོ་མཚར་ཡ་མཚན་རྨད་བྱུང་གི་གནས་ཡིན་པས་ན། འདི་དག་བཤད་པའི་ཐོག་མ་ཉིད་ནས་ཨེ་མ་ཧོ་ཞེས་ངོ་མཚར་བའི་ཚིག་རེ་སྦྱར་བའོ། །ངོ་མཚར་གཉིས་པ་ནི། སངས་རྒྱས་རང་ལ་ཡོད་པར་མ་ཤེས་པར། །ཕྱི་རོལ་གཞན་དུ་སངས་རྒྱས་བཙལ་བ་མཚར། །ཞེས་གསུངས་ཏེ། འདི་མཚར་བའི་ཚིག་ཆེན་གཉིས་པ་ཡིན། སེམས་ཅན་ཞེས་པའི་ཅན་གྱི་སྒྲ་སྦྱར་བ་ནི་ཅན་ལྡན་གཉིས་ཀ་བདག་པོའི་སྒྲ་ཡིན་ཕྱིར། སེམས་ཡོད་པ་དེ་ལ་སེམས་ཅན་ཞེས་སུ་གྲགས་པ་ཡིན་པས། ཆོས་ཅན་སེམས་ཀྱི་ཆོས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་ཡིན་བཞིན་དུ། སེམས་ཅན་ཀྱིས་སངས་རྒྱས་རང་ལ་ཡོད་པ་མ་ཤེས་པར་རྒྱལ་བུ་རྐང་འཁྱམས་ལ་སོང་བ་ལྟ་བུ་སྟེ། དེ་ཡང་རྒྱལ་བུ་རྒྱལ་ས་རུ་བསྡད་ཀྱང་རུང་མ་བསྡད་ཀྱང་རུང་རྒྱལ་བུ་ཡིན་པ་ལ་བསྒྱུར་བར་བྱར་མེད་ཀྱང་། རྒྱལ་ས་ནས་མ་བསྡད་པར་ཐང་འཁྱམས་ཀྱི་སྐབས་སུ་རྐང་འཁྱམས་སྤྲང་པོའི་རྣམ་པར་གྱུར་སོང་བ་དེ་ཕྱིར་རྒྱལ་སར་འཁོད་ན་རྒྱལ་སྲིད་ལ་མངའ་དབང་བསྒྱུར་ཆོག་ཅིང་། དེ་དང་ཐང་འཁྱམས་ཀྱི་སྐབས་གཉིས་ཀའི་ངོ་བོ་འགྱུར་ཡོད་པ་མིན། སྔར་ཇི་བཞིན་ཕྱིས་དེ་བཞིན་ཡིན་ཡང་། རྣམ་པའི་སྣང་ཚུལ་ཐ་དད་ཡིན། རང་ཉིད་རྒྱལ་བུ་ཡིན་པར་མ་ཤེས་པར་སྤྲང་འཁྱམས་ལ་སོང་དུས་སྤྲང་འཁྱམས་ཀྱི་རྣམ་པ་ལས་མ་འདས་པ་བཞིན་དུ། རང་ལ་ཡོད་བཞིན་ཕྱི་ནས་སངས་རྒྱས་འཚོལ་བ་འདིའི་མཚར་བའི་མཚར་ལུགས་ནི། ཁྲེལ་བའི་གཏམ་བསྟིང་ཚིག་གིས་སྨད་པར་བྱས་ནས་གསུངས་པ་ཞིག་རེད། རང་སེམས་ཅན་ཡིན་ན་སེམས་ཅན་ལ་ཡོད་རྒྱུ་སེམས་ཡིན་ལ། སེམས་ལ་རྣམ་ཤེས་ཚོགས་བརྒྱད་ཡོད་ཅིང་། རྣམ་ཤེས་ཡེ་ཤེས་གཉིས་ཀ་གཅིག་མིན་པས་ན་བཟང་ངན་གཉིས་འདུས་ཀྱི་ཕུང་གསུམ་པ་ཞིག་གྲུབ་བམ་ཞེ་ན། རྣལ་འབྱོར་བའི་ཉམས་ལེན་ལམ་ལ་གོམས་སྟོབས་ཀྱིས་སེམས་ཀྱི་ཆོས་ཉིད་ཡེ་ནས་འདུ་འབྲལ་མེད་པར་གནས་པ་དེ་རྟོགས་ཤིང་གོམས་པའི་དུས་སུ། དེའི་ངོར་རྣམ་ཤེས་ཚོགས་བརྒྱད་རང་མཚན་པ་རྡུལ་ཆ་ཙམ་ཡང་ཡོད་པ་མ་རེད། རྣམ་ཤེས་ཁོ་རང་ཡེ་ཤེས་སུ་འཆར་བ་དང་། ཆོས་ཐམས་ཅད་ཀྱང་དེ་བཞིན་དུ་དག་པར་འཆར་གྱིན་ཡོད། དེ་ཡང་། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་གྲུབ་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ནི་མཆོག །ཅེས་གསུངས་པ་ཡིན། མིང་རྫོགས་ཆེན་དོན་ལ་སེམས་ལམ་དུ་བྱེད་པ་ཞིག་ཡིན་ནས་བཟུང་སྟེ། སེམས་ཚོགས་བརྒྱད་ཐ་མལ་པའི་རྣམ་པར་འཛིན་རྒྱུ་ཞིག་མ་གཏོགས་པར་དེ་ལ་ཆོས་ཉིད་མི་སྣང་བ་ཡིན་པའི་དབང་གིས། དེ་འདྲ་བས་སེམས་ཉིད་འོད་གསལ་འདུས་མ་བྱས་པ་དེ་ཕྱོགས་གང་ན་ཡོད་པའི་རྗེས་ཙམ་ཞིག་ཀྱང་མི་རྙེད་ཅེས་པའོ། །གསལ་དྭངས་ཉི་མའི་སྙིང་པོ་ཇི་བཞིན་དུ། །མངོན་སུམ་གསལ་ཀྱང་མཐོང་མཁན་ཉུང་བ་མཚར། །ཞེས་གསུངས་ཏེ། འདི་མཚར་བའི་ཚིག་ཆེན་གསུམ་པ་ཡིན། རང་ལ་ཡེ་ནས་ཡོད་པའི་སེམས་ཉིད་ཆོས་སྐུའི་སྙིང་པོ་རང་བཞིན་འོད་གསལ་བའི་ཡེ་ཤེས་དེ་ཉིད། ལྟ་ཤེས་མཁན་མཐོང་ཐུབ་པ་ཞིག་གིས་བལྟས་ན་གསལ་ཞིང་དྭངས་ལ་བསྒྲིབས་པ་མེད་པ་སྟེ། དཔེར་ན་ཉི་མའི་སྙིང་པོ་ལ་མུན་པ་མི་གནས་པ་བཞིན་དུ་སྒྲིབ་པའི་དྲི་མ་དང་ཡེ་ནས་མ་འདྲེས་ཤིང་། གཟི་བྱིན་ཉི་མ་འབུམ་གྱི་བཀྲག་མདངས་དང་ལྡན་པར་མངོན་སུམ་དག་ཅིང་གཞན་ལ་མི་ལྟོས་པར་གསལ་བ་ཡིན་ན་ཡང་། སྐལ་ལྡན་ཤེས་རབ་ཀྱི་མིག་ཅན་བསོད་ནམས་བསགས་པ་སྔོན་སོང་དག་གིས་མ་གཏོགས་མི་མཐོང་བ་དེ་ཡང་མཚར་རོ་ཞེས་པའོ། །རྣལ་འབྱོར་པ་ཞིག་གིས་ལུས་མི་གཡོ་བ་ཆོས་བདུན་རི་རྒྱལ་ལྟ་བུའི་བཞུགས་སྟངས་བྱས། དབང་པོ་མི་གཡོ་བ་མཚོ་ལ་གཟའ་སྐར་ཤར་བ་འདྲ་ཞིག་བྱས། སེམས་མི་གཡོ་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་བྱས་ནས་བཞག་དུས། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པས། གཟུང་དང་འཛིན་པ་མི་དམིགས་ཆོས་ཀྱི་སྐུ། །དྲི་མེད་འོད་གསལ་ཉི་མའི་སྙིང་པོ་ནི། །བདེ་གསལ་མི་རྟོག་མཐའ་དབུས་མེད་པ་འཆར། །ཞེས་གསུངས་པ་ལྟར་དུ། དམིགས་བསམ་ཐམས་ཅད་ཆོས་ཉིད་ཀྱི་ངང་ལས་མ་འདས་པར་འཇོག་པར་བྱེད་དུས། ཀུན་རྟོག་ཆོས་དབྱིངས་ལ་ཐིམ། གཟུང་འཛིན་རང་ཞིག་ལ་སོང་ནས། འོད་གསལ་རྫོགས་པ་ཆེན་པོའི་བདེ་གསལ་མི་རྟོག་པའི་ཉམས་དང་བཅས་པའི་རང་བྱུང་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཤར་ཏེ། དྭངས་གསལ་གཡོ་མེད་མི་རྟོག་ཆོས་སྐུའི་དགོངས་པ་ནང་ནས་འཆར་རོ། །ཕ་མ་མེད་པའི་རང་སེམས་སངས་རྒྱས་ཉིད། །སྐྱེ་མ་མྱོང་ཞིང་འཆི་རྒྱུ་མེད་པ་མཚར། །ཞེས་གསུངས་ཏེ། ཐེག་པ་ཆེན་པོའི་བསྟན་བཅོས་རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཞེས་གསུངས་པས། ནམ་མཁའ་སྐྱེ་མ་མྱོང་ཞིང་འཆི་རྒྱུ་མེད་པ་བཞིན་དུ་སེམས་ཀྱི་རང་བཞིན་ནམ་ཆོས་ཉིད་ཕ་མ་མེད་པར་རང་བྱུང་ཡེ་ནས་གནས་པ། དེ་ཡང་ཉི་མཁའ་བཞིན་དུ་སྟོང་གསལ་མཐའ་དབུས་དང་བྲལ་བ་སྐྱེ་འཆི་བགྲེས་རྒུད་ལས་འདས་པ་ཡིན་པས་ན། ངོ་མཚར་བར་བསྟན་པའོ། །སྒྱུ་འཕྲུལ་གསང་སྙིང་དུ། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཅེས་པ་ལ་སོགས་པའི་བསྟན་དོན་ཡང་དེ་ཡིན་པའོ། །དེས་ན། གནས་ལུགས་རང་བྱུང་གི་ཡེ་ཤེས་རྫོགས་པ་ཆེན་པོའི་དོན་ཇི་བཞིན་དུ་མ་རྟོགས་ན། སེམས་ཀྱིས་སངས་རྒྱས་པ་མིན། འོ་ན་སེམས་ཀྱིས་ཐོས་བསམ་སྒོམ་པའི་རིམ་པར་བརྒྱུད་ནས་ལམ་ལ་སྦྱངས་ཏེ་མཐར་སངས་རྒྱས་འཐོབ་པར་བྱ་དགོས་པ་མ་ཡིན་ནམ། དེ་ལྟར་མིན་ན་ལམ་དང་ཐེག་པ་ཐམས་ཅད་བསྟན་པ་དོན་མེད་དོ་ཞེ་ན། གདུལ་བྱའི་སྐྱེ་བོའི་བློ་དང་མོས་པ། ཁམས་དབང་བསམ་པ་སྣ་ཚོགས་ཡིན་པས་ན། དྲང་དོན་ཐེག་པའི་རིམ་པ་སྣ་ཚོགས་ཤིག་བསྟན་པ་དེ་ཡང་མེད་ཐབས་མེད་པ་ཡིན་ལ། འོན་ཀྱང་འདིས་འདེགས་པའི་ཐེག་པ་ཐམས་ཅད་འདིར་འདེགས་པའི་ཐབས་དང་ལམ་འདི་འདེགས་པའི་ཆེད་དུ་ཡིན་པས་ན། མཐར་ཐུག་ངེས་དོན་ཡེ་ཤེས་ལམ་བྱེད་རྫོགས་པ་ཆེན་པོའི་དོན་རིག་པ་རང་བྱུང་གི་ཡེ་ཤེས་མ་རྟོགས་པར་འཚང་རྒྱ་བ་ཞིག་མི་སྲིད་པ་དེའི་ཕྱིར་ན་ཕ་མཐའ་མེད་པའི་རང་སེམས་སངས་རྒྱས་ཡིན་ལ། འདི་སྐྱེ་མ་མྱོང་ཞིང་འཆི་རྒྱུ་མེད་པའི་རྒྱུ་མཚན་ཅི་ལྟར་ན། ཡེ་ཤེས་དེ་སེམས་ཀྱི་ཆོས་ཉིད་ཡིན་པ་མ་གཏོགས་སེམས་ལས་བྱུང་བ་ཞིག་མ་ཡིན་ལ། དངོས་པོ་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དེ། དངོས་པོའི་གནས་ལུགས་ཡིན་པ་ལས་དངོས་པོ་ལས་བྱུང་བ་ཞིག་ག་ལ་ཡིན། སྟོང་ཉིད་རྟོགས་དང་མ་རྟོགས་ཆོས་ཉིད་མཐོང་དང་མ་མཐོང་ཞེས་པ་དེ་ཡང་གཞི་ཆོས་ཉིད་རང་གི་ཐོག་ནས་འཇོག་པ་མ་རེད། གཞི་ནི་རྟོགས་པར་བྱ་བ་ཁོ་ན་ཉིད་དུ་གནས་པ་ཡིན། གཞི་ལས་གཞི་སྣང་ཤར་དུས་སུ་རྟོགས་ཏེ་གྲོལ་བ་དང་མ་རྟོགས་ཏེ་འཁྲུལ་བ་བྱུང་། དེ་ལ་ལྟོས་ནས་སེམས་ཅན་དང་སངས་རྒྱས་ཞེས་པའི་ཐ་སྙད་བྱུང་བ་ནི་གནས་ཚུལ་དང་སྣང་ཚུལ་ཙམ་ཞིག་ཡིན། འདིའི་རྟོགས་མ་རྟོགས་འདི་རྟོགས་བྱེད་ཡིད་ཀྱི་རྣམ་ཤེས་ཀྱིས་གཞིར་གནས་སེམས་ཀྱི་ཆོས་ཉིད་རྟོགས་དུས་རྟོགས་བྱ་སེམས་ཀྱི་ཆོས་ཉིད་ནི་ཡིད་ཡིན་མི་དགོས་ལ། སེམས་ཉིད་སྐྱེ་མེད་དུ་རྟོགས་དུས་སྐྱེ་མེད་ལས་ཐ་དད་པའི་ཡིད་དང་རྣམ་ཤེས་ཀྱི་ཆ་ཞིག་ཤུལ་ལ་ལྷག་ཡོད་པ་མ་ཡིན། གསལ་རིག་འགགས་མེད་རང་གསལ་སྣང་སྟོང་ཟུང་འཇུག་གི་ངོ་བོ་དེ་ལ་སེམས་ཀྱི་ཆོས་ཉིད་ཅེས་ཟེར་བ་རེད། བདེ་སྡུག་སྣ་ཚོགས་ཇི་ལྟར་མྱོང་ན་ཡང་། །བཟང་དང་ངན་དུ་ཅུང་ཟད་མི་འགྲོ་མཚར། །ཞེས་གསུངས། འདི་མཚར་བའི་ཚིག་ཆེན་ལྔ་བ་ཡིན། སེམས་སམ་བློ་དང་ཡིད་སོགས་གང་བརྗོད་ཀྱང་བདེ་སྡུག་སྣ་ཚོགས་ཀྱི་སྣང་བ་ཅན། ཁྱད་པར་དུ་འཁོར་བས་བསྡུས་པའི་སྣང་ཚུལ་ཐམས་ཅད་ནི་སྡུག་བསྔལ་གསུམ་གྱིས་མ་བཏང་བ་ཞིག་རེད། སྒོམ་བྱེད་ཀྱི་བློ་དེ་ཡང་ཡུལ་དབང་ཤེས་གསུམ་ཚོགས་པ་ལས་སྐྱེ་དགོས་པ་ཞིག་ཡིན་ཕྱིར། སྐྱེ་འགག་ཅན་ལས་མ་འདས་པས་ན་ལམ་འདུས་བྱས་བདེ་སྡུག་སྣ་ཚོགས་ཀྱི་སྣང་བ་ཅན་ཡིན་ན་ཡང་། གཞི་ཆོས་ཉིད་རང་གི་ངོས་ནས་དངོས་ཡོད་དངོས་མེད། འདུས་བྱས་འདུས་མ་བྱས་ཀྱི་ཐ་སྙད་ལས་རིང་དུ་འདས་པའི་སོ་སོ་རང་གིས་རིག་པར་བྱ་བ། དུས་གསུམ་ཀུན་ཏུ་འཕོ་འགྱུར་མེད་པ། བཟང་ངན་གང་དུ་ཡང་འགྱུར་བ་མེད་པ། མགོན་པོ་བྱམས་པས། ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་ཆོས་ཉིད་དོ། །ཞེས་གསུངས་པ་ལྟ་བུ་ཡིན་ལ། འུ་ཅག་གིས་འདི་ལྟར་དལ་དལ་དག་དག་གིས་འདོན་བཞིན་ཡོད་དུས་ཀྱི་ལྡེབ་གྲངས་འགྲོ་ལུགས་ལ་བལྟས་ན་དུས་ཚོད་ཀྱིས་འདང་བཞིན་མེད་པ་འདྲ་བ་ཞིག་རེད། དུས་ཚོད་ཀྱི་འཆར་གཞིའི་ཚད་ལ་འགྲུབ་རྒྱུ་བྱས་ནས་འདོན་དགོས་པ་ཡིན། འདི་ཡན་ཆད་མཚར་བའི་ཚིག་ཆེན་ལྔ་ཡིས་ཀ་དག་སྟོང་བའི་ཡེ་ཤེས་གཙོར་འདོན་མཛད་པ་དང་། འདི་ནས་ལྷུན་གྲུབ་སྣང་བའི་འོད་གསལ་དང་སྒོ་བསྟུན་ཏེ་གསུངས་པ་ནི། མ་སྐྱེས་གདོད་ནས་དག་པའི་སེམས་ཉིད་འདི། །མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ་པ་མཚར། །ཞེས་གསུངས་ཏེ། སྤྱིར་ན་ཀ་དག་ལྷུན་གྲུབ་དབྱེར་མི་ཕྱེད་པ། ཟུང་འཇུག་ངོ་བོ་གཅིག་པའི་བདག་ཉིད། ཀ་དག་ཡིན་པས་ན་ལྷུན་གྲུབ་དང་། ལྷུན་གྲུབ་ཡིན་པའི་ཕྱིར་ན་ཀ་དག་ཏུ་གནས་པ་ཡིན་པ་དང། འདིའི་ཐད་ཀའི་གོ་དོན་གཞིའི་ཆོས་ཉིད་འཕོ་འགྱུར་དང་བྲལ་བར་སྦྱར་ན། མ་སྐྱེས་མ་འགགས་གཟོད་མ་ཉིད་ནས་ཡེ་དག་གི་སེམས་ཉིད་འགྱུར་བ་མེད་པ་འདི། སུས་ཀྱང་མེད་པ་ཡོད་པ་རུ་གསར་དུ་མ་བྱས་ཤིང་། མ་ཡིན་པ་ཞིག་ལ་ཡིན་པར་བཟོ་བཅོས་མ་བྱས་པར། ཡེ་ནས་ཇི་ལྟར་ཡིན་པ་དེ་བཞིན་དུ་ལྷུན་གྱིས་གྲུབ་ཡོད་པ་འདི་ངོ་མཚར་རོ་ཞེས་པའོ། །དེ་ལྟ་བུའི་ཀ་ནས་དག་ཅིང་ལྷུན་གྱིས་གྲུབ་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་དེ་བཅིང་བ་མེད་པས་སླར་འགྲོལ་མི་དགོས་པའི་ཡེ་གྲོལ་ཡིན་པའི་ངོ་མཚར་གྱི་ཚིག་ཐ་མ་ནི། རང་བཞིན་ཡེ་ནས་གྲོལ་བའི་རང་རིག་ཉིད། །གང་བྱུང་གང་བདེར་བཞག་པས་གྲོལ་བ་མཚར། །ཞེས་གསུངས་ཏེ། རང་བཞིན་ཡེ་ནས་གྲོལ་ཞེས་པའི་ཡེ་ཚིག་དེས་ཅི་ཞིག་བསྟན་ཟེར་ན། ཡེ་ཞེས་པ་ནི་ཁྱབ་པའམ་བྱས་པ་དང་རྩོལ་བ་མེད་པའི་དོན་ཅན་ཞིག་ཡིན་ལ། ཡེ་ཐོག་མ་ཐ་མ་མེད་པའི་དུས་ནས་གང་ནས་ཀྱང་མ་བྱུང་གང་དུ་ཡང་མི་གནས། གར་ཡང་མ་སོང་ཅིའི་ངོ་བོ་ཡང་མ་གྲུབ་པའི་འཆིང་གྲོལ་གྱི་ཡུལ་ལས་འདས་པའི་རང་རིག་ཡེ་ཤེས། ཡེ་ནས་རྟག་ཆད་ལ་སོགས་མཐའ་བརྒྱད་ཀྱི་སྤྲོས་པ་ཐམས་ཅད་ལས་འདས་པར་གནས་པ་དེ་ཉིད། གང་བྱུང་གང་བདེར་རང་བབས་སུ་བཞག་པར་བྱས་དུས་ཡེ་གྲོལ་ཏེ། གྲོལ་གྲོལ་ཁར་ཡོད་པ་ནི་དཔེར་ན་གསེར་དང་པོ་ཉིད་ནས་སེར་པོ་ཡིན་པ་ལ། གསར་དུ་སེར་བོར་བསྒྱུར་མི་དགོས་པ་ལྟ་བུའོ། །དེ་ཡན་ཆད་ཀྱིས་གཞི་རྒྱུད་བདེ་གཤེགས་སྙིང་པོ་ཡེ་ནས་འགྱུར་བ་མེད་པ་སངས་རྒྱས་རང་ལ་གནས་པའི་དོན་དེ་ཉིད་ངོ་མཚར་གྱི་ཚིག་ཆེན་བདུན་གྱིས་བསྟན་པའི་རིམ་པ་དེ་སོང་ནས། ད་ནི་གཞི་དེ་ལས་གཞི་སྣང་གྲོལ་འཁྲུལ་བྱུང་ལུགས་དང་འབྲེལ་བའི་དངོས་གཞི་རྫོགས་ཆེན་རིག་པ་ངོ་སྤྲོད་ཀྱི་སྔོན་འགྲོ། སེམས་ཀྱི་མཚང་བཙལ་བ་ལ་སོགས་པས་སེམས་ཀྱི་རྩད་བཅད་བསྟན་པ་ནི། ཨེ་མ་ཧོ། སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་ཉོན། །ཞེས་དེ་ལྟར་མཚམས་སྦྱར་ནས། དཔེ་དོན་གྱི་རིམ་པ་མང་པོ་གཅིག་ལ་གཅིག་མཐུད་ཀྱིས་སྦྲེལ་བའི་མུ་འབྲེལ་གྱིས་སེམས་ཀྱི་རྩད་བཅད་པ་མུ་མཐུད་དུ་བསྟན་པ་སྟེ། དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱིས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །གསུང་རབ་ནམ་མཁའི་མཐའ་མཉམ་དཔག་མེད་ཀྱང་། །དོན་ལ་རང་སེམས་རྟོགས་ཕྱིར་གསུངས་པ་ལས། །གཞན་དུ་ཅི་ཡང་རྒྱལ་བས་གསུངས་པ་མེད། །ཅེས་གསུངས་ཏེ། དུས་གསུམ་དུ་གཤེགས་བཞུགས་བྱོན་དང་འབྱོན་འགྱུར་གྱི་རྒྱལ་བ་མ་ལུས་པའི་མཛད་པ་འཕྲིན་ལས་ཐམས་ཅད། སེམས་ཅན་གྱི་གཞན་དོན་གཅིག་པུ་ལ་འདུས་ཤིང་། དེ་ཡང་མ་འཁྲུལ་དོན་གྱི་གནས་ལུགས་ལ་འགྲོ་ཀུན་སྦྱར་ནས། འཁྲུལ་བ་ཀ་ནས་དག འཁོར་བ་རྨང་ནས་བཤིག སྡུག་བསྔལ་རྩད་ནས་གཞོམས་པའི་ཐབས་ཉག་གཅིག་ལ་འདུས་པས་ན་ཉོན་མོངས་དུག་གསུམ་ཆ་མཉམ་དང་བཅས་པ་འདུལ་བའི་གཉེན་པོ་རུ། འདུལ་མངོན་མདོ་སྡེའི་སྡེ་སྣོད་གསུམ་དང་། རིག་འཛིན་སྔགས་ཀྱི་རྒྱུད་སྡེ་དང་བཞིའི་ཁོངས་སུ་འདུས་པའི་གསུང་རབ་ནམ་མཁའི་མཐའ་མཉམ། ཟབ་ཅིང་རྒྱ་ཆེའི་ཆོས་ཚུལ་ཇི་ཙམ་ཡོད་པ་དེ་དག་ཐམས་ཅད་ཀྱི་དོན་ཚུར་བསྡུ་ན། རང་སེམས་སྐད་ཅིག་མ་འདིའི་སྟེང་ནས་འཁོར་འདས་གྲོལ་འཁྲུལ་གྱི་དབྱེ་མཚམས་འབྱེད་བྱེད་དུས་འགའ་རེ་ལ་དངོས། འགའ་རེ་ལ་བརྒྱུད། འགའ་རེ་ལ་ཤུགས་ནས་བསྟན་པ་སྟེ། མདོར་ན་རང་སེམས་ཆོས་ཉིད་ཀྱི་ངོ་བོ་མ་འཁྲུལ་འདུས་མ་བྱས་པའི་རང་བཞིན་དེ་ཉིད་རྟོགས་བྱེད་ཀྱི་ཐབས་མ་ཡིན་པ་ཞིག་དྲང་ངེས་གང་དུའང་མེད་ལ། དེ་ལས་གཞན་དུ་གྱུར་བ་ཞིག་རྒྱལ་བ་རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་སྔར་མ་གསུངས་ཤིང་། རྗེས་ནས་ཀྱང་གསུང་པར་མི་འགྱུར་རོ་ཞེས་པའོ། །དེའི་ཚུལ་དཔེ་ཡི་སྒོ་ནས་བསྟན་པ་ནི། དཔེར་ན་སྡོང་པོའི་རྩ་བ་གཅིག་བཅད་ན། །ཡལ་ག་ལོ་མ་ཁྲི་འབུམ་དུས་གཅིག་བསྐམ། །དེ་བཞིན་སེམས་ཀྱི་རྩ་བ་གཅིག་བཅད་ན། །གཟུང་འཛིན་ལ་སོགས་འཁོར་བའི་ལོ་འདབ་བསྐམ། །ཞེས་གསུངས་ཏེ། འོག་མའི་ཐེག་པས་བླང་དོར་འབད་བྱས་ཀྱང་། །བསྐལ་བར་མི་འགྲུབ་ཚི་ཆད་ནད་དུ་ཆེ། །ཞེས་རྒྱལ་བ་ཀློང་ཆེན་པས་གསུངས་པ་ལྟར་དུ། མདོ་སྔགས་འོག་མའི་ཐེག་པའི་རང་ལམ་ནས་རང་རང་སོ་སོ་ལ་ཁྱད་ཆོས་རེ་ཡོད་ནའང་། འགའ་རེ་ནི་རྒྱུའི་ཐེག་པ་འབྲས་བུ་གཞན་བྱུང་ལ་བསྒུག་དགོས་པ་དང་། འགའ་རེ་ནི་འབྲས་བུའི་ཐེག་པར་གཏོགས་པ་ཡིན་ཡང་། ལམ་གནད་ཆ་མ་ཚང་ཞིང་ལམ་གྱི་གནད་དངོས་མ་ཟིན་པས་གདམས་པ་ཆིག་ཆོད་ཀྱི་འགྲོ་ལུགས་མིན་པའི་སྟབས་ཀྱིས། ཡལ་ག་ལོ་མ་བཅད་དུས་སྡོང་བོ་ཤུལ་མེད་མི་ཐུབ་པ་དང་། སྡོང་རྒན་གྱི་རྩ་བ་བཅད་ན་ཡལ་ག་ལོ་མ་ཁྲི་འབུམ་རང་ཤུགས་ཀྱིས་བསྐམ་འགྲོ་པའི་དཔེ་ཡིས། ཉོན་མོངས་ཕྱོགས་རེའི་གཉེན་པོ་སྤོང་བསྒྱུར་ལམ་བྱེད་ལ་སོགས་པ་དེ་དག་གིས་ཕྱོགས་རེའི་མགོ་གནོན་ཙམ་ཞིག་ལས་མི་ནུས་པ་དང་། ཉོན་མོངས་ཡེ་ཤེས་སུ་དག སེམས་ཉིད་ཆོས་སྐུར་གྲོལ་བའི་གནད་འདི་ཡིས་ནི། གཟུང་འཛིན་རང་ཞིགའཁོར་བ་ཀ་དག སྲིད་པ་མིང་ཙམ་ཡོད་མེད་མཐའ་འདས་སུ་གྲོལ་བར་བསྟན་པའོ་ཞེས་གྲངས་ཀྱི་སྟེང་ནས་གསུངས་སོ། །དུས་ཀྱི་སྟེང་ནས་གསུངས་པ་ནི། ཁང་སྟོང་མུན་པ་ལོ་སྟོང་ལོན་པ་ཡང་། །སྒྲོན་མེས་སྐད་ཅིག་ཉིད་ལ་སེལ་བ་བཞིན། །རང་སེམས་འོད་གསལ་རྟོགས་པའི་སྐད་ཅིག་ལ། །བསྐལ་པ་གྲངས་མེད་བསགས་པའི་སྡིག་སྒྲིབ་འདག །ཅེས་གསུངས་ཏེ། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྙེས་པ་ནི་ཚོགས་བསགས་སྒྲིབ་པ་སྦྱངས་པའི་ལག་རྗེས་ཡིན་པས་མདོ་སྔགས་འོག་མའི་ལམ་ཐམས་ཅད་ནས་བསྟན་པ་མཐའ་དག་ཀྱང་ས་གཞིའི་ཆུ་ཀླུང་ཐམས་ཅད་རྒྱ་མཚོར་བཞུར་བ་བཞིན་དུ། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པའི་ཐབས་དང་ལམ་ལས་མ་འདས་པ་ཡིན། འོན་ཀྱང་ཐབས་དང་ཤེས་རབ་ཁྱད་པར་ཅན་གྱིས་ཟིན་མ་ཟིན་གྱི་དབང་གིས་ལོ་སྟོང་ལོན་པའི་ཁང་སྟོང་གི་མུན་ནག་རྒས་པ་དེ། སྒྲོན་མེ་གཅིག་ཚད་ཙམ་གྱིས་སྐད་ཅིག་དེ་ཉིད་ལ་མུན་པ་མཐའ་དག་སེལ་བ་དང་མཚུངས་པར། རང་སེམས་ཡེ་ནས་དག་པའི་འོད་གསལ་རང་བྱུང་གི་ཡེ་ཤེས་རང་ངོ་ཤེས་པའི་སྐད་ཅིག་དེ་ཉིད་ལ། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་རླབས་ཆེན་དེའི་སྟོབས་ཀྱིས། བསྐལ་བ་གྲངས་མེད་ལ་བསགས་པའི་སྡིག་སྒྲིབ་དག་པར་བསྟན་པའི་ཤུགས་ལ། མུན་པ་སེལ་བའི་རྗེས་ཐོག་ཏུ་སྣང་བ་ལོགས་ནས་བཙལ་མི་དགོས་པ་དང་འདྲ་བར་ཚོགས་གཉིས་རྫོགས་པ་དང་མཉམ་དུ་སྐུ་གཉིས་ཐོབ་པར་བསྟན་པའོ། །དེ་ལྟར་ཡིན་པའི་རྒྱུ་མཚན་དཔེས་བསྟན་པ་ནི། གསལ་དྭངས་ཉི་མའི་སྙིང་པོའི་རང་བཞིན་དེ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་ནུས། །དེ་བཞིན་རང་སེམས་སྙིང་པོའི་འོད་གསལ་དེ། །བསྐལ་བར་འཁྲུལ་བས་སྒྲིབ་པར་མི་ནུས་སོ། །ཞེས་གསུངས། ཉི་མ་སྤྲིན་གྱིས་བསྒྲིབས་སོང་སྙམ་པ་ནི་རྒྱང་རིང་ཕྱི་ཚུལ་གྱི་མཐོང་སྣང་ཙམ་ཞིག་ཡིན་པ་མ་གཏོགས། དོན་དངོས་སུ་ཉི་མའི་སྙིང་བོའམ་ཉི་མའི་དཀྱིལ་འཁོར་སྤྲིན་གྱིས་སྒྲིབ་ག་ལ་ཐུབ། ད་དུང་དེ་ལས་ཀྱང་མི་སྲིད་པ་ཞིག་ནི་སྣང་བྱེད་ཀྱི་དཀྱིལ་འཁོར་གསལ་དྭངས་ཉི་མའི་སྙིང་པོ་མུན་པ་སེལ་བའི་གཉེན་གཅིག་པུ་དེ། མུན་པས་བསྒྲིབས་མི་སྲིད་པ་བཞིན་དུ། རང་སེམས་དག་པའི་ཆོས་ཉིད་ཡེ་ནས་འོད་གསལ་བའི་སྙིང་པོར་གྱུར་བ་དེ་ཉིད། བསྐལ་བ་ནས་བསྐལ་བའི་བར་ཇི་འདྲའི་ཡུན་རིང་གི་འཁྲུལ་བ་མྱོང་ན་ཡང་། འོད་གསལ་གྱི་སྙིང་པོ་ལ་འཁྲུལ་བས་གོས་མ་མྱོང་བ་ཡིན་པའི་སྟབས་ཀྱིས། འོད་གསལ་གྱི་གཤིས་ལ་འཁྲུལ་བ་ཞུགས་མ་མྱོང་ཞེས་པའོ། །དཔེ་གཞན་གྱི་སྒོ་ནས་བསྟན་པ་ནི། ནམ་མཁའི་རང་བཞིན་མདོག་དབྱིབས་ཚད་ལས་འདས། །དཀར་ནག་སྤྲིན་གྱིས་གོས་པར་མི་འགྱུར་ལྟར། །སེམས་ཀྱི་རང་བཞིན་མདོག་དབྱིབས་ཚད་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །ཞེས་གསུངས་ཏེ། བར་སྣང་སྟོང་པ་གོ་འབྱེད་པའི་ཆ་ཕྱོགས་མཐས་གཏུགས་པ་མེད་པ་འདི་ལ་ནམ་མཁའ་ཞེས་སུ་བཏགས་ཤིང་། དེ་ལ་འདིའི་རང་བཞིན་འདི་དང་འདི་འདྲའོ་ཞེས་དབྱིབས་དང་ཁ་དོག་རྒྱ་ཁྱོན་གྲངས་ཚད་གཅིག་གིས་ཀྱང་གཞལ་མི་ནུས་པ་དང་། ནམ་མཁའ་འདི་ལ་སྤྲིན་ཆར་དང་སེར་བ། ཐོག་འབྲུག་གློག་གསུམ་འཇའ་འོད་གུར་ཁང་ལ་སོགས་པ། སྤྲིན་དཀར་ནག་མ་ཟད་ཅི་ཞིག་ཤར་ཞིང་འཁྲིགས་ཀྱང་ནམ་མཁའ་ལ་རྡུལ་ཆ་ཙམ་ཞིག་གོས་པར་མི་འགྱུར་བ་དང་། ཕན་གནོད་དང་དགའ་སྡུག་བྱེད་མི་ཐུབ་པ་བཞིན་དུ། སེམས་ཀྱི་རང་བཞིན་ནམ་ཆོས་ཉིད་འགྱུར་བ་མེད་པའི་འོད་གསལ་དེའི་གཤིས་ལ་དགེ་སྡིག་དཀར་ནག་གི་ཆོས་གང་གིས་ཀྱང་གོས་པར་མི་འགྱུར་ལ། དེ་དང་རྫོགས་པ་ཆེན་པོའི་ངོ་མཚར་བའི་གསང་ཚིག་གམ་ངོ་མཚར་བའི་ཚིག་ཆེན་བདུན་ནམ་བརྒྱད་རྒྱུད་ལས་གསུངས་པ་ལས། སེམས་ཅན་བྱེ་བའི་སྲོག་བཅད་པ་དང་། ཕར་ཕྱིན་བཅུ་རྟག་ཏུ་སྤྱད་པའི་གང་ཟག་གཉིས་ལ་ཁྱད་པར་རྡུལ་ཙམ་མེད། དེ་ནི་རང་རིག་འགྱུར་མེད་སྐྱེ་ཤི་དང་བྲལ་བའི་གནད་ཀྱིས་ཡིན་ཞེས་པ་མཚུངས་པ་ཡིན་ནོ། །གཤིས་ལ་དེ་ལྟར་ཡིན་པ་ཙམ་གྱིས་ལམ་རང་གནད་ཉམས་སུ་མ་བླངས་ན་མི་གྲོལ་བར་བསྟན་པ་ནི། དཔེར་ན་འོ་མ་མར་གྱི་རྒྱུ་ཡིན་ཡང་། །མ་སྐྲོག་བར་དུ་མར་ནི་མི་འབྱུང་ལྟར། །འགྲོ་ཀུན་བདེར་གཤེགས་སྙིང་པོའི་རྒྱུ་ཡིན་ཡང་། །ཉམས་སུ་མ་བླངས་སེམས་ཅན་སངས་མ་རྒྱས། །འདི་ཉིད་ཉམས་སུ་བླངས་ན་ཀུན་གྲོལ་ཏེ། །དབང་པོ་རྣམས་ལ་རྣོ་རྟུལ་ཁྱད་པར་མེད། །ཉམས་སུ་བླངས་ན་བ་གླང་རྫི་ཡང་གྲོལ། །ཞེས་གསུངས་ཏེ། སེམས་ཅན་གྱི་རིགས་སུ་གྱུར་ཚད། ཐ་ན་སྲིན་བུ་པདྨ་ཡན་ཆད་ལ་གཞི་རྒྱུད་བདེ་གཤེགས་སྙིང་པོས་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཁྱབ་པས་ན། འཁོར་བའི་སེམས་ཅན་ཐམས་ཅད་པོ་འཚང་རྒྱ་རུང་ཡིན་ལ། འོན་ཀྱང་དཔེར་ན་འོ་མ་མར་གྱི་རྒྱུ་ཡིན་ཡང་དཀྲོགས་ནས་འོ་མ་བསྲུབས་པའི་བྱ་བ་དེ་མ་བརྒྱུད་ན་མར་མངོན་དུ་མི་འབྱུང་བ་དང་འདྲ་བར། འདིའི་རང་ལམ་ཉམས་སུ་བླངས་ན་ཐམས་ཅད་གྲོལ་ནས་འཁོར་བའི་འཆིང་བ་ལས་ཐར་བ་ཡིན། དེ་ལ་ཚེ་འདིར་རིགས་ལམ་སྦྱངས་པ་སྔོན་སོང་ལ་སོགས་པའི་ཤེས་ཡོན་སྣ་རེ་ཙམ་ཡོད་མེད་ཀྱི་དབང་བོ་རྣོ་རྟུལ་ལ་ཁྱད་པར་ཅི་ཡང་མེད་པས། ཉམས་སུ་བླངས་ན་བླུན་པོའི་ཚད་ལ་འཇོག་པའི་བ་ལང་རྫི་ཡིན་ཡང་དད་དང་དམ་ཚིག་མ་འགྱུར་པར་ཚུལ་བཞིན་ལམ་འདིར་ཞུགས་ན་གྲོལ་བ་ཡིན་ནོ་ཞེས་པའོ། །མངོན་སུམ་རང་སེམས་འོད་གསལ་དོན་རྟོགས་ན། །ཁ་བཤད་མཁས་པ་འདི་ལ་མི་དགོས་ཏེ། །བུ་རམ་རང་གི་ཁ་རུ་ཟོས་པའི་ཚེ། །བུ་རམ་རོ་བཤད་མི་དགོས་ཇི་བཞིན་ནོ། །འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཐེག་དགུའི་བཤད་པ་ཡོངས་ལ་མཁས་གྱུར་ཀྱང་། །མ་མཐོང་རྒྱང་གི་གཏམ་རྒྱུད་བཤད་པ་བཞིན། །སངས་རྒྱས་ས་ལ་གནམ་ས་བས་ཀྱང་རིང་། །ཞེས་གསུངས་ཏེ། སྒྲ་གཅན་འཛིན་གྱིས་ཡུམ་བསྟོད་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མ་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་གྱུར། ཞེས་གསུངས་པ་བཞིན་དུ། རྫོགས་པ་ཆེན་པོ་དང་ཡུམ་ཤེར་ཕྱིན་གཉིས་ཀ་དོན་གཅིག་མིང་གི་རྣམ་གྲངས། སྨྲ་བསམ་བརྗོད་པ་བྲལ་བའི་སོ་སོ་རང་རིག་གི་ཡེ་ཤེས། རང་སེམས་འོད་གསལ་གྱི་དོན་དེ་སྨྲ་བསམ་བརྗོད་པ་ལས་འདས་པས་ན། དོན་མ་རྟོགས་པར་ཁ་བཤད་མཁས་པ་ཡོད་ཀྱང་འདི་མི་ཤོད་ལ། གལ་ཏེ་མངོན་སུམ་དུ་རང་སེམས་འོད་གསལ་གྱི་དོན་དེ་རྟོགས་ན་ཁ་བཤད་མཁས་པ་འདི་ལ་མི་དགོས་ཏེ་དཔེར་ན་བུ་རམ་རང་གིས་ཟོས་ནས་རོ་མྱོང་ཚེ་གཞན་གྱིས་དེའི་རོ་བྲོ་བ་བཤད་པ་ལ་ལྟོས་མི་དགོས་པ་ལྟ་བུ་ཡིན། འདིའི་དོན་ཚུལ་བཞིན་དུ་མཐོང་ནས་ཇི་བཞིན་དུ་རྟོགས་མེད་ན། མིང་ལ་པཎྜི་ཏ་མ་ཟད་ཡང་ཌི་ཏ་ཡིན་ཡང་འཁྲུལ་བ་ལས་འདའ་ཐུབ་མེད་པས་ན་ཐེག་པ་དགུའི་ཁ་བཤད་ཀྱི་བཤད་ཡམ་སྟོང་པ་ལ་ཅི་ཙམ་མཁས་ཀྱང་མ་མཐོང་རྒྱང་གི་གཏམ་རྒྱུད། དངོས་མཐོང་མ་ཡིན་པར་ཐོས་དོན་ཙམ་ཡིན། ཐོས་པའི་དོན་བསྐྱར་ཟློས་བྱེད་པ་ནི་ཁ་བའི་འོག་གི་ཅ་ལག་འབའ་འབུར་ལ་ཚོད་འཇོག་བྱས་པ་ལྟ་བུ་དང་། ལོང་བས་ཕྱོགས་འཚོལ་བ་ལྟ་བུ་ལས་མ་འདས་པས་ན་སངས་རྒྱས་ཐོབ་པ་ལ་ད་དུང་གནམ་ས་ལྟ་བུའི་བར་ཐག་ཡོད་པའོ་ཞེས་པ་དང་། ཡང་དག་རང་སེམས་འོད་གསལ་མ་རྟོགས་ན། །བསྐལ་པའི་བར་དུ་ཚུལ་ཁྲིམས་བསྲུངས་པ་དང་། །ཡུན་རིང་བར་དུ་བཟོད་པ་བསྒོམས་བྱས་ཀྱང་། །ཁམས་གསུམ་འཁོར་བའི་གནས་ནས་མི་འཕགས་པས། །དེའི་ཕྱིར་འབད་པས་སེམས་ཀྱི་རྩད་གཅོད་གྱིས། །ཞེས་གསུངས་ཏེ། རང་སེམས་འོད་གསལ་དོན་གྱི་བཞུགས་ཚུལ་དེ་ཉིད་ཇི་བཞིན་ཡིན་པ་དེ་བཞིན་ཡང་དག་ཇི་བཞིན་ཉིད་དུ་མ་རྟོགས་ཤིང་སེམས་ཉིད་ཆོས་སྐུའི་རང་ཞལ་མངོན་སུམ་དུ་མཐོང་མེད་ན། དེ་ལས་གཞན་པའི་སྦྱིན་ཚུལ་བཟོད་བརྩོན་ལ་སོགས་པ་ཇི་འདྲའི་ཡུན་རིང་དུས་བསྐལ་བའི་བར་དུ་འབད་ཀྱང་དམུས་ལོང་ཁྱུ་ཞིག་གིས་ལམ་གོ་ཨེ་ཆོད་ལྟ་བ་དང་མཚུངས་པར་ཁམས་གསུམ་འཁོར་བའི་གནས་ནས་གོམ་གང་མི་འཕགས། དེ་འདྲའི་རིགས་དེ་དག་ཐམས་ཅད་འཁོར་བ་འགྲུབ་བྱེད་ཀྱི་ལས་ཤིག་ལས་འདའ་མེད། རང་སེམས་དོན་གྱི་གནས་ལུགས་རྟོགས་པའི་དོན་གྱི་སྙིང་པོ་དང་ལྡན་པ་ཡིན་ན། ཚོགས་ཆེན་སྐད་ཅིག་གིས་འདུམ་ཏེ་འཁོར་བའི་གནས་ལས་གྲོལ་བ་ཡིན་པའི་རྒྱུ་མཚན་དེའི་ཕྱིར་ན། འབད་པ་ཆེན་པོས་བརྩོན་འགྲུས་བྱེད་ས་མ་ནོར་བ་ནི་སེམས་ཀྱི་དེ་ཉིད་མཐོང་བ་འདི་ཡིན་པས་དེ་ལ་འབད་པ་གྱིས་ཤིག་ཅེས་པའོ། །ཕྱི་རབས་ཀྱི་རྗེས་འཇུག་ལ་གདམས་པ་གནང་བ་དང་བཅས་ཏེ། དེ་ཡན་ཆད་ཀྱིས་སེམས་ཀྱི་རྩད་བཅད་དང་མཚང་བཙལ་བའི་ཁྲིད་རིམ་སོང་ནས། ངོ་སྤྲོད་དངོས་གཞི་ཐུན་མོང་གི་སྔོན་འགྲོ་སེམས་ཀྱི་བྱུང་གནས་འགྲོ་གསུམ་འཚོལ་བ་དེ་ཉིད་བསྟན་པ་ནི། ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་མཆོག་ཀུན་གྱིས་ཉོན། །རང་གི་སེམས་ཀྱི་རྩད་བརྡར་མ་ཆོད་ན། །དགེ་སྦྱོར་གང་བྱས་གནད་དུ་མི་འགྲོ་སྟེ། །དཔེར་ན་འབེན་ནི་དྲུང་དུ་བཞག་ནས་ཀྱང་། །མདའ་ནི་ཐག་རིང་ཕྱོགས་སུ་འཕེན་དང་མཚུངས། །རྐུན་མ་རང་གི་ཁྱིམ་དུ་བཞག་ནས་ཀྱང་། །རྩད་གཅོད་དྲག་པོ་ཕྱི་རུ་བྱེད་དང་མཚུངས། །འདྲེ་ནི་ཤར་སྒོའི་ཕྱོགས་སུ་བཞག་ནས་ཀྱང་། །གླུད་ནི་ནུབ་ཀྱི་ཕྱོགས་སུ་གཏོང་དང་མཚུངས། །དབུལ་པོའི་སྒྱེད་རྡོ་གསེར་དུ་མ་ཤེས་པར། །གཞན་ནས་སློང་མོ་བྱེད་པ་ཇི་བཞིན་ནོ། །དེས་ན་རང་གི་སེམས་ཀྱི་རྩད་བརྡར་རྣམས། །འདི་བཞིན་ཆོད་ཅིག་སྐལ་ལྡན་སྙིང་གི་བུ། །ཞེས་གསུངས་ཏེ། སེམས་འཚོལ་གྱི་ཕྱོགས་བསྟན་པ་སྟེ། མདོ་ལམ་ནས་བསྐལ་བ་གྲངས་མེད་མང་པོའི་སྦྱངས་པ་དགོས་པ་དེ་ལ་མི་ལྟོས་པར། སྔགས་མཚན་བཅས་ཀྱི་ཐབས་ཁྱད་པར་ཅན་གྱིས་ཡུན་རིང་མི་ཚེ་འགའ་རེར་གནད་དུ་བསྣུན་ནས་འཐོབ་པར་བྱ་རྒྱུའི་ཡེ་ཤེས་དེ་ཉིད། རྫོགས་ཆེན་གྱི་ལམ་ནས་བླ་མའི་མན་ངག་གིས་ངོ་འཕྲོད་པ་ཙམ་གྱིས་གནས་ལུགས་མངོན་དུ་གྱུར་པའི་ས་ལ་གཤེགས་པ་ནི་སེམས་ཀྱི་གནད་གསང་ཤེས་དང་མི་ཤེས་ལ་ཐུག་ཅིང་། དེའི་གནད་ཀྱི་གསང་དེ་མ་ཤེས་ན་འཕྲུལ་འཁོར་ཨ་མའི་གནད་གསང་མ་ཤེས་པར་ཡན་ལག་གི་འཕྲུལ་འཁོར་ལ་གཙོ་བོ་ཡིན་སྣང་ཤར་བ་དང་འདྲ་བར། མགོ་འཁོར་ནས་དགེ་སྦྱོར་གང་བྱས་གནད་དུ་མི་འགྲོ་བ་ནི་འབེན་ཐག་ཉེར་བཞག་ནས་མདའ་ཐག་རིང་ལ་འཕངས་པ་དང་། རྐུན་མ་རང་ཁྱིམ་ལ་བཞག་ནས་རྩད་གཅོད་ཕྱི་ཚོར་བྱས་པ་དང་། འདྲེ་ཤར་ཕྱོགས་བཞག་ནས་གླུད་ནུབ་ཏུ་འཕངས་པ་དང་འདྲ་བར་གནད་ཐོག་ཏུ་མི་འགྲོ་བ་ཡིན། རང་ལ་ཡོད་པའི་སེམས་ཉིད་ཆོས་སྐུའི་ངོ་བོ་རང་གི་སེམས་འདིའི་སྟེང་ནས་རྩད་ཅིག་ཆོད་དང་རྙེད་སྒོ་ཆེན་པོ་ཞིག་དེ་ན་ཡོད་དེ། དཔེར་ན་དབུལ་བོ་ཚང་གི་སྒྱེད་རྡོ་དེ་གསེར་ཁོ་ན་ཡིན་པ་མ་ཤེས་པར་ཚེ་གཅིག་ལ་དབུལ་བོའི་སྡུག་བསྔལ་ལས་མ་ཐར་བ་དེ། ཤེས་མ་ཐག་ཏུ་དབུལ་བོ་མ་ཡིན་པར་ཕྱུག་པོར་འགྱུར་བ་དང་། དེ་དངོས་སུ་བླངས་ནས་ལོངས་སུ་སྤྱད་ན་འབྱོར་བ་ཕུན་སུམ་ཚོགས་པ་དང་འདྲ་བར། སེམས་ལས་སངས་རྒྱས་རྙེད་དུས་སྐྱབས་གནས་གཞན་དུ་འཚོལ་མ་དགོས་པ་ཡིན། དོན་ཆེན་དང་དོན་ཆུང་མ་ནོར་བར་འདི་བཞིན་དུ་བླ་མའི་མན་ངག་གདམས་པའི་ཉིང་ཁུ་རུ་བསྟེན་ནས་སེམས་ཀྱི་རྩད་བརྡར་ཆོད་ཅེས་པའོ། །བྱུང་གནས་འགྲོ་གསུམ་འཚོལ་ལུགས་དངོས་ནི། སེམས་ཞེས་བྱ་བའི་རིག་རིག་འགྱུ་འགྱུ་པོ། །བདས་ན་མི་ཟིན་ཡལ་ཡལ་བན་བུན་པོ། །བཞག་ན་མི་སྡོད་ཚུབ་ཚུབ་ཡེར་ཡེར་པོ། །འདི་ཞེས་མཚོན་མེད་སྟོང་པ་ཕྱང་ཆད་པོ། །བདེ་སྡུག་སྣ་ཚོགས་མྱོང་མཁན་རང་གི་སེམས། །དང་པོ་འདི་ནི་བྱུང་ས་གང་ནས་བྱུང་། །ཕྱི་ཡི་སྣང་བ་རི་བྲག་ཆུ་ཤིང་དང་། །ནམ་མཁའི་རླུང་སོགས་རྟེན་བཅས་རྟེན་མེད་པ། །གང་ལས་བྱུང་ངམ་འདྲི་ཞིང་རྩད་བརྡར་ཆོད། །ཡང་ན་ཕ་མ་གཉིས་ཀྱི་ཁུ་ཁྲག་ལས། །བྱུང་ངམ་སྙམ་ན་ཇི་ལྟར་བྱུང་ཚུལ་དཔྱོད། །ཅེས་གསུངས་ཏེ། སེམས་ཞེས་པ་མེད་ཙམ་ཡོད་ཙམ་སྣང་ཙམ་ལས་གཞི་མེད་ཡིན་པའི་སེམས། ཡུལ་རིག་པར་བྱེད་ཅིང་རྣམ་རྟོག་འདྲ་དང་མི་འདྲ་འགྱུ་བའི་འགྱུ་དྲན་གྱི་ཤེས་པ། རྗེས་དེད་ནས་བདས་ན་ཟིན་རྒྱུ་མེད་པ་ཞིག བཞག་བཞག་ན་བཞག་ས་ལ་མི་འདུག་པ། འཚབ་འཚུབ་ཀྱི་བློ་སྣ་མང་པོ་ཅན་འདི་མི་དྲན་བསམ་རྒྱུ་མེད་པ། འདི་བཟུང་ནས་འདི་རེད་ཟེར་ནས་སྟོན་དགོས་ན་སྟོང་པ་ཕྱང་ཆད་བཟུང་ས་འཛིན་ས་ཞིག་མེད་པ་འདྲ་བ། ཐོག་མེད་ནས་ད་ལྟའི་བར་དུ་འཁོར་བའི་གནས་འདི་ནས་བདེ་སྡུག་བར་མ་སྣ་ཚོགས་མྱོང་མཁན་གྱི་སེམས་འདི། དོན་དངོས་སུ་ཡོད་པར་འདུག་གམ་མེད་པར་འདུག མེད་པ་ཞིག་ཡིན་ན་མི་གསོན་པོ་དེ་བེམ་པོ་ས་རྡོ་ཤིང་གསུམ་དང་མི་འདྲ་བ་གང་གིས་ཡིན། ཡོད་རྒྱུ་ཞིག་ཡིན་ཚེ་དང་པོ་གང་ནས་བྱུང་འདུག བར་དུ་གང་ན་གནས་པ་ཡིན། ཐ་མར་གང་དུ་སོང་བ་བརྟག་ན། དང་པོ་ཕྱིའི་ས་རྡོ་རི་བྲག་ཆུ་ཤིང་ནམ་མཁའི་ཁམས་ལ་སོགས་པ་གང་ལས་ཀྱང་འདི་བྱུང་ཚུལ་སྟོན་རྒྱུ་མེད་པ་དང་། ནང་ཕ་མའི་རྒྱུ་རྐྱེན་ལས་ལུས་བསྐྱེད་ཀྱང་སེམས་འདི་ལྟར་བྱུང་ངོ་སྙམ་པ་དང་རྙེད་རྒྱུ་ཨེ་ཡོད་ཞིབ་ཏུ་ལྟོས་ལ་རྟོག་ཅིང་དཔྱོད་པར་གྱིས་ཞེས་པའོ། །དེ་ལྟར་དཔྱད་པས་བྱུང་ས་མ་རྙེད་ཚེ། །བར་དུ་ད་ལྟ་རང་ལུས་སྟོད་སྨད་དང་། །དབང་པོ་དོན་སྙིང་ལ་སོགས་གང་ལ་གནས། །སྙིང་ལ་གནས་ན་མགོ་མཇུག་གང་ན་གནས། །དབྱིབས་དང་ཁ་དོག་ལ་སོགས་ཇི་ལྟར་འདུག །ཅེས་གསུངས་ན། དེ་ལྟར་བྱུང་ས་མ་རྙེད་ཀྱང་ད་དུང་མེད་ཅེས་ཟེར་ཐག་མི་ཆོད་པ་འདི། བར་དུ་གནས་ས་རང་ལུས་འདི་ལ་ངེས་པར་ཡོད་ངེས་སོ་སྙམ་ན། དེ་ལྟ་ན་མགོ་ལུས་སྟོད་སྨད་བར་གསུམ་དབང་པོ་ལྔ་དང་། དོན་ལྔ་སྣོད་དྲུག་གང་ལ་གནས། དེ་ལས་སྙིང་ལ་ལོས་གནས་སྙམ་ན། སྙིང་གི་སྟོད་སྨད་བར་གསུམ་ཕྱི་ནང་གང་ན་གནས་འདུག དེང་སང་ཀླད་པ་ལ་གནས་སོ་བསམ་མཁན་མང་རྒྱུ་རེད། འོན་ན་ཀླད་པ་ཚོ་རུ་བགོས་ན་གང་གི་ཕྱོགས་ན་ཡོད་འདུག །གལ་ཏེ་གནས་ས་རིག་དུས་གནས་མཁན་རྙེད་སོང་བ་ཡིན་པས། དེའི་དབྱིབས་དང་ཁ་དོག་ཅི་འདྲ་ཞིག་ཡིན་པའང་བཤད་དུ་ཡོད་པར་གྱིས་ཞེས་པའོ། །ལེགས་པར་དཔྱོད་ལ་གནས་ས་མ་རྙེད་ཚེ། །ཐ་མར་འགྲོ་དུས་ཡུལ་གྱི་དབང་པོའི་སྒོ། །གང་ནས་འགྲོ་དང་ཕྱི་རོལ་ཡུལ་རྣམས་སུ། །ཡུད་ཙམ་ཉིད་ལ་སླེབ་པའི་དུས་དེ་རུ། །ལུས་ཀྱིས་ཕྱིན་ནམ་སེམས་ཉིད་ཁོ་ནས་ཕྱིན། །ལུས་སེམས་ཚོགས་པས་ཕྱིན་སོགས་རྩད་བརྡར་ཆོད། །ཅེས་གསུངས་ཏེ། དང་པོ་བྱུང་ས་མ་རྙེད་ཅིང་བར་དུ་གནས་སའང་མ་རྙེད་ན། ཐ་མར་འདིར་བུད་སོང་ཟེར་རྒྱུ་ཞིག་ཀྱང་རྙེད་དཀའ་ཡང་། སེམས་ཡུལ་ཐོག་ལ་འཕྲོས་སོ་སྙམ་པའི་ཤེས་པ་དེ་ཡུལ་གྱི་ཐོག་གང་ལ། དབང་པོའི་སྒོ་གང་ནས། ཚུལ་ཇི་ལྟར་བུད་སོང་བ་དང་། ཡུལ་ཐོག་ལ་སོང་དུས་ལུས་པོ་སོང་ངམ་སེམས་ཁོ་རང་རྐྱང་བ་སོང་། དེ་མིན་ལུས་སེམས་གཉིས་ཀ་ཚོགས་བཞིན་བུད་སོང་སོགས་རྟོག་ཅིང་དཔྱོད་ཅེས་པའོ། །དེ་ཡང་ཉོན་མོངས་རྣམ་རྟོག་སྐྱེ་བའི་ཚེ། །དང་པོ་གང་ནས་སྐྱེས་དང་ད་ལྟའི་དུས། །གང་ལ་གནས་དང་མདོག་དབྱིབས་ཨེ་འདུག་ལྟོས། །ཐ་མར་རང་སར་ཞི་ནས་ཡལ་བའི་ཚེ། །གང་དུ་ཡལ་ནས་འགྲོ་སོགས་རྩད་བརྡར་ཆོད། །འཆི་བའི་ཚེ་ན་ཇི་ལྟར་བྱས་ནས་འགྲོ། །ཞིབ་ཏུ་དཔྱོད་ལ་སྐྱེ་འཆི་འགྲོ་འོང་དང་། །དངོས་བཟུང་བྲལ་བའི་སྟོང་སངས་བརྗོད་མེད་དུ། །ངེས་པར་གཏན་ལ་མ་ཕེབས་བར་དུ་དཔྱོད། །ཅེས་གསུངས་ཏེ། ཁྱད་པར་དུ་ཉོན་མོངས་དང་རྣམ་རྟོག་དྲག་པོ་འཆར་བདོ་བའི་ཚེ་ན། དེ་བཙལ་བར་སླའམ། དེ་དུས་དང་པོར་གང་ནས་བྱུང་སོང་། ད་ལྟར་གང་ན་གནས་ཡོད་འདུག ཡོད་ན་མདོག་དབྱིབས་ཇི་འདྲ་ཞིག་རེད། ཁྱད་པར་དུ་ཐ་མར་ཉོན་མོངས་རྣམ་རྟོག་རང་ཞི་ལ་ཡལ་འགྲོ་བའི་དུས་སུ་གང་ལ་ཇི་ལྟར་ཡལ་སོང་། ཡང་སྒོས་ཤི་བའི་དུས་སུ་སེམས་དེ་ཇི་ལྟར་བྱས་ནས་གང་ལ་བུད་འགྲོ་བ་རེད་འདུག་སོགས་ཞིབ་ཏུ་བརྟགས་ཤིང་དཔྱད་པ་གྱིས་ཤིག ཐ་མར་འདི་རྙེད་བྱུང་ཟེར་རྒྱུ་མེད་པ་ཞིག་ཏུ་གྱུར་སོང་བ་ཡིན་ན། ད་རུང་དེས་མི་ཆོག་པར་ཟེར་རྒྱུ་མ་རྙེད་ཟེར་ཐག་མི་ཆོད་པ་དེའི་ངོ་བོ་དེ་ཇི་འདྲ་ཞིག་འདུག སྐྱེ་འཆི་འགྲོ་འོང་ཐམས་ཅད་འདི་རེད་ཟེར་རྒྱུ་མེད་པའི་སྟོང་སངས་བརྗོད་མེད་དུ་ཐག་ཆོད་པའི་ཆོད་ལུགས་འདི་ལྟར་རེད་ཟེར་རྒྱུ་ཞིག་གཏན་ལ་ཡང་དག་པར་མ་ཕེབས་ཀྱི་བར་དུ་དཔྱད་པར་གྱིས་ཞེས་གསུངས་པའོ། །གཞན་གྱི་དཔེ་དང་ཁ་བཤད་སྐམ་པོ་ཡིས། །སྟོང་པ་ཉིད་ཡིན་ཟེར་བས་མི་ཕན་ཏེ། །དཔེར་ན་སྟག་ཡོད་ཟེར་བའི་ས་ཆ་རུ། །གཞན་གྱིས་སྟག་ནི་མེད་པར་བརྗོད་ན་ཡང་། །རང་ཉིད་དེ་ལ་ཡིད་ཆེས་མི་སྐྱེ་བར། །ཡིད་གཉིས་ཐེ་ཚོམ་ཟ་བ་ཇི་བཞིན་ནོ། །རང་གི་སེམས་ཀྱི་རྩ་བ་རང་ཉིད་ཀྱིས། །ཞིབ་ཏུ་བཅད་ནས་གཏན་ལ་ཕབ་པའི་ཚེ། །དཔེར་ན་སྟག་ཡོད་ཟེར་བའི་ལུང་པ་དེར། །རང་ཉིད་སོང་ནས་ཕུ་མདོ་ཐམས་ཅད་དུ། །སྟག་ནི་ཨེ་ཡོད་རྩད་བརྡར་བཅད་གྱུར་ན། །མ་རྙེད་ཚེ་ན་རང་ཉིད་ཡིད་ཆེས་ཏེ། །ཕྱིན་ཆད་ས་དེར་སྟག་ཡོད་སྙམ་པ་ཡི། །ཡིད་གཉིས་ཐེ་ཚོམ་མེད་པ་ཇི་བཞིན་ནོ། །ཞེས་གསུངས་ཏེ། འདི་ལྟར་བྱས་ནས་སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་འོང་དུས། སེམས་འདི་ལྟར་བྱུང་སྟེ་འདི་ལ་བུད་སོང་ཞེས་པ་ཞིག་སྟོན་རྒྱུ་མེད་ཅིང་། མེད་པའི་ཡལ་ས་ཡལ་ཁོངས་ཀྱང་བཤད་རྒྱུ་མ་རྙེད་དུས་གཞན་གྱི་ཁ་ལ་ཉན་ནས་སྟོང་པ་ཉིད་རེད་ཅེས་པས་མི་འོང་བ་ནི། དཔེར་ན་གཞན་གྱིས་ག་ཤེད་ཅིག་ན་སྟག་མི་གཟན་ཡོད་འདུག་ངས་མཐོང་ངོ་ཞེས་སྨྲས་ཀྱང་ཨེ་བདེན་ཅི་ཤེས། ཡང་གཅིག་གིས་མི་འདུག་མེད་པ་ངས་མཐོང་ངོ་ཞེ་ན་དེ་ཡང་ཨེ་བདེན་ཅི་ཤེས། ཡོད་མེད་གཉིས་ཀ་གང་ཡིན་རང་གིས་མཐོང་ན་ཡིད་ཆེས་པ་དང་འདྲ་བར་སེམས་ཀྱི་བྱུང་གནས་འགྲོ་གསུམ་རང་གིས་རྩད་བརྡར་ཆོད་ཅེས་གསུངས་པའོ། །དེ་རིང་གི་ཆོས་ཁྲིད་དང་པོ་འདི། ཡིད་གཉིས་ཐེ་ཚོམ་མེད་པ་ཇི་བཞིན་ནོ། །ཞེས་གསུངས་སའི་མཚམས་སུ་བཞག་ནས། དེ་རིང་ཕྱི་དྲོ་དང་སང་ཉིན་གྱི་ཐུན་ཐམས་ཅད་ལ་ཁྱེད་རྣམ་པས་རང་རང་གང་མོས་ཀྱི་ས་ཆ་དབེན་ས་རི་ཡི་ངོས། ཤིང་གི་བསིལ་གྲིབ། ཁང་བའི་བྱ་འདབ། རླུང་ཁའི་དྲི་ཟུར་ལ་སོགས་པ་རང་གང་བདེའི་ས་ལ་སོང་ནས། སེམས་ཀྱི་བྱུང་གནས་འགྲོ་གསུམ་ཚོལ་ལ་ཤོག ཡོད་ན་ཡོད་ལུགས་འདི་ལྟར་རེད། མེད་ན་མེད་ཁུངས་འདི་ལྟར་ཡིན་ཟེར་རྒྱུ་ཞིག་རྙེད་དགོས་པ་ཡིན། དེ་ཡང་རང་གིས་ངེས་པ་ཞིག་རྙེད་དགོས་པ་ལས་གཞན་ཟེར་རྗེས་བརྗོད་ཁྱོད་ཀྱིས་ཅི་ལྟར་ཟེར་རྒྱུ་ཡིན་ངས་ཀྱང་དེ་ལྟར་ཟེར་དགོས་ཞེས་པས་མི་འོང་། སྔར་གོང་ནས་བཤད་པ་སྟེ། ཆོས་བཤད་བྱུང་། ཐོབ་བྱུང་། དུས་ཚོད་ཀྱང་ཡུན་རིང་ཞིག་འགོར་མ་སོང་། ཡུན་ཐུང་སོང་། ངས་འཇིག་རྟེན་གྱི་བྱ་བ་གནད་ཆེན་འདི་ཚོ་དང་དེ་ཚོ་བསྒྲུབ་རྒྱུ་ལ་དལ་འགོར་བྱས་མ་བྱུང་། བཟང་བྱུང་སྙམ་ནས་ཐོབ་ཡིག་ཅིག་བསགས་ཏེ་བརྒྱུགས་སོང་བ་ཙམ་གྱིས་ནི། གལ་འགག་ཆེ་བའི་ཉི་མ་ཞིག་ཐོན་དུས་དོན་གྱི་ཐོབ་རྟགས་དང་། ཉམས་མྱོང་གི་ལག་རྗེས་ཤིག་མེད་ན་མིང་གི་ཐོབ་ཡིག་ཤོག་ཐོག་གི་རི་མོ་ཡིས་གོ་མི་ཆོད། ཆོས་ཐོས་པ་མང་ལ་སྒོམ་པ་ཉུང་བ་དེ་ཆོས་དྲེད་ལ་འགྲོ་བྱེད་ཀྱི་རྒྱུ་དངོས་ཡིན་པ་དེས་ན་ཆོས་མ་བཤད་ན་མ་བཤད་པ་དང་། མ་ཞུས་ན་མ་ཞུས་པ་ལས་འཆད་ཉན་ཞིག་གི་དབུ་ཞིག་འཛིན་ནས་བཟུང་སྟེ་ཚུལ་དང་མཐུན་པ་ཚད་དང་ལྡན་པ་ཞིག་མ་ཐོན་བར་དུ་ཨེ་ཐོན་མི་ཐོན་བལྟ་དགོས། ཁྲིད་ཞེས་པའི་དོན་ནི། ལོང་བའི་ལག་མགོ་ནས་བཟུང་སྟེ་ཐོན་དགོས་སའི་ས་ལ་མ་ཐོན་གྱི་བར་དུ་ལམ་ཁྲིད་བྱེད་པ་འདྲ་བ་ཞིག་ལ་ཁྲིད་ཟེར་བ་ཡིན། ཁྲིད་ལ་ཁྲིད་སྦྱང་བྱེད་དགོས། བྱིས་པ་ལ་གོམ་པ་ལེན་ལུགས་བསླབ་པའི་སྐབས་སུ། མི་ཆེན་གྱིས་ལག་མགོ་ནས་འཐེན་ཏེ་ཡར་སློང་དགོས་ཤིང་བྱིས་པ་རང་གིས་ཀྱང་གོམ་པ་ཨེ་ཆོས་བལྟ་དགོས་པ་ལྟར། ཁྲིད་བཤད་དུས་གོ་ལོ་ཐོས་ལོ་རྐྱང་བས་ཕན་ཐོགས་ཡོད་པ་མ་རེད། ཚིག་ཐོག་གི་ཡིག་འབྲུའི་གོ་དོན་ཙམ་རེ་སུ་ཡིན་ཡང་ཁྲོལ་བ་ཡིན། བསམ་དོན་སྒོམ་པའི་གནད་ལ་སྦྱོར་བར་བྱེད་པ་ལ་ཁྲིད་སྦྱང་ཟེར་བས། ངས་རྫོགས་ཆེན་བཤད་དུས་མཚན་ཉིད་ཐེག་པའི་དཔེ་ཁྲིད་བྱེད་སྟངས་ཀྱིས་སྐྱོར་སྦྱང་གི་དཔྱད་གླེང་བྱེད་དུ་འཇུག་པ་མིན། ཡིད་དཔྱོད་སེམས་ཀྱི་སྤྲོས་པས་ད་ལྟའི་བར་དུ་ཡུལ་རྗེས་སུ་འབྲངས་ན་ཡང་། བྱ་ལོང་ནམ་མཁའི་མཐའ་ལ་ཐོན་དུ་མེད་པར་གཤོག་རྩལ་ཉམས་པ་ལྟ་བུ་ཡིན་པས། སྤྲོས་པའི་མཐའ་སྤྲོས་མེད་དང་། བརྗོད་པའི་མཐའ་བརྗོད་མེད། དམིགས་བསམ་གྱི་མཐའ་དེ་དམིགས་མེད་དུ་སྦྱོར་སྟངས་ལ་སྦྱོང་དགོས་པས། ཐོག་མར་འདུག་སྟངས་ནས་མགོ་བཟུང་སྟེ། ཤེས་རུང་མ་ཤེས་རུང་། ཅི་སྒོམ་འདི་སྒོམ་ཡོད་རུང་མེད་རུང་། རང་སེམས་དབང་དུ་བསྡུས་ཏེ་བསྒོམ་དགོས། སྒོམ་གྱི་ཐོག་མར་སྒོམ་མཁན་བཙལ་དགོས། དེ་རིང་སྒོམ་མཁན་འཚོལ་བའི་ཁྲིད་སྦྱང་ཡིན། དེ་རིང་སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་བའི་སྐབས་འདིར། ཐོག་མེད་ནས་ད་ལྟའི་བར་དུ་འཁྲུལ་བའི་སེམས་དེ་ཅི་འདྲ་ཞིག་རེད་འདུག མ་འཁྲུལ་སེམས་དོན་གྱི་གནད་ལ་ལྟ་མཁན་དེ་སུ་རེད། གང་ན་ཇི་ལྟར་བྱས་ནས་ཡོད་འདུག སྔོན་ནས་ད་ལྟའི་བར་དུ་ཁ་ནང་ལ་མ་འཁོར་པར་ཕྱི་ལ་འཁོར་ཏེ། ཕྱིའི་ཡུལ་སྣང་གི་ལྟད་མོ་ཕར་བལྟས་རྒྱང་གི་ཆོས་བརྒྱ་ལ་བལྟས་པ་ཡིན་པས། ད་ནི་ལྟ་མ་མྱོང་བའི་ནང་གི་རང་སེམས་ལ་ཚུར་བསྐོར་ཏེ། ཚུར་བལྟས་སེམས་ཀྱི་ཆོས་གཅིག་པོ་དེ་རིག་དགོས་པ་ཡིན། དེང་སང་འཇིག་རྟེན་ཐོག་གི་ཚན་རིག་པས་ཕྱི་ཚུལ་གཟུགས་ཀྱི་གནས་ལུགས་ཅུང་ཟད་ཕྲ་བའི་བར་དུ་བརྟག་ཞིབ་བྱས་ཡོད་ཀྱང་། ནང་ཚུལ་ཤེས་པའི་གནས་ལུགས་གཏན་ལ་འབེབས་པ་དང་། ཤེས་དང་ཤེས་བྱའི་ཆོས་ཉིད་ཀྱི་ཐད་ནས་ལོ་རིམ་དང་པོའི་སློབ་ཆུང་གི་སྦྱངས་འབྲས་ཙམ་ལ་ཡང་ཐོན་ཡོད་པ་མ་ཡིན། དེ་ལ་ཐུག་དུས་ལྐོག་གྱུར་སེམས་ཀྱི་གསང་བ་ཟེར་ནས་ཚིག་མཚམས་འཇོག་འགྲོ་བ་མ་གཏོགས། དེའི་ཡན་ལ་ཐོན་ཡོད་པ་མ་རེད། དེར་མ་ཐོན་པ་དེ་ཅི་ཞིག་རེད་ཟེར་ན། ཡེ་གསང་ཐབས་ཀྱིས་ཆོད་པའི་ས་མཚམས་བརྒལ་མ་ནུས་པས་རེད། དེས་ན་སྤྱི་ཚོགས་ཚན་རིག་ཁང་གི་ཚན་རིག་གིས་ཞིབ་འཇུག་མ་ནུས་པ། ཤར་ནུབ་མགོ་སེར་མགོ་ནག་གི་མི་ཡིས་འཕྲུལ་ཆས་སྣ་ཚོགས་བེད་སྤྱད་ཀྱང་མ་མཐོང་བའི་ནང་རང་སེམས་འཁོར་འདས་བདེ་སྡུག་གི་རྩ་བ་འདིའི་གནད་གསང་རྟོགས་ཐབས་དང་། སྔར་གངས་ལྗོངས་ས་མཐོའི་ཐོག་འདི་ནས་རི་ཕུག་དང་བྲག་ཁུང་ནས་སྐྲ་སེན་མ་གཏོགས་ཤུལ་དུ་མི་ལྷག་པར་འཇའ་ལུས་འོད་སྐུར་གྲོལ་བ་དེ་དག གདོས་བཅས་འབྱུང་བའི་སྙིགས་མ་དེ་དྭངས་མ་འོད་དུ་གྱུར་དུས། སྔར་ཡོད་རྣམ་ཤེས་ཚོགས་དྲུག་གི་འགྱུར་བ་དང་དབང་པོ་ཐམས་ཅད་ཇི་ལྟར་བྱས་ནས་གཞན་ཞིག་ཏུ་གྱུར་པ་དང་། ལུས་འདི་ནི་འབྱུང་བཞིའི་རྡུལ་ཕྲན་ཚོགས་པ་ཞིག་ཏེ། དེ་ཡང་འབུ་སྲིན་ཕྲ་མོའི་གྲོང་ཁྱེར་ཞིག་ཡིན་པའི་ར་སྤྲོད་ཙམ་དེང་དུས་ཀྱི་གསོ་རིག་པ་ཚོས་ཀྱང་ཐུབ་ན་ཡང་། འཇའ་ལུས་འོད་ལ་དེངས་ནས་ཁྱད་པར་འཕོ་ཆེན་གྱི་སྐུ་ལ་གཤེགས་དུས་ལུས་ཀྱི་སྲིན་བུ་ནས་བཟུང་སྟེ་རང་སྣང་གཞན་སྣང་གིས་བསྡུས་པའི་སེམས་ཅན་མང་པོ་ཞིག་འཁྲུལ་སྣང་ལས་ཉོན་གྱི་གཞན་དབང་ལས་གྲོལ་བར་བྱེད་པའི་གནད་གསང་དེ་གང་ལ་ཐུག་འདུག ལྷ་ཡོད་སྨྲ་བས་ལྷ་ཡོད་པར་སྨྲ་བ་དང་། ལྷ་མེད་སྨྲ་བས་ལྷ་མེད་པར་བརྗོད་ཀྱང་བླ་ལ་ཤེས་བྱའི་མཐའ་རྒྱ་ཐམས་ཅད་རང་སེམས་གཅིག་པུའི་སྟེང་ནས་ཉལ་སའི་ནང་འདུག་བཞིན་དུ་ཐག་བཅད་དགོས་པ་ཡིན། ཁྲིད་སྦྱང་ཞག་བརྒྱའི་སྐབས་སུ་སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་རྒྱུ་རྐྱང་བ་ལ་བདུན་ཕྲག་འགའ་རེ་དགོས་པ་ཡིན་ཡང་། ད་རེས་ཀྱི་ཟླ་ཁྲིད་ཐུང་ཐུང་འདི་ལ་སྔ་ཕྱི་དྲོའི་ཐུན་བཞི་ལས་དུས་ཚོད་ཀྱིས་མི་འདང་བ་རེད། སྔོན་འགྲོ་དངོས་གཞི་ཚང་མ་ལ་ད་རེས་ཁྲིད་སྦྱང་ཐུང་ཐུང་འདི་ཡིས་སྔར་མེད་ཀྱི་བོགས་འདི་ཐོན་བྱུང་བསམ་པ་ཞིག་དང་། སྐྱེད་འདི་བརྒྱབ་བྱུང་བསམ་རྒྱུ་ཞིག་ཨེ་ཡོད་མི་ཤེས་ཀྱང་། ཕྱིན་ཆད་འདི་ལྟར་བྱས་ནས་ཐུན་ཆོད་ཟེར་བའི་མཛུབ་མོས་རི་སྟོན་གྱི་འགྲོ་ཕྱོགས་ཤིག་བསྟན་པ་ཡིན། དེའང་གཅིག་ཡིན་ན་དུས་ཚོད་ཐུང་ཡང་དགེ་འདུན་འདུས་པའི་བྱིན་རླབས་ཀྱིས་དུས་རྒྱུན་རང་གཅིག་པུའི་ཉམས་ལེན་དང་འདྲ་རྒྱུ་མ་རེད་སྙམ། ས་ཆ་འདི་ལ་མཚོན་ན་སྔར་ཆོས་དབྱིངས་སྟོབས་ལྡན་རྡོ་རྗེ། ཞབས་དཀར་ཚོགས་དྲུག་རང་གྲོལ། དགུ་རོང་སྣ་ཚོགས་རང་གྲོལ་ལ་སོགས་པས་རྫོགས་པ་ཆེན་པོའི་ཆོས་གསུངས་ཤིང་གྲུབ་པའི་ཞབས་རྗེས་དང་ཕྱག་རྗེས་བཀོད་ས་ཡིན་པས། ཉམས་རྟོགས་ཀྱི་ཕ་ཕོག་གསར་བ་རྙེད་པ་ལ་ཡིད་ཆེས་མཛད་ཆོག་པ་ཡིན། འུ་བུའི་ཆོས་ཁྲིད་འདི་ལ་སྔོན་འཆར་ལྟར་དུ་བྱས་ན་ད་དུང་ཉི་མ་ཉི་ཤུ་ཙམ་ཞིག་ཡོད་ཀྱང་། གཞན་དབང་སྟབས་བསྟུན་མ་བྱས་ཐབས་མེད་ཡིན་པས་ན། ཡུལ་གྱི་རྒྱལ་པོའི་ཁྲིམས་དང་ས་ཆ་སོ་སོའི་སྒེར་ཁྲིམས་ཀྱི་དབང་གིས་གལ་ཏེ་དུས་ཚོད་རིང་དྲགས་སོང་བ་སོགས་བཤད་ཡོང་ནའང་གནད་འགག་མི་ཆེ་སྟེ་ཁྲེགས་ཆོད་ཙམ་ཞིག་ཁྲིད་སྦྱང་དང་བཅས་པ་གྲུབ་སོང་ན་ཡང་ཆོས་ཚན་གཅིག་ཆ་ཚང་སོང་བ་རེད། གང་ལྟར་ཁྲིད་རྐང་གཅིག་ཙམ་ལས་མ་སོང་ན་ཡང་གཅིག་པོ་དེ་མགོ་སྔ་ཚང་བ་ཞིག་བྱེད་དགོས། མདོ་དབུས་ཁམས་གསུམ་གྱི་མི་སྣ་འདི་འདྲའི་མང་པོ་ཞིག་ཆོས་ཕྱིར་དཀའ་སྤྱད་མཛད་ནས་ཆེད་གཏད་ཀྱིས་འདི་ལྟར་ཕེབས་ཡོང་ན། སྡེ་གླིང་རུ་ཉིན་ཉིན་མི་འཛོམས་གི རྟ་རག་དཀར་ཉིན་ཉིན་མི་རྒྱུག་གི འདི་ཡང་མ་མཐོང་ཕྱི་རབས་ཀྱི་གྲོགས་པོ་ཚོར་བཞག་པའི་བྱུང་རིམ་ལོ་རྒྱུས་ཀྱི་མཚན་རྟགས། སྔར་མེད་ཀྱི་སྣང་བརྙན་གསར་བ་ཞིག་ཏུ་འགྱུར་བ་ཡིན། དོན་དངོས་སུ་ང་ལྟ་བུ་ལ་མཚོན་ན་ཆོས་རྫོགས་ཆེན་བཤད་པའི་བླ་མ་ཚུལ་ལྡན་ཞིག་གི་མཚན་ཉིད་ཚང་བ་ལྟ་ཅི། སློབ་མ་སྣོད་ལྡན་ཞིག་གི་ཆུ་ཚད་ཀྱང་ཚང་དཀའ་ཡང་། ཆོས་བརྒྱུད་འདི་ལ་བསྐོས་ཤིང་དམ་པ་གོང་མས་ཐུགས་གཏད་པ་དང་། དུས་འདིའི་ཆོས་རྒྱུན་མཐུད་པའི་ལས་ཁུར་རང་ཤུགས་ཀྱིས་ཐོག་ལ་བབས་པ་ཡིན་ཕྱིར། བཟོ་མ་ཤེས་བཟོ་བོའི་བཟོ་སྟངས། མགར་མ་ཤེས་མགར་བའི་འདུག་སྟངས་ཤིག་བྱེད་དགོས་སོང་བ་ཡིན། དེའང་དགོས་དོན་གཙོ་བོ་རྣམ་པ་སོ་སོ་ལ་སྔར་མེད་ཀྱི་རྟོགས་པ་རེ་རྒྱུད་ལ་འཁྲུངས་ཐབས་ཐོན་རྒྱུ་དེ་གནད་རེད། དེས་ན་རང་རོགས་ཚང་མས་ཆོས་འདི་དང་འཕྲད་པར་དཀའ་བ་དང་། འཕྲད་དུས་ཉམས་ལེན་གྱི་གནད་རེ་མ་ཟིན་ན་སྤྱིར་དལ་འབྱོར་སྟོང་ལོག སྒོས་གྲལ་འདྲ་འདྲའི་ནང་ནས་བགོས་སྐལ་ཆད་པ་ཡིན་པ་སྟེ། གང་ཟག་རང་གི་སྒེར་དོན། བསྟན་པ་སྤྱི་ཡི་སྒོས་དོན། དྲིན་ཆེན་ཕ་མའི་དྲིན་ལན། མ་སེམས་ཅན་གྱི་འགྲོ་དོན། གནད་བརྒྱ་གཅིག་འདུས་འདི་ལ་ཚང་བའི་ཐུགས་བསམ་བཞེས་ཕྱོགས་ཀྱི་གནད་ངོ་མ་མི་འཆོར་བའི་ཐུགས་གསོའི་དྲན་སྐུལ་ཞུས་པ་དང་བཅས་ཏེ། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཐུན་གཉིས་པའི་ཆོས་ཁྲིད།

དེ་རིང་ཡང་ཉི་མ་ཚ་བས་བསིལ་འོག་ཏུ་མེད་པ་དག་གིས་དབུ་གདུགས་ཕུབ་ན་ཆོག་ཅེས་གནང་བ་བྱིན་པ་ཡིན། དམ་པའི་ལྷ་ཆོས་རྣམ་དག་ཅིག་བསྒྲུབས་ཏེ་ཚེ་འདིའི་སྟེང་ནས་ཆོས་སྒྲུབ་པའི་དོན་གྱི་སྙིང་བོ་ཞིག་ལག་ཏུ་ལོན་པར་བྱེད་བསམ་མཁན་ཞིག་གིས་ཆོས་གང་ཟབ་ཀྱི་དངོས་གཞི་གདམས་ཁྲིད་ལ་འཇུག་པ་གནད་ཆེ་ཡང་། དེའི་སྔོན་འགྲོ་རྨང་གཞིའི་གཞིན་གདན་དེ་བརྟན་པོ་ཞིག་ཞོག་རྒྱུ་གནད་དེ་བས་ཀྱང་ཆེ་བ་ཡིན། སྔོན་འགྲོའི་རྨང་གཞི་དེ་བརྟན་པོ་ཞིག་ཞོག་མེད་ན། དངོས་གཞིའི་ཆོས་གཞུག་ཤོར་ནས་མཐའ་མར་གཅིག་ཀྱང་རྒྱུད་ན་མེད་པར་ཤི་རན་དུས་སྐྱབས་གནས་གཞན་ནས་འཚོལ་འདུག་དགོས་པ་ཞིག་ཡོང་བ་ཡིན། དེའི་མི་ཚད་ལས་མཐའ་ལོག་པ། ནགས་མཐའི་མི་རྒོད་ལ་དཔེ་འཇོག་ས་སྟེ། དེ་ཡང་མིའི་གྲལ་དུ་མེད་པའང་བརྗོད་དུ་མེད་དེ་མིའི་ཡན་གྱི་ལྷ་ལའང་ལོག་ལྟ་བྱེད་ཤེས་ཤིང་། སྟོན་པ་སངས་རྒྱས་འཇིག་རྟེན་ན་ཟླ་མེད་པའི་འདྲེན་པ་ཆེན་པོར་བྱོན་པ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ལའང་སྐྱོན་བཏགས་འདང་བྱེད་མཁན། མིའི་གྲལ་དུ་ཡོད་པའང་བརྗོད་དུ་མེད་དེ་ཡང་དག་ལྟ་ལ་དད་ཅིང་རྒྱུ་འབྲས་ཕྲ་ཞིབ་ཁས་ལེན་པའི་རྟག་ཞིབ་ཀྱི་རྣམ་དཔྱོད་དང་། འདི་ཕྱིའི་རྒྱང་ཐག་མཐོང་བྱེད་ཀྱི་མིག་སྒོ་ཡོད་པ་ཕར་ཞོག རང་ཉིད་འཇིག་རྟེན་འདིའི་སྟེང་ནས་འཚོ་བའི་སྐབས་ཀྱི་ནང་སེམས་ཁམས་ཀྱི་བདེ་སྐྱིད་ཙམ་ཡང་བསྒྲུབ་མི་ཤེས་ཤིང་། སྣང་བ་མ་དག་པའི་སྣང་ངོ་ལ་སྣང་ཚད་ལོག་པ་ཤ་སྟག་ཏུ་མཐོང་བ་ཞིག་ཏུ་འགྱུར་མི་སྲིད་པ་མ་ཡིན། དེ་དག་ནི་བློ་སྦྱོང་གི་ཆོས་ཀྱིས་བློ་མ་འབྱོངས་ཤིང་། ཐོས་པ་རྒྱུད་ལ་མ་སྦྱར་བས་ཆོས་དང་རང་རྒྱུད་གཉིས་ཀ་ཐ་དད་དུ་སོང་སྟེ། གཞུང་ལུགས་གང་བལྟས་གདམས་པར་ཤར་བའི་ཉམས་ལེན་རང་རྒྱུད་ལ་སྦྱར་བའི་གནད་ཀྱི་སྙིང་བོ་མ་ཟིན་པའི་རིགས་འདི་དག་མང་ཆེ་བ་ཐོས་པ་གོ་ཡུལ་ལ་ཤོར། ཐོས་དོན་བསམ་པས་རྒྱུད་ལ་མ་འབྱོར་བའི་རིགས་ལ་འབྱུང་འདུག་པ་ནི་མཐོང་ཆོས་བལྟས་ན་ཤེས་རྒྱུ་ཅན་ཞིག་ཡིན་པ་དེས་ན། བློ་ལྡོག་རྣམ་བཞིས་ཚེ་འདི་དང་ཕྱི་མ་ལས་བློ་ལྡོག གཞན་ཕན་བྱང་ཆུབ་སེམས་ཀྱིས་རང་འདོད་ཡིད་བྱེད་ལས་བློ་ལྡོག་པའམ་བློ་ལོག་པ། ཞེན་ལོག་མཁྲིས་ནད་ཅན་ལ་སྣུམ་ཟན་བྱིན་པ་འདྲ་ཞིག་གི་ཚད་དུ་འཁྱོལ་བ་ཡིན་ན། དངོས་གཞིའི་ཉམས་ལེན་གནད་ལ་འཁེལ་བ་ཞིག་འབྱུང་བ་ཡིན་པས། ངས་ཀྱང་ཆོས་དུང་ནམ་བུས་ལ་སྔོན་འགྲོ་ཏག་ཏག་བཤད་ནས་འདུག་སྙམ་པ་ཞིག་འབྱུང་བ་ནི། བློ་སྦྱོང་གི་སྐོར་འདི་རང་ཉིད་དཔེ་དང་མཚན་གཞིར་བཞག་ནས་བཤད་པར་ཡིན་པ་སྔོན་ནས་ཞུས་པ་ལྟར་དུ་རེད། རང་གཅེས་པར་འཛིན་སའི་རྩ་བ་སྲོག་ཞེས་པའི་དམར་ཐང་ཅན། དེ་བརྟེན་སའི་འབྱུང་བཞིའི་ཕུང་བོ། ལུས་སེམས་ཚོགས་པའི་ང་ཟེར་སའི་གདགས་གཞི་འདི་ལ་གཅེས་པ་ཀུན་གྱི་མཆོག་ཏུ་འདི་བརྩི་བ་ཡིན། འདིའི་རིན་ཐང་ངོ་མ་འདི་དང་ཕྱི་མ། ཚེ་རབས་ཚེ་རྒྱུད་ཐམས་ཅད་ལ་འདི་བཞིན་སེམས་ཀྱི་རྒྱུན་དང་འགྲོགས་པའི་ལུས་གང་བླངས་ཐམས་ཅད་བདེ་ཞིང་སྐྱིད་པའི་ཆེད། ཚེ་སྐྱེ་བ་རེ་ལའང་ཕ་མ་གཉེན་གྲོགས། སྡེ་དང་ཡུལ་འཁོར། ད་རུང་ཕར་དེད་ན་སྲོག་ལྡན་ཐམས་ཅད་སྐྱིད་འདོད་སྡུག་ལ་མི་འཚེར་བ་གཅིག་ཀྱང་མེད་པས་ན་རང་ཕན་རོགས་ཀྱང་སྐྱོབ་པའི་དོན་ཞིག་ཨེ་སྒྲུབ་དང་ཨེ་འགྲུབ་དེ་ད་རེས་ཀྱི་ལུས་རྟེན་འདི་ལ་ཐུག་གོ་སྙམ་པའི་དལ་འབྱོར་ཚང་བའི་ལུས་ཀྱི་རིན་ཐང་དེ་ཤེས་དགོས། དེ་ཡང་སྐབས་ཤིག་ཐེངས་ཤིག་ལ་ཚོགས་པ་ཙམ་གྱིས་མི་ཕན་པའི་ཚུལ། ཀུན་མཁྱེན་ཆོས་རྗེའི་མན་ངག་ལས་བྱུང་བའི་འཕྲལ་བྱུང་རྐྱེན་གྱིས་མི་ཁོམ་པ་བརྒྱད་དང་། རིས་ཆད་བློ་ཡིས་མི་ཁོམ་པ་བརྒྱད་སོགས་ད་ལྟ་མེད་ན་ད་ལྟ་འབྱུང་སླ་བ་དང་། ད་ལྟ་ཚང་ཡང་རྐྱེན་གློ་བུར་བ་ཞིག་ལ་བརྟེན་ནས་ད་ལྟ་མི་ཚང་བར་འགྱུར་འགྲོ་བའང་ཡོད་པའི་རྒྱུ་མཚན་དེའི་ཕྱིར་ན། རྒྱུ་ནོར་དཀོན་པོ་ཕྱི་ནས་འཚོལ་བའི་ཟང་ཟིང་གི་ནོར་ལ་སེམས་ཀྱིས་ཆགས་ཞེན་བྱེད་པ་བྱིས་པ་ཆུང་ཆུང་གིས་སེར་རའི་རིལ་བུ་ལ་ནོར་བུའི་འདུ་ཤེས་ཀྱིས་མགོ་འཁོར་བ་ལྟ་བུའི་བྱིས་པ་ལས་ཀྱང་བྱིས་པ། སོ་སོའི་སྐྱེ་བོའི་བསམ་སྤྱོད་ཡིན་པ་ལ་ཨང་སྙམ་ནས་ཤེས་པར་བྱེད་དགོས་པས་མ་ཚད། དལ་འབྱོར་རྙེད་དཀའ་འདི་རང་གི་ལུས་ཀྱི་ཁྲིད་ཡིན་པས་དལ་འབྱོར་དེ་སྔོན་མ་ཚོགས་ན་ད་ཚོགས་པར་བྱེད་ཅིང་། ཚོགས་ཡོད་ན་མི་ཉམས་པར་བསྲུངས་ཏེ་དལ་འབྱོར་རིན་ཆེན་ཚོགས་པའི་དུས་འདིར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་བསགས་ནས། མཐའ་ཡས་སེམས་ཅན་ཐམས་ཅད་ཕན་བདེར་འགོད་པའི་ནུས་པ་བསྒྲུབ་དགོས་སྙམ་པའི་སེམས་བརྟན་པོ་མདུང་ཐུང་བྲང་ཁར་ཚད་ཀྱང་ཕྱིར་མི་ལྡོག་པ་ཞིག་ཡོད་དགོས་པ་ཡིན། ད་སྔ་ཡན་ཆད་ལ་མི་ཚེའི་ནམ་ཟླ་སོང་བ་ལ་ཕྱིར་དྲན་ཞིག་བྱེད་ན། རྒྱུ་འབྲས་ལ་ཡིད་མ་ཆེས་ཤིང་དམ་པའི་ཆོས་ལ་བློ་ཁ་གཏན་ནས་མ་ཕྱོགས་པས་ཆོས་མ་འགྲུབ་པར་ལུས་པ་ཞིག་མ་ཡིན་པར། དེ་རིང་མིན་ལ་སང་ཉིན་ཡིན། ད་ལོར་བསྡད་ནས་སང་ཕོད་བྱེད་ཆོག བྱ་བ་གལ་ཆེན་ཡས་དང་མས་ཚང་མ་འགྲུབ་དུས་དེའི་འཕྲོར་བྱེད་དགོས་སྙམ་ནས། ད་རང་གཞན་སུ་ཡིན་ཡང་ཚེ་མི་རྟག་པ་འདིའི་ཚོད་མ་ཐེང་། འཆི་བདག་གཤིན་རྗེའི་ཞགས་ཀ་ནམ་ཐེབས་ཀྱི་ཚོད་ལ་རྩིས་བཤེར་དང་འདང་དེ་ཙམ་ཞིག་མ་ཕོག་པ་དེས་གོས་པའི་གྲིབ་ཀྱིས་མང་ཆེ་བ་ཆོས་མེད་ལག་སྟོང་འདི་མེད་ཚེ་འདིའི་བསགས་པའི་ནོར་དང་འགྲོགས་ཐབས་མེད་ཅིང་། ཕྱི་མེད་དགེ་བའི་བསགས་སྦྱངས་སྔོན་སོང་ལ་རེ་ས་མེད་པས་ཤི་ཁར་འགྱོད་ཀྱང་ཕན་ཐོགས་མེད་པ་དེ་འདྲའི་ས་ཚོད་ལ་ཐུག་མཁན་མང་ཆེ་བ་སྟེ། ཕར་བལྟས་ལ་མཐོང་དུ་ཡོད་པ་ཡིན། དེ་ཅི་ཞིག་གིས་ལན་སོང་བ་ཡིན་ཞེ་ན། ལོང་མེད་རྒྱུད་ལ་མ་སྐྱེས། མི་གཞན་དག་ཤི་རྒྱུ་ཡོད་ཀྱང་རང་ཤི་རྒྱུ་མེད་སྣང་ཙམ་ཞིག་མ་ཤར་ནའང་། ད་རུང་ཡང་མི་ཤི སང་ཕོད་ག་ལ་ཤི་སྙམ་པའི་འདུ་ཤེས་དེ་ཏག་ཏག་ད་ལོ་ཡང་འཛིན། སང་ཕོད་ཀྱང་འཛིན་ནས་མཐའ་དེ་ལ་གཏུགས་སོང་བ་ཡིན། རང་ཉིད་རྒན་དར་གཞོན་གསུམ་གྱི་དུས་ཚོད་ཀྱིས་ན་ཚོད་འགྱུར་བཞིན་ཡོད་པའི་མཚང་མ་མཐོང་བ་ཡིན། རང་ཉིད་ཀྱི་དེ་ལོའི་འདྲ་པར་ཞིག་དང་ད་གཉིས་བསྡུར་ན། འགྱུར་སོང་ནས་སྔར་གྱི་དེ་ངོ་མི་ཤེས་སར་ཐོན་ཡོད་ཀྱང་། ད་རུང་ཡང་མི་ཤི་བའི་ཆ་བཞག་ནས་ལོ་གཅིག་ལ་འདུག་པའི་ཚེ་མེད་ཀྱང་ལོ་བརྒྱ་ཐམ་པ་ལ་མི་ཤི་བ་ཤེས་ནས་ལོས་ཡོད་སྙམ་པ་ལྟ་བུ་ཞིག་གིས་འཇིག་རྟེན་ཚེ་འདིའི་བྱ་གཞག་དང་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱིས་བསླུས་ནས། དལ་འབྱོར་གྱི་རིན་ཐང་ཤོར་བའི་ཕམ་ཉེས་ཐམས་ཅད་ཀྱི་རྩ་བ་ནི་རྟག་འཛིན་བྱེད་རྒྱུ་འདི་ལ་ཐུག་པ་རེད། ཚེ་མི་རྟག་པའི་ཁྲིད་འདི་ཚོར་བསམ་བློ་ཞིག་བཏང་ན། ཕྱི་སྣོད་ཀྱི་འཇིག་རྟེན་མི་རྟག བསྐལ་བ་ཆགས་གནས་འཇིག་གསུམ་གྱི་རིམ་པ་བརྒྱུད་བཞིན་ཡོད། ནང་བཅུད་ཀྱི་སེམས་ཅན་མི་རྟག་ནམ་འཆི་ཆ་མེད་དང་། འཆི་རྐྱེན་ངེས་མེད་ཡིན་པར་གསུངས་གོ་ཞིང་ཐོས་པས་མ་ཚད། བཤད་དགོས་ཚེ་ཡང་བཤད་ཤེས་པའི་ཁ་བྱང་ཁུར་ནས་ཡོད་ཀྱང་། རྒྱུད་ལ་མི་འབྱོར་བ་ནི་ཡང་ཐོས་པ་ཁ་ཕྱིར་བལྟས་ཀྱིས་གོ་ཡུལ་ལ་ཤོར་བའི་དྲེད་པོ་ཆོས་རྒྱུས་མཁན་ཞེས་པ། འཆི་བདག་གི་ཕོ་ཉ་ཟུར་དུ་ཐོན་མ་བྱུང་གི་བར་དུ་སྐྲག་མི་ཤེས་པ་སྟེ། དོན་ངོ་མའི་ཐོག་ནས་བཤད་ན། བླུན་ཆེས་ནས་བླུན་པོ་ཟོག་གི་ཟླ་བོ་ལ་ཕལ་ཆེར་འགྲོ་རྩིས་བྱེད་པ་ཡིན། རྒྱ་ཡ་པོས་བཤའ་ཟོག་ར་བའི་ནང་ལ་བཙུད་ནས་ཡོད་དུས། དུད་འགྲོ་བྱོལ་སོང་གི་སྐེ་གཅད་རྒྱུ་ཡིན་པ་ཁོ་ཚོས་ག་ལ་ཤེས། ཤེས་རུང་བྲོས་ས་གབ་ཁུང་མི་ལོན་པའི་ཚད་ལ་ཐོན་པ་རེད། འུ་ཚོས་མཐོ་རིས་མི་ཡི་ལུས་རྟེན་ཞིག་བླངས་པས། རྟེན་མཆོག་དམན་གྱི་ཐད་ནས་དུད་འགྲོའི་ལུས་རྟེན་ལས་དགའ་བ། སྨྲ་ཤེས་དོན་གོ རྣམ་དཔྱོད་རིག་པ་གྲུང་པོ་ཅན་ཡིན་ལ། ལུས་ཅན་ཐམས་ཅད་འཆི་བ་ལས་མི་འདའ་བས་ཤི་དགོས་པའི་ཐད་ནས་བཤའ་ཟོག་བཤས་རའི་ནང་དུ་ཚུད་པ་དང་གཅིག་པ་ཡིན། འོན་ཀྱང་འུ་ཚོས་མཐོ་རིས་ཀྱི་མིའི་རྣམ་དཔྱོད་བེད་སྤྱད་དེ་ད་རེས་ལན་གཅིག་གི་འཆི་བ་ལས་ལྡོག་ཐབས་མེད་ཀྱང་། ཕྱིན་ཆད་གཏན་དུ་འཆི་བའི་སྡུག་བསྔལ་འདི་མྱང་མི་དགོས་པའི་ཆེད་དུ་ད་རེས་ཤི་དུས་འཁོར་བ་ངན་སོང་གི་སྡུག་བསྔལ་མི་མྱོང་བའི་ཐབས་དེ་དགོས་འདུག་སྙམ་ནས། བཙལ་ཆོག་པ་རེད་ལ་བཙལ་དགོས་པ་ཡང་རེད། དེ་མིན་པར་གསོན་ཚེ་ལ་ཟ་ཉལ་འགྲོ་འདུག་མིན་པ་མ་ཤེས་པར་ཟོག་ཉལ་ཉལ་ཟོག་ལངས་ལངས་ཏག་ཏག་གིས་འདས་ན་ཤི་དུས་ཀྱང་ཕལ་ཆེར་ཟོག་ཤི་ཤི་བྱས་ཏེ་གཟེར་རྒོད་ཅིག་དང་ལྷན་དུ་རྐང་ར་ལག་ར་བྱས་ནས་ཤི་དགོས་པའམ། ཡ་ན་གཡང་ས་དང་གཅན་གཟན་མཚོན་ཆ་སོགས་ལ་ལྕེབས་ཏེ་ཤི་དགོས་པ་ཡིན། མདོར་ན་མི་ཚེ་བྱ་བའི་མཇུག་སྡོམ་དེ་འཆི་བས་བརྒྱབ་སྟེ་དབུགས་རྔ་བསྡུ་བའི་སྐབས་སུ་ཕན་པའི་འབྲས་བུ་ཡོད་པ་ཁེ་རུ་མ་ཞིག་ཀྱང་མེད་པའི་ཐོག་ལ། སྡུག་སྡིག་པ་རི་རབ་འདྲ་ཞིག་དང་འགྲོགས་ནས་ཐར་མེད་མུན་ནག་གི་དོང་རིང་གཏིང་ཆེན་ཞིག་ལ། ཡར་ཐར་མེད་པར་བུད་མི་འགྲོ་བའི་ལམ་གཞན་ཞིག་སྔུན་ན་མ་ཡོད་པ་ཡིན། འདང་དེ་ཚོ་ལ་བརྒྱབ་ན། འཆི་བ་ཞེས་པ་ནི་ཐམས་ཅད་ཀྱིས་མིང་ཙམ་ཡང་བཟུང་ན་མི་འདོད་པའི་འཇིགས་རྔམ་ཆེན་པོ་ཡིན་ཡང་། བསྒྲུབ་ཤེས་པའི་དམ་པའི་ལྷ་ཆོས་ལ་ཞུགས། གདམས་པ་ཟབ་མོའི་ཉམས་ལེན་གྱི་དྲོད་ཚད་བརྙེས་པ་ཞིག་རང་གིས་རང་ལ་བྱས་ན། འཆི་བ་སྐྱིད་པའི་སྒོ་ཆེན། ཞིང་དག་པ་ལ་འགྲོ་སའི་ལམ་སྣེ་རུ་འཛིན་ཆོག་པ་རེད། ད་རུང་སྐྱེས་བུ་ཡང་རབ། དབང་རྣོན་ཤེས་རབ་ཁྱད་འཕགས་ཀྱི་རྩལ་སྟོབས་ལྡན་པ་ཞིག་ཡིན་ན་ཆོས་རྫོགས་པ་ཆེན་པོ་འདིའི་ཟབ་ཁྲིད་གདམས་པའི་མྱུར་ལམ་ལ་བརྟེན་ཏེ་ཤི་མི་དགོས་པར་ཚེ་འདིའི་སྟེང་དུ་ཀ་དག་ཁྲེགས་ཆོད་ཀྱི་ཉམས་ལེན་བསྐྱངས་ནས་ལུས་རྡུལ་ཕྲན་དུ་དེངས་ནས། སྐྲ་སེན་ཞིག་མ་གཏོགས་ཤུལ་དུ་ལྷག་མི་འདུག་ཟེར་རྒྱུ་ཅན་གྱི་འཇའ་ལུས་འགྲུབ་པ་དང་། ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་གདེང་དུ་གྱུར་པ་ཡིན་ན། དེ་ཚེ་འདིའི་ཐོག་ནས་སྣང་བཞི་མཐར་ཕྱིན་ནས། ལུས་འདི་མ་སྤངས་པར་འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་ནས་རྟེན་འདིའི་ཐོག་ནས་འཁོར་བ་མ་སྟོངས་ཀྱི་བར་དུ་སེམས་ཅན་གྱི་འགྲོ་དོན་རྒྱུན་མི་འཆད་པ་བྱེད་ཆོག་པ་དེ་འདྲ་ཡིན་ལ། དེ་ཡང་གཅིག་ལ་དབང་ན་གཅིག་ལ་མི་དབང་བ་དེ་འདྲ་མ་ཡིན་པར། བརྩོན་འགྲུས་སྙིང་སྟོབས་སུ་ལ་ཡོད་ན་གང་ཟག་རང་གིས་ཐུབ་ན་ཆོས་གདམས་པ་ཡིས་ལག་མི་ཐོགས་པའི་གདམས་ཟབ་བདུད་རྩིའི་ཐིགས་པ། འཁོར་བའི་གཅོང་ནད་འབྱིན་པའི་སྨན་གཅིག་ཆོག ཐར་བའི་སྲོག་རྩ་མཐུད་པའི་གསོས་མཆོག་གྱུར། འདི་འདྲ་དང་འཕྲད་དུས་མི་ཚེ་དོན་ལྡན་དུ་བྱས་ཏེ། ཐར་བའི་ལམ་སྣ་ཟིན། རང་གཞན་གཉིས་ཀྱི་དོན་འགྲུབ། གཏན་གྱི་འདུན་མ་མ་འཆུགས་པར། གང་བྱེད་ཅི་བྱེད་ཐམས་ཅད་དམ་པའི་ཆོས་དང་མཐུན་པ། མདོར་ན་བྱང་ཆུབ་སྒྲུབ་པའི་ལུས་རྟེན་ཁྱད་པར་ཅན་འདི་དོན་མེད་ཆུད་ཟོས་ལ་མི་འགྲོ་བར་ཐར་ལམ་འཚོལ་རྒྱུ་དེ་རང་དྲིན་རང་ལ་ཆེ་བའི་བྱ་བ། ཐང་ལྷོད་སྐད་ཅིག་ཙམ་ལ་ཡང་ཤོར་འགྲོ་མི་ཉན་པས། དམ་པའི་ཆོས་སྒྲུབ་པའི་ཐོག་མར་དེ་ལྟ་བུའི་སེམས་ཤིག་སྐྱེད་དགོས་པས་མ་ཚད་པར། ཐོག་བར་མཐའ་མ་གསུམ་པོ་ལ་འབྲལ་མི་རུང་བ་ཡིན། དེ་ལྟ་བུའི་བློ་སྦྱོང་རྒྱུད་ལ་འབྱོར་བ་དང་བཅས་པའི་ཐེག་ཆེན་མདོ་སྔགས་ཀྱི་དམ་ཆོས་གསན་བསམ་སྒོམ་སྒྲུབ་གང་གི་སྐབས་ཡིན་ནའང་། དགེ་རྩ་ཐབས་ཀྱིས་ཟིན་པའི་སྦྱོར་བ་སེམས་བསྐྱེད་དམ་པ། དགེ་རྩ་རྐྱེན་གྱིས་མི་ཤིགས་པར་བྱེད་པ་དངོས་གཞི་དམིགས་མེད་དམ་པ། དགེ་རྩ་གོང་ནས་གོང་དུ་འཕེལ་བར་བྱེད་པ་མཇུག་བསྔོ་བ་དམ་པ་གསུམ་པོ་དང་མི་འབྲལ་བའི་སྟེང་ནས། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་དེ་དག་ཀྱང་རང་ཤུགས་ཀྱིས་ཚང་བ་ཞིག་བྱས་ཏེ། ཆོས་གསན་པའི་ཀུན་སྤྱོད་དག་ཀྱང་མདོ་རྒྱུད་བཀའ་དང་བསྟན་བཅོས་དག་ལས་ཇི་ལྟར་འབྱུང་བ་བཞིན་དུ་ཚོགས་པར་བྱས་ཏེ་ཆོས་གསན་དགོས་པ་ཡིན། སོ་སྐྱེས་ཐ་མལ་བ་ཞིག་ལ་མཚོན་ན་ཆོས་ཁྲིད་རེའི་སྐབས་སུ་དེ་ལྟར་དགོས་པ་ཡིན་ཟེར་དུས། ངོ་མས་དེ་ལྟར་དགོས་སོ་སྙམ་ཁུལ་བྱེད་ཀྱང་། རྣམ་པར་ཤེས་པ་ལས་སུ་མི་རུང་བ་དེ་སེམས་ཅན་གྱི་ཆོས་ཉིད་ཡིན་པས། དེའི་ཐོག་ལ་བདེན་པ་ནི་ལས་སླ་བ་ཞིག་མ་ཡིན་རུང་། གོམས་ན་སླ་བར་མི་འགྱུར་བའི་དངོས་པོ་སྲིད་ན་ཡོད་པ་མ་པས། ཆུང་རིམ་ནས་བཅོས་ན་ཆེ་རིམ་གྱིས་གོམས་ནས་རྒྱུད་འཆོས་ཐུབ་པ་མ་གཏོགས། དེ་སྔོན་བཞིན་བདག་མེད་དུ་འཕངས་ན་རང་རྒྱུད་བཟང་བོའི་ཕྱོགས་ལ་འགྱུར་བ་ལོ་བརྒྱ་སོང་ཡང་ཡོད་པ་མ་ཡིན། དེ་ལྟ་བུའི་ཐུགས་བསམ་འདང་རྒྱག་དང་བཅས་ཏེ། སྐབས་ཀྱི་འཆད་བྱ་གང་ཡིན་ན། ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་འདི་ཉིད་འཆད་བཞིན་པའི་སྐབས་ལས། ཉིན་དང་པོར་བཤད་བྱའི་ཡན་ལག་བཤད་པ་དང་འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་བཤད་ཅིང་། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་གཞི་རྒྱུད་བདེ་གཤེགས་སྙིང་པོས་འཁོར་འདས་ཀུན་ལ་ཁྱབ་པའི་ངོ་མཚར་ཚིག་བདུན་གྱིས་བསྟན་པ་དང་། མ་རྟོགས་འཁྲུལ་བའི་དུས་ན་སེམས་ཞེས་སུ་བཏགས་པ་འདིའི་མཚང་བཙལ། དེའི་རྩད་བཅད། སེམས་ཀྱི་བྱུང་གནས་འགྲོ་གསུམ་འཚོལ་བ་ཡན་གྱི་གདམས་པ་སོང་ནས། སེམས་ཀྱི་བྱུང་གནས་འགྲོ་གསུམ་འཚོལ་བ་དེའི་ཁྲིད་སྦྱང་ཡང་ལག་ཁྲིད་ཀྱི་ཚུལ་དུ་ཉི་མ་གཅིག་གཉིས་ཤིག་ལ་མཛད་པ་ཡིན། དེ་རིང་དངོས་གཞི་སེམས་ཀྱི་ངོ་སྤྲོད་ལ་ཐུག་པ་ཡིན། འདི་ལ་སེམས་ངོ་སྤྲོད་ཟེར་རྒྱུ་ཞིག་དང་། རིག་ངོ་སྤྲད་ཟེར་རྒྱུ་ཞིག་གི་ཐ་སྙད་གཉིས་ཀྱི་བཤད་སྲོལ་ཞིག་འུ་ཚོའི་ངག་རྒྱུན་ན་ཡོད་པ་འདི་དོན་གཅིག་ཡིན་པར་བཤད་ནའང་ཆོག་སྟེ། སེམས་ངོ་སྤྲད་ཟེར་ན་སེམས་འཁྲུལ་བ་མངོན་ལ་བུད་བུད་ཁར་ཡོད་པ་འདིའི་མ་འཁྲུལ་སེམས་ཉིད་ཀྱི་ངོ་བོ་རིག་པའི་ཡེ་ཤེས་ཡིན་པས་སེམས་ངོ་རིག་ངོ་གང་སྤྲད་ཀྱང་དོན་གཅིག་ཏུ་འབབ་ཅིང་། གཉིས་ཡིན་པའི་དབང་དུ་བཏང་ན། ངོ་སྤྲད་རྒྱུ་ཆོས་སྐུའི་ཡེ་ཤེས་གཅིག་ཡིན་ཡང་སྤྲད་ཡུལ་གདུལ་བྱའི་ངོས་ནས། རྫོགས་ཆེན་གྱི་གདུལ་བྱ་སྤྱིར་དབང་པོ་རྣོན་པོ་ཚོགས་བསགས་པ་སྔོན་སོང་ཅན་ཤ་སྟག་ཡིན་པ་ལ། དེའི་ནང་ན་རྣོ་རྟུལ་གྱི་ཁྱད་པར་གཏན་ནས་མེད་པ་ཞིག་ཀྱང་མིན་པའི་སྟབས་ཀྱིས། སྣང་བ་ཡུལ་གྱི་བློ་ཅན་ལ་སེམས་ངོ་སྤྲད་པ་དང་། རིག་པ་རང་སྣང་གི་བློ་ཅན་ལ་རིག་ངོ་སྤྲད་པ་ཞེས་བརྗོད་ནའང་དོན་དང་མཐུན་པ་ཡིན། འདི་ནས་ཀྱང་དེ་བཞིན་དུ་ངོ་སྤྲོད་ཚུལ་རིམ་དང་རིམ་མིན་གྱིས་འབྱུང་བས། དང་པོ་ལྟ་བ་མཁའ་ལྡིང་གཤོག་རླབས་མཚན་དང་དོན་རྗེས་སུ་འབྲེལ་བ་སྟེ། རྫོགས་ཆེན་ལྟ་བ་ཡས་བབས་ཁྱུང་མཁའ་ལྡིང་དཔག་བསམ་གྱི་ཤིང་རྩེར་བབས་པ་བཞིན་དུ་ལྟ་བ་ཡེ་གྲོལ་ཀ་དག་གི་རང་བཞིན་གཏན་ལ་ཕབ་པ་དང་། འཁྲུལ་བ་གཏན་ལ་ཕབ་པའི་ངོ་སྤྲོད་གཉིས་ཀྱིས་གཞི་བཏིང་ནས། རིག་པ་རང་སྣང་གི་བློ་ཅན་ལ་དངོས་གཞིའི་ལྟ་བའི་རང་ངོ་སྤྲད་པ་ལས། དང་པོ་རང་བཞིན་གཏན་ལ་ཕབ་པའི་ངོ་སྤྲོད་ནི། ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་རྣམས་ཚུར་ཉོན་དང་། །ཁྱེད་རྣམས་དེ་ལྟར་བརྟགས་ཤིང་དཔྱད་པའི་ཚེ། །སེམས་ཞེས་མཛུབ་མོ་བཙུགས་ནས་འདི་ཡིན་ཞེས། །དངོས་པོར་གྲུབ་པ་རྡུལ་ཙམ་མ་རྙེད་ཚེ། །མ་རྙེད་པ་དེ་རྙེད་པའི་མཆོག་ཡིན་ནོ། །ཞེས་མདོར་བསྟན་ནས། འོ་སྐོལ་སེམས་ལ་དང་པོ་བྱུང་ས་མེད། །ཡེ་ནས་སྟོང་པས་ངོ་བོ་ངོས་བཟུང་མེད། །བར་དུ་གནས་ས་དབྱིབས་དང་ཁ་དོག་མེད། །ཐ་མར་འགྲོར་མེད་འདིར་སོང་རྗེས་མེད་དེ། །འགྱུ་བ་སྟོང་འགྱུ་སྟོང་པ་སྟོང་སྣང་ཡིན། །ཞེས་གསུངས་ཏེ། འཁོར་འདས་གཉིས་ཀྱི་རྩ་བ་སེམས་འདི་ལ་ཐུག་ཡོད་པས་ན་འདིའི་རྩད་བརྡར་དེ་ཙམ་ཞིག་མ་ཆོད་བཞིན་དུ་དགེ་སྦྱོར་གྱི་གཟུགས་བརྙན་ཆེ་ཆུང་དང་། མིང་ཆེ་ཆུང་ཅི་ཞིག་བཏགས་ནས་བྱེད་ཀྱང་། དོན་མེད་ཀྱི་ལམ་ལོག་མིན་ཡང་དྲང་ལམ་ཉེ་ལམ་མིན་པའི་གནད་དེ་བསྟན་ནས། སེམས་བཙལ་བའི་སྐབས་སུ་དང་པོ་བྱུང་ས་ཕྱི་ཡུལ་ནང་ལུས་གང་ལ་བཙལ་ན་ཡང་མ་རྙེད། དང་པོར་བྱུང་ས་མ་རྙེད་པའི་སེམས་དེ་བར་དུ་གནས་ས་འདི་ན་ཡོད་འདུག་སྙམ་པ་ཞིག ཡང་ཕྱི་ནང་བར་གསུམ་ནས་མ་རྙེད། དང་པོ་གར་ཡོང་མེད་ཅིང་བར་དུ་གནས་ས་བསྟན་དུ་མེད་པ་དེ་མཐའ་མར་འགྲོ་ས་ཡང་ཅི་ལ་རྙེད་དེ་མ་རྙེད། བྱུང་གནས་འགྲོ་གསུམ་གྱི་ཐད་ནས་ཡོད་པ་རེད་ཟེར་ནས་མཛུབ་གུ་འཛུགས་ས་ཡང་མེད་ལ། མེད་པ་རི་བོང་གི་རྭ་དང་མོ་གཤམ་གྱི་བུ་ལྟར་ཡིན་པར་བརྗོད་དགོས་ན་སེམས་མེད་ས་རྡོ་ཞིག་དང་ཡང་མི་འདྲ་བའི་ཕྱིར་ན། ཡོད་མེད་གཉིས་ལས་འདི་ཡིན་ཟེར་ནས་ཐག་གཅོད་དགོས་ན་ཟེར་ཐག་མི་ཆོད་པ། ཅི་ཟེར་འདི་ཟེར་མེད་ས་ལ་ཐོན་པ་འདི་བཙལ་མཁན་ཞན་ནས་མ་རྙེད་པ་མ་ཡིན་པར། བཙལ་རྒྱུ་ཁོ་རང་དེ་འདྲ་ཞིག་ཡིན་པ་དེའི་རང་བཞིན་མཐོང་བ་ཡིན་ཕྱིར་མ་རྙེད་པ་དེ་རྙེད་པའི་མཆོག་ཡིན། དེའི་ཕྱིར་ན་འགྱུ་བ་སྟོང་འགྱུ་སྟོང་པ་རང་སྣང་ཡིན་པར་གསུངས་ཤིང་། བྱུང་གནས་འགྲོ་གསུམ་གྱིས་ཕྱི་ཡུལ་གྱི་སྟེང་ནས་གཞི་མེད་རྩ་བྲལ་དུ་གཏན་ལ་ཕབ་ནས། དངོས་གཞི་ཡུལ་ཅན་སེམས་ཀྱི་རང་བཞིན་གཏན་ལ་ཕབ་པའི་ངོ་སྤྲོད་དངོས་དེ་ངོ་བོ་རང་བཞིན་ཐུགས་རྗེ་ཡེ་ཤེས་སུམ་ལྡན་གྱིས་གསུངས་ལ། འདིའི་མན་ཆད་དུ་གཞི་ལམ་འབྲས་གསུམ་གང་གི་ཐད་ནས་བཤད་ཀྱང་སྐུ་གསུམ་ཡེ་ཤེས་སུམ་ལྡན་གྱི་དབྱིངས་རིག་འདུ་འབྲལ་མེད་པའི་སྒྲོམ་གཞི་ལས་མི་འདའ་བར་གསུངས་པ་ཡིན། སེམས་ཉིད་འདི་ནི་དང་པོ་རྒྱུས་མ་བསྐྱེད། །ཐ་མ་ཕྱི་རོལ་རྐྱེན་གྱིས་འདི་མི་འཇིག །འཕེལ་དང་འགྲིབ་དང་གང་སྟོང་འདི་ལ་མེད། །འཁོར་འདས་ཡོངས་ལ་ཁྱབ་པས་ཕྱོགས་རིས་མེད། །འདི་ཞེས་མི་མཚོན་ཅིར་ཡང་འགགས་མེད་འཆར། །ཅིར་ཡང་མ་གྲུབ་ཡོད་མེད་མཐའ་ལས་འདས། །འགྲོ་འོང་མེད་ཅིང་སྐྱེ་འཆི་གསལ་འགྲིབ་མེད། །ཅེས་གསུངས་ཏེ། ཆོས་ཅན་སེམས་ཀྱི་ཆོས་ཉིད་དེ་དང་པོ་རྒྱུ་ཡིས་བསྐྱེད་མ་མྱོང་བའི་རང་བྱུང་ཡེ་ཤེས་ཡིན་པས། སེམས་དང་པོ་གང་ནས་བྱུང་བའི་བྱུང་ཁུངས་མི་རྙེད་པ་དེ་སྐྱེ་བ་མེད་པ་ཆོས་སྐུ་གཏན་ལ་ཕབ་པ་ཡིན། ཐ་མ་ཕྱི་རོལ་གྱི་རྐྱེན་ཅི་ཞིག་གིས་ཀྱང་འདི་འཇིག་མི་ཐུབ་པ་སྟོང་ཉིད་གཞོམ་གཞིག་དང་བྲལ་བ། རྡོ་རྗེའི་དཔེ་ཡིས་མཚོན་བྱ་ཡིན་པས་སེམས་མཐའ་མར་འགྲོ་ས་རྙེད་དུ་མེད་ཅིང་། བྱུང་ས་འགྲོ་ས་མེད་པའི་སེམས་དེ་བར་དུ་གནས་ས་དེ་བས་ཀྱང་རྙེད་དུ་མེད་པའི་སྟབས་ཀྱིས་འགགས་མེད་རང་ཤར་གྱི་གཟུགས་སྐུ་རྣམ་གཉིས་མཚོན་པ་ཡིན། དེའི་ཕྱིར་འདི་ལ་འཕེལ་འགྲིབ། གང་སྟོང་། འགྲོ་འོང་། སྐྱེ་འཆི། གསལ་འགྲིབ་མེད་པར་རིག་རྒྱུ་དེས། ཡོད་མེད་སོགས་ཀྱི་མཐའ་ལས་འདས་པའི་ཟབ་མོ་བརྒྱད་ལྡན་གྱི་ལྟ་བ་ཀློང་དུ་གྱུར་པ་ལ་ཉེ་བཞིན་ཡོད་པའི་རྟགས་མངོན་དུ་གྱུར་པའོ། །དེ་ཉིད་དཔེ་ཡིས་བསྟན་པ་ནི། སེམས་ཀྱི་རང་བཞིན་དྲི་མེད་ཤེལ་གོང་བཞིན། །ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་། །ཐུགས་རྗེ་འགག་པ་མེད་པར་ས་ལེར་གནས། །འཁོར་བའི་སྐྱོན་གྱིས་ཅི་ཡང་མ་གོས་ཏེ། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པར་ངེས། །ཞེས་གསུངས་ཏེ། རྫོགས་པ་ཆེན་པོའི་དཔེ་དོན་རྟགས་ཀྱི་ངེས་པའི་མཚོན་དཔེར་བཤད་སྐབས་དཔེ་རྡོ་རྗེ་སེམས་དཔའི་མེ་ལོང་ངམ་ཤེལ་རྡོ་དང་རིན་ཆེན་ཟུར་བརྒྱད་ལ་སོགས་ཀྱིས་མཚོན་པ་ཁར་སང་དབང་གི་སྐབས་སུ་བཤད་འདུག་རྒྱུ་དེས། མཚོན་བྱ་དོན་གྱི་གནས་ལུགས་ཇི་ལྟར་མཚོན་པ་རེད་ཟེར་ན། ཤེལ་གྱི་གོང་བུ་དེ་ཕྱི་ནང་ཟང་ཐལ་ཡིན་ནི་རེད། འདི་ཞེས་མཚོན་ཐབས་དང་བྲལ་བ་ཅིའི་ངོ་བོར་ཡང་མ་གྲུབ་པའི་རྒྱུ་མཚན་དེས་ངོ་བོ་སྟོང་པ་ཆོས་སྐུ་མཚོན། ཅང་མེད་སྟོང་པ་ཕྱང་ཆད་མ་ཡིན་པར་རང་བཞིན་གསལ་བ་དེའི་གདངས་འཆར་རུང་འགགས་མེད་ཀྱི་རང་བཞིན་འདིས་གསལ་བ་ལོངས་སྐུ་མཚོན། རྐྱེན་ཉི་འོད་སོགས་དང་འཕྲད་ན་འོད་ལྔའི་ཁ་དོག་མ་འདྲེས་པར་འཆར་རུང་གིས་ཐུགས་རྗེ་ཀུན་ཁྱབ་བམ་འགགས་མེད་ཀྱི་སྤྲུལ་སྐུ་མཚོན་པ་སྟེ། ད་ལྟ་གཞི་དུས་ནས་སེམས་ཉིད་ཀྱི་སྐུ་གསུམ་ཡེ་ཤེས་སུམ་ལྡན་ལ་འཕོ་འགྱུར་བྲི་གང་དང་བྲལ་བར་བཞུགས་པར་བསྟན་པའོ། །དེའི་དོན་བསྡུ་བ་ནི། འདི་ནི་གཞི་ཡི་སེམས་ཉིད་གནས་ལུགས་ཀྱི། །རང་བཞིན་གཏན་ལ་ཕབ་པའི་ངོ་སྤྲོད་དོ། །ཞེས་གཞི་ཀ་དག གཞིར་གནས་ཡེ་ཤེས་སུམ་ལྡན། ངོ་བོ་སྟོང་པ་ཆོས་སྐུ། ཆོས་སྐུ་གདོད་ནས་དག་པའི་ངོ་བོའི་སྐུར་བཞུགས་ཀྱང་། སྐུ་གསུམ་འདུ་འབྲལ་མེད་པའི་འཆར་གཞིར་གནས་པ་ཙམ་མ་གཏོགས་མཚན་མ་རིས་ཅན་གྱི་ཞལ་ཕྱག་ཏུ་གྲུབ་པ་ཅུང་ཟད་ཀྱང་ཡོད་པ་མ་ཡིན། རང་བཞིན་གསལ་བ་ལོངས་སྐུ། མཚན་ཉིད་འཛིན་པའི་འོད་ལྔར་བཞུགས་ཀྱང་། ཁ་དོག་རིས་ཅན་དུ་གྲུབ་པ་གཅིག་ཀྱང་ཡོད་པ་མ་ཡིན། ཐུགས་རྗེ་རིག་པ་སྤྲུལ་སྐུ་ཀུན་ཁྱབ་རིག་པའི་ཡེ་ཤེས་སུ་བཞུགས་པའི་མཁྱེན་ཆ་འགག་པ་མེད་ཀྱང་། ཡུལ་ཡུལ་ཅན་བྱ་བྱེད་ཀྱི་རྣམ་པར་གྲུབ་པ་ཞིག་ནམ་ཡང་མ་ཡིན། རང་བཞིན་གཏན་ལ་ཕབ་པའི་ངོ་སྤྲོད་སོང་ནས། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ཀྱི་འཁྲུལ་བ་གཏན་ལ་ཕབ་པའི་ངོ་སྤྲོད་ལ། ཡེ་ཐོག་གཞི་ཡི་གནས་ལུགས། དེ་ལས་གཞི་སྣང་བྱུང་བ། ཀུན་ཏུ་བཟང་པོའི་གྲོལ་ཚུལ། ཁམས་གསུམ་སེམས་ཅན་གྱི་འཁྲུལ་ལུགས། ཡང་བསྐྱར་འཁྲུལ་བ་གཞི་ལ་དག་ཚུལ་སོགས་མང་ཡང་། འདིའི་མན་ངག་འདི་རྣལ་འབྱོར་ཀུ་ས་ལུའི་མན་ངག་ཆུ་འབབ་གསེབ་ཚག་ཏུ་སྟོན་པའི་ལུགས་མ་འདྲེས་ཡོངས་རྫོགས་གར་བབ་བབ་ཏུ་སྟོན་པའི་མན་ངག་ཡིན། འདིའི་དགོས་པ་ཅི་ཞིག་ཡིན་ན་དབང་བོ་རྣོ་འབྲིང་རྟུལ་གསུམ་ཐུན་མོང་ལ་ཕན་པ་གཙོ་བོར་འཛིན་པར་མཛད་པ། མཐའ་གཅིག་ཏུ་རྟོག་གེའི་བསྟན་བཅོས་ལྟར་དུ་ཚིག་ལ་བསྒྲིམས་པ་མ་ཡིན་པར་དོན་གསལ་རྗེན་དུ་སྟོན་པའི་མན་ངག་ཟབ་མོ་གྲོང་བའི་ཕལ་སྐད་ཀྱིས་ཀྱང་གོ་ཐུབ་པ་ཐུན་མིན་གྱི་ཁྱད་ཆོས་ལྡན་པའོ། །ཨེ་མ་ཧོ། ད་ཡང་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན། །དང་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིས། །བསྒོམ་པ་རྡུལ་ཙམ་མ་བྱས་གྲོལ་ཚུལ་དང་། །འགྲོ་བ་དྲུག་གིས་མི་དགེ་སྡིག་པའི་ལས། །སྤུ་ཙམ་མ་བྱས་འཁོར་བར་འཁྱམས་ཚུལ་ནི། །ཞེས་མདོར་བསྟན་ནས། ཡེ་ཐོག་དང་པོ་ཀུན་གྱི་སྔོན་རོལ་ཏུ། །འཁོར་འདས་མིང་མེད་གདོད་མའི་གཞི་ལ་གནས། །དེ་དུས་རིག་པ་གཞི་ནས་འཕགས་ཚུལ་ནི། །ཤེལ་ལ་ཉི་ཕོག་རང་འོད་ཕྱིར་གསལ་ལྟར། །རིག་པའི་ཡེ་ཤེས་སྲོག་རླུང་གིས་བསྐྱོད་ནས། །གཞོན་ནུ་བུམ་པ་སྐུ་ཡི་རྒྱ་རལ་ཏེ། །ལྷུན་གྲུབ་འོད་གསལ་སྐུ་དང་ཡེ་ཤེས་ཀྱི། །ཞིང་ཁམས་མཁའ་ལ་ཉི་ཤར་བཞིན་དུ་གསལ། །ཞེས་གསུངས་ཏེ། གདོད་མ་གཤིས་ཀྱི་བཞུགས་ཚུལ་རང་ངོ་རྗེན་པར་རྟོགས་པའི་རྣལ་འབྱོར་པ་ལ། རྒྱུད་ཚིག་རྡོ་རྗེ་གད་མོ་བཅུ་གཉིས་ཀྱི་ནང་ནས། ཀྱེ་གསུང་གི་རྡོ་རྗེ་སྐུ་གསུམ་སྟོང་པ་ཆེན་པོ་ཡེ་རྫོགས་ཀྱི་འབྲས་བུ་ལ་ལྟོས་དང་། དུས་གསུམ་འདུ་འབྲལ་མེད་པ་ངོ་མཚར། ཕ་རོལ་ཏུ་ཕྱིན་པ་དྲུག་མ་སྤྱད་པར་ཚོགས་རྣམས་དུས་གཅིག་ལ་རྫོགས་པ་ཧ་ཧ། ཞེས་གསུངས་ཡོད། ཆོས་སྐུ་ཀུན་ཏུ་བཟང་པོས་རྟོགས་ནས་གྲོལ་ཚུལ་དང་། འགྲོ་དྲུག་ཁམས་གསུམ་གྱི་སེམས་ཅན་འཁོར་བར་འཁྱམས་པའི་གཞི་དེ་གང་ནས་ཡོང་ན། གཞི་གཅིག་ལམ་གཉིས་འབྲས་བུ་གཉིས། །ཞེས་གསུངས་པ་ལྟར་དུ། རྟོགས་ཏེ་སངས་རྒྱས་མ་བྱུང་། མ་རྟོགས་ཏེ་སེམས་ཅན་མ་བྱུང་བའི་ཡེ་ཐོག་གདོད་མའི་གཞི་ཡི་གནས་སྐབས་ན། སྨྲ་བསམ་བརྗོད་འདས་ཆེན་པོ། ཡོད་མེད་སོགས་ཀྱི་མཐའ་ཐམས་ཅད་ལས་འདས་པ་ཞིག་ཡིན། དེའི་ངོ་བོ་ཀ་དག རང་བཞིན་ལྷུན་གྲུབ། ངོ་བོ་ཀ་དག་ཡིན་པས་ཡོད་པ་རྟག་པའི་མཐའ་དང་བྲལ་ཏེ་དངོས་པོ་དང་མཚན་མའི་ཆོས་སུ་མ་གྲུབ། རང་བཞིན་ལྷུན་གྲུབ་ཡིན་པས་མེད་པ་ཆད་པའི་མཐའ་ལས་འདས་པའི་འོད་གསལ་ཆོས་ཉིད་རྣམ་དག་ཡིན། འདི་སྤྱི་གཞི་གཅིག་ལ་གྲོལ་གཞི་དང་འཁྲུལ་གཞིའི་ལམ་གཉིས་སུ་གྱེས་ཏེ་འཁོར་བ་དང་མྱང་འདས་ཀྱི་འབྲས་བུ་གཉིས། གཞི་ལ་མེད་བཞིན་དུ་སྣང་བ་ཡིན། འདིའི་སྤྱི་གཞི་ཞེས་པ་ནི་དབྱིངས་གདོད་མའི་དབྱེ་གཞི་གཅིག་ལ། དབྱེ་བ་ཕྱེས་ན་བརྒྱད་དུ་ཡོད་པ་སྟེ། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། དེའི་སྟེང་ལ་ངང་དང་རང་བཞིན་བདག་ཉིད་གསུམ་གྱིས་དྲུག དེའི་ཁ་ལ་ཀ་དག་དང་ལྷུན་གྲུབ་བཞག་ན་བརྒྱད་ཀྱི་བདག་ཉིད་ཡིན། དེ་ཡང་བརྗོད་གཞི་ཐམས་ཅད་དང་བྲལ་བ་ངོ་བོ་ཀ་དག ཅིར་སྣང་ཡོངས་སུ་རྫོགས་པ་དེ་རང་བཞིན་ལྷུན་གྲུབ། རང་ཤར་འགག་པ་མེད་པ་ཐུགས་རྗེ་ཀུན་ཁྱབ་གསུམ། དེ་ཉིད་ཤུགས་ལས་འབྱུང་བ་ངང་དང་། མ་བཅོས་ཀུན་ཏུ་སྣང་བ་རང་བཞིན། ཁྱབ་བརྡལ་འཁོར་འདས་ཐམས་ཅད་འུབ་ཆུབ་པ་ལ་བདག་ཉིད་དུ་གསུངས་པ་དང་དྲུག ཡེ་ནས་དྲི་མ་རང་དག་ཀ་དག་དང་བདུན། སྣ་ཚོགས་འབྱུང་བ་འགགས་མེད་ལྷུན་གྲུབ་དང་བརྒྱད་དོ། །འདི་རིག་པ་དངོས་མེད་ལ་ལྟོས་ན་ངོ་བོ་ཀ་དག་གི་ཡེ་ཤེས་བསམ་ངོ་བྲལ་བ་ཞིག་ཡིན་ཀྱང་། རང་བཞིན་ལྷུན་གྲུབ་ལ་ལྟོས་ཏེ་ཡེ་ཤེས་གཏིང་གསལ་དུ་ཡེ་གདངས་ཀྱི་རྣམ་པར་གནས་པ་ཡིན། རྫོགས་པ་ཆེན་པོའི་ལུགས་ལ་གཞི་སྐྱོན་མེད་ཀ་དག་ལྷུན་གྲུབ་གཉིས་མེད་ཅེས་གསུངས་པ་འདི། གཞི་འབྲས་ལ་མ་རིག་པ་མི་ལྡན་པའི་ཆ་ནས་ཀ་དག་ཏུ་བཏགས་པ་དང་། གཞི་འབྲས་ཀྱིས་མ་རིག་པ་མ་སྤངས་པའི་ཆ་ནས་ལྷུན་གྲུབ་ཏུ་བཏགས་པ་རེད་མ་གཏོགས། དོན་དུ་གཞི་འབྲས་གཉིས་ལ་མ་རིག་པ་མ་སྤངས་ལ་མི་ལྡན་པར་ལྟ་བ་གོང་མཐུན་པ་ཡིན། འདི་ལ་སྟོང་ཉིད་དང་། སྤྲོས་བྲལ། གཉུག་མ། ཀ་དག ཡེ་གྲོལ་ཞེས་པའི་ཐ་སྙད་དང་ཆོས་སྐད་འདི་དག་ལ་མཚོན་ན། སྟོང་ཉིད་ཅེས་པ་ནི་ཅིར་ཡང་མ་གྲུབ་པའི་ཆ་ནས་གསུངས་པ་དང་། ངོ་བོར་ངོས་གཟུང་མེད་པས་ན་སྤྲོས་བྲལ་དང་། ཆོས་ཐམས་ཅད་ཀྱི་རང་བཞིན་ཡེ་ནས་དེ་ལྟར་གནས་པས་ན་གཉུག་མ་དང་། བློ་དྲི་མས་གོས་མ་མྱོང་བས་ན་ཀ་དག་དང་། ཉམས་ཀྱི་ཞེན་པ་སོགས་ཀྱིས་མ་བཅིངས་པས་ཡེ་གྲོལ་ཞེས་དེ་འདྲའི་འགྲེལ་བཤད་བྱེད་པ་ཡིན། ནང་གསལ་སྐུ་དང་ཡེ་ཤེས་སོགས་ཀྱི་འཆར་གཞི་ལ་ཐིམ་ལ་མ་རྨུགས་པར་བཞུགས་ཀྱང་། དེ་ཉིད་ཕྱིར་གསལ་མིན་པ་ཅིའི་ཕྱིར་ཞེ་ན། ནང་གསལ་གཞོན་ནུ་བུམ་སྐུའི་སྦུབས་ལ། ཕྱི་རྒྱ་མ་རལ་བར་བཞུགས་ཡོད་པས་ན་ནང་ཤེལ་རང་གི་ངོ་བོར་ཡོད་དུས་ལྟ་བུ་དང་། ཕྱི་གསལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་དང་། གཞན་ཡང་ཡེ་ཤེས་ལྔ་དང་འོད་ལྔ་སོགས་ལྔ་ཚན་མང་པོའི་བདག་ཉིད་དུ་ཤར་བ་ཕྱི་གསལ་ཏེ། ཤེལ་ལ་ཉི་འོད་ཕོག་པ་ལྟ་བུ་ཡིན། རྩ་བ་ངོ་མ་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་གིས་བསྐྱོད་དེ་གཞོན་ནུའི་བུམ་སྐུའི་ཁ་རྒྱ་རལ་ནས་ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ། སྐུ་དང་ཡེ་ཤེས་དག་དང་མ་དག་གི་ཞིང་དང་གདུལ་བྱ་རང་སྣང་ལ་ཤར་བའི་གནས་སྐབས་སུ། རིག་དང་མ་རིག་གི་དབང་གིས་གྲོལ་འཁྲུལ་གཉིས་བྱུང་བའོ། །ཀུན་ཏུ་བཟང་པོའི་གྲོལ་ཚུལ་ནི། དེ་དུས་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིས། །རང་སྣང་ཡིན་པར་ཤེས་པས་སྐད་ཅིག་ལ། །ཕྱིར་གསལ་སྐུ་དང་ཡེ་ཤེས་ནང་དུ་ཐིམ། །ཀ་དག་གདོད་མའི་གཞི་ལ་སངས་རྒྱས་སོ། །ཞེས་གསུངས་ཏེ། དེ་དུས་ཞེས་པ་ཀ་དག་ལས་ལྷུན་གྲུབ་ཏུ་ཤར་དུས་སམ། གཞི་ལས་གཞི་སྣང་དུ་ཤར་དུས་ལ་གསུངས་པ་ཡིན། འདིའི་ཐད་ན་རྒྱལ་བ་ཀློང་ཆེན་པའི་ཐུན་མིན་གནད་ཀྱི་གསང་བ། རང་ལུགས་གཞན་དང་མ་འདྲེས་པའི་འཇོག་མཚམས་ཡོད་པ་ནི། ཀུན་མཁྱེན་འཇིགས་གླིང་གིས། སྤྲིན་བྲལ་མཁའ་བཞིན་དྭངས་པའི་ཀ་དག་ལས། །ལྷུན་གྲུབ་གཡོ་བ་འཆར་ཚུལ་བརྒྱད་དུ་ཤར། །འདི་ནི་འཁོར་འདས་འབྲེལ་བའི་སྒོ་འཕར་ཏེ། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྒྱུད་སྡེ་དང་། །མན་ངག་ལྡེ་མིག་གངས་ལྡན་རི་ཡི་ལྗོངས། །དྲི་མེད་འོད་ཟེར་སྟོང་ལྡན་གཅིག་གིས་ཕྱེ། །ཞེས་གསུངས་པ་ལྟར་དུ། ནང་གསལ་གཞོན་ནུ་བུམ་སྐུ་ཤིན་ཏུ་ཕྲ་བའི་ཡེ་ཤེས་ཀྱི་རླུང་ལྔའི་སྙིང་བོ། ངོ་བོ་སྐུ། རང་བཞིན་གསུང་། ཐུགས་རྗེ་རིག་པའི་བདག་ཉིད་དུ་གནས་པ་དེ། སྲོག་རླུང་ཡན་ལག་བཞི་ལྡན་གྱིས་བསྐྱོད་དུས། ལྷུན་གྲུབ་སྒོ་བརྒྱད་ཀྱི་སྣང་བ་ཤར་ལུགས་བརྒྱད་ཀྱིས་ཤར་ཞིང་། ཐིམ་ལུགས་བརྒྱད་ཀྱིས་ཐིམ་པའི་སྐབས་སུ། ཀུན་ཏུ་བཟང་པོར་ཇི་ལྟར་གྲོལ་ན། གཞི་ལས་འཕགས། རང་ངོར་སྣང་། བྱེ་བྲག་ཕྱེད། ཕྱེད་ཐོག་ནས་གྲོལ་བ་སོགས་ཀྱི་ཀུན་བཟང་ཆོས་དྲུག་གིས་འཁྲུལ་བ་སངས། ཡེ་ཤེས་རྒྱས། ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་དེ་ཡིས་ངོ་བོ་ཡེ་སངས་རྒྱས་པ་ལ་རྟོགས་པས་ཡང་སངས་རྒྱས་སོང་བ་ཡིན། དེ་ལྟར་སངས་རྒྱས་ནས་རང་སྣང་ཀ་དག་ལ་ཐིམ་སྟེ། གཞི་འབྲས་བུར་སྨིན་ནས། གཞི་འབྲས་དབྱེར་མེད་ཀྱི་ས་ལ་ཀུན་གྱི་སྔ་རོལ་ཏུ་སངས་རྒྱས་པའི་གདོད་མའི་མགོན་པོ་འོད་མི་འགྱུར་བ་ཆེན་པོ་རུ་སངས་རྒྱས་པ་ཡིན། ཀུན་བཟང་ཆོས་དྲུག་ནི་གོང་ནས་བཤད་རྒྱུའི་གཞི་ལས་འཕགས། རང་ངོར་སྣང་། བྱེ་བྲག་ཕྱེད། ཕྱེད་ཐོག་ཏུ་གྲོལ་བ་དང་། གཞན་རྐྱེན་ལ་མི་ལྟོས་པ་དང་། རང་སར་གནས་པ་སྟེ་དྲུག་ཡིན། དེས་ཀུན་ཏུ་བཟང་པོར་གྲོལ་ཚུལ་བསྟན་ནས། ཁམས་གསུམ་སེམས་ཅན་འཁྲུལ་ཚུལ་ནི། འོ་སྐོལ་རྣམས་ཀྱིས་རང་བཞིན་ལྷུན་གྲུབ་ཀྱི། །སྣང་བ་རང་གདངས་ཡིན་པར་མ་ཤེས་པས། །ཤེས་པ་དྲན་མེད་འཐོམ་མེ་བ་དེ་ཉིད། །དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་ཟེར། །དེ་ནས་གཞི་སྣང་འོད་གསལ་དེ་ཉིད་ལ། །གཉིས་སུ་འཛིན་པའི་ཤེས་པ་སྐྱེས་པ་དེ། །ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་ཟེར། །མ་རིག་གཉིས་འཛིན་སྦུབས་སུ་དེ་དུས་ཚུད། །དེ་ནས་བག་ཆགས་རིམ་བཞིན་རྒྱས་ནས་ཀྱང་། །འཁོར་བའི་བྱ་བ་འདི་རྣམས་ཐམས་ཅད་བྱུང་། །དེ་ནས་ཉོན་མོངས་དུག་གསུམ་དུག་ལྔ་དང་། །བརྒྱད་ཁྲི་བཞི་སྟོང་ལ་སོགས་རྒྱས་ནས་ཀྱང་། །འཁོར་བའི་གནས་སུ་ཟོ་ཆུའི་ཁྱུད་མོ་བཞིན། །འཁོར་ཞིང་བདེ་སྡུག་ད་ལྟའི་བར་དེར་མྱངས། །ཞེས་གསུངས་ཏེ། འོ་སྐོལ་ཞེས་པ་རང་རེའི་སེམས་ཅན་ཐམས་ཅད་ཀྱིས་གཞི་སྣང་ལྷུན་གྲུབ་སྒོ་བརྒྱད་ཤར་སྐབས། རང་སྣང་ཡིན་པ་མ་ཤེས་པར། རང་སྣང་ལ་གཞན་དུ་བཟུང་། ཐོ་ཡོར་ལ་མིར་འཁྲུལ། ཐག་ཁྲར་སྦྲུལ་དུ་སྣང་བ་འདྲ་ཞིག་གིས་གཟུང་འཛིན་གཉིས་ཀ་རྒྱང་ཆད་དུ་སོང་། ང་དང་ང་ཡིར་བཟུང་བས་འཁྲུལ་སོང་བ་རེད། ཀུན་བཟང་སྨོན་ལམ་གྱི་ནང་དུ། ཤེས་པ་དྲན་མེད་འཐོམ་མེ་བ། །དེ་ག་མ་རིག་འཁྲུལ་བའི་རྒྱུ། །ཞེས་གསུངས་པ་བཞིན་དུ་རང་ངོ་མ་ཤེས་པ་ལ་ལྟོས་ཏེ་མ་རིག་གསུམ་མཚུངས་ལྡན་དུ་ཤར་བ་རེད། ཐོག་མའི་གཞི་ལ་འཁྲུལ་བ་མེད་ཀྱང་གཞི་སྣང་དེ་ཉིད་ཀྱི་རང་ངོ་མ་རིག་པ་ནི་རྩ་བ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་དང་། དེའི་སྐྱོད་བྱེད་ཀྱི་ཤེས་པ་ཕྲ་མོ་དེ་ནུས་པ་ཇེ་ཆེར་སོང་ནས་རང་ངོ་མ་ཤེས་པའི་ལྡོག་ཆ་དེ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་། དེའི་སྟེང་དུ་ཡུལ་འོད་ལྔའི་སྣང་བ་ཇེ་རགས་ལ་སོང་བདག་གཞན་གཉིས་སྣང་གི་མིང་དོན་མང་པོ་ཞིག་གི་བདག་རྟོག་གི་ཆར་སོང་བ་ལ་ཀུན་ཏུ་བཏགས་པའི་མ་རིག་པ་ཞེས་པ་དེ་འགྲུབ་པ་ཡིན། དེ་ལྟ་བུའི་རྒྱུའི་རྐྱེན་མ་རིག་པ་གསུམ་པོ་འཚོགས་ཤིང་འདུས་ནས། དཔེར་ན་མིག་དང་གཟུགས་དང་མིག་ཤེས་གསུམ་པོ་ཚོགས་ཡོང་དུས་མིག་གིས་འདུས་ཏེ་རེག་པའི་རྐྱེན་གྱིས་ཚོར་བ་བྱུང་བ་ལྟར་དུ། དེ་ལས་དམིགས་རྐྱེན། བདག་རྐྱེན། དེ་མ་ཐག་རྐྱེན་དང་བཞི་བོ་བྱུང་ནས་དམིགས་པ་མ་དག་པའི་སྟོབས་དེ་ལས་རྒྱུ་ཉོན་མོངས་དུག་གསུམ་དུག་ལྔ་ནས་བརྒྱད་ཁྲི་བཞི་སྟོང་གི་བར་དུ་བྱུང་སྟེ། ཀུན་འབྱུང་ལས་དང་ཉོན་མོངས་པའི་སྟོབས་དེ་ཡིས་ཁམས་གསུམ་འཁོར་བའི་རྒྱུ་འབྲས་སུ་གྲུབ་སྟེ། ཟོ་ཆུའི་ཁྱུད་མོ་དང་འགལ་མེའི་འཁོར་ལོའི་དཔེ་བཞིན་དུ་ཐོག་མཐའ་དབུས་མེད་དུ་འཁོར་བའི་འཁོར་ལོར་འཁོར་ནས་ཁམས་གསུམ་རིགས་དྲུག་གི་སྡུག་བསྔལ་ད་ལྟའི་བར་དུ་མྱངས་པ་འདི་ཡིན་ནོ། །རྒྱས་པར་འདོད་ན་ཀུན་མཁྱེན་ཐེག་མཆོག་མཛོད། །ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་སོགས་ལ་ལྟོས། །ཞེས་གསུངས་ཏེ། འཁོར་འདས་གཉིས་ཀ་རིག་པའི་ཆོས་ཉིད་དུ་གཅིག་ཅིང་། དེའི་གྲོལ་འཁྲུལ་གཞི་དང་གཞི་སྣང་གི་གནད་ལ་ཐུག་པས། ཐོག་མར་འཁྲུལ་ལུགས། ལམ་ཉམས་སུ་ལེན་སྟངས། བར་དོའི་གནས་སྐབས་སུ་གྲོལ་ལུགས་ཐམས་ཅད་ཀྱི་གནད་ཤེས་རྒྱུ་གལ་ཆེ་བ་ཡིན། འདིའི་སྐོར་ཞིབ་ཏུ་ཤེས་དགོས་ན། རྒྱལ་བ་ཀློང་ཆེན་པའི་མཛོད་བདུན་གྱི་ནང་གི་ཐེག་མཆོག་མཛོད་དང་། སྤྲིན་ཕུང་སྐོར་གསུམ་ནང་གི་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་སོགས་ལ་ལྟོས་དང་ཤེས་ཞེས་ཞལ་འཕངས་པ་རེད། གཞིའི་བཞུགས་ཚུལ་འདི་མ་ཤེས་ན་རྫོགས་པ་ཆེན་པོ་བཤད་དགོས་ལར་ནས་ཡོད་པ་མ་ཡིན། དེ་ཡང་ཀ་དག་གསུམ་དང་ལྷུན་གྲུབ་གསུམ་ལ་སོགས་པ་མཁས་པའི་གསུངས་ཚུལ་སོ་སོ་ནས་དཔྱིས་ཕྱིན་པའི་གནད་ཀྱི་གོ་དོན་གྱིས་བརྡར་ཤ་གཅོད་དགོས་པ་ཡིན། མན་ངག་ལ་བཟླའི་སྐབས་སུ་ཤན་འབྱེད་ཞིབ་མོའི་སྤྲོས་པ་མི་དགོས་སོ། །ད་ནི་བླ་མའི་མན་ངག་ཟབ་མོ་ཡིས། །འཁྲུལ་བའི་རང་མཚང་ཐམས་ཅད་རིག་ནས་ཀྱང་། །རང་སེམས་སངས་རྒྱས་རང་ངོ་མཐོང་བ་ཡིན། །གདོད་མའི་མགོན་པོའི་རང་ཞལ་མཇལ་བ་ཡིན། །ཀུན་ཏུ་བཟང་པོར་སྐལ་བ་མཉམ་པ་ཡིན། །སྙིང་ནས་དགའ་བ་སྒོམས་ཤིག་སེམས་ཀྱི་བུ། །ཞེས་གསུངས་ཏེ། གསང་སྔགས་ཟབ་མོའི་རྒྱུད་དོན་བྱིས་པ་སོ་སོ་སྐྱེ་བོས་ཐད་ཀར་རྟོགས་དགོས་ན། གབ་སྦས་གསང་བ་ཟབ་མོའི་དོན་ཐམས་ཅད་རྒྱུད་དཀྲུགས། ལུང་གཅུས། མན་ངག་ཐོར་བའི་ཚུལ་དུ་བཞུགས་པ་ཡིན་ན། གསང་སྔགས་བསམ་གྱིས་མི་ཁྱབ་པའི་རྒྱུད་སྡེའི་མཚན་བྱང་ཙམ་ཡང་ཡུན་ཐུང་མི་ཚེའི་ཉི་མ་ཐུང་ཐུང་ཞིག་ལ་མཇལ་འདོད་ཡོད་ཀྱང་མཇལ་ཙམ་ཡང་ཐུབ་དཀའ་ན། དོན་རྟོགས་པ་དེ་བས་ཀྱང་ཕར་ཚད་རེད། དེས་ན་བཅུད་བསྡུས་བླ་མའི་མན་ངག ཀུན་མཁྱེན་གོང་འོག་གི་གདམས་པ་ཡིད་བཞིན་ནོར་བུའི་གཏེར་མཛོད་ལྟ་བུ་རང་རེའི་བགོ་སྐལ་དུ་གྱུར་པ་ལས། གོང་ནས་སེམས་དོན་འཁྲུལ་བའི་རྩ་བ་རྩད་བཅད་དེ། མ་འཁྲུལ་དོན་གྱི་གནས་ལུགས་ལྟ་བས་གཏན་ལ་ཕེབས་པ་བཞིན་དུ། འཁྲུལ་དང་མ་འཁྲུལ་གྱི་མིང་དོན་ལས་འདས་སོང་བའི་རང་སེམས་རིག་པའི་ངོ་བོ་སེམས་ཉིད་ཆོས་སྐུའི་ཡེ་ཤེས། རང་ལ་ཡོད་པ་རང་ངོ་མཐོང་ན་ཀུན་ཏུ་བཟང་པོ་ཆོས་དྲུག་གིས་གྲོལ་བ་བཞིན་དུ། སྐྱོན་མ་སྤངས་ཀ་ནས་དག འཁྲུལ་བ་མ་སྤངས་གནས་སུ་དག་སྟེ། ལྷུན་གྲུབ་རང་ངོས་ནས་མཁྱེན་པ་དང་བརྩེ་བའི་ཡེ་ཤེས་ཀྱི་ཡོན་ཏན་རྒྱས་ཏེ། ཐོག་མའི་ཀུན་བཟང་དང་སྐལ་བ་མཉམ་པའི་མཐར་ཐུག་གི་འབྲས་བུར་སྙེག་ཐུབ་པ་རེད། གང་ཟག་སོ་སོའི་ལམ་སྦྱངས་ཚུལ་གྱི་རིམ་པས་དབང་པོ་ཐ་དད་པ་ཡིན་ཡང་མཐའ་འབྲས་དག་པ་ཉིས་ལྡན་གྱི་ཆོས་སྐུ་ཀ་དག་རིན་པོ་ཆེ་གསང་བའི་སྦུབས་ན་ངོ་བོ་གཅིག་ཏུ་འཆར་ལུགས་དེ་ལྟར་ཡིན་པ་རེད། སྣོད་ཐ་དད་ཀྱི་ནང་གི་ནམ་མཁའ་དབྱིངས་གཅིག་ཏུ་འདུ་བ་དང་། ཆུ་བོ་ཐ་དད་རྒྱ་མཚོ་ཆེན་པོར་རོ་གཅིག་པའི་དཔེ་ཡིས་བསྟན་ཡོད་པའོ། །སྐབས་ཀྱི་དོན་བསྡུ་བ་ནི། འཁྲུལ་བ་གཏན་ལ་ཕབ་པའི་ངོ་སྤྲོད་དོ། །ཞེས་པ་འདིས་བསྟན་པའོ། །རིག་པ་རང་སྣང་གི་བློ་ཅན་གྱི་གདུལ་བྱ་ལ་དངོས་གཞི་གནས་ལུགས་དོན་གྱི་ངོ་སྤྲོད་བསྟན་པ་ནི། ཨེ་མ་ཧོ། ད་ཡང་སྐལ་ལྡན་སྙིང་གི་བུ་རྣམས་ཉོན། །སེམས་ཞེས་བྱ་བའི་ཡོངས་གྲགས་སྒྲ་བོ་ཆེ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་། །འདོད་ནི་ཐེག་པའི་རྣམ་གྲངས་མང་དུ་ཡོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །ཞེས་མདོར་བསྟན་པ་ཏེ། ཨེ་མ་ཧོ་ཞེས་ངོ་མཚར་བའི་རྡོ་རྗེའི་ཚིག་རེས་མགོ་ལེན་མཛད་དེ། ད་ཡང་ལས་དང་སྐལ་བར་ལྡན་ཞིང་སྔར་བསགས་བསོད་ནམས་དང་སྔོན་སྦྱངས་ལས་འཕྲོའི་དབང་གིས། རྫོགས་པ་ཆེན་པོ་ཀ་དག་རང་གནས་ཀྱི་ཆོས་སྐུའི་དགོངས་པ་ཅར་ཕོག་ཏུ་ངོ་སྤྲོད་པའི་ཆོས་གདམས་པ་ཟབ་མོ་འདི་ལ་ངོམས་མེད་དུ་ལོངས་སུ་སྤྱོད་པའི་སྐལ་བ་བཟང་པོ་དང་ལྡན་པའི་སྙིང་གི་བུའམ་ཐུགས་ཀྱི་སྲས་རྣམས་ཞེས། ཁར་སང་དབང་གི་སྐབས་སུ། ཁྱོད་སུ་ཡིན་ཟེར་དུས། སྐལ་ལྡན་སེམས་ཀྱི་བུ་གཅིག་པོ་ལགས། ཞེས་རྗེས་ཟློས་བྱས་པ་ལྟར་དུ། སྙིང་གི་བུའམ་ཐུགས་ཀྱི་སྲས་ཁྱེད་རྣམ་པས་མ་ཡེངས་རྣ་བ་གླགས་ཏེ་ཉོན་དང་། གནམ་ས་གཉིས་ཀའི་བར་འདི་ན་འཁོར་འདས་གཉིས་ཀྱི་ནང་ལ་མ་འདུས་པའི་ཆོས་ཤིག་མེད་ཅིང་། དེ་ཡང་རྩ་བ་སེམས་ལ་ཐུག་པ་ཡིན་པས། སེམས་ཡོད་ཐམས་ཅད་ལ་སེམས་ཅན་ཟེར་བ་ཡིན་ལ། སེམས་ཡོད་པའི་དབང་གིས་སེམས་ཅན་ཞེས་ཐོགས་པས་མ་ཚད། སེམས་འཁྲུལ་བ་འདིའི་དབང་གིས་སྡུག་བསྔལ་ཡང་མྱོང་བ་རེད། ད་སྔ་ཉི་མའི་ཡན་ཆད་ལ། ཕར་བལྟས་རྒྱང་གི་ཆོས་ལ་བལྟས་ཀྱང་། བལྟས་ཏེ་མཐའ་རྒྱ་ཆོད་རྒྱུ་མེད་པའི་དཀའ་ལས་བརྒྱབ་པ་བས། ད་ཚུར་བལྟས་རང་གི་སེམས་ཚུར་ལ་རྩད་ཅིག་བཅད་ན། སེམས་ཞེས་པ་ཡོངས་ལ་གྲགས་པའི་སྐད་གྲགས་ཆེན་པོ། ངོ་མས་ཉམས་ལ་བཅར་བཞག་ན། སྔར་སེམས་ཀྱི་བྱུང་གནས་འགྲོ་གསུམ་བཙལ་དུས་རྙེད་དུ་མེད་པ་ལྟར་དུ། ཡོད་ནི་གཅིག་ཀྱང་འདི་རེད་ཟེར་ས་ཞིག་མེད་པ་ལ། འདི་དོན་མ་རྟོགས་པར་མེད་པ་ལ་ཡོད་པར་བཟུང་ན། འཁྲུལ་སྣང་འཁོར་འདས་བདེ་སྡུག་གི་སྣང་བ་སྣ་ཚོགས། རིགས་དྲུག་གི་སེམས་ཅན་སོ་སོ་ལ་མཐོང་སྣང་སྣ་ཚོགས་ཡོད་པ་འདི་བྱུང་བ་ཡིན། འདིའི་ཆོས་ཅན་སེམས་ཀྱི་ཆོས་ཉིད་གཏན་ལ་འབེབས་སྟངས་ཀྱི་ཁྱད་པར་གྱིས་ཐེག་པའི་རྣམ་གྲངས་མང་དུ་འདོད་ཅིང་། དེ་ཡང་རྒྱལ་བས་གདུལ་བྱའི་ཁམས་དབང་མོས་པར་བསྟུན་པའི་འདུལ་ཐབས་ཆོས་ཀྱི་རྣམ་གྲངས་རྣམས་ནི་དེའི་ལམ་སྟེགས་སུ་གྱུར་པ་ཡང་ཡིན་པས། ཐེག་པ་སོ་སོའི་འདོད་གཞུང་གི་མིང་བསམ་གྱིས་མི་ཁྱབ་པ་སོ་སོར་བཏགས་པ་དེ། ཇི་སྲིད་སེམས་ཀྱི་འཇུག་པ་མ་ཟད་པར། །བསམ་ཡས་ཐེག་པའི་གྲུབ་མཐར་ཐུག་པ་མེད། །ཅེས་གསུངས་པ་ལྟ་བུའོ། །དེས་མདོར་བསྟན་ནས། རྒྱས་པར་བཤད་པ་ནི། སོ་སོ་སྐྱེ་བོ་རྣམས་ཀྱིས་ང་ཡང་ཟེར། །མུ་སྟེགས་ལ་ལས་བདག་ཅེས་མིང་དུ་བཏགས། །ཉན་ཐོས་པ་ཡིས་གང་ཟག་བདག་མེད་ཟེར། །སེམས་ཙམ་པ་ཡིས་སེམས་ཞེས་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ལ་ལས་བདེ་གཤེགས་སྙིང་པོ་མིང་དུ་བཏགས། །ལ་ལས་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པ་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས། །མིང་ནི་བསམ་གྱིས་མི་ཁྱབ་ཅི་བཏགས་ཀྱང་། །དོན་ལ་འདི་ཉིད་ཡིན་པར་ཤེས་པར་གྱིས། །ཞེས་གསུངས་ཏེ། སོ་སོའི་སྐྱེ་བོ་མ་རིག་འཁྲུལ་བའི་གཞན་དབང་དུ་སོང་བ་ཚང་མས་ང་དང་ང་ཡིར་འཛིན་པའི་ངར་འཛིན་གྱི་སེམས་འདིས། ཐོག་མེད་ནས་མཐའ་མེད་ཀྱི་བར་དུ་འཁྲུལ་ནས་སྲིད་རྩ་ངར་འཛིན་གྱི་རྩ་བ་ཆོད་མེད་པས། ནམ་མཁའི་ཁམས་ནས་འབྲུག་སྒྲ་ཆེན་པོའི་ཚག་གློག་ཅིག་བྱས་ན་ངའི་མགོ་ལ་ཐོག་ཅིག་བརྒྱབ་ཨེ་ཡོང་ན་སྙམ་པ་དང་། མཚན་རྨི་ལམ་ཉིང་འཁྲུལ་གྱི་སྐབས་སུ་ཡང་ང་གཡང་ས་གཟར་མོ་ཞིག་ནས་ལྷུང་རྩིས་བྱེད་པ་དང་། ང་ཆུ་ཆེན་གཙང་པོ་ཞིག་གིས་འཁུར་རྩིས་བྱེད་པ་ལ་སོགས་པའི་བག་ཆགས་ཆེན་པོ། དཔལ་ལྡན་ཟླ་བ་གྲགས་པས། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་བསྐྱེད་པ། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །ཞེས་གསུངས་པ་ལྟར་དུ་གྲུབ་མཐར་བློ་མ་ཞུགས་པའི་སེམས་ཅན་དག་གིས་ང་ཞེས་ཟེར་བ་དང། མུ་སྟེགས་པ་ལ་རྩ་བ་རྟག་ཆད་ལས་འཕྲོས་པའི་ལྟ་ལོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པའི་རྣམ་གཞག་ཡོད་པའི་མུ་སྟེགས་པ་བསྟན་པ་འདི་ལས་ཕྱི་རོལ་དུ་གྱུར་པའི་རིགས། འདིར་མུར་ཐུག་དང་། མུ་སྟེགས། ཕྱལ་བ་པ། རྒྱང་འཕེན་པ་སོགས་སྤྱི་དང་བྱེ་བྲག་གི་མིང་གི་ཁྱད་པར་དང་། སོ་སོའི་གྲུབ་མཐའི་འདོད་གཞུང་ཡང་ཡོད་ལ། ལ་ལ་ཞེས་ཆད་པར་སྨྲ་བ་རྒྱང་འཕེན་པ་ཕར་ཕུད་ཤུལ་གྱི་ཀུན་བཏགས་ཀྱི་བདག་རྟག་པ་དང་དབང་ཕྱུག་རྟག་པ་རང་དབང་ཅན་དུ་འདོད་པ་སྟེ། མདོར་ན་མ་རིག་པ་དང་མཚུངས་ལྡན་གྱི་ལྟ་བ་ཅན་དང་། ནང་པ་ལ་མཚོན་ན། ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྡེ་བཞི་ཡོད་པའི་ཉན་ཐོས་པ་ལའང་བྱེ་མདོའི་ཁྱད་པར་དང་། བྱེ་སྨྲ་ལའང་ནང་ཚན་གྱིས་སོ་སོའི་འདོད་པའི་འཇོག་མཚམས་མི་མཐུན་པ་ཡོད་ཀྱང་། མདོར་བསྡུས་ན་ཉན་ཐོས་པ་ཡིས་གཟུང་འཛིན་རགས་པའི་ཆ་བཤིག་ནས་རྡུལ་དང་སྐད་ཅིག་བདེན་པར་ཁས་ལེན་ཅིང་གང་ཟག་གི་བདག་མེད་ཇི་བཞིན་རྟོགས་ཡོད་པ་དང་། གཟུང་བའི་རྡུལ་འཛིན་ཀྱང་བཤིགས་ནས་བདག་མེད་ཕྱེད་དང་གཉིས་རྟོགས་ཀྱི་རང་རྒྱལ་ཡང་འདིའི་ཤུགས་ཀྱིས་གོ་བར་འགྱུར་བ་དང་། དེ་ལས་ཁྱད་པར་དུ་འཕགས་པའི་ཐེག་ཆེན་སེམས་ཙམ་པས། ཕྱི་རོལ་སྣང་བ་འདི་དག་སེམས་ལས་བྱུང་བ་དང་། གཟུང་འཛིན་གཉིས་སྟོང་གི་ཤེས་པ་རང་རིག་རང་གསལ་ཙམ་གྱི་སེམས་ཤིག་ཡོད་པར་འདོད་པའི་སེམས་ཙམ་པ་ཞེས་བཏགས་པ་དང་། དབུ་མ་པས་རང་རིག་བདེན་པར་འཛིན་པ་དེ་ཡང་བཤིགས་ནས། ཤེས་བྱའི་ཁོངས་ན་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་མེད་པ་དེ་ལྟར་རྟོགས་ནས། ཀུན་རྫོབ་སྒྱུ་མ་ལྟ་བུ། དོན་དམ་བརྗོད་མེད་སྟོང་ཉིད། བདེན་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པར་སྦྱོར་བར་བྱེད་པ་དང་། བཀའ་བར་བས་རྣམ་ཐར་སུམ་ལྡན་ཟབ་མོ་སྟོང་ཉིད་ཀྱི་རྣམ་གཞག་གཏན་ལ་ཕབ་པ་ཡིན་པ་དང་། ཐ་མས་རྒྱ་ཆེ་བའི་རང་བཞིན། ཁྱད་པར་མདོ་སྔགས་མཚམས་འཛིན་གྱི་དགོངས་གནད་བདེ་གཤེགས་སྙིང་བོའི་མཚན་གྱིས་གསལ་བར་མཛད་པ་ཡིན་ཏེ། ཀུན་མཁྱེན་འཇིགས་གླིང་གིས། རྒྱལ་བའི་འཁོར་ལོ་བར་བ་རྣམ་ཐར་གསུམ། །བསྟན་བྱའི་ངོ་བོ་སོ་སོ་རང་རིག་ཉིད། །སེམས་ཅན་ཁམས་ལ་བདེ་གཤེགས་སྙིང་བོ་རུ། །རང་བཞིན་བཞུགས་ལ་རྫོགས་པ་ཆེན་པོར་གྲགས། །ཞེས་གསུངས་པ་ལྟ་བུ་ཡིན། འདི་ལ་ལ་ལས་ཕྱག་རྒྱ་ཆེན་པོ་དང་། ལ་ལས་དབུ་མ་ཆེན་པོ་ཞེས་པའི་མིང་དེ་ཇི་ལྟར་བཏགས་པ་ཡིན་ན། ཆོས་ཅན་གང་ཤར་གྱི་སྣང་བ་ལ་ཆོས་ཉིད་ཀྱི་ཕྱག་རྒྱས་འདེབས་ཤིང་སྣང་རིག་ངོས་བཟུང་དང་བྲལ་བ་གསལ་སྟོང་ཟུང་འཇུག་ཏུ་སྐྱེལ་བ་དེ་ཕྱག་ཆེན་གྱི་ལུགས་རེད། ཕྱག་ཆེན་པ་འདིར་ནང་གསེས་སུ་གནས་ལུགས་ཕྱག་རྒྱ་ཆེན་པོ་ཞེས་མདོ་ལུགས་སུ་བཞེད་པ་དྭགས་བརྒྱུད་དང་། བདེ་སྟོང་ཕྱག་རྒྱ་ཆེན་པོ་ཞེས་སྔགས་ལུགས་ཀྱི་དབང་ལས་བྱུང་བའི་ཡེ་ཤེས་ལ་གཙོ་བོར་འཛིན་པ་རྗེ་མར་བའི་བཀའ་བབས། མདོར་ན་སྦྱོར་དྲུག་དང་རིམ་ལྔ། ལམ་འབྲས་ལ་སོགས་པ་དབང་ལས་བྱུང་བའི་ཡེ་ཤེས་ཕྱག་རྒྱ་ཆེན་པོར་བཞེད་པ་ཐམས་ཅད་འདི་ལ་འདུས་པ་ཡིན། དབུ་མ་ལའང་ཐལ་རང་ལ་སོགས་པའི་དབྱེ་བ་མང་ཡང་། ཟུང་འཇུག་རབ་ཏུ་མི་གནས་པའི་དབུ་མས་སྣང་སྟོང་ངོ་བོ་ཉིད་ཀྱིས་འདུ་འབྲལ་མེད་པའི་ཆོས་དབྱིངས་སྤྲོས་པ་ཀུན་བྲལ། སོ་སོ་རང་རིག་གི་སྤྱོད་ཡུལ་དུ་གྱུར་པ། བདེན་གཉིས་དབྱེར་མེད་མཐའ་བྲལ་ཆོས་དབྱིངས་ཆེན་པོར་གཏན་ལ་འབེབ་པ་ཡིན། འདི་ནས་དབུ་མ་ཞེས་པ་དེ་ཤན་འབྱེད་ལམ་གྱི་དབུ་མ་དང་། དངོས་གཞི་མཉམ་བཞག་གི་དབུ་མ་གཉིས་ལས་གཙོ་ཆེར་ཕྱི་མར་གོ་དགོས་ཤིང་། དེ་ལྟར་ན་ཀུན་བཟླུམས་ཐིག་ལེ་ཉག་གཅིག ཆོས་དབྱིངས་སྤྲོས་པ་ཀུན་བྲལ། སྔགས་རྒྱུད་འགའ་རེ་ནས་འདི་ལ་ཀུན་གཞི་རྒྱུའི་རྒྱུད་ཅེས་ཀུན་གཞིའི་སྒྲས་བསྙད་ས་དང་། རྫོགས་ཆེན་གྱི་སྐབས་སོ་སོ་ནས་ཐ་མལ་གྱི་ཤེས་པ་ལ་སོགས་པ་གསུངས་པ་སྟེ། སོགས་ཁོངས་ན་ཅི་ཞིག་ཡོད་པ་རེད་ཟེར་ན། གཉུག་མའི་སེམས། རང་བྱུང་གི་ཡེ་ཤེས་ལ་སོགས་པ་མང་ཞིང་། མིང་ལ་གང་བཏགས་ན་ཡང་། དོན་འདི་རེད་ཅེས་མཚམས་སྦྱར་ནས། དངོས་གཞིའི་གནས་ལུགས་དོན་གྱི་ངོ་སྤྲོད་ངོ་མ་དེ་གསུངས་ཡིན། ད་རེས་འུ་གུས་ཁྲིད་སྟངས་འདི་ལུང་རྒྱུན་ཙམ་དང་། ཁྲིད་མ་ལུང་། མོས་ཁྲིད་ཙམ་མ་ཡིན་པར། སྨིན་ཁྲིད་ལག་ཁྲིད་ཀྱི་ཕྱག་ལེན་བྱེད་པ་ཡིན་པས། རྫོགས་ཆེན་རིག་པ་ངོ་སྤྲོད་འདི་ལ། དད་པ་ཅན་ལ་བྱིན་བརྒྱུད་བརྡ་ཐབས་ཀྱིས་ངོ་སྤྲོད་པ་ཞིག་དང་། ཤེས་རབ་ཅན་ལ་ལྟ་བ་གཏན་ལ་ཕབ་ནས་ངོ་སྤྲོད་པ་ཞིག ཉམས་མྱོང་ཅན་ལ་སྒོམ་པ་ལག་ལེན་གྱི་སྟེང་ནས་ངོ་སྤྲད་པའི་སྤྲོད་ལུགས་ཡོད་པ་ལས། ཐམས་ཅད་ཚང་བའི་རང་ལུགས་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་ཇི་བཞིན་དུ་ཕྱག་ལེན་ལ་ཐེབས་པ་བྱ་པའི་དང་པོར་ངས་འདི་ནས། ཌ་དྲིལ་སྙན་པའི་སྒྲ་དབྱངས་དང་བཅས་ཏེ་བརྒྱུད་གསུམ་དགོངས་བརྡ་སྙན་བརྒྱུད་ཀྱི་བྱིན་འབེབས་ཤིག་བཏོན་ནས། ཐབས་ཤེས་ཟུང་འབྲེལ་གྱི་ཕཊ་སྒྲ་དང་སྦྲགས་ནས་བརྗོད་མེད་དོན་གྱི་ཡེ་ཤེས་ཀྱི་བྱིན་ཆེན། སྙིང་དབུས་མི་ཤིགས་པའི་ཐིག་ལེར་ཕབ་པ་དང་བསྟུན་ནས། འདིའི་ངོ་སྤྲོད་ཀྱི་ཚིག་འདི་འདོན་རྒྱུ་ཡིན། དེའི་ཚེ་རྣམ་པ་ཐམས་ཅད་ཀྱིས་ངོ་སྤྲོད་ཀྱི་སྐབས་འདིར་ཕྱག་གཉིས་ཀ་སྤྱི་བོར་མ་རེག་པའི་ཐལ་མོ་ཞིག་སྦྱར་ནས། རྐང་མཐིལ་གཉིས་མདུན་དུ་སྤྲད་པའི་མི་འགྱུར་རྡོ་རྗེའི་བཞུགས་སྟངས་མཛོད། དེའི་ཚེ་ཕྱག་དཔེ་ལ་གཟིགས་མི་དགོས།༼བླ་མས་ཌ་དྲིལ་དང་བཅས།༽

ཨེ་མ་ཧོ༔ རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས༔

དང་པོའི་སངས་རྒྱས་ཆོས་སྐུ་ཀུན་ཏུ་བཟང༔

ལོངས་སྐུ་ཆུ་ཟླའི་རོལ་རྩལ་རྡོ་རྗེ་སེམས༔

སྤྲུལ་སྐུ་མཚན་རྫོགས་དགའ་རབ་རྡོ་རྗེ་ལ༔

གསོལ་བ་འདེབས་སོ་བྱིན་རླབས་དབང་བསྐུར་སྩོལ༔

ཤྲཱི་སིངྷ་དོན་དམ་ཆོས་ཀྱི་མཛོད༔

འཇམ་དཔལ་བཤེས་གཉེན་ཐེག་དགུའི་འཁོར་ལོས་བསྒྱུར༔

ཛྙཱ་ན་སུ་ཏྲ་པཎ་ཆེན་བཱི་མ་ལར༔

གསོལ་བ་འདེབས་སོ་གྲོལ་བྱེད་ལམ་སྣ་སྟོན༔

འཛམ་བུའི་གླིང་གི་རྒྱན་གཅིག་པདྨ་འབྱུང༔

ངེས་པར་ཐུགས་ཀྱི་སྲས་མཆོག་རྗེ་འབངས་གྲོགས༔

ཐུགས་གཏེར་རྒྱ་མཚོའི་བརྡ་གྲོལ་ཀློང་ཆེན་ཞབས༔

མཁའ་འགྲོའི་དབྱིངས་མཛོད་བཀའ་བབས་འཇིགས་མེད་གླིང༔

གསོལ་བ་འདེབས་སོ་འབྲས་བུ་ཐོབ་གྲོལ་སྩོལ༔

ཆོས་ཀྱི་བདག་པོ་བྱང་ཆུབ་རྡོ་རྗེ་ཞབས༔

གྲུབ་བརྙེས་འཇིགས་མེད་རྒྱལ་བའི་མྱུ་གུ་དང༔

སྤྲུལ་བའི་སྐུ་མཆོག་མི་འགྱུར་ནམ་མཁའི་མཚན༔

ཨོ་རྒྱན་བསྟན་འཛིན་གཞན་ཕན་སྣང་བའི་ཞབས༔

འཁོར་ལོའི་མགོན་པོ་གུ་ཎ་ནཱ་ཐ་རྗེར༔

གསོལ་བ་འདེབས་སོ་གནས་ལུགས་རང་ཞལ་སྟོན༔

སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱིས༔

དེང་འདིར་སྐལ་ལྡན་རྣམས་ལ་བྱིན་རླབས་པས༔

ཕྱི་ནང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཤར༔

སྒྲ་གྲགས་མི་ཤིགས་རྡོ་རྗེའི་དབྱིངས་སུ་སྨིན༔

ཀ་དག་རིག་པ་གདོད་མའི་ལྷུམས་སུ་ཞུགས༔

ལྷུན་གྲུབ་སྣང་བ་རྣམ་བཞིའི་རྩལ་རྫོགས་ནས༔

ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་ཤོག༔

ཚེ་གཅིག་འཇའ་ལུས་རྡོ་རྗེའི་སྲོག་འགྲུབ་ཤོག༔

བཛྲ་ཀཱ་ཡ་ཝཀྐ་ཙིཏྟ་ག་ན་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུཾ།

ཨ་ཨ་ཨ།

ཕཊཿསེམས་གང་ཡིན།

ཕཊཿསེམས་གང་ཡིན།

ཕཊཿསེམས་གང་ཡིན།

འདིའི་མཚམས་ནས་ངོ་སྤྲོད་ཀྱི་ཚིག་རྡོ་རྗེའི་གསུང་ངས་མར་ཤར་འདོན་བྱེད་པ་ཡིན། ཁྱེད་རྣམ་པའི་ཕྱག་གིས་ངལ་ཞིག་གསོ་དགོས་ན་གསོས། འདི་མི་འགྱུར་རྡོ་རྗེའི་བཞུགས་སྟངས་ཡིན། དབང་གི་སྐབས་སུ་བཞུགས་སྟངས་འདི་དགོས་པས། ཁྱེད་རྣམ་པས་བཞུགས་སྟངས་དེའི་སྒོ་ནས་སྤྱི་བོར་མ་རེག་པའི་ཐལ་མོ་གྱེན་ལ་སྦྱར་ནས་རྐང་མཐིལ་གཉིས་ཁ་སྦྱར་ཏེ་བཞུགས་རྒྱུ་གྱིས། ཁྱེད་རྣམས་སེམས་ཉིད་རང་སར་གློད་ལ་ཞོག །བཞག་དུས་ཐ་མལ་ཤེས་པ་རྗེན་ནེ་བ། །བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ། །རིག་པ་མངོན་སུམ་ས་ལེ་ཧྲིག་གེ་བ། །ཅིར་ཡང་མ་གྲུབ་སྟོང་ཞིང་སེང་ངེ་བ། །གསལ་སྟོང་གཉིས་སུ་མེད་པའི་ཡེ་རེ་བ། །རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་པུ་མ་ཡིན་དུ་མ་རིག་ཅིང་གསལ། །དུ་མ་མ་ཡིན་དབྱེར་མེད་རོ་གཅིག་པ། །གཞན་ན་མེད་དེ་རང་རིག་འདི་ཉིད་དོ། །སྙིང་དབུས་བཞུགས་པའི་གདོད་མའི་མགོན་པོའི་ཞལ། །མངོན་སུམ་ད་ལྟའི་དུས་འདིར་མཐོང་བ་ཡིན། །འདི་དང་འབྲལ་མེད་གྱིས་ཤིག་སྙིང་གི་བུ། །འདི་མིན་གཞན་ལས་ལྷག་པ་སུས་འདོད་པ། །གླང་པོ་རྙེད་ཀྱང་རྗེས་འཚོལ་ཇི་བཞིན་དུ། །སྟོང་གསུམ་ཐམས་ཅད་ཐགས་སུ་བཏགས་ན་ཡང་། །སངས་རྒྱས་མིང་ཙམ་རྙེད་པར་མི་སྲིད་དོ། །དེ་ནས་རང་ལུགས་སུ་བདེ་བར་བཞུགས་ནས་ཕྱག་དཔེ་ལ་གཟིགས། ཕྱག་དཔེའི་ངོ་སྤྲོད་ཀྱི་མཚམས་ཀྱི་ཁྱེད་རྣམས་སེམས་ཉིད་རང་སར་གློད་ལ་ཞོག་གསུངས་ས་དེ་ནས་མར་ལ་གཟིགས་དང་། ངོ་སྤྲོད་ཀྱི་ཚིག་ཚང་མ་ཚིག་དོན་སྦྲེལ་ནས་ཡང་ཞིབ་ཀྱིས་མགོ་ནས་མར་ཚར་གཅིག་འགྲོ་རྒྱུ་བྱེད། དང་པོ་ཁྱེད་རྣམས་སེམས་ཉིད་རང་སར་གློད་ལ་ཞོག་གསུངས་རྒྱུ་འདིས་བཞག་ཐབས་བསྟན་པ་ཡིན། འདིའི་སེམས་ཞེས་པ་འདི་ཆོས་ཅན་སེམས་སུ་སྣང་བ་རྣམ་རྟོག་འཕྲོ་འདུར་སྣང་བའི་སེམས་དེ་ཉིད་ཀྱིས་ཞེས་པ་ནི་སེམས་ཀྱི་ཆོས་ཉིད་གསུངས་པ་མ་ཡིན་པར། སེམས་དེ་ཉིད་ཀྱིས་འདས་པའི་རྗེས་མ་གཅོད། མ་འོངས་པའི་མདུན་མ་བསུ། ད་ལྟའི་རྣམ་རྟོག་གང་ཤར་སྐྱེ་འགག་གྲངས་སུ་འདེབས་ནས་རྩིས་བརྒྱབ་པ་ལྟར་ཡང་མ་ཡིན་པར། བཅས་བཅོས་མེད་པར་རང་སར་རང་བབས་སུ་གློད་དེ་ཞོག་ལ་ཐོངས། དེ་ལྟར་གློད་པས། ཐ་མལ་ཤེས་པ་ཞེས་པ་ནི་ཐ་མལ་བའི་འཁྲུལ་ཤེས་ལ་གསུངས་པ་མ་ཡིན་པར། མ་བཅོས་ཐ་མལ་རང་བབས་ཐད་ཀའི་སོ་ན་ཡོད་པའི་རང་གནས་པའི་ཡེ་ཤེས་ལ་གསུངས་པ་དང་། རྗེན་ནེ་བ་ཞེས་པ་ནི་མ་བཅོས་ཐ་མལ་གྱི་རིག་པ་རང་སེམས་རིག་པའི་ཡེ་ཤེས་དེ། གཟུང་འཛིན་གྱི་སེམས་དང་གཉིས་ཀ་འདྲེས་དགོས་ན་འདྲེས་ཐབས་མེད་པའི་རྗེན་པ་ཞིག་ཡིན་པར་བསྟན་པ་ཡིན། བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ་ཞེས་པ་ནི། སྟོང་གསལ་འགག་པ་མེད་པའི་ཡེ་ཤེས་དེ་བལྟས་པས་མི་མཐོང་ལ། བཞག་ན་གསལ་ཡོང་ཞེས་པ་སྟེ། དེ་ཇི་ལྟར་ཡིན་ན། ཅིའི་ངོ་བོར་ཡང་མ་གྲུབ་པའི་ངོ་བོ་སྟོང་སང་ངེ་བ་ལ་བལྟས་པས་མི་མཐོང་། བཞག་བཞག་ན་སྟོང་པ་ཕྱང་ཆད་ཀྱང་མ་ཡིན་པས་འོད་གསལ་འདུས་མ་བྱས་པའི་ཆོས་ཉིད་ས་ལེར་གསལ་བ་ཡིན། རིག་པ་མངོན་སུམ་ས་ལེ་ཧྲིག་གེ་བ། །ཅིར་ཡང་མ་གྲུབ་སྟོང་ཞིང་སེང་ངེ་བ། །གསལ་སྟོང་གཉིས་སུ་མེད་པའི་ཡེ་རེ་བ། །ཞེས་པའི་ཚིག་རྐང་གསུམ་འདིས། གསལ་བ་དང་གཅིག སྟོང་པ་དང་གཉིས། གཉིས་མེད་ཀྱི་ཡེ་ཤེས་ཚང་མ་གཞི་གཅིག་ཏུ་འདུས་པའི་ངོ་བོ། ངོ་བོ་གཅིག་པའི་ལྡོག་ཆ་ནས་བསྟན་པ་ཡིན། ཚིག་སྔོན་མས་གསལ་བ་ཡབ་ཀྱི་རང་བཞིན་གསལ་སྟོང་རིག་པའི་རྡོ་རྗེ་ཆོས་སྐུ་ཀུན་ཏུ་བཟང་པོ་དང་། ཚིག་བར་བས་སྟོང་ཆ་ཡུམ་གྱི་ངོ་བོ་སྟོང་གསལ་མཐའ་དབུས་དང་བྲལ་བ་ཆོས་དབྱིངས་ཀུན་ཏུ་བཟང་མོ། ཚིག་མཐའ་མས་དབྱིངས་རིག་དབྱེར་མེད་འཁོར་འདས་སྣོད་བཅུད་སྲིད་ཞི་ཀུན་ལ་ཁྱབ་པའི་སྲིད་དང་ཞི་བ་འཁོར་འདས་ཀུན་ལ་ཁྱབ་པའི་ཆོས་ཉིད་ཟུང་འཇུག་ཀུན་ཁྱབ་ཀྱི་ཡེ་ཤེས་བསྟན་པ་ཡིན། འདིའི་ཧྲིག་གེ་བ་དང་། སེང་ངེ་བ། ཡེ་རེ་བ་ཚང་མ་བརྗོད་མེད་ཀྱི་དོན། བརྗོད་མེད་དོན་གྱི་ཡེ་ཤེས་མི་ཚིག་གིས་བརྗོད་པའི་སྒྲ་ཡིས་མཚོན་ཐབས་བྲལ་བ་དེ་བརྡ་ཙམ་གྱིས་སྟོན་དགོས་དུས་ཧྲིག་གེ་བ། སེང་ངེ་བ། ཡེ་རེ་བ། དེ་ལྟར་གསུངས་དགོས་པ་ཡིན། ཕྱོགས་ཙམ་མཚོན་བྱེད་ཀྱི་ཚིག་རེད། ཧྲིག་གེ་བ་གསལ་བ་དང་། སེང་ངེ་བ་སྟོང་པ། ཡེ་རེ་བ་རྗེན་པའི་དོན་ཅན་ཞིག་ཡིན། རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་པུ་མ་ཡིན་དུ་མ་རིག་ཅིང་གསལ། །དུ་མ་མ་ཡིན་དབྱེར་མེད་རོ་གཅིག་པ། །ཞེས་པའི་ཚིག་རྐང་བཞི་འདིས་རང་བྱུང་རིག་པའི་ཡེ་ཤེས་ཡེ་ནས་མཐའ་དབུས་བཅིངས་གྲོལ་མེད་པར་རང་ལ་གནས་པ་དེ་རྟག་ཆད་གཅིག་དང་དུ་མ་ལ་སོགས་པའི་སྤྲོས་པའི་མཐའ་ཐམས་ཅད་ལས་གྲོལ་བར་བསྟན་པ་ཡིན། འདི་མུ་སྟེགས་པའི་བདག་ལྟ་བུའི་རྟག་པ་མ་ཡིན། ཅིར་ཡང་མ་གྲུབ་པ་སྟོང་བའི་སྒྲ་ཡིས་མཚོན་པ་དང་། ཆད་པ་མ་ཡིན་རང་བཞིན་འོད་གསལ་བ། གསལ་ལུགས་ས་ལེ་ཧྲིག་གེ་རིག་སྟོང་དབྱེར་མེད་པ། གཅིག་པུ་མ་ཡིན་སྣོད་བཅུད་ཀུན་ལ་ཁྱབ་པའི་ཡེ་ཤེས་ལྷུན་གྲུབ་ཕྱོགས་མེད་དུ་རིག་ཅིང་གསལ་བ། དུ་མ་ཡང་མ་ཡིན་ཤེས་དང་ཤེས་བྱ་དབྱེར་མེད་དུ་མ་རོ་གཅིག་པར་བསྟན་པ་ཡིན། དེ་ལྟར་ན་སྟོང་པ་ཤེས་རབ་བརྗོད་དུ་མེད་པའི་དབྱིངས་དང་སྣང་བ་ཐབས་རིག་པའི་ཡེ་ཤེས་གཉིས་ཀ་གདོད་ནས་འདུ་འབྲལ་མེད་པར་རོ་གཅིག་པ་ནི་དབྱིངས་རིག་གཅིག་པའི་གཞི་མཐུན་བདེན་གྲུབ་ཅིག་ལ་གོ་དགོས་པ་མ་ཡིན། གཉིས་མེད་གཅིག་དང་ཐ་དད་ཀྱི་སྒྲོ་འདོགས་མཚན་མ་ཐམས་ཅད་ལས་འདས་པ་ཁས་ལེན་ཀུན་བྲལ་ཞིག་ལ་ཡེ་ཤེས་རྫོགས་པ་ཆེན་པོ་ཞེས་གསུངས་པ་ཡིན། དེ་ཡང་ག་ཤེད་ཐག་རིང་ཞིག་ནས་ངལ་བ་ཆེན་པོ་ཞིག་བྱས་ནས་བཙལ་ཏེ་རྙེད་དགོས་རྒྱུ་ཞིག་མ་ཡིན་པར། གཞན་ན་མེད་དེ་རང་རིག་འདི་ཉིད་དོ། །སྙིང་དབུས་བཞུགས་པའི་གདོད་མའི་མགོན་པོའི་ཞལ། །མངོན་སུམ་ད་ལྟའི་དུས་འདིར་མཐོང་བ་ཡིན། །འདི་དང་འབྲལ་མེད་གྱིས་ཤིག་སྙིང་གི་བུ། །ཞེས་གསུངས་པའི་གཞན་ན་མེད་པའི་རང་རིག་ཅེས་པ་འདི་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་བ་ཕྱེས་ཡོང་ན་གོང་ནས་བཤད་པ་ལྟ་བུའི་ཐེག་པའི་རྣམ་གྲངས་ལྟར་མཐའ་ཡས་པ་སྟེ། མི་གནས་པའི་ཡེ་ཤེས། གདོད་ནས་རྣམ་གྲོལ། ལྷག་པའི་བདེན་པ་དབྱེར་མེད། འདའ་ཀ་ཐུགས་ཀྱི་ཡེ་ཤེས། བདེ་ཆེན་བྱང་ཆུབ་ཀྱི་སེམས། ཐིག་ལེ་ཉག་གཅིག རིག་པ་ཆོས་སྐུའི་ཡེ་ཤེས་ལ་སོགས་པ་གང་ཟེར་ན་དོན་ལ་གཞི་འབྲས་དབྱེར་མེད་ཆོས་སྐུ་ཐིག་ལེ་ཉག་གཅིག དེ་ཁོ་ན་ཉིད་དེ་ཡིན། དེ་ཉིད་མི་ཤིགས་གཉུག་མའི་ཕུང་ཁམས་སྐྱེ་མཆེད་ཀྱི་དྭངས་མའི་སྙིང་དབུས་ཙིཏྟ་རིན་ཆེན་གྱི་ཕོ་བྲང་ན། ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའི་ཡེ་གྲོལ་གདོད་མའི་མགོན་པོའི་རང་ཞལ། དེ་རིང་བླ་མའི་མན་ངག་དང་གདམས་པའི་ཟབ་ཁྱད། བརྒྱུད་པའི་བྱིན་རླབས་འཕོ་བ་དང་བཅས་པས། མངོན་སུམ་ཅར་ཕོག་ཏུ་ངོ་སྤྲད་ནས་ངོས་ཟིན་ཏེ་དུས་འདིར་མཐོང་བ་ཡིན་ན། ངོ་རང་ཐོག་ཏུ་སྤྲད་པ་འདི་ཉིད་ལ་ཐག་གཅིག་ཐོག་ཏུ་བཅད་དེ། འདི་དང་འབྲལ་བ་མེད། སྒོམ་དུ་མེད་ལ་ཡེངས་སུ་མེད་པའི་གནད་འདི་དང་མ་འབྲལ་བ་གྱིས་ལ་ཉམས་སུ་ལོངས་ཤིག་དང་། གྲོལ་བ་མངོན་གྱུར་དག་པ་ཉིས་ལྡན་གྱི་སངས་རྒྱས་དེ་རང་ལས་རྙེད་པས། འདི་མིན་པ་གཞན་དུ་འཚོལ་བའི་ངལ་བ་མི་དགོས་སྐལ་ལྡན་སྙིང་གི་བུ་ཞེས་ནན་གྱིས་སྐུལ་ཏེ་གདམས་པར་མཛད་པ་ཡིན། འདི་མིན་གཞན་ལས་ལྷག་པ་སུས་འདོད་པ། །གླང་པོ་རྙེད་ཀྱང་རྗེས་འཚོལ་ཇི་བཞིན་དུ། །སྟོང་གསུམ་ཐམས་ཅད་ཐགས་སུ་བཏགས་ན་ཡང་། །སངས་རྒྱས་མིང་ཙམ་རྙེད་པར་མི་སྲིད་དོ། །ཞེས་པ་ནི་རང་གནས་ཆོས་སྐུའི་ཡེ་ཤེས་རྒྱུ་ལས་མ་བྱུང་བའི་འབྲས་བུ། གཟུང་འཛིན་སེམས་ལས་འདས་པ། ལུང་ལས་མ་བྱུང་བར་རང་གི་རིག་པས་ངེས་པ་དོན་གྱི་ཡེ་ཤེས། རང་བྱུང་ཡེ་ཤེས་རང་ལ་གནས་པ་མངོན་སུམ་མཐོང་བ་འདིས། ད་དུང་ཡིད་མི་ཚིམ་པར་ཟུར་ཞིག་ན་དེ་བས་ཡག་ཅིག་གམ་དེ་བས་མཛེས་ཤིག་ཡོད་སྣང་ཤར་ནས། འཚོལ་བར་སོང་ན་གླང་པོ་རྙེད་བཞིན་དུ་ད་དུང་གླང་པོའི་རྗེས་འཚོལ་ནས་བཙལ་བ་དང་འདྲ་བར་དོན་མེད་ལམ་ལོག་ལ་འཁྱར་ནས་ཡོད་པས་རང་གནས་ཀྱི་ཡེ་ཤེས། རང་བཞག་གི་ཆོས་སྐུ། ཡེ་ནས་རང་ལ་གནས་པ་འདིའི་ཕན་དུ། སྟོང་གསུམ་ཐམས་ཅད་ཐགས་མཁན་གྱིས་ཐགས་འཐག་དུས་རྒྱུ་སྤུན་རེ་རེ་བཞིན་དུ་ཞིབ་ཆ་བྱས་པ་ལྟ་བུས་ཞིབ་ཏུ་བཙལ་ཀྱང་འདི་ལས་གཞན་པའི་སངས་རྒྱས་ཀྱི་མིང་ཙམ་ཡང་སྔར་མ་རྙེད། ད་ལྟ་མི་རྙེད། ཕྱིས་སུ་རྙེད་པར་མི་འགྱུར་རོ་ཞེས་པའོ། །དེ་ནས་དོན་བསྡུ་བ་ནི། དངོས་གཞིའི་གནས་ལུགས་དོན་གྱི་ངོ་སྤྲོད་དོ། །ཞེས་དེ་ཡན་གྱིས་རིག་པ་རང་སྣང་གི་བློ་ཅན་གྱི་དབང་དུ་བྱས་པའི་ལྟ་བ་རང་ངོ་སྤྲད་པ་སོང་ངོ། །དེ་ནས་དཔེ་དང་དོན་གྱིས་མཚོན་པའི་སྐུ་ལྔ་ཡེ་ཤེས་ལྔ་སོགས་རིག་པ་གཅིག་ལ་ཚང་ཚུལ་གྱི་ངོ་སྤྲོད་བསྟན་པ་ནི། ཨེ་མ་ཧོ། ད་ཡང་རིགས་ཀྱི་བུ་རྣམས་ལེགས་པར་ཉོན། །ད་ལྟའི་རང་རིག་རང་གསལ་འདི་ཉིད་ལ། །སྐུ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་དང་། །སྐུ་ལྔ་ཡེ་ཤེས་ལྔ་སོགས་ཐམས་ཅད་ཚང་། །ཞེས་མདོར་བསྟན། རྒྱས་པར་བཤད་པ་ནི། རིག་པའི་ངོ་བོ་ཁ་དོག་དབྱིབས་ལ་སོགས། །ཅིར་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་གདངས་གསལ་བ་ལོངས་སྐུའོ། །སྣ་ཚོགས་འཆར་གཞི་མ་འགགས་སྤྲུལ་པའི་སྐུ། །ཞེས་སྐུ་གསུམ་རིག་པ་གཅིག་ལ་ཚང་ཚུལ་བསྟན་པ་སྟེ། སེམས་ཉིད་ངོ་བོ་སྟོང་པ་སྐྱེ་བ་མེད་པའི་ཆོས་ཉིད། རིག་པའི་ཡེ་ཤེས་དབྱིབས་ཁ་དོག་གཟུགས་དང་མཚན་མ་ཅིའི་ངོ་བོར་ཡང་མ་གྲུབ་པ། བསལ་བྱ་ཕར་ལ་བསལ་བར་བྱ་བ་ཞིག་དང་། བཞག་བྱ་ཚུར་ལ་འཇོག་པར་བྱ་བའི་དེ་འདྲ་ཡག་ལས་དང་གཙང་བཟོ་བྱེད་མི་དགོས་པ། ངོ་བོ་གྲུབ་བསལ་མཚན་མའི་ཆོས་ལས་རིང་དུ་འདས་ཤིང་ཆོས་སྐུ་སྤྲོས་པ་དང་བྲལ་བ། དེའི་སྟོང་བའི་རང་གདངས་འགགས་མེད་ངང་གིས་གསལ་བ་དེ་ཉིད་ལོངས་སྐུ་དང་། དེ་ལས་སྣ་ཚོགས་འཆར་གཞི་མ་འགགས་ལྷུན་གྲུབ་ཐུགས་རྗེའི་རོལ་རྩལ་ཅིར་ཡང་འཆར་ཞིང་། གང་དུ་ཡང་སྣང་རུང་གང་ཡིན་པ་དེ་ཉིད་སྣ་ཚོགས་ངགཉིས་མེད་སྤྲུལ་བའི་སྐུ། དེ་ཉིད་དཔེ་ཡིས་བསྟན་པ་ནི། དེ་རྣམས་མཚོན་པའི་དཔེ་ནི་འདི་དང་འདྲ། །ཞེས་མཚམས་སྦྱར་ཏེ། ཤེལ་གྱི་མེ་ལོང་ཆོས་ཀྱི་སྐུ་དང་མཚུངས། །རང་བཞིན་དྭངས་ཤིང་གསལ་བ་ལོངས་སྐུའི་མཚོན། །གཟུགས་བརྙན་འཆར་གཞི་མ་འགགས་སྤྲུལ་སྐུའི་དཔེ། །ཞེས་པ་འདི་དཔེ་རྡོ་རྗེ་སེམས་དཔའི་མེ་ལོང་དྭངས་ཤེལ་གཅིག་གིས་བསྟན་པ་སྟེ། གསལ་སྒྲིབ་མེད་པར་དྭངས་པ་ཆོས་སྐུའི་དཔེ། གདངས་འཆར་རུང་དུ་གསལ་བ་ལོངས་སྐུའི་དཔེ། རྐྱེན་དང་འཕྲད་ན་གཟུགས་བརྙན་འཆར་གཞི་མ་འགགས་པ་སྤྲུལ་སྐུའི་དཔེའོ། །དཔེ་དེ་ཡིས་མཚོན་པའི་དོན་ནི། འགྲོ་རྣམས་སེམས་ཉིད་ཡེ་ནས་སྐུ་གསུམ་དུ། །གནས་པ་ཡིན་ཏེ་རང་ངོ་ཤེས་ནུས་ན། །འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་། །བྱ་མི་དགོས་ཏེ་དུས་གཅིག་འཚང་རྒྱའོ། །ཞེས་གསུངས་ཏེ། འགྲོ་ཀུན་བདེ་གཤེགས་སྙིང་པོས་མ་ཁྱབ་པ་མེད་པས་འགྲོ་བ་རྣམས་ཀྱི་སེམས་ཉིད་ལ་ཡེ་ནས་སྐུ་གསུམ་ཚང་བ་ཡིན། ཚང་ལུགས་ཇི་ལྟར་ཡིན་ན། རྒྱུད་བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་གསུངས་པའི་དོན་དང་གཅིག་པ་དང་། འོན་ཀྱང་གློ་བུར་དྲི་མས་བསྒྲིབས་ནས་འཁྲུལ་བ་གཞི་མེད་རྨི་ལམ་གྱི་སྣང་བ་ལྟ་བུ་འདི་བྱུང་བ་ཡིན། གནས་ཚུལ་ལ་ཡེ་ནས་འགྱུར་མ་མྱོང་བ་སྐུ་གསུམ་རང་ཆས་སུ་ཡོད་བཞིན་དུ། འདིའི་རང་ངོ་ནམ་ཤེས་ནུས་ན་དེ་དུས་རང་ངོ་ཤེས་པའི་ཟག་མེད་དགེ་ཚོགས་ཀྱི་སྟོབས་དེ་ཡིས། འགྲོ་བས་སྒོམ་པ་རྡུལ་ཙམ་ཡང་བྱ་མི་དགོས་པར་དུས་གཅིག་ལ་འཚང་རྒྱ་བ། གཉིད་སད་དུས་རྨི་ལམ་སངས་བ་ལྟར་དུ་འཁྲུལ་བ་དག་ཚེ་མ་འཁྲུལ་མཁྱེན་པའི་ཡེ་ཤེས་མངའ་བརྙེས་ནས་དག་པ་གཉིས་ལྡན་མངོན་དུ་གྱུར་པ་ཡིན། མངོན་སུམ་མཛུབ་ཚུགས་ཀྱིས་ངོ་སྤྲད་པའི་གནས་སྐབས་ན། སྐུ་གསུམ་སོ་སོ་རིམ་ཅན་དུ་བཤད་ཀྱང་། དོན་ལ་ཐ་མི་དད་པའི་ཚུལ་ནན་གྱིས་ད་དུང་བསྐྱར་དུ་གདམས་པ་ནི། སྐུ་གསུམ་ངོ་སྤྲོད་ཐ་དད་བསྟན་པ་ནི། །དོན་ལ་དབྱིངས་གཅིག་མ་གཏོགས་ཐ་དད་དུ། །བཟུང་ནས་འཁྲུལ་བར་མ་འགྲོ་སྙིང་གི་བུ། །ཞེས་པས་བསྟན་ཏེ། འདི་ནས་རིག་པའི་ཡེ་ཤེས་དེ་ཉིད་གསལ་སྟོང་འཛིན་མེད་ཆེན་པོར་ལ་བཟླ་བའི་རིམ་པ་བསྟན་པ་ནི། སྐུ་གསུམ་ཡེ་ནས་སྟོང་པ་ཀ་དག་སྟེ། །གསལ་སྟོང་ཟུང་འཇུག་ངོ་བོ་གཅིག་པ་རུ། །ཤེས་པར་གྱིས་ལ་འཛིན་མེད་ངང་ལ་སྤྱོད། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་ཡང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཉིད་དང་མཚུངས། །གསུམ་ཀ་གསལ་སྟོང་ཟུང་འཇུག་ཆེན་པོ་རུ། །ཤེས་པར་གྱིས་ལ་འཛིན་མེད་ངང་ལ་སྤྱོད། །ཅེས་གསུངས་ཏེ། སྟོང་ཞིང་གསལ་ལ་འགགས་པ་མེད་པའི་ལྡོག་ཆ་སོ་སོ་ནས་སྐུ་གསུམ་དུ་ཕྱེས་ཏེ་བཤད་ཀྱང་། དོན་ལ་སྐུ་གསུམ་དབྱེར་མེད་གཅིག་ལ་ཚང་བ། སྐུ་གསུམ་པོའི་ངོ་བོ་སྟོང་པ་ཡིན་པས་ཀ་དག ཀ་དག་སྤྲོས་པ་དང་བྲལ་བའི་རྒྱུ་མཚན་གྱིས་ལྷུན་གྲུབ་འཆར་གདངས་མ་འགགས། གསལ་སྟོང་ཟུང་འཇུག་ཏུ་ཤེས་པར་གྱིས་ལ་འཛིན་མེད་ངང་ལ་ཡེངས་མེད་ཁྲོལ་གྱིས་སྤྱོད་པའི་བོགས་འབྱིན་གྱིས་ལ་བཟླ་བར་གྱིས་ཤིག དེ་བཞིན་དུ་ངོ་བོ་རང་བཞིན་ཐུགས་རྗེའི་ཡེ་ཤེས་གསུམ་པོ་ཡང་། ཆོས་ལོངས་སྤྲུལ་གསུམ་གཞི་གཅིག་ལ་ཚང་བ་བཞིན་དུ་གཞི་འཛིན་པའི་ཡེ་ཤེས་ལའང་ཡེ་ཤེས་གསུམ་པོ་འདུས་པས་ན། གསལ་སྟོང་ཟུང་འཇུག་ཆེན་པོར་འཛིན་མེད་ངང་ལ་ཡེངས་མེད་བབས་ཀྱིས་སྤྱོད་པའི་བག་ཡངས་དང་ལ་བཟླ་གྱིས་ཤིག་ཅེས་པའོ། །འདི་ནས་སྐུ་ལྔ་ཡེ་ཤེས་ལྔ་ཡི་ངོ་སྤྲོད་ནི། དེ་ཡང་རང་བྱུང་རིག་པའི་ཡེ་ཤེས་འདི། །ཅིར་ཡང་སྣང་བས་རྣམ་པར་སྣང་མཛད་སྐུ། །འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། །མཐའ་དབུས་མེད་པས་སྣང་བ་མཐའ་ཡས་སྐུ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འབྱུང་བ། །ནོར་བུ་འདྲ་བས་རིན་ཆེན་འབྱུང་ལྡན་སྐུ། །དོན་ཀུན་འགྲུབ་པས་དོན་ཡོད་གྲུབ་པའི་སྐུ། །དེ་རྣམས་རིག་པའི་རྩལ་ལས་ལོགས་ན་མེད། །ཅེས་རིགས་ལྔ་བསྟན། ཡེ་ཤེས་ལྔ་ཇི་ལྟར་བསྟན་ན། རིག་པའི་ཡེ་ཤེས་ངོ་བོ་མ་འགགས་པར། །མངོན་སུམ་གསལ་བས་མེ་ལོང་ཡེ་ཤེས་སོ། །ཀུན་ལ་ཁྱབ་པས་མཉམ་ཉིད་ཡེ་ཤེས་སོ། །རྩལ་ལས་སྣ་ཚོགས་འཆར་བས་སོར་རྟོག་གོ། དོན་ཀུན་འགྲུབ་པས་བྱ་གྲུབ་ཡེ་ཤེས་སོ། །དེ་དག་རྣམས་ཀྱི་ངོ་བོ་ཀ་དག་ཏུ། །འདུས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་རྣམས་ཐམས་ཅད་རང་གི་རིག་རྩལ་ལས། །ལོགས་ན་གྲུབ་པ་རྡུལ་ཙམ་མེད་པའོ། །ཞེས་གསུངས་ན། སྐུ་ལྔ་ཡེ་ཤེས་ལྔ་ཡི་ངོ་སྤྲོད་འདི་ཞིབ་ཏུ་བཀྲལ་ན། དེ་ཡང་རང་ལ་ཡེ་ནས་སྐད་ཅིག་ཀྱང་འབྲལ་མ་མྱོང་བར་གནས་པའི་རང་བྱུང་གི་རིག་པ། མ་བཅོས་སེམས་ཀྱི་ཆོས་ཉིད་འདི་སྐུ་ལྔ་ཡེ་ཤེས་ལྔར་རང་བཞིན་གྱིས་གྲུབ་པ་ཡིན། ཇི་ལྟར་ཡིན་ན། རྣམ་པར་སྣང་མཛད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་རིགས། སྐུའི་མཚན་དཔེའི་འོད་དུ་གསལ་བའི་བདག་ཉིད་ཅིར་ཡང་སྣང་བས་ན་རྣམ་པར་སྣང་མཛད་དང་། མི་བསྐྱོད་པ་ཐུགས་ཀྱི་རིགས་ཡིན། རིག་པ་སྤྲོས་བྲལ་ཀ་དག་གི་ངོ་བོའི་ལྡོག་ཆ་ནས་བཟང་ངན་འཕོ་འགྱུར་དང་བྲལ་བ་ཡིན་པས་ན་འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། འོད་སྣང་མཐའ་ཡས་ཡོན་ཏན་མཐའ་ཡས་ཚད་མེད་པའི་བསྒྲུབ་གཞི་ཡིན་པས་ཡེ་ཤེས་ཀྱི་སྣང་བ་མཐའ་དབུས་མེད་པར་ཁྱབ་པར་བརྡལ་བས་ན་ཡེ་ཤེས་སྣང་བ་མཐའ་ཡས་ཀྱི་སྐུ། རིན་ཆེན་འབྱུང་ལྡན་འདི་ཡོན་ཏན་གྱི་རིགས་ཡིན་པས། ཡོན་ཏན་རིན་པོ་ཆེ་འདོད་རྒུ་འབྱུང་བ་ནོར་བུ་དང་འདྲ་བ་ཡིན་པས་ན་རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་པ་འཕྲིན་ལས་ཀྱི་རིགས་ཏེ། འབད་ཅིང་རྩོལ་བ་མེད་པར་རང་བྱུང་ལྷུན་གྱིས་གྲུབ་པའི་ཡེ་ཤེས་རང་ལ་རྫོགས་ཡོད་པས་ན་དོན་ཀུན་གྲུབ་པའམ་དོན་ཡོད་གྲུབ་པའི་སྐུ། དེ་ལྟར་སྐུ་ལྔར་དབྱེ་བ་རྣམས་ཀྱང་ངོ་བོ་གཅིག་ལས་གདངས་སམ་མདངས་སྣ་ཚོགས་སུ་ཤར་ཏེ། རིག་པའི་རྩལ་ལས་ལོགས་སམ་ཟུར་ཞིག་ན་ཐ་དད་དུ་གྲུབ་པ་མེད་པ་དང་། དེ་བཞིན་དུ་མཚན་ཉིད་འཛིན་པའི་ཡེ་ཤེས་ལྔ་ཡང་འདི་ལ་ལྷུན་གྱིས་གྲུབ་སྟེ་ཚང་བ་ནི་རིག་པའི་ཡེ་ཤེས་ཀྱི་ངོ་བོ་སྒྲིབ་བྲལ་ཆོས་ཀུན་གསལ་བས་མཁྱེན་ཆ་མ་འགགས་པར་མངོན་སུམ་མ་འདྲེས་གསལ་བས་ན་མེ་ལོང་ཡེ་ཤེས། སྲིད་ཞི་ཀུན་ལ་ཁྱབ་པའི་ཡེ་ཤེས་ཆེན་པོ་དེས་ཤེས་དང་ཤེས་བྱ་ཐམས་ཅད་རོ་གཅིག་དབྱེར་མེད་དུ་སྣོད་བཅུད་སྣང་སྲིད་ཀུན་ལ་ཁྱབ་པ་ཡིན་པས་ན་མཉམ་ཉིད་ཡེ་ཤེས། བྱེ་བྲག་རྩལ་ལས་སྣ་ཚོགས་འཆར་བས་ན་སོ་སོར་རྟོག་པའི་ཡེ་ཤེས། མ་བཙལ་ལྷུན་འགྲུབ་འབད་པ་མེད་པར་འཕྲིན་ལས་ཀྱི་དོན་ཀུན་འགྲུབ་པ་ཡིན་པས་ན་བྱ་གྲུབ་ཡེ་ཤེས། དེ་ལྟར་སྣང་བའི་ཡེ་ཤེས་དེ་དག་རྣམས་ཀྱི་ངོ་བོ་ཡེ་སྟོང་རྩ་བ་དང་བྲལ་བ། ཀ་དག་དབྱིངས་ཆེན་གཅིག་ཏུ་འདུས་པ་ཡིན་པས་ན་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །ཡང་ཡེ་ཤེས་ལྔ་བོ་དེ་རྣམས་ཐམས་ཅད་ཅེས་རྣམས་དང་ཐམས་ཅད་ཅེས་པའི་མང་ཚིག་གཉིས་བསྟུད་མར་བརྗོད་པ་དེ་ཚིག་རྐང་ཁ་མ་གང་བས་བསྣན་པའི་ཟློས་སྐྱོན་ཅན་མ་རེད། ཡེ་ཤེས་ལྔ་བོ་དེ་རྣམས་དང་དེ་ལས་འཕྲོས་པའི་རྒྱལ་བའི་ཡེ་ཤེས་ཚད་མེད་པ་ཐམས་ཅད་ཀྱང་ཞེས་པའི་གོ་དོན་ཅན་ཡིན། རིག་པ་དང་གཉིས་སུ་མ་མཆིས་པའི་མདངས་ནང་གསལ་དང་གདངས་ཕྱི་གསལ། དེ་ལས་འཕྲོས་པའི་རྩལ་དང་རོལ་བའི་འཆར་ཚུལ་ལས། ལོགས་ན་གྲུབ་པ་རྡུལ་ཆ་ཙམ་ཞིག་མེད་པའོ་ཞེས་མེད་པར་ཐག་བཅད་དེ་བསྟན་པའོ། །ཡང་སྐུ་གཅིག སྐུ་གཉིས། སྐུ་གསུམ། སྐུ་བཞི། སྐུ་ལྔ། སྐུ་བརྒྱ། སྐུ་སྟོང་། རིགས་བརྒྱ་རིགས་སྟོང་བྱེ་བྲག་ས་ཡའི་ཞིང་གི་རྡུལ་སྙེད་དུ་སྣང་བ། མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་བར་སྣང་བའི་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱང་གཅིག་ཏུ་བསྡུས་ན་གཅིག་ལ་ཚང་བ་དེ་མངོན་སུམ་མཛུབ་མོ་བཙུགས་ནས་མཛུབ་ཚུགས་ཀྱིས་ངོ་སྤྲད་པ་དེ་ཉིད་བསྟན་པ་ནི། སྐུ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་དང་། །སྐུ་ལྔ་ཡེ་ཤེས་ལྔ་བོ་གཅིག་ཆར་དུ། །མངོན་སུམ་མཛུབ་མོ་བཙུགས་ནས་ངོ་སྤྲོད་ན། །ད་ལྟའི་ཤེས་པ་བཟོ་བཅོས་མ་བྱས་པ། །རྐྱེན་གྱིས་མ་བསྒྱུར་འཛིན་པས་མ་བསླད་པའི། །རིག་པ་ས་ལེ་ཧྲིག་གེ་འདི་ཀ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །འདི་ནི་དུས་གསུམ་སངས་རྒྱས་ཐུགས་ཡིན་པས། །འདི་དང་འབྲལ་མེད་གྱིས་ཤིག་སྐལ་ལྡན་ཀུན། །ཞེས་གདམས་པ་སྟེ། སྐུ་རྣམས་ཀུན་གྱི་འཕྲོ་གཞི། དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་དང་གཉིས་སུ་མེད་པ་དེ་ཆོས་ཀྱི་སྐུ་ཡིན། དེ་ཉིད་སྐུ་གསུམ་དུ་ཤར་བ་དེ་གང་ཡིན་ན། ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ་གསུམ་དང་། སྐུ་བཞིར་ཕྱེས་ན་སྐུ་གསུམ་དང་ངོ་བོ་ཉིད་སྐུ་ཡིས་བཞི་རེད། ད་དུང་སྐུ་ལྔར་ཕྱེས་ན། དབྱིངས་ནང་གསལ་གྱི་སྐུ་གསུམ་དང་ཕྱི་གསལ་གྱི་སྐུ་གཉིས་ཀྱིས་ལྔ་རུ་བརྩི་བ་སྟེ། འབྲས་ཆོས་ཐམས་ཅད་མ་འདྲེས་པར་མངོན་པ་མངོན་པར་བྱང་ཆུབ་ཀྱི་སྐུ་དང་། དབྱིངས་དང་ཡེ་ཤེས་གཉིས་མེད་ཡེ་ནས་འགྱུར་བ་མེད་པ་མི་འགྱུར་རྡོ་རྗེའི་སྐུ་དང་ཆོས་ཀྱི་སྐུ་སྟེ་ནང་གསལ་གྱི་སྐུ་གསུམ་དང་། ཕྱི་གསལ་གྱི་སྐུ་ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་སྐུ་རྣམ་པ་གཉིས་ཀྱིས་ལྔ། དེ་ཡང་སྐུ་གསུམ་གྱི་ནང་དུ་མ་འདུས་པ་མེད་པ་ཡིན། དེ་བཞིན་དུ་རིགས་བརྒྱ་རིགས་སྟོང་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་དེར་འདུས་པ་དང་། གོང་ནས་བཤད་མ་ཐག་པའི་ཡེ་ཤེས་ལྔ་བོ་ཡང་གཞིར་གནས་ཀྱི་ཡེ་ཤེས་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་ལ་འདུས་པས་མི་ཚད། ངོ་བོ་གཅིག་ལ་ཚང་བའི་ཡེ་ཤེས་གཅིག་ལ་འདུས་པ་ཡང་ཡིན། སྐུ་དང་ཡེ་ཤེས་དེ་དག་ཐམས་ཅད་གཅིག་ཏུ་འདུས་པའི་རང་གནས་ཀྱི་ཡེ་ཤེས་དེ་ཉིད་མངོན་སུམ་ལ་མཛུབ་མོ་བཙུགས་ནས་ཉིན་དཀར་དཀར་མོར་མིག་ལྡན་ལ་གཟུགས་བསྟན་པ་ལྟར་དུ་བསྟན་ན། ད་ལྟའི་སེམས་ཉིད་ཁ་ནང་དུ་ཚུར་གཅིག་འཁོར་ཏེ་འཁོར་མ་ཐག་པའི་ཤེས་པ། ཡག་ལས་དང་བཟོ་བཅོས་གཅིག་ཀྱང་མ་བྱས་པ། དེ་ཡང་ཕྱིའི་རྐྱེན་གྱིས་མ་བསྒྱུར་ནང་འཛིན་པ་དང་ཞེན་པས་མ་བསླད་པའི་རིག་པ་སེམས་ཀྱི་ཆོས་ཉིད། ས་ལེ། ཧྲིག་གེ སྟོང་གསལ་འགགས་མེད་འདི་ཀ་ཡིན་ནོ། །ཚིག་དང་ཡིད་དཔྱོད་ལ་མི་ལྟོས་པར་མངོན་སུམ་རང་ཐོག་ལ་ངོ་སྤྲད་པ་འདི། འདས་པའི་སངས་རྒྱས་ཐམས་ཅད་ཀྱི་གཤེགས་ཤུལ་གྱི་ཞབས་རྗེས་དང་། མ་འོངས་པའི་སངས་རྒྱས་ཐམས་ཅད་ཀྱི་བསྒྲུབ་བྱ་འདི་ལ་མ་ལྟོས་པར་སངས་རྒྱ་ཐབས་ཤིག་མེད་ཅིང་། ད་ལྟའི་སངས་རྒྱས་ཐམས་ཅད་ཀྱི་བགྲོད་གཅིག་གི་ལམ་སྟེ། ལམ་གཅིག་པུ་འདི་མིན་གཞན་གྱི་བགྲོད་ལམ་མེད་པ། ལམ་ཞེས་པའི་བརྡ་རུ་བཏགས་པ་ཡིན་ཡང་། དོན་ལ་འབྲས་བུ་སངས་རྒྱས་ཀྱི་ཐུགས་ཡིན་པ། དེ་ཉིད་ལས་དེ་ལྟར་ཡིན་པས་ན་འདི་ཉིད་རང་ལ་ཡོད་པ་ད་སྔ་མ་ཤེས་པ། དཔེར་ན་རྒྱལ་བུས་རྒྱལ་ས་དོར་ནས་ཐང་འཁྱམས་ལ་སོང་བ་ལྟར་དུ་འཁྲུལ་སོང་བ་ཡིན་པས། ད་མ་འཁྲུལ་དོན་གྱི་གནས་ལུགས་རང་ལ་ཡོད་པའི་སངས་རྒྱས་ཀྱི་རྒྱལ་ཐབས་ཆེན་པོ་ལ་རང་དབང་རང་གིས་བསྒྱུར་ཏེ། འདི་དང་འབྲལ་མེད་གྱིས་ཤིག་སྐལ་ལྡན་ལས་ཅན་ཀུན་ཞེས་གདམས་པར་མཛད་པ་ཡིན། འདིའི་སྐབས་ཀྱི་ད་ལྟའི་ཤེས་པ་ཞེས་གསུངས་པའི་ཚིག་འདི་གང་ངོ་སྤྲད་བྱ་འདི་དང་འབྲལ་མེད་བྱེད་རྒྱུ་དེ་ཡིན། འདིའི་ཐད་ལ་བསམ་བློ་ཞིག་བཏང་ན། ད་ལྟའི་ཤེས་པ་དང་ཐ་མལ་གྱི་ཤེས་པ་ཞེས་པ་འདི་དག སེམས་ཉིད་ཆོས་སྐུའི་ངོ་བོ་སེམས་རྣམ་རྟོག་བཅོས་མའི་བཟོ་བཅོས་ཀྱིས་མ་བསླད་པར་རང་བཞག་གི་སྐབས་སུ་རང་བབས་ལ་གནས་པ་དེ་ལ་གསུངས་ཤིང་། ལས་དང་པོ་བས་མ་བཅོས་བཟོ་མེད་དུ་འཇོག་དགོས་བསམ་མཁན་དེ་སེམས་ཡིན། སེམས་ཟེར་ན་བློ་རེད། བློ་ཀུན་རྫོབ་འཁྲུལ་བ་བསླུ་བའི་ཆོས་ཅན་ཡིན་པས། འདི་ཇི་ལྟར་ཡིན་སྙམ་ན། བློའམ་ཡིད་ཀྱིས་སྟོང་ཉིད་དང་ནམ་མཁའ་ལ་སོགས་པ་འདུས་མ་བྱས་སྒོམ་པའི་སྐབས་སུ། བློ་དེ་ཉིད་དེའི་རྣམ་ལྡན་དུ་འཆར་ཆོག་པ་ཡིན། དེའི་རྣམ་ལྡན་དུ་འཆར་བ་ནི་བློའི་རྣམ་པ་ཙམ་ཞིག་ཡིན་པ་མ་གཏོགས། དོན་འདུས་མ་བྱས་དང་གཉིས་ཀ་འདྲེས་འགྲོ་རྒྱུ་ཞིག་མ་ཡིན། འོན་ཀྱང་བློས་དེ་ལྟར་བཟུང་བ་ལ་དེ་དང་དེར་རྟོགས་པའི་ཐ་སྙད་འཇུག་པ་བཞིན་དུ་བསལ་བཞག་བྲལ་བའི་སྟོང་གསལ་འགགས་མེད་ཆ་འདྲ་བ་ཞིག་ཤར་བ་ཡིན། དེ་དོན་གྱི་ཡེ་ཤེས་ངོ་མ་མ་ཡིན་ན་ཡང་། དེ་ལ་བརྟེན་ཏེ་རིམ་གྱིས་གོམས་སོང་ན་དོན་གྱི་ཡེ་ཤེས་སུ་འཕོ་ཐུབ་པ་ཡིན། དེ་ཇི་ལྟར་བཤད་པ་ཡིན་ཞེ་ན། བློ་འདུས་བྱས་དང་སྟོང་ཉིད་འདུས་མ་བྱས་གཉིས་ཀ་རྫས་མི་འདྲ་བ་ཕན་ཚུན་སྤང་འགལ་ཡིན་པ་གཉིས་ཆུ་ལ་ཆུ་བསྲེས་པ་འདྲ་ཞིག་བྱས་ནས་འདྲེས་པ་མི་མཐད་པ་ཡིན། འོ་ན་འཁྲུལ་བ་མ་འཁྲུལ་བ་དང་སེམས་ཅན་སངས་རྒྱས་སུ་འགྱུར་ཇི་ལྟར་རུང་སྙམ་ན། འདུས་བྱས་དང་འདུས་མ་བྱས། འཁྲུལ་བ་དང་མ་འཁྲུལ་བ། སེམས་ཅན་དང་སངས་རྒྱས་སུ་འཇོག་པའི་གཉིས་ཆོས་ཐམས་ཅད་ཐ་དད་པར་སྣང་བ་འདི་དག་རྟོག་པའི་དབང་གིས་དེ་དང་དེར་བཞག་པ་ཡིན། མ་འཁྲུལ་དོན་གྱི་གནས་ལུགས་ཆོས་ཐམས་ཅད་ཀྱི་དོན་རང་གི་ངོ་བོས་དེ་ལྟར་གྲུབ་པ་ཞིག་སྲིད་པ་མ་ཡིན། གནས་ལུགས་དེ་ཁོ་ན་ཉིད་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་ལས་གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་མེད་པར་རྟོགས་པའི་དུས་སུ། ཤེས་དང་ཤེས་བྱ་གཉིས་མེད། ཡུལ་དང་ཡུལ་ཅན་རོ་གཅིག ཡུལ་ཆོས་དབྱིངས་ཟེར་རྒྱུ་ཞིག་དང་ཡུལ་ཅན་རིག་པའི་ཡེ་ཤེས་ཞེས་པ་ཐ་དད་དུ་མེད་པར་འདྲེས་པར་སྣང་བ་སྟེ་གནས་ཚུལ་དང་སྣང་ཚུལ་མཐུན་པར་སྣང་བའི་ཆ་དེ་ལ་འདྲེས་ཞེས་པའི་ཐ་སྙད་བཏགས་པ་ཙམ་ཞིག་ཡིན། ཆོས་དབྱིངས་རང་བཞིན་འོད་གསལ་བ་ཞེས་པ་འདི་གདོད་མ་ནས་མཐའ་མའི་བར་དུ་དེ་ལྟར་ཡིན་ལ། དེ་ལྟ་བུའི་ཆོས་དབྱིངས་འཕོ་འགྱུར་བྲི་གང་དང་བྲལ་བ། སྐྱེ་འགགས་མེད་པའི་གནད་དེ་རིག་དུས་ཡིད་དཔྱོད་འདུས་བྱས་ཀྱི་བློ་ཞེས་པ་ལོགས་སུ་བཙོག་པ་མི་ལོ་བ་ཞིག་ལུས་ནས་བསྡད་ཡོད་པ་མ་ཡིན། དོན་གྱི་གནས་ལུགས་རྟོགས་བྱ་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བའམ་རང་བྱུང་གི་ཡེ་ཤེས་རང་ལ་གནས་པ་དེ་ཅི་འདྲ་ཞིག་ཡིན་ན་དེ་ཁོ་ན་ཉིད་དེ་ཉིད་ཡིན་པ་ལ་གནས་ལུགས་རྫོགས་པ་ཆེན་པོ་ཡང་དེ་ཡིན། དེ་ངོ་སྤྲོད་པའི་ཐབས་ལམ་ལ་རྫོགས་ཆེན་གྱི་ལམ་ཞེས་བཏགས་པ་ཙམ་ཡིན་པའི་གོ་དོན་དེ་ལྟར་ཡིན། འདི་ནས་ཞར་ལ་ཐེ་ཚོམ་གྱི་འཕྲང་བསལ་བ་འབྱུང་བ་ནི། མ་བཅོས་རང་གསལ་འདི་ཀ་ཡིན་པ་ལ། །རང་སེམས་སངས་རྒྱས་མ་མཐོང་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམ་རྒྱུ་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་ཧྲིག་རྒྱུན་ཆད་མེད་པ་འདི་ཀ་ཡིན། །སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་རྡུལ་ཙམ་མེད་པ་ལ། །བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །གནས་དང་མི་གནས་གཉིས་སུ་མེད་པ་ལ། །གནས་སུ་མ་གཏུབ་བྱ་བ་ཅི་ལ་ཟེར། །རང་རིག་སྐུ་གསུམ་རྩོལ་མེད་ལྷུན་གྲུབ་ལ། །བསྒྲུབས་པས་མ་འགྲུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གེར་བཞག་པས་ཆོག་པ་ལ། །དེ་ལ་མི་ནུས་བྱ་བ་ཅི་ལ་ཟེར། །རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོ་མ་བྱུང་བྱ་བ་ཅི་ལ་ཟེར། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར། །ཞེས་གསུངས་ཏེ། འུ་ཚོས་ལྡེབས་གྲངས་ཚད་ཐོག་ལ་འགྲོ་དགོས་པས་ཤིན་ཏུ་དལ་སྐྱོན་རྒྱུ་མེད་པར་ཅུང་ཟད་མགྱོགས་འདོན་བྱེད་དགོས་འདུག མ་བཅོས་རང་བབས་སུ་བཞག་ན་རང་གསལ་ཡིན་པ། བཅོས་ཤིང་བསྒྱུར་བ་བྱས་ན་ཕྱིར་ཕྱིར་བསྒྲིབས་འགྲོ་བའི་ད་ལྟའི་བཟོ་མེད་ཀྱི་ཤེས་པ་འདི་མ་གཏོགས་པའི་སངས་རྒྱས་ཤིག་ལོགས་ནས་མཐོང་ཡོང་རྒྱུ་མེད། འདིའི་ངང་དུ་བཟོ་མེད་རང་བབས་སུ་འཇོག་པའི་ཕན་ཆད་ལ་སྒོམ་ཡོང་རྒྱུ་ཞིག་ཀྱང་མེད། མངོན་སུམ་རིག་པ་འདིའི་ཕན་དུ་མི་རྙེད་རྒྱུ་ཞིག་ཀྱང་མེད། དེ་ཡང་གསལ་སྟོང་བརྗོད་བྲལ་འདིའི་ཕན་དུ་རིག་ཡོང་རྒྱུ་མེད། འདི་བྱ་བྱེད་རྩོལ་སྒྲུབ་ཀྱི་ཡུལ་མིན། རྟོག་པ་ཤར་གྲོལ་དུས་མཉམ་ཆུ་ལ་རི་མོ་བྲིས་པ་དེ་ཉིད་དུ་འབྲི་ཞིག་དུས་མཉམ་པ་ལྟ་བུ་དང་། བཅིངས་པ་ཡེ་ནས་མེད་པས་གྲོལ་བ་ཟུར་ནས་འཚོལ་མི་དགོས། ཐད་ཀར་སོ་ན་གནས་པའི་རིག་པ་ཡེ་ཤེས་ལ་མི་ཤེས་ཡོང་རྒྱུ་ཞིག་ཀྱང་ག་ལ་ཡོད་ཅེས་པའོ། །འདི་ནས་རིག་པ་ཐུག་ཕྲད་རང་གྲོལ་ཅོག་བཞག་བཞི་དང་། དམ་ཚིག་གི་མདོ་ཆིངས་བཞིའི་སྒོ་ནས་བསྟན་ཡོད་པ་ནི། ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་རྣམས་གུས་པས་གསོན། །ཞེས་མཚམས་སྦྱར་ཏེ། ཅེར་གྱིས་ལྟོས་ལ་ཕྱམ་གྱིས་བཞག་པ་བཞིའི་སྟེང་ནས་ཅོག་བཞག་བཞི་འཕྲོ་འཕྲོར་བསྟན་པ་ནི། རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ། །འདྲའམ་མི་འདྲ་སྐལ་ལྡན་བུ་རྣམས་ཀུན། །བལྟ་རུ་མེད་པའི་ཚུལ་དུ་རང་སེམས་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །ཞེས་གསུངས་ཏེ། འདི་ལྟ་བ་རི་བོ་ཅོག་བཞག་རེད། ལྟ་བ་རི་བོ་ཅོག་བཞག་གིས་སེམས་ཉིད་རིག་པ་ནམ་མཁའ་ལྟར་སྟོང་གསལ་འགགས་མེད་ལ་བལྟར་མེད་ཀྱིས་ལྟ་བའི་ཚུལ་དུ་ངང་ལས་རིག་པ་ཉིད་གཡོ་མེད་ཅེར་བཞག་གྱིས་དང་། ཤེས་དང་ཤེས་མཁན་གཉིས་སུ་མེད་པར་ཤེས་ཡོང་ཞེས་པའོ། །སྟོང་པ་ཕྱང་ཆད་དག་ཀྱང་མ་ཡིན་པར། །རང་རིག་ཡེ་ཤེས་ཡེ་ནས་གསལ་བར་ངེས། །རང་བྱུང་རང་གསལ་ཉི་མའི་སྙིང་པོ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ཉིད་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །འདི་སྒོམ་པ་རྒྱ་མཚོ་ཅོག་བཞག་སྟེ། སྒོམ་པ་རྒྱ་མཚོ་ཅོག་བཞག་གིས་སྟོང་པ་ཕྱང་ཆད་མ་ཡིན་ཡང་ཚོགས་དྲུག་འཛིན་པའི་བཟོ་རྒྱ་མི་བསྐྱེད་པར་རྒྱ་མཚོ་རླབས་ཀྱིས་མ་བསྒུལ་འདྲ་ཞིག་གི་ཤེས་པའི་དྭངས་ཐོན་དང་རང་བྱུང་རང་གསལ། དཔེ་བཞག་ན་ཉི་མའི་སྙིང་པོ་ཡེ་ནས་སྒྲིབ་པས་གོས་མ་མྱོང་བ་དེར་ཅེར་བཞག་གྱིས་དང་ངང་གནས་ཀྱིས་ཤེས་ཡོང་ཞེས་པའོ། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་ངེས་མེད་བར་སྣང་བསེར་བུ་འདྲ། །འདྲའམ་མི་འདྲ་རང་གི་སེམས་ཉིད་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །ཞེས་པ་ནི། སྤྱོད་པ་མན་ངག་ཅོག་བཞག་གིས་རྣམ་རྟོག་འགྱུ་དྲན་གྱི་ངོས་བཟུང་མེད་པ་སྒོ་གསུམ་ཐོག་བབས་ལ་གློད་ནས་བཞག་དུས་ལྟ་སྒོམ་གྱི་ཤུབས་ནས་བུད་པའི་ཡེ་ཤེས་རང་གསལ་རྗེན་པ། གནས་པ་དང་འགྱུ་བའི་བར་ལག་འགྱེལ་ནས་རང་ཡལ་རྗེས་མེད། དཔེ་བཞག་ན་བར་སྣང་གི་བསེར་བུ་ལྟ་བུར་ཅེར་བཞག་ཅར་ཕོག་གིས་སྐྱོངས་དང་རང་ངོ་རྗེན་ལ་བུད་པ་ཤེས་ཡོང་ཞེས་པའོ། །ཅིར་སྣང་ཐམས་ཅད་རང་སྣང་ཡིན་པར་ངེས། །གང་སྣང་ཐམས་ཅད་མེ་ལོང་གཟུགས་བརྙན་འདྲ། །འདྲའམ་མི་འདྲ་རང་གི་སེམས་ཉིད་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །ཞེས་པ་ནི། འབྲས་བུ་མ་བཅོས་ཅོག་བཞག་རེད། འབྲས་བུ་མ་བཅོས་ཅོག་བཞག་གིས་ཅི་སྣང་རང་སྣང་གི་ཆོས་ཐམས་ཅད་གང་སྣང་མེ་ལོང་གི་གཟུགས་བརྙན་ལྟར་དུ། ཡུལ་ལྔ་རང་བབས་སུ་བཞག་བཞག་དུས། ནང་རང་གསལ་རྗེན་པ་རེ་དོགས་གདིང་ནས་བྲལ་བའི་ཐེ་ཚོམ་ནང་ནས་ཆོད་སོང་དུས་སེམས་ཉིད་ཆོས་སྐུ་རང་ཞལ་མངོན་སུམ་སྒྲིབ་མེད་དུ་མཐོང་བ། ཡང་ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས་ཡོང་ཞེས་པའོ། །རང་གནས་ཀྱི་ཡེ་ཤེས་རང་བབས་སུ་བཞག་པའི་གནད་ལ་དྲིལ་ནས་བསྟན་པ་རེད། འདི་ནས་མེད་དང་ཕྱལ་བ་ལྷུན་གྲུབ་གཅིག་པུའི་རྫོགས་ཆེན་ཡེ་སྲུང་འདའ་ཉམས་མེད་པའི་དམ་ཚིག་རྣམ་པ་བཞིའི་སྒྲོམ་ལས་འཆད་པ་སྟེ། འདི་ལྟ་བ་སྒོམ་པ་སྤྱོད་པ་དམ་ཚིག་འབྲས་བུ་དང་ལྔའི་ཚིག་ཟིན་གྱིས་བསྟན་པ་སྟེ། སེམས་ལས་མ་གཏོགས་གཞན་ལ་ཆོས་མེད་པས། །ལྟ་བ་བལྟ་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །སྒོམ་པ་བསྒོམ་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །སྤྱོད་པ་སྤྱོད་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །དམ་ཚིག་བསྲུང་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །འབྲས་བུ་བསྒྲུབ་རྒྱུ་གཞན་ན་ཆོས་མེད་དོ། །ཞེས། ལྟ་བ། སྒོམ་པ། སྤྱོད་པ། དམ་ཚིག འབྲས་བུ་དང་ལྔ་ཡིས་བསྟན་པ་ཡིན། རྒྱལ་བ་ཀློང་ཆེན་པས། མེད་པ་གསལ་སྣང་སྒྱུ་མའི་རང་བཞིན་དུ། །ད་ལྟ་ཉིད་ནས་སྨྲ་བསམ་བརྗོད་ལས་འདས། །དེ་ཕྱིར་སེམས་ལ་སྣང་བའི་ཆོས་རྣམས་ཀུན། །སྣང་དུས་ཉིད་ནས་མེད་པར་ཤེས་པར་བྱ། །ཞེས་གསུངས་པ་ལྟར་དུ། ཉི་མའི་འོད་ཟེར་ལ་ཉི་མར་བཏགས་བཞག་པ་བཞིན་དུ་རིག་པ་རང་བྱུང་གི་ཡེ་ཤེས་ལ་སེམས་ཞེས་བཏགས་པ། སྟོང་གསལ་གཞི་མེད་ཡེ་དག་འདི་ལས་གཞན་ཞིག་ན་ལྟ་བ་བལྟ་རྒྱུ། སྒོམ་པ་བསྒོམ་རྒྱུ་ལ་སོགས་པ་མེད་པའི་རང་ངོའི་འདུག་ཚུལ་ཇི་བཞིན་ཤེས་ན། འདིས་འཁོར་བའི་གཡང་ས་ཆོད། བཟང་ངན་དལ་ཁོད་སྙོམས། གོལ་སྒྲིབ་གཞི་མེད་ལ་སོང་ནས། སྲིད་གསུམ་བརྡར་ཤ་ཆོད་པའི་མན་ངག་ཀྱང་འདི་ཉིད་ཡིན་པ་སྟེ། དེས་མེད་པ་བསྟན་པ་ཡིན། གཉིས་པ་ཕྱལ་བ་བསྟན་པ་ནི། ཡང་ལྟོས་ཡང་ལྟོས་རང་གི་སེམས་ལ་ལྟོས། །ཕྱི་རོལ་ནམ་མཁའི་ཁམས་ལ་སེམས་ཐོངས་ལ། །རང་སེམས་ཉིད་ལ་འགྲོ་འོང་ཨེ་འདུག་ལྟོས། །བལྟས་ཚེ་འགྲོ་འོང་སེམས་ལ་མི་གདའ་ན། །ནང་གི་རང་གི་སེམས་ལ་ཚུར་ལྟོས་ལ། །རྟོག་པ་འཕྲོ་བའི་འཕྲོ་མཁན་ཨེ་འདུག་ལྟོས། །རྟོག་པ་འཕྲོ་བའི་འཕྲོ་མཁན་མི་གདའ་ན། །སེམས་ལ་ཁ་དོག་དབྱིབས་སོགས་ཨེ་འདུག་ལྟོས། །ཁ་དོག་དབྱིབས་མེད་སྟོང་པར་ཐུག་པའི་ཚེ། །སྟོང་པ་ཉིད་ལ་མཐའ་དབུས་ཨེ་འདུག་ལྟོས། །མཐའ་དབུས་མེད་ཚེ་ཕྱི་ནང་ཨེ་འདུག་ལྟོས། །ཕྱི་དང་ནང་མེད་རིག་པ་མཁའ་ལྟར་ཡངས། །ཟང་ངེ་ཐལ་ལེར་རྒྱ་ཆད་ཕྱོགས་ལྷུང་བྲལ། །ཞེས་གསུངས་ཏེ། འདིས་ཕྱལ་བ་གཏན་ལ་ཕབ་པ་ཡིན། སེམས་ཀྱི་འགྲོ་འོང་འཕྲོ་བ་དང་གནས་པ། ཁ་དོག་དང་དབྱིབས་ལ་བརྟག་ཅིང་དཔྱད་དུས། སྟོང་ཉིད་མཐའ་དབུས་བྲལ་བའི་རིག་པ་ཕྱམས་ཕྱལ། ཕྱི་ནང་མེད་པར་གཏན་ལ་འབེབ་རྒྱུ་འདི་སྔོན་འགྲོ་བྱུང་གནས་འགྲོ་གསུམ་དང་འདྲ་བ་མ་ཡིན་ཏེ། དེ་ནི་ཡུལ་གྱི་སྟེང་ནས་དཔྱད་པ་བཏང་བ་དང་། འདི་ཡུལ་ཅན་གྱི་སྟེང་ནས་རྩད་བརྡར་བཅད་པ་རེད། གོང་ནས་ཀྱང་བཤད་པ་ཡིན། དང་པོར་འགྲོ་འོང་མེད་པར་བསྟན་རྒྱུ་འདིས་གཞི་ཕྱལ་བ་གཟུང་འཛིན་རིས་མེད་ནམ་མཁའ་ལྟ་བུ་བསྟན་པ་དང་། གཉིས་པ་རྟོག་པ་འཕྲོ་མཁན་མེད་པ་འདིས་ཅི་ཞིག་བསྟན་པ་ཡིན་ན། ལམ་ཕྱལ་བ་བྱ་རྩོལ་གཉིས་མེད་དམིགས་བསམ་འཛིན་པ་དང་བྲལ་བ་བསྟན་པ་དང་། གསུམ་པ་སེམས་ལ་ཁ་དོག་དང་དབྱིབས་མེད་པས་སྟོང་ཉིད་མཐའ་དབུས་དང་བྲལ་བ་གཏན་ལ་འབེབ་པ་འདིས་འབྲས་བུ་ཕྱལ་བ། རེ་དོགས་དང་འཕོ་འགྱུར་མེད་པར་བསྟན་ནས་གཞི་ལམ་འབྲས་གསུམ་གྱི་སྒོ་ནས་ཕྱལ་བ་བསྟན་པ་ཡིན། དེ་ཐམས་ཅད་ཀྱི་མཇུག་ཏུ་ཕྱི་ནང་བར་མེད་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་རིག་པ་ཟང་ཐལ་མཁའ་ལྟར་ཡངས་པར་བསྟན་པ་འདིས། དབྱིངས་ཕྱལ་བ་སྣང་བ་རིག་པ་ལས་མ་གཡོས་པར་རྒྱ་གྲོལ་ཕྱལ་བ་བྱར་མེད་ཀྱི་ཆོས་ཉིད་དེ་བསྟན་པ་ཡིན། དེ་ཇི་ལྟར་ཡིན་ན། ཚོགས་དྲུག་ཟིལ་གནོན་ལས། འཁོར་འདས་ཐེག་པ་ཀུན་ལ་དབང་བསྒྱུར་བ། །བྱར་མེད་གཅིག་གིས་ཐམས་ཅད་ཟིལ་གྱིས་གནོན། །མཐའ་རུ་གྱུར་བའི་ཡུལ་གཞན་ལོགས་ན་མེད། །བྱར་མེད་གཅིག་གི་ཀློང་ལས་གར་མ་གཡོས། །བྱ་བྲལ་ཀུན་ཏུ་བཟང་པོའི་ཀློང་ཉིད་དོ། །ཞེས་པ་དེའི་ལུང་དོན་ལྟར་དུ་ཡིན་ནོ། །མེད་དང་ཕྱལ་བ་གཉིས་ཀ་སོང་ནས་གསུམ་པ་ལྷུན་གྲུབ་ནི། རང་རིག་ཁྱབ་གདལ་ཀློང་ཆེན་ཡངས་པའི་ངང་། །འཁོར་འདས་ཆོས་རྣམས་བར་སྣང་འཇའ་ཚོན་བཞིན། །སྣ་ཚོགས་སྣང་ཡང་སེམས་ཀྱི་རོལ་པ་སྟེ། །རང་རིག་གཡོ་མེད་ངང་ལས་ཕར་ལྟོས་དང་། །ཆོས་རྣམས་ཐམས་ཅད་སྒྱུ་མ་ཆུ་ཟླ་བཞིན། །སྣང་སྟོང་སོ་སོར་དབྱེ་བར་མི་ནུས་སོ། །ཞེས་གསུངས་ཏེ། གཞི་རིག་པ་དེ་ཁྱབ་གདལ་ཀློང་ཡངས། སྟོང་གསལ་ལྷུན་གྲུབ་ཆེན་པོ་ཡིན་པ་ལས། གཞི་སྣང་འཁོར་འདས་སྣང་སྲིད་དུ་སྣང་བའི་ཆོས་རྣམས་སྣ་ཚོགས་མ་འདྲེས་བར་སྣང་གི་འཇའ་ཚོན་བཞིན་དུ་སོ་སོར་བཀྲ་ན་ཡང་། དབྱིངས་གཅིག་བཟང་ངན་མེད་པར་གཞིའི་སྐུ་གསུམ་ངོ་བོ་གཅིག་གི་སྣང་སྟོང་སྒྱུ་མ་ཆུ་ཟླའི་རོལ་གར། ལྷུན་གྲུབ་རིག་པ་གཅིག་གི་ཆོ་འཕྲུལ་ཡིན་པ་དེ་བསྟན་པ་ཡིན་ནོ། །གཅིག་པུ་ནི། རིག་པའི་ངང་ལ་འཁོར་འདས་གཉིས་སུ་མེད། །རང་རིག་གཡོ་མེད་ངང་ལས་ཕར་ལྟོས་དང་། །འཁོར་འདས་ཆོས་རྣམས་མེ་ལོང་གཟུགས་བརྙན་བཞིན། །ཇི་ལྟར་སྣང་ཡང་གདོད་ནས་ཡོད་མ་མྱོང་། །འཁོར་འདས་མིང་མེད་ཐམས་ཅད་ཆོས་སྐུ་ཡིན། །ཁམས་གསུམ་འཁོར་བར་འཁྱམས་པའི་འགྲོ་ཀུན་གྱིས། །ཡེ་ནས་འཁོར་འདས་ཆོས་ཀུན་མཉམ་ཉིད་དུ། །གནས་པའི་ཡེ་ཤེས་རང་ངོ་མ་རྟོགས་པར། །གཉིས་འཛིན་འཁྲུལ་བའི་དབང་གིས་སོ་སོར་བཟུང་། །གཉིས་མེད་དོན་ལ་གཉིས་འཛིན་ཕྱིར་མ་གྲོལ། །ཞེས་གསུངས་པ་ཡིན་ན། དཔེ་བཞག་ན་ནོར་བུ་བཻ་ཌཱུརྱ་གཅིག་དེ་རྐྱེན་ཉི་ཟླ་སོ་སོར་ཤར་བའི་དབང་གིས་མེ་ཆུ་སོ་སོའི་འབྱུང་ཁུངས་ལ་ཤར་བ་བཞིན་དུ་རིག་པ་གཅིག་གི་ངང་ནས་འཁོར་འདས་ལ་ཤར་བ་ནི། དོན་ལ་རིག་པ་གཅིག་གི་རོལ་བའི་འཆར་ཚུལ་ཡིན། དེ་ཡིན་མིན་རང་རིག་ཡོད་མེད་ཀྱི་ངང་ནས་བལྟས་ཡོང་དུས། གཟུགས་བརྙན་སྣ་ཚོགས་སྣང་ཡང་མེ་ལོང་གཅིག་ལ་ཚུད་པ་བཞིན་དུ་ཆོས་ཐམས་ཅད་མེད་པ་གསལ་སྣང་། གཉིས་འཛིན་འཁྲུལ་བའི་དབང་གིས་རབ་རིབ་ཅན་གྱི་སྐྲ་ཤད་ལྟ་བུ་རུ་སྣང་བ་ཡིན་པས་ན། ད་འཁོར་འདས་མིང་མེད་ཡིན་ཞིང་ཡེ་སྟོང་མཉམ་པ་ཆེན་པོ་ཡིན་པ་དེ། ཡང་སྟོང་མཁའ་ལྟར་སྟོང་གསལ་སྤྲོས་བྲལ་དུ་མཐོང་དུས། སྣང་སྟོང་རིས་དང་བར་མཚམས་གཉིས་སུ་མེད་པའི་གཉིས་མེད་ཐིག་ལེ་ཉག་གཅིག གྲྭ་ཟུར་དང་བྲལ་བའི་ཆོས་དབྱིངས་ངང་དུ་རྩ་བ་གཅིག་པར་བསྟན་པ་ཡིན། དེ་དོན་མ་རྟོགས་པར་གཉིས་མེད་ལ་གཉིས་སུ་བཟུང་བས་རང་གིས་རང་འཆིང་ནས་མ་གྲོལ་བའོ་ཞེས་པའོ། །གདམས་པའི་མདོ་ཆིངས་ཀྱིས་སླར་ཡང་བསྐྱར་ཏེ་དོན་བསྡུ་བ་ནི། ཀུན་གྱིས་རང་སེམས་འཁོར་འདས་དབྱེར་མེད་ལ། །སྤང་བླང་འདོར་ལེན་བྱས་པས་འཁོར་བར་འཁྱམས། །རང་རིག་སྐུ་གསུམ་རྩོལ་མེད་ལྷུན་གྲུབ་ལས། །འདི་མིན་ཐག་རིང་གཞན་དུ་འགྲོ་ཐབས་ཀྱི། །ས་ལམ་བཙལ་ནས་བླུན་རྨོངས་འགྲོ་བ་ཀུན། །སངས་རྒྱས་ས་ལ་སླེབས་པའི་དུས་མ་བྱུང་། །གང་སྣང་ཐམས་ཅད་རང་སྣང་ཡིན་པར་ངེས། །རང་རིག་གཡོ་མེད་ངང་ནས་ཕར་ལྟོས་དང་། །སྣང་ཞིང་སྲིད་པ་ཐམས་ཅད་གཟུགས་བརྙན་འདྲ། །སྣང་སྟོང་གྲགས་སྟོང་རང་བཞིན་ཡེ་ནས་སྟོང་། །དེ་ལྟར་ལྟ་མཁན་སེམས་ལ་ཚུར་ལྟོས་དང་། །དྲན་རྟོག་རང་ཡལ་སྟོང་པ་ནམ་མཁའ་འདྲ། །སྤྲོས་མེད་སྤྲོས་བྲལ་སྨྲ་བསམ་བརྗོད་ལས་འདས། །གང་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་ཏེ། །ཆོ་འཕྲུལ་ཐམས་ཅད་གཞི་མེད་སྟོང་པ་ཡིན། །ཐམས་ཅད་རང་གི་སེམས་སུ་རྟོགས་གྱུར་ན། །མཐོང་སྣང་ཐམས་ཅད་སྟོང་པ་ཆོས་སྐུ་ཡིན། །སྣང་བས་མི་འཆིང་ཞེན་པས་འཆིང་བ་ཡིན། །ཞེན་ཆགས་འཁྲུལ་བ་ཆོད་ཅིག་སྙིང་གི་བུ། །ཞེས་གསུངས་ཏེ། རྒྱལ་བ་ཀློང་ཆེན་པས། རང་བྱུང་རིག་པ་དོན་དམ་ཉི་མ་ལ། །དགེ་སྡིག་དཀར་ནག་གཉིས་ཀའི་སྤྲིན་གྱིས་བསྒྲིབས། བླང་དོར་འབད་རྩོལ་ཞེན་པའི་གློག་གིས་གདུངས། །བདེ་སྡུག་འཁྲུལ་སྣང་ཆར་གྱི་རྒྱུན་བབས་པས། །འཁོར་བའི་ས་བོན་འགྲོ་དྲུག་ལོ་འདབ་རྒྱས། །ཀྱེ་མ་ཉམ་ཐག་འགྲོ་དྲུག་སྙིང་རེ་རྗེ། །ཞེས་གསུངས་པ་ལྟར་དུ་སེམས་ཅན་ཐམས་ཅད་ཀྱིས་རང་སེམས་འཁོར་འདས་དབྱེར་མེད་མ་རྟོགས་པས་མི་ཚད། འོག་མའི་ལམ་དང་ཐེག་པ་ཀུན་གྱིས་ཀྱང་གཉིས་སུ་འཛིན་པའི་འཆིང་ཐག་མ་དོར་བས། བཟང་ངན། དགག་སྒྲུབ། འདོར་ལེན་ཏག་ཏག་བྱས་ནས་འཁོར་བར་འཁྱམས་པ་ཡིན། རང་གནས་ཀྱི་རིག་པ་སྐུ་གསུམ་ངོ་བོ་གཅིག་ལ་ཚང་བའི་རྩོལ་མེད་ལྷུན་འགྲུབ་རང་ལ་བཞག་སྟེ། གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་འཚོལ་བ་དང་འདྲ་བའི་ས་ལམ་འབད་པས། ཐག་རིང་གཞན་ཞིག་ནས་འཚོལ་བའི་འགྲོ་བ་ཐམས་ཅད་སངས་རྒྱས་ཀྱི་སར་སླེབས་རྒྱུའི་དུས་ཤིག་གང་ནས་འབྱུང་། གང་སྣང་ཐམས་ཅད་རང་སྣང་ཡིན་པས་ཤར་བ་ཕྱིར་ཤར་ཀྱང་འཆར་གཞི་ནང་ལ་ཡོད་པ་ཡིན། ཕར་བལྟས་ན་རང་རིག་གཡོ་མེད་ཀྱི་དུས། སྣང་སྲིད་ཐམས་ཅད་དེའི་གཟུགས་བརྙན་ཡིན་པ་ལྟ་བུ་དེ་ཤེས་ཡོང་། ཕར་བལྟས་རྒྱང་གི་ཆོས་ཐམས་ཅད་གཞི་མེད་རྩ་བྲལ། གཟུགས་སུ་སྣང་བ་སྣང་སྟོང་། སྒྲ་རུ་གྲགས་པ་གྲགས་སྟོང་། དེ་བཞིན་མྱོང་ཚོར་ཐམས་ཅད་རང་བཞིན་ཡེ་ནས་སྟོང་པ། ལྟ་མཁན་རང་གི་སེམས་ལ་ཚུར་ལྟོས་དང། དངོས་མེད་ནམ་མཁའ་འདྲ་འདྲ། སྤྲོས་མེད་སྤྲོས་པ་དང་ཡེ་ནས་བྲལ་བ། སྨྲ་བསམ་བརྗོད་པའི་ཡུལ་ཀུན་ལས་འདས་སོང་བ། གང་སྣང་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ། ཆོ་འཕྲུལ་དེ་ནི་གཞི་མེད་སྟོང་པ། མདོར་ན་ཐམས་ཅད་རང་གི་སེམས་ལ་ཐུག་ཡོད་པ་ཤེས་ཡོང་། དེ་ཤེས་ནས་རྟོགས་པར་གྱུར་ན། ད་སྣང་བས་ཅི་ཡང་མི་སྐྱོན། དབང་བོ་དྭངས་མའི་ཡོན་ཏན་ལས་སྤྱན་དང་མངོན་ཤེས་འཆར་ཡོང་། འཆིང་སྤྱད་པོ་སྣང་བས་འཆིང་བ་མིན། གང་གིས་འཆིང་བ་ཡིན་ན། ཞེན་པས་འཆིང་བ་ཡིན། ཞེན་ན་ཁམས་གསུམ་འཁོར་བའི་གནས་ལ་འཆིང་བ་ཡིན། རྗེ་བཙུན་ཏཻ་ལོ་པས། བུ་སྣང་བས་མི་འཆིང་ཞེན་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་བ། །ཞེས་གསུངས་པ་ལྟར་ཡིན་པས། ཞེན་ཆགས་འཁྲུལ་བ་ཆོད་ཅིག་སྙིང་གི་བུ། །ཞེས་གནད་བརྒྱ་གཅིག་འདུས་ཀྱི་གདམས་པ་གནང་བའོ། །དེའི་ཡན་ཆད་ཀྱིས་རིག་པ་རང་སྣང་གི་བློ་ཅན་ལ་གཙོ་བོར་བྱས་པའི་ངོ་སྤྲོད། གེགས་སེལ། བོགས་འདོན་དང་བཅས་པའི་གདམས་ཁྲིད་བསྟན་པ་སོང་ནས། དེ་རིང་ཞེན་ཆགས་འཁྲུལ་བ་ཆོད་ཅིག་སྙིང་གི་བུ་ཞེས་པའི་མཚམས་འདི་ནས་བཞག་དགོས། འདི་ནས་བཞག་སྟེ་ཆོས་ཁྲིད་རྗེས་མ་སྣང་བ་ཡུལ་གྱི་བློ་ཅན་གྱི་གདུལ་བྱ་གཙོ་བོར་བྱས་པའི་ངོ་སྤྲོད་ལ་སོགས་པ་ནས་བཤད་རྒྱུ་བྱེད། འོ་སྐོལ་ཚོས་ད་རེས་ཀྱི་ཁྲེགས་ཆོད་ཀྱི་ཁྲིད་འདི་སྤྱིར་བཏང་གི་ཁྲིད་སྦྱང་ཉི་མ་ཧྲིལ་བོ་གསུམ་འདྲ་ཞིག་དང་། དེ་རིང་ཕྱི་དྲོའི་ཁྲིད་སྦྱང་ཐུན་གཅིག་གི་ཆ་ཡི་དུས་ཚོད་ཡོད་ནི་རེད། འདི་བཞིན་རྒྱུན་དུ་ཐུན་བཞི་ཆགས་མེད་མ་རེད་ནའང་ཐུན་གཉིས་རེའམ། ཇི་ལྟར་བྲེལ་བ་ཆེ་ནའང་ཐུན་རེ་མ་ཆགས་པ་བྱེད་པ་ནས་མགོ་བཙུགས་ཏེ། ཐུན་དང་ཐུན་མཚམས་ཐམས་ཅད་ལ། འདིའི་སྒོམ་མེད་མཉམ་བཞག་མ་བཅོས་པའི་སྒོམ་དང་འབྲལ་མེད་བྱེད་དགོས། ལས་དང་པོ་བ་ཞིག་ལ་རྣམ་གཡེང་མེད་པའི་དབེན་པའི་གནས་ནས་བསྒོམས་ནས་བརྟན་པ་ཐོབ་ཏུ་འཇུག་དགོས། རང་ལ་ཡོད་པའི་རིག་པ་དེ་ཉིད་དང་པོ་ངོ་ཤེས། ངོ་ཤེས་པ་དེའི་ངང་ལ་གནས། གནས་པའི་རྩལ་རྫོགས། དེར་བརྟན་པ་ཐོབ་སོང་དུས་སྣང་སྤྱོད་ཐམས་ཅད་རིག་པ་རང་གནས་ཀྱི་ངང་དང་མ་བྲལ་བར་ཡེངས་པ་མེད་པ་རེད་དུས་སྣང་རིག་ངེས་མེད་ཀྱི་བརྟུལ་ཞུགས་ཀྱིས་བོགས་འདོན་བྱེད་པའི་ས་ཚོད་ལ་ཐོན་པ་ཡིན། དང་པོ་ཐོས་པ་འཚོལ་བ་བུང་བ་ཚང་འཚོལ་ལྟ་བུའི་སྤྱོད་པ་ལས་མཐར་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་གང་ལ་ཡང་ཉམ་ང་བག་ཚ་མེད་པ་སེངྒེ་ལྟ་བུའི་བར་དུ་འབྱུང་བ་ཡིན། ལས་དང་པོ་བ་གསར་བ་ངོ་མ་ཚོས་དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་སྤེལ་མ་གྱིས། ད་ངོ་མས་བཤད་ན། ལྟ་བའི་དཔྱད་པ་རྫོགས་མཚམས་ནས་རིག་ངོ་སྤྲོད་དགོས་པཡིན་ཡང་། དད་ཅིང་མོས་པ་དབང་བཙན་དུ་བྱས་ཏེ། ཅིག་ཅར་བ་ཏག་ཏག་མིན་རུང་། རྫོགས་ཆེན་གྱི་གདུལ་བྱ་མང་ཆེ་བ་དབང་རྣོན་ལ་འཇོག་པའི་སྟབས་ཀྱིས་ངོ་སྤྲོད་བྱས་པ་རེད། ད་ཡུན་ཐུང་གྲངས་མང་ལ་བསྒོམ་དགོས་པ་ཡིན། ཡུན་ཐུང་ན་གེགས་མི་འཇུག་པ་ལ་ཕན་ཐོགས་ཡོད་པ་ཡིན། གྲངས་མང་ན་གོམས་པ་བརྟན་རྒྱུ་ལ་ཕན་ཐོགས་ཡོད་པ་རེད། ཉམས་ལེན་པ་རྙིང་བ་ཅུང་ཟད་ཉམས་མྱོང་གི་གོ་བ་རེ་ཡོད་པ་ཚོས་རིག་པའི་གསལ་ཆ་འདོན་རྒྱུ་དེ་གཙོ་ཆེ། བདེ་གསལ་མི་རྟོག་པའི་ཉམས་ལ་ཞེན་པ་མ་བྱེད། རིག་པ་རྗེན་ལ་ཕུད། ཁྱད་པར་དུ་ཅི་ཡིན་འདི་ཡིན་མེད་པའི་མི་རྟོག་རྟིང་པོ་ལྕགས་མཁར་སྒོ་མེད་ཀྱི་ནང་ན་འཐུམ་མ་ཤོར། ཐམས་ཅད་ཀྱིས་སེམས་དང་རིག་པ་གང་ཡིན་དེ་འདུས་བྱས་དང་འདུས་མ་བྱས་ཀྱིས་ཤེས་པ་རེད། ལོ་གསུམ་ལ་འདིའི་ཉམས་ལེན་གྱི་དམ་མཚམས་བཅད་རྒྱ་བྱེད་པའི་ཁས་ལེན་བྱེད་དགོས། དེ་མ་བྱས་ན་འདི་མི་ཐོབ་ཟེར་བ་དེ་ཡང་སྒོམ་ལ་བརྟན་པ་འཐོབ་པའི་ཆེད་དུ་ཡིན། ཆོས་བཤད་མཁན་ངའི་དོན་དག་མ་ཡིན་པར་ཁྲིད་གསན་མཁན་ཁྱེད་རང་གིས་བརྩོན་འགྲུས་རྩོམ་པའི་མཐུན་རྐྱེན་དུ་ཡེངས་མ་ལམ་ལ་གཞན་རྐྱེན་གྱི་དབང་དུ་མི་ཤོར་བའི་རོགས་དོན་བརྒྱབ་པ་ཡིན། རྫོགས་པ་ཆེན་པོ་སྒོམ་མེད་ཡིན་པས། ཆེད་འཛིན་དམིགས་གཏད་ཅན་གྱི་སྒོམ་པ་མ་ཡིན་པར་གཏད་མེད་ཡོངས་གྲོལ་གྱི་ངང་ལ་ལ་བཟླ་བའི་མན་ངག་ཡིན་ནི་རེད། གུ་རུ་རིན་པོ་ཆེས། སྒོམ་དུ་མེད་ཀྱང་ཀློང་དུ་ཚུད་རྒྱུ་ཡོད་པར་གསུངས་པས་བརྩོན་པ་བསྐྱེད་དགོས། བློ་འཁྲུལ་བའི་ངན་གོམས་ཀྱི་བག་ཆགས་ཟེར་རྒྱུ་འདི་ཤུགས་དྲག་པ་རེད། འཁྲུལ་ཡུན་རིང་། འཁྲུལ་ཚབས་ཆེ་བ་འདི་སླ་མོ་ངོ་མ་ཞིག་ལ་ཁ་ལོན་ཟེར་ན་ཡང་དཀའ་བ་ཡིན། དོ་ཞག་ལ་བཤད་བཞིན་དུ་དང་པོར་རང་གིས་རང་གཅེས་ཤེས་པའི་འདང་རྒྱག་ལ་ཞོག དེ་ལྟར་ཟེར་ཡོང་དུས་དེ་ཁྱོད་ཀྱིས་སློབ་འདུག་མི་དགོས། གཞན་གཅེས་འཛིན་བྱེད་རྒྱུ་བོ་མི་ཐུབ་པ་མ་གཏོགས། རང་གཅེས་འཛིན་ནི་མ་བསླབ་ན་ཡང་ལྷན་སྐྱེས་ཀྱིས་ཤེས་པ་ཡིན་ལོས་ཟེར་ཀྱང་། དེ་ཡང་ཕྱོགས་གཅིག་ནས་བཤད་ན་དེ་ལྟར་ཡིན་ཡང་། ཕྱོགས་གཞན་ཞིག་ནས་བཤད་ཡོང་ན་རང་གཅེས་འཛིན་ངོ་མ་ཞིག་བྱེད་མ་ཤེས་པའི་སྒྲུབ་བྱེད་ལ་འགྲོ་བ་ཡིན། ད་ངར་འཛིན་རྨོངས་པའི་གཞན་དབང་དུ་སོང་། བདེ་འདོད་སྡུག་བསྔལ་གྱི་རྒྱུ་སྒྲུབ་བཞིན་ཡོད་པ་དེ་རང་གཅེས་མ་ཤེས་པ་མིན་ན་ཅི་ཞིག་ཡིན། དེའི་སྟབས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྐྱེས་བུ་ཆུང་ངུའི་ལམ་མངོན་མཐོ་སྒྲུབ་བྱེད་ཀྱི་གསུང་རབ་ཡན་ལག་དང་བཅས་པ། དད་པ་རྣམ་དག་སྐྱེས་བུ་ཆུང་ངུའི་ལམ་བསྟན་པ་རེད། དེ་ཡང་འཁོར་བའི་གནས་ལམ་གསུམ་ཐོག་མཐའ་དབུས་མེད་ལས་མ་ཐར་བ་ཡིན་པས་ན། གནས་སྐབས་ཀྱི་ལམ་སྟེགས་ཙམ་ཞིག་མ་གཏོགས། སྡུག་བསྔལ་གསུམ་མམ་འདུ་བྱེད་ཀྱི་སྡུག་བསྔལ་ལས་རྣམ་པ་ཀུན་ཏུ་མ་བཏང་བ་ཡིན་པའི་ཕྱིར་ན། དེའི་འཕྲོར་ངེས་ལེགས་ཐར་བའི་ལམ་མམ་ངེས་འབྱུང་རྣམ་དག་སྐྱེས་བུ་འབྲིང་གི་ལམ་བསྟན་པ་ཡིན། དེ་ཡང་ཞི་བ་ཕྱོགས་གཅིག་པ་མི་གནས་པའི་མྱ་ངན་ལས་འདས་པའི་ལམ་ཡང་དག་མ་ཡིན་པས་ན། བྱང་སེམས་རྣམ་དག་སྐྱེས་བུ་ཆེན་པོའི་ལམ། མདོ་དང་སྔགས་ཀྱིས་བསྡུས་པའི་ཞི་བསིལ་དམ་པའི་ཆོས་བསྟན། དེ་འདྲ་བྱས་ནས་གདུལ་བྱ་གང་ལ་གང་འདུལ་གྱིས་གསུངས་ནས། མཐར་རྩོལ་མེད་འབྲས་བུའི་ཐེག་པ། ཐེག་པ་ཀུན་གྱི་ས་གཞིའི་ཆུ་ཕྲན་ཐམས་ཅད་མ་བསྡུས་གཅིག་ལ་འདུས་པའི་རྒྱ་མཚོ་ཆེན་པོ་ལྟ་བུའི་རྫོགས་པ་ཆེན་པོ་ལ་གཞོལ་ཞིང་འབབ་པར་འགྱུར་བ་དེ་འདྲ་ཡིན་པར་མདོ་རྒྱུད་ཐམས་ཅད་ནས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན། དེའི་ཕྱིར་ན་རྫོགས་པ་ཆེན་པོའི་གདུལ་བྱ་ཤིན་ཏུ་དབང་རྣོན་སྔར་བསགས་བསོད་ནམས་དང་ལས་འབྲེལ་གྱི་སྟོབས་དང་དད་དང་མོས་པས་ཁྱོག་ཅིང་། ཚེ་འདིའི་སྦྱངས་པ་སྟོབས་གྱུར་གྱི་དབང་རྣོན་ལས་འཕགས་པའི་སྐལ་ལྡན་ཡིན་རུང་། སོ་སོའི་ཁམས་དབང་མོས་པ་དང་གོམས་པ་སྟོབས་སུ་གྱུར་མ་གྱུར་གྱི་དབང་གིས་ཁྱད་པར་ཡོད་པ་ལ་བསམ་བློ་གཏོང་མི་དགོས་རྒྱུ་ཞིག་མ་ཡིན། འདི་བཤད་དུས་ལྟ་དགོངས་མཐོན་པོའི་ཏིང་འཛིན་ལྟར་དུ་བཤད་དགོས་པ་རེད། མ་བཤད་ན་ཐེག་མཆོག་རྫོགས་པ་ཆེན་པོའི་སེངྒེའི་སྒྲ་དབྱངས་ཀྱི་བསྟན་ཚོད་དང་འགལ་འགྲོ་བ་ཡིན། འོན་ཀྱང་ཅུང་ཟད་སྣང་བ་ལྐོག་གྱུར་གྱི་རིགས་ཅན་གྱི་རིམ་འཇུག་བློ་སྦྱོང་གི་རྨང་གཞི་ལ་སྐྱེས་བུ་ཆུང་འབྲིང་གི་ལམ་ནས་ཡར་ལྡན་དུ་རྫོགས་ཚུལ་ལ་སྦྱང་བས་དགའ་མི་དགའ་སོགས་རང་རང་གི་བློ་དང་མ་བསྡུར་ཐབས་མེད་ལ་ཐུག་པ་ཡིན། ཆོས་པ་རྙིང་བ་ཚོས་རང་གི་ཉམས་མྱོང་གི་ཚོད་ལ་བསྡུར་དགོས། དེ་ལྟར་མ་བྱས་ཚེ་གང་ཟག་སོ་སོ་བློ་དང་བསམ་པ་གཅིག་འདྲ་འདྲ་ཏག་ཏག་མིན་པ་ནི་མཐོང་ཆོས་མྱོང་གྲུབ་ཡིན། གང་ལྟར་བློ་མཆོག་དམན་ཐམས་ཅད་ཀྱིས་སྒོམ་རྒྱག་དགོས། སྒོམ་མ་བརྒྱབ་པར་ཐར་བ་དང་གྲོལ་བ་ཞིག་འཐོབ་རྒྱུ་ཡོད་པ་མ་རེད། དམིགས་གཏད་མཚན་མ་ཅན་ཞིག་སྒོམ་དགོས་ན་དེ་ཅུང་ཙམ་སླ་བར་འདུག བསམ་བློ་གཏོང་སའི་གཞི་འདྲ་ཞིག་ཡོད་སོང་བ་རེད། དམིགས་མེད་བསམ་བརྗོད་དང་བྲལ་བའི་ངང་ལ་ཞོག་ཟེར་དུས་ཅི་བཞག་འདི་བཞག་མི་འདུག་སྙམ་ན། དེ་མ་ལོབས་པས་ཡིན། སླ་བ་དང་བདེ་བའི་ཐོག་ལ་ཞོག་ཟེར་དུས་མི་བདེའོ་མི་སླའོ་སྙམ་ནས་རྩུབ་རེག་ཅན་ཏེ། ཚོར་བ་རྩུབ་མོ་ཅན་ལ་བདེ་སྣང་དང་སླ་སྣང་ཤར་བ་ནི་དཔེར་ན། ཁུར་བོ་ཆེན་པོ་ཞིག་ཁུར་ཁུར་ནས་སོང་སོང་བའི་ནམ་ཞིག་ཁུར་ལོབས་སུ་སོང་བས་ཁུར་བོ་མེད་ཚེ་འགྲོ་མི་ཤེས་པ་བཞིན་དུ་དཀའ་སླ་དང་བདེ་སྡུག་གོ་ནོར་བ་ཡིན། ཐམས་ཅད་ཀྱིས་ཐུན་བསྡམ་དུས། ལུས་ཀྱིས་རྣམ་སྣང་ཆོས་བདུན་དང་པོར་བཅའ་དགོས། དབང་རྣོན་འགའ་རེ་ལུས་གནད་ཁྱད་པར་ཅན་དུ་འཆོས་པ་ཙམ་གྱིས་ཀྱང་གྲོལ་བར་གྱུར་འང་ཡོད་པ་ཡིན། འཇམ་དཔལ་མཚན་བརྗོད་དང་ཤིན་ཏུ་རྨད་བྱུང་གི་རྒྱུད་གཉིས་ཀ་ལས་ཚིག་གཅིག་དབྱངས་གཅིག་གིས། །རྡོ་རྗེ་དཀྱིལ་ཀྲུང་རྫོགས་སངས་རྒྱས། །ཞེས་གསུངས་པས། ལུས་ཀྱི་བྱེད་བཅིངས་འདི་དག་གི་སྟོབས་ཀྱིས་སྔགས་བླ་མེད་ཐུན་མོང་གི་རྫོགས་རིམ་དང་སྒོ་བསྟུན་ན་ཡང་། རླུང་བཅུ་རང་མལ་དུ་བཅིངས་ནས་ལམ་གྱི་མངོན་རྟོགས་རྫོགས་ཏེ་འཚང་རྒྱ་བར་གསུངས་ཤིང་། འདི་ལ་རྣམ་སྣང་ཆོས་བདུན་ཅིའི་གསུངས་སྙམ་ན། ལུས་ཀྱི་བྱེད་བཅིངས་འདི་དག་རྣམ་སྣང་གངས་ཅན་མཚོའི་བཞུགས་སྟངས་དང་འདྲ་བས་སམ། ཡང་ན་གཟུགས་ཕུང་གི་ཆོས་ཉིད་དམ་རང་བཞིན་རྣམ་སྣང་གི་བོར་བཞུགས་པའི་རྒྱུ་མཚན་གྱིས་སམ། ཡང་ན་དག་བྱ་གཟུགས་ཕུང་ངམ་ལུས་ཀྱི་ཆོས་དེ། དག་བྱེད་རྣམ་སྣང་ཆོས་བདུན་གྱིས་དག་ཚུལ་རླུང་བཅུ་དབྱིངས་སུ་དག་ནས། དག་འབྲས་རྣམ་སྣང་གི་གོ་འཕང་ཡོངས་སུ་ཐོབ་པ་སོགས་དག་བྱ་དག་བྱེད་དག་འབྲས་དང་སྦྱར་ནས་གསུངས་པའང་ཡོད། འདིའི་བྱེད་བཅིངས་ཀྱི་ཆ་ཤས་རེ་རེ་ནས་བགྲང་ན་བདུན་ཡོད་པས་རྣམ་སྣང་ཆོས་བདུན་དུ་གྲགས་པ་ཡིན། རྣམ་སྣང་ཆོས་བདུན་གྱི་དང་པོ་རྐང་པ་གཉིས་ཀྱིས་རྡོ་རྗེའི་དཀྱིལ་ཀྲུང་བཅའ་དགོས། མང་ཆེ་བས་ཤེས་པ་རེད་ཀྱང་གསར་བ་ཚོ་ལ་ཟེར་བ་ཡིན། གལ་ཏེ་རྡོར་དཀྱིལ་བཅའ་མ་ཐུབ་ཀྱང་བཞུགས་སྟངས་ཟུག་རྔུ་མེད་པ་ཞིག་དགོས་གསུངས་པ་ཡིན་པས་ཕྱེད་དཀྱིལ་བདེ་མོ་ཞིག་བཅས་ནས་བསྡད་ནའང་ཆོག་པ་ཡིན། སྒལ་ཚིགས་མདའ་ལྟར་དུ་དྲང་མོར་ཡར་ལ་བསྲང་དགོས་པ་རེད། དཔུང་བ་གཉིས་ལྷོད་དེ་བརྒྱང་དགོས། མགྲིན་པ་ཨེམ་ཙམ་སྒུར་གསུངས། ལྕེ་རྩེ་ཡ་རྐན་ལ་གཏད་དེ་མིག་གིས་ཟིམ་བུས་མདུན་ཐད་དུ་གཏད་མེད་དུ་བལྟ་དགོས། དེར་རྒྱུ་མཚན་ཡོད་པ་ཡིན་གཏད་མེད་ཟེར་དུས་མིག་ཕྱེས་ནས་བསྡད་ཡོད་དུས་ཅིག་རིག་ལོས་ཡོང་རིག་ཡོང་དུས་ཡུལ་དེའི་རྗེས་སུ་མི་འབྲངས་པར་ཆེད་འཛིན་མ་བྱེད་གསུངས་པའི་དོན་ཡིན། གཏད་མེད་དུ་ལྟོས་ཞེས་པ་ནི་མིག་བཙུམ་པར་མི་བྱ་ཞེས་པའི་དོན་ཡིན། མིག་གི་ལྟ་སྟངས་སྣ་རྩེར་ལྟ་བ་དང་གཉའ་ཤིང་གང་ལ་ལྟ་བ་གཉིས་འབྱུང་ཡང་། དེ་གཉིས་ཀ་འགལ་བ་ཅན་མ་རེད། ཕྱི་མའི་ཤུགས་ལས་སྔ་མ་ཐོན་པའང་གསུངས་ས་ཡོད། ཆོས་བདུན་སྤྱིར་བཏང་བ་དང་ཁྱད་པར་གང་ཡོད་ན། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་མན་ངག་སྡེའི་ཉམས་ལེན་གྱི་སྐབས་སུ་དབུགས་ཁ་ནས་མངགས་དགོས། སོ་མཆུ་མ་རེག་ཙམ་གྱིས་ཁ་མི་གདང་ཞིང་བཙུམ་པ་ཡང་མ་ཡིན་པའི་བར་ནས་དབུགས་ཀྱི་རྒྱུ་བ་དེ་རང་གིས་ཀྱང་མི་ཚོར་བ་ཙམ་བྱས་ཏེ་དལ་མོར་དབུགས་མངགས་དགོས་པ་ཡིན། དེ་ལ་རྒྱུ་མཚན་ཅི་ཡོད་པ་རེད་ཟེར་ན་རླུང་ཐད་ཀར་གློ་བའི་ནང་དུ་སོང་ནས་རིག་གདངས་སྙིང་གའི་རིག་པའི་མ་ལ་ཐིམ་པའི་དགོས་པ་ཁྱད་པར་ཅན་དང་ལྡན་པ་ཡིན། དོ་ཞག་འུ་ཚོས་རྩ་རླུང་གི་སྐབས་སུ་དབུགས་སྣ་ནང་ནས་བཏང་བ་ཡིན་ཡང་། རྫོགས་རིམ་ཐུན་མོང་དང་སྒོ་བསྟུན་ནས། རོ་རྐྱང་གི་རླུང་དབུ་མར་འཛུད་ཐབས་བཤད་པ་ཡིན། འདིའི་སྐབས་སུ་ལག་པ་གཉིས་ཀ་མཉམ་གཞག་མིན། ལག་པའི་ཐལ་མོ་གཉིས་ཀྱིས་གཡས་གཡོན་སོ་སོའི་པུས་མོ་གཉིས་བཀབ་སྟེ་རྒྱལ་བ་ཀློང་ཆེན་པའི་བཞུགས་སྟངས་ལྟར་དུ་བྱེད་དགོས། འདིར་སེམས་ཉིད་ངལ་གསོའི་བཞུགས་སྟངས་ཟེར་སྲོལ་ཡོད་ཀྱང་། དོན་ངོ་མའི་ཐོག་ནས་བཤད་ན་ངལ་གསོ་ཡེ་ཤེས་ཀྱི་བཞུགས་སྟངས་ཡིན། འདིར་དགོས་པ་ཅི་ཞིག་ཡོད་པ་རེད་ཟེར་ན། བྱིང་བའི་གེགས་སེལ་དང་། གསལ་བའི་བོགས་འདོན། གསལ་ཆ་རྩལ་འདོན་བྱེད་པའི་ཐབས་ཤིག་ཡིན། འཕགས་པ་སེམས་ཉིད་ངལ་གསོའི་བཞུགས་སྟངས་ངོ་མ་གང་རེད་ཟེར་ན། ཀུན་མཁྱེན་འཇིགས་གླིང་གི་བཞུགས་སྟངས་བྲིས་ཆ་ཚོའི་ནང་དུ་ཡོད་པ་དེ་ཡིན། གང་ལྟར་ཡང་སྒོམ་སྦྱངས་དུས་དང་པོ་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་ཐབས་ནས་མགོ་བཙུགས་ནས་སྦྱང་དགོས་པ་རེད། གང་བསྒོམ་བྱའི་སྙིང་དོན་ཅི་ཡིན་པ་གོང་ནས་ལན་གྲངས་དུ་མས་གསུངས་པ་བཞིན་དུ། འཁོར་འདས་ཞེས་པ་ཐ་སྙད་ཚིག་རྡོག་མ་གཉིས་ཡིན་ན་ཡང་། དེའི་ཁོངས་སུ་ཤེས་བྱའི་ཆོས་ཐམས་ཅད་གཏན་ལ་ཕེབས་པ་དེ་ཉིད་འདུས་ཡོད་པ་ཡིན། དེ་ལྟར་གཏན་ལ་འབེབ་དགོས་པ་ཡིན་ན་རྩ་བ་སེམས་ཀྱི་གནད་གསང་འདིར་ཐུག་པས། སློབ་དཔོན་པདྨས་ཀྱང་། འདི་ཉིད་ཤེས་ན་བ་གླང་རྫི་ཡང་གྲོལ། །འདི་ཉིད་མ་ཤེས་པཎྜི་ཏ་ཡང་འཁྲུལ། །ཞེས་གསུངས་པས་འདི་ཉིད་གཅིག་པུ་གཏན་ལ་འབེབས་པ་ལ། རྒྱལ་བ་རྫོགས་པའི་སངས་རྒྱས་ཀྱིས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཡིན། ཆོས་ཁམས་དགེ་བ་འདུས་མ་བྱས་པ་འདིར་ལ་ལས་མ་ཆགས་འཕགས་རིགས་ཞེས་མིང་བཏགས། ལ་ལས་ཀུན་གཞི། ལ་ལས་དེ་བཞིན་ཉིད། འགའ་ཡིས་གཉུག་མའི་སེམས། འགའ་ཡིས་མཁའ་ཁྱབ་མཁའ་ཡི་རྡོ་རྗེ། འགའ་རེས་བྱང་ཆུབ་ཀྱི་སེམས། ཀུན་ཏུ་བཟང་མོའི་ཀློང་། རང་བྱུང་གི་རིག་པའི་ཡེ་ཤེས་ལ་སོགས་པ་མང་པོ་བཏགས་པ་རེད། གང་བཏགས་ཀྱང་དོན་ལ་སེམས་ཉིད་སྨྲ་བསམ་བརྗོད་མེད། སྤྲོས་པ་ཐམས་ཅད་དང་བྲལ་བ། ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །ཞེས་གསུངས་པ་དེ་ཉིད། ཡར་སངས་རྒྱས་ཀྱི་སྐབས་སུ་བཟང་དུ་མ་སོང་། མར་སེམས་ཅན་གྱི་སྐབས་སུ་ངན་དུ་མ་སོང་བས། རྟག་མི་རྟག་གཉིས་ཀྱི་མཐའ་ལས་འདས་པའི་རྟག་པ་ཆེན་པོ། འདུས་བྱས་མ་བྱས་ལ་སོགས་པའི་གཉིས་ཆོས་མཚན་མ་ཅན་གྱི་ཆོས་ཐམས་ཅད་ལས་རིང་དུ་འདས་པའི་འདུས་མ་བྱས་ཆེན་པོའི་སྒྲ་ཡིས་བསྙད་པ། དོན་དུ་ཡེ་གྲོལ་ཆོས་སྐུའི་རིག་པ། སྟོང་གསལ་འགག་པ་མེད་པ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བའི་ངོ་བོ་སྟོང་རང་བཞིན་གསལ། ཐུགས་རྗེ་འགག་པ་མེད་པའི་ཡེ་ཤེས་སུམ་ལྡན་དུ་ནམ་ཡང་བཞུགས་པ་དེ་ཉིད། དབུ་ཕྱག་རྫོགས་གསུམ་གྱིས་ལྟ་བའི་སྐྱེལ་སོ་མཐར་ཐུག་ཏུ་བཟུང་སྟེ། གདམས་པའི་ལམ་གནད་གཅིག་ལ་དྲིལ་ཐུབ་དགོས་པ་ཡིན། གོང་ནས་རྟག་པ་ཆེན་པོ་དང་འདུས་མ་བྱས་ཆེན་པོ་ཡིས་རྗོད་ཡོང་དུས། འདི་ནི་ཕྱི་རོལ་བའི་གཙང་བདེ་རྟག་པའི་བདག་དང་ཕྱོགས་མཚུངས་པར་མི་འདུག་གམ་སྙམ་ན། ཚུར་མཐོང་བྱིས་བློའི་ཡུལ་ལས་ཕ་རོལ་བསྐལ་དོན་དུ་གྱུར་པའི་ཆོས་བཞི་ཡོད་པ་ནི། གཙང་བདེ་བདག་རྟག་དམ་པའི་ཕ་རོལ་ཏུ་ཕྱིན་པ་ཡིན། དེའི་ལུང་ཁུངས་གང་ཡིན་ན། མགོན་པོ་བྱམས་པས་རྒྱུད་བླ་མར། གཙང་བདག་བདེ་བ་རྟག་ཉིད་ཕྱིར། །ཡོན་ཏན་ཕ་རོལ་ཕྱིན་པ་འབྲས། །ཞེས་དང་། ད་རུང་མཚན་བརྗོད་ལས། རང་བཞིན་གྱིས་དག་དག་པའི་དག །ཐོག་མ་མེད་ནས་སྤྲོས་མེད་བདག །ཅེས་གསུངས་པ་དང་དོན་གཅིག་ཡིན། དེ་ལྟ་བུའི་དབུ་ཕྱག་རྫོགས་གསུམ་གྱི་གདམས་པའི་སྐྱེལ་སོ་མཐར་ཐུག་དེ་ཉིད། ངོ་སྤྲོད་ཚུལ་ནི་གོང་ནས་འུ་ཚོས་ལག་ལེན་བྱས་པ་བཞིན་དུ། ཤེས་རབ་ཅན་ལ་ལྟ་ཐོག་ནས་ངོ་སྤྲོད་པ་དང་། ཉམས་མྱོང་ཅན་ལ་སྒོམ་ཐོག་ནས་ངོ་སྤྲོད་པ། དད་པ་ཅན་ལ་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲོད་པའི་སྤྲོད་ལུགས་ཡོད་པ་ཡིན། ཀུན་གྱི་རྩ་བ་གང་ལ་ཐུག་ན། རྟོགས་པ་སྐྱེས་པ་བླ་མའི་བྱིན་རླབས་དང་། བྱིན་རླབས་སྐྱེས་པ་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པས། བྱིན་བརྒྱུད་རྟོགས་པའི་ཕ་ཕོག་བཙན་ཐབས་སུ་འཕོ་རྒྱུ་འདི་ལ་ཐུག་ཡོད་པ་ཡིན། དེའི་ཕྱིར་ན་དམ་པའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་ཞིག་བཙལ་ནས། དང་པོ་གཞུང་ལུགས་ཐམས་ཅད་གདམས་པར་ཤར་དགོས་པས་མ་ཚད། བར་དུ་གདམས་པའི་གནད་ཀུན་གཅིག་ཏུ་ཚུར་བསྡུས་ནས། ཐ་མར་གདམས་པའི་བཅུད་འདྲིལ་ཚིག་གཅིག་གི་ཐོག་ལ་ཐག་བཅད་ནས། མཉམ་རྗེས་ཐུན་དང་ཐུན་མཚམས་ཐམས་ཅད་དུ་ཉམས་ལེན་གྱི་གནད་དེ་དང་མི་འབྲལ་བའི་ཐོག་ནས། ཆོས་སྤྱོད་སྤྱོད་ལམ་ལ་བསྲེ། གདམས་པ་རང་རྒྱུད་དུ་འདྲེས་པ་ཞིག་གིས་ཧ་ཅང་དམ་ཆེས་པ་ཡང་མ་ཡིན། ཧ་ཅང་ལྷོད་ཆེས་པ་ཡང་མ་ཡིན་པའི་མཐའ་གཉིས་སུ་མ་ལྷུང་བར། ཆོས་ཉིད་རང་བབས་རང་འགྲོས་ཀྱི་ལྟ་སྒོམ་སྤྱོད་པའི་མཐའ་ལ་དབྱུང་དགོས། ང་ལྟ་བུ་ཞིག་ལ་མཚོན་ན་འདྲ་ལ་མ་ཡིན་པའི་ཁ་བཤད། ལྟ་སྒོམ་རང་ལ་མེད་པའི་རྒྱང་གི་གཏམ་སྙན། འོན་པ་རོལ་མོ་མཁན་གྱིས་སྒྲ་སྙན་འཁྲོལ་བའི་དཔེར་བཞག་པ་དེ་ལྟ་བུ་ཞིག་ཡིན་ཡང་། སྔར་གྱི་དམ་པ་གོང་མ་སངས་རྒྱས་དངོས་བྱོན་ཚོའི་ཞབས་རྗེས་རེ་ཟིན་པའི་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་བསམ་གྱིས་ཅི་ཁྱབ། དེ་བཞིན་གཤེགས་པའི་མཐུ་ལས་ཤིང་དང་པདྨོ་ཆུ་ཀླུང་སོགས་ལས་ཀྱང་ཆོས་ཀྱི་སྒྲ་འབྱུང་དུ་རུང་བ་ཡིན་པས། ནམ་མཁའི་ཉི་མ་ལ་ཚ་ཤུགས་ཡོད། ས་གཞིའི་རྩྭ་སྐམ་འབར་མ་རག་པ་ཡིན་ཡང་། བར་དེ་ན་མེ་ཤེལ་ཞིག་བརྒྱུད་དགོས་པ་ལྟ་བུའི་ཚུལ་བྱས་ཏེ། མོས་གུས་ཅན་ལ་བེད་རེ་ཆོད་འགྲོ་བ་ཨེ་ཡིན་ནམ་སྙམ་བཞིན་ཡོད། སྒོམ་བྱེད་དུས་ཐོག་མར་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་གཞག་སྟངས་གཉིས་གལ་ཆེ་ཞེས་པ་ཡིན། རྫོགས་ཆེན་གྱི་སྒོམ་པ་མ་བཅོས་རང་བཞག་ཡིན་ཡང་། བཅོས་མ་ལ་བརྟེན་ཏེ་མ་བཅོས་པ་རྒྱུད་ལ་སྐྱེས་དགོས། ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་ཐབས་ཙམ་ཞིག་མ་བཅོས་པའི་ཐབས་མ་ཡོད་པས་འཆོས་དགོས། དངོས་གཞི་མཉམ་བཞག་ཀྱང་། དང་པོ་འདུ་བྱེད་ཀྱི་དྲན་པ་ནས། རིམ་གྱིས་རྩོལ་མེད་ཀྱི་དྲན་པ་སོགས་ལ་གོམས་སྟོབས་ཀྱིས་འགྱུར་རྒྱུ་ཡིན། དང་པོ་རྟེན་ལུས་ཀྱི་འདུག་སྟངས་ནས་མགོ་བཙུགས་ན། བར་དུ་བརྟེན་པའི་ཡེ་ཤེས་ཀྱི་རང་སྟོབས་རྒྱས་ཡོང་དུས། དེས་ལུས་ཀྱི་སྤྱོད་ལམ་གང་བྱས་ཆོས་ཉིད་ཀྱི་སྣང་སྤྱོད་ལ་འགྱུར་བའི་དགོས་དོན་དེ་འདྲ་ངེས་དགོས། མདོར་ན་ཐུན་བསྡམ་དུས་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་སྟངས་གལ་ཆེ་ཟེར་བ་རེད། ལུས་ཀྱི་འདུག་སྟངས་རྣམ་སྣང་ཆོས་བདུན་བཅའ་དགོས་པ་གོང་དུ་བཤད་མ་ཐག་པ་ལྟར་རེད། སེམས་ཀྱི་བཞག་ཐབས་ཅི་ལྟར་དགོས་ན། མན་ངག་གཞུང་ནས་ཀྱང་གསུངས་པ་ལྟར་དུ། འདས་པའི་རྣམ་རྟོག་གི་རྗེས་མ་བཅད། མ་འོངས་པའི་རྣམ་རྟོག་གི་སྔུན་མ་བསུ། ད་ལྟའི་རྣམ་རྟོག་གི་ངོ་ལ་ཡང་མི་བལྟ་བར་ལུས་སེམས་གཉིས་ཀ་ལྷོད་དེ་ཞོག་དང་། དེ་ལྟ་བུའི་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་ཐབས་དེའི་ནང་ལ་མི་གཡོ་སུམ་ལྡན་གྱི་གནད་ཀྱང་འདུས་ཡོད་པ་ཡིན། མི་གཡོ་སུམ་ལྡན་ཟེར་ན། ལུས་མི་གཡོ་བ་རི་རྒྱལ་ལྟ་བུ། དབང་བོ་མི་གཡོ་བ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུ། སེམས་ཉིད་མི་གཡོ་བ་ནམ་མཁའ་སྤྲིན་བྲལ་ལྟ་བུ་སྟེ། ལུས་མི་གཡོ་བ་རི་རྒྱལ་ལྟ་བུ་ནི་སྒོམ་རྒྱབ་དུས་ལུས་ཚུགས་དྲང་པོ་བྱས་ཏེ་བསྲང་དགོས། ལུས་དྲང་ན་རྩ་དྲང་བ་དང་། རྩ་དྲང་ན་རླུང་དྲང་། རླུང་དྲང་ན་སེམས་ལས་སུ་རུང་བ་ཡིན། དབང་བོ་མི་གཡོ་བ་མཚོ་ལ་གཟའ་སྐར་ཤར་བ་ལྟ་བུ་ནི་དབང་བོ་སྒོ་ལྔ་ཕྱིའི་ཡུལ་གྱི་རྗེས་སུ་འབྲངས་ནས་ཡུལ་ལ་དཔྱད་ར་མི་བྱེད་ཅིང་། ནང་དུའང་མི་སྡུད་པར་དྭངས་སྟོན་ནས་འཇོག་དགོས། ཁྱད་པར་དུ་མིག་འོད་གསལ་འཆར་བའི་སྒོ་ཡིན་པས་ཚབ་ཚུབ་མེད་པར་གཏད་མེད་དུ་འཇོག་དགོས། སྙིང་ཐིག་གི་ལུགས་ལ་མིག་བཙུམ་རྒྱུ་གཏན་ནས་མ་ཡིན། སེམས་ཉིད་མི་གཡོ་བ་ནམ་མཁའ་སྤྲིན་བྲལ་ལྟ་བུའི་དྭངས་ཆ་སྐྱོང་དགོས། རིག་ངོ་སྤྲད་ཟེར་བའི་རིག་པ་དེ་ཆོས་ཅན་སེམས་ཀྱི་ཆོས་ཉིད་སེམས་ལས་འདས་པའི་ཡེ་ཤེས་དེ་ལ་རིག་པ་ཞེས་གསུངས་པ་ཡིན། ངས་རིག་ངོ་ལ་བལྟ་དགོས་སོ་སྙམ་པ་དེ་སེམས་ཡིན། དེའི་ཕུགས་དེད་ནས་སོང་ན་རིག་པ་ལ་ཐུག་འགྲོ་བ་ཡིན། དཔེ་བཞག་ན་རྦ་རླབས་དང་རྒྱ་མཚོ་ལྟར་ཡིན་པ་རེད། སེམས་རྣམ་རྟོག་གི་འཁྲུལ་བའི་དབང་དུ་མ་སོང་ན་སེམས་ཉིད་རིག་པའི་ངོ་བོའི་ཐོག་ཏུ་སོང་ནས། དེའི་སྐབས་སུ་སེམས་ཟེར་བའི་སྡུག་པོ་ཞིག་ཁ་ཁ་ན་ལྷག་ཡོང་རྒྱུ་ཡོད་པ་མ་ཡིན། རྒྱ་མཚོ་རླུང་གིས་མ་བསྒུལ་པར་རྦ་རླབས་རྒྱ་མཚོ་ལ་ཐིམ་སོང་དུས་རྦ་རླབས་ཟུར་ན་ལྷག་མེད་པ་དང་གཅིག་མཚུངས་རེད། དེ་ལྟ་བུའི་རིག་པའི་ངོ་བོ་བསྐྱང་དགོས་སོ་སྙམ་ནས་ཁ་ནང་དུ་འཁོར་མ་ཐག་པའི་ཚོགས་དྲུག་གི་སྣང་བ་མ་འགག་པའི་ཐ་མལ་གྱི་ཤེས་པ་སྟེ། ཤེས་པ་འདི་ལ་དབྱེ་བ་ཕྱེས་ན་དགེ་མི་དགེ་ལུང་མ་བསྟན་གྱི་རྣམ་རྟོག་གསུམ་ཡོད་པ་ལས། དེ་མ་ཡིན་པའི་མ་བཅོས་རང་བབས་སུ་བཞག་བཞག་དུས་བཅོས་བསླད་དང་བྲལ་བ། སྟོང་སང་ངེ། གསལ་ལྷང་ངེ། རྗེན་ཡེ་རེ། ཟང་མ་ཐལ་བྱུང་། བརྗོད་དུ་མེད་པ་ཞིག་ཡོད་པ་དེ་རིག་པ་ཡིན། རིག་པ་སེམས་ལས་འདས་པ་ཡིན་པས་ན་སེམས་ཀྱིས་རིག་པ་མི་མཐོང་། འོ་ན་སུས་རིག་པ་ཡིན་ཞེ་ན་རིག་པ་རང་གིས་རང་རིག་པ་ཡིན། དེ་ལྟར་བཤད་དུས། རྟོག་གེ་བའི་རིགས་འདི་ལ་རྣམ་རྟོག་གི་སྣེ་གཉིས་མ་ཞིག་ཤར་རྒྱུ་ཡོད་པས། འོ་ན་རལ་གྲིས་རང་གིས་སོ་གཅོད་པ་ཐལ་བ་སོགས་སེམས་ཙམ་པ་ལ་བརྗོད་འདུག་རྒྱུ་དེ་དང་འདྲའོ་སྙམ་ངེས། དེ་ལྟ་བུའི་གུ་དོག་གི་རིགས་ལམ་གྱིས་འདི་ནས་ས་ཆོད་པ་མ་ཡིན། རིག་རྩལ་ཤེས་རབ་ཀྱི་རྣམ་ཆར་ཤར་བའི་རྩལ་གྱིས་རང་གི་ངོ་བོ་གཞི་ཐིམ་མམ་ནང་འདྲེས་ཀྱི་ཚུལ་གྱིས་མཐོང་བའམ་རྩལ་ངོ་བོའི་དབྱིངས་དང་རོ་གཅིག་པའི་སྣང་ཚུལ་མངོན་དུ་གྱུར་པ་ལ་བརྡ་ཤེས་པའི་ཐ་སྙད་དུ་རིག་ཅེས་བཞག་པ་ཡིན། སྤྱིར་ན་རིག་པ་ལ་གཞི་ངོ་བོའི་རིག་པ་ཞེས་པ་ཞིག་དང་། རྩལ་ཐུགས་རྗེའི་རིག་པ་ཞེས་པ་ཞིག་གི་རྣམ་དབྱེ་ཡོད། གཞི་དང་གཞི་སྣང་གི་རིག་པ་གང་ཡིན་ཡང་ངོ་བོ་རང་བཞིན་ཐུགས་རྗེ་ཡེ་ཤེས་སུམ་ལྡན་ཡིན། འོན་ཀྱང་རིག་པ་ཡིན་ན་གཞི་དང་གཞི་སྣང་གི་རིག་པ་མ་གཏོགས་མེད་པས་ཁྱབ་པ་མ་ཡིན། འོ་ན་གང་ཡོད་ཞོག་དང་ཟེར་ན། གྲོལ་ས་ལྷུན་གྲུབ་ཀྱི་རིག་པ་དེ་གཞི་མ་རེད་ལ་གཞི་སྣང་ཡང་མ་རེད། གཞི་སྣང་ཡོངས་སུ་ཐིམ་པའི་རིག་པ་རེད། འདིའི་རྫོགས་ཆེན་གྱི་སྐབས་ཀྱི་རིག་པ་འདིའི་སྤྱི་ལྡོག་ནས་བཤད་ཡོང་ན་མ་རིག་པའི་བག་ཆགས་ཕྲ་མོ་དང་བཅས་པ་ཟད་པར་སྤོང་བྱེད་དམ་སྤངས་པའི་འབྲས་བུ་གཉིས་ཀྱི་བསྒྲུབ་གཞི་གཅིག་པོ་དེ་ཡིན། འདིའི་རྣམ་པའི་ལྡོག་ཆ་ནས་བཤད་ཡོང་ན་ངོ་བོ་སྟོང་པ་གཞི་ལས་མ་གཡོས་པའི་རིག་པ་དེ་སྟོང་པ་རིག་པའི་སྙིང་བོ་ཅན། སྟོང་གསལ་དབྱེར་མེད་ཀྱི་རང་བཞིན་ཅན་ཞིག་ཡིན། རང་བཞིན་གསལ་བ་མདངས་ནང་གསལ་གྱི་རིག་པ་དེ་གསལ་བ་རིག་པའི་སྙིང་བོ་ཅན་གསལ་སྟོང་དབྱེར་མེད་ཡིན། ཐུགས་རྗེ་ཀུན་ཁྱབ་གདངས་ཕྱི་གསལ་གྱི་རིག་པ་དེ་རིག་པ་སྟོང་བའི་སྙིང་བོ་ཅན་རིག་སྟོང་དབྱེར་མེད་ཡིན་པ་དེ་འདྲ་རེད། སྐབས་དོན་རིག་པའི་རང་ངོ་རང་གིས་ཤེས་པའི་རིག་རྩལ་ཤེས་རབ་ཀྱི་རྣམ་ཆར་ཤར་བའི་ཐུགས་རྗེའི་རིག་པ་དེ། དང་པོ་གཞི་ལས་གཞི་སྣང་ལ་གཡོ་དུས་ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔ་ཞེས་པ་ཤིན་ཏུ་ཕྲ་བའི་རླུང་ཞིག་གིས་ཕྱིར་གསལ་དུ་བསྐུལ་ནས་སད་པ་བྱས་པ་ཡིན། ད་ལྟ་ཡང་དེ་ཉིད་ལམ་དུ་བྱས་ཏེ་རིག་པ་རང་གི་རང་གཤིས་ལ་བཞག་ན། དང་པོ་ཞིག་ནས་གཉུག་མའི་རང་གཤིས་ལ་རང་ཤུགས་ཀྱིས་ཡོད་པའི་མཁྱེན་ཆ། ཤེས་རབ་སྲོག་ཏུ་གྱུར་པའི་རླུང་ལྔ་ཞེས་པ་བླ་མེད་ཐུན་མོང་གི་རྫོགས་རིམ་གྱི་ཆོས་སྐད་བྱས་ན་རླུང་འོད་ཟེར་ལྔ་བས་གཏིང་ནས་གཡོ་བར་བྱས་ཏེ་སྤྲོས་ཡོང་བ་ཞིག་ཡིན་པའི་ཕྱིར་ན། ད་ཕྱིར་དེའི་ངོ་བོ་མི་རྟོག་པའི་དབྱིངས་ལ་འཇུག་སླ་བས་མི་ཚད་པར་འཇུག་སྟོབས་ལྷག་ཏུ་ཆེ་བ་རེད། དེས་ན་ཐུགས་རྗེའི་རིག་རྩལ་དང་སེམས་ཀྱི་རྣམ་རྟོག་གཉིས་ལ་ཅི་ཞིག་གི་ཁྱད་པར་ཡོད་ཅེ་ན། སེམས་ནི་ཡུལ་རྗེས་སུ་འབྲངས་མཁན་ཞིག་སྟེ། ཡུལ་མེད་ན་རྣམ་རྟོག་འཆར་ཁ་མི་ཉན་པ་ཡིན། ངས་གཏན་ནས་དྲན་བྱ་མིན་པ་ཞིག་དྲན་ནོ་ཟེར་ནས་དྲན་ཐབས་མེད་པ་ཡིན། ཐུགས་རྗེའི་རིག་རྩལ་ནི་ཁ་ཕྱིར་བལྟས་གཟུང་འཛིན་གྱི་རྗེས་སུ་མི་འབྲངས་པ། སྣང་བ་སྣ་ཚོགས་སུ་སྣང་ཡང་། ཅི་སྣང་ཅི་ཤར་ཐམས་ཅད་ཡུལ་རྗེས་སུ་ཕར་འབྲངས་ནས་ཤར་བ་མ་ཡིན་པར། མེ་ལོང་གི་ངོར་གཟུགས་བརྙན་ཤར་བ་ལྟར་དུ་རིག་པའི་ཀློང་དུ་ཚུར་མཉམ་གདལ་དུ་ཤར་བ་ཞིག་ཡིན། རང་སྣང་གཞན་སྣང་དུ་བཟུང་བའི་རྨོངས་པ་དེ་ལ་ཞུགས་མ་མྱོང་བས་ན་ངོ་བོའི་དབྱིངས་ཀྱི་ཐོག་ཏུ་ལྷག་མཐོང་གི་ཏིང་འཛིན་ནམ་ཤེས་རབ་ལྷག་པར་གསལ་སྣང་བརྟན་པ་དཔེར་ན་སྒྲོན་མེ་རླུང་གིས་མི་སྐྱོད་པ་ལྟ་བུ་ཞིག་འབྱུང་བ་ཡིན། དེ་ལྟ་བུའི་གསལ་སྣང་ཐོན་པ་དེ་ཡང་གསལ་བ་དམིགས་གཏད་ཅན་མིན་པ་དང་། རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ན་བརྗོད་མེད་ཟང་ཐལ་དམིགས་གཏད་དང་བྲལ་བའི་རིག་པའི་དབྱིངས་དེར་ལྷག་པར་དུ་འདྲེས་བདེ་ཞིང་འདྲེས་སྟོབས་ཆེ་བ་ཞིག་ཡིན། རིག་པའི་ངོ་བོ་དེ་བཅོས་བསླད་དང་བྲལ་བ། སྟོང་སང་ངེ་། གསལ་ལྷང་ངེ་། རྗེན་ཡེ་རེ་ཟང་མ་ཐལ་བྱུང་བརྗོད་དུ་མེད་པ་ཞིག་ཡིན། ཁ་ནང་དུ་འཁོར་མ་ཐག་པར་ཡོད་པ་དེ་རེད། རིག་པའི་ངོ་བོ་དེ་ཅིར་ཡང་མ་གྲུབ་པ་ཞིག་ཡིན་པས་ན། དེའི་གོ་བརྡ་སྤྲོད་བྱེད་ལ་སྟོང་སང་ངེ་ཞེས་བརྗོད་པ་ཡིན། དེ་དང་ཅུང་ཟད་དོན་གྱིས་ཐག་ཉེ་གི་བསམས་ནས་དེ་ལྟར་བརྗོད་པ་ཡིན། ཡང་སྟོང་པ་ཕྱང་ཆད་ཅིག་ལ་གོ་བ་ལེན་འགྲོ་ངེས་ཆེ་སྙམ་ནས། རྨུན་ཞིང་འཐིབས་པ་མ་ཡིན་པར་འཁོར་འདས་ཀུན་ལ་རང་གསལ་བའི་ཆ་ནས་གསལ་ལྷང་ངེར་ཡོད་པ་ཞིག་ཡིན་ཞེས་བཤད་པ་རེད། དངུལ་ཆུ་དཀར་མོ་ས་ཐོག་ཏུ་ལྷུང་ན་རྡུལ་མི་འགོས་པ་བཞིན་དུ་རིག་པའི་གཤིས་ལ་མཚན་མའི་སྤྲོས་པས་མ་གོས་པས་ན་རྗེན་པ་ཞེས་བརྗོད་པ་ཡིན། རྣམ་རྟོག་དང་ཉོན་མོངས་གང་ཡང་རིག་པའི་ངང་ལ་མི་ཆགས་ཤིང་དེར་ཐོགས་ཡོང་ས་དང་གནས་ཡོང་ས་ཞིག་མེད་པ་ཡིན་པས་ཟང་མ་ཐལ་བྱུང་། རིག་པ་འདི་འདྲ་ཞིག་རེད་ཅེས་ཟེར་དགོས་པ་ཡིན་ན་ཟེར་རྒྱུ་མེད་པ་སྨྲ་བརྗོད་ཀྱི་ཡུལ་ལས་འདས་སོང་བ་ཞིག་ཡིན་པས་ན་བརྗོད་དུ་མེད་པ། བརྗོད་དུ་མེད་པའི་དོན་དེ་བསམ་དུ་མེད་པའང་ཡིན་ཤག་ཤག་རེད། དེས་ན་རིག་ཐོག་ཏུ་བཞག་དུས་འདི་སྒོམ་ཞེས་པའི་ངོ་བོ་ངོས་བཟུང་མེད་རུང་། གསལ་སྟོང་བརྗོད་མེད་འདི་མིན་ན་ཅི་ཡིན་སྙམ་པའི་ཐེ་ཚོམ་ནང་ནས་ཆོད་པ་ཞིག་ཤར་ཡོང་རྒྱུ་དེ་རིག་པ་ཡིན་ནི་རེད། དེའི་གསལ་སྟོང་བརྗོད་མེད་དེའི་ངང་ལ་བཞག་ནས་དེའི་ངང་མ་ཤོར་དུས་ཆོག་པ་ཡིན། འོན་ཀྱང་ཐུ་མོ་ཞིག་སྒོམ་བཞིན་ཡོད་དོ་སྙམ་པའི་ཆེད་འཛིན་གྱི་ཞེན་པ་ཡང་ཡོད་རུང་བ་མ་ཡིན། དེ་མི་རུང་བའི་སྟབས་ཀྱིས་སྤྲིན་དཀར་ནག་གཉིས་ཀ་སྒྲིབ་བྱེད་ཀྱི་དཔེ་ལ་འདིའི་ཐད་ནས་བཞག་པ་རེད། རང་ངོ་རང་གིས་ཤེས་རྒྱུ་དེ་ཤེས་རྒྱུ་དང་ཤེས་མཁན་གཉིས་མེད་པ་ཞིག་ཡིན། སེམས་ཞེས་པ་འདི་ཡང་ན་གནས་པ་ཞིག ཡང་མིན་ན་འཕྲོ་བ་ཞིག་རེད། དེ་གཉིས་ཀའི་ཐོག་ནས་རིག་པ་ངོ་སྤྲོད་ཐབས་ཡོད་པ་རེད། ཡོད་པའི་རྒྱུ་མཚན་གང་གི་སྐབས་ཡིན་ཡང་རིག་པ་འབྲལ་མེད་དུ་ཡོད་པས་ཡིན། འོན་ཀྱང་ལས་དང་པོ་བ་ལ་ཅུང་ཟད་འཕྲོད་སླ་བའི་གནས་འགྱུ་གཉིས་ཀྱི་བར་ནས་ངོ་སྤྲད་ན། གནས་ཆ་མི་རྟོག་པ་རྟིང་པོ་དེ་ལས་ཡར་སད། འགྱུ་ཆ་རྣམ་རྟོག་ཕྲ་རགས་སུ་ཤར་བ་ཡང་མ་ཡིན་པའི་རང་བབས་རང་སོར་བཞག་པའི་ཤེས་པ། ཡུལ་རྗེས་སུ་ཕར་མི་འབྲངས་པའི་ཆ་ནས་སེམས་ཀྱང་མིན་ལ། མེ་ལོང་གི་ངོར་གཟུགས་བརྙན་ཤར་བ་དང་འདྲ་བར་ཚུར་ཚོགས་དྲུག་མ་འགག་པར་ཤར་བ་ལ། བདག་འཛིན་ཞེན་པ་དང་བྲལ་བའི་སྟོང་གསལ་འགགས་མེད་རང་ཤར་ཡིན་པའི་ཆ་ནས་ཤེས་པ་ཞིག་ཀྱང་ཡིན་པ་ལྟ་བུ། སྣང་ཡུལ་མ་འགགས་པར་ཆུ་ནང་གི་ཟླ་གཟུགས་ལྟར་ཤར་ཡང་། སེམས་ཀྱང་མིན་པའི་སེམས་ཉིད་འཛིན་མེད་སྟོང་ཞིང་གསལ་བ་བཅོས་བསླད་མེད་པ་ཞིག་ཡོད་རྒྱུ་བོ་དེའི་མིང་ལ་རིག་པ་ཟེར་ནི་རེད། དེ་ལྟ་བུའི་རིག་པ་སྟོང་གསལ་འཛིན་མེད་དེ་ལ་སྐུ་བཞི་ཚང་ཞིང་། རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་གཞི་ལམ་འབྲས་གསུམ་གྱི་གནད་ཐམས་ཅད་དེའི་ནང་ལ་འདུས་པ་ཡིན། རིག་པའི་ངོ་བོ་ཅིར་ཡང་མ་གྲུབ་པའི་སྟོང་སེང་ངེ་བ་བརྗོད་བྲལ་སེམས་དང་ངག་གི་ཡུལ་ལས་འདས་པ་སྨྲ་བསམ་བརྗོད་མེད་དེ་ངོ་བོ་སྟོང་པ་ཆོས་སྐུ་ཡིན། སྟོང་པ་ཕྱང་ཆད་མ་ཡིན་པར་རང་བཞིན་མ་འགགས་འཁོར་འདས་ཀུན་ཏུ་རང་གསལ་བ་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུ་ཡིན། རིག་སྟོང་འཆར་བ་མ་འགག་པ་རིག་པའི་ཆོ་འཕྲུལ་ཅི་ཡང་འཆར་བ་དེ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་བའི་སྐུ་ཡིན། དེ་གསུམ་པོ་ངོ་བོ་དབྱེར་མེད་སྒྲ་རྟོག་གི་ཡུལ་ལས་འདས་པ་ངོ་བོ་ཉིད་སྐུ་དང་། རང་རིག་ཅི་ཡང་མ་གྲུབ་པ་མཁའ་ལྟར་དག་པ་དབྱིངས་རིག་སྟོང་དབྱེར་མེད་གང་ཡིན་པ་དེ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཡིན། གོང་ནས་བཤད་པ་ལྟར་ཉིན་དཀར་དཀར་མོ་ལ་མིག་ལྡན་གྱིས་གཟུགས་ལ་བལྟས་པ་ལྟར་རིག་པའི་རང་ངོ་ཤེས་པ་དེ་ལྟ་བ། དེའི་ངང་མི་ཤོར་བར་རང་བབས་སུ་འཇོག་པ་ནི་སྒོམ་པ། དེའི་བོགས་འདོན་གྱི་ཆེད་དུ་ཆགས་མེད་ཞེན་བྲལ་གྱི་རྩལ་སྦྱོང་བྱེད་པ་ནི་སྤྱོད་པ། རེ་དོགས་བཟང་ངན་མེད་པའི་རོ་མཉམ་གྱི་རང་ས་ཟིན་པ་ལ་འབྲས་བུ་ཞེས་གསུངས་པ་ཡིན། རིག་པ་རང་བྱུང་གི་ཡེ་ཤེས་བཅོས་བསླད་དང་བྲལ་བ་རང་ཐོག་ནས་ངོ་ཤེས་པ་དེ་ངོ་རང་ཐོག་ཏུ་སྤྲད་པ་ཡིན། དེ་ཆོས་སྐུ་བློ་འདས་ཀྱི་དགོངས་པ་ལས་མི་གཡོ་བ་ཤེས་ཤིང་ཐག་གཅོད་པ་དེ་ཐག་གཅིག་ཐོག་ཏུ་བཅད་པ་ཡིན། ངང་དྭངས་སྤྲོས་པ་དང་བྲལ་བ་དེའི་ངང་ལ་བཞག་དུས་སྤང་བླང་ཐམས་ཅད་ནམ་མཁའི་བྱ་རྗེས་ལྟར་འཛིན་རྩོལ་མེད་པར་འགྲོ་བ་ནི་གདེང་གྲོལ་ཐོག་ཏུ་བཅའ་བ་ཡིན། དེ་ལྟར་མཉམ་པར་བཞག་དུས་དྭངས་ལ་མི་གཡོ་བ་རྒྱ་མཚོ་རླབས་ཀྱིས་མ་བསྒུལ་བ་ལྟར་སེམས་རྣམ་རྟོག་གི་སྤྲོས་པ་ཞི་བའི་ཆ་ཞི་གནས་དང་། གསལ་གདངས་ངར་དང་བཅས་པའི་རིག་པ་སྟོང་གསལ་འགགས་མེད་དུ་ཤར་བའི་ཆ་ལྷག་མཐོང་ཡིན། དེ་ལྟ་བུའི་ཞི་ལྷག་ཟུང་དུ་འཇུག་པའི་རིག་ངོ་བསྐྱངས་ཏེ་བདེ་གསལ་མི་རྟོག་པའི་ཉམས་གང་ཤར་ནའང་དེ་ལ་ཞེན་པ་དང་འཛིན་པ་མ་ཞུགས་པར་སྒོམ་དགོས། ད་རུང་འདི་ལ་གཞི་ལམ་འབྲས་གསུམ་ཡང་ཚང་བ་ཡིན། གཞི་རིག་པ་རང་ལ་ཡེ་ནས་གནས་པ་དེ། ལམ་བླ་མའི་མན་ངག་གིས་དེ་ཉིད་ཀྱི་ངང་ལ་གཡོ་བ་མེད་པར་གནས་པར་སྒོམ་དུས། འབྲས་བུ་རིག་ཐོག་ཏུ་འཁོར་འདས་མཉམ་ཉིད་ཡེ་གྲོལ་ལ་ཡང་གྲོལ་གྱི་དག་པ་ཉིས་ལྡན་དུ་མངོན་དུ་འགྱུར་ཐུབ་པ་དེ་ལྟ་བུའི་གཞི་ལམ་འབྲས་གསུམ་ཡང་ཚང་ནི་རེད། མདོར་ན་ཞེན་པ་དང་འཛིན་པ་མ་ཞུགས་པར་རང་གྲོལ་རྗེན་པར་སོང་དུས། རིག་པ་རྗེན་པ་ལ་ཡང་ལས་ཡང་བཅོས་ཀྱི་ཉམས་ཞེན་གྱི་སྤྲོས་པའི་ཤུན་པ་མ་བསྐོན་དང་། གཞན་གྱི་གོལ་ས་ནོར་ས་ཞིག་ཡོད་པ་མ་ཡིན། ཐག་དེའི་ཐོག་ཏུ་གཅད་དགོས་པ་ལས་དེ་བས་ཡག་ཅིག་དང་དེ་བས་མཛེས་ཤིག་ཡོད་རྒྱུ་རེད། ང་ལ་རིག་པ་ཨེ་ཡོད་ཀྱང་ཅི་ཤེས། ཡོད་ནའང་ལས་སླ་མོ་ཞིག་གིས་ལོན་རྒྱུ་མ་རེད་སྙམ་ན། གླང་པོ་ཁྱིམ་དུ་བཞག་ནས་གླང་རྗེས་ནགས་སུ་འཚོལ་བ་གོང་དུ་གསུངས་པ་ལྟ་བུ་དང་། སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །བླ་མའི་མན་ངག་སྟོབས་ཀྱིས་མཐོང་བར་ཤོག །ཅེས་པ་དེའི་ཐོག་ཏུ་ཐོན་པ་རེད། དེ་ལྟ་བུའི་གུ་ཡངས་ཡན་པ་བློ་བདེའི་ཐོག་ནས། ལྟ་བ་མཐོན་པོའི་སྟོང་སྐད་ཀྱིས་འུར་དེ་རྒྱག་སྔ་མི་བྱེད་པར། སྤྱོད་པ་ཞིབ་མོའི་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་སྤང་བླང་འདོར་ལེན་བྱས་ནས། ཐེག་ཆེན་ཐུན་མོང་གི་ཆོས་སྐད་ལྟར་དུ་བྱས་ན་ཡང་། མཉམ་བཞག་ནམ་མཁའ་ལྟ་བུ་དང་། རྗེས་ཐོབ་སྒྱུ་མ་ལྟ་བུ་གཉིས་ཀ་དང་པོ་རེས་འཇོག་ཏུ་འབྱུང་ཞིང་། གོམས་ནས་ཟུང་འཇུག་ཏུ་ཤར་དགོས་པ་རེད། མདོར་ན་དྲན་དང་ཤེས་བཞིན་བག་ཡོད་གསུམ་དང་མ་བྲལ་བར། མལ་ན་ལུས། ལུས་ན་སེམས། སེམས་ན་ལྷོད་ཡོད་པ། གང་སྣང་ལྟ་བའི་ལམ་ཁྱེར་དང་། གང་ཤར་སྤྱོད་པའི་བོགས་འདོན་ལ་འགྲོ་བ་ཞིག་བྱེད་དགོས། ཞེན་འཛིན་ཆེ་བ་ལྟ་བའི་གེགས་ཡིན། ཡེངས་པ་ཆེ་བ་སྒོམ་པའི་གེགས་ཡིན། ཚུལ་ཁྲིམས་འཆལ་བ་སྤྱོད་པའི་གེགས་ཡིན། གེགས་དེ་ཚོ་དང་བྲལ་བའི་ནང་རྐྱེན་རང་གིས་ཚང་བ་ཞིག་བྱས་ན། ཕྱི་རྐྱེན་གྱི་གེགས་དང་འཚེ་བ་མཐུན་རྐྱེན་དུ་འགྲོ་ནས། བློ་ཆོས་སུ་འགྲོ། ཆོས་ལམ་དུ་འགྲོ། ལམ་གྱི་འཁྲུལ་བ་སེལ། འཁྲུལ་བ་ཡེ་ཤེས་སུ་འཆར་བའི་སྨོན་ལམ་ཡོངས་སུ་འགྲུབ་སྟེ་ཕྱོགས་ལས་རྣམ་རྒྱལ་གྱི་བརྟུལ་ཞུགས་མཐར་ཕྱིན་དུ་ཡོད་པ་ཡིན། འོན་ཀྱང་དུས་སྙིགས་མའི་གང་ཟག་ཚིག་དང་གྲགས་པའི་རྗེས་སུ་འབྲངས་རྒྱུར་དགའ་མཁན་ཏག་ཏག་མང་བ་ཡིན་པས། གསང་བ་ཆེན་པོའི་མན་ངག་གི་གནད་ཅིག་བསྟན་པ་བས་ལྷ་མཐོང་འདྲེ་མཐོང་བཤད་ན་མགུ་སླ་ཡང་། དོན་བཞིན་དུ་གཏམ་སྟོན་ཞིང་། ཆོས་བཞིན་དུ་གདུལ་བྱ་སྐྱོང་མཁན་གྱི་དགེ་སྦྱོང་ཆོས་སྨྲ་བ་ཞིག་གི་ངང་ཚུལ་ལ་སྨོན་པའི་འུ་གུ་ཉམ་ཆུང་གྱི་ནས་འཚོ་བའི་ཆོས་པ་ཕལ་བ་སྤྱིར་བཏང་བ་ཞིག་ལ་དེ་འདྲའི་ཁ་སྟབས་དང་སྤྱོད་ཡུལ་མ་ལྡན་སོང་བའོ། །དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག། ༈ ཡཱ ཁ་སང་ཞིག་ལ་དབང་གི་སྐབས་སུ་འགའ་རེས་དངོས་རྫས་ཀྱི་འབུལ་བ་འདྲ་རེ་འཇོག་གིན་བསྡད་ཟིག སྒོར་མོ་དང་ཁ་བཏགས་དང་སྔགས་མང་གི་དོ་དམ་པས་དེའི་སྐབས་ལ་མཛད་གིན་ཡོད་ནི་རེད། དེའི་ཕྱོགས་སྡོམ་རྗེས་ནས་བྱེད་རྒྱུ་རེད་ཀྱང་། ཁ་སང་གི་དངོས་འབུལ་ཙ་གེ་ཙིག་གེ་ཚོ་ད་སུའི་ཡིན་པ་མི་ཤེས་ཀྱང་། དགུ་རོང་ཚང་གིས་དུང་ཤན་མ་ཆ་ཞིག་ཕུལ་ཡོད་གི ཆོས་དུང་རྟེན་འབྲེལ་བཟང་པོ་ཡིན་པ་རེད། དེ་ངས་བླངས་ནས་ཕྱིར་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་ནང་བསྟན་སློབ་གླིང་གི་ས་བོན་ཞིག་བཞག་པ་དེ་ལ་ཕྱིར་ཕུལ་བ་ཡིན། ད་དེང་སང་གི་བཤད་ལུགས་བྱས་ན། སྔགས་པའི་ནང་བསྟན་སློབ་གླིང་འདི་མེད་པ་ནས་ཡོད་པར་གྱུར། ཆུང་བ་ནས་ཆེ་བར་འཕེལ་རྒྱས་གཏོང་རན་གྱི་དུས་ལ་བབས་པ་རེད། གཅིག་དེ་སྣེ་ཁྲིད་ཀྱི་ནུས་པ་དང་། གཉིས་དེ་ན་གཞོན་གྱི་ཕྱི་རབས་པ་སྔགས་མང་རང་གི་མང་པོ་གཅིག་མཐུན་གྱི་སྟོབས་ཤུགས་ལ་རག་ལས་ཀིན་ཡོད་ནི་རེད། ད་ལྟ་ཧ་ཅང་མི་མངོན་པའི་སྟོབས་ཤུགས་ཕྲ་མོ་ས་བོན་གྱི་ནུས་པ་འདི་རྒྱུ་རྐྱེན་ཚོགས་ན་ཡར་ནར་སོན་ནས། ལོ་འདབ་དང་མེ་ཏོག་ཕྱོགས་བཅུར་རྒྱས་ཐུབ་ནི་རེད། ངས་དོ་ཞག་ཉིན་ཞིག་བཤད་ནི་ཅན་པོ། འདིའི་སློབ་གླིང་འདི་རྒྱལ་ཡོངས་ཀྱི་རང་བཞིན་ཅན་ནས་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གླིང་ཆེན་པོ་ཞིག་ལ་འགྱུར་རྒྱུའི་མདུན་ལྗོངས་ཡོད་ནི་རེད་ཅེས་བཤད་པ་ཡིན། ངོ་མས་བཤད་ན། དེ་རིང་ཁ་སང་གཟུགས་སུ་མ་གྲུབ་པའི་རིག་གནས་ཀྱི་ཤུལ་བཞག་ཟེར་དུས། རིན་ཐང་ཆེ་བར་འཛམ་བུ་གླིང་གི་མི་ཡིས་བརྩི་གིན་ཡོད་པས། ས་འདི་ལ་དེའི་ཆད་པ་ཁ་སྐོང་མ་ཐུབ་པ་དེ་མི་རིགས་རིག་གནས་ཀྱི་བྱ་བ་སྒྲུབ་མཁན་ཞིག་ལ་མཚོན་ན་ཞན་ཆ་ཡིན་ནི་རེད། ས་འདིར་ཐོལ་སྐྱེས་ཀྱི་མི་བྱ་བ་དེའི་ཕྱོགས་ལ་གཏད་པའི་འགན་དབང་ཅན་ཞིག་ལ་མཚོན་ན། མ་འོངས་ཕྱི་རབས་ཀྱི་མིས་བལྟས་ཡོང་ན་ཞབས་འདྲེན་ནས་ནག་ཉེས་ལ་བརྩི་རྒྱུ་རེད་སྲིད་རྒྱུ་རེད་བསམ་རྒྱུ་དེ་འདྲ་ཞིག་ཡིན་པ་རེད། སྔགས་པའི་སློབ་གླིང་ནི་སུས་བཙུགས་བཞག་ནའང་ཆོག་ཆོག་རྒྱུ་རེད་ཀྱང་། ས་འདིར་སྔར་གྱི་ལོ་རྒྱུས་ཀྱི་ཐོག་ནས་ཕུར་ཐོགས་སྟོང་དང་དགུ་བརྒྱའི་ལྟེ་གནས། ད་ཡོད་དེ་བས་ཀྱང་མང་བའི་སྔགས་མང་གི་ནུས་པ་འདི་ལྟར་ཐོར་བུར་ཁ་གྲམ་ནས་གཅིག་གྱུར་མ་ཐུབ་པར་སྔགས་སྡེའི་དབུ་འཕང་འདི་ལྟར་ཉམས་ཞན་དུ་འགྲོ་གིན་ཡོད་པ་དེ་འདྲའི་དུས་ཚོད་ལ་འཁེལ་བ་རེད། གཅན་ཚ་རྫོང་ཟེར་རྒྱུ་འདི་མདའ་མོའི་སྐད་གྲགས་ཡོད་སའི་རྫོང་རེད། མདའ་སུས་འཕངས་ན་ལོས་ཆོག་ཀྱང་། ས་འདི་ན་ཁྱད་འཕགས་ཀྱི་ལོ་རྒྱུས་ཡོད་པ་དེའི་ལོ་རྒྱུས་རྩལ་འདོན་གྱིས་དངོས་ཡོད་ཀྱི་གནས་ཚུལ་ལ་རིན་ཐང་སྔོགས་ཐུབ་ཡོད་པ་བཞིན་དུ་དེ་ལས་ཀྱང་རིན་ཐང་ཆེ་བའི་སྔགས་གྲྭ་ཡི་ནུས་རྒྱུའི་འབྱུང་ཁུངས་ཤིག་ཡོད་པ་འདི་བསྔོག་འདོན་ཐུབ་རྒྱུ་ཡིན་ན། ས་གནས་མི་རིགས་ཀྱི་ལས་སྐལ་དང་དབང་ཐང་ལ་ཡང་འགྱུར་ལྡོག་ཆེན་པོ་ཞིག་གཏོང་སའི་ས་ཁོངས་མདུན་ན་གནས་པ་རེད། གང་ལྟར་ཡང་ཆོས་དུང་རྟེན་འབྲེལ་གྱིས་ཕྱིར་བཞེས། སང་གནངས་ད་རུང་རིག་ངོ་སྤྲད་དགོས་ས་དང་། ཐོད་རྒལ་རིག་པའི་རྩལ་དབང་གི་དོད་པོ་ཞིག་ཀྱང་ཡོད་པས། དེ་ཚོའི་སྐབས་ལ་འབུལ་བའི་རིགས་ཁྱེར་མ་ཡོང་། གནའ་ལོ་ཆེན་བེེ་རོ་ཙ་ན་ཡིས། ལོ་བརྒྱད་ལོན་ནས་ལྔ་བཅུ་རྩ་བཞིའི་བར་དུ་དཀའ་བ་སྣ་ཚོགས་སྤྱད་དེ་རྒྱ་ཆོས་བོད་ལ་དྲངས་ཡོང་དུས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས། ཆིབས་པ་མཚལ་ལུ་སྨུག་པོ་ལ་ཁྲ་བོ་སྟག་གི་སྒ་ཆས་སྤྲས་ཏེ་ཕུལ་ནས། ཁྱེད་ཀྱིས་རྫོགས་ཆེན་སེམས་སྡེ་ཤོད་ཟེར་དུས། བེེ་རོ་ཙ་ན་ཡིས། ལྟ་བའི་རྒྱལ་པོ་ནམ་མཁའ་ཆེ། །དུད་འགྲོའི་རྒྱལ་པོ་རྟར་མི་འཚོང་། །དུད་འགྲོའི་རྒྱལ་པོ་རྟར་འཚོང་ན། །དུས་གསུམ་རྒྱལ་བའི་ཐུགས་ཀྱིས་ཁྲེལ། །ཞེས་གསུངས་པ་བཞིན་དུ་དུས་ཐ་མའི་གནས་སྐབས་འདི་ནས་རྫོགས་པ་ཆེན་པོའི་ཆོས་རྒྱུན་གཙང་མ་ཞིག་མཐུད་རྒྱུའི་སྐལ་བ་ལྡན་པ་ནི། རང་ངོས་ནས་བསྟན་ལ་ལྷག་བསམ་དག་པའི་སྲི་ཞུ་མ་ཆུང་བ་ཞིག་འགྲུབ་པའི་འདང་ཡོད་བཞིན་དུ། དེའི་ཟུར་ནས་ནོར་རྫས་ཤིག་གི་རིན་ཞིག་ཅི་ལ་ལེན་ཏེ། ངས་གནའ་ཞིག་ལ་རྩོམ་ཡིག་ཅིག་བྲིས་པའི་ནང་ན། ལས་དང་སྐལ་བ་མཆོག་ཏུ་མ་ལྡན་ན། །གདམས་ངག་ཟོང་དུ་མ་འཚོང་སྐུ་ཚེ་རིང་། །དུས་བབས་དགོས་གནད་ཤིན་ཏུ་མ་ཆེ་ན། །མཐའ་མི་ཁྲི་ལ་མ་འདོན་བོད་མིའི་རྒྱུད། །ཟེར་བ་ཞིག་འབྲི་མཁན་དེ་ང་ཡིན་ནི་རེད། རང་ཚིག་སྔོན་མ་སྔུན་ན་བཤད་པ་ལ། སུན་འབྱིན་ལག་རྗེས་ཕྱི་མས་བྱེད་ཐབས་ཡོད་པ་མ་རེད། ཁྱེད་ཆོས་གྲོགས་ཞལ་གྲངས་སྟོང་ཕྲག་གསུམ་ལྷག་ཡོད་པ་རྣམས་ཀྱིས་ལོ་གསུམ་ལ་མཚམས་ཀྱི་བཅད་རྒྱ་བྱས་ནས་རྫོགས་པ་ཆེན་པོའི་ཆོས་ལ་ཉམས་ལེན་མཛད་པའི་དམ་བཅའ་མཛད་པ་འདིའི་ཡན་གྱི་སྒྲུབ་པའི་མཆོད་པ་དང་མནྜལ་ཞིག་མི་དགོས་གི། དགེ་འདུན་པ་སྟོང་ཕྲག་གསུམ་གྱིས་ལོ་གསུམ་ལ་ཉམས་ལེན་དེ་གང་ཟག་གཅིག་ལ་རྩིས་ཤིག་བརྒྱབ་བཏང་ན། མི་གཅིག་གིས་ལོ་སྟོང་ཕྲག་དགུ་ལ་རྫོགས་ཆེན་ཉམས་ལེན་གྱི་མཚམས་ལ་བསྡད་པ་དང་གཅིག་རེད། འདི་ཆུང་ཆུང་ཞིག་མ་རེད། དེ་ཡིན་དུས། བསྟན་པ་དར་ཞིང་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པའི་ཆེད་དང་། རང་གཞན་སེམས་ཅན་ཐམས་ཅད་གནས་སྐབས་དང་མཐར་ཐུག་གི་བདེ་བའི་རྒྱུར་བསྔོས་ན་བསྔོ་རིན་ཡོད་པའི་དགེ་རྩ་རླབས་ཆེན་ཞིག་ཀྱང་རེད་སྙམ་པ་ཡིན། དེ་བཞིན་དུ་ཁྱེད་རྣམ་པས་ཀྱང་ཞལ་བཞེས་དོན་ལ་གནས་པར་མཛད་རྒྱུ་ནི་བོད་སྒང་པའི་ལྟད་མོའི་ཡུལ་ཡིན་པ་མ་ཟད་འཛམ་གླིང་གི་མི་ཚོགས་མི་ཉུང་བ་ཞིག་ལ་ཤུགས་རྐྱེན་ཐེབས་པའི་གཏམ་དོན་གསར་བ་ཞིག་ཏུ་ཡང་འགྱུར་ངེས་པས་དེ་ལྟར་དུ་ཐུགས་བཞག་མཛོད་ཞུ་རྒྱུ་དེ་ཡིན།།

ཐུན་གསུམ་པའི་ཆོས་ཁྲིད།

དེ་ཡང་ཇི་སྐད་དུ། ས་སྐྱའི་ཞེན་པ་བཞི་བྲལ་ལས། ཚེ་འདི་ལ་ཞེན་ན་ཆོས་པ་མིན། །འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་གསུངས་པ་ལྟར་དུ་དམ་པའི་ལྷ་ཆོས་བསྒྲུབས་ནས་རང་གཞན་གཏན་བདེའི་འདུན་མ་དོན་དུ་གཉེར་མཁན་ཞིག་ལ་ཐོག་མ་ཉིད་ནས་མེད་དུ་མི་རུང་བ་དེ་གང་ཡིན་པ་རེད་ཟེར་ན། དད་པ་དང་ངེས་འབྱུང་གཉིས་ཀ་སྟེ། དད་པ་དེ་ཆོས་སྣང་བའི་སྒོ་ཡིན་པས། ནང་བ་སངས་རྒྱས་པའི་ཆོས་སྒོར་ཞུགས་ནས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ན་འཇིགས་དང་དད་པས་གཞི་བྱེད་དགོས་པ་ཡིན། དང་པོ་ནས་ལས་འབྲས་ཡིད་ཆེས་ཀྱི་དད་པ་ཙམ་ཡང་མེད་ན་ནི། ཚེ་ཕྱི་མ་དང་ཐར་བའི་གོ་འཕང་ཁས་མ་བླངས་པས་ངེས་འབྱུང་སྐྱེ་བའི་གཞི་ཞིག་ཡོད་དོན་ཡོད་པ་མ་རེད། ཡིན་ན་ཡང་རང་རེ་ཆོས་ལྡན་བོད་ཀྱི་ས་ཆ། ཆོས་ཚིགས་ཀྱི་ཡུལ་དབུས་ལ་སྐྱེས་པའི་མི། ཆུང་བྱིས་པའི་དུས་ནས་ཨ་མ་དང་མ་ཎི་མཉམ་ངེས་བྱེད་མཁན་གྱི་མགོ་ནག་ཕྲེང་བཟུང་མང་ཆེ་བ་དང་། ཁྱད་པར་དུ་ཆོས་གྲལ་འདིར་ཞུགས་པའི་རབ་སྔགས་ཀྱི་དགེ་འདུན་འདུས་པའི་སྡེ་ལ། ལྷག་ཏུ་སངས་རྒྱས་ཀྱི་བཀའ་ལ་བསླུ་བ་མེད་རབས་དང་། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་བདེན་པ་ཡིན་རབས་བརྗོད་ནས་སྒྲུབ་བྱེད་མང་པོ་བཀོད་ནས་རྩོད་པ་བྱེད་འདུག་མི་དགོས་པར་རྒྱུ་འབྲས་ཡིད་ཆེས་ཀྱི་དད་པ་རྣམ་དག་ཡོད་པའི་རྨང་གཞིའི་སྟེང་དེ་ནས། ད་ཅི་ཞིག་དགོས་པ་ཡིན་ཞེ་ན། ངེས་འབྱུང་ཡང་དག་ཅིག་སྐྱེ་དགོས་ཏེ། ངེས་འབྱུང་ངོ་མ་ཞིག་གམ་ངེས་འབྱུང་ཡང་དག་ཅིག་རྒྱུད་ལ་མ་སྐྱེས་ན། འཁོར་བའི་སྡུག་བསྔལ་ལ་སྡུག་བསྔལ་ཡིན་པ་མི་ཤེས་པར་ཚེ་འདི་ལ་ཞེན་འདུག་པ་རེད། ཚེ་འདིར་ཞེན་ན་ཆོས་པ་མིན་པ་ནི་གོང་གི་ལུང་གིས་ཤེས་ཤིང་། ཚེ་འདིར་ཞེན་ཆགས་ཆེ་བ་དེས་ཚེ་ཕྱི་མར་ཡང་ལྷ་མིའི་གོ་འཕང་དོན་གཉེར་བྱེད་པ་རེད། མཐོ་རིས་ལྷ་མིའི་གནས་དེ་དག་ཇི་ལྟར་བདེ་བ་དང་སྐྱིད་པའི་སྣང་བ་ཡོད་ཀྱང་གནས་སྐབས་ཀྱི་སྣང་ཚུལ་ཙམ་ཞིག་དང་འཁོར་བ་ལས་མ་འདས་པ་ཞིག་ཡིན་པས་ན། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། །ཞེས་གསུངས་པ་ཡིན། དེ་འདྲ་ཡིན་ཕྱིར་ངེས་འབྱུང་འདིའི་སྟེང་ནས་དང་པོ་རང་གི་རྒྱུད་ལ་བྱི་དོར་ཞིག་དང་གཙང་སྦྲ་ཞིག་བྱེད་དགོས་པ་རེད། ངེས་འབྱུང་ཞེས་པ་འཁོར་བའི་སྡུག་བསྔལ་འགའ་རེ་ཐོག་ཏུ་བབ་ནས་སྡུག་མྱངས་པ་ན། དེ་འདྲ་དེས་དགོས་དོན་མེད་དོ་སྙམ་པའི་དར་ཅིག་རྨུས་འགྲོ་བ་རྐྱང་པ་ལ་ཟེར་བ་ག་ལ་ཡིན། དེ་ནི་ཞེན་ལོག་ཙམ་ཞིག་ཡིན། འཁོར་བ་ལ་ཞེན་པ་ལོག་ནས་དེ་ལས་ཐར་བའི་ཐར་བ་འདི་འདྲ་ཞིག་བསྒྲུབ་དགོས་ལ། འདི་ནས་འདི་ལ་བྲོས་ནས་ཐར་ཐབས་བྱེད་དགོས་སོ་སྙམ་པ་ནི་ཐར་བ་ཐོབ་འདོད་ཡིན། དེས་ན་དལ་འབྱོར་རྙེད་དཀའ་བའི་ཁྲིད་ཀྱིས་དལ་འབྱོར་ཚང་བའི་ལུས་རྟེན་འདི། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ་འདྲ། རྙེད་པ་དོན་ཆེན་ཡིད་བཞིན་ནོར་བུ་འདྲ་འདྲ་ཡིན་པར་ཤེས་པའི་ཐོག་དེ་ནས། ཚེ་མི་རྟག་པའི་ཁྲིད་ཀྱིས་སྐྱེས་པ་ཡོད་ན་དེའི་ལྷན་དུ་འཆི་བ་ཡོད་པ་ཤེས། དེའི་མི་ཚད་འཆི་བ་ནམ་ཡོང་ཆ་མེད་ཡིན་པ་ཡང་ཤེས། དེའི་སྟེང་དུ་ངེས་འབྱུང་རྣམ་པར་དག་པ་ཞིག་འཁོར་བའི་སྡུག་བསྔལ་བསམ་པའི་ཁྲིད་འདིར་བརྟེན་ནས་སྐྱེ་དགོས་པ་རེད། ཁྲིད་ལུགས་གཞན་འགའ་རེའི་ནང་ན་སྐྱེས་བུ་ཆུང་ངུས་ངན་སོང་གསུམ་ལས་བློ་ལྡོག་ནས་མཐོ་རིས་དོན་གཉེར་བྱེད་རྒྱུ་དང་། སྐྱེས་བུ་འབྲིང་གིས་འཁོར་འདས་འགྲོ་བ་རིགས་དྲུག་པོ་མཐའ་དག་ལས་བློ་ལྡོག་སྟེ་ཐར་བ་དོན་གཉེར་བྱེད་པ་འདི་གཉིས་ཙམ་ལས་ལྷག་པར་མ་གསུངས་པའང་ཡོད་ཀྱང་། རང་ལུགས་ཀུན་མཁྱེན་ཡབ་སྲས་ཀྱི་བཞེད་པ་ལ་ནམ་རྒྱུན་ཞུས་པ་ལྟར་དུ་རང་འདོད་ཡིད་བྱེད་ཀྱི་བསམ་པ་ལས་བློ་ལྡོག་པ་དེ་ཉིད་གནད་ཆེན་ལ་བརྩི་བ་ཡིན། དེ་ལ་མཐའ་གཉིས་ལ་མི་གནས་པའི་ངེས་འབྱུང་ཆེན་པོའི་ཐ་སྙད་མཛད་པ་ཡིན། དེ་ལྟར་ན་ངེས་འབྱུང་ཟེར་ཚད་ཐམས་ཅད་ཀྱང་ངེས་འབྱུང་གཅིག་འདྲ་ཏག་ཏག་ཀྱང་མ་ཡིན་པར་གཏན་ལ་ཕབ་ཡོད་དེ། སྐྱེས་བུ་ཆུང་ངུའི་ཀུན་སློང་མཐོ་རིས་དོན་གཉེར་ནི་ངེས་འབྱུང་ཙམ་ཞིག་དང་། ཉན་རང་གཉིས་ཀྱི་ངེས་འབྱུང་གཉིས་དང་རྣམ་པ་གསུམ། ངེས་འབྱུང་ཆེན་པོ་དང་བཞི། ཡང་ན་ཉན་རང་གཉིས་ཀྱི་འཁོར་བ་ལས་ངེས་པར་འབྱུང་སྟེ་རང་དོན་ཞི་བདེར་སྦྱོར་བའི་ངེས་འབྱུང་གཉིས་དང་། བྱང་སེམས་ཀྱི་མཐའ་གཉིས་ལ་མི་གནས་པའི་ངེས་འབྱུང་ཆེན་པོའི་ཁྱད་པར་དུ་ཕྱེས་པའི་ངེས་འབྱུང་དང་རྣམ་པ་གསུམ་ཡིན། དེ་ལྟར་ན་གང་ལས་ངེས་པར་འབྱུང་བ་འཁོར་བའི་སྡུག་བསྔལ་གྱི་རྣམ་གྲངས་ལ་བསམ་བློ་ཞིག་བཏང་ན། འདི་ཚད་དང་གྲངས་ཀྱིས་གཞལ་ཐུབ་རྒྱུ་ཞིག་མིན་པར་ཤེས་ཤིང་། སྤྱིར་ན་སྡུག་བསྔལ་མྱང་བ་པོ་སེམས་ཅན་གྲངས་ཀྱིས་མི་ཁྱབ་པས། དེ་དག་གི་ལས་དང་ལས་གྱི་འབྲས་བུ་སྡུག་བསྔལ་མྱོང་མཁན་ཡང་དེ་བཞིན་དུ་བསམ་གྱིས་མི་ཁྱབ་པ་ཡིན། དེའི་ཕྱིར་ན་འགྲོ་བའི་རིགས་ཙམ་བསྡུས་ཏེ་རིགས་དྲུག་ཅེས་གསུངས་ཡོད་ཀྱང་། དོན་ངོ་མས་བཤད་ན་གང་མྱང་རྒྱུའི་སྡུག་བསྔལ་དང་། གང་གིས་མྱོང་བའི་སེམས་ཅན་གྱི་གྲངས་དང་ཚད་དེ་གཞལ་བར་མི་ནུས་པ་ཟེར་རྒྱུ་ཙམ་ཞིག་ཡིན་ནི་རེད། ནམ་མཁས་གར་ཁྱབ་སེམས་ཅན་གྱིས་ཁྱབ་པ་ཡིན་ན་སེམས་ཅན་གྱིས་གར་ཁྱབ་ལ་ལས་ཉོན་གྱིས་ཁྱབ་པ་དེ་ལྟར་ཡིན་པས་གྲངས་ཚད་ཀྱིས་བཤད་ནས་མདོར་བསྡུ་འོང་རྒྱུ་ཞིག་དཀའ་བ་རེད། མཐོང་ཆོས་སུ་གྱུར་པ་ལའང་ངེད་ཅག་གིས་རིག་ཐུབ་པའི་མི་དང་དུད་འགྲོའི་སྡུག་བསྔལ་ལ་བསམ་བློ་བཏང་བ་ཡིན་ན་རེ་རེ་དང་རེ་རེ་མི་འདྲ་བའི་སྡུག་བསྔལ་ཅི་འདྲའི་མང་པོ་ཞིག་འདུག དེ་མྱོང་བ་པོ་ཡང་འདྲ་དང་མི་འདྲ། དུད་འགྲོའི་རིགས་གྱུར་ལ་བསམ་གྱིས་ཅི་ཁྱབ་ཅིང་། མི་ལ་མཚོན་ནའང་ཡུལ་སྡེ་གྲོང་བ་གཅིག་དང་། ཁྱིམ་ཚང་གཅིག་གི་མི་ཡིན་ཡང་མི་དེའི་གཤིས་རྒྱུད་མི་འདྲ། དེ་བཞིན་དུ་ལས་ཉོན་གྱིས་འཕེན་པ་མི་འདྲ། དེ་མ་འདྲ་སོང་བས་སྡུག་བསྔལ་མྱོང་ལུགས་ཀྱང་འདྲ་དང་མི་འདྲ་བ་ཡིན་པ་ནི་མཐོང་དུ་ཡོད་པ་འདི་བཞིན་ཡིན། མིའི་སྡུག་བསྔལ་སྤྱི་ཁྱབ་ཀྱིས་མྱོང་བ་དེ་ལ་འདང་ཞིག་བརྒྱབ་ན། སྐྱེས་ཚད་འཆི་བའི་རང་བཞིན། སྐྱེས་པ་དེ་འཆི་བའི་དོན་དུ་ཡོང་བ་འདྲ་ཞིག་ཡིན། དོན་མེད་ཀྱི་དཀའ་ལས་དང་སྡུག་བསྔལ་མང་པོ་ཞིག་རང་གར་དེའི་བར་ནས་མྱོང་གིན་བསྡད་པ་མ་གཏོགས། མགོ་སྐྱེས་པ་ནས་བཟུང་སྟེ་མཇུག་འཆི་བས་སྡོམ་པ་དེ་ལུས་ཅན་ཀུན་ལ་འདྲ་འདྲ་བྱས་ཏེ་འབྱུང་བ་ཞིག་ཡིན། ཚེ་འདིའི་དང་པོ་སྐྱེས་པའི་སྡུག་བསྔལ་མྱངས། བར་དུ་རྒས་པའི་སྡུག་བསྔལ་ཡོད། དེ་ནས་ན་བའི་སྡུག་བསྔལ་དེའི་ཞོར་དུ་ཡོད་པ་ཡིན། མཐའ་མ་འཆི་བའི་སྡུག་བསྔལ། དེའི་བར་དུ་ད་རུང་སྡུག་བསྔལ་ལ་བཤད་ཚོད་མེད་རྒྱུ་ཏག་ཏག་ཡོད། ད་ཡང་ཕྱི་མའི་སྐྱེ་བ་ཞིག་ལེན་པའི་དབང་དུ་བཏང་ནས། མཐོ་རིས་མིའི་ལུས་རྟེན་ཏག་ཏག་ལ་བརྒྱུད་འདུག་ཆོག་ཀྱང་། སྡུག་བསྔལ་དེ་དག་གི་མགོ་ནས་བཟུང་སྟེ་མཐར་ཐུག་པའི་བར་དུ་མྱང་དགོས་པ་ལས་ཐབས་མེད་པ་ཡིན། དེའི་སྡུག་བསྔལ་དེ་དག་ད་གཞི་ནས་ཡང་མྱང་དགོས་ན་རྨུས་པ་མ་གཏོགས་བརྙོགས་པ་ཞིག་ག་ལ་ཡོད། ཚེ་འདིའི་འཆི་བའི་སྡུག་བསྔལ་རྐྱང་བ་ལ་བསམ་བློ་ཞིག་བཏང་ན་བར་དོའི་འཇིགས་སྐྲག་གི་སྡུག་བསྔལ་གྱིས་སྔོན་ནས་བསུས་ཏེ། སྐྱེ་བ་ཕྱི་མའི་སྡུག་བསྔལ་ལ་མཚམས་སྦྱར་བའི་སྡུག་བསྔལ་ཡོད་ཚད་མྱོང་དགོས་པ་རེད། མི་ཤི་བའི་དུས་སུའང་འཆི་ཁའི་གནད་གཅོད་ཀྱི་སྡུག་བསྔལ་ཆེ་ཆུང་དེ་རང་རང་གི་ལས་ཀྱི་སྟོབས་ཀྱིས་རྣམ་པ་སྣ་ཚོགས་ཡིན་ཡང་། མི་འདོད་བཞིན་དུ་ཚེ་འདིའི་འཕེན་པ་ཟད། གཉེན་བཤེས་ནོར་རྫས་དང་འགྲོགས་དབང་མེད། བར་དོ་ཆ་མེད་རྒྱུས་མེད་ཀྱི་ཡུལ་ལ་མར་གྱི་ནང་ནས་སྤུ་ཤབ་པ་འདྲ་ཞིག་བྱས་ཏེ་གཅིག་པུར་འགྲོ་དགོས་པའི་དུས་ལ་བབ་དུས་སེམས་འཚེར་མེད་མཁན་ཞིག་ཉུང་ཉུང་རེད། ཤི་བོ་ཁོ་རང་གིས་མི་ཚད་པར་ཤུལ་གྱི་མི་ལ་ཡང་དེ་བཞིན་ཤི་བ་ཐེངས་གཅིག་ལུས་ཐོག་ཏུ་འོང་བ་དང་འདྲ་བའི་ཤི་གསོན་སྣང་བ་ཁ་ཁ་ཡིན་པས། དེ་ཕན་ཆད་དུ་རིག་རྒྱུ་མེད་པར་གཏན་བྲལ་དུ་སོང་བའི་སྡུག་བསྔལ་དེ་ཤི་གསོན་གཉིས་ཀ་ལ་ཡོད་པ་རེད། ཤི་ཚར་བའི་རྗེས་སུ་ཆུ་སྐམ་པ་འདྲ་འདྲ། མར་མེ་ཤི་བ་འདྲ་འདྲ་མེད་སོང་བ་ཞིག་མིན་པར་ཤི་བོ་དེས་བར་དོའི་སྡུག་བསྔལ་མྱང་དགོས་པ་རེད། བར་དོའི་སྡུག་བསྔལ་ཅི་འདྲ་ཞིག་རེད་ཟེར་ན། ས་ཆེན་པོ་དུས་གཅིག་དུ་གཡོས་པའི་སྒྲ་འདྲ་འདྲ། སྟོང་གསུམ་མེ་ཡིས་དུས་གཅིག་ཏུ་ཚིག་སོང་པའི་སྒྲ་ལྟ་བུ། དེ་བཞིན་དུ་རླུང་གིས་གཏོར་བ་དང་། ཆུ་ཡིས་བཤིག་འགྲོ་བ་ལྟ་བུའི་འབྱུང་བ་བཞི་ལས་བྱུང་བའི་འཇིགས་པའི་སྒྲ་བཞི་ཞེས་པ་དང་། ད་རུང་དུག་གསུམ་ལས་གྱུར་པ་སྟེ་འདོད་ཆགས་ལས་གྱུར་པ་གང་ལ་བལྟས་ན་མུན་རབ་རུབ་ཀྱི་དུས་དང་འདྲ་བའི་དམར་ས་ངེ་སེང་ངེ་། ཞེ་སྡང་ལས་གྱུར་པ་སྐྱ་ཟ་ངེ་ཟིང་ངེ་། གཏི་མུག་ལས་གྱུར་པ་ནག་ལྷ་ངེ་ལྷང་ངེ་བའི་ནང་ནས་འཇིགས་ཤིང་ཡ་ང་བའི་དུག་གསུམ་ལས་སྐྱེས་པའི་གཅོང་རོང་གསུམ་ཤར་འོང་དུས་ཅི་ལྟ་བུའི་སྡུག་བསྔལ་ཞིག་མི་ཆེ་ཨང་། གསོན་གྲང་ང་ཁམས་ཀྱི་མི་ལུས་ལོན། དམ་པའི་ཆོས་དང་འཕྲད་རང་ཁ་རང་དབང་ཡོད་དུས་ཧ་མ་གོ ཚོད་མ་ཐིག འདང་མ་ཕོག་པར་དལ་འབྱོར་སྟོང་ལོག་ལག་སྟོང་དུ་སོང་བ་ལ་དེ་དུས་འགྱོད་པ་སྐྱེས་ཀྱང་མི་ཕན་ས་ལ་ཐོན་པ་རེད། ཁྱད་པར་དུ་མི་ཚེ་སྡིག་ལས་ཏག་ཏག་གིས་འདའ་བ་ཐམས་ཅད་ཀྱི་སྣང་བ་མ་དག་པས། མ་དག་ལས་རླུང་གི་རྗེས་དེད་ནས་དམྱལ་བར་སྐྱེ་བའི་ལས་ཅན་ཞིག་ཡིན་ན་བར་སྲིད་ཀྱི་ཚེ་ཕྱེད་དེ་ཕྱི་མའི་དམྱལ་བའི་སྣང་བ་ཤར་ནས་དམྱལ་བར་སྐྱེ་རྒྱུ་དང་། ད་རུང་སྡིག་པ་ཚབས་ཆེན་མཚམས་མེད་ལ་སོགས་པའི་ལས་ངན་བསགས་པ་ཚོ་ནི་བར་དོ་མེད་པར་མར་གྱི་ཟང་ཐལ་དུ་མནར་མེད་ལ་སྐྱེ་རྒྱུ་ཡིན། དམྱལ་བའི་ཚ་གྲང་གི་སྡུག་བསྔལ་དེ་ཚོ་གཙོ་བོའི་ཆ་ནས་སྨོས་པ་རེད། ལས་བསགས་པའི་རྣམ་གྲངས་ལ་མཐའ་མེད་པ་དང་འདྲ་བར་དམྱལ་བའི་སྡུག་བསྔལ་མྱོང་བའི་རྣམ་གྲངས་ཀྱང་ཚིག་ཐོག་ནས་གསུངས་པ་ནི་མཚོན་པའི་སྒོ་ཙམ་ཞིག་ཡིན་པ་དེ་རིགས་པས་བརྟག་ནའང་རྟོགས་རྒྱུ་ཅན་ཞིག་ཡིན་ནི་རེད། དེ་བཞིན་དུ་ཡི་དྭགས་བཀྲེས་ཤིང་སྐོམ་པ། དུད་འགྲོ་བླུན་རྨོངས་བཀོལ་སྤྱོད་དང་། དེའི་ཐོག་ཏུ་གཅིག་ལ་གཅིག་བཟའི་སྡུག་བསྔལ། མིའི་སྐྱེ་རྒ་ན་འཆིའི་ག་ལ་ཚད། སྡུག་བསྔལ་བདེན་པས་བསྡུས་པའི་འཁོར་བའི་སྣོད་བཅུད་འདིའི་གཟུགས་མཐོང་ཚད་སྡུག་བསྔལ་མྱོང་བའི་རང་གཟུགས་ཏག་ཏག སྒྲ་གྲགས་ཚད་ཐམས་ཅད་མྱ་ངན་སྡུག་བསྔལ་གྱི་ངུ་འབོད་ཡིན་པ་ནི་ཞིབ་ཏུ་བསམ་ན་ཤེས་རྒྱུ་ཅན་ཞིག་ཡིན་ལ། དེ་བཞིན་དུ་ལྷ་མིན་གྱི་འཐབ་རྩོད། ལྷའི་འཕོ་ལྟུང་། མིའི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལ་སོགས་པའི་སྡུག་བསྔལ་དེ་དག་ཐམས་ཅད། མདོ་སྡེ་ལས་བརྒྱ་བ་དང་། གང་བོའི་རྟོགས་བརྗོད། དྲན་པ་ཉེར་བཞག་དག་ལས་འབྱུང་བ་ལྟར་དུ་བསམ་གྱིས་མི་ཁྱབ་པའི་སྡུག་བསྔལ་ཡོང་བ་རེད། བློ་སྦྱོང་གི་ཆོས་འདི་དག་དངོས་སུ་རང་ཐོག་ཏུ་བླངས་ནས་བསྒོམ་དགོས། ངན་སོང་གི་སྡུག་བསྔལ་འདི་དག་སྒོམ་དུས། གནས་དང་གཅིག ལུས་རྟེན་དང་གཉིས། སྡུག་བསྔལ་དང་གསུམ། ཚེ་ཚད་བཞི་བོའི་འགྲོས་དེད་ནས་རང་ཉིད་ངོ་མ་ད་ལྟ་གནས་དེ་ཚོ་ན་སྐྱེས་ནས་ཡོད་པའི་དམིགས་པ་དྲག་པོ་གཏད་དགོས་ནི་རེད། འཁོར་བའི་སྡུག་བསྔལ་བསམ་པ་འདི་སྒྲུང་བཤད་པ་དང་གཏམ་རྒྱུད་ཉན་པ་འདྲ་ཞིག་གིས་མི་ཆོག་པར། དང་པོ་འཆི་བའི་སྡུག་བསྔལ་ནས་བར་དོའི་འཇིགས་སྐྲག་གིས་མགོ་བཙུགས་ནས་དངོས་སུ་བསྒོམ་དགོས། རང་ཉིད་ཀྱི་ཁ་སྣ་ལག་པས་བསུམ་ནས་སྐར་མ་འགའ་ལ་སྡོད་དང་། དབུགས་ཕར་འཕངས་ཚུར་ལ་མི་བསྡུ་བའི་སྐྲག་དངངས་དེ་ཅི་འདྲ་ཞིག་ཡོད་པ་ཧ་ལམ་ཕྱོགས་ཙམ་ཞིག་ཤེས་འོང་བ་ཡིན། ཡང་ཁྱིམ་མི་གཉེན་བཤེས་དང་གཏན་བྲལ་བྱུང་བའི་སྡུག་བསྔལ་དེ་ཚོ། ད་ལྟ་གཉེན་བཤེས་དང་ཟླ་བ་རེ་རེ་ལ་འབྲལ་བའི་སེམས་འཁྲེང་གི་སྡུག་བསྔལ་དེ་ཅི་ཙམ་འདུག ཚེ་གཅིག་ལ་གཏན་བྲལ་བྱུང་ན་སྡུག་བསྔལ་ཅི་ཙམ་ཆེ་ཤེས་སུ་ཡོད་པ་ཡིན། ཚེ་རབས་སྔོན་མ་ནས་ད་ལྟའི་བར་དུ་མི་དགེ་བཅུ་བསགས་ཀྱི་རྣམ་སྨིན་མ་བྱང་བ་ཇི་འདྲ་མང་པོ་མེད་དམ། དེ་དག་ཐམས་ཅད་རེ་རེ་བཞིན་དུ་མ་བཤགས་པར་འཕེལ་བའི་མི་དགེ་སྡིག་པའི་སྐྱེད་དང་བཅས་པ་ཞིག་རྩིས་བཞག་ན་སྡུག་བསྔལ་གྱི་ཁུར་བོ་ཇི་ཙམ་ལྗིད་ས་ཡོད་འདུག་སོགས་ལས་འབྲས་ཀྱི་རྣམ་བཞག་དང་འབྲེལ་བའི་བློ་སྦྱོང་རེ་བྱས་ན་ཤེས་པ་ཡིན། སྐབས་སུ་བབས་པ་གང་ཞིག་འཆད་ཉན་བྱེད་བཞིན་པ་ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་གསུང་། ཡོངས་སུ་གྲགས་པ་ལ་ལྟ་བ་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ། རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་གཞི་ལམ་འབྲས་གསུམ་པོ་དེ། ལྟ་སྒོམ་སྤྱོད་གསུམ་གྱིས་ཇི་ལྟར་གཏན་ལ་འབེབ་ཅིང་ཉམས་སུ་ལེན་ཚུལ། གདུལ་བྱ་ཐུན་མོང་དང་ཐུན་མིན་གྱི་བགོ་སྐལ་དུ་རིམ་དང་རིམ་མིན་གྱི་ཚུལ་སྣ་ཚོགས་ཀྱིས་བསྟན་པའི་མན་ངག་གི་ཡིག་ཆ་ཁྱད་འཕགས་དེ་ཉིད། ཆོས་བརྒྱུད་འདིའི་ཐུན་མིན་གྱི་རང་ལུགས། ཉམས་ལེན་ལག་ཁྲིད་དང་སྦྱར་ཏེ་ཁྲིད་པའི་སྐབས་ནས། ཆོས་ཁྲིད་སྔོན་མ་ཡན་ཆད་ཀྱིས་འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་དང་། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་སྔོན་འགྲོ་བྱུང་གནས་འགྲོ་གསུམ་ནས་དངོས་གཞི་སེམས་དོན་ངོ་སྤྲོད་ཀྱི་རིམ་པ་མང་དག་ཅིག་སོང་ནས། དེ་རིང་རྫོགས་ཆེན་གྱི་གདུལ་བྱ་ཐམས་ཅད་སྤྱིར་དབང་རྣོན་ཡིན་པའི་ནང་ན་ཡང་རིམ་པ་གཉིས་སུ་ཕྱེས་པའི་སྣང་བ་ཡུལ་གྱི་བློ་ཅན་ལ་གཙོ་བོར་ཆེད་དུ་བྱས་པའི་ཐུན་མོང་གི་ངོ་སྤྲོད་ནས་བརྩམས་ཏེ་ཁྲིད་པ་ལ་མདོར་བསྟན་དང་རྒྱས་བཤད་གཉིས་ཡོད་པ་ལས། དང་པོ་མདོར་བསྟན་པ་ནི། ཨེ་མ་ཧོ། སྐལ་བར་ལྡན་པའི་སེམས་ཀྱི་བུ་མཆོག་རྣམས། །ལྕག་གིས་མ་བརྒྱབ་རྟ་ལ་བང་མི་ལྡང་། །མང་དུ་མ་བསྲུབས་འོ་མར་མར་མི་ཆགས། །ཞིབ་ཏུ་མ་བཤད་གཏན་ལ་མི་ཕེབས་པས། །ཚིག་ཀ་མང་པོའི་གླུ་དབྱངས་བླངས་པ་ལ། །སྣང་བ་མ་སུན་དགའ་བའི་སེམས་ཀྱིས་ཉོན། །ཞེས་གསུངས་ཏེ། དཔེ་དང་བཅས་ཏེ་སྐལ་ལྡན་གྱི་རིགས་ཅན་རིགས་སད་པར་བྱེད་པའི་སྐུལ་བརྡ་དང་། རྨོངས་པ་དུས་སུ་གཉིད་མ་ལོག་པར་རང་གཞན་འཁོར་བར་འཁྱམས་པའི་འཁྲུལ་སྣང་འདི་སད་པར་བྱས་ཏེ། མ་འཁྲུལ་དོན་གྱི་ཡེ་ཤེས་ལ་རེག་ཅིང་སེམས་ཅན་སངས་རྒྱས་སུ་གྱུར་པའི་གདམས་པ། དབྱངས་སྙན་མོ་དྲི་ཟའི་གླིང་བུས་བརྒྱ་སྟོང་གི་ཆར་ཡང་འགྲན་དུ་མེད་པའི་དོན་ལྡན་པའི་དབྱངས་འདི་ལ་སུན་སྣང་མི་སྐྱེ་བར་རབ་ཏུ་དང་བས་ཉོན་དང་བཤད་པར་བྱའོ། །སྣང་བ་སེམས་སུ་ངོ་སྤྲོད་པའི་མདོར་བསྟན་ནི། སྣང་བ་ཐམས་ཅད་སེམས་སུ་མ་ཤེས་ན། །སྟོང་ཉིད་དོན་དེ་ནམ་ཡང་མི་རྟོགས་པའི། །སྣང་བ་འདི་དག་དང་པོ་གང་ལས་བྱུང་། །བར་དུ་གར་གནས་ཐ་མ་གང་དུ་འགྲོ། །སྐལ་ལྡན་བུ་ཀུན་ལེགས་པར་རྟོག་དཔྱོད་ཐོངས། །བརྟགས་ཚེ་དཔེར་ན་ནམ་མཁའི་ན་བུན་དེ། །མཁའ་ལས་བྱུང་ཞིང་སླར་ཡང་མཁའ་ལ་འགྲོ། །དེ་བཞིན་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་གི་སེམས་སུ་ཤར་ཞིང་སེམས་སུ་འགྲོ། །དཔེར་ན་མིག་གི་དབང་པོ་བསླད་པའི་མིས། །བར་སྣང་ཁམས་བལྟས་རབ་རིབ་སྣང་བ་དེ། །ནམ་མཁར་ཡོད་ཡོད་འདྲ་བར་སྣང་ན་ཡང་། །མཁའ་ལ་མེད་དེ་མིག་གི་ཆོ་འཕྲུལ་ཡིན། །ཞེས་གསུངས་ཏེ། སྣང་བ་ཞེས་གསུངས་པའི་སྐབས་འདིར་རང་ལུགས་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་ཀྱི་ཐུན་མིན་བཞེད་པ་ལ་སྣང་བ་དང་སྣང་ཡུལ་ཕྱེ་དགོས་ཤིང་། ཀུན་མཁྱེན་འཇིགས་གླིང་གིས་ཡེ་ཤེས་བླ་མ་ལས་དཔེ་བཀོད་ནས། རི་མཐོང་བའི་སྐད་ཅིག་དང་པོ་ལ་རིའོ་མི་སྙམ་པ་ཞིག་སོ་སོའི་སྐྱེ་བོའི་ལམ་ལ་མེད་ཀྱང་། སྐད་ཅིག་གཉིས་པ་ལ་རིའི་རང་བཞིན་མེད་པ་གསལ་སྣང་ཤེས་པའི་རྩལ་རྫོགས་ནས་རིའི་རྣམ་རྟོག་རང་ཡལ་རྗེས་མེད་དུ་སོང་དུས་སྣང་ལ་དེར་འཛིན་མེད་པའི་ཆོས་ཉིད་ལ་གནས་པ་ཡིན་ཞེས་གསུངས་པ་ལྟ་བུ་ཡིན། སྣང་ཡུལ་རིགས་མཐུན་གྱི་འགྲོ་བ་ཐམས་ཅད་ལ་མཐུན་སྣང་གཅིག་ཏུ་གྲུབ་པ་ཡིན་ཡང་སྣང་བ་རང་གི་ངོ་ཁ་ལ་སྣང་བ་འདི། སེམས་ལས་ཤར་ཞིང་སེམས་སུ་སྣང་སྟེ་སེམས་ལ་ཡལ་བ་སྟེ། སྣང་བའི་བྱུང་གནས་འགྲོ་གསུམ་ལ་རྟོག་དཔྱོད་གྱིས་དང་ཤེས་སོ་ཞེས་གསུངས་པ་ཡིན། འདིའི་དཔེ་ནམ་མཁའི་ན་བུན་དང་མིག་ནད་ཅན་ནམ་མིག་སྐྱོན་ཅན་གྱི་མིག་སྔར་རབ་རིབ་བར་སྣང་ལ་ཤར་བ་དང་འདྲ་བའི་སྣང་བ་སེམས་ཡིན་པར་བསྟན་ནས། ད་སེམས་སྟོང་པར་བསྟན་པ་ནི། དེ་བཞིན་དངོས་འཛིན་བག་ཆགས་ངན་པ་ཡིས། །སེམས་ཀྱི་དབང་པོ་བསླད་པའི་མཐུ་ཡིས་ནི། །ཀུན་རྫོབ་སྣང་གྲགས་ཆོས་རྣམས་ཐམས་ཅད་ཀུན། །བདེན་པར་ཡོད་ཡོད་འདྲ་བར་སྣང་ན་ཡང་། །གདོད་ནས་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་། །མེད་དེ་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན། །ཆོ་འཕྲུལ་ཐམས་ཅད་གཞི་མེད་སྟོང་པ་ཡིན། །མེད་པ་གསལ་སྣང་སྒྱུ་མ་ཆུ་ཟླ་འདྲ། །སྣང་སྟོང་དབྱེར་མེད་དོན་ལ་མཉམ་པར་ཞོག །ད་ལྟ་རང་ཅག་གཉིད་ཀྱི་རྨི་ལམ་ན། །ཕ་ཡུལ་གནས་ཁང་ཉེ་འབྲེལ་ལ་སོགས་པ། །མངོན་སུམ་སྣང་ནས་བདེ་སྡུག་མྱོང་བའི་ཚེ། །རང་གི་ཉེ་དུ་འབྲེལ་བ་གཅིག་ཀྱང་མེད། །རང་ཉིད་མལ་ནས་ཅུང་ཟད་མ་གཡོས་ཀྱང་། །ཉིན་པར་ཇི་བཞིན་ཉམས་སུ་མངོན་སུམ་མྱོང་། །དེ་བཞིན་ཚེ་འདིའི་སྣང་བ་ཐམས་ཅད་ཀུན། །མདང་གི་རྨི་ལམ་ཉམས་སུ་མྱོང་བ་བཞིན། །རང་གི་སེམས་ཀྱིས་དེར་བཏགས་དེར་བཟུང་ནས། །དེ་ལྟར་སྣང་སྟེ་སེམས་ཀྱིས་མྱོང་བ་ཡིན། །རྨི་ལམ་གཉིད་ཀྱི་སྐབས་སུའང་རང་བཞིན་མེད། །དེ་བཞིན་ཇི་ལྟར་སྣང་ཡང་སྟོང་པའོ། །ཞེས་གསུངས་པ་འདིས་བསྟན་ཏེ། ནམ་མཁའ་ལ་ན་བུན་འཁྲིགས་པ་དེ་གཞི་མེད་རང་སར་ཡལ་འགྲོ་བ་དང་། རབ་རིབ་ཀྱི་སྣང་བ་མེད་བཞིན་དུ་མིག་སྐྱོན་ཅན་གྱི་མིག་བསླད་པ་ལས་འབྱུང་བ་དེ་བཞིན་དུ་སྣང་བའི་དངོས་པོ་ལ་བདེན་ཞེན་གྱི་འཛིན་པ་ཨ་འཐས་ཅན་ཞུགས་པ་འདི་སེམས་བག་ཆགས་ངན་པས་བསླད་སོང་བའི་དབང་གིས་ཀུན་རྫོབ་རྫུན་པ་བསླུ་བའི་སྣང་གྲགས་ཀྱི་ཆོས་ཐམས་ཅད་བྱུང་བ་ཡིན། མ་བརྟག་ཉམས་དགར་བདེན་བདེན་ལྟར་དུ་འདི་སྣང་བ་ཡིན་ཡང་། སྣང་ན་ཡང་འདི་ཉིད་གདོད་མ་ཉིད་ནས་བདེན་པར་གྲུབ་པ་རྡུལ་ཆ་ཙམ་ཞིག་མེད་པ་ནི་རང་སྣང་སེམས་ཀྱི་ཆོ་འཕྲུལ་ཡིན་པའི་རྒྱུ་མཚན་གྱིས་ཡིན། ཆོ་འཕྲུལ་ཡིན་པའི་སྟབས་ཀྱིས་ཐམས་ཅད་གཞི་མེད་སྟོང་པ་སྒྱུ་མ་དང་ཆུ་ཟླའི་དཔེ་དང་འདྲ་བའི་སྣང་བ་སྣ་ཚོགས་འབྱུང་བ་ནི་སྟོང་པ་ཡིན་པའི་རྒྱུ་མཚན་གྱིས་ཡིན། སྣང་བཞིན་དུ་སྟོང་ལ་སྟོང་བཞིན་དུ་སྣང་བའི་སྣང་སྟོང་ངམ་སྟོང་དང་རྟེན་འབྱུང་དབྱེར་མེད་ཀྱི་དོན་ལ་མཉམ་པར་ཞོག དཔེ་རྨི་ལམ་གཉིད་ཀྱི་སྐབས་སུ་བདེན་བདེན་དུ་སྣང་ཡང་། སྣང་དུས་ཀྱང་གཉིད་ཀྱི་སྐབས་དེ་ལ་རང་བཞིན་མེད་པ་དང་འདྲ་བར་སྣང་ན་ཀུན་རྫོབ་སྣང་བཞིན་པའི་ངོ་ཁར་བདེན་བདེན་འདྲ་ཡང་རང་བཞིན་བདེན་མེད་སྣང་བ་དེ་ཉིད་དང་ངོ་བོ་གཅིག་པའི་དོན་དམ་སྟོང་བའི་རང་བཞིན་ལས་མ་འདས་པ་བསྟན་པའོ། །སླར་ཡང་སྣང་བ་སེམས་དང་སེམས་སྟོང་པར་ངོ་སྤྲད་པའི་སྒྲུབ་བྱེད་འཐད་པ་དཔེ་དང་བཅས་པས་རྒྱས་པར་བསྟན་པའི་དང་པོ་སྣང་བ་སེམས་ཡིན་པར་བསྟན་པ་ནི། ཨེ་མ་ཧོ། སྐལ་བར་ལྡན་པའི་སེམས་ཀྱི་བུ་གཅིག་པོ། །སྣང་བ་ཐམས་ཅད་ངེས་པ་མ་ཡིན་ཏེ། །ཞེས་དམ་བཅས་ནས་ཇི་ལྟར་མ་ངེས་པ་དཔེ་གཅིག་གིས་མདོར་བསྟན་པ་ནི། ལ་ལའི་སྣང་བ་ལ་ལའི་མུན་པའོ། །ཞེས་རང་རེའི་མཚན་མོ་དེ་བྱ་འུག་པར་ཉིན་མོའི་སྣང་བ་ཤར་བ་ལྟ་བུ་དང་། རྒྱས་བཤད་མཚན་གཞི་དཔེ་རུ་བཀོད་པ་ནི། དེ་ཡང་སེམས་ཅན་འགའ་ཞིག་ས་གཞི་ལ། །ས་ལ་ས་ཡི་འདུ་ཤེས་སེམས་ཅན་ཡོད། །ས་ལ་མེ་ཡི་འདུ་ཤེས་སེམས་ཅན་ཡོད། །ས་ལ་ལོངས་སྤྱོད་འདུ་ཤེས་སེམས་ཅན་ཡོད། །ས་ལ་སྡུག་བསྔལ་འདུ་ཤེས་སེམས་ཅན་ཡོད། །ཅེས་གསུངས་ཏེ། འདི་ས་མིན་ཡང་འཁོར་བའི་སྣོད་བཅུད་ཐམས་ཅད་སྡུག་བདེན་གྱིས་བསྡུས་པ་ཡིན་ན་ཡང་། འདི་ནི་སས་མནན་ནས་སྡུག་བསྔལ་བར་བྱས་པའི་སེམས་ཅན་གྱི་མཐོང་སྣང་ལ་གོ་དགོས་པས་ཐམས་ཅད་ལ་མཐོང་སྣང་མི་འདྲ་བ་ཡོད་ལུགས་དང་། དེ་བཞིན་དུ། ཆུ་ལ་ཆུ་ཡི་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་མེ་ཡི་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་བདུད་རྩིའི་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་གནས་ཁང་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་ས་རུ་འདུ་ཤེས་སེམས་ཅན་ཡོད། །ཡང་དེ་བཞིན་དུ། མེ་ལ་མེ་ཡི་འདུ་ཤེས་སེམས་ཅན་ཡོད། །མེ་ལ་ལོངས་སྤྱོད་འདུ་ཤེས་སེམས་ཅན་ཡོད། །མེ་ལ་གནས་སུ་འདུ་ཤེས་སེམས་ཅན་ཡོད། །མེ་ལ་ཟས་སུ་འདུ་ཤེས་སེམས་ཅན་ཡོད། །ཡང་། ནམ་མཁའ་ནམ་མཁར་འདུ་ཤེས་སེམས་ཅན་ཡོད། །ནམ་མཁའ་གནས་སུ་འདུ་ཤེས་སེམས་ཅན་ཡོད། །ནམ་མཁའ་ས་རུ་འདུ་ཤེས་སེམས་ཅན་ཡོད། །འདི་དག་ནི་ཆུ་ཕོར་བ་གང་ལ་འགྲོ་བ་དྲུག་གིས་མཐོང་སྣང་མི་འདྲ་བ་དང་གཅིག་པ་རེད། དེས་ན་སྣང་བ་ངེས་པ་མེད་པའི་ཕྱིར། །བག་ཆགས་དབང་གིས་གང་ལྟར་སྣང་བ་ཡིན། །དེ་ལྟར་འབྱུང་བ་བཞི་པོ་རང་རང་དུ། །འདུ་ཤེས་པ་ནི་མི་ཡི་སྣང་ངོ་ཡིན། །འབྱུང་བ་བཞི་བོ་སོ་སོར་སྣང་བ་ནི་མིའི་སྣང་བ་ཡིན་པར་བསྟན་ནས། འགྲོ་བ་གཞན་གྱིས་ས་གཞི་འདི་ལ་ཡང་། །དམྱལ་བས་མེ་དང་ཞིང་པས་ལོངས་སྤྱོད་དང་། །རྒྱུད་ཀྱིས་ནོན་པས་སྡུག་བསྔལ་འདུ་ཤེས་པའོ། །དེ་བཞིན་མེ་ལ་མེ་ལྷས་ལོངས་སྤྱོད་དང་། །ཡི་དྭགས་མེ་ལུས་ཅན་གྱིས་གནས་ཁང་དང་། །མེ་ཡི་སྲིན་བུས་ཟས་སུ་འདུ་ཤེས་པའོ། །དེ་བཞིན་ཆུ་ལ་དམྱལ་བའི་འགྲོ་བས་མེ། །ཡི་དྭགས་སེམས་ཅན་རྣམས་ལ་རྣག་ཁྲག་དང་། །ཧསྟྀ་གླང་པོས་ས་དང་ལྷས་བདུད་རྩི། །ཧསྟྀ་ནི་གླང་བོ་ཆེའི་མིང་ལ་ཟེར། གཞན་འཕྲུལ་དབང་བྱེད་ལྷ་ལ་རིན་ཆེན་དང་། །མེ་ཏོག་ཆར་དང་ཀླུ་ཡི་གནས་ཁང་ངོ་། །ནམ་མཁའ་ལ་ཡང་དེ་ལྟར་བྱས་ནས་གནས། །ལྷ་རྣམས་ཀུན་གྱིས་ས་ཡི་འདུ་ཤེས་སོ། །ཞེས་གསུངས་ཏེ། སྣང་བ་སེམས་ཀྱི་འཆར་སྣང་ཡིན་པའི་རྒྱུ་མཚན་གྱིས་སྣང་བ་སེམས་སུ་བསྟན་ནས། དེ་ཉིད་སྟོང་བར་བསྟན་པ་ནི། དེས་ན་ཐམས་ཅད་རང་གིས་གང་ལྟར་དུ། །བཏགས་པ་དེ་ལྟར་བཞིན་དུ་སྣང་བའོ། །ཞེས་མདོར་བསྟན་དང་དོན་བསྡུ་ཕྱོགས་གཅིག་ཏུ་བསྟན་ནས། དེའི་ཚུལ་རྒྱས་པར་ད་སྔོན་རབས་ཀྱི་བྱུང་བའི་མངོན་རྟོགས་དང་འབྲེལ་ཏེ་སྒྲུང་འགྲེལ་གྱི་ཚུལ་དུ་བསྟན་པ་ནི། དེ་ཡང་ལྷ་ཡི་བུ་ཡིས་སངས་རྒྱས་ལ། །རི་རབ་ཉི་ཟླ་ལ་སོགས་སུ་ཡིས་བྱས། །ཞུས་ཚེ་སངས་རྒྱས་ཉིད་ཀྱི་ཞལ་ནས་ཀྱང་། །འདི་ལ་བྱེད་མཁན་གཞན་ནི་སུ་ཡང་མེད། །རང་གི་རྟོག་པའི་བག་ཆགས་ཨ་འཐས་ཀྱིས། །དེར་བཏགས་དེར་བཟུང་དེ་ལྟར་སྣང་བ་ཡིན། །ཐམས་ཅད་རང་གི་སེམས་ཀྱིས་བྱས་པར་གསུངས། །ལྷ་ཡི་བུ་ཡིས་སངས་རྒྱས་ཡང་ཞུས་ཏེ། །རང་གི་རྟོག་པ་ཇི་ལྟར་ཨ་འཐས་ཀྱང་། །རི་རབ་ཉི་མ་ཟླ་བ་ལ་སོགས་པའི། །སྲ་ཞིང་བརྟན་པ་འདི་འདྲ་ག་ནས་འོངས། །ཞུས་ཚེ་སངས་རྒྱས་ཉིད་ཀྱི་ཞལ་ནས་ཀྱང་། །ཝཱ་ར་ནཱ་སཱིར་རྒན་མོས་རང་ལུས་ནི། །སྟག་ཏུ་བསྒོམས་པས་གྲོང་ཁྱེར་དེ་ཡིས་ཀྱང་། །སྟག་ཏུ་མཐོང་ནས་གྲོང་ཁྱེར་སྟོངས་པས་ན། །ཡུན་ནི་ཐུང་ངུས་དེ་ལྟར་སྣང་ནུས་ན། །སྐྱེ་བ་ཐོག་མ་མེད་ནས་བག་ཆགས་སེམས། །གོམས་ན་འདི་འདྲར་ལོས་སྣང་ཐུབ་པས་གསུངས། །དེས་ན་ཐམས་ཅད་སེམས་ཀྱིས་བྱས་པའོ། །དེ་དག་གིས་སྣང་བ་སེམས་ཀྱིས་བྱས་པ་དཔེར་མཚོན་ལོ་རྒྱུས་དང་སྦྲགས་ཤིང་། ད་སྣང་བ་སེམས་ཀྱིས་བྱས་པ་དེའི་ཕྱིར་ན་སྟོང་པར་བསྒྲུབ་པའི་འཐད་པ་གསུངས་པ་ནི། དེ་ཡང་ཕྱི་རོལ་མུ་སྟེགས་ཁ་ཅིག་གིས། །འཇིག་རྟེན་འདུ་འཛིའི་གཡེང་བ་འགོག་པའི་ཕྱིར། །དབེན་གནས་བསྒོམས་པས་དབེན་གནས་མངོན་སུམ་དུ། །གྲུབ་ནས་གཞན་གྱི་མིས་ཀྱང་མཐོང་བ་བྱུང། །གཅིག་གིས་ནམ་མཁའ་བྲག་ཏུ་བསྒོམས་ནས་ཀྱང་། །བྲག་ཏུ་གྱུར་ནས་ཕུང་པོ་ཐོགས་པ་སྐད། །དེས་ན་ཐམས་ཅད་སེམས་ཀྱི་རྟོག་པ་ཡིས། །བྱས་པ་ཡིན་པས་སེམས་ཀྱི་རང་སྣང་སྟེ། །རང་སྣང་ཐམས་ཅད་དོན་ལ་སྟོང་པའོ། །དེ་ཡང་དམྱལ་བ་ཉི་ཚེའི་སེམས་ཅན་གྱིས། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །གཟུགས་སུ་འདུ་ཤེས་སྡུག་བསྔལ་མྱོང་བའོ། །ཞེས་རང་གི་ལུས་སམ་རང་གི་གཟུགས་སུ་འདུ་ཤེས་ནས་སྡུག་བསྔལ་མྱང་བ། དེས་ན་སེམས་ཀྱི་རྟོག་པས་གང་ལྟར་དུ། །བཏགས་པ་དེ་ལྟར་བཞིན་དུ་སྣང་བའོ། །ཞེས་རྒྱས་པར་དཔེ་མཚོན་དང་བཅས་པ་ཕལ་སྐད་ཀྱིས་བསྟན་ནས། དོན་བསྡུ་བ་ནི། འགྲོ་དྲུག་སེམས་ཅན་བདེ་སྡུག་ཐམས་ཅད་ནི། །རང་གི་སེམས་ཉིད་གཅིག་པུས་བྱས་པའི་ཕྱིར། །ཞེས་པ་འདིའི་སེམས་ཉིད་ནི་སེམས་དེ་ཉིད་གཅིག་པུས་བྱས་པའི་ཕྱིར་ཞེས་པའི་གོ་དོན་ཅན་གྱི་སེམས་ཉིད་ཡིན། ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་གྱིས། །མེད་སྣང་སྟོང་པ་ཉིད་ཀྱི་རང་གཟུགས་སུ། །བློ་ཐག་རྦད་ཀྱིས་ཆོད་ལ་ཕྱམ་གྱིས་ཞོག །ཅེས་གསུངས་པ་སྟེ། དེའི་ཡན་ཆད་ཀྱིས་སྣང་བ་སེམས་སུ་ངོ་སྤྲད་པ་དང་། སེམས་སྟོང་པར་ངོ་སྤྲད་པ་ཡིན། འདི་དག་ནི་རྒྱུད་ངོ་སྤྲོད་སྤྲས་པའི་ནང་ན་དབང་པོ་རྣོ་རྟུལ་གྱི་ངོ་སྤྲོད་འདྲ་མིན་སྣ་ཚོགས་ཡོད་པའི་ཆ་ཤས་སྣང་བ་ཡུལ་གྱི་བློ་ཅན་ལ་ངོ་སྤྲད་ཚུལ་ཞིག་ཡིན། འོ་ན་འདི་ལ་དགོས་པ་ཅི་ཞིག་ཡོད་ཅེ་ན། སྣང་བ་སེམས་སུ་ངོ་སྤྲད་པ་འདི་སྣང་ཡུལ་རང་མཚན་པ་སེམས་སུ་འདོད་པའི་སེམས་ཙམ་རྣམ་བདེན་པའི་འདོད་ཚུལ་དང་འདྲ་བ་མ་ཡིན། སྣང་བ་ཡུལ་གྱི་བློ་ཅན་གྱི་གང་ཟག་རིམ་གྱིས་ལམ་ལ་བཀྲི་བའི་ཆེད་དུ་དང་པོར་སྣང་ཡུལ་གཟུང་བ་གཞི་མེད་དུ་བསྟན་ནས། གཉིས་པ་འཛིན་སེམས་གཏད་ཡུལ་དངོས་བྲལ་དུ་ཤེས་སུ་བཅུག་ནས། གསུམ་པ་ཟུང་འཇུག་རིག་སྟོང་མཐའ་བྲལ་དུ་གཏན་ལ་ཕབ་པའི་ལམ་གྱི་རིམ་པ་དངོས་གཞི་ལ་ཁྲིད་སྟངས་ཤིག་བརྒྱུད་པ་ཡིན། སྣང་མི་སྣང་ཐམས་ཅད་སེམས་ཀྱི་རྣམ་རྟོག་གིས་འཛིན་པ་ཡིན་པས་ན། ཡུལ་དང་པོ་འཇལ་བྱེད་ཀྱི་སེམས་ནི་སྣང་བ་གཟུང་བའི་སེམས་དང་། དེའི་རྗེས་སུ་སྐྱེས་པའི་རྗེས་སྐྱེས་ཁྱད་པར་སེམས་བྱུང་དུ་དཔྱོད་པ་ནི་འཛིན་པའི་སེམས་སུ་ངེས་པར་བྱས་པའི་ཤར་གྲོལ་རང་ཡལ་རང་བཞག་གི་དམིགས་དེ་ཤེས་ནས་སྤང་གཉེན་གྱི་རྩ་བ་ཆོད་རྟགས་བསྟན་པ་ནི་སྣང་བ་སེམས་སུ་ངོ་སྤྲོད་པའི་དགོས་དོན་ཡིན། སེམས་སེམས་བྱུང་ཡུལ་ཐོག་ལ་འཆར་བའི་རང་ངོ་ལ་ལྟ་དུས་འདི་ཡིན་གྱི་ངོས་བཟུང་དང་གཟའ་གཏད་མེད་པའི་ཅིར་ཡང་མ་གྲུབ་པའི་སྟོང་པའི་རང་བཞིན་ཞིག་ལ་ཤར་བས་ན། སེམས་སྟོང་པར་ངོ་སྤྲད་པ་འདིས་གཟུང་འཛིན་གྱི་རྩ་བ་བཅད་པ་ཡིན། འོན་ཀྱང་སྟོང་པ་ཞེས་པ་དེ་མེད་པ་མཐར་ལྷུང་གི་སྟོང་པ་ཕྱང་ཆད་ཅིག་མ་ཡིན་པར་སྟོང་བའི་རང་བཞིན་ལ་ཤར་བཞིན་ཡོད་ཀྱང་རང་གསལ་གྱི་སྟོང་གདངས་མ་འགགས་པ་དབྱིངས་དང་ཡེ་ཤེས་འབྲལ་མེད། དྭངས་ལ་དབྱེར་མེད་གཟུང་འཛིན་ཀུན་བྲལ་རིག་པའི་ཆ་ནས་ཆད་པར་མ་སོང་། ངོ་བོའི་ཆ་ནས་རྟག་པར་མི་གནས་པའི་སྤྲོས་མཐའ་ཀུན་དང་བྲལ་བའི་སྟོང་པ་རིག་པར་ངོ་སྤྲད་པའོ། །སྟོང་པ་ཡིན་པས་གང་ཡང་སྣང་ཆོག་པའི་རིག་སྟོང་ཀ་དག་ལྷུན་གྲུབ་གང་ཤར་འགགས་མེད་ཀྱི་འཐད་པ་བསྟན་པ་ནི། དེ་ཡང་ཐུབ་པ་གངས་ཆེན་མཚོ་ཡིས་ནི། །འདིའི་གངས་ཆེན་དེ་ངས་བྲི་དུས་གངས་རིའི་གངས་བྲི་བཞིན་ཡོད། རིགས་ལྔ་གངས་ཆེན་མཚོའི་ཞིང་ཁམས་ཞེས་པའི་གངས་ཆེན་རེད། གངས་ཆེན་པོ་ལྔའི་གཟུགས་བརྙན་མཚོ་ཆེན་པོ་ལྔར་ཤར་བས་མཚོན་པའི་འགྲེལ་སྟངས་ལྟར་དུ་བྱས་པ་ཡིན། ཕྱག་གི་པདྨའི་རྡུལ་གཅིག་སྟེང་ཉིད་ན། །སྟོང་གསུམ་མི་མཇེད་འཇིག་རྟེན་ཡོད་པར་གསུངས། །ཐོད་རྒལ་རིག་པ་ཚད་ལ་ཕེབས་པའི་ཚེ། །རང་ལུས་བ་སྤུའི་ཁུང་བུ་རེ་རེ་ནི། །སངས་རྒྱས་ཞིང་ཁམས་ཚད་མེད་མཐོང་བ་དང་། །འགྲོ་དྲུག་སེམས་ཅན་གནས་ཀྱང་ཚད་མེད་མཐོང་། །དེ་ལ་འགྲོ་འདུལ་སྤྲུལ་པ་བཀྱེ་ནས་ཀྱང་། །རྨི་ལམ་ཇི་བཞིན་འགྲོ་དོན་བྱེད་པར་གསུངས། །ཞེས་དཔེ་དང་རྒྱུ་མཚན་བགྲངས་ནས་འཐད་པ་བཀོད་དེ་དོན་བསྡུ་བ་ནི། རྒྱུ་མཚན། དེས་ན་འཁོར་འདས་ཆོས་རྣམས་རང་སྣང་ཡིན། །རང་སྣང་ཐམས་ཅད་གཞི་མེད་སྟོང་པ་ཡིན། །སྟོང་གསལ་འཛིན་མེད་ངང་ལ་བློ་གདེང་འཆོས། །ཞེས་བར་སྐབས་ཀྱི་ཚིག་གིས་གདམས་པ་ཁོལ་བུར་བསྟན་ནས། དེ་ལྟར་ཡིན་པས་མ་ཚད། གཞན་ཡང་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སངས་རྒྱས་ཞིང་ཁམས་དཔག་ཏུ་མེད་པ་དང་། །འགྲོ་དྲུག་གནས་ཀྱང་གྲངས་མེད་ཡོད་པར་གསུངས། །དེ་རྣམས་ཐམས་ཅད་འདྲེས་མེད་རྙོག་པ་མེད། །གནོད་པར་གྱུར་པ་མེད་པར་རྒྱལ་བས་གསུངས། །ཞེས་གསུངས། ཤེས་བྱའི་ཁམས་ན་འཁོར་འདས་ཞེས་པའི་རྣམ་གྲངས་རྡོག་མ་གཉིས་ཤིག་ཡོད་པ་འདིའི་ཁོངས་སུ་མ་འདུས་པའི་ཆོས་ཤིག་ཡོད་པ་མ་ཡིན་ཞིང་། དེ་གཉིས་ཀ་གང་ལས་འཕྲོ་བའི་འཕྲོ་གཞི་རྩད་བཅད་ཡོང་ན། དཔལ་ས་ར་ཧས། གང་ལས་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་གསུངས་པ་བཞིན་དུ་སེམས་ལས་མ་བྱུང་བའི་ཆོས་ཤིག་ཡོད་པ་མ་ཡིན། དེས་ན་འཁྲུལ་སྣང་འཁོར་བའི་རྩ་བ་ཆོད་དགོས་ན། འཁྲུལ་གཞི་སེམས་ཀྱི་སྒྱུ་མ་མཁན་རྩད་ཆོད་དགོས། སྒྱུ་མ་མཁན་ལྟ་བུའི་སེམས་དེ་བཏུལ་བཞག་ན། སེམས་ཀྱིས་བཟོས་པའི་འཁྲུལ་སྣང་རང་ཞིག་ཏུ་འགྲོ་ཞིང་། འཕྲུལ་འཁོར་ཨ་མའི་གཟེར་དེ་གཏོར་བཏང་ན་ལྷུ་ལག་གཞན་ཐམས་ཅད་རང་ཤུགས་ཀྱིས་ཤུགས་ཟད་པ་འདྲ་ཞིག་ཡིན་པར་བཅོམ་ལྡན་འདས་ཀྱིས། ཀྱེ་རྒྱལ་བའི་སྲས་པོ་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ་ཞེས་པ་དང་། རྒྱལ་སྲས་ཞི་བ་ལྷས་ཀྱང་། སེམས་འདི་གཅིག་པུ་བཏུལ་བས་ན། །དེ་དག་ཐམས་ཅད་ཐུལ་བར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །སེམས་ཀྱིས་བྱས་པའི་སྣང་ཚུལ་བསྟན་པ་ནི། གཞན་ཡང་སྲིན་འབུ་རེ་རེའི་ཁོག་ན་ཡང་། །སྲིན་འབུའི་གྲོང་ཁྱེར་དཔག་མེད་ཡོད་པར་གསུངས། །ནམ་མཁའི་ཁམས་ན་གྲོང་ཁྱེར་མང་པོ་ཡིས། །མགོ་བོ་ཐུར་དུ་བསྟན་ནས་ཆགས་པ་དང་། །དེ་བཞིན་འཕྲེད་དང་གྱེན་དུ་ཆགས་པ་ཡི། །གྲོང་ཁྱེར་དཔག་ཏུ་མེད་པ་ཡོད་པར་གསུངས། །ཞེས་གསུངས་ཏེ། ཆོས་ལོངས་སྤྲུལ་སྐུའི་གདུལ་བྱའི་ཞིང་ཁམས་ཀྱི་བཀོད་ཚད་སོགས་ནི་སོ་སོའི་སྐྱེ་བོའི་བློ་བསམ་ཡུལ་ལས་འདས་སོང་བ་སྟེ། དེའི་ཆ་ཤས་སྤྲུལ་སྐུའི་ཞིང་ཁམས་མི་མཇེད་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་རྐྱང་བ་ཙམ་ཡང་བསམ་གྱིས་མི་ཁྱབ་པ་ཡིན་ལ། འོན་ཀྱང་ད་ལྟའི་མི་ཐམས་ཅད་ཀྱི་མཐུན་སྣང་ལ་གྲུབ་ཅིང་མཐོང་ཆོས་སུ་ཡོད་པའི་ས་གཞིའི་གོ་ལ་འདིར་མཚོན་ན། ཟླུམ་གཟུགས་རླུང་འགྲོས་དང་རང་འགྲོས་ཀྱིས་བར་མེད་དུ་འཁོར་ནས་སྐྱོད་པ་འདིར་བལྟས་ཡོང་ན། སྟེང་འོག་ཕྱོགས་མཚམས་ཟེར་རྒྱུ་ཞིག་མ་གྲུབ་ལ། དེ་བཞིན་དུ་ཆེན་པོའི་གོ་ན་ཆུང་ཆུང་ཡོད་ཅིང་། ཆུང་ཆུང་གི་གོ་ནས་ཀྱང་ཆེན་པོ་སྣང་ཆོག་པའི་ཤིན་ཏུ་ཕྲ་བའི་མཐའ་དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པས་ན་སོ་སོ་རང་རིག་པའི་ཡེ་ཤེས་མ་གཏོགས་པར་གཞལ་མི་ཐུབ་པ་ཞིག་ཡིན་པ་དེ་གྲུབ་པ་ཡིན། དེ་ལྟར་ཡིན་པ་དེས་ན། འདི་འདྲ་འདི་དག་སུ་ཡིས་བྱས་སྙམ་ན། །ཐམས་ཅད་སེམས་ཀྱིས་བྱས་པར་རྒྱལ་བས་གསུངས། །ཇི་ལྟར་གསུངས་པ་གོང་ནས་དྲངས་མ་ཐག་པ་དང་། སེམས་རྟོགས་ན་སངས་རྒྱས་ཡིན་པས་སངས་རྒྱས་གཞན་དུ་མི་བཙལ་བའི་འདུ་ཤེས་རབ་ཏུ་བསྐྱེད་པར་བྱའོ་ཞེས་གསུངས་པ་ཡིན། སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་གསུངས་ཏེ། སེམས་ཉིད་སྤྲོ་བསྡུ་དང་བྲལ་བ་ནམ་མཁའ་ལྟ་བུའི་ངང་ལ་བཞག་དུས། སྣང་ཡུལ་ཇི་ལྟར་སྣང་ན་ཡང་འཛིན་པ་མ་ཞུགས་པར་སེམས་དང་སེམས་བྱུང་གི་འཇུག་པ་ཐམས་ཅད་དབྱིངས་སུ་ཐིམ་ནས་གཉིས་མེད་རང་སར་གྲོལ་བ་དེ་འབྱུང་བ་ཡིན། ཀུན་རྫོབ་སྣང་གྲགས་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སེམས་ཉིད་གཅིག་པུའི་རང་སྣང་སྟེ། །འཆི་ཚེ་རང་གི་སེམས་རྒྱུད་འགྱུར་བས་ན། །ཕྱི་རོལ་འགྱུར་བ་མེད་ཀྱང་རང་སྣང་འགྱུར། །ཞེས་གསུངས་ཏེ། བདེ་གཤེགས་ཞིང་ཁམས་གྲངས་མེད་ཀྱི་སྣང་བ་ཤར་བ་ཡང་རྣལ་འབྱོར་དག་པའི་སེམས་ཀྱི་མཐོང་སྣང་ཡིན་པ་དང་། སྡིག་ཅན་དམྱལ་བར་སྐྱེས་པའི་སྣང་བ་དེ་ཡང་། དམྱལ་བ་ཞེས་པ་ས་ཁད་རྒྱང་ཐག་གིས་ཕྱེས་པ་ཞིག་ལ་ཐོན་སོང་བ་ཞིག་མ་ཡིན་པར། དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་པ་ལྟ་བུ་ཡིན་པ། དེས་ན་ཐམས་ཅད་སེམས་ཀྱི་རང་སྣང་སྟེ། །རང་སྣང་ཐམས་ཅད་གཞི་མེད་སྟོང་པ་ཡིན། །མེད་པ་གསལ་སྣང་གཟུགས་བརྙན་ཆུ་ཟླ་འདྲ། །གསལ་སྟོང་གཉིས་མེད་རིག་པའི་ངང་ཉམས་སྐྱོངས། །ཞེས་པ་སྟེ། དེ་ལྟར་གསལ་ཞིང་སྟོང་ལ་སྟོང་ཞིང་གསལ་བའི་རིག་སྟོང་བརྗོད་བྲལ་ནམ་མཁའ་ལྟ་བུའི་ཡེ་ཤེས་ཀྱི་ངང་དུ་བཞག་ནས་སྐྱོང་དུས། ཇི་ལྟར་སྣང་ཡང་སྣང་ཡུལ་གཟུང་བ་དེ་སྒྱུ་མ་ལྟ་བུར་རྟོགས་པས་ན། དེར་འཛིན་གྱི་འཛིན་པ་མ་ཞུགས་པའི་རང་བཞིན་མཁའ་ལྟར་དག་པས། ཁས་ལེན་སྤྲོས་པ་ཀུན་བྲལ་སྐྱེ་འགག་གཉིས་མེད་རང་བྱུང་གི་ཡེ་ཤེས་ཁོང་ནས་འཆར་བ་ཡིན་ནོ། །དེ་དག་གི་དོན་བསྡུ་བ་ནི། མཐོང་སྣང་ཐམས་ཅད་སེམས་ཀྱི་རང་སྣང་ཡིན། །སྣོད་ཀྱི་འཇིག་རྟེན་བེམ་པོར་སྣང་བ་སེམས། །བཅུད་ཀྱི་སེམས་ཅན་རིགས་དྲུག་སྣང་བའང་སེམས། །མཐོ་རིས་ལྷ་མིའི་བདེ་བ་སྣང་བའང་སེམས། །ངན་སོང་གསུམ་གྱི་སྡུག་བསྔལ་སྣང་བའང་སེམས། །མ་རིག་ཉོན་མོངས་དུག་ལྔར་སྣང་བའང་སེམས། །རང་བྱུང་ཡེ་ཤེས་རིག་པ་སྣང་བའང་སེམས། །ངན་རྟོག་འཁོར་བའི་བག་ཆགས་སྣང་བའང་སེམས། །བཟང་རྟོག་སངས་རྒྱས་ཞིང་ཁམས་སྣང་བའང་སེམས། །བདུད་དང་འདྲེ་ཡིས་བར་ཆད་སྣང་བའང་སེམས། །ལྷ་དང་དངོས་གྲུབ་ལེགས་པར་སྣང་བའང་སེམས། །རྣམ་པར་རྟོག་པ་སྣ་ཚོགས་སྣང་བའང་སེམས། །མི་རྟོག་རྩེ་གཅིག་བསྒོམ་པར་སྣང་བའང་སེམས། །དངོས་པོ་མཚན་མ་ཁ་དོག་སྣང་བའང་སེམས། །མཚན་མ་མེད་ཅིང་སྤྲོས་པ་མེད་པའང་སེམས། །གཅིག་དང་དུ་མ་གཉིས་མེད་སྣང་བའང་སེམས། །ཡོད་མེད་གང་ཡང་མ་གྲུབ་སྣང་བའང་སེམས། །ཞེས་གསུངས་ཏེ། འཁོར་འདས་དང་བཟང་ངན་དང་བདེ་སྡུག་ཏུ་སྣང་བའི་སྣང་བ་ཐམས་ཅད་དེ་ལྟར་སེམས་ལས་བྱུང་བར་བསྟན་པ་དེས། སེམས་ཉིད་རིག་པའི་ངོ་བོ་འཁོར་འདས་སུ་རྒྱར་མ་ཆད། ཕྱོགས་སུ་མ་ལྷུང་ན་ཡང་། འཁོར་འདས་རིག་པའི་རང་རྩལ་ལས་ཤར་བའི་འབྲེལ་བ་གྲུབ་པར་བསྟན་པ་ཡིན། སེམས་ཀྱི་ཆོས་ཉིད་རིག་སྟོང་དབྱེར་མེད་ནི་སོ་སོ་རང་གིས་རིག་པར་བྱ་བའི་དེ་ཁོ་ན་ཉིད་ཡིན་ལ། དེ་ནི་སེམས་ཀྱི་ཆོས་ཉིད་ཡིན་པ་མ་ཟད་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཀྱང་ཡིན་པར་གྲུབ་སྟེ། དེ་ཇི་ལྟར་ཡིན་ཞེ་ན། ཆོས་ཐམས་ཅད་སེམས་ལས་བྱུང་ཞིང་སེམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་ཡིན་པས་ན། ཤེས་དང་ཤེས་བྱ་གཉིས་མེད་དུ་མ་རོ་གཅིག་གི་བདག་ཉིད་ཀུན་ཁྱབ་ཀུན་གྱི་ཡེ་ཤེས། དེའང་གཟུང་འཛིན་མཚན་མའི་ཆོས་ལས་འདས་པར་གཏན་ལ་ཕེབས་པའོ། །སླར་ཡང་དཔེ་དང་བཅས་པའི་དོན་གྱི་འགག་བསྡུ་བ་ནི། སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད། །སེམས་ནི་དཔེར་ན་རི་མོ་མཁན་དང་འདྲ། །རང་གི་ལུས་ཀྱང་སེམས་ཀྱིས་བྱས་པ་སྟེ། །སྟོང་གསུམ་འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་ཐམས་ཅད་སེམས་ཀྱིས་བྲིས་པ་སྟེ། །རང་གི་རྟོག་པས་བྲིས་པའི་རི་མོ་ཡིས། །བྱིས་པའི་བློ་ཅན་འགྲོ་ཀུན་བསླུས་པ་ཡིན། །དེས་ན་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ། །ཐག་ཆོད་ངེས་ཤེས་བསྐྱེད་པ་གལ་ཆེའོ། །འདི་ནི་རྣམ་རྟོག་སེམས་སུ་ངོ་སྤྲོད་དོ། །ཞེས་གསུངས་ཏེ། རྣམ་རྟོག་སེམས་སུ་ངོ་སྤྲད་པས་སེམས་ཀྱི་དེ་ཉིད་མཐོང་སོང་དུས་དེ་ཉིད་མཐོང་བ་དེ་ཡིས་འགག་བསྡམ་པ་སྟེ། སེམས་ཀྱི་ཆོས་ཉིད་དེ་སྟོང་རྐྱང་ཆད་པ་ཅང་མེད་ནམ་མཁའ་སྟོང་པ་འདྲ་བ་ཞིག་ཡིན་ན། སྣ་ཚོགས་སྣང་བ་འཁོར་འདས་ཀྱི་སྣང་བ་འབྱུང་མི་རུང་ལ། དེ་ལྟར་མ་ཡིན་པར་སྟོང་པ་འོད་གསལ་བའི་རང་བཞིན་ཅན་ཡིན་པས་ན་རང་བྱུང་ཡེ་ཤེས་དང་འཁོར་འདས་ལྷུན་གྲུབ་ཀྱི་སྣང་བ་འགགས་མེད་དུ་འབྱུང་ལ། བྱུང་ཡང་ཐམས་ཅད་རྟོགས་པའི་རང་ངོ་ཡིན་པས་ན། ཆོས་ཅན་ཆོས་ཉིད་ཀྱི་ཀློང་དུ་མ་གྲོལ་བ་འགའ་ཡང་མེད་ཕྱིར་ཐབས་ཀྱི་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཅེས་བྱ་ལ། གཞི་ཆོས་ཉིད་གྲོལ་འཁྲུལ་གཉིས་ཀ་ལས་འདས་པ་ཡེ་ཐོག་གདོད་མའི་གཞི་དེ་ལས་གཞི་སྣང་བཀོད་པའི་གནས་སྐབས་སུ་རྟོགས་མ་རྟོགས་ཀྱི་ཁྱད་པར་གྱིས་གྲོལ་དང་འཁྲུལ་བའི་ཐ་སྙད་བྱུང་བ་ཡིན། དེ་དུས་སེམས་ཅན་དང་སངས་རྒྱས་གཉིས་སུ་འབྱུང་བས་ན་གཞི་གཅིག་ལམ་གཉིས་ཞེས་པའི་ཚིག་དེ་ནས་འབྱུང་བ་ཡིན། སེམས་ཅན་འཁྲུལ་བའི་སྐབས་ཡིན་ནའང་གཞི་དེ་ཆོས་ཉིད་ཀྱི་ཚུལ་ལ་མེད་པ་ཞིག་མི་སྲིད་ཀྱང་། འཁྲུལ་བ་ཅུང་ཟད་ཙམ་ཡང་མ་སྤངས་པ་དག་གིས་དབུལ་བོའི་ཁྱིམ་གྱི་ས་འོག་གི་གཏེར་བཞིན་དུ་ཡོད་པ་མ་ཤེས་པ་ཡིན། གོ་མྱོང་རྟོགས་པ་ཅུང་ཟད་སྐྱེས་པའི་སྐབས་སུ་ཡེ་ནས་དེ་ལྟར་ཡིན་ཡང་དེ་སྔོན་ངོ་མ་ཤེས་པའི་ཡུལ་ཁ་དེ་མཐོང་ཡོང་བ་ཡིན། འདི་ནས་སྣང་སྟོང་གཉིས་མེད་རང་གྲོལ་གྱི་ངོ་སྤྲོད་འབྱུང་བ་སྟེ། འདི་ལ་ནང་གསེས་སེམས་ཉིད་སྟོང་པར་ངོ་སྤྲད་པ་དང་། སྟོང་པ་སྣང་བར་ངོ་སྤྲད་པ་དང་། སྣང་སྟོང་གཉིས་མེད་དུ་ངོ་སྤྲད་པ་དང་གསུམ་གྱི་རིམ་པས་བསྟན་པ་ནི། ཨེ་མ་ཧོ། ད་ཡང་སེམས་ཀྱི་བུ་མཆོག་ཐམས་ཅད་ཉོན། །ཞེས་གསུངས་ཏེ། རྫོགས་པ་ཆེན་པོའི་ཐུན་མིན་ངོ་སྤྲོད་ཀྱི་སྐབས་སུ་ཆོས་ཀྱི་གདུང་རྒྱུད་འཛིན་མཁན་གྱི་སྐལ་ལྡན་ཐུགས་ཀྱི་སྲས་མཆོག་དེ་ལ་སེམས་ཀྱི་བུ་ཞེས་སྐུའི་སྲས་དང་། གསུང་གི་སྲས་ལས་ཀྱང་ད་རུང་ཁྱད་ཐོན་པའི་འབོད་ཚུལ་གྱིས་གསུངས་པ་འདིས་ཀྱང་། རྫོགས་པ་ཆེན་པོའི་གདམས་ཟབ་མན་ངག་གི་སྣོད་དུ་གྱུར་པའི་གང་ཟག་སྔར་བསགས་ཀྱི་བསོད་ནམས་དང་སྔོན་སྦྱངས་ཀྱི་ལས་འཕྲོ་སྟོབས་སུ་གྱུར་པ་ཡིན་པ་དང་། ཆོས་འདི་ལ་གོམས་པར་བྱས་ན་ཚེ་འདིའམ་ཕྱི་མར་ཐར་བ་མཆོག་གི་གོ་འཕང་ཐོབ་པས་མ་ཚད། འདི་ལ་དད་ཅིང་གུས་པས་འབྲེལ་བ་བཞག་པ་ཙམ་ཡང་རིམ་གྱིས་མཐོ་རིས་དང་ཐར་བ་རང་གི་ལག་ན་ཡོད་པ་ལྟ་བུའི་སྤྲོ་བ་དང་དགའ་བ་སྐྱེད་ཆོག་པར་བསྟན་པའོ། །གོང་ནས་འཁོར་འདས་ཀྱི་སྣང་བ་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དང་སེམས་ཀྱིས་བྱས་པ་ཡིན་ཚུལ་གསུངས་ནས། དེ་ལྟར་བྱེད་མཁན་རང་གི་སེམས་ཉིད་ལ། །ངོ་བོ་ངོས་བཟུང་དབྱིབས་དང་ཁ་དོག་སོགས། །སངས་རྒྱས་ཀྱིས་ཀྱང་བསྟན་དུ་མེད་པ་སྟེ། །ཡེ་ནས་སྟོང་པ་འཛིན་མེད་ནམ་མཁའ་འདྲ། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །སེམས་ཉིད་མཚོན་དོན་ནམ་མཁའ་དཔེར་བཞག་ཀྱང་། །རེ་ཞིག་སྟོང་ཕྱོགས་ཙམ་གྱི་མཚོན་དཔེ་སྟེ། །སེམས་ཉིད་རིག་བཅས་སྟོང་པ་ཅིར་ཡང་འཆར། །ནམ་མཁའ་རིག་མེད་སྟོང་ཆད་ཧད་པོ་སྟེ། །དེའི་ཕྱིར་སེམས་དོན་ནམ་མཁས་མཚོན་དུ་མེད། །ཅེས་གསུངས་ཏེ། འཁོར་འདས་བདེ་སྡུག་བཟང་ངན་ལ་སོགས་པ་གཉིས་སུ་སྣང་བ་སྣ་ཚོགས་བྱེད་མཁན་དེ་རང་གི་སེམས་དེ་ཉིད་ཡིན་པར་གྲུབ་ཅིང་། དེ་ལྟར་གྲུབ་ཀྱང་དེ་ལ་ཞིབ་ཏུ་བརྟགས་ཤིང་དཔྱད་ཡོང་ན་དེའི་ངོ་བོ་འདིའོ་ཞེས་ངོས་གཟུང་བྱ་ཞིག་དང་རྣམ་པ་འདིའོ་ཞེས་དབྱིབས་དང་ཁ་དོག་གིས་བསྟན་དུ་ཡོད་པ་ཞིག་མི་རྙེད་ལ། དེ་ནི་འུ་བུ་སོ་སྐྱེ་མ་ཟད་སངས་རྒྱས་ཀྱིས་ཀྱང་བསྟན་དུ་ཡོད་པ་མ་ཡིན། དེ་ནི་དེའི་ངོ་བོ་བསྟན་དུ་མེད་པ་ཞིག་ཡིན་པས་དང་། ཡེ་ནས་སྟོང་ཚུལ་ཡང་འཛིན་རྒྱུ་གཟུང་རྒྱུ་མེད་པའི་ཆ་ནས་ནམ་མཁའ་ཞེས་པའི་གདགས་གཞིའི་བར་སྣང་སྟོང་པ་ལྟ་བུ་ཞིག་ཡིན་པ་དེས་ན་སེམས་དེ་ཉིད་སྟོང་པ་ཡིན། སྟོང་པ་ལ་དེར་གཞི་མེད་པ་ནི་ངེས་པར་གྲུབ་པ་ཡིན། སེམས་ཀྱི་དེ་ཉིད་མཚོན་པའི་དོན་སྟོན་སྐབས་ཀྱི་དཔེ་ནམ་མཁའ་ལ་བཞག་པ་ཡིན། དཔེ་ཞེས་པ་དེ་ཕྱོགས་ཙམ་འདྲ་བའི་དོན་གྱི་ཆ་ཤས་མཚོན་བྱེད་ཅིག་ཡིན་པ་ལས། ཐམས་ཅད་ནས་ཐམས་ཅད་དུ་གཅིག་པ་ཡིན་ན་དཔེ་མ་ཡིན་པར་དོན་དུ་འགྲོ་བ་ཡིན། ཐམས་ཅད་འདྲ་བའི་དཔེ་ཞིག་འཇོག་དགོས་དུས་སེམས་ཉིད་ནི་སེམས་ཉིད་རང་ཇི་ལྟ་བ་བཞིན་ནོ་ཟེར་རྒྱུ་མ་གཏོགས་ཡོད་པ་མིན། དེས་ན་སེམས་ཉིད་ནམ་མཁའ་དང་འདྲ་ཞེས་པ་དེ་ཡང་ཕྱོགས་ཙམ་མཚོན་པ་ཐག་ཉེ་བའི་དཔེ་ཞིག་བཀོད་པ་ཙམ་མོ། །དེ་ཇི་ལྟར་ཡིན་ཞེ་ན། སེམས་ཉིད་རིག་ཅིང་གསལ་བ་དང་བཅས་པའི་སྟོང་པ་ཅིར་ཡང་འཆར་བ་ཞིག་དང་། ནམ་མཁའ་རིག་ཅིང་གསལ་བའི་ཆ་མེད་པའི་སྟོང་ཆད་ཧད་པོ་ཞིག་ཡིན་པ་དེའི་ཕྱིར་ན། དེའི་ཆ་ནས་འདྲ་བ་མ་ཡིན་ལ། རྫོགས་པ་ཆེན་པོའི་སྐབས་སུའང་སྟོང་པ་ནམ་མཁའ་ལྟ་བུ། གསལ་བ་ཉི་ཟླ་ལྟ་བུ། གཡོ་མེད་རྒྱ་མཚོ་རླུང་གིས་མ་བསྒུལ་བའི་དཔེས་ཕྱོགས་ཙམ་མཚོན་པ་རྒྱུ་མཚན་དུ་བྱས་ཏེ་བཞག་པ་ཡིན། འདི་ནི་སེམས་ཉིད་སྟོང་བར་ངོ་སྤྲོད་དོ། །ཞེས་དོན་བསྡུས་པའོ། །གཉིས་པ་སྟོང་པ་སྣང་བར་ངོ་སྤྲད་པ་ནི། སེམས་ཉིད་གསལ་སྟོང་དེ་ཡི་རང་རྩལ་ལས། །སྣང་བ་སྣ་ཚོགས་གང་ཡང་འཆར་བ་ཡིན། །ཤར་ཡང་མེ་ལོང་ནང་གི་གཟུགས་བརྙན་བཞིན། །གཉིས་སུ་མེད་དེ་སྟོང་པའི་ངང་དུ་གཅིག །ཅེས་གསུངས་ཏེ། སེམས་ཉིད་སྟོང་རྐྱང་ཆད་པ་མ་ཡིན་པའི་གསལ་ཞིང་སྟོང་ལ་སྟོང་ཞིང་གསལ་བ་དེའི་རང་རྩལ་ལམ་རང་གི་ནུས་པ་དེ་ལས་སྣང་བ་འཁོར་འདས་བདེ་སྡུག་བཟང་ངན་སྣ་ཚོགས་སུ་འཆར་བ་ཡིན། དེ་ལྟར་སྣ་ཚོགས་སུ་ཤར་ན་ཡང་། ཤར་བའི་དུས་ན་མཉམ་ཤར་བཟང་ངན་མེད། །ཅེས་གསུངས་པ་ལྟར་དུ་ཤར་ན་ཡང་མེ་ལོང་ནང་དུ་གཟུགས་བརྙན་ཤར་བའི་སྐབས་སུ་མེ་ལོང་གཟུགས་བརྙན་དུ་ཚུར་མ་འགྱུར། གཟུགས་བརྙན་མེ་ལོང་གི་ནང་དུ་ཕར་ལ་སོང་བ་མིན་ན་ཡང་། དེ་འཆར་བ་འགགས་མེད། གཞི་མེད་སྟོང་པ། མེ་ལོང་སྔར་བཞིན་འགྱུར་བ་མེད་པའི་སྣང་སྟོང་གཉིས་མེད། སྟོང་པ་ལས་གསལ་བ་ལོགས་སུ་མ་ཕྱེད་པར་སྤྲོས་བྲལ་སྟོང་བའི་ངང་ངམ་དབྱིངས་ཀྱི་ངང་དུ་གཅིག་པའོ། །འདི་ནི་སྟོང་པ་སྣང་བར་ངོ་སྤྲོད་དོ། །ཞེས་པས་དོན་བསྡུས་པའོ། །གསུམ་པ་སྣང་སྟོང་གཉིས་མེད་ཀྱི་ངོ་སྤྲོད་ནི། ཡེ་ནས་སྣང་སྟོང་གཉིས་སུ་མེད་པ་སྟེ། །རང་སེམས་སྟོང་པས་སྣང་བ་མི་འགག་ཅིང་། །སྟོང་པའི་ངང་ལས་སྣང་བ་འཛིན་མེད་བཀྲ། །སྣང་བ་རྣམས་ཀྱིས་སྟོང་པ་མི་འགག་ཅིང་། །སྣང་ཡང་རང་བཞིན་ཡེ་ནས་སྟོང་པའོ། །ནམ་མཁའི་འཇའ་ཚོན་ཆུ་ནང་ཟླ་གཟུགས་ལྟར། །སྣང་སྟོང་གཉིས་མེད་རྟོགས་པའི་རྣལ་འབྱོར་ལ། །འཁོར་འདས་ཆོས་རྣམས་སྒྱུ་མའི་ལྟད་མོ་ཡིན། །སྣང་སྟོང་གཉིས་མེད་ལྟད་མོར་བལྟས་པའི་ཚེ། །བློ་སེམས་འགྱུར་བ་མེད་པའི་རྣལ་འབྱོར་བདེ། །དེ་ལྟར་ཡིན་མིན་སྐལ་ལྡན་བུ་རྣམས་ཀུན། །རང་སེམས་སྟོང་པ་ཉིད་དང་སྣང་བ་གཉིས། །སོ་སོར་དབྱེ་རྒྱུ་ཨེ་ཡོད་ལྟོས་དང་ཤེས། །ཡེ་ནས་སྣང་སྟོང་གཉིས་སུ་མེད་པའོ། །ཞེས་གསུངས་ཏེ། ཡེ་ཐོག་མ་ཉིད་ནས་སྣང་སྟོང་གཉིས་སུ་མེད་པར་བསྟན་པ་འདིས་རིག་སྟོང་ཟུང་དུ་འཇུག་པའི་དབྱིངས་དེ་ཉིད་མཚོན་པ་ཡིན། གཞི་བདེན་པ་དབྱེར་མེད་དེ་གཏན་ལ་ཕབ་ནས། ལམ་འཁོར་འདས་དབྱེར་མེད་དེ་ཉམས་སུ་བླངས་ཏེ། ཐོབ་བྱ་གཞི་འབྲས་དབྱེར་མེད་དུ་ལ་བཟླ་དགོས་པས། སྣང་སྟོང་ཟུང་དུ་འཇུག་པའི་བདག་ཉིད་དམ་རིག་སྟོང་དབྱེར་མེད་པའི་ངོ་བོ་ནམ་མཁའ་དཔེ་རུ་བཞག་པའི་མཐའ་གང་དུའང་མི་གནས་པའི་སྤྲོས་པ་དང་བྲལ་བའི་རང་བཞིན་གྱི་སྟོང་ཆ་དེ་བསྟན་པ་དང་། ཉི་མའི་སྙིང་པོ་དཔེ་རུ་བཞག་ནས་སྒྲིབ་བྲལ་འོད་གསལ་གྱི་རིག་པའི་གསལ་ཆ་བསྟན་པ་ཡིན། དེ་གཉིས་ཀ་ཟུང་འཇུག་རང་བཞིན་འདུས་མ་བྱས་པ་མཁྱེན་ཆ་ལྷུན་གྲུབ་ཀྱི་བདག་ཉིད་དེ་སྣང་སྟོང་གཉིས་ཀ་ཡ་མ་བྲལ་བར་གཏན་ལ་ཕབ་པའོ། །སྣང་སྟོང་དབྱེར་མེད་ནམ་མཁའི་འཇའ་ཚོན་དང་ཆུ་ནང་གི་ཟླ་གཟུགས་ལ་དཔེ་བཞག་ནས་འཁོར་འདས་སྒྱུ་མའི་ལྟད་མོ་ཞེས་གསུངས་པ་ནི་ཆོས་ཀྱི་དབྱིངས་ལ་ནམ་ཡང་འཕོ་འགྱུར་མེད་བཞིན་དུ་དེའི་ངང་ལས། ལས་སྣང་སྒྱུ་མ་དང་ཡེ་ཤེས་སྒྱུ་མའི་སྣང་བ་བྱུང་བ་ཡིན་པས། སྲིད་ཞིའི་རང་སྣང་གི་སྣང་བ་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལས་བྱུང་བ་ཞིག་མ་གཏོགས། ཆོས་ཀྱི་དབྱིངས་ཀྱིས་ཆོས་གང་ཡང་སྐྱེད་པའི་རྒྱུ་བྱས་མེད་པ་ཡིན། འོན་ཀྱང་ཆོས་དབྱིངས་ནི་ནམ་མཁའ་ལྟ་བུ་གོ་འབྱེད་པའི་ཆ་དེ་ཡིན་པའི་སྟབས་ཀྱིས་ཆོས་དབྱིངས་དེའི་ངང་ལས་གྲོལ་འཁྲུལ་འབྱུང་ལ། གྲོལ་འཁྲུལ་འབྱུང་བཞིན་པའི་སྐབས་སུའང་ཆོས་དབྱིངས་དེར་གནས་ཤིང་། མཐར་ཡང་དེར་ཐིམ་པས་ན་ཆོས་དབྱིངས་འགྱུར་མེད་སྣང་སྟོང་ཟུང་འཇུག་གི་ལྟད་མོ་གནས་ཚུལ་དང་སྣང་ཚུལ་མཐུན་པའི་བློའམ་སེམས་འགྱུར་མེད་དབྱིངས་རིག་དབྱེར་མེད་དེའི་ཐོག་ལ་ཕྱིན་པའི་རྣལ་འབྱོར་བ་དེ་བདེའོ། །ཆོས་ཉིད་རྣལ་མའི་དོན་ལ་བློ་ཇི་བཞིན་འབྱོར་བ་དེ་རྣལ་འབྱོར་གྱི་ངེས་ཚིག་རེད། འོན་ཀྱང་དེའི་ལམ་ལ་ཞུགས་པའི་གང་ཟག་ལའང་དེའི་སྒྲ་འཇུག་ཆོག་པ་ཡིན། དབུས་ཉི་མ་ལྷ་ས་ལ་ད་རུང་ཐོན་མེད་ནའང་ལམ་ལ་ཞུགས་པ་ཙམ་གྱིས་དབུས་འགྲོ་བའི་མིང་ཐོགས་པ་ལྟ་བུ་ཡིན། ཚིག་གིས་ཇི་བཞིན་མཚོན་པར་དཀའ་བའི་དོན་འདི་དག་རྣལ་འབྱོར་རྟོགས་པའི་ངེས་ངོ་ནས་འབྱེད་དགོས་པ་ཡིན་པས་ན་དེ་ལྟར་ཡིན་དང་མ་ཡིན་རང་གིས་ལྟོས་དང་ཤེས་ཞེས་གསུངས་པའོ། །ངོ་སྤྲོད་དེ་ཕྱི་ཡི་མཛུབ་བཙུགས་ཙམ་ཞིག་མ་ཡིན་པར་རང་ངོ་ནང་དུ་སྤྲོད་པ་དོན་གྱི་ངོ་སྤྲོད་ཡིན་ནོ། །འདི་ནི་སྣང་སྟོང་གཉིས་མེད་ངོ་སྤྲོད་དོ། །ཞེས་དོན་བསྡུས་ཏེ། གཉིས་མེད་རང་སར་གྲོལ་བའི་ངོ་སྤྲོད་ཀྱིས་ངོ་སྤྲོད་ཐམས་ཅད་འགག་བསྡུ་བ་ནི། དེ་ལྟར་སྣང་སྟོང་གཉིས་མེད་རང་བྱུང་གི། རིག་པ་རང་གསལ་ས་ལེ་ཧྲིག་གེ་བ། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་དགོངས་པ་སྟེ། །ཐུན་མཚམས་མེད་པར་ཁོར་ཡུག་ཉམས་ལེན་ལ། །ཉིན་མཚན་མེད་པར་སྐྱོངས་ཤིག་སེམས་ཀྱི་བུ། །ཞེས་གསུངས་ཏེ། དེ་ལྟར་སྣང་དང་སྟོང་པ་ཕྱོགས་སུ་མ་ལྷུང་བ། ཡེ་ནས་སྟོང་གསལ་དབྱེར་མེད་དུ་གྲུབ་པ་ལྷུན་གྲུབ་འོད་གསལ་འདུས་མ་བྱས་པ། སུས་ཀྱང་མ་བྱས། རང་ལས་སྣང་བའི་རང་བྱུང་གི་རིག་པ་དེ་གསལ་ས་ལེ་རང་བཞིན་གྱིས་འོད་གསལ་བ། སྟོང་སེང་ངེ་འགྱུར་མེད་འགྱུར་མ་མྱོང་བའི་ཧྲིག་གེ་བ་ཞིག ངོ་བོ་སྟོང་བའི་ཡེ་ཤེས་གཅིག་ལ་རང་བཞིན་གསལ་བ་ཐུགས་རྗེ་འགགས་མེད་ཀྱི་སྐུ་གསུམ་ཡེ་ཤེས་སུམ་ལྡན། གསར་དུ་བཅོས་མའི་བློ་ཡིས་འདུ་བྱས་ཡོང་བ་ཞིག་མ་ཡིན་པའི་དགོངས་པ་དེ་ལ་སྐུ་གསུམ་ལྷུན་གྲུབ་ཀྱི་དགོངས་པ་ཞེས་བྱ་ལ། དེ་ལྟ་བུའི་སྐུ་གསུམ་ལྷུན་གྲུབ་ཀྱི་དགོངས་པ་དེའི་ངང་ལ་ཐུན་དང་ཐུན་མཚམས་ཀྱི་དབྱེ་བ་སོ་སོར་མེད་པ་ཞིག་བྱས་ནས། ཉིན་མཚན་ཁོར་ཡུག་གི་ཉམས་ལེན་སྐྱོངས་ཤིག་སྙིང་གི་བུ་ཞེས་གདམས་པའི་སྙིང་གཏམ་སྙིང་གི་བུ་ལ་དེ་ལྟར་གནང་བ་ཡིན། རིག་པ་རང་བྱུང་གི་ཡེ་ཤེས་དེ་འདས་མ་འོངས་ད་ལྟ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་ཡེ་ཤེས་ཀྱི་སྐུ་མཐར་ཐུག་ཡིན་ལ། དེ་བཞིན་དུ་གསུང་དང་ཐུགས་དང་ཡོན་ཏན་འཕྲིན་ལས་ཐམས་ཅད་ཚང་བའི་ཕྱིར་ན་ཡེ་ཤེས་ཀྱི་སྐུ་ཞེས་བྱ་བ་ཡིན། དེ་ཉིད་ངོས་ཟིན་ནས་དེའི་ངང་ལ་གནས་པའི་དུས་སུ་ཇི་ལྟར་སྣང་བ་ཐམས་ཅད་དེའི་རྩལ་ལས་ཤར་བ་ཡིན་པས། སྣང་ཚུལ་ལ་དག་མ་དག་བཟང་ངན་གྱི་རྣམ་པ་ཅི་ཞིག་ཤར་ན་ཡང་ངོ་བོ་དེ་དང་གཉིས་མེད་ཡིན་པས་ན་འཁོར་འདས་ཡེ་དག་ལ་གནས་པ་ཡིན། སྐུ་གསུམ་ལྷུན་གྲུབ་ཀྱི་དགོངས་པ་མངོན་དུ་གྱུར་པའི་རྣལ་འབྱོར་བའི་ངོ་ཁར་ཐ་མལ་གྱི་སྣང་བ་འདི་དག་གི་སྤུ་མ་བརྗེས་མདོག་མ་འགྱུར་བར་སངས་རྒྱས་སུ་གནས་པ་དེ་མངོན་སུམ་དུ་གྲུབ་པའི་ཕྱིར་ན། ད་འདི་ལམ་ཐམས་ཅད་ཀྱི་དགོངས་པའི་སྐྱེལ་སོ་ཡང་ཡིན་ལ། རྫོགས་ཆེན་ཉམས་ལེན་པ་དང་འཇིག་རྟེན་རང་ག་བ་གཉིས་ཀྱི་རྣམ་རྟོག་ཤར་ལུགས་ལ་ཁྱད་པར་ཡོད་པ་མ་ཡིན། མི་ཡིན་ལུགས་གཅིག་པ་ཡིན་པས་རེད། རྣམ་རྟོག་ལ་བདག་པོ་རྒྱག་ལུགས་འདྲ་བ་མ་ཡིན་ཏེ། འཇིག་རྟེན་པ་རྣམ་རྟོག་འཁྲུལ་བའི་རྗེས་སུ་ཕར་དེད་ནས་མཐའ་མེད་དུ་ལུ་གུ་རྒྱུད་དུ་འཁོར་བར་འཁྱམས་པ་ཡིན། ཉམས་ལེན་པས་གང་ཤར་རང་ཐོག་ཏུ་གཞི་རྩ་བཅད་ནས། སྐྱོན་དང་ཡོན་ཏན་གང་གིས་ཀྱང་བསླད་པ་མེད་པའི་ད་ལྟའི་རིག་པ་རྗེན་པ་བཅོས་བསླད་གཏན་ནས་མ་ཞུགས་པ་དེ་ཉམས་སུ་བླངས་ཏེ་ཉིན་མཚན་ཐུན་དང་ཐུན་མཚམས་དབྱེ་བ་མེད་པར་དེ་དང་མི་འབྲལ་བར་བྱས་པས། དགོངས་པ་ཀློང་དུ་གྱུར་པ་དང་མྱ་ངན་ལས་འདས་པའི་སར་ཐོན་པ་ཡིན། དེ་འདྲ་འགྱུར་ཐུབ་པར་བྱེད་པ་ལ་འཇིག་རྟེན་འཁོར་བའི་བྱ་བ་ལ་ངེས་འབྱུང་བསྐྱེད། བློ་ཕུགས་བླ་མ་དཀོན་མཆོག་ལ་གཏད། དམ་པ་གོང་མའི་ཞབས་རྗེས་སུ་བསྙེགས་ནས་རྒྱུ་ནོར་ཟས་གོས་ཤིག་གི་དོན་དུ་ཆོས་བློས་བཏང་སྟེ་དོན་ཆུང་དང་དོན་ཆེན་གཉིས་ཀ་མི་བརྗེ་བར། རྐྱེན་ངན་གྲོགས་སུ་ཁྱེར། འདོད་ཡོན་སྒྱུ་མར་སྦྱངས། མི་རྟག་མདང་གི་རྨི་ལམ་དང་འདྲ་བ་དེ་ཤེས་ཤིང་ངེས་སུ་བཅུག་ནས། སྙིང་རུས་དམ་བཅའ་ལྡོག་མེད་ཀྱིས་སྒྲུབ་པ་ཉམས་ལེན་བྱེད་དགོས་པ་ཡིན། དེ་ལྟར་ཐུབ་སྟེ་རབ་སྐྱེ་འཆིའི་འདུ་ཤེས་ཟད་པ་ཙམ་ཞིག་མ་ནུས་ནའང་། ཐ་ན་ཤི་ཁ་མི་འགྱོད་པ་ཞིག་ཡོང་བར་བྱེད་པ་ནི་ཆོས་ཐེག་རྩེ་རྫོགས་ཆེན་གྱི་ལམ་ལ་ཞུགས་པའི་དོན་པོ་ཡིན། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་སྟེ་ཆེན་པོ་གསུམ་གྱི་ཉམས་ལེན་གྱི་ལྟ་སྒོམ་སྤྱོད་པའི་མཐར་ཐུག གཅིག་མ་གཏོགས་གཉིས་ཤིག་ག་ལ་ཡོད། གནད་གཅིག་ལ་དྲིལ་མ་ཤེས་དུས་སྤྱིར་ཆོས་སྒྲུབ་མ་ཤེས་པ་ཡིན། རྣམ་པའི་ཆ་ནས་དབུ་ཕྱག་རྫོགས་གསུམ་གྱི་ཉམས་ལེན་གྱི་ཕྱོགས་ནས་ཕྱག་ལེན་ལ་ཁྱད་པར་ཡོད་པ་རེད། བོད་ཀྱི་དབུ་མ་སྔ་རབས་པ་ཚོས་ཐོག་མར་དཔྱད་པ་ཞིབ་མོས་ལྟ་བའི་བག་ཆགས་ཤིག་བཞག་ནས། སྒོམ་པའི་དུས་སུ་འཇོག་སྒོམ་ལ་གཙོ་བོར་མཛད་པ་དང་། དེའི་ནང་ནས་རི་བོ་དགེ་ལྡན་པ་འདྲ་ཞིག་ལ་མཚོན་ན་ལྷག་མཐོང་ཐོས་བསམ་གྱི་དཔྱད་སྒོམ་ལ་གཙོ་བོར་འཛིན་པ་ཡིན། ཕྱག་ཆེན་ལ་མདོ་ལུགས་དང་སྔགས་ལུགས་ཀྱི་དབྱེ་རིམ་མཛད་པའི་དབང་དུ་བྱས་ན། མདོ་ལུགས་ཀྱིས་རྒྱུད་བླ་མའི་མན་ངག་ལ་གཞི་མཛད་ནས་གནས་ལུགས་ཕྱག་རྒྱ་ཆེན་པོ་དབུ་མ་དང་ཕྱོགས་འདྲ་བར་སྒོམ་པ་དང་། སྔགས་ལུགས་པས་གཙོ་བོ་དབང་ལ་ལྟོས་ཏེ། དབང་བཞི་བའི་མན་ངག་ལ་བརྟེན་པའི་བླ་མ་དང་། ཡི་དམ་ལྷའི་བྱིན་རླབས་དང་། བྱེད་བཅིངས་ཀྱི་གནད་སོགས་ཀྱིས་ཡེ་ཤེས་འབེབས་པར་མཛད་པ་དང་། རྫོགས་ཆེན་པས་ནི་སྤྱིར་ན་སེམས་ཕྱོགས་རྫོགས་པ་ཆེན་པོ་ཞེས་ཆོས་ཐམས་ཅད་སེམས་ཀྱི་རོལ་བར་བསྡུས་ནས་ཡུལ་རིག་སྟོང་དུ་གཏན་ལ་འབེབ་པ་ལ་མཚོན་ན། ཕྱག་རྫོགས་གཉིས་ཀྱི་ཁྱད་པར་དེ་གང་ནས་འབྱེད་ཅིང་ཇི་ལྟར་འབྱེད་དགོས་ཤེ་ན། ལྟ་བས་ཡུལ་ལ་ཕར་རྒྱས་བཏབས་ཏེ་གསལ་སྟོང་དུ་གཙོ་བོར་གཏན་ལ་འབེབས་པ་ཕྱག་ཆེན་དང་། ཆོས་ཐམས་ཅད་སེམས་ཀྱི་རོལ་བར་བསྡུས་ནས་ཡུལ་ཅན་རིག་སྟོང་དུ་གཙོ་ཆེར་གཏན་ལ་འབེབས་པ་ནི་རྫོགས་ཆེན་ཡིན་ཞེས་དེ་ལྟར་གསུངས་པ་ཡིན། འོན་ཀྱང་རྫོགས་ཆེན་གྱི་ནང་གསེས་ལ་སེམས་ཀློང་མན་ངག་གི་སྡེ་གསུམ་ཡོད་པས། སེམས་སྡེས་ཆོས་ཐམས་ཅད་རང་བྱུང་བྱང་ཆུབ་ཀྱི་སེམས་བརྗོད་བྲལ་གྱི་ཡེ་ཤེས་སུ་འདོད་པ་དང་། ཀློང་སྡེས་སེམས་ཉིད་རྩལ་སྣང་དང་བཅས་པ་ཆོས་ཉིད་ཀུན་ཏུ་བཟང་མོའི་ཀློང་དུ་ཡེ་གྲོལ་རང་དག་ཏུ་འདོད་པ་དང་། མན་ངག་སྡེ་ཡིས་ཡེ་ནས་ཟུང་འཇུག་བློ་འདས་རྩོལ་སྒྲུབ་དང་བྲལ་བའི་རང་བྱུང་གི་ཡེ་ཤེས་ལ་རང་བབས་མ་བཅོས་རང་བཞག་གིས་བསལ་བཞག་བྲལ་བའི་ཆོས་ཉིད་དུ་སྐྱེལ་བ་སྟེ། དེ་ཡང་ཀ་དག་སྟོང་བའི་ཡེ་ཤེས་དང་ཐོལ་རྒལ་སྣང་བའི་ཡེ་ཤེས་འོད་གསལ་རིག་སྟོང་ཟུང་འཇུག་གི་གནད་ལ་སྦྱོར་བའི་ཁྱད་པར་ཡོད་དོ། །སྣང་སྟོང་གཉིས་མེད་རང་གྲོལ་གྱི་ངོ་སྤྲོད་པའི་སྐབས། འདི་ནི་གཉིས་མེད་རང་གྲོལ་ངོ་སྤྲོད་དོ། །ཞེས་དོན་བསྡུས་ནས། གཞི་ལམ་འབྲས་བའི་སྐུ་གསུམ་ངོ་སྤྲོད་ནི། ཨེ་མ་ཧོ། ད་ཡང་བྱ་བཏང་བདག་གི་གླུ་ལ་ཉོན། །གཞི་ཡི་རིག་པར་སྐུ་གསུམ་ཚང་ཚུལ་དང་། །གཞི་སྣང་དུས་ཀྱི་སྐུ་གསུམ་ཚང་ཚུལ་གྱི། །རྣམ་དབྱེ་འདི་གཉིས་ལེགས་པར་ཤེས་བྱས་ནས། །འཁོར་འདས་སྐུ་གསུམ་ཞིང་དུ་རྟོགས་པར་བྱ། །ཞེས་མཚམས་སྦྱར་བ་དང་མདོར་བསྟན་སྡོམ་གྱི་ཚུལ་དུ་བསྟན་ནས། རྒྱས་པར་གཞི་ལམ་འབྲས་གསུམ་གྱི་སྐུ་གསུམ་རེ་རེ་བཞིན་དུ་ཞིབ་པར་བཀྲལ་བ་ལས། དང་པོ་གཞི་ལ་ཇི་ལྟར་བཞུགས་ཚུལ་ནི། གཞི་ཡི་རིག་པར་སྐུ་གསུམ་ཚང་ཚུལ་ནི། །སྔོན་དུའང་བཤད་ཀྱང་ད་དུང་འདིར་ཡང་འཆད། །ཅེས་གལ་པོ་ཆེའི་དོན་ལ་ནན་གྱིས་བསྐྱར་དགོས་ཚུལ་གྱི་རྒྱུ་མཚན་དང་བཅས་ཏེ། རང་རིག་གཞི་ནི་ཤེལ་གྱི་གོང་བུ་འདྲ། །དེ་ཡི་སྟོང་པ་ཆོས་སྐུའི་རང་བཞིན་དང་། །གསལ་བའི་རང་གདངས་ལོངས་སྤྱོད་རྫོགས་པ་དང་། །འཆར་གཞི་མ་འགགས་སྒོ་ནི་སྤྲུལ་པའི་སྐུ། །གཞི་ཡི་རིག་པར་སྐུ་གསུམ་ཚང་ཚུལ་ཡིན། །འདི་ལ་ནམ་ཡང་འདུ་འབྲལ་མེད་པའོ། །ཞེས་པས་བསྟན་པ་སྟེ། ཞབས་དཀར་ཚང་གི་གསུང་འདི་ཕལ་སྐད་ཀྱི་ཐོག་ནས་གསུངས་ཡོད་པས་ཚིག་ཐོག་ནས་ཐད་ཀར་འདི་མི་གོ་རྒྱུ་མེད་པ་ཞིག་ཡིན་པ་དང་། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་ཀྱི་གསུང་འདྲ་ཞིག་ཡིན་ན་དོན་གྱི་སྤྱི་རྒྱ་རླབས་ཀྱིས་བཅད་སོང་དུས། ཡང་འདི་གོ་སོང་སྙམ་པའི་གདིང་གི་ངེས་པ་མ་བསྐྱེད་ན་ཡང་། མར་བཏོན་སོང་དུས་དད་དང་དག་སྣང་འདྲེས་མའི་སྣང་བའང་སྐྱིད་འདུག་པ་ལྟ་བུ་ཞིག་ཡོད་པ་དེ་བྱིན་རླབས་ཀྱི་ནུས་པ་དང་ཁོང་རྣམ་པའི་ཐུགས་རྗེའི་ནུས་སྟོབས་ཀྱིས་ཀྱང་ཡིན། སྤྱིར་ན་ཐེག་པ་འོག་མ་རྒྱུའི་ཐེག་པའི་སེམས་ལམ་བྱེད་ཀྱི་གཞི་ལམ་འབྲས་བུའི་ལྟ་སྒོམ་སྤྱོད་པའི་རྣམ་དབྱེ་ཚིག་གིས་བཤད་ཐུབ་པ་དག་གི་གྲུབ་མཐའ་སོ་སོའི་འདོད་གཞུང་ཡང་ཅི་འདྲ་ཞིག་གོ་དཀའ་བར་འདུག་ན། རྫོགས་ཆེན་སྒྲ་ཚིག་བསམ་བརྗོད་ལས་འདས་པའི་ཟབ་དོན་ལ་ཐུག་དུས་ཇེ་སླ་རུ་ག་ལ་འགྲོ། བརྗོད་མེད་ཀྱི་རྟོགས་པ་བཙན་ཐབས་སུ་འཕོ་མཁན་མེད་པར་སྨྲ་མི་ཤེས་ཀྱང་། འདི་ཉིད་ལས་ཅན་སྣོད་ལྡན་ཞིག་མིན་ན་རྟོག་གེའི་རིགས་འཕྲུལ་རྣོ་བ་རྐྱང་པ་ཞིག་གིས་གོ་ཐུབ་པ་མ་ཡིན། འདི་ནས་གཞི་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་དེ་ཤེལ་གྱི་གོང་བུ་ལ་དཔེ་བཞག་ནས་གོ་སླ་བར་གསུངས་པས་ན་ཡང་བཤད་ཅང་མི་དགོས་མོད། རྗེས་མའི་ཚིག་རྐང་། འདི་ལ་ནམ་ཡང་འདུ་འབྲལ་མེད་པའོ། །ཞེས་གསུངས་པ་འདི་རྐྱང་བ་ལ་བསམ་བློ་ཞིག་བཏང་ན་ཤིན་ཏུ་དཀའ་བ་དོན་ཆེ་བའི་མི་ཚད་གཏིང་ཟབ་པ། དོན་དངོས་སུ་འདི་ལ་འགྲེལ་བ་ཡི་གེ་པོ་ཏི་ཞིག་བྲིས་ཀྱང་བརྗོད་བྱ་ད་དུང་ཟད་པ་མི་འདུག་སྙམ་པ་ཞིག་ཡིན། གཞི་ཞེས་པ་དེ་གྲོལ་འཁྲུལ་གཉིས་ཀྱི་གཞི་ལ་གོ་དགོས་ཤིང་། དེ་ཡང་གཞི་ལས་གཞི་སྣང་ཤར་བའི་གཞི་ལ་གོ་དུས་མཐར་ཐུག་གཞི་འབྲས་དབྱེར་མེད་ཀྱི་གཞི་དང་། གདོད་མའི་གཞི། གནས་སྐབས་ཀྱི་གཞི་ལ་སོགས་པའི་གོ་དོན་མང་པོ་ཞིག་ཡོད་པ་དང་། དེ་བཞིན་དུ་རང་རིག་ཅེས་པ་ཙམ་གྱི་དོན་ཡང་མང་སྟེ། རིག་པ་ལ་ཡང་ཁྱད་པར་དང་དབྱེ་བ་མང་བ་ཡིན། འདི་དག་ནི་ཞིབ་པར་ཀུན་མཁྱེན་ཡབ་སྲས་ཀྱི་གཞུང་ལུགས་མཐའ་རྒྱ་བཅད་ནས་ཤེས་པར་བྱ་བ་ཡིན་ཡང་། ཕྱོགས་ཙམ་ཞིག་གླེང་ན། ཡེ་ཐོག་གཞི་ཡི་གནས་ལུགས་ཟེར་རྒྱུ་ཞིག་ཡོད་པ་འདི་སེམས་ཅན་སེམས་ཅན་ཞེས་བྱ་བ་མ་གྲུབ། སངས་རྒྱས་སངས་རྒྱས་ཞེས་བྱ་བ་མ་གྲུབ་པའི་སྔོན་རོལ་གྱི་གཞི་ལ་གསུངས་པ་དང་། འདི་གྲུབ་མཐའ་རྗེས་སུ་འཛིན་པའི་གང་ཟག་ཕྱོགས་རེའི་མཐར་འཛིན་གྱི་ལྟ་བར་མི་ལྟུང་བའི་ཆེད་དུ་གཞི་དྲུག་སྐྱོན་ཅན་དུ་བསྟན་ནས། ལམ་རྗེས་སུ་འཛིན་པའི་གང་ཟག་ལ་ཀ་དག་སྐྱོན་མེད་རང་གཞུང་ལྟར་དུ་ལམ་ལ་ཁྲིད་པའི་གསུང་ཚུལ་གྱིས་བསྟན་པ་ཡིན། ཡེ་ཐོག་གཞི་ཡི་ཀ་དག་ཅེས་པ་དེ་སྨྲ་བསམ་བརྗོད་བྲལ་ཡོད་མེད་གཉིས་ཀྱི་མཐའ་ལས་འདས་སོང་བ། ངོ་བོ་ཀ་དག་ཡིན་པས་ཡོད་པ་རྟག་པའི་མཐའ་དང་བྲལ་བ། རང་བཞིན་ལྷུན་གྲུབ་ཡིན་པས་མེད་པ་ཆད་པའི་མཐའ་ལས་འདས་སོང་བ། འོད་གསལ་སྟོང་བའི་ཆོས་ཉིད་དེ་ཆོས་སྐུ་འགྱུར་མེད་ཀྱི་དགོངས་པ་འཁོར་འདས་གང་དུ་ཡང་མ་གྲུབ་པའི་རང་བྱུང་གི་ཡེ་ཤེས་ཡིན་པས་ན། ཡེ་ཐོག་མ་ཉིད་ནས་དེ་ལྟར་ནམ་མཁའ་བཞིན་དུ་གནས་པ་སྟེ། ངོ་བོ་ཉིད་ནི་ཀ་དག་པས། །རང་བཞིན་ཉིད་ནི་ལྷུན་གྲུབ་བོ། །ཞེས་གསུངས་པ་ཡིན། ཀ་དག་ལྷུན་གྲུབ་གཉིས་ཀ་འབྲལ་མི་ཤེས་པའི་སྟོང་པ་ཆེན་པོར་བབས་ཀྱིས་དེ་ལྟར་གྲུབ་པ་དང་། ཀ་དག་གི་དབྱེ་གཞི་དེའི་ངོ་བོ་དེ་འཁོར་འདས་བདེ་སྡུག་རིག་མ་རིག་ལ་སོགས་པ་གང་དུ་ཡང་མ་གྲུབ་པ་ཞིག་སྟེ། ཀ་དག་གྲོལ་འཁྲུལ་ལས་འདས་པའི་ས་ཡིན་པས་ན་གྲོལ་འཁྲུལ་གྱི་ཐ་དད་མེད་པ་ཡིན། དེའི་རང་བཞིན་ནི་ཡེ་ཤེས་ཉིས་ལྡན་དང་སུམ་ལྡན་ཅན་ཞིག་སྟེ། གཞི་འདི་ལ་དབྱིངས་ཀྱི་གཞི་དང་གནས་སྐབས་ཀྱི་གཞི་གཉིས་ཕྱེད་དགོས། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན་ཡང་གཞི་ཡེ་ཤེས་སུམ་ལྡན་ཡིན་ལ། འདི་རྒྱུད་མ་ཧཱ་ཡོ་ག་སོགས་རྫོགས་ཆེན་མ་ཧཱའི་ཨ་ཏི་ལྟར་བཀྲལ་བའི་སྐབས་སུ་གཞི་ཞེས་གསུངས་པ་དེ་འདི་ལ་གོ་དགོས། ད་ལྟའི་རིག་པ་ལུས་ལ་གནས་དུས་ཀྱི་གཞི་དེ་རིག་པ་འོད་ཀྱི་ཁང་པ་ལ་གནས་དུས་དེ་ཡིན་པ་དང་། དེས་མ་ཚད་ད་ལྟའི་སྐབས་སུ་རྩལ་ཡུལ་ཐོག་ཏུ་འཆར་དུས་ཀྱི་རིག་པ་ཡིན་ནའང་ངོ་བོ་ཆ་འབྲལ་མི་ཤེས་པ་ཡིན་ཡང་། གཙོ་ཆེ་བའི་དབང་དུ་བྱས་ནས་རྩལ་གྱི་རིག་པ་རུ་བཤད་པ་ཡིན། དེས་ན་གཞི་དང་གཞི་སྣང་གི་ཁྱད་པར་གྱིས་ཕྱེས་བའི་གཞི་ཡིན་ན་ངོ་བོའི་རིག་པ་ཡིན། ངོ་བོའི་རིག་པ་ཡིན་ན་གཞི་དེ་ཡིན་དགོས་པའི་ངེས་པ་དེ་ཡོད་པ་མ་ཡིན། དེའི་གཞི་དེ་ཡིན་ན་གཞི་སྣང་གི་རིག་པ་མིན་པས་ཁྱབ་པ་དང་། དེ་ལྟར་དུ་རིག་པ་ལ་ཡང་ངོ་བོ་རང་བཞིན་ཐུགས་རྗེའི་རིག་པ་གསུམ་ལ་ཕྱེ་དུས་སྤྱིར་ན་གསུམ་པོ་འབྲལ་མ་ཤེས་པ་ཡིན་ཡང་། གཞི་སྣང་མ་ཤར་གོང་གི་རིག་པ་དེ་སྟོང་པ་རིག་པའི་སྙིང་བོ་ཅན་དེའི་མིང་ལ་ངོ་བོ་སྟོང་པ་ཟེར་བ་ཡིན། མདངས་ཕྱི་གསལ་གྱི་སྐབས་ལ་གསལ་བ་རིག་པའི་སྙིང་བོ་ཅན་ཡིན། འདི་ལ་རང་བཞིན་གསལ་བ་ཟེར་བ་ཡིན། རྩལ་གཟུང་འཛིན་གྱི་ཐོག་ལ་ཤར་དུས་རིག་སྟོང་ཐུགས་རྗེའི་རིག་ཆ་ཡིན། དེ་ལ་ཐུགས་རྗེ་ཀུན་ཁྱབ་ཏུ་གསུངས་པ་ཡིན། འདི་ལ་ཐུགས་རྗེའི་རིག་རྩལ་ཞེས་བརྗོད་དགོས་པ་ལྟ་བུ་ཞིག་ཡིན། ནང་གསལ་དུ་མ་བཀག་པར་ཕྱི་གསལ་དུ་ཡོད་པའི་ཆ་ནས་བླ་མའི་མན་ངག་དང་འཕྲད་ན་རིག་ངོ་འཕྲོད་སླ་ཞིང་། འདིའི་ཐོག་ནས་རིག་ཆ་རྗེན་ལ་ཕུད་ནས་རྒྱུན་སྐྱོང་ནུས་ན་རིག་ཆ་སད་ཐུབ་པ་ཡིན། མདོར་ན་གཞི་ལམ་འབྲས་གསུམ་གང་གི་སྐབས་སུ་ཡིན་ཡང་རིག་པར་སྐུ་གསུམ་ཚང་བ་ནམ་ཡང་འབྲལ་བ་མེད་ཚུལ་དེ་ལྟར་ཡིན། ལམ་གྱི་རིག་པར་སྐུ་གསུམ་ཚང་ཚུལ་བསྟན་པ་ནི། དཔེར་ན་ཤེལ་ལས་འོད་ལྔ་ཤར་བ་བཞིན། །དེ་ལས་ཤར་བ་གཞི་སྣང་དུས་ན་ཡང་། །དག་པ་རྒྱལ་བའི་ཞིང་ཁམས་སྣང་བ་དང་། །མ་དག་སྣོད་བཅུད་སྣང་བ་གང་སྣང་ཡང་། །ཐམས་ཅད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ། །སྣ་ཚོགས་མ་འགགས་ཤར་བ་སྤྲུལ་པའི་སྐུ། །གཞི་སྣང་དུས་ཀྱི་སྐུ་གསུམ་ཚང་ཚུལ་ལོ། །ཞེས་གསུངས་ཏེ། གོང་དུ་རིག་པར་ནམ་ཡང་སྐུ་གསུམ་ཚང་ཚུལ་བསྟན་པ་དང་གཅིག་ཡིན་ལ། ངོ་བོ་རང་བཞིན་ཐུགས་རྗེའི་ཤེས་བྱེད་དེ་ཀུན་ལ་ཁྱབ་པ་ཡིན། འདིའི་མཚམས་སུ་གནད་འགྲོལ་གྱི་དཀའ་གནད་གསལ་འབྱེད་བར་གྱི་གསལ་བྱེད་ལྟ་བུའི་ཚུལ་གྱིས་བསྟན་པ་ནི། གཞན་དུ་འདི་ཡི་རྣམ་དབྱེ་ཕྱེས་པ་ཉུང་། །གནད་འདི་ལེགས་པར་རྟོགས་དགོས་པ་ཞིག་ཡིན། །ངས་ཀྱང་ཀུན་མཁྱེན་ལེགས་བཤད་དྲིན་ལས་ཤེས། །དེ་ལྟར་ཤེས་ན་སྣང་སྲིད་ཐམས་ཅད་ཀྱང་། །སྐུ་གསུམ་ལྷུན་གྲུབ་དཀྱིལ་འཁོར་ཡེ་ནས་ཡིན། །སྐུ་གསུམ་ཞིང་ཁམས་གཞན་ནས་བཙལ་དུ་མེད། །འགྲོ་དྲུག་སེམས་ཅན་རྣམས་ཀྱང་སྐུ་གསུམ་དུ། །གནས་པ་ཡིན་ཏེ་རང་ངོ་ཤེས་ནུས་ན། །འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་། །བྱ་མི་དགོས་པར་ཐམས་ཅད་འཚང་རྒྱའོ། །དེ་ཡང་དོན་ལ་གཞི་ཡི་སྐུ་གསུམ་ཡང་། །ཆོས་སྐུ་ཡིན་པས་སོ་སོར་མ་འཛིན་ཞིག །གཞི་སྣང་དུས་ཀྱི་སྐུ་གསུམ་དེ་ཉིད་ཀྱང་། །གཟུགས་སྐུ་ཡིན་པས་སོ་སོར་མ་འཛིན་ཞིག །ཆོས་གཟུགས་གཉིས་ཀྱང་དོན་ལ་སོ་སོར་མིན། །སྟོང་པ་ཆོས་སྐུའི་ངང་དུ་རོ་གཅིག་གོ། ཞེས་པས་བསྟན་པ་རེད། འདིའི་གལ་ཆེན་གྱི་གནད་འདི་དག་གངས་ལྗོངས་རྫོགས་ཆེན་ཤིང་རྟའི་སྲོལ་འབྱེད་པ། རྒྱལ་བ་ཀློང་ཆེན་པའི་གཞུང་ལ་བརྟེན་ན་གཞི་ནས་ཤེས་ཐུབ་པ་དང་། འགྲོ་དྲུག་འཁྲུལ་བར་སྣང་ཡང་སྐུ་གསུམ་ལས་མ་འདས་ཤིང་། སྐུ་གསུམ་ཆོས་སྐུ་དང་གཟུགས་སྐུར་བྱས་ཀྱང་དོན་ལ་ཆོས་སྐུར་འདུས་པ་དང་། ཡེ་ཤེས་གསུམ་དུ་དབྱེ་ཡང་སྟོང་པ་ཆོས་སྐུའི་ངོ་བོར་འདུས་པ་ཡིན་ནོ་ཞེས་པའོ། །གསུམ་པ་འབྲས་བུའི་རིག་པར་སྐུ་གསུམ་ཚང་ཚུལ་ནི། མཐར་ཐུག་གཞི་སྣང་གཞི་ལ་རང་ཐིམ་ནས། །གཞི་ཡི་ཆོས་སྐུའི་དགོངས་པ་མངོན་གྱུར་ཚེ། །དོན་གྱི་འབྲས་བུ་མངོན་དུ་གྱུར་པ་ཡིན། །དེ་ནས་ཆོས་སྐུའི་མཁའ་ལས་མ་གཡོས་བཞིན། །གཟུགས་སྐུ་རྣམ་གཉིས་འཇའ་ཚོན་ཇི་བཞིན་དུ། །བསྟན་ནས་འགྲོ་དོན་རྒྱུན་མི་འཆད་པའོ། །ཞེས་གསུངས་ཏེ། མཐར་ཐུག་འབྲས་བུའི་གྲོལ་ས། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན། ཀུན་ཏུ་བཟང་བོ་རང་ངོ་ཤེས་པའི་ཆོས་དྲུག་གམ། རང་བྱུང་གི་ཆོས་གསུམ་གྱིས་གཞི་ཀ་དག་གདོད་མའི་གྲོལ་ས་འཁྲུལ་གཞི་མ་ཡིན་པ་དངུལ་ཆུ་དུག་འདོན་བྱས་པ་ལྟ་བུའི་གཞི་སྣང་ནས་གྲོལ་ཏེ་གཞི་ཐོག་ཏུ་ཐིམ་པའི་གཞི་འབྲས་ངོ་བོ་དབྱེར་མེད་དུ་སངས་རྒྱས། ཆོས་སྐུ་ནམ་མཁའ་ལྟ་བུ་ལས་འབད་དང་རྩོལ་བ་མེད་པར་ལོངས་སྐུ་དང་སྤྲུལ་སྐུའི་གཟུགས་སྐུ་གཉིས་ནི། ལས་དག་དང་མ་དག་གི་གདུལ་བྱའི་ངོ་ཁར་སྣང་བ་ཡིན་ནོ། །དེས་གཞི་ལམ་འབྲས་བུ་ལ་སྐུ་གསུམ་ཚང་ཚུལ་བསྟན་ནས། དུག་ལྔ་རང་གྲོལ་གྱི་ངོ་སྤྲོད་ནི། ཨེ་མ་ཧོ། ད་ཡང་བྱ་བཏང་བདག་གི་གླུ་ལ་ཉོན། ཞེས་མཚམས་སྦྱར་ཏེ། དུག་ལྔ་རེ་རེ་བཞིན་དུ་རང་གྲོལ་ཡེ་ཤེས་ལྔ་དང་སྦྱར་ནས་བསྟན་པ་ལས། དང་པོ་ཞེ་སྡང་མ་སྤངས་མེ་ལོང་ཡེ་ཤེས་སུ་གྲོལ་ཚུལ་ནི། ཁྱེད་རང་རྣམས་ལ་སྔོན་ལ་གནོད་པ་བསྐྱལ། །སུན་ནི་དབྱུང་དང་བརྡུང་བཙོག་བྱས་པ་དང་། །ངོ་ཚ་གཏད་དང་སེམས་ལ་གནོད་པའི་ལས། །ཇི་ལྟར་གཞན་གྱིས་བྱས་པའི་ཚུལ་རྣམས་ཀུན། །རང་གི་ཡིད་ལ་ཚུལ་བཞིན་བསམ་བྱས་ནས། །ཞེ་སྡང་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་ཞེ་སྡང་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མར་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ཞེས་གསུངས་ཏེ། འཇིག་རྟེན་འཁྲུལ་བའི་སྣང་བ་འདིའི་སྐབས་སུ་ཆགས་སྡང་གི་ཡུལ་དུ་གྱུར་པའི་གཉེན་དང་དགྲ་ཞེས་པ་འདི་ཡང་། སྤྱིར་བརྟགས་ན་རྟོག་བཏགས་ལས་ཀྱང་རྟོག་བཏགས། ན་ནིང་གི་ཆགས་ཡུལ་དང་ཞེན་ཡུལ་དེ་ད་ལོ་དགྲ་རུ་གྱུར་པ་དང་། དེ་བཞིན་དུ་དགྲ་སྡང་གཉེན་དུ་འགྱུར་བའང་ཡོད་པས་ན། རྟག་མི་ཐུབ་པ་དེ་འཇིག་རྟེན་གྱི་ཆོས་ཉིད་ཡིན་པ་རེད། རྣམ་རྟོག་གི་འགྱུ་བ་དེ་དག་ཐམས་ཅད་ཀྱང་དོན་ལ་ཡེ་ཤེས་ཀྱི་རང་རྩལ་ལས་མ་འདས་པ་ཡིན་པས་ན་དུག་ལྔ་ཡེ་ཤེས་ལྔ་ཡི་རང་རྩལ་ཡིན་གསུངས་པས། ཐུག་ཕྲད་ལམ་དུ་ཁྱེར་བའི་རྣལ་འབྱོར་པས་དགྲ་ལ་ཞེ་སྡང་སྐྱེས་པའི་རྣམ་རྟོག་དེ་སྤང་གཉེན་གཉིས་ཀ་གཡུལ་སྤྲད་པ་གཅིག་ཁེ་གཅིག་ཕམ་དུ་བྱེད་མི་དགོས་ཤིང་། ཉོན་མོངས་བསྒྱུར་ནས་ཡེ་ཤེས་སུ་འགྱུར་ཚུལ་ཡང་མི་དགོས་ལ། ཞེ་སྡང་ཁོ་རང་གི་ངོ་བོ་ལ་ཅེར་གྱིས་སམ་ཐད་ཀར་བལྟས་ན། ཞེ་སྡང་དེ་སྤྱིར་ན་མི་མཐུན་པའི་ཡུལ་དེར་ཕར་འདོར་ཞིང་འབྲལ་བར་བྱེད་པའི་རྣམ་པ་ཅན་ཞིག་ཡིན་ལ། དེ་ལྟ་བུའི་རྩལ་དེ་སེམས་ལ་ཡོད་པས། ལམ་གྱི་དུས་སུ་དེའི་བྱུང་གནས་འགྲོ་གསུམ་བཙལ་ནས་ཞེ་སྡང་ཡེ་ནས་དག་པ་མཐོང་ཚེ། འབྲས་དུས་སུ་དེའི་ཇི་ལྟ་བའི་རང་བཞིན་ལ་འཁྲུལ་བའི་དྲི་མ་ཕར་ལ་བསལ་ནས་དོན་གྱི་ཡེ་ཤེས་ཀྱི་གནས་ལུགས་དེ་ཚུར་ལ་གསལ་ཞིང་སྣང་བའི་གསལ་སྟོང་མེ་ལོང་ཡེ་ཤེས་ཀྱི་རང་བཞིན་ཅན་དུ་གྲོལ་བ་ནི། ཞེ་སྡང་མ་སྤངས་མེ་ལོང་ཡེ་ཤེས་སོ། །ཞེས་དོན་བསྡུས་པའོ། །གཉིས་པ་འདོད་ཆགས་མ་སྤངས་སོར་རྟོག་ཡེ་ཤེས་སུ་བསྟན་པ་ནི། ཁྱེད་རྣམས་སྙིང་ལ་སྡུག་པའི་བུད་མེད་དང་། །ཤ་སོགས་རང་ཉིད་ཟ་བ་གང་འདོད་དང་། །གོས་སོགས་རང་གི་གོན་པ་གང་འདོད་དང་། །རྟ་སོགས་རང་གི་ཕྱུགས་རྣམས་གང་འདོད་རྣམས། །ཚུལ་བཞིན་རང་གི་ཡིད་ལ་བསམ་བྱས་ནས། །འདོད་ཆགས་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་འདོད་ཆགས་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ཞེས་གསུངས་ཏེ། ཆགས་པ་སྐྱེ་སའི་ཡུལ་བུད་མེད་དང་སྐྱེས་པ། དེ་བཞིན་དུ་གཉེན་དང་བུ་ཚ། ཟས་གོས་རྟ་ནོར་སོགས་ཡོ་བྱད་ཀྱི་དངོས་པོ་རིགས་གང་ལ་ཆགས་ཞེན་ཆེ་ན། དེའི་ཆགས་པ་དེ་སྐྱེས་བདོ་བའི་དུས་སུ་ཁོ་རང་གི་ངོ་བོ་ལ་ཅེར་གྱིས་ལྟོས་དང་། འདོད་ཆགས་ནི་སེམས་ཡུལ་ལ་འདུན་ཅིང་དང་དུ་ལེན་པའི་རྣམ་པ་ཅན་ཡིན་ལ། དེ་ལྟ་བུའི་རྩལ་སེམས་ལ་ཡོད་པའི་དབང་གིས་ལམ་དུས་སུ་ལམ་དང་འབྲས་བུའི་ཆོས་ལ་མཆོག་ཏུ་འདུན་ཞིང་། འབྲས་བུའི་དུས་ན་ཆོས་ཀུན་ལ་རྒྱབ་ཀྱིས་མ་ཕྱོགས་པར་དང་དུ་བླང་བའི་ཚུལ་གྱིས་གཟིགས་པ་སོར་རྟོག་མཆོག་ཏུ་བདེ་བའི་རང་བཞིན་ཅན། བདེ་སྟོང་སོར་རྟོག་ཡེ་ཤེས་སུ་གྲོལ་བ་ནི། འདོད་ཆགས་མ་སྤངས་སོར་རྟོག་ཡེ་ཤེས་སོ། །ཞེས་པས་དོན་བསྡུས་ཏེ། གསུམ་པ་གཏི་མུག་མ་སྤངས་ཆོས་དབྱིངས་ཡེ་ཤེས་སུ་བསྟན་པ་ནི། ཁྱེད་རྣམས་གཉིད་དང་བྱིང་རྨུགས་ལ་སོགས་པའི། །གཏི་མུག་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་གཏི་མུག་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ཞེས་གསུངས་ཏེ། ཡང་ཉོན་མོངས་པ་གཏི་མུག་ཅེས་པ་ཁྱད་པར་དུ་དགེ་སྦྱོར་གྱི་ཐུན་རེ་གཅོད་པའི་དུས་སུ་གཉིད་དང་བྱིང་རྨུགས་ཀྱི་དབང་དུ་འགྲོ་བར་བྱེད་པའི་གཏི་མུག་འདིའི་ངོ་བོ་ལ་ཅེར་གྱིས་བལྟས་ཚེ། དེའི་ཡོང་ས་ཡོང་ཁུངས་དང་གནས་ས་གནས་ཁུངས་འགྲོ་ས་འགྲོ་ཁུངས་མེད་པས་མ་ཚད། གཏི་མུག་འདི་རེད་ཟེར་རྒྱུའི་དབྱིབས་དང་ཁ་དོག་ལ་སོགས་པ་མཚན་མས་སྟོན་རྒྱུ་མེད་པ། ཁོ་རང་གི་ངོ་ལ་བལྟ་དུས་གཏི་མུག་དེ་ཡུལ་ལ་མི་རྟོག་བཏང་སྙོམས་སུ་གནས་པའི་ངང་ཚུལ་ཅན་ཞིག་ཡིན་པ་དེའི་རྩལ་སེམས་ལ་ཡོད་པས། ལམ་གྱི་དུས་སུ་མཚན་མར་མི་འཛིན་པ་དང་། འབྲས་བུའི་དུས་སུའང་དེ་བཞིན་དུ་སྤྲོས་པའི་སྤྱོད་ཡུལ་ཐམས་ཅད་ལ་རྣམ་པར་མི་རྟོག་པར་སྟོང་པ་འཛིན་མེད་དྲན་སྟོང་ཆོས་དབྱིངས་ཡེ་ཤེས་སུ་གྲོལ་བ་ནི། གཏི་མུག་མ་སྤངས་ཆོས་དབྱིངས་ཡེ་ཤེས་སོ། །ཞེས་དོན་བསྡུས་པའོ། །སྤྱིར་ན་མ་རིག་པ་དང་གཏི་མུག་གཉིས་ཀྱི་ཁྱད་པར་ཇི་ལྟར་ཕྱེ་ན། མ་རིག་པ་ནི་དུག་ལྔའི་ཁྱབ་བྱེད་དང་། གཏི་མུག་དུག་ལྔའི་ཡ་གྱལ་དུ་གྱུར་པའི་ཁྱད་པར་ཡོད་པ་ཡིན། བཞི་བ་ང་རྒྱལ་མ་སྤངས་མཉམ་ཉིད་ཡེ་ཤེས་སུ་གྲོལ་བར་བསྟན་པ་ནི། ཁྱེད་རྣམས་རང་གི་རིགས་རུས་སྟོབས་འབྱོར་དང་། །གཟུགས་བྱད་ལེགས་དང་ངག་གི་དབྱངས་སྙན་དང་། །ཐོས་བསམ་སྒོམ་གསུམ་ཡི་གེ་འབྲི་ཀློག་དང་། །རིག་གནས་མཁས་དང་གྲོང་ཆོག་གདུལ་བྱ་སོགས། །རང་ལ་ཡོད་ཚད་ཡོན་ཏན་བསམ་བྱས་ནས། །གཞན་ལས་ཅུང་ཟད་ང་བཟང་སྙམ་པ་ཡི། །ང་རྒྱལ་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་ང་རྒྱལ་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ཞེས་གསུངས་ཏེ། ང་རྒྱལ་དེ་གང་ས་ཅི་ཐད་ནས་རང་ཉིད་གཞན་ལས་ཅིག་འཕགས་སྙམ་པའི་ཁེངས་པའི་རྣམ་པ་ཅན་ཞིག་ཡིན་ལ། སྟོབས་འབྱོར་ཡོན་ཏན་ལ་སོགས་པ་ཆེ་བ་ཙམ་གྱིས་སྐྱེས་བུ་དམ་པའི་རིགས་ཅན་ལ་ང་རྒྱལ་ཡོད་པ་མ་ཡིན་ཡང་། རྒྱལ་སྲས་ཞི་བ་ལྷས། མ་རབས་རྣམས་ནི་མཐོ་ཐོབ་ཅིང་། །ང་རྒྱལ་དག་ཀྱང་བཅོམ་པར་ཤོག །ཅེས་པ་གསུངས་པ་བཞིན་དུ་ངན་པ་དེ་ང་རྒྱལ་ཡང་ཆེ་བ་ཡིན། གང་ལྟར་ང་རྒྱལ་སྐྱེས་ཡོང་དུས་དེའི་ངོ་བོ་ལ་ཅེར་གྱིས་སམ་ཐད་ཀར་བལྟས་འོང་ན། ང་རྒྱལ་དེ་གང་ནས་བྱུང་འདུག གང་ལ་བུད་སོང་སོགས་བརྟགས་ན་བྱུང་ས་དང་འགྲོ་ཡུལ་མེད་པས་མ་ཚད་ང་རྒྱལ་འདི་རེད་ཟེར་རྒྱུའི་དབྱིབས་ཁ་དོག་ཅན་ཞིག་ཀྱང་མི་རྙེད་པ་ཡིན། ང་རྒྱལ་ནི་མཐོ་འདོད་ཆེ་འདོད་ཀྱི་རྣམ་པས་འཇུག་པ་ཅན་ཞིག་ཡིན་པས། ལམ་དུས་སུ་སྒྲུབ་ལ་མི་ཕྱེད་པར་འཇུག་ཅིང་། འབྲས་དུས་སུ་ཞུམ་པའི་རྣམ་པ་མེད་པའི་མི་མཉམ་པའི་ཟུག་རྔུ་དང་བྲལ་བ་དྲན་སྟོང་མཉམ་ཉིད་ཡེ་ཤེས་སུ་གྲོལ་བ་ནི། ང་རྒྱལ་མ་སྤངས་མཉམ་ཉིད་ཡེ་ཤེས་སོ། །ཞེས་པས་དོན་བསྡུས་ནས། ལྔ་བ་ཕྲག་དོག་མ་སྤངས་བྱ་གྲུབ་ཡེ་ཤེས་སུ་གྲོལ་བར་བསྟན་པ་ནི། རང་ལས་ཆེ་བའི་གཞན་གྱི་སྟོབས་འབྱོར་དང་། །ཡོན་ཏན་མཁན་དང་གདུལ་བྱ་མང་བ་དང་། །རིག་གནས་མཁས་དང་འདོན་བཟང་སྐད་བཟང་དང་། །ཆོས་ཀྱི་གོ་བ་འཇིག་རྟེན་གཏམ་ལ་སོགས། །གཞན་གྱི་ཡོན་ཏན་ཐམས་ཅད་བསམ་བྱས་ནས། །རང་ལས་མཐོ་བར་དོགས་པའི་ཕྲག་དོག་སེམས། །སྐྱེར་ཆུག་སྐྱེས་ཚེ་ཕྲག་དོག་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་ཕྲག་དོག་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ཞེས་གསུངས་ཏེ། ཡང་གཞན་གྱི་སྟོབས་འབྱོར་ཡོན་ཏན་སོགས་ལ་ཕྲག་གིས་དོག་པ་སྟེ་ཕྲག་དོག་སྐྱེས་པའི་དུས་སུ་ཕྲག་དོག་སྐྱེས་བྱུང་སྙམ་ནས་སྐྲག་མི་དགོས་པར། ཕྲག་དོག་སྐྱེས་སུ་ཆུགས། སྐྱེས་བདོ་བའི་ཚེ་ན་ཁོའི་ངོ་བོ་ལ་ཅེར་གྱིས་ལྟོས་དང་། འདིའོ་འདི་ནས་བྱུང་སོང་། འདི་རུ་བསྡད་འདུག འདིར་བུད་སོང་སྙམ་པ་ཞིག་རྙེད་འདུག་གམ། དེ་མ་རྙེད་པ་ནི་རྙེད་དུ་མེད་པའི་ཡེ་སྟོང་གི་ངོ་བོ་རུ་གྲུབ་པ་ཡིན། འདི་ནས་ཅེར་གྱིས་ལྟོས་ཞེས་པ་འདི་ཡང་དེའི་ངོ་བོའི་ཆོས་ཉིད་ལ་ལྟོས་ཞེས་པ་ལས་རྣམ་རྟོག་གི་རྗེས་བཅད་ནས་འཁྲུལ་བ་ཡེ་འབྱམས་ཀྱི་གདོན་གྱིས་ཟིན་པར་གྱིས་གསུངས་པ་ག་ལ་ཡིན། ཕྲག་དོག་ནི་བདག་གཞན་ལ་དམིགས་ནས་མི་མཉམ་པར་འཇུག་པའི་བློ་ཞིག་ཡིན་ལ། དེ་ལྟ་བུའི་རྩལ་དེ་སེམས་ལ་ཡོད་པས་ན་ལམ་གྱི་དུས་ལ་གནས་དང་གནས་མིན་ལ་འཇུག་ལྡོག་བྱེད་པ་དང་། འབྲས་བུའི་སྐབས་སུ་གདུལ་བྱར་ཕན་པ་སྒྲུབ་ཅིང་གནོད་པ་སྤོང་བའི་ཚོར་སྟོང་བྱ་གྲུབ་ཡེ་ཤེས་ཀྱི་རང་བཞིན་དུ་གྲོལ་བ་ནི། ཕྲག་དོག་མ་སྤངས་བྱ་གྲུབ་ཡེ་ཤེས་སོ། །ཞེས་པས་ཕྲག་དོག་གི་དོན་བསྡུས་པ་དང་། དེ་ལྟར་རྟོགས་ན་ཉོན་མོངས་ཡེ་ཤེས་ཡིན། །ཞེས་པས་སྤྱི་ཁྱབ་ཀྱི་དོན་བསྡུས་པའོ། །འདི་ཉིད་ངོ་སྤྲོད་ཡིན་པར་མ་ཟད་རྩལ་སྦྱོང་ཡང་ཡིན་པར་བསྟན་པ་ནི། ཉོན་མོངས་རྟོག་པ་སྤངས་པའི་ཕ་རོལ་ནས། །སྟོང་ཉིད་ཡེ་ཤེས་འཚོལ་བ་དགོད་རེ་བྲོ། །བཙལ་བས་མ་རྙེད་ཚེ་ན་སྙིང་རེ་རྗེ། །འདི་ལྟར་དུག་ལྔ་སྟོང་པར་ཤེས་ནས་ཀྱང་། །ཕྱིན་ཆད་དུག་ལྔའི་རྟོག་པ་གང་ཤར་ཡང་། །ངོ་སྤྲོད་འདི་བཞིན་སྐྱེ་ས་གནས་ས་དང་། །འགྲོ་ས་དབྱིབས་དང་ཁ་དོག་དཔྱད་མི་དགོས། །སྔོན་དུ་དུག་ལྔ་སྟོང་པར་ཤེས་པའི་ཕྱིར། །ཤར་མ་ཐག་ཏུ་རྗེས་སུ་མི་འབྲང་བར། །སེམས་ཉིད་ངང་དུ་རང་སར་གློད་ལ་ཞོག །རང་ཡལ་ཉིད་དུ་འགྲོ་བར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། རྫོགས་པ་ཆེན་པོའི་ཉམས་ལེན་གྱི་སྐབས་སུ་རྣམ་རྟོག་སྐྱེས་སུ་མི་འཇུག་པར་བཀག་དགོས་པ་མ་ཡིན། མི་གསོན་པོའི་རྣམ་རྟོག་འགོག་དགོས་ན་ཁེགས་པ་ཡང་མ་རེད། དེ་ལྟར་མ་ཤེས་པའི་དབང་གིས་སྒོམ་སྐྱོན་དུ་གྱུར་ནས་སྲོག་རྩར་རླུང་ཞུགས་ནས་སྨྱོས་སོང་བ་དེ་ཚོ་སྒོམ་གྱིས་སྨྱོས་པ་མ་ཡིན་པར་སྒོམ་མ་ཤེས་པས་སྨྱོས་སོང་བ་ཡིན། མ་རྟོགས་འཁྲུལ་བའི་དུས་ན་ཉོན་མོངས་དུག་ལྔས་འཁོར་བའི་ལས་བྱེད་ཀྱང་། རྟོགས་ཏེ་མ་འཁྲུལ་བའི་དུས་ན་འདི་དག་གིས་མྱང་འདས་ཀྱི་བྱ་བ་ཐམས་ཅད་བྱེད་པ་ཡིན། དེ་ལྟར་སྨན་གྱི་ནུས་པ་དང་ནོར་བུའི་རང་འོད་བཞིན་དུ་སེམས་ལ་རང་རྩལ་ལྔ་བོ་འདི་ཡེ་ནས་ཡོད་པའི་སྟབས་ཀྱིས་འཁྲུལ་བས་མ་བསླད་ན་ངོ་བོ་ཡེ་ཤེས་ལྔ་རུ་གྲོལ་བའི་འཐད་པ་དེ་ལྟར་གྲུབ་པ་ཡིན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་དྲི་མ་མེད་པར་གྲགས་པའི་མདོ་ལས་ཀྱང་། ཉོན་མོངས་པ་རྣམས་ནི་དེ་བཞིན་གཤེགས་པའི་གདུང་ངོ་། །ཞེས་གསུངས་པའང་དེའི་དབང་གིས་ཡིན་པ་དང་། གལ་ཏེ་ཉོན་མོངས་སྤངས་པའི་འདུས་མ་བྱས་དེ་བསྒྲུབས་ན་ཉན་ཐོས་ཞི་བར་ཞུགས་པ་དང་འདྲ་བར་དོན་ཡོངས་སུ་རྫོགས་པར་བསྒྲུབ་མི་ནུས་པ་ཡིན། དེས་ཀྱང་རྡོ་རྗེ་ཐེག་པའི་མྱུར་ལམ་རྨད་དུ་བྱུང་བར་དཔོག་པ་ཡིན། རྫོགས་ཆེན་ཉམས་ལེན་གྱི་སྐབས་སུ་རྣམ་རྟོག་གང་ཤར་གྱི་སྔོན་མི་བསུ། རྗེས་མི་སྙེག་པར་ཤར་མཁན་ཁོའི་ངོར་ལྟོས་དང་བལྟས་པ་ཙམ་གྱིས་རྣམ་རྟོག་རང་གྲོལ་ལ་འགྲོ་བ་ནི་ཆོས་ཉིད་ཡིན། འདི་ལ་འགྱུ་བ་གནས་དག་གི་དགོངས་པ་ཞེས་གསུངས་པ་ཡིན། དེའི་སྐབས་སུ་ཤེས་རིག་དྭངས་གསལ་ངོ་བོ་ངོས་བཟུང་དང་བྲལ་བ་སྟོང་སངས་འཛིན་མེད་ཅིག་མངོན་དུ་འགྱུར་རྒྱུ་བོ་དེ་རིག་པ་ཡིན། དེའི་ཕྱིར་ན་ཉོན་མོངས་རྣམ་རྟོག་སྤོང་བའི་ཕ་རོལ་ནས་སྟོང་ཉིད་ཀྱི་ཡེ་ཤེས་ཟེར་རྒྱུ་ཞིག་རྙེད་འདང་བྱེད་ཁུལ་བྱེད་རྒྱུ་བོ་དེ་གད་མོ་སློང་བྱེད་ཙམ་ཡིན་པ་དང་། དེའི་དོན་ལ་འབད་པ་བྱས་པ་ནི་སྙིང་རེ་རྗེ་ཞེས་གསུངས་པ་རེད། རང་བྱུང་ཡེ་ཤེས་རྩོལ་སྒྲུབ་བྲལ་བ་ལ། །རྒྱུ་འབྲས་གཉིས་སུ་ལྟ་བ་ཐང་རེ་ཆད། །གསུངས་པ་དང་། རྩོལ་སྒྲུབ་གཉིས་སུ་འཛིན་པ་ཉོན་རེ་མོངས་ནས་རང་བྱུང་རྩོལ་མེད་ཀྱི་ཀློང་དུ་བཤགས་དགོས་ཐུག་སོང་བ་རེད། གནས་ལུགས་རང་བཞིན་མེད་པའི་ངང་དེ་ནས་སྣང་ལུགས་རྐྱེན་གྱི་འཆར་ཚུལ་དེ་ཅིར་ཡང་གྲུབ་ཆོག་པ་དེ་ནམ་མཁའི་ཆོ་འཕྲུལ་དང་སྒྱུ་མ་གཟུགས་བརྙན་གྱི་དཔེ་ཡིས་ཤེས་པ་ཡིན། འཁོར་བའི་ཆོས་གཟུང་དང་འཛིན་པར་སྣང་བ་འདི་ཐམས་ཅད། ཡུལ་ལོག་རྟོག་གི་སྣང་བ་རྨི་ལམ་སྒྱུ་མ་ལྟ་བུ་ལ། ཡུལ་ཅན་རང་གི་ལོག་རྟོག་དེ་སྤྱད་དེ་འཁྲུལ་བར་སྣང་བ་ཡིན། སྣང་ན་ཡང་དོན་ལ་སེམས་ཉིད་དེ་བཞིན་ཉིད་གནས་ལུགས་རིག་པའི་ཡེ་ཤེས་ལས་གཞན་དུ་གཡོ་བ་མེད་པ་ནི། འབྱུང་བཞིའི་འཕོ་འགྱུར་ནམ་མཁའི་ངང་ལས་མ་གཡོས་པ་དང་འདྲ་བར་དགག་སྒྲུབ་ཀྱི་རྣམ་རྟོག་གང་ཤར་ཐམས་ཅད་སེམས་ཉིད་ཡེ་ཤེས་ཀྱི་ངང་ལས་མ་གཡོས་ཤིང་། འདི་ནས་དུག་ལྔ་སྟོང་བར་ཤེས་དུས་ཤེས་ཐོག་ཏུ་ཞོག་ཅེས་གསུངས་པ་ནི། རིག་པའི་ངོ་བོ་རྟོགས་ནས་དེའི་རྟོགས་ཐོག་ཏུ་བཅོས་བསླད་མེད་ཅིང་བྱིང་རྒོད་དང་བྲལ་བར་བཞག་པའི་དུས་སུ་སྤྲོས་པ་དང་བྲལ་བའི་ངང་དེ་ནས། གསལ་ལ་སྟོང་བའི་གདངས། རྟོག་པ་ལ་མ་འགྱུ་ཞིང་རིག་ཅིང་གསལ་བའི་བློ། གཟུང་ཡུལ་འཛིན་སེམས་དང་བྲལ་བ་ཞིག་ཡོད་པ་དེ་གནས་ལུགས་རྫོགས་པ་ཆེན་པོའི་མཉམ་བཞག་གཉིས་མེད་ཀྱི་སྒོམ་པ་ཡིན། དེ་ལྟ་བུའི་དགོངས་པ་ཡེ་དག་ཏུ་གནས་པ་དེ་སྒོམ་པ་ཉིན་མཚན་ཁ་སྦྱོར་ཞེས་བྱ་ལ། འཁོར་འདས་དབྱེ་བསལ་མེད་པའི་ངོ་བོ་ཡང་དེ་ཡིན། རང་ངོ་དང་རྩལ་ཞེས་པ་འདི་ཡང་འཁྲུལ་གཞི་དང་འཁྲུལ་སྣང་འབྱེད་དུས་གཙོ་བོར་གསུངས་པ་ལས་རིག་ངོ་འཕྲོད་ཚར་ནས་ལྷག་མཐོང་གི་དེ་ཉིད་ཤེས་པའི་གནས་སྐབས་ན། ཤར་གནས་གྲོལ་བ་གང་ཡིན་ཡང་རིག་པ་ངོས་ཟིན་པ་ལས་མ་འདས་ཚེ། ཆུ་དང་རྦ་རླབས། མེ་ལོང་དང་བྱད་གཟུགས་མཐོང་བ་བཞིན་དུ་དངོས་གཅིག་རྣམ་འགྱུར་ལོག་པའི་མཚན་ཉིད་ཙམ་ཡིན་པར་མཐོང་བའི་དུས་གསུམ་རྟོག་པའི་འབྲེལ་ཐག་ཆོད་པ་དེ་ཆོས་སྐུ་རང་གནས་ཀྱི་གནས་ལུགས་སོ་སོར་རང་རིག་པའི་ཡེ་ཤེས་སུ་གསུངས་པ་ཡིན་ནོ། །འདི་ནི་ངོ་སྤྲོད་རྩལ་སྦྱོང་གཉིས་ཀ་ཡིན། །ཞེས་གསུངས་དོན་བསྡུས་ནས། དེ་ལྟར་ཉམས་སུ་བླངས་པས་ཤར་གྲོལ་དུས་མཉམ་འབྱུང་བར་བསྟན་པ་ནི། འདི་ལྟར་སྔོན་ལ་རྩལ་སྦྱོང་བྱས་གྱུར་ན། །ཕྱིན་ཆད་ཉོན་མོངས་དུག་ལྔ་ནམ་ཤར་ཚེ། །ཉོན་མོངས་རང་མཚང་སྔོན་ལ་ཤེས་སྟབས་ཀྱིས། །སྟོང་ཉིད་ཡེ་ཤེས་གཉིས་ཀ་མཉམ་ཤར་ནས། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ། །ཞེས་གསུངས་པ་སྟེ། འདིར་དུས་མཉམ་ཞེས་པ་ཞིག་གཉིས་བྲིས་ཡོད་པ་འདི་ནན་གྱིས་བསྐྱར་བའི་ཚིག་ཅིག་མིན་པ་ཡིག་ནོར་དུ་སོང་བ་མ་ཡིན་ནམ། གཅེར་མཐོང་རང་གྲོལ་གྱི་ནང་ན། ཤར་གྲོལ་དུས་མཉམ་ཤར་གྲོལ་དམ་མཉམ་མོ། །གསུངས་པ་ལྟ་བུ་ཞིག་ཡོད་སྣང་འདུག སྔར་མཉམ་པར་མ་བཞག་ཀྱང་། དམ་ཚིག་ཡེ་གྲོལ་ཆོས་ཉིད་ཆེན་པོར་གྲོལ། །ཞེས་པ་ཞིག རྒྱུད་དང་ཀློང་ཆེན་པའི་གསུང་གཉིས་ཀའི་ནང་ན་ཡོད་པ་དེ་འདྲ་བའི་གོ་ཕྱོགས་ཡིན་ནམ་སྙམ། གང་ལྟར་འདི་ལ་རྩལ་སྦྱངས་ནས་གོམས་པ་ཀློང་དུ་གྱུར་དུས། སྟོང་ཉིད་ཡེ་ཤེས་གཉིས་ཀ་མཉམ་ཤར་ཞེས་དབྱིངས་དང་ཡེ་ཤེས་སམ་དབྱིངས་དང་རིག་པ་གཉིས་མེད་ལ་ཤར་ཏེ་གྲོལ་བར་བསྟན་པ་དང་། འདི་ན་རྫོགས་ཆེན་གྱི་གོ་བའི་དཀའ་གནད་ཀྱི་གསང་འབྱེད་རྒྱུ་ཡོད་པ་རེད། འདུས་བྱས་འདུས་མ་བྱས་ལ་སོགས་པ་འཁོར་འདས་སུ་སྣང་བའི་ཆོས་འདི་ཐམས་ཅད་རྟོག་པའི་དབང་གིས་ཐ་དད་དུ་སྣང་བ་ནི། དེ་ལྟར་གཉིས་སུ་སྣང་བའི་གཉིས་སྣང་ཅན་གྱི་ངོ་ཁར་དེ་དང་དེ་ཞེས་བཏགས་པ་ཙམ་མ་གཏོགས་དོན་རང་གི་ངོ་བོ་ལ་དེ་ལྟར་གྲུབ་པ་མེད་པ། སྣང་སྟོང་དབྱེར་མེད་ཀྱི་ཆོས་ཀྱི་དབྱིངས་སོ་སོ་རང་གིས་རིག་པར་བྱ་བ་ཉིད་དུ་གནས་པ་དེ་གནས་ལུགས་དེ་ཁོ་ན་ཉིད་ཡིན་པར་བསྟན་པ་ཡིན། དེ་ལས་གཞན་དུ་གྱུར་པའི་ཆོས་རྡུལ་ཙམ་ཡང་མེད་པར་མངོན་སུམ་རྟོགས་པའི་དུས་སུ་གཉིས་ཆོས་ཤིག་སྲིད་པ་མ་ཡིན། དེ་ལྟར་མི་སྲིད་པ་དེ་ལ་ཆོས་ཉིད་འདུས་མ་བྱས་པའི་ཆོས་ཀྱི་དབྱིངས་དང་། ཡུལ་ཅན་རིག་པའི་ཡེ་ཤེས་གཉིས་སུ་མེད་ཅིང་དབྱེར་མེད་པར་གྱུར་པ་དེ་ལ་དབྱིངས་རིག་དབྱེར་མེད་རོ་གཅིག་ཏུ་འདྲེས་ཞེས་པའི་གནས་སྣང་མཐུན་པར་སྣང་བའི་ཆ་དེ་བརྗོད་ཚུལ་ཙམ་ཞིག་ལས་གསར་དུ་འདྲེས་སོང་བ་ཞིག་མ་རེད། དེ་ལྟ་བུའི་རྟོགས་བྱ་དོན་གྱི་གནས་ལུགས་ཆོས་དབྱིངས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད། རང་བྱུང་གི་ཡེ་ཤེས་སམ་གནས་ལུགས་རྫོགས་པ་ཆེན་པོ་ཡང་ཡིན་ལ། དེའི་ཚེ་ཤར་གྲོལ་དུས་མཉམ་ཇི་ལྟར་ཡིན་ཞེ་ན། ཡེ་གྲོལ། རང་གྲོལ། ཅེར་གྲོལ། མཐའ་གྲོལ། གཅིག་གྲོལ་ཏེ་ལྔ་ཡིས། གནད་ཀྱིས་གྲོལ་བ་དང་། དུས་ཀྱིས་གྲོལ་བ་དང་། འབད་རྩོལ་མེད་པར་གྲོལ་བ་དང་། གདེང་གིས་གྲོལ་བ་རྣམས། ཞིབ་པར་ཚིག་དོན་མཛོད་ཀྱི་ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིངས་བའི་སྐབས་སུ་གཟིགས་དང་ཤེས་པ་ཡིན། སྔར་འཆད་ཉན་ཐེངས་གཅིག་བྱས་པའི་སྒྲ་ཕབ་ཀྱི་ཟེར་སྡེར་ཡོད་པ་དེ་གསོན་དང་གོ་དོན་ལྷག་མོ་ཅུང་ཟད་རེ་རྙེད་སྲིད་པ་ཡིན། རིག་པ་རྗེན་པ་ཡེ་ནས་བཅིང་གྲོལ་མེད་པའི་ངོ་བོ་དེ་ལ་གྲོལ་ཞེས་རང་གར་ཐ་སྙད་ཙམ་གྱི་གོ་བརྡ་སྤྲོད་བྱེད་ཅིག་ལ་བཏགས་པ་ལས་དོན་དུ་བཅིངས་པ་ཡེ་ནས་ཡོད་མ་མྱོང་བའི་ཕྱིར་ན་བཀྲོལ་གྲོལ་མཚན་ཉིད་པ་ཡང་ཡོད་པ་ཡིན། བླ་མ་གོང་མའི་རྣམ་ཐར་གསུང་རྒྱུན་དུ། །ཉོན་མོངས་རྟོག་པ་མང་ན་ཆོས་སྐུ་མང་། །གསུངས་པ་ཇི་བཞིན་ཡིན་པ་ཤེས་པར་གྱིས། །ཞེས་གསུངས་ན། ཉོན་མོངས་རྣམ་རྟོག་ཇི་ཙམ་ཤར་ཡང་ཤར་གྲོལ་ཆོས་ཉིད་ཀྱི་ངང་སྐྱོངས་དང། དང་པོར་སྔར་འདྲིས་ཀྱི་མི་དང་འཕྲད་པའི་གྲོལ་ལུགས། དེའི་འཕྲོར་ཆུ་ལ་རི་མོ་བྲིས་པ་དང་སྦྲུལ་མདུད་ནམ་མཁའ་ལ་བོར་བ་ལྟ་བུའི་གྲོལ་ལུགས། བར་ཞིག་ལ་ཁང་སྟོང་དུ་རྐུན་མ་ཞུགས་པ་ལྟ་བུ་དང་། ནམ་ཞིག་གསེར་གླིང་དུ་ཕྱིན་ན་ས་རྡོ་ཕལ་བ་མི་རྙེད་པ་ལྟ་བུའི་གྲོལ་ལུགས་ཀྱིས་གྲོལ་ནས། རྣམ་རྟོག་ཉོན་མོངས་གང་ཤར་དེ་རིག་སྟོང་ཆོས་སྐུའི་དགོངས་པར་གྲོལ་སོང་དུས། རྣམ་རྟོག་བརྒྱ་ཤར་ན་བརྒྱ་བོ་ཆོས་སྐུ་རིག་པའི་ཀློང་དུ་གྲོལ། སྟོང་ཤར་ན་སྟོང་བོ་ཆོས་སྐུ་རིག་པའི་ཀློང་དུ་གྲོལ་ནས། འབུད་ཤིང་ཅི་ཙམ་མང་ན་མེ་ལྕེ་དེ་ཙམ་ཆེ་བའི་དཔེ་ཡིས་བསྟན་པའི་གསུངས་སྒྲོས་ལྟ་བུའོ། །ཁྱུང་མཁའ་ལྡིང་གིས་མཁའ་ལམ་གཅོད་དུས་གོལ་ཤོར་གྱི་འཕྲང་མེད་པ་བཞིན་དུ། ངོ་མཚར་བའི་ཚིག་ཆེན་བདུན་ནམ་བརྒྱད་ཀྱི་དགོངས་པ་ལྟར་དུ་རྣལ་འབྱོར་མཁའ་མཉམ་བྱ་བྲལ་ལམ་དུ་བདེ་ཞེས་གསུངས་པའོ། །འོན་ཀྱང་བློས་དེ་ལྟར་མ་རྟོགས་པའི་རིགས་ཅན་གྱི། ལས་ནི་དང་པོ་པ་ལ་ཉོན་མོངས་སེམས། །ཤུགས་དྲག་ཤར་ཚེ་དཔྱད་འཇོག་བྱས་ན་བཟང་། །འདི་ནི་ཞལ་ཤེས་ཡིན་པས་ཐུགས་ལ་ཞོག །ཅེས་གསུངས་ན། རྟོག་དཔྱོད་ཀྱི་ཚོར་བ་རྣོ་བའི་གང་ཟག་ལ་དཔྱད་པ་རྫོགས་པའི་མཚམས་ནས་རིག་ངོ་སྤྲད་ན་ཚད་ཡིན་པ་སྟེ། དེ་ཡང་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མ་བྱས་ན་ཨེ་འཕྲོད་རང་གིས་བལྟ་རྒྱུ་རེད། འདི་ནི་བླ་མའི་བཤད་རྒྱུན་ནམ་ཞལ་ཤེས་ཀྱང་ཡིན་པར་གསུངས་ཤིང་། མཉམ་བཞག་དང་རྗེས་སྤྱོད་གཉིས་ལས། རྗེས་སྤྱོད་ཉམས་ལེན་གྱི་དངོས་གཞི་དང་མ་བྲལ་བ་ཞིག་མ་བྱས་ཏེ་སྤྱོད་པ་རང་གྲོལ་གྱི་གནད་མ་ཟིན་པ་ཡིན་ན། ཆགས་སྡང་རང་ག་མ་ཡན་གར་དུ་ཤོར་ནས་ལྟ་བའི་རྐུབ་སྤྱོད་པས་ཕུད། སྒོམ་པའི་རྐུབ་རྣམ་གཡེང་གིས་ཕུད་ནས། ཨ་ཁུས་སྒོམ་ཆེན་བྱ་བྲལ་མི་ལས་འདས་པའི་ངང་ཚུལ་ཅན་ཞིག་ཡིན་མདོག་བསྟན་ཡང་། རང་མཚང་གཞན་གྱི་མིག་སྔར་རྣ་ལམ་དུ་ཉིན་རེར་ཡང་མང་པོར་བུད་པ་ཡོད་པས། སྤྱིར་ན་སྔགས་ཀྱི་སྐབས་སུ་ལྟ་བ་རྟོགས་ཞེས་པ་ཞིག་ཡོད་པ་འདི་མཚན་ཉིད་ཐེག་པའི་སྐབས་ཀྱི་ཐོས་བསམ་གྱིས་གཏན་ལ་ཕབ་པའི་ལྟ་བ་དང་མི་འདྲ་སྟེ། འདི་ཉམས་མྱོང་ཏིང་ངེ་འཛིན་གྱི་ལྟ་བར་དབང་ཐོབ་པ་ལ་གོ་དགོས་པ་ཡིན། སྔགས་ཕྱི་རྒྱུད་སོགས་ནས་བསྟན་པའི་མཐར་ཕྱིན་སངས་རྒྱས་ཀྱི་ས་ལ། ཆོས་དབྱིངས་གཅིག་གི་ངོ་བོར་གཅིག་པ་དེ། སྦྱངས་པའི་ཡེ་ཤེས་ཐ་དད་པའི་ཤིང་ནས་མེ་དཔུང་བཞིན་དུ་འདོད་པ་ཡིན། འོན་ཀྱང་རྫོགས་ཆེན་གྱི་སྐབས་འདིར་རང་བྱུང་ཡེ་ཤེས་གཅིག་གི་ཀློང་དེར་འཁོར་འདས་ཀྱི་ཆོས་ཐམས་ཅད་ལྷུན་གྱིས་རྫོགས་པས་ན། གཅིག་ཐ་དད་ལ་སོགས་པ་གཉིས་ཆོས་ཀྱི་སྤྲོས་པ་ཐམས་ཅད་དབྱིངས་སུ་ཞི་སོང་བའི་མ་འདྲེས་ཡོངས་རྫོགས་ཀྱིས་ཁྱད་པར་དུ་ཕྱེས་པ་ཞིག་ཡིན། མཉམ་བཞག་གི་སྐབས་སུ་ས་གཞིའི་ཆུ་ཕྲན་ཐམས་ཅད་རྒྱ་མཚོ་ཆེན་པོའི་ཀློང་དུ་ཐིམ་པ་བཞིན་དུ་ཆོས་ཅན་གྱི་སྣང་བ་ཐམས་ཅད་རིག་སྟོང་ཆོས་ཉིད་ཀྱི་ཀློང་ལ་མ་སྤངས་ཡེ་གྲོལ་དུ་གཟིགས་པ་ཡིན། མཉམ་བཞག་དེ་ལས་ལངས་པའི་རྗེས་ཐོབ་ལ། རྒྱ་མཚོའི་ཀློང་ནས་ས་གཞིའི་ཆུ་ཕྲན་ཐམས་ཅད་མཆེད་པ་བཞིན་དུ་རིག་སྟོང་ཟུང་འཇུག་གི་ངང་ནས་རིག་རྩལ་བདག་མེད་རྟོགས་པའི་ཤེས་རབ་ཀྱིས། ཆོས་ཅན་དངོས་པོར་སྣང་བ་ཐམས་ཅད་མཚང་དང་མཚན་ཉིད་ཤེས་པས་ན་གནས་ལུགས་ཇི་བཞིན་དུ་རྟོགས་པ་ཡིན། རང་བྱུང་གི་ཡེ་ཤེས་དེ་ནམ་མཁའ་ལྟ་བུ་ཞིག་ཡིན་ན། ཀུན་འབྱུང་ལས་ཉོན་གྱི་ཚོགས་དེ་སྤྲིན་ལྟ་བུ་ཞིག་དང་། རང་བྱུང་གི་ཡེ་ཤེས་དེ་ཉི་མ་འདྲ་ཞིག་ཡིན་ན། ཀུན་འབྱུང་ལས་དང་ཉོན་མོངས་ཀྱི་ཚོགས་དེ་ཉི་མའི་ཟེར་འདྲ་ཞིག་དང་། རང་བྱུང་གི་ཡེ་ཤེས་དེ་རྒྱ་མཚོ་འདྲ་ཞིག་ཡིན་ན། ཀུན་འབྱུང་ལས་ཉོན་གྱི་ཚོགས་དེ་ཆུ་རླབས་ལྟ་བུ་ཞིག་དང་། རང་བྱུང་གི་ཡེ་ཤེས་དེ་དཔེ་མེ་ལོང་འདྲ་ཞིག་ཡིན་ན། ཀུན་འབྱུང་ལས་ཉོན་གྱི་ཚོགས་ཐམས་ཅད་གཟུགས་བརྙན་འདྲ་ཞིག་ཡིན། སྔགས་ཀྱི་སྐབས་འདིར་ཐབས་མ་སྦས་པར་གསལ་བར་བསྟན་པས། སོ་སྐྱེའི་ས་ལ་ཆོས་ཉིད་རང་མཚན་མངོན་སུམ་དུ་མཐོང་བ་ཡོད་པ་མ་ཡིན། རྣལ་འབྱོར་རིག་པ་དང་མངོན་སུམ་དུ། །མཐོང་སྣང་ཆེ་ཆུང་གཅིག་པ་ཁོ་ནར་བཤད། །ཅེས་གསུངས་པ་ལྟར་དུ་ཡིན་ནི་རེད། ཡིན་ན་ཡང་གང་ཟག་གི་ལས་སྐལ་གྱིས་ཁྱད་པར་མེད་པ་ཞིག་ཀྱང་མ་ཡིན་ཏེ། དབང་རྣོན་འགའ་རེར་དབང་དུས་སུ་ངོ་འཕྲོད་པ་དང་། འགའ་རེར་གཏན་ཚིགས་བསྟན་པ་ཙམ་གྱིས་རྟོགས་འགྲོ་བ་དང་། ཡང་དབང་འབྲིང་འགའ་རེར་རྩ་འདབ་གྲོལ་རིམ་བཞིན་དུ་རྟོགས་པ་དང་། ཡང་འགའ་རེར་བསགས་སྦྱངས་མང་པོ་ཞིག་བརྒྱུད་ནས་རྟོགས་དགོས་པའི་ཁྱད་པར་དེ་འདྲ་ཡོད་ཀྱང་། གཙོ་བོ་དད་དང་དམ་ཚིག་རྣམ་པར་དག་པ་ལ་རག་ལས་པ་ཡིན། སྤྱིར་ན་གསང་སྔགས་དག་སྣང་གི་ལམ་ཡིན་པ་དང་། དེའི་ཐོག་ཏུ་སྔགས་ཀྱི་སྡོམ་པ་དེ་ཐོབ་པ་དབང་གིས་ཐོབ་ཀྱང་། འཛིན་པ་དམ་ཚིག་གིས་བཟུང་བ་ཡིན་པས། རྣལ་འབྱོར་དམ་ཚིག་གཙང་ན་དངོས་གྲུབ་རང་འགྲུབ་དང་། རྔ་མ་བརྡུང་ཡང་ཆོས་སྐྱོང་རང་འཁོར་ཡིན་ནི་རེད། དེ་ཅིའི་ཕྱིར་རེད་ཟེར་ན་དམ་ལྡན་ཆོས་བཞིན་སྤྱོད་པ་སྐྱོང་བའི་སྲུང་མར་ཁས་བླངས་ནས་དམ་བཅས་པའི་དམ་ཅན་སྲུང་མའི་སྤྱི་མིང་ལ་ཆོས་སྐྱོང་ཞེས་སུ་གྲགས་པ་ཡིན། སྒོམ་ཉམས་ལེན་གྱི་ཐུན་བཅད་དུས་དམ་གཙང་རྣལ་འབྱོར་བ་ཕོ་མོ་ཡིས་ཤེས་བྱ་རྣམ་དཔྱོད་ཀྱིས་གཞལ་བའི་མཐའ་རྒྱ་ཆེན་པོ་ཞིག་མ་ཆོད་ནའང་། དམ་ཚིག་གཙང་མའི་གཞི་གདན་དེའི་སྟེང་ལ། དད་དང་མོས་གུས་རྣམ་དག་ཅིག་དང་། ཡེངས་མེད་རང་བབས་ཀྱི་སྒོམ་གསུམ་པོ་དེ་ངོ་བོ་གཅིག་ཏུ་དྲིལ་ནས་གློད་བཞག་ན། དེས་གནད་ཀྱི་རྐང་ཞིག་ཟིན་ངེས་ཡིན། དེས་ན་དད་དང་དམ་ཚིག་མོས་པ་དེ་གཙོ་ཆེ་བ་རེད། བཀའ་གདམས་པའི་དགེ་བའི་བཤེས་གཉེན་ཚོས་མོས་གུས་སྒོམ་གྱི་མགོ་བོ་ཡིན་གསུངས་པ་དང་། སྒོམ་བྱེད་པ་ལ་དང་པོར་མོས་གུས་ཡོད་དགོས་གསུངས་པ་ཡིན། རྗེ་བཙུན་བྱམས་མགོན་གྱིས། རང་བྱུང་རྣམས་ཀྱི་དོན་དམ་དེ། །དད་པ་ཁོ་ནས་རྟོགས་བྱ་ཡིན། །ཞེས་གསུངས་པས་དད་མོས་གཉིས་ཀ་འཇུག་པ་གཅིག་པ་ཡིན་ནི་རེད། ཉམས་ལེན་ཐུན་དུ་གཅོད་སྐབས་བླ་མའི་རྣལ་འབྱོར་གྱིས་འགོ་བཙུགས་ནས། གཞི་དབང་རང་ལ་ཡོད་པའི་སྟབས་ཀྱིས་ལམ་དབང་རང་ཉིད་ཀྱིས་བླངས་ནས། མཐར་ཐུག་གི་འབྲས་དབང་དངོས་ལ་སྦྱོར་བར་བྱེད་པ་ལ་བླ་མ་དང་ཐུགས་ཡིད་དབྱེར་མེད་དུ་བསྲེ་བས་ཐུན་གྱིས་གཞི་འཛིན་དགོས་པ་ཡིན། དེ་ཡང་གང་དང་ཐུགས་ཡིད་བསྲེ་སའི་བླ་མ་དེ་མཚོན་བྱེད་རྟགས་ཀྱི་བླ་མ། དུས་མཐར་མིའི་རྣམ་པར་བྱོན་པའི་རང་གིས་དད་གུས་བྱེད་ས་དེ་ཡིན་ལ། དེས་མཚོན་པར་བྱེད་པའི་མཚོན་བྱ་དོན་གྱི་བླ་མ་རང་རིག་བཅོས་མེད་སྤྲོས་པ་དང་བྲལ་བ། སྟོང་གསལ་འགགས་མེད་རང་བྱུང་གི་ཡེ་ཤེས་སྔར་ངོ་སྤྲད་ནས་འཕྲོད་སོང་བའི་མི་རྟོག་ཆོས་སྐུའི་དགོངས་པ་དང་གཉིས་སུ་མེད་པ་དེ་ཡིན་པས་ན། དེ་ཉིད་ཀྱི་ངང་ལ་ཇི་བཞིན་མ་བཅོས་པར་རང་བབས་སུ་འཇོག་དགོས་པ་ཡིན། དེ་ལྟར་བཞག་པ་དེ་ཉིད་རྫོགས་ཆེན་སྒོམ་གྱི་དངོས་གཞི་ཡང་རེད་ལ་བླ་མའི་རྣལ་འབྱོར་སྒོམ་པའི་སྙིང་དོན་ཡང་ཡིན། དེ་ལྟར་བསྒོམས་ནས་ཐུགས་དང་ཡིད་གཉིས་ཀ་བསྲེས་ནས་འདྲེས་སོང་བ་དེ་ཅི་འདྲ་ཞིག་རེད། འདྲེས་པའི་འདྲེས་ལུགས་དེ་ཅི་ཞིག་ཡིན་ཟེར་ན། ཐུགས་དང་ཡིད་ཅེས་པའི་ཐུགས་ནི་བླ་མའི་དགོངས་པ་ཞེ་ས་ཁྱད་པར་ཅན་སྦྱར་བའི་ཚིག་ཅིག་དང་། ཡིད་ནི་རང་གི་སེམས་ཉིད་ལ་ཐད་ཀར་བརྗོད་པ་ཚིག་གི་ཐ་སྙད་སྦྱོར་སྟངས་གཉིས་ཡིན་ལ། ད་མཚོན་བྱེད་རྟགས་ཀྱི་བླ་མ་མིའི་རྣམ་པར་བྱོན་པ་ཡིས་གང་མཚོན་པ་མི་རྟོག་ཆོས་སྐུའི་དགོངས་པ་སྟོང་གསལ་སྤྲོས་པ་དང་བྲལ་བ་དེ་ཡིན་པ་ནི་གོང་ནས་བཤད་མ་ཐག་པ་ལྟར་ཡིན་པས། མཚོན་བྱ་དོན་གྱི་བླ་མ་དེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཡིན་ལ། གཉིས་སུ་མ་མཆིས་པ་དང་དབྱེར་མ་མཆིས་པ་ཞེས་པ་ནི་ཚིག་གི་སྦྱོར་སྟངས་ཤིག་ཡིན་པ་ལས་དོན་ལ་གཅིག་པ་ཡིན་ཞེས་དོན་རེད། དུས་གསུམ་སངས་རྒྱས་ཐམས་ཅད་ཆོས་དབྱིངས་ཀྱི་ཀློང་ན་དགོངས་པ་གཅིག་ཡིན་ནི་རེད། དེ་དང་རང་རེའི་དབང་བཞི་བའི་ཡེ་ཤེས་ཀྱི་ཐོབ་བྱའི་རང་གནས་ཀྱི་ཡེ་ཤེས་སེམས་ཉིད་གདོད་ནས་དག་པའི་གནས་ལུགས་དོ་ཞག་ངོ་སྤྲོད་དུས་འཕྲོད་རྒྱུ་བོ་དེ་གཉིས་ཀ་གཅིག་ཡིན། དེའི་སྟབས་ཀྱིས་ད་ལྟ་ལུས་ཤ་ཁྲག་རགས་པའི་རྒྱ་ཡིས་ཁོལ་བུར་བཅིངས་ནས་གཞི་སྣང་རྩལ་གྱི་རོལ་བ་ལ་འཁྲུལ་བཞིན་ཡོད་ཀྱང་། དོན་ཆོས་ཉིད་འགྱུར་བ་མེད་པར་བཞུགས་པ་ཡིན་པས། དེ་ཉིད་མངོན་དུ་གྱུར་དུས་བུམ་ནང་གི་ནམ་མཁའ་དང་ཕྱིའི་ནམ་མཁའ་ཆེན་པོ་གཉིས་ཀ་འདྲེས་ནས་ནམ་མཁའ་གཅིག་ཏུ་དབྱེར་མེད་རོ་གཅིག་ཏུ་གྱུར་སོང་བ་བཞིན་དུ། རང་སེམས་དོན་གྱི་ཡེ་ཤེས་ཆོས་སྐུའི་ངོ་བོ་དེ། བླ་མའི་ཐུགས་ཀྱིས་མཚོན་པའི་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཆོས་སྐུའི་དགོངས་ཀློང་དང་འདྲེས་པ་དེ་མཐར་གཏུགས་ན་དག་པ་གཉིས་ལྡན་གྱི་མངོན་འཚང་རྒྱ་བ་ཡིན་པ་སྟེ་ཐུགས་ཡིད་བསྲེས་ནས་འདྲེས་ཞེས་པ་དེ་དེ་འདྲ་བ་ཞིག་ལ་གོ་དགོས་པ་ཡིན། འདྲེས་ལུགས་དེ་དཔེ་ཞིག་གི་ཐོག་ནས་ཤོད་ཟེར་ན། གོང་ནས་བརྗོད་མེད་ཀྱི་དོན་དེ་རྗོད་པས་མཚོན་པ་ལ་ནམ་མཁའི་དཔེ་ཡིས་བཤད་པ་ཡིན་ཡང་། ད་རུང་དཔེ་གཞན་ཞིག་གིས་བཤད་ན་ནམ་མཁའི་ཆར་དང་ས་གཞིའི་ཆུ་བོ་གཉིས་ཀ་བརླན་ཞིང་གཤེར་བ་ཆུའི་རང་བཞིན་ཅན་གྱི་ངོ་བོ་ལ་གཅིག་པ་ཡིན་པས་ན། འདྲེས་སླ་བ། འདྲེས་རྒྱུ་ཡོད་པ། འདྲེས་ནས་ངོ་བོ་གཅིག་ཏུ་འགྱུར་དུ་ཡོད་པ་ལྟ་བུ་ཞིག་ཡིན། འདི་ཕལ་སྐད་སླ་མོ་ཞིག་གིས་བཤད་ན། རྫོགས་པའི་སངས་རྒྱས་ཀྱི་ཐུགས་སྦྱངས་ནས་བྱང་སྟེ་སངས་རྒྱས་སུ་གྱུར་སོང་བ་ལྟ་བུ། དེ་ལ་དཔེ་ཞིག་ཞོག་ཟེར་ན་རྒྱལ་བུ་ཐང་འཁྱམས་ལ་འཇོག་རྒྱུ་རེད། རྫོགས་པའི་སངས་རྒྱས་ཀྱི་ཐུགས་རང་གི་སེམས་ཀྱི་ཆོས་ཉིད་ལ་མེད་ན་སྦྱངས་ནས་ལོབས་ཡོང་རྒྱུ་ཞིག་ག་ལ་ཡོད། རྡོ་བཙོས་ན་ཁུ་བ་འབུད་རྒྱུ་མེད་པ་ལྟ་བུ་ཞིག་རེད། རྒྱལ་བུ་རྒྱལ་སྲས་ཡིན་བཞིན་དུ་ཐང་འཁྱམས་ལ་སོང་ནས་སྤྲང་ཕྲུག་གི་རྣམ་པ་རུ་གྱུར་སོང་རུང་། རང་ངོ་ཤེས་ནས་རྒྱལ་སར་སྙེག་པའི་འབད་པ་བྱས་ན་རྒྱལ་སྲིད་འཛིན་རྒྱུ་རང་ལག་ཡིན་པ་ལྟ་བུ་ཡིན། སངས་རྒྱས་འཐོབ་རྒྱུ་དེ་དེ་འདྲ་སླ་མོ་ཞིག་ཨེ་ཡིན་ན། གཞི་བདེན་གཉིས་ཟུང་འཇུག་ཡིན་པ་ལ། ལམ་ཚོགས་གཉིས་ཟུང་འཇུག་ལ་བརྟེན་ནས། འབྲས་བུ་སྐུ་གཉིས་མངོན་དུ་བྱེད་དགོས་པ་མ་ཡིན་ནམ་ཞེ་ན། མདོ་སྔགས་གཉིས་ཀྱི་མཐར་ཐུག་གི་བསྒྲུབ་བྱ་གཅིག་ཡིན་ནི་རེད། དེ་མིན་ན་བསྟན་པ་གཅིག་གི་སྒྲོམ་གཞིར་མི་འདུས་པས། སྔར་ཡང་བཤད་པ་ལྟར་དུ་ཕྱུགས་དང་། གླང་པོ། ཉི་ཟླའི་བགྲོད་པ་བཞིན་དུ་མྱུར་བུལ་ཡོད་པའི་ཆ་ནས་གདུལ་བྱའི་བློ་དང་བསམ་པར་མཐུན་པའི་ཐེག་རིམ་སྣ་ཚོགས་བསྟན་པ་ཡིན། ཐབས་ཀྱི་ཁྱད་པར་གྱིས་ཚོགས་རྫོགས་སྟོབས་ཆེ་ཆུང་ཡོད་པའི་རྒྱུ་མཚན་གྱིས། ཤིན་ཏུ་མྱུར་ལམ་རྫོགས་པ་ཆེན་པོའི་ལམ་ནས་ལོ་དང་ཟླ་བས་ཀྱང་གྲོལ་བ་ཐོབ་པའི་འཐད་པ་དེ་འགྲུབ་པ་ཡིན། ཟག་བཅས་འདུས་བྱས་ཀྱི་དགེ་ཚོགས་བསྐྲུན་པ་ཐམས་ཅད་ཟག་མེད་འདུས་མ་བྱས་པའི་ཡེ་ཤེས་མངོན་དུ་འགྱུར་ཐབས་ཡིན། ལམ་འདི་ནས་ཟག་མེད་རང་ངོ་ཤེས་པའི་དགེ་ཚོགས་ཀྱིས་ཡེ་ཤེས་ཀྱི་ཚོགས་ཡོངས་སུ་རྫོགས་ཏེ། སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད་ནས་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་པ་ཡིན། ཀུན་མཁྱེན་རོང་ཟོམ་པའི་ལུགས་ལ་རྫོགས་ཆེན་གྱི་ངེས་ཚིག་འགྲེལ་དུས། ཚོགས་གཉིས་སྟབས་གཅིག་ཏུ་རྫོགས་པས་ན་རྫོགས་ཆེན་ཞེས་འགྲེལ་ཡོད། འདིའི་སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས་ཞེས་པའི་སྐད་ཅིག་འདི་བྱ་རྫོགས་ཀྱི་སྐད་ཅིག་རེད་དམ་དུས་མཐའི་སྐད་ཅིག་རེད་ཅེས་པའི་དྲི་བ་ཡོང་དགོས་པ་མ་ཡིན། སྐད་ཅིག་ཡིན་ན་དེ་གཉིས་ཀྱི་གཅིག་ཤོས་ཡིན་དགོས་པས་ཁྱབ་པ་མ་རེད། འདིའི་རིགས་ཐམས་ཅད་ལ་གཡག་སྣ་ཁུ་ཚུར་མི་འགྲོ་བ་ཡིན། དེས་ན་འདི་རྣམ་གྲོལ་གྱི་སྐད་ཅིག་དང་ཆོས་ཉིད་ཀྱི་སྐད་ཅིག་ལ་གོའོ་སྙམ། ཀུན་ཏུ་བཟང་པོའི་ཆོས་དྲུག་གིས་གྲོལ་བ་དང་། རྣལ་འབྱོར་ལམ་པ་ལམ་སྦྱངས་པའི་རྣམ་རྟོག་གི་གྲོལ་ལུགས་གཉིས་ཀ་ཆོས་མི་མཚུངས་པའི་ལམ་ཕྱོགས་ཐ་དད་པ་གཉིས་དང་། རྒྱུ་འབྲས་འགྲོས་མི་གཅིག་པ་ཞིག་མ་ཡིན་སྙམ། ཀུན་ཏུ་བཟང་པོ་གྲོལ་དུས། གཞི་ལས་འཕགས། བྱེ་བྲག་ཕྱེད། ཕྱེད་ཐོག་ནས་གྲོལ་བ་ཡིན། གཞི་རིག་པ་ཆོས་ཉིད་ཀྱི་རྩལ་ལས་དེའི་རོལ་བར་སྣང་བའི་སྐབས་དེར། ངའི་མཉམ་བཞག་རྣམ་རྟོག་ཅིག་གིས་བརྫད་སོང་སྙམ་ནས་ཚབ་མཆོང་དང་ཚབ་ཚུབ་དགོས་པ་མིན་ཏེ། མི་གསོན་པོ་ལ་རྣམ་རྟོག་ཤར་རྒྱུ་ལོས་ཡོད། རྣམ་རྟོག་ཤར་ན་ཤར་དུ་ཆུག ཤར་བའི་རྩལ་རྫོགས་སུ་ཆུག ཤར་བའི་རྩལ་མ་རྫོགས་ན་བྱེ་བྲག་ཇི་ལྟར་ཕྱེད། ཕྱེད་ཐོག་དེ་ནས་ཡེ་གྲོལ་ནམ་མཁའི་དགོངས་པ་ལ་གློད་བཞག་དུས། རང་བཞག་ཆོས་ཉིད་ཀྱི་ཀློང་དུ་རྣམ་རྟོག་གང་ཤར་བྱ་ལམ་རྗེས་མེད་དུ་གྲོལ་བ་ཡིན། གྲོལ་བ་ཡིན་ཡང་སོ་སོ་སྐྱེ་བོའི་བློ་འཁྲུལ་བའི་ངན་གོམས་ལ་སོང་བའི་བག་ཆགས་ཀྱིས་ཡང་བསྐྱར་འཁྲུལ་བའི་རྗེས་འདེད་ལ་འགྲོ་བར་འདུག་སྙམ་ན་དྲན་པའི་བྱ་ར་ཡིས་སྐྱོངས་དང་། དྲན་དང་དྲན་བྱ་གཉིས་མེད་ཀྱི་ངོ་བོ་གཅིག་པར་གོམས་པ་བྱས་ན། གོམས་པ་ཀློང་དུ་གྱུར་དུས་ཡེངས་ཡུལ་ཆོས་ཉིད་ལ་དག་འགྲོ་བ་ཡིན། རྟོགས་ཏེ་སངས་རྒྱས་མ་བྱུང་མ་རྟོགས་ཏེ་འཁོར་བ་མ་བྱུང་བའི་གདོད་མའི་ཡེ་གཞིའི་སྐབས་སུ་སྲིད་ཞི་གཉིས་ལ་བཟང་ངན་དུ་སོང་བ་ཞིག་ག་ལ་ཡོད། འོན་ཀྱང་རིག་དང་མ་རིག་གི་ཆོ་འཕྲུལ་ཙམ་གྱི་སངས་རྒྱས་དང་སེམས་ཅན་ཞེས་པ་ཞིག་སོ་སོར་སྣང་བ་ཡིན། དེ་ཁོ་ན་ཉིད་ལ་མ་རྟོགས་པའི་སེམས་ཅན་འཁྲུལ་སྣང་བདེན་མེད་རྨི་ལམ་ཉིང་འཁྲུལ་ལྟ་བུ་འདི་ལྡོག་པའི་ཆེད་དུ་འདིའི་ཁྲིད་ཡིག་གི་གཞུང་གི་ཆོས་ཁྲིད་དང་པོའི་ཉིན་དེར། སྒོ་ལུས་ངག་ཡིད་གསུམ་འདིའི་ནང་ནས་གཙོ་བོ་སེམས་ཡིན་རྒྱུ། ཕྱི་ནང་གི་ཆོས་ཐམས་ཅད་སེམས་ཀྱི་རང་མདངས་ཙམ་དུ་ཤར་རྒྱུ་ཡིན་པ་དེ་ཤེས་སུ་བཅུག་ནས། བྱུང་གནས་འགྲོ་གསུམ་ལ་བརྟེན་ནས་སེམས་ཀྱི་རྫུན་ཕུགས་བརྡིབས་ཏེ་འཁྲུལ་རྟོག་རང་བཞིན་མེད་པ་ལ་བསླབ་པ་ཡིན། ཉིན་གཉིས་པ་ལ་འཁྲུལ་བ་གཏན་ལ་ཕབས་པའི་ངོ་སྤྲོད། རིག་པ་རང་སྣང་གི་བློ་ཅན་ལ་དངོས་གཞིའི་གནས་ལུགས་དོན་གྱི་ངོ་སྤྲད་པ་ཡིན། གལ་ཏེ་དེའི་དུས་སུ་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་དེ་ཙམ་ཁོང་དུ་ཆུད་མེད་པར་སེམས་གསལ་སྟོང་ཐོགས་རེག་མེད་པ་ཟང་ཐལ་འདི་སེམས་ཀྱི་ཆོས་ཉིད་དོ་སྙམ་པ་དག་ལ་དེ་རིང་ཉིན་གསུམ་པའི་ཁྲིད། རྒྱུད་ངོ་སྤྲོད་སྤྲས་པའི་དགོངས་པ་དང་བསྟུན་ནས་སྣང་བ་སེམས་སུ་ངོ་སྤྲད། སེམས་ཉིད་སྟོང་པར་ངོ་སྤྲད། སྟོང་པ་རིག་པར་ངོ་སྤྲད་ནས། ལམ་ལ་བཀྲི་ཐབས་མཛད་པ་ཡིན། དེ་ལ་དགོས་པ་ཅི་ཞིག་ཡོད་སྙམ་ན། སྣང་བ་སེམས་སུ་ངོ་སྤྲད་པས་ད་ལྟ་ང་ཚོའི་ངོ་ཁའི་ཡུལ་སྣང་ཕྱི་དོན་དུ་འཆར་རྒྱུ་འདི་རྣལ་འབྱོར་བའི་ནང་སེམས་ཀྱི་སྣང་ཆ་ཙམ་ལ་མཐོང་བའི་ཐབས་བྱས་ནས་ཕྱི་དོན་རང་མཚན་དུ་ཞེན་པའི་ཞེན་པ་ལྡོག་པར་བྱས་པ་དང་། དེ་ནས་སེམས་ཉིད་སྟོང་པར་ངོ་སྤྲད་པས་འདི་ལྟར་སྣང་ཞིང་ཤར་བའི་སྣང་སེམས་འདི་ཉིད་དོན་དམ་པར་གྲུབ་པའི་དངོས་པོ་ཅུང་ཟད་ཀྱང་མེད་པའི་འཛིན་པ་རང་མཚན་དུ་འཛིན་པ་ལྡོག་ཏུ་བཅུག་པ་དང་། དེ་ནས་སྟོང་པ་རིག་པར་ངོ་སྤྲད་ནས་གཟུང་འཛིན་གྱི་སྣང་བ་ཐམས་ཅད་རིག་སྟོང་སྐྱེ་འགགས་མེད་པའི་རྣམ་སྤྲུལ་དུ་ངོ་སྤྲད་ནས་དེའི་ངང་དུ་ལ་བཟླ་དགོས་པ་དེ་བསྟན་པ་ཡིན། འདི་གང་ཟག་བློ་མཐུ་ཞན་པའི་རིགས་རྣམས་ལམ་ཡང་དག་པར་འགོད་ཐབས་ཀྱི་མཛད་པའི་སྒོ་ཞིག་ཡིན། འོན་ཀྱང་མཐར་ཐུག་གི་ངེས་དོན་དང་སྦྱར་ཡོང་ན་ད་རུང་བདེན་ཞེན་གྱིས་བཏང་མེད་པའི་ཕྱིར་ན་འདི་ཀུན་མཁྱེན་ཡབ་སྲས་ཀྱིས་བཀག་མཛད་ཡོད་པ་ཡིན། བཀག་ནས་ཤེས་དང་ཤེས་བྱ་ལ་བདེན་འཛིན་གྱི་རྣམ་དབྱེ་མི་འདྲ་བར་མི་མཐུད་པའི་རྒྱུ་མཚན་གྱིས་མཐར་འཛིན་གྱིས་འཆིང་བའི་ཆ་རྡུལ་ཙམ་ཡང་མ་དམིགས་པའི་འོད་གསལ་སྟོང་ཉིད་ཀྱི་དབྱིངས་དེ་སོ་སོར་རང་གི་རིག་པར་བྱ་བར་གཏན་ལ་ཕབས་མཛད་པ་ཡིན། འོ་ན་འདི་ཅི་ལ་བསྟན་པ་ཡིན་སྙམ་ན། གོང་ནས་བཤད་མ་ཐག་པ་ལྟར་དུ་རྫོགས་ཆེན་གྱི་གདུལ་བྱ་ཐུན་མོང་བ་ལ་ངོ་སྤྲོད་ཐུན་མོང་བ་འདི་བསྟན་པའི་རྨང་གཞིའི་གཞི་གདན་ཞིག་བཏིང་བའི་ཕྱི་ནས་ཐུན་མོང་མ་ཡིན་པ་རང་བཞིན་ཐེག་མཆོག་རྒྱལ་པོའི་ལམ་གནད་ངོ་མ་དེ་བསྟན་དགོས་པ་ཡིན། དེ་ཡང་གཟུང་འཛིན་གཉིས་སྣང་གི་འཁྲུལ་བའི་རྣམ་པ་ལས་ཆེས་ཆེར་འདས་སོང་བའི་ད་ལྟའི་རིག་པ་སྐད་ཅིག་མའི་རང་ངོ་སྤྲད་པ་དེའི་ངང་བསྐྱང་དགོས་པས། ཐ་མལ་རང་བབས་ཀྱི་ངང་དུ་བཅས་བཅོས་གཏན་ནས་མེད་པར་ཡིད་དཔྱོད་སེམས་ཀྱི་འགྱུ་དྲན་དང་བྲལ་བར་བཞག་པའི་སྐབས་སུ་བློ་འདས་གཤིས་ཀྱི་བཞུགས་ཚུལ་དེ་ཅི་འདྲ་ཞིག་ཡིན་ཞེ་ན། འདི་ཡིན་འདི་མིན་གྱི་མིང་འདོགས་དང་བྲལ་སོང་བའི་འཆིང་བ་རྡུལ་ཆ་ཙམ་ཡང་ཁོ་རང་གི་གཤིས་ལ་མི་དམིགས་པའི་ཁྱབ་བརྡལ་ནམ་མཁའ་ལྟ་བུའི་ཡེ་ཤེས་སྤང་བླང་སྤྲོ་བསྡུ་དང་བྲལ་བ་དེའི་ཐོག་ཏུ་ལྷོད་ཀྱིས་གློད་ནས། ཆོས་ཉིད་མ་བཅོས་པའི་དྲན་པའི་རང་ཚུགས་མ་ཤོར་བ་དེའི་སྟེང་ལ་འཇོག་པའི་ཕན་དུ་ལྟ་སྒོམ་ཞེས་པ་ཁ་ཁ་ཞིག་ཅི་ཡང་མེད་པ་ཡིན། འོན་ཀྱང་སྔར་གྱི་གོམས་ཆའི་བག་ཆགས་ཀྱི་དབང་གིས་འཁྲུལ་བའི་བག་ཆགས་པ་དེ་ཤིན་ཏུ་དབང་བཙན་སོང་ཕྱིར། གཟུང་འཛིན་གྱི་སྣང་བ་རིས་ཆད་ཨ་འཐས་ཀྱི་འཁྲུལ་བའི་ཕྱོགས་སུ་ཤོར་ནས་འཁྲུལ་བ་དག་ཁ་མ་ཉན་ཞིང་། ཉམས་ལེན་གནད་ཐོག་ཏུ་ཁེལ་བ་ཞིག་འོང་བ་མི་འདུག་སྙམ་ན། གཙོ་བོ་རྒྱལ་བ་ཀློང་ཆེན་པ་ཡབ་སྲས་ཀྱི་གསུང་ནས་འབྱུང་བའི་གྲོལ་ལུགས་གནད་ཀྱི་ཤན་འབྱེད་དག་ལ་མཁས་དགོས་པ་ཡིན། རིག་ངོ་སྤྲད་པའི་ཡེ་ཤེས་ཀྱི་ངོ་བོ་དེ་དྲན་པས་ཇི་ལྟར་རྒྱུན་བསྐྱང་དགོས་པ་ཡིན་ཞེ་ན། ལས་དང་པོ་བའི་རིགས་ཅན་གྱི་སྒོམ་ཕྲུག་གསར་བ་ཚོ་ལ་དོན་བསྡུས་ནས་གོ་བདེ་བར་བཤད་ན། སྔར་བླ་མས་ངོ་སྤྲད་པའི་རིག་པ་དེ་ད་ལྟའི་རྣམ་རྟོག་རང་ག་བ་ཞིག་ཡོད་པ་དེའི་དོད་ལ་བཞག་ནས། དེའི་ངོ་བོ་དེ་སྐད་ཅིག་ཀྱང་མ་བརྗེད་པའི་ཐོག་ནས་དྲན་པས་དེའི་རྒྱུན་བསྐྱང་དགོས། དྲན་པ་ལ་ཕྱག་རྫོགས་གཉིས་ཀའི་སྐབས་སུ་དབྱེ་བསྡུའི་རྣམ་གྲངས་མང་དུ་འབྱུང་ཞིང་། རྒྱལ་བ་ཀློང་ཆེན་པས་ཐུན་མིན་ཁྱད་པར་ཅན་གྱི་དྲན་པ་དྲུག་གི་རྣམ་གཞག་གསུངས་པ་དེ་གལ་ཤིན་ཏུ་ཆེ་ཡང་། ལས་དང་པོ་བས་གོ་སླ་ཉན་བདེ་རུ་བཤད་ན། དྲན་པས་སྐྱོང་བ་དེའང་དྲན་བྱ་དང་དྲན་བྱེད་གཉིས་ཀ་མདའ་དང་འབེན་བཞིན་དུ་གཏད་རྒྱུ་ཞིག་དང་གཏད་ས་གཉིས་ཅན་ཞིག་མ་ཡིན་པར། གཉུག་མའི་རང་ཞལ་མ་བཅོས་པ་དེའི་རང་ཞལ་མ་བོར་བ་ཙམ་གྱི་གུ་ཡངས་བློ་བདེའི་ངང་ནས། གཟུང་འཛིན་གྱི་འཁྲུལ་བ་ཐད་ཀར་འཇིག་ཐུབ་པ་ཞིག་དགོས་པ་ཡིན། ཆོས་ཉིད་ཀྱི་རང་མཚན་དེ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ནི་འཕགས་ས་ཐོབ་དུས་ཡིན་ཀྱང་། དེའི་དོན་སྤྱི་བསྒོམ་པར་བྱ་བ་ནི་ཚོགས་སྦྱོར་གྱི་སྐབས་སུ་མེད་པ་དང་མི་རུང་བ་ཞིག་མ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། ཆོས་ཉིད་རང་གི་ངོ་བོ་དེ་སྤྲོས་བྲལ་གཉིས་སྣང་ལས་འདས་པའི་མཚན་ཉིད་ཅན་ཞིག་ཡིན་པས་ན། དེ་གསར་བྱུང་གསར་དུ་ཐོན་པ་ཞིག་མ་ཡིན་པར། ཡེ་ནས་སེམས་ཀྱི་ཆོས་ཉིད་དུ་གནས་པའི་རྒྱུ་མཚན་གྱིས་ད་ལྟ་སོ་སྐྱེའི་སྐབས་སུའང་དེའི་དོན་སྤྱི་དེ་བློ་ལ་སྣང་ཆོག་པ་ཡིན། མདོའི་སྐབས་ནས་སྟོང་ཉིད་དོན་སྤྱིའི་ཚུལ་གྱིས་རྟོགས་པར་གསུངས་པ་དང་། སྔགས་ཀྱི་སྐབས་སུ་དཔེའི་ཡེ་ཤེས་ཞེས་པ་དེ་གཉིས་ཀ་ཕྱོགས་ཀྱི་གོ་དོན་འདྲའོ་སྙམ། འོན་ཀྱང་གོ་མྱོང་རྟོགས་གསུམ་གྱི་རིམ་པ་དང་དེའི་ཁྱད་པར་རྣམས། དཔེ་ནམ་མཁའི་ཟླ་བ་དང་། ཆུ་ནང་གི་ཟླ་གཟུགས་དང་། རི་མོ་བྲིས་པའི་ཟླ་བའི་གཟུགས་བརྙན་དག་གིས་མཚོན་སྟངས་ལ་ཁྱད་པར་ཡོད་པ་ནི་སྨྲོས་མ་དགོས་ཤིང་། དེས་ན་གནས་ཚུལ་དང་མཐུན་པའི་ཡང་དག་ཡེ་ཤེས་དངོས་ཡིན་ན་སྨྲོས་ཅི་དགོས། དེ་མིན་ཡང་རྗེས་མཐུན་གྱི་ཤེས་རབ་ཁྱད་པར་ཅན་གྱི་དཔྱད་པ་ལ་བརྟེན་ནས་ཀྱང་འཁྲུལ་བ་ལྡོག་ཐུབ་པ་ཡིན། དཔེར་ན་སྣང་བས་མུན་པ་བཅོམ་པ་ལྟ་བུ་ཡིན། ཟུང་འཇུག་དེ་ཁོ་ན་ཉིད་ཀྱི་ཡེ་ཤེས་ཀྱི་མཚན་ཉིད་དེ་གོ་ཡུལ་ཙམ་ཞིག་ཞེ་ལ་འཆར་བ་ཙམ་ཡང་ཚོགས་རྒྱ་ཆེན་གྱི་བསགས་པ་སྔོན་སོང་གི་མཐུ་ཡིན་ཏེ། ཨཱརྱ་དེ་བས་བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུ་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །ཐེ་ཚོམ་ཟ་བ་ཙམ་ཞིག་གིས། །སྲིད་པ་ཧྲུལ་པོར་བྱས་པར་འགྱུར། །ཅེས་གསུངས་པ་ལྟར་དུ་སྟོང་ཉིད་ལ་དོན་མཐུན་གྱི་ཐེ་ཚོམ་ཞིག་སྐྱེས་ཀྱང་སྲིད་རྩ་ཧྲུལ་བོར་བགྱིད་པར་གསུངས་པ་དང་། གུ་རུ་རིན་པོ་ཆེའི་ཞལ་ནས། སྐྲ་རྩེ་ནས་མར་རྔུལ་ཆུ་ཐིགས་པ་གཅིག་པང་ཐོག་ལ་ལྷུང་བའི་ཡུན་ཙམ་ཞིག་ལ་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་བསྲེ་ཐུབ་ན། དེས་ཀྱང་བསྐལ་བ་མང་པོའི་ཚོགས་རྫོགས་པར་གསུངས་པས། མཉམ་བཞག་ཐུན་རེ་ལ་འདུག་རྒྱུའི་སྐལ་བ་ལྡན་པ་ཡང་དགེ་རྩ་ཕལ་བས་འགྲན་དུ་མེད་པ་ཡིན་བསམ་ཆོག་པ་ཡིན། དེ་འདྲ་བྱས་ནས་བཤད་པ་ཡིན་ན། འུ་ཚོའི་ཆོས་གྲོགས་སྟོང་ཕྲག་གསུམ་པོས་ལོ་གསུམ་རེར་རྫོགས་ཆེན་གྱི་ཉམས་ལེན་ལ་མཚམས་བཅད་དེ་བཞུགས་པའི་དམ་བཅའ་བྱས་པ་ནི། གང་ཟག་གཅིག་ལོ་སྟོང་ཕྲག་མང་པོ་ཞིག་གི་དུས་ཡུན་ལ་བསྒོམས་པ་ལྟར་དུ་བརྩིས་ཡོང་ན་དེའི་དགེ་རྩའི་ཚད་རྒྱལ་དང་རྒྱལ་སྲས་ཀྱིས་ཀྱང་གཞལ་དུ་མེད་པ་དང་། མ་ཚད་གང་ཟག་གཅིག་གིས་དུས་ཡུན་རིང་བོར་སྒོམ་པ་ལས་ཀྱང་ད་དུང་འདུས་པ་མང་ཚོགས་ཀྱི་བྱིན་རླབས་ནུས་པའི་འགྱུར་སྟོབས་དེ་བས་ཀྱང་གཞལ་མཐའ་མེད་པ་ཞིག་ཡིན་པ་ནི་རྒྱལ་བའི་བཀའ་ལུང་ལ་མ་གཏུགས་ནའང་ཤེས་ཤིང་། འུ་ཅག་གིས་རིག་ངོ་བསྐྱང་རྒྱུའི་ཐུན་དེའི་དུས་ཚོད་དེ་ཁ་སང་ནས་ཅུང་ཟད་ཅིག་ཐུང་ངུ་བྱས་པ་ཡིན། དེ་ལ་ཅི་ཞིག་གི་དགོས་པ་ཡོད་ཅེ་ན། ལས་དང་པོ་བ་ཚོ་ལ་དམིགས་ཏེ་སྒོམ་ལ་སྣ་སུན་ཁུར་མི་འགྲོ་བའི་ཆེད་དུ་ཡིན། བརྩོན་གང་དགེ་ལ་སྤྲོ་བའོ། །ཞེས་གསུངས་པས། དགེ་ལ་སྤྲོ་བས་འཇུག་འདོད་ངོམས་པ་མེད་པ་གཡག་ལྟོག་གིས་རྩྭ་ཟོས་པ་ལྟ་བུ་ཞིག་དགོས་པ་ཡིན། དེས་ན་མཉམ་བཞག་ཐུན་དུ་བཅད་དེ་དགེ་འདུན་པ་དང་མཉམ་དུ་སྒོམ་རྒྱག་འདོད་ནས། དེར་འགྲོ་བའི་དུས་ཚོད་དེ་ད་རུང་ཡང་ཚང་མི་འདུག་སྙམ་ནས་སྒུག་འདུག་པ་ཞིག་ཡིན་དགོས་པ་ལས། ཡང་འཚོག་པའི་དུས་ཚོད་ཚང་འགྲོ་བར་འདུག འདིའི་གྲལ་དུ་མ་སོང་ན་མི་རིགས་ཤིང་། སོང་ན་པུས་མོ་དང་སྐེད་ཚིགས་གཟེར་བ་འདི་ཡང་མི་བཟོད་ཅིང་། གཉིད་ལོག་ཀྱང་དེ་འདྲ་ཞིག་བྱེད་འདུག དེའི་དུས་ཚོད་དེ་ཡར་ལྷག་ཅིག་རིང་བ་ལ་སྙམ་ནས་དཀའ་སྣང་དང་སུན་སྣང་ཅན་ཞིག་ཏུ་འགྱུར་མི་རུང་ཞིང་། སྤྱིར་ན་སྒོམ་རྒྱག་ས་དེ་དབྱར་ཁ་ས་ཆ་བསིལ་ས་དང་ས་ཁུལ་མཐོ་ས་གངས་ཁྲོད་སོགས་ནས་སྒོམ་ན་བཟང་གསུངས་ཤིང་། འུ་ཅག་ད་ལྟ་ཡོད་ས་འདི་གཤོང་ས་ཅུང་ཚ་དྲོད་ཆེ་བའི་ས་ཆ་ཡིན་པ་དང། ཁྱད་པར་དུ་དེང་སང་ནམ་ཟླ་དྲོད་སྒང་ཡང་ཡིན་པས་ཐུན་དེ་ཡིན་ན་མིན་ན་རིང་ཆེ་མི་ཉན་བར་འདུག་སྙམ་པ་ཡིན། སྒོམ་དེ་ལ་བཟང་སྐྱེས་ངན་སྐྱེས་གཉིས་ཟེར་བ་ཞིག་ཡོད། བཟང་སྐྱེས་དེ་ཅི་འདྲ་ཞིག་ཡིན་ན། སྒོམ་བཟང་པོ་འབྱུང་བཞིན་པའི་སྐབས་སུ་ངལ་གསོས་ན་ཕྱིན་ཆད་སྒོམ་འདོད་པ་ཞིག་ཏུ་འགྲོ་བ་ཡིན། དེ་ལས་ལྡོག་སོང་ན་སྣ་སུན་ཁུར་སོང་བ་ཡིན། ཐུན་གྱི་ནང་ནས་ཀྱང་སྒོམ་པ་ཡུན་ཐུང་གྲངས་མང་བྱེད་དགོས། རྣལ་འབྱོར་བསྒོམ་པ་བཤིག་ཀྱིན་བཟང་། །ཕུ་ཆུ་དྲག་པོ་བརྡབ་ཀྱིན་བཟང་། །གསུངས་པ་ཡིན། གསར་བ་ངོ་མ་ཚོས་ཡང་སྒོས་ཞི་གནས་སྒོ་ཅན་གྱི་ཁྲིད་ལུགས་བྱས་ཏེ་དང་པོར་གནས་ཆ་ཞིག་འཚོལ་དགོས་འདུག་སྙམ་ན། བསམ་དང་བསམ་བྱ་བྲལ་བའི་མི་རྟོག་པའི་ངང་ལ་དལ་ཅིག་གནས་ཐུབ་པར་འདུག་སྙམ་དུས་དེའི་ངང་ལ་འཕྲོ་བཅད་ནས་ངལ་གསོ་དགོས་པ་ཡིན། ཡང་དེའི་ངང་ལ་བཞག ཡང་བཤིག་ནས་ངལ་གསོ། དེ་འདྲ་བྱས་པས་ནམ་ཞིག་ལ་གོམས་ནས་བརྟན་ཆ་ཐོབ་འོང་བ་ཡིན། མི་རྟོག་གཡོ་བ་མེད་པའི་ཞི་གནས་དང་གསལ་གདངས་ངར་དང་བཅས་པའི་ལྷག་མཐོང་གཉིས་ཀ་ཟུང་དུ་འབྲེལ་དགོས་པ་ཞིག་ཡིན། ཞི་ལྷག་ཅེས་པའི་ཐ་སྙད་འདི་སྒྲ་འདྲ་བ་ཞིག་མདོ་ཕྱོགས་ནས་ཀྱང་འབྱུང་ལ། དེ་འབྱུང་བས་མི་ཚད་ཉམས་ལེན་གྱི་ཕྱོགས་ནས་ཀྱང་། སྤྱི་སྦོམ་ཙམ་ཞིག་མདོ་ནས་ཀྱང་མ་བསྟན་པ་ཞིག་མ་རེད། མ་སྦས་མཐའ་རྒྱས་སུ་བསྟན་པ་དེ་མདོ་ན་ཡོད་པ་མ་ཡིན། སྔགས་སུ་གང་ཞིག་བསྟན་པ་དེའི་ཐོབ་ཐང་ས་ཁོངས་འཛིན་བྱེད་ཙམ་རེ་མདོ་ན་ཡོད་ཅིང་། མདོ་སྔགས་གཉིས་ཀ་མདོར་བསྟན་རྒྱས་བཤད་དམ། མདོ་ན་གབ་པའི་སྦས་དོན་ཡང་འབྱེད་སྔགས་ཡིན་པར་བཤད་ན་ཆོག་པ་ཡིན། དེ་བཞིན་སྔགས་ལའང་སྔ་མ་སྔ་མའི་སྦས་དོན་དེ་ཕྱི་མ་ཕྱི་མས་གསལ་དབྱེ་ཆ་ཚང་དོན་འདུས་སུ་བསྟན་པའི་ཚུལ། མདོ་སྡེ་རྒྱན་ལས། སྔ་མ་ལ་བརྟེན་ཕྱི་མ་སྐྱེ། །དམན་དང་མཆོག་ཏུ་གནས་ཕྱིར་དང་། །རགས་པ་དང་ནི་ཕྲ་བའི་ཕྱིར། །དེ་དག་རིམ་པར་བསྟན་པ་ཡིན། །གསུངས་པ་ལྟ་བུ་ཡིན། རྫོགས་ཆེན་བཤད་པའི་སྐབས་སུ་རྟོག་གེའི་རིགས་པ་འདི་ལ་མི་འགྲོ་ཡང་། དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་དཔྱད་པ་གཏན་ནས་མི་དགོས་པ་ཞིག་ཀྱང་མ་ཡིན། དེའི་ཕྱིར་ན་དཔྱད་པ་རྫོགས་པའི་མཚམས་ནས་རིག་ངོ་སྤྲད་ན། ངོ་རང་ཐོག་ཏུ་འཕྲོད་པའི་ཐོག་ལ། ཐག་གཅིག་ཐོག་ཏུ་ཆོད་ནས། གདེང་གྲོལ་ཐོག་ཏུ་བཅའ་བ་ཆབས་གཅིག་ཏུ་འབྱུང་བ་ཡིན་པ་ཡང་བསྟན་ཡོད་ལ། དེའི་བར་དུ་རྣམ་བདུན་ཤིང་རྟའི་རིགས་པ་ཕྱིར་ཁྱེར་འོང་ནས་གཞི་གདན་ཞིག་གཏན་ལ་ཡང་འབེབས་བྱེད་འདུག་ག་ལ་དགོས། དེའི་ཕྱིར་ན་ད་ལྟ་ཐོས་བསམ་གྱི་སྐབས་སུ་སྒོམ་དོན་གནད་ལ་ཁེལ་བའི་བརྡར་ཤ་དེ་ཆོད་དགོས་པ་ཡིན། ཁྱད་པར་དུ་དུས་ཀྱི་ཐ་མ་འདི་ལ་ཐོས་པ་ཆེ་ལ་ཤེས་རབ་མྱུར་བའི་རྣམ་དཔྱོད་ཀྱི་རྩལ་དང་ལྡན་པ་ཞིག་མིན་ན། གསང་བ་སྙིང་ཐིག་གི་བསྟན་པ་མི་ཟིན་ཞེས། ཀུན་མཁྱེན་འཇིགས་གླིང་གིས་ཡེ་ཤེས་བླ་མའི་ནང་དུ་གསུངས་ཡོད། ད་ལྟ་འུ་ཚོས་རྣམ་རྟོག་གི་ངོ་བོ་ཡེ་ཤེས་ཡིན་ཞེས་བཤད་དུས། འོ་ན་ཀུན་རྟོག་ལ་སྣང་རྒྱུ་དེ་རིག་པ་ལ་སྣང་ངམ་མི་སྣང་ཞེས་དྲིས་ཡོང་ན། ཕལ་ཆེར་སྣང་ཟེར་ཉན་རྒྱུ་མ་རེད་སྙམ་ནས་མི་སྣང་ངོ་ཞེས་སྨྲས་ན། མངོན་སུམ་ལ་བསྙོན་ནས་རྫུན་སྨྲས་པ་ཡིན། སྣང་བཞིན་དུ་མི་སྣང་ཟེར་ཐབས་མེད། ཅི་ལ་ཐུག་ཀྱང་གཏམ་དྲང་མོ་བཤད་དགོས་པ་ཡིན། དེས་ན་སྣང་མི་ཟེར་ཐབས་མེད་རེད། སྣང་བར་སྨྲས་ན་བེམ་པོ་ས་རྡོ་རི་བྲག་རིག་ངོ་ལ་སྣང་བ་ཁས་བླངས་པ་ཡིན། སྣང་ལུགས་ལ་ཁྱད་པར་ཕྱེས་ནས། ཀུན་རྟོག་ལ་ཐ་མལ་བའི་ས་རྡོ་སོགས་སུ་སྣང་བ་དང་། ཡེ་ཤེས་ལ་རང་སྣང་གི་ས་རྡོ་སོགས་སུ་སྣང་བ་ཡིན་པར་སྨྲས་ན། རིག་ངོ་ལ་ཚོགས་དྲུག་གི་ཡུལ་ངོ་མ་ཞིག་མེད་པར་སོང་བས་གོང་དུ་སྨྲས་པ་ལས་བུད་ས་མ་ལོན་པ་ཡིན། འོ་ན་ཅི་ལྟར་སྨྲ་དགོས་ཤེ་ན། འདིའི་སྐབས་སུ་གོང་ནས་བཤད་པའི་སྣང་བ་དང་སྣང་ཡུལ་གྱི་གོ་དོན་གཞིར་བཞག་བྱས་ནས་བཤད་དགོས། སྣང་ཡུལ་གཅིག་ཡིན་ཡང་སེམས་རིག་གཉིས་ཀྱི་སྣང་བ་ཐ་དད་ཡིན། དུང་དཀར་པོ་གཅིག་ལ་ནད་སྐྱོན་ཡོད་མེད་ཀྱིས་མཐོང་ཚུལ་མ་གཅིག་པ་ལྟ་བུ་ཡིན་ཞེས་སྨྲས་ན་གནད་ལ་ཁེལ་བའི་ལན་ཡིན། འོན་ཀྱང་ལན་ལ་ལན་འབྱུང་རྒྱུ་ཡོད་པས། ཡང་ལན་དུ་སྣང་བ་དག་པ་རབ་འབྱམས་ལ་བསྒྲུབ་ཤེས་དགོས། དེ་མ་ཤེས་ན་སླར་ཡང་དྲིས་ན་ཡང་ལན་མེད་པར་འགྱུར་འགྲོ། དེས་ན་གསང་སྔགས་རྙིང་མ་བའི་རང་ལུགས་དག་མ་ཞིག་འཛིན་བསམ་དུས། སྔ་འགྱུར་བཀའ་བབས་ཀྱི་ཆུ་བོ་བཞིའི་རྒྱུན་མ་ཉམས་པར་མདོ་སྒྱུ་སེམས་གསུམ་གྱི་བཀའ་གཏེར་དག་སྣང་དང་བཅས་པའི་བརྒྱུད་སྲོལ་ཕྱག་བཞེས་ཐམས་ཅད་མ་ཉམས་པའི་ཁུངས་ཐུབ་ཀྱི་རྒྱུན། ཐོས་བསམ་སྒོམ་པ་ཟུང་འབྲེལ་གྱིས་སྤེལ་དགོས་པ་ཡིན། དེ་ཡང་སེལ་དང་ཉམས་ཆག་གི་ལྷད་མ་ཞུགས་པའི་གཙང་མ་ཞིག་སྤེལ་དགོས། ཁྱད་པར་དུ་སྔགས་བཙུན་གཞོན་རབས་པ་ཐམས་ཅད་ཀྱིས་རྩ་རྒྱུད་སྤྱི་འགྲོས་ཀྱི། རྒྱུད་ཀྱི་ཆིངས་ལྔ། ལུང་གི་སྡེབ་ལྔ། མན་ངག་གི་གཟེར་ཆེན་ལྔ་ལ་སོགས་པ་ཤེས་རྒྱུ་གལ་ཆེ་བ་ཡིན། རྒྱུད་ཀྱི་ཆིངས་ལྔ་ཟེར་ན། ཁོག་འབུབ་སྟོང་ཐུན་གྱི་ཆིངས། ས་གཅད་ཚོམ་གྱི་ཆིངས། འདྲེན་པ་རང་གཉེར་གྱི་ཆིིངས། ཊཱི་ཀ་བསྡུས་དོན་གྱི་ཆིངས། ལག་ལེན་མན་ངག་གི་ཆིངས་དང་ལྔ་ཡིན། ལུང་གི་སྡེབ་ལྔ་ཟེར་ན། རྒྱུད་ལུང་དང་སྡེབ། ལུང་སྒྲུབ་ཐབས་དང་སྡེབ། སྒྲུབ་ཐབས་ཕྲིན་ལས་དང་སྡེབ། ཕྲིན་ལས་ལག་ལེན་དང་སྡེབ། ལག་ལེན་ཉམས་མྱོང་དང་སྡེབ་པ་དང་ལྔ་ཡིན། ཁྱད་པར་དུ་བསྟན་པ་འཛིན་སྲུང་སྤེལ་གསུམ་གྱི་ནང་ནས་བསྟན་པ་སྲུང་བའི་ལས་འགན་ཅན་སྔགས་རིག་འཛིན་པ་གོས་དཀར་ལྕང་ལོ་ཅན་གྱི་སྡེ་ཚོགས་ལ་མཚོན་ན། འཕྲིན་ལས་ཀྱི་གཟེར་ཆེན་ལྔ་བོ་དེ་ལ་རང་བྱན་ཆུད་པ་ཞིག་ངེས་པར་དུ་དགོས། གཟེར་ཆེན་ལྔ་ཟེར་དུས་གང་དག་ཡིན་སྙམ་ན། བསྲུང་བཟློག་བསད་གསུམ་དང་། དེའི་ཐོག་ལ་བསྲེགས་པ་མནན་པ་གཉིས་བསྣན་པས་ལྔ་སྟེ། བསྲུང་བཟློག་བསད་གསུམ་ནི། འཁོར་ལོ་ལ་བརྟེན་ཏེ་སྲུང་བའི་གཟེར། གཏོར་མ་ལ་བརྟེན་ཏེ་བཟློག་པའི་གཟེར། ཐུན་ལ་བརྟེན་ཏེ་བསད་པའི་གཟེར། དེ་ནས་མནན་བསྲེག་གཉིས་ནི། ཧོམ་ལ་བརྟེན་ཏེ་བསྲེག་པའི་གཟེར། ཐོད་པ་ལ་བརྟེན་ཏེ་མནན་པའི་གཟེར་དང་ལྔའོ། །འདིའི་ཚོགས་གྲལ་ལ་བཞུགས་པའི་སྔགས་རྒན་རལ་བ་ཡང་འཕྱིངས་ནས་ཡོད་པ་འདི་ཚོའི་ནང་ནས་འགའ་རེས་རལ་བ་སྤྲུགས་ན་མེ་སྟག་མཆེད་མཁན་གཅིག་རེ་གཉིས་རེ་ཡོད་ངེས་སྙམ། དེ་འདྲ་རེ་རེའི་ནུས་པ་སྔགས་ཕྲུག་བཅུ་ཕྲག་མ་དགོས་བརྒྱ་ཕྲག་གིས་ཀྱང་ཨེ་ཐུབ་མི་ཤེས་སྙམ། སྔགས་པ་རྣམ་པ་ངེས་པར་དུ་ལོ་གསུམ་རྫོགས་ཆེན་ཉམས་ལེན་གྱི་བཅད་རྒྱ་ལ་བཞུགས་འཆར་རེད། ལོ་གསུམ་གྱི་ཉམས་ལེན་ཚར་དུས་ད་སྐྱུར་ཅིག་སྨྲས་ཀྱང་བསྐྱུར་ཐུབ་རྒྱུ་མ་རེད། དེས་ན་སྲོག་སྡོམ་གཟེར་བཞིའི་མན་ངག་གི་ནང་ནས་དགོངས་པ་མི་འགྱུར་བའི་གཟེར་དེ་གཟེར་ཐམས་ཅད་ཀྱི་སྲོག་ལྟ་བུ་ཞིག་ཡིན། སྲོག་མེད་ན་གཟེར་གཞན་དག་སྲོག་མེད་པའི་རོ་ལྟ་བུ་ཞིག་ཏུ་འགྲོ་བ་ཡིན། ཁྱད་པར་དུ་འཕྲོ་འདུ་འཕྲིན་ལས་ཀྱི་གཟེར་གྱིས་ཞི་རྒྱས་དབང་དང་དྲག་པོའི་ལས་ཀྱི་མདེའུ་ཁ་ཇི་ལྟར་བསྒྱུར་ཐུབ་སྟེ་ཐུབ་པ་མ་ཡིན། དེས་ན་རྫོགས་རིམ་ཐམས་ཅད་མཐར་ཐུག་རྫོགས་པ་ཆེན་པོའི་ཉམས་ལེན་དགོངས་པ་མི་འགྱུར་བའི་གཟེར་གྱི་དགོངས་སྲོག་དེ་བརྟན་པོ་ཞིག་རང་རྒྱུད་དུ་ཚུགས་སོང་དུས། གཞན་ཐམས་ཅད་དེའི་ཡན་ལག་ཏུ་རང་གྲུབ་ལ་འབྱུང་བ་ཡིན། སྔགས་པ་གཞོན་པ་དག་གིས་ཀྱང་སྙིང་ཐིག་རྩ་གསུམ་གྱི་བསྙེན་ཚད་བཞག་ནས། དཔལ་ཆེན་བཀའ་བརྒྱད་ཀྱི་རྩ་བའི་བསྙེན་ཚད་ཅིག་ཞོག་པའི་ཐོག་ལ། ཁྲག་འཐུང་རིགས་བཞིའི་བགོས་སྐལ་རང་རང་གང་ལ་མོས་པ་ཡོད་པའི་ཉམས་ལེན་བསྙེན་སྒྲུབ་ལ་འབད་ནས། ཕུར་བ་རྟ་མགྲིན་གཉིས། ཡང་དག་གཤིན་རྗེ་གཉིས་ཏེ་བཞི་བོ་གང་ཡང་རུང་བ་ཞིག་གི་བསྙེན་པ་དུང་ཕྱུར་རེ་ཁས་ལེན་མཛད་ན་ཤིན་ཏུ་བཟང་། འདིའི་སྔགས་མང་སྟོང་ཕྲག་འགའི་ནང་ནས་སྟོང་དང་དགུ་བརྒྱ་ཙམ་གྱིས་ཕུར་བ་རྟ་མགྲིན་གཤིན་རྗེ་སོགས་གང་རུང་གི་བསྙེན་པ་དུང་ཕྱུར་རེ་རེའི་གྲངས་ཚད་ཀྱི་བསྙེན་ཚད་ཀྱི་ཁ་ལོངས་པ་གྱིས་དང་། གནའ་ཡི་སྟོང་དང་དགུ་བརྒྱའི་རྒྱལ་ས་ཟིན་པ་ནི་སྨྲོས་མ་དགོས་སོ། །དེ་ལྟར་ལྟ་བ་གདེང་ལྡན་གྱི་རྫོང་ཟིན་སོང་དུས། སྒོམ་པའི་འཕྲང་ལས་རང་ཤུགས་ཀྱིས་གྲོལ་ནས། སྤྱོད་པའི་སྒོ་ནས་སྲོག་འཕྲོག་པ་སྟེ་འཁོར་འདས་ཡོངས་ཀྱི་སྟོང་སྲོག་ལ་རང་དབང་ཐོབ་པ་ཞིག་དེ་དུས་ཡོང་བ་ཡིན། དེ་ལྟ་བུའི་རྫོང་འཕྲང་སྲོག་གསུམ་ལ་དབང་འབྱོར་བའི་སྔགས་སྡེ་གཞོན་རབས་པ་ལ། སྔགས་པའི་སློབ་གླིང་གི་རིམ་པ་མཐོན་པོའི་མཚན་སྙན་དང་ཐོབ་ཐང་གི་འཇའ་ས་ཕུལ་འོས་པ་ཡིན། གང་ཟག་སྒེར་གྱི་ཚེ་མི་རྟག་པའི་བློ་སྦྱོང་གི་ཆ་ནས་རྟག་འཛིན་བྱེད་དུ་མེད་ཀྱང་། སྐྱེ་དགུའི་བདེ་སྐྱིད་ཀྱི་འབྱུང་རྩ་མི་ཚེ་མི་རབས་ལ་ཆོས་ཀྱིས་འཚོ་བའི་བོད་མི་རིགས་རང་ཉིད་ཀྱི་བླ་སྲོག་ལྟ་བུའི། རྒྱལ་བསྟན་ཡུན་གནས་ཀྱི་དབུ་འཕང་མཐོ་བའི་ཕྱོགས་ལ་ཇི་སྲིད་བསྐལ་བའི་མཐའ་ལ་བསྟན་པ་མི་ཉམས་མཐར་རྒྱས་ཀྱི་བསམ་བློ་གཏོང་དགོས་པ་ཡིན་པས། མ་འོངས་ཕྱི་རབས་ཀྱི་བསྟན་རྒྱུན་དེ་རྒྱང་རིང་གི་དམིགས་འབེན་ལ་བལྟས་ཏེ་བསམ་བློ་བཏང་ན་དེ་འདྲ་ཡིན། དེ་རིང་གི་ཆོས་ཁྲིད་འདི་ནི་དུག་ལྔ་རང་གྲོལ་ངོ་སྤྲོད་དོ། །ཞེས་པའི་མཚམས་ནས་འཇོག་རྒྱུ་བྱེད། དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི།།

ཐུན་བཞི་བའི་ཆོས་ཁྲིད།

ཉི་མ་བརྒྱ་ལ་ཡང་དང་ཡང་དུ་བསྐྱར་ཏེ་བཤད་པའི་བློ་སྦྱོང་གི་ཆོས་ཞེས་པ་འདི། བརྒྱ་ཚར་སྟོང་ཚར་ཞིག་བཏོན་ན་ཡང་སྣོད་མཐིལ་མེད་ཀྱི་ནང་དུ་ཆུ་བླུགས་པ་དང་འདྲ་བར། རྒྱུད་ལ་ཆགས་རྒྱུ་གཅིག་ཀྱང་དཀོན་པ་ནི་རང་རྒྱུད་ལ་དཔག་ནའང་ཤེས་ཐུབ་ཅིང་། འོན་ཀྱང་འདི་མེད་ན་ཐར་ལམ་ཙམ་ཡང་མི་ཟིན་པའི་ཕྱིར་ན། འདི་བསྐྱུར་བ་བློས་མི་ཐོངས་པར་ཉིན་བཞིན་ཡང་ཟེར་བྱས་ཏེ། ལས་ཅན་དང་ཐུག་ན་ཕན་རེ་ཐོགས་སྲིད། སྟོང་གི་ནང་ནས་བརྒྱ་ཐམ་པ། བརྒྱ་ཡི་ནང་ནས་བཅུ་ལ་ཕན་ཐོགས་ན་སྨྲོས་མ་དགོས། སྟོང་ཕྲག་གཅིག་གི་ནང་ནས་བཅུ་ཐམ་པའི་རྒྱུད་ལ་ངེས་འབྱུང་རྣམ་དག་ཅིག་སྐྱེས་ཏེ། རང་རྒྱུད་ཆོས་དང་འདྲེས་ནས། སྒྲུབ་ལ་འབྲས་བུ་ཐོན་པ་ཞིག་བྱུང་ན་ཡིད་ཚིམ་ཆོག་པ་ཞིག་རེད། ས་ཆ་ཨ་མདོའི་ཡུལ་ལ་མདོ་དབུས་ཁམས་གསུམ་གྱི་མི་སྣ་ཆོས་ཞུ་བ་མང་བོ་ཞིག་ལ་ཆོས་ཤིག་བཤད་པའི་ལོ་དེར། བརྒྱ་ཉིས་བརྒྱ་ཙམ་ཞིག་ནི་ཆོས་རྣམ་དག་བསྒྲུབ་མཁན། དེའི་ནང་གི་བཅུ་ཐམ་པ་ཙམ་ཞིག་སྒྲུབ་ལ་རྩེ་གཅིག་གཞོལ་བའི་ཉམས་ལེན་པ་རེད་ཡོད་ས་ཡོད་བསམ་ཆོག་དུས། དུས་སྙིགས་མར་རྒྱལ་བའི་མཛད་པ་ཞིག་འགྲུབ་སོང་སྙམ་པ་ཡིན། དེས་ན་བློ་སྦྱོང་གི་སྐོར་འདི་ཉིན་རེ་ལ་བསྐྱར་ཟློས་རེ་བྱེད་བཞིན་ཡོད། དལ་འབྱོར་རྙེད་དཀའ་ཡིན་པ་རེད། གཞན་མ་བསམ་པར་མིའི་ལུས་རྟེན་བླངས་པ་རྐྱང་པ་འཛམ་གླིང་ས་གཞིའི་གོ་ལ་ཆུང་ཆུང་འདིའི་སྟེང་དུ་ཡོད་པའི། ད་ཡོད་ཀྱི་མི་གྲངས་དུང་ཕྱུར་བདུན་ཅུའི་ནང་ལ་བལྟས་བཞག་ན། དམ་པའི་ཆོས་ལ་དད་པ་ཉུང་ཉུང་རེད། དལ་འབྱོར་ཚང་པའི་ཆོས་པ་ངོ་མ་དེ་བས་ཀྱང་ཉུང་བ་རིག་བཞིན་འདུག་པ་འདི་རེད། ཚེ་མི་རྟག་པར་ཁ་སང་གི་ཐོག་ལ་དེ་རིང་མེད་པ་དང་། སང་ཉིན་ང་གསོན་པོའི་མི་ཞིག་ཡིན་རྒྱུ་རེད་ཟེར་ན་ཟེར་ཐག་མི་ཆོད་པ་དང་། སང་ཉིན་གྱི་རྒྱབ་ལ་སང་ཉིན་མང་ཡང་། སང་ཉིན་ཞིག་ལ་རང་ཉིད་མེད་འགྲོ་ཤག་ཤག་ཡིན། དེ་མེད་དུས་གཏན་མེད་རེད་མི་འགྲོ་བ་ལས་ཀྱི་རྗེས་སུ་འབྲངས་དགོས། ཕྱི་མ་གར་སྐྱེས་ད་ལྟའི་ལས་ལ་ལྟོས་ཞེས་གསུངས་པ་ཡིན། འཁོར་བ་གང་ལ་སྐྱེས་ན་སྡུག་བསྔལ་གྱི་གནས་ཤ་སྟག་རེད། གང་ལ་སྐྱེས་ཀྱང་སྡུག་བསྔལ་གསུམ་ལས་མི་འདའ་བ་ཡིན། ད་ལྟའི་ལས་འདི་ལ་བལྟས་ན་ལུས་ཡག་པ་རྒྱུ་མེད་ཀྱི་འབྲས་བུ་ཞིག་དཀའ་བ་ཡིན། དབང་མེད་ལུགས་ལ་བསམ་ན། འཁོར་བའི་སེམས་ཅན་འདི་ལས་ཀྱི་གཞན་དབང་ཅན་ཡིན། འོན་ཀྱང་འདང་ཞིབ་ཀྱིས་བརྒྱབ་ན། དབང་མེད་ངོ་མ་ཞིག་ཀྱང་མ་རེད། དེ་མིན་ལུགས་ལ་བསམ་བློ་བཏང་ན། བདེ་སྡུག་ཅི་བྱེད་རང་གི་ལག་ན་ཡོད་པ་ཞིག་ཡིན། ལས་ཀྱི་བསྐོས་ཐང་ཅན་རེད་སྙམ་ན་ཡང་། ལས་ཞེས་པ་འདི་མིང་དང་དོན་མཚུངས་པ་ལས་ཡོང་བ་ཞིག་ཡིན་ལ། དེ་ཡང་གཞན་གྱི་ལས་གཞན་ལ་བཀལ་བཏང་བ་ཞིག་མ་ཡིན། རང་གིས་ལས་པ་དེ་རང་ལ་སྨིན་པ་ཤ་ཏག་ཡིན་པས། བདེ་སྡུག་ཅི་བྱེད་རང་གི་ལག་ན་མེད་རྒྱུ་ཞིག་མ་རེད། ཡར་འགྲོ་མར་འགྲོ་གཉིས་ཀྱི་ས་མཚམས། རྟ་ཁ་སྲབ་ཀྱིས་གང་ལ་བསྒྱུར་རང་གི་ལག་ན་ཡོད་དུས། ལམ་གསུམ་འདུས་པའི་འདུས་མདོ་འདི་ནས། ཁ་གང་ལ་བསྐོར་བའི་གདམས་ཀ་དང་། རང་ལུས་འདོམ་གང་གྲུ་བཞི་ལ་དགྱེ་སྒུར་གཉིས་ཀ་རང་ལག་ན་ཡོད་དུས་ངོ་མ་དེ་ད་རེས་རེད་ཡོད་པས། སྡུག་གི་སྣེ་མོ་འཛིན་ཏེ་དེའི་ལམ་ལ་ཞུགས་ན་འཁོར་བའི་སེམས་ཅན་མང་ཆེ་བ་ལམ་དེ་ནས་འགྲོ་བཞིན་ཡོད་པ་རེད། དེ་ན་རྒྱལ་ཁ་ཆེ་བ་ཞིག་ཡོད་ནས་ཐེམས་མི་འཐེམ་བྱེད་རྒྱུ་ཞིག་ཡིན་ན། ད་འཇིག་རྟེན་མི་ནག་གི་ཁྱིམ་པ་ཕོ་མོ་སྐྱ་སྒོག་སྔོ་སྒོག་ཆ་ཁས་སྔར་ཞིག་ནས་བླངས་འགྲོ་ཚར་ནས། ད་སྐལ་བ་ཞིག་ལྷག་ཨེ་ཡོད་ཤེས་ས་མེད་སྙམ་རྒྱུ་དེ་འདྲ་ཞིག་ཡིན་ནི་རེད། དེས་ན་དེ་ཆ་གའི་རྗེས་དེད་ནས་སོང་ན་དེ་དག་དང་འདྲ་བ་ཞིག་མ་གཏོགས་ཡོད་པ་མ་རེད། མི་དགེའི་སྡིག་ལས་ཤ་ཏག་བསྒྲུབས་ན་ཚེ་སྟོད་པས་ཚེ་སྨད་སྡུག་པ་དང་། ཚེ་སྨད་པས་བར་དོའི་སྐབས་སྡུག་པ་དང་། དེ་བས་ད་རུང་ཚེ་ཕྱི་མར་ངན་སོང་གི་སྡུག་བསྔལ་མྱོང་དུས་སྡུག་པ་ཡིན། སྡུག་པ་དེ་མཐོང་ཆོས་མྱོང་གྲུབ་ཡིན། ད་སྐྱིད་ཀྱི་མགོ་འཛིན་སའི་ལམ་སྣེར་ཞུགས་བསམ་ན། སངས་རྒྱས་བཅོམ་ལྡན་འདས་བྱོན་ཚུན་ཆད་ཀྱི་རྒྱལ་དང་དེ་སྲས་ཀྱི་དམ་པ་གོང་མ་ཚོའི་རྣམ་ཐར་ལ་མཇལ། འུ་ཅག་གི་བརྒྱུད་པའི་བླ་མ་གོང་མ་ཚོའི་རྣམ་ཐར་ལ་མཇལ་ཏེ་དེ་དག་གི་རྗེས་སུ་ཞུགས། དེ་དག་གི་རྗེས་སུ་བསླབ་ན། དང་པོ་མ་གོམས་པའི་སྐབས་སུ་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ་ཡི་སྟོབས་ཞན་པ་དང་། དེའི་ཐོག་ལ་གུས་རྟག་སྦྱོར་བའི་བརྩོན་འགྲུས་ཀྱི་གོ་ཆ་སྲ་མོ་ཞིག་མེད་པའི་སྐབས་སུ་དཀའ་སྣང་སྡུག་སྣང་ཅུང་ཟད་རེ་ཡོད་སྲིད་ཀྱང་། མཐར་གྱིས་གོམས་སོང་བ་ཡིན་ན། སྐྱིད་པའི་ཉི་མ་ནང་གི་བདེ་སྐྱིད་དེ་སེམས་ལས་རྙེད་དགོས་པས། ལས་དགེ་སྒྲུབ་སྡིག་སྤོང་གི་སྒོ་ནས་དལ་འབྱོར་གྱི་སྙིང་བོ་ལེན་ལུགས་ལ་སྐྱེས་བུ་ཆུང་འབྲིང་ཆེ་གསུམ་གྱི་ལམ། སྐྱེས་བུ་ཆེན་པོའི་ལམ་ནས་ཡིན་ན་རིང་ལམ་མཚན་ཉིད་ཐེག་པ་དང་། ཉེ་ལམ་རྡོ་རྗེའི་ཐེག་པ། དེ་ལ་ཡང་ནང་གསེས་ཀྱི་དབྱེ་བས་ཕྱེས་ཡོང་ན། དེའི་ནང་གི་རིང་ལམ་ཀྲི་ཡོག་སྡེ་གསུམ། ཉེ་ལམ་མ་ཧཱ་དང་ཨ་ནུ། མྱུར་ལམ་ཨ་ཏི་རྫོགས་པ་ཆེན་པོ། ད་རུང་དེའི་ནང་གི་ཤིན་ཏུ་མྱུར་ལམ་ཡང་གསང་མན་ངག་གི་ལམ་འདི་ནས། ལོ་དང་ཟླ་བ་ཁ་གྲངས་ཀྱི་དུས་ཚོད་ཐུང་ཐུང་ལ། འཇའ་ལུས་འཕོ་བ་ཆེན་པོའི་སྐུ་བརྙེས་ཏེ་ཚེ་འདིའི་སྟེང་ནས་ལུས་འདི་མི་བོར་བའམ་ལུས་འདི་བསྐྱུར་མི་དགོས་པར་སངས་རྒྱས་ཐུབ་པ། མཐའ་ཡས་སེམས་ཅན་གྱི་གཞན་དོན་འབྱུང་བར་བྱེད་རྒྱུའི་ལམ་སྣེ་རང་ལག་ལ་ཡོད་པས་མི་ཚད་པར། གདམས་ངག་སྒོར་བསྐྱལ་བྱེད་པའི་སྐལ་བ་བཟང་བོ་མངོན་དུ་གྱུར་པའི་དུས་སྐབས་རང་རེ་ལ་ཚེས་ཡོད་ཅིང་། བདག་ཅག་གི་སྟོན་པས་ཆོས་འཁོར་དང་པོ་བསྐོར་བའི་གནས་སྐབས་སུ་བདེན་བཞི་བཞི་ལྡབས་སུ་སྤྲོས་ནས་གསུངས་པ་ཡིན། སྡུག་བསྔལ་ཤེས་པར་བྱ་གསུངས་པ་དེས་འཁོར་བའི་སྡུག་བསྔལ་དེ་ཤེས་སུ་བཅུག་ནས། ཀུན་འབྱུང་སྤོང་བར་བྱ་ཞེས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ངེས་པ་འདི་ཉིད། བདེན་བཞིའི་རིམ་པའི་སྒྲོམ་གཞི་ཐུབ་པའི་བསྟན་པ་སྐས་ཀྱི་གདང་བུ་ལྟ་བུའི་འགྲོས་དང་ཡང་མཐུན་པར་བསྟན་པ་དང་། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་རྟེན་འབྲེལ་སྙིང་བོའི་ནང་དུ་བསྡུས་ནས། ཡེ་དྷརྨཱ་ཧེ་ཏུ་པྲ་བྷ་ཝཱ་ཧེ་ཏུནྟེ་ཥཱནྟ་ཐཱ་ག་ཏོ་ཧྱ་བ་དཏ། ཏེ་ཥཱཉྩ་ཡོ་ནི་རོ་དྷ་ཨེ་ཝཾ་བཱ་དི་མ་ཧཱ་ཤྲ་མ་ཎཿགསུངས་པ་དེས་བསྟན་པ་ཡིན། དེའི་དོན་བོད་སྐད་ལ་ཚུར་བསྒྱུར་ན། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་བ་དང་། །དེ་ཡི་རྒྱུ་དང་དེ་འགོག་གང་ཡིན་པ། །དེ་བཞིན་གཤེགས་པ་ཉིད་ཀྱིས་བཀའ་བསྩལ་པ། །དེ་སྐད་གསུངས་པའི་ཚུལ་ཅན་དགེ་སྦྱོང་ཆེ། །ཞེས་པ་སྟེ། ཤེས་བྱ་འཁོར་འདས་ལམ་གསུམ་གྱི་རྟེན་ཅིང་འབྲེལ་འབྱུང་གིས་བསྡུས་པའི་ཆོས་ཤིག་ཡོད་ཚད་པོ་ཐམས་ཅད་རྒྱུ་ལས་བྱུང་བ་ཡིན། རྒྱུ་ཀུན་འབྱུང་གི་བདེན་པ། འབྲས་བུ་སྡུག་བསྔལ་གྱི་བདེན་པ་གཉིས་ཀ་འཁོར་བའི་རྒྱུ་འབྲས་དང་། རྒྱུ་ལམ་གྱི་བདེན་པ་དང་འབྲས་བུ་འགོག་པའི་བདེན་པ་གཉིས་ཀ་མྱང་འདས་ཀྱི་རྒྱུ་འབྲས་ཡིན། མི་འདོད་རྒྱུ་བོ་སྡུག་བསྔལ་ཡིན་ན་ཡང་། སྡུག་བསྔལ་འབྲས་བུ་ཡིན་པས་ན་འབྲས་བུ་བཀག་ནས་འགོག་མི་ཐུབ། སྡུག་བསྔལ་དེའི་རྒྱུ་བཙལ་ནས་དེ་འགོག་དགོས། དཔེར་ན། དུག་འཐུང་ནས་ནད་འབྱུང་བ་དེ་བཀག་ནས་འགོག་མི་ཐུབ་པ་ལྟ་བུ་དང་། དུག་འཐུང་བ་བཀག་ན་ནད་ཀྱི་གཞི་དེ་ཆོད་པ་བཞིན་དུ་རྒྱུ་ཀུན་འབྱུང་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་བཀག་པས་དེའི་འབྲས་བུ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཕྲ་རགས་རིགས་ཀྱི་སྒྲིབ་པའི་སྤང་བྱ་མཐའ་དག་སྤངས་ཏེ། གཉིས་ལ་མི་གནས་པའི་ཡེ་ཤེས་ཐོབ་ནས་མངོན་འཚང་རྒྱ་བ་ཡིན། སྐྱེས་བུ་ཆུང་ངུའི་ལམ་ལ་ཞུགས་ན་ངན་སོང་གསུམ་པོའི་སྡུག་བསྔལ་དེ་ཤེས། དེ་ལས་ཐར་བའི་མཐོ་རིས་ལྷ་མིའི་གོ་འཕང་དེ་དོན་གཉེར་གྱི་ཆེད་དུ་མི་དགེ་བཅུ་སྤངས། དགེ་བ་བཅུ་བསྒྲུབས། དེའི་སྟེང་དུ་མི་གཡོ་བའི་ལས་བསམ་གཏན་གཟུགས་མེད་བརྒྱད་པོའི་ཏིང་འཛིན་བསྒོམས་ནས་ལྷ་མིའི་གོ་འཕང་ཐོབ་པ་རེད། ཡིན་ན་ཡང་། ལས་དགེ་བས་མི་དགེ་བ་བཀག་པ་ཙམ་ཞིག་མ་གཏོགས། རྒྱུ་ཉོན་མོངས་བཀག་མ་ཐུབ་པས་དུག་རོ་ཡི་རྩ་བ་འདྲ་བོ་དེ་མ་ཆོད་པས་ནད་རོ་ཕྱིར་འཕར་ངེས་ཡིན། སྐྱེས་བུ་འབྲིང་དང་ཆེན་པོ་གཉིས་ཀྱིས། སྲིད་པ་ཁམས་གསུམ་འཁོར་བ་རིགས་དྲུག་པོ་ལས་བློ་ལྡོག་ནས། འཁོར་བ་རྒྱུ་འབྲས་གཉིས་ཀ་སྤངས་པའི་མྱང་འདས་བསྒྲུབ་བྱར་བྱེད་པ་རེད། དེ་ལ་ཁྱད་པར་ཅི་ཞིག་ཡོད་པ་ཡིན་ཞེ་ན། བདེན་བཞི་བགྱི་བ་དང་བཅས་པ་དང་། བགྱི་བ་མ་མཆིས་པ་གཉིས་སུ་གསུངས་པ་སྟེ། བྱ་བ་ཆ་ཚང་དང་མ་ཚང་ངམ་ཡོངས་སུ་རྫོགས་དང་མ་རྫོགས་ཀྱི་ཁྱད་པར་ཡོད་པར་གསུངས་པ་ལྟ་བུ་ཞིག་ཡིན། ཉན་ཐོས་དང་རང་རྒྱལ་གཉིས་ཀས་ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་ལྷན་སྐྱེས་ཀྱི་ཆ་དང་། ཡིད་ཀྱི་རང་བཞིན་ཅན་གྱི་ལུས་དང་། ཟག་མེད་ཀྱི་ལས། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་ལ་སོགས་པ། རྟེན་འབྲེལ་ཕྲ་བའི་སྡུག་བསྔལ་དེ་མ་ཤེས་པའི་རྐྱེན་གྱིས་སྡུག་བསྔལ་ཤེས་པ་དེ་བགྱི་བ་དང་བཅས་པ་ད་རུང་ལས་རྔ་ལུས་ནས་ཡོད་པ་དང་། ཀུན་འབྱུང་སྤོང་བར་བྱ་བའི་ཐད་ནས་ཀྱང་། ལས་དང་ཉོན་སྒྲིབ་སྤང་རུང་ཤེས་སྒྲིབ་ཆ་ཚང་མ་སྤངས་པས། ཀུན་འབྱུང་སྤང་བར་བྱ་བ་དེ་ཡང་བགྱི་བ་དང་བཅས་པ་ད་རུང་ལས་རྒྱུ་ལྷག་ནས་བསྡད་ཡོད་པ་དང་། ད་འགོག་ལམ་གཉིས་ཀ་རེད། ལམ་རྒྱུད་ལ་བསྟེན་པར་བྱ་བའི་ཐད་ནས་ཀྱང་། གང་ཟག་གི་བདག་མེད་རྟོགས་ན་ཡང་ཆོས་ཀྱི་བདག་མེད་ཆ་ཚང་བ་མ་རྟོགས་པས་ཡང་ལམ་བགྱི་བ་དང་བཅས་པ། འགོག་པ་མངོན་དུ་བྱ་བའི་ཐད་ནས་ཀྱང་། ཉན་ཐོས་དགྲ་བཅོམ་གྱི་གོ་འཕང་ཐོབ་ན་ཡང་། སངས་རྒྱས་ཀྱི་འོད་ཟེར་གྱི་སྟོབས་ཀྱིས་འགོག་པའི་སྙོམས་འཇུག་ལས་ཡར་བསླངས་ནས། ད་གཟོད་ཐེག་པ་ཆེན་པོར་སེམས་བསྐྱེད་དེ་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་དགོས་པས་ན། ད་འགོག་པ་ཡང་བགྱི་བ་དང་བཅས་པ་ཡིན་གསུངས་པ་རེད། བགྱི་བ་མ་མཆིས་པ་ལམ་ཡོངས་སུ་ཚང་བ་དེ་གང་ཡིན་ན། སྐྱེས་བུ་ཆེན་པོའི་ལམ་འཁོར་བ་མཐའ་དག་དང་རང་ཉིད་ཞི་བདེར་སྦྱོར་བའི་ཉན་རང་ལས་ཀྱང་བློ་ལྡོག་པས་ན། སྡུག་བསྔལ་ཤེས་པར་བྱ་བ་བགྱི་བ་མ་མཆིས་པ། ཀུན་འབྱུང་ལས་ཉོན་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤང་བྱར་བཟུང་བས་ན། ཀུན་འབྱུང་སྤང་བར་བྱ་བ་ཡང་བགྱི་བ་མ་མཆིས་པ། ལམ་བདེན་བདག་མེད་རྟོགས་པའི་ཤེས་རབ་ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་བདེན་པའི་རང་བཞིན་ཅན་གྱི་ལམ་རྒྱུད་ལ་བསྟེན་པ་དེ་ཡང་བགྱི་བ་མ་མཆིས་པ། འགོག་པ་མངོན་དུ་བྱ་བའི་ཚུལ་ཡིན་ན། འབྲས་བུ་སངས་རྒྱས་ཆོས་གཟུགས་ཀྱི་སྐུ་གཉིས་ཀ་ཐོབ་རྒྱུ་བོའི་ཕན་ན་འཐོབ་བྱ་གཞན་མེད་པ་ཡིན་པས་ན། འགོག་པ་མངོན་དུ་བྱ་བ་ཡང་བགྱི་བ་མ་མཆིས་པ་དེ་ལྟར་ཡིན་ལ། དེ་ལས་ཀྱང་ཁྱད་པར་དུ་ཕྱེས་པ། སྲིད་ཞིའི་མཐའ་གཉིས་ཀ་ལས་བློ་ལྡོག་པའི་ངེས་འབྱུང་ཆེན་པོ་དེས་ཀུན་ནས་བསླངས་ཏེ། རིང་ལམ་མཚན་ཉིད་ཐེག་པ་དང་ཉེ་ལམ་སྔགས་ཀྱི་ཐེག་པ་འོག་མ་རྣམས་ཀྱི་སྡོམ་པས་རྒྱུད་བསྡམ། བསམ་གཟུགས་བརྒྱད་དང་སྔགས་ཀྱི་བསྐྱེད་རྫོགས་སྒོམ་པ་དེ་ཐམས་ཅད། གོང་མའི་ངོས་ནས་བསམ་གཏན་གྱི་ཡན་ལག་ཙམ་ཞིག་ཡིན་ན། དེའི་སྟེང་དུ་ཆེན་པོ་གསུམ་གྱི་ལྟ་བ་རྟོགས་པ་ཤེས་རབ་ཡིན་པ་རེད། ཐེག་པ་བརྒྱད་པོ་དེ་རྟོག་པས་བཏགས་པའི་འདིའི་ལམ་ཡིན་ན། དེ་ཐམས་ཅད་སྤྲོས་པ་ཅན་ཡིན་ལ། ཨ་ཏི་རྫོགས་པ་ཆེན་པོ་སྤྲོས་བྲལ་ཀ་དག་གི་ལྟ་བ་གཅིག་པུའི་རང་ངོ་བསྐྱངས་ནས། བཟང་རྟོག་ངན་རྟོག་ཐམས་ཅད་ཡེ་ཤེས་ཆེན་པོ་གཅིག་གི་ཀློང་དུ་གྲོལ་ཏེ། ལས་ཉོན་ཤེས་བྱ་བག་ཆགས་དང་བཅས་པའི་སྒྲིབ་པ་ཕྲ་རགས་ཐམས་ཅད་བཅོམ་ནས། སངས་རྒྱས་ཆོས་ཀྱི་སྐུ་ཐོབ་པ་དང་། དེ་ལས་གཟུགས་སྐུ་འགགས་མེད་ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀྱིས་གང་ལ་གང་གིས་འདུལ་བའི་འགྲོ་བའི་དོན་མཛད་པ་ཡིན་པས་བདེན་བཞིའི་རྣམ་གཞག་གི་སྤྱི་སྒྲོམ་དེ་དེ་འདྲ་ཞིག་རེད། དེ་ལྟར་ཡིན་པ་དེ་ངེས་པར་བྱས་ནས་སྤང་བྱ་མི་དགེ་བའི་ལས། ལས་ཀུན་ནས་སློང་བར་བྱེད་པའི་དུག་གསུམ་ངོ་བོ་ཉིད་ཀྱི་མི་དགེ་བ་དང། དེས་ཀུན་ནས་བསླང་ཡོང་བའི་མཚུངས་ལྡན་གྱི་མི་དགེ་བ་མཐའ་དག་སྤོང་། བསྒྲུབ་བྱ་དགེ་བའི་ལས་མ་ཆགས་མི་སྡང་གཏི་མུག་མེད་པའི་དགེ་བཅུ་དང་། མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ལ་སོགས་པ་ལས་ཀྱི་རྣམ་གྲངས་མཐའ་ཡས་པ་གཞུང་དང་མན་ངག་ལས་འབྱུང་བ་བཞིན་ཡིན། མདོར་ན་ཐམས་ཅད་ལས་ཀྱི་རང་བཞིན་ཡིན་པ་རེད། ལས་མ་བྱས་པ་དང་མི་འཕྲད་པ། བྱས་པ་ཆུད་མི་ཟ་བ། གཞན་གྱིས་བྱས་པ་གཞན་ལ་མི་སྨིན་པ། བྱེད་པོ་རང་ཉིད་ཀྱི་ཟིན་པའི་ཕུང་བོ་འབའ་ཞིག་ལ་སྨིན་པ་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཀྱི་རང་བཞིན། སྟོང་རྟེན་འབྱུང་དབྱེ་བསལ་མེད་པ་དེ་ལྟ་བུའི་བདེན་བཞི་དེ་ཡང་རྟེན་འབྲེལ་ཡིན། དེ་གང་ནས་བྱུང་ན་དོན་དམ་བདེན་པ་ལས་བྱུང་། ཆོས་ཉིད་ཀྱི་ངོ་བོ་ཀ་ནས་དག་པའི་བདེན་པ་དེ་ལས། ཀུན་རྫོབ་རྒྱུ་འབྲས་བསླུ་བ་མེད་པའི་ཆོས་ཐམས་ཅད་དེ་དཔེར་ན་འབྱུང་ལུགས་དེ་ཅི་ལྟར་འབྱུང་བ་ཡིན་ན། ནམ་མཁའ་ལས་སྤྲིན་འབྱུང་བ་ལྟ་བུ་ཡིན། དེ་ལྟར་ཀུན་རྫོབ་ཀྱི་ཆོས་ཐམས་ཅད་འབྱུང་བས་ན། མེད་ན་མི་འབྱུང་གི་རྒྱུ་འབྲས་ཡིན་པ་མ་གཏོགས་། བསྐྱེད་བྱ་སྐྱེད་བྱེད་ཀྱི་རྒྱུ་འབྲས་མཚན་ཉིད་པ་མིན། དེ་ལྟ་བུའི་བདེན་གཉིས་ཀྱི་དབང་དུ་བྱས་པའི་ཤེས་རབ་དེས་ལྟ་བ་ནམ་མཁའ་བས་མཐོ་ཡང་། ལས་རྒྱུ་འབྲས་བག་ཕྱེ་ལས་ཀྱང་ཞིབ་པར། དྲན་ཤེས་བཞིན་བག་ཡོད་གསུམ་དང་མ་བྲལ་བའི་ཐབས་ཤེས་རྣམ་པར་དག་པས་བདེན་གཉིས་ཟུང་འཇུག་གི་སྒོ་ནས་སྐུ་གཉིས་ཟུང་འཇུག་ཐོབ་པ་ཡིན་པས་ལས་འབྲས་རྣམ་གཞག་སྐོར་གྱི་སྣེ་མོ་ཙམ་ཞིག་ཐུགས་གསོས་དྲན་སྐུལ་ཞུས་པ་དང་བཅས་ཏེ། ད་སྐབས་བབས་གང་ཞིག་གསན་པར་བྱ་བ་དེ་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་འདི་ཉིད་འཆད་ཉན་བྱེད་པའི་སྐབས་ཡིན། ད་རང་རེ་འཁོར་བའི་སྡུག་བསྔལ་གྱིས་ཡིད་དབྱུང་ནས། གཏན་བདེ་ཐར་བ་དམ་པའི་ལམ་མཆོག་ལ་རང་གཞན་འགོད་འདོད་ཀྱི་ལམ་འཚོལ་བའམ་ལམ་ལ་ཞུགས་པའི་གང་ཟག་ཡིན། དེ་ཡིན་ན་ལམ་ལ་རིང་ལམ། ཉེ་ལམ། མྱུར་ལམ། ཤིན་ཏུ་མྱུར་ལམ་གྱི་རིམ་པས་རྫོགས་པའི་སངས་རྒྱས་ཀྱི་འབྲས་བུར་བསྙེག་པའི་རིམ་པ་མང་པོ་ཡོད་པའི་ནང་ནས། ཤིན་ཏུ་མྱུར་ལམ་འོད་གསལ་རྫོགས་པ་ཆེན་པོའི་ལམ་ལ་ཞུགས་ཏེ། ཚེ་གཅིག་གི་ལུས་འདིའི་སྟེང་ནས་མ་སེམས་ཅན་ཐམས་ཅད་རྫོགས་པའི་བྱང་ཆུབ་ལ་བཀོད་ཐུབ་པའི་ནུས་པ་ཅན་ཞིག་བྱེད་འདང་ཡིན། དེ་ཡང་ལམ་ཤིན་ཏུ་མྱུར་ལམ་རྫོགས་ཆེན་གྱི་ལམ་ལ་ཞུགས་དུས། ལམ་འོག་མའི་རིགས་བསྐྱུར་ཆོག་པ་དང་དེ་ཚོ་དང་འབྲེལ་བ་གཏན་ནས་མེད་པ་ཞིག་བྱེད་པའི་འདང་དང་། ཁྱད་པར་དུ་སྔགས་ལམ་མྱུར་ལམ་རེད། མདོ་ལམ་དེ་བས་འགྲོས་བུལ་བ་ཡིན་སྙམ་ནས་མདོ་སྔགས་ལམ་གྱི་འགྲོ་ཕྱོགས་དང་ངོ་བོ་ཐ་དད་དུ་བཟུང་ན་ནོར་བ་ཡིན། དེའི་སྟབས་ཀྱིས་འདི་ནས་ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཐོག་མའི་མཚན་གྱི་ཞལ་བྱང་འགོད་དུས་ཤིག་ནས་ལམ་མ་ལུས་མྱུར་དུ་བགྲོད་པ་ཞེས། མ་ལུས་ཞེས་པའི་ཚིག་གི་གསལ་ཁ་ཞིག་ཆེད་དུ་བསྣན་ནས་གསུངས་པ་ཡིན། མདོ་སྔགས་གཉིས་ཀ་བགྲོད་གཅིག་གི་ལམ། མཐར་ཐུག་ཐེག་གཅིག་ལ་གྲུབ་པའི་སྙིང་དོན། ཕྱིན་དྲུག་བསྡུ་དངོས་བཞིའི་སྤྱོད་པས་རང་གཞན་གྱི་དོན་གཉིས་རྫོགས་སྨིན་སྦྱངས་པས་མཐར་ཕྱིན་པ་བྱེད་དགོས་པར་འདྲ་ལ། ཐབས་ཀྱི་ཁྱད་པར་དུ་བྱས་པ་སྔགས་ཀྱི་ལམ་ཡིན་པས། དེ་མ་ཀའི་ཉན་ཐོས་ཐེག་པ་ནས་མདོ་སྔགས་ལམ་གྱི་རིམ་པའི་གནད་ཐམས་ཅད་ཡོངས་སུ་རྫོགས་ཤིང་གཅིག་ཏུ་འདུས་པ་ལ་རྫོགས་པ་ཆེན་པོ་ཞུ་བ་ཡིན། དེ་ཡང་ཟབ་དང་རྒྱ་ཆེའི་སྒོ་ནས་བསྟན་ཚུལ་མང་ནའང་། འདི་ནས་རྫོགས་པ་ཆེན་པོ་དེ་མེད་པ་སྟོང་ཆད་ཀྱི་ལྟ་བ་ཧད་པོ་ཞིག་མ་ཡིན་པར་གསལ་སྟོང་ཟུང་དུ་འཇུག་པ། དབྱིངས་དང་ཡེ་ཤེས་དབྱེར་མེད། གཞི་ལམ་འབྲས་བུའི་གནད་ཐམས་ཅད་འདུས་པའི་ལྟ་བའི་རང་ངོ་སྤྲད་པ་གཙོ་བོར་རྩལ་འདོན་མཛད་དེ་བསྟན་པའི་རྣལ་འབྱོར་ཉམས་ཀྱི་གླུ་དབྱངས་ཐོལ་བྱུང་རྡོ་རྗེའི་དོ་ཧར་བཞེངས་པ་ཞིག་ཡིན། འོ་ན་འདིས་ལྟ་བ་ལས་སྒོམ་པ་མ་བསྟན་པའོ་སྙམ་ན། རིག་པ་དང་ཞབས་སུ་ལྡན་པ་ཞེས་གསུངས་པ་ལྟར་དུ། མི་ཞིག་གིས་གོམ་པ་བླངས་ཏེ་མདུན་ཕྱོགས་འདོད་པའི་ས་རུ་འགྲོ་དགོས་ན། མིག་གིས་རྐང་བའི་བརྫི་ས་ལ་བལྟས་བཞིན་དུ་བརྟན་པོར་བརྫིས་ནས་འགྲོ་དགོས་པ་དང་འདྲ་བར་ལྟ་བའི་གཞི་གདན་གྱི་སྟེང་ནས་སྒོམ་པ་དང་སྤྱོད་པ་ནས་འབྲས་བུ་ལ་བསྙེག་རྒྱུ་ཡིན། བླ་མེད་ཐུན་མོང་གི་ལམ་ནས་བཤད་ན། ལྟ་སྒོམ་སྤྱོད་པ་དབང་དང་དཀྱིལ་འཁོར་ལ་སོགས་པ་གསུངས་པ་རེད། ལྟ་བའི་ངེས་པ་རྙེད་པའི་སྟེང་དེ་ནས་སྒོམ་པ་དང་སྤྱོད་པ། དཀྱིལ་འཁོར་དབང་དང་དམ་ཚིག སྒྲུབ་པ་མཆོད་པ་འཕྲིན་ལས་སྔགས་དང་ཕྱག་རྒྱ་སྟེ་སྔགས་ཀྱི་དེ་ཉིད་བཅུའི་རིམ་པ་མདོར་ན་ཐུབ་པའི་བསྟན་པ་སྐས་ཀྱི་གདང་བུ་ལྟ་བུར་རིམ་ཅན་ཆ་ཚང་དོན་འདུས་ཀྱིས་མན་ངག་འདི་ཉིད་འཆད་བཞིན་པའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ནས། བར་དུ་དགེ་བ་གཞུང་དོན་ལས་ཀྱང་། དོ་ཞག་འུ་ཚོས་དུག་ལྔ་རང་གྲོལ་གྱི་ངོ་སྤྲོད་སོང་བའི་མཚམས་ནས། དེ་རིང་ཚོགས་དྲུག་རང་གྲོལ་གྱི་ངོ་སྤྲོད་ལ་ཐུག་པ་རེད། མིག་རྣ་སྣ་ལྕེ་ལུས་ཡིད་ཀྱི་དབང་བོ་དྲུག་ལ། གཟུགས་སྒྲ་དྲི་རོ་རེག་དང་ཆོས་ཀྱི་ཚོགས་དྲུག་དེ། བཟང་ངན་བདེ་སྡུག་ཡིད་འོང་ཡིད་མི་འོང་གང་ཤར་ན་ཡང་། ཐམས་ཅད་སྟོང་བའི་རང་བཞིན་དུ་གཏན་ལ་ཕབ་ཅིང་ངོ་སྤྲོད་པ་སྟེ། ཨེ་མ་ཧོ། ད་ཡང་སྙིང་དང་འདྲ་བའི་བུ་རྣམས་ཉོན། །ཞེས་མཚམས་སྦྱར་ནས། ཚོགས་དྲུག་རེ་རེ་བཞིན་དུ་གསུངས་པའི་དང་པོ་རེག་བྱ་ནི། གོས་ལ་སོགས་པའི་འཇམ་པོ་ལུས་ལ་དྲིལ། །འཇམ་མོ་སྙམ་པའི་རང་གི་སེམས་ལ་ལྟོས། །རེ་བ་ལ་སོགས་རྩུབ་མོ་ལུས་ལ་དྲིལ། །རྩུབ་བོ་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །ཞེས་གསུངས་ཏེ། གོས་ལ་སོགས་པའི་འཇམ་རྩུབ་དང་། ཚ་གྲང་དང་བསིལ་དྲོད་སྙོམས་མི་སྙོམས། ད་རུང་ཆེ་ས་ནས་བཤད་དེ་ཡོང་ན་གཡས་ནས་དྲི་བཟང་བོའི་བྱུག་པས་བྱུགས་ནས་བསྐུ་མཉེ་བྱས། གཡོན་ནས་ཤ་གྲི་ཡིས་བཅད་པའི་བར་དུ་བསྒོམས་ནས། དེའི་རེག་བྱ་འཇམ་རྩུབ་བདེ་སྡུག་གི་ངོ་བོ་ཉམས་སུ་མྱོང་མཁན་སེམས་ལ་བལྟས་ན། དེ་གཉིས་ཀ་སྟོང་པར་རོ་མཉམ་པར་མཐོང་བ་དེ་རེག་སྣང་སྟོང་པ་རང་གྲོལ་གྱི་ངོ་སྤྲོད་ཡིན་ནོ་ཞེས་པ་དང་། གཉིས་པ་གཟུགས་ནི། གསེར་སྐུ་ལ་སོགས་མཛེས་པའི་གཟུགས་ལ་ལྟོས། །མཛེས་སོ་སྙམ་པའི་རང་གི་སེམས་ལ་ལྟོས། །སྦལ་བ་ལ་སོགས་མི་མཛེས་གཟུགས་ལ་ལྟོས། །མི་མཛེས་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །ཞེས་གསུངས་ན། མཛེས་མི་མཛེས་ཀྱི་སྣང་བ་འདི་ཡང་རྟོག་བཏགས་ཡིན་པས་ན། གཅིག་ལ་མཛེས་པར་སྣང་བ་དེ་ཐམས་ཅད་ལ་མཛེས་པར་སྣང་བའི་ངེས་པ་ཡོད་པ་མ་ཡིན། མཛེས་མི་མཛེས་སུ་བརྟག་མཁན་དང་དཔྱད་མཁན་དེ་ཡང་སེམས་ཡིན་པས། དེ་ལྟར་སྣང་བའི་སེམས་ཀྱི་ངོ་བོ་ལ་ལྟོས་དང། མཛེས་མི་མཛེས་ཀྱི་སེམས་གཉིས་ཀ་སྟོང་པ་ཡིན་པར་རོ་མཉམ། གྲོལ་བ་གཅིག་ཏུ་གྱུར་བ་དེ་གཟུགས་སྣང་སྟོང་པ་རང་གྲོལ་གྱི་ངོ་སྤྲོད་ཡིན་གསུངས་པ་དང་། གསུམ་པ་རོ་ནི། བུ་རམ་ལ་སོགས་ཞིམ་པོ་ཁ་རུ་ཟོ། །མངར་རོ་སྙམ་པའི་རང་གི་སེམས་ལ་ལྟོས། །བཅའ་སྒ་ལ་སོགས་ཁ་རུ་མྱངས་ནས་ཀྱང་། །ཞེས་གསུངས་པ་སྟེ། འདི་བཅའ་སྒའི་ཡི་གེ་འདི་ཨ་མདོའི་ཕྱོགས་ནས་འདི་ལྟར་འབྲི་གི། ཁམས་ཕྱོགས་འདྲ་ཞིག་ཡིན་ན། ས་སྐ་བཏགས་སྐ་ཡ་བཏགས་སྐྱ་བྲི་བ་ཡིན། བཅའ་སྒ་མི་ཟེར་ཞིང་། སྒ་སྐྱ་སྒ་སྨུག་སྒ་སེར་ལ་སོགས་པའི་རྣམ་གྲངས་ཀྱིས་བཤད་རྒྱུ་ཞིག་རེད། ཁ་ཁ་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །ཞེས་གསུངས་ཏེ། མངར་སྐྱུར་ཁ་ཁ་ལན་ཚྭ་ལ་སོགས་པའི་རོ་དྲུག་གི་ནང་ནས། གང་རང་གི་ཁ་ལ་ཞིམ་སྣང་གི་ཚོར་བ་ཅན་དང་། འགའ་རེ་མི་ཞིམ་པར་སྙམ་པའི་སེམས་དེ་གཉིས་ཀྱི་ངོ་བོ་ལ་བལྟས་ནས་ཞིབ་བསྡུར་ཞིག་བྱས་ཡོང་ན་དེ་གཉིས་ཀ་གཞི་མེད་སྟོང་པ་བར་སྣང་གི་སྨུག་སྤྲིན་འདྲ་འདྲ། སྟོང་བའི་ངང་ལས་ཤར་བ་ཡིན་ན་སྟོང་བའི་ངང་ལ་ཡལ་འགྲོ་བ་ཞིག་གང་ལ་བལྟས་ན་དེའི་ཚེ་སྟོང་བར་རོ་མཉམ་པ་དེ་རོ་སྣང་སྟོང་བའི་ངོ་སྤྲོད་ཡིན་གསུངས་པའོ། །བཞི་བ་དྲི་ནི། ཙན་དན་སྤོས་སོགས་དྲི་ནི་ཞིམ་པོར་སྣོམས། །ཞིམ་མོ་སྙམ་པའི་རང་གི་སེམས་ལ་ལྟོས། །ཤིང་ཀུན་སྒོག་པ་ལ་སོགས་དྲི་ངན་སྣོམས། །མི་ཞིམ་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །ལྔ་བ་སྒྲ་ནི། དྲིལ་བུ་པི་ཝང་གླིང་བུའི་སྒྲ་ལ་ཉོན། །སྙན་ནོ་སྙམ་པའི་རང་གི་སེམས་ལ་ལྟོས། །རྡོ་དང་ཐལ་མོ་རྡོབ་ལ་སྒྲ་ལ་ཉོན། །མི་སྙན་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །ཞེས་གསུངས་ཏེ། སྙན་མི་སྙན་འདི་ཡང་གཅིག་ཏུ་མ་ངེས་པ། སེམས་ལ་སྣང་ཕྱོགས་ཤིག་ཡིན། སྙན་བསམ་དུས་ཀྱི་སེམས་དང་མི་སྙན་བསམ་དུས་ཀྱི་སེམས་གཉིས་ཀྱི་ངོ་བོ་ལ་ཅེར་གྱིས་བལྟས་ཡོང་ན། སྒྲ་ཁོ་རང་གཞི་མེད་སྟོང་པ་དང་། སྙན་དང་མི་སྙན་པའི་རྟོག་པ་འཆར་རྒྱུ་དེ་ཡང་། དངོས་མེད་ནམ་མཁའི་འཇའ་གཟུགས་འདྲ་འདྲ། ལར་མ་གཞི་གང་སྣང་གང་ཤར་དེ་ཐམས་ཅད་སྟོང་པ་ཡིན་པས་ན། ཅིར་ཡང་ཤར། གང་ཡང་སྣང་བ་ཡོད་པ་དེ་ཉིད་སྟོང་པར་གྲུབ་ཅིང་སྣང་སྟོང་འབྲལ་མི་ཤེས་པའི་སྒྲ་སྣང་སྟོང་པ་རང་གྲོལ་གྱི་ངོ་སྤྲོད་ཡིན་ནོ། །དེ་ནས་ཡིད་ཀྱི་ཡུལ་དུ་གྱུར་པའི་ཆོས་བདེ་སྡུག་གི་སེམས་ཚོར་གཉིས་ཀྱི་སྟེང་ནས་འཕྲོ་རིམ་འཕྲོར་གསུངས་འདུག ཁྱེད་རྣམས་གླིང་བཞིའི་ཁམས་ལ་དབང་བསྒྱུར་བའི། །འཁོར་ལོས་བསྒྱུར་རྒྱལ་ཞིག་ཏུ་སྐྱེས་ནས་ཀྱང་། །བཙུན་མོ་བློན་པོ་མང་པོའི་འཁོར་གྱིས་བསྐོར། །རིན་ཆེན་སྣ་ལྔ་ལས་གྲུབ་ཁང་པ་ན། །རོ་བརྒྱ་ལྡན་པའི་ཁ་ཟས་ཟ་བར་བསྒོམ། །དེ་འདྲའི་སྣང་བ་སེམས་ལ་ཤར་བའི་ཚེ། །བདེའོ་སྙམ་པའི་རང་གི་སེམས་ལ་ལྟོས། །ཞེས་གསུངས་ན། ལ་ལའི་བདེ་བ་ལ་ལའི་སྡུག་བསྔལ་ཡིན་པས་གཅིག་ཏུ་ངེས་པ་ཡོད་པ་མ་རེད། འོན་ཀྱང་སོ་སྐྱེ་ཕལ་བ་ཞིག་གིས། འཁོར་བསྒྱུར་ཙམ་ཞིག་མིན་ཡང་ཁོ་རང་ནད་མེད་ལུས་བདེ་སེམས་བདེ། རང་གི་ཚོད་ཀྱི་སྟོབས་འབྱོར་ལོངས་སྤྱོད་ཕུན་སུམ་ཚོགས་སྐབས་དགའ་སྣང་ཤར་བ་ཡིན། དེ་དུས་དགའ་བདེའི་སྣང་བ་སེམས་ལ་ཤར་ཡོང་དུས། སེམས་ཁོ་ཡི་ངོ་བོ་ལ་ཅེར་གྱིས་ཅིག་ལྟོས་དང་དགའ་སྣང་རང་བཞིན་མེད་པ་དགའ་སྣང་སྟོང་པ་རང་གྲོལ་དུ་ངོ་འཕྲོད་འགྲོ། ཡང་དེ་བཞིན་དུ། ཁྱེད་རྣམས་དབུལ་པོ་འཁོར་གཡོག་གཅིག་ཀྱང་མེད། །གྱང་ར་ཞིག་པོ་ཞིག་ཏུ་མལ་བཅས་ནས། །སྟེང་ནས་ཆར་བབས་འོག་ནས་སས་བརླན་ཞིང་། །ལུས་ལ་མཛེ་སོགས་ནད་སྣ་མང་པོས་བཏབ། །རྐང་ལག་ཆད་ནས་སྡུག་བསྔལ་དུ་མ་ཡིས། །མནར་ནས་སྡུག་བསྔལ་མྱོང་བ་ཞིག་ཏུ་བསྒོམ། །དེ་འདྲའི་སྣང་བ་ཡིད་ལ་ཤར་བའི་ཚེ། །སྡུག་གོ་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་བདེ་སྡུག་སྟོང་པར་རོ་མཉམ་མོ། །ཞེས་གསུངས། ད་གོང་གི་འབྱོར་བ་ཕུན་སུམ་ཚོགས་པར་བདེ་སྣང་ཡོད་པ་དེའི་ལྡོག་ཟླ། འཁོར་མེད་པ། རོགས་པ་མེད་པ། གྲོགས་བྱེད་པའི་གཡོག་དང་གཉེན་བཤེས་ཀྱིས་བོར། ཐ་ན་འདུག་སའི་ཁང་ལུ་དང་སྦྲ་གུར་ཙམ་ཡང་མེད་པའི་གྱང་ར་ཐེད་པོ་ཞིག་གི་ཁུག་ཅིག་ན་ཁྱི་ལྡོམ་ཉམ་ཐག་ཆ་ཅིག་དང་ལྷན་དུ། སྟེང་ན་གྲང་རེག་ཚ་གདུང་དང་ལྷགས་རླུང་ཆར་ཆུ་སྐྱོབ་པའི་ཁེབས་མེད། འོག་ན་གདན་དང་ཁྲི་འབོལ་མ་དགོས་ས་རློན་འགོག་བྱེད་ཀྱི་གདན་འདིང་རྒྱུ་མེད་པར་མི་ཚད། ཁར་ཟས་མེད། རྒྱབ་གོས་མེད། དེའི་སྟེང་དུ་ནད་དང་ན་ཚ། ད་མཛེ་ཟེར་ན་ཀླུ་ནད་བཅོས་སུ་མི་རུང་བའི་ནད་ཅིག་ལ་སྔོན་ཆད་ངོས་འཛིན་པ་རེད། ད་རུང་དེང་སང་སྔར་མ་གྲགས་པའི་དུས་ནད་མང་པོ་བཅོས་ཐབས་མེད་པ་ཅི་འདྲ་འདྲ་ཡོད་འདུག དེ་འདྲ་ཕོག་ནས་ལུས་སེམས་གཉིས་ཀ་སྡུག་བསྔལ་དྲག་པོས་མནར་བཞིན་ཡོད་པའི་ཉམས་ལ་ཞོག་ཅིག་ཅེས་པའོ། །སྤྱིར་ན་སྒོམ་གྱི་རིགས་འདི་དེ་འདྲ་ཡིན་དར་རོ། །དེ་འདྲ་ཡིན་དགོས་པ་རེད་སྙམ་པའི་ཡམ་མེ་ཡོམ་མེ་ཞིག་གི་ངང་ལ་བཞག་སྟེ་དེས་ཆོག་རྒྱུ་མི་བྱེད་པར། རང་སྟེང་ངོ་མ་ནས་མྱོང་བཞིན་ཡོད་པ་ཇི་མ་ཇི་བཞིན་དུ་སེམས་ཐོག་ཏུ་ལེན་དགོས། སེམས་ཀྱི་འགྱུར་བ་འདིའི་སྟེང་ནས་ལུས་ངག་ལ་འགྱུར་བ་ཐེབས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ཡེ་ནས་ཡིན་པ་དེ་མངོན་དུ་གྱུར་དགོས་པ་ཡིན། འུ་ཚོས་དཔེ་དུས་རྒྱུན་འཇོག་འདུག་པའི་དར་གྱི་ངོ་བོ་ཆུ་ཡིན་ཡང་། འཁྲུལ་སྣང་འཁྱག་རླུང་གིས་བསྡམས་པ་དེ་ངོ་བོ་རང་ཐོག་ཏུ་ཆུ་ལ་འགྱུར་དགོས་ན་ལྷགས་རླུང་ཞི་བའི་དྲོད་རླངས་ལ་བརྟེན་དགོས་པ་ལྟ་བུ་ཡིན། སྡུག་བསྔལ་གྱི་ཚོར་བ་དྲག་པོ་ལུས་ཐོག་ལ་བྱུང་བ་མིན་ཡང་། སེམས་ཀྱིས་ཡིད་མི་བདེ་བ་ཚབས་ཆེན་ཉམས་སུ་མྱོང་བའི་དུས་སུ་སྡུག་གོ་སྙམ་པའི་རང་གི་སེམས་ལ་ལྟོས་དང་། ངོ་བོ་སྟོང་པའི་རང་བཞིན་སྡུག་སྣང་སྟོང་པ་རང་གྲོལ་དུ་ངོ་རང་ཐོག་ནས་འཕྲོད་ཡོང་ཡིན་ཞེས་པའོ། །དེ་ལྟར་ཚོགས་དྲུག་སོ་སོ་ནས་སྟོང་པར་ངོ་སྤྲོད་པ་སོང་ནས། ད་འདི་ནས་དོན་བསྡུས་ཏེ་གསུངས་པ་ནི། འདི་ལྟར་ཚོགས་དྲུག་སྟོང་པར་ཤེས་ནས་ཀྱང་། །ཕྱིན་ཆད་ཚོགས་དྲུག་བཟང་ངན་གང་ཤར་ཚེ། །ངོ་སྤྲོད་འདི་བཞིན་དཔྱད་པ་མི་དགོས་ཏེ། །གཞི་མེད་ཡེ་གྲོལ་སྟོང་པ་ཡིན་པའི་ཕྱིར། །ཤར་ཙམ་ཉིད་ནས་རྗེས་སུ་མི་འབྲང་བར། །སེམས་ཉིད་ངང་དུ་རང་སར་གློད་ལ་ཞོག །རང་གྲོལ་ཉིད་དུ་འགྲོ་བར་ཐེ་ཚོམ་མེད། །ཅེས་གསུངས་ཏེ། གོང་ནས་གསུངས་པ་ནང་བཞིན་དུ་ཚོགས་དྲུག་རེ་རེ་བཞིན་དུ་སྟོང་པར་ཤེས་སོང་བ་ན། ཕྱིན་ཆད་ནམ་ཡིན་ནའང་དཔྱད་སྒོམ་དང་འཇོག་སྒོམ་སྤེལ་མར་བྱེད་མི་དགོས་པར་གང་སྣང་གང་ཤར་ཐམས་ཅད་གཞི་མེད་ཡེ་གྲོལ་སྟོང་པའི་རང་ངོ་དེ་ལས་མ་འདས་པར་ཤེས་སོང་དུས། གང་ཤར་སེམས་ཀྱི་ཡོ་ལང་ཤར་ཙམ་ཉིད་ནས་གྲོལ་བ། ཤར་བ་དང་གྲོལ་བ་དུས་མཉམ་པའི་རང་གྲོལ་ཆོས་སྐུའི་དགོངས་པ་ལས་མི་འདའ་བའི་དོན་མངོན་དུ་འགྱུར་བ་ཡིན་ནོ། །འདི་ནི་ཚོགས་དྲུག་རང་གྲོལ་ངོ་སྤྲོད་དོ། །ཞེས་པས་སྤྱིའི་དོན་བསྡུས་ནས། འདི་ནས་འཕྲོ་གནས་གཉིས་མེད་གསུམ་གྱི་ངོ་སྤྲོད་འབྱུང་བ་ཡིན། གོང་གི་དེ་ཡུལ་གཙོ་བོར་བྱས་པ་དང་ད་འདི་ཡུལ་ཅན་གཙོ་བོར་བྱས་པར་གོ་དགོས། ཨེ་མ་ཧོ། ད་ཡང་རིགས་ཀྱི་བུ་རྣམས་ལེགས་པར་ཉོན། །ཞེས་མཚམས་སྦྱར་བ་དང་། དོན་ཆེན་ལེགས་པར་ཉན་ནས་ཡིད་ལ་འཛིན་དགོས་པའི་གསལ་འདེབས་དང་བཅས་ཏེ་ནང་གསེས་རྣམ་པ་གསུམ་སྟེ། གནས་པ་སེམས་ཀྱི་ངོ་སྤྲོད་དང་གཅིག འཕྲོ་བ་རོལ་བའི་ངོ་སྤྲོད་དང་གཉིས། འཕྲོ་གནས་གཉིས་མེད་ཀྱི་ངོ་སྤྲོད་དང་གསུམ་ལས། དང་པོ་གནས་པ་སེམས་ཀྱི་ངོ་སྤྲོད་ནི། ཁྱེད་རྣམས་རང་སེམས་གློད་ལ་རང་བབས་སུ། །ཞོག་ལ་ཇི་ལྟར་གནས་པའི་ཚུལ་ལ་ལྟོས། །བལྟས་ཚེ་རིག་པའི་ངང་ལ་གནས་པའི་ཕྱིར། །གནས་ཀྱང་སྟོང་པ་རིག་པའི་ངང་ཡིན་པས། །སྐལ་ལྡན་སེམས་ཀྱི་བུ་རྣམས་ཤེས་པར་གྱིས། །ཞེས་གསུངས་ཏེ། རྒྱན་དང་རོལ་བཞེས་པའི་ཚིག་ཞིག་ཡོད་པ་འདི་རྫོགས་ཆེན་སེམས་སྡེའི་ཆོས་སྐད་རེད། འདི་ནས་སྡེ་གསུམ་དགོངས་པའི་རང་གནད་གཅིག་ལ་དྲིལ་ནས་སྟོན་པའི་སྐབས་ཡིན། རང་བབས་གློད་ལ་བཞག་ནས་གནས་པའི་རང་ངོ་ལ་བལྟས་ཡོང་ན། གསལ་གདངས་རིག་པའི་དྭངས་ཆའམ་ངར་ཆ་དང་ལྡན་དགོས། སྟོང་རྐྱང་ལུང་མ་བསྟན་དང་། ཞི་གནས་གསལ་འཛིན་ཅན། ཡིད་དཔྱོད་ཀྱི་ལྷག་མཐོང་གསུམ་པོ་དེ་རྫོགས་ཆེན་གྱི་ཕྱོགས་ལ་ཉེ་བ་མ་ཡིན། གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་དོ། །ཞེས་དོན་བསྡུས་ནས་ད་འཕྲོ་བ་སེམས་ཀྱི་རོལ་བར་ངོ་སྤྲད་པ་ནི། རྣམ་རྟོག་སྤྲོས་ལ་ཇི་ལྟར་འཕྲོ་ཚུལ་ལ། །ལྟོས་དང་སྟོང་གསལ་རིག་པའི་ངང་ཉིད་ལས། །ཅུང་ཟད་ཙམ་ཡང་གཡོ་བ་མེད་པའི་ཕྱིར། །འཕྲོ་ཡང་སྟོང་པ་རིག་པའི་ངང་ཡིན་པས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ཤེས་པར་གྱིས། །ཞེས་གསུངས་ཏེ། ད་འཕྲོ་བ་སེམས་སམ་སེམས་ཉིད་རིག་པའི་ཡེ་ཤེས་ཀྱི་རོལ་བ་ཡིན། རྒྱན་དང་རོལ་བ་རྩལ་ལ་སོགས་པ་ཇི་ལྟར་ཤར་བསྡད་ཀྱང་རིག་པ་གཅིག་ལས་མ་གཡོས་པས། རྟོག་ཚོགས་གང་ཤར་བཟང་ངན་སྤང་བླང་མེད་པར་རིག་པ་སྟོང་གསལ་འགགས་མེད་ཀྱི་རིག་ཆ་རྗེན་པའི་ངང་ལ་ཞོག་དང་དེ་ནི། འཕྲོ་བ་སེམས་ཀྱི་རོལ་བར་ངོ་སྤྲོད་དོ། །ཞེས་དོན་བསྡུས་ནས། ད་འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲོད་པ་ནི། དཔེར་ན་རྒྱ་མཚོར་རྦ་རླབས་ཅི་ཤར་ཡང་། །རྒྱ་མཚོ་ཉིད་ལས་ཅུང་ཟད་མ་གཡོས་ལྟར། །སེམས་ནི་གནས་སམ་འགྱུ་ཡང་རིག་སྟོང་ངང་། །ཅུང་ཟད་ཙམ་ཡང་གཡོ་བ་མེད་པའི་ཕྱིར། །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །སེམས་ནི་གནས་ན་སྒོམ་ནི་ཡིན་པར་འདོད། །འཕྲོ་ན་སྒོམ་ནི་མིན་པར་འདོད་པ་དེ། །གནས་འགྱུ་གཉིས་ཀྱི་རང་མཚང་མ་ཤེས་པར། །གནས་འགྱུ་རིག་གསུམ་གཅིག་ཏུ་མ་འདྲེས་རྟགས། །དེ་ཕྱིར་སྐལ་ལྡན་སེམས་ཀྱི་བུ་མཆོག་ཀུན། །གནས་རུང་འགྱུ་རུང་རིག་པའི་ངང་ཡིན་པས། །འདི་རྣམས་སྔོན་ལ་ཐུགས་སུ་ཆུད་ནས་ཀྱང་། །གནས་འགྱུ་རིག་གསུམ་གཅིག་ཏུ་ཉམས་སུ་ལོངས། །ཞེས་གསུངས། སྤྱིར་འདི་ནས་གནས་འགྱུ་རིག་གསུམ་ཞེས་པ་འདི་ཕྱག་ཆེན་གྱི་ཆོས་སྐད་རྫོགས་ཆེན་དང་ཡང་སྦྲེལ་ནས་བཤད་དུ་རུང་བ་ཞིག་རེད། གནས་པ་དང་འགྱུ་བ་གཉིས་ཀ་རྒྱ་མཚོ་རླུང་གིས་སྒུལ་ནས་རླབས་ཡོད་པ་དང་མེད་པ་ལ་དཔེ་བཞག་པ་ཡིན་པས། གཉིས་ཀའང་རྒྱ་མཚོ་ལས་མ་གཡོས་པ་བཞིན་དུ། གནས་འགྱུ་གཉིས་ཀའི་དུས་སུའང་རིག་པ་གཅིག་གིས་ཁྱབ་པ་ལ་གོ་དགོས། དེ་མ་ངེས་དུས་ཉམས་ལེན་ཆ་གཉིས་སུ་སོང་ནས། ཐུན་གྱི་ནང་གི་སྒོམ་ཆེན་དེ་ཐུན་མཚམས་སུ་ཐོན་དུས་ཐ་མལ་པ་ལས་ཀྱང་ཐ་ཆད་པ་ཞིག་ཏུ་སོང་དུས་སྒོམ་ལུགས་ཀྱིས་མ་ཉན་པ་རེད། གནས་པ་དེ་རྟོག་མེད་སྟོང་རྐྱང་ཞིག་གི་ངང་དུ་ཅི་འདྲ་གནས་ཀྱང་དེ་ལ་དགོས་པ་མེད་དེ། གསལ་སྟོང་རིག་པའི་ངར་དང་མི་ལྡན་ན། །ཡུན་རིང་གནས་པ་དུད་འགྲོའི་ནང་ན་ཡོད། །ཅེས་གསུངས་པ་ཡིན། ཆོས་ཉིད་རང་ཐོག་ལ་གནས་འགྱུ་རིག་གསུམ་གཅིག་གིས་ངོ་སྤྲད་རྒྱུ་འདི་རྣམ་རྟོག་ཡེ་ཤེས་སུ་འཆར་བའི་མན་ངག་གལ་ཆེན་ཡིན་ནོ། །འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲོད་དོ། །ཞེས་དོན་བསྡུས་ནས། ལྟ་བ་སྟོང་པ་གཅིག་ཏུ་ལ་བཟླ་བར་བསྟན་པ་སྟེ་ལྟ་བའི་ངོ་སྤྲོད་ཀྱི་འགག་དོན་བསྡུ་བའི་ཆོས་ཚན་ཞིག་སྟེ། ཨེ་མ་ཧོ། སྐལ་པར་ལྡན་པའི་སེམས་ཀྱི་བུ་གཅིག་པོ། །ཁྱེད་རྣམས་མ་ཡེངས་དལ་ལེ་རྣ་བས་ཉོན། །གླུ་བ་བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །གླུ་དབྱངས་སྙན་མོ་གངས་དཀར་སེམས་ལ་ཞོག །གསུངས་ནས་མཚམས་སྦྱར་ཏེ། དང་པོ་འདི་ནས་མར་རྒྱུ་མཚན་བརྗོད་པས་མདོར་བསྟན་པ་ནི། ཆོས་རྣམས་ཐམས་ཅད་རོ་གཅིག་སྟོང་པ་རུ། །གཏན་ལ་ཕེབས་ན་འཁོར་འདས་སྤང་བླང་བྲལ། །དགྲ་དང་གཉེན་དུ་འཛིན་པའི་འཁྲུལ་བ་འཇིག །བདག་གཞན་གཉིས་སུ་འཛིན་པའི་སྣང་བ་མེད། །ཐམས་ཅད་རོ་གཅིག་སྟོང་པར་རྟོགས་ཕྱིར་རོ། །ཞེས་ལན་ཚྭ་ཐམས་ཅད་རོ་གཅིག་པ་བཞིན་དུ། འཁོར་འདས་སྣང་བཏགས་ཀྱི་ཆོས་ཐམས་ཅད་སྟོང་པ་ཡིན་པར་རོ་གཅིག་པའི་རྒྱུ་མཚན་དེས། འཁོར་འདས་ལ་སྤང་བླང་དང་དགྲ་གཉེན་ལ་དགའ་སྡུག་སོགས་འཇིག་ཅིང་ཤིག་པར་མདོར་བསྟན་པའོ། །དེ་ནས་རྒྱས་པར་བཤད་པ་ནི། རྒྱས་བཤད་མདོ་འགག་བསྡུ་ན་འདི་ཡིན་ཏེ། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་རུ། །འཁོར་བ་མྱང་འདས་ཐམས་ཅད་གཞི་རྩ་བྲལ། །ཡེ་ནས་སངས་རྒྱས་ཆོས་སྐུར་རོ་གཅིག་གོ །ཇི་ལྟར་ཆོས་སྐུར་རོ་གཅིག་པ་ནི། རྫོགས་ཆེན་ངང་ལ་ལྷ་འདྲེ་གཉིས་སུ་མེད། །རྫོགས་ཆེན་ཡུལ་ལ་སངས་རྒྱས་སེམས་ཅན་མེད། །རྫོགས་ཆེན་གཞི་ལ་བཟང་དང་ངན་པ་མེད། །རྫོགས་ཆེན་ལམ་ལ་ཉེ་དང་རིང་བ་མེད། །རྫོགས་ཆེན་འབྲས་བུར་ཐོབ་དང་མ་ཐོབ་མེད། །རྫོགས་ཆེན་ཆོས་ལ་སྤྱོད་དང་མི་སྤྱོད་མེད། །རྫོགས་ཆེན་དོན་ལ་སྒོམ་དང་མི་བསྒོམ་མེད། །ཅེས་གསུངས་ཏེ། རང་རིག་ཆོས་སྐུའི་དོན་མ་རྟོགས་པར་སྒོ་གསུམ་གྱི་འབད་རྩོལ་ཆོས་སྤྱོད་ལྟར་སྣང་བ་ཙམ་ཞིག་ཅི་འདྲ་བྱས་ཀྱང་། འཆིང་བའི་རྒྱ་མདུད་ཡར་ལྷག་བྱེད་པ་ཞིག་མ་གཏོགས་མེད་པར་སླར་ཡང་འཆིང་བ་སྟེ། གསེར་སྒྲོག་ཐག་སྒྲོག་གང་གིས་བཅིངས་ཀྱང་འཆིང་བར་མཉམ་པའི་འཆིང་བྱེད་ལ་འགྲོ་བ་དང་། འདུས་བྱས་ཡིན་པས་བུམ་པ་འཇིག་པའི་ཆོས་ཅན་ཡིན་པ་ལྟར་དུ་མ་བྱས་རང་སོར་བཞག་ན་འཇིག་མེད་འགྱུར་བ་མེད་པའི་ཆོས་ཉིད་མཐོང་བ་དང་། རྫོགས་ཆེན་གཞི་ལམ་འབྲས་གསུམ་བཟང་ངན་སྤང་བླང་རེ་དོགས་ཀྱི་མཐའ་ལས་འདས་པ་ཡིན་ཞེས་གསུངས་པ་ཡིན། དེ་ལྟར་རྟོགས་དུས་ཅི་འདྲ་ཞིག་ཡིན་ན། རྫོགས་ཆེན་རྒྱལ་པོའི་ལྟ་བ་དེ་བཞིན་གནས། །དེ་འདྲའི་རྫོགས་ཆེན་ལྟ་བ་རྟོགས་པའི་ཚེ། །སྒོ་གསུམ་ཕྲ་རགས་རྟོག་པ་ཀུན་ཞི་ནས། །དཔེར་ན་བལ་ལ་ཆུ་བཏབ་ཇི་བཞིན་དུ། །སྒོ་གསུམ་ཞི་ཞིང་དུལ་བའི་ངང་ལ་གནས། །བདེ་གསལ་མི་རྟོག་ཏིང་འཛིན་སྐྱེ་བ་དང་། །དེ་ལྟར་མ་རྟོགས་འཁོར་འཁྱམས་འགྲོ་ཀུན་ལ། །མ་ཡིས་བུ་གཅིག་དག་ལ་བརྩེ་བ་ལྟར། །བཅོས་མིན་སྙིང་རྗེ་སྐྱེ་བ་རྫོགས་ཆེན་གྱི། །ལྟ་བའི་ཁྱད་ཆོས་ཡིན་པའང་ཤེས་པར་གྱིས། །ཞེས་གསུངས། ད་རྫོགས་ཆེན་ལྟ་བའི་རྒྱལ་པོའི་ངང་ལ་གནས་ནས་ལྟ་དོན་རྟོགས་པའི་སྐབས་སུ། སྒོ་གསུམ་དང་འབྲེལ་བའི་ཐ་མལ་འཁྲུལ་བའི་རྟོག་པ་མར་ལ་ཞི་ནས་བལ་མགོར་ཆུ་བཏབ་པ་བཞིན་དུ་ང་རྒྱལ་དང་མཐོ་སྙེག གདུག་རྩུབ་དང་ཆགས་སྡང་མེད་པར། ཕྱི་རྟགས་ལ་སྒོ་གསུམ་ཞི་དུལ་ཅན། ནང་རྟགས་ལ་བདེ་གསལ་མི་རྟོག་པའི་ཏིང་འཛིན་སྐྱེ་རྒྱུ་དང་། ཁྱད་པར་དུ་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་མེ་དང་ཚ་བ། ཆུ་དང་བརླན་གཤེར་འབྲལ་མི་ཤེས་པ་ལྟ་བུའི་སྙིང་རྗེའི་ཤུགས་ཡར་ལ་འཕེལ་ནས། སྔར་ལས་ལྷག་པར་སྙིང་རྗེ་ཇེ་ཆེར་སོང་ནས་འགྲོ་བ་ཡོངས་ལ་མ་ཡིས་བུ་བཞིན་དུ་སྙོམས་པའི་སྙིང་རྗེ་ཁྱད་པར་ཅན་སྐྱེ་རྒྱུ་དེ། རྫོགས་ཆེན་ལྟ་བ་རྟོགས་པའི་ཁྱད་ཆོས་ཡིན་ནོ། །འདི་ལ་ནོར་ས་ཡོད་པ་བསྟན་པ་ནི། ཐམས་ཅད་སྟོང་པ་ཉིད་དུ་ཐག་བཅད་ནས། །དགེ་སྤོང་སྡིག་ལ་འཛེམ་མེད་སྤྱད་གྱུར་ན། །ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་སྟེ། །དེ་འདྲའི་བདུད་ལྟའི་དབང་དུ་མ་ཤོར་གཅེས། །ཞེས་ཨོ་རྒྱན་ཆེན་པོས། ལྟ་བ་ནམ་མཁའ་བས་མཐོ་ཡང་། ལས་རྒྱུ་འབྲས་བག་ཕྱེ་བས་ཞིབ་པར་གྱིས་གསུངས་བཞིན་དུ། ལྟ་བ་དཔའ་དགོས་ཀྱང་སྤྱོད་པ་སྡར་དགོས། ལྟ་ཕྱོགས་སུ་སྤྱོད་པ་མ་ཤོར་གསུངས་པ་ལྟ་བུ་སྟེ། མདོར་ན་དད་དང་སྙིང་རྗེ་ཇེ་ཆེ་ཡིན་མིན་གྱིས་དབྱེ་བ་འབྱེད་རྒྱུའི་དོན་དེ་གསུངས་པ་རེད། འདི་རྣམས་རྫོགས་པ་ཆེན་པོའི་ངོ་སྤྲོད་དོ། །ཞེས་འཕྲལ་གྱི་དོན་བསྡུས་ནས། ལྟ་བའི་ངོ་སྤྲོད་ཀྱི་སྤྱིའི་དོན་བསྡུ་ནི། ངོ་སྤྲོད་འདི་རྣམས་ཤིན་ཏུ་གལ་ཆེ་སྟེ། །ཕྱི་རོལ་ཀུན་རྫོབ་སྣང་གྲགས་ཆོས་རྣམས་ཀུན། །ཐམས་ཅད་སྟོང་པ་ཉིད་དུ་མ་རྟོགས་པར། །ལྟ་བ་སྒོམ་ན་སྙམ་ཡང་ཅི་ཞིག་བསྒོམ། །དེ་ཡི་ཕྱིར་ན་དང་པོ་འདི་ལྟར་དུ། །རེས་འགའ་བླ་མར་གསོལ་བ་འདེབས་ཀྱིན་ལྟོས། །རེས་འགའ་གློད་ཀྱིན་བསྒྲིམས་ཀྱིན་ལེགས་པར་ལྟོས། །དེའི་ཚེ་དྲོད་རྟགས་འདི་འདྲ་འཆར་ཡོང་བ་སྟེ། དེ་ལྟར་བལྟས་ཚེ་སེམས་ལ་དགའ་བ་དང་། །ཐམས་ཅད་སྟོང་པ་ཉིད་དུ་ལམ་ལམ་དུ། །ཤར་ནས་ཕྱི་རོལ་སྣང་བའི་ཡུལ་རྣམས་ལ། །ལག་པས་རེག་ཀྱང་འཛིན་རྒྱུ་མེད་སྙམ་དང་། །ལྟ་བ་འདི་ཉིད་ངེས་པར་ཡིན་པར་འདུག །སྙམ་པའི་ངེས་ཤེས་གཏིང་ཚུགས་སྐྱེ་བར་ངེས། །དེ་དུས་ལྟ་བའི་ངེས་ཤེས་རྙེད་པ་ཡིན། །འཛིན་པས་མ་བསླད་འཛིན་མེད་ངང་ལ་གློད། །ངོ་སྤྲོད་ཐེབས་ནས་ཉམས་སུ་མ་ལོན་ཀྱང་། །འཆི་ཚེ་བར་དོར་འཇིགས་སྐྲག་ཅི་བྱུང་ཡང་། །ཐམས་ཅད་རང་སྣང་སྟོང་པའི་རང་གཟུགས་སུ། །ཤེས་ནས་ཀ་དག་གཞི་ལ་འཚང་རྒྱའོ། །དེས་ངོ་སྤྲོད་ཐེབས་པའི་ཕན་ཡོན་དང་དགོས་པ་གཉིས་ཀ་བསྟན་ནས། ངོ་སྤྲོད་མ་ཐེབས་པའི་སྐྱོན་གོང་གི་དེ་ལས་ལྡོག་པ་ཅི་ཞིག་ཡོད་སྙམ་ན། ངོ་སྤྲོད་མ་ཐེབས་ཉམས་སུ་ལེན་པ་དེ། །དཔེར་ན་ཚེས་པ་གཅིག་ནས་འཕྱུགས་པ་ན། །བཅོ་ལྔའི་བར་དུ་འཕྱུགས་པ་ཇི་བཞིན་ནོ། །ཀུན་རྫོབ་ཆོས་རྣམས་ཐམས་ཅད་བདེན་མེད་དུ། །མ་རྟོགས་སྟོང་ཉིད་རྟོགས་ཟེར་རྫུན་ཆེན་ཡིན། །དེས་ན་ངོ་སྤྲོད་འདི་བཞིན་དང་པོའི་དུས། །བླ་མའི་དྲུང་དུ་སྡོད་ལ་གནས་ལུགས་ཀྱི། །སྟེང་དུ་གཏན་ལ་ཕོབས་དང་གོལ་ས་མེད། །དེའི་ཕྱིར་སྐལ་ལྡན་བུ་རྣམས་སྙིང་ལ་ཆོངས། །ཞེས་གསུངས་ན། འདི་ཐམས་ཅད་པོ་དང་པོར་ངོ་རང་ཐོག་ཏུ་འཕྲོད། དེ་ནས་བར་དུ་ཐག་གཅིག་ཐོག་ཏུ་བཅད། ཐ་མར་གདེངས་གྲོལ་ཐོག་ཏུ་བཅའ་བའི་དགའ་རབ་རྡོ་རྗེའི་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་ལ་གཞིར་བཟུང་། དེའི་འཕྲོར་ཤྲཱི་སིངྷའི་ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ་དང་། བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པ་དང་། ཡོངས་གྲོལ་མཉམ་པར་ཆེན་པོར་ཆིངས་སུ་བཅིང་སྟེ། དེའི་སྟེང་དུ་ཛྙ་ན་སཱུ་ཏྲའི་བཞག་ཐབས་རྣམ་པ་བཞིའི་མན་ངག་ཚོ་ལ་བསྟུན་ན། རང་གནས་ཆོས་སྐུའི་དགོངས་པ་ཡེ་ཤེས་སུམ་ལྡན་གྱི་བདག་ཉིད། སློབ་དཔོན་པདྨ་ཀཱ་རས་བསྟན་པའི་ངོ་བོ་རང་བཞིན་ཐུགས་རྗེའི་བདག་ཉིད་ཅན། ཡེ་བབས་རང་བཞག་གི་གནས་ལུགས་སྣང་བ་ཕྱིར་མ་ཆད། འཛིན་པ་ནང་དུ་མ་ཞུགས། བར་དུ་སྒོམ་འཛིན་གྱི་གཉེན་པོ་མ་སླེབས་པའི། གདོད་ནས་རང་བཞིན་རྣམ་དག་ཏུ་ཡོད་པའི་རིག་པ་བློ་འདས་འཛིན་མེད་ཀྱི་ངང་བསྐྱངས་པ་ཡིན་ན་བསྒོམ་བྱ་མ་འཁྲུལ་བའི་རྫོགས་ཆེན་ཡིན་པར་གསུངས་ཤིང་། ཉམས་རྟོགས་ཀྱི་ཡོན་ཏན་ཅུང་ཟད་ཅིག་སྐྱེས་ཡོང་དུས་ང་རྒྱལ་གྱིས་ཁེངས་བར་འདུག་ན་གོང་མའི་ཡོན་ཏན་དྲན་པར་བྱོས། ཚེ་འདིར་ཆགས་ན་མི་རྟག་པ་སྒོམས། ཉམས་ལ་ཞེན་པ་ཡོད་ན་མར་ལ་བཤིག་ནས་སྒོམས། བྱམས་སྙིང་རྗེ་མེད་ན་འགྲོ་དྲུག་ཕ་མ་ཡིན་པར་སྒོམས། རིག་པས་རྐྱེན་མི་ཐུབ་པ་དེ་འདྲ་བྱུང་ན་རྐྱེན་སྣང་བསྲེས་ནས་སྒོམས། ཤར་གྲོལ་རྟོག་པ་ལ་འབྱམས་པར་ཕྱོགས་ན་ཡང་ཞི་གནས་སྒོམས། ཡང་ངང་དྭངས་བདེ་ཆགས་ལ་འབྱམས་པར་འདུག་ན་སྣང་བ་གཟེངས་སུ་བསྟོད་རྣམ་རྟོག་སྣ་ཚོགས་སུ་སྤྲོས་ནས་ཤར་གྲོལ་འཛིན་མེད་ལ་སྦྱོངས་དང་གེགས་སེལ་ཡོང་གསུངས་ཤིང་། ལས་དང་པོ་བས་ངེས་ཤེས་མི་སྐྱེ་བའི་དུས་སུ་དཔྱད་སྒོམ་བྱེད་པ་དང་། ངེས་ཤེས་མ་ཉམས་པའི་སྐབས་སུ་འཇོག་སྒོམ་བྱེད་པ་དེ་འདྲའི་མན་ངག་ཡོད་པ་ཡིན། མདོར་ན་ཐོག་མར་ངོ་འཕྲོད་རྒྱུ་གནད་ཆེ་བ་དང་། ངོ་འཕྲོད་ཚར་དུས་དེའི་ངང་ལ་བཞག་ན་སྒོམ་དེ་མྱོང་སྟོབས་ཀྱིས་ཤར་བ་ཡིན་པས། དེའི་འོད་གསལ་དེ་ངོས་ཟིན་དུས་བཤད་པ་བརྒྱ་བས་མྱོང་བ་གཅིག་གིས་ལྷག་པ་ཡིན། དེའི་གོ་མྱོང་རྟོགས་པའི་རིམ་པ་དེ་བརྒྱུད་ན། ལམ་སྟེགས་ཀྱི་ཡོན་ཏན་རྒྱུད་ཞི་དུལ་དང་སྙིང་རྗེ་ཆེ་བ་ལ་སོགས་པ་གོང་ནས་གསུངས་པ་ལྟར་འབྱུང་བ་ཡིན། དེ་ཡན་གྱིས་ལྟ་བ་གཙོ་བོར་བསྟན་ནས་འདི་ནས་སྒོམ་པ་གཙོ་བོར་བསྟན་པ་ཡིན་ནམ་སྙམ། སྤྱིར་ན་ལྟ་སྒོམ་སྤྱོད་འབྲས་གཅིག་ལ་གཅིག་འབྲེལ་རེད། ཁྱད་པར་དུ་མན་ངག་མྱོང་ཁྲིད་ལ་མཐའ་གཅིག་ཏུ་ས་བཅད་ཀྱི་དབྱེ་མཚམས་གཅོད་མི་དགོས། ཨེ་མ་ཧོ། ད་ཡང་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན། །དེ་ལྟར་ལྟ་བའི་གནས་ལུགས་ཁོང་ཆུད་ནས། །འཁོར་ཡུལ་ཆགས་སྡང་འབྲེལ་ཐག་རྦད་ཀྱིས་ཆོད། །ཅེས་གསུངས་ན། རབ་ཤེས་རབ་ཅན་གྱིས་གནས་ལུགས་ལྟ་བའི་ཐོག་ནས་ངོ་འཕྲོད་དེ་ཐག་ཆོད་པ་དང་། བརྩོན་འགྲུས་ཅན་གྱིས་ཉམས་ལེན་སྒོམ་པའི་ངང་བསྐྱངས་པ་ལ། འཁོར་བར་འཁྲུལ་སྣང་གི་ཆགས་ཞེན་དང་སྡང་ཟུག་བྱེད་སའི་ཡུལ། གྲོང་ཡུལ་བདུད་ཀྱི་བཙོན་ར་དང་འབྲེལ་ཐག་བཅད་དེ་བློ་ཐག་རང་གིས་བཅད། སྣ་ཐག་མགོར་བཟེད་དེ་མི་མེད་དབེན་པའི་རི་ཁྲོད་གང་ནས་དམ་པ་གོང་མའི་ཉམས་རྟོགས་ཀྱི་ཡོན་ཏན་བརྙེས་ས་ཞིག་ལ་སོང་ནས་བསྡད་དེ་བསྒོམ་དགོས་པར་གསུངས་པ་སྟེ། ཁྱིམ་ན་གནས་པ་ཞིག་ལ་མཚོན་ན་དྲིན་ཆེ་བའི་ཕ་མ་དང་གཉེན་བཤེས། མཛའ་བརྩེའི་བུ་ཚ་དང་མཐུན་གྲོགས་ལ་སོགས་པ་ཡོད་ཅིང་། ཁྱིམ་ནས་བུད་དེ་དགོན་པའི་གྲྭ་ས་འགྲིམས་པ་ཞིག་ལ་མཚོན་ན། གྲྭ་རོགས་གྲོགས་མཆེད་སྤུན་སྲིང་གཉེན་ཉེ་དང་འབྲལ་མི་དོ་ས་ལོས་ཡོད་ཀྱང་། མི་འབྲལ་པར་འདི་ལྟར་ཆགས་སྡང་ལས་འབྲེལ་གྱི་གཡེང་བའི་ནང་ནས། ཉིན་འགར་སྡུག་མཉམ་མྱོང་བྱས་པའི་མཚམས་སུ། ཉིན་ཞིག་གློ་བུར་དུ་འཆི་ནས་རང་དབང་མེད་པར་ཕྱི་མའི་ཡུལ་ལ་འགྲོ་རན་དུས་ཁ་མི་ཐོར་ཟེར་ས་ཡོད་པ་མ་ཡིན། དེ་བས་བློ་ལག་ན་ཡོད། རང་དབང་རང་ལག་ན་ཡོད་དུས། རང་གཞན་གཉིས་ཀའི་དོན་དག་ལ་དམ་པའི་ཆོས་རྣམ་དག་ཅིག དེ་ཡང་མིང་ཙམ་མ་ཡིན་པ་དོན་གྱིས་འགྲུབ་པ་ཞིག་བྱས་ན། འབྲལ་མེད་ཚེ་རབས་གཏན་དུ་ཞིང་དག་པ་ཞིག་གམ་དེ་མིན་ན་ཡེ་ཤེས་གཅིག་གི་རང་སྣང་ལ། ཟག་མེད་ཀྱི་དགའ་བས་བདེ་ཞིང་སྐྱིད་པ་འདུ་འབྲལ་མེད་པ་ཞིག་མཉམ་དུ་སྐྱོང་ཆོག་པ་ལ་བསམ་ནས་ཕུགས་དང་ཡུན་གྱི་འདང་ཕོག་དགོས་པ་ཡིན། རིག་འཛིན་གང་ཤར་རང་གྲོལ་གྱིས། ཕ་ཡུལ་རྒྱལ་ཁམས་ཀྱི་ཕྱོགས་མེད། །དགོན་གཞིས་ངེས་མེད་ཀྱི་རི་ཁྲོད། །ཉེ་འབྲེལ་རིགས་དྲུག་གི་སེམས་ཅན། །ཡན་པ་བློ་བདེ་ཞིག་སྐྱིད་པ། །གསུངས་ས་དེ་རེད། རི་ཁྲོད་དབེན་གནས་ཡིན་ཡང། ཡང་གྲོགས་གཅིག་གཉིས་ལ་སོགས་མང་པོ་ཞིག་འཚོགས་བཞག་ན་རྣམ་གཡེང་འདུ་འཛི་རང་ཤུགས་ཀྱིས་འཁོར་ཡོང་བ་རེད། གང་ནས་ཡེངས་ན་ཡེངས་པ་རེད། སློབ་དཔོན་ཨ་བ་དྷི་ཏིས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ་གསུངས་ཡོད་པ་རེད། མི་མང་པོ་ཞིག་མཉམ་དུ་བསྡད་དུས། ཡུན་རིང་ན་གཅིག་གིས་གཅིག་ལ་བླ་བཙག་རྒྱུ་དྲན། གཅིག་གིས་གཅིག་གི་སྐྱོན་མཐོང་། དེའི་རྐྱེན་གྱིས་འཁོན་ཞིང་འཐབ། གཉིས་པོ་དག་ནི་འགྲན་ཟླར་འགྱུར་གསུངས་པ་རེད། བླ་མ་འདྲ་འདྲ་གཉིས། དགོན་པ་འདྲ་འདྲ་གཉིས། ཁྱིམ་མཚེས་འདྲ་འདྲ་གཉིས་མཉམ་དུ་ཡུན་རིང་ལ་སྡད་ན། དེའི་ནང་ན་ཆགས་སྡང་ཕྲག་དོག་མ་ཞི་བ་འདྲ་ཡོད་ན་ནམ་ཞིག་འགྲན་ཟླར་འགྱུར་བ་རེད། གཞོན་ནུ་མ་ཡི་གདུ་བུ་བཞིན། །གཅིག་པུར་རྣམ་པར་རྒྱུ་བར་བྱ། །གསུངས་ཡོད་པ་རེད། གཞོན་ནུ་མས་ལག་གདུབ་གཉིས་མཉམ་དུ་དྲངས་ན་ཧྲོག་སྒྲ་དང་ཁྲོག་སྒྲ་གྲགས་ཡོང་ནི་རེད། གཅིག་ཁེར་རུ་མ་སྒྲ་མེད་རྣམ་པར་ཞི་བ་ཡིན་པས་ན། གཅིག་པུར་ནགས་ཀྱི་གསེབ་དང་རི་སུལ་དུ། །གནས་དབེན་པ་གཅིག་པུས་དབེན་པའི་མིང་ཡོད་པ་མ་ཡིན་པས། ལུས་ཀྱི་བྱ་རྩོལ་ཐོངས་ལ་རྣལ་མར་སྡོད། །ངག་གིས་སྨྲ་བརྗོད་ཆོད་ལ་བརྗོད་མེད་ཀྱིས། །སེམས་ནི་ནམ་མཁའ་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་མེད་པར་གློད། །ཅེས་སྒོ་གསུམ་དབེན་པ་བསྟེན་པ་དང་མཉམ་དུ་སེམས་ཀྱི་བཞག་ཐབས་བསྟན་ཏེ། བཞག་ཐབས་དེ་ལ་བཞག་པའི་བསམ་གཏན་སྒོམ་སྐྱོན་མེད་དེ་ཅི་འདྲ་ཞིག་ཡིན་ཞེ་ན། སེམས་ལ་གཏད་སོ་མེད་ན་ལྟ་བ་ཡིན། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་རྫོགས་ཆེན་འབྲས་བུ་འཐོབ་པར་མཛོད། །ཅེས་མདོར་བསྟན་པ་སྟེ། གཏད་མེད་ཀློང་ཆེན་གྱི་དགོངས་པ་ཇི་འདྲ་ཞིག་ཡིན་ན། ཡེ་བཞག་བཅོས་བསླད་དང་བྲལ་བ་སྒོམ་མེད་རྫོགས་ཆེན་གྱི་སྒོམ་པར་གནས་ན། གཞི་ནས་ཐོབ་མེད་རྫོགས་ཆེན་གྱི་འབྲས་བུ་སྤང་བླང་རེ་དོགས་དང་བྲལ་བ་ཐོབ་པ་ཡིན་པས་དེ་ལྟར་མཛོད་ཅེས་པའོ། །དེའི་དོན་རྒྱས་པར་བཤད་པ་ནི། དེ་ཡང་ལྟ་བར་མཉམ་པར་འཇོག་པའི་ཚེ། །འདི་ལྟར་རིག་པའི་ངང་ལ་འཇོག་སྙམ་དང་། །བྱིང་རྒོད་དབང་དུ་ཤོར་འགྲོ་སྙམ་བྱེད་ཀྱི། །རྟོག་པའི་དྲྭ་བ་གང་གིས་མི་བཅིངས་པར། །དམིགས་གཏད་ཆོས་མེད་ཧར་སང་རྒྱ་ཡན་ངང་། །ཟང་ཐལ་ཁ་ཡན་ཉིད་དུ་གློད་ལ་ཞོག །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་སར་མི་སླེབས། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །བཅོས་བསླད་མ་བྱེད་རིག་པ་གཅེར་བུར་ཞོག །ཅེས་གསུངས། ལྟ་བ་རང་བྱུང་གི་ཡེ་ཤེས་ལ་མཉམ་པར་འཇོག་པའི་དུས། གཞན་བྱུང་རྟོག་དཔྱོད་དང་འདྲེས་པའི་ལྟ་སྒོམ་དང་བསྲེས་ནས་སྒོམ་གོ་ཆོད་པ་མ་རེད། རིག་པ་ལམ་བྱེད་རྫོགས་ཆེན་གྱི་སྐབས་སུ། ཐད་ཀའི་རིག་པ་སྤྲོས་པ་ཀུན་དང་བྲལ་བ། བྱར་མེད་བྱས་ཆོས་ལས་འདས་པ་དེ་ཉིད། ཡེ་ནས་སངས་རྒྱས་སུ་གྲུབ་ཟིན་པས་ན། རང་བཞིན་གསལ་འགྲིབ་མེད་པ་ཉི་མའི་སྙིང་པོ་འདྲ་དེའི་ངང་དེར་བཞག་དུས། ཟུར་ཞིག་ནས་རྟོག་པའི་དྲྭ་བར་འཆིང་བྱེད་ཀྱི་ཐག་པ་དམིགས་གཏད་ཅན་ཞིག་བཙལ་འདུག་དགོས་པ་མ་ཡིན་ལ། དེས་ན་སྣ་ཚོགས་སྤྲོས་པའི་སྒྲིབ་བྱེད་ཀྱི་གོས་སྐོན་མི་འདུག་པར་རིག་པ་ཟང་ཐལ་རྗེན་པ་གཅེར་བུ་དེ་ལྷང་ལ་ཕུད་ནས་བཅས་བཅོས་མེད་པར་ཞོགས་ལ་ཐོངས་ཞེས་པའོ། །དེ་ལྟར་བཞག་ནས། གཟུང་འཛིན་ཀུན་བྲལ་ལྟ་བའི་མཆོག་ཡིན་ནོ། །སྤང་བླང་མེད་པ་སྒོམ་པའི་མཆོག་ཡིན་ནོ། །བྱ་རྩོལ་ལས་འདས་སྤྱོད་པའི་མཆོག་ཡིན་ནོ། །རེ་མེད་རང་གནས་འབྲས་བུའི་མཆོག་ཡིན་ནོ། །ཞེས་གསུངས་ཏེ། གཟུང་དང་འཛིན་པ་གཉིས་འཛིན་གྱི་སྒྲོག་ལས་གྲོལ་བ་དེ་ལྟ་བའི་མཆོག་དང་། བཟང་ངན་སྤང་བླང་མེད་པ་ཕྱོགས་ཡན་མཉམ་པ་ཆེན་པོར་གནས་པ་དེ་སྒོམ་པའི་མཆོག འདི་བྱ་འདི་བྱེད་བློའི་འཛིན་རྩོལ་ལས་འདས་སོང་བ་ནི་སྤྱོད་པའི་མཆོག རེ་དོགས་ཉམ་ང་དང་བྲལ་བ་རང་གནས་ཆོས་ཉིད་ཀྱི་དགོངས་པ་ལས་མི་གཡོ་བ་འབྲས་བུའི་མཆོག་ཡིན་གསུངས་ནས་ལྟ་སྒོམ་སྤྱོད་འབྲས་གསུམ་པོ་ངོས་བཟུང་ནས་། བལྟས་པས་མི་མཐོང་ལྟ་བའི་འཚོལ་འཕྲོ་ཞོག །བསྒོམས་པས་མི་རྙེད་དྲན་འཛིན་དམིགས་གཏད་དོར། །སྤྱོད་པས་མི་འགྲུབ་སྒྱུ་མར་འཛིན་པ་ཐོངས། །བཙལ་བས་མི་རྙེད་འབྲས་བུའི་རེ་བ་བོར། །ཞེས་གསུངས་ཏེ། རྫོགས་ཆེན་གྱི་ལྟ་བ་དེ་སེམས་ཀྱིས་བཙལ་ནས་རྙེད་འོང་རྒྱུ་ཞིག་དང་། ཆེད་འཛིན་གྱི་སྒོམ་པས་བསྒོམས་ནས་གོམས་ཡོང་རྒྱུ་ཞིག བཅོས་མའི་སྤྱོད་པས་བསྒྲུབས་ནས་འགྲུབ་ཡོང་རྒྱུ་དེ་འདྲ་མིན། ཡང་རེ་བ་དང་དོགས་པས་བཅིངས་པའི་འབྲས་བུ་ཞིག་ཀྱང་ག་ཤེད་ཅིག་ནས་ཐོབ་ཡོང་རྒྱུ་ཞིག་ཀྱང་མེད་ཅེས་ལྟ་སྒོམ་སྤྱོད་འབྲས་ཀྱི་འཕྲང་བསལ་བ་ཡིན། དེས་ན་ཇི་ལྟར་བྱེད་དགོས་པ་རེད་ཟེར་ན། ད་ལྟའི་ཤེས་པ་བཟོ་མེད་ལྷུག་པ་ལ། །ཕྱོགས་རིས་མ་བྱེད་འཛིན་པས་མ་བསླད་ཅིག །ཅེས་གསུངས་དུས། ཕྱི་རོལ་ཡུལ་སྣང་ཙམ་དུ་ཡང་སྣ་ཚོགས་སྣང་བ་ཇི་ལྟར་སྣང་ཡང་སེམས་ཀྱིས་དེ་ལྟར་མི་འཛིན་ཞིང་། མི་འཛིན་པ་ཙམ་དུ་ཡང་མི་འཆང་བར། ད་ལྟའི་ཤེས་པ་བཅོས་བསླད་དང་བྲལ་བ་ཤར་གནས་གང་ཡིན་གྱི་ཐོག་ཏུ་བཅས་བཅོས་སྤང་གཉེན་མེད་པར་ཞོག་ལ་ཞོག་དང་གང་སྣང་ཆོས་ཉིད་ཀྱི་ཀློང་དུ་འགྱུར་བ་ཡིན་ཞེས་གདམས་པ་དེ་ལྟར་གནང་བ་ཡིན། དེ་ལྟར་ཕྱོགས་འཛིན་གྱིས་མ་བསླད་པ་དེ་ལྟ་སྒོམ་སྤྱོད་འབྲས་ཀྱི་རྩེ་མོ་དང་མཆོག་ཡིན་ལུགས་ནི། ད་ལྟའི་རིག་པ་དངོས་མེད་གསལ་བ་འདི། །འདི་ཀ་ལྟ་བ་ཀུན་གྱི་ཡང་རྩེ་ཡིན། །དམིགས་གཏད་ཁྱབ་གདལ་བློ་དང་བྲལ་བ་འདི། །འདི་ཀ་སྒོམ་པ་ཀུན་གྱི་ཡང་རྩེ་ཡིན། །མ་བཅོས་འཛིན་མེད་ལྷུག་པར་བཞག་པ་འདི། །འདི་ཀ་སྤྱོད་པ་ཀུན་གྱི་ཡང་རྩེ་ཡིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་འདི། །འདི་ཀ་འབྲས་བུ་ཀུན་གྱི་ཡང་རྩེ་ཡིན། །ལྟ་བའི་སྙིང་པོ་སྟོང་གསལ་འཛིན་མེད་ལྟོས། །སྒོམ་པའི་སྙིང་པོ་རང་གྲོལ་འཛིན་མེད་སྐྱོངས། །སྤྱོད་པའི་སྙིང་པོ་ཚོགས་དྲུག་ལྷུག་པར་ཞོག །འབྲས་བུའི་སྙིང་པོ་རེ་དོགས་ཞིག་པ་ཡིན། །མུ་མཐའ་བྲལ་ན་ལྟ་བའི་རྒྱལ་པོ་མཆོག །གཟའ་གཏད་བྲལ་ན་སྒོམ་པའི་རྒྱལ་པོ་མཆོག །བླང་དོར་བྲལ་ན་སྤྱོད་པའི་རྒྱལ་པོ་མཆོག །རེ་དོགས་བྲལ་ན་འབྲས་བུའི་རྒྱལ་པོ་མཆོག །ཅེས་གསུངས། ཐ་མལ་གྱི་ཤེས་པའམ་ཐད་ཀའི་ཡེ་ཤེས། ད་ལྟའི་རིག་པ་སྟོང་གསལ་འཛིན་པ་དང་བྲལ་བ། རྒྱར་ཆད་པ་དང་ཕྱོགས་སུ་ལྷུང་བ་མེད་པ། སྣང་ཆ་ནས་རྨི་ལམ་སྒྱུ་མ་ལྟ་བུའི་རོལ་བར་ཤར་བསྡད་ཀྱང་། སྟོང་ཆ་ནས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ། དཔེ་བཞག་ན་ནམ་མཁའ་ལྟ་བུའི་ཆོས་ཉིད། དགོངས་པའི་གནས་ལུགས་རང་ངོ་ཤེས་པ་དེ་ལྟ་བའི་རྩེ་མོ་དང་། མཆོག་ཏུ་གྱུར་པ་ལྟ་བའི་རྒྱལ་པོ། ཁྱབ་གདལ་བློ་འདས་ཆེན་པོ་རང་གྲོལ་འཛིན་མེད་ངང་མདངས་ཀ་དག་གི་དགོངས་པར་གནས་པ་དེ་སྒོམ་པའི་མཆོག་དང་། མ་བཅོས་འཛིན་མེད་ཚོགས་དྲུག་ཡན་ལ་བོར་བ་གཉིས་མེད་ཡོངས་གྲོལ་གྱི་སྤྱོད་པའི་མཆོག་ཡིན། མ་བཅོས་ལྷུན་གྲུབ་རེ་དོགས་ཐད་ཀར་ཞིག་པ། མཉམ་རྫོགས་ཟང་ཐལ་ཆེན་པོའི་དགོངས་པ་ལས་མི་གཡོ་བ་དེ། འབྲས་བུའི་རྩེ་མོའམ་མཆོག་དང་རྒྱལ་པོ་ཡིན་པའི་ཆིངས་ཀྱིས་བཅིངས་ནས་བསྟན་པའོ། །བལྟ་རུ་མེད་ཀྱིས་ལྟ་བའི་དམིགས་གཏད་དོར། །བསྒོམ་དུ་མེད་ཀྱིས་གང་བྱུང་གང་བདེར་ཐོངས། །སྤྱད་དུ་མེད་ཀྱིས་དགག་སྒྲུབ་སྤང་བླང་ཁྲོལ། །འཐོབ་རྒྱུ་མེད་ཀྱིས་འབྲས་བུའི་རེ་བ་བོར། །གང་ཡིན་ཡིན་གྱིས་ཆེད་འཛིན་མ་བྱེད་ཅིག །འདི་ཡིན་མེད་ཀྱིས་དགག་སྒྲུབ་མ་བྱེད་ཅིག །གཟའ་གཏད་མེད་ཀྱིས་ཕྱོགས་རིས་མ་བྱེད་ཅིག །ཅེས་གསུངས་ཏེ། བལྟར་མེད་རིག་པ་བློ་འདས་ཀྱི་ཆོས་ལ། སྒོ་གསུམ་རྩོལ་སྒྲུབ་ཀྱི་ངལ་བ་བྱས་ནས་བལྟ་དགོས་སྙམ་པའི་ལྟ་བའི་དམིགས་གཏད་དེ་དོར། སྒོམ་མེད་ལ་དེ་བཞིན་དུ་སྒོམ་བྱ་ཅན་དུ་འཆོས་མ་འདུག སྤྱད་མེད་ཀྱི་སྤྱོད་པ་ལ་དགག་སྒྲུབ་བླང་དོར་ཞོག་ལ་ཐོངས། འཐོབ་བྱ་མཐར་ཐུག་གི་འབྲས་བུ་ལ་རེ་བའི་འཛིན་ཞེན་སྐྱུར་ལ། གང་ཡིན་ཡིན་པར་ཞོག གང་མིན་མིན་པར་ཞོག་ལ་ཐོངས། དགག་སྒྲུབ་བཅོས་བསླད་དང་གཟའ་གཏད་ཞེན་འཛིན་ཅན་གྱི་ཕྱོགས་དང་རིས་སུ་བཅད་པ་བོར་ནས། བྱར་མེད་ཆེན་པོའི་རྣལ་འབྱོར་གྱི་ངང་ལ་བཞག་བྱ་འཇོག་བྱེད་དང་བྲལ་བར་ཞོག་ཅེས་བྱར་མེད་ཀྱི་དགོངས་པའི་འགག་བསྡམས་པའོ། །འདི་ནས་མཐར་ཐུག་སྙིང་པོའི་ལམ་ཁྱེར་བསྟན་པ་ནི། གདོད་ནས་དག་པའི་རང་རིག་རང་གསལ་ལ། །བསམ་ཡུལ་བློ་ལས་འདས་པས་བལྟ་རུ་མེད། །ངོ་བོ་གཞི་ནས་བྲལ་བས་བསྒོམ་དུ་མེད། །རང་གྲོལ་མཐའ་ལས་འདས་པས་སྤྱད་དུ་མེད། །རྩོལ་སྒྲུབ་ཞེན་པ་ལས་འདས་འབྲས་བུ་མེད། །ངོ་བོ་སྟོང་ཉིད་ཡིན་པས་སྤང་ཐོབ་མེད། །རང་བཞིན་གསལ་སྟོང་ཡིན་པས་རྩོལ་སྒྲུབ་ཞིག །ཐུགས་རྗེ་འགགས་མེད་ཡིན་པས་ཕྱོགས་རིས་མེད། །གང་ལྟར་ཤར་ཡང་དེ་ལྟར་མ་འཛིན་ཅིག །རྣལ་འབྱོར་ཤེས་པ་ནམ་མཁའི་བྱ་ལམ་འདྲ། །བྱ་རྗེས་སྔ་མ་འགགས་ནས་མི་མཐོང་ལྟར། །དྲན་བསམ་སྔ་མ་འགག་ཅིང་མཐོང་བ་མེད། །དེ་ལ་རྗེས་བསྙེགས་འཛིན་པས་མ་མཐུད་ཅིག །བྱ་རྗེས་ཕྱི་མ་མ་འོངས་དངོས་མེད་ལྟར། །དྲན་བསམ་ཕྱི་མས་བསུ་མ་མ་བྱེད་ཅིག །བྱ་རྗེས་ད་ལྟ་ཁ་དོག་དབྱིབས་མེད་ལྟར། །ད་ལྟའི་དྲན་བསམ་ཐ་མལ་རང་འགྲོས་ལ། །འདི་ཞེས་གཉེན་པོས་བཅོས་བསླད་མ་བྱེད་ཅིག །ཇི་ལྟར་ཤར་ཡང་དེ་ལྟར་མ་འཛིན་ཅིག །འདི་ནི་མཐར་ཐུག་སྙིང་པོའི་ལམ་ཁྱེར་ཡིན། །ཞེས་གསུངས་ཏེ། གདོད་ནས་དག་པ་རིག་པ་སྟོང་གསལ་བློ་ལས་འདས་པ། གཞི་དང་རྩ་བ་བྲལ་བ། རང་གྲོལ་རྩོལ་སྒྲུབ་ལས་འདས་པ་ནི། ངོ་བོ་སྟོང་ཉིད་ཡིན་པས་ན་གང་སྣང་སྤང་ཐོབ་དང་བྲལ་བ་ཡིན། རང་བཞིན་གསལ་སྟོང་ཡིན་པས་ན་ཅི་ཤར་ལ་རྩོལ་སྒྲུབ་བྱེད་མི་དགོས་བྱར་མེད་པས་བྱ་རུ་མི་བཏུབ། ཐུགས་རྗེ་འགགས་མེད་ཅི་ཤར་རིག་སྟོང་རྗེན་པ་ལ་ཕྱོགས་རིས་གྱི་ཡུལ་ཞིག་མེད། དེས་ན་གང་ལྟར་ཤར་ཡང་དེ་ལྟར་འཛིན་རྒྱུ་མེད་པའི་དཔེ་ཇི་འདྲ་ཞིག་བཞག་པ་ཡིན་ན་ནམ་མཁའི་བྱ་ལམ་འདྲ་བ་ཞིག་ཡིན། བྱ་ལམ་སྔོན་རྗེས་བར་གསུམ་དང་དྲན་བསམ་སྔོན་རྗེས་བར་གསུམ་གཉིས་ཀ་འདྲ་བ་ཡིན། རྣལ་འབྱོར་མཁའ་མཉམ་གྱི་དགོངས་པ་བྱ་བྲལ་ནམ་མཁའི་ཁོར་ཡུག་ལྟ་བུ་ཞིག་ཡིན་ན། རྩལ་སྣང་གློ་བུར་གྱི་བྱ་རྗེས་ལ་རྗེས་སྙེག་ཡོང་རྒྱུ་མེད་པ་བཞིན་དུ་མ་བཅོས་མཉམ་པ་ཆེན་པོར་བཞག་ནས། ཇི་ལྟར་ཤར་ཡང་དེ་ལྟར་མ་འཛིན་ཞེས་གདམས་པ་ཚིག་གཅིག་ཏུ་མཐར་ཐུག་གི་འགག་བསྡམས་པའི་སྙིང་པོ་དོན་གྱི་ལམ་ཁྱེར་གྱི་མན་ངག་ཏུ་བསྟན་པའོ། །མ་སྒོམ་མངོན་སུམ་སྣང་བའི་ལྟ་སྒོམ་སྤྱོད་འབྲས་ཀྱི་གདམས་པ་བསྟན་པ་ནི། གང་ལྟར་ཤར་ཡང་དེ་ལྟར་མ་བཟུང་ན། །ཉོན་མོངས་རང་ཡལ་ཡེ་ཤེས་ཆེན་པོ་ཡིན། །སྐྱེ་མེད་བསམ་འདས་ཡེ་གྲོལ་ལྟ་བ་སྟེ། །ནན་ཏན་བྱས་ན་བལྟ་རྒྱུ་མེད་པ་ལགས། །རང་བབས་ལྷོད་ཆགས་རང་གནས་བསྒོམ་པ་སྟེ། །ནན་ཏན་བྱས་ན་བསྒོམ་རྒྱུ་མེད་པ་ལགས། །སྤང་བླང་གཉིས་མེད་སྒྱུ་མའི་སྤྱོད་པ་སྟེ། །ནན་ཏན་བྱས་ན་སྤྱོད་རྒྱུ་མེད་པ་ལགས། །རེ་དོགས་གཉིས་མེད་འབྲས་བུའི་རང་བཞིན་སྟེ། །ནན་ཏན་བྱས་ན་འབྲས་བུ་མེད་པ་ལགས། །ཞེས་གསུངས་ན། ཉོན་མོངས་རྣམ་རྟོག་རང་ཡལ་བྱ་ལམ་རྗེས་མེད། སྐྱེ་མེད་བསམ་ཡུལ་ལས་འདས་པའི་ཡེ་གྲོལ་ཆེན་པོ་ཡིན་པ་དེར། བྱས་ཆོས་བྱ་རྩོལ་གྱིས་ཇི་འདྲའི་ནན་ཏན་མཐར་ཆགས་ཤིག་བྱས་ནས་བལྟས་ཀྱང་། བལྟར་མེད་ཀྱི་རིག་པ་སྤྱི་བླུགས་ཀྱི་ལྟ་བ་ལ། བལྟ་ཡོང་རྒྱུའི་བལྟ་བྱ་ཞིག་དང་། མཐོང་བཞག་རྒྱུའི་མཐོང་བའི་མཐོང་འབྲས་ཤིག་མེད། ལྟ་བ་བལྟར་མེད་དེའི་ངང་ལ་རང་བབས་ཀྱིས་ལྷོད་ཀྱིས་རྒྱུན་ཆགས་པར་འཇོག་རྒྱུ་ཕན་སྒོམ་པ་ལ་ནན་ཏན་བྱས་ཡོང་ས་ཞིག་དང་། སྤང་བླང་དགག་སྒྲུབ་དང་བྲལ་བའི་སྤྱོད་པ་རེ་དོགས་གཉིས་འཛིན་ལས་འདས་པའི་འབྲས་བུ་ལ་ནན་ཏན་བྱས་ཀྱང་། བྱིས་པས་བྱེ་མའི་མཁར་ལས་བྱས་པ་འདྲ་འདྲ་ཡིན་པའི་ཕྱིར་ན། བྱར་མེད་ཆེན་པོའི་རྣལ་འབྱོར་ལ་ལ་བཟླ་བར་བསྟན་པ་རེད། ད་འདི་ནས་ངོ་མཚར་བའི་རྒྱལ་བའི་དགོངས་པ་རང་གནས་མངོན་སུམ་དུ་མཐོང་བའི་བློ་བདེའི་གཟེངས་སུ་བསྟོད་པ་ནི། དུས་གསུམ་རྩ་བ་བྲལ་བའི་སེམས་ཉིད་འདི། །མ་བསྒོམ་མངོན་སུམ་སྣང་བ་བློ་རེ་བདེ། །ཐོག་མ་ཐ་མ་རང་བཞིན་དག་པའི་ཆོས། །ཡེ་གྲོལ་ཡོངས་གྲོལ་འབད་རྩོལ་ཞིག་པ་མཚར། །ཐ་མལ་ཤེས་པ་བཟོ་མེད་ལྷུག་པ་འདི། །རྒྱལ་བའི་དགོངས་པ་མཐའ་བྲལ་ཀློང་ཡངས་ཡིན། །ཞེས་གསུངས་ཏེ། དུས་གསུམ་གཞི་རྩ་བྲལ་བའི་སེམས་ཉིད། དུས་གསུམ་དུས་ལས་འདས་པ། བཞི་ཆ་སུམ་བྲལ་གྱི་རིག་པ། སྐད་ཅིག་མ་གསུངས་རྒྱུ་ཞིག་ཡོད་པ་དེ། གཞི་གྲོལ་ཡངས་པ་ཆེན་པོ་ཡིན་པ་རེད། དེ་ལྟ་བུའི་གཞི་གྲོལ་ཡངས་པ་ཆེན་པོའི་དོན་དེ། མ་སྤངས་ཡོངས་རྫོགས་བཞི་ཆ་སུམ་བྲལ་གྱི་དགོངས་པ་ཟེར་ན། གསུམ་ལས་འདས་པའི་བཞི་བའི་ཆ་གསུངས་པ་རེད། གཞི་གྲོལ་ཡངས་པ་ཟེར་དུས་ག་གཞི་རེད། གཞི་མེད་ཆེན་པོའམ་གཞི་གྲོལ་ཡངས་པ་ཆེན་པོ་མ་སྤངས་ཡོངས་རྫོགས་སུ་གྲོལ་ནས་མ་སྒོམ་མངོན་སུམ་དུ་མཐོང་བ་དེ། རྣལ་འབྱོར་གཞི་བདེའི་སྟེང་དུ་བློ་བདེ་རྒྱུན་མི་ཆད་པ་དང་། ཐོག་མཐའ་དབུས་དང་བྲལ་བ་ཆོས་རྣམས་ཀུན་གྱི་རང་བཞིན་དག་ཅིང་ཡེ་གྲོལ་བཅིང་གྲོལ་ལ། ཡོངས་གྲོལ་གྱི་འབད་རྩོལ་ཞིག་མ་དགོས་པ་དེ་ལ་ངོ་མཚར་རོ། །ཐ་མལ་གྱི་ཤེས་པ་འདི་སྤུ་མ་བརྗེས་མདོག་མ་བསྒྱུར། བར་བཟོ་མེད་རང་སར་བཞག་པས་ཆོག་རྒྱུ་འདི། རྒྱལ་བའི་ངེས་དོན་གྱི་དགོངས་པ་མཐའ་དང་བྲལ་བ་ཡིན་པས་ན་ཕྱོགས་སུ་མ་ལྷུང་། ཀློང་ཡངས་པ་ཡིན་པས་ན་རྒྱར་མ་ཆད་པ་འདི་ཉིད་ཡིན་པར་གནད་ངེས་པའི་སྒོ་ནས་འགག་བསྡུས་པའོ། །དེ་ནས་མ་ཡེངས་མི་སྒོམ་ངང་བཞག་རྒྱུན་གྱི་རྣལ་འབྱོར་གྱིས་འགྲུབ་པར་དོན་བསྡུ་བ་ནི། དེ་ཡང་འབད་པས་དཔྱད་ཅིང་བསྒོམས་པ་ཡིས། །སེམས་ཉིད་གནས་ལུགས་གཉུག་མ་མཐོང་མི་འགྱུར། །མ་བསམས་མ་དཔྱད་ཐ་མལ་ཆོས་ཉིད་ལ། །བསྒོམ་དང་མི་བསྒོམ་ཡེངས་དང་མ་ཡེངས་མེད། །མ་བསྒོམས་ལྷུག་པས་མང་པོ་གྲོལ་བ་ཡིན། །གྲོལ་དང་མ་གྲོལ་དོན་ལ་གཉིས་སུ་མེད། །གནས་ལུགས་ཤེས་ན་རྩོལ་མེད་བློ་བདེའོ། །རྟོག་མེད་འདོད་པའི་རྟོག་པས་བཅིངས་པ་ན། །རྣམ་རྟོག་ལངས་ནས་ཕྱོགས་བཅུར་འགྲོ་བར་བརྩོན། །འགྲོ་འོང་མེད་པའི་རིག་པའི་གཤིས་ཐོག་ཏུ། །ཁ་ཡན་གློད་ནས་རང་ཡན་བཞག་པ་ན། །མི་གཡོ་རི་བོ་བཞིན་དུ་བརྟན་པར་གནས། །གོ་ལྡོག་འགྲོས་འདི་བུ་རྣམས་ཤེས་པར་གྱིས། །ཞེས་གསུངས་ཏེ། འཁོར་བ་དང་མྱང་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་པོ་དེ། གནས་ལུགས་གཤིས་ཀྱི་བཞུགས་ཚུལ་གྱི་ངོས་ནས་གཞལ་འོང་བ་ཡིན་ན། ཐམས་ཅད་བཟང་ངན་མེད་པར་ཡེ་སྟོང་བསམ་བརྗོད་ལས་འདས་པའི་དབྱིངས་སུ་གྲོལ་བའི་གྲོལ་ཟིན་པ་ཞིག་ལ་བློས་དཔྱད་སེམས་ཀྱིས་སྒོམ་པས་ཅི་འདྲའི་འབད་པ་བྱས་ཀྱང་། སེམས་ཉིད་དོན་གྱི་གནས་ལུགས་གཉུག་མའི་རང་བཞིན་མཐོང་རྒྱུར་ཐག་ཇེ་རིང་མ་གཏོགས་འགྲོ་རྒྱུ་མེད་དེ། རྒྱལ་བ་ཀློང་ཆེན་པས། མ་བྱེད་མ་བྱེད་རྩོལ་ཞིང་སྒྲུབ་མ་བྱེད། །མ་ལྟ་མ་ལྟ་ཡིད་ཀྱི་ཆོས་མ་ལྟ། །མ་བསྒོམས་མ་བསྒོམས་བློ་ཡི་ཆོས་མ་བསྒོམས། །མ་དཔྱད་མ་དཔྱད་ཡུལ་སེམས་རྗེས་མ་དཔྱད། །ལ་སོགས་པ་གསུངས་པ་ལྟར་དུ། བསམ་དུ་མེད་པའི་ཆོས་ཉིད་ཀྱི་དོན་ལ། སེམས་ཀྱིས་མ་བསམ་བྱ་ལམ་གྱི་རྗེས་དེད་པ་འདྲ་ཞིག་ཡིན། དཔྱད་དུ་མེད་པའི་རིག་སྟོང་ཀ་དག་གི་ཆོས་ལ་བློས་དཔྱད་པས་དཔྱད་ནས་དཔོག་འོང་རྒྱུ་ཞིག་མེད། ནམ་མཁའ་འདོམ་ལ་འཇལ་བ་འདྲ་ཞིག་ཡིན། ཆོས་ཉིད་རྣལ་མའི་དོན་སྒོམ་མེད་ཡེངས་མེད་ཡིན་པས་ན། དེ་ལྟར་རང་བཞག་བྱས་བཞག་དུས་གྲོལ་བར་གྱུར་པ་སྔར་ཡང་མང་བ་ཡིན་པས་དེ་ལྟ་བུའི་རང་བཞག་གི་ངང་དུ་ཞོག གྲོལ་དང་མ་གྲོལ་དོན་ལ་གཉིས་མེད་ཀྱི་དོན་དུ་བལྟ་བྱ་ལྟ་བྱེད་དང་བྲལ་བ་ཡིན་པས། གནས་ལུགས་བྱ་རྩོལ་དང་བྲལ་བའི་རང་བཞིན་གྱི་གནད་དེ་ཤེས་སོང་ན། རྩོལ་མེད་རང་བཞག་གི་བབས་ཀྱིས་འགྲུབ་པར་བློ་བདེ་བྱ་རྩོལ་ལྷུན་གྲུབ་གྱི་གདེང་རྙེད་པ་ཡིན་མ་གཏོགས་རྣམ་རྟོག་འཕྲོ་འདུའི་འབད་པས་གར་སླེབས་མེད་ས་ལ། རྣམ་རྟོག་འདོད་ཞེན་ཞིག་གིས་ཡིད་དཔྱོད་ཀྱི་བློའི་རི་མོ་བཟང་པོ་ཡག་པ་ཞིག་གི་རྗེས་འདེད་བྱེད་དུས་ཇི་ལྟར་བྱས་ཀྱང་སྐད་ཅིག་མི་འདུག་པར་སྤྲིན་ཁ་འཚུབས་པ་ལྟ་བུའི་རྣམ་རྟོག་སྣ་ཚོགས་ཀྱིས་རང་གིས་རང་འཆིང་ནས། སྲིན་བུའི་ཁ་ཆུའི་དར་སྐུད་ཀྱིས་སྲིན་བུ་རང་ཉིད་འཆིང་བ་ལྟ་བུ་ལས་མ་འདས་པ་ཡིན་པར་ཤེས་པར་གྱིས་ཤིག འགྲོ་འོང་མེད་པའི་གཤིས་ཐོག་ལ། གཟུང་འཛིན་བྲལ་བའི་དྲི་མེད་སེམས་ཀྱི་ཆོས་ཉིད་ཁ་ཡན་རང་སར་གློད་ལ་ཞོག་དང་། ཆུ་སྣོད་ཀྱི་ཟླ་གཟུགས་དེ་དཀྲུགས་ན་མི་མཐོང་བཞག་ན་མཐོང་བ་དང་འདྲ་བར་གོ་ལྡོག་ནས་བྱས་ན་མི་ཟིན་བསྐྱུར་ན་ཟིན་པའི་གནད་དེ་མཐོང་ནས། མི་གཡོ་བ་བརྟན་པ་རི་རྒྱལ་ལྟར་དུ་གཡོ་འགུལ་མེད་པའི་འགྱུར་མེད་རིག་པའི་རང་གཤིས་དེ་ལས་གཡོ་བར་མི་འགྱུར་རོ། །མི་གཡོ་སྤྲོས་དང་བྲལ་བའི་རིག་པ་དེ་བལྟས་ན་མི་མཐོང་གློད་ན་མཐོང་རྒྱུ་ཞིག་ཡིན། དེ་ནི་བལྟ་བྱ་ལྟ་བྱེད་དང་བྲལ་བའི་གནད་ཀྱིས་རེད། རྒྱལ་བ་ཀློང་ཆེན་པས། རིག་པ་འཁྲུལ་དང་མ་འཁྲུལ་གྱི་མིང་དོན་ལས་འདས་པ་གསུང་སྐབས། མན་ངག་གི་སྙིང་པོ་གསུམ་དང་། ལྟ་བའི་བཞག་ཐབས་གསུམ་དང་། སྤྱོད་པ་ཆགས་མེད་རང་གྲོལ་གྱི་གནད་གསུམ་རྣམས་གསུངས་པ་ཡིན། མན་ངག་གི་སྙིང་བོ་གསུམ་ནི། ངོ་བོ་རང་བཞིན་ཐུགས་རྗེ་གསུམ། ལྟ་བའི་བཞག་ཐབས་ཕྱི་སྣང་བ་ཅོག་བཞག ནང་འགྱུ་བ་ཅོག་བཞག གསང་བ་རིག་པ་ཅོག་བཞག་གསུམ་ལ་འདུ། སྤྱོད་པ་ཆགས་མེད་རང་གྲོལ་གྱི་གནད་གསུམ་དེ་གང་ཡིན་ན། སྣང་བ་ཅེར་གྲོལ། འགྱུ་བ་རང་གྲོལ། རིག་པ་ཡེ་གྲོལ་དེ་ལྟར་གསུངས་པ་རེད། ད་དུངཡེ་ཡོད་ཆིག་ཆོད་ཀྱི་སྒོམ་པ་བཞི་ལ་སོགས་པ་ཆོས་ཀྱི་རྣམ་གྲངས་བཅུ་དྲུག་གི་ཐོག་ནས་དབྱེ་བ་དང་བཅས་པས་བསྟན་ཡོད་པ་ཡིན། མཐར་འགག་དོན་རིག་པ་རང་བབས་རྟོག་མེད་ཀྱི་སྐྱེལ་ས་ངོ་མ་དེ། ངོ་བོ་ཀ་དག རང་བཞིན་ལྷུན་གྲུབ་ཏུ་གནས་པ། རྟག་དང་ཆད་པའི་མཐའ་ལས་འདས་པ་ཞིག་ལ་གཏུག་ཡོད་པ་ཡིན། འདི་ཚོ་ཆོས་ཟད་མིང་མེད་ཆེན་པོར་ཕུ་ཐག་ཆོད་པའི་བློ་བདེ་ཁོང་ནས་འཆར་བའི་རྣལ་འབྱོར་བ་མཆོག་གི་སྤྱོད་ཡུལ་ཏེ། ཀློང་ཆེན་པས། འདིར་རྡོ་རྗེ་གད་མོ་བཅུ་གཉིས་ཀྱི་དོན་རང་གི་རྒྱུད་ལ་སྐྱེས་པ་སྙམ་བྱེད་དོ་ཞེས་ཉམས་རྟོགས་མཐོན་པོའི་དགོངས་ཉམས། རང་རེའི་སོ་སོ་སྐྱེ་བོ་བྱིས་པའི་བསམ་ངོ་ལས་ན་མ་འཕར་པ་ཞིག་གིས་བལྟས་ན། སྨོན་པའི་ཡུལ་ཙམ་ཞིག་ཏུ་གྱུར་པ་དེ་འདྲ་གསུངས་ཡོད་པ་རེད། རིག་པ་རང་ཤར་གྱི་རྒྱུད་ཀྱི་ནང་ནས་རྡོ་རྗེ་གད་མོ་བཅུ་གཉིས་དང་། རྒྱུ་འབྲས་ལ་བཟླ་བའི་ཚིག་ཆེན་བརྒྱད་རྣམས་གསུངས་ཤིང་། འོན་ཀྱང་འདི་ཅན་པོའི་ཐད་ཀ་ནས་དྲང་ངེས་ཀྱི་ཤན་ཡག་པ་ཞིག་འབྱེད་དགོས། དེ་མ་ཕྱེས་པར་རྒྱུ་འབྲས་ངེས་དོན་དུ་སེམས་པ་འགའ་རེས། རང་བཞིན་དག་པའི་ཆོས་ལ་ཐེ་ཚོམ་ཟ་བ་ཡང་འབྱུང་བ་ཡིན། འདིའི་གོ་དོན་གསལ་འབྱེད་བྱེད་རྒྱུ་ཤིན་ཏུ་ནས་ཀྱང་གལ་གནད་ཆེ་བ་རེད། རྫོགས་ཆེན་སྒོམ་པའི་རྣལ་འབྱོར་བ་གསར་རྙིང་ཐམས་ཅད་ལ་ལྟ་བ་སྤྱོད་པ་གཉིས་ཀྱི་བར་ལག་སྦྲེལ་སྤྱད་ལ་གལ་ཆེ་བར་སྙམ། དེས་ན་དེའི་སྐོར་དེ་འདི་ནས་རགས་བསྡུས་ཤིག་བཤད་ན་སྙམ་པ་ཡིན། རྡོ་རྗེ་གད་མོ་ཆེན་པོ་བཅུ་གཉིས་ཞེས་པ་དེ་ཆོས་ཉིད་ཡིད་དཔྱོད་ལས་འདས་པའི་དོན་དེ་ཉིད། རྒྱུད་ཀྱི་ནང་ནས་སྟོན་པས་སྡུད་པ་པོ་ལ་ཅིག་ཅར་དུ་ངོ་སྤྲད་པའི་ཚུལ་གྱིས་བསྟན་པ་ཞིག་རེད། འོན་ཀྱང་དེ་ལྟར་སྟོན་པའི་དུས་དེ་ཙམ་ཉིད་ནས། བསྟན་བྱ་དང་སྟོན་བྱེད་རང་བཞིན་གྱིས་མ་གྲུབ་པར། ཆོས་ཉིད་གཅིག་གི་ཀློང་ལས་མི་འདའ་བ་སྟེ། སྡུད་པ་པོ་ང་ཆོས་ཀྱང་ང་། །ཞེས་གསུངས་པ་རེད། སྡུད་པ་པོའང་སྟོན་པ་དང་རྒྱུད་ཐ་དད་དུ་མ་གྲུབ་པ་ཡིན་པའི་ཕྱིར་ན། རང་གི་དགོངས་ཉམས་ངོ་མཚར་གྱི་གད་མོར་བསྒྲགས་པ་ཞིག་རེད། གད་མོ་ཆེན་མོ་གད་རྒྱངས་ཆེ། །རྡོ་རྗེ་གད་མོ་ཆེར་སྒྲོག་པ། །ཞེས་འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས་གསུངས་པ་ལྟར་དུ་ཆེ་བའི་གད་མོ་ཆེན་པོ་ཡིན། རིག་པ་རང་བྱུང་གི་ཡེ་ཤེས་སྐྱེ་འགག་སྤྲོས་མཚན་ལས་འདས་ཤིང་། འཕོ་འགྱུར་བྲི་གང་དང་བྲལ་བའི་གཤིས་ཀྱི་བཞུགས་ཚུལ་ངོ་མ་དེ། ཆོས་ཟད་ཀ་དག་གི་རང་གཤིས། དེ་བཞིན་གཤེགས་པ་ཉིད་ཀྱི་ཐུགས་ཀྱི་གསང་བ་ཟབ་མོ་དེ་ཉིད་མཚོན་བྱེད་ལ་བསྒྲགས་འོང་བ་ཞིག་ཡིན། དེ་ལྟར་ཡིན་པ་དེའི་ཕྱིར་ན་གད་མོ་ཆེན་པོ་ཡིན་སྤྱད་ཅི་ཕྱིར་རེད་ཟེར་ན། སྲིད་གསུམ་འཇིག་ཅིང་བརླག་པར་བྱེད་པའི་སྒྲ་སྐད། སྲིད་པ་མིང་མེད་དུ་བྱེད་པའི་སྒྲ་དབྱངས་ཤིག་ཀྱང་ཡིན། ཡང་ངོ་མཚར་བའི་ཚིག་ཆེན་བརྒྱད་ལ་མཚོན་ན། ཁམས་གསུམ་སེམས་ཅན་བསད་པ་དང་ཕར་ཕྱིན་བཅུ་ལ་རྟག་ཏུ་སྤྱད་པའི་གང་ཟག་གཉིས་ལ་ཁྱད་པར་མེད་པར་ལྟར་གསུངས་ཡོད། འདི་གོ་དུས་བློ་ཆུང་གི་རྣ་བ་གས་འགྲོ་བ་རེད། ཆོས་ཉིད་དོན་གྱི་གནས་ལུགས་དངོས་རྟོགས་པ་ན་གཤིས་ལ་དགེ་སྡིག་མ་གྲུབ་པའི་གཏན་ཚིགས་དཔེ་ཡིས་མཚོན་པར་བྱེད་པའི་གསུང་ཞིག་ཡིན། ཚོགས་བརྒྱད་འཁོར་བའི་ཆོས་ཀྱིས་མ་བཏང་བའི་གང་ཟག་རང་རྒྱུད་ལྡན་ཞིག་གིས་ཁམས་གསུམ་སེམས་ཅན་དུས་གཅིག་ལ་བསད་པ་དང་། དེ་ལས་ལྡོག་པའི་དགེ་བ་དེ་ཙམ་ཞིག་སྒྲུབ་པ་གཉིས་ཀ་ཁྱད་པར་མེད་ཅེས་རྒྱུ་འབྲས་ཆད་པའམ་མེད་པར་བསྟན་པ་རེད། དེ་ཡིན་དུས་དེ་སྒྲ་ཇི་བཞིན་པར་བཟུང་རྒྱུ་ཡོད་པ་མིན་པས། རྒྱུ་འབྲས་ཆད་པའམ་མེད་པར་བསྟན་པ་མ་རེད། དགེ་སྡིག་རྣམ་རྟོག་གིས་བཟོས་པ་ཡིན་པས་ན་ཆོས་ཅན་ཡིན། དེའི་ཆོས་ཉིད་རྣམ་རྟོག་དང་བྲལ་བ་མ་འཁྲུལ་བའི་གཤིས་ལ་དགེ་སྡིག་བླང་དོར་དུ་མ་གྲུབ་པ་ཡིན། དེ་ལྟ་བུའི་ཆོས་ཉིད་དེ་ཇི་བཞིན་དུ་རྟོགས་པའི་སྐབས་སུ། ལམ་བདེན་སྤངས་པའི་ཕྱིར་ན། རྣམ་ཤེས་ཚོགས་བརྒྱད་དང་བཅས་པའི་དགེ་སྡིག་རྒྱུ་འབྲས་ལ་མི་ལྟོས་ཞེས་གསུངས་པ་རེད། དཔེ་སྡིག་པ་དག་ལུགས་ལ་བསམ་བློ་བཏང་ན། སྡིག་པ་དག་ཚུལ་འདྲ་མི་འདྲ་མང་པོ་ཡོད། སྡིག་པ་དེ་མྱོང་བས་དག་པ། བཤགས་པས་དག་པ། གཉེན་པོས་དག་པ་ཟེར་རྒྱུའི་དག་ལུགས་ཀྱི་ཁྱད་པར་ཡོད་པ་རེད། ཆོས་ཉིད་དོན་དམ་གྱི་གནས་ལུགས་རྗེན་པའམ་ཆོས་ཉིད་དོན་དམ་གྱི་གནས་ལུགས་ཇི་བཞིན་པ་དེ་དེ་བཞིན་པར་རྟོགས་སོང་དུས། དེ་རྟོགས་སོང་བའི་ཟག་མེད་ཀྱི་དགེ་རྩ་དེས་ཕུང་པོ་ལྔ་དང་ཚོགས་བརྒྱད་རང་བཞིན་གྱིས་དག་སོང་དུས། ཀུན་གཞིའི་སྟེང་ན་ལས་སྔ་མས་བཞག་པའི་བག་ཆགས་ཟད་སོང་ནས། དགེ་སྡིག་ལ་རྟེན་གཞི་མེད་སོང་བ་རེད། དེའི་ཕྱིར་ན་སྟོང་ཉིད་རྟོགས་ཏེ་སྣང་སེམས་རོ་གཅིག་ཏུ་འདྲེས་པའི་གང་ཟག་གིས། ད་ལྟ་བསད་ན་ད་ལྟ་གསོ་ནུས་པ་དེ་འདྲ་འབྱུང་བ་རེད། དེ་ཅན་པོའི་ངོ་ཁ་ལ་དགེ་སྡིག་རང་བཞིན་གྱིས་གྲུབ་པ་ཞིག་མེད་ཅེས་གསུངས་པ་ཡིན། དེས་ན་རྡོ་རྗེ་གད་མོ་བཅུ་གཉིས་དང་ངོ་མཚར་བའི་ཚིག་དོན་བརྒྱད་པོ་འདི་ཚོའི་གོ་བ་དེ་ཇི་ལྟར་བྱས་ནས་ལེན་དགོས་པ་རེད་ཟེར་ན། ཕྱོགས་གཅིག་ནས་གཤིས་ཆོས་ཉིད་ལ་དགེ་སྡིག་མ་གྲུབ་པར་བསྟན་པའི་གོ་དོན་ངེས་དོན་གྱི་ལེན་ལུགས་ཤིག་དང་ཕྱོགས་གཅིག་ནས་ཁམས་གསུམ་སེམས་ཅན་བསད་པ་དང་ཕར་ཕྱིན་བཅུ་དེ་དང་མཉམ་པར་སྒྲུབ་པ་གཉིས་ཀ་ཁྱད་མེད་རོ་མཉམ། ཆོས་ཉིད་ཀྱི་དོན་དེ་ལྟར་མ་རྟོགས་པའི་གང་ཟག་གིས་དེ་འདྲ་ཞིག་གི་ཚད་ལ་མ་བརྒྱབ་ཀྱི་བར། རྒྱུ་འབྲས་དགེ་སྡིག་གི་བླང་དོར་ཕྲ་ཞིབ་ཀྱིས་བསྲུང་དགོས་པར་གསུངས་པའི་དྲང་བའི་དོན་ཞིག་སྟེ། སློབ་དཔོན་ཆེན་པོས། ལར་ལྟ་བ་ནམ་མཁའ་བས་མཐོ་ཡང་། ལས་རྒྱུ་འབྲས་བག་ཕྱེ་བས་ཞིབ་དགོས། ཞེས་གསུངས་པ་ལྟར་དུ་གོ་བ་ཕྱོགས་གཉིས་རང་གི་རྒྱུད་ཚོད་དང་བསྟུན་ནས་ལེན་དགོས་པ་ཡིན། དེ་ལྟར་མདོ་བཤད་པའི་སྐབས་སུ་དྲང་ངེས་ལྡེམ་དགོངས་དང་། སྔགས་བཤད་པའི་སྐབས་སུ་མཐའ་དྲུག་ཚུལ་བཞིས་གཏན་ལ་མ་ཕབ་ན་རྟོན་པ་རྣམ་བཞི་གོ་ལྡོག་ལ་གྱུར་འགྲོ་བ་རེད། རྟོན་པ་རྣམ་བཞི་གོ་ལྡོག་ལ་གྱུར་སོང་ན་དོན་ལ་མི་རྟོན་ཚིག་ལ་རྟོན་པ་ཞིག་དང་། དོན་དམ་ལ་མི་རྟོན་ཀུན་རྫོབ་ལ་རྟོན་པ་དང་། ངེས་དོན་ལ་མི་རྟོན་དྲང་དོན་ལ་རྟོན་པ། དེ་དུས་ཡེ་ཤེས་ལ་མི་རྟོན་རྣམ་ཤེས་ལ་རྟོན་སོང་ན། ཁ་བཤད་སྟོང་ལྟ་ལ་ལོག ཡིད་བྱེད་གོ་ཡུལ་ལ་ལུས་ནས། ལམ་མིན་གྱི་གཡང་ས་སྟུག་པོ་ལས་སྐྱོབ་ཐབས་དཀའ་བ་དེ་འདྲའི་ས་ལ་ཐོན་པ་ཡིན། བདག་ཅག་གི་སྟོན་པས་བཀའ་འཁོར་ལོ་དང་པོའི་སྐབས་སུ་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་པར་བྱ། འགོག་པ་མངོན་དུ་བྱ། ལམ་རྒྱུད་ལ་བསྟེན་པར་བྱ་གསུངས་པ་དང་། འཁོར་ལོ་བར་བའི་སྐབས་སུ་སྡུག་བསྔལ་བ་དང་ཀུན་འབྱུང་བ་དང་འགོག་པ་དང་། ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ་ཞེས་གསུངས་པ་དེའི་དྲང་ངེས་ཀྱིས་དབྱེ་བ་མ་ཕྱེས་ན་འགལ་བ་ལྟག་སྤྲོད་སྤོང་ཐུབ་པ་མ་རེད་ལ། དེའི་བར་གྱི་ཡང་དག་པའི་ལམ་ཡང་རྙེད་པ་མ་རེད། གང་ཟག་བློ་ཆུང་ལ་དང་པོར་ངེས་དོན་ལ་མི་རྟོན་པར་དྲང་དོན་རྟོན་དགོས་སྤྱད་ཀྱང་དེས་རེད། དེས་ན་གྲོལ་དང་མ་གྲོལ་གཉིས་སུ་མེད་པའི་དོན་རྡོ་རྗེ་གད་མོའི་རང་སྒྲ་ལ། སོ་སྐྱེའི་བློ་ན་མ་འཕར་བའི་ཚོད་ཀྱིས་ད་ལྟ་སྨོན་པའི་གནས་ཙམ་དུ་གྱུར་པ་དེ་འདྲ་རེད། འོན་ཀྱང་སེམས་ཅན་འཁྲུལ་བའི་སྐབས་སུ་ཡང་། ཆོས་ཅན་སེམས་ཀྱི་ཆོས་ཉིད་ཡེ་ནས་འདུས་མ་བྱས་པ། སྐུ་གསུམ་འདུས་པའི་བདག་ཉིད་ཡེ་ཤེས་སུམ་ལྡན་དུ་བཞུགས་པ་དང་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་ན། ད་རེས་དབུལ་བོའི་རང་ཁྱིམ་གྱི་གསེར་གཏེར་རང་ལ་ཡོད་པར་མཐོང་བའི་ཐོག་དེ་ནས། རིག་པ་སྐྱེ་འགག་འགྲོ་འོང་དང་བྲལ་བའི་ཆོས་ཉིད་ལ། གོ་མྱོང་རྟོགས་པ་སྐྱེས་པའི་རིམ་པ་འདི་བརྒྱུད་ན། མ་སྒོམ་མངོན་འཚང་རྒྱ་བའི་མྱུར་ལམ་རང་ལག་ཏུ་ཡོད་པའི་གནད་ཀྱིས། ཀུན་མཁྱེན་འཇིགས་གླིང་གིས། སྙིང་རུས་གནད་དུ་སྨིན་པ་ཁྱོད་ཀྱིས་མཛོད། །གདམས་ངག་ཟབ་དགུའི་བདུད་རྩི་ཁོ་བོས་སྟེར། །ཚེ་དང་སྒྲུབ་པ་མཉམ་པའི་རྟེན་འབྲེལ་ཞིག །འགྲིག་ན་ཕྱི་མའི་འགྲོ་ས་པདྨས་སྟོན། །ཞེས་གསུངས་པ་བཞིན་དུ་ཀུན་མཁྱེན་ཡབ་སྲས་བརྒྱུད་པ་དང་བཅས་པའི་མན་ངག་ཟབ་དགུའི་ཉིང་བཅུད། བྱིན་རླབས་ཀྱི་དྲོད་རླངས་མ་ཡལ་བ་ཚོ་ཉམས་ལེན་གྱི་མཐིལ་ལ་བཟུང་ན། ཚེ་འདི་ནམ་འཆི་ཆ་མེད་ཡིན་པ་ལ། །རྟག་ཆགས་ཞེན་པར་བཟུང་བས་གཏན་འདུན་ཉེས། །སྐྱིད་སྡུག་དགྲ་གཉེན་རྣམ་རྟོག་ཡལ་བཅུག་ན། །སྐྱིད་པོའི་རྩ་བ་མ་བྱས་ལྷུན་གྲུབ་ཡིན། །ཞེས་གསུངས་པ་ལྟ་བུ་ཡིན། ཉམས་ལེན་མི་ཚེ་ལ་དྲིལ་དུས་ས་ཐག་རིང་གི་བཤུལ་ལམ་བརྒྱུད་པ་འདྲ་བ། མཚམས་རེར་ང་འདྲ་བས་ཐུབ་རྒྱུ་ཞིག་ཡིན་ནམ་སྙམ་པའི་ཐེ་ཚོམ་དང་། སྐབས་རེར་སྔར་དང་མི་འདྲ་བར་རྒྱུད་འགྱུར་བའི་ཁྱད་པར་རེ་འདུག་གོ་སྙམ་པའི་དགའ་སྡུག་འདྲ་མི་འདྲ་ཡོང་ན་ཡང་། རེ་དོགས་དགའ་སྡུག་གི་རྣམ་རྟོག་ཐམས་ཅད་བོར་དུ་བཅུག་ནས། གང་ཤར་ཆོས་སྐུའི་ཡོ་ལང་དུ་སྐྱངས་ཤིང་། ཅིར་སྣང་ལམ་གྱི་བོགས་འདོན་ལ་བསྒྱུར་ཏེ། དད་གུས་མོས་པ་འགྱུར་བ་མེད་པར་བྱས་ན་འཕྱུགས་འགྲོ་ས་ཞིག་ཡོད་པ་མ་ཡིན། འདི་ལ་བསྒོམ་རྒྱུ་རྡུལ་ཙམ་མི་དམིགས་ཀྱང་། །ཡེངས་མེད་དྲན་པས་ཟིན་པ་རབ་ཏུ་གཅེས། །ཞེས་དོན་བསྡུས་པའོ། །ད་ཡང་ཁྲེགས་ཆོད་ལྟ་བའི་གནད་འགག་རིག་པ་རྗེན་པའི་གསལ་འདེབས་རྡོ་རྗེ་མགུར་དབྱངས་སུ་ལེན་པ་ནི། །ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་རྣམས་ཚུར་ཉོན་དང་། །ཕྱི་ཡུལ་མེད་སྣང་སྟོང་པའི་རང་གཟུགས་འདི། །ཡེ་སྟོང་ཆུ་ཟླ་འདྲ་བས་སྦྱང་མི་དགོས། །ནང་གི་དྲན་རྟོག་རང་ཡལ་རྗེས་མེད་པས། །འབད་རྩོལ་གཉེན་པོ་དེ་ལ་འཇུག་མི་དགོས། །སྣང་སེམས་ཡེ་གྲོལ་ལྷུག་པའི་ཡེ་ཤེས་ལ། །སྤང་བླང་རེ་དོགས་གང་གིའང་སྒྲོ་མི་འདོགས། །རིག་པ་ཟང་ཀ་གཅེར་བུ་འདི་ཉིད་ལ། །ཡིད་དཔྱོད་སྤྲོས་པའི་གོན་པ་མ་བསྐོན་པར། །ཤིགས་སེ་ཁྲས་སེ་བུན་ནེ་རྗེས་མེད་དུ། །རིས་མེད་མཉམ་པ་ཆེན་པོར་གློད་ལ་ཞོག །ཅེས་གསུངས་ཏེ། འདི་རིག་པ་རང་སྣང་གི་བློ་ཅན་ལ་སྲིད་གསུམ་ཀ་དག་གི་དགོངས་པའི་ངོ་སྤྲོད་ཀྱི་བཞག་ཐབས་ཤིག་བསྟན་པ་སྟེ། ཕྱི་ཡུལ་མེད་ཡུལ་སྣང་སྟོང་པའི་རང་གཟུགས་འདི། ཡེ་ནས་སྟོང་པ་ཆུ་ནང་གི་ཟླ་བའི་གཟུགས་བརྙན་འདྲ་ཞིག་ཡིན་པས་ན། ཁོ་རང་ཡིན་པ་ཡིན་ཐོག་ལ་བཞག་བཏང་རྒྱུ་མ་གཏོགས་པར། མི་སྟོང་པ་ཞིག་སྟོང་པར་སྦྱངས་འདུག་མི་དགོས། སྣང་སེམས་དྲན་རྟོག་སྣ་ཚོགས་སུ་ཤར་ཤར་འདྲ་བ་འདི་རང་ཡལ་རྗེས་མེད་བར་སྣང་གི་བསེར་བུ་དང་ནམ་མཁའི་བྱ་ལམ་འདྲ་བ་ཞིག་རེད། ཆུ་མ་སྒུལ་བཞག་ན་རང་དྭངས་ཡིན་པའི་དཔེ་ལྟར་འབད་རྩོལ་བྱས་ནས་དྲན་རྟོག་གང་ཤར་ལ་བཟོ་འཅོས་འདུག་མི་དགོས་པ་སྟེ། སྣང་སེམས་གཉིས་ཀ་ཡེ་ནས་གྲོལ་བས་ལྷུག་པ་བཅོས་མི་དགོས་པའི་རང་བྱུང་གི་ཡེ་ཤེས་དེ་ལ་སྤང་བླང་བཟང་ངན་རེ་དོགས་མང་པོ་ཞིག་གསར་དུ་བསྣན་ནས། མེད་པ་ལ་ཡོད་པར་བཏགས་པ་སྒྲོ་འདོགས་མ་བྱེད་ཅེས་པའོ། །སྒྲོ་འདོགས་ཞེས་པའི་ཐ་སྙད་འདི་མདའ་མོ་ལ་བྱ་སྒྲོ་བཏགས་པ་ལྟ་བུའི་དཔེ་ཡིས་གསུངས་པའི་ཚིག་གྲུབ་ཅིག་རེད། རིག་པ་ཟང་ཀ་ཞེས་པ་སྟེ་ཟང་ཀ་ཟང་མ་གཉིས་ཀ་དོན་གཅིག་རེད། མ་བཅོས་མ་བསྒྱུར་བའི་རིག་པ་ཇི་ལྟར་ཡིན་པ་དེ་བཞིན་དུ་རིག་པ་རྗེན་པ་གཅེར་བུ་འདི་ཉིད་ལ་ཡིད་དཔྱོད་བློ་ཞེན་ཅན་གྱིས་འདི་འདྲ་ཡིན་དགོས། དེ་འདྲ་ཡིན་མི་ཉན། དེ་ཡིན་པ་རེད་སྙམ་པའི་རང་བཟོའི་བཟང་རློམ་གྱིས་ཡར་ལ་ཇེ་ཡག་ཏུ་བཏང་བ། སྤྲོས་མེད་ལ་སྤྲོས་པའི་གོས་མ་བསྐོན་པར། ཤིགས་སེ་ཁྲེས་སེ་ཞེས་པ་སྟེ། དེ་ཡང་ཤིགས་སེ་ཞེས་པ་ནི་རང་མདངས་ཀ་དག་ཏུ་རྗེན་ལ་ཕུད་པར་བྱས་ན། ངང་མདངས་རང་ཤུགས་ཀྱིས་ཤར་བའི་ལྷན་ནེ་བ་ཞིག ཁྲེས་སེ་ཞེས་པ་ནི་མ་བཅོས་སོ་མ་ལ་ཅོག་གེར་བཞག་ན་ཁྲེས་སེ་འདུག་པའི་ལྷང་ངེ་བ་ཞིག བུན་ནེ་བ་ཞེས་པ་ནི་གཞི་མེད་ཟང་ཐལ་དུ་གྱུར་པ་ཚིག་ལས་འདས་པའི་མ་བཅོས་ལྷམ་མེར་ཡོད་པ་ཞིག རྗེས་མེད་རང་ཡལ། རིས་མེད་མཉམ་པ། ཡེ་སངས་ཕྱམ་གདལ་ཆེན་པོར་མདོར་ན་རང་བབས་སུ་གློད་ལ་ཞོག་ཅེས་པའོ། །དེས་ལྟ་བ་གཞག་ཐབས་དང་སྦྲེལ་ཏེ་བསྟན་པ་ཡིན། སྒོམ་པ་ངོ་སྤྲོད་ཀྱིས་བསྟན་པ་ནི། དེ་ཡི་ངང་ལ་དྲན་བསམ་ཅི་ཤར་ཡང་། །རིས་མེད་རང་བྱུང་རིག་པའི་རང་གདངས་སུ། །ཤེས་པར་གྱིས་ལ་རྗེས་ནི་མི་བསྙེགས་པར། །སྣང་སེམས་ཁྲལ་མ་ཁྲོལ་དང་སངས་མ་སངས། །འལ་མ་འོལ་གྱི་ཆོས་ཉིད་ཡོ་ལངས་སུ། །རྒྱ་ཕྱམ་ཉིད་དུ་བཏང་ན་ཀུན་བཟང་གི །དགོངས་པའི་ཀློང་དུ་ད་ལྟ་སླེབས་པ་ཡིན། །ཞེས་གསུངས་ཏེ། དེ་ལྟར་འཁོར་འདས་རིས་མེད་སྣང་སེམས་གཉིས་མེད་ཀྱི་ངང་ལ་བཞག་པའི་གནས་སྐབས་སུ་ཚོགས་དྲུག་གི་སྣང་བ་འགག་མི་དགོས། གང་ཤར་རང་བྱུང་རིག་པའི་རང་མདངས་ལ། ཤེས་དང་ཤེས་བྱ་གཉིས་མེད་ཀྱིས་སྔར་རྗེས་མི་བཅད། ཕྱིས་མདུན་མི་བསུ། ད་ལྟའི་ཤེས་ངོར་ལྟ་བའི་རྣམ་རྟོག་གི་རྩིས་གྲངས་འདེབས་པ་ཡང་མ་ཡིན་པ་ནི་སྣང་སེམས་ཁྲལ་མ་ཁྲོལ་མ་ལ་སོགས་པས་བསྟན་པ་ཡིན། ད་སྔོན་རང་གསལ་རྗེན་པའི་ཆོས་སྐུ་ཟེར་རྒྱུ་དེ་མི་འདྲ་བའི་མཚར་བོ་ཞིག་ཁ་ཁ་ན་ཡོད་སྣང་ཤར་རྒྱུ་དེ། ད་བལྟས་ཡོང་ན་ཁྲལ་མ་ཁྲོལ། སངས་མ་སངས། འལ་མ་འོལ་ཞེས་པ་སྟེ། གཞི་མེད་ཀྱིས་ཁྲལ་མ་ཁྲོལ། རྟེན་མེད་ཀྱིས་སངས་མ་སངས། ངོས་བཟུང་དང་བྲལ་བས་འལ་མ་འོལ། ད་དུང་ཀུན་མཁྱེན་ཆེན་པོས་ཕྱལ་སངས། སྟོང་ཡལ། རིས་མེད་ལ་སོགས་པ་དེ་འདྲ་གསུངས་པ་སྟེ། གཉེན་པོའི་གཟེབ་ཀྱིས་མི་འཆིང་བའི་ཕྱལ་སངས། ཡེ་སངས་ཀ་ནས་དག་པས་སྟོང་ཡལ། ཕྱོགས་དང་འཛིན་པ་བྲལ་བས་རིས་མེད་ཅེས་གསུངས་པ་ཡིན། རྣལ་འབྱོར་ཉམས་རྟོགས་མཐོན་པོའི་གོ་འཕང་ལ་གཤེགས་ནི་ཚོས་སོ་སོ་རང་རིག་གི་རིག་བྱ། ཐ་སྙད་ཚིག་ལས་འདས་པ་དེ་རྗེས་འཇུག་ལ་མིའི་ཚིག་གི་ཟོལ་གྱིས་གསུངས་པ་དེ། ཕྱོགས་ཙམ་མ་གཏོགས་སྒྲ་ཚིག་བསམ་ཡུལ་ལས་འདས་པ་དེ་འུ་གུས་སྒྲ་ཚིག་བསམ་བརྗོད་ལ་བརྟེན་ནས་ཅི་ལྟར་བཀྲོལ། སྒྲ་ཚིག་ངོ་མ་བཀྲོལ་དགོས་ན་ཕྱོགས་ཙམ་མཚོན་བྱེད་ལ་བཤད་པ་མ་གཏོགས་མཚོན་ཐུབ་པ་མ་རེད། དེ་ལྟ་བུའི་རྒྱ་ཡན་ཕྱམ་གདལ་ཆོས་སྐུའི་དགོངས་པ་ཆེན་པོར་ངང་བཞག་གིས་བཞག་བཏང་ན། འབྲས་བུ་མཐར་ཐུག་ཞིག་ལ་བལྟ་མི་དགོས་པར་ཀུན་བཟང་དགོངས་པའི་ཀློང་ལ། དུས་ད་ལྟ་ནས་སླེབས་པ་སྟེ་འབྲས་བུ་ཕྱི་དུས་ལ་མི་རེ་བ་ཡིན་གསུངས་པའོ། །རྫོགས་པ་ཆེན་པོ་ཡེ་གྲོལ་ལྷུན་གྲུབ་ཀྱི། །སྣ་ཚོགས་རང་གྲོལ་རྣལ་འབྱོར་དེ་ལ་ཟེར། །མ་ཕྱིན་ན་ཡང་སངས་རྒྱས་ས་རུ་སླེབས། །མ་བསྒྲུབས་ན་ཡང་འབྲས་བུ་ལྷུན་གྱིས་གྲུབ། །མ་སྤངས་བཞིན་དུ་ཉོན་མོངས་རང་སར་དག །བླ་མ་དམ་པའི་དགོངས་པ་དང་མཉམ་མོ། །རྗེས་སུ་སྙོགས་སོ་ལས་རྣམས་ཟིན་པའོ། །གནད་འདི་ཡིན་པས་བུ་རྣམས་ཤེས་པར་གྱིས། །ཕ་རྒན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །བྱ་བྲལ་ལྷུན་གྱིས་གྲུབ་པའི་དགོངས་པ་རུ། །ཚོགས་དྲུག་རང་གྲོལ་ད་རེས་སླེབས་པའོ། །ཞེས་གསུངས་ཏེ། རྫོགས་པ་ཆེན་པོ་ཡེ་གྲོལ་ལྷུན་གྲུབ་ཏུ་ལྷུན་གྱིས་གྲུབ་གྲུབ་པར་ཡོད་པ་ལ། ཡང་གྲོལ་གྱི་ཁུར་བོ་འགེལ་འདུག་མི་དགོས་པར་ཤེས་དང་ཤེས་བྱ་གཉིས་མེད་ལ། སྣང་སེམས་འཁོར་འདས་རོ་མཉམ་དུ་ཡིན་པ་ལ་ཡིན་པར་གྱུར་པ་ལ། སྣ་ཚོགས་རང་གྲོལ་གྱི་རྣལ་འབྱོར་མིང་དང་དོན་མཐུན་པ་དེ་ལ་ཟེར་ཆོག་པ་ཡིན། དེ་ཅི་འདྲ་ཡིན་ཟེར་ན་མ་ཕྱིན་ནའང་སངས་རྒྱས་ཀྱི་ས་ལ་རང་གནས་ཀྱི་དགོངས་པ་རང་ངོ་ཤེས་ནས་སླེབས་ཡོད་པ་དང་། མ་བསྒྲུབས་ན་ཡང་འབྲས་བུ་ལྷུན་གྲུབ་བྱར་མེད་ཅོག་བཞག་བྱས་པའི་ཡེ་གྲོལ་ལྷུན་གྲུབ་ཏུ་གྱུར་བ་དང་། མ་སྤངས་བཞིན་དུ་ཉོན་མོངས་ལྔ་རང་སར་དག་པ་ཡེ་ཤེས་ལྔ་རྫོགས་ཀྱི་ཕ་རོལ་ན། ཉོན་མོངས་ཟེར་རྒྱུའི་མིང་ཙམ་ཡང་མ་གྲུབ་པ། མཚོན་བྱ་དོན་གྱི་བླ་མ་དམ་པ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་དང་མི་གཉིས་པའི་དགོངས་པ་དང་མཉམ་པའམ་དགོངས་ཀློང་དང་འདྲེས་པ་འདིས། མཚོན་བྱེད་རྟགས་ཀྱི་བླ་མ་གདུལ་བྱའི་སྣང་ངོར་མིའི་གཟུགས་སུ་བྱོན་པ་དེ་ཉིད་ཀྱི་ཞབས་རྗེས་བསྙེགས་པའི་དོན་སྒོ་ལ་རྗེས་ཟིན་ནས་ཞབས་རྗེས་སྙེག་ཐུབ་སོང་། དེ་སྙོག་པའི་གནད་ཀྱི་རྩ་བ་དེ་རྫོགས་ཆེན་ཡེ་གྲོལ་ལྷུན་གྲུབ་ཀྱི་དགོངས་པའི་གནད་འདི་ཡིན། ཁོང་གི་རྗེས་སུ་འཇུག་པའི་ཤེས་རབ་སྐལ་ལྡན་གྱི་སློབ་བུ་དག་གིས་ཀྱང་དེ་བཞིན་དུ་ཤེས་པར་གྱིས་ཞེས་གསུངས། ཕ་རྒན་ཆོས་ཀྱི་རྒྱལ་པོ་ནི་ཆོས་རྒྱལ་ངག་གི་དབང་བོ་ཡིན་པ་རེད། དེའི་བཀའ་དྲིན་གྱིས་རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་ཀྱི་དགོངས་པའི་རྒྱལ་ས་ལ་ཁོང་ཚོགས་དྲུག་རང་གྲོལ་ད་རེས་སླེབས་སོང་ཞེས་པའོ། །རྗེ་ཆོས་རྒྱལ་ངག་གི་དབང་པོས་སྨིན་བྱེད་ཀྱི་དབང་བསྐུར་པའི་སྐབས་སུ་ཚོགས་དྲུག་རང་གྲོལ་ཞེས་བཏགས་པ་རེད། ཀུན་མཁྱེན་ཆོས་རྗེས། ཀློང་ཡངས་ཀློང་ཡངས་ཀློང་ཆེན་ཡངས་པའི་ངང་། །ཀློང་ཆེན་རབ་འབྱམས་ཀློང་གསལ་ཀློང་འབྱམས་པས། །ཀློང་གཅིག་གཉིས་མེད་བདེ་ཀློང་འཁྱིལ་བ་འདི། །སྣ་ཚོགས་རང་གྲོལ་ཆོས་ཉིད་ཟད་སར་ཕྱིན། །ཞེས་གསུངས་ཡོད། ཀུན་མཁྱེན་ཆེན་པོའི་མཚན་གྱི་རྣམ་གྲངས་གཞན་ཞིག་ལ་སྣ་ཚོགས་རང་གྲོལ་ཞུ་བ་རེད། ད་འདི་ཚོའི་བསྟན་དོན་འགྲོས་གཅིག་པ་ཡིན། འགྲོས་གཅིག་པ་ལོས་ཡིན། ཀུན་མཁྱེན་བླ་མའི་གཞུང་ལ་གཞིར་བཟུང་བ་འདིའི་མཇུག་ན་བསྟན་ཡོད་པ་ལྟར་རེད། འདི་ནས་གོལ་ཤོར་གྱི་འཕྲང་སྒྲོལ་བ་དང་བཅས་ཏེ་ལྟ་སྒོམ་སྤྱོད་འབྲས་ཀྱི་གནད་བསྟན་ཡོད་འདུག གནད་འདི་ཡིན་ཡང་ལ་ལས་མ་གོ་འདུག །ཇི་ལྟར་མ་གོ་བ་ནི། ཐམས་ཅད་ཡེ་ཟིན་འདུག་སྟེ་ཡང་བྱེད་དོ། །ལས་དང་པོ་བ་ནོར་བའི་སྐྱེ་བོ་ལམ་ནོར་དུ་ཇི་ལྟར་འཕྱན་པ་ནི། ཡེ་གྲོལ་ཉིད་དུ་འདུག་སྟེ་ཡང་དགྲོལ་ལོ། །ཡེ་བཞག་ཉིད་དུ་འདུག་སྟེ་ཡང་འཇོག་གོ །ཡེ་སྒོམ་ཉིད་དུ་འདུག་སྟེ་ཡང་བསྒོམ་མོ། །ཡེ་ལྟོས་ཉིད་དུ་འདུག་སྟེ་ཡང་བལྟའོ། །ཡེ་བགྲོད་ཉིད་དུ་འདུག་སྟེ་ཡང་བགྲོད་དོ། །ཟེར་ནས་ཡིད་དཔྱོད་ལྟ་བར་རེ་བའི་མིས། །ཐོས་ཀྱང་ཚིག་རོ་གོ་ཡང་རྣམ་རྟོག་གོ །རྟོགས་ཀྱང་ཕོ་ཚོད་བསྒོམས་ཀྱང་བློས་བྱས་སོ། །དཔྱད་ཀྱང་གཉིས་འཛིན་བསྒྲུབས་ཀྱང་འཁོར་བའོ། །ཆོས་ཉིད་ཡིད་དཔྱོད་མཁན་གྱི་མི་དེ་ལ། །རྫོགས་ཆེན་སྙིང་ཐིག་ལས་འབྲེལ་མེད་པར་ངེས། །ཞེས་གསུངས། ཚིག་རྗེས་འབྲངས་ནས་ཡིད་དཔྱོད་ཀྱིས་དོན་གྱི་ཕྱོགས་འཛོལ་ནས་བྱར་མེད་བྱས་ཆོས་ལ་བསྒྱུར་བ། དཔེ་ན་རྟ་ལས་བབས་ཏེ་བོང་བུར་ཞོན་པ་བཞིན་དུ་ཡིད་དཔྱོད་ཀྱི་བློ་ཡི་སྤྲོས་པ་དེས་ནམ་མཁའ་འདོམ་ལ་འཇལ་ལྟར་དུ་རྣམ་རྟོག་འཁྲུལ་བ་གཉིས་འཛིན་གྱི་གཟེབ་ནས་མ་གྲོལ་བ་ཡིན་པས་ན། ཐོག་མེད་ནས་གོམས་པའི་རྨོངས་པའི་མུན་ཆེན་ད་དུང་སྙིང་ལ་གནས་པས། གང་ནས་དཔྱད་ཅིང་བརྟག་བསམ་ཞིང་བརྗོད་ན་ཡང་། ཡིད་དཔྱོད་བློའི་ར་བ་ཆུང་ཆུང་གི་ཕན་ལ་མི་འགྲོ་བ་ནི། རེ་ཞིག་ད་རུང་རྫོགས་ཆེན་སྙིང་ཐིག་གི་གདམས་པའི་ཡང་ཟབ་ཀྱི་ཉིང་ཁུ་སྟོན་པའི་ལས་འབྲེལ་མེད་པར་ངེས་པའོ་ཞེས་པའོ། །དེ་ལྟ་བུའི་གོལ་ཤོར་ནོར་འཕྲང་གི་འགག་སྒྲོལ་ནི། བྱ་བྱེད་མི་དགོས་བྱས་པས་ཟིན་པ་མེད། །བྱ་དང་མི་བྱའི་རྩིས་ལས་འདས་པའོ། །བསྒོམ་མེད་བསྒོམ་པ་ལས་འདས་བསྒོམས་ཀྱང་འཕུང་། །བལྟར་མེད་ལྟ་བ་ལས་འདས་གང་ལ་བལྟ། །བཙལ་མེད་བཙལ་བ་ལས་འདས་རྙེད་པ་མེད། །འདི་ལྟར་རིག་པ་ཟང་མ་ཐལ་བྱུང་དུ། །འདུག་སྟེ་བཤད་ཀྱང་མི་ཉན་མི་དེ་ལ། །རྫོགས་ཆེན་ལས་འབྲེལ་མེད་པ་དགོད་རེ་བྲོ། །གང་ལ་བལྟས་ཀྱང་ཀ་དག་ཀློང་ཆེན་གྱི། །དགོངས་པར་ཤར་བས་འཁོར་འདས་གཉིས་སུ་མེད། །དེ་འདྲའི་དགོངས་པ་གླུ་རུ་བླངས་པ་ལ། །དུས་གསུམ་རྒྱལ་བ་དགྱེས་པར་གདོན་མི་ཟ། །འོ་ན་ཕྱི་རོལ་འཁྲུལ་བའི་སྣང་ཡུལ་དུ། །རང་སར་ཡན་དུ་བཅུག་ནས་སླར་ལ་ཡང་། །འཁྲུལ་བར་མི་འགྲོའམ་ཞེས་བརྗོད་གྱུར་ན། །ཐ་མལ་མི་ཡིས་བདག་ཏུ་བཟུང་བས་འཁྲུལ། །རྣལ་འབྱོར་པ་ཡིས་གཞི་མེད་རྩ་བྲལ་དུ། །ཤེས་པས་བཅོས་བསླད་བླང་དོར་མི་བྱེད་པར། །རང་བབས་འཛིན་མེད་བཞག་པས་མི་འཁྲུལ་ལོ། །ཞེས་གསུངས་ཏེ། བྱ་བྱེད་རྩོལ་སྒྲུབ་ལས་འདས་བྱར་མེད་ཀུན་བཟང་གི་དགོངས་པ་ཀློང་དུ་གྱུར་ནས་ཇི་བཞིན་བསྙེགས་ཚར་དུས་དེ་ལ་གོལ་ཤོར་ནོར་ས་ཞིག་ཡོད་པ་མ་ཡིན། དཔེར་ན་ཐོན་དགོས་སའི་ས་ལ་ཐོན་ཚར་དུས་ལམ་ནོར་དུ་ཨེ་འགྲོ་བསམ་དགོས་པ་མ་ཡིན་ཞིང་མ་ཐོན་གོང་གི་མི་ཐོན་འདུག་ཚེ་ལ་ལམ་ནོར་བ་ཡོད་ཆོག་པ་ལྟ་བུ་ཞིག་ཡིན། དེ་བཞིན་དུ་རྫོགས་ཆེན་ཡེ་གྲོལ་ལྷུན་གྲུབ་ལ་བྱ་བྱེད་བྱས་ཆོས་ཀྱི་རྩོལ་སྒྲུབ་དང་སྒོམ་མེད་སྒོམ་པའི་མཚན་འཛིན། བལྟར་མེད་ལ་ལྟ་བའི་རྩོལ་བ་ལ་སོགས་པ་གཉིས་མེད་ཀྱི་དོན་ལ་གཉིས་འཛིན་གྱི་བྱེད་པ་ཞུགས་བཞག་དུས། དེ་རང་ལ་བཞག་ནས་གཞན་དུ་བཙལ་བཞིན་ཡོད་པས། དེ་འདྲ་བ་ལ་རྫོགས་པ་ཆེན་པོ་ལ་སྔ་འདྲེས་གཅིག་གིས་ཉེ་རུ་མི་འགྲོ་བར་གསུངས་ཤིང་། དེ་ཅན་པོ་གླེན་པ་ཧོན་ལོག་གྱེན་ལ་འགྲོ་ཟེར་ནས་ཐུར་ལ་ཁ་འཁོར་ནས་འགྲོ་བ་ལ་མཚམས་རེར་དགོད་བྲོ་བ་ཡང་འཆོར་འདུག་ཞེས་པ་དང་། མདོར་ན་གང་ལ་བལྟས་གང་ནས་བརྟགས་ཤིང་དཔྱད་ཀྱང་། ཀ་དག་ཀློང་ཆེན་ཡེ་ཟིན་རྩོལ་སྒྲུབ་བྲལ་བའི་གནས་ལུགས་འཁོར་འདས་གཉིས་མེད་ཆོས་ཟད་རྒྱ་གྲོལ་གྱི་དགོངས་པར་འདི་ལྟར་གླུར་བླངས་པ་ལ། དབྱིངས་ནས་དུས་གསུམ་རྒྱལ་བས་ཨ་ལ་ལ་ཧོ་ཞེས་ངོ་མཚར་བའི་བཞད་སྒྲ་དང་བཅས་ཏེ། དགྱེས་པའི་འཛུམ་མདངས་ཕྱུངས་བཞིན་ཡོད་པར་གདོན་མི་ཟ་ཞེས་རྒྱལ་བ་དགྱེས་པའི་ལམ་བཟང་འཁྲུལ་མེད་དུ་བསྟན་པའི་ཞར་ལ་འདི་ནས་དོགས་སློང་ཞིག་བཀོད་པ་ནི། འོ་ན་མ་བཅོས་རང་སར་འཁྲུལ་སྣང་ལ་ཡན་དུ་ཡོད་ཐོག་ལ། ད་རུང་ཡན་དུ་བཅུག་ནས་མ་བཅོས་བསྐྱུར་ན་འཁྲུལ་བར་མི་འགྲོའམ་སྙམ་ན། ཐ་མ་ཐ་མལ་ངོ་མ་ལ་བཟུང་བ་ན་འཁྲུལ་ལོས་འགྲོ་ཡང་། འདི་ཐ་མལ་མ་བཅོས་པའི་དོན་ཏེ། ཐ་མལ་ལ་འཁྲུལ་འབྱམས་སུ་ཐོངས་ཤོག་གསུངས་པ་མ་ཡིན་པར་བཅོས་ཤིང་བཅོས། བསྒྱུར་ཅིང་བསྒྱུར་ནས། ཆུ་དཀྲུགས་ཏེ་རྙོག་པ་ལྟར་དུ་གནས་ལུགས་ཀྱི་རང་གཤིས་རང་བབས་ཀྱིས་མ་བཞག་པར། གཟུང་བྱ་འཛིན་བྱེད་ཀྱི་ཡིད་སེམས་སུ་འཁྲུལ་ནས་གནས་དོན་ལུས་སུ་ཤར་བ་ཡིན། འདིའི་སྐབས་ཀྱི་ཐ་མལ་མ་ཡེངས་མི་སྒོམ་པར་ཡེངས་མེད་འཛིན་པ་བྲལ་བའི་གཤིས་ནམ་མཁའ་ལྟ་བུར་འཇོག་དགོས་པ་ཡིན། སེམས་ཅན་ཐ་ཤལ་བ་མི་ལ་སོགས་པའི་བདག་འཛིན་གྱིས་འཁྲུལ་ལ། རྣལ་འབྱོར་བས་གཞི་མེད་རྩ་བྲལ་གྱི་གནས་ལུགས་ཤེས་ནས། འཛིན་མེད་རང་བབས་སུ་བཞག་བཞག་དུས་མ་འཁྲུལ་བ་ཡིན་ཞེས་པའོ། །དེ་ལྟ་བུའི་མ་འཁྲུལ་དོན་གྱི་གནད་དེ་ཟིན་ན། གོལ་ཤོར་ནོར་ས་མེད་པར་བསྟན་ནས། སླར་ཡང་འཕྲང་བསལ་བའི་ངོ་སྤྲད་པ་གསུངསཔ་ནི། འདི་ལ་གོལ་ས་ཨེ་ཡོད་བརྗོད་གྱུར་ན། །འདི་ལ་གོལ་ས་ནོར་ས་གཅིག་ཀྱང་མེད། །གོལ་ས་ཞེན་ཅིང་ཆགས་ན་ཡོད་པ་ཡིན། །གང་ཤར་ཉིད་ལ་འཛིན་པ་མེད་པ་ནི། །གོལ་སར་ལྟུང་རྒྱུ་ཞིག་ནི་ག་ལ་འོངས། །འོན་ཀྱང་རིག་པ་ཡུལ་ལ་འཆར་དུས་སུ། །གང་ཤར་རྣམ་པར་རྟོག་པའི་ངོ་བོ་ལ། །ལྟ་བ་དེ་ཉིད་བསྒོམ་དུ་འདོད་པ་མིན། །དེ་ཡི་དུས་ཀྱི་རིག་པ་ས་ལེ་བ། །རྗེན་པའི་ཆ་དེ་ཕྱལ་ལེ་སྐྱོང་བའོ། །དེ་ཡང་རིག་པ་འཕྲོ་འདུ་མེད་པ་རུ། །གནས་པའི་དུས་ཀྱི་གནས་ཆའི་མི་རྟོག་པ། །དེ་ཉིད་སྒོམ་གྱི་དངོས་གཞི་མ་ཡིན་ཏེ། །དེ་ཡི་དུས་ཀྱི་ཧྲིག་གེ་སང་ངེ་བའི། །གསལ་དྭངས་ངར་ཆ་དེ་ཉིད་སྐྱོང་བའོ། །གནད་འདི་མ་གོ་འཆར་གནས་གཉིས་ཀ་ལ། །བལྟ་བ་དེ་ཉིད་སྒོམ་པའི་ངོ་བོ་ཡིན། །སྙམ་ན་འཁྲུལ་བར་འགྱུར་རོ་སྙིང་གི་བུ། །གནས་པ་ཙམ་ནི་བསམ་གཏན་ལྷ་དང་འདྲ། །འཆར་བ་ཙམ་ནི་ཐ་མལ་རྟོག་པ་འདྲ། །དེ་ལ་བསྒོམས་ཀྱང་སངས་རྒྱས་འཐོབ་མི་འགྱུར། །ཞེས་གསུངས། ཀུན་བཟང་ས་ལ་མི་བཟང་གཅིག་ཀྱང་མེད་ཅེས་གསུངས་པས། གོང་ནས་བཤད་པ་ལྟ་བུའི་ཀུན་བཟང་དགོངས་པའི་གཏན་སྲིད་ད་ལྟ་ནས་ཟིན་སོང་དུས། ཁྱུང་མཁའ་ལྡིང་ནམ་མཁའ་ནས་འཕུར་ན་གཡང་ལ་ལྷུང་དོགས་མེད་པ་དང་འདྲ་བར་གོལ་ས་ཡོད་པ་མ་ཡིན་ཡང་ཞེན་ཅིང་ཆགས་སོང་ན་གོལ་ཤོར་ནོར་ས་ཚང་མ་ཡོད་པ་རེད། ཀུན་གཞིའི་རྣམ་ཤེས་དང་བཅས་པའི་སེམས་དང་། ཉོན་ཡིད་ཡིད་ཤེས་དང་བཅས་པའི་ཡིད། སྒོ་ལྔ་སོ་སོར་ཞེན་པའི་རྣམ་རྟོག་དང་བྲལ་བ། འོད་གསལ་ཡེ་ཤེས་ཀྱི་ཏིང་འཛིན་ལས་མི་གཡོ་ཞིང་དེའི་རྣམ་པ་མ་དོར་བའི་ཡེངས་འཁྲུལ་འཛིན་པ་དང་བྲལ་བ་དེ་ཐུགས་རྗེའི་གསང་བ་ཡིན་པར་གསུངས་ཤིང་། སེམས་དང་བྲལ་བའི་བསམ་གཏན་གྱི་བག་ཆགས་རང་ཟད་སུ་སོང་བས་གཟུགས་ཁམས་ལ་སྐྱེ་བའི་གནས་མེད། ཡིད་རྟོག་མེད་རྩེ་གཅིག་པ་དང་ཡང་བྲལ་སོང་བས་གཟུགས་མེད་དུ་སྐྱེ་བའི་མཐའ་སྟོང་པ་དང་། རྟོག་བཅས་གཟུང་འཛིན་དང་བྲལ་བས་འདོད་ཁམས་ལ་སྐྱེ་བའི་གནས་མ་ཡོད་པ་སྟེ། བསམ་གཏན་བཞི་དང་འགོག་པའི་ཡེ་ཤེས་རྣམ་པར་མི་རྟོག་པ་སྤང་གཉེན་རང་གི་ངོ་བོ་ཆ་དང་བཅས་པ་རང་དག་ལ་སོང་དུས་རིག་པའི་གོལ་ས་སེམས་དང་དེར་འཛིན་གྱི་བག་ཆགས་དག་པ་ཡིན། སེམས་འགག་ནས་ཡེ་ཤེས་མི་གཡོ་ཞིང་། སྣང་རིག་འཛིན་མེད་ཆེན་པོར་ལ་བཟླ་བ་དེ་གསང་བ་སྙིང་ཐིག་གི་དགོངས་པ་མཐར་ཐུག་ཡིན་ཞེས་པའོ། །དེས་ན་རྣམ་རྟོག་ངོ་ཤེས་པ་དང་རིག་པ་ངོ་ཤེས་པ་གཉིས་ཀ་གཅིག་མིན་ལ། རྣམ་རྟོག་གི་ངོར་བལྟ་བ་དེའང་སྒོམ་སྐྱོན་ཡིན། བལྟ་བྱ་ལྟ་བྱེད་དང་བྲལ་བར་བཞག་ཚེ། དེ་དུས་ཀྱི་རིག་པ་ལ་ངོ་བོ་ངོས་བཟུང་མེད་རུང་། གསལ་སྟོང་བརྗོད་མེད་རང་ངོ་རང་གིས་རིག་པ། རིག་བྱ་རིག་བྱེད་གཉིས་སུ་མེད་པ། རང་གསལ་འཛིན་མེད། གནས་ཆ་ནས་ཡར་ལ་སད། འགྱུ་ཆ་ལ་མ་ཤར་བའི་ཟང་ཐལ་རྗེན་པའི་ངོ་བོ་ས་ལེ་རྗེན་ནེ་སྟེ། གསལ་ས་ལེ་བ། གང་གིས་ཀྱང་མ་བསྒྲིབས་པ་རྗེན་ཡེ་རེ་བ། གཟུང་འཛིན་དང་བྲལ་བའི་ཆ་དེ་ཕྱལ་ལེ་བའམ་ཤར་བ་མཉམ་བརྡལ་རྗེན་པ་སྟེ། དེ་ཉིད་བར་མེད་དུ་བསྐྱང་དགོས། གནས་དུས་ཀྱི་མི་རྟོག་པ་མུན་ནེ་བ་དེ་ཡང་རྫོགས་ཆེན་གྱི་སྒོམ་ངོ་མ་མིན། དེ་དུས་ཀྱི་ཧྲིག་གེ་བ། ཟང་ཐལ་ལེ་བ། སང་ངེ་བ་ལ་སྒྲིབ་པ་མེད་པར་གསལ་གདངས་ངར་དང་བཅས་པ་ཁོང་ནས་འཆར་གསུངས་ཡོད་པས། དེ་ལྟ་བུའི་ཞི་ལྷག་ཟུང་འབྲེལ་གྱི་ཉམས་ལེན་གྱིས་ཟང་ཐལ་རིག་པའི་ཡེ་ཤེས་རྗེན་ལ་ཕུད་དུས། སྤྲིན་མེད་ཡེ་དག་གི་ནམ་མཁའི་ཁམས་ལ་བལྟས་པ་དང་འདྲ་བར་གཤིས་ལ་འཁོར་བ་ཞེས་པ་ཞིག་ཡེ་ནས་ཡོད་མ་མྱོང་བའི་གནས་ལུགས་ཀྱི་རང་ངོ་མཐོང་ནས་སྲིད་གསུམ་ཀ་དག་གི་དགོངས་པ་དྲི་མེད་རྣམ་དག་ཆེན་པོ་མངོན་དུ་གྱུར་པ་ཡིན། གནད་འདི་མ་གོ་བར་འཆར་གནས་གཉིས་ཀ་ལ་ལྟ་འདུག་པ་དེ་ནི་བསྒོམས་ཀྱང་སངས་རྒྱས་འཐོབ་རྒྱུ་མེད་པའི་འཁོར་བའི་སེམས་ཡིན། རྒྱུ་དེར་འབྲས་བུ་དེ་དང་འདྲ་བ་ཞིག་མ་གཏོགས་ཡོད་དོན་ཡོད་པ་མ་ཡིན་ཞེས་པ་དང་། ཀུན་མཁྱེན་འཇིགས་གླིང་གིས་ཀྱང་། སེམས་གསལ་སྟོང་ཞི་གནས་འཛིན་པ་ཅན། །ཡིད་རྟོག་དཔྱོད་ཀྱི་ལྷག་མཐོང་གཡོ་འཕྲུལ་པོ། །དབྱིངས་ལུང་མ་བསྟན་གྱི་བྱར་མེད་གསུམ། །འདི་གསུམ་པོ་རྫོགས་ཆེན་ཁྱུ་ནས་བུད། །ཅེས་དང་། སྒོམ་དྲན་འཛིན་གཉེན་པོའི་འཆིང་བ་དང་། །བློ་ཆེད་འཛིན་བྱས་པའི་སྟོང་ཉམས་ཅན། །བློ་གོལ་ཡུལ་འདྲེས་པའི་རྗེས་འདེབས་གསུམ། །ཁྱོད་གསུམ་ཡང་རྫོགས་ཆེན་ཁྱུད་ནས་བུད། །ཅེས་པ་དང་། སེམས་འདུ་ཤེས་བྲེང་པོའི་ལྟ་སྒོམ་དང་། །བློ་གོ་རར་འཐུམ་པའི་ཉམས་ཞེན་དང་། །ཡིད་མྱོང་ཤེས་དྲི་མས་སྦགས་དེ་གསུམ། །ཁྱོད་གསུམ་ཡང་རྫོགས་ཆེན་ཁྱུད་ནས་བུད། །ཅེས་པ་སྟེ་མདོར་ན་གསུམ་གསུམ་དགུ་ཡིས་རྫོགས་ཆེན་གྱི་ཁྱུ་ནས་ཕུད་ཡོད་པ་ཡིན། མདོར་བསྡུས་ན་བཅས་བཅོས་མེད་པར་སྟོང་ས་ལེར། ཡང་ཁྲོལ་ལེར་ཡེངས་མེད་འཛིན་མེད་དུ་བསྐྱང་དགོས་པ་ཡིན། འདི་ནས་དོན་བསྡུས་ནས་གསུངས་པ་ནི། མདོར་ན་གང་གི་དུས་སུའང་རིག་པའི་ཆ། །རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ། །ཀློང་དུ་མ་གྱུར་བར་དུ་ས་ལེར་སྐྱོངས། །གྱུར་ནས་དེ་ཡི་ངང་ལ་འབྲལ་མེད་གྱིས། །ཁྲེགས་ཆོད་ལྟ་བའི་གནད་འགག་རིག་པ་ནི། །རྗེན་ལ་ཕུད་ནས་ས་ལེར་སྐྱོང་བ་ལ། །ཟེར་བས་གནད་འདི་ཁོ་ན་གལ་ཆེ་སྟེ། །འདི་ནི་ཚིག་བརྒྱའི་མདོ་འགགས་ཡིན་པས་ན། །སྐལ་ལྡན་སྙིང་གི་བུ་རྣམས་ཤེས་པར་གྱིས། །ཞེས་གསུངས་ཏེ། མདོ་ཚུར་བསྡུས་ན་འཆར་གནས་གང་གི་དུས་སུའང་། རིག་ཆ་མ་འགགས། གསལ་གདངས་ངར་དང་བཅས་པ། ཟང་ཐལ་རྗེན་པ། ཤེལ་གོང་དྭངས་པ་འདྲ་བ་ཞིག་ཡོད་པ་དེའི་ངང་དང་མི་འབྲལ་བ་གྱིས། བསྒོམ་པ་མི་གཙོ་གོམས་པ་གཙོ། གོམས་པ་ཀློང་དུ་གྱུར་ན་སྒོམ་པའི་མཆོག་ཡིན་པར་གསུངས་པས། ནམ་ཞིག་ཀློང་དུ་གྱུར་དུས་རིག་པའི་ཆོས་ཉིད་དེ་བཞིན་ཉིད་དེའི་ངང་ལ། ཆོས་ཅན་རང་ངོས་སྟོང་པ་དང་། ཆོས་ཉིད་གཞན་ངོས་སྟོང་པ་ཟེར་འདུག་རྒྱུའི་བློས་བཀོད་ཀྱི་གྲུབ་མཐའ། མདོ་ཕྱོགས་ཀྱི་ལྟ་བ་ཐམས་ཅད་ཚུགས་མི་ཐུབ་པར། རང་གྲོལ་རྗེས་མེད་དུ་ཞིག་ནས། ཡུལ་སྣང་རིག་པའི་ངོ་ལ་མི་འགག་ཅིང་། རིག་པ་ཡུལ་ཐོག་ལ་མི་འདྲེས་པར་རྗེན་ལ་བུད་པ་ཡིན། དེ་བུད་དུས་གཟུང་འཛིན་འཁོར་བའི་སྣང་ཞེན་ཐམས་ཅད། ཆུ་ལ་རི་མོ་བྲིས་པ་དང་འདྲ་བར་སྤོང་གཉེན་རང་གྲོལ་ལ་བུད་འགྲོ་བ་ཡིན་ཞེས་གསུངས་ཤིང་། སྤྱིར་རིག་པ་ཞེས་པ་ཙམ་གྱི་གོ་དོན་གཅིག་པ་མ་རེད། འདིའི་སྐབས་ལ་གོ་དོན་གྱི་བརྡར་ཤ་འབྱེད་རྒྱུ་ཞིག་ལ། རྗེ་རིན་པོ་ཆེའི་ལམ་རིམ་གྱི་ནང་ན། གང་དག་སེམས་མི་རྟོག་པར་གནས་པའི་རིག་པའི་གསལ་ཆའི་ངར་མེད་པ་ཞི་གནས་དང་། གསལ་ཆའི་ངར་ཡོད་པ་ལྷག་མཐོང་དུ་འདོད་པ་རྣམས་མི་རིགས་ཏེ་གསུངས་ནས། སྒྲུབ་བྱེད་ཀྱི་ལུང་གིས་གསལ་བར་མཛད་ཡོད་ཀྱང་། རིག་པ་ཟེར་ཚད་པོ་རིག་པ་གཅིག་མ་ཡིན། ཚིག་གཅིག་ཀྱང་དོན་ཁ་ཁ་ཡིན། སྐབས་སོ་སོའི་ཆོས་སྐད་དང་སྦྱར་དགོས་པ་རེད། དེ་རྫོགས་ཆེན་བཤད་པའི་སྐབས་མ་རེད། གསལ་ཞིང་རིག་པ་སེམས་ཀྱི་མཚན་ཉིད་ཅན་པོའི་རིག་པ་དེ་ལ་གསུངས་པ་རེད། ཇི་ལྟར་གསུངས་པ་རེད་ཟེར་ན། དེའི་གོང་ངོ་མ་དེ་ན་ཤེར་ཕྱིན་མན་ངག་དང་ས་སྡེའི་དགོངས་པ་དང་མཐུན་པར་སྒོམ་རིམ་བར་བའི་ལུང་ཞིག་དྲངས་ནས། ཤིན་ཏུ་སྦྱངས་པ་དང་ལྡན་པའི་སེམས་ཉིད་ལ་གནས་པ་ནི་ཞི་གནས་ཞེས་བྱ། ཞི་གནས་དེ་ཉིད་ལ་གནས་པའི་ཚེ་ན་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་པར་གསུངས་ཤིང་། དེ་ཁོ་ན་ཉིད་དེ་གང་ཡིན་པ་རེད་ཟེར་ན་དེ་ནི་རྫོགས་ཆེན་སྐབས་ཀྱི་རིག་པ་རང་བྱུང་གི་ཡེ་ཤེས། སྔགས་བླ་མེད་ཀྱི་ཆོས་སྐད་ལ་སེམས་ཀྱི་རྡོ་རྗེ་དང་། གཉུག་མ་དོན་གྱི་ཡེ་ཤེས་ལ་སོགས་པའི་ཐ་སྙད་ཀྱིས་ཁྱད་པར་དུ་བྱེད་པ་དེ་ཡིན། དེ་བཞིན་དུ་ཡང་ས་སྐྱ་པཎ་ཆེན་གྱིས། ལྟ་དེ་སྤྲོས་པ་ཅན་དུ་འགྱུར་ལ་སོགས་པ་འདི་ཚོ་ཐམས་ཅད། དགོངས་པའི་གནད་གསང་ལེན་ཤེས་ན་མཁས་པའི་རྣམ་བཤད་དང་གྲུབ་པའི་ཉམས་མྱོང་ཐམས་ཅད་ཕྱོགས་གཅིག་ཏུ་འབབ་ཡོད་པ་རེད། གངས་ལྗོངས་འཇམ་དབྱངས་རྣམ་གསུམ་གྱི་གསུང་ལ་འགལ་འདུ་ཞིག་གང་ནས་ཡོང་སྟེ་འགལ་འདུ་ལྷག་པ་མ་རེད། ཡིན་ན་ཡང་གཞུང་གང་བཤད་ནའང་། རང་ལུགས་བཞིན་དུ་བཀྲལ་ཅིང་གཏན་ལ་ཕབས་ཏེ། མཐར་རང་རྒྱུད་ཉམས་ལེན་གྱི་གདམས་པ་གནད་གཅིག་ཏུ་དྲིལ་ནས། རྒྱུད་མ་རུངས་ཉོན་མོངས་ཀྱིས་འཁྲུལ་བའི་ཀུན་རྟོག་འདིའི་ནད་ཐོག་གི་སྨན་རེད་སོང་དུས་དེས་ཆོག་པ་ཡིན། ཐོས་བསམ་གང་བྱས་དེ་སྒོམ་པ་ཉམས་ལེན་གྱི་གནད་དུ་བསྡུས་པ་དེ་ཉིད་བཅུད་དུ་དྲིལ་ཏེ། རང་ཉམས་ལ་ཕན་ནུས་ལྡན་སོང་ན་གང་ཟག་སྐལ་ལྡན་བློ་ཆེན་འདི་ནས་སྙིང་གི་བུ་རྣམས་དེ་ལྟར་ཤེས་པར་གྱིས་གསུངས་ས་དེ་ཡིན་སྙམ། དེ་ཡན་ཆད་ཀྱིས་ལྟ་སྒོམ་སྤྱོད་གསུམ་གྱི་གནད་གཙོ་བོར་བསྟན་པ་ཡིན། དེ་རིང་འུ་ཚོས་སྐལ་ལྡན་སྙིང་གི་བུ་རྣམས་ཤེས་པར་གྱིས་ཞེས་པའི་མཚམས་འདི་ནས་བཞག་སྟེ། ཆོས་ཁྲིད་རྗེས་མར་འབྲས་བུ་གཙོ་བོར་སྟོན་པ་མི་ནོར་བའི་ཐིག་ཆེན་བཞི་དང་། མི་འགྱུར་བའི་གཟེར་ཆེན་བཞི་ལ་སོགས་པ་ནས། ཀ་དག་ཁྲེགས་ཆོད་ཀྱི་དོན་བསྟན་པའི་མན་ངག་འདིའི་གཞུང་རེ་ཞིག་མཇུག་འདྲིལ་ས་ལ་ཐོན་རྩིས་བྱེད་གི་ཡོད་པ་རེད། དེ་འདྲ་ཡིན་དུས་ཞབས་དཀར་ཚོགས་དྲུག་རང་གྲོལ་ཚང་གིས་འདི་ནས་ཚིགས་ལྷུ་རེའི་མགོ་ལ་ཨེ་མ་ཧོ་ཞེས་པའི་ངོ་མཚར་བའི་ཚིག་རེ་རེ་རེ་རེ་སྦྱར་ནས། དེ་དང་མཉམ་དུ་སྐལ་ལྡན་སྙིང་གི་བུ་གསུངས་ནས་བོས་ཏེ། ཁྱེད་ཅག་གིས་ཅིག་ཉོན་དང། ཁོང་གིས་གདམས་པ་མན་ངག་གི་གསང་བའི་ཚིག་ཟབ་མོ་ཞིག་སྙིང་གཏམ་སྙིང་གི་བཅུད་དུ་མ་སྦས་ལྷུག་པོར་བཤད་ནས་ཁྱེད་ཅག་ལ་སྟོན་ཞེས་གསུངས་པ་རེད། དེ་ཡང་འདི་མ་མཐོང་རྒྱང་གི་གཏམ་རྒྱུད། ལྷ་ཡུལ་ལྷ་ཡི་ལོངས་སྤྱོད་ཀྱི་ལྷ་སྒྲུང་བཤད་པ་འདྲ་འདྲ་ཡིན་པ་མ་རེད། གང་ཟག་རེ་རེའི་རྒྱུད་ན་རེ་རེ་ཡོད་པའི་རིན་ཆེན་ནོར་བུའི་གཏེར་མཛོད་ཅིག་དང་འདྲ་བ། རང་ལ་ཡོད་པ་རང་གིས་མ་ཤེས་པར་ཁ་ཕྱི་ལ་འཁོར་ནས། ཕྱི་ནས་བདེ་སྐྱིད་ཅེས་པ་དངོས་པོའི་ལོངས་སྤྱོད་ཅིག་གིས་བསྒྲུབ་རྒྱུ་ཡོད་སྣང་ཤར་ནས་ལམ་ལོག་པར་གཞོན་ནས་རྒ་བའི་བར་ལ་སོང་ཞིང་། ད་རྒས་ནས་འཆི་ས་ལ་ཐུག་ནས་འཆི་ས་མིན་པར་འགྲོ་ས་མེད་པའི་ལམ་སྣེ་ཟད་ས་ལ་ཐུག་ནས་ཡོད་འདུག་ཨ་རོགས་ཚོ། དེ་ནས་ད་རུང་དེ་བཞིན་དུ་ལོང་འགྲོས་བྱས་ཏེ་སྨྱོ་ལྡིང་གཟའ་ལྡིང་མ་བྱེད། སྔུན་ན་ཡོད་པའི་མཐའ་མགོའི་གཡང་ས་ནས་ལྷུང་ཆས་རེད། ཁ་ཚུར་འཁོར་ནས་འདིར་ཤོག་དང་རང་གཞན་འདི་ཕྱིའི་དོན་ཆེན་གྱི་གླེང་མོལ་ཞིག་འདི་ནས་བྱེད། ནང་རང་གི་སེམས་ཉིད་ཀྱི་སྟེང་ནས་གཏན་བདེའི་གཞི་རྩ་ཚུགས་པའི་གནད་གསང་རྩ་ཆེན་ཞིག་ཁྱོད་ལ་བསྟན་པར་བྱ། བདེ་སྐྱིད་གསར་བའི་སྒོ་འཕར་གྱི་ལྡེ་མིག་ཅིག་ཁྱོད་ལ་གཏད་དོ་ཞེས་གསུངས་པ་ཡིན། བདེ་སྐྱིད་ཕྱི་ནས་རྙེད་རྒྱུ་མེད་པའི་ཁོ་ཐག་དེ་སྔའི་འབད་པ་བྱས་པ་དེ་ལས་རང་རོགས་ཚང་མས་ཤེས་པ་རེད། ནང་སེམས་ཀྱི་ཟག་མེད་ཀྱི་བདེ་བ་རྙེད་སོང་བ་ཡིན་ན་གང་སྣང་དག་པའི་སྣང་བ་དང་། མི་བདེའི་སྡུག་བསྔལ་གྱི་མིང་ཙམ་ཡང་མེད་པ་ཞིག་ལ་འགྱུར་བ་ནི། སེམས་འདིའི་སྦྱོང་བརྡར་གྱི་ཐོག་ནས་རང་གིས་རྙེད་དགོས་པ་དེ་བསྟན་པ་ཡིན། རྫོགས་པའི་སངས་རྒྱས་ཐམས་ཅད་ཀྱིས་སྒོམ་བརྒྱབ་ནས་སངས་རྒྱས་ཐོབ་སོང་བ་རེད། སྔོན་བྱོན་གྲུབ་པའི་རིག་འཛིན་ཐམས་ཅད་ཀྱིས་ཀྱང་སྒོམ་བརྒྱབ་ནས་གྲུབ་པ་ཐོབ་སོང་བ་རེད། རྗེ་བཙུན་མི་ལ་རས་པའི་རྣམ་ཐར་ལ་རང་རོགས་ཚང་མས་བལྟས་མྱོང་བ་རེད། ཁོང་གིས་ཀྱང་སྒོམ་བརྒྱབ་ནས་གྲུབ་པ་ཐོབ་སོང་བ་རེད། རྗེ་བཙུན་མི་ལ་རས་པ་དང་པོ་ཁྱིམ་ན་ཡོད་སྐབས། ཅི་འདྲ་འདྲའི་མི་རྟ་མང་པོ་ཞིག་བསད་པ་རེད། དེ་ནས་ངེས་པར་འབྱུང་ནས་མཚན་ལྡན་བླ་མའི་ཟབ་ཁྲིད་གདམས་པ་ལ་བརྟེན་ཏེ། བརྩོན་འགྲུས་དྲག་པོ་མདུང་ཐུང་སྙིང་ཀར་ཚད་ཀྱང་ཕྱིར་བཀྱེད་མེད་པའི་སྟེང་ནས་སྒྲུབ་ལ་སྙིང་རུས་མཛད་དེ་སྒོམ་བརྒྱབ་ནས་གྲུབ་པ་ཐོབ་སོང་བ་རེད། མི་སོ་སོ་ལ་མིང་གི་ཆེ་ཆུང་ཡོད་དང་། ཐོབ་ཀྱི་མཐོ་དམན་དང་། ལོངས་སྤྱོད་འབྱོར་བའི་འཁོས་ཀ་བཟང་ཞན་ཡོད་པ་དང་། དེ་བཞིན་དུ་རིགས་རྒྱུད་ཕོ་མོ་ལ་སོགས་པ་སྣ་ཚོགས་ཡིན་ཡང་། སངས་རྒྱས་རུང་འཁོར་བ་སྤང་རུང་གི་གཞི་རྒྱུད་བདེ་བཤེགས་སྙིང་པོ་ཡོད་ལུགས་གཅིག་པ་ཡིན་ལ། དེ་ཡང་བཟང་ངན་མེད་པར་སུས་བསྒོམས་ན་དེ་སངས་རྒྱས་འགྲོ་བ་རེད། སུས་ཞེན་ཅིང་ཆགས་ནས་ཞེན་ཆགས་ཀྱི་ཨ་འཐས་སོང་བ་ཡིན་ན་དེ་འཁོར་བར་འཁྱམས་འགྲོ་བ་རེད། ད་སྒོམ་རྒྱག་རྒྱུ་འདི་ལ་རྒྱུ་འགྲོ་མི་དགོས། ཟས་ཚགས་མི་འགྲོ། ཞབས་དཀར་ཚང་གིས་ངོ་མཚར་བའི་ཚིག་གི་སྣ་དྲངས་ནས་མ་གཏོགས་གསུངས་མི་བྲ་རྒྱུ། ངོ་མཚར་གྱི་དོན་རྨད་དུ་བྱུང་བ་དེ་གསུངས་དུས་འོ་ཅག་གིས་ཤ་རྩ་ཞིག་རྔུལ་བའི་དཀའ་ལས་རྒྱག་མི་དགོས་པར་ལོངས་སུ་སྤྱོད་ཆོག་པ་རེད། སྒོམ་ཟེར་ན་སྐྱིད་པའི་ལོངས་སྤྱོད་ཟག་མེད་ཀྱི་བདེ་བ། སེམས་ཀྱི་བདུད་རྩིའི་རོ་བཅུད་ཅིག་མྱངས་པ་རེད། དེས་ན་ཐམས་ཅད་ཀྱིས་སྒོམ་རྒྱག་དགོས་པ་རེད། དབེན་པའི་རི་ནས་བསྒོམ་ན་བཟང་པ་རེད། ཁྱད་པར་དུ་དམ་པས་བྱིན་གྱིས་བརླབས་པ་ཏིང་འཛིན་རང་ཤུགས་ལ་སྐྱེས་པའི་ས་ཆ་ཡོད་པ་རེད། དེ་ཚོ་ནས་བསྒོམ་ན་བཟང་བ་རེད། རེད་ཀྱང་འདི་འདྲ་མང་པོ་ཚོགས་པའི་དགེ་འདུན་འདུས་པའི་བཞུགས་གྲལ་ནས། འདུས་པ་མང་ཚོགས་དང་མཉམ་དུ་བསྒོམས་ན་དགེ་འདུན་འདུས་པའི་བྱིན་རླབས་རྐྱང་བས་ཀྱང་ཉམས་རྟོགས་ཀྱི་ཡོན་ཏན་མ་སྐྱེས་པ་སྐྱེད། སྐྱེས་པ་ན་འཕར་བའི་ནུས་སྟོབས་ཀྱི་ཁྱད་པར་བསམ་གྱིས་ཅི་ལ་ཁྱབ། འདི་འདྲའི་མཐུན་རྐྱེན་འཛོམ་རྒྱུ་ཡང་། ནམ་ཡིན་ན་འཛོམ་རྒྱུ་དཀའ་མོ་ཡིན། འདི་ལ་ཐུག་རྒྱུ་དཀའ་བ་རེད། མཇལ་རྒྱུ་དཀོན་པ་རེད། བྱ་བརྒྱ་འུར་རྡོ་གཅིག་གིས་དཀྲོགས་པ་དང་འདྲ་བར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་ཁྱུ་འདེད་བྱེད་གསུངས་རྒྱུ་ཞིག་དང་། ཚོམ་བུ་འབུམ་དང་བཅས་པ་མངོན་སངས་རྒྱས་པའི་ལོ་རྒྱུས་དང་། ཡང་ཚོམ་བུ་ཚོགས་སྒྲུབ་ཚོའི་སྐབས་ལ་དྲོད་ཉུལ་བ་དང་། ནམ་ཚོད་འཛིན་པའི་བྱ་དང་། ཁ་བཞོ་ཡི་མཛོ་མོ་ནས་བཟུང་སྟེ། རིག་འཛིན་གྱི་ས་ལ་འཁོད་རབས་དང་བཀོད་རབས་ཀྱི་ལོ་རྒྱུས་དེ་ཚོ་གཞི་མེད་ཅིག་ཅི་ལ་ཡིན། གསང་སྔགས་གསར་རྙིང་གི་རིས་སུ་མ་ཆད་པའི་གྲུབ་བརྙེས་རིག་འཛིན་གོང་མ་རྣམ་པའི་དགོངས་སྤྱོད། མ་སྒོམ་མངོན་སངས་རྒྱ་བའི་མྱུར་ལམ་ལ་སུས་སྐུར་བ་འདེབས་ཐུབ། སློབ་དཔོན་དབྱིག་གཉེན་གྱི་མདོའི་ཞལ་འདོན་གསུང་བཞིན་ཡོད་པ། ཉིན་ལྟར་གདུང་གསེབ་ཀྱི་ཕུག་རོན་ཞིག་གིས་གོ་བའི་བྱིན་རླབས་ཀྱིས། ཕུག་རོན་གྱིས་མི་རིང་བར་བདེ་འགྲོའི་ལུས་རྟེན་ཐོབ་པས་མ་ཚད་བདེན་པ་མཐོང་རབས་ཀྱི་ལོ་རྒྱུས་ཡོད་པ་དང་། གསང་སྔགས་བཤད་རྒྱུད་དང་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་མན་ངག་ལག་ཁྲིད་ལ་སྒོམ་བཞིན་ཡོད་དུས་དེའི་གྲལ་ལ་བསྡད་པ་ཙམ་ཞིག་གི་ཕན་ཡོན་གྱི་མཐའ་སུས་བཟུང་ཤེས། གོང་གི་ལོ་རྒྱུས་དེ་ཚོ་དུས་བསྐལ་བ་བཟང་དུས་ཀྱི་སྐད་ཆ་ཞིག་རེད། གནའ་དུས་དང་དེང་སང་འདྲ་བ་མ་རེད་བསམ་རྒྱུ་མེད་པར། དེ་རིང་ཁ་སང་དུས་ཚོད་སྙིགས་མའི་སྐབས་ཡིན་ཡང་། ཆོས་སྤྱི་ཡི་བྱིན་རླབས་སུམ་ཆ་ཡལ་བའི་དུས་འདིར། མུན་པ་ཅི་ཙམ་ནག་ན་མར་མེ་དེ་ཙམ་གསལ་བའི་དཔེ་བཞིན་དུ་གསང་སྔགས་ཟབ་དོན་གྱི་བྱིན་རླབས་ལྷག་པར་མྱུར་བའི་དུས་ཡིན་གསུངས་པ་ཡིན། དེས་ན་སྤྲོ་བ་སྐྱེད་ཤིག་དང་སེམས་ཀྱིས་ཐུབ་ན་རིག་འཛིན་གྱི་ཚོགས་གྲལ་རེད། མཉམ་བཞག་ཐུན་རེ་རེའི་དུས་ཚོད་སྐར་ཆ་རེ་རེ་ཡང་གསེར་དང་དངུལ་གྱི་རིན་ཐང་གིས་གཞལ་ཐབས་མེད་པའི་གོ་སྐབས་བཟང་པོ་ཚེས་པའི་དུས་ཚོད་རེད། འདི་བཞིན་དུ་དམ་ཚིག་གཙང་མ་ཞིག་མཐར་ཕྱིན་པ་ཡིན་ན། ཕྱི་མར་ཚོམ་བུ་གཅིག་ཏུ་མངོན་འཚང་རྒྱ་བའི་རྟེན་འབྲེལ་ཡོད་པ་རེད། སྒོམ་རྒྱག་རྒྱུ་འདི་ལ་དཀའ་སྣང་དང་མི་བདེ་བའི་སྣང་བ་ཤར་འདུག་པ་འདི། གཅིག་ན་སྒོམ་རྒྱག་མི་ཤེས་པ་དང་། གཉིས་སུ་མ་ལོབས་པས་ཡིན་པ་རེད། འདི་སླ་མོ་ཡིན་པའི་ཚོད་ཀྱིས་སྒོམ་མི་དགོས་པ་དང་འདྲ་བས། རྩོལ་མེད་རང་བཞག་གི་སྒོམ་ལ་སླ་ཆེས་ནས་ཕར་རྒྱབ་ལ་མཆོངས་སོང་བའང་ཡོད་པ་རེད། དེ་ནི་སླ་བས་ཡིད་མ་ཆེས་ནས་སེམས་ཀྱི་གསང་གནད་ངོ་མ་འཛིན་མ་ཤེས་པས་ཡིན་པ་རེད། ལུས་སེམས་གཉིས་ཀ་རང་བབས་སུ་བཞག་ནས་རང་ངོ་མ་བཅོས་པར་བསྐྱང་རྒྱུ་དེ་ལ་རྫོགས་ཆེན་གྱི་སྒོམ་གྱི་གནད་མང་ཤོས་འདུ་བ་ཡིན། དེ་ལ་དཀའ་ལས་ཤིག་མི་དགོས་པ་རེད། རྣམ་རྟོག་གཅིག་རྔ་གཅིག་མཐུད་ཀྱིས་དུས་གསུམ་གྱི་སྔོན་བསུ་རྗེས་དཔྱོད་མང་པོ་ཞིག་བྱེད་འདུག་དགོས། བྱ་བཞག་མང་པོའི་སེམས་ཁུར་དེ་སྤྲིན་ཁ་འཚུབས་པ་འདྲ་ཞིག་དགོས་ན་དེའི་དཀའ་བ་རེད། དཀའ་ནས་འགའ་རེས་མ་བཟོད་པར་རང་སྲོག་ལྕེབས་པ་ཡང་ཡོད་པ་ཡིན། བྱ་བྱེད་སེམས་ཀྱི་ཁུར་བོ་ཐམས་ཅད་ཕོག་ནས། མཉམ་བཞག་གཡོ་བ་མེད་པའི་བསམ་གཏན་གྱི་ངང་ལ་གནས་རྒྱུ་འདི། ཐོག་མེད་ཀྱི་དུས་ནས་ངལ་བ་བརྒྱ་ཕྲག་གིས་དཀའ་ནས་ཐང་ཆད་པའི་སེམས་ཀྱི་ངལ་གསོ་ས་ཞིག་ཡིན་པ་རེད། འོན་ཀྱང་ཐོག་མེད་ནས་གོམས་སོང་བའི་བག་ཆགས་ངན་པའི་ཤུལ་ལ་ཤོར་ནས་སྒོམ་རྒྱག་ཚེ་རྣམ་རྟོག་འདི་མི་ཆོད་པ་དེ་དཀའའོ་སྙམ་ན། དེ་ཡང་རང་གིས་རང་ལ་དཀའ་ལས་ཀྱི་ཁུར་བོ་མི་དགོས་རྒྱུ་ཞིག་འགེལ་བཞིན་ཡོད་པ་རེད། མི་གསོན་པོ་ལ་རྣམ་རྟོག་མི་སྐྱེས་ས་གང་ནས་འགྲོ། རྣམ་རྟོག་སྐྱེས་ཀྱང་སྐྱོན་པ་མ་ཡིན། རྣམ་རྟོག་ཆོས་ཉིད་ཀྱི་རྩལ་རེད། སྐྱེ་ན་སྐྱེས་སར་ཞོག མ་སྐྱེས་ན་མི་སྐྱེས་སར་ཞོག གནས་ན་ཆོས་ཉིད་ཀྱི་ངོ་བོ་ཡིན་པ་རེད། འཕྲོས་ན་ཡེ་ཤེས་ཀྱི་རོལ་རྩལ་རེད། རྣམ་རྟོག་ལ་རྗེས་མཐུད་མ་བྱེད། རྗེས་དེད་སོང་ན་ཆུ་འཁྱག་རོམ་ལ་འགྱུར་བ་དང་འདྲ་བར་འཁྲུལ་བར་འགྱུར་བ་ཡིན། རང་གར་ཞོག་དང་རང་གྲོལ་དུ་འགྱུར་འགྲོ་བ་རེད། ཆོས་ཉིད་རང་བབས་ཀྱི་ངང་ལ། རྩོལ་མེད་དུ་རང་བཞག་བྱས་དུས་རྣམ་རྟོག་ཟེར་རྒྱུའི་བཙོག་པ་ཞིག་ཟུར་ན་ལྷག་ནས་བསྡད་ཡོད་པ་མ་རེད། རྣམ་རྟོག་ལ་བཙོག་བལྟས་བྱས་ཏེ་དེ་བཀག་རྒྱུའི་འབད་པ་བྱེད་མ་དགོས་དུས་དེ་སླ་གི་དེ་ཅི་མི་དཀའ་གི བརྡ་ཤེས་པའི་ཐ་སྙད་ལས་དང་པོ་བ་ལ་གོ་བརྡ་སྤྲོད་རྒྱུའི་དོན་དུ། སྣང་ཚུལ་གྱི་དབང་དུ་བྱས་ཏེ། ཆོས་ཅན་དང་ཆོས་ཉིད། འཁྲུལ་དང་མ་འཁྲུལ་བ་ཞེས། ལྡོག་ཆ་རེ་རེ་ནས་བཤད་པ་མ་གཏོགས། གནས་ཚུལ་དབང་བཙན་དུ་བྱས་པ་ཡིན་ན། གཉིས་ཆོས་ཀྱི་མཚན་མ་ཡེ་ནས་མ་གྲུབ་པ་ཟུང་འཇུག་རོ་མཉམ་ཆེན་པོ། སྤྲོས་བྲལ་ཐིག་ལེ་ཉག་གཅིག་གི་ཀློང་དུ་ལ་བཟླ་བའི་ནང་ལ་མ་འདུས་པ་ཞིག་ཡོད་པ་མ་རེད། དག་སྣང་དང་མོས་གུས་ལྡན་པའི་ལས་ཅན། དབང་བཞི་བའི་ཡེ་ཤེས་བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་འཕྲོད་པ་ཞིག་གིས། འབད་མེད་ཡེངས་པ་མེད་པའི་རྩོལ་བྲལ་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དུ་འཇོག་པ་ལ་མི་ཤེས་རྒྱུ་ཞིག་མེད་པའི་སྟབས་ཀྱིས་འདི་ཉིད་ཤེས་ན་བ་གླང་རྫི་ཡང་གྲོལ་ཞེས་གསུངས་ཤིང་། ཤེས་བྱའི་ཡུལ་ཆེ་བས་སྤྲོས་ལ་འཆེལ་སོང་བ་ཡིན་ན་མིང་པཎྜི་ཏ་ཡིན་ཡང་ཕན་ཐོགས་མེད་པས། འདི་ཉིད་མ་ཤེས་པཎྜི་ཏ་ཡང་འཁྲུལ། །ཞེས་གསུངས་པ་ཡིན། དེ་ལ་པཎྜི་ཏ་ཡང་འཁྲུལ་ན་རང་གའོ་སྙམ་ནས་ཁྲེལ་དུ་མེད་དེ། ཚིག་ལ་མཁས་ན་མཁས་པ་མ་ཡིན་ཏེ། །མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན། །ཞེས་གསུངས་པའི་ཕྱིར་ན། དོན་ལ་མཁས་པ་མིན་པས་ན་མིང་གི་པཎྜི་ཏ་ཞེས་གོང་ནས་གསལ་ཁ་སྟོན་པ་ཡིན། ཐོས་པ་ཆེ་བ་ཞེས་པ་དེ་ཡང་མང་པོ་ཞིག་ཐོས་མྱོང་བ་ཞིག་ལ་ཟེར་བ་མིན་པར་གང་ཞིག་ཐོས་པ་དེ་ཉིད་རང་རྒྱུད་དུ་སྦྱར་ནས་ཉོན་མོངས་པའི་སྨན་ལ་སོང་བ་ཞིག་ལ་གསུངས་པ་ཡིན་པས་ན། འདིར་བཞུགས་རྣམ་པ་ཐམས་ཅད་ཀྱིས་ཐུགས་ཀྱི་ཞུམ་པ་སྤོངས་ལ་སྤྲོ་སེམས་སྤོབས་ཉམས་དང་ལྡན་པའི་ཐུགས་དམ་ཉམས་ལེན་ལ་འབད་པ་མཛོད་དང་། ཐུན་རེར་སྒོམ་པ་དང་སྐར་ཆ་རེ་རེར་སྒོམ་པའི་ཕན་ཡོན་ཡང་ཚོགས་བསགས་སྒྲིབ་སྦྱངས་ཕལ་གྱིས་དོ་ཟླ་ཡོད་པ་མ་ཡིན། རང་རེའི་ཐེངས་འདིའི་མཉམ་དུ་ཆོས་ལ་སྤྱོད་པའི་དུས་ཚོད་ཀྱི་ཕྱེད་ཀའི་རིང་ས་སོང་ཟིན་ནས་ད་ཐག་ཐུང་སའི་ཉི་མ་རྡོག་མ་ཁ་ཤས་ལས་མེད་པས་བར་ཆད་ཀྱི་འཚེ་བ་མེད་པའི་སྔོན་འཆར་བཞིན་དུ་ཡོངས་སུ་འགྲུབ་ལ་ཉེ་བ་ཡིན། འདི་ནི་ས་འདིའི་བསྟན་འཛིན་འགན་བཞེས་པ་སྡེ་དང་བཅས་པའི་ཐུགས་ཤུགས་ནུས་པའི་རྐྱེན་དང་། སྔོན་རྗེས་ཐོག་བར་མཐའ་གསུམ་གྱི་སྐུ་ཚེགས་འོ་བརྒྱལ་མང་པོ་བརྒྱུད་དེ་བྱུང་བའི་གྲུབ་འབྲས་ཡིན་ལ། འདིར་བཞུགས་ཚང་མ་སྐུ་ཁམས་བདེ་ཐང་གི་ངང་ནས་ཆོས་མཛད་ལེགས་གྲུབ་ཀྱི་མཛད་པ་མཐར་ཕྱིན་ཏེ་ཐག་རིང་ནས་ཕེབས་པ་ཚོ་རང་ཡུལ་གཞིས་ལ་བདེ་འབྱོར་ཡོང་བའི་ཐུགས་འགན་རང་རང་གི་ངོས་ནས་བཞེས་མཛོད་ཅེས་ཞུ་བ་ཡིན། ཆོས་ཁྲིད་རྗེས་མ་ལ་མཇལ་ཡོང་། ད་དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག།

ཐུན་ལྔ་བའི་ཆོས་ཁྲིད།

ཆོས་པ་ཆོས་སྒོར་ཞུགས་པའི་ཐོག་བར་མཐའ་གསུམ་ལ་བློ་ལྡོག་རྣམ་བཞིའི་དམིགས་པ་དང་ནམ་ཡང་འབྲལ་མི་རུང་བའི་སྐོར་དེ་ཆོས་དུང་ནམ་བུས་ལ་བཤད་པ་དང་། དེ་ལས་ཁྱད་པར་དུ་ལས་རྒྱུ་འབྲས་དཀར་ནག་དགེ་སྡིག་གི་སྐོར་འདི་སྤྱིར་གནད་ཆེ་ཞིིང་། ཡང་སྒོས་དེང་སང་གི་དུས་འདིར་གནད་ཆེ་བ་སྟེ། དེ་ཡང་ཇི་ལྟར་ཞེ་ན། འུ་ཚོ་བོད་ཀྱི་ས་ཆ་ནས་མང་ཆེ་བ་ཞིག་གིས་ཚེ་འདི་ཕྱི་ལས་རྒྱུ་འབྲས་ཁས་ལེན་ཞིང་། འོན་ཀྱང་དེའི་ངེས་ཤེས་ཡང་དག་དེ་གཏིང་ནས་མ་འཁྲུངས་ཞིང་རང་རྒྱུད་ཉམས་ལེན་གྱིས་གནད་དང་སྦྱར་མ་ཐུབ་པ་ནི་ནད་དང་སྨན་གཉིས་ཀ་མ་འཕྲོད་པ་དང་འདྲ་བར་ཆགས་པས། དཀར་ནག་དགེ་སྡིག་གི་བླང་དོར་ཕྲ་ཞིབ་ཏུ་མ་ནུས་པར་འདིར་སྣང་འཁོར་བའི་བྱ་བཞག་སྙིང་མེད་ཆུའི་ལྦུ་བ་ལྟ་བུ་འདི་ལ་མགོ་འཁོར་ནས་དོན་ཆེན་གཏན་གྱི་བྱ་བ་དང་། དོན་ཆུང་ཚེ་འདིའི་མནོག་ཆུང་གི་བདེ་བ་གཉིས་ཀ་བརྗེ་བཞིན་ཡོད་པ་འདི་ནི། གནད་ངོ་མ་མ་ཤེས་པར་ཀླད་ཅིག་ལོག་ཡོད་པའི་རྟགས་ཡིན། སོ་སོ་སྐྱེ་བོ་ཡིན་པའི་ཕྱིར་ན་སྡིག་པ་མི་དགེ་བའི་ལས་བསམ་སྦྱོར་གཉིས་ཀས་བསྒྲུབ་མི་ཤོར་བ་ག་ལ་སྲིད། ལྟུང་བ་འབྱུང་བའི་སྒོ་གཙོ་བོ་གཅིག་དེ་མི་ཤེས་རྨོངས་པའི་གཞན་དབང་དུ་སོང་བས་ལོས་ཡིན། ལས་ཞེས་པ་དེ་ནི་སྣ་ཚོགས་པ་སྒྱུ་མའི་འཕྲུལ་འཁོར་དང་འདྲ་བའི་རྣམ་གྲངས་མང་པོ་ཅན་ཞིག་ཡིན་པས། མཐོང་ཆོས་མྱོང་འགྱུར་གྱི་ལས། སྐྱེས་ནས་མྱོང་འགྱུར་གྱི་ལས། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ལ་སོགས་པ་སྟེ། དེ་དག་ཀྱང་རང་དགར་མི་བམ། མི་རུལ། མེད་པར་མི་འགྱུར་བ་ལ་སོགས་པ་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་ཡོད་པ་ཡིན། འོན་ཀྱང་ལས་དེ་དག་གང་ཡིན་ཡང་གཉེན་པོ་སྟོབས་བཞིས་བཤགས་པ་བྱས་ན། བཤགས་པའི་སྟོབས་དེས་ཉི་མས་བ་མོ་བཞུས་པ་དང་འདྲ་བར་ཇེ་སྲབ་ཏུ་འགྲོ་བ་དང་། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས་ན། ཉི་མས་མུན་པ་བསལ་བ་དང་འདྲ་བར་སྡིག་པ་རང་དག་ལ་འགྲོ་བ་ཡིན། དེ་བཞིན་དུ་སྟོང་པ་ཉིད་ལ་བློ་བཞག་པའི་ཉམས་ལེན་སྒོམ་པའི་ཐབས་ཀྱི་མན་ངག་ཟབ་མོ་དང་འཕྲད་སོང་བ་ཡིན་ན། ཚེ་འདིའི་སྟེང་ནས་སྲིད་རྩ་དྲུངས་ནས་འབྱིན་ཏེ། རང་གཞན་དོན་གཉིས་འགྲུབ་པའི་གཏན་སྲིད་ཟིན་ནས་ལས་དགེ་སྡིག་གི་ཕན་གནོད་མེད་པའི་སར་ཡང་ཕྱིན་ཏུ་ཡོད་པ་ཡིན། དེ་ཡང་དོན་དམ་དཔྱོད་པའི་རིག་ངོ་ན་ལས་རང་བཞིན་གྱིས་མ་གྲུབ་པ་ཡིན་པས་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་ལས། ལས་ནི་རྣམ་པར་རྟོག་པ་ལས་འབྱུང་གི་རྣམ་པར་མི་རྟོག་པས་ནི་མ་ཡིན་ནོ་ཞེས་གསུངས་པ་ཡིན། དེ་ལྟ་བུའི་རྒྱུ་འབྲས་ཀྱི་འགྲོས་དེ་ངེས་པའི་སྟེང་དེ་ནས། བློ་ལྡོག་སྔོན་མ་དལ་འབྱོར་རྙེད་དཀའ་དང་ཚེ་མི་རྟག་གཉིས་ཀས་ཚེ་འདི་ལས་བློ་ལྡོག བློ་ལྡོག་ཕྱི་མ་འཁོར་བའི་ཉེས་དམིགས་དང་ལས་རྒྱུ་འབྲས་གཉིས་ཀས་ཚེ་ཕྱི་མ་ལས་བློ་ལྡོག་སྟེ། བློ་ལྡོག་རྣམ་བཞིས་འཁོར་བ་ལས་བློ་ལྡོག་པའམ་འཁོར་བ་ལས་བློ་ལོག་པ་སྟེ། འཁོར་བ་ལ་ཞེན་ལོག་ཤུགས་དྲག་སྐྱེས་པའི་དེ་མ་ཐག་ཏུ་འདི་ནས་བྲོས་ཏེ་འདི་ན་ཐར་དགོས་སོ་སྙམ་པའི་གང་དུ་བྲོས་ས་ཐར་བ་འཚོལ་བ་དེ་གནད་ཀྱི་སྙིང་པོ་ཡིན་ལ། དེས་ན་ཐར་བའི་ངོས་ཟིན་དགོས་པ་ཡིན། འོ་ན་ཐར་བ་ལ་རྣམ་གྲངས་ཅི་འདྲ་ཞིག་ཡོད་ཅེ་ན། ཐར་བ་བྱང་ཆུབ་གསུམ་སྟེ། ཉན་ཐོས་དགྲ་བཅོམ། རང་རྒྱལ་དགྲ་བཅོམ། སངས་རྒྱས་ཀྱི་བྱང་ཆུབ་སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པ་གང་ཡིན་པ་དེ་ཉིད་དང་གསུམ་ཡིན། དེ་དག་ལས་གང་ཡིན་གཅིག་གདམ་དགོས་པས། དེ་ཡང་གདམ་རྒྱུ་ལག་ན་ཡོད་དུས་གང་ལེགས་པ་དེ་མི་གདམ་པར་ངན་ཤོས་དེ་ཅི་ལ་གདམ། དེས་ན་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་དེ་གདམ་དགོས་པ་ཡིན། ཉན་རང་གཉིས་ཀའི་འབྲས་བུ་ཞིག་ཐོབ་ན། རང་ཉིད་ཁམས་གསུམ་འཁོར་བའི་སྡུག་བསྔལ་དང་བྲལ་བའི་ཞི་བ་ཕྱོགས་གཅིག་པ་ཞིག་ཐོབ་པ་ཡིན་ཡང་། དོན་དངོས་སུ་རང་དོན་གཞན་དོན་གཉིས་ཀ་བཟང་བོ་ངོ་མ་ཞིག་མ་འགྲུབ་པ་སྟེ། དེ་ཡང་རང་ཅི་འདྲ་རོགས་ཀྱིས་སྡུག་བསྔལ་མྱོང་བཞིན་ཡོད་པས། སེམས་ཅན་ནི་གྲངས་མེད་པ་བརྗོད་ཀྱིས་མི་ལངས་པ་ཞིག་ཡིན་ཕྱིར་དེ་འདྲ་མང་པོ་ཞིག་མ་དགོས་སེམས་ཅན་བརྒྱ་ཚོ་སྟོང་ཚོ་ཙམ་རེ་ལའང་ཕན་བསྒྲུབ་རྒྱུ་བསྐྱུར་ནས་རང་གཅིག་པུ་བདེ་ཐབས་འཚོལ་བ་དེ་དམ་པའི་ཆོས་ལུགས་མིན་པས་མ་ཚད་འཇིག་རྟེན་མྱི་ལུགས་ལ་ཡང་ཐ་མའི་ལས་ཤིག་ལས་མ་འདས། ལུས་གྲངས་མེད་དེ་སྔོན་བླངས་པའི་ཕ་མ་ཐམས་ཅད་ཚེ་འདིའི་ཕ་མ་དང་ཁྱད་པར་མེད་ཅིང་། ཐེག་དམན་ཉན་རང་གི་ལམ་ལ་ཞུགས་ནས་དེའི་འབྲས་བུ་ཐོབ་པ་དེས་གཞན་དོན་རྒྱ་ཆེན་ཞིག་མི་འགྲུབ་པས་མ་ཚད། རང་དོན་ལ་ཡང་སྤངས་རྟོགས་མཐར་ཕྱིན་པ་རྫོགས་པའི་སངས་རྒྱས་ཀྱི་ཡོན་ཏན་དང་འདྲ་བ་ཐོབ་མེད་པ་ཡིན། དེ་མི་ཐོབ་པའི་རྐྱེན་དེ་གང་ནས་བྱུང་བ་ཡིན་ན་ངེས་འབྱུང་གི་བསམ་པ་ཁྱད་པར་བ་ད་ཞག་བཤད་པའི་ངེས་འབྱུང་ཆེན་པོས་མ་ཟིན་ཞིང་། སྟོང་ཉིད་ཉི་ཚེ་བ་ཞིག་ལས་མ་རྟོགས་པ་དང་། བྱང་ཆུབ་སེམས་ཀྱིས་མ་ཟིན་པའི་དབང་གིས་ཡིན། དེས་ན་དོན་དུ་གཉེར་བྱ་མ་ནོར་བ་ནི་རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་པར་ཤེས་ཤིང་། ཐོབ་བྱ་མཆོག་ཏུ་གྱུར་པ་དེ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཡིན་པ་ཤེས་པ་ཙམ་གྱིས་མི་ཆོག་པར་ཁ་ཡོད་ལག་ཏུ་ཡོད་པ་ཞིག་གི་ཐོག་ནས་ཚེ་སྐྱེ་བ་མང་པོར་མི་འགོར་བར་རང་ཉིད་ཀྱིས་མངོན་དུ་འགྱུར་བ་དེ་ལ་གཞི་ཞིག་བྱས་པའི་འདུན་མ་གཏན་ལེགས་གཏན་ཉེས་ཀྱི་ལམ་སྣེ་ལ་ཐོན་ཡོད་པ་ཡིན། ད་ལྟའི་རང་རེ་ལ་ཁ་ཚུར་བསྐོར་ན་མདོ་སྔགས་ཚང་ལ་མ་ནོར་བའི་ལམ་བཟང་གང་ལ་ཞུགས་ན་ཞུགས་ཆོག་ཆོག་གི་འདོད་དགུའི་ལོངས་སྤྱོད་འཛོམས་པའི་ཡང་མཛོད་ཀྱི་ནང་དུ་ཐོན་སོང་བ་དང་ཁྱད་མེད་པའི་མཐུན་རྐྱེན་ཚོགས་པ་འདི་ནི་རང་ཉིད་ཀྱི་དལ་འབྱོར་ལྡན་པའི་ལུས་རྟེན་རིན་ཐང་ཆེ་བའི་ངེས་པ་ཡང་སྐྱར་དུ་རྙེད་དུ་ཡོད་པ་ཡིན། ཐར་བ་མཆོག་གི་ཕན་ཡོན་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བ་རུ་འདུག་ལ། དེ་ཡང་འོད་གསལ་རྫོགས་པ་ཆེན་པོའི་ལམ་འདི་ནས་ཚེ་གཅིག་མི་ལུས་འདིའི་སྟེང་ནས་ཐོབ་པར་འདུག་སྙམ་པའི་དགའ་བ་དང་བཅས་པའི་རེ་བ་དེ་མཐོ་ས་ལ་འཇོག་དགོས་ཤིང་། དང་པོ་ཉིད་ནས་མིག་གིས་དམའ་བལྟས་བྱས་ནས་སེམས་ཀྱིས་དམན་ལམ་ལ་སྙེག་པར་བྱེད་ན། ལྷུང་ས་བབ་གདན་ཡང་དེ་འདྲ་ཞིག་ལས་གང་ན་ཡོད། ཡང་ལྟ་བས་མཐོ་ས་ལ་སྙེག་ནའང་སྤྱོད་པས་དམན་ལམ་ནས་ཡར་བརྟེན་ནས་མ་བལྟས་ན། ལྟ་བ་དེ་མཐོ་ཆེས་སྤྱོད་པ་དེ་དམའ་ཆེས་སོང་བའི་ལྟ་སྤྱོད་ཆ་མི་མཚུངས་པ་ལ། སྒོམ་པ་བཟང་པོ་ཞིག་དང་འབྲས་བུ་བཟང་པོ་ཞིག་ཀྱང་ལོགས་ནས་ཡོད་དཀའ་བ་སྟེ། རྒྱུ་འབྲས་མི་བསླུ་བར་བྱེད་པ་གཅིག་པའི་ཕྱིར་ན་རྒྱུ་དེ་ལ་མ་ལྟོས་པའི་འབྲས་བུ་ཞིག་འབྱུང་ག་ལ་འབྱུང་། དེས་ན་མདོ་ལམ་གྱི་ས་བཅུ་ལམ་ལྔའི་འགྲོས་ཀྱིས་བཤད་པའམ། སྔགས་ལམ་གྱི་བསྐྱེད་རྫོགས་རིམ་པ་གཉིས་ཀྱི་རིག་འཛིན་རྣམ་བཞིའི་བགྲོད་ལམ་ནས་བཤད་པའམ། འོད་གསལ་རྫོགས་པ་ཆེན་པོའི་འབད་མེད་གཞི་གྲོལ་ཀ་དག་རིག་སྟོང་རྗེན་པ་བསལ་བཞག་དང་བྲལ་བའི་ཡེ་ཤེས་ཀྱི་ལམ་ནས་བཤད་པ་གང་ཡིན་ཡང་གཉིས་ལ་མི་གནས་པའི་རྫོགས་པའི་བྱང་ཆུབ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་མངོན་དུ་བྱེད་པ་དེ་འབྲས་བུ་རུ་བཞེད་པ་ནི་གཅིག་ཏུ་མཐུན་ཞིང་། དེ་མཐུན་ན་མངོན་པར་རྫོགས་པ་འཚང་རྒྱ་བ་ལ་སྙིང་རྗེ་གཞུ་ལྟ་བུ་ཞིག ཤེས་རབ་མདའ་ལྟ་བུ་ཞིག ཐབས་ལ་མཁས་པ་སྐྱེས་བུ་མདའ་རྩལ་དང་ལྡན་པ་གསུམ་ལ་དཔེ་བྱས་ནས་དེ་དག་ཚོགས་དགོས་པར་གསུངས་ཤིང་། ད་རེས་དལ་འབྱོར་མི་ལུས་ཐོབ་ཅིང་། མཚན་ལྡན་གྱི་བླ་མ་དང་མཇལ་བ་ཡང་ཡིན་ཏེ། དད་པས་མོས་པའི་ངོ་ཁ་ན་སངས་རྒྱས་སྤྲུལ་བའི་སྐུ་རྟག་ཏུ་བཞུགས་པའི་མ་ཚད་པར་བརྒྱུད་གསུམ་བླ་མའི་བྱིན་རླབས་ཞུགས་སའི་རྟེན་དེ་སོ་སྐྱེའི་བླ་མ་ཡིན་ཡང་རང་གི་དད་པས་ཁྱོག་ན་སངས་རྒྱས་དངོས་བྱོན་གྱི་བྱིན་རླབས་ཐོབ་ཐུབ་པ་ཡིན་པའི་ཕྱིར། གདམས་ངག་གི་བདུད་རྩི་ཐོབ་ནས་ཀུན་བཟང་ཆོས་སྐུའི་བསྟན་པ་ལ་ཞུགས་པའི་སྐལ་བ་དང་ལྡན་ཏེ་སྨིན་གྲོལ་གདམས་པའི་གསང་མཛོད་ལ་ཅི་དགའ་དགར་ལོངས་སྤྱད་ན་ཆོག་པའི་བསྐལ་བ་འདི་འདྲ་ཞིག་ལ་འཁེལ་ནས་སངས་རྒྱས་ལས་ཀྱང་འཕྲད་པར་དཀའ་བ་གསང་ཆེན་འོད་གསལ་རྫོགས་པ་ཆེན་པོའི་ཆོས་དང་འཕྲད་ཡོད་དུས་འདིར། པདྨ་ཅན་གྱི་མཚོ་ལ་ངང་བ་དང་དྲི་ཞིམ་པདྨའི་ཚལ་ལ་བུང་བ་རྒྱུ་བ་བཞིན་དུ་དུས་ཚོད་སྔ་དྲོ་དང་ཕྱི་དྲོ་སྐར་ཆ་ཙམ་ལ་ཡང་བརྩོན་ལེན་གྱི་སྟེང་ནས་དགའ་སྤྲོ་དང་བཅས་ཏེ་འདིར་འཇུག་རན་པ་ཡིན། རིང་ལམ་རྒྱུའི་ཐེག་པས་བསྐལ་བ་གྲངས་མེད་མང་པོར་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ལྟ་བུ་མཐར་ཕྱིན་དགོས་པ་ཡིན་པས། དེ་ནི་འུ་ཚོ་སྔ་ཕྱི་དྲོའི་སྒོམ་ཐུན་རེ་རེའི་རྒྱུན་བསྲིང་མི་ཐུབ་པ་ཞིག་ལ་དཀའ་ཞིང་། ཉེ་ལམ་སྔགས་སྤྱི་ལ་མཚོན་ན་མཚན་བཅས་དང་མཚན་མེད་ཀྱི་རྣལ་འབྱོར་བསྒོམས་ནས་སྐྱེ་བ་བཅུ་དྲུག་གམ་མི་ཚེ་བདུན་ནམ་གསུམ་གྱིས་སངས་རྒྱས་འགྲུབ་པར་གསུངས་ཡོད་པ་དེ་ཡང་ཤིན་ཏུ་མྱུར་ལམ་འདི་ལ་བསྡུར་ཡོང་ན་མི་ཐུང་བ་ཡིན། མ་ཧཱ་ཨ་ནུ་གཉིས་ཀའི་སྨིན་གྲོལ་བསྐྱེད་རྫོགས་རང་ལམ་བཞིན་དུ་དེ་མཐར་ཕྱིན་ན། ཚེ་གཅིག་གིས་སངས་རྒྱས་འགྲུབ་གསུངས་ཀྱང་། བསྐྱེད་རིམ་གྱི་གསལ་སྣང་དང་རྫོགས་རིམ་གྱི་ཏིང་འཛིན་གཅིག་ཀྱང་མི་ནུས་པ་ཞིག་གིས་དེ་ཡང་འགྲུབ་ཐབས་མེད་ཅིང་། འོད་གསལ་རྫོགས་པ་ཆེན་པོ་འབད་མེད་གཞི་གྲོལ་གྱི་ལམ། ཀ་དག་རིག་པའི་རང་ངོ་རྗེན་ལ་ཕུད་པའི་རིག་སྟོང་སྐྱེ་འགག་དང་བྲལ་བ་འདིའི་ངང་བསྐྱང་ཐུབ་རྒྱུ་ན། འོག་མའི་ཐེག་པ་ཐམས་ཅད་ཀྱི་ལམ་གནད་ཀྱི་སྙིང་བོ་འདིར་འདུས་པ་ཡིན། དེ་ཇི་ལྟར་འདུས་པ་ཡིན་ན། སེམས་དང་ཡིད་དང་རྣམ་ཤེས་གསུམ་མེད་པའི་ཏིང་ངེ་འཛིན་ལ་གནས་པ་ཡིན། དེ་ལ་སེམས་དང་ཡིད་དང་རྣམ་ཤེས་གསུམ་ཟེར་དུས། སེམས་ནི་ཀུན་གཞིའི་རྣམ་ཤེས། ཡིད་ནི་ཉོན་ཡིད། རྣམ་ཤེས་ནི་སྒོ་ལྔའི་རྣམ་ཤེས་ཏེ། དེ་དག་དང་བྲལ་བའི་ཏིང་འཛིན་ལ་གནས་དུས་ཀུན་རྟོག་འཕྲོ་འདུ་མེད་པ་ཡིས་འདོད་པའི་ཁམས་ཀྱི་སེམས་ལས་ལོག་པ་དང་། གསལ་བ་དང་གསལ་བར་འཇོག་མཁན་གྱི་སེམས་མེད་པ་ཡིན་པས་ན་གཟུགས་ཀྱི་ཁམས་ཀྱི་སེམས་ལོག དྭངས་གསལ་སྤྲོས་པ་ཀུན་བྲལ་རང་བྱུང་གི་ཡེ་ཤེས་ཀྱིས་གཟུགས་མེད་ཁམས་ཀྱི་སེམས་ལས་ལོག་སྟེ་ཀུན་གཞི་ཚོགས་བརྒྱད་དང་བཅས་ཏེ་ཁམས་གསུམ་གྱི་སེམས་ལས་རྣམ་པར་གྲོལ་བའི་ཡེ་ཤེས་བརྙེས་པ་ཡིན་པས་སངས་རྒྱས་ཀྱི་ས་ཞེས་བྱ་བ་གཞན་ནས་འཚོལ་དུ་མེད་པ་ཡིན། འོད་གསལ་རིག་པའི་ཡེ་ཤེས་ཀྱི་ཐོག་ལ་གནས་དུས་གང་ཟག་དང་ཆོས་ཀྱི་བདག་འཛིན་མེད་པས་ན་ཉན་རང་བྱང་སེམས་གསུམ་གྱི་ལྟ་དགོངས་དེའི་ནང་དུ་འདུས་པ་ཡིན། སྒོ་གསུམ་དྲི་མེད་ཀྱི་གཙང་སྦྲར་སྤྱོད་པ་ཀྲི་ཡོག་སྡེ་གསུམ་གྱི་ཡེ་ཤེས་དྲི་མེད་གསུམ་ཡང་འདུས་ཤིང་། སྣང་རིག་གཉིས་མེད་ཟུང་འཇུག་དང་གསུམ་པོ་འདུས་པའི་རྟོགས་པའི་ཏིང་འཛིན་ཁྱད་པར་ཅན་མངོན་དུ་བྱས་པས་ན་ནང་རྒྱུད་སྡེ་གསུམ་གྱི་དགོངས་པ་ཡང་འདུས་པ་དེས་ན་འོག་མའི་བློ་སྐྱོན་མེད་པའི་ཉམས་ལེན་ཏིང་ངེ་འཛིན་དང་རྟོགས་པའི་ཡོན་ཏན་གྱི་ཆ་ཐམས་ཅད་འདིར་འདུས་པས་ན་ཡོངས་རྫོགས་ཀྱི་ཐེག་པ་ཞེས་པའི་དོན་རིགས་པས་གྲུབ་པ་ཡིན། ཡང་སྒོས་སུ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ལམ་ནས་སྣང་བཞིའི་རྩལ་འབྱོངས་ན། ཀ་དག་སྟོང་བའི་འོད་གསལ་དང་ལྷུན་གྲུབ་སྣང་བའི་འོད་གསལ་ཟུང་དུ་འཇུག་ནས་རགས་ལུས་རྡུལ་ཕྲན་དུ་དེངས་པའམ་འོད་ལུས་འཕོ་ཆེན་གྱི་སྐུར་བཞེངས་པའི་སངས་རྒྱས་ཀྱི་དགོངས་པ་སྐུ་དང་ཡེ་ཤེས་གཉིས་སུ་མེད་པའམ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དོན་སྐད་ཅིག་གཅིག་གིས་ཚང་བར་ནུས་པའི་ཐར་བ་མཆོག་གི་གོ་འཕང་ལ་སྙེག་ཐུབ་པ་ཡིན། དེ་ལྟར་བྱེད་པ་ལ་གཞི་བདེ་གཤེགས་སྙིང་པོ་རང་ལ་ཚང་བའི་ཐོག་ནས། རྐྱེན་དགེ་བའི་བཤེས་གཉེན་མཚན་ཉིད་དང་ལྡན་པ་བསྟེན་ཏེ། ཐབས་དེ་ཡི་གདམས་པའི་མན་ངག་ཉམས་ལེན་གྱི་གནད་དུ་འཛིན་པ་ནི་བློ་སྦྱོང་རྣམ་བཞིས་བློ་སྦྱོང་བའི་དོན་སྒོ་ཡིན་པའི་སྒོ་ནས་དངོས་གཞི་ཉམས་ལེན་གྱི་གནད་ཀྱི་སྙིང་བོར་འཛིན་ལུགས་ཀྱི་ཕྱོགས་ཤིག དོན་གཉིས་ལྷུན་གྲུབ་ཀྱི་བསམ་པ་ཡིད་བཞིན་དུ་འགྲུབ་པའི་ཐར་བ་དམ་པའི་ཕན་ཡོན་སྐོར་ནས་མདོ་ཙམ་ཞིག་ཞུས་ཏེ། སྐབས་སུ་བབ་པ་གང་ཞིག་གསན་པར་བྱ་བ་བསྐྱེད་རྫོགས་ལ་མི་ལྟོས་པར་སེམས་ཉིད་ཡེ་ནས་སངས་རྒྱས་པའི་རང་བཞིན་དུ་བསྟན་པ། རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ། སློབ་དཔོན་པདྨ་ཀ་ར་དང་རྒྱལ་བ་ཀློང་ཆེན་པ་ལ་སོགས་པ་སྔར་བྱོན་དགོངས་པ་བརྡ་དང་སྙན་བརྒྱུད་ཀྱི་བརྒྱུད་གསུམ་རིག་འཛིན་བླ་མའི་དགོངས་བཅུད་མན་ངག་ཏུ་ཚུར་བསྡུས་ཤིང་དེ་ཉིད་ཞིབ་པར་བཀྲལ་བ་ཞབས་དཀར་བ་ཚོགས་དྲུག་རང་གྲོལ་གྱི་གསུང་། འོད་གསལ་རྫོགས་པ་ཆེན་པོ་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་འདི་ཉིད་འཆད་ཉན་གྱི་སྐབས་ལས་འདིའི་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་ཞིང་། བར་དུ་དགེ་བ་གཞུང་གི་དོན་ལས་ཀྱང་སྐལ་ལྡན་ལས་ཅན། ཐུན་མིན་དང་ཐུན་མོང་གི་ངོ་སྐལ་ལ་གཙོ་བོར་བསྟན་པའི་ཁྲིད་རིམ་མང་དག་ལྟ་བ་གཙོ་བོར་བསྟན་པའི་སྒོ་ནས་སོང་བས་མ་ཚད། ཆོས་ཁྲིད་སྔོན་མ་ལ་སྒོམ་པ་གཙོ་བོར་བསྟན་པའི་མན་ངག་ལས་གང་ཞིག་གོམས་པར་བྱ་ཞིང་དེའི་ངང་ལ་གནས་པའི་ལྟ་དོན། ལྟ་སྒོམ་སྤྱོད་འབྲས་བཞི་བོ་དང་སྦྲེལ་ཏེ་ཁྲེགས་ཆོད་ལྟ་བའི་གནད་རིག་པ་རྗེན་ལ་ཕུད་པ། འདི་ནི་ཚིག་བརྒྱའི་མདོ་འགགས་ཡིན་པས་ན། །སྐལ་ལྡན་སྙིང་གི་བུ་རྣམས་ཤེས་པར་གྱིས། །གསུངས་ཏེ་གདམས་པར་མཛད་པ་ཡིན་པས། འདིའི་དོན་དེ་དབང་རྣོན་རིག་པ་རང་སྣང་གི་བློ་ཅན་གྱི་སྤྱོད་ཡུལ་དུ་གྱུར་པ་གསང་འཛིན་དགའ་རབ་དཔའ་བོའི་དངོས་སློབ། རྒྱ་ནག་པོའི་སློབ་དཔོན་ཤྲཱི་སེངྷ་ཡིས་སློབ་དཔོན་པདྨ་ཀ་རཿལ་བརྡ་ཐབས་རྩལ་གྱི་རིག་པའི་དབང་ཆེན་བསྐུར་ཏེ། དཔོན་སློབ་དགོངས་པ་མཉམ་པར་གྱུར་པའི་ཚུལ་བསྟན་པ་དེ་ཉིད་ཀྱི་དགོངས་པའི་རྗེས་སུ་འབྲངས་ཏེ་བཤད་ན། ཆོས་ཟད་ཀ་དག་ཆེན་པོར་ལ་བཟླ་བ། བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམས་པ། ཡོངས་གྲོལ་མཉམ་པ་ཆེན་པོར་ཆིངས་སུ་བཅིང་བ་དང་གསུམ་གྱིས་རྫོགས་ཆེན་ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་འུབས་སུ་བསྡུས་པ་ཡིན་པས། རིག་པ་ཤར་ཡང་མཐའ་གྲོལ་དུ་སོང་བའི་རང་གསལ་རྗེན་པ་མཚན་རྟོག་གི་སྤྲོས་པས་བསླད་མ་ཞུགས་ཤིང་། ངན་རྟོག་ཏུ་ཤར་ཡང་རང་སངས་སུ་རྗེན་ནེ་ཡིན་པ། བཟང་རྟོག་ཏུ་ཤར་ཡང་མཐའ་གྲོལ་དུ་སིང་ངེ་ཡོད་པ། རང་ས་ན་གནས་ཀྱང་བར་མེད་དུ་ཧ་རེ་ཡོད་པ་དེ་ཉིད། གཉེན་པོས་མ་བསྒྱུར། རྐྱེན་སྣ་ཚོགས་ཀྱི་སྐྱོན་དང་བསླད་པས་མ་ཞུགས་པ་སྟེ། སྤང་གཉེན་གཉིས་ཀ་ལ་མ་ཞུགས་པའི་རིག་ཆ་དེ་ཟང་ཐལ་རྗེན་པའི་ཆོས་སྐུ་ཡིན་པར་བསྟན་པ་ཡིན། འདི་ནས་ཀྱང་ཞབས་དཀར་ཚང་གིས། ཀློང་ཆེན་པའི་ཚིག་དོན་མཛོད་ཀྱི་ཚིག་ངོ་མ་ཚིགས་བཅད་ཡིན་མིན་གྱི་ཁྱད་པར་ཙམ་མ་གཏོགས་སྒྲ་དོན་མ་འགྱུར་བར་བསྟན་ཡོད་འདུག ཚིག་དོན་མཛོད་ཀྱི་ནང་ན། རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་སྒོམ་དུ་འདོད་པ་མ་ཡིན། ཞེས་གསུངས་པ་དང་། འོ་ན་གང་ཡིན་པ་རེད་ཟེར་ན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དྭངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཞེས་རིག་གེར་སིང་ངེ་བའི་གསལ་དྭངས་ཀྱི་རིག་པ་རྗེན་པ་དེ་བསྐྱང་དགོས་པར་གསུངས་པ་དང་། ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་ལྟ་བ་དེ་སྒོམ་དུ་ཡོད་པ་མ་ཡིན། དེའི་དུས་ཀྱི་རིག་པ་གསལ་རྗེན་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་པའོ། །ཞེས་རིག་པ་ཡུལ་ལ་འཆར་དུས་ཀྱི་གང་ཤར་ལྟ་བ་དེ་སྒོམ་མིན་པར་དེ་དུས་ཀྱི་རིག་པ་རང་གསལ་རྗེན་པའི་ཆ་དེ་བསྐྱང་དགོས། གནད་འདི་མ་གོ་ན་སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་བ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམས་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ་ཞེས་ཀློང་ཆེན་པས་འགག་མཛད་ཡོད་པ་སྟེ་ངེད་ཚོའི་ཁ་སྐད་བྱས་ན་མནའ་བསྐྱལ་བ་རེད། འདི་ནས་ཀྱང་དེ་བཞིན་དུ་གསུངས་པ་ཡིན། དེ་ལྟར་བྱ་བྲལ་ཟང་ཐལ་རྗེན་པར་འགག་བསྡམ་པའི་སྐབས་དང་འབྲེལ་ཏེ། དེ་རིང་གོལ་ཤོར་གྱི་འཕྲང་ལས་སྒྲོལ་བ་སྤྱོད་པ་གཙོ་བོར་སྟོན་པ། ཐིག་ཆེན་བཞི་དང་། གཟེར་བཞི་དང་། ཟད་སར་སྐྱོལ་བ་བཞི་སོགས་རིམ་པར་བསྟན་པའི་དང་པོ་ཐིག་ཆེན་བཞི་བསྟན་པ་ནི། ཨེ་མ་ཧོ། ད་ཡང་སེམས་ཀྱི་བུ་རྣམས་གུས་པས་ཉོན། །ནོར་ས་མེད་པའི་ཐིག་ཆེན་བཞི་བསྟན་པ། །ལྟ་བ་ནོར་ས་མེད་པའི་ཐིག་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །སྒོམ་པ་ནོར་ས་མེད་པའི་ཐིག་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །སྤྱོད་པ་ནོར་ས་མེད་པའི་ཐིག་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །འབྲས་བུ་ནོར་ས་མེད་པའི་ཐིག་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །ཞེས་གསུངས་ཏེ། ཐིག་ཅིག་གིས་མཚམས་ཤིག་བཅད་ན་མཚམས་གསལ་བོར་འབྱེད་ཅིང་ཕྱེད་པ་བཞིན་དུ་རྫོགས་ཆེན་སྙིང་ཐིག་གི་ལྟ་སྒོམ་སྤྱོད་འབྲས་བཞི་བོ་དེ་ད་ལྟའི་རིག་པ་རྗེན་པ་རང་གསལ་འཕོ་འགྱུར་དང་བྲལ་བ་འདིའི་ཁོངས་སུ་འདུས་ཤིང་འདི་གཅིག་པུ་ལ་ཚང་བ་ཡིན། ད་ལྟའི་ཤེས་པ་ཟང་ཐལ་ཤེལ་གོང་ལྟ་བུ་ས་ལེ་བ་དེ་ཀློང་དུ་གྱུར་པ་དེའི་ངང་སྐྱོངས་དང་གསལ་ལ་མི་ནོར་བ་སྟེ། ནོར་འོང་ས་གཞན་དང་མི་འདྲེས་པས་ན་ནོར་ས་མེད་པའི་ཐིག་ཡིན་ནོ་ཞེས་པའོ། །སློབ་དཔོན་ཆེན་པོའི་གཅེར་མཐོང་རང་གྲོལ་གྱི་ནང་ནའང་ཚིག་འདི་དག་ཇི་མ་ཇི་བཞིན་དུ་གསུངས་པ་ཡོད་འདུག དེ་ཡིས་ནོར་ས་མེད་པའི་ཐིག་ཆེན་བཞི་བསྟན་པའོ། །དེ་ནས་འགྱུར་བ་མེད་པའི་གཟེར་ཆེན་བཞི་བསྟན་པ་ནི། མི་འགྱུར་བ་ཡི་གཟེར་ཆེན་བཞི་བསྟན་པ། །ལྟ་བ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །སྒོམ་པ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །སྤྱོད་པ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །འབྲས་བུ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །ཞེས་གསུངས་པ་ཡིན་ན། གཟེར་ཞེས་པ་ནི་འཛེར་ཞེས་པའི་དོན་དག་རེད། འཛེར་མ་གདབ་ན་འགྱུར་བ་མེད་པར་བརྟན་པོ་བྱེད་པ་དེའི་མཚུངས་ཆོས་ཀྱིས་གསུངས་པ་ཡིན། སློབ་དཔོན་ཤྲཱི་སེངྷ་ལ་དགའ་རབ་རྡོ་རྗེས་འདས་རྗེས་ཚིག་གསུམ་གནད་དུ་བརྡེག་པའི་མན་ངག་བབ་པ་རེད། སློབ་དཔོན་འཇམ་དཔལ་བཤེས་གཉེན་ལ་ཤྲཱི་སེངྷས་འདས་རྗེས་གཟེར་བུ་བདུན་པ་བབ་པ་རེད། ཀུན་མཁྱེན་ཀློང་ཆེན་པའི་ཆོས་དབྱིངས་མཛོད་ཀྱི་ལེའུ་བཅུ་གཅིག་པ་ལས་ཅཐུག་ཕྲད་རང་སར་གྲོལ་བའི་གནམ་གཟེར་དང་། རྐྱེན་ངན་རིག་པའི་རྩལ་སྦྱོང་དུ་བསྟན་པའི་གནམ་གཟེར། སྤང་གཉེན་གཞི་ལས་སངས་བའི་གནམ་གཟེར་ལ་སོགས་པ་ནས་ཀུན་མཉམ་ཡངས་པ་ཆེན་པོའི་གནམ་གཟེར་གྱི་བར་དུ་གནམ་གཟེར་བཅུ་གཅིག་གིས་ཅི་སྣང་མཁའ་མཉམ་དག་པར་བསྟན་པ་ཡིན། དེ་བཞིན་དུ་འདི་ནས་ཀྱང་ལྟ་སྒོམ་སྤྱོད་འབྲས་བཞི་ལ་གཟེར་གཅིག་གིས་ཀུན་ལ་ཐེབས་པའི་ད་ལྟའི་ཤེས་པ་རང་གསལ་ས་ལེ་བ། ཡེ་སྟོང་རྩ་བ་དང་བྲལ་བ་རང་གནས་ཡེ་ཤེས་ཀྱི་ངོ་བོ། རྒྱལ་མཆོག་ཀུན་ཏུ་བཟང་བོའི་རོལ་བར་ལ་བཟླ་བ་ནི་ཆོས་སྐུ་རང་མལ་དུ་རང་ངོ་ཤེས་པའི་རང་བྱུང་གི་ཡེ་ཤེས་འདི་ཀ་ཡིན། འདི་ནི་དུས་གསུམ་ཀུན་ཏུ་འགྱུར་བ་མེད་པ་ཡིན། ཇི་ལྟར་འགྱུར་བ་མེད་པ་ཡིན་ན་གཟུང་འཛིན་དང་དུས་གསུམ་གྱི་འབྲེལ་ཐག་ཆད་པའི་ཕྱིར་ན་དུས་གསུམ་ཀུན་ཏུ་འགྱུར་བ་མེད་པ་ཡིན། འགྱུར་མེད་བརྟན་པ་ཡིན་པ་དེའི་ཕྱིར་ན་འདི་ཉིད་གཅིག་པུ་ལྟ་སྒོམ་སྤྱོད་འབྲས་ཐམས་ཅད་ཀྱི་མི་འགྱུར་བའི་གཟེར་དུ་བཏབ་པའོ། །ཟད་སར་འཁྱོལ་བ་བཞི་བསྟན་པ་ལས་དང་པོ་ལྟ་བ་ཟད་སར་འཁྱོལ་བ་ནི། ལྟ་བ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །ད་ལྟའི་རང་རིག་རང་བྱུང་ཡེ་ཤེས་ལ། །བལྟ་བྱ་དང་ནི་ལྟ་བྱེད་གཉིས་སུ་མེད། །ལྟ་བ་མ་བལྟ་ལྟ་བའི་མཁན་པོ་ཚོལ། །ལྟ་བའི་མཁན་པོ་བཙལ་བས་མ་རྙེད་ན། །དེའི་ཚེ་ལྟ་བ་ཟད་སར་འཁྱོལ་བ་ཡིན། །ལྟ་བ་བལྟ་རྒྱུ་ཅི་ཡང་མེད་པ་ལ། །ཡེ་མེད་སྟོང་ཆད་ཧད་པོར་མ་སོང་བར། །ད་ལྟའི་ཤེས་པ་མ་བཅོས་ས་ལེ་བ། །རྫོགས་པ་ཆེན་པོའི་ལྟ་བ་དེ་ཀ་ཡིན། །ཞེས་གསུངས་ཏེ། སྤྱིར་ན་ལྟ་བ་ཞེས་པ་ནི་གཞལ་བྱའི་ཡུལ་གང་ཞིག་ལ་ཤེས་རབ་ཀྱིས་སྒྲོ་འདོགས་བཅད་དེ་མཐའ་གཅིག་ཏུ་ངེས་པར་འཛིན་པའི་བློ་ཞིག་ལ་ལྟ་བ་ཟེར་བ་རེད། འོན་ཀྱང་མ་རྟོགས། ལོག་རྟོག ཕྱོགས་རྟོགས། ཡང་དག་ཉིད་དུ་མ་རྟོགས་པའི་དབང་གིས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྟ་བ་སྣ་ཚོགས་དང་། དེ་དང་འདྲ་བའི་ཐེག་པ་སྣ་ཚོགས་བློའི་སྤྲོས་པ་དང་གྲངས་མཉམ་པར་བཞག་ཆོག་པ་ཡིན། སྔ་འགྱུར་བའི་ཆོས་སྐད་ལ་ཡུལ་ཆོས་དབྱིངས་གཅིག་གི་ཡུལ་ཅན་སོ་སོའི་ཁྱད་པར་གྱིས་ཆོས་ཅན་ལྟ་བའི་ལྟ་བ་དང་། ཆོས་ཉིད་ལྟ་བའི་ལྟ་བ་དང་། རང་རིག་ལྟ་བའི་ལྟ་བ་གསུམ་གྱི་གསུང་སྲོལ་ཡོད་པ་ཡིན། སྐབས་འདི་ནས་ཐུན་མོང་མ་ཡིན་པ་ཡུལ་ཅན་རིག་པའི་ཡེ་ཤེས་ཀྱི་ངོས་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས། ཕྱི་སྣ་ཚོགས་སུ་སྣང་བ་ཐམས་ཅད་མཐའ་བྲལ་གཞི་མེད་དུ་སྣང་བ་ཙམ་མ་གཏོགས་པར་ཡོད་མ་མྱོང་། མེད་མ་མྱོང་། བདེན་མ་མྱོང་། རྫུན་མ་མྱོང་། གཞི་མེད་ཡེ་སངས་ཡིན་པས་ན་བླང་དོར་གྱི་ཆོས་ཤིག་ཏུ་མ་གྲུབ་ལ། ནང་རང་སེམས་སྐྱེ་འགག་གི་ཡུལ་དུ་མ་གྲུབ་པས་ན་ངོ་བོ་ངོས་བཟུང་གི་མཐའ་ལས་འདས་པ་ཡིན། ལྟ་སྒོམ་སྤྱོད་པ་བརྒྱུད་དེ་འཐོབ་ཡོང་བའི་ཆོས་ཤིག་མི་དམིགས་ཤིང་མཁའ་གསལ་ཀློང་ཆེན་ཡངས་པའི་དོན་ལས་མ་གཡོས་པས་ན། ལྟ་བའི་མཁན་པོ་བཙལ་བས་མ་རྙེད་པ་དེ་ཚེ་ལྟ་བ་ཟད་སར་འཁྱོལ་བ་ཡིན་པར་གསུངས་པའོ། །རྫོགས་པ་ཆེན་པོའི་སྐབས་ཀྱི་ཟད་དང་མེད་དང་སྟོང་ཞེས་པའི་ཐ་སྙད་འདི་ཚོ་ངོ་མས་ཟད་དེ་མེད་དེ་ཕྱང་ཆད་རེད་སོང་བ་ཞིག་ལ་གོ་རྒྱུ་མ་ཡིན། འོ་ན་ཡོད་ཅེས་པའི་དོན་ཡིན་ནམ་སྙམ་ན་དེ་ཡང་མ་ཡིན་པར་འདི་ནི་ཐ་སྙད་ལས་འདས་པའི་ཚིག་ཅེས་བྱའོ། །ཆོས་ཅན་གྱི་སྣང་བ་ཆོས་ཉིད་ལ་ཐིམ་ནས་ཆོས་ཉིད་གང་དུ་ཡང་བསམ་བརྗོད་མེད་པ་རུ་གྱུར་དུས་ཆོས་ཉིད་ཟད་ཅེས་པ་དང་གོ་ཕྱོགས་གཅིག་པའོ། །མཐའ་བྲལ་ཆོས་ཉིད་ཀྱི་ལྟ་བ་ལ་བལྟ་བྱ་དང་ལྟ་བྱེད་མེད་ཟེར་དུས་ཡེ་མེད་སྟོང་ཆད་ཧད་པོ་ལ་མ་གོ་མ་གཏོགས་དེར་གོ་སོང་ན། ཐར་བ་ནག་པོའི་གོ་ནོར་དུ་སོང་བ་བཞིན་དུ་གཞི་ལྟ་བ་ནོར་བས་སྒོམ་པ་ནོར་བ་དང་། སྒོམ་པ་ནོར་བས་སྤྱོད་པ་ཡང་འཕྱུགས་ཏེ་མཐའ་འབྲས་རུ་ཏྲར་གོལ་བའི་རྣམ་ཐར་ལ་འགྲོ་བ་ཡིན། དེ་ལྟར་མ་སོང་བར་ད་ལྟའི་ཤེས་པ་རིག་སྟོང་སྐྱེ་འགགས་མེད་པ་སྟོང་གསལ་འཕོ་འགྱུར་དང་བྲལ་བ་གཅིག་མཆོག་གི་རྒྱལ་པོ་མ་བཅོས་ས་ལེ་སེང་ངེ་བ་འདི་ཉིད་རྫོགས་པོ་ཆེན་པོའི་ལྟ་བ་ཡིན་པས་དེ་ཀ་རང་གི་ཐོག་ཏུ་ཐག་ཆོད་ཅེས་གསུངས་པའོ། །སྒོམ་པ་ནི། སྒོམ་པ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །ད་ལྟའི་ཐ་མལ་ཤེས་པ་ཟང་ཐལ་ལ། །བསྒོམ་བྱ་དང་ནི་སྒོམ་བྱེད་གཉིས་སུ་མེད། །བསྒོམ་པ་མ་སྒོམས་སྒོམ་པའི་མཁན་པོ་ཚོལ། །སྒོམ་པའི་མཁན་པོ་བཙལ་བས་མ་རྙེད་ན། །དེའི་ཚེ་སྒོམ་པ་ཟད་སར་འཁྱོལ་བ་ཡིན། །སྒོམ་པ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བྱིང་རྒོད་འཐིབས་རྨུགས་དབང་དུ་མ་སོང་བར། །ད་ལྟའི་ཤེས་པ་མ་བཅོས་རང་གསལ་ལ། །མ་བཅོས་མཉམ་པར་འཇོག་པ་བསྒོམ་པ་ཡིན། །ཞེས་གསུངས་ཏེ། ད་ལྟ་བ་རྒྱ་ཆེ་གྲངས་མང་ཡོད་པ་བཞིན་དུ་སྒོམ་པ་ཡང་མི་མཐུན་པར་དེ་བཞིན་དུ་མང་པོ་ཡོད་ཀྱང་། རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་ལ་ད་ལྟའི་ཤེས་པའམ་རིག་པ་གསལ་སྟོང་འཛིན་མེད་ཀྱི་ཟང་ཐལ་དེའི་ངང་བསྐྱང་དགོས་པ་དེ་ལས་བསྒོམ་བྱ་དང་སྒོམ་བྱེད་གཉིས་སུ་ཕྱེད་ཡོང་རྒྱུ་ཡོད་པ་ཞིག་མིན། སྒོམ་པ་ཕྱི་ནས་མ་འཚོལ་བར་སྒོམ་མཁན་ནང་ནས་ཚོལ་དང་སྒོམ་པའི་ཕུགས་དེ་ནས་ཆོད་ཡོང་བ་ཡིན། ཚོགས་དྲུག་གི་ཡུལ་ཐོག་ལ་ཕར་ལ་འཆར་འཆར་འདྲ་དེ་དང་། རང་གནས་ཀྱི་ཤེས་པ་ནང་དུ་གནས་གནས་འདྲ་དེ་གང་ཡིན་ཡང་། རིག་ཆ་རང་གསལ་རྗེན་ལ་བུད་པ་འདི་ཟང་ཐལ་རྗེན་པའི་ཆོས་སྐུ་ཡིན། སེམས་འདི་འཕྲོ་བའམ་གནས་པའམ་འགྱུ་བ་གང་གི་སྐབས་ཡིན་ཡང་རིག་པ་རང་གསལ་འགགས་མེད་དང་འབྲལ་བ་སྐད་ཅིག་ཀྱང་མི་སྲིད་ལ། དེའི་ཕ་རོལ་ནས་སྒོམ་པའི་མཁན་པོ་ཞིག་བཙལ་ཏེ་མ་རྙེད་དུས་དེའི་ཚེ་སྒོམ་པ་ཟད་སར་འཁྱོལ་ཏེ་ཕུ་ཐག་དེ་ནས་ཆོད་སོང་བ་ཡིན། སྤྱིར་རྫོགས་པ་ཆེན་པོའི་ཆོས་ཉིད་ཡེ་ཟད་ཀྱི་སྒོམ་པ་ལ་བསྒོམ་བྱའི་དམིགས་གཏད་མཚན་མ་ཅན་ཅི་ཡང་མེད་པ་ལ་བྱིང་བ་དང་རྨུན་པ་རྨུགས་ཤིང་འཐིབས་པ་རྒོད་པ་དང་འཕྲོ་བ་ལ་སོགས་པ་དང་། ཁྱད་པར་དུ་འཐིབས་རྨུགས་ཀྱི་དབང་དུ་མ་སོང་བར་རིག་པའི་དྭངས་ཡར་བཏོན་ནས་མཚམས་རེར་ཕཊ་སྒྲ་དྲག་པོ་དང་བཅས་ཏེ། ད་ལྟའི་ཤེས་པ་སེམས་ཕྲ་བ་རང་བཞིན་ལུང་མ་བསྟན་ལྟ་བུའི་རྨུགས་འཐིབས་རྟོག་མེད་ཀྱི་ཤེས་པ་དང་། ཁ་ཧང་སོང་བ་དང་། མགོ་ལ་རྡོས་བརྒྱབ་པ་ལྟ་བུའི་ཅི་དྲན་འདི་དྲན་མེད་པར་རེད་སོང་བ་དེ་འདྲ་མ་ཡིན་པར་ཡུལ་མེད་ཀྱི་ཤེས་པ་གཟུང་འཛིན་དང་བྲལ་བ། གསལ་བའི་ཆ་ནས་ཤེས་པ་ཞིག་ཡིན་པར་འདྲ་བ་ལ་འཛིན་མེད་ཀྱི་ཆ་ནས་སེམས་ཀྱང་མིན་པ། གོ་མཁན་དང་ཚོར་མཁན་གྱི་སྣང་བ་འདི་མ་འགགས་པ། སྣང་ལུགས་ཅི་འདྲ་ཞིག་རེད་ཟེར་ན་ཡུལ་རྗེས་སུ་ཕར་མ་འབྲངས་བས་མེ་ལོང་ངོ་ལ་གཟུགས་བརྙན་ཤར་བ་དང་འདྲ་བའི་རིག་པའི་དྭངས་ཆ་ལ་འཆར་ཆར་ཤར་བ་དེ་ལ་རིག་པའམ་ད་ལྟའི་ཤེས་པ་ཞེས་གསུངས་པ་ཡིན། ད་ལྟ་ཞེས་པ་ནི་ཐ་མལ་མ་བཅོས་པའི་དོན་ཐད་ཀའམ་སོ་ན་ཡོད་པ་དེ་ཉིད་ཀྱི་དོན་དང་། ཡེ་ནས་གནས་པས་ཡེ་ཞེས་བྱ། །རང་བཞིན་ཤེས་པས་ཤེས་ཞེས་བྱ། །ཞེས་པ་ནི་ཡེ་ཤེས་ཀྱི་ངེས་ཚིག་རེད། དེ་ལྟ་བུའི་ད་ལྟའི་ཤེས་པ་མ་བཅོས་རང་གསལ་ལ་མ་བཅོས་མཉམ་པར་འཇོག་པ་ནི་སྒོམ་པ་ཡིན་པ་དང་། མ་བཅོས་མ་བཅོས་གཉིས་གསུངས་པ་ནི་གཞི་མ་བཅོས་པ་ལ་ལམ་མ་བཅོས་པར་སྒོམ་ཡོང་དུས་འབྲས་བུ་མ་བཅོས་ལྷུན་གྱིས་གྲུབ་པའི་སར་བསྙེག་པའི་དོན་ནོ། །མ་བཅོས་བཟོ་མེད་ཀྱི་རང་བྱུང་གི་ཡེ་ཤེས་ཟེར་དུས་རང་བྱུང་ཞེས་པའི་དོན་དེ་ཇི་ལྟར་ཡིན་སྙམ་ན། ཡེ་ཤེས་ཡིན་པ་གང་ཞིག གཞན་བྱུང་ངམ་རྒྱུ་བྱུང་མིན་པའི་ཆ་ནས་རང་བྱུང་ཡེ་ཤེས་ཞེས་བཏགས་པ་ཡིན། དེས་ན་དེ་རང་ལས་སྐྱེས་པའམ་བྱུང་བ་ཡིན་ནམ་ཟེར་ན། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མ་སྐྱེས་པའི་ཕྱིར་ཟེར་བ་ལས་མ་འདས། འོ་ན་མ་སྐྱེས་ན་ཡོད་པར་མི་རིགས་སོ་ཟེར་ན། དངོས་པོ་ལ་དེ་ལྟར་བརྗོད་རིགས་ཀྱང་དངོས་པོ་མ་ཡིན་པ་ལ་ཚིག་དེས་གནོད་པ་མ་ཡིན་ཏེ། དཔེ་ན་ནམ་མཁའ་བཞིན་ནོ་ཞེས་བརྗོད་ཆོག་པ་ཡིན། ནམ་མཁའ་འདུས་མ་བྱས་པ་ལ་ཡོད་པའི་ཐ་སྙད་འཇོག་མི་རིགས་ཟེར་ན། ནམ་མཁའ་སོགས་ཆོས་ཀྱི་ཁམས་མ་ཡིན་ནམ། ཆོས་ཀྱི་ཁམས་ཡིན་ན་ཆོས་ཀྱི་སྐྱེ་མཆེད་ཀྱི་གཟུགས་སུ་གྲུབ་ལ། ནམ་མཁའ་དང་བུམ་སོགས་ཐམས་ཅད་སྟོང་བའི་དབྱིངས་ལས་གྲུབ་པ་ཡིན་པས་ན། མཐར་གཏུགས་ན་ཐམས་ཅད་སྟོང་གཟུགས་ཡིན་པར་གྲུབ་པ་པ་ཡིན། མ་བཅོས་མཉམ་པར་འཇོག་པ་སྒོམ་པ་ཡིན་ཞེས་པ་འདི་ཡན་ཆད་ཀྱིས་སྒོམ་པ་བསྟན་ཏེ། སྤྱོད་པ་ཟད་སར་འཁྱོལ་བ་བསྟན་པ་ནི། སྤྱོད་པ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །རང་རིག་ཡེ་ཤེས་ཐིག་ལེ་ཉག་གཅིག་ལ། །སྤྱད་བྱ་དང་ནི་སྤྱོད་བྱེད་གཉིས་སུ་མེད། །སྤྱོད་པ་མ་སྤྱོད་སྤྱོད་པའི་མཁན་པོ་ཚོལ། །སྤྱོད་པའི་མཁན་པོ་བཙལ་བས་མ་རྙེད་ན། །དེའི་ཚེ་སྤྱོད་པ་ཟད་སར་འཁྱོལ་བ་ཡིན། །སྤྱོད་པ་སྤྱོད་རྒྱུ་ཅི་ཡང་མེད་པ་ལ། །བག་ཆགས་འཁྲུལ་བའི་དབང་དུ་མ་སོང་བས། །ད་ལྟའི་ཤེས་པ་མ་བཅོས་རང་གསལ་ལ། །བཅོས་བསླད་བླང་དོར་གང་ཡང་མི་བྱེད་པ། །དེ་ག་རྣམ་པར་དག་པའི་སྤྱོད་པ་ཡིན། །ཞེས་གསུངས་ཏེ། སྤྱིར་ན་ཐེག་པ་སོ་སོ་ལ་སྤྱོད་པའི་རྣམ་གྲངས་བསྟན་པ་མང་ཞིང་། རྫོགས་ཆེན་ཐུན་མོང་གི་གདུལ་བྱ་ལ་ཡང་སྤྱོད་པའི་རྣམ་གྲངས་ཉེར་གཅིག་གམ་ཐུན་མིན་སྤྱོད་པའི་རྒྱལ་པོ་བདུན་ལ་སོགས་པས་གསུངས་པ་ཡིན། འོན་ཀྱང་ཞེན་མེད་གཞི་གྲོལ། གཅིག་ཆོག་སྤྱོད་པའི་རྒྱལ་པོ། རང་རིག་ཀུན་ཁྱབ་ཀྱི་ཡེ་ཤེས། ཆོས་དབྱིངས་ཐིག་ལེ་ཉག་གཅིག དབྱིངས་དང་རིག་པ་གཉིས་སུ་མེད་པའི་ངོ་བོ་ལ་མ་འདུས་པ་ཞིག་མེད་པ་ཡིན་པས་ན། དེ་ལ་སྤྱད་བྱ་དང་སྤྱོད་བྱེད་ཐ་དད་པ་གཉིས་སུ་དབྱེ་ཡོང་རྒྱུ་ཞིག་མེད་ལ། ཡོད་དང་མེད་སྤྱོད་པ་མ་བཙལ་བར་སྤྱོད་མཁན་ཁོ་རང་འཚོལ་དང་སྤྱོད་པའི་མཁན་པོ་ཞིག་སྟོང་གསུམ་ཐགས་སུ་བཏགས་ནས་བཙལ་ཀྱང་མ་རྙེད་ན་མ་རྙེད་པ་དེ་རྙེད་པའི་མཆོག་ཡིན། དེ་དུས་སྤྱོད་པ་ཟད་སར་འཁྱོལ་ནས་སྐྱེ་མེད་ཀྱི་ངང་དུ་འགགས་མེད་དུ་ཡལ་སོང་བ་ཡིན། འདི་ལ་གྲོལ་ཞེས་ཐ་སྙད་བཏགས་ན་ཡང་ཆོག་ལ། དེའི་ཕྱིར་སྤྱོད་པ་སྤྱད་ཡོང་རྒྱུ་ཅི་ཡང་མེད་པ་ལ་བག་ཆགས་འཁྲུལ་བའི་ངན་གོམས་ཀྱི་དབང་དུ་མ་མངགས་པར་ད་ལྟའི་ཤེས་པ་མ་བཅོས་རིག་པ་རང་གསལ་ལ་བཅོས་བསླད་ཀྱི་བཟོ་བཅོས་སོགས་བླང་དོར་གང་ཡང་མི་བྱེད་པར་རང་སར་ཞོགས་དང་དེ་ཉིད་རྣམ་པར་དག་པའི་སྤྱོད་པའོ་ཞེས་པའོ། །འབྲས་བུ་ཟད་སར་འཁྱོལ་བ་བསྟན་པ་ནི། འབྲས་བུ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །རང་གི་སྐུ་གསུམ་རྩོལ་མེད་ལྷུན་གྲུབ་ལ། །བསྒྲུབ་བྱ་དང་ནི་སྒྲུབ་བྱེད་གཉིས་སུ་མེད། །འབྲས་བུ་མ་སྒྲུབས་སྒྲུབ་པའི་མཁན་པོ་ཚོལ། །འབྲས་བུ་སྒྲུབ་མཁན་བཙལ་བས་མ་རྙེད་ན། །དེའི་ཚེ་འབྲས་བུ་ཟད་སར་འཁྱོལ་བ་ཡིན། །འབྲས་བུ་བསྒྲུབ་རྒྱུ་ཅི་ཡང་མེད་པ་ལ། །བླང་དོར་རེ་དོགས་དབང་དུ་མ་སོང་བར། །ད་ལྟའི་ཤེས་རིག་རང་གསལ་ལྷུན་གྲུབ་ཉིད། །མངོན་གྱུར་སྐུ་གསུམ་རང་གསལ་སྟོང་པ་ཉིད། །ཡེ་སངས་རྒྱས་པའི་འབྲས་བུ་དེ་ཉིད་དོ། །ཞེས་གསུངས། འབྲས་བུ་མི་མཐུན་རྒྱ་ཆེན་གྲངས་མང་གང་བཤད་ཀྱང་འབྲས་བུ་གཞན་བྱུང་བཙལ་ནས་རྙེད་ཡོང་རྒྱུ་ཞིག་མེད་པས་འབྲས་བུ་སྐུ་གསུམ་རང་རིག་རྩོལ་མེད་ལྷུན་གྲུབ་ཏུ་རང་ལ་ཚང་བ་ཡིན། ཇི་ལྟར་ཚང་ན་རིག་པའི་ངོ་བོ་ཅི་ཡང་མ་གྲུབ་པའི་སྟོང་སིང་ངེ་བ་བརྗོད་བྲལ་སེམས་དང་ངག་གི་ཡུལ་ལས་འདས་སོང་བ་འདི་ངོ་བོ་སྟོང་པ་ཆོས་སྐུ་དང་། རང་བཞིན་མ་འགགས་འཁོར་འདས་ཀུན་ཏུ་རང་གསལ་ལ་འཆར་བ་འདི་རང་བཞིན་གསལ་བ་ལོངས་སྤྱོད་རྫོགས་སྐུ་དང་། རིག་པའི་ཆོ་འཕྲུལ་ཅི་ཡང་འཆར་བ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་བའི་སྐུ་ཡིན་པས་དེར་བསྒྲུབ་བྱ་དང་སྒྲུབ་བྱེད་གཉིས་སུ་མེད་པས་ན། འབྲས་བུ་མ་བསྒྲུབས་སྒྲུབ་པའི་མཁན་པོ་ཚོལ་དང་སྒྲུབ་མཁན་བཙལ་ནས་རྙེད་རྒྱུ་མེད་པ་འདི་མ་བསྒྲུབས་རང་ལ་ཡོད་པའི་འབྲས་བུ་ཡིན། དེའི་ཚེ་རིག་པ་ཟད་སར་འཁྱོལ་ནས་འབྲས་བུ་བསྒྲུབ་རྒྱུ་ཅི་ཡང་མེད་པས་མ་གྲུབ་པར་རིག་སྟོང་དབྱེར་མེད་ཀྱི་སར་ཐོན་པ་ཡིན། འབྲས་བུ་གཞན་བྱུང་ཞིག་ཟུར་ནས་བསྒྲུབ་རྒྱུ་མེད་པ་ལ་བླང་དོར་རེ་དོགས་ཀྱི་དབང་དུ་མ་སོང་བར་ད་ལྟའི་ཤེས་རིག་རང་གསལ་སྐུ་གསུམ་ལྷུན་གྲུབ་མངོན་དུ་གྱུར་པ་དེ་ཉིད་ཀྱི་ཕན་ན་ཡེ་སངས་རྒྱས་པའི་འབྲས་བུ་ཞིག་ལོགས་ནས་མེད་པས་དེ་ཉིད་དུ་ཐག་ཆོད་པར་གྱིས་ཤིག་ཅེས་པའོ། །འདིར་ལྟ་སྒོམ་སྤྱོད་གསུམ་གནས་ལུགས་དང་ཆོས་སྐུ་འབྲས་བུ་བཅས་ཀྱི་ཀློང་གྱུར་དྲུག་གི་རྟགས་ཚད་བསྟན་པས་དོན་བསྡུ་བ་ནི། ཨེ་མ་ཧོ། ད་ཡང་རིགས་ཀྱི་བུ་རྣམས་ལེགས་པར་ཉོན། །དེ་ལྟར་དང་པོ་ཡེངས་མེད་བསྐྱངས་པ་ན། །བར་དུ་ཡན་པར་བཏང་ཡང་དོན་ཐོག་ནས། །ཐ་མལ་བཏང་ཡང་འགྲོ་འོང་མེད་པའོ། །ཞེས་གསུངས་ཏེ། དེ་ཡང་ཞེས་པ་འདི་དག་ངས་ད་ཡང་ཞེས་འདོན་པ་ཡིན། རྣལ་འབྱོར་པ་ལས་དང་པོ་བ་ཞིག་གིས་དང་པོ་འདུ་བྱེད་ཀྱི་དྲན་པས་ཡེངས་མེད་དུ་བསྐྱངས་པ་ཡིན་ལ། དེ་ལྟར་བསྐྱངས་པ་ན་རིམ་གྱིས་བར་དུ་རྩོལ་མེད་ངང་བཞག་གིས་ཁ་ཡན་བར་མེད་དུ་གང་ཤར་རིག་སྟོང་རྗེན་པ། ཅི་འགྱུ་ཆོས་སྐུའི་རྒྱལ་པོའི་རྩལ་ལ་བཏང་ཡང་། དོན་གྱི་ཐོག་ནས་ཐ་མལ་ཆོས་ཉིད་ཀྱི་དྲན་པ་དྲན་བྱ་དང་དྲན་བྱེད་གཉིས་སུ་མེད་པ་རིན་པོ་ཆེའི་གསེར་གླིང་དུ་ཐོན་སོང་བ་ཡིན་ན་ས་རྡོ་ཕལ་བ་བཙལ་ཀྱང་རྙེད་རྒྱུ་མེད་པ་དང་འདྲ་བར་རིག་པ་སྟོང་གསལ་མཁའ་ལ་ཉི་ཟླ་ཤར་བ་ལྟ་བུའི་འགྲོ་འོང་གཉིས་མེད་ཀྱི་ངང་ལ་གནས་པའོ། །དེའི་རྟགས་དང་ཚད་བསྟན་པ་ནི། སྣང་དང་སྟོང་པ་གཉིས་ཀ་དབྱེར་མེད་ན། །དེའི་ཚེ་ལྟ་བ་ཀློང་དུ་གྱུར་པ་ཡིན། །ཞེས་པ་སྟེ། སྣང་བ་ཕྱོགས་སུ་མ་ཆད། སྟོང་པ་ཡན་གར་དུ་མ་གྲུབ་པས་སྣང་བ་མཚན་མ་རུ་གྲུབ་པ་མེད་བཞིན་དུ་སྣ་ཚོགས་སུ་སྣང་ཞིང་། སྟོང་པ་ལོགས་སུ་གྲུབ་པ་མེད་བཞིན་དུ་མཐའ་དབུས་ཀུན་ཁྱབ་ཏུ་བརྡལ་བའི་སྣང་སྟོང་དབྱེར་མེད་བློ་འདས་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་སོང་བ་ཡིན་ན་ལྟ་བ་ཀློང་དུ་གྱུར་པའོ། །རྨི་ལམ་ཉིན་པར་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་སྒོམ་པ་ཀློང་དུ་གྱུར་པ་ཡིན། །ཞེས་པ་སྟེ། ཉིན་མོ་ཉམས་ལེན་རེ་ལ་འབད་ནའང་མཚན་མོ་གཏི་མུག་གཉིད་ཀྱི་དབང་ལ་ཤོར་སོང་བ་ལྟ་བུ་མ་ཡིན་པར་ཉིན་མཚན་འོད་གསལ་གྱི་འཁོར་ལོ་གཅིག་ཏུ་འདྲེས་ནས། ཆོས་ཉིད་ཀྱི་ཏིང་ངེ་འཛིན་གསལ་བཞག་འགྲོ་འོང་དང་བྲལ་བར་གནས་ཐུབ་པ་ཡིན་ན་དེ་ནི་སྒོམ་པ་ཀློང་དུ་གྱུར་པ་ཡིན། སྤྱིར་ན་མི་ཚེའི་ཕྱེད་ཀ་ཕལ་ཆེར་གཉིད་ཀྱིས་དུས་འདའ་བཞིན་ཡོད་ཅིང་། མཚན་མོར་གཏི་མུག་རོ་ཉལ་ལ་དུད་འགྲོ་བྱོལ་སོང་ཞིག་གི་སྟངས་ཀ་མི་བྱེད་པར་གཉིད་འོད་གསལ་གྱི་རྣལ་འབྱོར་ལ་སྦྱང་བ་ནི་གལ་ཆེ་བ་སྟེ། གཉིད་དང་འཆི་བ་གཉིས་ཀ་ཕྲ་རགས་མ་གཏོགས་འདྲ་བར་གསུངས་པས། མཚན་མོ་གཉིད་ཀྱི་རྣལ་འབྱོར་ལ་བསྒོམ་རྒྱུ་དེ་བྱང་ཆུབ་སྒྲུབ་པའི་གང་ཟག་ལ་གལ་ཆེ་ཕྱིར། སློབ་དཔོན་ཆེན་པོའི་བར་དོ་དྲུག་གི་ཁྲིད་ཡིག་གི་ནང་དུ་རྨི་ལམ་བར་དོ་ཁྲིད་རྐང་གཅིག་ཏུ་བཞག་པ་ཡང་དགོས་དོན་དེ་ལ་གཟིགས་པ་ཡིན། བདེ་དང་སྡུག་བསྔལ་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་སྤྱོད་པ་ཀློང་དུ་གྱུར་པ་ཡིན། །ཞེས་གསུངས་ཏེ། གཉིས་སྣང་གི་འཛིན་པ་མ་ཞིག་པ་ཡི་ཚེ་འདི་ལ་བདེ་སྡུག་གི་དབྱེ་བ་ཡོད་པ་ཡིན། གཞོགས་གཅིག་ནས་བསྐུ་མཉེ་བྱས་པ་དང་གཞོགས་གཅིག་ནས་ཤ་གྲི་ཡིས་བཅད་པ་གཉིས་ཀ་ཚོར་བ་འདྲ་བ་ནི་དཀའ་ཡང་། སྤྱོད་པ་མས་རིམ་ནས་བསླབ་དགོས་པ་ཡིན་པས་ན་ཉམ་ང་བག་ཚ་མེད་པའི་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་སྤང་བླང་གཉིས་འཛིན་གྱི་དགག་སྒྲུབ་དེ་རིམ་གྱིས་རིམ་གྱིས་བསྒོམས་ནས་ཞིག་སོང་བ་ཡིན་ན་བདེ་སྡུག་ཁྱད་མེད་དུ་མཐོང་བའི་སྤྱོད་པ་ཀློང་གྱུར་གྱི་སྐབས་ཡིན་ནོ། །འདི་དང་ཕྱི་མ་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་གནས་ལུགས་ཀློང་དུ་གྱུར་པ་ཡིན། །གསུངས་ན། རྣལ་འབྱོར་པ་གོམས་པ་རབ་ལ་བུ་ཆུང་ལྟ་བུའི་འཆི་ལུགས་ཞེས་པ་ཤི་དང་མ་ཤི་ལ་རེ་དོགས་དང་རྩིས་གདབ་མེད་པ་སྟེ། ཚེ་འདི་དང་ཕྱི་མ་གཉིས་ཀ་ཁྱད་མེད་པར་ཐམས་ཅད་ཆོས་ཉིད་གཅིག་གི་གཞི་ཀློང་དུ་ཐིམ་སོང་བ་ཡིན་ན། དེ་ཚེ་གནས་ལུགས་དོན་གྱི་བཞུགས་ཚུལ་ཁ་བཤད་ཙམ་མིན་པར་དོན་གྱིས་མངོན་དུ་གྱུར་པའམ་ཀློང་དུ་གྱུར་པ་ཡིན། འཆི་ཆོས་ཀྱི་གདམས་པ་གནད་ལ་འཁེལ་བ་ཞིག་མེད་ན་འཆི་བ་ཟེར་རྒྱུ་དེ་ལ་རང་གཞན་སུ་ཡིན་ཡང་སྐྲག་ཀྱང་། འཆི་ཆོས་ཀྱི་གདམས་པ་གནད་ལ་འཁེལ་བ་ཞིག་ཡོད་ན་འཆི་བ་ལ་སྐྲག་དགོས་པ་མ་ཡིན། འཆི་ཆོས་རྣལ་མ་ཞིག་གྲུབ་ཡོད་ན་འཆི་བ་དེ་ཐར་བའི་སྒོ་ཆེན་དང་། མྱ་ངན་ལས་འདས་པའི་སྒོ་ཡང་འཆི་བ་ཡིན། ལུས་ཟེར་བ་མིང་དང་དོན་མཚུངས་པ་ཤུལ་ལ་ལུས་རྒྱུ་ཅན་མི་གཙང་བའི་རྫས་ཀྱི་བདག་ཉིད་ནད་གདོན་མི་འདོད་ཐམས་ཅད་ཀྱི་གཞི་མ་འདི་ཕར་ལ་བསྐྱུར་ནས་འོད་ལུས་དྭངས་མ་ཡེ་ཤེས་ཀྱི་སྙིང་བོ་ཅན་ཞིག་བླངས་ནས། སེམས་ཅན་གཞན་ལ་ཕན་འདོགས་པ་དེས་མི་དགའ་བར་འཁོར་ངན་བཙོན་ཁང་འདྲ་བ་འདིའི་ནང་དུ་བསྡད་ནས་རང་སྡུག་རོགས་སྡུག་རང་གཞན་མཉམ་སྡུག་བྱས་ནས་ཅི་བྱེད། ད་ངེས་འབྱུང་རྒྱུད་ལ་འབྱོངས་པ་དེ་བྱ་འདབ་ཆགས་དུ་བས་བདུག་ན་འཕུར་འདོད་ཡོད་པ་འདྲ་ཞིག་ཡོད་དགོས་པ་ཡིན། དེའི་སྟེང་དུ་གནས་ལུགས་རྟོགས་པའི་གདེངས་ཤིག་ཡོད་བཞག་ན་འཆི་བ་ལ་དེ་ཙམ་ཞིག་སྐྲག་དགོས་པ་མ་ཡིན་ནོ། །སེམས་དང་ནམ་མཁའ་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་ཆོས་སྐུ་ཀློང་དུ་གྱུར་པ་ཡིན། །ཞེས་གསུངས་ན། སེམས་ཉིད་ཆོས་སྐུའི་ངོ་བོ་སྟོང་གསལ་མཐའ་དབུས་དང་བྲལ་བ་ཕྱི་རོལ་དཔེ་ཡི་ནམ་མཁའ་བཞིན་དུ་དྭངས་གསལ་གཡོ་བ་མེད་པ། རྒྱ་གར་ཡང་མ་ཆད། ཕྱོགས་གང་དུ་ཡང་མ་ལྷུང་བ། སྣང་སེམས་གཉིས་མེད་ཤེས་དང་ཤེས་བྱ་རོ་གཅིག་པ་མཁའ་མཉམ་ནམ་མཁའ་ལྟ་བུའི་རྟོགས་གོམས་མངོན་དུ་གྱུར་པ་དེའི་ཚེ་ན་མ་བཅོས་སྤྲོས་དང་བྲལ་བ་རང་གནས་ཀྱི་ཆོས་སྐུ་ཀློང་དུ་གྱུར་པ་ཡིན་ནོ། །རང་སེམས་སངས་རྒྱས་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་འབྲས་བུ་ཀློང་དུ་གྱུར་པ་ཡིན། །ཞེས་གསུངས། རང་སེམས་ཀྱི་རིག་པའི་ངོ་བོ་དེ་ཡེ་ཤེས་སུམ་ལྡན་གྱི་བདག་ཉིད་དེ་ཉིད། ཀུན་ཏུ་བཟང་པོ་སངས་རྒྱས་པའི་ཚེ་ན་བཟང་དུ་མ་སོང་ཞིང་། ཁམས་གསུམ་སེམས་ཅན་འཁོར་བར་འཁྲུལ་བའི་སྐབས་ན་ངན་དུ་མ་སོང་བའི་མི་འགྱུར་ཀ་ནས་དག་པའི་ཡེ་ཤེས། ངང་དྭངས་སྤྲོས་པ་དང་བྲལ་བ། སྤང་བླང་འཛིན་རྩོལ་ལས་འདས་པ་འདི་ལས་གཞན་པའི་སངས་རྒྱས་ལོགས་ན་མེད་པ། ཨིན་དྲ་བྷུ་ཏིའི་ཡང་དག་གྲུབ་པ་ལས། དག་ཐོབ་བྲལ་བའི་སེམས་སངས་རྒྱས། །ཞེས་གསུངས་པ་བཞིན་དུ་མངོན་དུ་གྱུར་ཏེ། རང་སེམས་སངས་རྒྱས་གཉིས་ཀ་ལ་ཁྱད་པར་མེད་པ་གྱུར་པའི་དུས་སུ་འབྲས་བུ་ཀློང་དུ་གྱུར་པའོ། །དེའི་ཡན་ཆད་ཀྱིས་གོལ་ཤོར་ནོར་བའི་འཕྲང་ལས་སྒྲོལ་ཞིང་རྣལ་འབྱོར་ལམ་གྱི་གོམས་པའི་རྟགས་ཚད་བསྟན་པ་དང་བཅས་པ་སོང་བའོ། །ལྟ་སྒོམ་སྤྱོད་འབྲས་གང་གི་ཐད་ནས་ཇི་ལྟར་བཤད་ཀྱང་གཙོ་བོ་ལྟ་བས་ཐག་ཆོད་པའི་སྟེང་དུ་སྒོམ་པས་ངང་བསྐྱངས་ནས། གོམས་པ་ཀློང་དུ་གྱུར་པའི་དུས་སུ་དགག་སྒྲུབ་མེད་པའི་སྤྱོད་པ་དང་། རེ་དོགས་བྲལ་བའི་འབྲས་བུ་རང་ཤུགས་ཀྱིས་འབྱུང་བ་ཡིན་པས། ལྟ་བས་ཐག་བཅད་པ་ལྟར་དུ་མི་བསྒོམ་པའི་སྒོམ་པ་ཆེན་པོ། སྒོམ་དུ་ཅི་ཡང་མེད་པ་ལ་ཡེངས་སུ་སྐད་ཅིག་ཀྱང་མི་འགྲོ་བར་སྒོམ་པའི་བོགས་དེ་ཉིད་སྤྱོད་པས་དབྱུང་དུས། ཕྱོགས་རིས་མེད་པའི་དད་པ་དང་ཉེ་རིང་མེད་པའི་སྙིང་རྗེ་སྔར་མེད་ཅིག་ཤུགས་འབྱུང་ལ་འཆར་ཡོང་བ་ཡིན། དེ་དུས་ལྟ་སྒོམ་སྤྱོད་པ་གང་ཐད་ནས་གོལ་འཕྱུགས་ནོར་གསུམ་མེད་པའི་འབྲས་བུ་རེ་དོགས་བྲལ་བའི་སྐུ་གསུམ་ཆོས་སྐུའི་རྒྱལ་ས་བསྙེགས་པ་ལས་ཐོན་འགྲོ་ས་གཞན་ཞིག་མེད་པའོ། །དེའི་ཡན་ཆད་ཀྱིས་རྒྱས་པ་དང་འབྲིང་བོའི་བཤད་ཚུལ་གྱིས་ཐུན་མོང་དང་ཐུན་མིན་གྱི་རྫོགས་པ་ཆེན་པོའི་སྣོད་དུ་གྱུར་པའི་གདུལ་བྱའི་བློ་དང་འཚམས་པར་བསྟན་པའོ། །ད་ནི་བསྡུས་པའི་ཚུལ་གྱིས་སླར་ཡང་གདུལ་བྱ་ཐུན་མོང་གི་བློ་ཅན་ལ་རྣལ་འབྱོར་གྱི་ཉམས་ལེན་གནད་ཚང་བར་བསྟན་པ་ནི། ཨེ་མ་ཧོ། ད་དུང་རིགས་ཀྱི་བུ་རྣམས་བདག་ལ་གསོན། །ཞེས་སྙན་གསན་དབབ་པའི་སྐུལ་མས་མཚམས་སྦྱར་ཏེ། གདོས་བཅས་ལུས་འདི་ཆུ་ཟླ་ལྟར་དུ་ལྟོས། །ངག་གི་སྨྲ་བརྗོད་བྲག་ཆ་བཞིན་དུ་ཟློས། །སེམས་ཀྱི་རྟོག་ཚོགས་རང་སར་སངས་སུ་ཆུག །སྣང་གྲགས་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་། །སྨིག་རྒྱུ་རྨི་ལམ་གཟུགས་བརྙན་ཆུ་ཟླ་དང་། །དྲི་ཟའི་གྲོང་ཁྱེར་མིག་ཡོར་སྤྲུལ་བ་དང་། །ཆུ་བུར་བྲག་ཆ་བཞིན་དུ་འཛིན་མེད་སྤྱོད། །སྤྱོད་ལམ་ཐམས་ཅད་དེ་ཡི་ངང་ནས་གྱིས། །ཞེས་གསུངས་ན། གཟུགས་ཕུང་གདོས་བཅས་ཀྱི་ལུས་འབྱུང་བཞི་ཚོགས་པའི་གཡར་བོ་ཅ་ལག་ལྟ་བུ་འདིའི་རང་བཞིན་ནི་འཇིག་པའི་ཆོས་ཅན་མི་བརྟན་གཡོ་བ་སྙིང་མེད་ཆུ་ཟླ་ལྟ་བུ་སོགས་སྒྱུ་མའི་དཔེ་བརྒྱད་བསྟན་པ་སྟེ། སྒྱུ་མ་ངལ་གསོ་ལས་འདིའི་དོན་རྒྱས་པར་བཤད་ཡོད། མི་བརྟན་གཡོ་བ་སྙིང་མེད་ཆུ་ཡི་ཟླ་བ་ལྟ་བུ། ངག་གི་སྨྲ་བརྗོད་བྲག་ཅའི་སྒྲ་སྐད་འདྲ་བ། སེམས་ཀྱི་རྟོག་ཚོགས་ཀྱང་རང་ཡལ་རང་སངས་རྗེས་མེད་དུ་མངག་པ་དང་། འདི་ལྟར་སྣང་ཞིང་སྲིད་པའི་ཆོས་ཐམས་ཅད་སླུ་བྱེད་སྒྱུ་མའི་སྤྲུལ་བ། མེད་བཞིན་དུ་སྣང་བ་སྨིག་རྒྱུའི་ཆུ། འཁྲུལ་ལས་ཉིང་འཁྲུལ་དུ་ཤར་བ་རྨི་ལམ་སྣ་ཚོགས། རྐྱེན་གྱིས་སྣང་བ་གཟུགས་བརྙན་དུ་ཤར་བ། ད་རུང་དྲི་ཟའི་གྲོང་ཁྱེར། མིག་ཡོར། སྤྲུལ་བ། ཆུ་བུར་ལ་སོགས་པ་དེ་ལྟར་སྣང་བ་སྒྱུ་མའི་དཔེ་བརྒྱད་ཀྱིས་སྙིང་པོ་མེད་པར་བསྟན་པ་བཞིན་དུ་མ་ཆགས་འཛིན་མེད་ཀྱི་སྤྱོད་པ། དེ་ཡང་ཐེངས་གཅིག་ལ་དྲན་པ་དང་སྐོར་གཅིག་ལ་ཅིག་གཟབ་ཁུལ་བྱས་པ་ཙམ་ཞིག་མ་ཡིན་པར་དྲན་པ། ཤེས་བཞིན། བག་ཡོད་པ་གསུམ་གྱིས་རྣལ་འབྱོར་དེ་ཉིད་སྤྱོད་ལམ་དང་མི་འབྲལ་བ་བྱེད་དགོས་པ་སྟེ། མི་བརྗེད་པའི་དྲན་པ་དང་། མི་གཡེངས་པའི་ཤེས་བཞིན། ཉེས་སྤྱོད་ལ་འཛེམ་པའི་བག་ཡོད་པ་བཅས་ཀྱིས་རྣལ་འབྱོར་བའི་སྤྱོད་ལམ་ཐམས་ཅད་ཆོས་དང་མཐུན་པར་བྱེད་དགོས་ནི་རྒྱུན་གྱི་སྤྱོད་ལམ་མོ། །ཉམས་ལེན་སྒོམ་དུ་དྲིལ་དུས་ཇི་ལྟར་བྱེད་དགོས་པ་ནི། ཐུན་མཚམས་མ་གཅོད་ཉིན་མཚན་ཁོར་ཡུག་སྤྲོད། །དྲན་བསམ་བཅོས་བསླད་མ་བྱེད་རང་བབས་ངང་། །རང་མདངས་རང་གྲོལ་འཛིན་མེད་གསལ་སྟོང་དུ། །བདེན་མེད་བསྒོམ་མེད་རྩོལ་མེད་རྗེས་མེད་ཞོག །སྔར་འདས་རྣམ་པར་རྟོག་པ་ཐམས་ཅད་ཀྱང་། །བྱ་ལམ་ནམ་མཁར་རྗེས་མེད་ལྟར་དུ་ཞོག །ད་ལྟའི་ཤེས་པ་རྡུལ་བྲལ་བར་སྣང་ལྟར། །མ་འོངས་རྟོག་པ་རང་འཐག་ཆུ་བཅད་ལྟར། །ཁྲིག་གེར་གློད་ལ་བཟོ་བཅོས་མི་བྱེད་པར། །རང་བབས་རྒྱ་ཡན་ངང་དུ་ལྷུག་པར་ཞོག །ཕྲ་རགས་རྟོག་པ་དུག་གསུམ་དུག་ལྔ་སོགས། །ཁང་སྟོང་རྐུན་མ་སླེབས་པ་ལྟར་དུ་ཞོག །ཚོགས་དྲུག་ཡུལ་སྣང་ཐམས་ཅད་རྗེས་མེད་དུ། །སྒྱུ་མའི་གྲོང་ཁྱེར་ཞིག་པ་ལྟར་དུ་ཞོག །ཅེས་གསུངས་ཏེ། སྤྱིར་ན་མཉམ་རྗེས་དབྱེར་མེད་དུ་གྱུར་པ་དེ་མི་སློབ་པའི་ས་ལ་ཐོན་པའི་སྐབས་སུ་མ་གཏོགས་མེད་ལ། འོན་ཀྱང་ལམ་ལྔ་རིམ་བརྒྱུད་ཀྱིས་བསླབས་ཏེ་མི་སློབ་པའི་སར་ཕྱིན་དགོས་པས་མི་ཚད་པར་འཕགས་པའི་ཡེ་ཤེས་སོ་སོ་སྐྱེ་བོ་རང་དུས་ནས་རྣམ་པ་ཆ་འདྲ་ལམ་དུ་བྱས་ཏེ་མངོན་དུ་འགྱུར་བ་དེ་སྔགས་ཀྱི་ཁྱད་ཆོས་ཡིན། རྫོགས་པ་ཆེན་པོའི་སྤྲོས་མེད་ཀྱི་རྣལ་འབྱོར་བས་ཉིན་མཚན་འོད་གསལ་གྱི་འཁོར་ལོ་ལ་བར་མེད་དུ་སྒོམ་པའི་སྐབས་སུ་ཐུན་དང་ཐུན་མཚམས་ཐམས་ཅད་ལ་ཐུན་གྱི་ཉམས་ལེན་དང་མི་འབྲལ་བཞིན་དུ་དྲན་བསམ་རང་ག་བ་གང་ཤར་གང་འགྱུ་ཅི་གནས་ཐམས་ཅད་རང་བབས་བཅོས་བསླད་མེད་པའི་ངང་དུ་རང་དྭངས་ཀྱི་རོལ་བ་ཅི་ཤར་རང་གྲོལ་འཛིན་མེད་གསལ་སྟོང་དུ་ཤར་བའི་ཐོག་དེར་བདེན་མེད། སྒོམ་མེད། རྩོལ་མེད། རྗེས་མེད་ཅེས་མེད་བཞི་ཡིས་རིམ་གྱིས་བསྟན་པ་ནི། བདེན་མེད་རྟེན་འབྱུང་སྒྱུ་མའི་རང་གཟུགས་ཅན་གྱི་སྣང་སེམས་ཀྱི་ཆོས་འདི་དག་ཐམས་ཅད་མེད་བཞིན་དུ་འཁྲུལ་ངོར་སྣང་བ་ཡིན་ཡང་། དེའི་སྟོང་པ་ལ་མཆོག་འཛིན་གྱི་ལྟ་བའི་གོལ་སར་མི་ལྡང་བ་དང་། འདི་སྒོམ་ཟེར་བའི་དམིགས་གཏད་ཅན་ཞིག་བསྒོམ་རྒྱུ་མེད་ཀྱང་ཡེངས་སུ་སྐད་ཅིག་ཀྱང་མི་འགྲོ་བའི་སྒོམ་མེད་ཆུ་ཆེན་གྱི་གཞུང་ལ་རྒྱུན་ཆད་མེད་པ་དང་འདྲ་བའི་ཆུ་བོ་རྒྱུན་གྱི་རྣལ་འབྱོར་དེ་ལ། ཆེད་དུ་རྩོལ་བ་མེད་པར་རང་བཞག་གནས་ལུགས་ཀྱི་རང་འགྲོས་བསྐྱངས་ཏེ་རྗེས་མེད་རང་གྲོལ་ཆེན་པོའི་ཕྱོགས་ལ་གང་ཤར་ཤར་དུ་ཆུག་ལ་གང་སྣང་སྣང་དུ་ཆུག་ལ་ཐོངས། དུས་གསུམ་གྱི་རྟོག་ཚོགས་ཀྱི་སྔར་རྗེས་བཅད་ནས་སྔུན་གྱི་རྣམ་རྟོག་གི་རྗེས་སུ་མ་འབྲང་། ཕྱིས་མདུན་མ་འོངས་པའི་མདུན་ཚུར་ལ་མ་བསུ། ད་ལྟའི་ཤེས་པ་བཟོ་མེད་ཀྱི་ངང་ལ་སེམས་ཉིད་རིག་མདངས་འགག་མེད་ཁྲིག་གེའམ་ཧྲིག་གེ་བ་སྟེ། ཧྲིག་གེ་བ་ལ་ཟང་ཐལ་ལེ། །ཟང་མ་ཐལ་བྱུང་བརྗོད་དུ་མེད། །ཅེས་གསུངས་པ་ལྟར་དུ་རང་བབས་རྒྱ་ཡན་གྱི་ངང་ལ་ལྷུག་པ་མ་བཅོས་པར་བཞག་པ་དེའི་དུས་སུ་ཉོན་མོངས་རྣམ་རྟོག་ཕྲ་རགས་གང་ཤར་ཐམས་ཅད་ཁང་སྟོང་གི་ནང་དུ་རྐུན་མ་ཐོན་ཚེ་རྐུན་མ་ལ་འཐོབ་འགྲོ་རྒྱུ་ཞིག་དང་ཁང་སྟོང་ལ་ཤོར་འགྲོ་རྒྱུ་ཞིག་མེད་པའི་དཔེ་བཞིན་དུ་ཚོགས་དྲུག་ཡུལ་སྣང་གང་ཤར་ཐམས་ཅད་སྣང་བ་སྣང་ཐོག་ནས་གྲོལ་བ་དང་འགྱུ་བ་འགྱུ་ཐོག་ནས་གྲོལ་བ་ཡིན། རྗེས་མེད་སྒྱུ་མའི་གྲོང་ཁྱེར་ཞིག་པ་ལྟ་བུ་ཞིག་གིས་རེ་དོགས་མེད་པའི་ངང་ལ་ཞོགས་ཞེས་གསུངས་པའོ། །དེ་ལྟར་ཉམས་སུ་བླངས་པའི་འཛིན་མེད་ཀ་དག་ཆེན་པོར་ལ་བཟླ་ཚུལ་བསྟན་པ་ནི། མདོར་ན་སྐྱེ་འགག་གནས་གསུམ་གཞི་ལམ་འབྲས། །ལྟ་སྒོམ་སྤྱོད་འབྲས་དུས་གནས་བརྗོད་ཚིག་དང་། །བཞག་བྱ་འཇོག་བྱེད་དགྲོལ་བྱ་འགྲོལ་བྱེད་སོགས། །རང་གསལ་རེས་མེད་འཛིན་རྩོལ་སྤང་བླང་མེད། །རྒྱ་མཚོ་ཆེན་པོར་ཆུ་ཕྲན་ཐིམ་པ་ལྟར། །ཆོས་ཀུན་སེམས་ཀྱི་དབྱིངས་སུ་ཀ་དག་པར། །བློ་གདེང་བཅའ་ཞིང་འཛིན་མེད་ལ་བཟླའོ། །ཞེས་གསུངས་ཏེ། ཉམས་ལེན་གནད་དུ་དྲིལ་ཏེ་མདོ་འགག་བསྡུས་ཏེ་བརྗོད་ན། སྐྱེ་འགག་གནས་གསུམ་བྲལ་བའི་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་གྱི་སྟེང་ནས་བཤད་ནའང་འདྲ། གཞི་ལམ་འབྲས་བུའི་རྣམ་གཞག་གིས་འཁོར་འདས་ཀྱི་ཆོས་ཀུན་གཏན་ལ་ཕབས་ན་ཡང་འདྲ། དུས་གང་དུ་གནས་གང་ནས་བརྗོད་ཚིག་ཅི་ཞིག་གིས་ཇི་ལྟར་བཤད་པ་དང་། སེམས་གནས་ཀྱི་བཞག་བྱ་འཇོག་བྱེད་གྲོལ་ལུགས་ཀྱི་དགྲོལ་བྱ་འགྲོལ་བྱེད་ལ་སོགས་པ་གནད་སྣ་ཚོགས་ཀྱིས་གང་ནས་བཤད་ཀྱང་ཐག་གཅིག་ཐོག་ཏུ་བཅད་ནས་ལ་བཟླ་ས་ནི། རིག་པ་རྗེན་པ་རང་གསལ་འཛིན་མེད་སྟོང་བའི་ཕྱོགས་སུ་བཅད་ནས་གསལ་བའི་རིས་སུ་འཛིན་ཡོང་རྒྱུ་མེད་པ། གང་ཤར་འཛིན་རྩོལ་དང་ཅི་ཤར་སྤང་བླང་མེད་པ་དཔེར་ན་རྒྱ་མཚོ་ཆེན་པོ་ལ་ས་གཞིའི་ཆུ་ཕྲན་ཐིམ་པ་དང་འདྲ་བར་བྱུང་ཡང་རྒྱ་མཚོའི་ནང་ནས་བྱུང་། ཐིམ་ཡང་རྒྱ་མཚོའི་ནང་ལ་ཐིམ་པ་ལྟར་དུ་དབྱིངས་ཀ་དག་སེམས་ཀྱི་ཆོས་ཉིད་གང་ཡིན་པ་དེའི་ངང་དུ་རེ་དོགས་འཛིན་པའི་ཆོས་ཀུན་དེ་མི་དམིགས་པར་རང་སར་དག་བྱ་དག་བྱེད་དང་བྲལ་ནས་རང་དག་ཏུ་འགྲོ་བའི་བློ་གདེང་ཉམས་ལེན་གྱི་མཐིལ་སོ་དེ་ལ་བཅའ་ཞིང་འཛིན་མེད་ལ་བཟླའོ་འམ་ཐག་བཅད་དོ་ཞེས་པའོ། །ལས་དང་པོ་བ་ལ་རྣམ་རྟོག་རང་སར་གྲོལ་བའི་གདམས་པ་གནང་བ་ནི། དེ་ལྟར་བསྒོམས་ཚེ་རྣམ་རྟོག་མང་འཕྲོས་ཀྱང་། །སྒོམ་ནི་མ་འོང་སྙམ་ནས་སྡུག་མི་དགོས། །སེམས་ནི་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ལྟར་ཤར་ཡང་རིག་པའི་ངང་ཡིན་པས། །དགག་སྒྲུབ་བླང་དོར་གང་ཡང་མི་བྱེད་པར། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །དེ་ཡིས་རྣམ་རྟོག་རང་སར་གྲོལ་བར་ངེས། །ཞེས་གསུངས་པ་སྟེ། དེ་སྔོན་ཐོག་མེད་ནས་ད་ལྟའི་བར་རམ་སྐྱེས་ནས་ད་ལྟའི་བར་དུ་ཕར་ཕྱི་ལ་ཁ་འཁོར་ཏེ་གཞན་ལ་ལྟ་བ་ལས། རང་ལ་ཚུར་འཁོར་བ་དང་། ཁྱད་པར་ནང་གི་སེམས་ཀྱི་རང་གཤིས་ལ་བལྟས་མ་མྱོང་བ་ནི་རྟ་རྒོད་འཕྲལ་བཟུང་བྱས་པ་དང་འདྲ་བར་ཚུར་སེམས་ཐོག་ཏུ་བཞག་ནས་ལྟ་བའི་དང་པོའི་སྐབས་སུ་སྒོམ་ཞིག་བརྒྱབ་པ་ཡིན་ཡང་རྣམ་རྟོག་ཇེ་མང་དུ་ཕྱིན་འདུག་སྙམ་པ་ལྟ་བུ་ཞིག་ཡོང་བ་ཡིན། དེ་ནི་བསྒོམས་ནས་རྣམ་རྟོག་ཇེ་མང་དུ་སོང་བ་མ་ཡིན་པར་དུས་རྒྱུན་དུ་འཁྲུལ་འབྱམས་རྣམ་རྟོག་གི་རྒྱུན་སྣ་ཚོགས་དེ་སྤྲིན་ཁ་འཚུབས་པ་ལྟ་བུ་ཞིག་ཡིན་པ་དེ་ད་རེས་ཁ་ནང་ལ་ཚུར་འཁོར་ནས་བལྟས་དུས་མཐོང་ཡོང་བས་ཡིན། དེའི་སྐབས་སུ་སྒོམ་མི་ཡོང་བར་འདུག་སྙམ་ནས་སྡུག་མི་དགོས་གསུངས་པ་ཡིན། ཅི་ཕྱིར་སྡུག་མི་དགོས་སྙམ་ན། ས་ཐག་རིང་གི་ལམ་ལ་བགྲོད་པ་དང་འདྲ་བར་སེམས་འགྱུ་འཕྲོ་དགའ་སྡུག་གི་རང་འགྲོས་འདྲ་དང་མི་འདྲ་ལ་ཐུག་ཏུ་ཡོད་པ་ཡིན་པས་རྣམ་རྟོག་ལ་བཙོག་བལྟས་བྱས་ཏེ་བཀག་མི་དགོས་སོ། །སེམས་འཕྲོ་ཡང་སྟོང་གསལ་འཛིན་པ་དང་བྲལ་ཞིང་། གནས་ཀྱང་དེ་བཞིན་དུ་སྟོང་གསལ་འཛིན་པ་དང་བྲལ་བ་ཡིན། གང་ལྟར་ཤར་ཇི་ལྟར་སེམས་ན་ཡང་རིག་པ་ཀ་དག་གི་ངང་ལས་མ་གཡོས་པ་ཡིན་པས་ན། འཕྲོ་བ་དགག་རྒྱུ་དང་གནས་པ་བསྒྲུབ་རྒྱུ་དང་། བཟང་པོ་ཚུར་ལ་བླང་རྒྱུ་དང་། ངན་པ་ཕར་ལ་འདོར་རྒྱུ་སོགས་སྤང་བླང་དགག་སྒྲུབ་འདོར་ལེན་གང་ཡང་མི་བྱེད་པར་རང་བབས་མ་བཅོས་གཉུག་མའམ་རྣལ་མའི་དོན་ཡེ་ཇི་བཞིན་པ་དེ་བཞིན་དུ་ངང་ལ་རང་བབས་སུ་གློད་ནས་ཞོགས་དང་། གདམས་ངག་དེ་ཡིས་རྣམ་རྟོག་གང་ཤར་རང་སར་རང་གྲོལ་དུ་འགྱུར་བར་ངེས་ཞེས་གསུངས་པའོ། །ལས་དང་པོ་བ་ལ་སླར་ཡང་བོགས་འདོན་སེམས་ཀྱི་གེགས་སེལ་རྣམ་རྟོག་ཨར་གཏོད་དུ་གསུངས་པ་ནི། བློ་དམན་སྐྱེ་བོ་ངང་ལ་མི་གནས་ན། །ངོ་སྤྲོད་སྐབས་བཞིན་དཔྱད་འཇོག་སྤེལ་མ་གྱིས། །ཡང་ན་འདི་བཞིན་རྣམ་རྟོག་ཨར་ལ་གཏོད། །དགོས་སམ་མི་དགོས་རྣམ་རྟོག་བསླངས་ནས་ཀྱང་། །གཅིག་རྗེས་གཅིག་མཐུད་རྣམ་པ་སྣ་ཚོགས་པ། །རང་སེམས་སུན་རག་བར་དུ་སྤྲོས་ནས་ཀྱང་། །དེ་ནས་མི་འདོད་ཚེ་ན་གློད་ལ་ཞོག །ཅེས་གསུངས་ཏེ། སྤྱིར་རྫོགས་པ་ཆེན་པོའི་ཆོས་ཀྱི་སྣོད་ལྡན་གྱི་སློབ་མ་དེ་གཞན་དང་བསྡུར་ན་དབང་རབ་ཡིན་ན་ཡང་། དེ་ལ་དབང་པོ་རྣོ་རྟུལ་གྱི་ཁྱད་པར་གཏན་ནས་མེད་པ་མ་ཡིན་པར་སྔར་ཡང་ལན་མང་བཟླས་པ་ལྟ་བུའི་ཅུང་ཟད་སྣང་བ་ལྐོག་གྱུར་གྱི་རིགས་ཅན་བློ་དམན་སྐྱེ་བོ་དེ་འདྲ་བས་རིག་པའི་ངང་སྐྱོང་སྐབས་སུ་ངང་ལ་ཇི་བཞིན་གནས་པ་མ་ཤེས་པར། ཡང་ན་ངོ་སྤྲོད་ཚིག་ལ་འཆེལ་ནས་གནད་ངོ་མ་མ་གོ་བའམ། ཡང་ན་བསྒྲིམས་ཆེ་སོང་བས་ཡིན་ནའང་ཐང་བས། ངོ་སྤྲོད་ཀྱི་གནད་རྣམས་ཀྱི་ཚིག་རྗེས་སུ་དོན་དྲན་པར་བྱས་ནས། དཔྱད་སྒོམ་དང་འཇོག་སྒོམ་གཉིས་ཀ་སྤེལ་མ་འདྲ་འདྲེས་བྱས་ན་དགའ་འམ། ཡང་ན་རྣམ་རྟོག་ཨར་གཏད་ཀྱི་གདམས་པ་ལ་བརྟེན་ན་དགའ་འདུག་གམ། དེ་ཡང་དགོས་མི་དགོས་རྣམ་རྟོག་བཟང་ངན་ཐམས་ཅད་དང་པོར་ཡར་བསླངས་ནས་སུན་མ་ཡོང་གི་བར་དུ་སྤྲོས་ནས་དྲན་པར་གྱིས་ཤིག བར་ཞིག་ལ་དྲན་ཚོད་མེད་དེ་རྨུས་ནས་དྲན་མི་བསམ་མི་འདོད་པ་རུ་སོང་དུས་དེའི་ཐོག་ཏུ་གློད་ནས་ཞོགས་དང་རིག་པ་འཕྲོ་འདུ་མེད་པའི་རང་གཤིས་དེའི་ཕན་དུ་འགྲོ་ས་ཡོད་པ་མ་ཡིན་ནོ། །ཡང་སེམས་མི་བདེ་ཞིང་རིག་པ་མི་དྭངས་པ། རྐྱེན་འདི་ཡིན་གྱི་ངེས་པ་མེད་པའི་གདོན་བགེགས་ཀྱི་འཚེ་བ་དང་། ཁྱད་པར་དུ་དེང་སང་རྒྱལ་གདོན་གྱིས་འཚེ་བ་བྱེད་པའི་དུས་ཆོས་བྱེད་པ་ལ་རྒྱལ་འགོང་སྙིང་ལ་ཞུགས་དུས་ཡིན་པས་དེ་ལ་སོགས་པའི་གེགས་སེལ་ལ་འདི་ཟབ་པ་ཡིན་ནོ། །ཡང་ན་སྙིང་དབུས་མཚན་ལྡན་བླ་མ་བསྒོམ། །དེ་ལ་སེམས་ནི་ཡུན་རིང་བཟུང་ནས་ཀྱང་། །དེ་རྗེས་འཛིན་མེད་རིག་པའི་ངང་ལ་ཞོག །ཅེས་གསུངས་ན། བླ་མ་སྒོམ་པ་འདི་སྤྱིར་ན་ཉམས་ལེན་ཐམས་ཅད་ཀྱི་སྙིང་པོ་ཡིན་པ་སྟེ། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བརྟེན་ནས་བྱུང་། །ཞེས་པ་དང་། བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །ཞེས་གསུངས་པས། བླ་མའི་རྣལ་འབྱོར་བསྒོམས་ནས་བླ་མ་དང་ཐུགས་ཡིད་དབྱེར་མེད་དུ་བསྲེ་བ་འདི་ལས་ལྷག་པའི་ཆོས་གནད་ཆེན་ཞིག་རྒྱལ་བའི་ལྗགས་ཀྱིས་ཀྱང་གསུང་དུ་མེད་ལ། གེགས་སེལ་དང་ཉམས་ལེན་གང་གི་སྐབས་སུ་ཡིན་ཡང་མཚན་ཉིད་ཀུན་ལྡན་གྱི་དབང་ཁྲིད་མན་ངག་ཐོབ་པ་དང་། ཁྱད་པར་དུ་རང་སེམས་ཆོས་སྐུར་ངོ་སྤྲད་པའི་རྩ་བའི་བླ་མ་དེ་ཉིད་སྙིང་ཙིཏྟ་རིན་པོ་ཆེའི་གུར་ཁང་ན་འདབ་བརྒྱད་པདྨའི་སྟེང་དུ་སྐུ་གཟི་མདངས་ལྷམ་མེར་བཞུགས་ཡོད་པར་བསྒོམས་པའི་མཚན་བཅས་ཀྱི་སྒོམ་པས་སེམས་དེ་ལ་གཏད་པ་ཡུན་རིང་དུ་བཟུང་ནས། དེ་རྗེས་སུ་འཛིན་མེད་རིག་སྟོང་རྗེན་པ་དམིགས་བསམ་སྤྲོ་བསྡུ་དང་བྲལ་བའི་བླ་མའི་ཐུགས་དང་དབྱེར་མེད་དུ་ཞོགས་དང་། དེ་ལ་ཡང་ཡང་གོམས་ན་དེས་ཞི་མི་ཐུབ་པའི་སྒོམ་གེགས་ཤིག་མེད་དོ། །ཡང་སྒོམ་སྐྱོན་བྱིང་རྒོད་གང་ཡང་རུང་བའི་དབང་དུ་འདུག་སྙམ་ན། ཡང་ན་སྙིང་གི་དབུས་སུ་ཐིག་ལེ་བསྒོམ། །དེ་ཉིད་མར་ལ་བབས་ནས་དབང་ཆེན་གྱི། །ས་གཞིར་ཐུག་རག་བར་དུ་སོང་བར་བསམ། །དེ་ཡིས་འཕྲོ་རྒོད་རྦད་ཀྱིས་ཆོད་པར་ངེས། །རྒོད་པ་ཆོད་ཚེ་རིག་པའི་ངང་ལ་ཞོག །བྱིང་བ་ཆེ་ན་ལྟ་སྟངས་ངར་བསྐྱེད་ལ། །རིག་པ་རྗེན་པར་ཕུད་ནས་ས་ལེར་སྐྱོངས། །ཡང་ན་རང་གི་སེམས་ཉིད་ཐིག་ལེ་རུ། །དམིགས་ལ་ངག་ནས་ཕཊ་སྒྲ་བརྗོད་མ་ཐག །ཚངས་བུག་ནས་ཐོན་དཔག་ཆེན་མདའ་འཕངས་ལྟར། །སོང་ནས་མཁའ་ལ་ཁྲུག་གིས་འདྲེས་པར་བསམ། །དེ་ནས་ནམ་མཁའི་མཚན་ཉིད་ཡིད་ལ་གྱིས། །དེ་ཡིས་བྱིང་བ་མི་སངས་མི་སྲིད་དོ། །བྱིང་བ་སངས་ཚེ་འཛིན་མེད་ངང་ལ་ཞོག །འདི་རྣམས་ཞལ་ཤེས་ཡིན་པས་ཤེས་པར་གྱིས། །རྟོག་མེད་འདོད་པའི་རྟོག་པས་མ་བཅིངས་པར། །རིག་པ་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ། །ཐོངས་ལ་གུ་ཡངས་ཡན་པ་བློ་བདེ་གྱིས། །ཞེས་གསུངས། བླ་མ་སྙིང་དབུས་སུ་སྒོམ་པ་ནི་གེགས་སེལ་ཀུན་གྱི་མཆོག་དང་། བྱིན་རླབས་ཀུན་གྱི་རྩ་བ་ཡིན་ཡང་། མོས་གུས་དང་འདུན་པ་ཡིས་དེ་ཙམ་ཞིག་མ་ཐུབ་ནས་གེགས་སེལ་མི་ཐུབ་པ་ལྟ་བུ་བྱུང་ན། ཡང་ཞལ་ཤེས་ཀྱི་མན་ངག་གཞན་དག་ནི་སྙིང་དབུས་སུ་ཐིག་ལེ་གསལ་འཚེར་ཞིག་རིག་པའི་ངོ་བོར་བསྒོམས་ནས་དེ་ཉིད་མར་ལ་བབས་ནས་ས་རིམ་པ་དགུའི་མར་ཞབས་དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་རག་གི་བར་དུ་སོང་བར་བསམས་ན། དེས་རྣམ་རྟོག་འཁྲུལ་བ་དང་རྒོད་པའི་གེགས་ཐམས་ཅད་རྦད་ཀྱིས་སམ་རྩད་ནས་ཆོད་ངེས་པ་ཡིན། རྒོད་པ་ཆོད་དུས་ཀྱི་སྐབས་དེའི་ཚེ་ན་རིག་པ་རང་གསལ་གྱི་ངང་ལ་ཡང་མཉམ་པར་ཞོགས་ཤིག ཡང་བྱིང་བ་ཆེ་ན་ལྟ་སྟངས་ཀྱིས་ངར་བསྐྱེད་པའམ་རིག་པ་ཧུར་ཕྱུངས་ནས་རིག་པ་རྗེན་པ་སྒྲིབ་བྱེད་མེད་པའི་ངང་དུ་གསལ་ས་ལེར་སྐྱོང་པའམ། ཡང་ན་རང་གི་སེམས་ཉིད་དེ་ཡང་ཐིག་ལེར་གསལ་བཏབ་པ་གོང་བཞིན་དུ་འོད་ཀྱི་རྣམ་པར་བསྒོམས་ནས་དམིགས་པ་ཡང་ཐིག་ལེ་དེ་ལ་གཏད་ནས། ཐབས་ཤེས་འབྲེལ་བའི་ཕཊ་སྒྲ་སྟེ་ཕ་ཡིག་དང་ཊ་ཡིག་གཉིས་གཟུང་འཛིན་རྩད་ནས་གཅོད་བྱེད་ཀྱི་ཕཊ་ཡིག་ཏུ་གྲུབ་པའི་ཕཊ་སྒྲ་དྲག་ལ་ཐུང་བ་བརྗོད་པའི་དེ་མ་ཐག་ཏུ་སེམས་ཉིད་རིག་པའི་ངོ་བོ་ཐིག་ལེའི་རྣམ་པ་དེ་ཉིད་སྤྱི་བོའི་ཚངས་པའི་བུ་ག་ནས་ཐོན་ཏེ་དཔག་ཆེན་ནམ་རྩལ་ཆེན་གྱད་ཀྱིས་མདའ་འཕངས་ན་ཕྱིར་མི་ལྡོག་པ་དང་འདྲ་བར་ཕྱི་རོལ་ནམ་མཁའི་དབྱིངས་སུ་ཁྲུག་གིས་སམ་ཁྲུག་གཅིག་ཏུ་དབྱེ་རུ་མེད་པར་འདྲེས་པར་བསམ་མོ། །དེ་ནས་སྟོང་གསལ་མཐའ་དབུས་བྲལ་བའི་ནམ་མཁའི་མཚན་ཉིད་ཡིད་ལ་བྱེད་ན་བྱིང་བ་མི་སངས་པ་ཞིག་མི་སྲིད་དོ། །བྱིང་བ་སངས་དུས་ཀྱི་སྐབས་དེའི་ཚེ་ན་འཛིན་མེད་རང་དྭངས་ཀྱི་ངང་ལ་བཞག་ནས་ཉམས་ལེན་སྐྱོན་མེད་ཀྱི་རྒྱུན་སྐྱོང་བར་བྱའོ། །འདི་དག་ནི་བྱིང་རྒོད་ཨར་ལ་གཏད་པའི་མན་ངག་ཞལ་ཤེས་སམ་བླ་མའི་ཞལ་རྒྱུན་ཡིན་པས་ན་དེ་ལྟར་ཤེས་པར་གྱིས་ཤིག མི་རྟོག་ཏིང་འཛིན་གྱི་ངང་ལ་གནས་དུས་རྟོག་མེད་བསྒྲུབ་འདོད་ཀྱི་རྟོག་པས་བཅིང་བར་མི་བྱེད་པ་དང་། ཐན་ཐུན་གུ་དོག་གི་བློ་སྣ་ཞིག་ལ་གཏད་པར་མི་བྱེད་པར་རིག་པ་རྒྱ་བསྐྱེད་དཔངས་བསྟོད། ཕྱོགས་སུ་མ་ལྷུང་བའི་ཡངས་དོག་བྲལ་བའི་ཕྱལ་ཡས་མཉམ་པ་མཐའ་ཡས་པར་ཐོངས་དང་གུ་ཡངས་བློ་བདེ་ཡན་པ་རང་ཤུགས་སུ་འཆར་རོ། །ངའི་བླ་མ་འཇིགས་མེད་ཡོན་ཏན་མགོན་པོས། བུ་ཞེན་པ་ཟད་ན་རྟོགས་པ་ཡིན། །ཆེད་འཛིན་ཟད་ན་གནས་ལུགས་ཡིན། །ཐམས་ཅད་ཆོས་ཉིད་ཆེན་པོ་རུ། །དབྱེ་བསལ་མེད་ན་དེ་ཀས་ཆོག །ཅེས་གསུངས་པ་ལྟ་བུའོ། །ཞི་གནས་སྒོ་ཅན་གྱི་ཉམས་ལེན་གཙོ་བོར་བཟུང་བའི་ལམ་རྟགས་ཀྱི་ཚད་གསུངས་པ་ནི། དང་པོ་རྣམ་རྟོག་གཅོང་རོང་ཆུ་དང་འདྲ། །བར་དུ་ཆུ་བོ་གངྒཱ་དལ་བབས་འདྲ། །ཐ་མ་ཆུ་རྣམས་རྒྱ་མཚོ་རོ་གཅིག་ལྟར། །འོད་གསལ་མ་བུ་མཇལ་བའི་ངང་ལ་གནས། །གསུངས་པ་སྟེ། གཡོ་ཐོབ་གོམས་བརྟན་མཐར་ཕྱིན་པའི་ཉམས་ལྔ་རིམ་པར་འབྱུང་བ་རྣམས་འདིར་གསུམ་དུ་བསྡུས་ནས་གསུངས་པ་ཡིན། ལྔ་རུ་དབྱེ་དུས་གཡོ་བའི་ཉམས་དེ་རི་གཟར་གྱི་རྦབ་ཆུ་ལྟ་བུ། ཐོབ་པའི་ཉམས་དེ་ལུང་ཁུང་དོག་མོའི་ཆུ་ལྟ་བུ། གོམས་པའི་ཉམས་དེ་ཆུ་ཀླུང་ཆེན་པོ་ལྟ་བུ། བརྟན་པའི་ཉམས་དེ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ། མཐར་ཕྱིན་པའི་ཉམས་དེ་རི་རྒྱལ་ལྟ་བུ་གཡོ་འགུལ་མེད་པ་སྟེ། དེ་ལྟར་གསུངས་ན་ཡང་། འདིར་ཞི་ལྷག་ཟུང་འཇུག་གི་སྒོ་ནས་མཐར་རྣམ་རྟོག་ཆོས་ཉིད་དུ་གྲོལ་བ་འོད་གསལ་མ་བུ་མཇལ་བ་ལ་བཞག་ན། ཀ་དག་ཁྲེགས་ཆོད་ཀྱི་དགོངས་པ་དང་བསྟུན་ཏེ་སྣང་བཞི་ལུགས་ལྡོག་ལ་འཆར་བའི་བཞེད་པ་དང་བསྟུན་ནས་གསུངས་པའོ། །ཡུམ་དོན་ཤེར་ཕྱིན་གྱི་དགོངས་པ་བདུད་བཞི་ཅིག་ཅར་དུ་གཅོད་པ་རོ་སྙོམས་ཐོག་བརྫིས་ཀྱི་རྣལ་འབྱོར་ལམ་གྱི་བོགས་འདོན་དུ་བསྟན་པ་ནི། ཁྱད་པར་ནད་གདོན་ཆོ་འཕྲུལ་ཅི་བྱུང་ཡང་། །བཅས་བཅོས་རིམ་གྲོ་གང་ཡང་མི་བྱེད་པར། །འདི་ལྟར་རོ་སྙོམས་ཐོག་བརྫིས་སྤྱོད་པ་གྱིས། །ཞེས་མདོར་བསྟན་པའོ། །ནགས་དང་དུར་ཁྲོད་མཚོ་གླིང་སྐྱེད་མོའི་ཚལ། །བྲག་ཕུག་ཁང་སྟོང་ཤིང་གཅིག་དྲུང་ལ་སོགས། །འཇིགས་ཤིང་ཉམ་ངའི་གནས་སུ་སོང་ནས་ཀྱང་། །རང་ལུས་སྣོད་བཅུད་སྣང་སྲིད་བདུད་རྩིར་བསྒྱུར། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །དེ་རྣམས་མཉེས་ནས་བརྩེ་བའི་རྣམ་འགྱུར་གྱིས། །འོད་དུ་ཞུ་ནས་འཁོར་འདས་ཐམས་ཅད་ཀུན། །འོད་གསལ་བདུད་རྩིས་ཡོངས་སུ་གང་བར་དམིགས། །ཡོན་ཏན་མགྲོན་གྱུར་དམ་ཅན་ཆོས་སྐྱོང་དང་། །སྙིང་རྗེའི་ཞིང་མཆོག་རིགས་དྲུག་སེམས་ཅན་དང་། །ལན་ཆགས་གདོན་བགེགས་འབྱུང་པོ་ཐམས་ཅད་དང་། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཀུན། །མྱོང་གྲོལ་བདུད་རྩིས་ཚིམས་པར་བྱས་ནས་ཀྱང་། །འཁོར་འདས་རོ་གཅིག་སེམས་སུ་ཐག་བཅད་ལ། །སེམས་ཉིད་མ་བཅོས་ཆོས་སྐུའི་ངང་ཉིད་ནས། །འགྲོ་དང་འདུག་དང་མཆོངས་དང་རྒྱུག་པ་དང་། །སྨྲ་དང་དགོད་དང་ངུ་དང་གླུ་ལེན་དང་། །བཅགས་དང་དཀྲུག་ལོག་སྨྱོན་པའི་སྤྱོད་པ་བྱ། །ཞེས་གསུངས་ཏེ། ནགས་དང་དུར་ཁྲོད། ཤིང་གཅིག་གི་དྲུང་ལ་སོགས་པ་འདྲེ་དང་སྲིན་པོ་གནས་ས་དང་། ཐེའུ་རང་དང་སྲིན་མོ་སོགས་རྒྱུ་ཞིང་གནས་པའི་ས་དེར་སོང་ནས་མི་ཕོད་པ་ལ་ཐོག་བརྫིས། མ་ལབ་སྒྲོན་གྱིས། ཕུང་བོ་གཟན་བསྐྱུར་གདམས་པ་འདི། །ཨ་མ་ཇོ་མོའི་ཆོས་ལུགས་ཡིན། །ཞེས་གསུངས་པ་ལྟར་དུ་རང་ལུས་མཆོད་སྦྱིན་གྱི་བདུད་རྩི་རུ་བསྒྱུར་ནས་ཟག་མེད་འདོད་ཡོན་གྱི་མཆོད་པ་ཡིས་དཀོན་མཆོག་སྲི་ཞུའི་མགྲོན་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཡར་ལ་མཆོད། ཐུགས་མཉེས་པས་འོད་དུ་ཞུ་བའི་བྱིན་རླབས་ལས་འཁོར་འདས་ཐམས་ཅད་འོད་གསལ་ཡེ་ཤེས་ཀྱི་བདུད་རྩིས་ཁྱབ་པར་བྱས། ཡོན་ཏན་གྱི་མགྲོན་དུ་གྱུར་པའི་དཔལ་མགོན་སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་དང་། སྙིང་རྗེའི་མགྲོན་གྱུར་རིགས་དྲུག་གི་སེམས་ཅན་དང་། ལན་ཆགས་ཀྱི་མགྲོན་བདག་པོ་བདག་མོ་འབྱུང་བོའི་རིགས་སུ་གྱུར་པ་དང་། གཞན་ཡང་མཁའ་མཉམ་རིགས་དྲུག་གི་སེམས་ཅན་ཐམས་ཅད། མྱོང་གྲོལ་བདུད་རྩི་མཆོད་སྦྱིན་གྱི་རྫས་ཅི་ཡང་འབྱུང་བའི་འདོད་དགུར་འཕྲུལ་བ། དེ་ཡང་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་ཡིན་པ་ལ་རྣམ་པ་འདོད་ཡོན་སྣ་ཚོགས་སུ་གྱུར་པ་དེ་ལྟ་བུས་ཚིམས་པར་དམིགས་ནས། དེ་ལྟར་སྣང་བའི་འཁོར་འདས་ཐམས་ཅད་སེམས་ཉིད་གཅིག་པུའི་ཆོ་འཕྲུལ་དུ་ཐག་བཅད་དེ། རྣལ་འབྱོར་བརྟུལ་ཞུགས་ཀྱི་སྤྱོད་པ་གང་ཤར་ཅི་དྲན་ཐམས་ཅད་བཅས་བཅོས་མེད་པར་འགྲོ་འདུག་མཆོང་རྒྱུག་དང་། སྨྲ་རྒྱུ་དགོད་རྒྱུ་ངུ་རྒྱུ་གླུ་ལེན་ལ་སོགས་པ་ཕར་ལ་བལྟས་ན་སྨྱོན་པ་ཞིག་དང་མཚུངས་པ་སྟེ། སྤྱོད་པའི་རྒྱལ་པོ་བདུན་གྱི་སྐབས་སུ་དང་པོ་ཐི་བྱ་ཚང་འཇུག་གི་སྤྱོད་པ། དེ་ནས་རི་དྭགས་ལྟ་བུའི་སྤྱོད་པ། དེ་ནས་ལྐུག་པ་ལྟ་བུའི་སྤྱོད་པ། དེ་ནས་ཉམས་རྟོགས་དང་བསྟུན་ནས་འབྲེལ་མེད་བྱུང་རྒྱལ་གྱི་སྤྱོད་པ་སྨྱོན་པ་ལྟ་བུ་དང་། གཙང་དམེའི་བཟང་ངན་མེད་པ་ཁྱི་ཕག་ལྟ་བུའི་སྤྱོད་པ་དག་ལ་བརྒྱུད་ནས། མཐར་ཡ་ང་བག་ཚ་མེད་པ་རི་དྭགས་ཀྱི་རྒྱལ་པོ་སེང་གེ་ལྟ་བུའི་སྤྱོད་པ་འབྱུང་བ་ཡིན། རྣལ་འབྱོར་པ་སྣང་བ་དབང་བསྒྱུར་གྱི་སྤྱོད་པ་བསྐྱངས་པས་ནི་བསད་པ་གསོ་ནུས་ཤིང་། གཞན་གྱི་མ་དད་པ་བསྒྱུར་ཐུབ་པ་དང་། རྫུ་འཕྲུལ་འགྲུབ་ཅིང་རིག་པ་ཆོས་ཉིད་དུ་ཤར་བའི་དབང་གིས་ཕྱིའི་ས་ཆུ་མེ་རླུང་ལ་སོགས་པའི་དངོས་པོ་གང་ལའང་དབང་བསྒྱུར་ནུས་པ་དེ་འདྲ་འབྱུང་བ་ལས་ཐམས་ཅད་པོ་ལ་སྙིང་འགྲས་སློང་འདུག་མཁན་ཞིག་ག་ལ་ཡིན། དེས་ན་དེ་འདྲ་ཞིག་མ་ཐུབ་ཀྱི་བར་དུ་ཞི་དུལ་ལྷོད་ཆགས་ཀྱི་སྤྱོད་པ་བསྐྱངས་ནས་གཞན་རྒྱུད་འདུལ་ཐུབ་ས་ཨེ་འདུག་དེ་རང་རྒྱུད་ཐུལ་ཡོད་མེད་ལ་ལྟ་ཞོར་བྱེད་པ་ནི་གནད་ཆེའོ། །གཉན་ས་བཅད་ནས་རི་ཁྲོད་དུར་ཁྲོད་གངས་ཁྲོད་ལ་སོགས་པར་གཅིག་པུར་འགྲིམ་པ་འདི་དག་ནི་རིག་པ་བརྟུལ་ཞུགས་ཀྱིས་བོགས་འདོན་པ་ལ་ཕན་པ་ཆེ་བའི་གདམས་པའོ། །མཐར་ནི་ཞི་ཞིང་བདེ་བའི་ངང་ལ་འདུག །མཚན་དུས་རང་བབས་བདེ་བར་ཉལ་ནས་ཀྱང་། །དེ་ལྟར་ཉིན་པར་སྤྱོད་པ་སྐྱོང་བའི་མཚན་དུས་ལ་ཉམས་ལེན་དེ་ཉིད་རྣལ་དུ་ཕབས་ནས་བདེ་བར་ཉལ་ནས་ཀྱང་། དྲན་བསམ་འཕྲོ་འདུའི་རྣམ་རྟོག་ཀུན་བྲལ་ཏེ། །སྐྱེ་མེད་དྲན་རྫོགས་གཉུག་མའི་ངང་ལ་ཉལ། །ཞེས་གསུངས་ཏེ། དེ་ཡང་སྨྱོ་སྤྱོད་འབའ་ཞིག་བྱེད་དུ་མེད་པར་རུ་ཤན་གྱི་སྤྱོད་པའི་མཇུག་ཏུ་རྣལ་དབབ་དགོས་པ་བཞིན་དུ་མཐར་གཡོ་མེད་ཞི་ཞིང་བདེ་བའི་ངང་ལ་འདུག་པ་དང་། མཚན་མོར་རང་བབས་བདེ་ལུགས་སུ་ཉལ་ཏེ་དྲན་བསམ་འཕྲོ་འདུའི་རྣམ་རྟོག་རགས་པ་ཐམས་ཅད་དང་བྲལ་བར་སྐྱེ་མེད་དོན་གྱི་གནས་ལུགས། དྲན་གྲོལ་ཡེ་རྫོགས་ཀྱི་གཉུག་མ་བདེ་ཆེན་བརྡལ་བའི་རང་གཤིས་སུ་བག་ཕབས་ནས་ཉོལ་ཞེས་པའོ། །དེ་ལྟར་བྱས་ན་ནད་གདོན་རང་ཞི་ནས། །ལྟ་སྒོམ་བོགས་འབྱིན་རྟོགས་པ་ནམ་མཁའ་འདྲ། །སྒོམ་པ་རང་གསལ་སྤྱོད་པ་བུ་ཆུང་འདྲ། །གཟའ་གཏད་ཀུན་བྲལ་ངང་གིས་སྨྱོན་པ་འདྲ། །བདག་གཞན་གཉིས་མེད་འཕགས་པའི་གང་ཟག་འདྲ། །ཅི་སྨྲ་འཛིན་མེད་བྲག་ཆའི་སྒྲ་དབྱངས་འདྲ། །གང་ལའང་ཆགས་མེད་འདབ་ཆགས་མཁའ་ལྡིང་འདྲ། །ཡ་ང་བག་ཚ་མེད་པའི་སེང་གེ་འདྲ། །ཐམས་ཅད་ཡེ་གྲོལ་མཁའ་ལ་སྤྲིན་དྭངས་འདྲ། །དེ་འདྲའི་རྣལ་འབྱོར་བདེ་གཤེགས་རིག་འཛིན་དངོས། །དད་བརྒྱའི་སྤྱི་བོས་བཏུད་ནས་ཕྱག་བྱའི་འོས། །ཡིད་བཞིན་ནོར་བུ་བས་ཀྱང་ཆེས་ལྷག་གོ། ཞེས་པ་སྟེ། དེ་ལྟར་ན་ལྟ་བ་འཁོར་འདས་མཉམ་ཉིད། སྒོམ་པ་ཡེ་གྲོལ་རང་གསལ། སྤྱོད་པ་ཆགས་མེད་ཞེན་བྲལ་གྱི་རོ་སྙོམས་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱངས་བ་དང་བཅས་ཏེ། ལྟ་སྒོམ་བོགས་འབྱིན་གྱི་རྩལ་སྦྱོང་བྱེད་ཡོང་དུས་ལྟ་བའི་གདེང་དེ་ཉིད་ཟིན་ནས་རྟོགས་པ་ནམ་མཁའ་དང་འདྲ་བའི་རྒྱ་ཆད་ཕྱོགས་ལྷུང་མེད་པ། སྒོམ་པ་ཉིན་མཚན་རེས་མེད་དུ་རང་གསལ་སྐུ་གསུམ་གྱི་རིག་པ་ལས་མི་འདའ་བ། སྤྱོད་པ་ཕལ་བའི་མི་ལས་འདས་པས་ན་འཛིན་བྲལ་ཞེན་ཆགས་མེད་པ་བུ་ཆུང་ལྟ་བུར་རྩིས་གདབ་མེད་པ་ཞིག རྟོགས་པའི་རྩལ་དེ་ཉིད་སྙིང་རྗེ་ལ་འབྱོངས་ནས་མཐའ་ཡས་སེམས་ཅན་ཐམས་ཅད་བརྩེ་བས་མ་བཏང་བའི་ཆ་ནས་བདག་བས་གཞན་གཅེས་འབྱུང་བ་འཕགས་པ་སར་གནས་ཀྱི་སེམས་དཔའ་དང་འདྲ་བ། དབང་བཞིའི་ཡེ་ཤེས་རྒྱུད་ལ་ཞུགས་ཏེ་བུམ་པའི་དབང་གིས་ལུས་དག་པས་སྤྲོས་བཅས་ཀྱི་ཡེ་ཤེས་རང་ལུགས་སུ་ཤར། ངག་གིས་ཅི་ཞིག་སྨྲས་ཀྱང་རབ་ཏུ་སྤྲོས་མེད་སྨྲ་བྱའི་ཡུལ་ལས་འདས་པའི་ཡེ་ཤེས་ལ་དབང་འབྱོར་སོང་བས་དེར་འཛིན་མེད་བྲག་ཅའི་སྒྲ་དབྱངས་ལྟ་བུ་རུ་འགྱུར། གསང་བའི་དབང་གིས་ལས་དག་པས་སྤྲོས་མེད་ཀྱི་དབང་ལས་གང་ལའང་ཆགས་ཞེན་མེད་པའི་ཡེ་ཤེས་རང་ལུགས་སུ་ཤར་བ་ཉམ་ང་མེད་པ་འདབ་ཆགས་མཁའ་ལྡིང་ལྟ་བུ་དང་། ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་སོང་བའི་དབང་གིས་ཤིན་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་སྣང་རང་གྲོལ་ལ་དབང་སྟེ་ཉམ་ང་དང་བག་ཚ་མེད་པ་འཇིགས་མེད་དཔའ་བའི་གདེང་རྙེད་པ་སེང་གེ་འདྲ་བ། ཚིག་དབང་རིན་པོ་ཆེས་རབ་ཏུ་སྤྲོས་མེད་ཀྱི་ཡེ་ཤེས་རང་བྱུང་དུ་ཤར་ཏེ་གང་སྣང་གང་ཤར་ཐམས་ཅད་ཡེ་གྲོལ་མཁའ་ལ་སྤྲིན་དེངས་པ་དང་འདྲ་བའི་དྭངས་གསལ་ཐོགས་མེད་ཀ་དག་དགོངས་པའི་ཡེ་ཤེས་བརྙེས་པའི་གང་ཟག་དེ་ནི་བདེ་བའི་ལམ་ནས་བདེ་བའི་འབྲས་བུར་གཤེགས་པའི་བདེ་གཤེགས། རིག་པ་ཡེ་ཤེས་ཀྱི་བརྟུལ་ཞུགས་འཛིན་པའམ་རིག་པ་ཡེ་ཤེས་ཀྱི་དོན་ཇི་བཞིན་པར་རྣལ་དུ་འབྱོར་ནས་འཛིན་པའི་རིག་འཛིན་ཏེ། རིག་འཛིན་འདི་ལ་དབྱེ་བ་མང་ན་ཡང་། རིག་འཛིན་བཞིའི་དབང་དུ་བྱས་ན། རྣམ་སྨིན་རིག་འཛིན། ཚེ་དབང་རིག་འཛིན། ཕྱག་ཆེན་རིག་འཛིན། ལྷུན་གྲུབ་རིག་འཛིན་དང་བཞི་རེད། རིག་འཛིན་བཞི་འདི་ལ་རང་ལུགས་ཀུན་མཁྱེན་ཆེན་པོའི་བཞེད་པ་ལྟར་ན། ལུས་རྣམ་སྨིན་གྱི་གཟུགས་ལ་གནས་པ་ཡིན་ཡང་ལུས་རྒྱ་འདི་དང་བྲལ་བ་དང་ཕྱག་རྒྱ་ཆེན་པོའི་སྐུ་ཐོབ་པ་དེ་རྣམ་སྨིན་རིག་འཛིན་དང་། སློབ་པའི་ལམ་ནས་ལུས་དེ་ཡིས་སངས་རྒྱས་ཀྱི་སར་སྦྱོར་བའི་ཟག་མེད་ཀྱི་ཡེ་ཤེས་ཀྱི་གཟིགས་པ་ལྡན་པ་དེ་ཚེ་དབང་རིག་འཛིན་དང་། སློབ་ལམ་ཁྱད་པར་ཅན་ཞིག་ནས་རང་ལུས་ལྷར་གྱུར་ཏེ་སངས་རྒྱས་དང་མཛད་པ་ཆ་འདྲ་བ་མཐའ་འབྲས་དངོས་མ་ཐོབ་པ་དེ་ཕྱག་ཆེན་རིག་འཛིན་དང་། སྤངས་རྟོགས་མཐར་ཕྱིན་པའི་མི་སློབ་ལམ་མངོན་དུ་མཛད་པ་དེ་ལྷུན་གྲུབ་རིག་འཛིན་ལ་བཞེད་པ་ཡིན། བཀའ་སྡེ་ཟུར་བའི་བཞེད་སྲོལ་དང་ཁྱད་པར་གྱི་བཤད་ཚུལ་ཅུང་ཙམ་ཡོད་ཀྱང་དོན་ལ་ཁྱད་པར་མི་ཆེ། དེ་འདྲའི་གང་ཟག་ཁྱད་འཕགས་དེ་ཉིད་དུས་འདི་འདྲ་ཞིག་ལ་མཇལ་དུ་ཡོད་ན་རྣམ་གསུམ་དད་པས་མ་ཚད་པར་ཕྱིར་མི་ལྡོག་པའི་དད་པས་ཁྱད་པར་དུ་བྱས་པའི་དང་བ་བརྒྱ་ཕྲག་དང་ལྡན་པས། གུས་པའི་ཕྱག་གིས་གང་ཞབས་སྤྱི་བོར་ལེན་པར་འོས། ཡིད་བཞིན་ནོར་བུ་བས་ཀྱང་ཆེས་ལྷག་པ། ཚེ་འདི་དང་ཕྱི་མའི་རང་གཞན་ཐམས་ཅད་ཀྱི་གནས་སྐབས་དང་མཐར་ཐུག་གི་དོན་གཉིས་ལྷུན་གྱིས་གྲུབ་པའི་བཤེས་གཉེན་ཆེན་པོ་ཡིན་ནོ། །དེ་ཡན་ཆད་ཀྱིས་ལྟ་སྒོམ་སྤྱོད་པ་དང་བཅས་པའི་ལམ་གནད་ཀྱི་གདམས་པ་བསྟན་པའོ། །འབྲས་བུ་བསྟན་པ་ནི། ཨེ་མ་ཧོ། ད་ཡང་སྐལ་ལྡན་བྱ་བཏང་གླུ་ལ་ཉོན། །ཞེས་མཚམས་སྦྱར་ནས། མཐའ་འབྲས་ཆོས་སྐུའི་དབྱིངས་ལས་ལོངས་སྐུར་ཤར་ནས་གང་འདུལ་སྤྲུལ་བར་སྣང་བའི་ཕྱིར་ན། ཁ་སྦྱོར་ཡན་ལག་བདུན་ལྡན་ལོངས་སྐུ་རྒྱལ་བ་རིགས་ལྔ་ཡང་སེམས་ཉིད་རིག་པའི་ངོ་བོ་རང་ལ་གནས་པ་འདི་ལས་གཞན་དུ་མ་གྲུབ་པ་མངོན་དུ་འགྱུར་ཚུལ་གསུང་བ་ནི། རྣམ་སྣང་ཕྱི་ན་མེད་དེ་ནང་ན་ཡོད། །སེམས་ཉིད་སྤྲོས་དང་བྲལ་བ་ཆོས་དབྱིངས་ངང་། །གཏི་མུག་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་རྣམ་པར་སྣང་མཛད་དངོས་ཡིན་ནོ། །ཞེས་གསུངས་ན། རིག་པའི་ཡེ་ཤེས་ལ་སྐུ་ལྔ། ཡེ་ཤེས་ལྔ། འོད་ལྔ་ལ་སོགས་པ་ཚང་པས་ན་མ་དག་པའི་གནས་སྐབས་སུ་ཉོན་མོངས་ལྔ་དང་ཕུང་པོ་ལྔ། འབྱུང་བ་ལྔ་ལ་སོགས་པར་སྣང་བ་དེ་སྙིང་པོའི་ཡེ་ཤེས་མངོན་གྱུར་དག་པའི་སྐབས་སུ་སྐུ་ལྔ་ཡེ་ཤེས་ལྔ་ལ་སོགས་པར་མངོན་དུ་སྣང་བ་ཡིན། དེའི་ཕྱིར་ན་རྣམ་པར་སྣང་མཛད་ཕྱི་ནས་བཙལ་ཏེ་རྙེད་མེད་པར་ནང་རང་གི་རིག་པ་འདི་ཡིན། རིག་པ་སེམས་ཉིད་ཀྱི་ངོ་བོ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་དེ་ཆོས་དབྱིངས་ཡེ་ཤེས་ཏེ། དེ་ཡང་ཉོན་མོངས་གཏི་མུག་རང་སར་དག་པའི་ངོ་བོ་དེ་ཉིད་ལས་གཞན་དུ་གྱུར་པ་ཞིག་མ་ཡིན་པས་ན་བཅོམ་ལྡན་རྣམ་པར་སྣང་མཛད་དངོས་ནི་རིག་པ་འདིའོ། །རྡོར་སེམས་ཕྱི་ན་མེད་དེ་ནང་ན་ཡོད། །རིག་རྩལ་འཆར་གཞི་མ་འགགས་མེ་ལོང་ངང་། །ཞེ་སྡང་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དངོས་ཡིན་ནོ། །ཞེས་གསུངས་ཏེ། བཅོམ་ལྡན་འདས་མི་བསྐྱོད་པའམ་རྡོ་རྗེ་སེམས་དཔའ་ཡང་དེ་བཞིན་དུ་ཕྱི་ན་མེད་པར་ནང་ན་ཡོད། རིག་པའི་རང་རྩལ་ལ་ཆོས་སྤྱི་དང་རང་གི་གཟུགས་བརྙན་གསལ་བ་མེ་ལོང་ལྟ་བུའི་ཡེ་ཤེས་ཏེ། ཞེ་སྡང་རང་སར་དག་པ་མེ་ལོང་ལྟ་བུའི་ཡེ་ཤེས་དང་དེའི་ངོ་བོ་ཉིད་ཀྱི་ངང་དུ་གནས་པ་འདི་བཅོམ་ལྡན་རྡོ་རྗེ་སེམས་དཔའ་དངོས་ཡིན་ནོ། །རིན་འབྱུང་ཕྱི་ན་མེད་དེ་ནང་ན་ཡོད། །བླང་དོར་དགག་སྒྲུབ་མེད་པ་མཉམ་ཉིད་ངང་། །ང་རྒྱལ་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་དངོས་ཡིན་ནོ། །འོད་དཔག་ཕྱི་ན་མེད་དེ་ནང་ན་ཡོད། །བདེ་སྟོང་དབྱིངས་སུ་ནུབ་པ་སོར་རྟོག་ངང་། །འདོད་ཆགས་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་འོད་དཔག་མེད་པ་དངོས་ཡིན་ནོ། །དོན་གྲུབ་ཕྱི་ན་མེད་དེ་ནང་ན་ཡོད། །རིག་པ་ཐལ་བྱུང་རང་གྲོལ་བྱ་གྲུབ་ངང་། །ཕྲག་དོག་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་དོན་ཡོད་གྲུབ་པ་དངོས་ཡིན་ནོ། །ཞེས་གསུངས་ཏེ། རིག་པ་ཡོན་ཏན་ཡེ་ལྡན་ཉམས་སུ་བླངས་པས་ན་མངོན་དུ་གྱུར་ཏེ་བཅོམ་ལྡན་རིན་ཆེན་འབྱུང་ལྡན་ང་རྒྱལ་རང་སར་དག་པ་བླང་དོར་དགག་སྒྲུབ་མེད་པའི་མཉམ་ཉིད་ཡེ་ཤེས་ཀྱི་ངང་ལ་གནས་པ་དེ་ཉིད་དང་། བཅོམ་ལྡན་སྣང་བ་མཐའ་ཡས་སམ་འོད་དཔག་མེད་རིག་པའི་ཡེ་ཤེས་འོད་སྣང་མཐའ་ཡས་པ་དེ་ཉིད་ཀྱང་དེ་བཞིན་དུ་འདོད་ཆགས་རང་སར་དག་པ་སོར་རྟོག་ཡེ་ཤེས་ཀྱི་ངང་ལ་གནས་པ་དང་། བཅོམ་ལྡན་དོན་ཡོད་གྲུབ་པ་དོན་གཉིས་ལྷུན་གྲུབ་ཀྱི་སྐུར་བྱུང་བ་དེ་ཡང་ཕྲག་དོག་རང་སར་དག་པ་ཐོགས་རྡུགས་མེད་པ་བྱ་གྲུབ་ཡེ་ཤེས་ཀྱི་ངང་ལ་གནས་པ་སྟེ། མདོར་ན་ཐམས་ཅད་རིག་པའི་ངོ་བོར་གཅིག་ལ་རྫོགས་པ་ཡིན་པས་ན་བཅོམ་ལྡན་རིན་འབྱུང་། སྣང་མཐའ། དོན་གྲུབ་ཐམས་ཅད་ཀྱང་ཕྱི་ན་མི་བཞུགས་པར་ནང་ན་བཞུགས། ནང་རིག་པའི་ངོ་བོ་གཅིག་པུ་འདི་རྒྱལ་བ་རིགས་ལྔ་ཡིན་པར་བསྟན་པའོ། །ཆོས་ཚན་ཐམས་ཅད་ཀྱི་མཐའ་མ་འབད་མེད་ཡེ་ནས་གྲོལ་བ་གདོད་མའི་གྲོལ་ས་བསྟན་པ་ནི། ཨེ་མ་ཧོ། ད་ཡང་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ། །དགའ་ཞིང་སྤྲོ་བས་རྡོ་རྗེའི་གླུ་ལ་ཉོན། །ཞེས་བསྐུལ་ཏེ། དེ་ལྟར་རྟོགས་ན་སྣང་སྲིད་ཐམས་ཅད་ཀུན། །གདམས་ངག་དཔེ་ཆ་དོན་གྱི་དཀྱིལ་འཁོར་ཡིན། །ཞེས་གཞི་འཛིན་པ་དཀྱིལ་འཁོར། དབང་དང་དམ་ཚིག ཉམས་ལེན་སྒྲུབ་མཆོད་འཕྲིན་ལས། ཐབས་སྔགས་དང་ཕྱག་རྒྱས་བསྡུས་པའི་སྔགས་ཀྱི་དེ་ཉིད་བཅུ་ལ་སོགས་པ་འདི་ལ་ཚང་བར་མདོར་བསྟན་པའོ། །དེ་རྒྱས་པར་བཤད་པ་ནི། སྣང་བ་དཀར་དམར་སྣ་ཚོགས་ཤོག་བུ་ལ། །རང་བྱུང་ཡེ་ཤེས་རིག་པའི་སྨྱུ་གུ་ཡིས། །གཞི་མེད་ཡེ་གྲོལ་འཛིན་མེད་ཡི་གེ་བྲིས། །སྣང་སྟོང་གཉིས་མེད་ངང་དུ་དཔེ་བལྟ་བྱོས། །ཞེས་གསུངས་ཏེ། འདི་ལྟར་སྣང་བའི་སྣང་སྲིད་སྣོད་བཅུད་སྣ་ཚོགས་སུ་སྣང་བ་མ་འདྲེས་པར་སོ་སོར་སྣང་བ་དཀར་དམར་གྱི་ཤོག་བུའི་ཐོག་ཏུ་རང་བྱུང་གི་རིག་པ་དྭངས་གསལ་འགགས་མེད་ཀྱི་སྨྱུ་གུ་ཡིས། ཐམས་ཅད་གཞི་མེད་ཡེ་གྲོལ་འཛིན་མེད་སྣང་ཤེས་རོ་མཉམ་གྱི་ཡི་གེའི་གར་སྟབས་སྣ་ཚོགས་སུ་བསྒྱུར་ཏེ་བྲིས་དུས། སྣང་བ་དང་སྟོང་པ་གཉིས་སུ་མེད་པའི་གནས་ལུགས་གཤིས་ཀྱི་བཞུགས་ཚུལ་ཇི་ལྟར་ཡིན་པ་དེ་བཞིན་མཐོང་བའི་དཔེ་བལྟས་བྱོས་ཞེས་པའོ། །ཉམས་རྟོགས་མཐོན་པོའི་རྟོགས་པའི་གདེང་ཚོད་ལ་ཐོན་པའི་གསུང་འབྲས་བུ་འཆད་པའི་སྐབས་ནས་བྱུང་བ་སྟེ། དོ་ཞག་འུ་ཚོས་ཆོས་ཁྲིད་སྔོན་མ་ཞིག་གི་ཞར་ལ་བཤད་པའི་རྒྱུད་ཀྱི་རྡོ་རྗེའི་གད་མོ་ཆེན་པོ་བཅུ་གཉིས་དང་། ངོ་མཚར་བའི་ཚིག་ཆེན་བརྒྱད་ནི། རྒྱུད་ཀྱི་སྟོན་པ་རང་གིས་རང་ཉིད་ཀྱི་དགོངས་པ་ཇི་ལྟར་ཡིན་པ་དེ་ལྟར་རྡོ་རྗེའི་གད་མོ་ཆེན་པོ་ངོ་མཚར་བའི་ཚིག ཆོས་ཉིད་གསང་བ་ཆེན་པོའི་ངེས་དོན་སྒྲ་ཇི་བཞིན་པར་བསྟན་པ་སྟེ། འདི་ནི་ཕ་དང་མ་ནི་གསད་བྱ་སྟེ་ལ་སོགས་པ་དགོངས་པ་ཅན་གྱི་གསུང་ལྡེམ་དགོངས་ཀྱིས་བསྟན་པ་ལྟ་བུ་མ་ཡིན་ལ། འོན་ཀྱང་འདི་ཉིད་བློ་དམན་དེའི་སྤྱོད་ཡུལ་དུ་མ་གྱུར་པ་ཞིག་གིས་ཆོས་ཉིད་གཤིས་ཀྱི་བཞུགས་ཚུལ་གྱི་དོན་སྤྱི་ཙམ་ཞིག་གོ་བས་དཔོག་པར་བྱས་ཏེ་ལྟ་བས་ཐག་ཆོད་པ་ལ། དེ་དང་རྣམ་པ་ཆ་འདྲ་བའི་ལམ་ལ་སྒོམ་པས་གོམས་པར་བྱས་ཚེ་ཡིད་དཔྱོད་ཙམ་དུ་མ་སོང་བར་མྱོང་བ་ཅུང་ཟད་ཅིག་ཐོབ་པ་ཡིན་ན། རྟོགས་པ་མངོན་གྱུར་གྱི་གདེང་ཞིག་འཐོབ་ཏུ་ཡོད་པའི་རེ་བ་ཡོད་སོང་བ་རེད། རེ་བ་དེའི་སྟེང་ནས་ནམ་ཞིག་རྟོགས་པ་མངོན་གྱུར་གྱི་འབྲས་བུ་ཐོབ་དུས། རྡོ་རྗེ་གད་མོ་ཆེན་པོའི་རང་སྐད་སྒྲ་ཇི་བཞིན་པའི་གད་རྒྱངས་ཀློང་ཆེན་པ་དང་ཞབས་དཀར་ཚང་སོགས་ཀྱི་སྟངས་ཀ་བྱས་ཏེ་རང་གིས་སྒྲོག་ཆོག་པའི་དུས་བཀག་ཚེས་པ་ཡིན། དེའི་བར་དུ་སྨོན་པའི་ཡུལ་ཙམ་ཞིག་བྱས་ཏེ། འདི་ཆོས་ཉིད་དོན་གྱི་གནས་ལུགས་ཇི་བཞིན་པར་མངོན་དུ་གྱུར་ཏེ་རྟོགས་པའི་དུས་སུ་གཤིས་ལ་དགེ་སྡིག་མ་གྲུབ་པས་ཁམས་གསུམ་སེམས་ཅན་བསད་པ་དང་ཕར་ཕྱིན་བཅུར་རྟག་ཏུ་སྤྱད་པ་གཉིས་ཀ་འདྲ་འདྲ་ཡིན་ཡང་། ཚོགས་བརྒྱད་འཁོར་བའི་ཆོས་ཀྱིས་མ་བཏང་པའི་གང་ཟག་སོ་སོ་སྐྱེ་བོ་རང་རྒྱུད་ལྡན་ཞིག་གིས་ཁམས་གསུམ་སེམས་ཅན་ཐམས་ཅད་བསད་པ་དང་ཕར་ཕྱིན་བཅུའི་དགེ་བ་ལ་རྟག་ཏུ་སྤྱད་པ་གཉིས་ཀ་འདྲ་འདྲ་ཡིན་གསུངས་ཏེ་རྒྱུ་འབྲས་ཆད་པའམ་མེད་པར་བསྟན་པ་མ་ཡིན། དེས་ན་རྟོགས་པ་ཀློང་དུ་གྱུར་ནས་ཕུང་ལྔ་ཚོགས་བརྒྱད་དང་བཅས་པའི་འཁོར་བའི་ཆོས་རང་དག་རེད་སོང་ཚེ་ལས་དགེ་སྡིག་བག་ཆགས་རྟེན་གཞི་དང་བཅས་པ་ཟད་སོང་བས་ན་གཤིས་ཆོས་ཉིད་དོན་གྱི་ངོ་བོ་ལ་དགེ་སྡིག་མཚན་མའི་ཆོས་མེད་པའི་ངེས་དོན་གྱི་གོ་བ་ཞིག་དང་། དེ་ལྟར་མངོན་དུ་མ་གྱུར་པའི་རིང་ལ་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་ནས་ཞིབ་དགོས་ཤིང་། ནམ་ཞིག་སྤང་བླང་རེ་དོགས་བྲལ་བའི་འབྲས་བུ་སྒྲ་ཇི་བཞིན་པར་དྲངས་པའི་དྲང་དོན་གྱི་ངོས་ཤིག་དང་གཉིས་ཀྱི་གོ་བ་ལོན་པའི་ཐོག་ནས་ལྟ་བ་མཐོ་དགོས་ཏེ། ཐེག་དགུའི་ཡང་རྩེ་ངེས་དོན་འབྲས་བུ་ཐུས་ཀ་གཏན་ལ་འབེབས་སྐབས་ཡིན་པ་དང་། སྤྱོད་པ་ཞིབ་དགོས་ཏེ། རབ་ཏུ་དམའ་བའི་ས་ཐེག་དགུའི་ལམ་གྱི་འཇུག་ངོགས་དང་པོ་དད་དང་ངེས་འབྱུང་དང་། ལམ་གྱི་རྨང་གཞི་སྐྱབས་འགྲོ་ནས་བརྩམས་ཏེ་རང་རྒྱུད་དག་ཐེར་བྱེད་ཞོར་དུ་མ་ཡོང་ན། མི་མགོ་བསྐོར་ན་བསྐོར་ཆུང་ཡིན་ཏེ། གཞན་ཐམས་ཅད་ཀྱིས་འུ་གུས་ཅི་ཟེར་ཨེ་ཉན་ཅི་ཤེས། འོན་ཀྱང་རང་མགོ་བསྐོར་ན་བསྐོར་ཆེན་ཡིན་ཏེ། ཚེ་རབས་གཏན་དུ་ལམ་ལོག་ལ་མགོ་འཁོར་བར་ཕྱོགས་ནས་འདུག་སྙམ་པའི་གོ་དོན་དེ་འདྲ་ཞིག་ཡོད་དགོས་པ་ལས། དམ་པའི་གཞུང་ལ་ཐོས་བསམ་བྱེད་པའི་དོན་སྒོ་དེ་དེའི་གནས་ཚུལ་རྒྱུས་ལོན་ལ་ཞིབ་འཇུག་བྱེད་པར་ཡོང་བ་དང་། བླ་མས་ཆོས་བཤད་ཀྱི་ཁྲིད་ལ་ཉན་ནས་བླ་མས་ཅི་ཟེར་གྱི་རྒྱུགས་ལེན་ལ་ཡོང་བ་ཡང་མ་ཡིན་པར་ཆོས་ཞུས་ནས་གདམས་ངག་ཉན་པའི་ཡོང་སྒོ་རང་ཉིད་ལ་འདི་ཐོབ་བྱུང་བསམ་རྒྱུ་ཞིག་ལོན་དགོས་པ་ཡིན་པས་དེའི་ཐད་ཀྱི་གོ་དོན་དེ་འདྲ་འབྱུང་བ་ཡིན་ནོ། །སྟོང་གསུམ་ཐམས་ཅད་ལྷུན་གྲུབ་དཀྱིལ་འཁོར་ལ། །ཆར་ཆུ་རང་བབས་ཆུ་ཡིས་ཆག་ཆག་གདབ། །ལམ་སྲང་རང་བཞིན་ཐིག་ཆེན་གདབ་པ་དང་། །རྐང་པའི་རྗེས་ནི་ཁ་དོག་རྡུལ་ཚོན་རིས། །རང་ལུས་སྣང་སྟོང་ཡི་དམ་ལྷ་ཡི་སྐུ། །སྨྲ་བརྗོད་གྲགས་སྟོང་རྡོ་རྗེའི་བཟླས་པ་དང་། །དྲན་བསམ་འཛིན་མེད་རང་གྲོལ་ལྷ་ཡི་ཐུགས། །ཡན་ལག་འགུལ་བསྐྱོད་ཐམས་ཅད་ཕྱག་རྒྱའོ། །བཟའ་དང་བཏུང་བ་ཆོས་ཉིད་མཆོད་པ་དང་། །གཟུགས་སུ་སྣང་བ་ཐམས་ཅད་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་ཐམས་ཅད་རོལ་མོ་ཉིད། །བསྲུང་མེད་ཉམས་མེད་རང་བབས་དམ་ཚིག་གོ། དེ་འདྲའི་རྣལ་འབྱོར་པ་ཡིས་ཅི་བྱས་ཀྱང་། །འོད་གསལ་ཆོས་ཉིད་ངང་ལ་གདམས་ངག་དང་། །བསྐྱེད་རིམ་དམ་ཚིག་དང་བཅས་རྫོགས་པས་ན། །འབད་རྩོལ་རྒྱུ་འབྲས་ཆོས་ལ་བརྟེན་མི་དགོས། །འབད་མེད་དངོས་གྲུབ་ཡ་མཚན་རྨད་པོ་ཆེ། །མྱུར་དུ་ཐོབ་པ་རྫོགས་པ་ཆེན་པོ་ཡི། །ཁྱད་ཆོས་ཡིན་ནོ་སྐལ་ལྡན་སྙིང་གི་བུ། །ཞེས་གསུངས་ཏེ། སྤྱིར་ན་འཁོར་འདས་ཀྱི་ཆོས་རྣམས་རྣལ་འབྱོར་པའི་ལུས་སེམས་ལ་ཚང་ཏེ། ཐབས་དང་ཤེས་རབ་ཀྱི་ཆར་ཕ་དང་མ། ཆོས་སྐུ་བྱང་ཆུབ་ཀྱི་ཆར་འཕེན་པ་ལས་ཀྱི་རླུང་། རིགས་ལྔ་ཡེ་གདངས་ཀྱི་ཆར་འབྱུང་ལྔའི་ས་བོན་ལ་སོགས་པ་ནས། སྐྱེས་པ་སྤྲུལ་སྐུ། གནས་པ་ལོངས་སྐུ། ཤི་བ་ཆོས་སྐུ་སྟོང་པའི་ཆར་ཤར་བས། འགྲོ་བ་རྣམས་ཡེ་ནས་གཞི་ལམ་འབྲས་བུ་བགྲོད་ནས་གྲོལ་བའི་ཚུལ་དང་། ཡང་སྒོས་སུ་འཁྲུལ་བ་ལྡོག་ཚུལ་དང་སྦྱར་ན། ལུས་ནི་གཞི། ཕྱིའི་སྣང་ཆ་གཞི་སྣང་ལྷུན་གྲུབ། ན་བ་ངོ་འཕྲོད་པའི་རྟོགས་པ། རྒས་པ་བདེན་ཞེན་གྱི་འཁྲུལ་བ་སངས་པ། ཤི་བ་རང་ངོ་ཤེས་དུས་ནང་དབྱིངས་ཀ་དག་གི་ས་ལ་མཐར་ཕྱིན་པའི་ཆ་མཚོན་པའོ། །འདི་དག་གཞི་ལ་ཚང་བས་དབང་དང་གདམས་ངག་ངོ་སྤྲད་ནས། ལམ་བསྒོམས་པས་གྲོལ་བ་འགྲུབ་ཅིང་འཐད་དོ། །གཞི་ལ་ཡེ་ཚང་དུ་ཡོད་པ་དེ་ལམ་གྱིས་དེ་བཞིན་དུ་བསྟན་ནས། འབྲས་བུ་དེ་ཉིད་མངོན་དུ་གྱུར་པ་ནི་གཞི་འབྲས་དབྱེར་མེད་དོ། །དེའི་ཕྱིར་ན་འཁོར་འདས་གཞི་ལམ་འབྲས་གསུམ་གྱི་ཆོས་ཐམས་ཅད་སེམས་ཉིད་རིག་པའི་ངོ་བོ་ལ་རྫོགས་པ་ཡིན། དེས་ན་རྣལ་འབྱོར་པའི་ལམ་གོམས་པ་མངོན་དུ་གྱུར་ནས་རང་གནས་ཀྱི་ཡེ་ཤེས་ལ་སྒྲིབ་བྱེད་ཀྱི་དྲི་མ་དག་དུས། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་བྱས་ལྷུན་གྲུབ་ཀྱི་དག་པའི་དཀྱིལ་འཁོར་དུ་བཞེངས་པའི་ཆར་ཆུ་རང་བབས་ཀྱི་ཆུ་ཡིས་དཀྱིལ་འཁོར་སྒྲུབ་གཞི་ལ་ཆག་ཆག་གདབ་པ་དང་། ལམ་སྲང་བཞི་མདོ་བརྒྱད་མདོ་ཐམས་ཅད་དཀྱིལ་འཁོར་གྱི་ཐིག དེའི་སྟེང་དུ་སོང་ཚད་ཀྱི་རྐང་རྗེས་ཐམས་ཅད་རྡུལ་ཚོན་གྱི་རི་མོ། འགྲོ་མཁན་གྱི་རང་ལུས་སྣང་སྟོང་གཉིས་མེད་ཀྱི་ཡི་དམ་ལྷ་སྐུ། ངག་གི་སྨྲ་བརྗོད་སྒྲ་གྲགས་ཐམས་ཅད་གྲགས་སྟོང་རྡོ་རྗེའི་བཟླས་པ། སེམས་ཀྱིས་བསམ་ཚད་དྲན་ཚད་དྲན་བསམ་འཛིན་མེད་རང་གྲོལ་ཡི་དམ་ལྷ་ཡི་ཐུགས། ཁས་བཤད་ཚད་སྔགས། ལུས་ཀྱི་ཡན་ལག་འགུལ་སྐྱོད་ཅི་བྱས་པ་ཐམས་ཅད་རྡོ་རྗེའི་གར་དང་ཕྱག་རྒྱ། བཟའ་བཏུང་ཅི་བྱས་ཐམས་ཅད་ཚོགས་ཀྱི་འཁོར་ལོ་ཟག་མེད་ཆོས་ཉིད་ཀྱི་མཆོད་པ། གཟུགས་སྣང་ཐམས་ཅད་ལྷ་སྐུ། སྒྲ་ཆེན་བརྗོད་པ་ཐམས་ཅད་རོལ་མོའི་སྒྲ་དབྱངས། འདའ་ཉམ་སྲུང་མཚམས་མེད་པ་རང་བབས་ཀྱི་དམ་ཚིག་གོ་ཞེས་རྫོགས་ཚིག་གིས་མཐའ་བསྡུས་པའོ། །དེ་དག་ནི་རྒྱུད་མུ་ཏིག་ཕྲེང་བ་ལས། རིག་པ་ཉིད་ལ་འདི་ལྟ་སྟེ། །ཉི་མ་ཟླ་བ་ཤེས་རབ་ཐབས། །སྐྱེས་པ་གཞི་ལ་བུད་མེད་ལམ། །ལ་སོགས་པས་རང་སྣང་རིག་པའི་ངོ་ཁ་ལ་འཁོར་འདས་ཀྱི་ཆོས་མ་ཚང་བ་མེད་པ་དང་། དག་པ་རྣལ་འབྱོར་པ་ཡི་ངོ་ཁ་ལ་ཐམས་ཅད་མ་སྤངས་ཡོངས་རྫོགས་ཀྱི་དག་པ་ལྷ་སྔགས་ཀྱི་ཆོས་ཉིད་ཀྱི་དཀྱིལ་འཁོར་མཐའ་ཀླས་འབྱམས་ཀླས་པའི་ཁྱད་པར་རྒྱུད་གཞན་དང་བཅས་པས་ལན་གཅིག་མིན་པར་ཞིབ་པར་བསྟན་ཡོད་ལ། འདི་ནས་དེ་ལྟར་རྟོགས་པའི་རྣལ་འབྱོར་བ་ཡིས་ཅི་བྱས་གང་བྱེད། གང་སྣང་ཅི་ཤར་ཐམས་ཅད་འོད་གསལ་ཆོས་ཉིད་ཀྱི་ངང་ལ་གནས་པས་ན་འབད་རྩོལ་རྒྱུ་འབྲས་ཀྱི་ཆོས་ཉི་ཚེ་བ་ཞིག་དང་ཐུན་མོང་གི་སྤྲོས་པ་ལ་ལྟོས་མི་དགོས་པར་ཐམས་ཅད་འབད་མེད་མཆོག་གི་དངོས་གྲུབ་ཡ་མཚན་རྨད་བྱུང་གི་ཆོས་སུ་གྲུབ་པ་འདི་རྫོགས་པ་ཆེན་པོའི་ཁྱད་ཆོས་ཡིན། དེ་ལྟར་ཡིན་པ་ཤེས་སམ། དེ་བཞིན་ཕྱག་ལེན་ལ་ཐེབས་པར་གྱིས་ཤིག་སྐལ་ལྡན་སྙིང་གི་བུ་ཞེས་གལ་ཆེན་གྱི་དོན་ལ་ནན་གྱིས་ཞུ་འབོད་མཛད་པའོ། །རྣལ་འབྱོར་པ་རབ་འབྲིང་ཐ་གསུམ་གྱི་གྲོལ་ཚད་བསྟན་པ་ནི། དེ་ལྟར་ངེས་པར་ཉམས་སུ་བླང་གྱུར་ན། །སྤྲིན་རྣམས་ནམ་མཁའི་ངང་ལ་ཡལ་བ་བཞིན། །འཁོར་འདས་རྟོག་ཚོགས་གདོད་མའི་གཞི་ལ་དག །ཉི་མའི་དཀྱིལ་འཁོར་སྒྲིབ་མེད་གསལ་བ་བཞིན། །རང་རིག་འོད་གསལ་ཆོས་སྐུ་མངོན་གྱུར་ནས། །བསད་པ་གསོ་ནུས་གསང་བ་གོ་ནུས་ཤིང་། །རྫུ་འཕྲུལ་སྣ་ཚོགས་བསྟན་ནས་འགྲོ་བ་འདུལ། །ས་ལམ་ཡོན་ཏན་མ་ལུས་རབ་རྫོགས་ནས། །གང་ཟག་དབང་པོ་རབ་རྣམས་ཚེ་འདིར་གྲོལ། །འབྲིང་ནི་འཆི་ཁར་ཐ་མ་བར་དོ་རུ། །ཀ་དག་གཞི་ལ་གྲོལ་ནས་ནང་དབྱིངས་སུ། །སྐུ་གསུམ་ཡེ་ཤེས་འབྲལ་མེད་རྟག་བཞུགས་ནས། །གང་ལ་གང་འདུལ་སྤྲུལ་པ་བཀྱེ་ནས་ཀྱང་། །འགྲོ་དོན་རྒྱུན་མི་འཆད་པར་མཛད་པའོ། །ཚིག་དོན་འདི་རྣམས་ཡིད་ལ་ཟུངས་ཤིག་དང་། །སྐྱིད་པའི་ཉི་མ་ནང་ནས་འཆར་བར་ངེས། །ཞེས་གསུངས་ཏེ། གོང་ནས་གསུངས་པའི་ལྟ་སྒོམ་སྤྱོད་པ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག རྫོགས་ཆེན་རྒྱུད་ལུང་མན་ངག་ནས་ཇི་ལྟར་འབྱུང་བ་འདིར་ཡང་བསྟན་པ་བཞིན་དུ་ཉམས་སུ་བླངས་པ་ཡིན་ན། ཚོགས་གཉིས་ངང་གིས་རྫོགས་པ་དང་མཉམ་དུ་སྒྲིབ་གཉིས་རང་བཞིན་གྱིས་དག་སྟེ། སྤྲིན་བྱུང་ཡང་ནམ་མཁའི་ངང་ནས་བྱུང་ལ་ཐིམ་ཡང་ནམ་མཁའི་ངང་ལ་ཐིམ་ནས་ཡལ་བ་བཞིན་དུ་འཁོར་འདས་ཀྱི་སྣང་བ་དང་རྟོག་ཚོགས་ཐམས་ཅད་གདོད་མའི་ཀ་དག་གི་གཞི་ལས་བྱུང་ཞིང་གཞི་རུ་དག་སྟེ། ཉི་མའི་དཀྱིལ་འཁོར་ལ་སྒྲིབ་པས་གོས་མ་མྱོང་བ་ལྟར་དུ་ཡེ་ནས་སྒྲིབ་མེད་རང་རིག་འོད་གསལ་གྱི་ཆོས་སྐུ་མངོན་དུ་གྱུར་པ་དང་ཆབས་ཅིག་ཏུ་ཀུན་གྱི་མཐོང་ཆོས་ལ་ཡང་བསད་པ་ཡར་ལ་གསོ་ནུས་ཤིང་། ལྐོག་གྱུར་གསང་བའི་སྒྲ་ཡང་གོ་ཞིང་ཐོས་ཐུབ་པས་མ་ཚད་རྫུ་འཕྲུལ་སྣ་ཚོགས་དང་། ཁྱད་པར་དུ་གཞན་སེམས་ཤེས་པའི་མངོན་ཤེས་ཀྱིས་གང་འདུལ་གྱི་ཆོས་བསྟན་ནས་འགྲོ་བ་འདུལ་ཐུབ་པ་དང་། དེ་བཞིན་དུ་ས་དང་ལམ་གྱི་ཡོན་ཏན་ཐུན་མོང་དང་ཐུན་མོང་མ་ཡིན་པ་ཐམས་ཅད་རྫོགས་པ་ཡིན་ནོ། །ཁྱད་པར་དུ་ཁྲེགས་ཆོད་དང་ཐོད་རྒལ་ཐུན་མོང་གི་ལམ་ནས་དབྱིངས་རིག་གནད་དུ་གཟིར་བའི་དུས་སུ་ཤིན་ཏུ་གཅེས་པའི་ཏིང་འཛིན་རྣམ་གསུམ་གྱི་སྒྲོམ་ནས་རྟགས་ཚད་ངེས་པའི་ཡོན་ཏན་འབྱུང་བ་ཡིན། དེ་དག་ནི་ཅོག་བཞག་ཆེན་པོའི་ཏིང་འཛིན་དང་། ཐོག་བབས་ཆེན་པོའི་ཏིང་འཛིན་དང་། རྒྱས་འདེབས་ཆེན་པོའི་ཏིང་འཛིན་གསུམ་སྟེ། ཅོག་བཞག་ཆེན་པོའི་ཏིང་འཛིན་ལ་གོམས་པའི་དུས་སུ་སྔར་མ་མཐོང་བའི་ཆོས་ཀྱང་རང་ཤེས་སུ་འགྱུར་བ་དང་། ཏིང་ངེ་འཛིན་གྱི་རྣམ་གྲངས་མང་པོ་རང་ཤུགས་ཀྱིས་འཆར་བ་དང་། འཇིག་རྟེན་གྱི་བྱ་བ་ལ་བློ་མི་འཇུག་པ་དང་། སངས་རྒྱས་བྱང་སེམས་ཀྱི་ཞལ་མཐོང་བ་དང་། སྔར་མེད་ཀྱི་སྙིང་རྗེ་ཆེན་པོ་རྒྱུད་ལ་འདྲོངས་པ་ཡིན་ནོ། །ཐོག་བབས་ཆེན་པོའི་ཏིང་འཛིན་ལ་གོམས་སོང་དུས་སྣང་བ་སྒྱུ་མར་འབྱོངས་ནས་སྲིད་པའི་འདོད་ཡོན་ལ་ཞེན་པ་བྲལ་བ་དང་། རིག་པ་རྗེན་ལ་བུད་དེ་རྟོགས་པ་མཆོག་ཏུ་གསལ་བ་དང་། དགོངས་པ་ཆོས་ཉིད་དང་འདྲེས་པས་ན་མི་རྟོག་པའི་ཏིང་འཛིན་སྐྱེ་བ་དང་། ཤེས་རབ་རང་བྱུང་དུ་ཤར་ནས་ཚིག་དོན་གྱི་ཀློང་རང་བརྡོལ་དུ་འབྱུང་བ་ཡིན་ནོ། །རྒྱས་འདེབས་ཆེན་པོའི་ཏིང་འཛིན་གྱི་གོམས་ཚད་མཐར་ཕྱིན་ན་སྣང་བ་འོད་གསལ་དུ་ཤར་ཏེ་ཉིན་མཚན་ཆོས་ཉིད་དུ་གནས་པ་ཡིན་ནོ། །ཁྲེགས་ཆོད་གཅིག་པུའི་གོམས་ཚད་ཀྱང་སྣང་བ་གང་ཤར་དང་རང་ལུས་རྡུལ་ཕྲན་ཆ་མེད་ལ་མཐོང་སྟེ། འབྱུང་བཞིའི་རྡུལ་ཕྲན་དག་སོང་བའི་སྟོབས་ཀྱིས་སྤྱན་དང་མངོན་ཤེས་ལ་དབང་འབྱོར་ནས་ཚེ་འདི་ཉིད་ལ་གྲོལ་བ་ཡིན། ཁྲེགས་ཆོད་གོམས་སྟོབས་ཀྱིས་སྐྲ་སེན་མ་གཏོགས་ཤུལ་དུ་མི་ལུས་པ་སྟེ། རང་རེའི་ཁ་སྐད་ལ་འཇའ་ལུས་གྲུབ་སོང་ཟེར་འདུག་པ་དེ་གཞུང་གི་ནང་ནས་བཤད་ན་ལུས་རྡུལ་ཕྲན་དུ་དེངས་པ་འདི་ཡིན། འཆི་སྲིད་ཆོས་སྐུའི་འོད་གསལ་ཤར་དུས་གྲོལ་བ་ཚུན་ཆད་དེ་ཚེ་འདི་ཉིད་ལ་གྲོལ་བ་དང་། འབྲིང་ཆོས་ཉིད་བར་དོར་གྲོལ་བ་དང་། ཐ་མ་སྲིད་པ་བར་དོར་རང་བཞིན་སྤྲུལ་བའི་ཞིང་དུ་དབུགས་འབྱིན་པ་ནི་སྙིང་ཐིག་གི་དགོངས་པའོ། །ཀ་དག་གི་གཞི་ལ་གྲོལ་བ་འདིའི་གོ་དོན་ཞིབ་ཕྲ་བྱས་ནས་ལེན་དགོས། གཞི་ལས་གཞི་སྣང་ཤར་བའི་གནས་སྐབས་ན་ཐམས་ཅད་ལྷུན་གྲུབ་ཀྱི་ཞིང་སྣང། སྣང་སྲིད་འོད་དང་སྐུ་ལ་ཤར་བ་ཡིན། དེའི་ངོ་བོའི་རྩལ་ལས་ལོངས་སྐུའི་སྣང་བ་དང་། ཡོན་ཏན་གྱི་རྩལ་ལས་རང་བཞིན་སྤྲུལ་སྐུའི་ཞིང་སྣང་། ཐུགས་རྗེའི་རྩལ་ལས་འཁོར་བའི་སྒོ་ཡང་རྨི་ལམ་ལྟར་དུ་རང་སྣང་ལ་ཤར་བ་ཡིན། དེ་དག་ཇི་ལྟར་སྣང་ཡང་འཁྲུལ་མ་འཁྲུལ་གང་དུ་ཡང་གྲུབ་པ་ཞིག་མ་ཡིན། རང་ངོ་ཤེས་ན་གྲོལ་རྐྱེན་བྱེད་པའི་ཆ་ནས་གྲོལ་གཞི་དང་། མ་ཤེས་ན་འཁྲུལ་རྐྱེན་བྱེད་པའི་ཆ་ནས་འཁྲུལ་གཞི་ཞེས་སུ་བཏགས་པ་ཡིན། དེས་ན་གཞི་སྣང་འདི་གྲོལ་གཞི་དང་། ཀ་དག་དེ་གྲོལ་ས་ཡིན། གདོད་མའི་གཞི་དབྱིངས་འཁོར་འདས་གང་དུ་ཡང་མ་ཕྱེད་པ་དེའི་ཐོག་ནས་གྲོལ་ཟེར་རྒྱུ་མ་ཡིན། གཞི་འབྲས་དབྱེར་མེད་པའི་ཀ་དག་གི་ནང་དབྱིངས་ལ་འཁྱིལ་བ་དེ་ཅི་འདྲ་ཞིག་ཡིན་ན། དཔེ་བསེ་ཤིང་གི་འབྲས་བུ་ལྟ་བུ་སླར་མི་ལྡོག་པའམ། དངུལ་ཆུ་དུག་འདོན་བྱས་པ་དང་འདྲ་བར་སླར་གནོད་པར་མི་འགྱུར་བ་ཀ་དག་གི་དབྱིངས་ལས་ཕྱི་གསལ་གདངས་ལ་འཕྲོས་ཏེ་གཟུགས་སྐུ་གཉིས་ཀྱིས་འགྲོ་བའི་དོན་བྱེད་པ་དེ་འདྲ་ཞིག་ཏུ་གསུངས་སོ། །ཚིག་དོན་འདི་དག་གོ་ལོ་ཐོས་ལོར་མ་བསྐྱུར་པར་ཡིད་ལ་ཟུངས། རྒྱུད་ལ་སྦྱར་ནས་ཉམས་སུ་ལོངས་ཤིག་དང་། རང་གཞན་དོན་གཉིས་འགྲུབ་པའི་སྐྱིད་པའི་ཉི་མ་ཞིག་ནང་ནས་འཆར་བར་ངེས་ཞེས་པའི་གདམས་པ་དང་བཅས་ཏེ་བར་དུ་དགེ་བ་གཞུང་དོན་ཆ་ཚང་སོང་བའོ། །ཐ་མར་དགེ་བ་མཇུག་དོན་ཇི་ལྟར་བརྩམས་པ། རྡོ་རྗེའི་གླུ་འདི་སུས་ཇི་ལྟར་ནམ་དུ་ལེན་ཚུལ་དང་བཅས་ཏེ་མཐར་ཕྱིན་པར་བྱ་བ་ལས། དང་པོ་མཛད་པ་པོའི་མཚན་དང་བཅས་པས་ངེས་པར་མཛད་པ་ནི། དེ་འདྲའི་དགོངས་པ་གླུ་རུ་ལེན་མཁན་དེ། །བྱ་བཏང་ཚོགས་དྲུག་རང་གྲོལ་ཡིན་པར་སྣང་། །ཞེས་པས་བསྟན་ཏེ། དེ་འདྲའི་ཀུན་བཟང་རྒྱལ་བའི་དགོངས་པ་རྫོགས་ཆེན་ཁྲེགས་ཆོད་ཀྱི་མན་ངག ལྟ་བའི་གླུ་དབྱངས་ངང་དྭངས་དོ་ཧ་ཡི་ཚུལ་དུ་ལེན་མཁན་ནི། སྒོ་གསུམ་འཇིག་རྟེན་གྱི་བྱ་བ་བཏང་བའི་རྣལ་འབྱོར་པ་ཚོགས་དྲུག་རང་གྲོལ་ཡིན་པར་སྣང་ངོ་སྟེ། དོན་རྒྱལ་བའི་དགོངས་པ་དེ་ཉིད། རྐྱེན་ཁོང་ལ་བརྟེན་པའི་ཆོས་སྐུའི་མཆོད་སྡོང་གསར་བ་ཞིག་སྐལ་ལྡན་གདུལ་བྱའི་འགྲོ་ངོར་སྣང་བ་ཡིན་ཞེས་པའོ། །དགེ་བ་རྫོགས་བྱང་དུ་བསྔོ་བ་ནི། དགེ་འདིས་སྐལ་ལྡན་གདུལ་བྱ་མང་པོ་ཡིས། །མ་རིག་ཉོན་མོངས་རྟོག་པའི་དྲི་མ་ཀུན། །ཀ་དག་གདོད་མའི་དབྱིངས་སུ་མྱུར་དག་ནས། །འབྲས་བུ་ཚེ་འདི་ཉིད་ལ་ཐོབ་པར་ཤོག །ཅེས་གསུངས་ཏེ། འདི་ལྟར་བསྟན་པའི་དགེ་བ་འདིས། ལས་དང་སྐལ་བ་ལྡན་པའི་མ་འོངས་ཕྱིས་འབྱུང་གི་གདུལ་བྱ་ཤིན་ཏུ་མང་པོ་ཞིག མ་རིག་སྲིད་རྩའི་གདོན་གྱིས་བཏབ་པའི་ལས་ཉོན་དུ་མས་བསྐྱེད་ཅིང་འཁྲུལ་བར་འཕྱན་པའི་སྡུག་བསྔལ་སྣ་ཚོགས་མྱོང་བའི་འགྲོ་བ་ཀུན་རྟོག་གི་དྲི་མས་སྒྲིབ་པ་དེ་དག་གི་ཀུན་རྟོག་གི་དྲི་མ་ཀུན་དག་ནས་མ་འཁྲུལ་གཞི་ཡི་གནས་ལུགས་རང་གནས་རིག་པའི་རང་ཞལ་དེ་ཉིད་མཇལ་ཏེ། ཀ་དག་གདོད་མའི་ནང་དབྱིངས་སུ་གཞོན་ནུ་བུམ་པའི་སྐུ་རུ་འཆར་བའི་འབྲས་བུ་ཚེ་འདིའམ་ཚེ་དེ་ཉིད་ལ་ཐོབ་པར་ཤོག་ཅེས་པའོ། །ཅེས་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་འདི་ནི་ཨོ་རྒྱན་རིན་པོ་ཆེས་མཛད་ཅིང་གྲུབ་ཐོབ་ཀརྨ་གླིང་བས་གཏེར་ནས་བཏོན་པའི་རིག་པ་གཅེར་མཐོང་གི་ངོ་སྤྲོད། ཀུན་མཁྱེན་ཀློང་ཆེན་པའི་མཛོད་བདུན་དང་། ངལ་གསོ་སྐོར་གསུམ་གྱི་རང་འགྲེལ་ཤིང་རྟ་རྣམ་དག ཤིང་རྟ་བཟང་པོ། ཤིང་རྟ་ཆེན་པོ་སྟེ་ཤིང་རྟ་རྣམ་གསུམ། རྫོགས་ཆེན་རྒྱབ་ཆོས་ཁྲེགས་ཆོད་རྒྱབ་ཡིག་ནམ་མཁའ་དྲི་མེད་ལ་སོགས་པ་ནམ་མཁའ་སྐོར་གསུམ། སྤྲིན་ཕུང་སྐོར་གསུམ་ལས་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། གཞན་ཡང་རྫོགས་ཆེན་མཁའ་འགྲོའི་སྙིང་ཐིག ཁྲིད་ཡིག་སངས་རྒྱས་ལག་བཅངས་སོགས་རྙིང་མའི་གཏེར་ཆེན་ཐམས་ཅད་ཀྱི་གཏེར་ཆོས་ལ་བླ་རྫོགས་ཐུགས་གསུམ་པོ་མི་ཚང་བ་ཞིག་མེད་པས་གཏེར་ཁ་དུ་མའི་རྫོགས་ཆེན་མང་པོ་ལ་གཞི་བྱས། བླ་མའི་མན་ངག་དང་རང་གི་ཉམས་མྱོང་གིས་ཟུར་བརྒྱན་ཏེ་དད་ལྡན་གྱི་སློབ་མ་མང་པོ་ལ་ཕན་ཕྱིར༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པའི་རྒྱུར་གྱུར་ཅིག་ཅེས་མཛད་བྱང་སྨོན་ལམ་དང་བཅས་ཏེ། རྡོ་རྗེའི་གླུ་འདི་ནི་ཇི་ལྟར་སུས་ལེན་པའི་ཚུལ་ཐར་པ་དོན་དུ་གཉེར་བའི་སྐལ་ལྡན་ཀུན་ལ་ཕན་ཕྱིར་བླངས་པ་ཡིན་པས། ལེན་པའི་དུས་ནི་རྣལ་འབྱོར་པས་ལྟ་བ་སྐྱོང་བའི་དུས་སུ་ལེན་པའོ། །ལེན་ལུགས་ཇི་ལྟར་ལེན་དགོས་པ་ཡིན་ན་ནི་རིག་འཛིན་ཤྲཱི་སེང་ཧའི་ཞལ་ནས། སངས་རྒྱས་ཀྱི་ཐུགས་ཁྱབ་གདལ་དུ་གནས། སེམས་ཅན་གྱི་རིག་པ་དུམ་བུར་གནས། ནམ་མཁའ་ལྟར་རྒྱ་བསྐྱེད་པ་བོགས་ཆེའོ། །ཞེས་གསུངས་པ་ལྟར་རིག་པ་ནམ་མཁའ་ལྟར་རྒྱ་ཆེར་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་བཏང་ནས་སེམས་ཉིད་ཁྱབ་གདལ་ཡངས་པའི་ངང་ནས་རྡོ་རྗེའི་གླུ་འདི་འཐེན་དང་ལྟ་སྒོམ་བོགས་འཐོན་པའོ།། །།དེ་ཡན་ཆད་ཀྱིས་ལྟ་བ་མཁའ་ལྡིང་གཤོག་རླབས་ཀྱི་ཐེངས་འདིའི་འཆད་ཉན་ཡོངས་སུ་གྲུབ་ཏེ། དེ་རིང་གི་ཕྱི་དྲོ་ཡི་ཁྲིད་སྦྱང་འདི་ཐེངས་འདིའི་ཁྲེགས་ཆོད་ཀྱི་ཁྲིད་སྦྱང་འདུས་པ་མཉམ་འཚོགས་བྱེད་པའི་རྗེས་མ་ཡིན། ད་རུང་སང་ཉིན་ཕྱི་དྲོ་དང་གནངས་ཉིན་གྱི་ཉིན་ཧྲིལ་བོ་ལ་ཁྲེགས་ཆོད་བསྒོམ་རྒྱུ་ཡིན་ཡང་། སྤྱོད་པའི་བོགས་འདོན་དང་སྦྲེལ་ནས་ཉི་མ་དེ་གཉིས་ཀ་ལ་རང་རང་ཁ་ཁ་སོ་སོས་གྲོང་ཡུལ་དང་། རི་སུལ། ནགས་ཀྱི་གསེང་སོགས་ནས་གཅིག་པུའམ་གཉིས་གསུམ་ལས་མི་མང་བས་བསྒོམས་ན་སྙམ། ཁ་སང་རིག་ངོ་སྤྲད་པའི་སྐབས་ཤིག་ལ། འགའ་རེས་ཕུར་བསྙེན་དུང་ཕྱུར་འདོན་པ་ཡིན་གསུངས་རྒྱུའི་ཁས་ལེན་དང་། འགའ་རེས་ལོ་གསུམ་ལ་སྐུ་མཚམས་སུ་བཞུགས་རྒྱུ་སོགས་ཀྱི་དགེ་སྦྱོར་གྱི་ཁས་ལེན་མང་པོ་མཛད་མཁན་ཡོད་འདུག དེའི་རིགས་ཀྱིས་རང་རང་གི་སྡེ་ཁག་ནས་ཐོ་འགོད་རེ་མཛད་ནས་སྤྲད་ཡོང་ན། དེའི་ཐོ་དེ་ཁྱེར་སོང་ནས་འདུས་པ་མང་ཚོགས་ཕོན་ཆེན་ཡོད་དུས་སྙན་ལམ་ལ་བསྒྲགས་ན། གཅིག་ན་དགེ་སྐུལ་ལྕག་འདེབས་དང་། གཉིས་སུ་ཡི་རང་གི་དགེ་བ་ཞིག་རྒྱུད་ལ་ཞོག་འདུག་སྙམ་ནས་དུས་རྒྱུན་དེ་འདྲ་བྱས་པ་ཡིན། དེ་ཚོ་ཐུགས་ཉམས་ལ་ཞོག དེ་རིང་འདིའི་མཚམས་ནས་གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ཀྱི་ལུང་ཞིག་འདོན་རྒྱུ་བྱེད།༼མཁའ་འགྲོའི་གད་རྒྱངས་ཀྱི་ལུང་གསུངས།༽མཁའ་འགྲོའི་གད་རྒྱངས་འདི་ངས་ཁྲིད་བྱས་ཏེ་བཤད་མྱོང་བའི་ཟེར་སྡེར་ཞིག་ཀྱང་ཡོད་ས་ཡོད། དེ་ཚོ་ལ་གསན་ན་ཚིག་རེ་བཞིན་དུ་བརྡ་འགྲོལ་ལམ་ཅུང་ཟད་ཙམ་བཀྲལ་བའི་ཉམས་ཡིན། ཁྱད་པར་དུ་ལས་དང་པོ་བ་ལ་དམིགས་ནས་གོ་དོན་རེ་སེམས་ལ་འཁོར་བའི་ཕན་ཐོགས་རེ་འབྱུང་འདང་བྱས་པ་ཡིན། དེ་ལ་སོགས་པ་ངས་བཤད་བསྡད་པ་མང་ཤོས་ཤིག་འདི་རྣམ་པས་སྒྲ་བཤུས་བྱས་ནས་ཡི་གེར་ཕབ་ཡོད་པ་ཡིན། ངས་ཡང་ལྟ་བྱེད་མ་མྱོང་བས་ཇི་འདྲ་ཡོད་མི་ཤེས་ཀྱང་། གང་ལྟར་དེང་སང་གི་ཡིག་རིགས་དེབ་ལ་འཁོད་པ་ཐམས་ཅད་མི་ཚང་མའི་ལག་ལ་འགྲོ་བཞིན་ཡོད་པས། ངས་གསང་སྔགས་བཤད་ནས་ཡོད་པས་ཁྱོད་ཀྱིས་བལྟ་མི་ཆོག་ཟེར་ས་མི་ལོན་པའི་དུས་རེད། དེའི་མ་ཚད་པར་གསང་སྔགས་ཀྱི་རྒྱུད་སྡེའི་དཔེ་ཚོགས་ཚང་མ་ཚོང་རའི་ཁྲོམ་ཅོག་གི་སྒང་ན་བཤམས་ཡོད་དུས་ཡིན། འདིའི་ཕྱོགས་ལ་ཞིབ་འཇུག་ཅིག་བྱས་ཏེ་བསམ་བློ་བཏང་ན། ཡི་གེ་འདིར་བལྟས་ནས་དོན་ཟབ་ཐམས་ཅད་རྟོགས་སོང་ན་ནི། དོན་དམ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཀྱི་ངོ་བོ་མཐོང་བ། དེ་ཡང་དད་དང་དག་སྣང་ལྷན་སྐྱེས་སུ་ཚང་བ་རྟོགས་ལྡན་དོན་གྱི་བླ་མའི་རང་ཞལ་མཇལ་ནས་བྱིན་རླབས་རང་ཞུགས། སྔོན་ལས་འབྲེལ་ཡོད་པའི་འཕྲོ་སད་པ་ཡིན་ངེས་སྙམ། གལ་ཏེ་མ་རྟོགས་ཚིག་དང་ཡི་གེའི་གཟུགས་བརྙན་ཙམ་དུ་གྱུར་ན་ནི་རང་གསང་ཐབས་ཀྱིས་ཆོད་པ་ཡིན་པ་དང་། ཆོས་ལ་དབང་ཟ་མི་ཟའི་འདུ་ཤེས་ཙམ་ཡང་མེད་ལ་ཡིག་འབྲུ་མིག་སྔར་ལ་ཤར་བ་ཙམ་མ་གཏོགས་དོན་གྱི་སྐོར་ལ་རྟོག་དཔྱོད་གཞན་མ་ཞུགས་ན་དེ་གསང་སྔགས་གཟི་ལུམ་གྱིས་སྤྱོད་པ་ཅན་ལ་མ་ཐེ་བ་ཡིན་ནམ་སྙམ། གང་ལྟར་ཡང་ངའི་ཡི་གེ་ལ་མོས་པ་ཅན། མ་མཐོང་ཡུལ་དུས་ཀྱིས་བསྐལ་བའི་གྲོགས་པོ་ཚོ་ཐམས་ཅད་ཀྱིས། ང་དང་ཐུག་ནས་ངས་བཤད་པ་དང་འདྲ་བའི་འདུ་ཤེས་འཇོག་ཆོག་པ་དང་། དེ་ལ་རྟོག་དཔྱོད་བྱེད་པ་དག་ནི་ང་དང་ཁ་བརྡ་བྱས་པ་ལྟ་བུ་ཡིན་པ་དང་། འདི་དག་གིས་ཕན་རེ་ཐོགས་འགྲོ་ས་དེ་འདྲ་ཡོད་སྲིད་ན་དེ་ནི་ངའི་ཆེས་ཉེ་བའི་ཆོས་གྲོགས་སུ་བརྩི་ཆོག་པ་དང་། ཡང་གཟུར་གནས་བློ་གྲོས་དང་ལྡན་པ་དེང་སང་དཀོན་པའི་དུས་འདིར། འདི་ལ་སྡང་ཞེན་གྱིས་སྒྲོ་སྐུར་དང་ཐ་ན་སྨོད་ཅིང་བཤུང་བར་བྱེད་པ་ཡང་ཡོད་སྲིད་པས་དེ་ཐམས་ཅད་ཀྱང་སླད་མར་བྱམས་དང་སྙིང་རྗེས་བསྐྱང་སའི་ཡུལ་ལ་མ་ཁྱབ་པ་མེད་པ་སྟེ། ངས་དུས་རྒྱུན་སྨོན་ལམ་ཅི་ཞིག་བྱེད་བཞིན་ཡོད་ན། བདག་མཐོང་ཐོས་དང་དྲན་རེག་གི་འགྲོ་བ། ང་བླ་མར་བཟུང་ནས་དད་པ་བྱེད་མཁན་དང་། བདག་ལ་དགྲ་བོར་བརྩིས་ཏེ་སྨོད་སྡིགས་བྱེད་མཁན་ཚུན་ཆད། བཟང་ངན་ལས་ཀྱིས་འབྲེལ་བའི་མཁའ་དང་ས་ལ་རྒྱུ་བའི་སྲོག་ཆགས་ཡན་ཆད། ཐ་ན་ང་ལ་ཟས་ཀྱི་འདུ་ཤེས་བཞག་ནས་ཟ་མཁན་གྱི་འབུ་སྦྲང་ཕྲ་མོ་ཡན་ཆད་ཐམས་ཅད་བདེ་ནས་བདེ་བར་འགོད་པའི་ལྷག་བསམ་སེམས་ཀྱིས་སྨོན་འདུན་རེ་བྱེད་པའི་ཁུལ་ཡིན་པས། འདིར་ཡོད་ཐམས་ཅད་ནི་དངོས་སུ་དུས་ཀྱི་ཐ་མར་ཆོས་ཀྱི་གྲུ་ཆེན་པོ་ལ་མཉམ་དུ་ཞུགས་པའི་དོན་མཐུན་གྱི་གྲོགས་པོ་ཏག་ཏག་ཀྱང་ཡིན་པའི་དབང་གིས་ངས་བཤད་པ་བྲིས་པ་ཐམས་ཅད་ལ་ཁྱེད་རྣམ་པ་འདིར་ཡོད་ཐམས་ཅད་ཀྱིས་གཟིགས་ཆོག་རྒྱུ་དང་གསན་ཆོག་རྒྱུ་ཡིན། འདིའི་ད་ལྟ་འཆད་བཞིན་པའི་རྫོགས་ཆེན་ཁྲེགས་ཆོད་དང་ཐོད་རྒལ་འདི་ཚོ་སྙིང་ཐིག་གོང་འོག་གི་གནད་བསྡུས་པ། ཚུར་གོ་བདེར་བྱས་ཏེ་འཕྲལ་སྐད་དུ་བཀྲལ་བཞག་པའི་མན་ངག་ཡིན་པས་ན། འདི་ལ་འཆད་ཉན་མཉམ་དུ་ཚར་དུས་ངས་བཤད་པ་གཞན་ཐམས་ཅད་ཀྱང་དེ་ལས་མ་འདས་པ་ཏག་ཏག་ཡིན། གཞན་ཡང་ངས་བཤད་པ་བྲིས་པ་ཚོའི་ནང་ན་ལེགས་པའི་ཆ་རེ་གལ་ཏེ་ཡོད་སྲིད་ན་ནི། བརྒྱུད་པའི་བླ་མ་གོང་མའི་ཐུགས་བསྐྱེད་ཀྱི་མཐུ་ལས་བྱུང་བ་ཡིན་པ་དང་། དེ་ལ་ནོར་དང་མ་ཚང་འགལ་བའི་རིགས་མང་རྒྱུ་རེད། དེ་ནི་བདག་བློ་སོ་སྐྱེའི་ས་ལས་མ་འཕགས་པའི་རང་རྒྱུས་དང་སྦྲེལ་ནས་འཆད་བཞིན་ཡོད་པའི་ལྡོག་ཕྱོགས་ཀྱི་བསླབ་བྱ་རུ་འཛིན་པའི་སྨོན་པ་རེ་འདུན་གཉིས་ཀ་མཉམ་དུ་བྱེད་བཞིན་ཡོད། ཡང་སང་ཉིན་ཐོད་རྒལ་གྱི་ཁྲིད་བཤད་པའི་བར་ལ་མཇལ་ཡོང་། ད་དེ་ལྟར་ཆོས་འཆད་ཉན་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ཏེ། རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡམས་པའི་མཐུས། ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས། བསྟན་འཛིན་གྱི་སྐྱེས་བུ་དམ་པ་གང་ན་སུ་བཞུགས་ཐམས་ཅད་ཀྱི་སྐུ་ཚེ་ཞབས་པད་ཡུན་རིང་དུ་བརྟན། དགེ་འདུན་འདུས་པའི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཀུན་བདེ་སྐྱིད་རྫོགས་ལྡན་གྱི་དཔལ་ལ་ལོངས་སྤྱད་དེ་མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པའི་ཕྱིར་དུ། རྗེ་བཙུན་འཇམ་དཔལ་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་ལ་སོགས་པས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །འཕགས་པའི་རི་ངོགས་དབེན་ཞིང་ཉམས་དགའ་བར། །རིག་དང་མངོན་ཤེས་ཏིང་འཛིན་འགྲུབ་གྱུར་ནས། །དོན་གཉིས་ལྷུན་གྲུབ་བདེ་ཆེན་མཁའ་དབྱིངས་སུ། །ཚེ་འདི་ཉིད་ལ་ཕྱིན་པར་མཛད་དུ་གསོལ། །གཅིག་པུར་བསྲན་ཚུགས་སྒྲུབ་ལ་བརྩོན་པ་དང་། །ཚེ་འདིའི་ཕྱོགས་སུ་སྐད་ཅིག་མི་གཡེངས་ཤིང་། །གོང་མའི་རྗེས་སྙོག་དངོས་གྲུབ་མཐར་ཕྱིན་ནས། །རྟག་ཏུ་བླ་མ་མཉེས་པར་མཛད་དུ་གསོལ། །དམ་ཚིག་སྡོམ་པ་ཉམས་ཆགས་མེད་པ་དང་། །ལྟ་སྒོམ་སྤྱོད་འབྲས་མ་ནོར་དོན་རྟོགས་ནས། །ཉིན་མཚན་འོད་གསལ་ངང་ལས་མི་གཡོ་ཞིང་། །རང་གཞན་དོན་གཉིས་འགྲུབ་པར་མཛད་དུ་གསོལ། །སྣང་སྲིད་རྣམ་དག་བསྐྱེད་རྫོགས་མཐར་ཕྱིན་ནས། །མཁའ་འགྲོ་དམ་ཅན་སྤྲིན་བཞིན་འཐིབས་ནས་ཀྱང་། །དངོས་གྲུབ་རྣམ་གཉིས་ཆར་བཞིན་འབབ་པ་དང་། །འཕྲིན་ལས་རྣམ་བཞི་འགྲུབ་པར་མཛད་དུ་གསོལ། །དག་སྣང་མོས་གུས་ཕྱོགས་མེད་འཆར་བ་དང་། །བྱམས་དང་སྙིང་རྗེ་རྒྱུན་ཆད་མེད་པ་དང་། །ལྟ་སྒོམ་ཉམས་རྟོགས་ཡོན་ཏན་འབར་བ་དང་། །འགྲོ་དོན་ཕྱོགས་མེད་འགྲུབ་པར་མཛད་དུ་གསོལ། །དེང་ནས་བདག་ཀྱང་ནགས་ཚལ་མེ་ཏོག་ཅན། །སྐྱེ་བོས་སྟོང་ཞིང་འབབ་ཆུའི་སྒྲ་གྲགས་ལ། །དབེན་ཞིང་ཡིད་འོང་བྲག་རིའི་དྲུང་འདུག་སྟེ། །དུས་བཞིར་སྙིང་བོ་མེད་ཅེས་སེམས་པ་ཡི། །དགེ་བ་རྒྱན་གྱུར་འཇིག་རྟེན་མིས་བསྐྲུན་པ། །ཀུན་ལས་ཆེས་མཆོག་བདུད་རྩི་ཐོབ་གྱུར་ཅིང་། །མི་རྟག་སྟོང་བའི་སྒྲ་ཆེན་སྒྲོག་པར་ཤོག །སྨན་ཤིང་མེ་ཏོག་ཤང་ཤོང་མཛེས་པ་དེར། །ཆོས་ཚུལ་ཞི་བ་སྤྲིན་གྱི་བླ་བྲེ་ཅན། །རིག་འཛིན་རྒྱལ་བའི་གསེར་གྱི་གློག་འགྱུ་བས། །ཚེ་གཅིག་འོད་གསལ་སྙིང་བོ་འགྲུབ་པར་ཤོག །ཐར་བའི་ཁང་བཟང་རིན་ཆེན་ཕོ་བྲང་ནས། །ཆོས་ཚུལ་ཞི་བ་རྔ་སྒྲའི་དབྱངས་གྲགས་པས། །མ་ལུས་འགྲོ་ཀུན་མ་རིག་གཉིད་སངས་ཏེ། །གདོད་མའི་ས་ལ་མངོན་པར་བྱང་ཆུབ་ཤོག །སྐྱོ་བས་སེམས་པའི་རང་བཞིན་གསལ་བ་ཅན། །ཞི་བའི་ནགས་སུ་གཅིག་པུར་འགྲོ་འདོད་ནས། །སྙིང་ནས་སྨོན་པའི་ཚིག་གི་དབྱངས་སྨྲས་པ། །མོས་གུས་དག་པས་མྱུར་དུ་འགྲུབ་པར་ཤོག །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན། །ཕྱོགས་བཅུ་མཐའ་གྲུ་ཀུན་ཏུ་གྲགས་གྱུར་ཏེ། །བློ་གྲོས་པད་མོ་རབ་ཏུ་རྒྱས་བྱེད་ཅིང་། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་གྱིས་བརྒྱན་ལེགས་གནས་ཤིང་། །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །ཧྲཱིཿ སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རི། །ཁ་བ་ཅན་དུ་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །གངས་རི་ར་བས་བསྐོར་བའི་སོགས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་ལྟ།།

དགེའོ། །དགེའོ། །དགེའོ།། །།