Nitartha Digital Library
Tibetan
ཁྱབ་བདག་པདྨ་སྐལ་བཟང་གི་གསུང་འབུམ་གླེགས་བམ་སོ་གཉིས་པ།


   
  collapse section
ངག་འདོན་བྱིན་རླབས་གློག་ཞགས་ཀྱི་གསོལ་སྨན་རྒྱས་འགྲེལ་ཞིང་མཆོག་མྱུར་བགྲོད།
   
   
   
   
   
   
   
   
   


 
previousངག་འདོན་བྱིན་རླབས་གློག་ཞགས་ཀྱི་གསོལ་སྨན་རྒྱས་འགྲེལ་ཞིང་མཆོག་མྱུར་བགྲོད།no next

ངག་འདོན་བྱིན་རླབས་གློག་ཞགས་ཀྱི་གསོལ་སྨན་རྒྱས་འགྲེལ་ཞིང་མཆོག་མྱུར་བགྲོད།

གླེང་གཞི།

ངག་འདོན་བྱིན་རླབས་གློག་ཞགས་ཀྱི་གསོལ་སྨན་རྒྱས་འགྲེལ་ཞིང་མཆོག་མྱུར་བགྲོད་ཅེས་བྱ་བ་བཞུགས་སོ།།

བསོད་ནམས་དཔལ་གྱིས་བསྐྲུན་པའི་རྣ་བ་ལ།།

གང་མཚན་གྲགས་པ་ལན་གཅིག་ལྷུང་བས་ཀྱང་།།

དམན་པའི་ས་ལས་རབ་ཏུ་ལྡོག་པ་དེར།།

སྙིམ་པའི་འདབ་སྟོང་ཟུམ་འདི་སྐལ་བ་བཟང་།།

མ་ཆགས་པདྨ་དམར་པོའི་ཟེའུ་འབྲུ་ལ།།

མི་རྟོག་གསུང་གི་གསང་བ་ཐིག་ལེར་འཁྱིལ།།

རྐྱེན་བྲལ་རང་བྱུང་རིག་པ་ཐོལ་སྐྱེས་སྐུ།།

དུས་ཀྱི་མུན་ཁམས་ལ་ཟ་སྟོན་ཀའི་ཟླ།།

གབ་པ་མངོན་ཕྱུང་གསང་བ་གསང་བའི་མཛོད།།

ཡེ་ཤེས་རྡོ་རྗེའི་ལྗགས་ཀྱིས་ཐང་མར་བརྡལ།།

མགོ་མཁྲེགས་རྟོག་གེའི་སྟོང་འུར་ཟིལ་གྱིས་གནོན།།

དཔལ་གྱི་རི་ལ་བཞུགས་དེ་བདག་གི་མགོན།།

སྲིད་པའི་མངའ་ཐང་ཆེ་རྒུ་གཡས་སུ་དོར།།

ཞི་བའི་རང་འདོད་ཡོད་རྒུ་གཡོན་དུ་འཕང་།།

དོན་མེད་སྨྲ་བའི་ངག་གི་སྒོ་མོ་བསྡམས།།

ཅང་མེད་ནགས་ན་བཞུགས་དེ་བདག་གི་མགོན།།

མཁས་དང་བཙུན་པའི་སྡེ་ཞེས་ཡར་མ་བཞག།

གྲོང་དང་ཁྱིམ་པའི་རིགས་ཞེས་མར་མ་བཅད།།

འདྲ་མཉམ་བརྩེ་བ་ཆེན་པོས་སྐྱ་སེར་ཀུན།།

སྨིན་ཁྲིད་ཆོས་ར་འདི་ནས་མཐོ་དམན་བསྙམས།།

བླ་རབས་བརྒྱུད་པའི་རིང་ལ་མ་ཐོས་ཞིང་།།

མི་རབས་འདས་པའི་དུས་སུ་མ་མཐོང་བ།།

དད་ལྡན་མི་སྐྱ་ཕོ་མོ་ཁྲི་ཕྲག་གིས།།

དཔྱད་འཇོག་སྤེལ་མའི་ཏིང་འཛིན་འདི་ན་སྒོམ།།

ས་དང་ལམ་གྱི་མངོན་རྟོགས་མ་མཆིས་ཤིང་།།

ལས་དང་ཉོན་མོངས་སྒྲིབ་པ་མ་སྤངས་ཀྱང་།།

རྣམ་དག་བདེ་ཆེན་ཞིང་དུ་སྐྱེ་ངེས་པའི།།

སྨིན་ཁྲིད་ཆོས་ཀྱི་དགའ་སྟོན་འདི་ན་འགྱེད།།

མེ་ཡི་འོབས་ཀྱིས་བསྐོར་བའི་སྟོང་གསུམ་ཁྱོན།།

གཅེས་པའི་སྲོག་གིས་བརྒལ་ཏེ་འཚོལ་ན་ཡང་།།

དོན་ལྡན་སྲིད་པའི་མྱ་ངན་གཞིལ་བའི་ཆོས།།

བདེ་ཆེན་ཞིང་ཁྲིད་ཆེན་མོའི་སྐྱུད་བྱང་འབྲི།།

དེའང་ཇི་སྐད་དུ་བདག་ཅག་གི་སྟོན་པ་དཔལ་མཉམ་མེད་ཐུབ་པའི་དབང་པོའི་ཞལ་ནས། མི་ཕམ་པ། གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སངས་རྒྱས་མགོན་པོ་འོད་དཔག་མེད་ཀྱི་མཚན་ཐོས་པ་དེས་ནི་རྙེད་པ་ཇི་སྙེད་ཅིག་ལེགས་པར་རྙེད་པ་ལ་ལྟོས། ཞེས་དང་། སེམས་ཅན་གང་ཞིག་གིས་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སེམས་ཀྱིས་དད་པ་ལན་གཅིག་བྱས་པ་དང་། བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་མི་ཕྱེད་པའི་དད་པ་ལྡན་པ་དེ་དག་ནི་དམན་པའི་ལམ་ལས་ལྡོག་པར་འགྱུར་བ་ཡིན། ཞེས་དང་། མི་ཕམ་པ། ཆོས་འདི་ལ་མོས་པར་གྱིས། ཁོང་དུ་ཆུད་པར་གྱིས། གཞན་ལ་དེ་བཞིན་རྒྱ་ཆེར་ཤོད། གླེགས་བམ་ལ་སྟོན་པའི་འདུ་ཤེས་བཞག་སྟེ་མཆོད་པར་གྱིས། གལ་ཏེ་སྟོང་གསུམ་འཇིག་རྟེན་གྱི་ཁམས་མེ་ཡི་འོབས་ཆེན་པོ་བརྒལ་དཀའ་བར་གྱུར་ཀྱང་འདིའི་དོན་དུ་དེ་ཉིད་བརྒལ་ནས་འགྲོ་བར་འོས་ཏེ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོས་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་ནས་འཁོར་བའི་རྒྱ་མཚོ་ཆེན་པོ་བརྒལ་ཞིང་སྲིད་པའི་མྱ་ངན་ཐམས་ཅད་དང་བྲལ་ཏེ། རང་གཞན་གཉིས་དོན་གྲུབ་པ་བླ་མེད་རྫོགས་པའི་བྱང་ཆུབ་བརྙེས་ནས་ཕྱིར་མི་ལྡོག་པར་གྱུར་ཏོ། །ཞེས་དང་གཞན་ཡང་འདི་ལྟར། དུས་གང་གི་ཚེ་གང་ཟག་གང་ཞིག་གིས་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་བཤིག་ནས་རྡུལ་ཕྲ་རབ་ཏུ་བྱས་པའི་གྲངས་ཇི་སྙེད་དང་མཉམ་པ་དེ་སྙེད་ཀྱི་འཇིག་རྟེན་ཁམས་ཐམས་ཅད་ལྷ་དང་མི་ཡི་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་སྦྱིན་པ་བཏང་བ་ལས། གང་སུ་ཞིག་གིས་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དང་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་ཁྱད་དུ་འཕགས་པ་རྣམས་ཐོས་ནས་དེ་ལ་དད་ཅིང་དགའ་བའི་ཐལ་མོ་ལན་གཅིག་དེའི་ཕྱོགས་སུ་སྦྱོར་ན་བསོད་ནམས་ཆེའོ། །ཞེས་དང་། དེ་བཞིན་ཡང་སྔོན་དགེ་སློང་ཆོས་ཀྱི་འབྱུང་གནས་ཀྱིས་ཐུགས་བསྐྱེད་དམ་བཅའ་བཟུང་ཚུལ་ནི་ཇི་སྐད་དུ། ལས་ངན་གྱིས་འཆིང་བའི་སེམས་ཅན་ཡིན་ཡང་ཆོས་སྤོང་དང་མཚམས་མེད་བྱས་པ་མ་གཏོགས་བདག་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན་ཞིང་དེར་སྐྱེ་བར་ཤོག་ཅིག སྐྱེས་ནས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་གྱུར་ནས་རྟེན་དེ་བརྗེས་མ་ཐག་འཚང་རྒྱ་བར་ཤོག་ཅིག དེ་ལྟའི་སྨོན་ལམ་མ་གྲུབ་ཀྱི་བར་དུ་བདག་འཚང་མི་རྒྱ་བར་ཤོག་ཅིག ཅེས་སོགས་གསུངས་པ་ལྟར་གང་མཚན་ལན་གཅིག་རྣ་བས་ཐོས་པ་དང་། སེམས་ཀྱིས་དད་པ་བྱས་པ། ལག་པས་ཐལ་མོ་སྦྱར་བ་ཙམ་གྱི་ཕན་ཡོན་ཡང་བསམ་བརྗོད་ལས་འདས་པའི་ངོ་མཚར་རྨད་བྱུང་གི་ཆོས་ཚུལ་འདི་ནི། ༧ཁྱབ་བདག་བླ་མ་རིན་པོ་ཆེ་པད་འབྱུང་བི་མའི་ཞལ་སྐྱིན། བྱར་མེད་ལྷུག་པའི་སྒོམ་ཆེན། རང་བྱུང་རྟོགས་པ་ཀློང་རྡོལ། ཡང་གསང་ཐེག་རྩེའི་མཛོད་འཛིན། ཟག་མེད་གསུང་གི་དབང་ཕྱུག གཞི་གསུམ་ཆོས་གའི་བརྒྱུད་འཛིན། ངེས་དོན་བསྟན་པའི་སྒྲོན་མེ། ངག་རིག་སྨྲ་བའི་དབང་པོ། ཕྱག་སོར་ལྷོད་པའི་བྲིས་མཁན། དོན་གྱི་སླད་དུ་མཚན་ནས་སྨྲོས་ན༧སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་གདན་ས་དམ་པའི་མཐིལ་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ། བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་ལོའི་སྟོན་དུས་སུ་སྣོད་ལྡན་བུ་སློབ་སྟོང་ཕྲག་ལྷག་ལ་བཀའ་མདོ་སྒྱུ་སེམས་གསུམ་གྱི་སྨིན་དབང་ཟབ་དོན་ལྗགས་ཁྲིད་དང་བཅས་པ་ཡོངས་སུ་གྲུབ་པའི་མཇུག་ཐོག་ཏུ། ཐུགས་བརྩེ་བ་ཆེན་པོས་རིས་སུ་མ་ཆད་པའི་སྐྱེ་འགྲོ་ཀུན་དང་། ཁྱད་པར་སྐབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཁྱིམ་ན་གནས་པའི་དགེ་བསྙེན་ཕོ་མོ་གཙོ་བྱས་དད་ལྡན་མང་ཚོགས་ལ་བསྩལ་བའི་ཆོས་སྐལ་ནི། བདེ་ཆེན་ཞིང་གི་སྒྲུབ་མཆོད་ཆེན་མོ་དང་འབྲེལ་བའི་སྨིན་ཁྲིད་ཟབ་མོའི་སྒོམ་རིམ། ཚིག་ཉུང་ཞིང་དོན་འདུས་པ། གོ་སླ་ཞིང་ཆོད་ཆེ་བ། བྱིན་རླབས་ཀྱི་ཚན་ཁ་འབར་བ། ཇི་སྐད་དུ། གསེར་ཞུན་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །ཞེས་པ་ཇི་བཞིན་པའི་ཉམས་ལེན་དམར་ཁྲིད་ཀྱི་གདམས་ཟབ། ལུས་ཀྱི་འདུག་སྟངས། སེམས་ཀྱི་བཞག་ཐབས། དབུགས་ཀྱི་རྒྱུ་ཚུལ། མཚན་བཅས་ཀྱི་དམིགས་རྣམ། མཚན་མེད་ཀྱི་ཏིང་འཛིན། དེ་མིན་ད་དུང་ལུས་ཀྱིས་ཕྱག་འཚལ་སྟངས། ངག་གིས་གསོལ་བ་འདེབས་ཚུལ། ཡིད་ཀྱིས་དད་པ་བྱེད་ལུགས། མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ། སེམས་ཅན་ལ་སྙིང་རྗེ་བསྒོམ་སྟངས། མདོར་ན་གང་ལ་གང་འདུལ་བདུད་རྩིའི་གྲུ་ཆར་འདོད་རྒུ་རུ་བསྩལ་བའི་ཚུལ་ནི་འདི་ལྟ་སྟེ། སེང་གེས་གངས་ཟིན་པ་ལྟ་བུའི་བསྒོམ་མེད་ཡེངས་མེད་ཀྱི་བཙན་ས་ལས་ནམ་ཡང་མ་གཡོས་མོད། རྗེས་ཐོབ་སྒྱུ་མའི་ལྷ་སྐུ་རུ་ལྡང་བའི་ཟོལ་གྱིས་ཟག་མེད་ཆོས་ཀྱི་ཁྲི་ལ་གུས་ཕྱག་ལན་གསུམ་ཕུལ་རྗེས། ཞབས་མཐིལ་འཁོར་ལོའི་རི་མོ་གསེར་གྱི་ཁྲི་ལ་སྙོམས་པར་བཀོད་ཅིང་། བརྩེ་ཆེན་ཞལ་གྱི་དཀྱིལ་འཁོར་ནས་འཛུམ་པའི་མདངས་བྱུང་། ཕྱག་སོར་པདྨོའི་འདབ་མ་ཐུགས་ཀར་ཟུམ། མཁའ་ཁྱབ་འགྲོ་ཀུན་སྒྲོལ་བའི་སེམས་མཆོག་བསྐྱེད། དེ་ནས་གཟུངས་སྤོབས་བློ་གྲོས་ཀྱི་སྒོ་མོ་རང་བབས་སུ་ཕྱེས་པ་ན། ཐོས་པ་ཙམ་གྱིས་དབང་མེད་དུ་ལུས་ལ་བ་སྤུ་གཡོ་ཞིང་མིག་ལ་མཆི་མ་འཁྲིགས་པའི་དལ་ཅིང་བརྗིད་པའི་གསུང་གི་རོལ་མོ་ནི། གསལ་དག་སྙན་པའི་ཚིག་འབྲུ་ལ་ཆད་ལྷག་གི་སྐྱོན་ཡེ་མི་མངའ་ཞིང་། རྩོལ་མེད་བྲག་ཐོག་ནས་རྡོལ་བའི་ཆབ་རྒྱུན་བཞིན་བདག་ཅག་གུས་སློབ་ཡོངས་ཀྱིས་འདི་སྐད་དུ་ཐོས་སོ།།

ཉིན་དང་པོའི་བདེ་ཆེན་ཞིང་གི་སྨིན་ཁྲིད།

གྲུབ་དབང་རྫོགས་ཆེན་པའི་ཕྱག་སྲོལ་ནར་མའི་མཆོད་བརྗོད།

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག བཀའ་དྲིན་མཚུངས་ཟླ་མ་མཆིས་པ་དྲིན་ཆེན་དཔལ་མགོན་རྩ་བའི་བླ་མ་རིན་པོ་ཆེའི་ཞབས་ཀྱི་རྡུལ་དྲི་མ་མེད་པ་ལ་མགོ་བོས་རབ་ཏུ་བཏུད་དེ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །བདག་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཞལ་བཟང་བལྟ་བས་མི་ངོམས་གེ་སར་འཛུམ་པའི་མདངས་བཀྲ་ཞིང་། །མཚན་དཔེའི་གཟི་འོད་ཟེའུ་འབྲུ་གསལ་བས་འགྲོ་ཀུན་མིག་གི་བདུད་རྩིར་གྱུར། །ཐུགས་རྗེ་འདབ་མ་ཀུན་ནས་དཀྱུས་རིང་འཇིག་རྟེན་གསུམ་གྱི་ཁོངས་ཁྱབ་པའི། །ཐུབ་དབང་པདྨ་དཀར་པོའི་ཞབས་པད་དེ་རིང་བདག་བློའི་ཡིད་མཚོར་སྐྱོངས། །བདེ་བ་ཅན་ན་འོད་དཔག་མེད་དེ་རི་བོ་ཏ་ལར་སྤྱན་རས་གཟིགས། །འཛམ་བུའི་གླིང་དུ་པདྨ་རྒྱལ་པོ་འགྲོ་ལ་ཐ་དད་སྣང་གྱུར་ཀྱང་། །སྐུ་གསུམ་མཛད་པའི་ངོ་བོ་གཅིག་བསྡུས་དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །གངས་ལྗོངས་འགྲོ་ལ་ལྷག་པར་བརྩེ་བའི་ཐུགས་བརྩེའི་འོད་ཟེར་ཅན་ལ་འདུད། །འཛམ་གླིང་མཛེས་པའི་རྒྱན་དྲུག་མཆོག་གཉིས་དང་། །ཐུགས་རྗེ་ལུང་རྟོགས་མཉམ་པའི་མཐུ་མངའ་ཡང་། །ནགས་ཁྲོད་དམ་པར་སྦས་པའི་བརྟུལ་ཞུགས་ཅན། །འཁོར་འདས་ཆོས་སྐུར་རྟོགས་པའི་ཀློང་ཆེན་པ། །དྲི་མེད་འོད་ཟེར་ཞབས་ལ་གསོལ་བ་འདེབས། །ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །བརྒྱུད་གསུམ་བྱིན་ཐོབ་དགོངས་པའི་རྩལ་ཆེན་རྫོགས། །སྣང་བཞི་མཐར་ཕྱིན་ཆོས་སྐུའི་རྒྱལ་སྲིད་བརྙེས། །གདོད་མའི་མགོན་པོ་མི་ཡི་རྫུར་ཞུགས་པ། །འཇིགས་མེད་ཡོན་ཏན་མགོན་པོར་གསོལ་བ་འདེབས། །དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ན། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུར་མངོན་སུམ་སྟོན་མཛད་པ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བདག་གཞན་འགྲོ་བའི་བློ་སྣ་ཆོས་ལ་སྒྱུར། །གང་ཞིག་གསེར་མཆོག་རང་བཞིན་རི་རབ་ལ་གནས་མནྡཱ་ར་དང་ལྷར་བཅས་གནོད་སྦྱིན་དང་། །གདེངས་ཀ་ནོར་བུའི་འོད་ཀྱིས་མུན་པ་སེལ་མཛད་ས་འོག་གནས་པའི་ཀླུ་རྣམས་གང་ཡིན་དང་། །གངས་ཅན་རིར་ནི་དཔལ་གྱིས་རོལ་ཞིང་རབ་ཏུ་དགའ་བའི་རིག་པ་འཛིན་པ་གང་ཡིན་པ། །དེ་དག་ཐམས་ཅད་ཐར་བ་དམ་པའི་སྒོར་གྱུར་ཐུབ་པའི་གསུང་ཉན་ཕྱིར་ན་འདིར་གཤེགས་ཤིག །གང་དག་ཕྱོགས་བཅུའི་སྟོང་གི་འཇིག་རྟེན་ན། །བདེ་གཤེགས་སློབ་མར་གྱུར་པ་གང་སུ་དག །དེང་འདིར་དམ་པའི་ཆོས་ཀྱི་ཆར་འབེབས་ཀྱིས། །གསན་པར་འདོད་པ་ཐམས་ཅད་འདིར་གཤེགས་ཤིག །ནམ་མཁའི་མཐས་གཏུགས་འཇིག་རྟེན་ཐམས་ཅད་ན། །ལྷ་ཀླུ་གནོད་སྦྱིན་དྲི་ཟ་ལྷ་མ་ཡིན། །གྲུལ་བུམ་མིའམ་ཅི་དང་ལྟོ་འཕྱེ་སོགས། །རྫུ་འཕྲུལ་ཡིད་ལྡན་ཐམས་ཅད་འདིར་ཤོག་ཅིག །བསྐལ་བ་སྟོང་དུ་ཐོས་པ་རབ་དཀའ་ཞིང་། །གང་ཞིག་ཐོས་ན་གཏན་དུ་བདེ་བྱེད་པ། །བདེ་གཤེགས་གསུང་སྙན་བདུད་རྩིའི་ཆོས་ཀྱི་སྒྲ། །བདག་གིས་སྦྱིན་གྱིས་དད་ཅིང་གུས་པས་ཉོན། །གང་ཞིག་གཏན་གྱི་སྐྱབས་གནས་མཆོག་གྱུར་པ། །དཀོན་མཆོག་གསུམ་གྱི་ཡོན་ཏན་བསམ་མི་ཁྱབ། །དེ་ལ་དེར་ཤེས་རྣམ་སྨིན་ཡང་དེ་བཞིན་ཏེ། །བསྐལ་བ་ཕྱེ་བ་ཁྲག་ཁྲིག་བགྲང་ན་ཡང་། །དཀོན་མཆོག་མཚན་ཐོས་ཙམ་ཡང་རྙེད་དཀའ་ཞིང་། །རྣམ་པར་གྲོལ་བ་རིན་ཆེན་སྣ་ཚོགས་དང་། །ཟབ་མོ་རྒྱལ་བའི་བཀའ་འདི་གུས་པས་ཉོན། །ལྷ་ཡི་སྐད་དང་ཀླུ་དང་གནོན་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཅི་ཙམ་པ། །ཐམས་ཅད་སྐད་དུ་ཆོས་འདི་འགྱུར་བར་ཤོག །མཚམས་སྦྱོར་བའི་ཞལ་གདམས། དེའང་ས་ཐག་རིང་ཐུང་ལ་མ་ལྟོས་པའི་ཆོས་འདོད་དོན་གཉེར་ཅན། ཐེངས་འདིའི་ཆོས་ཚོགས་སུ་ཞུགས་པའི་སེར་སྐྱ་མཆོག་དམན་རྒན་དར་ཕོ་མོ་རིས་སུ་མ་ཆད་པའི། ཁྱེད་ཆོས་གྲོགས་ཡོངས་ལ་ཁམས་བདེའི་འཚམ་འདྲི་དང་ལྷན་ཅིག་འུ་ཅག་ཚང་མའི་དམིགས་ཡུལ་གྱི་འདུན་པ་གཅིག་ལ་གཏད་ས་ཆོས་དོན་གྱི་གླེང་མོའི་མགོ་རྩོམ་པར་བྱེད། དེའང་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་དུ་ད་ལོ་བོད་རབ་བྱུང་བཅུ་བདུན་པའི་མེ་ཕོ་སྤྲེལ་ལོའི་བདེ་ཆེན་ཞིང་ཁྲིད་ཆེན་མོའི་དབུ་ཁ་སང་བརྩམས་ཤིང་། དེ་དང་ལྷན་དུ་བདེ་ཆེན་ཞིང་སྒྲུབ་ཀྱི་ཆོ་གའི་གཞུང་བསྲིངས་ནས་མཁན་སྤྲུལ་མི་མང་མི་ཉུང་བ་དབུར་བཞུགས་པའི་དགེ་འདུན་འདུས་པ་རྒྱ་མཚོས་ཚོགས་སྒྲུབ་དཀྱིལ་འཁོར་གྱི་ཞལ་ཕྱེས་རྗེས་དེ་རིང་བདེ་ཆེན་ཞིང་ཁྲིད་བཤད། །དེའང་ཞིང་མཆོད་དང་གཅིག ཞིང་སྒྲུབ་དང་གཉིས། ཞིང་ཁྲིད་དང་གསུམ་གྱི་དོན་སྟབས་གཅིག་ཏུ་ཚང་བ་ཞིག་བྱེད་ཀྱིན་ཡོད་ན་འདི་དག་ལས་གང་རུང་གིས་ཆོག་པ་མིན་ནམ་སྙམ་ན། དེ་དག་རེ་རེ་ལའང་ཕན་ཡོན་བསམ་གྱིས་མི་ཁྱབ་མོད། འོན་ཀྱང་འཚོགས་ན་འཚོགས་གོ་ཆོད་པ་ཞིག་སྟེ། ལོ་གཅིག་གི་རིང་ལ་ཚོགས་པ་འདིའི་གྲལ་གྱི་ཆེས་མང་པོ་ཞིག་གིས་བྱ་ཁུ་བྱུག་གིས་གནམ་ཆུ་ལ་སྒུག་པ་ཇི་བཞིན། སང་ཕོད་ཞིང་ཁྲིད་ཡོད་སྲིད་པས་དེ་དུས་ཅི་ནས་ཀྱང་ཉན་པར་འགྲོ་དགོས་སྙམ་སྟེ། ཟླ་བ་དང་ཞག་གྲངས་མཛུབ་རྩིས་བརྒྱབ་ནས་བསྡད་པ་ཡིན་ལ། འགའ་རེས་ས་ཐག་རིང་གི་ལམ་ལ་མ་འཛེམ་པར། ས་ནག་པོ་འདོམ་ལ་འཇལ། སྤྲིན་དཀར་པོ་ཐོད་ལ་བཟུང་ནས་ཡོང་བས་ན། དེ་དག་ཡོང་གོ་ཆོད་པ་ཞིག དོན་མེད་དུ་མ་གྱུར་པ་ཞིག་དང་། ད་ལོ་ཡོང་བའི་ཡོང་གོ་འདི་ཆོད་སོང་སྙམ་པ། རང་གཞན་འདི་ཕྱི་གཉིས་ཕན་གྱི་བློ་བདེ་བ། སེམས་ལ་འཛིན་རྒྱུའི་ཚིག་ཅིག་དང་། རུམ་ལ་བསྡུ་རྒྱུའི་བྲོ་རེ་ཡོད་དགོས། རྒས་གཞོན་སུས་སྔ་མི་ཤེས་པར་ཐམས་ཅད་སྔ་གཞུག་ཙམ་ལས་ཕྱི་མའི་ལམ་ལ་གོམ་པ་སྤོ་མཁན་ཤ་སྟག་ཡིན་པས་ན། ཚེ་ཕྱི་མའི་ཡུལ་དུ་འགྲོ་དུས་ཀྱི་རྟ་བྲོ་གྲོགས་གསུམ་ལ་སྔ་མོ་ནས་གྲ་སྒྲིག་ཅིག་ཡོང་བར་རེ་ལྟོས་བྱས་ནས་ཆོས་ཚོགས་འདིར་ལོ་རེ་བཞིན་ཆག་མེད་དུ་འཚོགས་བཞིན་ཡོད། དེ་ལྟ་མོད་ཚེ་ཕྱི་མའི་ལོ་རྒྱུས་བཤད་ན་དེ་ལ་ཉན་འདོད་མེད་ཅིང་། དེ་ནི་སྡུག་རབས་བཤད་པ་ཞིག་ཡིན་བསམ་མཁན་ཡང་ཡོད་སྲིད་ལ། འགའ་རེས་འདི་ལ་སྐྱོ་སྣང་རང་ལུགས་ཞེས་ཀྱང་བརྗོད་མོད། འོན་ཀྱང་སྐྱོ་སྣང་མ་ཡིན་པའི་སྤྲོ་སྣང་ངོ་མ་ཞིག་སྐྱེད་པར་བྱེད་པ་ལ། སྐྱོ་སྣང་གི་རྩ་བ་གཞི་དང་བཅས་པ་ལོག་ཐུབ་དགོས་པས་ན། ཤི་བ་ན་བ་སོགས་མེད་ཁུལ་བྱས་པ་ཙམ་གྱིས་མེད་པར་མི་འགྱུར་ཏེ། ང་ཚོས་རང་ཕྱོགས་ལ་བསམ་ནའང་གཅེས་དམར་མ་ག་ཚོད་ཤོར་ཐལ། བླ་མ་དགེ་བའི་བཤེས་གཉེན་སོགས་བསྟན་འཛིན་གྱི་སྐྱེས་ཆེན་ཚོ་ཡང་གདུལ་བྱ་རྟག་འཛིན་ཅན་གྱི་ངོར་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་པ་ལ་བསམ་བློ་བཏང་ན། སྔ་བསམ་ཕྱི་འདང་གཅིག་ཀྱང་མེད་པར་ཟོག་ཉལ་ཉལ་དང་ཟོག་ལང་ལང་བྱེད་པའི་མི་དེ་འདྲ་བ་ནི། ཟོག་ཤི་ཤི་བྱེད་པར་མ་ཟད་ཡི་ཆད་དང་འགྱོད་པ་རྟས་མི་ཟིན་པ་ཞིག་དང་བཅས་ཏེ་འཆིི་བར་འགྱུར་ངེས། དེ་རིང་ང་ཚོ་གསོན་པོ་ཡིན་ཡང་། གལ་ཏེ་སང་ཉིན་ཤི་གསོན་གཉིས་ཀྱི་མཚམས་ལ་ཐོན་པ་ཡིན་ན། དེ་དུས་ཅི་ཞིག་བྱ་དགོས་པའི་ཚུལ་འདི་ལ་བསམ་བློ་གཏོང་མ་ཤེས་ན། ངུར་མི་ངུར་དང་རྩྭ་བཟའ་མི་བཟའ་ཙམ་གྱི་ཁྱད་པར་ལས་རང་དང་སྒོ་ཁའི་ཕྱུགས་ཟོག་རྣམས་ལ་ཁྱད་ཆེན་པོ་མེད་དོ། །དེའི་ཕྱིར་དགྲ་ཆེན་འཆི་བ་ད་ལྟ་མདུན་ལ་ཐོན་ནའང་དེར་གདོང་ལེན་བྱེད་པའི་དཔའ་གདེང་འདི་ཡོད་སྙམ་པ་ཞིག་མཆིས་ན་ད་གཟོད་སྐྱོ་སྣང་གི་རྩ་བ་ཆོད་པ་ཡིན་ལ། དེ་ནས་བཟུང་སྡུག་གསོག་མ་དགོས་ཤིང་སྡུག་རབས་བཤད་མ་དགོས་པ་ཡིན། དུས་དེར་གཞི་ནས་སེམས་བདེ་བློ་བདེའི་སྤྲོ་སྣང་དང་། འདི་བདེ་ཕྱི་མར་སྐྱིད་པའི་གཏན་བདེའི་འདུན་མ་ཞིག་འགྲུབ་པ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་གསུངས་པ་དེར། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་མངོན་མཐོ་ངེས་ལེགས་ནས་བསྟན་ཞིང་། མངོན་མཐོ་ཡིས་ལྷ་མིའི་བདེ་སྐྱིད་ཐོབ་པ་དང་། ངེས་ལེགས་ཀྱིས་འཁོར་བའི་སྡུག་བསྔལ་ལས་གཏན་དུ་ཐར་ཐབས་བསྟན། དེའང་སེམས་ཅན་ལ་དགོས་དོན་གནས་སྐབས་དང་མཐར་ཐུག་གི་བདེ་བ་གཉིས་ཡོད་པས་ན་སངས་རྒྱས་ཀྱིས་དེ་གཉིས་ཐོབ་པའི་ལམ་བསྟན་པའོ། །དེའི་ཕྱིར་སྤྱིར་ཐུན་མོང་གི་ཆོས་རེ་སྒྲུབ་པ་དང་ཁྱད་པར་ཞིང་སྒྲུབ་འཚོགས་པ་འདི་རྒན་པོ་ཚོའི་ཆོས་སྐལ་ཁོ་ན་ཞིག་ཡིན་པར་བསམ་པ་ནི་ནོར་འཁྲུལ་ཡིན། ལོ་ཉུང་འཁོར་བ་ད་ལྟ་འཛིན་པ་གསར་དུ་མི་གྲལ་ལ་འགྲོ་བ་རྣམས་ཀྱིས་ཀྱང་མི་ཡ་རབས་ཚད་ལྡན་ཞིག་བྱེད་འདོད་ན། ཚེ་འདི་ཕྱི་གཉིས་ཀྱི་དོན་བྱ་མི་འཆུག་པའི་མིག་རྒྱང་ཡོད་དགོས། དེའང་སྤྱིར་ཕྱིའི་རྒྱུ་ནོར་བསགས་ནས་བདེ་སྐྱིད་སྒྲུབ་པར་འདོད་མོད། འོན་ཀྱང་ལས་སྔར་བྱས་ཀྱིས་བསགས་པའི་བསོད་ནམས་ཞིག་མེད་ན་འབད་བརྩོན་ཁོ་ནས་མི་འགྲུབ་ཅིང་། དེའི་ཆེད་དུ་རྒྱུ་འབྲས་བསྣོག་པ་ནི་སྡུག་ཐུག་མཐའ་ཐུག་གི་ལས་ཀ་རང་མགོ་རང་གིས་བསྐོར་བ། ཤེས་བཞིན་དུག་འཐུང་བ། གཞན་གྱིས་བལྟས་ན་སྨྱོན་པའམ་ཡང་ན་གླེན་ལྐུག་རེད་འདུག་སྙམ་པའི་བྱ་སྤྱོད་ལས་མ་འདས། སྤྱིར་བདེ་སྐྱིད་དངོས་ནི་ནང་སེམས་ཀྱི་སྟེང་ནས་རྙེད་དགོས་ཀྱི་དེར་མ་རྙེད་ན། ཕྱིའི་རྒྱུ་ནོར་ལོངས་སྤྱོད་ལས་བདེ་སྐྱིད་ཕུན་སུམ་ཚོགས་པ་ཞིག་འབྱུང་ཐབས་མེད་ལ། ནང་གི་བདེ་སྐྱིད་རྙེད་ཐབས་དེ་ནི་དམ་པའི་ཆོས་ལས་གཞན་ཡོད་པ་མ་ཡིན་ནོ། །དེས་ན་འུ་ཅག་གི་སྐབས་དོན་བཤད་བྱའི་སྙིང་པོ་ནི། ཞིང་མཆོད་དང་ཞིང་སྒྲུབ་དང་ཞིང་ཁྲིད་གསུམ་མཉམ་དུ་འཛོམ་པ་ཞིག་ཡིན་ཟེར་དུས། འདི་གསུམ་གྱི་ཁྱད་པར་ནི་གང་། རེ་རེའི་བརྗོད་དོན་ནི་ཅི་ཞེ་ན། དེ་ནི་ངོ་བོ་དང་རྣམ་པ་དང་བྱེད་ལས་ཀྱི་ཆ་ནས་འཆད་དགོས་ཏེ། དེ་གསུམ་གྱི་ངོ་བོ་ནི། ནུབ་བདེ་བ་ཅན་གྱི་ཞིང་ཁམས་སྡུག་བསྔལ་གཏན་ནས་མེད་ཅིང་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པའི་གནས་ཁྱད་པར་ཅན་དེར་སྐྱེ་བྱེད་ཡིན་པ་ལ་གསུམ་ཀར་ཁྱད་མེད་ཅིང་འདྲ་མཚུངས་ཡིན་པ་གང་ཞིག རྣམ་པ་ནི། མཆོད་པ་དང་། སྒྲུབ་པ་དང་། འཆད་ཁྲིད་ཡིན་ནོ། །བྱེད་ལས་ནི། ཞིང་མཆོད་ཀྱིས་དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ་ཕུལ་ནས་བསོད་ནམས་ཀྱི་ཚོགས་རྫོགས་པར་བྱེད་ལ། ཞིང་སྒྲུབ་ཀྱིས་བསྐྱེད་རྫོགས་རིམ་གཉིས་ཀྱི་ལམ་ལ་བརྟེན་ཏེ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སྟབས་གཅིག་ཏུ་རྫོགས་པར་བྱེད་པ་དང་། ཞིང་ཁྲིད་ཀྱིས་ཚོགས་གཉིས་ཁྱད་པར་ཅན་རྫོགས་ཚུལ་གྱི་གནད་བསྟན་པ་སྟེ། དཔེར་ན། ལོང་བའི་ལག་པ་ནས་འཇུས་ཏེ་ཁོ་རང་ཐོན་དགོས་སའི་ཡུལ་ལ་ཁྲིད་པ་དང་འདྲ་བས་ན་ཁྲིད་ཅེས་བྱའོ། །འདིར་གང་དུ་ཁྲིད་པ་ཡིན་ཞེ་ན། ཞིང་ཁྲིད་ཅེས་པས་ནུབ་བདེ་བ་ཅན་གྱི་ལམ་བསྟན་ནས་ཞིང་དེར་ཁྲིད་པ་ཡིན། དེ་ལ་སྒྲ་ཡངས་དོག་གི་གོ་བ་ལེན་ཚུལ་གཉིས་ཡོད་ཆོག་སྟེ། སྒྲ་ཡངས་བའི་དབང་དུ་བྱས་ན། བདེ་བ་ཅན་དུ་ཁྲིད་པ་ཡིན་ཞེས་བརྗོད་ཀྱང་འགལ་བ་དེ་ཙམ་མི་ཆེ་བའི་བཤད་ཚུལ་ཡོད་མོད། སྒྲ་དོགས་པའི་དབང་དུ་བྱས་ན། བདེ་བ་ཅན་དུ་སྐྱེ་བར་རྡོ་འཕེན་པ་ལྟར་གཞན་སྟོབས་ཁོ་ནར་བརྟེན་ཚུལ་ཞིག་མེད། དེའང་དཔེར་ན་ལོང་བར་ལྟ་བྱེད་མིག་མེད་པ་ལས་འགྲོ་བྱེད་རྐང་བ་ལྡན་ནའང་། ཁྲིད་སའི་ཕྱོགས་དེར་གོམ་ཁ་མི་སྤོ་བར་བོང་བུ་འཁྱགས་ཐོག་ཏུ་ཁྲིད་པ་ལྟར་ཕྱི་སྣུར་འབའ་ཞིག་བྱེད་ན། རེ་ཞིག་སྐྱུར་བ་ལས་འགྲོ་ཡུལ་གྱི་གནས་དེར་ཁྲིད་ཐབས་མི་འདུག་ལ། སྤྱིར་རིགས་ཆད་པའང་ཁས་མི་ལེན་པས་སེམས་ཅན་ཐམས་ཅད་ལ་སངས་རྒྱས་ཀྱི་ས་བོན་ནམ་བདེ་གཤེགས་སྙིང་པོས་ཁྱབ་པའི་ཕྱིར་ནམ་ཞིག་འདྲེན་སྟོབས་རེ་དང་འཕྲད་པ་སྲིད་མོད། འོན་ཀྱང་ཁྲིད་སར་མི་འགྲོ་བ་དག་རེ་ཞིག་དམྱལ་བ་ཡི་དྭགས་དུད་འགྲོར་འཁྱམ་པའི་ལམ་འགོག་ཐབས་མི་འབྱུང་ངོ་། །དེའི་ཕྱིར་འུ་བུ་ཅག་གིས་ཞིང་ཁྲིད་བཤད་པའང་ལོང་བའི་ལག་པ་ནས་ཁྲིད་པའི་ཉམས་ཙམ་སྟོན་པ་ཡིན། དེས་ན་གེགས་མེད་བདེ་བླག་ཏུ་ཁྲིད་པ་ལ་ཁྲིད་མཁན་དང་ཁྲིད་བྱ་གཉིས་ཀྱིས་ལས་བྱ་བ་གཅིག་ལ་བློ་རྩེ་མ་གཏད་ན། སྐུད་པ་སྔ་ཕྱི་གཉིས་ཀྱིས་ཐ་གུའི་གོ་མི་ཆོད་པ་དང་། དེ་བཞིན་སྨན་བཅོས་བྱེད་པར་ཡང་ནད་པས་སྨན་པའི་ངག་ལ་མ་ཉན་ན་གཉིས་ཀའི་དམིགས་ཡུལ་ནད་དྲག་ཐབས་མི་ཡོང་བའི་དཔེ་བཞིན་དུ་ལས་བྱ་བ་ཅི་སྒྲུབ་ཀྱང་གོ་ཆོད་ལ་དོན་ཐོན་པ་སྤུས་དག་ཅིང་ཚད་ལྡན་ཞིག་དགོས་ཏེ། ཐ་ན་འུ་ཅག་གིས་འཇིག་རྟེན་ཁྱིམ་པའི་བྱ་གཞག་ཅིག་སྒྲུབ་ནའང་མགོ་རྔ་སྐེད་གསུམ་ཆ་ཚང་བ་ཞིག་མ་བྱུང་བར་མི་ཁའི་ཁྲལ་སོད་ཙམ་གྱིས་མི་འགྲུབ་ལ། དེས་ན་རང་གཞན་ཚེ་འདི་ཕྱིའི་དོན་ཆེ་ཞིང་གལ་ཆེ་བའི་ལས་ཀ་འདིི་དེ་བས་ཀྱང་ཅ་དག་སྤུས་གཙང་ཞིག་སྒྲུབ་དགོས། དེ་རིང་ཆོས་ར་འདིར་ཡོང་དོན་ནི་ཆོས་ཞུ་བ་དང་ཆོས་སྒྲུབ་པའི་ཆེད་ཡིན། ཆོས་སྒྲུབ་མཁན་དེ་རང་ཉིད་ཡིན་ན་རང་ཞེས་པའི་གདགས་གཞི་འདིའི་ལུས་ངག་ཡིད་གསུམ་ཆིག་དྲིལ་གྱིས་ཆོས་སྒྲུབ་པར་བྱེད་དགོས། དེའང་ལུས་ཀྱིས་ནི་ཆོས་ཞུ་བའི་ཀུན་སྤྱོད་དམའ་ས་ནས་གུས་པའི་ཐལ་མོ་སྦྱར་ཏེ་ཉན་དགོས་ཤིང་། ངག་གིས་ནི་ཐོག་མར་ཆོས་རའི་སྒོ་ཐེམ་ཡར་བརྒལ་བ་ནས་བཟུང་མཇུག་མཐར་སྒོའི་ཕྱིར་མ་སོང་བར་དུ་དུས་རྒྱུན་འུ་ཅག་ཆོས་ཚོགས་ཀྱི་སྒྲིག་ལམ་བཞིན་དུ་ངག་བཅད་བྱེད་དགོས་ཏེ། ཁ་མི་གྲག་པར་སྨྲ་བ་བསྡམས་ནས་དེའི་ཡུན་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་རུང་བར་མ་ཟད་ཐ་ན་ལྐོག་གཏམ་ཙམ་ཡང་མི་བྱའོ། །དེའང་གསོན་གྲང་ང་ཁམས་ཀྱི་ས་ཆ་འཇིག་རྟེན་ཚེ་འདིའི་སྣང་བ་སྐྱ་རིབ་བེ་འདི་མིག་ལ་ཤར་བ་ནས་བཟུང་སྟེ་མཚན་གཉིད་ཐུན་ཙམ་རེ་མ་གཏོགས་ད་བར་དུ་སྐད་ཆ་འདྲ་མིན་སྣ་ཚོགས་བཤད་པ་ཡིན་མོད། བཤད་པས་བཤད་གོ་མ་ཆོད་པ་ཙམ་དུ་མ་ཟད་ལུས་དང་ཡིད་ཀྱི་མི་དགེ་བ་ཐམས་ཅད་ཀྱང་ཕར་བཤད་ཚུར་ཉན་གྱི་གཏམ་སྨྲ་བ་མང་པོའི་ངག་འདི་ལ་བརྟེན་ནས་བྱུང་བ་ཡིན་པས། ད་ནི་ཅི་ཡང་མི་སྨྲ་བར་ངག་སྒོ་བསྡམས་ནས་དར་ཅིག་སྡོད་དང་། འདི་ལ་མ་གོམས་པའི་ཕྱིར་ན་དང་པོ་ངག་འཆོར་སྲིད་མོད་སླར་ཡང་དྲན་ཤེས་བག་ཡོད་ཀྱིས་ཟིན་པར་གྱིས་དང་། གང་ལྟར་ཡང་གཡང་ལ་མི་ལྕེབ་པར་ཚོད་འཛིན་བྱེད་པའི་ཁ་ལོ་བ་ཞིག་ཡོད་པ་དང་འདྲའོ། །དེའང་འུ་བུ་ཅག་འདིར་འདུས་མང་ཆེ་ཤོས་ནི་སྔོན་འགྲོ་ཉམས་ལེན་བྱེད་མཁན་ཡིན་ན། ཇི་སྐད་དུ། སྙིང་དབུས་དད་པའི་གེ་སར་བཞད་པ་ནས། །སྐྱབས་གཅིག་དྲིན་ཆེན་བླ་མ་ཡར་ལ་བཞེངས། །ལས་དང་ཉོན་མོངས་དྲག་པོས་གཟིར་བ་ཡི། །སྐལ་བ་ངན་པ་བདག་ལ་སྐྱོབ་པའི་ཕྱིར། །སྤྱི་བོ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ། །ཞེས་པ་ལྟར་སྙིང་དབུས་པདྨ་འདབ་བརྒྱད་ནས་རྩ་བའི་བླ་མ་སྤྱི་བོའི་གཙུག་ཏུ་གདན་དྲངས་པའི་རྗེས་སུ་དྲན་དང་ཤེས་བཞིན་ཀུན་ཀྱང་བཞེངས་སུ་གསོལ་བ་ཡིན་ལ། དེའང་དྲན་དང་ཤེས་བཞིན་ནི་ནང་གི་ཡོངས་འཛིན་ཡིན་པས་དེས་ཟིན་པར་གྱུར་ན་ལོག་པའི་ལམ་དུ་འགྲོ་བར་མི་བྱེད། དེ་ལྟར་ངག་གིས་སྨྲ་བ་བཅད་ཅིང་སེམས་ཀྱིས་ཆོས་ཀྱི་དོན་བསམ་པ་ལས་མི་ཡེངས་བ་སྟེ་ཆོས་ཀྱི་ཚིག་ཉན་ཅིང་དོན་ལ་བསམ་བློ་གཏོང་དགོས། དེ་མིན་ད་ལོར་འུ་བུ་ཅག་གིས་ཆོས་འཆད་པ་དང་ཉན་པ་ཙམ་མ་ཟད་ད་དུང་སྒོམ་རྒྱག་དགོས། ན་ནིང་ནས་བཟུང་སྟེ་སྒོམ་རྒྱག་དགོས་ཚུལ་གྱི་མགོ་རེ་གླེང་མྱོང་ལ། གཞན་ཡང་བླ་མའི་རྣལ་འབྱོར་དང་སྦྲེལ་ནས་སྒོམ་གྱི་སྙིང་དོན་ཅི་འདྲ་ཡིན་པ་ཚིག་བསྡུས་ཀྱིས་བཤད་མྱོང་། དེ་ལ་མི་སྐྱ་ཕོ་མོ་རྣམས་ཀྱིས་སྒོམ་རྒྱག་ཅེས་པ་འདི། ད་སྔོན་མི་ཐོག་མི་རབས་དང་བླ་ཐོག་བླ་རབས་ལ་གོ་མ་མྱོང་ཟེར་མཁན་ཡོད་སྲིད་ཀྱང་སྒོམ་མ་བརྒྱབ་ན་འཚང་མི་རྒྱ། དེ་ལ་མི་སྐྱ་ཕོ་མོར་སངས་རྒྱས་ཀྱི་གོ་འཕང་ཐོབ་མི་ཆོག་པའི་ཁྲིམས་འདྲ་ཡོད་པ་མིན་ན། སེམས་ཅན་ཐམས་ཅད་ཀྱི་དོན་ཟེར་མཁན་ཞིག་ཡིན་ཕྱིན་མི་སྐྱ་ཕོ་མོའང་དེའི་གྲས་སུ་གཏོགས་པས་དེ་དག་ལ་ཁྱད་པར་དུ་སྒོམ་རྒྱག་སྟངས་འདི་སྦྱང་དུ་འཇུག་དགོས། སྤྱིར་སྒོམ་རྒྱག་ཅེས་པ་ཧ་ཅང་ཁག་པོ་གླེང་ཡང་མི་ཕོད་པ་ཞིག་ཀྱང་མ་ཡིན་ཏེ། ཕྱི་རོལ་མུ་སྟེགས་པར་ཡང་སྒོམ་རྒྱག་རྒྱུ་ཡོད་ལ་དེར་མ་ཟད་ཐ་ན་ལུས་པོ་བདེ་ཐང་ཡོང་བར་ཡང་། ཇི་སྐད་དུ། ཟས་དང་གཉིད་དང་ལེགས་བྱ་བ། །ཏིང་འཛིན་ལུས་ཀྱི་རྒྱུ་བཞིའོ། །ཞེས་གསུངས་པ་ལྟར་ཟས་དང་གཉིད་ཆག་ན་རྒྱུ་མ་ཚང་བས་ལུས་ཀྱི་སྟོབས་མར་ཉམས་ཤིང་ནད་སྐྱེད་ལ། ཡུན་རིང་ལོན་མི་དགོས་པར་ཕལ་བ་རྣམས་ལ་ཉིན་ཞག་བདུན་བརྒྱད་ཙམ་གྱིས་སྲོག་གི་ཉེན་ཁའང་འབྱུང་སྲིད་དོ། །དེ་བཞིན་ཏིང་ངེ་འཛིན་བསྒོམ་པས་ལུས་རྒྱས་པར་བྱེད་དེ། དེའི་རྒྱུ་མཚན་ནི་སེམས་རྣམ་རྟོག་གི་འཕྲོ་འདུ་ནི་སྤྲིན་འཁྲིགས་པ་ལྟ་བུ་ཞིག་ཡིན་ལ། དེ་ལྟའི་དགའ་སྡུག་ཆགས་སྡང་གི་ཟུག་ངུ་མེད་པར་གྱུར་ན་དེ་ཚེ་སེམས་ལ་ངལ་གསོ་རེ་ཐོབ་པ་ཡིན་ཞིང་། ལུས་སེམས་གཉིས་ལ་རྟེན་དང་བརྟེན་པའི་འབྲེལ་བ་ཧ་ཅང་ཆེ་སྟེ། དཔེར་ན། སེམས་དགའ་བའི་དུས་སུ་དགོད་ལ། སྡུག་པའི་དུས་སུ་མིག་ནས་མཆི་མ་འབྱུང་བ་ནི་རྟེན་དང་བརྟེན་པའི་འབྲེལ་བ་ཡོད་པས་སོ། །དེའི་ཕྱིར་སེམས་བདེ་ན་ལུས་བདེ་ལ། ལུས་སེམས་གཉིས་ཀ་བདེ་ན་ནད་མེད་ལང་ཚོ་དར་བའི་ལུས་སྟོབས་རང་ཤུགས་ཀྱིས་རྒྱས་ཡོང་། གཞན་ཡང་མཐོ་རིས་ལྷའི་བདེ་སྐྱིད་བསམ་ནས་ཕྱི་མར་ལྷའི་ཡུལ་གཟུགས་གཟུགས་མེད་ཀྱི་ཁམས་གོང་མར་སྐྱེ་འདོད་ན། ཟག་བཅས་དགེ་བའི་ལས་ཀྱི་བསོད་ནམས་གསོག་པ་དང་ལྷན་དུ་བསམ་གཟུགས་ཀྱི་ཏིང་ངེ་འཛིན་བསྒོམ་དགོས་ཀྱི་མ་བསྒོམས་ན་སྐྱེ་བར་མི་ནུས་སོ། །དེས་ན་འཇིག་རྟེན་པའི་གནས་ཁམས་གོང་མར་སྐྱེ་བ་ཙམ་ལའང་སྒོམ་རྒྱག་དགོས་ན། འཇིག་རྟེན་ལས་འདས་པའི་ཞིང་ཁམས་བདེ་བ་ཅན་དུ་སྐྱེ་བར་སྒོམ་རྒྱག་དགོས་པ་སྨྲོས་ཅི་འཚལ། དེའང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ་ནི་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་ཡིན་ཞིང་། དེ་ནི་སྒོམ་རྒྱག་པ་ཡིན་ཏེ་བདེ་བ་ཅན་གྱི་ཞིང་བཀོད་དང་མགོན་པོ་འོད་དཔག་མེད་ཀྱི་སྐུ་ཡིད་ཡུལ་ལ་གསལ་ནུས་པ་ཙམ་དུ་མ་ཟད་མིག་སྔར་ཡང་གསལ་ནུས་པ་ཞིག་དགོས། ད་རེས་འུ་ཅག་ཆོས་ཁྲིད་ལ་ཐེངས་བཞིར་འཚོགས་དགོས་ཤིང་ཆོས་ཐུན་རེ་རེའི་མཇུག་ཏུ་སྒོམ་རྒྱག་དགོས་མོད། སྒོམ་རྒྱག་པར་ངོ་གནོང་མི་དགོས་ཤིང་ད་སྔོན་སྒོམ་མ་བརྒྱབ་པར་ངོ་གནོང་དགོས་སོ། །དེ་ལ་ཁྲིད་བཤད་པ་གལ་ཆེ་སྟེ། མ་བཤད་ན་ཅི་ཞིག་གོ་ནུས། གོ་བ་དེའང་དོན་བསམ་པའི་ཆེད་དུ་ཡིན་མོད་མ་བསམ་པའི་སྒྲ་ཚིག་ནི་རྣ་རྒྱབ་ཀྱི་རླུང་བུ་དང་འདྲ། ཐོས་བསམ་གཉིས་ཀྱི་སྙིང་པོ་ནི་སྒོམ་རྒྱག་ཤེས་རྒྱུ་དེ་ཡིན། མི་བསྒོམ་པ་ནི་དཔེར་ན། ནས་བརྔོས་ཏེ་རྩམ་པ་འཐག་ནའང་དེ་ཉིད་མ་ཟོས་པར་ལྟོ་སྟོང་དུ་ལྟོགས་གྲིར་ཤི་བ་དང་གཅིག་མཚུངས་ཡིན། དེའང་འུ་ཅག་ཆོས་རའི་ནང་གི་རྒད་པོ་འགའ་རེ་ཉེ་སྔོན་ཤི་སོང་ལ། ཁོ་རང་མ་ཤི་བའི་སྔོན་དུ་སྐབས་འདིའི་ཚོགས་གྲལ་དུ་ཐོན། དེར་མ་ཟད་རབ་ཏུ་བྱུང་བའི་ཆ་ལུགས་འཆང་ཞིང་སྡོམ་པ་བླངས། འཆི་ཁ་དག་དག་ལ་ཙོག་པུར་སྡོད་ཅིང་སྒྲ་འཁོར་ལས་འཕོ་ལུང་གི་གསལ་འདེབས་ལ་རྣ་བས་ཉན་བཞིན་ཕཊ་སྒྲ་དུ་མ་དང་བཅས་ཏེ་ཕྱི་དབུགས་ཆད་སོང་། ཁོང་ལ་སྤྱིར་སྔོན་འགྲོའི་ཆོས་རེ་དང་ཞིང་ཁྲིད་རེ་ཟུང་ཙམ་ལས་ཐོབ་མེད་ནའང་། དམ་ཚིག་མ་ཉམས་ཞིང་དད་གུས་མ་ཞན་པས་ན་རང་སེམས་རང་གིས་ཁ་ལོ་བསྒྱུར་ནས་ལམ་གང་མྱུར་གྱི་གདམ་ག་རང་གིས་བྱེད་ནུས་པ་ཞིག་བྱུང་ཡོད། གཞན་ཡང་ཚེ་འདི་ཁོ་ནར་སྐྱིད་དགོས་ན། མི་ནོར་ཕྱུགས་གསུམ་འཛོམ་དགོས། སྡེ་བཞིའི་དཔལ་ཡོན་དར་དགོས། ཅི་བསམ་ལམ་དུ་འགྲོ་དགོས། ཁ་ལས་རླུང་རྟ་དར་དགོས་ནའང་དམ་པའི་ཆོས་ཀྱི་ལམ་དུ་ཞུགས་ནས་བསོད་ནམས་གསོག་ཚུལ་ཤེས་དགོས། ཇི་སྐད་དུ། བསོད་ནམས་དམ་པའི་མི་ཡིས་བསམ་པ་ཐམས་ཅད་འགྲུབ། །ཅེས་གསུངས་པས་ན་རྒྱུ་མེད་ཀྱི་འབྲས་བུ་ཞིག་འབྱུང་མི་སྲིད་ལ། བསོད་ནམས་ཟད་པར་གྱུར་དུས་བསམ་པ་བརྒྱ་ལས་གཅིག་ཀྱང་འགྲུབ་པར་དཀའ། གཞན་ཡང་ཚེ་ཕྱི་མར་འདང་རྒྱག་དགོས་ཏེ། ཚེ་ཅུང་ཟད་རིང་པོ་ཙམ་ལ་སྡོད་ལོངས་ཡོད་དུ་ཆུག་ཀྱང་ལོ་ན་ཉུང་ཞིང་ལུས་ཁམས་བདེ་ཐང་གི་སྐབས་སུ་ཆོས་ཤིག་མ་འགྲུབ་ན། རྒས་པ་ལུས་སེམས་ཐུར་རྒུད་ཀྱི་ཚེ་ན་འཆི་ཁའི་མ་ཎི་མཚན་འདོན་རེ་བྱས་ཀྱང་དོན་འབྲས་དེ་ཙམ་མི་ཡོང་། གཞན་ཡང་ཁྱིམ་ཕ་མ། ཨ་ཡེ་ཨ་མྱེ། གྲོགས་དགའ་མཛའ། ཡུལ་མི་ཁྱིམ་མཚེ་ཡི་དོན་དུའང་རང་ཆོས་ཡོད་ཀྱི་ས་ཆར་བསྡད་ན་ཆོས་མེད་ཤི་བོ་ལག་སྟོང་ཚོའི་དོན་ལ་འདང་རེ་རྒྱག་མི་དགོས་སམ། དེའི་ཕྱིར་ཆོས་སྒྲུབ་ན་སྒྲུབ་ཐག་ཆོད་པ། ཁ་ཆོས་མིན་པའི་དོན་ཆོས་ཤིག་བྱེད་དགོས་ཀྱི་ཕྱིའི་རྣམ་པ་ཙམ་མམ་ཚུལ་འཆོས་ཙམ་གྱིས་མི་ཡོང་སྟེ། ཁ་དཔེར། མི་མགོ་བསྐོར་ན་བསྐོར་ཆུང་། རང་མགོ་བསྐོར་ན་བསྐོར་ཆེན། ཞེས་པ་ལྟར་ཡིན་པས་དོན་གནད་ཐོག་ཏུ་སྨིན་པའི་སེམས་ཀྱི་ཆོས་ཞིག་སྒྲུབ་དགོས། སྤྱིར་ལུས་ཀྱི་ཆོས་དང་ངག་གི་ཆོས་ཀྱང་བཟང་མོད། དེ་བས་སེམས་ཀྱིས་ཆོས་སྒྲུབ་པ་ཆོད་ཆེའོ། །དེའི་ཆོད་སྒོ་ཆེ་ཆུང་ལ་དཔེ་ཞིག་བཀོད་ན། རྒྱལ་བོ་ཆེན་པོ་ཞིག་དང་བྲན་གཡོག་དབང་མེད་ཅིག་གིས་ལས་ཀ་སྒྲུབ་པའི་འགྲུབ་སྟོབས་ཙམ་གྱི་ཁྱད་པར་ཡོད་དོ། །དེའང་སེམས་རྒྱལ་བོ་ལྟ་བུ་དེ་ཆོས་ལམ་དུ་ཕྱོགས་ནས་ཁ་གྱེན་ལ་མ་འཁོར་ན། ལུས་གཡོག་པོ་ལྟ་བུ་དེས་ཅི་ཙམ་འབད་ཀྱང་དོན་ཆེན་པོ་ཞིག་འགྲུབ་མི་ནུས། དེས་ན་ལོ་རེ་བཞིན་འུ་ཅག་གིས་འཆད་ཉན་བྱས་མོད། ད་རེས་སྒོམ་པ་དང་བཅས་པའི་ཞིང་སྒྲུབ་ཉིན་ཞག་བདུན་ནི་མི་ཚེའི་ནང་གི་གོ་ཆོད་པའི་ཉི་མ་བདུན། དོན་འགྲུབ་པའི་ཉི་མ་བདུན། འཆི་ཁར་འདི་ཡོད་བསམ་རྒྱུ་ཞིག་འགྲུབ་དགོས། དེས་ན་ཚང་མས་ངག་བཅད་གཞིར་བཞག་གིས་སྒོ་གསུམ་ཆིག་དྲིལ་དུ་མཛད་དེ་གསན་པར་བྱ་དགོས། རང་རེའི་ཆོས་ར་འདིའི་ནང་དུ་མཆོད་པར་འོས་པའི་སྐྱབས་ཡུལ། གུས་པའི་གནས་དགེ་འདུན་འདུས་པ་རྒྱ་མཚོ་དང་། དེ་བཞིན་ས་འདིའི་གནས་སྡོད་ཀྱི་མི་སྣ་དང་། ཕྱོགས་གཞན་ནས་ཆེད་གཏད་དུ་ཡོང་བའི་གཞིས་མགྲོན་ཆོས་དད་མང་ཚོགས་དང་བཅས་པ་འདི་འདྲའི་གཙུག་ལག་ཁང་ངམ་ཆོས་ར་གཅིག་ཏུ་གདན་མཐོ་དམན་མེད་པར་མཉམ་དུ་འཚོགས་ཡོད་ལ། ད་དུང་དགེ་འདུན་པ་ཕྱི་མཐའ་གཡས་གཡོན་གྱི་ཟུར་གཉིས་སུ་བཞུགས་ཤིང་། མང་ཚོགས་མི་སྐྱ་ཕོ་མོ་ལྷ་ཁང་གི་དཀྱིལ་དབུས་གཙོ་བོའི་འདུག་གནས་སུ་བཀོད་སྒྲིག་མཛད་པ་ནི། མཆོད་ཡུལ་དང་སྦྱིན་བདག་གོ་ལོག་བྱས་ཤིང་། སྐྱབས་ཡུལ་དང་བསྐྱབ་བྱ་མཉམ་བསྲེ་མཛད་དེ། ཐ་ན་ལྷན་པ་སེར་པོ་ཙམ་ཡང་གུས་པས་ཡར་བླངས་ནས་གཙང་སར་འཇོག་དགོས་པ་སོགས་དགག་སྒྲུབ་ཆ་མཐུན་གྱི་སྐྱབས་འགྲོའི་བསླབ་བྱ་ལ་ཤེས་བཞིན་རྩིས་མེད་དུ་བཏང་བ་མ་ཡིན་ལ། འདིར་དགོས་པའི་དབང་གིས་དགེ་འདུན་པ་རང་གིས་ཐུགས་བསམ་བཞེས་ཏེ། ཐེངས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་ཁྱིམ་ན་གནས་པའི་དགེ་བསྙེན་ཕོ་མོ་གཙོར་བྱས་དད་ལྡན་མང་ཚོགས་ཡིན་པས་དེ་དག་ལ་དམིགས་བསལ་གྱི་ཆོས་སྐལ་ཞིག་ཐོབ་དགོས་སྙམ་པའི་དགོངས་གཞི་དང་བསྟུན་ནས་འཆར་འགོད་གནང་བ་ཞིག་རེད། འདིས་ཅི་ཞིག་མཚོན་པ་ཡིན་ཞེ་ན། ཕྱོགས་གཅིག་ནས་བསླབ་གསུམ་འཆང་བའི་བླ་སྤྲུལ་གྲྭ་ཚང་སྡེ་སྣོད་འཛིན་པ་ཡོན་ཏན་གྱིས་བརྒྱན་པ་ཤ་སྟག་ཡིན་ཡང་། སྙེམས་པ་དང་ང་རྒྱལ་མེད་ལ་ཁེངས་སྐྱུང་གི་རྣམ་པ་མངོན་པར་གསལ་བ་དོན་གྱི་ཆེ་བའི་མཚོན་རྟགས་དང་། གཞན་ཡང་རྒན་པར་བསྙེན་བཀུར་བྱེད་ལ་དགའ་བ་ནི། ཐོས་རྒྱ་ཆེ་ཡང་མཁས་པའི་ང་རྒྱལ་མེད་པའི་ཡོན་ཏན་གྱི་རང་རྟགས་ཕྱི་ལ་མངོན་པ་དང་། ཡང་ཕྱོགས་གཅིག་ནས་ཐུགས་རྒྱུད་བརྩེ་བ་དང་སྙིང་རྗེའི་རླན་གྱིས་ཁྱབ་པ་སྟེ། བཀྲེས་པ་ལ་བརྩེ་མ་རུངས་པ་ལ་བརྩེ། །ཀུན་འཁྲུག་ལ་བརྩེ་བག་མེད་རྣམས་ལ་བརྩེ། །ཞེས་པའི་བྱམས་པ་ཆེན་པོའི་ལམ་ལ་སློབ་བཞིན་པ་དང་། དེ་མིན་མི་སྐྱ་ཕོ་མོ་ཙམ་དུ་མ་ཟད་སེམས་ཅན་ཐམས་ཅད་རིང་བའི་མཆེད་ཀྱི་འདུ་ཤེས་མངའ་བ། མདོར་ན་ཆོས་བརྒྱད་གདོན་གྱིས་མ་བརླམས་པར་དམན་ས་གོང་མའི་གདན་ས་ལ་དགྱེས་ཤིང་། སྔར་བྱོན་དམ་པ་གོང་མའི་ཞབས་རྗེས་སུ་སྙེག་བཞིན་ཡོད་པ་མངོན་སུམ་རྟགས་སུ་ཤར་བ་ཚད་མའི་ཡུལ་ཡིན་ནོ། །དེ་བཞིན་དུ་ཁྱིམ་པ་ཕོ་མོའི་ངོས་ནས་བཤད་ནའང་གསོན་པོའི་སྐྱབས་འཇུག་ཞུ་ས། ཤི་བོའི་བསྔོ་རྟེན་འཇོག་ས། ཚེ་འདི་ཕྱི་གཉིས་ཀྱི་རེ་ལྟོས་བྱ་ཡུལ་དཀོན་མཆོག་གསུམ་གྱི་ཡ་གྱལ་ནི། མཆོག་གསུམ་གཅིག་འདུས་ཀྱི་ངོ་བོ་བླ་སྤྲུལ་མཁན་གསུམ་དབུར་བཞུགས་དགེ་འདུན་འདུས་པ་རྒྱ་མཚོ་ཡིན་པ་སྨྲོས་ཅི་དགོས། དེའི་ཕྱིར་ན་སྤྱིར་དགེ་འདུན་པ་ནི། ཆོས་ཕྱོགས་ནས་ཕྱག་གི་ཡུལ་ཡིན་པ། དད་པའི་གནས་ཡིན་པ། བསོད་ནམས་གསོག་པའི་ཞིང་ས་ཡིན་མོད་དགེ་འདུན་པའང་རྣམ་པ་མིའི་ཟོལ་དུ་ཕེབས་ཡོད་པས་ན། ཁྱིམ་ཕ་མའི་རྒྱུད་ལས་མ་སྐྱེས་པ་ཞིག་གང་ན་ཡོད། དེའི་ཕྱིར་སྡེ་དགོན་གཅིག་ལ་གཅིག་འབྲེལ་ཡིན་པས་བུ་གྲྭ་བ། ཨ་ཞང་བླ་མ། ཉེ་རིང་སྤྲུལ་སྐུ་དང་མཁན་པོ་ཡིན་པ། དེ་དང་འདྲ་བར་ཡུལ་སྡེ་གཅིག་པའི་མི་རྣམས་ནི། ཉེ་ཡིས་ཚུར་ལ་བསྡུས། ཕྱུགས་ཀྱིས་བར་འདུན་བྱས། དེ་ལྟར་ཕན་ཚུན་གཅིག་ལ་གཅིག་འབྲེལ་ཡིན་པའོ། །དེ་མིན་ཡང་རིགས་རུས་པ་ཤ་ཁྲག་གཅིག་ཏུ་འབྲེལ་བའི་ཕུ་ནུ་མིང་སྲིང་། གྲྭ་ཚང་གྲུ་བཞི། འདི་དངོས་གནས་བཤད་ན་ཁྱིམ་གཅིག་གི་སྐྱ་སེར་ལྷན་འཛོམ། བཟའ་ཚང་གྲལ་ལ་མགོ་རྔ་མེད་པ། གཞི་བྱེས་འཛོམ་པའི་ལོ་གཅིག་ཐེངས་གཅིག་གི་ཆོས་ར་ཟེར་ན་གྲོས་ར་ཞིག་ལ་མཉམ་དུ་འཚོགས་པ་ཡིན། དེ་ལ་འདིར་དགེ་འདུན་པའི་བཞུགས་གྲལ་ན་སྡེ་སྣོད་གསུམ་ཐུགས་སུ་ཆུད་པའི་མཁས་པ་ཆེན་པོ། མཁས་པ་ཙམ་དུ་མ་ཟད་བཙུན་ཞིང་བཟང་བའི་བདག་ཉིད། དམ་པའི་ཚུལ་དགུའི་ཡོན་ཏན་མངའ་བ་ཅི་འདྲའི་མང་པོ་བཞུགས། ད་དུང་འདིའི་གྲལ་ན་ཡོངས་ལ་མ་གྲགས་པའི་རྒྱུད་སྦས་ཚུལ་དུ་བཞུགས་པ་མ་འོངས་ལོ་ངོ་བཅུ་ཕྲག་གི་མཚམས་སུ་གསེར་ས་འོག་ན་ཡོད་པའི་འོད་ནམ་མཁའ་ལ་ཁྱབ་ཡོང་བ་མང་དུ་བཞུགས་ངེས་མོད། རྒན་པ་གོང་དུ་བཀུར་བའི་ཡ་རབས་དམ་པའི་སྲོལ་ལུགས་མཛད་ནས་ལོ་ན་རྒན་གཞོན་དུ་སྐྱེས་པ་སྔ་ཕྱིའི་དུས་རབས་ཀྱིས་དེད་ནས་བདག་གིས་འདིར་ཁ་མར་འཁོར་ཏེ་གྲོས་མགོ་ཙམ་འདོན་པར་ཁེལ་བྱུང་། དེ་ལ་ཆོས་བཤད་པའམ་ཆོས་ཁྲིད་འཚོགས་ཞེས་གང་བཤད་པར་བྱ་བའི་ཆོས་ནི། སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལས་སྤང་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་དང་རིག་གྲོལ་ཡོན་ཏན་བརྒྱད་ལྡན་གྱི་དགེ་འདུན་གཉིས་མ་གཏོགས་པ། ཞི་བ་འདོད་ཆགས་དང་བྲལ་བ་ཞེས་པ་ནི་དམ་པའི་ཆོས་ཡིན། དེའང་ཇི་སྐད་དུ། གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པའི་གང་ཞིག་འདོད་ཆགས་དང་བྲལ་བ་འགོག་བདེན་དང་། གང་གིས་འདོད་ཆགས་དང་བྲལ་བ་ལམ་བདེན་ཡིན་ལ། དེའང་བདེན་གཉིས་ཀྱི་མཚན་ཉིད་ཅན་རྟོགས་པའི་ཆོས་དང་། དེའི་རྒྱུ་ཐུན་མོང་ཐུན་མིན་གྱི་སྡེ་སྣོད་ལུང་གི་ཆོས་སོ། །ལས་དང་པོ་པའི་སྐྱབས་ཡུལ་དངོས་ནི་དཀོན་མཆོག་གསུམ་ལས་ཆོས་དཀོན་མཆོག་འདི་ཉིད་ཡིན་པས་ན། ཇི་སྐད་དུ། སྐྱོབས་པ་བླ་མེད་དམ་ཆོས་རིན་པོ་ཆེ། །ཞེས་སྐྱོབས་པ་ཀུན་ལས་ཀྱང་བླ་ན་མེད་པ་ནི་དམ་པའི་ཆོས་འདི་ཡིན་པར་གསུངས། དེའི་ཕྱིར་ན་སྟོན་པ་བཅོམ་ལྡན་འདས་ཀྱི་ཞལ་ནས་ཀྱང་། ངས་ནི་ཁྱོད་ལ་ཐར་བའི་ཐབས་བསྟན་གྱི། །ཐར་བ་རང་ལ་རག་ལས་བརྩོན་པར་གྱིས། །ཞེས་པ་ལྟར་དམ་པའི་ཆོས་བསྟན་ནས་འགྲོ་བའི་སྡུག་བསྔལ་སེལ་ཞིང་གཏན་བདེའི་ཐར་ལམ་ལ་འགོད་པ་མ་གཏོགས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་ཀྱི་རྟོགས་པ་གཞན་ལ་སྤོ་མིན་པས། །ཆོས་ཉིད་ཞི་བ་བསྟན་ནས་མྱ་ངན་འདའ། །ཞེས་པ་ལྟར་འགྲོ་བ་མང་པོ་མ་གྲོལ་བ་ལས་གྲོལ་བར་མཛད་ཅིང་མ་བསྒྲལ་བ་ལས་སྒྲོལ་བར་འགྱུར་རོ། །དེ་ལྟར་ཆོས་སྟོན་པའི་ཐབས་མ་གཏོགས་སངས་རྒྱས་དང་དགེ་འདུན་གཉིས་བྱོན་ཡང་སྐྱོབ་མི་ནུས་པ་དེ་དཔེ་དོན་སྦྱར་ནས་བཤད་ན། ལྷས་སྦྱིན་དང་དགེ་སློང་ལེགས་སྐར་ལྟ་བུ་སྐྱོབ་ཐབས་མ་བྱུང་བའི་དཔེ་དང་། རང་རེ་འཁོར་བའི་སེམས་ཅན་ལས་ཉོན་བག་ཆགས་ཀྱི་འདམ་རྫབ་ཏུ་འཁོར་བཞིན་ཡོད་པ་འདིས་ཀྱང་དོན་གྱིས་རྟོགས་སོ། །དེས་ན་ཆོས་དཀོན་མཆོག་འདི་ལས་དང་པོ་པའི་སྐྱབས་གནས་མ་ནོར་བ་ཡིན་པ་དང་། ཆོས་དེའང་རང་རྒྱུད་ལ་སྒྲུབ་དགོས་པ་ཞིག་ཡིན་པའི་གནད་རྟོགས་པས་ན། རང་རེ་ལྟ་བུར་མཚོན་ན་ཐེག་པ་ཆེན་པོའི་ཆོས་དར་བའི་ས་ཆར་སྐྱེས་ཤིང་ཐེག་ཆེན་དམ་པའི་ཆོས་སྒོར་ཞུགས། ད་དུང་ཐེག་པ་ཆེན་པོའི་ལུགས་ཀྱི་སྐྱབས་འགྲོའི་སྡོམ་པའང་ཕལ་མོ་ཆེས་རྒྱུད་ལ་བླངས་ནས། དཀོན་མཆོག་གསུམ་གྱི་འབངས་སུ་མཆི་བར་དམ་བཅས་ཤིང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། སྨོན་དང་འཇུག་པའི་བསླབ་བྱ་གང་རུང་ངམ་གཉིས་ཀར་འཇུག་པར་ཁས་བླངས་བར་མ་ཟད། ཉེ་ལམ་སྔགས་ཀྱི་ཆོས་སྒོར་ཞུགས་ཏེ་དབང་མ་ཐོབ་པ་དང་སྔགས་སྡོམ་མ་བླངས་བསམ་རྒྱུ་མེད་པར་གྱུར་ནས། ལ་ལ་ཚེ་ཕྱེད་དང་ལ་ལ་ཚེ་སྨད་ལ་ཐུག་ཀྱང་ཐམས་ཅད་གཅིག་མཚུངས་མིན་ཏེ། འགའ་རེ་ནི་གཞན་དོན་སྨོན་པ་ཚིག་གི་བརྗོད་སྟངས་ཙམ་ལས་དོན་ལ་གཞན་དོན་ཕར་ཞོག་རང་དོན་ཙམ་ཡང་སྒྲུབ་ཚུལ་མི་ཤེས་པ། དཔེར་ན། མེ་ཆེ་ཐོག་ལ་བུད་ཤིང་སྣོན་པ་ཇི་བཞིན་མི་འདོད་པ་མ་བསམ་བཞིན་སྟེང་དུ་ཡོང་ཐབས་རང་གིས་བྱས་ཏེ། སྡུག་བསྔལ་སྔ་མའི་ཁུར་བོ་མ་དོར་བའི་སྔོན་ལ་སྡུག་བསྔལ་ཕྱི་མ་ཚུར་ལེན་པ་དང་འདྲ་བར་ལས་ངན་སྔ་མའི་རྣམ་སྨིན་གྱི་འབྲས་བུ་སྡུག་བསྔལ་མྱོང་བཞིན་དུ། རྒྱུ་མཐུན་གྱི་བྱེད་པས་སྡུག་བསྔལ་ཕྱི་མའི་ས་བོན་གསར་དུ་འདེབས་པ་ཁོ་ན་བྱེད། དེ་ལྟར་རང་གཞན་མ་བགོས་ཐུན་མོང་དུ་གྱུར་པ་སོ་སོའི་སྐྱེ་བོའི་ལས་བྱ་གཞག་འདི་མི་རུང་བས་ན། ད་སྔོན་འུ་བུ་ཅག་སྔ་དྲོ་མ་ཤེས་འཁྲུལ་བའི་དབང་དུ་གྱུར། བྱས་པ་སྔོན་སོང་བྱ་རྒྱལ་རྒོད་པོས་མི་ཆོད་པས་ཚར་སོང་རུང་། ཕྱི་དྲོ་བྱ་བ་རིགས་པས་གཏན་ལ་འབེབས་པ་ཞིག་མ་མཛད་པར་མིག་ཡོད་ཀྱིས་མཐོང་བཞིན་དུ་གད་མཆོང་གཡང་མཆོང་བྱ་བར་མི་རིགས་སོ། །འགའ་རེས་འདི་ལྟར་སྙམ་སྟེ་རང་དང་འདྲ་བ་དག་དང་རང་ལས་བཟང་བ་དེ་ལས་ལྷག་པ་དག་ཀྱང་འཁོར་བའི་བྱ་གཞག་སྡིག་དང་འབག་པ་ལས་ཆོས་རྣམ་དག་འབའ་ཞིག་མི་སྒྲུབ་ན། རང་ནི་དེར་ལྟོས་ན་མི་ཆུང་ཆུང་ཞིག་ཡིན་པས་འཇིག་རྟེན་ཁ་དཔེར། རྭ་ཡོད་བརྒྱ་ཐར་ས་ནས། །ཡུ་ལུ་མ་གཅིག་ཐར་ལོས་འགྲོ། ཞེས་བསམ་པ་ནི་རང་མགོ་རང་གིས་སྐོར་བ་བདུད་དགའ་རབ་དབང་ཕྱུག་གིས་བྱིན་པའི་ཟས་སྨན་ཞིག་གོ །འཇིག་རྟེན་མིའི་བལྟ་ས་རིག་ས་ན་ཡོད་པའི་འབྱོར་ཕྱུག་ཆུང་ངུ་འདི་ཙམ་ལ་ལྟ་ཅི། སྟོང་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་ཚངས་དབང་བརྒྱ་བྱིན་གྱི་ལུས་བླང་ཡང་ཕྱི་མ་དམྱལ་བའི་སྒྱེད་རྡོ་རུ་གྱུར་པ་རང་གཞན་ཀུན་ལ་གཅིག་མཚུངས་ཡིན། དེས་ན་ཁ་ཡོད་ལག་ཏུ་སྨིན་པའི་འདི་ཕྱི་གཉིས་ཀྱི་བདེ་ཐབས་ལ་གང་དགའ་ཅིའི་དྲག་ཅེས་འདིར་ཆོས་བཤད་བྱའི་གྲོས་གཞི་དེ་ནས་བརྩམ་ན། མིག་གིས་བལྟ་ས་མཐོ་དགོས་ཀྱི་དམིགས་འབེན་དེ་དམའ་ག་ལ་རུང་། ཚེ་གཅིག་ལུས་གཅིག་གི་སྟེང་ནས་འཚང་རྒྱ་བ་ཞིག་སྟེ། རང་གཞན་གཉིས་དང་འཕྲལ་ཕུགས་གཉིས་ལ་འབྲས་བུ་ཡོད་པ་ཤིན་ཏུ་ཟབ་པའི་མྱུར་ལམ་ཞིག་ལ་དམིགས་པ་གཏད་དགོས། དེ་ལྟ་མོད་བྱ་བ་ལག་ལེན་ལ་བསྟར་དུས་རང་གི་རྒྱུད་ཚོད་དང་མ་བསྟུན་ན། ཕུ་ཤྭ་ཤོར་དང་མདའ་ཤེའུ་ཤོར་དུ་གྱུར་ཚེ་དོན་མེད་དོ། །དཔེར་ན། ས་ཐག་རིང་ཉི་མ་ལྷ་སའི་ཇོ་བོའི་གསེར་ཁང་གི་མདུན་སྒོ་འབྱེད་པ་གལ་ཆེ་མོད། ཐོག་མར་རང་ཁྱིམ་གྱི་སྒོ་ཐེམ་བརྒལ་ཏེ་ལམ་ལ་ཞུགས་ནས་དང་པོ་གོམ་ཁ་སྤོ་ཕྱོགས་དང་ཁ་འཁོར་ཕྱོགས་མི་ནོར་ཞིང་། དང་པོ་སྒོ་ལམ་མཚམས་སུ་རྡོག་སྣེ་ཐོགས་ཏེ་ས་ལ་མི་འགྱེལ་བར་གོམ་ཁ་ལམ་ལ་འཇོག་ནུས་པ་ནི་དེ་བས་ཀྱང་གལ་ཆེའོ། །དེའང་ད་ལྟའི་གནས་སྟངས་ལ་བསམ་ན་རང་གཞན་གཉིས་དོན་རྒྱ་ཆེ་ཞིང་རྒྱང་རིང་བའི་དམིགས་འདུན་འགྲུབ་པ་ཕར་ཞོག གནང་ཉིན་ལྟ་བུའི་རང་ཉིད་ཀྱི་ཚེ་ཕྱི་མར་འདང་རྒྱག་མི་ཤེས་པར་མ་ཟད། སང་ཉིན་ལྟ་བུའི་མ་འོངས་ཕྱི་མའི་ལོ་ཟླར་ཡང་འདང་མི་ཕོག ཐ་ན་དེ་རིང་ལྟ་བུའི་མདུན་གྱི་རྡོག་ལམ་ཡང་མི་མཐོང་བར་རང་བདེ་དོན་གཉེར་གྱི་བྱ་གཞག་ཆུང་ཆུང་བཤད་རིན་མེད་པའང་སྒྲུབ་ལུགས་སྒྲུབ་སྟངས་མི་ཤེས་པར་མགོ་འཁོར་གྱི་ནད་བྱུང་བ་བཞིན་མི་འགྲུབ་པར་སྡོད་པ་འདི་ལ་བལྟས་ན། སྐས་ཐེམ་འོག་མ་ནས་མ་བརྒྱུད་པར་གོང་མ་ལ་འགོ་ཐབས་མེད་པ་ཤེས་ཡོང་། དེས་ན་སྐྱེས་བུ་གསུམ་གྱི་ལམ་རིམ་ཡར་ལྡན་ལ་བསམ་བློ་མི་གཏོང་ཐབས་མེད་དུ་གྱུར་འདུག དེའང་ན་ནིང་བསྐལ་བ་ལུག་གི་ལོའི་ད་ལྟའི་དུས་སུ་ཞིང་སྒྲུབ་འཚོགས་ཤིང་ཞིང་ཁྲིད་བཤད་དུས་བདག་གིས་བྲིས་པའི་ངག་འདོན་ཤིན་ཏུ་བསྡུས་པ་བྱིན་རླབས་གློག་ཞགས། ཞེས་པ་དེ་ཉིད་བཤད་ཅིང་། དེ་དང་མཉམ་དུ་དོན་མཐུན་ཆོས་ཀྱི་གྲོགས་པོ་ཞེས་བརྗོད་དགོས་པ་སྟེ། བླ་སེར་རྣམས་ལ་བསྟན་པའི་བདག་པོ་དང་བསྟན་པའི་གཞི་མ་ཞེས་ཡར་ལ་མ་བཞག་ཅིང་། མི་ནག་ཁྱིམ་པ་ཕོ་མོ་ལ་ཐ་མལ་བ་ཞེས་མར་ལ་མ་བསྐྱལ་བར་སྐྱ་སེར་འདུ་ཚོགས་ཁྱིམ་བཟའ་ཚང་གང་གི་ནང་གྲོས་བྱེད་པ་བཞིན་དུ། རང་གཞན་འདི་ཕྱིའི་བདེ་ཐབས་ཀྱི་ན་སའི་ཚ་མིག་གླེང་བ་ཡིན། དེ་ལ་བོད་མདོ་དབུས་ཁམས་གསུམ་གྱི་མི་སྣ་དང་དེ་མིན་མི་རིགས་གཞན་ཡིན་རུང་། སྐྱེ་ས་འཁྲུངས་ཡུལ་མི་གཅིག་ཅིང་། ཆ་ལུགས་སྐད་སྣ་མི་འདྲ་ཡང་། འདྲ་ས་གཅིག་པུ་ནི་བདེ་འདོད་སྡུག་བསྔལ་མི་འདོད་པ་དེ་འགྲོ་བ་མིའི་རིགས་ཙམ་དུ་མ་ཟད་སེམས་ཅན་ཀུན་ལ་སེམས་དང་ལྡན་པས་ན་བསམ་བློ་གཅིག་མཚུངས་སུ་གྱུར་ཡོད། དེའང་ཆོས་ར་གང་བའི་མི་ཁྲི་ཚོ་ཙམ་གྱིས་དབུགས་ཆེར་ལེན་ཙམ་མི་ཚོར་བར་འདུན་པ་རྩེ་གཅིག་ཏུ་གཏད་དེ་འདིའི་ཕྱོགས་ལ་ཐོས་བསམ་བྱེད་པ་ཡིན། ན་ནིང་འུ་བུ་ཅག་ཚོགས་པ་འབྲལ་ཁའི་དུས་ཚོད་ལ་སླེབས་དུས་བཤད་པ་སྟེ། ད་རེས་ང་ཚོ་འདི་ལྟར་ཚོགས་པ་ཡིན་མོད། ལོ་རྗེས་མའི་ད་ལྟའི་དུས་སུ་འདི་ལྟར་ཚོགས་པ་དང་ཐམས་ཅད་ཁ་རུག་ཚང་བར་འཛོམ་ཐུབ་པའི་རྟག་འཛིན་ནི་མངོན་ཤེས་མེད་པས་སུས་ཀྱང་མི་རྟོགས། གཅིག་རྟག་ཀྱང་ཅིག་ཤོས་རྟག་པར་དཀའ་བ་ནི་ཤེས་གསལ་ལྟར་རེད། ད་དུང་འབྲལ་ཁ་མར་དེ་རིང་རང་རེ་སོ་སོར་འབྲལ་བ་འདི་བཞིན་མི་རྟག་མཐའ་བཞིས་བསྡུས་པའི་འཁོར་བའི་ཆོས་ཏེ། འདུས་མཐའ་འབྲལ། སྐྱེས་མཐའ་འཆི། མཐོ་མཐར་ལྷུང་། བསགས་མཐར་འཛད་པར་འགྱུར་བ་འཁོར་བ་རང་གི་ཆོས་ཉིད་ཡིན་ན། སང་ཕོད་ཅིག་ལ་འུ་ཅག་འདི་ལྟར་ཚང་ཚང་རུག་རུག་གིས་འཛོམ་པར་དཀའ། དེས་ན་དེ་རིང་ཤི་ཡང་མི་འགྱོད་པའི་གདེང་ཞིག་རང་གིས་རང་ལ་ཡོད་པར་གྱིས་ཞེས་བཤད། ཚེ་འདིར་འགྲོག་པའི་ཁྱིམ་བཟའ་ཚང་དང་། དགའ་ཉེ་མཐུན་གྲོགས་ཡང་ཐ་མར་མི་འདོད་བཞིན་དུ་འབྲལ་ངེས་པར་མ་ཟད། དང་པོ་ང་ཞེས་གདགས་གཞིའི་ཕུང་པོ་དང་། དེ་ནས་ངའི་ཞེས་གཅེས་པར་བསྐྱང་བའི་ལུས་སེམས་གཉིས་ཀའང་སོ་སོར་གྱུར་ཏེ་བེམ་རིག་བྲལ་དུས། ཚེ་གཅིག་ལ་སྡིག་སྡུག་གཉིས་ལ་མ་འཛེམ་པར་འབད་པས་བསགས་པའི་རྒྱུ་ནོར་ལས་སྤུ་ཉག་ཙམ་ཞིག་འཁྱེར་དབང་མེད་པར་མ་ཟད། ལུས་ཕུང་པོ་འབྱུང་བཞིར་ཐིམ་ན། ལོ་ན་ཚོད་གཞོན་ཡང་ཕན་ཐོག་མེད་ལ། ལང་ཚོ་རྒྱས་པའི་སྒང་ཡིན་ཡང་བཤད་ས་མེད་པར་ཤ་རུལ་ཞིང་རུས་པ་ཞིག རུས་ཚིགས་ལྷུ་རུས་བཞིན་དུ་སོ་སོར་འཐོར་ནས་བལྟས་ན་ཡ་ང་ཞིང་དྲན་ན་ཡི་མུག་པ་ཞིག་ཏུ་འགྱུར་བ་དེ་ཉིད་ནམ་ཞིག་ལ་རང་མགོར་ཐོན་ཡོང་བ་སུས་ཤེས། དེ་མིན་ད་དུང་ཤི་ཁའི་གནད་གཅོད་ཀྱི་སྡུག་བསྔལ། བར་དོའི་འཁྲུལ་སྣང་གི་སྡུག་བསྔལ། ཕྱི་མ་ངན་སོང་གི་སྡུག་བསྔལ་སོགས་ལ་བསམ་བློ་རེ་བཏང་ན། ཟས་ཟོས་པ་མིད་པར་མི་འགྲོ་ཞིང་། མཚན་གཉིད་ཐུན་གནད་ལ་མི་ཁུག དེ་མིན་གཞན་དྲན་རྒྱུ་མེད་པའི་འཇིགས་སྐྲག་ཅིག་མདུན་དུ་ཡོད་མོད། ང་ཚོ་ཧ་ཅང་བླུན་ཆེ་བའི་དབང་གིས་དཔེར་ན། སང་ཉིན་གསོད་རྒྱུའི་བཤའ་ཟོག་གིས་དེ་རིང་ཞེ་ལྷོད་པོར་རྩ་ཟོས་ནས་འགྲོ་བ་དང་འདྲའོ། །གལ་ཏེ་རང་ཉིད་སང་ཉིན་དུས་ཚོད་ལྔ་ཡས་མས་སུ་རྐྱེན་འདི་འདྲ་བ་ཞིག་གིས་འཆི་བར་འགྱུར་བ་གསལ་ཐག་ཆོད་པ་ཞིག་ཤེས་ན། དོ་ནུབ་ཀྱི་དགོང་ཟས་བཟའ་བའི་ཡི་ག་ཡོད་པ་ལྟ་ཅི་ཐ་ན་ནུབ་མོ་དེར་མཚན་གཉིད་ཀླད་ལ་ཁུག་པ་ཞིག་ག་ལ་སྲིད། དེ་མིན་གཞན་བར་དོའི་འཕྲང་རིང་བགྲོད་དུས་ཤིན་ཏུ་འཇིགས་པའི་སྒྲ་བཞི་དང་། ཡ་ང་བའི་གཡང་ས་གསུམ། ཕྱི་མར་ལས་ངན་གྱི་འབྲས་བུ་ངན་སོང་གི་སྡུག་བསྔལ་རང་སྟེང་དུ་འབབ་པ་སོགས་ལ་བསམ་ན་སྐྲག་ནས་བརྒྱལ་བར་འགྱུར་བའི་ཚོད་ཡིན་མོད། འོན་ཀྱང་རང་རེ་བླུན་ཆེས་པའི་དབང་གིས་ཕྱི་འདང་མི་ཕོག་པ་ཡིན། ཚུལ་དེར་བལྟས་ན་དགྲ་གཉེན་བར་མའི་འགྲོ་བ་འདི་དག་ཐམས་ཅད་སྙིང་རྗེའི་ཡུལ་ཡིན་པས་ན། སྔོན་དགེ་བའི་བཤེས་གཉེན་གླང་རི་ཐང་པ་སྐུ་ཚེ་གཅིག་ལ་ཞལ་མ་འཛུམ་པར་བཞུགས་པ་ལ་སྐབས་ཞིག་བླ་མ་ཞལ་ནག་པ་ཞེས་མཚན་ཐོགས་པ་ཡིན། དེས་ན་སྐྱེས་པའི་ཐ་མར་འཆི་བ་ཡོད་ལ། སྐྱེ་རྒ་ན་འཆི་བཞི་བོ་གཅིག་འཕྲོ་གཅིག་ལ་རྒྱུན་ཆད་པ་མེད་པར་འབྱུང་བས་ན་བདུད་ཀྱི་ཆུ་བོ་བཞི་ཞེས་བྱའོ། །ཤི་ཕར་རྒྱབ་ཀྱི་སྣང་བ་ཤར་དུས་ལུས་བེམ་པོ་ནི་འབྱུང་བཞིའི་བག་ལ་ཞ་ཞིང་། སེམས་རྣམ་ཤེས་ནི་ལས་ཀྱི་རྗེས་སུ་འབྲང་ནས་ཤི་གསོན་སྣང་བ་སོ་སོར་འགྱུར་བ་དེ་སྔ་ཕྱི་ཙམ་ཡིན། དེའི་ཕྱིར་ན་མི་འཆི་བསམ་ཡང་རང་དབང་མེད་ལ། མི་འབྲལ་བསམ་ཡང་རང་དབང་མེད་པས་ན། དབང་མེད་འཁོར་བའི་སྡུག་བསྔལ་འདི་ལས་གཏན་དུ་ཐར་བ་ཞིག་མ་བྱུང་ན་མི་ཉན་མོད། ད་ལྟའི་ལུས་རྟེན་འདིའི་སྟེང་ནས་གལ་ཆེན་ནང་གི་དོན་ཆེན་ཐར་བའི་ལམ་སྣེ་ཞིག་ཟིན་ཡོང་སྙམ་སྟེ། བྱ་བ་ཆུང་ངུ་ཙག་ཙིག་ལ་གལ་ཆེན་དུ་མི་བལྟ་བར་འདི་ཉིད་གལ་ཆེན་བརྒྱ་ཡི་ནང་གི་དོན་ཆེན་དུ་དགོངས་ཏེ་འབད་པས་བརྩོན་པར་མ་ནུས་ན། དོན་ཆུང་ཚེ་འདིའི་བྱ་གཞག་ཙམ་རེ་བསྒྲུབས་ནས་སྡོད་པ་ནི་སྒོ་ཟོག་དུད་འགྲོ་རྣམས་ལས་མ་འཕགས་པར་བཤད་དོ། །དེའང་འུ་བུ་ཅག་གིས་ན་ནིང་ཆོས་བཤད་པ་དང་ཉན་པ་ཐོས་པ་ཙམ་གྱིས་མི་ཆོག ཚིག་རྣ་བས་ཐོས་པ་དང་དོན་སེམས་ཀྱིས་བསམ་པ་གཉིས་དུས་མཉམ། དོན་བསམ་པའི་སྙིང་པོ་སྒོམ་གྱི་ལག་ལེན་ལ་སྦྱར་ཏེ་བསམ་པ་དང་བསྒོམ་པ་དུས་མཉམ་པ་ཞིག་བྱེད་དགོས། ད་སྔོན་རང་གཞན་གཉིས་ལ་ཉམས་མྱོང་དང་སྦྱར་ན། ཆོས་སང་སྒྲུབ་གནང་སྒྲུབ་ཀྱིས་མི་ཚེ་ཟད་སོང་། ཕུག་རོན་གྱིས་ཉལ་ས་བཅའ་ཚེ་ནམ་ལང་བ་ལྟར། འཇིག་རྟེན་མ་འགྲུབ་ཅིང་སྐྱིད་རྗེས་སུ་འོང་བའི་འདུག་ཆས་ཁོ་ན་སྒྲུབ་སྟེ་བསྡད། ཆོས་ཀྱང་མ་འགྲུབ། སང་དང་གནང་གི་ཕྱི་བཤོལ་ལེ་ལོ་རྐྱང་རྐྱང་གིས་དུས་འདའ་བ་མ་གཏོགས་ཆོས་དང་འཇིག་རྟེན་གཉིས་ཀ་མ་འགྲུབ་པར་ཚེ་ཕྱི་མའི་ལམ་དུ་འགྱོད་བཞིན་སོང་བ་རང་གཞན་གཉིས་ཀའི་ཕྱོགས་ན་ཅི་འདྲའི་མང་པོ་ཞིག་ཡོད། དེའང་བྱ་སྔོན་མ་ཤི་བའི་རོ་ལ་བལྟས་ན། རྗེས་མ་མི་རྟག་པ་དེ་དང་འདྲའོ། །དེས་ན་འུ་ཅག་གིས་དེ་ལྟར་མི་བྱེད་འདི་ལྟར་བྱེད་ཅེས། བདག་གིས་ངག་འདོན་ཐུང་ཐུང་གོ་སླ་ཉན་བདེ་བ་དེ་ཉིད་གཞིར་བཟུང་ནས་ལམ་ལོག་པ་ལས་ལྡོག་བྱེད་སྐྱབས་འགྲོ་དང་། ལམ་དམན་པ་ལས་ལྡོག་བྱེད་སེམས་བསྐྱེད། གཞན་ཡང་ཚོགས་བསགས་སྒྲིབ་སྦྱོང་གི་སྒོ་མཐའ་ཡས་པ་ཞིག་ཡོད་པ་ཡན་ལག་བདུན་དང་། དེའི་གནད་ཐམས་ཅད་བསགས་སྦྱོང་གཉིས་སུ་འདུ་ཚུལ་བཤད་ལ། དེ་བཞིན་རྫོགས་ཆེན་དངོས་གཞིའི་ཉམས་ལེན་ལ་འབྲལ་ཐབས་མེད་ཅིང་རྟོགས་པའི་ཡེ་ཤེས་རང་རྒྱུད་དུ་བཙན་ཐབས་སུ་འདྲེན་བྱེད་ཟབ་ལམ་བླ་མའི་རྣལ་འབྱོར་གྱི་ཁྲིད་ཀྱང་དེའི་ཞར་ལ་བཤད་དོ། །ཁྲིད་བཤད་པ་ལའང་མོས་ཁྲིད་དང་སྨིན་ཁྲིད་གཉིས་ཡོད་ལ། དེ་གཉིས་ལས་སྨིན་ཅིང་གྲོལ་བ་དོན་ལ་ཕན་པའི་སྨིན་ཁྲིད་བཤད། བཤད་ཚུལ་ལའང་ཚོགས་བཤད་དང་སློབ་བཤད་གཉིས་ལས། ཚིག་ལ་གྲིམ་པའི་སྙན་ཆ་དང་མཛེས་ཆོས་གཙོ་བོར་མ་བཟུང་བར་སློབ་མའི་རྒྱུད་ལ་ཕན་པའི་སློབ་ཁྲིད་དེ་རང་རྒྱུད་དཔེ་མཚོན་ལ་བཀོད་ནས་བཤད་དེ། ཁྱིམ་པ་ཕོ་མོར་སྒོམ་རྒྱག་སྟངས་ཀྱང་བསླབ། དེའང་ལུས་ཀྱི་འདུག་སྟངས་རྣམ་སྣང་ཆོས་བདུན། སེམས་ཀྱི་བཞག་ཐབས་ཡིད་དུས་གསུམ་གྱི་རྗེས་སུ་མི་འབྲང་། ལུས་སེམས་གཉིས་ཆར་རང་བབས་སུ་ལྷོད་དེ་བཞག་པའི་སྟེང་དུ་ཞི་གནས་དང་ལྷག་མཐོང་ཟུང་འབྲེལ་གྱི་རྣལ་འབྱོར་བསམ་གཏན་དང་ཤེས་རབ་གཉིས་དང་རྗེས་སུ་འབྲེལ་བ་སྟེ། མཉམ་བཞག་ནམ་མཁའ་ལྟ་བུ་དང་རྗེས་ཐོབ་སྒྱུ་མ་ལྟ་བུའི་ཉམས་ལེན་གྱི་གནད་ཀྱང་ཕྱོགས་ཙམ་བཤད་པའི་ཚུལ་མཛད་ཅིང་། དེ་ནས་ཞིང་ཁྲིད་དངོས་ལ་ཀུན་མཁྱེན་འཇིགས་གླིང་གི་གསུང་བྱིན་རླབས་ཅན་ཏེ། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་སོགས་ཤོ་ལོ་ཀ་གཅིག་གི་སྟེང་ནས་བཤད་རྒྱུ་བྱས་མོད། འོན་ཀྱང་དེར་ཐུག་དུས་འུ་བུ་ཅག་གི་ཆོས་ཁྲིད་ཉི་མ་བཞི་ལྔ་བོ་ལོན་ཟིན་པས་ན། དུས་ཚོད་ཀྱིས་མ་འདང་བའི་དབང་གིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་རགས་བསྡུས་ཀྱི་མགོ་ཙམ་སྨྲོས་ཏེ། བླ་མ་དང་མགོན་པོ་འོད་དཔག་མེད་དབྱེར་མེད་དུ་མོས་པ་ལ་རྒྱུ་བཞི་འདུ་ཚུལ་དང་། དེ་བཞིན་སྔར་བཤད་པའི་སྒྲ་ཕབ་རེ་ལའང་ཉོན་དང་ཕན་ཐོག་ཅུང་ཟད་འབྱུང་སྲིད་དོ། །ཞེས་ཕྱོགས་ཙམ་ཞིག་བསྟན་ནས་འདུས་པ་ཐམས་ཅད་རང་གནས་སུ་གྱེས་སོང་བ་ཡིན། དུས་དེ་ནས་ད་ལྟ་ལ་མ་ཐུག་གི་བར་དུ་ལོ་གཅིག་སྟེ་ཟླ་བ་བཅུ་གཉིས་འཁོར་ནས་སླར་ཡང་རང་རེ་མ་ཤི་བ་ཐམས་ཅད་བསྐལ་བ་བརྒྱའི་ནང་གི་དུས་ཚོད་གཅིག་ཅེས་པ་ལྟར་ལོ་གཅིག་རིང་གི་དུས་གཅིག་འདི་ལ་འཛོམ་པ་ཡིན། དེ་ལྟར་འཛོམ་པ་ལ་ན་ནིང་གི་འཕྲོར་མཐུད་དེ་བདེ་ཆེན་ཞིང་ཁྲིད་ཀྱི་ཉམས་ལེན་ལ་དམིགས་ནས། ཉམས་ལ་རན་པོ་གནད་ལ་ཁེལ་བ། ཕན་ཐོག་རེ་འབྱུང་བའི་ཆེད་དུ་སྔོན་གྱི་དེབ་ཆུང་དེ་ལ་ཡང་བསྐྱར་བལྟས་ནས་འཆད་རྩིས་ཡིན། དེའང་དེབ་ཆུང་ངམ་ཡིག་ལྡེབ་གཅིག་ཙམ་གྱི་ངག་འདོན་ཤིན་ཏུ་བསྡུས་པ་ཞེས་པ་འདི་ནི། འཇིག་རྟེན་བྱ་བའི་ལས་བྲེལ་ཅན་གྱི་ཁྱིམ་པ་དུས་རྒྱུན་ཡིག་ཆ་སྣ་མང་ཀློག་ལོངས་མེད་པའམ་ཡི་གེ་འབྲི་ཀློག་གི་སྦྱང་བ་ཆེན་པོ་མ་བརྒྱུད་པ་ཚོར་ཁ་ཐོག་ནས་བསླབ་ཀྱང་བློར་འཛིན་བདེ་ཞིང་ཤེས་སླ་བར་དམིགས་ནས་བྲིས་པ་ཞིག་ཡིན་ལ། འདི་ཉིད་ཀྱི་བྱེ་བྲག་གི་མིང་དངོས་ནི་བྱིན་རླབས་གློག་ཞགས་ཞེས་རང་གིས་བཏགས་པའོ། །དེའི་དོན་ནི་འདི་ཉིད་ཚིག་ཉུང་ཡང་བརྗོད་དོན་དམ་པའི་སྐྱེས་བུའི་གསུང་གི་གནད་འདུས་པས་ན། དུས་གསུམ་རྒྱལ་བའི་ཞལ་ཚབ། དགོངས་བརྒྱུད་བླ་མའི་བྱིན་རླབས་འདྲེན་པ་ལ་མྱུར་བ། ནམ་མཁའི་གློག་གི་ཞགས་པའི་དཔེའི་གཟུགས་ཅན་དུ་བཀོད་དེ་མྱུར་བའི་ཆ་ནས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པའི་མིང་ཞིག་གོ །ད་ནི་ཡིག་དེབ་དེར་ལྟོས་དང་ཐོག་མར་འདི་ལྟར་འཁོད་དེ། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་དགོངས། །ཞེས་པས་ནི་ཚོགས་ཞིང་བསྒོམ་པ་ཤུགས་བསྟན་གྱིས་དགོངས་གསོལ་གྱི་སྙན་གསན་དབབ་ཅིང་། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །ཞེས་པ་འདིས་སྐྱབས་འགྲོ་དང་། སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་སྐྱེད། །ཅེས་པས་སེམས་བསྐྱེད་བསྟན། ཕྱག་འཚལ་མཆོད་འབུལ་སྡིག་ལྟུང་ཐམས་ཅད་བཤགས། །དགེ་ལ་ཡི་རངས་ཆོས་འཁོར་བསྐོར་བར་སྐུལ། །མི་འདའ་བཞུགས་གསོལ་དགེ་ཀུན་བྱང་ཆུབ་བསྔོ། །ཞེས་པའི་ཚིག་རྐང་གསུམ་གྱིས་ཡན་ལག་བདུན་པ་དང་བཅས་ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་དངོས་ཤུགས་བརྒྱུད་གསུམ་གྱིས་བསྟན་པའོ། །འདི་མན་ཆད་དངོས་གཞི་ལ་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་གནད་བསྡུས་ནས་བསྟན་པར་སྣང་སྟེ། དེའང་བསྐྱེད་པ་མ་ཧཱ་ཡོ་ག རྫོགས་པ་ཨ་ནུ་ཡོ་ག རྫོགས་ཆེན་ཨ་ཏི་ཡོ་ག་གསུམ་གྱི་གནད་ཅི་ལྟར་བསྟན་ཡོད་ཅེ་ན། མདུན་མཁར་འདབ་སྟོང་པདྨའི་དབུས་བཞུགས་པའི་། །སྐྱབས་གནས་ཀུན་འདུས་བླ་མ་རྡོ་རྗེ་འཆང་། །ངོ་བོ་སངས་རྒྱས་ཀུན་དང་དབྱེར་མེད་པ། །རྣམ་པ་མཚོ་སྐྱེས་རྡོ་རྗེའི་གནས་གསུམ་ལས། །དཀར་དམར་མཐིང་གའི་འོད་འཕྲོས་སྒོ་གསུམ་ཐིམ། །ཞེས་པའི་ཚིག་རྐང་ལྔ་བོ་འདིས་བསྐྱེད་རིམ་བསྟན་ཞིང་། སླར་ཡང་ཐུགས་ཀའི་འོད་མཐིང་སྙིང་ལ་ཐིམ། །སྒྲིབ་དག་དབང་ཐོབ་སྐུ་བཞིའི་ས་བོན་ཐེབས། །གུ་རུའི་ཐུགས་ཀའི་འོད་དམར་གྱིས་དྲངས་ནས། །བདག་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ། །འོད་དམར་གྱུར་ཏེ་བླ་མའི་ཐུགས་ཀར་ཐིམ། །ཞེས་པའི་ཚིག་རྐང་ལྔས་རྫོགས་རིམ་ཐུན་མོང་བ་བསྟན་ལ། ཐུགས་ཡིད་དབྱེར་མེད་ཆོས་སྐུའི་དགོངས་པར་འདྲེས། །སྟོང་གསལ་མཐའ་དབུས་བྲལ་བའི་ཆོས་ཀྱི་དབྱིངས། །འཛིན་མེད་འོད་གསལ་རིག་སྟོང་རྗེན་པའི་གཤིས། །ཡེ་ཤེས་གཅིག་གི་ངོ་བོར་རོ་གཅིག་པུ། །མ་བཅོས་མཉམ་པ་ཆེན་པོའི་ཀློང་དུ་ཨ། །ཞེས་ཐ་མའི་ཚིག་རྐང་ལྔས་རྫོགས་རིམ་ཀུན་གྱི་མཐར་ཐུག་ཐུན་མིན་རྫོགས་པ་ཆེན་པོའི་གནད་བསྟན་ཏོ། །ཞེས་བརྗོད་གཡོ་མེད་མཉམ་པར་བཞག །ཐུན་མཐར་དཔལ་ལྡན་བླ་མ་སོགས་ཡིག་ཆུང་གིས་མི་གཡོ་མཉམ་པ་ཆེན་པོའི་དགོངས་དོན་གཞི་འབྲས་དབྱེར་མེད་ཀྱི་གནད་གསང་མཉམ་པར་གཞག་བྱ་འཇོག་བྱེད་དང་བྲལ་བ་ཆོས་དབྱིངས་ཐིག་ལེ་ཉག་གཅིག་དབྱིངས་དང་ཡེ་ཤེས་དབྱེར་མེད་སྟོང་གསལ་མཐའ་དབུས་དང་བྲལ་བའི་ངང་ལས་མ་བྲལ་བར་བྱ་བས་རྗེས་ཐོབ་སྤྱོད་པའི་བོགས་འདོན་གྱི་གོ་དོན་ཡང་བསྟན་ནོ། །དེ་ཡན་ཆད་གྱི་གོ་དོན་ནི་ལོ་སྔོན་མར་བཤད་ཟིན་ལ། དེའང་དང་སྒྲ་འོག་མ་སྡུད་པའི་ཚིག་གིས་དྲངས་ནས། ད་ལོར་གང་འཆད་པར་བྱ་བ། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་དང་། །ཞེས་པ་སོགས་ཤོ་ལོ་ཀ་གཉིས་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིི་སྡོམ་གྱིས་བསྡུས་པས་ན། བདེ་ཆེན་ཞིང་ཁྲིད་ནི་འདི་ཉིད་རྩལ་འདོན་གྱིས་གསལ་ཁ་བཏོད་ནས་འཆད་པར་བྱའོ། །དེའང་དེབ་ཆུང་འདི་ཉིད་དུས་རྒྱུན་ངག་འདོན་གྱི་སྔོན་འགྲོ་དང་བླ་མའི་རྣལ་འབྱོར་ལ་གཙོ་བོར་བྱེད་དུས་སུ། ཆོས་ཉིད་མི་འགྱུར་ལ་སོགས་པ་ནི་མཇུག་གི་སྨོན་ལམ་གྱི་ཚུལ་འདོན་པ་དང་། བྱང་སྨོན་གཙོ་བྱས་འདི་ལྟར་ཉམས་ལེན་སྒོམ་ཁྲིད་ཀྱི་ཚེ་ན་སྔ་མ་རྣམས་ནི་འདི་ཉིད་ཀྱི་སྔོན་འགྲོའམ། ཡང་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའང་གོང་དུ་སོང་མ་ཐག་པའི་ཐུན་མོང་གི་བསགས་སྦྱང་དང་བསྐྱེད་རྫོགས་རྫོགས་ཆེན་གསུམ་གྱི་དམིགས་རིམ་ལས་མ་འདས་པར་བྱ། གཞན་ཡང་མདོ་ཡི་དགོངས་པ་སྔགས་ཀྱིས་གབ་བཏོན་བྱུང་བ་མདོ་སྔགས་ཟུང་འབྲེལ་གྱི་མན་ངག་སྟེ། གསེར་གྱི་མཆོད་སྡོང་ལ་གཡུ་དང་མུ་མེན་གྱིས་ཕྲ་རྒྱན་བཏབ་པ་ལྟ་བུ་ཞིག་ཡིན་པར་བཤད་ཆོག དེ་ལྟར་འཆད་ཉན་བྱེད་པ་ལ་སྤྱིར་ཐེག་པ་ཆེན་པོའི་ཆོས་ནི་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བ་དམ་པ་གསུམ་གྱིས་རྩིས་ཟིན་པ་ཞིག་དགོས་པས་ན། དེ་ལ་ཐོག་མར་མེད་དུ་མི་རུང་བ་ནི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ཡིན་པས་ན། འདི་ལྟར་ནམ་མཁས་གར་ཁྱབ་ལ་སེམས་ཅན་གྱིས་ཁྱབ་ཅིང་། སེམས་ཅན་གྱིས་གར་ཁྱབ་ལ་ལས་དང་ཉོན་མོངས་པས་ཁྱབ། ལས་དང་ཉོན་མོངས་པས་གར་ཁྱབ་ལ་སྡུག་བསྔལ་གྱིས་ཁྱབ། དེ་ལྟར་སྡུག་བསྔལ་རྣམ་གསུམ་གྱིས་མནར་བའི་སེམས་ཅན་འདི་དག་ཐམས་ཅད་ནི་གཞན་མ་ཡིན་ཏེ། རང་ཉིད་ཀྱི་འཁོར་བ་ཐོག་མེད་ནས་ཕ་མར་གྱུར་པ་ཁོ་ན་ཡིན། དེ་དག་གི་གྲས་སུ་ཕ་དང་མ་བྱེད་མ་མྱོང་བ་ནི་མེད་ལ། དེའང་ད་ལྟའི་ཕ་མ་བཞིན་དུ་དྲིན་ཆེན་པོས་བསྐྱངས་བའི་དྲིན་ཆེན་ཤ་སྟག་ཡིན། དེ་ལྟར་ཡིན་པའང་གཞན་གྱི་ངག་ཙམ་ལ་ཉན་ནས་དེ་འདྲ་ཡིན་སྲིད་སྙམ་པ་ཙམ་དུ་མི་འཇོག་པར་ཡིན་མིན་རང་ཉིད་ཀྱི་རིགས་པས་བརྟགས་ཤིང་དཔྱད་དེ་གཏན་ལ་འབེབས་དགོས་ཤིང་། འདི་ལ་བརྟགས་ཤིང་དཔྱད་ནའང་སྤྱིར་རྒྱུ་མེད་ཀྱི་འབྲས་བུ་ཞིག་མི་སྲིད་པས་ན་ད་ལྟའི་རང་གི་ལུས་འདི་ལ་རྫས་རྒྱུན་ཞིག་དང་། སེམས་འདི་ལ་ཤེས་རྒྱུན་ཞིག་ཡོད་ངེས་ལ། དེ་གཉིས་ཀྱི་ཡ་མཐའ་བཙལ་ན་ཐུག་མེད་ཡིན་ཞིང་། དེའང་སྐྱེ་བ་རེ་ལ་ཕ་མ་རེ་ཡོད་པས་ཀྱང་གྲུབ་པར་མ་ཟད། སྟོན་པ་སངས་རྒྱས་ཀྱི་བཀའ་ལུང་བསླུ་བ་མེད་པ་སྟོང་རྟེན་འབྱུང་གི་བདེན་དོན་འཁྲུལ་བ་སྤངས་པས་ཀྱང་ཆེ་ས་ནས་འགྲུབ་པས་ན། ཆུང་ས་ནས་བྱིས་བློའི་རྣམ་དཔྱོད་ཀྱིས་གཞལ་མི་དགོས་པར་ལུང་བཞིན་སྨྲ་ཤེས་པས་ཆོག དེ་ལྟར་ངེས་ནས་ད་ལྟ་རང་རེས་དལ་འབྱོར་ཚང་བའི་ལུས་རྟེན་བླང་ཞིང་། དམ་པའི་ལྷ་ཆོས་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་ཡོད་བཞིན་དུ། འདི་ཉིད་དོན་མེད་དུ་མི་འདའ་བར་མ་རྒན་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་བསྒྲལ་ཏེ་གཏན་གྱི་བདེ་བ་སངས་རྒྱས་ཀྱི་གོ་འཕང་དམ་པར་འགོད་པ་ལ། དེ་ལྟར་འགོད་ནུས་པའི་སྟོབས་དང་ནུས་པ་ཅན་རྫོགས་པའི་བྱང་ཆུབ་སྒྲུབ་པའི་ཕྱིར་ཆོས་འཆད་ཉན་ལ་འཇུག་ཅིང་། དེ་ཙམ་དུ་མ་ཟད་ཐོས་བསམ་གྱི་སྙིང་པོ་བསྒོམ་པའི་ཉམས་ལེན་ལ་བརྩོན་ནས་ཚུལ་བཞིན་རྒྱུད་ལ་འབྱོར་བ་ཞིག་བྱ་དགོས་སྙམ་པ་ཡིད་ལ་ཟུངས་ཤིག དེའང་ཐེག་ཆེན་གྱི་ཆོས་དར་བའི་ཡུལ་དུ་མདོ་སྔགས་ཀྱི་ཆོས་གང་འཆད་ཀྱང་ཀུན་གྱིས་ཚིག་རྐང་དེ་དག་གིས་གསལ་འདེབས་བྱེད་དོ། །དེ་ལྟར་ཀུན་སློང་བཅོས་དགོས་པར་མ་ཟད། ཇི་སྐད་དུ་ཀུན་མཁྱེན་ཀློང་ཆེན་པས། ཁྱད་པར་ཐེག་ཆེན་དགེ་བ་རླབས་པོ་ཆེ། །སྦྱོར་བ་སེམས་བསྐྱེད་དངོས་གཞི་དམིགས་པ་མེད། །རྗེས་ལ་བསྔོ་བས་ཡོངས་སུ་ཟིན་པ་སྟེ། །ཐར་ལམ་སྒྲུབ་པའི་ཤེས་པ་རྣམ་གསུམ་ཡིན། །ཞེས་གསུངས་པ་ལྟར། ཐར་ལམ་ཡང་དག་པ་ཞིག་མི་སྒྲུབ་ན་དེར་ཟད་ཀྱི་དངོས་གནས་བསྒྲུབ་པར་འདོད་ན་དེ་གསུམ་མེད་ཐབས་མེད་ལ། ཁྱད་པར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཅིང་། བྱང་སེམས་རྒྱུད་ལ་སྐྱེས་པ་དེ་ཉིད་མི་ཉམས་པ་ནི། ཇི་སྐད་དུ། ཡོད་ན་སངས་རྒྱས་སྒྲུབ་ལ་དེས་ཆོག་གི། མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །ཞེས་དང་། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར་རོ། །འོན་ཀྱང་དེའི་དོན་ཡིད་ན་མེད་པར་རྗེས་ཟློས་ངག་འདོན་ཁ་བཤད་ཙམ་དུ་གྱུར་ན་དེ་ནི་དོན་དང་མ་འབྲེལ་ཞིང་། ཁྱད་པར་འདི་ནས་ཁྲིད་བཤད་པ་ནི། ལོང་བའི་ལག་མགོ་ནས་འཇུས་ཏེ་འདོད་པའི་ཡུལ་དང་བདེ་བའི་གནས་ཞིག་ཏུ་སྐྱེལ་བའི་དཔེ་དོན་བཞིན་མ་ནོར་ལམ་གྱི་འཇུག་སྒོ་ནས་ཁྲིད་དེ་ཡང་དག་བསྒྲུབ་བྱའི་འབྲས་བུ་མངོན་དུ་བྱེད་པ་ཡིན་ཞེས་བཤད་ན། དེའང་སྤྱིར་ཁྲིད་མཁན་རང་ལ་ལམ་རྒྱུས་ཡང་དག་པ་ཞིག་ཡོད་དགོས་ཤིང་། དེ་དགོས་པ་ལ་ཐོག་མར་གཏམ་གྱི་མགོ་འཛུགས་ས་སྟེ། སེམས་ཅན་ཐམས་ཅད་ཕ་མར་ཤེས་པ་འདིའི་ཐད་དུ་རང་བློ་རང་ལ་ཡིད་མི་ཆེས་པའི་གནོང་ཞིག་ཡོད་པར་འདུག སྤྱིར་ན་ཆོས་འཆད་མཁན་ནི་མངོན་ཤེས་ཅན་ཞིག་ཡིན་དགོས་ཤིང་། དེའི་རྒྱུ་མཚན་ནི་ཆོས་འཆད་པ་གདུལ་བྱའི་རྒྱུད་ལ་ཕན་པའི་ཕྱིར་ཡིན་ན། གདུལ་བྱ་ལ་འདྲ་དང་མི་འདྲ་སྣ་ཚོགས་ཡོད་པས་ཁམས་དབང་མོས་པ་ཤེས་པའི་ནུས་པ་ཡོད་དགོས། ནུས་པ་དེ་མེད་ན་ནད་པའི་ནད་ངོས་མ་ཟིན་པའི་སྨན་པས་ཡིད་ཚོད་ཀྱིས་སྨན་སྟེར་བ་དང་འདྲ་བར་བྱེད་པ་ལས་ཐབས་མེད་ལ། དེ་འདྲ་བ་ནི་སྨན་དུ་འགྱུར་རམ་དུག་ཏུ་འགྱུར་མི་ཤེས། སྤྱིར་བསམ་པ་བཟང་བ་ཙམ་གྱིས་མི་ཆོག་སྟེ། ག་བུར་ནི་ཚ་བ་སེལ་བའི་སྨན་མཆོག་ཡིན་ཡང་སྦྱིན་ཡུལ་མ་ཤེས་ན་རླུང་ནད་ཅན་ལ་དུག་ཏུ་འགྱུར་ཉེན་ཡང་ཆེའོ། །འོ་ན་ཁྱེད་ཀྱིས་ཆོས་ཅི་ལྟར་འཆད་རྩིས་ཡིན་ཞེས་དྲི་བ་ཞིག་བཀོད་ན། རང་ལྟ་བུས་ནི་སློབ་དཔོན་སངས་རྒྱས་ཀྱི་འཆད་སྟངས་དང་། སློབ་དཔོན་དགྲ་བཅོམ་པས་འཆད་སྟངས། སློབ་དཔོན་པཎྜི་ཊས་ཆོས་འཆད་སྟངས་སོགས་མ་ཤེས་ན། མངོན་ཤེས་མི་འདུག་པས་གཞན་རྒྱུད་མི་རྟོགས་མོད། རང་རྒྱུས་རང་ལ་ཡོད་པས་རང་རྒྱུད་རྟོགས་ཤིང་། རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་སོ་སོའི་སྐྱེ་བོའི་བསམ་སྤྱོད་མདོག་མ་བརྗེས་ཤིང་སྤུ་མ་འགྱུར་བ་དེ་ཉིད་གཞིར་བཞག་ནས། སྤྱིར་སེམས་ཅན་མཐའ་ཡས་ཀྱང་སོ་སོའི་སྐྱེ་བོའི་ཆ་ཙམ་འདྲ་བར་ཡོད་པའི་དཔེ་འཇོག་གིས་རང་རྒྱུད་གཞིར་བཟུང་ནས་འཆད་པ་ཡིན། དེ་ལྟར་བསམ་བློ་ཞིབ་ཏུ་བཏང་ན་ང་དང་ཁྱོད་ཀྱི་ཁྱད་ཕྱེ་སར་ཐུག་དུས། གཞན་བདེ་ས་དང་རང་གཟར་ས་རུ་འཇོག་ཟེར་བ་དེ་ལས་སླ་བ་ཞིག་མིན། མཐའ་ཡས་སེམས་ཅན་ཐམས་ཅད་ཕ་མར་བསམ་མི་ནུས་པར་མ་ཟད་ཚེ་འདིའི་ཕ་མ་དྲིན་ཆེན་ཡིན་རུང་བརྩི་འཇོག་མེད་པའི་མི་ཅི་འདྲའི་མང་པོ་ཞིག་ཡོད། དེའང་ཕ་ལ་ཕར་མི་བརྩི། མ་ལ་མར་མི་བརྩི། སློབ་དཔོན་ལ་སློབ་དཔོན་དུ་མི་འཛིན། ཞེས་པ་དེ་སྙིགས་མའི་རང་རྟགས་ཡིན་ལ། དེ་འདྲའི་མི་སྡུག་པོ་དངོས་ནི་ཆོས་ར་འདིར་སླེབས་མེད་སྙམ་མོད། མཐའ་ཡས་པའི་སེམས་ཅན་བགྲང་གིས་མི་ལང་བའི་ཚུལ་ལ་དཔྱད་པ་ཞིག་བྱས་ན། ང་དང་ཁྱོད་དང་ཁོ་གསུམ་གྱི་རིགས་སུ་འདུ་ཞིང་། དེ་ལ་ངེད་ཚོ་དང་ཁྱེད་ཚོ་དང་ཁོང་ཚོ་ཞེས་པ་བཞིན་དུ། ངས་ང་ལ་ང་རང་བསམ་ཞིང་། ཁྱོད་ཀྱིས་ཁྱོད་ལ་ང་རང་བསམ། ཁོས་ཁོ་ལ་ང་རང་བསམ་པས་ན་དོན་ལ་ཐམས་ཅད་ཀྱིས་ང་རང་བསམ་ནས་རང་གཅེས་པར་འཛིན་པ་ཤ་སྟག་ཡིན་པས་ན། ཇི་སྐད་དུ། དང་པོ་ང་ཞེས་བདག་ལ་ཞེན་གྱུར་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་པ། །ཞེས་པ་ལྟར་ང་དང་ང་ཡིར་འཛིན་པ་འདི་བྱུང་བས་ན་སྲིད་རྩ་ནི་བདག་འཛིན་ལྷན་སྐྱེས་ཀྱི་མ་རིག་པ་ཡིན། ང་མེད་ལ་ང་དང་བདག་མེད་ལ་བདག་ཏུ་འཛིན་པ་འདི་མ་ལྡོག་པར་འཁོར་བའི་རྩ་བ་མི་ཆོད་ཅིང་། དེ་ལ་འཁོར་བའི་སྡུག་བསྔལ་གྱི་རྩ་བ་ནི་ཆགས་སོགས་ཉོན་མོངས་པར་ཐུག ཉོན་མོངས་པའི་དངོས་གཉེན་ནི་བདག་མེད་རྟོགས་པའི་ཤེས་རབ་ཡིན་ན། དེའང་ཕུང་བོ་ལ་བརྟེན་ནས་བདག་ཏུ་བཏགས་པ་འདི་རང་གི་ངོ་བོས་མ་གྲུབ་པ་གང་ཟག་གི་བདག་མེད་ཡིན་ཡང་འདྲ། ཡན་ལག་ལ་སོགས་པའི་ཚོགས་པར་བརྟེན་ནས་བཏགས་པ་ལུས་སོགས་རང་གི་ངོ་བོས་སྟོང་པ་ཆོས་ཀྱི་བདག་མེད་ཡིན་ཡང་རུང་། སྟོང་གཞི་ཆོས་ཅན་གྱི་ཆ་ནས་དབྱེ་བ་ཙམ་མ་གཏོགས་ངར་འཛིན་ལྷན་སྐྱེས་ཀྱི་ཡུལ་དུ་གྱུར་པའི་བདག་ནི་རང་བཞིན་གྱིས་གྲུབ་པ་མེད་པ་སྟེ། དམིགས་མེད་ཀྱི་བདེན་པ་ཁོང་དུ་མ་ཆུད་པར་བདག་མེད་རྟོགས་ཐབས་མི་འདུག དེས་ན་ཆོས་བདག་མེད་རྟོགས་པའི་ཡེ་ཤེས་ནི་སྤྱི་དང་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་བྱེ་བྲག་ཡིན་པས་ན། བྱང་ཆུབ་སེམས་དཔའི་སེར་སྣ་ལ་སོགས་པས་ཐར་བ་ལ་སྒྲིབ་པའི་ཉོན་སྒྲིབ་དང་། འཁོར་གསུམ་རྣམ་པར་རྟོག་པས་ཐམས་ཅད་མཁྱེན་པ་ལ་སྒྲིབ་པས་ཤེས་སྒྲིབ། དེ་ལྟའི་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་ནས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་ཐར་བ་ཡང་དག་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་དགོས་སོ། །དེ་ལ་ཁ་ཅིག་འདི་སྙམ་དུ་ང་དང་ཁྱོད་ལ་བདག་ཅེས་པ་ཞིག་མེད་ན། སངས་རྒྱས་ཀྱི་གོ་འཕང་སུ་ལ་ཐོབ་དགོས་ཟེར་ན། དོན་དམ་པར་གང་ལ་ཐོབ་པ་སེམས་ཅན་དང་གང་ཞིག་ཐོབ་པ་སངས་རྒྱས་བདེན་གྲུབ་ཅིག་མེད་དེ། དོན་དམ་རྟོགས་པའི་ངོར་མྱ་ངན་ལས་འདས་པ་དང་མ་འདས་པའི་འཁོར་འདས་རོ་མཉམ་ཞིང་ཤེས་དང་ཤེས་བྱ་མཉམ་ཉིད་ཡིན་དེའི་ཕྱིར་ན། གཉིས་ལ་མི་གནས་ཐར་བ་མཆོག །ཅེས་པའི་དོན་སྒྲུབ་པ་ལ་འཇུག་གོ །ཡིན་ནའང་མ་རྟོགས་པའི་སེམས་ཅན་གྱི་ངོར་རྨོངས་པའི་འཁྲུལ་སྣང་ཡོད་པ་བཟློག་ཏུ་མེད་དེ། རང་རྒྱུད་ལྡན་གྱི་གང་ཟག་ཐམས་ཅད་ལ་ཐུན་མོང་མཐུན་སྣང་དུ་གྲུབ་ཡོད། དེའང་ཀུན་ཉོན་འཁོར་བའི་ཕྱོགས་དང་དེ་ལྡོག་པའི་རྣམ་བྱང་གཉིས་ལས་ལོགས་སུ་མྱང་འདས་ཞེས་པ་མ་གྲུབ་ལ། ཐར་བ་ནོར་ཙམ་ཟད་པ་ཡིན། །ཞེས་གསུངས་པ་ལྟར་བློ་ནོར་བའི་འཁྲུལ་བ་ཟད་པ་ལ་ཐར་བ་དང་མྱང་འདས་ཞེས་བཏགས་པའོ། །སླར་ཡང་སྐབས་བབ་ཀྱི་འཆད་བྱ་དངོས་ལ་འཇུག་ན། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་མེད་པས་དེ་དག་གི་དོན་དུ་བྱང་ཆུབ་སྒྲུབ་འདོད་ཀྱི་བློ་ཡོད་དགོས། དེའང་ཇི་ལྟར་ཕ་མར་གྱུར་པ་བཞིན་དགྲ་ཟླ་དང་བཏང་སྙོམས་པར་གྱུར་པའང་གྲངས་ཀྱིས་ག་ལ་ཆོད། ཚུལ་དེ་ནི་མགོ་མཚུངས་ཀྱི་རིགས་པས་ཀྱང་ཤེས་མོད། འོན་ཀྱང་འདིར་བཤད་བྱ་དངོས་ནི་གཞན་དོན་སྙིང་རྗེའི་བསམ་པ་ཀུན་ལ་ཁྱབ་པ་ཞིག་ཡོད་དགོས་པ་དེའོ། །འདི་ལ་བདག་དང་གཞན་དུ་མ་གྲུབ་ན་སུ་ཞིག་གིས་གང་ལ་སྙིང་རྗེ་སྐྱེད་དགོས་པ་ཡིན་ཞེ་ན། དོན་དམ་པར་རང་གཞན་སེམས་ཅན་ཐམས་ཅད་སྐྱེ་མ་མྱོང་ཞིང་འགག་པ་མེད་པ་སྟོང་ཉིད་བསམ་ངོ་དང་བྲལ་བ་ལས་མ་འདས་པ་ཡིན་པས་དེ་དང་རྗེས་མཐུན་དམིགས་མེད་ཀྱི་བློ་ཞིག་རང་རྒྱུད་ལ་མ་སྐྱེས་ན། མཐའ་ཡས་སེམས་ཅན་ཐམས་ཅད་ལ་ཁྱབ་པའི་སྙིང་རྗེ་ཕ་མཐའ་བྲལ་བ་ཞིག་སྐྱེ་བར་མི་ནུས། རང་རེས་དུས་རྒྱུན་སྙིང་རེ་རྗེ་ཞེས་བརྗོད་ཁུལ་བྱེད་མོད། དེ་ལ་བརྟགས་ཤིང་དཔྱད་ན་སྙིང་རྗེ་ཉི་ཚེ་བ་ཆགས་ཞེན་དང་འབྲེལ་བའི་འདོད་ཆགས་ཀྱི་རྣམ་པ་ཅན་སྙིང་རྗེའི་མིང་ཙམ་ཡང་གདགས་རིན་མེད་པ་སྟེ། རང་གི་བུ་ཚ་རྒྱུད་དང་གཉེན་ཉེ་རིང་ལ་གཅེས་སེམས་ཀྱི་ཆགས་ཞེན། དེ་ཙམ་ནི་གཅན་གཟན་གཏུམ་པོ་དག་ལའང་ཐུན་མོང་དུ་ཡོད། འུ་ཅག་གིས་འདིར་ཆོས་ཁྲིད་གཞན་དང་མི་འདྲ་བར་སྨིན་ཁྲིད་བྱེད་པ་ཡིན་པས་ཆོས་འཆད་ཉན་གཟུགས་བརྙན་ཙམ་གྱིས་རང་གཞན་གཉིས་ཀའི་མགོ་མི་སྐོར། གདུགས་དང་རྒྱལ་མཚན་བ་དན་གསུམ་ཡ་ལེ་ཡོལ་ལེ། ཞེས་པ་ལྟར་ད་སྔ་ཡན་ཆད་གྱི་མི་ཚེ་འདས་ཟིན་མོད། ད་ནི་དེ་འདྲས་མི་ཚེ་སྐྱེལ་ལོང་མི་འདུག་སྟེ། ཞིབ་འདང་རེ་རྒྱོབ་དང་ལོ་ན་རྒན་གཞོན་གཉིས་ཀར་རང་རང་གི་མི་ཚེའི་ལོ་ཟླའི་ནང་ཅི་ཙམ་དོན་མེད་དུ་གྱུར་སོང་། དེ་དག་ཕྱིར་ཡོང་ཐབས་མེད་ཀྱང་ད་ལྟ་ཤུལ་དུ་ལྷག་པའི་གསེར་ལས་ཀྱང་རིན་ཐང་ཆེ་བའི་དུས་ཚོད་ནི་དོན་མེད་དུ་ཟད་པར་བྱ་མི་རིགས། དེ་ལ་ཆོས་ཉན་པ་དང་བསམ་པ་གཉིས་དུས་གཅིག བསམ་པ་དང་བསྒོམ་པ་གཉིས་དུས་གཅིག གདན་ས་དེའི་སྟེང་ནས་ཐོབ་བྱ་ལག་ཏུ་འབྱུང་བ་ཞིག་བྱེད་དགོས་ཟེར་གྱི་འདུག་མོད། ཆོས་ད་ལོ་ཉན་ནའང་དེ་ཙམ་ཞིག སང་ལོ་ཞུས་ནའང་དེ་ཙམ་ཞིག་མ་ཡིན་པར་རང་གི་རྒྱུད་ལ་ཡར་སྐྱེད་བྱུང་སྟེ། རབ་རང་གཞན་བདེ་ལ་འགོད་ནུས་པའི་འབྲེལ་ཚད་དོན་ལྡན་ཞིག འབྲིང་རང་མགོ་རང་གིས་ཐོན་པ་ཞིག ཐ་མའང་ཤི་ཁར་བློ་ཕམ་མེད་ཅིང་འགྱོད་པ་མེད་པ་རང་རྒྱུད་ཐར་བའི་ལམ་སྣེ་ཟིན་པ་ཞིག་མ་བྱུང་བར་ཆོས་ཐོས་ནས་ལོ་བརྒྱ་སོང་ཡང་ལས་དང་པོ་པའི་ས་ལས་མི་འཕགས། དེ་ལྟ་ནའང་ཆོས་ཀྱི་སྒྲ་ཐོས་པའི་ཕན་ཡོན་ཙམ་ནི་ཡོད་དེ། སློབ་དཔོན་དབྱིག་གཉེན་གྱིས་མདོ་གསུངས་པའི་ཆོས་སྒྲ་སྡོང་གསེབ་ཀྱི་ཕུག་རོན་ཞིག་གི་རྣ་བར་ཐོས། དེ་ཉིད་ཚེ་འཕོས་ནས་མི་ལུས་བླང་ཞིང་སློབ་དཔོན་རང་གི་སློབ་མ་མངོན་པ་རང་ལས་མཁས་པ་སློབ་དཔོན་བློ་གྲོས་བརྟན་པར་གྱུར་པ་མ་ཡིན་ནམ། དེའི་ཕྱིར་ཆོས་རྔ་སྒྲོག་པའི་སྒྲ་ཐོས་པ་ལའང་ཕན་ཡོན་མེད་པ་མིན་ལ། ད་སྔོན་ཆོས་ཞུས་ཚད་དང་ཐོས་ཚད་དོན་མེད་དུ་སོང་བ་མིན་མོད། དོན་སྒོ་དེ་ལས་ཆེ་བ་མ་ཐོབ་པ་ཡིན་པས་ན། ཆོས་ཐོག་མར་འཆད་ས་དང་ཉན་སའི་ཚིག་མགོ་ནས་བཟུང་དར་ཞུད་འཐེན་པ་ལྟ་བུར་མི་འགྱུར་བར་བསམ་བློ་གཏོང་དགོས། དེའང་ཅི་ཡིན་འདི་ཡིན་མ་ཚོར་བར་ལུང་མདོར་ཐོན་པ་ལ་དར་ཞུད་འཐེན་པ་ཟེར་ཏེ་འཁྱག་ཞུད་རྒྱག་པའི་དོན། ལས་བྱ་བ་གང་ལའང་རྟེན་འབྲེལ་མགོ་ནས་འཆུག་ན་མཇུག་ཏུ་འཆུག་སྟེ། ཚེས་གཅིག་བརྩི་ནོར་བྱུང་སྟེ་ཚེས་གཉིས་སུ་བརྩིས་ན། ཚེས་གཉིས་ཚེས་གསུམ་དང་ཚེས་གསུམ་ཚེས་བཞི་རུ་མི་བརྩི་ཐབས་མེད་ཡིན། དེ་ལྟར་ཆད་ལྷག་ཟླ་ལྷག་གཅིག་ཀྱང་མི་བརྩི་བར་བྱས་ན་ནམ་ཞིག་ཚེས་བཅོ་ལྔ་གནམ་གང་དུ་གྱུར་ཅིང་བཅོ་ལྔའི་ཟླ་བ་འཆར་རྒྱུ་མེད་པ་ཞིག་ཏུ་མགོ་འཁོར་བར་འགྱུར་ལ། དེ་འདྲ་བ་ནི་ལས་བྱ་བ་ཐོག་མར་མ་ལེགས་པར་ནོར་བ་ཡིན་པས་སོ། །དེས་ན་མཐའ་ཡས་པའི་སེམས་ཅན་ལ་དམིགས་པའི་སྙིང་རྗེ་བསྒོམ་པར་ཐོག་མར་བསམ་པ་བཟང་པོ་ནས་འགོ་འཛུགས་དགོས། དེའང་རང་ལ་ཅི་དགོས་གཞན་ལའང་དགོས་ཤིང་། རང་གིས་མི་འདོད་པ་གཞན་གྱིས་ཀྱང་མི་འདོད། བདག་རང་ཉིད་མིན་ཚད་ཐམས་ཅད་གཞན་ཡིན་ཏེ། ཁྱིམ་བཟའ་ཚང་གཉེན་ཉེ་དགའ་མཛའ་རང་ལས་ཀྱང་གཅེས་པར་འདོད་པ་འདི་དག་ཀྱང་གཞན་གྱི་ཁོངས་སུ་གཏོགས་སོ། །རང་མ་སྐྱེས་པའི་སྔ་རོལ་དུ་ཁྱིམ་འདིར་རང་ཉིད་མེད་ལ། ད་ལྟའི་སྐབས་ཀྱི་གཉེན་ཉེ་མཛའ་བཤེས་ཉིན་རེར་ཡང་འབྲལ་བར་མི་ཕོད་པ་འདི་དག་ངོ་མ་ཤེས་པའི་སྔོན་དུ་བརྩེ་དུང་དང་ཆགས་ཞེན་གྱི་འཆིང་བ་དམ་པོ་འདི་མེད། དེའང་འདི་ལྟར་དགྲ་ཡིན་པར་བསམ་དུས་རང་ལ་ལྟོས་ན་དགྲ་ཡིན་ཏེ་མཐོང་ཡང་ཡིད་དུ་མི་འོང་པའི་དགྲ་མི་ནག་དེ་ཡིན་མོད། ཁོ་རང་གི་གཉེན་ལ་ལྟོས་ན་གཉེན་ཡིན་ཏེ་ཡིད་འོང་གི་དངོས་པོ་རིག་ན་དགའ་ཞིང་མཐོང་ན་སྐྱིད་པ་ཞིག་ལོས་ཡིན། དེའི་ཕྱིར་དགྲ་གཉེན་བར་མ་ལ་ངེས་པ་མེད། གལ་ཏེ་རང་སྐྱོན་གྱི་ངོས་སུ་མེ་ལོང་ཞིག་གཏད་ནས་བལྟས་ན། གཞན་སྐྱིད་པར་མི་འདོད་སྡུག་པར་འདོད་པ། བསྟོད་པར་མི་འདོད་སྨད་པར་འདོད་པ། གཞན་སྐྱོན་རྗེས་བརྗོད་བྱེད་པ་རྩེད་མཚར་ཙམ་དུ་བརྩི་བ་འདི་དག་ནི་འདྲེ་སེམས་མ་ཡིན་ནམ། འདི་ལ་ད་དུང་མུ་མཐུད་པར་གྱུར་ན་འདྲེ་རུ་མ་གྱུར་ཀྱང་གདོན་དུ་སྐྱེ་བར་འགྱུར་སྙམ་པ་ཞིག་གོ །དེས་ན་ཐམས་ཅད་ཀྱིས་སྡུག་བསྔལ་མི་མྱོང་བར་བདེ་བ་རེ་ཐོབ་ན་སྙམ་ནས་བསམ་ངན་མེད་པའི་བསམ་བཟང་གི་སྤྱོད་པ་སྣ་རེ་ཡིན་ཡང་སྒྲུབ་ཅི་ཐུབ་དང་། སྤྱོད་ངན་སྣ་རེ་ཡིན་ཡང་སྤང་ཅི་ཐུབ་བྱེད་དགོས་ལ། དེའང་བློ་ཆུང་ལས་དང་པོ་པས་ཐོག་མར་རང་ཉིད་དང་། དེ་ནས་ཁྱིམ་མི། དེ་ནས་གཉེན་ཉེ་དུ་དང་ཡུལ་སྡེ། མཐར་དགྲ་དང་བཅས་པར་ཁྱབ་ནུས་པའི་བསམ་པ་བཟང་པོའི་སྟེང་ནས་སྙིང་རྗེ་གཙོ་བོར་བྱས་པའི་ཚད་མེད་བཞི་མན་ངག་གི་ལུགས་ལྟར་བསྒོམ་དགོས། དེའང་སྙིང་རེ་རྗེ་ཞེས་པ་ཙམ་ལ་གོ་དོན་ཆ་ཚང་མི་འདུག་སྟེ། སྤྱིར་སྙིང་རྗེ་ལ་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་། ཆོས་ལ་དམིགས་པའི་སྙིང་རྗེ། དམིགས་པ་མེད་པའི་སྙིང་རྗེ་བཅས་ཀྱི་དབྱེ་བ་ཡོད་ལ། སེམས་ཅན་ལ་དམིགས་པའི་སྙིང་རྗེ་ཞེས་པ་ནི། བདེ་སྡུག་བར་མའི་ཡུལ་གྱིས་བསྡུས་པའི་སེམས་ཅན་ནམ་མཁའི་གར་ཁྱབ་ལ་སྙིང་རྗེ་བསྒོམ་པ་ནས་སྦྱོང་དགོས་པ་དེ་དང་། དེ་མིན་ཆོས་ལ་དམིགས་པའི་སྙིང་རྗེ་ནི། ཆོས་འདུས་བྱས་ཕུང་པོ་སྐད་ཅིག་མའི་རྒྱུན་ལ་བཏགས་པའི་ཁྱད་པར་དུ་བྱས་པ་སེམས་ཅན་འཁྲུལ་བའི་རང་བཞིན་ཡིན་པ་ཤེས་ནས་སྙིང་རྗེ་བའོ། །དེའི་སྟེང་དུ་དམིགས་པ་མེད་པའི་རྙིང་རྗེ་ནི། སྙིང་རྗེ་ཡུལ་གྱི་སེམས་ཅན་ཡང་བློས་བཏགས་པ་ཙམ་ལས་རང་བཞིན་གྱིས་གྲུབ་པ་མེད་པར་ཤེས་པའི་གང་ལ་དམིགས་བྱ་དམིགས་བྱེད་དང་བྲལ་བའི་ཆོས་ཉིད་མ་དམིགས་པའི་སྙིང་རྗེ་དེ་ཉིད་བསྒོམ་པའོ། །དེའང་ཐོག་མར་བསམ་པ་བཟང་པོ་ནས་འགོ་རྩོམ་ཞིང་། རྒྱས་པར་བཤད་ན་ཚད་མེད་བཞི་དང་། བསྡུས་ན་བྱམས་དང་སྙིང་རྗེས་དྲངས་པའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རང་གི་རྒྱུད་ལ་སྐྱེད་ཅིང་མི་ཉམས་པར་བྱ། དེ་ལ་སྦྱོར་བ་སེམས་བསྐྱེད་དམ་པ་ཞེས་པ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་པ་ཡིད་ལ་དྲན་པ་ཙམ་བྱས་རྗེས་དེ་ནས་བསྐྱུར་ཆོག་པ་ཞིག་མ་ཡིན་ཏེ། ཇི་སྐད་དུ། སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་པ་ལྟར་འདི་ནི་ཐེག་ཆེན་མདོ་སྔགས་གཉིས་ཀའི་ལམ་གྱི་གཞུང་ཤིང་ཡིན་པར་མ་ཟད། གཞན་ཡང་ཇི་སྐད་དུ། གང་ཕྱིར་བརྩེ་ཉིད་རྒྱལ་བའི་ལོ་ཏོག་ཕུན་ཚོགས་འདིའི། །ཞེས་པ་སོགས་ཀྱི་དོན་བཞིན་དུ་སྙིང་རྗེའི་སེམས་ནི་ཐོག་མཐའ་བར་གསུམ་དུ་འབྲལ་ཐབས་མེད་ལ་རྒྱལ་བའི་ཡེ་ཤེས་བརྙེས་ཀྱང་འབྲལ་དུ་མེད་པ། དེའང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ཏེ། སྙིང་རྗེ་ནི་སྟོང་ཉིད་ཀྱི་རང་གདངས་ཡིན་པས་ན། ལམ་ལ་སློབ་དུས་སུ་ཀུན་རྫོབ་བྱང་སེམས་ཀྱིས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་། དོན་དམ་བྱང་སེམས་ཀྱིས་ཡེ་ཤེས་ཀྱི་ཚོགས་རྫོགས་པ་ཡིན་ན། དངོས་གཞི་དམིགས་པ་མེད་པར་སོ་སོའི་སྐྱེ་བོའི་ས་ནས་བློ་མཐུ་ངོ་མ་ཞིག་མ་བརྙེས་ཀྱང་དེ་དང་རྗེས་སུ་མཐུན་པའི་ལམ། དེའང་རྗེས་མཐུན་བྱེད་པ་འཇུག་པའི་རྒྱུ་ཡིན་པས་ན་སྟོང་ཉིད་རྗེས་མཐུན་པར་བློ་ཁ་ཕྱོགས་ནས། བླ་མའི་རྣལ་འབྱོར་གྱིས་ཐུགས་ཡིད་དབྱེར་མེད་དུ་བསྲེས་ཏེ་གསལ་སྟོང་མཐའ་དབུས་དང་བྲལ་བ་ཆོས་ཉིད་ནམ་མཁའ་ལྟ་བུའི་གོ་དོན་ལ་སེམས་ཕྱོགས་པ་དང་མ་བྲལ་ཞིང་། རྗེས་བསྔོ་བ་དམ་པའི་སྐབས་སུ་དམིགས་བསམ་བརྗོད་པ་དང་བྲལ་བའི་མཉམ་བཞག་གི་ངང་ལས་མ་གཡེལ་བ། རྗེས་ཐོབ་སྒྱུ་མ་ལྟ་བུའི་དགེ་ཚོགས་སྒྱུ་མ་ལྟ་བུའི་སེམས་ཅན་ལ་དམིགས་ནས་སྒྱུ་མ་ལྟ་བུའི་རྒྱལ་བའི་སྐུ་དང་ཡེ་ཤེས་ཐོབ་པར་བྱེད་པ་ནི། བསྔོ་བྱ་སྔོ་བྱེད་བསྔོ་ཡུལ་དང་བཅས་པ་སྒྱུ་མ་ལྟ་བུར་འཁོར་གསུམ་འཛིན་མེད་དུ་བསྔོ་བར་བྱེད་པའོ། །སྒོ་གསུམ་དང་འབྲེལ་བའི་དགེ་རྩའི་གཟུགས་བརྙན་ཆེ་ཆུང་ལ་མ་ལྟོས་པར་གང་བསྒྲུབ་ཀྱང་ཐེག་ཆེན་ཐར་བ་ཆ་མཐུན་ནི་མངོན་པར་རྫོགས་པར་འཚང་རྒྱ་བར་ཡོད་དགོས་པའི་རྒྱུ་མེད་ན་ཐབས་མེད་པ་ཡིན་ལ། དེ་ལྟའི་ཐོག་མཐའ་བར་གསུམ་གྱི་ཆོས་ལ་དམ་པ་གསུམ་ཟེར། ཀུན་མཁྱེན་ཀློང་ཆེན་པས། དེས་ནི་འཁོར་བའི་ཞེན་འཛིན་རང་གྲོལ་ཏེ། །སྒྱུ་མར་གྲོལ་ནས་མི་གནས་མྱ་ངན་འདའ། །སྒྱུ་མ་ལྟ་བུའི་དོན་གཉིས་ལྷུན་འགྲུབ་སྟེ། །དེ་ཕྱིར་སྒྱུ་མ་ལྟ་བུའི་དོན་སྒོམས་ཤིག །ཅེས་གསུངས་སོ། །དེ་འདྲའི་སྦྱོར་དངོས་རྗེས་གསུམ་དམ་པ་གསུམ་ཚང་བའི་ཐེག་པ་ཆེན་པོའི་ཆོས་སྒྲུབ་ལུགས་ཤེས་ན་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་ལོགས་སུ་བཤད་མི་དགོས། དེ་ནས་མདོ་སྔགས་ཟུང་འབྲེལ་གྱི་ཆོས་འཆད་པ་ལ། སྔགས་ཀྱི་ཐུན་མོང་མ་ཡིན་པའི་དགོས་ཆོས་ནི། ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་ཡིན་པས་དེ་ངེས་པར་ཡོད་དགོས། དེའང་བདེ་བ་ཅན་གྱི་ཞིང་ཁམས་ནི་གསང་བ་སྔགས་ལྟར་ན་རིགས་ལྔ་སྟུག་པོ་བཀོད་པའི་ཞིང་ཁམས་ཏེ། ནུབ་སྣང་བ་མཐའ་ཡས་པདྨའི་རིགས། གསུང་མ་ཆགས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རང་གཟུགས་ཡིན་ལ། དེའི་རྣམ་པ་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་སུ་ཤར་བ་རྣམ་གྲོལ་དབུགས་ཆེན་འབྱིན་པའི་ཞིང་ལྔའི་ཡ་གྱལ་དང་གཉིས་སུ་མ་མཆིས་པས་ན། དེའང་ཡུལ་ག་ཤེད་དུ་སོང་ན་ཐོན་པའི་འཇིག་རྟེན་ས་སྤྱོད་ཀྱི་གནས་དང་འདྲ་བར་མི་བལྟ་བར། རང་སྣང་དག་པའི་ཚེ་ན་དག་པ་ཡེ་ཤེས་ཀྱི་ཞིང་ཁམས་མངོན་དུ་གྱུར་པ་ཡིན་པའི་དབང་གིས་ད་ལྟ་བསྒྲུབ་ནས་གྲུབ་འབྲས་མངོན་དུ་གྱུར་ན་ཕྱི་མ་བདེ་བ་ཅན་དུ་ཕ་ཁྱིམ་བུ་འགྲོ་ཡིན་པར་བསམ་ལ། དེའང་སྣོད་བཅུད་དག་པ་རབ་འབྱམས་ཡེ་ནས་རྒྱལ་བའི་དཀྱིལ་འཁོར་ཡིན་ཡང་། ཐང་ཁྲོམ་ཟོས་པའི་མིག་ལམ་ལ་མེད་སྣང་གི་གཟུགས་བརྙན་འཆར་བ་བཞིན་དུ། མ་དག་པའི་སྣང་བ་འདི་ནི་འཁྲུལ་བའི་སྣང་ཚུལ་ཙམ་ལས་དོན་གྱི་གནས་ཚུལ་ཡིན་ལུགས་དངོས་སུ་མ་གྲུབ་པར་ཤེས་ནས། ད་ལྟ་ཆོས་ཞུ་བའི་སྐབས་སུའང་གནས་འདི་ཐ་མལ་འཇིག་རྟེན་གྱི་ཡུལ་མ་དག་འཁོར་བའི་སྣོད་དུ་མི་བསམ་པར་གནས་རྣམ་པར་དག་པ་བདེ་བ་ཅན་གྱི་ཞིང་ཁམས་སུ་དམིགས་ཤིང་། དུས་ནི་འདས་བྱས་ཀྱི་མཚན་མ་ཅན་དུས་གསུམ་གྱིས་བསྡུས་པ་མ་ཡིན་པར་མཚན་མེད་འདས་མ་བྱས་གྱི་དུས་དང་། ཆོས་འཆད་པའི་སྟོན་པ་ཐ་མལ་མིའི་གཟུགས་སུ་མི་བལྟ་བར་སྟོན་པ་རྒྱལ་བ་འོད་དཔག་མེད་ཀྱི་ཞལ་སྔ་ནས་དང་། འཁོར་རང་བཞིན་སྙིགས་མའི་སེམས་ཅན་མ་ཡིན་པར་དག་པ་འཕགས་པའི་དགེ་འདུན་ཉན་རང་བྱང་སེམས་ལྷ་མིའི་རྣམ་པ་ཅན་ཤ་སྟག ཆོས་བདག་མེད་རྟོག་བཏགས་དང་བྲལ་བའི་བསམ་གཏན་དང་ཤེས་རབ་ཀྱིས་ཁྱད་པར་དུ་བྱས་པ་དང་། གསང་ཆེན་སྔགས་ཀྱི་ཐེག་པའི་རྒྱུད་དང་རྫོགས་རིམ་དང་རྫོགས་ཆེན་གྱི་ལམ། ཟབ་ཞི་སྤྲོས་པ་དང་བྲལ་བ་འོད་གསལ་འདུས་མ་བྱས་པ་སྒྲ་ཚིག་ཐ་མལ་གྱི་བརྒྱུད་པ་ལས་འདས་པ་གསལ་དང་སྙན་དང་དག་དང་ཟབ་པ་ཚངས་པའི་དབྱངས་ཀྱིས་སྟོན་བཞིན་ཡོད་པར་བསམ་ལ། གཞན་ཡང་སློབ་དཔོན་སངས་རྒྱས་འོད་དཔག་མེད་དུ་གསལ་བའི་ལྗགས་ལས་འོད་ཟེར་དབྱངས་དང་གསལ་བྱེད་ཀྱི་རྣམ་པར་འཕྲོས་ནས་ཆོས་ཉན་པ་པོ་རང་གི་སྙིང་ཁར་ཐིམ་ཚེ་དཔོན་སློབ་དགོངས་པ་གཅིག་ཏུ་གྱུར་ཏེ། མགོན་པོ་འོད་དཔག་མེད་ཀྱི་ཐུགས་མཁྱེན་གཉིས་ཡེ་ཤེས་རང་ལ་ཐོབ་པར་མོས་ནས་ཉན་པའོ། །དེ་བཞིན་ཆོས་འཆད་པའི་སློབ་དཔོན་གྱིས་ཀྱང་ཉན་པ་པོ་སློབ་མའི་རྒྱུད་ལ་ཕན་འདོད་ཀྱི་ཆོས་སྦྱིན་སོགས་ཕར་ཕྱིན་དྲུག་ཚང་བའི་སྒོ་ནས་འཆད་དགོས་ལ། ཉན་མཁན་སློབ་མས་ཀྱང་དེ་བཞིན་ཆོས་ཕྱིར་མཆོད་འབུལ་བྱེད་པ་སྦྱིན་པ་དང་། སྨྲ་བ་སྡོམ་པ་སོགས་ཀུན་སྤྱོད་གཙང་བ་ཚུལ་ཁྲིམས། ཆོས་ཉན་དུས་སྐྱོ་ངལ་མེད་པར་དཀའ་བ་སྤྱད་ནས་ཉན་པ་ཆོས་ཕྱིར་དཀའ་སྤྱད་བཟོད་པའི་བཟོད་པ། ལེ་ལོ་དང་ཕྱི་བཤོལ་མེད་པ་བརྩོན་འགྲུས། ལོག་ལྟ་དང་རྣམ་གཡེང་མེད་པ་བསམ་གཏན། ཚིག་དོན་རྣམ་པར་འབྱེད་པའི་ཤེས་རབ་བཅས་ཕར་ཕྱིན་དྲུག་ཚང་བར་བྱས་ཏེ་ཉན་དགོས་སོ། །དེའང་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ཆོས་ཁྲིད་ཐུན་གཅིག་པོ་འདིར་ཡང་ཚང་སྟེ། རྒྱུ་བཞི་བོ་འདིར་ཚོགས་ཀུན་གྱི་བློ་ངོར་ཡོད་དེ། རྟེན་ཞིང་ཁམས་ཡིད་ལ་བྱེད་པ་དང་གཅིག རྒྱུ་ཚོགས་བསགས་སྒྲིབ་སྦྱོང་དང་གཉིས། གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་གསུམ། རྐྱེན་སྨོན་ལམ་དག་པས་མཚམས་སྦྱོར་བ་དང་བཞི་ཡིན་ལ། ཚིག་བསྡུས་ཏེ་རང་གིས་གོ་སླ་ཞིང་ཡིད་ལ་འཛིན་བདེ་བའི་ཆེད་དུ། རྟེན། རྒྱུ། གྲོགས། རྐྱེན་བཞི་ཞེས་བྱ། དེའང་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་ནི། གོང་དུ་སྨྲོས་པ་བཞིན་སྣོད་དག་པ་བདེ་བ་ཅན་གྱི་ཞིང་ཁམས་དང་བཅུད་དག་པ་མགོན་པོ་འོད་དཔག་མེད་འཁོར་བཅས་གསལ་འདེབས་པ། དེའང་མ་ཡིན་པ་ལ་ཡིན་པར་བློས་བཏགས་པ་བྱིས་པས་རྩེད་རྡོ་སྒྲིག་པ་ལྟ་བུ་མིན་པར་དོན་ལ་དེ་ལྟར་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་བསྐྱེད་པ་ཙམ་མོ། །དོན་ལ་དེ་ལྟར་ཨེ་ཡིན་སྙམ་པ་ནི་ཐེ་ཚོམ་ཡིན་ལ། ཡིད་གཉིས་ཐེ་ཚོམ་ཅན་གྱིས་གལ་ཏེ་རྒྱུ་བཞི་འགྲུབ་ནས་ཞིང་དེར་སྐྱེས་པར་གྱུར་ཀྱང་། ཡུན་རིང་མེ་ཏོག་པདྨའི་ཁ་མི་འབྱེད་པས་བདེ་བར་གཤེགས་པའི་ཞལ་ལོ་གྲངས་མང་པོར་མི་མཇལ། དེ་ནས་རྒྱུ་ནི་འདིར་སྦྱོར་དངོས་རྗེས་ཀྱི་དམ་པ་རྣམ་གསུམ་ཚང་བ་གཞིར་བྱས་བསྐྱེད་དང་རྫོགས་དང་རྫོགས་ཆེན་གྱི་ལམ་དང་འབྲེལ་བའི་ཚོགས་བསགས་སྒྲིབ་སྦྱོང་གཉིས་སྟབས་གཅིག་ཏུ་འགྲུབ་པ་དང་། གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཐོག་མཐའ་བར་གསུམ་དུ་ཚང་བའི་སྟེང་། རྐྱེན་སྨོན་ལམ་དག་པ་འདུན་པས་ཁ་བསྒྱུར་བའི་མཇུག་བསྔོ་བའི་ཞལ་འདོན་དང་མཉམ་དུ་ཚང་། དེའང་ཆེས་གལ་ཆེ་བ་ནི་སེམས་འདི་ད་ལྟ་ནས་བདེ་བ་ཅན་གྱི་སེམས་སུ་གྱུར་ན་ལུས་བརྗེས་མ་ཐག་བདེ་བ་ཅན་དུ་པདྨའི་སྙིང་པོར་འོད་ལུས་སུ་སྐྱེ་བར་ཚེགས་མེད་དོ། །རྣམ་རྟོག་སྤྲོས་བའི་དྲྭ་བ་ཕར་བཏང་ནས་གཡོ་མེད་སྟོང་གསལ་གྱི་ཏིང་འཛིན་བརྟན་པ་གཞིར་བྱས་འཛིན་མེད་རང་གསལ་ཤེས་རབ་གྱི་རྩལ་ཆེན་རྫོགས་ན་བདེ་བ་ཅན་གྱི་ཞིང་ཁམས་ཕྱི་ནས་འཚོལ་མི་དགོས་པར་ནང་ནས་རྙེད་ཡོང་། ནང་སེམས་ཉིད་ཆོས་སྐུའི་ངོ་བོ་འོད་དཔག་མེད་དུ་མཐོང་ན་ངེས་དོན་འོད་དཔག་མེད་ཀྱི་རང་ཞལ་དེ་དུས་མཇལ་བ་ཡིན། དེའི་ཕྱིར་འདི་ཉིད་བཀྲལ་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་ལ་གྲངས་བཞིས་མི་ཚད་པར་མཐའ་ཡས་རྒྱལ་བའི་མཁྱེན་རབ་དང་ཞིང་ཁམས། སེམས་ཅན་གྱི་གྲངས་དང་བློ་ཡི་རིམ་པ་ལྟར་ནམ་མཁའི་མཐའ་བཞིན་ཚད་མེད་དོ། །འོན་ཀྱང་ཚུར་བསྡུས་ན་རྒྱུ་བཞི་དང་དེ་ལས་ཀྱང་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་ཁོ་ནས་ཀྱང་སྐྱེ་བར་ནུས་པའི་གོ་དོན་གྱི་སྒྲོག་དེ་ལྟར་ཁྲོལ་དགོས། དེའང་ངེད་ཅག་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཞི་གནས་ཞེས་པ་དང་ལྷག་མཐོང་དང་ཏིང་འཛིན་དང་ཤེས་རབ་དང་བདག་ལྟ་དང་བདག་མེད་སོགས་ཅི་ཡིན་མི་རྟོགས་པའི་ཆོས་སྐད་མང་པོ་དང་བསྲེས་ནས་བཤད་ན་དོན་མ་ཟད་ཚིག་ཀྱང་ལེགས་པོ་ཞིག་མི་གོ་བས་བདེ་བ་ཅན་དུ་སྐྱེ་བའི་ལས་སྨོན་མེད་པ་མ་ཡིན་ནམ་སྙམ་དུ་མི་བསམ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། དོན་དམ་པ་ནི་དད་པའི་རྟོགས་པར་བྱ་བའོ། །ཞེས་གསུངས་པས་ན། ཆོས་སྣང་བའི་སྒོ་དད་པ་ཡིན་པས་དེ་ཉིད་དད་པས་ཕྱེས་ན། ཤེས་བྱ་རྣམ་པར་འབྱེད་པའི་ཤེས་རབ་ལ་དབང་ཐོབ་པ་སྟེ་བདེ་བ་ཅན་གྱི་ཞིང་དུ་སྐྱེས་པ་དང་དུས་མཉམ་དུ་བདེ་བར་གཤེགས་པའི་གསུང་ཐོས་ཤིང་སྔ་ན་མེད་པའི་ཏིང་འཛིན་དང་ཤེས་རབ་བརྒྱ་ཕྲག་གི་སྒོ་མོ་དེ་དུས་འབྱེད་དོ། །དད་པ་མེད་ན་སྦྱང་བར་མཛད་པའི་གཞུང་ལུགས་ཀྱི་ཆོས་སྐད་འགའ་རེའི་སྟེང་ནས་ཡར་བཤད་མར་བཤད་སྣ་ཚོགས་པ་ལོག་པའི་ཤེས་རབ་ཀྱིས་ལོག་ལྟ་སྐྱེ་བྱེད་བཤད་ཤེས་པ་ལ་དོན་མེད་དེ། དགེ་སློང་ལེགས་པའི་སྐར་མས་སྡེ་སྣོད་མང་པོ་བློ་འདོན་ཤར་ཤར་བྱེད་ཅིང་སྒོམ་བརྒྱབ་ནས་སྲིད་རྩེའི་ཏིང་འཛིན་ཐོབ་ཡོད་པར་བཤད་རྒྱུ་མེད་དམ། དེས་ན་རྒྱུ་གཅིག་ཆོག་དད་པ་ལྷད་མེད་ཅིག་ཡོད་ན་དེ་ཁོ་ནས་གོ་ཆོད་དེ། ཨ་རིའི་སྒོར་མོ་ཁྱེར་ནས་འཛམ་བུ་གླིང་གི་ས་ཆ་གང་དུ་སོང་ཡང་གོ་ཆོད་པ་བཞིན་རང་གི་སེམས་ན་དད་པ་ལྷད་མེད་ཅིག་ཡོད་ན་དེས་ཆོག་སྟེ། གནའ་སྔ་མོར་ཡུལ་རྫ་ཆུ་ཁའི་རྒད་པོ་ཞིག་གིས་མགོན་པོ་འོད་དཔག་མེད་ཀྱི་སྐུ་མདོག་སྔོན་པོ་ཡིན་པར་བསམ་ནས་བསྡད། བླ་རྒན་ཞིག་གིས་རྒད་པོ་ལ་སྐུ་མདོག་སྔོན་པོ་མ་ཡིན་པར་དམར་པོ་ཡིན་པར་བཤད་ཀྱང་ཁོས་བདེན་པར་མ་བཟུང་བར་གསོལ་བ་རྩེ་གཅིག་ཏུ་བཏབ་སྟེ་རང་གི་བསྒོམ་ཚུལ་ལྟར་ཡིད་ལ་བྱས། མཐར་ཤི་དུས་མངོན་ཤེས་ཅན་ཞིག་གི་མཐོང་སྣང་དུ་རྒད་པོ་ནི་མགོན་པོ་འོད་དཔག་མེད་སྐུ་མདོག་སྔོན་པོ་ཅན་འཁོར་རྒྱལ་སྲས་བརྒྱད་ཀྱིས་བསྐོར་བ་ཞིག་གིས་ལམ་སྣ་དྲངས་ཏེ་བདེ་བ་ཅན་དུ་སོང་བར་མཐོང་། དེའི་ཕྱིར་དད་པ་ཡོད་ན་གོ་གཅིག་ཆོད་ཀྱི་རྒྱུ་དེ་རང་ལ་ཡོད་པའོ། །དེ་ལ་སྐབས་དོན་བཤད་བྱའི་ཚིག་གི་འབྲུ་མནན་ན་འདི་ལྟར་དཔེ་ཆར་ལྟོས་དང་། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི། །འགག་མེད་སྙིང་རྗེ་ལོངས་སྤྱོད་སྤྱན་རས་གཟིགས། །ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་བའི་སྐུ། །ཞེས་པ་ཀུན་མཁྱེན་འཇིགས་མེད་གླིང་པའི་རྡོ་རྗེའི་གསུང་ཡིན་ལ། ཚིག་རྐང་གསུམ་པོ་འདིས་ནི་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་བསྟན་ལ། དེའི་མཇུག་ཏུ། གསོལ་བ་འདེབས་སོ་ཞེས་པས་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱང་བསྟན། དེའི་འོག་ཏུ། ནད་གདོན་བར་ཆད་སོལ། །འཆི་ཁར་གནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །ཚེ་འདིའི་སྣང་བ་ནུབ་པར་གྱུར་མ་ཐག །བདེ་བ་ཅན་དང་རི་བོ་པོ་ཏ་ལ། །ཟངས་མདོག་དཔལ་ཀྱི་རི་བོར་སྐྱེ་བར་ཤོག །ཅེས་ཚིག་རྐང་བཞི་ལྷག་གིས་རྐྱེན་སྨོན་ལམ་དག་པའི་མཚམས་སྦྱར་བསྟན་ཞིང་། རྒྱུ་གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི་ཆ་མཉམ་དུ་བསྟན་པའོ།།

རྒྱུ་དང་པོ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ།

ཐོག་མར་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་དམ་བཅའ་བཟུང་ཞིང་རྫོགས་སྨིན་སྦྱང་བ་མཐར་ཕྱིན་ཚུལ།

དེའང་ཞིང་ཁམས་བཀོད་ཅིང་འཛིན་པ་པོ་མགོན་པོ་འོད་དཔག་མེད་ཀྱིས་སྔོན་སློབ་པ་ལམ་གྱི་ཚེ་ན། ཐོག་མར་བསམ་པ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་དེ་དམ་བཅའ་བཟུང་ཞིང་རྫོགས་སྨིན་སྦྱང་བ་མཐར་ཕྱིན་ཚུལ་དང་གཅིག བར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞིང་ཁམས་ཁྱད་པར་དུ་འཕགས་པ་བཟུང་ཚུལ་དང་གཉིས། ཐ་མར་སྨོན་ལམ་ཡོངས་སུ་རྫོགས་པའི་ཚུལ་དང་གསུམ་བཤད་དགོས། དེ་ལས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ཚུལ་ལ་གཉིས་ཏེ། དང་པོ་ཐུགས་བསྐྱེད་ཁྱད་པར་ཅན་གྱིས་དམ་བཅའ་མཛད་པ། གཉིས་པ་སྦྱོར་བ་ཁྱད་པར་ཅན་གྱིས་ཚོགས་བསགས་ཏེ་རྫོགས་སྨིན་སྦྱང་བ་མཐར་ཕྱིན་པ།

དང་པོ་ཐུགས་བསྐྱེད་ཁྱད་པར་ཅན་གྱིས་དམ་བཅའ་མཛད་པ།

དེའང་ཞིང་ཁམས་ཀུན་ལས་ཁྱད་པར་དུ་འཕགས་པ་ནུབ་བདེ་བ་ཅན་གྱི་ཞིང་ཁམས་ཡོངས་སུ་འཛིན་པ་པོ་ནི་སངས་རྒྱས་སྣང་བ་མཐའ་ཡས་མགོན་པོ་འོད་དཔག་མེད་ཡིན། ཁོང་ལ་སྐྱེས་རབས་རྣམ་པར་ཐར་བ་མཐའ་ཡས་པ་ཞིག་ཡོད་ཀྱང་ཡོངས་སུ་གྲགས་པ་ནི་འོད་མདོ་དང་སྙིང་རྗེ་པད་དཀར་གཉིས་གཙོ་བོར་བཟུང་ནས་སྟོན་པའོ།།

༡འོད་དཔག་མེད་ཀྱི་མདོའི་འཆད་ཚུལ།

དང་པོ་འོད་དཔག་མེད་ཀྱི་མདོའི་རྗེས་སུ་འབྲང་ནས་བཤད་པ། སྔོན་བསྐལ་བ་དཔག་མེད་བགྲང་དུ་མེད་པ་འདས་པའི་སྔ་རོལ་དུ། སྟོབས་བཅུ་མངའ་བ་འཇིག་རྟེན་གྱི་སྒྲོན་མ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་པོ་ཞེས་བྱ་བ་བྱོན། དེའི་ཚེ་ན་ཁོང་ནི་སློབ་པ་ལམ་ལ་གནས་པ་ས་བརྒྱད་པ་མི་གཡོ་བ་ཐོབ་པའི་བྱང་ཆུབ་སེམས་དཔའ་གཟུངས་དང་སྤོབས་པ་དང་བློ་གྲོས་ལྡན་པའི་མཆོག་ཏུ་གྱུར་པ། ཤེས་རབ་དང་བརྩོན་འགྲུས་དང་ནུས་པ་དང་སྙིང་སྟོབས་རྒྱ་ཆེར་ལྡན་པ། གཞན་དང་མི་མཚུངས་པའི་ཐུགས་བསྐྱེད་མངའ་བ་དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བའི་སྐུའི་སྐྱེ་བ་བཞེས། སངས་རྒྱས་དེའི་ཞབས་འབྲང་བསྙེན་བཀུར་པར་གྱུར་ཚེ་སྙིང་རྗེའི་རྩ་བ་བརྟན་ཞིང་བརྩོན་འགྲུས་ཀྱི་གོ་ཆ་བགོས། སྙིང་སྟོབས་མཆོག་ཏུ་མི་ཕྱེད་ཅིང་སྤོབས་པ་རླབས་ཆེན་དང་ལྡན་པས་སངས་རྒྱས་དེ་ཉིད་ཀྱི་མདུན་ནས་བྱང་ཆུབ་མཆོག་ཏུ་ཐུགས་ཁྱད་པར་ཅན་བསྐྱེད། ས་བརྒྱད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཞིག་གིས་གཟོད་ཐུགས་བསྐྱེད་པ་ཅི་ཞེ་ན། དེ་ནི་ཐུགས་ཁྱད་པར་ཅན་བསྐྱེད་པ་སྟེ། སྨོན་ལམ་དང་འབྲེལ་བའི་ཐུགས་ཁྱད་པར་ཅན་བསྐྱེད་དེ་སངས་རྒྱས་གཞན་ལས་སྨོན་ལམ་རྒྱ་ཆེར་བཏབ། དེའང་འཕགས་པའི་ས་བརྒྱད་པ་མི་གཡོ་བ་ནི་སྨོན་ལམ་གྱི་ཕར་ཕྱིན་རྫོགས་པའི་ས་ཡིན་པ་དང་། ཁྱད་པར་འདི་ཉིད་ཀྱི་ཐུགས་སྟོབས་དང་སྨོན་ལམ་མཚུངས་ཟླ་མེད་པ་ཡིན་པས་ཐོག་མར་ཐུགས་བསྐྱེད་པ་ནས་བཟུང་སངས་རྒྱས་གཅིག་ལ། དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་། །ཞེས་པ་ལྟ་བུའམ་བདག་ཉིད་མངོན་པར་འཚང་རྒྱ་བའི་ཚེ་ན་མཐའ་ཡས་འགྲོ་བའི་དེད་དཔོན་དུ་འགྱུར་བར་ཤོག་ཅིག་ཅེས་པ་ལྟ་བུ་མ་ཡིན་པར་དུས་ཡུན་རིང་བོ་མི་ལོ་བྱེ་བའི་བར་དུ། ལས་དག་དང་མ་དག་པའི་གདུལ་བྱའི་སེམས་ཅན་མང་པོ་དག་པའི་ཞིང་དུ་འདྲེན་པ་དང་། སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་བརྒྱད་ཅུ་རྩ་གཅིག་གི་ཞིང་ཁམས་རྟེན་དང་བཅས་པའི་རྒྱན་བཀོད་དང་། ཆགས་དབྱིབས། ཡེ་ཤེས་དང་ཡོན་ཏན་གྱི་ཆོ་འཕྲུལ་སྣ་ཚོགས་པ་ཇི་ལྟར་ཡེ་ཤེས་རང་སྣང་གི་བཀོད་པ་ལྟར་གཞན་ལ་སྣང་བ། དེ་ཉིད་གཞི་གང་ལས་ཚུལ་ཅི་ལྟར་གདུལ་བྱ་སྣ་ཚོགས་པའི་ངོར་ཐུན་མོང་དུ་གྲུབ་ཚུལ་དང་བཅས་པ་སྐྱོ་ངལ་སྤངས་ཏེ་གསན་ཞིང་། དེར་མ་ཟད་བསྐལ་བ་ཆེན་པོ་ལྔ་ཕྲག་གཅིག་གི་ཡུན་ལ་ཞིང་ཁམས་དེ་དག་གི་ཡོན་ཏན་མ་ལུས་པར་བསམ། ཞིང་ཁམས་གཞན་གྱིས་འགྲན་དུ་མེད་ཅིང་མཚུངས་པ་མེད་པའི་ཁྱད་པར་དུ་འཕགས་པ། དེ་དག་གི་ཡོན་ཏན་དང་བཀོད་པ་གཅིག་ཏུ་བསྡུས་པ་ལྟ་བུའི་ཞིང་། དེ་དག་ལས་བརྒྱ་འགྱུར་དང་སྟོང་འགྱུར་ཁྲི་འགྱུར་དང་འབུམ་འགྱུར་གྱིས་ལྷག་པའི་རང་ཉིད་ཀྱི་ཞིང་ཁམས་དེའི་རྒྱ་ཁྱོན་དང་རང་བཞིན། བདེ་སྐྱིད་ལོངས་སྤྱོད་ཟད་དུ་མེད་པ་ཕུན་སུམ་ཚོགས་པའི་འབྱོར་བ་མཐའ་ཡས་པར་འདུན་པའི་སྟོབས་སྔོན་དུ་བཏང་། དེ་ལྟའི་ཞིང་ཁམས་འགོད་ཅིང་གཟུང་བར་དུས་དེ་ལས་རིང་བར་གསན་བསམ་མཛད་པར་མ་ཟད། སྨོན་ལམ་འགྲུབ་པའི་རྒྱུར་ཟག་མེད་ཀྱི་དགེ་ཚོགས་རྒྱ་ཆེ་བ་བྱང་ཆུབ་སེམས་དཔའ་ས་བརྒྱད་ནོན་པའི་ཚུལ་ཁྲིམས་དང་ཏིང་འཛིན་དང་ཤེས་རབ་ཟད་མི་ཤེས་པ་མངོན་པར་འདུ་བྱས་ཏེ། བདེ་བར་གཤེགས་པ་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་མདུན་ནས་ཞིང་ཁམས་དེ་ལྟ་བུ་ཞིག་གཟུང་བར་སྨོན་ལམ་དང་འབྲེལ་བའི་དམ་བཅའ་སླར་ཡང་མཛད་པ་ལ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་པའི་སྒྲས་བརྗོད་དོ། །ཀུན་མཁྱེན་འཇིགས་གླིང་གི་ཞལ་ནས། གང་ཁྱོད་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་། །དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་གྲགས་ཚེ། །ཞིང་ཁམས་གཟུང་བར་སྨོན་པའི་དམ་བཅའ་ལ། །བླ་མར་བྱའོ་མྱུར་ཏུ་སྐབས་དབྱེར་གསོལ། །ཞེས་པའི་དོན་ནོ། །དེ་ལྟར་ཐུགས་བསྐྱེད་དམ་བཅའ་བཟུང་བ་ནི་འོད་མདོའི་རྗེས་སུ་འབྲང་བའི་འཆད་ཚུལ་ལྟར་བཤད་པ་ཡིན་ནོ།།

༢སྙིང་རྗེ་པདྨ་དཀར་པོའི་མདོའི་འཆད་ཚུལ།

གཉིས་པ་སྙིང་རྗེ་པདྨ་དཀར་པོའི་མདོའི་འཆད་ཚུལ། བསྐལ་བ་གྲངས་མེད་བརྗོད་ལས་འདས་པའི་སྔ་རོལ་ཏུ་མི་ཡུལ་གླིང་བཞིའི་འཇིག་རྟེན་ལ་དབང་སྒྱུར་བའི་འཁོར་ལོས་སྒྱུར་བའི་རྒྱལ་པོ་རྩིབས་ཀྱིས་མུ་ཁྱུད་ཅེས་བྱ་བ་ཞིག་བྱུང་། རྒྱལ་པོ་དེ་ལ་བློན་པོ་མདུན་ན་འདོན་ཆེན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་ཞེས་བྱ་བ་ཞིག་ཡོད། དེ་ལ་བུ་རྒྱ་མཚོའི་སྙིང་པོ་ཞེས་བྱ་བའི་ཁྱེའུ་ཡ་མཚན་པ་ཞིག་འཁྲུངས། དེ་ཉིད་ཆེར་བསྐྱེད་དེ་ན་ཚོད་དར་ལ་བབ་པའི་ཚེ་ན་རབ་ཏུ་བྱུང་ཞིང་མཐར་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན་ལ་སངས་རྒྱས་རིན་ཆེན་སྙིང་པོ་ཞེས་བྱ་བ་འཇིག་རྟེན་གྱི་ཁམས་ལ་ཡོངས་སུ་གྲགས་པའི་སྟོན་པ་ཆེན་པོ་ཞིག་ཏུ་གྱུར། དེའི་མདུན་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོ་བྱང་ཆུབ་སེམས་དཔའ་སྙིང་སྟོབས་ཆེན་པོ་མངའ་བ་རྩིབས་ཀྱིས་མུ་ཁྱུད་ཅན་གྱིས་འགྲོ་བའི་དོན་དུ་ཞིང་ཁམས་ཀུན་ལས་ཁྱད་པར་དུ་འཕགས་ཤིང་ཟླ་དང་བྲལ་བ་ཞིག་གཟུང་བར་ཐུགས་བསྐྱེད་དམ་བཅའ་མཛད་ཅིང་སྨོན་ལམ་བཏབ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ལོ་བདུན་ལ་གཡེང་བ་ཐམས་ཅད་རྣམ་པར་སྤངས་ཤིང་། ལོ་བདུན་པོ་དེའི་རིང་མཉམ་བཞག་གཡོ་མེད་ཀྱི་ཏིང་ངེ་འཛིན་གཅིག་གི་ཁོར་ཡུག་ལ་ནང་དུ་ཡང་དག་འཇོག་པ་ན། དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་བྱིན་རླབས་ཀྱི་མཐུས་ཕྱོགས་བཅུའི་ཕྱོགས་རེ་རེའི་མུ་དང་མཐའ་ཟད་པ་མེད་པ་ན། སངས་རྒྱས་ཀྱི་ཞིང་ཇི་སྙེད་འཇིག་རྟེན་ཁམས་ཀྱི་རྡུལ་གྲངས་དང་མཉམ་པ། དེ་དག་རེ་རེའང་རྒྱན་དང་བཀོད་པས་ཁྱད་པར་དུ་འཕགས་ཤིང་བདེ་ཞིང་སྐྱིད་པ་འབྱོར་བའི་ཡོན་ཏན་གཅིག་ལས་གཅིག་ལྷག་པ་མཐོང་། དེ་དག་རྒྱུ་ཅི་དང་རྐྱེན་གང་ལས་བྱུང་བ་དང་དེ་དག་གི་སྔོན་དང་བར་དང་ཕྱི་མའི་མཐའ་ལ་རྣམ་པར་བརྟགས་ཤིང་དཔྱད་པ་མཛད། དེ་དང་ཆབས་ཅིག་ཞིང་ཁམས་སྦྱངས་ཤིང་ཞིང་ཁམས་དེ་དག་གི་རྒྱལ་བ་ཐམས་ཅད་ལས་ཆོས་ཞུས་ཏེ་གསན་བསམ་གཙོ་བོར་མཛད་ཅིང་། མཐའ་ཡས་སེམས་ཅན་རྒྱ་མཚོ་སྒྲོལ་ཕྱིར་དུ་ཞིང་ཁམས་རྒྱ་མཚོ་དེ་དག་གི་སངས་རྒྱས་རྒྱ་མཚོའི་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་པའི་ཐུགས་བསྐྱེད་དང་སྨོན་ལམ་རྒྱ་མཚོ་ཡོངས་སུ་རྫོགས་པའི་ཚུལ་ཐམས་ཅད་ལ་མཁས་པར་མཛད། དེ་ནས་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་སྤྱན་སྔར་ཐུགས་བསྐྱེད་རྨད་དུ་བྱུང་བ་བདེ་བར་གཤེགས་པའི་ཞིང་ཁམས། ཇི་སྙེད་སྟོང་ཁམས་འཇིག་རྟེན་གྱི་བྱེ་སྙེད་རྡུལ་གྲངས་ལས་འདས་པའི་ཞིང་གིི་ཡོན་ཏན་དང་འབྱོར་བ་ཕྱོགས་གཅིག་ཏུ་བསྡུས་པའི་ཞིང་ཁམས་གཟུང་བར་ཐུགས་བསྐྱེད་ཅིང་སྨོན་ལམ་དང་དམ་བཅའ་མཛད། དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོའི་ཕྱག་གཡས་པ་དབུ་ལ་བཞག་ནས། ཁྱོད་ཉིད་མ་འོངས་པ་ན་དེ་བཞིན་གཤེགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་འོད་སྣང་མཐའ་ཡས་རྡུལ་བྲལ་ཤིན་ཏུ་རྣམ་པར་དག་པ་ཞེས་བྱ་བར་འགྱུར་རོ་གསུངས་ནས་བྱིན་གྱིས་བརླབས་ཤིང་དབང་བསྐུར་ཏེ། གསུང་གི་དབུགས་དབྱུང་གནང་ཞིང་མཚན་གྱི་ལུང་བསྟན་མཛད། ཐུགས་བསྐྱེད་རྨད་བྱུང་ཁྱད་འཕགས་ཀྱིས་མཐའ་ཡས་འགྲོ་བ་སྒྲོལ་བའི་མགོན་པོ་མཚན་ཙམ་གྱིས་ཀྱང་ངན་སོང་ལས་སྐྱོབ་པར་གཟེངས་བསྟོད། སྙིང་རྗེའི་པད་དཀར་གྱི་མདོའི་རྗེས་སུ་འབྲང་ན་མགོན་པོ་འོད་དཔག་མེད་ཀྱིས་ཞིང་ཁམས་བཟུང་ནས་ཐུགས་བསྐྱེད་དམ་བཅའ་མཛད་པའི་སྐུ་ཚེའིི་ཐོག་མ་ནི་དེ་ཡིན་པར་གསུངས་སོ།།

༣མདོ་དེ་གཉིས་ཀྱི་དགོངས་པ་འགལ་མེད་དུ་སྒྲུབ་པ།

མདོ་དེ་གཉིས་ཀྱི་དགོངས་པ་འགལ་མེད་དུ་སྒྲུབ་པ། དོན་ལ་ལུགས་དེ་གཉིས་འགལ་འདུ་མ་ཡིན་ཏེ། རང་རེ་སོ་སོའི་སྐྱེ་བོ་བྱིས་པའི་བློ་དང་བསྟུན་ནས་མདོ་སྡེ་གཉིས་ཀྱི་དགོངས་པ་ཡོངས་སུ་གྲགས་པ་ལྟར་བརྗོད་པ་ཙམ་ལས། སངས་རྒྱས་བྱང་སེམས་ཀྱིས་སྐད་ཅིག་རེ་རེར་བསྟན་པའི་ཆོས་ཀྱི་རྣམ་གྲངས་དང་མཛད་པའི་རྣམ་ཐར་ནི་བསམ་གྱིས་མི་ཁྱབ་པ་གོང་དུ་བཤད་པ་ཇི་བཞིན་ཏེ། ཕྱོགས་བཅུའི་ཞིང་ཁམས་ཀྱི་ཞིང་མཐར་ཐུག་པའི་སངས་རྒྱས་གྲངས་མེད་ཀྱི་མདུན་ནས་མཚན་དང་སྐུ་ཡི་བཀོད་པའང་དེ་དང་གྲངས་མཉམ་པ་ཞིག་གིས་ཐུགས་བསྐྱེད་པའི་རྣམ་ཐར་ཡོད་ཆོག་གོ །རྒྱལ་བ་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་གདུལ་བྱའི་བློ་དང་མཚམས་པར་སྐོར་བ་ཡིན་ལ། འདི་ཉིད་ཕྱི་ལྟར་ན་ཕྱོགས་ཙམ་མཚོན་བྱེད་བྱིས་པ་འཇུག་བདེ་བའི་ཕྱིར་བློ་དང་འཚམ་པར་གོ་བརྡ་སྤྲོད་པ་ཡིན། ཐུགས་བསྐྱེད་རྒྱ་ཆེ་བའི་ཆ་ནས་འོད་མདོ་དང་། ཏིང་འཛིན་དང་ཤེས་རབ་ཟབ་པའི་ཚུལ་སྙིང་རྗེ་པད་དཀར་ལྟར་ཡིན་པས་གཉིས་ཀ་དོན་གཅིག་ཏུ་མཐུན། ཐོག་མར་ཐུགས་བསྐྱེད་པ་ནས་མཐར་སྨོན་ལམ་ཡོངས་སུ་རྫོགས་པའི་བར་གྱི་གོ་དོན་དེ་ལྟར་བླང་ཆོག་པར་བདག་གིས་བསམ་མོ། །དེ་ཡན་ཆད་ཀྱིས་མགོན་པོ་འོད་དཔག་མེད་ཀྱིས་དང་པོར་ཐུགས་བསྐྱེད་དམ་བཅའ་མཛད་ཚུལ་སྨོན་ལམ་བཏབ་ཚུལ་བཤད་ཟིན་ཏོ།།

གཉིས་པ་སྦྱོར་བ་ཁྱད་པར་ཅན་གྱིས་རྫོགས་སྨིན་སྦྱང་བ་མཐར་ཕྱིན་པ།

གཉིས་པ་བར་དུ་སྦྱོར་བ་ཁྱད་པར་ཅན་གྱིས་ཚོགས་ཇི་ལྟར་བསགས་ཚུལ། སྤྱིར་བྱང་ཆུབ་སེམས་དཔའ་ས་ཆེན་པོར་གནས་པ་དེས་འདོད་ན་ཞག་བདུན་གྱིས་ཀྱང་འཚང་རྒྱ་བར་ནུས་མོད། སངས་རྒྱས་འོད་དཔག་མེད་ཀྱིས་དང་པོ་ཐུགས་བསྐྱེད་དམ་བཅའ་མཛད་དུས་ནས་བཟུང་འདི་ལྟར། ལས་ཉོན་གྱིས་འཆིང་བའི་སེམས་ཅན་ཡིན་ཡང་ཆོས་སྤོང་དང་མཚམས་མེད་བྱས་པ་མ་གཏོགས་ཁོང་ལ་དད་ཅིང་སྨོན་ལམ་བཏབ་ཚད་ཀུན་ཁོང་གི་ཞིང་དེར་སྐྱེ་བར་ཤོག སྐྱེས་ནས་ཀྱང་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་ཆུབ་སེམས་དཔར་གྱུར་ཏེ་རྟེན་དེ་བརྗེས་མ་ཐག་ཏུ་འཚང་རྒྱ་བར་ཤོག དེ་ལྟའི་སྨོན་ལམ་མ་གྲུབ་ཀྱི་བར་དུ་རང་འཚང་མི་རྒྱ་བར་ཤོག་ཅེས་པ་སོགས་སེམས་དཔའ་ཆེན་པོའི་ཐུགས་བསྐྱེད་མཛད་པར་མ་ཟད་སྨོན་ལམ་ཁྱད་པར་ཅན་དེ་འདྲ་བཏབ་པོ། །དེའང་གང་སྨོན་ལམ་བཏབ་པ་ཙམ་གྱིས་ཆོག་པར་མ་མཛད་པར་དེ་ཉིད་འགྲུབ་པའི་ཕྱིར་དུ། དུས་ཡུན་རིང་པོ་བསྐལ་ཆེན་གྲངས་མེད་མཐའ་ཡས་པར་ལམ་ལ་བསླབ་ཚུལ་དང་། ཁྱད་པར་དུ་སྙིང་སྟོབས་མཆོག་ཏུ་གྱུར་པའི་དབང་གིས་ཞིམ་པ་སྐད་ཅིག་ཙམ་ཡང་མ་སྐྱེས་པར་ཡོངས་འཛིན་དགེ་བའི་བཤེས་གཉེན་གྲངས་མེད་པ་ཅིག་མཉེས་པར་བྱས་ཤིང་། མི་མཉེས་པའི་ལས་ཏིལ་ཙམ་ཡང་མ་བསྒྲུབས་པར་དྲན་དང་ཤེས་བཞིན་བག་ཡོད་ལ་གནས་པའི་སྟེང་། བསླབ་པར་བྱ་བའི་རང་བཞིན་སྒོ་གསུམ་གྱི་ཉེས་སྤྱོད་ཆེས་ཕྲ་ཞིང་ཕྲ་བ་ནས་བསྡམས་ཤིང་ཚུལ་ཁྲིམས་དང་ཏིང་འཛིན་གྱི་སྤྱོད་པ་ཆེས་ཕྲ་ཞིང་ཕྲ་བ་ནས་བསྒྲུབས་ཏེ། ཁྱད་པར་དུ་དེ་ཁོ་ན་ཉིད་རྟོགས་པའི་ཤེས་རབ་ཚད་གཟུང་དུ་མེད་པ་མངའ་བས་ཆོས་ཟབ་མོ་མཐའ་ཡས་པ་སེམས་ཅན་གྱི་དོན་དུ་དངོས་བརྒྱུད་ཤུགས་གསུམ་ནས་ཐབས་ལ་མཁས་པས་འགྲོ་བ་དམུས་ལོང་གི་ཚོགས་ལ་བསྟན་ཞིང་། དགེ་བའི་རྩ་བ་གང་དག་མཆིས་པ་དེ་དག་ཀུན་ཏུ་བཟང་པོའི་སྨོན་ལམ་གྱིས་ཡོངས་སུ་བསྔོས་ཤིང་སྤེལ་བར་མཛད། དེ་བཞིན་གཤེགས་པ་མགོན་པོ་འོད་དཔག་མེད་ཀྱིས་བདེ་བ་ཅན་གྱི་ཞིང་ཁམས་བཟུང་ཞིང་ཚོགས་གཉིས་ཀྱི་དགེ་རྩ་རླབས་པོ་ཆེ་འདི་དང་འདི་ལྟ་བུ་བསྒྲུབས་ཞེས་བཤད་དགོས་ན། དེ་བཞིན་གཤེགས་པ་ཉིད་ཀྱི་དགོངས་པའི་ཚུལ་དང་མཐུན་པ་ཡིན་པར་སྨྲ་བ་ཙམ་ལས་མི་ནུས་ཏེ། ནམ་མཁའི་རྒྱ་ཁྱོན་གྱི་དཔེ་ལ་ནམ་མཁའ་ཇི་བཞིན་ནོ་ཞེས་བརྗོད་དགོས་པ་བཞིན་བྱིས་པའི་བློས་གཞལ་ཐབས་དང་སོ་སྐྱེས་སྒྲ་ཚིག་གི་ཡུལ་ལས་འདས་པའོ། །སྤྱིར་མ་དག་པའི་ཞིང་ནས་སངས་རྒྱས་མངོན་སུམ་དུ་བཞུགས་པའི་དྲུང་དུ་སྐྱེ་བར་ནུས་མོད། སངས་རྒྱས་ཀྱི་ཞལ་མཐོང་བ་ཙམ་གྱིས་སྡུག་བསྔལ་ཞི་བར་འགྱུར་དཀའོ། །བདེ་བ་ཅན་དུ་སོ་སོའི་སྐྱེ་བོ་རྣམས་སྐྱེ་བར་ནུས་པ་ནི་གཞན་རྐྱེན་དེ་བཞིན་གཤེགས་པའི་སྨོན་ལམ་གྱི་མཐུ་ལས་བྱུང་ཞིང་། གལ་ཏེ་སེམས་ཅན་དེ་ཉིད་མ་དག་པའི་ཞིང་དུ་ཡོད་ན་ངན་འགྲོར་ལྟུང་བར་ཆོས་སྤོང་དང་མཚམས་མེད་བྱས་པ་མིན་ཡང་དེར་སྐྱེ་བའི་རྒྱུ་རྐྱེན་ཚང་སླ་མོད། བདེ་བར་གཤེགས་པའི་སྨོན་ལམ་དང་དགེ་རྩ་ནི་རླབས་ཆེ་ཞིང་གཞན་མཚུངས་ཟླ་བྲལ་བ་ཡིན་ནོ། །འོད་མདོ་རུ། རྒྱལ་བ་འོད་དཔག་མེད་རྗེས་སུ་དྲན་པའི་སེམས་ཅན་རྣམས་ཤི་ན་དེར་སྐྱེ་བར་མ་ཟད་ཚེ་འདིར་ཡང་ཞལ་མཐོང་བར་འགྱུར་གསུངས། ཞལ་མཐོང་ཚུལ་ཡང་རྨི་ལམ་ནས་འཇལ་བ་དང་། ཤི་ཁར་སངས་རྒྱས་ཀྱི་སྤྲུལ་བ་མངོན་སུམ་དུ་བྱོན་པར་མཇལ་བ་དེ་འདྲའོ། །དེའི་ཕྱིར་ན༧ རྗེ་འཇམ་མགོན་བླ་མ་ཙོང་ཁ་པས་ཀྱང་། ནམ་ཞིག་ཚེ་ཡི་འདུ་བྱེད་བཏང་བ་ན། །འཁོར་ཚོགས་རྒྱ་མཚོས་བསྐོར་བ་འོད་དཔག་མེད། །མིག་གི་ལམ་དུ་མངོན་སུམ་མཐོང་གྱུར་ཏེ། །དད་དང་སྙིང་རྗེས་བདག་རྒྱུད་གང་བར་ཤོག །ཅེས་རང་གི་མོས་པ་རྣམ་པར་དག་པའི་དད་པ་བརྟན་པོ་དང་། ཞིང་དེར་སྐྱེ་བའི་འདུན་པ་དྲག་པོ། ཞིང་དེར་སྐྱེ་བའི་སྨོན་ལམ་གེགས་མེད་དུ་འགྲུབ་པ་རྒྱལ་བའི་ཐུགས་བསྐྱེད། ཞིང་དག་པའི་སྟོབས་ལ་སེམས་པའི་བསམ་པ་ཤུགས་དྲག་བཅས་ཚང་ན་བདེ་བ་ཅན་དུ་ཚེའི་འདུ་བྱེད་བཏང་བ་དང་སྐྱེ་བ་དུས་མཉམ་ཡིན་པར་བསྟན། སྐྱེས་ནས་ཀྱང་རང་དོན་ཞི་བ་ཕྱོགས་གཅིག་ཏུ་ཞེན་པ་མ་ཡིན་པའི་ཚུལ་ནི། གོང་གི་ཚིག་མཇུག་དེ་མ་ཐག་ཏུ། བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་རྒྱ་མཚོས་མ་ནོར་ལམ་བསྟན་ཏེ། །བདེ་བ་ཅན་དུ་སྐྱེས་ནས་སྤྲུལ་བ་ཡིས། །མ་དག་ཞིང་གི་འགྲོ་བ་འདྲེན་གྱུར་ཅིག །ཅེས་གསུངས་སོ། །མ་དག་ཞིང་གི་འགྲོ་བ་ནི་སྤྱིར་འཕགས་ས་ཐོབ་པས་མ་གཏོགས་འདྲེན་པར་དཀའ་བ་དང་། ཞིང་འདིར་སོ་སྐྱེའང་སྐྱེ་བར་གསུངས་པ་དང་། ཞིང་འདིར་འཕགས་པ་མིན་པ་གཞན་མེད་པའི་གོ་དོན་ཡང་འགལ་བ་མ་ཡིན་ཏེ། མདོ་ལས། བདེ་བ་ཅན་གྱི་བྱང་སེམས་ཐམས་ཅད་ནི་སྨོན་ལམ་གྱི་དབང་གིས་མ་གཏོགས་བླ་མེད་བྱང་ཆུབ་ལ་སྐྱེ་བ་གཅིག་གིས་ཐོགས་པ་ཤ་སྟག་ཡིན་པར་གསུངས། དེའི་གཞུང་སྤྱིའི་ཆོས་སྐད་ལྟར་ན་སྐྱེ་བ་གཅིག་གིས་ཐོགས་པའི་བྱང་སེམས་ནི་ས་བཅུ་བར་ངོས་འཛིན། དེ་བཞིན་དུ་མདོ་ལས། ཉན་ཐོས་ཀྱི་དགེ་འདུན་ནི་ལེགས་པར་ཞུགས་པ་རིག་པར་ཞུགས་པ་དྲང་བར་ཞུགས་པ་མཐུན་པར་ཞུགས་པ། ཞེས་པ་ནི་འཕགས་པ་ཐོགས་མེད་ཀྱིས་སློབ་དང་མི་སློབ་རྒྱུན་ཞུགས་འབྲས་གནས་ཀྱི་དབྱེ་བར་སྦྱར་ཞིང་། ལེགས་པར་ཞུགས་པ་ནི་མྱང་འདས་ཀྱི་ཞུགས་པ། སྤྱིར་ཡང་དག་ངེས་པ་ཞེས་པ་ནི་འཕགས་ས་ལ་སྦྱོར་མོད། འོད་མདོ་རུ་བདེ་བ་ཅན་དུ་སྐྱེས་པ་ནི་ཡང་དག་པ་ཉིད་ལ་ངེས་པ་ཁོ་ན་ཡིན་ཞེས་ཀྱང་གསུངས། དེའང་རྒྱུན་གཅིག་ལ་གསུངས་པའི་ཡོན་ཏན་གཞི་ཐ་དད་པར་བཤད་ཆོག་པའང་མང་པོ་ཡོད་པས་སྐབས་ཀྱིས་གོ་བར་བྱ་བ་ལས་ཕྱོགས་གཅིག་ཏུ་གཡག་སྣ་ཁུ་ཚུར་གྱིས་མི་འོང་ངོ་། །དེ་བཞིན་གཤེགས་པའི་གསུང་གི་གསང་བ་ཟབ་མོ་ལ་མཐའ་གཅིག་ཏུ་འདི་ཙམ་ཡིན་ལ་འདི་ལས་གཞན་མེད་ཅིང་འདི་ལས་མི་འདའ་ཞེས་བརྗོད་པར་མི་ནུས་ཏེ། འཇམ་མགོན་ས་སྐྱ་པཎྜི་ཏས། འདི་མཐའ་འདི་ཙམ་ཁོ་ནར་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ནར་རྗེས་དཔགས་ན། །འགྲོ་བའི་བླ་མའི་གསུང་ལ་བརྒལ་བ་སྟེ། །དེས་ན་མཐའ་དོན་དགོངས་པ་དཔྱད་པར་བྱ། །ཞེས་གསུངས་སོ། །དེ་ལྟར་མགོན་པོ་འོད་དཔག་མེད་ཀྱིས་དེ་བཞིན་གཤེགས་པའི་སྤྱན་སྔར་ཐུགས་བསྐྱེད་དམ་བཅའ་སྨོན་ལམ་བཏབ་ཚུལ་དང་སྦྱོར་བ་ཁྱད་པར་ཅན་གྱིས་ཚོགས་ཇི་ལྟར་བསགས་ཚུལ་བཤད་པ་ཡོངས་སུ་གྲུབ། སང་ཉིན་འུ་བུ་ཅག་གིས་མགོན་པོ་འོད་དཔག་མེད་མངོན་པར་རྫོགས་པར་སངས་རྒྱས་ནས་ཞིང་ཁམས་ཇི་ལྟར་བཟུང་ཚུལ་ནས་འཆད་པར་བྱའོ།།

ཉིན་དང་པོར་ཁྱིམ་པ་ཕོ་མོ་རྣམས་ལ་སྒོམ་རྒྱག་ཚུལ་སྨིན་ཁྲིད་གནང་བ།

དེ་རིང་ད་དུང་དུས་ཚོད་ཅུང་ཟད་ལྷག་ཡོད་པས་སྐར་མ་བཅུའི་ཡུན་ལ་སྒོམ་རྒྱག་དགོས། དེ་ལ་དང་པོར་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་ཐབས་གཉིས་ལ་སྦྱང་བར་བྱ། དེའང་ཐམས་ཅད་འཆི་བར་སྐྲག་མི་དགོས་པ་ཞིག་དང་། འཁོར་བའི་སྡུག་བསྔལ་མེད་པར་བྱེད་པ་ཞིག སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཞིག་ལ་ངེས་པར་དུ་སྒོམ་རྒྱག་དགོས་པས་ན། དང་པོ་ལུས་ཀྱི་འདུག་སྟངས་ལ་རྒན་པ་ཚོ་དང་རྐང་པ་སྐྱོན་ཅན་རྣམས་རྡོ་རྗེའི་དཀྱིལ་ཀྲུང་དུ་འདུག་མི་ནུས་ཀྱང་རུང་ཕྱེད་དཀྱིལ་བདེ་མོ་ཞིག་བྱས་ཏེ་བསྡད་ཆོག ཕོ་མོ་ཚང་མས་དཀྱིལ་ཀྲུང་གྱིས། བུད་མེད་ཀྱིས་དཀྱིལ་ཀྲུང་བྱས་པས་ས་གས་པར་མི་འགྱུར་ལ། གལ་ཏེ་གས་ནའང་གས་སུ་ཆུག་དང་ཇི་ལྟར་གས་པ་ལ་བལྟ་བར་བྱ། བུད་མེད་ཚོ་དེ་ལྟར་སྡོད་མི་རུང་བ་ནི་སྔར་ཕོ་མཆོག་མོ་དམན་གྱི་དུས་སྐབས་སུ་བྱུང་བའི་སྐད་ཆ་འབྲེལ་མེད་ཅིག་རེད། དེའི་ཕྱིར་ཐམས་ཅད་དཀྱིལ་ཀྲུང་བདེ་བར་སྡོད་ལ་ལུས་པོའི་སྒལ་ཚིགས་མདའ་ལྟར་དྲང་པོར་སྲོངས། དཔུང་བ་གཉིས་གྲིམ་ཆེས་པ་མ་ཡིན་པར་རང་སར་ལྷོད་དེ་རྒྱོང་། ལག་པའི་ཐལ་མོ་མཉམ་བཞག་མཛད་ཀྱང་ཆོག་ལ་པུས་མོ་གཉིས་སོ་སོར་བཀབ་ཀྱང་རུང་། དེ་གཉིས་ཀྱི་ཁྱད་པར་ནི་སྔགས་བླ་མེད་ཐུན་མོང་ལྟར་ན་ཕོའི་ལག་པ་གཡས་སྟེང་དང་མོ་ལག་པ་གཡོན་སྟེང་དུ་བཞག་ནས་མཉམ་བཞག་བྱ། ཐུན་མིན་རྫོགས་ཆེན་ཉམས་སུ་བཞེས་མཁན་ཡིན་ན་ངལ་གསོ་ཡེ་ཤེས་ཀྱི་བཞུགས་སྟངས་ལྟར་པུས་མོ་བཀབ། ལྕེ་སྣེ་ཡ་རྐན་ལ་གཏད། དབུགས་ཁ་སྣ་གང་རུང་ནས་འབྱིན། དེའང་སྔགས་བླ་མེད་ཐུན་མོང་གི་ལུགས་ལ་རྩ་དབུ་རྐྱང་རོ་གསུམ་གྱི་དམིགས་པའི་སྐབས་སྣ་བུག་ནས་འབྱིན་དགོས་པ་ཡོད་ལ། ཐུན་མིན་རྫོགས་ཆེན་གྱི་སྐབས་སུ་སོ་མཆུ་མ་རེག་པར་དབུགས་ཁ་ནས་འབྱིན། མདོར་ན་དབུགས་ཀྱི་རྒྱུ་བ་རང་གིས་ཀྱང་མི་ཚོར་བའི་དལ་བ་ཞིག་དགོས། མིག་གཉིས་ཟུམ་བུས་ཐད་ཀར་བལྟ་བ་ལས་མིག་ཅེར་བ་དང་བཙུམ་པར་མི་བྱ། མིག་བཙུམ་ན་ནང་ཡེ་ཤེས་ཀྱི་འོད་རྩ་འགག་པར་འགྱུར། སྤྱིར་མིག་བཙུམ་ནས་སྒོམ་ཚུལ་ཡོད་མོད་དེ་ནི་གཞན་ལུགས་སོ། །ལུགས་འདིར་ཟུམ་བའི་མིག་གིས་མདུན་ཐད་ཀྱི་ནམ་མཁའ་ལ་གཏད་མེད་དུ་བལྟ། མགྲིན་པ་གྱེན་དུ་མི་དགྱེ་བར་ཨེན་ཙམ་སྒུར་བར་བྱ་འདི་དག་ནི་ལུས་ཀྱི་འདུག་སྟངས་ཡིན། སྒོམ་རྒྱག་དུས་ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་བཞག་ཐབས་གཉིས་གནད་ཤིན་ཏུ་ཆེ་བས་ན། གཉིས་པ་སེམས་ཀྱི་བཞག་ཐབས་ནི་སེམས་ཕྱི་ལ་མི་འཕྲོ་བར་ནང་དུ་གནས་པ་ལ་བཞག་ཅེས་བྱ། དེའང་རྣམ་རྟོག་འཕྲོ་བའི་རྗེས་སུ་མི་འབྲང་བར་དམིགས་པ་གང་ལ་གཏད་པ་དེའི་སྟེང་དུ་གནས་དགོས། སྤྱིར་རྣམ་རྟོག་འཕྲོ་བ་ཧ་ཅང་མང་སྟེ་ཆུ་ཚོད་སྐར་མ་རེར་ཡང་བརྩི་ཚོད་མེད་པ་ཞིག་འབྱུང་མོད། དེ་དག་རིགས་བསྡུ་ན་དུས་གསུམ་དུ་འདུ་སྟེ། འདས་པའི་རྣམ་རྟོག་དང་ད་ལྟའི་རྣམ་རྟོག་དང་མ་འོངས་པའི་རྣམ་རྟོག་གོ །དེ་གསུམ་གྱི་འཁྲུལ་བའི་དབང་དུ་མི་གཏོང་བར་གང་ལ་གཏད་པ་དེར་མི་གཡེང་བར་འདུག་པར་བྱ། དེ་ལས་གཡེང་ནས་འཁྲུལ་ན་འཁྲུལ་བའི་ངང་དུ་མི་འཇོག་པར་ཚུར་བསྡུས་ནས་དམིགས་པ་གར་གཏད་དེར་འཇོག དེ་ལྟར་སྒོམ་པ་ལ་དང་པོར་འུ་ཅག་གིས་མཚན་བཅས་ཀྱི་སྒོམ་དུས་ཚོད་སྐར་མ་ལྔ་ཙམ་ལ་རྒྱག དེ་རྗེས་མཚན་མེད་ཀྱི་སྒོམ་སྐར་ཆ་ལྔ་ཙམ་ལ་རྒྱག མཚན་བཅས་ཀྱི་སྒོམ་ཞེས་པ་དམིགས་པ་གཏད་ས་ཡོད་ལ་བསམ་བྱ་དྲན་བྱ་ཡོད་པ་ཞིག་དང་། དེའང་བསྒོམ་ཞེས་པ་ནི་དྲན་ཞེས་པའི་དོན་ཡིན། དཔེར་ན། འུ་ཅག་གི་ཁྱིམ་མི་དུས་རྒྱུན་ལྷན་དུ་སྡོད་པ་ཞིག་དེ་རིང་ཕྱི་རོལ་ཏུ་སོང་ན་དེ་ཉིད་ཡིད་ལ་བཀྲ་ལམ་མེར་འཆར་ནུས་ཏེ་གདོང་གི་སྨེ་བ་ཚུན་ཆད་གསལ་བར་དྲན་ཐུབ་པ་བཞིན་དུ། མགོན་པོ་འོད་དཔག་མེད་ཀྱི་སྐུ་མདོག་སོགས་བཀྲ་ལམ་མེར་དྲན་པར་བྱ་སྟེ། རང་གི་སྤྱི་གཙུག་ཏུ་མགོན་པོ་འོད་དཔག་མེད་ཇི་ལྟར་བདེ་སྨོན་དུ་གསུངས་པ་བཞིན་བསྒོམ། ཐང་ག་དང་སྐུ་གཟུགས་སོགས་ནི་ལག་པའི་འདུ་བྱེད་ལས་བྱུང་བ་ཡིན་ལ། དེ་ཙམ་མ་གཏོགས་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་བརྒྱན་པ་ཞིག་ལག་པས་འགྲུབ་ཐབས་མེད་པས་ན། དེ་དག་ནི་མཚོན་བྱེད་ཙམ་དང་དད་པའི་རྟེན་ཙམ་ཡིན། གནའ་སྔ་མོར་དགེ་བའི་བཤེས་གཉེན་འགའ་རེས་མི་མེད་བྱང་ཐང་གི་ཡུལ་ནས་འབྲོག་པ་ཚོར་བདེ་ཆེན་ཞིང་ཁྲིད་གསུང་དུས། འོད་དཔག་མེད་ཀྱི་སྐུ་འདྲ་དང་ཐང་ག་སོགས་མ་འཛོམས་ན་ནུབ་ཕྱོགས་སུ་རས་ཡུག་དམར་པོ་རེ་བཤམས་ནས་དེར་བརྟེན་པའང་ཡོད། དེའི་ཕྱིར་ན་འདི་དག་ནི་དམིགས་རྟེན་ཙམ་ཡིན་གྱི་དོན་ལ་བདེ་སྨོན་བཞིན་དུ་གསུངས་པ་ཡིད་ལ་གསལ་ཅི་ནུས་བྱ་དགོས། གལ་ཏེ་ལྷའི་སྐུ་མདོག་ཕྱག་མཚན་སོགས་དམིགས་པ་གསལ་བ་མངོན་སུམ་མིག་གིས་ཐད་ཀར་བལྟས་པ་ལྟ་བུ་ཞིག་མི་ནུས་སྙམ་ན། ཁྱིམ་པ་ཕོ་མོ་རྣམས་ལ་ཁག་མི་འདུག་པས་དེ་དག་གིས་རང་གི་སྤྱི་བོའི་གཙུག་ནས་ཁྲི་གང་ཙམ་གྱི་བར་སྣང་ལ་འོད་ཀྱི་ཐིག་ལེ་དམར་པོ་ཞིག་བསྒོམ་ལོས་ཤེས། དེའང་ཐིག་ལེ་དམར་བོ་དབྱིབས་ཟླུམ་པོ་འོད་ཟེར་གསལ་ཞིང་འཚེར་ལ་དྭངས་ཤིང་གསལ་བ་ཞིག་ལ་སེམས་གཏད་ནས་མ་ཡེངས་བར་བསྒོམ། སངས་རྒྱས་འོད་དཔག་མེད་མདུན་གྱི་ནམ་མཁར་བསྒོམ་དུས་ཞལ་ཚུར་ལ་ཕྱོགས་པ་དང་། སྤྱི་གཙུག་ཏུ་བསྒོམ་དུས་རང་གི་ཁ་གང་དུ་འཁོར་བ་དེ་དང་འདྲ་བར་ཁ་ཕྱོགས་པ་ཞིག་བསྒོམ། དེའང་ཐོག་མར་ཐིག་ལེ་དམར་པོ་བསྒོམ་པ་དེ་ཉིད་རིམ་གྱིས་འོད་དཔག་མེད་དུ་བསྒྱུར་ཨེ་ཤེས་ལྟོས། ཐིག་ལེ་དེའང་གསལ་ཞིང་དྭངས་ལ་འོད་ཟེར་འཕྲོ་བ་ཞིག་སྒོམས། དེ་ལ་གོམས་ནས་ཚེགས་མེད་དུ་བསྒོམ་ཐུབ་པ་བྱུང་ན་གསལ་སྣང་ཅུང་བརྟན་པར་གྱུར་པ་ཡིན། དེ་དུས་འོད་ཟེར་སྤྲོ་བསྡུ་བྱེད་དགོས་ཏེ། ཐིག་ལེ་དམར་པོ་དེ་ལས་འོད་ཟེར་འཕྲོས་པ་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཞིང་ཁམས་སུ་སོང་ཞིང་དེ་དག་ལ་མཆོད་པ་ཕུལ། འོད་ཟེར་དེ་ཉིད་ཡང་ཚུར་རང་ལ་བསྡུས། སླར་ཡང་འོད་ཟེར་དེ་ཉིད་ཁམས་གསུམ་འགྲོ་བ་རིགས་དྲུག་གི་གནས་སུ་སོང་ཞིང་སེམས་ཅན་གྱི་ལས་ཉོན་སྡིག་སྒྲིབ་དང་བཅས་པ་སྦྱངས། དེ་ནས་འོད་ཟེར་ཚུར་བསྡུས་ཏེ་ཐིག་ལེ་དམར་པོར་ཐིམ། དེ་ལྟར་མཚན་བཅས་སུ་སངས་རྒྱས་འོད་དཔག་མེད་བསྒོམ་ཤེས་ན་དེ་ལྟར་དང་མི་ཤེས་ན་དད་པའི་རྟེན་ཙམ་དུ་ཁོང་གི་ཐུགས་དང་དབྱེར་མེད་ཀྱི་ཐིག་ལེ་དམར་པོ་བསྒོམ་པར་བྱ། མཐར་འོད་ཀྱི་ཐིག་ལེ་དམར་པོ་དེ་ཉིད་མགོན་པོ་འོད་དཔག་མེད་དུ་གྱུར་ནས་རང་ལ་ཐིམ་ཞིང་རང་གི་སེམས་ཉིད་མགོན་པོ་འོད་དཔག་མེད་ཀྱི་ཐུགས་དང་དབྱེར་མེད་དུ་གྱུར་པར་བསམ། སེམས་ཉིད་ཅེས་པ་ནི་སེམས་དང་སེམས་ཉིད་གཉིས་ཀྱི་ཟླས་ཕྱེས་པ། དེའང་སེམས་ཀྱི་ཆོས་ཉིད་ནི་དེ་བཞིན་གཤེགས་པའི་ཡེ་ཤེས་དང་གཉིས་སུ་མ་མཆིས་པ་བདེ་བར་གཤེགས་པའི་སྙིང་པོ་དང་གཅིག་ཡིན། དེའི་ཕྱིར་སེམས་ཉིད་དང་ཐུགས་དབྱེར་མེད་དུ་གྱུར་པར་བསམས་ནས་དམིགས་མེད་མཚན་མ་དང་བྲལ་བའི་ངང་ལ་གནས། དེའི་ཚེ་ན་ཅི་ཡང་མི་བསམ་ཞིང་གང་དུའང་མི་ཐོགས་པའི་ངང་དུ་བཞག་ནས་དུས་ཚོད་སྐར་མ་ལྔ་བཅས་ཁྱོན་སྐར་མ་བཅུ་ལ་བསྒོམ་པར་བྱ་སྟེ། ངས་འདི་ནས་ཆུ་ཚོད་ལ་བལྟ་ཁྱེད་ཅག་གིས་ཐོག་མར་མཚན་བཅས་ཀྱི་སྒོམ་སྤྱི་བོའི་སྟེང་གི་ནམ་མཁར་མགོན་པོ་འོད་དཔག་མེད་དམ་འོད་ཀྱི་ཐིག་ལེ་དམར་པོ་བསྒོམ་ལ་སྐར་མ་ལྔ་ཙམ་དུ་དབུགས་ཀྱི་རྒྱུ་བ་ཡང་རང་གིས་ཚོར་བ་ཙམ་གྱིས་མཉམ་པར་ཞོག་ལ་སྡོད། དེ་ལྟར་མཉམ་པར་བཞག་ན་སྐད་ཅིག་རེར་ཡང་སེམས་ཀྱི་རྣམ་རྟོག་འདྲ་མིན་སྣ་ཚོགས་འཆར་མོད། ཤར་ཡང་དེ་རྗེས་མི་འབྲང་རང་སར་བཞག་སྟེ་གང་ལ་དམིགས་པ་གཏད་སའི་ཡུལ་མགོན་པོ་འོད་དཔག་མེད་དང་འོད་དམར་གྱི་ཐིག་ལེ་དེར་སེམས་གཏད་ཅིང་དད་དང་སྙིང་རྗེ་ཟུང་དུ་འབྲེལ་བའམ། ཆུ་དང་འོ་མ་འདྲེས་པ་ལྟ་བུའི་དད་དང་སྙིང་རྗེ་དང་མགོན་པོ་འོད་དཔག་མེད་གསུམ་དབྱེར་མེད་རོ་གཅིག་པའི་ངང་དུ་མཉམ་པར་ཞོག་ལ་སྡོད། ད་སྔོན་ཏིང་ངེ་འཛིན་ལ་མཉམ་པར་འཇོག་མ་མྱོང་བ་རྣམས་ལ་ཁག་མི་འདུག་པས་བསྒོམ་ཚུལ་དེ་ཡང་བསྐྱར་སྨྲོས་ན། རང་གི་སྤྱི་བོའི་སྟེང་དུ་ཁྲི་གང་ངམ་མདའ་གང་གི་བར་སྣང་ན་མགོན་པོ་འོད་དཔག་མེད་བཞུགས་འདུག་པ་བསྒོམ་ཤེས་ན་དེ་དང་། མ་ཤེས་ན་འོད་ཀྱི་ཐིག་ལེ་དམར་པོ་ཞིག་བསྒོམས་ལ་དེར་དམིགས་པ་རྩེ་གཅིག་ཏུ་གཏད་དེ་སེམས་གཞན་དུ་མི་ཡེངས་བའི་ངང་དུ། དད་པ་དང་སྙིང་རྗེ་གང་བསྒོམ་བྱའི་མགོན་པོ་འོད་དཔག་མེད་ཀྱི་ཐུགས་དང་གཉིས་མེད་དུ་སོམ་ལ་སྡོད། རང་གི་སེམས་ཉིད་དང་མགོན་པོ་འོད་དཔག་མེད་ཀྱི་ཐུགས་སམ་ཡང་ན་བླ་མའི་རྣལ་འབྱོར་སྐབས་ཀྱི་གུ་རུ་མཚོ་སྐྱེས་རྡོ་རྗེའི་ཐུགས་དང་བླ་མའི་ཐུགས་ནི་གང་ཞེ་ན་རང་གི་སེམས་ཉིད་ཀྱི་ངོ་བོ་དང་དབྱེར་མེད་པ་ཡིན་ལ། བསྒོམ་པའི་དུས་སུ་ཐུགས་ཡིད་དབྱེར་མེད་དུ་འདྲེས་ཡོད་པ་ཡིན། མགོའི་སྐྲ་རྩེ་ནས་ཆུའི་ཐིགས་པ་ཞིག་པང་དུ་ལྷུང་བའི་ཡུན་ཙམ་ལ་བླ་མའི་རྣལ་འབྱོར་བསྒོམ་པ་དང་མ་བྲལ་ན་བསྐལ་བ་མང་པོར་ཆོས་སྒྲུབ་པའི་ཚོགས་རྫོགས་པར་གསུངས། དེའི་ཕྱིར་ན་སེམས་ཀྱིས་སྒོམ་རྒྱག་པ་ནི་དགེ་བ་སྟོབས་ཆེའོ། །དེས་ན་དམིགས་པ་མི་ཡེངས་པར་རྩེ་གཅིག་ཏུ་མགོན་པོ་འོད་དཔག་མེད་ལ་གཏོད། དེ་ཙམ་གྱིས་ཆུ་ཚོད་སྐར་མ་ལྔ་འགོར་སོང་། འདི་ནི་དམིགས་གཏད་མཚན་མ་ཅན་གྱི་སྒོམ་སྟེ་གང་ལ་དམིགས་པ་གཏད་ཅེ་ན། དང་པོ་མགོན་པོ་འོད་དཔག་མེད་ཀྱི་སྐུ་དང་ཡང་ན་ཐིག་ལེ་དམར་པོའི་གསལ་སྣང་དྲན་པ་ཡིན། དེ་ནས་འོད་ཟེར་སྤྲོ་བསྡུས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་མཆོད་པ་ཕུལ་ཞིང་འོད་ཟེར་ཚུར་བསྡུས། སླར་ཡང་འོད་ཟེར་གཉིས་པ་སྤྲོས་ཏེ་ཁམས་གསུམ་འཁོར་བ་རིགས་དྲུག་གི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་དག་པར་བསམས་ནས་འོད་ཟེར་ཚུར་བསྡུས། འོད་དམར་གྱི་ཐིག་ལེ་དེ་ཉིད་མགོན་པོ་འོད་དཔག་མེད་དུ་གྱུར་ནས་རང་ལ་ཐིམ། དེ་ནས་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་བྱེད་ཅིང་དམིགས་མེད་མཚན་མ་དང་བྲལ་བའི་ངང་དུ་གནས་པར་བྱེད་དགོས། རང་གི་སེམས་ཉིད་དང་མགོན་པོ་འོད་དཔག་མེད་ཀྱི་ཐུགས་ནི། འདི་ཞེས་དམིགས་གཏད་ཀྱི་ཡུལ་དང་འདིའོ་ཞེས་མཚན་འཛིན་གྱི་ཡུལ་དུ་མ་གྱུར་པ། དཀར་སེར་དམར་ལྗང་སོགས་ཁ་དོག་དང་གྲུ་བཞི་གྲུ་གསུམ་ཟླུམ་པོ་སོགས་བཟོ་དབྱིབས་མེད་པ་བསམ་བརྗོད་ལས་འདས་པས་ན་དེའི་ངང་དུ་མཉམ་པར་གཞག དེ་ཚེ་རྣམ་རྟོག་ཤར་ཡང་རྗེས་སུ་མི་འབྲང་ཞིང་རྣམ་རྟོག་ནི་འཁྲུལ་བ་ཡིན་ལ། འཁྲུལ་བ་ནི་ཟུག་རྔུའམ་ན་ཟུག་ཅན་མི་བདེ་བ་ཞིག་ཡིན་ཞིང་དེ་ལྟའི་འཁྲུལ་བའི་དབང་དུ་མ་ཤོར་ན་བདེ་བ་དང་མི་གཡོ་བ་ཞིག་ཡིན་པས་དེའི་ངང་དུ་མཉམ་པར་བཞག་ནས་སྐར་ཆ་ལྔ་ཙམ་ལ་གནས་པར་བྱའོ། །དེ་ཙམ་གྱིས་ཆུ་ཚོད་སྐར་ཆ་ལྔ་ལོན་ཡོད་པས་དེ་རིང་ཁྱོན་སྐར་མ་བཅུ་ལ་སྒོམ་བརྒྱབ་པ་ཡིན། འདིར་ད་སྔོན་མི་ཚེ་གཅིག་ལ་སྒོམ་རྒྱག་མ་མྱོང་བའང་ཡོད་མོད། མགོའི་སྐྲ་རྩེ་ནས་ཆུ་ཐིགས་པ་པང་དུ་ལྷུང་བའི་ཡུན་ཙམ་ལ་བླ་མའི་རྣལ་འབྱོར་བསྒོམ་ན་བསྐལ་བ་མང་པོར་ཚོགས་བསགས་པ་དང་འདྲ་བར་གསུངས་པས་ན་འུ་བུ་ཅག་གིས་དགེ་བ་རླབས་ཆེན་འགྲུབ་བཞིན་ཡོད། ཕྱི་མར་བདེ་བ་ཅན་དུ་སྐྱེ་བ་ལ་རྟེན་ཞིང་ཁམས་ཡིད་ལ་བྱེད་པར་གཙོ་བོ་འོད་དཔག་མེད་བསྒོམ་དགོས། ཚེ་འདིའི་རྐྱེན་གེགས་བར་ཆད་སེལ་ཞིང་བསམ་དོན་ཡིད་བཞིན་འགྲུབ་པ་དང་ཚེ་རིང་ནད་མེད་ཡོང་བར་ཡང་མགོན་པོ་འོད་དཔག་མེད་བསྒོམ་དགོས། དེའང་སྐྱབས་གསུམ་ཀུན་འདུས་ཀྱི་ངོ་བོ་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་དང་ཐ་མི་དད་ཅིང་རང་གི་རྩ་བའི་བླ་མ་དང་གཉིས་སུ་མེད་པར་བསྒོམ་དགོས། དེ་ལྟར་རབ་ན་ཉིན་རེར་ཐུན་བཞི་རེ་དང་། དེ་མིན་གཉིས་རེ། མ་མཐའ་ཡང་སྐར་ཆ་བཅུ་ཙམ་རེ་ལ་སྒོམ་ལོང་མེད་པ་ཞིག་ག་ལ་སྲིད། དེས་ན་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་གཞིར་བཞག་གི་སྟེང་དུ། ཉམས་བཞག་ཐུན་དུ་བཅད་པའི་མཇུག་མཐར་དེ་ལས་ལང་ནས་དགེ་རྩ་སེམས་ཅན་ལ་བསྔོ་ཞིང་། མགོན་པོ་འོད་དཔག་མེད་དང་བདེ་བ་ཅན་གྱི་གསལ་སྣང་དང་མ་བྲལ་བའི་ངང་ནས་སྤྱོད་ལམ་ལ་འཇུག་དགོས་ཀྱི། དེ་ལས་ལྡོག་སྟེ་སྒོམ་རྒྱག་སའི་མཆོད་ཁང་ངམ་ཆོས་སྒྲུབ་སའི་ཁང་བ་དེར་ཡོད་དུས་ཆོས་པ་དང་ཕྱིར་བུད་ཚེ་མི་དེ་མ་ཡིན་པ་ལྟ་བུ་ཞིག་བྱ་མི་རུང་། དེ་ལྟར་དུས་རྒྱུན་སྒོམ་བརྒྱབ་ནས་ཐུན་རེ་གཅོད་པ་དང་མཉམ་བཞག་གི་གསལ་སྣང་ཐོན་ནས་བདེ་བ་ཡིད་ལ་བྱེད་དགོས། འདིར་དེ་ལྟར་སྒོམ་སྟངས་སློབ་པ་ཡིན་པས་དེ་རིང་ལན་གཅིག་བསྒོམ་པས་མི་ཆོག་པར་རང་གིས་མི་ཚེ་གང་བོར་ཉམས་ལེན་བྱ་དགོས་སོ། །འདིར་བཞུགས་ཕལ་མོ་ཆེས་སྐྱབས་འགྲོའི་སྡོམ་པ་བླངས་ཟིན་ཡང་ཕྱོགས་གཞན་ནས་ཡོང་བ་དང་མ་བླང་བ་རེ་གཉིས་ཡོད་སྲིད་པས་སང་ཉིན་སྐྱབས་སྡོམ་ལེན་པར་བྱ་དགོས་སྙམ། ད་ལོར་འུ་ཅག་འདུག་གནས་སུ་ཤོང་ན་ཅུང་ཟད་ཐར་ཐོར་དུ་བསྡད་དེ་ཕྱག་འཚལ་ནུས་པ་ཞིག་བྱའོ། །དེ་ལྟར་ཆོས་འཆད་ཉན་སྒོམ་སྒྲུབ་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ནས་རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་སྐུའི་ཚེ་ཞབས་པད་བརྟན་ཞིང་དགེ་འདུན་གྱི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་ཀྱི་དཔལ་ལ་ལོངས་སྤྱོད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམ་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲིགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཅི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

ཉིན་གཉིས་པའི་བདེ་ཆེན་ཞིང་གི་སྨིན་ཁྲིད།

སྐྱབས་འགྲོའི་སྡོམ་པ་གནང་བ།

དེ་ལ་སྤྱིར་བོད་གངས་ཅན་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དུ་སྐྱེས་པའི་མི། ཨ་མ་དང་མ་ཎི་མཉམ་བསླབ་མ་དགོས་པར་ཤེས་ཤིང་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ། དེའང་སྔོན་ཆད་བོད་མི་ཐམས་ཅད་དེ་ལྟ་ཡིན་པར་བཞེད་མོད། དེང་སྐབས་ཀྱང་དོན་དངོས་ཤེས་པ་དང་མི་ཤེས་པར་མ་ལྟོས་པའི་ཕལ་མོ་ཆེ་ཞིག་ནང་བ་སངས་རྒྱས་པའི་ཆོས་སྒོར་ཞུགས་པའི་ཆོས་པ་དངོས་ཡིན་པར་སྨྲ་མི་ནུས་མོད་ནང་ཆོས་ལ་དད་པ་ཅན་ཤ་སྟག་ཡིན། འོན་ཀྱང་སྐྱབས་འགྲོའི་སྡོམ་པའམ་དམ་བཅའ་འདི་ཉིད་རང་རྒྱུད་ལ་མ་བླངས་ན། དཀོན་མཆོག་གསུམ་གྱི་སྐྱབས་འོག་ཏུ་ཚུད་པའི་ནང་བ་སངས་རྒྱས་པའི་མཚན་ཉིད་མི་ཚང་བས་དེ་ཉིད་ཕྱི་རོལ་པ་མིན་ལ་ནང་བའང་མ་ཡིན་པ་ཞིག་གོ །ཚུལ་འདི་ནི་ཕྱི་བ་ནང་བ་སྐྱབས་འགྲོ་ཡིས་ཁྱད་པར་འབྱེད་པ་ཡིན་པས་སོ། །སྐྱབས་སུ་སོང་བའི་ཕན་ཡོན་ལ་བསམ་ན། ཇི་སྐད་དུ། སྐྱབས་སུ་སོང་བར་གཟུགས་མཆིས་ན། །ནམ་མཁའ་འདི་ཡང་སྣོད་དུ་ཆུང་། །ཞེས་གསུངས་པ་བཞིན་སྐྱབས་སུ་སོང་བའི་ཕན་ཡོན་ནི་གལ་ཏེ་དངོས་པོ་གཟུགས་ཅན་ཞིག་ཡིན་ན་ནམ་མཁའི་ཁམས་ལ་མི་ཤོང་ཞེས་དེ་ཉིད་ཚད་གཞལ་དུ་མེད་པར་གསུངས། དེ་འདྲའི་ཕན་ཡོན་ཆེ་བ་ཞིག་ད་བར་དུ་རྒྱུད་ལ་མ་བླངས་བ་ནི་ནོར་བའོ་སྙམ་པའི་བློ་འབྱུང་ངེས་པ་ཞིག་གོ །ད་ལྟའི་དལ་འབྱོར་གྱི་ལུས་རྟེན་ཐོབ་པ་དོན་ཡོད་ཅིག་བྱེད་དགོས་བསམ་ནས་སངས་རྒྱས་ཀྱི་བསྟན་པའི་སྒོར་ཞུགས་ན། ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ནི་ཚུལ་ཁྲིམས་ཡིན་ལ། དེའི་རྩ་བ་ལ་སྐྱབས་འགྲོའི་རྨང་གཞི་ཡོད་དགོས་ཏེ། ཇི་སྐད་དུ། སྡོམ་པ་ཀུན་ལ་ཡོད་མོད་ཀྱང་། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་གསུངས་པ་ལྟར་སྐྱབས་སུ་ཡང་དག་པར་སོང་བ་མེད་ན་སོར་བྱང་སྔགས་གསུམ་གྱི་སྡོམ་པ་གང་ཞུས་ཀྱང་གཟུགས་བརྙན་ཙམ་ལས་དོན་ལ་ཐོབ་པ་མེད། དེའི་ཕྱིར་སོར་བྱང་སྔགས་གསུམ་ཐམས་ཅད་སྐྱབས་འགྲོའི་རྨང་གཞིའི་སྟེང་ནས་ཐོབ་དགོས་པས། དེ་ལྟ་བུའི་སྐྱབས་སྡོམ་ནི་ཆོ་ག་ལ་བརྟེན་ནས་ལེན་པ་ཡིན་པས་ན། དང་པོ་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་གཟུགས་མགོན་པོ་འོད་དཔག་མེད་དང་དབྱེར་མེད་དུ་བཞུགས་པ་འདི་ལ་ཕྱག་གསུམ་རེ་འཚལ་དགོས། མི་ནུས་པ་རྣམས་ཀྱིས་ཕྱག་འཚལ་བའི་མོས་པ་སྟེ་ཐལ་མོ་སྦྱར་བ་གནས་གསུམ་ལ་རེག་ཅིང་མལ་ལྔ་ས་ལ་ཕབ་པའི་མོས་པ་གྱིས། དེའང་ཐམས་ཅད་ཀྱིས་མཉམ་དུ་དང་པོ་ཐལ་མོ་སྙིང་ཁར་སྦྱོར། དེ་ནས་སྤྱི་བོའི་གཙུག་ཏུ་སྦྱོར། དེ་ནས་མགྲིན་པར་སྦྱོར། དེ་ནས་སྙིང་ཁར་སྦྱོར། དེ་ནས་མལ་ལྔ་ས་ལ་ཕབ། དེ་ནི་ཕྱག་དང་པོ་ཡིན། སླར་ཡང་ཡར་ལ་ལང་སྔར་བཞིན་ཕྱག་ལན་གཉིས་འཚལ་བར་བྱ། དེ་ལྟར་བདག་ཅག་གི་སྟོན་པ་དང་མགོན་པོ་འོད་དཔག་མེད་དབྱེར་མེད་པ་ལ་སྟོན་པ་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་གསུམ་བཙལ་བ་ཡིན། དེ་བཞིན་སྡོམ་པ་སྦྱིན་པའི་སློབ་དཔོན་ལའང་ཕྱག་གསུམ་འཚལ་དགོས་པས་གོང་ལྟར་དུས་མཉམ་དུ་འཚལ། དེ་རྗེས་སློབ་མ་རྣམས་པུས་བཙུགས་སྙིང་ཁར་ཐལ་སྦྱར་གྱིས་སྡོད། དེ་ལྟར་སྡོད་མི་ཐུབ་པ་རྣམས་ཅི་བདེར་བཞུགས། དེ་ནས་སློབ་དཔོན་གྱིས་འདི་ལྟར་གསུངས། རྙེད་པར་དཀའ་བ་དལ་འབྱོར་གྱི་རྟེན་ཁྱད་པར་ཅན་རྙེད། མཇལ་བར་དཀའ་བ་སངས་རྒྱས་ཀྱི་བསྟན་པ་དང་མཇལ། བདག་ལེགས་སུ་འདོད་པའི་སྐྱེ་བོ་དག་གི་དོན་དུ་གཉེར་བྱ་ནི། སངས་རྒྱས་ཀྱི་བསྟན་པ་ལ་ནན་ཏན་སྙིང་པོར་བྱ་བ་ཉིད་ཡིན་ལ། དེ་ལ་ཡོན་ཏན་གྱི་གཞི་ཚུལ་ཁྲིམས་ཀྱི་བསླབ་པ་ལ་ཐོག་མར་བསླབ་དགོས་ཤིང་། དེའི་རྩ་བའང་སྐྱབས་སུ་འགྲོ་བའི་སྡོམ་པ་ཉིད་ལ་རག་ལས་པ་ཡིན་པས། ཇི་སྐད་དུ། དཀོན་མཆོག་གསུམ་ལ་སྐྱབས་འགྲོ་བ། །འཇིགས་པ་མེད་པ་ཐོབ་པར་འགྱུར། །ཞེས་གསུངས་པ་ལྟར་ཕན་ཡོན་ཤིན་ཏུ་ཆེ། དེའང་བླ་མའི་དྲུང་ནས་བླང་ན་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་སོགས་དགོས་པ་ཁྱད་པར་ཅན་ཡོད་པས་འདིའི་རྗེས་ཟློས་མཛོད། སློབ་དཔོན་དགོངས་སུ་གསོལ། བདག་མིང་འདི་ཞེས་བགྱི་བ། དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། རྐང་གཉིས་རྣམས་ཀྱི་མཆོག སངས་རྒྱས་ལ་སྐྱབས་སུ་མཆིའོ། །འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག ཆོས་ལ་སྐྱབས་སུ་མཆིའོ། །ཚོགས་རྣམས་ཀྱི་མཆོག དགེ་འདུན་ལ་སྐྱབས་སུ་མཆིའོ། །བདག་དུས་འདི་ནས་བཟུང་སྟེ། ཇི་སྲིད་འཚོའི་བར་དུ། སྐྱབས་གསུམ་འཛིན་པའི་དགེ་བསྙེན་དུ། སློབ་དཔོན་གྱིས་གཟུང་དུ་གསོལ། ཞེས་ལན་གསུམ་རྗེས་ཟློས་བྱ་ཞིང་། ཐ་མའི་ཚེ་བདག་དགེ་བསྙེན་དུ་ཞེས་པའི་ཚིག་གི་མཇུག་ཐོག་ཏུ་བདག་གིས་སེ་གོལ་གྱི་སྒྲ་བྱས་པ་དང་མཉམ་དུ་ཐབས་ཡིན་ནོ་ཞེས་བརྗོད་ཚེ་སྐྱབས་སྡོམ་ཐོབ་བློ་སྐྱེ་ཞིང་ལན་དུ་ལགས་སོ་བྱིན། དེའང་རབ་བྱུང་རྣམས་ཀྱིས་ལེན་མི་དགོས་མོད་འདི་ཉིད་ཁྱིམ་པའི་སྡོམ་པ་ཡིན་པས་སྔགས་ཕོ་མོ་ཚོས་བླང་ཆོག་གོ །

སྐྱབས་འགྲོའི་བསླབ་བྱ་དགུ་བསྟན་པ།

དེ་ལྟའི་སྐྱབས་འགྲོའི་སྡོམ་པ་ཐོབ་ཙམ་གྱིས་མི་ཆོག་པར་བསླབ་བྱ་ལ་སློབ་དགོས། དེའང་གང་ཡིན་སྙམ་ན་སྒྲུབ་པའི་བསླབ་བྱ་གསུམ་དང་། དགག་པའི་བསླབ་བྱ་གསུམ། ཆ་མཐུན་གྱི་བསླབ་བྱ་གསུམ་སྟེ་དགུའོ། །དང་པོ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་འཇིག་རྟེན་པའི་ལྷ་ལ་སྐྱབས་སུ་མི་འགྲོ། ཆོས་ལ་སྐྱབས་སུ་སོང་ནས་སེམས་ཅན་ལ་གནོད་འཚེ་མི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་གྲོགས་མུ་སྟེགས་ཅན་མི་བསྟེན་པ་བཅས་སོ། །དེའང་བོད་འདིར་མུ་སྟེགས་པ་དངོས་སུ་མི་འབྱུང་ཡང་སྡིག་ཅན་གྱི་གྲོགས་དང་འགྲོགས་པར་མི་བྱའོ། །གཉིས་པ་ནི། སངས་རྒྱས་ལ་སྐྱབས་སུ་སོང་ནས་བདེ་བར་གཤེགས་པའི་སྐུ་གཟུགས་ཐ་ན་སཱ་ཙྪའི་ཆག་དུམ་ཡན་ཆད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་གུས་འདུད་བཀུར་བསྟི་བྱ། ཆོས་ལ་སྐྱབས་སུ་སོང་ནས་ཆོས་དཀོན་མཆོག་གི་རྟེན་གསུང་རབ་ཚིག་འབྲུ་གཅིག་ཡན་ཆད་ལ་ཆོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་གུས་འདུད་བཀུར་བསྟི་བྱ། དགེ་འདུན་ལ་སྐྱབས་སུ་སོང་ནས་རབ་ཏུ་བྱུང་བའི་སྡེ་དང་ཐ་ན་ལྷན་པ་སེར་བོ་ཡན་ཆད་ལ་དགེ་འདུན་དཀོན་མཆོག་དངོས་ཀྱི་འདུ་ཤེས་བཞག་ནས་ཕྱག་མཆོད་གུས་འདུད་བཀུར་བསྟི་སོགས་སྔར་ལྟར་བྱའོ། །གསུམ་པ་ནི། དུས་རྟག་ཏུ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱ་སྟེ། ཐ་ན་ཅི་ཟ་ཅི་འཐུང་གི་ཕུད་གྱིས་མཆོད་པ་དང་། ནང་ནུབ་སོགས་སུ་སྐྱབས་འགྲོ་བཟླ་བ་ལ་བརྩོན་པ་དང་། སྐྱེས་བུ་དམ་པ་བསྟེན་ནས་ཆོས་ཀྱི་རྗེས་སུ་འཇུག་ཅིང་ཆོས་དང་མཐུན་པའི་བསླབ་བྱ་ལ་སློབ་ཅིང་། དེ་དང་དེའི་བསླབ་བྱ་རྣམས་ཡིད་ལ་བཟུང་སྟེ་དྲན་ཤེས་དང་ལྡན་པས་དུས་རྟག་ཏུ་སློབ་པར་གྱིས། དེ་ནས་བཀའ་དྲིན་གཏང་རག་གི་ཚུལ་དུ་སླར་ཡང་ཕྱག་གསུམ་འཚལ་བར་བྱ། ཐམས་ཅད་མཉམ་དུ་ཡར་ལང་བ་དང་སྙིང་ཁར་ཐལ་མོ་སྦྱོར་བ་སོགས་སྔར་ལྟར་ཕྱག་ལན་གསུམ་འཚལ། དེ་ནས་རང་སར་བདེ་བར་སྡོད་དང་འདིའི་སྨོན་ལམ་བཏོན་རྗེས་ཞིང་ཁྲིད་ལ་འཇུག་པར་བྱའོ། །ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་། །ཚུལ་ཁྲིམས་རྣམ་པར་དག་དང་ལྡན། །རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱིས། །ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག །རྒྱལ་བ་ཀུན་གྱི་རྗེས་སུ་སློབ་གྱུར་ཏེ། །བཟང་པོ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཅིང་། །ཚུལ་ཁྲིམས་སྤྱོད་པ་དྲི་མེད་ཡོངས་དག་པ། །རྟག་ཏུ་མ་ཉམས་སྐྱོན་མེད་སྤྱོད་པར་ཤོག །གཞན་གནོད་གཞི་བཅས་སྤོང་ལ་གོམས་པའི་མཐུས། །རྨི་ལམ་ན་ཡང་སྡིག་སེམས་མི་འབྱུང་ཞིང་། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་བར། །ཚུལ་ཁྲིམས་ཕུན་སུམ་ཚོགས་པའི་བཀྲ་ཤིས་ཤོག །

མཚམས་སྦྱོར་ཞལ་གདམས།

མཚམས་འདི་ནས་བཟུང་ཐམས་ཅད་ངག་བཅད་ཀྱིས་ཆོས་ཁྲིད་མ་གྲོལ་བར་དུ་སྨྲ་བ་ཡོངས་སུ་བསྡམ་པར་བྱ། དེའང་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་མཚུངས་མེད་ཐུབ་པའི་དབང་པོའི་ཞལ་ནས། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུངས་ཤིག་དང་ངས་བཤད་པར་བྱའོ། །ཞེས་ཆོས་བསྟན་པར་མཛད། རང་རེ་རྣམས་ཀྱང་སྤྱིར་དུས་ངན་བསྟན་པ་རྙོག་མ་ཅན་གྱི་སྐབས་སུ་སྐྱེས་མོད། བྱེ་བྲག་ཏུ་བསམ་ན་སྔར་བསགས་བསོད་ནམས་ཀྱི་དབང་གིས་བསྟན་ལ་དད་ཅིང་ལས་འབྲེལ་ཅན་ཡིན་པས་ན། ཐུབ་པའི་བསྟན་པ་ཡོངས་སུ་ཉམས་པ་མིན་པས་དེའི་ལྷག་ཞབས་སུ་སྐྱེས་པའི་དལ་འབྱོར་གྱི་ལུས་རྟེན་ཆུད་ཟོས་སུ་གཏོང་མི་རུང་སྙམ་པའི་བསམ་པ་སྔོན་དུ་སོང་ནས། ཆོས་འཆད་ཉན་བྱེད་ན་ཚད་དང་ལྡན་ཞིང་ཚུལ་དང་མཐུན་ལ་དོན་འབྲས་ཡོད་དགོས་སྙམ་སྟེ། གོང་དུ་ལུང་དྲངས་པ་བཞིན་བཅོམ་ལྡན་འདས་ཀྱི་བཀའ་ལྟར་དུ། ཆོས་ཞུ་དུས་ལེགས་པར་རབ་ཏུ་ཉན་ནས་ཡིད་ལ་འཛིན་དགོས་ཏེ། ཡིད་ལ་མ་བཟུང་ན་ཞེ་ནས་མི་འདུག་པ་སྣོད་ཞབས་རྡོལ་དུ་ཆུ་བླུག་པའི་དཔེ་བཀོད་ནས་ཆོས་ཉན་ཚུལ་གསུང་སྲོལ་ཡོད་པ་ལྟར་རོ། །ཆོས་ཉན་པ་ལས་ཀྱང་ཐོག་མར་ཇི་ལྟར་ཉན་ཚུལ་ཤེས་པ་དེ་གལ་ཆེ། དེའང་ཆོས་ཉན་མཁན་རང་ཡིན་ལ་རང་ཉིད་དེ་རིང་ཞིང་ཁྲིད་ཀྱི་ཆོས་ཉན་དུ་འགྲོ་དགོས་བསམས་ནས་དང་པོ་ཡོང་བ་བཞིན་ཆོས་གྲལ་དུ་བསྡད་ཚེ། ང་ཞེས་པའི་གདགས་གཞི་ཕུང་ལྔའི་ཚོགས་པ་ལས་ཀྱང་མཛུབ་མོ་འཛུགས་ས་ནི་ལུས་སེམས་གཉིས་ཡིན་ན། སེམས་ཀྱིས་ཀུན་སློང་བཟང་པོ་རང་དང་གཞན་མི་ཕྱེ་པར། མཐའ་ཡས་པའི་སེམས་ཅན་ཁམས་གསུམ་འཁོར་བ་རིགས་དྲུག་གི་གནས་སུ་སྡུག་བསྔལ་མི་མྱོང་བ་མེད་ཅིང་། དེ་དག་ཐམས་ཅད་ཀྱིས་རང་ཉིད་ཇི་བཞིན་སྡུག་བསྔལ་མི་འདོད་ལ་བདེ་བ་འདོད་པ་འདྲ་ཡང་། སྡུག་བསྔལ་གྱི་རྩ་བ་བཅད་ནས་བདེ་བ་དམ་པ་མཆོག་ལ་སྦྱོར་བྱེད་ཀྱི་རྒྱུ་མི་ཤེས་བར་སྔར་འཁྲུལ་འཁྲུལ་བའི་ཡ་མཐའ་ཐུག་མེད་དང་། ཕྱིས་འཁྲུལ་འཁྲུལ་བའི་མ་མཐའ་མཐོང་རྒྱུ་མེད་པར་འཁྲུལ་བ་ལས་མི་ཐར་བར་འདུག་པས་ན། འདི་ལས་ཐར་ཐབས་སུ་དམ་པའི་ལྷ་ཆོས་ཉན་བསམ་སྒོམ་པས་བསྒྲུབ་པར་བྱ་སྙམ་དུ། བསམ་པ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་ལྡན་པ་གཞིར་བྱས་ཆོས་ཀྱི་ཚིག་དོན་ཐམས་ཅད་ཡིད་ལ་འཛིན་དགོས། ལུས་ཀྱི་ཀུན་སྤྱོད་ནི་དད་ཅིང་གུས་པའི་སྒོ་ནས་ཆོས་བཤད་པའི་སྒྲ་ཚིག་ལ་རྣ་བ་གཏད་ཅིང་དུས་རྒྱུན་གྱི་སྒྲིག་སྲོལ་ལྟར་ངག་གི་སྨྲ་བ་བཅད་དེ་ཉན་དགོས། དེའང་ལེགས་པར་རབ་ཏུ་ཉན་ནས་ཡིད་ལ་གཟུང་ཞེས་པར་སྤང་བྱ་དང་བླང་བྱའི་ཀུན་སློང་དང་ཀུན་སྤྱོད་མང་དུ་འདུའོ། །ཇི་སྐད་དུ། བསམ་པ་དགེ་དང་མི་དགེའི་བྲག་ལས། །དགེ་སྡིག་གཟུགས་བརྙན་ཆེ་ཆུང་རྗེས་འགྲོ། །ཞེས་གསུངས་པ་ལྟར་ཆོས་ཉན་བསམ་སྒོམ་སྒྲུབ་གང་གི་སྐབས་སུའང་བསམ་པ་རྣམ་པར་དག་ན་ཆོས་དགེ་བ་ཡིན་ལ། བསམ་པ་རྣམ་པར་མ་དག་ན་ལྟར་སྣང་དུ་བཟང་ངན་གྱི་རྣམ་པ་ཇི་འདྲ་ཡིན་ཡང་། དགེ་སྡིག་ནི་བསྒྲུབ་བྱའི་གཟུགས་བརྙན་གྱི་ཆེ་ཆུང་ལ་མི་ལྟོས་པས་དོན་དུ་བསམ་པ་མི་དགེ་བ་ཡིན་ན་ལས་བྱ་བ་གང་བྱས་མི་དགེ་བར་འགྱུར་རོ། །དེའི་ཕྱིར་ཐེག་ཆེན་ཐར་ལམ་སྒྲུབ་པའི་གཅེས་པ་རྣམ་གསུམ་སྟེ། སྦྱོར་དངོས་རྗེས་ཀྱི་དམ་པ་གསུམ་དང་ཐབས་རྒྱ་ཆེན་གསང་བ་སྔགས་ཀྱི་ཀུན་སློང་དང་བཅས་ཏེ། མདོ་སྔགས་ཟུང་འབྲེལ་གྱི་ཆོས་འདི་འཆད་ཉན་ལ་འཇུག་པར་བྱའོ། །དེ་ལ་གང་འཆད་པར་བྱ་བའི་སྐབས་དོན་གྱིི་ཆོས་ནི། ངག་འདོན་བསྡུས་པ་བྱིན་རླབས་གློག་ཞགས་དང་འབྲེལ་ནས་ཀུན་མཁྱེན་འཇིགས་གླིང་གི་གསུང་བྱིན་རླབས་ཅན་གསོལ་འདེབས་སྨོན་ལམ་སྦྲེལ་མ་འདིའི་སྟེང་ནས་ཞིང་ཁྲིད་བྱེད་པ་ལ། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ནི་རྒྱུའི་སྡོམ་དང་ཆིངས་སུ་བཞག་ནས། རྒྱུ་དང་པོ་རྟེན་ཞིང་ཁམས་གསལ་བར་ཡང་ནང་གསེས་གསུམ་དུ་དབྱེ་བ་ལས། དང་པོ་ཁ་སང་གོང་དུ་བཤད་ཟིན་ཏོ།།

བར་དུ་མངོན་པར་རྫོགས་པར་སངས་རྒྱས་ནས་ཞིང་ཁམས་ཁྱད་པར་དུ་འཕགས་པ་བཟུང་ཚུལ།

དང་པོ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་སྒྲུབ་པར་སྐུལ་བ།

སྤྱིར་གང་ཟག་ལས་དང་སྐལ་བ་མཆོག་ལྡན་ཚེ་འདི་ཕྱིའི་རང་གཞན་གཉིས་དོན་ལ་རྣམ་དཔྱོད་ཀྱི་བློ་རིག་ལྡན་པ་ཞིག་གིས་འདི་འདྲའི་མི་ལུས་རིན་པོ་ཆེ་རྙེད་པར་དཀའ་བ་ཞིག་རྙེད། དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་། ལས་དགེ་སྡིག་ཅི་བསགས་རང་ལག་ཏུ་ཡོད་པའི་སྐབས་འདིར་རང་གཞན་གཏན་གྱི་ཕུགས་འདུན། དོན་དུ་གཉེར་བྱའི་མཆོག་ཏུ་གྱུར་པ། འགྲུབ་དགོས་པའི་བྱ་བ་གནད་ཆེན། མ་འགྲུབ་ཐབས་མེད་དུ་གྱུར་པ་ནི་གང་ཞེ་ན། སྲིད་དང་ཞི་བ་གཉིས་ཀའི་མཐའ་ལ་མི་གནས་པའི་མྱ་ངན་ལས་འདས་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་དེ་ཡིན། དེ་སྒྲུབ་པའི་ཐབས་ལ་སྙིགས་དུས་ཚེ་ཐུང་ནད་མང་གི་སྐབས་འདི་འདྲ་ཞིག་ལ། མི་ཚེར་རྟག་བརྟན་མེད་པ་འཆི་རྐྱེན་ངེས་མེད་དང་ནམ་འཆི་ཆ་མེད་རླུང་ནང་གི་མར་མེ་ལྟ་བུ། ལྟ་བ་དང་ཉོན་མོངས་པའི་སྙིགས་མར་གྱུར་ཅིང་། ཁྱད་པར་དུ་སྔར་མི་ཚེ་དོན་མེད་དུ་སོང་ཚུལ་དང་ད་ནི་ཚེའི་ལྷག་མ་ཅི་ཡོད་ལ་བསམ་བློ་བཏང་ནས། སྔར་མེད་ཀྱི་སྙིང་སྟོབས་དང་བརྩོན་འགྲུས་བསྐྱེད་དེ་བཅོ་བརྒྱད་ཀྱི་མཇུག་ཏུ་བཅུ་དགུ་མཐུད་ཅེས་པ་ལྟར། ཚེ་ལུས་འདིའི་སྟེང་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་སྟེ། གཞན་འཁོར་བའི་གནས་ལས་འདྲེན་ནུས་པ་ཞིག་ཏུ་འགྱུར་ཟེར་ན། རང་རྒྱུས་རང་ལས་ཆེ་བ་གར་ཡང་མེད་དེ་ད་སྔོན་ཡང་ཆོས་མ་གོ་བ་དང་མ་ཐོས་པ་མིན་ལ། དགེ་སྒྲུབ་སྡིག་སྤོང་གི་གནད་མ་ཁྲོལ་བར་ལུས་པའང་མིན་མོད། ཆོས་ཐོས་པའི་དོན་ལ་བསམ་བློ་ཞིབ་ཏུ་མ་བཏང་ཞིང་དོན་ཅུང་ཟད་རེ་གོ་བའང་རང་རྒྱུད་ལ་སྦྱོར་མ་ནུས་པར་ཆོས་རའི་ནང་གི་ཆོས་པ་དེ་སྒོ་ཕྱིར་བུད་དུས་སྡིག་སྤྱོད་མཁན་དུ་གྱུར་ནས། ཆོས་བརྒྱ་གོ་སྟོང་གོ་ཐམས་ཅད་ནི་དོན་མ་མཐོང་རྒྱང་གི་གཏམ་རྒྱུད་ཅེས་པ་ལྟར་གྱུར་ཏེ། ཤེས་བཞིན་དུག་འཐུང་གི་ལས་ངན་བསགས་པ་བགྲང་གིས་མི་ལང་བ་ཞིག་ཏུ་གྱུར་ཡོད། དེ་ལྟར་མི་ཚེ་གཅིག་གི་སྡིག་ལས་སྟོབས་ཆེ་བའི་དོ་ཡ་ལ་ད་ལྟའི་ཆོས་རའི་ནང་གི་དགེ་སེམས་སྐད་ཅིག་མས་ག་ལ་ཡོང་། ཆུ་རྒྱུན་ཐུར་དུ་རྒྱུག་པ་ལྟ་བུའི་ངན་གོམས་གྱིས་ཉོན་མོངས་པའི་ལས་བསགས་ཤིང་འབྲས་བུ་སྡུག་བསྔལ་མྱང་ནས་ཀུན་ཉོན་རྒྱུ་འབྲས་གཉིས་སུ་ཁོར་མོ་ཡུག་ཏུ་འཁོར་གྱིན་ཡོད། དཔེར་ན། ཉིན་རེར་སེམས་ལ་ཤར་བའི་རྣམ་རྟོག་མང་པོ་དང་། ངག་ནས་བཤད་པའི་སྐད་ཆ། དེ་བཞིན་ལག་གིས་བྱས་པའི་བྱ་གཞག་ཆེ་ཕྲ་ཆུང་གསུམ་ལ་ཞིབ་དཔྱད་བྱས་ཏེ། སྔོན་དགེ་བའི་བཤེས་གཉེན་རྣམས་ཀྱི་མཛད་པ་བཞིན་ཕྱོགས་སྡོམ་བྱས་ནས། དགེ་སྡིག་གཉིས་རྡེའུ་དཀར་ནག་གི་གྲངས་ཀྱིས་བརྩིས་ན་ཆགས་སྡང་རྨོངས་གསུམ་གྱིས་ཀུན་ནས་བསླངས་པའི་ནག་པོ་ཤ་སྟག་ལས་དཀར་ནག་འདྲེས་མའི་ཁྲ་བོ་ཙམ་ཡང་མ་ཡིན་པའི་ཚད་དུ་སླེབས་ཡོད་པ་དེའི་ཕྱིར་རང་གཞན་སོ་སོའི་སྐྱེ་བོ་རང་རྒྱུས་རང་ལ་ཆེའོ། །དེ་ལྟ་ན་ད་རེས་དམ་པའི་ལྷ་ཆོས་དང་འཕྲད། རང་རང་གང་ལ་གང་འདོད་ཀྱི་ཆོས། སྐྱེས་བུ་ཆེ་འབྲིང་ཆུང་གསུམ་གྱི་ལམ་རིམ་པ་ལྟར་ཡོད་པས་གང་ལ་ཞུགས་ཀྱང་ཆོག དེ་ལས་ཐེག་པ་ཆེན་པོའི་རིགས་ཅན་ཡིན་པའི་དབང་དུ་བྱས་ན། སྔགས་ཀྱི་མྱུར་ལམ་ནི་ཐབས་མང་བ་དང་དཀའ་བ་མེད་ཅིང་བདེ་ཞིང་མྱུར་བ་ཡིན་པ་ཤེས་བཞིན་དུ་དེ་ལ་མི་འཇུག་པར་ཁ་ཧང་ནས་གང་ལ་བལྟས་འདུག ཕྱིས་སུ་ཡང་དང་ཡང་དུ་མི་ལུས་ཐོབ་མིན་སུ་ཡིས་ཤེས། གལ་ཏེ་ཐོབ་ཀྱང་ཆོས་དང་འཕྲད་མིན་ཅི་ཤེས། འཕྲད་ཀྱང་ད་ལྟའི་འདི་འདྲ་བ་ཡིན་ན་སྟོང་ལོག་ཏུ་འགྱུར་ཉེན་ཡང་ཆེའོ། །ད་ལྟ་ནི་མཐོ་རིས་རྣམ་གསུམ་ལས་མིའི་ལུས་རྟེན་ཡིན་ཡང་རྒ་བ་ན་བ་འཆི་བ་ལ་སོགས་པའི་སྡུག་བསྔལ་ལས་མ་འདས་ཤིང་། སྡུག་བསྔལ་གསུམ་གྱི་ཕུགས་དེད་ན་དོན་དུ་སྐྱེ་བ་ལས་བྱུང་ཞིང་། དེའང་སྲིད་རྩ་མ་རིག་པ་འགོག་མ་ནུས་པར་སྲེད་ལེན་གཉིས་མེད་པར་མ་གྱུར་ན། ཤི་བའི་རྗེས་སུ་ཡང་སྐྱེ་བ་མི་ལེན་པར་ཐབས་མེད་དོ། །དེ་ལ་ཚེ་འདིའི་སྟེང་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས་ཕྱིན་ཆད་འཁོར་བའི་གནས་སུ་སྐྱེ་བ་ལེན་མི་དགོས་པ་ཞིག་མ་འགྲུབ་ཀྱང་། ད་ལྟ་སྡོད་སའི་འཁོར་བའི་གནས་འདི་མ་ཡིན་པའི་ཞིང་ཁམས་དག་པ་ཞིག་ལ་འདུན་པ་གཏད་ས་ཡོད་ན་དེར་གཏད་དགོས་སྙམ་པ་བྱུང་ན། འདེམས་ཀ་ཐམས་ཅད་ལས་མཆོག་ཏུ་གྱུར་པ་ནི་དེ་ཉིད་ཡིན། འུ་བུ་ཅག་གིས་དེའི་ཆ་ནས་བཤད་ན། དག་པའི་ཞིང་ཁམས་རྣམས་ལས་བདེ་བ་ཅན་མ་ཡིན་པ་ཞིག་ལ་འདུན་པ་གཏད་ཚེ། ཞིང་ཁྱད་པར་ཅན་ཞིག་ཏུ་སྐྱེ་བ་ལ་སྒྲིབ་གཉིས་ཀྱི་དྲི་མ་ཅི་རིགས་དག་ནས་ས་བརྒྱད་པ་ཐོབ་པ་མན་ཆད་ཞིག་དགོས། ཞིང་ཁམས་འབྲིང་ཞིག་ཏུ་སྐྱེ་བ་ལ་བསྒོམ་ལམ་ས་གཉིས་པ་མན་ཆད་ཅིག་དགོས། ཞིང་ཁམས་ཆུང་ངུ་ཞིག་ཏུ་སྐྱེ་བར་ཡང་ས་དང་པོ་མཐོང་ལམ་ངེས་པར་ཐོབ་དགོས་སོ། །དེའི་ཕྱིར་རང་རེ་ལྟ་བུའི་སོ་སོའི་སྐྱེ་བོ་ལ་མཚོན་ན་ཐར་ལམ་གང་ཡིན་ངོས་མ་ཟིན་ཞིང་ཚོགས་སྦྱོར་གྱི་ལམ་ཙམ་ཡང་མ་ཐོབ་པ་ཞིག་ཞིང་ཁམས་དེ་དག་ཏུ་སྐྱེ་བར་མི་ནུས་པ་སྨྲོས་ཅི་དགོས། དེས་ན་སོ་སྐྱེས་ཡིན་ཡང་དེར་སྐྱེ་ནུས་པ་དང་ཞིང་ཁམས་དག་པའང་ཡིན་པ། ཞིང་དེར་སྐྱེས་པ་སྐྱེ་བ་གཅིག་གིས་ཐོགས་པའི་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ལས་སྐྱེ་བ་གཞན་ལེན་མི་དགོས་པ། དེའི་ཚེ་ནའང་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པས་དུས་འདའ་ཞིང་། གྲོགས་འཕགས་པ་ས་ཐོབ་ཀྱི་སེམས་དཔའ་རྣམས་དང་ལྷན་དུ་སྐལ་བ་འདྲ་མཉམ་གྱིས་རྫོགས་པའི་སངས་རྒྱས་ཀྱི་དྲུང་ནས་ཆོས་ཉན་པ། ཚོགས་གཉིས་རྒྱ་ཆེན་པོ་དུས་ཡུན་ཐུང་ངུ་ཙམ་ལ་འདུམ་པར་བྱེད་པའི་ཞིང་ཁམས་གཅིག་པུ་ནི་གང་ཞེ་ན་བདེ་བ་ཅན་ཡིན་ནོ། །དེ་ལྟ་བུའི་ཞིང་ཁམས་ཞིག་མིག་གི་ཐད་ན་ཡོད་པ་དང་། དེར་ཐོན་པའི་འབྱོར་རྟེན་ལག་ཏུ་ཐོན་བཞིན་དེ་མི་སྒྲུབ་པ་ནི་སྨྱོན་པ་མིན་ན་གླེན་པ་ཡིན། དེར་མི་འཇུག་པ་ནི་མི་མ་ཡིན་པས་དུད་འགྲོ་དང་ཁྱད་པར་ཅི་ཞིག་མཆིས། སྤྱིར་མིའི་འགྲོ་བ་དང་ཁྱད་པར་དུ་དུས་ངན་སྙིགས་མའི་མི་རྣམས་ལ་བདེ་བ་ཅན་གྱི་ཡོན་ཏན་ཅི་འདྲ་ཞིག་བརྗོད་ཀྱང་དང་བའི་བློ་འདི་སྐྱེས་བྱུང་སྙམ་པ་ཞིག་དང་། ངན་སོང་དམྱལ་བའི་སྡུག་བསྔལ་གང་བརྗོད་ཀྱང་ལུས་ཀྱི་བ་སྤུ་ཙམ་འགུལ་བྱུང་སྙམ་པ་མེད་པ་ནི། རང་གིས་རང་ལ་མི་གཅེས་པ་དང་མི་སེམས་པ་མིན་ཡང་། རྨོངས་པའི་སེམས་ཅན་ཞེས་པ་ཧ་ཅང་བླུན་ཆེ་བས་མ་རྟོགས་ལོག་རྟོགས་ཐེ་ཚོམ་གསུམ་གང་རུང་གི་གཞན་དབང་དུ་གྱུར་པ་ཡིན། བདེ་བ་ཅན་གྱི་ཞིང་དང་སྟོན་པའི་ཡོན་ཏན་ཁྱད་པར་ཅན་མ་ཤེས་པར་དེར་སྐྱེ་བར་མི་སྨོན་པ་ནི། དཔེར་ན། གང་ཟག་བླུན་པོ་ཤིན་ཏུ་ཐ་ཆད་པའི་རིགས་ཅན་ཞིག་གིས་ནོར་བུ་རིན་པོ་ཆེ་བསམ་འཕེལ་དབང་གི་རྒྱལ་བོ་གསོལ་བ་ཅི་བཏབ་ལྟར་དགོས་འདོད་འབྱུང་བ་ཞིག་ལག་ཏུ་སོན་པ་ན། དེའི་ཡོན་ཏན་དང་རིན་ཐང་མ་ཤེས་པར་ས་རྡོ་ལོག་ལོག་ཅིག་ཡིན་པར་བསམ་ནས་དོར་བར་བྱས་པའམ། ཡང་ན་དེ་ཉིད་ལས་ཆང་ཁམ་གང་དང་དུ་བ་རྐང་ཐུར་གཅིག་བཟང་སྙམ་ནས་བརྗེ་བ་ལྟར་དུ། དོན་ཆེན་རང་གཞན་གཉིས་ཕན་གྱི་བྱ་བ་དེ་སྒྲུབ་རྒྱུ་བསྐྱུར་ནས་དོན་ཆུང་བཤད་རིན་མེད་པ་ཞིག་ལ་འབད་པ་ནི་དཔེ་དེ་དང་འདྲའོ།།

བདེ་བ་ཅན་གྱི་ཞིང་ལ་དད་པའི་ཕན་ཡོན་བསྟན་པ།

ཇི་སྐད་བདེ་བ་ཅན་གྱི་ཞིང་མདོ་རུ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ཚེ། འཁོར་གྱི་གཙོ་བོ་མི་ཕམ་པའི་མཚན་ནས་བོས་ཏེ། མི་ཕམ་པ་གང་དག་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་སངས་རྒྱས་མགོན་པོ་འོད་དཔག་མེད་ཀྱི་མཚན་ཐོས་པ་དེས་ནི་རྙེད་པ་ཇི་སྙེད་ཅིག་ལེགས་པར་རྙེད་པ་ལ་ལྟོས། ཞེས་དང་། སེམས་ཅན་གང་ཞིག་གིས་སངས་རྒྱས་འོད་དཔག་ཏུ་མེད་པ་ལ་སེམས་ཀྱིས་དད་པ་ལན་གཅིག་བྱས་པ་དང་། བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་བསྟན་པའི་ཆོས་ཀྱི་རྣམ་གྲངས་འདི་ལ་དད་པ་མི་ཕྱེད་པ་ལྡན་པ་དེ་དག་ནི་དམན་པའི་ལམ་ལས་ལྡོག་པར་འགྱུར་བ་ཡིན་གསུངས། ཡང་མི་ཕམ་པ་ཞེས་མཚན་ནས་བོས་ཏེ། ཆོས་འདི་ལ་མོས་པར་གྱིས། ཁོང་དུ་ཆུད་པར་གྱིས། གཞན་ལ་དེ་བཞིན་རྒྱ་ཆེར་ཤོད། གླེགས་བམ་ལ་སྟོན་པའི་འདུ་ཤེས་བཞག་སྟེ་མཆོད་པ་གྱིས། གལ་ཏེ་སྟོང་གསུམ་འཇིག་རྟེན་གྱི་ཁམས་མེ་ཡི་འོབས་ཆེན་པོ་བརྒལ་དཀའ་བར་གྱུར་ཀྱང་འདིའི་དོན་དུ་དེ་ཉིད་བརྒལ་ནས་འགྲོ་བར་འོས་ཏེ། ཅིའི་ཕྱིར་ན་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་མང་པོས་ཆོས་ཀྱི་རྣམ་གྲངས་འདི་ལ་ཉན་ནས་འཁོར་བའི་རྒྱ་མཚོ་ཆེན་པོ་བརྒལ་ཞིང་སྲིད་པའི་མྱ་ངན་ཐམས་ཅད་དང་བྲལ་ཏེ། རང་གཞན་གཉིས་དོན་གྲུབ་པ་བླ་མེད་རྫོགས་པའི་བྱང་ཆུབ་བརྙེས་ཏེ་ཕྱིར་མི་ལྡོག་པར་གྱུར་ཏོ། །ཞེས་གསུངས་པ་བཞིན་དུ་མཁས་གྲུབ་ཀརྨ་ཆགས་མེད་ཀྱི་བདེ་སྨོན་ཡིག་ཆུང་དུ། འདི་ཉིད་ཆགས་མེད་ཐུགས་དམ་མཛོད། །ལག་པ་ན་ཡང་འབད་ནས་བྲིས། །ཞེས་གསུངས་དོན་ཡང་དེས་རེད། སྔར་ནས་ཆོས་ལ་གོམས་པ་མེད་ཅིང་ཆོས་ཐོས་པའི་རྒྱུ་བསོད་ནམས་མ་བསགས། དེ་ལྟར་རྒྱུ་སྔོན་སོང་གོམས་པ་སྟོབས་སུ་མ་གྱུར་བས་སྡིག་པའི་ཕྱོགས་མ་བསླབས་ཀྱང་ཤེས་ལ་དེར་ལྷག་པར་རྣམ་རིག་བཀྲ་བ་ནི་སྔར་གྱི་རྒྱུ་མཐུན་ལས་བྱུང་། དེ་དག་ཐམས་ཅད་མ་རྟོགས་པའི་དབང་གིས་བྱུང་བ་ཡིན། ལོག་རྟོག་ཅན་ནི་ཕྱི་རོལ་མུ་སྟེགས་པ་དང་དེའི་ཕྱོགས་གཏོགས་མིན་ཡང་། ཁ་ནས་ཚེ་ཕྱི་མ་དང་ལས་རྒྱུ་འབྲས་མེད་པར་མི་སྨྲ་མོད་དོན་ལ་ལྟ་བ་ལོག་པའི་ཕྱོགས་སུ་དུང་ཞེན་དང་མོས་པ་ཆེ་བའི་གང་ཟག་དང་། དེའི་ཤུགས་རྐྱེན་ངན་པ་ཐེབས་པའི་དབང་གིས་གཞལ་བྱ་ཤིན་ཏུ་ལྐོག་གྱུར་འཇལ་བྱེད་ཀྱི་རྒྱལ་བའི་བཀའ་ལུང་བདེན་པའི་ཚིག་ལའང་ཡིད་མི་ཆེས་པའི་ལོག་རྟོག་ཅན་ནོ། །ཐེ་ཚོམ་ཅན་ནི་སྤྱིར་ནང་བ་སངས་རྒྱས་པའི་ཆོས་སྒོར་ཞུགས་ཤིང་མཆོག་གསུམ་སྐྱབས་སུ་འཛིན་པར་དམ་བཅའ་ཙམ་བྱས་མོད། དམན་པའི་རིགས་ཅན་དུ་གྱུར་བས་དག་པའི་ཞིང་གི་ཡོན་ཏན་འདི་འདྲ་ཐོས་པ་ན། དེ་ནི་འཕགས་པའི་སྐྱེ་བོ་རྣམས་ལས་སོ་སྐྱེ་འཆིང་བ་ཀུན་ལྡན་ལས་ཉོན་གཉིས་ཀྱི་གཞན་དབང་དུ་གྱུར་པ་དག་གིས་སངས་རྒྱས་ཀྱི་མཚན་བཟུང་བ་ཙམ་གྱིས་དག་པའི་ཞིང་དེར་སྐྱེ་ཞིང་། སྐྱེ་བ་གཅིག་གིས་ཕྱིར་མི་ལྡོག་པར་སངས་རྒྱས་ཐོབ་ནུས་སམ་མི་ནུས་བསམ་ཞིང་། གཞན་ལའང་བསྒྲགས་ནས་རང་གཞན་སེམས་ཅན་མང་པོ་ཞིག་དོན་ཆེན་པོ་ལས་ཉམས་པར་བྱེད་པ་དེ་ནི་ཐེ་ཚོམ་ཡིན། དེ་ལྟའི་མ་རྟོགས་ལོག་རྟོག་ཐེ་ཚོམ་ཅན་གྱི་རིགས་རང་ངོས་ནས་ཡིན་ན། རང་གི་ལམ་སྣ་འགགས་པ་དེ་རང་ཉིད་ཀྱིས་སེལ་ཐབས་བྱ་ཞིང་། གཞན་དེ་དང་དེ་འདྲའི་རིགས་ཅན་སྙིང་རྗེ་བརྩེ་བ་ཆེན་པོས་བཟུང་ནས། སྟོན་པ་ཚད་མའི་སྐྱེས་བུ་དང་བསྟན་པ་རྣམ་གྲོལ་གྱི་འཇུག་ངོགས་ཡིན་པ། སངས་རྒྱས་ཀྱི་སྨོན་ལམ་དག་པའི་མཐུ་བསམ་གྱིས་མི་ཁྱབ་པ་དང་། དེ་ཡང་གཙོ་བོ་རང་ཉིད་ཀྱི་དད་པ་དང་འདུན་པ་ལ་རགས་ལས་ཚུལ་བཅས་དཔྱད་གསུམ་དག་པའི་སྒྲུབ་བྱེད་དང་བཅས་ཏེ་རང་གིས་ངེས་པར་མ་ཟད་གཞན་ལའང་གོ་བར་བྱེད་དགོས། སྔར་ཡང་བཤད་མྱོང་། ཞིང་ཁམས་འདིར་སངས་རྒྱས་འོད་དཔག་མེད་ཀྱི་མཚན་ཙམ་ཐོས་པས་སྐྱེ་བར་འགྱུར་དོན་ནི། བཅོམ་ལྡན་འདས་མགོན་པོ་འོད་དཔག་མེད་མངོན་པར་སངས་མ་རྒྱས་པའི་སྔ་རོལ་ཏུ་ཞིང་ཁམས་གཟུང་བར་སྨོན་པའི་དམ་བཅའ་བྱེད་པའི་ཚེ། སངས་རྒྱས་ཀྱི་ཞིང་གྲངས་མ་མཆིས་པ་དཔག་ཏུ་མེད་པ་དག་ནས་སེམས་ཅན་གང་དག་གིས་བདག་གི་མིང་ཐོས་ནས་དད་ཅིང་ཞིང་ཁམས་འདིར་སྐྱེ་བར་མོས་ཤིང་དགེ་རྩ་དེར་བསྔོས་ཚད། མཚམས་མེད་ཀྱིས་ལས་བྱས་པ་དང་དམ་པའི་ཆོས་སྤངས་བ་མ་གཏོགས་པ་ཐམས་ཅད་ཇི་སྲིད་ཞིང་ཁམས་དེར་སྐྱེ་བར་མི་འགྱུར་བ་དེ་སྲིད་དུ་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་བགྱིའོ། །ཞེས་གསུངས་ནས་དམ་བཅའ་མཛད་པ་ནི་མདོ་ལུང་དུ་གསལ་བར་བསྟན་ཡོད། དེ་བཞིན་དུ་ཞིང་དག་པ་བདེ་བ་ཅན་དུ་སྐྱེས་ཚད་ནི་གཟུངས་དང་ཏིང་ངེ་འཛིན་དང་མངོན་ཤེས་ལ་སོགས་པའི་ཡོན་ཏན་དང་ལྡན་པ་འབའ་ཞིག་ཡིན་པར་ཡང་མདོ་ལས་གསུངས། ཞིང་ཁམས་གཞན་ལས་ཁྱད་དུ་འཕགས་པ་དེར་སྐྱེ་བ་ནི་རང་སྟོབས་ཁོ་ནས་མ་ཡིན་ཏེ། ཚེགས་ཆུང་ངུས་དོན་ཆེན་པོ་འགྲུབ་པ་ནི་སངས་རྒྱས་འོད་དཔག་མེད་ཀྱི་སྨོན་ལམ་དང་ཡེ་ཤེས་ཀྱི་སྟོབས་ཁྱད་པར་ཅན་གྱི་མཐུ་ལས་འབྱུང་བར་གྲུབ། བསྐལ་བ་གྲངས་མེད་བྱེ་བ་གཅིག་གི་ཡར་སྔོན་དུ། སངས་རྒྱས་རིན་ཆེན་སྙིང་པོའི་མདུན་ནས་རྒྱལ་བོ་རྩིབས་ཀྱི་མུ་ཁྱུད་ཀྱིས་ཞིང་ཁམས་གཟུང་བར་སྨོན་ལམ་བཏབ་པ་ན་སངས་རྒྱས་ཀྱིས་དབུགས་དབྱུང་ལུང་བསྟན་གཟེངས་བསྟོད་བཅས་གནང་བ་ནི་འདི་ལྟར། བྱང་ཆུབ་སེམས་དཔའ་ལྟོས་དང་ནུབ་ཕྱོགས་སངས་རྒྱས་ཀྱི་ཞིང་བྱེ་བ་འབུམ་ཕྲག་འདས་པའི་ཕ་རོལ་ན། འཇིག་རྟེན་གྱི་ཁམས་དབང་པོ་རྡུལ་ཤིན་ཏུ་མཛེས་པ་ཞེས་བྱ་བ་རུ་མ་འོངས་པའི་བསྐལ་བ་གང་གཱའི་ཀླུང་གི་བྱེ་མ་སྙེད་འདས་པ་ན། རྫོགས་སྨིན་སྦྱང་གསུམ་མཐར་ཕྱིན་ནས་ཁྱོད་སངས་རྒྱས་ཚེ་དཔག་མེད་དུ་འགྱུར། དེ་ཚེ་སྔོན་སྨོན་ལམ་བཏབ་པ་ཇི་བཞིན་བདེ་བ་ཅན་གྱི་ཞིང་ཁམས་བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་ལྡན་པར་འགྱུར་རོ། །ཞེས་གསུངས། དེ་འདྲའི་དུས་ཡུན་རིང་པོ་ཞིག་ལ་བྱང་ཆུབ་སེམས་དཔའ་ས་བརྒྱད་པར་གནས་པ་དེས་སྐྱོ་སེམས་སྐད་ཅིག་ཀྱང་མ་སྐྱེས་པར་ཟག་མེད་འདུས་མ་བྱས་པའི་དགེ་རྩ་རྒྱ་ཆེར་བསགས་པ་མཐར་ཕྱིན་ཅིང་། སྨོན་ལམ་ཐམས་ཅད་མངོན་དུ་གྱུར་ནས་རང་རེའི་འཇིག་རྟེན་འདིའི་བསྐལ་བ་ཆེན་པོ་བཅུའི་སྔ་རོལ་ཏུ་མགོན་པོ་འོད་དཔག་མེད་མངོན་པར་རྫོགས་པར་སངས་རྒྱས་ནས་ཞིང་ཁམས་བཟུང་། དེའང་བདེ་བ་ཅན་གྱི་ཞག་བཅུ་ཡིན། བདེ་བར་གཤེགས་པའི་མདོ་དང་རྒྱུད་སྡེ་མང་པོ་རུ། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པས་མགོན་པོ་འོད་དཔག་མེད་དང་བདེ་བ་ཅན་གྱི་ཞིང་ལ་བསྔགས་བརྗོད་ཀྱི་རོལ་མོ་ཅི་ལྟར་འཁྲོལ་བའི་ཚུལ་ནི་དེ་དག་ལས་རྟོགས་པར་ནུས་སོ། །ཇི་སྐད་དུ། གང་ན་འཚོ་ཞིང་གཞེས་པའི་རྒྱལ་བ་དེའི། །བསྔགས་པ་བརྗོད་ལ་གང་གཱའི་རྡུལ་སྙེད་ཀྱི། །སངས་རྒྱས་རྣམས་ཀྱང་བརྩོན་པ་མི་འདོར་རོ། །ཞེས་གསུངས་པ་ལྟར་ཡིན། བདེ་བ་ཅན་གྱི་ཞིང་ཁམས་བདེ་སྐྱིད་ལོངས་སྤྱོད་ཁྱད་འཕགས་ཅན་དེའི་ཡོན་ཏན་བརྗོད་དགོས་ན། དོན་ལ་ཡེ་ཤེས་རང་སྣང་གི་དཀྱིལ་འཁོར་སྤྲུལ་བའི་གཟུགས་བརྙན་དུ་བཀོད་པ་ནི་སོ་སོའི་སྐྱེ་བོའི་བློས་གཞལ་བར་མི་ནུས་ཤིང་སྒྲ་ཚིག་གིས་དེ་བས་ཀྱང་མཚོན་པར་བྱར་མེད་མོད། རྟེན་ཞིང་ཁམས་ཡིད་ལ་བྱེད་པ་ནི་བདེ་བ་ཅན་གྱི་རྒྱུ་བཞིའི་དང་པོ་ཡིན་ཞིང་། ཡིད་ལ་བྱེད་མཁན་ནི་སོ་སྐྱེའི་གང་ཟག་ཡིན་པས་དད་མོས་དང་འདུན་པའི་རྟེན་ཙམ་དུ་སོ་སྐྱེ་རང་ཉིད་ཀྱི་དབང་ཡུལ་དང་སྒོ་བསྟུན་ནས་འཆད་ཉན་དང་སྒོམ་སྒྲུབ་མི་བྱེད་ཐབས་མེད་དོ། །དེས་ན་མདོ་རྒྱུད་ཐམས་ཅད་དུ་ཞིང་བཀོད་གསུངས་པ་ནི་མིའི་འཇིག་རྟེན་དུ་མིའི་རྟེན་ལ་བྱོན་པའི་སངས་རྒྱས་ཀྱིས་མིའི་གདུལ་བྱ་ལ་ཆོས་སྟོན་དུས། མི་རྣམས་ཀྱིས་གོ་ནུས་པ་ཁོ་རང་ཚོའི་ཁོར་ཡུག་ཏུ་ཡོད་པའི་དཔེ་བཀོད་ནས་མ་བསྟན་ན་ཤེས་ཐབས་མེད་པས་གོ་སླ་བའི་ཕྱིར་མི་ཡུལ་གྱི་སྣོད་བཅུད་དང་ཕྱོགས་འདྲ་བ་ཞིག་གདུལ་བྱའི་དགོས་དབང་དང་བསྟུན་ནས་གསུངས་པའོ། །ངས་ཟེར་མྱོང་། དུད་འགྲོ་རྟ་ཟོག་གི་རྣ་བར་བདེ་བ་ཅན་གྱི་ཡོན་ཏན་རིན་པོ་ཆེའི་རི་བོ་དང་རིན་པོ་ཆེའི་ལྗོན་ཤིང་སོགས་བརྗོད་ན་གོ་བར་མི་ནུས་ལ། གལ་ཏེ་དུད་འགྲོ་དེས་མི་སྐད་གོ་ན་དེར་རྩྭ་ཁ་བཟང་ཚུལ་དང་རྩྭ་ཆུ་འཛོམ་ཚུལ་བཤད་ན་དགའ་བར་ངེས་སོ། །དཔེ་དེ་བཞིན་གདུལ་བྱའི་དགོས་དབང་དང་བསྟུན་ནས་གོ་སླ་བའི་ཆེད་དུ་གསུངས་པའོ།།

བདེ་བ་ཅན་གྱི་སྣོད་བཅུད་དག་པ་བསྟན་པ།

དེའང་རྟེན་དང་བརྟེན་པའི་རྣམ་གཞག་ལས་དང་པོ་རྟེན་ཞིང་ཁམས་དང་དེ་ནས་བརྟེན་པ་སངས་རྒྱས་གཙོ་འཁོར་བཅས་འཆད་མོད། དོན་ལ་རྟེན་ཞིང་ཁམས་ཀྱང་རྒྱལ་བ་གཅིག་གི་ཡེ་ཤེས་ཀྱི་རྣམ་པར་འཕྲུལ་བ་ཡིན་པས་ན། ཐོག་མར་བདེ་བར་གཤེགས་པ་སངས་རྒྱས་ཚུལ་ནས་བརྩམས་ཏེ་ཞིང་གི་བཀོད་པ་འཆད་དགོས་ཏེ། འོད་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཞལ་ནས། ཀུན་དགའ་བོ། དེ་ལྟར་དགེ་སློང་ཆོས་ཀྱི་འབྱུང་གནས་དེས་སྔོན་བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པ་ན་ཡོ་བྱད་ཐམས་ཅད་ལ་དབང་བའི་ཕ་རོལ་ཏུ་ཕྱིན་པར་གྱུར་ཏོ། །ཞེས་གསུངས་པ་ལྟར་སྔོན་ལམ་ལ་སློབ་དུས་སུ་དགེ་ཚོགས་རྒྱ་ཆེ་ཞིང་ཉེས་སྤྱོད་དང་མ་འདྲེས་པར་སྤུས་དག་པས་སངས་རྒྱས་པའི་དུས་སུའང་ཞིང་གི་ཡོན་ཏན་བཟང་བ་དང་མང་ཞིང་ཕོན་ཆེ་བ་ཡིན། དེ་བཞིན་དུ་སངས་རྒྱས་ཀྱི་སྐུའི་མཚན་དཔེ་དང་འོད་དང་གཟི་བྱིན་དང་མཛད་པ་ཕྲིན་ལས་དང་། ཐ་ན་མཚན་སྔགས་ཀྱི་ཡི་གེ་ཙམ་ཡང་གདུལ་བྱའི་རེ་འདོད་སྐོང་བར་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །དེའི་ཕྱིར་ན་དུས་གང་གི་ཚེ་གང་ཟག་གང་ཞིག་གིས་རྡུལ་ཕྲ་རབ་ཀྱི་གྲངས་དང་མཉམ་པའི་འཇིག་རྟེན་གྱི་ཁམས་བཤིག་ནས་རྡུལ་ཕྲ་རབ་ཏུ་བྱས་པའི་གྲངས་ཇི་སྙེད་དང་མཉམ་པ་དེ་སྙེད་ཀྱི་འཇིག་རྟེན་ཁམས་ཐམས་ཅད་ལྷ་དང་མི་ཡི་རིན་པོ་ཆེ་སྣ་ཚོགས་ཀྱིས་བཀང་སྟེ་སྦྱིན་པ་བཏང་བ་ལས། གང་སུ་ཞིག་གིས་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དང་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་ཁྱད་དུ་འཕགས་པ་རྣམས་ཐོས་ནས་དེ་ལ་དད་ཅིང་དགའ་བའི་ཐལ་མོ་ལན་གཅིག་དེའི་ཕྱོགས་སུ་སྦྱོར་ན་བསོད་ནམས་ཆེའོ། །འདིར་བདེ་བ་ཅན་གྱི་ཞིང་ལ་དགའ་ཞིང་མོས་པ་སྐྱེ་བའི་ཕྱིར་དུ་ཕྱོགས་ཙམ་སྨྲོས་ན། སྤྱིར་བདེ་བ་ཅན་གྱི་ཡོན་ཏན་ནི་ས་བཅད་མི་འདྲ་བ་དུ་མས་བརྗོད་ཀྱང་གཙོ་བོ་སྣོད་དག་པ་ས་གཞི་དང་ལྗོན་ཤིང་དང་པདྨོ་སོགས་ཀྱིས་བསྟན་ཏེ། དང་པོ་ས་གཞི་ནི་ཀུན་མཁྱེན་འཇིགས་གླིང་གིས། གཞོན་ཤ་ཤིན་ཏུ་ཆགས་པའི་ལག་མཐིལ་དང་། །མཉམ་པའི་དཔེ་བྱར་འོས་པའི་འགལ་ཟླ་ནི། །ཆུ་ཞེང་སྲིད་དུ་མི་མངོན་ཐ་གྲུའི་ཁྱོན། །རིན་ཆེན་སྣ་ཚོགས་གཅལ་དུ་བཀྲམ་པ་ལྟར། །ཞེས་གསུངས་པ་དང་། མཁས་གྲུབ་ཀརྨ་ཆགས་མེད་ཚང་གིས། རིན་ཆེན་ས་གཞི་ཁོད་སྙོམས་ལག་མཐིལ་ལྟར། །ཡངས་ཤིང་རྒྱ་ཆེ་གསལ་ཞིང་འོད་ཟེར་འབར། །མནན་ན་ནེམ་ཞིང་བཏེགས་ན་སྤར་བྱེད་པ། །བདེ་འཇམ་ཡངས་པའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་པ་ལྟར་དུ་ས་གཞི་ནི་ཐང་གཤོང་དང་འབའ་འབུར་མེད་ཅིང་ངོས་མཉམ་པའམ་ཁོད་སྙོམས་པའི་ཆ་ནས་གཞོན་ནུའི་ལག་མཐིལ་ལྟ་བུ། རྒྱ་ཆེ་ཞིང་ཡངས་བའི་ཆ་ནས་ཆུ་ཞེང་སྲིད་དུ་མི་མངོན་པ་སྟེ་ས་གཞིའི་ཁ་རྒྱ་ཆེ་ཆུང་མཐའ་མི་མངོན་ཞིང་ཚད་གཟུང་དུ་མེད་ལ་བསམ་ཡུལ་ལས་འདས་པ། ཁོར་ཡུག་གི་ཕྱོགས་མཐའ་ཐམས་ཅད་ཁྱོན་ཡངས་ཤིང་རྒྱ་ཆེ་ལ། དག་ཅིང་དྲི་མ་མེད་པས་གསལ་བ། ས་གཞི་ཐམས་ཅད་ལ་རྡོ་དང་གསེག་མ། ས་ནག་དང་གད་པ་ལ་སོགས་མེད་པར་རིན་པོ་ཆེའི་རྒྱན་ཆས་སྣ་ཚོགས་ཀྱིས་སྤྲས་པ། རིན་པོ་ཆེའི་རང་འོད་དང་སངས་རྒྱས་ཀྱི་སྐུའི་འོད་ཟེར་ཕོག་པས་ས་གཞི་ཐམས་ཅད་གསལ་བར་བྱས་པ། ཕྱོགས་གང་ལ་བལྟས་ཀྱང་ཉམས་དགའ་ཞིང་ཡིད་དུ་འོང་བ། རང་རེའི་ཡུལ་ལྟར་སྲ་མཁྲེགས་རྩུབ་རེག་གི་རྣམ་པ་ཅན་མ་ཡིན་པར་དར་གྱི་འབོལ་སྟན་བཞིན་མནན་ན་ནེམ་པའི་རེག་བྱ་འཇམ་པ། མཚམས་མཚམས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་རི་བོ་མཛེས་པ་མ་གཏོགས། མི་ཡུལ་བཞིན་སྡུག་བདེན་གྱིས་བསྡུས་པ་མ་ཡིན་པས་གྲོག་རོང་དང་གཡང་ས་སོགས་མེད་པ། རི་བོ་འགའ་རེ་ནི་གསེར་ལས་གྲུབ་ཅིང་གཡུ་ཡི་ལྗོན་ཚལ་དང་རིན་པོ་ཆེ་དཀར་དམར་སྣ་ཚོགས་ཀྱི་མེ་ཏོག་བཀྲ་བ། འགའ་རེ་ནི་དངུལ་ལ་སོགས་པ་བཞུས་ཁམས་ཀྱི་རིན་པོ་ཆེ་ལས་གྲུབ་པ། འགའ་རེ་ནི་རང་བྱུང་གི་རིན་པོ་ཆེ་གཟི་དང་མུ་མེན་དང་སྤུག་དང་ཕ་ལམ་སོགས་ལས་གྲུབ་པ། གཞན་ཡང་སྨན་གྱི་རིགས་དྲི་བསུང་དང་ལྡན་པ་སྐྱེས་ཤིང་། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བྲག་རི་དང་། ལྷུན་པོ་དང་། བ་གམ་ལྟར་ཆགས་པ། དཔེ་ལྷ་བཟོ་མཁས་པས་ཐང་གར་བྲིས་བས་ཀྱང་མཚོན་དུ་མེད་པ། རིན་པོ་ཆེ་རང་གྲུབ་ཀྱི་ཕུག་པ། རི་འགའ་རེར་རྩེ་མོ་སྣ་ཚོགས་པ། རི་ཐམས་ཅད་མཐོང་ཡངས་ཤིང་ངོས་འཇམ་ལ་བང་རིམ་གྱི་བཀོད་པས་མཛེས་པ། འགའ་རེ་ལྷུན་སྟུག་ཅིང་རིན་པོ་ཆེ་ཚོམ་བུར་སྤུངས་པ། རི་འགའ་རེའི་རྩེ་མོ་ཆུ་ཤེལ་དཀར་པོ་ལས་གྲུབ་པ། འགའ་རེ་ཆུ་ཤེལ་དང་རི་སྐེད་ཡན་ཆད་མཆོང་དང་མུ་མེན་སོགས་ལས་གྲུབ་པ། འགའ་རེ་རིན་པོ་ཆེ་སྣ་ཚོགས་འདྲེས་པ་ཁྲ་མེན་གྱིས་གྲུབ་པ། གཞན་ཡང་རིན་པོ་ཆེའི་གཏེར་ཁ་སྣ་ཚོགས་པ་རང་རྡོལ་དུ་བྱུང་བ། རི་དང་ཐང་གི་ཐ་གྲུའི་ཁྱོན་ཐམས་ཅད་ལ་རིན་པོ་ཆེ་སྣ་ཚོགས་གཅལ་དུ་བཀྲམ་པ། དེ་བཞིན་ལྗོན་ཤིང་ཡང་རིན་པོ་ཆེ་སྣ་རེ་རེ་ལས་གྲུབ་པ་དང་། དཔག་བསམ་གྱི་ལྗོན་ཤིང་རིན་པོ་ཆེ་སྣ་མི་འདྲ་བ་དྲུག་བདུན་ལས་གྲུབ་པ་དང་བརྒྱ་སྟོང་གིས་གྲུབ་པ། དཔེར་ན་རྩ་བ་གསེར་དང་། སྡོང་པོ་དངུལ། ཡལ་ག་བཻ་ཌཱུརྱ། ལོ་མ་གཡུ། འདབ་མ་མན་ཤེལ། མེ་ཏོག་སྤུག ཟེའུ་འབྲུ་མུ་ཏིག་དཀར་དམར། འབྲས་བུ་རྡོ་རྗེ་ཕ་ལམ་ལྟ་བུ་སོགས་ལྷ་མིའི་རིན་པོ་ཆེ་དང་འགའ་རེ་མིང་གིས་བརྗོད་ཀྱང་ཕལ་བའི་མཐོང་ཐོས་སུ་མ་གྱུར་པ། འདིར་རིན་པོ་ཆེ་སྣ་བདུན་གསུངས་པ་ནི། གསེར། དངུལ། བཻ་ཌཱུརྱ། ཤེལ། སྤུག མུ་ཏིག་དམར་པོ། རྡོ་རྗེ་ཕ་ལམ་བཅས་བདུན་དུ་གསུངས། ལྗོན་ཤིང་འགའ་རེ་ཁ་དོག་སྣ་ཚོགས་པ། འགའ་རེ་ཁ་དོག་གཅིག་ཅན། རིན་པོ་ཆེ་འདྲེས་མ་དང་རེ་རེའི་ནགས་ཚལ་གྱིས་རི་ཐང་ཕྱོགས་ཀུན་མཛེས་པར་བརྒྱན་པ། ལྗོན་ཤིང་ཐམས་ཅད་ཀྱི་ཡལ་འདབ་མེ་ཏོག་དང་འབྲས་བུས་ཐུར་དུ་དུད་པ་སྟེ། ཇི་སྐད་དུ། རིན་ཆེན་སྣ་བདུན་ལས་གྲུབ་ལྗོན་པ་ནི། །དཔག་ཚད་སྟོང་དང་དྲུག་བརྒྱའི་འཕངས་སུ་བསྙེགས། །ཞེས་གསུངས་པ་ལྟར་ཡིན་ལ། དེ་བཞིན་གསེར་སོགས་རིན་པོ་ཆེའི་དྲྭ་བ་དང་དྲྭ་ཕྱེད་དྲིལ་བུ་དང་གཡེར་ཁས་བརྒྱན་པ། སྒྲ་སྙན་པ་རྒྱུན་དུ་འབྱུང་ཞིང་དྲི་ཞིམ་རྟག་ཏུ་འཐུལ་བ། ཤིང་ཐམས་ཅད་རེག་ན་འཇམ་ཞིང་བདུད་རྩིའི་རྒྱུན་འཇོ་བ། གང་འདོད་ཅི་བསམ་ལེན་ཆོག་པའི་དཔག་བསམ་གྱི་ལྗོན་པ་འབའ་ཞིག་གོ །དེ་འདྲ་བ་ཨེ་ཡིན་ནམ་སྙམ་པའི་ཐེ་ཚོམ་མི་བྱ་སྟེ། ཡེ་ཤེས་རང་སྣང་ལས་གྲུབ་པའི་བཀོད་པ་དེ་ཉིད་ནི། རང་རེས་གསེར་སོགས་ལ་རིན་པོ་ཆེར་འདུ་ཤེས་པ་ལྟར་དུ་བརྗོད་པ་ཙམ་ལས། དོན་ལ་བྱང་ཆུབ་ཤིང་གིས་རབ་ཏུ་བརྒྱན་ཞིང་རྩི་ཤིང་ནགས་ཚལ་གྱི་མིང་ཙམ་ཡང་མེད་པར་གསུངས། དེས་ཕྱིར་ཞིང་དེར་ཕལ་བའི་རྩི་ཤིང་ནགས་ཚལ་མེད་ལ་ཕལ་བའི་གསེར་དངུལ་སོགས་ཀྱང་མེད་མོད། རང་རེ་དེ་དག་ལ་རྩིས་ཆེ་བས་ན་རིན་ཐང་གཞལ་མེད་མཚོན་བྱེད་ཙམ་དུ་དེ་ལྟར་གསུངས་པའོ། །དེ་བཞིན་ལྷའི་བྱ་ཚོགས་རྣམས་ནི་སྤུ་མཛེས་ཤིང་འཇའ་ཚོན་གྱི་རི་མོ་བཀྲ་བ། མགྲིན་པའི་གླུ་དབྱངས་སྙན་མོས་ཡིད་ལ་དགའ་བ་སྐྱེད་པ། ཇི་སྐད་དུ་ཀུན་མཁྱེན་འཇིགས་གླིང་གིས། དེ་སྟེང་སྤྲུལ་བའི་བྱ་ཚོགས་སྐད་སྙན་སྒྲས། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་སྒྲ་སྒྲོགས་པ། །ངོ་མཚར་ཆེན་པོའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས། དེ་བཞིན་ཡང་ཀུན་མཁྱེན་དོལ་བོ་པས། ལྗོན་ཤིང་དག་ལས་སྤྲུལ་བའི་བྱ་ཚོགས་ཁྱུང་དང་རྨ་བྱ་ཤང་ཤང་ངང་པ་ཀ་ལན་ཏ་ཀ་འཕུར་ཞིང་མངོན། །ཞེས་གསུངས། དེ་བཞིན་ནེ་ཙོ་རི་སྐག་ཁུ་བྱུག་སོགས་བྱ་རིགས་མང་དུ་གསུངས་ཞིང་། སྤྲུལ་བའི་བྱ་ཚོགས་ཀྱིས་སྐད་སྙན་མགྲིན་པའི་རྫ་རྔ་རྡུང་བའང་དབྱངས་སྙན་པ་ཙམ་དུ་མ་ཟད་དོན་ཟབ་མོ་ཆོས་ཀྱི་རང་སྒྲ་ཅན་ཡིན་ལ། དེ་དག་གིས་མིག་ལ་མཛེས་པ་སྟེར་བར་མ་ཟད་ཡིད་ལ་ཏིང་འཛིན་དང་དགའ་བདེའི་སིམ་པ་སྟེར་ནུས་པ། ལྷ་དང་མི་ཡི་སྐྱེད་ཚལ་ལས་འདས་པའི་བྱ་རིགས་ཀྱི་སྤུ་མདོག་མཛེས་པའི་ཆ་ནི་ལྷ་བཟོ་མཁས་པས་གང་འདོད་དུ་མཛེས་པར་བྲིས་པ་ལྟ་བུ། ཚོན་མདངས་སྣ་ཚོགས་མཛེས་ཤིང་སྒྲོ་གཤོག་རྒྱས་པ། འགའ་རེ་གཡུ་ལྟར་ལྗང་ཞིང་སྔོ་བ། འགའ་རེ་བྱུ་རུ་ལྟར་དམར་ཞིང་སྣུམ་པ། འགའ་རེ་དུང་ལྟར་དཀར་བ། འགའ་རེ་ཁ་དོག་སྣ་ཚོགས་པ་འཇའ་ཚོན་གྱི་རི་མོ་བཀྲ་བ། མགྲིན་པའི་སྒྲ་སྙན་སྒྲོག་བཞིན་དུ་ནམ་མཁའ་དང་ཤིང་རྩེའི་བར་ན་རྩེད་འཇོའི་ཟློས་གར་སྒྱུར་བ། བྱ་རིགས་དེ་དག་ཀྱང་རྣམ་པ་ལྷ་མིའི་སྐྱེད་ཚལ་དཔག་བསམ་ཤིང་གི་རྩེ་མོ་ཙན་དན་གྱི་ནགས་ཚལ་ལ་གནས་ཀྱང་། དོན་ལ་སངས་རྒྱས་འོད་དཔག་མེད་ཀྱི་སྤྲུལ་བ་འབའ་ཞིག་གོ །བདེ་བ་ཅན་གྱི་མེ་ཏོག་པདྨའི་འདབ་ལོ་གཅིག་ཁོ་ནའི་ཡོན་ཏན་ཀྱང་བདེ་བར་གཤེགས་པས་བསྐལ་བར་བརྗོད་ཀྱང་བརྗོད་མི་ནུས་གསུངས་པ་ནི། བདེ་བར་གཤེགས་པ་ལྗགས་མི་བདེ་བས་མིན་ལ་བདེ་བ་ཅན་གྱི་སྤྲུལ་བའི་བཀོད་པ་ནི་ཡེ་ཤེས་ཀྱི་རང་མདངས་ཡིན་པས་མིའི་སྐད་ཀྱིས་ཇི་བཞིན་བརྗོད་ཐབས་མེད་པའོ། །དེ་བཞིན་བྱ་རིགས་སྣ་ཚོགས་ཀྱི་སྐད་ནི་དབང་པོ་ལྔ་དང་སྟོབས་ལྔ་སོགས་བྱང་ཆུབ་ཡན་ལག་གི་ཆོས་སྒྲར་འབྱུང་བའང་དེའི་ཕྱིར་རོ། །དེ་བཞིན་ཆུ་དང་པདྨོའི་ཡོན་ཏན་ཡང་ཇི་སྐད་དུ། སྤོས་ཀྱི་ཆུ་ཀླུང་ཡན་ལག་བརྒྱད་ལྡན་མང་། །དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་ནི། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུ་ལྡན། །པདྨའི་འོད་ཟེར་དཔག་ཏུ་མེད་པ་འཕྲོ། །འོད་ཟེར་རྩེ་ལ་སྤྲུལ་བའི་སངས་རྒྱས་བརྒྱན། །ཡ་མཚན་ཆེ་པོའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས། ཆུ་ལ་འབབ་ཆུ་དང་རྫིང་བུ་རིགས་གཉིས། སྤོས་ཆུ་ཞེས་པ་ནི་དྲི་ཞིམ་ངད་པའི་བསུང་དང་ལྡན་པའི་ཆ་ནས་བཏགས་ཤིང་། འབབ་ཆུ་ལ་ལའི་ཞེང་དུ་དཔག་ཚད་བརྒྱ་སྟོང་དང་ཟབ་ཚད་ལ་དཔག་ཚད་བཅུ་གཉིས་སོགས་ཀྱང་གསུངས་མོད་དེ་དག་ནི་མཐའ་གཅིག་ཏུ་ངེས་པ་ཅན་མ་ཡིན་ཏེ། གང་འདོད་ཡིད་འོང་གི་རྣམ་པ་སྐྱེ་བོའི་སེམས་ལ་དགའ་བ་སྟེར་བྱེད་འབའ་ཞིག་ཡིན། དེ་བཞིན་གྱ་གྱུར་རྒྱུ་ཞིང་ལྷུང་ལྷུང་དུ་འབབ་པའང་ཡོད་ཆོག མཐའ་གཅིག་ཏུ་རང་རེ་སྐལ་བ་ཐ་མའི་སྤྱོད་ཡུལ་དང་མཐུན་དགོས་པ་མ་ཡིན་ཏེ། བདེ་བ་ཅན་དུ་སྐྱེས་པའི་བྱང་ཆུབ་སེམས་དཔའ་རེ་རེའི་སྐུ་ལུས་ཀྱི་བོངས་ཚད་ལ་དཔག་ཚད་མང་པོ་ཡོད་པར་ཡང་གསུངས་པས་སོ། །ཆུ་ཀླུང་དེ་དག་གི་འགྲམ་དུ་ལྷའི་ཤིང་ཏ་མ་ལ་དང་ཨ་ག་རུ་དང་ཙན་དན་སྦྲུལ་སྙིང་སོགས་སྐྱེས་ཤིང་དེའི་རྩ་བ་ཆུར་ཟུག་པས་དྲི་ཞིམ་ཆུ་ཀླུང་ལ་ཁྱབ་ཅིང་། གསེར་གྱི་བྱེ་མ་འགྲེམ་པའི་ཆུ་ཀླུང་དེ་དག་བསིལ་ཞིང་འཇམ་པའི་ཡན་ལག་བརྒྱད་ལྡན་དུ་གྱུར། དེའང་ལྷའི་ཆུ་ཡན་ལག་བརྒྱད་དང་མིའི་ཆུ་ཡན་ལག་བརྒྱད་ལྡན་གྱི་ཡོན་ཏན་ཐམས་ཅད་ཚང་བ། དེ་བཞིན་ལྷ་དང་མི་ཡི་མེ་ཏོག་གི་རིགས་སྣ་ཚོགས་ཀྱིས་ཁྱབ་ཅིང་དལ་འབབ་སྙན་པའི་སྒྲ་ནི་ལྷའི་སིལ་སྙན་དང་དྲི་ཟའི་རྒྱུད་མངས་ལས་ཀྱང་སྙན་ཞིང་ཆོས་ཀྱི་དོན་སྒྲོགས་པ། སྒྲ་དང་རེག་བྱ་ཐམས་ཅད་གང་ལ་གང་འདོད་ཀྱི་རྗེས་སུ་འགྲོ་བ། རྫིང་བུ་དང་། ཆུ་ཀླུང་། མཚེའུ། མཚོ་ཆེན་པོ། འབབ་ཆུ། ལྟེང་ཀ་སོགས་དང་། ཁྱད་པར་ཁྲུས་ཀྱི་རྫིང་བུ་ནི་རིན་པོ་ཆེ་སྣ་བདུན་ལས་གྲུབ་ཅིང་གསེར་གཡུ་མུ་ཏིག་གི་བྱེ་མ་བརྡལ་བ། དེ་བཞིན། དེ་བཞིན་བདུད་རྩིའི་ཁྲུས་ཀྱི་རྫིང་བུ་ནི། །རིན་ཆེན་སྣ་བདུན་ཐེམ་སྐས་ཕ་གུས་བསྐོར། །མེ་ཏོག་པདྨ་དྲི་ཞིམ་འབྲས་བུར་ལྡན། །སོགས་བདེ་སྨོན་དུ་ཇི་ལྟར་གསུང་པ་བཞིན་འབབ་སྟེགས་སུ་རིན་པོ་ཆེའི་ཐེམ་སྐས་ཕྱོགས་བཞིར་དྲངས་པ། ཕྱི་རོལ་རིན་པོ་ཆེའི་ཕ་གུ་དང་ལྗོན་ཤིང་གི་ཕྲེང་བ་སྤེལ་ལེགས་སྣ་ཚོགས་པས་བརྒྱན་པ། དེ་དག་ཐམས་ཅད་ཀྱང་རིན་པོ་ཆེའི་རྒྱན་གྱིས་མཛེས་པར་སྤྲས་པ། དེའང་ཆགས་མེད་སྐྱོན་བྲལ་མཚོན་ཕྱིར་མེ་ཏོག་གི་རིགས་ལས་པདྨ་གཙོ་བོ་སྨྲོས་པ་ཙམ་ལས་འདིའི་ཁོངས་སུ་ཆུ་དང་ཤིང་གི་པདྨའི་རིགས་ཐམས་ཅད་དང་པདྨ་དཀར་པོ་དང་དམར་པོ་ཐམས་ཅད་བསྡུས་པས་མི་ཚད་ཀུ་མུ་ཏ་དང་ཨུཏྤལ་སོགས་ལྷ་མིའི་ཐུན་མོང་གི་མེ་ཏོག་དང་ལྷའི་མེ་ཏོག་མནྡ་ར་ལ་སོགས་པའོ།།

བདེ་བ་ཅན་གྱི་ལོངས་སྤྱོད་བསྟན་པ།

གོང་དུ་བསྟན་པ་མེ་ཏོག་ལ་སོགས་པ་དེ་དག་གི་ཡོན་ཏན་ཡང་མིག་གི་ཡུལ་དུ་དབྱིབས་དང་ཁ་དོག་གི་རྣམ་པ་མཛེས་ཤིང་། རྣ་བའི་ཡུལ་དུ་ཆོས་ཀྱི་སྒྲ་སྙན་པར་འབྱིན་པ། སྣའི་ཡུལ་དུ་དྲི་ཞིམ་ཞིང་། ལྕེའི་ཡུལ་དུ་རོ་བཅུད་ཕུན་སུམ་ཚོགས་པ། ལུས་ཀྱི་ཡུལ་དུ་རེག་བྱ་འཇམ་པ། མེ་ཏོག་རེ་རེའི་ཁྱོན་ལ་དཔག་ཚད་གཅིག་ནས་བཅུ་གྲངས་ཀྱི་བར་ཡོད་པ། དེ་དག་རེ་རེ་ལས་འོད་ཟེར་བྱེ་བ་སྟོང་ཕྲག་དྲུག་ཅུ་རྩ་དྲུག་དྲུག་འཕྲོ་བ། འོད་ཟེར་རེ་རེའི་རྩེ་མོར་དེ་བཞིན་གཤེགས་པའི་སྐུ་མཐོང་ན་མི་མཐུན་པ་མེད་པ་མཚན་བཟང་དཔལ་གྱིས་སྤྲས་པ་བྱེ་བ་སྟོང་ཕྲག་སུམ་ཅུ་རྩ་དྲུག་དྲུག་འབྱུང་། དེ་ལྟའི་སངས་རྒྱས་བྱེ་བ་ཕྲག་ས་ཡ་དེ་དག་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དེ་བས་མང་བར་བྱོན་ཏེ་སེམས་ཅན་གྱི་འགྲོ་དོན་མཛད། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་ནས། ཐམས་ཅད་ལས་ཀྱང་སྣ་ཚོགས་འོད་རབ་འཕྲོ། །དེ་ལས་མཚན་དཔེས་རབ་བརྒྱན་སྤྲུལ་བའི་སྐུ། །མཁའ་དབྱིངས་གང་འཁྲིགས་ཟབ་ཡངས་ཆོས་སྟོན་པ། །ཆོས་དབྱིངས་རྣམ་དག་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས་པའི་ཚིག་ཐ་མ་ཆོས་དབྱིངས་རྣམ་དག་ཞིང་ཞེས་པས་རྒྱལ་བའི་ཡེ་ཤེས་རང་སྣང་གི་བཀོད་པ་ཡིན་པར་བསྟན། ཞིང་དེའི་བདེ་སྐྱིད་ལོངས་སྤྱོད་ཀྱང་འཇིག་རྟེན་ལས་འདས་པའི་ཟག་མེད་ཏིང་འཛིན་གྱི་བདེ་བ་ཡིན་པ་དང་། ཡུལ་ཅན་དབང་པོའི་ཤེས་པ་ཐ་མལ་བ་ལས་འཕགས་པས་ན། ཡུལ་གཟུགས་སྒྲ་སོགས་ཀྱང་སྡུག་བདེན་ཀྱིས་མ་བསྡུས་པ་ཡིན་པར་རྟོགས་ནུས། དེ་ལྟར་ཤིང་དང་པདྨོ་ཆུ་ཀླུང་ལ་སོགས་པ་ས་གཞིའི་རྒྱན་བཤད་དེ། གནས་ཁང་གི་རྒྱན་བཤད་པ་ནི། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། འདུག་པར་འདོད་ཚེ་རིན་ཆེན་གཞལ་ཡས་ཁང་། །ཉལ་བར་འདོད་ཚེ་རིན་ཆེན་ཁྲི་བཟང་སྟེང་། །དར་ཟབ་དུ་མའི་མལ་སྟན་སྔས་དང་བཅས། །ཞེས་དང་། ཀུན་མཁྱེན་འཇིགས་གླིང་གིས། བར་སྣང་ལ་འཁོད་གཞལ་མེད་ཁང་ལ་སོགས། །ཞེས་པ་ཙམ་གྱིས་ཇི་ལྟར་བསྟན་པ་བཞིན། གཞལ་ཡས་ཁང་ངམ་གཞལ་མེད་ཁང་ནི་དོན་ལ་རིན་ཆེན་སྣ་ཚོགས་ཀྱིས་མཛེས་ཤིང་། གནས་ལམ་ཡོ་སྤྱད་ཕུན་སུམ་ཚོགས་པའི་ཚད་དེ་བློས་འདིའོ་ཞེས་གཞལ་མི་ནུས་མོད། ཚིག་གིས་མཚོན་ཙམ་བྱས་ན་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་གནས་མལ་ཡོ་བྱད་ཚད་མེད་པ། དེའང་རིན་པོ་ཆེ་ལས་གྲུབ་པའི་ཐེམ་སྐས་དང་བ་གམ་དང་ནོར་བུའི་རིགས་ལས་གྲུབ་པའི་སྒོ་དང་སྐར་ཁུང་དྲྭ་མིག་ཅན་དང་། རིན་པོ་ཆེའི་རང་འོད་ཀྱིས་མཛེས་པའི་ཀ་བ་དང་གདུང་མ་དང་དྲལ་ལྕམ་སོགས་དང་། འདོད་རྣམ་དང་རྟ་བབ་ལ་སོགས་པ་འཇའ་འོད་ཀྱི་རིས་སུ་འཁྱིལ་བ། ཞིང་དེར་སྐྱེས་པ་རེ་རེའི་སྤྱོད་ཡུལ་ལ་ཁང་མིག་བརྒྱ་སྟོང་མང་པོ་ཡོད་པ། དེ་དག་རེ་རེར་ཡང་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་དང་མཐུན་པའི་ཡོ་བྱད་སྣ་ཚོགས་པ་གང་འདོད་བཞིན་རང་འགྲུབ་ཏུ་ཡོད་པ། རིན་པོ་ཆེའི་ཁྲི་དང་ཁྲིའུ་དང་མལ་ཁྲི་དང་སྔས་སྟེགས་ལ་སོགས་སྲབ་འཇམ་ཡང་བ་ལྷ་རྫས་ལས་གྲུབ་པ་འཇིག་རྟེན་མིའི་ཉེར་སྤྱོད་དང་མཐུན་པ། དེ་ལྟའི་གཞལ་མེད་ཁང་རེ་རེར་ལྷའི་བུ་དང་བུ་མོ་བདུན་སྟོང་གིས་མཆོད་སྤྲིན་སྟོབས་པའོ། །ཟས་ཀྱི་ཆ་ནས་བཤད་ན། བདེ་བ་ཅན་གྱི་ཞིང་དེར་སྐྱེས་ཚད་ཐམས་ཅད་ཀྱིས་ཁམ་ཟས་རགས་པ་མི་བསྟེན་པར་དྭངས་མས་ཚིམ་པ་ཡིན་ཡང་། འཇིག་རྟེན་གྱི་རྣམ་པ་དང་མཐུན་པར་གསུངས་ཚེ་རོ་མཆོག་ལྡན་པའི་ཁ་ཟས་གང་འདོད་དེ་མ་ཐག་ཏུ་འབྱུང་བ། དེ་བཞིན་སྣ་བར་དྲི་ཞིམ་པའི་སྤོས་དང་། མིག་ལ་མཛེས་པའི་རྒྱན་ཆ་དང་གདུགས་དང་བ་དན་དང་། རྣ་བར་པི་ཝང་དང་སིལ་སྙན་ལ་སོགས་པ་ཡིད་ལ་དྲན་པ་ཙམ་གྱིས་ཅི་འདོད་འབྱུང་བ། དེའང་ཟད་མི་ཤེས་པའི་ཡོན་ཏན་སྣ་ཚོགས་དང་ལྡན་པ། གཟུགས་ལ་སོགས་པ་རེ་རེས་ཀྱང་དབང་པོ་ཀུན་ཚིམ་པར་བྱེད་པ། རང་རེ་རྣམས་ལ་གཟུགས་ནི་མིག་ཁོ་ནའི་སྤྱོད་ཡུལ་ཡིན་མོད་འདིར་དེ་ལྟ་མ་ཡིན་པར་དབང་པོ་ཀུན་ཚིམ་པར་བྱེད། མི་འདོད་པའི་ཚེ་ན་ཡོ་བྱད་རྣམས་དེ་མ་ཐག་མི་སྣང་བར་འགྱུར་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། གནས་དང་རྫས་དང་ལུས་ལ་བདག་འཛིན་བྲལ། །ཡིད་ལ་དྲན་པས་གང་འདོད་འདོད་རྒུ་འབྱུང་། །ཞེས་གསུངས་པ་རྣམས་ནི་ས་གཞིའི་རྒྱན་དུ་གཏོགས་སོ། །བར་སྣང་གི་རྒྱན་ནི། སྤྱིར་བདེ་ལྡན་ཞིང་གི་ཕྱིའི་སྣོད་ཀྱི་བཀོད་པ་མཐོ་རིས་ལྷ་མི་གཉིས་ཀྱི་སྤྱོད་ཡུལ་དང་མཐུན་པར་གསུངས་མོད། འོན་ཀྱང་རིའི་རྒྱལ་བོ་རི་རབ་དང་གླིང་བཞིའི་དབྱེ་བ་དང་འདོད་གཟུགས་ཀྱི་ལྷ་གནས་སོགས་ཇི་མ་ཇི་བཞིན་པའི་འདྲ་འབག་བཀོད་པ་མ་ཡིན། ཇི་སྐད་དུ། རིན་ཆེན་ས་གཞི་མཉམ་ཡང་མཐའ་བྲལ་བ། །རྒྱ་མཚོ་རོལ་གླིང་གླིང་གཞན་ཐ་དད་མེད། །གསལ་ཞིང་འོད་འབར་བདེ་ཞིང་ཉམས་དགའ་བ། །རྣམ་དག་རྒྱལ་བའི་ཞིང་དེར་སྐྱེ་བར་ཤོག །ཅེས་གསུངས། བར་སྣང་ཁམས་ཐམས་ཅད་དུ་སྤྲུལ་བའི་ལྷ་དང་ལྷ་མོ་རྣམས་ཀྱིས་རྔ་དང་སིལ་སྙན་གླིང་བུ་སོགས་རོལ་མོའི་སྒྲ་སྙན་སྒྲོགས་བཞིན་མེ་ཏོག་སྣ་ཚོགས་སིལ་མར་བཀྲམ་ཞིང་། གདུགས་དང་རྒྱལ་མཚན་བ་དན་རྔ་ཡབ་ལ་སོགས་པ་ཐོགས་ནས་མཆོད་པའི་སྤྲིན་སྤྲོ་བ། འཇའ་སྤྲིན་འོད་ཟེར་སྣ་ཚོགས་ཅན་གྱིས་ཕྱོགས་ཐམས་ཅད་མཛེས་པར་སྤྲས་ཤིང་བདུད་རྩིའི་གྲུ་ཆར་འཇོ་བ། ཆུ་འཛིན་དང་སྨུག་སྤྲིན་ལང་ལོང་དུ་རྒྱུ་བ། སྔ་དྲོའི་དུས་ན་ཕྱོགས་བཞི་ནས་དྲི་ཞིམ་མངའ་བའི་རླུང་འཇམ་པོར་ལྡིང་བས་རིན་པོ་ཆེའི་ལྗོན་ཤིང་གི་ཡལ་འདབ་དང་ལོ་མ་བསྐྱོད་དུས་མེ་ཏོག་གི་ཆར་བ་པུས་ནུབ་ནས་མི་འགྲེང་ཙམ་འབབ་པ། དེའང་མི་འགྲེང་བདུན་གྲངས་ཙམ་ཁེབས་པ་ཞེས་གསུངས་ཚུལ་ཡང་སྣང་མོད། དེའི་དོན་ལ་གལ་ཏེ་མིའི་ལུས་ཚད་བདུན་ཙམ་བབ་ན་དེར་ནུབ་པར་འགྱུར་རོ་སྙམ་པའི་ལོག་རྟོག་སྐྱེ་བར་མི་བྱ་སྟེ། འདིའི་མིའི་འགྲེང་ཚད་དང་ཉིན་མཚན་སོགས་ནི་རང་རེའི་སྤྱོད་ཡུལ་དང་བསྟུན་ཏེ་གོ་བྱེད་ཙམ་དུ་གསུངས་སོ། །སྤྱིར་འུ་ཅག་གི་ལུས་ཚད་ནི་རང་རང་གི་ཁྲི་བཞི་ཙམ་གྱི་གཟུགས་པོ་ཐུང་ངུ་འདི་ཡིན་ལ། ལྷ་ལུས་ལྟ་བུའི་ལུས་བཟང་པོ་དཔག་ཚད་དང་རྒྱང་གྲགས་ལས་བརྒལ་བ་ནི་མི་འགྲེང་བདུན་དུ་ནུབ་པར་མི་འགྱུར་རོ། །དེ་བཞིན་རང་རེའི་བསྐལ་བ་གཅིག་བདེ་བ་ཅན་གྱི་ཞག་གཅིག་ཏུ་བྱས་ན་དེའི་ཉིན་མཚན་གྱི་ཆ་ནི་ཤིན་ཏུ་རིང་བར་ཡང་བསམ་པར་མི་བྱ་སྟེ། ཇི་སྐད་དུ། སྣང་བ་མཐའ་ཡས་ཞིང་ཁམས་ན། །འཕགས་པའི་ཤེས་རབ་འོད་འཕྲོ་བས། །ཉིན་དང་མཚན་གྱི་མིང་ཡང་མེད། །ཅེས་གསུངས་པ་སོགས་ཀྱི་གོ་དོན་སྦྱར་ཤེས་པར་བྱའོ། །སྔ་དྲོའི་དུས་འདས་པ་ན་མེ་ཏོག་རྙིང་བ་ཐམས་ཅད་མེད་པར་གྱུར་ཏེ་དབེན་ཞིང་ཉམས་དགའ་ལ་དག་ཅིང་སྟོང་བར་འགྱུར་བ་དང་། མཚམས་རེར་བདུད་རྩིའི་སྦྲང་ཆར་དང་མེ་ཏོག་གི་ཆར་བ་དང་སྤོས་ཀྱི་དྲི་བསུང་འཐུལ། སྟེང་གི་བར་སྣང་ཁམས་སུའང་དཔག་ཚད་བརྒྱ་སྟོང་གི་ལྷའི་ཡུལ་གྱི་ཀུན་དགའ་ར་བ་དང་སྐྱེད་མོས་ཚལ་དང་གཞལ་མེད་ཁང་སོགས་ཁོར་ཡུག་དང་བཅས་པ། དེའང་མི་ཡུལ་བཞིན་ས་གཞི་རུ་གཞལ་མེད་ཁང་སོགས་ཆགས་པར་མ་ཟད་ལྷ་ཡུལ་ལྟར་བར་སྣང་ཁམས་སུའང་ཆགས་པ་ནི། ཇི་སྐད་དུ། བར་སྣང་ལ་སྤྲུལ་གཞལ་མེད་ཁང་ལ་སོགས། །གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་དོ་ཟླར་མིན། །ཞེས་གསུངས་ཏེ་ཞིང་ཁམས་དེར་སྐྱེས་པའི་གནས་དང་ལུས་དང་ལོངས་སྤྱོད་སོགས་ལ་ནི་ལྷའི་ཡུལ་གཞན་འཕྲུལ་དབང་བྱེད་ཀྱིས་ཀྱང་འགྲན་དུ་མེད་པ། འདིའི་དཔེ་ལ་མདོ་ལས། འཇིག་རྟེན་མི་ཡུལ་གྱི་སྤྲང་པོ་འབྱོར་འཁོས་དམན་ཞིང་གཟུགས་མི་སྡུག་པའི་མཚན་མ་དགུས་བརྒྱན་པ་ཁ་ཆེ་སྣ་ཉག་གཟི་བརྗིད་མེད་པ་ཞིག་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་དྲུང་དུ་འབྱོར་བ་ན་དེ་དང་འགྲན་དུ་མེད་ལ། དེ་བཞིན་མི་ཡུལ་གྱི་འཁོར་སྒྱུར་ཞིག་ལྷའི་དབང་པོ་བརྒྱ་བྱིན་གྱི་དྲུང་དུ་འབྱོར་ནའང་དེ་བཞིན་འགྲན་དུ་མེད་པ་ལྟར། གཞན་འཕྲུལ་དབང་བྱེད་ནི་བདེ་བ་ཅན་གྱི་ཞིང་གི་དོ་ཟླ་མིན་པས་ཞིང་དེའི་ཁྱད་འཕགས་ཀྱི་ཡོན་ཏན་བསྟན། གོང་སྨྲོས་བཞིན་མདོ་དང་བསྟན་བཅོས་སྨོན་ལམ་དང་ཆོ་ག་སོགས་སུ་མིའི་ཚིག་གིས་ཞིང་ཁམས་ཀྱི་བཀོད་པ་གསུངས་པ་ནི། ཕྱོགས་མཚོན་གོ་བྱེད་ཙམ་ཞིག་བསྟན་པ་ཙམ་ལས་དོན་ལ་ཞིང་ཁམས་ཀྱི་ཡོན་ཏན་སྒོ་ཀུན་ནས་གཞལ་བ་ལ་ལྷའི་མིག་གིས་ཀྱང་མཐོང་བའི་མཐའ་མི་རྙེད་པར་གསུངས་ཤིང་། དེ་བཞིན་གལ་ཏེ་སེམས་ཅན་གྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱིས་བསྐལ་བ་བྱེ་བར་བདེ་བ་ཅན་གྱི་ཞིང་གི་ཡོན་ཏན་གསུངས་ཀྱང་མཐའ་མི་མངོན་པར་བསྟན། དེའི་ཕྱིར་བདེ་བ་ཅན་གྱི་ཡོན་ཏན་ནི་ཞིང་དེར་སྐྱེས་པས་མྱོང་བ་ལས་འགྲོ་བ་མིའི་སྒྲ་ཚིག་གི་ཡུལ་དངོས་ནི་མ་ཡིན་ནོ། །དེ་ཡན་ཆད་ཀྱིས་བདེ་བ་ཅན་གྱི་ཞིང་གི་སྣོད་ཀྱི་ཡོན་ཏན་ཕྱོགས་ཙམ་སྨྲོས་ཟིན་ཏོ།།

བདེ་བ་ཅན་གྱི་བཅུད་ཀྱི་ཡོན་ཏན་བཤད་པ།

ངག་འདོན་བསྡུས་པ་བྱིན་རླབས་གློག་ཞགས་སུ་དངོས་བསྟན་ལ། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི། །ཞེས་པ་སོགས་ཀྱིས་བསྟན་ཞིང་འདི་ལ་གཙོ་བོ་དང་འཁོར་དང་། འཁོར་ལའང་ནང་གསེས་གཙོ་འཁོར་གྱི་དབྱེ་བ་ཡོད། གོང་དུ་བཤད་པའི་བདེ་ལྡན་ཞིང་གི་ས་གཞིའི་དབུས་ན་བཅོམ་ལྡན་འདས་རྒྱལ་བ་འོད་དཔག་མེད་ཀྱི་བྱང་ཆུབ་ཀྱི་ཤིང་ཡོད་ལ། ཇི་སྐད་དུ། བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེ་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །ཞེས་པ་ལྟར་སྒོམ་དུས་ཀྱང་དེ་བཞིན་བསྒོམ་པར་བྱ། དེ་ལ་བྱང་ཆུབ་ལྗོན་པ་དེའི་མིང་ཤེས་དགོས་ཀྱི་དེ་མ་ཤེས་པས་ཤིང་ཞིག་རྩར་སངས་རྒྱས་ཤིག་བཞུགས་ཞེས་པ་ལྟ་བུས་མི་འོང་། བྱང་ཆུབ་ལྗོན་པའི་ཤིང་དེའི་མཚན་ལ་རིན་པོ་ཆེ་པདྨོ་རྣམ་པར་སྣང་བ་ཟེར། དེ་ལྟར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཏེ། རིན་ཆེན་པདྨོ་རྣམ་པར་སྣང་ཞེས་བྱ། །བྱང་ཆུབ་ཤིང་མཆོག་སྟོང་དང་དྲུག་བརྒྱ་བ། །མེ་ཏོག་འབྲས་བུ་རྒྱན་ཕྲེང་དུ་མས་བརྒྱན། །དེ་མཐོང་ཡོན་ཏན་སྣ་ཚོགས་ཐོབ་པར་ཤོག །ཅེས་གསུངས། སྟོང་དང་དྲུག་བརྒྱ་ནི་དཔག་ཚད་ཀྱི་གྲངས་དང་དེའི་མཚན་ཙམ་ཐོས་པར་ཡང་ཕན་ཡོན་ཆེན་པོ་ཡོད་པ་རྣམ་དཔྱོད་ཆེས་ཆེར་མི་ལྡན་ཡང་ཤུགས་ལ་རྟོགས་ཏེ། དེ་ཉིད་མཐོང་བས་དད་དང་འདུན་པ་སྐྱེས་པའི་ཕན་ཡོན་བཞིན་མཚན་ཙམ་ཐོས་པར་ཡང་ཡོད་པ་རིགས་པས་ཤེས། བྱང་ཆུབ་ཤིང་དེའི་མཐོ་ཚད་འཕངས་དང་ཁ་ཞེང་རྒྱ་ཁྱོན་ལ་དཔག་ཚད་སྟོང་དང་དྲུག་བརྒྱ་ཡོད་པ། རྩ་བའི་སྦོམ་ཚད་ཀྱི་མཐའ་སྐོར་དུ་དཔག་ཚད་ལྔ་བརྒྱ་ཡོད་པར་གསུངས། མདོ་སྡེ་དཀོན་མཆོག་བརྩེགས་པ་དང་སྙིང་རྗེ་པདྨ་དཀར་པོ་དང་དུས་འཁོར་འགྲེལ་ཆེན་སོགས་སུའང་འདི་དག་རྒྱ་ཆེར་བསྟན། གསུངས་ཚུལ་ཅུང་ཟད་འདྲ་མིན་ནི་སྐབས་དོན་དང་སྦྱར་ནས་རྟོགས་དགོས། དེ་འདྲའི་ལྗོན་པའི་ཤིང་གི་རྒྱལ་པོ་དེ་ནི་འཇིག་རྟེན་ལྷ་མིས་མཆོག་ཏུ་བྱ་བ་ནོར་བུ་རིན་པོ་ཆེ་ཁ་དོག་སྣ་ཚོགས་པ་ལས་གྲུབ་ཅིང་མཛེས་པར་སྤྲས་པ། ལྗོན་པ་དེའི་སྡོང་བོ་དང་ཡལ་ག་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་བཅས་ནི་མདངས་དང་འོད་ཟེར་ཁ་དོག་འབུམ་ཕྲག་དུ་མས་བཀྲ་བ། ལོ་འབྲས་མེ་ཏོག་ལ་སོགས་པའི་རིགས་མཐའ་ཡས་པ། རིན་པོ་ཆེའི་རྒྱན་གྱིས་ཀུན་ནས་མཛེས་པར་བརྒྱན་པ། བརྒྱན་ཚུལ་ཡང་གཅིག་ཏུ་མ་ངེས་པར་སེམས་ཅན་གྱི་མོས་པ་དང་བསམ་པ་ཇི་བཞིན་མཛེས་ཤིང་ལེགས་པར་བརྒྱན་པ། ནོར་བུའི་རྒྱན་གྱི་རིགས་ལ་ཟླ་བ་ལྟར་སྣང་བའི་ནོར་བུ་དང་བརྒྱ་བྱིན་གྱིས་ཐོགས་པའི་ནོར་བུ་སོགས་འཇིག་རྟེན་མི་ཡུལ་ན་མེད་པ་དང་། དེ་བཞིན་བཀྲ་ཤིས་པའི་རི་མོ་དང་གཡང་དྲུང་དང་ཟླ་གམ་ཟླ་ཕྱེད་དྲིལ་བུ་གཡེར་ཁའི་འཕྱང་འཕྲུལ་ཅན། དེ་དག་རླུང་གིས་བསྐྱོད་པའི་སྒྲ་སྙན་མོ་འཇིག་རྟེན་གྱི་ཁམས་མང་པོར་ཁྱབ་ཅིང་། དེའི་སྒྲ་ཐོས་ཚད་ཙམ་མ་ཡིན་པར་ཤིང་དེ་མཐོང་དང་སྣོམ་དང་འབྲས་བུའི་རོ་མྱོང་བ་དང་འོད་ལུས་ལ་ཕོག་ཚད་དང་ཡིད་ལ་བྱས་ཚད་ལ་མིག་དང་སྣ་དང་རྣ་དང་ལྕེ་དང་ལུས་ལ་ནད་ཀྱིས་མི་ཐེབས་ཤིང་སེམས་རྣམ་པར་གཡེང་བར་མི་འགྱུར་ཞེས་གསུངས་སོ། །རྒྱལ་བ་འོད་དཔག་མེད་ཀྱིས་ཆོས་སྟོན་པའི་གནས་ཏེ། ཆོས་ཡང་དག་པར་སྡུད་པའི་ཁང་བཟང་ཞེས་པའི་རིན་ཆེན་གཞལ་ཡས་ཁང་དུ། རིན་པོ་ཆེ་དང་ནོར་བུའི་རིགས་སྣ་ཚོགས་ལས་གྲུབ་པའི་ཆོས་ཀྱི་ཁྲི་ཆེན་པོའི་སྟེང་། དག་གསལ་བཟང་ཞིང་བཀྲ་བའི་འོད་ཟེར་ཅན་ཞེས་པའི་པདྨའི་གདན་ཏེ། མགོན་པོ་ཀླུ་སྒྲུབ་ཀྱིས། པདྨོའི་གདན་མཆོག་དེ་འདྲ་མཐོང་བར་ཤོག །ཅེས་པའི་གདན་སྟེང་དུ་ཞིང་ཁམས་དེའི་གཙོ་བོ་རྒྱལ་བ་འོད་དཔག་མེད་བཞུགས་སོ། །དེའང། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ནི། །ཞེས་པའི་ཆོས་ཉིད་མི་འགྱུར་ཞེས་པས་ནང་གསལ་སྐུ་གསུམ་གྱི་བདག་ཉིད་ཡེ་ནས་འགྱུར་བ་མེད་པ་མངོན་པར་བྱང་ཆུབ་པའི་ཆོས་སྐུ་དང་། སྣང་བ་མཐའ་ཡས་ཞེས་པ་ནི་དེ་ལས་གཟུགས་སྐུར་ཤར་བ་བཅོམ་ལྡན་རྒྱལ་བ་འོད་དཔག་མེད་བསྟན། ཆགས་མེད་རིན་པོ་ཆེས། པདྨ་རཱ་གའི་མདོག་ཅན་གཟི་བརྗེད་འབར། །དབུ་ལ་གཙུག་ཏོར་ཞབས་ལ་འཁོར་ལོ་སོགས། །མཚན་བཟང་སོ་གཉིས་དཔེ་བྱད་བརྒྱད་ཅུས་སྤྲས། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་ལྷུང་བཟེད་འཛིན། །ཆོས་གོས་རྣམ་གསུམ་གསོལ་ཞིང་སྐྱིལ་ཀྲུང་གིས། །པདྨོ་སྟོང་ལྡན་ཟླ་བའི་གདན་སྟེང་དུ། །བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་མཛད་དེ། །ཐུགས་རྗེའི་སྤྱན་གྱིས་རྒྱང་ནས་བདག་ལ་གཟིགས། །ཞེས་གསུངས་པ་ལྟར། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ལ་སངས་རྒྱས་འོད་དཔག་མེད་ཀྱི་སྐུའི་འོད་ཀྱིས་ཁྱབ་པས་ན་སྣང་བ་མཐའ་ཡས། འོད་ཟེར་མཐའ་ཡས་མུ་མེད་པ་འཕྲོ་བས་འོད་དཔག་མེད། སྐུ་ཚེ་ཚད་མེད་དཔག་ཡས་པར་བཞུགས་པས་ཚེ་དཔག་མེད་སོགས་མཚན་གྱི་རྣམ་གྲངས་དང་སྐུ་ཡི་བཀོད་པའང་བྱེ་བྲག་བསམ་ཡས་འབྱུང་བ་དེ་རྒྱལ་བ་རང་གི་སྤྱོད་ཡུལ་དུ་མངའ་བ་མ་གཏོགས་གཞན་སུ་ཡིས་རྟོགས་པར་ནུས། འགྲོ་བ་ཀུན་ལ་རྗེས་སུ་ཆགས་པའི་བརྡར་སྐུ་མདོག་དམར་པོ་སོར་རྟོགས་ཡེ་ཤེས། དེའང་པདྨ་རཱ་གའི་མདོག་ཅན་ནམ་བྱུ་རུའི་ཕུང་པོར་སྣུམ་གྱིས་བྱུག་པ་ལྟ་བུ་ཞེས་ཀྱང་གསུངས། དབུའི་གཙུག་ཏོར་བལྟར་མི་མངོན་པ་སོགས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། ཕྱག་ཞབས་སེན་མོ་ཟངས་མདོག་ལ་སོགས་དཔེ་བྱད་བརྒྱད་ཅུས་སྤྲས་པ། སངས་རྒྱས་སྤྲུལ་བའི་སྐུ་ཚངས་བར་སྤྱོད་པའི་ཆ་ལུགས་ཅན། ཞལ་གཅིག་པ་ནི་ཆོས་དབྱིངས་སྤྲོས་བྲལ་དང་ཆོས་སྐུ་ཐིག་ལེ་ཉག་གཅིག་མཚོན་པའི་བརྡ་དང་། ཕྱག་གཉིས་ནི་དབྱིངས་དང་ཡེ་ཤེས་ཟུང་དུ་འཇུག་པ་ལས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བརྡ། ཕྱག་གཉིས་མཉམ་བཞག་གིས་ལྷུང་བཟེད་བསྣམས་པ་ནི། ཟབ་དང་རྒྱ་ཆེའི་ཆོས་མཛོད་ཀྱིས་འགྲོ་ཀུན་ཚིམ་པར་མཛད་པ་སོགས་ཀྱི་དག་དྲན་སྦྱར། དེའང་རིའི་རྒྱལ་བོ་རི་རབ་ནི་གླིང་བཞི་གསེར་རི་རོལ་མཚོ་དང་བཅས་པའི་དབུས་ན་མངོན་པར་འཕགས་པ་བཞིན་དུ། སངས་རྒྱས་འོད་དཔག་མེད་ནི་སངས་རྒྱས་ཀྱི་ཞིང་ཁམས་དང་སྟོན་པ་རྒྱལ་བ་ཐམས་ཅད་ཀྱི་དབུས་ན་མངོན་པར་འཕགས། ཚུལ་དེའང་ལྷམ་མེ་ལྷན་ནེ་ལྷང་ངེ་སྟེ། ཐུགས་བྱམས་དང་སྙིང་རྗེ་ཡེ་ཤེས་རྟག་ཏུ་འོད་གསལ་མཉམ་ཉིད་ཆེན་པོའི་ངང་ལས་འདའ་བ་མེད་པས་ལྷམ་མེ། དེ་ལས་གདུལ་བྱའི་མོས་ངོར་རང་སྣང་བ་གསུང་ཡན་ལག་དྲུག་ཅུའི་བདག་ཉིད་ནི་ཐག་ཉེ་རིང་མེད་པ་ལྷན་ནེ། སྐུ་གཟི་བྱིན་ཉི་མ་འབུམ་གྱི་འོད་ཟེར་འཕྲོ་བཞིན་ཞལ་མདུན་རྒྱབ་དང་རྒྱང་ཉེ་རིང་མེད་པར་ལྷམ་མེར་བཞུགས་པ། དེ་བཞིན་ཐུགས་རྗེ་སྤྱན་གྱིས་རྒྱང་ནས་བདག་ཅག་ལ་གཟིགས་ཚུལ་ནི། སྤྱིར་ཐུགས་རྗེ་ལ་རྟག་པ་རྒྱུན་གྱི་ཐུགས་རྗེ། བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ། གདུལ་བྱ་རྐྱེན་དང་འཕྲད་པའི་ཐུགས་རྗེའོ། །དང་པོ་རྟག་པ་རྒྱུན་གྱི་ཐུགས་རྗེ་ནི། དཔེ་ནམ་མཁའི་ཉི་མའི་འོད་ཀྱིས་གླིང་བཞིར་ཁྱབ་པ་བཞིན་དུ། རྫོགས་པའི་སངས་རྒྱས་ཀྱིས་དང་པོར་ཐུགས་བསྐྱེད་པ་ནས་མཐར་མྱ་ངན་ལས་འདས་པའི་བར་གྱི་མཛད་པ་ནི་སེམས་ཅན་ཐམས་ཅད་ཀྱི་དོན་ཡིན་ལ། དེའང་སེམས་ཅན་ཀུན་ལ་ཉེ་རིང་མེད་པར་ཐུགས་རྗེ་ཀུན་ལ་སྙོམས་པ་ཡིན། དེ་ལྟ་མོད་ཁ་བྱང་བསྟན་གྱི་བྲག་ཕུག་ཏུ་ཉི་འོད་འཕྲོ་ཐབས་མེད་པ་ལྟར་དད་པའི་ཨ་ལུང་མེད་པ་དག་རེ་ཞིག་ཐུགས་རྗེའི་ལྕགས་ཀྱུས་འཛིན་ཐབས་མ་མཆིས་སོ། །དད་པ་དང་ཡིད་ཆེས་ཡོད་ན་བསྐུལ་ཞིང་གསོལ་བ་བཏབ་པའི་ཐུགས་རྗེ་ནི། དཔེ་ཕྱུག་པོ་གཏོང་ཕོད་ཅན་གྱིས་སྦྱིན་ཡུལ་མ་རྙེད་པར་སྡོད་པའི་ཚེ་ན་དབུལ་བོ་སློང་མོ་བ་སྒོ་ཁར་ཐོན་པ་བཞིན་ནོ། །གདུལ་བྱ་རྐྱེན་དང་འཕྲད་པའི་ཐུགས་རྗེ་ནི། སྤྱིར་ཚོགས་བསགས་སྒྲིབ་སྦྱོང་རང་གིས་མ་བྱས་ན་རྒྱུ་མེད་ཀྱི་བདེ་འབྲས་མངོན་དུ་འགྱུར་བ་དཀའ་མོད། དེ་བྱས་པའི་ལག་རྗེས་སུ་སངས་རྒྱས་སྣང་བ་མཐའ་ཡས་སྐུ་དངོས་སུ་མཇལ་ཞིང་། གསུང་གི་དབུགས་དབྱུང་དང་། ཐུགས་ཀྱི་བྱིན་རླབས་དང་རྗེས་གནང་ཐམས་ཅད་ཐོབ་པ་སྟེ། དཔེར་ན་མེ་ལོང་གཡའ་དག་ལ་བྱི་དོར་བྱས་ན་གཟུགས་བརྙན་གསལ་བར་འཆར་བ་བཞིན་ནོ། །དེ་ལྟར་མདོར་ན་སངས་རྒྱས་འོད་དཔག་མེད་ཀྱི་སྐུའི་འོད་སྣང་མཐའ་ཡས་པ་ལྟར། གསུང་མཐའ་ཡས་པ། ཐུགས་ཀྱི་མཁྱེན་པ་རྒྱ་ཆེ་ཞིང་མཐའ་ཡས་པ། དེ་བཞིན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང་བརྩོན་འགྲུས་ལ་སོགས་པའི་ཡོན་ཏན་ཟབ་ཅིང་ཤིན་ཏུ་རྒྱ་ཆེ་བའི་ཆོས་ལ་མངའ་བརྙེས་པ་ནི། ཇི་སྐད་དུ། ཁྱོད་འདྲ་འཇིག་རྟེན་འདི་ན་གཞན་མ་མཆིས། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་བདེ་ལྡན་ཞིང་གི་མགོན་པོ་རྒྱལ་བ་འོད་དཔག་མེད་ཅི་ལྟར་ཡིད་ལ་བྱེད་ཚུལ་གསལ་འདེབས་ཕྱོགས་ཙམ་བསྟན་པའོ། །དེ་བཞིན་འུ་བུ་ཅག་གིས་ཆོས་འདི་ལ་ཐོས་བསམ་བྱས་པ་ཙམ་མ་ཡིན་པར་བསྒོམ་པས་རྒྱུད་ལ་སྦྱོར་འདོད་པས་ན་ཕྱིས་སུ་རང་བློ་ལ་ཅི་ནུས་སུ་གསལ་ཐུབ་པ་ཞིག་དགོས་ལ། འཁོར་བྱང་ཆུབ་སེམས་དཔའ་རྣམ་གཉིས་དང་བཅས་པ་ནི། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ཞེས་དང་། འདིར་ཀུན་མཁྱེན་འཇིགས་གླིང་གིས། འགག་མེད་སྙིང་རྗེ་ལོངས་སྤྱོད་སྤྱན་རས་གཟིགས། །ཞེས་པས་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་བརྩེ་ཆེན་སྤྱན་རས་གཟིགས་དབང་དངོས་སུ་བསྟན་ཞིང་། ཤུགས་ལ་རྒྱལ་ཀུན་ནུས་པའི་མངའ་བདག་རྒྱལ་སྲས་མཐུ་ཆེན་ཐོབ་དེ་བསྟན་པས་བདེ་ཆེན་ཞིང་གི་གཙོ་བོར་གཞན་གཉིས་དང་། དེ་བཞིན་མཁྱེན་དང་བརྩེ་དང་ནུས་པ་དབྱེར་མི་ཕྱེད་པའི་ལྡོག་ཆ་ནས་འཇམ་དཔལ་གཞོན་ནུར་གྱུར་པའང་དེ་དག་ལས་གཞན་དུ་མི་སེམས་ཞིང་། འགག་མེད་སྙིང་རྗེ་ལོངས་སྤྱོད་སྤྱན་རས་གཟིགས། །ཞེས་པའི་འགག་མེད་ཀྱིས་ཆོས་ཀྱི་སྐུ་ལས་ལོངས་སྤྱོད་རྫོགས་པའི་སྐུ་རུ་སྣང་བ་དང་། ལོངས་སྤྱོད་ཅེས་པའི་ཚིག་གིས་ཀྱང་སྙིང་རྗེར་ལོངས་སྤྱོད་པ་པོའམ་ཁ་སྦྱོར་བདུན་ལྡན་གྱི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་གཉིས་ལོངས་སྐུའི་ཆོས་ཅན་རྒྱན་ཆས་བཅུ་གསུམ་གྱིས་མཛེས་པར་སྤྲས་ཏེ་བཞུགས་པ་གསལ་བར་བསྟན་པའི་ཤུགས་ལ། བྱང་སེམས་མཐུ་ཆེན་ཐོབ་པ་སྐུ་མདོག་སྔོན་པོ་ཅན་དང་བཅས་གཙོ་བོའི་གཡས་གཡོན་དུ་བཞེངས་སྟབས་སུ་ཡོད་པའང་ཡིད་ངོར་གསལ་བར་བྱ། དེ་ལ་འགའ་ཞིག་གིས་སྤྱན་རས་གཟིགས་དབང་ནི་སངས་རྒྱས་ཡིན་ནམ་འཕགས་པ་ཡིན། གང་རྒྱལ་བ་ཡིན་ན་རྒྱལ་སྲས་ཡིན་པར་མི་རིགས་སྙམ་དུ་གུ་དོགས་པར་མི་བྱ་སྟེ། དེ་འདྲའི་གུ་དོགས་ཅན་གྱི་མི་ཁོང་དོགས་ལ་རིགས་ཤིང་འཐད་པ་གཅིག་ཀྱང་མེད་པར་ནམ་ཞིག་གི་ཚེ་ན། ཏིང་འཛིན་མི་འགྲུབ་སྲོག་རླུང་འགྲུབ། ཤེས་རབ་མི་འགྲུབ་ལོག་ལྟ་འགྲུབ། དེ་ལྟར་ལོག་པའི་ལམ་དུ་ཞུགས་ཤིང་ལོག་པའི་གཡང་སར་འཁྱམས་ཏེ་ཡ་ང་བར་འགྱུར་རོ། །དེས་ན་གོང་དུ་རྒྱལ་བ་ཀུན་གྱི་སྙིང་རྗེའི་རང་གཟུགས་ཞེས་པས་དེ་ཉིད་རྣམ་པ་རྟགས་ཀྱི་ཕྱག་རྒྱ་ཞལ་ཕྱག་མཚན་མ་ཅན་དུ་བསྒོམ་དུས་སྐུ་མདོག་དཀར་གསལ་སོགས་སུ་སྣང་བ་དང་། མཚན་མེད་དུ་བསྒོམ་དུས་གནས་ལུགས་སྟོང་དང་སྙིང་རྗེ་དམིགས་མེད་མཁའ་ལྟར་ཁྱབ་པའི་ཡེ་ཤེས་དང་། དེའང་གདུལ་བྱ་འདུལ་ཐབས་སུ་བྱང་ཆུབ་སེམས་དཔའི་རྣམ་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པ་སྣ་ཚོགས་པར་སྣང་ནས་སེམས་ཅན་གྱི་དོན་མཛད་པ་ཡིན་པས་ན། སྤྱན་རས་གཟིགས་དབང་ཞལ་གཅིག་ཕྱག་གཉིས་དང་། ཕྱག་སྟོང་སྤྱན་སྟོང་། འཕགས་མཆོག་སེམས་ཉིད་ངལ་གསོ། འཕགས་པ་སེང་གེའི་སྒྲ། འཕགས་མཆོག་ནམ་མཁའི་རྒྱལ་བོ་ལ་སོགས་པ་མཚན་དང་སྐུ་ཡི་བཀོད་པ་མཐའ་ཡས་པར་སྣང་རུང་ངོ་། །ལྷ་གཅིག་ཆོག་འཕགས་པ་སྤྱན་རས་གཟིགས་དང་། ཆོས་གཅིག་ཆོག་གཟུངས་སྔགས་ཡི་གེ་དྲུག་མ། མ་ཎི་ཡིག་དྲུག་ཏུ་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་འདུས་པའང་དེའི་ཕྱིར་ཡིན་ནོ། །དེ་ནས། ཨོ་རྒྱན་པཎ་ཆེན་བརྫུས་སྐྱེས་སྤྲུལ་བའི་སྐུ། །ཞེས་པ་འདིས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་པའི་རང་གཟུགས། དུས་སྙིགས་མའི་འགྲོ་བ་སྐྱོབ་པ་ལ་ཐུགས་རྗེ་རྒྱལ་བ་ཀུན་ལས་ལྷག་པར་མྱུར་བ་སྤྲུལ་སྐུ་མཚོ་སྐྱེས་རྡོ་རྗེ། ཇི་སྐད་དུ། རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་ལས་འཁྲུངས་སྐུ་ལ་འདས་གྲོངས་མེད། །ཅེས་པ་ལྟར་ཤེས་བྱ་ཐམས་ཅད་ལ་མཁྱེན་པའི་ཡེ་ཤེས་ཐོགས་པ་མི་མངའ་བ་གུ་རུ་བློ་ལྡན་མཆོག་སྲེད་དང་། སྐུ་ཆེ་བའི་ཡོན་ཏན་མངལ་སྐྱེས་མ་ཡིན་རིག་པ་ཐོལ་སྐྱེས་སུ་མེ་ཏོག་པདྨའི་སྡོང་བོར་བརྫུས་ཏེ་འཁྲུངས་པས་ནི་མཛད་པ་ཕྲིན་ལས་འགྲན་ཟླ་མེད་པའང་བསྟན། དེ་ལྟའི་སྐྱེ་མེད་སྐྱེ་བའི་ཆོ་འཕྲུལ་ངོ་མཚར་གྱི་སྣང་བ་དེས་འཕོ་བྲལ་འཆི་བ་མེད་པ་རྡོ་རྗེའི་ས་མཆོག་བརྙེས་ཏེ། རིག་འཛིན་རྣམ་བཞིའི་གོ་འཕང་མཐར་ཕྱིན་པའང་ཤུགས་ལ་རྟོགས། སྣང་མཐའི་ཐུགས་ཀའི་ཧྲཱི་ཡིག་ལྷོ་ནུབ་འོ་མ་ཅན་གྱི་རྒྱ་མཚོར་འཕོས་ཏེ་ཕ་ཡི་རྒྱུ་ཡིས་མ་བསྐྱེད་མ་ཡི་རྐྱེན་ལས་མ་ཤར་བར་གཞོན་ལུས་ཟིལ་བ་ཁྲོམ་མེར་སྐྱེ་འཆིི་འཇིག་བྲལ་གྱི་སྐུ་རུ་བྱོན། དེའི་ཡང་སྤྲུལ་བ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་དང་གཞན་ཡང་རིགས་དྲུག་གི་གནས་སུ་འགྲོ་དོན་མཛད་པའི་གུ་རུ་རེ་རེ། ཁྱད་པར་དུ་སངས་རྒྱས་སྐུ་དངོས་ཀྱི་ཞབས་ཀྱིས་མ་བཅགས་པའི་གནས་བོད་ཡུལ་འདིར། དུས་ཕྱིས་སངས་རྒྱས་མིའི་གཟུགས་སུ་བྱོན་ཏེ་དམ་པའི་ཆོས་ཀྱིས་འགྲོ་བ་འདུལ་བ་ཆོས་བརྒྱུད་སོ་སོའི་བསྟན་འཛིན་གྱི་སྐྱེས་བུ་ཡོད་ཚད་གུ་རུའི་སྤྲུལ་བ་ཡིན་པར་སོམ་ཉི་མི་དགོས་སོ། །མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཆོས་སྐུ་སྣང་བ་མཐའ་ཡས་རིགས་ཀྱི་བདག །ཕྱག་གཡས་འོད་ཟེར་ལས་སྤྲུལ་སྤྱན་རས་གཟིགས། །ཡང་སྤྲུལ་སྤྱན་རས་གཟིགས་དབང་བྱེ་བ་བརྒྱ། །ཕྱག་གཡོན་འོད་ཟེར་ལས་སྤྲུལ་སྒྲོལ་མ་སྟེ། །ཡང་སྤྲུལ་སྒྲོལ་མ་བྱེ་བ་ཕྲག་བརྒྱ་འགྱེད། །ཐུགས་ཀྱི་འོད་ཟེར་ལས་སྤྲུལ་པདྨ་འབྱུང་། །ཡང་སྤྲུལ་ཨོ་རྒྱན་བྱེ་བ་ཕྲག་བརྒྱ་འགྱེད། །ཅེས་པས་ནི་སྤྱིར་མདོ་དང་སྔགས་སུ་སྐྱབས་ཡུལ་གྱི་ལྷ་ཚོགས་མཐའ་ཡས་པ་ཞིག་བསྟན་ནའང་། དུས་སྙིགས་མའི་སྐབས་འདིར་སྔོན་གྱི་ཐུགས་བསྐྱེད་དང་སྨོན་ལམ་གྱི་མཐུ་ལས་བྱིན་རླབས་དང་ཐུགས་རྗེ་ལྷག་པར་མྱུར་བ་ནི། སྤྱན་རས་གཟིགས་དང་། སྒྲོལ་མ་དང་། ཨོ་རྒྱན་པད་འབྱུང་གསུམ་ཡིན་པར་བསྟན། འདི་གསུམ་ལ་གསོལ་བ་བཏབ་ན་ལྷ་གཞན་ཐམས་ཅད་ལ་གསོལ་བ་བཏབ་པའི་གོ་ཆོད་པ་དང་། འདི་གསུམ་འགྲུབ་ན་ལྷ་གཞན་ཐམས་ཅད་འགྲུབ་པ་ཡིན་པ། དེའང་ཆོས་སྐུ་འོད་དཔག་མེད་ཀྱི་གསང་བ་གསུམ་གྱི་རྣམ་པར་སྤྲུལ་བ་ཡིན་པས་ཚུར་བསྡུས་ན་ཆོས་སྐུ་འོད་དཔག་མེད་གཅིག་པུ་ཡིད་ལ་བྱས་ཏེ་མོས་གུས་དྲག་པོས་གསོལ་བ་བཏབ་ན། དེ་ཉིད་ཁོ་ན་ཐར་བའི་ལམ་སྣ་ཟིན་བྱེད་དང་། ངན་སོང་གི་སྒོ་འགག་བྱེད། སངས་རྒྱས་ཀྱི་གོ་འཕང་ཐོབ་བྱེད་བཅས་འདུ་སྟེ། རྒྱུ་མཚན་ནི་བདེ་བ་ཅན་དུ་སྐྱེ་བའི་རྒྱུའི་གཙོ་བོ་ཡིན་པའི་ཕྱིར། དེའང་རྟེན་ཞིང་ཁམས་ཡིད་ལ་བྱས་པས་བདེ་བ་ཅན་དུ་སྐྱེ་ཞིང་དེ་ནས་སྐྱེ་བ་གཅིག་བརྗེས་པ་ནི་སངས་རྒྱས་ཀྱི་ས་ཡིན་པ་མདོ་རྒྱུད་ཀྱི་ལུང་དང་མཁས་པའི་གཏན་ཚིག་སོགས་དཔྱད་གསུམ་དག་པའི་ཚད་མས་གྲུབ་བོ། །འཁོར་བྱང་སེམས་དང་ཉན་ཐོས་ལ་སོགས་པ་ལྷ་མིའི་རྣམ་པ་ཅན་གྲངས་མཐའ་གཞལ་གྱིས་མི་ལང་བའི་ཚུལ་ནི་བཤད་མི་ལོང་བས་གཞན་ལས་རྟོགས་པར་བྱ། དེ་དག་ནི་འདིར་ཉིན་རེ་གཉིས་ཙམ་གྱིས་བརྗོད་པར་ག་ལ་ལང་། དེ་ལྟར་རྒྱལ་བས་ཐོག་མར་ཐུགས་བསྐྱེད་ཚུལ་དང་བར་དུ་ཚོགས་གཉིས་བསགས་ཚུལ་ཐ་མར་སྨོན་ལམ་གྲུབ་ནས་བདེ་བ་ཅན་གྱི་ཞིང་ཁམས་བཟུང་སྟེ་རང་རེའི་བསྐལ་ཆེན་བཅུ་བདེ་བ་ཅན་གྱི་ཞག་བཅུ་སོང་། དེ་ལྟར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལས་དང་པོ་རྟེན་ཞིང་ཁམས་གསལ་བ་རྟེན་དང་བརྟེན་པའི་རྣམ་གཞག་ཡིད་ལ་བྱེད་ཚུལ་གྱི་མངོན་རྟོགས་དང་བཅས་བསྟན་ཏོ།།

རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱོང་བཤད་པ།

དང་པོ་ཚོགས་བསགས་ཡན་ལག་བདུན་སྤྱིར་བསྟན་པ།

སྤྱིར་ཚོགས་བསགས་པའི་སྒོ་དང་གསོག་ཐབས་མཐའ་ཡས་པ་ཞིག་ཡོད་ཀྱང་དེ་དག་ཐམས་ཅད་རིགས་བསྡུ་ན་ཡན་ལག་བདུན་ནམ་བརྒྱད་དུ་འདུ་བར་གསུངས། དེའང་ཡན་ལག་བདུན་པ་ནི་ཡོངས་ལ་གྲགས་པའི་ཞལ་འདོན་བཟང་པོ་སྤྱོད་པའི་སྨོན་ལམ་ལས། ཇི་སྙེད་སུ་དག་ཕྱོགས་བཅུའི་འཇིག་རྟེན་ན། །དུས་གསུམ་གཤེགས་པ་མི་ཡི་སེང་གེ་ཀུན། །བདག་གིས་མ་ལུས་དེ་དག་ཐམས་ཅད་ལ། །ལུས་དང་ངག་ཡིད་དང་བས་ཕྱག་བགྱིའོ། །ཞེས་པ་སོགས་ཀྱི་བསྟན་དོན་བཞིན་ཡིན་མོད། མདོ་རྒྱུད་སོ་སོའི་བསྟན་བྱའི་དགོས་དབང་གིས་ཚིག་དོན་ཅུང་ཟད་མི་འདྲ་བ་ཙམ་རེ་དང་རྒྱས་བསྡུས་ཀྱི་ཁྱད་པར་མ་གཏོགས་སྤྱིར་འདྲའོ། །བོད་ཁམས་ཡོངས་ལ་ཁྱབ་རྒྱ་ཆེ་ཞིང་སྐབས་འདིར་ཡང་འབྲེལ་བ་ཆགས་མེད་རིན་པོ་ཆེའི་བདེ་སྨོན་དུ་གསུངས་པའི་ཡན་ལག་བདུན་པོའང་སྔར་ལན་འགར་བཤད་མྱོང་ཞིང་། དེ་མིན་བདེ་སྨོན་བསྡུས་པའི་ཡན་ལག་བདུན་པ་ཚིག་ཟིན་ལ་ཡོད་པའང་སྔར་བཤད་མོད། ལན་རེར་འཆད་ཉན་བྱས་པའི་དགེ་རྩའང་བསམ་གྱིས་མི་ཁྱབ་པས་ན། ཡང་བསྐྱར་ཡན་ལག་བདུན་འཆད་པར་བྱའོ།།

ཕྱག་འཚལ་བའི་ཡན་ལག་བཤད་པ།

ཆགས་མེད་བདེ་སྨོན་དུ། ཆོས་སྐུ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཀུན་མཁྱེན་འོད་དཔག་མེད་ལ་ཕྱག་འཚལ་ལོ། །འདྲེན་པ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་གཤེགས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པ་སོགས་མཚན་གྱི་རྣམ་གྲངས་སོ་སོའི་སྒོ་ནས་དེ་དང་དེའི་ཡོན་ཏན་རྗེས་སུ་དྲན་ཏེ་ཕྱག་འཚལ་བ། དེའང་ལུས་ངག་ཡིད་གསུམ་གུས་པ་ཆེན་པོས་འཚལ་དགོས་ཀྱི་གཞན་དུ་ལུས་ཁོ་ནས་ཡོ་རོ་རོར་གྲངས་གསོག་པ་རྐྱང་བར་དམིགས་ཏེ་ཅི་འདྲའི་མང་དུ་འཚལ་ཡང་ཅིར་འགྱུར་ཤེས་དཀའ། དེ་བཞིན་ལྷ་ཁང་སོགས་རྟེན་གསུམ་ལ་སྐོར་བ་བྱེད་པའང་ཕྱག་འཚལ་བ་ཇི་བཞིན་གུས་ཤིང་དད་པའི་སྒྲིབ་སྦྱོང་བྱེད་ཚུལ་ཞིག་ཡིན་པས་སྒོ་གསུམ་གུས་པས་བསྐོར་བ་བྱ་སྟེ། མདོར་ན་དགེ་སྒྲུབ་གང་བྱེད་ཀྱང་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་འདྲིལ་བ་ནི་རྣམ་པ་ཀུན་ཏུ་གལ་ཆེ། ཡན་ལག་བདུན་པོའང་བསྡུ་ན་བསགས་སྦྱང་སྤེལ་གསུམ་དུ་འདུ་སྟེ། ཚོགས་བསགས་པ། སྡིག་སྒྲིབ་སྦྱང་བ། ཐབས་ལ་བརྟེན་ནས་དགེ་ཚོགས་མང་པོར་སྤེལ་བར་འདུའོ། །ལུས་ཀྱི་ཕྱག་འཚལ་བ་ནི། ཐལ་མོ་སྤྱི་མགྲིན་སྙིང་གའི་གནས་གསུམ་དུ་སྦྱར་ནས་མལ་ལྔ་ས་ལ་ཕབ་པ། དེ་དང་དུས་མཉམ་དུ་ངག་གིས་ཕྱག་འཚལ་བ་ནི། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ལ་སྐྱབས་སུ་འགྲོ་བའི་ངག་འདོན་དང་འབྲེལ་ཞིང་ཕྱག་འཚལ་བའི་དགོས་ཆོས་སྐྱབས་ཡུལ་གྱི་བསྟོད་པའི་ཚིག་དོན་ཤེས་ནས་སྒྲ་ཚིག་བརྗོད་པ། ཡིད་ཀྱིས་ཕྱག་འཚལ་བ་ནི། ཕྱག་འཚལ་ཡུལ་མགོན་པོ་འོད་དཔག་མེད་ལ་སོགས་པ་ནམ་མཁའ་གང་བའི་རྒྱལ་བ་སྲས་བཅས་ཀྱི་ཡོན་ཏན་དྲན་པར་བྱས་ལ། ཕྱག་འཚལ་མཁན་རང་ཉིད་གཅིག་པུར་མི་བསམ་པར་རང་ལུས་རྡུལ་སྙེད་ཀྱི་གྲངས་སུ་སྤྲུལ་བ་དང་། དེ་བཞིན་མཐའ་ཡས་སེམས་ཅན་ནམ་མཁས་གར་ཁྱབ་ལུས་པ་མེད་པའི་འགྲོ་ཁམས་རྒྱ་མཚོའི་སེམས་ཅན་རེ་རེ་ནས་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བར་བསམ། དེ་ལྟར་ཡང་སྦྱོར་བ་སེམས་བསྐྱེད་དམ་པས་དགེ་རྩ་ཐབས་ཀྱིས་ཟིན་པར་བྱ་ཞིང་། དངོས་གཞི་དམིགས་མེད་དམ་པས་དགེ་རྩ་རྐྱེན་གྱིས་མི་བཤིག་པར་དམིགས་གཏད་འཛིན་ཞེན་མེད་ཅིང་ཁྱད་པར་ལས་དང་པོ་པས་རང་འདོད་ཀྱི་འཁྲུ་བ་མེད་པ། རྗེས་བསྔོ་བ་དམ་པས་དགེ་བ་གོང་ནས་གོང་དུ་སྤེལ་ཞིང་འཁོར་གསུམ་དམིགས་མཐའ་བྲལ་བའི་གོ་དོན་རེ་སློང་བ། དགེ་རྩ་ཆེ་ཆུང་གང་སྒྲུབ་ཀྱང་དེ་གསུམ་དང་འབྲལ་བར་མི་བྱ་ཞིང་། ཁྱད་པར་དུ་སྐབས་དོན་བཤད་བྱ་ཡན་ལག་བདུན་གྱིས་བསྡུས་པའི་དགེ་རྩ་ཐམས་ཅད་ནི། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་མེད་བྱང་ཆུབ་འགྲུབ་པའི་རྒྱུར་འགྱུར་བར་དམིགས་པ་ནི་ཤིན་ཏུ་གལ་ཆེ་བས་འདིར་ཡང་ཟློས་ཏེ་བརྗོད་པ་ཡིན། སྤྱིར་ཆོས་བརྒྱུད་སོ་སོ་དང་བླ་མ་སོ་སོའི་ལུགས་ལ་ཕྱག་འཚལ་ལུགས་ཅུང་ཟད་མི་འདྲ་བ་དུ་མ་ཡོད་མོད། དེ་དག་རེ་རེ་ལ་རང་རང་གི་ཁྱད་ཆོས་དང་ཡོན་ཏན་ཡོད་པ་ལས་གཅིག་ཁོ་ན་ཡང་དག་ཡིན་གྱི་གཞན་རྣམས་དེ་ཙམ་མིན་སྙམ་པར་མི་བསམ་ཞིང་། རང་རང་གི་ཆོས་བརྒྱུད་ལྟར་འཚལ་ན་དེར་དགོས་པ་ཡོད་པར་ངེས། རང་ལུགས་ལ་བརྐྱངས་ཕྱག་དང་སྒུར་ཕྱག་གང་འཚལ་ཡང་། དང་པོ་རྟེན་གསུམ་གྱི་མདུན་དུ་རང་ཉིད་དམའ་བའི་སར་བསྡད་ཅིང་ལུས་ལ་སྒེག་ཆོས་མ་སྤྲས་ཀྱང་དྲི་མས་སྦག་པ་མ་ཡིན་པར་གཙང་སྦྲ་དང་བཅས་ཏེ། རྐང་བའི་ལོང་བུ་གཉིས་མཉམ་གཤིབས་ཀྱིས་རྟེན་ལ་ཁ་ཕྱོགས་ཏེ་དྲང་པོར་ཡར་ལང་ཞིང་། ལག་གཉིས་ཀྱི་ཐལ་མོ་ཁོག་སྟོང་མེ་ཏོག་གསར་བ་ཁ་ཕྱེ་མ་རག་པ་ཙམ་སྙིང་ཁར་སྦྱོར་དུས་གང་ལ་ཕྱག་འཚལ་བའི་ཡུལ་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་དགོས། དེའང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དུས་གསུམ་བཞུགས་པའི་སངས་རྒྱས་ཀུན། །ཆོས་དང་ཚོགས་ཀྱི་མཆོག་བཅས་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་ཀྱིས། །ལུས་བཏུད་པས་ནི་བདག་ཕྱག་འཚལ། །ཞེས་གསུངས་པ་ལྟར་ཕྱོགས་བཅུའི་རྒྱ་བའི་ཞིང་ཁམས་མཐའ་ཡས་གྲངས་མེད་པ་རུ་འདས་པའི་དུས་སུ་བྱོན་ཟིན་པ་དང་། མ་འོངས་པའི་དུས་ན་འབྱོན་པར་འགྱུར་བ། ད་ལྟ་ཞིང་ཁམས་སོ་སོར་བཞུགས་བཞིན་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། གཞན་ཡང་ལུང་རྟོགས་དམ་པའི་ཆོས་དང་ཚོགས་མཆོག་དགེ་འདུན་དང་བཅས་པ་ལ། ཕྱག་འཚལ་མཁན་རང་གི་ལུས་ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་རྡུལ་ཕྲ་རབ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གྲངས་དང་མཉམ་པའི་མཐའ་ཡས་པར་བློས་སྤྲུལ་ཏེ། ལུས་བཏུད་པས་ནི་བདག་ཕྱག་འཚལ། །ཞེས་པ་ལྟར་ལུས་གུས་པས་ཐལ་མོ་གནས་གསུམ་དུ་གཏུག་ཅིང་མལ་ལྔ་ས་ལ་ཕབ། ངག་གུས་པའི་ཕྱག་འཚལ་བའི་ཚིག་འདོན། ཡིད་གུས་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་བཞིན་དུ་ཁྱེད་ཤེས་དང་བློ་གཏད་ཀྱི་ངང་ནས་ཕྱག་འཚལ་བར་བྱ། གཞན་དུ་ཁ་ཡེངས་མིག་ཡེངས་དང་ཅི་བསམ་འདི་དྲན་མེད་པར་ཕྱག་འཚལ་བ་དང་། ཡང་ན་རྣམ་རྟོག་ངན་པ་འདྲ་མིན་སྣ་ཚོགས་སེམས་ལ་ཤར་ཞིང་བློ་ལ་བཀོད་ནས་ཕྱག་ཁ་གྲངས་མང་པོ་འཚལ་བ་ལས་སེམས་གུས་པའི་སྒོ་ནས་ཕྱག་གཅིག་འཚལ་བ་ལ་ཕན་ཡོན་ཆེ་བར་གསུངས། མགོན་པོ་འོད་དཔག་མེད་གཅིག་ཉིད་མཆོག་གསུམ་ཀུན་འདུས་ཀྱི་ངོ་བོར་བསྒོམ་ཆོག་ལ། བླ་མའི་རྣལ་འབྱོར་དང་འབྲེལ་ནས་བླ་མ་དང་མགོན་པོ་འོད་དཔག་མེད་ཕྱོགས་བཅུའི་རྒྱལ་བ་ཀུན་གྱི་ངོ་བོར་གཅིག་ཏུ་བསྒོམ་ནའང་བྱིན་རླབས་ལ་མྱུར་ཁྱད་ཆེ། དེའང་ཐལ་མོ་སྤྱི་བོར་སྦྱར་དུས་ཐོག་མེད་ནས་བསགས་པའི་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སྒྲིབ་དག་ཅིང་ཕྱོགས་བཅུའི་སངས་རྒྱས་ཀྱི་སྐུའི་བྱིན་རླབས་ཐོབ་པར་བསམ། ཐལ་མོ་མགྲིན་པར་སྦྱར་དུས་ངག་གི་སྒྲིབ་པ་དག་ཅིང་གསུང་གི་བྱིན་རླབས་ཐོབ་པར་བསམ། ཐལ་མོ་སྙིང་ཁར་སྦྱར་དུས་ཡིད་ཀྱི་སྒྲིབ་པ་དག་ཅིང་ཐུགས་ཀྱི་བྱིན་རླབས་ཐོབ་པར་བསམ། མལ་ལྔའམ་ཡན་ལག་ལྔ་ས་ལ་ཕབ་དུས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་ཉོན་མོངས་དུག་ལྔའི་སྒྲིབ་པ་དག་ཅིང་སྐུ་ལྔ་དང་ཡེ་ཤེས་ལྔའི་བྱིན་རླབས་ཐོབ་པར་བསམ་མོ། །ཕྱག་འཚལ་ཡུལ་ནི། ཇི་སྐད་དུ། བྱང་ཆུབ་སེམས་ཀྱི་གཞི་རྣམས་དང་། །མཆོད་རྟེན་ལའང་བདག་ཕྱག་འཚལ། །མཁན་པོ་དེ་བཞིན་སློབ་དཔོན་དང་། །བརྟུལ་ཞུགས་མཆོག་ལའང་ཕྱག་འཚལ་ལོ། །ཞེས་པའི་བྱང་ཆུབ་སེམས་ཀྱི་གཞི་ནི་སངས་རྒྱས་ཀྱི་སྐུ་གཟུགས་དང་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི་གླེགས་བམ་དང་། ཆོས་འཆད་ཉན་བྱེད་སའི་དགོན་སྡེའམ་ཆོས་འཁོར་ཆེན་པོའི་རྟེན་གཞི་དང་། མཆོད་རྟེན་ནི་བདེ་བར་གཤེགས་པའི་ཐུགས་ཀྱི་རྟེན་ནམ་གསང་བ་གསུམ་གཅིག་ཏུ་འདུས་པའི་རྟེན་ཁྱད་པར་ཅན་ཡིན་པས་དེ་དང་། གཞན་ཡང་སོ་ཐར་གྱི་སྡོམ་པ་ཞུ་ཡུལ་མཁན་པོ་དང་། མདོ་སྔགས་ཀྱི་ཆོས་སྟོན་པའི་སློབ་དཔོན་དང་། བརྟུལ་ཞུགས་མཆོག་སྟེ་སྟོན་པ་སངས་རྒྱས་ཀྱི་རྗེས་སུ་འཇུག་པའི་རྟགས་འཆང་ཞིང་ལས་བསླབ་འོས་ལ་སློབ་པའི་གང་ཟག་དང་། ཐ་ན་རྟགས་ཙམ་འཛིན་པར་ཕྱག་འཚལ་ཡང་འཚལ་མཁན་རང་ངོས་ནས་དད་ཅིང་དང་བས་སྟོན་པའི་རྗེས་འཇུག་དགེ་འདུན་ལ་འཚལ་བས་ན་ཕན་ཡོན་དཔག་ཏུ་མེད། དེང་སྐབས་དུས་ཀྱི་དབང་གིས་སེར་གོས་གྱོན་མི་མང་བས་ན། རྒྱ་གྲོང་གི་གྲོང་གསེབ་དང་ཐ་ན་ཆང་ཁང་དང་རྒྱན་པོ་འགྱེད་སར་ཡང་མཐོང་སྲིད་པའི་དུས་ཡིན་མོད། དད་པ་བྱེད་མཁན་རང་ངོས་ནས་ནང་བ་སངས་རྒྱས་པའི་ཆོས་སྒོར་ཞུགས་པ་ཞིག་ཡིན་ཕྱིན་སྟོན་པའི་མནབ་བཟའ་འཆང་བ་ཐམས་ཅད་ལ་ཞེ་ས་དང་གུས་པ་ཁྱད་མེད་བྱེད་དགོས། ཁྱིམ་གཅིག་གི་སྤུན་སྲིང་ཡིན་ཡང་གྲྭ་ཇོ་སེར་ལ་མི་སྐྱ་ཕོ་མོས་གུས་པ་བྱེད་དགོས་པར་མ་ཟད་གཏམ་ལ་ཞེ་ས་སྦྱར་དགོས། གཞན་ཕོ་མཆོག་མོ་དམན་གྱི་ཁྱད་པར་དེ་བས་ཀྱང་དབྱེ་ག་ལ་རུང་། དེ་ལྟར་མ་བྱས་ན་ཕ་རོལ་པོར་མི་གནོད་ཀྱང་རང་ཉིད་ཀྱི་བསོད་ནམས་ཉམས་པར་འགྱུར་རོ། །ཕྱག་འཚལ་བའི་ཡུལ་སྐུ་གསུང་ཐུགས་རྟེན་དངོས་སུ་མེད་ཀྱང་སངས་རྒྱས་ཀྱི་སྤྱན་གྱིས་སེམས་ཅན་ལ་ཉིན་མཚན་དུས་དྲུག་ཏུ་བརྩེ་བས་གཟིགས་པའི་ཕྱིར་རང་ལ་དད་པ་ཡོད་ན་ཐུགས་རྗེ་ལ་ཉེ་རིང་མ་མཆིས་ཏེ། དཔེར་ན། མེ་ལོང་དྭངས་བ་ལ་ཉི་མའི་གཟུགས་བརྙན་འཆར་ཞིང་། མེ་ལོང་མ་དྭངས་ན་གཟུགས་བརྙན་མི་འཆར་བ་དང། ཐག་རིང་ཐུང་ལ་མི་ལྟོས་པ་ས་གཞིའི་ངོས་ཀྱི་མེ་ལོང་དུ་ནམ་མཁའི་ཉི་མ་འཆར་བ་ལྟ་བུ། དད་པ་མེད་ན་སངས་རྒྱས་ཀྱིས་ཚུར་གཟིགས་ཀྱང་བྱིན་རླབས་ཐོབ་པར་དཀའོ། །ཕྱོགས་བཅུའི་སངས་རྒྱས་དང་མཐའ་ཡས་སེམས་ཅན་ཞེས་ངག་ནས་བརྗོད་པ་ཙམ་ལས་ཡིད་ལ་གསལ་བར་འཆར་མི་ནུས་སྙམ་ན། རྒྱ་གར་མི་གཅིག་ལྷ་གཅིག །བསམ་པ་ལྷ་གཅིག་མཐུ་གཅིག །ཅེས་པ་ལྟར་ལྷ་གཅིག་ལ་གསོལ་བ་བཏབ་ཅིང་། ལམ་གཅིག་ལ་རྡོག་པ་གཏད་དེ་མགོན་པོ་འོད་དཔག་མེད་ལ་རྩེ་གཅིག་གུས་པས་གསོལ་བ་བཏབ་ཀྱང་། གོང་སྨྲོས་བཞིན་གཅིག་པ་ཡིན། ཇི་སྐད་དུ། རྒྱལ་བ་གཅིག་གྲུབ་ཐམས་ཅད་མ་བསྒྲུབས་འགྲུབ། །ཅེས་གསུངས་པ་དང་། ཆགས་མེད་བདེ་སྨོན་དུ། ཆོས་སྐུ་འོད་དཔག་མེད། ཅེས་པ་ལྟར་འཕགས་པ་སྤྱན་རས་གཟིགས་དང་གུ་རུ་པདྨ་འབྱུང་གནས་དང་རྗེ་བཙུན་འཕགས་མ་སྒྲོལ་མ་སོགས་ཐམས་ཅད་ཀྱི་སྤྲུལ་གཞི་ནི་ཆོས་སྐུ་རྒྱལ་བ་མགོན་པོ་འོད་དཔག་མེད་ཡིན། དེ་བཞིན་ཆོས་ཀྱི་དབྱིངས་སུ་རྒྱལ་བ་ཐམས་ཅད་དབྱེར་མེད་གཅིག་པ་ཡིན། སྙིགས་མའི་དུས་ཀྱི་སྐྱབས་མགོན་མིའི་གཟུགས་སུ་བྱོན་པ་ཐམས་ཅད་རིགས་གསུམ་སེམས་དཔའ་དང་རྗེ་བཙུན་སྒྲོལ་མ་དང་གུ་རུ་པད་འབྱུང་སོགས་ཀྱི་སྤྲུལ་བ་མིན་པ་མེད་པ་ལྟ་བུར་གྱུར་ཡོད། ཀུན་མཁྱེན་འོད་དཔག་མེད་ཅེས་པ་དུས་དང་རྣམ་པ་ཐམས་ཅད་དུ་སེམས་ཅན་ཀུན་གྱི་ཅི་བསམ་གང་དྲན་དང་། ཅི་སྨྲས་གང་བཤད་། ཅི་བྱས་གང་སྒྲུབ་ཐམས་ཅད་མཁྱེན་པར་འགྱུར་བའི་ཕྱིར་དང་། གཞན་ཡང་འུ་བུ་ཅག་གིས་འཇིག་རྟེན་མི་ཡུལ་དུ་སྡིག་ཆེན་བསགས་པ་གསང་སྐོང་བྱེད་མོད་དུས་གསུམ་མཁྱེན་པའི་སངས་རྒྱས་དང་ལྷ་དང་དྲང་སྲོང་གྲུབ་པའི་མངོན་ཤེས་ཅན་རྣམས་ཀྱིས་གཟིགས་པར་འདུག མགོན་པོ་འོད་དཔག་མེད་ཁོང་གི་ཐུགས་རྗེ་སྤྱན་གྱིས་ཉིན་མཚན་དུས་དྲུག་ཏུ་སེམས་ཅན་ཀུན་ལ་རྟག་ཏུ་གཟིགས་ཤིང་། ཁྱད་པར་དུ་ན་བའི་བུ་ལ་མ་ཡིས་ལྷག་པར་བརྩེ་བ་བཞིན་དུ། སྙིགས་མའི་སེམས་ཅན་རྣམས་ལས་ངན་སྡིག་ཅན་ཡིན་པས་བརྩེ་བས་ལྷག་པར་དགོངས་ཤིང་དེ་དག་གི་སྐྱེ་བ་ཚེ་རབས་ཐམས་ཅད་ཀྱི་བདེ་སྡུག་མཁྱེན། འདྲེན་པ་འོད་དཔག་མེད་ཅེས་པ་ཆོས་སྤང་མཚམས་མེད་བྱས་པ་དང་གསང་སྔགས་ཀྱི་དམ་ཚིག་ཉམས་པའི་སེམས་ཅན་ཡིན་ན། ཉེས་ཅན་དཔོན་གྱིས་མི་ཁེབ། །སྡིག་ཅན་བླ་མས་མི་དྲང་། ཞེས་པ་ལྟར་སེམས་ཅན་གྱི་ལས་རྒྱལ་བའི་ཕྱག་གིས་ཀྱང་མ་ཁོག་མོད། དད་ཅིང་གུས་པས་ཐེ་ཚོམ་དང་བྲལ་བར་མགོན་པོ་འོད་དཔག་མེད་ལ་གསོལ་འདེབས་སྨོན་ལམ་བཏབ་ན། འཆི་ཁ་བར་དོ་སོགས་གང་རུང་ལ་འདྲེན་པ་འོད་དཔག་མེད་འཁོར་རྒྱལ་སྲས་བརྒྱད་དང་བཅས་པ་བྱོན་ནས་ལམ་སྣ་དྲངས་ཏེ་ཞིང་ཁམས་བདེ་བ་ཅན་དུ་འདྲེན་པར་འགྱུར། དེའི་རྒྱུ་མཚན་ནི་དང་པོ་ཐུགས་བསྐྱེད་པ་ནས་དམ་བཅའ་དང་སྨོན་ལམ་བཏབ་པའི་ཐུགས་དམ་ཞལ་བཞེས་དུས་ལ་བབ་པས་སོ། །སྔོན་གྱི་སྨོན་ལམ་ཐམས་ཅད་ཡོངས་སུ་གྲུབ་ཅིང་འཁོར་བྱང་ཆུབ་སེམས་དཔའ་དང་ཉན་ཐོས་ཀྱི་ཚུལ་བཟུང་བའི་ལྷ་མིའི་རྣམ་པ་ཅན་གྱི་གྲངས་ནི། འཕགས་པ་རྫུ་འཕྲུལ་ཆེན་པོ་དང་ལྡན་པ་བྱེ་བ་ཕྲག་ཁྲིག་གིས་ལོ་དུ་མར་གྲངས་སུ་བགྲང་ཡང་བགྲང་བར་མི་ནུས་ཞེས་གསུངས་པ་ལྟར། རང་རེའི་འཇིག་རྟེན་འདིའི་དུས་ངན་གྱི་སེམས་ཅན་དམྱལ་བར་ལྟུང་བ་མང་ཡང་འཇིག་རྟེན་གཞན་གྱི་སེམས་ཅན་དང་འཛམ་གླིང་ལས་ཀྱི་ས་བ་ནས་བདེ་བ་ཅན་དུ་སྐྱེ་བའི་གྲངས་མི་ཉུང་ངོ་། །མགོན་པོ་ཚེ་དཔག་མེད་ཅེས་པ་སེམས་ཅན་རྣམས་ཕྱི་མ་བདེ་བ་ཅན་དུ་སྐྱེ་བའི་སྔ་རོལ་གྱི་ཚེ་འདིར་ཡང་མི་འདོད་ཉེར་འཚེ་ཞི་ཞིང་ཚེ་བསོད་དབང་ཐང་རྒྱས་དགོས་ལ། དེ་ཉིད་ཚེ་རིང་བ་འདི་ལ་རག་ལས་པས་ཕུན་ཚོགས་ཐམས་ཅད་ཀྱི་གཞི་མ་ནི་ཚེ་སྲོག་བརྟན་ཞིང་ནད་མེད་ལང་ཚོ་རྒྱས་དགོས། ནད་དང་ན་ཚ་མི་འབྱུང་ཞིང་གློ་བུར་འཕྲལ་རྐྱེན་གྱིས་ཚེ་ལ་བར་ཆད་མི་ཡོང་བར་མགོན་པོ་ཚེ་དཔག་མེད་དམ་འོད་དཔག་མེད་ལ་གསོལ་བ་བཏབ་པ་ལས་ལྷག་པ་གང་ཡང་མེད། ནད་དང་ན་ཚ་འབྱུང་དང་མི་འབྱུང་། རྐྱེན་ངན་བར་ཆད་འབྱུང་དང་མི་འབྱུང་བརྟགས་པ་ལ་མོ་པ་བཟང་པོ་ཧ་ཅང་ཐིག་པོ་རེ་མ་རྙེད་ན། སྐུ་རིམ་བཅའ་བ་རང་གིས་བྲིས་ལ་བདེ་སྨོན་འདོན་ཞིང་འདོད་དོན་གསོལ་བ་རྩེ་གཅིག་ཏུ་ཐོབ་དང་མི་བསླུ་ངེས་པ་ཡིན། དེའི་ཕྱིར་བསླུ་མེད་བདེ་ལྡན་ཞིང་གི་མགོན་པོ་ཞེས་འདོན་པར་བྱེད་པའོ། །སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་རྗེ་དང་རང་ཉིད་ཀྱི་དད་གུས་འདུན་པ་མི་ལྷོད་པའི་སྨོན་ལམ་གཉིས་ནང་འཛོམ་པའི་སྟོབས་ཀྱིས་བདེ་བ་ཅན་དུ་སྐྱེ་བར་ནུས་ཏེ། འཆི་རན་དུས་འབྱུང་བ་ཐིམ་རིམ་ཤར་ནས་སྔར་བྱས་སྡིག་པའི་སྟོབས་ཀྱིས་གཤིན་རྗེའི་འཇིགས་སྐྲག་སྐྱེ་བར་ཉེ་བ་ན། ངག་ནས་གསོལ་འདེབས་འདོན་པའི་ནུས་པ་མེད་ཀྱང་མགོན་པོ་འོད་དཔག་མེད་ཡིད་ལ་དྲན་ཙམ་གྱིས་དང་ཁོང་གི་ཐུགས་རྗེ་དུས་ལས་ཡོལ་བ་མི་སྲིད་པར་གསུངས་པས་ན། དེ་ཚེ་ཞལ་མཇལ་ཞིང་རང་ཉིད་ངན་སོང་དུ་སྐྱེ་བའི་སྡིག་སྒྲིབ་ཐམས་ཅད་དེ་མ་ཐག་དག་ནས་འཇའ་ལམ་དཀར་པོའི་དར་ཐག་བརྒྱུད་དེ་དར་དཀར་པོ་རླུང་གིས་བསྐྱོད་པ་བཞིན་བདེ་བ་ཅན་དུ་འགྲོ་བར་འགྱུར་བ་ལ་ཐེ་ཚོམ་མི་དགོས། དེ་ལྟ་བུའི་སྐྱབས་ཡུལ་ཀུན་འདུས་མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བ་ནི་དུས་རྒྱུན་གྱི་ཉམས་ལེན་ལ་ཆག་མེད་དུ་འཛིན་དགོས། དེའང་བདེ་སྨོན་རྒྱས་པ་དག་བློར་མི་ཟིན་ཞིང་ཡིག་ངོ་མི་ཤེས་པ་རྣམས་ཀྱིས་ནི། མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། །ཞེས་པ་སུས་ཀྱང་འདོན་ཤེས་པས་དེའི་གྲངས་གསོག་པའམ་ཡང་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ། །ཞེས་པའི་ངག་འདོན་དང་བསྡེབས་ནས་ཡིད་ལ་མགོན་པོ་འོད་དཔག་མེད་ཁྱེད་མཁྱེན། ཁྱེད་ལ་ཕྱག་འཚལ་ཞིང་གསོལ་བ་བཏབ་པས་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཁྱེད་ལ་གཏད་པ་ཡིན། བདག་གཞན་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག་ནས་བདེ་བ་ཅན་དུ་སྐྱེ་བར་ཤོག་ཅེས་བསམ་པར་བྱ། ཕྱག་འཚལ་བའི་ཕན་ཡོན་ལ་བསམ་ན། གལ་ཏེ་ཕྱག་ཚད་ལྡན་རེ་འཚལ་ནུས་ན་རང་གི་ལུས་ཀྱིས་ཁྱབ་པའི་ས་ཁྱོན་དབང་ཆེན་གསེར་གྱི་ས་གཞིར་མ་ཐུག་གི་བར་གྱི་རྡུལ་ཕྲ་རབ་ཇི་སྙེད་ཡོད་པའི་གྲངས་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྐྱེ་ནུས་པའི་བསོད་ནམས་ཐོབ་པར་གསུངས། དེ་བཞིན་ཐེག་ཆེན་སྦྱོར་དངོས་རྗེས་གསུམ་མམ་དམ་པ་གསུམ་གྱིས་རྩིས་ཟིན་པ་དང་། ཁྱད་པར་གསང་ཆེན་སྔགས་ཀྱི་རྣལ་འབྱོར་བསྐྱེད་རྫོགས་རྫོགས་ཆེན་ཉམས་སུ་ལེན་པའི་གནད་ཟིན་ཏེ། ངེས་དོན་འོད་དཔག་མེད་པ་སེམས་ཉིད་ཆོས་སྐུའི་རང་ཞལ་ནང་ནས་མཇལ་བའི་གདེང་དང་བཅས་ཕྱག་ལན་རེ་དང་གསོལ་འདེབས་ཚིག་རེ་འདོན་ཞིང་སྐད་ཅིག་རེར་ཐུགས་ཡིད་དབྱེར་མེད་དུ་བསྲེས་པའི་ཕན་ཡོན་བསམ་གྱིས་ག་ལ་ཁྱབ། དེ་ལྟར་ཕྱག་འཚལ་བའི་ཡན་ལག་བཤད་པ་ཡོངས་སུ་རྫོགས་སོ། །སང་ཉིན་མཆོད་པའི་ཡན་ལག་བཤད་པར་བྱའོ།།

ཉིན་གཉིས་པར་ཁྱིམ་པ་ཕོ་མོ་རྣམས་ལ་སྒོམ་རྒྱག་ཚུལ་སྨིན་ཁྲིད་གནང་བ།

དེ་རིང་མཚམས་འདིར་ཆུ་ཚོད་སྐར་མ་བཅུ་ལ་ཐམས་ཅད་ཀྱིས་མཉམ་དུ་བསྒོམ་རྒྱག དང་པོ་སྐར་མ་ལྔ་ཙམ་ལ་སངས་རྒྱས་འོད་དཔག་མེད་ཀྱི་སྐུའི་གསལ་སྣང་བསྒོམ། དེའང་འཕོ་བའི་དམིགས་རིམ་དང་མཚུངས་པར་རང་གི་སྤྱི་གཙུག་ཏུ་མགོན་པོ་འོད་དཔག་མེད་སྐུ་མདོག་དམར་པོ་པདྨ་ར་གཱའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པ། ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་སྟེང་དུ་ལྷུང་བཟེད་བདུད་རྩིས་གང་བ་བསྣམས་པ། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་མཚན་བཟང་པོ་སོ་གཉིས་དང་དཔེ་བྱད་བརྒྱད་ཅུས་སྤྲས་པ། འོད་དང་འོད་ཟེར་ཕྱོགས་བཅུ་མུ་མེད་དུ་འཕྲོ་བ་ཞིག་བསྒོམ། དེའང་དང་པོ་རང་གི་ལུས་ཀྱི་འདུག་སྟངས་ནི་ཁ་སང་བསླབ་པ་ཇི་བཞིན་རྣམ་སྣང་ཆོས་བདུན་བྱ། མགོན་པོ་འོད་དཔག་མེད་ལ་མོས་གུས་དུང་ངེ་བ། ཁ་ཙམ་ཚིག་ཙམ་མ་ཡིན་པའི་ཟོལ་མེད་ཀྱི་དད་པ་སྐྱེད་བཞིན་བསྒོམ། དེ་ལ་གསལ་སྣང་ཅུང་ཟད་ཐོབ་ཚེ་འོད་ཟེར་སྤྲོ་བསྡུའི་དམིགས་རིམ་དང་བཅས་ཏེ་བསྒོམ་པར་བྱ། ཆུ་ཚོད་སྐར་མ་ལྔའི་ཡུན་ལ་མགོན་པོ་འོད་དཔག་མེད་ཀྱི་སྐུའི་གསལ་སྣང་དང་འོད་ཟེར་སྤྲོ་བསྡུ་བསྒོམ་མི་ནུས་པ་དག་གིས་ནི། སངས་རྒྱས་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་གསུམ་མཚོན་པའི་འོད་ཀྱི་ཐིག་ལེའམ་འོད་ཀྱི་གོང་བུ་དམར་སེར་འོད་འཕྲོ་བ་ཞིག་སྤྱི་བོའི་གཙུག་ཏུ་ཡོད་པར་བསྒོམ་ཞིང་། དེ་ལས་འོད་འཕྲོས་པས་སངས་རྒྱས་མཆོད། ཚུར་བསྡུ། སླར་ཡང་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས་པར་བསམ་པའི་དམིགས་པ་ལ་རྩེ་གཅིག་ཏུ་འཇོག དེ་ལྟར་འདིར་འདུས་ཐམས་ཅད་ཀྱིས་བློ་སེམས་རྩེ་གཅིག་དང་སྒོ་གསུམ་ཆིག་དྲིལ་གྱིས་ཆུ་ཚོད་སྐར་མ་ལྔ་ལ་བསྒོམ་པར་བྱ། དེ་ཙམ་གྱིས་སྐར་མ་ལྔ་ལོན་བྱུང་། དེའང་སངས་རྒྱས་ཀྱི་སྐུ་གཟུགས་བསྒོམ་དུས་ལི་དང་ཟངས་སོགས་ཀྱི་བླུགས་པའི་སྐུ་འདྲ་ལྟ་བུའི་སྲ་བ་དང་ཐང་གའི་ངོར་བྲིས་པ་ལྟ་བུའི་ལེབ་མོ་མ་ཡིན་པ། ཤ་ཁྲག་གིས་གྲུབ་པའི་མི་ལུས་ཇི་བཞིན་མི་གཙང་བའང་མ་ཡིན་ནོ། །དེའང་འོད་ཀྱི་ལུས་ལ་ཡེ་ཤེས་ཀྱི་སྙིང་པོ་ཅན་ཡིན་གྱི་འཇའ་ཚོན་ཇི་བཞིན་སྲོག་དང་བྲལ་བའང་མ་ཡིན། འོད་ཀྱི་གོང་བུར་བསྒོམ་པ་གལ་ཆེ་སྟེ། དེ་ཐོགས་རེག་དང་འཛིན་པར་མི་ནུས་པས་སྣང་ལ་རང་བཞིན་མེད་པའི་དོན་དང་མཐུན། དེ་ལྟར་སྣང་ལ་རང་བཞིན་མེད་པར་བློ་གོམས་པས་ནམ་ཞིག་སྣང་ལ་རང་བཞིན་མེད་པའི་དོན་མངོན་དུ་འགྱུར་ཞིང་། རང་སེམས་མགོན་པོ་འོད་དཔག་མེད་ཀྱི་ཐུགས་དང་འདྲེས་ཚེ་རང་གི་ལུས་ངག་ཡིད་གསུམ་ཡང་མགོན་པོ་འོད་དཔག་མེད་ཀྱི་སྐུ་གསུང་ཐུགས་གསུམ་དང་དབྱེར་མེད་དུ་འདྲེས་པ་ཡིན། དེ་ལྟར་རང་དང་མགོན་པོ་འོད་དཔག་མེད་དབྱེར་མེད་དུ་བསྲེ་བའི་ཆེད་དུ། རང་གིས་མགོན་པོ་འོད་དཔག་མེད་བསྒོམ་ཞིང་གོམས་ཏེ་ནམ་ཞིག་རང་ཉིད་མགོན་པོ་འོད་དཔག་མེད་དུ་འགྱུར་བ་ལ་བསམ་བློ་གཏོང་དགོས་སོ། །དེ་ལྟར་དམིགས་བཅས་མཚན་མ་ཅན་ལྷའི་ཞལ་ཕྱག་དང་བཅས་པ་བསྒོམས། དེ་རྗེས་སྤྱི་བོའི་གཙུག་གི་མགོན་པོ་འོད་དཔག་མེད་སྐྱབས་ཡུལ་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དང་དབྱེར་མེད་དེ་ཉིད་འོད་དུ་ཞུ་བའམ་འོད་ཟེར་དམར་པོ་ཞིག་ཏུ་གྱུར་ཏེ་རང་ལ་ཐིམ་པར་བསྒོམ། དེ་དང་མཉམ་དུ་རང་གི་སེམས་ཉིད་རིགས་ཁམས་བདེ་བར་གཤེགས་པའི་སྙིང་པོ་སྟེ། དེའང་སྤྱིར་སེམས་ཞེས་བྱ་བ་མི་དྲན་དགུ་དྲན་ཆུ་ཡི་གཉེར་མ་ཇི་བཞིན་གཅིག་རྗེས་གཅིག་མཐུད་དུ་འཕྲོ་བ་ཟད་དུས་མེད་པ་འདི་ནི་འཁྲུལ་བ་ཡིན་ལ། དེ་ལྟའི་འཁྲུལ་བ་ནི་གང་ལས་བྱུང་ཟེར་ན་མ་འཁྲུལ་བ་ལས་བྱུང་། དཔེར་ན། ཆུ་ཡི་གཉེར་མ་དང་རྦ་རླབས་ནི་རྒྱ་མཚོ་ལས་བྱུང་། རླབས་དང་རྙོག་མ་བྲལ་ཞིང་དྭངས་ཤིང་གསལ་བའི་རྒྱ་མཚོ་གཡོ་མེད་དུ་གནས་པ་ལྟ་བུའི་སེམས་ཀྱི་འཁྲུལ་བ་ཡོངས་སུ་བྲལ་བའི་སེམས་ཉིད་ཀྱི་ངོ་བོ་ནི་རིགས་ཁམས་བདེ་གཤེགས་སྙིང་པོའོ། །དེ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ན་ཡོད་པས་འུ་ཅག་གིས་སངས་རྒྱས་བསྒོམ་ན་འགྲུབ་པ་ཡིན་གྱི། དེ་ཉིད་མེད་ན་རྡོ་ས་འོག་ཏུ་སྦས་པས་ནས་ཀྱི་མྱུ་གུ་མི་སྐྱེ་བ་བཞིན་ཡིན་མོད། ནས་ཀྱི་ས་བོན་ཡོད་ན་དེ་ལ་ཆུ་ལུད་དྲོད་གཤེར་འཛོམ་པས་དེའི་མྱུ་གུ་སྐྱེ་བ་ལྟར། རང་རེ་ལ་སངས་རྒྱས་ཀྱི་རིགས་ཁམས་བདེ་གཤེགས་སྙིང་པོས་ཁྱབ་པས་ན་འཕྲལ་གྱི་སྒྲིབ་པ་དག་ཙམ་གྱིས་ནོར་བུའི་རང་མདངས་མངོན་པ་ལྟར་སངས་རྒྱས་འགྲུབ་པའོ། །དཔེར་ན། ནོར་བུ་རིན་པོ་ཆེ་གད་སྙིགས་སུ་དོར་བ་ལ་རྡུལ་གྱི་དྲི་མས་གོས་པ་སེལ་བ་ན་ནོར་བུའི་རང་མདངས་མངོན་པ་བཞིན། རིགས་ཁམས་བདེ་གཤེགས་སྙིང་པོ་ཡེ་ནས་དག་པ་མངོན་དུ་གྱུར་ཚེ་རང་སེམས་དང་མགོན་པོ་འོད་དཔག་མེད་ཀྱི་ཐུགས་དབྱེར་མེད་དུ་འདྲེས་པ་ཡིན་པས་དེའི་ཕྱིར་རང་རེས་ཆོས་སྒྲུབ་པ་ཡིན། དེ་ལྟར་འོད་ཟེར་དམར་པོ་རང་ལ་ཐིམ་རྗེས་སྟོང་ཞིང་གསལ་ལ་གསལ་ཞིང་སྟོང་པ། སྟོང་གསལ་སྒྲིབ་གཡོག་དང་བྲལ་བ། སྣང་སྟོང་དབྱེར་མེད་པ། གདོས་བཅས་དངོས་པོ་རགས་པ་ལྟར་བདེན་པར་མ་གྲུབ་པ་དང་རྣམ་རྟོག་གིས་མ་བསླད་པར་གནས། དེ་ལྟར་དམིགས་མེད་མཚན་མ་བྲལ་བའི་ངང་དུ་ཆུ་ཚོད་སྐར་མ་ལྔ་ཙམ་ལ་མཉམ་པར་འཇོག དེ་ཙམ་གྱིས་ཆུ་ཚོད་སྐར་མ་ལྔ་ལོན་བྱུང་། སྒོམ་མཉམ་བཞག་ལ་གོམས་ནས་ཅུང་ཟད་བརྟན་ཆ་ཐོབ་ནས་ཆུ་ཚོད་སྐར་མ་ལྔ་དང་བཅུ་ཙམ་ཇི་ལྟར་འདས་པའང་མི་ཚོར། ཅི་ཡང་མི་ཚོར་བར་ཆུ་ཚོད་གཉིས་གསུམ་རེའི་རྗེས་སུ་མཉམ་བཞག་ལས་ལྡང་བའང་འབྱུང་ལ། དེ་དུས་ཉམས་ལེན་གྱི་བོགས་འདོན་མན་ངག་སྣ་ཚོགས་པ་ཡོད། འགའ་ཞིག་རང་ཉིད་འཆི་བའི་དུས་སུ་ལམ་སྣ་འདྲེན་བྱེད་ཀྱི་གདམ་ངག་དངོས་ནི་འདི་ཡིན་འདུག་མོད་ད་ལྟ་གལ་ཆེའམ་སྙམ་ན། སྐྱིད་སྡུག་གི་རྣམ་གྲངས་ཅི་བྱུང་ཡང་འདིའི་ངང་དུ་སྡོད་དང་སྐུ་རིམ་བཅའ་བ་གང་འདྲ་བསྒྲུབ་ཀྱང་འདི་ལས་ལྷག་པ་མེད། སྐུ་རིམ་བཅའ་བ་ཆེན་པོ་སྒྲུབ་པ་རྒྱུ་ཡོད་ནུས་ཡོད་ཀྱིས་འགྲུབ་པ་ལས་གཞན་གྱིས་དེ་འདྲ་དཀའ་ནའང་། འདི་ནི་རིགས་ཁམས་བདེ་གཤེགས་སྙིང་པོ་ཀུན་ལ་ཁྱབ་མཉམ་དུ་ཡོད་པས་སུས་ཀྱང་སྒྲུབ་ཆོག སངས་རྒྱས་རང་ལག་ཏུ་ཡོད་པས་འགྲུབ་མིན་རང་རང་ལ་ཐུག་ཡོད། གཞན་ཡང་དེ་ལྟར་སྒོམ་ལ་གནས་པ་ན་རྣམ་རྟོག་མང་དུ་འཕྲོ་བས་སྒོམ་པར་མི་ནུས་སྙམ་དུ་མི་བསམ་སྟེ། རྣམ་རྟོག་འཆར་བ་སྨྲོས་ཅི་དགོས་མི་གསོན་པོ་ལ་རྣམ་རྟོག་འཆར་ངེས་མོད། ཤར་བ་ལ་བྲེལ་འཚུབ་མི་དགོས་ཏེ་ཁོ་རང་ཤར་དུ་ཆུག ཡལ་དུ་ཆུག མེད་དུ་ཆུག ཤར་བ་རང་སར་ཡལ་བར་འགྱུར་ཏེ། རྣམ་རྟོག་ལ་བདག་ཏུ་མ་བཟུང་ན་རང་སར་ཡར་བར་ངེས་མོད། དེ་ལ་བདག་པོ་བྱས་ནས་རྗེས་སུ་འབྲང་ན་རྣམ་རྟོག་གཅིག་རྗེས་གཉིས་མཐུད་ཀྱིས་འཕྲོས་ཏེ། ཆགས་སྡང་རྨོངས་གསུམ་སོགས་སྣ་ཚོགས་པ་དྲན་ཡོང་། དེ་ལྟར་རྣམ་རྟོག་ལ་བདག་པོ་མི་བྱ་བར་སྔར་གྱི་བསྒོམ་བྱ་རིགས་ཁམས་བདེ་གཤེགས་སྙིང་པོ་སྟོང་གསལ་འདུས་མ་བྱས་པའི་ངང་དུ་ཧ་ལམ་བཞག་ཡོད་སྙམ་ནས་སྡོད་དང་དེས་ཀྱང་ཆོག དེའང་ཧ་ཅང་སྒྲིམ་ཆེས་པ་གཟབ་ནན་ཅི་ཡང་མི་བྱ་ཞིང་། ཧ་ཅང་ལྷོད་ཆེས་པ་དུས་རྒྱུན་ལྟར་འཁྲུལ་བའི་དབང་དུའང་མི་བཏང་ངོ་། །ལུས་སེམས་གཉིས་ཀ་ལྷོད་དེ་སྡོད་པ་ནི་སྒོམ་སྐྱོན་མེད་ཀྱི་མན་ངག་ཡིན། སྒོམ་སྐྱོན་སེལ་བར་མགོན་པོ་འོད་དཔག་མེད་དང་རྩ་བའི་བླ་མ་དབྱེར་མེད་ལ་གསོལ་བ་འདེབས་དགོས། གཞན་ཡང་བསྐྱེད་ཆོག་མི་ཤེས་པ་རྣམས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སེམས་བསྐྱེད་པ་སྔོན་དུ་འགྲོ་བའི་སྒོ་ནས་མགོན་པོ་འོད་དཔག་མེད་ལ་མོས་གུས་གདུང་ཤུགས་དྲག་པོ་དང་བཅས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མགོན་པོ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ། མཆོད་དོ། སྐྱབས་སུ་མཆིའོ། །ཞེས་པ་འདོན། དེ་མིན་རྫི་བོར་འགྲོ་བ་དང་ལས་ཀ་བྱེད་པའི་ཚེ་ནའང་ཆུ་ཚོད་སྐར་མ་བཅུ་ཙམ་རེར་གང་དུའང་ངལ་གསོས་ཆོག་པས་དེ་ལྟར་བསྒོམ་ན་ལུས་ཀྱིས་ངལ་གསོས་པར་མ་ཟད་སེམས་ཀྱང་ངལ་གསོས་པ་ཡིན། དེ་ལྟར་མཉམ་བཞག་ཅི་ཡང་མི་དམིགས་པ་ལས་ལྡང་བའི་རྗེས་ཐོབ་ཐུན་མཚམས་སུ། སྔར་གྱི་མི་དེ་མིན་པ་ལྟར་སྨྱོ་བར་མི་བྱ་བར་གང་སྣང་བའི་ཆོས་ཐམས་ཅད་སྒྱུ་མ་བཞིན་སྣང་ལ་རང་བཞིན་མེད་པའི་ངེས་ཤེས་དང་བཅས་ཏེ། དེ་ཉིད་མངོན་དུ་མ་གྱུར་པར་ཀུན་རྫོབ་སྒྱུ་མ་ལྟ་བུའི་ཚོགས་བསག་དང་། ལས་འབྲས་བསླུ་བ་མེད་པ་ཕྲ་ཞིང་ཞིབ་པར་སྲུང་ཞིང་རྟག་པར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་མ་བྲལ་བ་བྱ་དགོས་སོ། །དེ་ལྟར་ཆོས་འཆད་ཉན་སྒོམ་སྒྲུབ་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ནས་རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་སྐུའི་ཚེ་ཞབས་པད་བརྟན་ཞིང་། དགེ་འདུན་གྱི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་ཀྱི་དཔལ་ལ་ལོངས་སྤྱོད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་འགྲོ་བའི་དོན་དུ་ཇི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམ་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཅི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

ཉིན་གསུམ་པའི་བདེ་ཆེན་ཞིང་གི་སྨིན་ཁྲིད།

མཚམས་སྦྱོར་ཞལ་གདམས།

འདིར་ཐམས་ཅད་ཀྱིས་ངག་གི་སྨྲ་བ་བསྡམ་པར་བྱ་ཞིང་སེམས་རྩེ་གཅིག་ཏུ་འདུན་པའི་གཞུར་དྲངས་ཏེ། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཆོས་འཆད་ཉན་ལ་འཇུག་པར་བྱའོ། །དེའང་ཇི་ལྟར་ནམ་མཁའི་ཁམས་ལ་མཐའ་དང་མུ་མེད་པ་བཞིན་དུ་སེམས་ཅན་གྱི་ཁམས་ལའང་མཐའ་དང་མུ། ཐོག་མ་དང་ཐ་མའི་ངེས་པ་འདི་ཙམ་ཞེས་བརྗོད་དུ་མེད་པའི་དུས་ཡུན་རིང་པོ་འདི་ལྟ་བུར་རང་གཞན་སེམས་ཅན་ཐམས་ཅད་ཀྱིས་སྐྱེ་རྒ་ན་འཆི་རེས་མོས་སུ་མྱོང་ཞིང་། རྟེན་འབྲེལ་བཅུ་གཉིས་ཀྱི་འཁོར་ལོ་ལ་འཁོར་མཚམས་འཇོག་རྒྱུ་མེད་པར་སྡུག་བསྔལ་གསུམ་གྱིས་མནར་བཞིན་པ་ཡིན་ན། འདི་ལས་ངེས་པར་དུ་ཐར་བར་བྱ་དགོས་ཤིང་། དེའང་རང་ཉིད་གཅིག་པུ་ཐར་བ་ཙམ་གྱིས་མི་ཆོག་པར་སེམས་ཅན་ཐམས་ཅད་ཐར་བར་བྱ་དགོས། རང་ཉིད་ཇི་ལྟ་བུར་གཞན་ལ་བསམ་བློ་བཏང་ན་བདེ་བ་འདོད་ཅིང་སྡུག་བསྔལ་མི་འདོད་པར་ཀུན་ཀྱང་གཅིག་མཚུངས་ཡིན་མོད། བདེ་བ་སྒྲུབ་ཐབས་ལ་མགོ་རྨོངས་ཏེ་བདེ་འདོར་སྡུག་བསྒྲུབ་ཀྱི་རྒྱུ་ཁོ་ནར་འབད་པའི་རང་གཞན་འཁོར་བའི་སེམས་ཅན་གྱི་རྨོངས་པའི་བསམ་སྤྱོད་ལ་བལྟས་ཚེ། རང་ཉིད་ཀྱང་འཁོར་བའི་སྡུག་བསྔལ་རྣམ་གསུམ་ལས་གང་རུང་རེ་མི་མྱོང་བའི་དུས་མེད་པ་འདིས་སྡུག་བསྔལ་བར་འདུག་ཀྱང་། རང་ཁོ་ན་ཙམ་མ་ཡིན་པར་སེམས་ཅན་གྲངས་མཐའ་ཡས་པས་འདི་ལྟར་སྡུག་བསྔལ་མྱོང་བཞིན་པ་དང་། ཁྱད་པར་ངན་སོང་གསུམ་དུ་སྐྱེས་ཚེ་དེའི་སྡུག་བསྔལ་རེ་རེའི་ཚོར་བ་སྐད་ཅིག་མ་གཅིག་ལ་མྱོང་དགོས་ཀྱང་བཟོད་ཐབས་མེད་པ་དེ་འདྲ་བསྐལ་བ་མང་པོར་མྱོང་བཞིན་པའི་ཚུལ་དེ་ཤེས་ན། རང་རེ་མཐོ་རིས་མིའི་འཇིག་རྟེན་དུ་བདེ་བདེ་སྐྱིད་སྐྱིད་ངང་སྡོད་འདོད་པའི་ཡི་གའང་མེད་པའི་ཚོད་ལ་ཐུག་ཡོད། དེ་ཅིའི་ཕྱིར་ཞེ་ན་སེམས་ཅན་ཐམས་ཅད་ཕ་མར་གྱུར་པ་རྒྱལ་བ་བདེན་པར་སྨྲ་བའི་བཀའ་ལུང་ཚད་མས་གྲུབ། དེ་ལ་ནང་པ་སངས་རྒྱས་པའི་བསྟན་སྒོར་ཞུགས་པ་ཡིན་ཕྱིན་ཡིད་མི་ཆེས་པ་མི་སྲིད་པར་མ་ཟད། དེ་མིན་གཞན་རང་བློས་བརྟགས་ཀྱང་སྔར་སྨྲོས་བཞིན་སྐྱེ་བ་ཡ་མཐའ་ཐུག་མེད་ཡིན་ན་དེ་རེ་རེར་ཡང་ཕལ་མོ་ཆེར་ཕ་མ་ཡོད་ངེས་པས་ཕ་མའི་ཡ་མཐའ་ཐུག་མེད་ཡིན་ལ། དེ་ལྟར་སྐྱེ་བ་མང་པོར་མ་ལྟོས་ཀྱང་ཚེ་འདིའི་ཕ་མའང་མང་པོ་ཞིག་འཆི་བའི་ལ་བརྒལ་ནས་འཇིག་རྟེན་ཕྱི་མར་སོང་ཟིན་པ་དང་། ད་ལྟ་ཕ་མ་མགོ་འཛོམ་པ་ཡིན་ཡང་ཕུ་ནུ་སྤུན་སྲིང་དང་ཨ་ཡེ་ཨ་མྱེ་སོགས་ཁྱིམ་རེ་ནས་ཇི་ཙམ་འདས་སོང་། དེ་ལྟར་ཤི་བོ་གཅེས་དམར་མས་ཤི་མིག་ཁྲ་ཆུང་གིས་གསོན་ལ་བལྟ་ཞིང་འཆི་སེམས་སྐད་ཅིག་ཐ་མ་རང་རེ་ཤུལ་མི་ལ་འཁྲེང་བཞིན། དུས་དེ་ནས་བཟུང་ཕན་ཚུན་ནམ་ཡང་ཐུག་འཕྲད་མེད་པར་ཤི་བར་དོ་སྐྱབས་མེད་མགོན་མེད་ཀྱི་གནས་སུ། སྐད་ཅིག་ཙམ་ལའང་སྒུག་དབང་མ་བྱིན་པར་ཡ་ང་བ་དང་འཇིགས་ཤིང་སྐྲག་པའི་གཤིན་རྗེའི་ལས་མཁན་འགའ་རེས་སྔོན་ནས་ཁྲིད་ཅིང་། འགའ་རེས་རྒྱབ་ནས་དེད་དེ། གྲོགས་མེད་ཁེར་རྐྱང་དུ་རྒྱུས་མེད་བར་དོའི་འཕྲང་བརྒྱུད་ནས་མུན་ནག་ཕྱི་མའི་ཡུལ་དུ་དེད་སོང་། དེ་དག་ནི་རང་ཁ་རང་དབང་གིས་འཇའ་ལམ་དར་ཐག་བརྒྱུད་དེ་དག་པའི་ཞིང་ཁམས་སུ་སོང་བ་དང་། ཡང་ན་མི་ལུས་ཆོས་ལྡན་གྱི་རྟེན་བཟང་རྙེད་དེ། ཞིང་མཐོ་རིས་རིམ་བརྒྱུད་ཀྱིས་ཐར་བ་ཐོབ་སོང་སྙམ་པའི་ཡིད་ཆེས་དང་ངེས་པ་སུ་ལ་ཡོད། དེ་དག་གིས་གལ་ཏེ་རང་རེ་ཤུལ་མི་རྣམས་ལ་ཆོས་དགེ་བའི་ར་མདའ་ཞིག་གཏོང་བར་རེ་སྒུག་བྱེད་བཞིན་ཡོད་ན། འུ་བུ་ཅག་གིས་ཚུལ་དེ་ཤེས་བཞིན་ཇ་དལ་འཐུང་གཅིག་གི་ཡུན་ལའང་སེམས་བདེ་བར་འདུག་ཐབས་ཡོད་དམ་མེད། དེ་བཞིན་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱང་སྙིང་རྗེའི་ཡུལ་དུ་གྱུར་ཞིང་། ད་ལྟ་འགའ་རེ་ལྷ་དང་མིའི་ཡུལ་དུ་ཟག་བཅས་ཀྱི་བདེ་བ་སྟེ་དོན་ལ་འགྱུར་བའི་སྡུག་བསྔལ་དང་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ལས་མ་འདས། དེའང་དམྱལ་བའི་གནས་ལྟ་བུའི་སྡུག་བསྔལ་དོས་དྲག་པོ་མིན་ཡང་ལས་ཉོན་གྱིས་འཕངས་པའི་དབང་གིས་ཡང་ན་ཡང་དུ་འཁོར་བས་ནམ་ཞིག་ངན་སོང་གི་སྡུག་བསྔལ་མྱོང་མི་དགོས་པར་ག་ལ་འགྱུར། དེས་ན་སྐྱིད་སྡུག་གང་མྱོང་ལས་དགེ་སྡིག་ལ་རག་ལས་ཤིང་། ལས་དགེ་སྡིག་ནི་གཙོ་བོ་སེམས་ལ་ཐུག སེམས་རྣམ་རྟོག་སྐད་ཅིག་མའི་སྟེང་ནས་དགེ་སྡིག་གི་བྱེད་པས་བདེ་སྡུག་འདི་ལྟར་བྱུང་བ་ཡིན། འཁོར་བ་དང་མྱང་འདས་ཞེས་པའང་སེམས་ཀྱི་བྱེད་ལས་སམ་སེམས་འདི་ཉིད་འཁྲུལ་དང་མ་འཁྲུལ་བའི་སྣང་བ་ཤར་ཚུལ་ཙམ་ཡིན་པར་འདུག་པས་ན། འདི་ཉིད་ཇི་བཞིན་གཏན་ལ་ཕབ་སྟེ་མ་འཁྲུལ་གཏན་བདེའི་གཞི་རྩ་ཞིག་ཚུགས་དགོས་ལ། ད་རེས་དལ་འབྱོར་ཚང་བའི་མིའི་ལུས་རྟེན་ཞིག་ཐོབ་ཡོད་པར་བསམ་ཞིང་། ཆོས་དར་བའི་ཡུལ་དུ་སྐྱེས། ཆོས་རྟེན་མ་ནུབ་པར་ད་དུང་གནས། བསྟན་ལ་འཇུག་པའི་སྒོ་ཆེན་དུའང་འཛུལ། ཐེག་ཆེན་མདོ་དང་སྔགས་ཀྱི་དམ་པའི་ཆོས་སྒྲ་རེའང་ཐོས་མྱོང་མོད། རང་ངོས་ནས་དོན་དངོས་སུ་ཆོས་ལྡན་གྱི་ལུས་རྟེན་ཐོབ་ཡོད་པར་ཡང་བཤད་པར་དཀའ་སྟེ། ད་སྔོན་ཡན་ཆད་ཀྱི་མི་ཚེ་ལ་ཆོས་ལྡན་གྱི་ཡུལ་ནས་ཆོས་མེད་དུ་དུས་ཅི་ཙམ་ཞིག་འདས་སམ། དེ་ནི་རང་གིས་རང་རྩིས་བྱས་ན་ཤེས་ཤིང་། ད་དུང་དེ་བཞིན་མུ་མཐུད་ནས་ལུས་ན་དེ་བས་ཀྱང་དོན་མེད་པར་གྱུར་པ་ཞིག་མ་ཡིན་ནམ། དེས་ན་ཚེ་འདིའི་ཕ་མ་གཙོར་བྱས་མར་གྱུར་སེམས་ཅན་ཐམས་ཅད་ལ་ཕན་ཐོག་ཅིང་དེ་དག་གཅིག་ཀྱང་མ་ལུས་པ་འཁོར་བའི་གནས་ནས་དྲངས་ཏེ་ཐར་བའི་ལམ་ལ་འགོད་ཆེད་དུ། བསྒྲུབ་ན་རང་ལག་ཏུ་ཡོད་པའི་དམ་པའི་ལྷ་ཆོས་འདི་ཚུལ་བཞིན་དུ་སྒྲུབ་པར་བྱེད་དགོས་པ་ལས། ཁ་བཤད་ཀྱིས་ཆོས་སྒྲུབ་པ་ལྟར་སྣང་བ་གཞན་གྱི་མིག་ལ་མཛེས་པས་ནི་དོན་ལ་རང་མགོ་རང་གིས་བསྐོར་བ་ཡིན། དེའི་ཕྱིར་རང་དོན་ཉི་ཚེ་བ་ཙམ་ལ་བསམ་བློ་གཏོང་བ་དེས་ཅི་ཡང་འགྲུབ་དཀའ་བར་འདུག་སྙམ་མོ།།

ཕུན་སུམ་ཚོགས་པ་ལྔའི་གསལ་འདེབས།

དེ་ལྟར་མཐའ་ཡས་སེམས་ཅན་ལ་དམིགས་པའི་བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་དང་བཅས་ཏེ། མདོ་སྔགས་ཟུང་འབྲེལ་གྱི་ཆོས་འཆད་ཉན་བྱེད་པའི་སྐབས་སུ་ད་དུང་ཐབས་རྒྱ་ཆེ་བ་གསང་བ་སྔགས་ཀྱི་ཀུན་སློང་སྟེ། གནས་དུས་སྟོན་པ་འཁོར་ཆོས་བཅས་ཕུན་སུམ་ཚོགས་པ་ལྔར་གསལ་འདེབས་དགོས། སྤྱིར་མདོ་སྔགས་གཉིས་ཀ་བསྒྲུབ་བྱ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་དམིགས་ཡུལ་གྱི་གཏད་སོ་འདྲ་ཡང་། དེ་བསྒྲུབ་པའི་ཐབས་ལ་མདོ་ལས་སྔགས་ཀྱི་ལམ་མྱུར་བ་ཡིན་པས་དེ་ཉིད་ཁྱད་པར་དུ་འཕགས། རྒྱུ་མཚན་དེའི་ཕྱིར་གནས། དུས། སྟོན། འཁོར། ཆོས་བཅས་ནི་ཕུན་སུམ་ཚོགས་པ་ལྔ་ཡིན་པར་བསམ་དགོས། དེའང་ཡིན་པ་ལ་ཡིན་པར་ངེས་ཤེས་སྐྱེད་པ་ལས་མིན་པ་ལ་ཡིན་པར་བསམ་པ་མིན་ལ། ཡེ་ནས་ཡིན་པ་ལ་ཡིན་པར་ཤེས་པའི་གསང་བ་སྔགས་ཀྱི་ལྟ་སྤྱོད་དང་འབྲེལ་ནས་ཆོས་ཉན་དགོས། སྐབས་འདིར་བླ་མའི་རྣལ་འབྱོར་དང་སྦྲེལ་ཏེ་བདེ་ཆེན་ཞིང་ཁྲིད་མཛད་པར། ངག་འདོན་བསྡུས་པ་བྱིན་རླབས་གློག་ཞགས་འཆད་པ་ལ་ཕུན་སུམ་ཚོགས་པ་ལྔར་ཅི་ལྟར་གསལ་འདེབས་དགོས་ཤེ་ན། གང་ཆོས་འཆད་པ་པོ་བླ་མ་དང་མགོན་པོ་འོད་དཔག་མེད་དབྱེར་མེད་པའི་རང་བཞིན་ཅན་དུ་བསམ། གནས་ཐ་མལ་བ་མ་ཡིན་པར་བདེ་ཆེན་དག་པའི་ཞིང་འདིར། དུས་རྟག་པ་རྒྱུན་གྱི་འཁོར་ལོ་ལ། ཆོས་ཐེག་པ་ཆེན་པོ་མདོ་སྔགས་ཀྱི་བདུད་རྩི་ཞི་བ་འདུས་མ་བྱས་པ་སྒྲ་ཚིག་བརྡ་དང་ཐ་སྙད་ཀྱིས་སྟོན་པ། འཁོར་ཉན་པ་པོ་བྱང་ཆུབ་སེམས་དཔའ་དང་སེམས་མའི་དགེ་འདུན་ཐེག་ཆེན་རིགས་ངེས་ཀྱི་བློ་དང་ལྡན་པ་ཕྱིར་མི་ལྡོག་པའི་གང་ཟག་ཤ་སྟག་ཡིན་པར་བསམ། དེ་ལྟར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ། རྟེན་ཞིང་ཁམས་ཡིད་ལ་བྱེད་པ་དང་མ་བྲལ་བར་ཆོས་འཆད་ཉན་ལ་འཇུག་དགོས། དེ་བཞིན་ཀུན་སྤྱོད་ཀྱི་ཆ་ནས་ཀྱང་། ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཅེས་པ་ལྟར། ལོ་རེའི་ནང་དུ་ཐེངས་རེ་དང་། ཉིན་རེར་ཆུ་ཚོད་གཉིས་ཙམ་རེ། དེའང་ད་ལོ་ཡོད་ཀྱང་སང་ཕོད་ཨེ་ཡོད་ཅི་ཤེས་སྙམ་པའི་དཀོན་པའི་འདུ་ཤེས་ཀྱིས་གསན་ཞིང་། སྒོ་ལུས་ངག་ཡིད་གསུམ་ཆུན་གཅིག་ཏུ་དྲིལ་ཏེ་ཆོས་ཀྱི་ཚིག་ལ་ཉན་ཞིང་དོན་ལ་ཞིབ་ཏུ་བསམ་བློ་བཏང་ནས་སྤང་བླང་གི་དབྱེ་འབྱེད་ཤེས་དགོས། རང་རེའི་འཇིག་རྟེན་གྱི་རྒྱན་གོས་ལོངས་སྤྱོད་མི་རྟག་རྨི་ལམ་ནང་གི་རྒྱུ་ནོར་ལྟ་བུ་ལའང་ཅི་འདྲའི་བསམ་བློ་གཏོང་། འདིར་ཚེ་གཅིག་ཡུན་ལ་ཕན་ཞིང་རང་གཞན་གཏན་བདེ་འབྱུང་བའི་ཆོས་ལ་བསམ་བློ་གཏོང་མ་ནུས་ན་བྱིས་པ་ལས་ཀྱང་བྱིས་པ་བསམ་མེད་དང་འདྲ་སྟེ། དཔེར་ན། སེར་བ་དྲག་པོ་བབ་པའི་སེར་རིལ་ལ་རིན་པོ་ཆེ་ཆུ་ཤེལ་ལས་གྲུབ་པའི་ནོར་བུར་འཁྲུལ་ནས་ཕུགས་ནོར་དུ་འཆང་བ་ལྟར་འགྱུར་རོ།།

ཚོགས་བསགས་སྒྲིབ་སྦྱང་སྤྱིར་བསྟན་པ།

དེ་ལ་འདིར་གང་འཆད་བྱ་བདེ་བ་ཅན་གྱི་རྒྱུ་བཞི་སྟེ། རྟེན། རྒྱུ། གྲོགས། རྐྱེན་བཞི་ལས་གོང་དུ་རྒྱུ་དང་པོ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་སོང་ནས། འདིར་གསོལ་བ་འདེབས་སོ་ཞེས་པའི་གཞུང་ཚིག་ལ་བརྟེན་ནས་རྒྱུ་གཉིས་པ་ཚོགས་བསགས་སྒྲིབ་སྦྱང་བཤད་པ་ལ། ཡན་ལག་བདུན་པོ་བསགས་སྦྱང་སྤེལ་གསུམ་དུ་བསྡུས་ཏེ་འཆད་པ་སྟེ། ཕྱག་འཚལ་བའི་ཡན་ལག་བཤད་མ་ཐག་པའི་རྗེས་སུ། འདིར་མཆོད་པ་འབུལ་བའི་ཡན་ལག་ནི། སྤྱིར་ཆོས་སྐུ་འོད་དཔག་མེད་དང་། ལོངས་སྐུ་སྤྱན་རས་གཟིགས། སྤྲུལ་སྐུ་ཨོ་རྒྱན་པད་འབྱུང་གསུམ་ལ་གསོལ་བ་མ་བཏབ་ཀྱང་རྒྱལ་བའི་ཐུགས་རྗེ་སེམས་ཅན་གྱི་ཁམས་ལ་སྐད་ཅིག་ཀྱང་གཡེལ་བ་མེད་མོད། སེམས་ཅན་རང་གིས་རྒྱུ་ཚོགས་བསགས་སྒྲིབ་སྦྱང་ཅུང་ཟད་ཀྱང་མ་འགྲུབ་ན། ཁ་སྟོང་བའི་གསོལ་འདེབས་ཚིག་ཙམ་ཁོ་ནས་མི་རུང་ངོ་། །བསྐལ་བ་གྲངས་མེད་མང་པོར་རྫོགས་སྨིན་སྦྱང་བའི་སྤྱོད་པ་རྒྱ་མཚོ་ལ་མི་ལྟོས་པར་ཚེ་འདི་ནས་འཆི་བའི་མིག་བཙུམ་པ་ན། བདེ་བ་ཅན་དུ་སྐྱེས་ཏེ་ཕྱིར་འཁོར་བའི་གནས་སུ་མི་འཁྱམ་པ་ནི། མདོ་ཡི་མྱུར་ལམ་ཡིན་ལ་དེའང་སྔགས་དང་འབྲེལ་ན་ཤིན་ཏུ་མྱུར་བའི་ལམ་ཡིན་ནོ། །དེའི་ཕྱིར་བཙན་ཐབས་སུ་བདེ་བ་ཅན་དུ་སྐྱེ་བའི་ཁྱད་འཕགས་ཀྱི་ལམ་འདི་ནི། གཞན་སྟོབས་སངས་རྒྱས་འོད་དཔག་མེད་ཀྱི་ཐུགས་བསྐྱེད་སྨོན་ལམ་ལ་བརྟེན་པ་ཡིན་མོད། དེར་སྐྱེ་བའི་རྒྱུའི་ཆ་ཤས་སུ་གྱུར་པ་རང་སྟོབས་སོ་སྐྱེ་ཐ་མལ་བས་ཀྱང་བསྒྲུབ་ནུས་པ་ནི་རང་གིས་ཀྱང་ཅུང་ཟད་མ་བསྒྲུབས་ན། བདེ་བ་ཅན་དུ་སྐྱེ་བར་གཞན་སྟོབས་ཁོ་ནས་རྡོ་འཕེན་ཚུལ་ལྟར་བྱ་མི་ནུས། སངས་རྒྱས་འོད་དཔག་མེད་ཀྱིས་སྔར་སློབ་པ་ལམ་གྱི་ཚེ་ན་རྒྱལ་བའི་ཞིང་ཁམས་བྱེ་བ་ཕྲག་བརྒྱའི་ཡོན་ཏན་ལ་བསྐལ་བ་མང་པོར་ཐོས་བསམ་མཛད་ཅིང་། དེ་ནས་དེ་དག་ལས་ཀྱང་བྱེ་བ་འབུམ་འགྱུར་གྱིས་ལྷག་པའི་ཞིང་ཁམས་སུ་སོ་སོའི་སྐྱེ་བོ་ཡིན་ཡང་དེར་སྐྱེ་ནུས་པ་ཞིག་བསྐལ་བ་མང་པོར་ཐུགས་ཀྱིས་བཀོད། དེ་བཞིན་བསྐལ་བ་མང་པོར་ཐུགས་བསྐྱེད་དམ་བཅའ་མཛད། དེ་ཙམ་མ་ཟད་བསྐལ་བ་བྱེ་བ་སྙེད་ཀྱི་གྲངས་ལ་རྒྱལ་བ་གཞན་ལས་ལྷག་པའི་བྱ་དཀའི་སྤྱོད་པ་ལ་བསླབས་ཏེ་རྫོགས་སྨིན་སྦྱང་བ་མཛད། སོ་སོའི་སྐྱེ་བོའང་ཞིང་དེར་སྐྱེ་ནུས་པའི་སྨོན་ལམ་ཁྱད་པར་ཅན་བཏབ་པ་ཇི་སྲིད་མ་གྲུབ་ཀྱི་བར་དུ་རང་མངོན་པར་རྫོགས་པར་འཚང་མི་རྒྱ་པར་དམ་བཅའ་བྱས་པ་ལྟར། ཚོགས་གཉིས་རྒྱ་མཚོ་ཡོངས་སུ་རྫོགས་ཏེ་བདེ་བ་ཅན་གྱི་ཞིང་ཁམས་བཟུང་ནས་བསྐལ་བ་བཅུ་སོང་། དེས་ན་རང་རེ་རྣམས་ཀྱིས་ཀྱང་དེ་དང་ཕྱོགས་འདྲ་བའི་འདྲ་བ་ལམ་བྱེད་ཅིག་མི་མཛད་ཐབས་མེད་དུ་གྱུར་ཡོད་པས་ན། ད་ལྟ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་ནི་ཞིང་སྦྱང་དང་། རྒྱུ་ཚོགས་བསགས་ནི་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་དགོས། དེའང་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་འབྲེལ་ཞིང་ཕ་རོལ་ཏུ་ཕྱིན་པ་དྲུག་གིི་སྤྱོད་པས་ཐབས་སྣང་བཅས་བསོད་ནམས་ཀྱི་ཚོགས་དང་ཤེས་རབ་སྣང་མེད་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱ་དགོས་པའི་ཕྱིར་ན། གསོལ་འདེབས་ཚོགས་གཉིས་དང་འབྲེལ་ཏེ་རྒྱུ་བར་བ་གཉིས་ཅི་ལྟར་སྒྲུབ་ཚུལ་ངེས་པ་གཞིར་བྱས། རྐྱེན་སྨོན་ལམ་དག་པའི་མཚམས་སྦྱོར་འདུན་པས་ཁ་བསྒྱུར་བ། དཔེར་ན། རྟ་ཁ་སྲབ་ཀྱིས་སྒྱུར་བ་ལྟ་བུ་བྱུང་ན་རང་ཉིད་བདེ་བ་ཅན་དུ་སྐྱེ་བའི་མཐུན་རྐྱེན་ཚང་བ་དང་། དེ་ཚེ་ཆགས་མེད་རིན་པོ་ཆེས། ཤུལ་གྱི་ཉེ་དུ་གྲྭ་སློབ་སོགས། །ལྷ་ཡི་མིག་གིས་གསལ་བར་མཐོང་། །སྲུང་སྐྱོབ་བྱིན་གྱིས་རློབས་བྱེད་ཅིང་། །འཆི་དུས་ཞིང་དེར་ཁྲིད་པར་ཤོག །ཅེས་གསུངས་པ་ལྟར་རོ། །གཞན་ཡང་རྒྱལ་བ་འོད་དཔག་མེད་ཀྱི་ཐུགས་བསྐྱེད་མཛད་པ་རྒྱ་མཚོ་ལས་ལྷག་པ་སྟེ། སེམས་ཅན་མགོན་མེད་གཅིག་ཀྱང་འཁོར་བའི་གནས་སུ་ལྷག་ལུས་མེད་པར་དག་པའི་ཞིང་དུ་འདྲེན་མ་ནུས་ཀྱི་བར་དུ་བདག་འཚང་མི་རྒྱ་བར་ཤོག་ཅེས་པ་ལྟར་རང་རེས་ཀྱང་སྨོན་ལམ་འདེབས་དགོས། སེམས་ཅན་རེ་རེའི་དོན་དུ་བདག་བསྐལ་བ་མང་པོའི་བར་དུ་དམྱལ་བར་གནས་དགོས་ཀྱང་གནས་ནུས་པར་གྱུར་ཅིག་བསམ་དགོས། བདེ་བ་ཅན་གྱི་རྒྱུ་བཞི་གཅིག་ལ་གཅིག་འབྲེལ་ཞིང་། རྒྱུ་དང་པོ་འདུན་པའི་སྨོན་ལམ་གྱིས་ཁ་བསྒྱུར་ནས་བདེ་བ་ཅན་ལ་སྐྱེ་བྱེད་དུ་གྱུར་ན་དོན་དུ་རྒྱུ་བཞིའི་གནད་འདུས་པ་ཡིན་ཏེ། རྒྱུ་བཞི་ལས་གལ་ཆེ་ཤོས་ནི་རྟེན་ཞིང་ཁམས་ཡིད་ལ་བྱེད་པའོ། །དེ་ལ་འདུན་པའི་སྨོན་ལམ་གྱིས་ཁ་བསྒྱུར་ན་ཞིང་དེར་སྐྱེ་ནུས་པར་གསུངས་པས་སོ། །དེ་ལ་འདིར། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་དང་། །འགག་མེད་སྙིང་རྗེ་ལོངས་སྤྱོད་སྤྱན་རས་གཟིགས། །ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་བའི་སྐུ། །གསོལ་བ་འདེབས་སོ་ནད་གདོན་བར་ཆད་སོལ། །ཞེས་པའི་མཚམས་ནས་འཆད་པ་ལ། ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ཚེ་འདིར་དེའི་རྒྱུ་སྒྲུབ་དགོས་ཤིང་། དེ་སྒྲུབ་པར་འགལ་རྐྱེན་བར་ཆད་འབྲལ་དགོས། མངོན་མཐོའི་རྟེན་ལ་ངེས་ལེགས་ཀྱི་ཐར་བ་འགྲུབ་དགོས། ཡང་སྒོས་ཁྱིམ་པ་ཕོ་མོར་མཚོན་ན་ཆོས་ནོར་ཐར་འདོད་དེ་ཕུན་ཚོགས་སྡེ་བཞི་མ་ཚང་ན་མངོན་མཐོའི་འབྱོར་བ་མི་ཚང་ཞིང་། དེ་ཚང་བར་སྔོན་གྱི་རྒྱུ་ལ་ལྟོས་པར་མ་ཟད་ཚེ་འདིའི་ཚོགས་བསགས་གསར་བ་རེ་མ་མཆིས་ན་ལྟག་ཆུ་ཆད་པའི་རྫིང་བུ་ཇི་བཞིན་དུ། གོང་ན་འབབ་རྒྱུ་མེད་པར་ཞོལ་ནས་རྒྱུན་བཞུར་བྱས་ན་འཁྱིལ་ཆུ་ཅི་ཙམ་ཆེ་ཡང་ཟད་པའི་རང་བཞིན་ཏེ། འཕེལ་མེད་བྲི་བར་འགྱུར་བ་ནི་ཆོས་ཉིད་ཡིན་པས་ཐམས་ཅད་ཀྱིས་ཚོགས་གསོག་དགོས་སོ།།

མཆོད་པའི་ཡན་ལག་བཤད་པ།

དེ་ལ་མཆོད་པ་འབུལ་ཞེས་པ་ནི། ལ་ལས་འདི་ལྟར་ལོངས་སྤྱོད་ཆེན་པོ་ལྡན་པས་མཆོད་པ་ཆེན་པོ་འབུལ་ནུས་མོད། རང་རེ་རྒྱུ་མེད་ནོར་མེད་འཁོས་ཆུང་ལ་མཆོད་པ་འབུལ་རྒྱུ་མེད་པས་མི་ནུས་སོ་སྙམ་མོད་དེ་ལྟར་བག་འཁུམ་པར་མི་བྱ་སྟེ། མཆོད་པ་ལ་སྤྱིར་དངོས་སུ་འབྱོར་བའི་མཆོད་པ་དང་། ཡིད་ཀྱིས་སྤྲུལ་བའི་མཆོད་པ་སོགས་ཐབས་མང་བ་དང་། ཁྱད་པར་དུ་ཟག་མེད་ཏིང་ངེ་འཛིན་གྱི་མཆོད་པ་ནི་རླབས་ཆེའོ། །ཡིན་ཡང་ཐབས་དེ་དག་མི་ཤེས་པའི་སྐབས་འདིར་དངོས་འབྱོར་གྱི་མཆོད་པ་འབུལ་དགོས་ཏེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། བདག་གི་ལུས་དང་ལོངས་སྤྱོད་དགེ་རྩར་བཅས། །དངོས་སུ་འབྱོར་བའི་མཆོད་པ་ཅི་མཆིས་པ། །ཞེས་པ་འདིར་དངོས་འབྱོར་གྱི་མཆོད་པ་བསྟན་ཏེ། རང་ཉིད་ཀྱི་ལུས་དང་ལོངས་སྤྱོད་དང་དགེ་བའི་རྩ་བ་གསུམ་ནི་བདག་འཛིན་གྱིས་ཡོངས་སུ་བཟུང་བའི་གཞི་གསུམ་ཡིན་ལ། དེའང་གཅེས་ཤིང་ཕངས་པ་རང་གི་ལུས་ལས་ལྷག་པ་མེད་པས་ལུས་དང་། དེ་མིན་མི་ཚེ་ཕངས་མེད་དུ་བཏང་སྟེ་འབད་ནས་བསགས་པའི་རྒྱུ་འབྱོར་ལོངས་སྤྱོད་དང་། གཞན་རིན་ཐང་ཆེས་ཆེ་བ་ནི་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་སྟེ། ད་ལྟའི་མཐོ་རིས་ཐོབ་པའི་རྒྱུ་དང་མ་འོངས་ཐར་བ་ཐོབ་པའི་རྐྱེན་ནི་དགེ་བའི་རྩ་བ་འདི་ཉིད་ཡིན། དེའི་ཕྱིར་ལུས་ལོངས་སྤྱོད་དགེ་རྩ་དང་བཅས་པ་མཆོད་ཅིང་། དེ་དག་ལས་ཀྱང་དགེ་རྩ་གཙོ་བོར་བྱས་ནས་མཆོད་དགོས་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་སྤྱོད་འཇུག་ཏུ་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བར་བྱེད་པ་བསྟན་པའི་སྐབས་སུ། རྒྱལ་དང་དེ་སྲས་རྣམས་ལ་བདག་གིས་ནི། །བདག་གི་ལུས་ཀུན་གཏན་དུ་དབུལ་བར་བགྱི། །ཞེས་གསུངས་ཤིང་། དེ་ལ་ཁ་ཅིག་འདི་ལྟར་ལོངས་སྤྱོད་དག་པ་དང་དགེ་རྩ་དག་པ་ནི་མཆོད་བྱར་འོས་ཀྱང་། ལུས་མི་གཙང་བའི་རྫས་སོ་དྲུག་ཚང་བ་འདི་དང་། བསོད་ནམས་མེད་པའི་སྡིག་པ་དང་འདྲེས་པའི་ལོངས་སྤྱོད་དང་། རང་འདོད་དང་འདྲེས་པའི་དགེ་རྩ་མ་དག་པ་ནི་མཆོད་བྱར་འོས་སམ་སྙམ་ན། རྒྱལ་བ་སྲས་བཅས་ལ་དེ་དག་མཁོ་བས་མ་ཡིན་མོད། རང་ཉིད་ཀྱི་ཚོགས་རྫོགས་པའི་སླད་དུ། འཇིག་རྟེན་ཁ་དཔེར། འབྱུང་པོའི་ཚོད་ཀྱི་གཏོར་མ། ཞེས་པ་བཞིན་རང་ལ་ཡོད་ཚོད་ཙམ་འབུལ་ཞིང་། གཙོ་བོར་བསམ་པའི་གཏོང་ཕོད་ཀྱི་སྟེང་ནས་ཚོགས་རྫོགས་པར་བྱེད་དགོས་ཏེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། བདག་ནི་བསོད་ནམས་མི་ལྡན་བཀྲེན་ཆེན་ཏེ། །མཆོད་པའི་ནོར་གཞན་བདག་ལ་ཅང་མ་མཆིས། །དེས་ན་གཞན་དོན་དགོངས་པའི་མགོན་གྱིས་ནི། །བདག་གི་དོན་སླད་ཉིད་ཀྱི་མཐུས་བཞེས་ཤིག །ཅེས་གསུངས་སོ། །དངོས་སུ་འབྱོར་བའི་མཆོད་པ་ལ་བདག་པོས་ཡོངས་སུ་བཟུང་བའི་མཆོད་པ་དང་། མ་བཟུང་བའི་མཆོད་པ་དང་། ལུས་འབུལ་བའི་མཆོད་པ་སྟེ་གསུམ་ཡོད་པར་གསུངས། དེས་ན་ལུས་འབུལ་བའི་མཆོད་པ་ནི་ཡོངས་སུ་བཟུང་བའི་མཆོད་པའི་བྱེ་བྲག་དང་འབུལ་དོན་གོང་དུ་བཤད་མ་ཐག་པ་བཞིན་ནོ།།

བདག་པོས་ཡོངས་སུ་བཟུང་བའི་མཆོད་པ།

རང་ཉིད་ཀྱི་འབྱོར་འཁོས་དང་བསྟུན་ཏེ། ཁ་ལག་གཙང་མའི་མཆོད་པ། །ཁ་སེམས་དཀར་པོས་རྒྱས་འདེབས། །ཞེས་པ་ལྟར་ཡིད་དུ་འོང་བའི་དངོས་པོ་ཡོད་ཚད་མཆོད་པར་འབུལ་རུང་སྟེ། གཟུགས་མཛེས་པ་མིག་གི་ལོངས་སྤྱོད། སྒྲ་སྙན་པ་རྣ་བའི་ལོངས་སྤྱོད། དྲི་ཞིམ་པོ་སྣའི་སྤྱོད་ཡུལ། རོ་མངར་བ་ལྕེའི་སྤྱོད་ཡུལ། རེག་བྱ་འཇམ་པ་ལུས་ཀྱི་སྤྱོད་ཡུལ་དུ་གྱུར་ཚད་རྒྱལ་བ་མཆོད་པའི་མཉེས་རྫས་སུ་ཕུལ་ཆོག མཆོད་ཡོན། ཞབས་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་བཅས་བརྒྱད་དང་། མར་མེ་ལོགས་སུ་བཀོད་པས་མཆོད་པ་བདུན་ཚར་ཡིན། མཆོད་ཡོན་ནི་ཞལ་དུ་གསོལ་བྱའི་བཏུང་བ། ཞབས་བསིལ་ནི་ཞབས་ལ་ཉེ་རེག་བྱེད་པའམ་ཞབས་ཁྲུས་བྱེད་པའི་ཆུ། སྤྱན་ལ་གཟུགས་མཛེས་པ་མེ་ཏོག ཤངས་ལ་དྲི་ཞིམ་པ་བདུག་སྤོས། མུན་པ་སེལ་བྱེད་མར་མེ། སྐུ་ལ་དྲི་ཞིམ་བསྒོ་བའི་དྲི་ཆབ། ལྗགས་ལ་རོ་མངར་བ་ཞལ་ཟས། སྙན་ལ་སྒྲ་སྙན་པ་རོལ་མོ། དེའི་སྟེང་རེག་འཇམ་གྱི་ན་བཟའ་བཅས་ནི་མཆོད་པའི་རྫས་མཚོན་བྱེད་ཀྱི་དོད་ཙམ་ཡིན་ལ། མཆོད་པའི་རྫས་ལ་དངོས་པོ་དག་པ་དགོས་ཏེ། རྒྱུ་བཟང་བ། ངོས་གཙང་བ། བཀོད་ལེགས་པ་གསུམ་ཚང་དགོས། རྒྱུ་བཟང་བ་ཕྱུག་པོ་མིན་པས་མི་ནུས་བསམ་པར་མི་བྱ་སྟེ། དཔེར་ན། ཕྱུག་པོ་སེར་སྣ་ཅན་གྱི་རྒྱུ་ནི་གསེར་མ་ཟད་རྡོ་རྗེ་ཕ་ལམ་ཡིན་ཡང་དག་པ་མིན་ལ། དངོས་པོ་དག་པ་ཞེས་པ་ནི། ལོག་འཚོ་དང་སྡིག་པར་མ་འདྲེས་ཤིང་། ང་རྒྱལ་དང་ངོམ་ཆོས་སུ་མ་གྱུར་པ། སེར་སྣ་འཇུར་འགེགས་ཀྱིས་མ་བཅིངས་པ་ཞིག་དགོས། དེ་འདྲ་བ་ནི་དངོས་པོ་དག་པའི་རྒྱུ་ཡིན་པས་རྒྱལ་བ་སྲས་བཅས་ཀྱི་མདུན་སར་མཆོད་པའི་གོ་ཆོད། སྔོན་སངས་རྒྱས་བཅོམ་ལྡན་འདས་སྐུ་བཞུགས་དུས་ཉིན་ཞིག་ལམ་ཁ་རུ་བྱིས་པ་གཉིས་ཀྱིས་ས་དང་རྡོ་ཡིས་རྩེད་མོ་རྩེ་བཞིན། འདི་ནི་ཁང་པའོ། འདི་ནི་བང་མཛོད་དོ། དེར་རིན་པོ་ཆེ་སྣ་ཚོགས་ཡོད་དེ་ཟེར་བ་ན། དེར་སངས་རྒྱས་བཅོམ་ལྡན་འདས་ལ་ཀུན་དགའ་བོས་ཞབས་འབྲིང་མཛད་དེ་ཕེབས་པའི་ཚེ། བྱིས་པ་ཅིག་ཤོས་ཀྱིས་སངས་རྒྱས་མཇལ་བས་ཡིད་རབ་ཏུ་དགའ་སྟེ། རིན་པོ་ཆེ་ཡིན་ཟེར་བའི་རྩེད་ཆས་ས་ཕྱེ་རྡོ་ཕྱེ་ལས་སྤར་གང་ཁྱེར་ནས་སངས་རྒྱས་ལ་འབུལ་དུ་ཡོང་། དེ་ཚེ་བྱིས་པ་གཟུགས་ཆུང་བས་སངས་རྒྱས་ཀྱི་ཕྱག་ཐད་དུ་མ་སླེབས་པ་ན། བྱིས་པ་ཅིག་ཤོས་བོས་ནས་དེའི་ལུས་བསྒུར་བའི་ཕྲག་སྟེང་དུ་ལང་སྟེ་ཕུལ། དེ་ཚེ་སངས་རྒྱས་ཀྱིས་ཕྱག་ཐུར་དུ་བསྲིངས་པས་བྱིས་པ་དགའ་སྤྲོ་དང་བཅས་བཞིན་ས་ཕྱེ་རྡོ་ཕྱེ་སྤར་གང་ལྷུང་བཟེད་དུ་བླུག སངས་རྒྱས་ཀྱིས་དེ་ཉིད་ཀུན་དགའ་བོའི་ཕྱག་ཏུ་གཏད་ནས་གཙུག་ལག་ཁང་གི་གས་སྲུབ་ལ་འདག་སྦྱར་གྱིས་ཤིག་གསུངས། དེ་བཞིན་ཁྱེའུ་འདིས་རྡོ་ཕྱེ་སྙིམ་པ་གང་ཕུལ་བའི་བསོད་ནམས་ཀྱིས་ང་རང་མྱ་ངན་ལས་འདས་ནས་ལོ་བརྒྱ་སོང་བ་ན། རྒྱལ་པོ་ཨ་ཤོ་ཀ་ཞེས་བྱ་བར་སྐྱེ་ཞིང་ཁྱེའུ་ཅིག་ཤོས་ནི་དེའི་བློན་པོར་འགྱུར། རྒྱལ་པོ་དེས་འཛམ་བུ་གླིང་དུ་དུས་གཅིག་ལ་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བཞེངས་པར་འགྱུར་ཞེས་ལུང་བསྟན། མདོ་ལ་ལར་མཆོད་རྟེན་བྱེ་བ་ཞེས་ཀྱང་གསུངས་མོད་དོན་ལ་འགལ་བ་མེད་དོ། །གཞན་ཡང་དབུལ་མོ་བསྙེན་དགའ་མོ་ཟེར་བ་ཞིག་གིས་གྲོང་ཁྱེར་མཉན་ཡོད་གྱི་ཁྱིམ་སྒོ་འགྲིམས་ནས་བསླངས་ནའི་སློང་ཟས་ཀྱིས་མར་ཉོས་ཏེ། མཆོད་མེ་ཀོང་བུ་གང་འཛོམ་པ་ན་ཡིད་དགའ་བཞིན་གཙུག་ལག་ཁང་དུ་སོང་ནས་སངས་རྒྱས་ཀྱི་མདུན་དུ་ཕུལ་ཏེ། ད་ལྟ་བདག་སྤྲང་མོར་གྱུར་པས་དེ་ཙམ་ལས་འབུལ་མ་ནུས་མོད། འདི་ཉིད་སངས་རྒྱས་ལ་ཕུལ་བའི་བསོད་ནམས་ཀྱི་མཐུས་མ་འོངས་པར་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་པར་གྱུར་ཏེ། སེམས་ཅན་ཐམས་ཅད་ཀྱི་སྒྲིབ་གཉིས་མུན་པ་སེལ་བར་ཤོག་ཅེས་སྨོན་ལམ་བཏབ་ནས་སོང་། དེ་རྗེས་འཕགས་པ་མོའུ་འགལ་གྱི་བུ་བྱོན་ཏེ་ཉིན་པར་མར་མེ་སྦར་བ་ལས་མཚན་མོར་སངས་རྒྱས་ཀྱིས་ཆོས་གསུང་དུས་སྦར་བ་ལེགས་སྙམ་ནས་མར་མེ་གཟིམ་པར་བརྩམ། ཁོང་ནི་སྤྱིར་མཆོག་ཟུང་གཉིས་ལས་རྫུ་འཕྲུལ་གྱི་མཆོག་ཡིན་མོད་སྐབས་འདིར་ཐབས་ཅི་ལྟར་བྱས་ཀྱང་མར་མེ་ཆུང་ངུ་དེ་གཟིམ་པར་མ་ནུས། དེ་ཚེ་བཅོམ་ལྡན་འདས་ཀྱི་ཞལ་ནས་མར་མེ་དེ་ནི་ཉན་ཐོས་ཀྱིས་གཟིམ་པར་བྱེད་ནུས་པ་མ་ཡིན་ཏེ། ཁོ་མོས་མཐའ་ཡས་པའི་སེམས་ཅན་གྱི་དོན་དུ་བསམ་པ་རྒྱ་ཆེར་བསྐྱེད་དེ་ཕུལ་བ་ཡིན་གསུངས། དེ་བཞིན་ད་དུང་སངས་རྒྱས་ཀྱི་ཞལ་ནས་དབུལ་མོ་སྙེམ་དགའ་མོས་བདག་ལ་མར་མེ་ཕུལ་ཞིང་སྨོན་ལམ་བཏབ་པའི་མཐུས་མ་འོངས་པར་སངས་རྒྱས་མར་མེ་འོད་ཅེས་བྱ་བར་འཚང་རྒྱའོ་ཞེས་ལུང་བསྟན་ཏོ། །འདི་ཉིད་སངས་རྒྱས་མར་མེ་མཛད་ལ་སྦྱར་བའང་སྣང་མོད་ཁོང་གིས་ཀྱང་དེ་ལྟར་ཐུགས་བསྐྱེད་པའི་ཚུལ་ཡོད་རུང་ངོ་། །གཞན་ཡང་རྒྱལ་པོ་བསོད་ནམས་སྟོབས་དང་དེད་དཔོན་སྦྱིན་པ་ལ་སོགས་དེ་འདྲ་མང་དུ་མཆིས། མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ་ཀུན། །དེ་དག་དཀོན་མཆོག་མཆོད་ལས་འབྱུང་བ་ན། །རྟག་ཏུ་དཀོན་མཆོག་མཆོད་ལ་བརྩོན་པར་གྱིས། །ཞེས་གསུངས། དེའང་དངོས་པོ་དག་པའི་མཆོད་པ་ལ་རྒྱུ་བཟང་བ་དགོས་པར་བཤད་མོད། གོང་དུ་བཀོད་པའི་ས་ཕྱེ་རྡོ་ཕྱེ་ནི་སྤྱིར་རྒྱུ་བཟང་བ་མིན་ཡང་སེམས་དག་པའི་སྟོབས་ཀྱིས་རྒྱུ་བཟང་བར་གྱུར་བ་ཡིན། སྤུས་དག་པ་ཞེས་པ་ནི་སེམས་དག་པར་བརྫུ་བ་དང་དངོས་པོ་དམན་པ་ཕུལ་ཡང་རུང་སྙམ་པ་ལྟ་བུ་མ་ཡིན་པར་རང་ལ་གང་བདོག་པ་ལས་བཟང་པོའི་རིགས་ཀྱིས་མཆོད་པར་བྱ་སྟེ། ཐུད་ཀྱི་སྔོ་ས་དང་ལོ་མའི་སེར་ས་མཆོད་མི་རུང་བར་གསུངས་ཏེ། ཐུད་སྔོ་པོར་གྱུར་པ་རུལ་ཞིང་ལོ་མ་སེར་པོ་གྱུར་པ་རྙིང་པ་ཡིན་པའི་དཔེ་མཚོན་གྱིས་རང་གིས་བཟའ་མི་རུང་བ་ཁྱི་སྔུན་དུ་འཕེན་བྱའི་གོང་མ་ཙམ་ནི་མཆོད་པར་མི་རིགས། དེ་འདྲས་མཆོད་པ་ནི་བསོད་ནམས་གསོག་བྱེད་དུ་འགྱུར་བ་ལས་ཟད་བྱེད་དུ་འགྱུར་ཉེན་ཡང་ཆེ། བཀོད་ལེགས་པ་ཞེས་པ་ནི། རང་གི་ཅི་འབྱོར་མཆོད་པའི་རྫས་རྣམས་བཀོད་ལེགས་པ། ཁོད་སྙོམས་པ། ཡིད་དུ་འོང་བ། བརྗིད་ཆགས་པ་ཞིག་དགོས། དེའང་གཙང་དང་སྤུས་དག་བཀོད་ལེགས་ནི་རང་ཉིད་མགུ་བས་རུང་ཞིང་། དེ་མིན་ཅི་བྱུང་གང་བྱུང་ཐབས་ཆག་ཁྲལ་ལས་ཙམ་དང་། གཞན་ལ་ངོམས་ཆོས་སུ་མ་གྱུར་པ་ཞིག་དགོས། དེའང་བདུན་ཚར་སོགས་མཆོད་རྫས་གང་ཡིན་ཡང་ཡོ་འཁྱོག་མེད་པར་དྲང་པོར་བཤམས། བདུན་ཚར་ཡང་བཅར་མ་ཆེ་འཐོར་མ་ཆེ་བཀྲུ་ཕྱིས་ལེགས་པོར་བྱ། དེ་བཞིན་ཆུ་གཙང་གིས་གང་མ་ཆེས་ཤིང་མ་གང་བའང་མིན་པ། མཆོད་ཀོང་དུ་ནས་འབྲུ་འཐོར་བ། མཆོད་སྟེགས་ཁར་དངོས་པོ་གཞན་འཇོག་པ། མཆོད་ཁྲི་ལ་བྱི་དོར་མ་བྱས་པ་སོགས་མི་རུང་ཞིང་། སྐུ་གཟུགས་མཆོད་རྟེན་སོགས་ལ་ཐལ་རྡུལ་ཆགས་པ། དཔེ་ཐུམ་ལ་ཚིལ་དྲེག་ཆགས་པ་སོགས་ཀྱང་གཙང་དག་བྱ་དགོས། དེ་བཞིན་གཙུག་ལག་ཁང་གི་ཕྱི་ཁོར་ཡུག་ལ་ཕྱག་བདར་སྦྲ་བྱེད་པའང་བསོད་ནམས་གསོག་པའི་རྒྱུ་ཆེན་པོར་འགྱུར་བས། དེ་ལ་རང་ངོས་ནས་རྗེས་སུ་ཡི་རངས་བྱེད་པ་ཡིན། གཞན་ཡང་རྟེན་གསུམ་མཇལ་བ་དང་མཆོད་འབུལ་བྱེད་པ་ཆོས་ཞུ་བ་སོགས་ཀྱི་སྐབས་སུའང་ཐོག་མར་རང་ལུས་གཙང་སྦྲ་མ་བྱས་ན་ཉེས་པ་འབྱུང་སྟེ། ན་ལེནྡྲའི་མཁན་པོ་རྒྱལ་འབྱུང་མཆིལ་ལྷམ་མ་ཕུད་པར་གཙུག་ལག་ཁང་དུ་སོང་བའི་རྣམ་སྨིན་གྱིས་རྐང་མགོ་ཕྱིར་ལྡོག་ཏུ་གྱུར་ཚུལ་གསུངས། གལ་ཏེ་རྐང་བ་གཙང་མ་མིན་ན་ལྷམ་ཕུད་པ་ལས་གྱོན་པ་ཅུང་བཟང་། དེ་བཞིན་གཙུག་ལག་ཁང་ཁོར་ཡུག་གི་ཉལ་ཉིལ་ལྗན་ལྗིན་ཕྱག་ན་ཕན་ཡོན་ཆེ་ཚུལ་གོང་སྨྲོས་ལྟར་རོ། །ཁྱད་པར་དུས་ཀྱིས་དངོས་རྫས་ཀྱི་གད་སྙིགས་དེ་རིགས་གཙང་དག་བྱེད་ན་ཁོར་ཡུག་གི་འབུ་སྲིན་དང་བྱ་བྱེའུ་རི་དྭགས་དང་ཕྱུགས་ཟོག་སོགས་བསྐྱབས་པའི་སྲོག་བླུར་ཡང་འགྱུར་སྙམ་མོ།།

བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ་ནི།

ཇི་སྐད་དུ། མེ་ཏོག་འབྲས་བུ་ཇི་སྙེད་ཡོད་པ་དང་། །སྨན་གྱི་འབྲས་བུ་གང་དག་ཡོད་པ་དང་། །འཇིག་རྟེན་རིན་ཆེན་ཇི་སྙེད་ཡོད་པ་དང་། །ཆུ་གཙང་ཡིད་དུ་འོང་བ་ཅི་ཡོད་དང་། །རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་དང་། །ཞེས་གསུངས་པ་ལྟར། མེ་ཏོག་ལ་བསམ་ནའང་བདག་པོས་ཡོངས་སུ་བཟུང་བ་དང་མ་བཟུང་བ་གཉིས་ཀ་ཡོད་ཅིང་། སྔོན་ཆད་མེ་ཏོག་འཆི་མེད་རེ་བཏབ་ནས་ཕུལ་ན་མཆོད་མེ་ཕུལ་བ་དང་འདྲ་ཟེར་སྲོལ་ཡོད། མེ་ཏོག་ཤང་དྲིལ་ནི་བོད་འདིར་བདག་པོས་ཡོངས་སུ་མ་བཟུང་བའི་མེ་ཏོག་གི་མཆོད་རྫས་ཡག་ཤོས་ཡིན། རྒྱ་ནག་སོགས་སུའང་མེ་ཏོག་འདིའི་རིགས་སྤྱིར་ཡོད་མོད་དྲི་ཞིམ་པོ་འདི་འདྲ་མེད། སྔོན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་བོད་དུ་བྱོན་དུས། བོད་ན་མཆོད་རྫས་སུ་རུང་བར་ཆུ་གཙང་མ་དང་མེ་ཏོག་ཤང་དྲིལ་ཡོད། གལ་ཏེ་རྒྱ་གར་དུ་མེ་ཏོག་ཤང་དྲིལ་འདི་ཡོད་ན་བདག་གིས་མཆོད་རྫས་ཀྱི་ཆེད་དུ་གསེར་གྱི་རིན་འཇལ་ཐུབ་ཅེས་གསུངས། དེ་བཞིན་དུག་རིགས་མ་ཡིན་པའི་མེ་ཏོག་ཤིན་ཏུ་གཙང་བ་དབྱིབས་དང་ཁ་དོག་དང་དྲི་ཞིམ་རེག་བྱ་གང་ཐད་ནས་ཡིད་དུ་འོང་བ་ནི་ཕུན་སུམ་ཚོགས་པའི་མཆོད་རྫས་ཡིན། མེ་ཏོག་ནི་སྤྱིར་ཀུན་ལ་དགའ་བ་སྐྱེད་པའི་རྫས་ཤིག་ཡིན་པས་འདི་ཉིད་ལེགས་སྐྱེས་དང་མཆོད་འབུལ་གང་བྱས་ཀྱང་མི་དགའ་བ་མེད། དེར་མ་ཟད་འདི་ཉིད་འབུལ་བ་མི་འོས་པའང་མ་ཡིན་ཏེ། དཔེར་ན། རྒྱལ་པོ་ཆེན་པོ་གཉིས་ཀྱིས་ཕན་ཚུན་ལ་ལེགས་སྐྱེས་བསྐུར་ནའང་འོས་ཤིང་མཚམས། དེ་བཞིན་ཕྱུག་པོ་ཆེན་པོ་ཅི་འདྲ་ཡང་མེ་ཏོག་ནི་མཆོད་རྫས་ཀྱི་མཆོག་ཡིན། སྤྲང་བོ་ནོར་མེད་ཡིན་ཡང་མེ་ཏོག་ནི་རྙེད་སླ་ཞིང་སྒྲུབ་སླ། ལྷའི་ཡུལ་གྱི་རྒྱན་ཆའང་མེ་ཏོག་གིས་བྱེད་པ་སྟེ། ཇི་སྐད་དུ། བཞིན་མཛེས་མནྡ་ར་ཡི་ཐོད་ཆིངས་ཅན། །ཞེས་པ་ལ་སོགས་པས་བསྟན་པ་བཞིན་མེ་ཏོག་གིས་རྒྱན་བྱེད་ཚུལ་མང་དུ་མཆིས། འདི་ནི་འཇིག་རྟེན་དགའ་བ་སྐྱེད་པའི་མཆོག་ཀྱང་ཡིན་པས་མི་རྣམས་གང་ལ་དགའ་བའི་དངོས་པོ་དེ་མཆོད་པར་ཕུལ་ན་ཚོགས་དེ་བཞིན་རྫོགས་སྟོབས་ཆེ། གཞན་དུ་བདེ་བར་གཤེགས་པ་ལ་མཚན་འཛིན་གྱི་རྟོག་པ་མི་མངའ་བས་གསེར་སོགས་རིན་པོ་ཆེ་ཕུལ་བས་ཀྱང་ཅི་བགྱི་སྟེ། ཇི་སྐད། གསེར་དང་བོང་བ་མཉམ་པའི་འཕགས་ཚོགས་ལ། །གླིང་བཞིའི་ཕུན་ཚོགས་བསྟབས་ཀྱང་ཅི་བགྱི་སྟེ། །ཞེས་པ་ལྟར་རོ། །གཙོ་བོ་རང་སེམས་འཁྲུལ་བའི་དྲི་མ་དག་ཚེ་དག་པ་མངོན་དུ་འགྱུར་བ་འདིས་ཀྱང་རྟོགས་ནུས། ཀུན་མཁྱེན་འཇིགས་གླིང་གིས་བདེ་སྨོན་དུ། བུ་རམ་ཤིང་པའི་ཞལ་ནས་ཀུན་དགའ་བོ། །ཁྱོད་ལངས་ནུབ་ཀྱི་ཕྱོགས་སུ་ཁ་སྟོན་ལ། །མེ་ཏོག་གཏོར་ནས་ཐལ་མོ་སྦྱར་བྱས་ཏེ། །ཞེས་གསུངས་པ་ལྟར་སངས་རྒྱས་ཤཀྱཱའི་དབང་པོས་ཀྱང་ཀུན་དགའ་བོ་ལ་མེ་ཏོག་གི་མཆོད་པ་འབུལ་དུ་བཅུག་ནས་རྒྱལ་བ་འོད་དཔག་མེད་ལ་བསྔགས་པ་བརྗོད། འདི་ནི་འོད་མདོའི་དགོངས་པ་རྩལ་འདོན་མཛད་པ་ཡིན་ལ། དེ་བཞིན་འཕགས་པ་རྟག་ཏུ་ངུས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ཐོག་མར་མཇལ་དུས་མེ་ཏོག་ཕུལ་ཞིང་། བྱང་ཆུབ་སེམས་དཔའ་ནོར་བཟང་གིས་རྗེ་བཙུན་བྱམས་མགོན་ཐོག་མར་མཇལ་དུས་ཀྱང་མེ་ཏོག་ཕུལ་ནས་དགྱེས་པ་མཛད། མེ་ཏོག་ཕུལ་བའི་ཕན་ཡོན་ནི། ཟ་མ་ཏོག་ལྟ་བུའི་གཏམ་ལས། མེ་ཏོག་བཟང་པོ་གཏོར་ཏེ་དཀོན་མཆོག་མཆོད་པར་བྱས་ན་བརྒྱ་བྱིན་ལྟ་བུའི་དབང་ཐང་ལྡན་ཞིང་། མེ་ཏོག་མཛེས་པ་ལྟ་བུའི་ལུས་རྟེན་ཐོབ་པ་དང་། དགྲ་ལས་རྒྱལ་ཞིང་ས་ཆེན་པོར་སྤྱོད་པ་སོགས་དང་། གཞན་ཡང་སངས་རྒྱས་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནི་འདུལ་བ་ལུང་ལས་ཀྱང་ཚིགས་སུ་བཅད་པའི་སྒོ་ནས། མེ་ཏོག་གི་མཆོད་པ་ནི་མཆོད་རྫས་གཞན་འཛམ་བུའི་ཆུ་གསེར་ལས་གྲུབ་པའི་སྣོད་དུ་བཞག་ནས་ཕུལ་བ་ལས་ཀྱང་བསོད་ནམས་ཆེ་བར་བསྟན། སྤྱིར་མཆོད་པ་འབུལ་བ་ལ། དངོས་པོ་མི་གཙོ་བསམ་པ་གཙོ། །ཞེས་གསུངས་པས་ན་རིན་ཐང་གོང་ཚོད་ཀྱི་ཆ་ནས་གསེར་སྣོད་གསེར་གྱིས་བཀང་བ་སྨྲོས་ཅི་དགོས། ཐ་ན་གསེར་སྲང་གཅིག་གིས་ཀྱང་མེ་ཏོག་མང་དུ་ཁུག་མོད། མེ་ཏོག་ནི་མཆོད་རྫས་གཙང་མ་ཡིན་པ་དང་། སེར་སྣ་སོགས་ཀྱིས་མ་གོས་ཤིང་དད་པས་ཕུལ་བ་ཤས་ཆེ་བས་དག་པ་ཡིན། དེའི་ཕྱིར་རང་རེའི་རི་མཐོ་ས་གཙང་གི་མེ་ཏོག་དུག་མེད་རྣམས་ཁ་ལག་གཙང་མས་བཏུས་ཏེ། ཆུ་ལ་བཀྲུས་ཤིང་ཁ་རླངས་མ་ཕོག་པར་ཕུལ་ན་ཕན་ཡོན་ཆེ་ཞིང་དེ་ལ་རྒྱུ་གྲོན་ཟས་ཚེགས་ཀྱང་ཆེར་མི་དགོས། སྐབས་རེར་མེ་ཏོག་སྣ་ཚོགས་སྐྱེས་སར་ཐོན་དུས་མ་བཏུས་པར་བློ་ཡིས་བླངས་ཏེ་འབུལ་ཆོག་ལ། རང་གི་ཁོར་ཡུག་དང་ལྡུམ་རར་མེ་ཏོག་འཆི་མེད་དང་གུར་གུམ་སོགས་བཏབ་ནས་མཆོད་རྫས་སུ་ཕུལ་ན་ཕན་ཡོན་ཆེ། དེ་མིན་གཞན་གྱིས་བདག་གིར་བྱས་པའི་མེ་ཏོག་སོགས་ཀྱང་ཡིད་ཀྱིས་ཕུལ་ཆོག མེ་ཏོག་སིལ་མར་བརྡལ་བ་དང་ཕུང་པོར་སྤུངས་པ་འཕྱང་འཕྲུལ་གྱི་རྣམ་པའི་དྲྭ་བ་དྲྭ་ཕྱེད་ལ་སོགས་པ་གང་མཛེས་གང་ལེགས་སུ་བཀོད་དེ་འབུལ་དགོས་སོ། །བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་པ། ཕྱོགས་བཅུའི་འཇིག་རྟེན་ཁམས་སུ་ལྷ་མིའི་དཔལ་འབྱོར་ཇི་སྙེད་ཡོད་པ་དེ་སྙེད་དང་། དག་པའི་ཞིང་གི་ཕུན་སུམ་ཚོགས་པའི་འབྱོར་བ་དང་བཅས་བློ་ཡིས་བླངས་ཏེ་འབུལ། མེ་ཏོག་རིགས་ཀྱི་མཆོད་པ་ཕུལ་བའི་ཕན་ཡོན་གོང་སྨྲོས་ལྟར་དང་། འབྲས་བུའི་རིགས་ཀྱི་འབྲུ་སྣ་ཕུལ་བས་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པར་འགྱུར། སྨན་སྣ་བཟང་དྲུག་སོགས་ཕུལ་བས་བཞི་བརྒྱ་རྩ་བཞིའི་ནད་དང་འབྲལ། རིན་པོ་ཆེའི་རིགས་རྣམས་ཕུལ་བས་དགོས་འདོད་ཐམས་ཅད་འབྱུང་། དེ་དག་ཀྱང་གྲངས་ཉུང་བར་མི་བསམ་པར་འཇིག་རྟེན་ཁམས་སུ་ཡོད་དོ་ཅོག་བློ་ཡིས་མཆོད་པ་སྟེ། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་ཞལ་ནས། རིན་ཆེན་རི་བོ་དང་ནི་དེ་བཞིན་དུ། །ཞེས་གསུངས་པ་ལྟར་རིན་པོ་ཆེའི་རི་སྣ་ཚོགས་པ་དག་པའི་ཞིང་གི་རྣམ་པ་དང་། གཞན་ཡང་རིན་ཆེན་སྣ་ཚོགས་པའི་གཏེར་གྱིས་གཏམས་པའི་རི་དང་མཚོ། ཕྱོགས་བཞི་རིན་པོ་ཆེ་ལས་གྲུབ་པའི་རི་དབང་གི་རྒྱལ་བོ་དང་མཐའ་སྐོར་གསེར་གྱི་རི་བདུན་ལྟ་བུ། དེའང་རིའི་རྒྱལ་བོ་རི་རབ་ཅེས་པ་ཉི་མའི་ཁྱིམ་རྒྱུད་ཀྱི་ཁོར་ཡུག་ཏུ་མི་མཐོང་ཞིང་དེར་མ་ཚུད་པས་རང་རེའི་མཆོད་པའི་མཎྜལ་གྱི་གོ་མི་ཆོད་པར་བསམ་མི་དགོས། རྫོགས་པའི་སངས་རྒྱས་ཀྱིས་གདུལ་བྱའི་ཁམས་དབང་དང་བསྟུན་མི་དགོས་ན་གནས་སྨྲ་བའི་སྟོན་པ་ལ་བདག་མེད་ཡོངས་སུ་སྟོན་རིགས་ཤིང་། དང་པོ་ནས་ངེས་དོན་བསྟན་མི་རུང་བའི་གདུལ་བྱ་མེད་ན་སངས་རྒྱས་ཀྱིས་ཅི་ཡང་མི་གསུངས་པར་བཞུགས་དུས་དེ་དག་གིས་ཀྱང་སྨྲ་བསམ་བརྗོད་མེད་ཀྱི་དགོངས་པ་དེ་རྟོགས་རིགས་སོ། །རི་རབ་མིག་གིས་མི་མཐོང་བ་བཞིན་དུ་ཚེ་ཕྱི་མ་མེད་པར་འདོད་པ་ནི། དེ་རིང་གི་རྗེས་སུ་སང་ཉིན་མེད་པར་འདོད་པ་དང་གཅིག་མཚུངས་ཡིན་པས་དེ་ནི་སྒྲུབ་བྱེད་མཚན་ཉིད་པར་མི་འགྱུར་རོ། །མཎྜལ་ནི་དཀྱིལ་འཁོར་གྱི་དོན་ཡིན་ཞིང་། དེ་ལའང་མཆོད་པའི་མཎྚལ་མཆོད་བྱ་དང་སྒྲུབ་པའི་མཎྜལ་མཆོད་ཡུལ་རྒྱལ་བའི་དཀྱིལ་འཁོར་གཉིས་ཀྱི་དམིགས་རྟེན་དུ་གསུངས། དེའི་ཕྱིར་ན་རང་རེའི་ཞིང་སྒྲུབ་ཀྱི་ཆོ་གའང་མདོའི་དགོངས་པ་ཇི་བཞིན་དུ་སྔགས་ཀྱི་དཀྱིལ་འཁོར་དང་ཟུང་འབྲེལ་གྱིས་བསྙེན་སྒྲུབ་ཡན་ལག་བཞིའི་གནད་ཚང་བར་བྱེད་པ་ཡིན་པར་མ་ཟད། བསྐྱེད་རྫོགས་བཟླས་སྒོམ་ཐམས་ཅད་དང་འབྲེལ་བས་མཚན་དང་དོན་མཐུན་པའི་མྱུར་ལམ་རྫོགས་ཆེན་ཀློང་ཆེན་སྙིང་ཐིག་གིས་ཁོག་དབུབས་པ་ཡིན་པས་ན། མཎྜལ་ཡང་ཀློང་ཆེན་སྙིང་ཐིག་གི་མཎྜལ་སྐབས་གསུངས་པ་ལྟར། སྣང་ཚུལ་སྤྲུལ་སྐུའི་མཎྜལ་དང་། གནས་ཚུལ་ལོངས་སྐུའི་མཎྜལ། ཁྱབ་བྱེད་ཆོས་སྐུའི་མཎྜལ་གསུམ་གྱི་གོ་དོན་ཡང་འདི་ལ་སྦྱར་རུང་ཞིང་། དེ་ལྟར་བདག་པོས་ཡོངས་སུ་བཟུང་དང་མ་བཟུང་བ། དངོས་འབྱོར་དང་ཡིད་སྤྲུལ། བླ་ན་ཡོད་པ་དང་མེད་པ། ཕྱི་ནང་གསང་བའི་མཆོད་པ་ཐམས་ཅད་འདུས་པའང་འདི་ཡིན་ནོ། །སྐབས་འདིར་ལས་དང་པོ་པའི་སྤྱོད་ཡུལ་བདག་པོས་ཡོངས་སུ་མ་བཟུང་བའི་མཆོད་བྱ་ལ་བསམས་ན། ཇི་སྙེད་འཇིག་རྟེན་གྱི་ཁམས་སུ་ཡིད་འོང་གི་དངོས་པོ་ཡོད་ཚད་ཐམས་ཅད་དེ། ནགས་ཚལ་ས་ཕྱོགས་དབེན་ཞིང་ཉམས་དགའ་བ་ལ་སོགས་པ། མདོར་ན་གནམ་ས་བར་སྣང་གིས་བསྡུས་པའི་སྣོད་བཅུད་ཀྱི་བཟང་དགུའི་འབྱོར་བ་མཛེས་དགུས་བརྒྱན་པ་ཡོད་དོ་ཅོག་འབུལ་ཆོག དེའང་ཤར་ཉི་ཟླ་གཉིས་ཀྱི་སྒྲོན་མེ་འོད་ཆེན། ལྷོ་ཙན་དན་ནགས་ཀྱི་བདུག་སྤོས་དྲི་ཞིམ། ནུབ་གངས་དཀར་མར་གྱི་ལྷ་བཤོས་མདངས་བཟང་། བྱང་རྫ་ཆབ་སྔོན་མོའི་མཆོན་ཡོན་བསིལ་མ། ཞེས་གསུངས་པ་ལྟ་བུ་དང་། སྟེང་ནམ་མཁའི་གཡུ་འབྲུག་གི་རོལ་མོ། འོག་ས་གཞིའི་གསེར་གྱི་མེ་ཏོག བར་འཇའ་སྤྲིན་གྱི་མཆོད་རྫས་སྣ་ཚོགས། སྟེང་ལྷ་ཡུལ་གྱི་འདོད་ཡོན། འོག་ཀླུ་ཡུལ་གྱི་ལོངས་སྤྱོད། བར་མི་ཡུལ་གྱི་བདེ་དགའ་ལ་སོགས་པ་གྲངས་ནམ་མཁའ་རབ་འབྱམས་ཀྱི་མཐས་གཏུགས་པ་ཚད་མེད་ཅིང་ཟད་པ་མེད་པ། དེ་ལྟར་མཆོད་བྱ་འབྱོར་བའི་ཁྱད་པར་བློས་བླང་ཞིང་མཆོད་ཡུལ་གྱི་ཁྱད་པར་ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་རྒྱལ་བ་སྲས་བཅས་ལ་འབུལ་བ། འདི་དག་ནི་དངོས་འབྱོར་གྱི་མཆོད་པ་གཙོ་བོར་བྱས་ཏེ་བསྟན་པ་ཡིན་ནོ། །རང་རེའི་ཞིང་སྒྲུབ་དང་སེམས་བསྐྱེད་འབུམ་མཆོད་ཀྱི་ཆོ་ག་ཐམས་ཅད་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷའི་བྱང་སེམས་སྤྱོད་འཇུག་དང་སྦྲེལ་བ་ཤ་སྟག་ཡིན་པས་དེའི་རྗེས་སུ་འབྲང་སྟེ་མཆོད་པ་ཅུང་རྒྱས་པར་བཤད་པ་འདི་ནི། ཁྱིམ་ན་གནས་པ་རྣམས་ཀྱིས་བསོད་ནམས་ཀྱི་ཚོགས་གསོག་ཐབས་ཡིད་ལ་ཟིན་པའི་ཆེད་དུ་ཡིན་ལ། རྒྱལ་སྲས་ཞི་བ་ལྷས་དངོས་འབྱོར་གྱི་མཆོད་པའི་རྗེས་སུ། ཡིད་ཀྱིས་སྤྲུལ་བའི་མཆོད་པ་དང་། སྨོན་ལམ་སྟོབས་ཀྱི་མཆོད་པ། བླ་ན་མེད་པའི་མཆོད་པ། བསྟོད་པ་དབྱངས་ཀྱི་མཆོད་པ་བཅས་ཀྱི་དབྱེ་བ་ཕྱེས་སོ།།

ཡིད་ཀྱིས་སྤྲུལ་བའི་མཆོད་པ།

དེ་ལ་དབྱེ་ན། དང་པོ་སྐུ་ཁྲུས་གསོལ་བ་དང་། གཉིས་པ་སྐུ་ཕྱི་བ། གསུམ་པ་ཉེར་སྤྱོད་འབུལ་བ། བྱང་སེམས་སྤྱོད་འཇུག་ལས། ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་པ། །ཤེལ་གྱི་ས་གཞི་གསལ་ཞིང་འཚེར་བ་བསྟར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་ལྡན། །མུ་ཏིག་འོད་ཆགས་བླ་རེ་བྲེས་པ་དེར། །ཞེས་པ་སོགས་ཀྱིས་སྐུ་ཁྲུས་དང་། དེ་དག་སྐུ་ལ་མཚུངས་པ་མེད་པའི་གོས། །གཙང་ལ་དྲི་རབ་བསྒོས་པས་སྐུ་བྱིའོ། །ཞེས་པས་སྐུ་ཕྱི་བསྟན། དེའང་ཕྱག་ལེན་ལ་བདེ་བར་གཤེགས་པ་སྲས་དང་བཅས་པའི་སྐུ་བརྙན་རིན་པོ་ཆེའི་མེ་ལོང་གཙང་མའི་ངོས་སུ་འཆར་བར་བྱས་ཏེ། རིན་པོ་ཆེའི་བུམ་པ་སྤོས་ཀྱི་ཆུ་གཙང་གིས་གཏམས་པའི་ཆུ་ཡིས་བཀྲུ་བར་བྱེད། དོན་ལ་བདེ་བར་གཤེགས་པའི་ཡེ་ཤེས་ཀྱི་སྐུར་མི་གཙང་བའི་བཀྲུ་བྱ་མ་མཆིས་མོད། རང་སེམས་སྒྲིབ་གཉིས་ཀྱི་དྲི་མ་བག་ཆགས་དང་བཅས་པ་དག་པའི་ཕྱིར་དང་། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཆེན་རྫོགས་ཕྱིར་ཡིད་སྤྲུལ་གྱིས་མཆོད་པ་འབུལ་ཞིང་སྐུ་ཁྲུས་དང་སྐུ་ཕྱི་མཛད། དེ་དང་དུས་མཚུངས་སུ། བྱང་སེམས་སྤྱོད་འཇུག་ལས། དེ་ནས་དེ་ལ་ཁ་དོག་ལེགས་བསྒྱུར་བའི། །ན་བཟའ་དམ་པ་ཤིན་ཏུ་དྲི་ཞིམ་འབུལ། །ཞེས་པ་ལྟར་ན་བཟའ་ངུར་སྨིག་གི་གོས་གསེར་སྲང་འབུམ་གྱི་རིན་ཐང་ཅན་ནི་ཐུབ་པ་སྤྲུལ་སྐུའི་རྣམ་པ་ཚངས་པར་སྤྱོད་པའི་ཆ་ལུགས་སུ་སྣང་བ་རྣམས་ལ་འབུལ་བ་དང་། གོས་བཟང་སྲབ་ལ་འཇམ་པ་སྣ་ཚོགས་དང་། །རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །ཞེས་པས་སངས་རྒྱས་ལོངས་སྤྱོད་རྫོགས་སྐུའི་རྣམ་པ་ཅན་དང་། འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཆ་བྱད་ཅན་རྣམས་དང་། རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་སྤྱན་རས་གཟིགས་སོགས་ལ་ལོངས་སྐུའི་དར་དང་གོས་རྒྱན་འབུལ། དེའང་ལྷ་ལྡན་གཙུག་ལག་ཁང་གི་སྟོན་པ་ཐུབ་པའི་དབང་པོའི་སྐུ་ལ་ཇོ་བོའི་མཚན་གྱིས་འབོད་ཅིང་ལོངས་སྐུའི་ཆ་བྱད་ཅན་དུ་བསྒྱུར་བ་ནི། གདུལ་བྱའི་བསོད་ནམས་ཀྱི་ཚོགས་རྫོགས་པའི་ཆེད་དུ་རིན་པོ་ཆེའི་དབུ་རྒྱན་དང་སྙན་རྒྱན་སོགས་ཕུལ་བ་ལ་ལོངས་སྐུར་ཞལ་བསྒྱུར་བ་ཞེས་ཀྱང་བརྗོད། དོན་ལ་ཚོགས་གསོག་པའི་ཆེད་དུ་རིན་པོ་ཆེའི་པྲོག་ཞུ་སོགས་ཕུལ་ཏེ་རྣམ་པ་བསྒྱུར་བ་ཙམ་མོ། །ལྷ་སའི་ཇོ་བོ་ནི་སྤྱིར་སྟོན་པ་ཤཀྱཱའི་དབང་པོ་ཡིན་ལ། ཇོ་བོ་ཞེས་པ་སྔོན་ལྷ་སའི་སྐད་ཀྱི་ཞེ་སའི་ཚིག་གམ་གཅེས་མིང་ཞིག ས་ཆ་འདི་ཕྱོགས་ཀྱིས་ཨ་བུ་ཞེས་དང་། རོང་འབྲོག་གི་ས་ཆ་འགའ་རེར་ད་དུང་གནའ་བོའི་སྐད་མ་ཉམས་པར་ཇོ་ཇོ་དང་ཨ་ཇོ་ཞེས་འབོད་པ། དེ་བཞིན་ཇོ་མོ་ཞེས་པ་རྗེ་མོའི་དོན་ཡིན་ལ་བཙུན་མ་ལ་ཇོ་མོ་ཞེས་ཞེ་སའི་ཚིག་གིས་འབོད་པ་ཡིན་ནོ། །ཉེར་སྤྱོད་འབུལ་བའི་མཆོད་པ་ནི། སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བ་ཡི། །དྲི་མཆོག་རྣམས་ཀྱིས་ཐུབ་དབང་ཀུན་གྱི་སྐུ། །གསེར་གཞོང་གཙང་མ་བྱི་དོར་བྱས་པ་ལྟར། །འོད་ཆགས་འབར་བ་དེ་དག་བྱུག་པར་བགྱི། །ཞེས་པ་ལྟར་དྲི་བཟང་པོའི་ཆབ་ཀྱིས་བྲན་ཞིང་སྨན་སྣ་ཚོགས་ཀྱིས་མདངས་ཕྱུང་སྟེ་སྐུ་གཟི་བྱིན་འབར་བར་བྱས་པ་ཡིན། དེ་དང་ཆབས་ཅིག་ཉེར་སྤྱད་ཀྱི་མཆོད་པ་གཞན་ནི། ཐུབ་དབང་མཆོད་གནས་མཆོག་ལ་ཡིད་འོང་བའི། །ཞེས་པ་སོགས་ཀྱིས་བསྟན་པའི་ལྷའི་མེ་ཏོག་མནྡ་ར་དང་ཨུཏྤལའི་ཕྲེང་བའི་རྒྱན་ཆའི་མཆོད་པ་དང་། ལྷན་སྐྱེས་དང་སྦྱར་བྱུང་གི་དྲི་བཟང་སྤོས་མཆོག་ཡིད་འཕྲོག ཞལ་ཟས་རོ་བརྒྱ་ལྡན་པའི་བཤོས་གཙང་། གསེར་གྱི་པདྨ་ཚར་དུ་དངར་བའི་རིན་ཆེན་སྒྲོན་མེ། རིན་པོ་ཆེའི་གཞལ་མེད་ཁང་བུ་བརྩེགས་པ་ལྔ་བརྒྱ་རུ་མཆོད་པའི་ལྷ་དང་ལྷ་མོས་བསྟོད་དབྱངས་སྣ་ཚོགས་སྒྲོགས་པ། མུ་ཏིག་འོད་ཆགས་དང་། གཡུ་དམར་ལ་སོགས་པས་སྟེང་དུ་བླ་རེ་བྲེས་པ། འོག་ན་གསེར་གྱི་པ་ཊ་དང་གདན་དར་ཟབ་ཀྱི་འབོལ་བརྩེགས། ཕྱོགས་མཚམས་ཐམས་ཅད་རིན་པོ་ཆའི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་བརྒྱན་པ། རིན་པོ་ཆེའི་གདུགས་གསེར་གྱི་ཡུ་བ་ཅན་སོགས་བཀྲ་ཤིས་པའི་རྫས་རྟགས་བརྒྱད། མཆོད་པའི་ལྷ་མོ་དང་། ཅང་ཤེས་རྟ་དང་གླང་པོ། གསེར་གྱི་འཁོར་ལོ། དུང་དཀར་པོ་གཡས་སུ་འཁྱིལ་བ་ལ་སོགས་པ་མཆོད་རྫས་གྱ་ནོམ་པ། སྟོང་གསུམ་གྱི་སྟོང་ཆེན་པོ་གྲངས་ལས་འདས་པ་ཡོངས་སུ་བཀང་བར་བསམ་ནས་འབུལ་དགོས་སོ།།

སྨོན་ལམ་སྟོབས་ཀྱི་མཆོད་པ།

དུས་སྙིགས་མའི་སེམས་ཅན་གྱི་བསོད་ནམས་དམན་པས་དངོས་སུ་འབྱོར་བའི་མཆོད་པ་རྒྱ་ཆེར་འབུལ་མི་ནུས་ལ། ཡིད་ཀྱིས་སྤྲུལ་བ་སྟོང་གསུམ་ཞེས་པའང་ཚིག་ཙམ་ལས་ཅི་ཡིན་མི་ཤེས་ན་དེ་ལ་ཁྱབ་པར་བཀང་བ་འབུལ་ཐབས་དཀའ་བས་ན། སྨོན་ལམ་སྟོབས་ཀྱི་མཆོད་པ་འདི་ཧ་ཅང་རླབས་ཆེའོ། །དཔེར་ན་རྗེས་བསྔོ་བ་དམ་པ་ནི་ད་ལྟ་རང་རེས་འཁོར་གསུམ་དག་པའི་བསྔོ་བ་ཡང་དག་མི་ཤེས་མོད། སྔོན་རྗེ་བཙུན་འཇམ་པའི་དབྱངས་སོགས་ཀྱིས་ཇི་ལྟར་བསྔོས་པ་བཞིན་བསྔོ་བར་བགྱི་བསམ་ན་བསྔོ་བ་ཡང་དག་དང་རྗེས་མཐུན་དུ་འགྱུར་བ་ལྟར་རོ། །གཞན་ཡང་། རོལ་མོ་ཡིད་འོང་དབྱངས་སྙན་ལྡན་པ་སོགས་སེམས་ཅན་གྱི་སྡུག་བསྔལ་སེལ་ཞིང་དགའ་བས་སིམ་པར་བྱེད་པ་ནི། རྒྱལ་བ་མཆོད་པའི་མཉེས་རྫས་ཀྱང་ཡིན་པས་དེ་ལྟ་བུའི་མཆོད་རྫས་སྣ་ཚོགས་ཟད་པ་མེད་པ། དེའང་མཆོད་པའི་སྤྲིན་ཞེས་པ་ནི་ཡོངས་སུ་འདུ་ཞིང་ཟད་པ་མེད་པ་ལ་སྤྲིན་ཞེས་བརྗོད་དེ་མངོན་བརྗོད་ཀྱི་ཚིག་གིས་མཚོན་པར་བྱས་པ་ཞིག་གོ །དེ་ལྟར་སོ་སོར་གནས་ཤིང་ཁྱབ་པའི་མཆོད་པ་དེ་དག་གིས་ནི། ཇི་སྐད། དམ་ཆོས་དཀོན་མཆོག་ཐམས་ཅད་དང་། །མཆོད་རྟེན་རྣམས་དང་སྐུ་གཟུགས་ལ། །རིན་ཆེན་མེ་ཏོག་ལ་སོགས་པ། །རྒྱུན་མི་ཆད་པར་འབབ་པར་ཤོག །ཅེས་སྨོན་པ་བརྗོད་པ་སྨོན་ལམ་ཡིད་ཀྱི་མཆོད་པའོ། །དེའང་སྨོན་ལམ་འགྲུབ་པ་ལ་རྒྱུ་ཚུལ་ཁྲིམས་རྣམ་པར་དག་པ་དགོས་པས་སོར་བྱང་སྔགས་གསུམ་གྱི་སྡོམ་པ་མང་པོ་རང་རྒྱུད་ལ་བླང་ཡང་། དེ་དག་ཡོངས་སུ་སྲུང་བ་ལྟ་ཅི། ཐ་ན་བསྲུང་བྱའི་རྣམ་གྲངས་ཙམ་ཡང་མི་ཤེས་པའི་ལས་དང་པོ་པ་དག་གིས་འཕགས་པ་འཇམ་དཔལ་དབྱངས་ལ་སོགས་པས་ཇི་ལྟར་མཆོད་པ་བཞིན་བདག་གིས་ཀྱང་མཆོད་པར་བྱ་བསམ་མོ།།

བསྟོད་པ་དབྱངས་ཀྱི་མཆོད་པ།

དབྱངས་ཀྱི་ཡན་ལག་རྒྱ་མཚོའི་སྒྲ་ཀུན་གྱིས། །རྒྱལ་བ་ཀུན་གྱི་ཡོན་ཏན་རབ་བརྗོད་ཅིང་། །བདེ་བར་གཤེགས་པ་ཐམས་ཅད་བདག་གིས་བསྟོད། །ཅེས་པ་ལྟར་སྔོན་འཕགས་པ་འཇམ་དཔལ་དབྱངས་ལ་སོགས་པས་ཇི་ལྟར་བསྟོད་པ་བཞིན་བསྟོད་པར་བགྱི། དེ་ལྟར་བསྟོད་དབྱངས་སྙན་པའི་སྤྲིན་མཐའ་ཡས་ཤིང་ཟད་པ་མེད་པར་འབུལ། མཆོད་ཡུལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཀྱི་སྤྱན་དང་སྙན་ལམ་སོགས་སུ་འབབ་པར་ཤོག་ཅེས་སྨོན་ལམ་འདེབས། གཞུང་འདིར་འཇམ་དབྱངས་སོགས་ཞེས་པར་བླ་མེད་ཀྱི་མཆོད་པའང་ཚང་ཞིང་། བསྟོད་དབྱངས་སྙན་སྤྲིན་གྱི་ཚུལ་དུ་བསྐུལ་བའི་བསྟོད་པ་དབྱངས་ཀྱི་མཆོད་པའང་ཚང་ངོ་།།

བྱེ་བྲག་ཏུ་མར་མེའི་མཆོད་པ་བཤད་པ།

རང་རེའི་སོ་སྐྱེ་མིའི་སྤྱོད་ཡུལ་ལས་མར་མེའི་མཆོད་པ་ལ་བསོད་ནམས་ལྷག་པར་ཆེ། འདི་ལ་རྒྱུ་གྲོན་ཡང་ཅུང་དགོས་སོ། །གལ་ཏེ་སེམས་ཏིང་འཛིན་གྱིས་ཚོགས་གསོག་ཤེས་ན་ཕྱི་ནང་གསང་བའི་མཎྜལ་དང་སྒོ་བསྟུན་ཏེ། ནང་རང་ལུས་ཕུང་ཁམས་སྐྱེ་མཆེད་ཀྱི་ཆོས་འདི་དག་ཐམས་ཅད་ཕྱི་སྣོད་ཀྱི་འཇིག་རྟེན་གླིང་བཞི་སོགས་ལ་སྦྱར་བ། པགས་པ་དབང་ཆེན་གསེར་གྱི་ས་གཞི་དང་། ལུས་ཀྱི་ཁྲག་མཐའི་རྒྱ་མཚོ། སྒལ་ཚིགས་ཕྱི་ཡི་ལྕགས་རི་ལྟ་བུ་དང་། གསང་བ་སྤྲོལ་བྲལ་སེམས་ཀྱི་གནས་ལུགས་ལ་སྦྱར་བ། ཆོས་དབྱིངས་ཐིག་ལེ་ཉག་གཅིག་གི་ཀློང་དུ་འཁོར་འདས་མ་བཙལ་ལྷུན་གྲུབ་ཏུ་རྫོགས་པ་ནི། ཐ་སྙད་ཀུན་རྫོབ་དང་སྦྱར་ན། ཡེ་དོན་གྱི་ཀུན་གཞི་ཡོངས་ལ་ཁྱབ་པ་དབང་ཆེན་གསེར་གྱི་ས་གཞི། སྟོང་ཉིད་སྙིང་རྗེ་ཟུང་འཇུག་བྱང་ཆུབ་སེམས་ཀྱི་བརླན་དང་མ་བྲལ་བ་མཐའི་རྒྱ་མཚོ། རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བ་ཕྱིའི་ལྕགས་རི་ལ་སྦྱར། གཞན་ད་དུང་སྐུ་གསུམ་གྱི་མཎྜལ་ལའང་སྦྱར་ཆོག་མོད། དེ་དག་མ་ཤེས་ན་སེར་སྣ་མེད་ཅིང་ངོམ་ཆོས་སུ་མ་སོང་བའི་མར་མེ་ཀོང་བུ་འགའ་རེ་འབྱོར་ཚོད་དང་བསྟུན་ནས་འབུལ་བ་འདི་ཧ་ཅང་བཟང་། གཡང་སྒྲུབ་བརྒྱ་བྱེད་པ་ལས་རྟེན་གསུམ་བྱིན་ཆེན་གྱི་དྲུང་དུ་མར་མེ་ཕུལ་ན། ཚེ་འདིར་གཡང་ཆགས་ཤིང་དགོས་འདོད་འབད་མེད་དུ་འབྱུང་བ་དང་ཚེ་ཕྱི་མར་དག་ཞིང་དུ་འགྲོ་བ་སོགས་མར་མེ་ཕུལ་ན་དེས་འགྲུབ་ཅིང་། འདི་ཕྱི་ཀུན་ཏུ་ཤེས་རབ་ཀྱི་འོད་སྣང་འབར་ཞིང་རྨོངས་པའི་དྲི་མ་དྲུངས་ནས་འབྱིན་པའི་མཚུངས་ཆོས་ཀྱི་བྱེད་ལས་ཚང་བའི་འབྲས་བུ་འབྱིན། དེའང་མར་མེ་རྐོང་བུ་རེ་གཉིས་ཙམ་སྐུ་འདྲ་ཐང་ག་གཅིག་རེ་ཙམ་ལ་འབུལ་བ་ཡིན་པར་མི་བསམ་པར་མཆོད་ཀོང་སྟོང་གསུམ་གྱི་སྟོང་ཆེན་པོ། སྡོང་བུ་རིའི་རྒྱལ་བོ་རི་རབ་ཙམ། མར་ཁུ་མཐའི་རྒྱ་མཚོ། འོད་ཟེར་ཁ་དོག་སྣ་ལྔ་མཐའ་ཡས་པ་ནམ་མཁའི་ཁམས་ཡོངས་སུ་ཁྱབ་པར་བསམ་ཏེ་འབུལ་བའོ།།

ལྔ་བ་མཆོད་ཡུལ་དང་བསོད་ནམས་ཀྱི་དགོས་པ་བསྟན་པ།

མཆོད་ཡུལ་སྐུ་གཟུགས་གླེགས་བམ་འདི་དག་གིས་མཚོན་པའི་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ཀྱི་རྒྱལ་བ་སྲས་བཅས་དང་། དེ་བཞིན་འཇིག་རྟེན་ཁམས་སུ་བསོད་ནམས་བསག་ཡུལ་དུ་གྱུར་པའི་རྟེན་བཞུགས་སོ་ཅོག་མ་ལུས་པར་འབུལ་བར་བསམ། དེ་ལྟར་བྱས་པས་མཆོད་ཡུལ་སངས་རྒྱས་སྐུ་དངོས་སུ་བཞུགས་པ་ལ་མཆོད་པ་ཕུལ་བ་དང་རྟེན་ལ་མཆོད་པ་ཕུལ་བ་བསོད་ནམས་མཉམ་པར་སངས་རྒྱས་ཉིད་ཀྱི་ཞལ་ནས་གསུངས། དེ་བཞིན་དུ་རྒྱ་གར་རྡོ་རྗེ་གདན་དུ་ཐུབ་པ་བྱང་ཆུབ་ཆེན་པོའི་མདུན་ལ་མཆོད་པ་ཕུལ་བ་དང་། རང་རེ་བོད་ཀྱི་ལྷ་སའི་ཇོ་བོའི་མདུན་ལ་དངོས་སུ་ཕུལ་བ་དང་། གནས་འདིར་དེ་དག་ལ་དམིགས་ནས་ཕུལ་བ་ནི་བསམ་སྦྱོར་ཚང་བས་འབུལ་ནུས་ན་གཅིག་མཚུངས་ཡིན། སྤྱིར་མཆོད་པ་འབུལ་བ་འདི་ནི་རྒྱུ་བསོད་ནམས་ཀྱི་ཚོགས་ལ་བརྟེན་ནས་འབྲས་བུ་ཡེ་ཤེས་ཀྱི་ཚོགས་རྫོགས་པར་བྱེད་པ་ཡིན་ལ། ཆེས་བཟང་བའི་མཆོད་པ་ནི་དམིགས་མེད་ཀྱི་མཆོད་པ་ཡིན་ཞིང་། དེའང་དམིགས་བཅས་མཚན་མ་ཅན་གྱི་མཆོད་པ་ལ་བརྟེན་ནས་དམིགས་མེད་མཚན་མ་མེད་པའི་མཆོད་པ་འབུལ་ཤེས་དགོས་ཏེ། དཀོན་མཆོག་ཏ་ལའི་མདོ་རུ། གང་ལ་མཆོད་པ་ནམ་མཁའ་འདྲར་ཤེས་ཤིང་། །གང་གིས་མི་དམིགས་གང་དུའང་འཛིན་པ་མེད། །དེ་ནི་མཆོད་པ་ཀུན་གྱི་དམ་པ་སྟེ། །ཡེ་ཤེས་གཞལ་མེད་བསམ་ཡས་ཐོབ་པར་འགྱུར། །ཞེས་གསུང་པ་ལྟར་སྤྱིར་ཚོགས་གསོག་པ་ལ་གནས་གཅིག་ཏུ་མི་སྡོད་པར་སོང་ནས་མཆིལ་ལྷམ་ཟད་པ་སྟེ། དེང་དུས་ཡིན་ན་སོང་ནས་རླངས་འཁོར་གྱི་འཁོར་ལོ་འགའ་ཟད་པ་ལས་བསྡད་ནས་གདན་ཟད་པ་བཟང་། ཁྱིམ་པ་ཕོ་མོ་རྣམས་ལའང་འབྲོག་པར་ཕྱུགས་ལ་གོད་ཁ་དང་། རོང་པར་ཞིང་ལ་བཙའ་ཐན། གཉིས་ཀར་ཆར་ཆུ་དུས་སུ་མི་འབབ་ཅིང་། ཁེ་ཚོང་ལམ་དུ་མི་ལྷོངས་པ། གཅིག་གིས་འགྲུབ་པ་ཀུན་གྱིས་མི་འགྲུབ་མོད། ཐ་མར་འབྱོར་ཕྱུག་ལྡན་པ་ཞིག་ལ་འགྲན་ཟླ་བྱས་པས་ཕམ་ཁ་བྱུང་། དེ་ལྟར་བྱེད་པ་ལས་དགའ་སྡུག་སེམས་ཁུར་མ་མྱངས་པར་རང་སར་སྡོད་པ་བཟང་སྙམ་པ་ཡོད། དེ་དག་ནི་བསོད་ནམས་ཀྱི་བསགས་རྒྱབ་མེད་པས་ལན་ཞིང་། འདི་ལ་རིམ་གྲོ་སྒྲུབ་པ་གཞན་ལས་ཀྱང་ཚོགས་བསག་བྱ་བ་གལ་ཆེ། དེ་མིན་འདྲེ་རྒྱལ་གདོན་གྱི་གནོད་པ་ཡོད་བསམ་ནའང་སྙིང་རྗེ་བྱང་སེམས་སྒོམ་ཞིང་བླ་སེར་ཚུལ་ལྡན་རེ་དྲངས་ཏེ་མ་ཎི་འུར་འདོན་གྱིས་དཀར་གསུར་བསྔོ་བ་དང་མཆོད་པ་མཆོད་མེ་འབུལ་བ་བཟང་། གནད་དུ་མི་ཁེལ་བའི་བཅའ་བ་རིམ་གྲོ་མང་པོར་རྒྱུ་ཚེགས་གཏོང་ཞིང་ཡོད་ཚད་ལྷག་ལུས་མེད་པར་བླ་མའི་མིང་ལྡན་པ་ཙམ་ལ་འབུལ་བ་ལས་དེ་ལྟར་བྱེད་པ་བཟང་སྙམ། དེའང་མིའི་མཚང་ལ་ཕོག་བྱེད་དང་། རང་ཕྱུག་པོར་འགྱུར་བྱེད་ཙམ་ལ་མི་བསམ་པར་སེམས་ཅན་ཐམས་ཅད་བླ་མེད་བྱང་ཆུབ་ཐོབ་བྱེད་དུ་བསམ་ན། ཆོས་དགེ་བ་ནི་གཞན་གྱིས་ཁྱེར་ནས་ཤུལ་དུ་མི་ལྷག་པ་མ་ཡིན་པར་བསོད་ནམས་དེ་བས་ཆེ་བ་འབྱུང་། དེའི་ཕྱིར་དཀར་གསུར་ཚད་ལྡན་ཕུལ་ན་རྩམ་པ་ཆུད་ཟོས་སུ་བཏང་བར་བསམ་པར་མི་བྱ་སྟེ། དེ་ལྟ་ན་རྩམ་པ་ལས་མར་རིན་ཐང་ཆེ་བས་མཆོད་མེ་འབུལ་བའང་དེར་འགྱུར་རོ། །བསམ་པ་མ་དག་ན་ཕན་ཡོན་མི་ཆེ་བ་གོང་དུ་བཤད་པ་བཞིན་དངོས་པོའང་དག་པ་དགོས་ལ། གཞན་ད་དུང་ཞིང་དག་པ་དང་། བསམ་པ་དག་པ་དང་། སྦྱོར་བ་དག་པ་གསུམ་ཡང་དགོས་ཏེ། ཞིང་དག་པ་ནི། སྤྱིར་བསོད་ནམས་ཀྱི་ས་བོན་འདེབས་པའི་ཞིང་ས་ལྟར་ཡོན་ཏན་གྱི་ཞིང་ནི་བླ་མ་མཆོག་གསུམ་ཡིན། ཕན་ཐོག་གི་ཞིང་ནི་ཕ་མ་དང་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་ཡིན། སྡུག་བསྔལ་གྱི་ཞིང་ནི་ནད་པ་དབུལ་ཕོངས་མགོན་མེད་སོགས་ཡིན། དེའང་མཆོད་ཡུལ་སངས་རྒྱས་ཀྱི་ཞིང་དང་སྦྱིན་ཡུལ་སེམས་ཅན་གྱི་ཞིང་གཉིས་སུ་འདུ། མཆོད་ཡུལ་གྱི་ཞིང་གི་མཆོག་ནི་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་ཡིན་ནོ།།

བསམ་སྦྱོར་དག་ཚུལ་བཤད་པ།

བསམ་པ་དག་པ་ནི། མཆོད་པའི་སྐབས་འདིར་གཞན་ལ་འགྲན་སེམས་ལ་སོགས་པ་ཀུན་སློང་ཉོན་མོངས་ཅན་དང་། ཚེ་འདིའི་བདེ་སྐྱིད་སྙན་གསུམ་དང་ཕྱི་མར་རང་གཅིག་པུའི་མཐོ་རིས་དང་ཐར་བ་ཙམ་ལ་མི་དམིགས་པར་། སེམས་ཅན་དཔག་ཏུ་མེད་པའི་སྡུག་བསྔལ་སེལ་བྱེད་དུ་བསམ་ན་བསམ་པ་དག་པར་འགྱུར་རོ། །སྦྱོར་བ་དག་པ་ནི། ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་སྐྱབས་གནས། ཕྱག་འཚལ་བའི་ཡུལ། མཆོད་པ་འབུལ་བའི་གནས། བཀུར་བར་བྱ་འོས་པ། ཡོན་ཏན་གྱི་ཕུང་པོ་ཚད་མེད་དང་ལྡན་པ་བསོད་ནམས་གསོག་པའི་ཞིང་མཆོག་ནི་དཀོན་མཆོག་རིན་པོ་རྣམ་པ་གསུམ་ཡིན་ལ། དེར་མཆོད་པ་འབུལ་དུས་མ་དད་པ་མ་གུས་པ་སོགས་ཉེས་སྐྱོན་གྱི་ཆ་ཕྲ་མོ་ཙམ་ཡང་མེད་པར་ཕུལ་ན་དགེ་བའི་རྣམ་སྨིན་གྱི་འབྲས་བུ་ཚད་མེད་པ་འབྱུང་། དེའི་ཕྱིར་དཀོན་མཆོག་ལ་མཆོད་པ་འབུལ་དུས་བག་མེད་པ་དང་། གཙང་སྦྲ་མི་ལྡན་པ་དང་། དེ་ཙམ་གྱིས་ཆོག་སྙམ་པའི་ཚོད་ཡོད་དང་ཁྱད་གསོད་དང་། ཉིན་བཞིན་ཆག་མེད་དུ་འབུལ་ཚོད་མེད་སྙམ་པའི་ལེ་ལོ་དང་། མཆོད་རྫས་ལ་སེར་སྣ་མེད་པ་སོགས་སྐྱོན་དང་བྲལ་བ་གཞིར་བྱས། དཀོན་མཆོག་གི་ཡོན་ཏན་ཤེས་པའི་དད་པ་དང་དེ་ལ་མཆོད་པ་ཕུལ་བའི་ཕན་ཡོན་གྱི་ཁྱད་པར་སོགས་ཤེས་པར་བྱས་ནས། སེམས་པ་དྭངས་ཤིང་དགའ་སྤྲོ་དང་ལྡན་པར་དབང་པོའི་སྒོ་བསྡམས་ནས་ཅི་འབྱོར་གྱི་མཆོད་པ་ཚོད་དང་བསྟུན་ནས་འབུལ། དེའང་གོང་སྨྲོས་བཞིན་རྒྱུ་བཟང་བ། དངོས་པོ་གཙང་བ། བསམ་པ་དག་ཅིང་སྦྱོར་བ་དག་པའི་སྒོ་ནས། ཇི་སྐད་དུ་འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལས། བཀོད་པ་ཁྱད་པར་འཕགས་པའི་མཆོག་ཀུན་གྱིས། །རྒྱལ་བ་དེ་དག་ལ་ནི་མཆོད་པར་བགྱི། །ཞེས་གསུངས་པ་ལྟར་བཀོད་ལེགས་པ་རང་གཞན་སུས་མཐོང་ཡང་སེམས་ལ་དང་བ་དང་སྤྲོ་བ་སྐྱེད་བྱེད། དེའང་ངོམ་ཆོས་དང་ལེགས་སྨོན་གྱི་ཕྱོགས་སུ་མ་སོང་བ་ཞིག་དགོས་སོ། །དེ་ལྟར་ཚོགས་བསགས་སྒྲིབ་སྦྱང་གི་སྙིང་པོ་ཅན་གྱི་མཆོད་པ་དང་བཤགས་པའི་ཡན་ལག་འདི་གཉིས་ཅུང་ཟད་ཞིབ་པར་འཆད་དགོས་སྙམ་ནས་བརྗོད་པའོ།།

བཤགས་པའི་ཡན་ལག་བཤད་པ།

དང་པོ་སྒྲིབ་པའི་དབྱེ་བ།

གང་བཤགས་བྱ་སྡིག་པའམ་སྒྲིབ་པ། དེའང་སྡིག་པ་ཞེས་པ་ངོ་བོའི་ཆ་ནས་བཏགས་པའི་མིང་དང་། སྒྲིབ་པ་ཞེས་པ་བྱེད་ལས་ཀྱི་ཆ་ནས་བཏགས་པའི་མིང་ངོ་། །དབྱེ་ན་བཞི་སྟེ་ལས་དང་། ཉོན་མོངས་དང་། ཤེས་བྱ་དང་། བག་ཆགས་ཀྱི་སྒྲིབ་པའོ། །༡ ལས་ཀྱི་སྒྲིབ་པ་ནི། རང་བཞིན་དང་བཅས་པའི་ཁ་ན་མ་ཐོ་བ་གཉིས་སྟེ། དང་པོ་རང་བཞིན་གྱི་སྡིག་པ་ནི། སྟོན་པས་བཅས་པ་མ་མཛད་པའི་སྔ་རོལ་ནས་རང་གི་ངོ་བོ་སྡིག་པའི་ལས་ཡིན་པ། དཔེར་ན་སྲོག་གཅོད་པ་ལྟ་བུ། གཉིས་པ་བཅས་པའི་ལྟུང་བ་ནི། སྟོན་པ་སངས་རྒྱས་ཀྱིས་ཆོས་ཁྲིམས་བཅས་ཏེ་གཏན་ལ་ཕབ་པ། དེའང་སྡོམ་པ་མ་བླངས་བའི་གང་ཟག་ཕལ་བས་སྒྲུབ་ཀྱང་སྡིག་པར་མི་འགྱུར་བ། དཔེར་ན། རྩྭ་སྔོན་གཅོད་པ་དང་ས་རིས་འབྲི་བ་ལྟ་བུ། བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཉིས་ཀ་འབྱུང་བ་ནི་སྡོམ་ལྡན་ལ་སྲོག་གཅོད་ཀྱི་ཕམ་པ་བྱུང་བ་ལྟ་བུ་དང་། རང་བཞིན་གྱི་སྡིག་པ་ནི་མི་དགེ་བ་བཅུ་དང་མཚམས་མེད་པ་ལྔ་ལྟ་བུ། དེས་གང་ལ་སྒྲིབ་ཅེ་ན་མཐོ་རིས་ལྷ་མིའི་གོ་འཕང་ཐོབ་པར་སྒྲིབ་པར་བྱེད་དོ། །༢ ཉོན་མོངས་པའི་སྒྲིབ་པ་ནི། མི་དགེ་བཅུ་སོགས་ཀུན་ནས་སློང་བར་བྱེད་པའི་རྒྱུ་ཉག་གཅིག དེ་ལ་དབྱེ་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཚུར་བསྡུ་ན་ཉོན་མོངས་དུག་ལྔ་སྟེ། འདོད་ཆགས། ཞེ་སྡང་། ང་རྒྱལ། ཕྲག་དོག སེར་སྣ་བཅས་དང་། དེའང་བསྡུ་ན་དུག་གསུམ་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱི་ཁོངས་སུ་འདུ། དེའི་རྩ་བ་ནི་ཚུལ་མིན་ཡིད་བྱེད་ཀྱི་ཀུན་རྟོག་འདིར་འདུའོ། །འདིས་གང་ལ་སྒྲིབ་ཅེ་ན་ཐར་བ་ཉན་རང་གི་གོ་འཕང་ཐོབ་པ་ལ་སྒྲིབ་པར་བྱེད་དོ། །༣ ཤེས་བྱའི་སྒྲིབ་པ་ནི། ཇི་སྐད་དུ། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །ཅེས་གསུངས་པ་ལྟར་འཁོར་གསུམ་ལ་བདེན་པར་ཞེན་པའི་རྟོག་པའོ། །དེའང་སྒྲིབ་གཉིས་དྲི་མ་ཞེས་པ་ནི་ཉོན་སྒྲིབ་དང་ཤེས་སྒྲིབ་འདི་གཉིས་ཡིན་ནོ། །༤ བག་ཆགས་ཀྱི་སྒྲིབ་པ་ནི། མདོ་ལྟར་ན་ཤེས་སྒྲིབ་ཕྲ་བར་འཇོག་པ་དང་། སྔགས་ལྟར་ན་སྣང་གསུམ་འཕོ་བའི་བག་ཆགས་ཏེ། རྒྱུན་མཐའི་བར་ཆད་མེད་ལམ་དུ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གཞོམ་བྱ་ཡིན། དེ་ལྟའི་ཤེས་སྒྲིབ་ཕྲ་བའམ་བག་ཆགས་ཀྱི་སྒྲིབ་པ་དེས་གང་ལ་སྒྲིབ་ཅེ་ན་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སྒྲིབ་པའོ། །དེ་ལྟ་བུའི་སྒྲིབ་ཚུལ་ཐ་དད་པའི་སྒོ་ནས་བསྒྲིབ་པར་འགྱུར་བ་ནི་གང་ཞེ་ན། རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་སམ་ཆོས་ཉིད་དེ་བཞིན་ཉིད་དམ་ཡང་དག་པའི་མཐའམ་བདེ་གཤེགས་སྙིང་པོ་ལ་སོགས་པ་དོན་གཅིག་མིང་གི་རྣམ་གྲངས་ཙམ། དེའང་སྒྲིབ་གཅིག་སྒྲིབ་གཉིས་སྒྲིབ་གསུམ་སྒྲིབ་བཞི་སོགས་གང་ལྟར་བརྗོད་ཀྱང་དོན་དུ་འཁྲུལ་བ་གཞི་ལ་དག་ན་སྒྲིབ་པ་ངང་གིས་སེལ་ཡོང་། ཆོས་ཉིད་དོན་གྱི་གནས་ལུགས་སམ་གཤིས་ལ་སྒྲིབ་པ་གང་ཡང་མ་གྲུབ། འཁྲུལ་བ་གློ་བུར་གྱི་དྲི་མས་ཉི་མ་སྤྲིན་གྱིས་གཡོག་པ་ལྟར་གྱུར་པ་ལ་སྒྲིབ་ཅེས་པའི་ཐ་སྙད་བཏགས། དེ་ལྟར་སྒྲིབ་པའི་ཕྱིར་སྡིག་སྒྲིབ་སྦྱང་བས་སྒྲིབ་པ་འདག་པས་ན་སྦྱོང་དགོས་ཏེ། ཇི་སྐད་དུ། སྒྲིབ་པ་དག་ན་རྟོགས་པ་ངང་གིས་འཆར། །ཞེས་གསུངས་ཏེ། ཡང་དག་ཡེ་ཤེས་ཀྱི་རྟོགས་པའམ་སྤང་རྟོགས་མཐར་ཕྱིན་པ་དག་པ་གཉིས་ལྡན་གྱི་ངོ་བོ་ཡེ་ཇི་བཞིན་པ་དེ་བཞིན་མངོན་དུ་བྱེད་པ་དེ་ཉིད་ཡིན་ནོ།།

གཉེན་པོ་སྟོབས་བཞི་བཤད་པ།

སྤྱིར་སྡིག་སྒྲིབ་བཤགས་ལུགས་ལ་སོར་བྱང་སྔགས་གསུམ་གྱི་སྐབས་སོ་སོར་འཆགས་ཐབས་བསྟན་མོད། གང་ལྟར་ཡང་གཉེན་པོ་སྟོབས་བཞི་མ་ཚང་ཐབས་མེད་དུ་གྱུར་ཡོད། དེའང་སྦྱང་བྱ་སྡིག་པའི་སྒོ་དྲུག སྦྱོང་བྱེད་གཉེན་པོ་སྟོབས་བཞི། སྦྱོང་ཚུལ་སྦྱོར་དངོས་རྗེས་གསུམ་ཚང་བ། སྦྱངས་འབྲས་བྱང་ཞིང་དག་པར་གྱུར་པའོ། །སྦྱང་བྱ་སྡིག་པའི་སྒོ་དྲུག་ནི། དུས་ཀྱི་སྒོ། ཀུན་སློང་གི་སྒོ། བསགས་པའི་སྒོ། ངོ་བོའི་སྒོ། ཡུལ་གྱི་སྒོ། བྱེད་ལས་ཀྱི་སྒོ་བཅས་ཡིན་ཏེ། ༡དུས་ནི་འཁོར་བ་ཐོག་མེད་ནས་ད་ལྟའི་བར་བསགས་པ། ༢ཀུན་སློང་དུག་གསུམ་གྱིས་བསླངས་པ། ༣བསགས་པ་ལུས་ངག་ཡིད་གསུམ་གྱི་ལས། ༤ངོ་བོ་བཅས་དང་རང་བཞིན་གྱི་སྡིག་པ། ༥ཡུལ་སྲིད་དང་ཞི་བའམ་འཁོར་འདས་གང་ལ་བརྟེན་ནས་འགལ་ཉེས་བསགས་པ། ༦བྱེད་ལས་ཚེ་འདི་ཕྱི་གཉིས་ལ་མི་འདོད་པ་འདྲེན་པ་བཅས་སོ། །སྦྱོང་བྱེད་གཉེན་པོ་སྟོབས་བཞི་ནི། བགྲང་བའི་གོ་རིམ་ལྟར་ན་སུན་འབྱིན་པའི་སྟོབས། རྟེན་གྱི་སྟོབས། གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས། སོར་ཆུད་པའི་སྟོབས་བཅས་དང། བཤད་པའི་གོ་རིམ་ནི་འཆད་བདེ་གོ་སླའི་དབང་དུ་བྱས་ནས། རྟེན་གྱི་སྟོབས་དང་པོར་བཤད། དེ་ལ་འདིར་རྟེན་གྱི་སྟོབས་སོགས་འཆད་པར་བྱའོ།།

༈ དང་པོ་རྟེན་གྱི་སྟོབས་ནི།

སྡིག་པ་བཤགས་པའི་ཡུལ་དུ་སངས་རྒྱས་མགོན་པོ་འོད་དཔག་མེད་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་གཅིག་ཏུ་འདུས་པའི་ངོ་བོར་གསལ་བཏབ་ནས་རྟེན་དེའི་མདུན་དུ་འཆགས་པར་བྱེད་པའོ།

༈ གཉིས་པ་སུན་འབྱིན་པའི་སྟོབས་ནི།

ཆགས་མེད་བདེ་སྨོན་ལས། ཕ་མས་ཐོག་དྲངས་བདག་སོགས་འགྲོ་ཀུན་གྱིས། །ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད། །ཅེས་སོགས་གསུངས་པ་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཐོག་མ་མེད་ལྡན་འཁོར་བ་ནས། །ཚེ་རབས་འདི་འམ་གཞན་དག་ཏུ། །བདག་གིས་མ་འཚལ་སྡིག་བགྱིས་པ། །བགྱིད་དུ་བསྩལ་བ་ཉིད་དང་ནི། །གཏི་མུག་འཁྲུལ་བས་བདག་ནོན་ཏེ། །རྗེས་སུ་ཡི་རང་གང་བགྱིས་པ། །ནོངས་པ་དེ་ནི་མཐོང་གྱུར་ནས། །ཞེས་པ་ལ་སོགས་པ་གསུངས་པ་ལྟར་རོ། །དེའང་སྡིག་པ་དང་སྒྲིབ་པ་སྒོ་དྲུག་དང་འབྲེལ་བ་འདི་དག་རང་གིས་བགྱིས་པ་དང་། གཞན་ལ་བགྱིད་དུ་བཅུག་པ་དང་། གཞན་གྱིས་བགྱིས་པ་ལ་དགའ་བས་རྗེས་སུ་ཡི་རང་བྱས་པ་ཐམས་ཅད་ལུས་ཀྱིས་མི་འཆབ་པའམ་མི་སྐུང་། སེམས་ཀྱིས་མི་སྦེད་པའམ་མི་གསང་། ངག་གིས་མཐོལ་བའམ་བཤད་དེ་འཆགས་པར་བྱེད་པ། དེ་ལྟར་སྡིག་པ་ལ་ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས་དགོས། རང་རེས་གཞན་གྱིས་མ་མཐོང་སར་སྡིག་པའི་ལས་རེ་བྱས་མོད། རང་ལ་ཕམ་ཉེས་དེ་འདྲ་ཨེ་འབྱུང་སྙམ་པར་མི་བྱ་སྟེ། རྒྱལ་བ་སྲས་བཅས་ལ་མཁྱེན་པའི་མངོན་ཤེས་ལྡན་པར་མ་ཟད། ལྷ་དང་དྲང་སྲོང་གྲུབ་པའི་ཚོགས་ཀྱིས་མི་ཤེས་པ་མི་སྲིད་དོ། །ཞེས་གསུངས་ཡོད། མིག་ལྡན་བརྒྱ་ཡིས་བསྐོར་བའི་དབུས་སུ། ལོང་བས་རང་གིས་མ་མཐོང་བས་གཞན་གྱིས་ཀྱང་མི་མཐོང་སྙམ་པ་དང་གཅིག་མཚུངས་ཡིན། དེའི་ཕྱིར་སྔར་བྱས་ཀྱི་སྡིག་པ་ལ་ངོ་ཚ་འཇིགས་སྐྲག་འགྱོད་པ་ཆེན་པོས་བཤགས་པར་བྱ་ཞེས་གསུངས་པ་ལྟར། དེའང་ངོ་ཚས་གནོང་ཞིང་འཇིགས་སྐྲག་གིས་འགྱོད་དེ་འཆགས་པར་བྱེད་ན། དུས་ད་ལྟ་ཉིད་ནས་འདག་པར་ཁྱེད་ཀྱིས་མཁྱེན། ཁྱེད་ཀྱིས་དགོངས། སྙིང་རྗེས་གཟིགས། སྡིག་པ་ཆེན་པོ་འདི་མ་དག་པར་ང་རང་ཤི་བར་གྱུར་ནས་སྡིག་ཆེན་རི་རབ་ཙམ་དང་མཉམ་དུ་ཚེ་ཕྱི་མའི་ཡུལ་ལ་སོང་ན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། གཤིན་རྗེའི་ཕོ་ཉ་འཇིགས་འཇིགས་ལྟའི། །ཤ་ཚུགས་ཅན་གྱིས་བཟུང་གྱུར་ཅིང་། །འཇིགས་ཆེན་ནད་ཀྱིས་ཐེབས་གྱུར་པ། །རབ་ཏུ་ཉམ་ཐག་སྨྲོས་ཅི་དགོས། །ཞེས་གསུངས་པ་ལྟར་དང་། རྒྱལ་བོ་ལ་གདམས་པའི་མདོ་ལས། མལ་གྱི་ཐ་མར་ནི་ཉལ། སྲོག་ནི་ཅུང་ཟད་ཅིག གཤིན་རྗེ་སྐྱེས་བུ་ནི་འཇིགས་ཤིང་སྐྲག དེའི་ཚེ་ཆོས་མ་གཏོགས་སྐྱབས་གཞན་མེད། མགོན་གཞན་མེད། དཔུང་གཞན་མེད། གནས་གཞན་མེད། རྒྱལ་པོ་ཆེན་པོ་དེའི་ཚེ་ཆོས་ནི་སྐྱབས་དང་མགོན་དང་དཔུང་གཉེན་ཡིན་ཞེས་གསུངས་པ་ལྟར་རོ། །དེའང་རང་གཞན་སུའི་དོན་དུ་སྡིག་པ་བསགས་ཀྱང་ཐམས་ཅད་རིམ་གྱིས་འཆི་བར་ངེས་ལ། དེ་ཚེ་སྡིག་པ་ཁོ་ན་མ་གཏོགས་ཅི་ཡང་མེད་བསམ་དུས། དོན་མེད་དུ་སྡིག་པ་བསགས་པར་འགྱོད་པ་དང་དེའི་འབྲས་བུར་འཇིགས་སྐྲག་ཆེན་པོ་སྐྱེ་བ། དུག་ཁོང་དུ་སོང་བ་ལས་ཀྱང་སྡུག་སྙམ་པ་སྟེ། དུག་གིས་སྐྱེ་བ་གཅིག་གི་སྲོག་འདོར་བར་བྱེད་མོད། སྡིག་ཆེན་མ་བཤགས་པར་ཤི་ན་ཚེ་རབས་མང་པོ་རུ། དམྱལ་མེ་བཟོད་དཀས་ངེས་པར་བསྲེག །ཅེས་པ་ལྟར་ཡིན་པས་ན། འཇིགས་པར་བརྟགས་ལ་འགྱོད་པ་སྐྱེད། །ཅེས་གསུངས་པས་སྡིག་པ་མྱུར་བར་མི་བཤགས་པ་ནི་ལོངས་མེད་པར་ཤི་ན་ཅི་བྱ། སྤྱོད་འཇུག་ལས། བདག་ནི་སྡིག་པ་མ་བྱང་བར། །སྔོན་དུ་འགུམ་པར་འགྱུར་དུ་མཆི། །ཇི་ལྟར་འདི་ལས་ངེས་ཐར་བར། །མྱུར་བའི་ཚུལ་གྱིས་བསྐྱབ་ཏུ་གསོལ། །ཡིད་བརྟན་མི་རུང་འཆི་བདག་འདི། །བྱས་དང་མ་བྱས་མི་སྡོད་པས། །ཞེས་སོགས་གསུངས་པ་ལྟར་འཇིགས་པར་བརྟགས་པ་དང་། མྱུར་དུ་འབྲལ་དགོས་པར་བརྟགས་པ། འགྱོད་པར་བརྟགས་པ་གསུམ་ནི་སུན་འབྱིན་པའི་སྟོབས་ཀྱི་སྙིང་པོ་ཡིན་ནོ།།

༈ གསུམ་པ་སོར་ཆུད་པའི་སྟོབས་ནི།

སོར་ཆུད་པ་ཞེས་བ་སྐྱོན་གྱིས་མ་གོས་པར་སྔར་མུས་བཞིན་སོར་ཆུད་པ་སྟེ། དཔེར་ན། ཟླ་བ་གཟའ་ལས་གྲོལ་བ་བཞིན་ནོ། །སྡིག་པ་ལ་སྤྱིར་ཡོན་ཏན་མེད་ཀྱང་བཤགས་ན་འདག་པ་ནི་དེའི་ཡོན་ཏན་དུ་བགྲངས། ཆགས་མེད་བདེ་སྨོན་ལས། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་དགེའི་ལས། །ད་ནི་མི་བགྱིད་སེམས་ལ་དམ་བཅའ་བཟུང་། །བདེ་གཤེགས་འོད་དཔག་མེད་པ་སྲས་བཅས་ཀྱིས། །བདག་རྒྱུད་ཡོངས་སུ་དག་པར་བྱིན་གྱིས་རློབས། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འདི་ནི་བཟང་པོ་མ་ལགས་ཏེ། །སླན་ཆད་བདག་ནི་ཡོངས་མི་བགྱིད། །ཅེས་གསུངས་པ་ལྟར་དུག་གི་གནོད་པ་ཤེས་པའི་མིས་ཕྱིས་སུ་དུག་མི་འཐུང་བ་ཇི་བཞིན། རྣམ་སྨིན་གྱི་འབྲས་བུར་འཇིགས་སྐྲག་གིས་ཕྱིན་ཆད་སྲོག་ལ་ཐུག་ཀྱང་ཉེས་སྤྱོད་ཀྱི་ལས་མི་བགྱི་སྙམ་པའི་སྡོམ་སེམས་ཡོད་དགོས། དེའང་འགལ་ཉེས་དང་པོ་ནས་མི་ཤོར་བ་དང་། ཤོར་ན་བཤགས་པ་ནི་སྐྱེས་བུ་དམ་པའི་ལུགས་ཡིན་པར་གསུངས། འོན་ཀྱང་དམ་ཚིག་སོགས་ནི། མངའ་རིས་པཎ་ཆེན་ཀྱིས། ས་ཐོབ་ཡུན་དུ་འགོར་བས་མིག་ལྟར་སྲུང་། །ཞེས་པ་གསུངས་པ་ལྟར་འགལ་ཉེས་དང་པོ་ནས་མི་ཤོར་བ་གལ་ཆེའོ།།

༈ བཞི་པ་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ནི།

སྤྱིར་མི་དགེ་བའི་གཉེན་པོར་འགྱུར་བའི་དགེ་རྩ་སྒྲུབ་པ་ཐམས་ཅད་དོ། །དེ་ལྟར་སྨྲོས་ན་མཐའ་ཡས་པ་ཞིག་མཆིས་མོད། འོན་ཀྱང་འགྲུབ་སླ་ཞིང་ཕན་ཡོན་ཆེ་བའི་རིགས་བསྡུ་ན། གཉེན་པོ་ཀུན་ཏུ་སྤྱོད་པ་སྒོ་དྲུག་གསུངས་ཏེ། སངས་རྒྱས་བྱང་སེམས་ཀྱི་མཚན་གཟུང་བ་དང་གཅིག སྐུ་གཟུགས་མཆོད་རྟེན་བཞེངས་པ་དང་གཉིས། རྟེན་གསུམ་ལ་ཕྱག་སྐོར་མཆོད་པ་དང་གསུམ། མདོ་རྒྱུད་ཟབ་མོ་ཀློག་པ་དང་བཞི། ཡིག་བརྒྱ་སོགས་གཟུངས་སྔགས་བཟླ་བ་དང་ལྔ། སྟོང་ཉིད་བསྒོམ་པ་བཅས་དྲུག་ཏུ་གསུངས། དེ་ལྟར་སངས་རྒྱས་བྱང་སེམས་ཀྱི་མཚན་ལན་གཅིག་ཐོས་པར་ཡང་ཕན་ཡོན་དཔག་མེད་མཆིས་ན་དེ་ཙམ་ནི་བསྒྲུབ་མི་ནུས་པའང་མ་ཡིན་ལ། སྐུ་གཟུགས་དང་མཆོད་རྟེན་གཉིས་བདེ་བར་གཤེགས་པའི་སྐུ་རྟེན་དང་ཐུགས་རྟེན་ཡིན་པས། དེའི་ཤུགས་ལ་གསུང་རྟེན་བཞེངས་ནའང་ཕན་ཡོན་ཆེ་བས་སྡིག་སྒྲིབ་འདག་པ་གོ་སླ། དེ་བཞིན་གཤེགས་པའི་སྐུ་གཟུགས་གསར་དུ་བཞེངས་ན་སྨྲོས་ཅི་དགོས། རལ་བ་དང་གས་པ་བཅོས་ཀྱང་རིགས་ངན་པར་མི་སྐྱེ་ཞིང་ཡན་ལག་མ་ཚང་བར་མི་འགྱུར་ལ། མཚམས་མེད་པའི་ལས་བསགས་ཀྱང་དམྱལ་བར་སྡུག་བསྔལ་ཆེན་པོ་མྱོང་མི་དགོས་པར་ཐར་ནས་ཐེག་གསུམ་གང་རུང་དུ་ཚུད་དེ་མཐར་སྡིག་པ་འདག་པར་ཡང་གསུངས་སོ། །དཔེར་ན། ལུས་ལ་མི་གཙང་བས་གོས་ཚེ་དག་པར་བཀྲུས་ཤིང་དྲི་བཟང་གིས་བྱུག་ན་གཙང་བར་འགྱུར་བ་དང་། དེ་བཞིན་མེ་ཡི་ཕུང་པོས་མར་ཚིག་ན་དུ་བའང་མི་མངོན་པར་འགྱུར་བ་ལྟར་སྡིག་པ་འདག་པར་མདོ་ལས་གསུངས། གཞན་ཡང་གཙུག་ཏོར་དྲི་མེད་ཀྱི་མདོ་རུ། མཆོད་རྟེན་ཚད་ལྡན་བཞེངས་ལུགས་བསྟན་པའི་མཇུག་ཐོག་ཏུ། མཆོད་རྟེན་གཅིག་བཞེངས་ན་སངས་རྒྱས་གང་གཱའི་ཀློང་གི་བྱེ་མ་སྙེད་ཁྲག་ཁྲིག་ཁྲི་འབུམ་གྱི་དེ་བཞིན་གཤེགས་པ་ལ་བརྟེན་ནས་དགེ་བའི་རྩ་བ་བསྒྲུབས་པ་ཡིན། མཚམས་མེད་པའི་ལས་ཀྱང་འདག་པར་འགྱུར་གསུངས། དེ་བཞིན་དུ་གསུང་རབ་འབྲི་འཆང་ཀློག་པར་ཡང་ཕན་ཡོན་དེ་དང་འདྲ་བ་མཆིས་ཚུལ་ནི། བཟང་པོ་སྤྱོད་པའི་སྨོན་ལམ་ལས། མཚམས་མེད་ལྔ་པོ་དག་གི་སྡིག་པ་རྣམས། །གང་གིས་མི་ཤེས་དབང་གིས་བྱས་པ་དག །དེ་ཡིས་བཟང་པོ་སྤྱོད་པ་འདི་བརྗོད་ན། །མྱུར་དུ་མ་ལུས་ཡོངས་སུ་བྱང་བར་འགྱུར། །ཞེས་དང་། གང་ཡང་བཟང་པོ་སྤྱོད་པའི་སྨོན་ལམ་འདི། །འཆང་བ་དང་ནི་སྟོན་ཏམ་ཀློག་ན་ཡང་། །དེ་ཡི་རྣམ་པར་སྨིན་པའང་སངས་རྒྱས་མཁྱེན། །བྱང་ཆུབ་མཆོག་ལ་སོམ་ཉི་མ་བྱེད་ཅིག །ཅེས་ཐེ་ཚོམ་བྱ་མི་དགོས་པར་གསུངས། དེ་ལྟར་སྐུ་གཟུགས་མཆོད་རྟེན་ལ་དད་པ་སྐྱེད་ནའང་བྱིན་རླབས་ཆེ་ཞིང་སྒྲིབ་སྦྱོང་དུ་འགྱུར་མོད། དེ་བས་ཀྱང་གསུང་རབ་ནི་དེ་བཞིན་གཤེགས་པའི་སྐུ་དངོས་སུ་མཇལ་ནས་ཆོས་ཉན་པ་དང་ཁྱད་མེད་པར་བླང་དོར་གྱི་གནས་སྟོན་པས་ན། གསུང་རབ་འཆད་ཉན་སྤེལ་གསུམ་དང་འབྲི་འཆང་ཀློག་གསུམ། ད་དུང་དཔེ་རྒྱུན་སྤེལ་བ་དང་དེ་ལས་ཀྱང་དག་པར་འཆོས་པ་ནི་བསྟན་ལ་བྱ་བ་ཆེན་པོ་བྱས་པ་ཡིན་པས་ན། བརྒྱ་བཤིགས་སྟོང་སྒྲུབ་ཀྱིས་འུར་སྒྲ་ཆེན་པོ་ཅི་འདྲ་རྒྱག་པ་ལས་ཀྱང་དགེ་རྩ་རྣམ་དག་དང་དམ་པའི་མཛད་པར་གྱུར་འདུག་བསམ་བཞིན་ཡོད། དེ་ལྟར་བསམ་པ་ཙམ་ནི་གང་ཟག་གཅིག་གི་ལྟ་ཚུལ་ཡིན་པས་མཐའ་གཅིག་ཏུ་ངེས་པ་མེད་ནའང་དཔྱད་པ་བཏང་ཆོག་གོ །གཞན་ཡང་རྟེན་གསུམ་ལ་ཕྱག་དང་སྐོར་བ་བྱེད་པ་ནི་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལས་སྡིག་སྒྲིབ་འདག་པའི་ཐབས་གཅིག་ཡིན་ཞིང་། དེ་ལ་རྟེན་ཞེས་པ་དཀོན་མཆོག་གསུམ་གྱི་རྟེན་ནམ་རྒྱལ་བའི་གསང་གསུམ་གྱི་རྟེན་ལ་གོ་དགོས། ཕྱག་འཚལ་བའི་ཕན་ཡོན་གོང་དུ་བཤད་པ་ལྟར་ལ། སྐོར་བ་བྱས་པའི་ཕན་ཡོན་ནི་ཁྱིམ་བདག་དཔལ་སྐྱེས་སྔོན་ཕག་ཏུ་སྐྱེས་པ་ན་ཁྱིས་དེད་ནས་མཆོད་རྟེན་ཞིག་ལ་བསྐོར་བ་ལན་གཅིག་བྱས་པའི་ཕན་ཡོན་ཀུན་གྱིས་ཤེས་པ་ལྟར་རོ། །འདིར་ཕྱག་དང་མཆོད་པ་སྐོར་བ་མཎྜལ་འབུལ་བ་སོགས་ཚོགས་གསོག་ཐབས་བཅུ་དང་། ཁྱད་པར་དུ་སྔགས་ཀྱི་ཚོགས་མཆོད་དང་། ཚོགས་འཁོར་དང་། རུ་བཞིའི་བཤགས་པ་དང་། ཟུང་བཞིའི་བསྐང་བ། རྡོ་རྗེ་སློབ་དཔོན་གྱི་ཐུགས་མཉེས་ཐབས་སོགས་ནི་ཚོགས་གསོག་གི་ཐབས་ལམ་རྨད་དུ་བྱུང་བའོ། །ཇི་སྐད་དུ། བསོད་ནམས་ནང་ནས་ཚོགས་འཁོར་མཆོག །ཚེ་འདིའི་བསམ་པ་ཀུན་འགྲུབ་ཅིང་། །བགེགས་དང་བར་ཆད་ཞི་བ་དང་། །ཕྱི་མ་རིག་འཛིན་རྒྱལ་བའི་ཞིང་། །ཀུན་ཏུ་བཟང་པོ་ཐོབ་པར་འགྱུར། །ཞེས་དང་། དེ་བཞིན་བླ་མ་མཉེས་པའི་ཕན་ཡོན་ནི། རྒྱུད་གསང་བ་སྙིང་པོ་ལས། བླ་མ་དཀྱིལ་འཁོར་ཐམས་ཅད་ཀྱི། །དབང་བྱས་ལོངས་སྤྱོད་དངོས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨྲོས་ཅི་དགོས། །ཉེས་པ་ཐམས་ཅད་འདག་པ་དང་། །ཡོན་ཏན་ཐམས་ཅད་ཐོབ་པར་འགྱུར། །ཞེས་པ་ལྟར་རོ། །དེ་བཞིན་དང་པོ་སངས་རྒྱས་བྱང་སེམས་ཀྱི་མཚན་གཟུང་བ། གཉིས་པ་སྐུ་གཟུགས་མཆོད་རྟེན་བཞེངས་པ། གསུམ་པ་རྟེན་གསུམ་ལ་ཕྱག་མཆོད་སྐོར་བ་བྱེད་པ། བཞི་བ་མདོ་རྒྱུད་ཟབ་མོ་ཀློག་པ། ལྔ་བ་གཟུངས་སྔགས་བཟླ་བ། དྲུག་པ་སྟོང་ཉིད་བསྒོམ་པ། དེའང་སྤྱིར་སངས་རྒྱས་ཀྱི་བཀའ་གང་བཀླག་ཀྱང་ཕན་ཡོན་ཆེ་མོད། སྡིག་སྒྲིབ་སྦྱོང་བ་ལ་ཆེད་དུ་གསུངས་པ་ནི་ཕུང་པོ་གསུམ་པའི་མདོ་དང་། ཐར་བ་ཆེན་པོའི་མདོ། དྲི་མེད་བཤགས་རྒྱུད་སོགས་ཟབ་ཅིང་དེ་དག་གི་ཕན་ཡོན་གྱི་ཚད་ནི་རང་གཞུང་ན་གསལ་བར་བསྟན་པ་བཞིན་ནོ། །དེ་ལྟར་བདག་གིས་ཀྱང་སྔོན་ཤྲཱི་སེང་ཧའི་བཤད་གྲྭ་ཐོག་མར་ཚུགས་དུས་ཞབས་རིམ་དུ་རང་ཉིད་ཚོགས་ཞུགས་དང་དབུ་མཛད་བྱས་ཏེ་ཤེར་ཕྱིན་མངོན་རྟོགས་རྒྱན་གྱི་རྩ་བ་བཟླས་གྲངས་བསགས་ཚུལ་དེ་རིང་འདིར་བཞུགས་མཁན་སྤྲུལ་རྒན་རིམ་པ་དག་གིས་མཁྱེན། གཟུངས་སྔགས་བཟླ་བ་ནི། འདིར་ཁྱད་པར་སྡིག་བཤགས་སུ་དཔལ་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་བརྟེན་ནས་ཡིག་བརྒྱ་བཟླ་བ་དང་། དེ་བཞིན་ས་ཏྭའམ་ཡིག་དྲུག་བཟླ་བ། ལྷག་པར་མི་འཁྲུགས་པའི་གཟུངས་བཟླས་ན་སྡིག་པ་འདག་སྟོབས་ཤིན་ཏུ་ཆེ། དེ་དག་ལན་བདུན་ནམ་ཉེར་གཅིག་བརྗོད་ན་སྡིག་པ་འདག་ཚུལ་ན་རག་དོང་སྤྲུགས་སོགས་སུ་གསུངས་པ་ལྟར་རོ།།

སྟོང་ཉིད་བསྒོམ་པ་བྱེ་བྲག་ཏུ་བསྟན་པ།

ཇི་སྐད་དུ་ཐར་བ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འགྱོད་ཚངས་བྱེད་འདོད་ན། །དྲང་པོར་འདུག་ལ་ཡང་དག་ལྟོས། །ཡང་དག་ཉིད་ལ་ཡང་དག་ལྟོས། །ཡང་དག་མཐོང་ན་རྣམ་པར་གྲོལ། །འདི་ནི་འགྱོད་ཚང་མཆོག་ཡིན་ནོ། །ཞེས་གསུངས་པ་ལྟར་འགྱོད་པའི་སྒོ་ནས་ཉེས་ལྟུང་དག་ཅིང་ཚངས་པའམ་གཙང་མར་འགྱུར་བ་ནི། ལོ་སྔོན་མར་བླ་མའི་རྣལ་འབྱོར་འཆད་སྐབས་སུ། སྟོང་གསལ་མཐའ་དབུས་བྲལ་བ་ཆོས་ཀྱི་དབྱིངས། །འཛིན་མེད་འོད་གསལ་རིག་སྟོང་རྗེན་པའི་གཤིས། །ཡེ་ཤེས་གཅིག་གི་ངོ་བོར་རོ་གཅིག་པ། །མ་བཅོས་མཉམ་པ་ཆེན་པོའི་ཀློང་དུ་ཨ། །ཞེས་པའི་ཚིག་བཞི་འདི་འགྲེལ་དུས་སུ་ཡང་ཡང་སྨྲས་པ་བཞིན་ཡིན་མོད། །འུ་བུ་ཅག་གིས་ནམ་རྒྱུན་འདི་ལྟར་ཆོས་འཆད་ཉན་བྱེད་པ་ལའང་རྟག་འཛིན་བྱ་མི་རིགས་ཤིང་། གལ་ཏེ་དད་དམ་འགྱུར་མེད་མ་ཡིན་ན་ལོ་རེ་བཞིན་ཆོས་གྲལ་འདིར་ཞུགས་ཀྱང་མི་སྲིད་ལ། ཁྱེད་སློབ་ཚོགས་དགེ་བསྙེན་ཕོ་མོ་ཁྲི་ཕྲག་གི་གྲངས་ལོངས་པ་ཐམས་ཅད་མི་གཅིག་འདྲ་བ་ཞིག་ཡིན་པར་བཤད་དཀའ་མོད། སྔགས་ཀྱི་དམ་ཚིག་ལ་འགལ་ཉམས་འདས་རལ་ཆེན་པོ་མ་སོང་བར། དོན་མཐུན་ཆོས་ཀྱི་གྲོགས་པོ་ཡིན་པའི་ངོས་ནས་བླ་མའི་རྣལ་འབྱོར་འདི་སྨིན་ཁྲིད་ལྟར་བཤད་པ་ཡིན་པས་ན། ཁྱེད་ཅག་མི་སྐྱ་ཕོ་མོ་རྣམས་ཀྱིས་ཀྱང་བསྒོམ་པར་བྱོས། ཁྱེད་ཅག་ལ་སངས་རྒྱས་མི་ཆོག་པའི་ཁྲིམས་འདྲ་ཡོད་པ་མིན་ན་ཅིའི་ཕྱིར་སྒོམ་མི་རྒྱག་པ་ཡིན། སྒོམ་ཡོད་ཚད་དེ་འདྲའི་ཁ་ནས་གླེང་མི་ཕོད་པ་ཞིག་ཀྱང་མིན་ཏེ། ཕྱི་རོལ་མུ་སྟེགས་པས་ཀྱང་སྒོམ་རྒྱག་ལ། ནང་བའི་ཐེག་པ་ཆུང་ངུ་ཡན་ཆད་ནས་གསང་ཆེན་སྔགས་ཀྱི་ཐེག་པའི་བར་ཐམས་ཅད་ཀྱིས་དང་པོ་འཆད་ཉན་དང་། མཐར་ཉན་བསམ་བྱས་ཚད་བསྒོམ་པ་ལ་གཏུག་ཡོད་ཅེས་ད་ལོའང་བཤད་ཟིན། དེ་མིན་འཇིག་རྟེན་པའི་ལམ་གཟུགས་གཟུགས་མེད་ཀྱི་ལྷ་ལུས་ལེན་པར་ཡང་རྒྱུ་སྙོམས་འཇུག་གི་བསམ་གཏན་བསྒོམས་ནས་འབྲས་བུ་སྐྱེ་བའི་བསམ་གཏན་འགྲུབ་དགོས་ཤིང་། དབང་རབ་རྟོགས་གྲོལ་དུས་མཉམ་གྱི་བདག་པོ་རེ་མིན་ན་ཕལ་ཆེ་བས་ན་འཇིག་རྟེན་པའི་བསམ་གཏན་མི་བརྒྱུད་པར་འཇིག་རྟེན་ལས་འདས་པའི་བསམ་གཏན་ལ་ཐོད་རྒལ་གྱིས་མཆོང་བགྲོད་བྱེད་ནུས་པ་དཀའོ། །དེའི་ཕྱིར་སེམས་གནས་པའི་ཐབས་དགུ་ལ་སོགས་པ་མ་བསྟེན་པར་འདོད་སེམས་རྩེ་གཅིག་པ་ཙམ་ཡང་འབྱུང་དཀའ་བར་བསམས་ནས། དང་པོ་ལུས་ཀྱི་འདུག་སྟངས་དང་དེ་ནས་སེམས་ཀྱི་བཞག་ཐབས་བསླབ་པ་ཡིན། དེའི་ཕྱིར་ཉིན་སྔོན་མ་གཉིས་ལ་དེ་ལྟར་སྦྱངས་ཤིང་། སྤྱིར་ཚིག་བཤད་པའི་སྙིང་པོ་དོན་ལ་སྦྱོར་དགོས་པས་ན། བརྗོད་བྱའི་དོན་གསེར་ལྟ་བུའི་དངོས་པོ་དེ་མུན་ནག་གི་ཀློང་ནས་འཚོལ་དུས། རྗོད་བྱེད་ཚིག་སྒྲོན་མེའི་འོད་ལྟ་བུ་ལ་བསྟེན་དགོས་པ་ཇི་བཞིན། དོན་གྱི་སྟོང་ཉིད་ཉམས་སུ་མྱོང་བར་དང་པོ་བྱེད་པ་ཚིག་གི་སྟོང་ཉིད་ལ་བརྟེན་ནས་གནས་ལུགས་ཀྱི་དོན་སྤྱི་མཐོང་ན། དེ་ཉིད་གོམས་པ་བརྒྱུད་དེ་སྟོང་ཉིད་སྤྲོས་པ་དང་བྲལ་བ་གསལ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་མཚན་ཉམས་སུ་མྱོང་། དེ་ཚེ་སྒྲ་ཚིག་གི་རྗེས་སུ་འབྲང་བ་མ་ཡིན་པར་དོན་ལ་མཁས་པ་རྣམ་པར་མི་རྟོག་པའི་དབྱིངས་ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་དུ་འགྱུར་རོ།།

བདེན་བཞི་ལྟར་མདོ་ཙམ་བརྗོད་པ།

ཚུལ་འདི་བདེན་བཞི་ལྟར་བརྗོད་ན། སོ་སོའི་སྐྱེ་བོའི་ཕུང་པོ་ལྔ་ནི་སྡུག་བསྔལ་དང་ཀུན་འབྱུང་གཉིས་ཆར་ཡིན་ཞིང་། ང་དང་བདག་ཅེས་པའི་གདགས་གཞི་ནི་བཏགས་ཡོད་མིང་རྐྱང་ཙམ་ལས་དོན་ལ་བདེན་པར་མ་གྲུབ་པ་མཐོང་ནས་དེར་གོམས་ན་གང་ཟག་གི་བདག་མེད་དང། ཕུང་པོ་ལྔ་ནི་མི་རྟག་པ་དང་། སྡུག་བསྔལ་བ། ལུས་ནི་མི་གཙང་བ་དང་ངོ་བོ་མེད་པ། རང་བཞིན་གྱིས་སྟོང་པ། དཔེར་ན། སྒྱུ་མ་གཟུགས་བརྙན་རྨི་ལམ་ལྟ་བུ་ཡིན་པའི་དོན་ཡིད་ལ་ཡང་ཡང་གོམས་ན་ཆོས་ཀྱི་བདག་མེད་རྟོགས་པར་འགྱུར་ཞིང་། བདག་མེད་རྣམ་གཉིས་རྟོགས་པའི་ཤེས་རབ་ནི་ལམ་བདེན་ཡིན་ལ། དེས་ཕུང་བོ་ལ་བདག་གཉིས་སུ་མི་ཞེན་པར་མ་ཟད་ཞེན་ཅིང་ཆགས་པའི་ཉོན་མོངས་སྤོང་ལ། དེ་སྤངས་པས་དེས་ཀུན་ནས་བསླངས་བའི་ལས་མི་བྱེད་པས་འགོག་པར་ཞུགས། དེ་ལ་སྙིང་རྗེའི་སེམས་བསྐྱེད་ཀྱིས་ཟིན་ན་ཚོགས་གཉིས་ཡོངས་སུ་རྫོགས་པར་འགྱུར་རོ།།

སྐུ་གསུམ་ཡེ་ཤེས་གཅིག་གི་ངོ་བོར་ཡེ་ནས་གནས་ཚུལ།

དེའང་དབྱིངས་ནང་གསལ་སྐྱེ་མེད་མཐའ་དབུས་དང་བྲལ་བ་ཆོས་སྐུའི་དགོངས་པ་དང་། མདངས་ནང་གསལ་གསལ་སྟོང་འགག་པ་མེད་པ་འཛིན་མེད་ཀྱི་འོད་གསལ་ལོངས་སྐུའི་དགོངས་པ། དེ་ལས་གདངས་ཕྱི་གསལ་རིག་སྟོང་རྗེན་པའི་སྣང་བ་ཅིར་ཡང་འཆར་ཞིང་ཅི་ཡང་སྣང་བ་ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུའི་དགོངས་པ། དེ་ལྟར་སྐུ་གསུམ་ཡེ་ཤེས་གཅིག་གི་ངོ་བོར་ཡེ་གནས་སུ་ཡོད་པ་ལམ་དུས་སུ་མངོན་དུ་བྱས་ཏེ་འབྲས་དུས་སུ་མངོན་གྱུར་བྱུང་བ་ལ། གཞི་ལྷུན་གྲུབ་ཀྱི་སངས་རྒྱས་དང་ལམ་དག་པ་མངོན་གྱུར་གྱི་སངས་རྒྱས་དང་འབྲས་བུ་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་བྱའོ། །འདིའི་གོ་རིམ་ནི་མ་དག་མ་དག་དག་པ་ཤིན་ཏུ་དག་པ་གསུམ་ཡིན། དེ་ལྟར་བཤད་ན་མི་སྐྱ་ཕོ་མོ་རྣམས་ཀྱིས་གོ་ཐུབ་མིན་མི་ཤེས་མོད། བག་ཆགས་ཙམ་རེ་བཞག་ནའང་རྒྱུད་ལ་ཕན་ཐོག་ཆེན་པོ་འབྱུང་བས་མ་འོངས་པར་འབྲས་བུ་འབྱིན་ནོ། །འཁོར་འདས་ཐམས་ཅད་ཀྱི་བྱེད་པོ་ནི་སེམས་ཡིན་ལ། སེམས་ནི་སྟོང་ཉིད་ཅི་ཡང་མ་ཡིན་པ་སྟེ་ཆོས་ཅན་སེམས་ཀྱི་ཆོས་ཉིད་ནི་སྟོང་པ་ཉིད་དོ། །དེའང་ཕར་ལ་བསྐོར་ན་སེམས་སྟོང་པ་ཉིད་དང་། ཚུར་ལ་བསྐོར་ན་སྟོང་པ་ཉིད་སེམས་ཡིན། སེམས་ལས་སྟོང་པ་ཉིད་གཞན་མ་ཡིན་ལ། སྟོང་པ་ཉིད་ལས་ཀྱང་སེམས་གཞན་མ་ཡིན་ནོ། །འདི་ནི་སྟོང་ཉིད་བཞི་སྦྱོར་གྱི་ངེས་ཤེས་ཡིན་ལ། ངེས་ཤེས་དེ་བློ་གཞན་གྱིས་མི་འཕྲོག་པ་ཞིག་སྐྱེས་ན་སྟོང་དང་རྟེན་འབྱུང་འགག་པ་མེད་པ་སྟོང་བས་སྣང་བ་ལ་མ་གོས་ཤིང་སྣང་བས་སྟོང་བ་ལ་མ་བསྒྲིབས་པར་སྟོང་རྟེན་འབྱུང་དབྱེར་མེད་ཟུང་འཇུག་ཏུ་ཤར་བ་ཡིན། དེ་ཚེ་དྲང་པོར་བསྡད་དེ་ཡང་དག་ལ་བལྟས་ན་བལྟ་བྱ་དང་ལྟ་བྱེད་མཐོང་ཡུལ་དང་མཐོང་མཁན་གཉིས་སུ་མེད་པ། ཡང་དག་ཉིད་ལ་ཡང་དག་ཏུ་མཐོང་བས། ཡང་དག་གཉིས་མེད་མཉམ་པའི་དོན་ཅན་ཆོས་དང་ཆོས་ཅན་ཤེས་དང་ཤེས་བྱ་རོ་གཅིག་པ། དེ་ལྟར་ཡང་སྟོང་ཉིད་མེད་པ་བྱང་ཆད་ཀྱི་མཐའ་ལ་མ་ལྷུང་ཞིང་། གཉིས་ཆོས་ཀྱི་འཁྲུལ་བ་སངས་ནས་གཉིས་མེད་ཀྱི་ཡེ་ཤེས་རྒྱས་པ་ལ་སངས་རྒྱས་ཞེས་བྱའོ། །གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་ལ་དབྱེ་སྒོ་དྲུག་ཡོད་པ་ལས་མཆོག་གྱུར་སྟོང་ཉིད་བསྒོམ་ཚུལ་དེ་ལྟར་ཡིན། དེའི་ཡོན་ཏན་ནི་གོང་དུ་བདེ་བ་ཅན་གྱི་ཞིང་འཆད་སྐབས་སྨྲོས་པ་བཞིན་སངས་རྒྱས་ཐམས་ཅད་སེམས་ཅན་གྱི་ཚུལ་བཟུང་བའམ། མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི་གྲངས་དང་མཉམ་པའི་སངས་རྒྱས་ཀྱིས་སེམས་ཅན་གྱི་སྒྲ་སྐད་ལྟར། སྟོང་ཉིད་ཐུན་གཅིག་བསྒོམ་པའི་ཕན་ཡོན་བསྐལ་བར་ཡང་བརྗོད་མི་ནུས་ཏེ། ཅིའི་ཕྱིར་ཞེ་ན། སྤྲོལ་བྲལ་གྱི་དོན་ནི་སྤྲོས་པའི་ཚིག་གིས་མཚོན་དུ་མེད་པའི་ཕྱིར་རོ། །སྤྱིར་ལམ་ལ་ཞུགས་ནས་འབྲས་བུ་མངོན་དུ་བྱེད་པ་ཡིན་ན། འདི་ནི་འབྲས་བུ་དངོས་ལ་ཞུགས་ནས་དེ་ཉིད་ལམ་དུ་བྱེད་པ་ཡིན་པས་ཚོགས་གཉིས་སྟབས་གཅིག་ཏུ་རྫོགས་ཏེ་སྒྲིབ་གཉིས་དྲུངས་ནས་དབྱུང་ཞིང་སྐུ་གཉིས་མངོན་དུ་འགྱུར་བ་ཡིན་པས་སྡིག་སྒྲིབ་འཇོམས་པའི་གཉེན་པོ་མཆོག་ཏུ་གྱུར་པའོ། །འདིར་ངག་འདོན་ལ་སྦྱར་ཏེ་རྡོར་སེམས་བསྒོམ་བཟླས་ཀྱི་བསྐྱེད་རྫོགས་ཉམས་ལེན་དང་བསྟུན་ན་གཙོ་བོ་བདུད་རྩི་འབེབས་སྦྱོང་གི་དམིགས་རྣམ་གསལ་དགོས། དེ་བཞིན་བདག་དོན་ཆོས་སྐུའི་བཟླས་པ་དང་། གཞན་དོན་གཟུགས་སྐུའི་བཟླས་པའི་སྐབས་སུ་སྟོང་ཉིད་དང་སྙིང་རྗེ་ཟུང་འཇུག་བསྒོམ་ཞིང་མཐར་དམིགས་མེད་འཛིན་རྟོག་བྲལ་བའི་ངང་ལ་མཉམ་པར་བཞག དེའང་བློས་བྱས་བདེན་འཛིན་གྱི་སྤྲོས་པ་མེད་པས་སྟོང་བའི་ཆ་ནས་ཡོད་པར་མ་བཟུང་། བདེན་སྟོང་སྒྱུ་མ་ལྟ་བུའི་བརྗོད་མེད་རྟེན་འབྲེལ་གསལ་བའི་ཆ་ནས་མེད་པར་མ་བཟུང་བ། ཕྱོགས་རིས་ཞེན་འཛིན་དྲུངས་ནས་འབྱིན་པར་བྱེད་པ་ཤེར་ཕྱིན་དབུ་མ་ཆེན་པོའི་ལྟ་བ་སྐྱོང་དགོས། དེའང་གོ་བ་མྱོང་ཐོག་དང་། མྱོང་བ་དོན་ཐོག་ཏུ་ཁེལ་བ་ལ། ཡིན་ལུགས་བསམ་མནོ་དང་བྲལ་བའི་རང་བཞིན་རང་གིས་ཐག་ཆོད་པ་མ་བྱུང་བར་དུ། དམ་པའི་ལུང་དང་། བརྒྱུད་པའི་མན་ངག་མཁས་གྲུབ་ཀྱི་གདམས་ངག་ལ་མི་འབྲལ་བ་ནི་དོན་གྱི་མདོ་འགག་ཡིན་ནོ།།

མཇུག་མཐའི་ཞལ་གདམས།

དེ་རིང་ཆོས་མཚམས་འདིར་བཞག་སྟེ། སང་ཉིན་རྗེས་སུ་ཡི་རང་གི་ཡན་ལག་ནས་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་། རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་གཉིས་གྲུབ་པར་བྱས་ཚེ་ཐེངས་འདིའི་ཡང་གྱེས་ཕྱག་འབུལ་བ་ལ་ཉེ། འདི་ནས་སྔོན་འགྲོའི་ངག་འདོན་གྱི་ལུང་ཞིག་འདོན་དགོས་པར་བསམ། ཚོགས་གྲལ་འདིར་སྔོན་འགྲོ་འབུམ་ལྔ་བསགས་ཟིན་པའི་དགེ་བསྙེན་མང་ཞིང་། གསོག་བཞིན་པ་དང་གསོག་པར་གྲ་སྒྲིག་བྱེད་མཁན་ཡང་མང་པོ་ཡོད་སྲིད་པས་དེ་དག་གི་དགོས་མཁོར་དམིགས་པ་ཡིན། སྤྱིར་ལོ་ན་རྒན་གཞོན་ཚང་མས་ཡི་གེ་སྦྱོང་བ་གལ་ཆེ་སྟེ། ཡིག་ངོ་ཐོགས་རྡུག་མེད་པ་ཞིག་ཤེས་ན་དཔེ་ཆ་གང་ལ་བལྟས་ཀྱང་གོ་དོན་ཚགས་སུ་ཆུད་པས་རང་ཉིད་ཀྱིས་ཆོས་ཉམས་སུ་ལེན་པ་ལའང་ཕན་ཐོག་ཆེན་པོ་ཡོད། དེའི་ཕྱིར་བོད་རང་གི་ཡི་གེའི་ཡིག་རྨོངས་སེལ་བ་འདི་དོན་ཆེ། འཛམ་བུ་གླིང་འདིར་ཡིག་རིགས་མང་པོ་ཞིག་རིམ་གྱིས་ཉམས་བཞིན་ཡོད་ལ་དེ་ནི་རང་ཉིད་ཀྱིས་བརྒྱུད་འཛིན་མ་ནུས་པའི་དབང་གིས་ཡིན་ཞིང་། ཕྱོགས་གཅིག་ནས་བཤད་ན་ཡིག་རིགས་མ་ཟད་མི་རིགས་ཀྱི་ངོ་བོ་ཉམས་པའང་སྲིད་པས་སྐད་ཡིག་ཉམས་པར་ཧ་ལས་དགོས་དོན་ཆེར་མེད་ནའང་། འོན་ཀྱང་བོད་ཀྱི་སྐད་ཡིག་འདིའི་སྟེང་དུ་ནི་འཛམ་གླིང་རིག་གནས་བང་མཛོད་ཁྲོད་ཀྱི་ནོར་བུའི་རྒྱན་གཅིག་ནང་པའི་བསྟན་པའི་ཆོས་དང་རིག་གཞུང་ཆ་ཚང་བཞུགས་པས། སྐད་ཡིག་གཞན་གྱིས་དེའི་ཚབ་བྱེད་མི་ནུས་ལ། མ་འོངས་འགྲོ་བ་མིའི་རིགས་ཀྱིས་ནང་སེམས་ཀྱི་བདེ་སྐྱིད་འཚོལ་བ་དམིགས་འདུན་གཙོ་བོར་བྱེད་པའི་དུས་ལ་སླེབས་ཚེ། འཛམ་གླིང་ཞི་བདེའི་སྨན་ནི་འདི་ཉིད་ཁོ་ན་མ་གཏོགས་གཞན་གང་གིས་ཀྱང་བྱ་མི་ནུས་པས། དེ་ཉིད་རྒྱུད་ལྡན་ནི་བོད་མི་ཡིན་ན་བོད་གདོང་དམར་གྱི་ངོ་བོ་ཤེས་རིག་དང་བཅས་པ་བརླག་པར་མི་བྱེད་པ་ནི་ཅི་ནས་ཀྱང་གལ་ཆེ། དེ་ནི་འགྲོ་བ་མིའི་རིགས་ཀྱི་སྤྱི་དོན་ཞིག་ཀྱང་ཡིན། མཁས་པའི་ནོར་ནི་འཛམ་གླིང་ནོར་གྱི་མཆོག་གྱུར་ཡིན་པས་བདག་གིས་ནམ་རྒྱུན་བཤད་པ་བཞིན་ལོ་ཉུང་ཉི་ཤུའི་ན་ཚོད་ཅན་དག་གིས་རྒྱུ་ནོར་དང་རྒྱན་ཆའི་ཐད་ནས་ཡར་ལ་མ་བལྟ་མར་ལ་ལྟོས། ཆོག་ཤེས་མེད་ན་ནོར་གྱིས་ཕོངས་བར་བྱེད་ལ་རྫོད་པར་ཡང་བྱེད། ཤེས་རིག་ཡོན་ཏན་གྱི་ཐད་ནས་མར་ལ་མ་བལྟ་ཡར་ལ་ལྟོས། ཡོན་ཏན་ལ་ངོམས་པ་དང་ཚིམ་པ་མེད་པར་སྦྱོངས། ཚེ་འདི་ཕྱིའི་རང་གཞན་གཉིས་དོན་འགྲུབ་པའི་བློ་སྒོ་ནི་ཡོན་ཏན་ལྡན་པའི་ནང་ཤེས་རིག་གི་སྟེང་ནས་འབྱེད་པ་ཡིན། ཚེ་ཕྱི་མར་ཡང་བཅོལ་བའི་ནོར་བཞིན་ལེན་ཆོག་གོ །དེ་ལས་གཞན་དོན་མེད་ཆུད་ཟོས་སུ་གཏོང་བ་རང་བཞིན་འཇིག་རྟེན་གྱི་སྟོན་མོ་ཆེན་པོ་བྱེད་ཚུལ་ལྟ་བུ། སྲོག་གཅོད་ཀྱིས་འབག་ནས་གཉེན་སྟོན་བྱེད་ཚུལ་དེའང་མི་རིགས་ཏེ། ད་ལོ་དེ་ལྟར་བྱས་ཀྱང་སང་ཕོད་དེའི་ཉེར་ལེན་གྱིས་ཆུང་སྲི་ངན་པ་རྒྱུན་མི་འཆད་པར་འབྱུང་ཉེན་ཆེ། དེ་མིན་ཡང་སྐྱིད་སྔོན་དུ་སོང་བ་ཚང་ཞིང་སྡུག་རྗེས་སུ་ཡོང་བར་སླ། དེ་བས་དགེ་ཚུལ་སློང་གི་དགེ་འདུན་བཞི་གྲྭའམ་བརྒྱད་གྲྭ་གདན་དྲངས་ཏེ་མཎྜལ་བཞི་ཆོག་དང་མར་མེ་ཁྲི་མཆོད་འགའ་རེ་ཕུལ་དང་དེ་ལས་ལྷག་པའི་འཕྲལ་ཡུན་གཉིས་ལ་དགེ་ཞིང་བཀྲ་ཤིས་པ་ཞིག་མེད། དེ་མིན་གཞན་ཚོགས་འཁོར་ཚད་ལྡན་རེ་སྐོར་དང་དེ་ལས་ལྷག་པ་ཅི་དགོས། དེ་དག་ནི་རང་བཞིན་འཕྲོས་གཏམ་དུ་སྨྲས་པའོ། །མཚམས་འདིར་ཐོག་མར་སྔོན་འགྲོའི་ངག་འདོན་གྱི་ལུང་འདོན་པར་བྱ། རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་གི་སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་རྣམ་མཁྱེན་ལམ་བཟང་བཞུགས་སོ། །ཞེས་པ་སོགས་ལྗགས་ལུང་གནང་ངོ་།།

ཉིན་གསུམ་པར་ཁྱིམ་པ་ཕོ་མོ་རྣམས་ལ་སྒོམ་རྒྱག་ཚུལ་སྨིན་ཁྲིད་གནང་བ།

ད་ནི་འུ་ཅག་གིས་ཆུ་ཚོད་སྐར་མ་བཅུའི་ཡུན་ལ་སྒོམ་རྒྱག་དགོས། སྒོམ་རྒྱག་པ་ནི་དཔེ་ཆ་པའི་ཆོས་སྐད་ལྟར་ན་ནང་དུ་ཡང་དག་འཇོག་ཅེས་ཟེར། དེའི་དོན་ནི་ཇི་སྐད་དུ། ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་ནས་རྣམ་པར་གྲོལ། །ཞེས་པ་ལྟར་ཡང་དག་པའི་དོན་མཐོང་ན་རྣམ་པར་གྲོལ་བའི་དགོས་པ་ཡོད། དེའང་རང་རེ་རྣམས་ལ་མཚོན་ན་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལས་གཙོ་བོ་ཞིང་ཁམས་རྟེན་དང་བརྟེན་པ་ཡིད་ལ་བྱེད་པ་ཉམས་ལེན་ཐུན་དུ་བཅད་དེ་རང་རྒྱུད་ལ་སྦྱོར་ཐབས་བྱེད་པ་ཡིན། འདི་ཉིད་ཆེ་ས་ནས་བཤད་ན། བསྐྱེད་རིམ་དང་འབྲེལ་བའི་འོད་དཔག་མེད་ཀྱི་གསལ་སྣང་མཚན་མ་ཅན་བསྒོམ་པ་དང་། རྫོགས་རིམ་དང་འབྲེལ་བའི་སངས་རྒྱས་ཀྱི་ཐུགས་དང་རང་གི་སེམས་དབྱེར་མེད་དུ་འདྲེས་ནས་མཚན་མེད་དམིགས་བསམ་བརྗོད་བྲལ་ལ་མཉམ་པར་བཞག་པ་མ་ཡིན་ནམ། དེ་ལྟ་ན་བསྐྱེད་རིམ་གྱིས་བསོད་ནམས་ཀྱི་ཚོགས་རྫོགས་ཤིང་རྫོགས་རིམ་གྱིས་ཡེ་ཤེས་ཀྱི་ཚོགས་རྫོགས་པས་ན། གཞི་བདེན་གཉིས་ཟུང་འཇུག་གཞིར་བྱས། ལམ་ཚོགས་གཉིས་ཟུང་འཇུག་ལ་བརྟེན་པས། འབྲས་བུ་སྐུ་གཉིས་ཟུང་འཇུག་རྒྱལ་བའི་རྒྱལ་ས་ལ་སླེབས་པ་ནི་ལོང་བའི་ལག་མགོ་ནས་ཁྲིད་པའི་དཔེ་དོན་ཡིན། དེ་མིན་ཆུང་ས་དམའ་ས་ནས་བཤད་ན། རང་རེས་བསྒོམ་པ་འདི་སྟོང་ཉིད་རྗེས་མཐུན་པ་ཙམ་ཡང་མིན་པར་སུས་ཀྱང་བཤད་མི་ནུས། འདིར་སྟོང་ཉིད་ཅེས་པ་གོང་དུ་སོར་ཆུད་པའི་སྟོབས་དྲུག་གི་ནང་ཚན་དུ་རྒྱས་པར་བཤད་པ་དེ་ཉིད་ཐུན་གཅིག་བསྒོམས་པས་སྡིག་སྒྲིབ་རི་རབ་ཙམ་འདག་པའི་ཕན་ཡོན་ཅན་དེ་ཉིད་དོ། །དེ་ལ་ཁ་སང་ཡན་ཆད་བདེ་བ་ཅན་གྱི་ཞིང་གི་གཙོ་བོ་མགོན་པོ་འོད་དཔག་མེད་ཀྱི་སྐུ་མཚན་དཔེ་གསལ་རྫོགས་ཀྱི་རྣམ་པ་འཕོ་བའི་མན་ངག་བཞིན་སྤྱི་གཙུག་ཏུ་བསྒོམ་པ་ཡིན་ལ། དེ་རིང་གཙོ་བོ་གསུམ་པོ་བསྒོམ་དགོས་ཏེ། གང་ཞེ་ན་དབུས་ན་མགོན་པོ་འོད་དཔག་མེད་དང་། གཡས་སུ་འཕགས་པ་སྤྱན་རས་གཟིགས། གཡོན་དུ་བྱང་སེམས་མཐུ་ཆེན་ཐོབ། དེའང་ཆགས་མེད་རིན་པོ་ཆེས། གཙོ་བོ་གསུམ་པོ་རི་རྒྱལ་ལྷུན་པོ་བཞིན། །ལྷང་ངེ་ལྷན་ནེ་ལྷམ་མེར་བཞུགས་པའི་འཁོར། །ཞེས་གསུངས་པ་ལྟར་རམ་རང་རེའི་ཞིང་སྒྲུབ་ཆོ་ག་དཔག་མེད་མྱུར་ལམ་ལྟར་བསྒོམ་པར་བྱ་སྟེ། འདི་ནི་སྤྱི་བོའི་གཙུག་ཏུ་བསྒོམ་པ་མ་ཡིན་པར་རང་གི་མདུན་གྱི་བར་སྣང་ལ་རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་ཁྲི་རྨ་བྱས་ཟློས་གར་རྩེན་པའི་སྟེང་དུ། སངས་རྒྱས་འོད་དཔག་མེད་སྐུ་མདོག་པདྨ་ར་གའི་ལྷུན་པོ་ལ་ཉི་མ་བྱེ་བས་འཁྱུད་པ་ལྟ་བུའི་གཟི་མདངས་ཅན། ཕྱག་གཉིས་མཉམ་བཞག་དང་ཞབས་རྡོ་རྗེ་དཀྱིལ་ཀྲུང་གིས་བཞུགས་པ། ཕྱག་ན་ལྷུང་བཟེད་བདུད་རྩིས་གང་བ་བསྣམ་པ། དར་དམར་སེར་གྱི་ཤམ་ཐབས། སྔོན་པོའི་བླ་གོས། དམར་པོའི་སྣམ་སྦྱར་ཞེས་ཆོ་གར་གསུངས་ཞིང་། དེ་བཞིན་དབུའི་གཙུག་ཏོར་བལྟར་མི་མངོན་པ་སོགས་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ། འོད་དང་འོད་ཟེར་འཕྲོ་བའི་བདག་ཉིད། སྐུ་བརྗིད་པ་རི་རྒྱལ་ལྷུན་པོ་ལྟ་བུ་ཞིག་ཏུ་བསྒོམ། དེའི་གཡས་ཕྱོགས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་སྐུ་མདོག་དཀར་གསལ་ཞི་འཛུམ་བཞད་པའི་ཚུལ་ཅན་འགྲོ་བའི་དོན་ལ་བཞེངས་སྟབས་མཛད་པ་ཞིག གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་སྐུ་མདོག་སྔོན་པོ་བཻ་ཌཱུརྱ་ཞུན་མའི་མདངས་ཅན་འགྲོ་བའི་དོན་ལ་བཞེངས་སྟབས་ཅན། བྱང་ཆུབ་སེམས་དཔའ་རྣམ་གཉིས་ཀྱིས་ཕྱག་གཡས་པ་མཆོག་སྦྱིན་གྱི་ཕྱག་རྒྱ་དང་། གཡོན་པས་པད་དཀར་དང་ཨུཊྤ་ལའི་སྡོང་བུ་འཛིན་པ། ལོངས་སྤྱོད་རྫོགས་སྐུའི་དར་དང་རིན་པོ་ཆེའི་རྒྱན་ཆས་བརྒྱན་པ་བདེ་ཆེན་ཞིང་ཐང་ཇི་བཞིན་གསལ་འདེབས་ལ་སྦྱོངས། དེའང་ལྷ་བསྒོམ་དུས་ཐོག་མར་ཡིད་ཀྱི་ཡུལ་དུ་དོན་སྤྱི་ཙམ་བསྒོམ། དེ་ནས་དབང་པོའི་ཡུལ་དུ་མངོན་སུམ་བལྟས་པས་མཐོང་ཞིང་རེག་པས་ཟིན་པ་ཞིག་ཏུ་རིམ་གྱིས་གོམས་པར་བྱ། ཐེངས་རེར་སྐུ་མདོག་དང་བཞུགས་སྟངས་ལ་དམིགས་པ་གཏད། ཐེངས་རེར་རྒྱན་དང་ཆ་ལུགས་ལ་དམིགས་པ་གཏད། ཡང་ཐེངས་རེར་དག་དྲན་བྱ་སྟེ། ཞལ་གཅིག་ཐིག་ལེ་ཉག་གཅིག་མཚོན་བྱེད། ཕྱག་གཉིས་ཐབས་ཤེས་ཟུང་འབྲེལ་མཚོན་བྱེད་སོགས་མཚོན་དོན་ནམ་དག་དྲན་ལ་བསམ་ནས་བསྒོམ་པར་བྱ། འགའ་ཞིག་གིས་བསྒོམ་རྒྱག་པ་ནི་དཀའ་མོ་རང་འདུག་དེ་ལས་སྐོར་བར་རྒྱུག་པ་སླ་སྙམ་པ་འབྱུང་སྲིད་མོད། དེ་ནི་དཔེར་ན་རྒྱལ་བོ་ཁྲི་སྟེང་ནས་མར་ཕབ་སྟེ་ཐབ་ལས་བྱེད་དུ་བཅུག་པ་དང་འདྲ། སྒོམ་རྒྱག་པ་ནི་དཀའ་ཁག་མི་ཆེ་སྟེ། སྒོམ་ནི་ཉོ་མི་དགོས་ལ་འཁུར་མི་དགོས་ལས་ཀ་བྱེད་མི་དགོས། སེམས་ཀྱིས་བསམ་བློ་གཏོང་བ་ཙམ་ཡིན་པས་ལས་སླ་སྟེ། སེམས་ཀྱིས་སྐད་ཅིག་ལ་འཛམ་གླིང་སྐོར་ཆོག རང་ཉིད་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའང་བསམ་ཆོག རང་ཁྱིམ་གྱི་མི་གཅིག་ཕྱི་རོལ་ཏུ་སོང་ན་དེའི་རྣམ་པ་བཀྲ་ལམ་མེར་ཡིད་ལ་གསལ་ཆོག་སྟེ། དེའང་འབད་རྩོལ་མེད་པར་མིང་གིས་བོས་པ་ཙམ་གྱིས་ཡིད་ངོར་ཤར་ཡོང་། དེ་བཞིན་དུ་མགོན་པོ་འོད་དཔག་མེད་གཙོ་འཁོར་གྱི་གསལ་སྣང་ནི་མཚན་བརྗོད་པ་ཙམ་གྱིས་ཡིད་ལ་གསལ་བར་ལྷམ་མེར་འཆར་ཐུབ་པ་ཞིག་བྱུང་ན། ལུས་འདི་བརྗེས་མ་ཐག་ཕ་ཁྱིམ་དུ་བུ་འགྲོ་བ་ལྟར་ཁྱོད་སུ་ཡིན་གང་ཡིན་དྲི་མི་མེད་པར། ཕར་ལ་བཙལ་ན་བུ་གཅིག་པུའི་མ་ལྟར་བརྩེ་བས་ཁྱོད་ངོ་མི་ཤེས་མི་གསུངས་ངེས་ཅན་ཡིན། ཚེ་འདིའི་བར་ཆད་སེལ་བའང་དེ་བཞིན་ནོ། །དེའི་ཕྱིར་མཚན་རྨི་ལམ་དུ་སངས་རྒྱས་འོད་དཔག་མེད་མ་མཇལ་བར་བསྒོམ་དགོས། ད་ནི་ཆུ་ཚོད་སྐར་མ་ལྔའི་ཡུན་ལ་འུ་ཅག་གིས་སྒོམ་བྱེད། ལུས་ཀྱི་འདུག་སྟངས་དང་སེམས་ཀྱི་གཞག་ཐབས་ནི་ཡང་བསྐྱར་བརྗོད་མི་དགོས་པས། ལུས་རྣམ་སྣང་ཆོས་བདུན་གྱིས། སེམས་དུས་གསུམ་གྱི་རྣམ་རྟོག་གི་དབང་དུ་མི་གཏོང་བར་མགོན་པོ་འོད་དཔག་མེད་དང་། འཕགས་པ་སྤྱན་རས་གཟིགས། མཐིང་མདོག་ཕྱག་ན་རྡོ་རྗེ་རྣམ་གསུམ་བསྒོམ་དགོས། འདིར་འུ་ཅག་གིས་ངག་འདོན་བསྡུས་པ་ཞིག་བཏོན་རྗེས་སྒོམ་ལ་འཇུག མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་པ་དབྱངས་དང་བཅས་ལན་གསུམ་གྱི་མཐར་མཉམ་པར་ཞོག དེ་ཙམ་གྱིས་ཆུ་ཚོད་སྐར་མ་ལྔ་ལོན་བྱུང་། དེ་ནི་བསྐྱེད་རིམ་དང་འབྲེལ་བའི་མཚན་བཅས་ཀྱི་སྒོམ་ཡིན། ད་ནི་དེ་དང་འབྲེལ་བའི་རྫོགས་རིམ་སྟེ་ཅི་ཡང་མི་བསམ་པར་མཚན་མ་མེད་པའི་ངང་དུ་མཉམ་པར་འཇོག་པ་ནི། གོང་དུ་བསྒོམ་པའི་མགོན་པོ་འོད་དཔག་མེད་གཙོ་འཁོར་གསུམ་ལས་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་པ་རྣམ་གཉིས་འོད་དཔག་མེད་ལ་ཐིམ་པར་བསྒོམ། འོད་དཔག་མེད་ཀྱང་འོད་དུ་ཞུ་ནས་རང་ལ་ཐིམ་པས་བདག་དང་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་ཐམས་ཅད་བྱང་། སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ། རང་གི་སེམས་ཀྱི་ཆོས་ཉིད་དེ་བཞིན་གཤེགས་པའི་ཐུགས་དང་དབྱེར་མེད་དུ་འདྲེས་པར་བསམ་ནས། དམིགས་བསམ་བརྗོད་པ་དང་བྲལ་བའི་ཏིང་ངེ་འཛིན་རྩེ་གཅིག་གི་ངང་དུ་གཞག་བྱ་འཇོག་བྱེད་དང་བྲལ་བར་མཉམ་པར་གཞག་པར་བྱ། དེ་ཙམ་གྱིས་སྔོན་རྗེས་གཉིས་ལ་དུས་ཚོད་སྐར་མ་བཅུ་ལོན་བྱུང་། དང་པོ་བསྐྱེད་རིམ་དང་འབྲེལ་བའི་དམིགས་གཏད་མཚན་མ་ཅན་བསྒོམས་ནས་དམིགས་བཅས་བསོད་ནམས་ཀྱི་ཚོགས་བསགས། དེ་རྗེས་རྫོགས་རིམ་དང་འབྲེལ་བའི་དམིགས་མེད་མཚན་མ་བྲལ་བའི་ངང་དུ་བཞག་སྟེ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་བསགས། དེ་ནི་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཐབས་ཡིན་པས་འདིར་འུ་ཅག་གིས་དེ་ལ་སྦྱོང་བར་བྱེད་པ་ཡིན། དེ་ལྟར་སྦྱང་བའི་དགོས་པ་ནི་ཁྱེད་ཅག་ཕྱིར་རང་ཁྱིམ་དུ་ལོག་རྗེས་ལག་ལེན་དུ་བཏབ་སྟེ་བསྒོམ་ཤེས་པའི་ཆེད་དུ་ཡིན། སྡིག་སྒྲིབ་འདག་པ་ལ་སྟོང་ཉིད་བསྒོམ་པ་ལས་ལྷག་པ་ཞིག་གར་ཡང་མེད། ཚོགས་རྫོགས་པ་ལ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སྟབས་གཅིག་ཏུ་རྫོགས་པ་ལ་མཉམ་པར་འཇོག་པ་ལས་ལྷག་པ་ཞིག་གར་ཡང་མེད། དེའི་ཉམས་ལེན་གནད་དུ་དྲིལ་ནས་རང་རྒྱུད་ལ་སྦྱོར་བར་མཐར་ཐུག་སྒོམ་པ་ལས་གལ་ཆེ་བ་གཞན་མེད་པས་ཕྱིན་ཆད་ཀུན་གྱིས་སྒོམ་རྒྱག་དགོས། སེམས་ཀྱིས་ཏིང་ངེ་འཛིན་བསྒོམ་པར་གོམས་ན་ནམ་ཞིག་ཉམས་ལེན་དེ་དང་འབྲལ་མི་ཕོད་པ་བདེ་བ་དང་གསལ་བ་དང་མི་རྟོག་པའི་ཉམས་གསུམ་རང་ཤུགས་སུ་འབྱུང་། སྤྱིར་སེམས་དང་ལྡན་པ་ཐམས་ཅད་ཀྱིས་དོན་དུ་གཉེར་བྱ་ནི་བདེ་བ་ཡིན་ལ། དེ་ཐོབ་པའི་ཆེད་དུ་ཉིན་མི་དལ་ཞིང་མཚན་མི་ཁོམ་པར་མ་ཟད་གཉིད་ཐུན་ཙམ་རེའི་རྨི་ལམ་དུའང་བདེ་བའི་ཆེད་དུ་རྒྱུག་པ་ཡིན། ས་ཆེན་པོ་འདི་ཆགས་ཚུན་ཆད་ལོ་ངོ་དུང་ཕྱུར་མང་པོར་བདེ་བ་ཕྱི་ནས་བཙལ་ཞིང་། དེའང་ཕྱིའི་དངོས་པོ་རྒྱུ་ནོར་གྱི་གསེང་ནས་བདེ་བ་ཞིག་རྙེད་ཨེ་ཡོང་རེ་ནས་ད་བར་དུ་བཙལ་ཡང་བདེ་བ་ཕྱི་ནས་རྙེད་ཐབས་མ་མཆིས་ཏེ། རྒྱུ་ལོངས་སྤྱོད་གསོག་ནུས་སུ་ཆུག་ཀྱང་རྒྱུ་ནོར་ཅི་ཙམ་ཆེ་ན་སྡུག་བསྔལ་དེ་ཙམ་ཆེ། འདི་ལ་གསོག་དང་སྲུང་དང་བརླགས་པའི་སྡུག་བསྔལ་ཡོད་དེ། དང་པོ་རྙེད་པ་གསོག་པའི་སྡུག་བསྔལ། བར་དུ་ལོངས་སྤྱོད་སྲུང་བའི་སྡུག་བསྔལ། ཐ་མར་མཐོ་མཐའ་ལྷུང་བ་དང་འབྱོར་མཐའ་རྒུད་པ་ཆོས་ཉིད་ཡིན་པས་བརླགས་པའི་སྡུག་བསྔལ་ཆེ། གལ་ཏེ་མི་བརླག་ཏུ་ཆུག་ཀྱང་ཟང་ཟིང་སྒྱུ་མའི་ནོར་རྫས་ནི་ཕྱི་མའི་ཡུལ་དུ་འཁྱེར་ས་དང་འདེད་ས་མེད་པས། ཤི་རན་དུས་དེར་ཞེ་ཆགས་ཏེ་རྡོ་ལྗི་མོ་ཞིག་སྐེ་ལ་བཏགས་ནས་མཚོ་གཏིང་མེད་ཅིག་ཏུ་ལྕེབ་པ་ཇི་བཞིན་ཐར་བའི་གེགས་སུ་འགྱུར། དེའི་ཕྱིར་བདེ་སྐྱིད་དངོས་ནི་ནང་སེམས་ཀྱི་སྟེང་ནས་རྙེད་དགོས་ཤིང་། དེའང་རང་གིས་བསྒོམ་བརྒྱབ་ནས་ཏིང་ངེ་འཛིན་གྱིས་ཉམས་སུ་མྱོང་ནས་རྙེད་དགོས་ལ། སེམས་ཀྱི་བསམ་པའི་སྟོབས་ནི་རྒྱ་ཆེ་ཞིང་ལུས་ངག་གི་སྟོབས་ནི་རྒྱ་ཆུང་ངོ་། །དེའི་ཕྱིར་སེམས་ཀྱིས་དགེ་བ་སྒྲུབ་པ་སྟོབས་ཆེན་རྒྱལ་པོ་ལྟ་བུ་དང་། ལུས་ངག་གཉིས་ཀྱིས་སྒྲུབ་པ་སྟོབས་ཆུང་བ་བྲན་གཡོག་ལྟ་བུ་ལས་མི་འགྲུབ། སྤྱིར་བསམ་པའི་སྟོབས་ནི་དེ་ལྟའི་རྒྱ་ཆེ་བ་ཡིན་མོད་རང་རེ་རྣམས་ཀྱིས་བེད་སྤྱོད་བྱ་མ་ནུས་པར་འགྲོ་བ་མིའི་རིགས་ཀྱི་ནུས་པའི་འབྱུང་ཁུངས་ཆེན་པོ་ཞིག་དེར་ཆུད་ཟོས་སུ་གཏོང་བཞིན་ཡོད། དེས་ན་ནང་བསམ་པའི་གཏེར་མཛོད་ཀྱི་སྒོ་འབྱེད་པའི་ལྡེ་མིག་ནི་དམ་པའི་ཆོས་དང་མཁས་པའི་གཞུང་ལུགས་ལས་འབྱུང་ཞིང་། གལ་ཏེ་ལྡེ་མིག་དེ་ཉིད་ལག་ཏུ་སོན་ནས་སྒོ་འབྱེད་ནུས་ན་གསེར་དང་དངུལ་དང་བཻ་ཌཱུརྱའི་མཛོད་ཟད་མི་ཤེས་པ་ཡོད་པ་བཞིན། ནང་སེམས་ཀྱི་བདེ་སྐྱིད་ཟག་མེད་ཀྱི་ལོངས་སྤྱོད་དེའི་ཚུལ་ནི་བདེ་བ་ཅན་དུ་སྐྱེས་པས་མ་གཏོགས་ཤེས་མི་ནུས་པ་ཞིག་ཡོད། བདེ་བ་ཅན་དུའང་ལྡེ་མིག་དེ་ཉིད་བཟུང་ནས་འགྲོ་དགོས་པས་སྒོམ་རྒྱག་པ་ནི་དཔེར་ན། འཚོ་བའི་ཆ་ཤས་མེད་དུ་མི་རུང་བ། དེ་རིང་ཟས་མ་ཟོས་ན་མི་རུང་བ་དང་། གཉིད་ཆག་ན་མི་རུང་བ་ལྟར་སྒོམ་ཏིང་ངེ་འཛིན་གྱི་འཚོ་བ་མེད་ན་འདུག་ཐབས་མེད་པ་ཞིག་གྱིས་དང་། སྐྱིད་ཀྱི་གོང་ནོན་དང་སྡུག་གི་སྐྱོ་གྲོགས་ཐམས་ཅད་དེས་ཆོག དུས་རྒྱུན་ཁྱིམ་གཟའ་ཟླའི་ནང་དང་གྲོགས་དགའ་མཛའི་བར་གང་ལ་ཐུག་ཀྱང་འཇིག་རྟེན་འཁོར་བའི་བྱ་གཞག་བརྗོད་པས་དོན་སྙིང་ཅི་ཡོད། ཡུལ་མི་ཁྱིམ་མཚེས་ལ་བླ་བཙག་རྐང་འདྲེན་བྱས་ན་མི་ལེགས། ཡུལ་དམ་པར་སྨད་ནས་དོན་མེད་སྡིག་ཆེན་བསགས་ན་དེ་བས་ངན། ངན་པ་འཇིག་རྟེན་ཁམས་སུ་མང་ཡང་གཞན་ངན་པས་རང་ལ་མི་གནོད་ཅིང་རང་བཟང་ན་དེས་ཆོག་པ་ཡིན། བཟའ་ཚང་ནང་འཛིང་གི་འཐབ་མོ་བྱེད་མི་རིགས། ཤི་དུས་ངུ་བ་ནི་དོན་མེད་ཡིན། ཕ་མ་རྒན་གསུམ་ལ་ཁའི་ཉི་མ་ཡིན་པས་ཁ་འཇམ་ལག་འཇམ་གྱིས་ཉིན་རེ་ཙམ་ལ་ཞབས་ཞུ་འགྲུབ་ཀྱང་རང་གི་བསོད་ནམས་ཡིན། ཡོན་ཏན་གྱི་ཞིང་ལ་དཀོན་མཆོག་ཡུལ་གཉན་ཞིང་། དྲིན་ལན་གྱི་ཞིང་ལ་ཕ་མ་ཡུལ་གཉན། གཏམ་ཕར་བཤད་ཚུར་ཉན་དམ་པའི་ཆོས་ཕྱོགས་དང་ཉམས་ལེན་གྱི་གནད་དུ་ཟུངས་དང་རང་གཞན་གཉིས་ལ་ཕན་ཐོག་ཆེན་པོ་དེ་ལས་འབྱུང་། འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཅན་ཡིན་པས་འདིར་འདུས་ཚང་མའང་སང་དང་གནང་ལ་འབྲལ་བར་འགྱུར་མོད། འདིར་ཆོས་ར་གཅིག་ཏུ་བསྒོམ་མཉམ་པར་བརྒྱབ་ཅིང་། ཐུན་མཉམ་པར་བསྡམས་པ་ཇི་བཞིན་རང་རེ་ཐམས་ཅད་འབྲལ་མེད་མཉམ་དུ་ཡོད་པར་སོམས། ཁྱད་པར་དུ་ཉམ་ཆུང་ཕལ་བའི་ཁྱིམ་ཚང་སྡེ་ཆེན་པོ་ཞིག་གི་རུ་སྒོ་མི་ཆོད་པ་དག་གིས་སྐྱིད་ན་བཤད་ས་དང་སྡུག་ན་ངུ་ས་བློ་ཡ་གྲོས་རོགས་སུ་བླ་རྒན་རྒས་བདག་ངེད་ཀྱང་ཡོད་བསམས་ནས་སྡོད་དང་། ངས་ཀྱང་ཆོས་ཉིད་བདེན་པའི་བྱིན་རླབས་དང་ཆོས་ཅན་རྟེན་འབྲེལ་བསླུ་མེད་ཀྱིས་དཔའ་གདེང་བསྐྱེད་ན་ཁྱེད་ཅག་གི་འདུན་པའི་སྟོབས་ཀྱིས་ཕན་རེ་ཐོག་སྲིད་ཅིང་། དེ་མིན་རང་ཤག་ཆུང་ཆུང་མཆོད་ཁང་ཆུང་ངུ་ནས་དེ་རིང་བཞིན་མཉམ་དུ་ཡོད་འདང་བརྒྱབ་ཆོག་པར་གསོལ་བ་སྨོན་ལམ་འདེབས། དེས་ནས་དེ་རིང་མཚམས་འདིར་ཚང་མ་བདེ་མོ་གྱིས། སང་ཉིན་ཡང་ཐེངས་གཅིག་མཇལ་ཡོང་། དེ་མིན་འདི་ནས་ནངས་ནུབ་ཡར་མར་ལ་འགྲོ་དུས་ལམ་ཇི་འདྲ་བདེ་ཡང་རླངས་འཁོར་དང་འཕྲུལ་རྟ་གཞན་རྐང་ཐང་ཡིན་ཡང་དལ་བར་གྱིས། སྐར་མ་འགའ་རེས་ཐོན་སྔ་ཕྱི་ལ་དགོས་པ་ཅི་ཞིག་ཡོད། རང་ཁྱིམ་གྱི་བདེ་སྡུག་ཆེ་སར་བསམ་བློ་བཏང་ནས་འགྲིམ་འགྲུལ་གྱི་བདེ་འཇག་ལ་གཟབ་དགོས་སོ། །དེ་ལྟར་ཆོས་འཆད་ཉན་སྒོམ་སྒྲུབ་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་ནས་རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་སྐུའི་ཚེ་ཞབས་པད་བརྟན་ཅིང་། དགེ་འདུན་གྱི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་ཀྱི་དཔལ་ལ་ལོངས་སྤྱོད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་འགྲོ་བའི་དོན་དུ་ཅི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམ་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཅི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

ཉིན་བཞི་བའི་བདེ་ཆེན་ཞིང་གི་སྨིན་ཁྲིད།

མཚམས་སྦྱོར་ཞལ་གདམས།

འདིར་ཡང་ཚང་མས་ངག་གི་སྨྲ་བ་བསྡམས་ཏེ། སྒོ་གསུམ་ཆུན་གཅིག་ཏུ་དྲིལ་ནས་དམ་པའི་ཆོས་འཆད་ཉན་ལ་འཇུག་པར་བྱ། མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གཅིག་ཀྱང་མ་ལུས་པ་སྡུག་བསྔལ་སྣ་ཚོགས་ཀྱིས་མནར་བའི་ཁམས་གསུམ་འཁོར་བའི་ཡ་ངའི་འཇིགས་སྐྲག་ཆེན་པོ་འདི་ལས་ཐར་བར་བྱ། ཐར་བ་དེའང་གཏན་བདེའི་གོ་འཕང་རྒྱལ་བ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ས་ལ་འགོད། དེ་ལྟར་འགོད་པའི་ནུས་མཐུ་དང་ལྡན་པ་ནི་རྫོགས་པའི་སངས་རྒྱས་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཉིད་ཡིན་པས་ན། དེ་ཉིད་ཀྱི་གོ་འཕང་ཅི་ནུས་ཀྱང་བསྒྲུབ་དགོས་སྙམ་པའི་བསམ་པ་བཟང་པོ་རྒྱ་ཆེ་བ་བྱང་ཆུབ་ཀྱི་སེམས་སྔོན་དུ་བཏང་བའི་སྒོ་ནས། ཐོག་མར་ཁ་ནང་དུ་ཕྱོགས་ཏེ་གང་བྱང་ཆུབ་སྒྲུབ་པ་པོ་རང་ཉིད་ཀྱི་མི་ཚེའི་སྔར་སོང་གི་བྱ་བ་ལ་ཕྱོགས་སྡོམ་ཞིག་བྱས་ན། ལོ་རེ་རེའི་ནམ་ཟླ་དུས་བཞིའི་ཟླ་བ་བཅུ་གཉིས་ལོ་རེར་བརྩིས་ནས་འཇིག་རྟེན་ཁམས་འདིར་ད་སྔོན་ཡན་ཆད་དུ་བསྡད་ཅིང་། ལོ་རེའི་ཉིན་ཞག་སུམ་བརྒྱ་དྲུག་ཅུར་ཉི་མ་གནམ་ལ་ཤར་བ་ནས་བཟུང་ལས་ཀ་སྣ་ཚོགས་པ་ཞིག་བསྒྲུབས་པ་ཡིན། དེའང་ནད་ཀྱིས་ཐེབས་ནས་མལ་དུ་ལྷུང་སྐབས་རེར་མ་གཏོགས་དེ་ལྟར་འདས། བཟའ་བ་བཏུང་བ་གཉིད་པ་དུད་འགྲོ་དང་ཐུན་མོང་དུ་གྱུར་པ་དེ་ཙམ་ལས་རང་གཞན་འཕྲལ་ཡུན་ལ་ཕན་པའི་བྱ་བ་ཅི་ཞིག་འགྲུབ་ཡོད་དམ། ཆོས་ལྡན་གྱི་ཡུལ་གྲུར་སྐྱེས་པའི་དུད་འགྲོའི་རྣ་བར་ཆོས་སྒྲ་ཐོས་པར་ཡང་མཐོ་རིས་དང་ཐར་བའི་ཕན་ཡོན་རེ་ཡོད་པས་ཕྱོགས་གཅིག་ནས་བསམ་ན། མ་མཐའ་ཡང་ཕྱུགས་ཟོག་གི་རྣ་ལམ་དུ་དཀོན་མཆོག་གི་མཚན་ཐོས་པའི་ཕན་ཡོན་དེ་ཙམ་ཞིག་རང་ལའང་ཡོད་ངེས་སྙམ་མོ། །ཕྱོགས་གཞན་ཞིག་ནས་བསམ་ན་དུད་འགྲོས་དད་པ་བྱེད་མི་ཤེས་ལ་དད་ལོག་ཀྱང་བྱེད་མི་ཤེས་མོད། འུ་བུ་ཅག་ནི་སྨྲ་ཤེས་དོན་གོ་བ་ཡིན་པས་སྤྱིར་དཀོན་མཆོག་གསུམ་ཀྱི་མཚན་དང་ཡོན་ཏན། ཁྱད་པར་སངས་རྒྱས་འོད་དཔག་མེད་ཀྱི་མཚན་དང་ཡོན་ཏན་རྣ་བར་ཐོས་ཚེ་དད་པ་དང་འདུན་པ་སྟོབས་སུ་གྱུར་ནས་སྨོན་ལམ་རྣམ་དག་བཏབ་ཅིང་སངས་རྒྱས་ཡིད་ལ་བྱེད་པར་གོམས་འདྲིས་བྱས་ན། བདེ་བ་ཅན་དུ་འགྲོ་བྱེད་ཀྱི་ལམ་ཡིག་དང་། རྟ་བྲོ་གྲོགས་གསུམ་ལྟ་བུའི་མཐུན་རྐྱེན་ལ་དེ་ལས་ལྷག་པ་མི་དགོས། གལ་ཏེ་ཡིད་མ་ཆེས་པར་ཐེ་ཚོམ་དང་ལོག་ལྟའི་དབང་དུ་སོང་ནས་དད་ལོག་སྐྱེས་ན། ཆོས་ཀྱིས་ཐར་བ་མི་ཐོབ་པར་མ་ཟད་དེ་ལས་ལྡོག་སྟེ་ངན་སོང་དུ་འགྲོ་བའི་རྒྱུའང་བྱེད་དོ། །དེ་ལྟར་མ་གྱུར་ཀྱང་ཡིད་ཆེས་བློ་གཏད་ཕེར་བའི་བློ་སྟོབས་ཀྱི་ནུས་པས་མ་འདང་བ་དང་། བླུན་ཞིང་རྨོངས་ཆེས་པའི་དབང་གིས་ཆོས་ཐོས་ཚད་རྣ་བའི་ལྟག་རྒྱབ་ཀྱི་རླུང་ལྟར་གྱུར་ན་དུད་འགྲོ་དང་ཁྱད་ཆེན་པོ་མ་ཞུགས་སོ། །དེའི་ཕྱིར་ན་ཆོས་འཆད་པ་པོ་ཐ་མལ་བ་གཞན་རྒྱུད་མཁྱེན་པའི་མངོན་ཤེས་མེད་པ་བདག་འདྲ་བས་རང་རྒྱུད་གཞན་ལ་བཀབ་ནས་བཤད་ན་ཅུང་ཟད་བཟང་ངམ་སྙམ་པ་ཡིན། ལྟར་སྣང་ལ་ཆོས་པའི་གཟུགས་འཆང་བ་ཡིན་ན་དེ་དང་མཐུན་པའི་ལུས་ངག་གི་ཆོས་དང་། ཟང་ཟིང་རྒྱུ་ནོར་གྱི་ཚོགས་གསོག་ཕྲན་བུ་རེ་ཡུལ་སྲོལ་གྱི་གོམས་གཤིས་དང་མཐུན་པར་ཕར་བརྟེན་ཚུར་བརྟེན་གྱིས་སྒྲུབ་པའི་རྣམ་འགྱུར་རེ་སྟོན་མོད། དེའང་ཆོས་བརྒྱད་ཀྱི་དབང་དུ་མ་སོང་བ་ཞིག་དང་། ཁྱད་པར་དུ་ཆེས་གལ་ཆེ་བ་ནི། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །གསུངས་པ་ལྟར་ཡིན་ཡང་གཞི་ཚུལ་ཁྲིམས་ཀྱི་ཐད་ནས་ཀྱང་ལེགས་སྨོན་དུ་མ་གྱུར་པ་ཞིག་དཀོན་པའི་ཕྱིར་ན། མི་ཚེའི་བྱ་བ་ལ་ཕྱོགས་སྡོམ་བྱས་ཚེ་ཆོས་རྣམ་དག་ཅི་ཡང་མ་འགྲུབ་པར་བསྒྲུབས་ཚད་གཟུགས་བརྙན་དུ་གྱུར་པ་དང་། འཇིག་རྟེན་གྱི་བྱ་བ་ནམ་ཡང་འགྲུབ་དུས་མེད་པ་ཆོས་ཉིད་ཡིན་པས་དེའང་མི་འགྲུབ་པར་རེ་ཐག་ཆད་ན། ད་ནི་མི་ཚེ་སྟོང་ཟད་དུ་གྱུར་སོང་ཞེས་པའི་སྡོམ་ཚིག་ཅིག་བཀོད་ཆོག དེའི་ཕྱིར་རང་གི་མི་ཚེའི་ལོ་རྒྱུས་ཀྱི་དཔེ་དེབ་ཅིག་འབྲི་ན་དེའི་ཁ་བྱང་ལ་ངེས་པར་དུ། སྟོང་ཟད་ཀྱི་མི་ཚེ། ཞེས་འདོགས་དགོས་འདུག དེ་ལྟ་ན་ད་སྔོན་ཡན་ཆད་ནི་འདས་ཟིན་པས་ཕྱིར་ཡོང་ཐབས་མ་མཆིས་མོད། དེ་རིང་གི་ཉི་མ་ད་ལྟ་ཡོད་པ་འདིའང་སྔོན་ཆད་བཞིན་སྟོང་ཟད་དུ་གྱུར་ཚེ། སང་ཉིན་བལྟས་ན་དེ་རིང་གི་ཉི་མ་ནི་འདས་པའི་དུས་ཏེ། ཕྱི་དྲན་གྱི་ཡུལ་དུ་གྱུར་ཟིན་ཏོ། །དེས་ན་ད་ནི་འཕྱིས་ཟིན་པས་མི་ཚེ་ཡོངས་སུ་ཚར་སོང་སྙམ་པར་ཡང་མི་བྱ་སྟེ། གཟབ་ནན་བྱེད་ནུས་ན་ད་དུང་གསོན་ཡུལ་དུ་ཡོད་པས་བག་ཡོད་བྱས་ཆོག་སྟེ། དོན་དངོས་སུ་དུས་ཚོད་ཀྱི་རིན་ཐང་ནི་གསེར་ལས་ཀྱང་ཆེ་བ། གལ་ཏེ་གསེར་གྱིས་ས་གཞི་བཀང་ཡང་མི་ཚེ་ལ་དུས་ཚོད་སྐར་ཆ་གཅིག་གི་ཁ་སྣོན་ཡང་བྱེད་མི་ནུས། དེ་ལྟར་ཤེས་ན་རིན་ཐང་ཅན་གྱི་མི་ཚེ་འདི་དོན་ཡོད་ཅིག་བྱེད་དགོས་པ་ནི། བློ་སྦྱོང་གི་སྐབས་སུ་བཤད་པ་བཞིན་དལ་འབྱོར་རྙེད་དཀའ་དང་། མི་ཚེ་ལ་རིན་ཐང་ལྡན་ཡང་ཚེ་མི་རྟག་པ་ཡིན་པ་དང་། འཁོར་བ་འགྲོ་དྲུག་གི་སེམས་ཅན་ལྟ་ཅི་རང་རེ་མི་ཡུལ་ཁོ་ནར་བསམས་ཀྱང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་མྱོང་བ་སྨྲོས་མ་དགོས་ལ། སྤྱིར་སྡུག་བསྔལ་རྒྱུ་འབྲས་གཉིས་ལས་མ་འདས་པ་ནི་འཁོར་བའི་ཉེས་དམིགས་ཡིན་ལ། རྒྱུ་དང་འབྲས་བུའི་རྣམ་གཞག་ཆེར་མ་ཤེས་ཀྱང་སྣང་བ་ལྐོག་ཏུ་མ་གྱུར་པའི་འགྲོ་བ་མིའི་ཡུལ་དང་། དེ་ལས་ཡུལ་སྡེ་གཅིག་དང་ཕ་མ་གཅིག་གི་བུ་རྒྱུད་ཡིན་ཡང་སྐྱིད་སྡུག་འདྲ་དང་མི་འདྲ་བ་ཐོད་པའི་རི་མོ་བཞིན་བསྐོས་ཐང་སྣ་ཚོགས་པ་ཡིན་པས། ལས་སྔ་མའི་རྒྱུ་ལ་མ་བརྟེན་པར་འབྲས་བུ་ཕྱི་མ་ཡོང་ཐབས་མེད་པའི་རྣམ་གཞག་འདི་ལའང་བསམ་བློ་མི་གཏོང་ཐབས་མེད་ཡིན། སྐྱོ་ཤས་ཅུང་ཟད་ཀྱིས་འཇིག་རྟེན་བྱ་གཞག་ལ་སྔ་ཤེས་ཕྱི་འདང་རྒྱག་མཁན་ཞིག་ཡིན་ན། མ་མཐའ་ཡང་རང་དོན་ལ་བསམ་བློ་ཞིག་གཏོང་དགོས་ཏེ། དཔེར་ན། གོམ་ཁ་རྗེས་མའི་རྡོག་ལམ་དུ་རྡོ་དང་འཕྲང་ཡོད་མེད་ལ་བལྟས་ནས་གཡང་དུ་མི་ལྷུང་བ་ཙམ་ངེས་པར་བྱེད་དགོས་པ་ལྟར་རོ། །སྤྱིར་གོང་སྨྲོས་བཞིན་མི་ཚེའི་འདས་པ་ཕྱིར་མི་ལྡོག་མོད་དེ་ལའང་བེད་སྤྱོད་ཅུང་ཟད་བཏང་ཆོག་སྟེ། དེ་ཉིད་ད་ལྟའི་མཐོང་ཡུལ་དུ་མ་མཆིས་ཀྱང་དེའི་ཕམ་ཉེས་དང་སྟོང་ཟད་ཀྱི་ལོ་རྒྱུས་དྲན་ཡུལ་དུ་བྱས་ཆོག་པས་ན། གོམ་པ་སྔ་མ་སྤོ་ཉེས་དྲན་ན་ཕྱི་མ་སྤོ་བར་གལ་ཏེ་བག་ཡོད་མ་བྱས་ཚེ་རྡོག་སྣ་ས་ལ་ཐོགས་ཏེ་རི་གཟར་གྱི་གཡང་ས་ཐར་མེད་དུ་ལྷུང་བར་དོགས་པའི་དྲན་སྐུལ་རེ་འབྱུང་ངོ་། །དེའི་ཕྱིར་རང་གི་རྡོག་ལམ་འཚོལ་ཤེས་པ་ཁོ་ནས་ཀྱང་མི་ཆོག་སྟེ། དྲིན་ཆེ་བའི་ཕ་མ་རྒན་གསུམ། ཤ་ཚ་བའི་བུ་དང་ཚ་རྒྱུད། སྡེ་ཡུལ་མི། གྲོང་གྲོགས་ཁྱིམ་མཚེས་སོགས་ལའང་རང་ཅི་བཞིན་བསམ་བློ་རེ་བཏང་སྟེ། རང་སར་གཞན་འཇོག་ཅིང་གཞན་སར་རང་བསྡད་ནས། སྡུག་བསྔལ་རྒྱུ་འབྲས་ལ་སྐྱོ་བའི་སེམས་ཅན་རེ་རེའི་སྡུག་བསྔལ་རང་གི་ལུས་སེམས་ཀྱི་སྟེང་དུ་བླངས་ནས་བྱམས་སྙིང་རྗེ་ལ་གོམས་ན་བྱང་ཆུབ་ཀྱི་སེམས་ངང་གིས་སྐྱེ་བར་འགྱུར། དེའང་སྨོན་སེམས་བསམ་པ་བཟང་བ་ཙམ་གྱིས་རང་གཞན་གྱི་དོན་ཆེན་ད་དུང་འགྲུབ་མེད། འཇིག་རྟེན་པ་འཁོར་བའི་མཚོ་ན་ཡོད་པ་དག་གིས་ཕན་ཚུན་སྐྱོབ་མི་ནུས་པས་འཇིག་རྟེན་ལས་འདས་པའི་སྐྱབས་ཤིག་བཙལ་ནས། དེའི་གོ་འཕང་རང་གིས་བསྒྲུབས་ཏེ་རང་ཉིད་མཐུ་དང་ནུས་པ་སྟོབས་དང་མཁྱེན་པ་མངའ་བ་ཞིག་གྲུབ་རྗེས་མཐའ་ཡས་སེམས་ཅན་ཕ་མར་གྱུར་པ་ཐམས་ཅད་སྐྱོབ་པར་བྱེད་དགོས། དེ་ལ་དམ་ཆོས་ཟབ་མོའི་ཐབས་དང་མན་ངག་གི་གནད་ཐམས་ཅད་ཤེས་པར་བྱས་ནས་དུས་དེ་རིང་དང་། ལ་འུར་ད་ལྟ་ཉིད་དུ་ཆོས་ཐོས་པ་དོན་ལ་ཁེལ་བ་ཞིག་བྱ་སྙམ་ནས་ནན་ཏན་བྱེད་དགོས། གཞན་དུ་རྣམ་གཡེང་དང་ལེ་ལོའི་མི་ཚེ་འཁྱོལ་ཐབས་ཀྱིས་གཞི་འཁོར་བའི་ཁྱིམ་ངན་ཙམ་ཡང་ཟིན་ཐབས་མེད་པས་ན། ཉི་མ་བརྒྱ་ལ་ཉིན་གཅིག་ལྟར་འབྲོག་ཞིང་དང་བཟོ་ཚོང་གི་ལས་རིགས་གཉེར་མཁན་སུ་ཡིན་ཡང་དཀའ་ཚེགས་མ་མྱངས་བར་མི་འགྲུབ་བོ། །དེའི་ཕྱིར་ཚེ་གཅིག་ཡུན་ལ་ཕན་པའི་དམ་པའི་ཆོས། སྔར་སོང་མི་རབས་སྔོན་མའི་དྲིན་ལན་གསབ་བྱེད། ཕྱིས་འབྱུང་བུ་དང་ཚ་བོའི་བསོད་ནམས་རྒྱས་བྱེད། ད་ལྟའི་རང་གཞན་གཉིས་ལ་འཕྲལ་དང་ཡུན་གྱི་བདེ་སྐྱིད་འབྱུང་ཐབས། མཐར་ནི་མཐའ་ཡས་སེམས་ཅན་ལ་ཕན་ཐོག་བྱེད། རང་གཞན་གཏན་བདེ་སྒྲུབ་པ་འདི་ལེ་ལོ་དང་སྒྱིད་ལུག་གིས་དུས་ཚོད་ཡོལ་བས་མི་འགྲུབ། དེ་ལྟར་ཐུན་མོང་ཐུན་མིན་གྱི་སྔོན་འགྲོ་སྦྱང་བ་ནི་དགོས་གནད་གལ་ཆེན་དུ་བརྩིས་ཏེ་ནམ་ཡང་ཞེ་ནས་མི་འདོར་བ་བྱའོ།།

རྗེས་སུ་ཡི་རང་གི་ཡན་ལག

ད་ནི་སྐབས་སུ་བབ་པ་གང་ཞིག་འཆད་ཅེ་ན། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་ཁྲིད་ལས། གཉིས་པ་ཚོགས་བསགས་སྒྲིབ་སྦྱང་གི་གནད་བསྡུས་ཡན་ལག་བདུན། དེ་ལས་ཕྱག་འཚལ་བ་དང་། མཆོད་པ་དང་། བཤགས་པ་གསུམ་གོང་དུ་སོང་ནས། དེ་རིང་རྗེས་སུ་ཡི་རང་གི་མཚམས་ནས་འཆད་དགོས་ཏེ། མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཞལ་ནས། དེའི་ཕྱིར་འཕགས་པ་རྣམས་དང་སོ་སྐྱེ་ཡིས། །དགེ་བ་གང་བསྒྲུབས་ཀུན་ལ་ཡི་རང་ངོ་། །བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །འགྲོ་དོན་རྒྱ་ཆེན་མཛད་ལ་ཡི་རང་ངོ་། །ཞེས་གསུངས་པ་ལྟར་འཕགས་པ་ཉན་ཐོས་དང་། རང་སངས་རྒྱས་ཀྱི་ས་ལ་གནས་པ་དག་གིས་ཚོགས་བསགས་ཤིང་སྤང་རྟོགས་ཀྱི་ཡེ་ཤེས་བརྙེས་ནས་འགྲོ་དོན་མཛད་པ་དང་། ཐེག་ཆེན་བྱང་སེམས་འཕགས་པ་དག་གིས་ས་བཅུ་ལམ་ལྔས་བསྡུས་པའི་ཟག་མེད་ཀྱི་དགེ་བ་བསྒྲུབས་པ། སོ་སྐྱེ་རྒྱུད་ལྡན་གྱི་གང་ཟག་ལམ་ལ་ཞུགས་དང་མ་ཞུགས་པས་ཟག་བཅས་ཀྱི་དགེ་རྩ་བསགས་པ། བདེ་བར་གཤེགས་པས་བླ་མེད་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས་རྫོགས་སྨིན་སྦྱང་བ་མཐར་ཕྱིན་ཏེ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་འགྲོ་དོན་དཔག་མེད་མཛད་པ། དེ་ལྟའི་དགེ་བ་དག་ལ་རྗེས་སུ་ཡི་རང་བྱེད་པ་ནི། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། སེམས་ཅན་ཀུན་གྱི་ངན་སོང་གི །སྡུག་བསྔལ་ངལ་བསོའི་དགེ་བ་དང་། །སྡུག་བསྔལ་ཅན་དག་བདེར་གནས་ལ། །དགའ་བས་རྗེས་སུ་ཡི་རང་ངོ་། །ཞེས་གསུངས་པ་ལྟར་ཡིན་ལ། དེའང་རྗེས་སུ་ཡི་རང་གི་དགེ་བ་ནི་ང་རྒྱལ་དང་ངོམ་ཆོས་སུ་མི་འགྱུར་ཞིང་དཀའ་ཚེགས་མེད་པར་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་མྱུར་དུ་འགྲུབ་པའི་མན་ངག་གལ་ཆེན་ཞིག་ཡིན། དེའི་ཕན་ཡོན་ནི་མདོ་སྡུད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་བའི་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་གསུངས་པ་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་ཁམས་ཀྱི་རིའི་རྒྱལ་པོ་རི་རབ་གསེར་གྱི་རི་བདུན་དང་བཅས་པ་རྒྱ་མར་གཞལ་ནས་སྲང་ལ་བཏེགས་ཀྱང་དེའི་ཚད་གཟུང་བར་ནུས་མོད། འོན་ཀྱང་རྗེས་སུ་ཡི་རང་གཅིག་གི་དགེ་རྩ་ནི་ཚད་གཟུང་བར་མི་ནུས་ཞེས་པའོ། །དེ་བཞིན་ལྡོག་ཕྱོགས་ནས་གཞན་གྱི་དགེ་བ་དང་བདེ་བ་ལ་ཕྲག་དོག་བྱས་ན་སྡིག་པའི་ལས་ཆེན་པོ་བསགས་པས་ན། དེའི་འབྲས་བུ་རང་ཉིད་ལ་མི་འདོད་པ་མང་པོ་ཞིག་སྐྱེད་པ་ནི་རྒྱུ་འབྲས་ཀྱི་འབྲེལ་བས་གྲུབ། དེས་ན་རང་གཞན་ཀུན་གྱིས་དུས་གསུམ་བསགས་པའི་དགེ་རྩ་མཐོང་ཐོས་གང་ཡོད་ལ་རྗེས་སུ་ཡི་རང་བྱ་དགོས་སོ།།

ཆོས་ཀྱི་འཁོར་ལོ་བསྐོར་བར་སྐུལ་བའི་ཡན་ལག

མཁས་གྲུབ་ཀརྨ་ཆགས་མེད་ཀྱི་ཞལ་ནས། ཕྱོགས་བཅུའི་འཇིག་རྟེན་རབ་འབྱམས་ཐམས་ཅད་ན། །རྫོགས་སངས་རྒྱས་ནས་རིང་པོར་མ་ལོན་པ། །དེ་དག་རྣམས་ལ་ཆོས་ཀྱི་འཁོར་ལོ་ནི། །རྒྱ་ཆེན་མྱུར་དུ་བསྐོར་བར་བདག་གིས་བསྐུལ། །ཞེས་དང་། རྒྱལ་སྲས་ཞི་བ་ལྷས། ཕྱོགས་རྣམས་ཀུན་གྱི་སངས་རྒྱས་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །སེམས་ཅན་སྡུག་བསྔལ་མུན་འཐོམས་ལ། །ཆོས་ཀྱི་སྒྲོན་མེ་སྦར་དུ་གསོལ། །ཞེས་གསུངས་པ་ལྟར་རང་རེའི་ཞིང་སྒྲུབ་ཀྱི་ཆོ་ག་ནི་ཕྱོགས་གཅིག་ནས་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་གི་སྙིང་དོན་བསྡུས་པ་དང་། ཕྱོགས་གཅིག་ནས་ཆགས་མེད་བདེ་སྨོན་གཙོ་བོར་འཛིན་པ་ཡིན་པས་དེ་གཉིས་གཞིར་བཟུང་ནས་བཤད་ན་གོ་བར་ནུས་སོ། །དེའང་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་དང་དེའི་རྣམ་སྤྲུལ་དགེ་བའི་བཤེས་གཉེན་ལ་སོགས་ལུང་དང་རྟོགས་པའི་མཛོད་ཆེན་པོ་མངའ་བ་ལ། སེམས་ཅན་མ་རིག་པའི་མུན་པར་འཐོམ་ཞིང་འཁོར་བའི་སྡུག་བསྔལ་གྱིས་གཙེས་པ་འདི་དག་སྡུག་བསྔལ་རྣམ་གསུམ་གྱི་འཆིང་ཐག་ལས་སྐྱོབ་པའི་ཕྱིར་དུ། རིགས་ཅན་གདུལ་བྱ་གསུམ་གྱི་ཁམས་དང་དབང་པོ་དང་མོས་པ་དང་བསམ་པ་བཞིན་དུ་ཆོས་ཀྱི་འཁོར་ལོ་སྐོར་བར་མཛད་དུ་གསོལ་ཞེས་གསོལ་བ་འདེབས་དགོས། དེའང་འཇིག་རྟེན་གྲངས་མེད་དུ་སངས་རྒྱས་གྲངས་མེད་བྱོན་དང་འབྱོན་བཞིན་པས་རེ་ཞིག་ཆོས་མི་གསུངས་བའི་ཚུལ་སྟོན་པ་ལ། ཇི་སྐད་དུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབས་ཉིད་དུ་གནས་པར་བྱ། །ཞེས་པ་ལྟ་བུའི་དམ་པའི་ཆོས་ཀྱི་ཆེ་བ་འདོན་ཕྱིར་ཆོས་འཁོར་སྐོར་བར་སྐུལ་བས་དགེ་རྩ་རྒྱུད་ལ་དྲངས་ཏེ་སེམས་ཅན་སྨིན་པར་མཛད་པའང་གྲངས་ལས་འདས། དེ་བཞིན་ལོག་ལྟ་ཅན་འགའ་ཞིག་གིས་དངོས་སུ་དམ་པའི་ཆོས་ལ་སྐུར་བ་འདེབས་ཞིང་རྒྱུ་འབྲས་ལ་ལོག་པར་ལྟ་བ་དང་། འགའ་ཞིག་གིས་བརྒྱུད་ནས་རང་གི་ཆེ་བ་འདོན་ཕྱིར་དམ་པའི་ཆོས་ལ་ཤུགས་ཀྱིས་སྨྲ་འབེབས་མཁན་མང་བའི་དུས་སྐབས་འདིར། དམ་པའི་སྐྱེས་བུ་ཚད་མའི་བསྟན་འཛིན་ཐུགས་རྒྱུད་སྦས་ཚུལ་དུ་བཞུགས་པ། སྐད་གྲགས་མ་མཆིས་ཤིང་སྙན་གྲགས་དོན་གཉེར་མི་མཛད་པར་བཞུགས་པ་རེ་རྙེད་སྲིད་ན། དེ་དག་སྤྱི་བོའི་གཙུག་ཏུ་བཀུར་ཏེ་ཆོས་ཀྱི་འཁོར་ལོ་སྐོར་བར་སྐུལ་བ་ནི་དགེ་རྩ་གཞན་གང་ལས་ཀྱང་ཕན་ཡོན་ཆེ་བར་འདུག་གོ །

མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག

ཆགས་མེད་རིན་པོ་ཆེའི་ཞལ་ནས། སངས་རྒྱས་བྱང་སེམས་བསྟན་འཛིན་དགེ་བའི་བཤེས། །མྱ་ངན་འདའ་བར་བཞེད་ཀུན་དེ་དག་ལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །ཞེས་དང་། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། རྒྱལ་བ་མྱ་ངན་འདའ་བཞེད་ལ། །ཐལ་མོ་སྦྱར་ཏེ་གསོལ་བ་ནི། །འགྲོ་འདི་ལྡོངས་པར་མི་འགོད་ཅིང་། །བསྐལ་བ་གྲངས་མེད་བཞུགས་པར་གསོལ། །ཞེས་གསུངས་པ་དང་། གཞན་ཡང་སྔོན་དགེ་བསྙེན་ཙིནྟས་བཅོམ་ལྡན་འདས་ལ་བཞུགས་གསོལ་བཏབ་པ་བཞིན། རང་ལུས་གྲངས་མེད་དུ་སྤྲུལ་ཏེ་ཐལ་མོ་སྦྱར་ནས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དང་། ཁྱད་པར་དུས་འདིར་མུན་པའི་ནང་གི་གསལ་སྒྲོན་སྨིན་དབང་གཙང་མས་ངེས་དོན་གྱི་བསྟན་པ་འཛིན་མཁན་འཇིག་རྟེན་གྱི་མིག་གཅིག་པུ་བླ་མ་དགེ་བའི་བཤེས་གཉེན་སངས་རྒྱས་མིའི་གཟུགས་སུ་བྱོན་པ་དག་ལ། སྙིགས་མའི་སེམས་ཅན་རྒྱུད་དམན་པས་ཐུགས་སུན་མི་འབྱུང་བར་ད་དུང་སྐུ་ཚེ་ཡུན་དུ་བརྟན་པར་བཞུགས་ཞུ་འབུལ་ཞིང་སྨོན་ལམ་འདེབས། དེ་ཚེ་རྒྱལ་བ་སྲས་དང་བཅས་པས་དེ་ལྟར་ཞལ་གྱིས་བཞེས་པར་མོས་པ་མཛད་ནའང་བསོད་ནམས་ཁྱད་འཕགས་ཅན་བསགས་པའོ།།

བསྔོ་བའི་ཡན་ལག

དེའང་བསགས་སྦྱང་སྤེལ་གསུམ་ལས་དགེ་རྩ་གོང་ནས་གོང་དུ་སྤེལ་བྱེད་ནི་བསྔོ་བ་ཡིན་ལ། འདི་ནི་རྒྱུ་ཚོགས་བསགས་དང་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པར་འབྲེལ་བར་མ་ཟད། རྒྱུ་བཞི་པ་སྨོན་ལམ་དག་པས་མཚམས་སྦྱོར་བར་ཡང་འབྲེལ་ཏེ་བསྔོ་བ་དང་སྨོན་ལམ་ནི་གཞི་མཐུན་ཡིན། དེ་མིན་ད་དུང་ཐེག་ཆེན་དགེ་བའི་རྩ་བ་མཐའ་དག་འདི་དང་མ་འབྲེལ་བ་མེད་ལ། དེ་བཞིན་བྱང་ཆུབ་ཡོངས་བསྔོའི་དགེ་བ་ཡོད་མེད་ཀྱི་ཆ་ནས་དགེ་རྩ་མཆོག་དམན་འབྱེད་པའོ། །ཇི་སྐད་དུ། གང་གིས་བསྔོ་བའི་རྒྱལ་བོ་འདི་ཐོས་ནས། །བྱང་ཆུབ་མཆོག་གི་རྗེས་སུ་རབ་མོས་ཤིང་། །ལན་ཅིག་ཙམ་ཡང་དད་པ་སྐྱེད་པ་ནི། །བསོད་ནམས་དམ་པའི་མཆོག་ཏུ་འདི་འགྱུར་རོ། །ཞེས་དང་། འདིས་མཚོན་དུས་གསུམ་བསགས་པའི་དགེ་ཚོགས་རྣམས། །འགྲོ་བ་སེམས་ཅན་ཀུན་གྱི་དོན་དུ་བསྔོ། །ཞེས་པ་སོགས་དང་། གཞན་ཡང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། དགེ་བ་བདག་གིས་བསགས་པ་ཀུན། །དེས་ནི་སེམས་ཅན་ཐམས་ཅད་ཀྱི། །སྡུག་བསྔལ་མ་ལུས་བསལ་བར་ཤོག །ཅེས་གསུངས་པ་ལྟར་རོ། །དེའང་གང་ལ་བསྔོ་བ་སེམས་ཅན་གྱི་དོན་དང་། གང་ཞིག་བསྔོ་བ་ནི་རང་ཉིད་ཀྱིས་བསགས་དང་གསོག་བཞིན་པའི་དགེ་རྩ་འདིས་མཚོན་ཏེ་ཡན་ལག་བདུན་གྱིས་བསྡུས་པའི་དགེ་བ་བྱས་དང་བྱེད་འགྱུར་ཐམས་ཅད་དོ། །ཅིའི་ཕྱིར་བསྔོ་ན་བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུའོ། །དེའང་ཟག་བཅས་ཟག་པ་མེད་པའི་དགེ་རྩ་ཇི་སྙེད་ཐམས་ཅད་གཅིག་ཏུ་བསྡོམས་ནས་གནས་སྐབས་སེམས་ཅན་ཐམས་ཅད་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ལས་གྲོལ་བའི་རྒྱུ་རུ་འགྱུར་བ་དང་། མཐར་ཐུག་སེམས་ཅན་ཞེས་པའི་མིང་ཡང་མེད་པ་འཁོར་བ་དོང་ནས་སྤྲུག་པར་བསྔོ་བ་ཡིན་ན། དེ་ལྟར་རྒྱལ་བ་སྲས་དང་བཅས་པའི་བདེན་ཚིག་གིས་འགྲུབ་པར་ཤོག་ཅིག་ཅེས་སོ། །སྤྱིར་རང་ཉིད་སོ་སོའི་སྐྱེ་བོས་བསྒྲུབས་པའི་དགེ་རྩ་རྒྱ་མི་ཆེ་ནའང་ཆོས་ཉིད་བདེན་པའི་སྟོབས་དང་ལྷག་བསམ་དག་པའི་བདེན་མཐུ་ཡིས་དེ་ཉིད་སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་རུ་འགྱུར་ནུས་ལ། དེ་ཚེ་རྒྱུན་མི་འཆད་ཅིང་ཟད་པ་མེད་པའི་ཕྱིར་དགེ་རྩ་རྒྱ་ཆེན་དུ་གྱུར་པའང་ཡིན། སོ་སོའི་སྐྱེ་བོས་དགེ་རྩ་ལ་བདག་ཏུ་བཟུང་ནས་མ་བསྔོས་ན་ཉོན་མོངས་པ་ཁོང་ཁྲོ་སོགས་སྐྱེས་པས་འཇོམས་པར་འགྱུར་ཞིང་། སེམས་ཅན་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུ་ཟག་མེད་ཆོས་ཀྱི་དབྱིངས་སུ་བསྔོས་ན་ཟད་པ་མེད་ཅིང་འཕེལ་བར་འགྱུར་རོ།།

རྒྱུ་གསུམ་པ་གྲོགས་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ།

སེམས་བསྐྱེད་དང་སྐྱབས་སྡོམ་སྤྱིར་བསྟན་པ།

དེ་ཡན་ཆད་ཀྱིས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་ལས། རྟེན་ཞིང་ཁམས་ཡིད་ལ་བྱེད་པ་དང་། རྒྱུ་ཚོགས་བསགས་པ་སོང་ནས་ད་ནི་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འཆད་པར་བྱ་སྟེ། དེའང་ཆགས་མེད་བདེ་སྨོན་ལས། བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །ཅེས་བསྔོ་བའི་སྨོན་ལམ་གྱི་ཤུགས་བསྟན་དུ་གསུངས་སོ། །དེ་བཞིན་ཞིང་སྒྲུབ་ཕྱག་ལེན་གྱི་སྐབས་སུ་རྒྱལ་སྲས་ཞི་བ་ལྷའི་སྤྱོད་འཇུག་ལྟར་ཟབ་མོ་ལྟ་བའི་སྲོལ་གྱི་ལུགས་བཞིན་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་ཉིན་རེར་ལེན་བཞིན་ཡོད་ལ། དེའང་ས་འདིར་ཡོད་པའི་ཁྱིམ་པ་ཕོ་མོ་རྣམས་ཀྱིས་སྐྱབས་གསུམ་འཛིན་པ་གཞིར་བྱས་དགེ་བསྙེན་གྱི་སྡོམ་པ་གང་རུང་བླང་བའི་སྟེང་བྱང་ཆུབ་སྨོན་སེམས་ཆོ་གས་འབོགས་པ་ལྟར་བླང་ཡོད་པས་ན། ཉིན་རེ་བཞིན་དུ་མཆོད་པ་དང་བཅས་བྱང་སྡོམ་རྟེན་ལས་ལེན་པ་རྒྱུན་ཆགས་སུ་བྱ་བ་ནི་གལ་ཆེའོ། །སྤྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་འདི། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་མ་སྐྱེས་པ་སྐྱེད་པར་བྱེད་པའི་ལེའུ་གསུམ། སྐྱེས་པ་མི་ཉམས་པར་བྱེད་པའི་ལེའུ་གསུམ། མི་ཉམས་པར་གོང་ནས་གོང་དུ་འཕེལ་བར་བྱེད་པའི་ལེའུ་གསུམ་བཅས་དགུ་དང་། འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་གཅིག་བཅས་བཅུ་ཡིས་བསྟན། གཞན་ཡང་ཡན་ལག་བདུན་གྱི་སྟེང་སྐྱབས་སུ་འགྲོ་བའི་ཡན་ལག་བཅས་བརྒྱད་དང་། དེ་བཞིན་སེམས་བསྐྱེད་ལེན་པའི་རིམ་པ་དང་བསྟུན་ནས་མཆོད་པ་འབུལ་བའི་ཡན་ལག ཕྱག་འཚལ་བའི་ཡན་ལག སྐྱབས་སུ་འགྲོ་བའི་ཡན་ལག སྡིག་པ་བཤགས་པའི་ཡན་ལག་བཅས་བཞི་ནི་སྡིག་བཤགས་ལེའུར་བསྡུས་ཤིང་། རྗེས་སུ་ཡི་རང་གི་ཡན་ལག་དང་། ཆོས་འཁོར་སྐོར་བར་སྐུལ་བའི་ཡན་ལག མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པའི་ཡན་ལག བསྔོ་བའི་ཡན་ལག་བཅས་ནི་བྱང་ཆུབ་ཀྱི་སེམས་ཡོངས་སུ་གཟུང་བའི་ལེའུ་ཡི་སྦྱོར་བ་སྔོན་འགྲོའི་སྐབས་སུ་བསྟན། གང་ལྟར་ཡང་དབྱེ་བསྡུའི་རྣམ་གྲངས་ཀྱི་ཁྱད་པར་ཙམ་དང་གོ་རིམ་བསྡུ་ལུགས་ཙམ་ནི་སོ་སོའི་རང་གཞུང་གི་དགོས་གནད་དང་བསྟུན་པ་ལས་མཐའ་གཅིག་ཏུ་མ་ངེས་སོ། །ཁ་སང་གོང་དུ་བཤད་པ་བཞིན་སྐྱབས་སུ་མ་སོང་བའི་གང་ཟག་ནི་ནང་པ་སངས་རྒྱས་པའི་གྲལ་དུ་མི་ཚུད་དེ། རྒྱུ་མཚན་སྐྱབས་གནས་དཀོན་མཆོག་གསུམ་གྱི་འབངས་སུ་ཞུགས་པར་རང་གིས་ཁས་མ་བླངས་པའི་ཕྱིར། དེས་ན་བསྙེན་གནས་གྱི་སྡོམ་པ་ཡན་ཆད་ནས་གསང་སྔགས་ཀྱི་སྡོམ་པ་མན་ཆད་ཐམས་ཅད་སྐྱབས་སུ་འགྲོ་བའི་སྡོམ་པ་ལ་རག་ལས་ཏེ། སྡོམ་པ་ཉི་ཤུ་བ་ལས། སྡོམ་པ་ཀུན་ལ་ཡོད་མོད་ཀྱི། །སྐྱབས་སུ་མ་སོང་བ་ལ་མེད། །ཅེས་སྤྱིར་སྡོམ་པ་ནི་ཀུན་གྱི་རྒྱུད་ན་ཡོད་ཆོག་མོད། འོན་ཀྱང་སུ་ལ་མེད་ཅེ་ན་དམིགས་སུ་བཀར་ནས་གཞི་སྐྱབས་འགྲོའི་སྡོམ་པ་མེད་པའི་གང་ཟག་ལ་སོར་བྱང་སྔགས་གསུམ་གྱི་སྡོམ་པ་གཞན་གང་ཡང་ཐོབ་པ་མེད་པར་བསྟན། དེའི་ཕྱིར་ལམ་ལོག་པ་ལས་ཁྱད་པར་དུ་བྱེད་པ་ལ་སྐྱབས་འགྲོ་གལ་ཆེ་ཞིང་། ལམ་དམན་པ་ལས་ཁྱད་པར་དུ་བྱེད་པ་ལ་སེམས་བསྐྱེད་གལ་ཆེ། དེའང་འདི་ལྟར། དགོངས་སུ་གསོལ་བ་གསུམ་གྱིས་སད་པར་བྱས། སྐྱབས་སུ་འགྲོ་བ་གསུམ་གྱིས་གཞིར་བཟུང་། ཞེས་པ་ལྟར་རོ། །དེ་ཉིད་གཞིར་བྱས་དངོས་གཞི་སྨོན་འཇུག་གི་ཆོ་གས་ཚུལ་བཞིན་ལེན་དགོས་པས། ངག་འདོན་བསྡུས་པ་འདིར། དཀོན་མཆོག་གསུམ་ལ་སྙིང་ནས་སྐྱབས་སུ་མཆི། །སེམས་ཅན་དོན་དུ་བྱང་ཆུབ་སེམས་མཆོག་བསྐྱེད། །ཅེས་པའི་ཚིག་རྐང་གཉིས་ལ་སྦྱར་ནས་སྐྱབས་འགྲོ་ལོ་སྔོན་མར་བཤད་ཟིན་མོད། འདིར་གཅིག་ནས་སེམས་བསྐྱེད་ཀྱི་སྦྱོར་བའི་དགོས་ཆོས་དང་། གཉིས་ནས་སྐྱབས་འགྲོ་ཡང་དག་ཅིག་ཤེས་ན་བདེ་བར་གཤེགས་པའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་དེར་མ་འདུས་པ་མེད་པ་དང་། དེས་ནི་ནང་པ་སངས་རྒྱས་པའི་གྲལ་དུ་ཚུད་པར་བྱེད་པ། དེ་ཉིད་སྡོམ་པ་ཐམས་ཅད་ཀྱི་རྟེན་གཞི་ཡིན་པ། དེ་མིན་སྐྱབས་སུ་འགྲོ་བས་སྔར་བྱས་ཀྱི་སྡིག་པ་ཟད་པར་འགྱུར་ཏེ། སྐྱབས་འགྲོ་ཁྱད་པར་ཅན་གྱིས་སྒྲིབ་པ་ལྷག་མེད་དུ་བྱང་བར་འགྱུར་ཞིང་། སྐྱབས་འགྲོའི་ཚིག་ཙམ་གྱིས་ཀྱང་སྒྲིབ་པ་ཇེ་སྲབ་ཏུ་འགྱུར། གཞན་ཡང་སྐྱབས་འགྲོ་ཤེས་ན་བསོད་ནམས་རྒྱ་ཆེན་ཐོབ་སྟེ། གནས་སྐབས་ཚེ་རིང་ཞིང་ནད་མེད་ལ་དཔལ་དང་འབྱོར་བ་རྒྱས། ཕྱི་མར་འཇིག་རྟེན་ལས་འདས་པའི་བླ་མེད་བྱང་ཆུབ་ཀྱི་གོ་འཕང་ཡང་སྐྱབས་འགྲོ་ཡིས་ཐོབ་པར་བྱེད། རྐྱེན་ངན་བར་ཆད་ཟློག་པ་ལ་གཏོ་སྣ་རིམ་གྲོ་གཞན་ལས་ཀྱང་སྐྱབས་འགྲོ་འདོན་པ་བཟང་། བསམ་དོན་འགྲུབ་པར་ཡང་། དཀོན་མཆོག་རིན་པོ་ཆེ་ཞེས་གསུངས་པ་ལྟར། རིན་པོ་ཆེའི་མཆོག་ནི་ཡིད་བཞིན་གྱི་ནོར་བུ་ཡིན་ལ། ཇི་ལྟར་ཡིད་བཞིན་གྱི་ནོར་བུར་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་ལྟར། དཀོན་མཆོག་ལ་གསོལ་བ་བཏབ་ན་ཅི་བསམ་ངེས་པར་འགྲུབ་ཡོང་། དེར་མ་ཟད་སྐྱེ་བ་ཚེ་རབས་ཀུན་ཏུ་ངན་སོང་ལ་མི་ལྟུང་ཞིང་མྱུར་དུ་མངོན་འཚང་རྒྱ་བ་སོགས་ཕན་ཡོན་དཔག་མེད་ལྡན། སྐྱབས་སུ་འགྲོ་བའི་རྒྱུའི་གཙོ་བོ་ནི་དད་པ་ཡིན་ལ། དེ་ནི་འཕགས་པའི་ནོར་བདུན་གྱི་དང་པོར་བགྲང་སྟེ། དཔེར་ན་འཁོར་ལོས་སྒྱུར་བའི་རྒྱལ་བོ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་གྱིས་བསྐོར་ནས་གླིང་བཞི་ལ་དབང་སྒྱུར་བའི་ཚེ་དེའི་སྣ་འདྲེན་ནི་འཁོར་ལོ་རིན་པོ་ཆེ་ཡིན་པས་ན། སློབ་དཔོན་དཔའ་བོས། དད་པའི་འཁོར་ལོ་རིན་པོ་ཆེས། །ཉིན་མཚན་དགེ་བའི་ལམ་སྣ་འདྲེན། །ཞེས་དང་། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས། དད་ཅན་ཉིད་ཕྱིར་ཆོས་ལ་བརྟེན། །ཞེས་པ་སོགས་དང་། དོན་དམ་པ་ནི་དད་པས་རྟོགས་པར་བྱའོ། །ཞེས་པའི་དོན་ནི་དད་པས་ཤེས་རབ་དྲངས་ཏེ་དོན་དམ་རྟོགས་པར་འགྱུར་བ་ཡིན། དེ་བཞིན་ཀུན་མཁྱེན་ཆོས་རྗེའི་མན་ངག་མཛོད་ལས། འདོད་པའི་དད་པས་རྒྱུ་འབྲས་བླང་དོར་བྱེད། །ཅེས་པ་ལ་སོགས་ཀྱིས་དང་འདོད་ཡིད་ཆེས་ཀྱི་དད་པ་སོགས་དྲུག་བསྟན་ནོ།།

ཐེག་ཆེན་ཐུན་མོང་གི་སྐྱབས་འགྲོའི་ཁྱད་པར་བཞི་བསྟན་པ།

སྐྱབས་འགྲོ་དངོས་ལའང་ཐེག་པ་ཆེ་ཆུང་དང་མདོ་སྔགས་ཀྱི་སྐྱབས་སུ་འགྲོ་ཚུལ་དང་འགྲོ་ཡུལ་གྱི་དབྱེ་བ་མང་ནའང་། འདིར་ཐེག་ཆེན་ཐུན་མོང་དང་སྒོ་བསྟུན་ནས་བཤད་ན། བསམ་པའི་ཁྱད་པར་དང་གཅིག དུས་ཀྱི་ཁྱད་པར་དང་གཉིས། ཡུལ་གྱི་ཁྱད་པར་དང་གསུམ། གདུལ་བྱའི་ཁྱད་པར་བཅས་བཞི་ཡོད་དེ། དང་པོ། བསམ་པའི་ཁྱད་པར་རང་གཞན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་སྙམ་པ། གཉིས་པ། དུས་ཀྱི་ཁྱད་པར་ཉི་མ་དེ་རིང་ནས་བཟུང་སྟེ་རང་ཉིད་ཇི་སྲིད་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ་བྱང་སེམས་རང་རྒྱུད་ལ་འཛིན་པ། གསུམ་པ། ཡུལ་གྱི་ཁྱད་པར་འབྲས་བུ་དག་པ་གཉིས་ལྡན་གྱི་སངས་རྒྱས་སྤང་རྟོགས་མཐར་ཕྱིན་པ་དང་། ལམ་དག་པ་མངོན་གྱུར་ས་ཐོབ་འཕགས་ཆེན་གྱི་ཐུགས་རྒྱུད་ན་བཞུགས་པའི་ཆོས་དང་། ཁྱད་པར་ཐེག་མཆོག་རྡོ་རྗེ་སྙིང་པོ་ཐུན་མིན་གསང་བ་སྔགས་ཀྱི་ལམ། མདོར་ན་སྐྱབས་ཡུལ་སངས་རྒྱས་དཀོན་མཆོག་ནི་སྐུ་གསུམ་འདུས་པའི་བདག་ཉིད་། ཆོས་དཀོན་མཆོག་ནི་ལུང་དང་རྟོགས་པ། དགེ་འདུན་དཀོན་མཆོག་ནི་རིགས་གྲོལ་ཡོན་ཏན་བརྒྱད་ལྡན་གྱི་མཚན་ཉིད་ཚང་བའི་ཐེག་ཆེན་འཕགས་པ་ཕྱིར་མི་ལྡོག་པ། དེ་ལྟའི་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ནི། སྐབས་འདིར་བླ་མ་དང་མགོན་པོ་འོད་དཔག་མེད་དབྱེར་མེད་གཅིག་འདུས་མི་ཕྱེད་པའི་བདག་ཉིད་ཅན། དེ་མིན་བདེ་བ་ཅན་གྱི་ཚོགས་ཞིང་གསལ་བཏབ་ནས་སྐྱབས་ཡུལ་རྣམས་ལ་ཁྱེད་མཁྱེན། ཁྱེད་སྒྲུབ་པར་བློ་གཏད་ལིངས་སྐྱུར་བྱེད་པས་ན་མཐོ་དམན་སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་། ཁྱེད་ལས་རེ་སའི་སྐྱབས་གནས་གཞན་ན་མེད་ཅེས་བློ་ཐག་ནང་ནས་བཅད་དེ། དགོངས་སུ་གསོལ་བ་སྔོན་དུ་འགྲོ་བའི་སྒོ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་ལེན་པ་ནི། སེམས་བསྐྱེད་འབོགས་ཆོག་ལས། བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །སངས་རྒྱས་རྣམས་ལ་སྐྱབས་སུ་མཆི། །ཆོས་དང་བྱང་ཆུབ་སེམས་དཔའ་ཡི། །ཚོགས་ལའང་དེ་བཞིན་སྐྱབས་སུ་མཆི། །ཞེས་པའི་ཚིག་གིས་སྐྱབས་སུ་འགྲོ་བ་དང་། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དངོས་ནི། ཀུན་མཁྱེན་ཆོས་རྗེའི་སེམས་ཉིད་ངལ་གསོ་རུ། དེ་ལྟར་སྐྱབས་སོང་རྟེན་གྱི་གང་ཟག་གིས། །བྱམས་པའི་ས་གཞིར་སྙིང་རྗེའི་མེ་ཏོག་བཀྲམ། །དགའ་བའི་གྲིབ་བསིལ་བཏང་སྙོམས་ཆུ་གཙང་གིས། །འགྲོ་ལ་ཕན་ཕྱིར་རང་གི་སེམས་སྦྱོང་ངོ་། །ཞེས་ཚད་མེད་རྣམ་བཞིས་སེམས་སྦྱོང་དགོས་པར་བསྟན་ཞིང་། དེའང་བྱམས་པ་ས་གཞིའི་དཔེར་བཀོད། དེ་ལ་སྙིང་རྗེའི་མེ་ཏོག་སྐྱེས་པ་ན། དགའ་བའི་གྲིབ་བསིལ་དང་། བཏང་སྙོམས་ཀྱི་ཆུ་གཙང་གིས་འགྲོ་བ་ཀུན་ལ་ཕན་པའི་བྱང་ཆུབ་ཀྱི་སེམས་སྦྱོང་དགོས་པར་གསུངས་ཤིང་། དེ་བཞིན་མན་ངག་མྱོང་ཁྲིད་ཀྱི་ལུགས་ལ་ཀུན་བཟང་ཞལ་ལུང་དུ་གསུངས་པ་ལྟར་སྤྱིར་བྱམས་དང་སྙིང་རྗེ་དགའ་བ་བཏང་སྙོམས་སུ་བགྲང་མོད། མན་ངག་གི་ལུགས་ལ་བཏང་སྙོམས་ཚད་མེད་ཀྱིས་མགོ་བཟུང་ནས་བསྒོམ་དགོས་ཤིང་། ཁྱད་པར་དུ་ཁྱིམ་པ་ཕོ་མོ་རྣམས་ཀྱིས་སེམས་བསྐྱེད་ཐོག་མར་ཚད་མེད་བཞི་ཐུན་བཅད་དེ་བསྒོམ་པ་ཤིན་ཏུ་གལ་ཆེ། དེའང་དཔྱད་བསྒོམ་ནི་བློས་བརྟགས་ཤིང་དཔྱད་པ་སྟེ་དུས་ནམ་ཡང་བསྒོམ་ཆོག་མོད། འཇོག་སྒོམ་ནི་དམིགས་པ་མེད་པའི་ཚད་མེད་བཞི་བསྒོམ་དུས་ཐོག་མར་ལུས་ཀྱི་འདུག་སྟངས་སོགས་སྦྱོར་དངོས་རྗེས་གསུམ་ཚང་བའི་སྒོ་ནས་སྒོམ་དགོས། སྔར་ཡང་བཤད་མོད་སྒོམ་རྒྱག་པ་ལ་ངོ་གནོང་མི་དགོས་ཏེ། སངས་རྒྱས་ཐོབ་པར་ངོ་གནོང་མི་དགོས་ན་སྒོམ་རྒྱག་པར་ངོ་གནོང་དོན་མེད། རྒྱུ་མཚན་ཤེས་པའི་མདུན་དུ་དེ་བས་ཀྱང་ངོ་གནོང་མི་དགོས་པར་མ་ཟད་རྗེས་སུ་ཡི་རང་གིི་ཡུལ་ཡིན་ནོ།།

སྨོན་འཇུག་གི་སེམས་བསྐྱེད་ཆོ་གས་ལེན་ཚུལ།

དེས་ན་དངོས་གཞི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། དམ་བཅའ་བའི་ཆོ་གའི་ཚིག་གིས་ལེན་དགོས་ཏེ། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་པ་ལ། །དེ་དག་རིམ་བཞིན་གནས་པ་ལྟར། །དེ་བཞིན་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱི་ཞིང་། །དེ་བཞིན་དུ་ནི་བསླབ་པ་ལའང་། །རིམ་པ་བཞིན་དུ་བསླབ་པར་བགྱི། །ཞེས་ཆོ་གའི་ཚིག་ལན་གསུམ་བརྗོད་པའི་ཐ་མའི་ཚེ་ན་སེམས་བསྐྱེད་ཀྱི་སྡོམ་པ་ཐོབ་པར་འགྱུར་ཞིང་། ཚུལ་འདི་ནི་རང་ལུགས་ཀུན་མཁྱེན་ཆེན་པོ་ནས་བརྒྱུད་པའི་སྨོན་འཇུག་སྟབས་གཅིག་ཏུ་ལེན་པ་ཡིན་ནོ། །གཞན་དུ་སྨོན་འཇུག་སོ་སོར་ལེན་ཚུལ་ཡང་ཡོད་དེ། ཁྱིམ་ན་གནས་པའི་ལས་དང་པོ་བའི་རིགས་ཅན་གྱིས་འཇུག་པའི་བསླབ་བྱ་མི་ཉམས་ཞིང་དེའི་རྩ་ལྟུང་མི་འབྱུང་བའི་ཆེད་དུ་སྨོན་སེམས་རྐྱང་བ་ལེན་པའི་ཕྱག་སྲོལ་ལྟར་འུ་ཅག་གིས་གཞེས་ནིང་ལོར་བླངས་སོ། །དེའང་ཆོ་གའི་ཚིག་ནི། ཇི་ལྟར་སྔོན་གྱི་བདེ་གཤེགས་ཀྱིས། །བྱང་ཆུབ་ཐུགས་ནི་བསྐྱེད་པ་ལྟར། །བདག་ཀྱང་འགྲོ་ལ་ཕན་དོན་དུ། །བྱང་ཆུབ་སེམས་ནི་བསྐྱེད་བགྱིའོ། །ཞེས་ཆོ་ག་ལ་རྒྱས་བསྡུས་ཀྱི་ཁྱད་པར་ཡོད་པས་ཐོག་མར་སློབ་དཔོན་ལས་དེ་ལྟར་བླངས་ན། དུས་རྒྱུན་རྟེན་གྱི་དྲུང་ངམ་ཡང་ན་ཚོགས་ཞིང་གསལ་བཏབ་སྟེ་ལེན་ཆོག སྨོན་སེམས་བླང་བ་དག་གིས་དུས་རྒྱུན་ངག་འདོན་དུའང་དེ་ལྟར་འདོན་དགོས་སམ་ཞེ་ན། མ་ཡིན་ཏེ་བྱང་ཆུབ་སེམས་དཔའི་བསླབ་པ་སྨོན་ཡུལ་དུ་བྱས་ནས་ཆོ་ག་ཆ་ཚང་བཏོན་ཆོག དེའང་དངོས་གཞི་དམ་བཅའ་བའི་ཚིག་དོན་ནི། ཇི་ལྟར་ན་སྔོན་རྒྱལ་བ་འོད་དཔག་མེད་དགེ་སློང་ཆོས་ཀྱི་འབྱུང་གནས་སུ་སྐུའི་སྐྱེ་བ་བཞེས་ཚེ་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་བོའི་དྲུང་དུ་ཐུགས་བསྐྱེད་ཅིང་། གཞན་ཡང་གླིང་བཞིར་དབང་སྒྱུར་བའི་རྒྱལ་བོ་རྩིབས་ཀྱི་མུ་ཁྱུད་ཀྱི་སྐུའི་སྐྱེ་བ་བཞེས་དུས། སངས་རྒྱས་རིན་ཆེན་སྙིང་པོའི་མདུན་ནས་ཐུགས་བསྐྱེད། དེ་དག་གིས་ཇི་ལྟར་ཐུགས་བསྐྱེད་པ་དང་འདྲ་བར་བདག་ཅག་གི་སྟོན་པ་མཉམ་མེད་ཤཀྱཱའི་དབང་པོས་ཀྱང་སྔོན་རྫ་མཁན་གྱི་ཁྱེའུ་སྣང་བྱེད་དུ་གྱུར་ཚེ་སངས་རྒྱས་ཤཀྱཱ་ཐུབ་ཆེན་གྱི་མདུན་ནས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཐུགས་བསྐྱེད་ཅིང་། བྱང་ཆུབ་སེམས་དཔའི་བསླབ་པ་མཐའ་ཡས་རྒྱ་མཚོ་ལྟ་བུ་ལ་བདེ་བར་གཤེགས་པ་དེ་དག་གིས་ཐོག་མར་ལས་དང་པོ་པའི་ས་ནས་གོམས་པར་བྱས་ཏེ། མཐར་མངོན་པར་རྫོགས་པར་སངས་མ་རྒྱས་ཀྱི་བར་དུ་ཇི་ལྟར་བསླབ་པ་དང་དེ་ལ་ཇི་ལྟར་གནས་པ་བཞིན། བདག་གིས་ཀྱང་ཕ་མ་སེམས་ཅན་ཐམས་ཅད་ཕན་པའི་མཆོག་གཏན་བདེ་བླ་ན་མེད་པ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རང་གི་ནུས་ཚོད་དང་བསྟུན་ནས་རིམ་པ་བཞིན་དུ་སྒྲུབ་པར་བགྱིའོ། །ཞེས་དམ་བཅའ་བའི་ཚིག་འདི་ལན་གསུམ་བརྗོད་པ་ཡིན། དེ་ལྟར་སྡོམ་པའི་ཐོབ་མཚམས་ནི་ལན་ཕྱི་མའི་སྐབས་ཡིན་པས་དུས་དེར་རང་གི་རྒྱུད་ལ་བྱང་ཆུབ་སེམས་དཔའི་སྨོན་འཇུག་གི་སྡོམ་པ་ཐོབ་བྱུང་སྙམ་པའི་ཐོབ་བློ་སྐྱེ་དགོས། དེ་མིན་སྨོན་སེམས་རྐྱང་བའི་སྡོམ་པ་ལེན་པར་ཡང་དེ་ལྟར་ཐོབ་བློ་སྐྱེ་དགོས། འདི་ལ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ཟེར་ཞིང་། དེའང་བསྐྱེད་པ་ཙམ་གལ་མི་ཆེ་བར་རྒྱུད་ལ་སྐྱེས་པ་གལ་ཆེའོ། །ཆོ་གའི་སྐབས་ཀྱི་རིམ་པ་བཞིན་དུ་ཞེས་པ་དེ་ལ་འགྲེལ་ཚུལ་སྣ་ཚོགས་ཤིག་ཡོད་མོད། རང་ལུགས་ལ་ལག་བཟང་གིས་ཞུས་པའི་མདོའི་རྗེས་སུ་འབྲང་ནས་བསླབ་བཏུས་ཀྱི་དགོངས་པ་ལྟར་བཀྲལ་ཡོད། ཆོ་གའི་ཐོག་མའི་དགོངས་གསོལ་ལན་གཅིག་འདོན་པའི་ལུགས་ལ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་དང་། ས་བཅུ་ན་གནས་པའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྣམས་དང་། བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་བདག་ལ་དགོངས་སུ་གསོལ། ཞེས་པར་དགོངས་གསོལ་རྣམ་གསུམ་ཟེར་ཞིང་། གཞན་ལན་གསུམ་འདོན་པའི་ལུགས་ནི། རེ་རེ་ལ་ནན་གྱིས་བསྐྱར་ཏེ་ཐེངས་གསུམ་རེར་སྐུལ་བའི་དོན་ཡིན་པར་བཞེད། དེ་གཉིས་གང་ལྟར་ཡང་མི་འགལ་ཞིང་། སྐྱབས་སུ་འགྲོ་བ་ལན་གསུམ་ཡིན་པའང་གོ་དོན་དེ་ལྟར་རོ། །དགོངས་གསོལ་གསུམ་གྱིས་སད་པར་བྱས་པ་ནི། སྐྱབས་ཡུལ་ཚོགས་ཞིང་གི་ལྷ་རྣམས་དམིགས་པས་གསལ་བཏབ་སྟེ་མདུན་གྱི་ནམ་མཁར་སད་པར་བྱས་པ་ཡིན། དེའང་སྐྱབས་སུ་འགྲོ་བ་གསུམ་གྱིས་སྡོམ་པའི་གཞི་རྟེན་བཟུང་ཞིང་། སེམས་བསྐྱེད་ཀྱི་དངོས་གཞི་དམ་བཅའ་བ་གོང་དུ་སྨྲོས་པ་ལྟར་ཆོ་གའི་ཚིག་ལན་གསུམ་བརྗོད་པའི་ཐ་མར་སྡོམ་པ་ཐོབ་ཅིང་། མཇུག་ཏུ་དགའ་བ་བསྒོམ་ཞིང་སྨོན་ལམ་དང་བཅས་པས་བྱང་སྡོམ་ལེན་ཚུལ་གྱིས་ཡོངས་སུ་གྲུབ་པའོ། །དེའང་སྤྱིར་དགའ་བ་བསྒོམ་པ་ལ་རང་གིས་བསྒོམ་པ་དང་གཞན་ལ་བསྒོམ་དུ་འཇུག་ཚུལ་གཉིས་ཡོད་ལ། དང་པོ་རང་གིས་དགའ་བ་བསྒོམ་པ་ནི། ཇི་སྐད་དུ། དེ་ལྟར་བློ་དང་ལྡན་པ་ཡིས། །རབ་དང་བྱང་ཆུབ་སེམས་བཟུང་ནས། །མཇུག་ཀྱང་རྒྱས་པར་བྱ་བའི་ཕྱིར། །སེམས་ནི་འདི་ལྟར་གཟེངས་བསྟོད་དོ། །ཞེས་གསུངས་པའི་དོན་ནི། དེ་ལྟར་བློ་དང་ཤེས་རབ་ལྡན་པ་ཡིས་སེམས་རབ་ཏུ་དང་བའི་སྒོ་ནས་དངོས་གཞི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པའི་སྡོམ་པ་བླང་བ་ལ་སྦྱོར་དངོས་རྗེས་གསུམ་ཆ་ཚང་ཞིང་། མཇུག་ཀྱང་རྒྱས་པར་བྱ་བ་སྟེ་མཇུག་ཡོངས་སུ་གྲུབ་པར་བྱས་ནས་རང་སེམས་གཟེངས་བསྟོད་དོ། །ཚུལ་དེ་ནི་ཆོ་གར། དེང་དུས་བདག་ཚེ་འབྲས་བུ་ཡོད། །མི་ཡི་སྲིད་པ་ལེགས་པར་ཐོབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་པས་དེང་གི་དུས་ད་ལྟའི་ཚེ་འདི་ལ་བདག་གིས་མི་ལུས་ལན་གཅིག་ཐོབ་པ་དོན་ཡོད་པར་གྱུར། དེའང་མི་ལུས་ཐོབ་ཚད་ཕལ་ཆེ་བས་ཕྱི་མའི་སྡུག་བསྔལ་གྱི་རྒྱུ་འབའ་ཞིག་སྒྲུབ་བཞིན་ཡོད་ན། དེ་འདྲའི་མི་ལུས་ནི་ཐོབ་པ་ལས་མ་ཐོབ་ན་བཟང་སྙམ་པ་ཡོད་མོད། བདག་གི་མིའི་ལུས་རྟེན་ཐོབ་པ་འདི་ནི་ཉེས་པར་མ་གྱུར་བར་ལེགས་པར་གྱུར། ཅིའི་ཕྱིར་ཞེ་ན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་དུས་དེ་རིང་ནས་བཟུང་རྫོགས་པའི་སངས་རྒྱས་ཀྱི་རིགས་སུ་སྐྱེས་པའམ་དེའི་རིགས་སུ་གཏོགས་ཤིང་། སངས་རྒྱས་ཀྱི་ཐུགས་སྲས་སུ་གྱུར་པའམ་གདུང་འཚོབ་ཏུ་གྱུར་པ་ཡིན་པས་ན། ད་ནི་བདག་གང་ལ་འཕྲད་ཀྱང་ཐེག་པ་ཆེན་པོའི་རིགས་དང་མཐུན་པའི་བྱ་ལས་བསྒྲུབ་འོས་པ་སེམས་ཅན་གྱི་གཞན་དོན་གཅིག་པུ་བསམས་ནས། སྐྱོན་མེད་བཙུན་པ་སངས་རྒྱས་བཅོམ་ལྡན་འདས་ནས་འཕགས་པ་འཇམ་དཔལ་དབྱངས་ལ་བརྒྱུད། དེ་ནས་ད་ལྟ་ལ་མ་ཐུག་གི་བར་བླ་མ་སློབ་དཔོན་བརྒྱུད་པ་ཐམས་ཅད་རང་འདོད་ཡིད་བྱེད་སོགས་ཀྱིས་གོས་མ་མྱོང་བའི་བཙུན་པའི་རིགས་འདི། རང་ངོས་ནས་ཉམས་པར་མི་བྱེད་པར་གོང་མའི་རྗེས་ཕྱི་མས་ཟིན་པའམ་ཕ་ཤུལ་བུ་ཡིས་ཟིན་པ་ཞིག་གིས་ཉེས་ལྟུང་རྙོག་མ་ཡིས་རིགས་དྲི་མ་ཅན་དུ་མི་འགྱུར་བར་བྱ་སྟེ། དཔེར་ན། ལོང་བས་ཕྱག་དར་གྱི་ཁྲོད་ནས་རིན་པོ་ཆེ་རྙེད་པ་ལྟར་ངོ་མཚར་དགའ་བ་རྒྱ་ཆེན་ལྡན་པའི་སྒོ་ནས། རིན་ཆེན་བྱང་ཆུབ་ཀྱི་སེམས་ཡིད་བཞིན་ནོར་མཆོག་རྙེད་པ་ལས་ཀྱང་དོན་ཆེ་བ་འདི་རྙེད་བྱུང་སྙམ་དུ་རང་དགའ་བ་བསྒོམ་བཞིན་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་ལ་འཇུག་པར་སྤྲོ་བ་སྐྱེད། ཡང་ཆོ་གར། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེ་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱི། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །ཞེས་པས་གཞན་ལ་དགའ་བ་བསྒོམ་པར་འཇུག་པ། དེའང་རང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པ་ནི་རྙེད་པའི་མཆོག་ཡིན་པས་དགའ་བ་བསྒོམ་པར་རིགས་མོད། གཞན་ཅིའི་ཕྱིར་དགའ་དགོས་པ་ཡིན་ཞེ་ན། བདག་གིས་དེ་རིང་སྐྱོབ་པ་སངས་རྒྱས་དང་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་དཔང་པོར་བཞག་ཅིང་། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མགྲོན་དུ་བོས་ནས་ཁྱེད་ཅག་མཐར་ཐུག་བླ་མེད་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་བ་དང་། དེ་ཉིད་མ་ཐོབ་བར་དུ་གནས་སྐབས་མངོན་མཐོ་ལྷ་མིའི་བདེ་སྐྱིད་ཕུན་སུམ་ཚོགས་པ་ཐོབ་པར་ཁས་བླང་དམ་བཅའི་རི་མོ་ཡལ་བ་མེད་པ་ཞིག་བདག་གིས་མཛད་པ་འདི་མགྲོན་སྟོན་དུ་བྱིན་པ་ཡིན་པས་ན། དཀར་ཕྱོགས་སྐྱོང་བའི་ལྷ་དང་དེའི་སྡེར་གཏོགས་ཀྱི་རིགས་ལྷ་མིན་སོགས་ཐམས་ཅད་དགའ་བར་གྱིས་ཤིག་ཅེས་པའི་དོན་ཡིན་ནོ། །དེ་ལ་དགོས་པ་ཅི་ཡོད་ཅེ་ན། དེ་དག་གིས་རྗེས་སུ་ཡི་རངས་བྱས་པས་དགེ་རྩའི་སྐལ་བ་མཉམ་པོར་ཐོབ་ན་དགའ་བ་བསྒོམ་པ་ནི་རྗེས་སུ་ཡི་རངས་ཡིན་པས་སོ། །དེ་མིན་རང་ངོས་ནས་ཀྱང་ངོ་ཚ་ཁྲེལ་ཡོད་ཀྱི་རྟེན་དུ་འགྱུར་བའི་དགོས་པ་ཡོད་དོ།།

བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཕན་ཡོན་བསྟན་པ།

ཇི་སྐད་དུ། ཡོད་ན་སངས་རྒྱས་བསྒྲུབ་ལ་དེས་ཆོག་ཅིང་། །མེད་ན་སངས་རྒྱས་སྒྲུབ་ལ་ཐབས་ཆག་པ། །སངས་རྒྱས་སྒྲུབ་པའི་ས་བོན་མ་ནོར་བ། །ཞེས་པ་སོགས་ཀྱིས་རིན་ཆེན་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་པ་ནས་མཚན་དང་དོན་འགྱུར་བ་སྟེ། སོ་སོའི་སྐྱེ་བོ་འཆིང་བ་ཀུན་ལྡན་ཡིན་ཡང་རྒྱལ་བའི་སྲས་བྱང་ཆུབ་སེམས་དཔའི་རིགས་སུ་གྱུར་པས་བྱང་སེམས་ཀྱི་མིང་ཐོགས་ཤིང་། དེ་ཉིད་གཞིར་བྱས་དགེ་རྩ་ཅི་བསྒྲུབ་ཐམས་ཅད་སངས་རྒྱས་ཐོབ་པའི་རྒྱུར་འགྱུར་བར་མ་ཟད་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པར་ཡང་འགྱུར་ཏེ། བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེས་པར་བྱས་ཤིང་དེ་ཙམ་གྱིས་ཆོག་པར་མི་འཛིན་པར་སྐྱེས་པ་མི་ཉམས་པར་ཡང་ཁས་བླངས་པའི་ཕྱིར་རོ། །དེའང་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་དམིགས་པས་ན། ཡར་སངས་རྒྱས་ཀྱི་གྲངས་དང་མར་སེམས་ཅན་གྱི་གྲངས་མཐའ་ཡས་པ་བཞིན་དགེ་རྩ་འཕེལ་བར་འགྱུར་ཞིང་། དེ་ཉིད་ཀྱིས་སྡིག་པ་འདག་སྟོབས་ལ་བསམ་ནའང་བྱང་ཆུབ་ཀྱི་སེམས་དེ་སྐྱེས་པའི་སྐད་ཅིག་ལ་ངེས་པའི་སྡིག་པ་རྣམས་ཟིལ་གྱིས་གནོན་པ་དང་། མ་ངེས་པའི་སྡིག་པ་ཐམས་ཅད་དྲུངས་འབྱིན་པར་བྱེད། ཡང་ན་ལས་ཉོན་གྱི་སྒྲིབ་པ་དྲུངས་འབྱིན་དང་ཤེས་བྱའི་སྒྲིབ་པ་ཐལ་འབྱིན་ཞེས་ཀྱང་གསུངས། དེ་ལྟར་བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བར་བྱེད་ཅིང་སྐྱེས་པ་མི་ཉམས་པར་བྱེད་པ་ནི་གལ་ཆེའོ། །རྒྱས་པར་སྤྱོད་འཇུག་ལས་འཇུག་ལྡོག་གི་གནས་ལ་བཟོད་པ་ལྷུར་ལེན་པ་བག་ཡོད་ཀྱི་ལེའུ་དང་། ལུས་སེམས་ཀྱི་གནས་སྐབས་ལ་ཡང་ཡང་བརྟགས་པ་ཤེས་བཞིན་གྱི་ལེའུ། བྱང་ཆུབ་སེམས་ཀྱི་མི་མཐུན་ཕྱོགས་ཁོང་ཁྲོ་སྤོང་བ་བཟོད་པའི་ལེའུ། སྐྱེས་པ་མི་ཉམས་པར་གོང་ནས་གོང་དུ་འཕེལ་བ་གྲོགས་བརྩོན་འགྲུས་དང་བསམ་གཏན་དང་ཤེས་རབ་ཀྱི་ལེའུ་བཅས་སུ་བསྟན། དེ་ལྟར་སྤྱོད་འཇུག་བསྒོམ་རིམ་བཞིན་དུ་ཉམས་སུ་ལེན་པ་ནི་སེར་སྐྱ་སུ་ལའང་གལ་ཆེའོ།།

སེམས་བསྐྱེད་ཀྱི་བསླབ་བྱ་བསྟན་པ།

བྱང་ཆུབ་ཀྱི་སེམས་མ་སྐྱེས་པ་སྐྱེ་བར་བྱེད་པ་དང་། སྐྱེས་པ་མི་ཉམས་པ་གཉིས་ཀར་ཡང་བསླབ་བྱ་ལ་སློབ་པ་གལ་ཆེའོ། །དེའང་སྐབས་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ནི་ཁྱིམ་པ་ཕོ་མོ་ཡིན་པས་དེ་དང་བསྟུན་ནས་བཤད་ན། སྤྱིར་སེམས་བསྐྱེད་འདི་ལ་ཀུན་རྫོབ་སེམས་བསྐྱེད་དང་དོན་དམ་སེམས་བསྐྱེད་རིགས་གཉིས་ཡོད། ཀུན་རྫོབ་སེམས་བསྐྱེད་ནི་གཞན་དོན་དུ་རྫོགས་བྱང་དོན་གཉེར་གྱི་བློ་ཞིག དོན་དམ་སེམས་བསྐྱེད་ནི་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལ་བརྗོད། ཀུན་རྫོབ་སེམས་བསྐྱེད་ལ་དབྱེ་ན། རྒྱལ་སྲས་ཆེན་པོ་ཞི་བ་ལྷས། འགྲོ་བར་འདོད་དང་འགྲོ་བ་ཡི། །བྱེ་བྲག་ཅི་ལྟར་ཤེས་པ་ལ། །ཞེས་གསུངས་པའི་ལམ་ལ་འགྲོ་བར་འདོད་པ་ལྟ་བུ་སྨོན་པ་སེམས་བསྐྱེད་དང་། འགྲོ་བ་དངོས་ལྟ་བུ་འཇུག་པ་སེམས་བསྐྱེད། དེ་གཉིས་ཆོ་ག་ལ་བརྟེན་ནས་རྒྱུད་ལ་སྐྱེ་བའི་ཕྱིར་རགས་པ་བརྡ་ལས་བྱུང་བའི་སེམས་བསྐྱེད་ཟེར། དོན་དམ་སེམས་བསྐྱེད་ནི་སྟོང་ཉིད་རྟོགས་པ་ཡིན་ཞིང་དེ་ནི་ལམ་བསྒོམ་པའི་སྟོབས་ཀྱིས་སྐྱེ་དགོས་པས་ཕྲ་བ་ཆོས་ཉིད་ཀྱིས་ཐོབ་པའི་སེམས་བསྐྱེད་ཟེར་རོ། །སྐབས་སུ་བབ་པའི་བཤད་བྱ་ཀུན་རྫོབ་སེམས་བསྐྱེད་ནི། དུས་རྒྱུན་བཤད་པ་ལྟར་དོན་གཉིས་སམ་ཟུར་གཉིས་ལྡན་པ་ཞིག་གོ །འདི་ཉིད་ཁ་སྐད་ལྟར་བརྗོད་ན་དོན་ཚན་གཉིས་ཚང་བ་ཞིག་སྟེ། སྙིང་རྗེས་སེམས་ཅན་ལ་དམིགས་པ་དང་། ཤེས་རབ་ཀྱིས་རྫོགས་བྱང་ལ་དམིགས་པ། དོན་གཉིས་སམ་ཟུར་གཉིས་པོ་འདི་མ་ཚང་ན་ཐེག་ཆེན་སེམས་བསྐྱེད་དུ་མི་འགྱུར་རོ། །དེའང་སྔོན་བདག་ཤྲཱི་སེང་ཧ་རུ་ཡོད་དུས་ཐེངས་ཤིག་དུང་སྒྲུབ་ལྷ་ཁང་དུ་ཁོང་ཚོ་ལ་ཀློག་སློབ་པ་ཇི་བཞིན། བསམ་པ་རྒྱ་ཆེ་བ་བྱང་ཆུབ་སེམས་ཀྱི་ཀུན་སློང་། ཐབས་རྒྱ་ཆེ་བ་གསང་སྔགས་ཀྱི་ཀུན་སློང་། ཞེས་རེ་རེ་རྗེས་ཟློས་མཛད་དུ་བཅུག་པ་ཡིན། ཚུལ་དེ་ནི་ད་ལྟ་འདིར་བཞུགས་རྒན་པ་རྣམས་ཀྱིས་དྲན་སྲིད་མོད། གཞན་དག་དེ་དུས་བྱིས་པ་ཡིན་པས་ཨེ་དྲན་མི་ཤེས། དེས་ན་དོན་གཉིས་སམ་ཟུར་གཉིས་པོ་འདི་མ་ཚང་ན་ཐེག་ཆེན་སེམས་བསྐྱེད་དུ་མི་འགྱུར་བས་དེ་གཉིས་ངེས་པར་དུ་ཚང་དགོས། རང་རེ་སྐྱ་སེར་སུ་ཡང་ཆོས་ཚིག་བཞི་བའི་ཚིགས་སུ་བཅད་པ་ཙམ་རེ་དང་། གཟུངས་སྔགས་ཕྲེང་སྐོར་ཙམ་རེ་ལས་མ་བཟླས་ཀྱང་ཐོག་མར། སངས་རྒྱས་ཆོས་ཚོགས་མ་དང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་སོགས་སྐྱབས་སེམས་གཉིས་ལན་གསུམ་འདོན་ནི་རེད། །དེའང་མཆོག་གསུམ་ལ་སྐྱབས་སུ་སོང་བས་དགག་སྒྲུབ་ཆ་མཐུན་གྱི་བསླབ་བྱ་དགུ་ཁས་བླངས་པའི་སྟེང་དུ་སྨོན་སེམས་ཙམ་ཞིག་སྐྱེད་འདོད་ན། རྒྱུ་བསོད་ནམས་ལ་དམིགས་པ་དང་འབྲས་བུ་རྫོགས་བྱང་ལ་སྨོན་པ་ནི། བདག་གི་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་བསྟན་ནོ། །སྤྱིར་དགེ་བའི་རྩ་བ་ཡོད་ཚད་བསྡུ་ན་བསོད་ནམས་བྱ་བའི་གཞི་གསུམ་དུ་འདུ་སྟེ། སྦྱིན་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་གཅིག ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་གཉིས། བསྒོམ་པ་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ་དང་གསུམ་མོ། །དེ་ལ་དབྱེ་ན་ཕར་ཕྱིན་དྲུག་སྟེ། སྦྱིན་པ་དང་ཚུལ་ཁྲིམས་གཉིས་དངོས་བསྟན་དང་། བཟོད་པ་བསམ་གཏན་ཤེས་རབ་གསུམ་བསྒོམ་པ་ལས་བྱུང་ཞིང་། བརྩོན་འགྲུས་ཐམས་ཅད་ཀྱི་གྲོགས་ཡིན། དེ་ལྟར་ཕར་ཕྱིན་དྲུག་པོའང་དོན་དུ་སེམས་ལ་བརྟེན་པ་ཡིན་ཏེ། གཏོང་སེམས་སྦྱིན་པ། སྤོང་སེམས་ཚུལ་ཁྲིམས། མི་འཁྲུགས་པའི་སེམས་བཟོད་པ། སྤྲོ་བའི་སེམས་བརྩོན་འགྲུས། མི་གཡེང་བའི་སེམས་བསམ་གཏན། ཆོས་རབ་ཏུ་འབྱེད་པའི་སེམས་ཤེས་རབ་ཡིན། དེ་དག་ནི། བདག་གིས་སྦྱིན་སོགས་བགྱིས་པའི་བསོད་ནམས་ཀྱིས། །ཞེས་པའི་དོན། འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་པས་འབྲས་བུ་རྫོགས་བྱང་ལ་སྨོན་པ་བསྟན། དེའང་འགྲོ་ལ་ཕན་ཕྱིར་ཞེས་པས་གང་གི་ཆེད་དུ་བྱ་བ་སྙིང་རྗེས་སེམས་ཅན་ལ་དམིགས་པ་བསྟན་ཞིང་། སངས་རྒྱས་འགྲུབ་པར་ཤོག་ཅེས་པས་ཤེས་རབ་རྫོགས་བྱང་ལ་དམིགས་པའི་འདུན་པ་བསྟན། དེ་ལྟར་མར་གྱུར་འགྲོ་བ་ནམ་མཁའ་དང་མཉམ་པའི་དོན་དུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤོག་ཅེས་པ་ནི་སྨོན་སེམས་ཡིན་ནོ།།

བྱེ་བྲག་སྨོན་སེམས་ཀྱི་བསླབ་བྱ་ལྔ་བསྟན་པ།

སྨོན་པ་སེམས་བསྐྱེད་དེ་རྒྱུད་ལ་བླང་ན་དེར་བསླབ་བྱ་ལྔ་ཡོད་དེ། སེམས་ཅན་སྡུག་བསྔལ་ཅན་མཐོང་ན་བློས་མི་གཏོང་བ་དང་གཅིག དུས་རྒྱུན་སེམས་བསྐྱེད་ཀྱི་ཕན་ཡོན་དྲན་པ་དང་གཉིས། ཚོགས་གསོག་པའི་ཐབས་ལ་འབད་པ་དང་གསུམ། བྱང་ཆུབ་ཀྱི་སེམས་འབྱོང་བར་སྦྱོང་བ་དང་བཞི། དཀར་ནག་གི་ཆོས་ལ་བླང་དོར་བྱེད་པ་དང་ལྔའོ། །༈ དང་པོ། སེམས་ཅན་གཅིག་བློས་བཏང་ན་གྲངས་ཀྱི་ཆ་ནས་མང་པོ་མ་ཡིན་མོད། སེམས་ཅན་ཐམས་ཅད་ཅེས་པ་མི་ཚང་ལ། ཁས་ལེན་དུས་ཐམས་ཅད་ཅེས་བརྗོད་ཡོད་པས་ཐོག་མའི་དམ་བཅའ་དང་འགལ་ཏེ་སྨོན་སེམས་རྩ་བ་ནས་གཏོང་བར་འགྱུར་རོ། །དེའི་ཕྱིར་སེམས་ཅན་ཐམས་ཅད་ལ་ཕན་འདོད་ཀྱི་བསམ་པ་འཆང་བ་གལ་ཆེའོ། །༈ གཉིས་པ། ཕན་ཡོན་དྲན་པས་བརྩོན་བགྲུས་བསྐྱེད་པའོ། །༈ གསུམ་པ། ཚོགས་བསགས་པས་སེམས་བསྐྱེད་ཀྱི་སྟོབས་སྐྱེད་པའི་དགོས་པ་ཡོད་དོ། །༈ བཞི་བ། བསླབ་བྱར་རྒྱུན་དུ་གནས་པ་སེམས་སྦྱོང་བར་རག་ལས་ཤིང་དེ་ལ་དབྱེ་ན་གསུམ་སྟེ། སེམས་བསྐྱེད་ཀྱི་རྒྱུ་ལ་སྦྱོང་བ། སེམས་བསྐྱེད་པ་དངོས་ལ་སྦྱོང་བ། སེམས་བསྐྱེད་ཀྱི་བསླབ་བྱར་སྦྱོང་བ་བཅས་སོ། །དང་པོ་རྒྱུ་ལ་སྦྱོང་བ་ནི་ཚད་མེད་བཞི་བསྒོམ་པ། དེའང་སེམས་ཅན་བདེ་བ་དང་ལྡན་འདོད་ནི་བྱམས་པ། སྡུག་བསྔལ་དང་འབྲལ་འདོད་ནི་སྙིང་རྗེ། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་འདོད་པ་ནི་དགའ་བ། ཉེ་རིང་ཆགས་སྡང་དང་བྲལ་བ་ནི་བཏང་སྙོམས་བཅས་ཡིན། དེ་དག་མན་ངག་གི་ལུགས་སུ་བསྒོམ་པའི་ཚེ་བཏང་སྙོམས་ནས་རྩོམ་པའོ། །གཉིས་པ་སེམས་སྦྱོང་བ་དངོས་ནི། ཉིན་མཚན་དུས་དྲུག་ལ་སྦྱོང་བར་མ་ནུས་ཀྱང་ཉིན་རེ་བཞིན་ཆགས་མེད་དུ་ཆོ་ག་རྒྱས་བསྡུས་ལ་མ་ལྟོས་པར་སེམས་བསྐྱེད་བླང་ནས་སྦྱང་དགོས་སོ། །གསུམ་པ་བསླབ་བྱ་ལ་སློབ་པ་གསུམ་སྟེ། བདག་གཞན་མཉམ་པ། བདག་གཞན་བརྗེ་བ། བདག་བས་གཞན་གཅེས། དང་པོ་ནི་བདེ་བ་སྒྲུབ་འདོད་དང་སྡུག་བསྔལ་ཞི་འདོད་གཉིས་ཀའི་ཆ་ནས་བདག་གཞན་འདྲ་བར་བྱེད་པ། གཉིས་པ་ནི་བདག་གི་བདེ་བ་སེམས་ཅན་གཞན་ལ་སྦྱིན་ཞིང་གཞན་གྱི་སྡུག་བསྔལ་རང་ལ་ལེན་པ། གསུམ་པ་ནི་རང་དོན་ཡལ་བར་དོར་ནས་གཞན་དོན་ལྷུར་ལེན་པ་བཅས་སྨོན་པའི་བསླབ་བྱ་ལྔའོ། །༈ ལྔ་བ། དཀར་པོའི་ཆོས་དང་ནག་པོའི་ཆོས་བླང་དོར་བྱེད་པ། དེའང་དཀར་བོ་ཆོས་བཞིའི་ལྡོག་ཕྱོགས་ནི་ནག་པོ་ཆོས་བཞི་ཡིན་ལ། སྤང་བྱ་ནག་པོའི་ཆོས་བཞི་སྤངས་པས་བསྒྲུབ་བྱ་དཀར་པོའི་ཆོས་བཞི་རང་བཞིན་གྱིས་འགྲུབ། ནག་པོ་ཆོས་བཞི་ནི། སྡོམ་གསུམ་རྣམ་ངེས་ལས། མཆོད་འོས་བསླུ་དང་འགྱོད་མིན་འགྱོད་པ་བསྐྱེད། །དམ་པར་སྐུར་འདེབས་འགྲོ་ལ་གཡོ་སྒྱུས་སྤྱོད། །ནག་པོའི་ཆོས་བཞི་སྤང་ཞིང་ལྡོག་པ་ནི། །དཀར་བོའི་ཆོས་བཞི་ཡིན་པས་ཀུན་ཏུ་སྤྱད། །ཅེས་གསུངས་པ་ལྟར་མཆོད་པར་འོས་པའི་ཡུལ་དམ་པ་བསླུ་བ་དང་། འགྱོད་མི་འོས་པ་ལ་འགྱོད་པ་སྐྱེད་པ་དང་། ཡུལ་དམ་པར་སྐུར་བ་འདེབས་པ། འགྲོ་ལ་གཡོ་སྒྱུ་བྱེད་པ་བཅས་བཞིའོ། །དེའི་ལྡོག་ཕྱོགས་བཞི་ནི་སྲོག་ལ་བབ་ཀྱང་ཤེས་བཞིན་དུ་རྫུན་མི་སྨྲ་བ། ཐམས་ཅད་བྱང་ཆུབ་ཀྱི་ལམ་ལ་འགོད་པའི་ཐབས་བསྟེན་པ། ཡུལ་དམ་པ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་བཞིན་དུ་གུས་པར་བྱེད་པ། སེམས་ཅན་ཐམས་ཅད་ལ་རྒྱུད་དྲང་པོ་དང་བདེན་པའི་ཡིད་ཅན་གྱིས་གཡོ་སྒྱུ་བྱེད་པ་ལས་ལྡོག་པ་བཅས་སོ། །དེ་དག་གིས་ཚེ་རབས་ཕྲེང་བ་ཀུན་ཏུ་བྱང་ཆུབ་ཀྱི་སེམས་དང་མི་འབྲལ་ཞིང་ས་ལམ་གྱི་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་བ་དང་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ་ཞིང་རྒྱས་པར་འགྱུར་རོ། །དེའང་བྱང་སེམས་སྨོན་པའི་བསླབ་བྱ་ལ་སྤྱིར་གྲངས་ཀ་ལྔ་ཙམ་ལས་མང་པོ་མེད་ལ། གཞན་ཡང་བྱང་ཆུབ་སེམས་དཔའི་བསླབ་བྱ་ཐམས་ཅད་གཞན་ཕན་གཞིར་བཅས་སུ་འདུ་བར་གསུངས་པས་དེ་བས་ཀྱང་གྲངས་ཉུང་མོད། དོན་ལ་བསླབ་བྱའི་སྒྲོམ་གཞི་ནི་རྒྱ་ཆུང་བ་མ་ཡིན། སྐྱབས་འགྲོའི་སྐབས་སུ་སེམས་ཅན་ལ་འཚེ་བ་སྤོང་བ་དང་སེམས་བསྐྱེད་ཀྱི་སྐབས་སུ་སེམས་ཅན་ཐམས་ཅད་བློས་མི་གཏོང་བ་དེ་གཉིས་ལ་ཞིབ་པར་བསམ་ན་ལས་སླ་བ་མ་ཡིན་ནོ། །དེ་ལྟར་མོད་ཁྱེད་ཅག་ཁྱིམ་ན་གནས་པས་དེ་དག་སྲུང་བར་དཀའ་སྙམ་ནས་རང་གིས་རང་དམན་སར་འཇོག་པ་དང་། བདག་ཉིད་བརྙས་པའི་ལེ་ལོ་ཡིས་འཁུམ་པར་མི་བྱ་སྟེ། མི་དེ་འདྲ་བས་ཆོས་འཇིག་རྟེན་གཉིས་ཀྱི་བྱ་བ་གང་ཡང་སྒྲུབ་མི་ཕོད་པས་ཅི་ཡང་འགྲུབ་མི་སྲིད་ལ། དེ་ལྟར་བག་མི་འཁུམ་པར་སྒྲུབ་འོས་པའི་ལས་ལ་ཞུགས་ན་ཅི་རིགས་པ་ངེས་པར་འགྲུབ་སྟེ། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་རོ། །བློ་ཆེན་བྱང་ཆུབ་སེམས་དཔའ་ཞེས་པ་ནི་སེམས་མི་ཞུམ་པར་འགྲོ་མང་གི་མཐའ་དང་བསྐལ་མང་གི་ཡུན་ལ་བྱ་དཀའ་བའི་སྤྱོད་པ་རྒྱ་མཚོར་སྤྱོད་པས་ན་མིང་དེ་ལྟར་གྲགས་པ་ཡིན། བྱང་སེམས་ལས་དང་པོ་བས་དེ་ལྟའི་དཀའ་བའི་སྤྱོད་པ་དང་དུ་བླངས་ན་རིམ་གྱིས་སླ་བར་འགྱུར་ཏེ། ཚོགས་སྦྱོར་གཉིས་ཀྱི་སྐབས་སུ་བརྩོན་པ་དྲག་པོ་བསྐྱེད་ན་མཐོང་སྒོམ་དུ་སླ་བར་འགྱུར་ཞིང་། འདོད་ན་ཞག་བདུན་གྱིས་འཚང་རྒྱ་བ་ཡོད་པའང་རིགས་པས་དཔག་པར་ནུས་སོ། །ད་ལྟ་རང་རེ་སོ་སྐྱེའི་སྐབས་འདིར་སྦྱོར་བ་ལག་ལེན་གྱི་སྟེང་ནས་བྱ་དཀའ་བ་ལ་འཕགས་ཆེན་ཇི་བཞིན་འཇུག་པར་དཀའ་ནའང་། སྦྱོར་བས་མ་ནུས་ཀྱང་བསམ་པ་གཞན་ཕན་གྱི་ཀུན་སློང་ཁོ་ན་ལ་འབད་དགོས། སྦྱིན་པ་ལྟ་བུར་ཡང་ཐོག་མར་དངོས་པོ་རྣམས་རང་གི་ལག་གཡས་པས་གཡོན་པར་སྦྱིན་ཞིང་གཡོན་པས་གཡས་པར་སྦྱིན་པ་ལྟར་བྱ་ཞིང་། དེ་ནས་དངོས་པོ་ཆུང་ངུ་རེ་གཞན་ལ་བྱིན་ནས་སྦྱིན་པར་སྦྱོང་དགོས་པས་གསུངས་སོ། །འཕགས་པ་ཀ་ཏ་ཡ་ནས་དབུལ་མོ་ཞིག་ལ་སྨྲས་པ། ཁྱོད་ཀྱིས་བསོད་ནམས་མ་བསགས་པས་རྒྱུ་འབྱོར་བ་ཡོད་མི་སྲིད་ལ་ཡོད་པའང་མ་ཡིན། དེས་ན་ཁྱོད་ཀྱིས་བདག་གི་ལྷུང་བཟེད་དུ་ཆུ་ཞིག་བླུགས་དང་དེས་ཁྱོད་ཀྱི་བསོད་ནམས་ཇེ་ཆེར་འགྲོ་གསུངས་པ་ལྟར་ཡིན། གོམས་ན་ནམ་ཞིག་སྦྱིན་པ་བྱིན་པས་རང་གི་སེམས་ལ་སྤྲོ་བ་སྐྱེ་ཞིང་རང་ཉིད་བཟང་སྙམ་པ་འབྱུང་། དེ་ལྟར་རིམ་གྱིས་གཏོང་བ་དང་གཏོང་བ་ཆེན་པོའི་སྒོ་འཕར་ཕྱེ་དགོས་གསུངས་ཡོད། ད་ལྟའི་སྐབས་སུ་སྦྱོར་བ་ལག་ལེན་དུ་འདེབས་པ་ལ་ཉེས་སྐྱོན་སྡོམ་ཞིང་དགེ་བ་སྤེལ་ནས་རང་རྒྱུད་གྲོལ་ཐབས་ལ་ཅི་ནུས་སུ་འབད་པར་བྱས་ན། དེའི་ཞར་ལ་གཞན་དོན་ཡང་གང་ལ་གང་འཚམ་རེ་འགྲུབ་ཡོང་། དེ་ལྟར་རྒྱུན་མ་ཆད་པར་བསླབ་པ་ལ་བརྩོན་ན་རིམ་པ་བཞིན་ཁས་བླང་གི་དམ་བཅའ་དང་མི་འགལ་ཞིང་། ནམ་ཞིག་འཕགས་པའི་ས་ཐོབ་ཚེ་གཞན་དོན་རླབས་ཆེན་སྒྲུབ་ནུས་ལ། བསམ་སྦྱོར་གཉིས་ཀྱིས་སྐད་ཅིག་ཀྱང་མི་གཡེལ་བར་གཞན་དོན་འབའ་ཞིག་བསྒྲུབས་ནུས་པའི་ཚེ་ན། རང་དོན་སྤང་རྟོགས་མཐར་ཕྱིན་དང་གཞན་དོན་ཕྲིན་ལས་འབད་མེད་ལྷུན་གྲུབ་ཏུ་འབྱུང་། དེའི་ཕྱིར་ད་ལྟ་ནས་བཟུང་སྔོན་མགོན་པོ་འོད་དཔག་མེད་ཀྱིས་བསླབ་པ་ལམ་གྱི་གནས་སྐབས་སུ་ཇི་ལྟར་ཐུགས་བསྐྱེད་ཅིང་ཞིང་ཁམས་སྦྱངས་པ་བཞིན་དུ། རང་རེ་རྣམས་ཀྱིས་ཀྱང་བདེ་བ་ཅན་གྱི་ཞིང་དུ་རང་གཞན་སེམས་ཅན་ཐམས་ཅད་འགོད་པའི་ནུས་པ་རྫོགས་ཕྱིར་དེ་དང་ཆ་འདྲ་བར་སྦྱང་དགོས། དེ་ལྟར་སྨོན་པའི་བསླབ་བྱ་བསྟན་ཟིན་ཏོ།།

འཇུག་པ་སེམས་བསྐྱེད་ཀྱི་བསླབ་བྱ་དྲུག

ཇི་སྐད་དུ། འཇུག་པའི་བསླབ་བྱ་ཕ་རོལ་ཕྱིན་དྲུག་སྤྱོད། །ཅེས་གསུངས་པ་ལྟར་ཡིན་ལ། དེའང་སྤྱིར་རྒྱལ་སྲས་བྱང་ཆུབ་སེམས་དཔའི་བསླབ་པ་ནི་རྒྱ་མཚོ་ལྟར་མཐའ་ཡས་པ་ཞིག་ཡོད་མོད། དེ་དག་ཚུར་བསྡུ་ན་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུ་བར་གསུངས། དེ་ལ་ཕ་རོལ་ཏུ་ཕྱིན་པ་ཞེས་པའི་དོན་ནི་ཅི་ཞེ་ན། འཁོར་བའི་ཕ་རོལ་ནི་མྱ་ངན་ལས་འདས་པ་ཡིན་ལ། དེའང་སྲིད་ཞི་གཉིས་ཀའི་མཐའ་ལ་མི་གནས་པའི་རྫོགས་པའི་བྱང་ཆུབ་ཐོབ་པའི་ཐབས་སུ་གྱུར་པ་ལ་ཕ་རོལ་ཏུ་ཕྱིན་པ་ཟེར། ཚིག་སྡུད་ལ་ཕར་ཕྱིན་ཞེས་བརྗོད། སེམས་ཅན་ཐམས་ཅད་རྣམ་མཁྱེན་རྫོགས་བྱང་གི་ས་ལ་འགོད་པའི་ཆེད་དུ། འཇུག་པ་བྱང་ཆུབ་སེམས་ཀྱི་བསླབ་བྱ་ལམ་ཕྱིན་དྲུག་ལ་ནན་ཏན་བྱེད་པའི་བློ་ནི་སེམས་བསྐྱེད་དེའི་ངོ་བོ་ཡིན། ཕར་ཕྱིན་ལ་རྒྱས་པར་དབྱེ་ན་མང་དུ་མཆིས་མོད་བསྡུ་ན་ཚུལ་ཁྲིམས་གསུམ་དུ་འདུ་ཞིང་། དེ་དག་སྲུང་བའི་ཐབས་ནི་དྲན་ཤེས་བག་ཡོད་གསུམ་དུ་འདུ། དེའང་བཟོད་པ་ལྷུར་ལེན་པ་བག་ཡོད་ཡིན། སྤང་བྱ་མི་དགེ་བའི་ལས་ཀྱིས་ཚེ་འདི་ཕྱི་གཉིས་སུ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེད་པས་ན་སྤང་བྱ་ཕྲ་ཞིང་ཕྲ་བ་ནས་སྤོང་ཞིང་། བླང་བྱ་དགེ་བའི་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཡིན་པས་དགེ་བ་ཕྲ་ཞིང་ཕྲ་བ་ནས་སྒྲུབ་པ་དྲན་ཤེས་ཡིན། དྲན་ཤེས་ཞེས་པ་ནི་དེ་ལྟའི་དྲན་པ་དང་ཤེས་བཞིན་གཉིས་ཀྱི་བསྡུས་མིང་ཡིན། དྲན་པ་ནི་སྤང་བླང་གི་གནས་མི་བརྗེད་པར་ཡིད་ལ་འཇོག་བྱེད་དེ་དཔེ་རྟོད་ཕུར་ལྟ་བུ་ཡིན་པར་གསུངས། དེའང་དགེ་བའི་ཕན་ཡོན་དང་སྡིག་པའི་ཉེས་དམིགས་ཐད་ཀར་དྲན་པའོ། །ཤེས་བཞིན་ནི་བྱ་ར་བའམ་སོ་ལྟ་བ་ལྟ་བུ་ཡིན་པར་གསུངས་ཏེ། རང་གི་ལུས་ངག་ཡིད་གསུམ་གྱི་བསམ་སྤྱོད་སྨྲ་བརྗོད་ལ་ཅི་བྱེད་སུ་དྲན་གང་སྨྲའི་ཐོག་མཐའ་བར་གསུམ་ལ་བརྟགས་ཤིང་། སྒོ་གསུམ་གྱི་དགེ་བའི་ལས་ལ་དགའ་བ་བསྒོམས་ནས་གོང་དུ་སྤེལ་ཞིང་མི་དགེ་བའི་ལས་ལ་གཉེན་པོ་བསྟེན་དགོས། འདི་ནི་སྨོན་འཇུག་གཉིས་ཀའི་སྲུང་བྱེད་ཐབས་ཀྱི་རིམ་པ་ཡིན། བྱེ་བྲག་འཇུག་སེམས་ཀྱི་བསྲུང་བྱ་ནི་གོང་དུ་ཕྱིན་དྲུག་ཡིན་པར་བཤད། དེ་དག་ལས་གཏོང་སེམས་སྦྱིན་པའི་ངོ་བོ་ནི། ཇི་སྐད་དུ། མི་མཐུན་ཕྱོགས་ཉམ་བསྟན་པ་དང་། །རྣམ་པར་མི་རྟོག་ཡེ་ཤེས་ལྡན། །འདོད་པ་ཐམས་ཅད་ཡོངས་རྫོགས་བྱེད། །སེམས་ཅན་ཐམས་ཅད་ཡོངས་སྨིན་བྱེད། །ཅེས་པའི་ཁྱད་ཆོས་བཞི་ལྡན་ཡིན། དེ་བཞིན་དུ་སྤོང་སེམས་ཚུལ་ཁྲིམས། མི་འཁྲུགས་པའི་སེམས་བཟོད་པ། སྤྲོ་བའི་སེམས་བརྩོན་འགྲུས། མི་གཡེང་བའི་སེམས་བསམ་གཏན། ཆོས་རབ་རྣམ་འབྱེད་ཀྱི་སེམས་ཤེས་རབ་ཀྱི་ངོ་བོ་བཅས་སོ། །དེ་དག་རེ་རེའི་དབྱེ་བ་དང་རྣམ་གཞག་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་གཞུང་ལས་ཤེས་པར་བྱ་དགོས་སོ། །འུ་བུ་ཅག་གིས་འདིར་སྐབས་བབ་ངག་འདོན་བསྡུས་པ་རུ། ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་དང་། །འགག་མེད་སྙིང་རྗེ་ལོངས་སྤྱོད་སྤྱན་རས་གཟིགས། །ཨོ་རྒྱན་པད་འབྱུང་བརྫུས་སྐྱེས་སྤྲུལ་བའི་སྐུ། །གསོལ་བ་འདེབས་སོ། །ཞེས་པའི་ཚིག་གི་སྟེང་ནས་གསོལ་བ་བཏབ་ཅིང་ཐུགས་རྗེས་དགོངས་ཏེ་སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་བསག་སྒྲིབ་སྦྱོང་བཤད། དེའང་ཐེག་ཆེན་དགེ་བའི་རྩ་བ་རླབས་ཆེན་དུ་འགྱུར་བར་གསེར་འགྱུར་གྱི་རྩི་ལྟ་བུའི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་བསྟན། དེ་ཡན་ཆད་ཀྱིས་བདེ་བ་ཅན་གྱི་རྒྱུ་བཞི་ལས་གཉིས་པ་ཚོགས་བསགས་སྒྲིབ་སྦྱང་དང་། གསུམ་པ་གྲོགས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་རགས་ཙམ་བཤད་ཟིན་ཏོ།།

རྒྱུ་བཞི་བ་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ།

སྤྱིར་བགེགས་དང་བར་ཆད་མེད་པར་སྨོན་པ།

དེའང་རང་རེའི་ཆོ་ག་ལ་བྱང་ཆུབ་སེམས་དཔའི་སྤྱོད་འཇུག་ལས་འབྲས་བུ་གཞན་དོན་དུ་བསྔོ་བའི་ལེའུ་དང་། བདེ་སྨོན་རྒྱས་བསྡུས་དང་། འཕགས་པ་བཟང་པོ་སྤྱོད་པ་སོགས་ཡོངས་སུ་བསྔོ་བ་ཁྱད་པར་ཅན་སྨོན་ལམ་བདེན་ཚིག་གི་མཐའ་དང་བཅས་པ་དེ་ཉིད་ཕྱག་བཞེས་ཆོ་ག་ཁྲིགས་སུ་བཀོད་དེ་ལག་ལེན་དུ་བསྟར་བ་དང་ཆབས་ཅིག་ཏུ། འཆད་བྱའི་ཚིག་གསོལ་བ་འདེབས་སོ་ཞེས་པ་ཡན་ཆད་ཀྱིས་བདེ་བ་ཅན་གྱི་རྒྱུ་གསུམ་དང་འབྲེལ་བ་བཤད་པ་གྲུབ་ནས། དེའི་མཇུག་ཐོག་དེ་མ་ཐག་ཏུ། ནད་གདོན་བར་ཆད་སོལ། །འཆི་ཁར་ནད་གཅོད་སྡུག་བསྔལ་མི་འབྱུང་ཞིང་། །བདེ་བ་ཅན་དང་རི་བོ་པོ་ཏ་ལ། །ཟངས་མདོག་དཔལ་གྱི་རི་བོར་སྐྱེ་བར་ཤོག །ཅེས་པའི་ཚིག་རྐང་གསུམ་གྱིས་བཞི་པ་རྐྱེན་སྨོན་ལམ་དག་པས་མཚམས་སྦྱར་བ་བསྟན། དེ་ལ་སྤྱིར་ཐར་པ་སྒྲུབ་པའི་རྟེན་ནི་དལ་འབྱོར་ཚང་བའི་མིའི་ལུས་རྟེན་དང་། ཁྱད་པར་དུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི་སྒྲུབ་པ་ལ་དེ་ལྟ་བུའི་རྙེད་པར་དཀའ་བའི་མིའི་ལུས་རྟེན། རྙེད་ན་དོན་ཆེན་པོ་དང་ལྡན་པ་འདི་ཉིད་འཚོ་ཁམས་དང་བསྟུན་ཏེ་བདེ་ཐང་ཡོང་བར་དུས་མ་ཡིན་པར་འཆི་བ་ནད་དང་གདོན་དང་གློ་བུར་གྱི་བར་ཆད་སོགས་སེལ་དགོས། དེ་ལ་ཆོས་ཉིད་མི་འགྱུར་སྣང་བ་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ངོ་བོར་བཞེངས་པ་དེ་ཉིད་དང། ལོངས་སྐུ་སྤྱན་རས་གཟིགས་དབང་ཐུགས་རྗེས་འགྲོ་ཀུན་འདུལ་བ་གང་དང་། སྤྲུལ་སྐུ་པདྨ་འབྱུང་གནས་ཨོ་རྒྱན་རྫུས་སྐྱེས་མཐུ་སྟོབས་ཀྱི་བདག་པོ་རྣམས་གཉེན་པོ་སྟོབས་ཀྱི་ལྷ་རུ་བཞེངས་ཏེ། མགོན་པོ་ཚེ་དཔག་མེད་ཀྱིས་ནད་མེད་ཚེ་ཡི་དཔལ་བྱིན་ནས་ཚེ་རིང་ལོ་བརྒྱར་འཚོ་བའི་ཚེ་ཡི་དངོས་གྲུབ་སྩོལ་ཅིག །འཕགས་པ་སྤྱན་རས་གཟིགས་ཀྱིས་ཐུགས་ཞི་བ་སྙིང་རྗེ་ཆེན་པོའི་སྒོ་ནས། གདོན་དང་བགེགས་རིགས་ཐམས་ཅད་རང་སར་ཞི་ཞིང་བདེ་སྐྱིད་སྙན་གསུམ་འཛོམ་པའི་མཐོ་རིས་ཀྱི་བདེ་བར་སྤྱོད་པའི་མཐུ་དང་ནུས་པ་བྱིན་ཅིག ཨོ་རྒྱན་པཎ་ཆེན་རྫུས་སྐྱེས་སྤྲུལ་བའི་སྐུས་སྟོབས་དང་རྫུ་འཕྲུལ་གྱིས་མི་དང་མི་མིན་གྱི་བསམ་ངན་སྦྱོར་རྩུབ་སོགས་བར་ཆད་རྐྱེན་ངན་ཐམས་ཅད་སེལ་ཞིང་། ཁྱད་པར་སྙིགས་མའི་དུས་འདིར་རྒྱལ་འགོང་འཇོམས་པའི་གཤེད་དུ་ཁྲོས་པ་འཇིགས་བྱེད་རྡོ་རྗེ་གྲོ་བོ་ལོད་ཀྱི་སྐུར་བཞེངས་ནས། གནོད་བྱེད་རྒྱལ་འགོང་གིི་འཚེ་བ་རྡུལ་དུ་རློགས་ཤིག ཅེས་དེ་ལྟར་མགོན་པོ་རྣམ་གསུམ་གྱིས་ཚེ་འདིའི་མི་མཐུན་པའི་རྒུད་པ་ཐམས་ཅད་སེལ་ཞིང་ཆོས་མཐུན་གྱི་བསམ་པ་ཡིད་བཞིན་དུ་འགྲུབ་པ་གཞིར་བྱས། རྐྱེན་སྨོན་ལམ་དག་པས་བདེ་བ་ཅན་དང་རི་བོ་པོ་ཏ་ལར་སྐྱེ་བར་མཚམས་སྦྱར་བའོ། །དེའང་ཆགས་མེད་བདེ་སྨོན་ལྟར་ན། ཚེ་འདིར་དུས་མིན་འཆི་བ་བཅོ་བརྒྱད་ཞི། །ནད་མེད་ལང་ཚོ་རྒྱས་པའི་ལུས་སྟོབས་ལྡན། །དཔལ་འབྱོར་འཛད་མེད་དབྱར་གྱི་གངྒཱ་ལྟར། །བདུད་དགྲའི་འཚེ་བ་མེད་ཅིང་དམ་ཆོས་སྤྱོད། །བསམ་པའི་དོན་ཀུན་ཆོས་ལྡན་ཡིད་བཞིན་འགྲུབ། །བསྟན་དང་འགྲོ་ལ་ཕན་ཐོགས་རྒྱ་ཆེན་འགྲུབ། །མི་ལུས་དོན་དང་ལྡན་པ་འགྲུབ་པར་ཤོག །ཅེས་པས་བསྟན་ཏོ།།

རྐྱེན་སྨོན་ལམ་དག་པ་དངོས་བསྟན་པ།

འཆི་ཁར་འོད་དཔག་མེད་ཀྱི་ཞལ་མཇལ་བར་སྨོན་པ་དང་། ཤི་བའི་འོག་ཏུ་བདེ་བ་ཅན་ལ་གེགས་མེད་དུ་སྐྱེ་བའི་སྨོན་པ་གཉིས། དང་པོ་ནི། བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །སྤྲུལ་བའི་སངས་རྒྱས་འོད་དཔག་མེད། །དགེ་སློང་དགེ་འདུན་འཁོར་གྱིས་བསྐོར། །མདུན་དུ་མངོན་སུམ་འབྱོན་པར་ཤོག །དེ་མཐོང་ཡིད་དགའ་སྣང་བ་སྐྱིད། །ཤི་བའི་སྡུག་བསྔལ་མེད་པར་ཤོག །བྱང་ཆུབ་སེམས་དཔའ་མཆེད་བརྒྱད་ནི། །རྫུ་འཕྲུལ་སྟོབས་ཀྱིས་ནམ་མཁར་བྱོན། །བདེ་བ་ཅན་དུ་འགྲོ་བ་ཡི། །ལམ་སྟོན་ལམ་སྣ་འདྲེན་པར་ཤོག །ཅེས་པས་བསྟན་ཏོ། །མཁས་གྲུབ་ཀརྨ་ཆགས་མེད་ཁོང་གི་ཨ་མ་དང་སྐུ་འཁོར་གྲྭ་བ་གཞན་སྒོ་ཁྱི་དང་བཅས་པ་བདེ་བ་ཅན་དུ་སྐྱེས་པའི་ལོ་རྒྱུས་ཡོད། དེའང་བླ་མའི་ཐུགས་རྗེ་ལ་ཉེ་རིང་ཡོད་པས་རང་གི་འཁོར་རྣམས་དག་ཞིང་དུ་ཁྲིད་པ་དང་། གཞན་དག་ཤུལ་དུ་བསྐྱུར་བ་མ་ཡིན་ལ། དེ་བཞིན་མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྗེ་ལ་དེ་བས་ཀྱང་ཉེ་རིང་མ་མཆིས་མོད། རང་གི་འདུན་པ་དང་མོས་པ་དང་དམིགས་པའི་ཏིང་ངེ་འཛིན་སྟོབས་ཆེ་བ་དང་། སྨོན་ལམ་ཁྱད་པར་ཅན་གྱིས་མཚམས་སྦྱར་ན་ཚོམ་བུ་འབུམ་དང་བཅས་པ་འཚང་རྒྱ་བའི་ལོ་རྒྱུས་གཞན་ཡང་ཡོད་པ་དང་འདྲ་བར་འདི་ཉིད་ཀྱིས་འབྲས་བུ་འགྲུབ་པས་ན། འདི་ནི་མདོ་ཕྱོགས་ཀྱི་མྱུར་ལམ་ཁྱད་པར་བ་ཡིན་པར་སྒྲུབ་བྱེད་དང་བཅས་པའོ། །ད་ལྟའི་སྐབས་འདིར་ཁྱིམ་བཟའ་ཚང་། གཉེན་ཉེ་མཐུན་གྲོགས་ཞག་རེར་བྲལ་ཡང་བློས་མི་ཐོངས་པ་དེ་ཚོ་ཤི་བའི་དུས་སུ་བྲལ་ནས་གར་སོང་ཆ་མེད་དུ་འགྱུར་ཞིང་མི་ངོ་མི་མཐོང་ལ་རིམ་གྱིས་མིང་ཡང་བརྗེད་འགྲོ། དེའི་ཕྱིར་སྨོན་ལམ་འགྲུབ་པའི་རྒྱུ་ཚོགས་ཤིང་འདུན་པ་གཅིག་པའི་སྨོན་ལམ་གྱིས་མཉམ་དུ་ཁ་བསྒྱུར་ན། ཤི་ཁར་འོད་དཔག་མེད་ཀྱི་ཞལ་མཐོང་ཞིང་བདེ་བ་ཅན་དུ་མཉམ་སྐྱེ་བྱེད་པ་ནི་རང་ལག་ཡིན། གནའ་སྔ་མོར་བུ་ཞིག་གིས་ཆོས་སྒྲུབ་པར་དབེན་ཁྲོད་དུ་སོང་ནས་ཉམས་ལེན་བྱེད་རྒྱུ་ཡིན་ཟེར་བ་ན། མ་རྒན་གྱིས་བཤད་རྒྱུར་ཁྱོད་ནི་མ་གཅིག་ལ་བུ་གཅིག་ཡིན་པས་གཏོང་མི་ཕོད་ཅེས་བཤད། དེ་ཚེ་བུ་ན་རེ་འུ་ཅག་སྐྱེ་བ་ཚེ་རབས་མང་པོར་མཉམ་དུ་གནས་པ་བཟང་ངམ་གནས་སྐབས་ཙམ་ལ་མཉམ་དུ་འདུག་པ་བཟང་དྲིས་ཚེ། ཨ་མས་རང་རེ་སྐྱེ་བ་མང་པོར་མི་འབྲལ་བ་དགོས་ཞེས་བཤད་པ་ལྟར་དུ། ད་ལྟ་བཟའ་ཚང་ནང་མི་ཉེ་འབྲེལ་མཉམ་དུ་བདེ་བ་ཅན་ལ་སྐྱེ་བར་བསམ་ན་མཉམ་དུ་ཞིང་དེར་སྐྱེ་བའི་ཐབས་སྒྲུབ་དགོས། ཆགས་མེད་རིན་པོ་ཆེས། བདག་དང་བདག་ལ་འབྲེལ་ཐོགས་ཀུན། །འདི་ནས་ཚེ་འཕོས་གྱུར་མ་ཐག །ཅེས་གསུངས་པ་ལྟར་རང་ཉིད་གཅིག་པུ་བདེ་བ་ཅན་དུ་སྐྱེ་བའི་ཆེད་མ་ཡིན་ཏེ། དཔེར་ན། གཞན་ཆུ་ལས་སྐྱོབ་པ་ལ་རང་ཡང་ཆུ་ལས་ཐར་བ་ཞིག་དགོས་པས་ན། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ་མར་གྱུར་སེམས་ཅན་འདྲེན་པའི་ཆེད་དུ་བདག་གིས་བྱང་ཆུབ་སྒྲུབ་པ་ཡིན། དེས་ན་བདག་ལ་འབྲེལ་བ་ཞེས་པ་ནི་བཟང་འབྲེལ་ངན་འབྲེལ་ཅན་ཐམས་ཅད་ཀྱི་དོན། དེའང་བཟང་འབྲེལ་ཚེ་གཅིག་སངས་རྒྱས། ངན་འབྲེལ་འཁོར་བ་མཐའ་ཅན་ཞེས་པ་ལྟར། འཇིག་རྟེན་འདི་ནས་ཚེ་འཕོས་ཏེ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བའི་སྐབས་སུ། ལུས་འབྱུང་བཞི་འདུས་པའི་ཕུང་པོ་འདིའི་ཕྱིའི་ས་ཆུ་མེ་རླུང་གི་འབྱུང་བ་ནང་དུ་སྡུད་ཅིང་། ནང་འབྱུང་བ་ཐིམ་རིམ་རགས་པ་ཤར་མགོ་བརྩམ་པ་ན། དུས་རྒྱུན་རང་གི་སྤྱི་བོར་བསྒོམ་པའི་སྤྲུལ་བའི་སངས་རྒྱས་འོད་དཔག་མེད་ད་ལྟ་ཇི་ལྟར་བསྒོམ་པ་དེ་ལྟར་དུ། སྐྱབས་ཀུན་འདུས་པའི་ངོ་བོ་བླ་མ་དང་དབྱེར་མེད་དུ་རྟེན་ཚོགས་ཞིང་བསྒོམ་པའི་སྐབས་ལྟར་དགེ་སློང་དགེ་འདུན་འཁོར་གྱིས་བསྐོར་ནས་སེར་ལྟེམ་མེར་བྱོན་ཏེ། རིགས་ཀྱི་བུ་དང་བུ་མོ་ཁྱོད་རང་མ་འཇིགས་མ་སྔངས་ཞེས་གསུང་ཚངས་པའི་དབྱངས་ཀྱིས་དབུགས་དབྱུང་གནང་བའི་ཚེ་ན། ཤི་བའི་སྡུག་བསྔལ་མེད་པར་མ་ཟད་དགའ་བཞིན་སྤྲོ་བཞིན་དུ་སྣང་བ་ཇེ་དྭངས་དང་རིག་པ་ཇེ་གསལ་དུ་འགྱུར། དེ་ཚེ་ཞིབ་ཏུ་ཡང་མཇལ་ཞིག་བྱས་པ་ན། མགོན་པོ་ཀླུ་སྒྲུབ་ཀྱིས་གསུངས་པ་ལྟར། བདེ་ཆེན་དཔའ་བོ་དཔའ་མོའི་ཚོགས་རྣམས་ཀྱིས། །གདུགས་དང་རྒྱལ་མཚན་བ་དན་རོལ་མོའི་སྒྲ། །སྣ་ཚོགས་མཆོད་པའི་སྤྲིན་གྱིས་རབ་བསུས་ནས། །མཁའ་ལ་སྤྱོད་པའི་ཞིང་དེར་ཁྲིད་པར་ཤོག །ཅེས་པ་ལྟ་བུ་དང་། རྗེ་བདག་ཉིད་ཆེན་པོས། བར་དོའི་སྣང་བ་ཤར་བར་གྱུར་མ་ཐག །རྒྱལ་སྲས་བརྒྱད་ཀྱིས་མ་ནོར་ལམ་བསྟན་ནས། །ཞེས་གསུངས་པ་བཞིན་མགོན་པོ་འོད་དཔག་མེད་དང་ཨོ་རྒྱན་རིན་པོ་ཆེ་དབྱེར་མེད་པའི་ཞལ་མཇལ་གསུང་ཐོས་ཤིང་། རྒྱལ་ཚབ་སྤྱན་རས་གཟིགས་དང་མཐུ་ཆེན་ཐོབ་གཙོར་མཛད་པའི་བྱང་སེམས་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་མདུན་བསུས་ཏེ་ལམ་སྣ་སྟོན་ཞིང་། དཔའ་བོ་དང་དཔའ་མོའི་ཚོགས་ཀྱིས་རྔ་སིལ་རོལ་དབྱངས་ལས་སྙན་པའི་སྒྲ་དབྱངས་སྒྲོག་བཞིན་མེ་ཏོག་གི་ཆར་ཕབ་ཅིང་། འཇའ་ལམ་གྱི་དར་ཐག་འཐེན་ནས་བདེ་བ་ཅན་གྱི་ཞིང་དུ་ཁྲིད་པའི་སྣང་བ་འཆར་བར་ཤོག་ཅེས་འཆི་ཁར་དེ་ལྟར་འབྱུང་བའི་སྨོན་ལམ་བཏབ་པའོ།།

ཆགས་ཞེན་འཁྲི་བ་གཅོད་དགོས་པར་བསྟན་པ།

དམ་པའི་སྐྱེས་བུ་ཡིན་ཡང་རྐྱེན་འགའ་རེའི་དབང་གིས་ས་ལམ་ལ་བར་ཆད་བྱུང་བའི་ལོ་རྒྱུས་ཡོད་ན། སོ་སོའི་སྐྱེ་བོ་ཐ་མལ་བ་ལ་བར་ཆད་མེད་པ་ག་ལ་སྲིད། དེའི་ཕྱིར་རང་ཉིད་འཆི་བའི་ཚེ་བདེ་བ་ཅན་དུ་སྐྱེ་བའི་གེགས་དངོས་ནི་གང་ཡིན་ཞེ་ན། འཁོར་བའི་གནས་ལ་ཆགས་ཞེན་ཡོད་པའི་བློ་འདི་ཡིན། ཆགས་ཞེན་དེ་ཉིད་གཅོད་པའི་ཐབས་སུ། ཆགས་མེད་རིན་པོ་ཆེས། ངན་སོང་སྡུག་བསྔལ་བཟོད་བླག་མེད། །ལྷ་མིའི་བདེ་སྐྱིད་མི་རྟག་འགྱུར། །དེ་ལ་སྐྲག་སེམས་སྐྱེ་བར་ཤོག །ཐོག་མ་མེད་ནས་ད་ལྟའི་བར། །འཁོར་བ་འདི་ན་ཡུན་རེ་རིང་། །དེ་ལ་སྐྱོ་བ་སྐྱེ་བར་ཤོག །ཅེས་གསུངས། དེའང་ད་ལྟ་རང་རེའི་ལུས་ལ་མེ་སྟག་ཕྲ་མོ་རེ་ལྷུང་བའམ་དགུན་གྲང་རེག་གི་ཁྲོད་དུ་ཆུ་ཚོད་གཅིག་ལ་གོས་སྲབ་པར་སྡོད་པའང་མི་བཟོད་ན། འདི་འདྲ་བ་ཞིག་གིས་དམྱལ་བའི་སྡུག་བསྔལ་ཅི་ལྟར་བཟོད་དམ། དེ་བཞིན་ད་ལྟ་ཟས་སྐོམ་མེད་པར་ཉིན་ཞག་གཅིག་ལའང་སྡོད་མི་ཚུགས་ན་ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་ཅི་ལྟར་བཟོད་དམ། ད་ལྟའི་དུད་འགྲོ་འོག་རྟ་སྒོ་ཁྱི་སོགས་གཞན་ཕར་བཀོལ་སྤྱོད་བྱས་པ་ལྟར་ཚུར་རང་ཉིད་བཀོལ་སྤྱོད་བྱས་ན་བཟོད་ཐུབ་བམ། ད་དུང་རང་ཉིད་དབུགས་བསྡམས་ནས་གསོད་པ་དང་སྐེ་བཅད་ནས་གསོད་པ་ལ་དེ་བས་ཀྱང་མི་སྐྲག་གམ། སྤྱིར་ལྷ་མི་གཉིས་ནི་མཐོ་རིས་ཀྱི་འགྲོ་བ་ཡིན་མོད་སྡུག་བསྔལ་གསུམ་ལས་གཅིག་མེད་ཀྱང་གཅིག་གིས་མི་གཏོང་སྟེ། མི་ཡུལ་གྱི་སྡུག་བསྔལ་ནི་རང་གི་མྱོང་བས་ཤེས་པ་འདི་ཡིན། དེ་ལྟར་རིགས་དྲུག་གང་ལ་བལྟས་ཀྱང་སྡུག་བསྔལ་བ་ཡིན་པས་དེ་ལ་སྐྲག་སེམས་མི་སྐྱེ་ན་གཞན་གང་ལ་སྐྱེ། འཁོར་བ་ཐོག་མེད་ནས་ད་བར་འཁྲུལ་ཡུན་རིང་ཞིང་འཁྲུལ་ཚབ་ཆེ་བ་འདིར་སྐྱོ་ཤས་མི་སྐྱེ་ན་གཞན་གང་ལ་སྐྱེ། དེ་ལྟ་མོད་འཁོར་བའི་སེམས་ཅན་ནི་སྡུག་བསྔལ་ལ་སྤྱོད་པར་གོམས་ཤིང་བདེ་བ་རྣལ་མ་ཞིག་ཐོབ་མ་མྱོང་བའི་དབང་གིས་སྐབས་རེར་སྡུག་བསྔལ་ལ་བདེ་བར་མཐོང་ནས་ཆགས་ཞེན་སྐྱེ་བའང་སྲིད་དོ། །སྔོན་རྒྱ་གར་དུ་ཁྱིམ་བདག་ཕྱུག་པོ་ཞིག་འཆི་ཁར་གསེར་ལ་ཞེ་ཆགས་པས་སྦྲུལ་དུ་སྐྱེས་ནས་གསེར་ལ་འཁྱུད་པ་བྱུང་། གཞན་ཡང་ཆོས་བྱེད་པ་ཞིག་ཡོ་བྱད་ལ་ཆགས་ནས་དེར་སྦྲུལ་ལུས་བླང་། གཞན་གྱིས་ཡོ་བྱད་དེའི་ཁ་ཕྱེས་པ་ན་སྦྲུལ་དེ་ཞེ་སྡང་གིས་ནགས་སུ་སོང་། དེ་ཚེ་འབར་བ་གསུམ་དུས་གཅིག་ལ་བྱུང་སྟེ། ཁ་ནས་ཞེ་སྡང་གི་མེ་འབར་བས་ནགས་ཚིག རྣམ་ཤེས་དམྱལ་མེས་ཚིག རོ་དུར་གྱི་མེ་ཡིས་ཚིག དེ་ལྟར་ཡོ་བྱད་ཆུང་ངུ་ཙམ་ལ་ཆགས་པས་ཉིན་གཅིག་ལ་མེ་གསུམ་དེ་ལྟར་འབར། ཆགས་ཤིང་ཞེན་ན་ཆགས་ཡུལ་ལ་ཆེ་ཆུང་མ་མཆིས་ཏེ། ཕྱུགས་རྫི་ཞིག་འུར་རྡོ་ལ་ཆགས་པའི་ལོ་རྒྱུས་ཀྱང་ཡོད། ཞེན་ཅིང་ཆགས་པར་གྱུར་ན་བདེ་འགྲོ་མཐོ་རིས་དང་ཐར་བའི་གེགས་བྱེད་པར་མ་ཟད་ངན་འགྲོར་སྐྱེ་བའི་མཚམས་སྦྱོར་ཡང་བྱེད་དོ། །ཡུལ་མི་ཉེ་རིང་རྣམས་ལ་ཆགས་ན་ཕྱིར་འདྲེ་ལུས་ལེན་པའང་ཡོད། སྔོན་མི་ཞིག་ཟོག་ཤ་རྐང་བ་ཞིག་ལ་ཞེ་ཆགས་པས་ཤ་རྐང་ཡ་གཅིག་མཚན་གང་བོར་རྒྱུག་པའི་འདྲེར་སྐྱེས་པ་སྒོ་ཁྱི་རྣམས་ཀྱིས་བདའ་འདེད་བྱེད་པའི་ལོ་རྒྱུས་ཀྱང་ཡོད། བྱིས་པ་ཞིག་མར་སྒམ་ནང་གི་ཟས་ལ་ཞེ་ཆགས་ནས་ཤི་བས་དེར་སྐྱེས། སྒོ་ཟོག་ལ་ཞེ་ཆགས་ནས་ཤི་བས་དེར་སྐྱེས། དབུལ་བོ་ཞིག་གླང་རྒན་རྒྱབ་ཆད་ཅིག་ཡོད་པར་ཞེ་ཆགས་པས་དེའི་སྒལ་བའི་རྨ་རུ་སྲིན་བུར་སྐྱེས་པ་སོགས་མང་དུ་མཆིས། དེ་དག་ནི་གཞན་དགེ་སྐུལ་ལ་དམིགས་ནས་སྐྲག་སློང་བར་བཤད་པ་མ་ཡིན་ལ། ཨེ་བདེན་ནམ་སྙམ་པའི་ཐེ་ཚོམ་མེད་དེ་བསླུ་བ་མེད་པའི་བཀའ་ལུང་ཡིན་ནོ། །བདེ་བ་ཅན་གྱི་རྒྱུ་ལྟར་སྣང་བ་ཞིག་བསྒྲུབས་པས་དེར་སྐྱེ་དཀའ་ཞིང་། གལ་ཏེ་སྐྱེས་ཀྱང་མེ་ཏོག་པདྨའི་ཁ་མི་འབྱེད་པས་ལོངས་སྤྱོད་འཛོམ་པའི་བཟང་བཙོན་བཞིན་གནས་པར་བྱེད་དགོས། དེ་ཅིའི་ཕྱིར་ཞེ་ན་ཐེ་ཚོམ་བྱས་པས་སོ། །གོང་དུ་བཤད་པའི་ཡོ་བྱད་ལ་ཆགས་ནས་སྦྲུལ་དུ་སྐྱེས་པ་སོགས་སུས་ཤེས་པ་ཡིན་ཞེ་ན་དེ་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཁྱེན། གང་དུ་གསལ་ཞེ་ན་མདོ་རུ་གསུངས། གཞན་ཡང་ལྷ་མིག་ཅན་གྱིས་མི་ཤི་ནས་འདྲེ་ལུས་བླང་བ་མཐོང་བའང་ཡོད། དེ་ལ་ཡིད་ཆེས་གཏན་ནས་མི་བྱེད་པའང་མི་རིགས་ཏེ། འཛམ་བུ་གླིང་གི་ད་ཡོད་མི་གྲངས་དུང་ཕྱུར་བདུན་ཅུ་ལས་བརྒྱ་ཆའི་བཅུ་བཞི་ཙམ་མ་གཏོགས་ཐམས་ཅད་ཀྱིས་རང་རང་གི་ཆོས་ལུགས་ལ་ཡིད་ཆེས་བྱེད། དེ་དག་ཏུ་ཆད་ལྟ་བ་འགའ་རེ་ཡོད་ནའང་ཕལ་མོ་ཆེ་ནི་ཚེ་ཕྱི་མ་ཁས་ལེན་མཁན་ཤ་སྟག་ཡིན། རང་རེ་བོད་མགོ་ནག་ཏུ་སྐྱེས་པའི་མིའི་གྲལ་ནའང་ལ་ལ་ཞིག་གིས་མང་ཆེ་བ་འགྲོ་སའི་ལམ་ལས་གཡོན་དུ་དཀྱོག་ན་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡོད་སྣང་ཤར་མོད། དྲག་འདུལ་གཡོན་ཐལ་བ་དང་། གཡམ་རྒྱུག་གཡོན་ཐལ་བ་སོགས་གང་ཡིན་ཡང་ཁྱད་པར་ཐོན་དཀའ་སྟེ། རླབས་ཆེན་གྱི་མི་སྣ་ང་ཡིན་ཟེར་མཁན་རེས་ཀྱང་ཁྱད་ཆོས་ཅི་ཞིག་ཐོན་ཡོད་དམ། དེའི་ཕྱིར་གཞན་དང་མི་འདྲ་བའི་འབུར་དུ་ཐོན་པ་ཞིག་དཀའོ། །བདེ་བ་ཅན་དུ་སྐྱེ་བའི་བར་ཆད་ནི་ཆགས་ཞེན་གྱི་འཁྲི་བ་ཡིན་ལ་དེ་ཆོད་པའི་ཕྱིར་དུ། མཁས་གྲུབ་ཀརྨ་ཆགས་མེད་ཀྱིས། ཉེ་དུ་ཟས་ནོར་མཐུན་གྲོགས་རྣམས། །མི་རྟག་སྒྱུ་མ་རྨི་ལམ་བཞིན། །ཆགས་ཞེན་སྤུ་ཚམ་མེད་པར་ཤོག །ས་ཆ་ཡུལ་རིས་ཁང་ཁྱིམ་རྣམས། །རྨི་ལམ་ཡུལ་གྱི་ཁང་ཁྱིམ་ལྟར། །བདེན་པར་མ་གྲུབ་ཤེས་པར་ཤོག །ཅེས་གསུངས་པ་ལྟར་རོ། །གཞན་ཡང་འཆི་བ་ནིི་མིང་ཙམ་ཡང་གླེང་མི་འདོད་པ་ཞིག་ཡིན་མོད། སྤྱིར་དེ་ནི་མཐའ་གཅིག་ཏུ་ངན་པ་ཞིག་མ་ཡིན་ཏེ། མི་ཆོས་ཡོད་ཅིག་ལ་འཆི་བ་ཐར་བའི་སྒོ་ཆེན་ཡིན། བདེ་བ་ཅན་དུ་འགྲོ་སའི་སྒོ་དངོས་ནི་འཆི་བ་ཡིན། དེ་ལས་ལྡོག་སྟེ་ཆགས་ཞེན་ཅན་འཁོར་བར་འཇུག་པའི་སྒོའང་དེ་ཉིད་ཡིན། སྡིག་ཅན་དམྱལ་བར་འགྲོ་སའི་སྒོའང་དེ་ཉིད་ཡིན། དེ་ལྟར་ཆགས་ཞེན་བཅད་ནས་བདེ་བ་ཅན་དུ་འགྲོ་ཚུལ་ནི། ཆགས་མེད་རིན་པོ་ཆེས། ཐར་མེད་འཁོར་བའི་རྒྱ་མཚོ་ནས། །ཉེས་ཅན་བཙོན་ནས་ཐར་བ་བཞིན། །བདེ་བ་ཅན་གྱི་ཞིང་ཁམས་སུ། །ཕྱི་ལྟས་མེད་པར་འབྲོས་པར་ཤོག །ཆགས་ཞེན་འཁྲི་བ་ཀུན་བཅད་ནས། །བྱ་རྒོད་རྙི་ནས་ཐར་བ་བཞིན། །ནུབ་ཀྱི་ཕྱོགས་ཀྱི་ནམ་མཁའ་ལ། །འཇིག་རྟེན་ཁམས་ནི་གྲངས་མེད་པ། །སྐད་ཅིག་ཡུན་ལ་བགྲོད་བྱས་ནས། །བདེ་བ་ཅན་དུ་ཕྱིན་པར་ཤོག །ཅེས་གསུངས་པ་ལྟར་དུ་བྱ་ངང་བའི་རྒྱལ་བོ་འཕུར་བ་དང་དར་དཀར་པོ་རླུང་གིས་བསྐྱོད་པ་བཞིན་དེ་དུས་གདོས་བཅས་ཀྱི་ལུས་མེད་པར་བར་དོ་ཡིད་ལུས་ཅན་ཡིན་པས་མགྱོག་ཤུགས་རླུང་ལས་མྱུར་བའི་སྐད་ཅིག་ལ་བདེ་བ་ཅན་དུ་བརྫུས་ཏེ་སྐྱེ་བར་འགྱུར་རོ།།

ཞིང་དེར་སྐྱེས་མ་ཐག་པའི་སྤང་རྟོགས་བསྟན་པ།

ཆགས་མེད་རིན་པོ་ཆེས། དེ་རུ་སངས་རྒྱས་འོད་དཔག་མེད། །མངོན་སུམ་བཞུགས་པའི་ཞལ་མཐོང་ནས། །སྒྲིབ་པ་ཐམས་ཅད་དག་པར་ཤོག །ཅེས་གསུངས། དེ་ལྟར་བདེ་བ་ཅན་དུ་སྐྱེ་བ་ལ་རང་གི་དད་མོས་དང་། མགོན་པོ་འོད་དཔག་མེད་ཀྱི་ཐུགས་རྗེའི་གཟིགས་པ་གཉིས་ནང་འཕྲད་ཚེ། སོ་སོའི་སྐྱེ་བོ་སྒྲིབ་པ་མ་སྤངས་པ་འཆིང་བ་ཀུན་ལྡན་ཡིན་ཡང་སྐྱེ་བར་ནུས་ལ། དེར་སྐྱེས་ཚེ་སོ་སྐྱེ་སྒྲིབ་པ་དང་བཅས་པར་གནས་དགོས་པ་མ་ཡིན་ཏེ། སངས་རྒྱས་ཀྱི་ཞལ་མཐོང་བའི་དབང་གིས་དེར་ཚོགས་རྫོགས་ཤིང་སྒྲིབ་པ་བྱང་ནས་འཕགས་པའི་གང་ཟག་དང་སྐལ་བ་མཉམ་པར་འགྱུར་རོ། །སྔོན་བདག་ཅག་གི་སྟོན་པ་ཞལ་བཞུགས་པའི་ཚེ་ན། བུ་མོ་མུ་ཏིག་འཁྲི་ཤིང་གིས་སངས་རྒྱས་ཀྱི་བྲིས་སྐུ་འོད་ཟེར་མ་ཞལ་མཇལ་བ་དང་ལྷན་དུ་མཐོང་ལམ་གྱི་སྒྲིབ་པ་ཐམས་ཅད་བཅོམ་པ་བཞིན་ནོ། །དེ་བཞིན་བདེ་བ་ཅན་དུ་སྐྱེས་ནས་གཟུངས་དང་ཏིང་འཛིན་ཤེས་རབ་སོགས་ཡོན་ཏན་ཚད་མེད་པ་བརྙེས་ཚེ། ཟབ་དང་རྒྱ་ཆེའི་ཆོས་ཀྱིས་རང་རྒྱུད་སྨིན་ཅིང་གྲོལ་ནས་ས་ལམ་བགྲོད་ཐུབ་པས་ན་སྐྱེ་བ་དེ་ཉིད་བརྗེས་པ་དང་ལྷན་ཅིག་བླ་མེད་རྫོགས་པའི་བྱང་ཆུབ་ཐོབ་པ་ཡིན། ཞིང་ཁམས་དེ་རུ་གནས་བཞིན་ཉིན་རེར་ཕྱོགས་བཅུའི་ཞིང་རབ་འབྱམས་སུ་རྫུ་འཕྲུལ་གྱིས་བྱོན་ནས་སངས་རྒྱས་བྱེ་བ་ཁྲག་ཁྲིག་མང་པོ་མཆོད་ཅིང་ཆོས་ལ་ཉན་ཆོག ད་ལྟ་ས་ལ་གནས་པའི་སེམས་དཔའ་མ་གཏོགས་སྐྱེ་མི་ནུས་པའི་ཞིང་ཁམས་སུ་དེ་དུས་འཕགས་པའི་གང་ཟག་གཞན་རྣམས་དང་སྐལ་བ་མཉམ་པར་བགྲོད་ནུས་ཏེ། མངོན་དགའི་ཞིང་དང། དཔལ་ལྡན་ཞིང་སོགས་རྒྱལ་བ་རིགས་ལྔའི་ཞིང་དང་། གཞན་ཡང་འདིར་སྨོན་ལམ་གྱི་ཚིག་ཟིན་ལྟར་ན་འཕགས་པ་ཐུགས་རྗེ་ཆེན་པོའི་ཞིང་ཁམས་རི་བོ་པོ་ཏ་ལ་རྣམ་པ་ས་སྤྱོད། དོན་ལ་དག་ཞིང་དང་། ཟངས་མདོག་དཔལ་གྱི་རི་བོ་པདྨ་འོད་ཀྱི་གཞལ་ཡས་ན་ཨོ་རྒྱན་པད་འབྱུང་ཡབ་ཡུམ་འཁོར་རིག་འཛིན་ཌ་ཀྐིའི་ཚོགས་ཀྱིས་བསྐོར་བའི་ཞབས་དྲུང་སོགས་སུ་རང་གི་མོས་འདུན་ལྟར་སྐྱེ་བར་ཤོག་ཅིག་ཅེས་པའོ། །བདེ་བ་ཅན་དུ་སྐྱེས་ན་ཞིང་ཁམས་གཞན་དུ་སྐྱེ་བར་སྨོན་ལམ་མ་བཏབ་ཀྱང་གོང་སྨྲོས་བཞིན་བསམ་པ་ཙམ་གྱིས་སྐད་ཅིག་གིས་དེར་སླེབས་ཏེ་ཆོས་ལ་ཉན་ནུས་པར་མ་ཟད། ས་ལམ་གྱི་རྟོགས་པ་ཐམས་ཅད་མངོན་དུ་གྱུར་ནས་འབྲེལ་ཐོག་འགྲོ་བ་མ་ལུས་འདྲེན་ནུས་པར་འགྱུར་བ་ནི། དེ་ལ་ས་དང་པོའི་ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་མངའ་བས་ཀྱང་རྟོགས་ནུས་སོ།།

མཇུག་མཐའི་ཞལ་གདམས།

མཇུག་མཐར་ཀུན་མཁྱེན་འཇིགས་གླིང་གི་གསུང་བྱིན་རླབས་ཅན་དྲངས་ནས་བསྔོ་སྨོན་བྱ་བ་དང་། གཞན་ཡང་མ་ཎི་དང་སིདྡྷཱི་སོགས་རྒྱུན་གྱི་དགེ་སྦྱོར་ཉིན་བཞིན་ཆག་མེད་བྱས་ནས། གྲངས་བསག་པ་ལ་བསྔོ་སྨོན་ཅི་ཤེས་བརྗོད་ཅིང་ཁྱད་པར་དམིགས་རྣམ་གྱིས་ཟིན་པར་བྱ་བ་གལ་ཆེའོ། །དེ་ལྟར་ཡང་ངག་འདོན་བསྡུས་པའི་མཇུག་བྱང་དུ། ཁྱིམ་ན་གནས་པའི་དགེ་བསྙེན་ཕོ་མོ་ལས་ཁུར་གྱིས་བྲེལ་བ་འགའི་དགོས་མཁོར། ཞེས་པ་ནི་ཐེངས་ཤིག་བདག་ཡུལ་ག་ཤེད་ནས་ཚུར་ཐོན་དུས་ས་ཆ་འདིའི་མི་མང་བོས་བསྒུགས་འདུག་པ་ལ་ལག་སྟོང་མིན་པའི་ཆོས་ཀྱི་སྐྱེས་ཙམ་དུ། སྔ་ཉིན་གྱི་ཞོགས་ཐུན་ལ་བྲིས་པ་ཡིན། ལོ་སྔོན་མར་ཡང་འུ་ཅག་གིས་ཆོས་འདི་བཤད་མོད་མཇུག་མཐར་དུས་ཚོད་ཀྱིས་མ་འདང་བས་མགྱོགས་འདོན་བྱེད་དགོས་བྱུང་། སྐབས་དེར་ལོ་རྗེས་མར་ཡང་བསྐྱར་འཆད་ཅེས་རྟག་འཛིན་གྱི་ཚོད་རྩིས་བྱེད་མ་ནུས་ཏེ་མིའི་ནམ་འཆི་སུ་ཡིས་ཤེས། དུས་དེར་བདག་གིས་བཤད་པའི་སྔོན་གྱི་ཞིང་ཁྲིད་དག་ལ་གསོན་དང་ཅུང་ཟད་རེ་གསལ་བར་གོ་སྲིད་ཅེས་བཤད་དེ་མཚམས་བཞག་པ་ཡིན་མོད། ད་ལོར་མ་ཤི་བར་འུ་ཅག་ཡང་བསྐྱར་དུས་ཚིགས་དེར་འཕྲད་བྱུང་བས་ན་ནིང་གི་འཕྲོ་མཐུད་ནས་བཤད་དེ་ད་ལྟ་ཉིན་བཞི་བ་ཡིན། དེ་ལྟར་ལོ་སྔ་ཕྱི་གཉིས་ཀྱི་ཉིན་བརྒྱད་ལ་ཆོས་ཐུན་བརྒྱད་དུ་བསྐྱར་བཟླས་བྱས་སོ། །སྤྱིར་ཆོས་ར་འདིར་གནས་ལྔ་རིག་པའི་མཁས་ཆེན་སྡེ་སྣོད་འཛིན་པ་མང་དུ་བཞུགས་ཤིང་། གཞན་ཡིག་ངོ་ཙམ་ཡང་མི་ཤེས་པའི་ཁྱིམ་པ་ཕོ་མོ་དེ་བས་ཀྱང་མང་ལ། དེ་མིན་འུ་བུ་ཅག་གི་ཆོས་འཆད་པ་པོ་ནི་གསུང་གཅིག་ཡན་ལག་རྒྱ་མཚོའི་སྒྲ་དབྱངས་ལ་དབང་འབྱོར་བ་མིན་པས་ཀུན་ལ་འཚམས་པ་ཞིག་བཤད་ཐབས་མ་བྱུང་། དེའི་ཕྱིར་ཚིག་དང་ཐ་སྙད་འགའ་རེ་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཅི་ཡང་གོ་མ་ནུས་ནའང་། འདིར་སྡོད་པ་དང་ཉན་པ་དོན་མེད་མ་ཡིན་ཏེ་ཆོས་ཟབ་མོ་ཐོས་པའི་བག་ཆགས་ཙམ་རྒྱུད་ལ་བཞག་ཀྱང་ནམ་ཞིག་རང་ནོར་རང་གིས་ལེན་པ་ལྟར་ཕན་པ་ཡོད། དེ་མིན་ཆོས་ཉིད་བར་དོའི་སྐབས་སུ་སྔར་ཐོས་ཚད་རྒྱུད་ལ་རང་བཞིན་གྱིས་འཆར་བའི་སྐབས་ཤིག་ཀྱང་སྲིད་ལ། དེ་དུས་དྲན་པ་གསལ་བས་ཚིག་དོན་ཡང་རྟོགས་པར་འགྱུར་བས་ཕན་ཐོགས་ཆེ། སྐབས་དེར་ད་དུང་སྔར་མ་ཐོས་པའི་ཆོས་ཀྱི་སྒོ་མང་པོ་བློ་ལ་འཆར་བར་ཡང་གསུངས་སོ། །གཞན་ཡང་ལོ་ངོ་འདི་དག་ལ་བདག་གིས་ཆོས་ཁྲིད་བཤད་ཚད་སྒྲར་བླང་ཞིང་ཡིག་ཐོག་ཏུ་ཕབ་ནས་དཔེ་དེབ་མང་པོ་བཟོ་བའི་འོ་བརྒྱལ་མཛད་བཞིན་ཡོད་ལ། སྤྱིར་ཡིག་ཐོག་ཏུ་ཕབ་པ་ཡུན་རིང་དུ་གནས་མོད། འོན་ཀྱང་བདག་སོ་སོའི་སྐྱེ་བོ་ཐོས་ཆུང་གི་ཁ་ནས་བཤད་ཚད་ལྷག་བསམ་དག་པ་ཙམ་ལས་ཚིག་དོན་ལ་སྐྱོན་མེད་པ་ག་ལ་སྲིད། ཡིན་ཡང་ས་སྐྱ་པཎ་ཆེན་གྱི་ཞལ་ནས། ཆོས་རྣམས་དེ་ཉིད་ཤིན་ཏུ་ལྐོག་གྱུར་ལ། །སོ་སོའི་སྐྱེ་བོས་སྤྱོད་པ་འཁྲུལ་གྱུར་བས། །འདི་ཡི་ལེགས་བཤད་བླ་མ་དམ་པའི་དྲིན། །ཉེས་པ་གང་རྣམས་བདག་བློའི་ཉེས་པར་ཟད། །ཅེས་གསུངས་པ་ལྟར་འདིར་ཡང་དད་དམ་ལྷག་བློ་འགྱུར་མེད་ཀྱིས་བཤད་པའི་ཆ་ལ་ཅུང་ཟད་ལེགས་པའི་ཕྱོགས་ནི། ན་མཉམ་རིགས་མཐུན་རང་འདྲ་ལ་ཕན་ཐོགས་བྱེད་རེ་ཡོད་ན་དམ་པ་གོང་མའི་སྐུ་དྲིན་དང་ཐུགས་བསྐྱེད་ལས་བྱུང་བ་ཡིན་ཞིང་། སོ་སོའི་སྐྱེ་བོའི་བློ་དམན་པ་ལས་བྱུང་བར་ཉེས་པའི་ཆ་མང་བ་སྨྲོས་ཅི་དགོས། དེའང་སྤྱིར་བདག་རང་ཉིད་ལྟ་བུ་ཞིག་ཆོས་ཀྱི་ཁྲི་ལ་བསྡད་ནས་ཆོས་འཆད་པ་འདི་ནི། དུས་རབས་ཀྱི་དབང་གིས་སམ་མི་རབས་སྔ་ཕྱིའི་བརྒྱུད་མཚམས་སུ་ཁྲིད་ལུང་གི་རྒྱུན་རེ་སྤེལ་བར་ཁེལ་བས་ན་མི་བཤད་ཐབས་མེད་དུ་གྱུར་ཡོད་པ་ལས་ཤེས་པར་རློམ་ནས་འཆད་པ་མ་ཡིན་མོད། ཐམས་ཅད་དོན་མཐུན་ཆོས་ཀྱི་མཆེད་པོ་ཡིན་པ་དང་ཁྱད་པར་དུ་མི་སྐྱ་ཕོ་མོ་རྣམས་ལ་མཚོན་ན། ས་ཆ་ཡུལ་ཕྱོགས་རེར་དགོན་སྡེ་རེ་ཡོད་ལ། དེའི་ཉེ་འཁོར་ནས་བླ་སྤྲུལ་མཁན་གསུམ་གྱི་མདུན་དུ་ཆོས་གསན་པ་རྣམས་ནི་བཟང་པོའི་གྲལ་ཡིན་པས་སྤྱིར་གཞན་དང་མི་འདྲ་མོད། དེ་མིན་སྡོད་ས་ཆོས་འཁོར་ཆེན་པོའི་འཁྲིས་ཡིན་ཡང་སྐྱེ་བོ་ཕོ་མོ་ཆོས་སྐལ་དམན་པ་མང་བས་དེ་འདྲ་མི་རིགས་བསམ་ནས། མི་གྲལ་ནས་བུད་པའི་ཁེར་འདུག་གི་མཚམས་པ་ཡིན་ཟེར་ཞོར་དུ་ས་འདིར་བདེ་ཆེན་ཞིང་ཁྲིད་རེ་དང་། ས་ཆ་གཞན་དུའང་ཆོས་ཁྲིད་ཕྲན་བུ་རེ་བཤད་མྱོང་བའི་འཆད་པ་པོ་རང་ནི་ཐ་མལ་གྱི་མི་ཡིན་ཡང་། བཤད་ལུགས་ཁ་སྟབས་བཟང་ངན་ལ་མ་ལྟོས་པར་དམ་པའི་ལྷ་ཆོས་ཡིན་པས་ཆོས་སྒྲ་རྣ་བར་ཐོས་པའི་ཕན་ཡོན་དང་། དམིགས་བྱ་ཁྱེད་ཅག་ལ་དམིགས་པས་ན་ཡིད་ལ་དགའ་བ་བསྐྱེད་པ་ཡིན། དེ་ལྟར་དུས་རྒྱུན་བསམ་སྦྱོར་དགེ་བའི་སྨོན་ལམ་འདེབས་པ་ནི་གང་ཞེ་ན། བདག་མཐོང་ཐོས་དྲན་རེག་སྟེ། ང་པདྨ་སྐལ་བཟང་རིག་ཚད་གོ་ཚད་དང་། བཟང་པོའི་བླ་མར་བརྩིས་ནས་ཆོས་འབྲེལ་ཞུས་ཚད། ངོ་ཤེས་དང་གཉེན་གྲོགས་སུ་བརྩིས་ནས་གདོང་ལ་འཛུམ་བསྟན་ཚད། ངན་པའི་དགྲ་རུ་མཐོང་ནས་དངོས་བརྒྱུད་ཤུགས་གསུམ་གྱིས་གནོད་པ་བསྐྱལ་ཚད། དེའང་སྤྱིར་སོ་སྐྱེ་བྱིས་པའི་བསམ་སྤྱོད་ཅན་ཡིན་པ་དང་། སྒོས་དུས་ངན་སྙིགས་མའི་དབང་གིས་ཡིན་པ་ལས་མི་སྒེར་བ་འདི་དང་འདིའི་སྐྱོན་ཡིན་ཞེས་བརྗོད་པར་མི་རིགས་ཏེ། ལྟ་བ་དང་ཉོན་མོངས་ཀྱི་སྙིགས་མས་ནད་གཞི་ཇེ་ཆེར་གྱུར་ན་ནད་རྟགས་སྙིགས་མའི་རང་གཤིས་ལྷང་ལ་འབུད་པ་སྨྲོས་ཅི་དགོས། ངོ་མཚར་བའི་གཏམ་བདུན་གྱི་རྣམ་ཐར་ཅན་རྒྱལ་སྲས་ཆེན་པོ་ཞི་བ་ལྷས། ཐམས་ཅད་མཁྱེན་པས་མ་མགུ་ན། །བདག་འདྲ་དམན་པས་སྨྲོས་ཅི་དགོས། །ཞེས་གསུངས་པ་ལྟར་དེང་སྐབས་སྒྲོ་སྐུར་འབྱུང་བ་སྨྲོས་ཅི་འཚལ། དེ་ལྟར་བཤད་དོན་ནི་དུས་འདིར་བྱོན་པའི་དམ་པ་རྣམས་ཀྱི་འགྲོ་དོན་ལ་རྐྱེན་ཆུང་ངུ་ཙམ་རེས་དབྱེ་ཞིབ་མཛད་མི་རུང་བ་འཕྲོས་དོན་དུ་ཞུས་པ་ཡིན། བདག་ལ་བཟང་ངན་ལས་ཀྱིས་འབྲེལ་ཚད་དེ། ངས་ནམ་རྒྱུད་བཤད་པའི་ང་ལ་ཟས་ཀྱི་འདུ་ཤེས་འཆང་བའི་འབུ་སྦྲང་ཕྲ་མོ་ཡན་ཆད་མཁའ་དང་ས་ལ་རྒྱུ་བའི་སྲོག་ཆགས་དང། ངའི་ལུས་པོའི་རླུང་གི་རྫུ་ཕྱོགས་ཕོག་པ་ཚུན་ཆད་འབྲེལ་ཚད་དོན་དང་ལྡན་པར་ཤོག་ཅིག་ཅེས་བསམ་ཞིང་བརྗོད་ལ་དེ་བཞིན་ཡི་གེར་ཡང་བྲིས་ཡོད། དེའང་ཆོས་ཉིད་བསླུ་མེད་ཀྱི་བདེན་སྟོབས་དང་ལྷག་བསམ་ལྷད་མེད་ཀྱི་འདུན་པ་ཧ་ཅང་མ་དམན་པའི་མཐུ་དང་། དམ་པ་གོང་མའི་བྱིན་རླབས་ཀྱིས་ཆོས་གྲལ་འདིར་ཞུགས་ཚད་ཀྱིས་གནས་སྐབས་དང་མཐར་ཐུག་གི་དགོས་དོན་འགྲུབ་ཅིང་། ཚེ་འདིར་བདེ་ཞིང་སྐྱིད་ལ་ཕྱི་མར་མཐོ་རིས་དང་ཐར་བ་རིམ་གྱིས་བགྲོད་པར་གྱུར་ཅིག གང་ལྟར་ཡུལ་ཕྱོགས་འདིའི་ཁྱིམ་ན་གནས་པའི་མི་སྐྱ་ཕོ་མོ་རྣམས་ད་ལྟའི་ཆོས་གྲལ་འདིར་ཞུགས་པ་དང་། འགའ་ཞིག་ལོ་རེ་བཞིན་ཁམས་དབུས་གཉིས་ཀྱི་ས་ཐག་རྨ་རྫ་འབྲུ་གསུམ་བརྒལ་ནས་ཆོས་ཁྲིད་འདིའི་ཆེད་དུ་ཡོང་བས། ས་གར་སོང་ཟེར་ན་འདིར་སོང་དང་། དོན་ཅི་ཆོད་ཟེར་ན་འདི་ཆོད། ཚེ་འདི་ཕྱི་གཉིས་ཀྱི་འགྲོ་རྟེན་དང་འདུག་རྟེན། ཞེ་ལ་འཛིན་རྒྱུའི་ཚིག་དང་། རུམ་ལ་བསྡུ་རྒྱུའི་བྲོ་རེ་ལོན་པར་བསམ་བློ་བཏང་བ་ནི་ཆོས་འདི་བཤད་པའི་དགོས་དོན་ཡིན། དེའང་མདོར་བསྡུས་ན་སྐྱབས་བསླུ་མེད་དཀོན་མཆོག་གསུམ་ལ་ཡིད་ཆེས་པའི་སྟེང་ནས། ལས་དཀར་ནག་དགེ་སྡུག་གི་རྒྱུ་འབྲས་ལ་འཛེམ་ན་བསླུ་བ་མེད་པ་ཡིན། དབང་རྣོན་ཆོས་ཀྱི་རྗེས་འབྲང་རྒྱལ་གསུང་མདོ་དང་བཅས་པའི་དགོངས་དོན་གཞལ་བའི་ཤེས་རབ་སྨིན་པ་དག་ལ་སྨྲོས་ཅི་དགོས། ཐོས་པ་སྔོན་སོང་མེད་པའི་དབང་རྟུལ་དད་པའི་རྗེས་འབྲང་ཡིན་ཡང་དད་པ་ལ་འབད་པར་གྱིས་དང་། དོན་དམ་པ་ནི་དད་པས་རྟོགས་པར་བྱའོ། །ཞེས་པ་འུ་ཅག་གིས་ལན་དུ་མར་ཟློས་ཏེ་བསྟན་ཟིན། དེ་བཞིན་དུ། ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་གསུངས་པས་ན། དད་པ་མེད་ན་བྱིན་རླབས་འཇུག་པ་དང་དངོས་གྲུབ་ཐོབ་པ་མེད། ཆོས་སྒྲུབ་པ་ལས་ཀའི་ཁུར་དུ་བརྩིས་ནས་དེ་སྒྲུབ་ཀྱང་མི་ནུས་ལ་འགྲུབ་ཀྱང་མི་འགྲུབ་སྒྲུབ་ཁོམ་ཡང་མེད་དོ་སྙམ་པ་ནི། ཆོས་སྒྲུབ་ཚུལ་མ་ཤེས་པའི་རྟགས་ཡིན་ཏེ། ཐེག་ཆེན་བྱང་ཆུབ་སེམས་དཔའི་སྤྱོད་པ་རྒྱ་མཚོ་ཕར་ཕྱིན་དྲུག་ལ་འདུ་ཚུལ་གོང་དུ་བཤད་ཅིང་། དེའི་ངོ་བོ་གཏོང་སེམས་དང་སྤོང་སེམས་ཡིན་པར་བཤད་མ་ཐག་ཡིན། དེའང་གཙོ་བོ་སེམས་ཀྱི་བྱེད་ལས་རྐྱང་རྐྱང་ཡིན་པས་བསམ་པ་བཟང་པོས་མགོ་བརྩམས་ནས་ཚད་མེད་བཞི་ལ་སྦྱོང་དགོས་ཤིང་། དེ་ལྟར་ཆོས་ཐོས་པ་དང་བསམ་པ་དུས་གཅིག བསམ་པ་དང་རྒྱུད་ལ་སྦྱར་བ་དུས་གཅིག རྒྱུད་ལ་སྦྱར་བ་དང་ལག་ལེན་དུ་འདེབས་པ་དུས་གཅིག་བྱེད་པར་སྦྱོང་དགོས་ཀྱི། དེ་ལྟར་མ་ཡིན་པར་ཕྱིས་སུ་བཞག་ན་གནད་ཐོག་ཏུ་སྨིན་པ་མི་སྲིད། སྔོན་མི་ཞིག་གིས་བཤད་པ་སྟེ། གཞན་གྱིས་ཁོང་ཁྲོ་བསླངས་ནས་བདག་ལ་བཟོད་པ་བསྒོམ་དུ་མི་འཇུག་ཟེར། དེ་འདྲ་བ་ནི་ཁ་སྟོང་ལག་སྟོང་དུ་སྡོད་པ་ལས་ཅི་ཡང་མི་འགྲུབ། དེས་ན་རང་གིས་རང་མི་བསམ་པ་གཅིག་ཀྱང་མེད་པས། གཞན་ལ་གནོད་པ་སྐྱེལ་བ་ནི་ལྟར་སྣང་ལ་ཕར་གནོད་མོད་ཕུགས་སུ་རང་ལ་གནོད། དེ་བཞིན་གཞན་ལ་ཕན་གདགས་པ་ནི་ལྟར་སྣང་དུ་གཞན་ལ་ཕན་མོད་མཐར་ཐུག་རང་ལ་དེ་བས་ལྷག་པའི་ཕན་པ་འབྱུང་། གཞན་གནོད་གཞི་དང་བཅས་པ་སྤོང་བ་འདིས་ཐེག་དམན་གྱི་ཆོས་ཡོངས་རྫོགས་བསྡུས་ཤིང་། གཞན་ཕན་གཞི་དང་བཅས་བ་སྒྲུབ་པར་ཐེག་ཆེན་གྱི་ཆོས་ཡོངས་སུ་འདུ། མི་ཚེ་ནི་རི་མཐོན་པོའི་རྩེ་མོའི་ཉི་མ་དང་འདྲ་བས་ཡུན་རིང་རྟག་བརྟན་གྱི་བསམ་བློ་སུས་ཀྱང་གཏོང་མི་རུང་ཞིང་། འགྲུབ་དགོས་པ་རང་གཞན་གཏན་བདེའི་དོན་ཆེན་གྱི་རྨང་གཞི་རང་སེམས་རང་ལ་བདེ་བ་རེ་འགྲུབ་ན། བློ་བདེ་སེམས་བདེའི་ངང་དུ་མཐོ་རིས་ཀྱི་བདེ་བར་གཡེང་ནས་སྡོད་ཀྱང་འདུག་རྟེན་ཞིག་ཡོད་མོད། དེ་ལྟ་མ་ཡིན་པར་སོས་ཀའི་དར་ཐོག་ཏུ་མཁར་བརྩིག་པ་ལྟ་བུའི་ངང་ཉི་མ་ནམ་ཟླ་ཟད་ན། བྱ་བ་གང་བྱེད་ཐམས་ཅད་གནད་མ་ཟིན་པ་ཡིན། དེའང་མི་སྡོད་པར་ད་བར་དུ་སོང་མོད། སོང་གོ་ཆོད་པ་ཚེ་འདི་ཕྱི་གཉིས་ལ་ཕན་ཐོགས་ཅན་ཅི་ཞིག་ཡོད། ལས་བྱ་བ་བྱས་པ་ད་བར་དུ་བྱས་མོད། བྱས་གོ་ཆོད་པ་ཚེ་འདི་ཕྱིར་ཕན་པའི་ཆོད་སྒོ་ཅན་ཅི་ཞིག་ཡོད་དམ། ཁའི་སྐད་ཆ་བཤད་པ་ད་བར་དུ་བཤད་མོད། བཤད་གོ་ཆོད་པ་ཅི་ཞིག་ཡོད། བཤད་ཚད་མང་ཆེ་བ་གཞན་སྐྱོན་ཡིན་ལ། གཞན་སྐྱོན་ཁོ་ན་མཐོང་བ་འདི་དོན་ངོ་མར་རང་སྐྱོན་ཡིན་ཏེ། མེ་ལོང་དུ་གཟུགས་བརྙན་ཤར་བ་ནི་ལྟར་སྣང་ལ་ཕ་རོལ་ཏུ་སྣང་མོད། དོན་ལ་ཚུ་རོལ་རང་གི་ངོ་གདོང་ཡིན་པ་དང་། དེ་བཞིན་མཁྲིས་ནད་ཅན་གྱིས་དུང་སེར་བོ་སྣང་བ་ནི་རང་གི་མིག་སྐྱོན་ཡིན་པ་ལྟར་རོ། །མདོར་ན་མ་དག་པས་ཡོད་ཚད་སྐྱོན་དུ་མཐོང་མོད། དག་པ་ཁོ་ན་མིན་ཡང་བཟང་ངན་ལེགས་ཉེས་ཀྱི་ཤན་ཅུང་ཟད་འབྱེད་མཁན་ཞིག་གིས་བལྟས་ན། མ་རིག་དུག་ལྔའི་ནད་དང་གདོན་གྱིས་ཐེབས་པ་རང་ཇི་བཞིན་གཞན་ལའང་ཁག་མི་འདུག་སྙམ་ནས་ཐམས་ཅད་སྙིང་རྗེའི་ཡུལ་དུ་བྱེད་ཅིང་། དོན་ལ་ཕ་མར་གྱུར་པ་ཁོ་ན་ཡིན་པས་སྙིང་རྗེ་སྐྱེ་ཡུལ་སེམས་ཅན་མེད་ན་སངས་རྒྱས་ཀྱི་གོ་འཕང་ཡང་ཇི་ལྟར་ཐོབ། དེ་ལྟར་བསམ་བློ་བཏང་ནས་རང་སེམས་ལ་རང་གིས་འཕོ་འགྱུར་གཏོང་དགོས། རྟ་རྒོད་སོགས་ལའང་ཁ་ལོ་དང་སྣ་ལོ་བསླབ་ཆོག་ཅིང་། སྤྲེའུ་ལ་ཞབས་བྲོ་བསླབ་ཆོག གཅན་གཟན་གཏུམ་པོ་སྟག་ལའང་མི་སྐད་བཤད་ནས་མེ་ཡི་ཨ་ལོང་དུ་འཛུལ་ཏེ་འཁྲབ་སྟོན་བྱེད་ཚུལ་བསླབ་ཆོག་ན། གདོས་བཅས་རགས་གཟུགས་སུ་མ་གྲུབ་པའི་མི་སེམས་ནི་ལེགས་ལམ་དུ་འགོད་ཐབས་ཅི་ལ་མེད། ལུས་ངག་སེམས་གསུམ་ལས་སེམས་ནི་རྒྱལ་པོ་དང་། ལུས་ངག་གཉིས་གཡོག་པོ་ལྟ་བུ་ཡིན། དེ་ལྟ་མོད་ལུས་པོ་འདི་ལ་རྒྱུན་དུ་ཁྲུས་དང་ཟས་དང་གོས་རྒྱན་འདོགས་དགོས་པ་སོགས་ཅི་འདྲའི་བྱ་བ་མང་པོ་ཞིག་བྱེད་ཀྱིན་ཡོད་མོད། ཡིན་ཡང་སེམས་ལ་ནམ་ཡང་བཅོས་བསྒྱུར་མ་བྱས་ཤིང་། བསྒྱུར་བཅོས་དགོས་སྣང་ཙམ་ཡང་མ་ཤར་བར་རྒྱ་ཡན་ལ་བཏང་ནས་ལང་ཤོར་དུ་གྱུར་པས་ན། འཇིག་རྟེན་ཁ་དཔེར། ངན་པ་ཡར་ས་ལ་ཐོན་ན་རལ་ལི་རི་ལེ་བཅོ་བརྒྱད་ཟེར་བའི་དཔེ་ལྟར། སེམས་རྒྱལ་པོ་སྨྱོན་པས་སྨྱོ་ཆུ་འཐུང་བ་ན། དེའི་གཡོག་པོ་ལུས་ངག་གཉིས་སྡུག་བསྔལ་མི་བཟོད་པར་འཕྲད་སྲིད་དེ། མི་མང་པོས་རང་སྲོག་གཅོད་པའང་སེམས་ཀྱིས་བསམ་བློ་གཏོང་ལུགས་ནོར་བ་ཡིན། ལུས་ནི་དཔེར་ན་སྟོབས་ཆུང་བོང་བུས་ཁལ་ཆེན་མི་ཐེག་ཅིང་བྱང་ལམ་མི་ཆོད་པ་དང་འདྲ། སེམས་ཀྱིས་སྐད་ཅིག་མའི་ཡུན་ལ་འཛམ་གླིང་སྐོར་ཆོག་པར་མ་ཟད་སྟོང་གསུམ་ཡང་སྐོར་ཆོག དེ་བཞིན་མི་བཟང་པོ་ཐོབ་ཐང་ཅན་ཞིག་གིས་འཛམ་གླིང་བདེ་ལ་འགོད་པའང་བློ་སྐད་ཅིག་མ་གཅིག་གིས་དྲན་པར་ནུས་ཤིང་། དེ་བཞིན་མི་ངན་པ་ཞིག་གིས་འཛམ་གླིང་ཕུང་དཀྲུག་ལ་སྦྱོར་བའང་སྐད་ཅིག་གཅིག་ལ་དྲན་པར་བྱས་ཆོག ཐ་མལ་སྤྱིར་བཏང་བ་ཞིག་ཡིན་ཡང་རང་གི་མི་ཚེ་བདེ་ལ་འགོད་བྱེད་དང་། དེ་མིན་རང་ཉེ་འཁོར་དང་བཅས་པ་འདུག་མི་བདེ་བ་ཞིག་བློ་ཡིས་སྐད་ཅིག་ལ་དྲན་ཐུབ། དེ་ལྟར་རྣམ་རྟོག་འཆར་ལུགས་གཅིག་གིས་བྱེད་པར་ནུས་སོ། །དེ་བཞིན་དུ་སངས་རྒྱས་ཐོབ་བྱེད་སེམས་ཡིན་ལ་དམྱལ་བར་འཕེན་བྱེད་ཀྱང་སེམས་ཡིན་པས་སེམས་ལེགས་ལམ་ལ་འཇུག་དགོས། སྟོབས་དང་ལྡན་པའི་སེམས་བེད་མ་ཆོད་ན་གྱོང་གུད་ཆེན་པོ་ཞིག་དེ་རུ་ཡོད། ད་ནས་མི་ལོ་བཅུ་ཕྲག་ཁ་ཤས་སམ་བརྒྱ་ཕྲག་བརྒལ་ན་དེང་དུས་ཀྱི་ཚན་རིག་པའི་ཡང་རྩེར་སོན་པ་འདི་དག་ཀྱང་རྗེས་ལུས་སུ་གྱུར་ཡོད་པས་རྗེས་ལུས་ཀྱི་རྫོབ་དོང་དུ་གད་སྙིགས་ཀྱི་ཕུང་བོ་བཞིན་འདོར་ངེས་ལ། དེ་དུས་ནང་སེམས་ཁམས་ཀྱི་རིན་ཐང་གཞལ་དུ་མེད་པའི་གཏེར་མཛོད་གསར་བའི་སྒོ་མོ་ཕྱེ་བར་བརྩོན་ལེན་བྱེད་པའི་དུས་བཟང་ཞིག་འཆར་ངེས་ཡིན་ནོ། །རིགས་ལྡན་ཞེས་བྱ་བའི་རྟ་ཞོན་ལྕགས་ཀྱི་འཁོར་ལོ་ཅན་ཞིག་ཐོན་ཡོང་བ་དང། བྱམས་པ་ཞེས་བྱ་བའི་ལྷ་ཞིག་མི་ཡུལ་དུ་གནམ་རྡོ་ལྷུང་བ་ལྟར་ཡོང་བའི་ངེས་པ་མེད། རི་རབ་མིག་གིས་མ་མཐོང་བ་ཙམ་གྱིས་འཇིག་རྟེན་གཞན་མེད་པར་སྨྲ་མི་ནུས་ཀྱང་ཅི་ལྟར་ཡོད་ཚུལ་ཡང་ཕལ་བས་མཐའ་རྒྱ་མི་ཆོད་དེ། ཞིང་རྡུལ་གྲངས་སྙེད་ཀྱི་འཇིག་རྟེན་ཁམས་ནི་རྡུལ་གཅིག་གི་སྟེང་དུ་གྲུབ་ཡོད་པ་ནི། འཇལ་བྱེད་མཐའ་དང་བྲལ་བའི་ཆོས་ཉིད་ཀྱི་རིག་པ་འཕགས་པའི་ཡེ་ཤེས་ཁོ་ནར་ཐུག་ཅིང་། དེའང་བླ་ན་མེད་པ་ནི་སངས་རྒྱས་ཀྱི་ཡེ་ཤེས་ཡིན། དྲང་ངེས་ཀྱི་དགོངས་པ་ལེན་པའི་རྣམ་དཔྱོད་ཀྱི་བློ་མིག་རང་ལ་མེད་ན་ལོག་པར་མཐོང་བའང་ཡོད་སྲིད་པས། བཀའ་ཡི་རྣམ་གཞག་ཀྱང་སྨན་ལྟར་དུ་གཅིག་ལ་འཕྲོད་པ་ཅིག་ཤོས་ལ་མི་འཕྲོད་པ་ཡོད་པར་ངེས་སོ། །མདོ་ཚིག་གཅིག་ཏུ་བསྡུས་ན། བསམ་པ་བཟང་པོས་རང་བདེ་ཞིང་། སྤྱོད་པ་གཙང་བས་གཞན་བདེའོ། །དེའི་ཕྱིར་དྲན་དང་ཤེས་བཞིན་བག་ཡོད་པ་གསུམ་རྒྱུན་དུ་བསྟེན་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་རེ་རྒྱུད་ལ་སྐྱེ་བར་འབད་པར་གྱིས། ད་དུང་ཡང་བརྗོད་ཅིག་བྱ། དྲན་དང་ཤེས་བཞིན་བག་ཡོད་པ་གསུམ་རྒྱུན་དུ་བསྟེན་ནས་གཞན་ཕན་བྱང་ཆུབ་ཀྱི་སེམས་རེ་རྒྱུད་ལ་སྐྱེ་བར་འབད་པར་གྱིས། འདི་ནི་མཐར་མཇུག་འབྲལ་ཁའི་གཏམ་ཞེ་ལ་འཛིན་རྒྱུ་དེ་ཡིན་ནོ།།

ཉིན་བཞི་བར་ཁྱིམ་པ་ཕོ་མོ་རྣམས་ལ་སྒོམ་རྒྱག་ཚུལ་སྨིན་ཁྲིད་གནང་བ།

མཚམས་འདིར་ཡང་འུ་ཅག་སྒོམ་རྒྱག་པའི་དུས་ཚོད་ལ་ཐོན་བྱུང་། དེའང་ཉིན་དང་པོར་བཤད་པ་ལྟར་དམིགས་རྣམ་གསལ་ཤེས་མཁན་དག་གིས་མགོན་པོ་འོད་དཔག་མེད་ཀྱི་སྐུའི་གསལ་སྣང་སྤྱི་བོར་སྒོམས། དེ་མི་ནུས་པ་དག་གིས་འོད་དམར་གྱི་གོང་བུའམ་འོད་ཀྱི་ཐིག་ལེ་དམར་པོ་ཞིག་སྤྱི་གཙུག་ཏུ་བསྒོམ་ཨེ་ཤེས་ལྟོས། དེའི་སྟེང་དུ་འོད་ཟེར་སྤྲོ་བསྡུའི་དམིགས་རིམ་ཡང་ཕྱོགས་ཙམ་ཞིག་བཤད་ཡོད། མཇུག་མཐར་སེམས་རྣམ་རྟོག་འཁྲུལ་བའི་དབང་དུ་མ་ཤོར་བར་རང་གི་སེམས་ཉིད་དང་མགོན་པོ་འོད་དཔག་མེད་ཀྱི་ཐུགས་དབྱེར་མེད་གཅིག་འདྲེས་སུ་གྱུར་ནས་ཅི་ཡང་མི་དམིགས་པའི་ངང་དུ་འཇོག་ཨེ་ཤེས་ལྟོས། ཅི་ཡང་མི་ཤེས་ན་སེམས་རྣམ་རྟོག་གི་ཟུག་རྔུ་མེད་པའི་ངང་དུ་འཁོར་ཚེ་ཐོག་མེད་ནས་འཁྲུལ་བས་ཐང་ཆད་པའི་སེམས་ཀྱིས་ངལ་གསོ་ཞིག་མཛོད། །ཉིན་གཉིས་པར་འཕོ་བའི་དམིགས་རིམ་དང་ཕྱོགས་མཚུངས་སྦྱངས། ཁ་སང་ཉིན་གསུམ་པར་ཞིང་ཁམས་སྦྱོང་བའི་དམིགས་རིམ་སྟེ་དཔག་མེད་མྱུར་ལམ་གྱི་ཆོ་ག་དང་མཐུན་པར། མདུན་གྱི་ནམ་མཁར་མགོན་པོ་འོད་དཔག་མེད་དང་། གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས། གཡོན་དུ་བྱང་ཆུབ་སེམས་དཔའ་མཐུ་ཆེན་ཐོབ་པ་བཅས་གཙོ་འཁོར་གསུམ་གྱི་དམིགས་པ་གསལ་བཏབ། མཐར་འོད་དུ་ཞུ་ནས་རང་སེམས་སྟོང་གསལ་འགག་མེད་ཀྱི་ངོ་བོ་དང་དབྱེར་མེད་དུ་གྱུར་བར་བསྒོམས། དེ་རིང་རང་གི་སྤྱི་གཙུག་དང་མདུན་གྱི་ནམ་མཁར་མི་བསྒོམ་པར་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པ་རུ་རང་ཉིད་ཡོད་པའམ་ད་ལྟ་སྣང་བའི་འཇིག་རྟེན་འདི་ཉིད་བདེ་བ་ཅན་གྱི་ཞིང་ཁམས་ཡིན་པར་བསམས་ནས། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་དང་པོ་ཞིང་ཁམས་ཡིད་ལ་བྱེད་པའི་གསལ་སྣང་ཐམས་ཅད་ནི་ཞིང་ཁྲིད་ཇི་བཞིན་དུ་བསྒོམ་པར་བྱ་སྟེ། དེའང་ད་ལྟ་རང་ཉིད་འདུག་པའི་གནས་འདི་ནི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ས་གཞི། རིན་ཆེན་གྱི་རི་བོ། ལྗོན་ཤིང་གི་ཚལ། ཁྲུས་ཀྱི་རྫིང་བུ། མེ་ཏོག་སྣ་ཚོགས་པའི་སྐྱེད་མོས་ཚལ། གཞལ་མེད་ཁང་ཉམས་དགའ་བ། འཁོར་བྱང་ཆུབ་སེམས་དཔའ་དང་ཉན་རང་དགྲ་བཅོམ་པ་ལྷ་མིའི་རྣམ་པ་ཅན། དབང་རྣོན་བཟོད་པ་ཐོབ་པ་ཤ་སྟག་གིས་གང་བ། དེ་ལྟ་བུའི་ཞིང་ཁམས་ཀྱི་དབུས་སུ་རིན་པོ་ཆེ་པདྨོའི་རྣམ་པར་སྣང་བའི་བྱང་ཆུབ་ལྗོན་ཤིང་ཞེས་བྱ་བ་དང་། དེའི་དྲུང་དུ་ཡོད་པའི་ཆོས་ཡང་དག་པར་སྡུད་པའི་གཞལ་མེད་ཁང་ཞེས་བྱ་བ། དེའི་དབུས་སུ་དག་གསལ་དྲྭ་བའི་འོད་ཟེར་ཅན་ཞེས་པའི་ཆོས་ཀྱི་ཁྲི་ལ་མགོན་པོ་འོད་དཔག་མེད་དང་། གཡས་གཡོན་དུ་འཕགས་པ་རྣམ་གཉིས། འཁོར་རྒྱལ་དང་རྒྱལ་སྲས་ཚོགས་ནི་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་གིས་མཚོན་ས་ཆེན་པོའི་རྡུལ་གྱི་གྲངས་དང་མཉམ་པ་མང་པོས་བསྐོར་བར་བསམ་ཞིང་། རང་ཉིད་དེའི་མདུན་གྱི་མེ་ཏོག་པདྨའི་སྟེང་རྫུས་ཏེ་སྐྱེས་ནས་ཟབ་དང་རྒྱ་ཆེའི་ཆོས་ཉན་བཞིན་ཡོད་པར་བསམ། དེའང་གོང་དུ་བཤད་པ་བཞིན་ཁྱིམ་ན་གནས་པའི་གང་ཟག་དག་གིས་ཆོས་སྒྲུབ་ཚུལ་མི་ཤེས་ཤིང་སྒྲུབ་ཁོམ་ཡང་མི་འདུག་སྙམ་པ་དག་ལ། བསམ་པ་བྱ་བ་སྤྱོད་པ་ཐམས་ཅད་ཆོས་དང་སྦྲེལ་ནས་སོང་ཚད་བསྡད་ཚད་བསམ་ཚད་ཐམས་ཅད་ཆོས་ལ་འཇུག་པའི་ཆེད་དུ་ཡིན། དེ་མིན་བསྐྱེད་རྫོགས་ཀྱི་ཆོ་ག་སྤྱི་དང་ཁྱད་པར་དཔག་མེད་མྱུར་ལམ་ལྟར་ན། རིན་པོ་ཆེ་སྣ་བདུན་ལས་གྲུབ་པའི་འཕྲུལ་སྟེགས་རབ་ཏུ་མཐོ་བ་རྨ་བྱས་ཟློས་གར་རྩེན་པ། ཞེས་སོགས་གསུངས་པ་ལྟར་བསྐྱེད་པ་རྐྱེན་གྱི་ཡི་གེ་དེ་ཉིད་རྒྱུའི་ཡི་གེར་གནས་གྱུར་ཅིང་དེ་ཉིད་པདྨ་དམར་པོ་འདབ་མ་སྟོང་དང་ལྡན་པ་གྱུར། དེའི་སྟེང་དུ་རཾ་ཡིག་ལས་ཉི་མའི་དཀྱིལ་འཁོར་ལ་རང་གི་རྣམ་པར་ཤེས་པ་ཡི་གེ་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས་ཚུར་འདུས་ནས་ས་བོན་ལ་ཐིམ་པ་སོགས་དམིགས་རྣམ་ལྟར་བསྒོམ་ཡང་རུང་། དེ་བཞིན་བསྐྱེད་རིམ་ལ་གསལ་སྣང་ལྡན་པ་དག་གིས་སྔགས་རྒྱུད་སྡེ་བཞི་དྲུག་གི་བསྐྱེད་ཆོག་ཏུ་སངས་རྒྱས་འོད་དཔག་མེད་ཀྱི་བསྒོམ་རིམ་མང་དུ་ཡོད་པས་དེ་ལྟར་བསྒོམ་ཆོག་ལ། སོ་སོའི་སྐྱེ་བོ་ལས་དང་པོ་པ་ཁྱིམ་ན་གནས་པ་དག་གིས་ནི། བདག་གིས་འདིར་བཤད་པ་ལྟར་བདེ་བ་ཅན་གྱི་ཞིང་ཁམས་སུ་ད་ལྟ་ཐོན་ཡོད་པར་མ་ཟད། ཞིང་དེར་མགོན་པོ་འོད་དཔག་མེད་ཀྱི་དྲུང་ན་ཆོས་ལ་ཉན་བཞིན་པ་ཞིག་བསྒོམ་དགོས། དེའང་ཐེངས་འདིར་ཉིན་བཞི་ཙམ་ལས་མ་འགོར་མོད། སྒོམ་ཞེས་བརྗོད་མ་ཐག་འདིར་ཚོགས་པ་ཐམས་ཅད་རྣམ་སྣང་ཆོས་བདུན་ལ་སྡོད་གྲབ་བྱེད་པ་དེ་ནི་བཟང་པོ་རེད། དེ་མིན་ད་དུང་དགོན་ཆེན་ཅི་འདྲ་ཞིག་ལ་ཐོན་ཡང་འདི་ལྟར་ངག་བཅད་ཀྱིས་ཆོས་ལ་ཉན་པ་ནི་དངོས་གནས་དཀོན་པོ་ཡིན། བསྔགས་ཡུལ་དུ་གྱུར་ཅིང་ཀུན་གྱིས་མིག་དཔེར་འོས་པ་བོད་གངས་ཅན་གྱི་ལྗོངས་སུ་འདི་འདྲ་ཡོད་སྙམ་པས་རྗེས་སུ་ཡི་རངས་བྱས་ཀྱང་དགེ་བ་རྒྱ་ཆེའོ། །མཚམས་འདིར། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་པ་ལན་གསུམ་གྱི་མཐར་བསྒོམ་པར་བྱ། དེའང་ཡིག་ངོ་མི་ཤེས་པ་རྒན་པོ་རྣམས་ལ་བསྐྱེད་རྫོགས་ཀྱི་དོད་ཙམ་དུ་འདི་ཉིད་ལན་གསུམ་བཏོན་ཡང་ཅུང་ཟད་ཕན་སྙམ་པ་ཡིན། དེ་ནས་ལུས་རྣམ་སྣང་ཆོས་བདུན་ཚང་ཞིང་། སེམས་དུས་གསུམ་གྱི་རྣམ་རྟོག་འཁྲུལ་བའི་དབང་དུ་མི་གཏོང་བར་དམིགས་པ་གོང་ལྟར་གསལ་དགོས། ཞེས་གསུངས་འཕྲལ་སྙན་པའི་དབྱངས་དང་བཅས་ཏེ། མགོན་པོ་འོད་དཔག་མེད་ལ་གསོལ་བ་འདེབས། བདེ་བ་ཅན་དུ་སྐྱེ་བར་བྱིན་གྱིས་རློབས། ཞེས་ལྷན་དུ་ཚར་གསུམ་གསུངས་རྗེས་མཉམ་པར་བཞག དེ་ལྟར་བསྐྱེད་རིམ་དང་འབྲེལ་བའི་དམིགས་བཅས་ཀྱི་བསྒོམ་ཆུ་ཚོད་སྐར་མ་ལྔ་འགོར་སོང་། འདི་ནས་གོང་དུ་བསྒོམ་པའི་བདེ་བ་ཅན་གྱི་ཞིང་རྟེན་བརྟེན་པ་དང་བཅས་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་སེམས་ཆོས་སྐུའི་ངོ་བོ་ཡེ་ནས་དག་པའི་རང་བཞིན་དང་། བླ་མ་རྒྱལ་བ་འོད་དཔག་མེད་ཀྱི་ཐུགས་ཕྱོགས་བཅུའི་རྒྱལ་བའི་ཡེ་ཤེས་དང་གཉིས་སུ་མ་མཆིས་པར་དབྱེར་མེད་དུ་གྱུར་པའི་ངང་དུ་ཅི་ཡང་མི་བསམ་ཞིང་གང་དུའང་མི་རྟོག་པ། སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་ལ་མཉམ་པར་བཞག་ཅིང་། དད་དང་སྙིང་རྗེ་བསྒོམ་པ་གསུམ་ཆུན་གཅིག་ཏུ་དྲིལ་ཏེ་དམིགས་མེད་ཀྱི་ངང་དུ་ཆུ་ཚོད་སྐར་མ་ལྔ་ལ་གནས་པར་བྱ་ཞེས་གསུངས་རྗེས་མཉམ་པར་བཞག་གོ །དེ་ཙམ་གྱིས་སྔ་ཕྱི་གཉིས་ལ་སྐར་མ་བཅུ་ཚང་སོང་། དེ་ནས་མཉམ་བཞག་ལས་ལྡང་བའི་རྗེས་ཐོབ་བམ་ཐུན་དེ་ལས་ལྡང་བའི་ཐུན་མཚམས་སུ་སླེབས་ཚེ། སྔར་གྱི་ཉམས་ལེན་རྒྱུན་སྐྱོང་དགོས་ཏེ་ཆོས་ཁང་ནང་གི་ཆོས་པ་སྒོ་ཕྱིར་བུད་ན་ཐ་མལ་བར་འགྱུར་མི་རིགས། མཉམ་བཞག་གི་གསལ་སྣང་དང་མི་འབྲལ་བར་ད་ལྟའི་སྣོད་རྣམ་པར་དག་པ་བདེ་བ་ཅན་གྱི་ཞིང་ཁམས་དང་། བཅུད་རྣམ་པར་དག་པ་སངས་རྒྱས་འཁོར་བཅས། སྒྲ་རུ་གྲག་ཚད་ཆོས་ཀྱི་སྒྲ་དབྱངས་ཡིན་པར་བསྒོམ། དེའང་མ་ཡིན་པ་ལ་ཡིན་པར་བསྒོམ་པ་མིན་ཏེ་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་སོ། །འུ་ཅག་ནི་སེམས་ཅན་འཁྲུལ་བའི་གང་ཟག་ཡིན་པས་འཁྲུལ་བའི་སྣང་ངོ་ལ་མ་དག་པ་འབའ་ཞིག་ཤར་བ་ཡིན་གྱི་མ་འཁྲུལ་བའི་སྣང་ངོར་ཐམས་ཅད་དག་པར་འཆར། དེ་ལྟར་མ་དག་པའི་སྣང་ངོའི་མ་དག་པ་དང་། དག་པའི་སྣང་ངོར་དག་པ་གཉིས་ལས་དོན་ལ་གནས་པ་གང་ཡིན་ཞེ་ན། དག་པའི་སྣང་བ་ནི་མ་འཁྲུལ་བ་དེ་ཡིན་ཏེ། དཔེར་ན། རྨི་ལམ་གྱི་འཁྲུལ་སྣང་དང་སད་པའི་མ་འཁྲུལ་བའི་སྣང་བ་བཞིན་ནོ། །ཆགས་མེད་བདེ་སྨོན་དུ། འདི་ནས་ཉི་མ་ནུབ་ཀྱི་ཕྱོགས་རོལ་ན། །ཞེས་པ་ནི་མཐའ་གཅིག་ཏུ་ཚིག་རྗེས་འབྲང་ནས་ཐག་རིང་ཞིག་སྟོན་པ་མ་ཡིན་སྙམ། དེ་ནི་མ་དག་སྣང་བའི་འཇིག་རྟེན་ལས་རིང་དུ་འདས་པ་དག་པའི་ཞིང་ཁམས་ཡིན་པ་བསྟན། ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །ཞེས་པས་ཁྱད་འཕགས་ཀྱི་གོ་དོན་སྦྱོར་བའི་གཞི་བསྟན་ཞིང་། ཁྱད་འཕགས་ཀྱི་རང་བཞིན་ནི། རྣམ་པར་དག་པའི་ཞིང་ཁམས་བདེ་བ་ཅན། །ཞེས་པས་བསྟན། དེའང་ད་ལྟ་བདེ་བ་ཅན་གྱི་གསལ་སྣང་ལ་གོམས་པར་བྱས་ཤིང་ཁྱད་པར་མགོན་པོ་འོད་དཔག་མེད་དང་ཐུགས་ཡིད་དབྱེར་མེད་དུ་འདྲེས་པར་གོམས་ན། ནམ་ཞིག་ཚེ་འཕོས་ཏེ་ལུས་བརྗེས་པའི་སྐབས་སུ། ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་གཉིས་དུས་མཉམ་ཡིན་པ་ལྟར། མི་གཙང་བའི་ལུས་འདི་སྐྱུར་བ་དང་མགོན་པོ་འོད་དཔག་མེད་ཀྱི་དྲུང་དུ་འོད་ལུས་དྭངས་མ་བརྫུས་ཏེ་སྐྱེ་བ་ལེན་པ་གཉིས་དུས་མཉམ་ཡིན། དེ་བཞིན་དུ་འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས་རི་བོ་པོ་ཏ་ལ་དང་། ཟངས་མདོག་དཔལ་གྱི་རི་བོ་དང་། གཡུ་ལོ་བཀོད་པ་ལ་སོགས་པར་གང་དུ་སྐྱེ་བསམ་ཡང་སྨོན་ལམ་འདུན་པའི་ཁ་བསྒྱུར་གྱིས་སྐྱེ་བར་འགྱུར་རོ། །ཕྱི་མ་བདེ་བ་ཅན་དུ་སྐྱེ་བར་ནུས་དང་མི་ནུས་ད་ལྟ་རང་གིས་རྒྱུ་སྒྲུབ་པར་བརྟགས་ན་ཤེས། སྤྱིར་རྒྱུ་བཞི་ཞེས་བརྗོད་མོད་དོན་ལ་རྒྱུ་དང་པོར་འདུ་ཚུལ་གོང་དུ་བཤད་པ་ལྟར་ཡིན། དེང་ཕྱིན་ཆད་ཉམས་ལེན་ཐུན་དུ་བཅད་ནས་སྒོམ་རྒྱག་དགོས་ཤིང་། དེའང་ཁོམ་སྐབས་དང་བསྟུན་ནས་སྒོམ་པ་ཙམ་གྱིས་མི་ཆོག་པར་ཉིན་རེར་སྒོམ་པའི་དུས་ཚོད་རང་གིས་བཀོད་སྒྲིག་བྱས་ན་ལེགས། དེ་མིན་མི་ཚེའི་བྱ་གཞག་གང་ཡིན་ཡང་རང་གིས་རང་ལ་འཆར་གཞི་ཞིག་ངེས་པར་འཇོག་དགོས། དེ་མེད་ན་དུད་འགྲོའི་སྤྱོད་ལམ་དང་ཕལ་ཆེར་འདྲ་བར་འགྱུར་སྲིད། ཉིན་རེར་ཆུ་ཚོད་བཅུ་གཉིས་དང་ཉིན་ཞག་ཕྲུགས་གཅིག་ལ་ཆུ་ཚོད་ཉེར་བཞི། ཟླ་རེར་ཞག་སུམ་ཅུ། ལོ་རེར་ཟླ་བ་བཅུ་གཉིས་ཡོད་པ་དེའི་ཉི་མ་ནམ་ཚ་ལ་གཞལ་ན། བདག་གི་ཚེ་སྟོད་ལ་ཅི་ཞིག་བསྒྲུབས། ཚེ་སྐེད་ལ་ཅི་ཞིག་སྒྲུབ་བཞིན་ཡོད་། ཚེ་སྨད་ལ་ཅི་ཞིག་བསྒྲུབ་དགོས་པའི་འཆར་གཞི་དང་། གཞན་གྱིས་བསྒྲུབས་པ་དང་ཆ་འདྲ་བའམ་དེ་ལས་ལྷག་པ་ཞིག་སྒྲུབ་དགོས་སྙམ་པའི་བསམ་བློ་ཡོད་དགོས། གལ་ཏེ་རྐྱེན་གློ་བུར་བ་འཆི་བདག་གི་བསུ་མ་མདུན་དུ་ཐོན་ན་དེ་དུས་གདོང་ལེན་འདི་ལྟར་བྱེད་བསམ་རྒྱུའི་སྔ་དྲན་ཕྱི་འདང་ཞིག་བྱེད་དགོས། གཞན་དུ་འཇིག་རྟེན་ཁ་དཔེར། བདག་པོས་ཁྲིད་ན་སྒུར་རུ་རུ། རྐུན་མས་ཁྲིད་ན་སྒུར་རུ་རུ། ཞེས་པ་ལྟར་སུས་ཁྲིད་ཀྱང་དེའི་རྗེས་སུ་རྒྱུག་པ་ལྟ་བུ་ཞིག་མི་རིགས་པར་རང་གི་བསམ་པའི་གཏད་སོ་ཞིག་ཡོད་དགོས། དེ་མེད་ན་དུད་འགྲོ་བྱོལ་སོང་ཞིག་གི་གོང་དུ་ཆེར་མ་འཕགས། དེའི་ཕྱིར་ཁྱེད་ཅག་གིས་ཉི་མ་རེ་རེ་བཞིན་སྒོམ་རྒྱག་པའི་དུས་ལ་སླེབས་ཚེ་གཞན་ལ་ངས་བསྒོམ་ཞིག་རྒྱག་དགོས་ཞེས་བཤད་མི་བདེ་ན། ངས་ཐུན་གཅོད་རྒྱུ་ཞིག་ཁས་ལེན་བྱས་ཡོད་པས་ད་ནི་དུས་ཚོད་ལ་ཐོན་སོང་ཞེས་སྨྲས་ན་ཕ་རོལ་པོར་གནོད་པར་མི་འགྱུར་བར་མ་ཟད་དགེ་སྐུལ་དུའང་འགྱུར་སྲིད། འགའ་རེས་རྩེད་མཚར་ཡང་བཤད་སྲིད་ལ། འགའ་རེས་ཁྱོད་ཀྱིས་ཅི་ཞིག་བསྒོམ་པ་ཡིན་ཞེས་དྲི་ན། དེ་དུས་ངོ་གནོང་མི་དགོས་པར་ངས་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དང་པོ་རྟེན་ཞིང་ཁམས་ཡིད་ལ་བྱེད་པ་བསྒོམ་བཞིན་ཡོད་ཅེས་ལན་བཏབ་ཆོག དེ་ཅི་འདྲ་ཡིན་འདྲི་ན། ལན་དུ་དོན་ལ་རང་གིས་མྱོང་བ་མ་གཏོགས་བརྗོད་དུ་མེད་པ་ཞིག་ཡིན་ཞེས་སྨྲ་དགོས། དེའི་ཕྱིར་ཆུ་ཐིག་བསགས་པས་རྒྱ་མཚོ་ལྟར་ཐུན་གཅོད་པ་མ་ཆག་པར་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་རིམ་བཞིན་གསོག་དགོས་པ་ལས་སྟབས་གཅིག་ཏུ་ཆེན་པོ་ཞིག་འགྲུབ་དཀའ། འཇིག་རྟེན་འཁོར་བའི་ཁྱིམ་ངན་ཞིག་ལའང་འགྲུབ་པ་བརྒྱ་དང་མི་འགྲུབ་པ་སྟོང་འབྱུང་མོད། སྐྱིད་སྡུག་གཉིས་ཀ་གང་བྱུང་གི་སྐབས་སུ་བློ་ཡ་གྲོས་གྲོགས་སུ་སྦྱོར་དངོས་རྗེས་ཀྱི་དམ་པ་རྣམ་གསུམ་ཚང་བའི་ཉམས་ལེན་ཐུན་དུ་གཅོད་པ་འདི་སྒྲུབས་དང་། དཀར་པོ་ཆིག་ཐུབ་ནད་བརྒྱ་སྨན་གཅིག་ལྟ་བུ་ནི་འདི་ཉིད་ཡིན་ནོ། །སྤྱིར་འདུས་པ་ཐམས་ཅད་འབྲལ་བའི་ཆོས་ཡིན་པས་རང་རེ་རྣམས་ཀྱང་ཆུ་ཚོད་སྐར་མ་གཅིག་གཉིས་ཀྱི་རྗེས་སུ་སོ་སོར་གྱེས་པར་འགྱུར་ལ། དེ་བཞིན་དུ་ཁྱིམ་བཟའ་ཚང་དང་། གཉེན་ཉེ་མཐུན་གྲོགས་དེ་ཙམ་མ་ཟད་གཅེས་པར་བསྐྱངས་པའི་རང་ལུས་འདི་ཡང་འབྱུང་བཞི་བག་ལ་ཞ་ནས་ལུས་སེམས་འབྲལ་བའི་དུས་ནམ་ཡོང་མི་ཤེས་པས་ན། རང་གཞན་འཕྲལ་ཡུན་གཉིས་ཕན་གྱི་བྱ་བའི་འདུན་མ་རེ་ལ་བློ་རྩེ་གཏོད་ཅེས་སྐུལ་མ་དང་བཅས་ཏེ། གཞི་ལ་བཀྲ་ཤིས་ཤིང་བྱེས་པ་དོན་འགྲུབ་ཅིང་། འདིར་ཆོས་ར་གཅིག་དང་། དཀྱིལ་འཁོར་གཅིག་ཏུ་འཛོམ་པ་རྣམས་ཕྱི་མ་བདེ་བ་ཅན་གྱི་ཞིང་ཁམས་སུ་ཟབ་དང་རྒྱ་ཆེའི་ཆོས་ཀྱི་བདུད་རྩི་ལ་མཉམ་དུ་ལོངས་སྤྱོད་པའི་སྨོན་ལམ་རྣམ་དག་འདེབས་པར་བྱའོ།།

མཇུག་མཐའི་བསྔོ་སྨོན།

འདི་ལྟར་ཆོས་འཆད་ཉན་ཉམས་ལེན་སྒོམ་སྒྲུབ་དང་བཅས་པའི་དགེ་བའི་རྩ་བ་འདིས་མཚོན་ནས་རང་གཞན་གྱིས་དུས་གསུམ་བསགས་པའི་དགེ་རྩ་གཅིག་ཏུ་བསྡུས་ཤིང་བསྡོམས་ནས་ཀུན་མཁྱེན་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ། བསྟན་འཛིན་གྱི་སྐྱེས་བུ་གང་ན་སུ་བཞུགས་ཐམས་ཅད་སྐུའི་ཚེ་ཞབས་པད་བརྟན་ཞིང་དགེ་འདུན་གྱི་སྡེ་ཐམས་ཅད་ཐུགས་མཐུན་ཁྲིམས་གཙང་བསླབ་པ་གསུམ་གྱི་ཡོན་ཏན་གོང་ནས་གོང་དུ་འཕེལ། འཇིག་རྟེན་གྱི་ཁམས་ཐམས་ཅད་བདེ་སྐྱིད་རྫོགས་ལྡན་ཀྱི་དཔལ་ལ་ལོངས་སྤྱོད་དེ། མཐར་ཐུག་སེམས་ཅན་ཐམས་ཅད་བླ་མེད་རྫོགས་པའི་བྱང་ཆུབ་ཀྱི་གོ་འཕང་ལ་འགོད་པའི་ཕྱིར་རྗེ་བཙུན་འཇམ་པའི་དབྱངས་དང་འཕགས་པ་ཀུན་ཏུ་བཟང་པོ་སོགས་ཀྱིས་འགྲོ་བའི་དོན་དུ་ཅི་ལྟར་བསྔོས་པ་བཞིན་དུ་བསྔོ་བའི་ཐུགས་འདུན་ཟབ་མོ་གནང་བར་ཞུ། བསོད་ནམ་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱེད་ཅིང་། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཅི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་བ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །སྔོན་ཚེ་དེ་བཞིན་གཤེགས་པ་གཙུག་ཏོར་ཅན། །འཕགས་པའི་ཡུལ་དུ་གྲུབ་ཆེན་ཀུ་ཀུ་རུ། །ཁ་བ་ཅན་འདིར་དཔལ་ལྡན་ཐང་པ་ཞེས། །པདྨ་རིག་འཛིན་ཞབས་ལ་གསོལ་བ་འདེབས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །ཐུབ་བསྟན་མཛེས་པའི་རྒྱན་གཅིག་ཀློང་ཆེན་པ། །བཤད་སྒྲུབ་བསྟན་པའི་མངའ་བདག་འཇིགས་མེད་གླིང་། །མཚུངས་མེད་བླ་མའི་བསྟན་པ་སྲིད་མཐའི་བར། །བཤད་སྒྲུབ་ཐོས་བསམ་སྒོམ་པས་འཛིན་གྱུར་ཅིག །དཔལ་ལྡན་མཁས་གྲུབ་བྱེ་བའི་གཙུག་གི་རྒྱན། །མདོ་སྔགས་ལུང་རྟོགས་བསྟན་པའི་ཤིང་རྟ་ཆེ། །འཇིགས་བྲལ་སྔ་འགྱུར་རྒྱལ་བ་རྫོགས་ཆེན་པ། །ཤྲཱི་སེང་ཆོས་གྲྭའི་བསྟན་པ་རྒྱས་གྱུར་ཅིག །གངས་རི་ར་བས་སོགས། སྐར་མ་རབ་རིབ་མར་མེ་དང་། །སྒྱུ་མ་ཟིལ་བ་ཆུ་བུར་དང་། །རྨི་ལམ་གློག་དང་སྤྲིན་ལྟ་བུ། །འདུས་བྱས་ཆོས་རྣམས་དེ་ལྟར་བལྟ། །མཐར་སྨྲས་པ། མཐའ་མེད་སྤྲོས་བའི་དྲྭ་བ་ཕར་ལ་བཏང་། །གཡོ་མེད་སྟོང་གསལ་ངང་དུ་ཚུར་ལ་ལོག །འཛིན་མེད་རང་གསལ་རིག་པའི་རྩལ་རྫོགས་ན། །འགྱུར་མེད་བདེ་ཆེན་ཞིང་ཁམས་ནང་ནས་རྙེད། །མ་བཅོས་སེམས་ཉིད་རྗེན་པའི་རང་ཞལ་དེ། །མ་བསྒོམས་ངེས་པ་དོན་གྱི་འོད་དཔག་མེད། །མ་རིག་ལས་ཉོན་འཁྲུལ་བས་མ་བསྒྲིབས་པར། །མ་ལུས་འགྲོ་བ་ཀུན་གྱིས་མཐོང་བར་ཤོག །ཅེས་མདོ་སྨད་ཁྲི་ཀ་རྡོ་རམས་ཚང་བདུད་དཔུང་ཟིལ་གནོན་གླིང་དུ། གུས་སློབ་གླིང་རུ་པ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་སུ་འབོད་པས་བོད་རབ་རྒྱན་མེ་སྤྲེལ་ཟླ་བཅུ་བའི་ཚེས་ཉེར་བཞི་རྟ་བདུན་དབང་པོ་བྱང་དུ་བགྲོད་པ་དགུན་ཉི་ཟློག་གི་དུས་ཚེས་ཁྱད་པར་ཅན་ལ་དབུ་བརྩམས་ཤིང་བཅད་རྒྱའི་ཐུན་མཚམས་སུ་ནར་མར་ཡིག་རིས་ལ་ཕབ་སྟེ། བོད་མེ་བྱ་ལོའི་ཟླ་གཉིས་པའི་ཚེས་བཅུ་རྒྱལ་ཕུར་འཛོམས་པའི་དུས་ཚེས་རབ་ཏུ་དགེ་བ། རྒྱལ་བའི་དབང་པོ་ཀློང་ཆེན་རབ་འབྱམས་པའི་འཁྲུངས་སྐར་གྱི་ཉི་ཕྱེད་ཕྱི་ཆ་བདུད་རྩི་ཐུན་མཚམས་སུ་མཇུག་ལེགས་པར་གྲུབ་པ་འདིའང་། གདོད་མའི་མགོན་པོ་ཁྱབ་བདག་བླ་མའི་འགག་མེད་རྡོ་རྗེའི་གསུང་གི་ཕྲིན་ལས་ཇི་སྲིད་འཁོར་བ་མ་སྟོང་བར་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ། ཁྱད་པར་མཁའ་མཉམ་འགྲོ་ཀུན་བདེ་ཆེན་དག་པའི་ཞིང་དུ་འདྲེན་པའི་ཐུགས་བསྐྱེད་ཟབ་མོ་གེགས་མེད་ཡོངས་སུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག་གུ། །དགེའོ། །དགེའོ། །དགེའོ། །མངྒ་ལཾ།


previousངག་འདོན་བྱིན་རླབས་གློག་ཞགས་ཀྱི་གསོལ་སྨན་རྒྱས་འགྲེལ་ཞིང་མཆོག་མྱུར་བགྲོད།no next