གསང་སྔགས་རྙིང་མའི་ཆོས་ཀྱི་བྱུང་བ་བརྗོད་པ།


PTT001_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཡུལ་གྱི་སྐབས་ལ་ལེའུ་བཅུ་པ་ལས་སྐབས་ལྔ་པ་གསང་སྔགས་རྙིང་མའི་ཆོས་བྱུང་བཞུགས་སོ། །(ཐ༡བ)


PTT001_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་དབྱིངས་གཟོད་ནས་ཡེ་རྫོགས་ཀུན་དུ་བཟང༌། །ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་པས། །དག་པའི་ས་ལ་གནས་པའི་གདུལ་བྱ་ལ། །རྩོད་མེད་ལྷུན་གྲུབ་ཐེག་པ་བླ་མེད་ཆེ། །རྒྱ་ཆད་ཕྱོགས་ལྷུང་བྲལ་བ་དུས་བཞིར་ནི། །དུས་མེད་བསྟན་པས་གངྒཱའི་བྱེ་སྙེད་ཀྱི། །རྒྱལ་སྲས་བླ་མེད་བྱང་ཆུབ་ཆེན་པོར་བཀོད། །དེ་ལྟའི་ཆོས་ཀྱི་རྣམ་གྲངས་ན་མཁའ་ཡི། །ཚད་ཀྱི་ཀླས་པ་གཞལ་དུ་མེད་པ་ལས། །རྩ་མཆོག་བུ་ག་ཙམ་ཞིག་འཛམ་གླིང་འདིར། །དགའ་རབ་རྡོ་རྗེ་ཤྲཱི་སིངྷ་དང༌། །ཛྙཱ་ན་སཱུ་ཏྲ་མཁས་པ་བཱི་མ་ལ། །པད་མ་ཀཱ་ར་ལ་སོགས་མཆོག་དངོས་ཀྱི། །རིག་པ་འཛིན་པ་དུ་མས་སྣང་བར་མཛད། །སྐྱེད་རིམ་སྟོན་པའི་རྒྱུད་སྡེ་སྔ་འགྱུར་ཚོགས། །དུ་མས་སྐལ་ལྡན་མང་ཞིག་སྨིན་གྲོལ་བྱས། །རྡོ་རྗེ་(ཐ༢ན)


PTT001_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་བུ་པད་མ་དབང་ཆེན་སོགས། །དྲག་སྔགས་གྲུབ་པའི་ནུས་ལྡན་དཔག་མེད་ཀྱིས། །བོད་ཡུལ་སངས་རྒྱས་བསྟན་པ་རབ་ཏུ་བསྲུངས། །དེ་བས་བོད་ལ་གཅིག་དུ་བཀའ་དྲིན་ཆེ། །དེ་ལྟར་རྡོ་རྗེ་ཐེག་པ་སྔ་འགྱུར་གྱི། །ལྷ་ཚོགས་རྣམས་དང་རྩ་རྒྱུད་བླ་མར་བཅས། །མཆོག་གི་རིག་པ་གྲུབ་པ་ཐམས་ཅད་ལ། །དད་པའི་ཡིད་ཀྱིས་རབ་ཏུ་ཕྱག་འཚལ་ལོ། །གསང་སྔགས་སྔ་འགྱུར་གྱི་མཆོག་ལ་འགོས་ཁུག་པ་ལྷ་བཙས་སོགས་ཀྱིས་མཛད་ཏོ་བར་གྲགས་པའི་སྔགས་ལོག་སུན་འབྱིན་དུ་འདོད་པ་དུ་མར་བཀའ་བསྟན་བཅོས་ཁུངས་མ་མིན་པར་སྨྲ་བ་རྣམས་ནི་བདག་གིས་ཀྱང་གཞན་དུ་ལན་བཏབ་ཟིན་ཅིང་སྤྱིར་ལོ་ཆེན་རིན་ཆེན་བཟང་པོའི་སྔགས་ལོག་སུན་འབྱིན་དང་ལྷ་ཞི་བ་འོད་ཀྱི་འཇམ་ཡིག་སོགས་སར་རྙིང་གང་གིའང་རུང་སྟེ་སྦྱོར་དགྲོལ་ལ་སོགས་པའི་སྔགས་སྤྱོད་སོ་སྐྱེས་སྒྲ་ཇི་བཞིན་དུ་སྤྱོད་པ་འགོག་པ་ཡིན་གྱི་གསང་སྔགས་རྙིང་མའི་རྩ་བ་འགོག་པ་མ་ཡིན་ལ། ཇོ་བོ་རྗེ་ལ་སོགས་པ་རྒྱ་གར་གྱི་པཎ་གྲུབ་དེ་ཙམ་ཞིག་བོད་དུ་བྱོན་པ་ཐམས་ཅད་ཀྱིས་མ་བཀག་པའི་ཕྱིར་དང༌། གལ་སྟེ་ཀླུ་དཀར་རྒྱལ་གྱིས་བཀའ་བརྫུས་མ་བསྟན་པ་ལྟ་བུ་ཡིན་ན་བསྟན་པ་ལ་ཤིན་དུ་སེལ་ཆེ་བས་ལོ་ཆེན་རིན་བཟང་གིས་ཀླུ་དཀར་རྒྱལ་བཏུལ་བ་ལྟར་རྙིང་མ་སྨྲ་བ་འདུལ་བྱེད་ཀྱི་སྐྱེས་བུ་དམ་པ་རྫུ་འཕྲུལ་དང་ནུས་པར་ལྡན་(ཐ༢བ)


PTT001_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

པ་བྱོན་ནས་བཏུལ་སྟེ་ཕྱིན་ཆད་ཐམས་ཅད་ཀྱིས་ཡང་དག་མ་ཡིན་པར་ཤེས་ནས་སུ་ཡང་མི་འཇུག་པ་ཅིག་ངེས་པར་འོང་དགོས་པ་ལས་དེ་ལྟ་བུ་མ་བྱུང་བའི་ཕྱིར་དང༌། གལ་སྟེ་བཀའ་བརྫུས་མ་ཡིན་ན་པཎྜི་ཏ་མཁས་པ་བོད་དུ་བྱོན་པ་རྣམས་ཀྱིས་མི་མཁྱེན་པ་མི་སྲིད་ཅིང་མཁྱེན་ན་བསྟན་པའི་དབེན་དེ་ལྟ་བུ་ལ་བཏང་སྙོམས་སུ་འཇོག་པ་ག་ལ་སྲིད་པའི་ཕྱིར་དང༌། བཀའ་གདམས་གླེགས་བམ་ཚད་མར་བྱེད་ན་དེ་ལས་ཇོ་བོ་རྗེ་སྔོན་སློབ་དཔོན་པད་མར་མཛད་དེ་བོད་ཀྱི་ལྷ་སྲིན་བཏུལ་བའི་དུས་ཀྱི་ཆོས་བླ་མས་ད་ལྟ་སྔགས་པ་རྣམས་ལ་དར་བ་འདི་ཡིན་ཞེས་གསུང་པ་དང༌། པཎ་ཆེན་ཤཱཀྱ་ཤྲཱི་དང་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་བསམ་ཡས་ནས་གསང་སྙིང་གི་རྒྱ་དཔེ་རྙེད་དེ་རྟ་སྟོན་གཟི་བརྗིད་ཀྱི་ཕྱག་དུ་བྱུང་བ་ཤ་གང་ལོ་ཙཱ་བ་ལ་ཕུལ། དེས་བཅོམ་ལྡན་རལ་གྲི་ལ་བསྐུར་བས་ཐུགས་འཆེས་སྟེ་གསང་སྙིང་གྲུབ་པ་རྒྱན་གྱི་མེ་ཏོག་བརྩམས་སྟེ་དེར་གསང་འདུས་ཀྱི་འགྲེལ་ཆེན་བི་ཤྭ་མི་ཏྲས་མཛད་པ་ལས། ཡེ་ཤེས་སེམས་དཔའ་གང་རེག་པ། །ཞེས་པའི་འགྲེལ་པར། གསང་བ་སྙིང་པོ་ལས་འོག་མིན་གྱི་གནས་མཐའ་དང་མུ་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང་རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ་ཞེས་དྲངས་པ་སོགས་གསང་སྙིང་གི་མཚན་སྨོས་ནས་ལུང་གསལ་བར་ལན་བརྒྱད་དགུར་བགྲངས་པ་སྨོས་ཤིང༌། ལོག་པའི་སྐྱོན་བཞི་བརྗོད་པ་འདི་སྐད་བདག་གིས་བཤད་པ་ཅེས་མི་རིགས་པ་དང༌། གཞི་ཚད་མེད་མི་རིགས་དང༌། དུས་གསུམ་ལ་དུས་བཞིར་བཤད་པ་མི་རིགས་པ་དང༌། དཀྱིལ་འཁོར་གྱི་གཙོ་བོ་རྡོ་རྗེ་སེམས་དཔས་བྱས་པ་མི་རིགས་པ་བཞི་ལ། འདི་སྐད་བདག་གི་བཤད་པའི་དུས་གཅིག་ན་ཞེས་པ་ནི་སྟོན་པ་ཉིད་སྡུད་པ་པོར་བཞེད་པའི་ལུགས་སྟེ། འདུས་པའི་འགྲེལ་པ་མཚོ་སྐྱེས་རྡོ་རྗེའི་གསང་བ་གྲུབ་(ཐ༣ན)


PTT001_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

པར། སློབ་དཔོན་ཕལ་ཆེར་འདི་སྐད་བརྗོད། །དཔལ་ལྡན་འདུས་པ་མདངས་ཆེན་གྱི། །རྒྱུད་ཀྱི་སྡུད་པར་བྱེད་པ་པོ། །དཔའ་བོ་འཇིག་རྟེན་དབང་ཕྱུག་ཟེར། །བླ་མའི་ཞབས་ཀྱི་བཀའ་དྲིན་གྱིས། །དཔལ་ལྡན་འདུས་པའི་སྡུད་པ་པོ། །གཞན་དག་ཡོད་པ་མ་ཡིན་ཞེས། །བདག་ཉིད་འབའ་ཞིག་སྨྲ་བར་བྱེད། །རྒྱུད་མཛད་པོ་ནི་ཐུགས་རྡོ་རྗེ། །ཞེས་སྟོན་པ་ཉིད་ཀྱིས་བསྡུས་པར་བཞེད་པ་ཡིན་ལ། གཞི་ཚད་མེད་ཀྱང་མངོན་པ་ནས་འོག་མིན་ཚད་མེད་དུ་བཤད་པ་དང༌། དུས་བཞི་ཡང་བི་ཤྭ་མི་ཏྲའི་འགྲེལ་པར། དུས་བཞི་མཉམ་པ་ཉིད་དུ་དེ་བཞིན་རིག་པར་བྱ། །ཞེས་དང༌། ཕྱོགས་བཅུ་དུས་བཞིའི་མགོན་པོ་ཀུན་གྱི་ཞེས་བཤད་ལ་སངས་རྒྱས་གསང་བས་དུས་བཞི་བསྐལ་པ་བཞི་ལ་བཤད་ཏོ། །རྡོ་རྗེ་སེམས་དཔའ་དབུས་སུ་འབྱུང་བ་ནི་གཙོ་བོ་འཕོ་བ་སྟེ་སར་མ་ནས་ཀྱང་བཤད་ཏོ། །ཏིཀྲ་ནི་ཤེས་རབ་མིང་དུ་སྨ། །ཞེས་ཐིག་ལ་ཏིཀྲ་རུ་བྱས་པ་ནི་གསང་སྙིང་གི་རྒྱ་དཔེར་སཱུ་ཏྲཾ་པྲཛྙཱ་ཏིཀྲ་ཥྱ་ཏི་ཞེས་ཡོད་པ་ལ་སཱུ་ཏྲཾ་ཐིག་གི་སྐད་དོད་ཡིན་ལ་ཐིག་ལ་ཏིཀྲ་ཅེས་འདོན་པ་བརྡ་རྙིང་ཡིན་ལ་རྒྱུད་གཞན་དུ་ཁ་འཕངས་པ་ནི་དགྱེས་རྡོར་སོགས་ཀྱང་དེ་ཉིད་འདུས་པར་ཁ་འཕངས་པ་བཞིན་ནོ་ཞེས་དོགས་པ་བསལ་ཞིང༌། སྒྱུ་འཕྲུལ་སྡེ་བརྒྱད་དང་གསང་སྙིང་གི་འགྲེལ་པ་ཉི་འོད་སེང་གེས་བྱས་པ་རྣམས་པད་མ་རུ་ཅི་རས་བསྒྱུར་པ་དང༌། གསང་སྙིང་གི་སངས་རྒྱས་གསང་བའི་འགྲེལ་པ་བཻ་རོ་ཙ་ནས་བསྒྱུར་བར་དཀར་ཆག་འཕང་ཐང་མར་བཤད་ཅེས་དང༌། སྐུ་གསུང་ཐུགས་ཀྱི་རྒྱུད་གསུམ་ལྕེ་བཀྲ་ཤིས་ཀྱི་བསྒྱུར་བར་དཀར་ཆག་འཕང་ཐང་མ་དང་ལྡན་དཀར་མ་གཉིས་ཀར་བཤད་ཅེས་དང༌། སྨྀ་ཏི་དང་ལོ་ཆེན་རིན་བཟང་གིས་ཡང་དག་མེ་གཅིག་དང་ཡང་དག་གི་འགྲེལ་པ་ཀུན་སྙིང་གིས་མཛད་པ་དང་རྫོགས་(ཐ༣བ)


PTT001_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཁ་ཅིག་བསྒྱུར་བར་ཡང་བཅོམ་རལ་བས་བཤད་ཏོ། །གཞན་ཡང་རྡོ་རྗེ་བཞད་པའི་འདུས་པའི་འགྲེལ་ཆེན་དང་མཉམ་སྦྱོར་གྱི་འགྲེལ་པ་བརྒྱ་བྱིན་སྡོང་པོའི་མཛད་པར་ཡང་གསང་སྙིང་གི་ལུང་མང་དུ་དྲངས་ཡོད་པར་སྣང་ལ། ཕུར་པ་རྩ་བའི་དུམ་བུ་ཤངས་སྲེག་ཞིང་ནས་སློབ་དཔོན་པད་མའི་རྒྱ་དཔེ་དངོས་རྙེད་ནས་ས་སྐྱ་པཎྜི་ཏས་བསྒྱུར་ཞིང་ཐར་ལོས་བལ་པོར་ཡང་རྒྱ་དཔེ་ཅིག་གཟིགས་པར་གསུངས་སོ། །རྫོགས་ཆེན་སེམས་ཀློང་མན་ངག་གི་སྡེ་རྣམས་ནི་རྒྱ་གར་ཉིད་དུ་ཡང་སྤྱོད་པ་བླང་དོར་བླ་ན་མེད་པར་བསྟན་པའི་དོན་མ་རྟོགས་ན་ཆད་ལྟ་དང་ཉེ་བར་འགྱུར་བས་ཤིན་དུ་སྦས་སྟེ་སྔགས་ལ་མཁས་པའི་པཎྜིཏ་རྣམས་དང་རྒྱལ་པོས་རྒྱས་བཏབ་སྟེ་ལོངས་སྤྱད་དུ་མེད་པ་ཤྲཱི་སིངྷ་དང་བཱི་མ་ལ་མུ་དྲས་བཻ་རོ་ཙ་ན་གཙང་ལེགས་གྲུབ་ལ་ལྐོག་དུ་བཤད་པས་པཎྜིཏ་ཐམས་ཅད་ཀྱི་རྨི་ལམ་འཁྲུགས་སྟེ་མན་ངག་གི་ཆོས་བོད་དུ་ཤོར་བར་ཤེས་ནས་སླར་དཔེ་རྣམས་རྡོ་རྗེའི་གདན་དུ་སྦས་ནས་མི་ཐོན་པར་བྱས་པར་བཻ་རོའི་འདྲ་འབག་ལྷད་མེད་རྣམས་ལས་མཐོང་བས་ད་ལྟ་རྒྱ་གར་ན་པཎྜིཏ་ལ་མ་གྲགས་པ་ཡིན་ལ། ཇོ་བོ་རྗེས་བསམ་ཡས་སུ་རྒྱ་དཔེའི་དཀོར་མཛོད་གཅིག་ཁ་ཕྱེ་གཟིགས་པས་སྔར་གསན་གཟིགས་མེད་པའི་རྒྱུད་ཤིན་དུ་མང་བར་གཟིགས་སྟེ་ངས་འཛམ་གླིང་ན་གྲགས་པའི་རྒྱུད་རྣམས་སུ་མ་ཟད་མཁའ་འགྲོ་མས་བསྟན་པ་ཁོ་ན་ཡང་མཐའ་ཡས་པར་མཐོང་སྟེ་དེ་ཀུན་ལ་ཡང་རྒྱུད་འདི་རྣམས་མི་གདའ། ཕལ་ཆེར་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྲིན་པོའི་ཡུལ་ནས་བླངས་པ་ཡིན་མཆི་ཐེག་པ་ཆེན་པོ་གསང་སྔགས་འདི་ལ་མཐའ་མེད་པ་རང་དུ་འདུག་ཞེས་སྔགས་ལ་མཁས་པའི་ཐུགས་རྒྱལ་མ་ལུས་པ་དེར་ཆག་པར་བཤད་པས་དེ་ཀུན་ནི་ཕལ་ཆེར་རྫོགས་ཆེན་གྱི་རྒྱུད་རྣམས་སུ་གོར་མ་ཆག་སྙམ་ལ། འདུས་པ་མདོ་ནི་ལྷས་ཞུས་པའི་མདོའམ་མདོ་སྡེ་གདམས་ངག་འབོགས་པའི་རྒྱལ་པོ་ཅེས་(ཐ༤ན)


PTT001_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

གྲགས་པ། རྒྱུ་ལ་མོས་པ་རྒྱུའི་ཆོས་ཀྱི། །སོགས་ཀྱི་ཁུངས་དེ་ཉིད་ཡིན་པར་འགོས་ལོ་གཞོན་ནུ་དཔལ་བ་སོགས་འཆད་ཏོ། །སྤྱིར་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་པ་རྣམས་གཙོ་བོར་ལྷ་ཀླུ་སོགས་འགྲོ་བའི་གནས་གཞན་ཁོ་ན་ན་བཞུགས་པ་ལས་ཤེར་ཕྱིན་འབུམ་པ་སོགས་འཕགས་པ་ཀླུ་སྒྲུབ་ཀྱིས་ཀླུ་ཡུལ་ནས་བླངས། མདོ་སྡེ་ས་བཅུ་པ་སོགས་མང་ཞིག་འཕགས་པ་ཐོགས་མེད་ཀྱིས་དགའ་ལྡན་ནས་བླངས་སྟེ་དར་བ་ན་ཉན་ཐོས་པ་ཀུན་ཀྱིས་སྐུར་པ་བཏབ་པ་ལས་ཐེག་ཆེན་བཀར་བསྒྲུབས། གསང་སྔགས་རྙིང་མ་རྣམས་སློབ་དཔོན་དགའ་རབ་རྡོ་རྗེ་དང་སློབ་དཔོན་ཆེན་པོ་པདྨ་ལ་སོགས་ཀྱིས་འོག་མིན་དང་སྲིན་པོའི་ཡུལ་སོགས་ནས་སྤྱན་དྲངས། དགྱེས་རྡོར་བདེ་མཆོག་འདུས་པ་ལ་སོགས་འཕགས་པ་ཀླུ་སྒྲུབ་དང་རྒྱལ་པོ་ཨིནྡྲ་བོ་དྷི་དང་སློབ་དཔོན་ལ་བ་པ་དང་རྟ་མཆོག་བི་ན་མ་ལ་སོགས་པས་སྤྱན་དྲངས་སྟེ་དར་བའི་ཚེ་མཚན་ཉིད་ཐེག་པ་བ་རྣམས་ཀྱིས་སྒྲོ་སྐུར་བྱས་པ་ན་གསང་སྔགས་བཀར་སྒྲུབ་དགོས་པ་བྱུང་བ་ཡིན། དེས་ན་བོད་ཡུལ་པ་དག་རྒྱ་དཔེ་ཡོད་ན་ཡང་དག་ཡིན་ལ་མེད་ན་ཡང་དག་མིན་པར་འཆད་པ་འདི་ལ་ཡང་དེ་ཙམ་གྱི་སྙིང་པོ་ཅི་ཡོད་སྟེ་རྒྱ་དཔེ་རྒྱང་འཕེན་གྱི་གཞུང་ལ་སོགས་པ་མུ་སྟེགས་ཀྱི་ཆོས་རྣམས་ལ་ཡང་ཡོད་ལ་དགའ་ལྡན་དང་འོག་མིན་དང་ཀླུ་ལ་སོགས་པའི་གནས་ནས་བླངས་པའི་གླེགས་བམ་རྣམས་རྒྱ་གར་གྱི་ཏཱ་ལའི་ལོ་མ་ཁོ་ན་ལ་ལོ་པཎ་ལ་གྲགས་པའི་ཡི་གེ་ཁོ་ནས་བྲིས་པ་ཅིག་ཡོད་པར་དཀའ་སྟེ་དེ་རྣམས་ཀྱི་བྲི་གཞི་སྣག་ཚ་ཡིག་གཟུགས་སོགས་གང་དུ་ཡོད་ཤེས་དཀའ་བས་གལ་སྟེ་མཐོང་ན་ཁྱེད་ཅག་ཡང་དག་མ་ཡིན་པར་ལྟ་བའི་བློ་སྐྱེ་ཡང་སྲིད་ལ། ཡང་སངས་རྒྱས་ཀྱི་ཆོས་བསམ་གྱིས་མི་ཁྱབ་ཀྱང་ཡུལ་དུས་ཀྱི་གདུལ་བྱ་དེའི་ཁམས་དང་དབང་པོ་དང་འཚམས་པར་དེའི་སྐད་དང་ཚིག་དུ་གོ་བར་(ཐ༤བ)


PTT001_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར་བ་ལྟར་ཞིང་གཞན་ནས་སངས་རྒྱས་ཀྱི་མཐུས་ཆོས་ཀྱི་གླེགས་བམ་འབྱུང་བ་ན་ཡང་ཡུལ་དུས་དེའི་སྐད་དང་ཡིག་གཟུགས་སུ་འབྱུང་བར་ཡང་མི་འགལ་བས་སློབ་དཔོན་པདྨ་ལྟ་བུས་བོད་ཀྱི་གདུལ་བྱའི་དོན་དུ་འོག་མིན་སོགས་ནས་གླེགས་བམ་སྤྱན་དྲངས་པ་ན་ཡང་བོད་ཀྱི་སྐད་དང་ཡིག་གཟུགས་སུ་མི་འབྱོན་པར་ཡང་མ་ངེས་པས་ཉན་རང་དང་བྱང་སེམས་རྣམས་ཀྱིས་ཀྱང་བསམ་གྱིས་མི་ཁྱབ་པའི་གནས་འདི་དག་ལ་བདག་ཅག་བྱིས་པ་རྣམས་ཀྱིས་ཚད་འཛིན་པའི་ངལ་བས་ཅི་བྱ་སྟེ་བག་ཡོད་པར་སྤྱོད་ཅིག །དེས་ན་རྒྱལ་བ་བྱམས་པས། སྔར་ལུང་མ་བསྟན་ལྷན་ཅིག་བྱུང༌། །སྤྱོད་ཡུལ་མ་ཡིན་གྲུབ་པ་དང༌། །ཡོད་དང་མེད་ན་ཡོད་མེད་དང༌། །གཉེན་པོ་དང་ནི་སྒྲ་གཞན་ཕྱིར། །ཞེས་པས་ཐེག་ཆེན་བཀར་བསྒྲུབས་པའི་རིགས་པ་འདི་ཁོ་ནས་གསང་སྔགས་རྙིང་མ་ཡང་བཀར་སྒྲུབ་ནུས་སྟེ། གལ་སྟེ་རྙིང་མ་བཀའ་མིན་ན་མ་འོངས་པར་གསང་སྔགས་རྙིང་མའམ་རྫོགས་ཆེན་བྱ་བ་བཀའ་མ་ཡིན་པ་བཀའ་ལྟར་བཅོས་པ་འབྱུང་ཞེས་ལུང་སྟོན་རིགས་པ་ལས་དེ་ལྟར་བསྟན་པ་མི་སྣང་བའི་ཕྱིར་དང༌། དེ་ལྟ་བུ་འབྱུང་བ་མ་མཁྱེན་པ་མི་རིགས་སྟེ་སངས་རྒྱས་རྣམས་ནི་མངོན་སུམ་གྱི་སྤྱན་ཅན་ཡིན་ལ་དུས་ལའང་ཡེ་ཤེས་མ་བསྒྲིབས་པའི་ཕྱིར། མཁྱེན་ཀྱང་མ་བསྟན་པ་མི་རིགས་སྟེ་བསྟན་པ་དག་ཀྱང་སྲུང་བར་མཛད་པའི་ཕྱིར། བདེ་དགྱེས་ལ་སོགས་པ་རྣམས་ཀྱིས་ཡང་རྒྱུད་རྒྱས་པ་འབུམ་བདུན་དང་འབུམ་ལྔ་མངོན་བརྗོད་འབུམ་པ་ཆེན་པོ་སོགས་རྣམས་དང་སྔ་འགྱུར་གྱི་རྒྱུད་སྡེ་ཆེན་པོ་འདི་རྣམས་ནི་སྔོན་རྫོགས་ལྡན་ལ་སོགས་པའི་དུས་སུ་མཚུངས་པར་གསུངས་པས་རྒྱུད་དེ་དག་ལྷན་ཅིག་དུ་བྱུང་བ་ཡིན་ན་དེ་ལས་གང་ཡང་དག་དང་གང་ལྟར་སྣང་དུ་འཇོག །མདོ་སྒྱུ་སེམས་གསུམ་གྱི་རྒྱུད་ལྷད་མེད་འདི་ལྟ་བུ་རྟོག་གེ་པ་ལ་སོགས་པས་རྩོམ་པར་ག་ལ་ནུས་སྟེ་འདི་ལྟ་བུ་ཉན་རང་གི་ཡང་སྤྱོད་ཡུལ་མ་(ཐ༥ན)


PTT001_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ན་གཞན་གྱིས་ལྟ་ཅི་སྨོས་པའི་ཕྱིར། གལ་སྟེ་སྟོན་པ་ལས་གཞན་པའི་སངས་རྒྱས་ཞིག་གིས་གསུངས་སོ་སྙམ་ན་དེ་ལྟར་ན་བཀའ་ཡིན་པར་གྲུབ་པ་དང༌། ཡང་སར་མའི་རྒྱུད་སྡེ་འདི་དག་ལས་གཞན་པའི་གསང་སྔགས་ཡོད་ཏམ་མེད། མེད་ན་གསང་སྔགས་ནི་མཐའ་མི་མངོན་པར་བཤད་པ་དང་འགལ་ཞིང༌། ཡོད་ན་སྔ་འགྱུར་འདི་དག་ཀྱང་སངས་རྒྱས་པའི་གསང་སྔགས་ཡང་དག་ཅིའི་ཕྱིར་མ་ཡིན། སྔོན་སློབ་དཔོན་པདྨ་ལ་ཆོས་རྒྱལ་ཁྲི་སྲོང་གིས་བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་ཕུལ་བ་བཞེས་པས་བློན་པོ་རྣམས་བཙུན་མོ་ཡང་ཕྲོགས་པས་རྒྱལ་སྲིད་འཕྲོག་ངེས་ཟེར་ནས་གཤེགས་པར་གསོལ་བ་བཏབ་སྣང་བས་རྒྱལ་པོ་ལ་མ་རྒྱུད་ཀྱི་གདམས་པ་གནང་བར་གདོན་མི་ཟ་ལ། དགེ་སློང་ལུས་ལ་ཕྱག་རྒྱ་བསྟེན། །ཞེས་སློབ་དཔོན་པདྨ་དངོས་རིག་གི་ལམ་པར་ཡང་སྣང་བ་དེ་དུས་བདེ་དགྱེས་སོགས་ནི་མ་བསྒྱུར། རྙིང་མ་ནི་བཀའ་མིན་པས་སློབ་དཔོན་པདྨས་རྒྱལ་པོ་ལ་གསུངས་པ་དང་སྣུབས་ན་མཁའ་སྙིང་པོས་ལས་རྒྱ་ལས་སྒྲུབ་པ་མཛད་པར་གྲགས་པའི་དབང་གསུམ་པའི་ལམ་དེ་དག་གཞན་གང་ཞིག་ཡིན་སྟེ་རྙིང་མའི་གསང་སྔགས་ཉིད་ལས་འོས་ཅི་མཆིས། གལ་སྟེ་སར་མའི་རྒྱུ་དང་མི་མཚུངས་པ་དུ་མ་ཡོད་པས་སོ་ཅེ་ན། འོ་ན་རྒྱུན་མི་ཆད་པས་རྒྱུད་དུ་བཤད་པ་སོགས་མཚུངས་པ་དེ་བས་ཀྱང་མང་བས་དེས་ཡང་དག་དུ་ཡང་ཅིས་སྒྲུབ་མི་ནུས། རྫོགས་ཆེན་དུ་ལས་འབྲས་མེད་པ་དང་འཁོར་འདས་གང་ཡང་མེད་པའི་སྔོན་ཏུ་ཀུན་དུ་བཟང་པོ་སངས་རྒྱས་པ་སོགས་བཤད་པས་ཡང་དག་མ་ཡིན་ནོ་སྙམ་ན། ལས་འབྲས་མེད་པ་ནི་ལས་འབྲས་ལ་གཅིག་དུ་ཞེན་པའི་གཉེན་པོའི་འཛིན་པ་གཞིག་པའི་ཆེད་དེ་མདོ་ལས་ཀྱང་མཚོན་ཆ་ཐོགས་པའི་ཆོས་ཀྱི་རྣམ་གྲངས་བཤད་པ་དང༌། རྒྱལ་ལ་སོགས་ལ་ཆགས་པ་ཕྲ། །(ཐ༥བ)


PTT001_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བཤད་པ་ལྟར་ཡིན་གྱི་གནས་སྐབས་གཞན་དུ་མ་ཡིན་ལ། འཁོར་འདས་གང་ཡང་མེད་པའི་སྔོན་ནི་ཆོས་དབྱིངས་ཀྱི་ངོ་བོ་ཉིད་ལ་འཁོར་འདས་གང་ཡང་མི་དམིགས་པ་དང༌། དེ་རང་ངོ་ཤེས་པས་ཀུན་བཟང་ཚོགས་མ་བསགས་སྒྲིབ་པ་མ་སྦྱངས་པར་སངས་རྒྱས་པ་ནི། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་པ་ལྟར་ཆོས་དབྱིངས་རང་ངོ་ཤེས་ན་དེ་ཉིད་དུ་གྲོལ་བ་དང༌། དེའི་འོད་ལྔ་ཡེ་ཤེས་ལྔ་དང་སྐུ་ལྔར་ཤར་བ་སོགས་ནི་ལྷན་སྐྱེས་ཀྱི་སྐུ་འོད་གསལ་དེ་ཉིད་ལོངས་སྤྲུལ་གྱི་རྣམ་པ་ཐམས་ཅད་དུ་འཆར་ཞིང་སེམས་ཉིད་དྲི་མ་མེད་པ་འདི་ལས་ཅི་ཡང་སྣང་དུ་རུང་བའི་དོན་ལ་སོགས་པར་གླེང་གཞི་ལྟ་བུའི་སྒོ་ནས་གཞི་ལམ་འབྲས་བུ་བརྗོད་པས་སྒྲ་གཞན་དུ་བསྟན་པར་བྱ་བ་ཡིན་གྱི་ལོ་རྒྱུས་བརྗོད་པ་མ་ཡིན་ལ། འདི་ནི་སར་མའི་རྒྱུད་སྡེ་ལ་ཡང་འདི་སྐད་བདག་ཐོས་སོགས་ཡི་གེའི་དོན་དུ་ཚིག་འདི་སྐད་སྟོན་པས་གསུངས་པ་སྡུད་པ་པོ་བདག་གིས་དུས་དེར་འཁོར་དེ་དག་དང་ལྷན་ཅིག་པར་ཐོས་པའི་དུས་ཅིག་ན་ཞེས་ལོ་རྒྱུས་ལྟར་ཡོད་མོད་ཀྱང༌། སྦས་དོན་ཏུ་ཨེ་ཡིག་དམར་ཆ་དང་ཝཾ་ཡིག་དཀར་ཆ་དང་ཨ་ཡིག་བར་སྲིད་གསུམ་ཚོགས་པ་ཨེ་ཝཾ་གཉིས་མེད་ལས་སྐྱེད་རིམ་གྱི་སྦྱང་གཞི་ལུས་གྲུབ་པ་སོགས་སུ་འཆད་ཅིང༌། མཐར་ཐུག་གི་དོན་དུ་ཨེ་ཤེས་རབ་དང་ཝཾ་ཡིག་ཐབས་ཐིག་ལེ་གཉིས་སུ་མེད་པ་སྟེ་གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ཐབས་ཤེས་དབྱེར་མེད་དུ་སྟོན་པར་བཤད་པ་ཡིན་ནོ། །དེས་ན་སར་རྙིང་གི་རྒྱུད་འཛིན་པོ་སུ་ཡིན་ཡང་རུང་སྟེ་རྒྱུད་ཀྱི་གླེང་གཞི་དང་འཁོར་འདས་ཀྱི་བྱུང་ཚུལ་འདི་དག་སྔོན་བྱུང་གི་ལོ་རྒྱུས་ཁོ་ནར་རྟོག་པར་ནི་མི་བྱ་སྟེ་ལོ་རྒྱུས་ཀྱི་ཚུལ་གྱིས་ཉམས་སུ་བླང་བྱའི་ཆོས་ཀྱི་རྣམ་གྲངས་སྟོན་པར་རིག་པར་བྱའོ། །དེས་ན་རྫོགས་ཆེན་ལས་འཁོར་འདས་ཀྱི་ཐོག་མའི་མཐའ་བཤད་ཏོ་སྙམ་ན་ངེས་པའི་དོན་འདི་མཚོན་བྱེད་ཡིན་གྱི་བསྐལ་པ་ཆགས་འཇིག་བཤད་པ་ལྟ་བུ་ཞིག་མ་ཡིན་ནོ། །(ཐ༦ན)


PTT001_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པའི་གཉེན་པོ་ཡང་བྱེད་དེ་སྐྱེད་རིམ་དང་རྫོགས་རིམ་ཆགས་ལམ་དང་གྲོལ་ལམ་གཉིས་ཀྱིས་ལམ་སྦྱོང་པར་སར་མའི་བླ་མེད་རྣམས་དང་ཐ་མི་དད་པའི་ཕྱིར་རོ། །དེས་ན་སྐྱེད་རྫོགས་ཀྱིས་རང་རྒྱུད་ཀྱི་ཉོན་མོངས་པ་འདུལ་བས་རྡོ་རྗེ་ཐེག་པའི་འདུལ་བ་ལ་སྣང༌། དབྱིངས་རིག་གཉིས་སུ་མེད་པའི་རང་གི་སེམས་ཉིད་འོད་གསལ་བ་ལ་འཇུག་པས་སྔགས་ཀྱི་མདོ་སྡེ་ལ་འཇུག །ཆོས་ཐམས་ཅད་ཀྱི་རང་བཞིན་ཅིར་ཡང་མ་གྲུབ་ཅིང་གང་དུ་ཡང་འཆར་རུང་བ་དང་མི་འགལ་བའི་ཕྱིར་ཆོས་ཉིད་དང་མི་འགལ་བས་ན་བཀའ་ཡང་དག་པ་སྟེ། སྟོན་པ་ཉིད་ཀྱིས་ང་མྱ་ངན་ལས་འདས་ནས་འདུལ་བ་ལ་སྣང་མདོ་སྡེ་ལ་འཇུག་ཆོས་ཉིད་དང་མི་འགལ་ན་བཀའ་ཡིན་པར་ཟུང་ལ་དེ་ལས་ལྡོག་ན་མ་ཡིན་པར་ཟུང་ཞིག་ཞེས་གསུངས་ལ་རྒྱལ་བ་བྱམས་པས། རང་གི་འདུལ་ལ་སྣང་ཕྱིར་དང༌། །ཞེས་ཐེག་ཆེན་ཉིད་ལ་སྦྱར་བ་བཞིན་ནོ། །འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན་ཞེས་དང་རྫོགས་སོའི་དོད་དུ་ནམ་དུ་ཡང་མ་རྫོགས་སོ་ཞེས་འབྱུང་བ་སོགས་ཀྱང༌། བརྟག་གཉིས་ལས། འཆད་པ་པོ་ང་ཆོས་ཀྱང་ང༌། །རང་གི་ཚོགས་ལྡན་ཉན་པོ་ང༌། །འཇིག་རྟེན་སྟོན་པ་བསྒྲུབ་བྱ་ང༌། །འཇིག་རྟེན་འཇིག་རྟེན་འདས་པ་ང༌། །ཞེས་ཆོས་ཐམས་ཅད་སྟོན་པ་ཉིད་དུ་གསུངས་པ་དང་ཁྱད་མེད་ལ། རྗོད་བྱེད་ཚིག་གི་རྒྱུད་ཀྱི་མཐར་རྫོགས་སོ་སྦྱར་བ་ནི་རེ་ཞིག་གླེགས་བམ་དེ་རྫོགས་པའི་དོན་ཡིན་གྱི་རྒྱུད་རྫོགས་པའི་དོན་མིན་ལ། བརྗོད་བྱ་དོན་གྱི་རྒྱུད་ལས་བརྩམས་ན་ནམ་ཡང་མ་རྫོགས་པའི་རྒྱུན་ཆད་མེད་པ་ཅིག་མ་བཞག་ན་རྒྱུད་དུ་ཇི་ལྟར་འཇོག །དེས་ན་དོན་ལ་རྟོན་པར་བྱའི་ཚིག་ཙམ་ལ་བརྩད་པས་ཅི་ཞིག་བྱ། དུས་ཐམས་ཅད་ཀྱི་མཆོག་ནི་བསམ་གྱིས་མི་ཁྱབ་པ་ཆོས་ཉིད་ཀྱི་དུས་ཡིན་ལ་དུས་གསུམ་ནི་འཇིག་རྟེན་གྱི་གདགས་པ་ཙམ་སྟེ་དེས་ན་དུས་བཞིར་བཤད་པ་ལ་འགལ་བ་ཅི་ཡོད། (ཐ༦བ)


PTT001_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

རྡོར་སེམས་ལྷའི་གཙོ་བོར་མི་རིགས་ནས་མཐར་རྡོར་སེམས་གཙོ་བོར་བྱས་པའང་འགོག་དགོས་སོ། །སྤྱིར་རྡོར་སེམས་ཀྱི་མཚན་རིགས་དྲུག་པ་རྡོ་རྗེ་འཆང་ལ་འཇུག་པའི་སྐབས་དང་རིགས་ལྔ་པའི་མི་བསྐྱོད་པ་ལ་འཇུག་པ་དང་གསང་སྔགས་ཀྱི་བྱང་ཆུབ་སེམས་དཔའ་སྤྱི་ལ་འཇུག་པ་དང་རྡོར་རིགས་ཀྱི་སེམས་དཔའ་སྤྱི་ལ་འཇུག་པ་དང་རྡོར་རིགས་ཀྱི་སེམས་དཔའི་ནང་ཚན་རྣལ་འབྱོར་རྒྱུད་ཀྱི་ཤར་གྱི་སེམས་དཔའ་བཞིའི་དང་པོ་ལ་འཇུག་པ་སོགས་མང་བས་སྐབས་ཐོབ་མ་ཕྱེ་བའི་མིང་ཙམ་ལ་རྩོད་པ་ནི་བོད་ཕྱི་རབས་པ་རྣམས་ཀྱིས་མཁས་ཉམས་སུ་བྱེད་པར་སྣང་མོད། དཔྱོད་ལྡན་གྱི་མདུན་དུ་བྲིམ་པར་བྱ་བ་མ་ཡིན་ནོ། །བཏགས་གྲོལ་དང་མཐོང་གྲོལ་དང་མྱོང་གྲོལ་སོགས་ཀྱང་གདུལ་བྱ་དེ་དང་དེར་རིགས་སད་པ་ལས་འཕྲོ་བཞག་པ་ཁ་ཅིག་ལ་ནི་དེ་དག་གི་དེ་མ་ཐག་དུ་གྲོལ་བ་ཡང་ཡོད་ལ་སྤྱིར་ཕན་ཡོན་གྱི་སྒོ་ནས་དུས་གཞན་ལ་དགོངས་པ་ཡིན་ཡང་གང་ཟག་དེས་ད་ལྟ་ཉིད་ལ་གོ་ནས་འཇུག་པའི་རྒྱུར་འགྱུར་བ་ཡིན་ལ། ཟ་མ་ཏོག་གི་མདོ་ལས་ཡིག་དྲུག་གི་ཕན་ཡོན་བཤད་པ་དང་སོ་སོར་འབྲང་མའི་མདོ་ལས་གཟུངས་དེ་ལུས་ལ་བཅངས་པའི་ཕན་ཡོན་བཤད་པ་སོགས་སར་མའི་མདོ་རྒྱུད་ལ་ཆེས་མང་ཞིང་སངས་རྒྱས་ཤཱཀྱ་ཐུབ་པའི་མཚན་ཐོས་པ་ཙམ་གྱིས་ཕྱིར་མི་ལྡོག་པ་འཐོབ་པར་གསུངས་པ་དང་ཡང་མཚུངས་སོ། །ལུང་རིགས་ཀྱིས་གྲུབ་པར་མ་ཟད་དམ་པ་རྒྱ་གར་གྱིས་རྫོགས་ཆེན་ཡང་དག་དུ་གསུངས་པ་དང༌། དམ་པའི་བླ་མ་ཕ་རྒྱུད་གཡོ་བ་རླུང་གི་རྣལ་འབྱོར་གྱི་བླ་མ་བཅུ་གཅིག་གི་ནང་ནས་ཡོ་ག་ལ་མཁས་པ་གསུམ་གྱི་གཅིག་བུདྡྷ་གུཧྱ་སྟེ་སངས་རྒྱས་གསང་བ་ཡིན་ལ་དེའི་སྐབས་སུ། དེ་ལ་རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བའི་རྒྱུད་འདི་ལ་རྩ་རྒྱུད་གསང་སྙིང་སོགས་རྒྱུད་འགྲེལ་གདམས་པ་ལག་ལེན་དང་བཅས་པ་དཔག་མེད་བཞུགས་ཀྱང་ཉམས་ལེན་ཚིག་གསུམ་པོ་འདིས་ཆོག་སྟེ། དག་སྣང་ཡིད་ལ་བྱས་པས་དངོས་འཛིན་ཡིད་ཀྱི་སྤུ་རིས་སུབས་ནས་སྣང་(ཐ༧ན)


PTT001_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྤྲུལ་སྐུར་འཆར་བ་འདི་ནི་བུདྡྷ་གུཧྱའི་གདམས་པ་ཡིན་ཞེས་སངས་རྒྱས་གསང་བའི་རྣམ་ཐར་དང་བཅས་སྟེ་གསུངས་པ་དང༌། པཎ་ཆེན་ཤཱཀ་ཤྲིའི་ཁྱད་པར་གྱི་བླ་མ་བཞི་ལས་གདམས་པ་ཁྱད་པར་བ་བཞི་ཞེས་པའི་གཅིག་སློབ་དཔོན་པདྨ་ལས་རྡོ་རྗེ་ཕུར་པའི་དབང་རྒྱུད་མན་ངག་གསན་པ་ལ་བྱས་པ་དང༌། རྗེ་མི་ལ་སོགས་མར་པའི་བཀའ་རྒྱུད་ཀྱི་གྲུབ་ཆེན་ཕལ་ཆེར་གྱིས་ཕྱག་རྫོགས་གཅིག་དུ་སྦྱོར་ཞིང་འབྲི་ཁུང་འཇིག་རྟེན་མགོན་པོ་དང་ཐམས་ཅད་མཁྱེན་རང་བྱུང་རྡོ་རྗེ་སོགས་ཀྱིས་རྩ་འཁོར་ལོ་ལྔ་ལ་སྒྲུབ་པ་བཀའ་བརྒྱད་ཀྱི་རིགས་ལྔ་དང་རྩ་ཕྲན་ལ་གཞན་གསུམ་བཀོད་པ་དང༌། རྗེ་རྒོད་ཚང་པས་ཛཱ་ལནྡྷ་རར་བྱོན་དུས་དེའི་སྐོར་དུ་རྫོགས་ཆེན་གྱི་གྲུབ་ཐོབ་མང་པོ་མཇལ་བ་དང་རྗེ་ཡང་དགོན་པའི་ཐུགས་དམ་རྫོགས་ཆེན་ལས་འཁྲུངས་པ་དང་ཞང་གཡུ་བྲག་པའི་འཆིམས་ཕུ་བཀའ་རྒྱ་མ་ཞེས་སློབ་དཔོན་པདྨ་བོ་དྷི་ས་ཏྭ་བཱི་མ་ལ་མི་ཏྲ་རྣམས་ལ་དངོས་སུ་གསན་པའི་རྫོགས་ཆེན་གྱི་གདམས་ངག་ཡོད་པ་སོགས་སར་མ་ཉིད་ཀྱི་ཡང་སྐྱེས་ཆེན་མཐའ་དག་གིས་མངོན་དུ་མཛད་ཅིང༌། བསྐལ་བཟང་གི་སངས་རྒྱས་དྲུག་པར་རྩོད་པ་མེད་པ་གྲུབ་ཐོབ་ཀརྨ་པག་ཤིས་སྔོན་རྫོགས་ལྡན་གྱི་མཐའ་མ་མང་བཀུར་རྒྱལ་པོའི་དུས་རྡོ་རྗེ་འཆང་ཨིནྡྲ་བོ་དྷི་ཡེ་ཤེས་སྒྲིབ་པ་མེད་པའི་སྐུར་བསྟན་པའི་ཚེ་ཤཱཀྱའི་རིགས་མཐོང་ན་ཡིད་འོང་གི་མདུན་དུ་ཁོ་བོ་ཡང་རྣལ་འབྱོར་ན་མཁའ་འོད་ཡེ་ཤེས་དབྱིངས་སུ་གྱུར། རྒྱལ་པོ་ཛའི་ཁབ་ཏུ་ཆོས་ཀྱི་ཆར་བབ་པའི་ཚེ་རྒྱལ་པོའི་ཚ་བོ་བཛྲ་ཤྲཱིར་གྱུར། ལྷའི་བུ་ཀུན་དགའ་སྙིང་པོ་དགའ་རབ་རྡོ་རྗེ་བྱས་སྟེ་རྫོགས་པ་ཆེན་པོ་སྟོན་པའི་ཚེ་ཏོག་ཙེ་རྣལ་འབྱོར་གྱི་དབང་ཕྱུག་དུ་གྱུར་པས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་བཅུ་རྩ་བཞི་ཐམས་ཅད་རྟོགས་པ་ནས་ད་ལྟའི་བར་གསང་སྔགས་སར་རྙིང་ཐམས་ཅད་ཇི་ལྟ་བར་མངོན་དུ་གྱུར་ཞེས་སྔོན་གནས་རྗེས་སུ་དྲན་པས་གསལ་བར་བསྟན་ཞིང་ཕྱག་རྫོགས་དབྱེར་མེད་པའི་སྐུ་བཞི་གནད་(ཐ༧བ)


PTT001_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ངོ་སྤྲོད་གདམས་ངག་གི་སྙིང་པོར་མཛད་པ་དང༌། རྗེ་རང་བྱུང་པས་བཱི་མ་ལ་རང་གི་མཛོད་པུར་ཐིམ་པར་གཟིགས་སྟེ་སྙིང་ཐིག་གི་དོན་ཇི་ལྟ་བ་མངོན་ཏུ་གྱུར་སྟེ་ཡིག་ཆ་མཛད། རྗེ་རོལ་པའི་རྡོ་རྗེ་ཀརྨར་བཞུགས་དུས་ཀུན་བཟང་གི་དགོངས་པ་མཐར་ཐུག་རྫོགས་ཆེན་ཐོད་རྒལ་གྱི་རྟོགས་པ་མངོན་ཏུ་གྱུར་ནས། རང་གསལ་སྙིང་པོ་སྟོང་གསལ་ཀུན་དུ་བཟང༌། །གདོད་ནས་དག་པ་རྫོགས་པ་ཆེན་པོའི་དབྱིངས། །གཞི་ལྔའི་གདངས་ལ་རང་གསལ་ཀུན་དུ་ཁྱབ། །འོད་ལྔའི་གདངས་ལ་མ་བཅོས་མཉམ་པར་བཞག །ཞེས་སོགས་ཀྱི་རྡོ་རྗེའི་མགུར་མཛད། མཚན་བརྗོད་པར་དཀའ་བ་རྒྱལ་བ་མི་བསྐྱོད་རྡོ་རྗེས་གུ་རུ་མཚན་བརྒྱད་ཞང་སྐུ་བརྒྱད་ཀརྨ་པ་རབས་བརྒྱད་རྣམས་དབྱེར་མེད་དུ་གཟིགས་ནས་དེའི་བླ་མ་སྒྲུབ་པ་མཛད། ཇོ་ནང་ཀུན་མཁྱེན་གྱིས་ཇོ་ནང་གི་སྐུ་འབུམ་གྱི་སྲོག་ཤིང་ཨོ་ཌྱན་གྱིས་བཙུགས་པར་གཟིགས་ཤིང་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་གཅིག་ཨོ་ཌྱན་གྱི་ལྷ་ཁང་དུ་མཛད་པ་སོགས་སྐྱེས་ཆེན་མཐའ་ཡས་པ་ཕྱོགས་འདིར་དགོངས་པ་གཅིག་པ་ཡིན་ལ། གཏེར་མ་ཡང་སྤྱན་རས་གཟིགས་ཀྱིས། ང་དང་ཁྱོད་གཉིས་ཁྱད་པར་མེད། །སྐྱེར་པ་སྒང་འདི་པོ་ཏ་ལ། །ཞེས་གསུངས་པའི་དབོན་སྟོན་སྐྱེར་སྒང་པས་མནལ་ལམ་བཟུང་སྟེ་ཨོ་ཌྱན་དུ་བྱོན། སློབ་དཔོན་པདྨ་ལས་རྟ་མགྲིན་གསང་སྒྲུབ་ཀྱི་མན་ངག་ཞུས་ཚེ་རྟ་མགྲིན་གྱི་སྐུར་བཞེངས་ནས་ལན་གསུམ་གསུངས་སྟེ་རྟ་མགྲིན་གྱི་སྒྲུབ་ཐབས་བརྒྱ་རྩ་བརྒྱད་ཀྱི་ནང་ནས་མཆོག་དུ་གྱུར་པ་འདི་ངས་བོད་དུ་ལྷ་སྲིན་འདུལ་དུ་འོངས་པའི་ཚེ་སྙེ་མོར་སྦས་པ་ད་ལྟ་སྔགས་པ་ཅིག་གིས་ཐོན་ནས་ཡོད་པས་ཞུས་ཅིག་གསུངས་ནས་སྙེ་མོར་སྔགས་པ་དེ་ལ་ཞུས། ཕྱིས་སློབ་དཔོན་གྱི་དྲུང་དུ་ཞུས་དག་བྱས་པས་ད་དུང་འཁོར་ལོ་མ་བྱིན་པར་འདུག་པས་ཞུས་ཅིག་གསུངས་སྟེ་སླར་འབུལ་བ་བྱས་ནས་འཁོར་ལོ་བྱིན་པར་བཤད་པས་སློབ་དཔོན་གྱིས་སྣོད་ལྡན་གྱི་དོན་ཏུ་སྦས་པའི་གཏེར་ཡོད་པར་གྲུབ་ལ། ཞང་(ཐ༨ན)


PTT001_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

རིན་པོ་ཆེས་འཕྲང་པོའི་བྲག་ནས་ལུང་བསྟན་གྱི་ཤོག་སེར་རྙེད། ཇོ་ནང་ཀུན་མཁྱེན་དང་འཕགས་པའི་གནས་བརྟན་བཌྷུ་ལའི་སྐུའི་བཀོད་པ་གཉག་དབོན་ཆེན་པོས་གྲུབ་ཐོབ་འདར་བྱ་རུ་བའི་གཏེར་མ་རྟ་མགྲིན་ཡང་གསང་ཁྲོས་པ་ལ་ཐུགས་དམ་གཙོ་བོར་མཛད། དཔལ་ལྡན་ས་སྐྱ་པ་ན་རིམ་གྱི་ཡི་དམ་གྱི་གཙོ་བོ་ཕུར་པ་བཀའ་མ་ལ་མཛད་པ་སོགས་ཡང་དག་པའི་ཤེས་བྱེད་བགྲང་བ་ལས་འདས་པ་ཡིན་ནོ། །འོན་ཡང་ཕྱི་དུས་རང་གཟོ་སྣ་ཚོགས་དང་ཆོས་སྣ་ཚོགས་བསྲེས་ཤིང་དེ་ཐམས་ཅད་གཏེར་བརྫུས་བྱས་ནས་རྙེད་པ་འཚོལ་ཞིང་བླུན་པོ་མགོ་བསྐོར། དེ་ལ་བརྟེན་ནས་ཡང་དག་པའི་དཔྱོད་ལྡན་རྣམས་ཡི་ཆད། དཔྱོད་ལྡན་དུ་རློམ་པའི་རྟོག་གེ་པ་རྣམས་དེ་མཐོང་བས་རྙིང་མ་ཐམས་ཅད་ལ་སྐུར་བ་འདེབས་ཤིང་ར་གན་གསེར་བརྫུས་གཅིག་གཉིས་མཐོང་བའི་རྟགས་ཀྱིས་གསེར་ཐམས་ཅད་ལ་སྐུར་པ་འདེབས་པ་ལྟར་སྣང་མོད་ཡང་ཤཱཀྱའི་བསྟན་པ་ཐ་མ་ལ་ཕལ་ཆེར་བདུད་དབང་དུ་གྱུར་ནས་ལོག་པའི་ཚུལ་མང་དུ་འབྱུང་བར་གསུངས་པས་འདི་དག་ནི་རྡོ་རྗེ་ཐེག་པ་རྙིང་མའི་བསྟན་པ་བར་ཆད་བྱེད་པའི་གདོན་གདུག་པ་ཅན་ཞིག་གིས་དང་པོར་ལུང་བསྟན་སྣ་ཚོགས་དང་ལྷ་འདྲེའི་ནོར་ཕྲ་མོ་རེ་གཉིས་རྙེད་དུ་བཅུག་པས་རློམ་སེམས་སྐྱེད་རྒྱུད་ཆོས་མིན་དུ་བསྒྱུར་ནས་ཕྱིས་རྫུན་རྒྱབ་ཏུ་རྫུན་གྱི་འཁོར་ལོ་བསྐོར་བས་གཏེར་ཆོས་ཡང་དག་རྣམས་ཀྱང་དྲི་མ་ཅན་དུ་བྱེད་པ་ཅིག་ཡིན་པར་སྣང་ལ། བདག་གི་སློབ་མ་བསམ་གཏན་པ་མང་པོ་ལ་ཡང་ཐོག་མར་རྨི་ལམ་དང་ཉམས་སུ་གཏེར་གནས་སྟོན་པ་དང་ཁ་བྱང་གི་ལུང་སྟོན་པ་སོགས་མང་དུ་བྱུང་སྣང་བ་རྣམས་སྐྱོན་ཡོན་དང་བདེན་རྫུན་དུ་མ་བཟུང་བར་ཉམས་ལེན་པར་བསྐྱངས་པས་ཕྱིས་གདོན་གྱི་རྟགས་རེ་བསྟན་ནས་དེ་ཕྱིན་མི་འབྱུང་བ་མང་དུ་བྱུང་བས་ཕྱིས་འབྱུང་རྣམས་འདི་ལ་གཟབ་པར་བྱ་ཞིང༌། འདི་རིགས་དང་ལྷ་སྐུ་ཞལ་མཐོང་སོགས་ཐམས་ཅད་ལ་སྤྱིར་ལམ་འབྲས་ལས་བརྡས་(ཐ༨བ)


PTT001_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བརྟག་བར་བཤད་ཀྱང་འདི་རིགས་ཀྱི་སྐད་ཅིག་དེ་རྟོག་མེད་ལ་འབྱུང་བས་དེའི་ཚེ་བརྡ་དྲན་བར་དཀའ་ལ་སྤྲུལ་སྐུ་ཞལ་མཐོང་བ་སོགས་ཡང་དག་ཡིན་ན་ཐེ་ཚོམ་ཙམ་སྐྱེས་པས་ཀྱང་དངོས་གྲུབ་རིང་དུ་བྱེད་ཅིང་ལྟར་སྣང་ཡིན་ན་དད་པ་ཙམ་སྐྱེས་པས་ཀྱང་བར་ཆད་ཅུང་ཟད་རེ་མི་འབྱུང་མི་སྲིད་པས་འདི་ཐམས་ཅད་ལ་བདེན་རྫུན་གྱི་རློམ་སེམས་མེད་པར་ཉམས་ལེན་བསྐྱངས་པའི་ཚེ་ཡང་དག་ཡིན་ན་ཇེ་གསལ་ཇེ་བརྟན་དུ་འགྱུར། ཉམས་རྟོགས་ཀྱང་གོང་དུ་འཕེལ། མོས་གུས་དང་སྙིང་རྗེ་ཆེར་རྒྱས་པར་འགྱུར་ལ། ཡང་དག་མིན་ན་རང་ལ་རློམ་སེམས་དང་ང་རྒྱལ་སྐྱེ། བླ་མ་དང་གདམས་ངག་ལ་ཐེ་ཚོམ་ཟ་བ་ཞིག་འབྱུང༌། འོན་ཡང་བར་ཆད་ཀྱི་རློམ་སེམས་སུ་ཡང་མ་བཟུང་བར་བསྐྱངས་པས་མཐར་ཆོ་འཕྲུལ་སྟོན་པའམ་རང་བཞིན་གྱིས་ཞི་བར་འགྱུར་བ་ཡིན་ནོ། །དེས་ན་རྒྱ་གར་ན་སར་རྙིང་ཐ་དད་པ་མེད་ཀྱང་བོད་དུ་འགྱུར་སྔ་ཕྱིའི་དབང་གིས་མིང་ཐ་དད་ཐོགས་ཅིང་ཐ་སྙད་མི་འདྲ་བ་ཅུང་ཟད་འབྱུང་བ་ནི་དགྱེས་རྡོར་གྱི་རྒྱུད་ཉིད་ལའང་བརྟག་གཉིས་དང་ཕྱག་ཐིག་དང་ཡེ་ཤེས་ཐིག་ལེ་རྣམས་ཐ་སྙད་མི་འདྲ་བ་ཡོད་པ་བཞིན་ཡིན་ལ། རོག་གི་མཁས་པ་ཤེས་རབ་འོད་ཀྱི་གྲུབ་མཐའ་ཆེན་མོར་སར་རྙིང་ལ་ཁྱད་ཡོད་མེད་གསུམ་བྱས་པའང་ཁྱད་ཡོད་པར་འདོད་པ་གཞན་ལུགས་ཀྱི་ན་ཡམས་བཀོད། ཁྱད་མེད་པར་འདོད་པ་རང་ལུགས་ཀྱི་ལན་དངོས་བཤད། ཁྱད་པར་ཆེ་བར་འདོད་པ་རྙིང་མའི་ཆེ་བ་དབྱུང་བ་སྟེ་སྟོན་བྱེད་པཎྜི་ཏའི་ཁྱད་པར་སྔོན་གྱི་སློབ་དཔོན་པདྨ་ལ་སོགས་པས་བསྟན་པ་དང་ཕྱིས་ཀྱི་པཎྜིཏ་གསེར་འཚོལ་བའི་ཆེད་དུ་བོད་ལ་གང་བྲིན་གྱི་ཆོས་བྱེད་ཅིང་ཆོས་རེ་ལ་ཡང་དུམ་བུ་མང་པོར་བཅད་ནས་རེ་རེ་ལ་གསེར་གྱི་ཡོན་ཐ་དད་པ་ལེན་པས་བཤད་པ་མི་འདྲ། སྒྱུར་བྱེད་ལོ་ཙཱ་བའི་ཁྱད་པར་སྔོན་གྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་སོགས་རྒྱ་དཔེ་ལས་བོད་སྐད་དང་བོད་དཔེ་ལས་རྒྱ་སྐད་དུ་བཀླག་(ཐ༩ན)


PTT001_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་རྣམས་ཀྱིས་བསྒྱུར་ཞིང་ཞུས་པ་དང་ཕྱིས་ཀྱི་ལོ་ཙཱ་བ་དབྱར་མང་ཡུལ་དུ་བསྡད་དགུན་བལ་པོར་ཕྱིན་སྔོན་བསྒྱུར་བ་རྣམས་ལ་འགྱུར་བཅོས་སུ་མིང་བཏགས་ནས་བཅོས་བསླད་རེ་བྱེད་པ་ཚོས་བསྒྱུར་བ་མི་འདྲ། སྤྱན་འདྲེན་ཡོན་བདག་གི་ཁྱད་པར་ཆོས་རྒྱལ་བྱང་སེམས་རྣམས་ཀྱིས་སྤྱན་དྲངས་པ་དང་ད་ལྟ་ཛོ་གིའམ་ལོ་ཙཱ་བ་རེ་ཙམ་གྱིས་ཁྲིད་ནས་འོངས་པ་མི་འདྲ། ཆོས་གཞི་བཞུགས་གནས་ཀྱི་ཁྱད་པར་སྔོན་བསམ་ཡས་ལ་སོགས་པར་གདན་ཕབ་པ་དང་དེང་སང་དགོན་བུ་ཅག་ཅོག་རེར་སྡོད་པ་མི་འདྲ། ཞུ་རྟེན་གསེར་ཕྱེའི་ཁྱད་པར་སྔོན་གསེར་ཕྱེ་ཤ་བའི་རླུད་བུ་བཀང་ནས་འབུལ་བ་སོགས་དང་ཕྱིས་ཞོ་རེ་ཞོ་གཉིས་འབུལ་བ་མི་འདྲ་ཞེས་རྙིང་མའི་ཆེ་བ་འདོན་ཕྱིར་བརྗོད་པར་ཟད་དེ། ཇོ་བོ་རྗེ་དང་པཎ་ཆེན་ཤཱཀ་ཤྲི་སོགས་གསེར་དང་བོང་བར་མཉམ་པའི་དམ་པ་འདི་དག་ནི་ཕྱིས་གདུལ་དཀའ་བའི་དུས་སུ་ཡང་འཕྲིན་ལས་འདི་ལྟ་བུ་མཛད་པ་ལས་ན་སངས་རྒྱས་གཉིས་པར་སྣང་ལ། ལོ་ཙཱ་བ་ཡང་ལོ་ཆེན་རིན་ཆེན་བཟང་པོ། རྔོག་ལོ་ཙཱ་བ་ཆེན་པོ། ཁྲོ་ལོ་བྱམས་པའི་དཔལ་རྣམས་ནི་མཁྱེན་པ་དང་འཕྲིན་ལས་གཉི་ག་སྔོན་གྱི་ལོ་ཙཱ་བ་མཐའ་དག་བསྡུས་པས་ཀྱང་མི་དོ་བར་སྣང་ལ། སྤྱན་འདྲེན་ཀྱང་ལྷ་བླ་མ་ཡེ་ཤེས་འོད་ལྟ་བུ་ཆོས་ཕྱིར་སྲོག་བཏང་བ་བློའི་ར་བ་ལས་བརྒལ་བ་དེ་ལྟ་བུ་བྱུང་བས་གཅིག་དུ་ངེས་པ་ནི་མ་ཡིན་ལ། སྤྱིར་པཎྜིཏ་ཁ་ཅིག་བོད་རབ་བྱུང་ལ་ཚིས་ཆེ་བར་ཐོས་ནས་ཀྱི་རོང་ཏུ་ཇོ་བོའི་མདུན་དུ་རྟགས་རང་བླངས་བྱས་ནས་བོད་དུ་མཁན་པོ་བྱེད་པ་ལོ་ཙཱ་བ་ཁ་ཅིག་གིས་མཐོང་ཟེར་བ་སོགས་ཀྱང་དུ་མ་སྣང་བས་སྤྱིར་དུ་ནི་དེ་དག་ལ་ཡང་བདེན་པའི་ཆ་ཤས་ཡོད་ཏོ། །དེ་ལྟར་གསང་སྔགས་སྔ་འགྱུར་རྣམས་བཀའ་ཡང་དག་དུ་བསྒྲུབས་ནས་དེ་ཡང་དེ་ནི་དེ་དག་གི་དམ་པའི་ཆོས་ཇི་ལྟར་བྱུང་བ་བརྗོད་པར་བྱ་སྟེ། གསང་སྔགས་སྔ་འགྱུར་གྱི་ཆོས་ཀྱི་གཙོ་བོ་ནི་སེམས་ཕྱོགས་སྒྱུ་འཕྲུལ་འདུས་པ་མདོ་སྡེ་མདོ་སྒྱུ་སེམས་གསུམ་ཞེས་གྲགས་པ་(ཐ༩བ)


PTT001_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་དེ་ལས་དེ་ཡང་སེམས་ཕྱོགས་རྫོགས་པ་ཆེན་པོ་ཇི་ལྟར་བྱུང་བ་ནི་འཁོར་འདས་གང་གི་ཡང་རྒྱ་ཆད་ཕྱོགས་ལྷུང་མེད་པ་ངོ་བོ་སྟོང་རང་བཞིན་འོད་གསལ་ཐུགས་རྗེ་འགག་མེད་དུ་བཞུགས་པ་ནི་གཞི་དེ་བཞིན་ཉིད་དེ་འཁོར་འདས་སུ་ཤར་བ་ན་ཡང་དེ་ཉིད་ལས་གཡོ་བ་མེད་ཏོ། །གལ་སྟེ་འཁོར་འདས་སུ་འདོགས་པ་ན་ནི་ཀུན་བཟང་ནས་འཇག་མིག་གི་སྲིན་བུའི་བར་ཁྱད་མེད་པར་ཤེས་བྱའི་གཤིས་གནས་ལུགས་ཀྱི་འདུག་ཚུལ་རང་བཞིན་བདེན་གཉིས་དབྱེར་མེད་ལྷག་པའི་ཆོས་སྐུ་ཆེན་པོར་ཡེ་སངས་རྒྱས་པ་ཅེས་བྱ་སྟེ། སྒྱུ་འཕྲུལ་རྒྱས་པར། ཕྱོགས་བཅུ་དུས་བཞིའི་རང་བཞིན་ནི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །ཅེས་སོ། །དེ་ལ་འཁོར་འདས་ཀྱི་གདགས་པ་མེད་པ་ནི་ངོ་བོའི་ཆ་ནས་ཡིན་ལ་བཏགས་པ་ནི་འདོགས་འདོད་ཀྱི་ཆ་ནས་ཡིན་པས་མི་འགལ་སྟེ་བུམ་པ་ལ་མིང་གང་ཡང་མི་གནས་པ་དང་གང་ཡང་འདོགས་སུ་རུང་བ་མི་འགལ་བ་བཞིན་ནོ། །དེ་ལས་རང་བཞིན་ཐ་མི་དད་པའི་ཡེ་ཤེས་ཀྱི་རླུང་གཡོ་བ་མེད་པར་གཡོས་པས་རང་བཞིན་གོ་འབྱེད་པའི་ཆ་ལས་རང་རྩལ་ལྷུན་གྲུབ་ཀྱི་སྣང་བ་ཤར་དུས་ངོ་བོ་རང་བཞིན་ཐུགས་རྗེ་ཐ་མི་དད་པ་དེ་ཉིད་རང་ངོ་རང་གིས་ཤེས་པས་གཟི་ཐོག་དེ་ཉིད་དུ་འབྲས་བུར་རང་གྲོལ་བ་ནི་ཐོག་མའི་མགོན་པོ་འོད་མི་འགྱུར་བའི་ཀུན་དུ་བཟང་པོ་གཞི་ཐོག་ནས་བྱང་ཆུབ་པ་སྟེ་སྤྲོས་བྲལ་ཆེན་པོ་གཞོན་ནུ་བུམ་པ་སྐུའི་ཞིང་ཁམས་ཅེས་བྱ་བ་ཆོས་སྐུའི་ཞིང་ཁམས་རྒྱ་ཚད་ལས་འདས་པས་ན་ལྷུན་གྲུབ་ཀྱི་དབྱིངས་ན་དུས་བཞི་འཕོ་འགྱུར་མེད་པའི་རང་བཞིན་ན་མཁའ་ཇི་སྲིད་བར་ཕུན་ཚོགས་ལྔ་ལྡན་དུ་བཞུགས་ཅེས་བྱ་ལ་འོན་ཡང་རྟེན་བརྟེན་པ་དང་དབྱིབས་ཁ་དོག་གི་རྣམ་པ་ནི་མེད་ཏོ། །དེ་ལྟར་སངས་རྒྱས་དང་སེམས་ཅན་འཁོར་བ་དང་མྱང་འདས་ཐམས་ཅད་ཀྱི་གཞི་ཐ་མི་དད་པ་དེ་ཉིད་ལས་རང་རྩལ་ལྷུན་གྲུབ་ཀྱི་སྣང་བ་ཤར་བའི་ཚེ་རང་ངོ་ཤེས་པར་མ་ནུས་པ་(ཐ༡༠ན)


PTT001_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ནི་མ་རིག་པ་ཡིན་ལ་དེ་ལས་ལས་ཀྱི་རླུང་གཡོས་སྟེ་ངོ་བོ་མ་རྟོགས་བཞིན་དུ་རང་བཞིན་ལ་བདག་དང་རང་རྩལ་ལ་གཞན་དུ་འཁྲུལ་བས་གཟུང་འཛིན་སྲིད་པའི་འཁོར་ལོར་སྣང་བ་ནི་འཁོར་བ་སྟེ་འདིའི་ཚེ་ཡང་གཞི་ལས་གཡོས་པ་ནི་མེད་ཏོ། །དེ་ལྟར་རྨི་ལམ་ལྟར་མི་བདེན་ཀྱང་བདེན་པ་ལྟར་འཁྲུལ་བའི་སེམས་ཅན་རྣམས་ལ་འབད་པ་དང་རྟོག་པ་དང་མཚན་མ་མེད་བཞིན་དུ་མཁྱེན་ཞིང་བརྩེ་བ་ཐུགས་རང་བྱུང་གི་ཡེ་ཤེས་ལྔའི་རྣམ་པར་གཡོས་པ་ལས་ཆོས་ཀྱི་སྐུ་དེ་ཉིད་ལས་གཡོ་བ་མེད་བཞིན་དུ་འོག་མིན་སྟུག་པོ་བཀོད་པའི་ཞིང་ཁམས་ནམ་མཁའི་མཐས་ཀླས་པར་རིགས་ལྔ་གངས་ཆེན་མཚོ་དང་རིགས་དྲུག་པ་དཔལ་རྡོ་རྗེ་སེམས་དཔའི་སྐུ་མཚན་དཔེ་མཐའ་ཡས་པ་ཅན་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་སྟེ་རང་ཉིད་ཀྱི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བགྲང་བ་ལས་འདས་པ་རྣམས་ལས་འཁོར་གྱི་རྣམ་པར་སྣང་ཡང་གཅིག་པ་དང་ཐ་དད་པ་གང་ཡང་མ་ཡིན་པ་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་ཕྲ་བ་སྙེད་ལ་རང་བཞིན་རྫོགས་པ་ཆེན་པོ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པ་ཆོས་ཐམས་ཅད་གཟོད་ནས་ཡེ་སངས་རྒྱས་པ་ལྷུན་གྲུབ་ཡོངས་རྫོགས་སུ་སྟོན་པ་བྱ་རྩོལ་དང་བྲལ་བའི་ཐེག་པ་ཉིད་སྨྲ་བསམ་བརྗོད་པ་དང་བྲལ་བར་ཅི་ཡང་མི་སྟོན་པའི་ཚུལ་གྱིས་ཐོག་མ་མེད་པའི་དུས་ནས་བསྟན་ཅིང་ད་ལྟར་སྟོན་ལ་ཕྱི་མའི་མཐར་གཞལ་བར་མི་ནུས་པ་ན་མཁའ་ཇི་སྲིད་པ་དང་སེམས་ཅན་ཇི་སྲིད་པ་དེ་སྲིད་དུ་སྟོན་པར་འགྱུར་བས་སྐད་ཅིག་ཀྱང་རྒྱུན་ཆད་པ་མེད་ལ་སྐུ་ན་མཁའ་གང་བ་དེ་རྣམས་ཀྱི་བ་སྤུའི་སྒོ་ནས་སྤོས་ཆུའི་རྒྱུན་གངས་ཆེན་མཚོ་འབབ་པས་ན་མཁའ་ཀུན་གང་ལ་ཕྱག་མཚན་འཁོར་ལོ་དང་རྡོ་རྗེ་དང་རིན་ཆེན་དང་པདྨ་དང་རྒྱ་གྲམ་རྣམས་སོ་སོའི་ཁོང་སེང་ལས་སྐྱེས་པའི་པདྨ་ཉེར་ལྔ་ལ་ཞིང་གི་གཙོ་བོ་ཉེར་ལྔ་དང་དེ་ཐམས་ཅད་ཀྱི་གོ་ན་འབྱུང་བཞིའི་རྡུལ་ཕྲ་རབ་ཇི་སྙེད་པ་རེ་རེའི་ཁོངས་ན་ཡང་(ཐ༡༠བ)


PTT001_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཀྱི་ཞིང་དབྱིབས་རྒྱུ་ཚད་ཁ་དོག་འགྲོ་བའི་རིས་ཐ་དད་པ་བསམ་པར་མི་ནུས་པ་ཞིང་ཐམས་ཅད་ཀྱི་རྡུལ་གྱི་གྲངས་དང་མཉམ་པ་ཡོད་ལ་དེ་རྣམས་ཀྱང་ཆགས་འཇིག་སྟོངས་གནས་སྣ་ཚོགས་པ་ཉི་ཟེར་གྱི་རྡུལ་གཡོ་བ་ལྟ་བུ་ཡིན་ལ་ཕར་ཕྱིན་ཐེག་པར་རྣམ་སྣང་གངས་ཆེན་མཚོ་ཞེས་པ་ཙམ་ལས་མེད་ཀྱང་ཐེག་པ་འདིར་རིགས་ཐམས་ཅད་ཀྱི་གནག་ཆེན་མཚོའི་སྟོན་པ་གསུངས་པ་འདི་ནི་ནམ་ཡང་མྱ་ངན་ལས་འདའ་བ་མེད་པ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དངོས་བཤད་པ་ཡིན་ནོ། །དེ་ལྟར་ན་མཁས་ཁྱབ་ཚད་ན་ཞིང་གིས་ཁྱབ་པའི་ཞིང་སོ་སོའི་འགྲོ་བ་རྣམས་ཀྱི་ཆོས་སྐུ་མགོན་པོ་འོད་མི་འགྱུར་བ་ཉིད་ལོངས་སྐུ་རིགས་དྲུག་གི་རྣམ་པར་བཞེངས་པ་དེ་དག་ལ་སྣང་བ་དག་པ་རྣམས་ཀྱིས་མདོའི་སངས་རྒྱས་མཆོག་གི་སྤྲུལ་སྐུའི་རྣམ་པ་དང་སྔགས་ཀྱི་སངས་རྒྱས་ཧེ་རུ་ཀ་ཁ་སྦྱོར་གྱི་སྐུ་ཞི་བ་དང་ཁྲོ་བོ་སྣ་ཚོགས་སུ་སྣང་བར་འགྱུར་ལ་རང་དང་འཚམས་པའི་ཆོས་ཐེག་པ་དེ་དང་དེ་གསུང་བར་མཐོང་ནས་ལམ་དེ་དག་སྒྲུབ་པར་འགྱུར་ལ། སངས་རྒྱས་ཀྱི་རྣམ་པར་མཐོང་མི་ནུས་པ་རྣམས་ཀྱིས་གྲུབ་པ་དང་རིག་པ་འཛིན་པ་དང་དགེ་བའི་བཤེས་གཉེན་དུ་སྣང་ལ། ལྷ་རྣམས་ཀྱིས་རང་རང་གི་གཙོ་བོར་སྣང་བས་བག་མེད་ལས་ལྡོག་པ་དང་ལྷ་མིན་གྱིས་ཐག་བཟང་རིས་སུ་སྣང་བས་རང་གི་སྲིད་སྲུང་བར་མཐོང་ལ། དུད་འགྲོས་སེང་གེ་ལ་སོགས་པ་རང་རང་གི་གཙོ་བོར་མཐོང་སྟེ་སྐྲག་པས་དེས་བསྟན་པ་ལས་འགོང་མི་ནུས་པ་དང༌། ཡི་དྭགས་རྣམས་ཀྱིས་གཙོ་མོ་ཁ་འབར་མ་ལྟ་བུར་སྣང་སྟེ་སེར་སྣའི་ཉེས་པ་སྟོན་པ་དང༌། དམྱལ་བ་པ་རྣམས་ཀྱིས་གཤིན་རྗེའི་རྒྱལ་པོ་དང་དམྱལ་སྲུང་དུ་སྣང་བས་ལས་འབྲས་ལུང་སྟོན་པས་ལས་རྒྱུ་འབྲས་ལ་ཡིད་འཆེས་བསྐྱེད་པ་སོགས་གང་འདུལ་དེར་སྣང་བ་སྟོན་པ་སྟེ། གཟོ་དང་སྐྱེ་དང་བྱང་ཆུབ་ཆེ། །ཞེས་སྤྲུལ་སྐུ་འབྱུང་བའི་(ཐ༡༡ན)


PTT001_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

གོ་རིམ་དུ་བསྟན་པ་ཉིད་ཁོ་ན་ཡིན་ལ་དེས་ན་མིའི་ཐུབ་པ་ཤཱཀྱ་སེང་གེ་ཞེས་བཤད་པའང་བསྟན་པ་འདིའི་གཙོ་བོའི་དབང་དུ་བྱས་ནས་སྤྱིར་བསྟན་གྱི་བྱེ་བྲག་དུ་རང་ཉིད་གང་གིས་འདུལ་བ་དེ་ཁོ་ན་རང་སྐལ་གྱི་ཐུབ་པ་ཡིན་པས་རང་ཅག་གི་ཐུབ་པ་དང་ཀུན་བཟང་དང་རྡོ་སེམས་ནི་རྩ་བའི་བླ་མ་འདི་ཁོ་ན་ཡིན་པར་རིག་པར་བྱའོ། །དེ་ཡང་ཆོས་སྐུའི་ཞིང་ནི་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ཅེས་བསྟན་སྟེ་ལོངས་སྤྲུལ་གྱི་ཞིང་གཉིས་ཀ་འདིར་ཆུད་ཏོ། །ལོངས་སྐུའི་ཞིང་ནི་ཚངས་པ་རྔ་སྒྲའི་ཞིང་ཁམས་ཅེས་བྱ་སྟེ་སྤྲུལ་སྐུའི་ཞིང་ཐམས་ཅད་འདིའི་ཁོངས་སུ་ཆུད་ཏོ། །སྤྲུལ་སྐུའི་ཞིང་ནི་ཚངས་ཆེན་གྱི་ཞིང་ཞེས་བྱ་སྟེ་དག་མ་དག་གི་འཇིག་རྟེན་གྱི་ཁམས་ཐམས་ཅད་འདིར་ཆུད་ཏོ། །དེ་ལྟར་འཁོར་འདས་སྤྱིར་བཤད་ནས་ཞིང་འདིར་སྟོན་པའི་མཛད་པ་བསྟན་པའི་ཚུལ་ནི། ཐོག་མའི་མགོན་པོ་དེ་ཉིད་ཞིང་འདི་འདུལ་བའི་ཕྱིར་རིས་མཐུན་གྱི་སེམས་ཅན་མིར་གྱུར་པས་བྱང་ཆུབ་ཏུ་སེམས་བསྐྱེད་ཅིང་ལམ་བགྲོད་ནས་སངས་རྒྱས་པར་སྣང་བ་སྟེ། ཁ་ཅིག་ཐོག་མའི་མགོན་པོ་ལས་རྒྱུད་ཐ་དད་པའི་སེམས་ཅན་གྱིས་སེམས་བསྐྱེད་པར་འདོད་པ་ལ་ནི། སྒྱུ་འཕྲུལ་རྡོ་རྗེ་ལས། དང་པོའི་རྒྱལ་བ་ས་རྒྱལ་བ། །སེམས་དཔའ་ཆེ་དང་འཇོམས་པ་ཆེ། །ཞེས་དང༌། འདི་ནི་སྟོན་པ་རྡོ་རྗེ་འཆང༌། །སངས་རྒྱས་ཀུན་བས་སྔར་སངས་རྒྱས། །ཅེས་གསུངས་པ་དང་འགལ་ལོ་ཞེས་མཁས་པ་ཀློང་ཆེན་པས་བཤད་ཏོ། །དེ་ཡང་སྔོན་བསྐལ་པ་མཐའ་ཡས་པ་ན་ཞིང་ཁམས་རང་བཞིན་རྣམ་པར་བཀོད་པར་སངས་རྒྱས་མེ་ཏོག་མཛེས་པ་ཆེན་པོ་ལ་གསེར་གྱི་རྡོ་རྗེ་ཞིག་ཕུལ་ནས་དང་པོར་ཐུགས་བསྐྱེད། དེ་ནས་ཅི་ཞིག་ན་བྲམ་ཟེ་ལེགས་བྱིན་དུ་གྱུར་པའི་ཚེ་མངོན་པར་རྫོགས་པར་སངས་རྒྱས་སྟེ་ཆོས་སྐུའི་དགོངས་པ་ལ་བཞུགས་པ་ལས་ལོངས་སྐུར་རང་(ཐ༡༡བ)


PTT001_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བྱོན་སྟེ་མཛད་པ་སུམ་བཅུ་རྩ་དྲུག་དང་ལྡན་པར་ཐུགས་རྗེ་ཕྱོགས་བཅུར་འཕྲོས་པའི་ངང་ལས་རིགས་ལྔ་གཙོ་འཁོར་གྲངས་མེད་བརྗོད་དུ་མེད་པ་ཆོས་ཉིད་ཀུན་དུ་བཟང་པོའི་ལོངས་སྤྱོད་དུ་འདུས་ཤིང་རྫོགས་པ་ཆེན་པོའི་སྐུར་འོད་འབར་ཏོ། །དེའི་ཚེ་འོད་ཁྱིམ་རྣམ་དག་བཀོད་ལེགས་ཀྱི་ཁང་བརྩེགས་སུ་སྟོན་པ་རང་ཤེས་རིག་གི་རྒྱལ་པོ་རྣམ་སྣང་གངས་ཆེན་མཚོ་ཞེས་བྱ་བ་དཀྱིལ་འཁོར་ཐམས་ཅད་ཀྱི་མངའ་བདག་དུ་འབྱུང་སྟེ་སྐུ་གསུང་ཐུགས་བྱས་པ་མེད་པའི་བསྟན་པ་རིན་པོ་ཆེའི་ངང་ལས་མི་གཡོ་མི་འབྱུང་མི་གནས་མི་ལེན་མི་འདོར་མི་སྐྱོད་པ་ཉིད་དུ་རང་བྱུང་ལ་གདུལ་བྱ་མ་ཡིན་ལ་འདུལ་བྱེད་དུ་གྱུར་པའི་འཁོར་ཚོམ་བུ་འབུམ་ཕྲག་གྲངས་མེད་པ་ཡང་ཉིད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ལས་འཕྲོས་ཤིང་འདུས་སྟེ་ཐམས་ཅད་ཀྱང་ཕྱོགས་བཅུའི་འཇིག་རྟེན་མ་ཡིན་པ་སྟུག་པོ་བཀོད་པ་རང་སྣང་དག་པ་རང་ཤར་གྱི་ཞིང་དག་པར་འོད་གསལ་ཏོ། །དེའི་སྣང་ཆ་ལ་མཚན་དཔེ་ཕུན་སུམ་ཚོགས་པ་རྡོ་རྗེ་འཆང་གི་སྐུར་བྱུང་སྟེ་སྔོན་རྡོ་རྗེ་ཕུལ་ནས་སེམས་བསྐྱེད་པའི་རྒྱུ་ལས་སོ། །མདོར་ན་ཆོས་སྐུའི་དུས་ན་གནས་ཆོས་དབྱིངས་དམིགས་པ་མེད་པར་སྟོན་པ་ཀུན་བཟང་རང་བཞིན་གྱིས་མཛད་པ་མ་ལུས་པ་རྫོགས་པ་འཁོར་རྡུལ་གཅིག་གི་སྟེང་ན་རྡུལ་ཇི་སྙེད་ཀྱི་སངས་རྒྱས་རྒྱ་མཚོ་དང་ལྷན་ཅིག་བསྟན་པ་དངོས་རང་བཞིན་རྫོགས་པ་ཆེན་པོ་དུས་ཆོས་ཉིད་ལ་མཐོང་བ་རྣམ་པར་དག་པའི་སྤྱོད་ཡུལ་སྟེ་ཕུན་ཚོགས་ལྔར་རྟག་དུ་བཞུགས་པ་དེ་མཚོན་བྱེད་ཆོས་སྐུ་རྫོགས་པ་ཆེན་པོའི་བྱིན་རླབས་ལས་རང་ཤར་བ་རིན་པོ་ཆེ་བརྒྱ་རྩ་གཅིག་གི་རྒྱུ་ལས་རང་འཁྲུངས་པའི་རྡོ་རྗེ་ཚེ་ལོ་དཔག་མེད་ནས་བཅུ་པའི་བར་ཡུལ་དུས་དེའི་མི་རྣམས་ཀྱི་ཆག་གང་བ་ན་མཁའ་ལ་ལྷུན་གྱིས་གྲུབ་པ་སྟེ་བསྟན་པའི་བཙས་དང་པོའོ། །ལོངས་སྐུའི་བསྟན་པའི་དུས་ན་སྟོན་པ་གངས་ཆེན་མཚོའི་སྤོས་ཆུའི་མཚོ་དང་པདྨ་དང་འོད་ཀྱི་རྡུལ་རེ་རེ་ལ་ཞིང་གཞལ་དུ་(ཐ༡༢ན)


PTT001_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

མེད་པར་སྟོན་འཁོར་ཚད་མེད་པར་གནས་ཅིང་བྱ་རྩོལ་དང་བྲལ་བའི་ཆོས་ཀྱི་འཁོར་ལོ་རྒྱུན་མི་ཆད་པ་མཚོན་བྱེད་གསུང་རང་བྱུང་གི་ཡི་གེ་སུས་ཀྱང་མ་བྱས་པ་བསྟན་པ་ཐམས་ཅད་ཀྱི་བུ་གཅིག་གི་གླེགས་བམ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་རང་བྱུང་བ་ཆོས་ཀྱི་རང་སྒྲ་སྒྲོག་པ་ན་མཁའ་ལ་ཤར་བ་ནི་བསྟན་པའི་བཙས་གཉིས་པའོ། །ལོངས་སྐུའི་སྣང་ཆ་ཉིད་ལས་གནས་རིས་བཅུ་གཉིས་སུ་སྟོན་པ་བཅུ་གཉིས་སུ་སྣང་བས་སེམས་ཅན་རྣམས་འདུལ་བར་མཛད་དེ་དེ་མཚོན་བྱེད་སྤྲུལ་སྐུའི་བྱིན་རླབས་ལས་རང་བྱུང་བ་རིན་པོ་ཆེ་བརྒྱ་རྩ་གཅིག་ལས་སུས་ཀྱང་མ་བྱས་པར་གྲུབ་པའི་སྐུ་གཟུགས་འགྲོ་བའི་ལུས་བོངས་དང་མཉམ་པ་ཅིག་ན་མཁའ་ལ་རང་བྱུང་བ་ནི་བསྟན་པའི་བཙས་གསུམ་པ་སྟེ་འདི་དག་སྐུ་གསུང་ཐུགས་ཀྱི་བསྟན་པ་གར་ཡོད་དུ་གནས་ལ། ཐུགས་ཀྱི་རྟེན་རྡོ་རྗེས་འགྲོ་བའི་རེ་འདོད་ཐམས་ཅད་སྐོང༌། གསུང་གི་རྟེན་གླེགས་བམ་དེ་དང་ཕྲད་པ་དང་སྒྲ་ཐོས་པ་ཙམ་གྱིས་གྲོལ་བར་བྱེད་དེ་འདིའི་ཆོས་ཀྱི་རྣམ་གྲངས་ནི་བཏགས་གྲོལ་གྱི་རྒྱུད། འདི་སྐད་བདག་གིས་བསྟན་པའི་དུས་གཅིག་ན། མཐོ་དམན་ཕྱི་ནང་མེད་གནས་སུ། །སྟོན་པ་ཀུན་དུ་བཟང་པོ་ཡིས། །སྟོན་པ་རྡོ་རྗེ་སེམས་དཔའ་ལ། །ཡབ་ཀྱི་དགོངས་པ་ཀུན་དུ་བཟང༌། །ཨ་ཏི་རང་ཤུགས་ཚིག་དུ་བྱིན། །ཨེ་མ་འདི་འཛིན་སྐལ་བ་ཆེ། །འདི་ནི་རང་བྱུང་ཆེན་པོའོ། །ཞེས་སོགས་ཡབ་དང་ཡུམ་དང་གཉིས་མེད་ཀྱི་དགོངས་པ་ཀུན་དུ་བཟང་པོ་བཏགས་གྲོལ་གྱི་རྒྱུད་ཡིན་ནོ། །སྐུའི་རྟེན་དེ་གང་གིས་མཐོང་བའི་ལུས་འོད་གསལ་དུ་གྲོལ་བར་བྱེད་ཏོ། །དེ་ལྟར་བསྟན་པའི་བཙས་དེ་དག་ནི་རང་བཞིན་རྫོགས་པ་ཆེན་པོའི་ལུང་རྟོགས་ཀྱི་བསྟན་པ་གར་ཡོད་དུ་གནས་པ་སྟེ། ཐལ་འགྱུར་ལས། བཀའ་གསང་ངེས་པ་བཅུ་བདུན་དང༌། །བསྟན་པའི་གཟེར་དང་འཕྲུལ་ཡིག་(ཐ༡༢བ)


PTT001_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །སྤྲུལ་སྐུའི་ཞིང་ཁམས་ཐོག་མ་ལ། །སྟོན་པ་ཀུན་དུ་བཟང་པོ་ཡིས། །སྟུག་པོ་བཀོད་པའི་གནས་སུ་བཟུང༌། །དེ་ནས་ལྕང་ལོ་ཅན་གྱི་གནས། །ཀུན་རིག་རྣམ་པར་སྣང་མཛད་ཀྱིས། །འདི་ཉིད་བཟུང་བས་རིགས་ལྔར་སྨིན། །དེ་འདས་ང་ཡིས་བཟུང་བ་ཡིས། །བརྟན་པའི་སྲོག་ཤིང་དམ་པ་ཡི། །སངས་རྒྱས་སྟོང་དང་རྩ་གཉིས་ནི། །འདི་ལ་བརྟེན་ནས་ངེས་པར་འབྱུང༌། །ཞེས་སོགས་ཀྱིས་ཞིང་རེ་རེར་ཡང་སྣོད་ཀྱི་དབང་གིས་སྙིང་པོ་ལྡན་དང་རྫོགས་ལྡན་ཆེན་པོ་རྫོགས་ལྡན་དང་གསུམ་ལྡན་དང་གཉིས་ལྡན་རྩོད་ལྡན་དང་རྩོད་ལྡན་ཆེན་པོ་སྟེ་འབྱུང་བའི་དུས་བདུན་དེ་དག་གི་བར་རྣམས་ལ་མི་འབྱུང་བའི་དུས་བདུན་སྟེ་སྒྲོན་བསྐལ་བདུན་དང་མུན་བསྐལ་བདུན་ཞེས་ཀྱང་བྱ་ལ། དེ་ལྟར་དར་ནུབ་བཅུ་བཞི་པོ་རྫོགས་པ་ན་ཞིང་དེའི་ཆོས་འདིའི་གདུལ་བྱ་རྫོགས་པས་ཞིང་གཞན་དུ་འཕོ་བ་ཡིན་ལ་དེ་ཡང་སྔོན་སྟུག་པོ་བཀོད་པར་ཀུན་དུ་བཟང་པོས་བཟུང༌། དེ་ནས་ལྕང་ལོ་ཅན་དུ་རྣམ་པར་སྣང་མཛད་ཀྱིས་བཟུང༌། དེ་ནས་ཞིང་འདི་ཆགས་ནས་གནས་བསྐལ་གྱི་དང་པོ་སྟོན་པ་བཅུ་གཉིས་ལས་ཐོག་མའི་ཚེ་བཙས་གསུམ་པོ་འདིར་བབ་ཅིང་དེ་ནས་ཡ་ཐོག་རིང་མོའི་མཐའི་མའི་ཚེ་ལོ་བཅུ་པ་འདིའི་བར་ལ་ཞིང་ཁམས་འདིར་བསྟན་པ་ཇི་ལྟར་འཕར་ཚུལ་ཡང༌། བྱང་གི་ཕྱོགས་ནི་གཡོ་བ་ལྡན། །བསྟན་པའི་སྒྲོན་མེ་དེར་གནས་སྟེ། །དཔལ་ལྡན་སྐྱོང་ཞེས་བྱ་བ་ཡི། །དགེ་སློང་དག་གིས་འཛིན་པར་འགྱུར། །དེ་ཡི་ཡོན་བདག་རྒྱལ་པོ་ནི། །ཛི་ན་མི་ཏྲ་ཞེས་བྱ་བས། །བསྟན་པ་གསལ་བའི་གཞི་མ་བྱེད། །ལོ་ནི་སྟོང་དང་སུམ་བརྒྱར་གནས། །དེ་ནས་མུན་པའི་བསྐལ་པ་ནི། །དྲུག་བཅུའི་བར་ལ་གནས་པའོ། །དེ་ནས་ལྷོ་ཕྱོགས་འཚལ་བ་སྐྱོབ། །ཅེས་སོགས་ལུང་བསྟན་པ་སྟེ། །བྱང་ཕྱོགས་གཡོ་ལྡན་དུ་དགེ་སློང་དཔལ་ལྡན་སྐྱོང་སྦྱིན་(ཐ༡༣ན)


PTT001_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བདག་རྒྱལ་པོ་ཛི་ན་མི་ཏྲ་དུས་ལོ་སྟོང་དང་སུམ་བརྒྱ་མུན་བསྐལ་དྲུག་བཅུའོ། །དེ་ནས་ལྷོ་ཕྱོགས་འཚལ་པ་སྐྱོོབ་ཏུ་དགའ་བའི་དཔལ་དང་ཁྱིམ་བདག་དགེ་བའི་དངོས་གྲུབ་ཀྱིས་ལོ་བརྒྱར་འཛིན་སྟེ་མུན་པའང་ལོ་བརྒྱ་དང་ཉི་ཤུའོ། །དེ་ནས་ཤར་ཕྱོགས་རྡོ་རྗེ་འབྱུང་བའི་རི་རྩེར་རྒྱལ་པོ་སཱུ་ཏྲ་སེ་ན་དང་བྲམ་ཟེ་ཛ་ཡ་ཨ་ཀ་རས་སྟོང་དང་བཞི་བརྒྱར་འཛིན་སྟེ་མུན་པ་ལོ་ལྔ་སྟོང་ངོ༌། །དེ་ནས་ནུབ་ཕྱོགས་བྷ་ཏི་སེ་ལིར་དགེ་སློང་བདེ་བ་སྐྱོད་དང་དཔའ་བོ་འཇིགས་ཀྱིས་ལོ་སྟོང་འཛིན་ལ་ལྔ་སྟོང་དུ་མུན་པའོ། །དེ་ནས་འདི་ཉིད་དུ་བབས་སྟེ་ལོ་ལྔ་བརྒྱ་ལྔ་བཅུར་བློ་གྲོས་བཟང་པོ་དང་མཁའ་འགྲོ་མ་གསལ་བྱེད་མས་འཛིན་ལ། འདིའི་ཚེ་ལོ་བཅུ་པ་རྫོགས་ནས་འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་བའོ། །བློ་གྲོས་བཟང་པོ་ནི་འདི་འཛིན་པ་ཐམས་ཅད་དང་ལོ་ལྔ་བརྒྱ་ནི་ལོ་ཆེན་སྟེ་ལྔ་བརྒྱ་ལྔ་བརྒྱར་ལོངས་པའོ་ཞེས་ཀློང་ཆེན་པས་བཤད་པ་ལྟར་ན་ལྔ་རྒྱ་ཕྲག་རེ་ལ་ལོ་རེར་བརྩི་བ་ཡིན་ནམ་སྙམ་མོ། །དེ་ཙམ་ཞིག་ཞིང་དེའི་མི་རྣམས་ལ་སྣང་ལ་གཞན་དུ་མཁའ་འགྲོའི་དོན་བྱེད་པའོ། །ཁྱད་པར་འཛམ་གླིང་འདི་ཉིད་ཀྱི་དུས་བཅུ་བཞི་ནི། ཐལ་འགྱུར་ལས། བསྟན་པ་འཇིག་པའི་ཉེ་རྒྱུ་ནི། །དེ་དག་སོ་སོའི་གནས་དག་དུ། །གང་ཟག་ལོག་སྲེད་ཅན་ཞེས་བྱ། །དེ་དེ་དག་ནི་བསྟན་པ་ཀུན། །འཇིག་པར་བྱེད་པའི་ཉེ་རྒྱུ་ཡིན། །ཞེས་མུན་པར་བྱེད་པའི་གང་ཟག་སྤྱིར་བསྟན་ནས། འདི་ཉིད་དང་པོ་མུན་པའི་དུས། །ཛམྦུ་གླིང་གི་ནུབ་ཕྱོགས་སུ། །རྒྱལ་པོ་ལག་པ་སོར་མོ་དྲུག །མདུན་ན་སོ་ལྷག་སྔོན་པོ་ཡོད། །ལག་པ་གཡས་པའི་གྲུ་མོ་ལ། །རྨེ་བ་ནག་པོ་སྡིག་པའི་དབྱིབས། །རབ་ཏུ་འཇིགས་པ་ཡོད་པ་ཡིས། །སངས་རྒྱས་བསྟན་པ་མུན་པར་འགྱུར། །ལོ་ནི་དྲུག་བཅུའི་བར་ལ་འབྱུང༌། །(ཐ༡༣བ)


PTT001_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་དཔལ་འཛིན་དང་པོས་འཛིན། །ཞེས་སོགས་ཀྱིས་བྱེ་བྲག་དུ་བསྟན་སྟེ། དཔལ་འཛིན་དང་པོས་སྒྲོན་མེ་སྟོང་སུམ་བརྒྱ། དེ་ནས་བྱང་ཕྱོགས་སུ་གཟི་ལྡན་གྱི་རི་རྩེར་དགེ་སློང་གཟི་བརྗིད་ཅན་གཡས་པ་ལ་རྣ་བ་གཉིས་དང་མིག་ཟུར་གསུམ་མ་འགེབས་པ་ཅིག་གིས་མུ་སྟེགས་དང་རྩོད་ནས་མུན་པ་ལོ་དྲུག་བཅུ། དེ་ནས་བདེ་བའི་ལྷས་སྣང་བ་ལོ་བརྒྱ། དེ་ནས་བྱང་ཤར་ཆུ་བོ་རབ་མེད་ཀྱི་རྩར་རྒྱལ་པོ་མིག་གཅིག་པ་གྱད་ཀྱི་སྟོབས་ཅན་གྱིས་ལོ་དྲུག་བཅུ་མུན་པར་བྱེད། དེ་ནས་རང་རྒྱལ་གྱི་གཟུགས་ཅན་རྡོ་རྗེ་གདན་ནས་ནུབ་ཏུ་འབྱུང་བས་སྒྲོན་མེ་ལོ་བརྒྱ་དང་ཉི་ཤུ། དེ་ནས་ཡུལ་དབུས་སུ་གྲོང་གསེར་དུ་གནས་བརྟན་ལྕེ་རྩེ་གཉིས་པ་ལུས་ཐུང་བས་སྡེ་པ་རྩོད་དེ་མུན་པ་ལོ་དྲུག་བཅུ། དེ་ནས་ཤར་ལྷོ་ཀི་ཏའི་ཆུ་འགྲམ་དུ་དཔལ་གྱི་སེང་གེས་སྒྲོན་མེ་ལོ་སྟོང་བཞི་བརྒྱ། དེ་ནས་གངྒཱའི་འགྲམ་དུ་རྒྱལ་པོ་དཔུང་པ་ལྗང་གུ་ལ་རབ་བྱུང་གི་གཟུགས་སོར་བཞི་ཡོད་པས་ལོ་དྲུག་བཅུ་མུན་པ། དེ་ནས་བྲྀ་ཀ་མ་ལའི་གཙུག་ལག་ཁང་གི་བདག་པོ་གཞོན་ནུའི་མགོན་གྱིས་སྒྲོན་མེ་ལོ་སྟོང༌། དེ་ནས་ལྷོ་ཕྱོགས་ཚངས་པའི་གྲོང་དུ་དམངས་རིགས་སེང་གེའི་མགོ་ཅན་སྐྱེས་ནས་ཟླ་གསུམ་ལོན་པ་ནས་མུན་པ་ལོ་དྲུག་བཅུ། དེ་ནས་བྱ་རྒོད་ཕུང་རིར་དགེ་སློང་མཛེས་བྱེད་གཞོན་ནུས་སྒྲོན་མེ་ལོ་ལྔ་བརྒྱ་ལྔ་བཅུ། དེ་ནས་ཁ་ཆེ་སྒྲ་ལྡན་གྱི་གྲོང་དུ་རིགས་ངན་གྱི་ནང་དུ་བྱ་ལུས་མི་གདོང་ཅན་སྐྱེས་ནས་ལོ་བཅུ་ནས་བཟུང་སྟེ་མུན་པ་ལོ་དྲུག་བཅུ། དེ་ནས་ཡུལ་དབུས་ནས་ཤར་དུ་དཔག་ཚད་ལྔ་འདས་པར་དགེ་སློང་ཤཱཀྱ་ཛི་ཀས་ལོ་བཅུ་འཛིན་སྟེ་འདིའི་དུས་ཚེ་ལོ་བཅུ་པ་རྫོགས་ནས་ཞིང་འདིའི་དར་ནུབ་བདུན་ཚང་སྟེ་དེ་སྲིད་ཆོས་འདིས་ཁྱིམ་པ་དང་རབ་བྱུང་གི་མི་ཇི་སྙེད་གྲོལ་བ་ཡང༌། བཀོད་པ་ཆེན་པོའི་རྒྱུད་ལས། ད་ནི་འདི་ནས་མི་གནས་ནས། །(ཐ༡༤ན)


PTT001_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་ལོ་དྲུག་བཅུ་ཡན་ཆད་ལ། །འབྲས་བུར་གྲོལ་བ་སྟོང་ཕྲག་གཅིག །འབྱུང་བར་ད་དེངས་དག་དུ་སྟེ། །ཞེས་སོགས་སྟེ་ཁྱིམ་པ་སྙེད་རབ་བྱུང་དེའི་ཕྱེད་དང་ལྷག་མ་བྱང་སེམས་ཚེ་ལོ་ལྔ་བཅུ་པའི་བར་དུ་སྐྱེས་པ་ཉིས་སྟོང་དང་སྤྱིར་བུད་མེད་ཤས་ཆེ་བ་འབུམ་ཕྲག་གཉིས་གྲོལ། སུམ་བཅུ་པའི་བར་དུ་བུད་མེད་འབུམ་ཕྲག་གཅིག་དང་སྐྱེས་པ་སྟོང་ཕྲག་ལྔ་གྲོལ་བ་སྟེ་འདི་ཐམས་ཅད་ནི་སེམས་ཆོས་སྐུ་དང་ལུས་འོད་ཀྱི་སྐུར་གྲོལ་བའི་གྲངས་བསྟན་པའོ། །སྒྲོན་མེའི་བསྟན་པ་མཐའ་མ་ད་ལྟའི་འདི་ཉིད་འཛིན་པ་པོ་ལུང་བསྟན་པ་ནི་ཐལ་འགྱུར་ལས། ང་ནི་མྱ་ངན་འདས་འོག་དུ། །ནུབ་ཕྱོགས་ཨོ་ཌྱན་དག་གི་ཡུལ། །དྷ་ན་ཀོ་ཤའི་ལྷ་ལྕམ་ལ། །ཕ་མེད་བུ་སྟེ་བ་ཛྲ་ཧེ། །འདིས་ནི་དམ་པའི་བསྟན་པ་འཛིན། །ཞེས་དགའ་རབ་རྡོ་རྗེ་དང༌། དེ་ཡི་རྗེས་འཛིན་ནུབ་ཀྱི་ཕྱོགས། །བྲམ་ཟེའི་ཕྲུ་གུ་སྐལ་ལྡན་པ། །མཉྫུ་ཤྲཱི་པ་ཏི་ཅེས། །ལོ་ནི་བདུན་བཅུ་རྩ་ལྔར་འཛིན། །ཞེས་འཇམ་དཔལ་བཤེས་གཉེན་དང༌། །དེའི་རྗེས་སུ་སྐལ་ལྡན་ལ། །སོ་ཤ་གླིང་ཞེས་བྱ་བ་རུ། །ཁྱིམ་བདག་རིགས་སྐྱེས་ཤྲི་སིངྷ། །ཞེས་བྱ་བ་ཡིས་འཛིན་པར་འགྱུར། །ཞེས་ཤྲི་སིངྷ་དང༌། དེ་རྗེས་འཛིན་པ་གདོལ་པའི་རིགས། །ཛྙ་ན་སཱུ་ཏྲས་འདི་ཉིད་འཛིན། །ཞེས་ཛྙ་ན་སཱུ་ཏྲ་དང༌། དེ་རྗེས་འཛིན་པ་ཁྱིམ་བདག་རིགས། །ཕྱག་རྒྱ་རྒྱ་ཆེན་ངག་གིས་འཛིན། །ཞེས་བཱི་མ་ལ་རྒྱ་ཆེན་དང་མུ་དྲ་ཕྱག་རྒྱ་སྟེ་འདི་ལྟར་ན་བཱི་མ་ལུ་མུ་དྲ་དག་པར་ཀློང་ཆེན་པ་འཆད་ཏོ། །དེ་ཡིས་རྗེས་ལ་རྒྱལ་པོའི་རིགས། །སྤྲུལ་པ་ཕྱག་བརྙན་བཅས་པས་འཛིན། །ཞེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང༌། ཉང་ཏིང་འཛིན་བཟང་པོ། གཡུ་སྒྲ་སྙིང་པོ། པངས་མི་ཕམ་མགོན་པོ་སོགས་སུ་སྣང༌། དེ་ཡི་རྗེས་ལ་དགེ་སྦྱོང་གཟུགས། །ལྷུན་གྱི་རྒྱལ་མཚན་(ཐ༡༤བ)


PTT001_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

དག་གིས་འཛིན། །ཞེས་ལྡང་མ་ལྷུན་རྒྱལ། དེ་རྗེས་སིངྷ་ཤྲ་རས་འཛིན། །ཞེས་ལྕེ་བཙུན་སེང་གེ་དབང་ཕྱུག་འདི་མན་ནས་དགེ་སློང་དཔལ་ལྡན་རིག་འཛིན་ཀུ་མ་ར་ཛ་ཡིན་པར་དངོས་སུ་བསྟན་ནས་བློ་གྲོས་ཆེན་པོ་ཀློང་ཆེན་པ་ཉིད་དུ་བཞེད་པར་འདུག་ཀྱང་བར་དེ་དག་གོ་རིམ་མི་འབྱོར་བར་སྣང་ལ། ལྕེ་བཙུན་གྱི་འོག་དུ། དེ་རྗེས་ས་ལ་གནས་པ་ཡི། །བྱང་ཆུབ་སེམས་དཔའ་དག་གིས་འཛིན། །ཞེས་སྣང་བ་འདིས་སྙིང་ཐིག་འཛིན་པའི་དམ་པ་མང་པོ་ཞིག་ལྷན་ཅིག་དུ་ལུང་བསྟན་པ་སྙམ་སྟེ་མཁའ་འགྲོ་སྙིང་ཐིག་ལས། ས་ལ་གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་དཔལ་བར་བྱེད། །ཅེས་རྗེ་རང་བྱུང་པ་ལུང་བསྟན་པ་དང་ཡང་མཐུན་པར་སྣང་བས་རྗེ་རང་བྱུང་བ་དང་ཞང་སྟོན་ལ་སོགས་མང་པོ་ལུང་བསྟན་པར་གོའོ། །དེ་འོག་ལག་ན་རྡོ་རྗེ་ཡི། །སྤྲུལ་པ་བཛྲཱ་ཕ་ལས་འཛིན། །དེ་འོག་རྒྱལ་པོ་སེང་གེ་སྟེ། །བཟང་པོ་དག་གིས་འཛིན་པའོ། །དེ་འོག་སྒྲ་མཁས་དཔལ་འཛིན་ནོ། །དེ་འོག་ཡོ་གི་པྲ་བས་འཛིན། །དེ་འོག་རྒྱལ་པོ་ཁྲི་འོད་ཏོ། །དེ་འོག་དགེ་སློང་དཔལ་དང་ལྡན། །དེ་ནས་བློ་གྲོས་མཆོག་གིས་འཛིན། །དེ་ནས་མཁའ་འགྲོ་དཔལ་འཛིན་མས། །བསྟན་པ་འདི་ཉིད་བཟུང་ནས་ནི། །ཚེ་ལོ་བཅུ་པའི་དུས་ལ་དར། །དེ་ནས་མི་གནས་རང་ས་ན། །ཞེས་པ་འདི་རྣམས་ལས་ཕལ་ཆེར་སླར་འོང་དགོས་པ་སྙམ་ལ། བབས་ལུགས་ཆེན་མོར་ལོ་བརྒྱ་བརྒྱ་ན་བཱི་མ་ལའི་སྐུའི་བཀོད་པ་རེ་འབྱུང་བར་ལུང་བསྟན་དང་སྦྱར་ན་ལྡང་མ་མན་ཆོད་བཱི་མ་ལ་ཉིད་འབྱོན་པ་སྙམ་ལ། འོན་ཡང་ལོ་བརྒྱ་མི་སྤྱིར་བརྩིས་ནས་སྦྱར་བ་ཞིག་ཡིན་པ་སྙམ་དུ་སྐྱེས་སྟེ་དེས་ན་ཆོས་རྒྱལ་ཁྲི་སྲོང་དང་ཉང་དུས་མཉམ་ཡིན་མོད་ཀྱང་ཉང་དང་ལྡང་མའི་བར་དུ་མི་རབས་གསུམ་བཞི་ཡོད་པས་སྤྱིར་བརྩིས་ན་ལོ་བརྒྱ་རེ་ལ་རེ་རེ་འགྲིག་པ་ཅིག་ཏུ་དགོངས་པར་གདོན་མི་ཟ་ལ་(ཐ༡༥ན)


PTT001_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲ་མཁས་དཔལ་འཛིན་ནི་ཀློང་ཆེན་པ་ཉིད་དུ་གོའོ། །ཚེ་ལོ་བཅུ་པའི་འོག་དུ་འདིའི་གདུལ་སྐལ་རྫོགས་པས་བསྟན་པའི་བཙས་དང་བཅས་སྟེ་མཛེས་ལྡན་བཀོད་པའི་ཞིང་དང༌། ཡངས་པ་སྐྱོབ་པའི་ཞིང་དང༌། གཙུག་ཕུད་དབྱངས་ལྡན་གྱི་ཞིང་རྣམས་སུ་རིམ་པར་འཕར་ཞིང་དེ་རྣམས་ཀྱི་བསྟན་པ་བདུན་ཚན་རེ་རྫོགས་ནས་སྤྲུལ་སྐུའི་ཞིང་གངས་ཆེན་མཚོའི་ཐུགས་དཔལ་བེའི་ཐད་ཀྱི་འཇིག་རྟེན་སྟོངས་སྟེ་རྡོ་རྗེ་འཆང་ཆེན་པོའི་མཛད་པ་སྐོར་གཅིག་རྫོགས་ལ་སླར་དེའི་འཇིག་རྟེན་འོག་མ་ལ་བསྐལ་པ་ས་ཡ་དྲུག་འབུམ་དུ་འཕེལ་འགྲིབ་མེད་པར་གནས་པ་སོགས་ན་མཁའ་སྐྱེ་འགག་མེད་པ་ལ་སྤྲིན་སྐྱེ་འགག་དང་བཅས་པ་མི་འགལ་བའི་ཚུལ་གྱིས་ན་མཁའ་ཇི་སྲིད་པ་དེ་སྲིད་དུ་འཕྲིན་ལས་རྒྱུན་མི་ཆད་པའོ། །དེ་ཡང་སྤྱིར་ཚེ་ལོ་དཔག་མེད་ནས་ཚེ་ལོ་སྟོང་གི་བར་ནི་སྐུའི་བསྟན་པའི་དུས། དེ་ནས་བདུན་བཅུའི་བར་གསུང་གི་བསྟན་པ། དེ་ནས་བཅུ་པའི་བར་ཐུགས་ཀྱི་བསྟན་པའི་དུས་ནི་སྤྱིར་བཏང་ཡིན་ལ། བྱེ་བྲག་དུ་བསྟན་པ་དངོས་ཀྱི་ཚད་ནི་སྐུའི་བསྟན་པ་ལོ་ལྔ་བརྒྱ་ལྔ་སྟོང་ཕྲག་གསུམ། གསུང་དང་ཐུགས་ནི་ལྔ་བརྒྱ་ལྔ་སྟོང་ཕྲག་རེའོ། །དེ་ལ་སྐུའི་བསྟན་པའི་དུས་ན་རྡོ་རྗེ་ནི་ཨོ་ཌྱན་གྱི་ཡུལ་གྱི་ལན་ཚྭའི་རྒྱ་མཚོ་ལ་ཡོད་སྟེ་སྐབས་སུ་འོད་དང་སྒྲ་དང་དགེ་སློང་རྫུ་འཕྲུལ་ཅན་མང་པོའི་སྤྲུལ་པ་འབྱུང་ངོ༌། །ཡི་གེ་དང་སྐུ་ནི་རྡོ་རྗེ་གདན་གྱི་དཔག་ཚད་ལྔ་བརྒྱའི་ན་མཁའ་ལ་བཞུགས་སྟེ་མཁའ་འགྲོ་མས་འཛིན་ཞིང་མཆོད་ཏོ། །གསུང་གི་བསྟན་པའི་དུས་ན་རྡོ་རྗེ་ནི་རི་མ་ལ་ཡ་ལག་ན་རྡོ་རྗེའི་གནས་ན་གནོད་སྦྱིན་རྣམས་ཀྱིས་ཕྱག་བྱེད་ཏོ། །ཡི་གེ་ནི་རྡོ་རྗེ་གདན་གྱི་སྟེང་གི་ན་མཁར་གནས་སོ། །སྐུ་ནི་འཛམ་གླིང་ཐམས་ཅད་དུ་འཕར་ཞིང་འགྲོ་ལ་སྐབས་སུ་བསྟན་པ་ལ་གནོད་པ་བྱུང་ཚེ་ཞལ་ནས་ཧཱུྃ་སྒྲ་དང་སྤྱན་ལས་མེ་བྱུང་བས་ཟློག་གོ །ཐུགས་ཀྱི་བསྟན་(ཐ༡༥བ)


PTT001_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དུས་ན་རྡོ་རྗེ་ནི་རྡོ་རྗེ་གདན་གྱི་ན་མཁར་གནས་ལ་ཡི་གེ་རབ་ཏུ་ཁྲོས་པས་དྲང་སྲོང་གི་ཕུག་ན་གནས། སྐུ་ནི་སུམ་བཅུ་རྩ་གསུམ་གྱི་གནས་ལག་ན་རྡོ་རྗེའི་ཁང་བརྩེགས་ཅེས་བྱ་བའི་ཡང་ཐོག་ན་གནས་སྟེ་དེ་ལྟར་རང་བྱུང་གི་རྟེན་འདི་གསུམ་གྱིས་འཛམ་གླིང་འདི་གཞན་ལས་ཁྱད་པར་དུ་འཕགས་སོ། །དེ་ལ་སྤྱིར་ཐུན་མོང་སྡེ་སྣོད་གསུང་བའི་ཆ་ནས་བསྐལ་བཟང་འདི་ལ་སྟོན་པ་སྟོང་ཡིན་མོད་ཀྱང་འབྲས་བུ་གསང་སྔགས་རྫོགས་པ་ཆེན་པོ་སྟོན་པའི་དབང་དུ་བྱས་ནས་སྟོན་པ་བཅུ་གཉིས་སྟེ། རིག་པ་རང་ཤར་ཆེན་པོའི་རྒྱུད་ལས། ཐོག་མ་མེད་པའི་དུས་ཀྱི་ཚེ། །དེ་ཡི་ནོར་བུ་རིན་ཆེན་སྟོར། །ནོར་བུ་སྟོར་བའི་རང་བཞིན་གྱིས། །སྣང་མུན་གཉིས་ཀྱི་མཚམས་ནས་འོངས། །རྐྱེན་བཞི་དམིགས་པ་མ་དག་པས། །དགའ་ལྡན་བརྩེགས་པའི་ཡུལ་དུ་འོངས། །རྟེན་ནི་པདྨ་དག་པ་ཡིན། །གསང་སྔགས་རྒྱུད་ཆེན་བསྟན་པ་བཙུགས། །ཉེ་བའི་འཁོར་ནི་མི་འཁྲུགས་པའོ། །རྒྱུད་ཀྱི་རྒྱལ་པོ་ཐལ་འགྱུར་བཤད། །ཅེས་སོགས་དང་ཨ་ཏི་བཀོད་པའི་རྒྱུད་བཱི་མ་ལས་གཡུ་ཡིག་ཅན་དུ་དྲངས་པ་ལྟར། དང་པོ་ཚེ་ལོ་དཔག་མེད་ཀྱི་དུས་ཡུལ་དགའ་ལྡན་བརྩེགས་པར་སྔོན་གྱི་སྨོན་ལམ་རྗེས་སུ་དྲན་པས་སྟོན་པ་ཁྱེའུ་སྣང་བ་བསམ་གྱིས་མི་ཁྱབ་པ་ཅེས་བྱ་བ་པདྨ་གསེར་གྱི་མདོག་ཅན་སྟོང་གི་དབུས་མ་ལས་བརྫུས་སྟེ་འཁྲུངས་ཤིང་པདྨ་སྟོང་པར་ང་དང་འདྲ་བའི་སྤྲུལ་སྐུ་སྟོང་སྣང་བ་ནི་བསྐལ་བཟང་གི་སངས་རྒྱས་སྟོང་འབྱུང་བའི་ལྟས་དང་ན་མཁའ་འོད་ཀྱི་སྐར་མ་འབུམ་ཕྲག་དྲུག་བཅུ་རྩ་བཞི་སྣང་བ་རྫོགས་ཆེན་གྱི་རྒྱུད་དེ་ཙམ་འབྱུང་བའི་ལྟས་སུ་བྱུང་ལ་འོད་ཆེར་གསལ་བའི་སྐར་མ་བཅུ་བདུན་བྱུང་བ་ནི་རྒྱུད་ཀྱི་གཙོ་བོ་བཅུ་བདུན་གྱི་ལྟས་སོ། །དེ་ལྟར་འཁོར་ལྟ་བུར་སྣང་བའི་སངས་རྒྱས་སྟོང་དང་རྩ་གཉིས་ལ། སྒྲ་ཐལ་འགྱུར་གྱི་རྒྱུད་ལྷའི་བྱེའི་མཆུ་འགྱུར་གྱི་སྐད་ཀྱིས་བསྟན་སྟེ་ལྷའི་བུ་ཉི་མ་རབ་ཏུ་སྣང་བྱེད་དང་དགའ་(ཐ༡༦ན)


PTT001_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

བྱེད་དབང་ཕྱུག་ཞེས་བྱ་བ་སེམས་དཔའ་གཉིས་ཀྱིས་བསྡུས་སོ། །གཉིས་པ་ཚེ་ལོ་བྱེ་བ་གཅིག་གི་ཚེ་སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་ཉིད་འོད་ལྔའི་སྒོ་ང་ལས་འཁྲུངས་སྟེ་འཁོར་མཁའ་འགྲོ་མ་འབུམ་ཕྲག་གཉིས་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་ཁྱབ་འཇུག་ཟུར་ཕུད་ལྔ་པའི་སྐད་ཀྱིས་བསྟན་སྟེ་ཆོས་འདིས་གྲོལ་བའི་བུད་མེད་དེ་ཙམ་ཞིག་འབྱུང་བའི་ལྟས་སོ། །གསུམ་པ་ཚེ་ལོ་འབུམ་གྱི་ཚེ་གནས་དྲོད་གཤེར་འདུས་པ་འོད་དཀྱིལ་སྤུངས་པར་སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་འབུམ་ཕྲག་དྲུག་ལ་རླུང་གི་སྒྲ་མ་ར་ཤ་ཤུ་ལས་དྲངས་ནས་འཁོར་བ་དོང་སྤྲུགས་ལ་སོགས་པའི་རྒྱུད་གསུངས་སྟེ་སྐྱེས་པ་དེ་སྙེད་ཅིག་འདིས་གྲོལ་བའི་ལྟས་སོ། །བཞི་པ་ཚེ་ལོ་བརྒྱད་ཁྲི་པའི་ཚེ་གནས་ཆགས་འབྱུང་མངལ་དུ་སྣང་བར་སྟོན་པ་གཞོན་ནུ་རོལ་པས་རྣམ་པར་རྩེ་བས་འཁོར་གནོད་སྦྱིན་སྟོང་ལ་སེམས་སྡེ་རྩ་བའི་རྒྱུད་ལྔ་དང་ཡན་ལག་གི་རྒྱུད་དྲུག་སྟེ་བཅུ་གཅིག་བསྟན། ལྔ་པ་ནི་ཚེ་ལོ་བདུན་ཁྲི་པའི་ཚེ་སུམ་བཅུ་རྩ་གསུམ་གྱི་གནས་འཚོ་བྱེད་གཞོན་ནུའི་ལྡུམ་རར་དྲུག་པ་རྡོ་རྗེ་འཆང་གིས་འཁོར་སངས་རྒྱས་རབས་བདུན་དུ་སྣང་བ་རང་བཀོད་ནས་འབད་བཅས་འབད་མེད་གཉིས་ཀ་དང་ལྡན་པ་སྟེ་ཕར་ཕྱིན་དྲུག་གསུམ་བཅོ་བརྒྱད་ཀྱི་ཆོས་གསུངས། དྲུག་པ་ཚེ་ལོ་དྲུག་ཁྲི་པའི་ཚེ་རི་རབ་བྱང་ཤར་གྱི་བང་རིམ་སྟེང་དུར་ཁྲོད་མེ་རི་འབར་བར་སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞལ་གསུམ་ཕྱག་དྲུག་ན་རིགས་དྲུག་གི་གྲོང་ཁྱེར་འཛིན་པ་ཅིག་གིས་བྱང་སེམས་སྤྲིན་གྱི་ཤུགས་ཅན་སོགས་བདུན་དང་མཁའ་འགྲོ་དང་ལྷ་ཀླུ་དཔག་མེད་ལ་རིག་པ་རང་ཤར་ཆེན་པོའི་རྒྱུད་ལ་སོགས་པ་གསུངས། བདུན་པ་ནི་ཚེ་ལོ་ཁྲིའི་དུས་སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་ཕྱག་གཉིས་མདབ་བཟང་གི་བུ་འཛིན་པས་སྲིན་པོའི་ཡུལ་དུ་ལུའི་སྒྲ་དང་ལྡན་པའི་ཕུག་དུ་སྲིན་པོ་བྱེ་བ་(ཐ༡༦བ)


PTT001_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ལ་འདུལ་བའི་རྒྱུད་བཅུ་ལ་སོགས་པ་བསྟན། བརྒྱད་པ་ཚེ་ལོ་ལྔ་སྟོང་བའི་ཚེ་བྱ་རྒོད་ཕུང་པོའི་རིར་སྟོན་པ་དགྲ་བཅོམ་པ་གསེར་འོད་དམ་པས་ཉན་ཐོས་གྲངས་མེད་པ་ལ་འདུལ་བ་ཁྲི་ཕྲག་དཔག་མེད་གསུངས། དགུ་པ་ཚེ་ལོ་སྟོང་གི་དུས་སོག་པོ་གཡུའི་སྨིན་མ་ཅན་གྱི་ཡུལ་དུ་སྟོན་པ་བརྩེ་བས་རོལ་བའི་བློ་གྲོས་ཀྱིས་བྱང་ཆུབ་སེམས་དཔའ་དཔག་མེད་ལ་ཕྲ་རྒྱུད་བདུན་ལ་སོགས་པ་གསུངས། བཅུ་པ་ཚེ་ལོ་ལྔ་བརྒྱ་བའི་ཚེ་བྱ་རྒོད་ཕུང་རིར་སྟོན་པ་འོད་སྲུང་སྒྲེས་པོས་སྐར་མ་འོད་བཟང་སོགས་བདུན་ལ་ལུང་ཨ་ནུ་སོགས་ཁྲི་ཕྲག་བརྒྱད་བསྟན། བཅུ་གཅིག་པ་ནི་ཚེ་ལོ་སུམ་བརྒྱ་བའི་ཚེ་རྡོ་རྗེ་གདན་དུ་སྟོན་པ་མངོན་རྫོགས་རྒྱལ་པོས་རིགས་གསུམ་མགོན་པོ་ལ་ངེས་པའི་དོན་འབའ་ཞིག་གསུངས། བཅུ་གཉིས་པ་ནི་ཚེ་ལོ་བརྒྱ་པའི་དུས་ཝ་ར་ཎ་སི་ལ་སོགས་པར་སྟོན་པ་ཤཱཀྱའི་དབང་པོ་ཉིད་ཀྱིས་ཐེག་པའི་རིམ་པ་རྣམས་གསུངས་པ་སྟེ་སྟོན་པ་བཅུ་གཉིས་སོ། །ཅི་བསྐལ་བཟང་འདིར་སྔོན་བྱོན་པའི་སངས་རྒྱས་འཁོར་བ་འཇིགས་ལ་སོགས་པ་མི་འདྲེན་པར་མ་གྲགས་པ་དེ་དག་འདྲེན་པ་ཅི་ཞེ་ན། འདུས་པ་སོགས་ཀྱང་སངས་རྒྱས་ཤཱཀྱ་ཐུབ་པ་དང་མཐའ་མ་མོས་པ་མ་གཏོགས་པ་བསྐལ་བཟང་གི་སངས་རྒྱས་གཞན་ལ་ཐུན་མོང་གི་གདུལ་བྱ་སྔགས་ཀྱི་ཐེག་པ་མི་འབྱུང་བར་བཤད་པ་ཉིད་དང་ཁྱད་མེད་པར་རྫོགས་པ་ཆེན་པོ་ཉིད་གདུལ་བྱ་ལ་ཇི་ལྟར་སྣང་བ་བརྗོད་པ་ཡིན་ལ་འཇམ་དཔལ་རྩ་བའི་རྒྱུད་སྔོན་ཚེ་ལོ་དཔག་དུ་མེད་པའི་དུས་གཙང་མའི་གནས་སུ་གསུངས་པར་བཤད་པ་བཞིན་ནོ། །དེ་ལྟར་སྐུ་གསུམ་པོ་རེ་རེ་ལ་ཡང་སྐུ་གསུང་ཐུགས་ཀྱི་མཛད་པ་གསུམ་རེ་དང་དེ་རེ་རེ་ལ་ཕྱི་ནང་གསང་བ་ཡང་གསང་གི་མཛད་པ་བཞི་རེ་ཡོད་པས་སྐུ་གསུམ་པོ་རེ་རེ་ལ་སོ་སོའི་མཛད་པ་སོ་དྲུག་རེར་རྣམ་པར་འཇོག་ལ། སྟོན་པ་བཅུ་གཉིས་ལ་ཕུན་(ཐ༡༧ན)


PTT001_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་ལྔ་རེ་སྦྱར་བས་ཆོས་ཀྱི་རྣམ་གྲངས་དྲུག་བཅུ་ཞེས་བྱ་ལ་སྤྱིར་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་དང་ལྡན་ན་བསྟན་པའི་གཙོ་བོ་ཞེས་བྱ་ཞིང་མི་ལྡན་ན་ཁོལ་བུའི་སྟོན་པ་ཅེས་བྱ་ལ། དེ་ཡང་གནས་མི་འདྲ་བ་བཅུ་གཉིས་སུ་སྟོན་པ་སྐུ་མདོག་དང་ཕྱག་མཚན་མི་འདྲ་བ་བཅུ་གཉིས་སུ་བྱོན་སྟེ་གདུལ་བྱ་རིས་མི་འདྲ་བ་བཅུ་གཉིས་ཀྱི་ངོར་མཛད་པ་མི་འདྲ་བ་བཅུ་གཉིས་སྣང་བ་སྐུའི་བསྟན་པ་དང༌། དེས་ཆོས་མི་འདྲ་བ་བཅུ་གཉིས་བསྟན་པས་གདུལ་བྱའི་ངག་གི་འཆིང་བ་བཅུ་གཉིས་འགྲོལ་བ་གསུང་གི་བསྟན་པ་དང༌། ཐུགས་ཀྱི་དགོངས་པ་མི་འདྲ་བ་བཅུ་གཉིས་ཀྱིས་གདུལ་བྱའི་རྟོག་པ་མི་འདྲ་བ་བཅུ་གཉིས་འགྲོལ་བ་ཐུགས་ཀྱི་བསྟན་པ་སྟེ་དེ་ལྟར་བཅུ་གཉིས་ཚན་བརྒྱད་ཀྱིས་ཆོས་ཀྱི་རྣམ་གྲངས་དགུ་བཅུ་རྩ་དྲུག་གོ །དེ་ལྟར་སྐུ་གསུམ་དང་སྟོན་པ་བཅུ་གཉིས་ལ་སོགས་དང་སླད་ནས་འབྱོན་པའི་སངས་རྒྱས་བྱམས་པ་ལ་སོགས་པ་རྣམས་ཀྱང་རྣམ་པ་ཐ་དད་པར་བསྟན་ཡང་རང་བཞིན་ཐ་མི་དད་པའི་ཕྱིར་རྒྱལ་བ་དགོངས་པའི་བརྒྱུད་པ་ཅེས་བྱའོ། །སྟོན་པ་མྱ་ངན་ལས་འདས་ནས་ལོ་སུམ་བརྒྱ་དང་དྲུག་བཅུ་ན་ཨོ་ཌྱན་གྱི་ཡུལ་དྷ་ན་ཀོ་ཤའི་གླིང་བཀྲ་ཤིས་བདེ་བརྩེགས་ཀྱི་གཙུག་ལག་ཁང་ཞེས་བྱ་བ་གཙུག་ལག་ཁང་སྟོང་དང་དྲུག་བརྒྱའི་འཁོར་དང་ལྡན་པ་ཡོད་པ་ན་རྒྱལ་པོ་ཨུ་པ་རཱ་ཛཱ་དང་བཙུན་མོ་འོད་ལྡན་མའི་སྲས་མོ་མིའི་ལུས་ལས་འདས་པའི་དགེ་སློང་མ་གཞོན་ནུ་མ་ཞིག་རྒྱ་མཚོའི་གླིང་ན་བསམ་གཏན་བྱེད་པ་ན་མི་དཀར་པོ་འོད་དང་ལྡན་པ་ཅིག་གིས་ཤེལ་གྱི་བུམ་པ་ཡིག་ལྔས་སྤྲས་པ་ཅིག་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་སྤྱི་བོར་བཞག་སྟེ་དབང་སྐུར་བས་ལུས་བདེ་བས་གང་འོད་ཀྱིས་ཁམས་གསུམ་དུས་གཅིག་ལ་གསལ་བར་རྨིས་སྟེ་སད་ནས་བཤད་པ་ན་གཡོག་མོ་མཁའ་འགྲོ་མ་བུརྞེ་མི་ལུས་བཟུང་བ་དེ་ན་དེ་ཉིད་ལ་སངས་རྒྱས་ཀྱི་སྤྲུལ་པ་ཅིག་འཁྲུང་བའི་རྟགས་ལགས་སོ་(ཐ༡༧བ)


PTT001_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་སྟེ་རྡོ་རྗེ་སེམས་དཔའི་སྐུའི་བཀོད་པ་ལྷའི་བུ་ཀུན་དགའ་སྙིང་པོ་ཉིད་ལྷུམས་སུ་ཞུགས་སྟེ་ཅི་ཞིག་ན་ཁྱེའུ་འོད་དང་ལྡན་པ་ཅིག་རྩིབ་མའི་གོ་བར་ནས་བཙས་པས་སྐྲག་སྟེ་ཐལ་ཁུང་དུ་བོར་བས་འོད་དང་སྒྲ་དང་མེ་ཏོག་གི་ཆར་བྱུང་བས་ཕྱུང་བ་ན་མ་ཉམས་པར་འདུག་པས་ཁྲུས་གསོལ་བས་ལྷ་དང་མཁའ་འགྲོས་མཆོད་ཅིང་བསྟོད་ནས་དགའ་རབ་རྡོ་རྗེ་ཞེས་གྲགས་ཤིང་མྱུར་བར་སྐུ་རྫོགས་སྟེ་ལོ་བདུན་པ་ལ་པཎྜིཏ་ལྔ་བརྒྱ་དང་རྩོད་པ་བྱས་པས་སུས་ཀྱང་མ་ཐུབ་སྟེ་སྤྲུལ་པར་རིག་ནས་ཞབས་སྤྱི་བོར་བླངས། དེ་ནས་བྱང་ཕྱོགས་ཉི་མ་རབ་ཏུ་སྣང་བྱེད་ཀྱི་རི་བྲག་ཡི་དྭགས་དྲག་པོ་གནས་པར་འཇག་སྤྱིལ་དུ་ལོ་གསུམ་བཅུ་རྩ་གཉིས་ཏིང་འཛིན་མཛད་པས་ས་གཡོས་ཤིང་མུ་སྟེགས་ཀྱི་བསྟན་པ་ཉམས་པར་བྱས་ཅེས་པའི་སྒྲ་བྱུང༌། ཕྱུགས་རྫི་རྣམས་ཀྱིས་ཏིང་ངེ་འཛིན་ལས་སློང་མ་ནུས་པ་མུ་སྟེགས་ཀྱི་རྒྱལ་པོས་ཐོས་སྟེ་གཤེད་མ་བཏང་བས་སྐུ་ཉི་ཞུར་ལྟར་སྣང་བས་གནོད་མ་ནུས་སྟེ་སླར་ན་མཁའ་ལ་སྤྲིན་གྱི་གསེབ་ཏུ་གཤེགས་པས་དད་པར་གྱུར་སྟེ་སངས་རྒྱས་ཀྱི་བསྟན་པ་ལ་བཀོད། སྔོན་གི་སྟོན་པ་རྣམས་ཀྱིས་གསུངས་པའི་སྡེ་སྣོད་དང་རྫོགས་པ་ཆེན་པོ་འབུམ་ཕྲག་དྲུག་བཅུ་རྩ་བཞི་ཐུགས་ལ་མངའ་བ་དེ་རྡོ་རྗེ་སེམས་དཔས་མངོན་སུམ་དུ་གནང་བ་བྱིན་ནས་མ་ལ་ཡའི་རྩེར་རྡོ་རྗེ་དབྱིངས་ཀྱི་མཁའ་འགྲོ་མ་དང་ཡོན་ཏན་མཐའ་ཡས་པའི་མཁའ་འགྲོ་མ་དང་གསུམ་གྱིས་གླེགས་བམ་དུ་བཀོད། མཁའ་འགྲོ་མ་སེམས་ལྡན་མ་མཆོད་པ་པོར་རྗེས་སུ་གནང་སྟེ་མཁའ་འགྲོ་མངོན་བྱུང་གི་ཕུག་དུ་བཞུགས་སོ། །དེ་ནས་སློབ་དཔོན་ཉིད་རྡོ་རྗེ་གདན་གྱི་བྱང་ཤར་དཔག་ཚད་ལྔ་ན་དུར་ཁྲོད་གསིལ་བའི་ཚལ་ཡོད་པར་ཁྱབ་འཇུག་གི་བུ་མོ་གཅེར་བུ་ལ་ཆིབས་སྟེ་བྱོན་ནས་དབུས་ཀྱི་མཆོད་རྟེན་གྱི་རྩར་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་ཏོ། །དེའི་ཚེ་རྡོ་རྗེ་གདན་གྱི་ནུབ་ཕྱོགས་རིམ་པ་གཉིས་པའི་གྲོང་ན་བྲམ་ཟེའི་རིགས་འཇམ་དཔལ་བཤེས་གཉེན་ཞེས་བྱ་བ་རིག་པའི་གནས་(ཐ༡༨ན)


PTT001_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་མཐར་ཕྱིན་པ་ཅིག་ལ་འཇམ་དཔལ་རྣོན་པོས་ལུང་བསྟན་སྟེ་གསིལ་བའི་ཚལ་དུ་བྱོན་ནས་ལོ་དོན་ལྔར་ཆོས་མཉན་སྟེ་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ལྔ་བརྒྱ་དང་བཞི་བཅུ་ལོན་པའི་ཚེ་ཆུ་བོ་དན་ཏིག་གི་མགོར་དགའ་རབ་རྡོ་རྗེ་འོད་ཕུང་དུ་ཡལ་སྟེ་འོད་ཀྱི་དཀྱིལ་ནས་འདས་རྗེས་ཀྱི་གླེགས་བམ་བབས་པ་གཟིགས་པ་ཙམ་གྱིས་འཇམ་དཔལ་བཤེས་གཉེན་ཉིད་དགའ་རབ་རྡོ་རྗེ་དང་རྟོགས་པ་མཉམ་པར་གྱུར་སྟེ་རྫོགས་པ་ཆེན་པོ་འབུམ་ཕྲག་རྩ་བཞི་བསྡུས་ནས་གནས་པ་སེམས་ཀྱི་སྡེ། བྱ་བྲལ་ཀློང་གི་སྡེ། གནད་མན་ངག་གི་སྡེ་དང་གསུམ་དུ་ཕྱེ། གནད་ལས་ཟབ་པ་སྙིང་གི་ཐིག་ལེའི་སྐོར་ལ་བཤད་རྒྱུད་དང་རྣར་རྒྱུད་གཉིས་སུ་ཕྱེ་ནས་རྣར་རྒྱུད་མཆན་དུ་བཏབ། བཤད་རྒྱུད་སྙིང་གི་ཐིག་ལེ་དཔེལ་བའི་གནས་མ་རྙེད་ནས་རྡོ་རྗེ་གདན་དུ་སྦས། སློབ་དཔོན་ཉིད་རྡོ་རྗེ་གདན་གྱི་ནུབ་ཕྱོགས་དུར་ཁྲོད་སོ་ས་གླིང་དུ་ལོ་བརྒྱ་དང་རྩ་དགུར་བཞུགས་སོ། དེའི་ཚེ་རྒྱ་ནག་གི་ཡུལ་དུ་ཁྱིམ་བདག་གི་བུ་ཤྲཱི་སིངྷ་ཞེས་བྱ་བ་རིག་གནས་ལ་མཁས་པ་ཅིག་ལ་སྤྱན་རས་གཟིགས་ཀྱིས་འཇམ་དཔལ་བཤེས་གཉེན་གྱི་དྲུང་དུ་སོང་ཞིག་པར་ལུང་བསྟན། དེས་ཀྱང་མྱུར་དུ་རྟོགས་པར་བྱ་བའི་ཕྱིར་གསང་སྔགས་མཐའ་དག་སྦྱངས་ཤིང་རབ་ཏུ་བྱུང༌། སླར་ཡང་ཐུགས་རྗེ་ཆེན་པོས་བསྐུལ་སྟེ་ཚེའི་རིག་འཛིན་དང་རྫུ་འཕྲུལ་བསྒྲུབས་ནས་འཇམ་དཔལ་བཤེས་གཉེན་དང་མཇལ་སྟེ་ལོ་ཉེར་ལྔར་བསྟེན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་བརྒྱ་སུམ་བཅུ་འདས་པའི་ཚེ་སློབ་དཔོན་འོད་ཕུང་དུ་ཡལ་སྟེ་འདས་རྗེས་ཤྲཱི་སིངྷའི་ཕྱག་དུ་བབས་པས་རྟོགས་པ་མཉམ་པར་གྱུར། དེ་ནས་ལོ་བརྒྱ་དང་ཉེར་ལྔ་ན་འཇམ་དཔལ་བཤེས་གཉེན་ཉིད་ནུབ་ཕྱོགས་སུ་པདྨ་ལས་བརྫུས་སྟེ་སྐྱེས་ནས་འཇམ་དཔལ་བཤེས་གཉེན་ཕྱི་མར་གྲགས་སྟེ་འདིས་སློབ་དཔོན་པདྨ་འབྱུང་གནས་ལ་གསང་སྔགས་མཐའ་དག་བསྟན་ཞིང༌། ཨཱརྻ་དེ་ཝ་ལ་གདམས་པ་སྙིང་ཐིག་(ཐ༡༨བ)


PTT001_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་པས་འོད་དུ་ཡལ་ལོ། །འདིས་སངས་རྒྱས་ཡེ་ཤེས་ཞབས་རྗེས་སུ་བཟུང་སྟེ་འཇམ་དཔལ་ཞལ་ལུང་ནི་རྫོགས་པ་ཆེན་པོ་དང་ཐ་མི་དད་པར་འགོས་གཞོན་ནུ་དཔལ་འཆད་ཏོ། །འཇམ་དཔལ་བཤེས་གཉེན་འདས་པའི་འོག་དུ་ཤྲཱི་སིངྷས་མན་ངག་གི་དཔེ་ཕྱུང་ནས་ཐིག་ལེའི་སྐོར་ལ་ཕྱི་སྐོར་ནང་སྐོར་གསང་སྐོར་གསང་བ་བླ་ན་མེད་པའི་སྐོར་སྟེ་བཞིར་ཕྱེ་ནས་སྔ་མ་གསུམ་གཏེར་དུ་སྦས། གསང་བ་བླ་ན་མེད་པ་ནི་ཉིད་ཀྱི་ཐུགས་ལ་གབ་པ་ལས་སླར་མཁའ་འགྲོས་ལུང་བསྟན་སྟེ་དེ་ཉིད་དུ་སྦས། ཉིད་གསིལ་སྦྱིན་གྱི་དུར་ཁྲོད་ཏུ་བཞུགས་སོ། །དེའི་ཚེ་རྒྱ་གར་ནུབ་ཕྱོགས་སུ་ཁྱིམ་བདག་གི་བུ་ལས་རབ་ཏུ་བྱུང་བ་བི་མ་ལ་མི་ཏྲ་དང་ཤར་ཕྱོགས་སུ་གདོལ་པའི་རིགས་ལས་རབ་ཏུ་བྱུང་བ་ཛྙཱ་ན་སཱུ་ཏྲ་ཅེས་བྱ་བ་མཁས་པ་མཐར་ཕྱིན་པ་གཉིས་རྡོ་རྗེའི་གདན་ན་པཎ་ཆེན་ལྔ་བརྒྱའི་གཙོ་བོར་བཀུར་ཞིང་སྔོན་དཔུན་དུ་གྱུར་པས་གཉི་ག་ཐུགས་ཤིན་དུ་གཅུགས་པར་གནས་པ་ལས་སྐྱོ་སེང་ལ་བྱོན་པའི་སར་ན་མཁའ་ལ་རྡོ་རྗེ་སེམས་དཔའ་བྱོན་སྟེ་ཁྱེད་གཉིས་སྐྱེ་བ་ལྔ་བརྒྱར་པཎྜི་ཏར་གྱུར་ནས་ཆོས་སྤྱད་ཀྱང་ཅི་ཡང་མ་ཐོབ་ཀྱིས་ཚེ་འདིར་འཚང་རྒྱ་བར་འདོད་ན་རྒྱ་ནག་བྱང་ཆུབ་ཤིང་དྲུང་གི་ལྷ་ཁང་དུ་སོང་ཞིག་པར་བསྐུལ་བ་ན་བཱི་མ་ལ་བརྩོན་འགྲུས་ཆེ་བས་དེ་མ་ཐག་བྱོན་སྟེ་རྣ་རྒྱུད་དང་ཕྱི་ནང་གསང་གསུམ་གྱི་མན་ངག་གཉན་ནས་ཚིམ་སྟེ་རྒྱ་གར་དུ་ལོག །ཛྙཱ་ན་སཱུ་ཏྲ་དང་མཇལ་བས་ལུང་བསྟན་དྲན་སྟེ་སངས་རྒྱས་ཀྱི་སྤྲུལ་པ་དེ་ད་ལྟ་བཞུགས་སམ་དྲིས་ནས་དེ་མ་ཐག་བྱོན་སྟེ་བྱིན་རླབས་ཀྱིས་ཉིན་གཅིག་ལ་ཟླ་བ་དགུའི་ལམ་བགྲོད་དེ་སླེབ་པ་ན་བུད་མེད་མཛེས་མ་ཆུའི་བུམ་པ་ཁུར་བ་ཞིག་གིས་བཀྲ་ཤིས་ཁྲི་སྒོར་སོང་ཞིག་པར་ལུང་བསྟན། དེར་ཕྱིན་པ་ན་མཁའ་འགྲོ་མ་སྤྱོད་མས་དུར་ཁྲོད་གསིལ་སྦྱིན་དུ་སོང་ཞིག་པར་ལུང་བསྟན་སྟེ་ཕྱིན་པ་ན་ཤྲཱི་སིངྷ་ཐོད་པའི་ཁང་བརྩེགས་ཀྱི་ནང་ནས་ཁྱབ་འཇུག་གི་སྟན་ལས་བཞེངས་སྟེ་ཕྱག་སོར་མོ་གསུམ་གྱེན་ལ་ཕྱར་བས་ལོ་གསུམ་ན་(ཐ༡༩ན)


PTT001_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

གནང་བར་གོ་སྟེ་དེའི་བར་བླ་མའི་ཁོལ་པོ་མཐའ་དག་བྱས། དེ་ནས་ལོ་དགུར་རྣ་རྒྱུད་དང་ཕྱི་ནང་གསང་གསུམ་གནང་སྟེ་འདི་ལ་དཔེ་ཞིག་ཡོང་ཐང་སྙམ་པ་ན་དཔེ་རྣམས་ཕྱུང་སྟེ་གནང༌། ཐུགས་ཚིམ་ནས་འགྲོ་བར་ཆས་པ་ན་ཚིམ་མམ་གསུངས། ཚིམ་ལགས་ཞུས་པས་གཏད་པ་མེད་གསུང་བས་སླར་གདམས་པ་ཁྱད་པར་བ་ཡོད་པར་ཤེས་ནས་གསོལ་བ་བཏབ་པས་སྤྲོས་བཅད་ཀྱི་དབང་རྫོགས་པར་བསྐུར་ནས་གསང་བ་བླ་མེད་ཀྱི་གདམས་ངག་ལོ་གསུམ་དུ་གནང༌། འདི་རྣམས་ཀྱི་གླེགས་བམ་ནི་དུས་ལ་བབ་པའི་ཚེ་ཁྱོད་ཉིད་ལ་སྣང་བར་འགྱུར་རོ་ཞེས་ལུང་བསྟན། གདམས་ངག་ཐོབ་པས་ད་ནི་ཉམས་སུ་བླང་བཞིན་པས་བླ་མའི་ཞབས་ཏོག་བྱའོ་སྙམ་པ་ན་སླར་སྤྲོས་མེད་ཀྱི་དབང་རྫོགས་པར་བསྐུར་སྟེ་ལོ་གཅིག་དུ་འཁོར་འདས་རུ་ཤན་འབྱེད་པའི་སྤྱོད་པ་ཚར་ཕྱིན་ཤིན་དུ་སྤྲོས་མེད་ཀྱི་དབང་བསྐུར་བས་ངེས་ཤེས་ཁྱད་པར་ཅན་སྐྱེས། རབ་ཏུ་སྤྲོས་མེད་ཀྱི་དབང་རྫོགས་པ་ན་བརྟན་པ་ཐོབ་སྟེ་ལོ་བཅུ་དྲུག་དུ་བླ་མའི་མཛད་སྤྱོད་ལྟ་ཞིང་ཉམས་སུ་བླངས། དེའི་དུས་ཤྲཱི་སིངྷ་ཉིད་བརྟུལ་ཞུགས་སུ་རླུང་འཛིན་གྱི་སྤྱོད་པ་དང་ཁྲོ་བོ་དང་ཧེ་རུ་ཀའི་ཆ་བྱད་ཀྱིས་དུར་ཁྲོད་ཉུལ་བ་དང་འབྱུང་བཞིའི་རྟེན་འབྲེལ་སོགས་མ་ངེས་པའི་སྤྱོད་པ་མཛད་ཏོ། །དེའི་ཚེ་རྒྱལ་པོ་དཔལ་བྱིན་གྱིས་སྤྱན་དྲངས་ནས་སེང་གེ་དཀར་པོ་ཡན་ལག་དྲུག་ལྡན་ལ་བཅིབས་སྟེ་གཤེགས། ཞག་བདུན་ན་ས་གཡོ་བ་དང་སྒྲ་དང་འོད་བྱུང་སྟེ་མྱ་ངན་ལས་འདས་པར་ཤེས་ནས་གསོལ་བ་བཏབ་པས་ཞལ་ཆེམས་གཟེར་བུ་བདུན་པ་ཛྙཱ་ན་སཱུ་ཏྲའི་ཕྱག་དུ་བབས་སྟེ་གསང་བའི་མན་ངག་རྣམས་བཀྲ་ཤིས་ཁྲི་སྒོའི་ཀ་བའི་ཁོང་ནས་ལོང་ལ་དུར་ཁྲོད་བ་སིང་གི་ནགས་ལ་སོང་ཞིག་པར་ལུང་བསྟན་ཐོབ་སྟེ་འདིའི་ཚེ་འདས་ལོ་དགུ་བརྒྱ་དང་བརྒྱད་བཅུ་བཞི་ལོན་ནོ། །དེ་ནས་གླེགས་བམ་རྣམས་ཕྱུང་སྟེ་རྡོ་རྗེ་གདན་གྱི་ཤར་ཕྱོགས་ཐག་རིང་པོ་ན་དུར་ཁྲོད་བ་སིང་ཡོད་པར་བྱོན་ནས་མཁའ་འགྲོ་མ་རྣམས་ལ་ཆོས་སྟོན་(ཐ༡༩བ)


PTT001_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

ཏོ། །དེའི་ཚེ་བཱི་མ་ལ་དུར་ཁྲོད་གཞན་ཞིག་དུ་སྤྱོད་པ་ལ་བྱོན་པ་ན་མཁའ་འགྲོ་མ་དཔལ་གྱི་བློ་གྲོས་ཀྱིས་སྔ་མ་ལས་ཆེས་ཟབ་པ་གསང་བ་སྙིང་ཐིག་གི་མན་ངག་ཡོད་ཀྱིས་བ་སིང་དུ་སོང་ཞིག་པར་བསྐུལ་ནས་སྐད་ཅིག་གིས་བྱོན་པ་ན་ཛྙཱ་ན་སཱུ་ཏྲ་བཞུགས་ཤིང་གདའ་ནས་ཐེ་ཚོམ་མེད་པར་རྗེས་སུ་འཛིན་པར་ཞུས་པས་མཛོད་པུ་ནས་འོད་ཟེར་མཐའ་ཡས་པ་བཀྱེ་སྤྱན་གྱེན་དུ་ལྡོག་པས་ལོངས་སྐུའི་ཞིང་ཁམས་དཔག་མེད་བསྟན་སྟེ་ཡིད་འཆེས་སྐྱེད་ནས་སྤྲོས་བཅས་ཀྱི་དབང་བསྐུར་བས་བཱི་མ་ལའི་མཛོད་པུའི་སྒོ་བྱེ། སྤྲོས་མེད་ཀྱི་དབང་བསྐུར་བས་བ་སྤུའི་སྒོ་ནས་འོད་བྱུང༌། ཟླ་བ་དྲུག་གིས་འཁོར་འདས་ཀྱི་རུ་ཤན་ཕྱེ་སྟེ་ཤིན་དུ་སྤྲོས་མེད་ཀྱི་དབང་བསྐུར་བས་ཉམས་མྱོང་ཁྱད་པར་ཅན་སྐྱེས་སྟེ་ཤངས་ཀྱི་རྩེར་ཨ་དཀར་པོ་འཁྲིག་ལ་ཁད་པ་བྱུང༌། རབ་ཏུ་སྤྲོས་མེད་ཀྱི་དབང་བསྐུར་བས་སེམས་ཉིད་ཟང་ཐལ་དུ་སོང༌། གདམས་པ་ཐམས་ཅད་ཡོངས་སུ་རྫོགས་སྟེ་འདིའི་ཚེ་སློབ་དཔོན་གཉི་གས་ལོ་བརྒྱ་དང་གསུམ་རེ་ལོན། དེ་ནས་ལོ་བཅུ་ན་ཛྙཱ་ན་སཱུ་ཏྲ་ཟག་བཅས་ཀྱི་ལུས་མི་སྣང་བར་ཡལ་སྟེ་བཱི་མ་ལའི་ཕྱག་དུ་འདས་རྗེས་བབས་པས་རྟོགས་པ་མཉམ་པར་གྱུར་སྟེ་འདིའི་ཚེ་འདས་ལོ་དགུ་བརྒྱ་གོ་བཞིའོ། །བཱི་མ་ལ་ཉིད་ནི་ཀ་མ་རུའི་རྒྱལ་པོ་དང་ནུབ་ཕྱོགས་ཀྱི་རྒྱལ་པོ་དྷརྨ་པ་ལའི་མཆོད་གནས་ལོ་ཉི་ཤུ་རེ་མཛད་ནས་དུར་ཁྲོད་རབ་ཏུ་སྣང་བྱེད་ཏུ་མཁའ་འགྲོ་དབང་དུ་སྡུད་པའི་སྤྱོད་པ་སྣ་ཚོགས་མཛད་ཅིང་གསང་བ་མཆོག་གི་དཔེ་རྣམས་ཚར་གསུམ་དུ་བྲིས་ནས་ཨོ་ཌྱན་གྱི་ཡུལ་རྒྱ་མཚོ་གསེར་གྱི་བྱེ་མ་བརྡལ་བའི་གླིང་དང་ཁ་ཆེའི་མཐའ་འཁོབ་རིགས་ངན་གྱི་གྲོང་གསེར་གླིང་གི་བྲག་སྐྱིབས་དང་དུར་ཁྲོད་དེ་ཉིད་རྣམས་སུ་རེ་རེ་སྦས་སོ། །སྤྱིར་འཛམ་གླིང་ན་མཁའ་འགྲོ་ངེས་པར་འདུ་བའི་དུར་ཁྲོད་བརྒྱ་དང་བཅུ་གསུམ་ལས་སྤྱོད་པའི་གནས་དྲུག་ཉམས་སྦྱོང་བའི་གནས་བཅུ་བཞི་དམ་ཚིག་སྐོང་བའི་གནས་བརྒྱད་འདོད་ཅིང་འདུན་པའི་གནས་བཞི་སྟེ་སོ་གཉིས་རྒྱ་གར་ན་ཡོད་ལ་ཨོ་ཌྱན་ན་བརྒྱད། (ཐ༢༠ན)


PTT001_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་ཆེ་ན་བཅུ་ལི་དང་ཧོར་ན་ལྔ་མི་ཉག་དང་ཟ་ཧོར་ན་བཅུ་རྒྱ་ཡུལ་ན་སོ་གཅིག་བོད་ན་གཉིས་ལྷག་མ་ཡུལ་གྲུ་གཞན་ན་ཁ་འཐོར་དུ་ཡོད་ལ་དེ་རྣམས་ཀྱི་ནང་ནས་དུར་ཁྲོད་ཆེན་པོ་བརྒྱད་ནི་རང་བཞིན་གྱི་མཁའ་འགྲོའི་གཙོ་མོ་གནས་པས་མཆོག་ཡིན་ལ་དེ་དག་ན་མཆོད་རྟེན་རེ་ཆུ་རེ་ལྷ་འདྲེ་དྲག་པོ་རེ་མ་མོ་རེ་གྲུབ་པའི་སློབ་དཔོན་རེ་དངོས་གྲུབ་རེ་ཡོད་ཅིང་ལྷ་དང་མ་མོ་དེ་དག་ལ་སྒྲུབ་ཐབས་ཟབ་མོ་རེ་ཡང་ཡོད་ལ་དུར་ཁྲོད་དངོས་དེ་རྣམས་སུ་སུས་ཀྱང་མ་བསྐྱལ་བར་གླིང་བཞི་གའི་སེམས་ཅན་གྱི་རོ་རང་བཞིན་གྱིས་འདུ་ཞིང་མཆོག་གི་དངོས་གྲུབ་འཐོབ་ལ་དུར་ཁྲོད་དངོས་དེ་དག་ནི་རྙེད་པར་ཤིན་དུ་དཀའ་ལ་རོ་མིས་སྐྱེལ་བའི་དུར་ཁྲོད་རྣམས་ནི་མི་མ་ཡིན་གདུག་པ་དང་ཤ་ཟ་མཁའ་འགྲོའི་གནས་སྟེ་བར་ཆད་ཀྱང་མང་ཐུན་མོང་གི་དངོས་གྲུབ་ཀྱི་གནས་ཙམ་དུ་ཟད་ཅིང་དུར་ཁྲོད་གཙོ་བོ་བརྒྱད་པོ་དང་མིང་གཅིག་པ་ཙམ་ནི་ཤིན་དུ་མང་ལ་བོད་ཀྱི་གཉིས་ནི་གཞོའི་ཏི་སྒྲོ་མཁའ་འགྲོ་རེས་འགའ་འདུ་བའི་གནས་དང་ཙཱ་རི་ནི་མཆོག་གི་དངོས་གྲུབ་འཐོབ་པའི་གནས་ཡིན་པར་ལམ་ཡིག་ཅུང་ཟད་དང་བཅས་བཤད་ཅིང་འདིའི་ཡང་གནས་ཀྱི་སྙིང་པོ་ནི་མཁའ་འགྲོ་མ་ཁྲུས་བྱེད་ཀྱི་མཚོ་འོ་མ་ལྟ་བུ་ལ་སྔོ་དམར་གྱི་རི་མོ་ཡོད་པའི་དབུས་ན་ཤེལ་གྱི་མཆོད་རྟེན་སྒོ་བདུན་བཅུ་རྩ་བདུན་པ་ལྷ་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ་བཞུགས་པར་བཤད་ལ། འཛམ་གླིང་གི་གྲུབ་པའི་གནས་དེ་ཐམས་ཅད་དུ་བཱི་མ་ལས་སྤྱོད་པ་མཛད་ལ་ཙཱ་རི་ན་ཡང་མུ་སྟེགས་ཀྱི་རྣལ་འབྱོར་པ་བཏུལ་བའི་བཱི་མ་ལའི་ཞབས་རྗེས་ཡོད་ཏོ། །འདི་ཡན་ནི་མཆོག་གི་དངོས་གྲུབ་ཐོབ་པའི་རིག་འཛིན་བརྡ་དང་བྱིན་རླབས་ཀྱིས་གྲོལ་བའི་ཕྱིར་རིག་འཛིན་བརྡའི་བརྒྱུད་པ་ཅེས་བྱའོ། །འདི་ཕྱིན་ནི་གང་ཟག་སྙན་ཁུང་དུ་བརྒྱུད་པ་ཅེས་བྱ་སྟེ་སྤྲུལ་པའི་གང་ཟག་ཆོས་རྒྱལ་རྗེ་བློན་ལྟ་བུ་དང་ལམ་ལ་དབང་བའི་གང་ཟག་ས་ལམ་ཐོབ་པ་དང་མོས་པས་སྤྱོད་པའི་སྐལ་ལྡན་གྱི་སྒྲུབ་པོ་རྣམས་རྣ་བའི་དབང་པོར་(ཐ༢༠བ)


PTT001_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

མིང་ཚིག་གི་རྣམ་པའི་གདམས་པ་བཏབ་པས་རྒྱུད་གྲོལ་སྟེ་བླ་མའི་རྟོགས་པ་སློབ་མའི་རྒྱུད་ལ་འཕོ་བས་གདམས་པའི་བྱིན་རླབས་ཀྱི་རྒྱུན་མ་ཆད་པའི་དོན་ནོ། །དེའི་ཚེ་བོད་ཡུལ་དུ་འཇམ་དཔལ་དང་སྤྱན་རས་གཟིགས་ཐ་མི་དད་པའི་སྐུའི་བཀོད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དུ་བསྟན་སྟེ་བསམ་ཡས་ལ་སོགས་པའི་གཙུག་ལག་ཁང་བཞེངས། དམ་པའི་ཆོས་བསྒྱུར་ནས་དར་ཞིང་རྒྱས་པའི་ཚེ་རྒྱལ་པོས་གསང་སྔགས་ཀྱི་ཆོས་ཁྱད་པར་བ་ཡོད་པར་མཁྱེན་ཞིང་ཐོག་མར་རྒྱལ་བུའི་དུས་ཀྱི་སྐུ་རྫི་ཕྱིས་རབ་ཏུ་བྱུང་བ་མྱང་ཏིང་འཛིན་བཟང་པོ་ཅེས་བྱ་བ་ལོ་བདུན་དུ་ཏིང་ངེ་འཛིན་གཅིག་ལ་མཉམ་པར་བཞག་པ་ཤའི་སྤྱན་གྱིས་གླིང་བཞི་པའི་འཇིག་རྟེན་ཐམས་ཅད་གཅིག་ཅར་གཟིགས་པས་མྱང་བན་ཤའི་སྤྱན་ཅན་ཞེས་གྲགས་པ་དེས་ཀྱང་བསྐུལ་སྟེ་བཱི་མ་ལ་རྒྱལ་པོའི་མཆོད་གནས་སུ་བཞུགས་པ་ལ་སྤྱན་འདྲེན་པར་ཀ་ཅོག་གཉིས་མངགས་སྟེ་བཱི་མ་ལས་ཀྱང་གདམས་ངག་གི་མཆོག་ཐམས་ཅད་བསྣམས་ཨ་ཙ་ར་སའི་སྙིང་པོ་གཡོག་དུ་ཁྲིད་ནས་བོད་དུ་བྱོན། རྒྱ་གར་བ་ཐམས་ཅད་ཀྱི་རྨི་ལམ་འཁྲུགས་ཤིང་ཤིང་རྩི་དང་མེ་ཏོག་ཐམས་ཅད་ཀྱང་ཁ་བོད་དུ་བལྟས། མཁའ་འགྲོ་མ་ཐམས་ཅད་གྱིས་ཆོ་ངེས་བཏབ། ཆུ་ཚོད་ཀྱི་རྩིས་ཐམས་ཅད་ཀྱང་འཁྲུགས་པས་ཅིས་ལན་བརྟགས་པ་ན་བུད་མེད་མཁའ་འགྲོ་མ་ཞིག་ན་རེ་པཎྜིཏ་མཁས་པ་ཅིག་འབྲས་བུ་གསང་སྔགས་ཀྱི་སྙིང་པོ་ཐམས་ཅད་དཔེ་ཙམ་ཡང་མ་བཞག་པར་བསྣམས་སྟེ་བོད་དུ་བྱོན་པས་ལན་ཟེར་བ་དང་རྒྱ་གར་བ་རྣམས་ཀྱིས་བོད་ཐེ་ཚོམ་སྐྱེད་པའི་ཕྱིར་རྐང་མགྱོགས་པ་བཏང་སྟེ་བཱི་མ་ལའི་སྔུན་དུ་བོད་དུ་སླེབས་པར་བྱས་ནས་ཕྲ་མེན་གྱི་ངན་སྔགས་མཁན་པོ་ཅིག་ཁྲིད་སོང་ངོ་ཞེས་བསྒྲགས་པས་པཎྜིཏ་བསམ་ཡས་སུ་ཕེབས་ཀྱང་བོད་རྣམས་ཐེ་ཚོམ་ཟོས་སྟེ་རྒྱལ་པོ་དང་མ་མཇལ། དབུ་ཚལ་དུ་ལྡེར་ཚོ་ལ་ཕྱག་མཛད་པས་ལྡེར་ཚོ་ས་ཕུང་དུ་ཞིག་པས་སླར་ལ་ཐེ་ཚོམ་ཆེར་(ཐ༢༡ན)


PTT001_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེས། ཡང་བཱི་མ་ལས་ས་ཕུང་གི་སྤྱི་བོར་ཕྱག་བཞག་ཅིང་དབུའི་ཞྭ་བཀོན་པ་ཙམ་གྱིས་སྔ་མ་ལས་ཆེས་ལེགས་ཤིང་འོད་དང་ལྡན་པར་གྱུར། ཐེ་ཚོམ་སེལ་ཕྱིར་སྐྱབས་འགྲོ་ཡན་ལག་དྲུག་པ་ཡང་མཛད་པས་ཡིད་འཆེས་སྟེ་རྒྱལ་པོས་ཕྱག་མཛད་པའི་ཚེ་རྒྱལ་པོའི་ཐུགས་ཀར་རིགས་གསུམ་མགོན་པོ་བཀྲ་ལམ་མེ་བཞུགས་པ་བཱི་མ་ལས་གཟིགས་ཤིང་སྣོད་དག་པ་གཞན་འགས་ཀྱང་མཐོང༌། བཱི་མ་ལས་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཞེས་སེ་གོལ་བརྡབས་པས་དབུ་ཞྭ་རིན་པོ་ཆེའི་པྲོག་ཞུར་གྱུར་སྟེ་རིགས་ལྔའི་སྐུ་ལམ་གྱིས་བྱུང་བ་རྒྱལ་པོ་ལ་སོགས་པས་གཟིགས། འདི་ལ་དེབ་སྔོན་དུ་བཱི་མ་ལ་སྔ་མ་འདི་རྣལ་འབྱོར་པ་རལ་པ་ཅན་དུ་ཡོད་པས་ཕྱི་རོལ་པར་དྭོགས་པ་སྐྱེས་པ་སེལ་ཕྱིར་ཡན་ལག་དྲུག་པ་བརྩམས་ཟེར་བ་སྣང་ཡང་ཡེར་པའི་དཀར་ཆག་ལས་ལྷ་ལུང་རབ་འབྱོར་དབྱངས་དཔུན་གསུམ་བཱི་མ་ལས་རབ་ཏུ་ཕྱུང་བར་བཤད་པ་དང༌། སྐུ་འདྲ་རྙིང་པའི་སློབ་དཔོན་པདྨ་རྒྱ་གར་མ་ལྟ་བུའི་པཎ་ཞྭ་མདབ་རིང་མདབ་མའི་རྒྱབ་སྒོར་མོ་པད་རིས་ཅན་གསོལ་བ་ཁོ་ནར་ཐོས་པས་རབ་བྱུང་དུ་གོར་མ་ཆག་ལ་རྒྱལ་བློན་གྱི་ཐེ་ཚོམ་སེལ་བའང་རྐང་མགྱོགས་པས་ངན་པར་བསྒྲགས་པ་ལས་བྱུང་བའི་ཐེ་ཚོམ་སེལ་ཕྱིར་ཉིད་ཏོ། །འདིའི་ཚེ་བཱི་མ་ལས་ལོ་སུམ་བརྒྱ་བཞེས་ཤིང་སྤྱིར་འདས་ལོ་སྟོང་དང་བརྒྱད་བཅུར་འཆད་ཏོ། །དེར་ཕར་ཕྱིན་དང་དབུ་མ་གསུང་བའི་ཚེ་བཻ་རོ་ཙ་ན་ཚ་བ་རོང་དུ་བཞུགས་པས་བོད་ཀྱི་རྒྱལ་བློན་ལ་ལ་ཡོགས་འདོར་དུ་གཡུ་སྒྲ་སྙིང་པོ་བཏང་བ་དེས་སློབ་དཔོན་གྲོལ་བཞུད་པའི་ཤུལ་དུ་ཆོས་ཁྲི་ལ། ཉན་ཐོས་བྱིས་པའི་ཆོས་ཀྱིས་འཚང་མི་རྒྱ། །ཕོ་རོག་རྡོ་རྗེ་འགྲོས་ཀྱིས་ས་མི་ཆོད། །བྱ་བ་བྲིས་པ་གཟིགས་ནས་དྲིས་པ་ན་ད་ཅི་སྤྲང་པོ་ཅིག་འདི་ན་འདུག་ཟེར་ནས་བཙལ་བས་གཡུ་སྒྲ་སྙིང་པོ་རྙེད་དེ་སེམས་སྨད་ལྔ་ལ་མཁས་པར་གཟིགས་ནས་སླར་ཁོང་ལ་འཚམས་པའི་ཕྱི་འགྱུར་བཅུ་གསུམ་པོ་བསྟན་(ཐ༢༡བ)


PTT001_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

པས་སེམས་སྨད་བཅོ་བརྒྱད་དུ་གྲགས། སྤྱིར་སྒྱུ་འཕྲུལ་ལ་སོགས་པའི་ཆོས་དུ་མ་གཉགས་ལ་སོགས་པས་བསྒྱུར། གསང་བ་བླ་མེད་ཀྱི་རྒྱུད་མན་ངག་ནི་གཞན་སུ་ལ་ཡང་ཆ་མེད་པར་རྗེ་བློན་གཉིས་ཀྱིས་ཐུགས་དམ་མནོག་ཆོས་སུ་མཛད་ནས་སྲོད་དང་ཐོ་རེངས་ཀྱི་ཚེ་བསྒྱུར་ཞིང་རྗེ་བློན་གྱིས་ཤིན་དུ་ཟབ་པའི་ཆོས་འདི་ལྟ་བུ་བློར་མི་ཆུད་ཚུལ་བཞིན་དུ་སྤྱོད་པ་མི་འབྱུང་བས་མ་འོངས་པའི་སྐལ་ལྡན་གྱི་དོན་དུ་སྦ་པར་བཀས་བཅད། བཱི་མ་ལས་གསང་བ་སྙིང་ཐིག་གི་སྐོར་རྣམས་མཆིམས་ཕུའི་དགེ་གོང་དུ་བོད་ཡིག་དུ་བསྒྱུར་ནས་སྦས། ཐིག་ལེའི་སྐོར་གྱི་རྒྱུད་མན་ངག་གི་རྒྱ་དཔེ་རྣམས་མ་འོངས་པ་ན་ཚོང་འདུས་ཀྱི་འོ་མ་ལྟར་བསླད་ཅིང་ཉམས་འགྲོ་བར་གཟིགས་ནས་ཞུས་དག་གི་ཐེབས་སུ་སྦས། དེ་ལྟར་ལོ་བཅུ་གསུམ་བོད་ཡུལ་དུ་བཞུགས་ནས་སུམ་བརྒྱ་དང་བཅུ་གསུམ་བཞེས་ཚེ་རྒྱ་ནག་དུ་གཤེགས་སྟེ་བསྟན་པ་ཇི་སྲིད་གནས་ཀྱི་བར་ལ་སྐུ་དེ་ཉིད་མ་བསྡུས་པར་བཞུགས་པ་ཡིན་ལ་ལོ་བརྒྱ་བརྒྱ་ན་བོད་དུ་སྐུའི་བཀོད་པར་འབྱུང་ལ་འདིས་ནི་དགའ་རབ་རྡོ་རྗེ་ཉིད་ལ་ལན་བདུན་དུ་མཇལ་ནས་གསན་ཞིང་མ་འོངས་པ་བསྟན་པའི་བཙས་འཇིག་རྟེན་གཞན་དུ་འཕོས་པའི་ཚེ་རྡོ་རྗེའི་གདན་དུ་འོད་ཀྱི་སྐུའི་ཡལ་བར་འགྱུར་རོ། །ཨ་ཙ་ར་སའི་སྙིང་པོ་མཆིམས་ཕུར་གྲོངས་པས་ལྟས་ཁྱད་པར་ཅན་བྱུང་སྟེ་བཱི་མ་ལ་གྲོངས་པར་ནོར་བ་བྱུང་ངོ༌། །བཱི་མ་ལ་བཞུད་ནས་ལོ་ལྔ་བཅུ་རྩ་ལྔ་ན་མྱང་ཏིང་འཛིན་བཟང་པོ་དེ་རྒྱུད་རྣམ་པར་དག་ནས་རྡོ་རྗེ་ལེགས་པས་ཁམས་སུ་སེར་བ་ཕབ་ནས་ནས་རྔ་མོའི་ཁལ་རྒྱབ་བརྒྱ་བཀལ་བྱུང་བ་ལ་རྡོ་རྗེ་འཕངས་པས་དམ་ཚིག་དྲན་སྟེ་ནས་ཕུལ་བ་ལ་ཞྭའི་ལྷ་ཁང་བཞེངས་ནས་གདམས་པ་རྣམས་ཀེ་ཚང་རིས་གསུམ་སྒོའི་སྟེང་ཀ་བའི་ཁོང་གསེང་རྣམས་སུ་སྦས་ཅིང་སྙན་རྒྱུད་ཚིག་གི་རིམ་པ་འབྲོ་རིན་ཆེན་འབར་བ་ལ་བརྒྱུད་པའི་སྲོལ་མི་ཉམས་པའི་ཆེད་དུ་གཏད། བབས་ལུགས་ཆེན་མོ་ན་འདི་ཙམ་ལས་མི་སྣང་ཡང་འདྲ་འབག་ལྷད་མེད་དང་སྙིང་ཐིག་གི་(ཐ༢༢ན)


PTT001_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་རྒྱུས་སོགས་སུ་བཱི་མ་ལས་གཞན་ལ་སྣོད་བརྟགས་པས་མ་རྙེད། མྱང་ལ་ང་ཨ་ཙ་ར་རྒྱ་གར་དུ་འགྲོ་བ་ལ་གསེར་མང་པོ་དགོས་པས་ཁྱོད་ཀྱིས་ཡོད་ཚད་གསེར་དུ་དྲིལ་ལ་ང་ལ་ཕུལ་ཞིག་གསུངས་པས་རྒྱལ་པོ་དང་གཉགས་སོགས་ལ་མི་གསུང་བར་བདག་ལ་དེ་ལྟ་བུ་གསུང་བ་བསོད་ནམས་ཆེ་སྙམ་ནས་གསེར་མང་དུ་ཕུལ་བ་ན་ང་ལ་གསེར་གྱིས་དགོས་པ་མེད་སྣོད་བརྟགས་པ་ཡིན་གསུངས་ནས་སྙིང་ཐིག་རྫོགས་པར་གནང་བར་བཤད་ལ་ཞྭའི་ལྷ་ཁང་ཡང་བཱི་མ་ལ་དང་མྱང་ཐུན་མོང་དུ་བཞེངས་ཤིང་གཏེར་རྣམས་ཀྱང་གཙོ་བོར་བཱི་མ་ལ་ཉིད་ཀྱིས་སྦས་པ་ཡིན་ནོ། །འབྲོས་སྦས་བློ་གྲོས་དབང་ཕྱུག་ལ་བཤད། དེས་གཞོའི་ལྡང་མ་དགེ་མཆོག་གི་བུ་གནས་བརྟན་ལྡང་མ་ལྷུན་རྒྱལ་ལ་བཤད། འདི་བཱི་མ་ལའི་སྐུའི་བཀོད་པ་ཡིན། འདི་ལ་ཞྭའི་མགོན་པོས་ལུང་བསྟན་ནས་གཏེར་རྣམས་ཕྱུང༌། སྣོད་ལྡན་བཙལ་བས་གཞན་མ་རྙེད་ནས་ཉང་རོ་གཉན་མཚོའི་ལྕེ་ཐུབ་པའི་བུ་ལྕེ་བཙུན་སེང་གེ་དབང་ཕྱུག་ཞེས་བྱ་བ་ཆོས་མང་དུ་ཤེས་པ་ཅིག་ལ་བསྟན་པས་ཞར་ལ་བལ་པོ་སྒོམ་ཆུང་བྱ་བ་ཞིག་ཀྱང་འདིས་གྲོལ། དཔེ་འདི་དག་པར་བྲིས་ལ་ཁྲའི་ཟླ་བ་ལ་སྐྱོལ་ཞིག་གསུངས་ནས་གྱེས། འབུལ་བ་ཆེན་པོ་ཁྱེར་ནད་དཔེ་སྐྱེལ་དུ་ཕྱིན་པས་སྙེ་ཐང་དུ་སླེབས་ཚེ་ཉང་བཀའ་གདམས་པ་བྱ་བ་དང་ཕྲད་པས་ལྡང་མ་ཁྲའི་ཟླ་བ་ལ་གཤེགས། སྔར་གནས་བརྟན་ཡིན་པ་ཙམ་ལས་བཟང་པོར་མི་རྩི་བ་འདུག་སྟེ་གཤེགས་པའི་དུས་མཁྱེན་རྟགས་ངོ་མཚར་བ་མཐའ་ཡས་བྱུང་བས་ཕྱིས་ཐམས་ཅད་འགྱོད་པ་སྐྱེས་འདུག་ཁྱེད་འབུལ་བ་འདི་ཙམ་སྐྱེལ་བ་གདམས་ངག་ཁྱད་པར་ཅན་ཞུས་པར་ཐག་ཆོད་པས་དེ་བདག་ལ་ཞུ་ཟེར་སྟེ་བྱིན་པས་ཏི་སྒྲོར་ལོ་སོ་གཉིས་བསྒོམས་སྟེ་ཟག་པ་ཟད་ཡོན་ཏན་ཆེར་སྐྱེས། ལྕེ་བཙུན་གྱིས་བཱི་མ་ལ་དངོས་སུ་མཇལ་སྟེ་ལོ་དུ་མར་བསྟེན། མཆིམས་ཕུའི་གཏེར་ལུང་བསྟན་སྟེ་(ཐ༢༢བ)


PTT001_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོས་ཕྱེ་ནས་བྱིན། སློབ་དཔོན་པདྨའི་གཏེར་དང་སྣུབས་སངས་རྒྱས་ཡེ་ཤེས་ཀྱི་གཏེར་ཡང་ཐོན། སྣོད་ལྡན་མ་རྙེད་པས་ཕལ་ཆེར་སྣོད་ལྡན་ལ་སྨོན་ལམ་བཏབ་སྟེ་སྦས། ལོ་བརྒྱ་དང་ཉེར་ལྔ་ལ་འོད་ལུས་སུ་ཡལ་སྟེ་འདས་རྗེས་མཁའ་འགྲོའི་ཕྱག་དུ་བབས། དེ་ནས་ལོ་སུམ་བཅུ་ན་རོང་སྣར་མངའི་ལྕེ་སྒོམ་ནག་པོས་ཕྱི་ནང་གསང་གསུམ་གྱི་སྐོར་བཏོན་སྟེ་དར་རྒྱས་སུ་གྱུར། དེས་ཞང་སྟོན་བཀྲ་ཤིས་རྡོ་རྗེ་ལ་བཤད་དེ་ཡ་འབྲོག་གི་དོ་ནང་དུ་འཁྲུངས། མདོ་སྔགས་ལ་མཁས་པར་སྦྱངས་རྡོར་ལེགས་ཀྱིས་ལུས་དང་གྲིབ་མ་ལྟར་འགྲོགས་པས་གྲོགས་ཐམས་ཅད་བྱས་སྟེ་འུ་ཡུག་གི་བྲག་ནས་ཁ་བྱང་བརྒྱ་རྩ་བརྒྱད་དང་མན་ངག་མང་པོ་ཐོན། ཚོགས་བསྐྱངས་པས་འོད་ལུས་མ་གྲུབ་ཀྱང་འདས་རྟགས་བཟང་པོ་བྱུང༌། དེའི་རིགས་ཀྱི་སྲས་མཁས་པ་ཉི་འབུམ་ནི་ཕྱག་རྡོར་གྱི་སྤྲུལ་པ་བཛྲ་ཕ་ལ་ཡིན་པར་འཆད། ཡབ་དང༌། རྒྱ་སྟོན་ལུང་དྲོ་བ་དང༌། ཞང་གཡུ་བྲག་པ། རྔོག་རྒྱལ་ཚ་རྡོར་སེང་སོགས་བསྟེན་འཕྲིན་ལས་ཤིན་དུ་ཆེའོ། །དེའི་སློབ་མ་ཆོས་དག་གུ་རུ་ཇོ་འབེར་ནི་མཁས་པ་ཉི་འབུམ་གྱི་གཅུང་གི་སྲས་ཤེས་བྱ་ཐམས་ཅད་ལ་ཐོགས་བརྡུགས་མེད་པའི་ཤེས་རབ་མངའ་གཙོ་བོར་སྙིང་ཐིག་གི་བདག་པོར་གྱུར། དེའི་སློབ་མ་འཁྲུལ་ཞིག་སེང་གེ་རྒྱབ་པ་ནི་དབུས་ཀྱི་གྲར་འཁྲུངས། རྐྱེན་རེ་ལ་བསྟེན་ནས་གཞན་ལ་མཐོ་འགྲོགས་དང་ཁྱད་གསོད་མི་བྱེད། ཤིག་དང་འཇི་བ་དང་ལོང་སྤྲང་ཁོ་ན་ལ་བྱམས་པ་སོགས་བྱིས་པའི་དུས་ནས་དམ་བཅའ་མང་པོ་བྱས། ཆོས་མ་ཉན་ཀྱང་སེམས་སྟོང་པར་གོ་སྟེ་སྙིང་པོའི་དོན་རྟོགས། ལེ་སྒང་པ་ལས་རབ་ཏུ་བྱུང་སྙིང་ཐིག་ལས་ཆོས་ཉིད་ཟད་པའི་སྣང་བ་ཤར། བཞུགས་སའི་མིང་གིས་སེང་གེ་རྒྱབ་པར་གྲགས། དེའི་སློབ་མ་མེ་ལོང་རྡོ་རྗེ་ནི་སྒྲགས་ཀྱི་ཕུར་འཁྲུངས། ཆུང་ངུ་ནས་ཆོས་ཕྱིར་དཀའ་(ཐ༢༣ན)


PTT001_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱད་མང་པོ་བྱས། གྲུབ་ཐོབ་ཟ་ལུང་པ་དང༌། མཚུར་ཕུའི་མདོ་བོ་རས་པ། འཁྲུལ་ཞིག་སེང་གེ་རྒྱབ་པ་སྟེ་རྩ་བའི་བླ་མ་གསུམ་བསྟེན་ཞིང་འཁྲུལ་ཞིག་པ་ལས་རྒྱུད་མན་ངག་གི་སྙིང་པོ་རྙེད། སྒྲུབ་པ་གཙོ་བོར་མཛད་དེ་དྲུག་བཅུ་རྩ་གཅིག་ལ་མཁར་ཆུར་འདས་སྟེ་གདུང་ཁང་འོད་ཀྱི་དྲ་བས་གཡོགས་པ་བྱུང་སྐད། དེའི་སློབ་མ་རིག་འཛིན་ཀུ་མ་རཱ་ཛཱ་ཡིན་སྟེ་གཡོ་རུ་འོན་གྱི་བར་སར་རྫིང་ཁར་ཇོ་སྲས་སུ་འཁྲུངས། ཕག་མོ་གྲུར་སྤྱན་སྔ་གྲགས་ཡེ་བ་ལས་རབ་ཏུ་བྱུང༌། ཚར་སྟེང་པ་དང་མཚུར་ཕུའི་གཉན་རས་དང་གྲུབ་ཐོབ་ཨོ་ཌྱན་པ་སོགས་བླ་མ་མང་དུ་བསྟེན་ནས་ཆོས་མཐའ་དག་གསན། ཁྱད་པར་མེ་ལོང་པ་ལས་རྟོགས་པ་སྐྱེས་ཤིང་དབང་གདམས་ངག་རྣམས་ཡོངས་སུ་རྫོགས་སྟེ་མཉེས་པ་གསུམ་གྱིས་མཉེས། མཚུར་ཕུར་ཆོས་རྗེ་རང་བྱུང་རྡོ་རྗེ་ལ་སྙིང་ཐིག་གི་ཆོས་ཕུལ། གཡེ་དྭགས་ཀོང་པོ་རྣམས་ལ་ལམ་རྒྱ་མཛད། ཤངས་ལ་ཨའི་རི་མོ་ཡོད་ཅིང་སྔགས་བདག་གཟའ་དམ་ཅན་གསུམ་དང་མི་བཞིན་དུ་ལབ། སྙིང་ཐིག་གི་ཟབ་གནད་རྣམས་གཞན་དང་ཕྱེ་ནས་སྟོན་པས་བཱི་མ་ལའི་སྐུའི་བཀོད་པར་གྲགས། བདུན་བཅུ་རྩ་བརྒྱད་པ་སྟོན་ཟླ་འབྲིང་པོའི་ཉེར་ལྔ་ལ་གྲོངས་པ་ལས་ཤུལ་པས་སྨེ་སྔགས་བཏོན་གསོལ་བ་བཏབ་པས་བཞེངས་སྟེ་བསྙུང་བ་མེད་པར་ཞག་བཅུ་བཞིར་བཞུགས་ནས་ཆོས་དང་ཞལ་ཆེམས་མཛད་དེ་སྟོན་ཟླ་ཐ་ཆུང་གི་ཚེས་བརྒྱད་ལ་འདས། དེའི་སློབ་མ་ནི་ཀུན་མཁྱེན་ཚུལ་བློ་ཡིན་སྟེ་གཡོ་རུ་གྲའི་སྟོད་གྲོང་དུ་ཇོ་སྲས་སུ་འཁྲུངས། མཁན་པོ་བསམ་རིན་ལས་རབ་ཏུ་བྱུང་ཞིང་གསང་ཕར་སྡེ་སྣོད་མཐའ་དག་ལ་སྦྱངས། ཤེས་རབ་ཀྱི་ལྷ་གྲུབ་སྟེ་བློ་གྲོས་ཐོགས་པ་མེད་པས་ཀློང་ཆེན་རབ་འབྱམ་དུ་གྲགས། ཀརྨ་པ་རང་བྱུང་རྡོ་རྗེ་ལས་གདམས་པ་མང་དུ་གསན། །(ཐ༢༣བ)


PTT001_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

རིག་འཛིན་པ་དང་མཇལ་བས་མདང་ལྷའི་བྱ་ཡིན་ཟེར་བ་ངོ་མཚར་ཅན་ཞིག་བྱུང་བ་ཁྱེད་དུ་འདུག་གསུངས་ནས་ཆོས་དང་བརྒྱུད་པ་གཏད། ཆོས་ཉན་པ་སྒྲུབ་པ་གང་གི་སྐབས་སུ་ཡང་ཟས་གོས་དང་གནས་ཀྱི་དཀའ་བ་ཆེར་སྤྱད། ཕྱིས་འབྲི་ཁུང་པ་དང་ཏ་སི་བྱང་རྒྱལ་སོགས་མི་ཆེན་དང་དགེ་བཤེས་ཐམས་ཅད་ཀྱི་བླ་མ་རྩོད་མེད་དུ་གྱུར། ཞྭའི་ལྷ་ཁང་གསོ་བའི་ཞིག་རལ་གྱི་དུས་མནན་པའི་ཐོད་པ་མང་པོ་འཕར་ཞིང་བྱུང་བ་ན་ཟ་གཡབས་པས་བཟུང་སྟེ་སྡིགས་མཛུབ་ཀྱིས་སླར་མནན། དབུ་རྩེའི་རྒྱབ་ནས་ལྷ་ཁང་གསོ་བའི་ཐེབས་གསེར་འགུ་རྩེ་གང་བཅུས་པ་ལ་སྐུད་གསེར་བྱས། གཏེར་མང་དུ་འདུག་པ་ལ་འགའ་ཙམ་ལས་མ་བླངས། དམ་ཅན་པ་བྱིས་པ་གཡུ་རྣ་ཅན་ཞིག་དུ་བྱས་ནས་ཉིན་རེ་བཞིན་གཟོ་བོའི་གྲོགས་ལ་བྱུང༌། རྡོ་རིང་ཆེན་མོ་གཉིས་ཡོད་པ་གཙུག་ལག་ཁང་ཞིག་པའི་ཚེ་འགྱེལ་ནས་སུས་ཀྱང་མ་ལྷོངས་པ་ལ་གཏོར་མ་དང་བདེན་ཚིག་བརྗོད་ནས་སྐུ་ཆོས་བརྡབས་པས་ལྷོངས་པའི་ངོ་མཚར་བསྟན། ཐོད་པ་སྣ་ཚོགས་སུ་དམ་སྲི་མནན་འདུག་པ་རྣམས་ཀྱི་ཉམས་པ་གསོས་ནས་སླར་མནོན་པར་བརྩམས་པའི་ཚེ་རླུང་ནག་གཡོས་ས་རྡོའི་ཆར་བབ་པས་མི་ཐམས་ཅད་བྲོས་སྟེ་གྲོགས་མ་བྱུང་བ་ལ་ཉིད་ཀྱིས་དྲག་པོའི་གར་མཛད་པས་ཐོད་པ་རྣམས་འཕར་ནས་ཕན་ཚུན་རྡབ་ཅིང་འཁྲོལ་ཐོད་པ་ཆེ་ཤོས་ཅིག་ན་མཁའ་ལ་འཆོར་བར་བྱུང་བ་སྡིགས་མཛུབ་ཀྱིས་ཕབ་སྟེ་ཞབས་ཀྱིས་མནན་པས་གུ་རུ་དྲག་པོ་དངོས་སུ་མཐོང་བ་བྱུང་ཐོད་པ་རྣམས་ཕྲ་མེན་མཆོད་རྟེན་གྱི་ཞབས་སུ་མནན། རབ་གནས་ཀྱི་དུས་ངོ་མཚར་མཐའ་ཡས་པ་བྱུང༌། སངས་རྒྱས་བྱང་སེམས་ཀྱི་དག་སྣང་ནི་མཐའ་ཡས་པར་གཟིགས། ས་ཕག་གི་རྩོད་པ་འབྱུང་བར་མཁྱེན་ནས་ལྷོ་མོན་ཕྱོགས་སུ་བྱོན་ནས་ཆོས་ཀྱི་སྲོལ་གཏོད། སླར་ལྷོ་འབྲོག་དབུ་གཡོར་ཐམས་ཅད་དུ་འཕྲིན་(ཐ༢༤ན)


PTT001_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཤིན་དུ་ཆེ་བས་ཐམས་ཅད་ཕན་བདེ་ལ་བཀོད། ཆོས་ཁྲལ་མི་ལེན། དད་རྫས་ཆུད་མི་གཟོན། ཡོ་བྱད་ཆོས་ཕྱོགས་སུ་བསྔོས་པ་རྣམས་གང་དུ་ཡང་བསྔོས་བསྒྱུར་མི་མཛད། བཀུར་སྟི་དགེ་འདུན་ལ་དགོས་པ་ཡིན་སྡིག་ཅན་ལ་མི་དགོས་གསུངས་ནས་ཁྱིམ་པའི་མི་ཆེན་ལ་སྟན་དང་བཀུར་སྟི་མི་མཛད། འབུལ་བ་ལ་འདབ་ལན་མི་མཛད། ཚོགས་གསོག་ཡོན་བདག་གི་བྱ་བ་ཡིན་མཆོད་ཡོན་གྱི་བྱ་བ་གོ་ལོག་པ་མ་བཟང་གསུངས། སྤྲང་པོ་སོགས་སྙོམས་ཆུང་གིས་ཅི་དྲངས་ཀྱང་ཞིམ་ཞིམ་ལྟར་གསོལ་ཞིང་མོད་དང་བསྔོ་བ་རྒྱས་པར་མཛད། དེ་ལ་སོགས་པ་སྐྱེས་བུ་དམ་པའི་སྤྱོད་པ་ལ་གནས། ཁྱད་པར་དུ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྲས་མོ་པདྨ་གསལ་ལ་སློབ་དཔོན་པདྨས་དབང་བསྐུར་མཁའ་འགྲོ་སྙིང་ཐིག་གི་ཆོས་བདག་དུ་བཏང་སྟེ་སྐྱེ་བ་རིམ་པར་བརྒྱུད་པའི་པདྨ་ལས་འབྲེལ་རྩལ་ཞེས་གསང་མཚན་དུ་འབོད་པ་དཔའ་ལུང་པ་རིན་ཆེན་རྡོ་རྗེའི་སྐྱེ་བ་ཡིན་སྟེ། མཆིམས་ཕུར་མཁའ་འགྲོ་སྙིང་ཐིག་གི་ཆོས་བཀའ་ཕྱེ་བའི་མཐོང་སྣང་རིན་པོ་ཆེ་འོད་ཀྱི་དྲ་བར་རྣལ་འབྱོར་མ་ཞིག་ལ་རྡོ་རྗེ་ཕག་མོ་ཡེ་ཤེས་སུ་བབས་སྟེ་གདམས་པའི་ལྷག་ཆད་བསལ། སློབ་དཔོན་རིན་ཆེན་རྡོ་རྗེ་གར་ཡོད་དྲིས་པས་ཁོང་འདི་ན་ཟེར་ནས་བླ་མ་ལ་མཛུབ་མོ་བཙུགས། བླ་མས་ཁོང་དེའི་རྗེས་ལ་བུམ་ཐང་དུ་སྐྱེ་བར་བཤད་པ་ཡིན་མོད་ང་གར་ཡིན་གསུངས་པས། ལོངས་སྐུའི་ཞིང་མྱུལ་ནས་བུམ་ཐང་དུ་སྐྱེ་བར་གསུངས་པ་ཡིན་ཁྱེད་རང་ད་ལྟ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ལ་སྤྱོད་པ་འདི་ལོངས་སྐུའི་ཞིང་མྱུལ་བ་ཡིན་ཞེས་བསྟན། ཆོས་བཀའ་ཆེ་བའི་ངོ་མཚར་མཐའ་ཡས་པ་བྱུང་བར་སྣང༌། སྒྲ་ཚད་སྙན་ངག་སོགས་རྟོག་གེའི་སྐོར་དང༌། བྱམས་ཆོས་དབུ་མ་འདུལ་མངོན་སྤྱོད་ཕྱོགས་ཀྱི་ཡིག་ཆ་དང༌། སྔགས་སར་རྙིང་(ཐ༢༤བ)


PTT001_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་རྫོགས་ཞི་གསུམ་གྱི་ཡིག་ཆ་མང་པོ་དང༌། ཁྱད་པར་མཁའ་འགྲོ་སྙིང་ཐིག་གི་སྙིང་པོ་མཁའ་འགྲོ་ཡང་ཐིག་དང་བཱི་མ་ལ་སྙིང་ཐིག་གི་སྙིང་པོ་བླ་མ་ཡང་ཐིག་དང་ཟབ་མོ་ཡང་ཐིག་སོགས་བསྟན་བཅོས་ཚད་དུ་ལོངས་པ་མང་བར་མཛད་པའི་དཀར་ཆག་རིན་པོ་ཆེའི་མཛོད་ཁང་ཞེས་བྱ་བ་སྣང༌། ང་དྲུག་བཞེས་པའི་ཆུ་ཡོས་ལ། ད་ནི་མི་སྡོད་པདྨ་ལས་འབྲེལ་རྩལ། །འཆི་མེད་བདེ་ཆེན་བཙན་ས་འཛིན་དུ་འགྲོ། །གཡུལ་ལས་རྣམ་པར་རྒྱལ་བའི་ལྷ་དབང་དང༌། །རྒྱ་མཚོའི་དོན་ཡོངས་གྲུབ་པའི་ཚོང་པ་དང༌། །བསམ་གཏན་གྲུབ་པའི་དགའ་བས་ཆེས་ལྷག་གོ །ཞེས་སོགས་ཀྱི་ཞལ་ཆེམས་མཛད་དེ་བསམ་ཡས་མཆིམས་ཕུར་གཟུགས་སྐུ་བསྡུས་སྟེ་ལྟས་ངོ་མཚར་བ་བསྟན་ཏོ། །བུ་སློབ་མང་དུ་བྱོན་པ་ལས་སྙིང་ཐིག་གི་བཀའ་ནི་མཁས་གྲུབ་དྷརྨ་ཀིརྟི། སྤྲུལ་སྐུ་ཉི་མ་འོད་ཟེར། བྱང་སེམས་ཀུན་དགའ་རྒྱལ་མཚན། སྤྲུལ་སྐུ་ཆོས་དབྱིངས་གྲགས་པའི་བར་དུ་རིམ་པར་བཀའ་བབས་སོ། །སྤྱན་རས་གཟིགས་དབང་ཕྱུག་དངོས་སུ་བྱོན་པ་ལ་ཀརྨ་པ་རང་བྱུང་རྡོ་རྗེས་བཱི་མ་ལ་མུ་དྲ་རང་གི་མཛོད་པུར་ཐིམ་པའི་མོད་ལ་སྙིང་ཐིག་གི་དགོངས་པ་ཇི་ལྟ་བ་མངོན་དུ་གྱུར་ཀྱང་གསང་སྔགས་བླ་མ་ལ་བལྟོས་པའི་མིག་ལྟོས་བསྟན་པའི་ཆེད་དུ་རིག་འཛིན་ཀུ་མ་རཱ་ཛཱ་ལ་གསན། སློབ་དཔོན་པདྨ་ལ་བརྒྱུད་པ་ཅིག་འོང་ཐང་དགོངས་པའི་ཚེ་སློབ་དཔོན་པདྨ་ལས་དངོས་སུ་གསན་ཡང་སླར་ཤོའི་རྒྱལ་སྲས་ལེགས་ལྡན་པ་སྤྱན་དྲངས་སྟེ་ཙཱ་རི་དགོན་སར་དུ་གསན་པར་བསྟན་ནས་ཕྱིས་སློབ་མ་རྣམས་ལ་གསུངས་སྟེ་འདི་ལྟ་བུའི་ཆོས་ནུབ་ཏུ་ཕངས་པས་སློབ་དཔོན་རྒྱ་བ་གཡུང་སྟོན་རྡོ་རྗེ་དཔལ་གྱིས་གཙང་ཕྱོགས་དང་ཡེ་རྒྱལ་བས་ཁམས་ཀོང༌། ཡེ་ཤེས་རྒྱལ་མཚན་པས་ཧོར་དང་རྒྱ་ནག་སྤྲུལ་སྐུ་བས་དབུས་སུ་དར་བར་གྱིས་ཅེས་སྨན་ལུང་པ་ཤཱཀྱ་གཞོན་སོགས་ལ་རྗེས་སུ་གདམས་སྟེ། ས་ལ་(ཐ༢༥ན)


PTT001_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་བྱང་སེམས་ཀྱིས། །རྒྱ་མཚོའི་བར་དུ་དཔེལ་བར་བྱེད། །ཅེས་ལུང་བསྟན་པ་མངོན་དུ་གྱུར་པའོ། །ཀུན་མཁྱེན་པ་ལ་མཁས་གྲུབ་བདེ་ལེགས་པ་ཅེས་བྱ་བ་མཁྱེན་པ་དང་སྙིང་བརྩེ་དང་རྟོགས་པ་དང་ནུས་པར་ལྡན་ཞིང་སྤྱོད་པ་ཤིན་དུ་དག་པ་ཅིག་གིས་ཀྱང་སེམས་ཕྱོགས་མཐའ་དག་གསན་ནས་དེའི་སློབ་མ་འཕན་ཡུལ་པ་བློ་གྲོས་རྒྱ་མཚོས་སྨན་རྩེའི་དགོན་པ་བཏབ་ཅིང་རིམ་པས་ཉན་ཕོ་བ་ཡོན་ཏན་དཔལ། སྤྲུལ་སྐུ་བསམ་རྒྱན་ལ་སོགས་པ་རིམ་པར་བྱོན། ཡང་བཱི་མ་ལས་རྨ་རིན་ཆེན་མཆོག་དང་གཉགས་ཛྙཱ་ན་ཀུ་མར་ལ་བཤད། གཉགས་ལ་སོག་པོ་དཔལ་གྱི་ཡེ་ཤེས། གྲ་དཔལ་གྱི་སྙིང་པོ། ལྷ་ལུང་དཔལ་གྱི་རྡོ་རྗེ། འོ་བྲན་དཔལ་གྱི་གཞོན་ནུ། གཉན་དཔལ་དབྱངས། མཚུར་ནག་ཡེ་ཤེས་འབར། ཨུ་པ་བདེ་གསལ། ཐང་བཟང་དཔལ་རྡོར། སྒྱེར་འཕགས་པ་ཤེས་རབ། བུ་སུ་ཀུ་མཆོག་གི་བྱང་ཆུབ་རྣམས་ཀྱི་ཞུས་ཤིང་སོག་པོ་དཔལ་ཡེ་ལ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་གསན་པ་ཡང་སྒྱུ་འཕྲུལ་དང་སེམས་ཕྱོགས་གཉིས་ཀའི་བཀའ་བབས་གཅིག་གོ །བཻ་རོ་ཙ་ན་ལས་བརྒྱུད་པ་ནི་འདྲ་འབག་ཆེན་མོ་ལས་འདི་ལྟར་དུ་བཤད་སྟེ། སུམ་བཅུ་རྩ་གསུམ་གྱི་གནས་ན་ལྷ་དེ་ཝ་བཟང་སྐྱོང་ལ་བུ་ལྔ་བརྒྱ་ཡོད་པའི་ཐུ་བོ་ལྷའི་བུ་ཀུན་དགའ་སྙིང་པོ་ནི་བག་མེད་པ་ལས་ལོག་སྟེ་རྩེ་གཅིག་དུ་སྒོམ་པ་ལས་ལྷའི་བུ་སེམས་ལྷག་ཅན་ཞེས་མིང་དུ་གྱུར་ཅིང་དེ་ལས་སངས་རྒྱས་ཐམས་ཅད་ཀྱི་འོད་ཟེར་སྤྱི་གཙུག་དུ་ཐིམ་པ་དང༌། ཚངས་པ་དང་ཁྱབ་འཇུག་དང་གུ་ལང་གསུམ་ཁྱུར་མིད་བྱས་པ་དང༌། ཉི་ཟླ་གཉིས་ལག་དུ་བཟུང་སྟེ་འཇིག་རྟེན་སྣང་བར་བྱས་པ་དང༌། སྤྲིན་རིན་པོ་ཆེའི་མདོག་ཅན་ལས་བདུད་རྩིའི་ཆར་བབ་པས་ས་ཐམས་ཅད་ངོམས་ཅིང་རྩི་སྨན་ཐམས་ཅད་སྐྱེས་པ་སྟེ་ངོ་མཚར་གྱི་རྨི་ལམ་བཞི་རྨིས་པ་ན་ལྷའི་(ཐ༢༥བ)


PTT001_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དབང་པོས་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་རྟོགས་པ་དང༌། བདུད་འཐུལ་བ་དང༌། རྒྱུ་འབྲས་ལས་འདས་པའི་རྩོལ་མེད་ཀྱི་ཐེག་པ་རྙེད་པར་འགྱུར་བ་དང༌། དེས་སྐལ་ལྡན་གྱི་དོན་བྱེད་པའི་ལྟས་སུ་བསྟན་ཏོ། །དེར་ལྷའི་བུས་ཕྱོགས་བཅུར་བལྟས་སྟེ། གསུང་གི་མངའ་བདག་ཐམས་ཅད་ཀྱིས། །རྩོལ་པའི་ཐེག་པ་མཐར་བཏོན་ནས། །རྩོལ་མེད་ཐེག་པ་མི་སྟོན་པ། །ཐུགས་རྗེ་ཆེན་པོ་ཡལ་ལམ་ཅི། །སྐལ་ལྡན་གདུལ་བྱ་མཆིས་པས་ན། །ལྷུན་གྲུབ་ཐེག་པ་གསུང་དུ་གསོལ། །ཞེས་གསོལ་བ་བཏབ་པས་སངས་རྒྱས་ཐམས་ཅད་ན་མཁའ་ལ་འདུས་སྟེ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་རྗེའི་རང་བཞིན་ཁྱོད་ཡིན་པས། །སངས་རྒྱས་ཀུན་གྱི་མཛད་པར་ཤར། །གསུང་གི་མངའ་བདག་ཐམས་ཅད་ཀྱི། །ཡེ་ཤེས་རང་བཞིན་ཁྱོད་ཡིན་པས། །ཐམས་ཅད་བྱང་ཆུབ་སེམས་སུ་གསལ། །བདེ་གཤེགས་མ་ལུས་ཐམས་ཅད་ཀྱི། །སྐུ་ཡི་ངོ་བོ་དང་ལྡན་པས། །རྨད་བྱུང་རོལ་པའི་སྐུ་རུ་ཤར། །ཚིག་གཅིག་དོན་དུ་རྫོགས་པའི་བདག །རིན་ཆེན་འཕྲུལ་གྱི་སྙིང་པོའི་དོན། །སྐལ་ལྡན་རྣམས་ལ་བསྟན་དུ་གསོལ། །ཞེས་མགྲིན་གཅིག་དུ་རྡོ་རྗེ་སེམས་དཔའ་ལ་བསྐུལ་བས་རྡོ་རྗེ་སེམས་དཔས། རྡོ་རྗེ་སེམས་དཔའ་ན་མཁའ་ཆེ། །ཚིག་གི་སྤྱོད་ཡུལ་མ་ཡིན་པས། །བདག་གིས་སྒྲོགས་པར་ཤིན་དུ་དཀའ། །མ་རྟོགས་པ་ལ་ཚིག་སྒོ་ནས། །མཚོན་ཞིང་རྟོགས་པར་བྱ་བའི་ཕྱིར། །ཅི་རིགས་པར་ནི་རྣམ་པར་དགྲོལ། །ཞེས་གསུངས་སྟེ་ཐུགས་ཀ་ནས་ཕྱག་ན་རྡོ་རྗེ་ཕྱུང༌། དེས་ཤར་ཕྱོགས་རྡོ་རྗེས་རྣམ་པར་གནོན་པའི་སངས་རྒྱས་རྡོ་རྗེ་གསང་བ་དང༌། ལྷོ་ཕྱོགས་རིན་ཆེན་སྣང་བའི་སངས་རྒྱས་རིན་ཆེན་ཞལ་དང༌། ནུབ་ཕྱོགས་པདྨ་བརྩེགས་པའི་སངས་རྒྱས་པདྨའི་འོད་དང༌། བྱང་ཕྱོགས་(ཐ༢༦ན)


PTT001_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་དག་གྲུབ་པའི་སངས་རྒྱས་གྲུབ་པར་སྣང་བ་དང༌། དབུས་ཕྱོགས་མཐའ་དང་བྲལ་བའི་སངས་རྒྱས་རྣམ་པར་སྣང་མཛད་རྣམས་ལ་གསོལ་བ་བཏབ་པས་གཟོད་ནས་སྐྱེ་འགག་མེད་པ་དང་ཡོན་ཏན་ཡེ་རྫོགས་དང་བྱང་ཆུབ་ཀྱི་སེམས་འཁོར་བས་མ་གོས་པ་དང༌། དེ་རྟོགས་ན་ཕྲིན་ལས་རང་ལས་འཆར་བ་དང༌། ཡེ་ཤེས་གསང་བའི་རང་བཞིན་ནི། །སངས་རྒྱས་སེམས་ཅན་གཉིས་སུ་མེད། །ན་མཁའ་བཞིན་དུ་ཀུན་ལ་ཁྱབ། །མ་རིག་ཡེ་ཤེས་ཐ་དད་མེད། །མ་རྟོགས་རྟོགས་པའི་རྒྱན་དུ་གཅིག །ཡེ་ཤེས་གསང་བའི་མཚན་ཉིད་ནི། །རང་རིག་འོད་གསལ་རྣམ་པར་དག །རྣམ་རྟོག་ཡེ་ཤེས་ཉིད་དུ་གནས། །གཞི་བཞག་རང་ལུགས་རིན་ཆེན་འོད། །རང་བྱུང་མ་བཙལ་གདོད་ནས་དག །ཞེས་སོགས་གསུངས་པས་སེམས་དཔའ་རྡོ་རྗེ་རྩོལ་མེད་ཨ་ཏིའི་དོན་མངོན་དུ་གྱུར་སྟེ་སུམ་བཅུ་རྩ་གསུམ་གྱི་གནས་སུ་བྱོན་ནས་ལྷའི་བུ་ཀུན་དགའ་སྙིང་པོ་ལ་རྒྱལ་ཐབས་སྤྱི་ལུགས་ལ་སོགས་པའི་དབང་བསྐུར། ལྷུན་གྲུབ་རྣམ་གསུམ་ལ་སོགས་པའི་ལུང་ཕོག་ནས། རྨད་བྱུང་བསྟན་པའི་སྙིང་པོ་འདི། །ལྷ་གནས་གསུམ་དུ་གྲགས་གྱུར་ནས། །ཡང་སྤྲུལ་གང་ཟག་ཐུགས་སྲས་ཀྱིས། །འཛམ་གླིང་དབུས་སུ་རྒྱས་པར་ཤོག །ཅེས་ལུང་བསྟན་བསྟན་པ་གཏད་ཏོ། །ལྷའི་བུ་དེ་ཉིད་དགེ་སློང་མ་མེ་ཏོག་གསལ་ལས་ཕ་མེད་པར་རྩིབ་མའི་གོ་བར་ལས་བཙས་སྟེ་རྒྱལ་སྲིད་སྐྱོང་བ་ན་ཕྱག་ན་རྡོ་རྗེས་ཀློང་དགུ་བམ་པོ་ཉི་ཁྲི་དང་བཅས་པའི་རྒྱུད་མན་ངག་སྐད་ཅིག་གིས་ཁོང་དུ་ཆུད་པར་དབང་བསྐུར་ཞིང་བྱིན་གྱིས་བརླབས་སྟེ་རྫོགས་པ་ཆེན་པོའི་ས་ལ་སངས་རྒྱས་ནས་སྐལ་ལྡན་ལ་སྟོན་སྟེ། །དེའི་ཚེ་བྲམ་ཟེ་སྙིང་པོ་གྲུབ་པ་ཅེས་བྱ་བ་འཇམ་དཔལ་བཤེས་གཉེན་རྒྱལ་པོ་དྷ་ན་ཏཱ་ལ་དུ་པོ་རཱ་ཛཱ་ཏི་ཀ་(ཐ༢༦བ)


PTT001_Page_0581
[མ་དཔེ་གཟིགས་ན་འདིར་གནོན།]

སྲས་མོ་མེ་ཏོག་གསལ། ཀླུ་རྒྱལ་དགའ་པོ་མིའི་ལུས་གདོལ་པའི་རིགས་བཟུང་བ་ན་ག་ཙཱརྻ་དང་ལག་ན་རྡོ་རྗེའི་སྲས་མོ་གནོད་སྦྱིན་མོ་བྱང་ཆུབ་མ་རྣམས་ལ་ཆོས་བསྟན་པས་འཇམ་དཔལ་བཤེས་གཉེན་སྤངས་རྟོགས་མཐར་ཕྱིན་ལ་གཞན་རྣམས་སྔ་མ་སྔ་མས་ཕྱི་མ་ཕྱི་མའི་དོན་བྱས་སོ། །དེ་ནས་གཟུགས་ཚོང་མ་ས་ར་ནི། ཁ་ཆེའི་གནས་བརྟན་རབ་སྣང༌། ཨོ་ཌྱན་གྱི་དགེ་སློང་མ་ཧཱ་རཱ་ཛཱ། སྲས་མོ་གོ་མ་དེ་ཝི། ཨཱ་ཙཱརྻ་ཨཱ་ལོ་ཀ་ཀུ་ཀུ་རཱ་ཛཱ་སྔ་མ། དྲང་སྲོང་བ་ཤི། སྨད་ཚོང་མ་བདག་ཉིད་མ། ནཱ་གཱ་རྫཱུ་ན། ཀུ་ཀུ་རཱ་ཛཱ་ཕྱི་མ། འཇམ་དཔལ་བཤེས་གཉེན་ཕྱི་མ་དྲང་སྲོང་དེ་ཝ་རཱ་ཛཱ། བྷཱ་ཏི་ཀུ་ནཱ། ཤྲཱི་སིངྷ། དེ་ལ་བཱི་མ་ལ་མི་ཏྲ་དང་དགེ་སློང་མ་ཀུན་དགའ་མོ་སྟེ་རིམ་པར་རྗེས་སུ་བཟུང་བས་རྟོགས་པ་སྐྱེས་པ་ན་ཆེད་དུ་བརྗོད་པ་རེ་བྱས་སོ། །དགེ་སློང་མ་ཀུན་དགའ་མོས་མན་ངག་ཚིག་མང་པོས་བསླད་ནས་བཤད། རྩོད་པ་ཡང་བྱས་པས་འཇིག་རྟེན་ན་ནད་མུག་མཚོན་གསུམ་བྱུང་སྟེ་མཁས་པའི་པཎྜི་ཏ་མི་དགུས་པྲ་ལ་སོགས་པས་བརྟགས་པས་མན་ངག་སྣོད་མིན་ལ་འཕེལ་བས་ལན་པར་ཤེས་སྟེ་ལྷད་ཅན་རྣམས་བསྲེགས། རྒྱུད་མན་ངག་གཙང་མ་རྣམས་རྒྱལ་པོ་དང་པཎྜི་ཏའི་རྒྱ་གཉིས་ལྡན་བྱས་སྟེ་རྡོ་རྗེ་གདན་དུ་མི་དཔེལ་བར་ཁྲིམས་སུ་བཅས་སྟེ་བཞག་ཀུན་དགའ་མོ་བཀའི་ཆད་པས་ལུས་དོར་ནས་སེམས་ཕྱག་རྡོར་གྱི་ཐུགས་ཀར་ཐིམ་སྟེ་སྔགས་ཀྱི་ཆེ་བ་དབྱུང་བའི་ཆེད་ཏོ། །དེའི་ཚེ་རྒྱ་གར་གྱི་དགེ་སློང་ཨ་བ་དྷུ་ཏི་ཚེ་འཕོས་པ་བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དུ་གྱུར་སྟེ་བསྟན་པ་བཙུགས། སྔོན་གྱི་བག་ཆགས་ལས་རྒྱ་གར་ན་རྩོལ་མེད་ཀྱི་ཐེག་པ་ཡོད་པར་ཤེས་ནས་ལེན་པར་འདོད་དེ་སྤྲོ་བ་དྲིས་པ་ན་གཞན་མ་རྙེད་ནས། སྔོན་ཨོ་ཌྱན་དུ་རྒྱལ་པོ་པཱ་ལ་དེ་ཝ། ཁ་ཆེར་ཙནྡྲ་གི་ཏ། སིང་ངའི་ཡུལ་དུ་དགེ་སློང་ལེགས་པའི་བློ་གྲོས། དེ་ཚེ་མཁན་པོ་ལ་མ་(ཐ༢༧ན)


PTT001_Page_0582
[མ་དཔེ་གཟིགས་ན་འདིར་གནོན།]

གུས་པས་ཕྱི་མར་ཚ་བ་རོང་གི་ཕྱུགས་རྫི། དེ་ནས་ཨ་ཝ་དྷུ་ཏི། དེ་ནས་ཚ་བ་རོང་གི་དགེ་སློང་པུརྞ་ལས་བོད་དུ་སྐྱེས་པ་པ་གོར་བཻ་རོ་ཙ་ན་མཁྱེན་པ་ཆེ་ཞིང་རྫུ་འཕྲུལ་ཐོབ་པ་དེ་དང༌། ཚུལ་ཁྲིམས་སྲུང་ཕྱིར་རང་སྲོག་བཏང་བའི་དགེ་སློང་བྷ་ཧུ་རའི་སྐྱེ་བ་གཙང་ལེགས་གྲུབ་དང་གཉིས་རྒྱ་གར་དུ་ཆས་སྟེ་ཨཱརྻ་པ་ལོའི་གླིང་དུ་གནས་སྤགས་པས་བཻ་རོ་ལ་བུ་མོ་ཞིག་གིས་ཁོག་པ་དྲལ་ནས་སྙིང་གི་ཆུ་སེར་བཙིར་བ་དང༌། མི་སྙིང་ཉེར་གཅིག་ཟོས་པ་དང༌། མི་དཀར་པོ་ཅིག་གིས་སྤྱི་བོར་ཨ་ཅིག་བཞག་པས་ཨ་མེར་འབར་སྟེ་ལུས་ཚིག་པ་དང༌། བྱང་ཆུབ་ཀྱི་ཤིང་རྩ་བ་བཏོན་ནས་བོད་དུ་ཁྱེར་འོངས་པ་དང༌། ན་མཁའ་ནས་ཉི་ཟླ་གཉིས་ཤར་བ་ཟླ་བ་ན་མཁར་ནུབ་ཅིང་ཉི་མ་ཧས་པོ་རི་ལ་ཤར་སྟེ་ཡང་ནུབ་ནས་ཚ་བ་རོང་དུ་ཤར། ཡང་བོད་དུ་ཤར་བ་རྨིས་པས། སྒྲིབ་པ་དག་པ་དང༌། མཁས་པ་ཉེར་གཅིག་གི་དགོངས་པ་ལོན་པ་དང༌། རྣམ་སྨིན་གྱི་ལུས་འདག་པ་དང༌། མན་ངག་གི་ཆོས་ལོན་པ་དང༌། ལེགས་གྲུབ་སྔར་འདས་ཤིང་ཉིད་ཀྱང་ཚ་བ་རོང་དུ་སྤྱུག་པ་དང༌། སླར་བོད་ལ་ཕན་པར་ཤེས་སོ། །བཻ་རོ་ལ་ལམ་དུ་ཁང་པ་རྡིབ་པ། མཚོན་ཟུག་པ། མེ་ཆུ་དུག་སོགས་ཀྱི་གནོད་པ་སོགས་ཤི་ལ་ཐུག་པ་ལྔ་བཅུ་རྩ་བདུན་བྱུང་ཡང་མ་གནོད། གཅན་ཕྲེང་པས་གསོད་པར་བརྩམས་པ་རྫུ་འཕྲུལ་བསྟན་པས་ལྡོག །རྒྱ་གར་དུ་བཏོལ་སྟེ་གསེར་རྣམས་ས་ལ་སྦས་སྟེ་མན་ངག་གི་ཆོས་ལ་སུ་མཁས་ཐམས་ཅད་ལ་དྲིས་པས་སློབ་དཔོན་ཤྲཱི་སིངྷ་ཞེས་བྱ་བ་མཁས་པ་ཉེར་ལྔའི་ཐུགས་སྲས་པཎྜི་ཏ་སྟོང་གི་སློབ་དཔོན་འཇམ་དཔལ་དང་དངོས་སུ་མཇལ་བ་ཞིག་དྷ་ནེ་ཀོ་ཤའི་གནས་སེང་ལྡེང་བསིལ་བྱེད་ཀྱི་ཚལ་ཙནྡན་དྲི་ཞིམ་གྱི་ནགས་རིན་པོ་ཆེ་ཟ་མ་ཏོག་སྤུངས་པའི་ཁབ་བྱ་བར་བཞུགས་ཅེས་ཐོས་ནས་བཙལ་སྟེ་རྒྱལ་པོ་ཅིག་གིས་གཙུག་ལག་ཁང་དེ་འདི་ཡིན་སྟེ་འདི་ན་ཀེ་ཚང་ཆེན་པོ་དགུ་ལས་ཐོག་མ་ན་སྟོན་པ་དགའ་(ཐ༢༧བ)


PTT001_Page_0583
[མ་དཔེ་གཟིགས་ན་འདིར་གནོན།]

རབ་རྡོ་རྗེ་ཆོས་ཉིད་སྐྱེ་འགག་མེད་པའི་དངོས་གྲུབ་ཐོབ་པ་རིག་པ་ཀློང་དུ་ཤར་བའི་སྐྱེས་བུ་དེའི་སྤྱན་སྔར་མཁས་པ་དགོངས་རྒྱུད་རྣམ་པར་དག་པ་བཅུ་དྲུག་བཀའི་ལུང་ནོད་ཅིང་བཞུགས་པ་ལས་དགོངས་པ་ཀློང་དུ་གྱུར་སྟེ་སྨྲ་བསམ་ཚིག་ལས་འདས་པར་བཞུགས་སོ། །མཁས་པ་ཕྱི་མ་བདུན་ད་དུང་ཚིག་ལ་ཆགས་པས་ལ་མ་ཟློས་སྟེ་ཀེ་ཚང་གཉིས་པ་ན་བཞུགས་སོ། །གསུམ་པ་ནི་བཱི་མ་ལ་མི་ཏྲ་ལ་སོགས་པ་བཞུགས་སོ། །གནད་དེ་ན་བྲམ་ཟེ་མོ་རྒན་མོ་ཞིག་ཡོད་པ་ལ་དྲིས་ཅིག་ཞེས་བསྟན། བྲམ་ཟེ་མོ་ལ་དྲིས་པས་དེས་པྲ་སེ་ནས་མི་རྟོགས་པའི་ཐབས་བྱས་སྟེ་མན་ངག་གི་ཆོས་བོད་དུ་འཁྱེར་བའི་ལྟས་སུ་པཎྜི་ཏ་རྣམས་ཀྱི་རྨི་ལམ་ལོག་པ་བཤད་དེ་མན་ངག་འཐོབ་པར་ལུང་བསྟན། བྲམ་ཟེ་མོ་ཤེལ་གྱི་བློ་གྲོས་ཆུ་ལེན་དུ་འོང་བ་ལ་འཕྲིན་སྲིངས་ཅིག་པར་བསྟན་ཏོ། །འདི་ལྟར་ན་ནོར་བཟང་གི་རྣམ་ཐར་གྱི་ཚོང་དཔོན་རིན་ཆེན་གཙུག་ཕུད་ཀྱི་རྣམ་ཐར་གྱི་ཁང་བརྩེགས་བཅུའི་བཅུ་པ་ན་སངས་རྒྱས་རྣམས་ཆོས་བགྲོ་བ་དང་དགུ་པ་ནས་བཅུ་པ་པ་རྣམས་གནས་པ་སོགས་བཤད་པ་ལྟར་གནས་འདི་ཡང་དག་པའི་སྣང་བའི་གནས་ཕལ་པས་མཐོང་བར་མི་ནུས་པ་ཅིག་ཡིན་པར་སྣང་ལ་ཀེ་ཚང་ཞེས་པའང་ཁང་བརྩེགས་ཀྱི་འགྱུར་ཁྱད་དུ་སྣང་ངོ༌། །ཆུ་ཆུན་མ་ལ་འཕྲིན་དུ་མར་བསྲིངས་ཀྱང་མ་གྲུབ་པས་བཻ་རོ་ཙ་ནས་ལྟ་སྟངས་ཀྱིས་ཆུ་བུམ་ས་ལ་སྦྱར་བས་འཁུར་མ་ནུས་ནས་ཁྱོད་ཀྱང་རྫུ་འཕྲུལ་དང་ལྡན་པར་གདའ་སྟེ་བདག་ལའང་འདི་ལྟ་བུ་ཡོད་ཟེར་ནས་མོས་རང་གི་བྱང་ཁོག་ཕྱེ་བས་རྡོ་རྗེ་དབྱིངས་ཀྱི་ལྷ་སོ་བདུན་བཀྲ་ལམ་མེ་བསྟན། ཐབས་ཀྱིས་ནང་དུ་བཏོལ་བར་གྱིས་ལ་བཱི་མ་ལ་ལ་སོགས་པའི་མཁས་པ་རྣམས་བཞུགས་པ་ལ་ཕྱག་གིས་བརྡ་འདི་བསྟན་པ་ལ་ལན་འདི་གྱིས་བསླབས། སྐབས་བཙལ་ནས་སྒོའི་གསེང་ཅིག་ལ་ནང་དུ་བཏོལ་སྟེ་ཕྱག་བྱས། (ཐ༢༨ན)


PTT001_Page_0584
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ་ལན་གྱིས་མཉེས། ནང་པར་ཤྲཱི་སིངྷ་ལ་ཤོག་འཕྲིན་ཕུལ་བས་མཇལ་སྟེ་གསེར་དཔག་མེད་ཕུལ། རྩོལ་མེད་ཀྱི་ཐེག་པ་སྟོན་པར་ཞུས་པས་དོ་ནུབ་ཚད་མ་བརྟག་གི་གསུངས་ནས་ནང་བར། མཚན་མ་བཟང་བོད་ལ་ཕན་ཐོགས་ངེས། དེ་ཡང་སྒྲོན་བསྐལ་མུན་བསྐལ་གྲངས་མེད་འདས་པའི་སྔོན་དུ་བསྐལ་པ་དགའ་བ་ལ་སངས་རྒྱས་སྟོང་ཕྲག་དྲུག་བཅུ་བྱུང་བའི་མཐའ་མ་མངོན་རྫོགས་རྒྱལ་པོས་མན་ངག་རྣམས་ཐུགས་ཀྱི་སྲས་བདུན་ལ་གཏད་པས་དེ་དག་རིམ་པར་སངས་རྒྱས། དེ་ནས་མུན་བསྐལ་ལྔ་བརྒྱའི་འོག་དུ་བསྐལ་པ་འདི་ལ་སངས་རྒྱས་སྟོང་འབྱུང་བའི་ཤཱཀྱའི་བསྟན་པ་ལ་རྒྱུ་འབྲས་ལ་ཟློ་བའི་ཐེག་པ་འདི་འབྱུང་སྟེ་དང་པོ་རྒྱ་གར་དུ་དར་ནས་ཨོ་ཌྱན་གྱི་ཡུལ་དུ་འཁོར་བ་ལན་གསུམ་སྟོངས་པར་བྱེད། དེ་ནས་གསང་བ་དམ་པ་འདི། །མཐའ་འཁོབ་ཡུལ་དུ་རྒྱས་པར་འགྱུར། །ཞེས་ས་བརྒྱད་པའི་བྱང་སེམས་གཅིག་གིས་བླངས་སྟེ་མཐའ་འཁོབ་རྒྱལ་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ལ་སྟོན། དེར་གཞན་འདུལ་བའི་དུས་ལ་མ་བབ་སྟེ་ཚ་བའི་ཡུལ་དུ་ས་བདུན་པའི་བྱང་སེམས་ལྐོག་མ་ན་རྨེ་བ་ཡོད་པ་ཅིག་དང་རང་རྒྱལ་གྱི་སྤྲུལ་པ་ཅིག་ལ་སྟོན། དེས་ས་བདུན་པའི་བྱང་སེམས་ཅིག་ལ་སྟོན། དེ་ནས་རིམ་པར་ས་ལྔ་པ་དང་བརྒྱད་པ་དང་བདུན་པ་དང་གསུམ་པ་པ་དང༌། དེ་ནས་བརྒྱད་པ་དང་བདུན་པ་པ་དཔེལ་བ་བདུན་རྒྱུད་ལ་བསྟན་ནས་གྲུབ་པ་འཐོབ་པར་འགྱུར་ལ། དེ་ནས་ས་བརྒྱད་པ་པ་ཅིག་ལ་བསྟེན་སྟེ་དེས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ཚོགས་ལ་བསྟན་སྟེ་ལ་ལས་ནི་གོ་ལ་ལས་ནི་མ་གོ་ལ་ལ་ཉམས་ལ་ལ་གྲོལ་ཞིང་བཀའ་ཉམས་ནས་གླེགས་བམ་མང་པོ་བྲིས་སྟེ་སྣོད་མིན་གྱི་ལག་དུ་འགྲིམས་ནས་དེས་མན་ངག་ཉམས་ལྷ་སྲིན་རྣམས་འཁྲུགས་སྟེ་བསྐལ་པ་ཕྲ་མོ་འཇིག་གོ །མན་ངག་འདི་དང་ཕྲད་པའི་སྐྱེས་བུས་བླ་མ་སངས་(ཐ༢༨བ)


PTT001_Page_0585
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་ཉིད་དུ་མཐོང་བར་བྱས་སྟེ་གསངས་སྟེ་སྤྱད་ན་མྱ་ངན་ལས་འདའོ། །བསྐལ་པ་འདིའི་འོག་དུ་མུན་པའི་བསྐལ་པ་ལྔ་བརྒྱ་འབྱུང༌། དེ་ནས་སྒྲོན་མེའི་བསྐལ་པ་བཟང་ལྡན་བྱ་བ་ལ་གསང་བའི་སྣོད་ལྡན་གྱི་གང་ཟག་མོས་པའི་རྡོ་རྗེ། སྟོབས་ཀྱི་རྡོ་རྗེ། ཤུགས་འཆང་བའི་རྡོ་རྗེ། རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་དང་བཞིས་གྲུབ་པར་འགྱུར་རོ། །དེས་ན་དུས་ལ་བབ་པས་ན་ཁྱེད་ལ་བསྐུར་བར་བྱ་སྟེ་བསྐུར་ཐབས་མ་ལེགས་ན་འུ་ཅག་གསུམ་གའི་སྲོག་ལ་འོང༌། ཡུལ་འདིར་ཡང་གང་དགར་སྤྱད་དུ་མེད་དེ་རྒྱལ་པོས་ཚོར་ན་མན་ངག་རང་ཡང་མེད་པར་བྱེད་པས་ཁྱེད་གཉིས་ཆོས་གཞན་ཉན་པ་ལྟར་གྱིས་ལ་པཎྜི་ཏ་བརྒྱད་ལ་གསེར་ཕུལ་ལ་རྒྱུ་འབྲས་ཀྱི་ཆོས་ཉོན་ཞིག་མཚན་མོ་མན་ངག་གི་ཆོས་བསྟན་གྱི་གསུངས་སྟེ་དེ་ལྟར་བྱས། མཚན་མོ་པྲ་སེ་ནས་མི་ཟིན་པའི་ཐབས་བྱས་སྟེ་མན་ངག་བཤད་ཅིང་དར་དཀར་ལ་ར་དཀར་མོའི་འོ་མས་བྲིས་སྟེ་དུད་པས་བདུགས་ན་ཡི་གེ་གསལ་བ་བྱས། རྫུ་འཕྲུལ་དང་འཕྲུལ་ཐབས་ཀྱིས་མན་ངག་གི་དཔེ་བམ་པོ་བརྒྱ་དང་ལྔ་བཅུ་རྩ་བཞི་ཕྱུང་བའི་ཚེ་གཙང་རིས་ཀྱི་མགོན་པོ་སུམ་བརྒྱ་དྲུག་བཅུ་དང་སྔགས་ཕྱི་ནང་གི་སྲུང་མ་ཐམས་ཅད་ལྷགས་སྟེ་ཕྱག་དང་སྐོར་བ་བྱས་ནས་བདག་ཅག་ཆོས་སྲུང་རྣམས་ནི་བཀའ་འདི་རྣམས་ཀྱི་རྗེས་སུ་མཆིའོ་ཁྱད་པར་མན་ངག་སྙན་རྒྱུད་ཀྱི་རྗེས་སུ་མཆིའོ་རབ་ཏུ་ཡང་མཆིའོ། །སྣོད་དང་མི་ལྡན་པ་ཐོབ་ལོ་ཤེས་ལོ་མཁས་ལོ་བཙུན་ལོ་ཉན་ལོ་ཐོས་ལོ་སྒོམ་ལོ་སྒྲུབ་ལོ་ཙམ་གྱིས་ཆོག་པ། དད་པ་གཏིང་ནས་མེད་པ། ཞེན་པ་མ་ལོག་འཛིན་ཆགས་མ་ཁྲོལ་བ། ཆོས་དང་འབུལ་བ་ལ་ཕམ་རྒྱལ་རྩི་བའི་མི་ལག་འགྲིམས་ཙ་ན་དམ་ཉམས་སུ་སོང་བ་ཡིན་པས་དེ་ཙ་ན་བདག་ཅག་རྣམས་མི་དགའ་ཤིན་དུ་རབ་ཏུ་ཡང་མ་དགའ་སྟེ་བདག་ཅག་(ཐ༢༩ན)


PTT001_Page_0586
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ལ་ནི་ཕ་མ་བསད་པ་སྙམ་བྱེད། ལ་ལ་ནི་བུ་གཅིག་སྟོར་བ་སྙམ་བྱེད། དཔྲལ་བའི་མིག་ཕྱུང་བ་སྙམ་ཁོང་གི་སྙིང་ཕྱུང་བ་སྙམ་ནོར་བུ་རིན་པོ་ཆེ་སྟོར་བ་སྙམ་བྱེད་དེ་དེའི་ཚེ་ནད་དང་མུ་གེ་དང་འཁྲུག་པ་དང་ས་གཡོས་དང་རླུང་ནག་དང་བུ་ཡུག་དང་མི་ཤིས་པ་སྣ་ཚོགས་པ་འོང༌། ན་རག་ཆེན་པོ་ཡང་ཡོངས་སུ་འཕེལ། སློབ་དཔོན་ཡང་ཚེ་ཐུང་ནད་མང༌། སློབ་མ་རྣམས་ཕོངས་ཤིང་དུག་དང་གྲིར་འཆི། ཆོས་པ་རྣམས་མཐུ་ཆུང༌། བོན་དང་མུ་སྟེགས་དང་སྲིན་པོ་བདུད་དུ་ལྡང༌། དེའི་ཚེ་ལ་ལས་མན་ངག་འདི་རྣམས་སྲེག །ལ་ལས་རུལ་དུ་འཛུད། ལ་ལས་ནི་འཚོང༌། ལ་ལས་ནི་བསྲེས་ཅིང་བསླད་དེ། དེ་ལ་བསྟེན་ནས་འདི་འཆད་ཅིང་ཐུགས་ལ་འཆང་བ་རྣམས་སངས་རྒྱས་ཀྱི་ངོ་བོ་ཉིད་ཡིན་ཀྱང་དེ་ལ་ལ་ལས་སྐུར་པ་འདེབས། ལ་ལས་སྨོད། ལ་ལས་སུན་འབྱིན། རྐྱེན་དེས་སངས་རྒྱས་ཀྱི་བསྟན་པ་འཇིག་པར་འགྱུར་རོ། །དེས་ན་ཤིན་དུ་གསང་བར་སྦོས་ཅིག །ཤིན་ཏུ་གསངས་ལ་སྤྱོད་ཅིག །ཤིན་ཏུ་གསང་བས་ཆོངས་ཅིག་གསང་བར་ཡིད་ལ་གྱིས་ཅིག་ཅེས་མགྲིན་གཅིག་དུ་བསྒྲགས་ནས་མི་སྣང་བར་གྱུར་ཏོ། །དེ་ཡང་རེས་ནགས་ཚལ་གྱི་དབུས། རེས་རི་བོའི་རྩེ། རེས་ནམ་མཁའི་མཐོངས། རེས་རྒྱ་མཚོའི་ནང་དུ་བཤད་དེ་ཐོག་མར་བོད་དུ་མན་ངག་འབྱུང་བའི་རྟགས་སུ་རིག་པའི་ཁུ་བྱུག །ཚང་ཞིང་རྫོགས་པའི་རྟགས་སུ་རྩལ་ཆེན་སྤྲུགས་པ། དེ་བཞིན་དུ་བསམ་གཏན་སྟོན་པ་ཐིག་ལེ་དྲུག་པ། ཐེག་པ་ཐམས་ཅད་ཀྱི་ལྟ་སྐྱོང་ཁོངས་སུ་ཆུད་པ་ཁྱུང་ཆེན་ཐེག་པ། ཐམས་ཅད་ལས་ཁྱད་འདོན་པ་མི་ནུབ་རྒྱལ་མཚན་སྟེ་ཆེ་བ་ལྔ། གྲུབ་མཐའ་ཐམས་ཅད་འདུས་པ་ཡིད་བཞིན་ནོར་བུ། ཆོས་དང་གང་(ཐ༢༩བ)


PTT001_Page_0587
[མ་དཔེ་གཟིགས་ན་འདིར་གནོན།]

ཟག་གི་ཆེ་བ་དབྱུང་བ་ཆེ་བཙན་དམ་པ། ཐེག་པ་གོང་འོག་གི་སྐྱོན་ཡོན་འབྱེད་པ་སྤྱི་སྦྱོང་རྒྱལ་པོ་ཤེས་རབ་གསུམ་ལ་བསྟེན་པ་ཀུན་འདུས་རིག་པ་སྟེ་ཆུང་བ་བཞི། གདམས་པ་ལ་རགས་པར་སྟོན་པ་བདེ་འབྱམས། འབྲས་བུ་སྐུ་གསུང་ཐུགས་སྟོན་པ་སྲོག་གི་འཁོར་ལོ། དཔེ་དོན་རྟགས་གསུམ་སྟོན་པ་སེམས་ཏི་ཀྲ་དང་ན་མཁའ་རྒྱལ་པོ་སྟེ་འབྲིང་བཞི། དྲང་ངེས་དབྱེ་བ་བདེ་བ་ཕྲ་བཀོད། ཐེག་པའི་ཤན་འབྱེད་པ་སྤྱི་ཆིངས་རིགས་པ་དང་མི་འགལ་བ་རྡོ་ལ་གསེར་ཞུན། སྤྱོད་པ་དང་དམ་ཚིག་སྟོན་པ་རྩེ་མོ་བྱུང་རྒྱལ་སྟེ་ཆེ་བའི་ཕྱོགས་བཞི། འཆལ་པ་ཚར་གཅོད་པ་རྨད་བྱུང་བཤད་དེ་སེམས་སྡེ་བཅོ་བརྒྱད་ཏོ། །དེའི་ཚེ་བཻ་རོས་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་ཞལ་མཐོང་ཆོས་ཐོས་སྟེ་བཻ་རོ་ཙ་ནར་མིང་བཏགས་སོ། །སྤྱིར་སད་མི་བདུན་རབ་ཏུ་བྱུང་ཚེ་བཻ་རོ་ཙ་ན་རཀྵི་ཏ་ཅེས་རྣམ་སྣང་སྲུང་བའམ་རྣམ་སྣང་འཚོར་མིང་བརྗེས་པ་ཡིན་ཀྱང་སླར་ཡང་རྣམ་པར་སྣང་མཛད་ཉིད་དུ་བཏགས་པའོ། །དེས་ལེགས་གྲུབ་ཚིམ་སྟེ་རྒྱལ་པོ་ལ་ངོ་སོ་འདོད་པས་བོད་དུ་སོང་བ་གཅན་འཕྲང་བས་བསད་ཏོ། །བཻ་རོ་ཙ་ན་མ་ཚིམ་སྟེ་ཡིད་མི་བདེ་བར་འདུག་པ་ན་བླ་མས་ཁྱོད་ནའམ་གསུངས་སྟེ། མཐོང་སྟེ་མ་ཕྲད་རང་སེམས་ན། །མྱངས་སྟེ་མ་ཚིམ་རང་སེམས་ན། །ནད་གཞིལ་སེམས་སྡེ་བཅོ་བརྒྱད་པོས། །གདེང་མ་རྙེད་པར་འདོད་པ་རྙེད། །མཐར་ཕྱིན་གྱི་སྨན་ཞིག་ང་གཏོང་འཚལ། །ཞུས་པས། ངས་ཐམས་ཅད་བསྟན་ཟིན་ན་ཁྱོད་ཅི་ལ་བརྡུགས་གསུང་བ་ན། ལྟ་བ་ཕྱོགས་རིས་མེད་པ་དེ། །ལས་དང་རྟོག་པའི་འཕྲང་ལ་བརྡུགས། །སྤྱོད་པ་བླང་དོར་མེད་པ་དེ། །འདོད་རྩོལ་གཉིས་ཀྱི་འཕྲང་ལ་བརྡུགས། །ལམ་ལ་སྒྲོད་དུ་མེད་པ་དེ། །(ཐ༣༠ན)


PTT001_Page_0588
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་དང་རིགས་པའི་འཕྲང་ལ་བརྡུགས། །རང་བྱུང་ཡེ་ཤེས་ཆེན་པོ་དེ། །བག་ཆགས་སྟུག་པོའི་འཕྲང་ལ་བརྡུགས། །དུས་གསུམ་སངས་རྒྱས་དགོངས་པ་དེ། །བྱིང་རྒོད་གཉིས་ཀྱི་འཕྲང་ལ་བརྡུགས། །འབྲས་བུ་སྐུ་གསུམ་ལྷུན་གྲུབ་དེ། །བརྡ་དོན་ཕྲད་པའི་འཕྲང་ལ་བརྡུགས། །རྫོགས་ཆེན་བྱ་བྲལ་ལྷུན་གྲུབ་དེ། །བརྡ་དོན་དབྲལ་བའི་འཕྲང་ལ་བརྡུགས། །སངས་རྒྱས་སྤྱོད་ཡུལ་རང་དབང་དེ། །སྤྱི་བླུགས་ཚངས་པའི་དབང་ལ་བརྡུགས། །ཆ་ལ་སེམས་སྡེ་བཅོ་བརྒྱད་པོས། །འཕྲང་བརྒྱད་སྐྱེལ་མ་མ་ཤོགས་པས། །བདག་རང་བཻ་རོ་ཙ་ན་ཡང༌། །ཡུལ་དུ་འགྲོ་བ་འཕྲང་ལ་བརྡུགས། །ཞུས་པས་སློབ་དཔོན་གྱིས་ཀྱང་ཁྱད་པར་བ་སྟོན་པར་དགོངས། པཎ་ཆེན་རྣམས་ཀྱི་རྨི་ལམ་གཉིས་པ་ལོག་སྟེ་ཆུ་ཐམས་ཅད་བོད་དུ་བབ་པ་དང་རྩི་ཤིང་ཐམས་ཅད་བོད་དུ་སོང་བ་སོགས་རྨིས། རྒྱུད་སྡེ་དྲུག་བཅུ་དང་དབང་མན་ངག་གནང༌། ཁྱད་པར་དུ་འབྲས་བུ་རང་ཆས་སུ་སྟོན་པ་རྒྱ་མཚོའི་ཀློང་བསྟན་པས་རྟོགས་པའི་མཐར་ཕྱིན་ཀྱང་སྒྲོ་འདོགས་གཅོད་པའི་ཕྱིར། སྐུ་གསུམ་སྟོན་པ་མཆོག་གི་སྲས། །ཐམས་ཅད་མཁྱེན་པ་བདག་གི་ཕ། །བློ་ཡི་རེ་དྭོགས་བཅད་པའི་ཕྱིར། །དབུ་སྨྱུང་བཞེས་པའི་ཆོས་ཅིག་ཞུ། །བྱས་པས། ཆོས་ཀྱི་དབྱིངས་ལ་ཟད་མེད་ཀྱང༌། །དེ་བཞིན་ཉིད་ནི་གཅིག་ཤེས་ན། །མ་ལུས་དེ་ལ་ཡོངས་སུ་རྫོགས། །དེ་ལས་ཡོད་ན་སིདྡྷི་ཀན། །གསུང་ངོ༌། །དེ་ནས་བླ་མའི་ཞལ་ནས་གདམས་པ་འདི་ལ་བཙའ་ལུགས་གསུམ་བྱིན་པ་བཞིན་མི་སྦྱིན་པ་བཞི་ཡོད་སྟེ་འཁོར་འདས་ཐམས་ཅད་གསལ་བར་བྱེད་པའི་ཕྱིར་མིག་འབྲས་ལྟར་བཙའ། ཐེག་པ་ཀུན་གྱི་བཅུད་ཡིན་པས་ཁོང་སྙིང་ལྟར་བཙའ། (ཐ༣༠བ)


PTT001_Page_0589
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་གྱི་རྩ་བ་ཡིན་པས་སྲོག་ལྟར་བཙའོ། །དད་ལྡན་འཇམ་རིང་ཡུན་བརྟེན་ལ། །དཔེ་དང་འགྲེལ་ཊཱིཀ྄་མན་ངག་རྣམས། །གྲངས་བཏབ་བསྡེབས་སྟེ་བྱིན་པར་བྱ། །དཔུང་བཟང་ཡུན་རིང་སྣོད་ལྡན་ལ། སྦ་སྲི་མེད་པར་ཚང་བར་བྱིན། །དད་པ་ཅན་ལ་མི་ཞུ་ཡང༌། །ནན་གྱིས་བྱིན་ཞིང་གཏད་གཉེར་བྱ། །དད་ཅན་ཤེས་རབ་ཆུང་བ་ལ། །ཡིད་དང་སྦྱར་ལ་བྱིན་པར་བྱ། །ཁོང་ཁྲོ་ཆེ་ཞིང་དད་མེད་ལ། །ཚིག་འགས་བྲིད་ལ་མི་སྦྱིན་བསྐྲད། །དད་བརྩོན་ཤེས་ཆུང་ཚིག་ལ་དགའ། །བཤད་རིངས་དཔེ་འགྲེལ་འདོད་པ་ལ། །ཕྱོགས་ཙམ་གྱིས་བྲིད་མི་སྦྱིན་བསྐྲད། །མི་སྒོམ་ཡི་གེར་བྲི་རིངས་ལ། །ཆོས་གཞན་གྱིས་བྲིད་མི་སྦྱིན་བསྐྲད། །ནོར་ཕྱིར་ཆོས་འཚོལ་དད་མེད་རིགས། །དང་པོ་ཉིད་ནས་བརྟགས་སྟེ་སྤང༌། །འོན་ཀྱང་བོད་ཀྱི་རྒྱལ་པོ་ལ་སྟོན་ཅིག་གསུངས་ནས་རྗེས་སུ་གནང༌། དགའ་རབ་རྡོ་རྗེ་དང་མཇལ་བར་ལུང་བསྟན་ནས་བཙལ་བས་མཁའ་འགྲོས་ཨོ་ཌྱན་དུ་སོང་ཞིག་པར་ལུང་བསྟན་སྟེ་ཨོ་ཌྱན་གྱི་དུར་ཁྲོད་དུ་འོད་ཀྱི་ཁྱེ་ཆུང་དུ་བཞུགས་པ་དང་མཇལ། རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་བཅུ་བཞི་བསྟན་སྟེ་ན་མཁའ་ལ་འོད་དུ་ཡལ། སླར་ཤྲཱི་སིངྷའི་དྲུང་དུ་འོངས་པས་སློབ་དཔོན་གྱི་ཞལ་ནས། རང་སེམས་ཡེ་ཤེས་རྡོ་རྗེ་འདི། །ཡོད་མེད་དབུས་སུའང་མི་དམིགས་ཤིང༌། །རྟག་ཆད་མཐའ་ལ་མི་གནས་པ། །སྒྲོ་སྐུར་མེད་པའི་ཆོས་ཉིད་ལ། །བླང་དོར་མེད་པར་བློ་བཞག་སྟེ། །འདི་ཞེས་སྒོམ་པའི་འདུ་ཤེས་བྲལ། །དེ་ནི་དགོངས་པའི་མཐར་ཐུག་གོ །སེམས་ནི་སངས་རྒྱས་ཀུན་གྱི་དངོས། །སེམས་ཀྱིས་སེམས་ལ་ལྟ་བ་ན། །སེམས་ཀྱི་སྐྱོན་དང་གོ་ས་བརྟག །དེ་ནས་ཉམས་དང་དྲོད་ཚད་སྐྱེ། །རང་སྣང་དཀྱིལ་འཁོར་རང་ལ་འཆར། །(ཐ༣༡ན)


PTT001_Page_0590
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ནི་ཁ་དོག་ཅིར་མི་དམིགས། །དབྱིབས་ཀྱི་རྣམ་པ་གང་ཡང་མེད། །སེམས་ནི་རྒྱུད་ལས་མ་སྐྱེས་སྟེ། །རྐྱེན་གྱིས་རྣམ་པར་འཇིག་པ་མེད། །ཐོག་མར་མ་བྱུང་མཐར་མི་འགྲོ། །དུས་གསུམ་ཀུན་དུ་སྟོང་ཞིང་དབེན། །འདི་འདྲ་ཞེས་སུ་བསྟན་དུ་མེད། །བདག་གཞན་གཟུང་འཛིན་བཏང་སྙོམས་དང༌། །རྒྱུ་རྐྱེན་གང་གིའང་སྤྱོད་ཡུལ་མིན། །བྱིང་རྒོད་གཉིས་པོ་འདི་ལ་མེད། །ཇི་བཞིན་པ་ཡི་ངང་དུ་ཞོག །ཡིག་འབྲུ་ཕྱག་མཚན་སྐུར་མི་དམིགས། །སྒྲ་དང་ཚིག་ལས་འདས་པར་བསྒོམ། །སྙམ་བྱེད་བློའམ་འཇིགས་པའི་བློ། །ཀུན་ལ་རེ་དྭོགས་མེད་པར་བཞག །ཅིར་ཡང་རྟོག་པར་མི་བྱའོ། །སྟོང་པའི་ངང་ལས་མ་གཡོས་ན། །དབུགས་ཀྱི་རྒྱུ་བ་མི་ཚོར་ཞིང༌། །ཕུང་པོ་ཡོད་པར་མི་མངོན་སྟེ། །ན་མཁའ་སྟོང་པའི་ངང་ཉིད་ལས། །རིག་པ་ཡེ་ཤེས་ཤར་བའི་དྲོད། །སྐར་མའི་འོད་འདྲ་ཀློག་འབྱུང་འདྲ། །ཉི་མ་ཤར་བའི་འོད་འདྲར་གསལ། །གཅིག་གོ་ཀུན་རྫོགས་མན་ངག་ཡིན། །ཞེས་གནད་ཀྱི་ཞལ་ཆེམས་ཐུགས་ཀྱི་མཛོད་བཏོལ་སྟེ་རླུང་གིས་ཀྱང་ཐོས་སུ་མི་རུང་བར་མཛད་ནས་བཻ་རོ་ཉིད་ལ་གདམས་སྟེ་སློབ་དཔོན་འོད་དུ་ཡལ་བའི་ཚེ་རྐང་མགྱོགས་གྲུབ་པའི་མཆོག་ཀུ་མ་ར་དང་ཀུ་ཧ་ར་དྷཱ་ཏུ་བྱ་བ་གཉིས་ཡོད་པ་ལས་བཻ་རོས་ཀུ་མ་ར་དང་གྲོགས་པོར་བྱས་གསེར་བྱིན་ནས་རྐང་མགྱོགས་བསླབས་པས་གཏན་གྱི་རྐང་མགྱོགས་ཕས་བུ་ལ་ཡང་མི་སྟེར་བས་བོད་དུ་མ་སླེབས་བར་གྱི་རྐང་མགྱོགས་བྱིན་ནོ་ཟེར་ནས་ཅུང་ཟད་བྱིན་སྟེ་རེ་མ་ཏིའི་རྐང་མགྱོགས་བསྒྲུབས་པས་སྤྱིར་གླག་གཟན་ལ་འཇུམས་པ་ལྟར་མགྱོགས་པ་ཡོད་ཀྱང་གོ་བོ་རི་རྩིབས་གཅོད་པ་བཻ་རོས་གྲུབ། རྐྱང་མགྱོགས་ཀྱི་གཙོ་བོ་གཅིག་ཤོས་ལ་ཡང་རྔན་པ་བཅུག་སྟེ་བོད་མི་མ་མཐོང་གནོད་སྦྱིན་ཤ་བའི་རུ་ཅན་སོང་ངོ་བར་སྒྲོགས་སུ་(ཐ༣༡བ)


PTT001_Page_0591
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་སྟེ་ཆས་དེ་ལྟ་བུར་ཞུགས་སྟེ་བྱོན། ལམ་དུ་ཡང་སྐལ་ལྡན་འགའི་དོན་མཛད། བོད་ཏུ་མྱུར་བར་ཕེབས་སྟེ་རྒྱལ་པོས་ཞབས་མཐིལ་གཙུག་དུ་བླངས་པས་རྒྱལ་པོ་ལ་ཉིན་མོ་རྒྱུ་འབྲས་ཀྱི་ཆོས་དང་མཚན་མོ་རྫོགས་པ་རྩོལ་མེད་ཀྱི་ཐེག་པ་བསྟན། བཻ་རོ་བོད་དུ་ཞལ་ཕྱོགས་ནས་བྱོན་པའི་ནུབ་ནས་བཟུང་སྟེ་རྒྱ་གར་བའི་རྨི་ལྟས་གསུམ་པ་ལོག་པས་མན་ངག་གི་ཆོས་བོད་ཏུ་ཤོར་བར་ཤེས་སྟེ་རྡོ་རྗེ་གདན་དུ་བལྟས་པ་ན་རྒྱ་རུ་སྤོད་ཞིག་ཞིང་ཆོས་མ་ཚང་བར་ཤེས་པས་རྒྱལ་པོ་དང་པཎྜི་ཏ་གཅིག་ལ་གཅིག་ཡིད་མ་ཆེས་སྟེ་རྒྱལ་པོས་པཎྜི་ཏ་རྣམས་ལ་གསངས་ནས་རྡོ་རྗེ་གདན་ནམ་ཨ་སུ་ར་གསང་བའི་བྲག་ཕུག་གམ་བྱ་རྒོད་ཕུང་པོར་སྦས་སམ་ཡང་ཟེར་སྟེ་མི་སྣང་བར་བྱས། བོད་ཐེ་ཚོམ་སྐྱེད་ཕྱིར་ཕྲ་མེན་གྱི་ངག་སྔགས་ཁྱེར་སོང་བས་བོད་མི་བརླག་པའི་ཐབས་གྱིས་ཞེས་རྐང་མགྱོགས་པ་བཏང་སྟེ་རུ་བཞི་ཐམས་ཅད་ཏུ་བསྒྲགས་པས་བོད་བློན་རྣམས་ཀྱིས་གཅུགས་ལ་ཉན་སྟེ་འདི་མི་གསོད་ན་རྒྱལ་ཁྲིམས་བཤིག་པར་བགྲོས་སྟེ་རྒྱལ་པོ་ལ་གསོལ་བ་བཏབ། བཙུན་མོ་ཚེ་སྤོང་བཟས་ཀྱང་བཻ་རོ་ཙ་ན་སླུ་བར་མ་ཚུགས་པའི་སེམས་ནད་བྱས་སྟེ་བློན་པོ་རྣམས་བསླད། རྒྱལ་པོ་ལ་ནན་གྱིས་ཞུས་པ་ན་ཐབས་མ་རྙེད་ནས་བསད་པར་ཞལ་གྱིས་བཞེས་སྟེ་སྤྲང་པོ་ཅིག་ལ་བཻ་རོའི་ཆས་བཅོས་ནས་མི་རྣམས་ཀྱིས་མ་སླེབས་ཙམ་ལ་ཟངས་སུ་བཅུག་སྟེ་ཆུར་བསྐུར། གདན་ཁྲིའི་འོག་དུ་གནམ་སྒོ་སྔོ་ཐེམ་ཅན་ལས་བབས་པར་བཻ་རོ་བཞུགས་སྟེ་རྒྱལ་པོས་ནམ་ཕྱེད་ན་ཆོས་ཉན་པ་ལས་ནང་འཁོར་བ་ཞིག་གིས་མཐོང༌། དེ་ནས་རྒྱལ་པོའི་གདུགས་ཁང་བྱ་བའི་ཕྱིར་ཀ་བ་ཁོང་སྟོང་སྒོ་ཅན་དུ་བྱས་པར་སློབ་དཔོན་བཞུགས་ན་བཙུན་མོས་ཤེས་སྟེ་བློན་པོ་རྣམས་ལ་བསྙད་དེ་བོད་འབངས་སྤྱིས་ནན་གྱིས་གསོལ་བས་ཐབས་མ་རྙེད་དེ་སྤྱུག་པར་ཞལ་གྱིས་བཞེས། སློབ་དཔོན་གྱིས་ཀྱང་ཚ་བ་རོང་དུ་སྔོན་གྱི་(ཐ༣༢ན)


PTT001_Page_0592
[མ་དཔེ་གཟིགས་ན་འདིར་གནོན།]

ལས་འབྲེལ་ཞིག་ཡོད་པས་དེར་འགྲོའོ་གསུངས་ནས་རྒྱལ་བློན་ཐམས་ཅད་ཀྱིས་བསྐྱལ། དཀའ་བ་བཅོ་བརྒྱད་ལ་སོགས་པའི་མགུར་མང་པོ་མཛད་དེ་གཤེགས། རྒྱལ་མོ་རོང་པའི་ཡུལ་མི་རྣམས་ཀྱིས་བོད་ཀྱི་རྟོག་ཆེན་པར་དྭོགས་ནས་སྦལ་དོང་དུ་ཞག་བདུན་དང་ཤིག་སྣ་ཚོགས་པའི་དོང་དུ་ཞག་བདུན་བསྐྱུར། སྐྱེ་བ་མང་པོའི་གོང་དུ་ཡུལ་དེའི་ནེ་ལེར་གྱུར་ཚེ་སྦལ་པ་བཟོས་པ་དང༌། ཡུལ་དེར་དགེ་སློང་ཞིག་དུ་གྱུར་ཚེ་ཤིག་དོར་བ་བྱས་ཟོས་པའི་རྣམ་སྨིན་གྱི་མཐའ་མར་ཞལ་གྱིས་བཞེས་སྟེ་དགེ་སློང་པུརྞའི་སྔོན་གནས་དྲན་པ་གསུངས་པས་གྲུ་དང་མདོ་གཞེར་ལ་སོགས་པ་རྒྱལ་བློན་རྣམས་ཀྱིས་རྒྱལ་པོའི་མེས་སུ་གཏོགས་པའི་དགེ་སློང་པུརྞ་ཡིན་པར་ཤེས་ནས་བཤགས་པ་དང་བཀུར་སྟི་བྱས། ཐུགས་མི་བདེ་བ་ལྟར་མཛད་པའི་རྒྱུ་དྲིས་པས་ང་སྤྱུགས་པའི་རྐྱེན་གྱིས་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདི་ཙམ་ན་འགྲོངས་པར་འདུག་པས་དེས་མི་དགའ་གསུངས་སྟེ་འདི་ལ་ཟླ་བ་གསུམ་དང་དྲུག་དང་ལོ་གསུམ་དང་ལོ་སྐོར་གཅིག་ཟེར་བ་སོགས་ཡི་གེ་མི་འདྲ་བ་སྣ་ཚོགས་འདུག །འོན་ཡང་རྒྱལ་པོ་དེའི་སྲས་གཡུ་སྒྲ་སྙིང་པོ་མ་དད་ནས་བུ་གཅིག་ཤི་བའི་ཕ་མ་དང་རྒན་རྒོན་འཆིར་གཏུགས་པ་དང་སྐྱེས་པ་བུད་མེད་ལང་ཚོ་ཅན་རྩེ་བ་རྣམས་རིམ་པར་བཏང་སྟེ་ཆོས་བྱས་ན་བུ་དང་ཕྲད་དམ། རྒས་པ་གཞོན་ནུར་ལྡོག་གམ། རྩེ་དགའ་འདི་ལས་ལྷག་པའི་བདེ་སྐྱིད་ཆོས་ལ་ཡོད་ཏམ་བྱ་བ་རིམ་པས་འདྲིར་བཅུག་པས། བུ་བས་རང་ཉིད་ཀྱང་འཆི་བ་དང༌། རྒས་དུས་ཆོས་དྲན་ཀྱང་འཕྱིས་པ་དང༌། ཐམས་ཅད་མི་རྟག་པ་རྣམས་རིམ་པར་གསུངས་པས་དེ་དག་ཀྱང་དད་ཅིང་གཡུ་སྒྲ་ཡང་ཅུང་ཟད་དད་ནས་འོག་རྟ་ཕུལ་སྟེ་ཆོས་ཞུས་པས་མ་གནང་བ་དང༌། ཡང་ཁྲུས་ལ་གདན་དྲངས་ནས་ཆུའི་ནང་དུ་གདམས་པ་མི་གནང་ན་ཆུ་ལ་བཀྲོང་ངོ་ཞེས་བསྡིགས་པས། ཡོན་དང་དད་པ་གཉིས་མེད་པར། །(ཐ༣༢བ)


PTT001_Page_0593
[མ་དཔེ་གཟིགས་ན་འདིར་གནོན།]

ནན་ཚིར་བྱས་པས་ཆོས་འཁུགས་སམ། །འཆི་ན་གཉི་ག་འཆི་མེད་དེ། །ང་ཤི་འོག་མིན་གནས་སུ་འགྲོ། །ཁྱོད་ཤི་ངན་སོང་གསུམ་དུ་འགྲོ། །ཁྱོད་ཀྱིས་ཕོད་ན་ང་ཡིས་ཕོད། །གསུངས་པས་སྐྲག་སྟེ་བཟོད་གསོལ་བྱས། །ཡང་དཔེ་ཆ་བརྐུས་ནས་ཀུན་བྱེད་ཀྱི་རྒྱུད་བྲིས་སྟེ་ང་ལ་ཡང་ཆོས་ཡོད་ཟེར་བས། རྡོ་རྗེ་སེམས་དཔའ་དགའ་རབ་འཇམ་དཔལ་གྱི། །ཞལ་ནས་གསུངས་པའི་མན་ངག་ངེས་པའི་དོན། །རྒྱལ་བའི་དགོངས་པ་ཤིན་དུ་གཏིང་ཟབ་ལ། །ཡིག་ནག་ཚིག་གིས་བྱང་ཆུབ་རྙེད་པ་མིན། །ཞེས་གསུངས་པས་དད་པ་དྲག་དུ་སྐྱེས་སྟེ་ངུས་ནས་རྗེས་སུ་བཟུང་བར་ཞུས་པས་རྒྱུ་འབྲས་ཀྱི་ཆོས་གསུངས་པས་མ་ཚིམ་སྟེ་ཚེ་འདིར་འཚང་རྒྱ་བའི་གདམས་པ་ཞུས་པས། ལུས་ཀྱི་སྒོ་ནས་བྲན་གཡོག་ཅི་དགོས་བྱེད་པ། བླ་མའི་སྐུ་དགྲ་འདུལ་བ། ཕྱག་སྐོར་གྱིས་སྒྲིབ་པ་སྦྱོང་བ་སྟེ་ལུས་ཀྱི་སྦྱང་བ་གསུམ། ངག་གིས་ཞེ་ས་དང་གསོང་པོར་སྨྲ་བ། སྐུ་དགྲ་ལ་དྲག་སྔགས་ཀྱི་སྨོད་པ་འབེབས་པ། རྟག་དུ་གསོལ་བ་འདེབས་པ་སྟེ་ངག་གི་སྦྱང་བ་གསུམ། ཡིད་ཀྱིས་རྟག་དུ་བླ་མའི་རྣལ་འབྱོར་སྒོམ་པ། ཅི་གསུངས་མོས་པས་སྒྲུབ་པ། ལུས་ལོངས་སྤྱོད་ཐམས་ཅད་འབུལ་བ་སྟེ་ཡིད་ཀྱི་སྦྱང་བ་གསུམ་དང་དེ་ལྟར་སྦྱང་བ་དགུ་ཁྱིམ་དང་ཉེ་འབྲེལ་སྤོང་བར་ཕོད་པ་སོགས་ཕོད་པ་བཅུ་གསུམ་བྱེད་ནུས་ན་བསྟན་ནོ་ཞེས་གསུངས་པས་ཅི་གསུང་སྒྲུབ་པར་དམ་བཅས་པ་ན། འོ་ན་ཨོ་ཌྱན་གྱི་ཡུལ་རྡོ་རྗེའི་གདན་རྣམས་སུ་སོང་ལ་དགའ་རབ་རྡོ་རྗེ་དང་མཁས་པ་ཉེར་ལྔ་རྣམས་ལ་གསེར་འདི་འབུལ་དུ་སོང་ཞིག་དེ་རྣམས་ཀྱི་གདམས་པ་ངས་གདབ་བོ་ཅེས་གསེར་མང་པོ་བསྐུར་བ་དང་བཀའ་ཉན་སྟེ་ཨོ་ཌྱན་དུ་འགྲོ་ཁར་ཁོང་རང་གི་ཡབ་ཡུམ་བློན་འབངས་དང་བཅས་པས་ཨོ་ཌྱན་དུ་ཕྱིན་རུང་དགའ་རབ་རྡོ་རྗེ་མི་རྙེད། དེ་བས་སློབ་དཔོན་བཻ་རོ་(ཐ༣༣ན)


PTT001_Page_0594
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་ལ་གཏུགས་པ་བཟང་ཟེར་ནས་གྲོས་བཏབ་པས་སྲོག་ལ་བབ་ཀྱང་བླ་མའི་བཀའ་སྒྲུབ་ཟེར་ནས་འགྲོ་བར་ཆས་པའི་ཚེ་སློབ་དཔོན་གྱི་ཞལ་ནས་ཁྱོད་དེ་ཙམ་དུ་བླ་མའི་བཀའ་སྒྲུབ་ན་ཨོ་ཌྱན་དུ་འགྲོ་མི་དགོས། འདི་ཉིད་དུ་རྗེས་སུ་བཟུང་གིས་ཉམས་སད་བྱས་པ་རྣམས་ལ་བཤགས་པ་གྱིས་ཅིག་ཞེས་གསུངས་ནས་གཡུ་སྒྲས་ལུས་ལོངས་སྤྱོད་ཐམས་ཅད་ཕུལ་སྟེ་གདམས་ངག་དུ་མ་གནང༌། སྤྱིར་ཡི་གེ་སྔ་ཞིང་བར་དུ་ཡིག་མཁན་གྱི་སྐྱོན་བརྒྱུད་པ་དུ་མ་དང་པདྨ་དཀའ་ཐང་དང་སྲེ་བ་ལ་སོགས་པ་སྲེ་བསླད་མི་འདྲ་བ་མང་དུ་སྣང་བས་འདྲ་འབག་ལྷད་གཏན་མེད་དེང་སང་མི་རྙེད་པར་སྣང་ཡང་ལྷད་ཅན་གྱི་གསེབ་ནས་ལྷད་མེད་ཀྱི་དོན་གོ་བར་སྣང་ལ། དེས་ན་ཁ་ཅིག་རྒྱལ་མོ་གཡུ་སྒྲ་སྙིང་མོ་ཞེས་རྟེན་རྒྱལ་པོའི་སྲས་མོར་འདོད་པ་དང༌། ཡང་རྒྱལ་པོའི་སྲས་པོ་ཡིན་པ་ལ་བཻ་རོས་དོང་ནས་ན་མཁའ་ཆེའི་རྒྱུད་ཁ་ཐོན་མཛད་པ་བློ་ལ་ཟིན་ནས་ཕྱིས་བཻ་རོས་ཡབ་ཡུམ་ལས་བསླངས་བྱ་བ་དང༌། གཙང་ལེགས་གྲུབ་ཀྱི་སྐྱེ་བའི་སྤྲང་ཕྲུག་དུ་འདོད་པ་དང༌། དེ་ཡང་བུད་མེད་དུ་འདོད་པ་སོགས་མང་དུ་སྣང་ཡང་ལོ་རྒྱུས་ཀྱི་བབས་རྣམས་བསྒྲིགས་ན་རྒྱལ་མོ་ནི་ཡུལ་གྱི་མིང་དང་རིགས་རྒྱལ་པོའི་སྲས་ཡིན་ལ་མཚན་གཡུ་སྒྲ་སྙིང་པོ་ཡིན་པ་དང༌། ཉམས་སད་བྱས་པ་དང༌། མཁས་པར་གྱུར་ནས་བཱི་མ་ལ་བསམ་ཡས་སུ་བྱོན་པའི་དུས་རྒྱལ་བློན་ལ་ལ་ཡོགས་དོར་དུ་བཏང་ནས་བོད་འབངས་ཐམས་ཅད་འགྱོད་དེ། སྐྱེ་བ་སྔ་ཕྱི་དྲན་པས་བྱང་ཆུབ་སེམས་དཔའ་ཡིན་ཡང་དག །མན་ངག་གི་ཆོས་ཁྱད་པར་ཅན་རྙེད་པས་སྤྲུལ་སྐུ་ཡིན་ཡང་དག་སོགས་ལྷའི་སྤྱན་ཐོབ། རྐང་མགྱོགས་གྲུབ། བཟོད་པ་ཐོབ་བདེན་པ་མཐོང༌། སྒྲིབ་གཉིས་བྱང༌། སངས་རྒྱས་ཀྱི་སྤྲུལ་པ་སྟོན་པའི་ཞལ་སྐྱིན་ས་བརྒྱད་པ་ཐོབ་པ་ཡིན་ཡང་དག་ཞེས་བཻ་རོ་ལ་ཡང་དག་བཅུ་གཅིག་གི་བསྟོད་པ་ཕུལ་ནས་བཻ་རོ་སྤྱན་འདྲེན་དུ་(ཐ༣༣བ)


PTT001_Page_0595
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་བས་ཐུགས་གཏིང་ནས་མཉེས་སྟེ་གདམས་ངག་ཚང་སྤྲུགས་སུ་དེར་རྫོགས་པ་འདི་དག་པར་སྣང་ལ། བཱི་མ་ལ་བོད་དུ་བྱོན་པ་ཡང་ཆོས་རྒྱལ་ཁྲི་སྲོང་གི་དུས་དང་མུ་ནེ་བཙན་པོའི་དུས་དང་སད་ན་ལེགས་ཀྱི་དུས་ཡིན་པར་བཤད་པ་གསུམ་སྣང་ཡང་སད་ན་ལེགས་རྒྱལ་པོར་གྱུར་ནས་མུ་ནེ་བཙན་པོའི་གཤིད་མཛད་དུས་བཱི་མ་ལ་བྱོན་པ་དང༌། གཙང་ལེགས་གྲུབ་ཀྱི་སྐྱེ་བ་ནི་ཕྱིས་བཻ་རོ་ལི་ཡུལ་དུ་སྤྱན་འདྲེན་པ་མོ་ལི་བཟའ་ཚུལ་ཁྲིམས་སྒྲོལ་མར་བཤད་པའི་ཕྱོགས་འདི་དག་པར་སྣང་ངོ༌། །སློབ་དཔོན་བཻ་རོས་ཀྱང་རྒྱ་ནག་དུ་བྱོན་སྟེ་གྲུབ་ཐོབ་དང་མཁའ་འགྲོ་མ་རྣམས་དང་དགོངས་ཉམས་བསྡུར། ཁམས་སུ་ཡང་གཞན་དོན་མཛད། སླར་བོད་དུ་བྱོན་པའི་ལམ་དུ་ཙངས་མི་ཕམ་མགོན་པོ་ལོ་བརྒྱ་ལོན་པ་ཅིག་ལ་རྒད་པོ་མཛུབ་ཚུགས་ཀྱི་གདམས་པ་བཏབ་པས་ཅིག་ཅར་དུ་གྲོལ་སྟེ་རང་རྒྱལ་གྱི་ལུས་ཀྱི་བཀོད་པར་བཤད་པ་དེ་ཡིན། བོད་དུ་བྱོན་ནས་རྒྱལ་བློན་ཐམས་ཅད་ལ་ཆོས་གསུངས། སླར་ལི་ཡུལ་དུ་གཤེགས་སྟེ་ཕྱིས་བ་སིང་གི་ནགས་སུ་འོད་ཀྱི་སྐུར་ཡལ་ལོ། །གཡུ་སྒྲས་ཀྱང་པངས་སངས་རྒྱས་མགོན་པོ། རྒྱ་བློ་གྲོས་གཞོན་ནུ། སྦས་རྡོ་རྗེ་རྒྱལ་མཚན་སོགས་སྨིན་གྲོལ་དུ་བྱས་སོ། །ཡར་ལུངས་པ་སྙགས་ཛྙ་ན་ཀུ་མ་རས་བཱི་མ་ལ་དང་བཻ་རོ་དང་གཡུ་སྒྲ་སྟེ་གསུམ་ག་ལ་བསྟེན་ནས་བླ་མ་སོ་སོ་ལས་ཀྱང་ང་རང་མཁས་སྙམ་པའི་བློ་ལན་གསུམ་སྐྱེས་པས་གསོད་ངེས་ཀྱི་བཙོན་དུ་ལན་གཉིས་ཚུད། ཕྱིས་སྦྲུལ་ཆེན་པོ་ཅིག་གིས་རྐེ་ལ་འཁྲིལ་བ་ལ་སོག་པོ་དཔལ་གྱི་ཡེ་ཤེས་ཀྱིས་ལུས་སྲོག་དང་བསྡོས་ནས་ཐར་བར་བྱས། སྦྲུལ་གྱི་མགོ་ནས་ཟོས་པས་གདམས་ངག་རྫོགས་པར་གནང་སྟེ་འདི་སྔོན་མགར་བ་བེག་ཙེ་བྱ་བ་ཁྲོ་བོའི་དབྱིབས་སུ་ཡོད་པ་ཅིག་སྣོད་ལྡན་དུ་མཁྱེན་ནས་གདམས་ངག་གིས་ཁ་བྲིད་དེ་སོག་པོ་དཔལ་གྱི་ཡེ་ཤེས་སུ་མིང་སྤོས་པ་ཡིན། དེ་ལ་སྣུབས་སངས་རྒྱས་རིན་པོ་ཆེས་ཞུས་སོ། །ཤྲཱི་སིངྷ་དང་(ཐ༣༤ན)


PTT001_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དགའ་རབ་རྡོ་རྗེ་སོགས་བཻ་རོ་ཙ་ན་དང་དུས་མི་མཚུངས་སོ་སྙམ་དུ་དོགས་པར་མི་བྱ་སྟེ་གྲུབ་ཆེན་དེ་རྣམས་ནི་སྐལ་ལྡན་ལ་ད་ལྟར་ཡང་མཇལ་དུ་ཡོད་པའི་ཕྱིར་རོ། །དེ་ལྟར་སེམས་ཕྱོགས་ཀྱི་བཀའ་བབས་གཉིས་བཤད་ནས་བདག་ཉིད་ཆེན་པོ་པདྨ་འབྱུང་གནས་ལས་ཇི་ལྟར་བྱུང་བ་ནི། སྤྱིར་ཐང་ཡིག་ལེའུ་བརྒྱ་དང་གཅིག་པར་འདོད་པ་ཚིག་བཅད་ལྷུག་གཉིས་སྣང་བ་འདི་ལ་ལྷད་ཧ་ཅང་མང་ཆེས་པས་བདག་གིས་མཐོང་བ་ཁོ་ན་ཡང་མི་འདྲ་བ་ལྔ་བཅུར་ཟིན་པ་སྣང་བས་ཡིད་རྟོན་མི་ནུས་པར་སྣང་ལ། འོན་ཀྱང་སྐྱེ་བོ་མ་བརྟགས་པར་འཇུག་པ་རྣམས་ཀྱི་དད་པ་འཕེལ་བའི་རྒྱུར་སྣང་བས་འདི་རྣམས་ལ་ཡང་སྐུར་པ་གདབ་པར་མི་བྱ་སྟེ་ཆོས་བསྟན་པའི་དགོས་པ་ནི་གདུལ་བྱ་དད་པ་ལ་འགོད་པ་ཡིན་པའི་ཕྱིར་རོ། །དེས་ན་སྔོན་གྱི་མཁས་གྲུབ་དུ་མའི་གསན་ཡིག་ན་སློབ་དཔོན་གྱི་རྣམ་ཐར་རྒྱས་འབྲིང་བསྡུས་གསུམ་ཞེས་དང༌། རྒྱས་པ་ཉང་རལ་གྱི་གཏེར་མ་ལེའུ་ཞེ་བརྒྱད་པ་ཅེས་སྣང་བས་འདིའི་ཕྱོགས་དག་པ་སྙམ་ལ་འདི་ལའང་ལྷད་ཅུང་ཟད་སྐབས་སྐབས་ན་ཡོད་པ་འདྲ་ནའང་ས་བོན་ཙམ་བརྗོད་ན། ཨོ་ཌྱན་གྱི་རྒྱལ་པོ་ཨིནྡྲ་བོ་དྷི་ལ་སྲས་མི་མངའ་ནས་དཀོར་མཛོད་སྦྱིན་པར་བཏང་སྟེ་རྒྱ་མཚོ་ནས་ཡིད་བཞིན་ནོར་བུ་ཀླུ་མོ་མཛེས་ལྡན་མ་ལས་བླངས་སྟེ་ཚུར་ལམ་དྷ་ན་ཀོ་ཤའི་གླིང་ནས་ཁྱེའུ་པདྨ་ལས་འཁྲུངས་པ་རྙེད་སྟེ་སྤྱན་དྲངས་ནས་མཚོ་སྐྱེས་རྡོ་རྗེར་མཚན་གསོལ་སྟེ་སྲས་སུ་བཟུང༌། ནོར་བུའི་མཐུས་རིན་པོ་ཆེའི་ཁྲི་སྟན་དང་ཁང་བཟང་བྱུང་ཞིང་ཟས་གོས་དང་རིན་པོ་ཆེའི་ཆར་གྱིས་སྐྱེ་བོ་ཚིམ་པར་བྱས། སྲས་ཀྱིས་རྒྱལ་སྲིད་སྤོང་བའི་ཕྱིར་རྩེད་མོའི་གར་མཛད་པའི་མཚོན་ཤོར་བའི་ཚུལ་གྱིས་བློན་པོའི་བུ་བསད་དེ་ཁྲིམས་ཀྱིས་སྤྱུགས། དུར་ཁྲོད་དུ་བྱོན་སྟེ་དུར་ཁྲོད་ཀྱི་རྫས་ལ་ལོངས་སྤྱོད་ཅིང་མཁའ་འགྲོ་རྣམས་དབང་དུ་འདུས་སྟེ་སྦྱོར་དགྲོལ་གྱི་སྤྱོད་པ་མཛད་པས་སྲིན་པོ་ཤ་ན་རཱཀྵར་གྲགས། (ཐ༣༤བ)


PTT001_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་མ་བདུད་འདུལ་མ་དང་ཞི་འཚོ་མས་དབང་བསྐུར་བྱིན་གྱིས་བརླབས། འཁྲུངས་སའི་མཚོ་གླིང་དུ་བྱོན་སྟེ་གསང་སྔགས་མཁའ་འགྲོའི་བརྡ་སྐད་ཀྱིས་བསྒྲུབས་པས་རྒྱ་མཚོའི་གླིང་གི་མཁའ་འགྲོ་བཞི་དབང་དུ་འདུས་སྟེ་ཕག་མོའི་ཞལ་མཐོང་བྱིན་གྱིས་བརླབས་སྟེ་རྒྱ་མཚོའི་ཀླུ་དང་བར་སྣང་གི་གཟའ་སྐར་རྣམས་དམ་ལ་བཏགས་སྟེ་རྡོ་རྗེ་དྲག་པོ་རྩལ་དུ་གྲགས། སློབ་དཔོན་པྲ་ཧ་སྟི་ལས་རབ་ཏུ་བྱུང་སྟེ་ཤཱཀྱ་སེང་གེར་གྲགས། ཡོ་གའི་རྒྱུད་རྣམས་ཚར་བཅོ་བརྒྱད་མཉན་པས་དེ་ཉིད་དུ་ལྷ་རྣམས་ཞལ་མཐོང༌། འཇམ་དཔལ་བཤེས་གཉེན་ལ་གསོལ་བ་བཏབ་པས་ངས་ཁྱོད་འདུལ་བའི་དུས་ལ་མ་བབ་དགེ་སློང་མ་ཀུན་དགའ་མོ་ལ་དབང་ཞུས་ཅིག་གསུངས་སྟེ་མཁའ་འགྲོ་མ་གསང་བ་ཡེ་ཤེས་དགེ་སློང་མར་བསྟེན་པ་དང་མཇལ་བ་ན་ཧཱུྃ་ཡིག་དུ་བསྒྱུར་ནས་དེས་ཞལ་དུ་མིད་པདྨར་བཏོན་ནས་སྒྲིབ་པ་གསུམ་སྦྱངས་ནས་སྣང་བ་མཐའ་ཡས་ཀྱི་སྒོ་ནས་ཕྱི་ཚེའི་རིག་འཛིན། སྤྱན་རས་གཟིགས་ཀྱི་སྒོ་ནས་ནང་ཕྱག་ཆེན་གྱི་རིག་འཛིན། གསང་བ་རྟ་མགྲིན་གྱི་སྒོ་ནས་དྲེགས་པ་ཅན་ཐམས་ཅད་འདུལ་བར་དབང་བསྐུར་རོ། །དེ་ནས་འཇམ་དཔལ་བཤེས་གཉེན་ལས་ཕྱི་ནང་གི་ཆོས་དུ་མ་མཉན་སྟེ་འཇམ་དཔལ་གྱི་ཞལ་མཐོང༌། སློབ་དཔོན་ཧཱུྃ་ཀ་ར་ལས་ཡང་དག །ཤཱཀྱ་དེ་ཝ་ལས་ཕུར་པ། ན་གཱརྫཱུ་ན་ལས་པདྨ་གསུང༌། སངས་རྒྱས་གསང་བ་ལས་སྒྱུ་འཕྲུལ། རྡོ་རྗེ་མི་འགྱུར་ལས་བདུད་རྩི་ཡོན་ཏན། དྷ་ན་སཾ་སྐྲྀ་ཏ་ལས་སྲིད་པ་མ་མོ། ཤྲཱི་སིངྷ་ལས་སེམས་ཕྱོགས། གུ་ཧྱ་ཙཎྜ་ལས་དམོད་པ་དྲགས་སྔགས་རྣམས་ཚར་རེ་གསན་པས་ལྷ་སོ་སོའི་ཞལ་གཟིགས་སྟེ་བློ་ལྡན་མཆོག་སྲེད་དུ་གྲགས་སོ། །དེ་ནས་ཟ་ཧོར་གྱི་རྒྱལ་པོ་གཙུག་ལག་འཛིན་གྱི་བུ་མོ་མེ་ཏོག་མནྡྷ་ར་བ་དབང་དུ་མཛད་དེ་རི་བོ་པོ་ཏ་ལའི་འདབས་སུ་ཁར་ཏིའི་གནས་སུ་ཚེའི་རིག་འཛིན་གྲུབ་སྟེ་ཡབ་ཡུམ་གྱི་ཚུལ་གྱིས་ཟ་ཧོར་གྱི་ཡུལ་དུ་བསོད་སྙོམས་(ཐ༣༥ན)


PTT001_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱོན་པས་མེ་ཕུང་དུ་བསྲེགས་པ་ན་ཏིལ་མར་མཚོར་འཁྱིལ་བའི་དབུས་ན་པདྨའི་སྡོང་པོ་ལ་ཡབ་ཡུམ་བཞུགས་སྟེ་པདྨ་འབྱུང་གནས་དང་པདྨ་སམྦྷ་ཝར་གྲགས་ཤིང་ཟ་ཧོར་གྱི་རྒྱལ་ཁམས་བཏུལ། ཨོ་ཌྱན་དུ་བྱོན་སྟེ་བསོད་སྙོམས་མཛད་པས་འབངས་ཀྱིས་ངོ་ཤེས་ནས་མེར་བསྲེགས་པས་སོལ་བའི་གུར་ཁྱིམ་ན་པདྨའི་སྡོང་པོ་ལ་བཞུགས་སྟེ་སེམས་ཅན་འཁོར་བ་ལས་བསྒྲལ་བ་མཚོན་པས་ཐོད་སྐམ་གྱི་ཕྲེང་བ་གསོལ་བར་མཐོང་སྟེ་པདྨ་ཐོད་ཕྲེང་རྩལ་ཏུ་གྲགས། སྔོན་རྒྱལ་པོའི་སྲས་ཡིན་པས་པདྨ་རྒྱལ་པོར་ཡང་གྲགས་སྟེ་ཨོ་ཌྱན་གྱི་རྒྱལ་ཁམས་བཏུལ་སྟེ་རྒྱལ་པོ་འཁོར་བཅས་འོད་ལུས་སུ་ཡལ། རྒྱ་གར་དུ་མུ་སྟེགས་ཀྱི་སྟོན་པ་ལྔ་བརྒྱས་བསྟན་པ་སྣུབ་པའི་ཚེ་བྱོན་ནས་རྩོད་པ་མཛད་པས་སློབ་དཔོན་རྒྱལ། མུ་སྟེགས་ཀྱིས་མཐུ་བྱེད་པའི་ཚེ་མཁའ་འགྲོ་མ་བདུད་འདུལ་མས་བསེའི་སྒྲོམ་བུ་ཞིག་ཕུལ་ནས་བདུད་དང་མུ་སྟེགས་ཐུལ་ཅིག་པར་གསོལ་བ་ན་སྒྲོམ་བུ་ནས་སྲོག་སེར་ཐོག་དང་བཅས་པའི་ངན་སྔགས་བྱུང་ནས་ཐོག་ཕབ་སྟེ་མུ་སྟེགས་རྣམས་ནགས་སུ་བསྲེགས། ལྷག་མ་སངས་རྒྱས་པར་བཙུད་དེ་སེང་གེ་སྒྲ་སྒྲོག་དུ་གྲགས། རྒྱ་བལ་གྱི་མཚམས་ཡང་ལེ་ཤོད་ཀྱི་བྲག་ཕུག་དུ་བལ་མོ་ཤཱ་ཀྱ་དེ་ཝ་ལ་སྒྲུབ་རྟེན་མཛད་ནས་ཡང་དག་གི་སྒོ་ནས་མཆོག་བསྒྲུབས་པས་ཀླུ་གིང་པོ། གནོད་སྦྱིན་རྒོད་མ་ཁ་ཕྲ་མེན། གློག་མ་སྲིན་གསུམ་གྱིས་བར་དུ་བཅད་དེ་ལོ་གསུམ་དུ་ཆར་མ་བབ་པས་ནད་མུག་རྒྱས་པའི་ཚེ་བར་ཆད་དུ་དགོངས་ནས་རྒྱ་གར་གྱི་བླ་མ་རྣམས་ལ་བར་ཆད་འདུལ་བའི་ཆོས་རྫོང་བར་ཞུས་པས་སློབ་དཔོན་པྲ་ཧསྟི་ལ་ཕུར་པའི་ཆོས་ཞུས་ཅིག་པར་གཞན་རྣམས་ཀྱིས་ལུང་བསྟན་སྟེ་པྲ་ཧསྟིས་ཕུར་པ་འབུམ་སྡེའི་ནང་ནས་དགྲ་བགེགས་འདུལ་བའི་སྐོར་མི་ཁུར་གཉིས་བརྫངས་པ་ཕེབས་པ་ཙམ་གྱིས་བར་ཆད་ཞི་ཆར་བབ་ནད་མུག་ཆད། ཡང་ཕུར་གྱི་ལྷ་ཚོས་ཐམས་ཅད་ཞལ་གཟིགས་(ཐ༣༥བ)


PTT001_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་དངོས་གྲུབ་ཐོབ་སྟེ་ཡང་དག་ཚོང་པ་འདྲ། དངོས་གྲུབ་ཆེ་ཡང་བར་ཆོད་མང་བས་ཕུར་པ་སྐྱེལ་མ་དང་འདྲ་བ་དགོས་པར་གཟིགས་ནས་ཡང་ཕུར་སྦྲགས་མའི་སྒྲུབ་ཐབས་མཛད། སྲོད་ལ་ཤྭ་ན་མ་མཆེད་བཞི། གུང་ལ་རེ་མ་ཏི་མཆེད་བཞི། ཐོ་རངས་བསེའི་ལྷ་མོ་མཆེད་བཞི། བསེའི་སྐྱེས་བུ་བཞི། དུང་གི་སྐྱེས་བུ་བཞི། ལྕགས་ཀྱི་སྐྱེས་བུ་བཞི་སྟེ་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ཀྱིས་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སྟེ་ཕུར་པའི་བཀའ་སྲུང་དུ་བཞག་གོ །བོད་ཀྱི་ལྷ་སྲིན་ཐམས་ཅད་དམ་ལ་བཏགས་པ་ན་རྡོ་རྗེ་ཁྲོ་ལོད་དུ་མཚན་གྲགས་སྟེ་སྔོན་མེད་པའི་ཁྲོ་བོ་འཇིགས་རུང་དུ་སྣང་བས་ཁྲོ་བོ་ལོད་པོའམ་འཆོལ་པའི་ཁྲོ་བོ་ཞེས་བྱ་བའི་དོན་ཡིན་ལ་བསམ་ཡས་རྒྱལ་པོ་འདུལ་བའི་ཕྱིར་གུ་རུ་དྲག་པོར་བསྟན་ནས་བྲན་དུ་བཀོལ་ལོ། །གཞན་ཡང་རྒྱལ་པོ་མྱ་ངན་མེད་འདུལ་བའི་དགེ་ཚུལ་དེ་ཡང་སློབ་དཔོན་གི་སྐུའི་བཀོད་པ་ཡིན་ལ་དགེ་སློང་དབང་པོའི་སྡེ་ཉིད་ཀྱང་སློབ་དཔོན་ལས་ཐ་མི་དད་པར་མི་འགལ་སྟེ་སྤྱོད་ཡུལ་རྣམ་འཕྲུལ་གྱི་མདོར། ང་མྱ་ངན་ལས་འདས་ནས་རྒྱལ་པོ་མ་སྐྱེས་དགྲའི་སྐལ་བའི་ངའི་རིང་སྲེལ་དང་མདོ་འདི་ལྷན་ཅིག་དུ་རྒྱལ་པོའི་ཁབ་ཀྱི་ལྷོ་ཕྱོགས་སུ་མ་འོངས་པ་ལོ་བརྒྱ་ན་རྒྱལ་པོ་མྱ་ངན་མེད་ཅེས་བྱ་བ་འབྱུང་བ་དེའི་དོན་དུ་སྦེད་པར་འགྱུར་ལ་དེའི་ཚེ་དགེ་སློང་དབང་པོའི་སྡེ་ཞེས་བྱ་བས་ཕྱུང་སྟེ་མདོ་འདིས་རྒྱལ་པོ་འདུལ་ཞིང་རྒྱལ་པོ་དེས་རིང་སྲེལ་ཅན་གྱི་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པར་འགྱུར་ཞིང་དགེ་སློང་དེས་མདོ་འདི་བྱང་གི་ཕྱོགས་སུ་འཇོག་པར་འགྱུར་མོད་ཀྱི་སུས་ཀྱང་ཤེས་པར་མི་འགྱུར་རོ་ཞེས་ལུང་བསྟན་པས་དགེ་སློང་དེས་མདོ་དེ་བོད་ཡུལ་དུ་སྦས་པ་སྙམ་མོ། །དེ་བཞིན་དུ་མུ་སྟེགས་ཀྱི་རྒྱལ་པོ་ནོར་བུ་འོད་ལྡན་གནས་སྤར་སྟེ་རྒྱལ་པོར་མཛད་ནས་བྷངྒ་ལ་བཏུལ། བྲམ་ཟེའི་བུ་གྲུབ་པ་བརྙེས་པ་ཌོམྦྷི་ཧེ་རུ་ཀ་ཡང་ཨོ་ཌྱན་གྱི་ཡུལ་འདུལ་བའི་ཕྱིར་སྐུའི་བཀོད་པ་ཡིན། ཡང་མུ་སྟེགས་ཀྱི་རྒྱལ་པོ་ཀླུའི་ཁྱབ་འཇུག་(ཐ༣༦ན)


PTT001_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བས་བསྟན་པ་འཇིག་པའི་ཚེ་བདེ་མཆོག་དུས་ཀྱི་སྙིང་པོ་ཞེས་བྱ་བའི་ཁྱེའུ་དང་སྤྲུལ་པའི་ཉར་བྱས་སྟེ་བཏུལ། མདོར་ན་གྲུབ་པའི་སློབ་དཔོན་འདི་ལྟ་བུའི་ཡོན་ཏན་དང་གདུལ་བྱ་འདུལ་ཚུལ་ནི་བསམ་པར་མི་ནུས་པས་ངོ་མཚར་གྱི་རྣམ་ཐར་འདི་དག་ལས་ཆེས་བླ་ལྷག་པ་མཐའ་ཡས་པ་ཅིག་ཡོད། དེས་ཀྱང་གདུལ་བྱ་རྣམས་ཀྱི་སྐལ་པར་མ་འཚམ་པ་ཞིག་གིས་དེང་སང་མི་སྣང་ལ་ས་བོན་ཙམ་སྣང་བ་འདི་དག་ལ་ཡང་རྒྱལ་པོ་བཀའ་ཐང་སྙིང་ཐིག་གི་བབས་ལུགས་གསེར་འོད་དམ་པ་སོགས་བསྲེས་ཤིང་གྲོང་ཚིག་མི་མཛེས་པ་མང་དུ་བསྣན་པས་ནོག་ནོག་པོར་བྱས་སྣང་ངོ༌། །ལྷ་འདྲེ་མཐུ་བོ་ཆེ་རྣམས་ཀྱི་ཞུད་ཟེར་མངལ་སྐྱེས་ཀྱི་མིས་ཐུབ་པར་དཀའ་བས་གདུལ་བྱ་མི་མ་ཡིན་གཙོ་བོར་འདུལ་བའི་ཕྱིར་བརྫུས་སྐྱེས་སུ་བྱོན་པ་ཡིན་ལ། སྤྱན་སྔ་ལྷ་གཟིགས་རས་པས། བླ་མེད་དོན་རྫོགས་འདུས་པའི་རྒྱུད་ལ་སོགས་པའི་ལུང༌། ང་ནི་མྱ་ངན་འདས་འོག་དུ། །ལོ་ནི་བཞི་གཉིས་ལོན་པ་ན། །ཞེས་དང༌། ལོ་ནི་བཅུ་རུ་གཉིས་ཆད་ན། །འཇིག་རྟེན་ཀུན་གྱི་དཔལ་དང་ལྡན། །ཨོ་ཌྱན་ཡུལ་དུ་ང་ཉིད་འབྱུང༌། །པདྨ་འབྱུང་གནས་ཞེས་བྱ་བ། །སྔགས་ཀྱི་བསྟན་པའི་བདག་པོར་འགྱུར། །ཞེས་ལུང་བསྟན་པ་འདྲེན་པ་ལྟར་ན་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱད་ན་འཁྲུངས་པར་སྣང་ལ། མང་ཞིག་དུ། ལོ་ནི་སུམ་སྟོང་དྲུག་བརྒྱ་ལོན། །ལས་ཀྱིས་བོད་ཡུལ་དབུས་སུ་འོངས། །ཅེས་དང༌། བོད་དུ་ལོ་བརྒྱ་དང་བཅུ་གཅིག་བཞུགས་བར་འཆད་ཀྱང་གྲངས་ཀྱི་ངེས་བཟུང་དངོས་མ་ཡིན་ཀྱང་མང་དུ་ལོན་པའི་ཐ་ཚིག་ཙམ་ཡིན་ནམ། སྤྱིར་རྒྱ་གར་ན་བགྲོད་པ་ལ་ལོར་འདྲེན་པ་ཡང་ཡོད་སྐད་པས་དེ་ལྟ་བུ་ཞིག་ཡིན་གྲང་ཞེས་སེམས་སོ། །བོད་དུ་སྤྱན་དྲངས་ཚུལ་ནི་རྒྱལ་རབས་ཆེན་མོར་ན་ཡམས་གཉིས་ཀྱིས་བཤད་པ་ཉིད་(ཐ༣༦བ)


PTT001_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ལ་ལྷ་འདྲེ་ཐམས་ཅད་བྲན་དུ་བཀོལ་ནས་བསམ་ཡས་ལ་སོགས་པའི་ལྷ་ཁང་བཞེངས། བོད་ཀྱི་ལྷ་འདྲེ་ཐམས་ཅད་བཀའ་འོག་དུ་ལན་གཉིས་བཅུག་ནས་གསུམ་པ་མ་ཚར་བ་ལ་བློན་པོ་རྣམས་མ་དད་པས་གཤེགས་པར་གསོལ་བ་ན་བོད་ཡུལ་གྱི་གཡའ་རི་གངས་རི་བྲག་རི་མཐའ་དག་སྒྲུབ་གནས་སུ་བྱིན་གྱིས་བརླབས་སྟེ་མི་མ་ཡིན་རྣམས་ཀྱི་དོན་མཛད་དེ་སྐུ་དངོས་ཀྱིས་རྔ་ཡབ་གླིང་དུ་གཤེགས་ནས་སྲིན་པོའི་ཁ་གནོན་དུ་བསྐལ་པ་འདི་ཇི་སྲིད་བར་བཞུགས་སོ། །ཐང་ཡིག་ལྷད་ཅན་དུ་སྲིན་པོའི་ཡུལ་དེ་འཛམ་གླིང་སོག་པའི་དབྱིབས་ཀྱི་ཡུ་བ་ལ་ཡོད་པར་བྲིས་པ་ནི་ལྷད་བཏབ་པར་སྣང་ལ་སྲིན་པོའི་ཡུལ་དེ་ནི་འཛམ་གླིང་གི་གླིང་གཡོག་འཛམ་གླིང་ནས་ནུབ་ན་ཡོད་པ་དེ་ཡིན་ལ་སློབ་དཔོན་གྱིས་སྲིན་པོའི་རྒྱལ་པོར་བཞེངས་སྟེ་མ་བཏུལ་ན་སྲིན་པོ་རྫུ་འཕྲུལ་གྱིས་འཛམ་གླིང་དུ་ལྷགས་པར་འགྱུར་བས་ཁ་གནོན་མཛད་པ་ཡིན་ཞིང་གུ་རུ་ཆོས་དབང་གི་རྨང་ལམ་ཞྭ་ནག་མར་ཡང་འདི་ཉིད་ཤིན་དུ་གསལ་བར་གཟིགས་སྣང་ངོ༌། །འོན་ཀྱང་ཟངས་མདོག་དཔལ་རི་ཅིག་ནི་འཛམ་གླིང་ཉིད་ནའང་ཡོད་སྟེ་མདོ་དྲན་པ་ཉེར་བཞག་ལས། གངས་ཅན་ནས་དཔག་ཚད་ལྔ་བརྒྱ་ན་ཤིང་དང་བྱ་དང་རི་དྭགས་ཀྱིས་གང་བར་རི་གཞན་ཟངས་ཀྱི་མདོག་དཔག་ཚད་ཉི་ཤུ་པ་ཕུག་སྟོང་དང་ལྡན་པར་གྲུབ་པའི་ཚོགས་གནས་སོ་ཞེས་བོད་ནས་ནུབ་བྱང་དུ་དཔག་ཚད་ལྔ་བརྒྱ་ན་ཡོད་ལ་སྔགས་གྲུབ་པ་རྣམས་གནས་པར་བཤད་པས་དེར་ཡང་སྐུའི་བཀོད་པ་ཅིག་བཞུགས་པར་སྣང་ངོ། །ཕུར་པའི་ལོ་རྒྱུས་རྣམས་ལས་ནི་ཨོ་ཌྱན་གྱི་རྒྱལ་པོའི་སྲས་མཆེད་གཉིས་ཡོད་པ་ལས་ཆེ་བ་རྒྱལ་སར་བཏོན། ཡུལ་ཆོས་ཀྱིས་ཆུང་བ་ཤཱནྟ་རཀྵི་ཏ་དམངས་སུ་ཕབ་པས་རི་ལ་བྲོས་སྟེ་སྦྱོར་དགྲོལ་བྱས་ནས་སྒྲིབ་པ་སྦྱང་ཕྱིར་པྲ་ཧསྟི་ལས་ཕུར་པའི་ཆོས་ཚར་བཅོ་བརྒྱད་དུ་མཉན་སྟེ་ཚེ་དང་ལས་དང་ས་འོག་གི་རིག་འཛིན་གསུམ་གྲུབ། བོད་ཀྱི་སྤྱན་(ཐ༣༧ན)


PTT001_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་པ་མི་ངལ་བའི་ཕྱིར་བྱོན་པས་ཨ་སུ་རའི་བྲག་ཕུག་དུ་སློབ་དཔོན་གསུམ་ཚོགས་པ་ན་བཱི་མ་ལས་ཆུ་བོ་ལ་ཕུར་པ་གདེངས་པས་གྱེན་ལ་ལོག་བལ་པོ་ཤཱི་ལ་མཉྫུས་བྲག་ལ་བཏབ་པས་འབྱིམ་པ་ལ་བཏབ་པ་ལྟར་སོང༌། སློབ་དཔོན་གྱིས་ནགས་ལ་མེ་ཤོར་བ་ལ་གདེངས་པས་ཙནྡནའི་ནགས་སུ་སོང༌། ཡང་ལེ་ཤོད་དུ་བསེའི་ལྷ་མོས་བར་ཆད་བྱས་པ་ཕྱག་རྒྱ་བཞིས་བཅིངས། དབུ་ཞྭའི་འོག་དུ་མནན་སྟེ་ནང་པར་གཟིགས་པས་ལྷའི་བུ་མོ་འདྲ་བ་བཞི་འདུག་ནས་ཕུར་པའི་ཆོས་བོད་དུ་ཁྱེར་བ་ན་བདག་ཅག་མཁའ་འགྲོ་རྣམས་སྙིང་བཏོན་པ་སྙམ་བྱེད་ནས་འོངས་པ་ཡིན་སྟེ་ད་ནི་འབངས་སུ་མཆིའོ་ཞེས་སྲོག་སྙིང་ཕུལ་སྟེ་རྡོ་རྗེ་ཡང་སྦྱིན་ལ་སོགས་པར་མིང་བཏགས་པ་ས་བདག་ཆེན་མོ་བཞི། དེར་སྒྲུབ་པ་ཞག་གསུམ་མཛད་པའི་མཐའ་མའི་སྲོད་ལ་ནག་མོ་དྲེའུ་བཞོན་པ་སྲིད་པ་ཕོ་རྒྱུད་ཀྱི་ལྕམ་མོ་བཞི་བྱུང་སྟེ་དམ་ལ་བཏགས་པ་བདག་ཉིད་ཆེན་མོ་བཞི། ནམ་སྨད་ལ་ལྕགས་ཀྱི་སྤྱང་མོ་མགོ་དགུ་གསེར་གྱི་འཕར་བ་ལྕེ་བརྒྱད། ཟངས་ཀྱི་ཝ་མོ་རྐང་གསུམ། ལྕགས་ཀྱི་ཁྱི་མོ་རྐང་གསུམ་རྣམ་དམ་ལ་བཏགས་པ་ཤྭ་ན་མ་མཆེད་བཞིའོ། །དེ་ནས་བསམ་ཡས་སུ་བྱོན་སྟེ་རྒྱལ་པོ་ལ་ཕུར་པའི་ཆོས་གསུངས་སྟེ་བཞུགས་པར་མ་གནང་བར་རྒྱལ་པོས་གཙང་ཡབ་ལ་གོང་དུ་བསྐྱལ་སྟེ་སྲིན་ཡུལ་དུ་བཞུད་ཅེས་སྣང་ལ། མཁར་ཆེན་བཟའ་འཚོ་རྒྱལ། ཅོག་རོ་ཟ་མཆོད་གནས་མ། ཨ་ཙ་ར་མ་གསལ་ལེ་གསུམ་ལ་དཀྱིལ་འཁོར་མདུན་གྱི་ན་མཁར་སྤྲུལ་སྟེ་དབང་ལྷ་དང་བླ་མ་གང་ལ་ཞུ་དྲིས་པས་ཅོག་རོས་ལྷ་ལ་འདེམས། མཁར་ཆེན་བཟས་བླ་མ་ལ་འདེམས། ས་ལེས་བླ་མའི་ཐུགས་དང་སྦྱོར་བར་ཞུས་པས་ལྕོག་རོ་ལ་མི་ཟབ་པར་གསུངས་པས་ཕུར་པ་དང་ཡང་དག་བདུད་རྩི་རྣམས་ལྕ་ལུགས་སུ་གྲགས། མཁར་ཆེན་བཟའ་ལ་རྒྱུད་མན་ངག་སྙིང་(ཐ༣༧བ)


PTT001_Page_0603
[མ་དཔེ་གཟིགས་ན་འདིར་གནོན།]

པོར་དྲིལ་ནས་གནང་སྟེ་ས་ལེ་ལ་ཁྱོད་ཀྱིས་ཤོད་གསུངས། མདོར་ན་རླངས། རྔོག །ཁོ་ན། རོག་མགོས། དབང༌། སོ། ཟུར། སྣུབས། རྒྱུས། འོ་བྲན་ལ་སོགས་པའི་གདུང་རིགས་ལས་རྡོ་རྗེ་ཕུར་པ་གྲུབ་པ་ནི་བོད་ཡུལ་དུ་ཤིན་དུ་མང་བས་སར་མ་རྣམས་མ་དར་གྱི་བར་དུ་བོད་དུ་ཡི་དམ་དང་བསྟན་སྲུང་གི་སྲོག་རྩ་ཡང་ཕུར་གྱིས་བཟུང་བ་ཡིན་ལ་བརྒྱུད་པ་བྱིན་གྱིས་རློབ་པར་ནུས་པའི་སྔགས་འཆང་དེ་རྣམས་ཀྱི་གདུང་རིགས་ཤས་ཆེ་བ་ལས་སར་མའི་སྐྱེས་ཆེན་རྣམས་ཀྱང་བྱོན་པ་ཡིན་ནོ། །མཁའ་འགྲོ་སྙིང་ཐིག་ནི་མཚོ་རྒྱལ་ལ་གསང་ཆོས་སུ་གདམས་ནས་གཏེར་དུ་སྦས་ཤིང་སེམས་ཕྱོགས་དང་སྐྱེད་རྫོགས་གཞན་རྣམས་གཏེར་དུ་སྦས་སྟེ་སྐལ་ལྡན་ལ་སྨོན་ལམ་བཏབ་ནས་དུས་འགའ་འགའ་ན་འབྱུང་བ་ཡིན་ནོ། །དེ་ལྟར་སེམས་ཕྱོགས་ཀྱི་བྱུང་ཚུལ་བཤད་ནས། གཉིས་པ་སྒྱུ་འཕྲུལ་དང༌། གསུམ་པ་འདུས་པ་མདོའི་ཕྱོགས་ཇི་ལྟར་བྱུང་བ་ནི་རྒྱལ་བ་གཡུང་གི་གསང་སྙིང་འགྲེལ་པའི་དོན་བསྡུས་ནས་བཤད་པར་བྱ་སྟེ། དེ་ཡང་གསང་སྙིང་ལས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྗེ་ཆེན་པོའི་བྱིན་གྱིས་བརླབས་པ་ལས་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ལས་འཐོན་ཏོ་ཞེས་པས་དཔལ་ཀུན་དུ་བཟང་པོ་ལས་ཐུབ་པ་དྲུག་འཕྲོས་སྟེ་རིགས་དྲུག་དུ་སྐུས་དོན་མཛད། གསུང་གིས་ཆོས་བསྟན། ཐུགས་ཀྱིས་མངོན་པར་མཁྱེན་པས་འདུལ་བར་མཛད་ལ། དེ་ལས་ཐེག་པ་རིམ་པ་དགུའི་ལྷ་མིའི་ཐེག་པ་ནས་ཉན་རང་བྱང་སེམས་ཀྱི་བར་ནི་རྒྱུ་མཚན་ཉིད་ཀྱི་ཐེག་པ་ཡིན་ལ། བླ་ན་མེད་པའི་ཐེག་པ་དང༌། ཞེས་པས་འབྲས་བུ་གསང་སྔགས་ལ་ཕྱི་ཀྲྀ་ཡ་ཨུ་པ་ཡོ་ག་གསུམ་ནི་བྱ་སྤྱོད་རྣལ་འབྱོར་དང་གཅིག་ལ། ནང་མ་ཧཱ་ཨ་ནུ་ཨ་ཏི་གསུམ་ནི་ཕ་རྒྱུད་མ་རྒྱུད་གཉིས་མེད་ཀྱི་རྒྱུད་ལས་གཙོ་བོར་དེ་ཁོ་ན་ཉིད་སྟོན་པ་(ཐ༣༨ན)


PTT001_Page_0604
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་དང་དོན་གཅིག་གོ་ཞེས་རྒྱལ་བ་གཡུང་བཞེད་ཏོ། །དེ་ལས་མ་ཧཱ་ཡོ་ག་མདོ་དང་སྒྱུ་འཕྲུལ་ནི། ཀུན་དུ་བཟང་པོས་གསུངས། རྒྱལ་ཚབ་རིགས་ལྔས་བསྡུས། རྒྱལ་སྲས་སེམས་དཔའ་རྣམས་ཀྱིས་ཉམས་སུ་བླངས་ཤིང་བཀྲལ་བ་ནི་རྒྱལ་བ་དགོངས་རྒྱུད་ཏོ། །ཁྱད་པར་རིགས་གསུམ་མགོན་པོས་ལྟ་སྤྱོད་སྒྲུབ་པ་གསུམ་གྱི་དོན་སྙིང་པོར་དྲིལ་སྟེ་གདུལ་བྱ་ལྷ་ཀླུ་མི་གསུམ་རྗེས་སུ་བཟུང་བ་སྟེ། འཇམ་དཔལ་རྡོ་རྗེ་རྣོན་པོས་ལྷའི་བུ་གྲགས་ལྡན་མཆོག་སྐྱོང་རྗེས་སུ་བཟུང་ལ། དེ་ནས་རིམ་པར་རིན་ཆེན་འོད་འབར། ཚངས་པ་སྐྱེས་རྒུའི་བདག་ཚངས་པ་ཀུན་གྲོལ། ཚངས་པ་གཙུག་ཕུད་འཛིན། བརྒྱ་བྱིན། དེས་ལྷའི་རིག་འཛིན་ཚོམ་བུ་འབུམ་སྡེ་བཏུལ་སྟེ་རྒྱལ་བའི་གདུང་འཚོབ་པར་གྱུར་ཏོ། །སྤྱན་རས་གཟིགས་བདུད་རྩིས་སྨན་གྱི་སྐུ་ཅན་གྱིས་ཀླུ་དུག་ཅན་རྣམས་ཀྱི་དུག་བཅིལ། སྣོད་ལྡན་དུ་མཛད་ནས་ཀླུ་རྒྱལ་མགྲིན་ནག་པོ་རྗེས་སུ་བཟུང༌། དེ་ནས་རིམ་པར་ཀླུ་མོ་ཁ་འདུལ། ཀླུ་མོ་འདུལ་ཚངས་མ། ཀླུ་ཡིད་འོང་དགའ་བ། ཀླུ་རྒྱལ་འཇོག་པོ། དེས་ཀླུའི་རིག་འཛིན་ཚོམ་བུ་འབུམ་སྡེ་བཏུལ་ཏོ། །ཕྱག་ན་རྡོ་རྗེ་འཇིགས་པའི་གཟུགས་ཅན་གྱིས་གཙོ་བོར་གནོད་སྦྱིན་ཚོམ་བུ་འབུམ་སྡེ་བཏུལ་ཞིང་ཁྱད་པར་དུ་རི་མ་ལ་ཡའི་རྩེར་ལྷ་གྲགས་ལྡན་མཆོག་སྐྱོང༌། གནོད་སྦྱིན་སྐར་མདའ་གདོང༌། སྲིན་པོ་ལངྐ་མགྲིན་བཅུ། ཀླུ་རྒྱལ་འཇོག་པོ། ལི་ཙཱ་ཝི་དྲི་མ་མེད་པར་གྲགས་པ་སྟེ་དམ་པའི་རིགས་ཅན་དྲ་མ་ལྔ་དང་རིག་འཛིན་རྒྱ་མཚོ་ལྟ་བུ་ལ་གསུངས་པ་ནི་རིག་འཛིན་བརྡའི་བརྒྱུད་པའོ། །དེའི་ཚེ་ཕྱག་རྡོར་གྱིས་བྱིན་གྱིས་བརླབས་ལས་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་ཤར་ཞིང་གླེགས་བམ་གྱི་ཆར་བབ་པ་སྟེ། དེ་ཡང་རྒྱལ་པོ་ཛ་ལ་རྨི་ལྟས་བདུན་ཤར་(ཐ༣༨བ)


PTT001_Page_0605
[མ་དཔེ་གཟིགས་ན་འདིར་གནོན།]

བ་ནི་མདོ་དགོངས་འདུས་ཀྱི་འགྲེལ་པ་ལས། སྐུ་གསུང་ཐུགས་རྟགས་ཐིམ་པ་དང༌། །ཆོས་ཀྱི་བགྲོ་བ་མཛད་པ་དང༌། །ཆོས་སྒྲ་ཆེན་པོ་སྒྲོགས་པ་དང༌། །བདུད་རྩི་ཆར་དུ་བབ་པ་དང༌། །རིན་ཆེན་ཆར་དུ་བབ་པ་དང༌། །པཱུ་ཛ་རྒྱ་ཆེན་བྱས་པ་དང༌། །ཞེས་པས་ཕྱག་རྡོར་ན་མཁར་བྱོན་སྟེ་སྐུ་ལས་འོད་ཟེར་སྤྲོས་གདུལ་བྱའི་རྟོག་སྒྲིབ་སྦྱངས། གསུང་གིས་ཆོས་བསྟན་སྟེ་གོ་བར་མཛད། ཐུགས་ཀ་ནས་འོད་ཟེར་འབར་བ་བྱུང་རྒྱལ་པོའི་ཐུགས་ཀར་ཐིམ། སྤྱི་གཙུག་ནས་ཉི་མ་ཤར་སྟེ་རྒྱལ་པོའི་ཐུགས་ཀར་ཐིམ་པ་ནི་རྨི་ལམ་དང་པོའོ། །དུས་གསུམ་གྱི་སངས་རྒྱས་དཔག་མེད་ཉི་ཟླ་ལ་ཆིབས། གསེར་གྱི་འཁོར་ལོ་བསྣམས་ནས་ཆོས་སྟོན་པ་ནི་གཉིས་པའོ། །ན་མཁའ་ལ་སྤྲིན་གསེར་མདོག་ཅན་ཆགས། སྣང་སྲིད་གསལ་བའི་གློག་འབྱིན། འབྲུག་སྒྲ་ཆོས་སྒྲར་ལྡིར་བ་ནི་གསུམ་པའོ། །དེ་ལས་བདུད་རྩིའི་ཆར་བབ་ས་ཐམས་ཅད་ཆག་ཆག་བཏབ་སྐྱེ་འགྲོ་རྣམས་བཀྲུས་སྟེ་རྡོ་རྗེའི་རྣལ་འབྱོར་ཞེས་པའི་སྔགས་སྒྲ་སྒྲོག་པ་ནི་བཞི་པའོ། །སྤྲིན་གསེབ་དེ་ནས་རིན་པོ་ཆེའི་སྒྲོམ་ནང་ནས་ཐིང་ཤོག་ལ་གསེར་ཡིག་རང་བྱུང་བའི་གླེགས་བམ་གྱི་ཆར་བབ་པ་ནི་ལྔ་པའོ། །དེ་རྣམས་ལ་རིག་འཛིན་དང་བྱང་སེམས་ཐམས་ཅད་ཀྱིས་མཆོད་བསྟོད་ཕྱག་སྐོར་བྱེད་པ་ནི་དྲུག་པ་སྟེ་སྔར་གྱི་ཚིག་རྐང་སོ་སོའི་དོན་ནོ། །དེ་ནས་ན་མཁའ་ལ་གཟུགས་མི་མངོན་པའི་སྒྲ་ཞིག་གྲག་པ་ནི། ལས་དང་སྐལ་པར་རབ་ལྡན་པ། །བསོད་ནམས་ཆེན་པོ་དྲ་མ་ཁྱོད། །སྤྲུལ་པས་ཇི་ལྟར་ལུང་བསྟན་བཞིན། །རྒྱལ་བས་འབྱུང་བར་ལུང་བསྟན་པའི། །བསྟན་པའི་སྙིང་པོ་དམ་པ་ཞིག །སྐལ་ལྡན་ཁྱོད་ལ་སྒྲོག་པར་བྱའོ། །ཞེས་གྲག་པ་ནི་བདུན་པ་སྟེ་དེ་མ་ཐག་སད་ནས་དགའ་ཞིང་ངོ་མཚར་བས་ཕོ་བྲང་གི་ཡང་ཐོག་དུ་བྱོན་པས་འཇའ་འོད་དང་(ཐ༣༩ན)


PTT001_Page_0606
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ལང་ལོང་དུ་འབབ་ཅིང་ཕྱག་ན་རྡོ་རྗེའི་སྐུ་རིན་པོ་ཆེ་སྨུག་པོ་ལས་རང་བྱུང་བ་ཁྲུ་གང་པ་ཅིག་འདུག་ནས་སྤྱི་བོར་བླངས་སྟེ། ཨེ་མ་ངོ་མཚར་མཆོག་གི་སྐུ། །འདྲེན་པ་མཆོག་གི་དཔལ་ལགས་གང༌། །མོས་པའི་ཡིད་ཀྱི་སྒོ་ནས་ནི། །སྔོན་ཚེ་གོང་ནས་བསྒྲུབས་པ་ཡི། །ལས་ཀྱིས་འབྲེལ་བའི་ལྷ་མཆོག་ཁྱོད། །བསྐལ་པ་བརྒྱར་ཡང་མི་གཏོང་ངོ༌། །ཞེས་བརྗོད་ནས་ཟླ་བ་བདུན་བསྒྲུབས་པ་ན་རྨི་ལམ་དུ་བྱུང་བའི་པོ་ཏི་རྣམས་མངོན་སུམ་དུ་བབས་སྟེ་གཟིགས་པ་ཙམ་གྱིས་རྟོགས་ཀྱང་གཞན་གཟུ་ལུམ་དང་རས་གཅོད་ཀྱིས་འཇུག་པ་དགག་པའི་ཕྱིར་མ་མཁྱེན་པ་ལྟར་བསྟན་ནས་འདི་རྣམས་ཀྱི་དོན་དྲི་དགོས་པས་འཛམ་གླིང་ན་མཁྱེན་པ་སུ་ཆེ་དྲིས་པས། རྒྱལ་པོ་ཨུ་པ་རཱ་ཛཱ་དང་རིན་ཆེན་མང་གིས་བྱིན་གྱིས་བརླབས་པའི་དགེ་སློང་ཀུ་ཀུ་རཱ་ཛཱ་གཉིས་མཁྱེན་པ་ཆེའོ་ཟེར་སྟེ་སྤྱན་འདྲེན་བཏང་བས་བརྡ་མ་འཕྲོད་ཀྱིས་དྭོགས་ནས་གླེགས་བམ་ཚུར་སྐུར་ཞིག་ཟེར་ནས་མཆོད་པ་དང་བཅས་སྟེ་ཤིང་རྟ་ལ་སྤྱན་དྲངས་པ་ན་སྔ་མས་བརྡ་མ་མཇལ། ཕྱི་མས་སྒྱུ་འཕྲུལ་སྟོང་ཕྲག་བརྒྱ་པའི་ནང་ནས་རྡོ་རྗེ་སེམས་དཔའ་ཞལ་མཐོང་གི་ལེའུ་ཤེས་སྟེ་བསྒྲུབས་པས་ཟླ་བ་བདུན་ན་གྲུབ་སྟེ་བསྟན་པ་འདི་དག་རྟོགས་པའི་དངོས་གྲུབ་ཞུས་པས་ཕྱག་ན་རྡོ་རྗེས་སྟོན་པར་འགྱུར་རོ་གསུངས་སྟེ་ཟླ་བ་བདུན་བསྒྲུབས་པས་ཕྱག་རྡོར་བྱོན་སྟེ་རྡོ་རྗེ་ལན་གསུམ་གསོར་ནས། སྤོང་ལེན་བརྟུལ་ཞུགས་སྤྱོད་པའི་དབང༌། །དགེ་བས་བསྐུར་ན་སྡིག་པ་མེད། །ཅེས་གསུང་ཞིང་དོན་གྱི་བསྟན་པ་ཐམས་ཅད་རྫོགས་པར་སྐུར་ནས་ཚིག་གི་བསྟན་པ་དེ་དག་དགེ་བསྙེན་ལི་ཙཱ་ཝི་དྲི་མ་མེད་པ་ལ་ཞུས་ཤིག་ཅེས་ལུང་བསྟན་པ་ལྟར་མཉན་ནས་དགེ་སློང་ཀུ་ཀུ་རཱ་ཛཱ་དེས་སྒྱུ་འཕྲུལ་སྟོང་ཕྲག་(ཐ༣༩བ)


PTT001_Page_0607
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱ་པ་ལས་ཏནྟྲ་སྡེ་བཅོ་བརྒྱད་དུ་ཕྱེ་སྟེ། སངས་རྒྱས་མཉམ་སྦྱོར། གླང་ཆེན་རབ་འབོག་གླང་ཆེན་མཚོར་ཞུགས་སྟེ་སྐུའི་རྒྱུད་གསུམ། ཟླ་གསང་ཐིག་ལེ་གཅིག་ལས་འཕྲོས་པ་དུ་མ་འཕྲོས་པ་སྟེ་གསུང་གི་རྒྱུད་གསུམ། གསང་བ་འདུས་པ་རི་བོ་བརྩེགས་པ་རྩེ་གཅིག་དུ་འདུས་པ་སྟེ་ཐུགས་ཀྱི་རྒྱུད་གསུམ། དཔལ་མཆོག་དང་པོ་བདུད་རྩི་མཆོག་དང་པོ་ཡིད་བཞིན་ནོར་བུའི་རྒྱུད་དེ་ཡོན་ཏན་གྱི་རྒྱུད་གསུམ། ཀརྨ་མཱ་ལ་སྒྲོན་མེ་འབར་བ་ཀི་ལ་ཡ་ཡིག་འབྲུ་བཅུ་གཉིས་སྟེ་འཕྲིན་ལས་ཀྱི་རྒྱུད་གསུམ། སྒྱུ་འཕྲུལ་དྲ་བ་དམ་ཚིག་བཀོད་པ་ཐབས་ཀྱི་ཞགས་པ་སྟེ་སྤྱིའི་རྒྱུད་གསུམ་དང་བཅོ་བརྒྱད་དུ་ཕྱེ་ནས་རྒྱལ་པོ་ཛ་ལ་བཤད། དེ་ནས་རིམ་པར་རྒྱལ་པོ་སིངྷ་རཱ་ཛཱ། ལྷ་གཅིག་གོ་མ་པ་ལ། ཀུ་ཀུ་རཱ་ཛཱ་ཕྱི་མ། རོ་ལངས་བདེ་བའི་དངོས་གྲུབ། རྡོ་རྗེ་བཞད་པ། ཟ་ཧོར་གྱི་མཁན་པོ་པྲ་ཧ་སྟི། སངས་རྒྱས་གསང་བ། དེས་བཱི་མ་ལ་ལ་སོགས་པ་པཎྜིཏ་ལྔ་བརྒྱ་ལ་བཤད། བཱི་མ་ལ་བོད་དུ་བྱོན་སྟེ་སྙགས་ཛྙཱ་ནས་མདོ་དང་སེམས་ཕྱོགས་བསྒྱུར། རྨ་རིན་ཆེན་མཆོག་གིས་མཚན་ཉིད་དང་སྒྱུ་འཕྲུལ་བསྒྱུར། དེ་ཡང་ཐམས་ཅད་རང་སྣང་དུ་སྟོན་པ་རྒྱུད་གསང་བ་སྙིང་པོ། རོལ་པ་མངོན་པར་བརྗོད་པ་ལྷ་མོ་སྒྱུ་འཕྲུལ། དཀྱིལ་འཁོར་སྟོན་པ་སྒྱུ་འཕྲུལ་བརྒྱད་པ། འཕྲིན་ལས་སྟོན་པ་སྒྱུ་འཕྲུལ་བཞི་བཅུ་པ། དབང་གཙོ་བོར་སྟོན་པ་སྒྱུ་འཕྲུལ་བླ་མ། ཡོན་ཏན་མཐར་ཕྱིན་པར་སྟོན་པ་སྒྱུ་འཕྲུལ་བརྒྱད་བཅུ་པ། སྡེ་སྣོད་ཡོངས་ལ་ཁྱབ་པར་སྟོན་པ་སྒྱུ་འཕྲུལ་དྲ་བ་ཆེན་པོ། དམ་ཚིག་གཙོ་བོར་སྟོན་པ་སྒྱུ་འཕྲུལ་ལེ་ལག་སྟེ་སྒྱུ་འཕྲུལ་སྡེ་བརྒྱད། གྲོལ་ལམ་རིམ་གྱིས་སྟོན་པ་ཡེ་ཤེས་སྙིང་པོ། ཅིག་ཅར་སྟོན་པ་རྡོ་རྗེ་མེ་ལོང༌། ཐབས་ལམ་རིམ་གྱིས་སྟོན་པ་རྡོ་རྗེ་ཐལ་བ། ཅིག་ཅར་སྟོན་པ་རྡོ་རྗེ་རྒྱ་མཚོ་སྟེ་བཤད་རྒྱུད་སྡེ་བཞི་ཞེས་བྱའོ། །དེ་ལས་སྡེ་བརྒྱད་ནི་བཱི་མ་ལས་(ཐ༤༠ན)


PTT001_Page_0608
[མ་དཔེ་གཟིགས་ན་འདིར་གནོན།]

རྨ་རིན་ཆེན་མཆོག་དེས་གཙུག་རུ་རིན་ཆེན་གཞོན་ནུ་དང་གྱེ་རེ་མཆོག་སྐྱོང་གཉིས། དེ་གཉིས་ལ་དར་རྗེ་དཔལ་གྱི་གྲགས་པ་དང་ཞང་རྒྱལ་བའི་ཡོན་ཏན་གཉིས། དེའི་དར་རྗེ་ལ་བཀའ་ཡོངས་གྲགས་པ་དང་ཞང་ལ་བཀའ་མཆིམས་ཕུ་མར་གྲགས་སྟེ་སྒྱུ་དྲ་མ་གཏོགས་པ་སྣུབས་སངས་རྒྱས་ཡེ་ཤེས་ཀྱིས་གསན་ནོ། །ཁྱད་པར་དུ་འདུས་པ་མདོ་ནི་རྩ་བའི་རྒྱུད་ཀུན་འདུས་རིག་པའི་མདོ་དང་བཤད་པའི་རྒྱུད་མདོ་དགོངས་པ་འདུས་པ་གཉིས་ཡིན་སྟེ་དེ་ནི་རྒྱལ་པོ་ཛ་ནས་སྲས་ཨིནྡྲ་བོ་དྷི་དང་ནཱ་ག་བོ་དྷི་གུ་ཧྱ་བོ་དྷི་སྟེ་གསུམ་ལ་བཤད། ནཱ་ག་བོ་དྷི་ནི་ཀླུ་བ་སུ་རིགས་དྲུག་གིས་ལོ་དགུར་བཤད་དུ་མ་སྟེར། ཨིནྡྲས་ཀུ་ཀུ་རཱ་ཛཱ། དེ་ནས་རིམ་བཞིན་ཀུ་ཀུ་རཱ་ཛཱ། རོ་ལངས་བདེ་བ། རྡོ་རྗེ་བཞད་པ། པྲ་ཧ་སྟི། དེས་ཤཱཀྱ་སེང་གེ །ཤཱཀྱ་པྲ་བྷ། ཤཱ་ཀྱ་མི་ཏྲ་གསུམ་ལ་བཤད། ཤཱཀྱ་སེང་གེས་དྷ་ན་རཀྵི་ཏ། དེས་སྠིར་མ་ཏི། དེས་བདེ་བ་གསལ་མཛད། དེས་དྷརྨ་བོ་དྷི་དང༌། བ་སུ་དྷ་ར་དང༌། བྲུ་ཤ་མཁན་པོ། དེ་གསུམ་ལ་སྣུབས་སངས་རྒྱས་ཡེ་ཤེས་སོ། །པོ་ཏིའི་ཆར་བབ་པའི་ལོ་རྒྱུས་འདི་དག་ལ་ས་སྐྱ་པ་ཁ་ཅིག་དེ་ལྟར་ན་གསང་སྔགས་རང་ཉིད་ལེན་པར་འགྱུར་ཞིང་བླ་མ་མེད་པར་མི་འགྲུབ་པར་བཤད་པ་དང་འགལ་བས་རྫུན་གཏམ་ཡིན་ནོ་ཞེས་ཟེར་ཡང་རྡོ་རྗེ་སེམས་དཔའ་དང་ཕྱག་ན་རྡོ་རྗེས་བསྟན་པས་བླ་མའི་གོ་མི་ཆོད་ན་ཧ་ཅང་ཐལ་ཞིང་ལྷའི་བྱིན་རླབས་ཀྱིས་གླེགས་བམ་ཆེད་དུ་བབ་པ་ལ་ཐུབ་ཆོད་དུ་བླངས་པར་ཡང་ག་ལ་འགྱུར། ཤེས་ཕྱིན་གྱི་ཚུལ་བརྒྱ་ལྔ་བཅུ་པའི་འགྲེལ་པར་ཡང༌། གསུང་རབ་འདིའི་ལོ་རྒྱུས་བཤད་ན་སྔོན་སངས་རྒྱས་མི་ཡུལ་ན་ལོ་བརྒྱད་བཅུ་བཞུགས་པའི་ཚེ་ན་སརྦ་བུད་དྷས་མ་ཡོ་ག་དང་གུ་ཧྱ་ས་མ་ཡ་ལ་(ཐ༤༠བ)


PTT001_Page_0609
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པས་འདུལ་ཞིང་དེ་ནས་ཐེག་པ་དེ་དག་གི་སྣོད་དུ་གྱུར་པ་ཛམྦུ་གླིང་གི་མི་ཡུལ་ན་མེད་པས་རྒྱལ་ཆེན་རིས་བཞི་པའི་གནས་ན་ལྷ་རྣམས་དང་བསྐལ་པ་བཟང་པོའི་བྱང་ཆུབ་སེམས་དཔའ་ལ་སོགས་པ་སྣོད་དུ་གྱུར་ནས་དེའི་ཚེ་མདོ་སྡེ་དེ་ན་བཞུགས་སོ། །སླད་ཀྱིས་སངས་རྒྱས་མྱ་ངན་ལས་འདས་པའི་འོག་དུ་ཟ་ཧོར་གྱི་རྒྱལ་པོ་འཁོར་དང་བཅས་པ་ངོ་མཚར་དུ་གྱུར་སྟེ་ཆོས་ལ་དད་པ་དག་པ་ཞིག་འདུས་པ་ཐེག་པ་དེའི་འདུལ་སྐལ་དུ་གྱུར་ཞིང་སྣོད་དུ་གྱུར་ནས་སརྦ་བུདྡྷས་མ་ཡོ་ག་ལ་སོགས་པ་མདོ་སྡེ་ཆེན་པོ་བཅོ་བརྒྱད་ཕྱག་ན་རྡོ་རྗེའི་བྱིན་གྱིས་བརླབས་ཀྱིས་ཟ་ཧོར་གྱི་ཡུལ་དུ་གཤེགས་པ་དང་ཟ་ཧོར་གྱི་རྒྱལ་པོ་ཨིནྡྲ་བོ་དྷིས་མདོ་སྡེ་དག་བལྟས་པས་བརྡ་མ་འཕྲོག་ནས་གང་གིས་ཤེས་མངོན་ཤེས་ཀྱིས་བལྟས་པ་ན། ཡུལ་དབུས་སུ་སློབ་དཔོན་ཀུ་ཀུ་རཱ་ཛཱ་ཉིན་རེ་ཞིང་ཁྱི་སྟོང་ལ་ཆོས་འཆད་མཚན་རེ་ཞིང་ཁྱི་དེ་དག་དམ་ཚིག་དུ་ལོངས་སྤྱོད་མཛད་པ་ཅིག་བཞུགས་པ་དེའི་ཐེག་པའི་སྣོད་དུ་ཡང་གྱུར་ལ་བདག་གི་འདུལ་སྐལ་དུ་ཡང་འགྱུར་བ་འདྲ་ནས་རྒྱལ་པོས་ཕོ་ཉ་བཏང་སྟེ་སློབ་དཔོན་སྤྱན་དྲངས་པ་དང་སློབ་དཔོན་གྱིས་མངོན་ཤེས་ཀྱིས་བརྟགས་པས་བདག་གི་འདུལ་སྐལ་དུ་ཡང་བབ་ལ་བདག་ཀྱང་མདོ་སྡེ་དེའི་སྣོད་དུ་འགྱུར་བར་ཤེས་མོད་ཀྱི། འོན་ཀྱང་མདོ་སྡེ་དེ་དག་སྔར་མ་བལྟས་ན་བརྒྱ་ལ་རྒྱལ་པོའི་ཐེ་ཚོམ་དག་མ་སོལ་བར་གྱུར་ན་མི་རུང་ངོ་སྙམ་ནས་མདོ་སྡེ་ཚུར་བླངས་ནས་བལྟས་པ་ན་མགོ་མཇུག་གར་ལྟ་བའི་ཆ་མ་མཆིས་ནས་དེ་ཉིད་ཏུ་ལུས་བརྡབས་སྟེ་མགོན་མེད་ཏོ་སྐྱབས་མེད་ཏོ་ཞེས་བོས་པ་དང༌། དཔལ་རྡོ་རྗེ་སེམས་དཔའ་མངོན་པར་གཤེགས་སྟེ་ཁྱེད་ཅི་འདོད་དྲིས་པས་བདག་མདོ་སྡེ་ཟབ་མོ་འདི་བལྟས་པ་ཙམ་གྱིས་ཤེས་པར་འདོད་ཅེས་གསོལ་བ་དང་དེ་བཞིན་དུ་གནང་ངོ༌། །དེ་ནས་སརྦ་བུདྡྷ་མ་ཡོ་ག་ལ་སོགས་པའི་གླེགས་བམ་རྣམས་མ་ཕྱེ་(ཐ༤༡ན)


PTT001_Page_0610
[མ་དཔེ་གཟིགས་ན་འདིར་གནོན།]

བར་དེ་དག་གི་དོན་ཡིད་ལ་མངོན་སུམ་དུ་གསལ་བར་གྱུར་ཏོ། །དེ་ནས་སློབ་དཔོན་དེ་ཟ་ཧོར་གྱི་ཡུལ་དུ་གཤེགས་ནས་རྒྱལ་པོ་འཁོར་དང་བཅས་པ་ལ་ཆོས་དེ་དག་བཤད་ཏོ། །དཔལ་རྡོ་རྗེ་སེམས་དཔས་ལུང་བསྟན་ནས་རྒྱལ་པོ་འཁོར་དང་བཅས་པ་རྣམས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ལྟར་བཀོད་ནས་སྒོམ་དུ་བཅུག་པས་རིམ་པ་ལྟར་རྒྱལ་པོ་འཁོར་བཅས་དང་དེའི་སྲས་འཁོར་བཅས་དང་སྲས་མོ་འཁོར་དང་བཅས་པ་རྣམས་ལ་གནས་པའི་རིག་འཛིན་དུ་གྲུབ་བོ། །དེ་ནས་སྲས་མོ་དེས་རྒྱལ་བུ་ལ་མན་ངག་བཞག་པ་ལས་འཕེལ་བ་ནི་དེང་སང་འདི་ལགས་སྟེ་ཅེས་དང༌། མཉམ་སྦྱོར་གྱི་འགྲེལ་པ་ལས་ཀྱང་དེ་ལྟར་དུ་བཤད་པ་དང༌། ལོ་ཙཱ་བ་ཟུ་དགའ་རྡོར་གྱིས་ནཱ་ལེནྡ་ན་པོ་ཏིའི་ཆར་བབ་ཚུལ་རི་མོར་བྲིས་པ་མཐོང་བར་བཤད་པས་འགོག་པར་མི་བྱ་ལ། འོན་ཡང་ཡུལ་འདི་རི་མ་ལ་ཡའི་འདབས་སུ་འཆད་པ་བྱུང་ཡང༌། རི་མ་ལ་ནི་སིངྒྷ་ལའི་གླིང་གི་དབུས་ན་ཡོད་པར་གྲགས་འདི་ནི་འཛམ་གླིང་ཉིད་ཡིན་ཞིང་ཨོ་ཌྱན་གྱི་ཡུལ་དུ་འདོད་པའང་རྒྱལ་པོའི་མིང་གིས་འཁྲུལ་བ་སྟེ་ཟ་ཧོར་གྱི་ཡུལ་ཁོ་ནར་རིག་པར་བྱ་ལ། ཀུ་ཀུ་རཱ་ཛཱ་འདི་དག་ཀྱང་ཁྱི་སྟོང་གིས་བསྐོར་བ་ཆེ་བ་དང་ཁྱི་ལྔ་བརྒྱས་བསྐོར་བ་ཆུང་བ་སྟེ་ཌཱ་ཀི་རྣམས་གཟུགས་གཞན་དུ་བསྒྱུར་བའོ། །བདེ་གཤེགས་འདུས་པའི་ལོ་རྒྱུས་བཻ་རོ་ཙ་ནའི་མཛད་བྱང་ཡོད་པ་མྱང་རལ་གྱི་གཏེར་མ་ལས་ནི། བཅོམ་ལྡན་འདས་ཆོས་ཀྱི་སྐུ་མཉམ་པ་ཉིད་དུ་བཞུགས་པ་ལ་ཡུམ་ཀུན་དུ་བཟང་མོས་དབྱིངས་རྣམ་དག་གི་ཀློང་ནས་རྡོ་རྗེ་དམ་ཚིག་ཆེན་པོའི་གླུས་བསྐུལ་ནས་ལོངས་སྐུ་ཞི་བར་བཞེངས་སྟེ་ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བསྟན་ནོ། །ཞི་བས་མི་འཐུལ་བ་རྣམས་ལ་ཁྲོ་བོ་ཆེ་མཆོག་དུ་བཞེངས་སྟེ་ཁྲོ་བོའི་དཀྱིལ་(ཐ༤༡བ)


PTT001_Page_0611
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་གསུངས་སོ། །དེ་ཡང་བདེ་གཤེགས་འདུས་པ་རྩ་བའི་རྒྱུད། ཕྱི་མ་མངོན་བྱུང་གི་རྒྱུད། ཕྱི་མའི་ཕྱི་མ་སྔགས་ཀྱི་རྒྱུད། མ་ཚང་ཁ་སྐོང་གི་རྒྱུད། འབྱེད་པ་ལྡེ་མིག་གི་རྒྱུད་དེ་ཞི་ཁྲོ་སྤྱིའི་རྒྱུད་ལྔ། དེ་རྣམས་ཀྱི་རྩ་རྒྱུད་གསང་འདུས་ཞི་བ་འདུས་པ་ཆེ་མཆོག་འདུས་པ་སོགས་འདུས་པ་བརྒྱད་དང༌། ཞི་ཁྲོ་ལྷན་ཅིག་པ་རིག་འཛིན་འདུས་པ་སྟེ་བྱེ་བྲག་གི་རྩ་རྒྱུད་བཅུ། དེ་ནས་འཇམ་དཔལ་གཤིན་རྗེ་སོགས་སོ་སོའི་གཙོ་བོར་སྤྲུལ་སྟེ་གསུངས་པ་ཡན་ལག་གི་རྒྱུད་ལ་འཇམ་དཔལ་གསང་རྒྱུད་གསང་བ་གྲུབ་པ་བརྗོད་པ་གླུར་བླངས་སོགས་དང་རྨེ་བརྩེགས་འཇིགས་བྱེད་གཤེད་དམར་ནག་དང་བཅས་པ་སྟེ་འཇམ་དཔལ་སྐུའི་རྒྱུད་སོ་བཞི། རྟ་མཆོག་རོལ་པ། རྔོག་མ་ལེབ་རྒན་ལ་སོགས་པ་པདྨ་གསུང་གི་རྒྱུད་བཅུ་གཉིས། ཧེ་རུ་ཀ་གལ་པོ་ཆེ་ཆུང༌། འཇིག་རྟེན་ལས་འདས་པའི་མདོ་སྔ་ཕྱི་ཀུན་འདུས་རིག་པ། མཉམ་སྦྱོར་གསང་སྙིང་མ་བུ་དྲུག་སོགས་ཡང་དག་ཐུགས་ཀྱི་རྒྱུད་བཅོ་བརྒྱད། བདུད་རྩི་རོལ་པ་བམ་པོ་བརྒྱད་པ་སོགས་བདུད་རྩི་ཡོན་ཏན་གྱི་རྒྱུད་དགུ་ཕུར་པའི་རྒྱུད་ལ་བྱི་ཏོ་ཏ་མ་ལ་འབུམ་སྡེ་ཕ་རྒྱུད་རྣལ་འབྱོར་དམ་པ་གསང་ཆེན་མོ་རྒྱུད་ཀི་ལ་ཡ་བཅུ་གཉིས་གཉི་གའི་རྒྱུད་དེ་ཕུར་པའི་སྤྱི་རྒྱུད་དང་བྱེ་བྲག་དུ་ཕུར་པ་མ་རྒྱུད་ལ་རྡོ་རྗེ་ཡེ་ཤེས་སངས་རྒྱས་རྣལ་འབྱོར་རྩེ་མོ་སྟེ་རྩེ་མོ་བཞི་དེའི་ཡན་ལག་ཟློག་ཕུར་བཅུ་གཉིས། འཕྲིན་ལས་རྣམ་བཞི་སྲུང་མ་བཅུ་གཉིས་ཀྱི་རྒྱུད་ཏོ། །ཕུར་པ་ཕ་རྒྱུད་ལ་ཡང་སྙིང་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ། སྙིང་པོའི་རྒྱུད་གསུམ། ཡན་ལག་ཁྲོ་བོ་བཅུའི་རྒྱུད་བཅུ། ལོ་མའི་རྒྱུད་བཞི། མེ་ཏོག་གི་རྒྱུད་བཅུ། འབྲས་བུའི་རྒྱུད་བཞི། མ་ཚང་ཁ་སྐོང་ཀྱི་རྒྱུད་ལྔ་སྟེ་རྩ་བའི་རྒྱུད་གསུམ་ལ་ཡན་ལག་གི་རྒྱུད་མཐའ་ཡས་པ་ནི་ཕུར་པ་འཕྲིན་ལས་ཀྱི་རྒྱུད་ཏོ། །མ་མོ་རྦོད་གཏོང་ལ་མ་མོ་(ཐ༤༢ན)


PTT001_Page_0612
[མ་དཔེ་གཟིགས་ན་འདིར་གནོན།]

གསང་བ་གཏན་ཚིགས་ཀྱི་རྒྱུད་སྲིད་པའི་ཀློང་ཆེན་མོ་འབུམ་ཕྲག་གཅིག་སྟེ་རྩ་རྒྱུད་ལེའུ་བརྒྱ་རྩ་བརྒྱད་རྒྱུད་ཕྱི་མ་ལེའུ་གཅིག་དང་བྱེ་བྲག་དུ་ཤེལ་མཚོ་དྭངས་པ་སོགས་དཀར་མོ་སྐུའི་རྒྱུད་དགུ་ཙིཏྟ་གདོང་ཟློག་སོགས་སྨུག་མོ་གསུང་གི་རྒྱུད་བཞི། སྨུག་ནག་འཁྱིལ་པ་སོགས་ནག་མོ་ཐུགས་ཀྱི་རྒྱུད་བདུན། སེར་མོ་ཡོན་ཏན་དང་ལྗང་མོ་ཕྲིན་ལས་ལ་རྒྱུད་རེ་རེ་གཞན་མཁའ་འགྲོའི་སྒོས་རྒྱུད་མཐའ་ཡས་པའོ། །འཇིག་རྟེན་མཆོད་བསྟོད་ལ་དྲེགས་པ་འདུས་པ་སོགས་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་ཡན་ལག་གི་རྒྱུད་སྡེ་དཔོན་སུམ་བཅུའི་སྒོས་རྒྱུད་སོགས་དང་རྨོད་པ་དྲག་སྔགས་ལ་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྒྱུད་ལྔ་དང་སྡེ་དཔོན་བཅོ་བརྒྱད་སོ་སོའི་སྒོས་རྒྱུད་སོགས་མང་པོའོ། །དེ་ལྟར་རྒྱལ་བ་དགོངས་པས་བཀའ་བསྩལ་བ་དེ་ཀུན་དུ་བཟང་པོ་ཉིད་དང་ཐ་མི་དད་པའི་བྱང་ཆུབ་སེམས་དཔའ་རྡོ་རྗེ་ཆོས་སམ་ཕྱག་ན་རྡོ་རྗེའམ་རྡོ་རྗེ་སེམས་དཔའ་འམ་རྡོ་རྗེ་དྲག་པོ་རྩལ་ལམ་མིའི་ཐོད་པ་ཅན་ཞེས་ཀྱང་བྱ་བ་དེས་ཚོམ་བུ་དགུའི་དཀྱིལ་འཁོར་དུ་རང་ཉིད་སྟོན་པ་པོ་དང་རིག་འཛིན་གཞན་རྣམས་འཁོར་དུ་བྱས་སྟེ་རང་ཉིད་ཀྱིས་བསྟན་པར་མཚམས་སྦྱར་ནས་བསྡུས་སྟེ་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྻ་ཞུན་མས་བྲིས་སྟེ་ཀུན་དུ་བཟང་མོའི་ཐུགས་ཀྱི་སྤྲུལ་པ་མཁའ་འགྲོ་མ་ཐམས་ཅད་ཀྱི་གཙོ་མོ་ལས་ཀྱི་དབང་མོ་ཆེ་ལ་གཏད་དེ་ཁྱོད་ཀྱིས་སྤྱི་བྱེ་བྲག་གི་རྒྱུད་རྣམས་ཐ་དད་དུ་ཕྱེ་ལ་རིན་པོ་ཆེའི་སྒྲོམ་སོ་སོར་ཞོག་ལ་སྐལ་ལྡན་རྗེས་སུ་ཟུང་ཞིག་པར་གདམས་སོ། །མཁའ་འགྲོ་མ་དེས་སྤྱི་རྒྱུད་ལྔ་བྱེ་བྲག་གི་རྒྱུད་བཅུ་གཉིས་རྣམས་རིན་པོ་ཆེ་སྣ་ཚོགས་པའི་སྒྲོམ་བུར་བཅུག །ཡན་ལག་གི་བཀའ་བརྒྱད་སོ་སོ་རྣམས་ལྕགས་ཟངས་དངུལ་གསེར་གཡུ་གསེ་མཆོང་གཟི་རྣམས་ཀྱི་སྒྲོམ་བུ་སོ་སོར་རིམ་པས་(ཐ༤༢བ)


PTT001_Page_0613
[མ་དཔེ་གཟིགས་ན་འདིར་གནོན།]

བཅུག་སྟེ་དུར་ཁྲོད་གསིལ་བའི་ཚལ་གྱི་རང་བྱུང་གི་མཆོད་རྟེན་དྲུང་དུ་ཕྱི་མཆོད་རྟེན་ལ་ནང་གཞལ་མེད་ཁང་པར་བྱས་དེ་དེར་བཞུགས་ནས་རྒྱས་བཏབ་སྟེ་མཆོད་ཏོ། །དུར་ཁྲོད་དེ་ཡང་ཉིན་བཞིན་ཐོག་སེར་འབབ་ཅིང་མཚན་མོ་མེ་འོད་དུ་འབར་མཁའ་འགྲོ་དང་ལྷ་སྲིན་གྱིས་མཆོད་པའི་གླུ་དང་རོལ་མོ་རྟག་དུ་འབྱུང་བ་ལས་ཕྱི་ཞིག་ན་གྲུབ་ཆེན་བརྒྱད་དུར་ཁྲོད་བརྒྱད་པོ་རེ་རེ་ན་སོ་སོར་བཞུགས་པ་ལས་ཐུགས་ཀྱིས་གཟིགས་སྟེ་དུས་གཅིག་དུ་མཆོད་རྟེན་དེའི་རྩར་འདུས་སྟེ་ཏིང་ངེ་འཛིན་མཛད་པས་ཞག་བདུན་ན་མཁའ་འགྲོ་ལས་ཀྱི་དབང་མོ་ཆེ་འཁོར་བཅས་དབང་དུ་འདུས་སྟེ་བཀའ་ཅི་བསྩལ་ཟེར་བ་ན་ཁྱེད་རྣམས་ཀྱི་མཆོད་པའི་ཡུལ་གྱི་སྒྲོམ་འདི་རྣམས་ངེད་རྣམས་ལ་བྱིན་ཞིག་གསུངས་པས་མཁའ་འགྲོ་མ་དེས་རྒྱ་བཀྲོལ་ནས་སློབ་དཔོན་བརྒྱད་པོ་ལ་སྒྲོམ་སོ་སོར་གཏད་དེ། འཇམ་དཔལ་བཤེས་གཉེན་ལ་འཇམ་དཔལ་སྐུ། ནཱ་གརྫུ་ན་ལ་པདྨ་གསུང༌། ཧཱུྃ་ཀ་ར་ལ་ཡང་དག་ཐུགས། བཱི་མ་ལ་མུ་དྲ་ལ་བདུད་རྩི་ཡོན་ཏན། སློབ་དཔོན་པདྨ་ལ་ཕུར་པ་འཕྲིན་ལས། དྷ་ན་སཾ་སྐྲྀ་ཏ་ལ་མ་མོ། གུ་ཧྱ་དེ་ཝ་ལ་མཆོད་བསྟོད། ཤཱནྟི་གརྦྷ་ལ་དྲག་སྔགས་གཏད་དེ་སོ་སོར་བཀའ་བབས། ཐ་དད་དུ་བྱོན་པ་ལས་སླར་སློབ་དཔོན་པདྨས་བྱོན་སྟེ་མཁའ་འགྲོ་དབང་དུ་བསྡུས་པས་དབུས་ཀྱི་རིན་པོ་ཆེ་ཐོད་པའི་སྒྲོམ་བུ་ནས་རྒྱུད་མན་ངག་ཐམས་ཅད་ཕྱུང་སྟེ་གཏད་རྒྱ་བཀྲོལ་ནས་སྐལ་ལྡན་ལ་སྟོན་ཞིག་པར་རྗེས་སུ་གནང་ངོ༌། །དེ་ནས་ཡང་ལེ་ཤོད་དུ་བྱོན་སྟེ་ཞི་བའི་དཀྱིལ་འཁོར་བསྒྲུབས་པས་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་མངོན་སུམ་དུ་ཞལ་གཟིགས་སྟེ་ཚེའི་རིག་འཛིན་གྲུབ། དེ་ནས་ཁྲོ་བོ་རོལ་པ་བསྒྲུབས་པས་བདག་ཉིད་དང་གཉིས་སུ་མི་ཕྱེད་པར་གྲུབ་སྟེ་ཕྱག་ཆེན་གྱི་རིག་འཛིན་ཐོབ། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་བོད་དུ་སྤྱན་དྲངས་ནས་ལྷ་སྲིན་བཏུལ་སྟེ་བསམ་ཡས་ཀྱི་རབ་གནས་མངའ་གསོལ་བའི་བར་མཛད། (ཐ༤༣ན)


PTT001_Page_0614
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་པོས་དཀའ་བ་མེད་པར་མྱུར་དུ་འཚང་རྒྱ་བའི་གདམས་པ་ཞུས་པས་མཆིམས་ཕུ་གྲི་གུར་རྗེ་འབངས་བརྒྱད་ལ་དབང་ཕྱི་ནང་གསང་གསུམ་རྫོགས་པར་བསྐུར་བ་ལས་གསེར་སྲང་བཅུ་ལས་བྱས་པའི་མེ་ཏོག་རེ་སོ་སོར་དོར་བས་རྒྱལ་པོ་ཉིད་དབུས་ཆེ་མཆོག་ལ་བབས། ན་མཁའ་སྙིང་པོ་བཛྲ་ཧེ་རུ་ཀ །སངས་རྒྱས་ཡེ་ཤེས་འཇམ་དཔལ་གཤིན་རྗེ། ངན་ལམ་རྒྱལ་བ་མཆོག་དབྱངས་རྟ་མགྲིན་དབང་གི་དཀྱིལ་འཁོར། མཁར་ཆེན་བཟའ་འཚོ་རྒྱལ་ཕུར་པ། དཔལ་གྱི་ཡེ་ཤེས་བླ་མེད་ཧེ་རུ་ཀ །རླངས་དཔལ་གྱི་སེང་གེ་དྲེགས་པ་ཀུན་འདུལ། བདག་བཻ་རོ་ཙ་ན་སྟོབས་ལྡན་ནག་པོའི་དཀྱིལ་འཁོར་ལ་བབས་སོ། །དེ་ནས་ཁྲོ་བོའི་ལྷ་ཚོགས་བདུན་བརྒྱ་ཉི་ཤུའི་ཞལ་མེ་ལོང་ལ་གཟུགས་བརྙན་ལྟར་བསྟན་ནས་དབང་ཕྱི་ནང་གསང་གསུམ་ལྟ་བ་སྤྱི་འབྱམ་དང་བཞི་ཡོངས་སུ་རྫོགས་པར་བསྐུར་ཞིང་ངོ་སྤྲད། སྒོ་གསུམ་ལྷའི་སྐུ་གསུང་ཐུགས་སུ་གནས་གྱུར་ཅིང་སྨིན་པར་མཛད་པ་དེ་ཡིན་ནོ། །དེ་ནས་བདག་ཅག་རྣམས་ལ་རྒྱུད་སྡེ་ཡང་སོ་སོར་བཤད་དེ་མཁས་པ་མི་བཞིའི་གདམས་ངག་དབང་དང་བཅས་པ་ནི་རྒྱལ་པོ་ཉིད་དང་གཉགས་ལ་གནང་བ་ཡིན་ནོ། །རྒྱལ་པོས་སྐུ་ཚེ་དེ་ལ་ཉམས་སུ་མ་ལོངས་ཀྱང་སྐུ་ཚེ་ཕྱིར་བསྲིངས། ན་མཁའ་སྙིང་པོས་ཉི་ཟེར་ལ་ཞོན། སངས་རྒྱས་ཡེ་ཤེས་ཀྱིས་ན་མཁའ་ལ་འཕུར། ངན་ལམ་གྱིས་སྤྱི་གཙུག་དུ་རྟ་མགོ་དང་རྟ་སྐད་ཕྱུང༌། མཁར་ཆེན་བཟས་བསད་པ་གསོ་ནུས། འབྲོག་མི་དཔལ་ཡེས་ཀྱིས་མ་མོ་དངོས་སུ་རྦོད། རླངས་དཔལ་སེང་གིས་སྡེ་བརྒྱད་བྲན་དུ་འཁོལ། བདག་གིས་ཀྱང་འཇིག་རྟེན་གྱི་དྲེགས་པ་དབང་དུ་འདུས་ཤིང་ལས་འཆོལ་བར་ནུས། གཞན་ཡང་དྲག་པོ་མཐུའི་སྐོར་མཐའ་ཡས་དང་རྩིས་(ཐ༤༣བ)


PTT001_Page_0615
[མ་དཔེ་གཟིགས་ན་འདིར་གནོན།]

སྨན་སྤྱད་གཟོའི་ཡན་ལག་དང་བཀའ་རྫོགས་པ་ཆེན་པོ་དགོངས་པའི་གཏིང་ཕྱུང་བ་རྣམས་ཀྱང་རྒྱལ་པོའི་དོན་དུ་ཞུས་ཤིང་བདག་ལ་གནང༌། གདམས་པ་འདི་རྣམས་གང་ཟག་ལ་བརྒྱུད་ན་བཀའ་ལད་ཅིང་ཆོས་བསྣུབས་པའི་ཚེ་ཉམས་པར་འགྱུར་བས་རྒྱལ་པོ་ཉིད་ཀྱི་ཕྱིར་ལོ་བརྒྱད་དང་བཅུ་གཅིག་བོད་ཡུལ་དུ་བཞུགས་ནས་ཞབས་ཀྱིས་བཅགས་པའི་གཙུག་ལག་ཁང་དང་བྲག་དང་ས་རྡོ་མཚན་མ་ཅན་རྣམས་ལ་མི་བརླག་པའི་ཚས་ཀྱིས་སྡོམས་མི་ཤིགས་པའི་རྒྱས་ཐོབ་ལ་གཏེར་དུ་སྦོས་ཅིག་ཞེས་གསུངས་ཤིང་བྲག་དམར་མགྲིན་བཟང་ལ་སྦས། མ་འོངས་པ་དང་དབོན་སྲས་ཀྱིས་ཆོས་བསྣུབས་པའི་ཚེ་མཁའ་འགྲོ་མ་རྣམས་ཀྱིས་ཁྱེར་སྟེ་མཐའ་འདུལ་གྱི་རྣམ་སྣང་གི་སྐུ་ལུས་ལ་གཏེར་དུ་སྦེད་ཅིང་རྒྱལ་པོ་ཉིད་དང་འཕྲད་པར་འགྱུར་རོ་ཞེས་སྣང་ངོ༌། །འདིར་ལོ་བརྒྱད་དང་བཅུ་གཅིག་ཞེས་སྣང་བས་བརྒྱ་དང་བཅུ་གཅིག་ནི་ཡི་གེ་མ་དག་པ་སྟེ་སློབ་དཔོན་པདྨས་རྒྱལ་པོའི་མཆོད་གནས་སུ་ལོ་བརྒྱད་དང་བོད་ཡུལ་གྱི་སྒྲུབ་གནས་རྣམས་བསྡོམས་པར་ལོ་བཅུ་གཅིག་བཞུགས་པ་ཡིན་པར་གོའོ། །ཆོས་དབང་གི་གཏེར་མ་མཁར་ཆེན་བཟའི་ཟིན་བྲིས་ལས་ཕལ་ཆེར་འདི་དང་མཚུངས་པ་ལ། དབང་གི་ཚེ་ལྷོ་ནུབ་ནས་འོད་ཟེར་ལྔ་འཕྲོས་ནས་མཁར་ཆེན་བཟའི་མེ་ཏོག་ལ་ལན་དྲུག་ཐིམ། མངའ་བདག་གིས་དཀྱིལ་འཁོར་དགུ་ཡོངས་སུ་རྫོགས་པ་ཞི་ཁྲོའི་ལྷ་ཚོགས་ཐམས་ཅད་ཞལ་གཟིགས། གཞན་བརྒྱད་ཀྱིས་མེ་ཏོག་བབས་པའི་ལྷ་སོ་སོའི་ཞལ་གཟིགས། མཁར་ཆེན་བཟས་སངས་རྒྱས་བྱང་སེམས་ཐམས་ཅད་རྡོ་རྗེ་སློབ་དཔོན་ལས་མ་འདས་པར་མཐོང༌། དེའི་དུས་བོད་སྤྱི་ཙམ་ལ་བདེ་སྐྱིད་ཕུན་སུམ་ཚོགས་པའི་དངོས་གྲུབ་རི་རྩེ་ཐམས་ཅད་ནས་ཆུ་འབབ་པ། ལྷ་སྲིན་ཐམས་ཅད་ཨར་(ཐ༤༤ན)


PTT001_Page_0616
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཏད་པ། རི་ཐམས་ཅད་ནགས་དང་ལུང་ཐམས་ཅད་ནར་འགྱུར་བ། རྒྱལ་པོའི་སྐུ་ཚེ་ཉི་ཟླ་དང་མཉམ་པ་སྦྱིན་པར་དགོངས་པ་ལ་བོད་སྤྱིའི་བསོད་ནམས་ཀྱི་སྐལ་པར་མ་གྱུར་པས་དངོས་གྲུབ་ལ་སློང་བ་མ་བྱུང་ངོ་ཞེས་སྣང་ངོ༌། །འཇམ་དཔལ་སྐུའི་བཀའ་བབས་ཀྱི་སངས་རྒྱས་ཡེ་ཤེས་དེ་ནི་སྒྲགས་པ་སངས་རྒྱས་ཡེ་ཤེས་སུ་སྣང་ལ་སྣུབས་སངས་རྒྱས་ཡེ་ཤེས་ནི་རལ་པ་ཅན་གྱི་དུས་བྱུང་ནས་བོད་དང་བལ་པོ་དང་རྒྱ་གར་དང་བྲུ་ཤའི་མཁས་པ་མང་པོ་བསྟེན་ཞིང་བྲུ་ཤའི་ལོ་ཙཱ་བ་ཆེ་བཙན་སྐྱེས་ལས་མདོ་དགོངས་འདུས་གསན། སྤྱིར་མི་མ་ཡིན་བྲན་དུ་འཁོལ། ལོ་བརྒྱ་དང་བཅུ་གསུམ་དུ་བཞུགས་སྟེ་སློབ་དཔོན་འདི་ལ་མདོ་སྒྱུ་སེམས་གསུམ་གྱི་བཀའ་ཐམས་ཅད་གཅིག་དུ་བབས་པ་ཡིན་ནོ། །དེ་ལ་སློབ་མ་ལྔ་ལས་སོ་ཡེ་ཤེས་དབང་ཕྱུག་ལ་ལྟ་བ་སྒང་དྲིལ། བ་གོར་འཕགས་པ་ལ་འགྲེལ་པ། ངན་ཡོན་ཏན་འཕགས་ལ་ཏར་ཀ་གེགས་སེལ། སྲུ་ལེགས་སྒྲོན་ལ་ཚིག་སྙན་པའི་རིགས་ཀྱི་སྲས། ཁུ་ལུང་པ་ཡོན་ཏན་རྒྱ་མཚོ་ལ་བཞི་ག་བཤད། དེའི་སྲས་ཡེ་ཤེས་རྒྱ་མཚོ་དང་པདྨ་དབང་རྒྱལ། དང་པོའི་སྲས་ལྷ་རྗེ་ཧཱུྃ་ཆུང་སྟེ་རྗེ་མི་ལའི་བླ་མ་དེ་ཡིན། དེའི་སློབ་མ་མྱང་ཡེ་ཤེས་འབྱུང་གནས། ཡང་སོ་ཡེ་དབང་ནས། ངབ་ཐུང་བྱང་ཆུབ་རྒྱལ་མཚན། ཀོང་བཙུན་ཤེར་ཡེ། རྭ་ཐུང་ཤེས་ཚུལ། མྱང་ཤེས་རབ་མཆོག་མྱང་ཡེ་འབྱུང་ཞེས་གཡུང་གིས་བཤད་ལ། ཁ་ཅིག་ངབ་ཀོང་རྭ་གསུམ་སོའི་སློབ་བུར་འདོད་པའང་སྣང་ངོ༌། །མྱང་ལ་ཐུར་པོ་ཆེས་གསན་ཞིང་སངས་རྒྱས་ཡེ་ཤེས་ཀྱི་དངོས་སློབ་སྟོང་ཚབ་འཕགས་པ་ལ་ཡང་གསན་ནོ། །དེ་ལ་ཟུར་པོ་ཆེ་ནི་གདུང་རུས་ཟུར། ཡབ་སྲས་བཟང་མིག་པོ་ཆེ། མཆེད་བཞིའི་ཆེ་བ་སྟེ་ཚངས་སྤྱོད་ཀྱི་དགེ་བསྙེན་དུ་བཞུགས། (ཐ༤༤བ)


PTT001_Page_0617
[མ་དཔེ་གཟིགས་ན་འདིར་གནོན།]

མྱང་ཡེ་འབྱུང་ལྕེ་ཤཱཀྱ་མཆོག་རོག་ཤཱཀྱ་འབྱུང་གནས་སོགས་བླ་མ་མང་དུ་བསྟེན་ནས་མདོ་སྒྱུ་སེམས་གསུམ་ལ་མཁས་པའི་མཐར་ཕྱིན། རྩ་རྒྱུད་བཤད་རྒྱུད་འགྲེལ་པ་སྒྲུབ་ཐབས་སོ་སོར་ཕྱེ་སྟེ་བཤད། ལྟ་དགོངས་ཀྱི་རྩེ་མོ་ཟུར་ཆུང་ཤེས་རབ་གྲགས། སྒྱུ་འཕྲུལ་གྱི་རྩེ་མོ་མི་ཉག་འབྱུང་གྲགས། མཁྱེན་རྒྱའི་རྩེ་མོ་ཞང་འགོས་ཆུང་བ། སྒོམ་སྒྲུབ་ཀྱི་རྩེ་མོ་བཟང་སྒོམ་ཤེས་རྒྱལ་སྟེ་རྩེ་མོ་བཞི། རྩགས་བླ་མ་ལ་སོགས་པ་རྩེ་ལྐོག་བརྒྱད། སྒོམ་ཆེན་བརྒྱ་རྩ་བརྒྱད་ལ་སོགས་པའི་སློབ་མ་བྱུང༌། འུག་པ་ལུང་གི་ལྷ་ཁང་ཤངས་མདའི་དཔལ་ཆེན་སོགས་བཞེངས། ཀླུ་བཀུག་སྟེ་ཆང་རྫར་བཅུག་ཁ་བཅིངས་ནས་ཆུ་ནུས་ཚད་བརྒྱབ་ཅིང་བཙགས་པས་ཀླུ་དེས་ཡུལ་གྱི་ཆང་བསྡུས་པས་ཆང་ཟད་མེད་ཞག་མང་པོར་བྱུང༌། རབ་གནས་ཀྱི་སྟོན་མོ་ལ་གྲོང་པའི་ཕྱུགས་གཡར་ནས་བསད་དེ་ཤ་བཀྱེ། དགོང་མོ་ཕྱུགས་རྣམས་གསོན་པོར་གཏད་སྐད་དེ་བསད་གསོ་ནུས། འབྲོག་མིས་གསེར་གྱི་འབུལ་བ་བསླངས་བ་ན་མི་མ་ཡིན་ལས་གསེར་སློང་པས་སྲོག་ཆགས་ཀྱི་གཟུགས་མ་བྱུང་གི་བར་ལོང་ཟེར་སྟེ་གསེར་ཁུང་བུ་ནས་བརྡོལ་བའི་མཐའ་སྦལ་པའི་གཟུགས་ཅན་བྱུང་བས་འཕྲོ་བཅད་དེ་གསེར་སྲང་བརྒྱ་ཕུལ་ནས་བསམ་མི་ཁྱབ་ཞུས་སྟེ་འབྲོག་མིའི་སྟོན་ལས་ཀྱི་དུས་བེར་གྱི་ཐོག་དུ་ཚར་མ་ཁུར་ནས་བསྐྱས། མཐར་སྒྲོ་ཕུག་གི་ལྷ་ཁང་བརྩིགས། དྲུག་བཅུ་རྩ་གཅིག་ལ་གཤེགས། ཟུར་ཆུང་པ་ནི་ཕབ་བཙུན་རྒན་ཞིག་བུར་ཡོད་པ་ཆུང་ངུ་ནས་ཟུར་ཆེན་གྱིས་བསོས། མཚན་ཤེས་རབ་གྲགས། ཕྱིས་བྲག་རྒྱ་བོ་དགུ་འདུས་སུ་སྒྲུབ་པ་མཛད་པས་བདེ་གཤེགས་རྒྱ་བོ་བར་ཐོགས། བླ་མའི་གསུང་གིས་སྒོམ་མ་ཕྱུག་མོ་མ་སྨད་ཅིག་གི་བདག་བྱས་སྟེ་ཡོ་བྱད་རྣམས་ཕུལ་ནས་ཆོས་ཞུས་དཔེ་བྲིས། ཕྱིས་(ཐ༤༥ན)


PTT001_Page_0618
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ཅན་གྱི་དོན་བྱེད་དགོས་པས་དེ་ལ་མ་ཆགས་པར་བྲོས་ཤོག་གསུངས་སྟེ་བཀའ་བཞིན་བསྒྲུབས། མདོ་དགོངས་འདུས་བཤད་པའི་ཐོག་མར་དཔེ་འགྲེམས་སུམ་བརྒྱ་བྱུང༌། ཆུང་ངུའི་དུས་སྐོར་བ་བྱས་པས་ཞབས་ས་ལ་མི་རེག་པར་བླ་མས་གཟིགས། འབངས་རྩེ་མོ་བཞི་དགོངས་པ་འགྲན་པས་དགོངས་པ་རི་བོ་ལྟར་གཡོ་འགུལ་མེད་པ་ཐམས་ཅད་ལ་བྱུང༌། ཡང་ཟུར་ཆུང་པ་ཏཱ་ལ་གང་ཙམ་དུ་ན་མཁའ་ལ་འཕགས། རུ་ལུའི་ཛཱབ་དབྱངས་བཟླ་བ་ན་དྲུང་དང་རྒྱང་གྲགས་ཀྱི་ཕ་རོལ་ལ་གསུང་ཆེ་ཆུང་གི་ཁྱད་པར་མི་མངོན། ཁྱེད་གསུམ་གྱིས་འཆད་ཉན་གྱིས་གསུངས་སྟེ་སྒྲུབ་པ་ལ་གཤེགས། དེ་གསུམ་གྱི་འགོ་བྱ་ཚས་གསང་སྙིང་གི་ཐབས་ལམ་གྱི་སྐབས་སུ་མ་རྒྱུད་དགོས་པར་འདུག་ཟེར་ནས་འགོས་ལྷ་བཙས་ཀྱི་སར་སོང༌། མེག་ཆུང་དབང་སེང་གིས་དཀྱིལ་འཁོར་སློང་བ་ལ་ཡོ་ག་དགོས་པར་འདུག་ཟེར་ནས་སུམ་པ་ཡེ་འབར་གྱི་སར་སོང༌། འགོས་ཆུང་དབང་ངེས་གྲུབ་མཐའི་རྒྱབ་ཏུ་ཚད་མ་དགོས་པར་འདུག་ཟེར་ནས་པང་ག་དར་ཆུང་གི་སར་སོང་བས་གོ་མ་ཆོད་མི་གསུམ་དུ་གྲགས། སྒྲུབ་པ་མཛད་པས་ཆོ་འཕྲུལ་མཐའ་ཡས་ཀྱང་ཉམ་ང་མ་བྱུང༌། སྣང་གྲག་རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་དུ་ཤར། འདི་ཡང་བཟང་རྟོག་གི་མཐུ་བརྟས་པ་ཙམ་ལས་སྙིང་པོ་མེད་དགོངས་ནས་རྫོགས་ཆེན་རྩོལ་བྲལ་གྱི་ངང་ལ་བཞག་པས་རང་སྣང་རིས་མེད་ཀྱི་དགོངས་པ་ཤར། སྣོད་བཅུད་ལ་ཐོགས་མེད་ཟང་ཐལ་དུ་འབྱོན། མཚན་ཉིད་ཀྱི་མཁས་པ་ཅིག་གིས་རྩོད་པ་བཙུགས་སྟེ་ཀ་བ་ཆོས་ཅན་བྱས་པས། ང་རྫོགས་ཆེན་རང་སྣང་རིས་མེད་ཀྱི་མདུན་ན་ཀ་བ་མི་གདའ་གསུངས་ནས་ཕྱག་ཀ་བ་ལ་གཡུགས་པས་ཉི་ཞུར་ལ་བརྒྱབ་པ་ལྟར་སོང་བས་དད་དེ་སློབ་(ཐ༤༥བ)


PTT001_Page_0619
[མ་དཔེ་གཟིགས་ན་འདིར་གནོན།]

མར་གྱུར་པ་ནི་མ་ཐོག་བྱང་འབར་ཡིན་ཟེར། དེ་ནས་ལྷ་རྗེ་འུག་པ་ལུང་པ་མ་གཤེགས་ཙམ་ལ་གདན་ས་མཛད་དེ་ཚོགས་བསྐྱངས། དེའི་ཚེ་ཁྱུང་པོ་གྲགས་སེ་ཞེས་བྱ་བ་མཚན་ཉིད་ཀྱི་མཁས་པ་དེས་སློབ་མ་མཁས་པ་བཞི་ལྷ་རྗེ་སུན་འབྱིན་དུ་བཏང་སྟེ་སྐྱོ་སྟོན་ཤཱཀྱ་ཡེས་ཀྱིས་ཁྱེད་རྫོགས་ཆེན་པ་སྒོམ་གཙོ་བོར་བྱེད་དམ་བྱས་པས་ང་དམིགས་པ་གང་ལ་གཏད་འདུག་གསུངས། འོ་ན་མི་སྒོམ་མམ་དྲིས་པས་ང་གང་ལ་ཡེངས་འདུག་གསུངས་པས་དྲི་རྒྱུ་ཟད། གླན་སྟོན་ཤཱཀྱ་བཟང་གིས་ཁྱེད་སྒྱུ་འཕྲུལ་བ་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་འདོད་དམ་དྲིས་པས་ཡུལ་རང་རྒྱུད་པར་མངོན་སུམ་དུ་སྣང་བ་སུས་ཁེངས་གསུངས། འོ་ན་མི་འདོད་དམ་བྱས་པས་མ་དག་པའི་འཁྲུལ་སྣང་སྦྱོང་ཕྱིར་སངས་རྒྱས་ཀྱིས་གསུངས་པ་དང་འགལ་བར་ཅི་ནུས་གསུངས་པས་སྤོབས་པ་ཟད། ཡང་ཁེང་བླ་མ་དང་མངའ་ཏི་ཇོ་ཤཱཀྱ་གིས་ཀྱང་དྲི་རྒྱུ་ཟད་དེ་དད་ནས་སློབ་མར་གྱུར་པ་ལ་སེམས་ཕྱོགས་སྒྱུ་འཕྲུལ་མདོ་འཕྲིན་སྒྲུབ་ཀྱི་ཀ་བ་སྟེ་ཀ་བ་བཞི་བྱུང༌། མ་ཐོག་བྱང་འབར་ལ་སོགས་གདུང་བརྒྱད། སྒོམ་ཆེན་མི་གཉིས། ཡུས་པོ་ཆེ་མི་གཅིག །ཏ་གུར་མི་གཉིས་སོགས་དཔག་མེད་བྱུང༌། འགོས་ལྷ་བཙས་ཀྱིས་ཀྱང་དཔལ་ཆེན་པོའི་འདུ་ཤེས་སྐྱེས་སྟེ་ཕྱག་བཙལ། ཡང་ཁེང་བླ་མ་ལ་ལོངས་སྤྱོད་ཀྱི་རྟེན་འབྲེལ་མཛད་པས་སྐུ་བསོད་རྒྱས། ཁྱུང་པོ་གྲགས་སེས་ཟུར་ཆུང་པ་འདྲ་བའི་ལོག་ཆོས་མཁན་བསད་ན་འཚང་རྒྱ་ངེས་བྱས་པ་གསན་པ་ན་ཆོས་གྲར་བཞད་ཅིང་ཆོས་བྱ་བ་ངའི་གསང་སྔགས་འདི་ཡིན་པར་འདུག་དགྲོལ་བ་ལམ་བྱེད་འདི་སྔགས་ལས་གཞན་ལ་མེད་སྙམ་ཙ་ན་ཟུར་ཆུང་པ་ལྟ་བུ་བསད་ན་འཚང་རྒྱ་ཞེས་ཁྱུང་པོ་གྲགས་སེ་ལྟ་བུའི་མཚན་ཉིད་པ་ཆེན་པོ་ཡང་བློ་ཕུགས་ངའི་ཆོས་ལ་གཏོད་པར་(ཐ༤༦ན)


PTT001_Page_0620
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་བས་དགའ་བ་ཅིག་བྱུང་གསུང་སྐད་དེ་ཕྲག་དོག་རྩ་བ་ནས་ཞི། དྲུག་བཅུ་རྩ་གཅིག་ལ་གཤེགས། དེའི་སྲས་སྒྲོ་ཕུག་པ་ཆེན་པོ་ནི་མངའ་ཏིཀྲ་བཟའ་གཙུག་ཏོར་ལྕམ་ལས་བཙས། སྐྱོ་སྟོན་ཤཱཀ་ཡེའི་རྨི་ལམ་ན་ཡུམ་གྱི་སྲིན་ལག་ལ་སྟོན་པའི་སྐུ་རྨིས་པས་ཤཱཀྱ་སེང་གེ་དང་མངའ་ཆ་ཧོར་པོར་གྲོགས། ཀ་བ་བཞི་སོགས་བླ་མ་མང་དུ་བསྟེན། ཕྱག་རྡོར་གྱི་སྤྲུལ་པར་གྲགས། འཕྲིན་ལས་ཤིན་དུ་ཆེ་སྟེ་ལྷོ་བྲག་བྱ་ཟེའི་མར་པ་ཤེས་རབ་འོད་སོགས་སློབ་མ་གདུགས་ཐོགས་སྟོང་དང་གཙོ་བོ་བཅུ་གཉིས་སོགས་བྱུང༌། རི་རྩེར་ཚོགས་འཁོར་མཛད་མགུར་གསུངས་ནས་ན་མཁའ་ལ་ཇེ་མཐོར་མཁའ་སྤྱོད་ཏུ་འབྱོན་པར་ཆས་པ་སློབ་མས་ངུས་པས་ངས་ལུས་མ་བཞག་ན་ཤུལ་དུ་བཀྲ་ཤིས་པ་ཡིན་སྟེ་ད་ཅུང་མི་ལེགས་གསུངས། རེ་གཅིག་པ་ཤིང་སྟག་ལ་ཐེགས། སྤུར་བཞུ་ཚེ་མི་མ་ཡིན་གྱིས་ཕུལ་བ་མི་ལ་མེད་པའི་ནོར་སྣ་བཞི་བྱུང༌། སློབ་མའི་མཆོག་ལྕེ་སྟོན་རྒྱ་ནག་ནི་མེས་པོ་འཕངས་བྱང་བརྩོན་གྱིས་སྐྱིལ་མཁར་ལྷ་ཁང་བཞེངས། ཤིང་ཕོ་ཁྱི་ལ་འཁྲུངས། དེའི་དུས་མཁས་པ་ཤེ་ཁྱུང་གཉིས་འབན་འབྲེ་གཉིས་རྒྱ་སྟག་གཉིས་བྱ་བ་ཡོད་པའི་ཕལ་ཆེར་ལ་གཏུགས་སྟེ་དབུ་ཚད་སྡེ་སྣོད་ལ་མཁས་པའི་མཐར་སོན། སྒྲོ་ཕུག་པ་ལ་རྒྱ་བརྩོན་སེང་དཔོན་གཡོག་གིས་རྩོད་པ་བཙུགས་པ་ན་ཁོང་རབ་ཏུ་ཕམ་པར་བྱས་པས་མཉེས་ནས་གདམས་ངག་ཐམས་ཅད་རྫོགས་པར་གནང་བས་སློབ་མ་གཞན་ལས་ཆོས་ཟབ། དགུང་ལོ་བཞི་བཅུ་ལ་གཤེགས་བཙུན་མཛད་གཞན་དོན་བསྐྱངས་སྟེ་ལྔ་བཅུ་རྩ་དྲུག་ལ་གཤེགས། དེའི་སློབ་མ་དབུས་པ་སྟོན་ཤཱཀ་གིས་སེ་བྲག་བཏབ་པས་དམ་པ་སྲེ་བྲག་པར་གྲགས། དབུས་པ་ཞིག་པོ་ནི་(ཐ༤༦བ)


PTT001_Page_0621
[མ་དཔེ་གཟིགས་ན་འདིར་གནོན།]

གཟུང་འཛིན་གྱི་འཁྲུལ་པ་ཞིག་སྟེ་གྲུབ་ཐོབ་ཆེན་པོར་བཞུགས། ལྕེ་སྟོན་ཡོན་ཏན་གཟུངས་ནི་རྒྱ་ནག་གི་དབོན་པོར་འཁྲུངས། སེ་བྲག་པ་སོགས་བསྟེན་སྟེ་ལྷ་རྗེ་ལྷ་ཁང་པར་གྲགས། དེའི་སློབ་མ་ཞིག་པོ་བདུད་རྩི་ནི། སངས་རྒྱས་དྭགས་ཆུང་བྱ་བ་དབུས་ཀྱི་བཟད་པ་དྭགས་པོ་རྒྱ་རས་ཀྱི་ཕྱིར་བྱོན་པས་མཚན་ཆགས་པ་ཞིག་ལྷོ་བྲག་གི་ཕུར་མོང་སྒང་ན་བཞུགས་པ་བཟད་པས་སྤྱན་དྲངས་སྟེ་ལྷ་གདོང་དང་བྱ་སྐད་དགོན་པ་སོགས་ཕུལ་ནས་བཞུགས། དེའི་སྲས་སྔ་རྒྱུད་ལ་མཁས་པ་ཇོ་ནམ་སོགས་བྱོན་ཞིང་ཕྱི་ཚར་ཝང་ཆུང་མ་ལ་ཞིག་པོ་བདུད་རྩི་བལྟམས། ཡབ་དང་ལྷོ་བལ་གྱི་རྣལ་འབྱོར་མ་མངོན་ཤེས་ཅན་སོགས་ཀྱིས་གཞན་དོན་འབྱུང་བར་ལུང་བསྟན། འོངས་ཕུད་གཏོར་བས་འོངས་ཆེར་འཕེལ་བས་ཡུམ་གྱིས་ཀྱང་སྤྲུལ་སྐུར་ཤེས། ཞང་པོ་དམ་པ་སེ་བྲག་པ་དང་བླ་མ་ལྷ་ཁང་པ་བསྟེན། ཞང་གཡུ་བྲག་པའི་སྙན་པ་ཐོས་ནས་སྤྱན་དྲངས་སྟེ་ཆོས་འཁོར་བཙུགས་པས་ཆོས་ལྷ་ཁང་པ་ལ་ཉན་ནས་ཞབས་ཏོག་ཚལ་པ་ལ་བྱས་ཟེར་ནས་སྐྱེས་བོས་ཤེས་པ་ན་ལྷ་རྗེ་ལྷ་ཁང་པས་ནས་དང་ཤ་མར་བསྐུར་སྟེ་ཁྱོད་བླ་མ་བཟང་པོ་སྤྱན་དྲངས་ཆོས་འཁོར་བྱེད་པ་ལ་ངས་ཀྱང་འཐུད་བྱ་དགོས་སྟེ་འདི་ལས་མ་འབྱོར་གསུང་བས་དད་པ་ལྷག་པར་སྐྱེས། གཞན་གྱི་ཡང་ཟེར་ལོ་ཆང༌། རྟོགས་པའི་མཐར་ཕྱིན། སྣང་བ་ལ་ཐོགས་བརྡུགས་མེད། བོད་ཡུལ་ཐམས་ཅད་དུ་བྱོན་རི་རྒྱ་ལུང་རྒྱ་ལ་སོགས་གཞན་ཕན་མཐའ་ཡས་མཛད། ལོ་པཎ་སུ་བྱོན་ཀྱང་འདེགས། རྒྱ་གར་ནག་སོགས་ནས་སློབ་མ་མཐའ་ཡས་པ་འདུས། རྡོ་རྗེ་གདན་ལ་མཆོད་པ་ལན་གསུམ་བསྐྱལ། ལྷ་སར་ཆུ་རགས་དང་ཞིག་གསོ་རྒྱ་ཆེར་མཛད། ཕྱིས་ལྷ་ས་ནས་ཐེགས་པའི་སྐྱེལ་ཆང་གིས་(ཐ༤༧ན)


PTT001_Page_0622
[མ་དཔེ་གཟིགས་ན་འདིར་གནོན།]

གྲ་པ་རྣམས་བཟི་ནས་འཐབ་མོ་བྱས་པས་ཐུགས་སྐྱོ་སྟེ་ང་གཅིག་པ་ས་ཡོས་ལ་གསང་ཕུའི་རྒྱ་ར་གད་ལོགས་སུ་གཤེགས། གདུང་ཆབ་གཞུང་ལ་སྤྱན་དྲངས་ནས་ཐང་སྐྱར་བཞུ་བས་ས་གཡོས། ཡོན་ཆབ་ཀྱི་ནང་ནས་འཇའ་ཚོན་གྱི་པདྨ་སྐྱེས་པ་ཞག་གསུམ་དུ་བསྡད། གདུང་ཁང་གི་མཆོད་རྟེན་བྱས། དེའི་གདན་སར་དམིགས་སྟེ་ཐང་སྐྱའི་གཙུག་ལག་ཁང་བྱས་སོ། །དེའི་སློབ་མ་མ་ཧཱ་ལྷུན་པོ། མཁས་པ་ཇོ་ནམ། དབུས་པ་ཇོ་བསོད་ལ་སོགས་བྱོན་ཞིང་སློབ་མའི་མཆོག་ནི་རྟ་སྟོན་ཇོ་ཡེས་སྟེ་མེས་པོ་རྟ་སྟོན་དབང་གྲགས། ཡབ་རྟ་སྟོན་ཇོ་འབུམ་ཡིན། གཅུང་པོ་རྟ་སྟོན་ཇོ་བསོད། མཆེད་གཉིས་ཀས་ཆོས་མང་དུ་མཁྱེན་ཞིང་གཙོ་བོར་ཞིག་པོ་བསྟེན། བླ་མ་ཤིན་དུ་མཉེས། ཡུལ་གཞིས་ཐམས་ཅད་བཙོངས་པའི་སྤོང་དག་ཆོས་འཁོར་ལན་བཞི་བྱས། གསུང་སྒྲོས་ཐམས་ཅད་ཡི་གེར་བཀོད་པས་ཕྱི་རབས་ལ་དྲིན་ཆེ། རི་ཁྲོད་འགྲིམས་པ་བས་ཀྱང་བླ་མའི་ཞབས་ཏོག་འདི་རང་སྟོབས་ཆེ་བར་འདུག་གསུངས། བླ་མ་གཤེགས་ནས་མྱ་ངན་བྱུང་བ་ན་རྨི་ལམ་དུ་ཞིག་པོ་བྱོན་སྟེ་ཆོས་གསུངས་པས་སྡུག་བསྔལ་རང་ཡལ་སྟེ་དེ་ཕྱིན་སྡུག་བསྔལ་རང་རྒྱུད་པ་དང་བྲལ། ལྷ་སར་ཞབས་ཏོག་མང་དུ་མཛད་དེ་རེ་བརྒྱད་པ་ལྕགས་སྟག་ལ་འདས་སོ། །གཞན་ཡང་རྟ་སྟོན་གཟི་བརྗིད་ལ་སོགས་པ་མཁས་པ་མང་དུ་བྱུང་ངོ༌། །སྒྲོ་ཕུག་པའི་སློབ་མ་ཇི་སྟོན་ཉེ་སྟོན་གཉིས་ལ་གཙང་ནག་འོད་འབར་གྱིས་ཐུག་དེ་ནས་རིམ་པར་གཡུང་སྟོན་སངས་རྒྱས། རྒྱ་ཁབ་གོང་པ། པཀྴི་ཤཱཀྱ་འོད་དང་གཡུང་ཆོས་མགོན། དེ་གཉིས་ལ་རྦ་སྟོན་གཟི་བརྗིད། དེ་ལ་རྒྱལ་བ་གཡུང་སྟོན་པས་གསན་ནོ། །ཡང་ན་གཙང་ནག་ལ་མེ་སྟོན་མགོན་པོ་(ཐ༤༧བ)


PTT001_Page_0623
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་སྲོ། པཀྴི་ཤཱ་ཀུ་འོད། རྟ་ནག་པ་བདུད་འདུལ། མདའ་ཤཱཀྱ་འཕེལ་དང་ཟུར་བྱམས་པ་སེང་གེ །རྒྱལ་བ་གཡུང་ངོ༌། །རྒྱལ་བ་གཡུང་ནི་མཁས་པ་ཆེན་པོ་སར་རྙིང་གཉི་གའི་གྲུབ་ཐོབ་རྩོད་པ་མེད་པའོ། །ཡང་ཡར་ལུངས་རྒྱ་སྨན་དུ་གཉལ་སྟོན་སངས་རྒྱས་གྲགས་ཅེས་བྱ་བ་ཞིག་གིས་ཛམྦྷ་ལ་བསྒྲུབས་པས་ཞིང་ཆུང་ཞིག་ཡོད་པ་ཆུས་ཁྱེར་སྟེ་རྒྱལ་ཁམས་ལ་བྱོན་པས་པུ་གུ་དོར་ཕྱུག་པོ་འཛེ་ཅན་ཞིག་ཤི་བའི་རོ་ལུས་པ་ལ་སྙིང་བརྩེ་ནས་དོར་བས་མལ་འོག་ནས་གསེར་དཔག་མེད་བྱུང་བས་དབུལ་བ་བསལ་ལོ། །སྒྲོ་ཕུག་པའི་སློབ་མ་བྱ་ཆེན་པོའི་དཔོན་པོ་དང་མྱང་ནག་མདོ་པོ་སོགས་ལ་ཆོས་གསན། ཡང་དག་གི་ཞལ་གཟིགས། འཁྲུངས་ཡུལ་དུ་རྡོ་ཐོག་ཐེལ་བཏབ། དེའི་སློབ་མ་སྐྱི་ཆོས་ཀྱི་སེང་གེ་སྟེ་ཧོར་ཡུལ་དུ་བྱོན་པས་རྒྱལ་པོ་སེ་ཆེན་གྱིས་མཆོད་རྟེན་ཞིག་དུ་བཅུག་ནས་སྒོ་བརྩིགས་སྟེ་བཞག །ལོ་འཁོར་ནས་བལྟས་པས་རྡོ་རྗེ་ཕུར་པའི་སྐུར་གྱུར་འདུག་ནས་གཤེགས་པ་ལ་རྔོ་ཐོག་པ་ལ་དར་རིང་ཆེན་མོ་སོགས་དང་ལས་ཀ་ཆེར་གནང་ནས་བླ་མཆོད་མཛད། སྐྱི་ཆོས་སེང་གི་སློབ་མ་སྨན་ལུང་པ་སྟེ་ཡུལ་ཡར་ལུངས་པ། ཡབ་ཕ་ཇོ་བདག་ཉིད་ཆེན་པོ། གདུང་རུས་མྱང༌། མཆེད་ལྔའི་ཆེ་ཤོས། གཞན་བཞི་ནི་ཆོས་ལྡན་པ། སྐལ་ལྡན་པ། དུར་ཁྲོད་པ། དབང་རྒྱལ་བའོ། །མཚན་ཤཱཀྱ་འོད། གསང་མཚན་མི་སྐྱོད་རྡོ་རྗེ་སྤྱིར་ཡར་ལུངས་སྤྲུལ་སྐུར་གྲགས། གུ་རུ་ཆོས་དབང་གི་ཡབ་སྟོན་ཉིའི་སྐྱེ་བ་ཡིན་པས་བཀའ་བརྒྱད་ཀྱི་བཀའ་བབས་གཏད་ཅིང་མྱང་སྟོན་དབོན་པོ་ཞེས་ཆོས་དབང་གི་སྐྱེས་རབས་ཞུ་བ་པོ་ཡིན། གསང་སྙིང་གི་ཁོག་དབུབ་ཏཱི་ཀ་རྒྱུད་དོན་རྣམ་ངེས་ལ་སོགས་པ་མཛད། དེ་ལ་དྭགས་པོའི་སངས་རྒྱས་གོང་ལ་བས་གསན་(ཐ༤༨ན)


PTT001_Page_0624
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་དྭགས་པོ་ཉིད་དུ་གཉན་སྟོན་ལ་སོགས་པའི་སློབ་མ་མང་དུ་བྱུང་སྟེ་དར་རྒྱས་སུ་མཛད་ཅིང་དེ་ལས་ཁམས་སུ་མང་དུ་དར་རོ། །ཡར་ལུངས་སྤྲུལ་སྐུའི་སྲས་རིན་པོ་ཆེ་ཤཱཀྱ་འབུམ་པ་དང་སྐྱི་ཆོས་སེང་གི་གདན་ས་པ་རྒྱ་ཡེ་ཤེས་མགོན་པོ་སོགས་ཀྱིས་ཀྱང་དར་རྒྱས་སུ་མཛད། ཡང་སྒྲོ་ཕུག་པ་ཆེན་པོའི་སློབ་མ་འཛམ་སྟོན་འགྲོ་བའི་མགོན་པོ་ཞེས་བྱ་བ་མཁས་གྲུབ་ཆེན་པོ་ཅིག་བྱོན་སྟེ་འདི་ནི་རྗེ་དུས་མཁྱེན་གྱི་སྔ་སློབ་ཅིག་གི་སྐྱེ་བར་སྔོན་དུ་ལུང་བསྟན་ཞིང་ཕྱིས་ངོས་འཛིན་མཛད་པ་འཛམ་སྐྱེ་བ་གསུམ་པ་ཅེས་འཛམ་ཡུལ་ཙམ་ན་སྒོམ་བཟང་བ་བྱུང་ཞེས་པ་དེ་ཡིན་པས་སྙམ་ལ་དེའི་སློབ་མ་རྗེ་ཕག་མོ་གྲུ་པ་དང་འཁྲུངས་ཡུལ་གཅིག་ཞིང་མ་དཔུན་དུ་གྱུར་པ་མཚན་ཤེས་རབ་སེང་གེ་དང་སྤོབས་པ་མཐའ་ཡས་ཞེས་བྱ་ལ་སྤྱིར་ཀ་དམ་པ་བདེ་གཤེགས་སུ་གྲགས་པ་དང༌། གཙང་དུ་འཁྲུངས་པའི་གཙང་སྟོན་རྡོ་རྗེ་རྒྱལ་མཚན་ཞེས་བྱ་བ་གཉིས་བྱོན་ལ། འདི་གཉིས་ཀྱང་གྲོགས་མཆེད་ལས་དཔོན་སློབ་ཏུ་གྱུར། ཀ་ཐོག་གིས་དེར་མི་མ་ཡིན་གདུག་པ་ཅན་ཞིག་གིས་མངོན་སུམ་དུ་གནོད་པ་ཆེར་བྱེད་པ་ཅིག་ཡོད་པ་ལ་དེ་གནས་པའི་ཕ་བོང་སྐུ་ཆོས་ཀྱིས་བཅིངས་གཙང་སྟོན་གྱིས་ཁྲིད་དམ་པས་ཕྲེང་ལྕག་གིས་དེད་དེ་ཀ་རོང་གི་ཐག་རིང་པོར་བསྐྱལ་བས་ཕ་བོང་ལ་ཕྱག་ཕྲེང་སོགས་ཀྱི་རྗེས་གསལ་བར་དོད་པ་ད་ལྟ་ཡོད། ཡི་གེ་ཀ་འདྲ་བའི་ས་ཐོག་དུ་དགོན་པ་བཏབ་པས་ཀ་ཐོག་དུ་གྲགས། དམ་པ་བདེ་གཤེགས་དེ་ནི་སྔོན་ཀྲྀ་ཀིའི་བུ་མོ་བདུན་གྱི་དང་པོ་དང༌། གནས་བརྟན་བར་དྷ་ཛ། ཕལ་ཆེན་པའི་གནས་བརྟན། མུ་སྟེགས་ཀྱིས་མཁས་པ་ཕྱིས་ནང་པར་གྱུར་པ། ཝ་ར་ཎ་སིའི་ཆོས་རྒྱལ། ལོ་ཙཱ་བ་རྨ་རིན་ཆེན་མཆོག་ལ་སོགས་པའི་སྐྱེ་བ་མང་དུ་དྲན། ཁྱད་པར་དུ་སྐྱེ་བ་སྔ་མ་དེ་བལ་པོ་(ཐ༤༨བ)


PTT001_Page_0625
[མ་དཔེ་གཟིགས་ན་འདིར་གནོན།]

བྷ་དནྟ་བྱ་བའི་རྣལ་འབྱོར་པ་ཅིག་མི་ཉག་གི་རྒྱལ་པོའི་བླ་མར་གྱུར་སྟེ་དད་ཆེས་པས་དེའི་དབུའི་དབྱིབས་བྱས་ནས་ཕྲེང་བའི་མདུད་འཛིན་ལ་བརྒྱུད་པར་མི་ཉག་གི་ཡུལ་ཐམས་ཅད་དུ་བཀར་བཏགས། ཕྱིས་ཕྱིའི་རྒྱ་མཚོ་གཟིགས་སུ་བྱོན་སྟེ་རྒྱ་མཚོའི་འགྲམ་དུ་ཕྲུ་མ་བཏབ་སྟེ་བཞུགས་པ་ན་མཚན་མོ་དུས་མིན་གྱི་རྒྱ་མཚོའི་རླབས་འཁྲུགས་པའི་སྒྲ་འབྲུག་སྟོང་འུར་བ་ལྟ་བུ་བྱུང་སྟེ་གཞན་རྣམས་བྲོས། བླ་མ་ཁྲི་ཐོག་དུ་བཞུགས་པ་རླབས་ཀྱིས་གཤེགས་ནས་སྐུ་གདུང་སླར་མཚོ་འགྲམ་དུ་ཕུལ་བ་རྒྱལ་པོས་སྤྱན་དྲངས་ནས་མཆོད་པ་བྱེད་པ་དང༌། རྒྱ་གར་ནུབ་ཕྱོགས་ཀྱི་རི་བྲགས་ཆེན་པོར་ད་ལྟ་སུམ་བཅུ་རྩ་གསུམ་གྱི་བྱང་ཕྱོགས་ཀྱི་ཚལ་ན་གནས་པའི་ལྷའི་དྲང་སྲོང་གཞོན་ནུས་བྱིན་ཕྱི་མར་བདེ་བ་ཅན་དུ་འབྱོན་པ་འདི་ཉིད་དེའི་ཚེ་དྲང་སྲོང་ག་ག་ཏི་བྱ་བར་ཡོད་པའི་དྲུང་དུ་ནེ་ཙོར་སྐྱེས་སྟེ་རིགས་སྔགས་བསླབས་པས་ནུས་པ་ཅན་དུ་གྱུར། དེའི་ཚེ་རིའི་ཤར་ངོས་ན་དཀར་པོའི་ཀླུ་ཅིག་དང༌། ལྷོ་ངོས་ན་ནག་པོའི་ཀླུ་སྟོབས་ཅན་ཞིག་གནས་པ་ལས་ནག་པོའི་ཀླུ་དེས་ན་མཁའ་ལ་ཐོག་སེར་དང་སྤྲིན་ནག་གིས་ཁྱབ་པར་བྱས། ས་གཞི་ལ་སྦལ་སྤྲུལ་འཇོང་སྡིག་སོགས་སྲོག་ཆགས་སྣ་ཚོགས་པས་ཁྱབ་པའི་དམག་དཀར་པོ་ལ་དྲངས་པ་ན། ཀླུ་དཀར་པོ་དེས་ནེ་ཙོ་ལ་སྐྱབས་སུ་སོང་བས་ནེ་ཙོས་རིག་སྔགས་བཏོན་གཤོག་པ་བརྡབས་པས་ནག་པོའི་ཀླུ་བྲོས་སྤྲིན་ཡལ་སྲོག་ཆགས་རྣམས་ཀྱང་མེད་པར་གྱུར་སྟེ་དཀར་པོའི་ཀླུ་སྟོབས་རྒྱས་པས་རྒྱལ་ཁམས་ཐམས་ཅད་ཏུ་འབྲུ་བཅུད་འཕེལ་ཞིང་བདེ་བར་བྱས་པ་དང༌། ཁྱད་པར་རྒྱ་གར་དུ་མུ་སྟེགས་ཞི་བ་པ་དར་སྟེ་བསྟན་པ་ནུབ་ཏུ་ཆ་བའི་ཚེ་སློབ་དཔོན་ཞི་བའི་ལྷར་གྱུར་ནས་སྔོན་དུ་ཞི་བའི་གྲུབ་མཐའ་སྦྱངས་ནས་ཕྱིས་བསྙིལ། སྤྱོད་འཇུག་གསུངས། མུ་སྟེགས་མཁས་པ་(ཐ༤༩ན)


PTT001_Page_0626
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག་དང་ཡུན་རིང་དུ་རྩོད་པ་ན་ཉིད་ཅིག་སློབ་དཔོན་མ་བཞུགས་པའི་ཤུལ་དུ་སླེབས་པའི་ཚེ་སློབ་དཔོན་གྱི་ཁྲིའི་ན་མཁར་འཇམ་པའི་དབྱངས་བཞུགས་པར་མཐོང་བས་དད་དེ་རྗེས་སུ་བཟུང་བ་རྣམས་གསལ་བར་དྲན། སངས་རྒྱས་ཀྱི་ཞིང་མཐའ་ཡས་པ་རྒྱུན་དུ་གཟིགས། སྔོན་རྒྱལ་པོར་གྱུར་པའི་ཚེ་བློན་པོ་ཅིག་གིས་མཆོད་ཡོན་དབྱེན་བྱས་པའི་ལྕེ་གཅོད་ཏུ་བཅུག་པས་ད་ལྟ་ངག་མི་བདེ་བ་ཡིན་གསུང་ཞིང་རྒྱུ་འབྲས་ལ་རྩིས་སུ་མཛད། ཡོན་ཏན་ན་མཁའ་དང་མཉམ་གཞན་ཕན་མཐའ་ཡས། འདུལ་བ་གཙོ་བོར་སྟོན་པའི་སྒོ་ནས་གསང་སྔགས་དར་བར་མཛད་ལ། ཕྱི་མར་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་བློ་གྲོས་སྙིང་པོར་འགྱུར་ཞིང་མ་འོངས་པ་བསྐལ་པ་སྐར་མ་བཀྲམ་པ་ལྟ་བུ་ལ་ཚེ་དཔག་མེད་ཅེས་བྱ་བའི་དེ་བཞིན་གཤེགས་པར་འཚང་རྒྱ་བར་དགོངས་སོ། །རིན་པོ་ཆེ་གཙང་སྟོན་པ་དེས་ཀྱང་མི་བསྐྱོད་པའི་ཞིང་རྟག་པར་གཟིགས་སྟེ་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོ་ཁྱོད་མ་འོངས་པ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་འཕྲོ་བ་ཞེས་བྱ་བར་འཚང་རྒྱའོ་ཞེས་ལུང་བསྟན་ཐོབ། བཀའ་སྲུང་བྲན་ལྟར་དུ་འཁོལ། ཟག་མེད་མངོན་དུ་བྱས་པའི་རྟགས་རྫོགས། དེ་བཞིན་གཤེགས་པ་འོད་ཀྱི་རྒྱལ་པོའི་ཞིང་དུ་བྱང་ཆུབ་སེམས་དཔའ་འོད་ཀྱི་རྒྱལ་པོར་གྱུར་པ་དང༌། ལོ་ཙཱ་བ་ཀ་བ་ཡེ་ཤེས་མཆོག་དང༌། རྒྱ་གར་ཕྱག་ན་ལ་སོགས་པའི་སྔོན་གྱི་གནས་མང་དུ་དྲན། འཕྲིན་ལས་མཐའ་ཡས་ཤིང་ཕྱི་མར་བདེ་བ་ཅན་དུ་བྱང་ཆུབ་སེམས་དཔའ་ནོར་བུའི་སྙིང་པོར་འགྱུར་བ་དང༌། བསྐལ་པ་སྐར་མ་བཀྲམ་པ་ལྟ་བུའི་སངས་རྒྱས་རྣམས་ཀྱི་དཀྱིལ་ཙམ་དུ་དམ་པ་བདེ་གཤེགས་འཚང་རྒྱ་ཞིང་དེ་ནས་བཅུའི་འོག་དུ་དེ་བཞིན་གཤེགས་པ་འོད་ཟེར་རབ་ཏུ་འཕྲོ་བར་འཚང་རྒྱ་བར་གཟིགས། (ཐ༤༩བ)


PTT001_Page_0627
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་མགོན་རས་ཆེན་གྱིས་ཀྱང་དག་སྣང་མཐའ་ཡས་པ་གཟིགས་ནས་ཆོས་མང་དུ་གསན་ནོ། །དེའི་སློབ་མ་སྤྱན་སྔ་བྱམས་པ་འབུམ་ནི་སློབ་དཔོན་ཛ་ལནྡྷ་ར་པའི་སློབ་མ་ནག་པོ་སྤྱོད་པ་ཆེན་པོ་ཡིན་སྟེ་རྗེ་མི་ཏྲ་ཛོ་གིས་སོ་མ་ཛོ་གི་ཞེས་བྱ་བ་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཅིག་ལ་ཁྱོད་བོད་དུ་འགྲོ་ན་ཡུལ་ཀ་ཐོག་བྱ་བར་སློབ་དཔོན་ཤཱནྟ་དེ་ཝ་དང་བཛྲ་པཱ་ཎི་བོད་དུ་སྐྱེ་བ་བཟུང་བའི་གདན་ས་ན་ཀ་ཧྣ་པ་ཆེན་པོ་ཡོད་ཀྱིས་དེ་ལ་ཕྱག་གྱིས་ཀམ་པོ་གནས་ནང་དང་འཇང་ཡུལ་དུ་ཡང་ལན་རེ་སོང་ཞིག་ཞེས་ལུང་བསྟན་སྟེ་བོད་དུ་འོངས་ནས་འདིའི་ཞབས་ལ་གཏུགས་ལུང་བསྟན་པ་བཤད་ཏོ། །གཞན་ཡང་ཀརྞ་རི་པའི་སློབ་མ་ཨཱ་ནནྟ་ཤྲཱིར་གྱུར་སྟེ་རྡོ་རྗེའི་གདན་དུ་གནས་བརྟན་བྱས། ས་ར་ཧའི་སློབ་མ་དཱ་ན་ཀིརྟིར་གྱུར་སྟེ་པཎྜི་ཏ་ཐམས་ཅད་ཀྱི་བླ་མར་གྱུར། རྒྱ་གར་ལྷོ་ཕྱོགས་ཀྱི་ཆོས་རྒྱལ་དྷི་པཱ་ལ་རཱ་ཛཱར་གྱུར་སྟེ་གྲུབ་ཐོབ་བརྒྱད་བཅུ་ཕལ་ཆེར་མཆོད་གནས་སུ་རྟག་པར་བཞུགས་པ་ལ་ལོ་བརྒྱད་བཅུ་རྩ་བཞིར་མཆོད་ཅིང་སོ་མ་པུ་རི། ཛ་གཧ་པཱ་ལ་ཀོ་ཊ་ལ། ཨོ་ཌྱན་ལ་སོགས་པའི་གཙུག་ལག་ཁང་ཆེན་པོ་བདུན་བཞེངས་པ་སོགས་ཀྱི་སྔོན་གནས་དྲན། ཕྱི་མར་བདེ་བ་ཅན་དང་སླར་དཔལ་ལྡན་འབྲས་སྤུངས་སུ་བྱང་ཆུབ་སེམས་དཔའ་ཀ་མ་ལ་ཤཱི་ལར་འགྱུར་བར་གཟིགས། གྲུབ་ཐོབ་ཀརྨ་པཀྴིིས་ཀྱང་འདི་ལས་རབ་ཏུ་བྱུང་ཞིང་རྫོགས་པ་ཆེན་པོའི་བཀའ་ཐམས་ཅད་གསན་ཞིང་སྤྱིར་འཕྲིན་ལས་ན་མཁའ་དང་མཉམ་མོ། །དེ་ནས་ཀྱང་གྲུབ་ཐོབ་ཀརྨ་པཀ་ཤི་དང་འགྲོ་མགོན་ཆོས་རྒྱལ་འཕགས་པའི་བླ་མ་ཙ་ཏི་སྤྱན་སྔ་མང་ཕུ་བ་བསོད་ནམས་འབུམ་ལ་སོགས་མཁས་ཤིང་གྲུབ་པ་ཤ་སྟག་བྱོན་སྟེ་ད་ལྟར་ཡང་དར་ཞིང་རྒྱས་ལ། ཀ་ཐོག་པ་འདི་རྣམས་ནི་གཞི་འདུལ་བའི་ཚུལ་ཁྲིམས་གཙོ་བོར་མཛད་པས་དགོན་པ་གཙང་ཞིང་དག །སྤྱོད་འཇུག་(ཐ༥༠ན)


PTT001_Page_0628
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སྤྱོད་ཕྱོགས་དར་བས་ཐེག་ཆེན་གྱི་ལམ་གྱི་གཞུང་བསྲོངས། སྔགས་མཚན་ཉིད་མཐའ་དག་དར་ཞིང་ཁྱད་པར་མདོ་སྒྱུ་སེམས་གསུམ་གྱི་བསྟན་པ་དངོས་གཞི་འདིར་གནས་པ་ཡིན་ནོ། །སྤྱིར་ཟུར་ཆེ་ཆུང་ལས་འཕྲོས་པའི་སྔགས་པས་བོད་ཁམས་གང་ཞིང་བཤད་ཉན་ཤིན་དུ་དར་བས་སྔོན་བོད་ཏུ་མདོ་སྒྱུ་སེམས་གསུམ་ལས་དར་བའི་ཆོས་མ་བྱུང་སྙམ་སྟེ་ཟིན་བྲིས་ཁོ་ནའང་མཐའ་ཡས་པར་སྣང་ལ་ཅུང་ཟད་ཞིབ་པ་དེབ་སྔོན་ན་སྣང་ངོ༌། གསང་སྔགས་སྙིང་མ་བཀའ་མའི་སྐབས་བཤད་ཟིན་ཏོ། །གཏེར་མའི་ཕྱོགས་སླར་བཤད་པར་བྱ་སྟེ། དེ་ཡང་བོད་ཁ་ཅིག་གཏེར་མའི་ཆོས་མི་སྲིད་ཏོ་སྙམ་དུ་བྱེད་པ་དེ་ནི་ཆོས་སྤོང་གི་ལས་ཆེན་པོ་ཡིན་སྟེ། མདོ་ལས་བསྙེན་གནས་དང་སྐྱབས་འགྲོའི་དཔེ་ཀ་བ་ལས་བྱུང་བར་བཤད་པ་དང༌། སྟོན་པ་བྲམ་ཟེ་ཆེན་པོས་སྤྱན་དྲངས་པའི་ལམ་དུ་ཕྱགས་བདར་གྱི་ཕུང་པོ་ལས་འོད་ཟེར་དང་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་པ་ལེགས་སོ་ཞེས་བྱ་བའི་སྒྲ་བྱུང་བས་སྟོན་པས་ཕྱག་མཛད་སྤྱན་ཆབ་ཕྱུང་ན་བཟའ་ཕུད་ནས་གསོལ་སྟེ་སངས་རྒྱས་ཐམས་ཅད་ཀྱི་རིང་སྲེལ་འདིར་བཞུགས་སོ་ཞེས་གསང་བ་རིང་སྲེལ་གྱི་གཟུངས་གསུངས་པའང་དེ་བཞིན་གཤེགས་པ་གཟུངས་ཀྱི་དཔེ་ལ་བལྟོས་མི་དགོས་པས་མ་ཕྱུང་བ་མ་གཏོགས་དོན་གྱིས་གཏེར་མར་སོང་བའི་ཕྱིར་དང༌། རྒྱ་གར་དུ་ཡང་ཆོས་རྒྱལ་མྱ་ངན་མེད་ཀྱི་དོན་དུ་དགྲ་བཅོམ་པ་གྲགས་པས་སངས་རྒྱས་ཀྱི་རིང་སྲེལ་ཕྱུང་བ་དང༌། རྒྱུད་བླ་སོགས་བྱམས་ཆོས་ཕྱི་མ་གསུམ་མངའ་བདག་མཻ་ཏྲྀ་པས་མཆོད་རྟེན་གྱི་སེར་ག་ནས་རྙེད་པ་སོགས་དང༌། གྲུབ་ཐོབ་ཤིངྑ་པས་ཆུ་མང་པོ་དྲུབས་པའི་དངུལ་ཆུར་བྱིན་གྱིས་བརླབས་པ་བལ་པོའི་ཀླུ་སྒྲུབ་ཕུག་པར་འཕགས་པ་ཀླུས་སྦས་པ་ཨ་ཙ་ར་ཞིག་གིས་བཏོན་ཞིང་གསེར་འགྱུར་བྱས་པ་(ཐ༥༠བ)


PTT001_Page_0629
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ནས་རིང་པོ་མ་ལོན་པར་པཎ་ཆེན་ནགས་རིན་གྱིས་གསུངས་པའི་ཕྱིར། དེས་ན་གཏེར་ནི་སར་རྙིང་ཐམས་ཅད་ལ་ཡོད་པས་རྙིང་མ་ཁོ་ནར་ཡང་མ་ངེས་ལ། རྙིང་མའི་གཏེར་ལའང་ནོར་གཏེར་དཔག་མེད་ཡོད་པ་ནི་ཕྱི་རབས་རྒྱལ་རྒྱུད་ཀྱི་དོན་དང་ལྷ་ཁང་རྣམས་གསོ་བའི་རྐྱེན་དུ་སྦས་ནས་ཁ་བྱང་རྣམས་རྒྱལ་པོའི་དཀོར་མཛོད་དུ་འཇོག་ལ། རྒྱལ་སྲིད་ཉམས་པས་ཚང་མ་མེད་མོད་ཀྱང་བསམ་ཡས་གཙང་པོའི་མཛོད་ནའང་མང་བར་ཡོད་པས་ཁྲོ་ཕུ་ལོ་ཙཱ་བ་ཆེན་པོས་ལྷ་ཆེན་པོའི་ཡོ་བྱད་མ་ལྡང་ནས་ཁོང་རང་གི་འབུལ་བ་ཕྱིར་བསློག་སྟེ་ཁ་བྱང་འགའ་ཞིག་བསླངས་པ་ན། གཙང་པོ་ན་རེ་སེམས་ཅན་གྱི་བསོད་ནམས་དམན་པ་འབྲས་རུལ་བ་དང་བྱི་བས་ཟོས་པ་སོགས་ཀྱིས་ཆུད་ཟོས་པ་མང་བར་སྣང༌། འོན་ཀྱང་འགའ་ཞིག་འབུལ་ཟེར་བ་ན་པཎ་ཆེན་གྱིས་དེ་ཁོང་ལའང་གནོད་པས་ཁྱོད་རང་འདི་སྒྲུབས་གསུངས་ནས་ཛམ་ནག་གི་སྒྲུབ་ཐབས་གནང་བ་ལྟར་ཡིན་ལ། ཆོས་གཏེར་ལའང་སློབ་དཔོན་པདྨའི་གཏེར་དང༌། འཚོ་རྒྱལ་དང་ཆོས་རྒྱལ་ཁྲི་སྲོང་དང་མུ་ཏིག་བཙན་པོ་དང་སྣུབས་ན་མཁའ་སྙིང་པོ་དང་སྙགས་དང་བཻ་རོ་ཙ་ན་དང་སྣ་ནམ་རྡོ་རྗེ་བདུད་འཇོམས་དང་སྣུབས་སངས་རྒྱས་ཡེ་ཤེས་སོགས་ཀྱིས་སྦས་པ་མང་དུ་ཡོད་པས་ཐམས་ཅད་སློབ་དཔོན་པདྨས་སྦས་པ་ཡང་མ་ཡིན་ནོ། །ཆོས་གཏེར་ལའང་སྐལ་ལྡན་གྱིས་རྙེད་པར་སྨོན་ལམ་བཏབ་པ་ཙམ་ལས་བདག་པོ་མ་ངེས་པ་ཆེས་མང་ཞིང་ཆོས་བདག་ངེས་པ་ཅན་ཡང་དུ་མ་ཡོད་ཏོ། །དེ་ཡང་པདྨ་བཀའ་ཐང་གི་གཏེར་འདིར་སྦས་བཤད་པ་རྣམས་ནི་ལྷད་མེད་ཡིན་པར་སྣང་ལ། གཏེར་སྟོན་ལུང་བསྟན་འདི་བར་སྐབས་སུ་ལྷད་སྣ་ཚོགས་བསྲེས་སྟེ་ས་པཎ་ལ་སྐུར་པ་གདབ་པར་འདོད་ནས། རྒྱ་གར་མ་ཕྱིན་ཀུན་སྙིང་ལོ་ཙཱ་(ཐ༥༡ན)


PTT001_Page_0630
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས། །ཅེས་སོགས་ལོག་པ་བྲིས་པ་དང༌། ལྷའི་བུ་རབ་རྩལ་ལུང་བསྟན་པའི་མདོ་ལས་ཅེས་བར་དུ་ཡིག་ནོར་བྱུང་བ་ཚུན་བྲིས་པས་དཔྱད་མི་བཟོད་ཅིང་གཏེར་མ་ལ་སྐུར་པ་འདེབས་པའི་གཞི་ཆེན་པོར་གྱུར་སྣང་ལ། སྤྱིར་གཏེར་རྟགས་སོགས་ལ་བརྟགས་ན་འདི་ལ་རྩ་བ་ཡང་དག་ཞིག་ཡོད་པར་འདུག་པ་དེ་དེང་སང་མ་རྙེད་ཀྱང་གཏེར་རྟགས་དང་འདོན་པ་པོའི་མཚན་གཏེར་གནས་རྣམས་རགས་པ་ཙམ་འདི་ཀ་ཡིན་ངེས་སྣང་བས་དགོད་པར་བྱ་སྟེ། རྒྱལ་པོའི་གདུང་རབས་བརྒྱད་དམ་བཅུ་ན་ལ་སྟོད་དུ་ནད་མུག་གིས་མི་ཐོག་བུད་པ་བྱུང་ཚེ་གཏེར་བཏོན་སངས་རྒྱས་བླ་མས་གློ་བོ་གེ་སར་གྱི་གཏེར་འབྱིན། བལ་བོད་ཀྱི་མཚམས་སུ་ནགས་ལ་མེ་ཤོར་བས་སྐྱེ་བོ་ཁ་བཏགས་ཚེ་རྒྱ་ལོ་ཙཱས་པུ་ན་རྫ་རིའི་འབྱིན། བྱ་ཁྱི་ལྷ་ཁང་འཁྲུགས་པའི་ཚེ་ཁམས་ཀློང་ཐང་སྒྲོན་མའི་གཏེར་སྣ་ནམ་པས་འབྱིན། ལ་སྟོད་གཅུང་པ་དྲིལ་ཆེ་ཆུང་འཁྲུག་ཚེ་རྒྱ་ཞང་ཁྲོམ་གྱིས་གཡོ་རུ་རྫ་ཕུག་གི་འབྱིན། མང་ཡུལ་ན་མཁའ་ཁྲག་མདོག་དུ་འགྲོ་བའི་བསད་ཤི་བྱུང་ཚེ་བྱམས་པ་སྤྲིན་གྱི་གཏེར་སྟོད་གཏེར་གྱི་བདག་པོ་ཉི་མ་སེང་གེས་འབྱིན། ཤོང་གསུམ་འཇག་སྐྱར་འཕྱུར་ཚེ་བྱང་གི་གཏེར་ཕྲན་རྣམས་གཡོ་རུ་སྟོན་ཤཱཀྱ་གིས་འབྱིན། པ་གྲོ་གནམ་ཐང་དཀར་པོར་སོག་པོ་ལྷགས་ཚེ་བུམ་ཐང་རྩེ་ལུང་གི་གཏེར་བོན་པོ་བག་ཚལ་གྱིས་འབྱིན། འུག་པ་ལུང་སོགས་སུ་མདོ་སྔགས་གཉིས་འཁྲུག་པའི་ཚེ་ཤེལ་བྲག་གི་གཏེར་སྙེ་མོ་ཞུ་ཡས་ཀྱིས་འབྱིན། འཇིམས་ཀྱི་མདར་སྡེ་དགོན་ཟ་འོག་འདྲ་བ་བྱུང་ཚེ་གཙང་རི་བོ་ཆེའི་གཏེར་གྲུབ་ཐོབ་དངོས་གྲུབ་ཀྱིས་འབྱིན། རྒྱ་ནག་གི་རྒྱལ་ས་རྟ་རྫིས་ཕྲོགས་ཚེ་བལ་ཡུལ་ཨེའི་གཙུག་ལག་ཁང་གི་གཏེར་གཙུག་ལག་དར་ལ་དགེས་འབྱིན། ལ་སྟོད་དུ་མཚོན་གྱི་སོ་ནམ་བྱེད་པའི་ཚེ་ལྷོ་གཏེར་(ཐ༥༡བ)


PTT001_Page_0631
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲན་རྣམས་ཀུ་ཚ་སྟོན་པས་འབྱིན། བྱང་ཕྱི་གོང་རུ་བརླག་པའི་ཚེ་རུ་མཚམས་གྱི་གཏེར་བོན་པོ་ལྷ་འབུམ་གྱིས་འབྱིན། ལྟ་ལོག་སར་པ་ཞིག་ཤིན་དུ་དར་བའི་ཚེ་བུམ་ཐང་གི་གཏེར་ཁྱུང་པོ་བུ་དཔལ་གྱིས་འབྱིན། སྡེ་འཁྲུག་མང་པོ་དང་དམར་པོ་རི་ལ་ལྷ་ཁང་བྱུང་ཚེ་ཧས་པོ་རིའི་གཏེར་ཤ་མི་རྡོར་རྒྱལ་གྱིས་འབྱིན། གཏེར་བརྫུས་མང་པོ་བྱུང་ཚེ་ལྡང་མ་ལྷུན་རྒྱལ་གྱིས་བཱི་མ་ལའི་གཏེར་འབྱིན། བྱིང་སོགས་ཀྱི་ཡུལ་ཞིག་ཚེ་གྲ་པ་མངོན་ཤེས་ཀྱིས་ཇོ་མོའི་གླིང་གསུམ་གྱི་གཏེར་འབྱིན། སློབ་དཔོན་ཉིད་དྭགས་པོ་ལྷ་རྗེར་བྱོན་པའི་ཚེ་ར་ཤག་གཏེར་བཏོན་གྱིས་མཆིམས་ཕུ་དང་ཁོ་ཐིང་གི་གཏེར་འབྱིན། འཁྲུག་པ་དར་ཞིང་སྐུ་དང་གསུང་རབ་མི་སྟོང་དུ་འཇལ་བའི་མགོ་ཚུགས་ཚེ་མྱང་རལ་པ་ཅན་གྱིས་ཁོ་ཐིང་དང་སྲིན་པོ་སྦར་རྗེས་ཀྱི་གཏེར་འབྱིན། པུ་རངས་རྒྱལ་པོས་བོད་ལ་གསེར་འདོད་པ་བྱུང་ཚེ་དཔོན་བསམ་ཁྱུང་ཐོག་གིས་གྲོམ་པ་རྒྱལ་གྱི་གཏེར་འབྱིན། ཧོར་བོད་ཀྱི་འབྲེལ་ཐོག་མར་བྱུང་ཚེ་ར་མོ་ཤེལ་སྨན་གྱིས་ཤེལ་ཕུག་གི་གཏེར་འབྱིན། ཧོར་དམག་དང་པོ་བྱུང་ཚེ་ཆོས་ཀྱི་དབང་ཕྱུག་གིས་གནམ་སྐས་ཅན་དང་མཁར་ཆུའི་གཏེར་འབྱིན། མྱང་སྨད་བྱ་རོག་རྫོང་དུ་ཧོར་དམག་ལྷགས་ཚེ་གུ་རུ་ཛོ་རྩེས་ཟང་ཡག་བྲག་གི་གཏེར་འབྱིན། གཞོ་ལུང་དུ་མེའི་འཇིགས་པ་བྱུང་ཞིང་དཔལ་མོ་དཔལ་ཐང་དུ་གཡུལ་ངོ་ཆེན་པོ་བྱུང་ཚེ་གངས་བར་ཕུག་མོའི་གཏེར་པདྨ་དབང་ཕྱུག་གིས་འབྱིན། སིལ་མ་ལ་ཁར་འཇག་མའི་མི་བྱུང་ཞིང་སྨོན་མདའི་ལ་ཁར་ཤེལ་གྱི་ཕ་བོང་བྱུང་ཚེ་སྤ་མ་གོང་གི་གཏེར་དེ་བན་རྒྱ་མཚོས་འབྱིན། བོད་རྣམས་ཧོར་གྱིས་མནར་ཞིང་གནས་བརྟན་རྣམས་ཧོར་ཆས་བྱེད་པའི་ཚེ་རྔོ་བོད་མཚམས་ཀྱི་གཏེར་རབ་ཤི་སྟོན་པས་འབྱིན། ཡུལ་མང་དུ་སྟོངས་པའི་ཚེ་ལྷོ་མོན་གྱི་གཏེར་སྨན་པ་ཉམ་དཔལ་གྱིས་འབྱིན། ནང་རྨེ་དང་དུག་དར་བའི་ཚེ་བུ་ཚལ་གྱི་གཏེར་གྲྭ་སྒོམ་(ཐ༥༢ན)


PTT001_Page_0632
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀྱི་རྡོ་རྗེས་འབྱིན། དུག་གཟོ་ཐབས་སོགས་དར་བའི་ཚེ་འུ་ཡུག་དང་གཡག་སྡེའི་གཏེར་གཡག་ཆར་སྔོན་མོས་འབྱིན། ཁྱིམ་པ་ཀུན་ཆོས་སྐད་བྱེད་ཚེ་པ་གྲོའི་གཏེར་གྲུབ་ཐོབ་མཁར་ནག་གིས་འབྱིན། མི་ཐུབ་ལྔ་བྱུང་ཞིང་ནད་སྔོན་མ་གྲགས་པ་མང་པོ་འབྱུང་ཚེ་འོན་ལྗང་རྡོའི་གཏེར་ལྷ་བཙུན་སྔོན་མོས་འབྱིན། དགེ་རྒྱས་ཀྱི་རི་མོ་བརྗེས་པའི་ཚེ་སྲིན་མོ་རྫོང་གསུམ་གྱི་གཏེར་ཁམས་པ་ཉི་མ་གྲགས་ཀྱིས་འབྱིན། ས་ནང་འཇིགས་བརྒྱད་ཤ་བའི་རྭ་ལྟ་བུ་བྱུང་ཞིང་མི་རྒོད་དབུས་སུ་དིབ་ཚེ་ལྡང་ལྷ་བྲག་གི་གཏེར་རིན་ཆེན་ཚུལ་རྡོར་གྱིས་འབྱིན། རྡོའི་མཆོད་རྟེན་གདུགས་དང་ཆོས་འཁོར་ཉམས་ཚེ་མོན་ཁ་ཆུ་ཕུག་གི་གཏེར་ཚེ་བརྟན་རྒྱལ་མཚན་གྱིས་འབྱིན། དབུས་མདུན་བྱས་སྟེ་ཧོར་ཁྲིམས་འཇིག་ཚེ་ཀོ་རོ་བྲག་གི་གཏེར་རིན་ཆེན་གླིང་པས་འབྱིན། ཕག་གིས་ས་རློག་ཚེ་ཤེལ་བྲག་གི་གཏེར་ཨོ་ཌྱན་གླིང་པས་འབྱིན། མཐའ་དམག་དབུས་སུ་དིབ་འབྲི་ཕག་འཐབ་དབུས་གཙང་སིལ་བུ་དང་ཕག་ཁྱུ་ཚལ་པར་སོང་ཚེ་རྡོ་རྗེ་ཁྲོ་ལོད་ཀྱིས་སྟག་ཚང་ཟབ་ལུང་གི་གཏེར་འབྱིན། ས་ཧོར་ཞིག་མཆོད་རྟེན་ནས་ཐོད་པ་ཁྱིས་གཡེང་ཚེ་དྲི་མེད་འོད་ཟེར་གྱིས་མཆིམས་ཕུའི་གཏེར་འབྱིན། བདུད་ཀྱི་གང་ཟག་ས་སྟེང་གཡོ་ནུས་པ་ཙམ་ཞིག་བྱུང་ཚེ་རྡོ་རྗེ་གླིང་པས་ཡུན་བུ་བླ་སྒང་གི་གཏེར་འབྱིན། ཆོས་ལོག་གིས་ཡུལ་གང་ཚེ་ཤ་འུག་སྟག་སྒོའི་གཏེར་གཏེར་བདག་གླིང་པས་འབྱིན། ཁ་རག་གི་ལར་སོ་པས་རྟག་དུ་སྲུང་ཚེ་ཀུན་སྤྱོད་གླིང་པས་མཆོད་རྟེན་དཀར་པོའི་གཏེར་འབྱིན། མྱང་སྨད་ཉི་མ་མདོར་རྫོང་བྱུང་ཞིང་དམག་དཔོན་བརྒྱ་དང་བཅུ་དྲུག་ཚོགས་ཚེ་གཡས་རུ་གཙང་འཕང་གི་གཏེར་མདོ་སྔགས་གླིང་པས་འབྱིན། ཡ་འབྲོག་མཚོ་གླིང་དགུ་ལ་དམག་སྒར་བྱུང་ཞིང་སྟག་འཐབ་ཏུ་གཙང་པ་སུམ་གཉིས་འཆི་ཚེ་སྟན་གཉིས་གླིང་པ་(ཐ༥༢བ)


PTT001_Page_0633
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་ཀྱི་ལྷ་ཁང་གི་གཏེར་འབྱིན། སྟོད་ལུངས་སུ་ཕག་ཚང་བྱུང་ཞིང་བོད་སིལ་བུ་ཁྱུས་འཚོ་བའི་ཚེ་རྡོ་རྗེ་གླིང་པས་གནམ་ལྕགས་བྲག་དང་བུ་ཆུའི་གཏེར་འབྱིན། རུ་ལག་དུ་ཕག་ཁྱུ་བྱུང་བ་ན་ཀོང་པོ་མཆིམས་ཡུལ་གྱི་གཏེར་རིན་ཆེན་གླིང་པས་འབྱིན། འགོས་ཕག་རིར་གནས་གཞི་རྫོང་ལ་བཀབ་པ་དང་ལ་སྟོད་དུ་དུག་གི་ཚོང་འདུས་བྱུང་ཚེ་པདྨ་གླིང་པས་མེ་འབར་མཚོའི་གཏེར་འབྱིན། པཎྜིཏ་དུ་མ་བོད་དུ་ལྷགས་ནས་ཇོ་བོ་ལ་མཆོད་པ་བྱེད་ཚེ་ལས་འཕྲོ་གླིང་པས་ལྷོ་ཀོང་བྱང་ཀོང་གི་གཏེར་འབྱིན། བོད་རྒྱལ་པོ་བརྒྱ་རྩ་བརྒྱད་ཏུ་གྱེས་ཚེ་བྱལ་གྱི་བྲག་གི་གཏེར་བསམ་གཏན་གླིང་པས་འབྱིན། སྣུབས་སྲེག་པ་ལུང་དུ་མུ་གེ་བྱུང་ཚེ་ཁྱུང་ཚང་བྲག་གི་གཏེར་ཞིག་པོ་གླིང་པས་འབྱིན། རྟ་རྒོད་ཐང་ལ་དབུས་དམག་འཚོག་ཞིང་ཧས་པོ་རིའི་རྒྱུད་དུ་མེ་འབར་རྫོང་བྱུང་ཚེ་ཁ་རག་གི་གཏེར་བདེ་ཆེན་གླིང་པས་འབྱིན། རྣལ་འབྱོར་པ་ནུས་ལྡན་རྡོ་རྗེ་ཞེས་བྱ་བས་ཁམས་ཀྱི་གཏེར་འབྱིན་པ་ཐང་ཡིག་གཅིག་ཁོ་ན་སྣང༌། གཞན་འདི་རྣམས་ཕལ་ཆེར་མཐུན་པར་འདུག་ལ། མཐའ་དམག་དབུས་དིབ་འབྲི་དང་ཕག་པ་འཐབ། །དབུས་གཙང་སིལ་བུ་ཕག་ཁྱུ་ཚལ་པར་འགྲོ། །སྟག་ཚང་ཟམ་ལུང་སྦས་པའི་གཏེར་ཁ་འདི། །མི་གཞག་འདོན་པའི་རྟགས་དེར་བསྟན་ནས་འབྱུང༌། །ཞེས་པ་འདི་ཕལ་ཆེར་ན་མི་སྣང་ཡང་རྙིང་པ་གཅིག་གཉིས་ན་སྣང་བ་འདི་ནི་ད་ལྟའི་དུས་ཡིན་པ་སྙམ་མོ། །འདི་ལ་པུ་རངས་རྒྱལ་པོས་བོད་ལ་གསེར་འདོད་འབྱུང་བ་ནི་ལྷ་བླ་མས་བོད་བཙུན་ལ་ཤམ་ཐབས་ཁྲལ་བསྡུས་ནས་ཇོ་བོ་རྗེ་ལ་གསེར་མང་དུ་ཕུལ་བ་དང༌། བྱ་རོག་རྫོང་དུ་ཧོར་དམག་ལྷགས་པ་ནི་དཔོན་ཆེན་ཀུན་བཟང་བསད་པའི་དུས་དང༌། གཞོ་ལུང་དུ་མེའི་འཇིགས་པ་(ཐ༥༣ན)


PTT001_Page_0634
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་བ་ནི་འབྲི་ཁུང་གླིང་ལོག་དང༌། ས་ནང་འཇིགས་བརྒྱད་ཤ་བའི་རྭ་ཅོ་ནི་ས་སྐྱ་པའི་ཞལ་ངོ་ནང་ཞིག་དང༌། ཕག་གི་ས་རློག་པ་ནི་ཏ་སི་བྱང་རྒྱལ་གྱིས་ཁྲི་སྐོར་རྣམས་བཤིག་པ་དང༌། མཆོད་རྟེན་ནས་ཐོད་པ་ཁྱིས་གཡེང་བ་ཧས་པོ་རིའི་རྒྱབ་ཏུ་མཁན་པོའི་སྐུ་གདུང་བྱེ་མ་ལ་བཞུགས་ནས་སྟེང་ན་མཆོད་རྟེན་ཡོད་པ་ལས་དབུ་ཐོད་ཐོན་པ་བྱིས་པ་མང་པོས་རྙེད་དེ་མཁན་པོའི་དབུ་ཐོད་བྱུང་ངོ་ཟེར་ནས་རྩེད་མོའི་རོལ་ཆ་བྱས་གོས་ཀྱི་འདོ་ལི་ལ་སྤྱན་དྲངས་པ་ཐང་པོ་ཆེ་པའི་ཚོང་བཙུན་ཞིག་དང་ཕྲད་པས་མཛོ་ཁལ་བཅས་བྱིན་ནས་བླུས་སྟེ་ཁྱེར། བསམ་ཡས་པ་རྣམས་ཀྱིས་ཕྱི་བསྙེགས་བྱས་སྟེ་དབུ་ཐོད་བླངས་དབུ་མ་ལ་བྱིན་པ་འདི་ཡིན་པར་སྣང༌། འོན་ཡང་མེ་ཡར་རྫོང་བྱུང་ནས་ཡུན་རེ་ཞིག་ལོན་པ་སོགས་ཀྱིས་འདི་ལ་ལ་གོ་རིམ་དང་ལ་ལ་དཀྲུགས་པ་ཅིག་ཡིན་པར་སྣང་ལ། པ་གྲོར་སོག་པོ་ལྷགས་པ་སོགས་མང་ཞིག་ད་འབྱུང་འགྱུར་དུ་སྣང་ཞིང༌། རྒྱ་གར་གྱི་པཎྜིཏ་དུ་མ་ཞིག་ལྷ་སར་མཆོད་པ་བྱེད་པ་ནི་ལྷ་སའི་སྤྲུལ་པ་སྡུད་པར་ཤེས་ནས་འབྱོན་པར་འདུག་པས་ཕལ་ཆེར་གྱི་མཐའ་མར་འབྱུང་ལ། གཏེར་བཏོན་འདི་རྣམས་ཀྱང་གྲགས་པ་ཙམ་ཁོ་ན་འབྱུང་བར་མ་ངེས་སྟེ་ཤས་ཆེར་སྦས་པའི་རྣལ་འབྱོར་པ་སྐལ་ལྡན་འགའ་ཟུང་གི་དོན་མཛད་པ་མང་བ་སྙམ་མོ། །དེ་ལས་གཙོ་བོར་གྲགས་ཆེ་བ་མངའ་བདག་མྱང་ནི་ལྷོ་གཏམ་ཤུལ་བཙན་གྲོའི་འཇོང་པོ་གསེར་གྱི་དགོན་པར་མྱང་ཏིང་འཛིན་བཟང་པོའི་རིགས་མྱང་སྟོན་ཆོས་འཁོར་དང་ཡུམ་པདྨ་བདེ་རྩལ་གྱི་སྲས་སུ་ཤིང་འབྲུག་ལ་འཁྲུངས། མཁའ་འགྲོ་རིགས་བཞི་སྒྲོལ་མ་སློབ་དཔོན་པདྨ་རྣམས་ཀྱིས་ཆོས་ལ་བསྐུལ། ལོ་བཅུ་གསུམ་པ་ལ་ཐུགས་རྗེ་ཆེན་པོ་དང་ཕུར་པ་གྲུབ་སྟེ་འཇོང་ཕུའི་བྲག་ལ་ཕྱག་ཞབས་ཀྱི་རྗེས་དང་ཟངས་ཀྱི་(ཐ༥༣བ)


PTT001_Page_0635
[མ་དཔེ་གཟིགས་ན་འདིར་གནོན།]

ཕུར་པས་རྟ་སྐད་འཚེར་པ་བྱུང༌། རང་གི་ཡབ་དང་སློབ་དཔོན་འདུལ་འཛིན་རྒྱལ་སྲས་ཁམ་བུ་ཡ་ལེ་གུ་རུ་ཁྲོ་བོ་ཆེན་པོ་གྲུབ་ཐོད་དངོས་གྲུབ་རྣམས་ལས་སར་རྙིང་གི་ཆོས་མཐའ་ཡས་གསན། མཁའ་འགྲོས་བྲག་རྡོ་རྗེ་རྩེ་ལྔ་པ་འདྲ་བའི་གནས་སུ་སོང་ཞིག་པར་ལུང་བསྟན་སྟེ་སྨྲ་བོར་བྱོན། ཉི་ཤར་གྱི་དུས་བུ་ལྟོས་ཅིག་བྱ་བའི་སྒྲ་བྱུང་ནས་ཕྱིར་བལྟས་པས་རྣལ་འབྱོར་པ་རུས་རྒྱན་ཅན་ཞིག་འདུག་པ་བོས་སྟེ་ཚ་བ་དྲངས་པས་དེ་ན་རེ། ང་ནི་ནམ་མཁའི་རྣལ་འབྱོར་པ། །དབང་ཕྱུག་རྡོ་རྗེ་བྱ་བ་ཡིན། །བུ་ཁྱོད་ལས་དང་སྐལ་བར་ལྡན། །པདྨས་དབང་དང་ལུང་གིས་སྐྱོབ། །གསང་སྔགས་ཟབ་མོའི་ཆོས་རྣམས་ཀུན། །ད་ལྟ་མཁའ་འགྲོའི་ལག་ན་ཡོད། །གསོལ་བ་ཐོབ་ལ་མྱུར་དུ་ལོང༌། །ཞེས་ཁ་བྱང་ཡང་བྱང་གནད་ཡིག་གསུམ་གཏད་དེ་འཇའ་ལྟར་ཡལ། ར་ཤག་གཏེར་བཏོན་དང་གྲ་པ་མངོན་ཤེས་ཀྱིས་ཀྱང་ཁ་བྱང་བཏང་སྟེ་སྲིན་པོ་སྦར་རྗེས་ནས་ཐུགས་རྗེ་ཆེན་པོ་དང་མ་མགོན་སྐོར་དམ་རྫས་གདན་དྲངས། ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པས་སྟག་སྒྲོམ་ཆོས་གཏེར་གྱིས་གང་བ་དངོས་སུ་གཏད་པ་ནས་མཁའ་འགྲོའི་སྒྲུབ་སྐོར་སོགས་བྱོན། ཁོ་ཐིང་གི་གནང་ཡིག་མ་བྱུང་བ་ལྷའི་ཕྱག་མཛུབ་ཆད་པ་ཚོང་པས་ཁྱེར་སྟེ་ཕུལ་བ་ནས་ཤོག་དྲིལ་བྱུང་སྟེ་སྒྲོམ་སྨུག་སྒྲོམ་སྐྱ་གཉིས་ནས་བདེ་འདུས་དང་རྟ་མགྲིན་བཀའ་སྲུང་དང་རྟ་མགྲིན་གྱི་སྐུ་སོགས་བྱིན་རླབས་ཀྱི་རྟེན་དཔག་མེད་བྱོན། གཞན་ཡང་མཆིམས་ཕུ་ཤམ་པོ་གངས་ལྷ་ས་སོགས་བཅུ་གསུམ་ནས་གཏེར་མང་དུ་བྱུང་སྟེ་གཏེར་བྱུང་ཚངས་པའི་དྲ་པར་གསལ། བདེ་འདུས་ཀྱི་སྨན་བསྒྲུབས་ཚེ་སྨན་གྱི་ལྷ་མོས་དངོས་སུ་ཨ་རུ་ར་རློན་པ་ཕུལ། མཚོ་རྒྱལ་གྱིས་དངོས་གྲུབ་ཅི་འདོད་གསུང་བ་ལ་ཆོས་ཞུས་པས་མཁའ་འགྲོ་ལུང་བསྟན་གྱི་སྐོར་དང་ཞུས་ལན་བརྒྱ་རྩའི་དཔེ་དངོས་སུ་(ཐ༥༤ན)


PTT001_Page_0636
[མ་དཔེ་གཟིགས་ན་འདིར་གནོན།]

གཏད། དུར་ཁྲོད་གསིལ་བའི་ཚལ་དུ་ཁྲིད་དེ་སློབ་དཔོན་པདྨས་བུ་ཚངས་པ་ལྷའི་མེ་ཏོག་སླེབ་བམ་ཞེས་གསུང་ཞིང་ཀེང་རུས་ཀྱི་ཁྲི་ལ་བཞག་སྟེ་གྲུབ་ཆེན་དགུས་བཀའ་བརྒྱད་སྤྱི་དང་བྱེ་བྲག་གི་དབང་ཐམས་ཅད་རྫོགས་པར་གནང༌། ཡི་དམ་དབང་དུ་འདུས་ཆོས་སྐྱོང་བྲན་དུ་འཁོལ། འཕྲིན་ལས་ཚད་མེད་པ་རྒྱས། བཀའ་བརྒྱད་དང་ཐུགས་རྗེས་ཆེན་པོ་སྲོང་བཙན་ལུགས་དང་པད་སྐོར་ལུགས་དང་གསང་སྐོར་དང་བྱིན་རླབས་དབང་རྣམས་ཀྱི་བཀའ་རིམ་པར་བབས་པ་གཉོས་གྲགས་རྒྱལ་ཞིག་པོ་བདུད་རྩི་སྲས་མི་སྐྱོད་རྡོ་རྗེ་སྨན་འོན་པ་སྟེ་སྟོན་ཁྲི་མཆོག་སྟེ་བཀའ་བབས་ཀྱི་བུ་ལྔ་དང༌། སྲས་ཆུང་བ་སྤྱན་རས་གཟིགས་ཞི་ཁྲོའི་སྤྲུལ་པ་མངའ་བདག་འགྲོ་མགོན་ན་མཁའ་དཔལ་ནི་སྨིན་གྲོལ་ཡོངས་རྫོགས་ཀྱི་བཀའ་བབས་ཅིང་ཐུགས་གཏེར་ཆེན་པོ་གཏད་དེ་དགུང་ལོ་རེ་དགུ་པ་ཤིང་བྱི་ལ་སྲས་ཆུང་གདན་སར་བསྐོས་སྟེ་ཞལ་གདམས་དང་རྫུ་འཕྲུལ་མང་པོ་བསྟན་སྟེ་ཆོས་དབྱིངས་སུ་བསྡུས་པའི་ཚེ་ཐུགས་ཀ་ནས་ཧྲཱིཿཡིག་དཀར་པོ་ཞིག་བདེ་བ་ཅན་དུ་གཤེགས་པར་བསྟན་ལ། སླར་སྐུའི་སྤྲུལ་པ་རྒྱ་གར་ཤར་ཕྱོགས་སུ་རྣལ་འབྱོར་པ་སྣ་ཚོགས་སུ་སྟོན་པ་དང༌། གསུང་གི་སྤྲུལ་པ་གུ་རུ་ཆོས་ཀྱི་དབང་ཕྱུག་དང༌། ཐུགས་ཀྱི་སྤྲུལ་པ་མཚོ་མ་དྲོས་པ་དང་ཉེ་བར་ཌཱ་ཀི་བུདྡྷ་ཛྙཱ་ནའི་སྲས་ཡུལ་ཉེ་བཞིར་རྣལ་འབྱོར་པའི་སྤྱོད་པ་མཛད་པ་སྟེ་གསུམ་ཅིག་ཆར་དུ་འབྱུང་བར་བསྟན། ལོ་ཙཱ་བ་ཆག་གིས་གདུང་བཞུ་བས་མེ་སྦར་བར་མ་ནུས། སླར་རང་བྱུང་དུ་འབར་སྟེ་མེ་ལས་འཇའ་ཚོན་བྱུང་བ་ནུབ་ཕྱོགས་སུ་ཟུག །འཇའ་དཀར་པོ་ཞིག་ལྷ་སའི་བཅུ་གཅིག་ཞལ་གྱི་ཐུགས་ཀ་དང་གདུང་ཁང་འབྲེལ་བར་ཟུག་པ་མཐོང༌། གདུང་ཁང་ན་ཁྱེའུ་ལོ་བརྒྱད་པ་རྒྱན་(ཐ༥༤བ)


PTT001_Page_0637
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་ཧ་རི་ནི་ས་སྒྲོག་པ་མཁའ་འགྲོ་མང་པོས་བསྐོར་བ་ཞིག་ཀུན་གྱིས་མཐོང༌། ཐུགས་ལྗགས་དབུ་སྐྲ་རྣམས་མ་ཉམས་པར་བྱོན་ཞིང་རྟེན་རིང་སྲེལ་མང་དུ་བྱུང༌། དེ་ནས་མངའ་བདག་འགྲོ་མགོན་གྱིས་སྐུ་རྟེན་རིགས་གསུམ་མགོན་པོ་མི་ཚད་བལ་ཡུལ་དུ་བཞེངས་སྟེ་སྤྱན་དྲངས། གསུང་རྟེན་མདོ་མང་དང་སར་རྙིང་གི་རྒྱུད་འབུམ་བཞེངས། ཐུགས་རྟེན་དུ་གདུང་འབུམ་མཐོང་གྲོལ་ཆེན་མོ་བཞེངས་སྟེ་པཎ་ཆེན་ཤཱཀྴཱི་རབ་གནས་ལ་སྤྱན་དྲངས་ནས་ཆོས་འཁོར་བཙུགས། ཉིད་ཀྱིས་གཙུག་ཕུད་ཕུལ། འོན་ཡང་འཕྲིན་ལས་འདི་ཀ་ཆེ་གསུངས་ནས་རབ་ཏུ་འབྱུང་བར་མ་གནང༌། ཡོན་ཏན་གྱི་རྟེན་བལ་རིས་ཀྱི་ཐང་ཀ་ཐོག་ཚད་མ་བརྒྱ་དང་བརྒྱད་བཞེངས། འཕྲིན་ལས་ཀྱི་རྟེན་རྡོ་རྣམས་ཤམ་པོ་གངས་ནས་ན་མཁའ་ལ་ལུག་ཁྱུ་ལྟར་དེད་སྐད་དེ་གང་ནས་དྲངས་ཆ་མེད་པར་ལྷ་སར་རྡོ་སྐྱ་ཆག་གིས་ཆགས་པ་ལ་ཆུ་རགས་མཛད། པཎ་ཆེན་གྱིས་སྤྱན་རས་གཟིགས་ཀྱི་སྤྲུལ་པར་ལུང་བསྟན། གུ་རུ་ཆོས་དབང་སོགས་སློབ་མ་མང་པོའི་དོན་མཛད། དེའི་སྲས་མངའ་བདག་བློ་ལྡན་ནི་འཇམ་དཔལ་གྱི་སྤྲུལ་པ་དང་དེའི་སྲས་མངའ་བདག་བདུད་འདུལ་ནི་ཕྱག་རྡོར་གྱི་སྤྲུལ་པ་སྟེ་གདུང་རྒྱུད་ལ་རིགས་གསུམ་མགོན་པོ་འབྱུང་བར་ལུང་བསྟན་པ་དེ་ཡིན་ལ། མངའ་བདག་མྱང་ཉིད་ནི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐུའི་སྐྱེ་བ་དངོས་ཡིན་ནོ། །གཏེར་ཁ་འོག་མ་པར་གྲགས་པ་གུ་རུ་ཆོས་ཀྱི་དབང་ཕྱུག་ནི་གདུང་རུས་པང༌། སྔོན་སྙགས་བོན་གཉའ་རིངས་བྱ་བས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་ལ་ཐོག་ཕབ་སྟེ་དགྲོང་བར་ཁས་བླངས་པ་ན། སློབ་དཔོན་པདྨ་དང་བཱི་མ་ལ་དང་བཻ་རོའི་སློབ་མ་པད་རྗེ་བཙན་ཁྲོམ་བྱ་བའི་སྔགས་པ་ནུས་པ་ཅན་ཞིག་ལྡ་དྲིས་པས་ཕོ་བྲང་ཡང་ཐོག་དུ་ངའི་གདན་ཤོགས་ཅིག་ཟེར་སྟེ་ཁྲི་བཤམས། (ཐ༥༥ན)


PTT001_Page_0638
[མ་དཔེ་གཟིགས་ན་འདིར་གནོན།]

སང་ཉིན་ཕྱེད་ན་ཐོག་སྨད་ལྔ་དུས་གཅིག་ལ་ཕབ་བྱུང་བ་སྡིགས་མཛུབ་ཀྱིས་བླངས་སྟེ་བོན་གྲོང་ལ་འཕངས་པས་གྲོང་བསྲེགས་སྟེ་བརླག །རྒྱལ་པོས་ཁྱད་ནོར་མང་པོ་དང་ཡུལ་གྱི་འུད་བདུན་ཕུལ་སྟེ་མཆོད་གནས་སུ་བཀུར། དེའི་སྲས་ཆེ་བ་པང་རིག་འཛིན་སྙིང་པོ་ནི་ཡང་འདུལ་གྱི་ལྷ་ཁང་བཞིའི་མཆོད་གཉེར་མཛད་ནས་ལོ་སྐོར་རེ་ན་མཆོད་པ་འབྱོན་པ་ལས་ཁོ་ཐིང་དུ་མཆོད་པ་ལ་བྱོན་ཚེ་ལ་ཡག་རྫ་བར་གྱི་དཔོན་ཆེན་སྤྲད་པས་བྱལ་ལྷ་ཁང་གི་ས་འདུལ་དང་ཕྱིས་རབ་གནས་ཞུས་སྟེ་ནོར་གཞིས་མང་དུ་ཕུལ་བས་ཚེ་སྔ་མའི་ཡུལ་ཡིན་གསུངས་ནས་བཞེས་སྟེ་དེའི་སྲས་ཆེ་བ་ཀུན་མཁྱེན་ཤེས་རབ་རྒྱལ་པོ་ནས་མཁྱེན་ལྡན་ནུས་ཅན་བར་མ་ཆད་དུ་བྱུང་བའི་མཁས་སྟོན་ཉི་རྒྱ་བ་མཁན་པོ་བལ་སྟོན་པའི་སློབ་མ་དེའི་ཇོ་མོ་ས་མ་གྲོངས་ནས་སླར་ལེན་པར་འགྲོ་བའི་ཚེ་རྨི་ལམ་དུ་སྲིང་མོ་ཞིག་ན་རེ། མཁའ་འགྲོ་གར་གྱི་དབང་མོ་ལ་ཇོ་མོར་གྱིས་ཅིག་ཟེར། དེ་སུ་ཡིན་བྱས་པས། འཁྲུལ་པ་ནུབ་ཕྱོགས་རི་འདབ་ན། །འགྲོ་འདུལ་འཁོར་བའི་ཆ་ལུགས་འཛིན། །བུད་མེད་དཀར་མོ་སྙིང་ག་ན། །ཡི་གེ་ཧེ་ཡིས་རབ་ཏུ་མཚན། །དེ་ཉིད་བསྟེན་གྱུར་ཉི་མ་འཆར། །བདག་ནི་ཏཱ་རེ་ཏུ་ཏྟཱ་རེ། །ལུང་ལ་ཐེ་ཚོམ་ཁྱོད་མ་ཟ། །ཟེར་ནས་སངས་རྒྱས་འོད་སྲུང་དང་བྱམས་པ་ཆོས་བགྲོ་བའི་མདུན་དུ་ཤད་ཀྱིས་སོང་བ་རྨིས་ནས་འཕུར་ཆེན་འཕུར་ཆུང་སོགས་འཕུར་ནུས་པའི་གྲུབ་ཐོབ་ཀྱི་བརྒྱུད་པ་དཀར་སྟོན་ཆོས་འོད་ཀྱི་ལྕམ་མོ་དཀར་ཟ་མགོན་སྐྱིད་ཡིན་པར་ཤེས་ནས་བླངས་པ་ལས། ཡུམ་ལ་ཉི་ཟླ་ཁ་སྦྱར་དུ་སྤྱི་བོར་ཐིམ། ལྷའི་བདུད་རྩི་བླུད། རབ་བྱུང་སྐུ་མདོག་དཀར་བ་ཞིག་གིས་མདའ་དར་གཏད་དེ། འཇིག་རྟེན་དཔལ་མགོན་སྐྱེད་བྱེད་མ། །ཉི་ཟླའི་དབང་པོ་ཁྱོད་ལ་ཡོད། །བོད་ནི་མུན་པའི་སྨག་རུམ་འདྲ། །ཡེ་ཤེས་སྒྲོན་གསལ་ད་ཐེག་ཅིག །ཞེས་པ་རྨིས། ཡུམ་གྱི་ཁོང་ནད་ཞི་(ཐ༥༥བ)


PTT001_Page_0639
[མ་དཔེ་གཟིགས་ན་འདིར་གནོན།]

ལྷུམས་ནས་ཨ་ཡིག་གི་སྒྲ་ཡང་ཡང་གསུངས། སྤྲེའུའི་ལོ་དཔྱིད་རའི་བཅོ་ལྔའི་ཉི་ཤར་ལ་བལྟམས། མཚན་བརྗོད་གསེར་མ་ཞིག་འབྲི་ཞིང་ཡོད་པའི་ཚིག་མཚམས་ཀྱི་རྟེན་འབྲེལ་བརྟགས་པས། ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ་བྱ་བ་དང་ཐུག་པས་མཚན་དེར་བཏགས། ཡུམ་གྱིས་ང་ལོ་དགུ་ལོན་དུས་བླ་མ་སེ་གྲོ་ཆེན་པོས་ཁྱོད་ལ་བུ་ཞིག་སྐྱེ་བ་དེ་ལ་མིང་འཇམ་དཔལ་མཚན་བརྗོད་ལས་དྲས་པ་ཅིག་ཐོགས་གསུང་བ་ཡོད་ཟེར་ནས་འཇམ་དཔལ་རྡོ་རྗེར་བཏགས། མིག་མཐོང་བ་རྣོན་པོ་ཅིག་གིས་ལྷ་འདྲེ་ཐམས་ཅད་ཀྱིས་མཆོད་ཅིང་འདུག་ཟེར་ནས་འཇིག་རྟེན་དབང་ཕྱུག་དུ་གསོལ། སྔོན་ཡབ་ཀྱིས་བླ་མ་སངས་རྒྱས་སྙི་སྒོམ་ལ་བདག་གཙང་སྒོམ་བགྱི་བར་ཞུ་བྱས་པས། ཁྱོད་ཁྱིམ་གྱིས་ཅིག་བྱང་ཆུབ་སེམས་དཔའི་གདུང་མི་ཆད་པ་ཡིན། དགེ་སློང་གི་སྡེ་བརྒྱ་ལས་བྱང་ཆུབ་སེམས་དཔའ་གཅིག་འགྲོ་དོན་ཆེ་གསུངས། འབྲི་ཁུང་འཇིག་རྟེན་མགོན་པོ་ལ་ཕུར་པ་རྩ་རྒྱུད་ཉན་ཚེ་ཁྱོད་ཀྱི་བུ་ཆུང་མཐའ་ཅིག་ལ་ཆོས་སློབས་ཅིག་དེས་འཕྲིན་ལས་འབྱུང་ངོ་ཞེས་དང༌། མལ་ཀ་བ་ཅན་པས་དགེ་བཤེས་ལྷོ་པ་ཁོ་དེ་མདའ་ལྔ་གཞུ་གཅིག་ཚགས་གྱིས་དང་དེ་ལས་དགྲ་སྙིང་ལ་ཕོག་པའི་མདའ་གཅིག་འོང་ཞེས་དང༌། ཞང་རིན་པོ་ཆེས་དགེ་བཤེས་ལྷོ་ཆུང་པ་ཁྱོད་ཀྱི་བུ་ངས་བྱའམ་མད་ཀྱང་ཀུ་རེ་ཡིན་ཁྱོད་ལ་ང་འདྲ་བའི་བུ་ཞིག་འོང་ཞེས་དང༌། གྲ་པ་མངོན་ཤེས་ཀྱིས་ཟབ་མོ་ཐུགས་ཀྱི་གཏེར་གཅིག་མ་འདི་ལྷོ་བྲག་འཇམ་དཔལ་བྱ་བས་ཐོན་པར་བཤད་ཅེས་སོགས་དམ་པ་མང་པོས་ལུང་བསྟན། ལོ་བཞི་ནས་ཡབ་ལ་བྲིས་ཀློག་སྨྲ་སྒོ་མཚོན་ཆ། ཡི་གེའི་མདོ་རིག་བཀླག་སྡེ་ལྔ་བི་ཝརྟ་ཆེན་མོ་སོགས་སྒྲ་ཡིག་གི་བསྟན་བཅོས་བཅུ་གསུམ་ཙམ་དང༌། སྐྱེ་བོ་གསོ་ཐིགས་སོགས་ལུགས་ཀྱི་བསྟན་བཅོས་བཅུ། རྒྱལ་རབས་སྡེ་བདུན། ལྡེ་རྒྱུད་ཆེན་པོའི་སྒྲུང་འབུམ་སོགས་གླུ་གར་གྱི་བསྟན་བཅོས་བརྒྱ་དང་བཞི། (ཐ༥༦ན)


PTT001_Page_0640
[མ་དཔེ་གཟིགས་ན་འདིར་གནོན།]

བོན་གྱི་གཞུང་ཆེན་བདུན་བཅུ་དོན་ལྔ། ན་མཁའ་པྲ་ཁྲིད་ཀྱི་རྒྱུད་ཆེ་ཆུང་སོགས་མདོས་གཞུང་བཅུ་ལ་མདོས་ཆེན་བརྒྱ་ཕྲག་བརྒལ་བ། ཏྲ་ཏ་ཀ་ལའི་ཐིག་རྩ་སོགས་སྔགས་ཕྱི་ནང་གི་ཐིག་རྩ་ཀུན། ཕུར་པའི་སྐོར་པོ་ཏི་མདའ་ཚང་མ་བཞི་ལ་སོགས་པ་མང་པོ་དགུང་ལོ་དགུ་ཡན་ལ་དཔྱིས་ཕྱིན་པར་གསན་ཞིང་མཁྱེན། བཅུ་ལ་སར་མའི་ཕྱག་རྡོར་ལུགས་དྲུག་གསན་སྟེ་བསྒྲུབས་པས་དགུན་བུམ་ཆུ་འཁོལ། གཤིན་རྗེའི་གཤེད་དང་ཕུར་པའི་བསྙེན་པ་ཚད་དུ་ཕྱིན། བཅུ་གཅིག་ལ་སྒྱུ་འཕྲུལ་གྱི་དབང་རྒྱུད་མན་ངག་ཐམས་ཅད་དང༌། བཅུ་གཉིས་ལ་ཀ་ཀ་ནི་གྲ་ལྔ་སྒྲུབ་ཐབས་བརྒྱ་རྩ་ལ་སོགས་པ་མཁྱེན་ཞིང་ཡིག་བརྒྱའི་སྒྲུབ་པ་མཛད། བཅུ་གསུམ་ལ་ཡང་དག་མ་གཤིན་ཐུགས་རྗེ་ཆེན་པོ་ལུགས་གཉིས་དང་རྟ་མགྲིན་སོགས་སར་རྙིང་དུ་མ་གསན་ཞིང་བསྒྲུབས། དེ་ཐམས་ཅད་ཡབ་མཁས་པ་སྟོན་ཉི་ཁོ་ན་ལས་གསན་ལ། བཅུ་གསུམ་པའི་དུས་ཉམས་སྣང་ལ་ཇོ་མོ་སྒྲོལ་མས་ཁྲིད་དེ་ཤེལ་མཁར་དགུ་ཐོག་གི་རྩེར་བསྐྱལ་བས་རྡོ་རྗེ་སེམས་དཔའ་དང་མཇལ། དེ་ན་ཊཱཀི་གདོང་བཞི་པ་ཅིག་འདུག་པའི་མདུན་ཞལ་དཀར་པོ་ནས། སངས་རྒྱས་བསྟན་པ་ཁྱོད་ཀྱིས་ཟུངས། །གཡས་སེར་པོ་ནས། དམ་ཆོས་དར་བར་ཁྱོད་ཀྱིས་གྱིས། །རྒྱབ་དམར་པོ་ནས། དགེ་འདུན་དབུ་འཕང་ཁྱོད་ཀྱིས་སྟོད། །གཡོན་སྔོན་པོ་ནས། དུས་ངན་གདུལ་དཀའ་ཁྱོད་ཀྱིས་ཐུལ། །ཟེར་ནས་མདའ་དཀར་པོ་སྒྲོ་ལྔ་པ་ཅིག་གཏད་ནས་རྒྱལ་བའི་ལུང་ཐམས་ཅད་ཆོས་ཀྱི་དབང་ཕྱུག་གིས་བསྡུས། བོད་ལ་ཉི་མ་ཤར་གསུངས་ནས་འོད་དམར་པོར་གྱུར་ནས་སྙིང་གར་ཐིམ། ཡབ་ལ་སྨྲས་པས་དེ་འདྲ་ལ་དགའ་བྲོད་མ་བྱེད་བདུད་ཡིན་པའང་སྲིད་དེ་མིན་ན་བུས་འགྲོ་དོན་འོང་བ་འདྲ་གསུང་སྐད། བཅུ་བཞི་ནས་བརྩམས་(ཐ༥༦བ)


PTT001_Page_0641
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་སེ་གྲོ་གྱང་སར་བ་ལ་ཚད་མ་རིགས་ཐིགས་མངོན་པ་ཀུན་ལས་བཏུས་སྤྱོད་འཇུག་དགྱེས་རྡོར་ལ་སོགས་པའི་གཞུང་ཆེན་དང༌། ཕྱགས་རྫོགས་ཞི་བྱེད་ཆོས་དྲུག་ལ་སོགས་པའི་མན་ངག་དང༌། སློབ་དཔོན་མཐའ་སྐོར་བ་ལ་དབུ་མ་བདེན་ཆུང་སོགས་དང༌། མཚུར་སྟོན་ཡབ་སྲས་ལ་ཨ་ཏིའི་སྐོར་སོགས་མདོ་སྔགས་སར་རྙིང་གི་བཤད་སྒྲུབ་ཀྱི་བཀའ་མཐའ་ཡས་པ་གསན། སླར་ཡབ་ལས་ཞི་བྱེད་ཕྱག་རྫོགས་གཅོད་ཡུལ་མཐའ་དག་གསན་ནས་ཉམས་སུ་བླངས་ཤིང༌། ནག་རྩིས་སྔ་ཕྱི་བར་གསུམ་གྱི་སྐོར་མཐའ་དག་དང་ཡན་ལག་བརྒྱད་པ་སོགས་སྨན་དཔྱད་བཀའ་གཏེར་ལུགས་མི་འདྲ་བ་བཅུ་གཅིག་སོགས་སྦྱངས་སྟེ་མཁས་པར་མཁྱེན། བཅུ་བདུན་པ་ལ་མངའ་བདག་འགྲོ་མགོན་མཇལ་ཕྱིས་མྱང་གི་གཏེར་ཆོས་ཐམས་ཅད་གཏད་དེ་ཆོས་བདག་དུ་བསྐོས། བཅོ་བརྒྱད་པ་ལ་ས་སྐྱ་པཎྜི་ཏ་ལ་གནས་གཞི་སྒང་པོར་སེམས་སྐྱེད་དང་གྱང་སར་དུ་ཆོས་འབྲེལ་ལྷ་ལུང་གི་མཆོད་རྟེན་རྩར་རབ་གནས་ཐོབ། དེ་ནུབ་རྒྱ་ནག་རི་བོ་རྩེ་ལྔར་མེ་ཏོག་ཨུ་དུམ་ཝ་ར་འཚོལ་དུ་ཕྱིན་པས་ཨུཏྤལ་སྔོན་པོ་གདུགས་གན་ཀྱལ་ཙམ་ཞིག་གི་སྟེང་ན་འཇམ་དཔལ་བཞུགས་པའི་ཞལ་ནས། ཛྙཱ་ན་ཀཱ་ཡ་དྷརྨ་དྷཱ་ཏུ། ཆོས་ཀྱི་དབང་ཕྱུག་ང་ཡིན་ནོ། །དེ་ནི་ཁྱོད་ཀྱི་སེམས་རྟོག་གོ །སེམས་རྟོག་ནི་ཆོས་ཀྱི་སྒོ་མོ་བསམ་གྱིས་མི་ཁྱབ་བོ། །ཆོས་སྒོ་བསམ་གྱིས་མི་ཁྱབ་པའི་དོན་ནི་རང་བྱུང་ཡེ་ཤེས་ཐིག་ལེ་ཉག་གཅིག་གོ །ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་གི་དོན་ཁྱོད་ལ་བཤད་ཟིན་གྱིས་དེའི་དོན་ལ་དཔྱོད་ཞིག་ཞེས་ཐོས་པ་ན་གཉིད་སད་དེ་ཆོས་ཐམས་ཅད་ཐོབ་སྙམ་པ་བྱུང༌། བཅུ་དགུ་པ་ལ་ཡབ་ཀྱིས་གདམས་ངག་ངོ་སྤྲོད་ཀྱི་གནད་དང་བསྟན་སྲུང་གི་དྲག་སྔགས་ཐམས་ཅད་གནང༌། མདོར་ན་ཐེག་པ་རིམ་དགུ་ལ་སྦྱངས་ཚུལ་ཉིད་ཀྱི་གསུང་ལས་(ཐ༥༧ན)


PTT001_Page_0642
[མ་དཔེ་གཟིགས་ན་འདིར་གནོན།]

དང་པོ་བདེན་བཞིའི་སྒོར་ཞུགས་གང་ཟག་གི་བདག་མེད་རྟོགས། དགྲ་བཅོམ་གྱི་འབྲས་བུ་ལ་སྨོན་རྒྱལ་མཁན་ལྟར་རང་དོན་བག་ཙམ་བྱས། དེ་ནས་རྟེན་འབྲེལ་བཅུ་གཉིས་ཀྱི་སྒོར་ཞུགས་ཆོས་ཀྱི་བདག་མེད་ཀྱི་ཕྱོགས་གཅིག་རྟོགས། ཡིད་ཞི་བདེ་ལ་སྨོན་བསེ་རུ་ལྟ་བུར་ཡང་བག་ཙམ་བསྡད། དེ་ནས་ཕར་ཕྱིན་བཅུའི་སྒོར་ཞུགས་བདག་མེད་གཉིས་ཀའི་དོན་རྟོགས། ཀུན་དུ་འོད་ཀྱི་ས་ལ་ཡིད་སྨོན་མཉན་པ་ལྟར་རང་གཞན་གཉིས་ཀའི་དོན་ཡང་བག་ཙམ་བྱས། དེ་ནས་བྱ་བ་དྲུག་གི་སྒོར་ཞུགས་སྐྱེ་འགག་མེད་པའི་དོན་རྟོགས། རྡོ་རྗེ་འཛིན་པའི་ས་ལ་ཡིད་སྨོན་བྲམ་ཟེ་ལྟ་བུར་གཙང་སྦྲ་ཡང་བག་ཙམ་བྱས། དེ་ནས་ཕྱི་ནང་གཉིས་ཀའི་སྒོར་ཞུགས་སྐྱེ་འགག་གཉིས་ལྷར་རྟོགས། རིགས་བཞིའི་རྡོ་རྗེ་འཆང་ལ་ཡིད་སྨོན་རྗེ་རིགས་ལྟར་ཕྱི་ནང་གཉིས་ཀའི་སྤྱོད་པ་བག་ཙམ་སྤྱད། དེ་ནས་ཡོ་གའི་སྒོར་ཞུགས་རྒྱལ་མཆོག་རྣམ་པ་གསུམ་གྱིས་རྒྱུད་སྦྱངས། རིགས་ལྔའི་སངས་རྒྱས་སུ་སྨོན་རྒྱལ་པོ་ལྟར་ཚོགས་དཔོན་ཡང་བག་ཙམ་བགྱིས། དེ་ནས་ཏིང་འཛིན་རྣམ་གསུམ་གྱི་སྒོར་ཞུགས་སྣང་སྲིད་ལྷའི་དཀྱིལ་འཁོར་དུ་རྟོགས། པདྨ་ཅན་གྱི་ས་ལ་ཡིད་སྨོན་མངལ་སྐྱེས་ལྟར་རིམ་གྱིས་ས་ལམ་སྦྱངས། དེ་ནས་སྐད་ཅིག་ལྷར་གསལ་གྱི་སྒོར་ཞུགས་ཡབ་ཡུམ་གཉིས་མེད་རང་བྱུང་དུ་རྟོགས། འཁོར་ལོ་ཚོགས་ཆེན་གྱི་ས་ལ་ཡིད་སྨོན་བརྫུས་སྐྱེས་ཚུལ་གྱིས་རིག་པའི་རྩལ་སྦྱངས། དེ་ནས་བྱ་བྲལ་རྟོགས་པའི་སྒོར་ཞུགས་འཁོར་འདས་གཉིས་མེད་རང་སེམས་སུ་རྟོགས། ཀུན་བཟང་དབྱེར་མེད་ཀྱི་ས་ལ་སྨོན། སངས་རྒྱས་མཉམ་སྦྱར་ངོ་མཚར་ཆེ། །རང་བྱུང་ཉི་མའི་སྙིང་པོ་བཞིན། །པང་བན་གྱི་ཉམས་དྲོད་བདེ་བར་གདའ། །ཞེས་གསུངས་སྟེ་ཐེག་པའི་སྤྱི་ཆིངས་ཤིན་དུ་ཆེ་བར་སྣང༌། འདི་ལ་ཨུ་པའི་ཞུགས་(ཐ༥༧བ)


PTT001_Page_0643
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ་གྱི་སྨད་དང་ཡོ་གའི་ཞུགས་ཚུལ་གྱི་སྟོད་ནས་ཆད་སྣང་བས་ཕྱི་མོ་མ་རྙེད་ཀྱང་དོན་ལ་བསམས་ནས་ཆད་པ་བསོས་པ་ཡིན། ཁམས་ཀློང་ཐང་སྒྲོན་མའི་གཏེར་མ་ཤོག་སྔོན་དངུལ་ཡིག་ཅན་ལས། དུས་ཀྱི་མཐའ་མ་ལ་བབ་པས་བོད་ཀྱི་བསོད་ནམས་བྱང་ནས་ལྷོར་འགྲིབ་པའི་ཚེ་བསམ་ཡས་ཀྱི་ལྷོ་གཡོ་རུའི་ནང་དུ་ཐུགས་རྗེ་ཆེན་པོའི་སྤྲུལ་པ་འཇམ་དཔལ་གྱི་གསུང་སྤྲུལ་ཕྱག་ན་རྡོ་རྗེའི་དངོས་གྲུབ་བརྙེས་པ་ཅིག་གིས་ཐུགས་རྗེ་ཆེན་པོའི་བསྟན་པ་དར་རྒྱས་སུ་བྱེད་པར་འགྱུར་གྱི་དེ་ནི་དབུགས་འབྱིན་ཆེན་པོ་ཅེས་བྱའོ་ཞེས་སོགས་གཞན་ལས་ལུང་བསྟན་པ་ཆེས་མང་བར་སྣང༌། ཁྱད་པར་དུ་གྲ་པ་མངོན་ཤེས་ཀྱིས་བསམ་ཡས་ནས་ཐོན་པ་གཏེར་ཁ་ཐམས་ཅད་ཀྱི་ནང་ན་ཟབ་པ་ཐུགས་ཀྱི་གཏེར་གཅིག་མའི་ཁ་བྱང་སྤྲད་པ་ལྷ་གཟོ་འཇམ་དཔལ་བྱ་བས་ཞུས་སྟེ་འདོན་པར་བརྩམས་པས་ཤི། ཕྱིས་སྔགས་པ་མང་པོས་འདོན་པར་བརྩམས་པས་ཀྱང་ཐོག་སེར་བྱུང་སྟེ་བྱེར། ཁ་བྱང་དེ་བརྒྱུད་ནས་དགུང་ལོ་བཅུ་གསུམ་པ་ལ་ཕྱག་དུ་བྱུང་བ་ཡབ་ལ་གཟིགས་ཕུལ་བས་ཐམས་ཅད་བརླག་པའི་བརླག་ཤོག་སེར་པོ་དེས་ཅི་བྱེད་ཁྱོད་འཆི་བ་ཉོའམ་ཞེས་ཕྲོགས་ནས་སྦས། ཕྱིས་བརྐུས་ནས་རྟོགས་ལྡན་གཅོད་ཡུལ་བ་ཞིག་གིས་གྲོགས་བྱས་ནས་ཆུ་སྦྲུལ་ནག་པོའི་ལོ་དགུང་ལོ་ཉེར་གཉིས་པ་ལ་གནམ་སྐས་ཅན་ནས་གཞན་ཁ་བྱང་དང་ལྡེ་མིག་ཐོག་ནས་སླར་རྨི་ལམ་བརྟགས་པ་ན་ཀེ་ཚང་སྒོ་ལྕགས་ཅན་ཞིག་ལ་མི་ནག་པོ་ཅིག་གིས་རེག་སྟེ་ཁྱོད་རང་གི་ནོར་ལོང་ཟེར། མཁའ་འགྲོས་ཀྱང་མར་བྱས་སྟེ་གཏད་རྒྱ་བཀྲོལ། སྒོ་ཕྱེ་བས་བྱ་ཁྱུང་ཞིག་བྱུང་བའི་ཁ་ནས་མེ་འབར་བས་སྐུ་ལུས་བསྲེགས་སྟེ་སེམས་ཐུགས་རྗེ་ཆེན་པོར་ལམ་བྱུང་བ་དེ་བྱ་དེ་ལ་བཞོན་པས་འཇའ་སྤྲིན་རིམ་པ་བཅུ་གསུམ་གྱི་རྩེར་རྡོ་རྗེ་སེམས་དཔའ་(ཐ༥༨ན)


PTT001_Page_0644
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་གྱི་ཁྱེ་ཆུང་གི་རྣམ་པར་སྣང་བ་ཐུགས་ཀ་དང་སྤྱན་འབྲས་དང་བར་སྣང་ལ་ཨ་དཀར་པོ་རེ་ཡོད་པ་ཅིག་གིས་སྤྱི་བོར་བུམ་པ་བཞག་ཞལ་དུ་བདུད་རྩི་བླུག་པས་རྡོར་སེམས་ཐུགས་ཀའི་ཨ་ལ་ཐིམ། ཨ་གསུམ་གཅིག་ལ་གཅིག་ཐིམ་སྟེ་རང་གི་ཐུགས་ཀར་ཐིམ་པས་འཛིན་མེད་ཀྱི་དགོངས་པ་ཤར། བུམ་པ་དེ་ཕྱག་ན་གདའ་ནས་ཁྱེར་ཕྱིན་པས་ཁྲི་ཆེན་པོའི་སྟེང་དུ་སླེབས་སྟེ་བུ་ཡིན་ཟེར་བ་བཅུ་དྲུག་དང་བུ་མོ་ཡིན་ཟེར་བ་བརྒྱད་ལ་བྱིན། སྐྱ་སེར་དཔག་མེད་ལ་བཀྱེ་བ་རྨིས། དེ་ནས་བྲག་རྐེད་ཀྱི་གཏེར་གནས་དངོས་ནས་ཁྲོ་ཆུའི་ཀླུ་བདུད་ཀྱི་གཟུགས་དང་ཟངས་ཀྱི་སྒྲོམ་བུ་ནས་བླ་རྫོགས་ཐུགས་གསུམ་གྱིས་གཙོས་པའི་གདམས་པ་མཐའ་ཡས་པ་བྱུང༌། སྤྱིར་གུ་རུ་ཉིད་ཀྱིས། གནམ་སྐས་ཅན་དང་བྲག་ཕྲེང་རྟ་མགྲིན་ཞབས། །མོན་མཁར་སྟེང་དང་རྟ་མགྲིན་དབེན་རྩའི་སྒོ། །ཁོ་ཡི་གཤེད་དམར་རྟ་མགྲིན་སྒྲོམ་ཆོས་དང༌། །སྲས་མཁར་སྐྱ་བོ་ཕུག་རིང་ཕྱག་ཐེབ་མ། །བསམ་ཡས་ཨཱརྻ་ལྕགས་ཕུར་མོན་བུམ་ཐང༌། །རྩིས་ཀྱི་ལྷ་ཁང་རོང་བྲག་ཧ་བོ་གངས། །རང་གབ་དོན་གྱི་གཏེར་དང་བཅས་པའོ། །ཞེས་མདོར་བསྟན་པའི་གཏེར་ཁ་ཆེན་པོ་བཅོ་བརྒྱད་ཕྱེ་སྟེ་གཏེར་བྱུང་ཆེན་མོ་ངོ་མཚར་སྨད་ཏུ་བྱུང་བ་ཡོད་ཏོ། །གཏེར་འདི་རྣམས་ཀྱང་གཏེར་བདག་བཀུག་ནས་དམ་ལ་བཏགས་སྟེ་འདོན་མཁན་གཞན་བཏང་བ་ཁོ་ན་ཤས་ཆེ་ལ་རང་གིས་འདོན་པ་ན་ཡང་སྐལ་ལྡན་གྱི་གཏེར་དཔང་ཡིད་ཆེས་ཀྱི་མི་དབང་དུ་བཞག་ནས་བཏོན་པ་ཁོ་ན་ཡིན་པས་གཞན་ལས་ཁྱད་པར་དུ་འཕགས་སོ། །དེ་ནས་གཏེར་ཐོན་པ་ཤིན་དུ་གསངས་ཀྱང་ཐམས་ཅད་དུ་གྲགས་ནས་ཡབ་ཀྱིས་ཁྱོད་ཀྱིས་གཏེར་ཐོན་ཟེར་བ་ཐོན་པ་རང་ཅི་ཐོན་ཁྱེར་ཤོག་གསུངས། ཟངས་སྒྲོམ་ཕྱག་དུ་ཕུལ་བས་མང་པོ་ཡོད་པར་འདུག་དཀར་ཆག་ཀློགས་གསུངས་ནས་བཀླགས་པས། (ཐ༥༨བ)


PTT001_Page_0645
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་མཉམ་སྦྱོར་གྱི་རྩ་རྒྱུད་གཅིག་ཤེས་ཀུན་གྲོལ་ཡིན་ནམ་དེ་ཀློགས་དང་གསུངས། བཀླགས་པས་ད་གོ་གོ་དེས་ཆོག་ཁྱོད་ལ་སྔར་གྲོས་མ་ཐུངས་པ་བཏབ་ཟིན། ཕྱིས་གྱོད་བསྣན་ཀྱང་གཏམ་རོ་ལས་མི་ཡོང་བས་ཁྱོད་ལ་མི་འབར་རོ། །ད་གཏེར་དེས་འཕུང་འཚེངས་གང་ཡིན་ཀྱང་ཟིན་ནོ། །དུས་གསུམ་རྩོད་མེད་ཨོ་ཌྱན་གྱི་བཀའ་ཡིན་མོད་ཟབ་ཀྱང་ང་ཁྱོད་ཀྱི་ཆོས་ལ་མི་རེ། ད་རང་གི་འདུན་མ་ལོ་བཞི་བཅུའི་བར་དུ་རུ་བཞིའི་བླ་མ་མཁས་གྲུབ་ཐམས་ཅད་ཀྱི་དགོངས་པ་བསྡུས་སྤྲོས་པ་ཆོད་འཁོར་འདས་ཀྱི་གཞི་རྩ་སེམས་ཉིད་གཅིག་པུ་འདིའི་ལ་ཟློས་ཟིན། ད་ཡང་ཁྱེད་ངའི་ཁ་ལ་ཕལ་ཆེར་མི་ཉན། ཉན་པར་སོང་ན་བླ་རྫོགས་ཐུགས་གསུམ་འདིའི་ཆོས་མགོ་ཅི་ཐོན་གྱིས། དེ་མིན་པའི་མཐུ་སད་སུད་སྨན་དཔྱད་རག་རེག་མོ་རྩིས་ཤབ་ཤིབ་རྫུ་འཕྲུལ་གཟོ་སྣ་སྐྱག་སྐྱོག་ཡང་ན་མིན་པའི་རྒྱོགས་དང་དཔག་ཆེན་སོགས་དེ་འདྲ་ཐམས་ཅད་ཆོས་མགོ་མ་ཐོན་བར་དུ་ཁར་ཟུར་ཙམ་ཡང་མ་འདོན། ཤེས་ཤེས་མང་ལ་མཐར་ཐོན་མེད་ན་མཐར་སྤྲང་པོར་འགྲོ་བ་ཡིན་ནོ། །སྤྱིར་གཏེར་ཆོས་ལ་གནག་པ་ག་ལ་ཡིན། སངས་རྒྱས་ཀྱི་མདོ་རྒྱུད་ཀུན་དུ་གཏེར་ལུང་གསུངས། རིག་འཛིན་གོང་མའི་ཕྱག་བཞེས་ཡིན། སྔར་ཡང་གཏེར་མང་པོ་བརྡོལ་སྟེ་གཏེར་འདོན་མཁན་བློ་ཆུང་རེས་ཆོས་ལ་དག་མ་ཐོན་པར་ཟས་ནོར་ལ་མིག་ཉེ་བྱས་པས་འགྲོ་དོན་དེ་ཙམ་མ་བྱུང་བ་ཤས་ཆེ་བ་འདི་ལྟ་སྟེ། རྒྱ་ཞང་ཁྲོམ་གྱིས་སྣུབས་ཀྱི་གཏེར་མང་དུ་ཐོན་ཡང་སྔུན་ལ་ངན་སྔགས་དཔེལ་བས་འགྲོ་དོན་རྒྱ་བཏུལ། ཀུ་ཚ་སྨན་པས་སློབ་དཔོན་པདྨའི་ཤོག་སེར་སྒྲོམ་ཆུང་གང་ཐོན་ཡང་སྨན་དཔྱད་བྱས་པས་འགྲོ་དོན་རྒྱ་ཆུང༌། ཡ་འགྲོག་གཉན་གྱི་ར་ཤག་གཏེར་བཏོན་གྱིས་ཁོ་ཐིང་ནས་སྒྲུབ་ཐབས་སྟག་སྒྲོམ་གང་ཐོན་ཡང་སྔོན་ལ་མདོས་ཆོག་བྱས་པས་ཕྱིས་(ཐ༥༩ན)


PTT001_Page_0646
[མ་དཔེ་གཟིགས་ན་འདིར་གནོན།]

མདོས་མཁན་དུ་སོང༌། བོན་པོ་བྲག་ཚལ་གྱིས་བུམ་ཐང་ནས་ཆོས་བསེ་སྒྲོམ་གང་ཐོན་ཡང་སྔོན་ལ་དཔེ་དཀར་བསྒྲུབས་པས་མཐུ་མཁན་ལས་མ་བྱུང༌། དེ་འདྲ་ལ་ཟད་པ་མེད། རིག་འཛིན་གོང་མ་ཚོས་གཞན་དོན་དུ་དམིགས་ཀྱང་ཆོས་མགོ་མ་ཐོན་པར་གཞན་དོན་དུ་མ་སོང་བའི་གཏེར་བཏོན་ཚོ་གོ་མ་ཆོད་རང་ཡིན་ནོ་བསམས་གཞིགས་ལ་ཆོས་མགོ་ཐོན་ཅིག །ཆོས་བྱུང་ན་ཟས་ནོར་ཞོར་ལ་ཡོང་ཆོས་སྐྱོང་རྣམས་མ་བསྒྲུབས་ཀྱང་འཁོར་ནས་མཐུ་ཞར་ལ་ཡོང༌། ཆོས་སྐྱོང་ཁོ་རང་ཆོས་བྱེད་སྐྱོང་བར་དམ་བཅས་པ་ཡིན་པས་ཁོ་རང་དམ་ཉམས་དྭོགས་ནས་སྐྱོང་བ་ཡིན། བློ་རྩབ་རྩུབ་མ་མང་བར་བླ་རྫོགས་ཐུགས་གསུམ་གྱིས་གྲུབ་པ་ལ་དྲིལ་ཞིག །ད་ལྟ་མངའ་བདག་མྱང་སྲས་མིས་འཁུར་བ་འདི་ཁོས་ཐུགས་རྗེ་ཆེན་པོ་བསྐྱངས་པས་བྱུང་བ་ཡིན་གཏེར་བཏོན་གྱ་མ་བརྡུགས་ཙམ་ཁོ་ན་ཡིན་ནོ། །ངས་ལོ་དྲུག་གི་གོང་ནས་འགྲོ་བྱས་པའི་དུས་ཚོད་དེ་ད་ཟླ་བ་གཉིས་ཀྱིས་ཐེམ་པས་དེ་ཙམ་ན་འགྲོའོ་དེ་ལ་མི་ཚོས་གཏེར་སྡུར་ཡིན་ཟེར་བ་འོང་སྟེ་རྟོག་པ་བྱ་མི་དགོས། ང་ཡན་ཆད་མི་རབས་བཅུ་བདུན་སོང་སྟེ་ནང་གི་གྲུབ་རྟགས་མ་བྱུང་བ་མེད། ངས་ཀྱང་ཞན་ཤོས་མིན་ཙམ་ཡོང་གསུངས་སྟེ་ལོ་རྒྱུས་འདི་དག་ཀྱང་གང་ཟག་འགའ་རེས་གཏེར་ཐོན་པ་དང་སྤྱོད་པ་ཀུན་ལ་ཕན་པར་གདའ་ནས་བཀོད་པའོ་ཞེས་གུ་རུ་གཉིད་ཀྱིས་གཏེར་བྱུང་དུ་བཀོད་ཏོ། །མངའ་བདག་འགྲོ་མགོན་གྱིས་གཏེར་གྱི་ཉམ་ང་ཆེ་གསུངས་ནས་གཟིགས་པས་མཉེས་སྟེ་ཆེད་དུ་བརྗོད་པ་མཛད། མཁའ་རི་ལུང་བསྟན་ལས་ཧོར་དམག་འབྱུང་བ་སོགས་ཐོས་པས་སློབ་དཔོན་མཐའ་སྐོར་བ་སོགས་མང་པོས་ཧོར་ད་ལྟ་ཡུལ་ན་མེད་པ་ལ་བོད་ཐམས་ཅད་འདེད་པ་ག་ལ་འོང་ཟེར་ནས་སྐུར་པ་བཏབ་པས་ཐུགས་ཆད་ནས་གདམས་པ་རྣམས་སླར་(ཐ༥༩བ)


PTT001_Page_0647
[མ་དཔེ་གཟིགས་ན་འདིར་གནོན།]

སྦེད་པར་དགོངས་པ་ན་བུ་མོ་གཉིས་ཀྱིས་རྟ་དཀར་པོ་བྱའི་གཤོག་པ་ཅན་ལ་བསྐྱོན་ནས་རྔ་ཡབ་གླིང་དུ་སློབ་དཔོན་པདྨའི་དྲུང་དུ་བཏོལ་སྟེ་ཡོངས་རྫོགས་ཀྱི་དབང་བསྐུར་ནས། ཀྱེ་ཧོ། ལམ་གྱི་ལམ་མཆོག་གཞན་དོན་ཡིན། །འདི་ལ་སྒྱིད་ལུག་སུ་སྐྱེས་པ། །དེ་ཡི་བྱང་ཆུབ་རྒྱང་ཐག་རིང༌། །སྔོན་ཡང་འཕགས་པའི་དབུ་བཅུ་གཅིག །རྣམ་སྨིན་དེས་གྱུར་ཕྱིས་འགྱོད་བཤགས། །ཐུགས་བསྐྱེད་མཛད་ནས་ཞལ་བསྒྱུར་བཞིན། །བུ་ཁྱོད་སེམས་སྐྱེད་མ་གཏོང་ཞིག །ད་སྟེ་ལོ་བདུན་འདས་པ་ན། །ནུབ་བྱང་མཚམས་ནས་འགྲོ་དོན་འབྱུང༌། །འདི་ནས་ལོ་ནི་ལྔ་བརྒྱ་ན། །ལྷ་སའི་ཇོ་བོ་བོད་མི་འཛིན། །ལོ་ནི་སུམ་བརྒྱའི་ནང་ཁོངས་སུ། །བསམ་ཡས་རྟ་མགྲིན་ཨོ་ཌྱན་འབྱོན། །ཞེས་སོགས་ལུང་བསྟན། འདིར་མ་ཞེན་ཞིག་ཞེན་ན་འཕོས་ཉེན་ཡོད་ཏོ་གསུངས་ནས་འོད་ཕུབ་ལྟ་བུས་བཏེག་སྟེ་སྐད་ཅིག་ལ་སླེབས། གཏེར་དང་པོ་འདི་བཏོན་ནས་ལོ་བདུན་པའི་ཤིང་བྱི་ལ་ཧོར་དམག་དང་པོ་དོར་ཏོག་གི་དམག་འཕན་ཡུལ་དུ་ལྷགས་པ་ཡིན། མོན་མཁར་སྟེང་ནས་ཨོ་ཌྱན་གྱི་སྐུ་བཏོན་ནས་ཕྱིས་ཞལ་བསྟན་པས་རིང་སྲེལ་གྱི་ཆར་པ་བབ་པས་ཉ་མིག་གཏོར་བར་འདུག་ཟེར་སྐུར་པ་བྱུང་ཡང་ཕྱིས་ལུས་ལས་རྡུལ་འབབ་པ་ལྟར་ཕྲམ་ཕྲོམ་དུ་བབ་པས་རྩོད་མེད་དུ་ཡིད་འཆེས། གཏེར་གནས་རང་སེམས་ལ་ཆོས་ཉིད་རང་ཆས་སུ་གནས་པ་ནི་གཏེར་གྱི་མཐར་ཐུག་སྟེ་མདོ་རྒྱུད་རྣམས་ཁ་བྱང་མན་ངག་ཡང་བྱང་བླ་མས་ངོ་སྤྲད་པ་ལྡེ་མིག་སྟེ་རང་ངོ་ཇི་བཞིན་མངོན་དུ་གྱུར་པ་གཏེར་ཐོན་པ། རང་གཞན་མཉམ་ཉིད་དུ་གྲོལ་བ་གཏེར་གྱི་འགྲོ་དོན་དུ་གསུངས། དངོས་ཉམས་རྨི་ལམ་དུ་བླ་མ་ཡི་དམ་ཆོས་སྐྱོང་གཟིགས་པ་བགྲང་ལས་འདས། ཁྱད་པར་དུ་སྐྱེ་བ་གཏན་གྱི་བླ་མ་རིག་འཛིན་པདྨས་རྟག་པར་མངོན་སུམ་དུ་ཞལ་བསྟན་ཞིང༌། (ཐ༦༠ན)


PTT001_Page_0648
[མ་དཔེ་གཟིགས་ན་འདིར་གནོན།]

བསམ་ཡས་བཞེང་མཁན་འོ་སྐོལ་རང་ཡིན་མོད། ཅེས་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དང་དེའི་ཕྱི་མ་སུམ་བཅུ་རྩ་གསུམ་དུ་ལྷའི་བུ་འོད་མཐའ་ཡས་དང༌། དེའི་ཕྱི་མ་རྒྱལ་པོ་ཁྲི་རལ་པ་ཅན་རྣམས་ཡིན་པར་ལུང་བསྟན། དངུལ་དཀར་གྱི་མེ་ལོང་བསྟན་ནས་བྱིན་གྱིས་བརླབས་པས་དེ་ཕྱིན་གྱི་སྐྱེ་བ་བཅུ་གསུམ་དྲན་སྟེ། ཤར་ཕྱོགས་བྷཾ་ག་ལར་རྒྱལ་པོ་ཆོས་ལྡན་དུ་གྱུར་པ་ན་ཕྱི་བློན་ཞིག་སྨྱོ་ནས་བུ་སྨད་གསུམ་བསད་པས་ཁྲིམས་ལ་སྦྱར་སྟེ་མེར་བསྲེགས་པས་ཁོ་རྩལ་ཆེ་བས་ནགས་ལ་བྲོས་སྟེ་ནགས་མེར་མཆེད་པས་སྐྱོ་ནས་རབ་ཏུ་བྱུང་ཞིང་གནས་བརྟན་ཆེན་པོར་གྱུར། ཕྱིས་ཞང་པོ་བྲམ་ཟེ་བཟང་སྐྱོང་གིས་སྔགས་ཀྱི་སྒོར་བཅུག་སྟེ་ཐུགས་རྗེ་ཆེན་པོ་གྲུབ་ནས་ཡུལ་ཁམས་དགེ་བ་ལ་བཀོད། ༡ དེ་ནས་ཟངས་གླིང་དུ་རྒྱལ་པོར་གྱུར་སྒྱུ་མ་མཁན་གྱིས་བསྟན་པ་ལས་ཐམས་ཅད་སྒྱུ་མར་རྟོགས་སྟེ་ཡུལ་པ་དེ་གྲོལ་བར་བྱས། ༢ དེ་ནས་ལྷོ་ཕྱོགས་སུ་རྒྱལ་བུར་སྐྱེས་ཚེ་ནུ་བོ་སྤྱུག་པའི་གྲོས་ཐོས་པས་མ་དགའ་སྟེ་ཆུ་བོར་མཆོངས་པས་མ་ཤི་སྟེ་སོས་ནས་པཎྜིཏ་འཁོར་སྟོང་ལྡན་པར་གྱུར་ཚེ་རྔོན་པ་རག་ཤ་རྒོད་ཀྱིས་ཕག་རྒོད་མོ་ཞིག་གསོན་པོར་བཤས་པས་ཕག་ཕྲུག་བཅུ་བྱུང་སྟེ་ཕག་རོའི་ནུ་མ་ལ་འཇིབ་པ་མཐོང་བས་སྙིང་རྗེ་སྐྱེས་སྟེ་བརྒྱལ། སངས་ཙ་ན་རྔོན་པ་དེ་ཕྱག་ན་རྡོ་རྗེ་དང་ཕག་ཕྲུག་བཅུ་ཁྲོ་བོ་བཅུ་ཕག་མོའི་ཁོང་པ་སྲིན་པོ་རུ་དྲའི་ཁོག་པའི་གཞལ་ཡས་སུ་སྣང་སྟེ། སྙིང་རྗེ་མེད་ན་རིགས་ཆད་ཡིན། །སོགས་ནས། ཕག་པ་མ་བསྒྲལ་ཉན་ཐོས་བསྒྲལ། །གསུངས་ནས་ཤར་ཕྱོགས་སུ་གཤེགས་པའི་ཕྱི་བཞིན་ཕྱིན་པས་འཇམ་དཔལ་གཤིན་རྗེ་དང་དེའི་སློབ་མ་སྦས་པའི་མི་ལྔ་དང་མཇལ་སྟེ་རྒྱུད་གྲོལ་ནས་རྒྱལ་ཁམས་དེ་བཏུལ། ༣ དེ་ནས་བལ་ཡུལ་དུ་རྒྱལ་བུ་དྷརྨ་རཱ་ཛཱར་སྐྱེས་མཁས་པར་གྱུར་སྟེ་མུ་སྟེགས་འགྲོ་བཟང་དང་རྩོད་པས་(ཐ༦༠བ)


PTT001_Page_0649
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རྒྱལ། མུ་སྟེགས་ཀྱིས་ཞག་བདུན་གྱི་མཐུ་ཁས་བླངས། རྒྱལ་པོས་ཀྱང་དམག་བྱེད་པར་བཟས་པ་ན་མཚན་མོ་བུད་མེད་དམར་ནག་གཉིས་ཀྱིས་ཁྱེར་སྟེ་མུ་སྟེགས་དེའི་དྲུང་དུ་སླེབས་པ་ན་ཁྱོད་རྒྱལ་པོ་ཡིན་པས་མི་གསོད་ཀྱི་ངའི་བུ་མོ་འདི་མཁའ་འགྲོའི་རིགས་ཡིན་པས་བསྟེན། ང་ལ་གནོད་པ་བྱེད་རི་བྲོ་བོར་ཟེར་ནས་དེ་ལྟར་ཉན། བུ་མོ་གུད་ཅིག་དུ་བཞག་པ་ན་གར་འགྲོ་ཟེར། ང་ཚད་མའི་འཕྲོ་ཉན་དུ་འགྲོ་བྱས་པས། ཆོས་རྒྱལ་ཁྱོད་ཅི་ཅོལ་རེ་ཆུང༌། །ཚད་ལས་འདས་དོན་མ་རྟོགས་ན། །ཚད་མ་ཉན་པས་འཚང་མི་རྒྱ། །ལྷན་སྐྱེས་ཤེས་རབ་ང་བཞག་ནས། །རང་བྱུང་ཡེ་ཤེས་ག་ནས་འཚོལ། །ཟེར་བས་རྣལ་འབྱོར་མར་ཤེས་སྟེ་གསོལ་བ་བཏབ་པས་རྡོ་རྗེ་རྣལ་འབྱོར་མར་དངོས་སུ་བཞེངས་སྟེ་རྒྱུད་མན་ངག་བསྟན་ནས་བསྒྲུབས་པས་འཁོར་ཚོམ་བུ་དང་བཅས་པ་གྲོལ་ལོ། ། ༤ དེ་ནས་ལི་ཡུལ་གྱི་རྒྱལ་པོར་གྱུར་སྟེ་རྒྱལ་སྲིད་ཆོས་སུ་བསྒྱུར། ༥ དེ་ནས་མདོ་སྨད་ཙོང་ཁར་ཨེ་སྣང་འོད་དུ་གྱུར་སྟེ་ལོ་ཆེན་རིན་ཆེན་བཟང་པོ་དང་སྔགས་ཀྱི་བླ་མ་དྲུག་བསྟེན་མདོ་ཁམས་བཏུལ། ༦ དེ་ནས་པུ་རངས་སུ་འཁྲུངས་སྟེ་མདོ་སྔགས་ལ་སྦྱངས། ཟུར་ཆེན་གྱི་སློབ་མར་གྱུར། ཕ་དམ་པས་གནད་ཀྱི་ངོ་སྤྲད། འགྲོ་བ་མང་པོའི་དོན་མཛད་ཏོ། ། ༧ དེ་ནས་ལི་ཡུལ་གྱི་རྒྱལ་ཕྲན་དུ་སྐྱེས་ནས་བུ་སྨད་དང་སྲིད་རྒྱས་པའི་ཚེ་ཏུ་རུ་ཀའི་རྒྱལ་པོའི་དམག་བྱུང་བུ་སྨད་ཐམས་ཅད་བསད་ཡུལ་ཐམས་ཅད་བརླག་པས་རལ་སྐོར་བྱས་སྟེ་རྒྱལ་པོ་དེ་གསོད་དུ་ཕྱིན་པས་དེ་ན་རེ། ཕས་འཁོར་མས་འཁོར་བུ་ཚས་འཁོར། །དགྲས་འཁོར་གཉེན་འཁོར་རང་གིས་འཁོར། །ཕ་སོད་མ་སོད་བུ་ཚ་སོད། །དགྲ་སོད་གཉེན་སོད་ཁྱོད་རང་སོད། །ཐམས་ཅད་བསད་ན་རང་གྲོལ་བདེ། །ཟེར་སྟེ་གང་ཡང་མི་སྣང་བར་གྱུར། ཡུལ་དང་བུ་སྨད་ཀྱང་མ་ཉམས་པར་འདུག་(ཐ༦༡ན)


PTT001_Page_0650
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ་ཚིགས་བཅད་ཀྱི་དོན་གོ་ནས་རི་བོའི་རྩེར་བསྒོམས་པས་གྲུབ་པ་ཐོབ་སྟེ་ཡུལ་དེ་བཏུལ་ཏོ། ། ༨ དེ་ནས་རྒྱ་ནག་རྩིས་ཀྱི་རྒྱལ་པོའི་སྲས་ཤོ་དྷ་ར་གར་གྱུར་སྟེ་རྒྱལ་སྲིད་བསྐྱངས། འཇམ་དཔལ་གྱིས་ལུང་བསྟན་སྟེ་བཱི་མ་ལ་དང་མཇལ་བས་སྨིན་ཞིང་གྲོལ་སྟེ་ཡུལ་ཁམས་དེ་བཏུལ་ཏོ། ། ༩ དེ་ནས་རྒྱ་གར་ཤར་ལྷོར་དྲང་སྲོང་ཉི་འོད་ཀྱི་བུར་གྱུར། ན་རོ་པ་དང་ནག་པོ་པ་ལས་མན་ངག་ཐོབ་སྟེ་གྲོགས་བུ་མོ་བཅོ་ལྔ་ཁྲིད་ནས་སྤྱོད་པ་ལ་ཕྱིན་པས་སྤྱོད་པ་སྔར་ཞུགས་ཀྱི་རྣལ་འབྱོར་པ་ཙོད་རུ་ཁྱེར་བ་ཞིག་དང་དུག་མཚོའི་འགྲམ་དུ་ཕྲད་པས་ཁྱེད་ཚོ་སྤྱོད་པ་པ་ཡིན་ནམ་ཟེར། བུད་མེད་རྣམས་ཀྱིས་ཡིན་ནོ་ཟེར་བས་འོ་ན་དུག་ཆུ་འཐུང་ཞིག་ཟེར། སྔོན་ལ་ཁྱོད་ཀྱིས་འཐུང་ཟེར་བས་དེས་དུག་ཆུ་ཀ་པཱ་ལས་བཅུས་ནས་ཕྱེད་འཐུངས་སྟེ་ལྷག་མ་བུད་མེད་རྣམས་ལ་གཏོར་བས་བུད་མེད་བཅོ་ལྔ་པོ་འཛེ་མོ་མི་བཟད་པར་གྱུར་ནས། འདི་ལྟར་དགྱིད་པ་མ་ལེགས་སོ་བྱས་པས། འོ་ན་མེད་པར་བྱ་ཡིས་ཟེར་སྟེ་བུད་མེད་དེའི་སྙིང་གར་ཙོད་རུ་དེ་རེག་པས་བཅོ་ལྔ་པོ་སྐད་ཅིག་ལ་ཤི། དེར་ཐོད་རྒལ་གྱི་སྤྱོད་པ་དེ་ལྟ་བུ་མ་བྱེད་ང་ལ་ཡང་བར་ཆོད་ཆེ་བྱས་པས། རྣལ་འབྱོར་པ་དེ་ན་རེ། བུད་མེད་དུག་གི་རང་བཞིན་སྟེ། །དུག་གིས་དུག་བཅོམ་ཡེ་ཤེས་ཆེ། །ཡེ་ཤེས་ཆེ་ལ་རབ་སྦྱོར་བས། །སྦྱོར་བའི་སྤྱོད་པ་དེ་ཁོ་ན། །ལུས་རྒྱས་ཡེ་ཤེས་བར་དུ་བཅད། །ལུས་རྒྱ་བཤིག་པས་འཁོར་བ་བསྒྲོལ། །སྲོག་མེད་སྲོག་ཡང་བཅད་ཏུ་མེད། །མེད་པར་རྟོགས་ན་ཆོད་པ་ཡིན། །དགྲོལ་བའི་སྤྱོད་པ་དེ་ཁོ་ན། །སྦྱོར་དགྲོལ་སྤྱོད་པ་མ་གཏོགས་པ། །གསང་སྔགས་བྱ་བ་གང་ལ་བྱ། །བར་ཆོད་བྱ་བ་ཅི་ལ་ཟེར། །ཟེར་བས་ངེས་པ་རྙེད་དེ་ཕྱག་བྱས་པ་ན། ཨེ་མ། གསོད་པར་ནུས་པ་དགྲོལ་བ་མིན། །གསོ་བར་(ཐ༦༡བ)


PTT001_Page_0651
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་ན་དགྲོལ་བ་ཆེ། །ཆགས་པས་སྦྱོར་པ་སྦྱོར་པ་མིན། །ཆགས་པ་མེད་ན་སྦྱོར་བ་ཆེ། །ཟེར་ནས་སེ་གོལ་གཏོགས་པས་བུད་མེད་རྣམས་སྔ་མ་བས་ཆེས་མཛེས་པར་གྱུར། དུར་ཁྲོད་རྣམས་སུ་སྤྱོད་པ་མཐར་ཕྱུང་སྟེ་རྣལ་འབྱོར་པ་མཐའ་ཡས་པ་གྲོལ་བར་བྱས་སོ། ། ༡༠ དེ་ནས་ཟ་ཧོར་གྱི་རྒྱལ་བུ་སི་དྷི་ཤྲཱིར་གྱུར་སྟེ་ཡབ་ངང་པའི་རྒྱལ་པོ་ལ་ཆིབས་སྟེ་དགའ་ལྡན་དུ་གཤེགས་རྗེས་རྒྱལ་ས་མཛད། སླར་རྒྱལ་སྲིད་སྲས་ཐུགས་རྗེ་ཆེན་པོའི་སྤྲུལ་པ་ལ་གཏད་དེ་སྒྲུབ་པ་མཛད་པས་འཇམ་དཔལ་དང་ཐུགས་རྗེ་ཆེན་པོ་གྲུབ་སྟེ་ཡུལ་ཁམས་དེ་བཏུལ་ཏོ། ། ༡༡ དེ་ནས་མ་ག་དྷར་རྒྱལ་པོར་གྱུར་སྟེ་མཁས་ཤིང་སྐྱེད་རིམ་གྱི་གྲུབ་པ་བརྙེས་མུ་སྟེགས་བཏུལ། རྒྱལ་ས་མཛད་པའི་སྲས་སྔ་ཚར་བརྒྱད་དེའི་སྲས་བཅུ་དྲུག་རྣམས་རབ་ཏུ་ཕྱུང༌། ཕྱི་ཚར་ཁ་ཆེའི་རྒྱལ་པོའི་སྲས་མོ་ལ་སྲས་གཙུག་ཏོར་དགུ་པ་ཅིག་བཙས་སྟེ་བཙས་མ་ཐག་ནས་ཆོས་རང་བྱུང་དུ་གསུང་བ་ལ་རྒྱལ་ས་གཏད་དེ་མཁའ་སྤྱོད་ཏུ་གཤེགས་སོ། ། ༡༢ དེ་ནས་མངའ་བདག་མྱང་རལ་སྟེ་བཅུ་གསུམ་མོ། །དེ་རྣམས་གསལ་བར་དྲན་སྟེ་ཞུས་ལན་མང་དུ་བྱས་པའི་མཐར་ན་མཁའ་ལ་བལྟས་པས་སྲིད་པའི་འཁོར་ལོའི་སྟེང་ན་ཤེལ་གྱི་མཆོད་རྟེན་བང་རིམ་བརྒྱད་པ་བུམ་པ་ལ་ཉི་མའི་སྒོ་གཅིག་ཡོད་པའི་འཁོར་ལོའི་སྟེང་ན་མུ་སྟེགས་མི་གཉིས་སྐོར་བ་བྱེད། བང་རིམ་མས་རིམ་གྱིས། རྒྱལ་མཁན་གསེ་རུ་གྲུབ་པ་དང༌། །བྲམ་ཟེ་རྗེ་རིགས་རྒྱལ་པོ་དང༌། །མངལ་སྐྱེས་མི་དང་བརྫུས་སྐྱེས་ལྷ། །དེ་རྣམས་གནས་སྟེ་རེ་རེ་ཞིང་ང་མཐོ་ཟེར་བ་ལ་བུམ་པའི་ལོགས་ནས་བྱ་ཁྱུང་ཞིག་གིས་ཐམས་ཅད་པས་ཀྱང་ང་མཐོ་ཟེར། དེ་ཚེ་མཆོད་རྟེན་དེ་ལས་ཐམས་ཅད་ངའི་ཆོ་འཕྲུལ་ཡིན་ནོ་ཟེར་ཙ་ན་སློབ་དཔོན་པདྨ་ཉིད་བཞེངས་ནས་སེམས་ཆོས་དབྱེར་མེད་རང་དྭངས་སུ་ཞོག་ཞིག་གསུངས་སྟེ་ཉི་མའི་སྒོ་བྱེ་བའི་ནང་དུ་གཤེགས་པར་(ཐ༦༢ན)


PTT001_Page_0652
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་སོ། །གཞན་ཡང་ངོ་མཚར་གྱི་རྣམ་ཐར་མཐའ་ལས་འདས་ཤིང་གཙོ་བོར་མ་ཎི་འབའ་ཞིག་གིས་འཕྲིན་ལས་མཛད་དེ་བོད་ཡུལ་ཐམས་ཅད་ཡིག་བདུན་གྱི་རྒྱུན་གྱིས་བཀང༌། བརྒྱ་བྱིན་དང་ཉི་ཟླའི་ལྷའི་བུས་མཆོད་བསྟོད་བྱས། བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་བླ་མར་བཀུར་ཞིང་སྙན་གྲགས་ཀྱི་དངོས་གྲུབ་ཕུལ། ཚོང་འདུས་འགུར་མོའི་ལྷ་ཁང་དང༌། ཁྱད་པར་དགུང་ལོ་ལྔ་བཅུ་རྩ་ལྔ་ཚུན་ལ་བསམ་གྲུབ་བདེ་བ་ཆེན་པོའི་ལྷ་ཁང་ཚར་བར་མཛད། གྲ་མ་ལུང་པའི་ཇོ་སྟན་རྣམས་ཀྱིས་གཎྜི་ར་ཕུལ་ལྕགས་ཐག་བརྐྱངས། ང་བདུན་ས་འབྲུག་ལ་ཧ་བོ་གངས་བཟང་ནས་བསྟན་གཙོའི་སྐུ་གདན་དྲངས་སྟེ་འདི་ནི་དང་པོར་འཕགས་པ་ཀླུ་སྒྲུབ་ཀྱིས་རི་བཏང་བཟུང་ནས་སྤྱན་དྲངས་སྟེ་འགྲོ་དོན་མཛད། བར་དུ་སློབ་དཔོན་པདྨས་སྣབ་སྟོད་ས་ཟམ་ཡང་དབེན་ནས་སྤྱན་དྲངས་སྟེ་འགྲོ་དོན་མཛད་ནས་གཏེར་དུ་སྦས་པ་ཡིན་ལ། འདི་ནི་སེམས་ཅན་གྱི་བསོད་ནམས་ཀྱི་ཞིང་ལྷ་སའི་ཇོ་ཤཱཀྱ་དང་མཚུངས་པ་ཡིན་སྟེ་དངོས་ཀྱིས་འགྲོ་བའི་དོན་མཛད་པ་ད་ལྟ་བཞུགས་ལ་མ་འོངས་པར་ཀླུ་ཡུལ་དུ་སྤྱན་འདྲེན་པར་གསུངས་སོ། །སྤྱིར་ཆོས་གཏེར་ཟབ་མོ་མང་ཞིག་སྣོད་མ་རྙེད། རྒྱུད་མན་ངག་མང་པོ་རྒྱ་ཆེས། དྲག་སྔགས་རྣམས་གཞན་ལ་གནོད་པར་དོགས་ནས་མང་དུ་མ་བཏོན། བཏོན་པ་རྣམས་ལས་ཀྱང་བཀའ་བབས་ཀྱི་བུ་ལ་གཏོད་པར་བཤད་པ་རྣམས་མ་གཏོགས་ཕལ་ཆེར་སླར་སྦས་ཤིང་སྐུ་དང་དབང་བུམ་སོགས་ཀྱང་གཏེར་གནས་སྔ་མ་དང་ལྷ་ཁང་ཉིད་དུ་སྦས་པ་ཕྱིས་འཕྲིན་ལས་འབྱུང་བར་གསུངས་སོ། །ཁོ་བོ་ཆོས་ཀྱི་དབང་ཕྱུག་ལ། །སེམས་ཅན་རྣམ་རྟོག་ཐ་དད་ཀྱིས། །ལ་ལ་ཆོས་དབང་བདེ་ན་དགའ། །ལ་ལ་ཆོས་དབང་བདེ་ཡིས་དྭོགས། །སོགས་ནས། ཆོས་དབང་སེམས་ཉིད་རེ་དྭོགས་བྲལ། །ཆོས་དབང་སེམས་ལ་ཟུག་རྔུ་མེད། །བདེ་ན་དགའ་(ཐ༦༢བ)


PTT001_Page_0653
[མ་དཔེ་གཟིགས་ན་འདིར་གནོན།]

ཚོད་དགྱེས་པར་མཛོད། །ཆོས་དབང་ཟུག་རྔུ་སྤངས་པ་མེད། །སྡུག་ན་དགའ་ཚོད་གྱེས་པར་དགོངས། །ཆོས་དབང་སེམས་ལ་སྐྱེ་ཤི་མེད། །ཤི་ཡིས་དྭོགས་ཚོད་གྱེས་པར་མཛོད། །ཆོས་དབང་སེམས་ཉིད་ཆོས་དབྱིངས་ཤི། །མ་ཤི་དོགས་ཚོ་དགྱེས་པར་དགོངས། །ཆོས་དབང་སེམས་ཉིད་འཕོ་འགྱུར་མེད། །རྟག་དུ་རེ་ཚོ་དགྱེས་པར་དགོངས། །ཆོས་དབང་སེམས་ལ་རང་བཞིན་མེད། །རྟག་གིས་དྭོགས་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ཀྱིས་མ་བཏུལ་མེད། །རྒྱལ་དུ་རེ་ཚོ་དགྱེས་པར་མཛོད། །ཆོས་དབང་སེམས་ལ་མཐོ་དམན་མེད། །རྒྱལ་གྱིས་དྭོགས་ཚོ་དགྱེས་པར་མཛོད། །ཅེས་གསུངས་ཤིང་རེ་དོགས་རྩད་ནས་ཟད། སྣང་སྲིད་དབང་དུ་འདུས་པའི་རྣལ་འབྱོར་པ་ཆེན་པོར་བཞུགས་ལ། ཀུན་བཟང་བདེ་ཆེན་ཆོས་དབྱིངས་གཞལ་ཡས་སུ། །སྒྱུ་མའི་སྐྱེས་བུ་ཆོས་དབང་ད་ནི་སྡུད། །ཅི་ཕྱིར་ལུས་འདིའི་གདུལ་བྱ་རྫོགས་རྫོགས་འདྲ། །ལས་ངན་ཟད་པའི་རྟགས་ཀྱང་ལུས་ལ་སྨིན། །རྨི་ལམ་མི་གཟུགས་ཆོས་དབང་ཡལ་ནས་འགྲོ། །ཞེས་སོགས་དང༌། དཔོན་སློབ་ཀུན་བསྡེབས་ནོར་བུའི་ཚོང་ལེན་རྨིས། །ང་དང་འབྲེལ་ཚད་གཏན་བདེ་འཐོབ་པའི་རྟགས། །ཅེས་སོགས་དང༌། འདི་ནས་མི་རབས་བདུན་ནམ་བཅུ་གསུམ་ན། དྷརྨ་མི་ཏྲ་ཅིག་གིས་ལོངས་སྤྱད་ནས། །བདག་གི་ཤ་རུས་སྲན་ཚད་ཡུངས་འབྲུ་རེ། །ལྟོར་སོང་ཐམས་ཅད་ལམ་འགྲོ་དོན་ཆེན་འཐོབ། །ཅེས་དང༌། ང་ནས་བརྒྱུད་པ་བདུན་ནམ་བརྒྱད་དུས་སུ། །ལུས་སྐྱེད་རིགས་ཀྱི་བརྒྱུད་པ་མི་ཆད་ཀྱང༌། །གཏེར་ཆོས་ཡོངས་རྫོགས་བཀའ་ལུང་ཙམ་པོར་འགྲོ། །བསྟན་པའི་གཙོ་བོ་འདི་ཡི་རྟེན་འབྲེལ་གྱིས། །བརྒྱུད་པའི་གདུལ་བྱ་གཙང་དུ་སྐྱོན་མེད་ཙམ། །ཞེས་དང༌། བསམ་གྲུབ་ལྷ་ཁང་གསང་སྔགས་བསྟན་པའི་སྲོག །བུ་སློབ་(ཐ༦༣ན)


PTT001_Page_0654
[མ་དཔེ་གཟིགས་ན་འདིར་གནོན།]

དམ་ལྡན་བུ་ཡིས་ཞབས་ཏོག་འབུངས། །གཙུག་ལག་ཉམས་རྐྱེན་བུ་ཡིས་བྱས་ཀྱང་ཐོན། །ལྷ་ཁང་ཞབས་ཏོག་སྤྲང་པོས་བྱས་ཀྱང་ཁུར། །ཞེས་ལྷ་ཁང་གི་ཞབས་ཏོག་གལ་ཆེ་བ་སོགས་ཀྱི་ཞལ་ཆེམས་ཁྱད་པར་བ་མཛད་དེ་དགུང་ལོ་ང་དགུ་པ་ལ་མྱ་ངན་ལས་འདས། སློབ་མའི་དམ་པ་བལ་པོ་བྷ་རོ་གཙུག་འཛིན་ནི་བལ་ཡུལ་ཡམ་བུ་བ་ཡིན། བོད་ནས་གསེར་བཙལ་སྟེ་རྒྱ་གར་དུ་འགྲོ་སྙམ་ནས་བོད་དུ་འོངས་པས་རྨི་ལམ་དུ་བུ་མོ་ཞིག་གིས་ལུང་བསྟན་སྟེ་གུ་རུ་དང་མཇལ་བས་ཞག་བདུན་གྱི་བར་བླ་མ་ཨོ་ཌྱན་དངོས་སུ་མཐོང༌། དེ་ཕྱིན་བླ་མའི་སྐུ་ཐུན་མོང་བར་སྣང༌། གསུང་གླེང་བྱས་པ་ཙམ་གྱིས་རྟོགས་པ་ཤར། ནུབ་ཅིག་དབང་མཛད་པ་ན་ཁྱོད་ཀྱིས་ང་ཅིར་མཐོང་གསུངས་ཡི་དམ་དངོས་སུ་མཐོང་ཞུས་པས། འོ་ན་ཚོགས་གཏོར་གཞན་དུ་འབུལ་ས་མེད་གསུངས་ནས་རྣ་བའི་ཤ་བུབས་ཕྱེད་ལ་སོགས་པའི་ཚོགས་རྫས་ཐམས་ཅད་སྐད་ཅིག་གིས་བཞེས། ཡང་ང་ཅིར་མཐོང་གསུངས་སངས་རྒྱས་དངོས་སུ་གདའོ་བྱས་པས། འོ་ན་དབང་བསྐུར་བྱའོ་གསུངས་སྟེ་མཆོད་རྫས་བསྡུས་དཀྱིལ་འཁོར་བཤིག་ནས་ཤུལ་དུ་བྲོ་བརྡུངས་སྟེ་དྲི་ཆེན་དོར་ནས་སྤྱི་བོར་བཞག་པས་ལུས་ཤུན་པོ་དོར་བ་ལྟ་བུའི་ཉམས་ཤར། གསང་ཆབ་བླུད་པས་བདེ་བ་བཟོད་མེད་དུ་སྐྱེས། སྙིང་གར་ཕྱག་མཛུབ་བཙུགས་ནས་ང་བྱ་བ་འདི་ངོས་ཟུང་ཞིག་གསུངས་པས་ལྷན་སྐྱེས་ཀྱི་ཡེ་ཤེས་མཐོང༌། ང་མཐོང་དོན་ལ་མ་ཡེངས་ཅིག །སྒོམ་རྒྱུ་སྤུ་ཙམ་ཡང་མེད་ཏོ་གསུངས་པས་རྟོགས་པའི་མཐར་ཐུག་སྟེ་དབང་བཞི་རིམ་ཅན་དུ་ངོ་སྤྲད། ད་ནི་དུས་གསུམ་གྱི་སངས་རྒྱས་བྱོན་ཡང་དབང་ཞུ་སྙམ་པ་མི་གདའ་རྒྱ་གར་དུ་འགྲོ་བའི་སྤྲོས་པ་ཡང་ཆོད་གདའ་ཞུས་པས། འཁོར་བར་མི་འཁྱམ་པའི་སངས་རྒྱས་(ཐ༦༣བ)


PTT001_Page_0655
[མ་དཔེ་གཟིགས་ན་འདིར་གནོན།]

བྱུང་ན་མུ་སྟེགས་པ་ཡིན། ཁྱོད་རྒྱ་གར་དུ་སོང་ལས་བླ་མ་རྙེད་ན་བླ་མ་འཚོལ་སློབ་མ་རྙེད་ན་སློབ་མ་འཚོལ་ཞེས་ལུང་བསྟན། འདི་དད་པ་ཤིན་དུ་ཆེ་བས་གུ་རུའི་སྟ་ཟུར་ལ་ཁྲོ་བོའི་སྤྱན་མངའ་བ་དང་མཁའ་འགྲོ་དང་ཆོས་བགྲོ་བ་སོགས་ངོ་མཚར་མཐའ་ཡས་པ་མཐོང༌། དྲག་སྔགས་རྟགས་ཐོན་པ་མཆིས་སམ་ཞུས་པས། མང་པོ་ཤེས་སྟེ་མི་ཎི་འདྲེན་ནས་སྒྲུབ་མ་ཁོམ་གསུངས། གྱེན་དེ་ན་རི་བོང་ཞིག་སོང་བ་ལ་ས་ལ་རི་བོང་གི་གཟུགས་བྲིས་སྟེ་ཁབ་ལ་སྔགས་ལན་བདུན་བགྲངས་སྟེ་གཟུགས་ལ་བརྒྱབ་པས་རི་བོང་ཐུར་ལ་འདྲིལ་བྱུང༌། ང་སྒྲིབ་པ་སྦྱང་དགོས་ལོང་ཤོག་གསུངས་ནས་དྲོད་མ་ཡལ་བ་ལ་བཏགས་གྲོལ་བཏགས་ཚོགས་གཏོར་དང་བསྔོ་བ་མཛད། མི་ལ་དེ་འདྲ་འོང་ངམ་ཞུས་པས་མི་དང་ཕྱི་བ་འདྲ་གསུངས་ནས་ཕྱི་བའི་གཟུགས་ཅིག་ལ་ཁབ་བཙུགས་ནས་བཏོན་པས་དམར་ནར་གྱིས་བྱུང་སྟེ་ད་ཕྱི་ཁུང་མ་གིར་ལྟོས་ཤོག་གསུངས་ནས་ལྟར་ཕྱིན་པས་ཕྱི་བ་ཞིག་ཁྲག་ལྷུད་ཀྱིས་ཤི་འདུག་ནས་སྔར་ལྟར་གནས་སྤར། འདི་འདྲ་བ་མཐའ་ཡས་ཤེས་སྟེ་སེམས་ཅན་ལ་གནོད་པས་སུ་ལ་ཡང་མི་སྟེར། དགྲ་ལ་ཡང་འཚང་རྒྱ་བའི་མཐུ་ལས་གཞན་མི་བྱེད། འདི་པ་དུད་འགྲོར་སོང་བས་དྲངས་པ་ཡིན་མོད། མི་ལུས་འཐོབ་པ་ནི་ཤིན་དུ་དཀའ། སྲོག་བཅད་པའི་སྡིག་པ་ནི་མཐའ་ཡས། གཅིག་ཤི་བས་མི་ཆོག་དེའི་ཉེ་འཁོར་ཐམས་ཅད་སྡུག་བསྔལ་བ་ཡིན། དེས་ན་དགྲ་ལ་མཐུ་མི་བྱེད་སླར་སྙིང་རྗེ་སྐྱེ་དགོས་པ་ཡིན་གསུང་ཞིང་རང་དོན་དུ་མཐུ་ངན་སྔགས་མཛད་རིའི་ཞེ་མནའ་མང་པོ་མཛད། རྒྱ་གར་དུ་བར་ཆད་མེད་པར་གཏོལ་བའི་བྱིན་རླབས་ཞུས་པས་བྷ་རོ་རང་གིས་གསེར་ཞོ་དྲུག་བཅུ་ཕུལ་བའི་ཕྱེད་ཕྱེ་དང་བསྲེས་སྦྱིན་སྲེག་མཛད་ནས་འཕངས་སེམས་མ་བྱེད་པར་ཐལ་བ་ཆུ་ལ་ཕོ་ལམ་དུ་ཟས་སྟེར་བ་ཞིག་ཡོང་བ་ཁྱེར་ཤོག་གསུངས། ཐལ་(ཐ༦༤ན)


PTT001_Page_0656
[མ་དཔེ་གཟིགས་ན་འདིར་གནོན།]

བ་སྦྱངས་ནས་བུ་མོ་ཞིག་གིས་ཉུང་མ་ཞིག་བྱིན་པ་ཕུལ་བས་རས་ཁོབ་ལ་ཚོས་ཅིག་གསུངས་སྟེ་ཤར་གྱུར་ནས་རོ་མངར་ལ་ཤུམ་པ་ཅིག་འདུག །ཁྱོད་ཀྱི་དོན་དེས་གྲུབ་གསུང་ཞིང་ངའི་ཡོན་ཏན་ཐུན་མོང་མ་ཡིན་པ་མཐོང་བ་རྣམས་གཞན་ལ་མ་བཤད་ཅིག་པར་བཀའ་རྒྱ་བཏབ། རྒྱ་གར་དུ་འགྲོ་དུས་སྐྱེལ་ཐུང་མཛད་གསེར་ཞོ་གསུམ་ཕུལ་བ་འབབ་ཆུ་ལ་གཏོར་སྟེ་མེ་ལ་བསྲེགས་པས་མཁའ་འགྲོ་མཉེས་ན་ཆུར་དོར་ན་དེ་བས་ཀྱང་དགྱེས་མཆི་གསུང་ངོ༌། །གཞན་ཡང་སྣོད་ལྡན་གྱི་བུ་དགུ་ལ་སོགས་སྐལ་ལྡན་མཐའ་ཡས་པ་སྨིན་གྲོལ་ཏུ་མཛད་ཅིང་ཆུ་ཞལ་མགུར་གསུམ་ལ་སོགས་པའི་བླ་ཆེན་མི་དཔོན་ཐམས་ཅད་ཀྱིས་ཞབས་ལ་གཏུགས། གྲུབ་ཐོབ་པ་ཎི་རིན་ཆེན་ཞེས་བྱ་བ་ལ་ཁྱད་པར་ཐུགས་རྗེ་ཆེན་པོའི་བཀའ་བབས་སྟེ་ཁམས་སུ་པང་སྟོན་འོད་ཟེར་བླ་མ་ལ་སོགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པ་མང་དུ་དཔེལ་སྟེ་ཐུགས་རྗེ་ཆེན་པོ་སྒྲུབ་པའི་སྲོལ་དང༌། རིགས་ཆོས་གཉིས་ཀའི་སྲས་ཀྱི་མཆོག་པདྨ་དབང་ཆེན་དང་སྨྱལ་དུ་འཁྲུངས་པའི་སྲས་ཉི་མ་འོད་ཟེར་སོགས་ཀྱིས་རིགས་ཆོས་གཉི་གའི་བརྒྱུད་པ་བཟུང་སྟེ་བསྟན་པ་དར་རྒྱས་སུ་མཛད། སྲས་པདྨ་དབང་ཆེན་ནི་སྔོན་ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱི་སྐྱེ་བ་ཡིན་ལ་ཕྱིས་རཏྣ་གླིང་པར་གུ་རུ་ཉིད་ཀྱིས་ལུང་བསྟན་ནོ། །དེ་ལྟར་གཏེར་ཁ་གོང་འོག་འདི་གཉིས་དང་སྙིང་ཐིག་གོང་འོག་གཉིས་ནི་རྙིང་མའི་གཏེར་ཆོས་ཀྱི་རྩ་བ་ཡིན་ལ་འདི་དག་ལས་དོན་གཉིས་གྲུབ་པ་ཆེས་མང་དུ་བྱུང་ངོ༌། །དེ་རྣམས་སུ་མ་ཟད་ལྷོ་བྲག་ཁོ་ཐིང་དུ་ར་ཤག་རྣལ་འབྱོར་པ་ཆེན་པོ་ཅེས་བྱ་བ་ལོ་བརྒྱ་དང་བཅུ་ལོན་པ་ཐུགས་ཀ་ན་སྙིང་པོ་འབྲུ་བཞི་རང་བྱུང་དུ་བྱོན་པ་ཡོད་ལ་རྗེ་མི་ལ་བླ་མའི་མཁར་ལས་བྱེད་པའི་སྐབས་ཅིག་མཇལ་དུ་ཕྱིན་པས་ལྷ་ཁང་ནང་དུ་ཉལ་བའི་ཐོ་རེངས་བུད་མེད་དཀར་མོ་ཞིག་གིས་སྦྲང་ཆང་ཀ་པཱ་ལ་(ཐ༦༤བ)


PTT001_Page_0657
[མ་དཔེ་གཟིགས་ན་འདིར་གནོན།]

གང་བྱིན་སྟེ་ཁྱོད་བལ་བོད་ཀྱི་མཚམས་སུ་བསྒོམས་ན་ལམ་མྱུར། ང་ཡང་ཁྱོད་ཀྱི་ཡུལ་ཕྱོགས་པ་ཅིག་ཡིན་སྟེ་ཁྱོད་ཀྱི་ལུས་དང་གྲིབ་མ་ལྟར་མི་འགྲོགས་ཀ་མེད་པ་ཅིག་ཡིན་ཟེར། གནངས་ཉིན་བླ་མ་དེ་དཔོན་སློབ་ཉེར་གཅིག་སྨན་སྒྲུབ་དམ་པོ་ལ་བཞུགས་ཀྱང་རྗེ་བཙུན་སྒྲུབ་པའི་གྲར་བོས། མཇལ་མ་ཐག་དབུ་སྔས་ནས་སྒྲོ་བ་ཞིག་གི་ནང་ནས་བོད་ཆུང་ཞིག་ཕྱུང་སྟེ་འདི་ཁྱོད་རང་ལ་སྔ་ནུབ་ནས་བསུ་བ་དེ་ཀུན་གྱི་སྒྲུབ་ཐབས་ལགས། ཁྱོད་ལ་སྟེར་དགོས་པར་ལུང་བསྟན་པ་ཡིན་ཞེས་ཚེ་རིང་མའི་སྒྲུབ་ཐབས་སྤྲད་པར་བཤད་ལ་འདི་དང་མདོས་ལ་མཁས་པའི་ར་ཤག་ཐ་དད་དུ་སྣང་ཞིང༌། རྗེ་སྒོམ་པོ་པས་ཀྱང་ཨོ་ཌྱན་གྱི་ལུང་བྱང་དང་སེམས་ཁྲིད་ཀྱི་ཁ་བྱང་ལྷན་ཅིག་པར་དུང་མཚོ་རས་པའི་དོན་དུ་སྦས་པ་སོགས་གཏེར་མ་ཚད་ལྡན་བགྲང་གིས་མི་ལང་བ་ཡོད་ལ། ཆོས་དབང་གི་གསུང་གི་རྣམ་ཐར་སྐབས་བརྒྱད་མ་ལས། གཏེར་མིན་གཏེར་འདྲ་བརྫུན་གཏེར་མཁན། །པེ་ཐེའི་བྱིན་རླབས་ཞུགས་པ་བརྒྱད། །ད་ལྟ་བོད་ན་ངེས་པར་ཡོད། །ཡང་ཞུས་ལུང་ཞུས་བསྟན་པའི་བདུད། །དེ་རྣམས་ཀུན་དང་འབྲེལ་མི་བྱ། །སྐུར་པ་ཡང་ནི་མི་གདབ་བོ། །དེ་རྣམས་ཀུན་གྱིས་ཆོས་རྣམས་དཀྲུག །ཁྱད་པར་གཏེར་ཆོས་བསྟན་པ་སྣུབ། །འོན་ཀྱང་མཁའ་འགྲོའི་བཀའ་ཆད་ཀྱིས། །རྒྱུ་འབྲས་ངེས་པར་སྨིན་པར་བྱེད། །རང་ལ་བལྟོས་པའི་འཁོར་ཀུན་ལ། །དེ་སྐད་གསངས་སྟེ་བསྒྲགས་ནས་སུ། །འགོང་པོའི་བསྟན་ལ་མི་གཞུག་གོ །ཞེས་གསུངས་པ་ལྟར་སྐྱེ་བོ་བསླུ་བའི་རྫུན་གཏེར་ནི་ཆེས་མང་བར་སྔ་ཕྱིར་སྣང་ལ། དེ་དག་མང་ཆེས་པས་ཡང་དག་རྣམས་མི་གསལ་བ་རླུང་ཚུབ་ཀྱི་ནང་གི་མར་མེ་ལྟར་སྣང་ཡང་ཆོས་ཀྱི་མིག་(ཐ༦༥ན)


PTT001_Page_0658
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ལ་སྒྲིབ་མེད་ཏུ་གསལ་ཞིང་སྤྱིར་ར་གན་མཐོང་བའི་རྟགས་ཀྱིས་གསེར་ར་གན་དུ་སྒྲུབ་པ་དང༌། ཛམྦུའི་གསེར་མཐོང་བའི་རྟགས་ཀྱིས་ར་གན་གསེར་དུ་སྒྲུབ་པ་གཉི་ག་སྤངས་སྟེ་ལོག་ལྟའི་བདུད་མ་ཞུགས་ཤིང་དུས་མིན་གྱི་དག་སྣང་རྒྱ་འབྱམས་པ་ཡང་མ་ཡིན་པས་གཏེར་མའི་ཕྱོགས་འདི་དག་ཤེས་པར་བྱའོ། །དམ་པའི་ཆོས་ཀྱི་འཁོར་ལོས་སྒྱུར་བ་རྣམས་ཀྱི་བྱུང་བ་གསལ་བར་བྱེད་པ་མཁས་པའི་དགའ་སྟོན་གྱི་བོད་ཡུལ་གྱི་སྐབས་ལས་རྡོ་རྗེ་ཐེག་པ་སྔ་འགྱུར་ཇི་ལྟར་བྱུང་བ་བཤད་པ་སྟེ་སྐབས་ལྔ་པའོ། །པར་འདིའི་སྦྱིན་བདག་ས་སྐྱོང་ནོར་འཛིན་དབང༌། བྱ་ཡུལ་དཔོན་ས་ཚོགས་གཉིས་གྲུབ་པའི་ས། །དད་ལྡན་བླ་མ་རིག་དབང་ཐོབ་ཀྱིས་བསྒྲུབས། །དགེ་བ་བྱང་ཆུབ་མཆོག་གི་རྒྱུ་རུ་སྔོ། །ཨེ་མ་ཧོ། བཀའ་བརྒྱུད་གདན་ས་གནས་ཆེན་སྲས་ཁར་དུ། །དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་ཕྱིར་དང༌། །མཐའ་ཡས་འགྲོ་ལ་ཆོས་སྦྱིན་སྤེལ་སླད་དུ། །རྙིང་མའི་བརྒྱུད་ཀྱི་ཆོས་བྱུང་པར་དུ་བསྒྲུབས། །བརྐོས་ཀྱི་བྱེད་པོ་གཉལ་གྱི་སྤངས་བརྒྱུད་ནས། །རིག་བྱེད་མཁས་པ་ཚེ་དབང་དར་པོ་དང༌། །ཚེ་དབང་དོན་གྲུབ་ཀུན་དགའ་བསམ་འགྲུབ་དང༌། །ཀུན་དགའ་རྒྱལ་མཚན་བཀྲ་ཤིས་ཚེ་དབང་དང༌། །བསམ་འགྲུབ་མགོན་པོ་བཀྲ་ཤིས་དགོས་དར་སོགས། །དཔོན་སློབ་བདུན་གྱིས་སོར་མོའི་གར་སྟབས་བསྒྱུར། །འདིས་ཀྱང་བསྟན་པ་དར་ཞིང་རྒྱས་པ་དང༌། །མཁའ་མཉམ་འགྲོ་ལ་བདེ་སྐྱིད་འབྱུང་ཕྱིར་བསྔོ། །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཱམ།། །།(ད༡ན)