Nitartha Digital Library
Tibetan
ཆོས་འབྱུང་མཁས་པའི་དགའ་སྟོན།


   
   
   
   
   
   
   
   
   
   
   
ཆོས་བརྒྱུད་སྣ་ཚོགས་པའི་ཆོས་ཀྱི་བྱུང་བ་བརྗོད་པ།
   
   


 
previousཆོས་བརྒྱུད་སྣ་ཚོགས་པའི་ཆོས་ཀྱི་བྱུང་བ་བརྗོད་པ།next

ཆོས་བརྒྱུད་སྣ་ཚོགས་པའི་ཆོས་ཀྱི་བྱུང་བ་བརྗོད་པ།


PTT001_Page_1398
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་གྱི་ཡན་ལག་གསུམ་པ་བོད་ཀྱི་སྐབས་ལ་ལེའུ་བཅུ་ལས་བཅུ་པ་ཆོས་རྒྱུད་སྣ་ཚོགས་པའི་ཆོས་བྱུང་བཞུགས་སོ། །(བ༡བ)


PTT001_Page_1399
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལྟར་ཆོས་རྒྱལ་རྣམས་ཀྱི་བཀའ་དྲིན་ལས། །ཐུབ་བསྟན་སྔ་ཕྱིར་དར་ཞིང་རྒྱས་པར་གྱུར། །གསང་སྔགས་སྔ་འགྱུར་སྐྱེད་དང་རྫོགས་པ་ནི། །ནུབ་པ་མེད་པར་དེང་དུའང་ཆ་ཙམ་གནས། །གྲུབ་ཐོབ་ཆེན་པོ་ཀ་མ་ལ་ཤཱི་ལ། །དམ་པ་རྒྱ་གར་མཚན་གྱིས་བྱོན་པ་ཡིན། །སྡུག་བསྔལ་ཞི་བྱེད་ཅེས་བྱ་དམ་པའི་ཆོས། །རྒྱས་པར་མཛད་སྟེ་སྒྲུབ་རྒྱུད་དཔག་མེད་བྱུང༌། །ག་ཡ་དྷ་རས་འབྲོག་མི་ལོ་ཙཱ་ལ། །ལམ་འབྲས་ཡན་ལག་བཅས་པ་གསུངས་པ་ནི། །སེ་དང་ཞང་སྟོན་སྐུ་མཆེད་ཀྱིས་བཟུང་སྟེ། །ས་ཆེན་ཀུན་དགའ་སྙིང་པོས་དར་བར་མཛད། །ཆོས་དང་སྲིད་ཀྱི་གཙུག་ལག་རྣམ་གཉིས་ཀྱིས། །བསྟན་པའི་ཤིང་རྟ་ཆེན་པོ་མཚུངས་མེད་གྱུར། །མཁས་གྲུབ་ཆེན་པོ་ཁྱུང་པོ་རྣལ་འབྱོར་གྱིས། །ཡེ་ཤེས་མཁའ་འགྲོ་རྣམ་གཉིས་ལ་སོགས་པ། །རྒྱ་གར་མཁས་གྲུབ་དཔག་དུ་མེད་པ་ཡི། །ཆོས་མཛོད་སྤྱན་དྲངས་ཤངས་པའི་བཀའ་རྒྱུད་ཅེས། །རྒྱ་མཚོའི་བར་དུ་ཉི་ཟླ་ལྟ་བུར་གྲགས། །ཤེས་རབ་ཕ་རོལ་ཕྱིན་མ་བཅོམ་ལྡན་པ། །སངས་རྒྱས་མཁའ་འགྲོ་མི་ཡི་གཟུགས་འཛིན་པ། །མ་གཅིག་ལབ་ཀྱི་སྒྲོན་མ་ཞེས་བྱ་བས། །སྙེམས་ཐག་ཐམས་ཅད་ཐད་ཀར་གཅོད་བྱེད་པ། །ཟབ་མོ་གཅོད་ཀྱི་མན་ངག་བསྩལ་(བ༢ན)


PTT001_Page_1400
[མ་དཔེ་གཟིགས་ན་འདིར་གནོན།]

བར་མཛད། །དེ་དག་ལ་སོགས་མཁས་དང་གྲུབ་པའི་ཚོགས། །དཔལ་མེད་བྱོན་པས་ཆོས་ཀྱི་སྒྲོན་མེ་མཆོག །མཐའ་ཡས་སྔར་བས་བོད་ཡུལ་ཉིན་མོར་བྱས། །བོད་ཡུལ་སྐྱེ་བོའི་ཡིད་མུན་སེལ་མཛད་པ། །རྡུལ་གཅིག་སྟེང་ནའང་རྡུལ་སྙེད་གྲངས་མཉམ་པར། །སྐྱེས་ཆེན་ཇི་སྙེད་བྱོན་དང་བཞུགས་པ་དང༌། །སླད་ནས་འབྱོན་པར་འགྱུར་བ་ཐམས་ཅད་ལ། །རྗེས་ཡི་རང་ཞིང་རྟག་དུ་ཕྱག་བགྱིའོ། །དེ་ཡང་གསང་སྔགས་སྔ་འགྱུར་ནི་བར་དུ་རྒྱུན་མ་ཆད་པ་ཉིད་ལ་མདོ་སྒྱུ་སེམས་གསུམ་ཡང་ཕུར་གཉིས་ལ་སོགས་པའི་སྐྱེད་རྫོགས་ལ་ནུས་པ་ཐོབ་པ་དཔག་མེད་བྱུང་ལ། བསྟན་པ་ཕྱི་དར་ལ་བཀའ་དྲིན་ཆེ་བ་ཅིག་ནི་ཕ་དམ་པ་སྟེ། རྒྱ་གར་ལྷོ་ཕྱོགས་བེ་ཏའི་ཡུལ་གྱི་བྱེ་བྲག་ཙ་ར་སིངྷ་ཡབ་དེད་དཔོན་བརྩོན་འགྲུས་གོ་ཆ་དང༌། ཡུམ་སྤོས་ཚོང་མ་བ་ར་ས་ཧ་ལས་འཁྲུངས་ཅིང༌། བི་ཀྲ་མ་ལར་རབ་ཏུ་བྱུང་ནས་མཁས་པ་ཆེན་པོར་གྱུར། གྲུབ་ཐོབ་ཕོ་མོ་ལྔ་བཅུ་རྩ་བཞིའི་གདམས་ངག་ཐམས་ཅད་རྫོགས། སེང་གེའི་རྫོང་དུ་ལོ་དྲུག་སོགས་ལོ་བདུན་བཅུ་ལྷག་པར་སྒྲུབ་པ་རྩེ་གཅིག་དུ་མཛད། ཐུགས་དམ་གྱི་ལྷ་བཅུ་གཉིས་སོགས་ཡི་དམ་གྱི་ལྷ་ནམ་མཁའི་སྐར་མ་ཙམ་ཞལ་གཟིགས། ངོ་མཚར་མཁའ་སྤྱོད་ཀྱི་བླ་མ་སུམ་བཅུ་སོ་དྲུག་གི་རྗེས་སུ་བཟུང༌། ཐུན་མོང་གི་དངོས་གྲུབ་གྲུབ་ཆེན་བརྒྱད་དང་མཆོག་གི་དངོས་གྲུབ་ཚོགས་ལམ་ཆེན་པོ་ཐོབ། དེས་བོད་ཡུལ་གྱི་གདུལ་བྱ་ལ་གཟིགས་ནས་ལན་མང་དུ་བྱོན་པ་ལས། དང་པོར་བསྟན་པ་འབྱུང་བར་བྱིན་གྱིས་བརླབས། ཕྱིས་སྐྱོ་བསོད་ནམས་བླ་མ་སོགས་ལ་གཅོད་ཀྱི་གདམས་པ་གནང༌། དིང་རིང་བཞུགས་ནས་སྐལ་ལྡན་བགྲང་བ་ལས་འདས་པ་གྲོལ་བར་མཛད། དེ་ཡང་སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས་ཅེས་པ་ལ་བརྟེན་ནས་སྡུག་སྔལ་ཞི་བྱེད་ཀྱི་ཆོས་སུ་གྲགས་སྟེ་ཁ་ཆེ་ཛྙཱ་ན་གུ་ཧྱ་ལ་གནང་བའི་ཞི་བྱེད་སྒྲོན་མ་སྐོར་གསུམ་སོགས་བརྒྱུད་པ་དང་པོའི་སྐོར་དང་རྨ་ཆོས་ཀྱི་ཤེས་རབ་ལ་ཕྱག་(བ༢བ)


PTT001_Page_1401
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོའི་སྐོར་དང་སོ་ཆུང་དགེ་འདུན་འབར་ལ་རིག་པ་ཅེར་མཐོང་གི་མན་ངག་དང་ཀརྨ་ཚུལ་ཁྲིམས་རྒྱལ་མཚན་ལ་རྟོག་པ་ལམ་འཁྱེར་གྱི་གདམས་ངག་གནང་བས་རྨ་སོ་ཀརྨ་གསུམ་ཞེས་རྒྱུད་པ་བར་པར་གྲགས་ཤིང༌། རྨ་སོ་ནས་སོག་པོ་པ་མདོ་སྡེ་དང་དེ་ལ་རྒྱལ་བ་ཏེ་ནེ། སོ་ལ་ཤ་མི་སྨོན་ལམ་འབར་རེ་ལ་མཆུས་པ་དར་བརྩོན་དང་མལ་ཀ་བ་ཅན་པ་སོགས་བྱོན་ཞིང༌། ཀམ་ལས་ཡས་བརྒྱུད་མས་བརྒྱུད་ཅེས་མང་དུ་བྱུང་ཞིང༌། མཆུས་པ་དར་བརྩོན་ལ་བརྒྱུད་པའི་བཀའ་བབས་སོ། །ལན་ཐ་མ་ལ་དིང་རི་རྙེད་སྟེ་དངོས་གྲུབ་ཀྱི་རྫས་སྣ་བཞི་ཡང་འདུག་ནས་ལོ་བཅུ་གསུམ་དུ་སྒྲུབ་པ་མཛད་པས། དང་པོ་ཅོག་རོ་སྨྱོན་པ་བྱ་བས་ཞལ་མཐོང་བ་ཙམ་གྱིས་འཁྲུལ་པ་ཞིག །དེ་ནས་ཀློག་སྐྱ་རལ་པ་ཅན་གྱིས་ཞལ་མཐོང་བས་ལྟོ་གོས་ལ་ལྟོས་པ་མེད་ཅིང་ཐམས་ཅད་མཁྱེན་པར་གྱུར། དེ་ལ་སོགས་པ་གདུལ་བྱ་མང་དུ་བཏུལ་ཞིང་མཐར་དབུས་གཙང་རུ་བཞིའི་སྐལ་ལྡན་ཐམས་ཅད་འདུས་སྟེ་ང་དང་མཉམ་པ་ཀུན་དགའ་ཡིན་ཞེས་དམ་པ་ཀུན་དགའ་ལ་ལམ་ལྔ་ལམ་གསུམ་གྱི་དཀའ་ཐུབ་ཀྱི་སྲང་ནས་བཏོན་པའི་གདམས་པ་གནང་སྟེ་རྟགས་དང་ཡོན་ཏན་ཐམས་ཅད་རྫོགས། རྒྱ་སྒོམ་དང༌། བཛྲ་ཀྲོ་དྷ་དང༌། ཕྱར་ཆེན། ཕྱར་ཆུང་སྟེ་སྒོ་བའི་རྣལ་འབྱོར་པ་བཞི་དང༌། མ་ཇོ་ཉི་ཤུ་རྩ་བཞི་སོགས་གྲུབ་པའི་སྐྱེས་བུ་མཐའ་ཡས་པ་བྱོན་ལ། དེ་རྣམས་ཀྱི་ཆོས་ལ་བརྒྱུད་པ་ཕྱི་མར་གྲགས་ཤིང་ཁྱད་པར་དུ་པ་ཚབ་སྒོམ་པ་ལ་ཀུན་དགའི་གདམས་པ་ཐམས་ཅད་གཏད་ཅིང༌། དེས་རྒྱལ་བ་ཏེ་ནེ་དེ་ལ་རོག་བན་སྐུ་མཆེད་རྣམས་དང༌། མཆུས་པ་དར་བརྩོན་ནས་མཆུས་པ་བརྩོན་འགྲུས་སེང་གེ་རོག་ཤེས་རབ་འོད་ལ་ཞི་བྱེད་ཀྱི་བརྒྱུད་པ་ཐམས་ཅད་འདུས་པ་སྟེ། དེ་ཡང་སློབ་དཔོན་པདྨའི་དངོས་སློབ་རོག་བན་ན་མཁའ་ཡེ་ཤེས་ཅེས་བྱ་བ་ཡང་ཕུར་གྱི་གྲུབ་ཐོབ་ཀྱི་བརྒྱུད་པར་རོག་བཀྲ་ཤིས་གྲགས་ཅེས་བྱ་བ་རྒྱ་མའི་སངས་རྒྱས་དབོན་སྟོན་དང་འཁྲུངས་ལོ་གཅིག་པ། ས་ཕོ་རྟ་ལ་འཁྲུངས་པའི་སྲས་རོག་(བ༣ན)


PTT001_Page_1402
[མ་དཔེ་གཟིགས་ན་འདིར་གནོན།]

ཤེས་རབ་འོད་མེ་ཁྱི་ལ་འཁྲུངས། ཞིག་པོ་ཉི་མ་སེང་གེ་ལྕགས་ཡོས་ལ་འཁྲུངས། མཁས་པ་སྨྲ་བའི་སེང་གེ་མེ་རྟ་ལ་འཁྲུངས། དེ་ཐམས་ཅད་མདོ་སྔགས་མཐའ་དག་ལ་མཁས་ཤིང༌། རྒྱལ་བ་ཏེ་ནེ་དང་མཆུས་པ་དང་ཀྱི་ཚང་ཞིག་པོ་སོགས་ལས་ཞི་བྱེད་ཀྱི་གདམས་ངག་ཐམས་ཅད་འདུས་པར་གསན། དེ་ནས་རྒྱ་ཆེར་འཕེལ་ཞིང་སྤྱིར་ཡང་ཞི་བྱེད་རྒྱུད་པ་གསུམ་དང་རྒྱུད་པ་ཁ་འཐོར་དུ་མས་བོད་ཡུལ་ཐམས་ཅད་ཁྱབ་པར་འཕེལ་ཞིང༌། རྒྱ་བྲག་པ་དང་རྟོགས་ལྡན་བསམ་གཏན་དཔལ་ནས་བཟུང་སྟེ་སྒོ་ཡབ་པ་སོགས་དེང་སང་དུའང་དར་ཞིང་རྒྱས་སོ། །སྡུག་བསྔལ་ཞི་བྱེད་ཏུ་གྲགས་པ་དམ་པའི་བཀའ་རྒྱུད་ཀྱི་སྐབས་སོ། །ལམ་འབྲས་ཀྱི་མན་ངག་གསུང་བ་པོ་རྣལ་འབྱོར་གྱི་དབང་ཕྱུག་དཔལ་བིརྺ་པ་ནི་རྒྱལ་རིགས་ལས་རབ་ཏུ་བྱུང༌། གནས་བརྟན་དཔལ་ལྡན་ཆོས་སྐྱོང་ཞེས་མཁས་པ་ཟླ་མེད་པར་གྱུར། ནཱ་ལནྡེའི་དགེ་འདུན་གྱི་གནས་བརྟན་མཛད་སྟེ་ཉིན་པར་དགེ་འདུན་གྱི་བྱ་བ་དང་མཚན་མོ་བདེ་མཆོག་གི་རྣལ་འབྱོར་རྩེ་གཅིག་དུ་མཛད་པ་ལས་དངོས་གྲུབ་གྱི་ལྟས་གང་ཡང་མེད་པར་སླར་ཤ་ཟ་དང་སྲིན་པོས་འཚེ་བ་སོགས་ཁོ་ན་བྱུང་བས་ཐུགས་ཆད་སྟེ་ད་ནི་ཡི་དམ་མི་སྒྲུབ་བོ་ཅེས་ཕྲེང་བ་ཆག་ཁང་དུ་བསྐྱུར་སྟེ་གནས་པ་ལས། མནལ་ལམ་དུ་བུད་མེད་སྔོན་མོ་ཞིག་གིས་དེ་ལྟ་བུ་མ་བྱེད་པར་སྔར་བཞིན་སྒྲུབ་པ་བྱོས་ཅིག་ཁྱོད་ཀྱིས་ལས་བསགས་པའི་ལྷ་ནི་ང་ཡིན་ནོ། །ཞེས་གསུངས་པས་ཕྱི་ནུབ་ཕྲེང་བ་བླངས་སྟེ་དྲི་ཞིམ་པོས་བསྒོས་ནས་བཟླས་པ་བྱས་པ་དང༌། བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་བྱོན་སྟེ་དབང་བསྐུར་བས་ས་དང་པོ་རབ་ཏུ་དགའ་བའི་རྟོགས་པ་སྐྱེས། དེ་ལྟར་ནུབ་རེ་ཞིང་བསྐུར་བས་ས་རེ་ཐོབ་སྟེ་ས་དྲུག་པ་མངོན་དུ་གྱུར་པ་ལ་རེ་ཞིག་ངལ་གསོ་བར་གྱུར་ཏོ། །དེ་ནས་སྔར་སྲིན་པོས་འཚེ་བ་སོགས་སྣང་བ་ཡང་ཁམས་འདུས་པའི་ཉམས་ཀྵཿཡིག་དུ་རླུང་སེམས་འདུས་པའི་རྟེན་འབྲེལ་(བ༣བ)


PTT001_Page_1403
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཤེས་པར་གདམས་ངག་གི་སར་ཀ་མ་ལོག་པའི་གནད་མཁྱེན། དགེ་འདུན་རྣམས་ཀྱིས་ཀྱང་གནས་བརྟན་ལ་བུད་མེད་ཀྱིས་བསྐོར་བ་དང་མར་མེས་བསྐོར་བ་སོགས་སྣ་ཚོགས་པར་མཐོང་བའི་ཚེ་རབ་བྱུང་གི་རྟགས་གཙུག་ལག་ཁང་དུ་ཕུལ་ནས། ང་ནི་ངན་པའོ་ཞེས་བིརྺ་པར་ཞལ་གྱིས་བཞེས་སྟེ་གཅེར་བུར་བྱས་སྟེ་ཐམས་ཅད་དུ་བྱོན་ཞིང་རྡོ་རྗེའི་གླུ་ལེན་པ་དང་ཆུ་བོ་གང་གཱའི་དྲུང་དུ་བྱོན་སྟེ་ཆུ་ཁྱོད་ངན་པ་ལ་ལམ་བྱིན་ཞིག་གསུངས་པས་གང་གཱ་ཆད་པའི་བར་དུ་བྱོན། ཝ་ར་ཎ་སིའི་མུ་སྟེགས་ཀྱི་རྒྱལ་པོ་བཏུལ། ཀོ་མཁན་ལ་ཆུ་འདི་གྲུ་གླར་ཁྱེར་ཞིག་ཞེས་བསྡིགས་མཛུབ་བསྟན་པས་ཆུ་གྱེན་ལ་ལོག་ཞིང་ཆུ་འགྲམ་ན་གནས་པ་ཐམས་ཅད་སྐྲག་པས་ཡོ་བྱད་དཔག་མེད་ཕུལ། དེ་རྣམས་ཀོ་མཁན་ལ་གནང་བས་མ་འདོད་པར་རྗེས་སུ་འབྲེངས། དྷ་ག་ནི་ས་ཏ་ཅེས་བྱ་བའི་ཆང་ཚོང་མའི་ཁྱིམ་དུ་ཉི་མ་གཏོད་ལ་མནན་སྟེ་ཡུལ་ཁམས་བཅོ་བརྒྱད་ཀྱི་ཆང་གསོལ། ལྷོ་ཕྱོགས་བི་མི་ས་རའི་དབང་ཕྱུག་གི་རྟེན་ལ་ཕྱག་བྱས་པས་བཞི་ཚལ་དུ་གས། སླར་བསྡུས་ནས་སྤྱི་བོར་ཐུགས་རྗེ་ཆེན་པོའི་རྡོ་སྐུ་བཞག །འཇོན་དམར་ལས་བྱས་པའི་དབང་ཕྱུག་གི་རྟེན་ཁྲུ་བརྒྱད་བཅུ་པ་ལ་རྡོག་པས་བསྣུན་སྟེ་ཁྲིད། ས་ཧཱ་ཛ་དེ་ཝི་ཞེས་བྱ་བ་རང་བྱུང་ཏྲཱི་ཤཱུ་ལ་ཙཎྜི་ཀའི་གཟུགས་དང་བཅས་པ་ཡོད་པར་མི་མང་པོ་བསད་ནས་སྲོག་གི་མཆོད་སྦྱིན་བྱེད་པ་དེ་ལ་ཐལ་མོ་བརྡབས་པས་ཏྲཱི་ཤཱུ་ལ་ཕྱེ་མར་བརླགས། ཙཎྜི་ཀའི་སྤྱི་བོ་ནས་ཐལ་མོ་བསྣུན་པས་མགོ་མགྲོན་པར་བྱིང༌། སླར་རྣ་བ་གཉིས་སྟེང་དུ་འཐེན་པས་རྣ་འཇུས་ལྷ་མོར་གྲགས། དེ་ཐམས་ཅད་ལ་སྲོག་གི་མཆོད་སྦྱིན་བྱེད་པ་རྣམས་ཟློག་སྟེ་མེ་ཏོག་དང་སྤོས་ལ་སོགས་པས་དཀོན་མཆོག་གི་མཆོད་པ་སྔོན་དུ་བྱེད་པ་ལ་བཀོད། ཀོ་མཁན་ཕྱིར་འབྲེངས་པ་དེ་ཌོཾ་བྷི་ཧེ་རུ་ཀར་གྲགས་ཤིང་ཤར་ཕྱོགས་ཀྱི་རྒྱལ་པོ་འདུལ་དུ་བཏང༌། ཁརྶ་(བ༤ན)


PTT001_Page_1404
[མ་དཔེ་གཟིགས་ན་འདིར་གནོན།]

པཱ་ཎ་རང་བྱུང་དུ་མུ་སྟེགས་བཏུལ་པའི་རྟོགས་པ་ཕུལ་བས། མུ་སྟེགས་ཀྱང་སེམས་ཅན་ཡིན་པས་སྙིང་རྗེ་སྐྱེད་ཅིག་གསུངས། ནུབ་ཕྱོགས་སཱ་བ་ནཱ་ཐ་ན་དབང་ཕྱུག་རང་བྱུང་གི་ལིངྒ་ལ་ཉིན་རེ་སྲོག་ཆགས་སྟོང་ཕྲག་གི་སྲོག་གི་མཆོད་སྦྱིན་བྱེད་པས་དེ་འདུལ་བ་ལ་བཀའ་གནང་བར་ཞུས་པས། འོ་ན་རྟེན་མ་བཤིག་པར་ཞི་བས་ཐུལ་ཞིག་གསུང་སྟེ་དེ་འདུལ་དུ་བྱོན་པས། དེས་སྲོག་གི་སྙིང་པོ་ཕུལ་སྟེ་དེར་ནང་པའི་གཙུག་ལག་ཁང་དགེ་འདུན་བརྒྱ་ཕྲག་དང་བཅས་པ་དང༌། སློབ་དཔོན་ཉིད་ཀྱང་རྟག་དུ་བཞུགས་པར་གསོལ་སྟེ་རྡོ་སྐུའི་རྣམ་པས་དེ་ཉིད་ན་བཞུགས་སྟེ་མཆོད་པ་བཞེས། རལ་པ་ཅན་ཕྱག་ཕྱིར་འབྲེངས་པ་དེ་ལ་བློ་ཅུང་ཟད་དམན་པའི་རྗེད་ཐོར་ལམ་འབྲས་རྡོ་རྗེའི་ཚིག་རྐང་གནང་སྟེ་ཤར་ཕྱོགས་སུ་བཏང༌། དེ་ནས་སློབ་དཔོན་ཌ་མ་རུ་པ། ཨ་ཝ་དྷཱུ་ཏི་བ། ག་ཡ་དྷ་ར་རྣམས་རིམ་པར་བརྒྱུད་ཅིང༌། འདིས་བོད་དུ་ལན་དུ་མ་བྱོན་པ་ལས་འབྲོག་མི་ལོ་ཙཱ་བ་ཤཱཀྱ་ཡེ་ཤེས་ཀྱིས་གསེར་སྲང་ལྔ་བརྒྱ་འབུལ་བར་བྱས་སྟེ་མྱུ་གུ་ལུང་དུ་ལོ་གཅིག་བཞུགས། གདམས་ངག་རྫོགས་པར་གནང༌། གསེར་སྲང་ལྔ་བརྒྱ་ཕུལ་བས་མཉེས་ནས་ཅི་འདོད་ཡང་ཡང་གསུང་བ་ན་ཆོས་འདི་བོད་དུ་གཞན་ལ་མི་གནང་བར་གཙིགས་བཟུང་ཕྱིས་ཀྱང་པཎྜི་ཏ་འཕོ་བ་མཛད་སྟེ་སྒོམ་ཆེན་ས་རོག་གི་སར་གཤེགས་སོ། །འབྲོག་མི་ལ་གཞུང་ཚར་བའི་སློབ་མ་མང་དུ་ཡོད་ཀྱང༌། མན་ངག་ཚར་བའི་སློབ་མ་ནི་ལྷ་བཙུན་ཀ་ལི་དང་འབྲོམ་དེ་བ་སྟོན་ཆུང་ལས་མཆེད་པ་མེད། སེ་སྟོན་ཀུན་རིག་གིས་བླ་ཆེན་གྱི་སྲས་ཨིནྡྲ་ལས་འབྲས་བུའི་སྐབས་རྩད་ཆོད་སྟེ་ཞུས་ཤིང་ཕྱིས་བླ་ཆེན་ཉིད་ཀྱིས་རྫོགས་པར་གནང་བས་ལམ་འབྲས་སུ་གྲགས་ལ། གཞན་ཡང་པདྨ་བཛྲའི་ལམ་ཀླུ་སྒྲུབ་ཀྱི་མཆོད་རྟེན་དྲུང་ཐོབ། ཌོཾ་བྷི་པའི་གཏུལ་མོ་ལས་རྫོགས་དབང་ཕྱུག་གི་ཡོན་པོ་སྲང་བ། ཕྱག་རྒྱ་ལམ་རྫོགས། རྟོགས་པའི་བསམ་མི་(བ༤བ)


PTT001_Page_1405
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱབ་ཕྱག་ཆེན་ཡི་གེ་མེད་པ། ནག་པོ་པའི་གཏུམ་མོ་སྟེ་ལམ་སྐོར་དགུར་གྲགས་སོ། །སེ་སྟོན་གྱི་མ་གཅིག་ཞ་མ་ལ་གསུངས་པ་འདི་མན་ངག་ཅུང་ཟད་མ་རྫོགས་པར་གྲགས་ཀྱང་ལུགས་འདི་ལ་ལམ་འབྲས་སྤྱི་ལ་མ་གྲགས་པའི་གནད་ཁྱད་པར་བ་འདུག་གོ །སེ་སྟོན་གྱིས་ཞང་སྟོན་སྐུ་མཆེད་ལ་གསུངས། ཞང་སྟོན་ཆོས་འབར་གྱི་སློབ་མ་ས་སྐྱ་པ་ཆེན་པོ་ཡིན་ནོ། །དེ་ཡང་མ་སངས་རུས་དགུ་ལས། གཉན་གཡའ་སྤང་སྐྱེས་ཀྱི་སྲས་སྲིན་པོ་དང་ཁོན་པའི་བར་དུ་སྐྱེས་པས་ཁོན་བར་སྐྱེས་སུ་གྲགས་པ་ནི་ཁོན་གྱི་གདུང་རབས་དང་པོའོ། །དེ་ནས་ཁོན་གྲགས་པ་ཅན་མང་དུ་བྱུང་བའི་སད་མི་མི་བདུན་ལས་ཁོན་ཀླུའི་དབང་པོ་བྱོན་ཞིང་དེའི་གཅུང་ཁོན་རྡོ་རྗེ་རིན་པོ་ཆེ་ནས་བརྒྱུད་པ་མང་ཡུལ་ལ་སོགས་པར་ཁོན་ཚོ་མང་དུ་ཆགས་པ་ལས། ཤབ་སྟོད་དུ་ཁོན་རོག་ཚ་ཤེས་རབ་ཚུལ་ཁྲིམས་དང་ཁོན་དཀོན་མཆོག་རྒྱལ་པོ་སྐུ་མཆེད་གཉིས་བྱུང་ཞིང་འདི་ཡན་གསང་སྔགས་རྙིང་མའི་ཕུར་པའི་ནུས་ལྡན་ཤ་སྟག་ཡིན་ལ། གཅེན་པོ་རྟག་དུ་སྐུ་མཚམས་མཛད་པས། གཅུང་དཀོན་མཆོག་རྒྱལ་པོས་འབྲོ་ཡི་གསོན་བཤིད་ཀྱི་གྲལ་དབུ་ལ་བྱོན་པ་འཁོར་བའི་ཚེ། སྤྱིར་ལྟས་མོ་མང་པོ་འདུག་ཞིང་ཁྱད་པར་དབང་ཕྱུག་མ་ཉེར་བརྒྱད་ཀྱི་མགོ་བརྙན་བྱས། མ་མོ་རལ་པ་ཅན་གྱི་འཕྱམ་སྟབས་དང་བསྟུན་སྟེ་སྔགས་པ་མང་པོས་འཕྱམས་པས་ཁྲོམ་ཐོག་ཆོད་སོང་ཞུས་པས། གཅེན་གི་ཞལ་ནས་བུ་མ་བཟང་གསང་སྔགས་འཆོལ་བ་བྱ་བ་ཡིན། ད་རྙིང་མ་ལ་གྲུབ་ཐོབ་མི་ཡོང༌། ང་རང་གི་རྣམས་གཏེར་དུ་སྦེད་པ་ཡིན་གསུངས་ནས་ཡབ་མེས་ཀྱི་ཕྱག་དཔེ་དང་ཕུར་ཆ་སོགས་གཏེར་དུ་སྦས། ཡང་ཁུ་ལྡོག་བྱུང་བས་ཕུར་ཆ་ཅིག་གཏེར་ནས་བཏོན་སྟེ་དུས་གཏོར་གི་ཆོ་ག་ཙམ་མཛད། ཁྱོད་རང་འབྲོག་མི་ལོ་ཙཱ་ལ་གསང་སྔགས་སར་འགྱུར་ཟབ་མོ་ཡོད་འདུག་པ་ཞུས་ཤོག་གསུང་སྟེ་མྱུ་གུ་ལུང་དུ་བྱོན། རྒྱུད་(བ༥ན)


PTT001_Page_1406
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གསན་སྟེ་གཞུང་ཚར་བར་མཛད། ཕྱིས་དབོན་པོ་རིའི་འགྲམ་ན་ས་དཀར་ཞིང་སྣུམ་པ་ཆུ་གཡས་སུ་འབབས་པ་སོགས་དགེ་མཚན་ཅན་གཟིགས་ནས། སའི་བདག་པོ་ལྷ་མི་གྲོང་བདུན་དུ་གྲགས་པ་ལས་ཉོས་སྟེ་དགུང་ལོ་བཞི་བཅུ་པ་ཆུ་མོ་གླང་གི་ལོ་ལ་ས་སྐྱ་བཏབ། རེ་དགུ་པ་ཆུ་ཕོ་རྟ་ལོ་ལ་གཤེགས། དེའི་བཙུན་མོ་རྡོ་རྗེ་ཕྱུག་མོ་ལ་སྲས་མི་མངའ། ཟུར་དུ་ཇོ་མོ་ཞང་མོ་བྱ་བ་ལ་ས་ཆེན་ཀུན་དགའ་སྙིང་པོ་ཆུ་སྤྲེ་ལ་འཁྲུངས། ཉིད་ཀྱི་གདུང་བརྒྱུད་འདི་ཆད་དུ་ཕངས་པ་ཡིན་ཟེར་ནས་བཙུན་མོས་ཀྱང་ཡོ་བྱད་ཐམས་ཅད་ཕུལ། སྲས་ཀྱིས་བཅུ་གཅིག་བཞེས་པའི་ཚེ་བ་རི་ལོ་ཙཱ་བ་གདན་སར་བསྐོས། དགུང་ལོ་བཅུ་གཉིས་པ་ལ་རོང་ངུར་མིག་དུ་བྲང་ཏི་ལ་མངོན་པ་གསན། དེའི་ཚེ་ཐོར་པ་བསྙུང་བས་ཡུམ་གྱིས་བྱོན་པ་ན་རྡོ་ལ་ཡུམ་སྲས་གཉིས་ཀའི་ཞབས་རྗེས་བྱུང༌། བ་རི་བའི་ཆོས་སྐོར་རྣམས་གསན་ཞིང་དབུ་ཚད་ལ་སོགས་པ་སྦྱངས། དགུང་ལོ་ཉི་ཤུ་ནས་རེ་བདུན་གྱི་བར་གདན་ས་མཛད་སྟེ་ས་ཕོ་རྟ་ལོ་ལ་གཤེགས། དེ་ལ་སྲས་བཞིའི་ཀུན་དགའ་འབར་མཁས་པར་བྱོན་ཡང་རྒྱ་གར་དུ་གཤེགས། གཉིས་པ་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་ཆུ་ཕོ་ཁྱི་ལོ་ལ་འཁྲུངས། ས་སྐྱ་པའི་ཞལ་ངོ་ལ་སྡེ་སྣོད་ལ་འདི་ཁོ་ན་མཁས་པར་གྲགས། ཞེ་གཅིག་ཆུ་སྟག་ལ་གཤེགས། དེའི་གཅུང་རྗེ་བཙུན་གྲགས་པ་རྒྱལ་མཚན་ཡབ་དགུང་ལོ་ང་དྲུག་བཞེས་པའི་མེ་ཡོས་ལ་འཁྲུངས། དབུ་རྩི་རྙིང་མ་བཞེངས། དགུང་ལོ་ཉེར་དྲུག་ནས་གདན་ས་མཛད་སྟེ་བདུན་བཅུ་པ་མེ་བྱི་ལ་གཤེགས། རྗེ་ས་ཆེན་དགེ་བསྙེན་གཏན་ཁྲིམས་ལྔ་པ་དང༌། རྗེ་བཙུན་སྐུ་མཆེད་ཚངས་སྤྱོད་ཀྱི་དགེ་བསྙེན་དུ་བཞུགས་པས་དཀར་པོ་རྣམ་གསུམ་དུ་གྲགས། གཅུང་དཔལ་ཆེན་འོད་པོ་ནི་ཡབ་ཀྱི་ང་དགུ་པ་ལྕགས་རྟ་ལ་(བ༥བ)


PTT001_Page_1407
[མ་དཔེ་གཟིགས་ན་འདིར་གནོན།]

འཁྲུངས། ང་བཞི་པ་ཆུ་ཕག་ལ་གཤེགས། འདིའི་སྲས་ཆོས་རྗེ་པ་སྐུ་མཆེད་གཉིས་ཀྱི་ཆོས་རྗེ་པ་ནི་མ་གཅིག་རེ་ལྕམ་ལས་ཡབ་ཀྱི་སོ་གསུམ་པ་ཆུ་ཕོ་སྟག་ལ་འཁྲུངས། གསུང་བྱེ་བ་ནས་སང་ཀྲི་ཏའི་སྐད་སྨྲ་བ་བྱུང༌། མཚན་དཔེ་ཚང༌། གཞན་གྱིས་འཇམ་དབྱངས་སུ་མཐོང་བ་དུ་མ་བྱུང༌། ཆོས་ཐམས་ཅད་ཚར་རེས་མཁྱེན་པར་གྲགས། པཎ་ཆེན་ཤཱཀ་ཤྲཱི་ལ་བསྙེན་རྫོགས་མཛད། གཞི་ཐོག་གཟིམས་ཁང་བཏབ། ཧོར་གྱི་ལུང་ཐོག་མ་བོད་ལ་རྒྱུག་པའི་དུས་རྗེ་སྤྱན་སྔ་བླ་མཆོད་ལ་སྤྱན་དྲངས་པ་ན། རྗེ་ས་པཎ་སྤྱན་འདྲེན་པར་ཐབས་ཀྱིས་བསྐུལ་སྟེ་མི་ཉག་བྱང་ངོས་ཀྱི་རྒྱལ་བུ་གོ་དན་ལ་བསྙུན་འཛེ་བྱུང་བ་སེལ་བའི་ཕྱིར་རྗེ་བཙུན་ས་པཎ་སྤྱན་འདྲེན་བྱུང་བ་ན། འབྲི་ཁུང་ནས་ཀྱང་ནན་གྱིས་བོད་སྤྱིའི་དོན་དུ་ཐེགས་དགོས་པར་ཞུས་སྟེ་སྔོན་རྗེ་བཙུན་གྲགས་པའི་གསུངས་ནས་མ་འོངས་པ་བྱང་ཕྱོགས་ན་ཞྭ་མོ་ཁྲ་འདྲ་བ། ལྷམ་ཕག་སྣ་འདྲ་བ་གྱོན་པ། སྐད་རིགས་མི་གཅིག་པའི་གདན་འདྲེན་འབྱུང་བས་དེར་སོང་དང་བསྟན་པ་ལ་ཕན་ཞེས་གསུངས་པའི་ལུང་བསྟན་དང་དུས་མཚུངས་སྟེ་ཆོས་རྗེ་ཉིད་དྲུག་བཅུ་རྩ་གསུམ་དང་དབོན་པོ་འཕགས་པ་དགུང་ལོ་བཅུ་དང་ཕྱག་ན་དགུང་ལོ་དྲུག་བཞེས་པ་ཤིང་ཕོ་འབྲུག་གི་ལོ་ལ་ཁུ་དབོན་གསུམ་ས་སྐྱ་ནས་བཏེག །འབྲིང་ཁུང་ནས་རྫོང་བ་ཕུལ་སྟེ་བྱོན། རྟ་ལོ་ལ་བྱང་ངོས་སུ་ཕེབས། གོ་ཡུག་རྒྱལ་པོ་རྒྱལ་སར་བཏོན་པ་ལ། གོ་དན་གྱིས་ཕྱག་འབུལ་འཁོར་བ་དང་ལུག་ལོ་ལ་མཇལ། གནམ་མཆོད་པའི་རྒན་མགོ་ཐོབ། དགུང་ལོ་བདུན་བཅུ་པ་ལྕགས་ཕག་ལ་བྱང་ངོས་སུ་གཤེགས་སྟེ་ངོ་མཚར་ཆེར་བྱུང༌། རྗེ་ས་པཎ་གྱི་གཅུང་པོ་བཟང་ཚ་བསོད་ནམ་རྒྱལ་མཚན་ནི་ཡབ་ཀྱི་སོ་ལྔ་པ་ཤིང་འབྲུག་ལ་འཁྲུངས། སྐུའི་སྟོབས་ཆེ་བས་གྱད་ཀྱིས་མི་ཐུབ་པར་གྲགས། ཆོས་སྐྱོང་ལྕམ་དྲལ་བྲན་དུ་འཁོལ། ལྕགས་(བ༦ན)


PTT001_Page_1408
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་ཆེན་པོ་ཡང་འདིས་མཛད། ང་དྲུག་པ་ས་ཕག་ལ་གཤེགས། དེ་ལ་སྲས་བཞི་ལས་འཕགས་པ་རིན་པོ་ཆེ་ནི་ཡབ་ཀྱི་དགུང་ལོ་ང་གཉིས་པ་ཤིང་འབྲུག་ལ་འཁྲུངས། རྗེ་ས་པཎ་ཇོ་བོ་ཤཱཀྱ་མགོན་གྱིས་སྤྱན་དྲངས་ནས་ཡར་ལུང་སྨོན་གྲོ་ན་ཆོས་གསུང་དུས་གཏམ་སྙན་སླེབས་པས་དེ་ལ་གཞན་ལས་འཕགས་པ་ཅིག་ཡོང་བར་འདུག་ཞེས་འཕགས་པ་ལུག་སྐྱེས་སུ་བཏགས། ཐང་པོ་ཆེར་གཏོར་མ་བཙུགས་ལོ་བཅུ་པ་ལ་ཟུལ་ཕུར་ཆོས་བྱང་ན་ཟ་ཕྲེང་གསོལ་ལ་སློབ་དཔོན་ཞུས་སྟེ་དགེ་ཚུལ་མཛད། དགུང་ལོ་བཅུ་དགུ་པ་གླང་གི་ལོ་ལ་གོ་དན་གྱི་ཕྱགས་ཕྱིར་བྱོན་པས་ལོ་བེ་ལ་རྒྱལ་བུ་མཉེས་སྟེ་བཞུགས་པར་ཞུས་ནས་རྒྱལ་བུའི་བླ་མ་མཛད། དགུང་ལོ་ཉེར་གཅིག་པ་ཤིང་ཡོས་ལ་རྒྱ་ཧོར་གྱི་མཚམ་ཐེ་ལེ་ཞེས་བྱ་བར་མཁན་པོ་གྲགས་པ་སེང་གེ་སློབ་དཔོན་བྱང་ཐང་པ་སོགས་ལས་བསྙེན་པར་རྫོགས། དགུང་ལོ་ཉེར་དྲུག་པ་ལྕགས་སྤྲེ་ལ་སེ་ཆེན་རྒྱལ་སར་ཐོན་སྟེ་རྒྱལ་པོའི་བླ་མར་གྱུར། ཤིང་གླང་སུམ་བཅུ་རྩ་གཅིག་པ་ལ་དབུས་གཙང་ལ་བྱོན། གྱེར་ལྷ་ཁང་དུ་ཕེབས་དུས་མི་ལ་ཉེ་གནས་གོ་ཆོད་བྱུང་འདུག་སྟེ་གསུངས་པས། དབོན་ཆེན་ཤཱཀྱ་བཟང་པོས་ཐོས་ནས་དེ་མ་ཐག་ལྕགས་རིའི་ཚད་བླངས་སྟེ། ས་སྐྱ་ལྷ་ཁང་ཆེན་མོའི་རྒྱ་མཐོངས་ཀྱི་ཚད་དུ་བྱས། ཙོང་དང་རམ་པ་དང་དབྱི་མོང་སོགས་ཀ་བ་ཁྱད་པར་ཅན་སྣ་ཚོགས་པ་བསླངས། ཁོང་རང་ཐོག་མ་ཕུག་པར་འདས་ཀྱང་ཀུན་དགའ་བཟང་པོ་དཔོན་ཆེན་དུ་བསྐོས་པ་ལས་ལྷ་ཁང་ཆེན་མོ་རྫོགས་པ་བྱས། སྟག་ལོ་ལ་ཆུ་མིག་ཆོས་འཁོར་མཛད། ཡོས་ལོ་ལ་སླར་ཧོར་ཡུལ་ལ་བྱོན། ལྕགས་རྟ་ལ་ཧོར་ཡིག་སར་མཛད། ཞེ་གསུམ་པ་མེ་གླང་ལ་ས་སྐྱར་ཕེབས་སྟེ་ཞེ་དྲུག་པ་ལྕགས་འབྲུག་ལ་གཤེགས། (བ༦བ)


PTT001_Page_1409
[མ་དཔེ་གཟིགས་ན་འདིར་གནོན།]

དེའི་གཅུང་འགྲོ་མགོན་ཕྱག་ན་རྡོ་རྗེ་ནི་ཕྱག་རྡོར་གྱི་སྤྲུལ་པར་གྲགས། ཉེར་དགུ་པ་མེ་ཡོས་ལ་གཤེགས། འདིའི་སྲས་དྷརྨ་པཱ་ལ་རཀྵི་ཏ་ལྟེ་བར་དུ་འཁྲུངས། ལོ་ཉི་ཤུ་བཞུགས་པ་དེས་ཀྱང་འཕགས་པ་རིན་པོ་ཆེའི་གདུང་བཞུགས་པའི་ཤེལ་གྱི་མཆོད་རྟེན་ཆེན་པོ་དང་མེ་ཏོག་ར་བའི་སྡེ་མཛད། སློབ་དཔོན་རིན་ཆེན་རྒྱལ་མཚན་དང་སློབ་དཔོན་ཡེ་ཤེས་འབྱུང་གནས་གཉིས་ཡབ་ཟངས་ཚས་ང་ལྔ་གཞེས་པའི་ས་ཁྱི་ལ་འཁྲུངས། ཡེ་འབྱུང་གི་སྲས་ཁོན་དག་ཉིད་ཆེན་པོ་ཡིན་ལ་འདི་ནས་གདུང་བརྒྱུད་མང་བར་འཕེལ་བ་ཡིན་ནོ། །ཁྱད་པར་དུ་ཞ་ལུ་མ་མ་གཅིག་གཞོན་ནུ་འབུམ་ལས་དཔལ་ལྡན་བླ་མ་སྐུ་མཆེད་གསུམ་འཁྲུངས་ཅིང༌། དཔལ་ལྡན་ས་སྐྱ་པའི་བསྟན་པའི་བདག་པོ་མཛད་ལ། ཏའི་དབེན་ཆོས་ཀྱི་རྒྱལ་མཚན་གྱི་སྲས་ཀུན་དགའ་བཀྲ་ཤིས་ཀྱིས། ཏའི་མིང་རྒྱལ་པོའི་བླ་མ་མཛད། ཐེག་ཆེན་ཆོས་རྒྱལ་དུ་མཚན་གསོལ། དེ་ཕྱིན་དུའང་གདུང་བརྒྱུད་ཀྱི་ཞལ་ངོ་ལས་བསྟན་པ་གསལ་བར་མཛད་པ་དུ་མ་བྱུང་ཞིང་ཕྱི་དུས་མཁས་པ་གཡག་རོང་གཉིས་ཀྱིས་མཚན་ཉིད་ཀྱི་བཤད་གྲ་དུ་མ་དར་བར་མཛད་པ་དང༌། ངོར་པ་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་དང༌། མཐུ་སྟོབས་ཀྱི་དབང་ཕྱུག་གོང་དཀར་རྡོ་རྗེ་གདན་པ་ཀུན་དགའ་རྣམ་རྒྱལ་གྱིས་གསང་སྔགས་ཀྱི་བསྟན་པ་དར་བར་མཛད་དོ། །ཆོས་རྗེས་ཁུ་དབོན་གྱི་སློབ་མ་ཤར་ནུབ་གུང་གསུམ་ཞེས་གྲགས་པའི་ས་སྐྱ་བླ་བྲང་ཤར་པ་ནི་ཡོན་བདག་ཆེན་པོ་རྗེ་བཙུན་སྐྱབས་ཀྱིས་བླ་བྲང་ཤར་བཟུང་སྟེ་སྲས་བརྒྱུད་ཤར་པ་ཤར་འབྱུང་རྡོ་རྗེ་འོད་ཟེར། འོད་ཟེར་འཕན་སོགས་རྒྱལ་པོའི་ཏི་ཤྲི་མཛད་པའང་མང་དུ་བྱུང་ངོ། །ནུབ་པའི་ཐོག་མ་འུ་ཡུག་པ་བསོད་ནམས་སེང་གེ་དེ་ནས་དེའི་དབོན་བརྒྱུད་བླ་མ་ཀུན་སྨོན་ལ་སོགས་པའོ། །གུང་པའི་ཐོག་མ་སྐྱོ་སྟོན་དྲི་མེད་བླ་མ་དར་ཡོས་སོགས་སློབ་བརྒྱུད་ཀྱིས་བཟུང་བའོ། །བླ་མ་གྲགས་པ་འོད་ཟེར་ཞེས་པ་འཕགས་པ་རིན་པོ་(བ༧ན)


PTT001_Page_1410
[མ་དཔེ་གཟིགས་ན་འདིར་གནོན།]

ཆེའི་དཀོན་གཉེར་གྱི་རྒན་པ་དང་ཏི་ཤྲི་མཛད་པའི་གདུང་བརྒྱུད་ལ་ས་སྐྱ་ཁང་སར་ཆེན་མོ་བ་བྱུང་ངོ༌། །ཆོས་རྗེ་པ་ཧོར་ཡུལ་ལ་འབྱོན་དུས་དཔོན་ཆེན་ཤཱཀྱ་བཟང་པོ་བསྐོས་སྟེ་དགེ་བཤེས་ཐམས་ཅད་ཕྱག་འཚལ་དུ་བཅུག །ཕྱིས་སེ་ཆེན་གྱི་དུས་བོད་ཆོལ་ཁ་གསུམ་ཤེས་པའི་ལུང་བྱུང༌། དེ་ནས་དཔོན་ཆེན་ཀུན་དགའ་བཟང་པོ་འདིས་རིན་ཆེན་སྒང་བཏབ། འདི་ལ་བླ་མའི་བཀའ་བཀྱོན་བྱུང་སྟེ་ཕྱིས་ཧོར་དམག་གིས་བསད། དེ་ནས་དཔོན་ཆེན་ཞང་བཙུན་ཕྱུག་པོ་སྒང་དཀར་བྱང་རིན་ཀུན་གཞོན་རྣམས་རིམ་པར་བསྐོས། དཔོན་ཆེན་གཞོན་དབང་བྱང་རྡོར་ཨག་ལེན་འདིས་ས་སྐྱའི་ལྕགས་རི་ཕྱི་མ་དང༌། དབོན་པོ་རིའི་ལྕགས་རི་དང༌། ཁང་སར་གླིང་བྱས། འདི་གསུམ་གྱི་རིང་ས་འབྲི་འཐབས། ཨག་ལེན་གྱིས་འབྲི་ཁུང་གླིང་ལོག་བྱས། དེ་ཕྱིན་ཀྱང་དཔོན་ཆེན་གྱི་མིང་མང་དུ་བྱུང་ལ་དཔོན་ཆེན་དབང་བརྩོན་གྱིས་ཡར་ལུངས་ཏི་སའི་སྟེང་དུ་དམག་ལན་མང་དུ་དྲང་ཀྱང་མ་ཐུབ་པར་དབུས་ཤོར། དཔོན་ཆེན་རྒྱལ་བཟང་བཙོན་དུ་བཟུང་བས་ཏི་སིའི་དམག་གྱིས་བསྡིགས་སྟེ་བཏོན་ནས་གཙང་ཡང་ཕལ་ཆེར་ཤོར། འདི་ཡན་དུ་སྤྱིར་དཔོན་ཆེན་ལ་བོད་ཤེས་པའི་ལུང་བྱིན་པ་འགའ་ཡར་བྱུང་ཞིང་ཧོར་གྱི་རྒྱལ་བུ་ཐི་མུར་ཤོ་ཀ་སོགས་བོད་ཀྱི་དཔོན་ལ་བསྐོ་ཞིང༌། དབྱར་བྱང་དུ་རི་ཤེ་བ་བྱེད། དགུན་དབུས་གཙང་ལ་སྡོད། ཁྲི་སྐོར་ཐམས་ཅད་ལ་ཁ་དས་ཁྱབ་པར་བྱེད་པར་འདུག་ལ། ས་ཧོར་འདུན་མ་གཅིག་པའི་ཚུལ་གྱིས་ནང་ཚན་དུ་ས་སྐྱ་བཞི་ཐོག་ནས་ལོ་ཉེར་ལྔ༌། ཤར་པས་ཉེར་ལྔ། ཁང་སར་ཆེན་མོ་བས་ཉེར་ལྔ་སྟེ་ལོ་དོན་ལྔ་བདག་པོ་བྱས་པར་སྣང་ངོ༌། །རྒྱས་པར་ནི་མི་ཉག་གི་ཆོས་བྱུང་ལས་ཤེས་པར་བྱའོ། །ལམ་འབྲས་ཀྱི་ཆོས་ལས་འཕྲོས་པ་དཔལ་ལྡན་ས་སྐྱ་པའི་སྐབས་སོ། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ཞེས་བྱ་ནི། མ་གཅིག་ལབས་ཀྱི་སྒྲོན་མ་ནས་གྲགས་པ་སྟེ་དེ་ཡང་དགག་པའི་(བ༧བ)


PTT001_Page_1411
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲར་སྦྱར་ན་ཤེར་ཕྱིན་བདུད་ཀྱི་ལེའུ་ནས་བཤད་པའི་བདུད་ཀྱི་ལས་ཐམས་ཅད་ཐོགས་བཅས་ཐོགས་མེད། དགའ་བྲོད་སྙེམས་བྱེད་སྟེ་བདུད་བཞིར་བསྡུས་ནས་བསྙེམས་ཐག་ཐམས་ཅད་ཐད་ཀར་གཅོད་པའི་ཕྱིར་གཅོད་ཀྱི་མན་ངག་ཞེས་བྱ་ལ་སྒྲུབ་པའི་སྒྲར་སྦྱར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྤྱོད་པ་ཕ་རོལ་དུ་ཕྱིན་པ་དྲུག་གཅིག་དུ་བསྡུས་པ་སྟོན་པའི་ཕྱིར་སྤྱོད་ཡུལ་ཞེས་ཀྱང་བྱ་སྟེ། མདོ་ལས། རྒྱུ་རྣམ་བཞི་ཡིས་བྱང་ཆུབ་སེམས་དཔའ་མཁས་སྟོབས་ལྡན། །བདུད་བཞིས་ཐུབ་པར་དཀའ་ཞིང་བསྐྱོད་པར་མི་ནུས་སྟེ། སྟོང་པར་གནས་ཅིང་སེམས་ཅན་ཡོངས་སུ་མི་གཏོང་དང༌། །ཇི་སྐད་སྨྲས་བཞིན་བྱེད་དང་བདེ་གཤེགས་བྱིན་རླབས་ཅན། །ཞེས་གསུངས་སོ། །དེ་ཡང་ཡུམ་ཆེན་མོ་ཤེས་རབ་གྱི་ཕ་རོལ་དུ་ཕྱིན་པ་མི་མོའི་རྣམ་པར་བསྟན་པ་དེ་ནི། ཡུལ་གཡེའི་ལབས། གྲོང་ཚོ་མེར་མོར། ཡབ་ཁེར་གར་ཆོས་བླ་དང་ཡུམ་སླུངས་མོ་འབུམ་ལྕམ་གྱི་སྲས་མོར་འཁྲུངས། མཚན་ལབས་ཀྱི་སྒྲོན་མར་གྲགས། གཞོན་ནུ་ནས་འབུམ་ནས་ཡི་གེ་གཅིག་མའི་བར་གྱི་ཕར་ཕྱིན་ཐམས་ཅད་མཁས་པར་བསླབས། གྲ་པ་མངོན་ཤེས་ཀྱི་ཀློག་མཁན་མཛད་སྟེ་ཉི་ཁྲི་ལྕགས་གཟེར་ཅན་བྱ་བ་ལ་བརྒྱ་ཚར་མཛད་པས་སེམས་ལ་སེམས་མ་མཆིས་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ། །ཞེས་པ་ལ་བསྟེན་ནས་སེམས་ཀྱི་ཕུ་ཐག་ཆོད། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཇི་ལྟ་བར་རྟོགས། གཅོད་ཀྱི་མན་ངག་ཐུགས་ལ་ཤར་སྟེ་མི་མ་ཡིན་ཐམས་ཅད་ཀྱི་དོན་མཛད། ཕ་དམ་པ་དང་ཡང་མཇལ་སྟེ་མ་ཇོ་མཆོད་གནས་མ་དང་སྙིང་གཏམ་ཚིག་གཅིག་ལས་མ་བྱས་མོ་རྒོད་མོ་ཡིན་གསུངས། ཕ་དམ་པའི་སློབ་མ་སྐྱོ་སྟོན་བསོད་ནམས་བླ་མ་ལས་དབང་གི་ཡེ་ཤེས་སྐྱེས། གནས་རི་ཁྲོད་ངེས་མེད་དང་ཁྱད་པར་ཟངས་རི་ཁང་དམར་ཀྱི་ཕུག་པར་ཡུན་རིང་དུ་(བ༨ན)


PTT001_Page_1412
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས། ནད་གདོན་གྱིས་ཉེན་པ་དང་སྐལ་པ་དང་ལྡན་པའི་འཁོར་བཟང་ངན་བར་མ་མཐའ་ཡས་པ་བྱུང༌། དགུང་ལོ་དགུ་བཅུ་རྩ་ལྔའི་བར་དུ་བཞུགས། གཅོད་ཀྱི་མན་ངག་གིས་བོད་ཡུལ་ཐམས་ཅད་ཁྱབ་ཀྱང་གཙོ་བོར་སྲས་རྒྱུད་དང་སློབ་རྒྱུད་གཉིས་སུ་འདུས་སྟེ། སློབ་རྒྱུད་ནི་ཁུ་སྒོམ་ཆོས་སེང་དང་ཚོང་སྡེ་ངག་གི་དབང་ཕྱུག་སོགས་ནས་བརྒྱུད་ནས་རྒྱ་ཆེར་འཕེལ་ལ། སྲས་རྒྱུད་ལ་སྲས་སྙིང་པོ་གྲུབ་པ་ནི་ཡུན་རིང་དུ་ཆོས་ལ་མ་ཚུད་པར་ཡུལ་བའི་ར་ཁོ་ན་རྐུ་བར་དགྲ་གྲུབ་པར་གྲགས་པ་ཅིག་བྱུང་སྟེ། ནམ་ཞིག་སྔགས་པའི་མཐུས་འཇིགས་ནས་ཡུམ་གྱི་སར་བྱོན་ཡང༌། ཡུམ་གྱིས་ཁྱོད་འཆིར་འཇུག་དགོས་གསུངས་ནས་བྲོས་ཀྱང་དགོངས་མོ་ཡུམ་སྲས་འཛོམ་པས་ཁྱོད་ཀྱང་སྐལ་མེད་དུ་མི་འདུག་གསུངས་ནས་གདམས་པ་གནང༌། སྔགས་པའི་གཏོར་སྟེགས་འོག་དུ་ཉལ་གཏོར་ཟན་ཟོས་ཤིང་བཅད་པས་སྔགས་པ་རྣམས་ལ་མཐུ་ལོག་དགུང་ལོ་ཉེར་གཉིས་པ་ལ་ཆོས་སྒོར་ཚུད། དེ་ནས་བསྒོམས་པས་ཆོས་ཉིད་ཀྱི་དོན་རྟོགས་སྟེ། དང་པོར་ལུས་སེམས་བསྐྱེད་པའི་མ། །བར་དུ་ཟང་ཟིང་འབོགས་པའི་མ། །ཐ་མར་སེམས་ངོ་སྤྲོད་པའི་མ། །མ་དྲིན་མོ་ཆེ་ལ་ཕྱག་འཚལ་ལོ། །ཞེས་མོས་གུས་ཁྱད་པར་ཅན་སྐྱེས་སྟེ་བཅོས་མ་ཐམས་ཅད་བྲལ་བའི་ཞིག་པོར་གཡེ་ཆུང་གླང་ལུང་གི་དགོན་པར་བཞུགས་སྟེ་འགྲོ་དོན་མཐའ་ཡས་ཤིང་དགུང་ལོ་བརྒྱད་བཅུ་རྩ་དགུ་བཞུགས་སོ། །འདི་ལ་སྲས་ཚེ་དབང༌། ཁུ་བྱུག་རྣལ་འབྱོར་གྲགས་སྟེ་སྔ་བུ་གསུམ། ཁམ་བུ་ཡ་ལེ་ནི་ཕྱིས་བུའོ། །ཚེ་དབང་ལ་སྲས་གསུམ་སྟེ། རྒྱལ་བ་སྟོན་བཟུང༌། ཐོས་སྨྱོན་བསམ་གྲུབ། སྐྱེ་མེད་འོད་གསལ་ཁམ་བུ་ཡ་ལེ་དང་འདི་ཐམས་ཅད་མ་གཅིག་དང༌། ཡབ་དང༌། མེས་པོ་ལས་གདམས་ངག་རྫོགས་ཀྱང་མ་གཅིག་ཉིད་ཀྱི་དངོས་སློབ་ཏུ་བྱེད་དོ། །ཐོས་སྨྱོན་བསམ་གྲུབ་ཀྱིས་ཤམ་བུའི་གངས་ལ་(བ༨བ)


PTT001_Page_1413
[མ་དཔེ་གཟིགས་ན་འདིར་གནོན།]

གཅེར་ཉལ་བྱས་པས་གངས་ཞུ་ནས་གཏིང་རིང་པོར་སོང་བ་ལ་གཞན་གྱིས་ཕྱུགས་ཀྱི་རྔ་མ་དོང་དུ་འཕངས་པ་ལ་གོས་སྟན་དང་ཞྭ་མཛད་པས་གངས་པར་གྲགས་ཤིང་ཞྭ་ནག་གི་སྲོལ་བྱུང༌། ཕྱིས་ཡུལ་ཐམས་ཅད་ལ་རི་རྒྱ་ཀླུང་རྒྱ་ལམ་རྒྱ་མཛད། ལུག་རྫི་ཁོ་ནའང་དོང་ཐོགས་སྟོང་ཡོད་པར་གྲགས་པས་ལོངས་སྤྱོད་རབ་ཏུ་གྱུར། མགྲོན་ཁང་དེར་ཟས་སྐོམ་གྱི་ཚུལ་སོགས་མང་དུ་བཙུགས། སློབ་མ་གྲུབ་ཐོབ་ཕོ་མོ་མཐའ་ཡས་པ་བྱོན། སྲས་རྒྱུད་གངས་པ་རྒྱ་ཡན་དང་དེའི་སྲས་གངས་པ་ལྷུན་གྲུབ། དེའི་སྲས་སངས་རྒྱས་བསྟན་སྲུང་སོགས་རིམ་པར་བྱུང་ཞིང༌། སྲས་གྲུབ་པ་ལ་ཡུམ་གྱིས་རྒྱལ་བ་དོན་གྲུབ་ཏུ་བཏགས་པས་དེའམ་ཁམ་བུ་ཡ་ལེ་ནས་བརྒྱུད་པ་ནི་སྲས་རྒྱུད་ཅེས་བྱའོ། །ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་མན་ངག་གཅོད་ཡུལ་གྱིས་སྐབས་སོ།། །།རྒྱ་མཚོའི་བར་དུ་ཁྱབ་པའི་ཤིན་དུ་འཕྲིན་ལས་ཆེ་བ་ཤངས་པ་བཀའ་རྒྱུད་ནི། གྲུབ་ཐོབ་ཁྱུང་པོ་རྣལ་འབྱོར་ནས་གྲགས་པ་སྟེ། དེ་ནི་རུ་མཚམས་ཀྱི་ཡུལ་སྙེ་མོར་མང་དུ་འཁྲུངས། གདུང་ཁྱུང་པོ་ཡབ་སྟག་སྐྱེས། ཡུམ་མགོ་ས་བཟའ་བཀྲ་ཤིས་སྐྱིད་ལས་ས་ཕོ་སྟག་གི་ལོ་ལ་འཁྲུངས། དེ་མ་ཐག་རྒྱ་གར་གྱི་གྲུབ་ཆེན་ཨ་མོ་གྷ་བྱོན་སྟེ། འདི་ནི་སྤྲུལ་པའི་སྐུ་སྟེ་པཎ་གྲུབ་ཐམས་ཅད་ཀྱི་ཐུགས་བཅུད་བསྡུ་ནས་སེམས་ཅན་སྨིན་གྲོལ་དུ་བྱེད་ཅིང་རྒྱུད་སྡེ་བཞིའི་ལྷ་དང་དབྱེར་མེད་པར་སྟོན་ནོ་ཞེས་ལུང་བསྟན། ལོ་བཅུ་ནས་ཡིག་རྩིས་མཁས་པར་ཤེས། བཅུ་གཉིས་ནས་བོན་ལ་སྦྱངས་སྟེ་བོན་ཕྱི་ནང་ཐམས་ཅད་མཁས་པར་མཁྱེན་ནས་བོན་གྱི་སློབ་མ་ཀ་པ་ལི་འགྲེམས་པ་བདུན་བརྒྱ་ཙམ་བྱུང་ཞིང་གྲུབ་ཐོབ་རྩོད་མེད་དུ་གྲགས། བོན་ལ་མ་མཉེས་ནས་རྫོགས་ཆེན་གསན་སྟེ་མཁས་པར་གྱུར་ནས་སློབ་མ་མཐའ་ཡས་པ་འདུས། དེ་ལ་ཡང་སྤྱོད་པས་མ་ཟིན་པར་དགོངས་ནས་སྐོར་ནི་རུ་བ་ལས་ཨ་མ་ན་སེའི་མན་ངག་གསན། ང་ལ་ཡུངས་(བ༩ན)


PTT001_Page_1415
[མ་དཔེ་གཟིགས་ན་འདིར་གནོན།]

ཀར་བྲེ་དྲུག་གི་གྲངས་དང་མཉམ་པའི་སློབ་མ་ཡོད་ཀྱང་ཆོས་མ་ལུས་རྫོགས་པ་ཁྱོད་ལས་མེད་ཏོ་གསུངས། ད་ནི་རྒྱ་གར་དུ་འགྲོ་དགོས་དགོངས་ནས་གསེར་མང་པོ་བསྣམས་སྟེ་བླ་མ་རྡོ་རྗེ་གདན་པ་ཆེན་པོ་དང་མཇལ་ནས་བསྙེན་རྫོགས་སོགས་གནང་བར་ཞུས་པས། བདག་སོགས་རྒྱ་གར་མཁས་རྣམས་ཀྱིས། །ཁྱོད་ཀྱི་མཁན་པོ་བྱེད་མི་ནུས། །བྱང་ཕྱོགས་ཁ་བ་ཅན་ལྗོངས་ན། །གླང་རི་འོད་ལྡན་གསེར་མདོག་ཅན། །སངས་རྒྱས་སྣང་བ་མཐའ་ཡས་ཀྱི། །སྤྲུལ་པ་བཞུགས་གྱིས་དེར་སོང་ལ། །བསྙེན་པར་རྫོགས་པའི་མཁན་པོ་ཞུས། །འདུལ་བ་ཕར་ཕྱིན་གསང་སྔགས་རྣམས། །ཇི་ལྟར་འདོད་བཞིན་བསྟན་པར་བྱའོ། །གསུངས་ནས་རབ་བྱུང་གི་མཁན་པོ་མཛད། མཚན་ཚུལ་ཁྲིམས་མགོན་དུ་བཏགས་པས་བླ་མ་ཤངས་ཁྲག་བྱུང་སྟེ་ཁྱུང་པོ་རྣལ་འབྱོར་ལས་མཚན་འདོན་མ་ནུས། འདི་དང་བཻ་རོ་ཙ་ན་རཀྵི་ཏ་དང་མངའ་བདག་མཻ་ཏྲི་པ་རྣམས་ལས་མདོ་སྔགས་ཀྱི་ཆོས་མཐའ་ཡས་པ་གསན། ཁྱད་པར་མཻ་ཏྲྀ་པས་ཡེ་ཤེས་མགོན་པོ་ཕྱག་དྲུག་པ་ཆོས་སྐྱོང་དུ་གནང༌། གྲུབ་ཆེན་རཱ་ཧུ་ལ་གུཔྟ་བཛྲ་བོད་དུ་ཆོས་སྐྱེལ་བ་ལ་ལན་གསུམ་བྱོན་སྟེ་སྐྱེད་རྫོགས་མཐའ་ཡས་པ་གནང་བས་འདི་བཞི་ལ་རྩ་བའི་བླ་མ་བཞི་ཟེར། གཞན་ཡང་ཨ་ཐུ་ལ་བཛྲ་སོགས་བཀའ་དྲིན་ཅན་གྱི་བླ་མ་བཅུ་གསུམ། སྤྱིར་མཁས་གྲུབ་ཀྱི་བླ་མ་བརྒྱ་དང་ལྔ་བཅུའི་ཆོས་ཐམས་ཅད་རྫོགས། ཁྱད་པར་དུ་རྡོ་རྗེ་འཆང་ལ་དངོས་སུ་ཆོས་གསན་པའི་ཡེ་ཤེས་ཀྱི་མཁའ་འགྲོ་མ་ནི་གུ་མ་ལས་ནི་གུ་ཆོས་དྲུག་གསན་ཞིང༌། རྨི་ལམ་ཐུན་གཅིག་གི་ནང་དུ་ཆོས་དྲུག་གི་ཁྲིད་རྫོགས། ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཁ་སིདྡྷི་ལ་སུ་ཁ་ཆོས་དྲུག་གསན་སྟེ་ཡེ་ཤེས་ཀྱི་སྐུ་ཐོབ། སྤྱིར་རྒྱ་གར་དུ་ལན་བདུན་བྱོན་ཞིང༌། རྡོ་རྗེ་གདན་ལ་སོགས་པའི་གནས་ཆེན་པོ་རྣམས་སུ་མཆོད་ཆེན་མང་དུ་མཛད་པས་ངོ་མཚར་གྱི་ལྟས་ཆེར་བྱུང༌། (བ༩བ)


PTT001_Page_1416
[མ་དཔེ་གཟིགས་ན་འདིར་གནོན།]

བོད་དུ་གསེར་འཚོལ་བའི་དུས་ཀྱང་ཛམ་བུ་ཆུ་བོའི་གསེར་ཁ་དང་གུ་ལང་གི་གསེར་ཁ་སོགས་ཁ་བཅོ་བརྒྱད་དུས་གཅིག་དུ་རྡོལ་བ་སོགས་མང་དུ་བྱུང་བས། བླ་མ་རེ་ལ་གསེར་སྲང་ལྔ་བརྒྱ་རེ་སོགས་མང་དུ་ཕུལ། བོད་དུ་ཕྱི་མ་བྱོན་ཚེ་ཞང་ཞུང་མཐོ་ལིང་གི་གཙུག་ལག་ཁང་ན་ཇོ་བོ་རྗེ་བཞུགས་པ་དང་མཇལ་བས་ཆོས་མང་དུ་གསན། ཕྱིས་ལོ་མང་དུ་སོང་ནས་གླང་རི་ཐང་པ་ལ་བསྙེན་རྫོགས་མཛད། ཤངས་ཞོང་ཞོང་གི་གཙུག་ལག་ཁང་སོགས་དགོན་གནས་བརྒྱ་རྩ་བརྒྱད་ལོ་གསུམ་གྱི་ནང་བཏབ། སྤྲུལ་པའི་དམག་གིས་གཡུལ་ངོ་ཟློག །ཆོས་ཁྲི་བརྒྱ་རྩ་བརྒྱད་ལ་སྐུའི་བཀོད་པ་གཅིག་ཆར་དུ་བསྟན་སྟེ་འབུལ་བ་བཞེས། ཡི་དམ་གྱི་ལྷ་ཐམས་ཅད་དུ་དངོས་སུ་སྟོན། ཁྱད་པར་དུ་གནས་ལྔ་རྒྱུད་སྡེ་ལྔའི་ལྷ་ཚོགས་སུ་དངོས་སུ་གྱུར། ངོ་མཚར་གྱི་མཛད་པ་མཐའ་ཡས། ཚོགས་པའི་མཐར་ཐུགས་ཁྲི་ཕྲག་བརྒྱད། །ཚེ་ཡི་མཐར་ཐུག་བརྒྱ་ལྔ་བཅུ། །སློབ་མའི་མཐར་ཐུག་ལྔ་དང་གཅིག །ཞེས་ལུང་བསྟན་པ་ལྟར། དགུང་ལོ་བརྒྱ་དང་ལྔ་བཅུ་འགྲོ་བའི་ཚེ་ང་ཡི་གདུང་མ་གཞུ་བར་རིལ་པོར་བཞུགས་ན་ཞོང་ཞོང་འདི་རྡོ་རྗེ་གདན་གཉིས་པར་འགྱུར་ཞིང༌། ངའི་ཆོས་རྒྱུད་འདི་ཆུ་བོའི་རྒྱུན་བཞིན་རྒྱས་པར་འགྱུར་ན་ཡང༌། ཁྱེད་རྣམས་ཀྱིས་གྲོས་ཉེས་ཅིག་མི་བྱེད་དམ་ཞེས་གསུངས་སྟེ་འཕོ་བ་ཡེ་ཤེས་སྐར་ཁུང་མ་མཛད་ནས་གཤེགས། སློབ་མ་རྣམས་ཁ་མ་འཆམས་པས་གདུང་མི་གཞུ་བའི་མཐུ་མ་བྱུང་ནས་བཞུ་བས་ངོ་མཚར་གྱི་ལྟས་མཐའ་ཡས་པ་བྱུང༌། དེ་ལ་དབུས་གཙང་ཁམས་གསུམ་གྱི་གྲ་པ་ས་གཞིའི་ཙམ་བྱུང་ཞིང༌། ཁྱད་པར་དུ་དྲི་མེད་ཤེས་རབ་ཀྱི་སྡོང་པོ་འཇམ་དཔལ་དང་འཇིགས་བྱེད་ལ་མངའ་བརྙེས་པའི་སྨེའུ་སྟོན་པ། ཕན་སེམས་ཀྱི་ཡལ་ག་བྱམས་པ་ལ་ཆོས་གསན་པའི་བྱང་ཆུབ་སེམས་དཔའ་གཡོར་པོ་རྒྱ་མོ་ཆེ། སྙིང་རྗེ་ཆེན་པོའི་ལོ་འདབ་མངའ་བ་སྤྱན་རས་གཟིགས་དང་དབྱེར་མེད་པའི་རྔུལ་སྟོན་རིན་དབང༌། བྱམས་པའི་མེ་ཏོག་(བ༡༠ན)


PTT001_Page_1417
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་མེད་དུ་ཤར་བ་བདེ་མཆོག་དང་མགོན་པོའི་བདག་ཉིད་ལ་སྟོད་པ་དཀོན་མཆོག་མཁར། ལྷ་སྐུ་འོད་གསལ་དབྱེར་མེད་ཀྱི་སྙིང་པོ་མངོན་དུ་གྱུར་པ་རྟོགས་ལྡན་ཞང་སྒོམ་ཆོས་སེང་གེ་སྟེ་སྔ་བུ་ལྔ་དང༌། རྒྱུ་ལུས་རྨི་ལམ་གྱི་འབྲས་བུ་སྨིན་པའི་རིན་ཆེན་བརྩོན་འགྲུས་ནི་ཕྱི་བུ་གཅིག་གོ །འདིའི་གཡོར་པོ་བ་ནི་མཁས་པ་ཕྱག་གཡོར་གཉིས་ཅེས་འདོན་པ་དེ་ཡིན་ལ། ལ་སྟོད་པ་དཀོན་མཆོག་མཁར་གྱིས་གནས་རྙིང་དུ་བཤད་པ་མཛད་པས་འདིའི་དབོན་རྒྱུད་ཀྱིས་འཛིན་ཞིང༌། ཁྱུང་པོའི་འགུར་ཐང་ཡང་དེ་ན་བཞུགས་སོ། །ཚིག་རྒྱུད་ཀྱི་བཀའ་བབས་པ་ནི་མཉམ་མེད་རིན་ཆེན་བརྩོན་འགྲུས་སྟེ། ཤངས་ཀྱི་ལྷ་ཕུ་སྤང་རྩར་ཡབ་ཤ་རྒན་སྨན་ཆུང་དང་ཡུམ་པདྨ་སྒྲོན་ལས་འཁྲུངས། བཅུ་བདུན་ལ་ཞོང་ཞོང་དུ་ཆོས་མཛད། བླ་མས་ཁྱོད་ཀྱིས་འགྲོ་དོན་ཡོང་བས་ཐོག་མར་ཐོས་པ་གྱིས་ཅེས་ཐོས་པ་ལ་སྦྱར་ཡང་ཐོས་པས་སྐྱོ་བའི་རྐྱེན་མང་པོ་མཐོང་བས་དབུས་སུ་ཁམས་པ་ཨ་སེང་དང་བུར་སྒོམ་སོགས་ལ་མན་ངག་ཞུས་ནས་བསྒོམས་པས་རྨི་ལམ་ཟིན་ཞིང་ཕག་མོའི་ཞལ་མཐོང༌། ཕྱིས་བླ་མའི་གསུངས་ནས་སངས་རྒྱས་སྣང་བ་མཐའ་ཡས་དང་ཡི་དམ་དང་མཁའ་འགྲོ་རྣམས་ཀྱིས་གདམས་ངག་ཐམས་ཅད་ཁྱེད་ལ་བྱིན་གསུངས་པས་ཉོན་ཅིག་གསུངས་ནས་ཡུལ་གཞིས་ཐམས་ཅད་གསེར་དུ་བསྒྱུར་ནས་གསེར་ཆོས་རྣམས་ཞུས། ཡེ་ཤེས་ཀྱི་མཁའ་འགྲོ་གཉིས་དང་རྩ་བའི་བླ་མ་བཞིའི་མན་ངག་སོགས་ཆོས་ཐམས་ཅད་ལྷག་མ་ལུས་པར་གནང༌། སྒྲུབ་པ་རྩེ་གཅིག་དུ་གྱིས་ཅིག་གསུངས་ནས་གཤེགས། དེ་ནས་ལོ་གཉིས་སུ་རྩེ་གཅིག་དུ་སྒོམས་པས་སྒྱུ་ལུས་རྨི་ལམ་དང་འོད་གསལ་གྱི་མྱོང་བ་བཟང་པོ་བྱུང་སྟེ་བླ་མ་ནི་སྐུ་འདས། དྭགས་པོ་སྙི་སྒོམ་དེ་བྱ་རྒོད་ལ་སྒོམ་ཐེབས་པར་གྲགས་འདུག་པས་དེ་ལ་ཞུ་དགོས་སྙམ་སྟེ་དབུས་སུ་བྱོན། བུར་དུ་བསྙུང་གཞི་སེལ་བ་ལ་བྱོན་པ་ས་ཕག་མོ་གྲུབ་པ་བུར་ན་(བ༡༠བ)


PTT001_Page_1418
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པ་ལ་ཡང་མཇལ་སྟེ་ཆོས་གསན། རྗེ་སྒམ་པོ་པས་དར་ཡུག་གཅིག་གནང་སྟེ་བསུ་བ་མཛད། སྐྱེ་བ་མང་པོའི་དཔོན་སློབ་ཡིན་པ་ལ་སྐྱེ་བ་འདི་ལ་ད་རེས་ལས་མ་ཕྲད་གསུངས་ནས་སྤྱན་ཆབ་ཕྱུང་ནས་མགུར་གསུངས། ཉམས་མྱོང་རྣམས་ཕུལ་པས་ཐབས་ལམ་གྱི་ཡོན་ཏན་བཟང་པོ་སྐྱེས་འདུག་སྟེ། ལྟ་བ་ལ་ཐག་ཆོད་ཅིག་དགོས་པ་འདུག་གསུངས་སྟེ་ཕྱག་རྒྱ་ཆེན་པོ་གནང་ནས་ལྟ་བའི་སྒྲོ་འདོགས་ཆོད། རྨི་ལམ་ཐུན་གཅིག་གི་ནང་དུ་ཆོས་དྲུག་གི་ཁྲིད་གསུངས་ཤིང་ཕྱིས་དངོས་སུའང་གསུངས། གདམས་ངག་ཐམས་ཅད་རྫོགས་པར་མཛད་སྟེ་གནས་གཞི་མ་བྱེད། དགེ་འདུན་གྱི་བྱ་བ་མ་བྱེད། ང་ལ་དགའ་བའི་འདུན་མ་གྱིས། རྒྱུན་དུ་རིའི་བུ་གྱིས། ང་རང་གིས་བྱིན་གྱིས་རློབ་པས་འབྲལ་བ་མེད་ཏོ་གསུངས་ནས་ཡར་བྱོན། རྣལ་འབྱོར་ཆོས་གཡུང་དང་གཉིས་ཀྱི་གཉན་མཁར་ནག་བཏུལ། ཤངས་རྨོག་ཅོག་གི་བྲག་ལ་བཞུགས་སྟེ་ཉུང་གཞི་འདྲ་བྲག་མགོར་བཏབ་པ་ཅུང་ཟད་སྐྱེས་པའི་ཚོད་མ་དང་ཐལ་བའི་ཐུག་ཐལ་གྱིས་བསྒྱུར་སྟེ་ཅུང་ཟད་རེ་གསོལ་ནས་རྩེ་གཅིག་དུ་བསྒོམས་པས། ལོ་ཕྱེད་དང་བཞི་སོང་དུས་མཁའ་འགྲོ་མ་སུ་ཁ་སིདྡྷི་བྱོན་སྟེ་ཚིགས་བཅད་གཅིག་གསུངས་པ་ཕྱིན་ཁམ་གྱི་ཟས་ལ་བལྟོས་མ་དགོས། སྤྱིར་ལོ་བཅུ་གཉིས་སུ་ཟས་ལ་མ་བལྟོས་པར་བྲག་དེ་ལ་གཅིག་པུར་བཞུགས། ཉིན་མཚན་དབྱེར་མེད་ཀྱི་མྱོང་བ་བྱུང༌། གཞན་སྐལ་བ་དང་ལྡན་པ་དུ་མས་ཀྱང་སྒྱུ་མའི་རྣམ་འཕྲུལ་མཐོང་སྟེ་སྙན་གྲགས་འཕྲིན་ལས་མཐའ་ཡས། ཐུགས་སྣ་ཐུང་བས་ཚོགས་པ་ཐམས་ཅད་ཚེ་བློས་བཏང་འབའ་ཞིག་དུ་བྱུང་ཞིང་གཞན་ཕན་མཐའ་ཡས། ཕྱིས་བགྲེས་པོར་གྱུར་ནས་མི་མ་ཡིན་དཔག་མེད་ལ་ཆོས་གསུངས་པ་སོགས་བསྟན་སྟེ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ། །རྒྱུད་པ་གཏད་པའི་སློབ་མའི་གཙོ་བོ་ནི་དབོན་སྟོན་སྐྱེར་སྒང་བ་སྟེ། གནམ་གྱི་ནང་ཁོང་དུ་འབལ་ཚད་མ་(བ༡༡ན)


PTT001_Page_1419
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དབོན་པོར་འཁྲུངས། ལོ་བཅུ་གཉིས་ནས་གཤིན་རྗེའི་གཤེད་བསྒྲུབ་ཅིང་བཅུ་བདུན་ལ་རབ་ཏུ་བྱུང་ནས་གཞུང་དུ་མ་གསན། ལྷ་སར་ཆོས་འཁོར་ལ་བྱོན་པས་བྲག་ལྷ་ཀླུ་ཕུག་ན་སྤྱན་རས་གཟིགས་ཞལ་གཟིགས་པའི་འཕགས་པ་ལྕེ་སྒོམ་སྒྲུབ་པ་ལ་བཞུགས་པ་མཇལ། ཉིད་ཀྱིས་ཐུགས་རྗེ་ཆེན་པོ་ཞལ་གཟིགས་པ་ལགས་སམ་ཞུས་པས་ཐུགས་རྗེ་ཆེན་པོ་ཡིན་མིན་ཆ་མེད་གྲིབ་ཀྱི་ཐང་འདི་ན་ཚུར་སྐྱ་ཤར་ཤར་བ་ཞིག་གཏན་དུ་ཡོང་གི་འདུག་གསུངས། དེ་ལ་སྤྱན་རས་གཟིགས་གཙོ་འཁོར་གསུམ་པའི་རིག་གཏད་དང་གདམས་པ་ཞུས་སྟེ་སྐྱེར་སྒང་དུ་བྱོན་ནས་བྲང་ཁང་དུ་སྒྲུབ་པ་མཛད་པས་འབལ་ཚད་མ་པའི་གྲ་པ་རྣམས་ཀྱིས་དབོན་པོས་སློབ་གཉེར་མ་བྱས་ན་རབས་ཆད་ཟེར་ནས་ཁྲིམས་བྱས་སྟེ་སུས་ཀྱང་རྒྱགས་མ་བྱིན་ལམ་ཞོར་ཀུན་ལ་སྒོ་ལ་རྡོ་བརྒྱབ་སྟེ་འབལ་ཚད་མ་བའི་དབོན་པོ་བྱས་ནས་བཀའ་ཆེན་བཞི་ཤར་ཤར་མི་བྱེད་པར་སྔགས་ཀྱི་འཁོས་ཀའམ་མ་ཎི་ཧཱུྃ་པ་ཅིག་ག་འོང་ཟེར་ཞིང་སྨད། དེར་སྐྱོ་ཚ་ཙམ་དང་དེ་ཡང་མ་འབྱོར་བ་ན་ཐལ་བས་མདོག་བསྒྱུར་སྟེ་ཕོར་པ་རེ་གསོལ་ནས་བཟླས་པ་རྩེ་གཅིག་དུ་མཛད། ལོ་ཕྱེད་དང་བཞི་ན་རྒྱབ་ཀྱི་བྲག་གསེབ་ཅིག་དུ་སྐྱོ་སེང་ལ་བྱོན་པས་ཐུགས་རྗེ་ཆེན་པོ་གཙོ་འཁོར་གསུམ་པ་དང་གཤིན་རྗེའི་གཤེད་ཞལ་མཐོང༌། ཁུ་བོའི་ཞལ་ནས་ཁྱོད་ཀྱིས་ལྷ་ཞལ་མཐོང་འདུག་པས་ལ་སྟོད་ན་ཙཱ་རི་སྒོམ་ཆུང་བྱ་བ་རས་ཆུང་པའི་སློབ་མ་གྲུབ་ཐོབ་ཅིག་ཡོད་པར་འདུག་པས་དེར་སོང་གསུངས་ནས་གསེར་ཞོ་གང་དང་དར་ཡུག་དྲུག་གནང་སྟེ་བྱོན། ལ་ཁ་ཞིག་དུ་ཉིན་གུང་ལ་ཉི་མ་དྲོ་ཞིང་བསེར་བུ་དྲག་པ་ཅིག་བྱུང་བས་འདི་གཉིས་མཉམ་དུ་འོང་བ་སྙམ་པ་ཅིག་བྱུང་སྟེ། དེ་ཉིད་དུ་གནས་ལུགས་ཀྱི་རྟོགས་པ་ལྷག་གིས་ཤར། ཕྱིས་ཀྱང་རྟོགས་པ་ལ་སྐྱེད་འདོན་རྒྱུ་མ་བྱུང༌། བླ་མའི་དྲུང་དུ་སླེབ་ལ་ཁད་ཙ་ན་ཉེ་གནས་དེ་སྔུན་གསུར་བྱུང་སྟེ་ཕྱག་འཚལ་ཞིང་འདུག །(བ༡༡བ)


PTT001_Page_1420
[མ་དཔེ་གཟིགས་ན་འདིར་གནོན།]

དྲིས་པས་བླ་མའི་ཞལ་ནས་དབུས་ནས་གྲུབ་ཐོབ་གཅིག་འབྱོན་གྱིན་འདུག་གསུངས་ཟེར་བས་ཐུགས་རྒྱལ་ཅུང་ཟད་བྱུང༌། བླ་མ་དང་མཇལ་མ་ཐག་དུ་དར་ཁ་གང་ཕྱག་རྟེན་དུ་ཕུལ་ནས་ང་ལ་རྒྱགས་ཙམ་མེད་པས་རས་ཆུང་པའི་གདམས་ངག་མྱུར་དུ་ཚར་བ་ཞིག་ཞུ་བྱས་པས། སྐ་རགས་ཀྱི་གསེར་དང་དར་ཡུག་དྲུག་པོ་ཟད་ཙ་ན་གདམས་ངག་ཚར་བར་བྱའོ་ཞེས་གསུངས་པས་སྐྱེངས་པ་ཅིག་བྱུང༌། ལོ་གཉིས་སུ་གདམས་ངག་ཐམས་ཅད་རྫོགས་པར་གསན། བླ་མ་སྤེན་ཕུག་པ་ལ་ཇོ་བོའི་གདམས་ངག་ཐམས་ཅད་རྫོགས་པར་ཞུས། རྨོག་ཅོག་པའི་སྙན་པ་གསན་ནས་ལམ་དུ་ཆས་པས་ཆོས་སྐྱོང་གིས་ལམ་གྲོགས་དང་བསུ་བ་བྱས། ཆོས་དྲུག་སོགས་གདམས་ངག་ཐམས་ཅད་གནང་སྟེ་སྒྱུ་ལུས་རྨི་ལམ་གྱི་ཉམས་མྱོང་བཟང་དུ་བྱུང༌། ཕྱིས་དབྱར་ཞིག་བླ་མའི་བཀའ་མ་ཆོགས་པར་མཚོན་ཆ་ཅན་གྱིས་ཆོས་སྒོ་འབྱེད་པ་དང་ཆོས་བཤད་པས་ཉམས་མྱོང་འགྲིབས་སྟེ་སླར་རྩེ་གཅིག་དུ་སྒོམས་པས་སོར་ཆུད། ཕྱུག་པོ་ཅིག་བསྙེན་བཀུར་བ་ལ་མ་ཕྱིན་རུང་དེས་བླ་མ་ལ་ཞུས་ནས་འགྲོ་དགོས་པ་བྱུང་སྟེ་དེའི་ཟས་ཟོས་པ་བརྒྱད་སྟོང་པ་བཙོངས་པའི་རིན་ཡིན་པ་འདུག་པས་དགེ་སྦྱོར་འགྲིབས། ན་ཚ་སྡུག་བསྔལ་མི་བཟོད་པ་བྱུང༌། ཡི་དམ་གྱི་ཞལ་མཐོང་བ་རྒྱུན་ཆད། ཐུགས་རྗེ་ཆེན་པོ་ལ་གསོལ་བ་དྲག་དུ་བཏབ་པས། ཞལ་རི་ཙམ་མཐོང་ནས་འདི་དཀོར་བླུད་ཟོས་པ་མནར་མེད་དུ་སྐྱེ་བའི་ལས་ཡིན། ཁྱོད་སྒྲིབ་པ་སྲབ་པས་ཚེ་འདིར་སྨིན་པ་ཡིན། ད་བྲུལ་གཏོར་ཁོ་ན་ཐོང་གསུངས་ནས་བྲུལ་གཏོར་བཏང་བས་ཅི་ཞིག་ནས་སྡིག་སྒྲིབ་དག་པའི་རྟགས་ཅུང་ཟད་བྱུང་ཞིང་ལོ་གཉིས་ཙམ་ནས་ཉམས་མྱོང་སོར་ཆུད་ཕྱིས་འབལ་ཚད་མ་བ་གྲོངས་ནས་གདན་སར་གདན་འདྲེན་བྱུང་བ་ལ་མི་འབྱོན་དགོངས་ཀྱང་བླ་མས་དམ་ཚིག་ལ་བཀར་སྟེ་འབྱོན་དགོས་པར་བྱུང་ནས་བྱོན། སྐྱེར་སྒང་གི་ལྕག་རི་དང་སྐུ་འབུམ་(བ༡༢ན)


PTT001_Page_1421
[མ་དཔེ་གཟིགས་ན་འདིར་གནོན།]

མཛད། ཕྱག་དུ་ཡོ་བྱད་བྱུང་བ་རྣམས་བླ་མ་ལ་འབུལ་བར་བསྔོས་ཀྱང་སྐྱེར་སྒང་བ་རྣམས་ཀྱིས་འབུལ་ཚང་མ་བའི་གདན་ས་ནས་དགོན་པ་གཞན་དུ་འབུལ་བ་སྐྱེལ་བ་མི་འཐད་པས་སུས་ཀྱང་གྲོགས་མ་བྱེད་ཟེར་བའི་ཁྲིམས་བྱས་ཚེ་མི་ནག་པོ་རྟ་ནག་ལ་ཞོན་པ་མཛོ་ཕོ་མང་པོ་རོལ་དུ་ཁྲིད་པ་མང་དུ་བྱུང་སྟེ་དེ་རྣམས་ཀྱིས་ཡོ་བྱད་ཐམས་ཅད་བཀལ། ཆིབས་པ་བཏང་བར་ཞག་གཅིག་ལ་རྨོག་ཅོག་མཐོང་བའི་སར་སླེབས། ཁ་སང་ཁྱེད་ལ་འབུལ་བ་སྐྱེལ་མི་མི་འདུག་ཟེར་ནས་ངེད་རྣམས་ཡོང་བ་ཡིན། དོ་ནུབ་དུར་ཁྲོད་མུན་པ་མི་ཟད་པར་སློབ་དཔོན་དྷ་ན་སང་ཀྲི་ཏའི་ཚོགས་ཀྱི་འཁོར་ལོ་ལ་འགྲོ་འབུལ་བ་བསུ་མི་ཤོག་གྱིས་ཟེར་ནས་རྡུལ་འཚུབ་དུ་སོང༌། ཕྱིས་བླ་མའི་ཞལ་ནས་ཁ་སང་རི་རབ་གྱི་ཟོམ་ལ་གནས་པའི་འཁོར་རྣམས་དབོན་སྟོན་གྱི་འབུལ་བ་བསུར་འགྲོ་ཟེར་ནས་སོང་བ་བྱུང་ངམ་གསུངས། ཕྱིས་སྐྱེར་སྒང་དུ་བླ་མ་གདན་དྲངས་ནས་ཡོ་བྱད་ཐམས་ཅད་ཕུལ། མངོན་པར་མཁྱེན་པ་མི་གསང་བར་ཐོགས་མེད་དུ་ཐམས་ཅད་ལ་གསུང་བས་ཀུན་གྱིས་ལུང་བསྟན་ཞུ། སློབ་མ་ཐུགས་རྗེ་ཆེན་པོའི་གཞལ་མཐོང་བ་དཔག་མེད་བྱུང༌། དགུང་ལོ་དོན་གསུམ་ལ་ཐུགས་རྗེ་ཆེན་པོའི་ཞལ་ནས། ང་དང་ཁྱེད་གཉིས་ཁྱད་པར་མེད། །སྐྱེར་པ་སྒང་འདི་པོ་ཏ་ལ། །ཞེས་གསུང་བས་ངའི་བྱིན་རླབས་མ་ཉམས་ཀྱི་བར་དུ་ཐུགས་རྗེ་ཆེན་པོའི་ཞལ་མཐོང་བ་མང་དུ་འབྱུང་ཞིང་ཕྱིས་འབུམ་ཐང་འདི་ཁྱི་ལུད་ཐོ་རེ་བ་བྱུང་དུས་བྱིན་རླབས་ཉམས་པ་ཡིན་གསུངས་ནས་སྐུ་གཤེགས། དེའི་སློབ་མ་གདམས་ངག་རྫོགས་པ་ནི་སངས་རྒྱས་གཉན་སྟོན་སྟེ་ཡོལ་དུ་འཁྲུངས། གདུང་གཉན། ཆུང་ངུ་ནས་རབ་ཏུ་བྱུང་སྟེ་གཞུང་ལུགས་མཐའ་དག་ལ་སྦྱངས། དབོན་སྟོན་གྱི་སྙན་པ་གསན་སྟེ་དབྱར་དགུན་བཅུ་གསུམ་བསྟེན་སྟེ་གདམས་ངག་ཐམས་ཅད་རྫོགས་པར་མཛད། སྒྱུ་ལུས་རྨི་ལམ་གྱི་ཉམས་མྱོང་(བ༡༢བ)


PTT001_Page_1422
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཐར་ཕྱིན། བླ་མའི་ཞལ་ནས་ཐང་སྔོ་ཆམ་པ་ཅིག་གི་དཀྱིལ་ན་རི་བོ་ཏོ་རི་བོང་གྱེན་ལ་རྒྱུན་པ་འདྲ་བ་ཞིག་དུ་ཁྱོད་ཀྱི་དགོན་པ་ཡོང༌། ཁྱོད་ལ་སངས་རྒྱས་གཉན་སྟོན་དུ་གྲགས་པའི་དུས་སུ་གོས་བཟང་པོ་མ་གྱོན། དུག་པོའི་གསེབ་ན་སྟག་ཉལ་བ་གྱིས། ཁྱོད་ཀྱིས་ཆོས་ཤོད་པའི་སྔོན་དུ་སེམས་སྐྱེད་མ་ཤོད། མཇུག་དུ་སྔོ་བ་མ་བྱེད་མི་ཤེས་པའི་ཚུལ་དུ་སྟོན། སྦས་པའི་རྣལ་འབྱོར་གྱི་ཚུལ་གྱིས་འགྲོ་དོན་གྱིས་གསུངས་སྟེ། ཕྱིས་ཡོལ་རི་གོང་དུ་དེ་བཞིན་མཛད། རྒྱ་གར་གྱི་གྲུབ་ཐོབ་དུར་ཁྲོད་ནག་པོས་བླ་མ་ལ་སྟོད་མགོན་པོ་བྱ་བ་ལུས་འཆི་མེད་ཀྱི་མན་ངག་སྐྱེལ་དུ་བཏང་སྟེ་བསྙུང་གེགས་བསལ། དགུང་ལོ་དོན་གསུམ་གྱི་དུས་འབྱུང་བ་བཞིའི་ཐོག་བབས་པ་གོས་ཀྱི་ཐུ་བར་བཟེད། དེའི་ཚེ་མགོན་པོ་བྱོན་སྟེ་སེམས་ཅན་ལ་མི་གནོད་པར་བྱ་ཡི་དེ་ན་མར་བྱོན་ཞིག་གསུངས་པས་དངོས་གྲུབ་ཀུན་འབྱུང་མའི་བསྟོད་པ་མཛད་སྟེ་ཐོག་བྱོ་བའི་ཤུལ་ཡོད། སློབ་མ་གྲུབ་ཐོབ་བཅུ་ལ་སོགས་པ་བྱོན་ཞིང༌། ཁྱད་པར་སངས་རྒྱས་སྟོན་པ་ནི་ཁ་རག་གི་སིལ་མར་འཁྲུངས། ཆོས་གདམས་ངག་མང་དུ་གསན་པ་ཅིག་གིས་སངས་རྒྱས་གཉན་སྟོན་གྱི་ཉན་པ་ཐོས་སྟེ་མཇལ། ཆོས་གདམས་ངག་ཐམས་ཅད་གནང༌། སྤྱིར་མཁའ་འགྲོ་མ་ནི་གུ་མ་ནས་འདིའི་བར་རྨི་ལམ་འོད་གསལ་ལ་སོགས་པའི་ཉམས་མྱོང་སྐྱེ་ཚུལ་སྔ་མ་ལས་ཕྱི་མ་ཁྱད་དུ་འཕགས་པ་ཁོ་ན་བྱུང༌། རི་གོང་དུ་གདན་ས་གཏད་སྟེ་ཁྱོད་ཀྱི་སློབ་མའི་གཏོར་ཆུ་ཕོ་བས་མི་འཁྱེར་ཐུབ་པ་ཡོངས་གསུང་ཡང་མི་མང་པོའི་མགོ་འདྲེན་མི་བྱེད་པར་ཞུས་པས་འོ་ན་ཆོས་སྐྱོང་ལ་འགྱེད་གཏོར་གཏོང་དགོས་གསུངས་ནས་གཏོར་མ་མཛད་སྟེ་ད་མ་སྟོངས་ཙམ་ལས་མི་ཡོང་གསུངས། ཁྱོད་ཀྱི་རིང་ལ་ཆིག་རྒྱུད་ཀྱི་བཀའ་རྒྱ་གྲོལ་བས་ཛཱ་ལནྡྷ་ར་ནས་རྒྱ་ནག་གི་བར་བླ་མ་ཤངས་པའི་གདམས་པས་ཁྱབ་འགྲོ་བ་འདུག་གསུངས། དེ་ལ་སློབ་མའི་གཙོ་བོ་མཁས་གྲུབ་ཤངས་སྟོན་ཆེན་པོ་དང་གྲུབ་ཐོབ་ཨའི་སེང་གེ་(བ༡༣ན)


PTT001_Page_1423
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་སེང་གེའི་མིང་ཅན་བརྒྱ་རྩ་བརྒྱད་སོགས་བྱོན་ནས་གདམས་ངག་ཕྱོགས་མཐར་ཁྱབ་ཅིང་མཁས་གྲུབ་ཤངས་སྟོན་གྱི་སློབ་མ་རྨོག་ཅོག་པའི་སྐུའི་སྐྱེ་བ་མཁས་བཙུན་རྒྱལ་མཚན་འབུམ་ཡིན་ལ། དེ་ལ་མཁས་བཙུན་གཞོན་ནུ་གྲུབ་དང་སྐུའི་དབོན་པོ་འཇག་ཆེན་བྱམས་པ་དཔལ་ལ་སོགས་པ་མཁས་གྲུབ་མང་དུ་བྱོན་ཞིང༌། ཕྱིས་ཤངས་པ་ཁོ་ནའི་ཆོས་རྒྱུད་འཛིན་པ་ཅུང་ཉུང་ནའང་ཤངས་པའི་གདམས་ངག་གིས་ཆོས་རྒྱུད་ཐམས་ཅད་ལ་ཁྱབ་པར་དར་རོ། །དེ་ལྟར་བོད་ཡུལ་གྲགས་ཆེ་བའི་ཆོས་ཀྱི་བསྟན་པ་ནི་དེ་རྣམས་ཡིན་ལ། གཞན་གདུལ་བྱ་གྲངས་ཀྱིས་མི་ཆོད་པ་སྨིན་གྲོལ་དུ་མཛད་པའི་སྐྱེས་བུ་དམ་པ་དང་ཆོས་ཀྱི་རྣམས་གྲངས་ནི་བསམ་གྱིས་མི་ཁྱབ་པས་དེ་མཐའ་དག་བརྗོད་པར་ནི་མི་སྤོབས་སོ། །ཆོས་བྱུང་མཁས་པའི་དགའ་སྟོན་གྱི་གསུམ་པ་བོད་ཡུལ་གྱི་སྐབས་ལས་བོད་ཡུལ་དུ་ཆོས་རྒྱུད་སྣ་ཚོགས་པ་ཇི་ལྟར་བྱུང་བའི་ཚུལ་སྟེ་སྐབས་བཅུ་པའོ། །ས་སྐྱ་པ་དང་ཞི་བྱེད་ཤངས་པ་སོགས། །ཇི་ལྟར་བྱུང་ཚུལ་འདི་ནི་ལྷོ་སྟོད་པས། །དབོན་ས་དཔལ་འབྱོར་བཟང་པོའི་དགོངས་རྫོགས་ཕྱིར། །གཞིས་ཁ་གནས་སུ་པར་དུ་བསྒྲུབས་པ་ཡི། །ཡིག་རྐོས་གཉིས་ཀྱི་བྱེད་པོ་གཡེ་བ་སྟེ། །ཀུན་ཀྱང་བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག། །།མངྒ་ལཾ།། །།(མ༡ན)


previousཆོས་བརྒྱུད་སྣ་ཚོགས་པའི་ཆོས་ཀྱི་བྱུང་བ་བརྗོད་པ།next