Nitartha Digital Library
Tibetan
ཆོས་འབྱུང་མཁས་པའི་དགའ་སྟོན།


   
   
   
   
   
   
   
   
   
   
   
   
ལི་ཡུལ་དང་། རྒྱ་ནག་སྔ་མ། མི་ཉག ཧོར། རྒྱ་ནག་ཕྱི་མ་བཅས་ཀྱི་སྐབས།
   


 
previousལི་ཡུལ་དང་། རྒྱ་ནག་སྔ་མ། མི་ཉག ཧོར། རྒྱ་ནག་ཕྱི་མ་བཅས་ཀྱི་སྐབས།next

ལི་ཡུལ་དང་། རྒྱ་ནག་སྔ་མ། མི་ཉག ཧོར། རྒྱ་ནག་ཕྱི་མ་བཅས་ཀྱི་སྐབས།


PTT001_Page_1424
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་བྱུང་མཁས་པའི་དགའ་སྟོན་ལས་ཡན་ལག་བཞི་པ་ལ་ལི་ཡུལ། རྒྱ་ནག་སྔ་མ། མི་ཉག །ཧོར། རྒྱ་ནག་ཕྱི་མ་རྣམས་སུ་རྒྱལ་པོ་དང་ཆོས་ཇི་ལྟར་བྱུང་བ་རྣམས་བཞུགས་སོ། །(མ༡བ)


PTT001_Page_1425
[མ་དཔེ་གཟིགས་ན་འདིར་གནོན།]

ད་ནི་ཛམ་གླིང་གི་ཡུལ་གྲུ་གཞན་ལས་ཇི་ལྟར་རྙེད་པ་དག་གི་རྒྱལ་པོ་བྱུང་ཚུལ་རྣམས་གོ་སླ་བའི་ཕྱིར་ཚིག་ལྷུག་པས་བརྗོད་པར་བྱའོ། །འདི་ལ་ལྔ་སྟེ། ལི་ཡུལ། རྒྱ་ནག་སྔ་མ། མི་ཉག་ཧོར་གྱི་རྒྱལ་པོ། རྒྱ་ནག་ཕྱི་མ་ཇི་ལྟར་བྱུང་བའོ། །དང་པོ་ནི་སྔོན་སངས་རྒྱས་འོད་སྲུང་གི་དུས་ཡུལ་དུ་ཡོད་ཅིང་མྱ་ངན་ལས་འདས་ནས་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ཡང་དེར་བརྩིགས་པ་ལས་ཕྱིས་མི་ཁ་ཅིག་གིས་དྲང་སྲོང་ལ་གནོད་པ་བྱས་པས་དྲང་སྲོང་གི་དམོད་པའམ་ཀླུ་ཁྲོས་པས་མཚོ་ཆེན་པོ་ཅིག་དུ་གྱུར། འོ་སྐོལ་གྱི་སྟོན་པས་དེར་གཤེགས་སྟེ་མཚོ་ལས་པདྨ་བྱུང་བའི་སྟེང་དུ་བཞུགས་སྟེ་གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་ནམ་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ཅེས་བྱ་བའི་མདོ་གསུངས། ད་ལྟ་ཆུ་འབའ་ཞིག་དུ་གདའ་ན་ཡུལ་ནམ་འབྱུང་ཞུས་པས་མཽངྒལ་གྱི་བུ་དང་རྣམ་ཐོས་སྲས་གཉིས་ལ་ཁྱེད་གཉིས་ཀྱིས་ཆུ་དྲོལ་ཞིག་གསུངས་སྟེ་རྣམ་སྲས་གྱིས་བེ་ཅོན་གྱིས་རིའི་མུ་ཁྱུད་དྲལ། མཽངྒལ་གྱི་བུས་གསེག་ཤང་གིས་ཆུ་རྣམས་དཀྲུགས་སྟེ་ཕོ་བས་ཡུལ་གྱི་(མ༢ན)


PTT001_Page_1426
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་དོད། རི་གླང་མགོའི་སྟེང་སྐུ་གཟུགས་ཆེན་པོ་བཞུགས་པའི་གཡོན་ལོགས་ཀྱི་ལྷ་ཁང་ད་ལྟར་མཆོད་རྟེན་ཆུང་ངུ་ཡོད་སར་དགུང་བདུན་བཞུགས་ནས་འོད་ཟེར་ལན་བདུན་འཁོར་སར་ཕྱིས་འུ་ཐེན་གྱི་མཁར་དང་གྲོང་མངར་ལྡན་འབྱུང༌། འོད་ཟེར་ནུབ་སར་ཙནྡན་གྱི་སྐུ་གཟུགས་ཅིག་རྒྱ་གར་ནས་བྱོན་སྟེ་བཞུགས་པར་འགྱུར། པདྨ་དང་མེ་མར་བྱུང་སར་ཐེག་ཆེན་གྱི་དགེ་སློང་ཕོ་མོའི་གཙུག་ཁང་སུམ་བརྒྱ་རེ་གསུམ་འབྱུང་སྟེ་བྱང་སེམས་ལྔ་བརྒྱ་རེ་རྟག་དུ་བཞུགས་སོ། །ང་མྱ་ངན་ལས་འདས་ནས་ལོ་བརྒྱ་ན་རྒྱའི་རྒྱལ་པོ་ཅི་རུ་ནུ་ལས་ལི་ཡུལ་འཛིན་པར་འགྱུར་རོ་ཞེས་ལུང་བསྟན་པ་ལྟར་ས་ཆུ་བྱུང་ཚུལ་ནི་སངས་རྒྱས་མྱ་ངན་ལས་འདས་ནས་ཕྱེད་ལོ་ལྟར་ན་ཉིས་བརྒྱ་སོ་བཞི་དང་ལོ་དངོས་བརྒྱ་དང་བཅུ་བདུན་ལོན་པར་རྒྱལ་པོ་ཨ་ཤོ་ཀས་སྡིག་པ་མང་པོ་བྱས་པ་དགྲ་བཅོམ་པ་ཡ་ཤས་བཏུལ་ནས་ཛམ་གླིང་དུ་གཙུག་ཁང་དང་མཆོད་རྟེན་བརྒྱད་ཁྲི་བཞི་སྟོང་བྱེད་པའི་ཚེ་ལི་ཡུལ་ཡང་མཚོ་བསྐམས་ནས་སྟོང་པར་ཡོང༌། འུ་ཐེན་གྱི་མཁར་ཡོད་སར་དྷརྨ་ཨ་ཤོས་དྲོ་དགོངས་ཅིག་བཏབ་ཚེ་སྔར་བཙུན་མོ་དམ་པ་རྫིང་བུར་ཁྲུས་བྱེད་ཚེ་རྣམ་སྲས་ན་མཁའ་ལ་འགྲོ་བ་ལས་མར་གཅིག་གིས་གཅིག་མཐོང་ཞིང་ཆགས་པས་སེམས་ཀྱི་བུར་གྱུར་པ་བཙས་སྟེ་མཚན་མཁན་གྱིས་འདི་ནི་མཐུ་དཔལ་ཆེ་སྟེ་རྒྱལ་པོ་བཞུགས་བཞིན་དུ་རྒྱལ་སྲིད་བྱེད་པར་འགྱུར་རོ་ཞེས་སྨྲས་པས་རྒྱལ་པོ་ཁྲོས་སྟེ་ཁོ་དེ་ཙམ་དུ་དབང་ཐང་ཆེ་ན་ཁོ་བདག་ཉིད་འཚོ་གྲང་ཟེར་སྟེ་དེ་ཉིད་དུ་བོར་རོ། །དེའི་ཚེ་ས་ལས་ནུ་མ་ཞིག་བྱུང་སྟེ་དེ་ལ་ནུས་པས་ས་ལས་ནུ་མ་ནུ་ཞེས་མིང་དུ་ཆགས། དྷརྨ་ཨ་ཤོས་ལོ་ང་ལྔར་རྒྱལ་པོ་བྱས་པ་ལས་དེའི་ཚེ་རྒྱལ་ས་ལོ་སུམ་བཅུ་སོང་བར་བཤད། རྒྱ་ནག་གི་རྒྱལ་པོ་བུ་སྟོང་དབང་བ་རྣམ་སྲས་དང་གྲོགས་སུ་གྱུར་པ་ཅིག་ཡོད་པ་ལ་བུ་སྟོང་དུ་གཅིག་གིས་མ་ཚང་ནས་རྣམ་སྲས་ལ་བླངས་པས་ས་(མ༢བ)


PTT001_Page_1427
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་བྱིན། ལོ་བཅུ་གཉིས་ལོན་ཚེ་རྒྱལ་པོ་དེས་རྒྱལ་ཐབས་དང་དམག་ཁྲི་བྱིན་ནས་ནུབ་ཕྱོགས་སུ་ཡུལ་ས་འཚོལ་དུ་བཏང་བས་ས་ནུས་བཅུ་དགུ་ལོན་ཚེ་ལི་ཡུལ་གྱི་མེ་སྐར་དུ་ཕྱིན་པ་དང༌། དྷརྨ་ཨ་ཤོའི་བློན་པོ་ཡ་ཤ་འཁོར་བདུན་སྟོང་དུ་བཅས་པ་རྒྱལ་པོས་སྤྱུགས་སྟེ་ལི་ཡུལ་དུ་སླེབ་པ་འཛོམས། ས་ནུའི་འཁོར་ཤེར་དང་ཟང་གི་བ་སྦྲུམ་མ་ཐུན་མོང་བ་ཞིག་ཡོང་བ་བུ་ནད་ལངས་ནས་བྲོས་པ་ཏོ་ལར་བེའུ་སྐྱེས་པས་འབྲུ་སོ་ལོ་ཉ་སྟེ་བེའུ་འགྲངས་པའི་སར་བཏགས། ཞུགས་ངམ་མམ་ལམ་ལ་དུ་ཤེར་ཟང་ཞེས་བཏགས། རྒྱལ་བློན་དེ་གཉིས་འདུས་སྟེ་འུ་ཐེན་གྱི་ཤེལ་ཆུ་འོག་མ་མན་ཆད་མདོ་ལོ་མེས་སྐར་དང་བམ་ཤེ་ཡན་དུ་རྒྱ་ནག་བཀོད་ཤེལ་ཆུ་གོང་མ་ཡན་ཆད་དུ་རྒྱ་དང་གོང་ཤེལ་ལན་དུ་རྒྱ་སར་བཀོད། ཤེལ་ཆུ་དབུས་བློན་པོ་སྟོང་རིམས་འདྲེས་པར་བཀོད་སྟེ་མཁར་བརྩིགས་སོ། །ས་ནུས་ལི་ཡུལ་བཟུང་བ་ཡན་ལ་སྟོན་པ་འདས་ནས་ལོ་གཉིས་བརྒྱ་དང་སོ་བཞི་སོང་བར་ལི་ཡུལ་གྱི་ལོ་རྒྱུས་ལས་བྱུང་ཡང་མདོ་ལས་ལོ་བརྒྱར་ཡང་ཡང་ལུང་བསྟན་པས་འདི་ནི་ཕྱེད་ལོ་བརྩེས་པར་ངེས་སོ། །ས་ནུའི་བུ་ཡེའུ་ལས་གྲོང་མངར་ལྡན་བརྩིགས། ལི་ཡུལ་བཙུགས་ནས་ལོ་བརྒྱ་རེ་ལྔ་ན་བྱམས་པས་རྒྱལ་པོ་ཡེའུ་ལའི་བུ་ལི་ཛ་ཡ་སམྦྷ་ཝར་སྤྲུལ། འཇམ་དཔལ་གྱིས་དགེ་སློང་བཻ་རོ་ཙ་ནར་སྤྲུལ་སྟེ་བྱིས་པ་ཕྱུགས་རྫི་འཇོས་དང་མུ་ལེ་ལ་དང་པོར་ལི་སྐད་དང་ལི་ཡིག་བསླབས་སྟེ་ཀུན་ལ་དར། རྒྱལ་པོས་ཙཱ་རྨའི་གཙུག་ཁང་བརྩིགས། དེར་གཙུག་ཁང་བརྩིགས་འདོད་མང་ཆེས་པས་རྒྱལ་པོས་སངས་རྒྱས་ཀྱི་རིང་སྲེལ་སུ་ལ་ཡོད་པས་རྩིགས་ཅིག་ཞེས་བསྒྲགས་པས་གཙུག་ཁང་དང་མཆོད་རྟེན་ཀུན་ན་སྟོན་པའི་རིང་སྲེལ་བཞུགས། རྒྱལ་པོ་དེ་དེ་བཞིན་གཤེགས་པ་ལྟ་བར་འདོད་པ་ན་དགེ་སློང་བཻ་རོས་སྟོན་པ་འཁོར་བཅས་སྤྲུལ་པ་དག་སྤྱན་དྲངས་སྟེ་རྒྱལ་པོས་མཆོད། དགེ་སློང་གིས་རྒྱལ་པོ་ལ་གཎྜི་(མ༣ན)


PTT001_Page_1428
[མ་དཔེ་གཟིགས་ན་འདིར་གནོན།]

བཏང་སྟེ་བརྡུང་དུ་བཅུག་པས་ཞག་བདུན་དུ་སྒྲ་མ་ཆད། སྟོན་པ་འཁོར་བཅས་ཀྱིས་ཞབས་རྗེས་བཞག །འཁོར་གནས་བརྟན་བཅུ་དྲུག་པོ་ལ་རིན་པོ་ཆེའི་གཤོས་ཆ་རེ་ཕུལ་པ་གཏེར་དུ་སྦས་སྟེ་ལིའི་བསྟན་པ་ནུབ་ཀར་དགེ་འདུན་གྱི་ཆ་རྐྱེན་དུ་འགྱུར་བར་བྱས། ཀླུའི་རྒྱལ་པོ་ཧུ་ལོར་གྱིས་ཁ་ཆེ་ནས་དེ་བཞིན་གཤེགས་པ་བདུན་གྱི་གདུང་བཞུགས་མཆོད་རྟེན་ཞིག་སྤྱན་དྲངས་སྟེ་ཙརྨར་བཞུགས། དེ་ནས་རྒྱལ་རབས་བདུན་ན་བྱམས་པ་ལི་རྗེ་བི་ཛ་ཡ་བཱིརྻར་སྤྲུལ་སྟེ་གནོད་སྦྱིན་ཡང་དག་བཤེས་ཀྱིས་ལུང་བསྟན་ནས་དགྲ་བཅོམ་པ་བཞི་རྒྱ་གར་ནས་བྱོན་པའི་ཕྱིར་ཡང་དག་པའི་ཕྱིར་དུ་གུམ་ཧིར་གྱི་ལྷ་ཁང་བརྩིགས། རྒྱལ་པོ་དེའི་བུ་ཆུང་ངུ་ཞིག་གཏོར་བ་བེའུ་ཏོ་ཤན་གྱི་ལུང་ཕུ་ནས་རི་གླང་མགོའི་འོད་སྲུང་གི་མཆོད་རྟེན་གྱི་དྲུང་ན་འདུག་སྟེ་འོད་སྲུང་གི་མཆོད་རྟེན་དུ་དགྲ་བཅོམ་པས་བརྡ་སྤྲད། ལི་ཡུལ་ཆུས་གང་ཚེ་འདི་རིས་གཡོགས་ནས་མ་ཞིག་ལ་ཕྱིས་ཀྱང་རིས་གཡོགས་ནས་བྱམས་པའི་ཚེ་གསལ་བར་འགྱུར། བྱང་སེམས་ཉི་ཁྲི་ཡང་འདིར་རྟག་དུ་མཆོད་པ་མཛད་དོ་ཅེས་ལུང་བསྟན། རི་གླང་མགོའི་སྟེང་དུ་བེའུ་ཏོ་ཤན་གྱི་གཙུག་ཁང་བརྩིགས་སྟེ་བུ་ཆུང་ངུ་དེ་ཕྱིས་དགྲ་བཅོམ་ཐོབ་པས་ལི་ཡུལ་པའི་དགྲ་བཅོམ་སྔ་མ་ཡིན་པའི་ཕྱིར་ལམ་སྟོན་ནམ་མོ་གུ་དེ་ཤིར་བཏགས་སྟེ་ཕྱིས་འཕགས་པ་ཀུན་ལ་མཚན་དེར་གྲགས། དེ་ནས་རྒྱལ་རབས་གསུམ་པ་ལ་རྒྱལ་པོ་བི་ཛ་ཡ་བྱ་བས་རྒྱ་རྗེའི་བུ་མོ་པུ་ཎྱཻ་ཤྭ་ར་བླངས་སྟེ་དེས་དར་གྱི་སྲིན་བུའི་ས་བོན་འཚོལ་བ་བསོས་པས་བློན་པོས་ཕྲ་མ་བཅུག་སྟེ་སྲིན་བུའི་ཁང་པ་མེར་བཏང༌། འགའ་ཞིག་གུད་དུ་བསོས་ནས་དར་དང་མེན་དྲི་བཏགས་སྟེ་རྒྱལ་པོ་ལ་བསྟན་པས་བསྲེགས་པས་འགྱོད་ནས་སྡིག་སྦྱོང་དུ་དགྲ་བཅོམ་པ་སདྒྷ་གོ་ཤ་སྤྱན་དྲངས་པོ་སྟརྻ་དང་མ་ཞའི་མཆོད་རྟེན་དང་གཙུག་ཁང་བརྩིགས་སྟེ་དཔྱིད་ར་(མ༣བ)


PTT001_Page_1429
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དུས་སྟོན་བགྱིད། རྒྱལ་པོ་དེ་ལ་བུ་དཔུན་གསུམ་གྱི་རབ་འདོན་རྒྱ་གར་དུ་ཆས། བར་མ་དགྲ་བཅོམ་ཐོབ། ཐ་ཆུང་བི་ཛ་དྷརྨས་རྒྱལ་པོ་བྱས་སྟེ་ཡུལ་འདྲོ་ཏ་རི་བྱ་བ་སྔོན་ཟླ་འོད་ཀྱིས་དབུ་བཏང་ཞིང་ལི་ཡུལ་ལུང་སྟོན་དུས་སྟོན་པ་དང་ས་སྙིང་གིས་བྱིན་གྱིས་བརླབས་པ་རི་ཀྵཏ་ཤོ་གར་འདྲོ་ཏིར་གྱི་གཙུག་ཁང་བརྩིགས། དེའི་བུ་ཆེ་བ་འདོད་འགྲོས་རྒྱ་ཡུལ་དུ་བློན་པོ་གསོད་པ་ཅིག་གི་ཚབ་རང་གིས་བྱས་པས་ཁྲག་འོ་མར་བབ་ནས་གསོད་མ་ནུས་སྟེ་རྒྱལ་པོས་ནོར་མང་དུ་བྱིན་པ་ལས་སང་ཏིར་གྱི་གཙུག་ཁང་བརྩིགས། ལྷ་རྣམས་ཀྱིས་སྐྱེས་རབས་ཀྱི་ཟློས་གར་བྱས་སྟེ་དེང་སང་གི་བར་དུ་དར། བི་ཛ་ཡ་དྷརྨའི་སྲས་བི་ཛ་ཡ་སིདྷིས་སོམ་ཉིའི་གཙུག་ཁང་བརྩིགས། བི་ཛ་ཡ་ཀིརྟིས་བྲུ་ཉ་བརྩིགས། བི་ཛ་ཡ་སཾགྲ་མས་དྷརྨ་ཏིར་བརྩིགས། བི་ཛ་ཡ་སིང་ཧས་ཞ་སར་མ་བརྩིགས་སྟེ་བྱམས་པའི་དུས་སྟོན་བཙུགས། དེ་ནས་རྒྱལ་རབས་བདུན་པ་བི་ཛ་ཡ་སདྒ་མས་སྐུ་གཟུགས་ན་མཁའ་ནས་བྱོན་པ་དང་འཇམ་དཔལ་དང་ས་སྙིང་གི་སླད་དུ་མོ་ཧོ་རའི་མཆོད་པ་བཙུགས། དེ་ནས་རྒྱལ་རབས་ལྔ་པ་བི་ཛ་ཡ་ཀིརྟིའི་བྷ་ཉི་བརྩིགས། དེ་ནས་རྒྱལ་རབས་གསུམ་པ་བི་ཛ་ཡ་དྷརྨས་བོད་མཁར་དུ་བྱམས་པ་བཞེངས་ཤིང་དེ་ཕྱིན་ལི་ཡུལ་བོད་ཀྱི་འོག་དུ་སོང༌། སྤྱིར་ལིའི་རྒྱལ་པོ་བདུན་པ་བི་ཛ་ཀིརྟིའི་ཚེ་དགྲ་བཅོམ་པ་དགེ་འདུན་འཕེལ་གྱིས་ལོ་གཉིས་སྟོང་ན་བསྟན་པ་ནུབ་པ་དང་དེའི་ཚེ་བོད་ཡུལ་དུ་རྒྱའི་ཀོང་ཇོ་ཞིག་དང་གཙུག་ཁང་བདུན་འབྱུང་ཞིང་རྒྱའི་རྒྱལ་པོས་ཏེའུ་ཤའི་ཆོས་ལུགས་བཟུང་ནས་རྒྱ་ནག་གི་བསྟན་པ་ནུབ་པ་དང་གནྡྷ་ལའི་མདབ་ཏུ་ཀླུ་ཨེ་ལའི་མདབ་ཀྱིས་ལུས་གཏོང་བ་དང་ལི་དང་བོད་ཀྱི་རབ་བྱུང་ཐམས་ཅད་རྒྱ་གར་དུ་ཕྱིན་སྟེ་ཀཽ་ཤམྦྷིར་ཐམས་ཅད་ཕན་ཚན་དུ་གསོད་ཅིང་དེའི་ཚེ་ཛམ་གླིང་ཀུན་དུ་བསྟན་པ་ཉམས་པར་ལུང་བསྟན་ལ། སྤྱིར་ལི་ཡུལ་འདི་སངས་རྒྱས་ཀྱི་ཕོ་བྲང་ཉེར་གཅིག་པ་ཡིན་ནོ་ཞེས་བསྟན་འགྱུར་ན་བཞུགས་པའི་བསྟན་འགྱུར་དུ་བཞུགས་དགོས་རྒྱུ་ཡིན་ཡང་དེང་སང་སྣར་ཐང་བསྟན་འགྱུར་ན་མི་བཞུགས་མདོ་མང་རྙིང་པ་ཁ་ཤས་ན་ཡོད། ལི་ཡུལ་གྱི་ལོ་(མ༤ན)


PTT001_Page_1430
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུས་ལས་གསུངས་པ་མདོར་བསྡུས་ནས་བྲིས་པའོ། །ཡུལ་འདི་རྒྱ་ནག་གི་བྱང་ངོས་བོད་ནས་བྱང་ཤར་གྱི་མཚམས་ན་ཡོད་ཅེས་ཤམྦྷ་ལ་པས་ཁོང་རང་གིས་ཕྱིན་ཞིང་བོད་དུ་ཡུལ་འདི་ངོ་ཤེས་པ་རེད་མདའ་པ་དང་ང་ལས་མ་བྱུང་ཞེས་འཆད་པར་སྣང་ལ། རོང་སྟོན་ཤེས་བྱ་ཀུན་རིག་གིས་བལ་པོ་ཉིད་ལི་ཡུལ་ཡིན་པ་ལ་གྲོ་ལུང་པས། རྒྱ་གར་ཤར་ནུབ་ལི་དང་བལ་པོའི་ཡུལ། །ཞེས་བྲིས་པ་ནོར་ཞེས་འཆད་པར་སྣང་ལ། སྤྱིར་ལི་ཡུལ་ལུང་བསྟན་གྱི་མདོར་མ་འོངས་པ་ན་འདིར་བོད་དང་སུམ་པ་དང་རྒྱ་རྣམས་ཀྱང་འབྱུང་ཞེས་བཤད་པ་སོགས་དང་སྦྱར་ན་བལ་ཡུལ་པ་རྣམས་རྣམ་སྲས་དང་མཽངྒལ་གྱི་བུས་ཆུ་དྲལ་བའི་ས་བལ་པོ་ཕམ་ཐིང་ཡིན་པ་དང་གོ་མ་ལ་སཱ་ལའི་མཆོད་རྟེན་འཕགས་པ་ཤིང་ཀུན་ཡིན་པར་འདོད་ཅིང་བོད་ཐང་དུ་བྱམས་པ་བཞེངས་པ་ཡང་བལ་པོའི་རྒྱལ་པོ་དེ་ཝ་ལྷའམ་འོད་ཟེར་གོ་ཆའི་སྲས་མོ་བལ་བཟའ་ཁྲི་བཙུན་བོད་དུ་བྱོན་པའི་སྐལ་བར་ཐང་ཆེན་པོ་ཅིག་ཞིང་དུ་བྱས་སྟེ་བྱིན་པ་ད་ལྟ་བོད་ཐང་དུ་གྲགས་ཤིང་དེར་རྒྱལ་པོས་གཙུག་ཁང་བརྩིགས་པ་དེང་སང་ཞིག་ནས་མགོན་པོའི་རྡོ་སྐུ་ཞིག་ད་དུང་ཡོད་པ་ལ་བོད་ཐང་མགོན་པོ་ཅེས་མཆོད་པ་བྱེད་པ་ཡོད་ལ་སྤྱིར་བལ་ཡུལ་ཉིད་ན་ཆུ་བོའི་ཕར་འགྲམ་གྱི་ངོས་ལ་བལ་ཡུལ་དང་ཚུར་ཕྱོགས་ལ་ལི་ཡུལ་ཞེས་འབོད་པར་བྱེད་ཏོ། །ཕལ་སྐད་ཀྱི་སྡེ་ཚན་བདུན་པ་བྱེད་པོས་བལ་ཡུལ་གྱི་སྐབས་སུ་ཡུལ་འདི་ཁ་ཅིག་ལི་ཡུལ་དུ་འདོད་ཁ་ཅིག་གླང་རུ་ལུང་བསྟན་པའི་ཡུལ་དེར་འདོད་ཀྱང་ཕྱི་མ་དཔྱད་པར་བྱ་ཞིང་འདི་ལི་ཡུལ་ནི་མ་ཡིན་སྟེ་གོ་མ་ལ་སཱ་ལ་གནྡྷའི་མཆོད་རྟེན་མེད་པའི་ཕྱིར་ཞེས་བྲིས་ཀྱང་དེ་ནི་ཤིང་ཀུན་གྱི་མཆོད་རྟེན་ཉིད་ཀྱི་མིང་དུ་བལ་པོ་རྣམས་འདོད་ལ། རི་བོ་གླང་རུ་ཡང་འོད་སྲུང་མཆོད་རྟེན་གྱི་རྨང་གཞིའི་ཚུལ་དུ་རི་ཆུང་རྩེ་ཕྲ་བ་གླང་རུ་ཕྲེད་ལ་བཞག་པ་འདྲ་བ་ཞིག་ཡོད་པ་དེ་ཡིན་པར་བལ་པོ་རྣམས་འདོད་ཅིང་ཤིང་ཀུན་གྱི་མཆོད་རྟེན་(མ༤བ)


PTT001_Page_1431
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྔོན་དང་ཕྱི་མར་རི་གཡོགས་པ་ཡང་དེང་སང་བུམ་པ་མན་ལ་སེང་ལྡེང་གི་ནགས་ཚལ་སྐྱེས་པ་སོགས་གསལ་པོར་ཡོད་པ་ཡུལ་དེར་བགྲོད་པའི་མི་ལ་མངོན་སུམ་དུ་ཡོད་པའི་ཕྱིར་གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་ནས་བཤད་པའི་ཆ་མཐུན་ནི་བལ་པོ་ལ་སྣང་བས་སྐབས་དེའི་ལི་ཡུལ་བལ་པོར་བྱས་ཀྱང་རུང་བར་སྣང་མོད། ཕྱི་ནང་གི་ཡུལ་བདུན་ཡུལ་དྲུག་གི་དུས་སྦྱོར་གྱི་ལི་ཡུལ་ནི་བལ་པོར་མི་རུང་སྟེ་དེ་བོད་ཀྱི་བྱང་དུ་དགོས་ལ་བལ་པོ་ནི་ལ་སྟོད་དང་མངའ་རིས་ཀྱི་བར་གྱི་ལྷོ་ན་ཡོད་པའི་ཕྱིར་རོ། །བཅོམ་རལ་བས་ཀྱང༌། ས་ནུས་བཟུང་བའི་ལི་ཡུལ་ནི། །རྒྱ་བོད་མཚམས་ཀྱི་བལ་པོ་མིན། །ཞེས་འཆད་པར་སྣང་ལ་སྤྱིར་གླང་རུ་ལུང་བསྟན་དང་ལི་ཡུལ་ལུང་བསྟན་དུ་གྲགས་པ་ལྷ་མོ་དྲི་མ་མེད་པའི་འོད་ལུང་བསྟན་པ་ནི་རི་ལུང་བསྟན་པ་དང་ཡུལ་དུ་གང་ཟག་ལུང་བསྟན་པའི་ཁྱད་པར་མ་གཏོགས་མཚན་གཞི་གཅིག་པར་སྣང་ངོ༌། །ལི་ཡུལ་གྱི་སྐབས་བཤད་ཟིན་ཏོ། །གཉིས་པ་རྒྱ་ནག་གི་རྒྱལ་རབས་ལ་སྔ་ཕྱི་གཉིས་ལས་སྔ་མ་ནི། སྤྱིར་རྒྱ་ནག་གི་ཡུལ་ནི་མ་ཧཱ་ཙི་ན་ཞེས་བྱ་བ་འཛམ་གླིང་གི་བྱང་ཤར་གྱི་སྟོད་ཁྱབ་པར་གནས་པ་ཕྱིའི་རྒྱ་མཚོ་དང་འབྲེལ་བ་ཡུལ་ཤིན་དུ་ཆེ་བ་ཡིན་ལ་འཇམ་དཔལ་རྩ་རྒྱུད་ལས། རྒྱ་ཡུལ་ཀུན་ལ་བསྟན་པ་ཡི། །རྒྱལ་པོ་དབྱིག་སྙིང་པོ་ཅེས་བྱ། །སྡེ་ཆེན་སྟོབས་ཀྱང་ཆེ་བ་དང༌། །སེམས་ཀྱིས་ཡི་གེ་བརྒྱད་པ་གྲུབ་པ་དང་ལྷ་ཐམས་ཅད་ལ་དབང་བསྒྱུར་བ་དང་ལོ་བརྒྱ་དང་ལྔ་བཅུར་འཚོ་ཞིང་འཚང་རྒྱ་བར་ལུང་བསྟན་ཅིང༌། གཞོན་ནུས་ཡོངས་སུ་བསྟན་པ་ཡིན། །རིག་པ་འདི་ནི་དེ་ཡུལ་དུ། །ད་ནི་མྱུར་དུ་འགྲུབ་འགྱུར་གྱིས། །རིག་པ་གཞན་ནི་ནམ་ཡང་མིན། །ཞེས་རྒྱ་ཡུལ་དུ་འཇམ་དཔལ་གྱི་སྔགས་འགྲུབ་པ་དང༌། འཇམ་པའི་དབྱངས་ནི་འོད་ཆེན་པོ། །མངོན་སུམ་དེ་ཡི་ཡུལ་དག་ན། །བྱིས་པའི་གཟུགས་ཀྱིས་བཞུགས་པ་ཡིན། །(མ༥ན)


PTT001_Page_1432
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་རི་བོ་རྩེ་ལྔ་ལ་འཇམ་དཔལ་དངོས་སུ་བཞུགས་པ་དང༌། གླང་ཆེན་འགྱིང་རི་ལ་བྱང་ཆུབ་སེམས་དཔའ་ཀུན་དུ་བཟང་པོ་རིན་པོ་ཆེ་སྨུག་པོ་ལས་རང་བྱུང་དུ་བཞུགས་ཤིང་ལོངས་སྤྱོད་རྣམ་ཐོས་སྲས་ལྟ་བུའི་ཡུལ་ལོ། །དེའི་རྒྱལ་རབས་ནི། དང་པོར་རྒྱ་ནག་གི་རྒྱལ་པོ་ཅེའུ་ཞེས་བྱ་བ་བྱུང་སྟེ་ཤཱཀྱའི་རྒྱལ་པོ་གཞུ་བརྟན་དང་དུས་མཉམ། དེའི་རྒྱལ་རབས་བཞི་པ་ཅེའུ་དབང་ཞེས་པ་རྒྱལ་སར་བཏོན་ནས་ལོ་གྲངས་ཉི་ཤུ་ལྷག་པ་སོང་བའི་ཚེ་ཤིང་ཕོ་སྟག་གི་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ཀྱི་ཉིན་ནུབ་ཕྱོགས་ནས་འོད་དང་སྒྲ་ལ་སོགས་པ་ངོ་མཚར་བའི་ལྟས་ཆེར་བྱུང་བས་རྒྱ་ནག་གི་རྩིས་པ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་འཁྲུངས་པའི་ལྟས་སུ་ཤེས། བཅོམ་ལྡན་འདས་དགུང་ལོ་སོ་དྲུག་ལ་སངས་རྒྱས་ནས་ལོ་བརྒྱད་ཡུམ་ལ་ཆོས་འཆད་པའི་དོན་དུ་ལྷ་ཡུལ་དུ་བྱོན། དེའི་ཤུལ་དུ་རྒྱལ་པོ་ཨུ་ཏ་ཡ་ནི་བཅོམ་ལྡན་འདས་བལྟ་འདོད་པས་འཕགས་པ་མཽངྒལ་གྱི་བུ་སྤྱན་འདྲེན་དུ་བསྩལ་བས་དེས་ལྷ་ཡུལ་དུ་བཅོམ་ལྡན་འདས་ཀྱི་སྐུ་ཙནྡན་ལས་བཞེངས་ནས་མི་ཡུལ་དུ་སྤྱན་དྲངས། འདི་ལ་མདོ་སྡེ་དྲིན་ལན་བསབ་པ་རྒྱ་ནག་འགྱུར་ལས་ནི་སངས་རྒྱས་ཀྱིས་ཞག་དགུ་བཅུར་ལྷ་ཡུལ་དུ་ཡུམ་ལ་ཆོས་གསུངས། དེའི་བར་རྒྱལ་པོ་ཨུ་ཏྲ་ཡ་ན་ཡིད་སྐྱོ་བར་གྱུར་ནས་གླང་མགོའི་ཙནྡན་ལས་སངས་རྒྱས་ཀྱི་སྐུ་བཞེངས་ཅེས་བཤད་དོ། །དེ་ནས་བཅོམ་ལྡན་འདས་ལྷ་ལས་བབ་པའི་ཚེ་ཙནྡན་ཀྱི་སྐུ་དེས་བཞེངས་ནས་བཅོམ་ལྡན་འདས་ལ་དབུ་བཏུད་བཅོམ་ལྡན་འདས་ཀྱིས་དེའི་སྤྱི་བོར་ཕྱག་བཞག །ང་མྱ་ངན་ལས་འདས་ནས་ལོ་སྟོང་ལོན་པའི་ཚེ་སྐུ་འདི་རྒྱ་ནག་གི་ཡུལ་དུ་སེམས་ཅན་གྱི་དོན་བྱེད་པར་འགྱུར་རོ་ཞེས་ལུང་བསྟན། དེ་ནས་ལོ་བཞི་བཅུ་ཞེ་གཉིས་སུ་དགུང་ལོ་བརྒྱད་བཅུ་ལ་མྱ་ངན་ལས་འདས། རྒྱལ་བ་འདས་ནས་ཆུ་མོ་ཕག་སེ་ཆེན་རྒྱལ་སར་བཞུགས་ནས་ལོ་ངོ་ཕྱེད་དང་གསུམ་འགྲོ་བ་དེ་ལ་བརྩིས་པས་དེ་ཡན་ཆད་ལ་ལོ་ཉིས་སྟོང་དང་བཅུ་གསུམ་(མ༥བ)


PTT001_Page_1433
[མ་དཔེ་གཟིགས་ན་འདིར་གནོན།]

སོང༌། ཙནྡན་ཇོ་བོ་བཞེངས་ནས་ལོ་ཉིས་སྟོང་ལྔ་བཅུ་ཐམ་པ་འགྲོ་ཞེས་རྒྱ་ནག་གི་ཙནྡན་ཇོ་བོའི་ལོ་རྒྱུས་ས་པཎ་གྱི་སློབ་མ་བྱང་ངོས་མཁན་པོ་ཤེར་ཡེས་ཀྱིས་བོད་དུ་བསྒྱུར་བ་ན་ཡོད་པར་སྣང༌། དེ་ནས་ཚལ་པའི་དེབ་དམར་བསྒྲིགས་པའི་མེ་ཁྱི་ཡན་ལ་ལོ་བརྒྱད་བཅུ་རྩ་བཞི་སོང་ཟེར་རོ། །ཅེའུ་ལ་རྒྱལ་རྒྱུད་སུམ་བཅུ་སོ་དྲུག་བྱུང༌། འདི་ལ་སོ་དྲུག་པོ་འདིས་ལོ་བརྒྱ་སྲིད་བཟུང་ཞེས་ཚལ་པའི་དེབ་དམར་དང་རྒྱལ་རབས་ཆོས་བྱུང་ན་མཐུན་པར་སྣང་ཡང་སོ་དྲུག་གིས་ལོ་བརྒྱ་ལས་མ་བཟུང་ན་རྒྱལ་པོ་རེ་རེའི་ཐོབ་སྐལ་ཆ་མཉམ་པ་ན་ལོ་གཉིས་རེ་ལྷག་ཙམ་ལས་མི་འབྱུང་ལ་འདིའི་འོག་རྒྱལ་རབས་བཅུ་བདུན་པ་ལ་སངས་རྒྱས་ཀྱི་བསྟན་པ་རྒྱ་ནག་དུ་བྱུང་ལ་དེའི་ཚེ་སྟོན་པ་འདས་ནས་ལོ་སྟོང་འགྲོ་དགོས་པས་འགྲིགས་པའི་གནས་མེད་དོ། །དེས་ན་ལོ་བརྒྱད་བརྒྱ་སྲིད་བཟུང་ཞེས་པ་ལྟ་བུ་ཞིག་ཡོད་པའི་ཡི་གེ་ཉམས་པར་ངེས་སོ། །དེ་རྗེས་ཆིན་ཧྲི་ཧང་གི་རྒྱལ་པོ་གཉིས་བྱུང་ལོ་བདུན་བཅུར་སྲིད་བཟུང༌། དེ་ནས་ཧན་ཀའོ་ཟུང་ཞེས་པའི་རྒྱལ་པོ་བྱུང་སྟེ་རྒྱལ་རྒྱུད་བཅུ་གཉིས་ཀྱི་བར་དུ་སྲིད་བཟུང༌། བཅུ་གཉིས་པའི་དུས་དེར་བློན་པོ་ཨཾ་མཾ་གིས་ངོས་ལོག་བྱས་སྟེ་རྒྱལ་ས་ཕྲོགས་ནས་ལོ་བཅོ་བརྒྱད་བཟུང༌། དེ་ནས་ཧན་གྱི་རྒྱུད་པ་སླེའུ་གོང་བུས་ཨཾ་མཾ་བསད་སྟེ་རྒྱལ་ས་བཟུང༌། དེ་ལ་བུ་ལྔ་བྱུང་བའི་ལྔ་པ་ཧན་མིང་ཏིས་རྒྱལ་པོ་བྱེད་པའི་ཚེ་རྒྱ་གར་ནས་པཎྜིཏ་ཛུ་ཧ་ལཾ་ཟེར་བ་བདེན་པ་མཐོང་བ་གཉིས་ཀྱིས་རྟ་དཀར་པོ་ཅིག་ལ་ཐེག་པ་ཆུང་ངུའི་སྡེ་སྣོད་བཀལ་ནས་རྒྱ་ནག་དུ་འོང་ཧོ་ནཾ་ཧུར་པའི་མའི་སའི་ལྷ་ཁང་བཞེངས། ཆོས་བསྒྱུར་དེ་ནས་དེང་སང་གི་བར་དུ་སངས་རྒྱས་ཀྱི་བསྟན་པ་དར་བ་ཡིན། པཎྜིཏ་དེ་གཉིས་དགྲ་བཅོམ་ཐོབ་སྟེ་གཅིག་ལྷ་ཁང་དེའི་འོག་དུ་འགོག་པ་ལ་སྙོམས་པར་ཞུགས་ནས་བྱམས་པ་བྱོན་པའི་ཚེ་ལངས་སྟེ་མྱ་ངན་ལས་འདས། གཅིག་རྫུ་ཕྲུལ་གྱིས་ན་མཁའ་ལ་ཕུར་སྟེ་རྒྱ་མཚོའི་གླིང་ཀའུའི་དཀར་པོ་ཅེས་(མ༦ན)


PTT001_Page_1434
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་བའི་རྒྱལ་ཁམས་སུ་སོང་སྟེ་མྱ་ངན་ལས་འདས་སོ། །འདི་ལ་རྒྱ་ཡུལ་དུ་ཆོས་དར་ཚུལ་བུ་ཡན་དུ་རྒྱལ་པོའི་ལུང་གིས་ཡུ་གུར་གྱི་བཙུན་པ་ཨོག་ཟོས་རྒྱ་ནག་གི་སྐད་ལས་ཡུ་གུར་གྱི་སྐད་དུ་བསྒྱུར་ཞིང་ཕྱིས་དགེ་སློང་པུཎྱཻ་ཤྲཱི་བྷ་དྲས་ས་སྐྱར་བོད་སྐད་དུ་བསྒྱུར་བའི་ཡི་གེ་ལས་ནི་འདི་ལྟར་བྱུང་སྟེ། སྔོན་ཧན་མིང་ཏི་ཅེས་བྱ་བའི་རྒྱལ་པོའི་དུས་སུ་ཡུང་ཕིང་ལོ་གསུམ་པ་སིན་བྱའི་ལོ་ལ་རྒྱལ་པོ་ཧན་མིང་ཏི་དེའི་རྨི་ལམ་དུ་སྐུ་གཟུགས་གསེར་གྱི་མདོ་ཅན་ཁྲུ་བཅུ་དྲུག་པ་ཉི་མ་ལྟར་འོད་ཟེར་རབ་ཏུ་འཕྲོ་བའི་མི་ཞིག་ན་མཁའ་ལས་བྱོན་ནས་ཕོ་བྲང་གི་མདུན་ན་བཞུགས་པ་མཐོང་སྟེ་ནང་པར་རྨི་ལམ་དེ་བློན་པོ་རྣམས་ལ་བསྙད་པས་ཧུ་ཡི་ཞེས་བྱ་བའི་བློན་པོ་ཅིག་གིས་ཞུས་པ། ཅིའུ་ལ་ཡི་ཞེས་བྱ་བའི་ཡི་གེའི་ནང་ནས་སྔོན་ཅེའུ་ཇིའུ་དབང་ཞེས་བྱ་བའི་རྒྱལ་པོའི་དུས་སུ་ས་སྟག་ལོ་ཟླ་བ་བཞི་པའི་ཚེས་བརྒྱད་ཀྱི་ནམ་ལངས་པ་དང་རླུང་འཚུབ་ཆེན་པོ་བྱུང༌། ཕོ་བྲང་ཐམས་ཅད་གཡོས། ཡང་དེའི་ནུབ་མོ་འོད་ཟེར་ཁ་དོག་ལྔ་པ་ནམ་མཁའི་ཁམས་སུ་འཁྲིགས་སྟེ་ཕྱིས་སྔོན་པ་དང་དམར་པོར་གྱུར་ནས་ན་མཁའ་ཀུན་ཁྱབ་པ་ལས་རྒྱལ་པོ་དེས་རྩིས་པའི་གཙོ་བོ་སུ་ཡི་འུ་ཞེས་བྱ་བའི་མི་དབོན་ལ་འདི་རྣམས་ཅིའི་མཚན་མར་འདུག་དྲིས་པས་དེ་ན་རེ་ནུབ་ཕྱོགས་རྒྱ་གར་དུ་བསོད་ནམས་ཆེན་པོ་དང་ལྡན་པའི་གང་ཟག་ཁྱད་པར་ཅན་ཞིག་བྱུང་འདུག །དེའི་ཆོས་ལུགས་རྣམས་ལོ་སྟོང་ནས་རྒྱལ་ཁམས་འདིར་འོང་བའི་ལྟས་སུ་འདུག་ཞུས་པས་རྒྱལ་པོ་དེས་གྲོང་ཁྱེར་གྱི་ལྷོ་ཕྱོགས་སུ་ནམ་གའུ་ཞེས་བྱ་བ་ལྷ་གསོལ་བྱ་བའི་གནས་ཀྱི་བདུན་དུ་རྡོ་རིང་ལ་ཡི་གེར་བཀོད་ནས་གདའ། དེ་ནས་ད་ལྟ་སིན་བྱ་ལོའི་བར་ལ་ལོ་སྟོང་དང་བཅུ་སོང་ནས་གདའ་བས་རྒྱལ་པོའི་མནལ་ལམ་འདི་ངེས་པར་སྔོན་གྱི་གཏམ་དེ་རྣམས་དང་མཐུན་པར་གདའ་ཞུས་པས་རྒྱལ་པོ་ཡིད་ཆེས་སྟེ་ལང་ཇུས་ཡིན་དང་ཅུ་ལང་སང་སིན་ཀིན་དང་བའུ་ཞིའུ་སུན་སོགས་མི་བཅོ་(མ༦བ)


PTT001_Page_1435
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་ནུབ་ཕྱོགས་རྒྱ་གར་ལ་སངས་རྒྱས་ཀྱི་གསུང་རབ་གདན་འདྲེན་དུ་བཏང་ངོ༌། །དེ་རྣམས་ཀྱིས་བས་ཇའི་ཡུལ་དུ་སླེབས་པ་དང་རྒྱ་གར་གྱི་མཁན་པོ་སྡེ་སྣོད་གསུམ་འཛིན་པ་གྲོལ་པ་དང་འབར་བ་ཞེས་བྱ་བ་གཉིས་ཀྱིས་ཆོས་ཀྱི་རྣམ་གྲངས་ལྔ་བཅུ་རྩ་གཉིས་ཡོད་པའི་མདོའི་པོ་ཏི་ཅིག་དང་སྔོན་ཨུ་ཏྲ་ཡ་ནས་བཞེངས་པའི་ཐུབ་པའི་བྲིས་སྐུ་སྤྱན་དྲངས་ནས་རྒྱ་ནག་དུ་འོངས་པ་ཕྲད་སྟེ་བསྡོངས་ནས་ལོག །ཡུང་ཕིང་ལོ་བཅུ་གཅིག་པ་ཆུ་འབྲུག་ལོ་ཟླ་བ་བཅུ་གཉིས་པའི་ནམ་གང་ལ་ཨ་ཧོན་མ་ཧུ་ཞེས་བྱ་བའི་གྲོང་ཁྱེར་དུ་ཕྱིན་སྟེ་ཧན་མིང་ཏི་རྒྱལ་པོས་བསུ་བ་དང་བཀུར་སྟི་རིམ་གྲོ་ཆེར་བྱས་ནས་ལྷ་གཟོ་པ་རྣམས་སངས་རྒྱས་ཀྱི་སྐུ་གཟུགས་འབྲིར་བཅུག་ནས་ཆིང་ལང་ཐའི་ཞེས་བྱ་བའི་ཕོ་བྲང་དུ་བཞུགས་བཅུག་སྟེ་སྐྱེ་བོ་རྣམས་ལ་ཡ་མཚན་པར་བྱ་བའི་ཕྱིར་གྲོང་ཁྱེར་གྱི་ནུབ་སྒོར་སྐུ་གཟུགས་བཀྲམ་ནས་བལྟར་བཅུག་གསུང་རབ་བསྒྱུར་ནས་བྲིས་སྟེ་ལན་ཐིང་ཞེས་བྱ་བའི་དེབ་འཇོག་པའི་མཛོད་དུ་རྡོ་བ་ལས་བྱས་པའི་ཟ་མ་ཏོག་གི་ནང་དུ་བཞུགས་སུ་བཅུག །དེའི་རྗེས་སུ་སའི་བའི་མི་ཞེས་བྱ་བའི་གཙུག་ལག་ཁང་བཞེངས་སོ། །དེ་ནས་ཡུང་ཕིང་ལོ་བཅུ་བཞི་པ་ཟླ་བ་དང་པོའི་ཚེས་གཅིག་ལ་རི་ཆེན་པོ་ལྔ་ན་གནས་པའི་ཟིན་ཤིང་རྣམས་རྒྱལ་པོ་ཧན་མིང་ཏིའི་དྲུང་དུ་མཇལ་དུ་འོངས་སྟེ་ཕན་ཚུན་ནང་དུ་རྒྱལ་པོས་ཁོ་བོ་ཅག་གི་ཆོས་ལུགས་བཞག་ནས་ཐག་རིང་རྒྱལ་ཁམས་མི་གཅིག་པ་ནས་ཆོས་བཙལ་ནས་ཁྱེར་འོངས་འདུག །དེའི་དགེ་སྦྱོང་དག་དང་རྒྱལ་ལ་བཙུགས་སྟེ་ཆོས་བདེན་རྫུན་བརྟག་དགོས་ཅེས་གྲོས་བྱས་སྟེ་རྒྱལ་པོ་ལ་ཞུས་པར། བདག་ཅག་རི་ཆེན་པོ་ལྔ་ན་གནས་ཅིང་ཀོན་ཆེན་པོ་བཅོ་བརྒྱད་ན་ཡོད་པའི་ཐའི་ཤང་ལང་གྷན་གི་སློབ་མ་ཇུ་ཟིན་ཤིང་ལ་སོགས་པའི་མི་དྲུག་བརྒྱ་དགུ་བཅུ་པོས་འཇིགས་བཞིན་དུ་ཞུ་བ་ལ་བདག་ཅག་རྣམས་ཀྱི་ཆོས་ནི་གཟུགས་མེད་པ་དབྱིབས་མེད་པ་བླ་ན་མེད་པ་རང་བྱུང་གི་ལམ་ཆེན་པོ་ཡིན་ཞིང་རི་ཆེན་པོ་རྣམས་ན་གནས་པ་བདག་ཅག་ལ་སོགས་པའི་(མ༧ན)


PTT001_Page_1436
[མ་དཔེ་གཟིགས་ན་འདིར་གནོན།]

ཟིན་ཤིང་རྣམས་ལ་ཐོགས་པ་མེད་པར་མཐོང་བ་དང་ཐག་རིང་ནས་ཀྱང་ཐོས་པ་དང་བསྟན་བཅོས་རྒྱ་ཆེན་པོ་ཤེས་པ་དང་ལྷ་འདྲེ་མངག་གཞུག་བྱེད་པ་དང་མེ་ལ་ཞུགས་ན་མི་འཚིག་པ་དང་ཆུ་ལ་སོང་ཡང་མི་བྱིང་བ་དང་དངོས་སུ་ན་མཁའ་ལ་འཕགས་ནས་འགྲོ་བ་དང་རང་ལུས་སྦེད་པ་ལ་སོགས་པའི་ཡོན་ཏན་མཆིས་པས་རྒྱལ་པོས་ཐུགས་ལ་བཏགས་ན་དགེ་སྦྱོང་དེ་དག་དང་རྒྱལ་ལ་བཙུགས་སྟེ་བརྟག་དཔྱད་བགྱི་འཚལ། གཅིག་དུ་ན་རྒྱལ་པོ་ཐུགས་ཆེས་པ་དང་གཉིས་པར་བདེན་རྫུན་ཤན་འབྱེད་འཚལ་ལགས་པས་གལ་སྟེ་བདག་ཅག་རྣམས་ཀྱིས་ཡོན་ཏན་དེ་དག་ལ་མ་སླེབ་ན་ཉེས་པ་ལྗི་མོ་ཇི་ལྟར་ལན་པ་རྒྱལ་པོས་མཁྱེན། ཅི་སྟེ་བདག་ཅག་རྣམས་རྒྱལ་ན་དེ་དག་མེད་པར་མཛད་པའང་རྒྱལ་པོས་མཁྱེན། ཞེས་ཞུས་པས་རྒྱལ་པོས་རྒྱ་གར་བའི་སློབ་དཔོན་དེ་དག་ལ་ངོ་རིང་ངེད་ལ་ཟིན་ཤིང་རྣམས་ཀྱིས་ཁྱེད་རྣམས་དང་རྒྱལ་བཙུགས་སྟེ་བརྟག་དགོས་ཅེས་སྨྲ་ན་ཁྱེད་རྣམས་ཅི་དགོངས་ཅེས་དྲིས་པས་སློབ་དཔོན་གཉིས་ཀྱིས་ངེད་ཀྱི་ཆོས་ལུགས་ནི་ཤིན་དུ་རྒྱ་ཆེ་ཞིང་བརྗོད་ཀྱིས་མི་ལང་བ་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་དང་ལྡན་པ་ལགས། ཟིན་ཤིང་གི་ཆོས་ལུགས་སངས་རྒྱས་ཀྱི་གསུང་རབ་ལ་འགྲན་ན་ཇི་ལྟར་མར་མེའི་འོད་ཀྱིས་ཉི་ཟླ་ལ་འགྲན་པ་དང་ཝས་སེང་གེ་ལ་འགྲན་པ་ལྟར་འགྱུར་པས་ག་ལ་མཚུངས། དེ་ལགས་ན་ཟིན་ཤིང་རྣམས་ཀྱི་ཚིག་བཞིན་དུ་རྒྱལ་འཛུགས་པར་བྱའོ་ཞེས་ཞུས་པས། ཧན་མིང་ཏི་རྒྱལ་པོས་ཆང་ཤུ་ལིང་གུང་སང་ཞེས་བྱ་བའི་བློན་པོ་ལ་ཟླ་བ་དང་པོ་འདིའི་ཚེས་བཅོ་ལྔའི་ཉིན་པར་སའི་མ་སི་ཞེས་བྱ་བའི་གཙུག་ལག་ཁང་གི་མདུན་དུ་ཕན་ཚུན་རྒྱལ་གཙུགས་སྟེ་ཕན་ཚུན་རྩོད་པ་བྱེད་དུ་ཆུག་ཞེས་བཀའ་བསྩལ་ཏོ། །དེ་ནས་ཧ་ཡའུ་རི་ན་གནས་པའི་ཇུ་ཟིན་ཤིང་ཞེས་བྱ་བ་དང་པི་ཧ་ཡའུ་ན་གནས་པ་ཆང་ཟིན་ཤིང་དང་རི་ཧིན་ཡའུ་གནས་པ་ཧུ་འུན་ཟིན་ཤིང་དང་རི་ཐུང་ཡའུ་ན་(མ༧བ)


PTT001_Page_1437
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པའི་ཡེའུ་ཏི་ཟིན་ཤིང་དང་རི་སུང་ཡའུ་ན་གནས་པ་ལུ་བུའི་ཐུང་ཟིན་ཤིང་དང་གཞན་ཡང་ཧོ་ཤན་ཐེན་ལུའུ་ཐའི་བའུ་ལུ་ལ་སོགས་པ་རི་ཆེན་པོ་བཅོ་བརྒྱད་ན་གནས་པའི་ཀེ་འུན་ཟིན་ཤིང་སོགས་ཟིན་ཤིང་རྒན་པ་རྣམས་ཀྱིས་ལི་བའུ་གྱིང་ལ་སོགས་ཆོས་པོ་ཏི་ལྔ་བརྒྱ་དགུ་པོ་ཐབ་དང་པོའི་ཁར་བརྩིགས། གཞན་ཡང་མཁས་པས་བྱས་པའི་ཡན་ལག་སོ་བདུན་པ་སོགས་པོ་ཏི་ཉིས་བརྒྱ་སོ་ལྔ་ཐབ་གཉིས་པར་བརྩིགས། ལྷ་འདྲེན་རྣམ་པ་མང་པོའི་སྐུ་གཟུགས་རྣམས་ཐབ་གསུམ་པར་བརྩིགས་སོ། །ལྷོ་ཕྱོགས་སུ་གདན་ཁྲི་ཆེན་པོ་བཤམས་ནས་རྒྱལ་པོ་བློན་པོའི་འཁོར་དང་བཅས་པ་འདུག་གོ །རྒྱལ་པོའི་བཙུན་མོ་ནི་བུད་མེད་ཀྱི་འཁོར་དང་བཅས་སྟེ་ཕྱོགས་གཅིག་དུ་འདུག་གོ །དེ་ལ་སོགས་པའི་སྐྱེ་བོ་གྲངས་མེད་པ་ལྟད་མོ་ལ་འཚོགས་སོ། །ཕྱོགས་གཅིག་དུ་སངས་རྒྱས་ཆོས་ཀྱི་སྐུ་གཟུགས་སྐུ་གདུང་གསུང་རབ་དང་བཅས་པ་ཐབ་གཅིག་གི་ཁར་བཞག་གོ །དེ་ནས་ཚེས་བཅོ་ལྔའི་ཉིན་གྱི་གདུགས་ཚོད་ཚར་བ་དང་ཟིན་ཤིང་རྣམས་པུས་མོ་བཙུགས་སྟེ་སྤོས་བདུག་ཞིང་འདི་སྐད་དུ། དབེན་ཤིང་ཐེན་བཙུན་སོགས་ལྷ་འདྲེའི་ཚོགས་རྣམས་ཀྱི་རྣམ་པ་གཉིས་པོ་འདི་ཤན་འབྱེད་པའི་ཕྱིར་སྲེག་པ་ལགས་པས་བདག་ཅག་རྣམས་ལ་དགོངས་སུ་གསོལ་ཞེས་གསོལ་བ་བཏབ་ནས་མེ་སྤར་བས་དེ་རང་གི་རྟེན་རྣམས་འཚིག་ནས་ཐལ་བར་གྱུར་ཏོ། །དེ་མཐོང་ནས་ཟིན་ཤིང་རྣམས་བཞིན་གྱི་མདོག་འགྱུར་སྟེ་འཇིགས་ཤིང་སྡུག་བསྔལ་བས་མེ་དང་ཆུ་ལ་འཇུག་པ་སོགས་རྫུ་འཕྲུལ་རྣམས་ཉམས་ནས་ལྷ་འདྲེ་མངག་པ་དང་ལུས་སྤང་བར་མ་ནུས་སྟེ་སོ་སོར་ངོ་ཚ་བ་དང་འཇིགས་བཞིན་པས་གནས་པར་གྱུར་ཏོ། །སངས་རྒྱས་ཀྱི་སྐུ་གཟུགས་སྐུ་གདུངས་གསུང་རབ་དང་བཅས་པ་མ་ཚིག་པར་ཤོག་བུའི་མདོག་ནི་དམར་བཙོས་མ་ལྟར་གསེར་རྩི་གྲས་ཀྱི་མདོག་ནི་དམར་བར་གྱུར་ནས་ཅུང་ཟད་ཀྱང་མ་ཤིག་མ་ཉམས་སོ། །དེ་ནས་སྐུ་གདུང་ནས་འོད་སྣ་ལྔ་བྱུང་ནས་ན་མཁར་འཁོར་ཞིང་གདུགས་བཞིན་དུ་གྱུར་ནས་ཚོགས་དེ་(མ༨ན)


PTT001_Page_1438
[མ་དཔེ་གཟིགས་ན་འདིར་གནོན།]

བཀབ་ནས་ཉི་མའི་འོད་བསྒྲིབས་སྟེ་གནས་སོ། །དེའི་ཚེ་སློབ་དཔོན་གྲོལ་བ་དང་འབར་བ་གཉིས་ན་མཁའ་ལ་འཕགས་སྟེ་ཆོ་འཕྲུལ་སྣ་ཚོགས་པ་བསྟན་ཏོ། །ན་མཁའ་ལས་ལྷའི་མེ་ཏོག་གི་ཆར་བབ་ཅིང་ལྷའི་རོལ་མོའི་སྒྲ་གྲགས་པར་གྱུར་ཏོ། །དེར་འདུས་པའི་སྐྱེ་བོའི་ཚོགས་ཀུན་གྱིས་ཨེ་མ་རྨད་དུ་བྱུང་བ་བས་ཀྱང་ཆེ་རྨད་དུ་བྱུང་བ་སྔར་ནས་རྙེད་པར་མ་བྱུང་བའི་ཆོས་དེ་རིང་རྙེད་ཏོ་ཅེས་སྨྲས་སོ། །དེ་ནས་སློབ་དཔོན་གྲོལ་པས་སྐྱེ་བོའི་ཚོགས་ལ་ཚིགས་སུ་བཅད་སྟེ་སྨྲས་པ། མར་མེས་ཉི་ཟླའི་འོད་དག་དང༌། །ཝ་ཡིས་རི་དྭགས་རྒྱལ་པོ་དང༌། །རྫིང་བུས་རྒྱ་མཚོ་ཆེན་པོ་དང༌། །སྒང་གིས་ལྷུན་པོར་མཚུངས་སམ་ཅི། །ཆོས་སྤྲིན་འཇིག་རྟེན་ཀུན་ཁྱབ་བས། །འགྲོ་བའི་དགེ་བའི་མྱུ་གུ་སྐྱེད། །རྨད་བྱུང་རྙེད་དཀའི་ཆོས་དར་བས། །ཕྱོགས་ཀུན་འགྲོ་ལ་ཕན་པར་འགྱུར། །ཞེས་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་བསྔགས་པ་བརྗོད་དོ། །དེ་ནས་ཐའི་ཧུ་ཆང་ཡིན་ཞེས་བྱ་བའི་བློན་པོས་ཟིན་ཤིང་རྒན་པ་རྣམས་ལ་ཁྱེད་རྣམས་ཀྱི་ཆོས་ནི་རྫུན་དུ་འདུག་པས་ད་རྒྱ་གར་ནས་ཡོང་བའི་ཆོས་ལ་སྐྱབས་ན་རིགས་པར་འགྱུར་ཞེས་སྨྲས་སོ། །དེའི་ཚེ་སི་གུ་ཡང་ཛིང་ཧིའུ་ལེའུ་ཤེན་སུན་སོགས་མི་དཔོན་སྟོང་ཕྲག་གཅིག་རི་ཆེན་པོ་བཞི་དང་རི་གཞན་ན་གནས་པ་ལུ་གུའི་ཐུང་སོགས་ཟིན་ཤིང་དྲུག་བརྒྱ་དང་ཉི་ཤུ་རྩ་བརྒྱད་དང་བཙུན་མོ་དབང་སི་ཧུས་གཙོ་བྱས་བུད་མེད་ཉིས་བརྒྱ་སུམ་བཅུ་གྲོང་ཁྱེར་གྱི་འབངས་སུམ་བརྒྱ་བདུན་བཅུ་རྣམས་རབ་ཏུ་བྱུང་ངོ༌། །ཟླ་བ་དང་པོའི་ཚེས་བཅུ་དྲུག་ལ་རྒྱལ་བློན་སྐྱེ་བོའི་ཚོགས་དང་བཅས་པས་གདུགས་ཚོད་ཀྱིས་བསྙེན་བཀུར་སྟེ་དེའི་ནུབ་མོ་སྒྲོན་མེ་ཆེན་པོ་སྤར་ནས་རོལ་མོ་སྣ་ཚོགས་ཀྱིས་རིམ་གྲོས་བྱས་སྟེ་དེང་སང་གི་བར་དུ་མར་མེ་སྒྲོན་པའི་ལྟད་མོ་བྱེད་དོ། །ཟླ་བ་དེ་ཉིད་ཀྱི་གཞུག་ཐུག་པ་ལ་རབ་བྱུང་དེ་ཐམས་ཅད་ལ་ཆོས་གོས་དང་ལྷུང་བཟེད་དང་མལ་སྟན་དང་ཡོ་བྱད་ཐམས་ཅད་སྦྱར། གྲོང་ཁྱེར་གྱི་ཕྱི་རོལ་དུ་སྡེ་ཆེན་(མ༨བ)


PTT001_Page_1439
[མ་དཔེ་གཟིགས་ན་འདིར་གནོན།]

པོ་བདུན་དང་ནང་དུ་གསུམ་བཞེངས་སྟེ་སྡེ་བདུན་དུ་ཧྭ་ཤང་སྡེ་བཙུན་པ་རྣམས་དང་སྡེ་གསུམ་དུ་བན་མོ་རྣམས་བཞག་གོ །དེ་ནས་རྒྱ་ཡུལ་གྱི་མི་ཐམས་ཅད་དཀོན་མཆོག་གསུམ་ལ་རབ་ཏུ་དད་ཞིང་དད་པས་གཙུག་ལག་ཁང་དང་སྡེ་དང་མཆོད་རྟེན་མང་པོ་བཞེངས་སྟེ་བཀུར་སྟི་དང་རིམ་གྲོའི་ཆུ་བོ་རྣམས་བསྟན་པའི་རྒྱ་མཚོ་ཆེན་པོ་ལ་བབ་བོ། །སྐྱེ་བོ་གྲངས་མེད་དཔག་དུ་མེད་པ་རབ་ཏུ་ཕྱུང་ནས་བརྩོན་པ་དང་འབད་པས་གྲོལ་པ་དང་ཐར་པའི་ཕན་བདེ་ལ་རེག་པར་གྱུར་ཏོ། །རྒྱུ་མཚན་དེ་ལས་རྒྱ་ཡུལ་དུ་བསྟན་པ་དེང་སང་གི་བར་ལ་རྒྱུན་མ་ཆད་པར་གནས་པ་ཡིན་ནོ། །ཞེས་བྱུང་ལ་འདི་དེབ་དམར་སོགས་ན་མི་སྣང་ཡང་སྔ་མ་དང་མཐུན་ཞིང་དེ་ལས་ཅུང་ཞིབ་པར་སྣང་བས་བདག་གིས་བཀོད་པའོ། །ཟིན་ཤིང་ནི་རྗེ་ས་པཎ་གྱིས་ཐུབ་པའི་དགོངས་བསྡུས་ལས་མུ་སྟེགས་ཀྱི་ལྟ་སྤྱོད་བཤད་ནས་དེའི་ཆ་མཐུན་གྱི་སྐབས་སུ་དང་པོ་ཐ་བོ་ཤང་ལང་གྷུན་ཞེས་བྱ་བ་མའི་མངལ་དུ་ལོ་བརྒྱད་བཅུ་རྩ་གཉིས་བསྡད་སྟེ་སྐྱེས་པའི་ཚེ་དབེན་པ་ལ་དགའ་ཞིང་འཇིག་རྟེན་པའི་མངོན་ཤེས་ཐོབ་པ་དེའི་ཆོས་ནི་གཟུགས་མེད་པ་དབྱིབས་མེད་པ་བླ་ན་མེད་པ་རང་བྱུང་གི་ལམ་ཆེན་པོར་འདོད་པ་དེའི་རྗེས་སུ་འབྲང་པ་རྒྱ་ནག་ན་གནས་པ་རྣམས་སྟེ་གྲངས་ཅན་པ་དང་ཚུལ་མཚུངས་སོ་ཞེས་སྣང་ངོ༌། །ཧན་མིང་ཏི་རྒྱལ་པོ་འདས་ནས་དེའི་སྲས་ཧན་ཧ་འོ་ཏིའཾ་ཧན་ཧེན་ཏིས་རྒྱལ་ས་བཟུང༌། ཡི་གེ་ཁ་གཅིག་ན་དེ་ནས་ཧན་གྱི་རྒྱལ་རབས་ཉི་ཤུ་རྩ་བཞི་པ་ཧན་ཧིན་ཏི་ཟེར་བ་འདུག་ཡང་འདི་དག་པར་སེམས། འདིའི་ཚེ་བློན་པོ་ཚ་བོ་ཟེར་བ་ཞིག་གིས་རྒྱལ་ས་ཕྲོགས་སྟེ་རྒྱལ་རབས་ལྔར་བཟུང༌། དེའུ་བློན་པོ་འུ་མས་ཀྱིས་རྒྱལ་ས་ཕྲོགས། དེའི་རྗེས་སུ་ཧིའུ་ཙིང་དང་དེའི་སྲས་དུང་ཙིང་དེའི་གཅུང་གའི་ཙིང་སྟེ་གསུམ་པོས་རིམ་པར་བཟུང༌། གའི་ཙིང་རྒྱལ་པོའམ་པྲི་ཏིལ་རྒྱལ་པོ་ཡང་ཟེར་བ་འདིའི་དུས་ཇོ་བོ་ཤཱཀྱ་དང་ཙནྡན་ཇོ་བོ་གཉིས་རྒྱ་གར་ནས་ཕེབས་པ་(མ༩ན)


PTT001_Page_1440
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་སྟེ་དེ་ཡང་རྒྱ་གར་གི་ཡུལ་གྲུ་ཞིག་ན་སངས་རྒྱས་དགུང་ལོ་བཅུ་གཉིས་པའི་སྐུ་ཚད་ཇོ་བོ་ཤཱཀྱ་དང་སངས་རྒྱས་ཀྱི་རིང་སྲེལ་དང་ཀུ་མ་ར་ཤྲཱི་ཞེས་པའི་པཎྜི་ཏ་མཁས་པ་ཅིག་ཡོད་འདུག་པ་དེར་རྒྱལ་ཁམས་ཆུང་པས་འགྲོ་དོན་མི་འཕེལ་བར་འདུག །ཁྱེད་ཀྱིས་བླངས་ན་སེམས་ཅན་ལ་ཕན་ཞེས་ཁ་ཅིག་གིས་རྒྱལ་པོ་ལ་ཞུས་པས་རྒྱལ་པོ་དེའི་བློན་པོ་གཙོ་བོ་ཞིང་གི་ཕྱིང་སར་ཅིག་དང་ཆུ་མི་དབེན་གྱི་དམག་དཔོན་ཞིག་ཡོད་པར་འདུག་པའི་དམག་དཔོན་ལ་དམག་ཁྲི་ཚོ་བཞི་བཅུ་བསྐུར་ནས་ས་ཆ་དེར་བཏང༌། དེར་སླེབས་པའི་ཚེ་རྒྱལ་པོ་དེའི་ཚིག་ལ་ཁྱེད་དང་ངེད་ཁོན་ནི་མེད་དམག་འདི་ཙམ་འོང་བ་ཅི་ཡིན་ཟེར་བ་ལ་ཇོ་བོ་ཤཱཀྱ་དང་རིང་སྲེལ་དང་པཎྜི་ཏ་དང་གསུམ་པོ་འདོད་མི་བསྐུར་ན་དམག་རྡེག་པ་ཡིན་བྱས་པས། སྐུ་གཟུགས་དང་རིང་སྲེལ་དངོས་སུ་ཡོད་པས་བསྐུར། པཎྜི་ཏ་དེ་ན་ནིང་འདས། དེའི་བུ་ལོ་བཅོ་བརྒྱད་འགྲོ་བ་ཀུ་མཱར་ཆུང་བ་ཟེར་བ་ཞིག་ཡོད་པ་སྐུར་བ་ཡིན་ཟེར་ནས་བསྐུར། དེ་རྣམས་ཁྱེར་ནས་དམག་དཔོན་དེ་ཕྱིར་ལོག་རིང་སྲེལ་ཡང་ཨེ་ཡིན་མི་ཤེས་བྱིས་པ་ཐམས་ཅད་ལའང་ཅི་ཡང་མི་ཉན་བསམས་ནས་བཀུར་སྟི་ཆེར་མ་བྱས་པ་ལ་ཉིན་གཅིག་ཁོང་རྣམས་རྟ་ཞོན་ནས་ཡོང་པའི་ལམ་དུ་རྟ་རྒོད་མ་ཞིག་བྱུང་བས་སྐད་ཅིག་བཏོན་པ་དང་དམག་དཔོན་གྱིས་ཞོན་པའི་རྟ་དེས་ཀྱང་སྐད་ཅིག་བཏོན། དེ་ལ་པཎྜི་ཏ་གད་མོ་ཤོར་བས་དམག་དཔོན་གྱིས་ཅི་ཡིན་དྲིས་པས་རྒོད་མ་འདིའི་རྟེའུ་ཅིག་རྩཱ་ཟ་བ་དང་ཆུ་འཐུང་བ་ལ་འགོར་ནས་ལུས་ཡོད་དམག་མང་པོའི་གསེབ་ཏུ་ལམ་ནོར་དོགས་ཡོད་ང་འདི་ལ་སོང་བས་ལམ་མ་ནོར་བར་ཕྱི་ཟིན་པ་ཤོག་ཟེར་གྱིན་འདུག་བྱས་པས་དེ་ལའང་ཡིད་མ་ཆེས་པར་ཡོད་པ་ལ་ཡུད་ཙམ་ཞིག་ན་ལམ་གྱི་ལོགས་ན་རྟེའུ་ཞིག་རྩཱ་ཟ་ཞིང་འདུག །དམག་དཔོན་གྱི་རྟ་དེས་སྐད་ཅིག་བཏོན་པ་དང༌། ཐུ་རུ་དེས་ཀྱང་སྐད་ཅིག་བཏོན་ནས་དེ་མ་ཐག་དུ་བང་བཏང་སོང༌། (མ༩བ)


PTT001_Page_1441
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་དམག་དཔོན་གྱིས་དམག་རྣམས་ལམ་འབྱེད་དུ་བཅུག །མའི་མདུན་དུ་སླེབས་པས་དམག་དཔོན་ཡིད་ཆེས། དེ་ནས་ཉིན་གཅིག་རི་མཐོན་པོ་ཅིག་གི་མགུལ་དུ་ཞག་ས་བྱས་པ་ལ་པཎྜི་ཏའི་ཚིག་གིས་རང་རེ་འདིར་ཞག་དུ་སྡོད་མི་ཉན་དོ་ནུབ་ནམ་ཕྱེད་པ་ལ་ཆུ་ལོག་བྱུང་ནས་དམག་རྣམས་ཆུས་འཁྱེར་ཉེན་ཡོད་ཟེར་བས་ཐམས་ཅད་བཏེག་ནས་ས་ལེ་བར་བཅུ་གསུམ་ཙམ་གྱི་སྣར་བབ་པ་དང་དེ་ནུབ་ཆུ་ལོག་བྱུང་སྟེ་རི་དེའི་ཉེ་འཁོར་ཐམས་ཅད་ཆུས་ནོན་སྟེ་ཐམས་ཅད་མཚོར་གྱུར། དེ་ནས་དམག་དཔོན་དེ་སྐུ་དང་རིང་བསྲེལ་དང་པཎྜི་ཏ་གསུམ་ག་ལ་ཡིད་ཆེས་ཤིང་དད་པ་ཐོབ། དེ་ནས་དམག་དཔོན་རྒྱལ་པོའི་དྲུང་དུ་འགྲོ་བར་ཆས་པ་ན་གའི་ཙིང་རྒྱལ་པོ་སྐུ་གཤེགས་རྒྱུད་ཆད་ནས་བློན་པོ་ཞིང་གི་ཆིང་སང་དེས་རྒྱལ་པོ་བྱས་འདུག་ཟེར་བ་ཐོས་པས་དམག་དཔོན་གྱིས་རང་གི་དམག་ཁྲི་ཚོ་བཞི་བཅུ་པོ་བསྡུས་ནས་སྭི་ཆོན་དང་ཅིའུ་མཁར་ཉི་ཤུ་རྩ་བཞིའི་རྒྱལ་པོ་བྱས། ཕྱིས་དམག་དཔོན་རྒྱལ་པོ་དེའི་ལམ་གནས་ཆིང་སང་རྒྱལ་པོ་དེའི་བརྒྱུད་པས་ཇོ་བོ་དང་རིང་སྲེལ་དང་པཎྜི་ཏ་གསུམ་བཀུར་སྟི་ཆེན་པོས་ཀིན་ཅང་ཧུར་སྤྱན་དྲངས། འདི་རྒྱ་ནག་དུ་ཐེག་ཆེན་མདོ་སྔགས་ཀྱི་བསྟན་པ་དར་བའི་སྔ་མར་འདུག །པཎྜི་ཏ་དེ་ལ་བཙུན་མོ་བཅུ་ཡོད་པས་དགེ་འདུན་རྣམས་མ་མོས་པ་ལ་ཉིན་གཅིག་གཎྜི་བརྡུངས་ནས་པཎྜི་ཏ་དེས་དགེ་འདུན་རྣམས་ལ་དྲོ་མ་དྲངས་པར་ཁབ་སྡེར་མ་རེ་བཀྱེ། སུས་ཀྱང་ཟ་མ་ནུས་པ་དང་པཎྜི་ཏ་ན་རེ་ཁྱེད་དགེ་འདུན་གཙང་མ་རྣམས་ཀྱིས་ཟ་བར་མི་ནུས་ན་ང་བསླབ་པ་མི་གཙང་བས་བཟའ་བར་བྱ་ཟེར་ནས་ཁབ་ཐམས་ཅད་ཟོས་སྟེ་འཇུ་བས་དགེ་འདུན་རྣམས་ཀྱི་མ་དད་པ་བཟློག །ཕྱིས་པཎྜི་ཏ་དེའི་སློབ་མ་ཅེའུ་ཧྭ་ཤང་ཞེས་པ་ཡོན་ཏན་ཅན་ཞིག་བྱུང་བ་ལ་རྒྱལ་པོ་ཧ་ཅང་དད་པས་བཙུན་མོའི་ཁོར་ལ་གཡེལ་བར་གྱུར་པ་ན་བཙུན་མོ་ཆེ་བ་ཁྲོས་སྟེ་མོ་རང་གི་ལྷམ་ཡ་གཅིག་ཅེའུ་ཧྭ་ཤང་གི་གདན་གྱི་འོག་དུ་བཅུག་སྟེ་རྒྱལ་(མ༡༠ན)


PTT001_Page_1442
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་དྲུང་དུ་ཕྱིན་ནས་པཎྜི་ཏ་འདི་བདག་ལ་སྤྱོད་དུ་བྱུང་བ་ལ་བདག་གིས་མ་ཉན་པས་ལྷམ་ཕྲོགས་ནས་ཁྱེར་བྱས་པས་རྒྱལ་པོ་ཡིད་ཆེས་མ་སྐྱེས་ཀྱང་བློན་པོ་རྣམས་ཀྱིས་བལྟར་ཕྱིན་པས་གདན་འོག་ནས་བཙུན་མོའི་ལྷམ་རྙེད་པས་ཉེས་པ་ཅན་དུ་བྱས་སྟེ་པཎྜི་ཏའི་མགོ་བཅད་པ་ལས་ཁྲག་འོ་མར་བབ། པཎྜི་ཏ་རང་གི་ལག་པས་རང་གི་མགོ་བླངས་སྟེ་སྐེ་ལ་སྦྱར་ནས་གཙུག་ལག་ཁང་དུ་ཕྱིན་འཁོར་མང་པོ་ལ་ཆོས་བཤད་ནས་མགོ་པང་དུ་ལྷུང་སྟེ་ཚེའི་དུས་བྱས་སོ། །ཆིང་སང་རྒྱུད་སྟེ་ཆད་ནས་སུའི་གཡང་འདི་དང་དེའི་སྲས་ཐའི་ཡང་ཧུས་རྒྱལ་ས་རིམ་པར་བྱས། དེའི་ཚེ་ཐང་གའུ་ཐུང་ཞེས་པ་རྒྱལ་པོའི་གླེའུ་བུ་སི་གླེའུ་ཤུ་བྱེད་ཅིང་ཡོད་པས་ངོ་ལོག་བྱས་རྒྱལ་ས་ཕྲོགས་སྟེ་དེ་ནི་ཐང་གི་རྒྱལ་པོ་ལ་སྔ་བ་ཡིན་ནོ། །དེའི་བུ་གསུམ་གི་འབྲིང་པོ་ཐང་ཐའི་རྫུང་རྒྱལ་པོའི་དུས་སུ་ཐང་ཛང་ཛང་ཞེས་པའི་ལོ་ཙཱ་བས་རྒྱ་གར་ནས་ཆོས་མང་པོ་བསྒྱུར། དེ་ཡན་ཆད་ལ་རྒྱའི་ལོ་ཙཱ་བ་ཉིས་བརྒྱ་བྱུང༌། ཐང་ཛང་ཛང་དེ་རྒྱ་གར་གྱིས་སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཡིན། ཐང་གི་དུས་སུ་ཟོན་ཀླུའི་སྲི་ཞེས་པ་འདུལ་བ་འཛིན་པ་ཆེན་པོ་ཅིག་ཡོད་པ་རི་མཐོན་པོའི་ཟུར་ནས་གཡང་དུ་ལྷུང་བ་ལས་ལྷའི་བུ་ཅིག་གིས་བར་སྣང་ནས་བཟུང་བས་སྣང་བར་མ་གྱུར། ལྷའི་བུ་དེ་ལ་སུ་ཡིན་དྲིས་པས་བདག་རྒྱལ་པོ་རྣམ་སྲས་ཀྱི་བུ་གཉིས་པ་ཡིན། ངེད་དཔུན་བཅུ་གཉིས་ཀྱིས་དེ་བཞིན་གཤེགས་པའི་གསུང་རབ་ཡན་ལག་བཅུ་གཉིས་སྲུང་བར་དམ་བཅས་པ་ལས་བདག་གིས་འདུལ་བའི་སྡེ་སྣོད་སྲུང་བ་ཡིན་ཟེར། ཟོན་ཀླུའི་སྲིང་རྒྱལ་སྐྱེས་ནས་ཛམ་གླིང་ན་ང་དང་མཉམ་པའི་འདུལ་བ་འཛིན་པ་ཇི་སྙེད་ཅིག་ཡོད་དྲིས་པས་ཁྱེད་དང་མཉམ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཡོད་ཟེར། གསང་སྔགས་ཀྱི་ཆོས་འདི་ཡང་དག་ཡིན་ནམ་མ་ཡིན་དྲིས་པས་གསང་སྔགས་འདི་ཡང་དག་ཡིན་ཞིང་ལྕང་ལོ་ཅན་གྱི་ཕོ་བྲང་ན་གསང་སྔགས་ཀྱི་ཆོས་རྣམས་བཞུགས་པ་ལ་ངའི་ཕུ་བོ་ཛམྦྷ་ལ་ནག་པོས་སྲུང་མ་བྱེད་ཅིང་ཡོད། ང་ཡང་ཕོ་བྲང་དེའི་ནང་དུ་(མ༡༠བ)


PTT001_Page_1443
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་བར་མི་གནང༌། གསང་སྔགས་ལ་མ་དད་ན་ཤིན་དུ་སྡིག་ཆེ་བས་བཤེགས་པ་གྱིས་ཟེར། པཎྜི་ཏ་ཀུ་མར་དང་ཐང་ཛང་ཛང་དེ་གང་ཟག་ཇི་ལྟ་བུ་ཡིན་དྲིས་པས་ཀུ་མ་ར་ནི་མཐོང་ལམ་པའི་བྱང་ཆུབ་སེམས་དཔའ་ཡིན། ད་ལྟ་དགའ་ལྡན་ན་པདྨའི་སྙིང་པོ་ལས་བརྫུས་སྟེ་སྐྱེས་ནས་བྱམས་པ་ལ་ཆོས་ཉན་གྱིས་ཡོད། ཐང་ཛང་ཛང་ནི་སྦྱོར་ལམ་པ་ཡིན་སྟེ་དགའ་ལྡན་གྱི་ར་བའི་ཕྱི་རོལ་ན་བྱམས་པའི་གསུང་ཐོས་ཤིང་སྐུ་མི་མཐོང་བར་ཡོད་ཟེར་ཐང་ཐའི་ཛུང་གི་སྲས་མོ་སྲ་ཕྲེན་ཀོང་ཇོ་བོ་བོད་སྐད་དུ་མཚོའི་ནང་གི་པདྨ་ཞེས་པ་དེ་བོད་དུ་འོངས་པའི་དུས་སུ་ཇོ་བོ་ཤཱཀྱ་བོད་དུ་བྱོན། དེ་ནས་དེའི་བར་ལོ་བདུན་བརྒྱ་འགྲོ་ཞེས་པ་རྒྱའི་དེབ་ཐེར་རྙིང་པ་ལས་ཛམྦྷ་ལ་སྟོང་ཤྲཱི་མགོན་གྱིས་མཐོང་བ་ལྷ་སའི་གཙུག་ཁང་དུ་བྲིས་ཞེས་ཚལ་པའི་དེབ་དམར་དུ་བཀོད་དོ། །ཐང་ཤུ་ཧུ་ཐེན་ཞེས་པ་རྒྱའི་དེབ་ཐེར་ལས་སངས་རྒྱས་མྱ་ངན་ལས་འདས་ནས་ལོ་ཉིས་སྟོང་དང་ལྔ་བརྒྱ་དྲུག་བཅུ་རེ་དྲུག་ལོན་པ་ན་རྒྱ་ནག་གི་རྒྱལ་པོ་ཐང་ཀའི་ཛུང་ཞེས་བྱ་བ་བྱུང༌། ས་ཕོ་སྟག་གི་ལོ་ལ་རྒྱལ་ས་བཟུང༌། བོད་ཀྱི་རྒྱལ་པོ་གནམ་རི་སྲོང་བཙན་དང་དུས་མཉམ། ལོ་དགུར་སྲིད་བསྐྱངས་བདུན་བཅུ་ལ་འདས། དེའི་སྲས་ཐང་ཐའི་ཛུང་གིས་ཕ་ཡོད་དུས་ཅིང་དབང་གི་ལས་ཀ་བྱས་སྟེ་ཧོར་བཅོམ་ནས་ཤིང་ཕོ་རྟའི་ལོ་ལ་བོད་ཀྱི་རྒྱལ་པོ་དང་སྐྱེས་བསྐུར་རེས་བྱས་ནས་གྲོགས་པོ་བྱས། ཐང་གི་སྲིང་མོ་སློང་བ་ལ་ཧོར་དང་ཐུ་ལུ་ཧུན་གྱི་མི་བྱུང་བ་ལ་རྒྱལ་རིགས་ཀྱི་བུ་མོ་རེ་བྱོན་ནས་ལོག །བོད་ཀྱི་རྒྱལ་པོ་ཀྱང་འདོད་དུ་བྱུང་བར་མ་བྱིན་པས་རྒྱལ་པོ་ལ་ཕྲ་མ་ཞུས་སྟེ་རྒྱ་རྗེ་དགའ་ནས་སྟེར་བར་ཡོད་པ་ལ་ཐུ་ལུ་ཧུན་གྱིས་ཕྲ་མ་བྱས་པས་ལན་ཞུས་པས་རྒྱལ་པོ་ཁྲོས་ནས་བོད་རྒྱལ་པོ་དམག་འབུམ་ཕྲག་གཉིས་ཁྲིད་ནས་ཟུང་ཅིའུར་སླེབ། བློན་པོ་གཡའ་ཐུང་བྱ་བ་ལ་དམག་བསྐུར་སྟེ་ཐུ་ལུ་ཧུན་འཇོམས་སུ་བཏང་པས་ཐུ་ལུ་ཧུན་རྣམས་ཙོང་ཁའི་མཚོ་སྔོན་ཕན་ལ་བྲོས། ཤུལ་གྱི་མི་ནོར་ཐམས་ཅད་བོད་ཀྱིས་ཁྱེར། དེ་ནས་གསེར་(མ༡༡ན)


PTT001_Page_1444
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཁྲབ་བསྐུར་ནས་བུ་མོ་བསླངས་མི་སྟེར་ན་དམག་བྱེད་ཟེར་བ་ལ་རྒྱས་མ་བྱིན་པར་གསང་དམག་བྱས་པས་བོད་དམག་སྟོང་ཙམ་བསད། དེ་ནས་ཡུན་རིང་པོ་ནས་བོད་དམག་ཕྱིར་ལོག་སྟེ་བློན་པོ་སྟོང་བཙན་ལ་གསེར་སྲང་སྟོང་ཚོ་ལྔ་དང་རིན་པོ་ཆེའི་རིགས་མང་པོ་བསྐུར་ནས་བཏང་བ་ལ་ཐའི་ཛུང་གི་སྲས་མོ་ཝུན་ཤོང་ཀོང་ཇོ་ལྕགས་མོ་གླང་གི་ལོ་ལ་བྱིན། དེ་སྐྱེལ་བ་ལ་རྒྱལ་རྒྱུད་ཀྱང་ཧ་སང་ཞེས་པ་དམག་དང་བཅས་པ་བཏང༌། བོད་ཀྱི་རྒྱལ་པོ་དམག་དང་བཅས་པས་སའི་ཧ་ནས་བསུས། རྒྱ་རྣམས་ཆས་བཟང་ཞིང་བོད་རྣམས་ངན་པས་ཅུང་ཟད་སྐྱེངས་པར་གྱུར། ཀོང་ཇོས་རྒྱལ་པོ་ལ་ཞུས་ནས་བོད་ཀྱི་ཡི་གེ་དང་ཡིག་ཚང་རྣམས་བཅབ། རྒྱའི་རྒྱལ་པོ་ཀོ་ཧུ་ཧིའི་རྒྱལ་ཁམས་བླངས་ནས་ལོག་པའི་དུས་སུ་བོད་ཀྱི་རྒྱལ་པོས་གསེར་གྱི་ཇ་འོ་ཆས་ཤིང་བདུན་པ་ཆང་གིས་བཀང་ནས་བློན་པོ་མགར་སྟོང་བཙན་ཡུལ་སྲུང་ལ་བསྐུར་བཏང༌། བློན་པོ་མགར་ལ་ཐའི་ཛུང་རྒྱལ་པོ་མཉེས་ནས་ཁོང་རང་གི་ཚ་མོ་ཀོང་ཇོ་ཞིག་བྱིན། གཡིའུ་གཡུ་ཐའི་ཛང་ཀུན་བྱ་བའི་མིང་བྱིན་ཐའི་ཛུང་གིས་རྒྱ་གར་དུ་གསེར་ཡིག་པ་བཏང་བ་མ་ག་དྷར་བཅོམ་པས་རྒྱལ་པོ་བོད་ཀྱི་ཐོས་ནས་དམག་བཏང་སྟེ་མ་ག་དྷ་བཅོམ། ཐང་ཐའི་ཛུང་མེ་ཕོ་ཁྱི་ནས་བཟུང་སྟེ་ལོ་ཉི་ཤུ་རྩ་གསུམ་རྒྱལ་པོ་བྱས་ནས་ང་གཉིས་པ་ས་མོ་བྱ་ལོ་ཟླ་བ་བཞི་པ་ལ་འདས། ཐའི་ཛུང་གི་བུ་དགུ་པ་ཆི་ཀོའུ་ཛུང་རྒྱལ་སར་བཏོན་ནས་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་མིང་ཐེངས་གཉིས་བསྐུར་བའི་དང་པོ་ཧུ་ལ་ཧུ་ཐང་ཝི་སིའི་ཁྱུན་དབང་ཞེས་པ་དང་རྟིང་མ་ལ་ཆུང་དབང་ཞེས་པ་བསྐུར་བའི་ཚེ་རྒྱལ་པོ་སྲོང་བཙན་འདས། བོད་ཀྱི་ཡུལ་དུ་དར་གྱི་འབུ་དང་འབྲས་ཆང་ཤེས་པ་དང་ཤེལ་གཟོ་བ་སོགས་གཟོ་རིགས་པ་མང་པོ་བཏང༌། ལྕགས་ཕོ་ཁྱིའི་ལོ་ལ་རྒྱལ་པོ་སྲོང་བཙན་སྒམ་པོ་འདས། སྲས་གུང་སྲོང་སྔར་ནས་འདས་ཤིང་མང་སྲོང་མང་བཙན་ལོ་བཅུ་གསུམ་ལོན་པ་རྒྱལ་(མ༡༡བ)


PTT001_Page_1445
[མ་དཔེ་གཟིགས་ན་འདིར་གནོན།]

སར་བཏོན། བློན་པོ་མགར་གྱིས་གྲོགས་བྱས་སྟེ་རྒྱལ་སྲིད་ལོ་བཅོ་ལྔར་བསྐྱངས། རྒྱ་བོད་གཉིས་རེས་འགའ་མཐུན་རེས་འགའ་ས་ཆའི་རྩོད་པ་རྒྱལ་ལམ་དུ་མ་བྱས། ཁྱད་པར་དུ་ལྕགས་ཕོ་རྟའི་ལོ་ལ་བོད་ཀྱི་དམག་མིས་ཐང་གི་རྒྱལ་ཁམས་ལ་རྒྱབ་ཡུ་གུར་གྱི་ཡུལ་ཐམས་ཅད་བླངས་པས་རྒྱའི་རྒྱལ་པོས་བློན་པོ་ཕྱེ་ཞེན་པུ་དམག་ཁྲི་ཚོ་བཅུ་དང་བཅས་པ་བཏང་ནས་ལྷ་སའི་བར་སླེབས། པོ་ཏ་ལ་དང་ཕོ་བྲང་ཁྲི་རྩེ་དམར་པོ་བསྲེགས། ཇོ་བོ་རིན་པོ་ཆེ་བཙལ་བས་མ་རྙེད། ཇོ་བོ་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་བར་ཁྱེར། དེ་ནས་བློན་པོ་མགར་གྱིས་དམག་དཔོན་བྱས་སྟེ་དམག་འབུམ་ཕྲག་གཉིས་ཁྲིད་ནས་རྒྱའི་དམག་ཐམས་ཅད་ཕམ་པར་བྱས། རྒྱའི་ཡུལ་མཁར་ཀུན་བཅོམ། མགར་ཡང་དམག་ཐོག་དེར་འདས། ས་མོ་ཡོས་ལ་མང་སྲོང་འདས། དེའི་སྲས་འདུས་སྲོང་མང་པོ་རྗེ་རྒྱལ་སར་བཏོན། མགར་གྱི་བུ་ཆེ་བས་བློན་པོ་བྱས། དེའི་དུས་བོད་རྒྱལ་པོའི་མཐའ་བཞི་ནི་ཤར་ཟུང་ཅེའུ་མུ་ཅེའུ་བུ་ཅེའུ་དང་གསུམ་ཡིན། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལ་སླེབས། ནུབ་ཕྱོགས་འུ་ཐེན་ལ་སླེབས། བྱང་ཕྱོགས་ཧོར་ལ་སླེབས། དེ་རྣམས་བསྐོར་བ་ལ་དཔག་ཚད་ཤིན་དུ་མང་པོ་ཡོད་པས་བོད་ལྟ་བུའི་དཔའ་བ་དང་བརྟུལ་ཕོད་པ་རྒྱའི་རྒྱལ་པོ་ཧན་དང་གཡུ་དང་ཅེའུ་ལ་སོགས་པའི་དུས་སུའང་བྱུང་བ་མེད་ཅེས་གྲགས་སོ། །ཝུན་ཤིང་ཀོང་ཇོ་བོད་དུ་ལོ་བཞི་བཅུ་བསྡད་ནས་ལྕགས་ཕོ་འབྲུག་གི་ལོ་ལ་འདས། ཆི་ཀུའུ་ཛུང་རྒྱལ་པོས་ས་མོ་བྱ་ནས་ལོ་སུམ་བཅུ་སོ་བཞིར་སྲིད་བསྐྱངས་ང་དྲུག་པ་ཆུ་མོ་ལུག་ལ་འདས། སྔར་ཐའི་ཛུང་གི་བཙུན་མོའི་འཁོར་ན་ཡོད་པ་ཅིག་ཐའི་ཛུང་འདས་ནས་བན་མོར་ཡོད་པ་བབ་སྟེ་ཆི་ཀོའུ་ཛུང་གི་བཙུན་མོ་བྱས། དེ་ལ་བུ་ཛུང་ཛུང་ཝི་ཛུང་བུ་མོ་ཐའི་ཀོང་ཀོང་ཇོ་དང་གསུམ་ཡོད་ཅིང་རྒྱལ་པོ་བུ་ཆེ་བ་ལ་རྒྱལ་ས་བསྐོས་ཟེར་བའི་ཁ་ཆེམས་ཡོད་ཀྱང་མ་ཉན་པར་མོ་རང་གིས་རྒྱལ་མོ་བྱས་སྟེ་རུས་པ་འུ་ཡིན་པས་འུ་ཛིན་ཐེན་ཞེས་གྲགས་སོ། །རྒྱལ་མོ་དེས་དམག་བྱས་ནས་བོད་ལ་(མ༡༢ན)


PTT001_Page_1446
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་པ་རྒྱལ་ཁམས་མང་པོ་ཕྲོགས། འདུས་སྲོང་མང་པོ་རྗེ་གཞོན་དུས་ཕྱི་ནང་གི་བྱ་བ་ཐམས་ཅད་མགར་གྱི་བུ་ཆེ་བས་བྱེད། ཁོང་ལ་ཀུན་སྐྲག་རྒྱལ་པོ་དབང་ཆུང་བས་ཕྱིས་རྒྱལ་པོ་ནར་སོན་དུས་མགར་གི་བུ་རྣམས་དམག་དཔོན་དུ་ཡོད་པ་ལ་རྒྱལ་པོས་དམག་ཁྲིད་ནས་ཕྱིན་པས་ཕུ་བོ་ཡི་ཁྱིམ་མམ་གཉའ་བཙན་ལྡེམ་བུ་ལྕེབས་སྟེ་ཤི། ནུ་བོ་བཙན་པོའམ་སྟག་ར་ཁོང་ལོད་དང་ཚ་བོ་མང་པོ་རྗེ་གཉིས་ཀྱིས་དམག་དང་བཅས་ནས་རྒྱ་ལ་ངོ་ལྟར་ཕྱིན། རྒྱལ་མོས་བཙན་པོ་ལ་ཀྱུའི་དེ་ཁྱུན་དབང་ཞེས་པའི་མིང་བྱིན་ནས་བློན་པོར་བསྐོས། མང་པོ་རྗེ་ལ་གཡོན་ཕྱོགས་ཀྱི་དཔའ་བོ་ཇེ་ཝུ་ལི་མ་ཏའི་ཙང་མུན་ངན་བུའི་གུང་ཞེས་པའི་མིང་བྱིན། ཁོང་གཉིས་ཀྱིས་ཕྱིས་ཉེས་པ་བྱུང་ཡང་སྐྱོན་མེད་པའི་རྟགས་ལ་ལྕགས་ཀྱི་བྱང་བུའི་ཡི་གེ་བྱིན་ནོ། །དེ་ནས་འདུས་སྲོང་མང་པོ་རྗེ་འདས་ཁྲི་ལྡེ་གཙུག་བརྟན་རྒྱལ་སར་བསྐོས། རྒྱལ་མོ་འུ་ཛིན་ཐེན་གྱིས་ཤིང་ཕོ་སྤྲེའུ་ནས་ལོ་ཉེར་གཅིག་རྒྱལ་ས་བྱས། བརྒྱད་བཅུ་པ་ཤིང་འབྲུག་ལ་འདས་སོ། །གཏམ་རྒྱུད་གཞན་ལས་རྒྱལ་མོ་འདི་ལ་བུ་བོང་སྣ་ཅན་ཞིག་སྐྱེས་པས་ངོ་ཚ་ནས་བུ་ཆུང་གི་དུས་གསོད་དུ་གཏང་པ་བོད་ཀྱི་བློན་པོ་ཆེ་བ་ཞིག་ཡོད་པས་མ་བསད་པར་ཕག་དུ་ཉར་བྱས། ཕྱིས་མོ་རྒས་དུས་ཐང་གི་རྒྱུད་མེད་པས་མོའི་མིང་པོ་ཝུ་སེན་ཞེས་པ་བསྐོ་བར་བྱས། མི་མང་པོ་ཚོགས་སར་ཝུ་སེན་བསྐོ་བ་ཨེ་འཐད་སྐད་རིངས་གཏོང་བས་གང་མི་འཐད་ཟེར་བ་དེ་གསོད་པའི་རྒྱལ་མོའི་འཇའ་ས་བྱས་པ་ལ་བོད་ཀྱི་བློན་པོ་དེས་ཝུ་སེན་ལ་སྐད་རིངས་བྱུང་དུས་ང་སྐོ་བ་མི་འཐད་གྱིས་ཅིག་བྱས། སྐད་བྱུང་དུས་ཁོས་དེ་སྐད་བྱས་པས་བློན་པོ་དེས་རལ་གྲི་བརྒྱབ་ནས་བསད། དེ་ཅི་ཡིན་བྱས་པས་རྒྱལ་མོ་རང་གི་ལུང་ཡིན་བྱས་པས་ཐབས་མ་རྙེད། དེ་ནས་མྱ་ངན་དུ་གྱུར་པ་ལ་བློན་པོ་དེས་བུ་བོང་སྣ་ཅན་ཁྲིད་ནས་རྒྱལ་པོར་(མ༡༢བ)


PTT001_Page_1447
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོས་པར་རྒྱལ་པོ་བོང་སྣ་ཅན་དུ་གྲགས་པ་དེ་ཡིན། མ་བུ་དེ་གཉིས་ཀྱི་དུར་ད་ལྟ་ཁེན་ཇིའུའི་བྱང་ཕྱོགས་ན་ཡོད་པ་དེ་ཡིན་ཟེར། རྒྱལ་མོ་འདི་ལ་བོད་རྣམས་རྒྱའི་བ་རྫི་རྒན་མོ་ཟེར་བར་འདུག །གཏམ་རྒྱུད་འདིའི་ལུགས་ལ་དེ་རྣམས་མི་འདུག་སྟེ་ཤིང་སྦྲུལ་ལ་རྒྱལ་མོ་རང་གི་བུ་ཛུང་ཛུང་རྒྱས་སར་བསྐོས། བོད་ཀྱི་རྒྱལ་པོས་བུ་མོ་སློང་དུ་བྱུང་བ་ལ་རྒྱལ་པོའི་ནུ་བོ་ཝི་ཛུང་གི་བུ་མོ་ཀིམ་ཤིང་ཀོང་ཇོ་བྱིན། རྫོངས་ལ་གོས་དར་ཁྲི་ཚོ་མང་པོ་དང་གཟོ་རིགས་པ་སྣ་ཚང་དང་རོལ་མོ་མང་པོ་བྱིན། ཛ་གཡུའི་ཐང་གུན་དང་གཡང་གུའི་ཧན་ཟེར་བའི་མི་དཔོན་གཉིས་དམག་དང་བཅས་པ་སྐྱེལ་དུ་བཏང༌། ཕྱིས་བྱང་ངོས་དང་གྷ་སོགས་མི་ཉག་ཡུལ་ཐམས་ཅད་ཀྱང་ཀོང་ཇོ་ལ་བྱིན་སྟེ་བོད་ཀྱི་ལོ་སུམ་བཅུ་བདག་བྱས། ཛུང་ཛུང་རྒྱལ་པོས་ལོ་དྲུག་རྒྱལ་ས་བྱས། ལྔ་བཅུ་རྩ་ལྔ་པ་ལྕགས་ཁྱི་ལ་འདས། ལྕགས་ཕག་ལ་ཀོང་ཇོའི་ཡབ་ཝི་ཛུང་བསྐོས་ལོ་གཉིས་སྲིད་བསྐྱངས་སྟེ་ང་ལྔ་པ་ཆུ་བྱི་ལ་འདས། ཆུ་གླང་ལ་ཝི་ཛུང་གི་བུ་གསུམ་པ་ཧེན་ཛུང་ལོ་ཉེར་དགུ་པ་ཅིག་བསྐོས། ཀིམ་ཤིང་ཀོང་ཇོས་བོད་དུ་ལོ་སོ་གཅིག་བཞུགས་སྟེ་ལྕགས་སྦྲུལ་ལ་འདས། འདི་ཡན་ལ་ཐང་གི་རྒྱལ་ཁམས་འཇགས་ནས་ལོ་བརྒྱ་དང་བཅུ་དྲུག་སོང༌། ཤིང་མོ་ལུག་ལ་བོད་ཀྱི་རྒྱལ་པོ་འདས་ནས་སྲས་ཁྲི་སྲོང་ལྡེ་བཙན་རྒྱལ་སར་བསྐོས། ཧེན་ཛུང་གིས་རྒྱལ་སར་ལོ་བཞི་བཅུ་ཞེས་གསུམ་བཞུགས། དོན་གསུམ་པ་ལྕགས་བྱ་ལ་འདས། ཧེན་ཛུང་གི་བུ་གསུམ་པ་ཛུང་ཛུང་མེ་སྤྲེ་ལ་རྒྱལ་སར་བཏོན། དེའི་ཚེ་དབོན་ཞང་མ་མཐུན་པར་བློན་པོ་ལྷ་བཟང་ཀླུ་དཔལ་སོགས་ཀྱིས་དམག་དཔོན་བྱས་སྟེ་ཤིང་ཀུན་དང་སྨན་ཙེའི་བི་ཅེའུ་སོགས་བླངས་ནས་བཟུང༌། ཕྱིས་ཅིའུ་མཁར་ཉི་ཤུ་རྩ་བཞི་ཐམས་ཅད་བོད་ལ་ཤོར། སྐྱེས་ཕུལ་ནས་དབོན་ཞང་མཐུན་པར་ཆད་ནའང་བོད་རྒྱལ་པོས་ཁ་ལ་རང་རེ་མཐུན་པར་བྱ་ཟེར་ཡང་སེམས་ཤིན་དུ་གནག་པར་བྱུང༌། (མ༡༣ན)


PTT001_Page_1448
[མ་དཔེ་གཟིགས་ན་འདིར་གནོན།]

ཛུང་ཛུང་གིས་སྲིད་ལོ་བདུན་བྱས་ནས་ང་གཉིས་པ་ཆུ་སྟག་ལ་འདས༌། ལོ་དེ་ལ་ཛུང་ཛུང་གི་བུ་ཆེ་བ་ཐའི་ཛུང་རྒྱལ་སར་བཏོན། ཆུ་ཡོས་ལ་བོད་དམག་བྱུང་བས་ཐའི་ཛུང་རྒྱལ་པོ་ཤེན་ཆུར་བྲོས། ཤུལ་དུ་རྒྱའི་བློན་པོ་ཀའུ་ཧིས་ངོ་ལོག་བྱས་ནས་བོད་ལ་ངོ་བལྟས། བོད་དམག་གིས་ཇང་ཧུར་འོངས་ཐང་གི་རྒྱལ་པོ་གའུ་དབང་ཞེས་པ་རྒྱལ་སར་བསྐོས། རྒྱའི་ལོ་མིང་སྤོས། འཇའ་ས་འགྲེམས་སུ་བཅུག །ཕྱིས་རྒྱས་ཀའུ་ཧི་བསད་བོད་དམག་བཏོན་ནས་ཐའི་ཛུང་གིས་རྒྱལ་ས་བཟུང་སྟེ་ལོ་བཅུ་བདུན་བྱས་ནས་ལྔ་བཅུ་པ་ས་ལུག་ལ་འདས། ལྕགས་སྤྲེ་ལ་ཐའི་ཛུང་གི་བུ་ཆེ་བ་དིང་ཛུང་བསྐོས། དེ་བསམ་པ་ཆེ་བས་ལོ་མང་པོ་བོད་དང་འཁྲུག་པ་མ་བྱུང༌། ལོ་དེ་ལ་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་འདས། སྲས་ཆེ་བ་མུ་ནེ་བཙན་པོ་བསྐོས། དེའི་དུས་སུ་རྒྱ་བོད་ཀྱི་ས་ཚིགས་མི་ཉག་གི་ཧ་ལ་བན་དུ་བྱས་ཤིང་བོད་ཀྱི་རྒྱལ་ཁམས་ཀྱི་ས་ཚིགས་ནི་ནུབ་ཏུ་ལན་ཛུང་ཝི་ཇིའུ་ཏེའི་ཇིའུ་ཤར་དུ་ཤར་ཀུན་ལྷོར་ཤར་ཇིའུ་དང་གྱང་ནམ་གྱི་བར་བྱང་གི་མན་གྱི་ས་ཆ་ནས་ཏའི་ཏུའི་ལྷོ་ནུབ་ཀྱི་བར་དང་རྨ་ཆུའི་བྱང་ཕྱོགས་ཕན་ཆད་བོད་ཀྱི་ས་ཆར་བྱས། རྒྱའི་ས་མཐའ་ནི་ཀིང་ཅིའུའི་ཕྱོགས་ཐན་ཤིང་ཧ་ལུ་ཇུ་ལ་ཤིང་ཧུ་སེ་ཆན་ལ་ཐའི་ཧུ་ཚུན་ཆད་ཐང་གི་ས་ཆར་བྱས། ས་མཚམས་ཀྱི་བར་སུག་ཅུ་དང་ཇིའུ་དང་ཧ་ལ་ཤན་ཐ་བ་ལིང་རྣམས་སྟོང་པར་བཞག་ནས་གཉིས་ཀས་མི་འཛིན་པར་བྱས། ཕྱིས་ཀྱང་འཁྲུག་པ་མང་དུ་བྱུང་ཞིང་མེ་མོ་གླང་ལ་བོད་ཀྱི་རྒྱལ་པོ་འདས། ཇ་ཙེ་བཙན་པོ་རྒྱལ་སར་བསྐོས་སྟེ་ཤིང་སྤྲེ་ལ་འདས། འདི་ས་སྐྱ་བླ་མ་དམ་པའི་རྒྱལ་རབས་ཆོས་བྱུང་དུ་མུ་ནེ་བཙན་པོའི་འོག་ཁྲི་སྲོང་གི་སྲས་བཞི་པ་ལྡེང་ཁྲིས་རྒྱལ་པོ་བྱས། དེའི་སྲས་སད་ན་ལེགས་སུ་བཤད་པ་དང་མཐུན་པར་འདུག །དེའི་ལོ་ལ་ཁྲི་སྡེ་སྲོང་བཙན་བསྐོས། དེང་ཛུང་གིས་རྒྱལ་ས་ལོ་ཉེར་ལྔ་བྱས། རེ་བཞི་པ་ཤིང་བྱ་ལ་འདས། ལོ་དེ་ལ་དིང་ཛུང་གི་བུ་ཆེ་བ་ཤྲུན་ཛུང་བསྐོས་རྒྱལ་ས་ལོ་གཅིག་(མ༡༣བ)


PTT001_Page_1449
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་བཞི་བཅུ་རྩ་དྲུག་ལ་འདས། མེ་ཁྱི་ལ་ཤྲུན་ཛུང་གི་བུ་ཆེ་བ་ཧུན་ཛུང་བསྐོས། དེ་བྱི་བའི་ལོ་ལ་འདས་གླང་ལ་ཧེན་ཛུང་གི་བུ་མུ་ཛུང་བསྐོས། སྐབས་དེ་ཤེད་དུ་བོད་རྒྱལ་པོ་འདས་ཁ་ལི་ཁ་ཆུ་བསྐོས། ལྷ་སའི་ཐང་དུ་བོད་རྒྱ་ཚོགས་བན་ཆེན་པོས་མནའ་གཙིགས་བཏོན་བདེན་པ་བརྡར་སྟེ་ཐམས་ཅད་གཙིགས་དང་མནའ་ཆད་བྱས་སོ། །མུ་ཛུང་མེ་རྟ་ལ་བློན་པོས་བཀྲོང་མེ་ལུགས་ལ་མུ་ཛུང་གི་བུ་གཉིས་པ་འུན་ཛུང་བསྐོས། མེ་འབྲུག་ལ་བོད་ཀྱི་རྒྱལ་པོ་འདས་ལོ་དེ་ལ་གཅུང་པོ་ཐ་མུ་ཞེས་པ་བསྐོས། དེ་ཆང་ལ་དགའ་ཞིང་སྤྱོད་པ་ངན་པས་བོད་ཀྱི་རྒྱལ་ཁམས་ཐམས་ཅད་འཁྲུགས། སི་ཧ་ཅིའུ་ལ་བོད་དབང་བའི་རི་བརྩིགས་ཡོད་པ་འགྱེལ། ཀླུ་ཆུ་ཞག་གསུམ་གྱེན་ལ་ལོག་ལྟས་ངན་བྱུང་ཞིང་རྒྱལ་ཁམས་ཞིག་པ་ཡིན། ས་མོ་ལུག་ལོ་ཡན་ཆད་ལ་ལོ་ཉིས་བརྒྱ་དང་བརྒྱད་སོང༌། འུན་ཛུང་གིས་ལོ་བཅུ་གཉིས་སྲིད་བཟུང་སུམ་བཅུ་པ་ཤིང་འབྲུག་ལ་འདས། ལོ་དེ་ལ་མུ་ཛུང་གི་བུ་ལྔ་པ་ཝུ་ཛུང་བསྐོས། ལོ་དྲུག་སྲིད་བསྐྱངས། སོ་བཞི་པ་ཤིང་གླང་ལ་འདས། མེ་སྟག་ལ་་ཧེན་ཛུང་གི་བུ་བཅུ་གསུམ་པ་ཟོན་ཛུང་བསྐོས། དེ་ནས་བོད་ཀྱི་ས་ཆ་ཕལ་ཆེར་རྒྱས་བླངས། དང་པོ་ཐང་གི་རྒྱལ་ཁམས་གིན་ཇང་ཧུ་ནས་བོད་ཀྱི་བར་ལས་ལེ་བར་སྟོང་ཆ་དགུ་སྟོང་དགུ་བརྒྱ་ཡོད། ཕྱིས་ཛུང་ཛུང་ནས་བཟུང་སྟེ་བོད་ལ་མཁར་མི་གསུམ་བརྒྱ་ཤོར། ཕྱིས་ཐང་གིས་ཐམས་ཅད་ཐོབ་ཟོན། ཛུང་གིས་ལོ་བཅུ་བཞི་སྲིད་བཟུང་ལྔ་བཅུ་པ་མེ་ཡོས་ལ་འདས། ལྕགས་འབྲུག་ལ་དེའི་བུ་ཆེ་བ་གྷི་ཛུང་བསྐོས། དེ་ཕྱིན་བོད་དང་འབྲེལ་ཆད། དེ་ལྟར་ཐང་གི་རྒྱལ་པོ་གའུ་ཛུང་ནས་འདི་ཡན་ལ་ལོ་ཉིས་བརྒྱ་དང་སོ་དགུ་སོང༌། གྷི་ཛུང་གིས་ལོ་བཅུ་བཞི་བྱས་སྟེ་ཆུ་སྦྲུལ་ལ་འདས། ཤིང་རྟ་ལ་དེའི་བུ་ལྔ་པ་ཧྱི་ཛུང་བསྐོས། ལོ་བཅོ་ལྔ་བཟུང་སྟེ་ས་སྤྲེ་ལ་འདས། དེའི་བུ་བདུན་པ་ཇེའུ་ཛུང་བསྐོས། ལོ་བཅུ་བཞི་བཟུང་སྟེ་ཆུ་ཕག་ལ་འདས་ཤིང་བྱི་ལ་དེའི་བུ་དགུ་པ་ངའི་དི་བསྐོས། ལོ་བཞི་བཞུགས་སྟེ་མེ་(མ༡༤ན)


PTT001_Page_1450
[མ་དཔེ་གཟིགས་ན་འདིར་གནོན།]

ཡོས་ལ་འདས། དེ་ནས་རྒྱལ་རབས་ཆད་སྟེ་སྤྱིར་ཐང་གི་རྒྱལ་པོ་དེས་ལོ་ཉིས་བརྒྱ་དང་གྱ་བརྒྱད་བདག་བྱས། དེ་ནས་ལྱང་ཞེས་པ་ལ་རྒྱལ་ས་འཕོས་པ་ཡིན་ནོ། །རྒྱ་བོད་ཀྱི་ལོ་རྒྱུས་འདི་ཐའི་ཛུང་གི་དུས་ཀྱི་ཡིག་ཚངས་པ་བ་སུ་ཁྱི་ཞེས་པས་བརྩམས། ཕྱིས་ཧན་གསེའུ་ཚས་བསྡུས་སྟེ་བསྡེབས། རྒྱའི་ལོ་ཙཱ་བ་ཧུ་གྱང་ཇུས་ཤིང་མོ་བྱ་ལོ་ལ་ཤིང་ཀུན་དུ་བསྒྱུར། བླ་མ་རིན་ཆེན་གྲགས་གོའི་ཤྲི་ཤིང་མོ་གླང་ལ་བོད་ཡིག་དུ་པར་དུ་བཏབ་བོ། །འདིའི་ལོའི་དབང་ཐང་ནོར་བ་འགའ་རེ་སྣང༌། ཐུ་ལུ་ཧུན་ཧོར་སེར་ཡིན། འུ་ཐན་ཨོ་ཐོན་ཡིན། བོད་ཀྱི་རྒྱལ་རབས་དང་ཕལ་ཆེར་མཐུན་པ་ལ་འདི་ཞིབ་པར་སྣང་བས་ཆེ་ལོང་ཞིག་བྲིས་པ་སྟེ་རྒྱ་བོད་ཡང་ཡང་འཁྲུགས་པ་དང་རེས་འགའ་མཐུན་ནས་སྐྱེས་དང་དུར་གྱི་མཆོད་པ་བསྐུར་རེས་བྱས་པ་ལ་སོགས་པ་ཅིག་པར་ཐང་ཤུ་ཧུ་ཐེན་མཆན་མ་ཉིད་དུ་བལྟ་བར་བྱའོ། །ཐང་གི་དུས་སུ་ཐ་མ་འོ་ཟེར་བ་གསིའུ་ཚི་ཞིག་གིས་ངོ་ལོག་སྟེ་རྒྱལ་ས་བྱས། ཇུ་འུན་ཟེར་བས་བློན་པོ་བྱས། རྟིང་ལ་ཇུ་འུན་གྱིས་ཐང་ལ་ནོག་བལྟས་སྟེ་ཆུ་མི་དབེན་གྱི་དམག་དཔོན་བྱས། ཕྱིས་ངོ་ལོགས་སྟེ་རྒྱལ་ས་ཕྲོགས་པས་ལྱང་རྒྱལ་པོ་ཅེས་པའི་རྒྱུད་བྱུང༌། དེ་ལ་སོགས་རུས་མི་གཅིག་པའི་རྒྱལ་རབས་ཚན་པ་ལྔ་ལ་རྒྱལ་པོ་བཅོ་ལྔ་བྱུང༌། ལོ་ལྔ་བཅུའི་བར་བཟུང༌། དེའི་རྗེས་སུ་ཅེའུ་ཐའི་ཛུ་ཞེས་པའི་རྒྱལ་པོའི་དུས་རྒྱལ་ས་མི་ཉག་ལ་ཤོར། འདིའི་རྒྱུད་པ་སྤེན་ལང་ས་ཆར་རྒྱལ་རབས་བརྒྱད་བྱུང་བའི་བརྒྱད་པ་ཤང་ཧང་ཕ་བུ་གཉིས་ཀྱི་ལག་ནས་ཆི་ཧན་ཏའི་གླེའུ་ཞེས་པའི་རྒྱལ་ཁམས་ཕྱེད་ཕྲོགས་རྒྱལ་ཁམས་དེ་ལ་རྟའི་གླེའོ་ཟེར། ཤང་ཧྭན་གྱི་ཞྭ་གྱོན་མའི་བུ་ཁང་དབང་ཞེས་པ་རྒྱ་ནག་ཆེན་པོ་ཅེས་བྱ་བ་ལྷོ་ཕྱོགས་སྨན་ཙའི་ཡུལ་དུ་འོངས་ནས་ལའི་རྒྱལ་ཁམས་ཕྱེད་པོ་བཟུང་ནས་ཧོར་གྱིས་རྣམས་ཐའི་ཀྱེན་ཟེར་བ་ཁང་ཧང་ཇེའུར་བསྡད། རྒྱལ་ཁམས་དེ་ལ་གསུང་ཟེར། དེ་ནས་རྒྱལ་པོ་ལྷ་(མ༡༤བ)


PTT001_Page_1451
[མ་དཔེ་གཟིགས་ན་འདིར་གནོན།]

བཙུན་གྱི་བར་དུ་རྒྱལ་རབས་བརྒྱད་སྨན་ཙེར་བྱུང༌། ཆི་ཧན་ཏའི་གླེ་པོའི་རྒྱལ་རབས་བདུན་བརྒྱད་ཀྱི་རྗེས་སུ་བློན་པོ་ཆེ་བ་ནུའི་ཇི་ཞེས་པས་རྒྱལ་ས་བླངས། དེའི་རྒྱལ་རབས་ལ་ཨ་ཁན་ཏན་ཟེར་རྒྱལ་ཁམས་ལ་ཏའི་གི་ཟེར་བརྒྱུད་པ་དགུ་བྱུང༌། དགུ་པ་ཧུང་དབང་གི་དུས་སུ་ཧོར་ཇིང་གི་རྒྱལ་པོ་བྱུང་ནས་ཇིང་གིས་རྒྱལ་ཁམས་བླངས་སོ། །སེ་ཆེན་རྒྱལ་སར་བཞུགས་ནས་ཅི་དབོན་ལོ་བཅུ་གསུམ་པའི་དུས་སུ་སྨན་ཙེའི་རྒྱལ་པོ་གཡིའུ་ཇུ་རྒྱལ་སར་བསྡད་ནས་ལོ་གསུམ་སོང་བ་ལ་པ་ཡན་ཆིང་སང་གིས་གསུང་གི་རྒྱལ་ཁམས་བླངས་སྟེ་རྒྱལ་པོ་ས་སྐྱར་བཏང་ལྷ་བཙུན་བྱས། ཕྱིས་གེ་གན་རྒྱལ་པོའི་དུས་བསད་པས་ཁྲག་འོ་མར་བྱུང༌། ཧོར་གྱིས་རྒྱལ་ཁམས་ལ་ཏའི་དབེན་ཟེར་ཞེས་པ་ཛམྦྷ་ལ་སྟོ་ཤྲི་མགོན་གྱིས་སྨྲས་པ་བྲིས་པའོ། །གསུམ་པ་མི་ཉག་གི་རྒྱལ་པོའི་ལོ་རྒྱུས་ནི། དེ་ཡང་ཤར་ན་རྒྱ་ནག་ལྷོ་ན་འཇང་ནུབ་ན་བོད་བྱང་ཧོར་གྱིས་བཅད་པའི་དབུས་ནི་མི་ཉག་གི་རྒྱལ་ཁམས་སྟེ་ཕྱིས་གོ་དན་གྱིས་བཟུང་བ་གྷ་དང་བྱང་ངོས་སོགས་ནི་ཡུལ་གྱི་དངོས་གཞི་ཡིན་ལ་རབ་སྟོང་ཚར་སྒང་གི་ས་རྣམས་ཀྱང་མི་ཉག་ལ་གཏོགས་སོ། །དེ་ཡང་སྔོན་མི་ཉག་གི་ཡུལ་ཐམས་ཅད་རྒྱའི་འོག་ན་ཡོད་པ་ལ་བྱང་ངོས་དང་གྷའི་བར་ན་སྨོན་ཤྲི་ཞེས་པའི་རི་ཅིག་ལ་གཞི་བདག་སི་ཧུའམ་ག་ཧུ་ཞེས་པ་དྲག་རྩལ་ཅན་ཞིག་གནས་པ་དེས་རྟ་པ་དཀར་པོ་བདུན་དུ་སྤྲུལ་ནས་བྱང་ངོས་ཀྱི་མཁར་ནང་དུ་ཡོང་སྟེ་བུད་མེད་ཅིག་དང་དཔོན་དེ་འགྲོགས་པ་ལས་ལོ་དུས་ན་བུ་ཞིག་བྱུང༌། དེའི་དུས་སྔོན་མེད་པའི་སྐར་མ་ཞིག་ཤར་བས་རྩིས་པ་རྣམས་ཀྱིས་མཁར་འདིར་རྒྱལ་སྲིད་འཕྲོག་པའི་མི་ཅིག་སྐྱེས་འདུག་བྱས་པ་དང༌། རྒྱལ་པོས་ད་དུང་རྩིས་གྱིས་ལ་བུ་ཚ་དེ་འཚོལ་ཞེས་བསྒོ་བས་རྒན་མོས་བུ་ཚ་དེ་ས་ཀོང་མོ་ཅིག་དུ་སྦས་པང་ལེབ་ཀྱིས་ཁ་བཅད་སྟེང་དུ་ཆི་ཕོར་གང་བཞག་པས་མཚོ་ཆེན་པོའི་ཤིང་གི་ས་གཞིའི་འོག་ན་འདུག་ཟེར་བས་འཚོལ་མ་ཐུབ་པར་མཁར་(མ༡༥ན)


PTT001_Page_1452
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས་སྟེང་ནས་ལོ་གཉིས་འགྲོ་བ་ཚུན་གྱི་བུ་ཚ་ཐམས་ཅད་སོད་ཅེས་ལུང་བསྒྲགས་ནས་བུ་ཚ་ཀུན་བསད་པ་ལས་རྒན་མོ་དེས་བུ་ཆུང་དེ་ཤི་བ་ལྟར་བྱས་སྒམ་དུ་བཅུག་ནས་ངུ་ཞིང་ཁྱེར་སྟེ་ཆུ་དཀྱིལ་ཀྱི་རྩཱ་ཐུག་པོའི་ནང་དུ་བསྐྱུར་བས་ཉེན་རེ་ཞིང་བྱ་རྒོད་ཅིག་བྱུང་ནས་མི་ཁྱག་པར་སྲོས། རྒན་མོ་གཞན་ཞིག་ལ་བ་གཞོན་མ་ཞིག་ཡོད་པས་ཉིན་རེ་ཞིང་དེའི་སར་ཕྱིན་གིན་འོ་མ་སྟེར་བ་ལས་ཉིན་ཞིག་རྒན་མོ་བའི་བདག་པོས་བའི་རྗེས་སུ་བལྟར་ཕྱིན་པས་བ་དེས་བུ་ཆུང་དེ་ལ་འོ་ན་དལ་བུས་སྟེར་བ་མཐོང༌། བུ་ཆུང་འདི་ཁྱད་པར་ཅན་ཞིག་ཡིན་པར་འདུག་ཟེར་སྟེ་རྒན་མོ་དེས་བླངས་ནས་བུ་དོད་བྱས། རུས་པ་དུ་མའི་ཞེས་བོད་སྐད་ཏུ་བསྒྱུར་ན་བ་ལས་འོ་མ་འཐུང་བ་ཞེས་ཟེར། དེས་ལོ་བདུན་ལོན་ནས་རྟ་པ་གཞན་དྲུག་གི་བུ་ན་མཉམ་གྱི་བྱིས་པ་དྲུག་བཙལ་སྟེ་གངས་རིའི་གསེབ་ཏུ་བྲོས་ནས་རི་དེར་ཤིང་འཐུ་བའི་སྐྱེས་པ་རྣམས་བཟུང་ནས་དམག་མི་བྱས། བུ་ཆུང་དེས་བྱང་ངོས་ཀྱི་མཁར་ནང་དུ་ཤེས་རབ་ཅན་གྱི་མི་ལ་ངོ་ལོག་གི་ཐབས་འདྲིར་འོངས་པས་རྒན་མོ་ཞིག་གིས་ཐབས་བསྟན་པར། ཟླ་བ་འདིའི་ཚེས་བཅོ་ལྔའི་ཉིན་ཁྱེད་དམག་ལ་ཤོག །རྟ་ལྕགས་དང་རྟ་སྦངས་མང་པོ་འཚོལ་ལ་རྨ་ཆུའི་ནང་དུ་བསྐྱུར། དེ་ནས་རྒྱའི་དམ་ཁ་ཁྱེད་ཀྱི་ལག་དུ་འོང་བའི་ཐབས་བྱེད་ཟེར། ཚེས་བཅུ་བཞིའི་ཉིན་རྒན་མོ་དེས་ལྕགས་རིའི་སྟེང་དུ་ངུ་ཞིང་བྲང་རྡུང་གིན་ཕྱིན་པ་དང་རྒྱལ་པོས་འདྲིར་བཏང་བས་ལྷའི་དབང་པོ་བརྒྱ་བྱིན་གྱི་ལུང་གིས་མི་ཉག་གི་རྒྱལ་པོ་ཅིག་གསོས་ཡོད་རང་རེ་ངོས་མ་བལྟས་ན་རྒྱའི་མིང་ཙམ་ཡང་ལུས་པ་མི་ཡོང་སང་ཉིན་དམག་བསམ་གྱིས་མི་ཁྱབ་པར་ཡོང་བར་ཡོད་ཟེར། རྒྱུ་མཚན་དྲིས་པས་ཁྱེད་རང་རྣམས་སང་སྔ་མོར་རྨ་ཆུ་ལ་ལྟོས་དང་རྟ་སྦངས་དང་རྟ་ལྕག་ལྷུང་བས་ཆུ་མདོག་འགྱུར་བ་ཡོང་བར་ཡོད་ཟེར། སང་སྔ་མོར་བལྟས་པས་དེ་བཞིན་བྱུང༌། ད་ཅི་འཐད་དྲིས་པས་རྒན་མོས་ངོ་བལྟས་ན་འཐད་བྱས་ནས་རྒྱལ་པོ་རྟ་བ་བདུན་གྱིས་དམ་(མ༡༥བ)


PTT001_Page_1453
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་སྐྱེལ་དུ་ཕྱིན་པས་མི་ཉག་གི་རྒྱལ་པོ་རྟ་པ་མང་པོ་དང་ཕྲད་ནས་དམ་ཁ་བླངས་རྒྱལ་པོ་བསད། བློན་པོ་ཆེ་བ་རྣམས་ཀྱང་རིམ་གྱིས་བསད་ནས་རྒྱ་ཡུལ་དུ་གྲགས་པ་ལ། རྒན་མོ་ཞིག་གི་ཁ་ཡིས་ཉེས་པ་ཡིས། ཟུར་གསུམ་སྒོ་དྲུག་ཡོད་པའི་རྒྱ་མཁར་བཤིག་ཟེར་བ་བྱུང༌། མི་ཉག་གི་རྒྱལ་པོ་དེ་ལ་ཕའི་མིང་ནས་གྲས་པའི་སི་ཧུ་རྒྱལ་པོའམ་གའི་ཛུ་རྒྱལ་པོ་ཅེས་གྲགས་སྟེ་རྒྱ་ཧོར་ཕལ་ཆེར་གྱི་བདག་པོ་བྱས། དེའི་རྒྱལ་རབས་ལྔ་པ་ལ་ཐའི་ཧུ་བྱུང༌། དེའི་སྲས་མི་ཉག་རྒྱལ་རྒོད་ཡིན། དེ་དུས་གསི་ནོའི་ཞན་བོད་སྐད་དུ་སེམས་ནག་པོའི་རི་ཞེས་པ་ལ་སྐྱེས་པའི་མི་ཞིག་གིས་བློན་པོ་བྱས་ནས་རྒྱལ་རྒོད་གསོད་པར་འགྱུར་ཞེས་པ་ཚོར་ནས་རི་དེའི་མི་ཐམས་ཅད་བསད་ན་ཨེ་འཐད་ཅེས་ཐའི་ཧུ་ལ་ཞུས་པས་ཐའི་ཧུ་ཆོས་ལ་དཀར་བས་མ་ཉན། དེ་ནས་རྒྱལ་པོ་དེ་བྱང་ངོས་སུ་སྡོད་མ་ནུས་པར་གྷ་རུ་འཕོས་ཀྱང་ཕྱིས་རི་དེའི་མི་ཞིག་མ་ཚོར་བར་བློན་པོ་ཐོབ་པས་དེས་རྒྱལ་རྒོད་བསད། དེ་རྗེས་རྒྱུད་ཆད་ནས་ཐོ་ཇི་ཞེས་པའི་རྒྱལ་པོ་གཞན་ཞིག་ལ་རྒྱལ་ས་འཕོས་པའི་དུས་སུ་ཇིང་གིས་རྒྱལ་ས་ཕྲོགས་སྟེ་མི་ཉག་རྒྱལ་པོའི་སྲོག་མེ་ཡིན་ཇིང་གི་སྲོག་ཆུ་ཡིན་པའི་དོན་གྱིས་ཇི་ཙམ་འཐབ་ཀྱང་མ་ཐུབ་པ་ཡིན། མི་ཉག་རྒྱལ་རྒོད་ཀྱི་སྐྱེ་བ་ཧོར་གོ་དན་ཡིན། ཁོང་བྱང་ངོས་སུ་སླེབས་པ་དང་སྔར་རྒྱལ་རྒོད་གསོད་ས་དེར་ལྷ་ཁང་བཞེངས། གསོད་མི་ཚང་དེ་བརླག་པར་བྱས། གེ་གར་རྒྱལ་པོ་ལ་ངན་བྱེད་མི་ཆི་གིན་ཐི་མུར་ཡང་བསི་ནོའི་ཞིན་དུ་སྐྱེས་པ་ཡིན་ཞེས་པ་མི་ཉག་རྩན་ཙེ་ཤེས་རབ་ཡེ་ཤེས་ཀྱིས་སྨྲས་པ་བཀོད་པ་ཡིན་ལ་འདི་ལ་རྒྱའི་རྒྱལ་པོ་ཅིའུ་ཐའི་ཛུ་དཔུན་གཉིས་ཀྱིས་ལོ་སུམ་བཅུ་རྒྱལ་ས་བཟུང་པའི་རྗེས་སུ་སི་ཧུ་རྒྱལ་པོ་བྱུང་ཞེས་པ་དང་སི་ཧུ་རྒྱལ་པོ་ནས་མི་ཉག་གི་རྒྱལ་པོ་བཅུ་གཉིས་བྱུང༌། ལོ་ཉིས་བརྒྱ་དྲུག་བཅུར་སྲིད་བཟུང་ཞེས་པའང་གཏམ་རྒྱུད་འགའ་རེ་ན་སྣང་ངོ་ཞེས་པ་དེབ་དམར་དུ་བཀོད་དོ། །འདི་ལ་རྒྱལ་པོ་ཐའི་ཧུས་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པ་མཚུར་ཕུར་(མ༡༦ན)


PTT001_Page_1454
[མ་དཔེ་གཟིགས་ན་འདིར་གནོན།]

ཕེབས་སྟེ་བཞུགས་པ་ལ་སྤྱན་འདྲེན་བཏང་བས་མ་བྱོན། འོ་ན་ཁྱེད་རང་གི་སྐུ་ཚབ་སར་པའི་སློབ་མ་ཞིག་མཆོད་གནས་སུ་གཏོང་བར་ཞུས་པས་དགེ་བཤེས་གཙང་པོ་བ་བཏང་སྟེ་རྒྱལ་པོས་བླ་མར་བསྐུར། ཕྱིས་མཚུར་ཕུའི་དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་ལ་གསེར་ཟངས་ཀྱི་ན་ཟ་དང་བླ་རེ་སོགས་བསྐུར་བ་ཡིན། རྗེ་དུས་མཁྱེན་གྱིས་མི་ཉག་གི་རྒྱལ་པོ་དེ་ཁ་ཅིག་གིས་གླང་རི་ཐང་པའི་སྐྱེ་བར་བྱེད་སྟེ་དེ་མ་ཡིན་རྣལ་འབྱོར་གྱི་དབང་ཕྱུག་མ་ཏཾ་གི་པའི་སྐྱེ་བ་ཡིན་སྟེ་རྒྱལ་པོ་བཙན་པས་བཙོན་མང་པོ་བཀྲོལ་པ་དང་འབངས་སུ་གཏོགས་པ་རྣམས་ཕྱིས་གདུལ་བྱར་འགྱུར་བ་ལ་དགོངས་པ་ཡིན་ཞེས་ལུང་བསྟན། གཙང་པོ་བ་འདི་ནི་རྗེ་དུས་མཁྱེན་གྱི་སྤྲུལ་པས་བཏུལ་བ་ཡིན་སྟེ་ཁོང་ལ་སྟོད་ཐང་ཆུང་གི་གཙུག་ལག་ཁང་ན་ཉིན་ཞིག་ལྕགས་རིའི་ཕྱིར་ཐག་པ་དྲུབ་ཅིང་ཡོད་པའི་ཚེ་ཨ་ཙ་ར་རས་རྐྱང་ཅན་ཐོད་པ་ཐོགས་པ་གསུམ་དང་བོད་ཀྱི་རྣལ་འབྱོར་པ་ལོ་དྲུག་བཅུ་ཙམ་པ་རས་རྐྱང་ཅན་སྦའི་བེར་མ་ལྕག་བཟུང་བ་ཞིག་དང་བཞི་བྱུང་གཞན་དེ་རྣམས་ཕ་ཚད་ན་འདུག །བོད་དེ་ལ་གཏམ་དྲིས་པས་ངེད་རྒྱ་གར་རྡོ་རྗེ་གདན་དུ་བྱ་ལོའི་དུས་མཆོད་ལ་ཕྱིན་ཁ་ཆེ་དང་པུ་རངས་ན་ཚུར་ལམ་བྱུང་བས་འོངས་ཟེར། འོ་ན་བྱ་ལོའི་དུས་མཆོད་ལ་གྲུབ་ཐོབ་མང་པོ་འབྱོན་ཟེར་བས་མཇལ་ལམ་དྲིས་པས་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཟླ་བས་རྣམ་པར་གནོན་པས་ཧ་ཧ་སྒྲོག་པའི་དུར་ཁྲོད་དུ་ཚོགས་འཁོར་བཤམས་ནས་གྲུབ་ཐོབ་རྣམས་ལ་གསོལ་བ་བཏབ་པས་རྒྱ་གར་ནས་ཛཱ་ལནྡྷ་ར་ནག་པོ་སྤྱོད་པ་ཤིང་ལོ་བ་ཨིནྡྲ་བྷཱུ་ཏི་བར་པ་དང་བཞི་བྱོན་བོད་ནས་དྷ་རྨ་ཤཱི་ལ་དང་དྷརྨ་ཀིརྟི་གཉིས་སྟེ་དྲུག་བྱོན་གསུངས། དེ་གཉིས་སུ་ལགས་ཞུས་པས་དྷརྨ་ཤྲི་ལ་ནི་ཆོས་ཀྱི་ཚུལ་ཁྲིམས་བྱ་བ་ཡིན་མངའ་རིས་སྟོད་ན་བཞུགས་འཆི་མེད་གྲུབ་པའི་གདམས་ངག་ཡོད། ད་ལྟ་ལྷ་ཁང་གཅིག་ལ་བརྟེན་ནས་གཞན་དོན་མཛད། (མ༡༦བ)


PTT001_Page_1455
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་དྷརྨ་ཀིརྟི་ནི་དཔལ་ཆོས་ཀྱི་གྲགས་པ་ཅེས་བྱ་བོད་ཡུལ་གྱི་སྨད་ན་བཞུགས་རྩ་དང་རླུང་ལ་བརྟེན་ནས་ཕྱག་རྒྱ་ཆེན་པོ་ཆིག་ཆོད་ཀྱི་མན་ངག་མངའ། ཡོངས་སུ་གྲགས་པའི་མཚན་བླ་མ་དབུ་སེ་ཟེར་ངེད་ཀྱང་དེར་འགྲོ་བ་ཡིན་གསུངས། འོ་ན་བླ་མ་དེ་སྙན་པ་ཆེ་བར་གདའ་བས་མཇལ་དུ་འགྲོ་སྙམ་ཡང་སྐུ་བགྲེས་གཤེགས་པའི་དུས་ཡིན་ཟེར་བས་གདམས་ངག་མ་ཚར་གྱི་དོགས་ནས་ལུས་པ་ལགས་བྱས་པས་སྟོན་པ་ཁྱོད་ཀྱིས་བཟང་སྤྱོད་སྨོན་ལམ་ཡང་མ་གཟིགས་སམ། སྤྱིར་ཡང༌། གདུལ་བྱ་གང་ཞིག་གཅིག་ཙམ་གྱི། །དོན་དུའང་ཐུབ་པ་བསྐལ་པར་བཞུགས། །དེ་ཡང་མྱུར་དུ་སྨིན་མཛད་སྟེ། །དྲོད་གཤེར་ལྡན་པའི་མྱུ་གུ་བཞིན། །བྱ་བ་ལགས་མོད་ཐེ་ཚོམ་མ་ཟ་བར་སོང་དང་ཆོས་མྱུར་དུ་ཚར་ནས་འོང་གསུངས། ཆོས་འབྲེལ་ཞིག་ཞུ་བྱས་པས་དེ་བཞེངས་ནས་ཨ་ཙཱ་ར་གཅིག་གི་ལག་ནས་གྲོ་གའི་ཤོག་དྲིལ་ཞིག་བླངས་སྟེ་གནང༌། འདི་རྣམ་བཞི་རྒྱུད་གྲོལ་བྱིན་རླབས་ནུས་འདོན་གྱི་གདམས་ངག་བྱས་པ་ཡིན་པས་གཞན་ལ་མ་བསྟན་པར་བཟུང་ལ་ཉམས་སུ་ལོང་ཕྱིས་ཀྱང་ང་དང་ཕྲད་ནས་འོང་གསུངས། སྟོན་པས་ནང་དུ་ཕྱིན་ཚ་བའི་གཡོས་བྱས་ནས་ཕྱིར་གདན་འདྲེན་དུ་ཕྱིན་པས་གང་ནའང་མི་འདུག །དཀོན་གཉེར་ལ་དྲིས་པས་ཁྱེད་རང་གི་ཕྱི་ལ་ཨ་ཙ་ར་རྣམས་དང་ལྷན་ཅིག་དུ་སོང་ཟེར། གཞན་སུས་ཀྱང་མ་མཐོང་བར་འདུག །དེར་ཐེ་ཚོམ་མེད་པར་ཕྱིན་པར་དབྱར་སྟོད་ཅིག་མཚུར་ཕུར་མཇལ། སྟོན་ཀར་སོང་ཙམ་ན་བླ་མས་སྔར་གྱི་ལོ་རྒྱུས་ཐར་ཐོར་སློབ་མ་འགའ་ལ་གསུངས་འདུག་ནས་ཉིན་གཅིག་དེ་རྣམས་འདིར་བྱོན་ནམ་ཞུ་སྙམ་ཚེ་ཁྱེད་ཀྱི་དེ་སང་ཙམ་བྱས་ཆོག་གི་གསུངས་བས་ཞུ་མ་སྤོབས། སང་ཉིན་ཁམས་པ་དཔོན་སང་གི་ཁང་པར་ཚོགས་བཟང་དུ་བཤམས་བླ་མ་དང་གྲ་པ་བགྲེས་པོ་བཅུ་ཙམ་གདན་དྲངས་ནས་ཞུས་པས་ཁྱོད་ལ་ཆོས་སྟོན་པ་དེ་ང་ཡིན་རྒྱ་གར་གྱི་ཚོགས་དཔོན་ནག་པོ་སྤྱོད་པས་མཛད་གདམས་ངག་དེ་ཨིནྡྲ་(མ༡༧ན)


PTT001_Page_1456
[མ་དཔེ་གཟིགས་ན་འདིར་གནོན།]

བྷུ་ཏི་བར་པ་ལ་ཞུས་པ་ཡིན། ཨ་ཙ་ར་དེ་གསུམ་ཤིང་ལོ་བ་ཨིནྡྲ་བྷུ་བར་པ་ནག་སྤྱོད་པ་གསུམ་ཡིན། ཁྱོད་སྐྱེ་བ་སྔ་མ་བཞིར་ངའི་སློབ་མ་ཡིན། ད་རེས་ང་དང་མ་ཕྲད་ན་ཆོས་ཉན་བཤད་ལ་འབྱམས་ནས་འགྲོ་བར་འདུག་པས་སྒྲུབ་པ་ལ་གཟུད་པའི་ཕྱིར་འོངས་པ་ཡིན་ཉན་བཤད་ཀྱང་བཟང་པོ་ཡིན་སྟེ་གནས་ལུགས་མ་རྟོགས་ན་འཁོར་བ་ལས་མི་ཐར་གསུངས། དེར་ཐེ་ཚོམ་ཆོད་གྲུབ་ཐོབ་ཏུ་གྱུར་ན་སྨི་ཉག་གི་རྒྱལ་ཁམས་སྨིན་གྲོལ་ལ་བཀོད་པ་ཡིན་ནོ། །ཧོར་གྱི་རྒྱལ་རབས་ནི་དེ་ཡང་གསུང་རབ་རྣམས་ལས་ཧོར་ཡུལ་ཞེས་པའི་མིང་དངོས་སུ་མི་གསལ་ཡང་སྤྱོད་པ་དང་ཆ་ལུགས་སོགས་ཀླ་ཀློ་སྟག་གཟིགས་པ་དང་རྗེས་སུ་མཐུན་པས་ཏུ་རུ་ཥྐ་ཅེས་སམ་སྟག་གཟིག་པ་ཞེས་པའི་ཕྱོགས་སུ་གཏོགས་ལ་སྟག་གཟིག་པའི་ཡུལ་གྱི་གཙོ་བོ་ནི་རྒྱ་གར་གྱི་ནུབ་ཕྱོགས་མ་ཁ་དང་མོ་གོལ་ལ་སོགས་ཡིན་ལ། རྒྱལ་པོ་ཧུ་ལས་བཟུང་བསྟོད་འབའ་ཏད་ཀྱི་ཡུལ་ལ་སྟོད་ཧོར་དུ་གྲགས་ཤིང་དེའི་དམག་ནུབ་ཕྱོགས་ཨོ་ཌྱན་སོགས་སུ་ལྷགས་པ་ལ་མོ་གོལ་གྱི་དམག་དུ་གྲགས་པས་སྟག་གཟིག་པར་ཤིན་དུ་གསལ་ལ་དེའི་བྱེ་བྲག་ཧོར་དྲུག་གྲགས་པ་ནི་རྒྱ་མི་ཉག་བོད་ཐམས་ཅད་ཀྱི་བྱང་ན་ཡུལ་གྲུ་ཆེན་པོ་དུ་མ་ཡོད་པ་ལ་བྱེ་བྲག་དུ་ཧོར་དང་སོག་པོ་དང་དེང་སང་ཆ་དཀར་བར་གྲགས་པ་སོགས་དུ་མ་ཡོད་ཀྱང་སྤྱིར་ཧོར་གྱི་རྒྱལ་ཁམས་ཅེས་གཅིག་དུ་བརྗོད་པ་ཡིན་ལ་དེའི་རྒྱལ་རབས་ནི་འདི་ལྟར་གྲགས་སྟེ། དང་པོ་གནམ་གྱི་བུ་སྦོར་ཐ་ཆེ། དེའི་བུ་བ་ད་ནས་རིམ་པར་ཆི་གན། ཐམ་ཆག་ཁྱི་ཇི་མེར་ཁན་འདིས་ད་ལྟའང་སྲིན་པོའི་ཁ་གནོན་བྱེད་པས་པདྨ་འབྱུང་གནས་ཡིན་ཟེར། དེའི་བུ་ལའུ་ངག་སྤོ་རོལ། ཨེ་ཀ་ནི་རུག་སེམས་ཟ་བའོ། །ཁ་ཆུ། ངོ་མུན་མན། ནག་མོ་ཨི་ལན། ཁྭ་ལས། ཉི་ཟླའི་ཟེར་ལས་སྐྱེས་པ་བོ་དོན་ཆར་མུན་ཁག་གའི་ཆེ་སྦི་ཁིར། མ་ནན་ཐོ་ནོན། གའི་ཐུག་ག་བིའི་(མ༡༧བ)


PTT001_Page_1457
[མ་དཔེ་གཟིགས་ན་འདིར་གནོན།]

ཤིང་ཁོར་ཐོག་ཤིང༌། དུ་མ་འབི་ཧའི་གན། གའུ་ལ་བན། བར་ཐན་པ་འུར། ཡེ་བུར་ག་བ་པར་འདིའི་བར་ཧོར་ཐམས་ཅད་དང་པོར་རྒྱ་ནག་དང་དེ་ནས་མི་ཉག་གི་རྒྱལ་པོའི་འོག་ན་ཡོད། དེ་དང་བཙུན་མོ་ཧོ་མུན་གྱི་སྲས་ཐའི་ཛུ་ཛིང་གི་རྒྱལ་པོ་ཆུ་ཕོ་སྟག་ལ་འཁྲུངས། ས་པཎ་དང་འཁྲུངས་ལོ་གཅིག་དཔུན་ལྔ་ཡོད་པའི་ཐུ་བོ་ཡིན། སོ་བརྒྱད་པ་ས་ཡོས་ལ་ཚེ་རིང་གནམ་གྱི་ཤེ་མོང་དང་བསོད་ནམས་ཆེན་པོའི་དཔལ་ལ་བརྟེན་ནས་རྒྱལ་ཁམས་དབང་དུ་བསྡུས་སྟེ་རྒྱལ་ས་ལོ་ཉེར་གསུམ་མཛད་རེ་གཅིག་ལ་མི་ཉག་གྷར་འདས། དེའི་སྲས་འཇོ་ཆི། ཆ་ག་ཏའི། ཨོ་གོ་ཏའི། ཐོ་ལོ་ནོ་ཡོན་སོགས་དགུ་ཡོད། རྒྱལ་པོ་རང་བཞུགས་དུས་སྲས་ཆེ་བ་གཉིས་ཀྱིས་རྒྱལ་ས་མི་རྩོད་པའི་ཡི་གེ་བྱིན་ནས་གཡས་རུ་གཡོན་རུ་ལ་བསྐོས། འཇོ་ཆི་ལ་བུ་བརྒྱད། ཆ་ག་ཏ་ལ་དུ་བ་སོགས་དགུ་ཡོད། ཇིང་གི་ནུ་བོ་ཨོ་གོ་ཏའི་རྒྱལ་པོས་རྒྱལ་ས་ལོ་དྲུག །ཨོ་གོ་ཏའི་སྲས་གོ་ཡུག་རྒྱལ་པོས་རྒྱལ་ས་ལོ་དྲུག །འདི་ཟླ་བ་དྲུག་རྒྱལ་ས་མཛད་པའི་ལི་ཐུ་པར་མ་བྱུང་ཞེས་ཡར་ལུངས་ཇོ་བོས་བྲིས་སྣང་ལ་ལོ་ཚིགས་དང་བསྟུན་ན་སྔ་མ་དག་དེའི་ནུ་བོ་ས་པཎ་སྤྱན་འདྲེན་མི་གོ་དན། ག་ཤི། ག་དན་སོགས་བདུན་ཡོད། ཐོ་ལོ་ནོ་ཡོན་གྱིས་སྔར་ཡི་གེ་མ་བྱིན་པས་རྒྱས་རྩོད་ཅིང་དེའི་བུ་ཟ་ཡིན་ཨེ་ཀ་ཟོ་རོག་ཏ་བཞི་པ་གོ་བེ་ལ། དྲུག་པ་ཧུ་ལ་ཧུ། བདུན་པ་ཨ་རི་བོ་ག་སོགས་བཅུ་གཅིག་ཡོད། ཟོ་རོག་ཏའི་བུ་མོང་གོར་གན་གྱིས་རྒྱལ་ས་ལོ་དགུ། དེ་ནས་གོ་བེ་ལ་ནི་སེ་ཆེན་རྒྱལ་པོ་གྲགས་སྟེ་ལོ་སོ་གཉིས་རྒྱལ་ས་བྱས་པ་ཡིན་ནོ། །ཧོར་ཡུལ་དུ་ཆོས་བྱུང་བ་ནི་འཕགས་པ་རིན་པོ་ཆེས་རྒྱལ་བུ་གོ་བེ་ལར་དབང་བསྐུར་བ་འདི་ཧོར་ཡུལ་དུ་ཆོས་བྱུང་བའི་ཐོག་མ་ཡིན་ཞེས་གྲགས་མོད་ཀྱི་དེ་ནི་འཕགས་པས་ཉེར་བཞི་བཞེས་པའི་ས་རྟ་མོང་གོར་གན་གྱི་རྒྱལ་ས་ལོ་བདུན་པ་དེ་ཡིན་པར་སྣང་ལ། འདིའི་སྔོན་དུ་ཀརྨ་པག་ཤིས་མོང་(མ༡༨ན)


PTT001_Page_1458
[མ་དཔེ་གཟིགས་ན་འདིར་གནོན།]

གོར་གན་གྱི་བླ་མ་མཛད་ལ་དེས་ན་ཀརྨ་པག་ཤི་འགྲོ་མགོན་འཕགས་པ་ཧོར་ལ་འབྱོན་པའི་མ་ཎི་པ་ཡིན་ཟེར་བ་ནི་ཆེས་མ་དག་པ་སྟེ་མ་ཎི་ཁྲོམ་ལ་བསྐུལ་བ་ཡང་གྲུབ་ཆེན་ཀརྨ་པག་ཤི་ཉིད་ལ་ཐུགས་རྗེ་ཆེན་པོས་ལུང་བསྟན་ནས་ཡིག་བཅུ་བསྐུལ་བ་དང་ཕྱིས་གུ་རུ་ཆོས་དབང་གིས་ཡིག་བདུན་བསྐུལ་བ་སོགས་ནས་དར་གྱི་དེའི་སྔོན་དུ་སྲོལ་མེད་ཏོ། །ས་ཀར་གཉིས་ཀ་ལས་ཀྱང་ཚལ་པའི་བསྟན་པ་བྱུང་བ་སྔ་བར་སྣང་སྟེ། ཞང་རིན་པོ་ཆེའི་སློབ་མ་གཙང་པ་དུང་ཁུར་པ་དཔོན་སློབ་བདུན་གྱིས་ཧོར་ཡུལ་དུ་བྱོན་ནས་རི་ཁྲོད་ལ་བཞུགས་པས་ཧོར་གྱི་རུ་བས་ལུག་རྫི་བཅོལ་ཐུགས་དམ་མཛད་ཅིང་ལུག་གཙོས་པས་ཉིན་གཅིག་སེར་དྲག་དང་ཤྭ་འོད་བྱུང་སྟེ་ལུག་ཐམས་ཅད་ཤི། ཁོང་གིས་སེར་བ་ལ་དམིགས་པ་གཏད་པས་དེར་མ་བབ་སྟེ་ཁོང་གི་ལུག་ལ་གནོད་པ་མ་བྱུང༌། དེ་ངོ་མཚར་ནས་ཅི་ཡིན་དྲིས་པ་ན་སྐད་མི་གོ་ཡང་གནམ་ལ་སྡིགས་མཛུབ་བསྟན་པས་གནམ་ལ་དབང་ཐོབ་ཟེར་བར་གོ་ནས་གྲགས་པ་དང་སྐུ་བསོད་ཆེན་པོ་བྱུང༌། ཇིང་གིས་རྒྱལ་ས་བྱས་ནས་ལོ་གསུམ་བཞི་ཙམ་འགྲོ་བའི་སྐབས་ཡིན་པ་སྙམ། དེ་རྒྱལ་པོས་ཐོས་ནས་བོས་སྟེ་འདི་མི་ཉག་ན་འདུག་པ་དང་ཆ་ལུགས་གཅིག་པར་འདུག །གནམ་ལ་དབང་བ་ཡོན་ཏན་ཡང་ཆེ་ཟེར་ནས་མཐོང་ཆེར་བྱས། མི་ཉག་ལ་ལོ་ཙཱ་བསྒྱུར་ནས་དཀོན་མཆོག་གི་སྔགས་པ་བརྗོད་པས་ཅུང་ཟད་དད་པར་ཡང་གྱུར། བློན་པོ་ཆེ་བ་ཞིག་ལ་སྟེང་གདོན་ཕོག་པ་བསལ་བས་རྒྱལ་བློན་གཉི་གས་གནང་སྦྱིན་མཛད། ལུང་བཟང་པོ་བྱིན། ཧོར་དང་བོད་བན་ཕྲད་པ་ལ་འདི་སྔ། འོན་ཡང་ཟིན་ཤིང་དང་ཨེར་ཀ་འུན་སོགས་ཀྱིས་ཕྲག་དོག་བྱས་པས་བཞུགས་མ་སྤྲོ་བར་མི་ཉག་གི་ཡུལ་ལ་བྱོན། ཇིང་གི་རྒྱལ་ས་ལོ་དགུ་པ་མེ་ཕག་གི་ལོ་ལ་མི་ཉག་གི་ཡུལ་ཧོར་གྱིས་བཅོམ། གཙུག་ལག་ཁང་མང་དུ་བཤིག་བསྟན་པ་(མ༡༨བ)


PTT001_Page_1459
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་རྨས་པའི་ཚེ་བླ་མ་གཙང་པས་རྒྱལ་པོའི་དྲུང་དུ་བྱོན་སྟེ་རྒྱལ་པོས་ཀྱང་གནམ་མཆོད་ཐམས་ཅད་ཀྱི་གྲལ་མགོར་བཏོན་སྒོས་ཀྱི་སྦྱིན་བདག་ཟ་ཡིན། ཨེ་ཀ་ཡུམ་སྲས་ཀྱིས་མཛད། ཇིང་གི་རྒྱལ་པོ་ལ་ལོ་ཙཱ་བསྒྱུར་ནས་རྒྱུས་འབྲས་དང་ཆོས་ཀྱི་ཆེ་བ་བཤད་ནས་སེམས་ཅན་གྱི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་བསྟན་པ་ལ་རྒྱལ་པོས་བཀུར་སྟི་བྱེད་དགོས། བསྟན་པ་འཛིན་པའི་བནྡྷྱ་རྣམས་ལ་ཁྲལ་དམག་མི་འགེལ་འཚེར་མི་འབེབས་འཐོར་བས་སྡུད་ཉམས་པ་གསོ་བ་དགོས་ཅེས་བསྟན་པ་ཤེད་སྐྱེད་ཀྱི་འཇཱ་ས་ཞུས་པས་གནང་སྟེ་བྷ་ཏི་སོགས་མི་ཉག་གི་ཡུལ་ཐམས་ཅད་དུ་གཙུག་ལག་ཁང་རྣམས་ཀྱི་རྣམས་པ་གསོས། ཧོར་རྒྱལ་པོས་བནྡྷྱའི་འཇཱ་ས་གནང་བའི་སྔ་མའང་འདི་ཡིན་པར་སྣང༌། འདིའི་ཞོར་ལ་བོན་པོ་ཟིན་ཤིང་སོགས་ཐམས་ཅད་ཀྱང་ཁྲལ་དམག་ལས་ཐར། ཨོ་གོ་ཏ་རྒྱལ་པོ་རྒྱལ་སར་བསྐོས་ཙམ་ན་ཤ་འོད་རལ་གསུམ་ན་ངའི་མཆེད་གྲོག་བླ་མ་གུང་ཐང་པ་བྱ་བ་ཡོད་པ་སྤྱན་དྲོངས་ལ་ཁྱེད་རང་ཡུམ་སྲས་ཀྱི་མཆོད་གནས་གྱིས་གསུངས་ནས་གཤེགས། སྐུ་འབུམ་ཡང་གུ་རུམ་ན་ཡོད་ཅིང་དངུལ་གྱི་གདུང་ཁང་བྷ་དིར་བཞུགས། གསུང་བཞིན་བླ་མ་གུང་ཐང་པ་སྤྱན་དྲངས། ཟ་ཡིན་ཨེ་ཀ་ཡུམ་སྲས་ཀྱིས་བླ་མཆོད་ཏུ་བསྐུར། བདེ་མཆོག་གི་དབང་དང་ཆོས་སྐྱོང་གི་རྗེས་གནང་མཛད། ཧོར་གྱིས་ཆེས་ཞུས་པའི་ཐོག་མ་ཡིན། གོ་བེ་ལའི་སྲས་རྡོ་རྗེ་བྱིན་རླབས་ཀྱིས་བསོས་གུ་རུམ་གྱི་ནུབ་བྷི་ཏི་བོལ་ཏོག་གི་རི་རྩེར་ཐུགས་དམ་མཛད་པ་ན་རྨི་ལྟས་ལས་གོ་བེ་ལས་རྒྱལ་ས་འཐོབ་པར་ཤེས་ནས། ཁྱེད་ཀྱིས་རྒྱལ་ས་འཐོབ་པར་འདུག་པས་དབུས་ན་ངའི་བླ་མའི་གདན་ས་ཚལ་གུང་ཐང་བྱ་བ་ཡོད་པས་དེ་ལ་ཕན་པར་ཞུས་གསུངས་པས་རྒྱལ་བུ་ལུས་འདར་ཆུམ་བྱས་ནས་བླ་མ་ཚིག་ཆེན་པོ་དེ་འདྲ་མ་ཟེར། དུས་བྱུང་ན་ང་ཤེས་པ་ཡིན་མོད་ཟེར། མི་ཉག་གི་(མ༡༩ན)


PTT001_Page_1460
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་དུ་ཚལ་པའི་བསྟན་པ་ལ་ཕན་ཆེར་བཏགས། ཕྱིས་ཚལ་གུང་ཐང་གི་སྒོ་བདག་དང་ཚལ་བས་སྒོས་མིར་བྱེད་པའི་རྒྱུ་མཚན་དེ་ཡིན་ནོ། །མོང་གོར་གན་རྒྱལ་ས་མཛད་དུས་བོད་ཀྱི་ལོ་ཙཱ་བ་དང་བནྡྷྱ་མང་དུ་སླེབས་སྟེ་སོ་སོའི་འབྲེལ་སྟབས་ཀྱིས་སྒོས་དཔོན་བཙལ་སྟེ་འབྲི་ཁུང་པ་དང་གཙང་མགུར་མོ་པ་རྒྱལ་པོ་ཉིད། ས་སྐྱ་པ་ལྷ་སྡེ་གཞུང་པ་དང་བཅས་པ་གོ་དན། ཚལ་པ་སེ་ཆེན། སྟག་ལུང་པ་ཨ་རི་པོ་ག་གཡའ་ཕག་ཐང་གསུམ་ཧུལ་ཧུ་སོགས་ཚན་པ་བཅུ་གཅིག་ལྷག་པར་གྱེས། ཇིང་གི་ལོ་ང་དགུ་པ་ལྕགས་བྱི་ལ་བྱང་ངོས་གོ་དན་གྱི་ས་ནས་དོར་ཏོག་གིས་དམག་དཔོན་བྱས་པའི་ཧོར་དམག་དང་པོ་བོད་དུ་ལྷགས་སྟེ་ཨོ་ཌྱན་རིན་པོ་ཆེས། མདོ་སྟོད་མདོ་སྨད་སོག་ཆུ་ར་སྒྲེང་སོགས། །ཞིབ་པར་མི་འཆད་སྐྱོ་བ་སྐྱེ་བའི་རྒྱུ། །ཞེས་ལུང་བསྟན་པའི་མདོ་སྟོད་སྨད་སོག་ཆུ་ཁ་རྣམས་སུ་མི་མཐོང་གསོད་བྱས། ར་སྒྲེང་དུ་གནོད་པ་ཆེན་པོ་བྱས། སྟག་ལུང་སྨུགས་པས་གཡོགས་སྟེ་མ་མཐོང༌། རྒྱལ་ལྷ་ཁང་བསྲེགས། བཙུན་པ་སོ་སྟོན་སོགས་རབ་བྱུང་ལྔ་བརྒྱ་བསད། འབྲི་ཁུང་སྤྱན་སྔ་གྲགས་པ་འབྱུང་གནས་ཀྱིས་རྡོ་ཆར་ཕབ་པས་འབྲི་ཁུང་ལ་མ་གནོད། འོན་ཡང་བླ་མཆོད་ལ་འབྱོན་དགོས་ཟེར་བ་ལ་ཁྱེད་ཀྱི་བླ་མཆོད་ཏུ་འོས་པ་ཅིག་ནུབ་ཕྱོགས་ན་བཞུགས་ཅེས་རྗེ་ས་པཎ་སྤྱན་འདྲེན་པར་བསྐུལ་ཞིང་བོད་སྤྱིའི་དོན་དུ་འབྱོན་དགོས་ཅེས་བསྐུལ་མ་མཛད་སྟེ་ཤིང་འབྲུག་ལ་རྗེ་པཎ་དེ་གསུམ་པ་དབོན་པོ་འཕགས་པ་ལོ་བཅུ་པ་སློབ་དཔོན་ཕྱག་ན་ལོ་བརྒྱད་པ་སྟེ་ཁུ་དབོན་གསུམ་འབྲི་ཁུང་དུ་སྤྱན་དྲངས་འབུལ་རྫོངས་མཛད་ནས་བརྫངས། ཆོས་རྗེ་པས་ཀྱང་སྟོན་རྗེ་བཙུན་གྱི་གསུང་ལས་མ་འོངས་པ་སྐད་རིས་མི་གཅིག་པའི་མི་ཞྭ་ཁྲ་འདྲ་པ་ལྷམ་ཕག་སྣ་འདྲ་བ་གྱོན་པའི་སྤྱན་འདྲེན་འོང་བས་དེ་དུས་སོང་ལ་རྡོ་རྗེ་ཐེག་པ་དར་བར་གྱིས་ཅེས་པའི་ལུང་བསྟན་དང་མཐུན་ནས་བྱོན། ཨོ་བོ་ཏ་རྒྱལ་པོའི་ལོ་གསུམ་པ་ཤིང་སྦྲུལ་ལ་བྱང་ངོས་མཁར་དུ་ཕེབས། གོ་དན་གྱིས་མ་མཇལ་བར་ངའི་ནད་ལ་(མ༡༩བ)


PTT001_Page_1461
[མ་དཔེ་གཟིགས་ན་འདིར་གནོན།]

ཕན་པའི་ཐབས་ཀྱིས་ཅེས་པ་བྱུང༌། ཅི་བསྙུང་དྲིས་པས་ཁྱོད་ཐག་རིང་ནས་བླ་མཆོད་ལ་བོས་པས་མངོན་ཤེས་ཀྱིས་ལྟོས་ཟེར་དེར་ཐུགས་དམ་ནར་མ་རྣམས་མཛད་ཅིང་བཞུགས། གོ་དན་འདི་མི་ཉག་རྒྱལ་རྒོད་ཀྱི་སྐྱེ་བ་ཡིན། ས་སྟོང་ཞིག་དུ་ཕོ་བྲང་ཆེན་པོ་བཏབ་པས་ཀླུ་དང་ས་བདག་རྣམས་བྲོས་མ་ཐར་སྟེ་ལུས་བསྣད་ཀྱང་རེ་ཞིག་བསོད་ནམས་ཀྱིས་གནོད་མ་ནུས། འོན་ཡང་ཡིད་བསྒྱུར་སྟེ་གསེར་གར་བླུགས་ཀྱི་ཐུབ་པའི་སྐུ་ཆེན་པོ་ཅིག་ཡོད་པ་འདི་གསེར་གར་བླུགས་ཡིན་མིན་ལྟ་ཟེར་ན་བདར་བས་བསོད་ནམས་བྲི་སྟེ་གནོད་པ་ནུས་ནས་འཛེས་བཏབ་པར་སྣང༌། ཆོས་རྗེ་པའི་ཐུགས་དམ་ནར་མ་ལ་ཀླུ་གཏོར་ཡོད་པ་དེ་ཀླུ་ལ་ཕན་ནས་རྣལ་ལམ་དུ་མི་ལུས་ཐམས་ཅད་རྨ་ཤུས་གང་བ་ཞིག་གིས་ངེད་ཚོ་སྔར་འདིས་བཏོན་ནས་འདིར་བྲོས་པོ་ཡིན། འདི་ནས་བྲོས་ཀྱང་མ་ཐར་བར་ལུས། ཐམས་ཅད་འཇོར་ཏོག་གིས་བརློགས་སྡུག་བསྔལ་ཆེར་བྱུང༌། ཁོ་ལའང་ངེད་ཚོས་གནོད་པ་བྱས་ཡོད། ཁྱེད་ཀྱི་གཏོར་མ་དེ་ངེད་ཚོ་ལ་ཕན་པར་བྱུང་བས་མང་དུ་ཐོངས་ངེད་ཚོའི་ནད་གྲག་ན་ཁོའི་ཡང་ནད་གྲག་ཟེར་བས་ངོ་མཁྱེན་དེས་ཀླུ་གཏོར་དང་ཁྲུས་མཛད་པ་ཕན་སྟེ་ཨོ་གོ་ག་གཤེགས་ནས་མེ་ལུག་ལ་གོ་ཡུག་རྒྱལ་པོ་རྒྱལ་སར་བཏོན་པའི་ཕྱག་འབུལ་ལ་གོ་དན་གྱིས་ཕྱིན་པ་འཁོར་བའི་ཚེ་མཇལ་གནམ་མཆོད་ཀྱི་རྒན་པ་བཅོལ་ནའང་བླ་མ་བརྟག་ཟེར་ནས་ཆོས་མ་ཞུས། ཡི་གེ་གཞན་ན་མ་མཐོང་ཡང་ཕྱིས་ཀྱི་རྟོགས་ལྡན་ཤམྦྷ་ལ་བའི་ལམ་ཡིག་ན་ཆོས་རྗེ་པས་རུས་སྦལ་ལ་སྤུ་མེད་པ་སོགས་གསུངས་པས་རྒྱལ་པོས་པགས་པ་གསེར་གྱི་མདོག་ཅན་འཇའ་འོད་དུ་འཁྱུག་པ་ཅིག་བསྟན་སྟེ་འདི་རུས་སྦལ་གྱི་པགས་པ་ཡིན་ཟེར། འདི་ལ་ཡོན་ཏན་གཞན་ཅི་ཡོད་གསུངས་པས། འཇམ་ཞིང་ལེགས་པ་འདིས་ཆོག་མོད། ཁྱོད་ཀྱིས་རུས་སྦལ་ལ་སྤུ་ཡོད་པ་ཡང་མ་ཚོར་འདུག་པ་ཟེར། དེར་ཆོས་རྗེ་པས་དེ་མགོ་ནས་བཟུང་སྟེ་སངས་རྒྱས་སྟོང་གི་སྐུ་སྤུ་རིས་སུ་ཡོད་པ་བསྟན་སྟེ་འདི་བསྐལ་པ་བཟང་པོའི་(མ༢༠ན)


PTT001_Page_1462
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་གང་འདུལ་གྱི་ལུས་བཟུང་བ་ཡིན། རུས་སྦལ་འདྲ་བ་ཞིག་ཡོད་རུང་རུས་སྦལ་མིན་གསུངས་པས་ངོ་མཚར་སྐྱེས་ཀྱང་ཕྱིས་བློན་པོ་རྣམས་ལ་ང་ནི་དེ་རིང་ཚད་པ་ཤིན་དུ་ཚ་ཁྱེད་རྣམས་དུད་འགྲོ་དང་འདྲ་བར་འདུག་ཟེར་སྐད། འོན་ཡང་ལན་དུ་དམའ་དབབ་པའི་ཕྱིར་སྒྱུ་མ་མཁན་ལ་གཙུག་ལག་ཁང་བཀོད་པ་ཆེས་བཀྲ་བ་སྤྲུལ་དུ་བཅུག་སྟེ་རྒྱལ་པོ་དང་ལྷན་དུ་བྱོན། ཕེབས་མ་ཐག་སྒོ་སྲུང་གི་ཁྲི་བོ་དེ་ལ་ཆོས་རྗེ་པས་འདི་བཤིག་འདུག་ན་ང་དང་ཁྱོད་གཉིས་མི་འཆམ་མོ་གསུངས། སྟན་ལ་བཞུགས་ནས་སྒྱུ་མ་མཁན་གྱིས་བཤིག་པར་བརྩམས་པས་འཇིག་མ་ནུས་པ་ན་ཆོས་རྗེ་པས་བླ་མཆོད་ཐག་རིང་པོ་ནས་བོད་དམའ་ཅི་ཕེབས་བྱེད་པ་འདི་ཁྱེད་རང་རྣམས་ཀྱི་བྱ་བ་མིན། འོན་ཡང་འདི་དཀོན་མཆོག་གི་རྟེན་བྱས་པ་ཡིན་པས་འཇིག་པར་མི་ནུས་གསུངས་པས་རྒྱལ་པོ་མིག་སྟེང་དུ་ལྟས་ནས་ས་ལ་འབེབས་པ་ལན་གསུམ་བྱས་སྟེ་ཡིད་ཀྱི་ཕྱག་ལན་གསུམ་ཡིན་སྐད། གཙུག་ལག་ཁང་དེ་ཆོས་རྗེ་ཉིད་ལ་ཕུལ་བ་འཇམ་དབྱངས་སྤྲུལ་པའི་སྡེ་ཆོས་རྗེའི་བཞུགས་གནས་དེ་ཡིན་ཞེས་ཡུལ་དེ་ན་གྲགས་འདུག་ཞེས་བྲིས་སྣང་བའང་གོ་དན་ཉིད་ལ་རྒྱལ་པོ་ཞེས་བྱས་པར་སྣང༌། ཆོས་རྗེ་པ་བདུན་བཅུ་བཞེས་ལྕགས་ཕག་ལ་སྐུ་འདས། སྔོན་ལམ་དུ་དར་གསེར་མ་ཡུག་གཅིག་འབུལ་མི་བྱུང་བས་ད་སྟེ་ལོ་བདུན་པ་ལྕགས་ཕག་ལ་ཁོ་བོ་ཞིང་གཞན་དུ་འགྲོ། རྟེན་མང་དུ་བྱུང་བ་རྣམས་ཀྱི་ན་བཟའ་བྱེད་དགོས་གསུངས་པ་ལྟར་ལྟས་དང་རྟེན་ངོ་མཚར་བས་གོ་དན་དད་པར་གྱུར། སྔོན་ཆོས་རྗེ་ལ་ཆོས་མ་ཞུས་པས་འགྱོད་སྟེ་འཕགས་པ་རིན་པོ་ཆེ་ལ་ཆོས་ཞུས། བླ་མ་འཕགས་པས་ལོ་བཅུ་དགུ་བཞེས་པ་ཆུ་གླང་ལ་གོ་དན་གྱི་སྲས་ཆེ་བ་མུ་གུ་དུ་ལ་དང་ལྷན་ཅིག་རྒྱལ་བུ་གོ་བེ་ལ་སེ་ཆེད་དང་མཇལ་བས་སེ་ཆེན་འཕགས་པ་རིན་པོ་སྐུ་གསུང་ཐུགས་ཕུན་སུམ་ཚོགས་པ་དེ་གཟིགས་པས་མཉེས་སྟེ་ས་སྐྱ་པ་ངེད་ལ་འདོད་གསུངས་ནས་བཞུགས་པར་ཞུས་(མ༢༠བ)


PTT001_Page_1463
[མ་དཔེ་གཟིགས་ན་འདིར་གནོན།]

སེ་ཆེན་ལོ་སོ་དགུ་པ་ཅིག་གི་བླ་མ་མཛད་པ་ཡིན་ནོ། །འདིའི་སྔ་ལོ་ལྕགས་བྱི་ལ་མོང་གོར་གན་རྒྱལ་སར་ཕེབས་ཤིང་བོད་དུ་བྱང་ངོས་ནས་ངོ་བེ་ཏའི་ཧོར་དམག་བཏང་མོན་མཁར་མགོན་པོ་གདོང་དུ་མི་དཔག་མེད་བསད། དེའི་ཕྱི་ལོ་ཧུར་ཏའི་ཧོར་དམག་ཡོང་རྒྱལ་ཚ་ཇོ་འབེར་སོགས་བསད། གྲ་དོལ་གཞུང་གསུམ་འཇག་སྐྱར་འཕྱུར་བའི་དུས། ཅེས་པ་དེ་བྱུང༌། འདིའི་གོང་གི་ལོ་བཞི་ལྔ་ན་གྲུབ་ཐོབ་ཆེན་པོ་ཀརྨ་པག་ཤིས་རྒྱལ་པོ་མོང་གོར་གན་ལ་ཆོས་གསུངས་བྱིན་གྱིས་བརླབས་པས་རྒྱལ་པོ་འཁོར་བཅས་སེམས་གཟུང་འཛིན་ལས་གྲོལ། མཛོད་དང་བང་བ་ཐམས་ཅད་ཕྱོགས་མེད་དུ་བཀྱེ། བཙོན་དོང་སྤྲུགས་ཐེངས་བཅུ་གསུམ་གནང༌། མངའ་ཞབས་ཐམས་ཅད་དུ་མི་དགེ་བཅུ་སྤོང་བ། དུས་ཆེན་བཞི་ལ་བསྙེན་གནས་སྲུང་བ་སོགས་ཀྱི་ཁྲིམས་མཛད་སྟེ་ཧོར་རྒྱལ་པོས་ཆོས་ཀྱི་ཁྲིམས་མཛད་པ་འདི་ལས་མེད་ཅིང་འདི་ཡན་ལ་ཧོར་རྒྱལ་པོ་དངོས་ཀྱིས་བོད་བན་ལ་ཆོས་ཞུས་པ་གཞན་མེད་ལ་བོད་བན་བླ་མར་ཁུར་བའི་ཐོག་མ་འདི་ཡིན་ནོ། །ལོ་དགུ་རྒྱལ་ས་མཛད་ནས་སྨན་ཙེར་གནམ་དུ་གཤེགས། ཤུལ་དུ་རྒྱལ་ཁམས་འཁྲུགས་པ་ཡིན་ནོ། །སེ་ཆེན་གྱིས་རྒྱལ་ས་མཛད་ནས་ལོ་བརྒྱད་པ་མེ་ཡོས་ལ་ཁེར་ཁེ་ཏའི་ཧོར་དམག་བྱུང༌། འདམ་པ་རི་པ་སོགས་བསད། དེ་ནས་ལོ་གསུམ་པ་ས་སྦྲུལ་ནས་བོད་ལ་འཇམ་ལམ་གཙུགས། དེ་ནས་ལོ་དགུ་པ་མེ་གླང་ལ་རྒྱལ་བུ་ཨ་རོག་ཆེས་སྨྱལ་ལ་ཧོར་དམག་བྱས་ཟངས་ཆེན་བ་བཀྲོངས། དེ་ནས་ལོ་བཞི་པ་ས་འབྲུག་ལ་དཔོན་ཆེན་ཀུན་བཟང་པོ་ལོག་པའི་སྟེང་དུ་ཟམ་གྷའི་ཧོར་དམག་ཡོང་ནས་སྦྲུལ་ལོ་ལ་བསད། དེ་ནས་ལོ་དགུ་འདས་པ་ལྕགས་སྟག་ལ་ཧོར་བོད་ཀྱི་དམག་གིས་འབྲི་ཁུང་གླིང་ལོག་བྱས། ཕྱི་ལོ་ལྕགས་ཡོས་ལ་དྭགས་ཀོང་ལ་ཧོར་དམག་བྱས་ཚལ་པ་དགའ་བདེ་བཙོན་དུ་ཤོར། འདི་ཕྱིན་ཧོར་དམག་ཆེ་བ་ཁོ་ན་མ་བྱུང་སྣང་ནའང་བར་སྐབས་དེ་(མ༢༡ན)


PTT001_Page_1464
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་དུ་བོད་ཐམས་ཅད་སྡུག་བསྔལ་གྱི་རྒྱལ་མཚོ་རྡོལ་བར་སྣང་ལ་གུ་རུ་ཆོས་དབང་གི་གཏེར་མ་དགེ་བསྙེན་མཁའ་རིས་ཞུས་པའི་ལུང་བསྟན་ལས། རྒྱལ་ཁམས་དཀྲུག་པའི་འགོང་པོ་དཔུན་དགུ་ཡོད་པ་ད་ལྟ་རྒྱ་གར་ན་ཡོད། ལོ་བརྒྱ་ཙམ་ནས་རྒྱ་ནག་དུ་འགྲོ་བློན་པོ་མགར་གྱིས་རྒྱ་ཡུལ་བརླག་པའི་སྙིང་ནད་ཀྱིས་རྒྱའི་ཧྭ་ཤང་མི་དགུས་ཇ་སིག་དགུ་ལ་རྟེན་བྱས་ནས་འགོང་པོ་དེ་བསྒྲུབས། གྲུབ་ནས་ལོ་སྐོར་རེ་ན་ཇ་སིག་རེ་འབུལ་བ་ལྟར་བྱས་ནས་བོད་ཀྱི་ཆེ་བཙུན་གྱི་ཕྱག་དུ་རྫོང༌། དེ་སླེབ་རིམ་གྱིས་སྐྱ་སེར་ཐམས་ཅད་སྤྱོད་པ་སྣ་ཚོགས་སུ་འགྱུར། གསུམ་སླེབས་པ་ཟློག་སླ། དྲུག་སླེབས་ནས་བཟློགས་པ་སྲིད་ཙམ། དགུ་ཀ་སླེབས་ནས་བཟློགས་པར་མི་ནུས། ལྟས་ངན་སྣ་ཚོགས་པ་འབྱུང༌། དེའི་ཚེ་གནམ་ཐེ་དཀར་པོའི་སྤྲུལ་པ་ཧོར་ཡུལ་དུ་འབྱུང་ཞིང་འགོང་པོས་དམག་སྣ་བསུས་སྟེ་རྒྱལ་ཁམས་འཕུང་བར་བྱེད། འོན་ཡང་ཟློག་ཐབས་འདི་ལྟ་བུ་ཡིན་ཡང་ཐམས་ཅད་ཧོར་ལ་རེ་བས་ཟློག་མཁན་མི་ཡོང་ཞེས་ལུང་བསྟན་སྣང་ལ་འདི་ཐོན་ནས་ལོ་བདུན་ན་ཧོར་དམག་དང་པོ་བྱུང་ནས་ལོ་བདུན་བཅུ་ལྷག་པར་བོད་ཡུལ་ཧོར་གྱིས་བཟུང་བར་སྣང་ངོ༌། །དེ་ཡང་ལྕགས་ཕོ་སྤྲེ་ལོ་ལ་མོང་གོར་གན་གནམ་དུ་སོང་ནས་མོང་གོར་གན་གྱི་སྲས་དང་གལ་དུ་སོགས་ཀྱི་ཨ་རི་པོ་སྨན་རྩེར་ཁྲི་ཐོག་དུ་བཏོན། གོ་བེ་ལས་ཨེ་ཆི་གའི་དང་གོ་དན་ག་དན་མོ་ཁ་སོགས་དང་བགྲོས་སྟེ་གོ་བེ་ལ་ཤང་མདོར་ཁྲི་ཐོག་དུ་བཏོན་པས་རྒྱལ་པོ་གཉིས་སུ་འཆད་ནས་རྩོད། ཨ་རི་པོ་ག་ཕམ་ནས་ཧོར་ཡུལ་དུ་བྲོས་པ་ལ་ས་ཚལ་གྱི་སློབ་མ་རྒྭ་རས་བྱ་བ་ཚེ་བདག་གི་གྲུབ་ཐོབ་ཅིག་གིས་འགུགས་ཆོག་བྱས་པས་འཁུགས་ནས་ཤང་མདོར་བཟུང་སྟེ་གྲོངས། གོ་བེ་ལ་ཟླ་མེད་པའི་རྒྱལ་པོར་གྱུར་སྟེ་སེ་ཆེན་དུ་གྲགས། འཕགས་པ་རིན་པོ་ཆེ་སྔར་རྒྱལ་བུའི་དུས་ཀྱི་བླ་མ་ཡིན་པས་སྤྱི་བོར་བཀུར། གྲུབ་ཐོབ་ཀརྨ་པག་ཤི་སྔར་ཆོས་མང་དུ་ཞུས་པའི་བླ་མ་ཡིན་(མ༢༡བ)


PTT001_Page_1465
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་གཞན་གྱི་ཕྲ་མ་ལ་ཉན། ཀརྨ་པས་རྒྱལ་པོའི་བླ་མ་བྱས་ནས་མཛོད་དང་བང་བ་ཐམས་ཅད་ཟད་དུ་བཅུག །བཙོན་ཐམས་ཅད་བཏང་ནས་དགྲས་འཁོར་བ་བྱས་ཟེར་ནས་ཤིག་དོང་འབུ་དོང་སྡིག་དོང་སྦལ་དོང་སོགས་སུ་བསྐྱུར་བ་མེས་སྲེག་པ་ཆུར་འདོར་བ་གཡང་ལ་འཕེན་པ་དུག་ཆུ་བླུད་པ་བཀྲེས་སྐོམ་དུ་འཇོག་པ་སོགས་སྣ་ཚོགས་བྱས་ཀྱང་མ་གནོད་པས་ངོ་མཚར་སྐྱེས་སྟེ་སྤྱི་བོར་བསྐུར་ཡང་མཆོད་གནས་སུ་བཞུགས་པར་མ་གནང༌། ས་སྐྱ་པའི་ཡིག་ཚངས་ལས་རིན་པོ་ཆེ་ལས་རྡུལ་ཚོན་བྱས་པའི་དཀྱིལ་འཁོར་དུ་རྒྱལ་པོ་ལ་དགྱེས་རྡོར་གྱི་དབང་གནང༌། དེའི་དབང་ཡོན་དུ་བོད་དབུས་གཙང་དམ་པའི་ཆོས་ཀྱི་ཆོལ་ཁ་མདོ་ཁམས་མགོ་ནག་མིའི་ཆོལ་ཁ་བྱང་རིས་གྱི་ལིང་རྟའི་ཆོལ་ཁ་སྟེ་མདོར་ན་རྒྱ་ཆུ་རབ་ཁ་ཡན་གྱི་བོད་ཆོལ་ཁ་གསུམ་ཕུལ་ཞེས་བཤད་ལ། ཚོགས་བདག་དམར་ཆེན་གྱི་ལོ་རྒྱུས་ལས། མངའ་རིས་སུ་དོན་ཞགས་ལ་ཐུགས་དམ་མཛད་པ་སྤྱན་རས་གཟིགས་དང་གསུང་གླེང་མཛད་པར་གྲགས་པའི་སེ་སྟོན་རི་པའི་དྲུང་དུ་མི་དམར་པོ་རྒྱབ་ཐམས་ཅད་ཤུ་བར་སོང་བ་ཞིག་བྱུང་ནས་ང་ཚོགས་བདག་ཡིན་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས་བོད་ཆོལ་ཁ་གསུམ་གྱི་བདག་པོ་དགོས་ཟེར་ནས་ཐུན་གྱིས་འབྲབས་ནས་འདི་འདྲ་བར་བྱས། ཁོང་རང་དང་ཚ་བ་དངོས་ལ་དེའི་སྐལ་པ་མི་འདུག །ཡང་ཚ་ལ་ཡོད་དུ་རུང་ཙམ་ཞིག་འདུག་པ་དེ་ལའང་བསོད་ནམས་ཅན་ཞིག་དགོས་པར་འདུག་པས་ཁྱེད་ཀྱིས་དེར་ཉིང་མཚམས་སྦྱོར་ངས་ཕྲིན་ལས་སྒྲུབ་ཅེས་ཞུས་པས་ཁོང་སྙིང་རྗེ་སྐྱེས་ནས་འཕོ་བ་མཛད་སྟེ་འཕགས་པར་སྐྱེ་བ་བཞེས་པས་ཚོགས་བདག་གིས་དངོས་གྲུབ་ཕུལ་ཞེས་སྣང་ཡང་དུས་གཞན་ལ་ཁས་བླངས་པ་ལྟ་བུ་ཡིན་སྲིད། སྤྱིར་རྗེ་བཙུན་གྲགས་པ་བདུན་བཅུ་པ་མེ་བྱི་ལ་གཤེགས་ནས་ལོ་བཅུ་དགུ་པ་ཤིང་ལུག་ལ་འཕགས་པ་འཁྲུངས་པ་ཡིན་ནོ། །འདོད་རྒྱལ་གྱི་ལོ་རྒྱུས་ལས་ནི་ཟངས་ཚ་བསོད་ནམས་(མ༢༢ན)


PTT001_Page_1466
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མཚན་གྱིས་འདོད་རྒྱལ་བསྒྲུབ་པས་ཐོ་རིངས་ཅིག་མདུན་ན་རྐང་དམར་ཤར་ཤར་འདུག་བལྟས་པ་ན་འདོད་རྒྱལ་གྱི་བར་སྣང་མཐོན་པོར་ཁྱེར་སྟེ་ད་ལྟོས་ཅིག་ཟེར་ཆུ་སྔོ་ཕྲིག་ཕྲིག་པ་ཅིག་འདུག་བྱས་པས་མ་གི་རྒྱ་ཆུ་རབ་ཁ་བྱ་བ་རྒྱ་བོད་ཀྱི་མཚམས་ཡིན། འདི་ཡན་ཁྱོད་ལ་སྟེར་བསམ་ནའང་སྐལ་པ་མི་འདུག་པས་ཁྱོད་ཀྱི་བུ་ལ་སྟེར་ཞེས་བྱུང་བས་འདོད་རྒྱལ་གྱི་དངོས་གྲུབ་ཏུ་འཆད་དོ། །དེབ་དམར་ལས་ནི་དབང་ཡོན་ཇི་ལྟར་འབུལ་ཞུས་པས། ཆོས་ནས། ཤིན་དུ་གཅེས་པ་གང་དང་གང་དེ་དང་དེ་ནི་བླ་མར་དབུལ། ཞེས་བཤད་གསུངས་པས་དཔོན་མོ་ཆ་འུའི་རྣ་རྒྱན་ཐ་ནས་ཀྱི་མུ་ཏིག་ཆེན་པོ་གཉིས་ཕུལ། དེ་བཙོངས་པས་དངུལ་བྲེ་ལྔ་བརྒྱ་འཁུགས་ཟེར་ཞེས་དང༌། ས་སྐྱ་པ་སྒོས་ཀྱི་བླ་མཆོད་ཡིན་པས་དར་གན་སུམ་སྟོང་དང་ཚལ་པ་སྒོས་མི་ཡིན་པས་དར་གན་ཉིས་སྟོང་ཐོང་གི་ལུང་བྱུང་བྱ་བ་དང༌། ཕྱིས་བླ་མས་ལྷ་ས་སྡེ་བཞི་འབྲི་ཁུང་པ་ལ་གཏོད་གསུང་བ་ན་གོང་མ་ལ་ཞུ་སྐོར་བྱས་པས་བླ་མ་ལ་མི་སྡེ་སློང་དོན་ཅི་ཡོད་གསུངས་པ་བྱུང་ཞེས་སྣང་བས་ཆོལ་ཁ་གསུམ་གཏན་དུ་བདག་པ་ནི་མིན་པར་སྣང་ཡང༌། འགྲོ་མགོན་ཕྱག་ན་ལ་བོད་ཆོལ་ཁ་གསུམ་ཤེས་པའི་ལུང་གནང་ནས་བོད་དུ་བྱོན་པ་ལམ་དུ་གཤེགས་པ་དང༌། དཔོན་ཆེན་ལ་དབུས་གཙང་ཤེས་པའི་ལས་ཀ་བྱིན་པ་གསུམ་བཞི་བྱུང་སྣང་ཞིང་སྤྱིར་རྒྱལ་བུ་ཐོ་གན་ཐེ་མུར་སོགས་བོད་སྤྱིའི་མི་དཔོན་དུ་བཞག་པར་སྣང་ལ་ས་ཧོར་གཅིག་པས་སྲིད་སྐྱོང་པ་ལ་ནང་ཚན་དུ་ས་སྐྱ་བཞི་ཐོག་པར་ཤར་པ་ཁང་སར་ཆེན་མོ་བ་གསུམ་པོ་རེ་རེའི་སྐལ་པ་ཉི་ཤུ་རྩ་ལྔ་རེ་བཟུང་ཞེས་གྲགས་སྣང་ངོ༌། །འཕགས་པ་རིན་པོ་ཆེ་འདི་ཤིན་དུ་ཐུགས་བཟང་བས་སངས་རྒྱས་ཀྱི་བསྟན་པ་ནང་ཕན་ཚུན་ལྟ་ཞོག །མུ་སྟེགས་དང་ཟིན་ཤིང་གི་བར་ཐམས་ཅད་རང་རང་གི་ལུགས་མ་ཉམས་པར་སྐྱོད་པ་ཕན་ཚུན་མི་སྲེད་བ། དེའི་དགོན་གནས་ཐམས་ཅད་དུ་འཚེར་མི་འབེབས་པ། ཐམས་ཅད་ཁྲལ་དམག་འུ་ལག་ཁྲིམས་ལས་ཐར་བ། (མ༢༢བ)


PTT001_Page_1467
[མ་དཔེ་གཟིགས་ན་འདིར་གནོན།]

མི་སྣའི་ལུང་མི་གཏོང་བ་སོགས་བསྟན་པ་ཤེད་སྐྱེད་ཀྱི་འཇའ་ས་ཞུས་སྟེ་རྒྱ་དབུས་ཐམས་ཅད་དུ་བསྒྲགས། སེ་ཆེན་གྱི་རྒྱལ་ས་ལོ་བཅུ་གཉིས་པ་ལྕགས་རྟ་ལ་ཧོར་ཡིག་སར་པ་མཛད་ནས་གོང་མས་ཐམ་ཀའི་ཕུད་གསང་ཕུར་ཕུལ། འཕགས་པ་དགུང་ལོ་ཞེ་དྲུག་པ་ལྕགས་སྦྲུལ་ལ་གཤེགས། སེ་ཆེན་གྱིས་བོད་ལ་ལམ་བྱས་བལ་པོ་དང་རྒྱ་གར་ལ་དམག་བརྡེག་པར་བཞེད་ནས་ལམ་ལྟ་བའི་གསེར་ཡིག་པ་མང་དུ་བྱུང་བ་ལ་རྗེ་རྒོད་ཚང་བ་དང་གྲུབ་ཆེན་ཀརྨ་པའི་སློབ་མ་གྲུབ་ཐོབ་ཨོ་ཌྱན་པས་གསེར་ཡིག་པ་ཆོས་དང་ཟང་ཟིང་གིས་ཚིམ་པར་མཛད། རྒྱལ་པོ་མཉེས་པའི་ཕྱིར་རྒྱལ་པོ་ལ་བསྟོད་པའི་སྡེབ་སྦྱོར་དང༌། རང་གིས་གཟིགས་པའི་ཆུ་འབབ་ལུགས་བསྟན་པའི་ཞར་ལ་རྒྱ་བལ་གྱི་ལམ་མི་བགྲོད་ཅེས་སྟོན་ཕྱིར་ཆུ་བོ་རབས་ཀྱི་ཕྲེང་བ་དང༌། རྒྱལ་པོ་ཚད་ལྡན་ཡིན་ན་འདི་ལྟར་བྱེད་དགོས་བྱ་བའི་དོན་དུ་རྒྱལ་པོ་རབས་ཀྱི་ཕྲེང་བ་རྣམས་བསྐུར་བས་དམག་བཤོལ་སྟེ་རྒྱ་བོད་བལ་གསུམ་དམག་གི་འཇིགས་པ་ལས་བསྐྱབས། གོང་མས་གདན་འདྲེན་ལན་གསུམ་དུ་བྱུང་བའི་ཐ་མ་ལ་སྔོན་རྡོ་རྗེ་གདན་དུ་མི་དཀར་པོ་ཅིག་གིས་ཕྱི་མ་ཧོར་རྒྱལ་པོའི་ངག་མ་བཅག་པར་སོང༌། དེ་བསོད་ནམས་ཅན་རྡོ་རྗེ་གདན་གྱི་མཆོད་རྟེན་རྣམས་ཀྱང་བཞེང་པ་པོ་ཡིན་ཟེར། དོ་ཞག་ལོ་དུས་སུ་འདིར་འཁོར་བ་ཡིན་གསུངས་ནས་ལམ་རྣམས་སུ་ཤ་མི་གསོལ་བའི་ཁྲིམས་ཀྱིས་བྱོན། གུ་རུ་ཆོས་དབང་གི་སྲས་པོས་གཏེར་ནས་ཕྱུང་བའི་ཨོ་ཌྱན་གྱི་ཚེ་ཆུ་ཕྱག་དུ་བྱུང་སྟེ་བསྣམས། གོང་མ་དང་མཇལ་ནས་ཚེ་ཆུ་ཕུལ། ང་སྐེད་པ་ན་ཞེས་མ་སྒོ་བར་སྟན་ལ་བཞུགས་པས་མ་བཅོས་པ་གསུངས་ནས་རྒྱལ་པོ་མཉེས། གདུང་ཆེན་པོ་ཅིག་བསྟན་ནས་ཤིང་ཅིར་འདུག་ཟེར་བ་ན་རྒྱ་མཚོའི་ཉ་ཆེན་གྱི་རྨང་ང་ཡིན་གསུངས་པས་མངོན་ཤེས་འདུག་ཟེར། ས་སྐྱ་པ་རྣམས་གར་ཡང་ཕྱིན་པའི་ནོར་ཉམས་ཆེན་པོ་འདུག་ཟེར། རྒྱལ་པའི་ཕྱག་བསྙུང་བ་ལ་སུས་ཀྱང་མ་ཕན་པ་དེ་ལ་དབྱུག་བཅོས་མཛད་པས་འཕྲལ་(མ༢༣ན)


PTT001_Page_1468
[མ་དཔེ་གཟིགས་ན་འདིར་གནོན།]

དུ་དྭངས། རྒྱལ་པོ་ལ་དབང་བསྐུར་དང་གདམས་པ་གསུངས། རོ་བཅུད་ཀྱི་ཕྱག་ལེན་བསྟན་བླ་མ་ཆོས་ཀྱི་རྒྱལ་པོའི་ལས་ཀ་འདུལ་གསུངས་པ་མ་བཞེས། རྒྱལ་པོའི་རླུང་དུས་སྦྱོར་དགུ་འགགས་འདུག་གསུངས་ནས་ཅི་ཞུས་ཀྱང་མ་གསན་པར་འབྱོན་པར་བརྩམས། ཤིན་རྟ་ཁ་སྤྲོད་ཅིག་གསེར་བྲེ་དང་དངུལ་བྲེས་བཀང་ནས་ཕུལ་བས་བསྔོ་བ་མཛད། མི་ཆེན་རྣམས་ཀྱི་བློས་མ་ཐོངས་པ་མཁྱེན་སྟེ་ནོར་བསྔོ་བ་ལ་དགོས་གསུངས་ནས་ཕྱིར་སློག་བཞེས་པར་ཞུས་པས་ཆོས་བྱེད་ན་ནོར་མི་དགོས། མི་བྱེད་ན་དད་ཅན་གྱི་རྫས་མི་འཇུ། སློབ་མ་རྣམས་ཆོས་བྱེད་ཀྱི་བྱ་བྲལ་བ་ཡིན་པས་ནོར་གྱིས་ཅི་བྱེད། ནོར་དགོས་ན་ལས་སྒོ་མང་པོ་དབྱེར་ཡོད་ཅིང་ལྕགས་ཐམས་ཅད་གསེར་དུ་བསྒྱུར་བ་ཤེས་གསུངས་སྟེ་ཞེན་ལོག་གི་སེང་གེའི་སྒྲ་བསྒྲགས། མི་ཆེན་མང་ཞིག་ལ་དབང་གནང་འབུལ་བཞེས་པས་རྒྱལ་པོས་སྐྱེལ་ཐུང་གི་སར་ཨོ་ཌྱན་བལ་ཤིང་ངས་ཐག་རིང་ནས་བོས་པས་མི་བཞུགས་འཕྲལ་ལ་འགྲོ་ནོར་ང་ལས་མི་ལེན་གཞན་ལས་ལེན་གསུངས་པས། གསང་བདག་གི་ཏིང་ངེ་འཛིན་གསལ་བཏབ་སྟེ་སློབ་མས་བླ་མ་དམ་ཚིག་ལ་མནར་བ་གང་ནའང་མི་འདུག །བརྒྱ་བྱིན་མདུན་དུ་བྱུང་རུང་འཇིགས་པ་མེད་གསུངས་པས་སྤྱན་ཆབ་ཕྲམ་ཕྲམ་འདར་སི་སི་ལི་འདུག །ཕྱིས་ཀྱང་འཇམ་དཔལ་གྱི་སྤྲུལ་པར་གྲགས་འདུག་སྟེ་དེ་ནི་མིན་པར་འདུག་གསུང༌། རྒྱལ་པོས་བློན་པོ་དང་མཆོད་གནས་རྣམས་ལ་ཁྱེད་ཚོ་ཁོ་ཟོག་པོ་ཡིན་ཟེར་བ་ནོར་ཅི་ལའང་འདོད་པ་མི་འདུག །དེ་ཟོག་པོ་ཡིན་ནམ། སྨྱོན་པ་ཡིན་ཟེར་བ་ཆོས་སྤྱོད་གཡེང་པས་མི་འཕྲོགས་པ་དེ་ཙམ་འདུག །དེ་སྨྱོན་པ་ཡིན་ནམ་ཆོས་མི་ཤེས་ཟེར་བ་ཁྱོད་ཚོས་ཤེས་པ་ཐམས་ཅད་ཁོས་ཤེས་ཁྱེད་ཚོས་མི་ཤེས་པ་དཔག་མེད་ཁོས་ཤེས་པར་འདུག །ས་འདིར་པག་ཤི་བཟང་པོ་ཞིག་འཁུགས་པ་ལ་ལུང་ཤོར་ནའང་ཁོ་ལ་ནོར་ནི་མི་དགོས་པར་འདུག །ཁྱེད་ཚོས་ཐབས་མཁས་ཀྱིས་ཟས་བཟང་པོ་བྱིན་ནས་བསྟེན་པ་ཡིན་པ་ལ་ཞེས་(མ༢༣བ)


PTT001_Page_1469
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་པ་བརྡུགས་པའི་གསུང་མཛད། ད་རེས་ནི་འུ་ལག་རྟ་ཞོན་པ་རྣམས་ཀྱང་འཁོར་བ་ལས་ཐར་རོ་གསུངས་ནས་ལོ་དུས་སུ་སྦུ་ཏྲར་ཕེབས། དེའི་ཕྱི་ལོ་ཤིང་ཕོ་རྟ་དགུང་ལོ་བརྒྱད་བཅུ་ལོན་པ་ལ་སེ་ཆེན་ཐེགས། སེ་ཆེན་གྱི་སྐུ་མཆེད་དྲུག་པ་ཧུ་ལ་ཧུ་ནི་འབྲུག་ཏོག་བྱུང་ཚེ་སྐྲག་ནས་མི་བཟོད་པ་ཅིག་ཡོད་པས་ཐེ་རང་གི་བུར་འདུག་བརྒྱུད་པ་འཆོལ་འགྲོ་ཞེས་སྟོད་འབབས་ཏད་ཀྱི་ཡུལ་དུ་སྤྱུགས། ཡུམ་ཟོ་རོག་ཧ་དབང་ཆེ་ཞིང་བུ་གཞོན་པ་ཐག་རིང་ལ་འགྲོ་བ་འདི་སྙིང་རྗེ་ཞེས་མི་དཔོན་གཟོ་རིགས་པ་དར་ཟབ་སྤྱད་དངོས་ཐམས་ཅད་བདམ་ནས་བྱིན་པས་སྟོད་ཧོར་དུ་གྲགས་སྟེ་ཡོ་བྱད་ཆེས་བཟང༌། སེ་ཆེན་རྒྱལ་སར་བསྐོས་ནས་ལོ་བརྒྱད་སོང་བའི་མེ་ཡོས་ལ་རྒྱལ་བ་ཐོག་བརྡུགས་པ་ལ་འབུལ་མོ་ཆེ་བྱས་སྟེ་འབྲི་གདན་གྱི་ཡོན་བདག་དུ་གྱུར་ཏོ། །སེ་ཆེན་གྱི་བཙུན་མོ་ཆའུའི་སྲས་རྡོ་རྗེ་རྫིང་གིམ་མདྒ་ལ་ནོ་མོ་གན་སྟེ་བཞི། ཞྭ་གོན་མ་ལ་བུ་དྲུག་སྟེ་བཅུ་ཡོད། དེའི་ཛིང་གིམ་གྱི་སྲས་ཀ་མ་ལ། དྷ་རྨ་པ་ལ། གསུམ་པ་ཨོལ་ཇ་དུ་འདིས་དབེན་ཅིང་ལོ་གཉིས་ཏའི་ཏི་ལོ་བཅུ་གཅིག་སྟེ་ལོ་བཅུ་གསུམ་རྒྱལ་ས་མཛད། ཤར་བ་འཇམ་དབྱངས་རིན་རྒྱལ་གྱིས་ཏི་ཤྲི་བྱས། དེའི་སྲས་དྷརྨ་པ་ལའི་སྲས་ཆེ་བ་ཧྭོའི་ཞན་ཕུ་ལུག་རྒྱལ་པོས་ཅི་ཏའི་ལོ་བཞི་མཛད། གཉིས་པ་ཨ་ཡུ་པརྦ་ཏ་བུ་ཡནྟུ་རྒྱལ་པོས་ཧོང་ཁིང་ལོ་གཉིས། པེན་པེའུ་ལོ་བདུན་སྟེ་དགུ་མཛད་ཁང་སར་བ་སངས་རྒྱས་དཔལ་གྱིས་རྒྱལ་པོ་འདི་གསུམ་གའི་ཏི་ཤྲི་མཛད་བུ་ལན་དུ་ལ་སྲས་ཆེ་བ་སིདྡྷི་ཕ་ལ། གཉིས་པ་གེ་གན་རྒྱལ་པོས་ཅི་ཅིང་ལོ་གསུམ་མཛད། ཀ་མ་པའི་སྲས་ཡེ་སུན་ཐི་མུར་ཙིང་དབང་གིས་ཏའི་ཏིང་ལོ་བཞི་ཅི་ཧོར་ལོ་གཅིག་སྟེ་རྒྱལ་ས་ལོ་ལྔ་བྱས། དེའི་སྲས་ར་ཁྱི་ཕག་གིས་རྒྱལ་ས་ཞག་བཞི་བཅུ། གུ་ཡུག་རྒྱལ་པོའི་སྲས་ཆེ་བ་ཀུ་ཤས་གུ་ཐུག་རྒྱལ་པོས་རྒྱལ་ས་ཟླ་བ་གཅིག་སྲས་གཉིས་པ་ཐོག་ཐེ་མུར་འཇའ་ཡ་དུ་རྒྱལ་པོ་ཐིན་ཐི་ལོ་གསུམ་ཅི་(མ༢༤ན)


PTT001_Page_1470
[མ་དཔེ་གཟིགས་ན་འདིར་གནོན།]

ཤུན་ལོ་གཉིས་སྟེ་ལོ་ལྔ་མཛད། འདིའི་ལོ་བཞི་པ་ལ་རྗེ་རང་བྱུང་བ་སྤྱན་དྲངས་པ་ཅུང་ཟད་ཕེབས་ཀྱང་རྒྱལ་པོ་གཤེགས་པ་མཁྱེན་ནས་འདྲེན་ཆོས་མཛད། ད་དུང་རིན་ཆེན་དཔལ་རྒྱལ་པོའང་སྐུ་ཚེ་ཐུང་བར་ལུང་བསྟན་ཞིང་འཕོ་བས་རྗེས་སུ་བཟུང༌། དེ་ནས་རྩིས་པའི་ངག་དང་ཆོས་རྗེའི་ལུང་བསྟན་ལྟར་ཟླ་བ་དྲུག་ཐེན་ནས་ཨེལ་ཐི་མུར་གྱིས་ཁྲིམས་ཀྱི་བྱ་བ་རྣམས་བྱས། གཅེན་པོ་ཐོག་ན་ཐ་མུར་བྱ་ལོ་ཟླ་བ་དྲུག་པའི་བར་དུ་ཐེན་ནས་དེའི་ཚེས་བརྒྱད་ལ་ཤང་མདོར་རྒྱལ་སར་ཕྱུང༌། རྗེ་རང་བྱུང་བ་གཙུག་དུ་བསྟེན། རྒྱལ་སར་བཞུགས་ནས་ལོ་བདུན་པའི་ས་ཡོས་ལ་རྗེ་རང་བྱུང་བ་ཤང་མདོར་སྐུ་ཐིམ། ཁོན་ཀུན་དགའ་རྒྱལ་མཚན་གྱིས་ཏི་ཤྲི་མཛད། ལོ་ཉེར་དྲུག་པ་ས་ཁྱི་ལ་ཏི་ཤྲི་གཤེགས། སོག་པོའི་མི་དཔོན་ངོ་ལོག་སྟེ་ཕོ་བྲང་ཤང་མདོ་བསྲེགས། དེ་བཞིན་གཤེགས་པའི་ཚེམས་མཆེ་བ་དང་ལྷུང་བཟེད་ཆོས་གོས་མི་སྣང་བར་སོང་སྐད། ཉེར་བརྒྱད་པ་ལྕགས་བྱི་ལ་རྗེ་རོལ་བའི་རྡོ་རྗེ་དགུང་ལོ་ཉེར་གཅིག་པ་ཕེབས། རྒྱལ་ཁམས་ཐམས་ཅད་འཇགས་རྒྱལ་པོ་ཡབ་སྲས་མི་ཕྱེད་པའི་དད་པས་རྟག་པར་བཞུགས་སུ་གསོལ་ཡང་སློབ་དཔོན་ཆེན་པོ་ལ་བོད་དུ་འགྲོ་བ་མང་པོའི་དོན་བྱེད་དགོས་ཤིང་གོང་མའི་ཆབ་སྲ་ཕྱི་ལའང་འགྱུར་ལྡོག་སྣང་བས་འགྲོ་དགོས་ཅེས་ནན་གྱིས་བཀའ་བསྩལ་མི་ཆེན་གཉིས་བླ་མ་ཁྱེད་མ་ཕེབས་ཀྱི་བར་སྨན་ཙེའི་འདབ་སྒོ་འདི་ལོ་དགུ་ཆད། དངུལ་བྲེ་རེ་ལ་འབྲུ་འཇག་ལྔ་མ་ལས་མེད་པའི་མུ་གེ་བྱུང༌། ལོ་ཐོག་ཐམས་ཅད་མ་སྐྱེས། ངོ་ལོགས་ཐམས་ཅད་ལངས། བླ་མ་ཁྱེད་ཕེབས་པས་ངོ་ལོག་ཐམས་ཅད་ཞི། འདབ་སྒོ་ཐམས་ཅད་དུས་ཅིག་དུ་འདུས་པས་དངུལ་བྲེ་རེ་ལ་འབྲུ་འཇག་ལྔ་བཅུ་མར་འཕེལ་ད་ལྟ་ནི་བརྒྱད་བཅུ་མར་སོང་འདུག །རྒྱལ་ཁམས་ཐམས་ཅད་ཀྱིས་འབྲུ་འཕེལ་ཞིང་བཀྲ་ཤིས་པའི་བླ་མ་ཞེས་མགྲིན་གཅིག་མཚན་གསོལ་(མ༢༤བ)


PTT001_Page_1471
[མ་དཔེ་གཟིགས་ན་འདིར་གནོན།]

བའི་དུས་འདིར་བོད་ཏམ་དེར་བྱོན་ནས་ཅི་མཛད། སེ་ཆེན་ཡོན་མཆོད་བཞིན་རྒྱལ་ཁམས་ཀྱི་བྱ་བ་ཐམས་ཅད་ཁྱེད་རང་ཡོན་མཆོད་ཀྱིས་མཛོད་ཞུས་པས་ངེད་ལ་གོང་མའི་སྐུ་རིམ་ཙམ་མ་གཏོགས་འཇིག་རྟེན་གྱི་དགོས་ཆེད་མེད། ཆོས་པ་གང་ལའང་མ་ཆགས་པ་ཅིག་དགོས་པ་ཡིན་གསུངས་པས་དེ་གཉིས་མཆི་མ་ལྷུག་པར་འབྱིན་ཞིང་གསུང་དེ་ཡི་གེར་བཏབ་ནས་དད་པའི་རྟེན་དུ་བཟུང་སྐད། དེ་ནས་ཉེར་བཞི་ལ་ཆུ་ཡོས་ལོར་བོད་དུ་ཕེབས། དེ་ནས་ལོ་དྲུག་པ་ས་སྤྲེ་ལ་དམག་གི་འུར་ཆེན་པོ་བྱུང་ནས་གོང་མ་ཡབ་སྲས་ཧོར་ཡུལ་ལ་བྱོན་པར་སྣང༌། ཇིང་གིས་རྒྱལ་ས་བྱས་ནས་འདིའི་བར་ལོ་བརྒྱ་དང་ཞེ་དགུ་སོང་བར་སྣང་ངོ༌། །ཧོར་གྱི་རྒྱལ་རབས་ཀྱི་སྐབས་སོ།། །།རྒྱ་ནག་ཕྱི་མ་ནི་ཐའི་ཇུ་རྒྱལ་པོས་ལོ་འགའ་རྒྱལ་ས་མཛད། འདིའི་དུས་ཏའི་ཞིང་ཆེན་པོ་རྫུ་འཕྲུལ་ཅན་དེས་བིརྺ་པ་དང་གནས་བརྟན་བཅུ་དྲུག་སྤྱན་དྲངས་སྟེ་རྒྱལ་མཚོའི་ལམ་ནས་གཤེགས་པར་མཐོང༌། འདིའི་བཀོད་པ་ལ་གནས་བརྟན་ཆུ་འཇམས་མ་ཟེར། དབྱར་གནས་མཛད། རྒྱལ་པོ་མཆོད་པ་དངོས་སུ་གཞེས། དེའི་སྲས་ཏའི་མིང་རྒྱལ་པོ་འཇམ་དབྱངས་ཀྱི་སྐུའི་བཀོད་པ་དེས་རྗེ་དེ་བཞིན་གཤེགས་པ་སྤྱན་དྲངས་སྟེ་ངོ་མཚར་མཐའ་ཡས་པ་བྱུང་བ་ལ་ངོ་མཚར་ཆེན་མོ་བྱ་བའི་གསི་ཐང་ཡུག་དྲིལ་མ་ཡོད། བསྟན་པའི་བདག་པོ་ཉིད་དུ་གཟིགས་ནས་དེ་བཞིན་གཤེགས་པར་མཚན་གསོལ་ཕྱིས་ཐེག་ཆེན་ཆོས་རྒྱལ་དང་སེ་ར་ཆོས་རྗེས་ཏི་ཤྲི་མཛད་སྟེ་ཞལ་ནས་རྗེ་དེ་བཞིན་གཤེགས་པ་འདི་ཡིད་བཞིན་གྱི་ནོར་བུ་དང་འདྲ་སྟེ་གསོལ་བ་བཏབ་ཚད་བྱུང་བ་ཡིན། ཐེག་ཆེན་ཆོས་རྒྱལ་འདི་སྨན་ཙེའི་རི་བོ་དང་འདྲ་སྟེ་ང་རང་ལ་གང་དགོས་ཚང་ཡོད་པ་ཡིན། སེ་ར་ཆོས་རྗེ་(མ༢༥ན)


PTT001_Page_1472
[མ་དཔེ་གཟིགས་ན་འདིར་གནོན།]

འདི་སྨན་པ་མཁས་པ་དང་འདྲ་སྟེ་ང་རང་གི་ནད་འདི་ལ་ཕན་པར་བྱུང་བ་ཡིན་ཞེས་གསུངས་སྟེ་རྒྱལ་ས་ལོ་སོ་གསུམ་མཛད། དེ་ནས་ཀྱི་ཧུན་ལོ་གཉིས། ཡེ་དབང་ལོ་ཉེར་གཉིས། བཞིན་ཛུང་ལོ་བཞི། ཟོན་དེས་ལོ་བརྒྱད། ཅིང་ཐུང་བཅུ་གསུམ། གྱིན་ཐའི་ལོ་བདུན། ཐེན་ཤུན་ལོ་བརྒྱད། ཆུ་བྱ་ནས་ཆིང་ཧོ་རྒྱལ་པོ། དེ་ནས་ཅིང་དེ་རྒྱལ་པོ་སྟེ་རྒྱ་ནག་ཕྱི་མ་འདི་ལ་ལོ་རྒྱུས་ངེས་འདྲོངས་ཁོ་ནའང་མ་རྙེད་དོ། །ཆོས་བྱུང་མཁས་པའི་དགའ་སྟོན་ལ་སྐབས་ལྔ་ལས་སྐབས་བཞི་པ་ཡུལ་གཞན་གྱི་ཆོས་བྱུང་ངོ༌། །པར་གྱི་སྦྱིན་བདག་ལྷོ་རྒྱུད་བྱ་ཡུལ་ནས། །ས་སྐྱོང་ནོར་འཛིན་ཚོགས་གཉིས་གྲུབ་མ་ཡིས། །རྒྱུ་ཡོན་སྦྱར་ཏེ་བཞག་ཡུལ་སྟག་རྩེར་བསྒྲུབས། །བསྐོས་ཀྱི་རིག་བྱེད་ཚེ་དབང་དར་པོ་ནི། །སློབ་མ་བཅས་པས་དད་བརྩོན་འབད་སྟེ་བརྐོས། །དགེ་བས་མར་གྱུར་འགྲོ་ཀུན་སངས་རྒྱས་ཤོག། །།(ཙ༡ན)


previousལི་ཡུལ་དང་། རྒྱ་ནག་སྔ་མ། མི་ཉག ཧོར། རྒྱ་ནག་ཕྱི་མ་བཅས་ཀྱི་སྐབས།next