cover

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།

གླེགས་བམ། ཀ༽

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས།

Nitartha international
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ་འདི་ OCR བྱེད་སའི་གཞི་དེ་མེས་པོའི་ཤུལ་བཞག་ནས་ཡིན་པས་ལས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་རྣམ་ཐར་བཞུགས།

ན་མོ་གུ་རུ་ཝེ། དམིགས་མེད་བརྩེ་བའི་གཏེར་གྱུར་སྤྱན་རས་གཟིགས། །དྲི་མེད་མཁྱེན་པའི་དབང་པོ་འཇམ་པའི་དབྱངས། །གངས་ཅན་མཁས་པའི་གཙུག་རྒྱན་རེད་མདའ་བ། །གཞོན་ནུ་བློ་གྲོས་ཞབས་ལ་ཕྱག་འཚལ་ལོ། །དམ་པ་ཁྱོད་ཀྱིས་རྨད་བྱུང་མཛད་པའི་ཚུལ། །ཉིད་ཀྱིས་གསུང་ལ་ཇི་ལྟར་འབྱུང་བ་བཞིན། །སྒྲོ་བཀུར་མེད་པར་མདོ་ཙམ་བརྗོད་པར་བྱ། །སྐལ་བཟང་དེ་དག་དྭང་བའི་ཡིད་ཀྱིས་ཉོན། །

དེ་ལ་སྡོམ་ནི། རིགས་ལ་གཟིགས་ནས་སྐྱེ་བ་བཞེས་ཚུལ་དང་། །གཞོན་ནུའི་དུས་ཀྱི་རྣམ་པར་ཐར་པ་དང་། །དགེ་སྦྱོང་སྤྱོད་པའི་དྲི་མེད་བརྟེན་ཚུལ་དང་། །དམ་པས་བསྔགས་པའི་ལྟ་སྤྱོད་བསྟན་ཚུལ་དང་། །སྐྱེས་བུ་དམ་པ་གུས་པས་བསྟེན་ཚུལ་དང་། །ཐུབ་པའི་དགོངས་པ་ཇི་ལྟར་བཙལ་ཚུལ་དང་། །ཡང་དག་ལྟ་བའི་གནད་ཟབ་རྙེད་ཚུལ་དང་། །རང་དགའ་གཞན་འགྲེལ་རྣམ་བཤད་མཛད་ཚུལ་དང་། །འཆད་ཉན་མཛད་འབྲས་སློབ་མ་སྤེལ་ཚུལ་དང་། །ཐུགས་དམ་གྱི་མཐིལ་གང་ལ་མཛད་ཚུལ་དང་། །ལྷག་པའི་ལྷ་ལ་དམ་བཅའ་ཕུལ་ཚུལ་དང་། །དབེན་པའི་གནས་སུ་ཡིད་རབ་བཞོལ་ཚུལ་དང་། །སྐྱེ་ཤི་མི་འཇིགས་གདེང་རྣམས་ཐོབ་ཚུལ་དང་། །ཕུལ་ཕྱིན་མཛད་པ་གཞན་ཡང་མཛད་ཚུལ་དང་། །གདུལ་བྱའི་དོན་དུ་ཞིང་གཞན་གཤེགས་ཚུལ་དང་། །དད་ལྡན་མོས་པའི་རྟེན་རྣམས་བཞག་ཚུལ་རྣམས། །མགོན་པོ་ཁྱེད་ཀྱིས་མཛད་པའི་ཕྱི་སྡོམ་ཡིན། །

དེ་ལ་སྐྱེ་བ་བཞེས་པའི་ཚུལ་ནི། སངས་རྒྱས་ཀྱི་བསྟན་པ་དར་བའི་ས་ཕྱོགས་མགོན་པོ་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་རྒྱུད་མར་བྱོན་པའི་གདན་ས་དཔལ་ལྡན་ས་སྐྱའི་བྱ་འདབས་ཡུལ་རེད་མདའ་ཞེས་བྱ་བར། བོད་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་དང་གདུང་གཅིག་པ་ཇོ་བོ་རེད་མདའ་བའི་བློན་པོ་ཆེན་པོ་ཞིག་གི་སྲས་སུ་འཁྲུངས་ཏེ། ལྷུམས་སུ་འཇུག་པ་དང་། བལྟམས་པའི་དུས་ཀྱི་མཚན་ལྟས་བཟང་པོ་རྣམས་ལྷ་མོ་སྒྱུ་འཕྲུལ་མ་ལ་བྱུང་བ་དང་ཚུལ་མཚུངས་པར་འབྱུང་འདུག་སྟེ་མང་པས་མ་བྲིས་སོ། །

གཞོན་ནུའི་རྣམ་ཐར་ནི། དགུང་ལོ་བཅུ་པའི་དུས་ཉིད་ན་ཏིང་ངེ་འཛིན་བཟང་པོ་མངའ་བ་ཡིན་ཏེ། ཡུམ་གྱིས་བ་ཚིགས་ལ་འཚོར་གཏང་པས་ཉིན་གཅིག་བ་སླེབ་ཀྱང་ཁོང་མ་བྱོན་པར་བལྟར་ཕྱིན་པ་ཚིགས་ཁ་ན་སྒོམ་ལ་འཇམ་འདུག་སྐད་དེ། སྔོན་གཞོན་ནུ་དོན་གྲུབ་ཞིང་ལས་ལ་གཟིགས་སུ་བྱོན་པས་སྐྱོ་སྟེ་ཤིང་གི་བསིལ་གྲིབ་ལ་མཉམ་པར་བཞག་པས་བསམ་གཏན་བཞི་ཐོབ་པ་དང་ཚུལ་མཚུངས་སོ། །

དེ་ནས་བཙུན་མོ་བཞེས་པར་ཞུས་པས། ཁྱིམ་པ་རྣམས་འདམ་རྫབ་མེ་འོབས་ན་གཡོས་པ་དང་འདྲ་ལ། རབ་ཏུ་བྱུང་བ་ནི་སྐམ་པ་དང་བསིལ་ཁང་ན་གནས་པ་དང་འདྲ་བར་ཁྱིམ་པ་དང་རབ་བྱུང་གི་སྐྱོན་ཡོན་མཁྱེན་ཅིང་། རབ་བྱུང་གི་རྟེན་མ་ཡིན་པ་ལ་ཆོས་རྣམ་དག་བྱེད་པའི་སྐབས་མེད་པར་རིགས་ནས་བཙུན་མོ་མ་བཞེས། དེར་ཡབ་ཡུམ་ནི་གྲོངས། ཡུལ་ཆབ་སྲིད་རྣམས་སྤངས། རབ་ཏུ་བྱུང་སྟེ་ཨ་ནེ་ཅིག་གི་ཞབས་ཏོག་བྱེད་ཀྱིན་ས་སྐྱར་བཞུགས་ནས་ལག་ལེན་སློབ་ཀྱིན་ཡོད་པ། དམ་པ་འདི་ནི་རྒྱལ་བུ་སྙིང་སྟོབས་ཆེན་པོ་དང་འདྲ་བར་བློ་སྟོབས་དཔག་ཏུ་མེད་པ་མངའ་བ་ཡིན་ཏེ། ཉིན་གཅིག་ཨ་ནེར་བྱོན་ཏེ། ང་ཡང་ན་གོང་དུ་ཕྱིན་ལ་དཔོན་ཆེན་གྱི་ལས་ཀ་བླངས་ལ་ཆབ་སྲིད་ཆོས་ཀྱིས་སྐྱོང་བ་གཅིག་བྱེད། ཡང་ན་སྡེ་སྣོད་ལ་ཐུགས་སྦྱོང་བྱས་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་བྱེད་དགོས་པར་འདུག་གསུང་། ཨ་ནེས་ཁྱེད་ཀྱིས་དེ་འདྲ་མི་ཡོང་། ཁྱེད་རང་ཡང་སྐྱིད་ང་ལའང་ཕན། ལག་ལེན་སློབས་ཞུས་པས་མ་གསན་པར་དགུང་ལོ་བཅོ་བརྒྱད་པ་ལ། ཉ་དབོན་གྱི་ཞབས་ལ་བཏུགས་ཏེ་རིགས་པས་བསྟན་བཅོས་རྣམས་བསླབས་ཏེ་དགུང་ལོ་ཉེར་གསུམ་པ་ལ་སེལ་པ་རྟག་པའི་རབ་བྱེད་དང་། ཚད་མའི་ཡུལ་དང་བྱེད་པ་བརྟག་པའི་རབ་བྱེད་སོགས་མཛད་དེ་ཆོས་ཀྱི་གྲགས་པ་གཉིས་པ་ལྟར་འགྱུར་ཏོ། །

དགེ་སྦྱོང་གི་སྤྱོད་པ་དྲི་མེད་བསྟན་པའི་ཚུལ་ནི། ཉིད་ཀྱི་གསུང་དགེ་སྦྱོང་གི་ཚུལ་ལ་གདམས་པ་ལས། གང་ཞིག་ལེགས་གསུང་དམ་ཆོས་འདུལ་བ་ལ། །རབ་ཏུ་བྱུང་ནས་ལེགས་པར་མི་སྡོམ་ཞིང་། །ཐུབ་པའི་བཀའ་ལུང་ཚུལ་མིན་འདུས་བྱེད་པའི། །དགེ་སྦྱོང་དེ་དག་བསྟན་པའི་ཆོམ་རྐུན་ཡིན། །འཁྱོག་པོར་སྨྲ་ལ་གཞན་དག་རླིང་པོར་སེམས། །ངག་མི་བཙུན་པ་དགེ་སྦྱོང་ཚུལ་མིན་པས། །གྱ་གྱུའི་སེམས་དང་དེ་ཡི་ཚུལ་སྤངས་ཏེ། །གསོང་པོར་སྨྲ་ལ་ཁོ་བོ་རྟག་ཏུ་བསྟེན། །འཛེམ་མེད་སྨྲ་བ་གཞན་དག་སྤོབས་པར་སེམས། །ངག་མི་སྡོམ་པ་དགེ་སྦྱོང་ཚུལ་མིན་པས། །མུ་ཅོར་སྨྲ་བ་སྨྱོན་པའི་ཚུལ་སྤངས་ཏེ། །ཞི་བའི་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །ཕྱི་ཚུལ་འཆོས་པ་གཞན་དག་བཙུན་པོར་སེམས། །གཡོ་སྒྱུའི་སྤྱོད་པ་དགེ་སྦྱོང་ཚུལ་མིན་པས། །ཕ་རོལ་བྲིད་བྱེད་ཡོན་པོའི་ཚུལ་སྤངས་ཏེ། །དེས་པའི་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །རང་དགའི་སྤྱོད་པ་གཞན་དག་དྲང་པོར་སེམས། །དབང་པོ་མི་སྡོམ་དགེ་སྦྱོང་ཚུལ་མིན་པས། །བག་དང་མི་ལྡན་ཧྲལ་པོའི་ཚུལ་སྤངས་ཏེ། །བག་ཡོད་ཚུལ་ལ་ཁོ་བོ་རྟག་དུ་བསྟེན། །བྱ་བྱེད་མང་བ་གཞན་དག་དྲུང་པོར་སེམས། །རྣམ་གཡེང་འདོད་པ་དགེ་སྦྱོང་ཚུལ་མིན་པས། །འདུ་འཛི་བསྲེལ་བ་ཁྱིམ་པའི་ཚུལ་སྤངས་ཏེ། །དོན་ཉུང་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །ལོངས་སྤྱོད་འབྱོར་བ་གཞན་དག་དཔལ་དུ་སེམས། །འདོད་ཞེན་ཆེ་བ་དགེ་སྦྱོང་ཚུལ་མིན་པས། །ཟང་ཟིང་དང་བཅས་གྲོང་པའི་ཚུལ་སྤངས་ཏེ། །ཆོག་ཤེས་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །གྲོང་ཐབས་འགྲིམ་པ་གཞན་དག་གདུལ་བྱར་སེམས། །རྙེད་བསྐུར་སྒྲུབ་པ་དགེ་སྦྱོང་ཚུལ་མིན་པས། །ཁྱེ་སྤོགས་འདོད་པ་ཚོང་པའི་ཚུལ་སྤངས་ཏེ། །བས་མཐའི་གནས་ལ་ཁོ་བོ་རྟག་ཏུ་བསྟེན། །ཅེས་གསུངས་པ་ལས་ཤེས་སོ། །

དམ་པས་བསྔགས་པའི་ལྟ་སྤྱོད་ལྡན་པའི་ཚུལ་ནི། འཇམ་དབྱངས་ནམ་མཁའ་རིན་ཆེན་ལ་སྤྲིང་པ་ལས། དིང་སང་འདི་ན་མཁས་རློམ་མང་ན་ཡང་། །རིགས་དང་མི་རིགས་འབྱེད་པའི་བློ་ལྡན་ཉུང་། །རི་བོང་ཅལ་གྱི་རྗེས་འབྲང་རི་དྭགས་བཞིན། །ཕལ་ཆེར་སྒྲ་ཡི་རྗེས་འབྲང་ཁོ་ནར་ཟད། །མཁས་བཙུན་བཟང་པོར་གྲགས་པ་མང་ན་ཡང་། །ཐུབ་བསྟན་གཅེས་པར་འཛིན་པའི་དམ་པ་དཀོན། །ཁྱེ་སྤོགས་འདོད་པའི་ཞིང་པ་ཚོང་པ་བཞིན། །ཕལ་ཆེར་ཚེ་འདིའི་ཆེ་ཐབས་སྒྲུབ་པ་མང་། །འདི་ན་ལ་ལ་ཉེས་བཤད་དུག་ཆུས་མྱོང་། །ཁ་ཅིག་ལྟ་ངན་རི་ཡི་སྤོ་ལ་ཞེན། །གཞན་དག་ཚུལ་འཆལ་འདོད་པ་བསོད་ཉམས་ཏེ། །མང་པོ་འབྲས་མེད་སྦུན་པ་འཕྱར་བས་ངལ། །རང་གཞན་ཁ་སྒྱུར་བཞིན་དུ་མི་འཆལ་ཞིང་། །ལྕགས་ཕྱེ་གསེར་གྱིས་གཡོགས་པ་ཅི་ལྟ་བར། །ཁོང་པ་རབ་བདུག་ཕྱི་རོལ་འཕགས་ཚུལ་གྱིས། །ཆོས་ལྟར་བཅོས་པའི་སྟོན་པའང་ཤིན་ཏུ་མང་། །དེ་ཕྱིར་བློ་ངན་རྣམས་ཀྱིས་ཉེས་བཤད་ཀྱིས། །ཐུབ་བསྟན་དྲི་མར་བྱས་པ་མ་བཟོད་པར། །རིགས་དང་མི་རིགས་ཅུང་ཟད་ཕྱེ་ན་ཡང་། །དིང་སང་འདི་ན་བདག་ལ་བཤེ་བ་མང་། །འཇིག་རྟེན་སྐྱེ་བོ་མ་མཉེས་གྱུར་ཀྱང་བླ། །དམ་པས་ཁྲེལ་ན་གསོན་པོ་སྲོག་སོང་ཡིན། །དེ་ཕྱིར་བདག་ལ་བསྟན་པ་དང་འགལ་བའི། །ལྟ་སྤྱོད་ཡོད་ན་དམ་པ་རྣམས་ཀྱིས་སྨོད། །ཁོ་བོ་སངས་རྒྱས་བསྟན་ལ་རབ་བྱུང་ནས། །རིགས་དང་མི་རིགས་འབྱེད་ཤེས་ཚུན་ཆད་དུ། །ལུས་ངག་ཡིད་ཀྱི་སྤྱོད་པ་ཅི་བྱེད་ཀྱང་། །རབ་ཏུ་སྒྲིམས་ནས་ཐུབ་པའི་གསུང་བཞིན་སྒྲུབ། །ཐོག་མེད་གོམས་པའི་ཉོན་མོངས་ཤུགས་དྲག་པས། །གལ་ཏེ་མི་རིགས་ཅུང་ཟད་བྱས་ན་ཡང་། །དེ་ཡི་མོད་ལ་དུག་ཟོས་དྲན་པ་བཞིན། །འགྱོད་སེམས་ལྡན་པས་སླར་ཡང་ཆོས་བཞིན་བྱས། །གནས་ལུགས་འབྱེད་པའི་འོད་ཟེར་སྟོང་ལྡན་པའི། །ཐུབ་བསྟན་ཉི་མའི་དཀྱིལ་འཁོར་མཐོང་བས་ན། །བློ་ངན་མུན་པའི་ཁྲོད་ན་འོད་འབྱིན་པའི། །གཞན་གཞུང་མེ་ཁྱེར་ཚོགས་ལ་བདག་མི་གུས། །གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་བའི། །ཀླུ་སྒྲུབ་ཀླུ་དབང་ལེགས་བཤད་གདེངས་ཀའི་ནོར། །དགོས་འདོད་ཀུན་འབྱུང་འདོད་དགུར་འབྱོར་པས་ན། །ཉེས་བཤད་འཆིང་བུའི་ཚོགས་ཀྱིས་བདག་མི་མགུ། །མཐའ་གཉིས་སྤངས་པའི་ཆུ་གཏེར་ལ་གནས་ཏེ། །གདེངས་ཅན་ཀླུ་དབང་ཀླུ་སྒྲུབ་རིང་ལུགས་འཛིན། །ཁོ་བོའི་ལྟ་ཟེར་འབར་བའི་གཟི་བརྗིད་ལ། །ཕས་རྒོལ་འདབ་བཟང་སྟོང་གིས་འགོང་མི་ནུས། །འཇིག་ཚོགས་ལྟ་རི་སྤོ་མཐོན་འཇོམས་བྱེད་པའི། །ལུང་རིགས་རྡོ་རྗེའི་གནམ་ལྕགས་སྟོང་ཡོད་ཀྱང་། །རྨོངས་པའི་གོ་ཆ་སྲ་བརྟན་ཆེར་བགོས་པའི། །སྐྱེ་བོ་འདི་ལ་བདག་གིས་ཅི་བྱར་ཡོད། །དེ་ཕྱིར་ཆོས་དང་ལྡན་པར་སྨྲས་ན་ཡང་། །དིང་སང་འདི་ན་ཕན་པར་མ་མཐོང་ནས། །ཏིང་འཛིན་བདུད་རྩིའི་རོ་དེ་མྱང་འདོད་པས། །ཁོ་བོའི་ཡིད་ནི་དབེན་པའི་གནས་སུ་གཞོལ། །ཅེས་གསུངས་སོ། །

བླ་མ་དམ་པ་བསྟེན་པའི་ཚུལ་ནི། སྐྱེ་དགུའི་གཙུག་རྒྱན་ཆོས་རྗེ་བསོད་རྒྱལ་དང་། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། །མ་ཏི་པཎ་ཆེན་པཎ་ཆེན་བྱང་རྩེ་དང་། །མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་སོགས། །བཀའ་དྲིན་ནོད་པའི་བླ་མ་བཅུ་ཕྲག་གཉིས། །ཡུན་རིང་འབད་དེ་གུས་པའི་གཙུག་གིས་བསྟེན། །ཅེས་གསུངས་སོ། །ཐུབ་པའི་དགོངས་པ་བཙལ་བའི་ཚུལ་ནི། ཕྲིན་ཡིག་ནོར་བུའི་འཕྲེང་བ་ལས། གང་གི་ཤེས་བྱའི་དེ་ཉིད་ཀུན། །མ་ལུས་ཐུགས་སུ་ཆུད་གྱུར་ཅིང་། །གཞན་ལའང་བརྩེ་བས་རྗེས་སྟོན་པ། །སངས་རྒྱས་དེ་ལ་བདག་ཅག་དད། །མི་ཤེས་མུན་པ་སེལ་བའི་སྣང་བྱེད་འཆོས། །ལུང་དང་རྟོགས་པའི་བདག་ཉིད་དམ་ཆོས་དང་། །ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་མངའ་བ། །འཕགས་མཆོག་དགེ་འདུན་ཚོགས་ལའང་བདག་གུས་སོ། །

སངས་རྒྱས་བསྟན་ལ་ཆེད་ཆེར་མི་འཛིན་ཅིང་། །དམ་ཆོས་རིན་ཆེན་འཚོང་པའི་དོན་མཐུན་པ། །འདོད་པའི་ཁོལ་བོ་སྲེད་པའི་རྗེས་འབྲང་མི། །མཁས་པར་རློམ་གཞན་དེ་དག་མིང་ཙམ་ཡིན། །ཐུབ་བསྟན་འགྲོ་བའི་མིག་བུ་ལྟར་མཐོང་ཞིང་། །གསུང་རབ་དེ་ཉིད་འབྱེད་ལ་རྟག་ཏུ་བརྩོན། །ལུང་རིགས་བདུད་རྩིས་བློ་གྲོས་ལུས་རྒྱས་པའི། །བསྟན་འཛིན་རྣམས་ཀྱི་སྙན་དུ་འདི་སྤྲིང་ངོ་། །ཕན་བདེའི་འབྱུང་གནས་ཐུབ་བསྟན་ཡིད་བཞིན་ནོར། །སྒྲོ་སྐུར་དྲི་མའི་འདམ་རྫབ་ཀྱིས་གོས་པ། །ལུང་རིགས་རྣམ་དག་གངྒཱའི་ཆུ་རྒྱུན་གྱིས། །རྟག་ཏུ་བྱི་དོར་བྱེད་ལ་བརྩོན་འཚལ་ལོ། །ཞེས་སྨྲོས་ནས།། །།

ཐུབ་པས་ཐོག་མར་ཆོས་འཁོར་སྐོར་བའི་ཚུལ་ནི། འཕགས་པའི་ཡུལ་དུ་ཐུབ་པའི་དབང་པོ་ཡིས། །དམན་དང་རྒྱ་ཆེའི་ཆོས་ལ་མོས་རྣམས་ལ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འཁོར་ལོ་ནི། །འདོད་ཆགས་བྲལ་བའི་གཟུགས་ཀྱིས་ཐོག་མར་སྐོར། །གཅིག་ཏུ་ཟབ་མོའི་ཆོས་ལ་མོས་རྣམས་ལ། །འཁོར་ལོས་སྒྱུར་བའི་གཟུགས་སུ་སྤྲུལ་ནས་ཀྱང་། །ཆགས་ཅན་སྐྱེས་བུ་འདུལ་བའི་དོན་གྱི་ཕྱིར། །རྣམ་མང་རྒྱུད་སྡེའི་ཆོས་འཁོར་གཞན་དུ་བསྐོར། །ཅེས་གསུངས་སོ། །

བསྡུ་བ་རིམ་པ་གསུམ་བྱུང་ཚུལ་ནི། ཐུབ་པ་ནོངས་འོག་རྒྱལ་པོའི་ཁབ་ཉིད་དུ། །འོད་སྲུང་ཉེ་བ་འཁོར་དང་ཀུན་དགའ་བོས། །ཐེག་པ་དམན་པའི་སྡེ་སྣོད་རིན་ཆེན་གསུམ། །སྒྲོ་བསྐུར་མེད་པར་བསྡུས་ཞེས་ལུང་ལས་འབྱུང་། །དེ་ནས་བརྒྱ་ཕྲག་གཅིག་དང་བཅུ་འདས་ཚེ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་རུ། །གྲགས་པ་ལ་སོགས་འཕགས་པ་བདུན་བརྒྱ་ཡིས། །བསྡུ་བ་གཉིས་པ་བྱས་ཞེས་གསལ་བར་ཐོས། །དེ་ནས་རིམ་གྱིས་བདུད་ཀྱི་ལས་གཡོས་ཏེ། །ཐུབ་པའི་བསྟན་ལ་སྡེ་པ་བཅོ་བརྒྱད་གྱེས། །ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་སྡེ་ཡི། །རྗེས་འབྲང་བསྡུ་བ་གསུམ་པ་བྱས་ཞེས་གྲག །ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམ་མང་རྣམས། །བྱམས་པ་སྤྱན་རས་གཟིགས་དང་འཇམ་དབྱངས་སོགས། །རྒྱལ་སྲས་རྣམས་ཀྱིས་ལེགས་པར་བསྡུས་སོ་ཞེས། །ཚད་ལྡན་མཁས་པའི་གཞུང་དུ་གསལ་བར་བཀོད། །ཅེས་གསུངས་སོ།། །།

བཀའི་དགོངས་འབྲེལ་བྱུང་ཚུལ་ནི། ཉི་མ་གུང་པ་ཤ་ནའི་གོས་ཅན་སོགས། །ཉན་ཐོས་བསྟན་པ་འཛིན་པར་ཐུབ་པས་གསུངས། །ཐེག་ཆེན་བསྟན་ལ་རྒྱལ་བའི་རྒྱལ་ཚབ་དུ། །ཀླུ་སྒྲུབ་ཀླུའི་དབང་པོ་ལུང་བསྟན་ཏོ། །

བསྡུ་བ་གཉིས་པའི་འོག་ཏུ་གསུང་རབ་ཀྱི། །དགོངས་འགྲེལ་གྲུབ་མཐའ་བཞི་ཡི་དབྱེ་བ་བྱུང་། །མངོན་པ་སྡེ་བདུན་བྱེ་བྲག་བཤད་ཚོགས་སོགས། །བྱེ་བྲག་སྨྲ་བའི་གཞུང་ཆེན་ཐོག་མར་དར། །དེ་ཚེ་རིགས་པའི་རྗེས་འབྲང་བློ་ལྡན་འགས། །བསྟན་བཅོས་དོན་ལ་ཡིད་བརྟན་མ་མཐོང་ནས། །མདོ་སྡེའི་དོན་ལ་རིགས་པས་རྣམ་དཔྱད་དེ། །དོན་རྣམས་འཇོག་ཕྱིར་མདོ་སྡེ་པ་ཞེས་གྲགས། །སྟོན་པ་འདས་ནས་བཞི་བརྒྱའི་ལོ་འདས་ཚེ། །བེ་ཏའི་ཡུལ་དུ་ལི་ཙ་བྱི་གཞོན་ནུ། །ཀླུ་སྒྲུབ་ཞེས་བྱའི་དགེ་སློང་དུ་གྱུར་ནས། །ཐུབ་བསྟན་རྒྱས་པར་མདོ་སྡེའི་ཚོགས་ལས་གསུངས། །ཀླུ་ཡི་ཡུལ་སོགས་འཇིག་རྟེན་གཞན་དག་ནས། །ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་རྣམ་མང་བླངས། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་བཅོམ། །མཐའ་བྲལ་དབུ་མའི་སྒྲོན་མེ་དེ་ཡིས་སྦར། །དེ་འོག་ཐུབ་པའི་ལུང་བསྟན་ཐོགས་མེད་ཀྱིས། །མི་ཕམ་མགོན་ལ་བཀའ་དྲིན་རྗེས་ནོད་ནས། །རྣམ་རིག་སྨྲ་བའི་གྲུབ་མཐའ་གསལ་བྱས་ཞེས། །རྒྱ་བོད་ཤིང་རྟ་ཆེན་པོ་རྣམས་ལ་གྲགས། །འདི་དག་ཐེག་ཆེན་ཤིང་རྟའི་སྲོལ་འབྱེད་དེ། །ཐེག་ཆེན་མདོ་དང་རྒྱུད་སྡེའི་དགོངས་པ་རྣམས། །གཉིས་པོ་འདི་ཡི་ལུགས་དང་མི་མཐུན་པ། །གང་གིས་བཀྲལ་དེ་ལོག་པའི་ལམ་དུ་ཤེས། །དེ་ལྟར་དགོངས་འགྲེལ་ཤིང་རྟའི་སྲོལ་འབྱེད་ང་། །ཐུབ་པའི་བསྟན་ལ་འཕགས་པའི་ཡུལ་དུ་བྱུང་། །ལུགས་དེ་དག་དང་མི་མཐུན་གང་ཡིན་པ། །དེ་ནི་བདེ་གཤེགས་གྲུབ་མཐའི་ཁོངས་སུ་མིན། །དེ་ཕྱིར་བདག་ཉིད་ལེགས་པར་འདོད་རྣམས་ཀྱིས། །ཚུལ་འདི་དག་ལ་ལེགས་པར་འདྲིས་བྱས་ནས། །ཆོས་ལུགས་གཞུང་ལུགས་གྲུབ་པའི་མཐའ་རྣམས་ལ། །རྣལ་འབྱོར་སྤྱོད་ན་མཛེས་ཀྱི་གཞན་དུ་མིན། །གངས་རིའི་ཁྲོད་འདིར་རྨོངས་རྣམས་གཙོར་བྱེད་པའི། །ལོག་པའི་གཞུང་དང་ཆོས་ལུགས་བསམ་མི་ཁྱབ། །མཁས་པ་རྣམས་ལ་ཚད་མར་གྲགས་པ་ཡི། །གཞུང་ལུགས་འགའ་ཡང་ཡིད་བརྟན་མེད་པར་མཐོང་། །ཞེས་དང་། །ཐུབ་པའི་བསྟན་ལ་ཉིད་ཀྱི་དགོངས་པ་བཞིན། །འཁྲུལ་མེད་སྨྲ་བ་འཕགས་པ་ཀླུ་སྒྲུབ་ཡིན། །ཀླུ་སྒྲུབ་དང་ནི་ཐོགས་མེད་གཉིས། །ཁྱོད་ལྟར་འཛིན་པར་ཁྱོད་ཀྱིས་གསུངས། །དེ་དག་གཞུང་གི་རྗེས་འབྲངས་ནས། །བདག་གིས་ཁྱོད་ཀྱི་དགོངས་པ་བཙལ། །ཞེས་གསུངས་སོ། །

ཡང་དག་པའི་ལྟ་བ་རྙེད་པའི་ཚུལ་ནི། རྒྱ་གར་བལ་བོ་བོད་ཀྱི་ཡུལ་རྣམས་སུ། །མདོ་དོན་སྨྲ་བའི་མཁས་པ་མང་བྱོན་ཡང་། །ཕལ་ཆེར་རྟོག་པས་སྦྱར་བའི་དོན་རྣམས་ལ། །མཁས་པར་ཟད་ཀྱི་དེ་ཉིད་དོན་ལ་མིན། །ཐུབ་པའི་བསྟན་ལ་ཉིད་ཀྱི་དགོངས་པ་བཞིན། འཁྲུལ་མེད་སྨྲ་བ་ཀླུ་སྒྲུབ་ཆེན་པོ་ཡིན། །དེ་ཡི་གཞུང་ལུགས་རབ་དཀར་ཀུནྡའི་འཚལ། །ཇི་བཞིན་འབྱེད་པ་དཔལ་ལྡན་ཟླ་བ་ཡིན། །སློབ་དཔོན་དེ་དག་དགོངས་པ་འདི་ཡིན་ཞེས། །མཁས་རློམ་མང་ཡང་སུ་ལ་ཅི་ཆ་ཡོད། །རྣམ་བཀྲ་ཚོན་གྱི་རི་མོ་གསལ་བ་ཡི། །རྣམ་དབྱེ་དམུས་ལོང་དག་ལ་ཡོད་དམ་ཅི། །ལོང་བས་རིན་ཆེན་གཏེར་ཁ་ཕྱེ་པ་ལྟར། །རྣམ་དག་འཕགས་པའི་མིག་དང་མི་ལྡན་ཡང་། །རྒྱལ་དང་རྒྱལ་བའི་སྲས་ཀྱི་བྱིན་བརླབས་ལ། །རྟེན་འབྱུང་ཟབ་མོའི་ལམ་འདི་ཁོ་བོས་རྙེད། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་དགེས་པའི་ལམ་འདི་ཡིན། །འདི་ལས་གཞན་དུ་ཐར་པའི་ལམ་ཡོད་ཅེས། །སྨྲ་བ་དེ་དག་བདག་གིས་གྱི་ནར་གཏོགས། །ཕྱོགས་བཅུར་བཞུགས་པའི་རྒྱལ་དང་དེ་སྲས་རྣམས། །མངོན་སུམ་བྱོན་ནས་དབྱངས་དང་མགྲིན་གཅིག་གིས། །འདི་ལས་གཞན་དུ་ཐར་པའི་ལམ་སྟོན་ཀྱང་། །བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག །དེ་ཕྱིར་བདག་གིས་ཉམ་ངའི་ལམ་སྤངས་ནས། །བདེ་གཤེགས་དགེས་པའི་ལམ་ལ་འཇུག་འདོད་ན། །དཀའ་དང་འབད་པ་བརྒྱ་ཕྲག་དག་གིས་ཀྱང་། །ཀླུ་སྒྲུབ་ལུགས་བཟང་འདི་ལ་འཇུག་པར་རིགས། །འདི་མ་རྟོགས་ན་གཞུང་ལུགས་མང་བསླབས་ཀྱང་། །བདེ་གཤེགས་དགོངས་པ་རྟོགས་པའི་ཐབས་གཞན་མེད། །ཕལ་ཆེར་རྟོག་པའི་དྲྭ་བ་སྤེལ་བའི་ཕྱིར། །བློ་གྲོས་ངལ་བ་ཙམ་ཞིག་ཐོབ་པར་ཟད། །དེ་ཕྱིར་རང་ཉིད་དྲན་པ་གསོ་ཕྱིར་དང་། །སྐལ་མཉམ་གཞན་ལའང་ཕན་པར་བྱ་ཕྱིར་དང་། །ཐུབ་པའི་བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །དུས་གསུམ་རྒྱལ་བའི་ཡུམ་འདི་བདག་གིས་བཤད། །ཅེས་དང་། ཁོ་བོ་ལ་དབུ་མའི་རྟོགས་པ་སྐྱེ་ཚུལ་རིམ་པ་འབྱུང་སྟེ། འདི་ལྟར་དང་པོ་དཔྱད་སྟོང་། གཉིས་པ་སྣང་སྟོང་། གསུམ་པ་རྟེན་འབྲེལ་སྒྱུ་མར་གོ་བ། བཞི་པ་རྟེན་འབྲེལ་བཏགས་ཡོད་གཞི་མེད་དུ་གོ་བའོ། །

དང་པོ་ནི། བུམ་པ་ཐོ་བས་བཅོམ་པ་ལྟར་ཀུན་རྫོབ་རྫས་ཡོད་རིགས་པས་བཤིགས་པའི་སྟོང་ཉིད་དེ། འདིས་ཀྱང་རིགས་དཔྱད་ཀྱིས་བདེན་འཛིན་ལྡོག་ཅིང་། སྟོང་ཉིད་ལ་མོས་པའི་རྒྱུ་ཙམ་བྱེད། གཉིས་པ་ནི། སྣང་བ་སྒྱུ་མ་ལྟར་སྣང་དུས་ཉིད་ནས་རང་བཞིན་མེད་པར་རྟོགས་པ་སྟེ། འདིས་ཕྱི་གཟུང་བྱ་ལ་སྒྲོ་བཀུར་གྱི་རྟོག་པ་མཐའ་དག་ལྡོག་ཀྱང་ནང་མྱོང་རིག་ལ་དྲོད་པའི་ཞེན་པ་མི་ལྡོག་པས་སེམས་ཙམ་རྣམ་རྫུན་པའི་ལྟ་བ་ལས་མ་འདས། གསུམ་པ་ནི། ནང་མྱོང་རིག་དང་ཕྱི་གཟུང་བ་གཉིས་ཀ་ཡང་རྒྱུ་རྐྱེན་ལ་རག་ལས་པ་སྒྱུ་མ་ལྟར་ཀུན་རྫོབ་ཏུ་ཡང་སྣང་བ་ཙམ་ལས་རང་བཞིན་ཅུང་ཟད་ཀྱང་མེད་པར་རྟོགས་པ་སྟེ། འདི་ལ་ཡང་མཐར་འཛིན་གྱི་ཞེན་པ་ཅི་ཡང་མེད་ཀྱང་། རྟེན་འབྲེལ་སྒྲ་རྟོག་ལ་མ་ལྟོས་པའི་དོན་ཆོས་སྒྱུ་མ་ཙམ་དུ་འཛིན་པ་ཡོད་པས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལས་མ་འདས། བཞི་པ་ནི། རྟེན་འབྲེལ་གྱིས་ཆོས་རྣམས་རིགས་པས་ཚུལ་བཞིན་དུ་དཔྱད་པ་ན་རང་གི་ངོ་བོ་ཅུང་ཟད་ཀྱང་མི་རྙེད་ཅིང་། མ་དཔྱད་པ་ན་ཐ་སྙད་ཀྱི་ཡུལ་དུ་འགྱུར་བས་རྟོག་པས་བཏགས་ཤིང་མིང་གི་ཐ་སྙད་བྱས་པ་ཙམ་གྱིས་བཏགས་ཡོད་དུ་རྟོགས་པའོ། །ད་ལྟའི་རྟེན་འབྲེལ་རྟོགས་པའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་རྒྱུ་འབྲས་མི་འཁྲུལ་བ་དང་། རྟེན་འབྲེལ་རྟག་ཆད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ངེས་པ་འདྲོངས་པ་དུས་གཅིག་ལ་ཡོང་བ་ཡིན། གོ་ཡུལ་གྱི་ལྟ་བ་འདིའི་གོང་ན་བོགས་དབྱུང་རྒྱུ་ཡོད་པར་མི་སེམས། འདི་མ་རྟོགས་བར་ལ་ལྟ་བ་མཐར་ཐུག་པ་ཡང་མ་ཡིན་ཞེས་གསུངས་སོ།། །།

བརྩམ་ཆོས་མཛད་པའི་ཚུལ་ནི། འཛམ་གླིང་མཁས་པའི་རྒྱན་མཆོག་བཀའ་ཆེན་བཞི། །རྩ་འཇུག་བཞི་གསུམ་ཐེག་ཆེན་རྒྱུད་བླ་དང་། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སོགས། །རྣམ་བཤད་བྱས་པའི་གཞུང་ལུགས་བཅུ་ཕྲག་གཅིག །གཞན་ཡང་བོད་ཡུལ་འགྱུར་བའི་བསྟན་བཅོས་དང་། །མདོ་དང་རྒྱུད་སྡེ་ཕལ་ཆེར་ལེགས་པར་བལྟས། །རང་གཞན་གྲུབ་མཐའི་དེ་ཉིད་འབྱེད་པ་ལ། །མཁས་པའི་འདུན་སར་འཇིགས་མེད་སྤོབས་པ་ཐོབ། །ཅེས་གསུངས་སོ།། །།

སློབ་མ་སྤེལ་བའི་ཚུལ་ནི། ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས། །གཞུང་ལུགས་རབ་འབྱམས་ཤེས་པའི་བཤེས་གཉེན་བདུན།༈་་་་་བདུན་ལ་ལྔ་ནི། ཆོས་རྗེ་དཔལ་འབྱོར་བ། གོ་འཇོ་ཉི་མ། བཀའ་བཅུ་པ་ཀུན་དགའ་དཔལ། དར་མ། བསོད་ཤེ། །བཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཉིས། །ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་རྒལ། །ཅེས་གསུངས་སོ། །

ཐུགས་དམ་མཐིལ་གང་ལ་མཛད་པ་ནི། མང་དུ་ཐོས་ཤིང་ལེགས་པར་བསམ་པའི་དོན། །དབེན་པའི་གནས་སུ་རྩེ་གཅིག་ལེགས་སྒོམ་སྟེ། །རྒྱལ་བའི་དགོངས་པ་ཚུལ་བཞིན་སྐྱོང་འདོད་ཀྱང་། །སྔོན་ཆད་རྣམ་གཡེང་ལེ་ལོའི་དབང་དུ་གྱུར། །མཁའ་མཉམ་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །སྲིད་ཞི་སྟོང་པར་རྟོགས་པའི་ཤེས་རབ་གཉིས། །རེས་འགའ་རེས་འཇོག་རེས་འགའ་ཟུང་འབྲེལ་སྒོམ། །འོན་ཀྱང་ཕལ་ཆེར་སྙོམས་ལས་དབང་དུ་ཐལ། །ཅེས་དང་། ཡང་གསུངས་པ། རྒྱུ་འབྲས་བསླུ་བ་མེད་པའི་ཡིད་ཆེས་དང་། །རྟེན་འབྲེལ་སྟོང་པར་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་ཆུད་པར་ནམ་གྱུར་པ། །དེ་ཚེ་མཐའ་བྲལ་དབུ་མའི་ལམ་ལ་ཞུགས། །ཇི་ལྟར་སྣང་ཞིང་གྲགས་པའི་དངོས་འདི་ལ། །རང་གཞན་གྲུབ་མཐས་བཏགས་པའི་ཀུན་བཏགས་དང་། །ལྷན་སྐྱེས་ཡིད་ཀྱི་དངོས་འཛིན་མུན་པ་རྣམས། །རྣམ་དག་ལུང་རིགས་ཟེར་གྱིས་རྣམས་བསལ་ཏེ། །སྣང་དུས་ཉིད་ནས་སྟོང་པར་རྟོགས་པ་དང་། །སྟོང་པ་རྟོགས་ཚེ་སྣང་བ་མི་འགོག་པའི། །ཟུང་འཇུག་ཚུལ་ལ་ངེས་པ་ནམ་སྐྱེས་པ། །དེ་ཚེ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །ཐོས་བསམ་རིགས་པས་རྣམ་པར་དཔྱོད་པའི་ཚེ། །སྣང་བ་བཀག་ནས་སྟོང་པ་སྒྲུབ་པ་དང་། །སྟོང་པ་རྟོགས་ཚེ་སྣང་བ་ནུབ་པ་དང་། །ཀུན་རྫོབ་བསལ་ནས་དོན་དམ་སྒྲུབ་པ་རྣམས། །རྟག་ཆད་མཐར་ལྟའི་གཡང་ལ་ལྷུང་བའི་ཕྱིར། །སངས་རྒྱས་དགེས་པའི་ལམ་ལས་རིང་དུ་གོལ། །སྒོམ་བྱུང་འཕགས་པའི་ཡེ་ཤེས་ཤར་བ་ན། །ཤེས་དང་ཤེས་བྱའི་མཚན་མ་སྣ་ཚོགས་ལ། །མཁའ་ལ་འཇའ་མཚོན་དེངས་ལྟར་མི་སྣང་ཞིང་། །ཆུ་ལ་ཆུ་དང་མར་ལ་མར་བཞག་བཞིན། །དབྱིངས་དང་རིག་པ་དབྱེར་མེད་འདྲེས་པ་ན། །མཐོང་མེད་ཚུལ་གྱིས་དེ་ཉིད་མཐོང་བ་དང་། །གནས་མེད་ཚུལ་གྱིས་ཆོས་སྐུ་ལ་གནས་དང་། །མྱ་ངན་འདས་དང་འོད་གསལ་ཆོས་ཀྱི་སྐུ། །སངས་རྒྱས་སྲས་པོ་བློ་བཟང་ཀླུ་སྒྲུབ་བཞེད། །འོན་ཀྱང་རབ་འབྲིང་བར་མའི་གདུལ་བྱ་ལ། །སྔོན་བསགས་དགེ་དང་སྨོན་ལམ་གྲུབ་པའི་མཐུས། །རང་རང་བློ་དང་འཚམས་པའི་སྤྲུལ་སྐུ་ཡིས། །འཁོར་བ་སྲིད་དུ་ཕྲིན་ལས་ངང་གིས་འཇུག །ཅེས་དང་། བླ་མ་ཕྱག་ན་རྡོ་རྗེར་འཇམ་དབྱངས་ལ་ཟླ་བ་བདུན་བསྙེན་པ་མཛད་ན་དངོས་སུ་ཆོས་གསུང་བར་འགྱུར་ཞེས་ལུང་བསྟན་པ་ལ་འཁོར་རྣམས་ཀྱིས་མཛད་པར་ཞུས་པས་འཇམ་དབྱངས་ས་བཅུའི་བྱང་སེམས་ཆེན་པོ་ཡིན་པས་དངོས་སུ་མཇལ་ནས་ཕན་ཡོན་དཔག་ཏུ་ཡོད་མོད། འོན་ཀྱང་ཟླ་བ་བདུན་སྔགས་སྒྲོང་བ་བས་བྱང་ཆུབ་ཀྱི་སེམས་སྒོམ་པ་ཁྱད་ཆེ་ཞེས་གསུང་ངོ་། །ཡང་ཁོ་བོས་སྔར་ཞི་གནས་ལ་ཆེད་ཆེར་མ་བྱས། གཙོ་ཆེར་ལྷག་མཐོང་ཁོ་ན་ཉམས་སུ་བླངས། དེ་ཡང་མཉམ་བཞག་ཏུ་བདག་གིས་བདག་མེད་དྲན་པ་ཉེར་གཞག་དང་། ཁམས་ཀྱི་རབ་ཏུ་དབྱེ་བའི་སྒོ་ནས་ཉམས་སུ་བླངས། རྗེས་ཐོབ་ཏུ་ཡུལ་སྣང་སྣ་ཚོགས་ལ་སྤྱི་དང་བྱེ་བྲག་ཅི་རིགས་པར་རང་བཞིན་མེད་པར་དཔྱད་ནས་ཉམས་སུ་བླངས་ཏེ། སྔར་ཆེར་མ་སྒོམ་ཀྱང་ལྟ་བའི་བོགས་འབྱིན་པ་ལ་ཤིན་ཏུ་ཕན་པར་བྱུང་། ལྟ་བའི་གོ་ཡུལ་ཙམ་ཡོད་ཀྱང་ཉམས་སུ་ལེན་མ་ཤེས་ན་བོགས་མི་འབྱིན་ལ། མྱོང་བ་འཐོན་ན་གོ་ཡུལ་ཙམ་གྱིས་ཀྱང་ཉོན་མོངས་པ་དང་རྣམ་རྟོག་གི་དབལ་མི་ཆོག་པར་སྣང་ཞེས་གསུངས་སོ། །

དམ་བཅའ་ཕུལ་བའི་ཚུལ་ནི། མདོར་ན་ལྟ་བའི་ཕུ་ཐག་ཆོད། ཉམས་ལེན་གྱི་གནད་ཤེས། འཁོར་བའི་ཉེས་དམིགས་དང་ཐར་པའི་ས་བོན་ལ་ཚིག་ཙམ་མ་ཡིན་པར་ངེས་པ་འདྲོངས། སྟོན་པ་དང་བསྟན་པའི་ཡོན་ཏན་ལ་ཡིད་ཆེས་པའི་དད་པ་ཐོབ་བཞིན་དུ། སྒྲུབ་པ་སྙིང་པོར་མི་བྱེད་པར་ཚེ་འདིའི་སྣང་ཤས་ལྷུར་ལེན་ན་ཁོ་བོའི་སྙིང་རུལ་བ་ལས་གཞན་དུ་བརྟག་ཏུ་ཅི་ཞིག་ཡོད། དེ་བས་ན་ཚེ་ལྷག་གང་ཡོད་བས་མཐའི་གནས་མི་སྐྱེལ་ཞིང་། ཚེ་དང་སྒྲུབ་པ་མི་སྙོམས་པར། གཞན་དོན་བྱེད་པ་ལྟར་བཅོས་པའི་ཐབས་ཀྱིས་འཁོར་བསྡུས་ནས་སྣང་ཤས་ལྷུར་བྱེད་དམ། སྐྱིད་ཆོས་དང་སྙོམས་ལས་ལྷུར་བྱེད་ན་བསྟན་བསྲུང་རྣམས་ཀྱིས་ཁོ་བོའི་མགོ་བོ་ཨར་རྫ་ཀའི་དོག་པ་བཞིན་དུ་ཁོས་ཤིག གཞན་ཡང་ཡིད་དམ་གྱི་ལྷའི་སྤྱན་སྔར་དམ་བཅའ་འདི་དག་དབུལ་ལོ། །གང་གིས་ཞབས་ཟུང་པད་མོ་གེ་སར་རྡུལ། །ཚངས་དང་ལྷ་དབང་ཁྱབ་འཇུག་ལ་སོགས་པ། །འཇིག་རྟེན་དྲེགས་ལྡན་གཙུག་གིས་གུས་བསྟེན་པའི། །སྤྱན་རས་གཟིགས་མགོན་དེ་འཚལ་ལོ། །མང་དུ་ཐོས་ཀྱང་ཚུལ་གཞན་སེམས་ལ་གཡེལ། །ཁྲིམས་བརྒྱ་ནོད་ཀྱང་ཉེས་ལྟུང་དྲི་མ་ཅན། །དགེ་སྦྱོང་བདག་གི་གཡར་དམ་འདི་རྣམས་ལ། །མཁྱེན་ལྡན་ཐུགས་རྗེ་ལྷ་ཁྱོད་ཡུད་ཙམ་དགོངས། །གང་དུ་གནས་ན་སྣང་ཤས་འཕེལ་གྱུར་ཞིང་། །རང་རྒྱུད་རྙེད་བཀུར་ཞགས་པས་འཆིང་བྱེད་ལ། །གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་རྡུངས་པའི། །གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སོ། །

དེང་ནས་བཟུང་སྟེ་ཇི་སྲིད་འཚོ་བར་དུ། །གངས་དང་རི་སུལ་ནགས་ཀྱི་ཁྲོད་རྣམས་སུ། །བསེ་རུ་ལྟ་བུར་རྟག་ཏུ་གནས་བྱེད་ཅིང་། །གྲོང་དང་འཁོར་མང་དབུས་སུ་གནས་མི་བགྱི། །ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའོ། །སེམས་ལ་བརྟན་པ་ཇི་སྲིད་མ་ཐོབ་བར། །གཅིག་ཏུ་རང་བརྒྱུད་འདུལ་བ་མ་གཏོགས་པ། །གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱི། །ཆོས་གོས་གསུམ་དང་ལྷུང་བཟེད་མ་གཏོགས་པ། །རང་ཉིད་འཚོ་བའི་ཡོ་བྱད་མ་གཏོགས་པ། །གསེར་དང་དབྱིག་སོགས་ལྷག་པའི་ཡོ་བྱད་ནི། །རང་གི་དོན་དུ་ཏིལ་ཙམ་མི་འཆང་ངོ་། །གཞན་གྱི་ཉེས་པ་ནམ་ཡང་མི་གླེང་ཤིང་། །དོན་དང་ལྡན་ཞིང་ཆོས་མཐུན་མ་གཏོགས་པ། །དམག་དང་ཆོམ་རྐུན་རྒྱལ་བའི་གཏམ་ལ་སོགས། །འཁྲུལ་པའི་བཀའ་འཆིད་ནམ་ཡང་མི་བགྱིད་དོ། །ཆོས་ཀྱི་དོན་དུ་བཀའ་སྤྱད་སྲན་བཟོད་ཅིང་། །འཇིག་རྟེན་བློས་བཏང་རྣམ་གྲོལ་དོན་དུ་གཉེར། །འདོད་ཆུང་ཆོག་ཤེས་རང་དང་རྗེས་མཐུན་པའི། །རྗེས་འབྲང་འཁོར་ནི་བཞི་བས་ལྷག་མི་བསྟེན། །གལ་ཏེ་བདག་གི་གཡར་དམ་འདི་རྣམས་ལ། །འགལ་བ་བགྱིས་ན་རྒྱལ་བ་སྲས་བཅས་དང་། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་མགོན་གྱིས། །ཁྱི་ཕག་ལུག་བོང་རྣམས་དང་བདག་སྙོམས་ཤིག །བདག་གིས་ཇི་སྐད་སྨྲ་འདི་ཁྱོད་ཀྱིས་ཀྱང་། །ཡིད་ལ་ཆོངས་ལ་ཚུལ་བཞིན་ཉམས་སུ་ལོངས། །ཤི་ཡང་འདི་ལས་གཞན་གྱིས་ཁ་ཆེམས་མེད། །ཕྲད་ཀྱང་སྨྲ་རྒྱུ་གཞན་འགའ་མ་མཆིས་སོ། །ཞེས་གསུངས་སོ།། །།

དབེན་པ་ལ་ཐུགས་གཞོལ་བའི་ཚུལ་ནི། ཁོ་བོ་དབེན་པ་བསྟེན་པའི་རྒྱུ་མཚན་ཡང་འཁོར་དང་གྲོགས་ཀྱིས་ཡིད་སུན་ཕྱུང་བའམ། རྙེད་བཀུར་དང་གྲགས་པ་འདོད་པ་མ་ཡིན་གྱིས། གཞན་དུ་ན་འཁོར་བའི་སྡུག་བསྔལ་མེ་འོབ་ལྟར་ཤིན་ཏུ་བརྣག་དཀའ་བར་མཐོང་བའི་ཕྱིར་དང་། བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མར་བསྔགས་པའི་དབེན་པའི་གནས་པད་མོའི་ཚལ་བས་ཀྱང་། ཤིན་ཏུ་ཡིད་དུ་འོང་བར་མཐོང་བའི་ཕྱིར་རོ། །

དེ་ཡང་འདི་ལྟར། གང་ལ་ཉེས་པ་རྡུལ་ཙམ་མི་མངའ་ཞིང་། །རྨད་བྱུང་ཡོན་ཏན་དཔལ་གྱིས་རབ་བརྗིད་པས། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་གཡོ། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཀ་ཡེ་ཉོན་ཅིག་ཤེས་ལྡན་གྲོགས་པོ་དག །བསྟན་པའི་ཉིན་བྱེད་ནུབ་རིའི་རྩེ་ལ་སོན། །ལུས་སྲོག་གཡོ་བ་འབབ་ཆུའི་རྒྱུན་དང་མཚུངས། །ཐར་འདོད་རྣམས་ཀྱིས་བག་ཡོད་བསྟེན་པར་རིགས། །རིན་ཆེན་བདུན་ལྡན་གླིང་ཆེན་བཞི་ལ་དབང་། །དཔག་མེད་ཚེ་གནས་དགེ་བཅུའི་དཔལ་ལ་སྤྱོད། །ཕུན་ཚོགས་མངོན་མཐོའི་བདེ་ལ་རོལ་བྱེད་པའི། །འཁོར་ལོས་སྒྱུར་རྒྱལ་དེ་ཡང་ཆུ་ཤིང་འདྲ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་བཅས་ཏེ། །ཡོངས་འདུའི་ཚལ་དུ་དགའ་བདེའི་དཔལ་གྱིས་རོལ། །འཆི་མེད་ཉེས་དབང་ཚོགས་ཀྱིས་གུས་བཏུད་པའི། །འཕྲོག་བྱེད་མིག་སྟོང་ལྡན་དེའང་སྲིད་པའི་བྲན། །ལུས་སེམས་ཟུག་རྔུའི་བརྡུང་བ་རིང་དུ་སྤངས། །ཏིང་འཛིན་བདེ་བས་བསྐལ་མང་འདའ་བྱེད་པའི། །འཇིག་རྟེན་མེས་པོ་གསེར་གྱི་རྔ་ལྡན་ཡང་། །འཆི་མེད་གོ་འཕང་ལས་རིང་གྱི་ནར་འཁོར། །གང་གིས་རེག་ན་རབ་བརྟན་ལྷུན་པོ་ཡང་། །སྐད་ཅིག་ཙམ་གྱིས་ཐལ་བར་རློག་བྱེད་པའི། །མེ་ལྕེའི་ཕྲེང་བ་ལུས་རབ་འབར་བ་ལ། །དམྱལ་བའི་ཟུག་ངུ་སུ་ཡིས་བརྣག་པར་ནུས། །བལྟས་པ་ཙམ་གྱིས་རླུང་ཆེན་རྒྱུན་སྐེམས་ཤིང་། །ལྗོན་ཤིང་འབྲས་བུ་མེད་པར་བྱེད་པ་ཡི། །ཏ་ལའི་ཡ་ཐོག་སྐམ་ལྟའི་ཡི་དྭགས་གཟུགས། །གང་ཞིག་མཐོང་ན་འཇིགས་རུང་གི་ཡང་གཡའ། །བླང་དོར་རྨོངས་པའི་གཏི་མུག་དམག་རུམ་འཐིབས། །གཅིག་ལ་གཅིག་ཟ་རྡོ་ཡི་མེ་སྟག་དང་། །བཀོལ་བཙོག་ཆར་རྒྱུན་ལུས་ལ་རྟག་འབབ་པའི། །རྣམ་མང་དུད་འགྲོའི་གདུང་བ་སུ་ཡིས་བཟོད། །སྲིད་པའི་ཕུན་ཚོགས་དེ་ལྟར་གནོག་ཆུང་ཤིང་། །རབ་མང་ཉེས་པའི་ཚོགས་དང་ལྡན་རིགས་ནས། །རང་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །མང་ཐོས་བདག་ནི་དབེན་པའི་གནས་སུ་འགྲོ། །ཆར་སྡོད་བྱེ་འུ་འབྲུག་སྒྲ་ཐོས་པ་ལྟར། །དབེན་པའི་གནས་སུ་གཏམ་འདི་ཁོ་བོའི་སྙིང་ལ་བབ། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་གནས་སུ་འགྲོ། །ངང་པའི་ཚོགས་ཀྱིས་པད་མའི་མཚོ་མཐོང་ལྟར། །བས་མཐའི་གནས་ལ་མཁོ་བོ་སེམས་རབ་གཡོ། །དལ་འབྱོར་ལུས་ལ་སྙིང་པོ་བླང་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་གནས་སུ་འགྲོ། །བུང་བ་གཞོན་ནུས་འདབ་རྒྱའི་ཚལ་མཐོང་ལྟར། །ཁོ་བོའི་ཡིད་ནི་དབེན་པའི་རོ་ལ་ཆགས། །ཏིང་འཛིན་བདུད་རྩི་རོ་མྱང་བྱ་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་གནས་སུ་འགྲོ། །དཔྱིད་དུས་བསིལ་བའི་མ་ལ་ཡ་རླུང་ལྟར། །ནགས་ཀྱིས་སྨན་ལྗོངས་ཁོ་བོའི་ཡིད་ལ་འབབ། །ཉོན་མོངས་བདུད་ཀྱི་སྡེ་དེ་གཞོམ་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །ཞེས་གསུངས་སོ། །

མི་འཇིགས་པའི་གདེང་ཐོབ་ཚུལ་ནི། ན་མོ་གུ་རུ། གང་ལ་སྐྱབས་ན་བསླུ་མེད་དཀོན་མཆོག་གསུམ། །འབྲལ་མེད་སྤྱི་གཙུག་རྒྱན་དུ་རྟག་བཞུགས་གསོལ། །སྣང་སྟོང་སྒྱུ་མའི་རྣལ་འབྱོར་རི་ཁྲོད་པ། །སེམས་གནོང་མེད་ཀྱི་གླུ་སྐད་འདི་བཞིན་ལེན། །ཤུལ་ན་འཕྲེངས་པའི་ཟས་ནོར་ལུས་པ་མེད། །གདོང་ན་མཚེར་བའི་ལས་ངན་བསགས་པ་མེད། །ཐེག་ཆེན་བསླབ་པའི་བསམ་སྦྱོར་ཉམས་པ་མེད། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །ཚེ་འདིའི་རྙེད་བཀུར་ཆེ་ཐབས་སྒྲུབ་མ་མྱོང་། །འདོད་ཡོན་སྲེད་པའི་རྗེས་ཕྱིར་འབྲང་མ་མྱོང་། །དོན་མེད་བྱ་བས་ཚེ་འདི་ཡེངས་མ་མྱོང་། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །ཅིར་སྣང་སྒྱུ་མར་རྟོགས་པའི་ཤེས་རབ་ཡོད། །འགྲོ་དྲུག་ཕ་མར་ཤེས་པའི་ལྷག་བསམ་ཡོད། །ཐབས་ཤེས་ཟུང་དུ་འབྲེལ་པའི་ཉམས་ལེན་ཡོད། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །ཐོག་མར་གསུང་རབ་དགོངས་དོན་ཚུལ་ལ་སྦྱངས། །བར་དུ་བློ་གསལ་གདུལ་བྱའི་ཚོགས་ལ་བཤད། །ཐ་མར་འདྲིས་པའི་དོན་ལ་རྩེ་གཅིག་བསྒོམས། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །རྒྱལ་བའི་བསྟན་པ་སྲོག་པས་གཅེས་པར་བཟུང་། །རིགས་དང་མི་རིགས་ཚུལ་བཞིན་རྣམ་པར་ཕྱེས། །འཆད་རྩོད་རྩོམ་པས་དལ་འབྱོར་དོན་ཡོད་བྱས། །ད་སྒྱུ་མའི་ལུས་སེམས་འབྲལ་ཡང་འགྱོད་པ་མེད། །འགྱོད་མེད་གདེང་དྲུག་གི་མགུར་མ་འདི། །གངས་བུ་ལེའི་མགུལ་དུ་བླངས་པ་ཡིན། །མི་ཁོ་བོའི་རྗེས་འཇུག་དད་ལྡན་རྣམས། །མིང་བཞིན་བྱེད་ན་འདི་བཞིན་མཛོད། །ཚོགས་གཉིས་ཟུང་དུ་འཇུག་པས་རྒྱུད་སྦྱངས་ཏེ། །བདེན་ཉིས་ཟུང་དུ་འཇུག་པའི་དོན་རྟོགས་ཤིང་། །རིམ་གཉིས་ཟུང་འཇུག་རྡོ་རྗེའི་ལམ་སྒྲུབ་ནས། །འཇའ་ལུས་རྡོ་རྗེའི་སྐུ་རུ་བདག་གྱུར་ཅིག །ཅེས་གསུངས་སོ། །

ཕུལ་དུ་བྱུང་བའི་མཛད་པ་གཞན་ཡང་མཛད་ཚུལ་ནི། ཁྱོད་ཉིད་གཞན་དོན་གཤེགས་པའི་དུས་མཁྱེན་ཚེ། །གཞན་གྱིས་གསོལ་མང་བཏབ་ཀྱང་འདི་སྐད་དུ། །སངས་རྒྱས་བསྟན་ལ་ཚུལ་བཞིན་བྱ་བྱས་ཟིན། །རིང་མི་གནས་ཀྱང་འདི་མ་གྲུབ་སྙམ་དང་། །གནས་མིན་བྱ་བ་འདི་བྱས་སྙམ་འགྱོད་མེད། །དེ་ཕྱིར་བསྟན་དང་བདག་ལ་གཅེས་འཛིན་རྣམས། །རྒྱལ་བ་སྐྱེད་བྱེད་ཡུམ་ལས་འདི་སྐད་དུ། །ཐབས་ཀྱི་རིང་བསྲེལ་རྣམ་གཉིས་བཞག་པ་ལས། །ཤེས་རབ་ཕ་རོལ་ཕྱིན་འདི་ལེན་ཇི་བཞིན། །ཟུར་གནས་བློ་མིག་དད་ལྡན་རྣམས་ཀྱིས་ཀྱང་། །ཁོ་བོའི་རྣམ་བཤད་བསྟན་དོན་བཞག་འདི་ཡང་། །ལེན་པར་རིགས་མོད་བློ་མིག་ལྡོངས་རྣམས་ཀྱིས། །ཡོད་པའི་ལེགས་བཤད་ཕྲག་དོག་མུན་པས་སྒྲིབ། །མེད་པའི་ཉེས་བཤད་བློ་ངན་མིག་གིས་མཐོང་། །དེ་ཕྱིར་བློ་ངན་ལོག་ལམ་ལ་གོམས་ཤིང་། །བཤེས་གཉེན་ངན་པའི་དུག་ཆུས་བསླད་རྣམས་ཀྱིས། །རློངས་པའི་གོ་ཆ་སྲ་བརྟན་ཆེར་གྱོན་ལ། །ལུང་རིགས་རྣམས་ལྕགས་སྟོང་གིས་མི་ལྡོག་རྣམས། །ཀྱེ་མ་འདི་ལ་བདག་གིས་ཅི་བྱར་ཡོད། །ཅེས་པའི་སྨྲེ་བསྔགས་ཡང་ཡང་ཉིད་གསུང་ཞིང་། །བློ་བཟང་ཀླུ་སྒྲུབ་ལུགས་འདིའང་རྨ་མེད་པ། །སུས་ཀྱང་ཇི་བཞིན་རྟོགས་སྙམ་མི་འཚལ་ལོ། །འདི་ལས་གཞན་དུ་ཐར་ལམ་མེད་པར་ཡང་། །ཉིད་གཞུང་དག་ལས་གསལ་བར་མངོན་པ་ཡིན། །དེ་ཕྱིར་བདག་གིས་འདི་དོན་གསུང་རབ་ལས། །ལེགས་པར་རྩལ་ཞིང་ལེགས་པར་གཅེས་པར་བཟུང་། །ཐར་འདོད་བློ་གྲོས་དམན་པ་དག་ལ་ཡང་། །ཐར་པ་ཕྱོགས་མཐོང་ཙམ་གྱིས་ས་བོན་ནི། །བསྐྲུན་པར་བྱས་འདིའང་བདག་གི་ཁུར་ཁུར་ལེགས། །ཞེས་གསུང་འདུས་པའི་མན་ངག་གསུང་དུས་ཚེ། །ཡང་དག་མཐའ་ལ་ཞུགས་པའི་ཚུལ་ལུགས་ལ། །རྒྱུད་དང་རྒྱ་བོད་ཤིང་རྟ་ཆེ་བཞེད་ཚུལ། །འདི་དོན་འཁྲུལ་མེད་འདི་ལྟར་ཡིན་ཞེས་གསུངས། །མགོན་ཁྱོད་ཐེག་པ་མཆོག་ལ་རབ་བཞུགས་ཚེ། །ཉིན་དང་མཚན་གྱི་ཐུན་སྐབས་མ་ཕྱེ་བར། །འདུས་པ་དགེས་རྡོར་བདེ་མཆོག་ལ་སོགས་ཀྱི། །མཐའ་དྲུག་ཚུལ་བཞིས་རྒྱས་བཏབ་རྡོ་རྗེའི་ཚིག །ཇི་བཞིན་ལེགས་པར་རྟོགས་ནས་རིམ་གཉིས་ཀྱི། །ཏིང་འཛིན་ཟབ་མོའི་བདེ་ལ་རོལ་བས་ན། །རྡོ་རྗེ་འཛིན་པ་ཞེས་པའི་སྒྲ་དེ་ཡང་། །མགོན་པོ་ཁྱོད་ལ་དོན་དང་བཅས་པ་ལགས། །

གཞན་ཡང་། བླ་མ་ཕྱག་ན་རྡོ་རྗེས་དམ་པ་ཉིད་ལ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྐུ་འཁྲུ་གང་པ་གཅིག་བཞེངས་ནས་བཟང་སྤྱོད་སྨོན་ལམ་བཏབ་ན་འདིའི་ཕྱི་མ་ལ་བདེ་བ་ཅན་དུ་འཁྲུངས། དེ་ལྟར་མ་བྱས་ན། རྒྱ་གར་ནུབ་ཕྱོགས་ཁ་ཆེའི་ཡུལ་དུ་པཎྜི་ཏ་གཅིག་ཏུ་འཁྲུངས་ཏེ། པཎ་ཆུང་ལྔ་བརྒྱ་ཙམ་དང་བྱས་བསྟན་པ་ལ་བྱ་བ་བྱས། དེ་ནས་བདེ་བ་ཅན་དུ་འཁྲུངས་ཞེས་ལུང་བསྟན་ལ། འཁོར་རྣམས་ཀྱིས་སྐུ་བཞེངས་པར་ཞུས་པས་ཉིད་ཀྱི་གསུང་ནས། དག་པའི་ཞིང་དོན་དུ་གཉེར་བ་བྱང་ཆུབ་སེམས་དཔའ་བློ་དམན་གྱི་ལུགས་ཡིན། ཁོ་བོ་གཞན་དུ་གྱུར་ན་དམྱལ་བར་སྐྱེ་ཡང་སྐྱོ་བ་མེད། ཅེས་གསུངས། །

ཞི་བར་གཤེགས་པའི་ཚུལ་ནི། གདུལ་བྱའི་དོན་དུ་ཞིང་གཞན་གཤེགས་པའི་ཚེ། །ལྟ་བ་རྣམ་དག་ནམ་མཁའ་དག་པ་དང་། །སྔར་མ་ཚོར་བའི་སྤོས་དང་རོལ་མོའི་སྒྲ། །འཇའ་འོད་སྣ་ཚོགས་ས་གཡོའི་ལྟས་བཟང་དང་། །སྐུ་གསུང་ཐུགས་ཀྱི་རྣམ་འཁྲུལ་བསམ་ཡས་ཀྱིས། །བཀོད་པ་སྤྲོས་ཞིང་གཅིག་བསྡུས་བདག་པོར་གྱུར། །གཤེགས་བྱོན་ཀུན་ལ་དབང་འབྱོར་ལྟ་བུར་བསྟན། །དད་ལྡན་མོས་པའི་རྟེན་བཞག་པའི་ཚུལ་ནི། ཉིད་ཀྱིས་གདུང་ལ་འདུས་པའི་ལྷ་སྐུ་དང་། །ཆོས་སྐུ་མངོན་མཛད་རིང་བསྲེལ་བསམ་མི་ཁྱབ། །ཚུལ་ཁྲིམས་རྣམ་དག་བདུང་ལོག་ལ་སོགས་པ། །དད་ལྡན་རྟེན་དུ་བཞག་སྟེ་སྨིན་གྲོལ་མཛད། །དེ་ལྟར་མཛད་པའི་ཚུལ་ལ་དགོས་པ་དག །མཁས་ལ་ཅི་སྐྱེ་བླུན་པོ་གང་རྟོགས་པ། །བཞིན་དུ་ཉི་ཟླ་ས་ལ་ལྟུང་ཀྱང་སྲིད། །བདེ་གཤེགས་བཀའ་ནི་གཞན་དུ་མི་འགྱུར་ཏེ། །ཇི་ལྟར་ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །བྱང་ཆུབ་ཚུལ་ལ་ས་ཡི་ལྷ་མོ་ཡིས། །དཔང་པོ་ཇི་བཞིན་མཛད་ཚུལ་འདི་ལ་ཡང་། །གཡོ་མེད་བདེན་སྨྲ་ཁྱོད་ཀྱི་གསུངས་འདི་དང་། །རྒྱལ་བ་སྲས་དང་བཅས་རྣམས་དཔང་པོ་ལགས། །མགོན་པོ་ཁྱོད་ཀྱི་རྨད་བྱུང་མཛད་པ་རྣམས། །བདེན་པ་རབ་སྟོན་ཉིད་ཀྱི་གསུང་རབ་ལ། །མཐའ་གཉིས་སྤངས་ཏེ་ཇི་ལྟར་གནས་པའི་དོན། །ཕྱོགས་མཚོན་ཙམ་ཞིག་རེད་ནས་བཀོད་པ་ལ། །ཉེས་པ་མཆིས་ན་དམ་པས་བཟོད་མཛད་ཅིང་། །དགེ་བས་འགྲོ་ཀུན་བླ་མས་རྗེ་འཛིན་ཤོག །

ཅེས་པ་འདི་ཡང་། བླ་མ་འདི་ཉིད་ལ་དད་པ་ཅུང་ཟད་ཐོབ་པ་རཏྣ་སཾ་བྷ་ཝ་ཞེས་བྱ་བས་དེ་ཉིད་ཀྱི་གསུང་རབ་ཐོར་བུ་བ་རྣམས་ལེགས་པར་བལྟས་པ་དང་རྩོམ་པར་འདོད་པའི་བློ་སྐྱེས་ཏེ་ཅུང་ཟད་བསྟོད་པ་སྟག་ལོའི་གདན་ས་དཔེ་དམར་དུ་སྦྱར་བའོ།། །།དགེའོ།། །།

དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་།

དཔལ་ལྡན་རེད་མདའ་བ་ཆེན་པོའི་རྣམ་ཐར་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། །

གུ་རུ་ཀུ་མ་ར་མ་ཏི་ལ་ན་མོ། བདེན་གཉིས་གནས་ལུགས་དོན་རྟོགས་མཁྱེན་པ་རྒྱས། །བྱང་ཆུབ་ཐུག་གཉིས་འབྱོངས་པའི་ཐུགས་རྗེ་ཅན། །མཁྱེན་རབ་ཐུགས་རྗེ་འགྲན་ཟླ་མ་མཆིས་པའི། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །འོད་སྲུངས་ཉེ་བར་འཁོར་དང་ཀུན་དགའ་བོས། །དགྲ་བཅོམ་ལྔ་བརྒྱའི་བླ་གོས་ཁྲི་སྟེང་ནས། །ཉམ་ཐག་དབྱངས་ཀྱིས་འདི་སྐད་བདག་ཐོས་ཞེས། །སྟོན་པའི་མཛད་ཚུལ་གུས་པས་བརྗོད་པ་བཞིན། །བཀའ་དྲིན་འཁོར་མེད་ཆོས་རྗེ་རིན་པོ་ཆེ། །མཐོང་བའི་སྐབས་མེད་དྲན་པའི་ཡུལ་དུ་གྱུར། །ཉིན་མཚན་བསམས་ཀྱང་ཡོན་ཏན་མཐའ་མ་རྟོགས། །ཆ་ཡི་ཆ་ཙམ་གུས་པས་བརྗོད་བགྱིས་ན། །ཐུབ་བསྟན་ནུབ་ཁར་དར་ཞེས་གསུང་པའི་དོན། །བསྟན་པའི་འཇུག་འདིར་སྐྱེས་ཆེན་ཁྱོད་བྱོན་ནས། །ལྟ་སྤྱོད་ཉམས་ལེན་རྣམ་དག་སྤེལ་ལ་དགོངས། །རྒྱལ་བས་ལུང་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །བསམས་བཞིན་སྲིད་བཞེས་ཆོས་ལྡན་རིགས་སུ་འཁྲུངས། །བསྟན་པའི་སྒོར་ཞུགས་ཡོངས་འཛིན་མཁས་མང་བསྟེན། །སྡོམ་པ་གསུམ་བླངས་སྲོག་པས་གཅེས་པར་བཟུང་། །ཐུབ་པའི་རིང་ལུགས་ཁྱོད་ལ་ཕྱག་འཚལ་ལོ། །མདོ་རྒྱུད་བསྟན་བཅོས་ཀུན་ལ་ལེགས་སྦྱངས་ནས། །རྟག་ཆད་མཐར་ལྟའི་གྲུབ་མཐའ་མ་ལུས་པ། །རྣམ་དག་ལུང་དང་དངོས་སྟོབས་རིགས་པས་བཤིག །ལོག་སྨྲ་ཚར་གཅོད་ཁྱོད་ལ་ཕྱག་འཚལ་ལོ། །ལུང་རྟོགས་ཡོན་ཏན་ཐབས་མཁས་ཐུགས་རྗེ་ཡིས། །གདུལ་བྱའི་ཁམས་དང་བསམ་པ་བག་ལ་ཉལ། །ཇི་བཞིན་མཁྱེན་པ་ཆོས་ཀྱི་འཁོར་ལོ་བསྐོར། །སྐལ་ལྡན་རྗེས་འཛིན་ཁྱོད་ལ་ཕྱག་འཚལ་ལོ། །བདག་མེད་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མ་ལྟ་བུར་གཟིགས། །དོན་དམ་ཆོས་དབྱིངས་ནམ་མཁའ་ལྟ་བུར་རྟོགས། །ལྟ་བ་རྣམ་དག་ཁྱོད་ལ་ཕྱག་འཚལ་ལོ། །བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །སྡོམ་པ་ཀུན་ལྡན་ཉེས་ལྟུང་དྲི་མ་བྲལ། །སྒོ་གསུམ་མ་བཅོས་ལྷུགས་པའི་ངང་ལ་བཞུགས། །སྤྱོད་པ་རྣམ་དག་ཁྱོད་ལ་ཕྱག་འཚལ་ལོ། །ཚེ་འདི་བློས་བཏང་སྒྲུབ་པ་སྙིང་པོར་མཛད། །བདེན་བཞི་རྟེན་འབྲེལ་ཕྱིན་དྲུག་རིམ་གཉིས་སྒོམ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས། །ཉམས་ལེན་རྣམ་དག་ཁྱོད་ལ་ཕྱག་འཚལ་ལོ། །ཐུགས་དམ་ཟབ་མོ་གནད་དུ་བསྣུན་པའི་རྟགས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །རྒྱུན་དུ་གཟིགས་ཀྱང་རང་རྒྱལ་བརྟུལ་ཤུགས་བརྟེན། །ངོ་མཚར་རྨད་བྱུང་ཁྱོད་ལ་ཕྱག་ཚལ་ལོ། །གངས་རིའི་ཁྲོད་ཀྱི་ཆེ་བཙུན་འབྱོར་ལྡན་གྱིས། །གུས་པས་སྤྱན་དྲངས་རྙེད་དང་བཀུར་སྟིས་མཆོད། །དབང་བསྐུར་སེམས་བསྐྱེད་གདམ་པ་མང་དུ་ཞུས། །ཀུན་གྱིས་མཆོད་པ་ཁྱོད་ལ་ཕྱག་འཚལ་ལོ། །

འབྲུག་གི་ལོ་ལ་མྱ་ངན་འདས་དགོངས་ནས། །གོ་རྟོགས་ཉམས་སུ་མྱོང་བའི་ཟབ་དོན་རྣམས། །སྟོན་པས་བསྟན་པ་གཏོད་པ་ཇི་བཞིན་དུ། །ཆོས་འཁོར་ནན་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །འཁོར་འདས་ཆོས་ཀུན་སྐྱེ་བ་མེད་བསྟན་ནས། །དེ་ཉིད་ངང་ལ་མྱ་ངན་འདའ་བཞེད་ནའང་། །གུས་པས་གསོལ་བཏབ་ངོ་རུ་ཞག་བདུན་བར། །སྐུ་ཚེ་བྱིན་རླབས་ཁྱོད་ལ་ཕྱག་འཚལ་ལོ། །འཆི་བ་འོད་གསལ་ལུས་ལ་བརྟེན་མི་སྲིད། །ལུས་སེམས་བྲལ་ནས་རྣམ་ཤེས་སྟོང་པར་བཞུགས། །དབྱིངས་རིག་དབྱེར་མེད་འོད་གསལ་ཡིན་ནོ་ཞེས། །ཡང་ཡང་གསུང་བ་ཁྱོད་ལ་ཕྱག་འཚལ་ལོ། །སྔར་བསྒོམས་འཕོ་བའི་མན་ངག་གསལ་བཏབ་ནས། །རྟགས་རྣམས་མ་རྗེད་དགའ་སྤྲོས་འོད་གསལ་འཇུག །འགོགས་ལས་ལྡང་ཞིང་སྔོན་གྱི་འཕེན་པས་འཕོ། །གསུང་བཞིན་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །སྐུ་ཚེ་འདི་ཡི་དངོས་ཀྱི་གདུལ་བྱ་ལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཟིན་ནས། །འཆི་བ་འོད་གསལ་སྐབས་སུ་གཞན་དོན་གཤེགས། །སྐྱེ་འཆི་དབང་ཐོབ་ཁྱོད་ལ་ཕྱག་འཚལ་ལོ། །སྒྱུ་ལུས་ཀུན་རྫོབ་བདེན་པ་རྣམ་པར་དག །འོད་གསལ་དོན་དམ་བདེན་པ་མངོན་དུ་གྱུར། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕངས་བརྙེས། །འཕྲིན་ལས་ལྷུན་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །ཞིང་གཞན་གཤེགས་ཚེ་ས་ཆེན་རབ་ཏུ་གཡོས། །དཔའ་བོ་མཁའ་འགྲོ་ལྷ་རྣམས་འདུས་གྱུར་ནས། །ཕྱི་དང་ནང་དང་གསང་བ་དེ་ཁོ་ནས། །མཆོད་ནས་སྤྱན་དྲངས་ཁྱོད་ལ་ཕྱག་འཚལ་ལོ། །

ཡེ་ཤེས་མེ་ཡིས་ཁྱོད་སྐུ་བཞུ་བའི་ཚེ། །མཁའ་ལ་སྤྲིན་མེད་བར་སྣང་རླུང་ཡང་ཞི། །ས་ལ་དྲོད་རྒྱས་དབྱར་བཞིན་བྱིན་གྱིས་བརླབས། །རྟེན་འབྲེལ་དབང་ཐོབ་ཁྱོད་ལ་ཕྱག་འཚལ་ལོ། །སྟོན་པའི་སྐུ་གདུང་ཆ་བརྒྱད་བགོས་པ་བཞིན། །ཁྱོད་གདུང་དད་ལྡན་ལྷ་མི་གྲངས་མེད་ཀྱིས། །ཕྱོགས་བཅུར་སྤྱན་དྲངས་མཆོད་པའི་རྟེན་དུ་གྱུར། །སྐུ་གདུང་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །མཐོང་ཐོས་དྲན་རེག་གཏམ་དུ་བརྗོད་རྣམས་ཀྱིས། །འདི་ཕྱི་བར་དོའི་མགོན་སྐྱབས་དཔུང་གཉེན་མཛད། །བསླུ་མེད་སྐྱབས་གནས་དཔལ་ལྡན་རེད་མདའ་བ། །འདྲེན་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །ཀྱེ་མ་ཀྱེ་ཧུད་བསྟན་པའི་སྲོག་ཤིང་ཆག །བསྟན་འཛིན་དགེ་འདུན་ཕྱོགས་བཅུར་མཐོར་ལགས་སོ། །ཀྱེ་མ་ཀྱེ་ཧུད་ཐར་པའི་རྒྱལ་མཚན་འགྱེལ། །ཐར་འདོད་རྣམས་ཀྱི་ཐར་ལམ་སྟོར་ལགས་སོ། །ཀྱེ་མ་ཀྱེ་ཧུད་ལེགས་བཤད་དགའ་སྟོན་ཉམས། །བློ་གསལ་རྣམས་ཀྱི་རེ་ཐག་བཅད་ལགས་སོ། །ཀྱེ་མ་ཀྱེ་ཧུད་ལྟ་བའི་ཉི་མ་ནུབ། །ཀླུ་སྒྲུབ་ཡབ་སྲས་ལུགས་བཟང་སུ་ཡིས་སྟོན། །ཀྱེ་མ་ཀྱེ་ཧུད་དམ་ཆོས་རྒྱ་མཚོ་སྐམ། །ཐོག་མེད་སྐུ་མཆེད་བཤད་སྲོལ་སུ་ཡིས་སྐྱོང་། །ཀྱེ་མ་ཀྱེ་ཧུད་ལུང་རིགས་མཆེ་སྡེར་མཐོར། །ཕྱོགས་གླང་ཆོས་གྲགས་རིགས་ཚུལ་སུ་ཡིས་སྤེལ། །ཀྱེ་མ་ཀྱེ་ཧུད་ཚུལ་ཁྲིམས་བུམ་པ་བཞིག །ཡོན་ཤཱག་རྣམ་གཉིས་སྡོམ་རྒྱུད་སུ་ཡིས་འཛིན། །ཀྱེ་མ་ཀྱེ་ཧུད་སྤངས་རྟོགས་གོ་རིམ་འཆོལ། །འཕགས་སེང་གཉིས་ཀྱི་ལུང་རིགས་སུ་ཡིས་བསྒྲོག །ཀྱེ་མ་ཀྱེ་ཧུད་ཉམས་རྟོགས་བྱིན་རླབས་ཡལ། །ཏེ་ལོ་ནཱ་རོའི་མན་ངག་སུ་ལ་ཞུ། །ཀྱེ་མ་ཀྱེ་ཧུད་ཕན་བདེ་པད་ཚལ་ཟུང་། །བཤད་སྒྲུབ་བསྟན་པ་ཅིག་ཆར་ནུབ་ལགས་སོ། །ཀྱེ་མ་ཀྱེ་ཧུད་ཉམ་ཐག་ཡིད་རེ་མུག །ཁྱེད་སྐུ་མིག་གིས་མཐོང་བའི་སྐལ་བས་དབེན། །ཁྱོད་གསུང་རྣ་བས་ཐོས་པའི་བསོད་ནམས་མེད། །ཁྱོད་ཐུགས་གང་ན་བཞུགས་ཀྱང་བྱིན་གྱིས་བརློབ། །དགེ་ལེགས་ཡོན་ཏན་ཆུ་གཏེར་ཆེན་པོ་ལས། །ཆུ་ཐིགས་གཅིག་ཙམ་བླངས་ལ་ཉེས་པའི་ཚོགས། །ཇི་སྙེད་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས། །ཞབས་འབྲིང་གཉུག་མའི་ཚོགས་ལ་བཟོད་པར་གསོལ། །བླ་མའི་རྣམ་ཐར་ངོ་མཚར་སྨད་བྱུང་འདི། །བཤེས་གཉེན་བསོད་ནམས་གྲགས་དོན་བཀས་བསྐུལ་ནས། །གྲངས་མེད་གདུལ་བྱའི་ཐ་ཤལ་མངའ་རིས་པ། །མི་ཕྱེད་དད་ཐོབ་སངས་རྒྱས་རྩེ་མོས་སྦྱར། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་སྡོམ་བྱས་ནས། །བླ་མ་མཆོག་ལ་གུས་པས་ཕུལ་བ་ཡིས། །བླ་མ་དམ་པའི་ཐུགས་དགོངས་ཡོངས་རྫོགས་ནས། །དཔལ་ལྡན་བླ་མའི་རྣམ་ཐར་འཁྱོང་པ་ཡི། །སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་བརླབ་ཏུ་གསོལ། །བདེན་གཉིས་གནས་ལུགས་དོན་རྟོག་མཁྱེན་པ་རྒྱས། །བྱང་ཆུབ་ཐུགས་གཉིས་འབྱོང་བའི་ཐུགས་རྗེ་ཅན། །མཁྱེན་རབ་ཐུགས་རྗེ་འགྲན་ཟླ་མ་མཆིས་པའི། །དཔལ་ལྡན་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །

ཅེས་པ་འདི་མི་འཕྲོག་པའི་མཁྱེན་རབ་དང་ཐུགས་རྗེ་དཔག་ཏུ་མེད་པ་མངའ་བའི་བདག་ཉིད་མཁས་པའི་དབང་པོ་དཔལ་ལྡན་རེད་མདའ་བ་ཞེས་མཚན་ཡོངས་སུ་གྲགས་པ་དེ་ཉིད་ཀྱིས་ཀུན་རྫོབ་ཀྱི་བདེན་པ་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད། སྤྱི་མཚན་རང་གི་ངོ་བོས་སྟོང་པར་ཐུགས་སུ་ཆུད་ཅིང་། རང་མཚན་ལག་མཐིལ་གྱི་སྐྱུ་རུ་ར་ལྟར་གཟིགས་པ་ཇི་སྙེད་པ་མཁྱེན་པ་དང་། དོན་དམ་བདེན་པ་འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཐུགས་སུ་ཆུད་པ་ཇི་ལྟ་བ་བཞིན་མཁྱེན་པའི་ཡེ་ཤེས་མངའ་བས་ན་མཁྱེན་པའི་ཡེ་ཤེས་རྒྱས་པའོ། །འགྲོ་བ་མཐའ་དག་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་གྲོལ་བར་འདོད་པའི་ལྷག་བསམ་རྣམ་པར་དག་པའི་གོ་བགོས་ཤིང་སྒྲོལ་བར་བྱེད་པའི་སྦྱོར་བ་ཕུན་སུམ་ཚོགས་པའི་བརྩོན་འགྲུས་དང་ལྡན་པས། སྨོན་པ་དང་འཇུག་པའི་བྱང་ཆུབ་ཀྱི་ཐུགས་གཉིས་འབྱོངས་པས་ན་ཐུགས་རྗེ་ཆེན་པོ་དང་ལྡན་པའོ། །དེ་ལྟ་བུའི་མཁྱེན་རབ་དང་ཐུགས་རྗེ་མཉམ་པའི་ལྷག་པ་གངས་ཅན་གྱི་ཁྲོད་ན་མེད་པས་འགྲན་ཟླ་དང་བྲལ་བའོ། །

བདག་ཉིད་ཆེན་པོའི་ཞལ་མངའ་ནས། སྲིད་ཞི་འབྱོངས་པར་ལྟ་བའི་ཤེས་རབ་དང་། །མཁའ་མཉམ་འགྲོ་ལ་དམིགས་པའི་སྙིང་རྗེ་གཉིས། །རེས་འགའ་རེས་འཇོག་རེས་འགའ་ཟུང་འབྲེལ་བསྒོམ། །ཞེས་གསུང་བསྟོད་པར། ཆོས་རྗེ་བློ་བཟང་གྲགས་པས་མཁྱེན་རབས་གཞན་དང་སྐལ་པ་མི་མཉམ་ཞིང་། །མཁན་ཆེན་ཆོས་རྒྱལ་བས་༈སྙིང་པོ་ཆེན་པོའི་བདེ་དྲོད་རབ་འབར་ན། །ཞེས་སོ། །ཚོགས་གཉིས་ཀྱི་དཔལ་དང་ལྡན་ཞིང་། དབང་རྒྱུད་མན་ངག་ཕྱིན་ཅི་མ་ལོག་པ་ཐོབ་ཅིང་། ཐུགས་སུ་ཆུད་ནས་སྟོན་པ་བླ་མའི་སྐུའི་ཆ་ཐམས་ཅད་ཀྱི་པདྨོ་ལ་རང་གི་ཡན་ལག་ཀུན་གྱི་མཆོག་སྤྱི་བོས་འདུད་པས་ལུས་དང་། གང་གི་དྲིན་གྱི་བདེ་ཆེན་ཉིད། །ཅེས་སོགས་ཀྱི་བསྟོད་པས་ངག་དང་། དད་ཅིང་གུས་པ་བསྐྱེད་པས་ཡིད་དེ། གུས་པའི་སྒོ་ནས་ཕྱག་འཚལ་ལོ། །འོད་སྲུངས་ཉེ་བར་འཁོར་དང་ཀུན་དགའ་བོས། །དགྲ་བཅོམ་ལྔ་བརྒྱའི་བླ་གོས་ཁྲི་སྟེང་ནས། །ཉམ་ཐག་དབྱངས་ཀྱིས་འདི་སྐད་བདག་ཐོས་ཞེས། །སྟོན་པའི་མཛད་ཚུལ་གུས་པས་བརྗོད་པ་བཞིན། །

ཞེས་པ་ནི། སྟོན་པའི་ཉན་ཐོས་བརྒྱད་ཁྲི་བཞི་སྟོང་གི་ནང་ནས་སྦྱངས་པ་དང་། འདུལ་བ་འཛིན་པ་དང་། མང་དུ་ཐོས་པ་རྣམས་ཀྱི་མཆོག་ཏུ་གྱུར་པ་འོད་སྲུངས་དང་། ཉེ་བར་འཁོར་དང་ཀུན་དགའ་བོས་སྟོན་པ་མྱ་ངན་ལས་འདས་པའི་འོག་ཏུ་བསྟན་པ་དམ་པའི་ཆོས་ཡུན་རིང་དུ་གནས་པར་བྱ་བའི་ཕྱིར། བསྟན་འཛིན་དགྲ་བཅོམ་པ་ལྔ་བརྒྱར་གཅིག་གི་མ་ཚང་པ་བསྡུས་ནས། དེ་དག་གི་བླ་གོས་ཀྱི་ཁྲི་སྟེང་ནས་སྟོན་པའི་ཡོན་ཏན་དྲན་ནས། ཉམ་ཐག་པའི་དབྱངས་ཀྱིས་འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་རྒོད་ཕུང་པོའི་རི་ལ་ཞེས་སོགས་ཀྱི་སྒོ་ནས། སྟོན་པས་དང་པོར་བྱང་ཆུབ་ཀྱི་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མར་མཛད་པ་བཅུ་གཉིས་ཀྱིས་འགྲོ་བའི་དོན་མཛད་པའི་ཚུལ་མངོན་པ། འདུལ་བ། མདོ་སྡེའི་སྡེ་སྣོད་རིན་པོ་ཆེའི་རྣམ་པ་གསུམ་ལེགས་པར་བསྡུས་པ་བཞིན་དུ། བཀའ་དྲིན་འཁོར་མེད་ཆོས་རྗེ་རིན་པོ་ཆེ། །མཐོང་བའི་སྐབས་མེད་དྲན་པའི་ཡུལ་དུ་གྱུར། །ཉིན་མཚན་བསམས་ཀྱང་ཡོན་ཏན་མཐའ་མ་རྟོགས། །འཆི་བ་ཆ་ཙམ་གུས་པས་བརྗོད་བགྱིད་ན། །ཞེས་པ་ནི་བདག་སོགས་གདུལ་བྱ་རྣམས་ལ་ཡང་དག་པའི་ལམ་བསྟན་པའི་བཀའ་དྲིན་འཁོར་བ་མེད་པའི་ཆོས་ཀྱི་རྗེ་དེ་ཉིད་མིག་ཤེས་ཀྱིས་མངོན་སུམ་དུ་མཐོང་བའི་སྐལ་བ་མེད་ཅིང་། ཡིད་ཤེས་ཀྱིས་དྲན་པའི་ཡུལ་འབའ་ཞིག་ཏུ་གྱུར་ཏེ། ཉིན་མཚན་དུ་གུས་པས་བསམས་ཀྱང་ལུང་དང་རྟོགས་པའི་ཡོན་ཏན་གྱི་ཕ་མཐའ་རྟོགས་པར་མི་ནུས་ཏེ། བསྟོད་པར། བཤེས་གཉེན་མཁའ་ལྡིང་དབང་པོ་རྣམས་ཀྱིས་ཀྱང་། །ཁྱོད་ཀྱི་ཡོན་ཏན་མཐའ་མ་མཐོང་བ་ན། །གང་གི་བློ་གྲོས་ཕྱེ་མ་ལེབ་ལྟ་བུས། །དེ་ནི་དཔོག་པར་ནུས་པ་ག་ལ་ཡོད། །ཅེས་སོ། །

དེ་ལྟ་ནའང་རང་གི་སྐལ་བ་དང་འཚམས་པར་མཐོང་ཞིང་ཐོས་པའི་ཡོན་ཏན་ཆའི་ཆ་ཙམ་སྒྲོ་འདོགས་པ་དང་། ལྕམ་བུ་སྤང་ནས་གུས་པས་བརྗོད་པར་བགྱིས་ན་ཐུབ་བསྟན་ནུབ་ཁར་དར་ཞེས་གསུངས་པའི་དོན། བསྟན་པའི་འཇུག་འདིར་སྐྱེས་ཆེན་ཁྱོད་བྱོན་ནས། །ལྟ་སྤྱོད་ཉམས་ལེན་རྣམ་དག་སྤེལ་ལ་དགོངས། །རྒྱལ་བས་ལུང་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་མདོ་ལས། མར་མེ་འཆི་ཁར་གསལ་བ་ལྟར། །ང་ཡི་བསྟན་པ་ནུབ་ཁར་དར། །ཞེས་ལུང་བསྟན་པའི་དགོངས་པ་ཡིན། ཡང་རྙིགས་བསྟན་པའི་འཇུག་འདིར་མཁས་ཤིང་གྲུབ་པ་མཉེས་པའི་སྐྱེས་ཆེན་ཁྱེད་བྱོན་ནས། ལྟ་བ་དང་སྤྱོད་པ་ཉམས་ལེན་རྣམ་པར་དག་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ལ་དགོངས་པ་ཡིན་ཏེ། དེའི་རྒྱུ་མཚན་སྔར་གངས་རིའི་ཁྲོད་འདིར་མཁས་པའི་དབང་པོ་མང་དུ་བྱོན་ན་ཡང་། འགའ་ཞིག་གིས་ལྟ་བའི་ཆ་དེ་ཁོ་ན་གསལ་བར་མཛད། འགའ་ཞིག་གིས་སྤྱོད་པའི་ཕྱོགས་དེ་ཁོ་ན་གསལ་བར་མཛད། འགའ་ཞིག་གིས་ཉམས་ལེན་གྱི་ཆ་ཁོ་ན་གསལ་བར་མཛད་པ་ཙམ་དུ་ཟད། བཤད་སྒྲུབ་གཉིས་ཀའི་སྒོ་ནས་བསྟན་པ་གསལ་བར་མཛད་པ་ཁྱོད་ལས་གཞན་སྔར་མ་བྱུང་བར་མཐོང་ཞིང་ཐོས་པས་ཁུམས། ཕྱིས་ཀྱང་མི་འབྱུང་སྟེ། བདག་ཉིད་ཆེན་པོའི་གསུང་ལས། མང་པོས་བཀུར་བས་ཆེན་པོར་གྲགས་རྣམས་ཀྱང་། །རྙེད་དང་བཀུར་སྟི་གྲགས་པ་ལྷུར་བྱེད་ཀྱི། །སངས་རྒྱས་བསྟན་པ་ཆེད་ཆེར་མི་འཛིན་ན། །འདི་ན་ཐུབ་བསྟན་གཅེས་འཛིན་དམ་པ་སུ། །མཁས་རློམ་ཕལ་ཆེར་སྨྲ་མཁན་ནེ་ཙོ་བཞིན། །ཚིག་གི་རྗེས་འབྲང་གཞུ་ཙམ་ཀློག་པར་ཟད། །རིགས་དང་མི་རིགས་འབྱེད་ལ་ཐོམ་གྱུར་ན། །འདི་ན་རིགས་ལྡན་ལེགས་བཤད་སྨྲ་བ་གང་། །ཉིན་དང་མཚན་དུ་རྣལ་འབྱོར་བསྒོམས་རྣམས་ཀྱང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་སྒོམ་པ་བཞིན། །ཡང་དག་ལྟ་བའི་གནད་ཀྱིས་དབེན་གྱུར་ན། །འདི་ན་ཡང་དག་ལམ་ཞུགས་སྒྲུབ་པོ་མེད། །ལྟོ་ཕྱིར་རབ་བྱུང་གྲལ་ཕྱིར་བསྙེན་རྫོགས་ཀྱང་། །ཚུལ་ལྡན་བསླབ་ལ་གུས་པའི་དགེ་སྦྱོང་ཉུང་། །ཀྱེ་མ་ཀྱེ་ཧུན་ཤཱཀྱའི་བསྟན་པ་ནི། །མིང་ཙམ་ལུས་པར་ཁོ་བོ་གཅིག་པུས་མཐོང་། །

ཞེས་དང་། བློ་བཟང་བསྟོད་པར། ཀླུ་སྒྲུབ་ཐོག་མེད་གཉིས་ནི་བཞེད་པའི་ལུགས། །ཇི་བཞིན་ཐུགས་སུ་ཆུད་ནས་བརྩེ་བ་ཡིས། །སྐྱོན་བྲལ་གསུང་གི་ལེགས་བཤད་ལེགས་འདོམས་པས། །བསྟན་པའི་གནད་ལ་ངེས་པ་སྟེར་བ་འདི། །ཁྱོད་ཀྱི་རྗེས་སུ་བསྟན་ལས་གཞན་སུ་ཞིག །ཅེས་སོ། །བསམས་བཞིན་སྲིད་བཞེས་ཆོས་ལྡན་རིགས་སུ་འཁྲུངས། །བསྟན་པའི་སྒོར་ཞུགས་ཡོངས་འཛིན་མཁས་མང་བསྟེན། །སྡོམ་པ་གསུམ་བླངས་སྲོག་པས་གཅེས་པར་བཟུང་། །ཐུབ་པའི་རིང་ལུགས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་འདི། བདག་ཉིད་ཆེན་པོ་འདི་སྐུ་ཚེ་སྔ་མར་ཁ་ཆེར་པཎྜི་ཏ་དོན་ཡོད་རྡོ་རྗེ་ཞེས་བྱ་བར་སྐུ་འཁྲུངས་ནས། ཆོས་རྗེ་བློ་བཟང་གྲགས་པ་པཎྜི་ཏ་མ་ཏི་བྷ་ཏྲར་གྱུར་པས་གཙོ་མཛད་གདུལ་བྱ་བསམ་གྱིས་མི་ཁྱབ་པ་ལ་ཆོས་སྡེ་སྣོད་གསུམ། རྒྱུད་སྡེ་བཞིའི་སྤྱི་དོན་ཕྱིན་ཅི་མ་ལོག་པར་བསྟན་ནས། བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ཚུལ། གསང་བདག་གིས་ཕྱག་རྡོར་གྲུབ་ཐོབ་ལ་གསུངས་པ་ཡིན། དེ་ནས་བསམས་བཞིན་དུ་གངས་རིའི་ཁྲོ་འདིར་ལྟ་སྤྱོད་ཉམས་ལེན་ཕྱིན་ཅི་ལོག་ཏུ་སྤྱོད་པ་རྣམས་ཚར་བཅད་པའི་ཕྱིར། བོད་ཀྱི་རྡོ་རྗེ་གདན་དཔལ་ལྡན་ས་སྐྱ་དང་ཉེ་བ་ན། རེད་མདའ་ཁབ་སོར་གྲགས་པ་དེར། ཆོས་རྒྱལ་སྲོང་བཙན་སྒོམ་པོའི་ནང་བློན། བློན་པོ་མགར་སྟོངས་བཙན་ཡུལ་སྲུངས་ཀྱི་བརྒྱུད་པ། ཡབ་རེད་མདའི་བློན་ཆེན་བཀྲ་ཤིས་རྒྱལ་མཚན་དང་། ཡུམ་ལྷག་བསམ་རྣམ་པར་དག་པ་བྲམ་ཟེ་མ་གསལ་བའི་ཚུལ་ཁྲིམས་དང་ཚུལ་མཚུངས་པ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་གྱུར་ཏེ། ལྷུམས་སུ་ཞུགས་པའི་ཚེ་ཡུམ་ལ་ཉི་ཟླ་ཤར་བ་དང་སྒྲོན་མེ་སྤར་བ་དང་། གཙུག་ལག་ཁང་བཞེངས་པ་ལ་སོགས་རྨི་ལྟས་བཟང་པོ་མང་པོ་བྱུང་ཞིང་། ལུས་སྡུག་བསྔལ་དང་བྲལ། སེམས་བདེ་བ་དང་ལྡན་པར་གྱུར་ཏོ། །

བཙས་པའི་ཚེ་ན་ཡང་། ཡུམ་སྲས་གཉིས་ཀ་ལ་བཙའ་བའི་སྡུག་བསྔལ་དང་བྲལ་བར་གྱུར་ཏོ། །བསྟོད་པར། ཁྱོད་ནི་ལུམ་བྷའི་ནགས་སུ་རྒྱལ་བ་བཞིན། །དྲི་མེད་ཡུམ་གྱི་ལྷུམས་ནས་བལྟམས་པའི་ཚེ། །བསོད་ནམས་ཕུན་ཚོགས་ཁྱོད་སྐུ་མ་བཟུང་ཕྱིར། །ཚངས་དབང་ཉིད་དུ་གྱུར་རམ་ཡང་ན་ཤི། །ཞེས་སོ། །དེ་ནས་འོ་མ་དང་ཞོ་དང་། མར་གྱི་ཉིང་ཁུ་སོགས་ཀྱིས་བསྐྱེད་བསྲིང་སྟེ་མཚན་ཡང་རྗེ་བཙུན་ཞེས་བྱ་བར་གསོལ་ཏོ། །སྨྲ་ཤེས་དོན་གོ་ཚུན་ཆད་དཀོན་མཆོག་གསུམ་གྱི་སྒྲ་ཐོས་པའམ་རྟེན་མཐོང་བ་ན་དད་ཅིང་གུས་པ་ཆེར་སྐྱེ་བར་བྱུང་། ཡབ་ཡུམ་གཉིས་ཀ་གཞོན་ནུའི་དུས་ནས་འདས་ཤིང་། ཨ་ནེ་མཚན་ལྡན་གྱི་མཁའ་འགྲོ་མ་བཀྲ་ཤིས་འབུམ་ཞེས་བྱ་བས་གཞོན་ནུ་ཉིད་ནས་མཁས་པའི་དབང་པོ་ཆེན་པོར་གྱུར་གྱི་བར་དུ་ཞབས་ཏོག་སྐྱོ་ངལ་མེད་པར་ཕུལ་བས། དྲིན་ཤིན་ཏུ་ཆེ་གསུངས། བདག་ཉིད་ཆེན་པོ་འདི་བྱིས་པའི་དུས་སུ། ཨ་ནེ་ལ། ང་ཡང་ན་ས་སྐྱ་དཔོན་ཆེན་གྱི་ལག་རྟགས་བླངས་ནས་བོད་ཁམས་བདེ་བ་ལ་འགོད། ཡང་ན་བསྟན་པའི་སྒོར་ཞུགས་ནས་བསྟན་པ་ཉི་མོ་ལྟར་གསལ་བར་བྱེད་གསུངས་པས། ཨ་ནེ་ན་རེ། རྗེ་བཙུན་བློ་བོ་ཆེ། ཁྱོད་ཀྱིས་དེ་གཉིས་ག་མི་འགྲུབ་པར་འདུག་གི་ཧམ་པ་མ་ཆེ་ཟེར། དེ་དུས་མཚན་ཡང་རྗེ་བཙུན་བློ་བོ་ཆེ་གྲགས་པ་བྱུང་། དེ་དུས་འཕགས་ཆེན་ཆོས་བཟང་དཔལ་བ་ལ། སྐྱབས་འགྲོ་སེམས་བསྐྱེད། བསྙེན་གནས་ཀྱི་སྡོམ་པ་སོགས་ཐུགས་རྗེ་ཆེན་པོའི་ཆོས་བསྐོར་མང་དུ་ཞུས།

དེ་ནས་བདག་ཉིད་ཆེན་པོའི་ཐུགས་ལ། དལ་འབྱོར་ཐོབ་པ་དོན་དང་ལྡན་པར་བྱ་བའི་ཕྱིར་བསྟན་པའི་སྒོར་འཇུག་དགོངས་ནས། གངས་ཅན་གྱི་ངུར་སྨྲིག་འཛིན་པ་རྣམས་ཀྱི་གཙུག་གི་རྒྱན་དམ་པར་གྱུར་པ། ས་བཟངས་པཎ་ཆེན་པའི་དྲུང་དུ། དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་དགུང་ལོ་བཅོ་བརྒྱད་པ་ལ་ནོས། མཚན་ཡང་གཞོན་ནུ་བློ་གྲོས་ཞེས་གསོལ། དེ་ནས་ཤེས་བྱའི་གནས་ཐམས་ཅད་ལ་འཇུག་པར་བྱེད་པའི་སྒོ། བཀའ་སྤྱིའི་དགོངས་འགྲེལ། རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་ལ་གཟིགས་པར་དགོངས་ནས། མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་དང་། ལུང་རིགས་སྨྲ་བའི་དབང་པོ་མཁན་ཆེན་སངས་རྒྱས་འཕེལ་གཉིས་ཀྱི་ཞབས་ལ་བཏུག་སྟེ། བློ་གྲོས་སྦྱངས་པས། རྣམ་འགྲེལ་ལ་གོ་བ་ཐོ་རེ་བ་ཆགས་ནས། གྲྭ་བསྐོར་མཛད་པས། ཐུགས་རབ་ཆེ་བའི་གྲགས་པ་ཐོབ། དེ་དུས་རྒྱལ་བའི་སྲས་པོ་ཐོག་མེད་བཟང་པོ་དཔལ་བའི་མཚན་ཐོས་པ་ཙམ་གྱིས་བ་སྤུ་གཡོ་ཞིང་། མིག་ནས་མཆི་མ་འཛག་པ་སོགས་བྱུང་སྟེ། དངུལ་ཆུའི་ཆོས་རྫོང་དུ་བྱོན་ཏེ། སེམས་དཔའ་ཆེན་པོའི་དྲུང་དུ་སྨོན་འཇུག་སེམས་བསྐྱེད་བླངས། ཐེག་པ་ཆེན་པོ་བློ་སྦྱོང་ལ་སོགས་པའི་ཆོས་བསྐོར་མང་དུ་ཞུས།

དེ་ནས་གདན་སར་བྱོན་ནས། ཆོས་ཁྲི་ཐང་དུ་ལན་འདེབས་གཅིག་མཛད་པས། གཞུང་ལ་སྦྱོར་བ་བདེ་སང་བ་གཅིག་མ་འཁོད་པ། གྲྭ་བསྐོར་བས་མ་ཤེས་ནའང་། ཁོང་པ་རང་ལ་རང་གིས་ཐུགས་ཤིན་ཏུ་ཁྲེལ་བ་གཅིག་བྱུང་ནས། རྣམ་འགྲེལ་གྱི་གཞུང་ཁོ་རང་ཅི་ཟེར་ཤེས་པ་གཅིག་མ་བྱུང་ན། སློབ་དཔོན་གྱི་ངག་རྒྱུན་གྱིས་བསླུ་བར་འདུག་དགོངས་ནས། ས་སྐྱར་དཔེ་མཚམས་བཅད། གཞུང་ལ་བརྒྱ་ཆེར་བཅུག །སྡེ་བདུན་མདོ་འགྲེལ་པ་འགྲེལ་བཤད་དང་བཅས་པ་གཟིགས། མཁྱེན་རབ་དབང་ཕྱུག་ས་སྐྱ་པཎྜི་ཏ་དང་། འུ་ཡུག་པ་རིགས་པའི་སེང་གེའི་ལེགས་བཤད་རྣམས་ལའང་གཟིགས། སློབ་དཔོན་ཆེ་ཆུང་གཉིས་ལ་ཆོས་མང་དུ་གསན་པས། སྡེ་བདུན་དགོངས་འགྲེལ་དང་བཅས་པའི་དོན་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་ནས། མཁས་པའི་གྲགས་པས་ས་སྟེང་ཁྱབ་པར་གྱུར་ཏེ། རྣམ་འགྲེལ་ལ་འགྲེལ་པ་ཆེ་ཆུང་གཉིས་སྤྱི་དོན་དང་བཅས་པ་མཛད་ནས། གང་གི་ལེགས་བཤད་ཚ་ཟེར་ཕྲ་མོས་ཀྱང་། །མཁས་རློམ་མེ་ཁྱེར་བྱེ་བའི་གཟི་འཕྲོགས་ཅིང་། །རིགས་ཚུལ་འབུམ་ཕྲག་སྟོང་གི་ཟེར་འཕྲོ་བའི། །བློ་གྲོས་འདི་ནི་སྔོན་མེད་ཉི་མ་ཡིན། །ཀུན་གཞིའི་མངལ་ནས་ཐོན་པའི་ས་བོན་རྣམས། །ཤེས་རབ་ཡུམ་གྱི་ལེགས་བསྐྲུན་བརྩོན་འགྲུས་ཀྱི། །མ་མས་རྒྱུན་དུ་བསྐྱངས་པས་གངས་ཅན་འདི། །དཔལ་ལྡན་གྲགས་པའི་གདུང་འཚོབ་ཁོ་བོ་འཁྲུངས། །དེ་ལྟ་ན་ཡང་གངས་རིའི་ཁྲོད་འདི་རུ། །མཁས་རྨོངས་འབྱེད་པའི་ཚུལ་ལ་མི་མཁས་པའི། །ཉ་བའི་ལག་ཏུ་རིན་ཆེན་འགྲིམ་པ་ལྟར། །བློ་ངན་འཚོང་བུའི་ཚོགས་དང་མཉམ་དུ་སྤེལ། །བསྒྲུབས་དང་སུན་འབྱིན་རིགས་པའི་མཆེ་སྡེར་གྱིས། །ཕས་རྒོལ་གླང་པོའི་ཀླད་པ་འགེམས་ནུས་ཀྱང་། །ལེགས་ཉེས་འབྱེད་པའི་གཟུ་བོས་དབེན་པས་ན། །སྨྲ་ངན་ཝ་སྐྱེས་ཚོགས་ཀྱང་རྟག་ཏུ་རྒོལ། །ཅེས་གསུངས་ཤིང་བསྟོད་པར། རིགས་ཚུལ་བརྒྱ་ཕྲག་དུ་མའི་རོ་ལྡན་པའི། །བློ་ཆེན་ལྡན་རྣམས་དགའ་བ་བསྐྱེད་བྱེད་པ། །རྣམ་འགྲེལ་མཛད་པའི་ཐུན་མོང་མིན་པའི་ལུགས། །ཡོངས་སུ་རྫོགས་པར་སྨྲ་བ་ཁྱོད་དུ་བས། །ཞེས་དང་། །སྡེ་བདུན་རལ་པ་འཐུག་པོས་གཉའ་ཁེབས་ཅིང་། །མདོ་ཡི་སྟོབས་རྒྱས་འགྲེལ་བཤད་སོ་སོའི་ཁྱོགས། །ཉིད་ཀྱི་ཤེས་རབ་ངན་པའི་གླང་འཕེན་པ། །ཚད་མ་རི་བོའི་སུལ་ན་རྒྱུ་བ་ལགས། །ཞེས་སོ། །

དེ་ནས་བདག་ཉིད་ཆེན་པོ་དེས། མངོན་པར་རྟོག་པའི་རིམ་པ་གཙོ་བོར་སྟོན་པ། ས་བཅུའི་དབང་ཕྱུག་རྒྱལ་ཚབ་བྱམས་པ་མགོན་པོའི་གསུང་མངོན་པར་རྟོག་པའི་རྒྱན་འགྲེལ་པ་དང་བཅས་པ་ལ་གཟིགས་པར་དགོངས་ནས། ཕར་ཕྱིན་གྱི་གཞུང་སྤར་མ་གཅིག་དབུ་སྔས་སུ་བཅུག་སྟེ་གཟིམ་པའི་མཚན་ལམ་དུ་རྒྱ་གར་སྐད་ནས་རྫོགས་སོའོ་བར་གཞུང་མ་ལུས་པ་འབུར་དུ་དོད་པ་ཕྱག་གིས་གཟུང་ཉན་པ་བྱུང་། རེ་རེ་ནས་བླངས་ནས་ཞལ་དུ་གསོལ་བས། རོ་མཆོག་དང་ལྡན་པ་འབྱུང་ཞིང་། མནལ་སད་པ་དང་ཤིན་ཏུ་དགྱེས་པར་གྱུར་ནས། དེ་རིང་ཇི་ཙམ་ཟིན་ལྟ་དགོངས་ནས་བཟུང་བས། བམ་པོ་ཆེ་བ་འཕྱི་ལ་ཟིན་པ་བྱུང་གསུངས། གཞུང་ཐུགས་སུ་ཆུད་པ་དང་། ལུང་ཆོས་ཀྱི་གོ་བ་ཆ་པེ་ཆགས་པ་བྱུང་ན་ཡང་། ཤིན་ཏུ་མཁས་པ་གཅིག་བྱེད་དགོངས་ནས་སྐྱེ་དགུའི་གཙུག་རྒྱན་ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ལ་སོགས་པ་ཡོངས་འཛིན་དམ་པ་རྣམས་ལས་གསན་ཅིང་། ཁྱད་པར་དུ་ཉི་ཁྲི་སྣང་བ་དང་བརྒྱད་སྟོང་འགྲེལ་ཆེན་ལ་སོགས་པ་རྒྱ་འགྲེལ་རྣམས་དང་། འགྲེ་ཨར་གྱི་འགྲེལ་བཤད་ལ་སོགས་བོད་འགྲེལ་རྣམས་ལ་གཟིགས་པས། འཕགས་སེང་གཉིས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ནས་ཕར་ཕྱིན་གྱི་ཊཱིཀྐ་སྦྱོར་ཊཱིཀ་དོན་བདུན་ཅུ་རྣམས་མཛད་དེ། ཚིག་གི་རྗེས་འབྲང་བྱིས་པའི་བློ་ཅན་རྣམས། །སྔོན་རབས་བཤད་སྲོལ་བཟླས་པས་མགུ་ན་ཡང་། །འབྲས་མེད་སྤུན་པ་འཕྱར་བ་ངལ་མཐོང་ནས། །གཞན་ཟེར་རྣམ་གྲངས་ཟློས་པ་ཁོ་བོས་སྤངས། །སྤྱི་དོན་གཞུང་བརྒྱའི་ཚུལ་དང་མི་འགལ་ཞིང་། །ཚིག་དོན་དངོས་སྟོབས་རིག་པས་བསྒྲུབ་པ་ལ། །མཁས་རློམ་མངོན་པའི་ང་རྒྱལ་ཅན་རྣམས་ཀྱིས། །ཡུན་རིང་བརྟགས་ཀྱང་ཀུན་དགའི་སྐབས་མེད་དོ། །ཞེས་གསུངས། གོན་བྱོ་ཉི་མས་བསྟོད་པར། འཕགས་པའི་བཞེད་གཞུང་མ་ལུས་གཞན་དག་ཀྱང་། །ལན་རེ་ཙམ་གྱིས་མ་ལུས་མཐར་ཕྱིན་ཕྱིར། །རང་དང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ཡི། །ཕ་རོལ་སོན་པའི་གོ་འཕངས་མཉེས་པ་ཡིན། །ཞེས་སོ། །

དེ་ནས་བདག་ཉིད་ཆེན་པོ་དེ་ཆོས་ཐམས་ཅད་ཀྱི་མ་མོ་མངོན་པའི་སྡེ་སྣོད་ལ་གཟིགས་པར་དགོངས་ནས། གནས་ལྔ་རིགས་པའི་པཎྜི་ཏ་ཆེན་པོ་བྱང་ཆུབ་རྩེ་མོའི་ཞབས་ལ་བཏུག་སྟེ། མངོན་པ་གོང་འོག་ཚར་མང་དུ་གསན་ཅིང་། རྒྱས་པའི་བསྟན་བཅོས་ས་སྡེ་ལྔ། བསྡུས་པའི་བསྟན་བཅོས་སྡོམ་རྣམ་གཉིས། པྲ་ཀ་ར་སྡེ་བརྒྱད་འགྲེལ་པ་འགྲེལ་བཤད་དང་བཅས་པ་ལ་གཟིགས་ཤིང་། མཁས་པའི་དབང་པོ་དཔང་ལོ་ཙཱ་བ་བློ་གྲོས་བསྟན་པའི་འགྲེལ་བཤད་ལ་གཟིགས་པས། ཐོགས་མེད་སྐུ་མཆེད་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་ནས། མངོན་པ་གོང་འོག་གི་ཊཱིཀྐ་བསྡུས་དོན་དང་བཅས་པ་མཛད་དེ། མཁའ་འགྲོའི་དབང་པོ་མཁའ་ལ་སྤྱོད་པའི་མཚན་མ་རྗེས་སུ་མཐོང་གྱུར་ནས། །འདབ་མ་ཤིན་ཏུ་རྒྱས་པ་མིན་པའང་དེ་ཡི་རྗེས་སུ་སློབ་པ་ལྟར། །བློ་གྲོས་སྟོབས་ལྡན་སྔོན་རབ་མཁས་པའི་རྗེས་སུ་འབྲང་ནས་བཤད་པ་ལ། །ཕྲ་དོག་སྒོ་ནས་སྨོད་པར་བྱེད་ཀྱང་འདི་ལ་ཉེས་པ་ཅུང་ཟད་མེད། །ཅེས་གསུངས། བློ་བསྟོད་པར། སྟོབས་བཅུ་མངའ་བ་ཐུབ་པའི་རིང་ལུགས་ལ། །རྣམ་རིག་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་རྒྱན། །གང་ཕྱིར་བདེ་བར་གཤེགས་པའི་གདུང་འཚོབ་པ། །ཐོགས་མེད་སྐུ་མཆེད་གཉིས་ཀྱི་བཞེད་པའི་ལུགས། །ཇི་བཞིན་ཐུགས་སུ་ཆུད་པའང་ཁྱོད་དུ་བས། །ཞེས་སོ། །

དེ་ནས་བདག་ཉིད་ཆེན་པོ་དེས། བསྟན་པའི་བྱ་བ་ཡོངས་སུ་རྫོགས་པ་དགེ་སློང་གི་སྡོམ་པ་ནོད་ནས། འདུལ་བའི་བསླབ་བྱ་ཕྱིན་ཅི་མ་ལོག་པར་ཉམས་སུ་ལེན་པའི་སྲོལ་བཏོད་དགོངས་ནས། གནས་བརྟན་དགྲ་བཅོམ་པ་ཆེན་པོ། ལྡོག་ལྷོད་པ་མཁན་ཆེན་ཀུན་དགའ་དཔལ་བཟང་པོའི་དྲུང་དུ་བྱོན་ནས་མཁན་སློབ་དགེ་འདུན་དང་བཅས་པའི་སྤྱན་སྔར་བསྙེན་རྫོགས་ཀྱི་སྡོམ་པ་ནོད་ནས། འདུལ་བ་མདོ་རྩ་ཚར་གཅིག་གསན་པས། མཁན་ཆེན་པ་ལ་ཡང་ཐུགས་བསྐྱེད་ཐོན་པ་བྱུང་། ལྟ་ཁྲིད་ཀྱང་ཞུས། ཆོས་གྲོལ་བ་དང་། མཁན་ཆེན་པས་ཇ་བུར་གཅིག་གནང་ནས། ཁྱེད་སྐྱེས་སྟོབས་ཀྱི་ཐུགས་རབ་ཆེ་ཞིང་། གཞུང་ལུགས་གཞན་ལ་སྦྱངས་པའི་སྟོབས་ཀྱིས་འདུལ་བ་ལ་ཡང་ངེད་པས་ཁྱེད་ཤིན་ཏུ་མཁས་པ་གཅིག་བྱུང་གདའོ། །ཆོས་བདག་པོ་ལ་འཕྲོད་ལགས་སོ། །འདི་ལ་ཁྱེད་ཀྱིས་ཊཱིཀྐ་གཅིག་མཛོད། བསྟོད་འདུལ་གྱི་སྡོམ་རྒྱུད་འདི་མ་ཆད་པ་གཅིག་འཚལ་ལོ། །ཞེས་གསུངས་པའི་ཞལ་ལྟ་བཟང་པོ་གནང་བ་དང་དུ་བླང་སྟེ་འདུལ་བ་ལུང་དང་རྒྱ་འགྲེལ་རྣམས་དང་། བྱ་ཁྱི་སོག་གསུམ་སོགས་བོད་ཀྱི་འགྲེལ་བཤད་རྣམས་ལ་གཟིགས་པས། ཡོན་ཤཱཀ་རྣམ་གཉིས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་ཅིང་། མདོ་རྩའི་ཊཱིཀྐ་དང་ལས་ཚོགས་གཉིས་མཛད་ནས། དེ་ཕྱིན་ཆད་འཆད་ཉན་མཛད་དུས་ཀྱང་། དབྱར་གནས་དང་གསོ་སྦྱོང་དགག་དབྱེ་སོགས་མ་ཆག་པར་མཛད་དོ། །ཡོན་ཏན་འོད་ཅེས་ས་གསུམ་རབ་གྲགས་པ། །རྒྱལ་བའི་རང་ལུགས་འཛིན་པ་དེས་མཛད་པ། །ཐུབ་པའི་ནང་མཛོད་འདུལ་བ་འབུམ་སྡེའི་དོན། །མ་ལུས་བསྡུད་བྱེད་ལེགས་བཤད་འདི་བྱས་སོ། །ཞེས་གསུངས་སོ། །བསྟོད་པར། ཐུབ་པས་ལན་གཅིག་མིན་པར་བསྔགས་པ་ཡི། །ཚུལ་ཁྲིམས་འཕགས་པའི་ནོར་བུ་གཟིགས་ནས་ནི། །ཉེར་སྦས་ཟླ་བའི་ནོར་བུ་ཡོན་ཏན་འོད། །ཐམས་ཅད་ཡོད་སྨྲ་མཁས་པའི་དགོངས་པ་བཞིན། །འདུལ་བ་འབུམ་སྡེའི་དགག་བསྒྲུབ་གནང་གསུམ་གྱི། །བསླབ་པའི་གནས་ལ་མཁས་ཤིང་འདའ་མི་བྱེད། །ཅེས་སོ། །

དེ་ནས་བདག་ཉིད་ཆེན་པོ་དེས། སྙིང་པོའི་དོན་གཙོ་བོར་སྟོན་པ་འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་མངའ་ནས་མཛད་པ། དབུ་མ་རིག་པའི་ཚོགས་ལ་གཟིགས་པར་བཞེད་ནའང་། དེ་དུས་སུ་གངས་རིའི་ཁྲོད་ན་བཀའ་མ་ཆད་ཙམ་མ་གཏོག་པ་འཆད་ཉན་གྱིས་གཏན་ལ་འབེབས་པ་དང་། སྒོམ་སྒྲུབ་ཀྱིས་ཉམས་སུ་ལེན་པའི་སྲོལ་ཉམས་པར་གྱུར་ནས། ཐུགས་ཤིན་ཏུ་ཆད་པར་གྱུར་ཀྱང་། བཤད་པ་དཔལ་ལྡན་བླ་མ་དམ་པ་ལ་ཞུ་དགོངས་ནའང་། དབུས་ན་བཞུགས་པས་མ་བྱུང་པར། ཆོས་རྗེ་བྱང་སེམས་པ་ལ་རིགས་ཚོགས་བཞི་བརྒྱ་པ། འཇུག་པ་སོགས་དབུ་མའི་བསྐོར་རྣམས་གསན་ནས། དཀོན་མཆོག་གསུམ་ལ་གསོལ་བ་བཏབ། ཐུགས་རབ་ཀྱིས་ཡང་ཡང་དཔྱད་པས། སྔོན་གྱི་སྨོན་ལམ་དང་། སྦྱངས་པའི་མཐུ་དང་། དཀོན་མཆོག་གི་བྱིན་རླབས་ལ་བརྟེན་ནས་ཀླུ་སྒྲུབ་ཡབ་སྲས་དཔལ་ལྡན་ཟླ་བ་གྲགས་པ་དང་བཅས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་ཅིང་། མཁས་པ་ཆེན་པོ་ལེགས་ལྡན་འབྱེད་དང་། རང་རྒྱུད་བཤད་གསུམ་གྱི་གཞུང་ལུགས་རྣམས་ཀྱང་མ་འདྲེས་པར་མཁྱེན་ནས། འཆད་ཉན་གྱིས་ལེགས་པར་གཏན་ལ་ཕབ། དེ་དུས་སུ་སློབ་མ་རྣམས་ཀྱིས་རྩ་འཇུག་བཞི་གསུམ་སོགས་གལ་ཆེ་བ་རྣམས་ལ་ཡིག་ཆ་འཇོག་པར་མཛད་པར་ཞུ་ཞེས་ཡང་ཡང་གསོལ་བ་བཏབ་པའི་ངོར་རྩ་འཇུག་བཞི་གསུམ་ཚིག་གསལ་གྱི་སྟོང་ཐུན་གྱི་འགྲེལ་པ་རྣམས་མཛད་ནས། སློབ་དཔོན་ཐམས་ཅད་ཀྱི་འཆད་ཉན་མཛད་པས་དབུ་མའི་འཆད་ཉན་གྱི་སྲོལ་ལེགས་པར་གཏོད་པའི་མཐུ་ལ་བརྟེན་ནས། དེའི་དུས་སུ་ཆོས་ཀྱི་གྲགས་པ་རྒྱལ་མཚན་ཞང་དབོན། ལོ་ཙཱ་བ་སྐྱབས་མཆོག་དཔལ་ཁུ་དབོན། མཁས་པ་ཆེན་པོ་གཡག་སྤྲུག་པ་སངས་རྒྱས་དཔལ་དཔོན་སློབ་རྣམས་ཀྱིས་ཀྱང་དབུ་མ་ལ་འཆད་ཉན་མཛད་པ། གངས་ཅན་གྱི་ཁྲོད་འདིར་དབུ་མའི་བཤད་སྲོལ་དར་ཞིང་རྒྱས་པར་གྱུར་ཀྱང་ཕལ་ཆེར་རང་རྒྱུད་ཀྱི་ལྟ་བའི་ཐོག་ན་གནས་ཤིང་། ཐལ་འགྱུར་གྱི་ལྟ་བ་ཐུགས་སུ་ཆུད་པ་ཙམ་མ་འབྱུང་འདུག་སྟེ། འདི་ཙམ་ཡང་དགའ་མོ་ཡིན། ང་དང་པོར་སློབ་གཉེར་བྱེད་དུས། ས་སྐྱ་སོགས་ན་དབུ་མའི་དཔེ་ཆ་གཅིག་འདུག་ཟེར་ནས། ནོར་མི་ཆེར་བྱེད་པ་འདུག །

དིང་སང་དབུ་མའི་དཔེ་ཆ་ལ་རྩིས་སུ་བྱེད་པ་འདི་ཡང་ཁོ་བོས་བསྟན་པ་ལ་བྱ་བ་བྱས་པ་ཡིན་གསུངས། ཀརྨ་པ་དཀོན་གཞོན་གྱི་གསུང་གིས་དིང་སང་གངས་རིའི་ཁྲོད་ན་མཁས་པ་དང་། བླུན་པོ་ཀུན་དགའ། དབུ་མ་སྣ། དབུ་མ་ཁ་ཟེར་བ་འདི་རེད་མདའ་བའི་དྲིན་ཡིན། དེ་གོང་དུ་ཐང་སག་ན་དབུ་མ་ཤི་རོ་གཅིག་འདུག་ཟེར། གཞན་ཡོད་པའི་ལབ་མ་ཚོར་གསུངས། རྒྱ་གར་བལ་པོ་བོད་ཀྱི་ཡུལ་རྣམས་སུ། །མདོ་དོན་སྨྲ་བའི་མཁས་པ་མང་བྱོན་ཡང་། །ཕལ་ཆེར་རྟོག་པས་སྦྱར་བའི་དོན་ཙམ་ལ། །མཁས་པར་ཟད་ཀྱི་དེ་ཉིད་དོན་ལ་མིན། །ཐུབ་པའི་བསྟན་ལ་ཉིད་ཀྱི་དགོངས་པ་བཞིན། །འཁྲུལ་མེད་སྨྲ་བ་འཕགས་པ་ཀླུ་སྒྲུབ་ཡིན། །དེ་ཡི་བཞེད་གཞུང་རབ་དཀར་ཀུནྡའི་ཚལ། །དེ་བཞིན་འབྱེད་མཁས་དཔལ་ལྡན་ཟླ་བ་ཡིན། །སློབ་དཔོན་དེ་དག་དགོངས་པ་འདི་ཡིན་ཞིང་། །མཁས་རློམ་མང་ཡང་སུ་ལ་ཅི་ཆ་ཡོད། །རྣམ་བཀྲ་ཚོན་གྱི་རི་མོ་གསལ་བ་ཡི། །རྣམ་དབྱེ་དམུས་ལོང་རྣམས་ལ་ཡོད་དམ་ཅི། །ལོང་པས་རིན་ཆེན་གཏེར་ཁ་ཕྱེད་པ་ལྟར། །རྣམ་དག་འཕགས་པའི་མིག་དང་མི་ལྡན་ཡང་། །རྒྱལ་དང་རྒྱལ་བའི་སྲས་ཀྱི་བྱིན་བརླབས་ལས། །རྟེན་འབྱུང་ཟབ་མོའི་དོན་འདི་ཁོ་བོས་རྙེད། །ཅེས་གསུངས།

བསྟོད་པར། སྟོབས་བཅུ་མངའ་བ་ཐུབ་པའི་རིང་ལུགས་པ། །མཐའ་བྲལ་ཤིང་རྟའི་སྲོལ་འབྱེད་འཛམ་གླིང་རྒྱན། །གང་གིས་བདེ་བར་གཤེགས་པའི་གདུང་ཚོབ་པ། །ཀླུ་སྒྲུབ་ཟླ་གྲགས་གཉིས་ཀྱི་བཞེད་པའི་ལུགས། །ཇི་བཞིན་ཐུགས་སུ་ཆུད་པའང་ཁྱེད་དུ་བས། །ཅེས་སོ། །མཐར་ལྟའི་གཡང་ས་རིང་དུ་སྤངས་གྱུར་ལ། །དུས་གསུམ་གཤེགས་པ་རྣམས་ཀྱི་བགྲོད་པའི་ཤུལ། །གཟུང་དང་འཛིན་པའི་འཇིགས་པ་ལས་སྒྲོལ་བ། །དབུ་མའི་ལམ་ནས་ཁྱོད་ནི་གཤེགས་པ་ལགས། །ཞེས་དང་། རྙིགས་མའི་དུས་འདིར་ངན་རྟོག་ཆང་གིས་མྱོས་གྱུར་པས། །དེ་ཉིད་དོན་ལ་སྐྱེ་བོ་རྣམས་ནི་འཁྲུག་པའི་ཚེ། །གང་གིས་སྤྲོས་ཀུན་གསལ་ནས་སྟོང་ཉིད་ཟབ་མོའི་དོན། །ཡང་དག་ལེགས་རྟོག་རྣམ་དཔྱོད་འདི་ནི་ཨེ་མ་མཚར། །ཞེས་སོ། །

དེ་ན་བདག་ཉིད་ཆེན་པོ་དེས་ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་རྡོ་རྗེ་ཐེག་པ་ལ་འཇུག་པར་དགོངས་ནས། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་བྱང་ཆུབ་རྩེ་མོའི་དྲུང་དུ། དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་ལ་སོགས་པའི་དབང་འགའ་ཞུས། གསང་མཚན་ཡང་མི་བསྐྱོད་རྡོ་རྗེར་གསོལ། རྒྱུད་ལོ་ཙཱ་བ་ནེམ་བཟང་པ་ལ་ཞུས། མན་ངག་ཆོས་ཀྱི་རྗེ་གྲགས་པ་རྒྱལ་མཚན་པའི་དྲུང་དུ་ཞུས། དཔལ་ལྡན་བླ་མ་དམ་པའི་དྲུང་དུ་དགྱེས་པ་རྡོ་རྗེ་ལ་སོགས་པའི་དབང་འགའ་ཞུས། ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་པོ་ལ་རྒྱུད་ཀྱི་བཤད་པ་ཞུས། བླ་མ་དཔལ་ལྡན་པའི་དྲུང་དུ་ལམ་འབྲས་མན་ངག་ཆོས་སྐྱོང་ཆེ་ཆུང་གི་བསྐོར་དང་བཅས་པ་ཞུས། ས་བཟངས་པཎ་ཆེན་པའི་དྲུང་དུ། བདེ་མཆོག་སོགས་དབང་འགའ་ཞུས། ཆོས་རྗེ་སྐྱབས་མཆོག་པའི་དྲུང་དུ་རྡོ་རྗེ་ཕྲེང་བ། གསང་འདུས་འཇམ་རྡོར། འཇིག་རྟེན་དབང་ཕྱུག །ས་སྐྱ་པའི་ཕ་ཆོས་རྡོ་རྗེ་གཞོན་ནུ་སོགས་མང་དུ་ཞུས། འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་མདོར་བྱས། འཕགས་པ་ལྷས་བྱས་པའི་སྤྱོད་བསྡུས་སྒྲོལ་མེ། དཔལ་ལྡན་ཟླ་བས་མཛད་པའི་གསང་འདུས་སྒྲོན་གསལ་ལ་སོགས་པ་འཕགས་ལུགས་ཀྱི་རྒྱ་འགྲེལ་ཐམས་ཅད་དང་། རྒྱལ་པོ་ཨིནྟྲ་བྷོ་དྷི་ལ་སོགས་གསང་འདུས་སྔ་སྲོལ་བ་རྣམས་ཀྱི་དགོངས་པ་ཕྱོགས་གཅིག་ཏུ་བསྡུས་པ། ཤཱནྟི་པས་མཛད་པའི་བཤད་བྱང་སྙེམས་པའི་མེ་ཏོག་དང་། ཡེ་ཤེས་ཞབས་ཀྱིས་མཛད་པའི་སྒྲུབ་ཐབས་ཀུན་ཏུ་བཟང་པོ། མར་མེ་མཛད་ཀྱི་སྒྲུབ་ཐབས་དཀྱིལ་ཆོག །བཞི་བརྒྱ་པ་འགྲེལ་པ་དང་བཅས་པ། ཐ་ག་ནའི་འགྲེལ་པར། རྒྱལ་བས་བྱིན་གྱི་འགྲེལ་པ་ལ་སོགས་པ་དཔལ་གསང་བ་འདུས་པ་ལུགས་གསུམ་གྱི་རྒྱ་འགྲེལ་རྣམས་དང་། བོད་ཀྱི་རྗེ་འགོས་གདོག་ཀླན་གསུམ་དང་། ས་སྐྱ་པ་ཁུ་དབོན། རིན་པོ་ཆེ་བུ་སྟོན་པ་ལ་སོགས་པའི་ལེགས་བཤད་རྣམས་ལ་ཡང་དག་པར་གཟིགས་རྟོག་མཛད་པས། གསང་བ་འདུས་པའི་རྒྱུད་འགྲེལ་ཆ་ལག་དང་བཅས་པའི་ཚིག་དོན་མ་ལུས་པ་ཐུགས་སུ་ཆུད་ནས་རྡོ་རྗེ་འཛིན་པ་ཆེན་པོར་གྱུར་ཏེ། གསང་འདུས་རྩ་བའི་རྒྱུད་ཀྱི་ཊཱིཀྐ། མངོན་རྟོགས། བདག་འཇུག །མཆོད་ཕྲེང་། རིམ་ལྔའི་བསྡུས་དོན་ལ་སོགས་པ་མཛད་ནས། འཕགས་པ་རྡོ་རྗེའི་མན་ངག །བཤད་རྒྱུད་གཞན་གྱི་རྗེས་འབྲངས་ནས། །འདུས་པའི་རྒྱུད་ཆེན་རིམ་པ་ལྔར། །དཔལ་ལྡན་ཟླ་བ་གྲགས་པས་བཤད། །སྔོན་རབས་རྒྱུད་པའི་མན་ངག་དང་། །ཕྱི་མའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱུད་དོན་བསྙེན་བསྒྲུབ་ཡན་ལག་བཞིར། །རིན་ཆེན་འབྱུང་ལྡན་ཞི་བས་ཕྱེ། །འཇམ་པའི་དབྱངས་ཀྱི་མན་ངག་གི །རྒྱུད་དོན་བསྐྱེད་པའི་རིམ་པ་དང་། །རྫོགས་རིམ་ཐིག་ལེ་རྣམ་གསུམ་དུ། །སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བསྟན། །འཕགས་དང་མཁས་པས་གསལ་བྱས་པའི། །འདུས་པའི་རྒྱུད་ཆེན་ཤིང་རྟའི་སྲོལ། །རིམ་པ་གསུམ་དུ་ཕྱེད་པའི་དོན། །རྙེད་པ་གང་དེ་ཡ་མཚན་ནོ། །ཞེས་གསུངས།

བསྟོད་པར། ཐུབ་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་ནི། །ཇི་སྙེད་གསུང་པ་ཆོས་ཀྱི་རྩེར་གྱུར་པ། །རྒྱུད་སྡེའི་མཐར་ཐུག་དཔལ་ལྡན་འདུས་པ་ཡི། །མཐའ་དྲུག་ཚུལ་བཞིའི་རྒྱས་བཏབ་རྡོ་རྗེའི་ཚིག །ཇི་བཞིན་ལེགས་པར་ཕྱེ་ནས་རིམ་གཉིས་ཀྱི། །ཏིང་འཛིན་མཆོག་གི་བདེ་ལ་རོལ་བས་ན། །རྡོ་རྗེ་འཛིན་པ་ཞེས་པའི་སྒྲ་དེ་ཡང་། །མགོན་པོ་ཁྱོད་ལ་དོན་དང་བཅས་པར་འཇུག །ཅེས་སོ། །གོང་དུ་བསྟན་པའི་བླ་མ་དེ་རྣམས་གུས་པས་བསྟེན་པ་ཡིན་ཏེ། སྐྱེས་དགུའི་གཙུག་རྒྱན་ཆོས་རྗེ་བསོད་རྒྱལ་དང་། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོའི་དཔལ། །མ་ཏི་པཎ་ཆེན་མཁན་ཆེན་བྱང་རྩེ་དང་། །མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་སོགས། །བཀའ་དྲིན་ནོད་པའི་བླ་མ་བཅུ་ཕྲག་གཉིས། །ཡུན་རིང་འབད་དེ་གུས་པའི་ཚུལ་གྱིས་བསྟེན། །ཞེས་སོ། །

གོང་དུ་བསྟན་པའི་སོ་ཐར་བྱང་སེམས་རིག་འཛིན་གྱི་སྡོམ་པ་གསུམ་ཡན་ལག་དང་བཅས་པ་སྐུ་སྲོག་པས་ཀྱང་གཅེས་པར་བསྲུངས་པ་ཡིན་ཏེ། ཁོ་བོ་སངས་རྒྱས་བསྟན་ལ་རབ་བྱུང་ནས། །རིགས་དང་མི་རིགས་འབྱེད་ཤེས་ཚུན་ཆོད་དུ། །ལུས་ངག་ཡིད་ཀྱིས་སྤྱོད་པ་ཅི་བྱེད་ཀྱང་། །རབ་ཏུ་བསྒྲིམས་ཏེ་ཐུབ་པའི་གསུང་བཞིན་བསྒྲུབས། །ཐོག་མེད་གོམ་པའི་ཉོན་མོངས་ཤུགས་དྲག་པས། །གལ་ཏེ་མི་རིགས་ཅུང་ཟད་བྱས་ན་ཡང་། །དེ་ཡི་མོད་ལ་དུག་ཟོས་དྲན་པ་བཞིན། །འགྱོད་སེམས་དྲན་པས་སླར་ཡང་ཆོས་བཞིན་བྱས། །ཞེས་གསུངས་སོ། །བསྟོད་པར། གཞན་དག་ཁས་ལེན་ཆུ་ཡི་རི་མོ་བཞིན། །མང་པོ་ཉིད་ཀྱང་འཕྲལ་དུ་ཡལ་བ་བགྱིད།འདིར་མ་དཔེར་ཚིག་རྐང་ཞིག་ཆད་པ་འདྲ། །ཤི་ཡང་དམ་བཅའ་གཞན་དུ་བགྱིད་མ་ལགས། །ཞེས་སོ། །

བདག་ཉིད་ཆེན་པོ་དེ་ཉིད་ནི་ཐུབ་པའི་རིང་ལུགས་པ་བླ་ན་མེད་པ་ཡིན་ཏེ། ཉམས་ལེན་བྱིན་རླབས་ཀྱི་རྒྱུད་པར་རྡོ་རྗེ་འཆང་ནས་བཟུང་སྟེ། བཅུ་དགུ་པ་ལ་བྱོན་ཅིང་། ཟབ་མོ་ལྟ་བའི་རྒྱུད་པར་ཐུབ་པ་ཆེན་པོ་ནས་བཟུང་སྟེ། ཉི་ཤུ་རྩ་གཉིས་པ་ལ་བྱོན་ལ། རྒྱ་ཆེན་སྤྱོད་པའི་རྒྱུད་པར་ཐུབ་པ་ཆེན་པོ་ནས་བཟུང་སྟེ། ཉི་ཤུ་རྩ་བདུན་པ་ལ་བྱོན། རྒྱུད་པ་གསུམ་ཀའི་བཀའ་རྒྱུད་བསྒྲུབ་རྒྱུད་དར་རྒྱས་སུ་མཛད་པ་ཡིན་ནོ། །མདོ་རྒྱུད་བསྟན་བཅོས་ཀུན་ལ་ལེགས་སྦྱངས་ནས། །རྟག་ཆད་མཐར་ལྟའི་གྲུབ་མཐའ་མ་ལུས་པ། །རྣམ་གཞག་ལུང་དང་དངོས་སྟོབས་རིགས་པས་བཤིག །ལོག་སྨྲ་ཚར་གཅོད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་གོང་དུ་བཤད་པའི་མདོ་རྒྱུད་བསྟན་བཅོས་དེ་དག་ལ་ལེགས་པར་སྦྱངས་པ་ཡིན་ཏེ། རྒྱ་གར་ནས་འགྱུར་བསྟན་བཅོས་ཐམས་དང་། །མདོ་དང་རྒྱུད་སྡེ་ཕལ་ཆེར་ལེགས་པར་བལྟས། །རང་གཞན་གྲུབ་མཐའི་དེ་ཉིད་འབྱེད་པ་ལ། །མཁས་མང་མདུན་སར་འཇིགས་མེད་སྤོབས་པ་ཐོབ། །ཅེས་གསུངས།

བདག་ཉིད་ཆེན་པོ་འདི། དང་པོ་ནས་ཐམས་ཅད་མཁྱེན་པ་བུ་སྟོན་རིན་པེ་ཆེ་ལ་མོས་པ་གཅིག་ཡོད་ནའང་། སློབ་དཔོན་རང་གྲོགས་མཆེད་སོགས་ཀྱི་སྟོབས་ཀྱིས་ཀུན་མཁྱེན་ཆེན་པོའི་གྲུབ་མཐའ་ལ་འདྲིས་ཆེ་བ་གཅིག་བྱུང་ནས། ཇོ་ནང་གི་གྲུབ་མཐའི་རྒྱབ་བརྟེན། རྒྱུད་དུས་ཀྱི་འཁོར་ལོ། མདོ་མྱ་ངན་ལས་འདས་པ་ཆེན་པོ། དགོང་པ་ངེས་འགྲེལ། ལང་ཀར་གཤེགས་པ། བསྟན་བཅོས་རྒྱུད་བླ། ཆོས་དབྱིངས་བསྟོད་པ་སོགས་ལ་བརྟེན་པར་དགོངས་ནས། མདོ་རྒྱུད་བསྟན་བཅོས་དེ་དག་གི་དགོངས་པ་ཕྱིན་ཅི་མ་ལོག་པར་བླངས་ནས་ཇོ་ནང་པའི་གྲུབ་མཐའ་འདི་ཏིང་ཚུགས་པ་གཅིག་བྱེད་དགོངས་ནས། མན་མུན་གྲགས་ཁར་བྱོན་ནས། མདོ་རྒྱུད་བསྟན་བཅོས་དེ་དག་ལ་གཟིགས་རྟོག་ཚར་གསུམ་མཛད་པས། དང་པོ་ལ་ཇོ་ནང་པའི་གྲུབ་མཐའ་མདོ་རྒྱུད་བསྟན་བཅོས་འདི་དག་གི་དགོངས་པ་ཡིན་ངེས་པར་འདུག་དགོངས་པ་བྱུང་། གཉིས་པ་ལ་ཡིན་མིན་ཐེ་ཚོམ་ཟ་བ་གཅིག་བྱུང་། གསུམ་པ་ལ་དགོངས་པ་ལས་ཕྱིན་ཅི་ལོག་ཏུ་གོ་བ་གཅིག་བྱུང་གསུང་། དེ་ནས་གདན་སར་མཁན་ཆེན་སངས་རྒྱས་འཕེལ་བའི་དྲུང་དུ་བྱོན་ནས། ཇོ་ནང་པའི་གྲུབ་མཐའ་འདི་མདོ་རྒྱུད་བསྟན་བཅོས་འདི་དག་གི་དགོངས་པ་ཡིན་བསམ་ནས། ལྟ་རྟོག་ཞིབ་ཏུ་བགྱིས་ན། དགོངས་པ་ལས་ཕྱི་རོལ་དུ་གྱུར་གདའ་ལགས་ཞུས་པས། ཁྱོད་མཁས་དྲག་པས་ཤིན་ཏུ་བདེན་གསུངས་ནས་ཅ་ར་མཛད་པ་བྱུང་། དེ་དུས་དེ་སྟོན་པ་ལ་སྤྲིང་ཡིག་མཛད་པས། མཁན་ཆེན་པ་ཤིན་ཏུ་མ་མཉེས་ཏེ། འཁོན་འཛིན་མཛད་པ་བྱུང་། དེ་ནས་བདག་ཉིད་ཆེན་པོའི་ཐུགས་ལ་མཁན་ཆེན་ཉ་དབོན་པ་འདི་ཐུགས་རབ་ཆེ་ཞིང་། ཚད་མའི་རིགས་པ་ལ་ཤིན་ཏུ་མཁས་པའི་སྟོབས་ཀྱིས་འདི་ལ་ལུང་རིགས་ཀྱི་དགག་བསྒྲུབ་ཞུས་ན་འགྱུར་བར་ངེས། ཁོང་པ་འགྱུར་ན་ཆུ་འོལ་ཁ་ནས་འགྱུར་ནས་དིང་སང་གི་ཇོ་ནང་པ་ཐམས་ཅད་འགྱུར་བ་གཅིག་འོང་བར་འདུག་དགོངས། བརྩེ་ཆེན་དུ་ཉ་དབོན་པོའི་དྲུང་དུ་བྱོན་པས། སྐྱོ་མ་སྔ་བཙན་དུ་སོང་ནས། དངོས་སུ་མི་སྐྱོན་ཡང་། ཐུགས་མི་མཉེས་པའི་རྣམ་འགྱུར་དུ་མ་སྟོན་གྱི་འདུག་པས། ད་ཞུས་ཀྱང་དོན་དུ་མི་འགྱུར་བར་འདུག་དགོངས་ཏེ། གདན་སར་ལོག་བྱོན་ནས། བསྟན་འཛིན་རྣམས་ལ་སྤྲིང་ཡིག་ནོར་བུ་ཕྲེང་བ་མཛད་པས། གངས་རིའི་ཁྲོད་ན་དུས་འཁོར་བར་ཁས་འཆེས་པ་རྣམས་དང་། ཁྱད་པར་དུ་ཇོ་ནང་པ་རྗེས་འབྲང་དང་བཅས་པ་དངོས་སུ་རྩོད་པར་མི་ནུས་ཀྱང་། ལྐོག་ཏུ་རྒྱུད་ཆེར་འཁྲུག་པར་གྱུར་ཏོ། །

དེའི་དུས་སུ་དྲུང་བཞི་ཐོག་པས་གཙོ་མཛད་གདན་ས་ཆེན་པོའི་སྡེ་སྣོད་འཛིན་པ་རྣམས་འཛོམས་པའི་དྲུང་དུ། བདག་ཉིད་ཆེན་པོས་དུས་འཁོར་ལ་འགལ་འདུ་ཡོད་གསུངས། ཀརྨ་པ་དཀོན་གཞོན་པ་འགལ་འདུ་མེད་གསུང་ནས་རྩོད་པའི་སྐབས་སུ། ཀརྨ་པ་ན་རེ། ཤེས་བྱ་ཆོས་ཅན། པདྨ་དཀར་པོ་བླུན་པོར་ཐལ། བླུན་པོ་བདག་སྤྱོད་འདོད་ཅེས་པ་དེ་ས་བཅུའི་དབང་ཕྱུག་གི་གསུང་འཁྲུལ་མེད་ཡིན་པའི་ཕྱིར། གསལ་ཁྱབ་ཁས་བླངས། རྟགས་གྲུབ་སྟེ། རྒྱུད་འབྲེལ་དྲི་མེད་འོད་ཀྱི་རང་ལུགས་ཀྱི་ཚིག་ཡིན་པའི་ཕྱིར་ཟེར་བ་ལ། བདག་ཉིད་ཆེན་པོས། ཤེས་བྱ་ཆོས་ཅན། སྒྲ་རྟག་མི་རྟག་རྩོད་པའི་སྐབས་སུ། སྒྲ་མི་རྟག་པའི་སྒྲུབ་བྱེད་དུ་ཐལ། རྒྱུད་འགྲེལ་དྲི་མེད་འོད་ཉིད་ས་བཅུའི་དབང་ཕྱུག་གི་གསུང་ཡིན་མིན་རྩོད་པའི་སྐབས་སུ། རྒྱུད་འགྲེལ་དྲི་མེད་འོད་ཀྱི་རང་ལུགས་ཀྱི་ཚིག་ཡིན་པ་དེ། རྒྱུད་འགྲེལ་དེ་ཉིད་ས་བཅུའི་དབང་ཕྱུག་གི་གསུང་ཡིན་པའི་སྒྲུབ་བྱེད་ཡིན་པའི་ཕྱིར་ཞེས་གསུང་ནས་སུན་ཕྱུང་ཞིང་། གཞན་ཡང་བླ་མ་ཤར་ཆུང་པ་ལ་སོགས་པས་ཡི་གེར་བཀོད་ནས་རྩོད་པ་འབྱུང་བ་རྣམས་ཀྱང་། སྒྲུབ་བྱེད་བསྒྲུབ་བྱ་དང་མཚུངས་པ་ལས་མ་བྱུང་གསུང་། ཇོ་ནང་པའི་ཕྱོགས་ཀྱི་སྔགས་པ་གཅིག་གིས་ཁྱེད་མཁས་པ་ཆེན་པོ་ཡིན་པ་ལ། དུས་འཁོར་ལ་དགག་པ་མཛད་པར་མི་འོས་ཞུས་པས། དེའི་ལན་དུ། བདེ་བར་གཤེགས་པའི་གསུང་རབ་ལ། །དགག་སྒྲུབ་མཁས་པ་རྣམས་ཀྱིས་བྱེད། །མི་རྣམས་འཕྱིང་པ་འདྲ་བ་ལ། །ཕྱི་ལ་ཅོལ་གཉེར་ཅི་ཞིག་ཡོད། །ཅེས་གསུངས།

དེའི་དུས་སུ་མཁན་ཆེན་བསྟན་རྒྱལ་བས་གཙོ་མཛད། ཇོ་ནང་པ་རྣམས་གྲོས་བྱས་ནས། ཁོ་འདི་ཟེར་ན་རང་རེ་འདི་ཟེར་གྱི་ལུང་རིག་མང་དུ་བརྩམས་ནས། འཇམ་དབྱངས་ཆེན་པོ་ལ་སློབ་དཔོན་གཞོན་བློ་བ་འདི་སྤྱན་དྲོངས། བདེ་གཤེགས་སྙིང་པོ་དྲང་ངེས་ལ་རྩོད་པ་ཡིན་ཞུས་པས། བདག་ཉིད་ཆེན་པོ་དཔོན་སློབ་རྣམས་ས་སྐྱ་ནས་སྤྱན་དྲངས་རྩོད་པའི་སྐབས་སུ། བདག་ཉིད་ཆེན་པོས་འོ་ཀོལ་རྩོད་པ་བྱེད་ན། ཡང་ན་རྒྱུད། ཡང་ན་མདོ། ཡང་ན་བསྟན་བཅོས་ཁོ་ནའི་སྟེང་ནས་བྱེད། བླུན་པོ་མགུ་བའི་རྩོད་པ་སྲས་ཏ་བསྲེ་ཏེ་མི་བྱེད་གསུང་ཞིང་འཇམ་དབྱངས་པས་ཀྱང་དེ་བཞིན་འཐད་ཞུས་པས། ཁོང་གིས་ལྐོག་གྲོས་བྱས་པའི་ལུང་རིགས་རྣམས་ཞིག་ནས། དྲི་བཅས་དང་དྲི་མེད་ཀྱི་དེ་བཞིན་ཉིད་ལ་ཁྱད་མེད་ཅིང་། སྟོབས་སོགས་འདུས་མ་བྱས་ཀྱི་ཡོན་ཏན་གྱིས་བརྒྱན་པའི་བདེ་གཤེགས་སྙིང་པོ་དོན་དམ་པར་གྲུབ་པར་ཁས་བླངས་པ་ལ། བདག་ཉིད་ཆེན་པོས། ཤེས་བྱ་ཆོས་ཅན། རྟག་བརྟན་གྱི་བདེ་གཤེགས་སྙིང་པོ་བདེན་པར་མ་གྲུབ་པར་ཐལ། དེ་དོན་དམ་པར་གཅིག་ཏུའང་མ་གྲུབ། དུ་མར་ཡང་མ་གྲུབ་པའི་ཕྱིར། བསལ་བ་ཁས་བླངས། རྟགས་མ་གྲུབ་ན། གཅིག་ཏུ་གྲུབ་ན་དུ་མ་ལ་ཁྱབ་པ་བུད། དུ་མར་གྲུབ་ན་གཅིག་ཡིན་པ་བུད།

གཞན་ཡང་། ཤེས་བྱ་ཆོས་ཅན། བདེ་གཤེགས་སྙིང་པོ་བདེན་འཛིན་གྱི་བློ་སྤང་དུ་མི་རུང་བར་ཐལ། དེ་བདེན་པར་གྲུབ་པའི་ཕྱིར་གསུངས་པ་ལ། སློབ་དཔོན་བློ་གྲོས་རྡོ་རྗེས། ཤེས་བྱ་ཆོས་ཅན། སྤྲོས་བྲལ་དུ་འཛིན་པའི་བློ་སྤང་དུ་མི་རུང་བར་ཐལ། སྤྲོས་བྲལ་ཡིན་པའི་ཕྱིར། འཁོར་གསུམ་ཁས་བླངས་ཟེར་བ་ལ། དེ་འདྲ་ཚིག་འདྲ་ཙམ་ཡིན་སྙིང་པོ་མེད་གསུངས། དེ་དག་ལ་སོགས་པའི་ལུང་རིགས་དུ་མས་ཇོ་ནང་པའི་གྲུབ་མཐའ་ལ་སྔར་ཞུགས་པ་ལོག་པ་དང་། ཐེ་ཚོམ་ཟ་བ་དང་། ཕྱིས་མི་འཇུག་པའི་འཕྲིན་ལས་མཛད་དོ། །བདག་ཉིད་ཆེན་པོས་དུས་འཁོར་ཆོས་མིན་གསུང་བར་གངས་ཅན་དུ་གྲགས་ནའང་། སྒྲ་ཇི་བཞིན་པ་ལ་ནང་འགལ་ཡོད་གསུང་པ་ལས། ཆོས་མིན་ཞེས་མ་གསུངས་ཏེ། རྩོད་པར། འོན་ཀྱང་འཕགས་པས་མཛད་དམ་མིན་ཀྱང་སླ། །ལེགས་པར་བཤད་པའང་མང་དུ་མཐོང་བས་ན། །ཐར་འདོད་རྣམས་ཀྱི་འཇུག་ངོག་མ་ཡིན་ཞེས། །ཁོ་བོ་འདི་ལ་མཐའ་གཅིག་བཀུར་མི་འདེབས། །ཞེས་དང་། འགལ་སྤོང་དུ། དིང་སང་གངས་རིའི་ཁྲོད་འདིར་མཁས་རློམ་རྣམས། །ལྡེམ་པོའི་ངག་གིས་ཟབ་མོའི་ཚུལ་སྟོན་པ། །དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་དང་བཅས་པའི། །ཚིག་ལ་ཇི་བཞིན་སྨྲ་རུ་མངོན་ཞེན་པས། །རྣམ་གཞག་མདོ་རྒྱུད་ཚོགས་དང་འགལ་བ་ཡི། །ལོག་པའི་ཆོས་ལུགས་མང་དུ་སྤེལ་མཐོང་ནས། །འཁྱོག་པོའི་ཤིང་ལ་སྲོང་བའི་ཚུལ་བསྟན་ནས། །རྒལ་ཞིང་བརྟག་པའི་སྒོ་ནས་བདག་གིས་བྲིས། །ཞེས་དང་།

ངེས་དོན་གསལ་བྱེད་དུ། འདི་དོན་འགྲེལ་བྱེད་མཁས་པ་གཞན་དག་གིས། །སྙིང་པོ་དོར་ནས་སྦུན་པ་ཡང་ཡང་ཕྱར། །རྒྱ་མཚོ་སྲུབས་ལས་བདུད་རྩི་ཇི་བཞིན་དུ། །ཡང་དག་དོན་གྱི་སྙིང་པོ་ཁོ་བོས་བླངས། །འདབ་བརྒྱའི་ཚལ་ནས་སྦྲང་རྩི་བུང་བས་ལེན། །ཆུ་དང་འོ་མ་ངང་པས་སོ་སོར་འབྱེད།སྔོན་འཇིག་རྟེན་ཆགས་པའི་ཚེ། ལྷ་དང་ལྷ་མ་ཡིན་རྣམས་ཀྱིས་རི་རབ་ལ་སྲུབས་ཤིང་བྱས། ཀླུའི་རྒྱལ་པོ་ནོར་རྒྱས་ལ་བསྲུབ་ཐག་བྱས་ནས། རྒྱ་མཚོ་བསྲུབ་པ་ལ། བདུད་རྩི་བུམ་པ་གང་དང་། དུག་ཧ་ལ་བུམ་པ་གང་དང་། ཟླ་བ་ཕྱེད་པ་གཅིག་དང་གསུམ་བྱུང་། དེའི་ཚེ་བདུད་རྩི་ལྷ་རྣམས་ཀྱིས་ཁྱེར། དུག་དབང་ཕྱུག་གིས་མཐུང་པས་མགྲིན་པ་ནག་པོར་སོང་། ཟླ་བ་ཕྱེད་པ་ལྷའི་དབང་པོའི་གཙུག་རྒྱན་བྱེད་ཅེས་གྲགས། དེ་བཞིན་དུ་དུས་ཀྱི་འཁོར་ལོའི་རྒྱ་མཚོ་བསྲུབས་པ་ལས་བྱུང་བའི་དུག་འགའ་ཞིག་ཇོ་ནང་པས་གསོལ། དྲང་དོན་གྱི་ཟླ་བ་ཕྱེད་པ་མཁསཔ་ཞ་ལུ་བ་གཞན་གྱིས་བྱིས་པ་རྣམས་དགའ་བའི་རྒྱན་དུ་བྱས། ངེས་དོན་གྱི་བདུད་རྩི་ཁོ་བོས་བླངས་སོ། །ནོར་བུ་འཆིང་བུ་དེད་དཔོན་མཁས་པས་ཤེས། །ལེགས་བཤད་ཉེས་བཤད་མཁས་པའི་བློ་ཡིས་རྟོགས། །ཡོད་པའི་ལེགས་བཤད་ཕྲག་དོག་མུན་པས་སྒྲིབ། །མེད་པའི་སྐྱོན་རྣམས་བློ་ངན་མིག་གིས་མཐོང་། །གདུག་པའི་སྦྲུལ་གྱིས་འོ་མ་འཐུང་བ་བཞིན། །ལེགས་བཤད་བདུད་རྩིས་ཉོན་མོངས་དུག་འཕེལ་བའི། །ལོག་པའི་རྒྱུན་ཕྱོགས་གཞོལ་བའི་བློ་ངན་རྣམས། །ལེགས་བཤད་ཆུ་ལོན་སྟོང་གིས་མི་ལྡོག་མེད། །གཟུར་གནས་བློ་ལྡན་འགའ་ཡིས་འདི་མཐོང་ན། །ཡིད་ལ་འབབ་འགྱུར་སྙམ་ནས་ངས་འདི་སྦྱར། །ཞེས་གསུངས། དེ་ལྟར་མདོ་རྒྱུད་བསྟན་བཅོས་དེ་དག་གི་དགོངས་པ་དང་མཐུན་ན་ག་ལ་འགེག །ཆོས་སྐུ་རྟག་བརྟན་ཐེར་ཟུག་ཏུ་འདོད་པ་སྔར་རྒྱ་བོད་བལ་གསུམ་གང་དུའང་མ་བྱུང་ཞིང་། ད་ཡང་ལྟ་བ་ངན་པ་ལ་འཇུག་པ་རྒྱུད་བཅད་པའི་ཕྱིར་དགག་པ་མཛད་དེ། དགེ་ལེགས་ས་བོན་ཡོན་ཏན་ཀུན་གྱི་གཞི། །ཡང་དག་ལྟ་བའི་ནོར་མཆོག་འཕྲོག་བྱེད་ཅིང་། །ཐར་པའི་སྲོག་རྩ་གཅོད་པར་བྱེད་པ་ཡི། །ལྟ་ངན་ལས་ལྷག་ཕུང་བྱེད་དགྲ་གཞན་མེད། །ལྟ་ངན་དམན་པའི་ཐད་ལ་མངོན་ཞེན་ཅིང་། །རྟག་ཆད་མཐར་ལྟའི་ཝ་སྐད་ཆེར་སྒྲོག་པ། །འདི་དག་ངུར་སྨྲིག་རྒྱལ་མཚན་འཆང་ན་ཡང་། །ཐུབ་པའི་བསྟན་ལ་མུ་སྟེགས་ཐན་སྐྱེལ་ཡིན། །ཞེས་གསུངས།

དེ་དུས་ཇོ་ནང་པའི་ཕོ་རུས་པ་གཅིག་གིས་ལྡོག་ན་ཡར་ཡོངས་པས། མཁས་པ་གཞོན་བློ་དཔོན་སློབ་རྣམས་འབྱོན་གྱི་འདུག་ཟེར་བ་ཐོས་ནས། ཇོ་ནང་པ་ལ་ང་མི་གཅིག་ལ་ཡོད་མེད་མེད། ཁོ་སོད་ན་ཇོ་ནང་པའི་དགྲ་སྒོ་ཆོག་པ་འདུག་བསམས་ནས། དབུ་ལ་རྡོ་རྡེག་པའི་དམ་བཅའ་བྱས་ཡོངས། དྲུང་པ་དང་འཇལ་བས་ལུས་རེངས། སེམས་དྲན་པ་ཉམས་ནས་བརྡེག་པ་མ་བྱུང་། ཁོ་དྲན་པ་རྙེད་པ་དང་། དགེ་བཤེས་གཟིལ་ཅན་གཅིག་འདུག་སྙམ་པ་བྱུང་། དུས་ཕྱིས་དྲུང་པ་ལ་དད་ནས་མཐོལ་བཤག་ཀྱང་ཕུལ་བར་གྲགས་སོ། །བཟང་ལྡན་དུ་ཀ་བཅུ་པ་ཡོན་ཏན་གྱིས། ཇོ་ནང་པ་ལ་བཀའ་སྐྱོན་མཛད་པ་འདི་ལ། སྡིག་པ་ཆེན་པོ་ཡོང་པ་འདྲ་ཞུས་པས། བདག་ཉིད་ཆེན་པོའི་གསུང་ནས། འདི་འདྲ་ཟེར་བ་ཤིན་ཏུ་མང་སྟེ་དེ་འདྲ་ག་ལ་ཡིན། སྔོན་འཇིག་རྟེན་དུ་སྟོན་པ་བྱོན་པའི་དུས་སུ་ལྷས་བྱིན་ལ་སོགས་པའི་བདུད་རིགས་རྣམས་དང་། མུ་སྟེགས་ཀྱི་སྟོན་པ་དྲུག་གསུམ་བཅོ་བརྒྱད་ལ་སོགས་རྣམས་ལ་ཞེ་སྡང་དང་ཁོང་ཁྲོ་དཔག་ཏུ་མེད་པ་སྐྱེས་པའི་སྡིག་པ་སྟོན་པ་ལ་ཡོང་ངམ། དེའི་རྗེས་སུ་རྒྱན་དྲུག་མཆོག་གཉིས་ལ་སོགས་བྱོན་པ་ལ་ནག་ཕྱོགས་རྣམས་མི་དགའ་བར་གྱུར་པའི་སྡིག་པའང་དེ་དག་ལ་འོང་ངམ། ཁྱད་པར་དུ་འཕགས་པ་ཀླུ་སྒྲུབ་བྱོན་ནས་ཐེག་པ་ཆེན་པོའི་སྲོལ་ཕྱེ་བ་ལ། རང་སྡེ་གཉིས་ཀས་ཐེག་ཆེན་ནི་བཀའ་མིན་ཞེས། སྐུར་པ་བཏབ་པའི་སྡིག་པ་ཡང་བདག་ཉིད་ཆེན་པོ་ལ་འོང་ངམ། ཉི་མའི་དཀྱིལ་འཁོར་ཤར་བའི་ཚེ། འབྱུང་པོའི་བྱ་རྣམས་ལོང་བ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་ཅིང་། གནམ་ཐིག་དྲང་པོར་རྒྱབ་ན་སྒུར་པོ་རས་སུ་འཐོན་པ་ལུགས་ཡིན། བླུན་པོའི་ལབ་དེ་འདྲ་བ་མ་ཟེར་གསུངས། སྡོམ་གསུམ་རབ་དབྱེ་ལས། སངས་རྒྱས་འཇིག་རྟེན་འབྱོན་པ་དང་། །མཁས་རྣམས་བཤད་པ་བྱེད་པ་ལ། །འབྲས་བུ་རྣམ་གསུམ་འབྱུང་བ་འདི། །སངས་རྒྱས་བསྟན་པའི་སྤྱི་ལུགས་ཡིན། །མཁས་པ་རྣམས་ཀྱིས་ཆོས་བཤད་ན། །ཆོས་ལོག་སྤྱོད་པ་ཕམ་བྱེད་ཅིང་། །བདུད་རིགས་ཐམས་ཅད་ཡི་མུག་འགྱུར། །མཁས་པ་ཐམས་ཅད་དགའ་བར་བྱེད། །འདི་འདྲས་བསྟན་པ་འཛིན་པར་བྱེད། །ཅེས་སོ། །

ལྟ་ཚེ་ཆོས་སྐུ་རྟག་བརྟན་འདོད། །སྒོམ་ཚེ་ཅི་སྣང་ཆོས་སྐུར་སྤྱོད། །ཆོས་སྐུ་རྒྱུད་ལྡན་ལུས་ཅན་ཀུན། །ལས་ཀྱི་འཁོར་བར་འཁྱམ་པར་འཚང་། །མཁན་ཆེན་གཡག་པས། སེམས་ཅན་ཐམས་ཅད་སངས་རྒྱ། འཁོར་བ་ལ་ཟད་པ་མེད་གསུངས་པ་ལ་བདག་ཉིད་ཆེན་པོས། སེམས་ཅན་ཐམས་ཅད་སངས་རྒྱ་བར་ཚད་མས་ངེས་པར་ཐལ། དེར་ཚད་མས་གྲུབ་པའི་ཕྱིར་ཞེས་གསུངས་པས། གཡག་པས་ཁྱབ་པ་མ་གྲུབ་གསུངས་ནས་ཚུར་ལྡོག་པས། རྟགས་མ་གྲུབ་ལ་སོགས་པའི་འཕེན་ལེན་མང་དུ་མཛད་ནའང་། དོན་ལ་སྟོན་པ་མཁས་པ་རྣམས་བདག་ཉིད་ཆེན་པོའི་རིག་པ་ལ་མཉེས་ཤིང་། ཚིག་ལ་སྟོན་པའི་མཁས་པ་རྣམས་མཁན་ཆེན་གཡག་པའི་རིག་པ་ལ་མཉེས་པར་གྲགས་སོ། །ཆོས་རྗེ་ལོ་ཙཱ་བ་དང་། ཀརྨ་པ་དཀོན་གཞོན་གཉིས་ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་ཆོད་མི་ཆོད་ལ་རྩོད་པ་མཛད་པས། རྩོད་པ་འགྲེལ་མོ་བྱུང་། པང་ལོ་ཙཱ་བའི་གསུང་ནས་དོན་བརྩོད་ནི་མི་ཡོངས་བར་འདུག ། ཚིག་ལ་སྙིང་པོ་མེད་པས། དྲུང་པ་རྣམས་འོ་བརྒྱལ། གཞན་རྣམས་ཐུགས་དམ་ཆགས་པས་བཞུད་གསུངས།

དེ་ནས་བདག་ཉིད་ཆེན་པོས། དྲུང་པ་འོ་བརྒྱལ་བདག་གིས་བརྩོད་པས་ཆོག་གསུངས་ནས་ཐལ་འགྱུར་འགའ་འཕངས་པས། ཀརྨ་པ་ལ་ཟུག་པར་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ། དྲུང་གི་གསུང་ནས། དབུས་གཙང་གི་དགེ་བཤེས་ཆེན་པོར་གྲགས་པ་རྣམས་ཀྱང་། དོན་རྒྱབ་འགལ་སོང་ཡང་ཚིག་ཕྱོགས་ཙམ་འགྲིག་ན། རང་རེ་བརྩོད་རྒྱུ་མེད། གྲུབ་མཐའ་མཐུན་ཅེས་སྨྲ། དོན་གཅིག་ཀྱང་ཚིག་ཅུང་ཟད་མི་མཐུན་ན་མགོ་བྱང་མཐུག་ཏུ་སོང་སོང་བརྩོད་ཀྱིན་འདུག་སྟེ་དེ་འདྲ་ལ་སྙིང་པོ་མེད། དྲུང་ལོ་ཙཱ་བ་ཡང་། རིགས་པས་མ་དཔྱད་པར་ཀུན་རྫོབ་ཏུ་ཡོད་པས་ཡོད་པའི་གོ་མི་ཆོད་ནི་མི་གསུང་། གསུངས་ན་ཆད་ལྟར་འགྱུར། ཀརྨ་པ་ཡང་རིགས་པས་དཔྱད་ནས་ཀྱང་ཀུན་རྫོབ་ཏུ་ཡོད་ན་ཡོད་པས་གོ་ཆོད་པར་མི་འདོད། འདོད་ན་རྟག་ལྟར་འགྱུར། གཞོང་སྟོང་ལ་ཁྱི་འཐབ་མི་དགོས་པར་གདའ་གསུང་། དེ་དུས་ཉན་མཁན་རྣམས་ན་རེ། བླ་མའི་ཞབས་ཏོག་ཏུ་འགྲོ་བ། རང་གི་བློ་གྲོས་ཀྱི་ནུས་པ་ཐོན་པ། ངོ་མཚར་ཆེ་ཞེས་ཤིན་ཏུ་དད་པར་གྱུར་ཏོ། །

སྟག་ལུང་ལོ་ཙཱ་བ་ཤཱཀྱ་བཟང་གིས་བཀའ་བཞི་པ་གཅིག་བཏང་ནས། ངེད་རྒྱན་དྲུག་གི་དགོངས་པ་གཅིག་ཏུ་འདོད་པ་ཡིན། ཁྱེད་ཇི་ལྟར་འདོད་ཞུས་པས། དེ་ལ་ངེས་པ་མེད། གཅིག་པ་རྣམས་ནི་གཅིག །མི་གཅིག་པ་རྣམས་ནི་མི་གཅིག་པར་བྱས་པས་འོང་གསུང་། ཁོང་ན་རེ། ཁྱེད་མཁས་པ་ཆེན་པོ་ལགས་པས། ཐག་ཆོད་པའི་ཞལ་ལྟ་གནང་དགོས་ཞེས་ནན་གྱིས་ཞུས་པས། དགོངས་པ་ཨེ་གཅིག་མི་གཅིག་འདི་ལ་ཤེས་མོད། ཀླུ་སྒྲུབ་ཡབ་སྲས་རྗེས་འབྲང་དང་བཅས་པས་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པའི་ལུགས་འགེག་པར་འདུག །ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པས། ཀླུ་སྒྲུབ་ཡབ་སྲས་རྗེས་འབྲང་དང་བཅས་པའི་ལུགས་འགེག་པར་འདུག །དེ་ལ་ཐུགས་སམ་བཏང་པས་ཤེས། ལར་དབུ་མ་པ་དང་དངོས་སྨྲ་བ་གཉིས་གྲུབ་མཐའ་གཅིག་ན། དགོངས་པ་མི་གཅིག་པ་བྱ་བ་སུ་ཡོད་པ་ཡིན། ཞེས་གད་མོ་ཆེར་མཛོད། སློབ་དཔོན་བཀའ་བཅུ་པ་དར་མ་ཡིད་ཆེས་འབྲས་རྟག་བླ་མ་རིན་པོ་ཆེ་པའི་དེ་དངོས་ཡིན་པར་གདའ་ལགས་ཞུས་པས། ཁྱེད་ཀྱི་དེ་ད་དུང་སྐྱོར་དང་གསུང་བསྐྱར་བས། གྲུབ་མཐའ་དེ་བཟུང་ན། ཁ་ནག་སྦབས་འགྲོ་བར་གསུང་། ཁོང་གི་འགྲོ་བར་གྱུར་གཅིག་ཅེས་གསུང་ནས། སྨོན་ལམ་འདེབས་ན་སྐུ་དབང་ཆེ། རིགས་པས་ལྡོག་མི་བཏུབ་ཞུས་པས། འོ་ན་དགུག་ཅིག་གསུངས་ནས། ཐལ་འགྱུར་གཅིག་འཕངས་པས། འཁོར་གསུམ་དངོས་འགལ་དུ་སོང་། ལོ་ཟླ་བར་བསམ་བསམ་པ་ཚོ་སྐད་ཅིག་རེ་ལ་ཁུར་རྒྱུགས་གསུང་། དེ་དུས་དབུས་པའི་དགེ་བཤེས་ཀུན་ན་རེ། བློ་བཟང་བ་འཇམ་དབྱངས་ཀྱི་ཞལ་གཟིགས་གར་གཤེགས་སུ་དཔེ་ཆ་མཛོ་རྒྱབ་ཆེ་ཆུང་བཞི་བཀལ་ནས་ཉིན་མཚན་མེད་པར་གཟིགས་པའི་གྲུབ་མཐའ་སྐྱོར་བཟང་པོ་དར་མ་ལྟ་བུས་སྐྱར་བ་ལ་སྐད་ཅིག་མ་ལ་བཤིགས་གཏོང་པས། འཇིགས་སུ་རུང་ཞེས་ཧ་ལས་པར་གྱུར་ཏོ། །

རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་ཆེན་ལ་སོགས་པ་སྔོན་གྱི་ཕྱག་ཆེན་པ་འགའ་ཡིས་སྐུ་ཚེ་སྔ་མ་ཡང་དང་ཡང་དུ་སྦྱངས་ཤིང་། སྐུ་ཚེ་འདིར་ཡང་རླུང་སེམས་དབང་དུ་འདུས་ཏེ། གང་བྱུང་འདིས་ཆོག་ན་ཅི་བྱས་ཀྱང་སླ་བ་རྣལ་འབྱོར་པའི་སྤྱོད་པ་མཛད་པ་ལ་འཁྲུལ་གཞི་བྱས་ཏེ། དིང་སང་གི་ཕྱག་ཆེན་པར་བསྒོམ་པ་ཕལ་མོ་ཆེ་རྣམས་ནི་ལྷག་པར་ཚུལ་ཁྲིམས་ཀྱི་བསླབ་པ་ལ་གཅེས་སྤྲས་སུ་མཛད་པའི་དམ་པ་རྣམས་ཀྱི་ལུགས། ཉན་ཐོས་ཀྱི་ལུགས་ཡིན་ཞེས་ཁྱད་དུ་བསད་ནས་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་ཡིན་ཞེས་ཚིག་ཏུ་སྨྲ་ཡང་། དོན་ལ་བདག་དང་བདག་གིར་འཛིན་པའི་གཉེན་པོར་ཅུང་ཟད་ཀྱང་མི་འགྲོ་བ་འདི་དག་ནི་ཆད་པར་ལྟ་བ་ཡིན་ཏེ། ལྟ་བས་སྤྱོད་པ་ཁྱད་མེད་དུ་བསད་ནས། བག་མེད་པའི་སྤྱོད་པ་ལ་ལྷུར་ལེན་པ་ལས་ཆད་པར་ལྟ་བ་གཞན་མེད། འདི་དག་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་གནས་ལུགས་ཀྱི་དོན་བསྒོམ་པ་རྟོག་སྒོམ་སྐྱོན་ཅན་དུ་བྱེད་ཅིང་། ཡིད་ལ་བྱེད་པ་ཐམས་ཅད་བཀག་སྟེ། མི་རྟོག་པ་ཐོམ་པོ་སྒོམ་པ་ལ་སྐྱོན་མེད་ཀྱི་སྒོམ་དུ་བྱེད་པར་གནང་སྟེ། ལུགས་འདི་ནི་བསྟན་པ་ལས་ཕྱི་རོལ་དུ་གྱུར་པ་ཏིང་འཛིན་རྒྱལ་པོ་ལས་གསུངས་ཏེ། འཇིག་རྟེན་པ་དག་ཏིང་འཛིན་སྒོམ་བྱེད་ཀྱང་། །དེ་ནི་བདག་ཏུ་འཛིན་པ་བཞིག་མི་ནུས། །དེས་ནི་ཉོན་མོངས་ཆེས་ཆེར་རབ་ཏུ་འཁྲུགས། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་སྒོམ་བཞིན། །གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་དེ་རྟག་སྒོམ་པར་བྱེད་པ་ནི། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུ་རྒྱུ། །རྒྱུ་གཞན་གང་ཡིན་དེ་ནི་ཞི་མི་འགྱུར། །ཞེས་དང་། གང་དག་དྲན་པ་དང་ཡིད་བྱེད་བཀག་ནས། མུན་པ་ལ་མིག་གཅེར་ལྟས་བྱས་ཏེ་ཧད་སྒོམ་བྱེད་པ་དང་། མཚན་མ་ཅི་ཡང་མི་བྱེད་པར། རྣམ་རྟོག་ཐོལ་སྐྱེས་རྦད་ཆོད་བྱེད་པ་ནི། རྒྱ་ནག་ཧ་ཤང་གི་རིང་ལུགས་མ་ནོར་བ་འཛིན་པ་ཡིན་གསུང་། དིང་སང་གི་སྒོམ་ཆེན་པ་འགའ་ཞིག་ཤིན་ཏུ་ལས་སླ་བར་དོ་ཟིན་པ་ཡོད་ཟེར་བ་མང་སྟེ་ཉིན་པར་གྱི་སྣང་བ་འདི་ལ་ཨ་མཐས་ནས། རྨི་ལམ་གྱི་འཁྲུལ་པ་མི་ཟིན། རྨི་ལམ་ཟིན་པར་བར་དོའི་འཁྲུལ་སྣང་མི་ཟིན། རོ་ཁ་གདངས་ལ་གྲོག་ནམ་བབས་སུ་ཡོང་དུ་རེ་ཡང་མི་ཡོངས་གསུངས།

དེ་ལ་སོགས་ཏེ་ལུང་དང་རིགས་པ་དུ་མའི་སྒོ་ནས་སུན་ཕྱུང་བས། སྔར་ཞུགས་པ་ལྡོག་པ་དང་། འཇུག་པ་ཐེ་ཚོམ་ཟ་བ་དང་། ཕྱིས་མི་འཇུག་པ་ལ་སོགས་པའི་འཕྲིན་ལས་མཛད་དོ། །མཐའ་གཉིས་སྤང་བའི་ཆུ་གཏེར་ལ་གནས་ཏེ། །གདེངས་ཅན་དབང་པོ་ཀླུ་སྒྲུབ་རིང་ལུགས་འཛིན། །ཁོ་བོའི་ལྟ་ཟེར་འབར་བའི་གཟི་བརྗིད་ལ། །ཕས་རྒོལ་འདབ་སྟོང་གིས་ནི་རྒོལ་མི་ནུས། །འཇིགས་ཚོགས་ལྟ་རི་སྤོ་མཐོ་འཇོམས་བྱེད་པའི། །ལུང་རིགས་རྡོ་རྗེའི་གནམ་ལྕགས་སྟོང་ཡོད་ཀྱང་། །རྨོངས་པའི་གོ་ཆ་སྲ་བརྟན་ཆེར་དགོས་པའི། །སྐྱེ་བོ་འདི་ལ་བདག་གིས་ཅི་བྱར་ཡོད། །ཅེས་གསུངས་སོ། །བསྟོད་པར། ཁྱོད་ནི་རྩོད་པ་མཛད་ཚེའང་དག་པ་དང་། །རྒྱ་ཆེ་གཟུ་བོར་གནས་པའི་བློ་གྲོས་ཀྱིས། །གཞན་གྱི་ཕྱོགས་ལས་རྣམ་པར་རྒྱལ་བ་སྟེ། །ཁྱོད་ལ་གཡོ་བ་ནམ་ཡང་མངའ་མ་ལགས། །ཞེས་དང་། སྨྲ་བ་ངན་རྣམས་ཚར་གཅོད་པའི། །སུན་འབྱིན་བགྱིད་པའི་གནས་རྣམས་ལ། །སྐྱོན་ཡང་ཡོན་ཏན་ལྟ་བུ་དང་། །ཡོན་ཏན་སྐྱོན་ལྟར་སྣང་བ་ཡི། །ཡང་དག་པ་དང་ལྟར་སྣང་གི །རྣམ་པར་དབྱེ་བའང་ལེགས་པར་བསྟན། །དེ་ལྟར་ལོག་པར་འགྲོ་བ་བཀག །ཅེས་དང་། སྟོང་ཉིད་སེང་གེའི་ང་རོ་ཆེར་སྒྲོགས་ཤིང་། །ལུང་དང་རིག་པའི་མཆེ་སྡེར་རབ་བསྒྲད་དེ། །ལོག་པར་སྨྲ་བའི་ཝ་ཚོགས་ཕམ་བྱས་ནས། །ཐུབ་མཆོག་བསྟན་པ་གངས་རི་ལེགས་པར་འཛིན། །དེ་ཕྱིར་ད་ལྟ་འཛིན་མའི་ཁྱོན་འདི་ན། །ཆེ་བར་རློམ་པ་མང་དུ་སྣང་མོད་ཀྱང་། །བློ་ཆེན་འདི་ནི་འཛམ་གླིང་རྒྱན་གཅིག་པུར། །གཟུར་གནས་བློ་ལྡན་རྣམས་ཀྱི་ངེས་པར་གྱིས། །ཞེས་སོ། །

ལུང་རྟོགས་ཡོན་ཏན་ཐབས་མཁས་ཐུགས་རྗེ་ཡིས། །གདུལ་བྱའི་ཁམས་དང་བསམ་པ་བག་ལ་ཉལ། །ཇི་བཞིན་མཁྱེན་ནས་ཆོས་ཀྱི་འཁོར་ལོ་བསྐོར། །སྐལ་ལྡན་རྗེས་འཛིན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། དེ་ལྟར་གོང་དུ་བསྟན་པའི་ལུང་རིགས་ཀྱི་ཡོན་ཏན་ཕུན་སུམ་ཚོགས་ཤིང་། གཞན་རྗེས་སུ་འཛིན་པའི་ཐབས་མཁས་ཐུགས་རྗེ་ཆེན་པོ་མངའ་བས། གདུལ་བྱའི་ཁམས་ཐེག་པ་ཆེ་ཆུང་གི་རིགས་སོ་སོར་མཁྱེན་ཅིང་། བསམ་པ་དབང་པོ་རྣོ་བརྟུལ་དང་། བག་ལ་ཉལ་ཉོན་མོངས་ཤས་ཆེ་ཆུང་ཇི་ལྟ་བ་བཞིན་དུ་མཁྱེན་ཅིང་། ཆོས་ཀྱི་འཁོར་ལོ་རང་རང་གི་སྐལ་བ་ཇི་ལྟ་བ་བཞིན་དུ་ཐེག་པ་ཆེ་ཆུང་ཆོས་རྒྱས་འབྲིང་བསྡུས་པ་སྡེ་སྣོད་གསུམ་ལ་སོགས་གང་ལ་གང་འོས་ཀྱི་ཟབ་ཅིང་རྒྱ་ཆེ་བའི་ཆོས་བསྟན་པ། སྨིན་གྲོལ་ཐར་པ་དང་། ཐམས་ཅད་མཁྱེན་པའི་ལམ་ཕྱིན་ཅི་མ་ལོག་པར་བསྟན་ནས། སྐལ་ལྡན་གྱི་གདུལ་བྱ་མཐའ་ཡས་པ་རྗེས་སུ་གཟུང་བའི་གཙོ་བོར་གྱུར་པ་ནི་འདི་དག་སྟེ། སྦྱངས་པའི་མཆོག་གྱུར་ཀུན་མཁྱེན་ཤེས་འོད་དང་། །སྲས་ཀྱི་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །མང་ཐོས་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །འདུལ་འཛིན་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །འཕྲིན་ལས་མཆོག་གྱུར་བློ་བཟང་གྲགས་པའི་དཔལ། །ལྟ་བའི་མཆོག་གྱུར་དགོན་གྱོ་ཉི་མ་གྲགས། །ཉམས་ལེན་མཆོག་གྱུར་ཀུན་དགའ་དཔལ་བཟང་པོ། །བརྩེ་ལྡན་མཆོག་གྱུར་དཔལ་འབྱོར་ཤེས་རབ་དང་། །འཆད་མཁས་མཆོག་གྱུར་བསོད་ནམས་ཤེས་རབ་དང་། །བརྩོད་བཟང་མཆོག་གྱུར་དར་མ་རིན་ཆེན་ཏེ། །གཞུང་ལུགས་རབ་འབྱམས་ཤེས་པའི་བཤེས་གཉེན་བདུན། །བཀའ་བཅུ་པ་ཆེན་པོ་ནམ་མཁའ་བྱང་ཆད་ནི། དེ་དག་དང་ངོ་མཉམ་དུ་བྱེད་དོ། །

གཞན་ཡང་བཀའ་བཅུ་བ་མང་ར་བ་ཡོན་ཏན་རྒྱལ་མཚན། བོ་དོང་བཀའ་བཅུ་པ་གྲགས་པའི་ཚུལ་ཁྲིམས། བྱང་པ་བཀའ་བཅུ་པ་དགེ་ལེགས་དཔལ། གནས་སྙིང་བཀའ་བཅུ་པ་མཆོག་གྲུབ་ལ་སོགས་པ་རྣམས། མདོ་སྟོད་པ་བཀའ་བཞི་འཛིན་པ་སྤྲེ་བོ་ཐང་བཟང་། གཉལ་གྲོ་གོར་བ་ཇོ་གདན་མཚུངས་མེད། ལས་སྟོད་པ་མཁན་ཆེན་བུདྡྷ་ཤྲཱི། སྟ་སྟེང་བ་ཆེན་པོ་བྱང་བསོད། ཆེན་པོ་བྱང་རྒྱལ། བཟང་ལྡན་པ་དོན་གྲུབ་རིན་ཆེན། ངམ་རིངས་པ་དཀོན་མཆོག་དར། མངའ་རིས་པ་ཡི་དམ་དཔལ་ལ་སོགས་པ་བཀའ་བཞི་འཛིན་པ་བཅུ་ཕྲག་གཅིག་གསུང་། ཡང་དེ་ལས་མང་བ་སྣང་། ལུང་རིགས་སྨྲ་བའི་སེང་གེ་སྒྲ་ཚད་པ་ཆོས་བཟང་། ཇོ་གདན་གྲག་ཤེ། སྔོ་ཕྱི་དབོན་པོ་ལ་སོགས་པ་ཕར་ཚད་མཁྱེན་པ་ཡང་ཤིན་ཏུ་མང་། རིག་པ་སྨྲ་བ་རྣམས་ཀྱི་ནང་ན་མཆོག་རྒྱུ་གྱུར་པ། རི་ཕུག་མཁན་ཆེན་བསོད་ནམས་སྐྱབས། དགའ་ལྡན་གྱི་མཁན་ཆེན་ཤཱཀྱ་ཤྲཱི་ལ་སོགས་པ་རིགས་པ་སྨྲ་བའང་ཤིན་ཏུ་མང་། སྟོད་ལུང་པ་བསོད་བྱང་ལ་སོགས་པ་ལུང་ཆོས་སྨྲ་བ་ཡང་མང་དུ་བྱོན། འདི་དག་ནི་བདག་ཉིད་ཆེན་པོའི་གསུང་རབ་ཁོ་ན་ལས་རྟོག་པ་འཁྲུང་པ་ཡིན་ནོ། །

གཞན་ཡང་བདག་ཉིད་ཆེན་པོའི་གསུང་རབ་ལ་གཟིགས་ཤིང་། སྡོམ་ཕྲུག་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། བོ་དོང་མཁན་ཆེན་ཕྱོགས་ལས་རྣམ་པར་རྒྱལ་བ་ཆོས་ཀྱི་རྒྱལ་མཚན་པ་དང་། གྲགས་རམ་མཁན་ཆེན་ཆོས་རྒྱལ། ངམ་རིངས་པ་མཁན་ཆེན་རིན་ཆེན་དཔལ་བཟང་། བཟང་ལྡན་སྡེ་བདག་སློབ་དཔོན་ཆེན་པོ་ནམ་མཁའ་དཔལ། ལ་སྟོད་ནམ་མཁའི་རྣལ་འབྱོར་མཁྱེན་ལྡན་དྷརྨཱ་མགོན་སེང་། སྟག་ཚང་མཁན་པོ་སེང་གེ་རྒྱལ་མཚན། གསང་བུ་གླིང་སྟོད་མཁན་ཆེན་འོད་ཆེན་པ། གླིང་སྨད་མཁན་ཆེན་བསོད་ནམས་འཕེལ། བཀའ་བཞི་འཛིན་པ་ཆེན་པོ་ནག་རིག །སློབ་དཔོན་ཆེན་པོ་སྙལ་པ་དང་། རྒྱལ་དབང་ལ་སོགས་པ་གསང་ཕུའི་སློབ་དཔོན་ཆེན་པོ་ཕལ་ཆེ་བ་དང་། དགའ་བ་གདོང་པའི་མཁན་ཆེན། བྱ་ཡུལ་རིན་པོ་ཆེ། ལོ་མཁན་པོ། བྱང་རྭ་བྲིང་གི་མཁན་པོ་གཉིས། གླང་སྟག་ཤེར་གསུམ་གྱི་དབོན་ཆེན། རྟ་སྣ་ཆོས་ལུང་གི་མཁན་པོ། ལྷ་བདུན་གྱི་བླ་མ་ལ་སོགས་མངའ་རིས་ཀྱི་སྡེ་སྣོད་འཛིན་པ་རྣམས་ནི། ཉི་ཟླ་ལྟར་གྲགས་པའི་མཁས་པ་པཎྜི་ཏའི་སློབ་རིགས་ཡིན། སྦས་པའི་རྣལ་འབྱོར་གང་ཟག་ཀུ་སུ་ལུའི་སློབ་རིགས་རྣམས་ཀྱི་ནང་ནས་མཆོག་ཏུ་གྱུར་པ། སྒྲ་ཚད་ལ་སོགས་ཐོས་པའི་ཡོན་ཏན་དང་ལྡན་ཡང་། ཀུ་སུ་ལུའི་སྤྱོད་པ་སྐྱོང་ཞིང་། གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱིས་ཐུགས་རྒྱུད་ཤིན་ཏུ་སྣུམ་པར་བྱས་པས། ཆོས་ཀྱི་རྗེ་ཛྙཱ་ན་བ་དང་། ལུང་རིགས་ཡོན་ཏན་ཁུར་གྱིས་ལྗི་ཡང་། ཀུ་སུ་ལུའི་སྤྱོད་པ་ཁོ་ན་ལྷུར་ལེན་པ་མཆོག་བཟང་ལེགས་པའི་བློ་གྲོས་དང་། རྗེ་བཙུན་འཇམ་པའི་དབྱངས་ཀྱི་ཞལ་རྒྱུན་དུ་གཟིགས་ཤིང་། ཀུ་སུ་ལུའི་སྤྱོད་པ་ཉིན་མཚན་འདའ་བ་བླ་མ་རྨི་ལམ་པ་བརྩོན་འགྲུས་སེང་གེ་དང་། དབུས་པ་བདག་པོའི་བླ་མ་ཆོས་རྗེ་རིན་བཟང་པ་དང་། ཚེ་འདི་བློས་བཏང་ཞིང་སྒྲུབ་པ་སྙིང་པོར་མཛད་པ། ནེ་རིང་པ་སྒྲུབ་པ་དཔལ་ལ་སོགས་པ་གཉུག་མའི་འཁོར་བྱ་བྲལ་བ་རྣམས་སོ། །

རྡོ་རྗེ་འཛིན་པའི་མཆོག་ཏུ་གྱུར་པ། ས་སྐྱ་གྲང་མོ་ཆེའི་མཁན་ཆེན་བཟང་པོ་རྒྱལ་མཚན་པ་དང་། ཆོས་རྗེ་ལམ་འབྲས་པ་བློ་བཟང་པ་དང་། རྡོ་རྗེ་འཛིན་པ་ཆེན་པོ་ཆོས་དཔལ་བཟང་པོ་དང་། རྡོ་རྗེ་འཛིན་པ་ཆེན་པོ་བླ་མ་བསོད་གྲགས་པ། བླ་མ་རྒྱལ་བཟང་པ། སྔགས་འཆང་ཀུན་དགའ་ཟླ་བ་ལ་སོགས་པ་རིག་པ་འཛིན་པའི་སློབ་མ་ཤིན་ཏུ་མང་། གཞན་ཡང་རབ་ཏུ་བྱུང་བའི་གདུལ་བྱ་མཐའ་ཡས་སོ། །རིགས་དང་རུས་དང་ཆོ་འཕྲང་དང་བསོད་ནམས་ཀྱི་དཔལ་གྱིས་མངོན་པར་མཐོ་བའི་སློབ་རིགས་ནི། འཛམ་བུ་གླིང་སུམ་གཉིས་ཀྱི་བདག་པོ། རིགས་གསུམ་མགོན་པོའི་སྤྲུལ་པ་ཆོས་རྒྱལ་རྣམ་པ་གསུམ་གྱི་དབོན་སྲས་དམ་པ། ཁྲི་རྒྱལ་བསོད་ནམས་ལྡེ་ཡབ་ཡུམ་སྲས་དང་བཅས་པ། དམ་པ་འབའ་ཞིག་བྱུང་བའི་རིགས་ས་སྐྱ་འཁོན་གྱི་གདུང་རྒྱུད། བླ་མ་དབང་གི་སྲས་པོ། སློབ་དཔོན་ཆེན་པོ་སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོས་སེ་ཆེན་གན་གྱི་གདུང་རྒྱུད་གོང་མ་དགེ་སྦྱོང་པ་འབྱོར་ལྡན་ནེའུ་དཔོན་ནམ། དད་ལྡན་ཡོན་ཏན་རྒྱ་མཚོ། རིག་ལྡན་འུ་ཡུག་ལྷ་བཙུན། གནས་སྙིང་སྟོང་དཔོན་རྒྱལ་བཟང་། སྟོབས་ལྡན་རྒྱ་ཆོས་སྟག་གསུམ་པ། ཁུང་བཙུན་མངའ་རིག་ཞང་བློན་འཁོར་དང་བཅས་པ་ལ་སོགས་པ་གདུལ་བྱ་མཐའ་ཡས་པ་ལ་རྒྱུ་མངོན་པར་མཐོ་བ་དང་། འབྲས་བུ་ངེས་པར་ལེགས་པ་ལ་སོགས་པ་ཐོབ་པའི་ཐབས་ཕྱིན་ཅི་མ་ལོག་པ་བསྟན་ནོ། །ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས། །གཞུང་ལུགས་ལེགས་པར་ཤེས་པའི་བཤེས་གཉེན་བདུན། །བཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག །ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་རྒལ། །ཞེས་གསུངས་སོ། །

དེ་ལྟར་དངོས་ཀྱི་གདུལ་བྱ་རྣམས་རྗེས་སུ་བཟུང་ནས་མ་འོངས་པའི་གདུལ་བྱ་རྣམས་རྗེས་སུ་གཟུང་བར་བྱ་བའི་ཕྱིར། གོང་དུ་བཤད་པའི་ལེགས་པར་བཤད་པའི་འཕྲེང་བ་དེ་རྣམས་མཛད་དེ། འཛམ་གླིང་མཁས་པའི་རྒྱན་མཆོག་བཀའ་ཆེན་བཞི། །རྩ་འཇུག་བཞི་གསུམ་ཐེག་ཆེན་རྒྱུད་བླ་དང་། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སོགས། །རྣམ་བཤད་བྱས་པའི་གཞུང་ལུགས་བཅུ་ཕྲག་གཅིག །ཅེས་གསུངས་ཀྱང་། དེར་མ་འདུས་པ་ལུང་ཀུན་ལས་བཏུས་པའི་ཊཱིཀྐ། གསང་འདུས་ཀྱི་དཀྱིལ་ཆོག །བདག་འཇུག །མཆོད་ཕྲེང་། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་བསྡུས་པ་གོ་བདེ་འཇུག་པར་སླ་བའི་མན་ངག །རིན་པོ་ཆེ་བཀའ་བུམ་ཐོར་བུ་བ་ལ་སོགས་པ། རྗེས་འཇུག་གི་གདུལ་བྱ་རྣམས་ཀྱི་སྟོན་པ་ཡི་གེའི་ངོས་ན་གཞུག་པ་དཔེ་ལྔ་བཅུ་རྩ་ལྔ་མཛད་དོ། །མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པའི་ཚེ། །ང་ནི་ཡི་གེའི་ངོས་ལ་གནས། །ཞེས་གསུངས། བསྟོད་པར། མཁས་པ་དགྱེས་པའི་ལམ་དུ་འཁྲིད། །མང་ཐོས་ཆུད་མི་ཟ་ཡི་རྒྱུ། །དེ་དོན་བསྒྲུབ་ལའང་རབ་ཏུ་སྦྱོར། །དེ་ཕྱིར་ཁྱོད་ཀྱི་གདུལ་བྱ་ལ། །བགྱི་བར་འོས་པ་མ་ལུས་མཛད། །ཕན་མཛད་ཁྱོད་ལ་དུས་ཀུན་ཏུ། །བདག་ནི་གུས་པས་ཕྱག་འཚལ་ལོ། །ཞེས་སོ། །

བདག་མེད་གནས་ལུགས་རྟོགས་པའི་ཤེས་རབ་ཀྱིས། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མ་ལྟ་བུར་གཟིགས། །དོན་དམ་ཆོས་དབྱིངས་ནམ་མཁའ་ལྟ་བུར་རྟོགས། །ལྟ་བ་རྣམ་དག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་རྟོགས་པའི་ཤེས་རབ་ཟབ་མོས། མ་བརྟགས་ཉམ་དགའ་བའི་རྣམ་འགྱུར་ཀུན་རྫོབ་རྟེན་ཅིང་འབྲེལ་པར་འབྱུང་བ་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་མ་འདྲེས་པར་སོ་སོར་གཟིགས་ཤིང་། དོན་དམ་བདེན་པ་ཆོས་ཀྱི་དབྱིངས་ནམ་མཁའི་དཀྱིལ་ལྟར་བརྗོད་དུ་མེད་པའི་དོན། སོ་སོར་རང་གིས་རིག་པའི་ཡེ་ཤེས་བརྙེས་པའི་ལྟ་བ་རྣམ་པར་དག་པ་དང་ལྡན་པ་ཡིན་ཏེ། ཁོ་བོ་ལ་དབུ་མའི་རྟོགས་པ་སྐྱེས་ཚུལ་རིམ་པ་བཞི་བྱུང་སྟེ། འདི་ལྟར་དང་པོ་ཆད་སྟོང་། གཉིས་པ་སྣང་སྟོང་། གསུམ་པ་རྟེན་འབྲེལ་སྒྱུ་མར་གོ་བ། བཞི་པ་རྟེན་འབྲེལ་བརྟགས་ཡོད་གཞི་མེད་དུ་གོ་བའོ། །དེ་ལ་དང་པོ་ནི་བུམ་པ་ཐོ་བས་བཅོམ་པ་ལྟར། ཀུན་རྫོབ་རྫས་ཡོད་རིགས་པས་བཤིག་པའི་སྟོང་པ་ཉིད་དེ། འདིས་ཀྱང་རིགས་དཔྱད་ཀྱི་བདེན་འཛིན་བཟློག་ཅིང་། སྟོང་ཉིད་ལ་མོས་པའི་རྒྱུ་ཙམ་བྱེད་དོ། །

གཉིས་པ་ནི། སྣང་བ་སྒྱུ་མ་ལྟ་བུར་སྣང་དུས་ཉིད་ནས་རང་བཞིན་མེད་པར་རྟོགས་པ་སྟེ། འདིས་ཕྱིས་གཟུང་བ་ལ་སྒྲོ་བཀུར་གྱི་རྟོག་པ་མཐའ་དག་བཟློག་ཀྱང་། ནང་མྱོང་རིག་ལ་བྲོད་པའི་ཞེན་པ་མི་འདོར་བས། སེམས་ཙམ་རྣམ་བརྫུན་པའི་ལྟ་བ་ལས་མ་འདས། གསུམ་པ་ནི། ནང་མྱོང་རིག་དང་ཕྱི་གཟུང་བ་གཉིས་ཀ་ཡང་རྒྱུ་རྐྱེན་ལ་རག་ལུས་པས། སྒྱུ་མ་ལྟར་ཀུན་རྫོབ་ཏུ་ཡང་སྣང་བ་ཙམ་ལས་རང་བཞིན་ཅུང་ཟད་ཀྱང་མེད་པར་རྟོགས་པ་སྟེ། འདི་ལ་ཡང་མཐར་འཛིན་གྱི་ཞེན་པ་ཅི་ཡང་མེད་ཀྱང་། རྟེན་འབྲེལ་སྒྲ་རྟོག་ལ་མ་ལྟོས་པའི་དོན་ཆོས་སྒྱུ་མ་ཙམ་དུ་འཛིན་པ་ཡོད་པས། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལས་མ་འདས། བཞི་པ་ནི། རྟེན་འབྲེལ་གྱི་ཆོས་རྣམས་རིགས་པས་ཚུལ་བཞིན་དུ་བཅད་པ་ན། རང་གི་ངོ་བོ་ཅུང་ཟད་ཀྱང་མི་རྙེད་ཅིང་། མ་དཔྱད་པ་ན་ཐ་སྙད་ཀྱི་ཡུལ་དུ་གྱུར་པ། རྟོག་པས་བརྟགས་ཤིང་། མིང་གི་ཐ་རྙེད་དུ་བྱས་པ་ཙམ་གྱིས་བརྟགས་ཡོད་དུ་རྟོགས་པའོ། །དེ་ལྟ་བུའི་རང་བཞིན་གྱི་རྟེན་འབྲེལ་རྟོགས་པའི་བློ་དེ་ཉིད་ཀྱིས། བློ་གཞན་ལ་ལྟོས་མེད་དུ་རྒྱུ་འབྲས་ཕན་ཚུན་མི་འཁྲུལ་བ་དང་། རྟེན་འབྲེལ་རྟག་ཆད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་གཅིག་འོང་བ་ཡིན་གསུང་། ལྟ་བ་འདི་གཞན་གྱི་ཐུགས་ཡུལ་དུ་མ་ཆུད་པར་ཆད་ལྟ་ཡིན་ཟེར་བ་མང་ན་ཡང་། ཁས་ལེན་ཐམས་ཅད་དང་བྲལ་བའི་ལྟ་བ་འདི་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་འོ། །ཞེས་གསུངས་ཀྱང་། འགའ་ཞིག་རང་རྒྱུད་ཀྱི་དམ་བཅའ་མེད། རང་ལུགས་ཀྱི་དམ་བཅས་ཡོད་ཅེས་ཟེར་ཡང་། མིང་སྤོས་པ་ཙམ་མ་གཏོགས་དོན་ལ་ཁྱད་པར་འགའ་ཡང་མེད་གསུང་། མཁས་པ་གཞན་དག་གི་ལྟ་བ་བཟང་བཟང་པོར་འདོད་པ་རྣམས་ཀྱང་། བདག་འཛིན་ལ་གྲོས་དྲིས་ནས་བཞག་པར་ཁོ་ནར་ཟད། ངའི་ལྟ་བ་འདི་ཡང་ང་རང་དང་སྡོངས་ནས་འགྲོ་བ་གཅིག་ཡོང་པར་འདུག་སྟེ། ཤིན་ཏུ་མད། ཆོས་རྗེ་བློ་བཟང་པས་འཇམ་དབྱངས་ཀྱི་ཞལ་གཟིགས་ནས། དབུ་མའི་ལྟ་བ་དགོངས་ཚུལ་ཞུས་པས། ད་དུང་མ་གོ་གསུངས།

འོ་ན་ཁྱེད་དཔོན་སློབ་ལ་ཁྱེད་པས། སློབ་དཔོན་པས་ཀྱང་མ་དགོངས་ཞུས་པས། ཁོང་གིས་གོ་ཡོད། ཞིབ་ཆ་འགའ་ཡར་ནི་མ་གོ་གསུང་། དེ་ལྟར་གྲགས་ཀྱང་། ཆོས་རྗེ་པའི་གདུལ་བྱ་ཕོ་རུས་ཆེ་ཞིང་། མཁྱེན་རབ་ཆུང་བ་འགའ་ཞིག་ཡབ་སྲས་གཉིས་ཆོས་རྗེ་པའི་ལྟ་བ་མཆོག་ཡིན་ཏེ། འཇམ་དབྱངས་ཀྱི་ཞལ་གཟིགས་པའི་ཕྱིར་ཟེར་བ་ནི་མི་རིགས་ཏེ། འཇམ་དབྱངས་དང་མི་དང་མི་བཞིན་འགྲོགས་ཤིང་། སངས་རྒྱས་ཀྱི་བསྟན་པ་ལ་ཡང་ཆོས་རྗེ་པས་ཆེས་ཆེར་ལྷག་པའི་བྱ་བ་མཛད་པ་པཎ་ཆེན་ཞི་བ་འཚོས་ཀྱང་། ཐལ་འགྱུར་གྱི་ལྟ་བ་ཐུགས་སུ་མ་ཆུད་པ་རྒྱ་བོད་ཀུན་ཏུ་གྲགས་ཤིང་། དོན་ལ་ཡང་གནས་ཏེ། རང་རྒྱུད་པའི་ཤིང་རྟ་ཆེན་པོ་ཡིན་པའི་ཕྱིར་རོ། །འཕགས་པ་དང་དངོས་སུ་འཇལ་བས་ལྟ་བ་བཟང་ལ། མ་འཇལ་བས་ལྟ་བ་ངན་པའི་ངེས་པ་མེད་དེ། སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ་བཞིན་ནོ། །དྲུང་པ་ལ་ཆད་ལྟ་བ་ཡིན་ཟེར་མཁན་བརྡའ་ལགས་ཞུས་པས། ཡོད་ཉེན་ཡོད། སྔོན་སྟོན་པ་འཇིག་རྟེན་དུ་བྱོན་པའི་དུས་སུ་དགེ་སྦྱོང་གོའུ་ཏ་མ་ནི་ཆད་པར་སྨྲ་བའོ། །ཞེས་ཟེར་མཁན་བྱུང་འདུག །དེའི་རྗེས་སུ་ཀླུ་སྒྲུབ་ཡབ་སྲས་དཔལ་ལྡན་ཟླ་བ། ཁུ་བྱུག་ཆེ་ཆུང་ལའང་དེ་བཞིན་ཟེར་མཁན་བྱུང་འདུག །བོད་དུ་ཡང་དབུ་མ་པ་ཆེན་པོ་གངས་པ་ཤིའུ། ཁུ་མདོ་སྡེ། འབར་སྤ་ཚབ་ཉི་མ་གྲགས། ལྕེ་སྒོམ་ཞིག་པོ་སོགས་ལའང་ཆད་ལྟ་བར་གྲགས་འདུག །འུ་བུ་ཡང་ཆད་ལྟ་ཡིན་ཡང་གྲོགས་བཟང་བར་ཡོད་ཀྱི་གསུང་། ཀརྨ་པ་དཀོན་གཞོན་གྱིས་ཀྱང་། ཁྱེད་ཆད་ལྟ་བ་ཡིན་བྱས་པས། ང་ཆད་ལྟ་བ་ཨེ་ཡིན། ངའི་སྤྱོད་པ་འདི་ལ་ལྟོས་གསུངས་པས། ཁྱེད་ཤིན་ཏུ་མད་པར་གདའོ། །བཟོད་པར་གསོལ་ཅེས་ཞུས་པར་གྲགས།

ཕྱོགས་བཅུར་བཞུགས་པའི་རྒྱལ་བ་སྲས་བཅས་རྣམས། །མངོན་སུམ་བྱོན་ནས་དབྱངས་དང་མགྲིན་གཅིག་གིས། །འདི་ལས་གཞན་དུ་ཐར་པའི་ལམ་སྟོན་ཡང་། །བདག་བློ་གཡོ་བ་མེད་དོ་གྲོགས་པོ་དག །ཅེས་གསུངས། དེ་ལྟར་ཕྱིར་མི་ལྡོག་པའི་རྟོགས་པ་བརྟན་པོ་ཐོབ་པ་ཡིན་ནོ། །བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །སྡོམ་པ་གསུམ་ལྡན་ཉེས་ལྟུང་དྲི་མ་བྲལ། །སྒོ་གསུམ་མ་བཅོས་ལྷུག་པའི་ངང་དུ་བཞག །སྤྱོད་པ་རྣམ་དག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་འདི་ནི། ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་དང་ལྡན་པས། ཐུགས་རྒྱུད་ཤིན་ཏུ་དུལ་བ་ལ། ལྷག་པའི་ཤེས་རབ་ཀྱི་བསླབ་པ་དང་ལྡན་པས་རབ་ཏུ་ཞི་ཞིང་། ལྷག་པ་སེམས་ཀྱི་བསླབ་པ་དང་ལྡན་པས་ཉེ་བར་ཞི་བ་ཡིན་ནོ། །སོ་སོར་ཐར་པ་བསྙེན་གནས་ཀྱི་སྡོམ་པ་ཡན་ལག་བརྒྱད། དགེ་བསྙེན་གྱི་ཡན་ལག་ལྔ། དགེ་ཚུལ་གྱི་ཡན་ལག་བཅུ། དགེ་སློང་གི་ཁྲིམ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་ལ་ཉེས་ལྟུང་གི་དྲི་མའི་སྐྱོན་གྱིས་མ་གོས་པ་ཡིན་ཏེ། གང་ཞིག་ལེགས་གསུང་དམ་ཆོས་འདུལ་བ་ལ། །རབ་ཏུ་བྱུང་ནས་ལེགས་པར་མི་སྡོམ་ཞིང་། །ཐུབ་པའི་བཀའ་ལུང་ཚུལ་མིན་ཟློ་བྱེད་པའི། །དགེ་སྦྱོང་དེ་དག་འཇིག་རྟེན་ཆོམ་རྐུན་ཡིན། །འཁྱོག་པོར་སྨྲ་ལ་གཞན་དག་རླིང་པོར་སེམས། །ངག་མི་བཙུན་པ་དགེ་སྦྱོང་ཚུལ་མིན་པས། །གྱ་གྱུའི་སེམས་དང་དེ་ཡི་ཚུལ་སྤངས་ཏེ། །གསོང་པོར་སྨྲ་ལ་ཁོ་བོ་རྟག་ཏུ་བསྟེན། །འཛད་མེད་སྨྲ་བ་གཞན་དག་སྤོབས་པར་སེམས། །ངག་མི་སྡོམ་པ་དགེ་སྦྱོང་ཚུལ་མིན་པས། མུ་ཅོར་སྨྲ་བ་སྨྱོན་པའི་ཚུལ་སྤངས་ཏེ། །ཞི་བའི་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །ཕྱི་ཚུལ་འཆོས་ལ་གཞན་དག་བཙུན་པོར་སེམས། །གཡོ་རྒྱུའི་སྤྱོད་པ་དགེ་སྦྱོང་ཚུལ་མིན་པས། །ཕ་རོལ་བྲིད་བྱེད་ཡོན་པོའི་ཚུལ་སྤངས་ཏེ། །དེས་པའི་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །རང་དགའི་སྤྱོད་པ་གཞན་དག་དྲང་པོར་སེམས། །དབང་པོ་མི་སྡོམ་དགེ་སྦྱོང་ཚུལ་མིན་པས། །བག་དང་མི་ལྡན་ཧྲལ་པོའི་ཚུལ་སྤངས་ཏེ། །བག་ཡོད་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །བྱ་བྱེད་མང་བ་གཞན་དག་གྲུང་པོར་སེམས། །རྣམ་གཡེང་འདོད་པ་དགེ་སྦྱོང་ཚུལ་མིན་པས། །འདུ་འཛིས་བྲེལ་བ་ཁྱིམ་པའི་ཚུལ་སྤངས་ཏེ། །དོན་ཉུང་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །ལོངས་སྤྱོད་འབྱོར་པ་གཞན་དག་དཔལ་དུ་སེམས། །འདོད་ཞེན་ཆེ་བ་དགེ་སྦྱོང་ཚུལ་མིན་པས། །ཟང་ཟིང་དང་བཅས་གྲོང་པའི་ཚུལ་སྤངས་ཏེ། །ཆོག་ཤེས་ཚུལ་ལ་ཁོ་བོ་རྟག་ཏུ་བསྟེན། །གྲོང་འདབ་འགྲིམ་པ་གཞན་དག་གདུལ་བྱར་སེམས། །རྙེད་བཀུར་སྒྲུབ་པ་དགེ་སྦྱོང་ཚུལ་མིན་པས། །ཁེ་སྤོགས་འདོད་པ་ཚོང་པའི་ཚུལ་སྤངས་ཏེ། །བས་མཐའི་གནས་ལ་ཁོ་བོ་རྟག་ཏུ་བསྟེན། །ཞེས་གསུངས་སོ། །

དེ་ལྟར་གཞན་གནོད་གཞི་བཅས་སྤོང་བ་སོ་སོར་ཐར་པའི་ཚུལ་ཁྲིམས་རྣམ་པར་དག་པ་ཡིན་ནོ། །གཞན་ཕན་མཐའ་དག་སྒྲུབ་པ་བྱང་ཆུབ་སེམས་དཔའི་ཚུལ་ཁྲིམས་ཀྱང་རྣམ་པར་དག་པ་ཡིན་ཏེ། རྙེད་དང་བཀུར་སྟི་ཆགས་པ་ཡིས། །བདག་བསྟོད་གཞན་ལ་སྨོད་པ་དང་། །ཞེས་པའི་ཉེས་པས་མ་གོས་ཏེ། གང་དུ་གནས་ན་སྣང་ཤས་འཕེལ་འགྱུར་ཞིང་། །རང་རྒྱུད་བརྙེད་བཀུར་ཞག་པས་འཆིང་བྱེད་པ། །གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་གདུངས་པའི། །གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སོ། །གཞན་གྱིས་ཉེས་པ་ནམ་ཡང་མི་གླེང་ཞིང་། །དོན་དང་ལྡན་ཞིང་ཆོས་མཐུན་ལ་གཏོགས་པ། །དམག་དང་ཆོམ་རྐུན་རྒྱལ་པོའི་གཏམ་ལ་སོགས། །འཁྲུལ་པའི་བཀའ་མཆིད་ནམ་ཡང་མི་བགྱིད་དོ། །ཞེས་གསུངས། སྡུག་བསྔལ་མགོན་མེད་གྱུར་པ་ལ། །སེར་སྣས་མཆོད་གཏོར་མི་གཏེར་དང་། །ཞེས་པའི་ཉེས་པས་མ་གོས་ཏེ། ཆོས་དོན་དུ་གཉེར་བའི་གདུལ་བྱ་མགོན་མེད་རྣམས་ལ་དཔེ་མཁྱུད་སྤངས་ཏེ། མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་རང་ནམ་ཚིམ་གྱི་བར་དུ་སྟོན་པའི་ཕྱིར་རོ། །

གདུལ་བྱ་རྫས་དོན་དུ་གཉེར་བ་མགོན་མེད་པ་རྣམས་ལ་ཡང་རྫས་ལ་སེར་སྣ་སྤངས་ཏེ། དབུལ་འཕོངས་ཀྱི་རེ་བ་བསྐོང་བར་མཛད་དོ། །བདག་ཉིད་ཆེན་པོ་འདི་མང་ཡུལ་གྱི་གྲོང་ན་བཞུགས་པའི་དུས་སུ། ཞབས་ཏོག་པ་མེད་པ་ལ། འཛེ་ཕོ་ཕ་ཕད་གཉིས་ཡོང་ནས། བསོད་སྙོམས་གྲགས་པ་གཅིག་གནང་བར་ཞུ་ཞུས་པས། ནང་དུ་གཤེགས་ནས། ཙམ་སྐྱལ་ཀོག་གེ་གཅིག་གནང་པས། ཤ་གཅིག་ཀྱང་ཐུགས་ལ་ཐོག་ཟེར་བ་ལ། ཤ་ལག་པ་གཅིག་གནང་། སྐུ་བྱུག་གི་ཆས་མར་གཅིག་ཀྱང་གནང་བར་ཞུ་ཟེར་ནས་བཙལ་བས་མར་གོང་ཕྱེད་བཤག་གཅིག་རྙེད་པའང་གནང་། རས་ལྕགས་འགའ་ཡར་ཡང་གནང་ཞེས་གྲགས། དགའ་བ་གདོང་དུ་ཁམས་པ་གཅིག་གིས་ཇ་ལ་གདན་དྲངས་བསྔོ་རྟེན། གྷང་དཀར་པོ་གཅིག་ཕུལ། ཚུལ་བྱོན་པའི་ལམ་དུ་སྤྲང་པོ་གཅིག་གིས་གནང་སྦྱིན་ཞུས་པས་ཕྱག་ཕྱིར་བཙུན་ཆུང་གཅིག་ཡོད་པ་ལ་གོས་ཡུག་དེ་བྱིན་གསུངས་ནས་གནང་། ཡང་ལྷ་སར་གཤེགས་པའི་ལམ་དུ་སྤྲང་པོ་གཉིས་ལ་དངུལ་གྱི་རྡོ་རྗེ་རེ་རེ་གནང་། ལྷ་སར་སྤྲང་པོ་མང་པོ་འདུས་ནས། གནང་སྦྱིན་ཞུས་པས། ཉེ་འཁོར་ན་ཡོད་པའི་གྲོགས་ཐམས་ཅད་བོས་ཤིག་གསུངས་པས། ཁོང་པས་ལྷ་ས་སྡེ་བཞིའི་སྤྲང་པོ་ཐམས་ཅད་བསྡུས་ནས། སྤྲང་རྫུས་དང་བཅས་པས་ལྔ་བརྒྱ་ཙམ་བྱུང་པ་ལ། དར་ཁ་དང་གོས་ཁ་འདྲེས་པ་སྤུང་ནས་སྤྲང་པོ་འཕྲང་ལ་བཤར་ནས། སྣ་ཟིན་རེ་གནང་པས་སྤྲང་པོ་རྒན་པོ་གཅིག་ན་རེ། ལྷ་སར་བླ་མ་ང་བཟང་ཟེར་བ་མང་པོ་བྱུང་སྟེ། འབར་བ་པ་དང་འདི་གཉིས་ལས་དྲག་པ་མ་བྱུང་། འབར་བ་པས་རིན་རྒྱབ་དར་ཁ་རེའི་ཐག་སྐྱེ། འདིས་རང་རེའི་གསོད་དེ་ཁ་ལ་དར་ཁ་གོས་ཁ་གང་ཟིན་རེ་བྱུང་པ་ཡིན་ཟེར་རོ། །

བུལ་རོང་དུ་བཞུགས་དུས། ཀོ་ཀར་གྱིས་ཤ་ཕྱེད་གང་ཟག་ལ་བཞག ། མར་གོང་གཅིག་བྱ་རོག་འགའ་ཡིས་གང་མཐོར་ལ་བཞག་པ་སོགས། རྫས་ལ་སེར་སྣ་མི་འདའ་བ་ཡིན་ཏེ། བདག་པོ་བ་ལ་བདག་གིར་འཛིན་པ་དང་བྲལ་བའི་ཕྱིར། གསེར་དངུལ་གོས་དར་སོགས་ཅི་ཕུལ་ཡང་སྤྱན་གཟིགས་པ་ཙམ་མ་གཏོགས་གཅེས་སྤྲས་སུ་འཛིན་པའི་ཕྱག་ལེན་དང་ཞལ་ལྟ་སོགས་གང་ཡང་མི་མཛད་དོ། །གཞན་གྱི་བཤགས་ཀྱང་མི་ཉན་པར། ཁྲོས་ནས་གཞན་ལ་འཚོག་པ་དང་། ཅེས་པའི་ཉེས་པ་ཡང་མི་མངའ་སྟེ། བདག་ཉིད་ཆེན་པོ་གཙང་དུ་གཤེགས་ཤུལ་དུ། ཆོས་རྗེ་རྣམ་གཉིས་རྭ་སྒྲེང་དུ་བྱོན་དུས། ཉིན་གཅིག་བྱ་བྲལ་དུ་ཆོས་རྗེ་ལོ་ཙཱ་བས། ཆོས་རྗེ་བློ་བཟང་གྲགས་པ་ལ། ཁྱེད་ཡབ་སྲས་གཉིས་ཀྱི་འདིར་ཟླ་བ་གཉིས་གསུམ་དུ་སྐུ་མཚམས་དམ་པོ་མཛད་ནས། ཆོས་ཀྱི་འབེལ་གཏམ་མང་དུ་མཛད་པ་ཡོད་པར་གདའ་བ། དྲུང་རྗེ་བཙུན་པ་ལ་ཐུན་མོང་མ་ཡིན་པའི་ཡོན་ཏན་ཅི་མངའ་གསུང་གི་གདའ་ཞུས་པས། བླ་མའི་ཡོན་ཏན་མཁས་བཙུན་བཟང་གསུམ་པ་ཆོས་མཐུན་གྱི་རྣལ་འབྱོར་བ་དང་བྲལ་བ་དེར་གདའ་ཞུས་པས། དེའང་མིན་པའི་ཐུན་མོང་མིན་པ་འདྲ་གསུངས་བསྡོག་པ་ད་ལན་ཅིས་ཀྱང་གསུང་པར་ཞུ་ཞུས་པས། བླ་མའི་ཡོན་ཏན་ཆུང་ཤོས་གདའ་ལགས་ནའང་། ས་སྐྱ་ནས་འཆད་ཉན་བཤོལ་ཏེ། བུལ་རོང་དུ་ཞལ་གཟིགས་ནས། ཐ་མ་ད་ལྟའི་བར་ལ་ཁོང་ཁྲོ་ཚ་འཁྲུག་པ་གཅིག་ཀྱང་སྐྱེས་མ་མྱོང་གསུང་གིན་གདའ་ལགས་གསུངས་ནས། སྤྱན་ཆབ་ཆེར་གཡོས་པས། ཆོས་རྗེ་ལོ་ཙཱ་བས་ཀྱང་སྤྱན་ཆབ་བཏང་ནས་གསུང་གཏོན་ཏེ་བཤུམས་ཞེས་ཐོས། ཐེག་པ་ཆེན་པོ་སྤོང་བྱེད་ཅིང་། །དམ་ཆོས་འདྲར་སྣང་སྟོན་པ་འོ། །

ཞེས་པའི་ཉེས་པའི་མངའ་སྟེ། ཐེག་པ་ཆེན་པོ་དབུ་སེམས་གཉིས་རྡོ་རྗེ་ཐེག་པ་དང་བཅས་པ་ཕྱིན་ཅི་མ་ལོག་པར་དགོངས་པའི་ཕྱིར་རོ། །ཉོན་མོངས་ལམ་དུ་བསྒྱུར་བ་རིག་འཛིན་གྱི་སྡོམ་པ་ལའང་ཉེས་ལྟུང་གི་མ་རེག་སྟེ་རྩ་བའི་ལྟུང་བ་བཅུ་བཞི། ཡན་ལག་གི་བརྒྱད་རྣམས་ཀྱིས་ཕལ་ཆེར་མ་གོས་ཤིང་། རེ་རེ་ཙམ་བྱུང་སྲིད་ནའང་དུས་ལས་མ་འདས་པར་བཤགས་སྡོམ་མཛད་པའི་ཕྱིར། ཐེག་ཆེན་བསླབ་པའི་བསམ་སྦྱོར་ཉམས་པ་མེད། །ཅེས་སོ། སྐུའི་སྤྱོད་པ་མ་བཅོས་པ་ཡིན་ཏེ། ཚུལ་འཆོས་དང་བྲལ། གསུང་གི་སྤྱོད་པ་མ་བཅོས་པས་བཞོགས་བློངས་ཁ་ཟག་ཐོབ་འཇབ་སོགས་དང་བྲལ། ཐུགས་ཀྱི་སྤྱོད་པ་མ་བཅོས་པ་རྣམས་སེམས་གཡོ་རྒྱུ་སོགས་དང་བྲལ། གང་བྱུང་གིས་ཆོག་ན་ཅི་བྱས་ཀྱང་བདེ་བ་ཁྱབ་བརྡལ་ལྷུག་པའི་སྤྱོད་པ་མཛད་དོ། །ཚེ་འདི་བློས་བཏང་སྒྲུབ་པ་སྙིང་པོར་མཛད། །བདེན་གཉིས་རྟེན་འབྲེལ་ཕྱིན་དྲུག་རིམ་གཉིས་བསྒོམ། །ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེད། །ཉམས་ལེན་རྣམ་དག་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། ཁོ་བོ་དབེན་པ་བརྟེན་པའི་རྒྱུ་མཚན་ཡང་། །འཁོར་དང་གྲོགས་ཀྱིས་ཡིད་སུན་ཕྱུང་བ་འམ། །རྙེད་བཀུར་གྲགས་པ་འདོད་ཕྱིར་མ་ཡིན་གྱི། །གཞན་དུ་ན་འཁོར་བའི་སྡུག་བསྔལ་མེ་འོབས་ལྟར་ཤིན་ཏུ་བརྣག་དཀའ་བར་མཐོང་བའི་ཕྱིར།

དེ་ཡང་འདི་ལྟར། སྲིད་པའི་ཕུན་ཚོགས་ཤིན་ཏུ་གནོག་ཆུང་ཞིང་། །རབ་མང་ཉེས་པའི་ཚོགས་དང་ལྡན་རིགས་ནས། །རང་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །མང་ཐོས་བདག་ནི་དབེན་པའི་གནས་སུ་འགྲོ། །ཆར་འདོད་བྱི་འུས་འབྲུག་སྒྲ་ཐོས་པ་ལྟར། །དབེན་པའི་གཏམ་འདི་ཁོ་བོའི་སྙིང་ལ་འབབ། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་གནས་སུ་འགྲོ། །ངང་པའི་ཚོགས་ཀྱིས་པདྨོའི་མཚོ་མཐོང་ལྟར། །བས་མཐའི་གནས་ལ་ཁོ་བོ་སེམས་རབ་གཡོ། །དལ་འབྱོར་ལུས་ལ་སྙིང་པོ་བླང་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་གནས་སུ་འགྲོ། །བུང་བ་གཞོན་ནུ་འདབ་བརྒྱའི་ཚལ་མཐོང་ལྟར། །ཁོ་བོའི་ཡིད་ནི་དབེན་པའི་རོ་ལ་ཆགས། །ཏིང་འཛིན་བདུད་རྩིའི་རོ་དེ་མྱང་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་གནས་སུ་འགྲོ། །དཔྱིད་དུས་བསིལ་བའི་མ་ལ་ཡ་རླུང་ལྟར། །ནགས་ཀྱི་སྨན་ལྗོངས་ཁོ་བོའི་ཡིད་ལ་འབབ། །ཉོན་མོངས་བདུད་ཀྱི་སྡེ་དེ་གཞོམ་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་གནས་སུ་འགྲོ། །གསུངས་ནས། ས་སྐྱའི་བརྒྱ་དཔོན་དང་། བཟང་ལྡན་གྱི་མཁན་པོ་སོགས་མཛད་པའི་ཞུ་བ་ཕུལ་ནས། མི་ལོ་བཅོ་བརྒྱད་ཀྱི་བར་དུ་བསྟན་པ་ལ་བསམ། འཆད་ཉན་བྱས་ནས། རྒས་ཁ་འདིར་སྡེ་གོག་གཅིག་ལ་མི་འཇུག་གསུངས་ཏེ། སྐུ་ཚེ་འདིའི་ཕུན་ཚོགས་ཐམས་ཅད་སྤངས་ནས། གངས་བུ་མེ་དཀར་པོའི་གངས་མགུལ་གཡུ་ལུང་རྡོ་རྗེ་རྫོང་གི་དབེན་གནས་སུ་སྒྲུབ་པ་ལ་བྱོན་ནས། ལོ་ལྔའི་བར་དུ་རྩེ་གཅིག་ཏུ་སྒྲུབ་པ་མཛད་པའི་ཚེ། གང་ཟག་གི་བདག་མེད་གཏན་ལ་འབེབས་པ་ཉན་ཐོས་ཀྱི་སྒོམ། བདེན་བཞི་མི་རྟག་སོགས་སྐད་ཅིག་བཅུ་དྲུག་བསྒོམས། གཟུང་བ་ཆོས་ཀྱི་བདག་མེད་གཏན་ལ་འབེབས་པ་རང་རྒྱལ་གྱི་སྒོམ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམས། འཛིན་པ་ཆོས་ཀྱི་བདག་མེད་བསྟན་ལ་འབེབས་པ་བྱང་སེམས་ཀྱི་སྒོམ། ཕ་རོལ་ཏུ་ཕྱིན་པ་དྲུག་འཁོར་གསུམ་རྣམ་དག་ཏུ་བསྒོམས། ཉོན་མོངས་ལམ་དུ་འགྱུར་བར་རིག་འཛིན་གྱི་སྒོམ། བསྐྱེད་རྫོགས་ཟུང་འཇུག་ཏུ་བསྒོམས་པས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེད་པ་ཡིན་ཏེ། རྣལ་འབྱོར་རྡོ་རྗེའི་སྐུ་ལ་རྟག་བཞུགས་པ། །ཏིང་འཛིན་ཡོངས་སུ་རྫོགས་པའི་ཡན་ལག་སྟེ། །དེ་ནི་རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །བདེ་གཤེགས་རྣམས་ཀྱི་དབང་མཆོག་བཞི་པར་གྲགས། །མི་གནས་མྱ་ངན་འདས་པའང་དེ་ཡིན་ཏེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པ་ཐོབ། །ཅེས་གསུངས།

དེ་དུས་སུ། གངས་ཅན་གྱི་བཤད་སྒྲུབ་པ་ཀུན་གྱིས་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། ཐེ་ཚོམ་གྱི་སྒྲོ་འདོགས་ཐམས་ཅད་གཅོད་པར་བྱེད་པའི་གནས་དམ་པར་གྱུར་ཅིང་། ཀུན་མཁྱེན་བཞིན་དུ་དྲི་བ་ཀུན་གྱི་ལན་འདེབས་པར་མཛད་དོ། །ཐུགས་དམ་ཟབ་མོ་གནད་དུ་སྣུན་པའི་རྟགས། །བླ་མ་ཡིད་དམ་མཁའ་འགྲོ་ཆོས་སྐྱོང་སོགས། །རྒྱུན་དུ་གཟིགས་ཀྱང་རང་རྒྱལ་བརྟུལ་ཤུགས་བརྟེན། །ངོ་མཚར་སྨད་བྱུང་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་གོང་དུ་བསྟན་པའི་ཐུགས་དམ་ཟབ་མོ་དེ་དག་གིས་ཉིན་མཚན་ཁོར་ཡུག་ཏུ་འདའ་བའི་ཚེ་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་གཟིགས་ཀྱང་རང་རྒྱལ་བཞིན་ཏུ་མི་སྨྲ་བའི་བརྟུལ་ཞུགས་བརྟེན་པར་མཛད་དོ། །འགའ་ཡར་གྱིས། དྲུང་པས་ཐུགས་དམ་མཛད་པ་ལ་རྟགས་ཁྱད་པར་ཅན་ཅི་བྱུང་ལགས་ཞུས་པས། མི་ཚེ་ཆོས་ལ་སྐྱལ་བ་ལ་རྟགས་ཐན་ཐུན་ཡོད་སྲིད་དེ། མི་བཤད་འཇིག་རྟེན་གྱི་བྱ་བ་ཆུང་ངུ་ལའང་བསངས་ནས་བསྒྲུབས་ན་འགྲུབ་ཀྱིན་འདུག་པ། རྟགས་རྣམས་བཤད་ན་ཉམས་པར་འགྱུར་ཞིང་། མཁའ་འགྲོའང་མི་མཉེས་པ་འདུག་གསུངས་ནས། ཆེད་དུ་གཉེར་ནས་ཞུས་པ་ཕལ་ཆེར་མི་གསུངས། ཡེངས་མ་ལམ་ལ་ཐལ་ལོ་གསུངས་པ་དང་། དབེན་སར་ཡང་ཡང་ནན་གྱི་ཞུས་པ་གསུངས་པ་རེ་རེ་ཙམ་བདག་གིས་ཐོས་པ་འདི་ལྟར་ལགས།

བུ་ལེར་བླ་མ་རྒྱལ་བཟང་པས། མཁན་ཆེན་གཡག་པའི་གསུངས་ནས། སློབ་དཔོན་གཞོན་ནུ་བློ་བའི་དབུ་མ་ལའང་རྒྱུད་པའི་བླ་མ་མེད། ང་ཡང་སློབ་དཔོན་མེད་རུང་སྟོན་གསུངས་པ་དང་། ལ་ལ་ན་རེ་ཟླ་གྲགས་ཀྱི་སྐུའི་སྐྱེ་བ་ཡིན། ལ་ལ་ན་རེ་ཟླ་གྲགས་ལ་དངོས་སུ་ཆོས་གསན་ཟེར་བ་གང་ལགས་ཞུས་པས། དབུ་མའི་ཚིག་གི་རྒྱུད་པ་ནི་ཡོད། དོན་གྱི་རྒྱུད་པ་ཡོང་པ་དཀའ་མོར་འདུག །དཔལ་ལྡན་ཟླ་བ་གྲགས་པའི་སྐྱེ་བ་མིན་པར་ཐག་ཆོད། ཆོས་ཉན་མ་ཉན་དཔོན་སློབ་ནང་བྱན་ཚུད་ཅིང་མི་ཕྱེད་པའི་དད་པ་ཐོབ་པར་གྲགས། མིན་ན་ལོག་ལྟ་སྐྱེ་བའི་རྒྱུར་འགྱུར་གསུངས། བདག་གི་དྲུང་པའི་སྐུ་གསུང་ཐུགས་ཀྱི་སྤྱོད་པ་ཅི་སྟོན་ཡང་ཡོན་ཏན་དུ་མཐོང་བ་མ་གཏོགས། སྐྱོན་དུ་མི་རྟོག་པར་མཆིས་པས། ཅིས་ཀྱང་གསུང་བར་ཞུ་ཞུས་པས། ཡུད་གཅིག་ཅི་ཡང་མི་གསུང་བར་འདུག །ཡེངས་མ་ངང་ལ་དཔལ་ལྡན་ཟླ་བ་རིག་འཛིན་གྱི་གོ་འཕང་བརྙེས་ནས། དིང་སང་ཡང་རྒྱ་གར་ན་བཞུགས་ཡོད་པ་ཡིན། སྐལ་ལྡན་གྱི་གདུལ་བྱ་རྗེས་སུ་འཛིན་པ་ལ། ཁོང་གི་དྲུང་རང་དུ་སྙག་དགོས་པ་ཡང་མ་ཡིན་གསུངས་པ་དང་། བླ་མ་ལྷ་པས་ཕྱག་རྡོར་གྲུབ་ཐོབ་ཏུ་མི་རྐང་བཙུགས་བཏང་ནས། སློབ་དཔོན་གཞོན་བློ་དང་། བྱང་པ་འཇམ་དབྱངས་ཀྱིས་གཅིག་གིས་ལྟ་ལོག་གི་བདག་རྐྱེན་བྱས། གཅིག་གིས་ལྟ་ལོག་དར་རྒྱས་སུ་བྱས་པ་འདི། ཕྱི་མ་གར་སྐྱེ་གསང་བདག་ལ་ཞུ་གྲོགས་ཞུ་བྱས་པས། ཕྱག་རྡོར་གྲུབ་ཐོབ་ཀྱིས་གསང་བདག་ལ་ཞུས་པའི་ལན་ལ་སློབ་དཔོན་གཞོན་བློ་བ་ཐེག་པ་ཆེན་པོའི་གང་ཟག་ཁྱད་པར་ཅན་ཡིན། ཁོང་གི་ལྟ་བ་དེ་ཡང་། ཟླ་གྲགས་ཀྱིས་རྨི་ལམ་དུ་བསྟན་པ་ཡིན་གསུང་། འཇམ་དབྱངས་པ་འདི་ས་པཎ་གྱི་དངོས་སློབ་མི་ཕྱེད་པའི་དད་པ་ཐོབ་པ་གཅིག་ཡིན། ད་ལྟ་ལོངས་སྤྱོད་དང་ལྡན་པ་ཡང་ས་པཎ་ལ་ཚོགས་འཁོར་གཅིག་ཞུས་པའི་རྣམ་སྨིན་ཡིན་ཟེར་བའི་ལན་ཁྱེར་འོངས་པས། ལྷ་པ་ན་རེ། དེ་ག་ཡིན་ཕྱག་རྡོར་གྱི་གྲུབ་ཐོབ་གཅིག་ཡོད་ན་ངའི་སྣ་བར་ཐོས་དོགས་མེད་གསུངས་ཟེར། དེའི་ལོ་རྒྱུས་བདག་ཉིད་ཆེན་པོ་ལ་སློང་རྩེར་ཞུས་པས། ཁོང་གི་ཡིད་ལ་ང་དམྱལ་བར་སྐྱེ་བ་འདུག་ཟེར་བ་གཅིག་ཡོང་དུ་རེ་བ་ཡིན་ཏེ། དེ་རང་མི་ཡོང་མཆིས་གསུངས། ཡང་བུལ་རོང་དུ་བཞུགས་པའི་དུས། ཞབས་བསྐོར་མཛད་འཕྲོ་ལ་ཁོ་དེ་བ་བྲག་ཡ་གི་ན་སྒྲོལ་མ་གཅིག་ཞུགས་ཀྱིན་འདུག་གསུང་། གང་ན་གདའ་ལགས་ཞུས་པས། ཕྱག་མཛུབ་གཙུག་ནས་ཡ་གི་གསུངས། མི་གདའ་ལགས་ཞུས་པས་དེ་ཀ་ཡིན་གསུངས་སོ། །

སྨུ་རྫིང་དུ་གསང་འདུས་ཀྱི་རྒྱུད་གསུང་དུས་སྒྲུབ་ཆེན་མ་དཔལ་མོའི་དབོན་མོ་སྒྲུབ་ཆུང་མ་ཡང་ཉན་གིན་ཡོད་པ་ཆོས་ཐུན་གྱི་མགོ་ཟུག་ནས་གྲོལ་གྲོལ་གྱི་བར་རྒྱུན་དུ་རྒོད་པ་འགའ་ཡར་བྱུང་། རྗེས་སུ་ཁྱོད་རྒོད་པ་ཅི་ཡིན་དྲིས་པས། མཁའ་འགྲོའི་རིགས་བསམ་གྱིས་མི་ཁྱབ་པ་ཁ་དོག་རྒྱན་དང་གོས་དང་སྤྱོད་ཚུལ་མི་འདྲ་བ་དུ་མ་ཆོས་ཉན་དུ་བྱུང་བ་ལ་རྒོད་པ་ཡིན་ཟེར། ཆོས་རྗེ་བློ་བཟང་པ་དཔོན་སློབ་འོ་དེ་གུང་རྒྱལ་གྱི་གངས་ལ་བཞུགས་དུས་དགོང་མོ་ཐུན་གཏོར་གཅིག་ལ། ཚོགས་པར་རྟོག་ལྡན་འཇམ་དཔལ་རྒྱ་མཚོས་ནམ་མཁའ་ལ་མཁའ་འགྲོའི་ཚོགས་མང་དུ་འདུས་ནས་བསྟོད་པ་འདི་འདོན་ཀྱིན་འདུག་པ་གཟིགས། གངས་བུ་ལེ་དཀར་པོའི་གཡས་མགུལ་ན། །རྣལ་འབྱོར་དབང་ཕྱུག་རེད་མདའ་བ། །མཐའ་བྲལ་གྱི་དབུ་མ་ཐུགས་སུ་ཆུད། །རྒྱུད་སྡེ་མཐར་ཐུག་དཔལ་གསང་འདུས། །ཐུན་མོང་མ་ཡིན་ཀླུ་སྒྲུབ་ལུགས། །བུལ་རོང་དུ་བཞུགས་དུས། མི་ནག་པོ་ཆུང་ངེ་བ། གདོང་པ་བཞི་ཡོད་པ་གཅིག་གཏོར་མ་ལེན་དུ་བྱུང་པ་ལ། ཁྱེད་གང་ནས་འོང་བྱས་པས། ཏེ་སེ་ནས་འོང་ཟེར། ཞལ་བཞི་པ་ཡིན་པར་གྲགས་སོ། །ཉེ་གནས་མཆོག་ལེགས་ལ་མདང་ཆོས་སྐྱོང་ཆུང་པ་དེ་ཡོང་འདུག་པས། གཏོར་མ་འབགས་འདུག ། ད་མན་ཆད་མ་འབག་པ་གྱིས་གསུངས་པས། མདང་སྤུ་ཏྲ་དེ་འོང་ཁ་ལྷག་ལྷག་ནས་སོ་བསོད་དུ་མ་བཅུག་གསུང་། སྨུ་རྫིངས་དུ་རྒྱུད་མཆོད་བྱས་དུས་སྒྲུབ་ཆུང་མས་གཟིགས་པས། བདག་ཉིད་ཆེན་པོའི་མགུལ་ནས་འཇིག་རྟེན་དབང་ཕྱུག་མས་འཁྱུད་ནས་ཐོད་པ་ཤ་ལྔའི་བདུད་རྩི་ལྔས་གང་བ་དྲུང་པ་ལ་ཡང་ཞུས། ཁོང་རང་ཡང་གསོལ་གྱིན་འདུག་ཟེར། བུལ་རོང་དུ་ཚོགས་འཁོར་གཅིག་གི་དུས་སུ་བླ་མ་སྒྲུབ་པ་དཔལ། སློབ་དཔོན་སངས་རྒྱས་དཔལ། བདག་དང་གསུམ་ཡོད་པ་ལས། དྲུང་གི་གསུང་ནས། ངའི་ཡིད་ལ་ད་རང་སངས་རྒྱས་ཀྱི་བསྟན་པ་རྣལ་མ་མེད་བསམ་ནའང་བུ་རྒྱུད་མགོ་འཆད་ནས་མ་གྲོལ་གྱི་བར། འཇིག་རྟེན་དབང་ཕྱུག་མའི་རྟའི་རྨིག་པ་ཟད་ཟད་བསྐོར་བ་བྱེད་པ་སྒྲུབ་ཆུང་མ་དེས་མཐོང་ཟེར་གྱིན་འདུག །ད་དུང་ཡང་བསྟན་པ་ལ་ཨ་ཐོ་ཡང་ཡོད་པར་འདུག་གསུངས། བུལ་རོང་དུ་རྟ་ཁྲིད་ཀྱི་གསོལ་འདེབས་མཛད་དུས་མཚན་མོ་བུད་མེད་དཀར་མོ་གསུམ་ཡོང་ནས། གསོལ་འདེབས་དེ་ལ་ཀོག་འདི་འདྲ་གཅིག་མཛད་པར་ཞུ་ཟེར་ནས། ཁོང་རྣམས་ཀྱིས་ཀོག་འདི་བྱས་ནས་བླངས་སོ། །

ཡང་བུལ་རོང་དུ་སྒྲུབ་ཆུང་མ་ལ་རིམ་ལྔའི་དམིགས་པ་ཞག་བཅུ་གསུམ་ཙམ་ནས་རེ་རེ་འབོག་ཀྱིན་ཡོད་པ་ལ། དམིགས་པ་གཅིག་ཞག་གཉིས་ཙམ་ལ། མི་གཞོན་གོས་དཀར་པོ་གྱོན་པ་གཅིག་འོངས་ནས་ཆུ་ཆུ་མེ་ཐོང་། ཚོད་མ་ཀོལ་བ་སོགས་གཡོག་གང་དགོས་བྱེད་ཅིང་། གཏམ་མི་ཟེར་བ་གཅིག་བྱུང་། སྒྲུབ་ཆུང་མས་ཀྱང་ཡེ་མ་ལབ། དམིགས་པ་ཞུ་རུ་ཕྱིན་དུས་ཞག་གཉིས་ཙམ་གྱི་གོང་དུ་མི་གཞོན་དེ་འབྱུང་བའི་ལོ་རྒྱུས་ཞུས་ནས། ཅི་ལགས་སམ་ཞུས་པས། ཅི་ཡིན་མི་ཤེས་ཁྱེད་རང་དགེ་སྦྱོར་ལ་འབུངས། ངས་ཀྱང་དམིགས་པ་གཟུང་གིས་གསུངས། ལོག་ནས་ཕྱིན་པས་མི་དེ་ད་དུང་སྔར་བཞིན་གཡོག་གང་དགོས་བྱེད་ཀྱིན་འདུག །ཞག་བཅུ་ཙམ་སོང་པ་དང་། ང་འགྲོ་འདོད་པ་ཡིན་ཏེ། ཁྱེད་ཀྱི་བླ་མས་ལུང་པ་མེས་བཀང་ནས་འགྲོ་ས་མི་འདུག །བླ་མ་ལ་ཐུགས་དམ་སློད་ཟེར་བ་ཞུ་གྲོགས་གྱིས་ཟེར་བ་ལན་ཅི་ཡང་མ་བྱས། ཡང་དམིགས་པ་ཞུ་རུ་ཕྱིན་དུས་ཁྱེད་ཀྱི་མི་ད་དུང་འདུག་གམ་གསུངས། ཁོང་ཟེར་ཚུལ་ཞུས་པས། ངས་ཐུགས་དམ་ཙམ་ཆེར་བྱས་པ་མེད། ད་ཁོང་རང་འགྲོ་ཡོང་གསུང་། དྲུང་ནས་སྲུང་འཁོར་བཤིག་པས། ལོག་ཕྱིན་དུས་སོང་ནས་མི་འདུག །དཔེ་དཀར་བར་ཆོད་ལ་ཡོང་པར་འདུག་གསུངས། བྲག་དཀར་སྟ་སོར་བཞུགས་དུས་ཀྱང་དཔེ་དཀར་གྱི་གཟུགས་དགོན་པའི་ཁོང་ཁེབ་པ་གཅིག་བྱུང་ནས། དྲུང་པ་ལ་མིག་ངན་ལྟ་ཡིན་འདུག །ཐུགས་དམ་ལ་བཞུགས་པས་རང་ཡལ་ལ་སོང་། ཡང་བུལ་རོང་དུ་སློབ་དཔོན་ནམ་མཁའ་དཔལ་བས་ཞུ་ཞིག་ཕུལ་ནས་མངའ་རིགས་པའི་མངའ་བདག་དེ་གྲོངས་སམ་ཞེས་སྒྲོགས་ཀྱིན་བརྡའ་ལགས་པས། ཐུགས་དམ་ལ་འདོགས་པར་ཞུ་ཞུས་པས། དེ་ནུབ་དམིགས་ནས་གསང་འདུས་ཀྱི་སྒྲུབ་མཆོད་གཅིག་མཛད། ནམ་ལངས་པ་དང་། མངའ་བདག་པ་གནས་པོ་ཆེའི་སྐྱེལ་མ་ལ་བྱོན་པའི་ཆ་ལུགས་ཇི་ལྟ་བ་བཞིན་སྐུ་མདུན་དུ་བྱུང་པས་དྲུང་ནས་ཡེངས་མ་ངང་ལ། ཁྱེད་གྲོངས་འདུག་ཟེར་བ་ཨེ་བདེན་གསུངས་པས། དབུ་གུག་པ་གསུམ་མཛད་ནས་བཞུགས་ཁྲི་ལ་ཐིམ་སོང་གསུངས།

ཡང་ཆོས་རྗེ་ཛྙཱ་ན་བ་གྲོངས་དུས་ཀྱང་། བླ་མ་ཛྙཱ་ན་བ་དེ་མདང་སང་འདིར་བྱོན་བྱུང་སྟེ། སྐུ་གཤེགས་པ་འདྲ་གསུང་། དུས་ཚོད་བསྒྲིག་པས་དེའི་ནུབ་དང་འགྲིག་པར་བྱུང་། སྨྱུང་གཞི་དྲག་པོ་གཅིག་བྱུང་དུས་ཐུགས་དམ་ལ་བཞུགས་ཀྱང་སྨྱུང་ཟུག་ཆེས་པས་སྐུ་སྤར་སྤར་འཕར་བ་དང་། རྒྱུ་ཆུ་ལྟར་འགྲུག་པ་བྱུང་དུས། གང་གིས་རྟེན་ཅིང་འབྲེལ་པར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོངས་པ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་པ་ལན་གསུམ་སྟོན་པས་སྨྱུང་སངས་པ་བྱུང་། བླ་མ་སྒྲུབ་པ་དཔལ་བས་ཞབས་ཏོག་མཛད་དུས། རྟུག་པ་ཐུག་བཤེག་པས་འཕྱིས་ཏེ། གདན་ཡོལ་བར་འདུག་དགོངས། ཁོང་པ་རང་གི་བཤོས་གཡོས་ཤིང་། ཡོད་པ་ལ་བླ་མས་ཕེབས་ཀྱང་ནང་དུ་འགྲོ་མ་ནུས་པར་སྒོ་གསེང་ནས་གཟིགས་པས། བཤོས་དཀྲུག་སྟེ་སྐུ་མདུན་དུ་ཕོག་སྟེ། ཆོས་ཐམས་ཅད་མིང་ཙམ་བརྡའ་ཙམ་ཐ་སྙད་ཙམ་བཏགས་པ་ཙམ་མོ་གསུངས་ནས། གཤོས་ཕྲུའི་ནང་ནས་ཀ་གསོལ་ཀྱིན་འདུག་པས་ཁོང་ཤིན་ཏུ་དད་པར་གྱུར་ཏོ། །

ས་སྐྱར་མང་ཇ་གཅིག་ལ་དུང་མ་བྱུང་པར་བྱོན་ཏེ། གཙོ་ཐབ་ཀྱི་འགྲམ་དུ་བཞུགས་ནས་ཁྲོམ་ཆུ་ལ་སྤྱན་ཧ་རེ་གཟིགས་ཏེ། སྤྱན་ཆབ་ན་ར་ར་འདུག །ཇ་གསོལ་རྒྱག་ཀྱང་མ་ཆད། ནང་དུ་ལོག་བྱོན་ཀྱང་མ་ཆད། ཕེབས་པ་དང་། སྤྲོ་བོ་ཐར་བཟང་གིས་ཁྱེད་ཀྱི་སློབ་དཔོན་དེ་ཟ་བཞིན་ཀྱང་ངུ་། འགྲོ་ཡིན་ཀྱང་ངུ་བ་ཅི་ཡིན་ཟེར་བས། བདག་གི་སྣང་བ་ལ་ཉ་སྲམ་གྱིས་ཟ་བ་གཟིགས་ནས་སྤྱན་ཆབ་བྱུང་བ་ཡིན་ནམ་སྙམ་དེ་ཅི་ལགས་ཞུས་པས། དེ་ཡང་མ་ཡིན། ཁྲོམ་ཆུ་ཁྲོ་ཁྲོ་ལོ་འགྲོ་ཡིན་འདུག་པ་དེ་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་གཅིག་བརྟགས་ནས་བསྒོམས་པས། སྟོང་པ་ཉིད་ཀྱི་ལྟ་བ་རྣལ་མ་གཅིག་སྐྱེས་བྱུང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དུ་འདུག་པས་མཆི་མ་བྱུང་བ་ཡིན་གསུང་། ཤངས་སུ་ཆོས་བར་ལ་བྱོན་དུས་དྲུང་པ་ལ་ཆིབས་གཅིག་ཡོད་པ་བཤོལ་ནས་བྱོན། གྲྭ་བ་རྣམས་སྔོན་ལ་བྱོན་ནས་རབ་ལ་རྒལ། དྲུང་ནས་རྟ་གང་འགྲོ་བ་བཏང་ནས། འཁོར་མོ་ཟབ་མོ་གཅིག་ལ་ཆུད་འདུག་པ་ལ། གྲྭ་བ་རྣམས་ཀྱིས་རྒྱུག །ཀུ་ཅོ་བྱས་ཀྱང་རྟ་ཐད་ཀ་ལ་བཏང་པས་ཆུ་ལ་ཐུགས་ཁ་ཙམ་མན་ཆད་ནུབ་པ་བྱུང་རུང་རྟ་བཏང་ཀྱང་མ་ཤོར་བ་འདུག དེ་འདྲའི་མཛད་ལུགས་ཞུས་པས། རྟ་ཁོ་རྐང་ལག་གཙུག་པ་གཅིག་མི་འགྱེལ་བར་འདུག་གསུངས། གཞན་ཡང་ཆོས་བར་ལ་གཤེགས་དུས་ས་ཆ་ཡངས་པ་རྣམས་སུ་ཐུགས་དམ་ལ་ཡེངས་ནས། ཞལ་གང་ཚུར་ཚུགས་སུ་གཤེགས་ཏེ། སྤྱན་འདྲེན་དུ་འགྲོ་དགོས་མང་དུ་བྱུང་ཟེར། མངའ་རིས་ནས། ཆོས་རྗེ་གྲགས་པའི་ཕྱག་ཕྱི་མཛད་དེ་རྩང་པོ་ལ་གཤེགས་དུས་ཀྱང་། ཐུགས་དམ་ལ་འབྱམས་ནས། ཆིབས་པས་ཡང་ཡང་བསྐྱུར། ཞབས་ཐོག་བྱ་དགོས་མང་དུ་བྱུང་པས། རྟ་རྫི་ན་རེ། སློབ་དཔོན་གཞོན་བློའི་མི་དགོས་པའི་སྒོམ་འདིས། སྡུག་རིར་བསོད་པ་འདུག་ཟེར། ཤེལ་དཀར་གྱི་འདུ་ཁང་དུ་གཟིམས་པ་མཛད། སྤྱི་ཁང་གི་སྟེང་ན་གདན་གསོལ་བ་མཛད་ཀྱིན་ཡོད་པ་ལ། ཉིན་གཅིག་བདག་གིས་སངས་རྒྱས་ཀྱི་དུས་མཆོད་གཅིག་ཞུས་དུས། མི་དྲུག་བདུན་གཅིག་སྤྱི་ཁང་ན་ཡོད་པས། མ་མཐོང་པར་དྲུང་པ་སྟེང་ན་ཕེབས་འདུག ཁང་པ་དོག་མོ་འདིར་འུ་རེགས་པས་མ་མཐོང་པར་དྲུང་པས་ཕེབས་པ་རྫུ་འཕྲུལ་ཡིན་ནམ་ཞེས་ངོ་མཚར་དུ་གྱུར།

དྲུང་ནས་དབུས་ལ་བྱོན་པའི་དུས་སུ། ཆོས་རྗེ་དཔོན་སློབ་སུམ་བརྒྱ་ཙམ་གྱིས་སེར་འཕྲེང་གིས་བསུས། ཆོས་རྗེ་བས་ཕྱག་ཕུལ་བ་ལ་ཕྱག་ལན་མཛད་བཞེད་པ་ལ། མི་མཛད་པར་ཞུ་ཞུས་ནས། དེ་མར་ཆད་ཕྱག་ལན་མ་མཛད་པས། དབུས་པའི་དགེ་བཤེས་ཆེན་པོ་རྣམས་ཀྱང་། ཕྱག་ལན་མཛད་པའི་སྤྲོ་བ་དང་བྲལ་བར་གྱུར་ཀྱང་། དྲུང་གནས་གསང་སྡེའི་མཁན་པོ། སྟན་ལུང་ལོ་ཙཱ་བ་སོགས་ལ་ཕྱག་ཕར་མཛད་པས། ཇོ་བོ་བཟང་པའི་གྲགས་པ་ཡང་ཆེར་ཐོག་གོ །དེ་ནས་དགའ་བ་གདོང་དུ་ཆོས་རྗེ་བློ་བཟང་གྲགས་པས་གཙོ་མཛད། བཀའ་བཅུ་པ་ནམ་མཁའ་བྱང་ཆད། བསོད་ཤེ་དར་མ། བཀའ་བརྒྱད་པ་འགའ་ཡར་དང་། ཕར་ཚད་མཁྱེན་པ་ལྔ་བརྒྱ་ཙམ་ལ་དབུ་མ་འཇུག་པ་དང་། ལྟ་ཁྲིད་གསུངས་པས། མེ་ཏོག་གི་ཆར་བབས་ཐམས་ཅད་ཤིན་ཏུ་གུས་པར་གྱུར་ཏོ། །

དེ་དུས་གསང་ཕུ་བ་ལྡན་མ་ཀུན་སེང་ལངས་ཏེ། ཆོས་རྗེ་ཡབ་སྲས་གཉིས་ལ་ཞུ་བ་རེ་ཡོད་པས། གསན་དུ་གསོལ། གཙང་ན་མཁས་པ་རེད་མདའ་བ། དབུས་ན་མཁས་པ་བློ་བཟང་ཟེར་ནས། ཁྱེད་ཡབ་སྲས་གཉིས་དབུས་གཙང་གི་བསྟན་པའི་བདག་པོར་གྲགས་གདའ་བས། ད་ཞལ་འཛོམས་དུས་འདིར། ཐེག་པ་གསུམ་གྲུབ་མཐའ་བཞིའི་བཤད་སྲོལ་མཛད་པ་རྣམས་ལྐོག་ཏུ་མི་མཛད་པར། བདག་ཅག་དབུས་གཙང་གི་དོན་གཉེར་བ་རྣམས་ཀྱི་ལོག་རྟོག་དང་ཐེ་ཚོམ་བསལ་བའི་ཕྱིར། ཚོགས་སུ་འབེལ་གཏམ་མཛད་པར་ཞུ་བ་དང་། ལུང་རིགས་ཀྱིས་དགག་བསྒྲུབ་མཛད་ནས་ཁོ་ཐག་ཆོད་པའི་ཆོས་འཁོར་ཡུན་རིང་དུ་བསྐོར་དུ་གསོལ། དེ་ནས་རྗེ་བཙུན་ཆེན་པོ་ཡང་གངས་བུ་ལེ་དང་། ཆོས་རྗེ་རྗེ་བློ་བཟང་གྲགས་པ་ཡང་འོ་དེ་གུང་རྒྱལ་གྱི་གངས་ལ་གཤེགས་མི་གསུང་བར་དབུས་གཙང་གི་གཞུང་དུ་བསྟན་པའི་བྱ་བ་རྒྱ་ཆེན་པོ་མཛད་དུ་གསོལ་ཞེས་ཞུས་སོ། །དེ་དུས་དྲུང་ནས་དགེ་འདུན་རྣམས་ལ་མང་ཇ་དར་འགྱེད་དང་བཅས་པ་མཛད་དོ། །དེ་ནས་སྣེའུར་བྱོན་དུས། ཡབ་སྲས་གཉིས་ཀྱི་གཙོ་མཛད། དགེ་བཤེས་བཟང་ལ་རགས་པ་བདུན་ཅུ་ཙམ་གྱིས་ཚ་བྲལ་དུ་གསང་ཕུ་བའི་དགེ་བཤེས་གཅིག་ལངས་ནས། ཁྱེད་ཡབ་སྲས་གཉིས་ལ་ཞུ་བ་ཚིག་རེ་ཡོད་པས། མི་འཆབ་པར་གསོང་པོར་གསུང་བ་ཞུ། བླ་མ་རྗེ་བཙུན་པའི་གསུང་ནས། སྤྱིར་བཀའ་བསྟན་བཅོས་ཀྱི་དགོངས་པ་གཞུང་ལུགས་མགོ་འཇུག་གི་འགང་གོ་བ་རེ་དགོས་པ་ཡིན། ཚིག་གི་ཕྲེང་བ་རེ་བལྟས་ཏེ་ཤེས་ཤེས་རང་ལ་སྙིང་པོ་ཙམ་མེད་གསུངས་པ་ཨེ་བདེན་ཞུས་པས། ངས་དེ་འདྲ་རང་བྱས་སུ་མ་ཚོར། ལར་དེ་འདྲ་གཅིག་འདུག་པ་གསུངས་པས་བླ་མའི་དྲུང་ནས་དོན་གྱིས་ཞལ་གྱིས་བཞེས་པར་གདའ་བས། མི་འཆབ་པར་གསུངས་པ་ཐུགས་ལ་བཏགས་ཟེར། བླ་མ་རིན་པོ་ཆེའི་གསུང་ནས། གཞུང་ལུགས་ཀྱི་འགངས་གཤོག་ན་ངའི་བླ་མ་དགོས་པ་ཡིན། དཀའ་གནས་ཀྱི་ཚིག་སྤུ་རིས་འབྱེད་ན། ཨ་བོ་རྒན་ཆེན་དགོས་པ་ཡིན་གསུངས་པ་ཨེ་བདེན་ཞུས་པས། ཆོས་རྗེ་པ་ཞལ་འཛུམ་མཛད་ནས། ཅང་མི་གསུང་པ་ལ་ཁོང་ན་རེ། ཡབ་སྲས་གཉིས་ཀྱང་ཇོ་བོ་བཟང་ངན་མཆོད་རྟེན་གྱི་བང་རིམ་བཞིན་ལོག་གེ་འདུག་ཟེར་རོ། །

ཡང་སྣེའུའི་ཚ་གྲལ་གཅིག་ཏུ་སློབ་དཔོན་སྙལ་པ་ཟེར་བ་གསང་ཕུ་གླིང་བསྟོད་ཀྱི་གདན་ས་བྱེད་རྒྱུ་གྲྭ་པ་བརྒྱ་ཙམ་ཡོད་པ་གཅིག་གིས། ཞབས་དབང་གནང་པ་ཞུ་ཞུས་པས། ཁྱེད་འདྲ་བའི་དགེ་བཤེས་ཆེན་པོ་ལ་དེ་འདྲ་གར་ཡོང་གསུངས་ནས་མ་གནང་པས། ང་ཡང་ཚེ་འཇུག་འདིར་དཔལ་ལྡན་རེད་མདའ་བའི་ཞབས་ཀྱི་པད་མོ་དྲི་མ་མེད་པ་ལ་གཏུག་ཟེར་བ་གཅིག་འདོད་པ་ཡིན། བཙུན་རྒན་འཇིགས་མི་དགོས་རྐང་པ་བཞོག་ཞུས་པས། འོ་ན་གཡའ་གསུང་ནས་ཞབས་དབང་མཛད་དོ། །དེ་ནས་ལྷ་སར་བྱོན་ནས། དགེ་འདུན་བརྒྱད་བརྒྱ། མི་ནག་པ་དྲུག་བརྒྱ་ཙམ་ལ་སྐྱིད་སྡུག་ལམ་ཁྱེར་གཅིག་གསུངས། དེ་དུས་ཆོས་རྗེ་བློ་བཟང་གྲགས་པས་ཇོ་བོའི་དྲུང་དུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ། བླ་མ་ཇོ་བོའི་དྲུང་དུ་བཞུགས་ཏེ་སྨོན་ལམ་མཛད་དུ་གསོལ་ཞུས་ནས། ཁོང་པ་རང་གིས་གཙོ་མཛད་དགེ་འདུན་ལྔ་བརྒྱ་ཙམ་གྱིས་ཡན་ལག་བདུན་པ་རྒྱས་པ་གཅིག་ཕུལ། གཙོ་བོ་བཟང་པོ་སྤྱོད་པའི་སྨོན་ལམ་དང་། ཁོང་པ་རང་གིས་མཛད་པའི་བདེ་བ་ཅན་གྱི་སྨོན་ལམ་རྒྱ་ཆེར་བཏབ། ཁྱད་པར་དུ་རྗེ་བཙུན་ཐམས་ཅད་མཁྱེན་པ་ཀུ་མ་ར་མ་ཏིས་གཙོ་མཛད་བསྟན་པའི་རྩ་ལགས་སྐྱེས་ཆེན་ཞལ་བཞུགས་ཐམས་ཅད་བསྟན་པ་དང་སེམས་ཅན་གྱི་དོན་དུ་ཞབས་བརྟན་པར་གྱུར་ཅིག ཅེས་པ་ལན་གསུམ་མཛད་དོ། །

དེ་དུས་དྲུང་ནས་ཞབས་དབང་སུ་ཞུ་ལ་གནང་། ཆོས་རྗེ་པས་ཡེ་མ་གནང་པས། གསང་ཕུ་བའི་གྲྭ་པ་རྣམས་ན་རེ། རེད་མདའ་བ་ཁོ་འཆི་བས་མི་འཇིགས་པའི་ཞབས་དབང་སུ་ཞུ་ལ་གནང་གིན་འདུག བློ་བཟང་འཆི་བས་འཇིགས་པས་སུ་ལ་ཡང་མི་གནང་པ་འདུག་ཟེར་བ་ཡང་བྱུང་། དེ་ནས་རྭ་སྒྲེང་ལ་འབྱོན་དུས་བྲག་དཀར་མོ་པ། བྱ་ཡུལ་རིན་པོ་ཆེ། ལོ་མཁན་པོ། འབྲི་ཁུང་པའི་སྟག་རྩེ་རྫོངས་པ་རྣམས་ཀྱིས་འབུལ་སྣོད་ཕུན་སུམ་ཚོགས་པ་མཛད། དེ་ནས་སྟག་རྩེ་ཕུ་ལ་བྱོན་པས། དགེ་འདུན་སུམ་བརྒྱ་ཙམ་གྱི་གདན་ཆད་ནས་ཀུན་བསོད་སྙོམས་ལ་བྱོན་པས། གདན་ཐེབ་ཙམ་བྱུང་། དེ་ནས་ལོ་པའི་ཚོགས་པ་ཆོས་འབྲེལ་ཞུར་བྱུང་སྟེ། ཙམ་པ་མཛོ་རྒྱབ་ཉི་ཤུ་ལྷག་པ་ཙམ་གཅིག་ཕུལ་པས། སླར་མི་ཐེག་པའི་སྡུག་བསྔལ་དུ་གྱུར། ཆོས་རྗེ་ཡབ་སྲས་ནམ་མཁའ་མཛོད་ལ་མངའ་མཉེས་པ་འདྲ་ཟེར་བའི་གྲགས་པ་བྱུང་། དེ་ནས་རྭ་སྒྲེང་དུ་ཕྱག་ཕེབས། དངུལ་གདུགས་ཅན་ཆེ་ཆུང་། གསང་འདུས་འཇམ་རྡོར་གྱི་གཙོ་མཛད་རྟེན་གསུམ་ངོ་མཚར་ཅན་རྣམས་ལ་ཕྱག་དང་མཆོད་པ་རྒྱ་ཆེན་ཕུལ་ནས། དགོན་པ་གོང་དུ་ཡབ་སྲས་གཉིས་སྐུ་མཚམས་བཅད་པའི་བུ་སྒོ་ནས། གཞི་བྱེས་ཀྱི་ཚོགས་པ་དྲུག་བརྒྱ་ཙམ་ལ་སྐལ་བ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ནི།

བདག་ཉིད་ཆེན་པོས། གསང་འདུས་རིམ་ལྔའི་ཁྲིད། དབུ་མའི་ལྟ་ཁྲིད། ཐེག་པ་ཆེན་པོའི་བློ་སྦྱོང་། བཞི་བརྒྱ་པའི་བཤད་པ། སྐུ་མཚམས་གྲོལ་ནས། རིག་པ་དྲུག་བཅུ་པའི་བཤད་པ་རྒྱས་པ་གཅིག་གནང་ནས། གྲོལ་དུས་ཁོ་བོ་ཀླུ་སྒྲུབ་ཡབ་སྲས་ཀྱི་དགོངས་པ་འཆད་ན་དེ་ལྟ་བུ་འཆད། མི་རེ་རེའི་རྟོག་པ་དང་བསྟུན་ནས་གཞུང་ལུགས་འཆད་པ་ཀུན་མཁྱེན་གྱིས་ཀྱང་དཀའ་གསུངས། ཆོས་རྗེ་པ་འབྲི་ཁུང་དུ་བྱོན་ཤུལ། བཀའ་བཅུ་པ་གཉིས་ཀྱིས་གཙོ་མཛད། གསང་བདེ་གུང་གསུམ་རྩེ་ཐང་སོགས་ཀྱི་དགེ་བའི་བཤེས་གཉེན་ཡང་དག་པ་བདུན་ཅུ་ཙམ་ལ་གསང་འདུས་རྒྱུད་འགྲེལ་ཆ་ལག་དང་བཅས་པ། དབུ་མ་རྒྱན་གྱི་བཤད་པ་རྒྱས་པ་གཅིག་གནང་པས། ལྡན་མ་དཀོན་སེང་དང་། ནམ་མཁའ་གཤོག་རལ་ལ་སོགས་པ་ཅུང་མི་དད་པ་རྣམས་ཀྱང་མི་ཕྱེད་པའི་དད་པ་ཐོབ་པར་གྱུར་ཏོ། །དེ་ནས་ཡབ་སྲས་གཉིས་སྟག་ལུང་མདོར་ཞལ་འཛོམས་དུས། འོལ་ཀ་སྟག་རྩེ་བའི་ཇོ་མོ་ཆོས་འབྲེལ་ཞུར་ཡོང་པ་གཅིག་ལ། ཆོས་སྨྱོ་བྱུང་པ་ལ། དྲུང་གི་གསུང་ནས་དགེ་འདུན་གཅིག་རྒྱུགས་ལ་ཇོ་མོ་མ་གིའི་ལག་པ་གཡས་པ་འོག་ཏུ་བཞོག་ལ། ཁྱེད་ཀྱི་ལག་པ་གཡས་པས་སྟེང་ནས་རྒྱོབ་དང་གསུང་པ་ལ། དེ་བཞིན་བྱས་པས་ཇོ་མོ་སྨྱོ་བ་སངས། འཁོར་ཕལ་མོ་ཆེའི་བསམ་པ་ལ། འདི་སྡེ་སྣོད་ལ་མཁས་པ་མིན་པར། བགེགས་སེལ་སོགས་མི་མཁྱེན་སྙམ་པ་ཡོད་པ་ལ། ཀུན་ངོ་མཚར་ཆེ་བར་གྱུར་ཏོ། །དེ་ནས་སྟག་ལུང་དུ་སྤྱན་དྲངས་ཏེ། སྟག་ལུང་རིན་པོ་ཆེས་ན་བཟའ་ཕྱིབས་པ། ཇ་སིག་སོགས་འབུལ་སྣོད་རྒྱ་ཆེན་པོ་མཛད། ཚོགས་པས་ཚོགས་ཆོས་ཞུས། སྟག་ལུང་པ་ཀུན་གུས་པར་གྱུར་ཏོ། །

དེ་ནས་གནམ་རྩེ་ལྡེང་གི་གཙུག་ལག་ཁང་དུ་ཆོས་རྗེ་ལོ་ཙཱ་བ་སྐྱབས་མཆོག་དཔལ་བཟང་པོ་དང་། ཆོས་རྗེ་ཡབ་སྲས་གཉིས་ཀྱིས་གཙོ་མཛད་དབྱར་གནས་ཁས་བླང་པའི་དགེ་འདུན་ལྔ་བརྒྱ། ཕྱོགས་ནས་ཆོས་འབྲེལ་ལ་འདུས་པ་དང་བཅས་པ་བརྒྱད་བརྒྱ་ཙམ་བྱུང་པ་ལ་ཆོས་ཀྱི་འཁོར་ལོ་བསྐོར་ཚུལ་ནི། བདག་ཉིད་ཆེན་པོས་གུང་ཆོས་འདུལ་བ། དབུ་མ་རྩ་འཇུག་གཉིས། གསང་འདུས་ཀྱི་རྒྱུད། ལྟ་ཁྲིད་རྣམས་གནང་། གཞན་ཡང་ཕྱོགས་ནས་བྱོན་པ་རྣམས་ལ་ཆོས་འབྲེལ་ཅི་འདོད་གནང་། དེ་དུས་ཆོས་རྗེ་བློ་བཟང་གྲགས་པས་དབྱར་གནས་རྒྱགས་གང་བྱུང་གི་དངོས་པོ་དྲག་པ་རྣམས་འབུལ་བའི་དམ་བཅའ་མཛད་ནས། གསེར་སྲང་རེའི་མཎྜལ་ཐེངས་གསུམ་ཕུལ། གཞན་ཡང་དངོས་པོ་བྱུང་རེས་ཀྱིས་སྤྱན་དྲངས་ནས། ཁོང་པ་རང་གིས་འབུལ་བ་འབུལ། སྨོན་ལམ་འདེབས། བསྔོ་བ་ཞུ་བ་སོགས་མཛད་ཅིང་། དེའི་གོང་དུ་ཡང་གསེར་གར་ལུག་དང་། ལི་སྐུའི་འཇམ་དཔལ་ཞལ་གཉིས་ཀྱིས་གཙོ་མཛད། གསེར་དངུལ་གོས་དར་སོགས་འབུལ་སྣོད་རྒྱ་ཆེན་པོ་མཛད་ཅིང་། རྗེས་སུ་ཡང་དངུལ་བྲེ་ཆེན་ན་བཟའ་ཆ་ཚང་ཐང་འགའ་ཡར། གསོལ་ཇ་རྒྱུན་མ་ཆད་པར་ཕུལ་ནས། རྟག་ཏུ་ངུས་ཆོས་འཕགས་བསྟེན་པ་བཞིན་མཛད་དོ། །དབྱར་གནས་གྲོལ་བ་དང་། གཙང་དུ་བྱོན་ནས་ས་སྐྱར་ཕྱག་ཕེབས་ཏེ། འཇམ་དབྱངས་ཀྱི་དྲུང་དུ། ཏ་ཧུན་གྱི་སྣམ་སྦྱར་བཟང་པོ་གཅིག བླ་རེ་གཅིག ཚོགས་པ་སྟོང་བསྐོར་བརྒྱད་བརྒྱ་ཙམ་ལ་མང་ཇ་འགྱེད་དང་བཅས་པ་མཛད། དེ་ནས་བུལ་རོང་ཏུ་སྐུ་མཚམས་དམ་པོ་ལ་ལོ་གསུམ་བཞུགས་དུས་བུ་ལེ་རྒྱུན་དུ་གཏོར་མ་ལེན་དུ་ཡོང་གིན་ཡོད་པ། ཉིན་གཅིག་སྒྲུབ་ཆུང་མས་ཀྱང་མཐོང་ནས། རྒོད་པས་ཅི་འདུག་གསུང་། ཁོ་བུ་ལེ་གཏོར་མ་ལེན་དུ་ཡོང་གི་གདའ་ཞུས་ཟེར། དང་པོ་སྨུ་རྫིང་དུ་ཆོས་བར་མཛད་དུས་ནམ་ལངས་པ་དང་། གཞི་བདག་མོ་ཁྱུང་ལུང་མ་སྐུ་མདུན་ན་ཡར་རྡོལ་ནས། རྒྱན་ཆ་ལུགས་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། ཕྱག་འཚལ། བྱིན་བརླབས་ཞུས་ནས་ས་ལ་ཐིམ་སོང་། སྔ་དྲོ་ཚ་དུས་སུ་གཞི་བདག་མོའི་གཟུགས་གྱང་ངོས་ལ་བྲིས་པ་གཅིག་གཟིགས་ནས། མོ་འདི་འདྲ་བ་གཅིག་མི་འདུག འདི་བས་བརྒྱ་འགྱུར་གྱིས་མཛེས་པ་གཅིག་འདུག་གསུངས། དེའི་དུས་བུད་མེད་གཅིག་ལ་གཞི་བདག་མོ་བབས་ནས། སྔོན་གྱི་དགེ་སློང་དེ་ཚོ་ཕེབས་པས། ཞབས་ཏོག་ཡང་དག་པ་ཕུལ་ཟེར་ནས། སྔོན་གྱི་དགེ་སློང་ནི་བྱང་སེམས་ཟླ་བ་རྒྱལ་མཚན། དེ་དུས་མཁན་ཆེན་དཔལ་འབྱོར། སློབ་དཔོན་དར་མ་སོགས་ལྔ་ལ་མཛོད་ཀྱི་རང་འགྲེལ་གྱི་སྟེང་ནས་མཛུབ་ཁྲིད་མཛད་པས་ལྔ་ཀས་མཛོད་དགའ་མོ་ཤེས་པ་རེ་བྱུང་། འདི་འདྲ་བའི་འཆད་ཉན་བྲོད་པོ་ཡིན་ཞེས་མཉེས་ཚོར་ཆེན་པོ་མཛད་དོ། །

ངམ་རིངས་རྩེ་མོར་བློ་བཟང་སོགས་དཔོན་སློབ་བཅུ་དྲུག་གིས་ཆོས་བར་མཛད་དུས་ངམ་རིངས་ཤོད་ན་མཁན་ཆེན་བསྟན་རྒྱལ་བ་དཔོན་སློབ་བདུན་བརྒྱ་ཙམ་འཆད་ཉན་མཛད་ཀྱིན་འདུག་པས། དྲུང་པའི་ཐུགས་དགོངས་ལ་ཁོང་དཔོན་སློབ་བདུན་བརྒྱ་པོ་དང་ངེད་དཔོན་སློབ་བཅུ་དྲུག་པོ་བསྟན་པ་ལ་སུ་ཕན་ཆེའམ་དགོངས་པ་གཅིག་བྱུང་། དུས་ཕྱིས་ཁོང་བདུན་བརྒྱ་པོས་བློ་བཟང་གྲགས་པ་གཅིག་པོ་ཡང་མི་དོ་བར་འདུག་གསུང་། དང་པོ་བུ་སྟོན་རིན་པོ་ཆེའི་སྲས་ཀྱི་ཐུ་བོ་མཁན་ཆེན་དྷརྨཱ་ཤྲཱི་དཔོན་སློབ་ལྔ་བཅུ་ཙམ་བཀའ་བཞི་ལ་འཆད་ཉན་ཡང་དག་མཛད་པ་གཟིགས་པས། ངས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་འདི་ཙམ་ཡོང་པ་གཅིག་བྱུང་ན་དགོངས་པ་བྱུང་བ་ལ། དུས་ཕྱིས་བསྟན་པ་དང་སེམས་ཅན་ལ་ཁོང་པས་ང་དངོས་སུ་ཕན་ཆེ་བ་གཅིག་བྱུང་འདུག་གསུངས། ཁྲི་རྒྱལ་བསོད་ནམས་ལྡེ་པས། འཕགས་པ་ཐོགས་མེད་སངས་རྒྱས་ཀྱིས་ལུང་བསྟན་པའི་སྐྱེས་བུ་ཆེན་པོར་འདུག་པ་ལ། རྗེ་བཙུན་བྱམས་པས་དབུ་མ་མི་སྟོན་པ་ཅི་ལགས་ཞུས་པས། འོ་ན་ཨ་མ་ཚོས་བུ་ཚ་ལ་དང་པོར་སྒྲུབ་གོང་རྫིས་ནས་མི་སྟེར་བ་བར་ཟླ་ཁ་གཏེར་བ་ཅི་ཡིན་གསུངས། ལན་ཞུ་བའི་སྤོབ་པ་དང་བྲལ་ལོ། །ཡང་ལོངས་སྤྲུལ་སངས་རྒྱས་མིན་ཟེར་བ་མང་པོ་གདའ་ལགས་པ། ཇི་ལྟར་ལགས་ཞུས་པས། དིང་སང་གི་མཁས་པ་འདི་ཚོ་ལ་ངེས་པ་ཙམ་མི་འདུག ངས་དུས་འཁོར་རྒྱུད་འགྲེལ་ལ་འགལ་འདུ་ཡོད་བྱས་པ་ལ། ཆོས་སྤོང་གི་ལས་ཡིན་ཟེར་འདུག ལོངས་སྤྲུལ་སངས་རྒྱས་མིན་ཟེར་མཁན་བྱུང་རུང་། དེ་འདྲའི་ལུགས་ཀྱང་ཡོད་ཟེར་ནས་ཅི་རུ་ཡང་མི་སྒོམ་པར་འདུག་སྟེ། ལོངས་སྤྲུལ་སངས་རྒྱས་མིན་ན། མདོ་རྒྱུད་ཐམས་ཅད་བཀའ་མིན་པར་འགྱུར་བ་ལ་སོགས་པ་ཉེས་པ་ཤིན་ཏུ་ཆེ་གསུངས།

གནས་བརྟན་དངོས་གྲུབ་ན་རེ། འུ་བའི་བླ་མ་འདིའི་ཀུན་སྤྱོད་བསམ་གྱིས་མི་ཁྱབ་པར་འདུག བླུན་པོ་གཅིག་དང་སྡོངས་ཀྱང་དེ་བས་དྲག་ཙམ། ཕར་ཚད་ཤེས་པ་གཅིག་དང་སྡོངས་ཀྱང་དེ་བས་དྲག་ཙམ། བཀའ་བཞི་མཁྱེན་པ་གཅིག་དང་སྡོངས་ཀྱང་དེ་བས་དྲག་ཙམ། མཁན་ཆེན་གཅིག་དང་སྡོངས་ཀྱང་དེ་བས་ཆེས་མངོན་པར་མཐོ་བར་མཛད་ཀྱིན་འདུག ང་ནི་ལྷག་པར་དེ་རང་ལ་མོས་པ་གཅིག་བྱུང་ཟེར། བཀའ་བཅུ་པ་ཡོན་ཏན་ན་རེ། ངས་བླ་མ་འདི་བས་དཀོན་མཆོག་ལ་དད་གུས་ཆེ་བ་མ་མཐོང་གི་གྲོང་ཇོ་བོ་ལ་འཇལ་དུ་བྱོན་རེས་ཀྱིས་ཇོ་བོའི་ཕྱག་ལ་འཇུས་ནས། སྤྱན་རས་གཟིགས་མགོན་ཁྱེད་སྐུ་ཅི་འདྲ་དང་། །ཞེས་སོགས་ཀྱི་ཤླཽ་ཀ་འདོན་ཀྱིན་སྤྱན་ཆབ་ཕྲོལ་ཕྲོལ་ཡོང་གིན་འདུག་ཟེར། དེ་ཨེ་བདེན་ནམ་སྙམ་ནས་དུས་ཕྱིས་ཆེད་དུ་གཉེར་ནས་བདག་གིས་ཀྱང་བལྟས་པས། བདེན་པར་གདའོ། །གསང་བུ་བའི་སློབ་དཔོན་རྒྱལ་དབང་ན་རེ། ངས་བླ་མ་སུ་བྱ་བའི་རྩར་བསྡད་དེ། སྡུག་བསྔལ་རང་འགག་པ་འགྲོ་བ་རེད་མདའ་བ་མིན་པ་མ་མཐོང་ཟེར། འཇམ་དབྱངས་པ་ན་རེ། འགའ་ཞིག་ད་ལྟ་བོད་ན་སློབ་དཔོན་པས་མཁས་པ་མེད་ཟེར་ནའང་། ངའི་ལུགས་ཀྱི་རྒྱ་གར་ཤར་ནུབ་རྒྱ་ནག་བལ་པོ་རྣམས་ན་བསྟན་པ་རྣལ་མ་མེད་པར་འདུག་པས་ད་ལྟ་འཛམ་བུ་གླིང་ན་སློབ་དཔོན་མཁས་པ་བས་མཁས་པ་མེད་པར་གོ་གསུངས། དྲུང་ནས་ཁྲི་བསྐོར་གཞན་དུ་གཤེགས་ཙ་ན། ཞལ་དུ་མི་འདོན་ཡང་ཐུགས་ཁྲལ་ཆེར་མཛད། བྱང་དུ་ཕེབས་ཟེར་བ་གསན་མ་ཁད་ཤིན་ཏུ་གཏམ་སྙན་རྟེན་གསུམ་བྱིན་བརླབས་ཅན་རེ་ཡོད་ནའང་ཡོད་ཟེར་བ་ལ། དེ་འདྲ་དང་མཉམ་པོ་མིན། གཞུང་ལུགས་པ་ཆེན་པོ་ཕྱག་ཕེབས་པ་ཙམ་གྱིས་ཕྱོགས་བཀྲ་ཤིས་པ་ཡིན་ཟེར་ནས་མཉེས་ཚོར་ཆེན་པོ་མཛད་དོ། །

མཁན་ཆེན་བསོད་ནམས་སྐྱབས་པ་ན་རེ། ངའི་བླ་མའི་ཡོན་ཏན་ཆུང་ཤོས་གཞན་གྱིས་མི་དོ། བླ་མ་རི་ཕུག་ཏུ་བཞུགས་ཀྱང་། གོས་དར་གྱི་ན་ཟ་འཕང་མེད་ལ་བསྒོམ། གཞན་སྡེ་བདག་ཏུ་བསྒོམ་པ་རྣམས་ཀྱང་། ནང་དུ་ཧྲུལ་ཆས་གྱོན་ཤིང་། ཕྱིར་འགྲོ་དུས་བཟོ་པར་འདུག་སྟེ་གསུང་ཤིན་ཏུ་མོད། སྨུ་རྫིང་ན་བཞུགས་དུས་བཀའ་བཅུ་པ་དོན་སེང་གིས་འཇལ་དུ་ཕྱིན་པས་ཆོས་ཞུས། གྲོལ་བ་དང་འགྲོ་བའི་གྲབས་བྱས་པས། ཁྱེད་དེ་རིང་འགྲོ་ན་རྟ་ཟུར་གྱི་ཟམ་པ་ཐོན་ཙམ་དེར་རྒྱུགས་གསུངས། བདག་ཅག་དེ་ཕྱོགས་ལ་མི་འགྲོ་ལགས་ཞུས་པས། ཨ་ཧ་ང་ནི་བུལ་རོང་ན་ཡོད་པའི་བསམ་པ་གཅིག་བྱུང་འདུག་གསུངས། བདག་གིས་དྲུང་དུ་ཕྱིན་ནས། བཀའ་བཅུ་པ་ལ་དེ་ལྟར་གསུངས་ལགས་སམ་ཞུས་པས། དེ་བྱུང་། ང་ལ་བུལ་རོང་གི་ལུང་པ་ཡ་གི་ཕ་ཡུལ་གྱི་སྣང་བ་ཅིག་འཆར་གྱིན་འདུག་སྟེ་བག་ཆག་བརྟས་པ་ཡིན་གསུངས། རི་ཁྲོད་དགའ་མོ་ཡ་གི་རྙེད་པ་འཕགས་ཆེན་ཆོས་བཟང་དཔལ་གྱི་བཀའ་དྲིན་ཡིན་གསུངས། འཕགས་ཆེན་ཆོས་བཟང་དཔལ་ལ་འཇལ་དུ་བྱོན་དུས་ཁྱེད་བསྟན་པ་རིན་པོ་ཆེའི་བདག་པོ་ཡིན་པས། དེ་ལྟར་ཐུགས་ཁུར་བཞེས་ཤིག སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཁྱེད་ཀྱི་ཕྱག་ན་ཡོད་དོ། །བསྟན་པ་རིན་པོ་ཆེ་འདི་ལ་ཁྱེད་ཤེས་སོ། །ཞེས་གསུང་ནས། ཕྱག་ནས་བཟུང་ཞིང་ཞལ་ལྟ་མང་པོ་གནང་བའི་མཐར། ཁྱེད་ཀྱིས་བསྟན་པ་རིན་པོ་ཆེ་ལ་སྔར་ཕྱག་བཞེས་མཛད་པའི་བརྩོམ་པ་མཛད་པ་རྣམས་ཀྱི་དཀར་ཆག་ཀྱང་འདིར་འཁོད་གསུངས་ནས། གོང་དུ་བསྟན་པའི་གསུང་སྒྲོས་རྣམས་དགུང་ལོ་ཉི་ཤུ་རྩ་བདུན་པ་ཡར་བཅད་ལོ་འདི་ལ་འདི་མཛད་ཀྱི་དཀར་ཆག་ཀྱང་མཛད་དོ། །

དྲུང་ནས་གྲོད་ཆུང་དུ་བཞུགས་དུས། ཀྱི་རོང་ཇོ་བོ་ལ་ཕྱག་ཞབས་ཀྱི་གདུ་བུ་རྣམས་ཚོད་ཀྱིས་བརྡུང་ནས་འབུལ་དུ་བཏང་པས། ཀྲིག་རན་པར་བྱུང་། དྲུང་ནས་ཕྱག་ཚད་མཛད་པ་ལགས་སམ་ཞུས་པས། མ་བྱས་ཆེ་ཆུང་མཚམས་པ་ཇོ་བོ་རང་གི་ཐུགས་རྗེ་ཡིན་གསུངས། བདག་གིས་མཁན་ཆེན་གཡག་པ་ལ་འཇལ་དུ་ཕྱིན་དུས་ཁོང་པ་ལ་ཆོས་རྗེ་ལོ་ཙཱ་བ། རྗེ་བཙུན་པ་བློ་བཟང་གྲགས་པ་གསུམ་གང་ལྷག་ཞུས། སློབ་དཔོན་གཞོན་བློ་བ་ལྟ་བུའི་དགེ་བའི་བཤེས་གཉེན་དིང་སང་དཀའ་མོར་གཏད་ཡོང་གསུང་ཞིང་། ཁོང་པས་ཕར་ཕྱིན་གྱི་ཊཱིཀྐ་དེ་ལ་བལྟས་པས་ནང་འགལ་འགའ་ཡར་འདུག ཁོང་བྱམས་ཆོས་སེམས་ཙམ་ཡིན་གསུང་ནའང་། ང་བཀའ་རུ་དེ་འདོད་དེ། བྱམས་པ་སངས་རྒྱས་ཡིན་པའི་ཕྱིར། ཁོང་གསང་འདུས་པ་ཆེན་པོ་ཡིན་པས། འཇམ་དབྱངས་དཀྱིལ་འཁོར་གྱི་གཙོ་བོར་མཛད་ཀྱིན་ཡོད་ཀྱང་། འཇམ་དབྱངས་དང་བྱམས་པ་གཉིས་སངས་རྒྱས་ཡིན་ན་ཡིན་སྙམ། མིན་ན་མིན་སྙམ་ཡིན་ང་ཟེར་ཀྱིན་འདུག་སློབ་དཔོན་ལ་ཞུས་ཤིག་གསུངས་ནས་ཞུས་པས། ནང་འགལ་ཐན་ཐུན་ཡོད་སྲིད། འཁྲུལ་མེད་སྨྲ་བའི་འཕགས་པར་ངས་ཁས་བླང་པ་མེད། ཁོང་གིས་ནང་འགལ་དུ་བཟུང་བ་རྣམས་ནང་འགལ་ཨེ་ཡིན་མི་ཤེས། བསྟན་པ་འདི་གཞིར་བཞག་ལ་བྱམས་པ་བྱང་སེམས་དང་། བྱམས་ཆོས་ལྔ་བསྟན་བཅོས་སུ་བཤད་འདུག ཁོང་རང་སངས་རྒྱས་པས་ལྷག་གསུངས་ནའང་དབང་ཆེ། རྡོ་རྗེ་ཐེག་པའི་རྒྱ་ཕར་ཕྱིན་ཐེག་པ་ལ་བཀབ་རུང་ཞྭ་དཔེ་ལྷམ་ལ་བཀབ་པ་བྱ་བ་མཁས་པའི་ལུགས་མ་ཡིན་གསུངས།

མཁན་ཆེན་ཆོས་དཔལ་བའི་གསུང་ནས་འུ་རང་མཐོང་ལམ་ཐོབ་ཐོབ་ལྟ་བའི་ལབ་མ་ཟེར། དེ་ནས་ཤེས་ཡོང་གསུང་ཟེར་པ་དྲུང་དུ་བསྐྱར་པས། མཐོང་ལམ་ལྟ་བའི་རིགས་རྣམ་པར་དག་པའི་འབྲས་བུ་ཡིན་པ་ལ་ལྟ་བ་མ་ཤེས་པར་མཐོང་ལམ་གཅིག་ཐོབ་ངོས་ཤེས། ཁ་ཕྱེ་ན་ཟོང་ཟད་པའི་ལབ་ཡིན་གསུང་། ཆོས་རྗེ་ལོ་ཙཱ་བ་དང་བླ་མ་དབང་པས་གདན་འདྲེན་བཏང་པས། ཁམས་བཟང་ཞིང་རྟེན་འབྲེལ་འགྲིག་ཡོང་པར་ཞུ་ཞུས་པས། ལོ་ཙཱ་བས་དགོན་པ་བརྩིགས་ནས་ཁལ་ཉིས་སྟོང་ཙམ་བསགས། དེའི་རྒྱབ་ཆ་ཤ་མར་གོས་སྟན་མེ་ཤིང་སོགས་བསྒྲུབས་ནས་ད་ནམ་ཕེབས་པ་གཅིག་ཡོང་ན་ཞེས་ཡིད་སྨོན་དུ་མཛད་ཅིང་གདན་འདྲེན་པ་བཏང་པས། ངེད་ན་སོ་རྒས། ཤ་ལུས་ལྕིས་པས། འགྲུལ་མི་ཕེར་བ་འདུག་གསུངས་ནས། ཐུགས་དམ་གྱི་གཙོ་བོར་འཇམ་དབྱངས་ཀྱི་ལི་སྐུ་མཚར་མོ་གཅིག་ཞུ་རྟེན་ལ་ཕུལ་ནས་མ་བྱོན། དྲུང་ནས་ཐུགས་ཤེས་ཀྱིས་མཁྱེན་ནས་སྟག་ཚང་དུ་དུས་གཟིང་ཆེན་པོ་ཡོང་པ་དང་། ཡོན་མཆོད་གཉིས་ཀའི་སྐུ་ཚེ་ཐུང་ངུ་ལས་མི་ཡོང་བ་མཁྱེན་ནས་མ་བྱོན་པར་གྲགས། བུལ་རོང་དུ་སྔ་རྟིང་ལ་ལོ་བཅུ་གཉིས་བཞུགས་པ་ལ། ལོ་ལྔ་དྲུང་པ་རང་གིས་ཐུགས་དམ་རྩེ་གཅིག་ཏུ། ལོ་བདུན་ལ་ཆོས་འཁོར་ཅི་རིགས་སུ་བསྐོར་ཅིང་བུལ་རོང་ཤོད་དུ་བཞུགས་དུས་མཁན་ཆེན་དཔལ་འབྱོར་བ་ཆོས་རྗེ་མཆོག་བཟང་པས་གཙོ་མཛད་ཆོས་ཁོ་ན་དོན་དུ་གཉེར་བའི་དགེ་འདུན་ཤ་སྟག་བརྒྱ་བཅུ་ཙམ་ལ་གསང་འདུས་ཀྱི་རྒྱུད། རྩ་འཇུག་བཞི་གསུམ་ལྟ་ཁྲིད་སོགས་ཞིབ་རྒྱས་སུ་གནང་། གསན་མཁན་རྣམས་ལ་ཡང་བྱ་རྒྱུ་ཆོས་ལས་མེད་པས། ཉིན་མཚན་ཆོས་ཁོ་ནས་འདའ་བ་བྱུང་། ས་ཆ་བགྲོད་དཀའ་མོ་དེར་ཡང་། ས་སྐྱ་ཚུན་ཐམས་ཅད་སྙགས་ནས། བསྙེན་བཀུར་བཟང་ལ་མང་བ་བྱུང་། བུལ་རོང་དུ་བསྟན་པ་རྙེད་དང་བཀུར་སྟིར་བཅས་པ་དེ་བས་ལྷག་པ་དུས་གསུམ་དུ་ཁྱབ་ཟེར་རོ། །

དེའི་ཕྱི་ལོ་སྨུ་རྫིང་དུ་སློབ་དཔོན་ཆེན་པོ་ནམ་མཁའ་དཔའ་བས་གཙོ་མཛད། བྲག་རམ་མཁན་ཆེན། སློབ་དཔོན་ལས་སྟོན། འདར་པ་མགོན་སེང་། སྒྲུབ་ཆེན་མ་དཔལ་མོ་ཡོན་བདག་དཔོན་པོ་རྟོག་ལྡན་སོགས་བརྒྱ་བརྒྱད་བཅུ་ཙམ་ལ་གསང་འདུས་ཀྱི་རྒྱུད། རྩ་འཇུག་གཉིས། ལྟ་ཁྲིད་དང་བཅས་པ་གནང་ངོ་། །ཆོས་སུམ་གཉིས་ཙམ་སོང་པ་དང་། སྒྲུབ་ཆེན་མ་དཔལ་མོ་ལ། ནམ་སྨད་མི་མ་ཡིན་ཆེན་པོ་གཅིག་དངོས་སུ་ཡོང་ནས་ཁྱོད་ནམ་ལངས་པ་དང་། བླ་མའི་དྲུང་དུ་རྒྱུགས་ལ་ཕྱག་གསུམ་ཕུལ། དྲུང་ནས་བསྟན་པ་དང་སེམས་ཅན་གྱི་དོན་ལ་ཡུན་རིང་དུ་བཞུགས་སུ་གསོལ་ཞེས་ལན་གསུམ་གསོལ། བར་ཆད་ཆེན་པོ་བྱུང་དོགས་འདུག་གོ་ཟེར་བ་དེ་ཐོས་པས་སྒྲུབ་ཆེན་མ་དེ་ལངས་ཏེ་ཐུགས་མ་བདེ་བ་བྱུང་། ནམ་ལངས་པ་དང་། དྲུང་དུ་ཞུ་བ་གལ་ཅན་གཅིག་ཡོད་པས། ཅིས་ཀྱང་ཡོང་པ་ཞུ་ཞུས་པས་ཤོགས་གསུངས་ནས། གོང་དུ་ཟེར་བ་བཞིན་ཕྱག་ཕུལ་གསོལ་བ་བཏབ་ནས་འདི་བདག་ལ་གྱིས་ཟེར་མཁན་གཅིག་བྱུང་པ་མ་གཏོགས་བདག་གིས་རྫུན་ནམ་ཟོག་ཡིན་ན་དྲུང་གི་བཀའ་སྲུང་རྣམས་ཀྱིས་ཆད་པ་ཆོད་བྱས་པས། མནའ་སྐྱེལ་གྱིན་ཁྱེད་ལ་རྫུན་ཡིན་ཟེར་བའི་གལ་མེད་འཆི། ངེད་ས་སྐྱར་འཆད་ཉན་བྱེད་དུས། ལོ་གྲངས་འདི་ཙམ་ན་འཆི་ཟེར་བའི་སྒྲ་ཆེན་པོ་འབྱུང་བ་ཡིན་ཏེ། དེ་དུས་བརྟགས་པས། རེ་གཅིག་པ་ལ་འཆི་བ་འདུག་སྙམ་པ་བྱུང་། ད་ལོ་མི་འཆི་ཡང་སང་ཕོད་སྐྱས་ཆེན་ཡིན་པས་སྙམ་གྱིན་འདུག་གསུང་། དྲུང་པ་ལ་སྐེག་ཆེན་པས་བསུ་སྐེག་སྐྱོན་ཆེ་བ་གཅིག་གདའ་ལགས། དེ་དུས་ཀྱི་ལོ་དེ་གང་ཡིན་བརྩི་བར་ཞུ་དང་ཞུས་པས། རྩིས་པས་སྒྲུབ་ཆེན་མ་དང་གཅིག་པར་བྱུང་། དེ་ནས་ཆོས་གྲོལ་བ་དང་། བུལ་རོང་དུ་བྱོན་པས་སྐུ་མཚམས་དམ་པོ་གཅིག་མཛད་པར་ཞུ། བདག་གིས་ཀྱང་གདན་བཞུགས་གཅིག་ལ་འོངས་ཞུས་ནས་རྗེས་སུ་གདན་བཞུགས་ཟབ་པོ་གཅིག་ཕུལ་བས་ལོ་འགའ་ཡར་སྐུ་ཁམས་བཟང་པོ་ཡོང་པའི་ལྟས་བྱུང་གསུངས། དེའི་ཕྱི་ལོ་མངའ་རིས་ཕྱོགས་ས་ཆ་བཟང་ཞིང་། མི་བློ་ལས་སུ་རུང་བ་འདུག་པས། འགྲོ་གསུངས་ནས། འཇམ་དབྱངས་པས་རྒྱ་མཁར་པར་བརྡས་པས་མ་ནོན། ཆེན་པོ་དཔལ་ལྡན་པས་ཅུང་ཐུགས་བརྡས་ནས། ཞུ་བ་ཕུལ་ཡང་མ་གསན་པར་མངའ་རིས་སུ་བྱོན། ཡར་རེ་རེས་ནེ་རིང་པའི་དབོན་པོ་གཉིས་ལ་དགེ་ཚུལ་གྱི་བསླབ་བྱ་རྣམས་གནང་། དཔོན་པོ་རྟོག་ལྡན་པ་ལ་དགེ་སློང་གི་སྡོམ་པ་རྣམས་གནང་། ཁོང་རྣམ་པས་ཀྱང་། འབུལ་འདེགས་ཕུན་སུམ་ཚོགས་པ་མཛད་ནས། སྟག་རྩེ་བས་གྲགས་ན་ཕར་བསྐྱལ། དེ་ནས་མངའ་རིས་པས་བསུ་སྟེ། རྫོང་ཁར་དུ་ཕྱག་ཕེབས། གུང་ཐང་ཁབ་པས་ཤང་ལེན་ཕུན་སུམ་ཚོགས་མཛད་དོ། །

དེ་ནས་མང་ཡུལ་དུ་བྱོན་ཏེ། རང་བྱོན་འཕགས་པའི་དྲུང་དུ་ཕྱག་དང་མཆོད་པ་རྒྱ་ཆེན་པོ་ཕུལ། ཐང་ཤེར་པ་དཔོན་པོ་ལ་རབ་བྱུང་གི་སྡོམ་པ་གནང་ནས། མེ་ཏོག་མདང་ཅན་གྱི་ནགས་ཁྲོད་དུ་སྒྲུབ་པ་ལ་བྱོན་ནོ། །དེ་དུས་གཞི་བདག་བཙན་རྗེ་ཟེར་བ། ཆོས་ལ་དཀར་བ་གཅིག་ཡོད་པ་ཡོང་ནས། ང་ལ་ཆང་གཅིག་འདྲེན་གྱིན་འདུག་ཆང་མི་འཐུང་པ་ལ་སྙམ་པས་མར་ཁུར་སོང་ནས་དུམ་པ་གཅིག་འཐུང་ནས་བཞག འབུལ་བ་ཟང་ཟིང་མང་པོ་བྱེད་ཀྱིན་འདུག དེ་ནས་ཞག་བཞི་ལྔ་ནས། རྒྱའི་འབུལ་བ་དེ་སླེབས་བྱུང་། དེ་གཞི་བདག་གིས་ཚོར་བ་འདྲ་སྙམ་པ་གཅིག་བྱུང་གསུངས། དེ་ནས་སྐུ་མཚམས་གྲོལ་བ་དང་། བདག་ཆེན་མས་བོད་དུ་སྤྱན་དྲངས། དཔོན་སློབ་རྣམས་ར་འདབས་སུ་དབྱར་རྒྱགས་བཏེག་འབུལ་བ་ཡང་ཕུན་སུམ་ཚོགས་པར་ཕུལ། དེ་དུས་དྲུང་སློབ་དཔོན་མས་གཙོ་མཛད། ཆེན་པོ་ཆོས་དཔལ་བ། སློབ་དཔོན་ཡི་དམ་དཔལ། བཀའ་བཅུ་བ་དོན་ཡོད་སེང་གེ་བ་ལ་སོགས་བརྒྱ་བརྒྱད་བཅུ་ཙམ་ལ། གསང་འདུས་རིམ་ལྔ། ལྟ་ཁྲིད་བློ་སྦྱོང་། རྩ་འཇུག་གཉིས། གསང་འདུས་ཀྱི་རྒྱུད་ཀྱི་བཤད་པ་ལ་སོགས་ཟབ་རྒྱས་སུ་གནང་ཞིང་། མངའ་བདག་སྐུ་མཆེད། བདག་མོ་མཆེད། ཞང་བློན་འགའ་ཡར་ལ་ཡང་གསང་འདུས་ཀྱི་དབང་གནང་། དཔོན་ཞང་ནམ་མཁའ་སྟོབས་རྒྱལ་བ་ཁུ་དབོན་ལ་བསྙེན་རྫོགས་དང་རབ་བྱུང་གི་སྡོམ་པ་གནང་། དེ་དུས་མངའ་བདག་ཡུམ་སྲས་རྣམས་ལ་བསྟན་འགྱུར་བཞོངས་གསུངས་ཞལ་ལྟ་གནང་པས། བདག་ཆེན་མའི་གསུང་ནས། དྲུང་ནས་ཐུགས་རྗེས་བཟུང་བའི་ཞལ་ལྟ་ཡིན། བདག་ཅག་དང་ཅི་འབྱོར་བྱེད་པར་ཞུ་ཞུས་པས། དེ་ཤིན་ཏུ་ལེགས་གསུངས་ནས་མཉེས་ཚོར་ཆེར་མཛད་དོ། །

ཁོང་ཚོས་བློས་མ་བླངས་ན། པཎ་ཆེན་ཤཱཀྱ་ཤྲཱིས་ཀྱང་བོད་ཡུལ་གྱི་འབུལ་སྣོད་ཐམས་ཅད་ཁྲོ་ཕུའི་བྱམས་པ་བཞེངས་པ་ལ་བཏང་གསུངས། ངས་ཀྱང་སྤུ་རངས་མན་ཆད་འདི་འགྲིམས་ནས་བསྟན་འགྱུར་གྲུབ་ཙམ་གྱི་དངོས་ཆ་འགྲུབ་བསམས་པ་གཅིག་བྱུང་ནའང་། སྡེ་པས་བཞེངས་པ་ཤིན་ཏུ་ལེགས་གསུངས་ནས། བདག་ཆེན་མ་ལ། བཀའ་རུ་མ་དངུལ་བྲེ་ཆེན་གཅིག གོས་ཕྱི་ནང་བཟང་པོ་ལྔ། བེར་ཐུལ་ཐོང་རིས་རེ་རེ། རྒྱའི་རྡོར་དྲིལ་གཅིག གདན་དཀར་རྣམས་གནང་ནས། བདག་ཆེན་མས་ཀྱང་། ཐུགས་ཁུར་ཆེར་བཞེས་འབད་རྩོལ་བཏོན་པས། ལོ་གཅིག་གི་ཁོངས་སུ་བར་ཆད་མེད་པར་གྲུབ་པས་བླ་མ་བྱིན་རླབས་ཆེ་ཞིང་། ཡོན་བདག་མོ་སྐུ་བསོད་དང་བློ་སྟོབས་ཆེ་བའི་གྲགས་པ་བྱུང་ངོ་། །དེ་ནས་རབ་གནས་ལ་རྫོང་ཁར་སྤྱན་དྲངས་ཏེ། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་ཞལ་ཕྱེ་ནས་སྒྲུབ་མཆོད་རྒྱས་པར་མཛད་པས། གསུང་རབ་ཞལ་དྲོ་ཞིང་བྱིན་བརླབས་ཆེ་བ། མཆོད་གནས་ངོ་དྲོ་ཡོན་བདག་བཀྲ་ཤིས་པ་ཕྱོགས་བྱིན་ཆགས་པའི་རབ་གནས་མཛད་དོ། །དྲུང་དུ་གསེར་ངོན་པོ་སྲང་བདུན། གོས་ཏ་ཧུན་གྱི་སྣམ་བེམ་གཅིག་གིས་མགོ་བྱས་འབུལ་སྣོད་རྒྱ་ཆེན་པོ་མཛད་དུས། དྲུང་གི་ཞལ་ལྟས་བདག་མོ། མི་ལུས་ཐོབ་པ་དོན་ཡོད་པ་བྱ་བ་དེ་ལྟ་བུ་ལ་ཟེར་བ་ཡིན། ཆོས་ལ་བྱ་བ་བྱས་པ་རང་སངས་རྒྱས་སུ་སྐྱེ་བར་མདོ་སྡེ་དུ་མ་ནས་གསུངས། དིང་སང་ཡང་དབུས་གཙང་གི་སྡེ་པ་སུ་སྟོབས་ཆེ་ཡང་། སྣག་ཤོག་གླེགས་ཤིང་། བློ་བུ་དགོས་ན་འབྱོར་པ་ཤིན་ཏུ་དཀའ། དེ་ལྟར་བསྒྲུབས་པའི་དགེ་རྩ་བླ་མེད་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་ཡང་རྒྱ་ཆེན་པོ་མཛད་དོ། །

བསྟན་འགྱུར་བཞེངས་པའི་མགོ་ཚུགས་པ་ཙམ་ལ། དྲུང་ནས་བླ་མ་སྒྲུབ་པ་དཔལ་ལ་བསྟན་འགྱུར་འདི་བར་ཆད་མེད་པར་འགྲུབ་པར་འདུག ངའི་རྨི་ལམ་དུ་དབུས་གཙང་ཐམས་ཅད་དུ་ཐོས་པའི་དུང་ཐེང་བདུན་འབུས་པ་རྨིས་གསུངས། རྭ་སྒྲེང་དུ་བཞུགས་དུས་མཚན་ལམ་དུ། ཆོས་རྗེ་བློ་བཟང་པ་དང་གཉིས་གཞུང་ལམ་ཆེན་པོ་གཅིག་ལ་སངས་རྒྱ་རུ་འགྲོ་བ་ཟེར་འགྲོ་ཡིན་འདུག་པས། བློ་བཟང་པ་འགྱོག་ཙམ་འགྲོ་ཡི་འདུག ཁོང་ལམ་ན་མཆོད་རྟེན་གཅིག་འདུག་པ་ལ་བསྐོར་བ་བྱེད་ཅིང་འདུག ངས་མ་བྱས་པར་ཕྱིན་པས། སངས་རྒྱས་པ་ཡིན་ཟེར་བའི་ཁྲི་ཆེན་པོ་གཅིག་འདུག་པ་དེར་ངས་སྔོན་ལ་འཛེགས། ཁོང་གིས་ཀྱང་དེ་མ་ཁད་ཕེབས་བྱོན། ཁོང་ལས་ཁྱེད་སངས་རྒྱ་བར་ཞུ་བྱས་པས། ཁོང་ན་རེ། བླ་མ་བྱང་ཆུབ་སྔོན་ལ་མཛད་པར་ཞུ་ཟེར་ནས་ངས་སྔོན་ལ་སངས་རྒྱས་པ་རྨིས། ཁོང་བར་སྐབས་སུ་བསྐོར་བ་བྱེད་པ་དེ། རང་དོན་ཡིད་བྱེད་གཅིག་བྱུང་བ་ཡིན་ནམ་སྙམ་པ་བྱུང་གསུངས། དེ་ལ་སོགས་པའི་ངོ་མཚར་རྨད་དུ་བྱུང་བའི་ཡོན་ཏན་མཐའ་ཡས་སོ། །

གངས་རིའི་ཁྲོད་ཀྱི་ཆེ་བཙུན་འབྱོར་ལྡན་གྱིས། །གུས་པས་སྤྱན་དང་རྙེད་དང་བཀུར་སྟིས་མཆོད། །དབང་བསྐུར་སེམས་བསྐྱེད་གདམས་པ་མང་དུ་ཞུས། །ཀུན་གྱི་མཆོད་འོས་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་པའི་རིགས་དང་གཏོང་པ་ལ་སོགས་པ་མཐོ་རིས་ཀྱི་ཡོན་ཏན་བདུན་གྱི་མངོན་པར་མཐོ་བ་འཇམ་དབྱངས་ནམ་མཁའ་རིན་ཆེན་པས། བདག་ཉིད་ཆེན་པོ་མཁས་པའི་གྲགས་པ་ཐོབ་ནས་སུ་འཆད་ཉན་མཛད་པའི་དུས་སུ་དཔོན་སློབ་རྣམས་ཡང་ཡང་བཏེགས། གསུང་སྒྲོས་མང་པོ་བཞེངས་ནས། བློ་གསལ་རྣམས་ལ་གནང་། བཞེངས་མཁན་རྣམས་ལ་ཡང་སྣག་ཤོག་སོགས་ཆས་ཁ་མང་པོ་གནང་། གསུང་སྒྲོས་ལ་འཆད་ཉན་མཛད་པ་རྣམས་ཀྱི་བདག་རྐྱེན་ཡང་དག་པ་མཛད། བུལ་རོང་དུ་ཕྱག་ཕེབས་མར་བཅད་ཀྱང་། ཕྱོགས་ནས་འདུས་པའི་བྱ་བྲལ་བ་གང་བྱུང་རྣམས་བཏེགས། བཀྲེན་པ་རྣམས་ལ་ཅི་འདོད་ཀྱི་གསུང་སྒྲོས་རྣམས་བྲིས་ནས་གནང་བ་སོགས་བཤད་སྒྲུབ་མཛད་པའི་ཞབས་ཏོག་ཡང་དག་པ་མཛད་པས་ན། སྦྱིན་བདག་རྣམས་ཀྱི་གཙོ་བོ་ཡིན་ནོ། །རིགས་དང་རུས་དང་། ཆོ་འཕྲང་གིས་མངོན་པར་མཐོ་བ་ཁྲི་རྒྱལ་བསོད་ནམས་ལྡེ་པ་ཡབ་ཡུམ་གྱིས་དཔོན་སློབ་གང་ཡོད་ལོ་གཉིས་ཀྱི་བར་དུ་བཏེགས། མངའ་རིས་སུ་ཆོས་ཀྱི་འཁོར་ལོ་བསྐོར་བའི་བདག་རྐྱེན་ཡང་མཛད་ཅིང་། དཔོན་སློབ་རྣམས་ལ་འབུལ་སྣོད་ཕུན་སུམ་ཚོགས་པ་མཛད་ནས། མི་ཕྱེད་པའི་དད་པ་ཐོབ་པས་སྦྱིན་བདག་གི་མཆོག་ཡིན་ནོ། །སྣེལ་པས། དཔོན་སློབ་འཁོར་བཅས་དགའ་བ་གདོང་དང་། རྭ་སྒྲེང་དུ་ནམ་བཞུགས་བར་བཏེག་ཅིང་། འབུལ་སྣོད་རྒྱ་ཆེན་པོ་ཡང་མཛད། དཔོན་ཡོན་ཏན་རྒྱ་མཚོས་གནམ་རྩེ་ལྡེང་དུ་བཞུགས་དུས། རྒྱག་འཁོར་མར་བཏེག་ཅིང་། འབུལ་སྣོད་ཕུན་སུམ་ཚོགས་པ་ཡང་མཛད། གླིང་དཀར་བས་ཡར་མར་གྱི་ཞབས་ཏོག་འབུལ་སྣོད་བཅས་པ་ཡང་བསྒྲུབས། གནས་སྙིང་སྟོང་དཔོན་རྒྱལ་མཚན་བཟང་པོས་འཆད་ཉན་མཛད་དུས། དཔོན་སློབ་རྣམས་ཀྱི་བཤད་ཉན་གྱི་བདག་རྐྱེན་ཡང་དག་པ་མཛད།

འབྲི་ཁུང་ཆེན་པོ་ཤེས་རབ་དཔལ་བས། ན་བཟའ་ཇ་དཀར་སིག་ཆེན་ལ་སོགས་འབུལ་སྣོད་རྒྱ་ཆེན་པོ་བསྒྲུབས། སློབ་དཔོན་སེང་གེ་བཟང་པོས་ནས་ཁལ་བརྒྱ་ཕུལ་ནས། སློབ་དཔོན་རྣམས་བཏེག ཆུ་འདུས་པས་སྤྱན་དྲངས་ནས། ཆོས་འཁོར་བསྐོར་བའི་བདག་རྐྱེན་འབུལ་སྣོད་ཡང་དག་པ་མཛད། ཤྲི་རི་འཛམ་བུ་གླིང་དུ་བསོད་ནམས་འོད་ཟེར་བས། དཔོན་སློབ་རྣམས་ཀྱི་དབྱར་རྒྱགས་བཏེག་ནས་ཆོས་འཁོར་བསྐོར། མང་ཡུལ་སེང་གེ་མཁར་དུ་དབོན་པོ་བསོད་ནམས་གྲུབ་ཀྱིས་དཔོན་སློབ་འཁོར་བཅས་ཟླ་གཅིག་བཏེག་ནས་ཆོས་འཁོར་བསྐོར། ལན་འདེ་གུང་སྟིངས་སུ་བླ་མ་འཇམ་དཔལ་གླིང་པ་ལྕམ་སྲིང་གིས་དཔོན་སློབ་སུམ་བརྒྱ་ཙམ་ཟླ་བ་གསུམ་གྱི་བར་དུ་བཏེགས། དྲུང་དུ་ཡང་ན་བཟའ་ལ་སོགས་འབུལ་སྣོད་ཕུན་སུམ་ཚོགས་པ་དང་། བྱ་བྲལ་བ་རྣམས་ལའང་ན་བཟའ་རེ་ཕུལ། སྟག་རྩེ་བས་སྨུ་རྫིང་དུ་ཆོས་འཁོར་བསྐོར་བའི་བདག་རྐྱེན་དང་ཡར་མར་གྱི་དཔོན་སློབ་རྣམས་ཀྱི་ཞབས་ཏོག་འབུལ་སྣོད་དང་བཅས་པ་མཛད། ཁྱད་པར་ཁོང་རང་གྲོངས་དུས། ཐུགས་དམ་འདོག་ཐིག་པོ་ཞོ་དྲུག་བཅུ་རྩ་དྲུག་འགོར་བ་གཅིག་ཕུལ། བྱ་བྲལ་བ་རྣམས་ལའང་འགྱེད་དང་བཅས་པ་བསྒྲུབས། དྲུང་ཨ་ཕྱི་བ་དང་། དཔོན་ཞང་ཀུན་སྤངས་པས་འབུལ་འདེགས་བཟང་པོ་མཛད། ཁྱད་པར་དྲུང་སློབ་དཔོན་མས་ཞབས་ཏོག་གི་འཐིལ་དུ་ཞུགས་ནས་ཡང་དག་པ་མཛད། ཤེས་རབ་པ་སྐུ་མཆེད་པས་ཀྱང་ཞབས་ཏོག་ཕུན་སུམ་ཚོགས་པ་མཛད། གཞན་ཡང་མངའ་རིས་ཀྱི་དཔོན་རིག་འབྱོར་ལྡན་དད་པ་ཅན་རྣམས་ཀྱིས་ཞབས་ཏོག་ཡང་དག་པ་བསྒྲུབས། དྲུང་ནས་ཀྱང་དབུས་གཙང་གི་སྦྱིན་བདག་དེ་རྣམས་ཐམས་ཅད་ལ་དབང་བསྐུར། སེམས་བསྐྱེད་ལུང་ཁྲིད་ལ་སོགས་གང་ལ་གང་འོས་ཀྱི་ཆོས་ཀྱི་འབྲེལ་པ་གནང་ནས། དལ་འབྱོར་ཐོབ་པ་དོན་དང་ལྡན་པ་མཛད་པས། སངས་རྒྱས་དངོས་ལྟ་བུར་མི་ཕྱེད་པའི་དད་པ་ཐོབ་ནས་གངས་ཅན་གྱི་སྐྱེ་བོ་ཕལ་མོ་ཆེའི་འདྲེན་པ་དམ་པར་གྱུར་ཏོ། །

ཀུན་མཁྱེན་ཤེས་འོད་ལ་སོགས་པ་མདོ་ཁམས་ཀྱི་བུ་སློབ་རྣམས་དང་། བཀའ་བཅུ་པ་ཀུན་དགའ་དཔལ་ལ་སོགས་པ་དབུས་གཙང་གི་བུ་སློབ་རྣམས་ཀྱིས་ཀྱང་འབྱོར་པ་དང་བཏུན་ནས་གུས་པས་མཆོད་དོ། །གཞན་ཡང་གནམ་གྱི་མཐའ་མ་རྒྱ་ནག་པོའི་ཡུལ་ནས། ཏ་མིང་རྒྱལ་པོས་རྒྱན་གོས་བཟང་པོ་ཕྱི་ནང་ལྔ། སྣམ་སྦྱར་བཟང་པོ། སྐུ་འགག་བེར་ཐུལ། ཐོང་རིངས། དབུ་ཐེབ། ལྷམ། སྐུ་སྐྱེག ཕྱག་ཕྲེང་། རྡོར་དྲིལ་ཆ་གཉིས། ཏིང་ཤག་ཆ་གཉིས། རྟེན་ཁེབས་གཉིས། གདན་དཀར་གཉིས། གསོལ་ཁེབས་གཅིག མཎྜལ་གྱི་རྒྱན་གསུམ། ཙནྡན་དཀར་པོ་གདུམ་གཅིག ཇ་དཀར་རྒྱ་མ་ལྔ་བཅུ་རྣམས་ཕུལ། གུ་གེ་རྒྱལ་པོས། ཁ་ཆེ་གུར་གུམ་ཞོ་ལྔ་བཅུའི་མགོ་བྱས་འབུལ་སྣོད་མང་དུ་བྱུང་ངོ་། །འབྲུག་གི་ལོ་ལ་མྱ་ངན་འདའ་དགོངས་ནས། །གོ་རྟོག་ཉམས་སུ་མྱོང་བའི་ཟབ་དོན་རྣམས། །སྟོན་པས་བསྟན་པ་གཏོད་པ་ཇི་བཞིན་དུ། །ཆོས་འཁོར་ནན་འདོམས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་མང་གུང་གི་མཚམས་གླིང་རྩེ་དཔལ་གྱི་དབེན་གནས་སུ། འབྲུག་གི་ལོ་ལ་དགེ་འདུན་བརྒྱ་ཕྲག་གཅིག་ལ་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ། དེའི་ལོ་མྱ་ངན་ལས་འདའ་བ་མཁྱེན་ནས། གུང་ལོ་དྲུག་ཅུ་རྩ་ལྔའི་བར་དུ་ཐོས་བསམ་བསྒོམ་གསུམ་གྱིས་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ཀྱི་དགོངས་པ་ཟབ་མོ་ཕྱིན་ཅི་མ་ལོག་པ་རྟོགས་ཤིང་། ཐུགས་ཉམས་སུ་བཞེས་པའི་དོན་རྣམས་སྟོན་པ་བཅོམ་ལྡན་འདས་ཀྱིས་འོད་སྲུངས་ཆེན་པོ་དང་། ཀུན་དགའ་བོ་ལ་སོགས་ལ་ངའི་མདོ་སྡེ་རིན་པོ་ཆེ་འདི་ཁྱེད་ལ་གཏད་དོ། །

ཁྱེད་རྣམས་ཀྱིས་ཟུངས་ཤིག་ཆོངས་ཤིག ལྷོགས་ཤིག ཀུན་ཆུབ་པར་གྱིས་ཤིག གཞན་ལ་ཡང་རྒྱ་ཆེར་སྟོན་ཅིག་ཅེས་ཡང་དང་ཡང་དུ་གསུངས་པ་བཞིན་དུ། བདག་ཉིད་ཆེན་པོ་འདིས་ཀྱང་། གདུལ་བྱའི་ཐ་མ་རྣམས་ལ་གསང་འདུས་རིམ་ལྔའི་ཁྲིད། ལྟ་ཁྲིད་ཚར་གཉིས། འཇུག་པ་ཚར་གསུམ་བཏུད་ནས་གསུངས། རྩ་བ་ཚར་གཅིག་རྒྱས་པར་གསུངས། སྨོན་འཇུག་གི་སེམས་བསྐྱེད་ལན་གཉིས་ཉིན་གཅིག་ལ་གསུངས། གསང་འདུས་ཀྱི་དབང་ཐེངས་གཉིས་གནང་། ལྕེ་བསྒོམ་རྫོང་པའི་མན་ངག་རིན་སྤུངས་ཀྱི་ལུང་གནང་། བྱ་བྲལ་བ་རྣམས་ཀྱིས་ལོ་མང་པོའི་བར་དུ་གསོལ་བ་བཏབ་ཀྱང་མ་གནང་པའི་གསུང་རབ་ཐམས་ཅད་ཀྱི་སྙིང་པོ་བསྡུས་པ་བཀའ་འབུམ་ཐོར་བུ་བའི་ལུང་རྣམས་གནང་། སྔར་ནས་གསུངས་པ་དང་མི་འདྲ་བར་དཀའ་བའི་གནས་རྣམས་ལན་གསུམ་གསུམ་བསྐྱར་ནས་གསུངས། དེ་ལྟར་ངེས་པར་གྱིས་ཤིག་ཅེས་ཡང་ཡང་གསུངས་ཞིང་། ཁྱད་པར་དུ་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཁ་ན་མ་ཐོ་བ་མེད་པ་འདི་ལ་མ་བརྟེན་པར་སངས་རྒྱ་མི་ནུས་པར་ཁས་ལེན་ཨེ་ནུས། ཞེས་ཆོས་མགོ་གཞུག་ལ་ལན་གཉིས་གསུམ་གསུངས་ཀྱང་། ལན་ཞུ་མཁན་མ་བྱུང་འདུག བདག་ཉིད་ཆེན་པོའི་བཞེད་པས་སངས་རྒྱ་བའི་ཐབས་རྡོ་རྗེ་ཐེག་པ་དང་། ཕར་ཕྱིན་ཐེག་པ་གཉིས་ལས་མ་གསུངས་ཤིང་། དེ་གཉིས་ཀྱི་ལམ་གྱི་གཙོ་བོ་ཡང་རྫོགས་རིམ་དང་ལྟ་བ་རྣམ་གཉིས་ཡིན་ལ། དེ་གཉིས་མིང་ཐ་དད་ཀྱིས་བསྟན་པ་ཙམ་མ་གཏོགས་ངོ་བོ་བདག་མེད་པའི་ཤེས་རབ་ཁོ་ན་ཡིན། དེས་སྟོན་པའི་གནས་ཀྱི་དོན་དེ་ལས་གནས་ལུགས་ཀྱི་དོན་གཞན་དུས་གསུམ་གྱི་སངས་རྒྱས་ཀྱིས་མ་གསུངས་ཤིང་། དེ་ཕྱིན་ཅི་མ་ལོག་པར་འཕགས་པ་ཀླུ་སྒྲུབ་ཀྱིས་བསྟན་པ་འདི་ཁོ་ན་ཡིན་སྙམ་དུ་དགོངས་པ་ཡིན། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལུགས་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །ཞེས་པས་གཞུང་འཇུག་པར་མཛད་པ་ཡིན་ནོ། །

དབང་གནང་དུས་དང་། དབུ་མའི་སྐབས་འགའ་ཡར་དུ་སྤྱན་ཆབ་ཡང་ཡང་གཏོང་བའི་རྒྱུ་མཚན་ནི་ཆོས་དང་ཆོས་སྨྲ་བའི་གང་ཟག་ལ་དད་ཅིང་གུས་པ་སྐྱེས་པའི། ངས་ཀླུ་སྒྲུབ་ཀྱི་ལྟ་བ་བཟང་པོ་འདི་བསྟན་ཀྱང་། དད་པ་ཙམ་མ་གཏོགས་ཕྱིན་ཅི་ལོག་པར་གོ་བ་མ་བྱུང་པར། གདུལ་བྱ་ཐུགས་ཆད་ནས་ཟེར་ལོ་གྱིས་དང་། གོ་བ་མི་གོ་གསུང་པ་དང་། ཡེ་གསང་ཆེན་མོར་འདུག་གི་གསུང་ཞིང་། ཟབ་མོ་ལྟ་བའི་བསྟན་པ་ནུབ་འགྲོ་བར་གཟིགས་ཏེ། ཐུགས་མུག་ནས་བཤུམས་པར་གོའོ། །འཁོར་འདས་ཆོས་ཀུན་སྐྱེ་བ་མེད་དྲན་ནས། །དེ་ཉིད་ངང་ལ་མྱ་ངན་འདའ་བཞེད་ནའང་། །གུས་པས་གསོལ་བཏབ་ངོ་རུ་ཞག་བདུན་བར། །སྐུ་ཚེ་བྱིན་བརླབས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་དང་། གང་ཚེ་དེ་ཉིད་སྐྱེ་མེད་ཡིན་ཞིང་བློ་དང་སྐྱེ་བ་དང་བྲལ་བ། །ཞེས་པའི་སྐབས་སུ་ཡུལ་ཅན་གྱིས་བསྡུས་པ། འཁོར་འདས་ཀྱི་ཆོས་ཐམས་ཅད་སྐྱེ་བ་མེད་པར་བསྟན་ཏོ། །རང་ཉིད་ཀྱང་ཆོས་ཀྱི་དབྱིངས་སུ་མྱ་ངན་ལས་འདའ་བར་བཞེད་ནས་བསྙུང་བའི་ཚུལ་བསྟན་ན་ཡང་། གདུལ་བྱ་རྣམས་ཀྱི་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་ངོར་ཞག་བདུན་གྱི་བར། སྐུ་ཚེ་བྱིན་གྱིས་བརླབས་ནས་སྐུ་ཁམས་དངས་ཏེ། ད་ལོའི་ཆོས་འདི་བར་ཆད་ཀྱང་མང་པ་གཅིག་བྱུང་བས། གྲོལ་བའི་རིགས་མི་འདུག་གསུངས་ནས། དམིགས་པ་སྤུངས་ནས་གནང་། འཇུག་པའི་བཤད་པ་ཡང་གྲོལ་བར་མཛད་དོ། །

འཆི་བ་འོད་གསལ་ལུས་ལ་བརྟེན་མི་སྲིད། །ལུས་སེམས་བྲལ་ནས་རྣམས་ཤེས་སྟོང་པར་ཞུགས། །དབྱིངས་རིག་དབྱེར་མེད་འོད་གསལ་ཡིན་ནོ་ཞེས། །ཡང་ཡང་གསུང་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་འདི་དིང་སང་གི་མན་ངག་པ་ཕལ་ཆེར་ཉེར་ཐོབ་མུན་ཆེན་གྱི་གནས་སྐབས་སུ་ཞི་གནས་ཀྱི་མཐུས་སེམས་ལུས་ལ་ཡུན་རིང་དུ་གནས་པ་ལ། འཆི་བ་འོད་གསལ་དུ་འདོད་ནའང་དེ་འདྲ་མདོ་རྒྱུད་ཀྱི་དགོངས་པ་མ་ཡིན། ལུས་སེམས་བྲལ་ནས་སྟོང་ཆེན་ཆོས་ཀྱི་དབྱིངས་སུ་ཞུགས་ནས། དབྱིངས་རིག་དབྱེར་མེད་དུ་གྱུར་པ་ལ་འཆི་བ་འོད་གསལ་ཞེས་ཟེར་བ་ཡིན། འདི་ལྟར་བཤད་ན་མང་པོ་གཅིག་དགྲ་རུ་འགྲོ་སྟེ། འདི་མི་ཟེར་ཁ་མེད་ཡིན་པས། ཐམས་ཅད་ཀྱི་ཡིད་ལ་ཟུངས་ཤིག ཅེས་མང་དུ་གསུངས་སོ། །སྔར་བསྒོམས་འཕོ་བའི་མན་ངག་གསལ་བཏབ་ནས། །རྟགས་རྣམས་མ་བརྗེད་དགའ་སྤྲོས་འོད་གསལ་འཇུག །འགོག་ལ་ལྡང་ཞིང་སྔོན་གྱིས་འཕེན་པས་འཕོ། །གསུང་ཞིང་མཛད་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་འདི་དེང་སང་གི་འཆི་ཙ་ན་འཕོ་བ་འདེབས་ཟེར་བའི་ལག་ལེན་གཅིག་དར་འདུག་ནའང་། ཕྱི་དབུག་མ་ཆད་པ་ལ་འདེབས་པ་ཡིན། ཕྱི་དབུགས་ཆད་ནས་བཏབ་ཀྱང་ཐོས་པའི་གོ་སྐབས་མེད། དེའང་། སྔར་འཕོ་བའི་གནད་མན་ངག་སྒོམ་མྱོང་ན། མི་གསལ་བ་གསལ་བར་བྱེད་པ་ལ་གཞན་གྱིས་འཕོ་བ་འདེབས་པ་ཡིན། མན་ངག་མ་ཐོབ་པའི་སྐྱེ་བོ་ཐ་མལ་པ་ལ་འཕོ་བའི་མན་ངག་བསྟན་ཀྱང་ཁོ་ལ་ཅི་ཡང་མི་ཕན། དེ་བས་མཚན་དང་། གཟུངས་བྱིན་རླབས་ཅན་བརྗོད་པ་དོན་ཆེ། མན་ངག་དང་ལྡན་པ་འཆི་བའི་ཚེ། སྔར་རང་གིས་བསྒོམས་པའི་འཕོ་བའི་མན་ངག་རྣམས་ལེགས་པར་གསལ་བཏབ་ནས། ང་འདི་འདྲ་གཅིག་ཏུ་སྐྱེས་ན་སྙམ་པའི་འཕེན་པ་དྲག་ཏུ་སྔོན་དུ་བཏང་ནས། འབྱུང་བ་བཞི་ཐིམ་པའི་རྟགས་དང་། སྣང་བ་གསུམ་ཤར་བའི་རྟགས་རྣམས་མ་བརྗེད་པར་བྱས་ནས། རྟགས་རྣམས་རྫོགས་པ་དང་། ད་ང་འོད་གསལ་དོན་དམ་པའི་བདེན་པ་མངོན་སུམ་དུ་བྱེད་པ་འདུག་སྙམ་པའི་དགའ་སྤྲོ་ཆེར་སྐྱེ་ཞིང་། ཕ་ཁྱིམ་དུ་བུ་འགྲོ་བ་ལྟར་བྲོད་པ་དང་བཅས་ནས་ཆོས་ཀྱི་དབྱིངས་ལ་ཞུགས་པ་ལ་འཆི་བ་འོད་གསལ་མངོན་དུ་བྱས་པ་ཟེར་བ་ཡིན། དེའི་ངང་ལ་འཕོ་བའི་རྣམ་རྟོག་མེད་ཀྱང་། མངོན་གྱི་འཕེན་པའི་དབང་གིས་གང་འདོད་པའི་སྐྱེས་གནས་སུ་འཕེན་ནུས་པ་ལ་འཕོ་བ་ཐེབས་པ་ཟེར་བ་ཡིན། ཉན་ཐོས་རྣམས་འགོགས་པ་ལ་སྙོམས་པར་འཇུག་པའི་ཚེ། ཞག་དང་ཟླ་བ་དང་ལོ་འདི་ཙམ་གྱི་བར་དུ་སྙོམས་པར་འཇུག་ཅིང་། སྙོམས་འཇུག་གི་ངང་ལས་ལྡང་བའི་འདུ་ཤེས་མེད་ཀྱང་སྔོན་གྱི་འཕེན་པའི་དབང་གིས་དུས་ལས་མི་འདའ་བར་ལྡང་བ་ཡིན། དཔེར་ན་གཉིད་ལོག་པའི་སྔོན་ལ་ནང་པར་སྔ་མོར་ལྡང་མཉམ་པའི་འཕེན་པ་བཏང་ནས་ཉལ་བས། གཉིད་ཀྱི་ངང་ལ་ལྡང་བའི་བློ་མེད་ཀྱང་། འཕེན་པས་སྔ་མོར་གཉིད་སད་པ་བཞིན་ནོ། །ཞེས་གསུང་ཞིང་། ཇི་ལྟར་གསུང་བ་བཞིན་དུ་མྱ་ངན་ལས་འདའ་བའི་དུས་སུ་ཡང་མངོན་དུ་མཛད་དོ། །

སྐུ་ཚེ་འདི་ཡི་དངོས་ཀྱི་གདུལ་བྱ་ལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་ཟིན་ནས། །འཆི་བ་འོད་གསལ་སྐབས་སུ་གཞན་དོན་གཤེགས། །སྐྱེ་འཆི་དབང་ཐོབ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། གོང་དུ་བསྟན་པ་དེ་ལྟར་གྱི་གདུལ་བྱའི་ཚོགས་རྣམས་ལ། རང་རང་གི་སྐལ་བ་དང་འཚམས་པར་ཟབ་པ་དོན་དམ་བདེན་པ་དང་། རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་གཉིས་ཀྱི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པ་ཐོབ་པའི་ཐབས་ཆོས་ཀྱི་འཁོར་ལོ་མ་ལུས་པ་བསྐོར་ཟིན་ནས། རང་ཉིད་མྱ་ངན་ལས་འདའ་བ་ལ་འཇིགས་པ་དང་། ཡ་ང་བ་དང་། བག་ཚ་བ་མི་མངའ་བ་ཡིན་ཏེ། སློབ་དཔོན་སངས་རྒྱས་དཔལ་གྱི་སྒྲུབ་ཆེན་མ་ན་རེ། ཚེ་སྒྲུབ་མ་མཛད་ན་སྐུ་ཚེ་ཐུང་ཟེར་གདའ་ལགས། ཚེ་སྒྲུབ་མཛད་ན་ཞུས་པས། དྲུག་ཅུ་ཁ་རལ་གྱིས་དུས་སུ། དྲུག་ཅུ་རྩ་ལྔ་སོང་འདུག ད་ཚེ་རིང་བའི་རྟེན་འབྲེལ་མི་སྒྲིགས་གསུང་བ་དང་། སྙུང་པ་ལྡོག་པའི་སྔ་དྲོ་བླ་མ་རྒྱལ་བཟང་གིས་ཕྱག་ཕུལ་ནས། དྲུང་ནས་བསྟན་པ་དང་། སེམས་ཅན་གྱི་དོན་ལ་ཞབས་བརྟན་པར་བཞུགས་སུ་གསོལ། ཞེས་ཞུས་པས། ད་ན་བ་ཡུན་ཐུང་བ་དང་། འཆི་བ་ཟུག་ཆུང་བ་བྱུང་ན་བསམ་པ་མ་གཏོགས་བྱ་བ་འདི་རང་མ་འགྲུབ་སྙམ་པའི་བློའི་ལྷག་མ་ལུས་པ་མེད་གསུངས་ནས། གང་ལ་སྐྱབས་ན་བསླུ་མེད་དཀོན་མཆོག་གསུམ། །འབྲལ་མེད་སྤྱི་གཙུག་རྒྱན་དུ་བཞུགས་སུ་གསོལ། །སྣང་སྟོང་སྒྱུ་མའི་རྣལ་འབྱོར་རི་ཁྲོད་པ། །སེམས་སྣོང་མེད་ཀྱི་གླུ་སྐད་འདི་བཞིན་ལེན། །ཤུལ་ན་འཕྲེང་བའི་ཟས་ནོར་ལུས་པ་མེད། །གདོང་ན་འཚེར་བའི་ལས་ངན་བསགས་པ་མེད། །ཐེག་ཆེན་བསླབ་པའི་བསམ་སྦྱོར་ཉམས་པ་མེད། །ད་སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །ཅི་སྣང་སྒྱུ་མར་རྟོགས་པའི་ཤེས་རབ་ཡོད། །འགྲོ་དྲུག་ཕ་མར་ཤེས་པའི་ལྷག་བསམ་ཡོད། །ཐབས་ཤེས་ཟུང་དུ་འབྲེལ་བའི་ཉམས་ལེན་ཡོད། །ད་སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །ཐོག་མར་གསུང་རབ་དགོངས་དོན་ཚུལ་བཞིན་བཙལ། །བར་དུ་བློ་གསལ་གདུལ་བྱའི་ཚོགས་ལ་བཤད། །ཐ་མར་འདྲིས་པའི་དོན་ལ་རྩེ་གཅིག་བསྒོམས། །ད་སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །རྒྱལ་བའི་བསྟན་པ་སྲོག་ལས་གཅེས་པར་བཟུང་། །རིགས་དང་མི་རིགས་ཚུལ་བཞིན་རྣམ་པར་ཕྱེ། །འཆད་རྩོད་རྩོམ་པས་དལ་འབྱོར་དོན་ཡོད་བྱས། །ད་སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །འགྱོད་མེད་བདེ་དྲོད་ཀྱི་མགུར་མ་འདི། །གངས་བུ་ལེའི་འགུལ་དུ་བླངས་པ་ཡིན། །མི་ཁོ་བོའི་རྗེས་འཇུག་བསྐལ་ལྡན་རྣམས། །མི་ང་བཞིན་བྱེད་ན་འདི་བཞིན་མཛོད། །གསུང་བ་བཞིན་གོང་དུ་བསྟན་པ་དེ་ལྟར་འཆི་བ་འོད་གསལ་གྱི་དམིགས་པ་རྒྱས་པར་གསུངས་ནས། ཆོས་ནང་པར་གྱི་གྲོལ་བར་གདའོ། །

ཞེས་གསུངས་ཞིང་། ནང་པར་ཆོས་གསུང་བའི་དུས་མར་བཅད་བསྙུང་བའི་ཚུལ་བསྟན་ནས། གསུང་མི་གནང་ཞིང་། གསོལ་མི་དགོངས་ཙམ་མ་གཏོགས་སྙུང་ཟུག་མེད་པས། ཐུགས་དམ་གྱི་རིམ་པ་རྣམས་མ་ཆག་ཅིང་། ཇི་ལྟར་བཞེད་པ་བཞིན་འཕོ་བ་མཛད་ནས། འབྲུག་ལོ་ཟླ་བ་བཅུ་པའི་ཉེར་དགུའི་ཉི་ཤར་ལ། སྐུ་ལུས་གཟུགས་ཀྱི་སྐུ་འོད་གསལ་ཆོས་ཀྱི་སྐུར་མྱ་ངན་ལས་འདས་པའི་ཚུལ་བསྟན་ཏོ། །སྐྱེ་འཆི་ལ་དབང་ཐོབ་པ་ཡིན་ཏེ། བསམ་བཞིན་དུ་སྲིད་པ་བཞེས་ཞིང་བཞེད་པ་ཤིན་ཏུ་མྱ་ངན་ལས་འདས་པའི་ཕྱིར་རོ། །སྒྱུ་ལུས་ཀུན་རྫོབ་བདེན་པ་རྣམ་པར་དག ། འོད་གསལ་དོན་དམ་བདེན་པ་མངོན་དུ་གྱུར། །ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས། །ཕྲིན་ལས་ལྷུན་གྲུབ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི་སྔོན་གྱི་འཕེན་པའི་དབང་གིས་འཆི་བ་འོད་གསལ་ལས་བར་དུ་སྒྱུ་ལུས་སུ་བཞེངས་ནས། ཀུན་རྫོབ་བདེན་པ་རྣམ་པར་དག་པ་མཚན་དང་དཔེ་བྱད་ཡོངས་སུ་རྫོགས་པ་ལོངས་སྐུ་མཉེས་ཏེ། རྟེན་དེ་ཉིད་ལ་འོད་གསལ་དོན་དམ་པའི་བདེན་པ་རྣམ་པར་དག་པ་ཆོས་ཀྱི་སྐུ་མངོན་སུམ་དུ་མངོན་དུ་མཛད་པ་ནི། དབང་ཕྱུག་བརྒྱད་ལྡན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེད་པར་འགྱུར་ཏེ། ཞི་རྒྱས་དབང་དྲག་ཕྲིན་ལས་རྣམ་པ་བཞིས་འབད་མེད་ལྷུན་གྲུབ་རྒྱུན་མི་འཆད་དུ་གཞན་དོན་མཛད་པས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་སྐེམས་པར་མཛད་དོ། །

ཞིང་གཞན་གཤེགས་ཚེ་ས་ཆེན་རབ་ཏུ་གཡོས། །དཔའ་བོ་མཁའ་འགྲོ་ལྷ་རྣམས་འདུས་གྱུར་ཏེ། །ཕྱི་དང་ནང་དང་གསང་བ་དེ་ཁོ་ནས། །མཆོད་ནས་སྤྱན་དྲངས་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། སྐྱེས་བུ་དམ་པ་རྣམས་བལྟམས་པ་དང་། ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མྱ་ངན་ལས་འདས་པའི་དུས་སུ། འཇིག་རྟེན་ལ་གནོད་པར་མི་འགྱུར་བའི་ས་གཡོ་བར། མདོ་ལས་གསུངས་པ་ལྟར་བྱུང་བ་ཀུན་ལ་གསལ་ལོ། །དཔའ་བོ་མཁའ་འགྲོ་དཀར་ཕྱོགས་ལ་དགའ་བའི་ལྷ་ཀླུ་སོགས་ནམ་མཁའ་ལ་འདུས་པར་གྱུར་ཏེ། ཕྱིའི་མཆོད་པ་འདོད་ཡོན་ལྔ། ནང་མཆོད་པ་ཤ་ལྔ་བདུད་རྩི་ལྔ། གསང་བའི་མཆོད་པ་དགའ་བཞིའི་བདེ་བ། དེ་ཁོ་ན་ཉིད་ཀྱི་མཆོད་པ་གནས་ལུགས་རྟོགས་པའི་ལྟ་བས་རང་རང་གིས་ཇི་ལྟར་ནུས་པ་ལྟར་མཆོད་ནས། བདག་ཉིད་ཆེན་པོ་གར་གཤེགས་པའི་གནས་སུ་སྤྱན་དྲངས་པ་ཡིན་ནོ། །ཀུན་གྱིས་ཐོས་པའི་དུང་དང་རྔ་བོ་ཆེའི་སྒྲ་སྐད་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་། སྔར་སྣམ་མ་མྱོང་བའི་དྲི་བཟང་པོ་ཀུན་གྱིས་ཚོར་བ་ཡང་ཡང་བྱུང་། བླ་མ་བསོད་ནམས་གྲགས་པ་སོགས་འགའ་ཡར་གྱི་མཚན་མོ་བླ་བྲང་ཀུན་འོད་ཀྱིས་ཁེངས་པ་གཟིགས། དེ་ལ་སོགས་པ་དགེ་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །

ཡེ་ཤེས་མེ་ཡིས་ཁྱོད་སྐུ་བཞུ་བའི་ཚེ། །མཁའ་ལ་སྤྲིན་མེད་བར་སྣང་རླུང་ཡང་ཞི། །ས་ལ་དྲོད་རྒྱས་དབྱར་བཞིན་བྱིན་གྱིས་བརླབས། །རྟེན་འབྲེལ་དབང་ཐོབ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ནས། སྒྲུབ་པའི་མཆོད་པ་རྒྱས་པར་ཕུལ་ཏེ། ཡེ་ཤེས་ལྔའི་མེས་རྣམ་པར་སྨིན་པའི་སྐུ་སྦྱང་བའི་ཚེ། སྐད་ཅིག་དེ་ཉིད་ལ་རྒྱན་ནམ་མཁའ་སྤྲིན་སོགས་སྒྲིབ་གཡོགས་ཀུན་དང་བྲལ་ཞིང་བཻ་ཌཱུརྻའི་རང་མདོག་ཡོངས་སུ་རྫོགས་པར་བསྟན། བར་སྣང་ལ་རླུང་དང་ཚུབ་མ་སོགས་ཀྱི་རྡུལ་དང་བྲལ་བར་གྱུར། ས་གཞི་ལ་གློ་བུར་དྲོད་ཆེར་རྒྱས་ཏེ། གྲང་པས་ཉེན་དང་བྲལ་བ། དབྱར་བཞིན་དུ་བྱིན་གྱིས་བརླབས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་དབང་ཐོབ། ལྟ་བ་རྣམ་པར་དག་པའི་མཐུ་ཡིན་པར་ཀུན་གྱིས་གོའོ། །སྟོན་པའི་སྐུ་གདུང་ཆ་བརྒྱད་བགོས་པ་བཞིན། །ཁྱོད་གདུང་དད་ལྡན་ལྷ་མི་གྲངས་མེད་ཀྱིས། །ཕྱོགས་བཅུར་སྤྱན་དྲངས་མཆོད་པའི་རྟེན་དུ་གྱུར། །སྐུ་གདུང་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། སྔོན་གྱི་གྱད་ཀྱིས་ཡུལ་ཤིང་ས་ལ་ཟུང་གི་དྲུང་དུ། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་དུས་དུ། སྐུ་གདུང་རིང་བསྲེལ་རྣམས་ལྷ་དང་ཀླུ་དང་མི་རྣམས་ཀྱི་ཆ་བརྒྱད་དུ་བགོས་པ་བཞིན་དུ། བདག་ཉིད་ཆེན་པོ་འདིའི་སྐུ་གདུང་བྱིན་བརླབས་ཀྱི་སྙིང་པོ་ཅན་རྣམས་ཀྱི་སྐལ་བ། ལྷ་ཀླུ་སོགས་མི་མ་ཡིན་གྱིས་ཀྱང་སྤྱན་དྲངས་པར་གྲགས་ཏེ། གདུང་ཁང་ཞལ་ཕྱེ་དུས་ཕྱག་ཞབས་ཀྱི་རྐང་འགའ་ཡར་མ་ཚང་པར་མཐུན་སྣང་དུ་གྲུབ་བོ། །

ལྷག་མ་རྣམས་ནང་རྟེན་ཕྱི་རྟེན་སྐུ་འདྲའི་ནང་དུ་གཞུག་རྒྱུ་དང་། བུ་སློབ་ཀྱི་མཆོག་ཆོས་རྗེ་བློ་བཟང་གྲགས་པས་གཙོ་མཛད་རབ་ཏུ་བྱུང་བའི་གདུལ་བྱ་རྣམས་དང་། སྦྱིན་བདག་གི་མཆོག་ཏུ་གྱུར་པ་ཁྲི་བསོད་ནམས་རྒྱལ་མཚན་ལྡེ་པ་སྐུ་མཆེད་ཀྱིས་ཐོག་དྲངས་ཁྱིམ་པའི་གདུལ་བྱ་རྣམས་ལ་བཀྱེ་ནས་ལྷ་ཀླུའི་གནས་དང་། བོད་གངས་ཅན་གྱི་ཁྲོད་ཐམས་ཅད་དུ་མཆོད་པའི་རྟེན་དུ་གྱུར་ཏོ། །མཐོང་ཐོས་དྲན་རེག་གཏམ་དུ་བརྗོད་རྣམས་ཀྱི། །འདི་ཕྱི་བར་དོའི་མགོན་སྐྱབས་དཔུང་གཉེན་མཛད། །བསླུ་མེད་སྐྱབས་གནས་དཔལ་ལྡན་རེད་མདའ་བ། །འདྲེན་མཆོག་དམ་པ་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་པ་ནི། དཔལ་ལྡན་བླ་མ་དེའི་སྐུ་མཐོང་བའམ། གསུང་ཐོས་པའི་ཡོན་ཏན་དྲན་པའམ། ཕྲིན་ལས་ཀྱིས་རེག་པའམ། མཚན་བརྗོད་པའི་གདུལ་བྱ་རྣམས་ཀྱི་ཚེ་འདིའི་སྐུ་དྲིན་མགོན། ཕྱི་མའི་སྐྱབས། བར་དོའི་དཔུང་གཉེན་དམ་པར་གྱུར་པ་གནས་སྐབས་དང་། མཐར་ཐུག་ཀུན་ཏུ་བསླུ་བ་མེད་པའི་སྐྱབས་གནས་འདྲེན་མཆོག་དམ་པ་དེ་ལ་བདག་སོགས་གདུལ་བྱ་ཐམས་ཅད་སྒོ་གསུམ་གུས་པས་སྐྱབས་སུ་མཆི་ཞིང་ཕྱག་འཚལ་ལོ། །མཆོད་དོ། །བསྟོད་དོ། །རྣམ་པ་ཀུན་ཏུ་རྗེས་སུ་གཟུང་དུ་གསོལ།

ཀྱེ་མ་ཀྱེ་ཧུད་བསྟན་པའི་སྲོག་ཤིང་ཆག །བསྟན་འཛིན་དགེ་འདུན་ཕྱོགས་བཅུར་འཐོར་ལགས་སོ། །ཀྱེ་མ་ཀྱེ་ཧུད་ཐར་པའི་རྒྱལ་མཚན་འགྱེལ། །ཐར་འདོད་རྣམས་ཀྱི་ཐར་ལམ་སྟོར་ལགས་སོ། །ཀྱེ་མ་ཀྱེ་ཧུད་ལེགས་བཤད་དགའ་སྟོན་ཉམས། །བློ་གསལ་རྣམས་ཀྱི་རེ་ཐག་བཅད་ལགས་སོ། །ཀྱེ་མ་ཀྱེ་ཧུད་ལྟ་བའི་ཉི་མ་ནུབ། །ཀླུ་སྒྲུབ་ཡབ་སྲས་ལུགས་བཟང་སུ་ཡིས་སྐྱོང་། །ཀྱེ་མ་ཀྱེ་ཧུད་དམ་ཆོས་རྒྱ་མཚོ་སྐམས། །ཐོགས་མེད་སྐུ་མཆེད་བཤད་སྲོལ་སུ་ཡིས་སྟོན། །ཀྱེ་མ་ཀྱེ་ཧུད་ལུང་རིགས་མཆེ་སྡེར་འཐོར། །ཕྱོགས་གླང་ཆོས་གྲགས་རིགས་ཚུལ་སུ་ཡིས་སྤེལ། །ཀྱེ་མ་ཀྱེ་ཧུད་ཚུལ་ཁྲིམས་བུམ་པ་ཞིག །ཡོན་ཤག་རྣམ་གཉིས་སྡོམ་རྒྱུན་སུ་ཡིས་འཛིན། །ཀྱེ་མ་ཀྱེ་ཧུད་སྤངས་རྟོགས་གོ་རིམ་འཆོལ། །འཕགས་སེང་གཉིས་ཀྱི་ལེགས་བཤད་སུ་ཡིས་བསྒྲོག །ཀྱེ་མ་ཀྱེ་ཧུད་ཉམས་རྟོགས་བྱིན་བརླབས་ཡལ། །ཏེ་ལོ་ནཱ་རོའི་མན་ངག་སུ་ལ་ཞུ། །ཀྱེ་མ་ཀྱེ་ཧུད་ཕན་བདེའི་པད་ཚལ་ཟུམ། །བཤད་སྒྲུབ་བསྟན་པ་གཅིག་ཅར་ནུབ་ལགས་སོ། །ཀྱེ་མ་ཀྱེ་ཧུད་ཉམ་ཐག་ཡི་རེ་མུག ། ཁྱོད་སྐུ་མིག་གིས་མཐོང་བའི་སྐལ་བས་དབེན། །ཁྱོད་གསུང་རྣ་བས་ཐོས་པའི་བསོད་ནམས་མེད། །ཁྱེད་ཐུགས་གང་ན་བཞུགས་ཀྱང་བྱིན་གྱིས་བརློབས། །

རྗེས་སུ་མཆོད་པ་ཕུལ་བའི་ཚུལ་ནི། བླ་མ་བསོད་ནམས་གྲགས་པས་གཙོ་མཛད། བུ་སློབ་བརྒྱ་ཕྲག་གཅིག་ལྷག་ཙམ་གྱིས་ཞག་བཅོ་བརྒྱད་ཀྱི་བར་དུ་ཕྱི་ནང་གི་དཀྱིལ་འཁོར་ཆེན་པོ་འདི་དག་གིས་ཞལ་ཕྱེ་ནས་གུས་པས་གསོལ་བ་བཏབ་པ་ནི། བླ་མ་བསོད་ནམས་གྲགས་པ་དང་། ཆེན་པོ་ཆོས་དཔལ་བ་གཉིས་ཀྱིས་གཙོ་མཛད་ཀྱིས། ཀྱཻ་རྡོ་རྗེ་སློབ་དཔོན་ཡི་དམ་དཔལ་བ་དང་། བླ་མ་ཡོན་ཏན་རྒྱལ་བས་གཙོ་མཛད་རྣམས་ཀྱིས་ཀུན་རིག བླ་མ་རྒྱལ་བཟང་པས་གཙོ་མཛད། བྱ་བྲལ་བ་རྣམས་ཀྱིས་ཆོས་རྗེའི་ཐུགས་དམ་གྱི་གཙོ་བོ་དཔལ་གསང་བ་འདུས་པ་དང་། བཅོམ་ལྡན་འདས་འཁོར་ལོ་བདེ་མཆོག སློབ་དཔོན་བཀའ་བཞི་པས་གཙོ་མཛད་དགེ་འདུན་བྱིང་གིས་བདེ་གཤེགས་བརྒྱད་ལ་མཆོད་པ། བདག་གིས་བླ་མ་མཆོད་པ་ལ་སོགས་པའི་སྒྲུབ་མཆོད་ཕུལ་ཏེ་གསོལ་བ་བཏབ། དེ་དུས་ནང་སོ་རང་གི་ཕྱག་རྫས་གང་ཡོད་ཀྱིས་ཅི་ལྡང་བྱས་པའི་ལྷག་མ། ཁབ་ནང་སོས་ཞག་གསུམ། བདག་ཆེན་མས་ཞག་གཉིས། དྲུང་དཔོན་སློབ་མས་གཙོ་མཛད་རྣམས་ཀྱིས་ཞག་གསུམ་བཏེགས་ནས། གདུང་གི་དྲུང་ནས་གཙོ་མཛད་དགེ་འདུན་རྣམས་ལ་བསྙེན་བསྐུར་འབུལ་འདེགས་ཕུན་སུམ་ཚོགས་པ་མཛད་དོ། །

རྟེན་རང་བྱོན་འཕགས་པའི་སྐུ་ཚད་མཉམ་པའི་རྗེ་བཙུན་འཇམ་པའི་དབྱངས་ཁྲི་རྒྱབ་དང་བཅས་པ་བཞེངས་པའི་ཟངས་གསེར། བཟོ་གནས་པའི་ཡོན་རྒྱགས་སོགས་ཀྱི་སྦྱིན་བདག་གིས་ཐིལ། དྲུང་བདག་པོ་པས་མཛད་ཅིང་། གཞན་ཡང་བདག་ཆེན་མས་གཙོ་མཛད། བུ་སློབ་རྣམས་ཀྱིས་དད་ཅིང་གུས་པས་ཕུལ་བ་དང་། ནང་སོ་རང་གི་ཐིག་པོ་སོགས་ཕྱག་རྫས་ཀྱི་བཞུགས་གང་ཡོད་བཏང་ནས། མང་ཡུལ་འཕགས་པའི་གཙུག་ལག་ཁང་དུ་བཞུགས་སུ་གསོལ་ཅིང་། སྐུ་འདྲའི་སྦྱིན་བདག་ཆེན་པོ་ཆོས་དཔལ་བས་མཛད་ནས། གཙུག་ལག་ཁང་དེ་ཉིད་ན་བཞུགས་པའི་སྤྱན་མངར་བདག་ཉིད་ཆེན་པོ་རང་གིས། ཇོ་བོའི་དྲུང་དུ་ཕུལ་བའི་སྐོང་བུ་ལ་དངུལ་དམ་གཅིག་མནན་ནས། སྐོང་རྐྱེན་བཟང་པོ་བརྩེགས་ཏེ་ཕུལ་བའོ། །རྟེན་གཉེར་ཆེན་པོ་དང་། སློབ་དཔོན་ཡོན་རིན་པས་མཛད། ཐིལ་བཞུགས་བླ་མ་རྒྱལ་བཟང་པ་དང་། ཉེ་གནས་མཆོག་ལེགས་ཀྱིས་མཛད་དོ། །དགེ་ལེགས་ཡོན་ཏན་ཆུ་གཏེར་ཆེན་པོ་ལས། །ཆུ་ཐིག་ཙམ་ཞིག་བླངས་ལ་ཉེས་པའི་ཚོགས། །ཇི་སྙེད་མཆིས་པ་ཐམས་ཅད་མཐོལ་ལོ་བཤགས། །ཞབས་འབྲིང་གཉུག་མའི་ཚོགས་ལ་བཟོད་པར་གསོལ། །བླ་མའི་རྣམ་ཐར་ངོ་མཚར་རྨད་བྱུང་བའི། །བཤེས་གཉེན་བསོད་ནམས་གྲགས་སོགས་བཀས་བསྐུལ་ནས། །གྲངས་མེད་གདུལ་བྱའི་ཐ་ཤལ་མངའ་རིས་པ། །མི་ཕྱེད་དད་ཐོབ་སངས་རྒྱས་རྩེ་མོས་སྦྱར། །དགེ་བ་འདི་དང་དགེ་བའི་རྩ་བ་གཞན། །མ་ལུས་བློ་ཡིས་གཅིག་ཏུ་བསྡོམས་བྱས་ནས། །བླ་མ་མཆོག་ལ་གུས་པས་ཕུལ་བ་ཡིས། །བླ་མ་དམ་པའི་ཐུགས་དགོངས་རྫོགས་པ་དང་། །སྐུ་གསུང་ཐུགས་ཀྱི་བྱིན་བརླབས་འཇུག་པར་ཤོག །

རྣམ་ཐར་ཞིབ་རྒྱས་སུ་བརྗོད་པ་བློའི་ཡུལ་མ་ཡིན་ཞིང་། དྲུང་རང་ནས་ཀྱང་ངས་འདི་ལྟར་བྱས། འདི་བཞིན་བྱུང་སོགས་ཆེར་མི་གསུང་པ་དང་། རྒྱུན་དུ་ཞབས་ཏོག་ཕུལ་བའི་རྒྱུས་ཅན་ལ་འདྲིས་མེད་པའི་སྟོབས་ཀྱིས། གོ་རིམ་གོང་འོག་ནོར་བ་སོགས་ཉེས་པའི་ཚོགས་ཐམས་ཅད་བཟོད་པར་མཛད་དུ་གསོལ། འདིས་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག །ཅེས་པ་འདི་དབང་ཕྱུག་མི་ལ་རས་ཆེན་གྱི་བསྟི་གནས་རྐང་ཚུགས་ཕུག་གི་རི་ཁྲོད་དུ་སྦྱར་བའོ།། །།དགེ་ལེགས་སུ་གྱུར་ཅིག །རྗེ་བཙུན་ཆེན་པོ་རེད་མདའ་བའི་གསུང་སྒྲོས་མདོར་བསྡུས་པའོ། །མངྒ་ལཾ། བྷ་ཝནྟུ།། །།

དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ།

དུས་ཀྱི་འཁོར་ལོའི་དཔྱད་པ་ལས་བརྩམས་ཏེ་བསྟན་འཛིན་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་ཤེས་བྱའི་དེ་ཉིད་ཀུན། །མ་ལུས་ཐུགས་སུ་ཆུད་གྱུར་ཅིང་། །གཞན་ལའང་བརྩེ་བས་རྗེས་སྟོན་པ། །སངས་རྒྱས་དེ་ལ་བདག་ཅག་དད། །མི་ཤེས་མུན་པ་སེལ་བའི་སྣང་བྱེད་མཆོག །ལུང་དང་རྟོགས་པའི་བདག་ཉིད་དམ་ཆོས་དང་། །ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་མངའ་བ། །འཕགས་མཆོག་དགེ་འདུན་ཚོགས་ལའང་བདག་གུས་སོ། །སངས་རྒྱས་བསྟན་ལ་ཆེད་ཆེར་མི་འཛིན་ཅིང་། །དམ་ཆོས་རིན་ཆེན་འཚོང་བའི་དོན་མཐུན་པ། །འདོད་པའི་ཁོལ་པོ་སྲེད་པའི་རྗེས་འབྲང་མི། །མཁས་པར་རློམས་གཞན་དེ་དག་མིང་ཙམ་ཡིན། །དེ་དག་ལ་འཕྲིན་འདི་སྤྲིང་པ་མ་ཡིན། འོ་ན་གང་ལ་སྤྲིངས་ཤེ་ན། ཐུབ་བསྟན་འགྲོ་བའི་དམིགས་བུ་ལྟར་མཐོང་ཞིང་། །གསུང་རབ་དེ་ཉིད་འབྱེད་ལ་རྟག་ཏུ་བརྩོན། །ལུང་རིགས་བདུད་རྩིས་བློ་གྲོས་ལུས་རྒྱས་པའི། །བསྟན་འཛིན་རྣམས་ཀྱི་སྙན་དུ་འདི་སྤྲིང་ངོ་། །ཕན་བདེའི་འབྱུང་གནས་ཐུབ་བསྟན་ཡིད་བཞིན་ནོར། །སྒྲོ་སྐུར་དྲི་མའི་འདམ་རྫབ་ཀྱིས་གོས་པ། ལུང་རིགས་རྣམ་དག་གངྒཱའི་ཆུ་རྒྱུན་གྱིས། །རྟག་ཏུ་བྱི་དོར་བྱེད་ལ་བརྩོན་འཚལ་ལོ། །འཕགས་པའི་ཡུལ་གཞན་དུའང་གསུང་མོད་ན་ཐུབ་པའི་དབང་པོ་ཡིས། །དམན་ཚིགས་སུ་བཅད་པ་གཉིས་པོ་འདིའི་དོན་འཕགས་པ་ལྷས་སྤྱོད་བསྡུས་སུ་བཤད་དང་རྒྱ་ཆེའི་ཆོས་ལ་མོས་རྣམས་ལ། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་འཁོར་ལོ་ནི། །འདོད་ཆགས་བྲལ་བའི་གཟུགས་ཀྱིས་ཐོག་མར་བསྐོར། །གཅིག་ཏུ་ཟབ་མོའི་ཆོས་ལ་མོས་རྣམས་ལ། །འཁོར་ལོས་བསྒྱུར་བའི་གཟུགས་སུ་སྤྲུལ་ནས་ཀྱང་། །ཆགས་ཅན་སྐྱེས་བུ་འདུལ་བའི་དོན་གྱི་ཕྱིར། །རྣམ་མང་རྒྱུད་སྡེའི་ཆོས་འཁོར་ཨུ་རྒྱན་སོགས་གཞན་དུ་བསྐོར། །ཐུབ་པ་ནོངས་འོག་རྒྱལ་པོའི་ཁབ་ཉིད་དུ། །འོད་སྲུངས་ཉེ་བར་འཁོར་དང་ཀུན་དགའ་བོས། །ཐེག་པ་དམན་པའི་སྡེ་སྣོད་རིན་ཆེན་གསུམ། ། སྒྲོ་སྐུར་མེད་པར་བསྡུས་ཞེས་འདུལ་བ་ལུང་ལས་འབྱུང་། །དེ་ནས་བརྒྱ་ཕྲག་གཅིག་དང་བཅུ་འདས་ཚེ། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་རུ། །གྲགས་པ་ལ་སོགས་འཕགས་པ་དགྲ་བཅོམ་བདུན་བརྒྱ་ཡིས། །བསྡུ་བ་གཉིས་པ་བྱས་ཞེས་ཕྲན་ཚེགས་ལས་གསལ་བར་ཐོས། །དེ་ནས་རིམ་གྱིས་བདུད་ཀྱི་ལས་གཡོས་ཚིགས་སུ་བཅད་པ་འདིའི་ཕྱེད་དང་པོའི་དོན་རྟོག་གེ་འབར་བར་ཡོད། ཕྱི་མའི་དོན་མཁས་པ་རྣམས་ལ་གྲགས་ཏེ། །ཐུབ་པའི་བསྟན་པ་སྡེ་པ་བཅོ་བརྒྱད་གྱེས། །རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་སྡེ་ཡི། །རྗེས་འབྲང་བསྡུ་བ་གསུམ་པ་བྱས་ཞེས་གྲགས། །ཐེག་ཆེན་ཤིན་ཏུ་རྒྱས་པའི་མདོ་སྡེ་རྣམ་མང་རྣམས། །བྱམས་པ་སྤྱན་རས་གཟིགས་དང་འཇམ་དབྱངས་སོགས། །རྒྱལ་སྲས་རྣམས་ཀྱིས་ལེགས་པར་བསྡུས་སོ་ཞེས། །ཚད་ལྡན་མཁས་པའི་གཞུང་དུ་རྟོག་གེ་འབར་བར་གསལ་བར་བཀོད། །ཉི་མ་གུང་པ་ཤྭ་ནའི་གོས་ཅན་སོགས། །ཉན་ཐོས་བསྟན་པ་འཛིན་པར་ཐུབ་པས་འདུལ་བ་ལུང་དུ་གསུངས། །ཐེག་ཆེན་བསྟན་ལ་རྒྱལ་བའི་རྒྱལ་ཚབ་ཏུ། །ཀླུ་སྒྲུབ་ཀླུ་ཡི་དབང་པོ་ལུང་ལང་གཤེགས་སོགས་ནས་བསྟན་ཏེ། །བསྡུ་བ་གཉིས་པའི་འོག་ཏུ་གསུང་རབ་ཀྱི། །དགོངས་འགྲེལ་གྲུབ་མཐའ་བཞི་ཡི་དབྱེ་བ་བྱུང་། །མངོན་པ་སྡེ་བདུན་བྱེ་བྲག་བཤད་མཚོ་སོགས། །བྱེ་བྲག་སྨྲ་བའི་གཞུང་བྱེད་ཐོར་མར་དར། །མངོན་པ་སྡེ་བདུན་ཐུབ་པ་བཞུགས་པའི་དུས་ན་མོའུ་འགལ་བུ་ལ་སོགས་དགྲ་བཅོམ་པ་རྣམས་ཀྱིས་བསྡུས་ཞེས་བྱེ་བྲག་སྨྲ་བ་འདོད་ཀྱང་བསྡུ་བ་གཉིས་པའི་འོག་ཏུ་སོ་སོ་སྐྱེ་བོ་རྣམས་ཀྱིས་བྱས་པར་མདོ་སྡེ་པ་དང་དབྱིག་གཉེན་སོགས་བཞེད་དེ། མཛོད་འགྲེལ་དུ། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེར་འདས་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །རྟོག་གེ་ངན་པ་རྣམས་ཀྱིས་བསྟན་འདི་དཀྲུགས། །ཞེས་འབྱུང་བས་སོ། །བསྟན་བཅོས་མངོན་པ་སྡེ་བདུན་སོགས། དོན་ལ་ཡིད་བརྟན་མ་མཐོང་ནས། །མདོ་སྡེའི་དོན་ལ་རིགས་པས་རྣམ་དཔྱད་དེ། །དོན་རྣམས་འཇོག་ཕྱིར་མདོ་སྡེ་པ་ཞེས་གྲགས། །སྟོན་པ་འདས་ནས་བཞི་བརྒྱའི་ལོ་འདས་ཚེ། །བེ་དྷའི་ཡུལ་དུ་ལི་ཙཱ་བྱི་གཞོན་ནུ། །ཀླུ་སྒྲུབ་ཅེས་བྱའི་དགེ་སློང་དུ་གྱུར་ནས། །ཐུབ་བསྟན་རྒྱས་པར་མདོ་སྡེའི་ཚོགས་ལང་གཤེགས། སྤྲིན་ཆེན། རྔ་བོ་ཆེ། འཇམ་དཔལ་རྩ་རྒྱུད་ཆེ་བ་སོགས་ལས་གསུངས། །ཀླུ་ཡི་ཡུལ་སོགས་རྟོག་གེ་འབར་བར་ཡོད། འཇིག་རྟེན་གཞན་དག་ནས། །ཟབ་ཅིང་རྒྱ་ཆེའི་མདོ་སྡེ་རྣམ་མང་བླངས། །རྟག་ཆད་མཐར་ལྟའི་མུན་པ་སྟུག་པོ་བཅོམ། །མཐའ་བྲལ་དབུ་མའི་སྒྲོན་མེ་དེ་ཡིས་སྤར། །དེ་འོག་ཐུབ་པས་འཇམ་དཔལ་རྩ་རྒྱུད་ནས་ལུང་བསྟན་ཐོགས་མེད་ཀྱིས། །མི་ཕམ་མགོན་ལས་བཀའ་དྲིན་རྗེས་ཐོབ་ནས། །རྣམ་རིག་སྨྲ་བའི་གྲུབ་མཐའ་གསལ་བྱས་ཞེས། །རྒྱ་བོད་ཤིང་རྟ་ཆེན་པོ་ལེགས་ལྡན་འབྱེད། ཟླ་གྲགས་སོགས་དང་། བོད་ཀྱི་ལོ་ཙཱ་བ་མཆོག་ཡེ་ཤེས་སྡེ་སོགས་པ་རྣམས་ལ་གྲགས། །འདི་དག་ཐེག་མཆོག་ཤིང་རྟའི་སྲོལ་འབྱེད་དེ། །ཐེག་ཆེན་མདོ་དང་རྒྱུད་སྡེའི་དགོངས་པ་རྣམས། །གཉིས་པོ་འདི་ཡི་ལུགས་དང་མི་མཐུན་པར། །གང་གིས་བཀྲལ་དེ་ལོག་པའི་ལམ་དུ་ཤེས། །དེ་ལྟར་དགོངས་འགྲེལ་ཤིང་རྟའི་སྲོལ་ཆེན་བཞི། །ཐུབ་པའི་བསྟན་པ་འཕགས་པའི་ཡུལ་དུ་བྱུང་། །ལུགས་དེ་དག་དང་མི་མཐུན་གང་ཡིན་པ། །དེ་ནི་བདེ་གཤེགས་གྲུབ་མཐའི་ཁོངས་སུ་མིན། །དེ་ཕྱིར་བདག་ཉིད་ལེགས་པར་འདོད་རྣམས་ཀྱིས། །ཚུལ་འདི་དག་ལ་ལེགས་པར་འདྲིས་བྱས་ནས། །ཆོས་ལུགས་གཞུང་ལུགས་གྲུབ་པའི་མཐའ་རྣམས་ལ། །རྣམ་པར་དཔྱད་ན་མཛེས་ཀྱི་གཞན་དུ་མིན། །གངས་རིའི་ཁྲོད་འདིར་རྨོངས་རྣམས་གཙོར་བྱེད་པའི། །ལོག་པའི་གཞུང་དང་ཆོས་ལུགས་བསམ་མི་ཁྱབ། །མཁས་པ་རྣམས་ལ་ཚད་མར་གྲགས་པ་ཡི། །གཞུང་ལུགས་འགའ་ལའང་ཡིད་བརྟན་མེད་པ་མཐོང་། །དུས་ཀྱི་འཁོར་ལོ་རྩ་འགྲེལ། རྡོར་སྙིང་འགྲེལ་པ། བདེ་མཆོག་བསྟོད་འགྲེལ་སོགས་ཤམྦྷ་ལ་ནས་འོངས་པར་གྲགས་ལ་སོགས་ས་བཅུ་ཡི། །དབང་ཕྱུག་རྣམས་ཀྱིས་མཛད་པར་གྲགས་ན་ཡང་། །རིགས་དང་མི་རིགས་རྣམ་འབྱེད་བློ་ལྡན་གྱིས། །རྣམ་པར་དཔྱད་ན་འཐད་པའི་ཚུལ་མ་མཐོང་། །དུས་འཁོར་རྩ་བའི་རྒྱུད་ལ་ཨེ་ཝཾ་ཡིག་གཉིས་མེད། །བསྡུས་པའི་རྒྱུད་ལ་ནང་འགལ་བ་དུ་མ་མཐོང་། །གང་གིས་བླངས་པའི་ཁུངས་ཀྱང་མི་སྣང་ན། །དུས་འཁོར་རྒྱ་གར་དུ་བྱུང་དུས་ན་ཐམས་ཅད་མཁྱེན་པ་གཉིས་པ་ལྟར་གྲགས་པ་སློབ་དཔོན་ཤཱནྟི་པ་སོགས་ཚད་མར་མི་བཞེད་པར་གྲགས་ཤིང་། དེའི་རྒྱུ་མཚན་གྱིས་སློབ་དཔོན་ཨ་བྷ་ཡས་མན་ངག་སྙེ་མར། འོ་ན་དུས་ཀྱི་འཁོར་ལོ་ལ་སོགས་པ་དང་། དེའི་རྗེས་སུ་འབྲངས་པའི་གཞུང་ནས། ཐེག་པ་གསུམ་དང་འགལ་བར་རྣམ་པར་བཞག་པ་དེས་ན་དེའི་གཞུང་བྱེད་པའི་གྲགས་པ་དང་། པདྨ་དཀར་པོ་དང་། རྡོ་རྗེ་སྙིང་པོ་དང་། ཕྱག་ན་རྡོ་རྗེའི་མིང་ཅན་ནི་བྱང་ཆུབ་སེམས་དཔའ་མ་ཡིན་ནོ། །ཞེས་མང་དུ་མཁྱེན་པ་རྣམས་སྨྲ་ལ། དེས་ན་འགལ་བ་ཐམས་ཅད་མི་སྤོངས་པ་ལ་འགལ་བ་འགའ་ཙམ་ཡང་སྤོང་བར་རྩོལ་བ་བྱེད་དོ། །ཞེས་གསུངས་སོ། །རྡོ་རྗེ་འཛིན་པ་ཆེན་པོ་གྲགས་པ་རྒྱལ་མཚན་གྱིས་ཀྱང་རྩ་ལྟུང་འཁྲུལ་སྤོང་ལ་སོགས་སུ་བཀག མཁས་པ་ཆེན་པོ་བཅོམ་ལྡན་རལ་གྲིས་ཀྱང་ཕྱི་ནང་འདྲེས་པའི་རྒྱུད་ཡིན་པར་གསུངས་ནས་ཕྱི་ནང་གི་ཆོས་སྐད་ཤན་འབྱེད་པའི་བསྟན་བཅོས་ཀྱང་མཛད་དོ། །འཕྱོན་མའི་བུ་བཞིན་འདི་ལ་སུ་ཡིད་རྟོན། །དེ་ཕྱིར་འདི་ལ་ཡིད་བརྟན་མ་མཐོང་ནས། །འཕགས་པའི་ཡུལ་དང་གངས་རིའི་ཁྲོད་འདིར་ཡང་། །དཔྱོད་ལྡན་ཆེན་པོ་འགའ་ཡིས་རྣམ་པར་དཔྱད། །གཞུང་ཙམ་ཀློག་པའི་མཁས་རྣམས་འདི་ཡིས་ཚིམ། །ཐུན་མོང་མ་ཡིན་པ་བཤད་པའི་རྒྱུད་དང་མཚན་བརྗོད་གསང་འདུས་ཀྱི་རྒྱུད་ཕྱི་མ་ལ་སོགས་པ་དང་མདོ་ལ་ཡང་སྡུད་པ་སོགས་དབྱངས་སྙད་ཀྱིས་སྡུད་པ་རྩ་བའི་རྒྱུད་ཀྱི་ཡན་ལག་འགའ་ཞིག་ལ། །ཨེ་ཝཾ་ཡིག་གཉིས་མེད་པར་རིགས་ན་ཡང་། །གཞན་ལ་ཇི་ལྟར་རིགས་ཞེས་ཐེ་ཚོམ་འགྱུར། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་གཞི་ཡིན་ཕྱིར། །ཐུབ་པས་ཐོག་མར་ཨེ་ཝཾ་སྨོས་སོ་ཞེས། །ལྷ་ཡི་དབང་པོས་ཞུས་པའི་རྒྱུད་ལས་གསུངས། །ཞེས་སྒྲོན་གསལ་དུ་དྲངས་དེ་དང་འདི་ཡི་འགལ་བའང་སྤོང་བར་གྱིས། །ཐོག་མར་འདི་སྐད་བདག་གིས་ཐོས་པ་ཞེས། །གྱིས་ལ་ང་ཡི་མདོ་རྣམས་སྡུས་ཤིག་ཅེས། །སྟོན་པས་དགེ་སློང་རྣམས་ལ་ཆོས་ཡང་དག་པར་སྡུད་པ་སོགས་སུ་བཀའ་བསྩལ་པ། །ཅི་ཕྱིར་འདི་སྐད་ཅེས་བྱ་འདི། །གང་ཕྱིར་དང་པོར་རབ་ཏུ་སྦྱར། །ཅི་འདི་བདེ་གཤེགས་གསུང་ཡིན་ནམ། །ཉན་ཐོས་ཀྱིས་བཤད་ཡིན་ནམ་ཅི། །བདག་གི་སོམ་ཉི་འདི་ཀུན་ནས། །སྲིད་མཐར་ཕྱིན་པས་བསལ་དུ་གསོལ། །དམ་ཆོས་ཡོན་ཏན་སྨྲ་བ་ཡིས། །ལྷ་ཡི་དབང་པོའི་ཚིག་གསན་ནས། །དེ་ནས་ལེགས་སོ་ཞེས་བྱིན་ཏེ། །བཅོམ་ལྡན་འདས་ཀྱིས་འདི་སྐད་གསུངས། །གང་ཕྱིར་ཐམས་ཅད་གཟིགས་པ་ཡིས། །དང་པོར་འདི་སྐད་ཅེས་གསུངས་པ། །དེ་ནི་གོ་རིམ་ཇི་བཞིན་དུ། །ལྷ་ཡི་དབང་པོ་གཉན་པར་གྱིས། །ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གི་ནི་གྲངས་སྙེད་ཀྱི། །ཀུན་གྱི་གཞི་དང་ཕ་མ་ནི། །ཡི་གེ་གཉིས་སུ་ཇི་བཞིན་བསྟན། །ཡི་གེ་ཨེ་ནི་མར་གྱུར་ལ། །ཝ་ནི་ཕ་ཞེས་བྱ་བར་གྲགས། །ཐིག་ལེ་དེར་ནི་སྦྱོར་བ་སྟེ། །སྦྱོར་དེ་ཤིན་ཏུ་རྨད་བྱུང་བའོ། །ཨེ་ཝཾ་ཡིག་གཉིས་སྒྱུ་མ་ལ། །ཐམས་ཅད་མཁྱེན་པ་འདིར་བཞུགས་པས། །དམ་ཆོས་བསྟན་པའི་ཐོག་མར་ནི། །ཨེ་ཝཾ་དེ་ཕྱིར་རབ་ཏུ་བཤད། །ཅེས་དང་། སྒྲོན་གསལ་དུ། འདིར་གསོལ་བ། དགོངས་པ་གང་གིས་སྡུད་པར་བྱེད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྣམས་ལ་འདི་སྐད་བདག་གིས་ཐོས་ཞེས་སྟོན་པར་བྱེད། འདི་སྐད་བདག་གི་ཞེའམ། འདི་སྐད་བདག་གིས་ཞེས་བྱ་བ་ལ་སོགས་པས་ཀྱང་སྟོན་པར་ནུས་པ་ཉིད་ཡིན་ནོ་ཞེ་ན། སྨྲས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུར་གྱུར་པ་ཤེས་རབ་དང་ཐབས་སྟོན་པ་ཉིད་ཀྱིས་ན་གསུང་རབ་ཐམས་ཅད་ཀྱི་དང་པོར་ངེས་པར་བརྗོད་དགོས་སོ་ཞེས་གསུངས་ལ། སམ་པུ་ཊིའི་རྒྱུད་ལས་ཀྱང་། རིགས་ཀྱི་བུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བའི་ཡིག་འབྲུ་ནི། ཆོས་ཀྱི་ཐོག་མར་རྟག་ཏུ་ཡང་དག་པར་གནས་པ་སྟེ། དག་པ་དང་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་དངོས་གྲུབ་བསྐྱེད་པར་བྱེད་པའོ། །ཞེས་གསུངས་སོ། །དེས་ཀྱང་འདི་ལ་ཇི་ལྟར་གནོད་མི་འགྱུར། །དུས་འཁོར་རྩ་རྒྱུད་དུ་འདི་སྐད་བདག་གིས་ཐོས་པ་ཞེས་བྱ་བས། །གལ་ཏེ་དྲང་སྲོང་རྣམས་ལ་ཆོས་བསྟན་ན། །གཞན་ལས་ཐོས་ཕྱིར་འདི་ནི་ཀུན་མཁྱེན་མིན། །ཞེས་པའི་རྩོད་པ་འབྱུང་ཕྱིར་མ་བཀོད་ལོ། །བླ་མེད་རྒྱུད་ཀྱིས་ཨེ་ཝཾ་ལ་སོགས་པ། །གཞུག་པའི་གནས་སྐབས་སྟོན་པའི་ཡི་གེ་རྣམས། །བཤད་ཚུལ་བཞི་ཡི་སྒོ་ནས་འཆད་བྱེད་པ། །གསང་འདུས་ཀྱི་བཤད་རྒྱུད་འདི་ནི་རྡོ་རྗེ་འཆང་གི་མན་ངག་ཡིན། །རྡོ་རྗེ་ཕྲེང་བའི་རྒྱུད་ཀྱིས་དེ་ལྟར་བཤད། །གང་ཚེ་ཡི་གེའི་དོན་དུ་འཆད་པ་ཡི་གེའི་དོན་གོ་སླ་བས་མ་གསུངས་ན། །འདི་ནི་སྡུད་པ་པོ་ཡི་ཚིག་ཡིན་ཕྱིར། །སྟོན་པས་གཞན་ལས་ཐོས་ཞེས་ཐེ་ཚོམ་ནི། །བླུན་པོ་ལ་ཡང་སྐྱེ་བའི་སྐབས་ཡོད་མིན། །གལ་ཏེ་སྤྱི་ཡི་དོན་དུ་སྤྱི་དོན་གསུམ་གྱིས་འཆད་བྱེད་པ། །དེ་ཚེ་བསྐྱེད་རིམ་དོན་དུ་སྦྱོར་ཕྱིར་དང་། །སྦས་དང་མཐར་ཐུག་དོན་དུ་སྟོན་པ་ན། ། རྫོགས་རིམ་དོན་ལ་སྦྱོར་བར་སྟོན་པས་གཞན་ལས་ཐོས་པའི་ཐེ་ཚོམ་མེད། །དོན་ལ་རྟོན་པའི་མཁས་པ་དོགས་མེད་ཀྱང་། །ཚིག་ལ་རྟོན་པའི་བླུན་པོ་དོགས་ཤེ་ན། །མདོ་རྒྱུད་གཞན་དུའང་འགོད་པ་མི་རིགས་འགྱུར། །བླུན་པོ་དོགས་པ་སྐྱེ་བ་མ་བཀག་ཕྱིར། །ཀུན་མཁྱེན་མིན་ཞེས་རྩོད་པའི་དོགས་པས་འཇིགས་པས་ཨེ་ཝཾ་མི་འགོད་ན། །མདོ་རྒྱུད་གཞན་ལ་ཨེ་ཝཾ་ཡིག་གཉིས་མཐོང་བའི་ཕྱིར། །འདི་ལ་མེད་པས་སྟོན་པས་མ་གསུངས་ཞེས། །རྩོད་པ་འབྱུང་བས་ཤིན་ཏུ་བཀོད་པར་རིགས། །རྩ་རྒྱུད་ཉིད་ནས་དེ་ཡི་དོགས་སྤོང་ཕྱིར། །སྐྱོན་མེད་ཅེ་ན་ཨེ་ཝཾ་བཀོད་ན་ཡང་། །དོགས་སྤོང་རྩ་རྒྱུད་ཉིད་དུ་བཀོད་པས་ཆོག །རིགས་པ་མཚུངས་ལ་ཅིག་ཤོས་ཇི་ལྟར་སྤོང་། ། དྲི་མེད་འོད་དང་རྡོ་རྗེ་སྙིང་འགྲེལ་དུ་མངོན་ཤེས་མེད་པས་རྒྱུད་ཀྱི་འགྲེལ་བྱེད་པ། །མི་རིགས་ཞེས་པ་འདི་ཡང་དཔྱད་པར་བྱ། །དེ་ལྟ་ཡིན་ན་མངོན་ཤེས་མེད་པ་ཡིས། །རྒྱུད་འཆད་པ་ཡང་མི་རིགས་མཚུངས་ཕྱིར་རོ། །

གལ་ཏེ་མངོན་ཤེས་ལྡན་པའི་འགྲེལ་པ་ལ། །བརྟེན་ནས་འཆད་ན་ཉེས་པ་མེད་ཅེ་ན། །མངོན་ཤེས་མེད་པར་མངོན་ཤེས་ལྡན་པ་ཡིས། །བྱས་པའི་འགྲེལ་པ་གང་གིས་ཤེས་པར་འགྱུར། །གལ་ཏེ་ཤེས་ན་མངོན་ཤེས་མེད་པར་ཡང་། །མངོན་ཤེས་ལྡན་པའི་བླ་མའི་མན་ངག་ལ། །བརྟེན་ནས་རྒྱུད་ཀྱི་འགྲེལ་པའང་ཅིས་མི་ནུས། །རྡོ་རྗེ་འཆང་ནས་བརྒྱུད་པའི་མན་ངག་དག །ཡོད་ན་མངོན་ཤེས་མེད་ཀྱང་རྒྱུད་དོན་ཤེས། །མན་ངག་མེད་ན་མངོན་ཤེས་ལྔ་ཡོད་ཀྱང་། །རྒྱུད་དོན་ཤེས་པར་མི་འགྱུར་ཕྱི་རོལ་པའི་དྲང་སྲོང་འགའ་ལ་བསྐལ་པ་འཇིག་ཆགས་དྲུག་ཅུ་རྩ་དྲུག་གི་བར་གྱི་འདས་མ་འོངས་ཤེས་པའི་མངོན་ཤེས་ཡོད་པ་བཞིན། །དེ་ཕྱིར་འདི་ནི་འཕགས་ཡུལ་མཁས་རྣམས་ཀྱི། །རྒྱུད་འགྲེལ་རྣམས་ལ་སྡང་སྨྲས་བྱེད་པར་ཟད། །རྒྱུད་དོན་ཤེས་ལ་མངོན་པར་ཤེས་པ་ལྔ། །གདོན་མི་ཟ་བར་དགོས་པ་མ་ཡིན་ནོ། །རྩ་རྒྱུད་བསྡུས་པའི་རྒྱུད་ཀྱི་ཐོག་མར་ཟླ་བ་བཟང་པོ་ཡིས། །གྲངས་ཅན་གྱི་སྐྱེས་བུ་ལ་སོགས་ཤེས་བྱ་ཉི་ཤུ་རྩ་ལྔའི་དབྱེ་བའི་བདག་ཉིད་དྲིས། །ཁྱད་གཞི་མེད་པའི་ཁྱད་ཆོས་དཔྱོད་པ་འདི་མི་འཐད་པས་ཐུབ་པས་ལུང་སྟོན་པར་མི་འགྱུར་བ་འདི་ནི་ལུང་མ་བསྟན་པའི་དྲི་བ་ཡིན། །དཔེར་ན་བདག་དང་འཇིག་རྟེན་མཐའ་དང་ལྡན་སོགས་དང་མཚུངས་ཕྱིར་རོ། །འགྲོ་བ་འབྱུང་བའི་མངལ་སྐྱེས་མེ། སྒོང་སྐྱེས་རླུང་། དྲོད་གཤེར་སྐྱེས་ཆུ། རྫུས་སྐྱེས་ས། རྫུས་སྐྱེས་ཆེན་པོ་རོའི་རྡུལ་གྱི་སྐྱེ་གནས་ཅན་དུ་བཤད། །འདི་ནི་ཚུ་རོལ་མཛེས་པའི་གཞུང་ལུགས་ཡིན། །ལྗོན་ཤིང་ཁ་ཅིག་ཤིང་གི་རྣམ་པ་ཅན་གྱི་སེམས་ཅན་ཡོད་པར་བཤད་པས་དེ་ཡིན་ཞེས་པ་མི་རིགས་ཏེ། ལུང་དུ་ཀ་བ་སོགས་ཀྱི་རྣམ་པ་ཅན་གྱི་སེམས་ཅན་ཡོད་པར་བཤད་པ་ནི། ཉི་ཚེ་བའི་དམྱལ་བ་ཡིན་གྱི་དུད་འགྲོ་མིན། ཁ་ཅིག་ལྗོན་པ་རྟ་མགོ་ཅན་ཡིན་ཞེས་པའང་མིའམ་ཅིའི་གླིང་སོགས་མིའི་གླིང་དུ་བཤད་པ་དང་སྔ་ཕྱི་འགལ་ལོ། །ལ་སོགས་དུད་འགྲོའི་སྐྱེ་བར་བསྡུས། །འདི་ནི་གཅེར་བུ་པ་སྲོག་ལྡན་གྱི་སྡེ་ཚན་དགུའི་ནང་ནས་ཤིང་དབང་པོ་གཅིག་པ་ཅན་དུ་འདོད་པ་ཡི་ལུགས་བཟང་ཡིན། །སྟོང་པ་ཞེས་བྱའིི་རྡུལ་གྱིས་འཇིག་རྟེན་རྩོམ། །འདི་ནི་བྱེ་བྲག་པ་ཡི་གཞུང་མཆོག་ཡིན། །གླིང་དང་རི་རབ་སོགས་ཀྱི་ཚད་དང་དབྱིབས། །མངོན་པའི་སྡེ་སྣོད་དག་དང་མཐུན་པ་མེད། །སེམས་ཅན་བསམ་པའི་དབང་གིས་མི་འགལ་ན། །ཚངས་པའི་ཡུལ་ལ་དཔག་ཚད་བྱེ་བའི་ཁྱོན། །ལྡན་པར་སྨྲ་བའི་རིག་བྱེད་པའི་གཞུང་ལུགས་ཅི་ཕྱིར་འགོག །དེ་ནི་ཐ་སྙད་དུ་ཡང་མ་གྲུབ་ན། །དཔག་ཚད་འབུམ་ཕྲག་བཞི་པའི་འཇིག་རྟེན་མངོན་པ་དང་དུས་འཁོར་ནས་བཤད་པ་སེམས་ཅན་སོ་སོའི་སྣང་བ་ཡིན་ན། གང་གིས་འབ། མངོན་པ་དང་དུས་འཁོར་གྱི་གང་ཟག་གང་ལ་འཇིག་རྟེན་གང་སྣང་བའི། །རྣམ་པར་དབྱེ་བ་འདི་ཡང་སྨྲ་དགོས་སོ། །རིགས་མི་མཐུན་པའི་འགྲོ་ལ་དངོས་གཅིག་ཀྱང་། །ཆུ་ལ་རྣག་ཁྲག་ཏུ་མཐོང་བ་སོགས་ཐ་དད་སྣང་བར་སྟོན་པས་ལུང་ལས་གསུངས། །རིགས་མཐུན་འགྲོ་ལ་ཕྱིར་རོལ་དངོས་པོ་གཅིག །ཚད་དང་དབྱིབས་སོགས་འགལ་བ་ཇི་ལྟར་སྣང་། །ཕུག་ཁྲུ་གང་བར་འཁོར་ལོ་སྒྱུར་བ་སྡེ་དང་བཅས་པ་སྟོན་པ་འཇིག་རྟེན་ཡུངས་འབྲུར་འཛུད་སོགས་ཐ་སྙད་དུ་འགྲོ་བ་རིས་མཐུན་ལ་འཇིག་རྟེན་མི་འདྲ་བར་སྣང་བའི་དཔེར་མི་རུང་། །དེ་དག་མཐུ་ལྡན་རྣམས་ཀྱི་རྣམ་ཐར་ཡིན། །ཐ་སྙད་བདེན་པའི་ངོ་ན་དེ་ཡོད་མིན། །དེ་ཕྱིར་ཞྭ་དཔེ་ལྷམ་ལ་མ་བཀབ་ཅིག །དུམ་བུ་བཅུ་གཉིས་ས་ལ་ཀླ་ཀློ་ཡི། །ཆོས་འཇུག་འཁོར་ལོ་ཅན་གྱིས་དེ་འཇོམས་ལོ། །སྒྲ་མི་སྙན་དུ་ཀླ་ཀློའི་ཆོས་འཇུག་ན། །མི་དགེ་བཅུ་པོ་སྤྱོད་པ་ཡོད་པར་འགྱུར། །འཁོར་ལོ་ཅན་གྱི་བསྟན་པ་དེར་འཇུག་ན། །སངས་རྒྱས་བསྟན་པའི་སྣོད་དུ་རུང་བར་འགྱུར། །སྒྲ་མི་སྙན་ན་ངག་འཁྱལ་གྱི་ཆ་གླུ་ལེན་པ་ཙམ་ལས་མི་དགེ་བཅུ་མེད་ཅིང་། །བསླབ་པ་གསུམ་གྱི་སྣོད་མ་ཡིན་པས་སངས་རྒྱས་བསྟན་པའི་སྣོད་དུ་མི་རུང་ཞེས། །འདུལ་བ་མངོན་པའི་སྡེ་སྣོད་དག་ལས་བཤད། །དེ་དང་འདི་ཡི་འགལ་བའང་སྤོང་བར་གྱིས། །དྲི་མེད་འོད་དུ་འཛག་བདེ་འཁོར་བའི་རྒྱུ་ཡི་གཙོ་བོ་རུ། །བཤད་པ་འདི་ཡང་ཤིན་ཏུ་མི་རིགས་ཏེ། །རྟག་ཏུ་བཟོད་དཀའི་སྡུག་བསྔལ་གྱིས་ནོན་ཕྱིར། །ཚ་དམྱལ་སོགས་ན་འཁྲིག་པའི་འདོད་ཆགས་མེད། །གཟུགས་དང་གཟུགས་མེད་སྐྱེས་པའི་ལྷ་རྣམས་ཀྱང་། །འཁྲིག་པའི་འདོད་ཆགས་བྲལ་ཕྱིར་ལྷ་རྣམས་ཐར་བར་འགྱུར། ཁམས་གོང་དག་ན་ཁུ་བ་འཕོ་བ་ཡོད་པར་བཤད་པས་འཁྲིག་པའི་འདོད་ཆགས་ཡོད་དགོས་ན་འཁྲིག་པའི་འདོད་ཆགས་ནི། །ཡོད་ཅེས་སྨྲ་བ་གྲུབ་མཐའ་སྨྲ་བ་སུ་ཡང་མི་འདོད་པས་སྔོན་མེད་གཞུང་ལུགས་ཡིན། །གཞན་དུ་འདོད་པའི་ཁམས་དང་ཁྱད་ཅི་ཡོད། །འདི་ལ་ལུང་གི་གནོད་བྱེད་མཐའ་ཡས་སོ། །དྲི་མེད་འོད་དུ་དགའ་ཐུབ་པ་དང་འདོད་ལྡན་གཉིས་ལ་ཡང་། །བྱང་སེམས་འཛག་པར་མཚུངས་ཕྱིར་ཐར་མེད་ལོ། །དགེ་སློང་འཆར་ཀས་ཁུ་བ་འབྱིན་པ་ཡི། །དགེ་འདུན་ལྷག་མའི་ལྟུང་བ་ཡང་ཡང་སྤྱད། །དེ་ལྟ་ན་ཡང་ཉོན་མོངས་ཀུན་བཅོམ་སྟེ། །དགྲ་བཅོམ་ཐོབ་པར་འདུལ་བའི་ལུང་ལས་གསུངས། །གསང་དབང་ཚེ་ན་བྱང་སེམས་ལྟུང་བའི་ཕྱིར། །རྡོ་རྗེ་འཛིན་པ་དག་ལའང་ཐར་པ་མེད། །ཀུནྡ་བྱང་ཆུབ་སེམས་ནི་སྤོང་བྱེད་པ། །རྩ་བའི་ལྟུང་བར་བཤད་པའང་མི་རིགས་ཏེ། །ཁྱིམ་པའི་རྡོ་རྗེ་འཛིན་པ་མི་སྲིད་འགྱུར། །གལ་ཏེ་ཆོས་ཀྱི་འདུ་ཤེས་ཀྱིས་སྤོང་བ། །རྩ་བའི་ལྟུང་བ་ཡིན་ཕྱིར་མི་འགལ་ན། །རྡོ་རྗེ་པདྨོར་སྙོམས་པར་ནམ་སྦྱོར་བ། །དེ་ཚེ་འདུ་ཤེས་ལྷ་སྔགས་ཆོས་གསུམ་གྱིས་འཇུག་པ་འདི། །རྡོ་རྗེ་ཐེག་པའི་ཁྱད་ཆོས་མ་ཡིན་ནམ། །གྲོགས་དག་རང་གི་དེ་ཉིད་མ་སྟོན་ཅིག །དྲི་མེད་འོད་དུ་ཟད་པར་ནམ་མཁས་གཟུགས་མེད་སྐྱེ་མཆེད་བཞིར། །སྐྱེ་བ་འཕེན་ལོ་ཟད་པར་ལྷག་མ་དང་། །ཚུལ་ཁྲིམས་ཀྱིས་ནི་གཟུགས་ཀྱི་ཁམས་འགྲུབ་ལོ། །ཟད་པར་ཟིལ་གནོན་རྣམ་ཐར་ལ་སོགས་ཀྱི། །མན་ངག་སངས་རྒྱས་བསྟན་པའི་ཁྱད་ཆོས་ཡིན། །བསྟན་ལ་མ་ཞུགས་པ་ལ་འདི་དག་མེད། །ཕྱི་རོལ་པ་རྣམས་ཁམས་གོང་མར་མི་སྐྱེའམ། །ཟད་པར་སོགས་ཀྱིས་སྐྱེ་བ་འཕེན་ན་ཡང་ཟད་པར་ནམ་མཁས་ནམ་མཁའ་མཐར་ཡས་སུ། །སྐྱེ་བར་རིགས་མོད་རྣམ་ཤེས་སོགས་སུ་མིན། །གཞན་དུ་འཕེན་བྱེད་རྣམ་སྨིན་གཡོས་པའི་ཕྱིར། །མི་གཡོ་བ་ཡི་ལས་སུ་གཟུགས་མེད་དག་ཏུ་སྐྱེ་བའི་ལས་འདི་མི་འགྱུར། །གྲུབ་མཐའ་བཞི་དང་རིག་བྱེད་བཞི་ལ་སོགས། །དུས་ཀྱི་འཁོར་ལོའི་ཞལ་ནས་གསུངས་ཞེས་པའང་། །དགོངས་པ་ཡོད་ན་གྲུབ་མཐའ་བཞིའི་ལུགས་རྣམས་གསུང་རབ་ཀྱི་དགོངས་པ་དེ་ཉིད་བཙལ་བར་གྱིས། །མེད་ན་གནོད་བྱེད་རིགས་པ་འདི་དག་སོམས། །གྲུབ་མཐའ་བཞི་ཡི་བྱུང་ཚུལ་སྔར་བཤད་ཟིན། །གསུང་རབ་དགོངས་པ་གྲུབ་མཐའ་བཞིར་མི་གནས། །གཞན་དུ་བཀའ་ལ་རྡུལ་ཕྲན་བདེན་པར་ཡོད་མེད་སོགས་ནང་འགལ་ཇི་ལྟར་སྤོང་། །གྲུབ་མཐའ་སྨྲ་བ་བཞི་པོ་སོ་སོའང་ཐམས་ཅད་གསུང་རབ་ཀྱི་དགོངས་པ་ཡིན་པ་འདི་མི་བཞེད། །འདིས་ནི་བསམ་པའི་དབང་གིས་གྲུབ་མཐའ་བཞི། །མཆོག་མི་འགྱུར་གྱི་སྟོན་པས་གསུངས་ཞེས་སྨྲ་བ་དེ་ཡང་བསལ། །རིག་བྱེད་རྣམས་ནི་སངས་རྒྱས་པས་དྲང་སྲོང་རྒྱས་པ་མིའུ་ཐུང་དང་མིའུ་ཐུང་གི་ལྷ་སོགས་དང་། །བྱེ་བྲག་པ་དབྱིག་གི་སྙིང་པོ་སོགས་ཀྱིས་བྱས་པར་བཤད། །དཔྱོད་པ་པོ་སོགས་བྱེད་པོ་མེད་པར་འདོད། །ཐུབ་པས་གསུངས་ཞེས་ཟེར་བ་སྔོན་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་སུ་ཡང་མ་བྱུང་། །གཞན་དུ་རིག་བྱེད་རྗེས་འབྲངས་མུ་སྟེགས་ཅན། །སངས་རྒྱས་བསྟན་པའི་རྗེས་འབྲངས་ཅིས་མ་ཡིན། །མི་རིགས་བཞི་པོ་དུས་འཁོར་ལས་བྱུང་ན། །ཚངས་པ་བྱེད་པོར་སྨྲ་དང་ཁྱད་ཅི་ཡོད། །གནས་སྐབས་རིགས་བཞིའི་སྒྲིབ་པ་སྦྱང་བའི་ཕྱིར། །སྟོན་པས་བཞི་ཚན་འདི་དག་གསུངས་ཤེ་ན། །དེ་ལ་འབྲེལ་བ་བཞི་ཚན་གསུངས་པས་རིགས་བཞིའི་སྒྲིབ་པ་འདག་པ་ལ་ཕན་པ་ཅི་ཡོད་ཤེས་ལྡན་དག །སེའུ་བཅུ་པའི་ངག་བཞིན་མི་འགྱུར་རམ། །རིག་བྱེད་སྨྲ་སོགས་དྲང་ཕྱིར་གསུངས་ཤེ་ན། །ཀླ་ཀློ་དྲང་ཕྱིར་ཀླ་ཀློའི་ཆོས་རྣམས་ཀྱང་། །ཐུབ་པས་གསུངས་ཞེས་སྟོན་པར་རིགས་པར་འགྱུར། །དེ་ཕྱིར་འདི་ནི་རིག་བྱེད་ལ་སོགས་ཀྱི། །ཆོས་སྐད་སངས་རྒྱས་བསྟན་ལ་བསྲེ་བའི་སྙད། །གཞུང་ཙམ་ཀློག་པ་རྣམས་ཀྱིས་འདི་ཡི་མཚང་། །བསྐལ་པར་བསམས་ཀྱང་རིག་པར་འགྱུར་མི་སྲིད། །བྱེ་བྲག་སྨྲ་བས་བརྗོད་དུ་མེད་པ་ཡི། །གང་ཟག་འདོད་ཅེས་སྨྲ་བའང་ཤིན་ཏུ་བརྫུན། །བརྗོད་དུ་མེད་པའི་གང་ཟག་གནས་མ་ཡི། །བུ་པ་ལ་སོགས་བཟང་པོའི་ལམ་པ་དང་། ཀུན་གྱིས་བཀུར་བ་དང་། ཆོས་སྦས་པ་དང་། བླ་མ་རྣམས་སྡེ་པ་ལྔ་ཡིས་འདོད། །བྱེ་བྲག་སྨྲ་བ་གཞི་ཐམས་ཅད་ཡོད་སྨྲ་བའི། །སྡེ་པ་ཉིད་ཡིན་ཐམས་ཅད་ཡོད་པར་སྨྲ་བ་སོགས་སྡེ་པ་བཅུ་གསུམ་བདག་མེད་འདོད་པར་རྟོག་གེ་འབར་བ་ལས་བཤད་བདག་མེད་ཁས་ལེན་ནོ། །དེ་ལྟ་མིན་ན་ཆོས་མངོན་མཛོད་ལས་ཀྱང་། །བདག་མེད་ཕུང་པོ་ཙམ་ཞེས་ཇི་ལྟར་གསུངས། ། བྱེ་བྲག་སྨྲ་བའི་འདོད་པ་འཆད་པ་ན། །འདུས་བྱས་སྐད་ཅིག་བདག་མེད་བྱེད་པོ་མེད། །བདེ་གཤེགས་གཞུང་གི་རབ་བྱེད་ཀྱི། །འདུས་བྱས་ཐམས་ཅད་སྐད་ཅིག་མ། །བདག་གིས་སྟོང་ཞིང་བྱེད་པོ་མེད། ། ཅེས་པའི་ལུང་འདི་ཁྱེད་རང་གིས་ཀྱང་དྲི་མེད་འོད་དུ་མ་དྲངས་སམ། ཁས་བླངས་སྔ་ཕྱི་འགལ་བ་ཇི་ལྟར་ཡིན། །དེ་མ་ཐག་ཏུ་ནང་འགལ་སྨྲ་བ་ཡི། །ས་བཅུ་པ་ཡི་བསྟན་བཅོས་ཨེ་མ་མཚར། །མདོ་སྡེ་པ་ལ་སུན་འབྱིན་སྨྲ་བ་ནི། །གལ་ཏེ་ཐོགས་པ་མེད་པའི་གཟུགས་མེད་ན། །ཐམས་ཅད་མཁྱེན་སྐུ་ཐོགས་པ་མེད་མི་འགྱུར། །ཞེས་པའི་ཐལ་བ་འབྲེལ་བ་མེད་པ་སྟེ། །འདོ་སྡེ་པ་ལ་ཁས་ལེན་མེད་ཕྱིར་རོ། །

ཐོགས་པ་མེད་པའི་གཟུགས་མེད་དེ་མི་འདོད། །རྣམ་རིག་མིན་པའི་གཟུགས་ཀྱིས་དབང་བྱས་ནས། །ཐོགས་པ་མེད་པའི་གཟུགས་ཡོད་མིན་ཞེས་སྨྲས། ཁས་ལེན་མེད་པའི་ཐལ་བ་འཕེན་པ་ཡི། །འཕགས་ཆེན་རྣམས་ཀྱི་རིགས་པ་འདི་ལ་གཟིགས། །སྡུད་པོ་རྣམས་ཀྱིས་སྡེ་སྣོད་རྣམ་པ་གསུམ། །གླེགས་བམ་དག་ལ་བཀོད་ཅེས་སྨྲས་པའང་མིན། །འདུལ་བའི་སྡེ་སྣོད་གླེགས་བམ་ལ་འགོད་པ། །དགེ་སློང་རྣམས་ལ་ཐུབ་པས་གནང་བ་མེད། །བློ་མི་གསལ་བ་འགའ་ཞིག་དམིགས་ཀྱིས་བསལ་བ་མ་གཏོགས་འདུལ་བ་གླེགས་བམ་ལ་བྲིས་ན་དགེ་སློང་ལ་ལྟུང་བ་འབྱུང་སྟེ། ཞུ་བ་ལས། བཅོམ་ལྡན་འདས་ཀྱིས། ལྔ་པོ་མི་འབྲི་སྟེ། ལྔ་གང་ཞེ་ན། སོ་སོར་ཐར་པ་ཐམས་ཅད་དང་། སོ་སོར་ཐར་པ་དང་ལྡན་པ་ཐམས་ཅད་དང་། འདུལ་བ་དང་འདུལ་བ་དང་ལྡན་པ་ཐམས་ཅད་གང་སོ་སོའི་ཞེས་བཀའ་བསྩལ་ནས་ཞེས་གསུངས་སོ། །འབྲེལ་དང་མཚམས་སྦྱོར་འདི་སྐད་བདག་ཐོས་སོགས། ། བཅུག་ནས་འཕགས་པའི་དབུས་སུ་གསུང་རབ་རྣམས། །འོད་སྲུངས་སོགས་ཀྱིས་ཚར་རེ་བཏོན་པ་ལ། །རྩ་བའི་བཀའ་བསྡུ་དང་པོར་གྲགས་པ་ཡིན། །ཡངས་པ་ཅན་གྱི་གྲོང་ཁྱེར་ཆེན་པོ་རུ། ། རུང་བ་མིན་པའི་གཞི་བཅུ་སུན་ཕྱུང་ནས། །དགྲ་བཅོམ་རྣམས་ཀྱིས་བཀྲ་ཤིས་གསོ་སྦྱོང་མཛད། །དེ་ལ་བསྡུ་བ་གཉིས་པར་གྲགས་པ་ཡིན། །སྡེ་པ་བཅོ་བརྒྱད་ཕན་ཚུན་རྩོད་པ་ན། །ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་བལྟས་ནས། །ཀུན་ཀྱང་སངས་རྒྱས་བསྟན་པར་བསྡུས་པ་ལ། །བསྡུ་བ་གསུམ་པ་བྱས་ཞེས་མཁས་ལ་གྲགས། །གསུང་རབ་གླེགས་བམ་ངོས་ལ་བཀོད་པ་ཙམ། ། བསྡུ་བའི་དོན་དུ་མཁས་པ་རྣམས་མི་བཞེད། །ཐེག་པ་གསུམ་གྱི་གང་ཟག་སོ་སོ་ཡིས། །ཐེག་པ་གསུམ་གྱི་སྡེ་སྣོད་བསྡུས་ཞེས་པའང་། །ཉན་ཐོས་སྡེ་སྣོད་ལས་གཞན་རང་རྒྱལ་གྱི། །སྡེ་སྣོད་ལོག་པ་མེད་པར་སའི་དངོས་གཞི་སོགས་ནས་བཤད་ན་རང་རྒྱལ་གྱི། །སྡུད་པོས་བསྡུ་རྒྱུའི་སྡེ་སྣོད་གང་ཡིན་སྨྲོས། །སངས་རྒྱས་བསྟན་ལ་རང་རྒྱལ་འབྱུང་བ་མེད། །དབུ་མ་རྩ་བར། སངས་རྒྱས་རྣམས་ནི་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བརྟེན་པ་མེད་ལས་རབ་ཏུ་སྐྱེ། །ཞེས་གསུངས་སོ། །བོད་དུ་བོད་ཀྱི་སྐད་ཀྱིས་བྲིས་ཞེས་པའང་། །པདྨ་དཀར་པོས་འགྲེལ་པ་རྩོམ་པའི་སྔར། །བོད་དུ་བསྟན་པ་ཡོད་ན་བྲིས་སོ་ཞེས་འདས་པ་ལ་འཇུག་པའི་ཚིག་འདི་རིགས། །གཞན་དུ་འབྲི་བར་འགྱུར་ཞེས་སྨྲ་བར་རིགས། ཁྱོད་ཀྱི་རྒྱུད་ལས་བཤད་པའི་ལྷ་གྲངས་ཀྱི། ། བསྙེན་པ་ཚེ་ལོ་བརྒྱ་པས་འཁྱོལ་བར་དཀའ། །བུ་སྟོན་རིན་པོ་ཆེས་ཞིབ་ཏུ་རྩིས་པས། མཐུན་རྐྱེན་འཛོམ་པ་གཅིག་གིས་བྱ་བ་གཞན་མེད་པར་བཟླས་ཀྱང་གྲངས་བསྙེན་ལོ་བརྒྱ་པས་འཁྱོལ་ཙམ་ལས་མི་འོང་བར་འདུག་གསུངས་ཟེར་བའང་མད་པར་སྣང་།བསྐྱེད་རིམ་ཙམ་ཡང་སྒྲུབ་པར་མི་ནུས་ན། ། ཚེ་འདི་ཉིད་ལ་སངས་རྒྱས་ཇི་ལྟར་འབྱིན། །རྗེས་འཇུག་ཐབས་དང་མི་ལྡན་བསྟན་བཅོས་ནི། །འཇོག་པོའི་གཙུག་རྒྱན་ལེན་པའི་མན་ངག་ལྟར། །མཁས་པ་རྣམས་ཀྱིས་དོར་བྱའི་གནས་སུ་བཤད། །དེ་ལ་འཇུག་པ་རང་ཉིད་བླུན་པོ་ཡིན། །རྣལ་འབྱོར་ཡན་ལག་དྲུག་གི་དོན་རྣམས་ཀྱང་། །གསང་བ་འདུས་པའི་རྒྱུད་ཕྱི་མ་ནས་བཤད་པ་དང་འགལ་བར་སྣང་། །སྦྱོར་དྲུག་སོགས་དེ་དོན་ཉམས་སུ་ལེན་པའི་རིམ་པ་ཡང་། །ཀླུ་སྒྲུབ་ཡབ་སྲས་ལུགས་རིམ་ལྔ་སྤྱོད་བསྡུས་སོགས་ལས་ཕྱི་རོལ་གྱུར། །འདུས་པ་དགེས་རྡོར་བདེ་མཆོག་ལ་སོགས་པ། །ས་ར་ཧ་སོགས་གྲུབ་ཆེན་རྣམས་ཀྱིས་བླངས། །ཀླུ་སྒྲུབ་ཡབ་སྲས་ལ་སོགས་མཁས་རྣམས་ཀྱིས། །བཤད་ཅིང་དེ་དོན་ཉམས་སུ་བླངས་པས་གྲོལ། ཁྱེད་ཀྱི་འདི་ལ་ལེན་བྱེད་ཚད་ལྡན་གང་། །དེ་དོན་ཉམས་སུ་བླངས་པས་སུ་ཞིག་གྲོལ། །ཆེན་པོ་རྣམས་ལ་ཚད་མར་མ་གྲགས་ཕྱིར། །དུས་ཞབས་ལ་སོགས་ཚད་མའི་སྐྱེས་བུ་མིན། །ཤམྦྷ་ལ་ཡི་རིགས་ལྡན་ཚངས་པའི་དྲང་སྲོང་ལ་སོགས་པ། །དེ་ལྟ་བུ་ཡོད་པ་ལུང་རིགས་གཞན་གྱིས་བསྒྲུབ་བྱ་ཡིན་ཕྱིར་ཁྱེད་ཀྱི་སྒྲུབ་བྱེད་མིན། །དེ་ལྟར་ཉེས་པའི་ཚོགས་ཀུན་མཐོང་གྱུར་ཀྱང་། །ད་དུང་འདི་ལ་མངོན་ཞེན་མི་ལྡོག་ན། །འདི་ཡི་སྒྲུབ་བྱེད་དོན་དུ་མནའ་ཆུ་འཐུངས། །དེ་ལས་གཞན་པའི་སྒྲུབ་བྱེད་ཡོད་རེ་སྐན། །འདི་དག་འདི་ཡི་ཉེས་པ་ཕྱོགས་ཙམ་ཡིན། །ཞིབ་མོར་དཔྱད་ན་གནོད་བྱེད་མཐའ་ཡས་སོ། །གང་དག་འདི་ལ་མངོན་ཞེན་ཡོད་རྣམས་ཀྱིས། །རྣམ་པར་དཔྱོད་ལ་འདི་ཡི་ལན་ཐོབ་ཅིག །འདུན་དང་ཞེ་སྡང་འཇིགས་དང་རྨོངས་པ་ཡི། །རང་ཕྱོགས་ལ་ཆགས་པ་དང་། གཞན་ཕྱོགས་ལ་སྡང་བའི་ལན་འདེབས་པའི་བདུན་པ་དང་། ཞེ་སྡང་གིས་འགྲོ་བ། མི་ཤེས་རྨོངས་པས་འཇིགས་པ་དང་མི་ཤེས་བཞིན་དུ་ལན་འདེབས་ན་འཇིགས་པ་དང་རྨོངས་པས་འགྲོ་བའོ། །འགྲོ་བ་བཞི་ཡིས་འདི་ལ་ལན་འདེབས་ན། །བླུན་པོ་རང་གི་དེ་ཉིད་སྟོན་པར་ཟད། ཁྱི་ཕག་མི་གཙང་ཟ་བ་སུ་ཡིས་ཁེགས། །ཚིག་རྩུབ་དུག་མདའི་རྩེ་མོ་མི་སྟོན་ཅིང་། ཁྲོ་གཉེར་ལྡན་པའི་བཞིན་རས་མི་བསྡུད་པར། །གལ་ཏེ་རྩོད་པར་བཟོད་པ་ཡོད་ན་ཡང་། །རྩོད་པར་བགྱིའོ་རྩོད་པའི་སྐབས་ཕྱེ་ཞིག ། འོན་ཀྱང་འཕགས་པས་མཛད་དམ་མིན་ཀྱང་བླ། །ལེགས་པར་བཤད་པའང་སྤྱོད་པའི་ཆ་སོགས་མང་དུ་མཐོང་བས་ན། །ཐར་འདོད་རྣམས་ཀྱི་འཇུག་ངོགས་མ་ཡིན་ཞེས། ཁོ་བོ་འདི་ལ་གཅིག་ཏུ་སྐུར་མི་འདེབས། །

དེ་ལྟ་ན་ཡང་བློ་ཆུང་ཐོས་མེད་འགའ། །ཟླ་ཉི་གཟས་ཟིན་དང་རྩ་ཆད་འཆི་ལྟས། དུས་འཁོར་ལས་གཞན་པའི་སྔགས་ཀྱིས་ངེས་དོན་མ་བསྟན་ལ་འཕགས་པའི་ཡུལ་དུ་གྲུབ་ཆེན་དུ་གྲགས་པ་རྣམས་ཀྱིས་ཀྱང་སེམས་འགྲེལ་སྐོར་གསུམ་མ་མཐོང་བས་སྔགས་ཀྱི་སྙིང་པོའི་དོན་མ་རྟོགས་ཞེས། འདི་ཡི་ཚིག་ཕྲེང་ལྦུ་བས་རབ་ངོམས་ཏེ། །ཆེན་པོ་རྣམས་ལའང་བརྙས་པར་བྱེད་མཐོང་ནས། །དེ་དག་ངན་རྟོག་ཟློག་ཕྱིར་ངས་འདི་བྱས། །དེ་ལྟར་བདག་གིས་ཅུང་ཟད་དཔྱད་པ་འདི། །གཅིག་དུ་བསྟན་ལ་བསམ་པ་མ་གཏོགས་པ། །གྲགས་པ་འདོད་པའམ་གཞན་ལ་ཕྲག་དོག་གིས། །སྨྲས་ན་བསྟན་སྲུང་རྣམས་ཀྱི་བཀའ་ཡིས་ཆོད། ། ཐུབ་པས་ཇི་ལྟར་གསུངས་བཞིན་སྨྲས་ན་སྐྱེ་བོ་ཕལ་ཆེར་བདག་ལ་གཤེ །གཞན་དང་རྗེས་སུ་མཐུན་པར་སྨྲས་ན་ཁོ་བོ་གཡང་སར་ལྷུང་དུ་དོགས། །དེ་ལྟར་བདག་དང་གཞན་གྱི་ཕྱོགས་ལ་གཟུ་བོར་གནས་པའི་དཔང་པོ་གཞན། །མ་རྙེད་ཕྱིར་ན་དོན་འདི་རྣམས་ལ་རྒྱལ་བ་སྲས་བཅས་དཔང་མཛོད་ཅིག །བསྟན་པ་འཛིན་པ་རྣམས་ལ་འཕྲིན་དུ་གསོལ་བ་ནོར་བུའི་ཕྲེང་བ་ཞེས་བྱ་བ་འདི་ནི། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ། །འདིས་ཀྱང་བསྟན་པ་འཕེལ་བར་གྱུར་ཅིག །མངྒ་ལཾ་བྷ་ཝནྟུ། བླ་མ་དུས་འཁོར་བ་རྣམས་ལ་བྱང་ཆུབ་བསོད་ནམས་ཀྱིས་གསོལ་བ། ཁྱེད་རྣམས་གཞུང་ལུགས་ཆེན་པོ་ལ་ཡུན་རིང་འདྲིས་པར་མཛད་པ་ཡིན་པས། རིགས་པ་འདི་རྣམས་གཟིགས་ལ་ལན་དུ། འདི་སྨྲ་བ་པོ་ནི་ཆོས་སྤོང་གི་ལས་གསོག་པས་བདུད་ཀྱིས་བྱིན་གྱིས་བརླབས་པའོ། །མཁས་གྲུབ་བླ་མ་རྣམས་ལ་རྒོལ་བའོ། །ཞེས་པ་ཙམ་གྱི་ལན་དེ་མིན་པར་ལུང་རིགས་རྣམ་དག་གསུང་རྒྱུ་གདའ་ན་གསུངས་དང་། ཁོ་བོའང་རྗེས་སུ་ཡིད་རང་འབུལ་གྱིས། ཧེ་ཧེ།། །།

འཕྲིན་ཡིག་ནོར་བུའི་ཕྲེང་བའི་རང་ལན།

འཕྲིན་ཡིག་ནོར་བུའི་ཕྲེང་བའི་རང་ལན།

དེ་ཉིད་ལས་འཕྲོས་པའི་ལན་ཚིག་དོན་ལ་འགལ་བ་སྤོང་བའི་དྲིས་ལན།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྨད་བྱུང་ཡོན་ཏན་ཚོགས་ཀྱི་གཏེར་གྱུར་པ། །ཚངས་དང་ལྷ་དབང་གྲུབ་པའི་ཅོད་པན་གྱིས། །གང་གི་ཞབས་རྔུལ་རྙོག་པ་མེད་བསྟེན་པ། །སྟོན་པ་གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །དེང་སང་གངས་རིའི་ཁྱོད་ཀྱི་མཁས་རློམ་རྣམས། །ལྡེམ་པོའི་ངག་གིས་ཟབ་མོའི་ཚུལ་སྟོན་པ། །དུས་ཀྱི་འཁོར་ལོ་འགྲེལ་པ་དང་བཅས་པའི། །ཚིག་ལ་ཇི་བཞིན་སྒྲ་རུ་མངོན་ཞེན་ནས། །རྣམ་དག་མདོ་རྒྱུད་ཚོགས་དང་འགལ་བ་ཡི། །ལོག་པའི་ཐ་སྙད་མང་དུ་སྤེལ་མཐོང་ནས། །འཁྱོག་པོའི་ཤིང་ལ་སྲོང་བའི་ཚུལ་བཞིན་དུ། །བརྒལ་ཞིང་བརྟག་པའི་སྒོ་ནས་བདག་གིས་དྲིས། །གཞན་གྱིས་ལེགས་བཤད་འོ་མའི་རྒྱ་མཚོ་ལའང་། །གང་གི་ཕྲག་དོག་མིག་དུག་ཆེར་འཕེལ་བའི། །བཤེས་གཉེན་གདུག་པའི་སྦྲུལ་ལྟར་གཡོ་རྣམས་ཀྱིས། །ཚིག་རྩུབ་དུག་མདའ་འཕེན་པ་ལྷུར་བྱེད་ཅིང་། །སྨྲ་པོའི་དེ་ཉིད་གསལ་བར་སྒྲོགས་བྱེད་པའི། ། ལན་རྣམས་ཕལ་ཆེར་ཆུ་ཤིང་བཞིན་དུ་མཐོང་། །ཇི་ལྟར་སྣ་ཚོགས་ནད་ཀྱིས་ཐེབས་པ་ཡི། །ནད་པ་རྣམས་ལ་སྨན་པས་ཇི་བཞིན་དུ། །སྣ་ཚོགས་ཁམས་ལྡན་འགྲོ་བའི་སེམས་མཁྱེན་ནས། །སྣ་ཚོགས་ཚིག་གིས་དམ་ཆོས་ཐུབ་པས་བསྟན། །དེ་ཕྱིར་འཛག་བདེ་འཁོར་བའི་རྒྱུ་ཡིན་སོགས། །འདིར་བཤད་ཕལ་ཆེ་དྲང་བའི་དོན་དུ་ཤེས། །གཞན་དུ་རྣམ་དག་ལུང་རིགས་དང་འགལ་བའི། །སྐྱོན་དེ་ཀུན་མཁྱེན་གྱིས་ཀྱང་ཟློག་པར་དཀའ། །ས་ཆུ་མེ་རླུང་ནམ་མཁའ་ཡེ་ཤེས་ཀྱི་ཁམས་དྲུག་ལྡན་པའི་སྐྱེས་བུའི་དབང་བྱས་ནས། །བླ་མེད་རྡོ་རྗེ་ཐེག་པའི་ལམ་འདི་བསྟན། །མངལ་སྐྱེས་མིན་ལ་ཁམས་དྲུག་ལྡན་པ་མེད། །འཁྲིག་པའི་འདོད་ཆགས་དབང་གིས་མངལ་སྐྱེས་རྣམས། །སྐྱེ་གནས་དག་ཏུ་ཉིང་མཚམས་སྦྱོར་བར་མངོན་པར་བར་དོའི་སྲིད་པ་ན་གནས་པ་ནི་སྐྱེ་བའི་གནས་ལ་འདོད་ཆགས་སྐྱེ་མཆེད་ཅེས་པ་བཤད། །དེ་ཡི་སྤོང་བྱེད་ནམ་མཁའི་ཡེ་ཤེས་ཀྱི། །གཉེན་པོར་མི་འགྱུར་བའི།བདེ་ཆེན་ཉིད་ཡིན་དེ་ལ་གུས་བྱའི་ཕྱིར། །འཛག་བདེ་འཁོར་བའི་རྒྱུ་ཡི་གཙོ་བོ་ཞེས། །རྒྱུད་དང་དེ་འགྲེལ་དག་ལས་བཤད་པར་མངོན། །བླ་མེད་རྡོ་རྗེ་ཐེག་པའི་བྱང་ཆུབ་ཆེ། །མཆོག་ཏུ་མི་འགྱུར་བདེ་བ་ཆེན་པོ་ཡིན། །དེ་དོན་གཉེར་བ་རིག་འཛིན་བྱང་ཆུབ་སེམས། །དེ་ཡི་གེགས་ཀྱི་གཙོ་བོ་ཁམས་འཛག་པ། །ཡིན་ཕྱིར་དེ་སྤོང་རྩ་བའི་ལྟུང་བར་བཤད། །གསང་དབང་ཚེ་ན་བྱང་སེམས་གཏོང་བ་སོགས། །མི་འགྱུར་བདེ་ཆེན་ཐོབ་པའི་གེགས་མིན་ཏེ། །སློབ་མ་རྗེས་སུ་འཛིན་པའི་ཐབས་ཡིན་ཕྱིར། །དེ་དག་ལས་ནི་ལྟུང་བར་འགྱུར་བ་མིན། །གཞན་ལ་འཚེ་བ་རྟག་ཏུ་བྱང་སེམས་ཀྱི། །སྤངས་བྱ་ཡིན་མོད་སྙིང་རྗེས་གདུག་པ་ཅན། །སྲོག་དང་བྲལ་བར་བྱེད་ལ་ཉེས་མེད་བཞིན། །ཕྱི་རོལ་དྲང་སྲོང་རྗེས་སུ་བཟུང་བའི་ཕྱིར། །དེ་དག་ཉིད་ལ་གྲགས་པའི་འཇིག་རྟེན་གྱི། །ཚད་སོགས་སྒོ་ནས་ནང་གི་དེ་ཉིད་དོན། །བསྟན་ཕྱིར་རི་གླིང་སོགས་ཀྱི་དབྱིབས་དང་ཚད། །དུས་ཀྱི་འཁོར་ལོའི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་རྒྱས་པའི་བྷ་ར་ཏ་དང་མཐུན་པར་མན་ངག་སྙེ་མ་སྔ་འགྱུར་ལས་བཤད། རྒྱས་པའི་བྷ་ར་ཏ་ལས་འབྱུང་བ་མེད། །རྗེས་སུ་མཐུན་པར་ཐུབ་པས་རྒྱུད་འདིར་གསུངས། །ལྷ་མིན་ཀླ་ཀློས་ས་སྟེང་ཁྱབ་པ་ན། །སྟོབས་ལྡན་ཁྱབ་འཇུག་རིགས་ལྡན་ཚུལ་བཟུང་ནས། །དེ་དག་འཇོམ་ཞེས་དེ་ཉིད་ལ་རིགས་ལྡན་གྱི་འཇུག་པ་ཞེས་ཁྱབ་འཇུག་གི་འཇུག་པ་དང་གཅིག་ཏུ་འདོད་ཕྱིར་རོལ་པ་རྣམས་སྨྲ། །དེ་དག་རྗེས་སུ་བཟུང་ཕྱིར་ཐུབ་པ་ཡིས། །རོ་རྐྱང་རྩ་ལ་འཕོ་ཆེན་བཅུ་གཉིས་རླུང་། །རྒྱུ་བ་སྲོག་རྩོལ་ལ་སོགས་ཏིང་འཛིན་གྱིས། །འགོག་པའི་ནང་གི་དེ་ཉིད་ལ་དགོངས་ནས། །དུམ་བུ་བཅུ་གཉིས་ས་ལ་ཀླ་ཀློ་ཡི། །ཆོས་འཇུག་འཁོར་ལོ་ཅན་གྱིས་དེ་འཇོམས་ཞེས། །གདུལ་བྱ་གཞུག་ཕྱིར་ལྡེམ་པོའི་ངག་འདི་གསུངས། །ཚངས་པའི་ཁ་སོགས་དག་ལས་བྲམ་ཟེ་སོགས། །མི་རིགས་བཞི་རྣམས་འབྱུང་བར་དྲང་སྲོང་སྨྲ། །དེ་དག་ཐེག་པ་མཆོག་ལ་གཞུག་པའི་ཕྱིར། །གནས་སྐབས་རིགས་བཞིའི་སྒྲིབ་པས་འཁོར་བ་ཡི། །ཆོས་ཀུན་སྐྱེད་པའི་ངང་ཚུལ་ལ་དགོངས་ནས། །མི་རིགས་བཞི་སོགས་དུས་ཀྱི་འཁོར་ལོ་ཡི། །ཞལ་མཆོག་བཞི་ལས་འབྱུང་བར་སྟོན་པས་གསུངས། །ཇི་ལྟར་ཐུབ་པས་སོར་ཕྲེང་གི་མདོ་སོགས་ལྔར་སྟོང་ཉིད་ལ་དགོངས་ནས། །བདག་ཏུ་ལྟ་བའི་མུ་སྟེགས་དྲང་བའི་ཕྱིར། །མཚན་སོགས་ཡོན་ཏན་གྱིས་བརྒྱན་བདེ་གཤེགས་ནི། །སེམས་ཅན་ཀུན་ལ་ཡོད་པར་གསུངས་པ་བཞིན། །རིགས་ཅན་གསུམ་གྱིས་ཐེག་པ་གསུམ་གྱི་ལམ། །སོ་སོར་ཉམས་སུ་བླངས་པ་ལ་དགོངས་ནས། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་རྣམས་ཀྱིས། །དེ་དག་དེ་ཡི་ཐེག་པ་བསྡུས་ཞེས་བྱ། །ལེགས་སྦྱར་སྐད་ལ་མངོན་ཞེན་སྤོང་བའི་ཕྱིར། །དྲི་མེད་འོད་དུ། ཡུལ་གྱི་སྐད་རྣམས་ཀྱིས་ནི་དོན་གོ་ན། ། བསྟན་བཅོས་སྒྲ་རྣམས་ཀྱིས་ནི་ཅི་ཞིག་བྱ། །ཞེས་བཤད་པས་བོད་དུ་བོད་ཀྱི་སྐད་ཀྱིས་འབྲི་འགྱུར་ཞེས། །བསྟན་བྱ་ཡིན་ཡང་བྲིས་ཞེས་འདས་པའི་ཕྱིར། །སྦྱར་བ་སྒྲ་ཉམས་ཡིན་ཕྱིར་ཉེས་པ་མེད། །རང་གི་སྡེ་པ་དངོས་པོར་སྨྲ་བ་རྣམས། །དབུགས་དབྱུང་ཕྱིར་དང་གདུག་པའི་དྲང་སྲོང་རྣམས། །དེ་དག་རྣམས་ལ་ཉེས་པ་སྤོང་བའི་ཕྱིར། །གདུལ་བྱའི་བསམ་པའི་དབང་གིས་གྲུབ་མཐའ་བཞི། །ཐུབ་པས་གསུངས་ཞེས་རྒྱུད་འགྲེལ་ཆེ་ལས་བཤད། །སྐྱེས་བུ་ཉི་ཤུ་རྩ་ལྔའི་བདག་ཉིད། འགྲོ་བ་འབྱུང་བའི་སྐྱེ་གནས་ཅན་དུ་བཤད་པ་སོགས།ཁ་ཅིག་སྔར་བཤད་རིགས་པས་དྲང་དོན་དུ་མཚོན་ཕྱིར་དང་། །གཞན་དག་བྱེད་པ་ཆུང་ཕྱིར་ཨེ་ཝཾ་མི་སྨོས་པའི་རྒྱུ་མཚན་བཏང་སྙོམས་བཞག །རྣལ་འབྱོར་ཡན་ལག་དྲུག་སོགས་ཀྱི་རིམ་པ་གཉིས་དང་འབྲེལ་བའི་དོན་འགའ་ཞིག །ཤིན་ཏུ་ཟབ་ཕྱིར་རེ་ཞིག་འདིར་མ་བཀོད། །མདོར་ན་མང་དུ་སྨོས་པས་ཅི་ཞིག་བྱ། །དུས་ཀྱི་འཁོར་ལོ་འདིར་བཤད་མདོ་རྒྱུད་གཞན་དང་འགལ་བ་ལྟར། །སྣང་བའི་ཐ་སྙད་ཇི་སྙེད་ཡོད་པ་རྣམས། །དོན་ལ་རྟོན་པའི་བློ་ལྡན་མཁས་རྣམས་ཀྱིས། །དགོངས་པ་བཙལ་ཏེ་གནོད་མེད་ཚུལ་དུ་བཤད། །རིགས་དང་མི་རིགས་འབྱེད་ལ་འཐོམས་གྱུར་ཀྱང་། །རང་རྒྱུད་དྲེགས་པའི་ཁུར་གྱིས་ཆེར་ནོན་པའི། །སྨྲ་མཁས་ནེ་ཙོ་འདྲ་བ་མང་ན་ཡང་། །གཟུར་གནས་བློ་ལྡན་བསྟན་ལ་གཅེས་འཛིན་དཀོན། །དེ་ཕྱིར་བདག་འདྲས་ལེགས་པར་བཤད་ན་ཡང་། །མང་པོ་ཞིག་གི་ཁྲོ་བ་འཕེལ་འགྱུར་མོད། །འོན་ཀྱང་མངོན་མཐོའི་དཔལ་གྱིས་ལེགས་འབྱོར་ཞིང་། །གཅིག་ཏུ་བསྟན་ལ་དགོངས་པའི་ལྷག་བསམ་ཅན། །འཇམ་དབྱངས་ནམ་མཁའ་རིན་ཆེན་རྒྱན་མཚན་དཔལ། །བཟང་པོའི་གསུང་གིས་བསྐུལ་ཏེ་ངས་འདི་སྦྱར། །རྨ་ལ་དུག་གིས་སྟེར་བཞིན་མཁས་རྣམས་ཀྱིས། །འདི་ཙམ་གྱིས་ཀྱང་མ་ལུས་མཐར་ཕྱིར་འགྱུར། །འདི་ཡི་སྒྲུབ་བྱེད་ལུང་རིགས་དང་བཅས་པ། །རྒྱས་པ་ཁོ་བོས་གཞན་དུ་འཆད་པར་འདོད། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་ཀུན། །ཚོགས་གཉིས་ཟུང་དུ་འཇུག་པའི་ལམ་བསྒྲུབས་ཏེ། །དོན་གཉིས་མཐར་ཕྱིན་རྫོགས་པའི་སངས་རྒྱས་ཀྱི། །སྐུ་གཉིས་གོ་འཕང་བདེ་བླག་ཐོབ་པར་ཤོག །

དཔལ་དུས་ཀྱི་འཁོར་ལོའི་ཚིག་དོན་ལ་འགལ་བ་སྤོང་བའི་དྲིས་ལན་མདོར་བསྡུས་པ་འདི་ནི། རིགས་གཟུགས་སོགས་མཐོ་རིས་ཀྱི་ཡོན་ཏན་གྱིས་འབྱོར་ཞིང་། གཅིག་ཏུ་དགེ་བའི་ཐུགས་མངའ་བ་འཇམ་དབྱངས་ནམ་མཁའ་རིན་ཆེན་རྒྱལ་མཚན་དཔལ་བཟང་པོའི་བཀས་བསྐུལ་ཏེ། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །།

ཡང་ཇོ་ནང་པའི་བནྡེ་གཅིག་གིས་དུས་འཁོར་རྒྱུད་འགྲེལ་རྣམ་དག་ཡིན་པ་ལ་དགག་པ་མཛད་པ་མི་འོས་ཞུས་པས། བདེ་བར་གཤེགས་པའི་གསུང་རབ་ལ། །དགག་སྒྲུབ་མཁས་པ་རྣམས་ཀྱིས་བྱེད། །མི་རྣམས་ཕྱིང་པ་དྲ་བ་ལ། ཁྱི་ལ་བཅོལ་གཉེར་ཅི་ཞིག་ཡོད། །ཅེས་གསུངས་སོ།། །།

དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ།

དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མེ་ཞེས་བྱ་བ་བཞུགས་སོ། །

ན་མཿཤྲཱི་ཀཱ་ལ་ཙཀྲཱ་ཡ། ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལྷག་པའི་འཕོ་མེད་སྐད་ཅིག་ལས་འཁྲུངས་ཤིང་། །མི་འགྱུར་མཆོག་གི་བདེ་བ་ཆེ་ལ་སྣ་ཚོགས་སྒྱུ་མའི་ཕྱག་རྒྱས་འཁྱུད། །སྲིད་གསུམ་གློ་བུར་དྲི་མ་སྤངས་ཀྱང་སྲིད་གསུམ་རྨི་ལམ་སྒྱུ་བཞིན་སྣང་། །རྣམ་བཅུ་དབང་ལྡན་སྟོང་ཆེན་ཡིག་ལྔ་ཨེ་ཝཾ་ཡིག་གཉིས་དེ་ལ་འདུད། །གངས་རིའི་ཁྲོད་འདིར་མཁས་རློམ་གཞན་དག་གིས། །དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་རྒྱུད། །ཇི་བཞིན་མ་རྟོགས་བློ་ངན་མུན་པས་བསླད། །ཐར་འདོད་ཕལ་ཆེར་ལོག་པའི་ལམ་ལ་ཁྲིད། །བསོད་ནམས་དམན་གང་ལོག་པའི་ལམ་ལ་མཆོག་ཏུ་མངོན་པར་ཞེན་གྱུར་ནས། །སངས་རྒྱས་དགྱེས་པའི་ལམ་ལས་ཆེས་གོལ་དེ་དག་རྣམས་ལ་བརྩེ་བའི་ཕྱིར། །འདི་དོན་ཇི་བཞིན་ཁོ་བོས་བཤད་ཀྱིས་བདག་ཉིད་ལེགས་པར་འདོད་པ་རྣམས། །ཕྱོགས་ལྷུང་ཕྲག་དོག་དྲི་མ་སྤོངས་ལ་གཟུར་གནས་དད་པའི་ཡིད་ཀྱིས་ཉོན། །འདིར་བདེ་བར་གཤེགས་པས་འགྲོ་བ་རྣམས་སྲིད་པའི་སྡུག་བསྔལ་ལས་བསྒྲལ་བའི་སླད་དུ་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་རྣམ་པ་གཉིས་ཏེ། མདོ་སྡེ་དང་། རྒྱུད་སྡེའོ། །

དེ་ལ་མདོ་སྡེ་གང་ཇི་སྙེད་པ་རྣམས་ནི། བརྗོད་བྱ་བདེན་པ་གཉིས་ལས་བརྩམས་ནས་བསྟན་ཏེ། ཇི་སྐད་དུ། ཡབ་སྲས་མཇལ་བའི་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་དང་། ཀླུ་སྒྲུབ་ཀྱི་ཞལ་སྔ་ནས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །རྒྱུད་སྡེ་རྣམས་ནི། རིམ་པ་གཉིས་ལས་བརྩམས་ནས་བསྟན་ཏེ། གསང་བ་འདུས་པའི་རྒྱུད་ཕྱི་མར། རྡོ་རྗེ་ཅན་གྱིས་ཆོས་བསྟན་པ། །རིམ་པ་གཉིས་ལ་ཡང་དག་བརྟེན། །བསྐྱེད་པ་ཡི་ནི་རིམ་པ་དང་། །དེ་བཞིན་རྫོགས་པའི་རིམ་ཉིད་དོ། །ཞེས་དང་། རྩ་བའི་རྒྱུད་བརྟག་པ་གཉིས་པར་ཡང་། རིམ་གཉིས་རྣམ་པར་གནས་ནས་ནི། །རྡོ་རྗེ་ཅན་གྱིས་ཆོས་འཆད་དོ། །ཞེས་གསུངས་སོ། །རིམ་པ་གཉིས་པོ་དེ་ཡང་། རྒྱུ་དང་འབྲས་བུའི་དབྱེ་བས་འཁོར་དང་བཅས་ན་རྒྱུད་གསུམ་དུ་འགྱུར་ཏེ། འདི་ལྟར་རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ། །དེ་ལ་རྒྱུའི་རྒྱུད་ནི། ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་ཤེས་པར་བྱ་བའོ། །ཐབས་ཀྱི་རྒྱུད་ནི། བསྒོམས་པས་ཉམས་སུ་བླངས་ཏེ་བརྟེན་པར་བྱ་བའོ། །འབྲས་བུའི་རྒྱུད་ནི། ཚོགས་གཉིས་ཀྱིས་བསྒྲུབས་ཏེ་མངོན་དུ་བྱ་བའོ། །དེ་ཙམ་གྱིས་རྣལ་འབྱོར་པ་རྣམས་ཀྱིས་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་སྒྲུབ་པའི་ཆ་རྐྱེན་མ་ཚང་བ་མེད་པའི་ཕྱིར། རྒྱུད་རྣམས་ཀྱི་བརྗོད་བྱའི་གཙོ་བོ་རྒྱུད་གསུམ་པོ་དེ་ཙམ་དུ་ངེས་སོ། ། དེའི་ཕྱིར། མཆོག་གི་དང་པོའི་སངས་རྒྱས་ཀྱི་རྒྱུད་ཀྱི་ཐོག་མར། སྟོན་པ་སྐུ་བཞིའི་བདག་ཉིད་ཅན་ལ། རྒྱལ་པོ་ཟླ་བ་བཟང་པོས་རྒྱུད་གསུང་བ་ལས་བརྩམས་ཏེ་གསོལ་བ་བཏབ་ནས་ཉེ་བར་བསྡུས་པ་འདི་ལྟར། ཐམས་ཅད་མཁྱེན་པ་ཡེ་ཤེས་སྐུ་དང་ཉིན་མོར་བྱེད་པའི་སྐུ་སྟེ་པད་མའི་འདབ་མ་རྒྱས་པའི་སྤྱན། །སངས་རྒྱས་སེང་གེའི་ཁྲིར་བཞུགས་ལྷ་ཡི་མཆོག་རྣམས་ཀྱིས་ནི་བཏུད་ལ་རྒྱལ་པོ་ཟླ་བ་བཟང་པོ་ཡིས། །མགོ་བོས་རབ་ཏུ་ཕྱག་འཚལ་ལག་པའི་པད་མ་སྦྱར་བ་ཡན་ལག་མཆོག་ལ་བཞག་ནས་ཞུས་པ་ནི། །ཞེས་དང་། སྟོང་པ་ཡེ་ཤེས་ཀྱང་སྟེ་ཐིག་ལེ་མཆོག་དང་རྡོ་རྗེ་འཛིན་པ་སངས་རྒྱས་ལྷ་དང་ལྷ་མིན་ཡང་། །ཕྱི་དང་ལུས་དང་གཞན་ལ་ཡང་སྟེ་རང་བཞིན་རྣམས་དང་སྐྱེས་བུ་ཉི་ཤུ་ལྔ་པའི་བདག་ཉིད་དང་། །ལུས་ལ་སྣ་ཚོགས་ཚད་དང་སྲིད་པ་གསུམ་གྱི་བཀོད་པ་ལྷ་དང་ལྷ་མིན་རྣམས་ཀྱི་ལོངས་སྤྱོད་དང་། །དཀྱིལ་འཁོར་དང་ནི་དབང་སྟེ་སྐབས་གསུམ་པ་དང་མི་ཡི་བླ་མས་འདི་རྣམས་ཡང་དག་བཤད་དུ་གསོལ། །ཞེས་པའོ། །དེ་ལ་ཐམས་ཅད་མཁྱེན་པ་ནི་སྐུ་བཞི་པ་དག་པ་དང་། ངོ་བོ་ཉིད་དང་། ལྷན་ཅིག་སྐྱེས་པ་དང་། བདེ་བ་ཆེན་པོའི་སྐུའོ། །ཡེ་ཤེས་སྐུ་ནི་ཆོས་ཀྱི་སྐུའོ། །ཉིན་མོར་བྱེད་པའི་སྐུ་ནི་ལོངས་སྤྱོད་རྫོགས་པའི་སྐུའོ། །པད་མ་འདབ་མ་རྒྱས་པའི་སྤྱན་ནི་སྤྲུལ་པའི་སྐུའོ། །

སངས་རྒྱས་ནི་དེ་དག་དབྱེར་མེད་པ་ཝཾ་ཡིག་བདེ་བ་ཆེན་པོ་ཐབས་སོ། །སེང་གེའི་ཁྲི་ནི་རྣམ་པ་ཐམས་ཅད་པའི་སྟོང་པ་ཨེ་ཡིག་ནམ་མཁའི་ཁམས་ཤེས་རབ་བོ། །དེ་ལྟར་ཐབས་དང་ཤེས་རབ་དབྱེར་མེད་པ་སྐུ་བཞིའི་བདག་ཉིད་ཅན་གྱི་རྡོ་རྗེ་སེམས་དཔའ་ནི། གང་ལ་ཞུ་བའི་ཡུལ་སྟོན་པའོ། །གང་གིས་ཞུ་བ་པོ་རྒྱལ་པོ་ཟླ་བ་བཟང་པོ་ནི། རྒྱུད་ཐམས་ཅད་སྡུད་པ་པོ་ཕྱག་ན་རྡོ་རྗེའོ། །དོན་གང་ཞིག་ཞུས་པ་ནི། །སྟོང་པ་ཡེ་ཤེས་ཀྱང་སྟེ། །ཞེས་སོགས་རྐང་པ་དང་པོས་འབྲས་བུའི་རྒྱུད་ལ་གསོལ་བ་བཏབ་སྟེ། དེ་ལ་རྡོ་རྗེ་འཛིན་པ་ཞེས་པ་ཡན་ཆད་ཀྱིས་ཕུང་པོ་དང་ཁམས་ལ་སོགས་པ་ཆོས་སུམ་ཅུ་རྩ་དྲུག་སྒྲིབ་པ་མེད་པ་ཉིད་དང་། རོ་མཉམ་པ་ཉིད་དང་། གཅིག་ཏུ་འདྲེས་པར་འཛིན་པ་སྟོང་པ་ཆེན་པོ་འགྱུར་མེད་ལྔ་དང་། ཐིག་ལེ་སྟོང་པ་ཡི་གེ་དྲུག་གི་རང་བཞིན་རིགས་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའ་བསྟན་ལ། སངས་རྒྱས་ལྷ་དང་ལྷ་མིན་ཡང་ཞེས་པས་དེའི་རིགས་ཅན་དེ་བཞིན་གཤེགས་པ་དང་། བྱང་ཆུབ་སེམས་དཔའ་ལ་སོགས་པ་དཀྱིལ་འཁོར་པ་རྣམས་བསྟན་ཏོ། །དེ་ལྟ་བུའི་འབྲས་བུའི་རྒྱུད་དེ་ཡང་ལེའུ་ལྔ་པ་ཡེ་ཤེས་ཀྱི་ལེའུ་ལས་རྒྱས་པར་འཆད་པར་འགྱུར་རོ། །ཕྱི་དང་ལུས་དང་ཞེས་སོགས་རྐང་པ་གཉིས་ཀྱིས་ནི། ཕྱི་སྣོད་དང་། ནང་བཅུད་ཀྱི་སེམས་ཅན་གྱི་རང་བཞིན་རྒྱུའི་རྒྱུད་ལ་གསོལ་བ་བཏབ་པ་སྟེ། དེ་ཡང་འཇིག་རྟེན་གྱི་ཁམས་གྱི་ལེའུ་དང་། ནང་གི་ལེའུ་ལས་རྒྱས་པར་འཆད་པར་འགྱུར་རོ། །

དཀྱིལ་འཁོར་དང་ནི་དབང་སྟེ་ཞེས་པས་ཐབས་ཀྱི་རྒྱུད་ལ་གསོལ་བ་བཏབ་པ་སྟེ། དེ་ལ་དཀྱིལ་འཁོར་དང་དབང་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབྱེ་བས་ཀུན་རྫོབ་དང་དོན་དམ་གཉིས་ཏེ། ཀུན་རྫོབ་ཀྱི་དཀྱིལ་འཁོར་ནི་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། ནང་ལུས་ཀྱི་དཀྱིལ་འཁོར་ཏེ། དེ་དག་ནི་དོན་དམ་པའི་དཀྱིལ་འཁོར་མཚོན་བྱེད་དོ། །

དོན་དམ་པའི་དཀྱིལ་འཁོར་ནི། ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། འགྲེལ་པར། མཆོག་གི་དང་པོའི་སངས་རྒྱས་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོར་ཞེས་པ་ནི། རིས་མེད་པ། ཤེས་པ་དང་ཤེས་བྱ་གཅིག་ཏུ་འདྲེས་པར་གྱུར་ཅིང་དཔྱད་དུ་མེད་ལ། དབྱེར་མེད་པ་རྣམ་པ་ཐམས་ཅད་པ་དབྱིངས་ཀྱི་མཚན་ཉིད་ཅན་མེ་ལོང་ལ་པྲ་ཕབ་པ་དང་མཚུངས་པ་སྟེ། ཞེས་བཤད་པ་གང་ཡིན་པའོ། །དོན་དམ་པའི་དཀྱིལ་འཁོར་དེ་ལྟ་བུ་ནི་ཀུན་རྫོབ་ཀྱི་དཀྱིལ་འཁོར་གྱིས་མཚོན་པར་བྱ་བའོ། ། ཀུན་རྫོབ་ཀྱི་དབང་ནི་ཆུ་ལ་སོགས་པ་བདུན་དང་བུམ་པའོ། །དོན་དམ་པའི་དབང་ནི། སྣོད་དུ་རུང་བར་བྱེད་པ་དང་། དོན་དམ་དངོས་གཉིས་ཀྱི་དང་པོ་ནི་གསང་བ་དང་། ཀུན་རྫོབ་ཀྱི་ཤེས་རབ་ཡེ་ཤེས་རྣམས་ཡིན་ལ། དོན་དམ་པའི་དབང་དངོས་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། རྣམ་པ་ཐམས་ཅད་པའི་སྟོང་པ་ཟུང་དུ་འཇུག་པའི་རྣལ་འབྱོར་དོན་དམ་པའི་ཤེས་རབ་ཡེ་ཤེས་ཏེ། དབང་བཞི་པའོ། །

དེ་ལ་ཀུན་རྫོབ་ཀྱི་དཀྱིལ་འཁོར་དང་དབང་གིས་བསྐྱེད་པའི་རིམ་པ་བསྟན་ལ། དོན་དམ་ནི་དཀྱིལ་འཁོར་དང་དབང་གིས་རྫོགས་པའི་རིམ་པ་བསྟན་ཏེ། དེ་ལྟ་བུའི་ཐབས་ཀྱི་རྒྱུད་རིམ་པ་གཉིས་པོ་དེ་ཡང་དབང་གི་ལེའུ་དང་སྒྲུབ་ཐབས་ཀྱི་ལེའུ་ལས་རྒྱས་པར་འཆད་པར་འགྱུར་རོ། །

དེ་ལྟར་ན་བརྟག་པའམ་ལེའུ་ལྔའི་བདག་ཉིད་ཀྱིས་དུས་ཀྱི་འཁོར་ལོའི་བརྗོད་པར་བྱ་བ་ནི། རྒྱུ་དང་། ཐབས་དང་། འབྲས་བུའི་རྒྱུད་གསུམ་དུ་ངེས་པ་དེའི་ཕྱིར། འདིར་རྒྱུད་གསུམ་གྱི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་ཆ་རྣམས་གཏན་ལ་དབབ་པར་བྱའོ། །དེ་ཡང་ཐོག་མར་རྒྱུའི་རྒྱུད་བསྟན་པར་བྱ་སྟེ། སྒྲོ་འདོགས་བཅད་པར་བྱ་བའི་གཞི་ཡིན་པའི་ཕྱིར་རོ། །དེ་ལ་རྒྱུའི་རྒྱུད་ནི་ཐབས་ཀྱི་རྒྱུད་ཀྱི་སྦྱང་གཞི་ཡིན་ལ། དེ་ཡང་གཉིས་ཏེ། ཀུན་རྫོབ་ཆོས་ཅན་གྱི་ཆ་དང་། དོན་དམ་ཆོས་ཉིད་ཀྱི་ཆའོ། །དང་པོ་ལ་ཡང་རྟེན་སྣོད་ཀྱི་འཇིག་རྟེན་དང་། བརྟེན་པ་བཅུད་ཀྱི་སེམས་ཅན་གཉིས་ཏེ། བསྐྱེད་རིམ་གྱི་སྦྱང་གཞི་ཡིན་ལ། དེ་དག་ཀྱང་ལེའུ་དང་པོ་དང་གཉིས་པས་རྒྱས་པར་འཆད་པའི་ཕྱིར་འདིར་མ་སྤྲོས་སོ། །

དོན་དམ་པ་ཡང་གཉིས་ཏེ། ཁྱབ་བྱེད་རྡོ་རྗེའི་སྐུ་འཇིག་རྟེན་གྱི་ཁམས་དང་། སྦྱང་གཞི་སེམས་ཀྱི་ཆོས་ཉིད་རང་བཞིན་གྱིས་འོད་གསལ་བ་དྲི་བཅས་དེ་བཞིན་ཉིད་དོ། །དང་པོ་ནི། ནམ་མཁའ་ལ་སོགས་པ་རྟེན་དཀྱིལ་འཁོར་ལྔ་དང་། བརྟེན་པ་ལྷུན་པོ་ལ་སོགས་པ་བརྟན་པ་དང་། གཟུགས་མེད་ཀྱི་སྲིད་པའི་མཐར་ཐུག་པ་གཡོ་བའི་ཚོགས་རྣམས་སྒྲིབ་པ་མེད་ཅིང་རོ་མཉམ་པར་འགྱུར་པ་དེ་བཞིན་ཉིད་རྣམ་པར་དག་པའི་ངོ་བོ་དོན་དམ་པའི་རྣམ་བཅུ་དབང་ལྡན་ཏེ། འདི་ཡང་འཇིག་རྟེན་གྱི་ཁམས་ལེ་ལས་སྐུ་དང་ཡེ་ཤེས་ནམ་མཁའ་དང་ནི་མེ་དང་རླུང་དང་ཆུ་དང་ས་དང་བརྟན་དང་གཡོ་བ་དང་། །ལྷ་ནི་མཐོང་བ་སྐྱེད་མིན་དག་དང་སྲིད་པ་རྣམ་བཅུར་གསུངས་པ་རྡོ་རྗེ་ཡི་ནི་སྐུ་དག་ལས། །སྔགས་ཀྱི་སྐྱེ་གནས་དག་ནི་འབྱུང་བར་འགྱུར་ཞིང་མི་ཡི་བདག་པོ་སླར་ཡང་འདི་ཉིད་དུ་གྲོལ་ཏེ། །ཞེས་དང་། མཚན་ཡང་དག་པར་བརྗོད་པ་ལས་ཀྱང་། རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ། །ཐོག་མ་མེད་པར་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག །ཅེས་སོགས་ཀྱིས་བསྟན་པར་བཞེད་ལ། འགྲེལ་པར་ཡང་ཞེས་པ་ནི། འཇིག་རྟེན་ཁམས་ཀྱི་ཚོགས་རྡོ་རྗེའི་སྐུ་སྟེ། ནམ་མཁའི་ཁམས་ལ་ཡ་ཡིག་རླུང་གི་དཀྱིལ་འཁོར་དང་། དེའི་སྟེང་དུ་ར་ཡིག་མེའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ཝ་ཡིག་ཆུའི་དཀྱིལ་འཁོར་དང་། དེའི་སྟེང་དུ་ལ་ཡིག་སའི་དཀྱིལ་འཁོར་དང་། དེའི་སྟེང་དུ་མ་ཡིག་ལྷུན་པོ་ལྔ་པའོ། །དེའི་སྟེང་དུ་ཀྵ་ཡིག་པད་མའི་ཚུལ་གྱིས་གཡོ་བའི་ཚོགས་དང་། དེའི་སྟེང་དུ་གཟུགས་མེད་པའི་ཚོགས་ཧ་ཡིག་གོ། ཧ་ཡིག་ལས་རྣམ་པར་བཅད་པ་ཉི་མ་དང་། ཐིག་ལེ་ཟླ་བ་དང་། ནཱ་ད་རྡོ་རྗེ་རྩེ་གཅིག་པའི་མཚན་མ་སྟེ། དེ་ལྟར་རྡོ་རྗེའི་སྐུ་འཇིག་རྟེན་གྱི་ཁམས་སོ། །ཞེས་བཤད་དོ། །རྡོ་རྗེའི་སྐུ་འདི་ཡང་སྒྲིབ་བྲལ་གྱི་གནས་སྐབས་ཡིན་པས་སྦྱང་གཞི་མ་ཡིན་ཡང་། འདི་ལ་རྟེན་གྱི་ཁམས་འཇིག་ཆགས་བྱེད་པར་བཤད་པས་སྐབས་འདིར་བསྟན་ཏེ། འདི་ལྟར་འགྲེལ་པ་ལས། དེས་ན་ཆགས་པ་ནི་འབྱུང་བའི་དུས་ཀྱི་དབང་གིས་སྟོང་པ་རྣམས་ལས་ཞེས་པ་ལ། སྟོང་པ་རྣམས་ནི་འཇིག་རྟེན་པའི་ཐ་སྙད་ཀྱིས་མིག་ལ་སོགས་པའི་དབང་པོ་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པ། རྡུལ་ཕྲ་རབ་ཀྱི་ངོ་བོས་རྣམ་པར་གནས་པས་ས་དང་ཆུ་དང་མེ་དང་རླུང་རོའི་རྫས་ཡོན་ཏན་ལྔ་དང་། བཞི་དང་གསུམ་དང་གཉིས་དང་གཅིག་གི་རང་བཞིན་རྣམས་དང་། ཡོན་ཏན་དྲུག་པ་ཆོས་ཀྱི་དབྱིངས་ཐམས་ཅད་དུ་ཁྱབ་པར་བྱེད་པ་ནི་སྟོང་པ་རྣམས་སོ། །ཞེས་སོ། །སྟོང་པ་དྲུག་པ་ཁྱབ་བྱེད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་རྡོ་རྗེའི་སྐུ་ལ་གནས་པའི་ས་ལ་སོགས་པའི་རྡུལ་ཕྲན་ལྔ་འཛིན་པར་བྱེད་པ་དང་། སྲུབ་པ་བྱེད་པ་དང་དབྱིབས་བྱེད་པའི་ལས་ཀྱི་རླུང་གིས་བསྐུལ་ནས་འཇིག་རྟེན་ཆགས་པར་བཤད་ཅིང་འཇིག་པ་ན་ཡང་མེ་ས་ལ་ཐིམ། ས་ཆུ་ལ། ཆུ་རླུང་ལ། རླུང་ནམ་མཁའ་ལ་ཐིམ་ཞིང་། ས་ལ་སོགས་པ་ཁམས་ལྔའི་རྡུལ་ཕྲན་རྣམས་ཆོས་ཀྱི་དབྱིངས་ལ་བརྟེན་ཏེ་གནས་པའི་ཚུལ་གྱིས་འཇིག་རྟེན་དེ་ཉིད་ལ་ཐིམ་པར་བཤད་དེ། འགྲེལ་པར། སླར་ཡང་འདི་ཉིད་དུ་གྲོལ་ཏེ་ཞེས་པ་ནི། སླར་ཡང་སྡུད་པའི་དུས་སུ་འདི་ཉིད་ལ་གྲོལ་བ་སྟེ་ཐིམ་པར་འགྱུར་རོ་ཞེས་བཤད་དོ། །

ཚུལ་འདི་ཡང་མདོ་རྒྱུད་གཞན་དང་མི་མཐུན་ཡང་། རྒྱུད་འདིའི་དགོངས་པ་ལ་སྙོན་མེད་ཅིང་། འདི་ཡང་གཞན་གྱི་འདོད་པ་ལྟར་རྒྱུ་རྐྱེན་གྱིས་མ་སྐྱེས་པའི་རྟག་བརྟན་མ་ཡིན་གྱི། ཚོགས་གཉིས་ལས་འཁྲུངས་ཤིང་རྨི་ལམ་དང་སྒྱུ་མ་སོགས་བཞིན། ཡོད་མེད་རྟག་ཆད་སོགས་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བར་འོག་ནས་འཆད་པར་འགྱུར་རོ། །

མུ་སྟེགས་པ་དང་སངས་རྒྱས་པའི་བསྟན་པའི་ཁྱད་ཆོས་ནི། ཕྱི་ནང་གི་དངོས་པོ་ཀུན་རྟག་བརྟན་དུ་འདོད་པ་དང་། བརྟེན་དུ་འདོད་པ་དང་། རྟེན་འབྲེལ་སྒྱུ་མ་ལྟ་བུ་ཡོད་མེད་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བར་བཞེད་པ་ལས་གཞན་ཅི་ཡང་མེད་དོ། །དེ་སྐད་དུ་ཡང་། མགོན་པོ་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། གང་ཟག་ཕུང་པོར་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་སོགས། །གོས་མེད་བཅས་སོགས་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱི་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བྱ་བ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། ། ཞེས་གང་གསུངས་པའོ། །དེའི་ཕྱིར་གང་དག་རྡོ་རྗེའི་སྐུ་བརྟན་གཡོ་ཀུན་ལ་ཁྱབ་པའི་རྟག་བརྟན་དུ་འདོད་པ་ནི་མུ་སྟེགས་པ་གང་དག་རིག་བྱེད་ཀྱི་གཞུང་ལས་ཚངས་པ་དང་། དབང་པོ་ལ་སོགས་པ་ལྷ་ཆེན་པོ་གསུམ་གྱི་ཆོས་སྐུ་རྟག་པ་རང་བྱུང་གི་ཐམས་ཅད་མཁྱེན་པ་བརྟན་གཡོ་ཀུན་ལ་ཁྱབ་ཅིང་བྱེད་པ་པོར་འདོད་པ་དང་ཁྱད་པར་ཅི་ཡང་མེད་པའི་ཕྱིར། ཆེས་ཤིན་ཏུ་འཁྲུལ་པ་ཁོ་ན་ཡིན་ནོ། །འདིར་སྨྲས་པ། བློ་ངན་ལོག་པར་སྟོན་བྱེད་པ། །སྨན་པ་མཁས་པར་རབ་གྲགས་པ། །གང་གི་ལེགས་བཤད་འདི་འདྲ་ན། །དེ་ཡི་ཉེས་བཤད་ཇི་འདྲ་ཞིག །

སྤྱི་དོན་གཉིས་པ་སྦྱང་གཞི་སེམས་ཀྱི་ཆོས་ཉིད་དྲི་བཅས་ཀྱི་དེ་བཞིན་ཉིད་ནི། རྫོགས་རིམ་གྱི་སྦྱང་གཞི་ཡིན་ལ། འདི་ལ་ཡང་རང་གི་ངོ་བོ་དང་། མིང་གི་རྣམ་གྲངས་དང་། རང་བཞིན་གྱིས་དག་ཚུལ་དང་། དྲི་མ་རྣམས་གློ་བུར་བ་ཡིན་ཚུལ་དང་། དེ་ལམ་གྱིས་སྦྱོང་ཚུལ་དང་། མངོན་དུ་བྱེད་པའི་ཚུལ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་འདིའི་རང་གི་ངོ་བོ་ནི། སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པ། དགེ་མི་དགེ་ལུང་མ་བསྟན་ལ་སོགས་པ་སེམས་ཀྱི་གནས་སྐབས་ཀུན་ཏུ་རྗེས་སུ་འགྲོ་བ། མྱོང་རིག་གསལ་ཙམ་རྨི་ལམ་དང་སྒྱུ་མ་སོགས་བཞིན་དུ་ཡོད་མེད་ཀྱི་ཕྱོགས་ཐམས་ཅད་དང་བྲལ་བ་སྟེ། འདི་ལ་དགོངས་ནས་རྒྱུད་འདི་ཉིད་དུའང་། སེམས་ཅན་རྣམས་ནི་སངས་རྒྱས་ཡིན་ཏེ་ཆེན་པོའི་སངས་རྒྱས་གཞན་ནི་འཇིག་རྟེན་ཁམས་འདིར་ཡོད་མ་ཡིན། །ཞེས་དང་། དབང་ལེའི་འགྲེལ་པར། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་གི་ནང་ན་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ། རྟག་ཏུ་ནཱ་དའི་མཚན་ཉིད་དོ། །ཞེས་དང་། ནང་ལེའི་འགྲེལ་པར། སྟོང་པ་ལ་ནི་ཡེ་ཤེས་རྣམ་པར་བསྲེས་པ་ཞེས་པ་ནི། འདིར་ལུས་ལ་ཁྱབ་པར་བྱ་བ་དང་། ཁྱབ་པར་བྱེད་པའི་འབྲེལ་བ་ཀུན་རྫོབ་ཀྱི་ངེས་པར་གནས་པ། སེམས་ཅན་ཐམས་ཅད་ཀྱི་ལུས་ལ་གནས་པའི་ཡེ་ཤེས་གང་ཡིན་པ་དེ་ཉིད་ནི་སྟོང་པ་སྟེ། ཞེས་སོགས་ཀྱིས་དོན་འདི་བསྟན་ལ། གཞན་ཡང་བརྟག་པ་གཉིས་པར། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །དངོས་པོ་ཀུན་ལ་ཁྱབ་པ་པོ། །ཞེས་སོགས་དང་། རྒྱུད་གཞན་དུ་ཡང་། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་བདེ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙེམས་བདག་བདག་པོའི་བདག །ཅེས་སོགས་དང་། ཐེག་པ་ཆེན་པོ་ཆོས་མངོན་པའི་མདོར་ཡང་། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་འཐོབ་པར་འགྱུར། །ཞེས་དང་། རྒྱུད་བླ་མ་ལས་ཀྱང་། གོས་ཧྲུལ་ནང་ན་རྒྱལ་བའི་སྐུ་དང་ནི། །བུད་མེད་ངན་མའི་ལྟོ་ན་མི་བདག་དང་། །ས་ལ་རིན་ཆེན་གཟུགས་ཡོད་ཇི་ལྟ་བར། །གློ་བུར་ཉོན་མོངས་དྲི་མས་བསྒྲིབས་པ་ཡི། །སེམས་ཅན་རྣམས་ལ་དེ་བཞིན་ཁམས་འདི་གནས། །ཞེས་སོགས་དང་། ཆོས་དབྱིངས་བསྟོད་པར་ཡང་། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་ཀུན་ཏུ་རྣམ་འཁོར་ཞིང་། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །ཞེས་སོགས་ཐེག་པ་ཆེན་པོའི་མདོ་རྒྱུད་བསྟན་བཅོས་དེ་དང་དེ་ལས་དྲི་མ་དང་བཅས་པའི་དེ་བཞིན་ཉིད་སེམས་རང་བཞིན་གྱིས་འོད་གསལ་བ་འདི་རྒྱས་པར་བསྟན་ཏོ། །ནང་ལེར། བུམ་པའི་ནང་དུ་ཆུ་ནི་ལེན་པར་བྱེད་པ་ན་ཡང་ནམ་མཁའ་འགྲོ་བ་མིན་པ་ཇི་ལྟ་བར། །མཁའ་ཁྱབ་མཁའ་ཡི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པར་བྲལ་བ་ལུས་ཀྱི་དབུས་སུ་དེ་བཞིན་ནོ། །ཞེས་པས་ནི། སྦྱང་གཞི་དྲི་བཅས་ཀྱི་དེ་བཞིན་ཉིད་སྟོན་པ་མ་ཡིན་གྱི། སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྡོ་རྗེའི་སྐུ་ལུས་ཅན་ཀུན་ལ་ཁྱབ་བྱེད་དུ་བཞུགས་པར་སྟོན་པ་ཡིན་ཏེ། དེའི་འགྲེལ་པར། སྟོང་པ་ལ་སོགས་པའི་རྣམ་པར་ཐར་པས་རྣམ་པར་དག་པའི་སེམས་ནི་ནམ་མཁའི་རྡོ་རྗེ་ཅན་ནོ་ཞེས་བཤད་པའི་ཕྱིར་དང་། དྲི་བཅས་ཀྱི་དེ་བཞིན་ཉིད་ནི་རྣམ་པར་ཐར་པ་རྣམས་ཀྱིས་རྣམ་པར་དག་པ་མི་རིགས་པའི་ཕྱིར་རོ། །ཡང་འགྲེལ་པར། འདིར་དངོས་པོ་དང་དངོས་པོ་མེད་པར་གཅིག་ཏུ་འདྲེས་པར་གྱུར་པ་རང་བཞིན་མེད་ཅིང་རྫས་དང་རྣམ་པར་རྟོག་པ་དང་བྲལ་ལ་པྲ་ཕབ་པ་དང་མཚུངས་པ་སྐད་ཅིག་རྣམ་བྲལ་ཏེ། །སྐྱེ་བ་དང་འཇིག་པ་དང་བྲལ་བའི་དངོས་པོ་ནི། སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བའི་དོན་དུ་ཡོད་དོ། །ཞེས་པ་ནི། གོང་དུ་བཤད་པའི་སྦྱང་གཞི་དྲི་བཅས་དེ་བཞིན་ཉིད་སེམས་རང་བཞིན་གྱིས་འོད་གསལ་བ་ལ་དགོངས་ཏེ་སངས་རྒྱས་རྣམས་ཀྱིས་ཆོས་ཀྱི་འཁོར་ལོ་བཀོར་བ་ནི་གདུལ་བྱ་རྣམས་ཀྱི་དྲི་མ་དང་བཅས་པའི་སེམས་རྒྱུད་རྣམ་པར་དག་པའི་ཆེད་ཡིན་པའི་ཕྱིར་རོ། །འདིར་གཞན་དག་གིས་སྦྱང་གཞི་དྲི་བཅས་ཀྱི་དེ་བཞིན་ཉིད་དང་། སྦྱངས་འབྲས་རྡོ་རྗེའི་སྐུ་ཁྱབ་བྱེད་དུ་བཞུགས་པའི་ཚུལ་མ་ཕྱེད་པར་དེ་དག་གཅིག་ཏུ་བཟུང་ནས་གཞི་འབྲས་དབྱེར་མེད་རྟག་བརྟན་གཅིག་ཏུ་འདོད་པ་ནི་ཤིན་ཏུ་འཁྲུལ་ཏེ། རྟག་པ་ནི། གློ་བུར་དྲི་མའི་རྐྱེན་གྱིས་བསླད་པར་ཡང་མི་ནུས་ལ། །ལམ་གྱིས་དྲི་བཅས་དྲི་མེད་དུ་བྱེད་པར་ཡང་མི་ནུས་པའི་ཕྱིར་ཏེ། རྟག་པ་ནི་རྣམ་པར་འགྱུར་བ་མེད་པའི་ཕྱིར་དེ་སྐད་དུ་ཡང་འགྲེལ་པར། གཞན་གྱི་བདག་རྟག་པ་འགོགས་པའི་སྐབས་སུ། འདིར་རྟག་པ་གང་ཡིན་པ་དེ་ལ་གནས་སྐབས་གཞན་མེད་དེ། རྣམ་པར་འགྱུར་བ་དང་བྲལ་བའི་ཕྱིར་རོ། །ཞེས་དང་། འཕགས་པ་ལྷའི་ཞལ་ནས་ཀྱང་། འཚེ་བ་མེད་དང་བདག་རྟག་པ། །འདི་ལ་རྒྱུ་ནི་ཅི་ཡོད་སྙམ། །རྣམ་པ་ཀུན་ཏུ་ཤིང་སྲིན་ལས། །རྡོ་རྗེ་བསྲུང་བྱར་མི་འགྱུར་རོ། །ཞེས་རྟག་པ་ལ་རྐྱེན་གྱིས་ཕན་གནོད་བྱར་མེད་པར་བཤད་དོ། །

གཉིས་པ་མིང་གི་རྣམ་གྲངས་ནི། རྒྱུའི་རྒྱུད་དང་། རང་བཞིན་ལྷན་སྐྱེས་དང་། རང་བཞིན་འོད་གསལ་དང་། དེ་བཞིན་གཤེགས་པའི་སྙིང་པོ་དང་། རང་བཞིན་གནས་རིགས་དང་། སེམས་ཅན་གྱི་ཁམས་དང་། ཆོས་ཀྱི་དབྱིངས་དང་། སེམས་ཀྱི་རྡོ་རྗེ་དང་། དྲི་བཅས་དེ་བཞིན་ཉིད་ལ་སོགས་པ་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་མདོ་རྒྱུད་བསྟན་བཅོས་རྣམས་ལས་བསྟན་ཏོ། ། གསུམ་པ་རང་བཞིན་གྱིས་རྣམ་པར་དག་པའི་ཚུལ་ལ་གཉིས་ཏེ། རྐྱེན་གྱིས་བཟང་ངན་དུ་མི་འགྱུར་བ་དང་། རང་གི་ངོ་བོ་དྲི་མའི་རང་བཞིན་དུ་མ་སྐྱེས་པའོ། །དང་པོ་ནི། དཔེར་ན་ཉི་མའི་འོད་ཟེར་ནི་ནོར་བུ་ལ་སོགས་པའི་དངོས་པོ་བཟང་པོ་དང་། མི་གཙང་བ་ལ་སོགས་པའི་དངོས་པོ་ངན་པ་རྣམས་ལ་ཁྱབ་བྱེད་དུ་འཇུག་ཀྱང་། དེ་དག་གི་རྐྱེན་གྱིས་བཟང་ངན་དུ་མི་འགྱུར་བ་དེ་ལྟར་རྒྱུའི་རྒྱུད་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་འདི་ཡང་ལྷ་ལ་སོགས་པའི་འགྲོ་བ་བཟང་པོ་དང་། ཁྱི་ལ་སོགས་པའི་འགྲོ་བ་ངན་པ་རྣམས་ཀྱི་སྐྱེ་གནས་སུ་ཡང་འཇུག་མོད། འོན་ཀྱང་དེ་དག་གི་རྐྱེན་གྱིས་བཟང་ངན་དུ་འགྱུར་བ་མེད་དེ། ཉི་མའི་འོད་ཟེར་ལྟར་རང་བཞིན་གྱིས་རྣམ་པར་དག་པའི་ཕྱིར་རོ། །

དེ་སྐད་དུ་ཡང་བཟང་སྐྱོང་གིས་ཞུས་པའི་མདོ་ལས། དཔེར་ན་ཉི་མའི་འོད་ནི་དྲི་ང་བ་དང་། མི་གཙང་བ་དང་། རོ་དག་ལ་ཡང་འབབ་སྟེ། འོན་ཀྱང་དྲི་དེས་གོས་པར་མི་འགྱུར་ལ། ཉི་མ་དྲི་ང་བ་བོར་ཏེ་གཞན་དུ་ཡང་མི་འགྲོའོ། །དེ་བཞིན་དུ་རྣམ་པར་ཤེས་པའི་ཁམས་འདི་ཡང་ཕྱི་ས་དང་། སྙགས་སྙིགས་ཟ་བའི་ཁྱི་དང་ཕག་གི་སྐྱེ་གནས་དག་ཏུ་ཡང་སྐྱེ་བ་ཡོངས་སུ་འཛིན་ཏེ། འོན་ཀྱང་རྣམ་པར་ཤེས་པའི་ཁམས་ལ་སྤྱོད་པ་ངན་པ་དེ་དག་གིས་གོས་པ་མེད་དོ། །ཞེས་གསུངས་སོ། །

གཉིས་པ་དྲི་མའི་རང་བཞིན་དུ་མ་སྐྱེས་པ་ནི། དཔེར་ན་གསེར་གཡའ་དང་བཅས་པའི་གནས་སྐབས་ན་ཡང་གཡའི་ངོ་བོར་མ་སྐྱེས་ལ། ཆུ་རྙོག་མ་དང་བཅས་པའི་གནས་སྐབས་ན་ཡང་། རྙོག་མའི་ངོ་བོར་མ་སྐྱེས་པ་ལྟར། རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱང་། དྲི་མ་དང་བཅས་པའི་གནས་སྐབས་ན་ཡང་ཉོན་མོངས་པ་དང་རྣམ་པར་རྟོག་པའི་ངོ་བོར་མ་སྐྱེས་ཏེ། གཞན་དུ་ན་དེ་ལ་ཉོན་མོངས་པ་དང་རྣམ་པར་རྟོག་པ་གཉེན་པོས་སྦྱང་དུ་མི་རུང་བའམ། ཡང་ན་དྲི་མ་རྣམས་སྤངས་པ་ན་རང་བཞིན་གྱིས་འོད་གསལ་བའི་སེམས་ཀྱང་རྒྱུན་ཆད་པར་ཐལ་བའི་ཕྱིར་རོ། །དེས་ན་གློ་བུར་དྲི་མའི་ངོ་བོར་མ་སྐྱེས་པའི་ཕྱིར་སེམས་ནི་རང་བཞིན་གྱིས་རྣམ་པར་དག་པ་ཡིན་ཏེ། ཆུའི་ཁམས་དང་། གསེར་བཞིན་དུ་རང་གི་ཉེ་བར་ལེན་པའི་རྒྱུ་ལས་རྣམ་པར་དག་པའི་ངོ་བོར་སྐྱེས་སོ་ཞེས་བྱ་བའི་དོན་ཏོ། །

ཇི་སྐད་དུ། རྒྱུད་བླ་མ་ལས། སེམས་ཀྱི་རང་བཞིན་འོད་གསལ་གང་ཡིན་པ། །དེ་ནི་ནམ་མཁའ་བཞིན་དུ་འགྱུར་མེད་དེ། །ཡང་དག་མིན་རྟོག་ལས་བྱུང་འདོད་ཆགས་སོགས། །གློ་བུར་དྲི་མས་དེ་ཉོན་མོངས་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །བཞི་པ་དྲི་མ་རྣམས་གློ་བུར་བ་ཡིན་ཚུལ་ནི། དཔེར་ན་གསེར་དང་གཡའ་ལྷན་ཅིག་ཏུ་གྲུབ་ཀྱང་། གསེར་ནི་རང་གི་ཉེ་བར་ལེན་པའི་རྒྱུ་ལས་རྣམ་པར་དག་པའི་རང་བཞིན་དུ་སྐྱེས་ལ། གཡའ་ནི་གསེར་གྱི་རྒྱུ་ལས་གཞན་པའི་རྐྱེན་ལས་བྱུང་བས། གསེར་གྱི་ངོ་བོ་ལས་འབྲལ་དུ་རུང་ཞིང་གློ་བུར་བ་ཡིན་པ་དང་། ཆུ་དང་རྙོག་མ་ལྷན་ཅིག་ཏུ་གྲུབ་ཀྱང་ཆུ་ནི་རང་གི་ཉེ་བར་ལེན་པ་ལས་ཤིན་ཏུ་དྭངས་པའི་ངོ་བོར་སྐྱེས་ལ། རྙོག་མ་ནི་ཆུའི་ཉེ་བར་ལེན་པ་ལས་གཞན་རྡུལ་ལ་སོགས་པའི་རྐྱེན་ལས་བྱུང་བས་ཆུའི་ངོ་བོ་ལས་འབྲལ་དུ་རུང་ཞིང་། གློ་བུར་ཡིན་པ་ལྟར་རང་བཞིན་འོད་གསལ་གྱི་སེམས་དང་། ཆགས་སོགས་དྲི་མ་རྣམས་ཐོག་མ་མེད་པ་ནས་ལྷན་ཅིག་ཏུ་གྲུབ་ཀྱང་། རང་བཞིན་འོད་གསལ་ནི་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་ལས་རྣམ་པར་དག་པའི་ངོ་བོར་སྐྱེས་ལ། དྲི་མ་རྣམས་ནི་རང་བཞིན་འོད་གསལ་གྱི་རྒྱུ་ལས་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་རྐྱེན་ལས་འབྱུང་བས་རང་བཞིན་འོད་གསལ་གྱི་སེམས་ལས་འབྲལ་ཏུ་རུང་ཞིང་གློ་བུར་བ་ཡིན་ནོ། །

སེམས་ནི་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་རྐྱེན་དང་མ་འབྲེལ་ན་རང་གི་ངོ་བོ་གཟུང་འཛིན་གཉིས་ཀྱིས་དབེན་པའི་རང་རིག་ཅིང་གསལ་བའི་བདག་ཉིད་དུ་སྐྱེ་བ་ཆོས་ཉིད་ཡིན་ཏེ། ཆུ་ནི་རྡུལ་གྱི་རྐྱེན་དང་མ་འབྲེལ་ན་ཤིན་ཏུ་དྭངས་པའི་ངོ་བོར་དམིགས་པ་ཡིན་ནོ། །དེ་ལྟར་ན་ཡང་ཚུལ་བཞིན་མིན་པ་ཡིད་ལ་བྱེད་པའི་རྐྱེན་གྱིས་ཆགས་སོགས་དྲི་མ་དང་ལྷན་ཅིག་བྱུང་བ་ན། སེམས་ཀྱི་རང་བཞིན་འོད་གསལ་ཡོད་བཞིན་དུ་བྱིས་པ་རྣམས་ལ་མངོན་དུ་མི་འགྱུར་བ་ནི། གསེར་གཡའ་ཡིས་བསླད་པ་དང་། ཆུ་རྙོག་མས་བསླད་པ་བཞིན་དུ། རང་གི་ངོ་བོ་ཡོད་བཞིན་དྲི་མས་བསྒྲིབས་ཏེ་མི་མཐོང་བ་བཞིན་ཡིན་ནོ། །དེ་སྐད་དུ་ཡང་ཚད་མ་རྣམ་འགྲེལ་ལས། སེམས་ཀྱི་རང་བཞིན་འོད་གསལ་ཏེ། །དྲི་མ་རྣམས་ནི་གློ་བུར་བ། །ཞེས་དང་། རྣམ་ཤེས་ཡུལ་དུ་འཛིན་པའི་ཆོས། །ཇི་ལྟར་ཡོད་དེ་འཛིན་པ་དང་། །ཡོད་པ་ཡི་ནི་བདག་ཉིད་དེ། །འདི་ཡི་བསྐྱེད་པར་བྱེད་པའང་ཡིན། །རང་བཞིན་འདི་ཡིན་འདི་ལས་དེ། །རྐྱེན་གཞན་གྱིས་ནི་གོལ་འགྱུར་ཞིང་། །ལྡོག་པ་ལ་ནི་རྐྱེན་ལ་ལྟོས། །ཞེས་གང་གསུངས་པ་ལྟར་རོ། །འདིར་དེ་ལྟ་བུའི་སེམས་ཀྱི་རང་བཞིན་དང་དྲི་མ་རྣམས་གློ་བུར་དུ་འབྲེལ་བའི་ཚུལ་མི་ཤེས་པར། གང་དག་ཐ་མལ་པའི་རྒྱུད་ཀྱི་སེམས་དང་། སེམས་ལས་བྱུང་བ་ཐམས་ཅད་སྤང་བྱའི་དྲི་མ་ཁོ་ནར་འདོད་པ་ནི། མུ་སྟེགས་དཔྱོད་པ་བ་རྣམས་ཆགས་སོགས་དྲི་མ་རྣམས་སེམས་ཀྱི་ཆོས་ཉིད་ལ་རྗེས་སུ་ཞུགས་པས་སྤང་དུ་མེད་ལ་དེའི་ཕྱིར། སྐྱེས་བུ་ཐམས་ཅད་ཆགས་སོགས་ཉོན་མོངས་པ་དང་ལྡན་པའོ་ཞེས་སྨྲ་བ་དང་། གྲོས་མ་བྱས་ཀྱང་ཁ་མཐུན་པ་ཡིན་ནོ། །

ལྔ་པ་རང་བཞིན་འོད་གསལ་ལམ་གྱིས་སྦྱོང་ཚུལ་ནི། དཔེར་ན་གསེར་མེས་བསྲེགས་པ་ན་གཡའ་དང་བྲལ་ཏེ་རང་གི་རང་བཞིན་མངོན་དུ་འགྱུར་བ་དང་། ཆུ་རྙོག་མ་ཅན་གྱི་ནང་དུ་ནོར་བུ་དྭངས་བྱེད་བཅུག་པ་ན་རྙོག་མ་དང་བྲལ་ཏེ། ཤིན་དུ་དྭངས་པའི་ཆུའི་ངོ་བོར་དམིགས་པར་འགྱུར་བ་བཞིན་དུ། དྲི་མ་དང་བཅས་པའི་རང་བཞིན་འོད་གསལ་གྱི་སེམས་ཀྱང་མཆོག་ཏུ་མི་འགྱུར་བའི་བདེ་བ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱིས་གློ་བུར་གྱི་དྲི་མ་རྣམས་སྦྱངས་པ་ན། རང་གི་ངོ་བོ་རྣམ་པར་དག་པ་ཇི་ལྟ་བ་བཞིན་དུ་མངོན་དུ་འགྱུར་རོ། །དེ་སྐད་དུ་ཡང་མདོར་བསྡུས་དང་པོ་ལས། ཇི་ལྟར་རྡོ་དྲེག་སྐུད་པའི་གོས་དག་ནི། །མེ་ཡིས་བསྲེགས་པ་ཉིད་ཀྱིས་དག་འགྱུར་བ། །དེ་བཞིན་སྐྱེས་བུ་རྣམས་ཀྱིས་དམ་པ་ཡི། །སེམས་ནི་ཤེས་རབ་ཡེ་ཤེས་དག་གིས་སོ། །ཞེས་བཤད་ཅིང་། དབུས་མཐའ་རྣམ་འབྱེད་ལས་ཀྱང་། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་དང་། ཆོས་དབྱིངས་བསྟོད་པར་ཡང་། སྟོང་པ་ཉིད་ནི་སྟོན་པའི་མདོ། །རྒྱལ་བས་ཇི་སྙེད་གསུངས་པ་རྣམས། །དེ་དག་རྣམས་ཀྱིས་ཉོན་མོངས་ལྡོག ། ཁམས་དེ་ཉམས་པར་བྱེད་པ་མིན། །ཞེས་གང་གསུངས་པ་ལྟར་རོ། །

དྲུག་པ་རང་བཞིན་རྣམ་དག་དོན་དམ་དུ་བྱེད་པའི་དུས་ན་གཉིས་ཏེ། རང་བཞིན་ལྷུན་གྲུབ་ཀྱི་ཚུལ་གྱིས་མངོན་དུ་བྱེད་པ་དང་། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་མངོན་དུ་བྱེད་པའི་ཚུལ་ལོ། །དེ་ཡང་འདི་ལྟར་ཇི་སྲིད་གློ་བུར་འཁྲུལ་རྐྱེན་ལས་བྱུང་བའི་ཡུལ་སྣང་གི་སེམས་མ་འགགས་པ་དེ་སྲིད་དུ་རང་བཞིན་འོད་གསལ་མངོན་དུ་མི་བྱེད་དོ། །སྲོག་ཨ་ཝ་དྷཱུ་ཏཱིར་མ་ཚུད་པར་ཡང་གཉིས་སྣང་གི་སེམས་མི་འགག་སྟེ། ཇི་སྲིད་རོ་རྐྱང་གཉིས་སུ་རླུང་རྒྱུ་བ་དེ་སྲིད་དུ་ཡུལ་སྣང་གི་སེམས་རང་གི་ངང་གིས་འབྱུང་བའི་ཕྱིར་རོ། །གང་གི་ཚེ་རོ་རྐྱང་གི་རྒྱུ་བ་འགགས་ཏེ་སྲོག་ཨ་ཝ་དྷཱུ་ཏཱིར་ཆུད་པ་དེའི་ཚེ་ཡུལ་སྣང་གློ་བུར་གྱི་སེམས་མ་ལུས་པར་འགགས་པས་རང་བཞིན་འོད་གསལ་གྱི་སེམས་མངོན་དུ་འགྱུར་ཏེ། དཔེར་ན་སྤྲིན་དང་ཁུག་སྣ་ལ་སོགས་པ་སྒྲིབ་བྱེད་ཐམས་ཅད་དང་བྲལ་བ་ན། ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་མངོན་དུ་འགྱུར་བ་བཞིན་ནོ། །

དེ་ལ་སྲོག་ཨ་ཝ་དྷཱུ་ཏཱིར་འཇུག་པའི་དུས་ནི་གཉིས་ཏེ། ལུས་ཅན་རྣམས་འཆི་བའི་དུས་དང་། རྣལ་འབྱོར་པའི་ཏིང་ངེ་འཛིན་སྒོམ་པའི་དུས་སོ། །དེ་ལ་དང་པོ་ནི། ལུས་ཅན་རྣམས་འཆི་བའི་ཚེ་ཐོག་མར་མེའི་ཁམས་ཆུའི་ཁམས་ཀྱིས་ཉམས་པར་བྱེད་ཅིང་། སའི་ཁམས་ཀྱང་ཆུ་ལ་ཞུགས་ཏེ་མི་སྣང་བར་འགྱུར་ལ། ཆུའི་ཁམས་ཀྱང་རླུང་གིས་སྐམས་ཏེ་རླུང་ཡང་ནམ་མཁའ་ལ་རིམ་གྱིས་མི་སྣང་བར་གྱུར་པ་དེའི་ཚེ་དབུ་མའི་མདུད་པ་རང་གྲོལ་ནས་རོ་རྐྱང་གི་རྒྱུ་བ་འགགས་ཏེ་སྲོག་ཨ་ཝ་དྷཱུ་ཏཱིར་ཞུགས་པ་ན། གློ་བུར་ཡུལ་སྣང་གི་སེམས་མ་ལུས་པ་འགགས་ནས་རང་བཞིན་འོད་གསལ་གྱི་སེམས་ལ། སྟོང་པ་ཉིད་ཀྱི་གཟུགས་པྲ་ཕབ་པ་ལྟ་བུ་སྣ་ཚོགས་རང་གི་ངང་གིས་འཆར་ཞིང་། དེའི་ཚེ་རྒྱུད་འདིའི་ལུགས་ཀྱི་འཆི་བའི་འོད་གསལ་མངོན་དུ་བྱས་པ་ཞེས་ཟེར་རོ། །དེ་སྐད་དུ། སྒྲུབ་ཐབས་ཀྱི་ལེའུར། ཆུ་ཡིས་མེ་ནི་རྣམ་པར་ཉམས་པ་དང་པོར་འདིར་ནི་ལུས་ཀྱི་དབུས་སུ་སྡོམ་བརྩོན་རྣམས་ཀྱིས་བྱ། །ཕྱི་ནས་འཛིན་མ་དག་ནི་ཆུ་རུ་འགྱུར་ཏེ་ལན་ཚྭ་བཞིན་དུ་ཆུ་ཡི་དབུས་སུ་རབ་ཏུ་ཞུགས། །རླུང་ནི་ཆུ་བོ་དེ་དག་བསྐམས་ནས་ནམ་མཁའ་ལ་ནི་སྣང་བ་མིན་པར་མྱུར་དུ་འགྲོ་བར་འགྱུར། །སེམས་ནི་མེ་དང་མུན་པའི་མཐའ་སྟེ་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་བཞག་པར་བྱ། །ཞེས་དང་། དེའི་འགྲེལ་པར། དེ་ལྟར་ཁམས་ཀྱི་ཚོགས་མྱུར་ཏུ་རྣམ་པར་ཉམས་ཏེ་དེ་ནས་སེམས་ནི་མེ་དང་མུན་པའི་མཐའ་སྟེ་ནམ་མཁའི་ཁམས་རྣམས་རྣམ་པ་ཐམས་ཅད་པའི་གཟུགས་ཡུལ་དང་རྣམ་པར་བྲལ་བ་དབུས་ཀྱི་ས་ལ་ཀུན་གཞིའི་རྣམ་པར་ཤེས་པ་བཞག་པར་བྱའོ། །ཞེས་བཤད་དོ། །དེའི་ཚེ་ཐ་མལ་པ་གདམས་ངག་མེད་པ་རྣམས་ནི། འབྱུང་བ་བསྡུད་པའི་ཚེ་བདག་ཆད་ཀྱི་དོགས་པས་འཇིགས་ཏེ་སྐྲག་པ་སྐྱེ་ཞིང་། དེའི་དབང་གིས་འོད་གསལ་མངོན་དུ་གྱུར་པ་ན་ཡང་ཕན་མི་ཐོགས་ཤིང་། ཡུན་རིང་དུ་མི་གནས་པར་མྱུར་དུ་བར་དོར་འཕོ་བར་འགྱུར་རོ། །རྣལ་འབྱོར་པ་མན་ངག་དང་ལྡན་པ་རྣམས་ནི་འཆི་ཁའི་མན་ངག་ཡིད་ལ་བྱས་ཏེ། འབྱུང་བ་བསྡུད་པའི་ཚེ་འཆི་བ་འོད་གསལ་ལ་ཡུན་རིང་དུ་གནས་པར་བྱའོ་སྙམ་དུ་འཕེན་པ་སྔོན་དུ་བཏང་སྟེ། ཕ་ཁྱིམ་དུ་བུ་འགྲོ་བའི་ཚུལ་གྱིས་བྲོད་པ་དང་བཅས་ཏེ་འཇུག་པ་དེའི་དབང་གིས་འོད་གསལ་ལ་ཡུན་རིང་དུ་གནས་ཤིང་། བར་དོར་ཡང་དེའི་སྟོབས་ཀྱིས་ཏིང་ངེ་འཛིན་མངོན་དུ་འགྱུར་ལ། ཕྱི་མར་ཡང་ལམ་སྒྲུབ་ཏུ་རུང་བའི་རྟེན་ལྷ་མིའི་འགྲོ་བ་བཟང་པོར་འགྱུར་རོ། །

འདི་ཙམ་ལ་དགོངས་ནས་སྲོག་རྩོལ་གྱི་སྐབས་སུ། རྣལ་འབྱོར་པ་ནི་བདེ་ཉམས་འགྲོ་སྟེ། ཞེས་སྲོག་རྩོལ་གྱིས་གཙུག་ཏོར་ཕུག་སྟེ་ཤི་བ་བདེ་འགྲོར་འགྲོ་བ་བསྟན་པ་ཡིན་གྱི། རྒྱུད་འདིའི་ལུགས་ཀྱིས་བར་དོར་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པ་མེད་དེ། མཆོག་གི་དངོས་གྲུབ་ནི་མི་འགྱུར་བའི་བདེ་བས་སྒྲུབ་དགོས་ལ། བར་དོ་ཡིད་ཀྱི་ལུས་ལ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྒྲུབ་མི་ནུས་པའི་ཕྱིར་རོ། །

འདིར་ཁ་ཅིག་ལས་དང་པོ་པའི་སོར་བསྡུད་ཀྱི་སྐབས་ཀྱི་སྟོང་གཟུགས་བན་བུན་བྱུང་བ་ཆོས་སྐུར་ངོ་སྤྲད་ནས། དེ་ཙམ་གྱིས་འཆི་བ་འོད་གསལ་ངོ་འཕྲོད་པ་སྐད་བྱས་ཏེ། དེ་ལ་འཕོ་བ་ཁྱད་འཕགས་ཀྱི་མིང་བཏགས་ནས། བླུན་པོ་མང་པོ་མགོ་བསྐོར་ཞེས་གྲགས་ཏེ། འཆི་བའི་འོད་གསལ་ངོ་འཕྲོད་པ་ནི་རྣལ་འབྱོར་པ་ཉམས་རྟོགས་དང་ལྡན་པའི་དབང་དུ་བྱས་པ་ཡིན་གྱི། སུ་རུང་རུང་གིས་མ་ཡིན་ནོ། །

རྣལ་འབྱོར་པས་ཏིང་ངེ་འཛིན་སྒོམ་པའི་དུས་འོད་གསལ་མངོན་དུ་བྱེད་པ་ནི། མདོར་བསྡུས་དང་པོར། ཇི་ལྟར་མེ་ནི་ཤིང་ལ་རྟག་གནས་ཀྱང་། །བཅད་དང་དབྱེ་བའི་ཐབས་ཀྱིས་མི་མཐོང་སྟེ། །གཙུབས་ཤིང་གཙུབས་སྟན་ལག་པས་བསྲུབས་པ་ལས། །དེ་ལ་གནས་པ་ཡང་ནི་མཐོང་བར་འགྱུར། །དེ་བཞིན་སེམས་ཀྱི་འོད་གསལ་རྟོག་པ་ཡིས། །བསྒོམ་པའི་ཐབས་རྣམས་དག་གིས་མི་མཐོང་སྟེ། །དེ་ཉིད་དུ་ནི་རྐྱང་མ་དག་དང་ནི། །རོ་མ་གཅིག་ཏུ་སྦྱོར་བས་མཐོང་བར་འགྱུར། །ཞེས་པས་བསྟན་ཏེ། འདིའི་དོན་འོག་ཏུ་རྒྱས་པར་འཆད་པར་འགྱུར་རོ། །ཡང་རྒྱུད་འདིའི་ལུགས་ཀྱི་བདེན་པ་གཉིས་ཀྱི་རྣམ་གཞག་འདི་ལྟར་མ་རིག་པའི་འཁྲུལ་རྐྱེན་ལས་བྱུང་བའི་གློ་བུར་དྲི་མའི་ཆོས་ཇི་སྙེད་པ་རྣམས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པ་དང་། ཀུན་ནས་ཉོན་མོངས་པའི་དམིགས་པ་ཡིན་པའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། དེ་ཡང་ཡང་དག་པའི་ཡེ་ཤེས་ཀྱི་ཡུལ་དུ་མ་གྲུབ་པའི་ཕྱིར། རང་སྟོང་དང་། ཆད་སྟོང་དང་། བེམ་པོའི་སྟོང་པ་ཉིད་དོ། །གཉུག་མ་སེམས་ཀྱི་ཆོས་ཉིད་རང་བཞིན་འོད་གསལ་གྱི་ཆོས་ཇི་སྙེད་པ་རྣམས་ནི་དོན་དམ་པའི་བདེན་པ་སྟེ། དེ་ཡང་རིགས་པས་དཔྱད་བཟོད་དུ་གྲུབ་པའི་སྒོ་ནས་མིན་ཏེ། མངོན་པ་ཀུན་ལས་བཏུས་ལས། ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར། རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཡིན་ལ། གློ་བུར་དྲི་མས་དབེན་པའི་ཕྱིར་གཞན་སྟོང་དང་། སོ་སོ་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་བའི་ཕྱིར་ཆད་སྟོང་དང་བེམས་སྟོང་མིན་ནོ། །དེ་སྐད་དུ་ཡང་འཇམ་དཔལ་གྱི་ལྟ་བའི་འདོད་པ་མདོར་བསྟན་པ་ལས། ཕུང་པོ་རྣམ་བཅད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་བ་མིན། །ཞེས་བཤད་དོ། །

དེ་ལ་རང་སྟོང་ནི་ཆད་པའི་མཐར་ལྟུང་བའི་ཕྱིར། དེ་རྟོགས་པ་ནི་ཐར་པའི་ལམ་ཡང་དག་པ་མ་ཡིན་གྱི། གཞན་སྟོང་སེམས་ཀྱི་ཆོས་ཉིད་འོད་གསལ་བསྒོམས་པའི་སྟོབས་ཀྱིས་སོ་སོ་རང་རིག་པའི་ཚུལ་གྱིས་མྱོང་བའི་ནང་རིག་འགྱུར་མེད་ཁོ་ན་ཡང་དག་པའི་ལམ་དུ་བཞེད་དེ། དེ་སྐད་དུ་ཡང་ཡེ་ཤེས་ལེའུར། གང་གི་རྒྱལ་བའི་དབང་པོ་བསྐྱེད་ཅིང་ཉིན་ཞག་སོ་སོའི་དབང་ལས་གང་གི་མངལ་ནས་འབྱུང་། །སྐད་ཅིག་གང་གིས་འགྱུར་བ་རྣམ་པར་བྲལ་བ་འགྲུབ་ཅིང་གཡོ་བས་གཡོ་བ་མེད་གྱུར་པ། །སངས་རྒྱས་བྱ་བ་དེ་ཉིད་སྤངས་ནས་བདེ་མཉམ་དང་བྲལ་སྟོང་པ་གཞན་དག་སྒོམ་བྱེད་པ། །དེ་ཡིས་བསྐལ་པ་བྱེ་བ་དུ་མ་རྣམས་ཀྱིས་སངས་རྒྱས་ཉིད་དང་ལྷན་སྐྱེས་བདེ་བའང་རིང་། །ཞེས་དང་། ནང་ལེར། ཡན་ལག་དང་བཅས་རིག་བྱེད་དྲན་པའི་གཞུང་དང་བཅས་དང་རྟོག་གེ་གྲུབ་པའི་མཐའ་ལྡན་འཇིག་རྟེན་དང་། །སྙན་དངགས་མཁན་པོ་རྒྱས་པ་མེ་ལ་སོགས་པ་རྣམས་ཀྱིས་བྱས་པའི་བསྟན་བཅོས་གཞན་ཡང་རིགས་པ་མིན། །རིག་པ་ཞེས་པ་ནང་རིག་འགྱུར་མེད་ཀྱང་སྟེ་འཇིག་རྟེན་འདིར་ནི་ཐུབ་པ་རྣམས་ཀྱིས་རབ་གསུངས་ཉིད། །གང་ལས་འཇིག་རྟེན་གསུམ་པོ་མཐའ་དག་ཏུ་འགྱུར་མི་ཡི་བདག་པོ་སླར་ཡང་གང་ལ་ཐིམ་པའོ། །ཞེས་བཤད་དོ། །དོན་དམ་པའི་བདེན་པ་དེ་ཡང་གསུམ་སྟེ། གཞི་དང་། ལམ་དང་། འབྲས་བུས་བསྡུས་པའོ། །དང་པོ་ནི། སྦྱང་གཞི་དྲི་བཅས་ཀྱི་དེ་བཞིན་ཉིད་རང་བཞིན་འོད་གསལ་སྔར་བཤད་པ་གང་ཡིན་པ་དེའོ། །

ལམ་གྱིས་བསྡུས་པ་ནི། སྦྱོར་བ་ཡན་ལག་དྲུག་འཁོར་དང་བཅས་པ་སྟེ། དེ་ལ་ཡང་འཇིག་རྟེན་དང་། འཇིག་རྟེན་ལས་འདས་པའི་ལམ་གཉིས་ཏེ། འཇིག་རྟེན་པ་རྣམས་ནི་དོན་དམ་རྗེས་མཐུན་པ་ཡིན་ལ། འཇིག་རྟེན་ལས་འདས་པ་ནི་དོན་དམ་པ་དངོས་ཡིན་ནོ། །དེ་དག་ཀྱང་ཐབས་རྒྱུད་ཀྱི་སྐབས་སུ་རྒྱས་པར་འཆད་པ་འགྱུར་རོ། །འབྲས་བུས་བསྡུས་པ་ནི། སྒྲིབ་པ་ཐམས་ཅད་དང་བྲལ་བའི་དེ་བཞིན་ཉིད་རྣམ་པར་དག་པ། ཆོས་སྐུའི་ངོ་བོ་ཉིད་དེ། དེ་ཡང་འབྲས་བུའི་སྐབས་སུ་རྒྱས་པར་འཆད་པར་འགྱུར་རོ། །རྒྱུའི་རྒྱུད་རྒྱས་པར་བཤད་ཟིན་ཏོ། །

ད་ནི་ཐབས་ཀྱི་རྒྱུད་བཤད་པར་བྱའོ། །

དེ་ལ་ཐབས་ཀྱི་རྒྱུད་ནི་རྣམ་པ་གཉིས་ཏེ། སྨིན་པར་བྱེད་པའི་ལམ་དང་། གྲོལ་བར་བྱེད་པའི་ལམ་མོ། །དང་པོ་ལ་ཡང་ཐུན་མོང་གི་དངོས་གྲུབ་ཀྱིས་རྒྱུད་སྨིན་པར་བྱེད་པ་དང་། མཆོག་གི་དངོས་གྲུབ་ཀྱིས་རྒྱུད་སྨིན་པར་བྱེད་པའི་ལམ་གཉིས་སོ། །

དེ་ཡང་འདིར་རྡོ་རྗེ་སློབ་དཔོན་གྱིས་བསྡུ་བར་བྱ་བའི་སློབ་མ་ནི་གསུམ་སྟེ། ཐ་མ་དང་། འབྲིང་དང་། མཆོག་གོ །དང་པོ་ནི། ཐེག་པ་གསུམ་གང་གིས་ཀྱང་རྒྱུད་སྨིན་པར་མ་བྱས་པ་དབང་པོ་སྨིན་པའོ། ། གཉིས་པ་ནི་ཐེག་པ་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ཤིང་། རྡོ་རྗེ་ཐེག་པའི་ལམ་ལ་མོས་པ་ཡོད་ལ། སྐྱེ་བ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ལ་འདོད་པ་མེད་ཅིང་། ཕྲིན་ལས་བཞི་དང་གྲུབ་པ་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཙམ་དོན་དུ་གཉེར་བ་དབང་པོ་འབྲིང་པོར་གྱུར་པའོ། །གསུམ་པ་ནི་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་ཤིང་། རྡོ་རྗེ་ཐེག་པའི་ལམ་ལ་བསྐྱེད་རིམ་ཡན་ཆད་མཐར་ཕྱིན་ལ་ཐུན་མོང་གི་འབྲས་བུ་ལ་འདོད་པ་མེད་ཅིང་སྐྱེ་བ་དེ་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དོན་དུ་གཉེར་བ་དབང་པོ་རབ་ཏུ་གྱུར་པའོ། ། དེ་ལ་སློབ་མ་དབང་པོ་དམན་པ་ལ་ནི། སློབ་དཔོན་གྱིས་ཐོག་མར་རྡོ་རྗེ་ཐེག་པའི་ལམ་མི་སྟོན་གྱིས། བརྟག་པ་གཉིས་པར། དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་ནས་བསླབ་པའི་གནས་བཅུ་སྦྱིན། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ཏེ། །རྣལ་འབྱོར་སྤྱོད་པ་དེ་ལས་ཕྱིས། །དེ་ཡི་རྗེས་སུ་དབུ་མ་བསྟན། །ཞེས་གསུངས་པ་ལྟར། ལྟ་བ་དང་སྤྱོད་པ་རིམ་ཅན་དུ་བསྟན་པའི་སྒོ་ནས་འཁྲིད་པར་བྱེད་དོ། །

དབང་པོ་འབྲིང་དུ་གྱུར་པའི་སློབ་མ་ལ་ནི། ཐོག་མར་རྡུལ་ཚོན་ནམ་རས་བྲིས་སམ། ལུགས་མ་དང་འབུར་མ་ལ་སོགས་པ་ཕྱིའི་དཀྱིལ་འཁོར་གང་ཡང་རུང་བར་ཆུ་དང་ཅོད་པན་ལ་སོགས་དབང་བདུན་བསྐུར་བས་སྨིན་པར་བྱེད་དོ། །དབང་འདིའི་ངོ་བོ་ནི། དཔེར་ན་རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ་རྒྱལ་སྲིད་ཀྱི་བྱ་བ་ལ་དབང་བ་ལྟར། སློབ་མའི་ཕུང་ཁམས་དང་སྐྱེ་མཆེད་ལྷག་པའི་ལྷའི་ངོ་བོར་བྱིན་གྱིས་བརླབས་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ་བ་ཡིན་ཏེ། དེ་སྐད་དུ་ཡང་གསང་བ་འདུས་པར། དབང་བསྐུར་རྡོ་རྗེ་ཆེན་པོ་ལ། ཁམས་གསུམ་ཀུན་གྱིས་ཕྱག་བྱས་པ། །སངས་རྒྱས་ཀུན་གྱི་གསང་གསུམ་གྱི། །གནས་ལས་བྱུང་བ་ང་ཡིས་བྱིན། །ཞེས་གང་གསུངས་པ་བཞིན་ནོ། །དགོས་པ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐ་མལ་དུ་ཞེན་པའི་དྲི་མ་བསལ་ནས་ལྷག་པའི་ལྷའི་དཀྱིལ་འཁོར་དུ་བསྒོམ་པ་ལ་དབང་བར་བྱེད་པའོ། །དེའི་འོག་ཏུ་བསྐྱེད་རིམ་གྱི་མན་ངག་ཡན་ལག་དང་བཅས་པ་སྟོན་པར་བྱེད་དོ། །རྒྱུད་འདིའི་ལུགས་ཀྱི་བསྐྱེད་རིམ་ནི། རྟོག་སྒོམ་རྗེས་སུ་དཔག་པའི་ལམ་ཡིན་པས། ཇི་ལྟར་ཀོ་ཊ་པའི་ས་བོན་ལས་སཱ་ལུའི་འབྲས་བུ་མི་འབྱུང་བ་ལྟར། མཆོག་གི་དངོས་གྲུབ་རྣམ་པར་མི་རྟོག་པའི་རྒྱུར་མི་འགྱུར་གྱིས་འཇིག་རྟེན་པའི་དངོས་གྲུབ་ཙམ་གྱི་རྒྱུར་བཞེད་དོ། །དེ་སྐད་དུ་ཡང་མདོར་བསྡུས་དང་པོར། གཟུགས་ལ་སོགས་པ་རྟོག་པ་དཀྱིལ་འཁོར་གྱི། །འཁོར་ལོ་བསྒོམ་པ་གོམས་པར་གྱུར་པ་ནི། །གྲུབ་པ་འཇིག་རྟེན་པ་རྣམས་གྲུབ་འགྱུར་གྱི། །འདོད་པའི་དངོས་གྲུབ་ཆེན་པོ་ག་ལ་ཞིག །ཅེས་སོགས་བཤད་ཅིང་། མཆོག་མི་འགྱུར་གྱི་ཐད་དུ་སྒྲུབ་བྱེད་དང་བཅས་པ་རྒྱས་པར་འཆད་དོ། །རྒྱུད་གཞན་གྱི་ལྟར་ན་བསྐྱེད་རིམ་སངས་རྒྱས་ཀྱི་རྒྱུར་ཤིན་ཏུ་ཡང་འགྱུར་མོད། དེའི་སྒྲུབ་བྱེད་འདིར་མི་འགོད་དོ། །རྒྱུད་འདིའི་ལུགས་ཀྱིའང་བསྐྱེད་རིམ་ལ་གཙོ་བོར་འཛིན་པ་དགག་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་རྒྱུར་གཏན་མི་འགྱུར་བ་མ་ཡིན་ནོ། །དཔེར་ན་ཞིང་པ་དག་སྔར་མ་བཏུལ་བའི་ཞིང་ས་ལ་འབྲས་སཱ་ལུ་འདེབས་པར་འདོད་པ་ན། ཐོག་མར་ཀོ་ཊ་པའི་ས་བོན་འདེབས་ཤིང་། དེའི་འོག་ཏུ་སཱ་ལུའི་ས་བོན་འདེབས་མོད། ཀོ་ཊ་པའི་ས་བོན་ལས་སཱ་ལུའི་མྱུ་གུ་འབྲས་བུ་མི་འབྱུང་ཡང་། ཀོ་ཊ་པས་དུལ་བར་མ་བྱས་པའི་ཞིང་ལ་སཱ་ལུའི་འབྲས་བུ་མི་སྨིན་པ་ལྟར། བསྐྱེད་རིམ་རྟོག་པ་ལས་མི་རྟོག་པའི་སངས་རྒྱས་མི་འབྱུང་ཡང་། བསྐྱེད་རིམ་གྱིས་རྒྱུད་མ་སྦྱངས་པར་རྫོགས་རིམ་བསྒོམ་པའི་སྣོད་དུ་ཡང་མི་རུང་གི་ཐོག་མར་བསྐྱེད་རིམ་མཐར་ཕྱིན་པ་ན་རྫོགས་རིམ་བསྒོམ་པའི་སྣོད་དུ་རུང་བ་ཡིན་གྱི། དཔེར་ན་རིན་པོ་ཆེའི་ཆེད་དུ་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་རྣམས་ཐོག་མར་མཆིང་བུ་དང་དབྱིག་ལ་སོགས་པ་ནོར་བུ་ཕལ་པ་ཡོད་པའི་གླི ང་དུ་ཕྱིན་པ་ན། ད་ནི་རིན་པོ་ཆེ་མཆོག་གི་གླིང་ལ་ཡང་མི་རིང་ངོ་སྙམ་དུ་བྲོད་པ་སྐྱེས་ཏེ་འཇུག་པ་ལྟར། བསྐྱེད་རིམ་མཐར་ཕྱིན་ནས་གྲུབ་ཆེན་བརྒྱད་ལ་སོགས་པ་ཐུན་མོང་གི་དངོས་གྲུབ་ཐོབ་པ་ན་རྡོ་རྗེ་ཐེག་པའི་ལམ་འདིས་སྐྱེ་བ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཀྱང་གདོན་མི་ཟ་བར་འཐོབ་པར་འགྱུར་རོ་སྙམ་ནས། དེའི་རྒྱུ་རྫོགས་རིམ་བསྒོམ་པ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བསྐྱེད་པའི་རིམ་ལ་ལེགས་གནས་ཤིང་། །རྫོགས་པའི་རིམ་པ་འདོད་རྣམས་ལ། །ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །ཞེས་བཤད་དོ། །དེའི་ཕྱིར་རྒྱུད་འདིར་སངས་རྒྱས་ཀྱི་རྒྱུ་མིན་ཞེས་པའི་ཚིག་ཙམ་ལ་བརྟེན་ནས་བསྐྱེད་རིམ་རྟོག་པའི་སྒོམ་པའོ། །ཞེས་ངན་པར་བརྩི་བ་ནི། རྡོ་རྗེ་ཐེག་པའི་ལམ་གྱི་གནད་མ་གོ་བའི་འཁྲུལ་པ་ཆེན་པོའོ། །སློབ་མ་གསུམ་པ་དབང་པོ་མཆོག་ཏུ་གྱུར་པ་ལ་ནི། མཆོག་གི་དངོས་གྲུབ་ཀྱི་རྒྱུར་སྨིན་པར་བྱེད་པའི་ལམ་ཐོག་མར་སྟོན་ཏེ། དེ་ཡང་གསུམ་སྟེ། བུམ་པ་དང་། གསང་བ་དང་། ཀུན་རྫོབ་ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །སློབ་མ་རྒྱུད་འགྲེལ་ཆ་ལག་དང་བཅས་པ་ཤེས་ཤིང་གཞན་རྗེས་སུ་འཛིན་པར་ནུས་པ་ལ་ནི། རྡོ་རྗེ་སློབ་དཔོན་ཆེན་པོར་མངའ་གསོལ་བ་བུམ་པའི་དབང་བསྐུར་ལ། གཞན་རྗེས་སུ་འཛིན་མི་ནུས་པའི་སློབ་མ་ལ་ནི་མཆོག་དབང་གཉིས་བསྐུར་རོ། །

དེ་ལ་གསང་དབང་གི་ངོ་བོ་ནི། བླ་མས་བྱང་ཆུབ་ཀྱི་སེམས་ལྕེ་ཐོག་ཏུ་གནང་བ་སློབ་མས་ཞི་བའི་བཏུང་བ་བཞིན་མྱངས་པ་ལས་བྱུང་བའི་ཡེ་ཤེས་སོ། །དེ་ཡང་བླ་མའི་སྐུའི་དཀྱིལ་འཁོར་ལས་ཐོབ་ཅིང་། དགོས་པ་ནི། རྫོགས་རིམ་མཆོག་ཏུ་མི་འགྱུར་བའི་དངོས་རྟེན། བྱང་ཆུབ་ཀྱི་སེམས་ལ་མི་གཙང་བར་འཛིན་པའི་དྲི་མ་བསལ་ནས་རྫོགས་རིམ་གྱི་རྒྱུར་བྱང་སེམས་མི་སྤང་ཞིང་བསྟེན་པ་ལ་དབང་བར་བྱེད་པའོ། །

གསང་དབང་བསྐུར་བའི་ཚུལ་ལ་གཉིས་ཏེ། གྲོལ་ལམ་ལ་བརྟེན་པ་དང་། ཆགས་ལམ་ལ་བརྟེན་པའོ། །དང་པོ་ནི། སློབ་དཔོན་ཚངས་སྤྱོད་ལ་གནས་པ་ཡིན་ན། ལག་པའི་པད་མའམ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཁམས་ཕབ་ནས་དབང་བསྐུར་བར་བྱེད་ཀྱི། ལས་ཀྱི་ཕྱག་རྒྱ་ལ་མི་བརྟེན་ཏོ། །ཆགས་ལམ་ལ་བརྟེན་པའི་གསང་དབང་ནི། སློབ་དཔོན་ཁྱིམ་པ་ཡིན་ན་སློབ་མས་ཕུལ་བའི་ལས་ཀྱི་ཕྱག་རྒྱ་དང་སྙོམ་པར་ཞུགས་ཏེ་ཁམས་ཕབས་ནས་སློབ་མ་ལ་དབང་བསྐུར་བར་བྱེད་དོ། །ཀུན་རྫོབ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི། ཕྱག་རྒྱ་ལ་བརྟེན་ནས་ཐིག་ལེ་ཡས་བབས་ཀྱི་དགའ་བ་བཞིའི་མྱོང་བ་སྐྱེས་པ་སྟེ། དེ་ཡང་སྤྱི་བོ་ནས་མགྲིན་པའི་བར་དགའ་བ། མགྲིན་པ་ནས་སྙིང་གའི་བར་མཆོག་དགའ། སྙིང་ག་ནས་ལྟེ་བའི་བར་ཁྱད་པར་གྱི་དགའ་བ། ལྟེ་བ་ནས་རྡོ་རྗེ་ནོར་བུའི་རྩེ་མོའི་བར་དུ་བྱོན་ཏེ། བདེ་བ་ཕུལ་དུ་དབྱུང་དུ་མེད་པའི་གནས་སྐབས་ལ་སྐྱེས་པའི་ཡེ་ཤེས་ནི་ལྷན་ཅིག་སྐྱེས་པའི་དགའ་བའོ། །དགའ་བ་བཞི་པོ་འདི་དག་ལ་སློབ་དཔོན་རྣམས་ཀྱི་བཞེད་པའི་ཁྱད་པར་མི་འདྲ་བ་དུ་མ་ཡོད་ཀྱང་མ་སྤྲོས་ཏེ། རྒྱུད་འདིའི་དགོངས་པ་གང་ཡིན་པ་དེ་ཙམ་ཞིག་བཞག་གོ། །དབང་འདི་ཡང་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་ལས་ཐོབ་ལ། དགོས་པ་ནི། འདོད་ཆགས་སྤང་བྱ་དང་དམན་པར་འཛིན་པའི་དྲི་མ་བསལ་ནས། རྫོགས་རིམ་མཆོག་ཏུ་མི་འགྱུར་བའི་བདེ་བའི་རྒྱུར་ཕྱག་རྒྱ་མི་སྤང་ཞིང་བསྟེན་པ་ལ་དབང་བར་བྱེད་པའོ། །

དབང་གསུམ་པ་འདི་ལ་ཡང་། སྔར་ལྟར་དབང་བསྐུར་བའི་ཚུལ་ལ་གཉིས་ཏེ། གྲོལ་ལམ་དང་ཆགས་ལམ་ལ་བརྟེན་པའོ། །དང་པོ་ནི། སློབ་མ་ཚངས་སྤྱོད་ལ་གནས་པ་ཡིན་ན། ལག་པའི་པད་མའམ། ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་དགའ་བ་བཞིའི་མྱོང་བ་བསྐྱེད་དེ་ངོ་སྤྲོས་པར་བྱེད་ཀྱི། ལས་ཀྱི་ཕྱག་རྒྱ་ལ་མི་བརྟེན་ནོ། །གཉིས་པ་ཆགས་ལམ་ལ་བརྟེན་པ་ནི། སློབ་མ་ཁྱིམ་པ་ཡིན་ན་བླ་མས་གནང་བའི་ལས་ཀྱི་ཕྱག་རྒྱ་དང་སྙོམས་པར་ཞུགས་ཏེ་དགའ་བ་བཞིའི་མྱོང་བ་བསྐྱེད་ནས་བླ་མའི་མན་ངག་གིས་བརྡ་སྤྲད་དེ་དབང་བསྐུར་བར་བྱེད་དོ། །རྒྱུད་འདིར་རྒན་པོ་སྦྱོར་མི་ནུས་པ་དང་། དགེ་སློང་ལ་དབང་གསུམ་པ་ཚིག་གིས་སྟེར་བར་བཤད་ནའང་། བདེ་མཆོག་ལས། གང་ཞིག་དགེ་སློང་དངོས་གནས་དང་། །གང་ཞིག་རྒན་པོར་གྱུར་པ་དང་། །གང་ཞིག་རྟོག་ལ་དགའ་བའི་མི། །དེ་ལ་རིན་ཆེན་སྦྱིན་མི་བྱ། །ཞེས་དགའ་བ་བཞིའི་མྱོང་བ་སྐྱེད་མི་ནུས་པ་དང་། མི་འདོད་པ་དག་ལ་དབང་བསྐུར་མི་སྦྱིན་པར་བཤད་པས། དེའི་ཕྱིར་དབང་གི་དོན་ནི་མངོན་སུམ་གྱི་ལམ་ཡིན་པའི་ཕྱིར། མཆོག་དབང་གཉིས་པོ་འདི་ལ་ཡང་ཚིག་ཙམ་གྱིས་དབང་བསྐུར་བར་མི་འགྱུར་གྱི་གོང་དུ་ཇི་སྐད་བསྟན་པའི་ཆོ་གས་སློབ་མའི་རྒྱུད་ལ་མངོན་སུམ་གྱི་མྱོང་བ་བསྐྱེད་དགོས་སོ། །

མཆོག་དབང་བཞི་པ་དོན་དམ་ཤེས་རབ་ཡེ་ཤེས་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་དང་། རྣམ་པ་ཐམས་ཅད་པའི་སྟོང་པ་ཉིད་ཟུང་དུ་ཆུད་པའི་རྣལ་འབྱོར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡིན་ནོ། །

མདོར་བསྡུས་དང་པོར། མཆོག་ཏུ་མི་འགྱུར་བཞི་པ་དེ་ཉིད་ནི། །སངས་རྒྱས་རྣམས་ཀྱི་ཤེས་རབ་ཡེ་ཤེས་ཏེ། །གང་ཞིག་དེ་ནི་སླར་ཡང་དེ་བཞིན་འདིས། །གང་གི་ཕྱག་རྒྱ་ཆེན་མོར་རྒྱལ་བས་གསུངས། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་འདི་ནི་བསྒོམས་པའི་སྟོབས་ལས་འབྱུང་གི ཆོ་ག་ལས་ཀྱང་མི་བསྐྱེད་པའི་ཕྱིར་རོ། །དབང་བཞི་པོའི་ཆོ་ག་རྒྱུད་འདི་རུ་མ་གསུངས་སོ། །དེ་བས་ན་གསང་བ་དང་། ཀུན་རྫོབ་ཤེས་རབ་ཡེ་ཤེས་ཀྱི་དབང་གཉིས་ནི། བཞི་པའི་ལམ་སྒོམ་པའི་སྣོད་དུ་རུང་བར་བྱེད་པ་ཡིན་ལ། སོ་སོར་བསྡུད་པ་ལ་སོགས་པ་ཡན་ལག་དང་པོ་ལྔ་ནི། དབང་བཞི་པ་སྐྱེད་པར་བྱེད་པའི་རྒྱུ་ཡིན་ནོ། །

སྤྱི་དོན་གཉིས་པ་གྲོལ་བའི་ལམ་བཤད་པར་བྱ་སྟེ། དེ་ཡང་འདུས་པའི་རྒྱུད་ཕྱི་མ་ལས། ཐ་མལ་མཆོག་གི་དབྱེ་བ་ཡིས། །བསྙེན་པ་རྣམ་པ་གཉིས་སུ་འདོད། །ཐ་མལ་པ་ནི་རྡོ་རྗེ་བཞིས། །མཆོག་གི་ཡན་ལག་དྲུག་གིས་སོ། །ཞེས་ཐ་མལ་པའི་དངོས་གྲུབ་ཀྱི་བསྙེན་པ་རྡོ་རྗེ་བཞིའམ། བསྙེན་སྒྲུབ་ཡན་ལག་བཞི་དང་། མཆོག་གི་དངོས་གྲུབ་ཀྱི་བསྙེན་པ་ཡན་ལག་དྲུག་ཏུ་གསུངས་པས། དེའི་ཕྱིར་གྲོལ་བའི་ལམ་ནི་སྦྱོར་བ་ཡན་ལག་དྲུག་གོ །འདི་བཤད་པ་ལ་གཉིས་ཏེ། མདོར་བསྟན་པ་དང་། རྒྱས་པར་བཤད་པའོ། །དང་པོ་ནི། འདུས་པའི་རྒྱུད་ཕྱི་མར་གསུངས་པ་འགྲེལ་པར་དྲངས་པ། སོ་སོར་བསྡུད་དང་བསམ་གཏན་དང་། །སྲོག་རྩོལ་དེ་བཞིན་འཛིན་པ་དང་། །རྗེས་སུ་དྲན་དང་ཏིང་འཛིན་ཏེ། །སྦྱོར་བ་ཡན་ལག་དྲུག་ཏུ་འདོད། །ཅེས་གསུངས་པའོ། །རྒྱས་པར་བཤད་པ་ལ་གཉིས། སོ་སོར་བཤད་པ་དང་། ཐུན་མོང་དུ་གཏན་ལ་དབབ་པའོ། །དང་པོ་ལ་སྐུ་རྡོ་རྗེ་དང་། གསུང་རྡོ་རྗེ་དང་། ཐུགས་རྡོ་རྗེའི་རྣལ་འབྱོར་གྱི་དང་པོ་ལ་ཡང་རྒྱུའི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་གཉིས་ཀྱི་དང་པོ་སྐུ་རྡོ་རྗེའི་རྒྱུའི་རྣལ་འབྱོར་ནི་སོ་སོར་བསྡུད་པ་སྟེ། དེ་ཡང་སྒོམ་ཚུལ་དང་། ངོ་བོ་དང་། སྒྲ་དོན་དང་། མཐར་ཕྱིན་པའི་ཚད་དང་། དེའི་ཕན་ཡོན་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་སྒོམ་ཚུལ་ནི། མན་ངག་ཇི་ལྟ་བ་བཞིན་དུ་ལུས་ཀྱི་འཕྲུལ་འཁོར་བཅའ་ཞིང་། གཙུག་ཏོར་གྱི་ལྟ་སྟངས་ཀྱིས་བྱེད་པ་བཅིངས་ཏེ། མཚན་མོ་བུག་པ་མེད་པའི་མུན་པ་དང་། ཉིན་མོ་སྤྲིན་མེད་པའི་ནམ་མཁའ་ལ་སེམས་རྩེ་གཅིག་པའི་ཚུལ་གྱིས་སྒོམ་པར་བྱེད་དོ། །

དེ་སྐད་དུ་ཡང་། སྒྲུབ་ལེར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །ཞེས་དང་། འགྲེལ་པར་ཡང་། མཚན་མོའི་དུས་སུ་མཚན་མོའི་རྣལ་འབྱོར་དང་། ཉིན་མོའི་དུས་སུ་ཉིན་མོའི་རྣལ་འབྱོར་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་རྣལ་འབྱོར་ལྟ་བ་གང་ཡིན་པ་དེ་ནི། མཚན་མོ་ནམ་མཁའ་ལ་བལྟ་ཞིང་། ཉིན་མོ་བླ་གབ་མེད་པ་ལ་བལྟའོ། །ཞེས་བཤད་དོ། །

གཉིས་པ་ངོ་བོ་ནི། ཚུལ་དེ་ལྟར་རྩེ་གཅིག་ཏུ་བསྒོམས་ནས་སྲོག་དབུ་མར་ཅུང་ཟད་ཞུགས་པའི་མཐུ་ལས། མིག་ལ་སོགས་པའི་ཐ་མལ་པའི་དབང་པོ་ལྔ་གཟུགས་ལ་སོགས་པའི་ཡུལ་ལྔ་ལ་མི་འཇུག་ཅིང་། དུ་བ་ལ་སོགས་པའི་རྟགས་བཅུ་རྫོགས་པའམ། ཅི་རིགས་པ་མཐོང་སྟེ། སྟོང་པ་ཉིད་ཀྱི་གཟུགས་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ནོ། །ཡེ་ལེར། ནམ་མཁའ་ཀུན་ནས་ཞེན་པའི་སེམས་དང་མིག་ནི་མི་འཛུབ་རྡོ་རྗེའི་ལམ་དུ་རབ་ཏུ་ཞུགས་པ་ཡིས། །སྟོང་པ་ལ་ནི་དུ་བ་སྨིག་རྒྱུ་རབ་བསལ་དྲི་མ་མེད་པའི་མཁའ་སྣང་ཉིད་དང་མར་མེ་དང་། ། འབར་བ་དང་ནི་ཟླ་བ་ཉི་མ་རྡོ་རྗེ་རྣམས་དང་མཆོག་གི་ཆ་དང་ཐིག་ལེ་མཐོང་བར་འགྱུར། །ཞེས་བཤད་དོ། །རྟགས་བཅུ་ནི། དུ་བ་དང་། སྨིག་རྒྱུ་དང་། མེ་ཁྱེར་དང་། མར་མེ་འབར་བ་དང་བཞི་ནི་མཚན་མོའི་རྣལ་འབྱོར་གྱི་རྟགས་ཏེ། དེ་དག་ཀྱང་འདུས་པའི་རྒྱུད་ཕྱི་མ་ལས། མཚན་མོའི་ཁམས་གྱི་རྣམ་པ་ལྟར། །བྱང་ཆུབ་རྡོ་རྗེས་གསུངས་པ་དེ། །སྨིག་རྒྱུ་འདྲ་བ་དང་པོ་སྟེ། །གཉིས་པ་དུ་བ་ལྟ་བའོ། ། གསུམ་པ་མེ་ཁྱེར་འདྲ་བ་སྟེ། །བཞི་པ་མར་མེ་འབར་ལྟ་བུའོ། །ཞེས་པས་བསྟན་ཅིང་། སྤྲིན་མེད་ནམ་མཁའ་ལྟ་བུ་སྟེ། །རྟག་ཏུ་སྣང་བ་ལྔ་པའོ། །ཞེས་ལྔ་པ་སྤྲིན་མེད་པའི་ནམ་མཁའ་ལྟ་བུ་ནི་རྟགས་ཅན་འོད་གསལ་དངོས་ཡིན་པས་འདིར་རྟགས་སུ་མ་བསྡུས་སོ། །ཉིན་མོའི་རྣལ་འབྱོར་གྱི་རྟགས་དྲུག་ནི། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ་གཅན་དང་། ཆ་ཤས་དང་། ཐིག་ལེ་མཐོང་བ་རྣམས་ཏེ། དེ་དག་ཀྱང་མཚན་ཡང་དག་པར་བརྗོད་པ་ལས། ནམ་མཁའ་ལས་བྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ། །འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་སྔགས་བདག་རིག་སྔགས་རྒྱལ། །ཞེས་སོགས་ཀྱིས་བསྟན་པར་བཞེད་དོ། །རྟགས་ལ་སོགས་པ་སྟོང་པ་ཉིད་ཀྱི་གཟུགས་འདི་དག་ཆོས་སྐུ་དངོས་དང་། དོན་དམ་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བར་ངོ་སྤྲོད་པ་ནི་མི་རིགས་ཏེ། སྟོང་པར་རྩེ་གཅིག་ཡིད་བྱས་ནས། །ཉི་མ་གཅིག་ནི་ཡོངས་སུ་བརྟག །གལ་ཏེ་རྟགས་ནི་མ་བྱུང་ན། །དེ་ཚེ་ང་ཡི་བརྫུན་ཚིག་ཡིན། །ཞེས་བཅོམ་ལྡན་འདས་ཀྱིས་བཤད་པར་གསུངས་པའི་ཕྱིར་འདི་དག་ནི། རྫོགས་རིམ་མཆོག་ཏུ་མི་འགྱུར་བའི་བདེ་བ་མྱུར་དུ་མངོན་དུ་འགྱུར་བའི་རྟགས་ཙམ་དུ་བཤད་པ་ཡིན་གྱི། ཆོས་སྐུ་དངོས་མིན་ཏེ། ཇི་སྲིད་རྣལ་འབྱོར་པའི་རྒྱུད་སྒྲིབ་པ་དང་བཅས་པ་དེ་སྲིད་དུ། ཆོས་སྐུ་མཚན་ཉིད་པ་མངོན་དུ་མི་འགྱུར་ཏེ། ཆོས་ཀྱི་སྐུ་ནི་གནས་སྐབས་རིགས་བཞིའི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་དབྱིངས་རྣམ་པར་དག་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །

མདོར་བསྡུས་དང་པོ་ལས་ཀྱང་། འཁོར་བ་སྙིང་པོ་མེད་པ་ཟད་གྱུར་པ། །དེ་ལས་སྐྱེས་པའི་སངས་རྒྱས་ཉིད་འབྲས་ཏེ། །ཆུ་ཤིང་གི་ནི་འབྲས་བུ་སྨིན་པ་རྣམས། །ཆུ་ཤིང་ཉམས་པས་འབྱུང་བ་འགྱུར་བ་བཞིན། །ཞེས་པས་གློ་བུར་གྱི་དྲི་མ་མཐའ་དག་མ་ཟད་པར་ཆོས་སྐུ་མངོན་དུ་མི་འགྱུར་བར་བཤད་དོ། །ཡང་ཇི་སྲིད་མཆོག་ཏུ་མི་འགྱུར་བའི་བདེ་བ་མ་ཐོབ་པ་དེ་སྲིད་དུ་དོན་དམ་པའི་ཆོས་ཉིད་མངོན་སུམ་དུ་མཐོང་བ་མིན་ཏེ། རྗེས་དྲན་མན་ཆད་ཀྱི་ཏིང་ངེ་འཛིན་གཟུང་བ་དང་འཛིན་པ་གཉིས་སུ་སྣང་བ་ཡོད་པས་འཇིག་རྟེན་པའི་ལམ་ཡིན་ལ། དེའི་ཕྱིར་དེ་དག་དོན་དམ་རྗེས་མཐུན་པ་ཡིན་གྱི། དོན་དམ་དངོས་མིན་ནོ། །དེ་བས་ན་གང་དག་ལས་དང་པོ་པའི་ཉམས་སྣང་རྣམས་ཆོས་སྐུར་ངོ་སྤྲོད་པ་ནི། རིན་པོ་ཆེ་རྟོག་པ་ལ་མི་མཁས་པ་དག་མཆིང་བུ་ལ་ནོར་བུ་དང་། ར་གན་ལ་གསེར་དུ་འཁྲུལ་ཏེ། རང་གཞན་སླུ་བར་བྱེད་པ་དང་འདྲའོ། །

གསུམ་པ་སྒྲ་དོན་ནི། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་ཐ་མལ་བའི་མིག་ལ་སོགས་པའི་དབང་པོ་ལྔ། གཟུགས་སོགས་ཡུལ་ལྔ་ལ་སོ་སོར་འཇུག་པ་བསྡུད་པའམ། སྤོང་བར་བྱེད་པས་ན་སོ་སོར་བསྡུད་པ་ཞེས་པའོ། །དེ་སྐད་དུ་སྒྲུབ་ལེར། སོ་སོར་བསྡུད་པ་ལུས་ལ་ཡུལ་དང་ཡུལ་ཅན་བཅུ་པོ་རྣམས་ནི་རབ་ཏུ་འཇུག་པ་མེད་པའོ། །ཞེས་བཤད་དོ། །བཞི་པ་མཐར་ཕྱིར་པའི་ཚད་ནི། རྟགས་བཅུ། གཅིག་ཏུ་འདྲེས་པའི་སྟོང་པ་ཉིད་ཀྱི་གཟུགས་ལ་རྣལ་འབྱོར་པའི་སེམས་འབད་པ་མེད་པར་རང་གི་ངང་གིས་འཇུག་པའོ། །ལྔ་པ་ཕན་ཡོན་ནི། དེའི་རྣལ་འབྱོར་པས་དུག་ཞི་བ་ལ་སོགས་པ་བདེན་པའི་ཚིག་འགྲུབ་པར་འགྱུར་བ་སྟེ། ཇི་སྐད་དུ། སོ་སོར་བསྡུད་པས་རྣལ་འབྱོར་པ་ནི་ཡུལ་དང་རྣམ་པར་བྲལ་བ་སྔགས་རྣམས་ཀུན་གྱིས་བྱིན་གྱིས་བརློབ། །ཅེས་བཤད་དོ། །སྤྱི་དོན་གཉིས་པ་སྐུ་རྡོ་རྗེའི་འབྲས་བུའི་རྣལ་འབྱོར་ནི། བསམ་གཏན་ཏེ། དེ་ཡང་སོ་སོར་བསྡུད་པའི་འབྲས་བུ་ཡིན་པས་སོར་བསྡུད་མཐར་ཕྱིན་ནས་བསྒོམ་མོ། །སྒོམ་ཚུལ་ནི། ཡུལ་དང་། དུས་དང་། གནས་དང་། བྱེད་པ་བཅིང་བ་ལ་སོགས་པ་སོར་བསྡུད་དང་འདྲའོ། །ངོ་བོ་ནི། དེ་ལྟར་བསྒོམས་པས་གློ་བུར་གྱི་ཡུལ་སྣང་མ་ལུས་པ་འགག་ཏེ་རྣལ་འབྱོར་པའི་སེམས་རྣམ་པ་ཐམས་ཅད་ཀྱི་གཟུགས་ལ་རང་གི་ངང་གིས་འཇུག་པའི་སེམས་རྩེ་གཅིག་པའོ། །དེ་ཡང་ཡན་ལག་ལྔ་དང་ལྡན་ཏེ། ཤེས་རབ་དང་། རྟོག་པ་དང་། དཔྱོད་པ་དང་། དགའ་བ་དང་། གཡོ་བ་མེད་པའི་བདེ་བ་རྩེ་གཅིག་པའི་སེམས་སོ། །དེ་ལ་དང་པོ་སྟོང་པ་ཉིད་ཀྱི་གཟུགས་ལ་བལྟ་བ་ནི་ཤེས་རབ་བོ། ། དེའི་འོག་ཏུ་གཟུགས་ཀྱི་ངོ་བོ་ཙམ་ངེས་པ་ནི་རྟོག་པའོ། །དེའི་འོག་ཏུ་གཟུགས་དེ་ཉིད་རང་གི་སེམས་ཉིད་འོད་གསལ་བའི་སྣང་བ་མེ་ལོང་ལ་པྲ་ཕབ་པ་ལྟ་བུར་རང་བཞིན་མེད་པར་ངེས་པ་ནི་དཔྱོད་པའོ། །བསྒོམས་པའི་སྟོབས་ལས་བྱུང་བའི་ཡིད་ཚིམ་པར་བྱེད་པའི་ཚོར་བ་བདེ་བ་ནི་དགའ་བའོ། །ཤིན་ཏུ་སྦྱངས་པའི་བདེ་བ་ལུས་ཐམས་ཅད་ལ་ཁྱབ་པ་ལས་བྱུང་བ། ལུས་སིམ་པར་བྱེད་པའི་བདེ་བ་དང་ལྷན་ཅིག་སྟོང་པ་ཉིད་ཀྱི་གཟུགས་ལ་གཡོ་བ་མེད་པར་རྩེ་གཅིག་ཏུ་འཇུག་པའི་སེམས་ནི་གཡོ་བ་མེད་པའི་བདེ་བ་རྩེ་གཅིག་པའི་སེམས་སོ། །

ཡན་ལག་དང་པོ་གསུམ་ནི། གཉེན་པོའི་ཡན་ལག་ལྷག་མཐོང་གི་ངོ་བོ་ཡིན་ལ། དགའ་བ་དང་བདེ་བ་ཕན་ཡོན་གྱི་ཡན་ལག་ཡིན་ཞིང་། གཡོ་བ་མེད་པའི་སེམས་རྩེ་གཅིག་པ་ནི་ཞི་གནས་ཀྱི་ངོ་བོ་ཡིན་ནོ། །དེའི་ཕྱིར་བསམ་གཏན་ནི་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ནོ། །དེ་སྐད་དུ་ཡང་སྒྲུབ་ལེར། བསམ་གཏན་དག་ཀྱང་ཤེས་རབ་རྟོག་དང་དཔྱོད་པ་དགའ་དང་གཡོ་སེམས་རྩེ་གཅིག་སེམས་པའོ། །ཞེས་བཤད་དོ། །སྒྲ་དོན་ནི། ཞི་ལྷག་ཟུང་དུ་འབྲེལ་བའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་བསམ་གཏན་ཡིན་ནོ། །མཐར་ཕྱིན་པའི་ཚད་ནི། མཚན་མོའི་རྣལ་འབྱོར་གྱི་དུས་སུ་ཐིག་ལེའི་དབུས་སུ་མཚན་དཔེས་བརྒྱན་པའི་དེ་བཞིན་གཤེགས་པའི་སྐུ་གཟུགས་དུ་མ་མཐོང་བ་དང་། དེ་དག་གི་གསུང་གཞོམ་དུ་མེད་པའི་སྒྲ་ཐོས་པ་དང་། ཉིན་མོའི་རྣལ་འབྱོར་གྱིི་དུས་སུ། དུས་ཀྱི་རྩ་ལ་ཐིག་ལེའི་དབུས་སུ་རེ་ཁ་ནག་པོ་སྐྲའི་ཚད་ཙམ་འོད་ཟེར་འཕྲོ་བ་མཐོང་བའོ། །དེ་སྐད་དུ་ཡང་ཡེ་ཤེས་ལེའུར། དེ་ཡི་དབུས་སུ་སངས་རྒྱས་གཟུགས་ནི་ཡུལ་དང་རྣམ་པར་བྲལ་བ་དུ་མ་ལོངས་སྤྱོད་རྫོགས་པའི་སྐུ། །ནམ་མཁའ་ཆུ་འཛིན་བྲལ་བ་དག་ལ་རྣལ་འབྱོར་པ་ཡིས་བགྲད་པའི་མིག་གིས་བལྟ་བར་བྱ་བ་སྟེ། །རེ་ཁ་ནག་པོ་དྲི་མེད་འོད་ཟེར་འཕྲོ་བ་དུས་ཀྱི་རྩ་ལ་མཐོང་བར་འགྱུར་གྱི་བར་དུའོ། །ཞེས་བཤད་དོ། །ཕན་ཡོན་ནི། དེའི་ཚེ་རྣལ་འབྱོར་པས་མངོན་པར་ཤེས་པ་ལྔ་ཐོབ་པར་འགྱུར་ཏེ། འདི་ལྟར་ལྷ་དང་མིའི་ཡུལ་ན་གནས་པའི་གཟུགས་ཕྲ་རགས་ཐམས་ཅད་ལག་མཐིལ་ན་བཞག་པའི་སྐྱུ་རུ་ར་མཐོང་བ་བཞིན་དུ་གསལ་པོར་མཐོང་བ་ལྷའི་མིག་དང་། སྒྲ་ཕྲ་རགས་ཐམས་ཅད་རྣ་བའི་དྲུང་ན་གྲགས་པ་བཞིན་དུ་ཐོས་པ་ལྷའི་རྣ་བ་དང་། གཞན་གྱི་སེམས་ཀྱི་རྒྱུ་བ་ཇི་ལྟ་བ་བཞིན་དུ་ཤེས་པ་གཞན་གྱི་སེམས་ཤེས་པ་དང་། རང་དང་གཞན་གྱི་ཚེ་རབས་སྔ་མ་དུ་མ་ཞག་གསུམ་ལོན་པ་བཞིན་དུ་དྲན་པ་སྔོན་གྱི་གནས་རྗེས་སུ་དྲན་པ་དང་། འགྲོ་བ་ལྔའི་སྐྱེ་བ་སྔ་མ་ནས་ཕྱི་མར་འཇུག་པའི་བར་དོའི་སྲིད་པ་ཇི་ལྟ་བ་བཞིན་དུ་མཐོང་བ་འཆི་འཕོ་བ་དང་སྐྱེ་བ་ཤེས་པ་སྟེ། མངོན་ཤེས་ལྔ་པོ་དེ་དག་འཐོབ་པར་འགྱུར་རོ། །དེ་སྐད་དུ་ཡང་སྒྲུབ་ལེར། མངོན་པར་ཤེས་པ་ལྔ་ནི་འཐོབ་པར་འགྱུར་ཏེ་མི་ཡི་བདག་པོ་བསམ་གཏན་སྦྱོར་བས་དག་པའོ། །ཞེས་བཤད་དོ། །

ཅིའི་ཕྱིར་སོར་བསྡུད་བསམ་གཏན་གཉིས་ལ་སྐུ་རྡོ་རྗེའི་རྣལ་འབྱོར་ཞེས་བཤད་ཅེ་ན། དེ་དག་ནི་རྣམ་པར་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་ལ། ལམ་དུས་སུ་འདི་དག་བསྒོམས་པའི་སྟོབས་ཀྱིས་འབྲས་བུའི་དུས་སུ་མཚན་དཔེས་བརྒྱན་པའི་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པས་གཟུགས་ཀྱི་སྐུ་མེ་ལོང་ལ་པྲ་ཕབ་པ་ལྟ་བུ་འགྲུབ་པར་འགྱུར་བས་དེའི་ཕྱིར་འདི་དག་ལ་སྐུ་རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ། །

སྤྱི་དོན་གཉིས་པ་གསུང་རྡོ་རྗེའི་རྣལ་འབྱོར་ལ་གཉིས་ཏེ། རྒྱུའི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་རོ། །དེ་ལ་གསུང་རྡོ་རྗེའི་རྒྱུའི་རྣལ་འབྱོར་ནི་སྲོག་རྩོལ་ཡིན་ལ། དེ་ཡང་སྒོམ་པའི་དུས་ནི་བསམ་གཏན་མཐར་ཕྱིན་ནས་བསྒོམས་ཏེ། སོར་བསམ་གཉིས་ཀྱི་དུས་སུ་དབུ་མ་སྦྱངས་པ་ན། སྲོག་རྩོལ་གྱིས་ཚེགས་མེད་པར་སྲོག་དབུ་མར་གཞུག་པར་ནུས་ཀྱི། གཞན་དུ་བཙན་ཐབས་ཀྱིས་སྲོག་དབུ་མར་བཅུག་ན་གེགས་སུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་སྲོག་རྩོལ་གྱི་དགོས་པ་ནི་བརྟག་པ་གཉིས་པར། ལྟེ་བར་གཏུམ་མོ་འབར་བ་ཡིས། །དེ་བཞིན་གཤེགས་པ་ལྔ་བསྲེག་ཅིང་། །སྤྱན་ལ་སོགས་པ་ཡང་བསྲེགས་ནས། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་པ་ལྟར་ལྟེ་བ་ནས་གཙུག་ཏོར་གྱི་བར་གྱི་དབུ་མའི་མདུད་པ་རྣམས་གྲོལ་ནས་ལྟེ་བ་ན་གནས་པའི་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཞུ་ནས་བྱང་ཆུབ་ཀྱི་སེམས་འབབ་པར་བྱ་བའི་ཕྱིར། སྲོག་རྩོལ་བསྒོམ་པ་ཡིན་ནོ། །དེ་ལ་རྩ་དབུ་མའི་གནས་ལུགས་ནི། ལུས་ཀྱི་དབུས་ན་གཙུག་ཏོར་ནས་ནོར་བུའི་བར་ལ་རྩ་དབུ་མ་ཆུ་ཤིང་གི་སྙིང་སྡོང་པོ་ལྟར་དྲང་བ། པད་མའི་སྐུད་པ་ལྟར་ཕྲ་བ། རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ། ཏིལ་གྱི་མར་མེ་ལྟར་གསལ་བར་གནས་ཞེས་མཁས་པ་གཞན་དག་གིས་བཤད་ལ། རྩ་དབུ་མ་དེ་ལྟར་གནས་པ་ལ་རོ་རྐྱང་གཉིས་ཀྱིས་གཙུག་ཏོར་ནས་གསང་གནས་ཀྱི་བར་ལ་ལན་བཅོ་ལྔར་གཡས་གཡོན་གཉིས་ནས་ལྕགས་སྒྲོག་བསྒྲིལ་བ་ལྟར་ལུ་གུ་བརྒྱུད་དུ་འཁྱུད་ནས་གནས་ཞེས་རྒྱུད་འདིར་བཤད་དོ། །ཡེ་ཤེས་ལེའུར། ནཱ་ད་ཐིག་ལེ་ཆ་དང་ཡེ་ཤེས་བདུད་རྩིའི་གནས་སུ་སོན་པ་ལུ་གུ་བརྒྱུད་དུ་བཅིངས་པའི་རྩ། ། ཞེས་བཤད་པའོ། །རོ་རྐྱང་གཉིས་དབུ་མ་ལ་འཁྱུད་པའི་མཚམས་ལ་དབུ་མའི་མདུད་པ་ཞེས་བྱ་ལ། དེ་ལྟ་བུ་བཅོ་ལྔ་ཡོད་དེ་གཙུག་ཏོར་ནས་སྨིན་མཚམས་དང་། དེ་ནས་མགྲིན་པ་དང་། དེ་ནས་སྙིང་ཁ་དང་། དེ་ནས་ལྟེ་བ་དང་། དེ་ནས་གསང་གནས་ཀྱི་བར་ལ་ལན་གསུམ་གསུམ་གྱི་བར་དུ་རོ་རྐྱང་གཉིས་ཀྱིས་དབུ་མ་ལ་འཁྱུད་ནས་ཡོད་པར་བཤད་པའི་ཕྱིར་རོ། །

དེ་ལ་ཐ་མལ་པའི་དུས་སུ་ཉིན་ཞག་གཅིག་ལ་དབུག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ན། ལྔ་བཅུ་རྩ་དྲུག་རྐང་བཅས་གཅིག་དབུ་མར་བབ་ཀྱང་སྟོབས་ཆུང་ཞིང་། གཡས་གཡོན་གཉིས་ནས་རླུང་ཤས་ཆེར་རྒྱུ་བས། རོ་རྐྱང་གཉིས་རྒྱུ་མ་ཕུས་བཏབ་པ་ལྟར་སྟོབས་ཆེ་བས་དབུ་མའི་མདུད་པ་མི་གྲོལ་ལ། སོར་བསྡུད་བསམ་གཏན་གྱི་དུས་སུ། དབུ་མར་རླུང་ཤས་ཆེར་རྒྱུ་ཡང་སྲོག་ཐུར་ལ་མ་འདྲེས་པས་གཏུམ་མོ་མི་འབར་ཞིང་དབུ་མའི་མདུད་པ་རྣམས་གྲོལ་བར་མི་ནུས་སོ། །སྲོག་རྩོལ་བསྒོམས་པས་གཏུམ་མོ་འབར་ཞིང་དབུ་མའི་མདུད་པ་རྣམས་གྲོལ་བར་འགྱུར་ཏེ། དེ་ལ་བསྒོམ་ཚུལ་ནི། མན་ངག་ཇི་ལྟ་བ་བཞིན་དུ་དབྱུང་བ་དང་། དགང་བ་དང་། བུམ་པ་ཅན་ལ་སོགས་པའི་སྦྱོར་བས་སྒོམ་པར་བྱེད་དོ། །ངོ་བོ་ནི། དེ་ལྟར་བསྒོམས་པས་གཡས་གཡོན་ཉི་ཟླའི་རྒྱུ་བ་མ་ལུས་པར་འགགས་ནས་དཀྱིལ་འཁོར་བཅུའི་སྲོག་དང་ཐུར་སེལ་གྱི་རླུང་ལྟེ་བའི་གནས་གཅིག་ཏུ་འདྲེས་ཏེ། དབུ་མར་ཞུགས་པས་དབུ་མའི་མདུད་པ་རྣམས་གཙུག་ཏོར་གྱི་བར་དུ་གྲོལ་བའོ། །

མཐར་ཕྱིན་པའི་ཚད་ནི། མཉམ་པར་བཞག་པའི་དུས་སུ་རང་གི་ལུས་ལ་སྟོང་གཟུགས་ཀྱི་འོད་ཟེར་གྱིས་འཁོར་བར་མཐོང་བ་སྟེ། ཡེ་ཤེས་ལེའུར། གཟུགས་ནི་མཐོང་བར་གྱུར་ན་ཉིན་ཞག་སོ་སོའི་དུས་སུ་སྲོག་གི་རླུང་ནི་འགག་པ་རབ་བཅས་ཏེ། །འོད་ཟེར་འཁོར་ལོ་རང་གི་ལུས་ལ་བསྐོར་ཞིང་འཁོར་བར་བྱེད་པ་མཐོང་གི་བར་དུའོ། །ཞེས་བཤད་དོ། །

ཟླ་བ་དྲུག་ཏུ་བརྩོན་འགྲུས་དྲག་པོས་བར་མ་ཆད་དུ་བསྒོམས་ན་སྲོག་རྩོལ་མཐར་ཕྱིན་པར་འགྱུར་ཏེ། དེ་ཉིད་ལས། ཟླ་བ་དྲུག་གིས་སྡོམ་བརྩོན་རྣམས་ནི་རེག་བྱས་དམན་པའི་བདེ་བ་མཉམ་པ་ལམ་གྱི་སེམས་སུ་འགྱུར། །ཞེས་བཤད་དོ། །

སྒྲ་དོན་ནི། རླུང་ནང་དུ་འཇུག་པ་སྲོག་དང་། ཕྱིར་འབྱུང་བ་རྩོལ་བའམ། གཡོན་པའི་རླུང་སྲོག་དང་། གཡས་པའི་རླུང་རྩོལ་བ་སྟེ། དེ་ལྟ་བུའི་སྲོག་དང་རྩོལ་བ་འགོག་པའི་ཕྱིར་སྲོག་རྩོལ་ཞེས་བྱའོ། །ཕན་ཡོན་ནི། སྲོག་རྩོལ་མཐར་ཕྱིན་པའི་རྣལ་འབྱོར་པ་ལ། ས་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྔགས་པ་བརྗོད་པ་དང་། མཆོད་པ་བྱེད་པར་འགྱུར་ཏེ། དེ་སྐད་དུ་སྒྲུབ་ལེར། སྲོག་རྩོལ་གྱིས་ནི་དག་པ་རི་བོང་ཅན་དང་ཉི་མ་དང་བྲལ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཆོད། །ཅེས་བཤད་དོ། །

སྤྱི་དོན་གཉིས་པ་གསུང་རྡོ་རྗེའི་འབྲས་བུའི་རྣལ་འབྱོར་ནི་འཛིན་པ་ཡིན་ལ། དེ་ཡང་སྒོམ་པའི་དུས་ནི། སྲོག་རྩོལ་མཐར་ཕྱིན་ནས་བསྒོམས་ཤིང་སྒོམ་ཚུལ་ཡང་སྲོག་རྩོལ་དང་འདྲ་ལ། ངོ་བོ་ནི། འབད་པ་མེད་པར་སྲོག་དབུ་མར་གཞུག་ནུས་ཤིང་། ལྟེ་བ་ནས་གཙུག་ཏོར་གྱི་བར་གྱི་འཁོར་ལོའི་ལྟེ་བ་རྣམས་སུ་རླུང་འགྲོ་འོང་མེད་པར་ཇི་ཙམ་འདོད་པར་འཛིན་ནུས་པའོ། །དེ་སྐད་དུ་ཡང་སྒྲུབ་ལེར། ཐིག་ལེར་སྲོག་ནི་རབ་ཏུ་བཞུགས་ཤིང་གཉིས་ཀའི་བགྲོད་པ་བཅོམ་སྟེ་རྩེ་གཅིག་སེམས་ལ་འཛིན་པའོ། །ཞེས་བཤད་དོ། །མཐར་ཕྱིན་པའི་ཚད་ཀྱང་དེ་ཙམ་མོ། །སྒྲ་དོན་ནི། འཁོར་ལོའི་ལྟེ་བར་རླུང་ཇི་ཙམ་འདོད་པ་འཛིན་ནུས་པས་སམ། བྱང་སེམས་མི་ལྟུང་བར་འཛིན་ནུས་པས་ན་འཛིན་པ་ཞེས་བྱའོ། །ཕན་ཡོན་ནི། དེའི་ཚེ་རྣལ་འབྱོར་པ་ལ་ཐིག་ལེ་འཛག་པ་ལ་སོགས་པ་བདུད་ཀྱི་བར་ཆད་ཉམས་ཤིང་སྟོབས་བཅུའི་ལམ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལ་མྱུར་དུ་འཇུག་པར་འགྱུར་རོ། །དེ་སྐད་དུ་སྒྲུབ་ལེར། བདུད་དང་ཉོན་མོངས་པ་ལ་སོགས་པ་ཉམས་ཤིང་སྟོབས་བཅུ་ལ་ནི་འཇུག་པར་འགྱུར་ཏེ་འཛིན་པའི་སྟོབས་ཀྱིས་སོ། །ཞེས་བཤད་དོ། །

ཅིའི་ཕྱིར་སྲོག་རྩོལ་དང་འཛིན་པ་ལ་གསུང་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ཞེ་ན། རྣལ་འབྱོར་འདི་གཉིས་ཀྱིས་ཐ་མལ་པའི་ངག་གི་རྒྱུ་གཡས་གཡོན་ནས་རྒྱུ་བའི་སྲོག་དབུ་མར་བཅུག་ནས་གཡོ་མེད་དུ་གནས་པའི་ཡེ་ཤེས་ཀྱི་རླུང་སྒྲུབ་པའི་ཕྱིར་དང་། ལམ་དུས་སུ་ཡེ་ཤེས་ཀྱི་རླུང་བསྒོམས་པ་མཐར་ཕྱིན་པ་ལས་འབྲས་བུའི་དུས་སུ་སྒྲིབ་པ་ཐམས་ཅད་དང་བྲལ་བའི་གཡོ་བ་མེད་པའི་ཡེ་ཤེས་ཀྱི་རླུང་འབྱུང་ལ། དེ་ལ་སེམས་ཅན་གྱི་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པ་གཞོམ་དུ་མེད་པའི་སྒྲ་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་ཀྱི་སྒྲ་བརྙན་དང་འདྲ་བ་འབྱུང་བས་དེའི་ཕྱིར་སྲོག་རྩོལ་དང་འཛིན་པ་དག་ལ་གསུང་རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ། །

སྤྱི་དོན་གསུམ་པ་ཐུགས་རྡོ་རྗེའི་རྣལ་འབྱོར་ལ་ཡང་། རྒྱུའི་རྣལ་འབྱོར་དང་། འབྲས་བུའི་རྣལ་འབྱོར་གཉིས་ཀྱི་དང་པོ་རྒྱུའི་རྣལ་འབྱོར་ནི། རྗེས་དྲན་ཏེ། དེ་ཡང་བསྒོམ་པའི་དུས་ནི་ཡེ་ཤེས་ལེའུར། དབུ་མར་སྲོག་ནི་རབ་ཞུགས་ཉི་མ་དང་བཅས་རི་བོང་ཅན་གྱི་བགྲོད་པ་གཡས་དང་གཡོན་ལ་བཅིང་། །ཕྱག་རྒྱ་རབ་ཏུ་འགྲོགས་ལ་སེམས་དང་མཆོག་གི་བདེ་བ་ལ་གནས་རྡོ་རྗེ་ཡང་དག་བསླང་བ་ཡང་། །ཞེས་བཤད་པ་ལྟར་འཛིན་པ་མཐར་ཕྱིན་ནས་བསྒོམས་ཏེ། རྗེས་དྲན་གྱི་སྐབས་དུ་ཕྱག་རྒྱ་ལ་བརྟེན་ནས་སྤྱི་བོའི་ཧཾ་ལས་བྱང་སེམས་དབབ་དགོས་ལ། འཛིན་པ་མ་ཐོབ་ན་ཁམས་འཛིན་མི་ནུས་པའི་ཕྱིར་རོ། །སྒོམ་ཚུལ་ནི། སྒྲུབ་ལེར། འདི་རྣམས་དམན་པ་ལ་སོགས་དབྱེ་བ་རྣམས་ཀྱིས་སྣ་ཚོགས་གཙོ་བོའི་སྒྲུབ་ཐབས་རྣམ་པ་གསུམ་དུ་འགྱུར། །ཕྱག་རྒྱ་གསུམ་དང་གནས་སྐབས་གསུམ་ནི་རྣམ་གསུམ་བགྲོད་པའི་དབང་གིས་ལས་དང་ཀུན་རྟོག་མཆོག་རྣམས་སོ། །ཞེས་བཤད་པ་ལྟར་རྣལ་འབྱོར་དབང་པོ་དམན་འབྲིང་མཆོག་གསུམ་དང་ཁམས་སྲ་སྙི་འབྲིང་གསུམ་གྱི་དབྱེ་བས་ཕྱག་རྒྱ་གསུམ་ལ་བརྟེན་ནས་བསྒོམས་ཏེ་འདི་ལྟར། རྣལ་འབྱོར་པ་དབང་པོ་རྣོ་ཞིང་ཁམས་ཤིན་ཏུ་ལྕི་བ་ཡིན་ན། ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་གཟུགས་ལ་རྩེ་གཅིག་ཏུ་དམིགས་ཏེ་བསྒོམས་པས་གཏུམ་མོ་འབར་ཏེ་སྤྱི་བོའི་ཧཾ་ཞུ་ནས། བདེ་སྟོང་གི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །

དབང་པོ་དང་ཁམས་སྲ་སྙི་འབྲིང་དུ་གྱུར་པ་ནི། རྣམ་པ་ཐམས་ཅད་ཀྱི་གཟུགས་ཡེ་ཤེས་ཀྱི་ལྷ་མོའི་རྣམ་པར་འགྱུར་ཏེ། དེ་ལ་འཁྱུད་ཏེ་བསྒོམས་པ་ལས་ཁམས་འཇུ་བར་འགྱུར་རོ། །དབང་པོ་དམན་པ་ཁམས་སྲ་བ་ནི། ཕྱག་རྒྱ་གཉིས་པོ་དེ་ཙམ་གྱིས་ཁམས་འཇུ་བར་མི་ནུས་པས། ལས་ཀྱི་ཕྱག་རྒྱ་ལ་བརྟེན་དགོས་ཏེ། ཡེ་ཤེས་ལེའུར། རྒྱལ་བའི་ལྷན་སྐྱེས་བདེ་བ་འདི་ནི་འཕེལ་བའི་དོན་སླད་དང་པོར་ལས་ཀྱི་ཕྱག་རྒྱ་བསྟེན་པར་བྱ། །ཞེས་བཤད་པས་སོ། །དེ་ཡང་ཐོག་མར་མཚན་ཉིད་དང་ལྡན་པའི་ཕྱག་རྒྱ་དབང་བསྐུར་བ་ལ་སོགས་པས་རྒྱུད་སྦྱངས་ཏེ། དབེན་པའི་གནས་སུ་འདུ་ཤེས་གསུམ་ལྡན་གྱིས་སྙོམས་པར་ཞུགས་པ་ལས་གཏུམ་མོའི་མེ་ཆེར་འབར་ཏེ། སྤྱི་བོའི་ཧཾ་ཞུ་ནས་བདེ་བ་ལ་མི་རྟོག་པས་བརྒྱན་པའི་ཏིང་ངེ་འཛིན་སྐྱེ་བར་འགྱུར་རོ། །དེ་སྐད་དུ་ཡང་། ཡེ་ཤེས་ལེའུར། འགྱུར་བ་མེད་པའི་བདེ་བའི་འབྲས་སྟེར་ཕྱག་རྒྱ་བཞི་པོ་འདི་རྣམས་གྲོང་དང་འབྲོག་དགོན་དུར་ཁྲོད་དང་། །མི་གཙང་བ་དང་གཙང་བའི་གནས་དང་ཁྱིམ་དང་ལྷ་ཡི་ཁང་པ་ཐམས་ཅད་དུ་ནི་དུས་ཀུན་ཏུ། །ཤིན་ཏུ་དགའ་བའི་དགའ་བ་ལ་གནས་འཇིག་རྟེན་ལམ་ལས་རབ་གྲོལ་རིགས་དང་རིགས་མིན་མངོན་སྤྱོད་ཅིང་། །ལུས་སྟོབས་བདེ་སྟེར་བཟའ་བ་བཏུང་བ་ལ་སོགས་ལོངས་སྤྱོད་དང་ལྡན་རྣལ་འབྱོར་རྣམས་ཀྱིས་བསྒོམ་པར་བྱ། །ཞེས་བཤད་དོ། །ཕྱག་རྒྱ་མ་རྙེད་ན་ལག་པའི་པད་མོ་ལ་བརྟེན་ནས་ཁམས་འབེབས་པར་བཤད་དེ། ཡང་དེ་ཉིད་ལས། པད་མར་རྡོ་རྗེའི་སྒྲའམ་རང་གི་ལག་པའི་ཆུ་སྐྱེས་དག་གིས་གསོར་བ་བདེ་བའི་སླད་དུ་སྟེ། །ཞེས་བཤད་དོ། །ངོ་བོ་ནི། དེ་ལྟར་གོང་དུ་བཤད་པའི་ཕྱག་རྒྱ་གསུམ་ལ་བརྟེན་ནས་བསྒོམས་པས་གཏུམ་མོའི་མེས་སྤྱི་བོའི་ཧཾ་ཞུ་བ་ལས་བདེ་སྟོང་གི་ཏིང་ངེ་འཛིན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བའོ། །དེ་སྐད་དུ་སྒྲུབ་ལེར། གཏུམ་མོའི་སྣང་བར་གང་ཞིག་འགྱུར་བ་ངེས་པར་ལུས་དང་ནམ་མཁའ་ལ་ཡང་རྗེས་སུ་དྲན་པར་འགྱུར་ཞེས་དང་། ཡེ་ལེར་ཡང་། རླུང་ནི་ཡང་དག་ཕྲད་པ་རྣམས་ཀྱིས་གློག་གི་མེ་ཡི་རྩེ་མོས་སྤྱི་བོའི་ཟླ་བ་ཞུ་བར་བྱེད། །ཐིག་ལེ་གང་གང་ཞུ་བ་འདི་ལས་མགྲིན་པ་སྙིང་ཁ་ལ་སོན་ལྟེ་བ་གསང་བ་རྣམས་ལ་འགོག །ཅེས་བཤད་དོ། །སོར་བསྡུད་བསམ་གཏན་གཉིས་ནི་གཡས་གཡོན་གྱི་རྒྱུ་བ་མ་འགགས་པས་རྟོག་དཔྱོད་དང་བཅས་པའི་ཏིང་ངེ་འཛིན་ཡིན་ལ། སྲོག་རྩོལ་འཛིན་པ་གཉིས་ནི་གཡས་གཡོན་གྱི་རྒྱུ་བ་འགགས་པས་རྟོག་པ་མེད་ཀྱང་། སྤྱི་བོའི་ཧཾ་མ་ཞུ་བས་བདེ་བ་མེད་ལ། དེའི་ཕྱིར་གསལ་ལ་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ནོ། །རྗེས་དྲན་ནི་བདེ་བ་ལ་མི་རྟོག་པས་བརྒྱན་པའི་ཏིང་ངེ་འཛིན་རྣམ་པར་རྟོག་པ་ཐམས་ཅད་དང་བྲལ་བ་ཡིན་ཀྱང་། གཟུང་འཛིན་གཉིས་སུ་སྣང་བ་མ་འགགས་པའི་ཕྱིར་འཇིག་རྟེན་པ་ཞེས་བྱའོ། །སྒྲ་དོན་ནི། དེའི་ཚེ་ཁམས་ཆེས་ཆེར་འཕེལ་བས། བསམ་པ་དང་འདོད་པ་ལ་སོགས་པ་འདོད་པའི་གནས་སྐབས་བཅུའི་སྒོ་ནས་རྣལ་འབྱོར་པ་ལ་ཕྱག་རྒྱ་དྲན་པ་འབྱུང་བས། དེའི་ཕྱིར་རྗེས་སུ་དྲན་པ་ཞེས་བྱའོ། །དེ་ཡང་ལོ་གསུམ་ཕྱོགས་གསུམ་བསྒོམས་པས་རྗེས་དྲན་རྫོགས་པར་འགྱུར་ཏེ། སྒྲུབ་ལེར། དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ཀྱི་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར། །ཞེས་དང་། དེའི་འགྲེལ་པར། དེ་ནས་ཕྱག་རྒྱའི་སྦྱོར་བས་ཞེས་པ་ནི། སོ་སོར་བསྡུད་པ་དང་། བསམ་གཏན་དང་། སྲོག་རྩོལ་དང་། འཛིན་པའི་སྟོབས་ཀྱིས་རང་སེམས་བརྟན་པ་སྐྱེས་པར་འགྱུར་བ་ན། དེ་ནས་ཕྱག་རྒྱའི་སྦྱོར་བས་ཉིན་ཞག་འགའ་ཞིག་རྣམས་ཀྱིས་ཞེས་པ་ནི། དུས་ཀྱི་འཁོར་ལོ་ཉིན་ཞག་ཉི་ཤུ་རྩ་ལྔ་ལྷག་པའི་བརྒྱ་ཕྲག་གཅིག་གིས་སོ། །ཞེས་པ་ངེས་པ་སྟེ། ཉིན་ཞག་འདི་རྣམས་ཀྱིས་བྱང་ཆུབ་ཀྱི་སེམས་འགྱུར་བ་མེད་པ་ཉིད་དུ་རབ་ཏུ་འགྱུར་ཏེ། དྲི་མ་མེད་པ་ཉིད་དུ་འགྱུར་རོ་ཞེས་འགྲེལ་ལོ། །ཞེས་བཤད་དོ། །

མཐར་ཕྱིན་པའི་ཚད་ནི། རྗེས་དྲན་རྫོགས་པ་ན། ལུས་ཀྱི་རྩ་སྦུབས་ཐམས་ཅད་ཁམས་བྱང་སེམས་དྭངས་མས་ཁེངས་པས་རྣལ་འབྱོར་པའི་ལུས་དྲི་མ་མེད་པའི་འོད་ཀྱི་དཀྱིལ་འཁོར་དུ་སྣང་བ་དང་། བ་སྤུའི་བུ་ག་ཐམས་ཅད་ནས་འོད་ཟེར་ལྔ་འཕྲོ་བ་འབྱུང་སྟེ། གྲུབ་ལེར། རྗེས་སུ་དྲན་པ་ལེགས་པར་དག་པ་དྲི་མེད་འོད་ཀྱི་དཀྱིལ་འཁོར་དག་ཀྱང་ཡེ་ཤེས་གཟུགས་ལས་སོ། །ཞེས་བཤད་དོ། །ཕན་ཡོན་ནི། མཆོག་ཏུ་མི་འགྱུར་བའི་བདེ་བ་མྱུར་དུ་ཐོབ་པར་འགྱུར་བའོ། །གཉིས་པ་ཐུགས་རྡོ་རྗེའི་འབྲས་བུའི་རྣལ་འབྱོར་ནི་ཏིང་ངེ་འཛིན་ཏེ། དེ་ཡང་སྒོམ་པའི་དུས་ནི་རྗེས་དྲན་རྫོགས་ནས་བསྒོམས་ཏེ། སཾ་པུ་ཊི་ལས། བྱང་སེམས་སུམ་ཅུ་རྩ་གཉིས་ཀྱིས། །གང་ཚེ་ཡོངས་སུ་གང་གྱུར་པ། །ཕུང་པོ་དབང་པོ་འབྱུང་བ་ཡི། །སངས་རྒྱས་དེ་ཡི་དེ་མ་ཐག་ཅེས། ཡེ་ཤེས་ཀྱི་རིམ་པས་ལུས་ཀྱི་རྩ་སྦུབས་རྣམས་ཁམས་ཀྱི་དྭངས་མས་ཁེངས་པ་ན། གསང་རིམ་ཕྱག་རྒྱ་ལ་བརྟེན་པའི་ཉེ་རྒྱུ་བསྒོམས་པས། ཕུང་པོ་ཁམས་དང་སྐྱེ་མཆེད་སྒྲིབ་བྲལ་དུ་གྱུར་པའི་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་ཐོབ་པར་བཤད་པ་ལྟར། འདི་ཡང་རྗེས་དྲན་གྱི་རྣལ་འབྱོར་པའི་ལུས་ཀྱི་རྩ་སྦུབས་ཐམས་ཅད་བྱང་ཆུབ་ཀྱི་སེམས་དྭངས་མས་ཁེངས་པ་ན། ཁམས་འཆིང་བྱེད་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་ཏིང་ངེ་འཛིན་བསྒོམས་པས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པར་འགྱུར་བའི་ཕྱིར་རོ། །སྒོམ་ཚུལ་ནི། འདིར་ལས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བསྒོམ་སྟེ། ཕག་རྒྱ་གཞན་གྱིས་ལུས་ལ་ཁམས་འཆིང་མི་ནུས་པའི་ཕྱིར་དང་། མ་བཅིངས་པར་ཡང་ཁམས་ཀྱིས་ལུས་འབིགས་པར་མི་ནུས་ལ། ལུས་མ་ཕུག་པར་ཡང་མཆོག་ཏུ་མི་འགྱུར་བའི་བདེ་བ་མི་བསྐྱེད་པའི་ཕྱིར་རོ། །

དཔེར་ན་གསེར་འགྱུར་གྱིས་ལྕགས་གསེར་དུ་སྒྱུར་བར་བྱེད་པ་ན་མེས་དངུལ་ཆུ་ལྕགས་ལ་མ་བཅིང་པར་ཡང་ལྕགས་ལ་འབིགས་པར་མི་ནུས་ལ། ལྕགས་དངུལ་ཆུས་མ་ཕུག་པར་ཡང་གསེར་དུ་མི་འགྱུར་བ་བཞིན་ནོ། །དེ་སྐད་དུ་ཡང་སྒྲུབ་ལེ་ལས། མེ་ནི་དངུལ་ཆུའི་སྒྲ་ཉིད་ཡིན་ཏེ་མེ་དང་རྣམ་པར་བྲལ་ན་ནམ་ཡང་དངུལ་ཆུས་འཆིང་བ་མེད། །མ་བཅིངས་ན་ནི་གསེར་བྱེད་མེད་དེ་གསེར་དང་བྲལ་ན་སྨྲ་པོ་རྣམས་ལ་ལོངས་སྤྱོད་མེད་པ་ཉིད། །དེ་བཞིན་བུད་མེད་སྦྱོར་བ་བྲལ་ན་རྟག་ཏུ་རྣལ་འབྱོར་པ་རྣམས་སེམས་ནི་འཆིང་མི་འགྱུར། །བཅིངས་པ་མེད་ན་ལུས་འབིགས་མེད་དེ་མ་ཕུག་ལུས་ཀྱིས་འདིར་ནི་ལྷན་སྐྱེས་བདེ་བ་སྟེར་བ་མིན། །ཞེས་བཤད་དོ། །དེ་བས་ཇི་ལྟར་མེས་དངུལ་ཆུ་བཅིངས་པས་ལྕགས་ཀྱི་དྲི་མ་རྣམས་ཟོས་ནས་གསེར་དུ་བྱེད་པ་བཞིན་དུ་ཕྱག་རྒྱ་དང་སྙོམས་པར་ཞུགས་པ་ལས་ཁམས་ལུས་ལ་འཆིང་བར་བྱེད་ལ། བཅིངས་པ་ལས་ལུས་ཀྱི་དྲི་མ་རྣམས་ཁམས་ཀྱིས་ཕུག་ནས་ཤ་རུས་ཆུ་རྒྱུས་ལ་སོགས་པ་ལུས་ཀྱི་ཆ་ཐམས་ཅད་ལ་ཁམས་ཀྱི་དྭངས་མས་ཁྱབ་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐྱེད་པར་འགྱུར་རོ། །དེ་སྐད་དུ་ཡང་འགྲེལ་པར། ཇི་ལྟར་མེས་དངུལ་ཆུ་བཅིངས་པས་ལྕགས་ཐམས་ཅད་གསེར་དུ་བྱེད་དོ། །དེ་བཞིན་དུ་ཆོས་འབྱུང་གི་སྦྱོར་བས་བྱང་ཆུབ་ཀྱི་སེམས་བཅིངས་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྒྲིབ་པ་མེད་པར་བྱེད་དོ། །དེའི་ཕྱིར་དངུལ་ཆུ་དང་བྱང་ཆུབ་ཀྱི་སེམས་དག་གི་མཐུ་ནི་བརྟག་པར་བྱ་བ་མ་ཡིན་ཏེ། རྨོངས་པ་རྣམས་ཀྱིས་རྣམ་པར་དཔྱད་པར་བྱ་བར་མི་ནུས་སོ། །དེའི་ཕྱིར་བྱང་ཆུབ་ཀྱི་སེམས་བརྟན་པར་བྱེད་པའི་དོན་དུ་ལས་ཀྱི་ཕྱག་རྒྱའི་སྦྱོར་བ་ལ་ཡང་ལྷའི་དམིགས་པ་རབ་ཏུ་གསུངས་པ་ནི། དངུལ་ཆུའི་བདུག་པ་དང་། བཀོལ་བ་ལ་སོགས་པ་ལྟ་བུ་སྟེ། ཕྱུགས་ཀྱི་ལས་སད་པར་རབ་ཏུ་ུབཞུགས་པའི་བྱང་ཆུབ་ཀྱི་སེམས་བཟའ་བ་ནི་དེ་བཞིན་གཤེགས་པས་གསུངས་པ་མ་ཡིན་ནོ། །ཞེས་བཤད་དོ། །དེ་བས་ན་རྗེས་དྲན་གྱི་སྐབས་སུ་ཕྱག་རྒྱ་བསྟེན་པ་ནི་ཁམས་སྤྱི་བོ་ནས་འབེབས་པའི་དོན་དུ་ཡིན་ལ། ཏིང་ངེ་འཛིན་གྱི་སྐབས་སུ་ནི་ཁམས་འཆིང་བའི་དོན་དུ་ཕྱག་རྒྱ་བསྟེན་པ་ཡིན་ནོ། །ཇི་སྲིད་མཆོག་ཏུ་མི་འགྱུར་བའི་བདེ་བ་མ་ཐོབ་པ་དེ་སྲིད་དུ་ནི་ཏིང་ངེ་འཛིན་སྟོབས་ཆུང་བའི་ཕྱིར་རོ། །སྟོང་པ་ཉིད་ཀྱི་གཟུགས་ལ་དམིགས་ཏེ་བསྒོམས་པས་ཁམས་འཆིང་མི་ནུས་ལ། གང་གི་ཚེ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པའི་ཕྱིར་ཏིང་ངེ་འཛིན་སྟོབས་དང་ལྡན་པས་ཕྱག་རྒྱ་ཆེན་པོ་ལ་དམིགས་ཏེ་བསྒོམས་པ་ཉིད་ཀྱིས་ཁམས་འཆིང་མི་ནུས་པའི་ཕྱིར། ལས་ཀྱི་ཕྱག་རྒྱ་སྤངས་ཏེ། བྱང་ཆུབ་ཀྱི་མཐར་ཐུག་པར་ཕྱག་རྒྱ་ཆེན་པོ་འབའ་ཞིག་བསྒོམ་པར་བཤད་དེ། མཆོག་མི་འགྱུར་གྱི་འགྲེལ་པར། བཅོམ་ལྡན་འདས་ཀྱིས་ངེས་པ་འདིའི་ཕྱིར། དབང་པོ་གཉིས་ཀྱི་སྙོམས་པར་འཇུག་པས་ཀྱང་ཕྱི་རོལ་གྱི་དབང་པོ་ལས་སྐྱེས་པར་འགྱུར་བའི་བདེ་བ་རྣམ་པར་སྤངས་ནས། བྱང་ཆུབ་ཀྱི་སེམས་མཐར་ཐུག་པའི་བར་དུ་ཕྱག་རྒྱ་ཆེན་པོ་རང་གི་སེམས་ཀྱི་སྣང་བ་ཙམ་འདི་རྣལ་འབྱོར་པས་བསྒོམ་པར་བྱའོ། །ཞེས་བཤད་དོ། །

ཏིང་ངེ་འཛིན་གྱི་ངོ་བོ་ནི། གོང་དུ་བཤད་པའི་ཚུལ་དེ་ལྟར་བསྒོམས་པས་ལུས་ལ་བཅིངས་པའི་ཁམས་ཀྱི་དྭངས་མས་ལུས་ཕུག་སྟེ། ཚོར་བ་སྡུག་བསྔལ་བསྐྱེད་པའི་ལུས་ཀྱི་དྲི་མ་རྣམས་ཟད་པ་ལས་བྱུང་བ་མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་སྐྱེས་པའི་ཏིང་ངེ་འཛིན་རྣམ་པ་ཐམས་ཅད་ཀྱི་གཟུགས་པྲ་ཕབ་པའི་རྣམ་པ་ཅན་གྱི་གཟུང་བའི་སེམས་དང་དེར་སྣང་བའི་འཛིན་པའི་སེམས་གཉིས་སུ་སྣང་བ་མེད་པ་དབྱེར་མེད་གཅིག་ཏུ་འདྲེས་པ་གཉིས་སུ་མེད་པའི་ཡེ་ཤེས་ནི་ཏིང་ངེ་འཛིན་གྱི་ངོ་བོ་ཡིན་ནོ། །དེ་སྐད་དུ་སྒྲུབ་ལེར། ཤེས་རབ་ཐབས་ཀྱི་བདག་ཉིད་ཀྱིས་ནི་འགྱུར་མེད་བདེ་བའི་དབང་གིས་ཡེ་ཤེས་གཟུགས་ལ་ཏིང་ངེ་འཛིན། །ཞེས་བཤད་དོ། །འདིར་ཁམས་དང་མི་འགྱུར་བའི་བདེ་བ་དང་དེ་ལས་སྐྱེེས་པའི་ཏིང་ངེ་འཛིན་རྣམས་ནི་ངོ་བོ་དང་བྱེད་ལས་ཐ་དད་པ་ཡིན་ཏེ་ལུས་ལ་བཅིངས་པའི་ཁམས་ཀྱི་དྭངས་མས་རླུང་མཁྲིས་བད་ཀན་ལ་སོགས་པ་སྡུག་བསྔལ་བསྐྱེད་པའི་ལུས་ཀྱི་དྲི་མ་རྣམས་བསལ་ནས་ལུས་ཀྱི་གནས་སྐབས་ཚོར་བ་བདེ་བ་འབའ་ཞིག་སྐྱེད་བྱེད་དུ་རོ་གཅིག་པར་བྱེད་དོ། །དེ་ལས་སྐྱེས་པའི་ལུས་ཀྱི་ཚོར་བ་བདེ་བ་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་སྟེ། དེ་ནི་གོང་དུ་བཤད་པའི་ཏིང་ངེ་འཛིན་གྱི་ངོ་བོ་སྐྱེད་བྱེད་ཡིན་ནོ། །དེ་ལས་སྐྱེས་པའི་ཏིང་ངེ་འཛིན་གཉིས་སུ་མེད་པའི་ཡེ་ཤེས་ནི། རྒྱུའི་མིང་གིས་འབྲས་བུ་ལ་བཏགས་ནས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཞེས་བྱ་ལ། དེ་ཉིད་ནི་སྒྲིབ་པ་མ་ལུས་པར་སྤོང་བྱེད་ཀྱི་དངོས་གཉེན་ཡིན་ཏེ། དེ་སྐད་དུ་ཡང་། ཡེ་ཤེས་ལེའུ་ལས། སེམས་ཀྱི་སྣང་བ་ཙམ་སྟེ་རང་གི་ཡིད་ལ་སྐྱེས་པས་མེ་ལོང་གི་ནི་གཟུགས་བརྙན་ལྟ་བུ་ཉིད། །གང་ཞིག་མཐའ་དག་རྒྱལ་བའི་སྲས་དང་སངས་རྒྱས་རྣམས་ཀྱིས་བསྟེན་པ་རྣལ་འབྱོར་དབང་པོས་བསྟེན་བྱ་སྟེ། །ཡེ་ཤེས་མེ་ལྕེ་རབ་ཏུ་རྒྱས་པ་དེ་ནི་བདུད་དཔུང་ཡུལ་དང་བཅས་པ་མཐའ་དག་སྲེག་བྱེད་ཅིང་། །ལུས་ལ་ཆགས་པ་ལ་སོགས་སྤངས་སྟེ་རྣལ་འབྱོར་རྣམས་ལ་ལོ་ཡི་སྦྱོར་བས་བདེ་མཉམ་སྟེར་བར་བྱེད། །ཅེས་བཤད་དོ། །

དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་ཕྱག་རྒྱ་ཆེན་པོ་དང་དོན་དམ་ཤེས་རབ་ཡེ་ཤེས་དང་དབང་བཞི་པ་ཞེས་ཀྱང་བྱའོ། །དེ་ཉིད་ཕུང་པོ་ཁམས་དང་སྐྱེ་མཆེད་སྒྲིབ་པ་མེད་པར་བྱེད་པའི་གཉེན་པོ་ཡིན་གྱི་ལུས་ལ་བཅིངས་པའི་ཁམས་ཀྱི་དྭངས་མ་ནི། ཇི་སྐད་བཤད་པའི་ཚུལ་གྱིས་ལུས་ཀྱི་དྲི་མ་སེལ་བ་དང་། མི་འགྱུར་བའི་བདེ་བ་སྐྱེད་བྱེད་ཙམ་ཡིན་གྱི། ལུས་ཀྱི་བེམ་པོའི་ཁམས་མེད་པར་བྱེད་པ་དང་། སེམས་ཀྱི་དྲི་མ་སེལ་བར་བྱེད་པ་མ་ཡི་ཏེ། དཔེར་ན་གསེར་འགྱུར་གྱི་དངུལ་ཆུས་ལྕགས་ཀྱི་དྲི་མ་བསལ་ནས་གསེར་དུ་བྱེད་ཀྱི། བེམ་པོའི་ཁམས་མེད་པར་བྱེད་པ་མ་ཡིན་པ་བཞིན་ནོ། །

དེ་བས་ན་གང་དག་ཁམས་ལུས་ལ་བཅིངས་པས་ལུས་ཐོགས་པ་མེད་པའི་སྒྱུ་ལུས་དང་། སེམས་སྒྲིབ་བྲལ་དུ་བྱེད་པར་འདོད་པ་ནི་མི་རིགས་ཏེ། བེམ་པོས་སེམས་ཀྱི་སྒྲིབ་པ་སྤོང་བ་མི་སྲིད་པའི་ཕྱིར་རོ། །སྒྲ་དོན་ནི། གཉིས་སུ་མེད་པའི་དེ་ཁོ་ན་ཉིད་ལ་རྩེ་གཅིག་ཏུ་གནས་པའི་ཕྱིར་ཏིང་ངེ་འཛིན་ཞེས་བྱའོ། །ཐོབ་པའི་དུས་ནི། གང་གི་ཚེ་རྡོ་རྗེ་ནོར་བུའི་རྩེ་མོར་ཁམས་ཀྱི་དྭངས་མ་མཆིང་སྟེ། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ལས་གཅིག་འགགས་ཤིང་མཆོག་དུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་གཅིག་ཐོབ་པའོ། །མཐར་ཕྱིན་པའི་ཚད་ནི། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས་ཏེ། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་དེ་སྙེད་ཅིག་ཐོབ་པའོ། །ཕན་ཡོན་ནི། ཏིང་ངེ་འཛིན་ཐོབ་ནས་བརྩོན་འགྲུས་དྲག་པོས་བར་མ་ཆད་དུ་ལོ་གསུམ་ཕྱོགས་གསུམ་དུ་བསྒོམས་ན་དབང་བཅུ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ། སྒྲུབ་ལེར། དེ་ནས་ཏིང་ངེ་འཛིན་གྱིས་དག་པ་ཉིན་ཞག་འགའ་ཞིག་རྣམས་ཀྱི་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་དང་། དེའི་འགྲེལ་པར། དེའི་ཕྱིར་ཏིང་ངེ་འཛིན་གྱིས་དག་པ་དྲི་མ་མེད་པར་གྱུར་པ་ནི་ཉིན་ཞག་འགའ་ཞིག་རྣམས་ཀྱི་སྟེ། །ལོ་གསུམ་དང་ཕྱོགས་གསུམ་གྱི་ཉིན་ཞག་རྣམས་ཀྱིས་ཡེ་ཤེས་སྐུ་ནི་འགྲུབ་པར་འགྱུར། །ཞེས་པ་དབང་བཅུ་ལ་སོགས་པ་ཐོབ་པའི་བྱང་ཆུབ་སེམས་དཔར་འགྱུར་ཏེ་ཞེས་བཤད་དོ། །ཅིའི་ཕྱིར་རྗེས་དྲན་དང་ཏིང་ངེ་འཛིན་ལ་ཐུགས་རྡོ་རྗེའི་རྣལ་འབྱོར་ཞེས་བྱ་ཞེ་ན། རྣལ་འབྱོར་འདི་གཉིས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བའི་ཡེ་ཤེས་སྒྲུབ་བྱེད་ཡིན། ལམ་གྱི་དུས་སུ་ཡེ་ཤེས་དེ་ཉིད་གོམས་པ་མཐར་ཕྱིན་པ་ལས་སེམས་སྒྲིབ་པ་མ་ལུས་པར་སྤངས་པས་འབྲས་བུའི་དུས་སུ་སྒྲིབ་པ་ཐམས་ཅད་བྲལ་བའི་བདེ་བ་ཆེན་པོའི་རང་བཞིན་ཐུགས་རྡོ་རྗེ་མངོན་དུ་བྱེད་པའི་ཕྱིར། རྗེས་དྲན་དང་ཏིང་ངེ་འཛིན་ལ་ཐུགས་རྡོ་རྗེའི་རྣལ་འབྱོར་ཞེས་བྱའོ། །སྦྱོར་བ་ཡན་ལག་དྲུག་པོ་འདི་དག་ཀྱང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་གྱི་ངོ་བོ་ཉིད་ཀྱི་ལམ་བདེན་གྱིས་འདུས་པ་ཡིན་ལ། དེའི་ཕྱིར་འབྲས་བུའི་དུས་སུ་འདི་དག་གི་ཡོན་ཏན་ཡར་ལྡན་དུ་ཡོད་ཀྱང་རྫས་མ་ལུས་པ་འགོག་མོད།

དེ་ལྟར་ནའང་མི་མཁས་པ་ཁ་ཅིག་ཡན་ལག་དྲུག་པོ་འདི་དག་ཀྱང་རྟག་བརྟན་དུ་འདོད་ཅེས་གྲགས་ཏེ་གནས་མ་ཡིན་པ་ལ་ཡང་ལོག་པར་རྟོག་པ་འཆའ་བར་བྱེད་པའི་རྨོངས་པ་དེ་ལྟ་བུ་ནི་མཁས་པའི་དགག་སྒྲུབ་ཀྱི་ཡུལ་མ་ཡིན་ནོ། །

འདིར་སྨྲས་པ། གང་གིས་བྱིས་པ་བྱིས་ཉིད་རིག །དེས་ན་བྱིས་པ་མཁས་པ་ཡིན། །བྱིས་པ་མཁས་པར་མངོན་རློམ་པ། །དེ་ནི་ཤིན་ཏུ་བྱིས་པ་ཉིད། །

སྤྱི་དོན་གཉིས་པ་ཐུན་མོང་དུ་གཏན་ལ་དབབ་པ་ལ་གཉིས། དབྱེ་བ་དང་། བསྡུ་བའོ། །དང་པོ་ལ་གསུམ། ལམ་ལྔར་དབྱེ་བ་དང་། སྤྱན་ལྔར་དབྱེ་བ་དང་། ས་བཅུ་གཉིས་སུ་དབྱེ་བའོ། །དང་པོ་ནི། རྡོ་རྗེ་ཐེག་པར་ཞུགས་པའི་རྣལ་འབྱོར་པས་ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་པ་ནས་བཟུང་སྟེ། བསྐྱེད་རིམ་མཐར་ཕྱིན་པའི་བར་གྱི་སྒོ་གསུམ་གྱི་དགེ་བ་རྣམས་ནི་བསོད་ནམས་ཀྱི་ཆོགས་ཀྱི་ངོ་བོ་རྒྱུད་སྨིན་བྱེད་ཡིན་པས་ཚོགས་ཀྱི་ལམ་མོ། །དེའི་འོག་ཏུ་གྲོལ་ལམ་ཡན་ལག་དྲུག་གི་ཡན་ལག་དང་པོ་ལྔ་ནི། འཇིག་རྟེན་ལས་འདས་པའི་ལམ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་པའི་ཕྱིར་ཞུགས་པའི་ལམ་ཡིན་པས་སྦྱོར་བའི་ལམ་མོ། །དེ་ལ་ཡང་སོར་བསྡུད་ནི་དྲོད་ཀྱི་ངོ་བོ་ཡིན་ཏེ། རང་བཞིན་འོད་གསལ་གྱི་དེ་ཁོ་ན་ཉིད་ལ་གསལ་སྣང་དང་པོར་ཐོབ་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རོ། །བསམ་གཏན་ནི་རྩེ་མོའི་ངོ་བོ་ཡིན་ཏེ། འོད་གསལ་གྱི་ཏིང་ངེ་འཛིན་ལ་སྣང་བ་མཆེད་པའི་ཏིང་ངེ་འཛིན་ཡིན་པའི་ཕྱིར་རོ། །སྲོག་རྩོལ་དང་འཛིན་པ་ནི་བཟོད་པའི་ངོ་བོ་ཡིན་ཏེ། ངན་འགྲོར་འཕེན་བྱེད་མི་དགེ་བའི་རྣམ་པར་རྟོག་པའི་རྒྱུ་གཡས་གཡོན་གྱི་སྲོག་རླུང་མ་ལུས་པ་འགོག་པས་ངན་འགྲོ་མེད་པའི་ཆོས་མཆོག་ཆེན་པོ་ལ་བཟོད་པའི་ལམ་ཡིན་པའི་ཕྱིར་རོ། །རྗེས་དྲན་ནི། ཆོས་མཆོག་གི་ངོ་བོ་ཡིན་ཏེ། མཐོང་ལམ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོའི་ཉེ་རྒྱུ་བར་ཆད་མེད་པའི་ལམ་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ཡན་ལག་དྲུག་པ་ཏིང་ངེ་འཛིན་གྱི་ངོ་བོ་ནི། འཇིག་རྟེན་ལས་འདས་པའི་ལམ་དངོས་མཆོག་ཏུ་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱའི་ངོ་བོ་ཡིན་ལ། དེ་ལ་མཐོང་བ་དང་། བསྒོམ་པའི་ལམ་གཉིས་སུ་དབྱེ་སྟེ། གང་གི་ཚེ་མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་མ་དང་པོ་ཐོབ་པའི་མཉམ་གཞག་སྐད་ཅིག་མ་དང་པོ་དེ་ནི་མཐོང་ལམ་ཡིན་ཏེ། དོན་དམ་པའི་བདེན་པ་གཉིས་སུ་མེད་པའི་དེ་ཁོ་ན་ཉིད་རང་རིག་པའི་ཚུལ་གྱིས་སྔར་མ་མཐོང་བ་གསར་དུ་མཐོང་བའི་ཕྱིར་རོ། །རྗེས་དྲན་མན་ཆད་དུ་གཉིས་མེད་ཀྱི་དོན་དམ་པའི་བདེན་པ་མངོན་སུམ་དུ་མཐོང་བ་མ་ཡིན་ཏེ། གཟུང་འཛིན་གཉིས་སུ་སྣང་བ་ཡོད་པའི་ཕྱིར་རོ། །མཐོང་ལམ་གྱི་འོག་ཏུ་འབྱུང་བའི་མཆོག་ཏུ་མི་འགྱུར་བའི་བདེ་བའི་སྐད་ཅིག་མ་ཇི་སྙེད་པ་རྣམས་ནི་སྒོམ་པའི་ལམ་ཡིན་ཏེ། དོན་དམ་གཉིས་མེད་ཀྱི་དེ་ཁོ་ན་ཉིད་མཐོང་ཟིན་གོམས་པར་བྱེད་པའི་ཕྱིར་རོ། །

གནས་སྐབས་འདི་དག་ཏུ་ཡང་ཕྱག་རྒྱ་ཆེན་མོ་རྣམ་པ་ཐམས་ཅད་ཀྱི་གཟུགས་པྲ་ཕབ་པ་ལྟ་བུའི་སྣང་བ་ཡོད་མོད། སྣང་མཁན་མཆོག་ཏུ་མི་འགྱུར་བའི་ཏིང་ངེ་འཛིན་དང་དབྱེར་མེད་པར་སྣང་བའི་ཕྱིར་གཉིས་སུ་མེད་པའི་ཡེ་ཤེས་ཞེས་བྱའོ། །ལམ་དུས་ཀྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་མཐར་ཕྱིན་པ་ལས་བྱུང་བ་འབྲས་དུས་ཀྱི་མཆོག་ཏུ་མི་འགྱུར་བའི་བདེ་བ་ནི། སློབ་པ་མཐར་ཕྱིན་པའི་ཕྱིར་མི་སློབ་པའི་ལམ་ཡང་ཡིན་ལ། སྒྲིབ་པ་ཐམས་ཅད་དང་བྲལ་བའི་དབྱིངས་རྣམ་པར་དག་པའི་ངོ་བོ་ཡིན་པས་འགོག་བདེན་ཡང་ཡིན་པའི་ཕྱིར་འགོག་ལམ་དབྱེར་མེད་པ་ཡིན། གཉིས་པ་སྤྱན་ལྔར་དབྱེ་བ་ནི། སོར་བསྡུད་ཀྱི་སྐབས་སུ་མངོན་ཤེས་མེད་པ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་ཤའི་མིག་གིས་མཐོང་བའི་ཕྱིར། སོ་སོར་བསྡུད་པ་ནི་ཤའི་སྤྱན་ནོ། །བསམ་གཏན་དང་སྲོག་རྩོལ་འཛིན་པ་རྗེས་དྲན་རྣམས་ཀྱི་སྐབས་སུ་མངོན་ཤེས་ཐོབ་པས་ལྷའི་མིག་གིས་མཐོང་བའི་ཕྱིར་བཞི་པོ་དེ་ནི་ལྷའི་སྤྱན་ནོ། །ཏིང་ངེ་འཛིན་གྱི་སྐབས་སུ་མཆོག་ཏུ་མི་འགྱུར་བའི་བདེ་བ་ཐོབ་སྟེ་འཛག་བདེའི་ཆགས་པ་དང་བྲལ་བའི་ཕྱིར་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པའི་ཕྱིར་སངས་རྒྱས་ཀྱི་སྤྱན་ནོ། །ས་བརྒྱད་པ་ཡན་ཆད་དུ་དབང་བཅུ་ལ་སོགས་པའི་ཕྱིར་མི་ལྡོག་པའི་བྱང་སེམས་ཀྱི་ཡོན་ཏན་དང་ལྡན་པ འི་ཕྱིར་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་པས་ཤེས་རབ་ཀྱི་སྤྱན་ནོ། །སངས་རྒྱས་ཀྱི་སར་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་པས་ཡེ་ཤེས་ཀྱི་སྤྱན་ནོ། །དེ་ལྟར་ཡང་སྒྲུབ་ལེའི་འགྲེལ་པར། འདིར་དང་པོར་ལས་དང་པོ་པའི་རྣལ་འབྱོར་པས་མངོན་ཤེས་མེད་པར་ཤའི་མིག་གིས་སྣ་ཚོགས་མཐོང་ངོ་། །དེ་ནས་མངོན་པར་ཤེས་པའི་མཚམས་ཀྱི་དབང་གིས་ལྷའི་མིག་གིས་མཐོང་ངོ་། །དེ་ནས་ཆགས་པ་དང་བྲལ་བའི་མཚམས་ཀྱི་དབང་གིས་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་བྱང་ཆུབ་སེམས་དཔའི་མཚམས་ཀྱི་དབང་གིས་ཤེས་རབ་ཀྱི་སྤྱན་གྱིས་གཟིགས་སོ། །དེ་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་མཚམས་ཀྱི་ཐུགས་ཀྱི་དབང་གིས་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཏེ་ལྷག་མ་ཀུན་ལས་རྣམ་གྲོལ་ཞིང་། ཞེས་བཤད་དོ། །གསུམ་པ་ས་བཅུ་གཉིས་སུ་དབྱེ་བ་ནི། ཚོགས་ལམ་ལས་དང་པོའི་ས་དང་། སྦྱོར་ལམ་མོས་སྤྱོད་ཀྱི་ས་གཉིས་ནི། འཇིག་རྟེན་པའི་ལམ་ཡིན་པའི་ཕྱིར་འདིར་མ་བསྡུས་ལ། འཇིག་རྟེན་ལས་འདས་པའི་ལམ་ལ་ས་བཅུ་གཉིས་སུ་དབྱེ་བ་ནི། གང་གི་ཚེ་ནོར་བུའི་རྩེ་མོ་ནས་གསང་གནས་ཀྱི་ཕྱེད་ཀྱི་བར་ཁམས་ཀྱི་དྭངས་མས་ཁེངས་ཤིང་རླུང་སྟོང་བརྒྱད་བརྒྱ་འགགས། མཆོག་ཏུ་མི་འགྱུར་བའི་བདེ་བ་སྐད་ཅིག་དེ་སྙེད་ཅིག་ཐོབ་པ་ན་ས་དང་པོ་ཀུན་ཏུ་འོད་ཉི་མའི་དཀྱིལ་འཁོར་ཆེན་པོ་མཛེས་པའི་ས་ཐོབ། དེའི་འོག་ཏུ་གསང་ནས་མན་ཆད་ཁམས་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་གཉིས་པ་བདུད་རྩིའི་འོད་ཟླ་བ་ཆེན་པོ་འོད་གསལ་བའི་ས་ཐོབ། དེའི་འོག་ཏུ་ལྟེ་བའི་ཕྱེད་མན་ཆད་དྭངས་མས་ཁེངས། རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་གསུམ་པ་ནམ་མཁའི་འོད་ནམ་མཁའ་ལྟར་རབ་ཏུ་གནས་པའི་ས་ཐོབ། དེའི་འོག་ཏུ་ལྟེ་བ་མན་ཆད་དྭངས་མས་ཁེངས་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན། ས་བཞི་པ་རྡོ་རྗེའི་འོད་ཡིད་དགའ་བའི་ས་ཐོབ། དེའི་འོག་ཏུ་སྙིང་ཁ་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་ལྔ་པ་རིན་ཆེན་འོད་མངོན་པར་དབང་བསྐུར་བ་ལ་གནས་པའི་ས་ཐོབ། དེའི་འོག་ཏུ་སྙིང་ཁ་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་དྲུག་པ་པད་མའི་འོད་ཟེར་རང་བཞིན་གྱིས་དག་པའི་ཆོས་དྲི་མ་མེད་པ་ཡོངས་སུ་འཛིན་པའི་ས་ཐོབ། དེའི་འོག་ཏུ་མགྲིན་པའི་ཕྱེད་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན། ས་བདུན་པ་སངས་རྒྱས་ཀྱི་ལས་བྱེད་པའི་ས་ཐོབ། དེའི་འོག་ཏུ་མགྲིན་པ་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་བརྒྱད་པ་དཔེ་མེད་པའི་ས་ཐོབ། དེའི་འོག་ཏུ་སྨིན་མཚམས་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་དགུ་པ་དཔེ་ཐམས་ཅད་ཀྱི་དཔེ་རབ་རྟོགས་པའི་ས་ཐོབ། དེའི་འོག་ཏུ་སྨིན་མཚམས་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་བཅུ་པ་ཤེས་རབ་ཀྱི་འོད་བླ་ན་མེད་པའི་ས་ཐོབ། དེའི་འོག་ཏུ་གཙུག་ཏོར་གྱི་ཕྱེད་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན་ས་བཅུ་གཅིག་པ་ཐམས་ཅད་མཁྱེན་པ་ཉིད་འོད་གསལ་བ་ཆེན་པོའི་ས་ཐོབ། དེའི་འོག་ཏུ་གཙུག་ཏོར་མན་ཆད་དྭངས་མས་ཁེངས་ཤིང་རླུང་དེ་སྙེད་ཅིག་འགགས། མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཐོབ་པ་ན། ས་བཅུ་གཉིས་པ་སོ་སོའི་བདག་ཉིད་རིག་པ་རྣལ་འབྱོར་པའི་ཡེ་ཤེས་རྫོགས་པར་བྱེད་པའི་ས་ཐོབ་བོ། །དེ་སྐད་དུ་ཡང་། འགྲེལ་པའི་སྐབས་གཞན་དུ། གསང་གནས་དང་། ལྟེ་བ་དང་། སྙིང་ཁ་དང་། མགྲིན་པ་དང་། སྨིན་མཚམས་དང་། གཙུག་ཏོར་གྱི་འཁོར་ལོ་རྣམས་དྭངས་མས་རིམ་གྱིས་གང་བ་ན། གོ་རིམ་བཞིན་དུ་ས་གཉིས་དང་། བཞི་དང་། དྲུག་དང་། བརྒྱད་དང་། བཅུ་དང་། བཅུ་གཉིས་རྣམས་ཐོབ་པར་བཤད་ཅིང་། མཆོག་མི་འགྱུར་གྱི་འགྲེལ་པར་ཡང་ཤེས་རབ་ཀྱི་ཆགས་པ་ལས་བྱུང་བ་མི་འགྱུར་བའི་བདེ་བ་ཆེན་པོའི་སྐད་ཅིག་རྣམས་ཀྱིས་དེ་བཞིན་གཤེགས་པའི་ས་འདི་རྣམས་ཐོབ་སྟེ། མི་འཕོ་བའི་སྐད་ཅིག་བརྒྱ་ཕྲག་བཅོ་བརྒྱད་ཐོབ་པས་ས་དང་པོ་ཐོབ་བོ། །གྲངས་འདི་ས་བཅུ་གཉིས་ཀྱི་མཐར་ཐུག་པའོ། །མི་འགྱུར་བའི་སྐད་ཅིག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྣམས་ཀྱིས་ས་བཅུ་གཉིས་ཐོབ་སྟེ། ཡན་ལག་བཅུ་གཉིས་འགགས་འགྱུར་རོ། །ཞེས་བཤད་ཅིང་། ས་བཅུ་གཉིས་པོ་འདི་རྣམས་ཀྱི་མིང་གི་ཐ་སྙད། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། དེ་ཉིད་བཅོམ་ལྡན་རྣལ་འབྱོར་སྟེ། །བྱང་ཆུབ་སེམས་ནི་འོད་གསལ་བ། །ཀུན་ཏུ་འོད་ཀྱི་ས་ཆེན་པོ། །ཉི་མའི་དཀྱིལ་འཁོར་གཟི་བརྗིད་ལྟར། །གཉིས་པ་བདུད་རྩི་འོད་ཅེས་པ། །ཤིན་ཏུ་འོད་བཟང་ཟླ་བ་འདྲ། །གསུམ་པ་ནམ་མཁའ་འོད་ཅེས་པ། །མཁའ་བཞིན་ལེགས་པར་རབ་ཏུ་གནས། །ས་བཞི་པ་ནི་གང་ཡིན་དེ། །རྡོ་རྗེ་འོད་མཐའ་ཡིད་དུ་འོང་། །བསམ་པ་བརྟན་པའི་སྦྱོར་བ་ཡིས། །རྡོ་རྗེ་ཞེས་ནི་རབ་ཏུ་གྲགས། །ལྔ་པ་རིན་ཆེན་འོད་ཅེས་བྱ། །དབང་བསྐུར་བ་ལ་རབ་ཏུ་གནས། །དྲུག་པ་པད་མོ་འཆང་ཞེས་བྱ། །པད་བཞིན་རབ་ཏུ་རྣམ་པར་སྣང་། །རང་བཞིན་དག་པའི་ཆོས་ཉིད་དེ། །དྲི་མ་མེད་ཅིང་ཡོངས་བཟུང་མེད། །བདུན་པ་ལས་ཀྱི་འོད་ཅེས་བྱ། །སངས་རྒྱས་ཕྲིན་ལས་བྱེད་པར་འདོད། །བརྒྱད་པ་དཔེ་མེད་པ་ཞེས་བྱ། །འདི་ལ་དཔེ་ནི་ཡོད་མ་ཡིན། །དགུ་པ་དཔེ་བྲལ་ཞེས་བྱ་སྟེ། །ཐམས་ཅད་དཔེ་ནི་སོ་སོར་རྟོགས། །བཅུ་པ་ཤེས་རབ་འོད་ཅེས་བྱ། །སངས་རྒྱས་ས་ནི་བླ་ན་མེད། །བཅུ་གཅིག་ཐམས་ཅད་མཁྱེན་ཞེས་བྱ། །ས་ཆེན་པོ་ནི་འོད་གསལ་བ། །བཅུ་གཉིས་སོ་སོའི་བདག་ཉིད་རིག །རྣལ་འབྱོར་ཡེ་ཤེས་རབ་རྫོགས་པ། །ས་ཆེན་པོ་ནི་འདི་དག་ལྡན། །སངས་རྒྱས་རྣམས་ནི་དོན་དམ་ལས། །སངས་རྒྱས་རྣམས་དང་སངས་རྒྱས་ཆོས། །རྣལ་འབྱོར་པ་དང་ཡེ་ཤེས་སྤྱོད། །ཅེས་གསུངས་པ་དང་མཐུན་པར་འགྲེལ་པར་ཡང་བཤད་དོ། །འདིར་དྭངས་མས་ལུས་ཁེངས་ཞེས་པའི་དོན་ནི་དཔེར་ན་གསེར་འགྱུར་གྱི་དངུལ་ཆུ་ལྕགས་ལ་བསྐུས་ཏེ་དང་པོར་མེས་བསྲེགས་ཏེ་མི་གཡོ་བར་བཅིངས། དེའི་འོག་ཏུ་ལྕགས་བསྐོལ་བ་ན་ལྕགས་དང་དངུལ་ཆུ་དབྱེར་མེད་དུ་འདྲེས་ཏེ་ལྕགས་ཀྱི་དྲི་མ་དང་དངུལ་ཆུའི་སྔར་གྱི་གནས་སྐབས་གཉིས་ཀ་འགགས་ཏེ་གསེར་དུ་འགྱུར་བ་ལྟར། ཕྱག་རྒྱ་ལ་བསྟེན་ནས་ཁམས་ལུས་ལ་བཅིངས་པ་ན་དྭངས་མ་དང་ལུས་ཀྱི་ཤ་རུས་སོགས་དབྱེར་མེད་དུ་འདྲེས་ནས་སྡུག་བསྔལ་བསྐྱེད་པའི་སྔར་གྱི་ལུས་ཀྱི་གནས་སྐབས་དང་། དྭངས་མའི་གནས་སྐབས་གཉིས་ཀ་འགགས་ནས་ཚོར་བ་བདེ་བའི་རྒྱུར་རོ་གཅིག་པ་ཙམ་ཡིན་གྱི། སངས་རྒྱས་ཀྱི་ས་མ་ཐོབ་ཀྱི་བར་དུ་བེམ་པོའི་ཁམས་མེད་པར་འགྱུར་བ་ནི་མ་ཡིན་ནོ། །དེ་སྐད་དུ་ཡང་། མཆོག་མི་འགྱུར་གྱི་འགྲེལ་པར། གང་གི་ཚེ་ལྕགས་བསྐོལ་བ་རྣམས་དངུལ་ཆུ་དང་ལྷན་ཅིག་ཏུ་གྱུར་པ་དེའི་ཚེ། དངུལ་ཆུས་ཕུག་པའི་ལྕགས་རྣམས་དྲི་མ་མེད་པར་འགྱུར་གྱི་བེམ་པོའི་ཁམས་མེད་པ་ནི་མ་ཡིན་པ་བཞིན་ནོ། །ཕན་ཚུན་ཡང་དག་པར་ལྡན་པ་དེའི་ཕྱིར། ཁམས་རྣམས་ནི་ཁམས་ཉིད་དུ་མེད་ཅིང་། དངུལ་ཆུ་ཡང་དངུལ་ཆུ་ཉིད་དུ་མེད་དེ། སྔར་གྱི་རང་བཞིན་ཡོངས་སུ་བཏང་བའི་ཕྱིར་རོ། །དེ་བཞིན་དུ་སེམས་དང་ལྷན་ཅིག་གཅིག་ཏུ་གྱུར་པའི་ལུས་ཀྱི་ཁམས་རྣམས་ལ་ཁམས་ཉིད་མེད་ཅིང་སེམས་ལ་སེམས་ཉིད་མེད་དེ། སྔར་གྱི་འཁོར་བའི་བག་ཆགས་མེད་པའི་ཕྱིར་རོ་ཞེས་བཤད་དོ། །

སྤྱི་དོན་གཉིས་པ་བསྡུ་བ་ལ་གཉིས་ཀྱི། སྐུ་རྡོ་རྗེ་ལ་སོགས་པའི་སྒྲུབ་ཐོབ་ཀྱི་དབང་དུ་བྱས་ཏེ་རྡོ་རྗེ་གསུམ་དུ་བསྡུ་བ་ནི་སོར་སྡུད་བསམ་གཏན་ནི་སྐུ་རྡོ་རྗེ་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་སྐུ་རྡོ་རྗེའོ། །སྲོག་རྩོལ་འཛིན་པ་གཉིས་ནི། གསུང་རྡོ་རྗེ་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་གསུང་རྡོ་རྗེའོ། །རྗེས་དྲན་དང་ཏིང་ངེ་འཛིན་གཉིས་ནི། ཐུགས་རྡོ་རྗེ་སྒྲུབ་བྱེད་ཀྱི་རྣལ་འབྱོར་ཡིན་པའི་ཕྱིར་ཐུགས་རྡོ་རྗེའོ། །ཡེ་ཤེས་ཀྱི་སྐུ་སྒྲུབ་ཐབས་ཀྱི་དབང་དུ་བྱས་ན་བསྙེན་སྒྲུབ་བཞིར་དབྱེ་བ་ནི། སོར་སྡུད་བསམ་གཏན་གཉིས་ནི་བསྙེན་པའི་ཡན་ལག་གོ །སྲོག་རྩོལ་འཛིན་པ་གཉིས་ནི་ཉེ་བར་སྒྲུབ་པའི་ཡན་ལག་གོ །རྗེས་དྲན་ནི་སྒྲུབ་པའི་ཡན་ལག་གོ །ཏིང་ངེ་འཛིན་ནི་སྒྲུབ་པ་ཆེན་པོའོ། །དེ་སྐད་དུ་ཡང་སྒྲུབ་ལེར། བསྙེན་པ་ལ་ནི་དང་པོའི་རྣལ་འབྱོར་རྣམ་བཅུ་མཁའ་ལ་འཁོར་ལོ་ཅན་གྱི་ཁྲོ་བོའི་ལྟ་བས་སོ། །བགེགས་མཐར་བྱེད་པའི་ལྟ་བ་བདུད་རྩིའི་ལམ་དུ་སོན་པ་ཡིས་ཀྱང་ཉེ་བའི་སྒྲུབ་པ་ཡན་ལག་དྲུག །ཤེས་རབ་ལ་སྤྲོས་ཟླ་བ་ཐིག་ལེ་རྡོ་རྗེ་ནོར་བུར་གནས་པའི་འགྱུར་མེད་གསུམ་ནི་སྒྲུབ་པ་ལ། །བདེ་བ་མ་ཉམས་གཅིག་པུ་ཞི་བ་ལྷན་སྐྱེས་ཡེ་ཤེས་རྣལ་འབྱོར་འདི་ནི་སྒྲུབ་པ་ཆེན་པོ་ལ། །ཞེས་བཤད་དོ། །ཐབས་ཀྱི་རྒྱུད་བཤད་ཟིན་ཏོ། །

ད་ནི་འབྲས་བུའི་རྒྱུད་བཤད་པར་བྱའོ། །འབྲས་བུའི་རྒྱུད་ནི་སྒྲིབ་པ་ཐམས་ཅད་དང་བྲལ་བའི་རྡོ་རྗེའི་སྐུ་ཡིན་ལ། དེ་ཡང་གང་ལ་བརྟེན་ནས་ཐོབ་པའི་རྒྱུ་དང་། གང་གི་ཚེ་ཐོབ་པའི་དུས་དང་། ཐོབ་པའི་ངོ་བོ་གང་ཡིན་པ་དང་། སྐུ་དང་ཡོན་ཏན་གྱི་དབྱེ་བ་དང་། དུས་ཇི་སྲིད་དུ་བཞུགས་ཚུལ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་གང་ལ་བརྟེན་ནས་ཐོབ་པའི་རྒྱུ་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ཡིན་ཏེ། མཆོག་མི་འགྱུར་གྱི་འགྲེལ་པར། བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མི་ཤེས། །ཚོགས་གཉིས་ཚོགས་ནི་བསག་པ་པོ། །ཞེས་པ་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་དེའི་ཕྱིར། བསོད་ནམས་དང་ཡེ་ཤེས་ཀྱིས་དམན་པ་ནི། རྣམ་པར་རྟོག་པའི་གཟུགས་བསྒོམ་པ་གོམས་པའི་དབང་གིས་སངས་རྒྱས་སུ་མི་འགྱུར་རོ། །ཞེས་ཚོགས་གཉིས་ཀྱིས་དམན་པས་སངས་རྒྱས་མི་འགྲུབ་པར་བཤད་པའི་ཕྱིར་རོ། །ཚོགས་གཉིས་ནི། སེམས་ཅན་ལ་ཕན་པ་ལས་མ་གཏོགས་པའི་བསོད་ནམས་ཀྱི་ཚོགས་དང་། མཆོག་ཏུ་མི་འགྱུར་བའི་བདེ་བ་ལས་མ་གཏོགས་པའི་ཡེ་ཤེས་ཀྱི་ཚོགས་མེད་དོ། །ཞེས་འགྲེལ་པའི་སྐབས་གཞན་དུ་བཤད་པའི་ཕྱིར། བསོད་ནམས་ཀྱི་ཚོགས་ནི་བསམ་པ་ཕུན་ཚོགས་ཚད་མེད་བཞི་དང་། སྦྱོར་བ་ཕུན་ཚོགས་ཐུན་མོང་བ་བསྡུ་བའི་དངོས་པོ་བཞི་དང་། ཐུན་མོང་མ་ཡིན་པ་ཕྲིན་ལས་བཞི་དང་། གྲུབ་པ་བརྒྱད་ཀྱི་སྒོ་ནས་སེམས་ཅན་ལ་ཕན་འདོགས་པའོ། །ཡེ་ཤེས་ཀྱི་ཚོགས་ནི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་ཡོངས་སུ་རྫོགས་པའོ། །དེ་ལྟ་བུའི་ཚོགས་གཉིས་ལས་རྡོ་རྗེའི་སྐུ་འཁྲུངས་པ་ཡིན་གྱི། རྒྱུ་རྐྱེན་གྱིས་མ་བསྐྱེད་པའི་རྟག་པ་རང་བྱུང་གི་སངས་རྒྱས་ཀྱང་མ་ཡིན་ལ། བསྐྱེད་རིམ་སོགས་བསོད་ནམས་ཀྱི་ཚོགས་ཀྱི་སྤྲོས་པ་དོར་ནས། རྫོགས་རིམ་མི་རྟོག་པ་འབའ་ཞིག་བསྒོམས་པ་ལས་བྱུང་བ་ཡང་མ་ཡིན་ནོ། །འདིར་ཕྱག་རྒྱ་ཆེན་པོ་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཉིད་ཀྱི་གཟུགས་དང་། རྡོ་རྗེའི་སྐུ་སྐྱེ་འཇིགས་མེད་པར་སྐབས་འགར་བཤད་པ་ནི། ལམ་གྱི་སྐབས་སུ་སྟོང་པ་ཉིད་ཀྱི་གཟུགས་རྨི་ལམ་དང་སྒྱུ་མ་ལ་སོགས་པ་ལྟར་རང་བཞིན་མེད་པས། རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྐྱེ་འཇིག་བདེན་པ་མེད་པ་ལ་དགོངས་ཤིང་། འབྲས་བུའི་སྐབས་སུ་རྡོ་རྗེའི་སྐུ་དེ་ཉིད་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་ནས་འཁོར་བའི་གནས་ལྟར་རྣམ་པར་ཆད་པའི་འཆི་འཕོ་དང་། སྐྱེ་བའི་མཚན་ཉིད་ཅན་གྱི་སྐྱེ་འཇིག་མེད་པ་དང་། སྐྱེ་བ་དང་འཇིག་པའི་རྣམ་པར་རྟོག་པ་མ་ལུས་པ་སྤངས་པ་ལ་དགོངས་ནས། སྐྱེ་འཇིག་མེད་པར་བསྟན་གྱི། མུ་སྟེགས་ཀྱི་བདག་ལྟར་རྒྱུ་རྐྱེན་ལས་མ་སྐྱེས་པའི་རྟག་བརྟན་དུ་སྟོན་པ་ནི་མ་ཡིན་ནོ། །གང་གི་ཚེ་ཐོབ་པའི་དུས་ལ་གཉིས་ཏེ། ནང་གི་དུས་དང་། ཕྱི་རོལ་གྱི་དུས་སོ། །དེ་ལ་ནང་གི་དུས་ནི། གང་གི་ཚེ་གཙུག་ཏོར་མན་ཆད་ཁམས་ཀྱི་དྭངས་མས་ཁེངས་ཤིང་། རླུང་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་མ་ལུས་པར་འགགས། མཆོག་ཏུ་མི་འགྱུར་བའི་བདེ་བ་དེ་སྙེད་ཅིག་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་རྣལ་འབྱོར་པ་སྐད་ཅིག་གཅིག་གིས་མངོན་པར་བྱང་ཆུབ་པ་དང། རྣམ་པར་ཉི་ཤུས་མངོན་པར་བྱང་ཆུབ་པ་དང་། སྒྱུ་འཕྲུལ་དྲ་བས་མངོན་པར་བྱང་ཆུབ་པ་སྟེ། ཡེ་ཤེས་ལེའུར། ཟླ་བ་ཉི་མའི་རྒྱུ་བ་ཉམས་ཤིང་ལམ་ནི་གཉི་ཀ་ཡི་ཡང་སྲོག་གི་རླུང་ནི་ཆེན་པོར་འགགས། །ཆུ་སྐྱེས་རྡོ་རྗེ་རབ་ཏུ་སད་ཅིང་རི་བོང་ཅན་ཞུ་ཉི་མའི་གཟུགས་ཆེན་ལ་ནི་རབ་ཏུ་ཞུགས། །དངོས་དང་དངོས་མེད་གཅིག་འགྱུར་རྣམ་གསུམ་སྲིད་པར་གནས་པའི་གཞོམ་མེད་ལགས་པར་རབ་ཏུ་རྟོགས་གྱུར་པ། །དེ་ཡི་དུས་སུ་རྣལ་འབྱོར་པ་དེ་གང་ལ་གཉིས་ནི་ཅུང་ཟད་མེད་པ་མཆོག་གི་གོ་འཕང་འགྲོ། །ཞེས་བཤད་དོ། །

ཕྱི་རོལ་གྱི་དུས་ནི། གང་གི་ཚེ་ཟླ་བའི་དཀར་ཕྱོགས་ཀྱི་ཚེས་བཅོ་ལྔ་རྫོགས་ཤིང་། ནག་ཕྱོགས་ཀྱི་ཚེས་གཅིག་ལ་མ་ཞུགས་པའི་ཟླ་བ་ཆ་བཅུ་དྲུག་པའི་དུས་ཐོ་རངས་སམ། ནམ་ཕྱེད་ནི་མཆོག་ཐོབ་པའི་དུས་ཡིན་ལ། དེའི་ཚེ་རིགས་ལྔ་དང་ཡུམ་བཞི་དང་། བྱང་ཆུས་སེམས་དཔའ་བརྒྱད་དང་། ཁྲོ་བོ་བཅུ་ལ་སོགས་པས་ནམ་མཁའི་ཁམས་ཡོངས་སུ་གང་སྟེ། རྣལ་འབྱོར་པའི་ཡོན་ཏན་གྱི་བསྔགས་པ་བརྗོད་པ་དང་། ས་གཞི་ལའང་རིན་པོ་ཆེ་དང་མེ་ཏོག་ལ་སོགས་པའི་ཆར་འབབ་པར་འགྱུར་ཏེ། ཡང་དེ་ཉིད་ལས། ཁྲོ་བོ་སངས་རྒྱས་དང་བཅས་ངེས་པར་རོ་ཡི་རྡོ་རྗེ་རྣམས་དང་ས་ཡི་སྙིང་པོ་སོགས། །རབ་ཏུ་དགའ་བའི་ཐུགས་རྣམས་རྣལ་འབྱོར་པ་ལ་གྲུབ་པའི་དུས་སུ་ནམ་མཁའ་ལ་ནི་མངོན་སུམ་འགྱུར། །དེ་ཡི་འདོད་པའི་དངོས་གྲུབ་རི་བོང་ཅན་གྱི་ཞག་གི་ཐོ་རངས་དང་ནི་མཚན་མོ་ཕྱེད་ལ་འགྱུར། །རིན་པོ་ཆེའམ་མེ་ཏོག་ཆར་ནི་མཆོག་གྱུར་དུས་ཀྱི་སྦྱོར་བས་ས་ཡི་སྟེང་དུ་འབབ་པར་འགྱུར། །ཞེས་བཤད་དོ། །

གསུམ་པ་ཐོབ་པའི་ངོ་བོ་གང་ཡིན་པ་ནི། གང་གི་ཚེ་རླུང་མ་ལུས་པར་འགགས་ཤིང་མཆོག་ཏུ་མི་འགྱུར་བའི་བདེ་བ་མ་ལུས་པ་ཡོངས་སུ་རྫོགས་པ་དེའི་ཚེ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་རྩ་བ། མ་རིག་པའི་ངོ་བོ་འཕོ་བའི་བག་ཆགས་དང་། གནས་སྐབས་རིགས་བཞིའི་སྒྲིབ་པ་ཐམས་ཅད་སྤངས་པས་གློ་བུར་དྲི་མས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་མ་ལུས་པ་འགག་ཤིང་དྲི་མ་དང་བཅས་པའི་དེ་བཞིན་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པའི་ངོ་བོར་གནས་གྱུར་པ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ནི། འབྲས་བུའི་རྒྱུད་རྡོ་རྗེའི་སྐུའི་ངོ་བོ་ཡིན་ནོ། །དེ་ལྟར་ཡང་མཆོག་མི་འགྱུར་གྱི་འགྲེལ་པར། འདིར་ཆགས་པ་ནི་སྐྱེ་བའི་དུས་དང་། འཕོ་བ་ནི་འགག་པའི་དུས་ཏེ། དེ་དག་སྙོམས་པར་ཞུགས་པ་ནི་མི་འགྱུར་བའི་དུས་སོ། །དེའི་འཁོར་ལོ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་སྟེ། ཕུང་པོ་ཁམས་དང་སྐྱེ་མཆེད་སྒྲིབ་པ་མེད་པ་ནི་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཆེན་པོ་ཞེས་བརྗོད་དོ། །ཞེས་བཤད་དོ། །རྡོ་རྗེའི་སྐུ་འདི་ཡང་ཁྱད་པར་གསུམ་དང་ལྡན་ཏེ། སྐུ་དང་གསུང་དང་ཐུགས་ཀྱི་ཁྱད་པར་རོ། །དེ་ལ་སྐུའི་ཁྱད་པར་ནི། སད་པའི་གནས་སྐབས་ཀྱི་སྒྲིབ་པ་མ་ལུས་པར་སྤངས་པས་རྡུལ་ཕྲ་རབ་ཀྱི་ཆོས་ཉམས་ཤིང་ནམ་མཁའ་ལྟར་དྭངས་ཤིང་ཐོགས་པ་མེད་པ་མེ་ལོང་ལ་པྲ་ཕབ་པ་ལྟ་བུའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སྐུ་མངའ་བའོ། །གསུང་གི་ཁྱད་པར་ནི། རྨི་ལམ་གྱི་གནས་སྐབས་ཀྱི་སྒྲིབ་པ་མ་ལུས་པར་སྤངས་པས་གདུལ་བྱའི་བསམ་པ་ཇི་ལྟ་བ་བཞིན་དུ་རང་རང་གི་སྐད་ཀྱིས་ཆོས་སྟོན་པ་གཞོམ་དུ་མེད་པའི་སྒྲ། སྒྲ་བརྙན་ལྟ་བུ་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པའོ། །ཐུགས་ཀྱི་ཁྱད་པར་ནི་གཉིས་ཏེ། ཤེས་བྱའི་རྣམ་པ་ཇི་ལྟ་བ་མཁྱེན་པ་དང་། ཟག་པ་མེད་པའི་བདེ་བས་རྒྱུད་ཡོངས་སུ་གང་བའོ། །དང་པོ་ནི། ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཀྱི་སྒྲིབ་པ་མ་ལུས་པ་སྤངས་པས། གློ་བུར་གྱི་དྲི་མས་བསྡུས་པའི་དུས་གསུམ་དང་སྲིད་པ་གསུམ་འགགས་ཀྱང་དེ་དག་དང་ཆ་འདྲ་བའི་སྒྲིབ་བྲལ་གྱི་དུས་གསུམ་དང་སྲིད་པ་གསུམ་གྱི་ཤེས་བྱའི་རྣམ་པ་མེ་ལོང་ལ་པྲ་ཕབ་པ་ལྟ་བུ་དང་། རྨི་ལམ་དང་སྒྱུ་མ་ལྟ་བུ་ཅིག་ཆར་མཁྱེན་པའོ། །ཟག་པ་མེད་པའི་བདེ་བས་རྒྱུད་གང་བ་ནི། བཞི་པའི་གནས་སྐབས་ཀྱི་སྒྲུབ་པ་མ་ལུས་པར་སྤངས་པས། རང་གི་ཕྱག་རྒྱ་ཆེན་མོ་སྒྱུ་མ་ལྟ་བུས་འཁྱུད་པ་ལས་བྱུང་བའི་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་ལས་ནམ་ཡང་གཡོ་བ་མེད་པའོ། །དེ་སྐད་དུའང་ཡེ་ཤེས་ལེའུར། ལུས་ནི་དྭངས་ཤིང་རྡུལ་ཕྲན་ཉམས་པ་ནམ་མཁའ་དང་མཚུངས་མཚན་ལ་སོགས་པ་རྣམས་ཀྱིས་རབ་རྫོགས་འགྱུར། །སྣ་ཚོགས་འཇིག་རྟེན་གསུམ་པ་ཉིད་ནི་དྭངས་ཤིང་སྒྲིབ་པ་རྣམ་པར་བྲལ་བ་རྨི་ལམ་བཞིན་དུ་སྣང་། །སྐད་ནི་ཀུན་ནས་ཆད་པ་མེད་ཅིང་དུ་མའི་སྐད་གཞན་དག་གིས་གཞན་གྱི་སྙིང་ལ་འཇུག་པ་སྟེ། །སེམས་ནི་དམ་པའི་བདེ་བས་གང་ཞིང་མི་གཡོ་ཐམས་ཅད་དུས་སུ་ལྷན་ཅིག་སྐྱེས་པས་འཁྱུད་པའོ། །ཞེས་བཤད་དོ། །བཞི་པ་སྐུ་དང་ཡོན་ཏན་གྱི་དབྱེ་བ་ལ་གཉིས། སྐུའི་དབྱེ་བ་དང་། ཡོན་ཏན་གྱི་དབྱེ་བའོ། །དང་པོ་ལ་ཡང་གཉིས། རང་སྣང་དོན་དམ་པའི་སྐུ་དང་། གཞན་སྣང་ཀུན་རྫོབ་བརྡའི་སྐུའོ། །དང་པོ་ནི། གོང་དུ་བཤད་པའི་རྡོ་རྗེའི་སྐུ་དེ་ཉིད་ལྡོག་པའི་ཆར་ཕྱེ་ན་སྐུ་བཞིར་འགྱུར་ཏེ། ལྷན་ཅིག་སྐྱེས་པའི་སྐུ་དང་། ཆོས་ཀྱི་སྐུ་དང་། སྤྲུལ་པའི་སྐུ་དང་། ལོངས་སྤྱོད་རྫོགས་པའི་སྐུའོ། །

དེ་དག་ཀྱང་དང་པོ་ནི། རང་དོན་ཕུན་སུམ་ཚོགས་པ་ཡིན་ལ། ཕྱི་མ་གསུམ་ནི་གཞན་དོན་ཕུན་ཚོགས་སོ། །དེ་ལ་རང་དོན་ལྷན་ཅིག་སྐྱེས་པའི་སྐུ་ནི། ལྟེ་བར་བཞི་པའི་གནས་སྐབས་ཟད་པ་ལས་བྱུང་བ་རྒྱུ་མཐུན་གྱི་འབྲས་བུ་ཝཾ་ཡིག་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། ཨེ་ཡིག་རྣམ་པ་ཐམས་ཅད་ཀྱི་སྟོང་པ་ཟུང་དུ་ཆུད་པའི་རྡོ་རྗེ་སེམས་དཔའོ། །གཞན་དོན་ཕུན་སུམ་ཚོགས་པ་ལ་ཡང་གསུམ་སྟེ། གང་གིས་གཞན་དོན་བྱེད་པ་པོའི་ཆོས་ཀྱི་སྐུ་ནི། དེ་ཡང་སྙིང་ཁར་ཤིན་ཏུ་གཉིད་ལོག་པའི་གནས་སྐབས་ཟད་པ་ལས་བྱུང་བ་རྣམ་སྨིན་གྱི་འབྲས་བུ་ཤེས་བྱའི་རྣམ་པ་ཇི་ལྟ་བ་དང་། ཇི་སྙེད་པ་མངོན་སུམ་དུ་མཁྱེན་པའི་ཡེ་ཤེས་སོ། །གང་ལ་བརྟེན་ནས་གཞན་དོན་བྱེད་པའི་རྟེན་ནི་སྤྲུལ་པའི་སྐུ་སྟེ། དེ་ཡང་དཔྲལ་བར་སད་པའི་གནས་སྐབས་ལས་བྱུང་བ་དྲི་མ་མེད་པའི་འབྲས་བུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་བརྒྱན་པའི་སྐུ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་ནང་དུ་པྲ་ཕབ་པ་ལྟ་བུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་མིག་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ། །ཐབས་གང་གིས་གཞན་དོན་བྱེད་པའི་ཐབས་ནི། ལོངས་སྤྱོད་རྫོགས་པའི་སྐུ་སྟེ། དེ་ཡང་མགྲིན་པར་རྨི་ལམ་གྱི་གནས་སྐབས་ཟད་པ་ལས་བྱུང་བ་སྐྱེས་བུ་བྱེད་པའི་འབྲས་བུ་གདུལ་བྱའི་བསམ་པ་དང་མཐུན་པར་ཆོས་སྟོན་པའི་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་གཞོམ་དུ་མེད་པའི་སྒྲ་བརྙན་ལྟ་བུ་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྷའི་རྣ་བ་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ། །དེ་དག་ཀྱང་ཡེ་ཤེས་ལེའུར། ཤེས་རབ་མ་ཡིན་ཐབས་ཀྱང་མིན་པ་འདི་ནི་ལྷན་ཅིག་སྐྱེས་པའི་སྐུ་སྟེ་ཆོས་ཀྱི་སྐུར་གྱུར་པ། །ཤེས་རབ་ཐབས་ཀྱི་རང་བཞིན་ངེས་པར་མུན་པ་དང་བྲལ་ཡེ་ཤེས་དང་ནི་རྣམ་ཤེས་དབྱེ་བ་ལས། །འདི་ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་སྒྲ་བརྙན་ལྟ་བུ་སེམས་ཅན་དུ་མའི་དོན་ནི་བྱེད་པ་པོ། །སེམས་ཅན་རྣམས་ནི་སྨིན་པའི་སླད་དུ་སླར་ཡང་འདི་ནི་སངས་རྒྱས་རྣམས་ཀྱི་སྤྲུལ་པའི་སྐུ་རུ་འགྱུར། །ཞེས་བཤད་དོ། །

དེ་ལ་སྐུ་དང་པོ་གཉིས་ནི། སངས་རྒྱས་རྣམས་ཀྱི་སོ་སོ་རང་རིག་པའི་སྤྱོད་ཡུལ་ཡིན་པས། མཐར་ཕྱིན་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་སྤྱོད་ཡུལ་ཡིན་ནོ། །སྐུ་ཐ་མ་གཉིས་ནི། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་གཞན་རིག་གི་ཚུལ་དུ་སྣང་བ། ས་བདུན་པ་མན་ཆད་ཀྱི་གདུལ་བྱ་རྣམས་ཀྱི་རྣམ་པ་ཐམས་ཅད་དུ་སྤྱོད་ཡུལ་ཡིན་ནོ། །དེ་ལྟ་བུའི་སྐུ་བཞིའི་བདག་ཉིད་ཅན་གྱི་རྡོ་རྗེའི་སྐུ་དེ་ཡང་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་དོན་དམ་པ་ཡིན་ཡང་། ཡོད་པ་དང་མེད་པ་དང་རྟག་པ་དང་ཆད་པ་ལ་སོགས་པའི་མཐའ་ཐམས་ཅད་དང་བྲལ་བ་ཡིན་ཏེ། དེ་སྐད་དུ་ཡང་འགྲེལ་པར། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །བདེ་བ་སྐུ་ལ་ཕྱག་འཚལ་ལོ། །ཞེས་དང་། ཕྱག་རྒྱ་ཆེན་པོ་མི་འགྱུར་བདེ། །གཟུང་དང་འཛིན་པ་དབྱིབས་དག་དང་། །རྟོག་དང་བརྗོད་པ་རྣམ་པར་སྤངས། །དྲི་ཟའི་གྲོང་ཁྱེར་རྣམ་པ་དང་། །པྲ་ཕབ་པ་ཡི་རང་བཞིན་ཅན། །ཤེས་རབ་ཐབས་ཀྱི་བདག་ཉིད་སྦྱོར། །ཨེ་ཝཾ་ཡི་གེ་དེ་ལ་འདུད། ། ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །པྲ་ཕབ་པ་ཡི་རང་བཞིན་ཅན། །རྣམ་པ་ཀུན་གྱི་མཆོག་ལྡན་མ། །ཕྱག་རྒྱ་ཆེན་མོ་དེ་ལ་འདུད། །ཅེས་སོགས་ཀྱིས་ལན་ཅིག་མ་ཡིན་པར་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དང་པྲ་ཕབ་པ་ལྟ་བུར་རང་བཞིན་མེད་པར་བསྟན་པའི་ཕྱིར་རོ། །དེ་ལྟ་ན་ཡང་གང་དག་དཔེ་དེ་དག་གིས་བསྟན་པའི་རྡོ་རྗེའི་སྐུ་ལ་ཡང་། དོན་དམ་པར་ཡོད་པ་དང་རྟག་པ་ལ་སོགས་པའི་མཐར་ཞེན་ནས་རང་གཞན་ལྟ་བ་ངན་པའི་ལྕགས་སྒྲོག་གིས་འཆིང་བར་བྱེད་པ་ནི། བྱིས་པ་བརྡ་ལ་མ་བྱང་པ་གཟུགས་བརྙན་ལ་མངོན་པར་ཞེན་པ་ལྟར་ཤིན་ཏུ་བླུན་པ་སྟེ། སྒྱུ་མ་དང་རྨི་ལམ་དང་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་རྣམས་ནི། འཇིག་རྟེན་གྱི་སྐྱེ་བོ་གནག་རྫིའི་བར་ལ་ཡང་རང་བཞིན་མེད་པ་དང་། བརྫུན་པའི་དཔེར་ཆེས་ཤིན་ཏུ་གྲགས་པའི་ཕྱིར་རོ། །འདིར་སྨྲས་པ། ཐར་པའི་ས་བོན་དགེ་ལེགས་ཀུན་གྱི་གཞི། །ཡང་དག་ལྟ་བའི་ནོར་མཆོག་འཕྲོག་བྱེད་ཅིང་། །ཐར་པའི་སྲོག་རྩ་གཅོད་པར་བྱེད་པ་ཡི། །ལྟ་ངན་ལས་ལྷག་འཕུང་བྱེད་དགྲ་གཞན་མེད། །གཞན་སྣང་ཀུན་རྫོབ་བརྡའི་སྐུ་ནི། ས་བདུན་པ་མན་ཆད་ཀྱི་བྱང་ཆུབ་སེམས་དཔའ་དང་། ཉན་རང་སོ་སོ་སྐྱེ་བོ་ལས་དག་པ་རྣམས་ལ་སངས་རྒྱས་ཀྱི་སྐུ་དང་གསུང་གི་རྣམ་པར་སྣང་ཞིང་། སྐུ་དང་གསུང་གི་ཕྲིན་ལས་མཛད་པ་སྟེ། དེ་དག་ཀྱང་འདུལ་བྱའི་སེམས་སྣང་ཡིན་གྱི་ཡང་དག་པ་མ་ཡིན་པའི་ཕྱིར། ཀུན་རྫོབ་བརྡའི་སྐུ་ཞེས་བྱའོ། །

དེ་ལ་ཡང་གཉིས་ཏེ་སྤྲུལ་པའི་སྐུ་དང་ལོངས་སྤྱོད་རྫོགས་པའི་སྐུའོ། །དང་པོ་ནི། དཔེར་ན་ནམ་མཁར་ཟླ་བ་ཤར་བའི་དབང་གིས་ཆུ་དྭངས་པར་ཟླ་བའི་གཟུགས་བརྙན་འཆར་བ་ལྟར་དོན་དམ་པའི་སྤྲུལ་སྐུའི་དབང་གིས་གདུལ་བྱ་ལས་དག་པ་རྣམས་ལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པའི་སངས་རྒྱས་ཀྱི་སྐུར་སྣང་བའོ། །དེ་ལ་ཡང་སྤྲུལ་སྐུ་མཆོག་དང་མཆོག་མ་ཡིན་པ་གཉིས་ཀྱི་དང་པོ་ནི། རྡོ་རྗེ་ཐེག་པས་འདུལ་བའི་གདུལ་བྱ་རྣམས་ལ། ཧེ་རུ་ཀ་དང་རྣམ་པར་སྣང་མཛད་ལ་སོགས་པ་རིགས་ལྔའི་རྣམ་པར་སྣང་བ་སྟེ། ཡེ་ཤེས་ལེའུར། རྡོ་རྗེ་སེམས་དཔའ་གཅིག་པུ་འདི་ནི་དུས་མཐའི་སྤྲིན་དང་མཚུངས་པ་ཧེ་རུ་ཀར་ནི་འབྱུང་བར་འགྱུར། །གདུག་པ་རྣམས་ནི་སྨིན་པའི་དོན་ཏེ་དེ་ཡང་དམ་ཚིག་རྒྱལ་བ་རྨོངས་པ་རྣམས་ནི་བདེ་བའི་དོན། །རིན་ཆེན་དབང་པོ་སྡུག་བསྔལ་ལྡན་པ་རྣམས་ཀྱི་དེ་ཡང་པད་འཛིན་ཆགས་ཅན་རྣམས་ཀྱི་ཆགས་པའི་སླད། ། བགེགས་རྣམས་དག་ནི་གཞོམ་པའི་དོན་དུ་ཕྱག་ན་པད་མ་རལ་གྲི་དོན་ཡོད་གྲུབ་པ་འབྱུང་བར་འགྱུར། །ཞེས་བཤད་དོ། །སྤྲུལ་སྐུ་མཆོག་མ་ཡིན་པ་ནི། མཛད་པ་བཅུ་གཉིས་ཀྱི་སྒོ་ནས་ཆགས་བྲལ་གྱི་འདུལ་བྱ་རྣམས་ཀྱི་དོན་མཛད་པ་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་ལྟ་བུ་སྟེ། ཡང་དེ་ཉིད་ལས། སངས་རྒྱས་རྣམས་ཀྱིའང་རྟོགས་བྱ་མིན་པ་དཔག་མེད་ཡོན་ཏན་དང་ལྡན་སངས་རྒྱས་སྤྲུལ་པ་སྒྱུ་མ་ནི། །སྲིད་པ་གསུམ་གྱི་གནས་སུ་བདག་ཉིད་སྟོན་པར་བྱེད་དེ་བརྒྱ་བྱིན་གཞུ་ནི་ཇི་བཞིན་ཉིད་དུའོ། །སྣ་ཚོགས་དངོས་རྣམས་ཀྱིས་ཕྱེ་རྒྱལ་བ་དང་བཅས་ལྷ་མི་རང་རང་སེམས་ལ་རབ་ཞུགས་པ། །འདི་ནི་མ་སྐྱེས་ཆོས་ཏེ་ཆུ་ལ་ནམ་མཁའ་བཞིན་དུ་འདིར་ནི་སྐྱེ་བར་འཁྲུལ་པ་སྟེར་བའོ། །ཞེས་བཤད་དོ། །ལོངས་སྤྱོད་རྫོགས་པའི་སྐུ་ནི། དོན་དམ་པའི་ལོངས་སྐུའི་དབང་གིས་ལྷ་ལ་སོགས་པའི་འགྲོ་བ་རྣམས་ལ། རང་རང་གི་སྐད་ཀྱིས་ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་སངས་རྒྱས་ཀྱི་གསུང་རྣམ་པ་ཐམས་ཅད་པའོ། །ཡང་དེ་ཉིད་ལས། དུད་འགྲོ་ཡི་དྭགས་ལྷ་མི་རྣམས་དང་ལྟོ་འཕྱེ་ལྷ་དང་མི་ནི་འཕགས་པ་བོད་ལ་སོགས་རྣམས་ལ། །བྱུང་དང་འབྱུང་འགྱུར་ད་ལྟ་བྱུང་བ་རྣམ་པ་གསུམ་དང་རྟག་ཏུ་བདེན་པའི་ཆོས་ནི་གསུང་བྱེད་ཅིང་། །རང་རང་སྐད་གཞན་དག་གི་སྲིད་པ་གསུམ་པོ་མ་ཚང་མེད་པ་ལམ་ལ་ཡང་དག་འགོད་བྱེད་པ། །འདི་ནི་བདེ་མཉམ་འབྲས་བུ་སྟེར་བ་ཐམས་ཅད་མཁྱེན་པའི་གསུང་སྟེ་ལྷ་ཡི་སྐད་ཀྱང་མ་ཡིན་ནོ། །ཞེས་བཤད་དོ། །

ལོངས་སྐུ་དེ་ལྟ་བུ་ལ་ཡང་མཆོག་དང་མཆོག་མ་ཡིན་པ་གཉིས་ཀྱི་དང་པོ་ནི། རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོའོ། །གཉིས་པ་ནི། ཐེག་པ་ཐུན་མོང་གི་ཆོས་ཀྱི་འཁོར་ལོའོ། །ཡོན་ཏན་གྱི་དབྱེ་བ་ལ་ཡང་གསུམ་སྟེ། ཆོས་སྐུ་དང་སྤྲུལ་སྐུ་དང་། ལོངས་སྐུའི་ཡོན་ཏན་ནོ། །དེ་ལ་ཆོས་སྐུའི་ཡོན་ཏན་ནི། སྟོབས་བཅུ་དང་། མི་འཇིགས་པ་བཞི་དང་། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ལ་སོགས་པ་ཞི་གནས་དང་ལྷག་མཐོང་གིས་བསྡུས་པའི་རྟོགས་པའི་ཡོན་ཏན་ཇི་སྙེད་པ་རྣམས་སོ། །དེ་དག་གི་ལུང་ནི་འདིར་མ་བྲིས་སོ། །སྤྲུལ་སྐུའི་ཡོན་ཏན་ནི། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་རྣམས་ཏེ། དེ་ཡང་འགྲེལ་པར། གཟུགས་ཀྱི་རང་བཞིན་སངས་རྒྱས་ཀྱི་སྐུ་གཟུགས་སྤྲུལ་པའི་སྐུ་སྟེ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ལྡན་པའོ། །ཞེས་སོགས་ཀྱིས་མཚན་རྣམས་རྒྱས་པར་བཤད་ནས་དེ་ལྟར་ཞབས་ཀྱི་མཐིལ་ནས་བརྩམས་ནས་གཙུག་ཏོར་གྱི་མཐར་ཐུག་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། ཆོས་ཡང་དག་པར་བསྡུད་པའི་མདོ་ལས་གསུངས་ཏེ། ཞེས་བཤད་དོ། །མཚན་དཔེ་འདི་རྣམས་དོན་དམ་པའི་སྤྲུལ་སྐུ་ལ་དངོས་སུ་ལྡན་ལ། ཀུན་རྫོབ་ཀྱི་སྤྲུལ་སྐུ་ལ་གཟུགས་བརྙན་ཀྱི་ཚུལ་དུ་ལྡན་ནོ། །ལོངས་སྐུའི་ཡོན་ཏན་ནི། གསུང་དབྱངས་ཡན་ལག་དྲུག་ཅུ་ཡིན་ལ། དེ་དག་ཀྱང་དོན་དམ་པའི་ལོངས་སྐུ་ལ་དངོས་སུ་ལྡན་ཞིང་། ཀུན་རྫོབ་ཀྱི་ལོངས་སྐུ་ལ་གཟུགས་བརྙན་གྱི་ཚུལ་དུ་ལྡན་ནོ། །རྡོ་རྗེའི་སྐུ་དུས་ཇི་སྲིད་དུ་བཞུགས་པའི་དུས་ནི། གང་གི་ཚེ་འཇིག་རྟེན་གྱི་ཁམས་འཇིག་པའི་ཚེ་སའི་ཁམས་རགས་པ་རྣམས་ཕྱེ་ནས་རྡུལ་ཕྲན་རྣམས་ཆུའི་ཁམས་ལ་འཇུག ཚུལ་དེས་ཆུའི་ཁམས་ཀྱང་མེ་དང་། མེའི་ཁམས་ཀྱང་རླུང་དང་། རླུང་གི་ཁམས་སྟོང་པ་ལ་ཞུགས་ནས་སྣོད་ཀྱི་འཇིག་རྟེན་ཞིག་པ་ན། བཅུད་ཀྱི་སེམས་ཅན་གཞན་རྣམས་ལས་ཀྱི་རླུང་གིས་བསྐུལ་བས་འཇིག་རྟེན་གྱི་ཁམས་གཞན་དུ་འཕོ་ཞིང་རྡོ་རྗེའི་སྐུ་ནི་ནམ་མཁའི་ཁམས་ལ་ཡེ་ཤེས་རང་སྣང་ལས་སྒྲུབ་པའི་གཞལ་མེད་ཁང་རྒྱ་དང་ཁྱོན་ཚད་ལས་འདས་ཤིང་བསམ་གྱིས་མི་ཁྱབ་པའི་གནས་སུ། དག་པའི་འཁོར་ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་ཤ་སྟག་གིས་ཡོངས་སུ་བསྐོར་ཏེ། ལྷ་དང་མིའི་བདེ་བ་ལས་འདས་ཤིང་མུ་སྟེགས་དང་ཉན་ཐོས་དང་། རང་སངས་རྒྱས་རྣམས་ཀྱི་སྙོམས་པར་འཇུག་པའི་བདེ་བ་ལས་ཀྱང་ཆེས་ཕུལ་དུ་བྱུང་བའི་ཟག་པ་མེད་པའི་བདེ་བ་ལ་ལོངས་སྤྱོད་པའི་ཚུལ་གྱིས་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བཞུགས་སོ། །

དེ་སྐད་དུ་ཡང་ཡེ་ཤེས་ལེའུར། ས་ལས་ཆུ་དང་རྩེ་མོ་ཅན་དང་རླུང་གི་རྡུལ་ཕྲན་ཕྱེ་ནས་ཆུ་ཡི་ཁམས་ལ་འཇུག་པར་བྱེད། །ཆུ་ལས་ས་མེ་རླུང་ཕྱེ་རྩེ་མོ་ཅན་ལ་ས་དང་ཆུ་དང་མེ་རླུང་ཕྱེ་སྟེ་རླུང་ལའོ། །རླུང་ལ་ས་དང་ཆུ་དང་རྩེ་མོ་ཅན་དག་ཕྱེ་ནས་ལས་ཀྱི་རླུང་ཡང་སྟོང་པ་དག་ལའོ། །རྣམ་གསུམ་སྲིད་པའི་དབང་གིས་གང་ཞིག་ལས་ཀྱི་རླུང་གིས་བསྣུན་པ་གཞན་རྣམས་ཞིང་གཞན་དག་ཏུ་འགྲོ། །སངས་རྒྱས་ཞིང་ནི་མ་ལུས་ལས་ཅན་མིན་པར་སྲིད་གསུམ་བསྐྱེད་པར་མཛད་པས་རྣམ་པར་གཟིགས་ནས་ནི། །གཉིས་ཀ་རོ་མཉམ་དག་པའི་རྡུལ་ལ་སངས་རྒྱས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐོར་བ་སྟེ། །སོ་སོ་རེ་རེའི་རོ་ཡི་རྡུལ་ལ་གཉིས་ཀའི་རིགས་ཀྱི་དབང་གིས་རྡོ་རྗེའི་སྲས་པོ་རྣམས་ཀྱིས་བསྐོར། །ས་ལ་སོགས་པའི་རྡུལ་ལ་མ་ལུས་རིགས་ལ་གནས་པ་མཐའ་ཡས་མི་གཡོ་སོགས་ལ་རབ་ཞུགས་རྣམས། །དེ་དག་རྣམས་དང་ཐབས་ཅིག་རྡོ་རྗེ་སེམས་དཔའ་ཆགས་པའི་དུས་ཀྱི་བར་དུ་མཁའ་ལ་རྣམ་པར་ཞུགས། །ཞེས་བཤད་དོ། །འབྲས་བུའི་རྒྱུད་བཤད་ཟིན་ཏོ། །དེ་ལྟར་རྒྱུ་དང་ཐབས་དང་འབྲས་བུ་སྟེ། རྒྱུད་གསུམ་གྱི་སྒོ་ནས་དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གྱི་ཆ་རྣམས་ཚང་ལ་མ་ནོར་བར་ལེགས་པར་བཤད་ཟིན་ཏོ། །འདི་དོན་འགྲེལ་བྱེད་མཁས་པ་གཞན་རྣམས་ཀྱིས། །སྙིང་པོ་དོར་ནས་སྤུན་པ་ཡང་ཡང་འཕྱར། །རྒྱ་མཚོ་བསྲུབས་ལས་བདུད་རྩི་ཇི་བཞིན་དུ། །ཡང་དག་དོན་གྱི་སྙིང་པོ་ཁོ་བོས་བླངས། །འདབ་བརྒྱའི་ཚལ་ནས་སྦྲང་རྩི་བུང་བས་ལེན། །ཆུ་དང་འོ་མ་ངང་པས་སོ་སོར་འབྱེད། །ནོར་བུ་འཆིང་བུ་དེད་དཔོན་མཁས་པས་ཤེས། །ལེགས་བཤད་ཉེས་བཤད་མཁས་པའི་བློ་ཡིས་རྟོགས། །ཡོད་པའི་ལེགས་བཤད་ཕྲག་དོག་མུན་པས་བསྒྲིབས། །མེད་པའི་སྐྱོན་རྣམས་བློ་ངན་མིག་གིས་མཐོང་། ། གདུག་པའི་སྦྲུལ་གྱིས་འོ་མ་འཐུང་བ་བཞིན། །ལེགས་བཤད་བདུད་རྩིས་ཉོན་མོངས་དུག་འཕེལ་བའི། །ལོག་པའི་རྒྱུན་ཕྱོགས་གཞོལ་བའི་བློ་ངན་རྣམས། །ལེགས་བཤད་ཆུ་ལོན་སྟོང་གིས་མི་བཟློགས་མོད། །གཟུར་གནས་བློ་ལྡན་འགའ་ཡིས་འདི་མཐོང་ན། །ཡིད་ལ་འབབ་འགྱུར་སྙམ་པས་ངས་འདི་སྦྱར། །དེ་ལས་བྱུང་བའི་དགེ་བས་འགྲོ་བ་རྣམས། །ལྟ་ངན་ལོག་པའི་ལམ་རྣམས་རབ་སྤངས་ནས། །འཕགས་རྣམས་དགྱེས་པའི་ལམ་ལ་རབ་ཞུགས་ཏེ། །རང་གཞན་སྲིད་པའི་མཚོ་ལས་སྒྲོལ་བར་ཤོག །དཔལ་དུས་ཀྱི་འཁོར་ལོའི་ངེས་དོན་གསལ་བར་བྱེད་པ་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་འདི་ནི། མང་དུ་ཐོས་པ་ཤཱཀྱའི་དགེ་སློང་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་གངས་བུ་ལེའི་མགུལ་དུ་སྦྱར་བའོ། །འདིས་ཀྱང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་རྒྱས་པར་བྱེད་ནུས་པར་གྱུར་ཅིག །དགེའོ།། །།

གསང་འདུས་རིམ་ལྔའི་བླ་བརྒྱུད་གསོལ་འདེབས།

གསང་འདུས་རིམ་ལྔའི་བླ་བརྒྱུད་གསོལ་འདེབས་བཞུགས་སོ། །

དབང་ཕྱུག་བརྒྱད་ལྡན་རྒྱལ་བ་རྡོ་རྗེ་འཆང་། །ས་བཅུའི་དབང་ཕྱུག་བློ་གྲོས་རིན་ཆེན་ཞབས། །ཐེག་མཆོག་བསྟན་པའི་ཉིན་བྱེད་ཀླུ་སྒྲུབ་མགོན། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གྲུབ་པའི་སར་གནས་རྣལ་འབྱོར་མ་ཏམ་གི །འཛམ་གླིང་གྲུབ་པའི་སྐྱེས་མཆོག་ཏི་ལོ་པ། །གནས་ལྔ་རིག་པའི་པཎ་ཆེན་ནཱ་རོ་པ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །སྐད་གཉིས་སྨྲ་བའི་དབང་པོ་ལྷོ་བྲག་པ། །རྣམ་མང་རྒྱུད་སྡེའི་མངའ་བདག་མཚུར་སྟོན་དབང་༼གི་རྡོ་རྗེ།༽ ། །སྔགས་འཆང་རིག་པ་འཛིན་པ་འཁོན་སྟོན་༼གད་པ་ཀིར་ཏའོ། །༽ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །རིམ་གཉིས་ཟབ་མོའི་རྣལ་འབྱོར་༼འདི་ལ་མདོམས་ཀྱི་ལྦ་བ་ནུབ་པ་དང་དབུའི་གཙུག་ཏོར་འཕགས་པའི་མཚན་བཟང་ལྡན་སྐད་དོ།༽བྱ་སྒང་པ༼བསོད་ནམས་རིན་ཆེན།༽། །བསྐྱེད་རིམ་ཟབ་མོ་མངའ་བརྙེས་༼དཀྱིལ་འཁོར་ལྷ་ཚོགས་དངོས་སུ་གཟིགས་པ།༽ཐུར་ལྷ་པ༼ཚུལ་ཁྲིམས་སྐྱབས།༽། །ཟབ་ལམ་ཐུགས་སུ་ཆུད་པའི་༼རིམ་ལྔར་སྦྱངས་པ་རྩེ་སོན་པས་སྲོག་རྩོལ་དང་རྡོར་བཟླས་མངའ་བརྙེས་པ།༽ཐང་སྤེ་བ ༼འཕགས་པ་སྐྱབས།༽ ། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །དངོས་འཛིན་འཁྲུལ་པ་ཞིག་པ་༼མགྱོགས་རླུང་དང་གྲོང་འཇུག་མངའ་བརྙེས།༽གསེར་སྡིངས་པ༼གཞོན་ནུ་འོད༽། །འོད་གསལ་༼དུས་འཁོར་ལ་ཤིན་ཏུ་མཁས།༽རྒྱུན་ཆད་མེད་པའི་༼དགེ་སྡིངས་པ།༽ཆོས་སྐུ་པ། །རྒྱུད་དང་མན་ངག་གཏེར་ཆེན་འཕགས་འོད་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །གངས་ཅན་བསྟན་པའི་སྲོག་ཤིང་བུ་སྟོན་ཞབས། །ལྔ་རིག་ཡོངས་རྫོགས་པཎ་ཆེན་རྩེ་མོའི་ཞབས། །སྡེ་སྣོད་ཆོས་ཀྱི་སྤྱན་ཅན་གྲགས་པའི་ཞབས། །གསོལ་བ་འདེབས་སོ་བདག་རྒྱུད་བྱིན་གྱིས་རློབས། །ཞེས་པ་གསང་བདུས་རིམ་ལྔའི་བླ་མ་བརྒྱུད་པ་ལ་གསོལ་བ་འདེབས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བ་རྫོགས་སོ། །དགེའོ།། །།

དཔལ་གསང་བ་འདུས་པའི་རིམ་ལྔའི་མན་ངག་སྙིང་པོ་མདོར་བསྡུས།

དཔལ་གསང་བ་འདུས་པའི་རིམ་ལྔའི་མན་ངག་སྙིང་པོ་མདོར་བསྡུས་བཞུགས།

སྟོང་པ་ཞིའི་དབྱིངས་སུ་ཐིམ། །ཡེ་ཤེས་གསུམ་གྱི་ལམ་ལས་འོངས། །འོད་ཟེར་ལྔའི་བདག་ཉིད་འཕྲོ། །རྡོ་རྗེ་སེམས་ལ་ཕྱག་འཚལ་ལོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་རྣལ་འབྱོར་གྱིས། །ཐ་མལ་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས། །ཀུན་རྫོབ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །འཇའ་ཚོན་ལྟ་བུའི་སྐུ་དེ་བསྒྲུབ་པར་བྱ། །དོན་དམ་འོད་གསལ་འཛིན་པའི་ཡན་ལག་གིས། །ཀུན་རྫོབ་སྒྱུ་མའི་འཛིན་པ་རྣམ་པར་སྦྱང་། །ལུགས་ལས་བཟློག་པའི་རྣམ་འབྱོར་རྗེས་དྲན་གྱིས། །ཟུང་འཇུག་རྡོ་རྗེའི་སྐུ་དེ་ཐོབ་པར་འ གྱུར།། །།

རིགས་ནི་བརྒྱའམ་ལྔའམ་ཡང་ན་གསུམ། །གསང་ཆེན་རིགས་གཅིག་ཉིད་དུ་ཤེས་བྱས་ནས། །རང་གི་ལྷག་པའི་ལྷའི་ང་རྒྱལ་གྱིས། །གནས་པ་སྐུའི་རྡོ་རྗེའི་རྣལ་འབྱོར་རོ། །ཡེ་ཤེས་ལྔ་བདག་འབྱུང་བ་ལྔ་ཡི་རླུང་། །རྣམ་ཤེས་གསུམ་གྱི་བཞོན་པར་ཤེས་བྱས་ནས། །འཇུག་གནས་ལྡང་བའི་རིམ་པས་སྣའི་རྩེར། ། ཡིད་ཀྱིས་བཟླས་པ་གསུང་གི་རྣལ་འབྱོར་ཡིན། །རང་བཞིན་སྣང་བ་རླུང་གི་བཞོན་པ་ཅན། །སྲིད་པའི་སྡུག་བསྔལ་ཀུན་གྱི་རྒྱུར་རིག་ནས། །སེམས་ཀྱི་རང་བཞིན་རྟག་ཏུ་གཡོ་མེད་པར། །བསྒོམ་པ་དེ་ནི་ཐུགས་ཀྱི་རྣལ་འབྱོར་རོ། །རྨི་ལམ་སད་ལ་བྱེ་བྲག་འགའ་མེད་པས། །ཆོས་ཀུན་སྒྱུ་མ་ལྟ་བུར་ཤེས་བྱས་ནས། །བདག་བྱིན་བརླབ་པའི་མན་ངག་ལ་སྦྱོར་བ། །སྒྱུ་མ་ལྟ་བུའི་ཏིང་འཛིན་དེ་ཡིན་ནོ། །

ཀུན་རྫོབ་བདེན་པ་རྣམ་པར་དག་བྱའི་ཕྱིར། །རིལ་འཛིན་རྗེས་སུ་བཞིག་པའི་རྣལ་འབྱོར་གྱིས། །སེམས་ཉིད་འགོག་པའི་རྡོ་རྗེ་རྟག་སྦྱོར་བ། །འོད་གསལ་འཛིན་པའི་ཡན་ལག་ཅེས་སུ་སྒྲགས། །སྔོན་གྱི་འཕེན་པས་གཉིད་ལོག་སད་པ་ལྟར། །རྣལ་འབྱོར་ཡང་དག་མཐའ་ལས་རབ་ལངས་ཏེ། །མཚན་དཔེས་བརྒྱན་པའི་སྐུ་ལ་རབ་ཞུགས་པ། །ཟུང་འཇུག་རྡོ་རྗེའི་སྐུ་ཞེས་དེ་ལ་བརྗོད།། །།

གང་ཚེ་རང་ལུས་ལྷའི་དཀྱིལ་འཁོར་དུ། །རྣམ་པ་གསལ་ཞིང་རྐྱེན་གྱིས་མི་སྒུལ་བ། །རྩོལ་བ་མེད་པར་ངང་གིས་འཇུག་གྱུར་པ། །དེ་ཚེ་སྐུའི་རྡོ་རྗེའི་རྣལ་འབྱོར་རྫོགས། །ནམ་ཞིག་རླུང་ལྔའི་དེ་ཉིད་མཐོང་གྱུར་ཅིང་། །རིང་དུ་སྤྲོ་དང་ཡུན་རིང་འགོག་པ་དང་། །རྣམ་ཤེས་ཁ་ལོ་སྒྱུར་ལ་དབང་ཐོབ་པ། །དེ་ཚེ་གསུང་གི་རྡོ་རྗེ་རྣལ་འབྱོར་རྫོགས། །རྣམ་ཤེས་གསུམ་གྱི་དེ་ཉིད་རིག་གྱུར་ཏེ། །གཟུང་དང་འཛིན་པའི་རྟོག་པ་རྣམ་པར་སྤངས། །སེམས་ཉིད་གཅིག་པུ་ཀུན་གྱི་རྒྱུར་རྟོགས་པ། །དེ་ཚེ་སེམས་ཀྱི་རྡོ་རྗེའི་རྣལ་འབྱོར་རྫོགས། །སེམས་ཉིད་རླུང་ལྔའི་རྐྱེན་གྱིས་བསྒྱུར་བ་ལས། །མཚན་རྣམས་རྫོགས་ཤིང་འོད་ཟེར་ལྔའི་རྒྱན། །དབང་པོའི་གཞུ་ལྟར་དང་བའི་ལུས་གྲུབ་པ། །དེ་ཚེ་སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས། །བསམ་གཏན་གཉིས་ཀྱི་རྣལ་འབྱོར་ལེགས་བསྒོམས་པས། །ས་ནི་ཆུ་ལ་ཆུ་ནི་མེ་ལ་འཇུག །མེ་ཡང་རླུང་ལ་དེ་ཡང་རྣམ་ཤེས་ལ། །ཤེས་གསུམ་རིམ་གྱིས་འོད་གསལ་ལ་གཞུགས་པའི། །རྟགས་ལྔ་རྣལ་འབྱོར་པ་ཡིས་མཐོང་བར་འགྱུར། །མཚན་མ་དང་པོ་སྨིག་རྒྱུ་འདྲ་བ་སྟེ། །དུ་བ་ལྟ་བུར་སྣང་བ་གཉིས་པ་ཡིན། །མཁའ་སྣང་མེ་ཁྱེར་འདྲ་བ་གསུམ་པ་སྟེ། །མར་མེ་འབར་ལྟའི་མཚན་མ་བཞི་པའོ། །སྤྲིན་མེད་མཁའ་ལྟར་སྤྲོས་པ་ཀུན་བྲལ་བའི། །དོན་དམ་མངོན་དུ་གྱུར་པ་ལྔ་པ་སྟེ། །ཡང་དག་མཐའ་ལ་ཞུགས་པར་དེ་བཤད་དོ། །མངོན་བྱང་བཞི་ཡིས་མངོན་པར་བྱང་ཆུབ་པ། །འདི་ནི་འཛིན་པའི་ཡན་ལག་རྫོགས་པ་ཡིན། །འདོད་ཆགས་ལས་གྱུར་རྟོག་པ་སུམ་ཅུ་གསུམ། །འགགས་པར་གྱུར་པ་མངོན་བྱང་དང་པོ་སྟེ། །ཤེས་རབ་རང་བཞིན་སྣང་བ་ཞེས་པའང་དེ། །ཟླ་བ་ཤར་འདྲའི་སྣང་བ་འདི་ཡི་རྟགས། །ཞེ་སྡང་ལས་གྱུར་རྟོག་པ་བཅུ་ཕྲག་བཞི། །འགགས་པར་གྱུར་པ་བྱང་ཆུབ་གཉིས་པ་ཡིན། །ཐབས་ཀྱི་ཡེ་ཤེས་སྣང་བ་མཆེད་པའང་དེ། །ཉི་མ་འཆར་ཀའི་མདངས་འདྲ་འདི་ཡི་རྟགས། །གཏི་མུག་ལས་གྱུར་རྣམ་པར་རྟོག་པ་བདུན། །འགགས་པར་གྱུར་པ་མངོན་བྱང་གསུམ་པ་སྟེ། །མ་ནིང་རང་བཞིན་ཉེ་བར་ཐོབ་པའང་དེ། །མཚམས་ཀྱི་མུན་པ་འདྲ་བ་འདི་ཡི་རྟགས། །རང་བཞིན་བརྒྱད་ཅུའི་རྟོག་པ་དབྱིངས་སུ་ཐིམ། །ཡེ་ཤེས་གསུམ་གྱི་མཚན་མ་ཉེ་བར་ཞི། །ཐོ་རངས་སྤྲིན་མེད་ནམ་མཁས་ཉེར་མཚོན་པའི། །ཡེ་ཤེས་དེ་ནི་མངོན་བྱང་བཞི་པའོ། །ཡང་དག་མཐའ་ལ་འཇུག་པའི་རྟགས་འདི་རྣམས། །ལུས་ཅན་འཆི་བའི་ཚེ་ན་འབྱུང་བར་འགྱུར། །རིམ་པ་གང་གིས་ཕུང་ཁམས་སྐྱེ་མཆེད་རྣམས། །དང་པོ་ཡང་དག་མཐའ་ལ་ཞུགས་གྱུར་པ། །དེ་ལས་བཟློག་པའི་རིམ་པས་རྣལ་འབྱོར་པ། །འོད་གསལ་བ་ལས་སླང་ཡང་ལྡང་བར་བྱེད། །དེ་ནི་རྗེས་སུ་དྲན་པའི་ཡན་ལག་སྟེ། །འགྲོ་བ་ཉིང་མཚམས་སྦྱོར་བའི་དུས་དང་མཚུངས། །དེ་ནས་རྡོ་རྗེའི་སྐུ་ལ་རྟག་བཞུགས་པ། །ཏིང་འཛིན་ཡོངས་སུ་རྫོགས་པའི་ཡན་ལག་སྟེ། །དེ་ནི་རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །བདེ་གཤེགས་རྣམས་ཀྱི་དབང་མཆོག་བཞི་པར་གྲགས། །མི་གནས་མྱ་ངན་འདས་པའམ་དེ་ཡིན་ཏེ། །ཕྱག་རྒྱ་ཆེན་པོའི་དངོས་གྲུབ་དམ་པའོ། །བརྩོན་འགྲུས་ལྡན་རྣམས་ལམ་གྱི་རིམ་པ་འདིས། །མཐོང་བའི་ཆོས་ལ་མྱ་ངན་འདའ་བར་འགྱུར། །རྣལ་འབྱོར་ལེ་ལོ་ཅན་ཡང་བར་མ་དེའི། ། རྟེན་ལ་ལམ་འདི་རྫོགས་པར་གདོན་མི་ཟ། །འཆི་བའི་ཚེ་ན་འོད་གསལ་མངོན་སུམ་བྱས། །བར་དོའི་རྟེན་ལ་སྒྱུ་ལུས་ལྷུན་གྱིས་གྲུབ། །སྐྱེ་བའི་གནས་ལ་ཆགས་པ་ཡོངས་སྤངས་ཕྱིར། །སྲིད་པ་ཀུན་གྱི་ཉིང་མཚམས་སྦྱོར་མི་བྱེད། །འཁོར་བ་སྲིད་དུ་མྱ་ངན་མི་འདའ་བར། །རྟེན་དེ་ཉིད་ཀྱིས་འཇིག་རྟེན་ཁམས་ཀུན་ཏུ། །མཁའ་ལ་སྤྱོད་ཅིང་འགྲོ་བའི་དོན་ལ་འཇུག ། དེ་ཉིད་རྡོ་རྗེ་སེམས་དཔའ་ཞེས་སུ་བརྗོད། །གསང་བ་འདུས་པ་ལམ་རིམ་པ་ལྔའི་མན་ངག་སྙིང་པོ་མདོར་བསྡུས་པ་འདི་ནི། རང་གི་སློབ་མ་དག་གིས་གསོལ་བ་བཏབ་པའི་ངོར། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །མན་ངག་མ་ཐོབ་པ་རྣམས་ལ་ཤིན་ཏུ་གསང་བར་བྱའོ།། །།

གསང་བ་ཀུན་འདུས་སྒྲུབ་པ་བྱེད་པའི་ཤུལ། །བླ་མེད་རྡོ་རྗེའི་རྣལ་འབྱོར་འདི་བསྟེན་ནས། །འགྲོ་ཀུན་འོད་གསལ་རྒྱུད་ལ་རང་ཤར་བའི། །ཟུང་འཇུག་ཁ་སྦྱོར་བདུན་ལྡན་ཉིད་གྱུར་ཅིག །བཀྲིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན། མཆོག་ཏུ་བཀྲ་ཤིས་པར་གྱུར་ཅིག་ཕྱོགས་དུས་གནས་སྐབས་ཀུན་ཏུ་ཤིས་པར་གྱུར་ཅིག། ། །མངྒ་ལཾ།། །།

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་གའི་རིམ་པ་དོན་གསལ།

དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་གའི་རིམ་པ་དོན་གསལ་ཞེས་བྱ་བ་བཞུགས་སོ། །

རྡོ་རྗེ་འཆང་དབང་དཔལ་ལྡན་བླ་མ་དང་། ཁྱབ་བདག་རྡོ་རྗེ་སེམས་པ་ལ་བཏུད་ནས། །དཔལ་ལྡན་འདུས་པའི་དཀྱིལ་འཁོར་དུ་འཇུག་པའ། །ཆོ་གའི་རིམ་པ་རབ་གསལ་འབྲི་བར་བྱ། །འདིར་རྡོ་རྗེ་ཐེག་པའི་ལམ་ལ་མོས་ཤིང་། དངོས་གྲུབ་རྣམ་པ་གཉིས་དོན་དུ་གཉེར་བས། དང་པོར་མཚན་ཉིད་དང་ལྡན་པའི་བླ་མ་ལ། དབང་བསྐུར་བ་ནོད་པར་བྱས་ཏེ། དབང་བསྐུར་ནི་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། ཕྱག་རྒྱ་ཆེན་པོ་ཐིག་ལེའི་རྒྱུད་ལས། དབང་མེད་ན་ནི་དངོས་གྲུབ་མེད། །བྱེ་མ་བཙིར་ཡང་མར་མེད་ལྟར། །གང་ཞིག་རྒྱུད་ལུང་ང་རྒྱལ་གྱིས། །དབང་བསྐུར་མེད་ལ་འཆད་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་འགྲོ། །དེ་བས་འབད་པ་ཐམས་ཅད་ཀྱིས། །བླ་མ་ལ་ནི་དབང་ནོད་ཞུ། །ཞེས་གསུངས་སོ། །དབང་བསྐུར་བ་ཡང་། དཀྱིལ་འཁོར་སྔོན་དུ་འགྲོ་བ་ཅན་ཡིན་ལ། དཀྱིལ་འཁོར་དེ་ཡང་། གང་ཟག་གི་དབང་པོའི་རིམ་པས་རྣམ་པ་གསུམ་སྟེ། འདི་ལྟར་དབང་པོ་རབ་ལ་རང་བཞིན་གྱིས་གྲུབ་པའི་ལུས་ཀྱི་དཀྱིལ་འཁོར་དང་། འབྲིང་ལ་ཐིག་ལ་ཚོན་བཀྱེ་བ་རྡུལ་ཚོན་གྱི་དཀྱིལ་འཁོར་དང་། དབང་པོ་ཐ་མ་ལྷ་སྐུ་ཕྱག་རྒྱ་ཆེན་པོ་ཞལ་ཕྱག་གི་རྣམ་པ་ཅན་མེད་པར་ཡིད་མི་ཆེས་པ་རྣམས་ལ་རི་མོར་གནས་པའི་ལས་རས་རིས་ཀྱི་དཀྱིལ་འཁོར་ལ་བརྟེ ན་ནས་དབང་བསྐུར་བ་དང་གསུམ་ཡིན་ཏེ། སློབ་དཔོན་རྡོ་རྗེ་དྲིལ་བུ་པས། དབང་བསྐུར་དཀྱིལ་འཁོར་སྔོན་འགྲོ་བར། །རྡོ་རྗེ་འཆང་གིས་བཤད་པ་སྟེ། །འོན་ཀྱང་དཀྱིལ་འཁོར་དེའི་རང་བཞིན། །ཅི་ཡིན་དེ་ནི་འདི་ལྟར་བཤད། །རི་མོར་གནས་པའི་ལས་དང་ནི། །ཐིག་ལ་ཚོན་བཀྱེའི་རིམ་པ་བསྟན། །འགྲོ་བ་དེ་ཉིད་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་འདིར། རས་རིས་ཀྱི་དཀྱིལ་འཁོར་དེ་ལ་བརྟེན་ནས། དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་རིམ་པ་བཤད་པར་བྱའོ། །

སྔོན་འགྲོའི་ཆོ་ག་ནི།

དེ་ཡང་ཆོ་ག་སྦྱོར་བ་དང་། དངོས་དང་། རྗེས་གསུམ་གྱི། དང་པོ་ལ་ཡང་། གསོལ་དང་བསྙེན་པའི་ལས་དང་ནི། །ས་གཞི་ཡོངས་སུ་གཟུང་བ་དང་། །ལྷག་པར་གནས་པའི་ཆོ་ག་སྟེ། །སྦྱོར་བའི་ཡན་ལག་རྣམ་པ་བཞི། །དེ་ལ་ཐོག་མར། སློབ་མ་དད་པ་དང་ལྡན་པས། བླ་མ་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ། མནྜལ་སྔོན་དུ་འགྲོ་བའི་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །ཞེས་སོགས་ཀྱི་ལན་གསུམ་དུ་གསོལ་བ་བཏབ་པ་དང་། བླ་མས། ཁྱོད་ཀྱི་བསམ་པ་དག་པས། ཡོ་བྱད་ཕུན་སུམ་ཚོགས་པར་གྱིས་ཤིག་དང་། ཁོ་བོས་ཀྱང་ཇི་ལྟར་ནུས་པས་རྗེས་སུ་གཟུང་བར་བྱའོ། །ཞེས་ཀྱང་བརྗོད་པར་བྱའོ། །

དེ་ནས་དཀྱིལ་འཁོར་གྱི་བྱ་བ་ལ་འཇུག་པར་བྱ་ཞིང་། བར་དུ་གཅོད་པ་རྣམས་ལས་རྒྱལ་བ་དང་། སློབ་མའི་རྒྱུད་བྱིན་གྱིས་བརླབས་པ་ལ་ནུས་པ་དང་ལྡན་པར་བྱ་བའི་ཕྱིར། བསྙེན་པའི་ལས་བརྩམ་པར་བྱའོ། །དེའང་བུམ་པ་ལ་བརྟེན་པའི་ཆོ་ག་ནི། འཆད་པར་འགྱུར་བའི་བུམ་པ་སྟ་གོན་དུ་གནས་པ་དང་འདྲ་ཞིང་། མ་བརྟེན་པའི་ཕྱོགས་ནི། སྒྲུབ་ཐབས་ནས་འབྱུང་བ་དང་མཐུན་ལ། ཇི་སྲིད་དུ་མཚན་མ་མཐོང་གི་བར་དུ་ཟླ་བའམ། ཡང་ན་གཙོ་བོ་ལ་འབུམ་ཕྲག་གཅིག་དང་འཁོར་རྣམས་ལ་ཁྲི་ཕྲག་རེ་རེ་བཟླའོ། །བསྙེན་པའོ། །དེ་ནས། འཚེ་བ་མེད་ཅིང་ཡོ་བྱད་ཕུན་སུམ་ཚོགས་ལ། རྣལ་འབྱོར་དང་མཐུན་པའི་ས་ཡི་ཆ། སྔར་ཡོངས་སུ་མ་སྦྱངས་པར་སའི་ཆོ་ག་བྱས་ཏེ། ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་རྣམ་པ་ལྔ་དང་གཏོར་མ་གཅིག་བཤམས་ལ། དཀྱིལ་འཁོར་གྱི་ས་གཞིར་བ་བྱུང་དང་། དྲི་བཟང་གིས་བྱུགས་པའི་དབུས་སུ། ༀ་པྲྀ་ཐི་དཱེ་ཝི་ཞེས་པས་མེ་ཏོག་གི་ཚོམ་བུ་བཀོད་ལ། པདྨ་དང་ཟླ་བའི་སྟེང་དུ། བྂ་ལས་སའི་ལྷ་མོ་སེར་མོ། ཕྱག་གཉིས་ཀྱིས་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་འཛིན་ཞིང་། བདག་ལ་ཕྱོགས་པར་བསྐྱེད་པའི་དཔྲལ་བར་ༀ། མགྲིན་པར་ཨཱཿ སྙིང་ཁང་ཧཱུྃ་བཀོད་ནས། རང་གི་ལག་པ་གཡོན་པའི་སྲིན་ལག་ལ་ཧྂ་དམིགས་ཏེ། ས་ལ་བཏུགས་པ་ལས་འོད་འཕྲོས་པས། སའི་ལྷ་མོ་འཁོར་དང་བཅས་པ་གདན་དྲངས་ལ། ཚོམ་བུ་ལ་བསྟིམས་ཏེ། དབང་བསྐུར་ནས། རིན་ཆེན་འབྱུང་ལྡན་གྱིས་དབུ་བརྒྱན་པ་ལ། བྱིན་གྱིས་བརླབས་པའི་ཕྱིའི་མཆོད་རྫས་རྣམས་ཀྱིས་མཆོད་པར་བསམ་ཞིང་ༀ་པྲྀ་ཐི་ཝི་དཱེ་ཝི་གྲིཧྣེ་དཾ། ཞེས་སྔོན་དུ་འགྲོ་བའི་ཨརྒྷཾ་པྲ་ཏིཙྪ་ཡེ་སྭཱ་ཧཱ་ལ་སོགས་པ་སོ་སོའི་སྔགས་ཀྱིས་ཕུལ་ནས། ནང་བདུད་རྩིས་ཀྱང་མཆོད་ལ་ༀ་ཨཱཿ ཧཱུྃ་གིས་བདུད་རྩིར་བྱིན་གྱིས་བརླབ་པའི་གཏོར་མ། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐ་ཁཾ་ཨུད་ག་ཏེ་སྥ་ར་ན་ཨི་མཾ་ག་ག་ན་ཁཾ་གྲྀཧྞེ་དཾ་བ་ལིཾ་དི་སྭཱ་ཧཱ། ཞེས་ལན་གསུམ་གྱིས་ཕུལ་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་གིས་བདུད་སྡེ་ལས། །རྒྱལ་བར་བྱས་ནས་དཀྱིལ་འཁོར་བྲི། །ཞེས་ལན་གསུམ་བརྗོད་ནས། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། ས་ཕྱོགས་འདིར་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བཞེངས་ནས། བདག་ཉིད་འཇུག་ཅིང་དབང་བསྐུར་བར་འཚལ་བས། སའི་ཕྱོགས་འདི་བདག་ལ་གནང་ཞིང་། ལས་ཀྱི་དངོས་གྲུབ་དག་ཀྱང་བདག་ལ་བསྩལ་དུ་གསོལ། ཞེས་གསོལ་བ་བཏབ་པས། རིགས་ཀྱི་བུ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་པས་གནང་བ་བྱིན་ཞིང་དཔང་པོར་མཛད་པར་བསམས་ནས། ༀ་བཛྲ་མུཾཿཞེས་པས་དེ་ཉིད་དུ་ཐིམ་པར་བསམ་མོ། །

དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ལངས་ལ། རྡོ་རྗེ་དྲིལ་བུ་འཛིན་པས་མིག་གཡས་གཡོན་གཉིས་སུ། མ་དང་། ཊ་ལས་ཉི་ཟླ་ཧཱུྃ་གིས་མཚན་པར་དམིགས་ལ། གཡས་ནས་གཡོན་དུ་བལྟ་བས་བགེགས་རྣམས་ཚར་བཅད་པ་དང་། གཡོན་ནས་གཡས་སུ་བལྟ་བས་རྗེས་སུ་བཟུང་བར་བསམ་ལ། རྡོ་རྗེ་སློབ་དཔོན་དག་གིས། སའི་ཕྱོགས་འདིར་སེམས་ཅན་གྱི་དོག་རྩོམ་གྱི། ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། འབྱུང་པོ་དང་། ཤ་ཟ་དང་། མ་མོ་དང་། སྲིན་པོ་ལ་སོགས་པ་གང་དག འདི་ན་གནས་པའི་སའི་བདག་པོ་མྱུར་དུ་སོང་ཞིག འདི་ལྟར་མི་བསྐྱོད་པ་ཞལ་གསུམ་ཕྱག་དྲུག་པ་ཧེ་རུ་ཀའི་བཀའ་མནོས་ནས་མྱུར་དུ་སོང་ཞིག གང་དག་མི་འགྲོ་བ་དེ་ལ། ང་ཡི་ཡེ་ཤེས་ཀྱི་རྡོ་རྗེ་འདིས་སྤྱི་བོ་རྣམ་པ་བརྒྱར་གས་པར་བྱའོ་ཞེས་ལན་གསུམ་བརྗོད་པས། དཀྱིལ་འཁོར་ལྟ་བར་མི་དབང་བའི་ནག་པོའི་ཕྱོགས་རྣམས་བསྐྲད་ཅིང་། དཀར་པོའི་ཕྱོགས་སྣོད་དུ་གྱུར་པ་རྣམས། ཞི་བའི་ཡིད་ཀྱིས་བདག་གི་གྲོགས་བྱེད་པར་བསམ་མོ། །ས་བླང་བའོ། །

དེ་ནས་ལྟོ་འཕྱེའི་ལྟོ་བའི་ཕྱོགས་ནས། པུས་མོ་ནུབ་ཙམ་དུ་བསྐོས་ཏེ། གྱོ་མོ་དང་། སོལ་བ་དང་། རུས་བུ་ལ་སོགས་པའི་ཟུག་རྔུ་རྣམས་ཕྱུང་ནས་དྲི་བཟང་དང་། རིན་པོ་ཆེ་ལ་སོགས་པའི་ས་བརྙན་བཟང་པོས་བཀང་སྟེ། འཐས་པར་བརྡུངས་ལ། ཤར་དང་བྱང་དུ་ུགཞོལ་ཞིང་། མེ་ལོང་གི་ངོས་ལྟར་འཇམ་པའི་ས་ཡི་སྟེགས་བུ་གྲུ་བཞི་པ་བྱས་པའི་སྟེང་དང་འཁོར་ཡུག་ཀུན་ཏུ་ལག་པ་གཉིས་བཞག་ཅིང་ༀ་བྷུ་ཁཾ་ཞེས་བརྗོད་པས། ཕྱོགས་ཐམས་ཅད་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་མོ། །ས་སྦྱང་བའོ། །དེ་ནས་དཀྱིལ་འཁོར་གྱི་དབུས་སུ་ཁ་ཤར་དུ་བལྟས་ཏེ། བདག་ཉིད་ཞེ་སྡང་རྡོ་རྗེའི་ང་རྒྱལ་དང་ལྡན་པས་འདུག་ལ། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཚད་ཅན་ལ་ཙནྡན་དམར་པོ་བྱུག་ཅིང་། སྲད་བུ་དམར་པོ་དང་། མེ་ཏོག་གི་ཕྲེང་བས་བརྒྱན་ཏེ། སྟོད་ཁྲོ་བོ། སྨད་ཕུར་བུའི་རྣམ་པ་ཅན་གྱི་ཁྲོ་བོ་བཅུར་བསྐྱེད་ལ། ཡེ་ཤེས་པ་དང་རོ་གཅིག་པར་བྱས་ནས། དབང་བསྐུར། རིགས་ཀྱི་བདག་པོས་རྒྱས་གདབ་སྟེ། མཆོད་པ་རྣམས་ཀྱིས་མཆོད་ནས། རང་གི་སྙིང་ཁའི་འོད་ཀྱིས་བགེགས་ཀྱི་གཙོ་བོ་ཕྱོགས་སྐྱོང་བཅུ་འཁོར་དང་བཅས་པ་རྣམས་བཀུག་ནས། སྤྱི་བོར་ཕུར་བུས་གདབ་པའི་ཕྱིར། རང་གི་སྙིང་ཁ་ནས་སྤྲོས་པའི་ཁྲོ་བོ་རྣམས་ཀྱིས། གཡོན་པས་ཕུར་བུ་རྣམས་བཟུང་། གཡས་པས་རྡོ་རྗེ་ཐོ་བ་བཟུང་ནས། བགེགས་རྣམས་ཀྱི་སྤྱི་བོར་ཕུར་བུས་བཏབ། རྡོ་རྗེ་ཐོ་བས་བརྡུངས་པར་བསམ་ཞིང། ཁྲོ་བོ་སོ་སོའི་སྔགས་དང་སྦྱར་བའི་ༀ་གྷ་གྷ་ཞེས་སོགས་དང་། བཛྲ་མུད་ག་ར་ཞེས་སོགས་བརྗོད་པས། བགེགས་རྣམས་ཀྱི་ལུས་བསྲེགས་ནས་སྡིག་པ་སྦྱང་བར་བསམ་ཞིང་། དངོས་སུ་དཀྱིལ་འཁོར་གྱི་ཁོར་ཡུག་གི་ཕྱོགས་བཅུར་ཕུར་བུ་རྣམས་གདབ། དེའང་སྟེང་གི་ཤར་དང་། འོག་གི་ནུབ་ཏུ་གདབ་བོ། །དེ་ནས་སའི་ཕྱོགས་དེར་སྒྲུབ་ཐབས་བཞིན། སྲུང་བའི་འཁོར་ལོ་རྒྱས་པར་བསྒོམས་ནས་སུཾ་བྷའི་སྔགས་ཡང་ཡང་བཟླས་ཏེ་བསྟན་པར་བྱ་བ་ནི། ས་བསྲུང བའོ། །

དེ་ནས་རྡོ་རྗེའི་འགྲོས་ཀྱི་བྱང་ཤར་དུ་སོང་ལ། སྔར་བཞིན་དུ་བགེགས་ལ་བཀའ་སྒོས་ནས། གཡོན་སྐོར་གྱིས་བསྐོར་ཞིང་། ཤར་དུ་གཡས་རྐྱང་། ལྷོར་གཡོན་རྐྱང་། ནུབ་ཏུ་ས་ག བྱང་དུ་ཟླུམ་པོ་ལ་སོགས་པའི་རྐང་སྟབས་ཀྱི་བཀོད་པ་རྣམས་ཀྱི་ས་གཟུང་བའམ། ཡང་ན་དེ་ལྟར་མ་བྱས་ཀྱང་འགལ་བ་མེད་པས། སའི་ཕྱོགས་འདིར་ད ཀྱིལ་འཁོར་བཞེངས་ལ། སེམས་ཅན་གྱི་དོན་བྱའོ་སྙམ་དུ་ཡིད་ཀྱིས་བཟུང་བ་ནི། ས་བཟུང་བ་སྟེ་སའི་ཆོ་ག་མདོར་བསྡུས་པའོ། །ལྷ་ཁང་དང་། ཕྱུགས་ལྷས་དང་། བྲག་སྟེང་དང་། ཡང་ཐོག་ལ་སོགས་པ་རྣམས་སུ་ནི། ཇི་སྐད་བཤད་པའི་སའི་ཆོ་ག་འདི་དག་མི་དགོས་སོ། །

དེ་ནས་སྟ་གོན་ལ་འཇུག་པར་བྱ་སྟེ། དེའང་། ས་ཡི་ལྷ་མོ་ལྷག་གནས་དང་། །ལྷ་དང་དེ་བཞིན་བུམ་པ་དང་། །སློབ་མ་ལྷག་པར་གནས་པ་སྟེ། །སྟ་གོན་ཆོ་ག་རྣམ་པ་བཞི། །དེ་ལ་ཐོག་མར། དཀྱིལ་འཁོར་གྱི་ཁང་པ་རྒྱན་གྱིས་ཉེ་བར་བརྒྱན་ལ། སྟེགས་བུའི་དབུས་སུ། པད་རག་གི་ཚད་ཀྱི་མཎྜལ་གྲུ་བཞི་པ་བ་བྱུང་ལྔ་དྲི་བཟང་དང་བཅས་པ་བྱུགས་པའི་འཁོར་ཡུག་ཏུ། མཆོད་པ་རྣམས་ཀྱིས་བསྐོར་ཞིང་གཏོར་མ་རྣམས་དང་། འོག་ཏུ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་སྟ་གོན་བྱའོ། །དེ་ནས་ཕྱིམ་རེད་ཀྱི་ཚེ། རྡོ་རྗེ་སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ། སོ་སོའི་སྟན་ལ་འཁོད་དེ། དེར་འདུས་པའི་བགེགས་དང་འབྱུང་པོ་རྣམས་ལ། སྔོན་འགྲོའི་གཏོར་མ་མཁའ་འགྲོ་སྤྱི་གཏོར་གྱིས་བསྔོས་ནས། སྣོད་མ་ཡིན་རྣམས་བསྐྲད་ཅིང་། སྣོད་ལྡན་རྣམས་ལ་གྲོགས་བཅོལ་ལ་གནས་དང་ཡོ་བྱད་རྣམས་ཐོགས་པ་མེད་ལ། དྭངས་ཤིང་རྒྱ་ཆེ་བར་བྱིན་གྱིས་བརླབས་ཏེ། རོལ་མོའི་སྒྲ་རྒྱ་ཆེར་བྱའོ། །དེ་ནས་ལས་ཀྱི་སློབ་མས་རྣལ་འབྱོར་ལ་གནས་པར་གསོལ་བ་བཏབ་ནས། ཡི་གེ་བརྒྱ་པས་རྒྱུད་སྦྱངས་ཏེ། བདག་བསྐྱེད་བསྒོམ་ལ། མཆོད་པ་དང་བཟླས་པའི་བར་རྫོགས་པར་བྱའོ། །དེ་ནས་རང་གིས་བསྒོམས་པའི་དཀྱིལ་འཁོར་བསྡུས་ཏེ། གཙོ་བོ་འབའ་ཞིག་གི་ང་རྒྱལ་དང་ལྡན་པས། མཆོད་རྫས་རྣམས་བགེག་མཐར་བྱེད་ཀྱི་སྔགས་ཀྱིས་བསང་ཞིང་། སྭཱ་བྷ་ཝས་སྦྱངས་ནས་ཡི་གེ་གསུམ་ལས་ལྷ་རྫས་ཀྱི་མཆོད་པ་ཕུན་སུམ་ཚོགས་པར་བསྐྱེད་ལ། སོ་སོའི་སྔགས་ཀྱིས་བྱིན་གྱིས་བརླབ་བོ། །དེ་ནས་ས་བླང་བའི་སྐབས་ལྟར། སའི་ལྷ་མོ་ལྷག་པར་གནས་པར་བྱའོ། །དེ་ནས་ལྷ་སྟ་གོན་དུ་གནས་པའི་ཕྱིར། མེ་ཏོག་དམན་པ་རྣམས་བསྡུས་ལ། བ་བྱུང་ལྔས་གཡས་བསྐོར་དུ་ཁྱེ་མ་མེད་པར་བྱུག་ཅིང་། ལག་པ་རྡོ་རྗེ་བསྡམས་པ་ནང་དུ་བྱས་ལ། ས་དེ་མནན་ཏེ། ༀ་བཛྲི་བྷཱ་ཝ་ཧཱུྃ། ཞེས་ལན་གསུམ་བརྗོད་པས་རྡོ་རྗེའི་ས་གཞིར་བསྒོམས་ནས། ༀ་བཛྲ་ངྷི་ཌཱ་ཏིཥྠ་ཞེས་ལན་གསུམ་བརྗོད་པས་བྱིན་གྱིས་བརླབ་བོ། །དེར་ས་བོན་ལས་བསྐྱེད་པའམ་སྐད་ཅིག་གིས་སྲུང་བའི་འཁོར་ལོ་སྔོན་དུ་འགྲོ་བའི་གཞལ་ཡས་ཁང་རྫོགས་པར་བསྐྱེད་ལ། ལྷའི་གནས་རྣམས་སུ་རང་རང་གི་སྔགས་ལན་གསུམ་གསུམ་བརྗོད་དེ་དྲིའི་ཐིག་ལེ། གཙོ་བོ་དང་། དེ་བཞིན་གཤེགས་པ་བཞི་ལ་གྲུ་བཞི། གཞན་རྣམས་ལ་ཟླུམ་པོ་རེ་བྱས་པའི་སྟེང་དུ། མེ་ཏོག་གི་ཚོམ་བུ་རེ་བཀོད་ནས། རང་ཉིད་ཞེ་སྡང་རྡོ་རྗེ་ཡབ་ཡུམ་གྱི་མཁའ་གསང་བྱིན་གྱིས་བརླབས།སྙོམས་པར་ཞུགས་པའི་བདེ་བའི་སྒྲས། དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས་ནས་སྐུའི་དབྱིབས་བརྒྱུད་དེ། ཡུམ་གྱི་ཁར་བབས་པ་ལྷ་སུམ་ཅུ་རྩ་གཉིས་སུ་གྱུར་པ་རྣམས་བཛྲ་ངྷྲྀཀ་ལ་སོགས་པའི་འབྱིན་སྔགས་ཀྱིས་ཕྱུངས་ནས། ཚོམ་བུ་སོ་སོ་ལ་བཀོད་པ་རྣམས་ཡོངས་སུ་རྫོགས་པར་གསལ་བཏབ་ནས་རང་ལྷ་རྣམ་སྣང་དུ་གནས་ནས་ལྷ་སྤྲོ་བའི་ལུགས་ལ་ལྷ་ཐམས་ཅད་སྤྲོས་ཟིན་ནས་གཙོ་བོ་ཡབ་ཡུམ་གྱི་ལུས་དཀྱིལ་འགོད། གཞན་རྣམས་ཀྱི་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ལ་ཐམས་ཅད་ཀྱང་སེམས་དཔའ་སུམ་བརྩེག་ཏུ་གསལ་བར་དམིགས་ནས་ཡེ་ཤེས་པ་དང་རོ་གཅིག་པར་བྱས་ལ་དཀྱིལ་འཁོར་སྒྲུབ་པའི་སྐབས་ལྟར་སྤྱན་དྲངས་པའི་ཚིགས་བཅད་དང་མཆོད་པ་སོགས་ཇི་ལྟ་བ་བཞིན་བྱའོ། །དབང་བསྐུར་ནས། སོ་སོའི་རིགས་ཀྱི་བདག་པོས་རྒྱས་གདབ་བོ། །དེ་ནས། ཕྱི་ནང་གསང་བ་ཡིད་ལས་བྱུང་བའི་མཆོད་པས་མཆོད་ཅིང་། བསྟོད་པ་རྣམས་ཀྱིས་བསྟོད་ལ། སྙན་གསན་དབབ་པའི་ཕྱིར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བདུག་སྤོས་དང་བཅས་པའི་རྡོ་རྗེ་དྲིལ་བུ་འཛིན་པས། བཅོམ་ལྡན་རྡོ་རྗེ་འཛིན་པ་མཆོག །རིགས་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །ཐུགས་རྗེའི་བདག་ཉིད་ཅན་རྣམས་ཀྱིས། །དཀྱིལ་འཁོར་བདག་ནི་འབྲི་བར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང་། ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གུས་པ་ལ། །དེས་ན་གནང་བ་མཛད་པར་རིགས། །སངས་རྒྱས་འགྲོ་དོན་མཛད་བརྩོན་དང་། །བྱང་ཆུབ་སེམས་དཔའ་འབྲས་གནས་དང་། །གང་གཞན་གསང་སྔགས་ལྷ་རྣམས་དང་། །འཇིག་རྟེན་སྐྱོང་བའི་ལྷ་རྣམས་དང་། །གང་ཡང་འབྱུང་པོ་མཐུ་ཆེན་དང་། །གང་དུ་རྡོ་རྗེའི་སྤྱན་མངའ་བའི། །སེམས་ཅན་བསྟན་ལ་དགའ་བ་རྣམས། །བདག་མིང་འདི་ཞེས་བགྱི་བ་ཡི། །ཏིང་ངེ་འཛིན་གྱི་དཀྱིལ་འཁོར་ནི། །ཡོ་བྱད་ཇི་ལྟར་འབྱོར་པ་ཡིས། །འགྲོ་བ་དག་ཕྱིར་བདག་འབྲི་ན། །དེང་བདག་སློབ་མར་བཅས་པ་ལ། །ཐུགས་བརྩེ་བར་ནི་དགོངས་ནས་སུ། །ཚོགས་པ་ཐམས་ཅད་དཀྱིལ་འཁོར་དུ། །བྱིན་གྱིས་བརླབ་པར་མཛད་དུ་གསོལ། །ཞེས་ལན་གསུམ་དུ་གསོལ་བ་བཏབ་པས། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་མགྲིན་གཅིག་ཏུ། རྡོ་རྗེ་འཛིན་པ་ཁྱོད་ཀྱིས། དཀྱིལ་འཁོར་གྱི་ལས་ཅི་བདེ་བར་གྱིས་ཤིག ཅེས་གནང་བ་བྱིན་པར་བསམ་མོ། །དེ་ནས་ལྷ་དང་འབྱུང་པོ་གཏོར་མས་མཉེས་པར་བྱས་ལ། བུམ་པ་སྟ་གོན་དུ་གནས་པའི་ཆོ་ག་བྱ་སྟེ། རིན་པོ་ཆེ་ལ་སོགས་པའི་རྒྱུ་ལས་བྱུང་བའི་བུམ་པ། ལྟོ་བའི་རྒྱར་མཐོ་ལྔ་ལ། མགྲིན་པའི་དཔངས་སུ་སོར་བརྒྱད་པ། ཁ་ཁྱེར་དང་མཆུ་སོར་གཉིས་འཕྱང་བ། རྩ་བ་ཟླུམ་ཞིང་ཁ་དོག་ནག་པོ་དང་བྲལ་བའི་བུམ་པ་ལྷའི་གྲངས་དང་མཉམ་པའམ་མ་འབྱོར་ན་ལས་ཐམས་ཅད་པའི་བུམ་པ་དང་གཉིས་ལ། འགུལ་ཆིངས་གཙང་མ་པྲོག་ལྔའམ། བདུན་དང་ལྡན་པས་དཀྲི་ཞིང་། མེ་ཏོག་དང་འབྲས་བུས་སྤུད་པའི་རྩེ་མོ་མ་ཉམས་པའི་ཤིང་གི་ཡལ་གས་ཁ་བརྒྱན་ལ། གསེར། དངུལ། མུ་ཏིག བྱི་རུ། མུ་མེན་ཏེ་རིན་པོ་ཆེ་ལྔ། ནས། འབྲས། གྲོ། སྲན་མ། ཏིལ་ཏེ་འབྲུ་ལྔ། སིང་ཧ། སླེ་ཏྲེས། བྷྱ་གྲྀ། ཆུ་སྲིན་སྡེར་མོ། ཧ་ཡ། ཤུ་ུདག ཧ་བ་ངྷེ་ཝ། དབང་པོ་ལག་པ། ཀཎྜ་ཀ་རི་སྟེ་སྨན་ལྔ། ག་བུར། གུར་གུམ། ཙནྡན་དཀར་དམར། ཛ་ཏི་སྟེ་དྲི་ལྔ། འོ་མ། ཞོ། མར། ལན་ཚྭ། བུ་རམ་སྟེ་སྙིང་པོ་ལྔ། ཤ་ལྔ་བདུད་རྩི་ལྔ་སྟེ་གསང་བའི་རྫས་རྣམས་དང་བཅས་པ། ལུ་མ་དང་འབབ་ཆུ་དང་། ཁྲོན་པ་ལས་བྱུང་བའི་ཆུས་གང་བར་བྱས་ལ། ལྷ་སོ་སོའི་མཚན་མ་རྣམས་གདགས་ཤིང། རྣམ་རྒྱལ་གྱི་བུམ་པ་ལ་དུང་ཆོས་དྲི་ཆུས་ཡོངས་སུ་གང་བའི་སྟེང་དུ། རྡོ་རྗེ་ལ་གཟུངས་ཐག་བཏགས་པ་བཞག་གོ། །

དེ་ནས་བུམ་པ་རྣམས་བསང་ཞིང་སྦྱངས་ནས། པཾ་ལས་པདྨ་ཨ་ལས་ཟླ་བའི་སྟེང་དུ། ཧཱུྃ་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་བུམ་པ་རྣམས་སུ་བསྐྱེད་ནས། ལྷ་གྲངས་དང་མཉམ་པའི་བུམ་པ་ལ་ནི། རེ་རེའི་ནང་དུ་ལྷ་རེ་རེ་བསྐྱེད་ལ་རྣམ་རྒྱལ་གྱི་བུམ་པ་འབའ་ཞིག་ལས་མེད་ན། དེའི་ནང་དུ་དཀྱིལ་འཁོར་གྱི་ལྷ་རྫོགས་པར་བསྐྱེད་དོ། །དེའང་གཞལ་ཡས་ཁང་གི་དོད་དུ་བུམ་པ་ཉིད་ཡིན། ལྷ་རྣམས་ནི་ལྷག་པར་མོས་པ་ཙམ་མམ། ཡང་ན་དཀྱིལ་ཆོག་ཉི་ཤུ་པ་ལས་སོ་སོའི་ས་བོན་ལས་བསྐྱེད་དོ། །

ལས་ཐམས་ཅད་པའི་བུམ་པར་ནི་བགེགས་མཐར་བྱེད་བསྐྱེད་དེ། སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཡེ་ཤེས་པ་བཅུག་ལ་དབང་བསྐུར་ནས། རིགས་ཀྱི་བདག་པོས་རྒྱས་བཏབ་པ་ལ། ཕྱི་ནང་གསང་བ་ཡིད་ལས་བྱུང་བས་མཆོད་དེ། གཏོར་མས་ཀྱང་མཉེས་པར་བྱས་ནས། དུང་ཆོས་ཀྱི་ནང་དུ་ལྷ་རྣམས་ཀྱིས་གཟུགས་བརྙན་གསལ་བར་དམིགས་ནས་རང་གི་སྙིང་ཁ་ནས་སྔགས་འཕྲོས་པས། གཟུངས་ཐག་ལ་བརྟེན་ནས་སོང་བས། ལྷ་རྣམས་ཀྱི་ཐུགས་ཀར་ཕོག་སྟེ་རྒྱུད་བསྐུལ་ནས། སྐུ་ཐམས་ཅད་ལས་བདུད་རྩིའི་རྒྱུན་ཟགས་པས་བུམ་པ་གང་བར་བསམ་ཞིང་། དཀྱིལ་འཁོར་གྱི་ལྷ་སོ་སོའི་སྔགས་སྒྲུབ་ཐབས་ནས་འབྱུང་བ་བཞིན་བཟླ། ལས་ཐམས་ཅད་པ་ལ། ༀ་ཨ་བིགྷནྣ་ཏ་ཀྲིད་ཧཱུྃ་ཕཊ་ཅེས་པ་བཟླའོ། །

སླར་ཡང་མཆོད་པ་དང་བསྟོད་པ་བྱས་ལ། དུང་ཆོས་ཀྱི་ཆུ་བུམ་པ་རྣམས་ཀྱི་ནང་དུ་བླུགས་པས། ལྷ་ཐམས་ཅད་འོད་དུ་ཞུ་བ་ལས་བྱུང་བའི་ཡེ་ཤེས་ཀྱི་ཆུར་བསམས་པས། གཙོ་བོའི་བུམ་པ་རྣམས་ཀྱི་ཆུ་ཅུང་ཟད་རེ་རྣམ་རྒྱལ་བུམ་པར་བསྡུའོ། །འདིར་གཏོར་མ་རྣམས་འབུལ།དེ་ནས་དཔའ་བོ་དང་རྣམ་འབྱོར་མ་རྣམས་ཚོགས་ཀྱི་འཁོར་ལོས་མཉེས་པར་བྱས་ནས་བསྔོ་བའི་བར་ཉམས་སུ་བླངས་ནས་མཆོད་པ་བྱིན་གྱིས་བརླབས་ཏེ། དཀྱིལ་འཁོར་ལ་མཆོད་ཅིང་བསྟོད་དེ། བཟོད་པར་གསོལ་ནས་ཕྱག་རྒྱ་དང་སྔགས་ཀྱི་མཁར་བཞུགས་སུ་གསོལ་ཏེ་ཚོམ་བུ་བསྡུས་ཏེ། སླར་ཡང་མཆོད་བསྟོད་གསོལ་བ་གདབ་པ་བྱས་ནས། བདག་བསྲུང་བ་བྱས་ནས། འོད་གསལ་གྱི་ངང་ལ་ཉལ་བར་བྱས་ལ། ལྷག་མ་ལ་དགའ་བའི་འབྱུང་པོ་རྣམས། ལྷག་མའི་གཏོར་མས་ཚིམ་པར་བྱའོ། །

དེ་ནས་སློབ་མ་ལྷག་པར་གནས་པའི་ཆོ་ག་ནི། ངེས་འབྱུང་བསམ་པ་བསྐྱེད་པ་དང་། །གསོལ་དང་ནང་གི་དབང་བསྐུར་དང་། །སྤྲོ་བ་བསྐྱེད་དང་སྡོམ་པ་སྦྱིན། །བསྲུང་དང་མཆོད་དང་སོ་ཤིང་དོར། །སྐྱོར་ཆུ་བླུད་དང་བསྲུང་སྐུད་བཅིང་། །སྡིག་པ་སྦྱངས་དང་ཀུ་ཤ་སྦྱིན། །ཆོས་བཤད་རྨི་ལམ་ཡོངས་བརྟག་པ། །བཅུ་བཞི་སློབ་མ་སྟ་གོན་ནོ། །དེ་ལ་ཐོག་མར། གོང་དུ་རྗེས་སུ་བཟུང་བའི་སློབ་མ་རྣམས་ཁྲུས་བྱས་ཞིང་། གོས་གཙང་མ་བགོས་ལ། ཕྱག་འཚལ་བ་སྔོན་དུ་འགྲོ་བས། གྲལ་ལ་འཁོད་པ་རྣམས་ལ། མྱང་འདས་ཀྱི་བསམ་པ་བརྟན་པོ་བསྐྱེད་པའི་ཕྱིར། སྔགས་ཀྱི་དངོས་གྲུབ་དོན་གཉེར་གང་། །དཀྱིལ་འཁོར་འདིར་ནི་གཞུག་བྱ་སྟེ། །བསོད་ནམས་འདོད་པ་བདི་ལས་གཞན། །གཞན་དག་འཇིག་རྟེན་ཕ་རོལ་གཉེར། །དད་པ་ཆེན་པོ་ལྡན་བྱས་ཏེ། །འཇིག་རྟེན་ཕ་རོལ་དོན་གཉེར་ན། །བློ་ལྡན་དཀྱིལ་འཁོར་གཞུག་བྱ་སྟེ། །འདི་ཡི་འབྲས་བུ་འདོད་མི་བྱ། །གལ་ཏེ་འདི་ལ་དམིགས་གྱུར་ན། །འཇིག་རྟེན་ཕ་རོལ་འབྱུང་མ་ཡིན། །འཇིག་རྟེན་ཕ་རོལ་དོན་གཉེར་བའི། །མི་ལ་འདི་འབྲས་མ་ལུས་འགྲུབ། ། ཞེས་ལན་ཅིག་བརྗོད་ནས་ཚེ་འདིའི་ནད་གདོན་ཞི་བ་དང་། ཕྱི་མ་ལྷ་མིའི་བདེ་བ་དོན་དུ་གཉེར་ན། དཀྱིལ་འཁོར་དུ་འཇུག་མི་དགོས་ཤིང་། དཀྱིལ་འཁོར་འདིར་འཇུག་པས་ནི། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པ་དོན་དུ་གཉེར་དགོས་པས། སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པར་བྱ། དེའི་ཕྱིར་དུ། དཀྱིལ་འཁོར་ཆེན་པོར་འཇུག་སྙམ་པ་གྱིས་ཞེས་བརྗོད། དེ་ལྟར་མྱང་འདས་ཀྱི་བསམ་པ་བརྟན་པོས་ཀུན་ནས་བསླང་ནས། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་དེ། དེ་ལས་དབང་བླང་བའི་ཕྱིར། མཎྜལ་ཕུལ་ནས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ལ། དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །སྐྱབས་གསུམ་དག་ཀྱང་བདག་པ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཞེས་ལན་གསུམ་གསོལ་བ་འདེབས་སུ་གཞུག་གོ། །

དེ་ལྟར་གསོལ་བ་འདེབས་པའི་སློབ་མ་ལ། དབང་བསྐུར་བའི་སྣོད་དུ་རུང་བར་བྱ་བའི་ཕྱིར། རང་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་གསལ་བར་དམིགས་ལ། སྙོམས་པར་ཞུགས་པ་ལས་ཕྱུང་བའི་སྒྲས། སློབ་མ་རྣམས་བཀུག་ནས། ཞལ་ཏུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་ཡུམ་གྱི་བྷ་གར་བབས་པ་རྣམས། མི་བསྐྱོད་རྡོ་རྗེ་ཡབ་ཡུམ་དུ་བསྐྱེད་ཅེས་འབྱུང་ངོ། །ཧེ་རུ་ཀ་ཕྱག་གཉིས་པར་བསྐྱེད་ལ། སླར་ཡང་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་གྱིས། རིགས་ལྔ་ཡབ་ཡུམ་བཀུག་ཏེ་རང་གི་ཞལ་དུ་ཞུགས་ཤིང་། ཐུགས་ཀར་བྱང་ཆུབ་ཀྱི་སེམས་སུ་ཞུ་བར་གྱུར་པ་རྡོ་རྗེའི་ལམ་ནས་བརྒྱུད་དེ། ཧེ་རུ་ཀ་རྣམས་ཀྱི་སྤྱི་བོར་ཐིམ་པས། རོ་གཅིག་ཏུ་གྱུར་ཏེ་དེ་ཉིད་ཀྱིས་དབང་བསྐུར་ནས་རིགས་ཀྱི་བདག་པོས་རྒྱས་བཏབ་ནས།ཧཱུྃ་གི་སྦྱོར་མཚམས་ནས་སྤྲོས་ལ། ཤར་སྒོར་རིམ་པ་བཞིན་དགོད་དོ། །

དེ་ལྟར་སྣོད་དུ་རུང་བར་བྱས་པའི་སློབ་མ་སྔགས་ཀྱི་ལམ་ལ་སྤྲོ་བར་བྱ་བའི་ཕྱིར། བུ་ཚུར་ཐེག་པ་ཆེན་པོ་ཡི། ཁྱོད་ནི་ཚུལ་ཆེན་སྣོད་ཡིན་ཏེ། །གསང་སྔགས་སྤྱོད་ཚུལ་ཆོ་ག་ནི། ཁྱོད་ལ་ཡང་དག་བཤད་པར་བྱ། །དུས་གསུམ་དུ་ནི་ལེགས་བྱུང་བའི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཅན། །སངས་རྒྱས་ཡེ་ཤེས་མཉམ་མེད་པ། །རྡོ་རྗེ་སྔགས་ཀྱི་སྟོབས་ཀྱིས་ཐོབ། །སྔགས་ཀྱི་སྦྱོར་བ་མཉམ་མེད་དེ། །དྲག་པོ་ཆེན་པོ་བདུད་ཀྱི་སྡེ། །སྟོབས་ཆེན་དག་ཀྱང་དེ་ཡིས་བཅོམ། །ཤྭཀྱང་སེང་གེ་མཆོག་ལ་སོགས། །འཇིག་རྟེན་མཐུན་པར་གཤེགས་ནས་ཀྱང་། །འཁོར་ལོ་བསྐོར་ནས་མྱ་ངན་འདས། །དེ་བས་ཀུན་མཁྱེན་ཐོབ་བྱའི་ཕྱིར། །བུ་ཡི་བློ་གྲོས་འདི་གྱིས་ཤིག །ཅེས་ལན་ཅིག་བརྗོད་ནས། དེའི་དོན་བུ་ཚུར་ཞེས་པ་བོད་པ་ཡིན་ལ། ཁྱོད་ནི་ཤེས་རབ་དང་སྙིང་རྗེ་དང་ལྡན་པས། ཚུལ་ཆེན་པོ་རྡོ་རྗེ་ཐེག་པའི་སྣོད་ཡིན་ཏེ། དེའི་ཕྱིར། ཁྱེད་ལ་གསང་སྔགས་སྤྱོད་ཚུལ་ཆོ་ག་རྣམས་བཤད་པར་བྱའི། ཁྱེད་ཀྱིས་ཀྱང་ལམ་འདི་ལ་བློ་གྲོས་མི་འགྱུར་བར་གྱིས་ཤིག དུས་གསུམ་གྱི་སངས་རྒྱས་ཐམས་ཅད་རྡོ་རྗེ་ཐེག་པའི་ལམ་ནས་སངས་རྒྱས་པ་ཡིན་ནོ། །ཞེས་བཤད།

དེ་ལྟར་ཡིད་སྤྲོ་བར་གྱུར་པའི་སློབ་མ་རྣམས། ལམ་གྱི་གཞི་བྱང་ཆུབ་སེམས་དང་། སྡོམ་པ་སྦྱིན་པའི་ཕྱིར། རྒྱུན་བཤགས་སྔོན་དུ་འགྲོ་བ་ཅན་གྱི་བྱང་ཆུབ་ཀྱི་སེམས་སྦྱིན་པར་བྱ་སྟེ། དོན་དྲན་བཞིན་པས། དཀོན་མཆོག་གསུམ་པ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ཅེས་ལན་གསུམ་བརྗོད་དོ། །

དེ་ནས། སྤྱི་དང་ཁྱད་པར་གྱི་སྡོམ་པ་རྣམས་བྱང་ཆུབ་ཀྱི་བར་དུ་བསྐྱང་བའི་བསམ་པས། འདི་སྐད་ཅེས་བརྗོད་དུ་གཞུག་གོ །སངས་རྒྱས་བྱང ཆུབ་སེམས་དཔའ་ཀུན། །བདག་ལ་དགོངས་པར་མཛད་དུ་གསོལ། །བདག་མིང་འདི་ཞེས་བགྱི་བ་ནི། །དུས་འདི་ནས་ནི་བཟུང་ནས་ནི། །བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པ། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །ཚུལ་ཁྲིམས་ཀྱི་ནི་བསླབ་པ་དང་། །དགེ་བའི་ཆོས་ནི་བསྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་གསུམ། །སོ་སོར་བརྟན་པོར་བདག་གིས་བཟུང་། །སངས་རྒྱས་ཆོས་དང་དགེ་འདུན་སྟེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །སངས་རྒྱས་རྣལ་འབྱོར་ལས་སྐྱེས་པའི། །སྡོམ་པ་དེང་ནས་བདག་གིས་གཟུང་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་གཟུང་བར་བགྱི། །སློབ་དཔོན་དག་ཀྱང་གཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ཡི། །དམ་ཚིག་ཡིད་དུ་འོང་བ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བའི། །པདྨའི་རིགས་ཆེན་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་གཟུང་བར་བགྱི། །ལས་ཀྱི་རིགས་མཆོག་ཆེན་པོ་ལ། །སྡོམ་པ་ཐམས་ཅད་ལྡན་པར་ནི། །ཡང་དག་ཉིད་དུ་གཟུང་བར་བགྱི། །མཆོད་པའི་ལས་ནི་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །བདག་གིས་སྡོམ་པ་མ་ལུས་བཟུང་། །མ་བསྒྲལ་བ་རྣམས་བདག་གིས་བསྒྲལ། །མ་གྲོལ་བ་རྣམས་བདག་གིས་སྒྲོལ། །དབུགས་མ་ཕྱིན་པ་དབུགས་དབྱུང་ཞིང་། །སེམས་ཅད་མྱ་ངན་འདས་ལ་འགོད། །ཅེས་ལན་གསུམ་གྱིས་དམ་ཚིག་དང་སྡོམ་པ་སྦྱིན་ནོ། །

དེ་ནས་ཕྱི་ནང་གི་བར་ཆད་བསྲུང་བའི་ཕྱིར། ལས་ཐམས་ཅད་པའི་བུམ་པའི་ཆུ་སྔགས་དང་བཅས་པས་གཏོར་ཞིང་བསངས་ནས། ལག་པ་གཡས་པས་རྡོ་རྗེ་དང་བཅས་པའི་རྡོ་རྗེ་ཁུ་ཚུར་གྱི་སྲིན་ལག་གིས། དྲིའི་ཆུ་བླངས་པས་དཔྲལ་བར་ཐིག་ལེ་བྱ་ཞིང་། ༀ་ཞེས་བརྗོད་པས་འཁོར་ལོ་དཀར་པོ་ༀ་གྱིས་མཚན་པར་བསམ། མགྲིན་པར་རེག་ཅིང་ཨ་ཞེས་བརྗོད་པས་པདྨ་དམར་པོ་ཨས་མཚན་པ་བསམ། སྙིང་གར་རེག་ཅིང་ཧཱུྃ་ཞེས་བརྗོད་པས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པར་བསམ་ལ། དེ་ནས་སྙིང་ཁ་ནས་མས་རིམ་དུ་ཧཱུྃ་ཨཱཿༀ་ཞེས་བརྗོད་དོ། །རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་རེག་ཅིང་གསལ་བཏབ། ཡང་ཡས་མར་རེག་ཅིང། ༀ་ཨཱཿཧཱུྃ་ཞེས་པས་གསལ་གདབ་བོ། །

དེ་ལྟར་སྐུ་གསུང་ཐུགས་རྡོ་རྗེས་བསྲུང་བའི་སློབ་མ་རྣམས་མཆོད་པའི་གནས་སུ་གྱུར་པས། མེ་ཏོག་དང་། བདུག་སྤོས། མར་མེ། དྲི། ཞལ་ཟས། རོལ་མོ་རྣམས་ཀྱིས་མཆོད་པར་བྱའོ། །དེ་ནས། བླ་མའི་མདུན་དུ་བཎྜལ་ཟླུམ་པོ་ཁྲུ་གང་གི་ཚད་དང་ལྡན་པ་ལ། བགེག་མཐར་བྱེད་ཀྱི་སྔགས་བཟླ་ཞིང་། བ་ལས་བྱུང་བའི་དྲི་བཟང་པོ་དང་བཅས་པས་བྱུགས་པའི་དབུས་སུ་མེ་ཏོག་གི་ཚོམ་བུ་གཅིག་བཀོད་ལ་སློབ་མས་མེ་ཏོག་ཕུལ་ནས། བླ་མའི་མདུན་དུ་ཁ་བྱང་ཤར་དུ་ཕྱོགས་ཏེ་འདུག་པ་ལ། དངོས་གྲུབ་ཀྱི་ལྟས་བརྟག་པའི་ཕྱིར། འོ་མ་ཅན་གྱི་ཤིང་གི་ཡལ་ག་ཕྲ་མོ་སོར་བཅུ་གཉིས་ཀྱི་ཚད་དང་ལྡན་པའི་རྩེ་མོ་མེ་ཏོག་གིས་བརྒྱན་པ་ༀ་བཛྲ་ཧ་ས་ཧཿཞེས་རྗོད་ནས་བྱིན་པ་ལ་སློབ་མས་ཐལ་མོ་སྦྱར་ནས་བླངས་ཏེ། སོ་དྲུད་ལ་སྡིག་པ་ཐམས་ཅད་སྐྱུགས་པར་བསམ་ཞིང་། མཎྜལ་གྱི་དབུས་སུ་དོར་རོ། །དེ་ནས། བླ་མས་ཕྱོགས་ཀྱི་ཆས་དངོས་གྲུབ་ཀྱི་དབྱེ་བ་བསྟན་ཏེ། སྟེང་དུ་ཕྱོགས་ན་རིག་འཛིན། རང་ལ་ཕྱོགས་ན་མཆོག ཐུར་དུ་བལྟས་ན་ས་འོག ཤར་ལ་སོགས་པའི་ཕྱོགས་བཞིར་བལྟས་ན་ལས་བཞི་གྲུབ་ལ། མཚམས་སུ་བལྟས་ན་དངོས་གྲུབ་ཕྲ་མོ་གྲུབ་བོ་ཞེས་ལུང་བསྟན་ཏོ། །

དེ་ནས་རྨི་ལམ་གསལ་པོ་མཐོང་བའི་ཕྱིར། བཾ་ལས་བྱུང་བའི་དུང་ཆོས་ཀྱི་ཆུ་ལ། ༀ་ཨཱཿཧཱུྃ་བཟླས་ཏེ། ༀ་ཧྲཱི་བི་ཤུདྡྷ་སརྦ་དྷརྨ་པཱ་པཱཾ་ནིཿཙཱ་སྱ་སཾ་ཤོ་དྷ་ཡ་སརྦ་བི་ཀལྤཱ་ཨ་པ་ན་ཡ་ཧཱུྃ། ཞེས་བཟླས་ཏེ་ལག་པ་གཡས་པར་བྱིན་ནས་ལན་གསུམ་འཐུང་དུ་གཞུག་གོ །དེ་ནས་བར་ཆད་མི་འབྱུང་བའི་དོན་དུ། བུ་མོ་གཙང་མས་བཀལ་བའི་སྐུད་པ་དམར་པོ། སློབ་མའི་ལུས་ཀྱི་ཚད་དང་མཉམ་པ་གསུམ་སྒྲིལ་ལ་རྡོ་རྗེའི་མདུད་པ་བཅིང་ལ། ཧཱུྃ་ལས་བྱུང་བའི་རྡོ་རྗེའི་སྲད་བུར་དམིགས་ལ། རང་གི་སྙིང་ཁའི་ས་བོན་གྱི་འོད་ཀྱིས་དཀྱིལ་འཁོར་གྱི་ལྷའི་ཐུགས་ཁ་ནས། ཡེ་ཤེས་ཀྱི་སྐུད་པ་སྤྱད་དྲངས་ནས་བསྟིམ་སྟེ། གཙོ་བོའི་སྔགས་ཀྱིས་བྱིན་གྱིས་བརླབས་ལ་ༀ་བུདྡྷ་མཱཻ་ཏྲི་རཀྵ་རཀྵ་སརྦཱ་ཱན་སྭཱཧཱ། ཞེས་ཟློས་ཞིང་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་གཡས་ལ་བཅིངས་ནས། དེ་ལ་ལག་པ་གཉིས་འཇུས་ཏེ། ཡི་གེ་བརྒྱ་པ་བརྗོད་པས་བརྟན་པར་བྱའོ། །དེ་ནས་སྡིག་པ་སྦྱང་བའི་ཕྱིར། དུང་ཆོས་ཀྱི་ཆུ། སྲིན་ལག་གིས་བླངས་ལ། གནས་གསུམ་དུ་རེག་ཅིང་། ༀ་ཨཱཿཧཱུྃ་ཞེས་བརྗོད་པས། སྒོ་གསུམ་གྱི་དྲི་མ་སྦྱང་བར་བསམ་ལ། སྔར་གྱི་སྔགས་ཀྱི་མངོན་པར་བསྔགས་པའི་སྐྱོར་ཆུ་གཉིས་པའང་འཐུང་དུ་གཞུག་གོ །དེ་ནས་རྨི་ལམ་འཁྲུགས་པའི་དོན་དུ། རྩ་བ་དང་རྩེ་མོ་མ་ཉམས་པའི་ཀུ་ཤའི་ཆུན་པོ་ཆེ་ཆུང་གཉིས་ལ། ༀ་བཛྲ་ཏཱིཀྵྞ་བཾ་ཞེས་པས། ཆུང་བ་གཡས་དང་ཆེ་བ་གཡོན་དུ་སྦྱིན་ནོ། །

དེ་ནས་ཡིད་སྤྲོ་བ་བརྟས་ཅིང་ལྡོག་པ་བྱ་བའི་ཕྱིར། ཆོས་ཟབ་མོ་བཤད་པ་ནི། འཇིག་རྟེན་དུ་ནི་ཀུན་མཁྱེན་དག །ཨུ་དུམ་ཝཱ་རའི་མེ་ཏོག་ལྟར། །བརྒྱ་ལམ་ན་ནི་རེས་འགའ་ཞིག །འབྱུང་འགྱུར་ཡང་ནི་མི་འབྱུང་ངོ་། །གསང་སྔགས་སྤྱོད་པའི་ཚུལ་འབྱུང་བ། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གི་མཉམ་མེད་སེམས་ཅན་དོན། །མྱ་ངན་མི་འདའ་བྱེད་པར་ནུས། །སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཟབ་ཅིང་རྒྱ་ཆེ་ཞེས་བཤད་པ། །རྣམ་པར་རྟོག་མེད་ཟབ་པ་སྟེ། །རྒྱ་ཆེ་སངས་རྒྱས་རྣམས་ཀྱི་སྐུ། །འདི་ནི་བདེན་པ་གཉིས་སུ་བཤད། །ཀུན་རྫོབ་དང་ནི་དམ་པའི་དོན། །ཕྱེས་ཏེ་སོ་སོར་ཤེས་ནས་སུ། །དེ་ནས་གཅིག་ཏུ་འདས་བྱས་པའི། །ཟད་མེད་གོ་འཕང་བསྒོམ་པར་བྱ། །བསྐལ་པ་བྱེ་བ་དུ་མ་རུ། །སྔོན་དུ་སྡིག་པ་བྱས་པ་གང་། །དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །དེ་དག་ཟད་པར་འགྱུར་ཡིན་ན། །གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །ཚུལ་ལ་གནས་ན་སྨོན་ཅི་དགོས། །སྐྱོབ་པའི་གསང་སྔགས་བཟླས་ནས་ནི། །གོ་འཕང་བླ་ན་མེད་པར་འགྱུར། །གང་གི་སྤྱོད་པ་མཆོག་འདི་ལ། །བློ་གྲོས་ཤིན་ཏུ་དྲི་མེད་ན། །སྡུག་བསྔལ་ཐམས་ཅད་འབྱུང་བ་ཡི། །ངན་འགྲོ་དེ་ཡིས་གཅོད་པར་འགྱུར། །བདག་ཉིད་ཆེན་པོ་ཁྱེད་རྣམས་ཀྱིས། །རྙེད་པ་བླ་མེད་དེ་རིང་སྙེད། །གང་ཕྱིར་རྒྱལ་བ་སྲས་བཅས་པའི། །བསྟན་པ་འདི་ལ་ཁྱེད་རྣམས་ཀུན། །ཡོངས་སུ་བཟུང་སྟེ་སྐྱེ་བཞིན་པར། །བདག་ཉིད་ཆེན་པོ་ཁྱེད་གནས་ཏེ། །གང་གི་ཁྱེད་རྣམས་ཐེག་ཆེན་དུ། །སང་ནི་རབ་ཏུ་སྐྱེ་འགྱུར་བ། །ཐེག་པ་ཆེན་པོ་ཆེར་འབྱུང་བའི། །ལམ་མཆོག་འདི་ནི་དཔལ་དང་ལྡན། ཁྱེད་རྣམས་འདིར་ནི་དོང་བས་ན། །རང་བྱུང་སྐལ་བ་ཆེན་པོ་པ། །འཇིག་རྟེན་ཐམས་ཅད་མཁྱེན་པ་ཡི། །དེ་བཞིན་གཤེགས་པ་ཉིད་དུ་འགྱུར། །ཅེས་བརྗོད་ནས། འཇིག་རྟེན་ན་གང་དཀོན་ན། སངས་རྒྱས་དཀོན་ཏེ། དཔེར་ན་ཨུ་དུམ་ཝ་རའི་མེ་ཏོག་བཞིན། དེ་བས་ཀྱང་གསང་སྔགས་དཀོན་ཏེ། རྩ་རྒྱུད་ཀྱི་ལེའུ་བཅུ་བདུན་པ་ལས། ཐུབ་པ་ཆེན་པོ་མར་མེ་མཛད་ནས། འོད་སྲུང་གི་བར་གྱི་འདས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མ་གསུངས། བྱམས་པ་ནས་མོས་པའི་བར་གྱི་མ་འོངས་པའི་སངས་རྒྱས་རྣམས་ཀྱིས་ཀྱང་མི་གསུང་། ཤཱཀྱ་ཐུབ་པ་ཁོ་ནས་སྨོན་ལམ་གྱི་སྟོབས་ཀྱིས་གསུངས་པ་ཡིན་པས་ཤིན་ཏུ་དཀོན་ནོ། །

དཀོན་ཡང་ཕན་ཡོན་མེད་ན་ཅི་བྱ་སྙམ་ན། ཕན་ཡོན་ཤིན་ཏུ་ཆེ་སྟེ། དཔེར་ན་བསྐལ་པ་སྟོང་དུ་བསགས་པའི་མུན་པ་མར་མེས་སྐད་ཅིག་ལ་འཇོམས་པ་ལྟར། ཚེ་རབས་དཔག་ཏུ་མེད་པ་ནས་བསགས་པའི་སྡིག་པ་རྣམས། སང་ནུབ་དཀྱིལ་འཁོར་ཆེན་པོ་མཐོང་བ་ཙམ་གྱིས་ཀྱང་འཇོམས་ན། གསང་སྔགས་ཀྱི་ལམ་ལ་ཞུགས་ཏེ་ཚུལ་བཞིན་བསྒྲུབས་ན་ལྟ་སྨོས་ཀྱང་ཅི་དགོས། དེ་བས་ན། དེ་ལྟ་བུའི་རྙེད་པར་དཀའ་ཞིང་ཕན་ཡོན་ཆེ་བའི་གསང་སྔགས་ཁྱོད་ཀྱིས་ཐོབ་ཀྱིས་དགའ་བ་སྒོམས་ཤིག་ཅེས་པའི་དོན་ཡིན་ནོ་ཞེས་བཤད། དེ་ནས། བུ་ཀྱེ། ནངས་པར་དཀྱིལ་འཁོར་དག་མཐོང་བར་འགྱུར་རོ་ཉོལ་ཅིག་དང་། རྨི་ལམ་མཐོང་བ་གང་ཡིན་པ། །དེ་ཀུན་དང་པོར་ང་ལ་སྨྲོས། །ཞེས་བརྗོད་ནས། ཀུ་ཤ་ཆེ་བ་སྟན་དང་། ཆུང་བ་རྔས་སུ་བཅུག་ལ། རྟོག་པ་གཞན་གྱིས་མ་ཡེངས་པར། བདག་གི་ནངས་པར་དཀྱིལ་འཁོར་ཇི་ལྟ་བུ་ཞིག་མཐོང་བར་འགྱུར་སྙམ་པའི་ཡིད་དང་ལྡན་པས། གཞོགས་གཡས་པ་ས་འོག་ཏུ་ཅུག་པའི་སེང་གེའི་ཉལ་སྟབས་ཀྱིས་ཉོལ་ཅིག ཅེས་སྒོས་ཏེ་བཏང་ངོ། །

དེ་ནས་ཚོམ་བུའི་དཀྱིལ་འཁོར་དེ་ལ་མཆོད་ཅིང་བསྟོད་དེ་བཟོད་པར་གསོལ་ནས། ༀ་བཛྲོད་ཏིཥྠ་ཞེས་པའི་སྔགས་དང་། ཕྱག་རྒྱ་དང་ལྡན་པས་སྟེང་གི་ནམ་མཁར་བཏེགས་ནས་སླར་ཡང་མཆོད་ཅིང་བསྟོད་པ་དེ་ཉིད་དུ་བཞུགས་པར་གསོལ་ལོ། །དེ་ནས་ཚོམ་བུ་རྣམས་བསྡུས་ནས། དྲི་བཟང་པོ་དང་བཅས་པའི་བ་བྱུང་གིས་བྱུགས་ལ། གཏོར་མའི་མགྲོན་གཤེགས་སུ་གསོལ་ཞིང་། གཏོར་མ་ཉིད་ཀྱང རོལ་མོའི་སྒྲ་དང་བཅས་པས་དོར་ལ། བདག་ཉིད་ཀྱི་གནས་གསུམ་དུ་ཡི་གེ་གསུམ་བཀོད་ནས་སུཾ་བྷའི་སྔགས་ཀྱིས་བསྲུངས་ལ་འོད་གསལ་གྱི་ངང་ལ་ཉལ་བར་བྱའོ། །ནངས་པར་སློབ་མས་རྨི་ལམ་བཤད་པའི་ཚེ། དགེ་བའི་མཚན་མ་མཐོང་ན་སྤྲོ་བ་བསྐྱེད་དོ། །མི་དགེ་བའི་མཚན་མ་མཐོང་ན། བགེག་དང་བཅས་ན་བགེག་གཏོར་བྱིན་ལ། གནོད་མཛེས་ཀྱི་སྔགས་ཀྱིས་བསྲུང་ཞིང་། བགེགས་དང་བཅས་པ་མ་ཡིན་ན། ཞི་བའི་སྦྱིན་སྲེག་དང་། སངས་རྒྱས་སྤྱན་གྱི་སྔགས་དང་། རྣལ་འབྱོར་ལ་སོགས་པས་ཞི་བར་བྱའོ། །སྟ་གོན་གྱི་ཆོ་གའོ། །

གཉིས་པ་དངོས་གཞིའི་ཆོ་ག་ནི།

གཉིས་པ་དངོས་གཞིའི་ཆོ་ག་ནི། དཀྱིལ་འཁོར་གྱི་ནི་བྱ་བ་དང་། །བདག་ཉིད་འཇུག་ཅིང་དབང་བླང་དང་། །སློབ་མ་འཇུག་ཅིང་དབང་བསྐུར་བ། །བྱ་བ་རྣམ་པ་གསུམ། །དེ་ལ་རྡུལ་ཚོན་གྱི་དཀྱིལ་འཁོར་འབྲི་བའི་ཚུལ་ནི། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེས་མཛད་པའི་དཀྱིལ་འཁོར་གྱི་ཆོ་གར་ཤེས་པར་བྱའོ། །འདིར་རས་རིས་ལ་བསྟེན་པའི་ཚུལ་ནི། ཕྱིམ་རེད་ཀྱི་ཚེ། ཚོམ་བུའི་གཞི་དེ་ཉིད་ལ། བ་བྱུང་དང་དྲི་བཟང་བདུད་རྩི་དང་བཅས་པས་ལེགས་པར་བྱུགས་པའི་སྟེང་དུ་གཞི་བཟང་པོ་གཏིང་བ་ལ། དཀྱིལ་འཁོར་འཇིག་རྟེན་ལས་འདས་པའི་ཤར་ཕྱོགས་སུ་ཞལ་བསྟན་ནས་བཀྲམ་ལ་འཁོར་ཡུག་ཀུན་ཏུ་ཆུ་གཉིས་སྔོན་དུ་འགྲོ་བའི་མཆོད་པ་ལྷ་གྲངས་ལས་མི་ཉུང་བ་བཤམས་ཤིང་། ལྷ་དང་། འབྱུང་པོའི་གཏོར་མ་རྣམས་ཀྱང་བཤམས། ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཀྱང་འཚོག་ཆས་བྱའོ། །དེ་ནས་དཀྱིལ་འཁོར་བསྒྲུབ་པའི་ཕྱིར། ཕྱིམ་རེད་ཀྱི་དུས་སུ། སྒྲུབ་པའི་གྲོགས་དང་བཅས་པ། སོ་སོའི་སྟན་ལ་འཁོར་ནས། སྔོན་འགྲོའི་གཏོར་མ་བཏང་སྟེ། མཆོད་པ་བྱིན་གྱིས་བརླབས་ནས། བདག་བསྐྱེད་རྫོགས་པར་བསྒོམ་པའི་བར། སྟ་གོན་གྱི་སྐབས་ལྟར་བྱས་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་དཀྱིལ་འཁོར་པ་ཐམས་ཅད་ལ་ཕོག་འོད་དུ་ཞུ་རྡོ་རྗེའི་ལམ་ནས་དྲངས་ཏིང་ངེ་འཛིན་སེམས་དཔའ་ལ་ཐིམ་པར་བསྒོམ་པའི་དཀྱིལ་འཁོར་བསྡུས་ལ། གཙོ་བོ་ཡབ་ཡུམ་གྱི་ང་རྒྱལ་དང་ལྡན་པས་ཁྲུས་བྱ་ཞིང་། ཧེ་རུ་ཀའི་ཆས་རིན་པོ་ཆེའི་རྒྱན་དང་གོས་སྔོན་པོ་སོགས་ཀྱིས་བརྒྱན་ལ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་སྟན་ནང་ཚང་ཅན་ལ་འཁོད་དེ་ལས་བུམ་གྱི་ཆུས་གཏོར་ཞིང་། སུཾ་བྷའི་སྔགས་ཀྱིས་རས་རིས་ཀྱི་བགེགས་སྦྱང་བར་བྱའོ། །དེ་ནས་རས་རིས་སྭཱ་བྷཱ་ཝས་སྦྱངས་ནས། སྟོང་པའི་ངང་ལས། གཞན་ཡས་ཁང་གདན་དང་བཅས་པ་སྒྲུབ་ཐབས་བཞིན་ཡོངས་སུ་རྫོགས་པར་བསྐྱེད་དོ། །ལྷ་རྣམས་ཀྱང་ལྷག་མོས་ཙམ་གྱིས་བསྐྱེད་ལ། བདག་ཉིད་གཙོ་བོ་ཡབ་ཡུམ་གྱི་མཁའ་གསང་དང་གནས་ལྔར་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པའི་བདེ་བའི་སྒྲས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཞལ་དུ་ཞུགས་ཐུགས་ཁར་རྗེས་ཆགས་ཀྱི་མེས་ཞུ་བ་ཡུམ་གྱི་བྷ་གར་བབས་པའི་ཐིག་ལེ་ཆ་གཉིས་སུ་གྱུར་པའི་ཆ་གཅིག་གཞལ་ཡས་ཁང་གདན་དང་བཅས་པར་བསྐྱེད། ཆ་གཅིག་ཆ་སོ་གཉིས་སུ་གྱུར་པ་ཆོ་ག་གསུམ་གྱི་ལྷ་སོ་གཉིས་སུ་སྒྲུབ་ཐབས་བཞིན་བསྐྱེད་ནས། སོ་སོའི་འབྱིན་སྔགས་ཀྱིས་རིམ་པ་བཞིན་ཕྱུང་སྟེ། འཇིག་རྟེན་གྱི་ཁམས་ཀུན་ཏུ་སྤྲོས་ནས། སྤྱི་དང་ཁྱད་པར་གྱི་མཛད་པ་མཛད་ནས། ཚུར་འདུས་པ་དཀྱིལ་འཁོར་གྱི་ལྷ་སོ་སོ་ལ་ཐིམ་པར་བསམ། གཞལ་ཡས་ཁང་ཡང་ཕྱུང་སྟེ། སྤྲོས་པས་ཞིང་ཡོངས་སུ་དག་པར་བྱས་ནས། རྟེན་གྱི་དཀྱིལ་འཁོར་ལ་ཐིམ་པར་བསམ།

དེ་ནས་གཙོ་བོ་ཡབ་ཡུམ་གྱི་སྐུའི་དཀྱིལ་འཁོར་ས་བོན་གསལ་གདབ་ཅིང་། དཀྱིལ་འཁོར་པ་རྣམས་ཀྱི་ཡང་སྐུ་གསུང་ཐུགས་བྱིན་གྱིས་བརླབས་ནས། ཐམས་ཅད་ཀྱང་སེམས་དཔའ་གསུམ་བརྩེགས་སུ་བལྟས་ཏེ། རང་རང་གི་སྙིང་ཁར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་དང་འདྲ་བའི་ཡེ་ཤེས་སེམས་དཔའ་དང་། དེའི་སྙིང་ཁར་རང་རང་གི་ས་བོན་ཏིང་ངེ་འཛིན་སེམས་དཔའ་བསམ་མོ། །དེ་ནས་བགེགས་མཐར་བྱེད་ཀྱི་སྔགས་དང་ཏིང་ངེ་འཛིན་གྱིས་བགེགས་བསྐྲད་ནས། སྟ་གོན་གྱི་ལྷ་ལ་མཆོད་ཅིང་བསྟོད་དེ། རྡུལ་ཚོན་གྱི་དཀྱིལ་འཁོར་དང་གཉིས་སུ་མེད་པར་བྱའོ། །སླར་ཡང་ལྷ་རྣམས་ཀྱི་ཏིང་ངེ་འཛིན་སེམས་དཔའི་འོད་ཀྱིས། རང་བཞིན་གྱི་གནས་ནས་ཡེ་ཤེས་ཀྱི་དཀྱིལ་འཁོར་སྤྱན་དྲང་བར་བསམ་ཞིང་། རྡོ་རྗེ་དྲིལ་བུ་འཛིན་པས། མ་ལུས་འགྲོ་བའི་རང་བཞིན་མངོན་དུ་མཛད། །མི་བཟད་བདུད་ཀྱི་དཔུང་གིས་ཕྱག་བྱས་ཤིང་། །རང་བྱུང་མཐའ་ཡས་འགྲོ་བའི་རང་བཞིན་ཏེ། །སེམས་ཅན་སྙིང་པོ་གཅིག་གྱུར་འདིར་གཤེགས་ཤིག །ཅེས་ལན་གསུམ་བརྗོད་པའི་མཐར་ༀ་བཛྲ་ས་མཱ་ཡ་ཛཿཛཿཛཿཞེས་བརྗོད་ནས། རྡོ་རྗེ་བསྡུ་བའི་ཕྱག་རྒྱ་སེ་གོལ་གཏོག་ཅིང་། མདུན་གྱི་ནམ་མཁར་སྤྱན་དྲངས་པ་ལ། མཆོད་ཅིང་བསྟོད་ནས་སྒོ་བ་བཞིའི་སྔགས་དང་ཏིང་ངེ་འཛིན་དང་། ཕྱག་རྒྱ་དགུག་པ་དང་། གཞུག་པ་དང་། བཅིང་བ་དང་། དབང་དུ་བྱ་བས་གཉིས་སུ་མེད་པར་བྱས་ལ་སླར་ཡང་དབང་བསྐུར་གྱི་ལྷ་སྤྱན་དྲངས་པ་ལ་མཆོད་ཅིང་བསྟོད་ནས་ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་ཏུ་མཾ་ཞེས་པས་གསོལ་བ་བཏབ་པས། ༀ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེཀྟ་ས་མ་ཡ་ཤྲི་ཡེ་ཧཱུྃ་ཞེས། དེ་བཞིན་གཤེགས་པ་རྣམས་ཀྱིས་བུམ་པའི་ཆུས་དབང་བསྐུར་བར་བསམ་ཞིང་། རིགས་བདག་གི་རྒྱས་གདབ་བོ། །དེ་ནས་ༀ་ཨཱཿབཛྲ་དྷྲི་དྷ་ཧཱུྃ་བཛྲ་ས་ཏྭ་ས་མ་ཡ་མ་ནུ་པ་ལ་ཡ་ཞེས་སོགས་ལྷ་སོ་སོའི་མཚན་སྔགས་སྔོན་དུ་འགྲོ་བའི་ཡི་གེ་བརྒྱ་པ་བརྗོད་པས་བྱིན་གྱིས་བརླབས་པར་བྱའོ། །

དེ་ནས་མཆོད་པ་ནི། རང་གཙོ་བོ་ལ་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་མི་བསྐྱོད་པར་བསྒོམ་ཧེ་རུ་ཀ་ཕྱག་གཉིས་པའི་རྣམ་པར་ཆད་ནས་ཤར་གྱི་ལྷ་སྣམ་གྱི་སྟེང་དུ་འདུག་སྟེ། མཆོད་པ་ཕུལ་བ་ལ་སོགས་པ་བྱེད་པར་བསམས་ནས། ཕྱི་དང་ནང་དང་ཡིད་ལས་བྱུང་བ་དང་། བསྟོད་པའི་མཆོད་པ་རྣམས་རྒྱ་ཆེར་བྱ་ཞིང་འདིར་འབུལ་བ་ས་སྐྱ་པའི་བླ་མ་གོང་མ་རྣམས་ཀྱི་ལག་ལེན་ཡིན་གསུངས།ལྷ་དང་ཆོས་སྐྱོང་མཁའ་འགྲོ་མ་རྣམས་གཏོར་མས་མཉེས་པར་བྱས་ནས། དཀྱིལ་འཁོར་ལ་ལྟ་བར་མི་དབང་བའི་འབྱུང་པོ་རྣམས་ལ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ཏུ་གཏོར་མ་སྦྱིན་པར་བྱ་སྟེ། ཡེ་ཤེས་སེམས་དཔའ་སྤྱན་དྲངས་པའི་ཕྱི་བཞིན་འོངས་པའི་ཕྱོགས་སྐྱོང་དང་འབྱུང་པོ་རྣམས་སྐད་ཅིག་གིས་འོད་གསལ་དུ་བཅུག དེ་ལས་ལངས་ཏེགཏོར་ཆོག་ནས་འབྱུང་བ་ལྟར་བྱེད། འདུས་པའི་ལྷ་ཐབས་དང་ཤེས་རབ་ཀྱི་བདག་ཉིད་དུ་བསྐྱེད་ལ། དྲི་དང་མེ་ཏོག་ལ་སོགས་པས་བརྒྱན་པའི་གཏོར་མ། ནང་མཆོད་ལྟར་བྱིན་གྱིས་བརླབས་ལ། ༀ་ད་ཤ་དི་ཀ་བྱ་བ་སྠི་ཏེ་བྷྱ། ཨི་ཧ་ཨཱ་སྠི་ཏེ་བྷྱཿ ཙ་དེ་བ་ནཱ་ག་ཡཀྵ་ག་ན་དྷརྨ་ཨ་སུ་ར་ག་རུ་ཌ། ཀིནྣ་ར་མ་ཧོ་ར་ག་བྷུ་ད་པྲེ་ཏ་པི་ཤཱ་ཙི་ཀུམྦྷཎྜ་ཨུད་མ་དེ་ཨ་པ་སྨཱ་ར་ཨེ་ཏཱ་ར་གེ་ཨཱ་དི་བྷྱོ་བ་དཱ་པ་ཡཱ་མི་གྲི་ཧཱ་ཏཱ། པུ་ཁ་སཱཽ་མ་ན་སྱ་ལཱ་བྷི་ནོ་བྷ་ཝན་ཏུ་སྠ་ནཾ་ཙ་ནིར་ཨུ་པ་དྷ་བཾ་ཀུརྦནྟུ་སརྦ་བྷུ་ཏ་ཨི་ཥྛཱ་ནི་ན་ༀ་ཨཱཿཧཱུྃ་ཨི་དཾ་ཨ་མྲྀ་ཏ་པིཔྣཾ་བྷུ་ཀ་ཏྲ་མ་མ་ས་པ་རི་ཝཱ་ར་སྱ་ཤཱནྟིཾ་ཀུརྦནྟུ་སྭ་སྟི་སྭཱཧཱ། ཞེས་ལན་གསུམ་གྱི་རྗེས་ལ་དྲིལ་བུ་བཀྲོལ་ཞིང་། ༀ་ཕྱོགས་བཅུར་རྣམ་པར་གནས་རྣམས་དང་། །འདིར་ནི་ཀུན་ཏུ་གནས་པ་དང་། །ལྷ་དང་ཀླུ་དང་གནོད་སྦྱི་དང་། །དྲི་ཟ་ལྷ་མིན་ནམ་མཁའ་ལྡིང་། །མིའམ་ཅི་དང་ལྟོ་ཕྱེ་ཆེ། །འབྱུང་པོ་ཡི་དྭགས་ཤ་ཟ་དང་། །སྨྱོ་བྱེད་དང་ནི་བརྗེད་བྱེད་དང་། །གནོན་པོ་ལ་སོགས་པ་རྣམས་ལ། །གཏོར་མ་འབུལ་གྱིས་བསྣམས་ནས་ཀྱང་། །བདེ་དང་ཡིད་བདེ་ཐོབ་གྱུར་ཅིག ། གནས་འདིར་ཉེར་འཚེ་མེད་པར་མཛོད། །སངས་རྒྱས་ཀུན་གྱི་བྱིན་རླབས་ཀྱིས། །ༀ་ཨཱཿཧཱུྃ་གི་བདུད་རྩི་ཡི། །བཟའ་བ་ལ་ནི་ལོངས་སྤྱད་ནས། །བདག་ཅག་འཁོར་དང་བཅས་པ་ལ། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །ཞེས་བསྔོས་པས། ལྗགས་རྡོ་རྗེའི་སྦུ་གུ་ཅན་གྱིས་གསོལ་བས་མཉེས་ཤིང་ཚིམ་པར་བསམས་ལ། མཆོད་པས་མཆོད་དེ་ཕྲིན་ལས་བཅོལ་ནས རྡོ་རྗེ་འཆང་གིས་སངས་རྒྱས་ཀྱི་བསྟན་པ་འཛིན་པའི་གང་ཟག་རྣམས་སྐྱོང་བར་བཀའ་བསྒོས་པ་བཞིན་ཞལ་གྱིས་བཞེས་པའི་སྲུང་མ་དམ་ཚིག་ཅན་ཁྱེད་རྣམས་ཀྱིས་བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་བཞེངས་ནས་སྒྲུབ་ཅིང་མཆོད་པ་དང་འཇུག་ཅིང་དབང་བླང་བ་ལ་དཀར་ཕྱོགས་ལ་མངོན་པར་དགའ་བ་རྣམས་ཀྱིས་བསྲུངས་ཞིང་བསྐྱབ་པ་དང་། བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྡོང་གྲོགས་མཛོད་ཅིག དཀྱིལ་འཁོར་ཆེན་པོར་ལྟ་བར་མི་དབང་བའི་འབྱུང་པོའི་གནོད་པ་དང་། གདུག་པའི་བསམ་པ་འཆང་བ་རྣམས་འདིར་མ་འདུག་པར་སོང་ཞིག་གཤེགས་སུ་གསོལ་ཏེ་འབུད་དཀྲོལ་དང་བཅས་པས་གཏོར་མ་དོར་བར་བྱའོ། །དེ་ནས་དཀྱིལ་འཁོར་གྱི་ཁང་པར་ཞུགས་ཏེ། དྲིལ་བུ་སིལ་ཞིང་ཡི་གེ་བརྒྱ་པ་བརྗོད་ལ། དཀྱིལ་འཁོར་ལ་གཡས་ཕྱོགས་སུ་ལན་གསུམ་དུ་བསྐོར་བར་བྱའོ། །དཀྱིལ་འཁོར་གྱི་བྱ་བའོ། །

དེ་ནས་བདག་ཉིད་འཇུག་པའི་ཕྱིར། དངོས་སམ་ཡིད་ཀྱིས་ནུབ་ཕྱོགས་སུ་སོང་ལ། རྡོ་རྗེ་ཧཱུྃ་མཛད་ཀྱི་ཕྱག་རྒྱ་བཅས་ནས། ཤར་སྒོ་ཕྱེ་བར་བསམས་ལ་ༀ་བཛྲ་ཨུད་གྷ་ཊ་ཡཱ་ས་མཱ་ཡ་པྲ་བེ་ཤཱ་ཡ་ཧཱུྃ། ཞེས་བརྗོད་པས་ཤར་སྒོ་དབྱེའོ། །དེ་བཞིན་དུ་བྱང་ནས་ལྷོ་དང་། ཤར་ནས་ནུབ་དང་། ལྷོ་ནས་བྱང་གི་སྒོ་ཕྱེ་ལ། རང་ཉིད་ཤར་ཕྱོགས་སུ་གནས་ནས། དཀྱིལ་འཁོར་གྱི་གཙོ་བོ་བླ་མ་དང་ཐ་མི་དད་པར་བསམ་ལ། བླ་མའི་བྱ་བ་དང་། སློབ་མའི་བྱ་བ་རྣམས་དངོས་སུ་རང་གིས་བྱ་ཞིང་། གཙོ་བོ་ལས་ཆད་པའི་ཧེ་རུ་ཀ་ཕྱག་གཉིས་པས་དབང་རྫས་སྟེར་བ་སོགས་ལས་ཀྱི་རྡོ་རྗེའི་བྱ་བ་རྣམས་བྱེད་པར་བསམས་ནས། ཕྱི་དང་ནང་གི་དཀྱིལ་འཁོར་དུ་འཇུག་པ་སྔོན་དུ་འགྲོ་བ་ཅན་གྱི། དབང་བཞི་ཡོངས་སུ་རྫོགས་པར་བླང་ངོ་། །

དེ་ནས་རང་ཐལ་མོ་སྦྱར་ཏེ། སློབ་མ་ལ་གཞུག་པའི་ཕྱིར། བདེན་པའི་སྟོབས་བརྗོད་པར་བྱ་སྟེ། ཤེས་རབ་ཐབས་ཀྱི་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །བདེན་པ་དེ་ཡི་མགོན་བདག་ལ། ཁྱེད་ཀྱི་འདོད་པ་རབ་རྫོགས་མཛད། །ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །དག་ཅིང་གསལ་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །དེ་བཞིན་ཉིད་ལས་ངེས་པར་སྐྱེས། །བདེན་པ་དེ་ཡིས་དཀྱིལ་འཁོར་ནི། །གཟུགས་བརྙན་གསལ་བར་སློབ་མ་རྣམས། །ཀུན་གྱིས་དྲི་མེད་མཐོང་བར་ཤོག ། ཅེས་ལན་གསུམ་བརྗོད་དོ། །སློབ་དཔོན་བདག་ཉིད་འཇུག་ཅིང་དབང་བླང་བའོ། །

དེ་ནས་དཔའ་བོ་དང་རྣལ་འབྱོར་མ་རྣམས་ཙ་རུའི་བཟའ་བས་ཚིམ་པར་བྱས་ནས། སློབ་མ་གཞུག་ཅིང་དབང་བསྐུར་བ་ནི། བླ་མ་ལྷ་ལ་གསོལ་བཏབ་དང་། །གདོང་གཡོགས་བཅིང་དང་འཕྲེང་བ་སྦྱིན། །གསང་དང་བྱིན་རླབས་འདོད་པ་དྲི། །བྱང་ཆུབ་སེམས་གཉིས་བསྐྱེད་པ་དང་། །གསང་བར་གདམས་ནས་ནང་དུ་གཞུག །ཕྱི་ཡི་འཇུག་པ་རྣམ་པ་བཅུ། །དེ་ལ་ཐོག་མར་ཁ་དང་གདོང་དག་པར་བཀྲུས་པའི་སློབ་མ་དཀྱིལ་འཁོར་གྱི་ཁང་པའི་ཕྱི་རོལ་ལམ་ཡོལ་བའི་ཕྱི་རོལ་དུ་རིམ་བཞིན་འཁོད་དེ། ཕྱག་དང་མཎྜལ་སྔོན་དུ་སོང་བས་ཐལ་མོ་སྦྱར་ནས། བླ་མ་ལ་གསོལ་བ་གདབ་པར་བྱ་སྟེ། མ་མཱ་ཀི་དང་རབ་སྦྱོར་བའི། །དགའ་ཆེན་ཁྱེད་བདག་སྟོན་པ་སྟེ། །སློབ་དཔོན་ཁྱོད་ནི་དགོངས་སུ་གསོལ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་ཆེན་པོ་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོ་བདག་ནི་འཇུག་པར་འཚལ། །ཅེས་ལན་གསུམ་བརྗོད་དོ། །བླ་མས་ཀྱང་། སློབ་མ་གཞུག་པའི་དོན་དུ། རྡོ་རྗེ་དྲིལ་བུ་འཛིན་པས། འོད་གསལ་བ་ལས་ཡང་དག་བྱུང་། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །གཟུགས་བརྙན་གྱི་ནི་དཔེ་ཡང་དེ། །དཀྱིལ་འཁོར་པས་ནི་དེ་དང་མཚུངས། །བདེན་པ་འདི་ཡིས་སློབ་མ་རྣམས། །ཐུགས་ཀྱི་དཀྱིལ་འཁོར་དག་ཏུ་གཞུག འཁོར་ལོ་རྫུ་འཕྲུལ་མ་ལུས་པ། །མཐོང་ནས་སྡིག་པ་མ་ལུས་སྤོང་། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་སྒྲུབ་བྱེད་པ། །སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་དྲན་པས་ཞུགས་པ་ལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས། །ཕུན་སུམ་ཚོགས་པ་ཐམས་ཅད་སྩོལ། །ཅེས་ལན་གསུམ་གྱིས་དཀྱིལ་འཁོར་གྱི་ལྷ་ལ་གསོལ་ལ་གདབ་བོ། །

དེ་ནས་སྔོན་ཆད་མ་རིག་པ་དང་སྲེད་པའི་དབང་དུ་གྱུར་པས། དཀྱིལ་འཁོར་ཆེན་པོ་མ་མཐོང་བ་མཚོན་པའི་ཕྱིར། དར་དམར་པོ་ལ་ༀ་ཙཀྵུར་བྷནྡྷ་ཝ་ར་མཱ་ན་ཡ་ཧཱུྃ། པྲ་ཝེ་ཤ་བྷ་ག་ཝན་མཧཱ་སུ་ཁ་མོཀྵ་པུ་རྂ་སརྦ་སིདྡྷི་སུ་ཁ་པྲ་དྷྂ་པ་ར་མ་སུ་ཁ་ཏ་མ་སི་དྷ་ཛཿཧཱུྃ་བཾ་ཧོཿཔྲ་སི་དྷྱ་སྭ། ཞེས་པ་མངོན་པར་བསྔགས་པས་གདོང་བཅིང་། སློབ་མ་རྣམས་རྣམ་པར་སྣང་མཛད་དུ་བསྐྱེད་པ་ཨ་ཁཾ་ཝཱེ་ར་ཧཱུྃ་ཞེས་བརྗོད་ཅིང་མེ་ཏོག་གི་ཕྲེང་བ་རེ་ཡང་གཏད། བིགྷནྣ་ཏ་ཀྲི་ཀྱི་སྔགས་བརྗོད་ཅིང་ལས་ཐམས་ཅད་པའི་བུམ་པའི་ཆུས་བསངས་ལ། ལྕེའི་སྟེང་དུ་བདུད་རྩི་སྦྱིན་ཞིང་། ཡི་གེ་གསུམ་བརྗོད་པས་བྱིན་གྱིས་བརླབས་བོ། །དེ་ནས་སློབ་མ་སྣོད་དུ་རུང་མི་རུང་བརྟག་པའི་ཕྱིར། བུ་ཁྱོད་སུ་ཡིན་ཅི་ལ་དགའ། །ཞེས་དྲིས་ཤིང་། དེས་ཀྱང་། སྐལ་བཟང་བདག་བདེ་བ་ཆེན་པོ་ལའོ། །ཞེས་ལན་བཏབ། དེས་བུ་ལ་ཅི་ཞིག་བྱ། །ཞེས་དྲིས་པའི་ལན་དུ། སངས་རྒྱས་མཆོག་གི་དམ་ཚིག་གོ །ཞེས་ལན་འདེབས་སུ་གཞུག་གོ །དེ་ལྟར་སྣོད་དུ་རུང་བར་གྱུར་པའི་སློབ་མའི་སེམས་ཀུན་རྫོབ་དང་དོན་དམ་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་སེམས་སུ་བྱིན་གྱིས་བརླབ་པའི་ཕྱིར། སློབ་མའི་སྙིང་གི་ནང་དུ། ཨ་ལས་བྱུང་བའི་ཟླ་བའི་དཀྱིལ་འཁོར་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སུ་དམིགས་པའི་སྟེང་དུ་རྡོ་རྗེ་དཀར་པོ་རྩེ་མོ་ལྔ་པ་འོད་འཕྲོ་བ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་ངོ་བོར་བསྒོམ་དུ་བཅུག་ལ། སྙིང་ཁར་སློབ་དཔོན་གྱི་རྡོ་རྗེ་བཞག་ནས། ༀ་སརྦ་ཡོ་ག་ཙིཏྟ་ཨུད་པ་དཱ་ཡ་མི་སུ་ར་ཏེ་ས་མ་ཡ་སྟྭྂ་ཧོ། སིདྡྷི་བཛྲ་ཡ་ཐ་སུ་ཁཾ་ཞེས་པས་སེམས་བསྐྱེད་ལ། སྤྱི་བོར་རྡོ་རྗེ་བཞག་ནས། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་དང་། དཔའ་བོ་དང་རྣལ་འབྱོར་མ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་ཆེན་དམ་པ་འདི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དཀྱིལ་འཁོར་མ་མཐོང་བ་རྣམས་ལ་སྨྲ་བ་མི་བྱ་ཞིང་། དད་པ་དང་མི་ལྡན་པ་རྣམས་པ་ཡང་མ་ཡིན་ནོ། །ཞེས་གསང་བར་གདམས་ནས། སྒོ་བ་བཞི་ལ་རང་འདྲ་བའི་སྤྲུལ་པ་འཕྲོས་པས། སློབ་མ་རྣམས་དཀྱིལ་འཁོར་གྱི་ནང་དུ་བཅུག་པར་བསམ་ཞིང་སྒོ་བ་བཞིའི་སྔགས་སམ། ཨ་ཁཾ་བཱི་ར་ཧཱུྃ་ཞེས་བརྗོད་ནས། སློབ་མ་རྣམས་རྡོ་རྗེ་ལ་འཛིན་དུ་བཅུག་སྟེ། དཀྱིལ་འཁོར་གྱི་ཤར་སྒོ་ནས་ཞུགས་ཏེ། དཀྱིལ་འཁོར་གྱི་གཙོ་བོའི་མདུན་དུ་བཞག་པར་མོས་ཞིག་ཅེས་བསྒོ། ཡོལ་བའི་ཕྱི་རོལ་གྱི་ཆོ་གའོ། །

དེ་ནས་ནང་དུ་འཇུག་པའི་ཆོ་ག་ལ། ཕྱག་འཚལ་བ་དང་སྡོམ་པ་སྦྱིན། །དམ་ལ་བཞག་དང་ཡེ་ཤེས་དབབ། །མེ་ཏོག་དོར་དང་དཀྱིལ་འཁོར་བསྟན། །ནང་དུ་འཇུག་པ་རྣམ་པ་དྲུག །དེ་ལ་ཐོག་མར་དཀྱིལ་འཁོར་གྱི་ཁང་པར་ཞུགས་པའི་སློབ་མས། དཀྱིལ་འཁོར་གྱི་གཙོ་བོ་ལ་རིམ་གྱིས་ཕྱག་བྱས་ཏེ། ཤར་ཕྱོགས་ནས་མི་བསྐྱོད་པའི་ང་རྒྱལ་དང་ལྡན་པས། པུས་མོ་གཉིས་ས་ལ་བཙུགས་ནས་ཐལ་མོ་སྤྱི་བོར་སྦྱར་ཏེ་ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨུ་པ་སྠཱ་ན་ཡ་ཨཏྨཱ་ནཾ་ནིཪྻ་ཏ་ཡཱ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཨདྷི་ཏིཥྠ་སྭཱ་མཱཾ་ཞེས་བརྗོད་ནས། སྤྱི་བོ་ས་ལ་གཏུགས་པའི་ཕྱག་བྱས་པར་བསམས། དེ་ནས་ལྷོ་ཕྱོགས་ནས་རིན་འབྱུང་གི་ང་རྒྱལ་དང་ལྡན་པས་ཐལ་མོ་སྙིང་ཁར་སྦྱར་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཨ་བྷི་ཥེ་ཀ་ཡཱ་ཨཏྨཱ་ནཾ་ནིཪྻཱ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་རཏྣ་ཨ་བྷི་ཥིཉྩ་མཱཾ་ཞེས་བརྗོད་ནས། དཔྲལ་བ་ས་ལ་གཏུགས་པའི་ཕྱག་བྱས་པར་བསམ། ནུབ་ཕྱོགས་ནས་འོད་དཔག་ཏུ་མེད་པའི་ང་རྒྱལ་གྱིས་ཐལ་མོ་དཔྲལ་བར་སྦྱར་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་པྲ་བར་ཏ་ནཱ་ཡ་ཨཏྨཱ་ནཾ་ནིཪྻ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་དྷརྨཱ་པྲ་ཝ་ར་ཏ་ཡ་མཱཾ། ཞེས་བརྗོད་ནས་ཁ་ས་ལ་གཏུགས་པའི་ཕྱག་བྱས་པར་བསམ། དེ་ནས་བྱང་ཕྱོགས་ནས་དོན་ཡོད་གྲུབ་པའི་ང་རྒྱལ་གྱིས། རྡོ་རྗེ་ཐལ་མོ་སྙིང་ཁར་སྦྱར་ནས་ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་ཀརྨཱ་ཎི་ཨཏྨཱ་ནཾ་ནིཪྻ་ཏ་ཡ་མི་སརྦ་ཏ་ཐཱ་ག་ཏ་བཛྲ་ཀརྨཱ་ཀུ་རུ་མཱཾ། ཞེས་བརྗོད་ནས་མགོ་བོ་ས་ལ་གཏུགས་པའི་ཕྱག་བྱས་པར་བསམ་མོ། །

དེ་ནས་སྟ་གོན་གྱི་སྐབས་ལྟར་རྒྱུན་བཤགས་སྔོན་དུ་འགྲོ་བའི་བྱང་ཆུབ་ཀྱི་སེམས་དང་། དམ་ཚིག་དང་སྡོམ་པ་རྒྱས་པར་བྱིན་པའམ། ཡང་ན། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་ལན་གསུམ་བརྗོད་པ་ཙམ་གྱིས་བྱང་ཆུབ་ཀྱི་སེམས་སྦྱིན་ནོ། །དེ་ནས་ཡེ་ཤེས་དབབ་པ་གསང་དུ་གཞུག་པའི་ཕྱིར། དམ་ལ་བཞག་པར་བྱས་ཏེ། སློབ་མ་རྣམས་རྡོ་རྗེ་བསྡམས་པ་ལས། གུང་མོ་གཉིས་མཉམ་པ་བརྐྱངས་པས་མེ་ཏོག་གི་ཕྲེང་བ་བཟུང་བ། རྡོ་རྗེ་སེམས་མའི་ཕྱག་རྒྱ་བཅིངས་ནས། ས་མ་ཡ་སྟྭྂ་ཞེས་བརྗོད་དུ་བཅུག་ལ། སློབ་དཔོན་གྱིས་ཀྱང་ཕྱག་རྒྱ་དེ་ཉིད་སློབ་མའི་སྤྱི་བོར་བཞག་ཅིང་། ༀ་ས་ཏྭ་བཛྲི་ནི་ཨ་དྷི་ཏིཥྠ་སྭ་མཾ་ཧཱུྃ། དེང་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིགས་སུ་ཞུགས་ཀྱི། ཡེ་ཤེས་གང་གི་ཁྱོད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དངོས་གྲུབ་ཀྱང་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོན་ཀྱང་ཅི་དགོས། དེ་ལྟ་བུའི་རྡོ་རྗེ་ཡེ་ཤེས་ངས་ཁྱོད་ལ་བསྐྱེད་པར་བྱའོ། ཁྱོད་ཀྱིས་དཀྱིལ་འཁོར་ཆེན་པོ་མ་མཐོང་བ་རྣམས་ཀྱིས་མདུན་དུ་སྨྲ་བར་མ་བྱེད་ཅིག ཁྱོད་དམ་ཚིག་ཉམས་པར་གྱུར་ཏ་རེ། ཞེས་བརྗོད་པས་ཕན་ཡོན་གྱི་སྒོ་ནས་དམ་ལ་བཞག་པའོ། །

དེ་ནས་ཕྱག་རྒྱ་དེ་ཉིད་སྙིང་ཁར་གཏུགས་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱིས། །སྙིང་ལ་ཡང་དག་ཞུགས་པར་གྱུར། །ༀ་བཛྲ་ས་ཏྭ་ཧཱུྃ། གལ་ཏེ་ཚུལ་འདི་སྨྲས་ན་ནི། །དེ་མ་ཐག་ཏུ་དྲལ་ཏེ་གཤེགས། །ཞེས་བརྗོད་ནས། ཡང་ཕྱག་དེ་ཉིད་སྤྱི་བོར་གཏུགས་ལ། འདི་ནི་ཁྱེད་དམ་ཚིག་གི་རྡོ་རྗེ་སྟེ། གལ་ཏེ་ཚུལ་འདི་སུ་ཡང་རུང་བ་ལ་སྨྲས་ན། འདིས་ཁྱོད་ཀྱི་མགོ་བོ་འགས་པར་འགྱུར་རོ། །ཞེས་བརྗོད་པ་ནི་ཉེས་དམིགས་ཀྱི་སྒོ་ནས་དམ་ལ་བཞག་པའོ། །

དེ་ནས་ཐོད་པར་གནས་པའི་བདུད་རྩིའི་ཆུ་ལ་ༀ་ཨཱཿཧཱུྃ་གིས་མངོན་པར་བསྔགས་པ་འཐུང་དུ་བཅུག་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུང་ན་འགྲུབ་པ་ཡི། །རྡོ་རྗེ་བདུད་རྩིའི་ཆུ་ཐུངས་ཤིག །ༀ་བཛྲ་ཨུ་ད་ཀཋཿ ཞེས་བརྗོད་པ་ནི་ཕན་ཡོན་དང་ཉེས་དམིགས་གཉིས་ཀའི་སྒོ་ནས་དམ་ལ་བཞག་པའོ། །དེ་ནས་སློབ་མའི་ལག་པ་གཡས་པ་ནས་བཟུང་བའམ། སྤྱི་བོར་རྡོ་རྗེ་བཞག་ལ། དེང་ཕྱིན་ཆད་ཁྱོད་ཀྱིས་ཕྱག་ན་རྡོ་རྗེ་ང་ཡིན་གྱི། ངས་འདི་བྱོས་ཤིག་ཅེས་བརྗོད་པ་གང་ཡིན་པ་དེ་བྱ་དགོས་སོ། །ཁྱོད་ཀྱི་ང་ལ་བརྙས་པར་མ་བྱེད་ཅིག གལ་ཏེ་བྱས་ན། མི་བདེ་བ་མ་སྤངས་པར་ཤི་བའི་དུས་བྱས་ནས་དམྱལ་བར་ལྷུང་བར་གྱུར་ཏ་རེ། ཞེས་བརྗོད་པ་ནི། སློབ་དཔོན་གྱི་བཀའ་གཉན་པའི་སྒོ་ནས་དམ་ལ་བཞག་པའོ། །

དེ་ནས་ཡེ་ཤེས་དབབ་པའི་ཕྱིར། སློབ་མས་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་རློབས་ལ། རྡོ་རྗེ་སེམས་དཔའ་བདག་ལ་དབབ་པར་མཛོད་ཅིག ཅེས་ལན་གསུམ་བརྗོད་དུ་གཞུག་གོ །དེ་ནས་སློབ་མ་རྣམས་ཙོག་པུར་གནས་ཏེ། རྡོ་རྗེ་སེམས་མའི་ཕྱག་རྒྱ་སྙིང་ཁར་འཆང་དུ་བཅུག་ལ། མངོན་བྱང་ལྔས་སློབ་མ་འོད་དཔག་ཏུ་མེད་པར་བསྐྱེད་ནས། ཡན་ལག་ཐམས་ཅད་ལ་ཡི་གེ་ཨ་དམར་པོ་བཀོད་དེ། ལུས་ཀྱི་ནང་སྟོང་པར་བསྒོམ་པའི་སྙིང་ཁར། ལྃ་ལས་སའི་དཀྱིལ་འཁོར་སེར་པོ་གྲུ་བཞི་པ་རྡོ་རྗེ་རྩེ་གསུམ་པས་མཚན་པ། ལྟེ་བར་བྃ་ལས་ཆུའི་དཀྱིལ་འཁོར་ཟླུམ་པོ་བུམ་པས་མཚན་པ། མདོམ་དུ་རྂ་ལས་མེའི་དཀྱིལ་འཁོར་གྲུ་གསུམ་འབར་བས་མཚན་པ། རྐང་པའི་འོག་ཏུ་ཡྂ་ལས་རླུང་གི་དཀྱིལ་འཁོར་ལྗང་ཁུ་གཞུའི་དབྱིབས་ལྟ་བུ་བ་དན་གྱིས་མཚན་པ། རྐང་པའི་མཐིལ་དུ་ཛྷཻཿདམར་པོ་མེའི་རང་བཞིན། སྙིང་གི་ནང་དུ་ཧཱུྃ་སྔོན་མོ། མགྲིན་པར་ཨ་དམར་པོ། སྤྱི་བོར་ཧྂ་དཀར་པོ་རྣམས་དམིགས་ནས། འོག་གི་རླུང་གཡོས་པས། ཛྷཻཿགཉིས་པོ་མེ་འབར་བའི་རྐང་པའི་ནང་ནས་སོང་སྟེ། མདོམ་གི་མེའི་དཀྱིལ་འཁོར་དང་འདྲེས་ནས་ཆེར་འབར་བས། ལུས་ཐམས་ཅད་གང་ནས་སྡིག་པ་དང་རྣམ་རྟོག་ཐམས་ཅད་བསྲེག ལྟོ་བའི་ཆུ་ཁོལ་ཞིང་སྙིང་ཁའི་ས་བསྲེགས་ཏེ་ཧཱུྃ་ལ་སོགས་པའི་ཡི་གེ་གསུམ་ལས་འོད་འཕྲོས་པས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྒྱུད་བསྐུལ་ནས། སློབ་མའི་ལུས་ལ་ཆར་ཆེན་པོ་ལྟར་བབས་ཏེ་རོ་གཅིག་ཏུ་གྱུར་པས། ལུས་ངག་ཡིད་གསུམ། སངས་རྒྱས་ཀྱི་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམས་ལ། སློབ་དཔོན་གྱིས་རྡོ་རྗེ་སེམས་མའི་ཕྱག་རྒྱ་སློབ་མའི་སྙིང་ཁར་བཞག་ལ། འདི་ཁྱོད་དམ་ཚིག་རྡོ་རྗེ་སྟེ། །རྡོ་རྗེ་སེམས་དཔའ་ཞེས་བྱ་གང་། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །དེང་ནི་ཁྱོད་ལ་འབེབས་པར་མཛད། །ༀ་བཛྲ་ཨ་ཝེ་ཤ་ཡ་ཨཿཨཿཨཿཨཿ ཞེས་བརྗོད་ནས། གུ་གུལ་གྱིས་བདུག་ཅིང་རོལ་མོའི་སྒྲ་དང་བཅས་པས་དབབ་བོ། །གལ་ཏེ་མ་ཕེབས་ཀྱང་བརྟན་པར་བྱ་བའི་ཕྱིར། ཧཱུྃ་ཨ་ཧའི་ཡི་གེ་གསུམ་རིམ་པ་བཞིན་དུ། མི་བསྐྱོད་པ་འོད་དཔག་མེད། རྣམ་སྣང་ཡབ་ཡུམ་དུ་དམིགས་ཏེ་སྙོམས་པར་ཞུགས་པའི་བདེ་བའི་སྒྲས་རིགས་གསུམ་གྱི་དེ་བཞིན་གཤེགས་པ་རྣམས་བཀུག་སྟེ་ཞལ་དུ་ཞུགས་ནས་སྐུའི་དབྱིབས་བརྒྱུད་དེ་སྦྱོར་མཚམས་ནས། བྱང་སེམས་སྔོ་དམར་དཀར་པོའི་རྣམ་པར་བབས་ནས། ལུས་ཐམས་ཅད་ཁེངས་ནས། བདེ་བ་ཆེན་པོའི་རང་བཞིན་དུ་གྱུར་པར་བསམ་ནས། རོལ་མོའི་སྒྲ་དང་བཅས་པས། ཨ་ཝེ་ཤ་ཡ་སྟཾ་བྷ་ཡ་ཏ་ར་ར་ར། ཙཱ་ལ་ཡ་ཙཱ་ལ་ཡ་ཧཱུྃ་ཨཿཧཿཛྷཻཿཞེས་དྲག་ཏུ་བརྗོད་ཅིང་དབབ་བོ། །ཕེབས་ན་འདར་བ་དང་འཕར་བ་ལ་སོགས་པའི་སྐུའི་རྟགས། སྨྲ་བ་དང་རྒོད་པ་སོགས་གསུང་གི་རྟགས། བདེ་བ་དང་མི་རྟོག་པ་སོགས་ཐུགས་ཀྱི་རྟགས་འབྱུང་ངོ། །

དེ་ནས་སྤྱི་བོར་རྡོ་རྗེ་བཞག་སྟེ། ཏིཥྠ་བཛྲ་ཞེས་བརྗོད་པས་བརྟན་པར་བྱའོ། །དེ་ནས་མེ་ཏོག་དོར་བར་བྱ་བའི་ཕྱིར། སློབ་མས། བླ་མ་ལ་ཕྱག་དང་མེ་ཏོག་ཕུལ་བ་སྔོན་དུ་འགྲོ་བས། རྡོ་རྗེ་སེམས་མའི་ཕྱག་རྒྱས་མེ་ཏོག་གི་ཕྲེང་བ་བཟུང་ནས། དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་ལངས་ནས་འཁོད་པ་ལ། ལྟས་བརྟག་པའི་ཕྱིར་ནམ་མཁའི་ཁ་དོག་དྲིས་ཏེ། དཀར་པོར་སྣང་བས་ཞི་བ། སེར་པོ་རྒྱས་པ། དམར་པོ་དབང་། ནག་པོ་མངོན་སྤྱོད། ལྗང་ཁུ་དང་ཁྲ་བོས་ཕྲིན་ལས་སྣ་ཚོགས་འགྲུབ་པར་ལུང་བསྟན་ལ། སློབ་དཔོན་གྱིས་རྡོ་རྗེ་དྲིལ་བུ་འཛིན་པས་འདི་སྐད་ཅེས། ཡང་དག་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །བསོད་ནམས་ཇི་བཞིན་ལྷ་རྣམས་ཀྱི། །རིགས་ཀྱི་རིམ་པ་དེ་བཞིན་ཤོག ། ཇི་ལྟར་འདི་ནི་འགྲུབ་འགྱུར་བའི། །གང་གི་རིགས་ཀྱི་སྣོད་གྱུར་དང་། །ཇི་ལྟའི་བསོད་ནམས་མཐུ་ཡོད་པ། །དཀྱིལ་འཁོར་འདིར་ནི་དེ་བཞིན་ཤོག །ཅེས་བདེན་པའི་སྟོབས་བརྗོད་པས། དཀྱིལ་འཁོར་ཆེན་པོ་འདིའི་ལྷ་སུམ་ཅུ་སོ་གཉིས་པོ་ཐམས་ཅད་གཙོ་བོ་གཅིག་གི་ཡེ་ཤེས་ཀྱི་རྣམ་འཕྲུལ་ཡིན་པས་བཟང་ངན་མེད་ཀྱི། རང་གི་རིགས་ཀྱི་ལྷ་གང་ཡིན་པ་དེ་ལ་འབབ་པར་གྱུར་ཅིག་སྙམ་པ་གྱིས། མེ་ཏོག་དོར་ཞིག་ཅེས་སྒོས་ལ། ཏིཥྠ་བཛྲ་ཌྷི་ཌོ་མེ་བྷ་ཝ་ཤཱ་ཤྭ་ཏོ་མེ་བྷ་ཝ་ཧྲི་ད་ཡ་མེ་ཨ་དྷི་ཏིཥྠ་སརྦ་སིདྡྷི་མེ་པྲ་ཡཙྪ་ཧཱུྃ་ཧཿཧཿཧཿ ཧཿཧོ་ༀ་ཨཿཁཾ་ཝཱི་ར་ཧཱུྃ། པྲ་ཏིཙྪ་ཀུ་སུ་མ་ཨན་ཛ་ལི་ནཱ་ཐ་ཧོཿཞེས་པའམ། ༀ་པྲ་ཏིཙྪ་བཛྲ་ཧོཿཞེས་བརྗོད་དེ། དཀྱིལ་འཁོར་གྱི་དབུས་སུ་དོར་ནས། གང་ལ་ཕོག་པ་དེའི་རིགས་སུ་ཤེས་པར་བྱ་ཞིང་། དེའི་གནས་ཀྱིས་དངོས་གྲུབ་ཀྱི་མཚན་མ་ཤེས་པར་བྱ་སྟེ། གཙུག་ཏོར་ལ་ཕོག་པས་མཆོག་གི་དངོས་གྲུབ་དང་། ཞལ་ལ་སྔགས་ཀྱི་དངོས་གྲུབ་དང་། སྐུ་ལ་ཕོག་པས་གྲུབ་པ་བརྒྱད་དང་། སྐུ་དང་ཉེ་བས་དངོས་གྲུབ་མྱུར་ཞིང་། རིང་བས་རིང་ལ། གཉིས་ཀྱི་བར་དུ་ལྷུང་ན་གང་ཉེ་བའི་ཕྱོགས་སུ་བསྡུ་ཞིང་། གལ་ཏེ་དེ་དག་ལ་མ་ཕོག་ན་ལན་གསུམ་བསྐྱར་རོ། །

གསུམ་པ་ལ་ཡང་མ་ཕོག་ན། སྐལ་བ་མེད་པའི་ཕྱིར། ཕྱིར་གཏང་ངོ་། ། སྐལ་བ་དང་ལྡན་པ་རྣམས་ཀྱིས་མེ་ཏོག་དེ་ཉིད་ཀྱིས་དབང་བསྐུར་བར་བསམ་ཞིང་། ལྷ་དེའི་སྔགས་སྔོན་དུ་འགྲོ་བའི་པྲ་ཏི་གྷིཧྞ་དྂ། ཨི་མཾ་ས་ཏྭ་མཧཱ་བ་ལ་ཞེས་བརྗོད་ནས་མགོ་ལ་བཅིང་ངོ་། །མེ་ཏོག་དོར་བའོ། །དེ་ནས་དཀྱིལ་འཁོར་བསྟན་པའི་ཕྱིར། སློབ་མའི་མིག་འབྲས་གཉིས་ༀ་དུ་བསྒོམ་དུ་བཅུག་ལ། རྡོ་རྗེ་སེམས་དཔའ་དེང་ཁྱོད་ཀྱི། །མིག་འབྱེད་པར་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་འགྱུར་བ། །རྡོ་རྗེའི་མིག་ནི་བླ་ན་མེད། །ཧེ་བཛྲ་པ་ཤྱ་ཞེས་བརྗོད་ནས་གདོང་གཡོགས་བཀྲོལ་ལ། དཀྱིལ་འཁོར་འདི་ལ་ལྟོས་ཤིག་དང་། །ད་ནི་དད་པ་རབ་དུ་བསྐྱེད། ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཞེས་བརྗོད་ནས་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྒྱས་པར་བསྟན་པར་བྱའོ། །དེ་ནས་དབང་བསྐུར་བ་ནི། དང་པོ་བུམ་པའི་དབང་ཡིན་ཏེ། །གཉིས་པ་གསང་བའི་དབང་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཏེ། །བཞི་པ་དེ་ཡང་དེ་བཞིན་ནོ། །དང་པོ་བུམ་པའི་དབང་ལ་ཡང་། །ཆུ་དང་ཅོད་པན་རྡོ་རྗེ་དང་། །དྲིལ་བུ་མེ་དང་མེ་ལོང་དང་། །བརྟུལ་ཞུགས་རྡོ་རྗེ་སློབ་དཔོན་དང་། །རྗེས་གནང་དང་ནི་ལུང་བསྟན་དང་། །དེ་བཞིན་དུ་ནི་དབུགས་དབྱུང་བ། །བཅུ་གསུམ་བུམ་པའི་དབང་ཡིན་ནོ། །

དེ་ལ་ཐོག་མར་དཀྱིལ་འཁོར་དུ་བཅུག་པའི་སློབ་མ་རྣམས་ཀྱིས། བླ་མ་ལ་ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། བྱང་ཆུབ་རྡོ་རྗེ་སངས་རྒྱས་ལ། །མཆོད་ཆེན་ཇི་ལྟར་བསྩལ་བ་ལྟར། །བདག་ཀྱང་བསྐྱབ་པའི་དོན་གྱི་ཕྱིར། །ནམ་མཁའི་རྡོ་རྗེ་དེང་བདག་སྩོལ། །ཅེས་གསོལ་བ་འདེབས་སུ་བཅུག་ནས། མདུན་དུ་གནས་པ་ལ། དཀྱིལ་འཁོར་གྱི་ཁྲོ་བོ་ལས་ཁྲོ་བོའི་སྤྲུལ་པ་དུ་མ་སྤྲོས་པས། སློབ་མའི་བགེག་དང་བྱུར་རྣམས་བསལ་བར་བསམ་ཞིང་། བགེག་མཐར་བྱེད་ཀྱི་སྔགས་དང་། ལས་ཐམས་ཅད་པའི་བུམ་པའི་ཆུས་བསང་ལ། བྱུར་དང་སྐལ་བ་ངན་པ་རྣམས་ཏིལ་ལམ་ཡུངས་དཀར་ལ་བསྟིམ་ལ། གཡས་ཕྱོགས་ནས་བསྐོར་ཞིང་། ༀ་སརྦ་པཱ་པྂ་ད་ཧ་ན་བཛྲཱ་ཡ་བཛྲ་སྭ་སྱ་སརྦ་པ་པཾ་ད་ཧ་ན་ཡེ་སྭཱཧཱ། ཞེས་བརྗོད་ལ་མེར་དོར་ནས། བགེག་མཐར་བྱེད་ཀྱིས་མངོན་པར་བསྔགས་པའི་ཆུ། རྡོ་རྗེ་ཁུ་ཚུར་གྱིས་བླངས་པས། གཡོན་ནས་བསྐོར་ཞིང་། དྲི་མ་རྣམས་བཀྲུས་པར་བསམས་ལ། ཧཱུྃ་ཊ་ཊི་ཊ་ཕཊ་ཅེས་བརྗོད་ནས་དོར་ལ། སྟ་གོན་གྱི་སྐབས་ལྟར་སྐྱོར་ཆུ་བླུད་དོ། །དེ་ནས་སློབ་དཔོན་རང་ཞེ་སྡང་རྡོ་རྗེ་ཡབ་ཡུམ་དུ་དམིགས་ཏེ། བུམ་ཆུས་བསངས་པའི་སློབ་མ་ཞལ་དུ་ཞུགས། འདོད་ཆགས་ཆེན་པོའི་མེས་བཞུ་བ། རྡོ་རྗེའི་ལམ་ནས་ཡུམ་གྱི་བྷ་གར་བབས་པའི་ཐིག་ལེ་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་མི་བསྐྱོད་པར་ཡབ་ཡུམ་དུ་གྱུར་པ་ལ། བླ་མའི་སྙིང་ཁའི་ས་བོན་གྱིས། ཕྱོགས་བཅུའི་རིགས་ལྔ་ཡབ་ཡུམ་འཁོར་དང་བཅས་པ་སྤྱན་དྲངས་ལ་མཆོད་དེ། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་བསྐྱབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་བསྩལ། །དེ་ལྟར་འདི་ལ་སྩལ་དུ་གསོལ། །ཞེས་གསོལ་བ་བཏབ་པས། འདིར་དབང་རྫས་དང་བདག་བསྐྱེད་ལ་སློབ་མ་གཉིས་གཉིས་པའི། རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པ། འདོད་ཆགས་ཆེན་པོའི་མེས་ཞུ་བ། རང་གི་སྤྱི་བོ་ནས་ཞུགས་ཏེ། རྡོ་རྗེའི་ལམ་ནས་ཐོན་པའི་བདུད་རྩིའི་དབང་བསྐུར་བར་བསམ་པ་ནི། ནང་ཏིང་ངེ་འཛིན་གྱི་དབང་ངོ་། །

དེ་ནས་སྦྱོར་མཚམས་ནས་ཕྱུང་ནས། ལུས་དཀྱིལ་གསལ་བཏབ་སྟེ། ཡེ་ཤེས་པ་བསྟིམ་པ་ལ། ཕྱིའི་དབང་བསྐུར་བར་བྱ་སྟེ། དེ་ཡང་རྣམ་རྒྱལ་བུམ་པས་བསང་སྦྱངས། སྟོང་པའི་ངང་ལས། ཧཱུྃ་དང་རྡོ་རྗེ་མི་བསྐྱོད་པར་ཡབ་ཡུམ་དུ་བསྐྱེད་པ་གྱུར་པ་ལ། སྐུ་གསུང་ཐུགས་བྱིན་གྱིས་བརླབས། ཡེ་ཤེས་པ་བཅུག དབང་བསྐུར། མི་བསྐྱོད་པས་རྒྱས་བཏབ་པ་སྟེ་མཆོད་ལ། དེ་ཞུ་བུམ་པའི་ཆུར་བལྟས་ལ། དཔོན་སློབ་གཉིས་ཀས་དཀྱིལ་འཁོར་གྱི་ལྷ་ནམ་མཁའི་ཁམས་གང་བར་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། རིག་མ་རྣམས་ཀྱིས་རིན་པོ་ཆེའི་བུམ་པ་ཡེ་ཤེས་ཀྱི་བདུད་རྩིས་གང་བས་སློབ་མའི་སྤྱི་བོ་ནས་དབང་བསྐུར། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་བརྗོད། ཁྲོ་བོ་རྣམས་ཀྱིས་བགེགས་བསྐྲད། མཆོད་པའི་ལྷ་མོ་རྣམས་ཀྱིས་མཆོད་པའི་ༀ་བཛྲ་ཨ་དཪྴ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ་བརྟན་པའི་ཕྱིར།ཆར་འབེབས་པར་བསམས་ནས། དངོས་སུ་སློབ་དཔོན་ལས་ཀྱི་རྡོ་རྗེ་དང་བཅས་པས་བུམ་པ་བཟུང་ཞིང་། ཏིལ་གྱི་གང་བུ་ལྟར་གང་བའི། །རྒྱལ་བ་བུམ་པ་འཛིན་པ་ཡིས། །དེ་རིང་ཁྱོད་ལ་དབང་བསྐུར་ཏེ། །དེ་ལྟར་ཤེས་ནས་ཡིད་བདེར་གྱིས། །ཞེས་བརྗོད་ལ། བུམ་པའི་ཁ་རྒྱན་གྱིས་རྣམ་རྒྱལ་བུམ་པའི་ཆུ་བླངས་ནས་སྤྱི་བོར་བླུག་ཅིང་། དབང་བསྐུར་རྡོ་རྗེ་ཆེན་པོ་འདི། ཁམས་གསུམ་པ་ཡི་ཕྱག་བྱས་པས། །སངས་རྒྱས་ཀུན་གྱི་གསང་གསུམ་པའི། །གནས་ལས་བྱུང་བ་སྦྱིན་པར་བྱ། །ༀ་མཧཱ་སུ་ཁ་བཛྲ་ས་ཏྭ་ཨ་བྷི་ཥེ་ཀ་ཏ་ཨ་བྷི་ཥིཉྩ་མི་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་ཏྭེ་ནོ་པ་དྷིཉྫོ་བྷ་བ། བཀྲ་ཤིས་གང་ཞིག་སེམས་ཅད་ཀུན་གྱི་སྙིང་ལ་གནས། །ཀུན་གྱི་བདག་ཉིད་རིགས་ཀུན་གྱི་ནི་བདག་པོ་མཆོག །མ་ལུས་སེམས་ཅན་སྐྱེད་བྱེད་བདེ་བ་ཆེན་པོ་སྟེ། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རྡོ་རྗེའི་རིགས་དང་ལྡན། །སྡང་བས་ཟིལ་མནན་སྐྱེ་བོ་རྣམ་པར་སྦྱོང་བྱེད་པ། །མི་བསྐྱོད་མགོན་པོ་ཞེས་བྱ་མཚན་གསོལ་དེ་ཡིས་ནི། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་འཁོར་ལོའི་རིགས་དང་ལྡན། །རྣམ་པར་སྣང་མཛད་འཁོར་བའི་སྡུག་བསྔལ་རྟག་འཕྲོག་ཅིང་། །རྨོངས་པ་ཟིལ་མནན་སྐྱེ་བོ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་རིན་ཆེན་རིགས་དང་ལྡན། །ཕོངས་པའི་སྡུག་བསྔལ་ཡོངས་སུ་སྒྲོལ་བར་རབ་བརྩོན་ཞིང་། ཁེངས་པ་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱེད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་པདྨའི་རིགས་དང་ལྡན། །འཇིག་རྟེན་དབང་ཕྱུག་སྲིད་པའི་དྲ་བ་འཇོམ་པ་པོ། །ཆགས་པས་ཟིལ་མནན་འགྲོ་བ་ཡོངས་སུ་སྦྱོང་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །བཀྲ་ཤིས་གང་ཞིག་མ་ལུས་ལས་ཀྱི་རིགས་དང་ལྡན། །བརྩེ་བའི་བདག་ཉིད་ལོག་པར་ལྟ་བ་ངེས་པར་སྤོང་། །དེ་སྦྱོར་ཐབས་སྟོན་དེ་ནི་ཡོངས་སུ་སེལ་མཛད་པ། །བཀྲ་ཤིས་དེས་ནི་དེ་རིང་ཁྱོད་ལ་དབང་རབ་བསྐུར། །སངས་རྒྱས་རྡོ་རྗེའི་དབང་བསྐུར་བས། །དེ་རིང་ཁྱོད་ལ་དབང་བསྐུར་རོ། །ༀ་ཨཱཿཧཱུཾ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ་སུ་ར་ཏ་སྟྭཾ་ཨ་ཧཾ་ཞེས་བརྗོད་ཅིང་། བུམ་པའི་ཆུས་དབང་བསྐུར་བས། ལུས་ཐམས་ཅད་ཡེ་ཤེས་ཀྱི་བདུད་རྩིས་གང་། སྡིག་སྒྲིབ་ཐམས་ཅད་དག མི་བསྐྱོད་པས་དབུ་བརྒྱན་པར་བསམ་ནས། མཆོད་པ་རྣམས་ཀྱིས་མཆོད་དེ། ཁྱོད་ཀྱི་དབང་ལྔ་ལས་ཆུའི་དབང་ཐོབ། ཉོན་མོངས་པ་ལྔ་ལས་ཞེ་སྡང་གི་དྲི་མ་སྦྱངས། ཕུང་པོ་ལྔ་ལས་རྣམ་པར་ཤེས་པའི་ཕུང་པོ་གནས་གྱུར། ཡེ་ཤེས་ལྔ་ལས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་སུམ་དུ་གྱུར། དེ་བཞིན་གཤེགས་པ་ལྔ་ལས་མི་བསྐྱོད་པའི་ས་བོན་དང་བག་ཆགས་རྒྱུད་ལ་བཞག མི་བསྐྱོད་པ་དང་དེ་དང་འབྲེལ་བའི་ལས་བསྒྲུབ་པ་ལ་དབང་ངོ་ཞེས་དོན་ལྔས་རྟོགས་པ་བསྐྱེད་པར་བྱའོ། །དེ་ནས་ཅོད་པན་གྱི་དབང་བསྐུར་བའི་ཕྱིར། སློབ་མ་ཡིད་ཀྱིས་སམ་དངོས་སུ་དཀྱིལ་འཁོར་ལ་བསྐོར་བ་བྱེད་དུ་བཅུག་ནས། བདེ་བ་ཆེན་པོ་འདོད་ཆགས་ཆེ། །རྡོ་རྗེ་ཆེན་པོ་ནོར་ཆེ་བ། །ཤེས་རབ་ཆེན་པོ་ཡེ་ཤེས་ཆེ། །རྡོ་རྗེ་སེམས་དཔའ་དེང་བདག་བསྒྲུབ། །སངས་རྒྱས་ཀུན་གྱི་རྡོ་རྗེ་ཆེ། །དངོས་གྲུབ་ཀུན་གྱི་བདེ་སྟེར་བ། །ཀུན་གྱི་དབང་བསྐུར་ཀུན་དོན་དུ། །རྡོ་རྗེའི་དབང་བསྐུར་བླ་ན་མེད། །ཨེ་མ་ཧོ། དང་པོའི་སངས་རྒྱས་དོན་དམ་སྐུ་ཅན་རྒྱལ། །ཐར་པ་ཆོས་ནོར་འདོད་པ་སྟེར་མཛད་རྒྱལ། །ཡེ་ཤེས་ལྔ་དང་དགའ་ལྡན་རང་བཞིན་རྒྱལ། །མགོན་པོ་བདེ་ཆེན་ཕྱག་ན་རྡོ་རྗེ་རྒྱལ། །ཞེས་པའི་གླུ་འདི་བླངས་ནས། སྟན་ལ་འདུག་ཏུ་བཅུག་ལ། གོང་དུ་བསྟན་པ་དང་མཚུངས་པའི་ཏིང་ངེ་འཛིན་གྱི་དབང་དང་ལྡན་པས། རིན་འབྱུང་མན་ལ་བདག་དང་དབང་རྫས་གཉིས་ཀའི་སྐུ་གསུང་ཐུགས་སམ་གནས་ལྔ་བྱིན་རླབས་ཙམ་བྱ།སྭཱ་དང་རིན་པོ་ཆེ་ལས་སློབ་མ་རིན་འབྱུང་དུ་བསྐྱེད་ཅིང་། དབང་རྫས་དབུ་རྒྱན་ཡང་སྟོང་པའི་ངང་ལས་རིན་འབྱུང་དུ་བསྐྱེད། ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་དབུ་རྒྱན་དུ་བལྟས་ལ། སངས་རྒྱས་ཀུན་གྱི་རྒྱལ་སྲིད་ཆེ། །དབུ་རྒྱན་རིན་ཆེན་དམ་པ་སྟེ། །རིན་ཆེན་ཀུན་གྱི་མཆོག་འགྲོ་བས། །རྫོགས་སངས་རྒྱས་སུ་དབང་བསྐུར་རོ། །ༀ་སརྦ་ཏ་ཐཱ་ག་ཏ་རཏྣ་མུ་ཀུ་ཊ་པཱུ་ཛ་ཡ་ཨ་བྷི་ཤཱ་ཡཱ་མི་ཨཱཿཧཱུྃ། ཞེས་པས། དབུ་རྒྱན་མགོ་བོ་ལ་བསྐོན་ལ། རྡོ་རྗེ་ཐལ་སྦྱར་མཐེ་བོང་དག །དཔའ་བོ་སྐྱིལ་ཀྲུང་ཉིད་དུ་བསྐུམ། །བར་མ་མཆོག་གི་ཡན་ལག་བརྐྱང་། །རྩེ་མོ་རྩེ་མོ་མཉམ་པར་སྦྱར། །རྡོ་རྗེ་དབྱིངས་ཀྱི་ཕྱག་རྒྱར་བཤད། །ཕྱག་རྒྱ་འདིས་སློབ་མའི་སྤྱི་བོར་བཅིངས་ལ། ༀ་བཛྲ་དྷཱ་ཏུ་ཨི་ཤྭ་ར་ཨ་བྷི་ཥིཉྩ་ཨ། ཞེས་བརྗོད་ལ། སྤྱི་བོར་ཧཱུྃ་ལས་མི་བསྐྱོད་པ། རྡོ་རྗེ་སེམས་མའི་ཕྱག་རྒྱ་དེ་ཉིད་དཔྲལ་བར་བཞག་ལ། ༀ་སཏྭ་བཛྲི་ཨ་བྷི་ཥིཉྩ་ཧཱུྃྂ་ཞེས་བརྗོད་པས། ༀ་ལས་རྣམ་སྣང་། ཕྱག་རྒྱ་དེ་ཉིད་ལས་གུང་མོའི་ཚིགས་དབུས་མ་བཅག་པ། རིན་པོ་ཆེའི་རྣམ་པར་བྱས་པ་རིན་ཆེན་རྡོ་རྗེ་མའི་ཕྱག་རྒྱ་རྣ་བ་གཡས་པའི་སྟེང་དུ་བཞག་ལ། ༀ་རཏྣ་བཛྲཱི་ཨ་བྷི་ཥིཉྩ་ཏྲྃ་ཞེས་བརྗོད་དེ། སྭཱ་ལས་རིན་འབྱུང་། དེ་ཉིད་ལས་གུང་མོ་པདྨའི་རྣམ་པར་བྱས་པ་ཆོས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་ལྟག་པར་བཅིངས་ལ། ༀ་དྷརྨ་བཛྲཱི་ཨ་བྷི་ཥིཉྩ་ཧྲིཿཞེས་བརྗོད་དེ། ཨ་ལས་འོད་དཔག་ཏུ་མེད་པ། དེ་ཉིད་ལས་དབུས་མའི་ཚིགས་དང་པོ་བཅག་པ། ལས་ཀྱི་རྡོ་རྗེ་མའི་ཕྱག་རྒྱ་རྣ་བ་གཡོན་དུ་བཅིངས་ལ། ༀ་ཀརྨ་བཛྲཱི་ཨ་བྷི་ཉིཉྩ་ཨཿཞེས་བརྗོད་དེ། ཧ་ལས་དོན་ཡོད་གྲུབ་པ་བསམ་མོ། །དེ་ནས་དཔྲལ་བར་མཉམ་པའི་ཐལ་མོ་སྦྱར་བ་ཕྱེ་ནས། ཐལ་མོ་གཉིས་གཡས་དང་གཡོན་དུ་བརྐྱང་པའི་ཚུལ་དུ་བྱ་ཞིང་ༀ་བཛྲ་ཏུ་ཥྱ་ཧོཿཞེས་བརྗོད་ནས་དར་དཔྱངས་ཀྱི་དབང་བྱིན་ལ། སྔར་གྱི་རང་རང་གི་བཀྲ་ཤིས་ཀྱི་ཚིགས་བཅད་དང་། སངས་རྒྱས་རྡོ་རྗེའི་དབང་བསྐུར་ཞེས་སོགས་ཀྱིས་ཆུའི་དབང་བསྐུར་ཞིང་། དྲི་མ་དག རིན་འབྱུང་གིས་དབུ་བརྒྱན་པ་ལ། མཆོད་པ་རྣམས་ཀྱིས་མཆོད་དེ། རིན་འབྱུང་གི་རང་བཞིན་ཅོད་པན་གྱི་དབང་ཐོབ། ཉོན་མོངས་པ་ང་རྒྱལ་དང་སེར་སྣའི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རིན་འབྱུང་གི་ས་བོན་དང་བག་ཆགས་རྒྱུད་ལ་བཞག རིན་འབྱུང་དང་དེ་ལ་བརྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱའོ་ཞེས་རྟོགས་པ་བསྐྱེད་དོ། །

དེ་ནས་ཏིང་ངེ་འཛིན་གྱི་དབང་དང་ལྡན་པ་ལས་ཨ་དང་པདྨ་ལས་སློབ་མ་འོད་དཔག་ཏུ་མེད་པར་བསྐྱེད་ཅིང་རྡོ་རྗེ་སྟོང་པའི་ངང་ལས་འོད་དཔག་ཏུ་མེད་པར་བསྐྱེད་ལ། མཆོད་ཅིང་ཞུ་བ་ལས་བྱུང་བའི་རྡོ་རྗེར་བལྟས་ལ། སངས་རྒྱས་ཀུན་གྱི་རྡོ་རྗེའི་དབང་། །མི་ཕྱེད་རྡོ་རྗེ་འོད་གསལ་བ། །དམ་ཆོས་འབྱུང་བའི་སྣོད་གྱུར་པ། །རྡོ་རྗེ་ཆོས་ཀྱི་དབང་བསྐུར་རོ། །ༀ་བཛྲ་ཨ་དྷི་པ་དྷི་ཏྭྂ། ཨ་བྷི་ཥིཉྩ་མི་ཏིཥྠ་བཛྲ་ས་མ་ཡ་སྟྭཾ། འདི་དེ་སངས་རྒྱས་ཐམས་ཅད་ཉིད། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །ཕྱག་ན་རྡོ་རྗེའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲཱ་ས་མ་ཡ་ཏིཥྠ་ཨེ་ཥ་སྟྭཾ་དྷ་ར་ཡ་མི་བཛྲ་སཏྭ་ཧཱིཿ ཧི་ཧི་ཧི་ཧི་ཧཱུྃ་ཞེས་བརྗོད་དེ། སློབ་མའི་སྙིང་ཁ་དང་། ལྐོག་མ་དང་། གཙུག་ཏོར་དུ་རེག་ལ་ལག་པ་གཡས་སུ་གཏད། དེས་ཀྱང་ལྷའི་ང་རྒྱལ་བརྟན་པས་སྙེམས་པའི་ཚུལ་གྱིས་བཟུང་། དེ་ཉིད་བརྟན་པར་བྱ་བའི་ཕྱིར་དུ། སྔར་གྱི་བཀྲ་ཤིས་སོགས་བརྗོད་པ་སྔོན་དུ་འགྲོ་བའི་ཆུའི་དབང་བསྐུར། འོད་དཔག་ཏུ་མེད་པས་དབུ་བརྒྱན། མཆོད་པ་རྣམས་ཀྱིས་མཆོད་ནས། འོད་དཔག་ཏུ་མེད་པའི་རང་བཞིན་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་དག འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། འོད་དཔག་ཏུ་མེད་པའི་ས་བོན་དང་། བག་ཆགས་རྒྱུད་ལ་བཞག འོད་དཔག་ཏུ་མེད་པ་དང་དེ་ལ་བརྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ། །ཞེས་རྟོགས་པ་བསྐྱེད། དེ་ནས་ཏིང་ངེ་འཛིན་གྱི་དབང་དང་ལྡན་པས། ཧ་དང་རལ་གྲི་དེ་ལས། སློབ་མ་དོན་ཡོད་གྲུབ་པར་བསྐྱེད་ཅིང་། སྟོང་པའི་ངང་ལས་དྲིལ་བུ་དོན་གྲུབ་ཏུ་བསྐྱེད་ཅིང་མཆོད་དེ་ཞུ་བ་ལས་བྱུང་བའི་དྲིལ་བུར་བལྟས་ཏེ། སློབ་དཔོན་གྱིས་བཀྲོལ་ནས། ཟླ་བའི་འོད་ཅན་ཡེ་ཤེས་སྐུ་མངའ་རྒྱལ་བའི་ཅོད་པན་འཛིན་པ་པད་ཟླའི་གདན་ལ་བཞུགས། །གདུག་པ་རྣམས་ནི་འདུལ་བའི་དོན་དུ་སྲིད་གསུམ་འདུལ་མཛད་བསྡིགས་པའི་དེ་ཉིད་རྡོ་རྗེ་ཅན། །སངས་རྒྱས་རྣམས་ནི་བསྐུལ་ཕྱིར་དེ་ཁོ་ན་ཉིད་སོ་སོར་སྒྲོགས་པའི་ཆོས་ཉིད་དྲིལ་བུ་འཁྲོལ། །དངོས་པོ་ཀུན་གྱི་ངོ་བོ་མ་ལུས་སྟོང་པའི་བཅོམ་ལྡན་གང་ཡིན་དེ་ནི་རྒྱལ་གྱུར་ཅིག །མེ་ལོང་གི་ནི་གཟུགས་བརྙན་དང་། །རྨི་ལམ་སྒྱུ་མ་ཆུ་བུར་དང་། །མིག་འཁྲུལ་འདྲ་བ་སུས་མཐོང་བ། །དེ་ནི་མངའ་བདག་ཏུ་བཤད་དོ། །ཞེས་བརྗོད་ནས། ལག་པ་གཡོན་དུ་གཏད་པས། དེས་ཀྱང་དཀྲོལ་ཏེ་དཀུ་གཡོན་པར་བཀན་ཏེ་བཟུང་ལ་གཡས་པས་རྡོ་རྗེ་སྙིམས་པའི་ཚུལ་གྱིས་གཟུང་སྟེ། ༀ་བཛྲ་སཏྭ་ས་མ་ཡ་ཞེས་སོགས་ཡི་གེ་བརྒྱ་པ་བརྗོད་ལ་ༀ་བཛྲ་གྷཎྜེ་ཨཿཨཿབདག་གིས་བཅོམ་ལྡན་བཟུང་ལགས་ཀྱིས། །བཅོམ་ལྡན་བདག་ལ་ཉེ་བར་མཛོད། །ཅེས་བརྗོད། དེ་ནས་སློབ་དཔོན་གྱིས། ༀ་བཛྲ་ཨ་དྷི་པ་ཏི་སྟྭཾ་ཨ་བྷི་ཥིཉྩ་མི་ཏིཥྠ་བཛྲ་ཧཱི་ས་མ་ཡ་སྟཱཾ་ཞེས་བརྗོད་ནས། བཀྲ་ཤིས་སོགས་བརྗོད་པས་ཆུའི་དབང་བསྐུར། དོན་གྲུབ་ཀྱིས་དབུ་བརྒྱན། མཆོད་པ་རྣམས་ཀྱིས་མཆོད་དེ། དོན་གྲུབ་ཀྱི་རང་བཞིན་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་དག འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། དོན་གྲུབ་ཀྱི་ས་བོན་དང་བག་ཆགས་རྒྱུད་ལ་བཞག དོན་གྲུབ་དང་དེ་ལ་བརྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དབང་ངོ་ཞེས་རྟོགས་པ་བསྐྱེད་དོ། །དེ་ནས་མིང་གི་དབང་བསྐུར་བ་ནི། ཏིང་ངེ་འཛིན་གྱི་དབང་དང་ལྡན་པས། ༀ་དང་འཁོར་ལོ་ལས་སློབ་མ་རྣམ་སྣང་དུ་བསྐྱེད་ཅིང་། སྤྱི་བོ་ཡན་ལས་བཞི་རྫོགས་སུ་བསྐྱེད་པའི་རྣམ་སྣང་ཡབ་ཡུམ་སྙོམས་པར་ཞུགས་པ་སློབ་མའི་ལུས་ལ་ཐིམ་པར་བསམས་ནས། རྡོ་རྗེ་དྲིལ་བུ་རྩེ་སྤྲད་དེ་སྤྱི་བོར་གཏུགས་པ་ༀ་བཛྲ་སཏྭ་ཏྭཾ་ཨ་བྷི་ཥེཉྩ་མི་བཛྲ་ནཱ་མ་ཨ་བྷི་ཥེ་ཀ་ཏེ་ཧེཿ ཤྲཱི་ཆེ་གེ་མོ། བཛྲ་ཏ་ཐཱ་ག་ཏ་ས་མ་ཡ་སིདྡྷི་ས་མ་ཡ་སྟྭྂ། བྷཱུར་བྷཱུ་ཝཿསྭཿཨཿཞེས་བརྗོད་ལ། ཆེ་གེ་མོ་ཞེས་པའི་གནས་སུ་རིགས་དང་མཐུན་པའི་མིང་བཏགས་ཏེ། མི་བསྐྱོད་པའི་རིགས་ཡིན་ན་བཞད་པ་དང་། སྒེག་པ་དང་། གཉིས་མེད་དང་། མི་ཕྱེད་པ་དང་། དགའ་རབ་དང་། རོལ་པའི་རྡོ་རྗེ་ཞེས་དང་། རྣམ་སྣང་གི་རིགས་ལ། གཏི་མུག་དང་། ༀ་མཛད་དང་། རྟག་པ་དང་། སྒྱུ་འཕྲུལ་རྡོ་རྗེ་ཞེས་དང་། རིན་འབྱུང་ལ། ཡིད་བཞིན་ནོར་བུ་དང་། མཁའ་དང་གཟི་བརྗིད་རྡོ་རྗེ་ཞེས་དང་། འོད་དཔག་མེད་ལ། འདོད་ཆགས་དང་། སྤྱན་རས་གཟིགས་དང་། ཆོས་དང་། པདྨའི་རྡོ་རྗེ་ཞེས་དང་། དོན་གྲུབ་ལ་རྟ་མཆོག་དང་། དམ་ཚིག་དང་། ལས་ཀྱི་རྡོ་རྗེ་ཞེས་སོགས་མགོར་དཔལ་དང་། མཇུག་ཏུ་རྡོ་རྗེ་བཏགས་པའོ། །ལྷ་མོ་ལ་མི་བསྐྱོད་པའི་རིགས་ལ་རྡོ་རྗེ་བདག་མེད་མ་དང་། ལག་མ་དང་། ཕྲེང་བ་མ་དང་། འབྱུང་གནས་མ་དང་། རྣམ་སྣང་གི་རིགས་ལ། རྡོ་རྗེ་མཁའ་འགྲོ་མ་དང་། སྒེག་མོ་ལ་སོགས་པ་དང་། རིན་འབྱུང་གི་རིགས་ལ། རྡོ་རྗེ་དོ་ཤལ་མ་དང་། དབུགས་དབྱུང་མ་དང་། འབར་མ་དང་། ཕྲེང་བ་མ་དང་། པདྨའི་རིགས་ལ། རྡོ་རྗེ་ཆགས་པ་མ་དང་། དབྱངས་མ་དང་། བློ་གྲོས་མ་དང་། གོས་དཀར་མོ་ལ་སོགས་པ་དང་། དོན་གྲུབ་ཀྱི་རིགས་ལ་རྡོ་རྗེ་སྙེ་མ་དང་། སྒྱུ་འཕྲུལ་མ་དང་། རྒོད་མ་དང་། སྒྲོལ་མ་ལ་སོགས་པ་མགོར་རྗོ་རྗེ་སྦྱར་བའི་མིང་བཏགས་ཏེ། བཀྲ་ཤིས་བརྗོད་པ་སྔོན་དུ་འགྲོ་བས་ཆུའི་དབང་བསྐུར་ནས། རྣམ་སྣང་གི་རྒྱས་བཏབ་སྟེ་མཆོད་པ་རྣམས་ཀྱིས་མཆོད་ནས། རྣམ་སྣང་གི་རང་བཞིན་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་དག གཟུགས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་སུམ་དུ་བྱས། རྣམ་སྣང་གི་ས་བོན་དང་བག་ཆགས་རྒྱུད་ལ་བཞག རྣམ་སྣང་དང་དེ་ལ་བསྟེན་པའི་དངོས་གྲུབ་སྒྲུབ་པ་ལ་དབང་བར་བྱས་སོ་ཞེས་རྟོགས་པ་བསྐྱེད་དོ། །

དེ་ནས། ཐུན་མོང་གི་རྟོགས་པ་བསྐྱེད་པ་ནི། སངས་རྒྱས་ལྔ་ནི་རྣམ་དག་འདི། །དབང་བསྐུར་ལྔ་ནི་ཐོབ་པའི་རྒྱུ། །མ་རིག་པ་ནི་བསལ་ནས་ནི། །ཡེ་ཤེས་ལྔ་ནི་ཐོབ་པར་འགྱུར། །ཞེས་བརྗོད་ནས། དེའི་དོན་། དབང་འདི་རྣམས། སྦྱང་གཞི་ཕུང་པོ་ལྔ་དང་ཉོན་མོངས་པ་ལྔ་སྦྱོང་ཞིང་། ཐོབ་བྱ་རིགས་ལྔ་དང་ཡེ་ཤེས་ལྔ་མངོན་དུ་བྱེད་པ་རིགས་པའི་རྒྱལ་པོ་དེ་བཞིན་གཤེགས་པ་ལྔའི་དབང་ཡིན་པའི་ཕྱིར། རིག་པའི་དབང་ཞེས་བྱ་སྟེ། རང་གི་རྒྱུད་དེ་བཞིན་གཤེགས་པ་ལྔར་བྱིན་གྱིས་བརླབ་པའི་ཕྱིར། སྣང་བ་ཐམས་ཅད་རིགས་ལྔར་བལྟ་བར་བྱ་སྟེ། དངོས་པོ་གང་དང་གང་སྣང་བ། །གཙོ་དེ་རང་གི་ལྷག་པའི་ལྷ། །ཆོས་རྣམས་རང་བཞིན་རྣམ་དག་ལ། །སངས་རྒྱས་ཡེ་ཤེས་བལྟ་བར་གྱིས། །ཞེས་བརྗོད་དོ། །དེ་ནས། ཆོས་ཉིད་དེ་བཞིན་ཉིད་མངོན་དུ་བྱ་བའི་ཕྱིར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་མེ་ལོང་གི་དབང་དང་། རྡོ་རྗེའི་བརྟུལ་ཞུགས་སྟབས་གཅིག་ཏུ་སྦྱིན་པར་བྱ་སྟེ། ཏིང་ངེ་འཛིན་གྱི་དབང་དང་ལྡན་པས་ཧཱུྃ་ལས་རྡོ་རྗེ་དཀར་པོ་ཧཱུྃ་གིས་མཚན་པ། དེ་ལས་སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པར་བསྐྱེད་ཅིང་། ཨ་ལས་དབང་རྫས་མེ་ལོང་རེག་རྡོ་རྗེ་མར་དཀར་པོ་རྡོ་རྗེ་སེམས་དཔའ་བཞིན་བསྐྱེད་ནས། དེ་ཞུ་བ་ལས་བྱུང་བའི་མེ་ལོང་སློབ་མ་ལ་བསྟན་ལ་བརྗོད་དང་གཟུང་འཛིན་རྣམ་སྤངས་ཤིང་། །དག་ཅིང་གསལ་ལ་དྲི་མ་མེད། །མེ་ལོང་ནང་གི་གཟུངས་བརྙན་བཞིན། །རང་ལྷའི་གཟུགས་འདི་ཤེས་པར་གྱིས། །ༀ་པྲ་ཏི་བྷིམྦྷ་ཨ་དཪྴ་བྷ་ཝ་ཨ་བྷི་ཥིཉྩ་ཨཿ ཞེས་བརྗོད་ནས། ཆོས་ཐམས་ཅད་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་དང་འདྲ་བར་ཤེས་པར་གྱིས་ཤིག་ཅེས་རྟོགས་པ་བསྐྱེད་དོ། །

དེ་ནས་རྡོ་རྗེ་ཧཱུྃ་ལ་རྡོ་རྗེ་སེམས་སྐུ་མདོག་དཀར་པོ་ཞལ་གསུམ་ཕྱག་དྲུག་པར་བསྐྱེད ། དེ་ཞུ་བ་ལས་བྱུང་བའི་རྡོ་རྗེ་སློབ་མའི་ལག་པ་གཡས་པར་གཏད་ནས། འདི་དེ་སངས་རྒྱས་ཐམས་ཅད་དེ། །རྡོ་རྗེ་སེམས་དཔའི་ཕྱག་ན་བསྣམས། ཁྱེད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྡོ་རྗེ་སེམས་དཔའི་བརྟུལ་ཞུགས་བརྟན། །ༀ་སརྦ་ཏ་ཐཱ་ག་ཏ་སིདྡྷི་བཛྲ་ས་མ་ཡ་ཏིཥྠ་ཨེ་ཥ་ཏྭཾ་དྷཱ་ར་ཡ་མི་བཛྲ་སཏྭ་ཧྭིཿ ཧི་ཧི་ཧི་ཧི་ཧཱུྃ། ཞེས་བརྗོད་དོ། །དེས་ཀྱང་བླངས་ནས་ཧཱུྃ་ཞེས་བརྗོད་ཅིང་། ལན་གསུམ་གསོར་ནས། སྙིང་ཁར་གཟུང་ལ། སྙིང་ཁའི་ནང་དུ་རང་དང་འདྲ་བའི་རྡོ་རྗེ་སེམས་དཔའ། ཐུགས་ཁར་རྡོ་རྗེ་དཀར་པོ་རྩེ་ལྔ་པས་མཚན་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་རྡོ་རྗེར་བསྒོམ་དུ་བཅུག་ནས། བཀྲ་ཤིས་བརྗོད་པ་སྔོན་དུ་འགྲོ་བའི་ཆུའི་དབང་བསྐུར་ཏེ། རྡོ་རྗེ་སེམས་དཔའི་རྒྱས་བཏབ་ལ། མཆོད་པ་རྣམས་ཀྱིས་མཆོད་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་མེ་ལོང་གི་དབང་ཐོབ་ཡུལ་ཡུལ་ཅན་ལ་མཚན་མར་འཛིན་པའི་དྲི་མ་སྦྱངས། ཆོས་ཅན་དང་ཆོས་ཉིད་གནས་གྱུར། ཐོག་མ་མེད་པའི་བྱང་ཆུབ་ཀྱི་སེམས་མངོན་དུ་བྱས། དྲུག་པ་རྡོ་རྗེ་སེམས་དཔའི་ས་བོན་རྒྱུད་པ་བཞག རྡོར་སེམས་དང་དེའི་རིགས་ཀྱི་དངོས་གྲུབ་བསྒྲུབ་པ་ལ་དབང་བར་བྱས་སོ་ཞེས་རྟོགས་པ་བསྐྱེད་དོ། །དེ་རྣམས་ནི་ཐུན་མོང་བ་སློབ་མའི་དབང་བསྐུར་བའོ། །དེ་ནས་ཐུན་མོང་མ་ཡིན་པ་རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། ཕྱིར་མི་ལྡོག་པའི་དབང་བསྐུར་ཆེ། །རྡོ་རྗེ་སེམས་དཔའ་བདག་ལ་སྩོལ། །དཀྱིལ་འཁོར་ལྷ་ཡི་དེ་ཉིད་དང་། །སློབ་དཔོན་གྱིས་ནི་ལས་རྣམས་དང་། །སངས་རྒྱས་ཀུན་གྱི་དམ་ཚིག་དང་། །སྡོམ་དང་གསང་བ་བླ་མེད་སྩོལ། །སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །རྟག་ཏུ་སློབ་དཔོན་བདག་གྱུར་གསུངས། །ཞེས་ལན་གསུམ་གསོལ་བ་གདབ་བོ། །དེ་ནས། སློབ་དཔོན་དུ་འོས་པའི་སློབ་མ་གཅིག དབང་སྟེགས་སེང་གེའི་ཁྲིའི་སྟེང་དུ་བཞག་ལ། ཏིང་ངེ་འཛིན་གྱི་དབང་དང་ལྡན་པས་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ་བསྐྱེད་པ་ལ། དམ་ཚིག་གསུམ་སྦྱིན་པར་བྱ་སྟེ། ཧཱུྃ་ལས་བྱུང་བའི་རྡོ་རྗེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཐུགས་ཀྱི་དམ་ཚིག་ཏུ་བྱིན་གྱིས་བརླབས་པ་བཟུང་ནས། སྔར་གྱི་རྡོ་རྗེ་བརྟུལ་ཞུགས་ཀྱི་ཚིགས་བཅད་དང་སྔགས་བརྗོད་དེ་བྱིན་ལ་རྡོ་རྗེའི་དེ་ཁོ་ན་ཉིད་བརྗོད་དེ། ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་གྱི་བདག །རྡོ་རྗེ་སྙེ་མའི་བདག་པོ་བདག །བཅོམ་ལྡན་འདས་དཔལ་མཆོག་དང་པོའི་སྐྱེས་བུའོ། །ཞེས་བརྗོད་ལ། རྡོ་རྗེ་འདི་ནི། ཐོག་མ་དང་ཐ་མ་མེད་པའི་བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དེ་བཞིན་གཤེགས་པ་རིགས་ལྔ་པོ་ཐམས་ཅད་ཀྱི་བདག་པོ་རྡོ་རྗེ་སེམས་དཔའི་རང་བཞིན་ཡིན་པས། འདིས་བྱིན་གྱིས་བརླབས་པའི་ཕྱིར། རང་གི་སེམས་ཀྱང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་ངོ་བོར་ཤེས་པར་བྱའོ། །ཞེས་བརྗོད། སློབ་མས། མཧཱ་བཛྲ་ཧཱུྃ་ཞེས་ལན་གསུམ་བརྗོད་ཅིང་སྙིང་ཁར་བཟུང་ངོ་། །

དེ་ནས་ཨ་ལས་བྱུང་བའི་དྲིལ་བུ། སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོར་བྱིན་གྱིས་བརླབས་པ་བཟུང་ནས། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོར་བཤད། ཁྱོད་ཀྱི་ཀྱང་ནི་རྟག་ཏུ་བཟུང་། །བྱང་ཆུབ་མཆོག་ཏུ་རྒྱལ་བ་བཞེད། །ཨ་ཞེས་བརྗོད་ནས་བྱིན་ལ། དྲིལ་བུའི་དེ་ཁོ་ན་ཉིད། སྲིད་པ་ངོ་བོ་ཉིད་ཀྱིས་བདག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དབང་པོའི་སེམས་ལྡན་པ། །སྲིད་པ་དམ་པར་བྱེད་པར་འགྱུར། །ཞེས་བརྗོད་ནས། དྲིལ་བུ་འདི་ནི་སྲིད་པའི་ངོ་བོ་ཉིད་ཀྱིས་རྣམ་པར་དག་པ་ཆོས་ཀྱི་དབྱིངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་རང་བཞིན་ཡིན་པས། འདིས་བྱིན་གྱིས་བརླབས་པའི་ཕྱིར། རང་གི་ངག་ཀྱང་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་བཞིན་དུ་ཤེས་པར་བྱའོ། །ཞེས་བརྗོད། སློབ་མས། བཛྲ་གྷནྜེ་ཨ་ཞེས་བརྗོད་ནས་བཀྲོལ་ལ་དཀུ་གཡོན་པར་སྙེམས་པའི་ཚུལ་གྱིས་གཟུང་ངོ་། །དེའི་རྗེས་སུ། ཡིད་ཀྱི་ལུང་ནི་བརྟན་བྱའི་ཕྱིར། །ཕྱག་རྒྱ་དམ་ཚིག་ཅེས་སུ་བཤད། །ལུས་ཀུན་བརྟན་པར་བྱེད་པས་ན། །དེ་ཕྱིར་ཕྱག་རྒྱ་ཞེས་སུ་བསྒྲགས། །ཞེས་བརྗོད་ལ། སློབ་མ་རྡོ་རྗེ་སེམས་དཔའ་སྐུ་མདོག་སྔོན་པོ་ཞལ་གསུམ་ཕྱག་དྲུག་པ། རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མས་འཁྱུད་པར་བསམས་ལ། རྡོ་རྗེ་དྲིལ་བུས་འཁྱུད་པའི་སྟངས་ཀ་བྱེད་དུ་བཅུག་སྟེ། རྡོ་རྗེ་ཆེ་དང་དྲིལ་བུ་ཆེ། །ཟུངས་ཤིག་རྡོ་རྗེར་བྱིན་གྱིས་བརླབས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མའི་ཚོགས་རྣམས་བསྡུ་བར་གྱིས། །ཞེས་བརྗོད་ལ་རྡོ་རྗེ་འཆང་ཆེན་པོ་ཕྱག་རྒྱ་ལོ་བཅུ་དྲུག་མའི་རྣམ་པས་འཁྱུད་པ་འདི་ནི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུའི་དམ་ཚིག་ཡིན་པས། འདིས་བྱིན་གྱིས་བརླབས་པའི་ཕྱིར། རང་གི་ལུས་ཀྱང་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོར་ཤེས་པར་བྱའོ་ཞེས་བརྗོད། སློབ་དཔོན་གྱི་སྙིང་ཁའི་འོད་ཟེར་གྱིས་བཀུག་པའི་ལྷ་ཚོགས་ནམ་མཁའ་གང་བས། སྔར་བཞིན་དབང་བསྐུར་བར་བསམ་ཞིང་། བཀྲ་ཤིས་ཚིགས་བཅད་ཡོངས་སུ་རྫོགས་པའམ་ཡང་ན་དང་པོ་སྔོན་དུ་འགྲོ་བའི་དབང་བསྐུར་རྡོ་རྗེ་ཆེན་པོ་སོགས་བརྗོད་ཅིང་ཆུ་དབང་བསྐུར། མི་བསྐྱོད་པའི་རྒྱས་བཏབ། མཆོད་པ་རྣམས་ཀྱིས་མཆོད་དེ། སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ་བརྗོད་ནས། སློབ་མའི་སྤྱི་བོར་མེ་ཏོག་གི་ཕྲེང་བ་བཞག་གོ །བརྟན་པར་བྱ་བའི་ཕྱིར། སློབ་དཔོན་གྱིས་ཡི་གེ་བརྒྱ་པ་བརྗོད་པའི་རྗེས་ལ། སློབ་མས་ཀྱང་བཟླ་བར་བྱའོ། །

དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་དབང་ཐོབ་པས། དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་གྱུར་པས། དེ་ཁོ་ན་ཉིད་བསྟན་པར་བྱ་སྟེ། ཐོག་མར་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། རྟེན་འབྲེལ་བཅུ་གཉིས་རྣམ་པར་དག་པས་དཀྱིལ་འཁོར་གྱི་ཚད་ཁྲུ་བཅུ་གཉིས་པའོ། །བདེན་པ་བཞི་རྣམ་པར་དག་པས་ངོས་བཞི། ཚད་མེད་བཞི་རྣམ་པར་དག་པས་གྲྭ་བཞི། འབྱུང་བ་བཞི་དག་པས་སྒོ་བཞི། རྫུ་འཕྲུལ་གྱི་རྐང་པ་བཞི་དག་པས་སྒོ་ཁྱུད་བཞི། དབང་པོ་ལྔ་དག་པས་རྩིག་པ་ལྔ། བསམ་གཏན་བཞི་དག་པས་རྟ་བབས་བཞི། གཟུངས་དང་ཏིང་ངེ་འཛིན་རྣམ་པར་དག་པས་འདོད་ཡོན་གྱི་སྣམ་བུ། ཕར་ཕྱིན་བཅུ་དག་པས་ཕ་གུ། སྒོམ་སྤང་སྤངས་པ་དག་པས་དྲ་བ་དང་དྲ་བ་ཕྱེད་པ། དབང་བཅུ་དག་པས་བྷ་ཀུ་ལི། དགེ་བ་བཅུ་དག་པས་མདའ་ཡབ། རྣམ་པར་ཐར་པ་བརྒྱད་དག་པས་དཀྱིལ་འཁོར་ནང་མའི་མཐའ་རེ་མིག་བརྒྱད་ཀྱིས་བསྐོར་བ། འཕགས་པའི་ལམ་ཡན་ལག་བརྒྱད་དག་པས་ཀ་བ་བརྒྱད་དང་ལྡན་པ། ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་བརྡར་རྡོ་རྗེའི་ཕྲེང་བས་བསྐོར་བའོ། །

ལྷའི་དེ་ཁོ་ན་ཉིད་ནི། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་དག་པ་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཀྱི་ངོ་བོ་དབུས་ཀྱི་མི་བསྐྱོད་པ། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་དང་། མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཤར་གྱི་རྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་རྣམ་པར་དག་པ་དང་། མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ལྷོའི་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་ཕུང་པོ་རྣམ་པར་དག་པ་དང་། སོ་སོར་རྟོག་པའི་ཡེ་ཤེས་ཀྱི་ངོ་བོ་ནུབ་ཀྱི་འོད་དཔག་ཏུ་མེད་པ། འདུ་བྱེད་ཀྱི་ཕུང་པོ་རྣམ་པར་དག་པ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱི་ངོ་བོ་བྱང་གི་དོན་ཡོད་གྲུབ་པ། སའི་ཁམས་རྣམ་པར་དག་པ་དང་། བྱམས་པ་ཚད་མེད་པའི་ངོ་བོ་རེ་མིག་ནང་མའི་ཤར་ལྷོའི་སྤྱན་མ། ཆུའི་ཁམས་རྣམ་པར་དག་པ་དང་། སྙིང་རྗེ་ཚད་མེད་པའི་ངོ་བོ་ལྷོ་ནུབ་ཀྱི་མཱ་མ་ཀི མེའི་ཁམས་རྣམ་པར་དག་པ་དང་དགའ་བ་ཚད་མེད་པའི་ངོ་བོ་ནུབ་བྱང་གི་གོས་དཀར་མོ། རླུང་གི་ཁམས་རྣམ་པར་དག་པ་དང་བཏང་སྙོམས་ཚད་མེད་པའི་ངོ་བོ་བྱང་ཤར་གྱི་སྒྲོལ་མ། གཟུགས་རྣམ་པར་དག་པ་རེ་མིག་གཉིས་པར་ཤར་ལྷོའི་གཟུགས་རྡོ་རྗེ་མ། སྒྲ་རྣམ་པར་དག་པ་ལྷོ་ནུབ་ཀྱི་སྒྲ་རྡོ་རྗེ་མ། དྲི་རྣམ་པར་དག་པ་ནུབ་བྱང་གི་དྲི་རྡོ་རྗེ་མ། རོ་རྣམ་པར་དག་པ་བྱང་ཤར་གྱི་རོ་རྡོ་རྗེ་མ། རེག་རྣམ་པར་དག་པ་དབུས་ཀྱི་རེག་རྡོ་རྗེ་མ། རྩ་རྒྱུས་རྣམ་པར་དག་པ་དང་ཟག་པ་མེད་པའི་མངོན་ཤེས་ཀྱི་ངོ་བོ་ཤར་གྱི་སྣམ་བུའི་གཡས་ཕྱོགས་ཀྱི་བྱམས་པ། མིག་རྣམ་པར་དག་པ་དང་། མིག་གི་མངོན་ཤེས་ཀྱི་ངོ་བོ་གཡོན་ཕྱོགས་ཀྱི་སའི་སྙིང་པོ། རྣ་བ་རྣམ་པར་དག་པ་དང་། རྣ་བའི་མངོན་ཤེས་ཀྱི་ངོ་བོ་ལྷོའི་སྣམ་བུའི་གཡས་ཕྱོགས་ཀྱི་ཕྱག་ན་རྡོ་རྗེ། སྣ་རྣམ་པར་དག་པ་དང་། སྣའི་མངོན་ཤེས་ཀྱི་ངོ་བོ་གཡོན་ཕྱོགས་ཀྱི་ནམ་མཁའི་སྙིང་པོ། ལྕེ་རྣམ་པར་དག་པ་དང་། ལྕེའི་མངོན་ཤེས་ཀྱི་ངོ་བོ་ནུབ་ཀྱི་སྣམ་བུའི་གཡས་ཕྱོགས་ཀྱི་འཇིག་རྟེན་དབང་ཕྱུག ཡིད་རྣམ་པ་དག་པ་དང་། གཞན་སེམས་ཤེས་པའི་མངོན་ཤེས་ཀྱི་ངོ་བོ་གཡོན་གྱི་འཇམ་དཔལ། ལུས་རྣམ་པར་དག་པ་དང་། རྫུ་འཕྲུལ་གྱི་མངོན་ཤེས་ཀྱི་ངོ་བོ་བྱང་གི་སྣམ་བུའི་གཡས་ཕྱོགས་ཀྱི་སྒྲིབ་སེལ། ཚིགས་རྣམ་པར་དག་པ་དང་། སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱི་ངོ་བོ་གཡོན་ཕྱོགས་ཀྱི་ཀུན་ཏུ་བཟང་པོ། ལག་པ་གཡས་པ་རྣམ་པར་དག་པ་དང་། སྦྱིན་པའི་ངོ་བོ་ཤར་སྒོའི་གཤིན་རྗེ་གཤེད། ལག་པ་གཡོན་པ་རྣམ་པར་དག་པ་དང་། སྙན་སྨྲའི་ངོ་བོ་ལྷོའི་སྒོའི་གཞན་གྱིས་མི་ཐུབ་པ། ཁ་རྣམ་པར་དག་པ་དང་། དོན་སྤྱོད་ཀྱི་ངོ་བོ་ནུབ་སྒོའི་རྟ་མགྲིན། རྡོ་རྗེ་རྣམ་པར་དག་པ་དང་། དོན་མཐུན་གྱི་ངོ་བོ་བྱང་སྒོའི་བདུད་རྩི་འཁྱིལ་བ། དཔུང་པ་གཡས་རྣམ་པར་དག་པ་ཤར་ལྷོའི་མི་གཡོ་བ། དཔུང་པ་གཡོན་རྣམ་པར་དག་པ་ལྷོ་ནུབ་ཀྱི་འདོད་པའི་རྒྱལ་པོ། པུས མོ་གཡས་རྣམ་པར་དག་པ་ནུབ་བྱང་གི་དབྱུག་སྔོན་ཅན། པུས་མོ་གཡོན་རྣམ་པར་དག་པ་བྱང་ཤར་གྱི་སྟོབས་པོ་ཆེ། སྤྱི་གཙུག་རྣམ་པར་དག་པ་སྟེང་གི་འཁོར་ལོས་བསྒྱུར་བ། རྐང་མཐིལ་རྣམ་པར་དག་པ་འོག་གི་གནོད་མཛེས་སོ། །དེ་ལྟར་ཕྱིའི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་བཤད་ནས། ནང་ལུང་ཀྱི་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་ནི། རྡོ་རྗེ་སློབ་དཔོན་གྱིས་ལུས་ལ་རྟེན་དང་བརྟེན་པར་བཅས་པའི་དཀྱིལ་འཁོར་རྫོགས་པར་གནས་པར་བཤད་དེ། ལུས་ནི་གཞལ་ཡས་ཁང་དུ་གྱུར། །སངས་རྒྱས་ཀུན་གྱི་ཡང་དག་བརྟེན། །ཟུར་བཞི་པ་ནི་མདུན་རྒྱབ་དང་། །གཡས་དང་གཡོན་གྱི་དབྱེ་བས་སོ། །སྟེང་འོག་སྒོ་ཡི་དབྱེ་བ་ཡིས། །སྒོ་བཞི་ཞེས་ནི་བཤད་པ་ཡིན། །སྣ་ཡི་རྩེ་མོའི་དབྱིབས་ཀྱིས་ནི། །རྟ་བབ་བཞིར་ནི་བརྗོད་པར་བྱ། །དྲ་བ་རྒྱུ་མར་ཡང་དག་བཤད། །རྒྱུས་པར་གྱུར་པ་དྲ་བ་ཕྱེད། །མ་ནི་ཟླ་བ་ཕྱེད་པ་དང་། །བུམ་པ་ལྟོ་བར་ཡང་དག་བཤད། །རྗེ་ངར་བརླ་སྦོམ་ལག་ངར་ནི། །ཀ་བ་བརྒྱད་དུ་ཡང་དག་བཤད། །མིག་གི་རྣམ་ཤེས་མེ་ལོང་སོགས། །སྒྲ་ཡི་རྣམ་ཤེས་བ་དན་དང་། །རྣ་ཡི་རྣམ་ཤེས་མེ་ཏོག་ཕྲེང་། །རིན་ཆེན་ཕ་གུ་སྤྱན་རྣམས་སོ། །ལུས་ཀྱི་རྣམ་ཤེས་དར་འཕན་དང་། །ཡིད་ཀྱི་རྣམ་ཤེས་རི་དྭགས་སོ། །མིག་ནི་འཁོར་ལོའི་མཚན་མ་དང་། །རྣ་བ་ཀུན་ནས་རྡོ་རྗེ་རྣམས། །སྣ་ནི་བ་དན་དུ་ནི་བཤད། །ལྕེ་ནི་དྲིལ་བུ་རུ་ནི་གསུངས། །རྔ་ཡབ་ལ་སོགས་རྣམ་དག་པ། །ལུས་ཀྱི་ཚོགས་ཞེས་བྱ་བར་བཤད། །ཡིད་ནི་དབུས་ཀྱི་པད་མར་གསུངས། །རྣམ་རྟོག་རླུང་ནི་ཡང་དག་བརྟེན། །ཡེ་ཤེས་ལྔ་ནི་རྣམ་དག་པ། །རེ་ཁཱ་ལྔར་ནི་ཡང་དག་བརྗོད། །ཕུང་པོ་ལྔ་ནི་ཡང་དག་ལྔ། །རྣམ་དག་ཁ་དོག་ལྔ་ནི་བྱེད། །ཅེས་བྱ་བ་དང་། རྡོ་རྗེ་སློབ་དཔོན་ལུས་འདི་ལ། །རྒྱལ་བའི་སྐུ་ནི་རིམ་བཞིན་གནས། །དང་པོ་གཟུགས་ཀྱི་ཕུང་པོ་ནི། །སྐུ་ཡི་རྡོ་རྗེའི་ཡང་དག་བཞུགས། །དེ་བཞིན་ནམ་མཁའི་རྡོ་རྗེ་ནི། །ཚོར་བ་ཡི་ནི་ཕུང་པོར་བཞུགས། །བཅོམ་ལྡན་གསུང་གི་རྡོ་རྗེ་ནི། །འདུ་ཤེས་ཀྱི་ནི་ཕུང་པོར་བཞུགས། །ལས་རྣམས་ཀུན་གྱི་རྡོ་རྗེ་ནི། །འདུ་བྱེད་ཀྱི་ནི་ཕུང་པོར་བཞུགས། །བཅོམ་ལྡན་ཐུགས་ཀྱི་རྡོ་རྗེ་ནི། །རྣམ་ཤེས་ཕུང་པོར་ཡང་དག་བཞུགས། །ཡང་། འདི་ཡི་ཤ་སོགས་ས་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྤྱན་བཞུགས་སོ། །

ཁྲག་སོགས་ཆུ་ཡི་ཁམས་ལ་ནི། །བཅོམ་ལྡན་འདས་ཡུམ་མཱ་མ་བཞུགས། །དྲོ་བ་ལ་སོགས་མེ་ཁམས་ལ། །བཅོམ་ལྡན་འདས་ཡུམ་གོས་དཀར་བཞུགས། །བསྐྱོད་པ་ལ་སོགས་རླུང་ཁམས་ལ། །བཅོམ་ལྡན་འདས་ཡུམ་སྒྲོལ་མ་བཞུགས། །དེ་ཡི་མིག་དབང་གཉིས་ལ་ནི། །དེ་བཞིན་གཤེགས་པ་ས་སྙིང་ངོ་། །དེ་ཡི་རྣ་བའི་དབང་གཉིས་ལ། །བདེ་གཤེགས་ཕྱག་ན་རྡོ་རྗེའོ། །དེ་ཡི་སྣ་བུག་གཉིས་ན་ནི། །དེ་བཞིན་གཤེགས་པ་ནམ་མཁའི་མཛོད། །དེ་ཡི་ལྕེ་དབང་ལ་བཞུགས་པ། །དེ་བཞིན་གཤེགས་པ་འཇིག་རྟེན་དབང་། །དེ་ཡི་ཡིད་ཀྱི་དབང་པོ་ལ། །དེ་བཞིན་གཤེགས་པ་འཇམ་དབྱངས་བཞུགས། ཁམས་བཞིའི་རང་བཞིན་གོང་བུ་ནི། །ལུས་ཞེས་བྱ་བར་བརྟགས་པ་ལ། །སྒྲིབ་པ་ཐམས་ཅད་རྣམ་སེལ་བ། །དེ་བཞིན་གཤེགས་པ་དེ་བཞུགས་སོ། །ལུས་ཀྱི་ཚིགས་ནི་ཐམས་ཅད་ལ། །དེ་བཞིན་གཤེགས་པ་ཀུན་ཏུ་བཟང་། །ལུས་ཀྱི་རྩ་རྒྱུས་ཐམས་ཅད་ལ། །དེ་བཞིན་གཤེགས་ལ་བྱམས་པའོ། །ལག་པ་གཡས་པའི་རྩ་བར་ནི། །དེ་བཞིན་གཤེགས་པ་གཤིན་རྗེ་གཤེད། །ལག་པ་གཡོན་པའི་རྩ་བར་ནི། །བདེ་གཤེགས་གཞན་གྱིས་མི་ཐུབ་པ། ཁ་ཡི་པད་མོར་བཞུགས་པ་ནི། །དེ་བཞིན་གཤེགས་པ་རྟ་མགྲིན་ནོ། །གསང་བའི་གནས་སུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་བདུད་རྩི་འཁྱིལ། །དཔུང་པ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་མི་གཡོ་མགོན། །དཔུང་པ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་འདོད་པའི་རྒྱལ། །པུས་མོ་གཡས་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་དབྱུག་པ་སྔོ། །པུས་མོ་གཡོན་པར་བཞུགས་པ་ནི། །དེ་བཞིན་གཤེགས་པ་སྟོབས་པོ་ཆེ། །གང་གི་སྤྱི་གཙུག་སྟེང་བཞུགས་པ། །དེ་བཞིན་གཤེགས་པ་འཁོར་ལོས་བསྒྱུར། །རྐང་པའི་འོག་ཏུ་བཞུགས་པ་ནི། །དེ་བཞིན་གཤེགས་པ་གནོད་མཛེས་ཏེ། །ལུས་ནི་འདི་ཉིད་ཀུན་ལ་འདོར། །དེ་བཞིན་གཤེགས་པ་ཐམས་ཅད་བཞུགས། །ཞེས་བརྗོད་ནས། གཞལ་ཡས་ཁང་གི་དེ་ཁོ་ན་ཉིད་ཀྱི་ལམ་གྱི་ཆོས་དང་། ལྷའི་དེ་ཁོ་ན་ཉིད་ཀྱིས་འབྲས་བུའི་ཆོས་མཚོན་ཅིང་། ཐམས་ཅད་ཀྱང་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་ཚང་ལ། ཇི་ལྟར་སློབ་དཔོན་གྱི་ལུས་ལ་ཚང་བ་དེ་བཞིན་དུ། དབང་བསྐུར་ཐོབ་པའི་སློབ་མ་ཁྱེད་རྣམས་ལ་ཡང་ཚང་ངོ་ཞེས་བཤད་པར་བྱའོ། །

དེ་ནས་རྗེས་གནང་སྦྱིན་པར་བྱ་སྟེ། སྔགས་དང་སློབ་དཔོན་བྱ་བ་དང་། ལྷ་རྣམས་མཆོད་དང་སེམས་ཅན་དོན། །ཆོས་འཆད་པ་སྟེ་རྗེས་གནང་ལྔ། །དེ་ལ་སྔགས་ཀྱི་རྗེས་གནང་ནི། རྗེས་བཟློས་བྱེད་དུ་བཅུག་ལ། བླ་མའི་ཐུགས་ཀའི་སྔགས་ཕྲེང་ལས་ཆད་པའི། སྔགས་ཕྲེང་གཉིས་པ་བླ་མའི་ཞལ་ནས་འཐོན། སློབ་མའི་ཁར་ཞུགས་ཏེ། ཏིང་ངེ་འཛིན་སེམས་དཔའི་མཐའ་བསྐོར་དུ་འཁོད་པར་བསམས་ལ།གཙོ་བོའི་སྙིང་པོ་ལན་གསུམ་བཟླས་པའི་རྗེས་སུ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །སྙིང་པོ་ཡི་ནི་ཡེ་ཤེས་མཆོག །སངས་རྒྱས་ཐམས་ཅད་བསྡུས་པ་ནི། ཁྱོད་ཀྱིས་ཀྱང་ནི་རྟག་པར་བཅང་། །ཞེས་བརྗོད་ལ་ལྷའི་རྣལ་འབྱོར་ཡང་སྦྱིན་ནོ། །གཙོ་བོ་འཕོས་བའི་རིམ་པའོ། །དེ་ནས་སློབ་མས་མེ་ཏོག་གི་ཕྲེང་བ་ཕུལ་ལ། བཅོམ་ལྡན་བདག་གི་བཟུང་ལགས་ཀྱི། །བཅོམ་ལྡན་བདག་ལ་མཉེས་པར་མཛོད། །ཞེས་གསོལ་བ་གདབ། བླ་མས་མེ་ཏོག་ཕྲེང་བ་དེ་ཉིད་སློབ་མའི་སྤྱི་བོར་བཞག་ནས། བཅོམ་ལྡན་འདི་ལ་བསྩལ་ལགས་ཀྱི། ། འདི་ལ་ཉེ་བར་མཛད་དུ་གསོལ། །ཞེས་བརྗོད་དོ། །དེ་ནས་སློབ་དཔོན་གྱི་བྱ་བའི་རྗེས་སུ་གནང་བ་ནི། ཕྲེང་བ་ལ་སོགས་དབང་རྣམས་ཀྱི། །དབང་བསྐུར་ང་ཡིས་བྱིན་པ་ཡིས། །སྡིག་པ་ཐམས་ཅད་རྣམ་སྤངས་ཏེ། །སངས་རྒྱས་ཀུན་གྱི་མདུན་དུ་གནས། །ད་ནི་དཀྱིལ་འཁོར་སློབ་དཔོན་ཏེ། །སྔགས་དང་རྒྱུད་རྣམས་འཛིན་པར་འགྱུར། །སངས་རྒྱས་བྱང་ཆུབ་སེམས་དཔའ་དང་། །ལྷ་རྣམས་ཀྱིས་ཀྱང་མཐུན་པར་བསྔགས། ཁྱེད་ནི་བདུད་ལས་རྣམ་རྒྱལ་ཏེ། །སངས་རྒྱས་ཐམས་ཅད་ཐོབ་པར་འགྱུར། །འཇིག་པ་མེད་པ་སེང་གེའི་སྤྱོད་པ་ལེགས་སྤྱད་པས། ཁྱེད་ཀྱི་སེམས་ཅན་དོན་རྣམས་བྱོས། །ཆོས་རྣམས་ཀུན་ལ་སེར་སྣ་དང་། །སེམས་ཅད་དོན་ལ་མི་ཕན་གང་། །ཉམས་ང་ཤིན་ཏུ་ཆེ་ན་ཡང་། །བུ་ཁྱོད་ཀྱིས་ནི་དེ་མི་བྱ། །འདི་ལ་ཐེ་ཚོམ་མི་བྱ་སྟེ། །གསང་སྔགས་སྤྱོད་པའི་ཚུལ་གྱིས་མཆོག །མཉམ་མེད་ཁྱོད་ཀྱིས་བསྒྲགས་པར་བྱ། ། དཀྱིལ་འཁོར་ལེགས་པར་བྲི་བྱ་སྟེ། །སློབ་མ་ཡོངས་སུ་བསྡུ་བར་གྱིས། །དོགས་པ་མེད་པའི་སེམས་ཀྱིས་སུ། །སློབ་མ་རྣམས་ལ་དབང་ཡང་བསྐུར། །བརྟུལ་ཞུགས་བརྟན་པས་འཇིག་རྟེན་དང་། །འཇིག་རྟེན་འདས་པའི་དངོས་གྲུབ་བསྒྲུབ། །གནས་ལུགས་ཀྱི་དེ་ཉིད་རིགས་པའི་སེམས་ཀྱིས་ནི། །དངོས་གྲུབ་དེ་རྣམས་ཐམས་ཅད་འབྱུང་། །ཆོས་ཀྱི་དབྱིངས་ཀྱི་བྱིན་རླབས་དང་། །དམ་ཚིག་རྣམས་ཀྱང་བསྐྱང་བ་དང་། ཁྱེད་རྟག་བླ་མ་ལ་གུས་པས། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་བཟོ་ཞེས་བརྗོད། །དེས་ན་བྱས་པ་བཟོ་བ་ཡི། །སངས་རྒྱས་རྣམས་ཀྱང་ཁྱོད་ལ་བསྲུང་། །ཞེས་བརྗོད་དོ། །

དེ་ནས་ལྷ་མཆོད་པའི་རྗེས་སུ་གནང་བ་ནི། སློབ་མའི་ཁུ་ཚུར་གཉིས་དཀུར་བཞག་སྟེ། སྒེག་པ་ལྟར་བྱེད་དུ་བཅུག་སྟེ། དེང་ནས་བརྩམས་ཏེ་རྫོགས་སངས་རྒྱས། །སྲས་དང་བཅས་པས་རྣམ་རོལ་ཅིང་། །རྡོ་རྗེ་སྙེ་མའི་རྣལ་འབྱོར་གྱིས། །དགའ་སྟོན་བདེ་བས་མཆོད་པ་གྱིས། །ཨ་ཞེས་བརྗོད། མེ་ཏོག་གི་ཕྲེང་བ་དཀྱིལ་འཁོར་ལ་འབུལ་བའི་ཚུལ་བྱེད་དུ་བཅུག་ལ། སྒེག་དང་བཅས་པས་ཕྲེང་བ་འཕང་། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །དེས་ནི་བཅོམ་ལྡན་འབྲལ་མི་འགྱུར། །ཕྲེང་བ་དེ་ཡི་རྒྱན་ཡིན་ནོ། །ༀ་ཞེས་བརྗོད། གླུ་ལེན་དུ་བཅུག་ལ། ལུས་ཅན་ཀུན་ལ་དམ་ཆོས་ཀྱི། །གླུ་ནི་ཁྱོད་ཀྱིས་བླང་བར་བྱ། །དེ་ཡི་བདེ་གཤེགས་དངོས་གྲུབ་ནི། །མྱུར་དུ་བདེ་བ་མྱོང་འགྱུར་གྱི། །གཱི་ཞེས་བརྗོད། ཐལ་མོས་གར་བྱེད་དུ་བཅུག་ལ། དེ་ཉིད་ཐལ་མོའི་གར་གྱིས་ནི། །སངས་རྒྱས་ཐམས་ཅད་མཆོད་པར་བྱ། །སངས་རྒྱས་འདུལ་བའི་ཕྲིན་ལས་ཀྱིས། །གར་མཁན་ཚུལ་དུ་རྒྱུ་བར་གྱིས། །ཧོ་ཞེས་བརྗོད། སྤོས་འབུལ་དུ་བཅུག་ལ། རྫོགས་སངས་རྒྱས་ལ་སྤོས་ཕུལ་བས། །བརྟུལ་ཞུགས་བཟང་པོས་ལེགས་ཚིམ་གྱིས། །ལུས་ཅན་བདེ་གཤེགས་ཆ་ལུགས་སུ། །ཡེ་ཤེས་ཀྱིས་ནི་ཚིམ་པར་གྱིས། །ཧཱུྃ་ཞེས་བརྗོད། མེ་ཏོག་འཐོར་དུ་བཅུག་ལ། སངས་རྒྱས་རྣམས་ལ་མེ་ཏོག་དོར། །བྱང་ཆུབ་ཡན་ལག་ཚོགས་གྱུར་པས། །མཚན་དང་དཔེ་བྱད་ལྡན་པ་ཡི། །བདེ་གཤེགས་སྐུ་ནི་ཐོབ་པར་གྱིས། །བྷྲཱུྂ་ཞེས་བརྗོད། མར་མེ་འཛིན་དུ་བཅུག་ལ། ཆོས་ཀྱི་སྒྲོན་མེ་ལེགས་སྦར་བས། །རྡོ་རྗེ་ཆོས་དང་འདྲ་བ་རུ། །སེམས་ཅན་མ་རིག་ལོངས་པ་ལ། །ཆོས་ཀྱི་སྒྲོན་མེ་གསལ་བར་གྱིས། །པྲ་ཞེས་བརྗོད། དྲི་འཐོར་དུ་བཅུག་ལ། རྒྱལ་བ་རྣམས་ལ་དྲི་ཕུལ་བས། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་དང་། །རྣམ་གྲོལ་ཡེ་ཤེས་མཐོང་བ་ཡི། །བྱང་ཆུབ་ལུས་ཅན་རྣམས་ལ་བསྒོས། །གྷ་ཞེས་བརྗོད། དེ་ནས་སེམས་ཅད་གྱི་དོན་བྱ་བའི་རྗེས་གནང་ལ། ཐོག་མར་མ་རིག་པའི་ལིང་ཏོག་བསལ་བས་སེམས་ཅད་གྱི་དོན་བྱ་བར་བསྟན་པའི་ཕྱིར། ཐུར་མའི་རྗེས་གནང་ནི། གསེར་རམ་དངུལ་ལས་བྱས་པའི་ཐུར་མའམ། མེད་ན་རྡོ་རྗེས་སློབ་མའི་མིག་དབྱེ་བའི་ཚུལ་དུ་བྱས་ནས། ཇི་ལྟར་མིག་མཁན་རྒྱལ་པོ་ཡིས། །འཇིག་རྟེན་རབ་རིབ་བསལ་བ་ལྟར། །བུ་ཁྱོད་ཀྱིས་ནི་མི་ཤེས་པའི། །ལིང་ཏོག་རྒྱལ་བ་རྣམས་ཀྱིས་བསལ། །ༀ་བཛྲ་ནེ་ཏྲ་ཨ་པ་ཧ་ར་པ་ཊ་ལ་ཧྲིཿཔྲཾ་ཞེས་བརྗོད། དེ་ལྟར་མ་རིག་པའི་ལིང་ཏོག་བསལ་བས། ཆོས་ཐམས་ཅད་གཟུགས་བརྙན་དང་འདྲ་བར་ཤེས་པར་གྱིས་ཤིག་ཅེས་བསྟན་པའི་ཕྱིར། མེ་ལོང་གི་རྗེས་གནང་ནི། ཨས་བསྔགས་པའི་མེ་ལོང་བསྟན་ཏེ། ཆོས་རྣམས་གཟུགས་བརྙན་ལྟ་བུ་སྟེ། །གསལ་ཞིང་དག་ལ་རྙོག་པ་མེད། །གཟུང་དུ་མེད་ཅིང་བརྗོད་དུ་མེད། །རྒྱུ་དང་ལས་ལས་ཀུན་ཏུ་འབྱུང་། །ངོ་བོ་ཉིད་མེད་གནས་མེད་པར། །དེ་ལྟར་ཆོས་རྣམས་ཤེས་གྱིས་ལ། །སེམས་ཅད་དོན་ནི་མཉམ་མེད་བྱོས། །འོན་ཀྱང་སྐྱོབ་པའི་སྲས་སུ་སྐྱེ། །ཞེས་བརྗོད་དོ། །

དེ་ནས་སྒྲ་ཐམས་ཅད་གྲག་ལ་རང་བཞིན་མེད་པར་བསྟན་པའི་ཕྱིར། དྲིལ་བུའི་རྗེས་གནང་ནི། ཨ་ལས་བསྐྱེད་པའི་དྲིལ་བུ་བྱིན་ལ། ཐམས་ཅད་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ནམ་མཁའ་དག་དང་མཉམ་སྦྱོར་བས། །ཀུན་མཆོག་མཉམ་པ་ཉིད་དུ་གསལ། །ཞེས་བརྗོད་ཅིང་། དཀྲོལ་དུ་གཞུག་གོ །

དེ་ལྟར་ཆོས་རྣམས་རང་བཞིན་མེད་པར་ཤེས་པས་དེ་མ་རྟོགས་པའི་སེམས་ཅད་ལ་སྙིང་རྗེ་ཆེན་པོ་སྐྱེས་ཏེ། ཉན་རང་གི་སེམས་བསྐྱེད་ཁྱད་དུ་གསད་ན། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་ཤིང་རྗེས་སུ་ཆགས་པར་འགྱུར་རོ། །ཞེས་བསྟན་པའི་ཕྱིར། མདའ་གཞུའི་རྗེས་གནང་ནི། ཧོ་ཞེས་བྱ་བས་མདའ་གཞུ་བྱིན་ལ། ཕྱོགས་བཞི་སྟེང་འོག་ཏུ་འཕེན་པའི་ཚུལ་བྱེད་དུ་གཞུག་ཅིང་། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྗེས་སུ་ཆགས་པར་བྱོན་ཅིག་ཅེས་བརྗོད་དོ། །

དེ་ལྟར་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་དེ་ཡང་། སྔར་ཡེ་ཤེས་འབེབས་པའི་དུས་ཀྱི་ཉམས་མྱོང་དེ་ཡིན་ལ། དེ་ཡང་རྡོ་རྗེ་སེམས་དཔའ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་ཤེས་པར་གྱིས་ཤིག ཅེས་བསྟན་པའི་ཕྱིར། མེ་ལོང་གི་རྗེས་སྣང་གཉིས་པ་ནི་ཡང་མེ་ལོང་བསྟན་ལ། རྡོ་རྗེ་སེམས་དཔའ་མེ་ལོང་ལྟར། །གསལ་ཞིང་དག་ལ་རྙོག་པ་མེད། །བུ་ཁྱོད་ཀྱི་ནི་སྙིང་ལ་ཞུགས། །རྡོ་རྗེ་སེམས་དཔའི་རང་བཞིན་གཙོ། །གང་ཡང་སངས་རྒྱས་ཐམས་ཅད་ཀྱི་བདག་པོ་བྱང་ཆུབ་ཀྱི་སེམས་ནི་འདི་ཡིན་པར་ཤེས་པར་གྱིས་ཤིག་ཅེས་བརྗོད་དོ། །

དེ་ལྟར་རང་བཞིན་མེད་པའི་མྱོང་བ་སྐྱེས་པས། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པས་སེམས་ཅད་གྱི་དོན་བྱ་བར་བསྟན་པའི་ཕྱིར། རལ་གྲིའི་རྗེས་གནང་ནི། ཁཾ་གི་བསྔགས་པའི་རལ་གྲི་བྱིན་ལ། འདེབས་པའི་ཚུལ་བྱེད་དུ་གཞུག་ཅིང་། འདི་དེ་ཀུན་བཟང་བརྟུལ་ཞུགས་ཏེ། །བསམ་པ་སྣ་ཚོགས་རྣམ་དག་བྱེད། ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །སེམས་ཅད་ཀུན་གྱི་དོན་ནི་བྱོས། །ༀ་སརྦ་ཏ་ཐཱ་ག་ཏ་ཁཌྒ་དྷ་ར་ཏྭྂ། ཞེས་བརྗོད་ནས། སློབ་མས་ཀྱང་དྷ་ར་ཡ་མི་ཧཱུྃ་ཞེས་བརྗོད་དོ། །དེ་ལྟར་སེམས་ཅན་གྱི་དོན་བྱེད་པ་ལ། ཆོས་ཀྱི་འཁོར་ལོ་བསྐོར་དགོས་པས། ཆོས་བཤད་པའི་རྗེས་གནང་བྱ་བ་ནི། སློབ་མ་རྣམས་དབང་སྟེགས་ཀྱི་སྟེང་དུ་བཞག་ལ། ༀ་བཛྲ་ཧེ་ཏུ་ཞེས་པ། འཁོར་ལོ་བྲིས་པ་རྐང་པའི་བར་དུ་གཞུག ༀ་བཛྲ་བྷ་ཥ་རཾ་ཞེས་པས་ལག་པ་གཡས་པར་དུང་བྱིན། ༀ་བཛྲ་གྷཎྜི་ཨ་ཞེས་པས། གཡོན་པར་དྲིལ་བུ་བྱིན། ཨ་ཞེས་པས། ལག་ངར་གཉིས་ཀྱི་སྟེང་དུ་གསང་བ་འདུས་པའི་པོ་ཏི་བཞག དེང་ནས་བརྩམས་ཏེ་སེམས་བསྐྱེད་པ། །ཙམ་གྱི་ཆོས་ཀྱི་འཁོར་ལོ་བསྐོར། ཁྱོད་ཀྱི་ཐེ་ཚོམ་དོགས་མེད་པར། །ཡིད་གཉིས་མེད་པའི་སེམས་ཀྱིས་སུ། །ཆོས་ཀྱི་དུང་ནི་བླ་མེད་པས། །དྲི་མེད་ཀུན་ཏུ་གང་བར་གྱིས། །སྔགས་སྤྱོད་སོགས་སུ་མོས་པ་ཙམ་གྱིས་ཁྱབ་ཚུལ་གྱི་ཆོ་ག་ཡིས། །སྐྱེ་བོ་རྣམས་ལ་རྟག་ཏུ་ཤོད། །དེ་ལྟར་བྱས་ན་སངས་རྒྱས་ལ། །ཕན་འདོགས་དྲིན་དུ་བཟོ་ཞེས་བྱ། །རྡོ་རྗེ་འཛིན་པ་དེ་ཀུན་ཡང་། ཁྱོད་ལ་རྟག་ཏུ་བསྲུང་བར་མཛད། །ཅེས་བརྗོད་ལ། དེ་ནས་སློབ་མ་རྣམ་སྣང་དུ་བསྐྱེད་ཅིང་། རྣམ་སྣང་ཞུ་བ་ལས་བྱུང་བའི་འཁོར་ལོ་བྱིན་ལ། སེམས་ཅད་ཀུན་ལ་ཕན་པའི་ཕྱིར། །འཇིག་རྟེན་ཀུན་ལ་ཐམས་ཅད་དུ། །ཇི་ལྟར་སྣ་ཚོགས་འདུལ་འགྱུར་བའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །ཛ་ཡ་ཛ་ཡ་སརྦ་ཏ་ཐཱ་ག་ཏ་ཨ་དྷི་པ་ཏི་པྲ་བ་དྷ་ཡ་དྷརྨ་ཙཀྲ་ཞེས་བརྗོད། སློབ་མ་རིན་འབྱུང་དུ་བསྐྱེད་ལ། རིན་འབྱུང་ཞུ་བ་ལས་བྱུང་བའི་རིན་པོ་ཆེ་བྱིན་ལ། རྐང་པ་དང་པོ་གསུམ་སྔར་དང་འདྲ་ཞིང་། སངས་རྒྱས་རིན་ཆེན་རབ་ཏུ་སྟོན། །ༀ་བཛྲ་རཏྣ་སརྦ་དྷརྨ་བི་ཤུདྡྷ་ཛྙ་ན་ཨ་བྷི་ཥེ་ཀ་སྭ་བྷ་ༀ་ༀ་ༀ་ཞེས་བརྗོད། སློབ་མ་འོད་དཔག་ཏུ་མེད་པར་བསྐྱེད་ལ། འོད་དཔག་ཏུ་མེད་པ་ཞུ་བ་ལས་བྱུང་བའི་པདྨ་བྱིན་ཏེ། འདོད་ཆགས་དག་པ་རབ་ཏུ་སྟོན། །ༀ་བཛྲ་དྷརྨ་སརྦ་དྷརྨ་བི་ཤུདྡྷ་ཛྙཱ་ན་རཱ་ག་པདྨ་ད་ལ་སྭ་བྷ་ཝ་ཧྲཱི་ཨཿཞེས་བརྗོད་དོ། །སློབ་མ་དོན་གྲུབ་དུ་བསྐྱེད་ཅིང་། དོན་གྲུབ་ཞུ་བ་ལས་བྱུང་བའི་རྡོ་རྗེ་བྱིན་ལ། རྡོ་རྗེའི་མཆོད་པ་རབ་ཏུ་བསྐོར། ༀ་བཛྲ་ཀརྨ་སརྦ་དྷརྨ་བི་ཤུདྡྷ་ཛྙཱ་ན་སརྦ་པཱུ་ཛ་སྭ་བྷཱ་ཝ་ཨ་ཞེས་བརྗོད་ནས། ཁྱོད་ཀྱིས་རིགས་བཞི་འདུལ་བའི་སེམས་ཅན་རྣམས་ལ། རིགས་དེ་དང་དེའི་ཆོས་ཀྱི་འཁོར་ལོ་བསྐོར་ལ། ཆོས་ཀྱི་དུང་བུས། སྒྲ་སྒྲོགས། བཤད་པ་གྱིས་ཤིག ཅེས་བརྗོད་དེ། དུང་འབུད་པ་དང་། དྲིལ་བུ་དཀྲོལ་དུ་གཞུག་གོ །དེ་དག་ནི་རྗེས་གནང་ངོ་། །

དེ་ནས་མ་འོངས་པའི་དུས་སུ་སངས་རྒྱས་སུ་འགྱུར་བ་ལུང་བསྟན་པའི་ཕྱིར། དེ་ལྟར་སངས་རྒྱས་རིགས་སུ་འཇུག ཁྱོད་ཀྱི་བདག་ལ་ལུང་བསྟན་གསོལ། །ཞེས་ལན་གསུམ་གསོལ་བ་འདེབས་སུ་བཅུག་ལ། སློབ་དཔོན་གྱིས་ཤཱཀྱ་ཐུབ་པའི་ང་རྒྱལ་དང་ལྡན་པས་ཆོས་གོས་གྱོན་ཏེ། ཆོས་གོས་ཀྱི་གྲྭ་གཉིས་སེང་གེའི་རྣ་ལྟར་བྱས་པ་ལག་པ་གཡོན་གྱིས་བཟུང་སྟེ། གཡས་པས་དྲིལ་བུ་བཟུང་ལ། སྐྱབས་སྦྱིན་དུ་བྱས་ཏེ། ༀ། ང་ཡིས་འདི་ལྟར་ལུང་བསྟན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །སྲིད་པ་མཆོག་ནི་བསྒྲུབ་པའི་ཕྱིར། ། སྲིད་པའི་ངན་འགྲོ་ཉིད་ལས་བཏོན། །ཀྱེ་དཔལ་ཆེ་གེ་མོ་རྡོ་རྗེ་ཞེས་བྱ་བའི་དེ་བཞིན་གཤེགས་པ་སིདྡྷི་ས་མ་ཡ་སྟྭཾ། བྷུ་ར་བྷུ་ཝ་སྭཿ ཞེས་ལུང་བསྟན་ཅིང་། གང་ལ་སྔགས་འདི་དང་ཕྱག་རྒྱ་འདིས་ལུང་བསྟན་པ་དེ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་། དཀྱིལ་འཁོར་པ་ཐམས་ཅད་ཀྱིས་ལུང་སྟོན་པར་མཛད་དེ། སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་བརྗོད་དོ། །དེ་ནས་དབུགས་དབྱུང་བའི་ཕྱིར། བླ་མའི་ཞལ་སྔ་ནས་ནི་སྐྱེས། །མགོན་པོ་ཡང་དག་བདག་དབུགས་ཕྱུང་། །ཞེས་གསོལ་བ་འདེབས་སུ་བཅུག་ནས། མི་འཇིགས་པའི་ཕྱག་རྒྱ་སྤྱི་བོར་བཞག་ལ། ཁྱོད་ཀྱི་ལམ་ལ་བསླབ་པ་ནི་འདི་དག་ཡིན་ནོ་ཞེས་བསྟན་པའི་ཕྱིར། ཐོག་མར་ལམ་གྱི་དབུགས་དབྱུང་བ་ནི། ཁྱོད་ཀྱིས་སྲོག་ཆགས་གསད་པར་བྱ། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །མ་བྱིན་པར་ཡང་ཁྱོད་ཀྱིས་བླང་། །གཞན་གྱི་ཆུང་མ་བསྟེན་པར་བྱ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ནི། །ནམ་ཡང་དོར་བར་མི་བྱའོ། །སློབ་དཔོན་བརྙས་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །བླ་མ་སངས་རྒྱས་ཀུན་མཉམ་པས། །སློབ་དཔོན་ལ་ནི་གང་བརྙས་པ། །དེས་ནི་སངས་རྒྱས་ཀུན་བརྙས་པས། །རྟག་ཏུ་སྡུག་བསྔལ་ཐོབ་པར་འགྱུར། །དེ་ཕྱིར་སངས་རྒྱས་འབྲས་འདོད་ཅིང་། །གུས་དང་ལྡན་པའི་སེམས་ཅན་གྱིས། །བསམ་ཡས་འབྲས་བུ་སྩོལ་བ་པོ། །འདི་ལ་འབད་པ་ཀུན་གྱིས་མཆོད། །བྱང་ཆུབ་གོ་འཕང་སླའམ་ཅི། །སྲིད་པ་སེལ་བར་སུ་ཡིས་ནུས། །གང་ལ་སྐྱེས་ཤིང་ཤི་བ་མེད། །གང་ཞིག་ལས་གཉིས་ལ་ནུས་ལྡན། །རྡོ་རྗེ་སློབ་དཔོན་མེད་པར་ནི། །ཉོན་མོངས་ཐམས་ཅད་སྤོང་བ་དང་། །མྱ་ངན་འདས་ཞི་གོ་འཕང་དང་། །ཕྱིར་མི་ལྡོག་པ་ཐོབ་མི་འགྱུར། །རང་གི་དམ་ཚིག་རྟག་ཏུ་བསྲུང་། །རྟག་ཏུ་དེ་བཞིན་གཤེགས་པ་མཆོད། །རྟག་ཏུ་བླ་མ་ལ་དབུལ་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །ཐབས་དང་ཤེས་རབ་ལྡན་སེམས་ཀྱིས། །མི་བྱ་བ་ནི་ཅི་ཡང་མེད། །རྟག་ཏུ་རྣམ་རྟོག་མེད་གྱུར་ན། ཁྱོད་ཀྱི་འདོད་པ་ལྔ་རྣམས་སྤྱོད། །སངས་རྒྱས་ཀུན་གྱིས་མཐུན་གསུངས་ཤིང་། །བཀའ་ལུང་དམ་པ་རྟག་པ་སྟེ་གསུངས་ཡ། །དམ་ཚིག་དང་ནི་སྡོམ་པ་འདི། ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །ཞེས་བརྗོད་ནས། དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ཤིང་མཐོང་བ་ཙམ་གྱིས། གནས་སྐབས་སྡིག་པ་ཀུན་ལས་གྲོལ་ཞིང་། མཐར་ཐུག་སྲིད་པའི་སྡུག་བསྔལ་ལས་གྲོལ་ཏེ། སངས་རྒྱས་ཉིད་ཐོབ་པར་ཐེ་ཚོམ་མེད་དོ་ཞེས་བསྟན་པའི་ཕྱིར། འབྲས་བུའི་དབུགས་དབྱུང་བ་དང་། གཟེངས་བསྟོད་པ་སྟབས་གཅིག་ཏུ་བསྟན་པ་ནི། མཆོག་ཏུ་གསང་བའི་དཀྱིལ་འཁོར་འདིར། །ཞུགས་པ་དང་ནི་མཐོང་བ་ཡིས། །སྡིག་པ་ཀུན་ལས་རྣམ་གྲོལ་ཏེ། །དེ་རིང་ཁྱེད་རྣམས་བདེ་བར་གནས། །བདེ་ཆེན་ཐེག་པ་འདི་ལ་ནི། །ཕྱིས་ནས་འཆི་བ་ཡོད་མ་ཡིན། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་རྣམ་ལས་གྲོལ། །བྱང་ཆུབ་སེམས་ནི་ནམ་མི་སྤང་། །དེ་ཉིད་འདའ་བར་མི་བྱ་བས། རྡོ་རྗེ་ཞེས་བྱའི་ཕྱག་རྒྱ་ནི། །གང་ཞིག་བསྐྱེད་པ་ཉིད་ཙམ་གྱིས། །སངས་རྒྱས་ཉིད་དུ་ཐེ་ཚོམ་མེད། །དམ་པའི་ཆོས་ལ་སྨད་མི་བྱ། །ནམ་ཡང་སྤོང་བར་མི་བྱ་སྟེ། །མི་ཤེས་པའམ་གཏི་མུག་གིས། །རྣམ་པར་བསྟན་པར་བྱ་མ་ཡིན། །རྡོ་རྗེ་དང་ནི་དྲིལ་བུ་དང་། ། ཕྱག་རྒྱ་ནམ་ཡང་སྨད་མི་བྱ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །རང་གི་བདག་ཉིད་ཡོངས་སྤངས་ཏེ། །དཀའ་ཐུབ་ཀྱིས་ཀྱང་གདུང་མི་བྱ། །ཇི་ལྟར་བདེ་བས་དེ་བཟུང་ནས། །འདི་ནི་མ་འོངས་རྫོགས་སངས་རྒྱས། །དེ་རིང་བདུད་རྣམས་ཕམ་བྱས་ནས། །གྲོང་ཁྱེར་དམ་པར་རབ་ཏུ་ཞུགས། །དེང་དུས་ཁྱེད་ཀྱིས་སངས་རྒྱས་ཉིད། །འཐོབ་འགྱུར་འདི་ལ་ཐེ་ཚོམ་མེད། །ཞེས་བརྗོད་ནས། ཁྱེད་ཀྱི་ཕྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བུམ་པའི་དབང་ཐོབ། ལུས་ཀྱི་དྲི་མ་དག་པར་བྱས། ལམ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། འབྲས་བུ་སྤྲུལ་པའི་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ། །ཞེས་བརྡ་སྤྲད་དང་། བུམ་པའི་དབང་ངོ་། །དེ་ནས་གསང་དབང་གི་དོན་དུ། སློབ་མ་རྣམ་སྣང་གི་ང་རྒྱལ་འཛིན་པས། བླ་མ་ལོངས་སྤྱོད་རྫོགས་པའི་སྐུར་དམིགས་ལ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། རྡོ་རྗེ་རྒྱལ་པོ་ཐེག་པ་ཆེ། །ནམ་མཁའི་སྤྱོད་པ་རྣམ་སྦྱོང་བ། །ཀུན་ཏུ་བཟང་པོ་མཆོད་པའི་མཆོག །རྒྱལ་མཆོག་མཆོད་པ་བཤད་དུ་གསོལ། །འདོད་ཆགས་ཞེ་སྡང་གཏི་མུག་ཆེ། ། རྡོ་རྗེ་ཐེག་པ་རབ་སྟོན་པ། །ནམ་མཁའི་དབྱིངས་དང་མཚུངས་པའི་མཆོག །རྒྱལ་བཞི་མཆོད་པ་བཤད་དུ་གསོལ། །ཐར་པའི་ལམ་ནི་རབ་སྟོན་པ། །ཐེག་པ་གསུམ་གྱི་ལམ་ལ་གནས། །སངས་རྒྱས་སྐལ་མཆོག་དག་པའི་བདག །མི་མཆོག་མཆོད་ལ་བཤད་དུ་གསོལ། །བྱང་ཆུབ་སེམས་ནི་རྒྱས་པའི་སྤྱན། །ཆོས་ཀྱི་འཁོར་ལོ་རབ་བསྐོར་བ། །སྐུ་གསུང་ཐུགས་ནི་ཤིན་ཏུ་དག །ཕྱག་འཚལ་རྡོ་རྗེ་ཐེག་པ་ལ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སློབ་མའི་གདོང་གཡོགས་ཏེ། ཡི་གེ་གསུམ་བརྗོད་ཅིང་བདུད་རྩི་བསང་གཏོར་བྱའོ། །དེ་ནས་སློབ་དཔོན་བདག་ཉིད་ཞེ་སྡང་རྡོ་རྗེར་དམིགས་ནས་སློབ་མས་ཕུལ་བའམ་མེད་ན། བསྒོམས་པའི་ལྷ་མོ་རེག་རྡོ་རྗེར་བསྐྱེད་ལ། མཁའ་གསང་བྱིན་གྱིས་བརླབས་ནས་སྙོམས་པར་ཞུགས་པ་ལས་བྱུང་བའི་བདེ་བའི་སྒྲས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་སྤྱན་དྲངས། ཞལ་དུ་ཞུགས། རྗེས་སུ་ཆགས་པའི་མེས་བཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་རྩེ་མོར་ཕབ་སྟེ། བདེ་བ་ཆེན་པོས་ལུས་ཀྱི་ལྷ་རྣམས་མཉེས་པར་བསམས་ལ། ༀ་སརྦ་ཏ་ཐཱ་ག་ཏ་ཨ་ནུ་ར་ག་ན་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ། ཞེས་བརྗོད་ནས། ཕཊ་ཀྱི་སྒྲས་ཡུམ་གྱི་ཁར་མངོན་པར་ཕབ་པ། རྒན་པོ་དང་མིང་མེད་ཀྱིས་བླང་ནས། སློབ་མའི་ཁར་སྦྱིན་ཞིང་། འདས་པའི་རྡོ་རྗེ་འཆང་སོགས་ཀྱིས། །ཇི་ལྟར་སངས་རྒྱས་སྲས་དབང་བསྐུར། །བྱང་ཆུབ་སེམས་ནི་བཟང་པོ་ཡིས། །དེ་ལྟར་བུ་ཁྱོད་དབང་བསྐུར་རོ། །ༀ་ཨཱཿབཛྲ་དྷཱྀཀ་ཧཱུྃ་ཧཱུྃ། ཞེས་བརྗོད། སློབ་མས་མ་ཧཱ་སུ་ཁ་ཧོ། ཞེས་བརྗོད་དེ་མྱངས་པས། ལུས་ཐམས་ཅད་ཟག་མེད་ཀྱི་བདེ་བས་གང་། ལུས་དཀྱིལ་གྱི་ལྷ་རྣམས་མཉེས། རང་བཞིན་བརྒྱད་ཅུའི་རྣམ་རྟོག་འགགས། གསུང་རྡོ་རྗེ་འོད་དཔག་ཏུ་མེད་པའི་ངོ་བོར་བསྒོམ་མོ། །དེ་ནས། གདོང་གཡོགས་ཕྱེ་སྟེ། ཁྱོད་ཀྱི་བྷ་གའི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། ངག་གི་དྲི་མ་དག ལམ་རང་བྱིན་བརླབས་བསྒོམ་པ་ལ་དབང་། འབྲས་བུ་ལོངས་སྐུ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པ་ཞེས་བརྡ་སྤྲད། གསང་བའི་དབང་ངོ་། །དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། སློབ་མ་འོད་དཔག་ཏུ་མེད་པའི་ང་རྒྱལ་འཛིན་པས། བླ་མ་ཆོས་ཀྱི་སྐུར་དམིགས་ལ་མེ་ཏོག་དང་བཅས་པས་ཐལ་མོ་སྦྱར་ཏེ། མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཕྱག་འཚལ་འདུད། །ཐམས་ཅད་སྟོང་པའི་བདག་ཉིད་ཅན། །མངོན་པར་བྱང་ཆུབ་བལྟ་བར་འཚལ། །ལས་དང་སྐྱེ་ལས་རྣམ་གྲོལ་ཞིང་། །སྣང་བ་གསུམ་པོ་སྤངས་པ་ཡི། །མངོན་པར་བྱང་ཆུབ་མཐོང་བར་ནི། །མགོན་པོ་ཆེན་པོ་བདག་འཚལ་ལོ། །སངས་རྒྱས་ཀུན་གྱི་ཡེ་ཤེས་ཆེ། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་ཡེ་ཤེས་བླ་ན་མེད། །མགོན་པོ་ཆེན་པོ་བདག་འཚལ་ལོ། །ཐོག་མཐའ་མེད་ཅིང་ཞི་བ་དང་། །ཉོན་མོངས་ཐམས་ཅད་རྣམ་སྦྱོང་ཞིང་། །ལུས་དང་ངག་དང་སེམས་སྦྱོང་བ། །རྡོ་རྗེ་ཆེན་པོ་བདག་འཚལ་ལོ། །ཞེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སྔ་མ་བཞིན་དུ་སློབ་མའི་གདོང་གཡོགས་ཏེ་བསང་གཏོར་བྱས་ལ། སྐད་ཅིག་གིས་མི་བསྐྱོད་པར་བསྒོམ་དུ་བཅུག མཚན་ཉིད་དང་ལྡན་པའི་རིག་མ་རེག་རྡོ་རྗེར་མ་སྐུ་མདོག་སྔོན་མོ་ཞལ་གསུམ་ཕྱག་དྲུག་མར་བསྐྱེད་ནས། དེའི་ལག་ནས་བཟུང་སྟེ། ཁྱོད་ཀྱི་དགའ་མ་འདི་ཟུངས་ཤིག །བརྟེན་བྱ་སངས་རྒྱས་རྣམས་ཀྱི་དགོངས། །འཁོར་ལོ་རིམ་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་སྤྱད་པར་གྱིས། །སྲིད་པ་གསུམ་ན་རིག་འདི་ལས། །གཞན་པའི་ཐབས་ཀྱི་སངས་རྒྱས་མིན། །དེས་ན་འདི་དང་ནམ་དུ་ཡང་། ཁྱོད་ཀྱི་འབྲལ་བར་མ་བྱེད་ཅིག །འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །རིག་མའི་བརྟུལ་ཞུགས་བླ་ན་མེད། །རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་བརྗོད་ནས། སློབ་མའི་ལག་ཏུ་སྦྱིན་ནོ། །རིག་མ་དེས་ཀྱང་འདི་སྐད་ཅེས། བཤང་གཅི་ལ་སོགས་ཟ་བ་དང་། ཁྲག་དང་ཁུ་བ་དེ་བཞིན་ཤ། རྟག་པར་བུད་མེད་མཆོག་གུས་པས། །བྷ་གའི་པདྨོར་འོ་བྱེད་པ། །ཇི་ལྟར་སྤྲོ་བར་བྱེད་དམ་ཅི། །ཇི་ལྟར་དགའ་བ་སྨྲོས་ཤིག་བུ། །ཞེས་དྲིས་པའི་ལན་དུ། བཤང་གཅི་བདུད་རྩི་བཟའ་བྱ་བ། །བུད་མེད་རྟག་གུས་ཅིས་མི་བགྱིད། །བྷ་གའི་པདྨོར་འོ་བྱེད་པ། །ལྷ་མོ་བདག་ནི་ཅིས་མི་སྤྲོ། །ཞེས་ལན་བཏབ་པས། དེ་མཉེས་ཏེ་གསང་བའི་པདྨ་བསྟན་ཏེ། འདི་སྐད་དུ། ཨེ་མ་ང་ཡི་པདྨ་འདི། །བདེ་བ་ཐམས་ཅད་ཀྱི་ནི་གནས། །གང་ཞིག་ཆོ་ག་བཞིན་བསྟེན་པ། །དེ་ཡི་མདུན་ན་ང་གནས་ཏེ། །སངས་རྒྱས་བསྙེན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་ཞུགས། །བྷ་ཛ་མོ་ཀྵ་ཧོཿཞེས་བརྗོད་ནས། སློབ་མའི་པང་དུ་བྱོན་པ་དང་། འདུ་ཤེས་གསུམ་དང་ལྡན་པས་སྙོམས་པར་ཞུགས་པས། བྱང་ཆུབ་ཀྱི་སེམས་སྤྱི་བོ་ནས། མགྲིན་པར་བྱོན་པ་ན། སེམས་སྣང་བ་དགའ་བའི་ཡེ་ཤེས། སྙིང་ཁར་བྱོན་པ་ན། སྣང་བ་མཆེད་པ་མཆོག་དགའི་ཡེ་ཤེས། ལྟེ་བར་བྱོན་པ་ན། སྣང་བ་ཉེར་ཐོབ་དགའ་བྲལ་གྱི་ཡེ་ཤེས། རྡོ་རྗེ་ནོར་བུའི་རྩེ་མོར་བྱོན་པ་ན། ཐམས་ཅད་སྟོང་པ་འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉམས་སུ་མྱོང་བར་བྱས་ནས་རེ་ཞིག་མཉམ་པར་བཞག་གོ །གལ་ཏེ་ཐིག་ལེ་མི་ཐུབ་པར་འཛག་ན། དོན་གྲུབ་ཀྱི་ང་རྒྱལ་གྱིས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བྱང་ཆུབ་ཀྱི་སེམས་ཀྱིས་མཆོད་པར་བསམས་ནས། ༀ་སརྦ་ཏ་ཐཱ་ག་ཏ་པཱུ་ཛ་བཛྲ་སྭ་བྷ་ཝ་ཨཱཏྨ་ཀོ྅་ཧཾ་ཞེས་བརྗོད་དོ། །དེ་ནས་རིག་མ་དེས། སྤྱི་བོར་ལག་པ་བཞག་ནས། འདོད་ཆགས་བྲལ་བ་ལྟ་བུ་ཡི། ཁམས་གསུམ་ན་ནི་སྡིག་མེད་དེ། །དེ་བས་འདོད་ལ་ཆགས་པ་དང་། ཁྱོད་ཀྱིས་ནམ་ཡང་མི་བྱའོ། །དེ་རིང་ཕན་ཆད་བུ་ཁྱོད་ཀྱིས། །ཇི་སྲིད་བྱང་ཆུབ་སྙིང་པོའི་བར། །རྨི་ལམ་ཇི་བཞིན་སེམས་ཅན་གྱི། །དོན་ནི་བླ་ན་མེད་པར་བྱོས། །བསྐྱེད་པའི་རིམ་པ་བསྒོམ་པ་ཡི། །འདི་ནི་མན་ངག་ལས་ནི་ཤེས། །རིགས་མ་འདི་ནི་དོར་བྱས་ནས། །ཐབས་གཞན་གྱིས་ནི་འཚང་མི་རྒྱ། །བརྟུལ་ཞུགས་རྣམས་ཀྱིས་མཆོག་གིས་མཆོག །རིག་མའི་བརྟུལ་ཞུགས་བུ་ཡིས་སྤྱོད། །དེ་ལྟར་འདི་ནི་རྣལ་འབྱོར་མཆོག །རྡོ་རྗེ་རྣལ་འབྱོར་རྣལ་འབྱོར་མཆོག །རིམ་པ་ཇི་བཞིན་ཡོངས་ཤེས་བྱ། །རྡོ་རྗེ་སེམས་དཔའི་གོ་འཕང་བསྟེན། །ཞེས་གསུངས་པ་དང་། དེའི་ལན་དུ། སློབ་མས་ཀྱང་། བདག་ལ་དངོས་གྲུབ་མཆོག་བསྩལ་ལགས། །ཏིང་འཛིན་ཀུན་གྱི་འབྲས་བུའང་བསྩལ། །སེམས་ཅན་ཀུན་ལ་ཅི་འདོད་པར། །དངོས་གྲུབ་བླ་ན་མེད་པ་བསྩལ། །ཞེས་ཚིག་གི་གཏང་རག་ཏུ་དབུལ་ལོ། །དེ་ནས་ཁྱོད་ཀྱིས་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཀྱི་དྲི་མ་དག ལམ་འོད་གསལ་བསྒོམ་པ་ལ་དབང་། འབྲས་བུ་ཆོས་སྐུ་མངོན་དུ་གྱུར་པའི་སྐལ་བ་དང་ལྡན་པར་བྱས་སོ་ཞེས་བརྡ་སྤྲད་དོ། །

ཤེས་རབ་ཡེ་ཤེས་ཀྱི་དབང་ངོ་། །དེ་ནས་དབང་བཞི་པའི་དོན་དུ། ཕྱག་དང་མཎྜལ་སྔོན་དུ་འགྲོ་བས། སློབ་མ་མི་བསྐྱོད་པའི་ང་རྒྱལ་འཛིན་པས། བླ་མ་སྐུ་གསུམ་དབྱེར་མེད་པའི་རང་བཞིན་དུ་དམིགས་ལ། མེ་ཏོག་དང་བཅས་པའི་ཐལ་མོ་སྦྱར་ནས། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གྱིས། །གཙོ་བོ་བདག་ལ་བཀའ་དྲིན་སྐྱོབས། ཁྱོད་ཞབས་པད་མོ་སྤང་ནས་ནི། །གཙོ་བོ་གཞན་ལ་སྐྱབས་མ་མཆིས། །འགྲོ་བའི་དཔའ་བོ་ཐུབ་ཆེན་གྱིས། །བདག་ལ་ངེས་པར་དབང་བསྐུར་ཅིག །ཅེས་ལན་གསུམ་གྱིས་གསོལ་བ་བཏབ་ནས། སྔ་མ་བཞིན་དུ་སློབ་མའི་གདོང་གཡོགས། བསམ་གཏན་གྱི་འདུག་སྟངས་ཀྱི་གནས་སུ་བཅུག་ལ། དེ་ནས། དབང་བཞི་པ་ཚིག་གི་སྒོ་ནས་ངོ་སྤྲད་པར་བྱ་སྟེ། དེ་ལ་འདིར་དབང་བཞི་པ་ནི། ཐམས་ཅད་སྟོང་པ་འོད་གསལ་ཡིན་ལ། དེ་མངོན་དུ་བྱེད་པ་ཡང་། སྒྱུ་ལུས་བསྒོམ་པ་སྔོན་དུ་འགྲོ་བ་ཅན་ཡིན་ཏེ། ཇི་སྐད་དུ། བདག་བྱིན་རླབས་པའི་རིམ་གྱིས་ནི། །འོད་གསལ་བ་ནི་ཐོབ་པར་འགྱུར། །དེ་བས་རྡོ་རྗེ་སློབ་དཔོན་གྱིས། །དང་པོར་བདག་ལ་བྱིན་བརླབས་བསྟན། །ཞེས་གསུངས་ཤིང་། བདག་བྱིན་རླབས་དེའང་། རླུང་སེམས་ཙམ་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་སྐུ། མཚན་དཔེ་སོགས་རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པ། མེ་ལོང་གི་གཟུགས་བརྙན་ལྟ་བུ་ཞིག་སྟེ། དེ་སྐད་དུ་ཡང་། དངོས་དང་དངོས་མེད་ལས་གྲོལ་བ། །རྡོ་རྗེ་སེམས་དཔའ་ལེགས་བྲིས་པ། །མེ་ལོང་དྲི་མ་མེད་པ་ལ། །གཟུགས་བརྙན་གསལ་བར་སྣང་དང་མཚུངས། །རྣམ་པ་ཀུན་གྱི་མཆོག་ལྡན་ཞིང་། །སྐུ་ནི་ལྟ་བས་མི་ངོམས་པ། །སློབ་མ་བཟང་པོ་དེ་ལ་བསྟན། །བདག་བྱིན་བརླབས་ཞེས་དེ་བཤད་དོ། །ཞེས་གསུངས་པས་སོ། །དེ་བས་ན་དང་པོར་སློབ་མ། སེམས་སྣང་བ་གསུམ་གྱི་ཉེར་ལེན་དང་། རླུང་ལྔའི་ལྷན་ཅིག་བྱེད་རྐྱེན་ལས་གྲུབ་པའི་སྒྱུ་མ་ལྟ་བུའི་སྐུ། རྡོ་རྗེ་འཆང་ཆེན་པོ་སྣང་ལ་རང་བཞིན་མེད་པ་མེ་ལོང་གི་གཟུགས་བརྙན་ལྟ་བུར་བསྒོམ་དུ་བཅུག་ནས། སླར་ཡང་དེ་ཉིད་མེ་ལོང་ལ་ཧས་བཏབ་པའམ། ནམ་མཁའ་པ་འཇའ་ཡལ་བ་ལྟར་ཐམས་ཅད་སྟོང་པ་འོད་གསལ་གྱི་ངང་དུ་ཐིམ་པས། རྟགས་རྣམས་རིམ་གྱིས་འབྱུང་སྟེ། དང་པོར་ས་ཆུ་ལ་ཐིམ་པས་སྨིག་སྒྱུ་ལྟ་བུ། དེའི་འོག་ཏུ་ཆུ་མེ་ལ་ཐིམ་པས་དུ་བ་ལྟ་བུ། དེའི་འོག་ཏུ་མེ་རླུང་ལ་ཐིམ་པས་མེ་ཁྱེར་ལྟ་བུ། དེའི་འོག་ཏུ་རླུང་རྣམ་ཤེས་ལ་ཐིམ་པས་མར་མེ་འབར་བ་ལྟ་བུ། དེའི་འོག་ཏུ་རྣམ་ཤེས་འོད་གསལ་ལ་ཐིམ་པ་ན། རང་བཞིན་བརྒྱད་ཅུའི་རྣམ་རྟོག་རིམ་གྱིས་འགགས་པས། སེམས་སྣང་བ་གསུམ་གྱི་ཡེ་ཤེས་རིམ་གྱི་མངོན་དུ་འགྱུར་ཏེ། ཐོག་མར་འདོད་ཆགས་ལས་གྱུར་པའི་རང་བཞིན་སུམ་ཅུ་རྩ་གསུམ་འགགས་པས། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་དང་པོ་སྣང་བའི་ཡེ་ཤེས་མངོན་དུ་གྱུར་པ་དང་ཟླ་བའི་འོད་ཟེར་ཤར་བ་ལྟ་བུ། དེ་ནས་ཞེ་སྡང་ལས་གྱུར་པའི་རང་བཞིན་བཞི་བཅུ་འགགས་པས། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གཉིས་པ་སྣང་བ་མཆེད་པའི་ཡེ་ཤེས་མངོན་དུ་གྱུར་པ་ན། ཉི་མའི་འོད་ཟེར་ཤར་བ་ལྟ་བུ། དེ་ནས་གཏི་མུག་ལས་གྱུར་པའི་རང་བཞིན་བདུན་འགགས་པས། བྱང་ཆུབ་ཀྱི་སེམས་ཀུན་ཏུ་བཟང་པོ་གསུམ་པ་སྣང་བ་ཉེར་ཐོབ་ཀྱི་ཡེ་ཤེས་མངོན་དུ་གྱུར་པ་ན། མཚམས་ཀྱི་མུན་པ་ལྟ་བུས་དྲན་རིག་གི་རྟོག་པ་མ་ལུས་པ་འགགས་པ་ཅི་ཡང་མི་གསལ་བའི་ངོ་བོ་ཅན་འབྱུང་། དེའི་འོག་ཏུ་སྣང་བ་ཉེར་ཐོབ་འོད་གསལ་ལ་ཐིམ་པ་ན། དཔེར་ན། ཐོ་རངས་ཀྱི་སྤྲིན་མེད་པའི་ནམ་མཁའ་སྣང་མུན་གྱི་སྒྲིབ་བྱེད་ཐམས་ཅད་བྲལ་བས། ནམ་མཁའི་རང་མདོག་ཇི་ལྟ་བ་མཐོང་བ་བཞིན་དུ་ཡུལ་ཡུལ་ཅན་སོགས་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བས། ཆོས་ཐམས་ཅད་ཀྱི་གནས་ལུགས་དོན་དམ་པའི་བདེན་པ། ཆུ་ལ་ཆུ་བཞག་པ་དང་། མར་ལ་མར་བཞག་གི་ཚུལ་དུ་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་མངོན་དུ་གྱུར་པ་ནི། ཐམས་ཅད་སྟོང་པ་འོད་གསལ་ཞེས་ཀྱང་བྱ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། དེ་བཞིན་ཉིད་དང་། ཡང་དག་པའི་མཐའ་དང་། དོན་དམ་པའི་བདེན་པ་ཞེས་ཀྱང་བྱ་སྟེ་དེ་ཉིད་དབང་བཞི་པའི་ངོ་བོ་ཡིན་ནོ་ཞེས་བརྡ་སྤྲད་ནས། དངོས་པོ་ཐམས་ཅད་དང་བྲལ་བ་ཞེས་སོགས་བརྗོད་ནས་ཅུང་ཞིག་མཉམ་པར་འཇོག་ཏུ་གཞུག་གོ །

འོད་གསལ་དེ་འབའ་ཞིག་ལ་གནས་ན། ཞི་བ་མྱང་འདས་ཀྱི་མཐར་ལྟུང་བར་འགྱུར་བས་ཆུ་ལས་ཉ་ལྡང་བའམ། གཉིད་ལོག་པ་མྱུར་བར་སད་པ་ལྟར་སྔོན་གྱི་འཕེན་པའི་དབང་གིས། འོད་གསལ་དེ་ཉིད་ལས་ལངས་ཏེ་སྦྲུལ་ཤུན་པ་བརྗེས་པ་ལྟར་མ་དག་པའི་ལུས་སྤངས་ནས་ལུགས་བཟློག་གི་སྣང་བ་གསུམ་རླུང་དང་བཅས་པ་ལས་དག་པའི་སྒྱུ་ལུས་གྲིབ་མ་ལྟར་བཅད་དུ་མེད་ཅིང་གཞིག་ཏུ་མེད་པ། མཚན་དཔེས་བརྒྱན་པའི་ཡིད་ཀྱི་རང་བཞིན་གྱི་ལུས་མངོན་སུམ་དུ་བྱས་པ་ནི། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོ་རྒྱུད་ཐམས་ཅད་ཀྱི་གླེང་གཞི་ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་སྙིང་པོ་ཡིན་ནོ་ཞེས་བརྡ་སྤྲད་དོ། །

དེ་ནས་སློབ་མས་ཀྱང་དེ་ཁོ་ན་ཉིད་ལ་ཡིད་ཆེས་ཤིང་སྤྲོ་བ་བསྐྱེད་པའི་ཚུལ་གྱིས། ཨེ་མ་ཧོ་སངས་རྒྱས་ཨེ་མ་ཧོ་ཆོས། །ཆོས་བཤད་པ་ནི་ངོ་མཚར་ཆེ། །ཡང་དག་དོན་ནི་དག་པའི་དོན། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། ། ཞེས་བརྗོད་དོ། །དེ་ནས་གདོང་གཡོགས་བསམ་ནས། ཁྱོད་ཀྱི་དོན་དམ་པའི་དཀྱིལ་འཁོར་དུ་ཚིག་དབང་རིན་ཆེན་བཞི་པ་ཐོབ། སྒོ་གསུམ་བག་ཆགས་དང་བཅས་པའི་དྲི་མ་དག ལམ་ཟུང་འཇུག་བསྒོམ་པ་ལ་དབང་། འབྲས་བུ་སྐུ་གསུམ་དབྱེར་མེད་རྡོ་རྗེ་འཆང་ཆེན་པོ་མངོན་དུ་བྱེད་པའི་སྐལ་བ་དང་ལྡན་པར་བྱས་སོ་ཞེས་བརྡ་སྤྲད། དབང་བཞི་པའོ། །

གསུམ་པ་མཇུག་གི་ཆོ་ག་ནི།

དེ་ནས་གསུམ་པ་མཇུག་གི་བྱ་བ་ལ་གཉིས་ཏེ། སློབ་མའི་བྱ་བ་དང་། བླ་མའི་བྱ་བའོ། །དང་པོ་ལ་ཡང་དམ་ཚིག་བསྡུས་ཏེ་ཁས་བླང་བ་དང་། ཡོན་དབུལ་བ་གཉིས་ཀྱི་དང་པོ་ནི། གཙོ་བོས་ཇི་ལྟར་བཀའ་བསྩལ་པ། །དེ་དག་ཐམས་ཅད་བདག་གིས་བགྱི། །ཞེས་ལན་གསུམ་བརྗོད་དོ། །གཉིས་པ་ནི། དངོས་སུ་ཅི་འབྱོར་བའི་ཡོན་ཕུལ་ནས། ཡིད་ཀྱིས་ལུས་ལོངས་སྤྱོད་དགེ་བའི་རྩ་བ་ཐམས་ཅད་འབུལ་བར་བསམས་ནས། དེང་ནས་བརྩམས་ཏེ་བདག་བྲན་དུ། ཁྱེད་ལ་བདག་ནི་འབུལ་ལགས་ཀྱིས། ཁྱེད་ཀྱི་སློབ་མར་གཟུང་བ་དང་། །ཆ་ཤས་ཀྱིས་ཀྱང་སྤྱད་དུ་གསོལ། །ཞེས་ལན་གསུམ་དུ་བརྗོད་དོ། །གཉིས་པ་བླ་མའི་བྱ་བ་ལ་གསུམ་གྱིས། དཀྱིལ་འཁོར་མཆོད་ཅིང་དངོས་གྲུབ་བླང་བ་ནི། བླ་མས་དཀྱིལ་འཁོར་གྱི་འཁོར་ལོ་ལ། ཕྱི་ནང་གསང་བ་ཡིད་ལས་བྱུང་བའི་མཆོད་པ་རྣམས་ཀྱིས་མཆོད་པས། མཆོད་དང་ཐུན་མོང་གི་དངོས་གྲུབ་ཇི་ལྟར་འདོད་པ་རྣམས་ལ་གསོལ་བ་གདབ་བོ། །གཉིས་པ་བཟོད་པར་གསོལ་ཞིང་ལྷག་ཆད་ཁ་བསྐང་བ་ནི། མ་འབྱོར་བ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་སྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཞེས་བརྗོད་ནས། ལྷག་ཆད་སྐང་བའི་ཕྱིར་དུ་ཞི་བའི་སྦྱིན་སྲེག་བྱ་བའམ། མ་གྲུབ་ན་ཡིག་གེ་བརྒྱ་པ་མང་དུ་བཟླས་སོ། །གསུམ་པ་སྨོན་ལམ་གདབ་ཅིང་གཤེགས་སུ་གསོལ་བ་ནི། དེ་ནས་ལས་བསགས་པ་འབྲས་བུ་དང་ལྡན་པར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་བདེ་གྱུར་ཅིང་། །སེམས་ཅན་ཐམས་ཅད་སྐྱོན་མེད་པར། །གང་གི་ལམ་གྱིས་གྲོལ་གྱུར་པ། །དེས་ནི་སངས་རྒྱས་མྱུར་ཐོབ་ཤོག །ཅེས་སོགས་སྨོན་ལམ་རྒྱ་ཆེར་བཏབ་ནས། དཀྱིལ་འཁོར་ལ་མ་བསྟིམ་པའི་ལྷ་ཚོགས་རྣམས་ལ། ༀ་ཁྱེད་ཀྱིས་སེམས་ཅད་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སངས་རྒྱས་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །བཛྲ་མུཿཞེས་པས་གཤེགས་སུ་གསོལ། རས་བྲིས་ཀྱི་དཀྱིལ་འཁོར་ལ་བསྟིམ་པ་རྣམས་ནི་རབ་ཏུ་གནས་པ་མཆོག་ཏུ་གྱུར་པའི་ཕྱིར་བརྟན་པར་བཞུགས་སུ་གསོལ་ལོ། །

དེ་ནས་རང་ཉིད་ཆོ་ག་གསུམ་གྱི་བསྲུང་ལ། ལས་ཀྱི་རྗེས་བསྡུས་ནས། རྒྱུན་གྱི་རྣལ་འབྱོར་ལ་གནས་པར་བྱའོ། །འདི་སྦྱར་དགེ་བས་མཐའ་ཡས་འགྲོ་བ་ཀུན། །སྨིན་བྱེད་དབང་བཞིའི་རིམ་པས་རྒྱུད་སྦྱངས་ནས། །གྲོལ་བྱེད་རིམ་གཉིས་ཟབ་མོའི་ལམ་བསྒོམས་ཏེ། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་བའི་ཆོ་གའི་རིམ་པ་དོན་གསལ་བ་འདི་ནི། ཆོས་ཀྱི་རྒྱལ་པོ་འཕགས་པ་རིན་པོ་ཆེའི་དཀྱིལ་འཁོར་ཀྱི་ཆོ་ག་བཞིར་བྱས་ནས། ཚིག་དོན་གྱི་ཆ་མ་བདེ་བ་རྣམས་ཅུང་ཟད་བཅོས་ཞིང་། བུ་སྟོན་རིན་པོ་ཆེའི་དཀྱིལ་ཆོག་གི་ལེགས་ཆ་རྣམས་ཀྱང་བླངས་ནས། ལས་དང་པོ་པ་རྣམས་ཀྱིས་འཇུག་བདེ་བར་བྱ་བའི་ཕྱིར། དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་ལྷ་ཡུལ་གུང་ཐང་གི་དབེན་གནས་རི་འདབས་སུ་སྦྱར་བའི་ཡི་གེའི་མཚམས་སྦྱོར་ནེ་པོ་བས་བགྱིས་པ་དགེའོ། །འདིས་བསྟན་པ་དང་སེམས་ཅན་མང་པོ་ལ་ཕན་ཐོགས་པར་གྱུར་ཅིག། །།