cover

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།

གླེགས་བམ། ག༽

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས།

Nitartha international
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ་འདི་ OCR བྱེད་སའི་གཞི་དེ་མེས་པོའི་ཤུལ་བཞག་ནས་ཡིན་པས་ལས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ

རྒྱན་དྲུག་མཆོག་གཉིས་ཀྱི་བསྟོད་པ་མཁའ་མཉམ་མ་བཞུགས་སོ། །

མཁའ་མཉམ་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །གྲངས་མེད་གསུམ་དུ་ཚོགས་གཉིས་རབ་རྫོགས་ཞིང། །སྟོང་གསུམ་མི་མཇེད་ཞིང་གི་དཔལ་གྱུར་པ། །འདྲེན་མཚོག་ཤཱཀྱའི་ཏོག་ལ་ཕྱག་འཚལ་ལོ། །ཤེས་རབ་ཆེན་པོས་དེ་ཉིད་ལེགས་རྟོགས་ནས། །བརྩོན་པ་ཆེན་པོས་གོ་འཕང་མཆོག་བརྙེས་པ། །བསྟན་པ་འདི་ལ་སྟོན་པ་གཉིས་པར་གྲགས། །འཕགས་མཆོག་ཀླུ་སྒྲུབ་ཞབས་ལ་ཕྱག་འཚལ་ལོ། །དེ་སྲས་ཐུ་བོ་དགེ་ལེགས་དཔལ་ཡོན་ཅན། །ལོག་སྨྲ་ཚར་གཅོད་སྐལ་ལྡན་རྗེས་སུ་འཛིན། །ཐར་འདོད་རྣམས་ལ་ཐར་པའི་ལམ་སྟོན་པའི། །ཨཱཪྱ་དེ་བའི་ཞབས་ལ་ཕྱག་འཚལ་ལོ། །མཁྱེན་པའི་དཀྱིལ་འཁོར་ལེགས་བཤད་འོད་སྟོང་ཅན། །རབ་འབྱམས་ཤེས་བྱའི་མཁའ་ལ་རབ་འཕགས་ནས། །བདེ་གཤེགས་གསུང་རབ་ཉིན་མོར་བྱེད་པའི་དཔལ། །འཕགས་པ་ཐོགས་མེད་ཞབས་ལ་ཕྱག་འཚལ་ལོ། །དགུ་བཅུ་གོ་དགུ་འབུམ་སྡེའི་གཞུང་ལུགས་ཀྱིས། །གང་གི་བློ་གྲོས་མགུལ་བར་རབ་བརྒྱན་ཏེ། །འཛམ་གླིང་འདི་ན་ཀུན་མཁྱེན་གཉིས་པར་གྲགས། །མཁས་མཆོག་དབྱིག་གཉེན་ཞབས་ལ་ཕྱག་འཚལ་ལོ། །ཕུལ་དུ་བྱུང་བའི་བློ་གྲོས་སྟོབས་ཀྱིས་རྩེན། །རྨད་དུ་བྱུང་བའི་ཡོན་ཏན་ཁུར་གྱིས་བརྗིད། །ལོག་སྨྲ་འདམ་དུའི་ཚལ་རྣམས་འཇོམས་མཛད་པའི། །ཕྱོགས་ཀྱི་གླང་པོའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀྱིས་རིགས་པས་ཆོས་མིན་ཕམ་མཛད་ཅིང། །གྲགས་པའི་སྒྲ་ཆེན་འཇིག་རྟེན་གསུམ་ན་གྲགས། །སྨྲ་ངན་མུན་འཇོམས་སྨྲ་བའི་ཉི་མ་མཆོག །ཆོས་ཀྱི་གྲགས་པའི་ཞབས་ལ་ཕྱག་འཚལ་ལོ། །ཚུལ་ཁྲིམས་རྒྱ་མཚོའི་དབུས་ན་གནས་བཅས་ཤིང། །འབུམ་ཕྲག་འདུལ་བའི་གཞུང་གི་དེངས་ཀས་བརྗིད། །རྣམ་གྲོལ་ཐར་པའི་ནོར་བུ་གཙུག་ན་འཛིན། །མཆོག་གཉིས་ཀླུ་ཡི་དབང་པོ་ལ་ཕྱག་འཚལ། །ཐུབ་པའི་བསྟན་ལ་ཤིང་རྟའི་སྲོལ་བཏོད་ནས། །སྐྱེ་རྒུ་རྣམས་ལ་ལེགས་པའི་ལམ་སྟོན་པའི། །འཛམ་གླིང་མཛེས་བྱེད་རྒྱན་དྲུག་མཆོག་གཉིས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཕན་བདེ་འབྱུང་གནས་བསླབ་གསུམ་རྒྱན་གྱིས་སྤྲས། །བཀའ་དང་བསྟན་བཅོས་སྒྲ་བསྒྱུར་གཏན་ལ་ཕབས། །སངས་རྒྱས་བསྟན་པ་ཕྱོགས་བཅུར་རྒྱས་མཛད་པའི། །མཁས་གྲུབ་ལོ་པཎ་རྣམས་ལ་ཕྱག་འཚལ་ལོ། །ཅེས་པ་འདི་ཡང་གཞོན་ནུ་བློ་གྲོས་ཀྱིས་སྨྲས་པའོ། །

དབུ་མའི་བརྒྱུད་འདེབས་ཆུང་ངུ་ཞིག །

དབུ་མའི་བརྒྱུད་འདེབས་ཆུང་ངུ་ཞིག །

ཆོས་སྐུ་སྤྲོས་དང་བྲལ་བའི་ཕོ་བྲང་དུ། །སྐྱོབ་པ་ཤཱཀྱའི་རྒྱལ་པོ་ལ་གསོལ་བ་འདེབས། །ཟུང་འཇུག་བདེ་ཆེན་གྱི་ཕོ་བྲང་དུ། །བྱང་སེམས་བློ་གྲོས་རིན་ཆེན་ལ་གསོལ་བ་འདེབས། །ཆོས་དབྱིངས་ཀུན་ཏུ་འགྲོ་བའི་ཕོ་བྲང་དུ། །དཔལ་མགོན་འཕགས་པ་ཀླུ་སྒྲུབ་ལ་གསོལ་བ་འདེབས། །མཁའ་མཉམ་སྤྲོས་དང་བྲལ་བའི་ཕོ་བྲང་དུ། །རྒྱལ་སྲས་ཨཱཪྱ་དེ་བ་ལ་གསོལ་བ་འདེབས། །མཐའ་བཞི་བརྗོད་པ་བྲལ་བའི་ཕོ་བྲང་དུ། །དཔལ་ལྡན་ཟླ་བ་གྲགས་པ་ལ་གསོལ་བ་འདེབས། །སྣང་སྟོང་སྒྱུ་མ་ལྟ་བུའི་ཕོ་བྲང་དུ། །རྒྱ་བོད་བརྒྱུད་པའི་བླ་མ་ལ་གསོལ་བ་འདེབས། །འཛིན་མེད་ཕྱོགས་དང་བྲལ་བའི་ཕོ་བྲང་དུ། །རྗེ་བཙུན་གཞོན་ནུ་བློ་གྲོས་ལ་གསོལ་བ་འདེབས། །དོན་དམ་སེམས་བསྐྱེད་སྐབས་སུ་ཡུལ་སྒྱུ་མ་རྟོགས་པར་བྱིན་གྱིས་རློབས། །གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་དུ། །དྲིན་ཅན་རྩ་བའི་བླ་མ་ལ་གསོལ་བ་འདེབས། །ཀུན་རྫོབ་སེམས་བསྐྱེད་ཀྱི་སྐབས་སུ་ཟུང་འཇུག་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། །

སྟོན་པ་ལ་སྤྲིངས་ཡིག

སྟོན་པ་ལ་སྤྲིང་ཡིག་བཞུགས།

བཅོམ་ལྡན་འདས་གསུང་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །ཉི་མའི་གཉེན་གྱི་རིགས་འཁྲུངས་ཤིང་། །སྨྲ་བའི་དམ་པ་མཆོག་གི་གཙོ། །གོའུ་ཏ་མ་ཞེས་གྲགས་པའི། །སྟོན་པ་དེ་ལ་འདི་སྐད་གླེང་། །འདི་ན་ལ་ལ་ཁྱོད་ཀྱི་སྐུ། །རྟག་སོགས་ཡོན་ཏན་ལྡན་པར་སྨྲ། །ཡོད་མེད་འདས་པར་སྨྲ་བ་ཁྱེད། །རྟག་ཆད་སྤངས་པར་བདག་གིས་ཁུམས། །འདི་ན་ལ་ལ་ཁྱོད་ཀྱི་གསུང་། །སྣ་ཚོགས་དོན་དང་ལྡན་པར་སྨྲ། །བརྗོད་མེད་གསུང་བ་ཁྱེད་ཀྱི་བཀའ། །བྲག་ཆ་འདྲ་བར་བདག་གིས་ཁུམས། །འདི་ན་ལ་ལ་ཁྱོད་ཀྱི་ཐུགས། །ཤེས་བྱའི་དངོས་ཀུན་གསལ་བར་སྨྲ། །སྤྲོས་པ་ཉིར་ཞི་ཁྱེད་ཀྱི་ཐུགས། །ནམ་མཁའ་འདྲ་བར་བདག་གིས་ཁུམས། ཁྱེད་ཀྱི་སྐུ་དང་སྒྱུ་མའི་མི། །སྒྱུ་མའི་མི་ལ་སྐྱེ་འཆི་མེད། །སྐྱེ་འཆི་མེད་ལ་རྟག་ཆད་གང་། །སྐྱེ་བོ་རྨོངས་པ་རྟག་ཆད་འཚོལ། ཁྱེད་ཀྱི་གསུང་དང་བྲག་ཆའི་སྒྲ། །བྲག་ཆའི་སྒྲ་ལ་བརྗོད་འདོད་མེད། །བརྗོད་འདོད་མེད་ལ་བརྗོད་བྱ་གང་། །སྐྱེ་བོ་རྨོངས་པ་བརྗོད་བྱ་འཚོལ། ཁྱེད་ཀྱི་ཐུགས་དང་ནམ་མཁའི་དབྱིངས། །ནམ་མཁའི་དབྱིངས་ལ་རྣམ་རྟོག་མེད། །རྣམ་རྟོག་མེད་ལ་ཤེས་བྱ་གང་། །སྐྱི་བོ་རྨོངས་པ་ཤེས་བྱ་འཚོལ། །ཀླུ་སྒྲུབ་དང་ནི་ཐོགས་མེད་གཉིས། ཁྱེད་བསྟན་འཛིན་པར་ཁྱེད་ཀྱིས་གསུངས། །

དེ་དག་གཞུང་གི་རྗེས་འབྲངས་ནས། །བདག་གིས་ཁྱེད་ཀྱི་དགོངས་པ་བཙལ། །འདི་ན་ལ་ལ་ཁྱེད་ཀྱི་བཀའ། །རང་བཟོའི་ཟུ་ལུམ་སྣ་ཚོགས་ཀྱི། །ལོག་པར་བཀྲལ་བས་ཞེན་ལྟ་ཡི། ཁྱེད་བསྟན་དྲི་མ་ཅན་དུ་བྱས། ཁྱེད་ཀྱི་བསྟན་ལ་མི་ཕྱོགས་པའི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་ཅན་སོགས་ཁྱེད་གསུང་དང་། །འགལ་བ་སྨྲ་ལ་མཚར་ཅི་ཡོད། ཁྱེད་ལ་སྟོན་པར་ཁས་ཆེ་ཞིང་། །ཉིད་ཀྱི་བརྟུལ་ཞུགས་འཛིན་བཞིན་དུ། ཁྱེད་གསུང་ལོག་པར་སྒྲུབ་པ་ཡི། །སྐྱེ་བོ་རྨོངས་པ་འདི་ཀོ་ཅི། །ལྟ་བའི་གནད་ཀུན་བསལ་བའི་ཕྱིར། ཁྱེད་ཀྱིས་སྟོང་ཉིད་བདུད་རྩི་བསྟན། །སྟོང་ལ་བདེན་པར་ཞེན་པ་གང་། །རྣམ་གྲངས་དུ་མར་ཁྱེད་ཀྱིས་སྨད། །ཀུན་རྫོབ་བདེན་པ་སྤངས་པ་ཡི། །སྟོང་མེད་འགྱུར་མེད་གྲུབ་བོ་ཞེས། །ཐུབ་ཆོད་ཅན་གྱི་སྐྱེ་བོ་སྨྲ། །དེ་ལ་ཐུབ་པ་ཇི་ལྟར་དགོངས། །འཁོར་བ་སྤངས་པར་གྱུར་པ་ཡི། །མྱ་ངན་འདས་པ་ཁྱེད་མི་བཞེད། ཁྱེད་ཀྱིས་འཁོར་འདས་ཆོས་རྣམས་ཀུན། །སྒྱུ་མ་ལྟ་བུ་རྫུན་པར་གསུངས། །ཆོས་དབྱིངས་ནམ་མཁའི་དཀྱིལ་ལྟ་བུ། །རྟག་ཏུ་བདེན་པ་ཡོད་ཅེས་གྲག །ཁྱེད་ཀྱིས་ལང་དཀར་གཤེགས་མདོ་ལས། །སྟོབས་སོགས་ཡོན་ཏན་ལྡན་པ་ཡི། །བདེ་གཤེགས་སྙིང་པོ་དྲང་དོན་དུ། །གསལ་བར་གསུང་པར་བདག་གིས་ཁུམས། ཁྱེད་ཀྱིས་ལྡེམ་པོར་དགོངས་པ་ལ། །ཇི་བཞིན་སྒྲ་རུ་མངོན་ཞེན་ནས། །བདེ་གཤེགས་སྙིང་པའི་ཟོལ་གྱིས་ནི། །བདག་སྨྲའི་བསྟན་པ་རྒྱས་པར་བྱེད། །རྟག་ཆད་སྤང་པ་དབུ་མའི་ལམ། ཁྱེད་ཀྱིས་རྣམ་གྲངས་དུ་མར་བསྔགས། །རྟག་དང་ཆད་པར་སྨྲ་བ་རྣམས། །མགོན་པོ་ཁྱེད་ཀྱིས་སྨད་པར་མཛད། །འདི་ན་ཞེན་ལྟའི་དྲི་ཅན་རྣམས། །དབུ་མར་སྨྲ་བ་སྨོད་བྱེད་ཅིང་། །གཙང་བདག་བདེ་དང་རྟག་པ་སོགས། །ཕྱིན་ཅི་ལོག་ཏུ་སྨྲ་ལ་བསྔགས་། ཁྱེད་ཀྱིས་ཆགས་སོགས་ཉོན་མོངས་རྣམས། །ཕྱིན་ཅི་ལོག་ལས་སྐྱེ་བར་གསུངས། །འདི་ན་རྟག་སོགས་ཕྱིན་ཅི་ལོག །ཉོན་མོངས་སྤོངས་བའི་ལམ་དུ་སྨྲ། །དངོས་རྣམས་ཆུ་ནང་ཟླ་བ་བཞིན། །རང་རང་ངོ་བོས་སྟོང་པའི་ཕྱིར། །ཕན་ཚུན་གཅིག་ལ་གཅིག་མེད་པའི། །ཉི་ཚེའི་སྟོང་ཉིད་ཁྱེད་ཀྱིས་བཀག །རང་རང་ངོ་བོས་སྟོང་པ་ཉིད། །ཆད་སྟོང་ཡིན་ཞེས་སྨོད་བྱེད་ཅིང་། །གཞན་གྱི་ངོ་བོས་སྟོང་པ་ཡི། །ཉི་ཚེའི་སྟོང་ཉིད་མཆོག་ཡིན་ལོ། །

གལ་ཏེ་ཁྱེད་ནི་ཀུན་མཁྱེན་ན། །དེ་སྐད་སྨྲ་རྣམས་ལོག་པར་ངེས། །ཡང་ན་ཁྱེད་ཉིད་བྱིས་པའམ། །གཞན་དག་ཀུན་མཁྱེན་ཡིན་ལགས་གྲང་། །གལ་ཏེ་ཁྱེད་ཀྱིས་བདེན་སྨྲས་ན། །སྐལ་ངན་དེ་དག་བདུད་ཀྱིས་བསླུས། །དེ་དག་ཡང་དག་ལམ་ཞུགས་ན། ཁྱེད་ཀྱིས་འཇིག་རྟེན་བསླུས་སམ་ཅི། ཁྱེད་ཀྱིས་ཇི་ལྟར་གསུངས་བཞིན་སྨྲས་ན་སྐྱེ་བོ་ཕལ་ཆེར་བདག་ལ་གཤེ། །གཞན་དང་རྗེས་སུ་མཐུན་པར་སྨྲས་ན་ཁོ་བོ་གཡང་སར་ལྷུང་དུ་དོགས། །དེ་ལྟར་བདག་དང་གཞན་གྱི་ཕྱོགས་ལ་གཟུ་བོར་གནས་པའི་དཔང་པོ་གཞན། །མ་རྙེད་ཕྱིར་ན་བདེན་ཡུས་འདི་ནི་སྟོན་པའི་སྙན་དུ་བསྲིངས་པ་ཡིན། །སྟོན་པའི་སྤྲིང་ཡིག་འདི། མང་དུ་ཐོས་པའི་ཤཱཀྱའི་དགེ་སློང་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱིས་མདོག་ལྷོད་ཀྱི་ཆོས་གྲྭར་སྦྱར་བའོ། །དགེའོ།། །།

གྲུབ་མཐའ་བཞིའི་རྣམ་བཤད།

གྲུབ་མཐའ་བཞིའི་རྣམ་བཤད་བཞུགས་སོ། །

འདིར་གྲུབ་མཐའ་བཞིའི་རྣམ་བཤད་རགས་པ་ཙམ་བརྗོད་དེ། དེ་ལ་གྲུབ་མཐའ་སོ་སོའི་ནང་གསེས་ཀྱི་དབྱེ་བ། དེ་དག་གི་ཁྱད་པར། གོང་འོག་གི་ཁྱད་པར་གསུམ་གྱི། དང་པོ་ལ་བཞི་ཡོད་པའི། དང་པོ་མདོ་སྡེ་པ་ལ་དབྱེ་བ་བྱས་པའི་གཞུང་གསལ་པོ་མ་མཐོང་ཞ ིང་། བོད་ཁ་ཅིག་སེམས་ཙམ་རྣམ་བདེན་པ་ལྟར། རྣམ་པ་དང་ཤེས་པ་འདྲ་མཉམ་དུ་སྨྲ་བ་དང་། བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ཁྱད་པར་ནི། གཞིའི་གནས་སྐབས་ན། ཤེས་བྱ་གཞི་ལྔའི་ནང་ནས་གཟུགས་སེམས་སེམས་བྱུང་གསུམ་ཀ་རྫས་སུ་གྲུབ་པར་གཉིས་ཀ་འདོད་ལ། ལྡན་མིན་འདུ་བྱེད། འདུས་མ་བྱས་བྱེ་བྲག་སྨྲ་བས་རྫས་ཡོད་དུ་འདོད་ཅིང་། མདོ་སྡེ་པས་བཏགས་ཡོད་དུ་འདོད་དོ། །སེམས་བྱུང་ལ་བྱེ་བྲག་སྨྲ་བས་ཡུལ་གྱི་རྣམ་པ་མེད་ཅིང་རང་རིག་མེད་པར་འདོད་ལ། མདོ་སྡེ་པས་དེ་དག་ལས་ལྡོག་པར་འདོད། སྣ་ཚོགས་གྲངས་མེད་དུ་སྨྲ་བ་གཉིས་ཡོད་ཅེས་ཟེར། གཟུགས་ལ་ཡང་བྱེ་བྲག་སྨྲ་བས་བསྟན་མེད་ཐོགས་མེད་ཀྱི་གཟུགས་ཡོད་པར་འདོད་ལ། མདོ་སྡེ་པས་ཀུན་ཐོགས་བཅས་སུ་འདོད། ལམ་གྱི་སྐབས་སུ་རིགས་ཅན་གསུམ་གྱི་གང་ཟག་ཀུན་གྱིས་གང་ཟག་གི་བདག་མེད་བསྒོམས་པས་གྲོལ་བར་སྨྲ་བས་མི་མཐུན་པ་ཆེར་མེད་ལ། འབྲས་བུའི་ཐད་དུ་བྱེ་བྲག་སྨྲ་བས། ཕུང་པོ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཀུན་བྲལ་འབྲས་རྫས་གྲུབ་ཏུ་འདོད་ཅིང་། མདོ་སྡེ་པས་གཉེན་པོས་སྤང་བྱ་བཀག་པའི་མེད་དགག་ཅི་ཡང་མེད་པར་འདོད་ཅིང་། བྱེ་བྲག་སྨྲ་བས་དགྲ་བཅོམ་པ་ཉམས་ནས་ཕྱིར་འོང་སོགས་སུ་འགྱུར་བར་འདོད་ལ། མདོ་སྡེ་པས་མཐོང་ཆོས་ལ་བདེར་གནས་ཀྱི་བསམ་གཏན་ཙམ་ལས་ཉམས་པར་འདོད་པ་ལས་ཉམས་པའི་ཆོས་ཅན་ཞེས་བྱ་བའི་འབྲས་བུ་ལས་ཉམས་པར་མི་འདོད་དོ། །

གཉིས་པ་སེམས་ཙམ་པའི་དབྱེ་བ་ལ། རྣམ་བདེན་རྫུན་གཉིས་ལས། རྣམ་བདེན་པ་ལ་སྣ་ཚོགས་གཉིས་མེད་དུ་སྨྲ་བ་དང་། གཟུང་འཛིན་གྲངས་མཉམ་དུ་སྨྲ་བ་གཉིས་ལས། དང་པོ་ནི། ཤེས་པ་སྐད་ཅིག་ལས་སྔོ་སེར་དམར་སོགས་སུ་སྣང་བ་དེ་ཤེས་པ་གཅིག་གི་ངོ་བོར་འདོད་ལ། གཉིས་པ་ནི། སྔོ་སེར་དམར་སོགས་ཀྱི་རྣམ་པ་དེ་རྣམས་ཀྱང་རྫས་ཐ་དད་ཅིང་། དེ་རྣམས་འཛིན་པའི་ཤེས་པ་ཡང་ལྕགས་ཀྱི་ཐུར་མ་ཤིབ་པ་ལྟར་རྫས་ཐ་དད་པར་འདོད་པའོ། །བོད་ཁ་ཅིག་ཤེས་པ་ལ་སྣང་བ་འདི་སྣང་མཁན་གྱི་ཤེས་པ་ལས་རྫས་ཐ་དད་དུ་གྱུར་པའི་ཤེས་པའི་ངོར་བདེན་པར་འདོད་པ་སྒོ་ང་ཕྱེད་ཚལ་བ་ཞེས་པའི་རྣམ་བདེན་པ་ཡོད་ཅེས་ཟེར་རོ། །འདིར་རྣམ་རྫུན་པ་ལ་ཤེས་པ་ལ་གཟུང་བྱ་སྣང་བར་འདོད་པ་དྲི་བཅས་པ་དང་། དེ་མི་སྣང་བར་འདོད་པ་དྲི་མེད་པ་གཉིས་སུ་འདོད། རྣམ་བདེན་རྫུན་གཉིས་ལས་ཁྱད་པར་ནི། རྣམ་བདེན་པ་ནི་ཤེས་པ་ལ་སྣང་བའི་བཟུང་བ་བག་ཆགས་ཀྱི་དབང་གིས་ཕྱི་རོལ་ལྟར་སྣང་ཡང་། ཡིན་ལུགས་ལ་ཤེས་པ་རང་གི་ངོ་བོ་ཡིན་གྱིས་ཕྱི་རོལ་དུ་མ་གྲུབ་པར་འདོད་ལ། རྣམ་རྫུན་པ་ནི་གཟུང་བྱ་གང་ཟག་གི་ཕྱི་རོལ་ལ་སྣང་བ་མ་གཏོགས་པ་ཡིན་ལུགས་ལ་ཕྱི་རོལ་གྱི་དོན་དུ་ཡང་མ་གྲུབ་ནང་གི་ཤེས་པར་ཡང་མ་གྲུབ་པའི་མེད་དགག་ཅང་མེད་པ་ཞིག་ཏུ་འདོད་དོ། །

དེ་གཉིས་ཀྱང་ཕྱི་རོལ་གྱི་དོན་བདེན་པ་བ་མེད་ཅིང་ནང་ཤེས་པ་བདེན་པ་བར་འདོད་པ་ནི་ཁྱད་མེད། གསུམ་པ་མདོ་སྡེ་པ་དང་། སེམས་ཙམ་པའི་ཁྱད་པར་ནི། གཞིའི་སྐབས་སུ་མདོ་སྡེ་པས་གཟུང་བ་ཕྱི་བདེན་པར་གྲུབ་པས། དེ་འཛིན་གྱི་སེམས་སེམས་བྱུང་ཀུན་ཀྱང་མ་འཁྲུལ་བར་འདོད་ལ། རྣམ་རིག་པས་གཟུང་བ་བདེན་པར་མི་འདོད་ཅིང་དེ་འཛིན་གྱི་སེམས་སེམས་བྱུང་ཀུན་ཀྱང་དེ་ཉིད་རྟོགས་པ་མ་རྟོགས་ཀུན་འཁྲུལ་པར་འདོད་དོ། །གཉིས་ཀས་ཀྱང་སེམས་སེམས་བྱུང་རྫས་གྲུབ་ཏུ་འདོད་པ་ནི་འདྲ་ལ། ལམ་གྱི་སྐབས་སུ་མདོ་སྡེ་པས། གཉེན་པོ་གང་ཞིག་བདག་མེད་རྟོགས་པ་ཙམ་དང་། སྤང་བྱ་ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་ཙམ་ལས་རིགས་ཅན་གསུམ་ཀ་ལ་མི་འདོད། སེམས་ཙམ་པས་ཉན་ཐོས་ཀྱི་རིགས་ཅན་ལ་གཉེན་པོ་དེ་ཙམ་དུ་ཟད་ལ། རང་རྒྱལ་གྱི་རིགས་ཅན་ལ་དེའི་སྟེང་དུ་གཟུང་བ་བདག་མེད་དུ་རྟོགས་པའི་ཆོས་ཀྱི་བདག་མེད་དང་། སྤང་བྱ་ཤེས་སྒྲིབ་གཟུང་རྟོག་གི་ཆ་སྤང་དགོས་ལ། ཐེག་ཆེན་གྱི་རིགས་ཅན་ལ་གཉེན་པོ་གང་ཟག་དང་། ཆོས་ཀྱི་བདག་མེད་གཉིས་ཀ་རྟོགས་པ་དང་། སྤང་བྱ་ཉོན་སྒྲིབ་ཤེས་སྒྲིབ་གཉིས་ག་སྤང་དགོས་པར་འདོད་དོ། །འབྲས་བུའི་ཐད་དུ། མདོ་སྡེ་པས་ཐེག་པ་གསུམ་གྱི་མྱང་འདས་ཀུན་སྔར་བཤད་པ་ལྟར་མེད་དགག་ཏུ་འདོད་ལ། སེམས་ཙམ་པས་མྱང་འདས་ཀུན་སྒྲིབ་པ་ཅི་རིགས་པ་དང་བྲལ་བའི་དེ་བཞིན་ཉིད་དུ་འདོད། ཁྱད་པར་དུ་མདོ་སྡེ་པས་གཟུགས་སྐུ་ཆོས་སྐུ་གཉིས་ལས་མི་འདོད་ཀྱང་། སེམས་ཙམ་པས་སྐུ་གསུམ་འདོད་པ་སོགས་ཁྱད་པར་འཐའ་ཡས་སོ། །

གསུམ་པ་དབུ་མ་པ་ལ་གསུམ་ལས། དང་པོ་ལ་དབྱེ་ན། ཐལ་རང་གཉིས་ལས། དེ་ལ་ཐལ་འགྱུར་བ་ཀུན་གྲུབ་མཐའ་མཐུན་པས་དབྱེ་བ་མེད་དོ། །རང་རྒྱུད་པ་རྣམས་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཡོད་དོ། །དེ་ལྟར་འབྱེད་པའི་རྒྱུ་མཚན་ཡང་། ལེགས་ལྡན་འབྱེད་ཀྱིས་ཀླུ་སྒྲུབ་གྱི་གཞུང་ལ། གཞན་ངོར་ཕྱི་རོལ་གྱི་དོན་ཐ་སྙད་ཙམ་དུ་ཁས་ལེན་པ་རགས་པ་ཕྱིའི་དབུ་མ་པ་དང་། ཐ་སྙད་དུ་ཤེས་པ་ཙམ་ལས་མ་ག ཏོགས་ཕྱིའི་དོན་མེད་པར་ཁས་ལེན་པ་ཕྲ་བ་ནང་གི་དབུ་མ་པ་གཉིས་ཡོད་ཅེས་སོ། །གཉིས་པ་ཐལ་རང་གི་ཁྱད་པར་ནི། གཉིས་ཀའང་མཐར་ཐུག་དམ་པའི་བདེན་པར་སྐྱེལ་བ་ནི་མི་མཐུན་པ་ཅུང་ཟད་ཀྱང་མེད་ཅིང་། གནས་སྐབས་ཀུན་རྫོབ་བདེན་པའི་རྣམ་གཞག་རིགས་པས་དཔྱད་མ་དཔྱད་སོགས་ཀྱིས་ཐལ་རང་དུ་བཞག་གོ །ཐལ་རང་ཞེས་འཇོག་པའི་རྒྱུ་མཚན་ཐ་སྙད་དུ་ཆོས་སམ་སྐྱེ་མཆེད་ལ་སོགས་པར་རང་ལུགས་ཀྱི་དམ་བཅའ་ཁས་བླངས་ནས། དེ་སྒྲུབ་བྱེད་ཀྱི་རིགས་པ་རང་ལུགས་ཀྱི་ཚད་མས་གྲུབ་པར་འདོད་པ་རང་རྒྱུད་པ་ཡིན་ལ། སྐྱེ་མེད་སྟོང་ཉིད་སོགས་གཞན་གྱི་ལོག་རྟོག་ལྡོག་པའི་ཕྱིར། གཞན་ངོ་འབའ་ཞིག་ཏུ་ཁས་ལེན་པ་གཞན་གྱི་ལོག་རྟོག་དེ་རྣམས་ཀྱང་ཕ་རོལ་པོའི་ཁས་བླངས་ནང་འགལ་གྱི་ཐལ་འགྱུར་དང་། འཇིག་རྟེན་རང་གྲགས་ཀྱི་རིགས་པས་འགོག་པ་ཡིན་གྱི་དབུ་མ་རང་ལུགས་ལ་གྲུབ་པའི་རིགས་པ་ཅུང་ཟད་ཀྱང་མི་བརྗོད་དོ། །རང་ལུགས་ལ་ཁས་བླངས་གང་ཡང་མེད་པའི་ཕྱིར་ཞེས་པ་ཐལ་འགྱུར་བ་ཡིན་ནོ། །

གསུམ་པ་དབུ་སེམས་གཉིས་ཀྱི་ཁྱད་པར་ནི། གཞིའི་གནས་སྐབས་སུ། སེམས་ཙམ་པས་སེམས་བྱུང་བདེན་པར་འདོད་ལ། དབུ་མ་པས་བདེན་མེད་དུ་འདོད། སེམས་ཙམ་པས་འགྲོ་ཀུན་རིགས་ཅན་གསུམ་དང་མ་ངེས་པའི་རིགས་ཅན་ཏེ། བཞིར་འདོད་ཀྱང་དབུ་མ་པས་གནས་སྐབས་དེ་ལྟར་ཡིན་ཀྱང་། མཐར་ཐུག་སངས་རྒྱས་ཀྱི་རིགས་ཅན་དུ་འདོད་དོ། །ལམ་གྱི་གནས་སྐབས་སུ། སེམས་ཙམ་པས་སྔར་བཤད་པ་ལྟར་འདོད་ལ། དབུ་མ་རང་རྒྱུད་པ་ཁ་ཅིག རིགས་ཅན་གསུམ་གྱི་སྤང་གཉེན་སེམས་ཙམ་པ་ཇི་ལྟར་བཞེད་ལ། ཐལ་འགྱུར་བ་རྣམས་ནི། སྤྲོས་བྲལ་ཆོས་ཀྱི་བདག་མེད་ཙམ་བསྒོམས་པས་ཐར་པ་ཐོབ་མི་སྲིད་པས། རིགས་ཅན་གསུམ་ཀས་ཆོས་ཀྱི་བདག་མེད་སྒོམ་དགོས་པར་བཞེད། འབྲས་བུའི་ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། སེམས་བསྐྱེད་བསྔོ་བ་སྨོན་ལམ་སོགས་ཀྱི་སྒོ་ནས་འཇོག་པར་བཞེད་དོ། །འབྲས་བུའི་སྐབས་སུ། སེམས་ཙམ་པ་ཉན་རང་ལ་མྱང་འདས་ཡོད་པར་བཞེད་དོ། །དགྲ་བཅོམ་པ་རྣམས་ཀྱང་ཕུང་པོ་ལྷག་བཅས་ཀྱི་སྐབས་སུ། ཐེག་ཆེན་དུ་སེམས་བསྐྱེད་ནས། ཐེག་ཆེན་ལ་ཞུགས་ཀྱང་། ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཐོབ་ནས་གཏན་ནས་ཐེག་ཆེན་དུ་སེམས་བསྐྱེད་མི་སྲིད་པའི་ཕྱིར། དབུ་མ་པ། ཉན་རང་ལ་མཐར་ཐུག་གི་མྱང་འདས་མེད་པར་འདོད་དོ། །ཉན་རང་དགྲ་བཅོམ་ལྷག་མེད་ཀྱི་མྱང་འདས་ཐོབ་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་ནས། ཟག་མེད་ཀྱི་ཏིང་ངེ་འཛིན་ལས་སད་པར་བྱས་ཏེ། བྱང་ཆུབ་ཏུ་སེམས་བ སྐྱེད་ནས། ཐེག་པ་ཆེན་པོའི་ལམ་ལ་སློབ་པར་བཤད་པའི་ཕྱིར། ཉན་རང་གི་ལྷག་མེད་མྱང་འདས་ལ་ཡང་། དབུ་སེམས་གཉིས་འདོད་པ་མི་མཐུན་ཏེ། སེམས་ཙམ་པ་དག་ཉན་རང་དགྲ་བཅོམ་ཚེ་འདིའི་འདུ་བྱེད་དོར་ནས། འདུས་བྱས་ཀྱི་འཇུག་པ་ཉེ་བར་ཞི་བའི་དེ་བཞིན་ཉིད་ཀྱི་ངོ་བོར་འདོད་ལ། དེ་ནི་ངོ་བོ་ཉིད་གསུམ་གྱི་ངོ་བོ་ཉིད་གང་ཡིན་ཞེ་ན། འདི་ལ་སེམས་ཙམ་པ་དང་། དབུ་མ་པའི་འ དོད་ལུགས་གཉིས་ལས། སེམས་ཙམ་པ་དག དཔེར་ན་སྒྱུ་མ་མཁན་གྱིས། སྔགས་དང་རྫས་ལ་སོགས་པའི་མཐུས་འཇིམ་དུམ་ལ་སོགས་པའི་སྒྱུ་མའི་འཁྲུལ་གཞི་རྣམས་རྟ་དང་གླང་ལ་སོགས་པར་སྣང་བ་ལྟར། སྒྱུ་མའི་འཁྲུལ་གཞི་དང་འདྲ་བར་ཡང་དག་པ་མིན་པའི་ཀུན་རྟོག་གཞན་དབང་ཉིད་སྒྱུ་མའི་སྔགས་དང་འདྲ་བའི་ཐོག་མ་མེད་པའི་བག་ཆགས་ཀྱི་དབང་གིས་སྒྱུ་མའི་རྟ་གླང་དང་འདྲ་བའི་གང་ཟག་དང་། ཆོས་ཀྱི་བདག་གཉིས་སུ་སྣང་བར་འདོད་དོ། །དེ་ཁམས་གསུམ་གྱིས་བསྡུས་པའི་སེམས་སེམས་བྱུང་རྣམས་ནི་རྒྱུ་རྐྱེན་གཞན་ལས་སྐྱེས་སམ། བག་ཆགས་ཀྱི་དབང་གིས་ལོག་པར་སྣང་བས་ན་གཞན་དབང་ཞེས་ཀྱང་བྱ། སྒོམ་སྤངས་ཡིན་པས་ཀུན་ནས་ཉོན་མོངས་པ་ཞེས་ཀྱང་བྱ། དེ་ཁོ་ན་ཉིད་ཇི་ལྟར་བ་མིན་པར་སྣང་བས་ཡང་དག་པ་མིན་པའི་ཀུན་རྟོག་ཞེས་ཀྱང་བྱ། གཞན་དབང་གི་གཟུང་བྱ་ལ་ཟ་བ་པོ་དང་། བྱེད་པ་པོ་ལ་སོགས་པའི་གང་ཟག་གི་བདག་ཏུ་སྒྲོ་འདོགས་པ་དང་། གཟུང་འཛིན་བདེན་པ་བ་ཆོས་ཀྱི་བདག་ཏུ་སྒྲོ་འདོགས་པ་རྣམས་ནི་ཀུན་བརྟགས་ཞེས་བྱའོ། །ཀུན་རྫོབ་ཅེས་ཀྱང་བྱའོ། །ཇི་སྙེད་པའི་གཞན་དབང་དེ་སྙེད་བཤད་མ་ཐག་པའི་གང་ཟག་དང་། ཆོས་ཀྱི་བདག་གཉིས་གདོད་མས་སྟོང་པའི་དེ་ཁོ་ན་ཉིད་ནི། གདོད་མ་ནས་གྲུབ་པའི་ཡོངས་གྲུབ། གནས་སྐབས་ཀུན་ཏུ་མི་འགྱུར་བས་དེ་བཞིན་ཉིད། ཕྱིན་ཅི་མ་ལོགས་པས་ཡང་དག་པའི་མཐའ། ཡེ་ཤེས་དམ་པའི་ཡུལ་དུ་གྱུར་པས་དོན་དམ་པ། སྤྲོས་པ་ཉེ་བར་ཞི་བས་མཚན་མ་མེད་པ། ཞེས་བྱའོ། །གཞན་དབང་ནི་འཕགས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡུལ་ཡིན་པ། ཀུན་བརྟགས་ནི་བྱིས་པའི་བློོ་ཡི་སྤྱོད་ཡུལ་ཡིན་ཞིང་། ཡོངས་གྲུབ་ནི་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་སྤྱོད་ཡུལ་ཡིན། སྔར་བཤད་པའི་སྟོང་ཉིད་དེ་བཞིན་ཉིད་འགྱུར་མེད་ཡོངས་གྲུབ་ཡིན་ལ། དེ་རྟོགས་པའི་འཕགས་པའི་ཡེ་ཤེས་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན། དེ་དག་རགས་པ་ཙམ་སྨྲོས་པའོ། །དབུ་མ་པའི་ལུགས་ལ། ཕྱིའི་གཟུང་བར་སྣང་བ་དང་། ནང་འཛིན་པར་སྣང་བ་གཞན་དབང་། དེ་ལ་རྟོག་པ་སྒྲོ་འདོགས་པ་རྣམས་ཀུན་བརྟགས། སྣང་བ་དེ་ཉིད་རྟོག་པས་སྒྲོ་འདོགས་པ་ལྟར་སྣང་ཞིང་མ་གྲུབ་པ་ནི་ཡོངས་གྲུབ་བོ། །

ད་ནི་བདེན་གཉིས་གྱི་ངོ་བོ་གང་ཞེ་ན། འདི་ལ་གྲུབ་མཐའ་སྨྲ་བ་བཞིའི་འདོད་ལུགས་བཞི། བྱེ་བྲག་སྨྲ་བ་དག་ནི། འཇོམས་བྱེད་ཐོ་བ་ལ་སོགས་པས་བཅོམ་པ་ན། དེའི་བློ་མི་འཇུག་པར་བུམ་པ་ལ་སོགས་པ་དང་། རྫས་ཀྱི་ཆོས་བློས་སོ་སོར་བསལ་ནས་དེའི་བློ་མི་འཇུག་པ་ཆུ་ལ་སོགས་པ་ཀུན་རྫོབ་དང་། བཅོམ་ཞིག་གིས་བློ་མི་འདོར་བར་ཤེས་པ་རང་དབང་དུ་སྐྱེད་པ། གཟུགས་སྒྲ་ལ་སོགས་པ་དོན་དམ་པར་འདོད་དེ། མཛོད་ལས། གང་ལ་བཅོམ་དང་བློའི་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་ཏུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་དོ། །མདོ་སྡེ་པ་དག་ནི། དོན་འབྲས་བུ་སྐྱེ་བར་ནུས་པ་དོན་དམ་པ། བློ་ངོར་འབྲས་བུ་སྐྱེད་པར་ནུས་པ་ལྟར་ཡོད་པ་ཀུན་རྫོབ་ཀྱི་བདེན་པར་འདོད་དེ། རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིིའི་མཚན་ཉིད་ཅན། །ཞེས་བཞེད་དོ། །སེམས་ཙམ་པ་དག་ནི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་དོན་དམ་པ་དང་། རིགས་པས་དཔྱད་ན་རྫས་སུ་སྒྲུབ་པའི་དོན་དམ་གཉིས་སུ་འདོད་དོ། །དང་པོ་ནི། འགྱུར་བ་མེད་པའི་ཡོངས་གྲུབ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་སུ། རྣམ་པར་དག་པ་འགྱུར་བའི་དམིགས་པ་ནི་དོན་དམ་པའོ་ཞེས་དང་། ཅིའི་ཕྱིར་དོན་དམ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དོན་དམ་པའི་ཡུལ་ཡིན་པའི་ཕྱིར་ཞེས་བཤད་དོ། །

གཉིས་པ་ནི། སེམས་དང་སེམས་བྱུང་གིས་བསྡུས་པའི་ཤེས་རིག་དོན་མེད་ཡིན་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་སུ། གཟུང་དང་འཛིན་པ་དང་བྲལ་བའི། །རྣམ་པར་ཤེས་པ་དོན་དམ་འདོད། །ཅེས་གསུངས་སོ། །ཀུན་རྫོབ་ལའང་མཐོང་བའི་ལམ་དེ་ཁོ་ན་ཉིད་སྒྲིབ་པའི་ཀུན་རྫོབ་དང་། རིགས་པས་དཔྱད་མི་བཟོད་ཀྱི་ཀུན་རྫོབ་གཉིས་སོ། །དང་པོ་ནི། གཞན་དབང་གི་ངོ་བོ་ཡང་དག་པ་མིན་པའི་ཀུན་རྟོག་གིས་བསྡུས་པའི་སེམས་དང་སེམས་བྱུང་རྣམས་ཡིན་ཏེ། ཀུན་ལས་བཏུས་སུ། ཀུན་ནས་ཉོན་མོང་པར་འགྱུར་བའི་དམིགས་པ་ནི་ཀུན་རྫོབ་ཏུ་ཡོད་པའོ་ཞེས་བཤད་དོ། །དེ་ནས་གཞན་དབང་ནི། རིགས་པས་དཔྱད་ན་རྫས་སུ་སྒྲུབ་པའི་དོན་དམ་དང་། དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ཀུན་རྫོབ་ཡིན་པ་སྟེ། རྣམ་རིག་པའི་གཞུང་གིས་འགའ་ཞིག་ཏུ་དོན་དམ་དང་། འགའ་ཞིག་ཏུ་ཀུན་རྫོབ་ཏུ་བཤད་དོ། །གཉིས་པ་ནི། སྔར་བཤད་པའི་ཀུན་ཏུ་བརྟགས་པའི་ངོ་བོ་ཉིད་དེ། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གི། དངོས་པོ་གང་གང་རྣམ་དག་པ། །དེ་ཉིད་ཀུན་ཏུ་བརྟགས་པ་ཡི། །ངོ་བོ་ཉིད་དེ་དེ་མེད་དོ། །ཞེས་གསུངས་སོ། །

དེ་ལ་གཞན་དབང་ནི། དོན་དམ་མཚན་ཉིད་པ་དང་། ཀུན་རྫོབ་རྣམས་དྲང་བ་ཡིན་ཏེ། རིགས་པས་དཔྱད་ན་བདེན་པར་གྲུབ་པའི་ཕྱིར། ཐེག་བསྡུས་སུ། རྣམ་གྲངས་པའི་ཀུན་རྫོབ་ཏུ་བཤད་པའི་ཕྱིར་རོ། །ཀུན་བརྟགས་ནི་ཀུན་རྫོབ་མཚན་ཉིད་པ་ཡིན་ཏེ་རྫས་སུ་མེད་ཅིང་། ཐ་སྙད་ཙམ་དུ་གྲུབ་པའི་ཕྱིར། དབུས་མཐའི་འགྲེལ་བཤད་དུ། ཅིའི་ཕྱིར་ངོ་བོ་ཉིད་ཅེས་བྱ་ཞེ་ན། རྫས་སུ་མེད་ཅིང་ཐ་སྙད་དུ་ཡོད་པ་དེའི་ཕྱིར་ངོ་བོ་ཉིད་ཅེས་བྱའོ་ཞེས་བཤད་དོ། །དབུ་མ་པ་རྣམས་ནི། རྣམ་གྲངས་ཀྱི་དངོས་པོ་འདི་རྣམས་ཀྱི་ཡིན་ལུགས་འཕགས་པའི་མཉམ་གཞག་ཡེ་ཤེས་ཀྱིས་མི་སླུ་བར་གཟིགས་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་དང་། དེ་དག་ལ་བྱིས་པ་རྣམས་ཀྱི་སྔོ་པོར་ཞེན་པ་གང་ཡིན་པ་དེ་ནི་ཀུན་རྫོབ་གྱི་བདེན་པར་འདོད་དེ། དབུ་མ་འཇུག་པར། དངོས་ཀུན་ཡང་དག་རྫུན་པར་མཐོང་བ་ཡི། །དངོས་རྙེད་ངོ་བོ་ཉིད་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དེ་ཉིད་དེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་བཤད་དོ། །འཕགས་པ་རྣམས་ཀྱི་མི་སླུ་བར་གཟིགས་པའི་དོན་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ནི་སྤྲོས་པའི་འཐའ་ཐམས་ཅད་དང་བྲལ་བས་གཞན་ལ་འདིའོ་ཞེས་ངག་གི་ལམ་གྱིས་བསྟན་དུ་མེད་ལ། བསྒོམས་པའི་སྟོབས་ཀྱིས་སོ་སོ་རང་གི་རིག་པར་བྱ་བ་ཞིག་ཡིན་ཏེ་མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཞེས་སོགས་དང་། ཀླུ་སྒྲུབ་ཀྱིས་གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་ཤིང་། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་དང་། འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པ་མིན། །མུ་བཞི་ལས་ནི་རྣམ་གྲོལ་བ། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་བཤད་དོ། །

སྐྱེ་མེད་འགག་མེད་སྟོང་ཉིད་ལ་སོགས་པ་རྣམ་གྲངས་པའི་དོན་དམ་དུ་འདོད་དེ། ཀུན་རྫོབ་ལ་ཡང་། ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཙམ་གཉིས་སོ། །དང་པོ་ནི། གནོད་པ་མེད་པའི་དབང་པོ་དྲུག་ལས་སྐྱེས་པའི་ཤེས་པའི་སྤྱོད་ཡུལ་ཏེ། དེ་ཁོ་ན་ཉིད་མ་མཐོང་བར་བྱིས་པ་རྣམས་ཀྱིས་མི་སླུ་བར་བྱེད་པའི་གཟུགས་ལ་སོགས་པའོ། །གཉིས་པ་ནི། དབང་པོ་གནོད་པ་ཅན་ལས་སྐྱེས་པའི་ཤེས་སྤྱོད་ཀྱི་ཡུལ་དུ་གྱུར་པའི་སྒྱུ་མ་དང་། གཟུགས་བརྙན་ལ་སོགས་པ་སྟེ། ཐ་སྙད་དུ་བདེན་པར་གྲུབ་པའོ། །འཇུག་པ་ལས། གཏི་མུག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་ཏེ། །དེ་གང་བདེན་པར་མཐོང་བའི་བཅོས་མ་སྟེ། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེ་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་འདི་ཀུན་རྫོབ་ཏུ། །ཞེས་བཤད་དོ། །དེ་ལ་གཉིས་ལས། གོ་རིམ་བཞིན་དུ། ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་ཅེས་བྱའོ། །བདེན་པ་གཉིས་པོ་འདི་དག་ཀྱང་། ཐ་སྙད་དུ་སྒྲ་བློ་ཐ་དད་པའི་ཡུལ་ཡིན་པས། ཐ་དད་ཡིན་ལ་དོན་དམ་པར་དེ་ཉིད་དང་གཞན་གང་དུའང་བརྗོད་དུ་མེད་དོ། །དགོངས་པ་ངེས་འགྲེལ་ལས། འདུ་ཤེས་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་བྲལ་བའི་རང་བཞིན་ཏེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་མིན་ཡིད་བྱེད་ཞུགས་པ་ཡིན། །ཞེས་བཤད་དོ། །བདེན་གཉིས་ཐ་སྙད་དུ་ཡང་ཐ་དད་མེད་པར་འདོད་པ་མི་འཐད་དེ། དེ་གཉིས་ལ་དབྱེ་བ་སོ་སོར་བྱར་མི་རུང་བའི་ཕྱིར་དང་། བདེན་པ་གཉིས་ཀྱི་ཐ་སྙད་ཀྱང་མི་འཐད་པར་ཐལ་བའི་ཕྱིར་རོ། །

ད་ནི་གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ལ་དབྱེ་ན་གཉིས་ལས། དང་པོ་ཕྱི་རོལ་པ་ལ་དབྱེ་ན། བསྡུས་ན་རྟག་པར་སྨྲ་བ་དང་། ཆག་པར་སྨྲ་བ་གཉིས་སུ་འདུ་ལ། རྒྱས་པར་ཕྱེ་ན་ཚད་མེད་ཅིང་ཅུང་ཟད་ཕྱེ་ན་རྟོག་གེ་སྡེ་ལྔ་སྟེ་གྲངས་ཅན་པ། རིག་བྱེད་པ། ཟད་བྱེད་པ། རྒྱལ་བ་པ། ཚུ་རོལ་མཛེས་པ་བ་རྣམས་སོ། །དང་པོ་བཞི་རྟག་པར་སྨྲ་བ་ཡིན་ལ། ཕྱི་མ་ནི་ཆད་པར་སྨྲ་བ་ཡིན་ནོ། །དེ་རྣམས་ཀྱི་ནང་གསེས་གྱི་ཁྱད་པར་ནི་མཐའ་ཡས་ཤིང་། རྟག་པར་སྨྲ་བ་དང་ཆད་པར་སྨྲ་བའི་ཁྱད་པར་ནི། ཀུན་ཀྱང་བདག་ཡོད་འདོད་པར་མཚུངས་ཀྱང་རྟག་པའི་བདག་ཉིད་སྐྱེ་བ་སྔ་ཕྱི་དུ་མར་བརྒྱུད་པ་དེས་ལས་མྱོང་བར་འདོད་པས་རྟག་པ་སྨྲ་བ་ཡིན་ལ། འབྱུང་བ་ལས་གློ་བུར་དུ་བདག་སྐྱེ་ཞིང་དེ་ཇི་སྲིད་འཚོའི་བར་དུ་བདག་རྟག་ལ། ཤི་བའི་ཚེ་རྒྱུན་ཆད་ནས། སྐྱེ་བ་མི་ལེན་པར་འདོད་པས་ཆད་པར་སྨྲ་བ་ཡིན། ཕྱི་ནང་གི་ཁྱད་པར་གང་གིས་འབྱེད་ན། འདི་ལ་གསུམ་ཏེ། ལྟ་སྤྱོད་གཉིས་ཀས་ཕྱེ་བའི་ཕྱི་ནང་། ལྟ་བ་ཁོ་ནས་ཕྱེ་བའི་ཕྱི་ནང་། ཐབས་ལམ་གྱིས་ཕྱེ་བའི་ཕྱི་ནང་། དང་པོ་ལ་ཡང་གང་ཟག་ཕྱི་ནང་། གྲུབ་མཐའ་ཕྱི་ནང་གཉིས་ཡིན་ལ། གང་ཟག་ཕྱི་ནང་གི་ཁྱད་པར་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་ནི་ནང་པ་ཞེས་བྱ་བ། ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ལྷ་རྣམས་ལ་སྐྱབས་སུ་འགྲོ་བའི་གང་ཟག་ནི་ཕྱི་པ་ཡིན་ནོ། །

དེ་བས་གང་ཟག་ཕྱི་ནང་གི་ཁྱད་པར་ནི། སྐྱབས་འགྲོ་ལ་སོགས་པས་འབྱེད་ཀྱི། ལྟ་བས་འབྱེད་པ་མིན་ཏེ། ལྟ་བ་མ་ཤེས་པའི་ཕྱི་ནང་གི་གང་ཟག་དུ་མ་ཡོད་པའི་ཕྱིར། གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ནི། གཙོ་བོ་ལྟ་བས་འབྱེད་དེ། གཞུང་གང་ལས་རྟག་པའམ་ཆད་པའི་མཐའ་གཉིས་གང་རུང་ལྡན་པར་བསྟན་ཅིང་དེ་ཉིད་ལ་སྐྱོན་དུ་མི་ལྟ་བ་ནི་ཕྱི་པའི་གྲུབ་མཐའ་ཡིན་ཏེ་དེའི་དགོངས་པ་རྟག་ཆད་སྤངས་པ་དབུ་མའི་ལམ་ལས། ཕྱི་རོལ་ཏུ་གྱུར་པའི་ཕྱིར་རོ། །གཞུང་གང་ལས་རྟག་པ་དང་ཆད་པའི་མཐའ་གཉིས་སྤངས་ཤིང་། དབུ་མའི་ལམ་སྟོན་པར་འདོད་པ་འདི་ནི། ནང་པའི་གྲུབ་མཐའ་ཡིན་ནོ། །དེའི་ཕྱིར། གྲུབ་མཐའ་སྨྲ་བ་བཞི་པོ་ཀུན་ཀྱང་། རང་རང་གི་གྲུབ་མཐའ་དབུ་མར་རློམ་ཏེ། སངས་རྒྱས་ཀྱི་རྟག་ཆད་སྤངས་པ་དབུ་མའི་ལམ་བསྟན་ཅིང་། དེའི་རྗེས་སུ་འཇུག་པར་འདོད་པའི་ཕྱིར། དེ་ལ་གྲུབ་མཐའ་སྨྲ་བ་བཞི་པོ་རེ་རེ་ལ་ཡང་རྟག་ཆད་སྤང་ལུགས་མི་འདྲ་བ་རེ་རེ་ཡོད་དེ། བྱེ་བྲག་ཏུ་སྨྲ་བ་དག འདུ་བྱེད་རྣམས་ནི་སྐད་ཅིག་གིས་འཇིག་པས་རྟག་པའི་མཐའ་སྤངས་ལ། རྒྱུན་མ་ཆད་པར་འཇུག་པས་ཆད་པའི་མཐའ་སྤངས་སོ། །མདོ་སྡེ་པ་དག དངོས་པོ་རྣམས་ཀྱི་རང་གི་ངོ་བོ་འགག་པས་རྟག་པའི་མཐའ་ལས་གྲོལ་ལ། རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱིན་པས། ཆད་མཐའ་ལས་གྲོལ་བ་ཞེས་བྱའོ། །སེམས་ཙམ་པ་དག་ཀུན་བརྟགས་རང་བཞིན་མེད་པས་རྟག་པའི་མཐའ་སྤངས་ལ། གཞན་དབང་བདེན་པར་གྲུབ་པས་ཆད་པའི་མཐའ་སྤངས་སོ། །ཞེས་སྨྲས་སོ། །དབུ་མ་དག་ཀུན་རྫོབ་ཇི་ལྟར་སྣང་བ་ལྟར་སྐུར་པར་མི་འདེབས་པས་ཆད་པའི་མཐའ་ལས་གྲོལ་ལ། དེ་ཉིད་ཡིན་ལུགས་དོན་དམ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་རྟག་པའི་མཐའ་ལས་གྲོལ་ཏེ་དེ་ནི་གཞི་དབུ་མ་ཡིན་ནོ། །ཤེས་རབ་ཀྱིས་ཆོས་གང་ལ་ཡང་མཚན་མར་མི་འཛིན་པས། རྟག་པའི་མཐའ་ལས་གྲོལ་ལ། སྙིང་རྗེས་གཞན་དོན་དུ་ཚོགས་རྒྱ་ཆེན་པོ་སོགས་པས་ཆད་པའི་མཐའ་ལས་གྲོལ་བ་དེ་ནི་ལམ་དབུ་མ་ཡིན་ནོ། །སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཆོས་ཀྱི་སྐུ་བརྙེས་པས་རྟག་པའི་མཐའ་ལས་གྲོལ་ལ། གཟུགས་ཀྱི་སྐུས་གདུལ་བྱ་མཆོག་དམན་གྱི་དོན་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་བྱེད་པས་ཆད་པའི་མཐའ་ལས་གྲོལ་ཏེ། དེ་ནི་འབྲས་བུ་དབུ་མ་ཡིན་ནོ། །དེ་ལྟར་ན། དང་པོ་གསུམ་དབུ་མ་ལྟར་སྣང་བ་ཡིན་ལ། ཕྱི་མ་ནི་དབུ་མ་མཚན་ཉིད་པ་ཡིན་ནོ། །

ལྟ་བ་ཁོ་ནས་ཕྱེ་བའི་ཕྱི་པ་ནི། ཉན་ཐོས་སྡེ་གཉིས་དང་། སེམས་ཙམ་པ་ཡིན་ཏེ། དེ་དག་ནི་དངོས་པོ་བདེན་པ་བ་ཁས་བླངས་པས། ཡིན་ལུགས་ལ་རྟག་ཆད་ཀྱི་མཐར་ལྷུང་བར་འགྱུར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། དེ་ལ་དངོས་པོར་ཁས་ལེན་ཡོད་ན་ནི། །དེ་ལ་ཆགས་སོགས་འཇིགས་འབྱུང་ཅེས་པ་དང་། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པ་མིན་པས་རྟག ། སྔོན་བྱུང་ད་ལྟར་མེད་ཅེས་པ། །དེ་ནི་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །དེས་ན་དེ་དག་ཀྱང་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མ་རྟོགས་པའི་ཕྱིར། ལྟ་བས་ཕྱེ་བའི་ཕྱི་པ་ཞེས་བྱའོ། །དབུ་མ་པ་ནི། དེ་བཞིན་གཤེགས་པའི་དགོངས་པ་རྟག་ཆད་སྤངས་ཏེ་དབུ་མའི་ལམ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར། ལྟ་བས་ཕྱེ་བའི་ནང་པ་ཞེས་བྱའོ། །ཐབས་ལམ་གྱིས་ཕྱེ་བའི་ཕྱི་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་ཏེ། ནང་ནི་རྡོ་རྗེ་ཐེག་པ་བ་རྣམས་སོ། །ཞེས་གསུངས་སོ། །ཡང་ན་བུ་སྟོན་རིན་པོ་ཆེ་ནི། བཀའ་དང་པོ་ཉན་ཐོས་ཀྱི་ཐེག་པ་ཁོ་ན་ལ་གསུངས་པས། དྲང་དོན་ཁོ་ན་ཡིན་ལ། བར་པ་ནི་བྱང་ཆུབ་སེམས་དཔའ་ཁོ་ན་ལ་གསུངས་པས། ངེས་དོན་ཁོ་ན་ཡིན་ཏེ། ཐ་མ་ནི་ཐེག་པ་སྣ་ཚོགས་ལ་ཞུགས་པའི་འཁོར་ལ་གསུངས་པས། དྲང་ངེས་ཅི་རིགས་པ་ཡོད། ཁྱད་པར་དུ་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་སྟོན་པའི་མདོ་དྲང་བའི་དོན་ཡིན། དགོངས་གཞི་རྣམ་ཤེས་དེ་ལ་ཡོད་པའི་ཟག་མེད་སོགས་ལ་དགོངས། དཔེ་མར་གྱི་རྒྱུ་ཞོའམ། འོ་མ་ཡོད་པ་ལ་མར་ཡོད་ཅེས་སྨྲས་ཀྱང་། རྫུན་དུ་མི་འགྱུར་བ་བཞིན་ནོ། །དེ་ན་བདེ་བར་གཤེགས་པའི་སངས་རྒྱས་ཁོ་ན་ལ་ཡོད། སེམས་ཅན་ལ་བརྟེན་ནས་མེད་ཅེས་གསུངས་སོ། །ཆོས་རྗེ་ས་སྐྱ་པཎ་ཆེན་ཡང་། དེ་ལྟ་བུའི་བདེ་གཤེགས་སྙིང་པོ་གསུངས་པ་ཡང་དྲང་དོན་ཡིན། དགོངས་གཞི་སེམས་ཅན་གྱི་ཆོས་ཉིད་སྤྲོས་བྲལ་ལ་དགོངས་པ། སེམས་ཞུམ་སེམས་ཅན་དམན་ལ་སྙད་པ་དང་། །ཅེས་རྒྱུད་བླ་མ་ནས་གསུངས་པའི་ཉེས་པ་ལྔ་སྤོང་བའི་དོན་དུ་ཡིན་ལ། དངོས་ལ་གནོད་བྱེད་དེ་འདྲའི་བདེ་གཤེགས་སྙིང་པོ་ཡོད་ན། བཅིང་འགྱུར་གྱི་གཞིར་འ གྱུར་བའི་བདག་ཁས་ལེན་པའི་མུ་སྟེགས་རྣམས་དང་ཁྱད་པར་མེད་པར་འགྱུར་རོ། །ཞེས་གསུང་པ་གདའོ། །ཞེས་པ་འདི་ནི་ཤཱཀྱའི་དགེ་སློང་གཞོན་དུ་བློ་གྲོས་ཀྱིས་བློ་དམན་པ་རྣམས་ལ་ཕན་པར་བྱ་བའི་ཕྱིར་དང་། རྒྱལ་བའི་བསྟན་པ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་ཕྱིར་དུ་སྦྱར་བའོ། །དགེའོ། །

རྒྱུད་བླའི་དོན་བསྡུས་སམ་བདེ་གཤེགས་སྙིང་པོའི་དོན་གསལ།

རྒྱུད་བླའི་དོན་བསྡུས་སམ་བདེ་གཤེགས་སྙིང་པོའི་དོན་གསལ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ། ཀུན་ནས་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཤིན་ཏུ་ཟབ་པའི་བདེ་གཤེགས་སྙིང་པོའི་དོན། །གསལ་བར་བཤད་ཀྱིས་གཟུར་གནས་ཤེས་ལྡན་ཉོན། །སེམས་ཅན་ལ་སངས་རྒྱས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་ཡོད་པར། གང་དག་འགྲོ་ཀུན་མཐའ་ཞི་ཡང་དག་རྟོགས་ནས་ཞེས་སོགས་ཀྱིས་བསྟན་པར་མི་རིགས་ཏེ། གཞུང་དེས་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་ཉིད་ཀྱི་སྤྱིའི་མཚན་ཉིད་རང་བཞིན་འོད་གསལ་ཙམ་རྗེས་སུ་ཞུགས་པར། ས་དང་པོ་ནས་མཐོང་བར་བསྟན་པ་ཙམ་ཡིན་གྱི། རྣམ་པར་དབྱེ་བ་མེད་ཆོས་ཕྱིར། །ཞེས་པས་ཀྱང་བསྟན་པ་མ་ཡིན་ཏེ། དེས་ཀྱང་སངས་རྒྱས་ཀྱི་སྟོབས་སོགས་ཀྱི་ཡོན་ཏན་གྱི་ཆོས་ཉིད་རང་གཞན་འོད་གསལ་ཙམ་སོ་སྐྱེའི་གནས་སྐབས་ན་ཡང་ཡོད་པ་ལ་དགོངས་པ་ཡིན་པའི་ཕྱིར། དེ་སྐད་དུ་ཡང་། དེའི་འགྲེལ་པར། དེ་ལ་དྲི་མ་མེད་པའི་སངས་རྒྱས་ཀྱི་ཡོན་ཏན་ནི། གཅིག་ཏུ་ཀུན་ནས་ཉོན་མོངས་པའི་སོ་སོའི་སྐྱེ་བོའི་ས་ལ་ཡང་རྣམ་པར་དབྱེ་བ་མེད་པའི་ཆོས་ཉིད་སྔ་ཕྱི་ཁྱད་པར་མེད་པར་ཡོད་པའི་ཕྱིར། གནས་འདི་ནི་བསམ་གྱིས་མི་ཁྱབ་ཅེས་གསུངས་སོ། །དེ་བཞིན་གཤེགས་མེད་གནས་རྣམས་ལའང་། །སངས་རྒྱས་སྤྱན་གྱིས་རང་ཆོས་ཉིད་གཟིགས་ནས། །ཞེས་པ་དང་། ཉོན་མོངས་སྦུབས་བཞིན་སེམས་ཅན་ཡོན་ཏན་ནི། །ཞེས་པ་དང་། སངས་རྒྱས་ཉིད་ནི་ཡོན་ཏན་དྲི་མེད་གཏེར། །སེམས་ཅན་ཀུན་ལ་ཁྱད་མེད་རྣམ་གཟིགས་ནས། །ཞེས་དང་། ཤ་རིའི་བུ་སེམས་ཅན་གྱི་ཁམས་ཀྱང་གཞན་ལ། ཆོས་ཀྱི་སྐུ་ཡང་གཞན་མ་ལགས་ཏེ། སེམས་ཅན་གྱི་ཁམས་ཉིད་ཆོས་ཀྱི་སྐུའོ། །ཆོས་ཀྱི་སྐུ་ཉིད་སེམས་ཅན་གྱི་ཁམས་ཏེ། འདི་ནི་དོན་གྱི་གཉིས་སུ་མེད་ཀྱི་ཡི་གེ་ཐ་དད་པ་ཙམ་ཡིན་ནོ། །ཞེས་སོགས་ཀྱིས་ཀྱང་། སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་ཀྱི་སྐུའི་སྤྱིའི་མཚན་ཉིད་རང་བཞིན་འོད་གསལ་ཙམ་ཡོད་པར་བསྟན་གྱི། རང་གི་མཚན་ཉིད་སྟོབས་སོགས་ཀྱི་ཡོན་ཏན་དང་ལྡན་པར་མི་སྟོན། མདོར་ན་ཟག་མེད་དབྱིངས་ལ་ནི། །དོན་གྱིས་རབ་ཏུ་དབྱེ་བ་བཞི། །ཆོས་ཀྱི་སྐུ་ལ་སོགས་པ་ཡིན། །ཞེས་སོགས་དང་། བླ་མེད་ཆོས་ཀྱིས་སྟོང་མ་ཡིན། །ཞེས་དང་། ཡོན་ཏན་རང་བཞིན་ཉིད་ལྡན་ཕྱིར། །ཞེས་སོགས་ནི། ཤིན་ཏུ་དྲི་མེད་ཀྱི་གནས་སྐབས་སྟོན་བྱེད་ཡིན་པས། སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་སྐུ་མཚན་ཉིད་པ་དང་། ཡོན་ཏན་མཚན་ཉིད་པ་ཡོད་པར་སྟོན་བྱེད་ཀྱི་ཤེས་བྱེད་དུ་མི་རིགས་སོ། །དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་དང་། བརྟན་པ་དང་། འདུས་མ་བྱས་པར་བཤད་པའི་དོན་ཡང་། ངོ་བོ་གཏན་མི་འགྱུར་བའི་རྟག་པ་དང་། རྒྱུ་རྐྱེན་གྱིས་འདུས་མ་བྱས་པའི་འདུས་མ་བྱས་སུ་བསྟན་པ་ཡིན་གྱི། སེམས་རང་བཞིན་འོད་གསལ་དེ་ཉིད་མ་དག་པའི་གནས་སྐབས་སུ་ཉོན་མོངས་པ་དང་། ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་གྱིས་རང་གི་ངོ་བོ་མི་འགྱུར་བ་དང་། དག་པ་དང་མ་དག་པའི་གནས་སྐབས་སུ་མ་རིག་བག་ཆགས་ཀྱི་ས་དང་། ཟག་པ་མེད་པའི་ལས་ཀྱིས་སྐྱེས་པའི་ཡིད་ཀྱི་རང་བཞིན་གྱི་ལུས་དང་། བསམ་གྱིས་མི་ཁྱབ་པའི་འཆི་འཕོ་དང་། སྐྱེ་བ་སོགས་རང་གི་ངོ་བོ་མི་འགྱུར་བ་ལ་བསམས་ནས་སེམས་ཅན་གྱི་ཁམས་དང་། དེ་བཞིན་གཤེགས་པའི་སྙིང་པོ་རྟག་པ་དང་། བརྟན་པ་དང་འདུས་མ་བྱས་པ་ཞེས་བརྗོད་ལ། ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་སུ་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་སེམས་ཅན་གྱི་དོན་བྱེད་པའི་ཕྲིན་ལས་གྲུབ་པས་མི་ཟད་པའི་ཡོན་ཏན་དང་ལྡན་པ་དང་། ཕྱི་མའི་མཐའི་མུ་དང་མཚུངས་པ་ལ་དགོངས་ནས་ཆོས་སྐུ་དེ་ཉིད་རྟག་པ་དང་། བརྟན་པ་དང་། ལས་ཉོན་གྱིས་འདུས་མ་བྱས་པ་ཞེས་བརྗོད་དོ། །གནས་སྐབས་ཐམས་ཅད་དུ་སེམས་ཅན་གྱི་རང་བཞིན་འོད་གསལ་ལོ། །དེ་ཉིད་དབང་པོ་གསར་དུ་ཐོབ་པའི་མཚན་ཉིད་ཅན་གྱི་སྐྱེ་བ་དང་། དབང་པོ་འགག་པའི་མཚན་ཉིད་ཅན་གྱི་འཇིག་པ་དང་། སྐྱེས་ནས་མ་ཤིའི་བར་དུ་རིགས་མཐུན་རྒྱུན་མ་ཆད་པར་འཇུག་པའི་གནས་པ་དང་། གནས་སྐབས་གཞན་དུ་འགྱུར་བའི་མཚན་ཉིད་ཅན་གྱི་དགའ་བ་སྟེ། འདུས་བྱས་ཀྱི་མཚན་ཉིད་བཞི་དང་བྲལ་བའི་ཕྱིར། འདུས་མ་བྱས་པ་ཞེས་བརྗོད་ལ། གནས་སྐབས་ཐམས་ཅད་དུ་རང་བཞིན་འོད་གསལ་གྱི་ངོ་བོ་ལ་འགྱུར་བ་མེད་བའི་ཕྱིར་རྟག་པ་ཞེས་བརྗོད་དོ། །དེས་ན་རྟག་བརྟན་སོགས་ཀྱི་དོན་གྱི་སེམས་རང་བཞིན་འོད་གསལ་དེ་ཉིད་ལ་གདུལ་བྱའི་ལོག་རྟོག་འགའ་ཞིག་བསལ་བའི་ཕྱིར། རྟག་བརྟན་སོགས་ཀྱི་སྒྲ་རྣམས་དྲང་བའི་སྒོ་ནས་སྦྱར་བ་ཡིན་གྱི། སེམས་ལས་མ་གཏོགས་པའི་དོན་དམ་པར་གྲུབ་པའི་ཆོས་འགའ་ཞིག་དེ་བཞིན་གཤེགས་པའི་སྙིང་པོར་བསམས་ནས། དེ་ཉིད་རྟག་པ་དང་བརྟན་པ་སོགས་སུ་འཆད་པ་ནི་དབུ་སེམས་གང་གི་ཡང་ལུགས་མ་ཡིན་ཞིང་། བདེ་བར་གཤེགས་པའི་སྙིང་པོ་སྟོན་པའི་མདོ་སྡེ་དང་། དེའི་དགོངས་འགྲེལ་དབུ་མ་ཆོས་དབྱིངས་བསྟོད་པ་དང་། རྒྱུད་བླ་མ་སོགས་བསྟན་བཅོས་གང་གིའང་དགོངས་པ་མ་ཡིན་ནོ། །

སྤྱིར་བདེ་བར་གཤེགས་པའི་སྙིང་པོ་རྣམས་སྟོན་པའི་མདོ་སྡེ་རྣམས་ལ། སྒྲས་དངོས་ཟིན་གྱི་དོན་དང་། དགོངས་གཞིའི་དོན་གཉིས་ཤེས་དགོས་ཏེ། མདོ་སྡེ་དེ་དག་སྒྲ་ཇི་བཞིན་པ་མ་ཡིན་པའི་དྲང་དོན་དུ་དབུ་སེམས་གཉིས་ཀས་འགྲེལ་བའི་ཕྱིར། དེ་ལ་སྒྲའི་དངོས་ཟིན་གྱི་དོན་ནི་སེམས་ཅན་གྱི་གནས་སྐབས་དང་སངས་རྒྱས་ཀྱི་ས་གང་དུ་ཡང་ཐ་སྙད་ཙམ་དུ་ཡང་མ་གྲུབ་ཏེ། མུ་སྟེགས་ཀྱི་བདག་དང་ཁྱད་པར་མེད་པའི་ཕྱིར་རོ། །དགོངས་གཞིའི་དོན་ལ། དབུ་མ་པ་དང་། སེམས་ཙམ་པའི་ལུགས་གཉིས་ལས། དང་པོ་ལ་ཀུན་རྫོབ་བདེན་པས་བསྡུས་པ་དང་། དོན་དམ་བདེན་པས་བསྡུས་པ་གཉིས་ལས། དང་པོ་ནི་སེམས་ཀྱི་རང་གི་ངོ་བོ་རིག་ཅིང་གསལ་བའི་ཆ་གནས་སྐབས་ཐམས་ཅད་དུ་སེམས་ཀྱི་ངོ་བོ་ལ་མི་འཁྲུལ་བ་ལ། ཕ་རོལ་ཏུ་ཕྱིན་པའི་ཐེག་པར་སེམས་དང་། ཀུན་གཞིའི་རྣམ་ཤེས་དང་། ལེན་པའི་རྣམ་ཤེས་དང་། རྣམ་པར་སྨིན་པའི་རྣམ་ཤེས་དང་། བདེ་བར་གཤེགས་པའི་སྙིང་པོ་སོགས་ཀྱི་མིང་གིས་བསྟན་ལ། རྡོ་རྗེ་ཐེག་པར། རྒྱུའི་རྒྱུད། སེམས་སྣང་བ་དང་། སྣང་བ་མཆེད་པ་དང་། སྣང་བ་ཉེར་ཐོབ་དང་། མཁའ་ཁྱབ་མཁའི་རྡོ་རྗེ་ཞེས་སུ་མིང་གཞན་གྱིས་བསྟན་པ་རྣམས་ཡིན་ཞིང་། དེ་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལྟར་ན། ལས་ཉོན་དང་རྣམ་རྟོག་གིས་གཞན་དབང་དུ་གྱུར་པའི་གནས་སྐབས་ན་འཁོར་བ། རྡོ་རྗེ་ཐེག་པ་ལྟར་ན། རང་བཞིན་བརྒྱད་ཅུའི་རྣམ་རྟོག་གམ། གནས་སྐབས་རིགས་བཞིའི་སྒྲིབ་པའི་གཞན་དབང་དུ་གྱུར་པའི་ཕྱིར་འཁོར་བ་པ་ཞེས་བརྗོད་དོ། །སྒྲིབ་པ་དེ་དང་དེ་དག་གིས་རྣམ་པར་དག་པའི་གནས་སྐབས་ན་སངས་རྒྱས་དང་ཐར་པ་ཞེས་བརྗོད་དོ། །

དོན་དེ་ཉིད་དབུ་མ་ཆོས་དབྱིངས་བསྟོད་པ་དང་། སེམས་ཀྱི་རྡོ་རྗེ་ལ་བསྟོད་པ་སོགས་ཀྱིས་གསལ་བར་བྱེད། གཉིས་པ་དོན་དམ་བདེན་པས་བསྡུས་པའི་དགོངས་གཞི་ནི། གོང་དུ་བཤད་པའི་སེམས་དེ་ཉིད་ཡང་དག་པར་ན། ཡོད་མེད་ལ་སོགས་པའི་མཐའ་གང་དུ་ཡང་མི་གནས་པའི་གནས་ལུགས་ཐ་སྙད་དུ་དོན་དམ་པའི་བདེན་པ་ཞེས་མིང་དུ་བཏགས་པ་དེ་ཉིད་ཡིན། དེ་ཉིད་ལ་དགོངས་ནས། དེ་བཞིན་གཤེགས་པའི་སྙིང་པོ་དང་། ཀུན་གཞིའི་རྣམ་ཤེས་སོགས་གསུངས་པའི་ཚུལ། དབུ་མ་ལ་འཇུག་པར། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིང་ཉིད་ཡོད་ཅེས། །གསུངས་པ་དེ་ནི་དེ་ལྟར་ཆེས་ཟབ་དོན། །རིགས་པར་མི་འགྱུར་གང་ཡིན་དེ་ལའོ། །ཞེས་སོགས་དང་། འདི་ནི་དྲང་དོན་ཉིད་དུ་སྟོན་པས་གསུངས་། །འདི་ནི་དྲང་དོན་ཉིད་དུ་རིགས་པས་འཐད། །རྣམ་པ་དེ་ལྟའི་མདོ་སྡེ་གཞན་ཡང་ནི། །དྲང་དོན་ཉིད་དུ་ལུང་འདིས་གསལ་བར་བྱེད། །ཅེས་སོགས་རྩ་འགྲེལ་གྱིས་གསལ་བར་བསྟན་ཏོ། །

གཉིས་པ་སེམས་ཙམ་པའི་ལུགས་ཀྱི་དགོངས་གཞི་ནི། གཙོ་ཆེར་ཀུན་གཞིའི་རྣམ་ཤེས་ཀྱི་གནས་ལུགས་རང་གི་ངོ་བོས་རིག་ཅིང་གསལ་བའི་བདག་ཉིད་དེ་ཉིད་ཡིན་ཏེ། དེ་ཉིད་གཟུང་འཛིན་དུ་མངོན་པར་ཞེན་པའི་བག་ཆགས་ཀྱིས་བསླད་པས་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་སོགས་ཀྱི་རྣམ་པར་སྣང་བ་སྐྱེ་ཞིང་། སྣང་བ་ལྟར་གཟུང་འཛིན་དུ་མངོན་པར་ཞེན་པས། ལས་ཉོན་གྱིས་གཞན་དབང་དུ་འགྱུར་ཏེ། འགྲོ་བ་ལྔའི་འཁོར་བར་སྐྱེ་བ་དང་། འཆི་བ་སོགས་ཀྱི་སྡུག་བསྔལ་མྱོང་བའི་ཚེ་ན། སེམས་ཅན་ཞེས་དང་། འཁོར་བ་ཞེས་བརྗོད་ཀྱི། དེ་ལས་མ་གཏོགས་པའི་འཁོར་བ་ཞེས་བྱ་བ་གཞན་ཅི་ཡང་མེད་དོ། །དེ་ཉིད་མཐོང་སྤང་དང་སྒོམ་སྤང་གི་སྤང་བྱ་ཅི་རིགས་པས་དག་ཅིང་། སྤང་བྱ་མ་ལུས་པས་མ་དག་པའི་གནས་སྐབས་ན། བྱང་ཆུབ་སེམས་དཔའ་སོགས་ལམ་ཞུགས་ཀྱི་གང་ཟག་གི་ཐ་སྙད་འདོགས་ཀྱི་དེ་ལས་མ་གཏོགས་པའི་ལམ་སྒྲུབ་པ་པོ་གཞན་ཅི་ཡང་མེད་དོ། །དེ་ཉིད་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་མཐའ་དག་དང་བྲལ་བས་དག་པ་དང་མ་དག་པའི་གཉིས་སྣང་གི་ངོ་བོ་མ་ལུས་པ་དག་ཅིང་རང་གི་དེ་བཞིན་ཉིད་མེད་ཀྱི་ངོ་བོ་ལ་གནས་སྐབས་ཐམས་ཅད་དུ་གནས་ཏེ། གདུལ་བྱ་ལ་གཟུགས་སྐུ་རྣམ་པ་གཉིས་ཀྱི་སྣང་བ་བསྐྱེད་པའི་སྒོ་ནས། འཁོར་བ་ཇི་སྲིད་དུ་སེམས་ཅན་གྱི་དོན་བྱེད་པའི་ས་ལ་བཞུགས་པ་ནི་སངས་རྒྱས་དང་ཆོས་སྐུ་དང་། ངོ་བོ་ཉིད་སྐུ་ཞེས་སོགས་སོ། །དེ་ལྟར་ཡང་འཕེལ་བ་དང་འགྲིབ་པ་མེད་པར་བསྟན་པའི་མདོ་ལས། ཤ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་བྱེ་བ་མཐའ་ཡས་པས་བཏུམས་པ། འཁོར་བའི་རྒྱུན་གྱིས་ཁྱེར་བ། ཐོག་མ་དང་ཐ་མ་མེད་པའི་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་དག་ཏུ་འཁོར་བའི་འགྲོ་བར་འཆི་བ་དང་སྐྱེ་བ་གང་དུ་འཁོར་བ་ནི་སེམས་ཅན་གྱི་ཁམས་ཞེས་བརྗོད་དོ། །ཤ་རིའི་བུ་ཆོས་ཀྱི་སྐུ་དེ་ཉིད་འཁོར་བའི་རྒྱུན་གྱིས་སྡུག་བསྔལ་ལས་སྐྱོ་བར་གྱུར་པར་འདོད་པ་དང་། ཡུལ་ཐམས་ཅད་ལ་ཆགས་པ་དང་བྲལ་བ། ཕ་རོལ་ཏུ་ཕྱིན་པ་བཅུའི་ཁོངས་སུ་གཏོགས་པ། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གིས་བྱང་ཆུབ་ཀྱི་དོན་དུ་སྤྱད་པ་སྤྱོད་པ་ནི་བྱང་ཆུབ་སེམས་དཔའ་ཞེས་བརྗོད་དོ། །ཤ་རིའི་བུ་ཆོས་སྐུ་དེ་ཉིད་ཉོན་མོངས་པའི་སྦུབས་ཐམས་ཅད་ལས་ཡོངས་སུ་གྲོལ་བ། སྡུག་བསྔལ་ཐམས་ཅད་ལས་འདས་པ་ནི་ཉེ་བའི་ཉོན་མོངས་པའི་དྲི་མ་མཐའ་དག་དང་བྲལ་བ། དག་པ་རྣམ་པར་དག་པ་མཆོག་ཏུ་ཡོངས་སུ་དག་པའི་ཆོས་ཉིད་ལ་གནས་པ། སེམས་ཅན་ཐམས་ཅད་ཀྱི་ལྟ་བར་བྱ་བའི་ས་ལ་ཞུགས་པ། ཤེས་བྱའི་ཆོས་མཐའ་དག་ལ་གཉིས་སུ་མེད་པའི་སྐྱེས་བུའི་མཐུ་ཐོབ་པ། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་མེད་པའི་ཆོས་ཅན་ཆོས་ཐམས་ཅད་ཀྱི་དབང་ཕྱུག་གི་སྟོབས་ཐོགས་པ་མེད་པ་ཐོབ་པ་ནི། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཞེས་བརྗོད་དོ། །ཞེས་གསུངས་པ་ཡིན་ཏེ། དེ་ལྟ་བུའི་རང་བཞིན་འོད་གསལ་དེ། ཉི་མ་དག་པའི་གནས་སྐབས་དག་པར་བྱེད་པའི་རྒྱུ་ཁམས་དང་། འདས་པ་དང་ད་ལྟར་གྱི་སངས་རྒྱས་ཀྱི་ཐུགས་རྒྱུད་ལ་སྣང་བའི་ཤིན་ཏུ་རྣམ་དག་གི་གནས་སྐབས་དེ་ཉིད་དག་བྱེད་ཀྱི་རྐྱེན་བྱང་ཆུབ་དང་ཕྲིན་ལས་གསུམ་དུ་འཇོག་ལ། རྐྱེན་དེ་གསུམ་གྱིས་མ་དག་པའི་རྩ་བ་དེ་ཉིད་རྣམ་པར་སྦྱང་བ་བྱས་པ་ལས་མ་འོངས་པ་ན་འབྲས་བུ་དཀོན་མཆོག་གསུམ་ཐོབ་པར་འགྱུར་བའི་ཚུལ་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་སུ་གསལ་བར་བསྟན་ལ་འབེབས་ཤིང་། དེ་ཉིད་ཀྱི་ཕྱིར་བསྟན་བཅོས་འདིའི་ལུས་ནི་རྡོ་རྗེའི་གནས་བདུན་དུ་བསྟན་ཏོ། །དེ་ལ་ཁམས་ཀྱི་གནས་སྐབས་སུ་སེམས་རང་བཞིན་གྱིས་འོད་གསལ་བ་དེ་ཉིད། ངོ་བོ་དང་རྒྱུ་དང་། འབྲས་བུ་དང་། ལས་དང་། ལྡན་པ་དང་། འཇུག་པའི་རབ་དབྱེ་དང་། གནས་སྐབས་ཀྱི་མིང་དང་། གནས་སྐབས་ཐམས་ཅད་དུ་ཀུན་ཏུ་འགྲོ་བའི་དོན་དང་། རྟག་ཏུ་མི་འགྱུར་བ་དང་། ཡོན་ཏན་དབྱེ་བ་མེད་པ་རྣམས་ཀྱིས་གཏན་ལ་ཕབ་ཏེ། དེ་ལ་ངོ་བོའི་དོན་ནི། རང་བཞིན་འོད་གསལ་དེ་ཉིད་ཤིན་ཏུ་རྣམ་དག་གི་གནས་སྐབས་ན། གདུལ་བྱའི་ཇི་ལྟར་བསམ་པའི་དོན་འགྲུབ་པ་ལ་སོགས་པ་མཐུ་དང་ལྡན་པས་ཆོས་ཀྱི་སྐུ་དང་། མ་དག་པ་དང་། དག་པ་དང་མ་དག་པའི་གནས་སྐབས་སུ་ཤེས་རབ་དང་སྙིང་རྗེ་ཆེན་པོ་བསྐྱེད་པའི་ནུས་པ་དང་ལྡན་པས་རིགས་དང་། གནས་སྐབས་ཐམས་ཅད་དུ་རང་གི་ངོ་བོ་རང་བཞིན་འོད་གསལ་ཞིང་རྣམ་པར་དག་པ་ལས་མི་འགྱུར་བའི་དེ་བཞིན་ཉིད་དེ། གསུམ་པོ་དེ་ནི་ངོ་བོའི་དོན་ཏེ། ཐེག་པ་ཆེན་པོའི་ཆོས་ལ་མོས་པ་དང་། བདག་མེད་གཉིས་རྟོགས་པའི་ཤེས་རབ་དང་། ནམ་མཁའ་མཛོད་ལ་སོགས་པའི་ཏིང་ངེ་འཛིན་བསྒོམ་པ་དང་། སྙིང་རྗེ་ཆེན་པོ་རྣམས་ཀྱིས་ཁམས་དེ་དག་པར་བྱེད་པའི་རྒྱུའི་དོན་ཏོ། །རྒྱུ་བཞི་པོ་དེ་དག་བསྒོམས་པས་སེམས་རང་བཞིན་འོད་གསལ་དེ་ཉིད། འདོད་ཆེན་པ་རྣམས་ཀྱི་ཆོས་ལ་ཁོང་ཁྲོ་བ་དང་། མུ་སྟེགས་བྱེད་རྣམས་ཀྱི་བདག་ཏུ་ལྟ་བ་དང་། ཉན་ཐོས་རྣམས་ཀྱི་འཁོར་བའི་སྡུག་བསྔལ་གྱིས་འཇིགས་པ་དང་། རང་རྒྱལ་རྣམས་ཀྱི་སེམས་ཅན་གྱི་དོན་ལ་མི་ལྟོས་པའི་སྒྲིབ་པ་རྣམས་དང་བྲལ་བས་གཙང་བ་དང་། བདག་དང་བདེ་བ་དང་། རྟག་པའི་ཕ་རོལ་ཏུ་ཕྱིན་པ་འབྲས་བུའི་དོན་ཏོ། །སེམས་རང་བཞིན་འོད་གསལ་བ་དེ་ཉིད་འཁོར་ལོ་བཞིའི་རྐྱེན་དང་ཕྲད་པས་ཐ་ན་ལོག་པ་ཉིད་དུ་ངེས་པའི་སེམས་ཅན་གཞན་ལ་ཡང་འཁོར་བ་ལ་སྐྱོ་བ་དང་། མྱ་ངན་ལས་འདས་པ་ལ་དོན་དུ་གཉེར་བ་སྐྱེ་བ་ནི་ལས་ཀྱི་དོན་ཏོ། །

ལྡན་པའི་དོན་ནི་གཉིས་ཏེ། རྒྱུ་དང་ལྡན་པ་དང་། འབྲས་བུ་དང་ལྡན་པའོ། །དང་པོ་ནི་སྔར་གྱི་ཆོས་ལ་མོས་པ་ལ་སོགས་པ་རྒྱུ་བཞི་པོ་དེ་ཉིད་ཀྱི། དང་པོ་ནི། ཆོས་སྐུ་རྣམ་པར་དག་པའི་རྒྱུ་དང་། བར་མ་གཉིས་ནི་སངས་རྒྱས་ཀྱི་ཡེ་ཤེས་ཐོབ་པའི་རྒྱུ་དང་། ཕྱི་མ་ནི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་འཇུག་པའི་རྒྱུ་ཡིན་པས། ཁམས་དེ་ལ་རྒྱུར་ལྡན་པ་ཞེས་བརྗོད་དོ། །སངས་རྒྱས་ཀྱི་སའི་ཇི་སྙེད་པ་མཁྱེན་པའི་ཆར་གྱུར་པའི་མངོན་པར་ཤེས་པ་ལྔ་དང་། ཇི་ལྟ་བ་མཁྱེན་པའི་ཟག་པ་ཟད་པའི་ཡེ་ཤེས་དང་། དེ་གཉིས་ཀའི་རྟེན་ཟག་པ་ཟད་པ་རྣམས་ནི་འབྲས་བུ་དང་ལྡན་པ་ཞེས་བརྗོད་དེ། ཁམས་ཤིན་ཏུ་རྣམ་པར་དག་པའི་གནས་སྐབས་ཀྱི་ཡོན་ཏན་ཡིན་པའི་ཕྱིར། སོ་སོ་སྐྱེ་བོ་དང་། འཕགས་པ་དང་། དེ་བཞིན་གཤེགས་པ་རྣམས་ཀྱི་དེ་བཞིན་ཉིད་གསུམ་དབྱེ་བ་ལ་ནི་འཇུག་པའི་དོན་ཏོ། །གསུམ་པོ་དེ་ཉིད་ལ་སེམས་ཅན་དང་བྱང་ཆུབ་སེམས་དཔའ་དང་སངས་རྒྱས་ཞེས་མིང་གསུམ་གྱིས་བཏགས་པ་ནི། གནས་སྐབས་ཀྱི་དོན་ཏོ། །རང་བཞིན་འོད་གསལ་དེ་ཉིད་གནས་སྐབས་གསུམ་པོ་དེ་དག་ཏུ་རྗེས་སུ་འགྲོ་བ་ནི་ཀུན་ཏུ་འགྲོ་བའི་དོན་ཏེ། རང་བཞིན་འོད་གསལ་དེ་ཉིད་མ་དག་པའི་གནས་སྐབས་སུ་ཀུན་ནས་ཉོན་མོངས་པ་གསུམ་གྱིས་རང་གི་ངོ་བོ་མི་འགྱུར་ཞིང་། དག་པ་དང་མ་དག་པའི་གནས་སྐབས་སུ་བསམ་གྱིས་མི་ཁྱབ་པར་བསྒྱུར་བའི་འཆི་འཕོ་བ་སོགས་ཀྱིས་མི་འགྱུར་ལ། ཤིན་ཏུ་རྣམ་དག་གི་གནས་སྐབས་སུ་ཡོན་ཏན་གྱི་རང་བཞིན་སྔར་མེད་གསར་དུ་ཐོབ་པར་མི་འགྱུར་བའི་དོན་ཏེ། ཤིན་ཏུ་རྣམ་དག་གི་སྐབས་སུ་རང་བཞིན་འོད་གསལ་དང་། སྟོབས་སོགས་ཡོན་ཏན་རྣམས་ནོར་བུ་དང་། དེའི་མདོག་དབྱིབས་བཞིན་དུ་རྣམ་པར་དབྱེ་བ་མེད་པ་ནི་རྣམ་པར་དབྱེ་བ་མེད་པའི་དོན་ཏེ། རང་བཞིན་འོད་གསལ་དེ་ཉིད་ལུས་ཅན་ཀུན་ལ་ཡོད་པར་མཚོན་པའི་དཔེ་དགུ་ལ། སངས་རྒྱས་དང་། སྦྲང་རྩི་དང་། སྙིང་པོའི་དཔེ་གསུམ་གྱིས་གོ་རིམ་བཞིན་དུ་རང་དོན་ཕུན་ཚོགས་རྟོགས་པ་ཆོས་སྐུ་དང་། གཞན་དོན་ཕུན་ཚོགས་ཟབ་མོ་དོན་དམ་པའི་བདེན་པ་དང་། སྣ་ཚོགས་ཀུན་རྫོབ་ཀྱི་བདེན་པ་སྟོན་པའི་ཆོས་སྐུ་བསྟན་ཏེ། འབྲས་བུ་ལ་བྲོད་པ་བསྐྱེད་པའི་ཕྱིར་རོ། །དེའི་འོག་ཏུ་གསེར་གྱི་དཔེས་ནི་དེ་བཞིན་ཉིད་བསྟན་ཏེ། དེ་དག་གི་རང་བཞིན་ཅི་སྙམ་པ་ལ་གསེར་བཟང་པོ་ལྟར་གནས་སྐབས་ཐམས་ཅད་དུ་མི་འགྱུར་བ་དེ་བཞིན་ཉིད་ཀྱི་རང་བཞིན་ཡིན་ནོ་ཞེས་ཤེས་པར་བྱ་བའི་ཕྱིར་དུའོ། །དེའོ་འོག་ཏུ་དཔེ་གཞན་ལྔས་ནི་འབྲས་བུ་ཕུན་ཚོགས་དེའི་རྒྱུ་བསྟན་ཏེ། འབྲས་བུ་དེ་ཉིད་གདུལ་བྱ་ཡིས་ཇི་ལྟར་ཐོབ་སྙམ་པ་ལ། དེའི་རྒྱུ་ཡོད་པས་དེ་ཐོབ་པར་བྱ་བའི་ཕྱིར་དུ་ལམ་ལ་འབད་པ་ཤེས་པར་བྱ་བའི་ཕྱིར་དུའོ། །དེ་ལ་གཏེར་དང་ལྗོན་ཤིང་གི་དཔེ་གཉིས་ཀྱིས་ནི་རང་བཞིན་དུ་གནས་པ་དང་། རྒྱས་འགྱུར་གྱི་ངོ་བོར་བསྟན་ལ། རྒྱུ་དེ་གཉིས་ལས་འབྲས་བུ་སྐུ་གསུམ་ཇི་ལྟར་ཐོབ་སྙམ་ན། རིན་ཆེན་དང་། འཁོར་ལོས་སྒྱུར་བ་དང་། གསེར་གྱི་གཟུགས་ཀྱི་དཔེ་གསུམ་གྱིས་ནི་རིགས་དེ་གཉིས་ཀྱི་འབྲས་བུ་སྐུ་གསུམ་པོའི་ནུས་པ་བསྟན་ཏེ། དེ་ལྟར་ན་དཔེ་དགུའི་གྲངས་དང་གོ་རིམ་ངེས་པ་ཡང་ངེས་པར་གྲུབ་བོ། །

དེ་ལྟ་བུའི་བདེ་བར་གཤེགས་པའི་སྙིང་པོ་ལྡེམ་པོའི་ངག་གིས་བསྟན་པའི་དགོས་པ་ནི་གཉིས་ཏེ། སྒྲ་ཇི་བཞིན་པའི་དགོས་པ་དང་། དགོངས་གཞིའི་དགོས་པའོ། །དང་པོ་ནི། མུ་སྟེགས་བདག་ཏུ་སྨྲ་བ་ལ་མངོན་པར་ཞེན་པ་རྣམས། བདག་མེད་པའི་འཇིག་པ་སྤངས་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་འཇུག་པའོ། །

གཉིས་པ་ནི། ཐེག་ཆེན་གྱི་རིགས་ཅན་ལས་དང་པོ་པ་རྣམས་ཀྱིས་སེམས་ཞུམ་པ་ལ་སོགས་པའི་ཉེས་པ་ལྔ་སྤངས་ནས་ཡོན་ཏན་ལྔ་སྐྱེས་ལ་དེ་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་བོ། །མདོར་ན་སངས་རྒྱས་ཀྱི་བསྟན་པ་ལ་མ་ཞུགས་པ་འཇུག་པ་དང་། ཞུགས་པ་ལེགས་པར་མཐར་ཕྱིན་པར་བྱེད་པ་ནི། འདིའི་དགོས་པ་ཡིན་ནོ། །ཤིན་ཏུ་ཟབ་པའི་མདོ་སྡེ་རྣམ་མང་ལས། །གསུངས་པའི་དགོངས་ཟབ་བདེ་གཤེགས་སྙིང་པོའི་དོན། །ཤིང་རྟ་ཆེ་རྣམས་ཇི་ལྟར་བཞེད་པའི་ཚུལ། །ལུང་དང་རིགས་པས་ཕྱེ་སྟེ་གསལ་བར་བཤད། །འདི་ལ་གཞན་དུ་གཞན་གྱིས་བཤད་པ་རྣམས། །འགྲིག་འགྲིག་འདྲ་ཡང་རྨོངས་པ་མཚར་བསྐྱེད་ཡིན། །ཡིན་ནམ་མ་ཡིན་མདོ་སྡེའི་མེ་ལོང་ལ། །གཟུར་གནས་བློ་མིག་ལྡན་པ་རྣམས་ཀྱིས་ལྟོས། །འདིར་འབད་དགེ་བ་འོད་སྟོང་ལྡན་པ་དེས། །མཁའ་མཉམ་མི་ཤེས་མུན་པ་ཀུན་བསལ་ནས། །ཇི་ལྟ་ཇི་སྙེད་གཟིགས་པའི་སྤྱན་མངའ་བའི། །ཀུན་མཁྱེན་རྒྱལ་བའི་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །དཔལ་ངམ་རིངས་ཀྱི་ཆོས་གྲྭ་ཆེན་པོར། འཇམ་དབྱངས་ནམ་མཁའ་རིན་ཆེན་སྐུ་མཆེད་ཀྱིས་སྦྱིན་བདག་མཛད་ནས། གཡས་རུ་བྱང་ན་བཞུགས་པའི་སྡེ་སྣོད་འཛིན་པ་རགས་རིམ་བསགས་པའི་དུས་སུ། དྲུང་བདག་པོ་འཇམ་དབྱངས་པ་དང་སྡེ་སྣོད་འཛིན་པ་རྣམས་ཀྱིས་རྒྱུད་བླའི་དོན་རགས་པ་ཚང་བའི་ཡིག་རིགས་གཅིག་ཞུས་པ་ལ་གནང་བའོ། །

གདམས་པ་ནོར་བུའི་ཕྲེང་བ།

གདམས་པ་ནོར་བུའི་ཕྲེང་བ་བཞུགས་སོ། །

སྤྱིར་ཆོས་ཉམས་ལེན་གྱི་གནད་འཁྲུལ་མ་འཁྲུལ། ལྟ་བ་གྲུབ་མཐའ་བཞི། སྤྱོད་པ་ཐེག་པ་གསུམ་གང་རུང་དང་མཐུན་ན་མ་འཁྲུལ། དེ་མེད་ན་ཟབ་ཟབ་འདྲ་ཡང་འཁྲུལ་པ་ཡིན། དེ་ལ་ཁྱེད་ཀྱི་སེམས་རིག་སྟོང་ཟུང་འཇུག་མཐའ་བཞི་སྤྲོས་པ་དང་བྲལ་བ་གཞི། དེ་ཉིད་ཁས་ལེན་དང་བྲལ་བ་ལྟ་བ་དང་མཐུན་པར་བློ་འཇོག་པ་སྒོམ་པའོ། །སྒྱུ་མ་ལྟ་བུར་དཀར་ནག་ལ་བླང་དོར་བྱེད་པ་སྤྱོད་པ། གཞི་ལམ་གཅིག་དུ་འདྲེས་པ་གནས་གྱུར་གྱི་སེམས་འབྲས་བུ། ཞེས་པ་འདི། གྲུབ་མཐའ་དང་བསྟུན་ནས་དབང་པོ་རབ་ཀྱིས་ཉམས་སུ་བླངས་ན། རྣལ་འབྱོར་སྤྱོད་པའི་དབུ་མའི་ལུགས། འབྲིང་གིས་ཉམས་སུ་བླངས་ན། སེམས་ཙམ་པ། མཐའ་མས་ལྟ་བ་གཟུང་འཛིན་ལས་གྲོལ་བའི་བདག་ཤེས་རིག་གི་སྐྱེས་བུ་ངོས་ཟིན་པས་གྲོལ་བར་འདོད་པ་གནས་གྱི་ལུགས། སྒོམ་པ་མཚན་རྟོག་གྱི་ཡིད་ལ་བྱེད་པ་ཤེར་ཕྱིིན་གྱི་རྣལ་འབྱོར་དུ་འདོད་པ་རྒྱ་ནག་ཧ་ཤང་གི་ལུགས་སུ་གོལ་བའི་ཉེན་ཡོད། དེའི་ཕྱིར་སྔ་རབས་ཀྱི་ཕྱག་ཆེན་པ་རྣམས་ལ་ཡང་། རྗེ་མི་ལ་ཡབ་སྲས་རྣལ་འབྱོར་སྤྱོད་པའི་དབུ་མ་པ། དེ་དག་གི་རྗེས་འཇུག་ཁ་ཅིག་སེམས་ཙམ་རྣམ་རྫུན་པ། ཁ་ཅིག་རྣམ་གདེན་པའི་ལྟ་བར་སྣང་། ཆོས་རྗེ་ས་སྐྱ་པས། བླུན་པོ་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །ཞེས་པ་ཕྱག་ཆེན་ཐ་མལ་པ་ལ་དགོངས། དེ་བས་ན་བླ་མ་ཉམས་རྟོགས་ཐོས་པ་དང་ལྡན་པ་ལ་བརྡར་ཤ་དཔྱོད་པ་གལ་ཆེ། དེང་སང་སེམས་གནས་ཆ་ཙམ་དང་ཉམས་བན་བུན་ཙམ་ལ་སྒོམ་དུ་བཟུང་ནས་སྒྲོ་འདོགས་ནང་ནས་ཆོད་པ་སྐད་སྨྲ་བའི་སྒོམ་ཆེན་མང་པོ་ཡོད་དེ་དེ་རྣམས་ཀྱིས་ས་ཅི་ཡང་མི་ཆོད། ཡང་མཉམ་པར་བཞག་དུས། འཛིན་པ་རགས་པ་གགས་པའི་རིག་པ་གསལ་སྟོང་བདེ་ཆ་དང་བཅས་པ་ཡོད་ཟེར་བ་དེ། ཞི་གནས་ཀྱི་ཉམས་བཟང་པོ་ཡིན། ལྷག་མཐོང་གི་ངར་འདོན་པ་ལ་འདི་མེད་ཁ་མེད། འདི་ཁོ་ནས་མི་ཆོག་འདི་དེང་སང་གསལ་ཆ་ལྷག་མཐོང་གནས་ཆ་ཞི་གནས་ཡིན་པས་ཞི་ལྷག་ཟུང་འབྲེལ་གྱི་ལམ་ཕྱག་རྒྱ་ཆེན་པོ་ཡིན་ཞེས་ཡང་དགོན་སོགས་ངོ་སྤྲོད་ཀྱང་། འདི་ལ་ལྷག་མཐོང་མེད། གསལ་ཆ་ཡིས་ལྷག་མཐོང་གི་གོ་མི་ཆོད། ལྷག་མཐོང་གི་རྒྱུར་སྟོང་ཉིད་རྟོགས་པའི་སྒྲོ་འདོགས་ཆོད་པའི་ཐོས་བསམ་གྱི་ལྟ་བ་རྣམ་དག་གཅིག་ངེས་པར་དགོས། ལྟ་བ་དེ་ཞི་གནས་ཀྱི་རྟ་བཟང་པོ་ལ་སྐྱོན་ནས། དྲན་ཤེས་ཀྱིས་རྒྱུན་དུ་བསྐྱང་པས། གནས་ལུགས་ལ་མྱོང་སྟོབས་ཀྱི། སྒྲོ་འདོགས་ཆོད་པའི་ལྷག་མཐོང་གི་རྟོགས་པ་བཟང་པོ་སྐྱེ་བ་ཡིན། ཞི་གནས་ཙམ་གྱིས་ཉོན་མོངས་པའི་མགོ་གནན་པ་ཙམ་ལས། ས་བོན་མི་སྤོང་བས་ཐར་པའི་ལམ་དུ་མི་འགྲོ་བས་ཏེ། ཏིང་ངེ་འཛིན་རྒྱལ་པོར། འཇིག་རྟེན་པ་དག་ཏིང་འཛིན་བསྒོམ་བྱེད་ཀྱང་། །དེ་ཡིས་བདག་དུ་འདུ་ཤེས་ཞིག་མི་ནུས། །དེ་ཡིས་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་། །ལྷག་སྤྱོད་ཀྱིས་ནི་ཏིང་ཛིན་འདིར་བསྒོམས་བཞིན། །ཞེས་གསུངས་པས། སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་ལྡན་པའི་ཏིང་ངེ་འཛིན་ལམ་དུ་འགྲོ་སྟེ། ཡང་མདོ་སྡེ་དེ་ཉིད་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོགས། །སོ་སོར་དེར་རྟོགས་གལ་ཏེ་བསྒོམ་བྱེད་ན། །འབྲས་བུ་མྱ་ངན་འདས་ཐོབ་རྒྱུ་དེ་ཡིན། །རྒྱུ་གཞན་དག་གིས་ཉེ་བར་འགྱུར་མ་ཡིན། །ཅེས་དང་། དབུ་མ་རྒྱན་དུ། ཆོས་ལ་བདག་མེད་མཁས་པ་ཡིས། །རང་བཞིན་མེད་པ་སྒོམས་བྱས་ན། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང་། །ཞེས་གསུངས། དེ་བས་ན། ཞི་གནས་ཀྱིས་སེམས་གནས་པ་ཐོབ་ནས་ལྷག་མཐོང་གི་ཡེ་ཤེས་སྐྱེད་པའི་བསྒོམ་པ་ལ་འབད་དགོས། ལྷག་མཐོང་གི་རྒྱུར་གནས་ལུགས་ལ་སྒྲོ་འདོགས་ཆོད་པའི་ལྟ་བ་རྣམ་དག་དགོས། དེའི་རྒྱུར་བླ་མ་མཁས་པ་ལ་གཏུགས་ནས་མདོ་རྒྱུད་ཟབ་མོ་ལ་ཐོས་བསམ་གྱིས་སྒྲོ་མདོགས་བཅད་དགོས་པ་ཡིན། ཡང་རྗེས་ཐོབ་དུ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དྲན་པས་བསྐྱང་པ་ན། རྩ་ཆད་དུ་བུན་ལོངས་རྟོགས་ཟེར་གྱིས་འགྲོ་ཟེར་བ་དེ་ལམ་དུ་ཤིན་ཏུ་ཡང་འགྲོ། དེའི་ཚེ་སྒྱུ་མ་ལྟ་བུར་དྲན་པ་དེ་ཉིད་ལྷག་མཐོང་ཡིན་པས། དྲན་པ་དེ་ཉིད་ཞི་གནས་ངར་མ་ཡལ་གྱི་བར། རྟོག་པ་གཞན་གྱིས་བར་མ་ཆོད་པར་བྱས་ནས་རྒྱུན་དུ་སྐྱོང་བ་གལ་ཆེ། དེང་སང་ཟབ་ལམ་བ སྒོམ་པ་མང་པོ་དེ་འདྲ་རྟོག་སྒོམ་ཡིན་སྙིང་པོ་མེད་ཟེར་ཏེ། ལྷག་མཐོང་གི་གནད་མ་གོ་བ་ཡིན། སོ་སོ་སྐྱེ་བོ་ལ་ཞི་གནས་རྟོག་མེད་དུ་སྐྱེ་ཡང་། ལྷག་མཐོང་རྟོག་བཅས་སུ་སྐྱེ་བ་ཡིན། ལྷག་མཐོང་རྟོག་བཅས་དེ་ཉིད་གོམས་པར་བྱས་པས། མཐར་འཕགས་ལམ་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ཡིན། ཡང་ཆོས་རྗེ་ས་སྐྱ་པས། དཔེའི་ཕྱག་ཆེན་དབང་བཞི་པ་ལ་མི་བཞེད། དབང་གསུམ་པའི་ཡེ་ཤེས་དཔེའི་ཕྱག་ཆེན་དང་། བཞི་པའི་ཡེ་ཤེས་དོན་གྱི་ཕྱག་ཆེན་དུ་བཞེད། དུས་འཁོར་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་བསྐྱེད་རིམ་དང་། འདུས་པ་བ་ཀུན་རྫོབ་སྒྱུ་མ་བསྐྱེད་རིམ་དུ་མི་བཞེད། གཉིས་ཀ་རྫོགས་རིམ་དུ་བྱེད་པ་ཡིན་ན། ཡང་ཐ་དད་ཀྱི་སྤྲོས་པ་ཐམས་ཅད་ཐ་མི་དད་དུ་རོ་གཅིག་པའི་མྱོང་བ་སྐྱེས་ན། ཟུང་འཇུག་གི་ཉམས་ལེན་དུ་འགྲོའམ་ཟེར་བ་དེ། སྤྱིར་མདོ་སྔགས་ཐམས་ཅད་ཀྱི་མཐར་ཐུག་གི་སྐྱེལ་ས་ཟུང་འཇུག་ཡིན་ཡང་། ད་ལྟ་སོ་སྐྱེའི་གནས་སྐབས་སུ་ཟུང་འཇུག་དོན་སྤྱིའི་ཚུལ་གྱིས་གོམས་པར་བྱེད་པ་ཙམ་ལས་ཟུང་འཇུག་གི་མྱོང་བ་མཚན་ཉིད་པ་མི་སྐྱེ། གསང་སྔགས་པ་ས་ཐོབ་ནས། སྤྱོད་པ་གསུམ་གང་རུང་གྱི་མཉམ་རྗེས་སྲེ་བའི་ཟུང་འཇུག་གི་ཉམས་ལེན་གོམས་པར་བྱས་ནས། ཚེ་འདི་ཉིད་ལ་ཟུང་འཇུག་མཐར་ཕྱིན་པ་རྡོ་རྗེ་འཆང་གི་གོ་འཕང་རྫོགས་པར་བྱེད་པ། འཕགས་པ་ཡབ་སྲས་ཀྱི་བཞེད་པ་ཡིན། ཕར་ཕྱིན་གྱི་ཐེག་པ་བ་ས་བཅུ་པའི་རྗེས་ཐོབ་དུ། འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་སོགས་ཐབས་ཀྱི་ཆ་མ་ལུས་པར་སྤྱོད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་བསྐལ་པ་གྲངས་མེད་གཉིས་ལ་སོགས་པར་གོམས་པར་བྱས་ནས། ས་བཅུའི་སྐྱེ་བ་གཅིག་གིས་ཐོགས་པའི་ས་ལ་ཟུང་འཇུག་མཐར་ཕྱིན་པ། དཔའ་བ་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བཤད། ད་ལྟ་ཞི་གནས་ཀྱི་ཉམས་བཟང་དུས། གཉིས་འཛིན་ཐམས་ཅད་ཞིག་པ་སྙམ་བྱེད་པ་བྱུང་བ་ཞི་གནས་ཀྱི་མཐུ་ཡིན། ཟུང་འཇུག་གི་མྱོང་བའི་གོ་མི་ཆོད། ད་ལྟ་ཟུང་འཇུག་ལ་གོམས་པར་བྱེད་ན། ཆོས་ཐམས་ཅད་སྒྱུ་མ་ལྟར་དྲན་པའི་ངང་ནས་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལ་འཇུག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དུ་གཙུག་ན་རིན་པོ་ཆེའི་མདོ་ལས་བཤད་པ་ལྟར་ཉམས་སུ་བླང་རྒྱུ་ཡིན། གཞན་ཕན་སོགས་ཀྱིས་མ་ཟིན་ན་ཉམས་རྐྱང་པ་རང་གི་མི་ཐུབ་ཟེར་བ་ཤིན་ཏུ་བདེན། དེའི་ཕྱིར་འཁོར་བ་ལ་ངེས་འབྱུང་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ལ་འབད་དགོས་པ་ལགས་སོ། །སངས་རྒྱས་འཇིག་རྟེན་འབྱུང་བ་བརྒྱ་ལམ་ན། །དལ་དང་འབྱོར་པ་སྙེད་པ་སྲིད་པ་ཙམ། །ཚེ་ཡང་མི་རྟག་གཡོ་བའི་ང ང་ཚུལ་ཅན། །དོན་ཆེན་སྒྲུབ་ལ་ཅི་སྟེ་བརྩོན་མི་བྱེད། །ཐོག་མེད་ལས་ཀྱི་འཕེན་པ་ཤུགས་དྲག་ཅིང་། །སྲིད་པའི་རྒྱ་མཚོ་ཟབ་ཅིང་གཏིང་དཔོག་དཀའ། །དལ་འབྱོར་གྲུབ་ཆེན་རྙེད་དུས་མ་འབད་ན། །ངན་འགྲོའི་ཀློང་དུ་ཚུད་ཚེ་ཅི་བྱར་ཡོད། །མཉམ་གཞག་སྤྲོས་བྲལ་ནམ་མཁའི་རྣལ་འབྱོར་དང་། །རྗེས་ཐོབ་རྟེན་འབྲེལ་སྒྱུ་མའི་གྲོང་ཁྱེར་གྱི། །བདེན་གཉིས་དོན་ལ་རྒྱུན་དུ་གོམས་བྱས་ནས། །ཚོགས་གཉིས་མྱུར་རྫོགས་དོན་གཉིས་འགྲུབ་པར་མཛོད། །ཅེས་པ་བླ་རྩེར་བཞུགས་དུས་ནེ་པོ་བས་དྲི་བ་ཞུས་པ་ལ་གནང་བའོ། །ཤུ་ུབྷཾ།། །།

བྱང་ཆུབ་ལམ་གྱི་སྒྲོན་མེ།

བྱང་ཆུབ་ལམ་གྱི་སྒྲོན་མེ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ལ་ཕྱག་འཚལ་ལོ། །གང་གིས་དལ་དང་འབྱོར་པའི་ལུས་ཐོབ་སྟེ། །མོས་དགེ་ཕུན་ཚོགས་འཁོར་ལོ་བཞི་ལྡན་པས། །གཅིག་ཏུ་དགེ་བའི་ལམ་ལ་སློབ་འདོད་རྣམས། །བྱང་ཆུབ་སྒྲུབ་པའི་ཚུལ་འདི་ཉན་པར་གྱིས། །རྒྱ་མཚོ་ཆེར་གཡེང་མཉའ་ཤིང་བུ་ག་རུ། །བརྒྱ་ལམ་འབྱུང་བའི་རུས་སྦལ་མགྲིན་ཆུད་ལྟར། །དལ་དང་འབྱོར་པའི་ལུས་འདི་རྙེད་དཀའ་ན། །སེམས་ཡོད་སུ་ཞིག་འདི་འབྲས་མེད་པར་བྱེད། །མང་དུ་ཐོས་བྱ་ཚུལ་བཞིན་བསམ་པར་བྱ། །དབེན་པའི་གནས་སུ་ཚུལ་བཞིན་བསྒོམ་པར་བྱ། །ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ནས་ཚེགས་ཆུང་ཐར་བར་འགྱུར། །སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་དང་འདྲ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཇི་ལྟར་སྐྱེས་བུ་ལག་ན་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་བསོད་པའི་གནས་སུ་ཕྱིན་བྱེད་ལྟར། །དེ་བཞིན་སྐྱེ་རྒ་ན་དང་འཆི་བ་ཡིས། །སྐྱེ་བོ་འདི་ཀུན་འཆི་བདག་དྲུང་དུ་བསྐྱེལ། །ཇི་ལྟར་ཆུ་བྲན་སོ་སོར་གྱེས་པ་ཡི། །ཆུ་ཀླུང་ཆེ་རྣམས་ཟད་པར་བྱེད་པ་ལྟར། །དེ་བཞིན་ཉིན་མཚན་སོ་སོར་འདས་པ་ཡི། །མི་རྣམས་ཚེ་ཡང་མྱུར་དུ་གླག་པར་བྱེད། །གང་དུ་གནས་ན་འཆི་བདག་མི་འབྱུང་བའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །རྒྱ་མཚོ་ལ་མེད་བར་སྣང་དག་ནའང་མེད། །རི་བོ་རྣམས་ཀྱི་བསེབ་དུ་ཞུགས་ནའང་མིན། །བྱུང་དང་འབྱུང་བར་འགྱུར་བ་ཇི་སྙེད་པ། །ཀུན་གྱི་ལུས་འདི་བླངས་ནས་འདས་གྱུར་ཅིང་། །གདོན་མི་ཟ་བར་འཇིག་འགྱུར་ཤེས་བྱ་སྟེ། །མགོ་ལ་མེ་ཤོར་ཟློག་གཞིན་བརྩོན་པར་བྱ། །རྒྱལ་དང་དེ་སྲས་རྣམས་ཀྱི་བགྲོས་གཅིག་ལམ། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །ཐ་དག་སྒྲོལ་འདོད་བྱང་ཆུབ་རབ་མཆོག་སྟེ། །ཆོས་གསུམ་འདི་དག་འབད་དེ་རྒྱུན་དུ་སྦྱངས། །དང་པོ་ང་ཞེས་བདག་ལ་མངོན་ཞེན་ཅིང་། །བདག་གི་འདི་ཞེས་དངོས་ལ་ཆགས་སྐྱེད་ནས། །ཟོ་ཆུན་འཕྱན་ལྟར་རང་དབང་མེད་པ་ཡི། །འགྲོ་བ་འདི་ལ་སྙིང་རྗེའི་སེམས་ཀྱིས་ལྟ། །འགྲོ་བ་སྒྲོལ་ཕྱིར་རྫོགས་པའི་བྱང་ཆུབ་ལ། །སྨོན་པའི་སེམས་ནི་ཡང་དག་སྐྱེད་བྱ་སྟེ། །དེ་དང་རྗེས་མཐུན་རྒྱལ་སྲས་སྤྱོད་པ་ལའང་། །ཇི་ལྟར་ནུས་པ་བཞིན་དུ་བློ་སྦྱང་བྱ། །ཉོན་མོངས་ལས་དང་སྐྱེ་བ་མ་ལུས་པ། །འཇིག་ཚོགས་ལྟ་ལས་བྱུང་བར་ཤེས་བྱས་ནས། །ཕུང་གྲོལ་རྩ་བ་བདག་དང་བདག་གི་བ། །འཛིན་པའི་ཚུལ་འདི་འབད་པས་གཞོམ་པར་བྱ། །ཇི་སྲིད་ཕུང་པོར་འཛིན་ཡོད་དེ་སྲིད་དུ། །ང་དང་ང་ཡིར་འཛིན་པ་ཟློག་མི་ནུས། །དེ་ཕྱིར་ལུང་དང་རིགས་པའི་རྗེས་འབྲངས་ནས། །རྣམ་དཔྱོད་མེ་ཡིས་ཕུང་པོ་བུད་ཤིང་བསྲེག །བདག་དང་གཞན་དང་གཉིས་དང་རྒྱུ་མེད་ལས། །སྐྱེ་བ་མེད་ཕྱིར་དངོས་རྣམས་རང་བཞིན་སྟོང་། །ཡང་ན་གཅིག་དང་དུ་མའི་ངོ་བོ་ཉིད། །མེད་པའི་ཕྱིར་ན་གཟུགས་བརྙན་བཞིན་དུ་སྟོང་། །སྒྱུ་མ་མིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །ཆུའི་ཟླ་བ་བྲག་ཆའི་སྒྲ་བཞིན་དུ། །རབ་ཏུ་གྲགས་པའི་རྒྱུ་དང་རྐྱེན་དག་ལ། །བརྟེན་ནས་འབྱུང་ཕྱིར་ཤིན་ཏུ་མེད་པའང་མིན། །བརྗོད་མེད་ཕྱོགས་བྲལ་འཛིན་པ་ཀུན་སྤངས་པའི། །དོན་དེ་དབུ་མའི་ལམ་དུ་མཁས་རྣམས་བཞེད། །གང་ཞིག་དབུ་མའི་ལམ་ལ་རབ་ཞུགས་པ། །དེ་ནི་སངས་རྒྱས་དགོངས་པའི་ལམ་ལ་ཞུགས། །ཇི་སྲིད་ཚིག་གི་བརྗོད་ནུས་དེ་སྲིད་དུ། །རྣམ་རྟོག་དྲ་བ་སྤེལ་བྱེད་སྤྲོས་པ་ཡིན། །གནས་ལུགས་ཚིག་གིས་བརྗོད་མེད་ངག་ཡུལ་མིན། །རྟོག་པས་བཏགས་བྱ་མ་ཡིན་སྤྲོས་དང་བྲལ། །ཚིག་གི་ལམ་ནས་དེ་ཉིད་གང་སྟོན་པ། །དེ་དག་མཁའ་ལ་ཚོན་གྱིས་རི་མོ་འབྲི། །དེ་ཕྱིར་བརྗོད་བྲལ་ནམ་མཁའི་མཚན་ཉིད་དེ། །རྒྱལ་བ་རྣམས་ཀྱིས་དེ་ཉིད་ཡིན་པར་གསུངས། ཁོ་བོ་དེ་ལྟའི་དོན་ལ་སེམས་འཇོག་པ། །དེ་ནི་ཡང་དག་དོན་ལ་མཉམ་འཇོག་ཅིང་། །ཤེས་རབ་ཕ་རོལ་ཕྱིན་པའི་དོན་བསྒོམས་ཏེ། །མཐོང་བའི་ཆོས་ལ་མྱ་ངན་འདས་པའང་ཡིན། །ཡོད་དང་མེད་དང་གཉིས་དང་གཉིས་མིན་སོགས། །གང་ཡང་རུང་བའི་མཐའ་ལ་སེམས་གནས་པ། །དེ་ནི་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཉོན་མོངས་སྦྲུལ་གྱིས་ཟིན་འགྱུར་ཐེ་ཚོམ་མེད། །བློ་གྲོས་གང་ལའང་མི་གནས་གནས་པའི་མཆོག །མཚན་མ་ཅི་ཡང་མ་རྟོགས་རྟོགས་པའི་རབ། །ཀུན་རྟོག་ཉེ་བར་ཞི་བ་བདེ་བའི་རབ། །བརྗོད་བྲལ་དོན་འདི་མཉམ་གཞག་རྣལ་འབྱོར་ཡིན། །རྟག་ཏུ་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས། །རྗེས་ཐོབ་རྟེན་འབྲེལ་ལམ་གྱི་ཁྱེར་སོ་ཞེས། །རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོར་བསྔགས། །ཇི་ལྟར་ཤིང་དང་རྒྱུད་ལ་བརྟེན་བྱས་ཤིང་། །ལག་པའི་རྩོལ་བ་བྱས་པ་གསུམ་འཚོགས་ན། །སྒྲོག་བྱེད་པི་ཝང་གླིང་བུ་ལ་སོགས་ལ། །དེ་དག་ལ་བརྟེན་སྒྲ་ཡང་འབྱུང་བར་འགྱུར། །དེ་ནི་གང་ནས་འོངས་ཞིང་གར་སོང་ཞེས། །དེ་ལ་མཁས་པ་ལ་ལས་བརྟག་བྱས་ན། །སྒྲའི་འོང་བའམ་འགྲོ་བ་རྙེད་མི་འགྱུར། །དེ་ལྟར་རྒྱུ་རྣམས་དང་ནི་རྐྱེན་དག་ལས། །འདུ་བྱེད་འགྱུར་བ་ཐམས་ཅད་འབྱུང་བ་སྟེ། །འདུ་བྱེད་སྟོང་པ་གཡོ་བ་མེད་པར་ནི། །དེ་ཉིད་མཐོང་བའི་རྣལ་འབྱོར་པ་ཡིས་ཤེས། །ནང་ཡང་སྟོང་ལ་ཕྱི་རོལ་རྣམས་ཀྱང་སྟོོང་། །སེམས་ཅན་བདག་གིས་སྟོང་ཞིང་བཤེས་མེད་དེ། །ཆོས་ཀྱི་མཚན་ཉིད་ནམ་མཁའི་ངོ་བོ་ཉིད། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་དུ། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་འཇིག་རྟེན་སྣང་བ་གང་ཡང་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་བ། །དེའི་གཟུགས་བརྙན་དྭངས་པའི་མཚོར་སྣང་སྟེ། །ཟླ་བ་ཆུའི་ནང་དུ་འཕོས་པ་མེད། །ཆོས་ཀུན་མཚན་ཉིད་དེ་འདྲར་ཤེས་པར་གྱིས། །ཇི་ལྟ་མཁའ་ལ་དྲི་ཟའི་གྲོང་ཁྱེར་སྣང་། །གྲོང་ཁྱེར་ཕྱོགས་བཅུ་ཡོད་མིན་གང་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་བསྟན་པར་ཟད། །ཡུལ་འཁོར་སྡེ་སྲིད་དག་ཀྱང་དེ་བཞིན་ནོ། །

ཇི་ལྟར་སོས་ཁའི་ཉི་མ་ཕྱེད་དུས་སུ། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡི། །མིག་སྒྱུ་དག་ལ་ཆུའི་ཕུང་པོར་མཐོང་། །འདོད་ཡོན་བདེ་ལ་ཆགས་པའང་དེ་བཞིན་ནོ། །སྲང་ཕུག་རི་རྫོང་ཅོང་རོང་གནས་རྣམས་སུ། །སྐྱེས་བུ་གླུ་ལེན་ངུ་དང་རྒོད་པ་དང་། །བྲག་ཆ་སྣང་ཡང་དེ་ན་ཡོད་པ་མིན། །བསྟོད་སྨད་སྙན་གྲགས་དག་ཀྱང་དེ་བཞིན་ནོ། །བྲག་ཕུག་རི་རྫོང་ཆུ་ཀླུང་ངོགས་དག་དུ། །དེ་དག་ལ་བརྟེན་བྲག་ཆ་བྱུང་ཇི་ལྟར། །དེ་བཞིན་འདུས་བྱས་འདི་ཀུན་ཤེས་པར་གྱིས། །འགྲོ་བ་ཐམས་ཅད་སྒྱུ་མ་མིག་རྒྱུར་མཚུངས། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་སུ། །སྐྱེས་བུ་སྐོམ་པས་གདུངས་ཤིང་འགྲོ་བ་ཡི། །མིག་རྒྱུ་དག་ལ་ཆུའི་ཕུང་པོར་མཐོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །མིག་རྒྱུ་ལ་ནི་ཆུ་ནི་ཡོང་མེད་ན། །སེམས་ཅན་རྨོངས་པས་དེ་ལ་འཐུང་འདོད་ཟེར། །མི་བདེན་ཆུ་ནི་བཏུང་བར་ཡོང་མི་ནུས། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་བར་སྣང་ལ་ནི་སྤྲིན་མེད་པར། །སྐད་ཅིག་ལ་ནི་སྤྲིན་གྱིི་དཀྱིལ་འཁོར་སྣང་། །ཐོག་མ་གང་ནས་བྱུང་བ་ཤེས་པར་བྱ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མིག་རྒྱུ་དྲི་ཟའི་གྲོང་ཁྱེར་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་ལྟ་བུ། །མཚན་མ་སྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ན་སུ་ཡང་མི་འཆི་སྐྱེ་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་ཐམས་ཅད་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུའི་ཟླ་བ་འདྲ་ཞིང་མིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདི་ནས་ཤི་ནས་ནི། །འཇིག་རྟེན་ཕ་རོལ་དག་ཏུ་འཕོ་མེད་ཀྱང་། །ལས་བྱས་རྣམས་ནི་ནམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་ལས་འབྲས་སྨིན། །དེ་ལྟར་རྟེན་འབྱུང་ཟབ་མོའི་ལམ་འདི་ནི། །རྣལ་འབྱོར་རྗེས་ཐོབ་ལམ་གྱི་ཁྱེར་སོ་ཡིན། །རྟག་ཏུ་སངས་རྒྱས་འབྱུང་བ་མཉེས་བྱེད་སོགས། །བྱང་ཆུབ་སྤྱོད་པ་ཡོངས་སུ་རྫོགས་བྱེད་ཐབས། །རྒྱལ་དང་དེ་སྲས་རྣམས་ཀྱིས་སྨོན་པ་ཡི། །སྨོན་ལམ་ཆེ་རྣམས་མདུན་པའི་སེམས་ཀྱིས་བཏབ། །དེ་ལྟར་བསྒྲུབས་པའི་དགེ་བ་ཇི་སྙེད་པ། །སྣང་སྟོང་སྒྱུ་མ་ལྟ་བུའི་བློ་གྲོས་ཀྱིས། །སྲིད་དང་ཞི་བའི་མཐའ་ལ་མི་གནས་པ། །གཞན་ཕན་བློ་ཡིས་བྱང་ཆུབ་ཆེན་པོར་བསྔོ། །ཅེས་པ་སྒྲུབ་པ་ནན་ཏན་སྙིང་པོར་བྱེད་པ་སྒྲུབ་པ་པོ་བརྩོན་འགྲུས་སེང་གེ་ལ་གདམས་པའོ། །བྱང་ཆུབ་ལམ་གྱི་སྒྲོན་མེ་ཞེས་བྱ་བ། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བ་རྫོགས་སོ། །

སི་ཏུ་ཆོས་རིན་ལ་གདམས་པ།

སི་ཏུ་ཆོས་རིན་ལ་གདམས་པ་བཞུགས།

ཆོས་ཀྱི་རྒྱལ་པོའི་བསྟན་ལ་རབ་དད་ཅིང་། །རིན་ཆེན་དལ་འབྱོར་མངོན་མཐོའི་དཔལ་གྱིས་བརྗིད། །ཆབ་སྲིད་དེས་པས་སྐྱོང་བའི་དཔལ་ཡོན་ཅན་། །མི་དབང་ཁྱེད་ལ་ཆོས་ཀྱི་སྐྱེས་འདི་འབུལ། །རྙེད་དཀའ་དལ་འབྱོར་མི་རྟག་གཞན་དབང་ཅན། །རླུང་ནང་མར་མེ་འབབ་ཆུའི་རྒྱུན་དང་མཚུངས། །དཀར་ནག་ལས་འབྲས་རང་ལུས་གྲིབ་མ་བཞིན། །འབྲལ་མེད་རྗེས་སུ་འབྲང་ངོ་ཆོས་ལ་སྤྱོད། །རབ་ཏུ་བརྟན་པའི་ལྷུན་པོ་འཇིག་འགྱུར་ན། །ཆུ་བུར་ལྟ་བུའི་ལུས་ལ་སྨོས་ཅི་འཚལ། །ལྷན་ཅིག་སྐྱེས་པའི་ཤ་རུས་འབྲལ་འགྱུར་ན། །གློ་བུར་ལྟ་བུའི་གྲོགས་ལ་ཡིད་བརྟན་ཅི། །སྐྱེ་བ་ཅན་ཀུན་འཆི་བདག་དྲུང་དུ་སྙེག །ནད་མེད་ལང་མཚོ་ལྡན་པ་ན་རྒས་འཇོམས། །ཕུན་ཚོགས་ཐམས་ཅད་རྒུད་པའི་ཐ་ལ་བརྟེན། །རྩི་ཤིང་ལོ་མའི་ཚོགས་ལ་མེ་དང་ནི། །རྒྱ་མཚོའི་སྲོག་ཆགས་དག་ལ་ཆུ་སྲིན་བཞིན། །སྐྱེ་བོ་འདི་ཀུན་གང་གིས་འཇོགས་བྱེད་པའི། །ཐར་བྱེད་དེ་ལ་བྲོས་པའི་ཐབས་མཛོད་ཅིག ། ནོར་ལྡན་ཕྱུག་པོའི་ནོར་གྱིས་སླུར་མེད་ཅིང་། །སྟོབས་ལྡན་དཔའ་བོའི་གཡུལ་ངོ་སྤྲད་དུ་མེད། །གཞོན་ནུ་མ་ལ་ངོ་ལྟ་མི་བྱེད་པའི། །འཆི་བདག་དེ་ལ་བྲོས་པའི་ཐབས་མཛོད་ཅིག། ཟིན་དང་མ་ཟིན་ལས་འཕྲོ་མི་སྒྲུབ་པའི། །རྒན་གཞོན་བར་མའི་རྣམ་དབྱེ་མི་འབྱེད་པར། །འཚོ་བའི་འཇིག་རྟེན་མ་ལུས་ཟ་བྱེད་པའི། །གཤིན་རྗེ་དེ་ལ་བྲོས་པའི་ཐབས་འཛོད་ཅིག །གང་དུ་གནས་ན་འཆི་བདག་མི་འབྱུང་བའི། །གནས་དེ་ས་འོག་ས་སྟེང་ས་བླ་ཡི། །འཇིག་རྟེན་གསུམ་ན་མེད་ཅེས་རྒྱལ་བས་གསུངས། །སྟོབས་ལྡན་དེ་ལ་བྲོས་པའི་ཐབས་མཛོད་ཅིག །བཤེས་གཉེན་བཟང་པོའི་དེད་དཔོན་ལ་བརྟེན་ཅིང་། །ཐེག་མཆོག་འགྲོ་མགྱོགས་བརྩོན་པའི་སྲབ་སྐྱོག་ཅན། །ཐབས་ཤེས་ལྡན་པའི་ཞོན་པ་ལ་བརྟེན་ནས། །མི་མེད་ཐར་པའི་གྲོང་དུ་སྙེགས་པར་རིགས། །སེ་ཏུ་ཆོས་རིན་ལ་གདམས་པའོ། །ཤུ་བྷཾ།། །།

གྲུབ་ཆེན་མ་དཔལ་མོ་ལ་གདམས་པ།

གྲུབ་ཆེན་མ་དཔལ་མོ་ལ་གདམས་པ་བཞུགས།

སྲིད་པའི་དཔལ་འབྱོར་ཆུའི་ཟླ་བ་དང་། །དབང་པོའི་གཞུ་དང་མིག་འཕྲུལ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་སྟོང་པ་དང་། །གསོག་པ་གསོབ་དང་སྙིང་པོ་མེད་པ་ལགས། །གྲོགས་དང་ཉེ་དུ་ཚོང་འདུས་མགྲོན་པོའི་ཚུལ། །ཉམས་ཆུང་ལུས་འདི་འབབ་ཆུའི་དབུ་བ་བཞིན། །གནོད་མང་སྲོག་ནི་རླུང་ནང་མར་མེ་བཞིན། །ནམ་མཁའི་གློག་དང་སྟོན་ཁའི་སྤྲིན་བཞིན་གཡོ། །ང་རྒྱལ་རྒྱགས་དང་དྲེགས་པ་སྐྱེད་པའི་གཞི། །འཁོར་དང་ལོངས་སྤྱོད་ལང་མཚོའི་དཔལ་རྣམས་ཀྱང་། །མིག་རྒྱུའི་ཆུ་དང་ནམ་མཁའི་འཇའ་ཚོན་བཞིན། །བྱིས་པའི་བློ་ཅན་རྨོངས་པ་སྐྱེད་པར་ཟད། །སྔོན་བསགས་བསོད་ནམས་ཆུ་གཏེར་ལས་བྱུང་བའི། །དལ་འབྱོར་ཆུ་སྐྱེས་ལང་འཚོའི་ཟི་འབྲུ་ཅན། །ཆོ་རིགས་བཟང་པོའི་དྲི་བསུང་དང་ལྡན་པ། །གང་གིས་ཐོབ་དེའང་སྟོན་ཁའི་མེ་ཏོག་བཞིན། །དེ་ཕྱིིར་སྲིད་པའི་བདེ་ལ་ཆགས་སྤངས་ནས། །ཐུབ་པས་བསྔགས་པའི་བརྟུལ་ཞུགས་བཟང་ནོས་ཏེ། །རྟག་ཏུ་ཚངས་སྤྱོད་སྡོམ་པ་ལ་གནས་པས། །དལ་འབྱོར་སྐུ་ཚེ་འབྲས་དང་ལྡན་པར་མཛོད། །གང་ལ་སྐྱབས་ན་སླུ་མེད་དཀོན་མཆོག་གསུམ། །འདི་ཕྱི་དཔལ་མགོན་ལགས་པས་དེ་ལ་བརྟེན། །དགེ་ལེགས་ནོར་འཕྲོག་སྡིག་པའི་གྲོགས་པོ་དང་། །འབད་ཀྱང་དོན་ཆུང་ཚེ་འདིའི་འདུན་མ་ཡང་། །དཀར་ནག་ལས་འབྲས་ནམ་ཡང་མི་སླུ་ཞིང་། །ལས་ཀྱང་གྲིབ་མ་བཞིན་དུ་རྗེས་འབྲང་ཕྱིར། །སྲོག་གི་ཕྱིར་ཡང་སླན་ཆད་སྡིག་པའི་ལས། །བཞིན་བཟང་ཁྱེད་ཀྱིས་ནམ་ཡང་མི་བགྱིས་འཚལ། །སྦྱིན་དང་ཚུལ་ཁྲིམས་དགེ་བ་ལྷ་མིའི་དཔལ། །སྟེར་བའི་གཉེན་མཆོག་ལགས་པར་ཐུབ་པས་གསུངས། །བསོད་ནམས་ཞིང་གྱུར་ཚུལ་ལྡན་དགེ་སྦྱོང་དང་། །སངས་རྒྱས་མཆོད་པའི་དགེ་བ་དགེས་པར་མཛོད། །

གྱ་གྱུའི་སེམས་ལྡན་གཡོ་བའི་ངང་ཚུལ་ཅན། །བུད་མེད་ལུས་ཀྱང་དམ་པས་བསྔགས་འོས་མིན། །དེ་ཕྱིན་ཆད་དུ་སྐྱེ་བ་དམན་པའི་ལུས། །ནམ་ཡང་ལེན་པ་མེད་པར་ཁྱེད་བཞེད་ན། །རྒྱལ་སྲས་ཡེ་ཤེས་བླ་མ་འོད་ཀྱི་ཏོག །དེ་བཞིན་མེ་ལོང་བློ་གྲོས་ཞེས་བྱ་དང་། །དབང་པོ་ཞི་དང་འཇམ་དཔལ་དབྱངས་རྣམས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་མཛོད་ཅིག །མཛའ་བཤེས་ཡིད་བ ཅུགས་ཅམ་བུར་སྨྲ་རྣམས་ཀྱང་། །དོན་ལྡན་ཚིག་གིས་ཕན་པར་སྨྲ་བ་དཀོན། །འབྱུང་པོས་ཟིན་ལ་གསང་སྔགས་ཟླས་པ་བཞིན། །ཕན་པར་སྨྲ་ལ་མཐུན་པར་འཛིན་པ་དཀོན། །འབད་པས་སྒྲུབ་ཀྱང་ཚེགས་མེད་རླག་འགྱུར་ཞིང་། །ཡུན་རིང་འགྲོགས་ཀྱང་ཐ་མར་འབྲལ་ངེས་པས། །འདི་ཕྱིའི་ཕུང་ཕྲོལ་སྡུག་བསྔལ་སྐྱེད་པའི་གཞི། །འཁོར་དང་ལོངས་སྤྱོད་འཁོར་བའི་སྡོམ་ཐག་ཡིན། །སྙན་གྲགས་བྲག་ཆའི་སྒྲ་ལ་མངོན་ཞེན་ཅིང་། །འདོད་ཡོན་མིག་རྒྱུའི་རྗེས་སུ་རྙེགས་རྙེགས་ནས། །དོན་མེད་བྱ་བས་དུས་མང་འདའ་བྱེད་པའི། །སྙན་གྲགས་རྙེེད་བཀུར་བདུད་ཀྱི་ཞགས་པར་མཐོང་། །འཆི་བདག་སྦྲུལ་གདུག་འཆི་བའི་ཕྲག་གནས་ཤིང་། །མི་ཟད་ངན་འགྲོའི་གཡང་སར་ལྟུང་བཞིན་དུ། །ཚེ་སྲོག་དུར་བའི་རྩ་བཞིན་དམ་འཇུས་ནས། །འདོད་ཡོན་སྦྲང་རྩི་མངར་ལ་སུ་ཞིག་ཆགས། །སྔོན་གྲོལ་ཡིད་བཞིན་ནོར་བུ་བླང་བའི་ཕྱིར། །སྲིད་པའི་ཆུ་གཏེར་ཆེ་ལས་སྒྲོལ་བར་གྱིས། །གང་ལ་ཆགས་པས་རྟག་ཏུ་སྡུག་བསྔལ་ཞིང་། །མེའི་འོབས་དང་མི་གཙང་རྫབ་ལྟ་བུའི། །འཁོར་བ་འདི་ལ་བདེ་བའི་སྐབས་མེད་ཀྱི། །ཞེན་ལོག་རྒྱུན་དུ་བསྟེན་ཅིག་ཤེས་ལྡན་དག །སྣང་སྟོང་སྒྱུ་མ་ལྟ་བུའི་ཀུན་རྫོབ་དང་། །བརྗོད་བྲལ་བསམ་དུ་མེད་པའི་དོན་དམ་གཉིས། །འབྲལ་མེད་ཟུང་དུ་ཆུད་པ་གཞིའི་ཚུལ། །ཡ་བྲལ་སོ་སོར་སོང་ན་གོལ་བ་ཡིན། །འགྲོ་དྲུག་ཕ་མར་ཤེས་པའི་སྙིང་རྗེ་དང་། །ཅི་སྣང་སྒྱུ་མར་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་ཆུད་པ་འཁྲུལ་མེད་ལམ། །ཡ་བྲལ་སོ་སོར་སོང་ན་གོལ་བ་ཡིན། །གཟུང་འཛིན་དབྱིངས་སུ་ཞི་བའི་ཆོས་སྐུ་དང་། །ཕྲིན་ལས་རྒྱུན་ཆད་མེད་པའི་གཟུགས་སྐུ་གཉིས། །འབྲལ་མེད་ཟུང་དུ་ཆུད་པ་འབྲས་བུའི་མཆོག ། ཡ་བྲལ་སོ་སོར་སོང་ན་གོལ་བ་ཡིན། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ། །དཀར་ནག་ལས་འབྲས་སླུ་བ་མེད་ཤེས་ནས། །རྟག་ཆད་མཐར་ལྟའི་དྲི་མས་མ་གོས་པ། །མཐའ་བྲལ་དབུ་མ་རྟོགས་བའི་ལྟ་བ་ཡིན། །གཞིའི་གནས་ལུགས་ལྟ་བས་ལེགས་སྟོང་ནས། །རྩེ་གཅིག་སེམས་ཀྱི་གོམས་འདྲིས་བྱས་པ་ལས། །གནས་ལུགས་དོན་ལ་སྒྲོ་མདོགས་ཆོད་པ་དེ། །ཞི་ལྷག་ཟུང་དུ་འབྲེལ་བའི་སྒོམ་པ་ཡིན། །རྗེས་ཐོབ་སྒོ་གསུམ་བྱ་བ་ཇི་སྙེད་པ། །འཛིན་མེད་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད། །དམིགས་མེད་སེམས་ཀྱིས་བྱང་ཆུབ་ཆེན་པོར་བསྔོ། །ཅི་བྱས་ལམ་དུ་འགྲོ་བའི་སྤྱོད་པ་ཡིན། །གཞི་དང་ལམ་དང་འབྲས་བུའི་རང་བཞིན་དང་། །ལྟ་བ་སྒོམ་པ་སྤྱོད་པའི་ཚུལ་འདི་རྣམས། །ལེགས་པར་རྟོགས་ནས་ལེགས་པར་སྨྲས་པ་ཡིན། །ལེགས་འདོད་རྣམས་ཀྱིས་ལེགས་པར་བཟུང་ཅིག་ཨང་། །ཅེས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྒྲུབ་ཆེན་མ་དཔལ་མོ་ལ་གདམས་པའོ།། །།

རྗེ་བཙུན་ཤེས་རབ་དཔལ་ལ་གདམས་པ།

རྗེ་བཙུན་ཤེས་རབ་དཔལ་ལ་གདམས་པ་བཞུགས།

བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་དང་། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །མང་དུ་ཐོས་པའི་དགེ་སློང་ཀུ་མ་རས། །དད་ལྡན་ཤེས་རབ་དཔལ་ལ་འདི་སྐད་འདོམས། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རིན་ཆེན་འདི། །འཇིག་པར་ངེས་སོ་ནམ་འཇིག་ངེས་པ་མེད། །སྐྱེ་བར་ངེས་སོ་གར་སྐྱེ་ངེས་པ་མེད། །དལ་འབྱོར་དོན་ཡོད་མཛོད་ཅིག་ཤེས་རབ་དཔལ། །འདོད་དང་མི་འདོད་རྣམ་སྨིན་འབྲས་བུ་སྟེ། །རང་གིས་བསགས་པའི་དཀར་ནག་ལས་འབྲས་རྣམས། །མྱོང་བར་ངེས་སོ་ནམ་མྱོང་ངེས་པ་མེད། །སྡིག་སྤོང་དགེ་ལ་འབད་ཅིང་ཤེས་རབ་དཔལ། །བསག་དང་སྲུང་དང་རླག་པའི་སྡུག་བསྔལ་ཅན། །ངལ་བརྒྱས་བསྒྲུབས་པའི་སྒྱུ་མའི་ཟས་ནོར་འདི། །འཛད་པར་ངེས་སོ་ནམ་འཛད་ངེས་པ་མེད། །ལོངས་སྤྱོད་སྙིང་པོ་ལོངས་ཤིག་ཤེས་རབ་དཔལ། །ཕན་བྱེད་བཤེས་དང་གནོད་བྱེད་དགྲ་བོ་ཡང་། །གློ་བུར་འདུས་པའི་ཚོང་འདུས་མགྲོན་པོ་བཞིན། །འབྲལ་བར་ངེས་སོ་ནམ་འབྲལ་ངེས་པ་མེད། །ཆགས་སྡང་ཞེན་པ་སྐྱུངས་ཤིག་ཤེས་རབ་དཔལ། །འཇིག་རྟེན་འདི་ནས་ཕ་རོལ་འགྲོ་བའི་ཚེ། །རང་བསགས་དགེ་སྡིག་ལས་འབྲས་མ་གཏོགས་པ། །འཁོར་དང་ཉེ་དུ་ལོངས་སྤྱོད་རྗེས་མི་འབྲང་། །ཕྱི་མའི་ལམ་སྒྱགས་སྒྲུབས་ཤིག་ཤེས་རབ་དཔལ། །ད་ལོ་འདི་བྱ་སང་ཕོད་འདི་བྱེད་ཅེས། །རྟག་རྟག་འདྲ་བའི་ཕྱི་ཚིག་ཤོམ་ར་རྣམས། །ཐོག་དུ་མི་འབབ་གྲོག་སྐམ་ཉ་རྒྱ་བཞིན། །རྟག་ཚིག་འདོད་མདུན་སྐྱུངས་ཤིག་ཤེས་རབ་དཔལ། །ཅེས་པ་འདི་ཡང་རྗེ་བཙུན་ཆེན་པོས་འབྲི་གུང་ཐོལ་གྱི་ཆེན་མོ་ཤེས་རབ་དཔལ་ལ་གདམས་པའོ། །ཤུ་ུབྷཾ།། །།

གསུང་ཐོར་བུ་ལས་ཞལ་གདམས་འགའ་ཞིག

གདམས་པ་གང་ཞིག་ལེགས་གསུངས་མ།

གསུང་ཐོར་བུ་ལས་ཞལ་གདམས་འགའ་ཞིག་བཞུགས་སོ། །

གང་ཞིག་ལེགས་གསུང་དམ་ཆོས་འདུལ་བ་ལ། །རབ་ཏུ་བྱུང་ནས་ལེགས་པར་མི་སྡོམ་ཞིང་། །ཐུབ་པའི་བཀའ་ལུང་ཚུལ་མིན་འདའ་བྱེད་པའི། །དགེ་སྦྱོང་དེ་དག་འཇིག་རྟེན་ཆོམ་རྐུན་ཡིན། །འཁྱོག་པོར་སྨྲ་ལ་གཞན་དག་བརླིང་པོར་སེམས། །ངག་མི་བཙུན་པ་དགེ་སྦྱོང་ཚུལ་མིན་པས། །གྱ་གྱུའི་སེམས་དང་དེ་ཡི་ཚུལ་སྤངས་ཏེ། །གསོང་པོར་སྨྲ་ལ་ཁོ་བོས་རྟག་ཏུ་བསྟེན། །འཛེམ་མེད་སྨྲ་ལ་གཞན་དག་སྤོབས་པར་སེམས། །ངག་མི་སྡོམ་པ་དགེ་སྦྱོང་ཚུལ་མིན་པས། །མུ་ཅོར་སྨྲ་བ་སྨྱོན་པའི་ཚུལ་སྤངས་ཏེ། །ཞི་བའི་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །ཕྱི་ཚུལ་འཆོས་ལ་གཞན་དག་བཙུན་པོར་སེམས། །གཡོ་སྒྱུའི་སྤྱོད་པ་དགེ་སྦྱོང་ཚུལ་མིན་པས། །ཕ་རོལ་བྲིད་བྱེད་ཡོན་པོའི་ཚུལ་སྤངས་ཏེ། །དེས་པའི་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །རང་དགའི་སྤྱོད་པ་གཞན་དག་དྲང་པོར་སེམས། །དབང་པོ་མི་སྡོམ་དགེ་སྦྱོང་ཚུལ་མིན་པས། །བག་དང་མི་ལྡན་ཧྲལ་པོའི་ཚུལ་སྤངས་ཏེ། །བག་ཡོད་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །བྱ་བྱེད་མང་བ་གཞན་དག་གྲུང་པོར་སེམས། །རྣམ་གཡེང་འདོད་པ་དགེ་སྦྱོང་ཚུལ་མིན་པས། །འདུ་འཛི་བསྲེལ་བ་ཁྱིམ་པའི་ཚུལ་སྤངས་ཏེ། །དོན་ཉུང་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །ལོངས་སྤྱོད་འབྱོར་པ་གཞན་དག་དཔལ་དུ་སེམས། །འདོད་ཞེན་ཆེ་བ་དགེ་སྦྱོང་ཚུལ་མིན་པས། །ཟང་ཟིང་དང་བཅས་གྲོང་པའི་ཚུལ་སྤངས་ཏེ། །ཆོག་ཤེས་ཚུལ་ལ་ཁོ་བོས་རྟག་ཏུ་བསྟེན། །གྲོང་དག་འགྲིམ་པ་གཞན་དག་གདུལ་བྱར་སེམས། །རྙེད་བཀུར་སྒྲུབ་པ་དགེ་སྦྱོང་ཚུལ་མིན་པས། ཁེ་སྤོགས་འདོད་པ་ཚོང་པའི་ཚུལ་སྤངས་ཏེ། །བས་མཐའི་གནས་ལ་ཁོ་བོས་རྟག་ཏུ་བསྟེན། །ཞེས་གསུངས།

གདམས་པ་འཇིག་རྟེན་འདྲེན་པ་མ།

འཇིག་རྟེན་འདྲེན་པ་ལྷ་མིའི་སྟོན་པ་ཡིས། །འདོད་ལ་ཞེན་པ་ཁོང་ཁྲོའི་རྩ་བར་བསྟན། །འདོད་པའི་ཡོན་ཏན་སྡུག་བསྔལ་བསྐྱེད་པ་སྟེ། །ནད་དང་འབྲས་དང་ཟུག་རྔུའི་རྩ་བ་ཡིན། །ཇི་ལྟར་མཛེ་ཅན་གཡན་པ་ཕྲུགས་པ་དང་། །ཚ་བའི་ནད་ཅན་སྲེད་པའི་ཆུ་དང་ནི། །སྐོམ་པས་ཉེན་པ་ལན་ཚྭའི་ཆུ་འཐུང་བཞིན། །འདོད་པ་བསྟེན་པས་ནམ་ཡང་ངོམས་མི་འགྱུར། །དུག་དང་བཅས་པའི་ཁ་ཟས་གཡོས་ལེགས་དང་། །སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་དང་། །ཤིང་རྟ་འདྲེན་པའི་ཕྱུགས་ཀྱིས་རྩྭ་ཟོས་བཞིན། །འདོད་པའི་ཡོན་ཏན་མནོག་ཆུང་ཉེས་པ་མང་། །གླང་ཆེན་དྲི་ལ་ཆགས་པའི་སྦྲང་བུ་དང་། །རྔོན་པའི་གླུ་དབྱངས་ཉན་པའི་རི་དྭགས་དང་། །ལྕགས་ཀྱུའི་ཤ་ལ་ཆགས་པའི་ཉ་བཞིན་དུ། །འདོད་པ་རྐམ་པའི་བྱིས་པ་མྱུར་དུ་བརླག །ཅེས་གསུངས།

གདམས་པ་གང་གི་ཞབས་ཟུང་མ།

གང་གི་ཞབས་ཟུང་པདྨོའི་གེ་སར་རྡུལ། །ཚངས་དང་ལྷ་དབང་ཁྱབ་འཇུག་ལ་སོགས་པ། །འཇིག་རྟེན་དྲེགས་ལྡན་གཙུག་གིས་གུས་བསྟེན་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་ཀྱང་ཚུལ་བཞིན་སྒྲུབ་ལ་གཡེལ། ཁྲིམས་བརྒྱ་ནོད་ཀྱང་ཉེས་ལྟུང་དྲི་མ་ཅན། །དགེ་སྦྱོང་བདག་གི་གཡར་དམ་འདི་རྣམས་ལ། །མཁྱེན་ལྡན་ཐུགས་རྗེའི་ལྷ་ཁྱོད་ཡུད་ཙམ་དགོངས། །གང་དུ་གནས་ན་སྣང་ཤེས་འཕེལ་འགྱུར་ཞིང་། །རང་རྒྱུད་རྙེད་བཀུར་ཞགས་པས་འཆིང་བྱེད་ལ། །གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་གདུང་བའི། །གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སོ། །དེང་ནས་བཟུང་སྟེ་ཇི་སྲིད་འཚོའི་བར་དུ། །གངས་དང་རི་སུལ་ནགས་ཀྱི་ཁྲོད་རྣམས་སུ། །བསེ་རུ་ལྟ་བུར་རྟག་ཏུ་གནས་བྱེད་ཅིང་། །གྲོང་དང་འཁོར་མང་དབུས་སུ་གནས་མི་བགྱི། །ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའི། །སེམས་ལ་ཇི་སྲིད་བརྟན་པ་མ་ཐོབ་པར། །གཅིག་པུར་རང་རྒྱུད་འདུལ་བ་མ་གཏོགས་པ། །གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱི། །ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ། །རང་ཉིད་འཚོ་བའི་ཡོ་བྱད་མ་གཏོགས་པ། །གསེར་དང་དབྱིག་སོགས་ལྷག་པའི་ཡོ་བྱད་ནི། །རང་གི་དོན་དུ་ཏིལ་ཙམ་མི་བཅང་ངོ་། །གཞན་གྱི་ཉེས་པ་ནམ་ཡང་མི་གླེང་ཞིང་། །དོན་དང་ལྡན་ཞིང་ཆོས་མཐུན་མ་གཏོགས་པ། །དམག་དང་ཆོམ་རྐུན་རྒྱལ་པོའི་གཏམ་ལ་སོགས། །འཁྲུལ་པའི་བཀའ་མཆིད་ནམ་ཡང་མི་བགྱིད་དོ། །ཆོས་ཀྱི་དོན་དུ་དཀའ་སྤྱད་བསྲན་བཟོད་ཅིང་། །འཇིག་རྟེན་བློས་བཏང་རྣམ་གྲོལ་དོན་དུ་གཉེར། །འདོད་ཆུང་ཆོག་ཤེས་རང་དང་རྗེས་མཐུན་པའི། །རྗེས་འབྲང་འཁོར་ནི་བཞི་བས་ལྷག་མི་བསྟེན། །གལ་ཏེ་བདག་གིས་གཡར་དམ་འདི་རྣམས་དང་། །འགལ་བར་བགྱིས་ན་རྒྱལ་བ་སྲས་བཅས་དང་། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་མགོན་གྱིས། ཁྱི་ཕག་ལུག་བོང་རྣམས་དང་བདག་སྙོམས་ཤིག །ཅེས་གསུངས།

གདམས་པ་གང་ལ་ཉེས་པ་མ།

གང་ལ་ཉེས་པ་རྡུལ་ཙམ་མི་མངའ་ཞིང་། །རྨད་བྱུང་ཡོན་ཏན་དཔལ་གྱིས་རབ་བརྗིད་པས། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་གཡོ། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཀ་ཡེ་ཉོན་ཅིག་ཤེས་ལྡན་གྲོགས་པོ་དག །བསྟན་པའི་ཉིན་བྱེད་ནུབ་རིིའི་རྩེ་ལ་སོན། །ལུས་སྲོག་གཡོ་བ་འབབ་ཆུའི་རྒྱུན་དང་མཚུངས། །ཐར་འདོད་རྣམས་ཀྱིས་བག་ཡོད་བསྟེན་པར་རིགས། །རིན་ཆེན་བདུན་ལྡན་གླིང་ཆེན་བཞི་ལ་དབང་། །དཔག་མེད་ཚེ་གནས་དགེ་བཅུའི་དཔལ་ལ་སྤྱོད། །ཕུན་ཚོགས་མངོན་མཐོའི་བདེ་ལ་རོལ་བྱེད་པའི། །འཁོར་ལོས་བསྒྱུར་རྒྱལ་དཔལ་དེའང་ཆུ་ཤིང་འདྲ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་བཅས་ཏེ། །ཡོངས་འདུའི་ཚལ་དུ་དགའ་བདེའི་དཔལ་གྱིས་རོལ། །འཆི་མེད་ཉེ་དཔང་ཚོགས་ཀྱིས་གུས་བཏུད་པའི། །འཕྲོག་བྱེད་མིག་སྟོང་ལྡན་དེའང་སྲིད་པའི་བྲན། །ལུས་སེམས་ཟུག་རྔུའི་གདུང་བ་རིང་དུ་སྤངས། །ཏིང་འཛིན་བདེ་བས་བསྐལ་མང་འདའ་བྱེད་པའི། །འཇིག་རྟེན་མེས་པོ་གསེར་གྱི་མངལ་ལྡན་ཡང་། །འཆི་མེད་གོ་འཕང་ལས་རིང་གི་ནར་འཁོར། །གང་གིས་རེག་ན་རབ་བརྟན་ལྷུན་པོ་ཡང་། །སྐད་ཅིག་ཙམ་གྱིས་ཐལ་བར་རློག་བྱེད་པའི། །མེ་ལྕེའི་ཕྲེང་བ་ལུས་ལ་རབ་འབར་བ། །དམྱལ་བའི་ཟུག་རྔུ་སུ་ཡིས་བརྣག་པར་ནུས། །བལྟས་པ་ཙམ་གྱིས་ཀླུང་ཆེན་རྒྱུན་སྐེམས་ཤིང་། །ལྗོན་ཤིང་འབྲས་བུ་མེད་པར་བྱེད་པ་ཡི། །ཏ་ལའི་ཡང་ཐོག་སྐམ་ལྟའི་ཡི་དྭགས་གཟུགས། །གང་ཞིག་མཐོང་ན་འཇིགས་རུང་སྐྱི་ཡང་གཡའ། །བླང་དོར་རྨོངས་པའི་གཏི་མུག་སྨག་རུམ་འཐིབ། །གཅིག་ལ་གཅིག་ཟ་རྡོ་རྗེའི་མེ་སྟག་དང་། །བཀོལ་སྤྱོད་ཆར་རྒྱུན་ལུས་ལ་རྟག་འབབ་པའི། །རྣམ་མང་དུད་འགྲོའི་དུབ་པ་སུ་ཡིས་བཟོད། །སྲིད་པའི་ཕུན་ཚོགས་དེ་ལྟར་མནོག་ཆུང་ཞིང་། །རབ་མང་ཉེས་པའི་ཚོགས་དང་ལྡན་རིག་ནས། །རང་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །མང་ཐོས་བདག་ནི་དབེན་པའི་ནགས་སུ་འགྲོ། །ཆར་འདོད་བྱི་འུས་འབྲུག་སྒྲ་ཐོས་པ་ལྟར། །དབེན་པའི་གཏམ་འདི་ཁོ་བོའི་སྙིང་ལ་འབབ། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །ངང་པའི་ཚོགས་ཀྱིས་པདྨའི་མཚོ་མཐོང་ལྟར། །བས་མཐའི་གནས་ལ་ཁོ་བོ་སེམས་རབ་གཡོ། །དལ་འབྱོར་ལུས་ལ་སྙིང་པོ་བླང་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །བུང་བ་གཞོན་ནུས་འདབ་བརྒྱའི་ཚལ་མཐོང་ལྟར། ཁོ་བོའི་ཡིད་ནི་དབེན་པའི་རི་ལ་ཆགས། །ཏིང་འཛིན་བདུད་རྩིའི་རོ་དེ་མྱོང་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །དཔྱིད་དུས་བསིལ་བའི་མ་ལ་ཡའི་རླུང་ལྟར། །ནགས་ཀྱི་སྨན་ལྗོན་ཁོ་བོའི་ཡིད་ལ་འབབ། །ཉོན་མོངས་བདུད་ཀྱི་སྡེ་དེ་གཞོམ་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །ཞེས་གསུངས།

གདམས་པ་ན་མོ་ལོ་ཀེ་མ།

ན་མོ་ལོ་ཀེ་ཤྭ་ར་ཡ། གང་ལ་ཆགས་པས་རྟག་ཏུ་སྡུག་བསྔལ་ཞིང་། །མེ་ཡི་འོབས་དང་མི་གཙང་རྫབ་ལྟ་བུའི། །འཁོར་བ་འདི་ལ་བདེ་བའི་སྐབས་མེད་ཀྱི། །ཞེན་ལོག་རྒྱུན་དུ་སྟེན་ཅིག་སྒྲུབ་པ་དཔལ། །ཉོན་མོངས་ནད་ཆེན་སེལ་བའི་སྨན་གཅིག་པུ། །དུས་གསུམ་རྒྱལ་བ་ཀུན་གྱི་བགྲོད་གཅིག་ལམ། །མཐའ་བྲལ་དབུ་མའི་ལམ་ལས་གཞན་མེད་ཀྱི། །ཡེངས་མེད་སྟོང་ཉིད་སྒོམས་ཤིག་སྒྲུབ་པ་དཔལ། །ལས་ཉོན་དབང་གིས་རྒྱུད་ལྔའི་འཁོར་བ་རུ། །དུཿཁ་རྒྱུད་མར་མྱོང་བའི་འགྲོ་བ་འདི། །ཐོག་མེད་དུས་ཀྱི་དྲིན་ཅན་མ་ཡིན་གྱི། །སྙིང་རྗེ་རྒྱུན་དུ་སྒོམས་ཤིག་སྒྲུབ་པ་དཔལ། །མདོར་ན། འཁོར་བ་ལ་ཡིད་འབྱུང་བས་མཉམ་གཞག་ཏུ་སྟོང་ཉིད་བསྒོམ་ཞིང་། རྗེས་ཐོབ་ཏུ་སྙིང་རྗེ་བསྒོམ་པ་ལ་ཉམས་ལེན་གྱི་གཙོ་བོ་མཛོད། ཅེས་པ་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །

འགྱོད་མེད་གདེང་བྲོད་ཀྱི་མགུར་མ།

འགྱོད་མེད་གདེང་བྲོད་ཀྱི་མགུར་མ།

ན་མོ་གུ་རུ། གང་ལ་སྐྱབས་ན་སླུ་མེད་དཀོན་མཆོག་གསུམ། །འབྲལ་མེད་སྤྱི་གཙུག་རྒྱན་དུ་བརྟག་བཞུག་གསོལ། །སྣང་སྟོང་སྒྱུ་མའི་རྣལ་འབྱོར་རི་ཁྲོད་པ། །སེམས་གནོང་མེད་ཀྱི་གླུ་སྐད་འདི་བཞིན་ལེན། །ཤུལ་དུ་འཕྲེངས་པའི་ཟས་ནོར་ལུས་པ་མེད། །གདོང་ན་མཚེར་བའི་ལས་ངན་བསགས་པ་མེད། །ཐེག་ཆེན་བསླབ་པའི་བསམ་སྦྱོར་ཉམས་པ་མེད། །སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །ཚེ་འདིའི་རྙེད་བཀུར་ཆེ་ཐབས་སྒྲུབ་མ་མྱོང་། །འདོད་ཡོན་སྲེད་པའི་རྗེས་ཕྱིར་འབྲང་མ་མྱོང་། །དོན་མེད་བྱ་བས་ཚེ་འདི་ཡེངས་མ་མྱོང་། །སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །ཅིར་སྣང་སྒྱུ་མར་རྟོགས་པའི་ཤེས་རབ་ཡོད། །འགྲོ་དྲུག་ཕ་མར་ཤེས་པའི་ལྷག་བསམ་ཡོད། །ཐབས་ཤེས་ཟུང་དུ་འབྲེལ་བའི་ཉམས་ལེན་ཡོད། །སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །ཐོག་མར་གསུང་རབ་དགོངས་དོན་ཚུལ་བཞིན་སྦྱངས། །བར་དུ་བློ་གསལ་གདུལ་བྱའི་ཚོགས་ལ་བཤད། །ཐ་མར་འདྲིས་པའི་དོན་ལ་རྩེ་གཅིག་བསྒོམས། །སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །རྒྱལ་བའི་བསྟན་པ་སྲོག་ལས་གཅེས་པར་བཟུང་། །རིགས་དང་མི་རིགས་ཚུལ་བཞིན་རྣམ་པར་ཕྱེས། །འཆད་རྩོད་རྩོམ་པས་དལ་འབྱོར་དོན་ཡོད་བྱས། །སྒྱུ་མའི་ལུས་སེམས་བྲལ་ཡང་འགྱོད་པ་མེད། །འགྱོད་མེད་གདེང་བྲོད་ཀྱི་མགུར་མ་འདི། །གངས་བུ་ལེའི་མགུལ་དུ་བླངས་པ་ཡིན། །མི་ཁོ་བོའི་རྗེས་འཇུག་དད་ལྡན་རྣམས། །མི་ང་བཞིན་བྱེད་ན་འདི་བཞིན་མཛོད། །ཚོགས་གཉིས་ཟུང་དུ་འཇུག་པས་རྒྱུད་སྦྱངས་ཏེ། །བདེན་གཉིས་ཟུང་དུ་འཇུག་པའི་དོན་རྟོགས་ཤིང་། །རིམ་གཉིས་ཟུང་འཇུག་རྡོ་རྗེའི་ལམ་བསྒོམས་པས། །འཇའ་ལུས་རྡོ་རྗེའི་སྐུ་རུ་བདག་གྱུར་ཅིག། ། །

སྐྱིད་སྡུག་ལམ་འཁྱེར་གྱི་མན་ངག

སྐྱིད་སྡུག་ལམ་འཁྱེར་གྱི་མན་ངག་བཞུགས་སོ། །

འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ཁྲོ་ཕུ་ལོཙྪ་བ་ལ་ཕྱག་འཚལ་ལོ། ཁ་ཆེ་པཎ་ཆེན་ན་རེ་མ་བྱོན་པའི་སངས་རྒྱས་གསུམ་པར་གྲགས་པའི་ཁ་ཆེའི་པཎྜི་ཏ་ཆེན་པོ་ཤཱཀྱ་ཤྲཱི་བྷ་དྲ་ཞེས་གྲགས་པ་དེ། ཁྱེད་བོད་དུ་སོང་ཞིག་གཞན་ཕན་རྒྱ་ཆེན་པོ་འབྱུང་ཞེས་ལུང་བསྟན་པ་ལ་བརྟེན་ནས་བོད་དུ་བྱོན་པར་བཞེད་དེ། རྒྱ་གར་ཤར་ཕྱོགས་སུ་བྱོན་པ། ཆོས་རྗེ་ཁྲོ་བུ་ལོཙྪ་བས་གསན་པས་གདན་འདྲེན་དུ་གྲོ་མའི་གཏིང་། བི་དུར་ཆིང་པོ་འདུས་ཞེས་བྱ་བའི་བར་དུ་བྱོན་ནས། པཎྜི་ཏ་པཎ་ཆུང་དགུ་དང་བཅས་པ་དང་གཞན་ནད་པ་ལ་སོགས་པ་མང་པོ་རྣམས། ལམ་སོ་དང་འཕྲང་སོ་རྣམས་ལ། མདོ་ལེ་ལ་བཏེགས་ནས་གདན་དྲངས་པའི་ཚེ་པཎྜི་ཏའི་ཞལ་ནས་ལོཙྪ་དཔོན་གཡོག་རྣམས་སྐྱིད་དམ་གསུངས་པ་ལ། སྐྱིད་པར་བྱུང་ལགས་ཞེས་ཞུས་པས་ཁ་ཆེ་པཎ་ཆེན་གྱི་ཞལ་ནས་འདི་སྐད་གསུངས། སྐྱིད་སྡུག་གང་བྱུང་ཡང་ལམ་དུ་འཁྱེར་དགོས་པ་ཡིན་གསུང་། འདི་སྣང་བ་གདའ་བ། སྐྱིད་ན་བདེ་བ་ཚོགས་སུ་བསྔོ། །ཕན་བདེའི་ནམ་མཁའ་གང་བར་ཤོག །སྡུག་ན་ཀུན་གྱི་སྡུག་བསྔལ་ཁུར། །སྡུག་བསྔལ་རྒྱ་མཚོ་སྐེམས་པར་ཤོག །འདི་ལ་སྐྱིད་པ་ལམ་དུ་འཁྱེར་བ་དང་། སྡུག་པ་ལམ་དུ་འཁྱེར་བ་གཉིས་ཀྱི་དང་པོ་ལ་ཡང་། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་སྐྱིད་པ་ལམ་དུ་འཁྱེར་བ་དང་། དོན་དམ་བྱང་ཆུབ་སེམས་ཀྱི་སྒོ་ནས་སྐྱིད་པ་ལམ་དུ་འཁྱེར་བ་གཉིས། དང་པོ་ནི། ལུས་ལ་ན་ཚ་མེད་པ། སེམས་ལ་སྡུག་བསྔལ་མེད་པ་མཐུན་རྐྱེན་ཐམས་ཅད་འཛོམས་ཏེ། ད་ལྟ་ང་རང་ཡང་སྐྱིད་པོ་ཡིན་སྙམ་པ་བྱུང་བའི་ཚེ། དེ་ལམ་དུ་འཁྱེར་བ་ནི། ང་སྐྱིད་པ་དང་བདེ་བ་དེ་ལ་དགའ་ཞིང་འདོད་པའི་སྣང་བ་གཅིག་འདུག་སྟེ། ང་བདེ་སྐྱིད་འདོད་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱང་བདེ་སྐྱིད་མི་འདོད་པ་མེད། སེམས་ཅན་ཐམས་ཅད་ཀྱང་བདག་གི་ཐོག་མ་མེད་པ་ནས་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་ཁོ་ན་ཡིན་པས་ཕ་མ་ནམ་བྱས་རེས་ཀྱིས་ད་ལྟའི་ཕ་མ་འདྲ་བར་དྲིན་གྱིས་བསྐྱངས་པ་ཁོ་ན་ཡིན་པས། བདག་བདེ་བ་དང་སྐྱིད་པ་བཞིན་དུ་མ་རྒན་སེམས་ཅན་ཐམས་ཅད་ཀྱང་བདེ་བ་དང་སྐྱིད་པར་གྱུར་ཅིག་སྙམ་དུ་ཞེ་ཐག་པ་ནས་བསམ་ཞིང་ངག་ཏུའང་བརྗོད། དཀོན་མཆོག་རིན་ཆེན་རྣམ་པ་གསུམ་མཁྱེན། བདག་བཞིན་སེམས་ཅན་ཐམས་ཅད་ཀྱང་བདེ་སྐྱིད་ལྡན་པར་བྱིན་གྱིས་རློབ་དུ་གསོལ། ཞེས་དཀོན་མཆོག་ལ་གསོལ་བ་གདབ། ཡང་ད་ལྟ་བདེ་སྐྱིད་དང་ལྡན་པ་འདི་སྔོན་བསོད་ནམས་བསགས་པའི་མཐུ་ལས་བྱུང་བ་ཡིན། ད་ཕྱིན་ཆད་ཀྱང་འདི་ལྟ་བུའི་བདེ་སྐྱིད་འདོད་ན་དེའི་རྒྱུ་རུ་དགེ་ལ་འབོད་པ་བྱ་བའི་བརྡ་ཡིན་སྙམ་པ་བྱས་ནས། སྒོ་གསུམ་དགེ་བ་ལ་འབད་པར་བྱའོ། །

གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་སྐྱིད་པ་ལམ་དུ་འཁྱེར་བ་ལ་གསུམ་ཡོད་པའི་དང་པོ་སྐྱིད་པ་ཆོས་སྐུ་ངོ་སྤྲད་པ་ནི། ད་ལྟ་ང་སྐྱིད་དོ་སྙམ་པ་འདུག་སྟེ། སྐྱིད་ན་ལུས་སྐྱིད་དམ་སེམས་སྐྱིད། དེ་གཉིས་ལས་མ་གཏོགས་པའི་སྐྱིད་མཁན་ནི་མི་འདུག སེམས་མེད་ན་ལུས་ནི་བེམས་པོ་དུར་ཁྲོད་ཀྱི་རོ་དང་འདྲ་བས་སྐྱིད་རྒྱུ་དང་བདེ་རྒྱུ་ཅི་ཡང་མེད། སེམས་འདི་ལ་དཔྱད་ན་འདས་པའི་སེམས་རྣམས་ནི་འགགས་ནས་མེད། མ་འོངས་པའི་སེམས་རྣམས་ནི་མ་སྐྱེས་པས་མེད། ད་ལྟར་གྱི་སེམས་འདི་ལ་བརྟག་ན། དང་པོ་སྐྱེ་བ་ན་གང་ནས་ཀྱང་མ་སྐྱེས། འགག་པ་ན་ཡང་གང་དུ་ཡང་མི་འགག བར་དུ་གནས་པ་ན་ཡང་ལུས་ཀྱི་སྤྱི་བོའི་གཙུག་ནས་རྐང་པའི་བར་གང་དུ་ཡང་གནས་པ་མི་འདུག ཁ་དོག་དང་དབྱིབས་ལ་སོགས་པའི་ངོ་བོ་ཅིར་ཡང་མ་གྲུབ་འདུག དེ་ལྟར་བརྟགས་པ་ན། སེམས་ཀྱི་གཤིས་ཅིར་ཡང་མ་གྲུབ་པ་དེ་ཉིད་སྐྱེ་མེད་ཆོས་སྐུ་བྱ་བ་ཡིན་པས། དེའི་ངང་ལ་ལྷོད་ཀློད་དེ་སེམས་མཉམ་པར་བཞག་གོ །གཉིས་པ་སྐྱིད་པ་ལོངས་སྐུར་ངོ་སྤྲོད་པ་ནི། མཉམ་གཞག་དེ་ལས་ལངས་ནས། སྐྱིད་པར་སྣང་བའི་སེམས་དེ་ཉིད་ཧྲིཿདཀར་པོ་ཚེག་དྲག་དང་བཅས་པ་གཅིག་ཏུ་བསམ། དེ་ལས་འོད་ཟེར་འཕྲོས་པས་སེམས་ཅན་གྱི་སྡིག་སྒྲིབ་སྦྱངས། ཚུལ་འདུས་ཡོངས་སུ་གྱུར་པ་ལས། པདྨ་དང་ཟླ་བའི་གདན་གྱི་སྟེང་དུ། རང་ཉིད་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་ཤེལ་གྱི་ཕྲེང་བ་བརྒྱ་རྩ་བསྣམས་པ། གཡོན་འོག་མས་མེ་ཏོག་པདྨ་དཀར་པོ་བསྣམས་པ། རིན་པོ་ཆེའི་རྒྱན་དང་ལྡན་ཞིང་སྐུ་སྨད་ལ་དར་སྣ་ཚོགས་ཀྱི་ཤམ་ཐབས་གསོལ་བ་ཞིགཏུ་བསམ། དེའི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲིཿདཀར་པོ་ཚེག་དྲག་དང་བཅས་པ་ལས་འོད་ཟེར་འཕྲོས། ཕྱི་སྣོད་ཀྱི་འཇིག་རྟེན་ལ་ཕོག་པས་གཞལ་ཡས་ཁང་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་ལ་ཕོག་པས་རང་དང་འདྲ་བའི་ཐུགས་རྗེ་ཆེན་པོར་གྱུར། ཡང་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་རང་དང་འདྲ་བའི་ཐུགས་རྗེ་ཆེན་པོའི་རྣམ་པ་འོད་ཟེར་གྱི་རྣམ་པར་སྤྱན་དྲངས་ནས་རང་ལ་སྟིམ། ཡང་འོད་ཟེར་འཕྲོས་པས་བདེ་བ་ཅན་ནས་འོད་དཔག་མེད་སྐུ་མདོག་དམར་པོ་ཕྱག་གཉིས་ཀྱི་དབུས་ན་རིན་པོ་ཆེའི་བུམ་པ་བདུད་རྩིས་གང་བ་བསྣམས་པ་གཅིག་མདུན་དུ་སྤྱན་དྲངས། དེ་ལ་ཨརྒྷཾ་ལ་སོགས་པའི་མཆོད་པ་ཕུལ་ནས། བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་བུམ་པའི་ཆུས་སྤྱི་བོ་ནས་དབང་བསྐུར་བས། ཐོག་མ་མེད་པའི་སྡིག་སྒྲིབ་ཐམས་ཅད་དག ཆུ་ལྷག་མ་ཡར་ཡུད་པ་ལས་སྤྱི་བོའི་གཙུག་ཏུ་འོད་དཔག་ཏུ་མེད་པས་དབུ་བརྒྱན་པར་བསམ། དེ་ནས་རང་གི་སྙིག་གའི་ཧྲིཿ དཀར་པོ་དེ་ལ་མ་ཎི་གཡས་བསྐོར་དུ་འཁོར་བ་བསམ་ལ། སེམས་ཅན་ཐམས་ཅད་རང་གི་རྗེས་སུ་མ་ཎི་བཟློ་ཡིན་ཡོད་པར་བསྒོམས་ཏེ། མ་ཎི་ཅི་ནུས་སུ་བཟླའོ། །རྗེས་བསྔོ་བས་རྒྱས་འདབ་བོ། །

གསུམ་པ་སྐྱིད་པ་སྤྲུལ་སྐུར་ངོ་སྤྲོད་པ་ནི། སྐྱིད་པར་སྣང་བའི་སེམས་དེ་སྔོ་སེར་དཀར་དམར་སོགས་མདངས་མ་འགགས་པར་སྣ་ཚོགས་སུ་སྣང་བ་དེ་ཉིད་སྤྲུལ་བའི་སྐུ་ཡིན། ཡང་ན་སྐྱིད་པར་སྣང་བའི་སེམས་དེ་ཉིད་དང་པོ་གང་ནས་ཀྱང་སྐྱེ་བ་མེད་པས་སྐྱེ་མེད་ཆོས་སྐུ་སྐྱེ་བ་མེད་པ་ལ། མཐར་འགག་པ་མེད་པས་ལོངས་སྐུ། སྐྱེ་འགག་མེད་པ་ལ་བར་དུ་གནས་པ་མེད་པས་གནས་མེད་སྤྲུལ་སྐུ། དེ་གསུམ་ངོ་བོ་དབྱེར་མེད་པས་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུ་ཞེས་ཀྱང་བྱའོ། །

གཉིས་པ་སྡུག་པ་ལམ་དུ་འཁྱེར་བ་ལ་ཡང་། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་སྒོ་ནས་སྡུག་པ་ལམ་དུ་འཁྱེར་བ་དང་། དོན་དམ་བྱང་ཆུབ་སེམས་ཀྱི་སྒོ་ནས་སྡུག་པ་ལམ་དུ་འཁྱེར་བ་གཉིས་ཀྱི་དང་པོ་ཡང་ན། དེ་ལམ་དུ་སློང་བའི་ཐབས། སྤྱོད་འཇུག་ལས། གལ་ཏེ་བཅོས་སུ་ཡོད་ན་ནི། །དེ་ལ་མི་དགའ་བྱ་ཅི་དགོས། །ལག་ཏེ་བཅོས་སུ་མེད་ན་ཡང་། །དེ་ལ་མི་དགའ་བྱས་ཅི་ཕན། །ཞེས་གསུང་པས། མི་ཤི་བ་དང་ནད་སོགས་སྣ་ཚོགས་ལ་བཅོས་སུ་མེད་པ་ལ་མི་དགའ་བ་བྱས་པས་མི་ཕན་པས། དེ་ཡི་ཆོས་ཉིད་དྲན་པར་བྱས་ལ་བློ་བདེ་བར་གནས་པར་བྱ། ལུས་རྨས་པ་དང་། ཁང་པ་ཞིག་པ་ལ་སོགས་པ་རྣམས་ནི་བཅོས་པས་ཆོག་པས། མི་དགའ་བ་བྱ་མི་དགོས་པས་དེ་ལྟ་བུ་ཉམས་སུ་བླང་ངོ། ནི། ཡང་ལུས་ལ་ན་ཚ། སེམས་ལ་སྡུག་བསྔལ་དྲག་པོ་བྱུང་ཞིང་མཐུན་རྐྱེན་མ་འཛོམ་པ། འོག་ནས་འགྲོ་བ་ཆུ་ལས་མེད་པ། ད་ལྟ་ང་ལས་སྡུག་པ་མེད་དམ་སྙམ་པ་བྱུང་བའི་ཚེ། ང་ཡི་སྡུག་བསྔལ་འདི་ལ་མི་འདོད་ཅིང་བྲལ་ན་དགའ་བའི་སྣང་བ་གཅིག་འདུག་སྟེ། ང་སྡུག་བསྔལ་མི་འདོད་པ་བཞིན་དུ། སེམས་ཅན་ཐམས་ཅད་ཀྱང་སྡུག་བསྔལ་འདོད་པ་གཅིག་ཀྱང་མེད། ངའི་སྡུག་བསྔལ་འདི་འདྲ་བ་མིན་པ་ངན་སོང་གསུམ་ན་དམྱལ་བ་ལ་ཚ་གྲང་། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་ཡོད་ཅིང་། མི་ལ་ཡང་དགྲ་མི་སྡུག་པ་དང་ཕྲད་པ་དང་། གཉེན་སྡུག་པ་དང་བྲལ་བ་ལ་སོགས་སྡུག་བསྔལ་དྲག་པོ་ཐོག་ཏུ་འབབ་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཅིང་། སེམས་ཅན་དེ་དག་ཐམས་ཅད་ཀྱང་ཐོག་མ་མེད་པ་ནས་ཕ་མ་བྱས་པའི་དྲིན་ཅན་ཤ་སྟག་ཡིན་ཏེ། ལས་ངན་བསགས་པའི་དབང་གིས་བདག་བཞིན་དུ་མི་འདོད་བཞིན་དུ་ལས་ངན་ཐོག་ཏུ་བབ་པ་སྙིང་རེ་རྗེ་སྙམ་དུ་སྙིང་རྗེ་དྲག་པོ་བསྒོམ་ཞིང་། སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་བདག་ལ་འབབ་ཅིང་། དེ་དག་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་གྱུར་ཅིག་སྙམ་དུ་སེམས་ལ་བསམ་ཞིང་ངག་ཏུའང་བརྗོད། དཀོན་མཆོག་རིན་ཆེན་རྣམ་པ་གསུམ་པོ་མཁྱེན། མ་རྒན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་བདག་ལ་བབ་ནས་སེམས་ཅན་ཐམས་ཅད་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་བར་བྱིན་གྱིས་བརླབ་དུ་གསོལ། ཞེས་གསོལ་བ་ཞེ་ཐག་པ་ནས་གདབ། ཡང་བདག་གི་སྡུག་བསྔལ་འདི་སྔོན་མི་དགེ་བ་བསགས་པའི་རྣམ་སྨིན་ཡིན། ད་ཕྱིན་ཆད་ཀྱང་འདི་ལྟ་བུའི་སྡུག་བསྔལ་མི་འདོད་ན། དེའི་རྒྱུ་སྡིག་པ་སྤོངས་ཟེར་བའི་བརྡ་ཡིན་སྙམ་པ་བྱས་ནས་ཐོག་མ་མེད་པ་ནས་བསགས་པའི་སྡིག་པ་མི་དྲན་པ་རྣམས་དང་། ཚེ་འདིར་བྱས་པའི་སྡིག་པ་དྲན་པ་རྣམས་ལ་དུག་བ ཟོས་པ་ལྟ་བུའི་འགྱོད་པ་དྲག་པོ་བྱས་ནས་བླ་མ་དང་དཀོན་མཆོག་གི་དྲུང་དུ་སྡིག་བཤགས་ཡང་ཡང་བྱ། ད་ཕྱིན་ཆད་སྲོག་ལ་བབ་ཀྱང་སྡིག་པ་མི་བྱེད་པའི་དམ་བཅའ་ཞེ་ཐག་པ་ནས་བྱ། སྔར་གྱི་སྡིག་པ་སྦྱང་བའི་ཕྱིར་སྒོ་གསུམ་དགེ་བ་ལ་འབད་པར་བྱའོ། །

གཉིས་པ་དོན་དམ་བྱང་ཆུབ་སེམས་ཀྱི་སྒོ་ནས་སྡུག་བསྔལ་ལམ་དུ་འཁྱེར་བ་ལ་གསུམ་གྱི། དང་པོ་ཆོས་སྐུར་ངོ་སྤྲོད་པ་ནི། ད་ལྟ་སྡུག་གོ་སྙམ་པ་འདུག་སྟེ། སྡུག་ན་རང་ལུས་སྡུག་གམ། སེམས་སྡུག ལུས་ནི་བེམས་པོ་རོ་དང་འདྲ་བས། དེ་ལ་སྡུག་རྒྱུ་ཅི་ཡང་མི་འདུག་གོ །སེམས་ནི་འདས་པ་ནི་འགགས། མ་འོངས་པ་ནི་མ་སྐྱེས། ད་ལྟར་གྱི་སེམས་ནི་ལུས་ཀྱི་ཕྱི་ནང་གང་ན་ཡང་མི་གནས། ཁ་དོག་དང་དབྱིབས་ཀྱི་ངོ་བོ་ཅིར་ཡང་མ་གྲུབ་འདུག་པས་སྡུག་རྒྱུ་ཅི་ཡང་མི་འདུག་པ་ལ། ད་ལྟ་སྡུག་གོ་སྙམ་པ་འདི། རྨི་ལམ་དུ་མེས་ཚིག་པ་དང་། ཆུས་འཁྱེར་བའི་སྡུག་བསྔལ་བྱུང་བ་བཞིན་དུ་འཁྲུལ་པའི་སྣང་བ་ལ་བདེན་པར་བཟུང་བས་ལན་པར་འདུག ད་ནི་སེམས་ཀྱི་ངོ་བོ་སྐྱེ་མེད་དུ་ཤེས་པར་བྱས་ནས། གཤིས་སྐྱེ་མེད་ཀྱི་ངང་ལ་སེམས་མཉམ་པར་བཞག་པར་བྱའོ། །

གཉིས་པ་སྡུག་པ་ལོངས་སྐུར་ངོ་སྤྲོད་པ་ནི། ཡང་མཉམ་གཞག་དེ་ལས་ལངས་ནས། སྡུག་པར་སྣང་བའི་སེམས་འདི་ཉིད། ཧྲིཿདཀར་པོ་ཚེག་དྲག་དང་བཅས་པར་བསམ་ནས་སྔར་བཞིན་དུ་སྤྱན་རས་གཟིགས་ཀྱི་བསྒོམ་བཟླས་ཡང་ན་སྡུག་བསྔལ་དུ་གནང་བ་འདི་ཉིད། ཇོ་བོ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པར་སྐྲོངས་ཀྱིས་བསྒོམ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐུགས་རྗེ་ཆེན་པོ། སྒྲ་ཅི་གྲགས་པ་ཐམས་ཅད་མ་ཎི་པད་མེའི་སྒྲར་བསྒོམ་ཞིང་། ༀ་མ་ཎི་པད་མེ་ཧཱུྃ་ཞེས་པ་མང་དུ་བགྲང་པ་ནི། སྡུག་བསྔལ་ལོངས་སྐུར་ངོ་སྤྲོད་པའོ། །བྱའོ། །གསུམ་པ་སྡུག་བསྔལ་སྤྲུལ་སྐུར་ངོ་སྤྲོད་པ་ནི། སྡུག་པར་སྣང་བའི་སེམས་འདི་ཉིད་གདངས་མ་འགགས་པ་སྣ་ཚོགས་སུ་སྣང་བས་སྤྲུལ་སྐུར་བཞག་གོ །ཡང་སེམས་སྐྱེ་བ་མེད་པས་ཆོས་སྐུ། འགགས་པ་མེད་པས་ལོངས་སྐུ། གནས་པ་མེད་པས་སྤྲུལ་སྐུ། དེ་གསུམ་སེམས་ཀྱི་སྟེང་ན་དབྱེར་མེད་པ་ངོ་བོ་ཉིད་ཀྱི་སྐུ་ཞེས་ཟེར་རོ། །འདིར་སྐྱེད་སྡུག་ལམ་འཁྱེར་ཞེས་ཀྱང་བྱ། བློ་སྦྱོང་ཐུན་གཅིག་མ་ཞེས་ཀྱང་ཟེར། སྐུ་བཞི་ངོ་སྤྲོད་ཀྱི་གདམས་པ་ཞེས་ཀྱང་ཟེར་རོ། །འདི་ཚིག་ཉུང་ལ་དོན་ཟབ་པའི་ཆོས་གཅིག་གདའ་གསུངས། མང་ཡུལ་སྐྱིད་གྲོང་གི་སེང་གེ་མཁར་དུ་དོན་གཉེར་བ་འགའ་ཞིག་གིས་ཞུས་པ་ལ་གནང་བ་ལགས་སོ། །

༈ འདིའི་བརྒྱུད་པ་ནི། པཎ་ཆེན་ཤཱཀྱ་ཤྲཱི། ཁྲོ་ཕུ་ལོཙྪ་བ། བོ་དོང་རིན་པོ་ཆེ། རིན་པོ་ཆེ་ཤེར་འབུམ། རྒྱལ་བའི་སྲས་པོ་ཐོགས་མེད། དེས་གཞོན་ནུ་བློ་གྲོས་བདག་ལའོ། །ཡང་ལོཙྪ་བས། མཁན་པོ་བྱང་ཆུབ་དཔལ། དེས་མཁན་པོ་བདེ་བ་དཔལ། དེས་མཁན་པོ་བཀའ་བཞི་པ་གྲགས་པ་གཞོན་ནུ་ལ། དེས་མཁན་པོ་བསོད་ནམས་གྲགས་པ་ལ། དེས་རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ་ལ། དེས་དཔལ་རེད་མདའ་བ་གཞོན་ནུ་བློ་གྲོས་ཞེས་གྲགས་པ་ལ། དེས་མཁན་ཆེན་རིན་པོ་ཆེ་རྗེ་བཀའ་ལྔ་པ་དཔལ་འབྱོར་ཤེས་རབ་པ་ལའོ། །དགེའོ།། །།

འཇམ་དབྱངས་ནམ་མཁའ་རིན་ཆེན་ལ་ཕུལ་བ།

འཇམ་དབྱངས་ནམ་མཁའ་རིན་ཆེན་ལ་ཕུལ་བ།

ན་ལོ་གུ་རུ་ཝེ། །དེང་སང་འདི་ན་མཁས་རློམ་མང་ན་ཡང་། །རིགས་དང་མི་རིགས་འབྱེད་པའི་བློ་ལྡན་ཉུང་། །རི་བོང་ཅལ་གྱི་རྗེས་འབྲང་རི་དྭགས་བཞིན། །ཕལ་ཆེ་སྒྲ་ཡི་རྗེས་འབྲང་ཁོ་ནར་ཟད། །མཁས་བཙུན་བཟང་པོར་གྲགས་པ་མང་ན་ཡང་། །ཐུབ་བསྟན་གཅེས་པར་འཛིན་པའི་དམ་པ་དཀོན། །ཁེ་སྤོངས་འདོད་པའི་ཚོང་པ་ཞིང་པ་བཞིན། །ཕལ་ཆེར་ཚེ་འདིའི་ཆེ་ཐབས་སྒྲུབ་པ་མང་། །འདི་ན་ལ་ལ་ཉེས་བཤད་དུག་ཆུས་མྱོས། །ཁ་ཅིག་ལྟ་ངན་རི་བོའི་སྤོ་ལ་ཞེན། །གཞན་དག་ཚུལ་འཆལ་འདོད་པ་བསོད་ཉམས་བསྟེན། །མང་པོ་འབྲས་མེད་སྦུན་པ་འཕྱར་བས་ངལ། །ར་གན་ཁ་སྒྱུར་བཞིན་དུ་མི་འཆམ་ཞིང་། །ལྕགས་ཕྱེད་གསེར་གྱིས་གཡོགས་པ་ཇི་ལྟ་བར། །ཁོང་པ་རབ་གདུག་ཕྱི་རོལ་འཕགས་ཚུལ་གྱིས། །ཆོས་ལྟར་བཅོས་པའི་སྟོན་པའང་ཤིན་ཏུ་མང་། །དེ་ཕྱིར་བློ་ངན་རྣམས་ཀྱིས་ཉེས་བཤད་ཀྱིས། །ཐུབ་བསྟན་དྲི་མར་བྱས་པ་མ་བཟོད་ནས། །རིགས་དང་མི་རིགས་ཅུང་ཟད་ཕྱེ་ན་ཡང་། །དེང་སང་འདི་ན་བདག་ལ་གཤེ་བ་མང་། །འཇིག་རྟེན་སྐྱེ་བོ་མ་མཉེས་གྱུར་ཀྱང་བླ། །དམ་པས་ཁྲེལ་ན་གསོན་པོ་སྲོག་སོང་ཡིན། །དེ་ཕྱིར་བདག་ལ་བསྟན་པ་དང་འགལ་བའི། །ལྟ་སྤྱོད་ཡོད་ན་དམ་པ་རྣམས་ཀྱིས་སྨོད། །ཁོ་བོས་སངས་རྒྱས་བསྟན་ལ་རབ་བྱུང་ནས། །རིགས་དང་མི་རིགས་འབྱེད་ཤེས་ཚུན་ཆད་དུ། །ལུས་ངག་ཡིད་ཀྱི་སྤྱོད་པ་ཅི་བྱེད་ཀྱང་། །རབ་ཏུ་བསྒྲིམས་ནས་ཐུབ་པའི་གསུང་བཞིན་བསྒྲུབས། །ཐོགས་མེད་གོམས་པའི་ཉོན་མོངས་ཤུགས་དྲགས་པས། །གལ་ཏེ་མི་རིགས་ཅུང་ཟད་བྱས་ན་ཡང་། །དེ་ཡི་མོད་ལ་དུག་ཟོས་དྲན་པ་བཞིན། །འགྱོད་སེམས་ལྡན་པས་སླར་ཡང་ཆོས་བཞིན་བྱས། །གནས་ལུགས་འབྱེད་པའི་འོད་ཟེར་སྟོང་ལྡན་པའི། །ཐུབ་བསྟན་ཉི་མའི་དཀྱིལ་འཁོར་མཐོང་བས་ན། །བློ་ངན་མུན་པའི་ཁྲོད་ན་འོད་འབྱིན་པའི། །གཞན་གཞུང་མེ་ཁྱེར་སོགས་ལ་བདག་མི་གུས། །གསུང་རབ་རིན་ཆེན་གླིང་ལ་དབང་སྒྱུར་བའི། །ཀླུ་སྒྲུབ་ཀླུ་དབང་ལེགས་བཤད་གདེངས་ཀའི་ནོར། །དགོས་འདོད་ཀུན་འབྱུང་འདོད་དགུར་སྤྱོད་པས་ན། །ཉེས་བཤད་མཆིང་བུའི་ཚོགས་ཀྱིས་བདག་མི་མགུ། །མཐའ་གཉིས་སྤངས་པའི་ཆུ་གཏེར་ལ་གནས་ཏེ། །གདེངས་ཅན་དབང་པོ་ཀླུ་སྒྲུབ་རིང་ལུགས་འཛིན། །ཁོ་བོའི་ལྟ་ཟེར་འབར་བའི་གཟི་བརྗིད་ལ། །ཕས་རྒོལ་འདབ་བཟང་སྟོང་གིས་འགོལ་མི་ནུས། །འཇིག་ཚོགས་ལྟ་རིའི་སྤོ་མཐོ་འཇོམས་བྱེད་པའི། །ལུང་རིགས་རྡོ་རྗེའི་གནམ་ལྕགས་སྟོང་ཡོད་ཀྱང་། །རྨོངས་པའི་གོ་ཆ་སྲ་བརྟན་ཆེར་གྱོན་པའི། །སྐྱེ་བོ་འདི་ལ་བདག་གིས་ཅི་བྱར་ཡོད། །དེ་ཕྱིར་ཆོས་དང་ལྡན་པར་སྨྲས་ན་ཡང་། །དེང་སང་འདི་ན་ཕན་པར་མ་མཐོང་ནས། །ཏིང་འཛིན་བདུད་རྩིའི་རོ་དེ་མྱང་འདོད་པས། །གཡོ་བའི་ཡིད་ནི་དབེན་པའི་ནགས་སུ་གཞོལ། །ཞེས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ།། །།

བླ་མ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་སྤྲིངས་པ།

བླ་མ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་སྤྲིངས་པ།

ན་མོ་གུ་རུ་ཝེ། བློ་གྲོས་འདབ་བརྒྱ་རིག་པའི་མདངས་གསལ་ཅན། །བརྟུལ་ཞུགས་བཟང་པོའི་གེ་སར་གྱིས་སྤུད་དེ། །མང་ཐོས་རྒྱ་མཚོའི་དབུས་ན་ལྷམ་མེ་བ། །ཐུབ་བསྟན་ཉི་མའི་གཉེན་གྱུར་བཤེས་གཉེན་ཁྱེད། །བློ་གསལ་རྐང་དྲུག་ལྡན་རྣམས་ཉེར་བསྟེན་ཞིང་། །ལེགས་བཤད་སྦྲང་རྩིའི་དགའ་སྟོན་འགྱེད་དོ་ཞེས། །སྙན་པའི་དྲི་བསུང་འཕྲོས་པས་ཡིད་ཀྱི་མཚོར། །དགའ་བའི་ཆུ་སྐྱེས་སྔོན་མེད་འཁྲུངས་པར་གྱུར། །གཞོན་ནུའི་སར་གནས་རྒྱལ་བའི་སྲས་རྣམས་ཀྱི། །བློ་གྲོས་དགོངས་ཟབ་རིགས་པའི་རྗེས་འབྲངས་ཏེ། །ཚུལ་བཞིན་རྟོགས་པའི་ཟབ་དོན་བདུད་རྩིའི་རོ། །ཡང་ཡང་མྱངས་པས་བདག་ཀྱང་ཉེ་བར་འཚོ། །ཞེས་པ་ནས། །ཡང་སྨྲས་པ། གསུང་རབ་དགོངས་དོན་འབྱེད་པའི་ལེགས་བཤད་ཀྱིས། །ཤེས་བྱའི་གནས་ལ་བློ་གྲོས་མྱུར་འཇུག་ཅིང་། །རིགས་པའི་ཚུལ་ལ་གཞན་དྲིང་མི་འཇོག་པའི། །བློ་གྲོས་བཟང་པོའི་སྤོབས་པ་ཁོ་བོས་བསྒྲུབས། །ཕན་བཏགས་ལན་དུ་བྱས་པ་གཟོ་བ་ཡང་། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །དེ་ཕྱིར་ཁྱོད་ཀྱིས་གལ་ཏེ་བདག་སེམས་ན། །ཐུབ་པའི་བསྟན་ལ་ཚུལ་བཞིན་བྱ་བ་བྱོས། །མང་པོས་བཀུར་བའི་ཆེན་པོར་གྲགས་རྣམས་ཀྱང་། །རྙེད་དང་བཀུར་སྟི་གྲགས་པ་ལྷུར་བྱེད་ཀྱི། །སངས་རྒྱས་བསྟན་ལ་ཆེད་ཆེར་མི་འཛིན་ན། །འདི་ན་ཐུབ་བསྟན་གཅེས་འཛིན་དམ་པ་སུ། །མཁས་རློམ་ཕལ་ཆེར་སྨྲ་མཁན་ནེ་ཙོ་བཞིན། །ཚིག་གི་རྗེས་འབྲང་གཞུང་ཙམ་ཀློག་པར་ཟད། །རིགས་དང་མི་རིགས་འབྱེད་ལ་འཐོམས་གྱུར་ན། །འདི་ན་རིགས་ལྡན་ལེགས་བཤད་སྨྲ་བོ་གང་། །ཉིན་དང་མཚན་དུ་རྣལ་འབྱོར་སྒོམ་རྣམས་ཀྱང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་སྒོམ་པ་བཞིན། །ཡང་དག་ལྟ་བའི་གནད་ཀྱིས་དབེན་གྱུར་ན། །འདི་ན་ཡང་དག་ལམ་ཞུགས་སྒྲུབ་པོ་མེད། །ལྟོ་ཕྱིར་རབ་བྱུང་བྲལ་ཕྱིར་བསྙེན་རྫོགས་ཀྱང་། །ཚུལ་ལྡན་བསླབ་ལ་གུས་པའི་དགེ་སྦྱོང་ཉུང་། །ཀྱེ་མ་ཀྱེ་ཧུད་ཤཱཀྱའི་བསྟན་པ་ནི། །མིང་ཙམ་ལུས་པར་ཁོ་བོ་གཅིག་པུས་མཐོང་། །ཞེས་པ་འདི་ནི་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་རང་གི་སློབ་མ་བཀའ་བཞི་འཛིན་པ་བློ་བཟང་གྲགས་པའི་དཔལ་ལ་སྤྲིངས་པའོ།། །།དགེ་ལེགས་འཕེལ་བར་གྱུར་ཅིག། །

འདུས་པའི་མན་ངག་རིམ་པ་གསུམ་དུ་ཕྱེ་བ་རྙེད་པ་ལ་སྤྲོ་བ་དང་བཅས་པ་བླ་མ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་སྤྲིངས་པ།

འདུས་པའི་མན་ངག་རིམ་པ་གསུམ་དུ་ཕྱེ་བ་རྙེད་པ་ལ་སྤྲོ་བ་དང་བཅས་པ་བླ་མ་རིན་པོ་ཆེ་བློ་བཟང་གྲགས་པ་ལ་སྤྲིངས་པ།

བླ་མ་བཀའ་བཞི་པའི་སྙན་དུ་གསོལ་པ། དཔོན་སློབ་འཁོར་བཅས་སྐུ་ཁམས་བཟང་ཞིང་ཐུགས་དམ་འཕེལ་བར་བཞུགས་མཆི། ངེད་ཀྱང་མང་ཡུལ་གྱི་དབེན་གནས་ཅིག་དུ་སླེབས་ནས། ད་ལྟ་ཁམས་བཟང་པོར་བདོག་གོ །སྐབས་ཞུས། ངེད་ཀྱང་ལོ་རེ་ཞིག་འདི་ཕྱོགས་ཀྱི་དབེན་པ་འདྲར་དགེ་སྦྱོར་ཅི་འཕེལ་བྱེད་རྩིས་ལགས། དེར་ཡང་དཔོན་སློབ་ཉུང་རགས་ཅིག་དབེན་པ་གཅིག་ཏུ་གཞི་འབེབས་སམ་ཟེར་བའི་སྒྲོས་འདྲ་ཚོར་ཏེ་དེ་དབེན་ནའང་ལེགས་པས་ངེད་ལ་ཡང་དེ་ལུགས་ཀྱི་གསུང་ལན་སྐུར་མཛོད། ཚེ་རིང་ན་ངེད་ཀྱང་སྙོག་སྲིད། ཡང་དོན་ཅིག་ལ་ཤན་ཏི་པའི་འགྲེལ་པ་འདི་ཡེ་ཤེས་ཞབས་ཀྱི་རྗེས་འབྲང་ཡིན་ནམ་སྙམ་སྟེ། འདི་འཕགས་ལུགས་ཡེ་ཤེས་ཞབས་ལུགས་གཉིས་ཀའི་སྔོན་སྲོལ་གྱིས་འདུས་པའི་སློབ་དཔོན་རྣམས་ཀྱི་བཤད་སྲོལ་སྐྱོང་བར་སྣང་། སློབ་དཔོན་དེ་རྣམས་གང་ཞེ་ན། རྒྱལ་བས་བྱིན་གྱི་འགྲེལ་པར། པདྨ་དང་ནི་སྐུ་མེད་བཞེད་པས་མཛད་དང་ཆོས་ཀྱི་མྱུ་གུའི་གཞུང་། །མགྲིན་གསུམ་པ་དང་དབང་པོ་དབྱངས་སྙན་སྐྱོང་ལས་བྱུང་བ་སྙིང་པོ་སྦས་པས་བཤད། །དཔལ་ལྡན་འདུས་པ་གང་དུ་གསལ་ཚིག་ནི་ཡེ་ཤེས་ཀྱིས་མཛད་གཞན་དེ་དང་། །རྡོ་རྗེ་སློབ་དཔོན་བརྒྱུད་པ་ལས་ནི་མ་འོངས་པ་དེ་ལས་བདག་ནི་བློ་དམན་ནོ། །

ཅེས་པ་རྣམས་ཡིན་པ་འདྲ། ཡེ་ཤེས་ཞབས་ཀྱི་རྗེས་འབྲང་ཡང་། དེ་ཉིད་ལས། འོན་ཀྱང་དཔལ་སྡེ་དང་ནི་བྱིས་པ་ནས་སྐྱེས་ས་དང་དམན་པ་ལ་སོགས་པ། །དཔལ་ལྡན་ཡེ་ཤེས་ཞབས་ཀྱི་ལུགས་ལ་མང་དུ་ནི། །བྱས་པར་གྱུར་པ་གང་ཡིན་དེ་ཡི་གཞུང་དེ་ཉིད། །དེ་ནི་འདི་རུ་མདོ་རུ་བསྡུས་ཏེ་འགྲོ་ལ་ཕན་ཕྱིར་སྤྱོད་པར་བྱ། །ཅེས་པ་རྣམས་ཡིན། ཡེ་ཤེས་ཞབས་ལུགས་ཀྱི་འགྲེལ་བ་རྣམས་ལས་ཤནྟི་པའི་འགྲེལ་པ་འདི་རྒྱུད་ཀྱི་ཁོག་ཕུག་བྱིངས་ཆེ་ཞིང་ཚིག་དོན་ལ་འབྱོར་བ་ལེགས་པ་ཅིག་སྣང་། ངས་འདི་ལེགས་པར་ཤོད་པར་ཡོད་སྟེ་གོ་མཁན་མི་གདའ། སྔར་ཡི་གེ་བསྐུར་བའི་ལུགས་བཞིན་ཉིད་ཅག་གིས་འདི་ལ་བཤད་སྲོལ་ཅིག་ཚུགས་ན་དོན་ཆེ་བར་གདའ། འདི་དང་མུ་ཏིག་གི་འཕྲེང་བ་གཉིས་ལས་རྗེ་མགོས་ཀྱི་འགྱུར་མཆན་ལེགས་པོ་ཐོ་རེ་ཅིག་སྣང་། གཞན་འདི་སྔར་བོད་དུ་ཤོད་པ་མ་བྱུང་ཞིང་ད་ཡོང་མི་སྲིད་པར་གདའ། འཕགས་པ་རྡོ་རྗེའི་མན་ངག་དང་། བཤད་རྒྱུད་གཞན་གྱི་རྗེས་འབྲངས་ནས། །འདུས་པའི་རྒྱུད་དོན་རིམ་པ་ལྟར། །དཔལ་ལྡན་ཟླ་བ་གྲགས་པས་བཤད། །སྔོན་རབས་རྒྱུད་པའི་མན་ངག་དང་། །ཕྱི་མའི་རྒྱུད་ཀྱི་རྗེས་འབྲངས་ནས། །རྒྱུད་དོན་བསྙེན་སྒྲུབ་ཡན་ལག་བཞིར། །རིན་ཆེན་འབྱུང་གནས་ཞི་བས་ཕྱེ། །འཇམ་པའི་དབྱངས་ཀྱི་ཡན་ལག་གིས། །རྒྱུད་དོན་བསྐྱེད་པའི་རིམ་པ་དང་། །རྫོགས་རིམ་ཐིག་ལེ་རྣམ་གསུམ་དུ། །སངས་རྒྱས་ཡེ་ཤེས་ཞབས་ཀྱིས་བསྟན། །འཕགས་དང་མཁས་པས་གསལ་བྱས་པའི། །འདུས་པའི་རྒྱུད་ཆེན་ཤིང་རྟའི་སྲོལ། །རིམ་པ་གསུམ་དུ་ཕྱེ་བ་འདི། །རྙེད་པ་གང་དེ་ཡ་མཚན་ནོ། །ཡི་གེའི་རྟེན་མཚོན་པད་ཀ་ར་བདོག་པོ་ཅིག་བདོག །ཟླ་བ་བཅུ་པའི་ཚེས་བཅུ་གཅིག་ལ་མང་ཡུལ་གྱི་དབེན་གནས་གངས་ཞྭ་མོའི་མགུལ་ནས་དགེ་བར་གྱུར་ཅིག། །།

བླ་མ་བཀའ་བཞི་པའི་སྙན་དུ་གསོལ་བ།

བླ་མ་བཀའ་བཞི་པའི་སྙན་དུ་གསོལ་བ།

དཔོན་སློབ་འཁོར་བཅས་སྐུ་ཁམས་བཟང་ཞིང་། ཐུགས་དམ་འཕེལ་བའི་ངང་ནས་གསུང་ཡིག་གོས་བེམ་དུར་ཁ་ཟི་ཇ་བཟང་པོའི་རྟེན་དང་བཅས་པ་བླ་མ་བསོད་ནམས་གྲགས་པས་འདིར་འཕྲོད་པས་སེམས་དགའ། འདིར་ཡང་ཁམས་བཟང་པོར་བདོག སྐབས་ཞུས། སྔར་ངེད་ཀྱི་བསམ་པ་ལ་ཡང་། དབུ་མ་རང་རྒྱུད་པ་རྣམས་ཀྱིས་རང་གི་མཚན་ཉིད་ཀྱིས་གྲུབ་པའི་རྟེན་འབྲེལ་ཡང་དག་ཀུན་རྫོབ་ཏུ་ཁས་བླངས་བ་ཡིན་སྙམ། དེ་དང་མཐུན་པར་རང་རེའི་ཡིག་ཆ་རྣམས་ན་བཀོད་ན་ཡང་། འདི་ལ་དངོས་སྨྲ་བ་རྣམས་ཀྱིས་རྟེན་འབྲེལ་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་ནས་ཤེར་ཕྱིན་ལ་སོགས་པའི་མདོ་ཟབ་མོ་སྟོང་པ་ཉིད་སྟོན་པ་རྣམས་ལ་རྒྱུ་འབྲས་ལ་སྐུར་པ་བཏབ་སྙམ་ནས་དབུ་མ་པ་ལ། རྩ་ཤེར། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། །ཁྱེད་ལ་མེད་པར་ཐལ་བར་འགྱུར། །ཞེས་སོགས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་ཐམས་ཅད་མི་རུང་བའི་སྐྱོན་འཕངས་པ་དང་། འཇུག་པར་ཡང་། དེ་ལ་སྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་པ་མིན། ཞེས་སོགས་ཀྱི་སྐྱོན་ཡང་འབྱུང་བར་སེམས་ཤིང་། ཤིང་རྟ་ཆེན་པོ་དེ་དག་གིས་སྐྱོན་རགས་པ་འདི་ལྟ་འོང་བའི་གྲུབ་མཐའ་ཁས་མི་ལེན་ནམ་སྙམ་སྟེ། སྐྱོན་སྤོང་ཇི་ལྟར་མཛད། གལ་ཏེ་དངོས་སྨྲ་བས་དོན་དམ་པར་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་ཤིང་། དབུ་མ་པས་ཀུན་རྫོབ་ཏུ་འདོད་པས་སྐྱོན་མེད་སྙམ་ན། དོན་དམ་དང་ཀུན་རྫོབ་ཞེས་པའི་མིང་འཐད་ཀྱང་། རང་གི་མཚན་ཉིད་ཀྱི་དོན་བློའི་སྣང་ཚུལ་ལ་མ་ལྟོས་པར། དོན་བྱེད་ནུས་པའི་དངོས་པོ་རྫས་གྲུབ་ཅིག་ཁས་བླངས། དངོས་པོ་སྨྲ་བ་རྣམས་ཀྱིས་ཀྱང་། དོན་དམ་པའི་དངོས་པོ་ཁས་ལེན་པའི་རྒྱུ་མཚན་ནི་དེ་བས་ལྷག་པ་མེད་པ་འདྲ་སྙམ། སློབ་དཔོན་ཟླ་བས་རང་གི་མཚན་ཉིད་ཀྱིས་གྲུབ་པ་བདེན་པ་གཉིས་ཀར་དུ་མི་བཞེད་པའི་རྒྱུ་མཚན་ཡང་། དེ་འདྲ་བའི་དངོས་པོ་ཁས་བླངས་ན། རིགས་པའི་གནོད་བྱེད་འཇུག་པར་དགོངས་ནས། སྡེ་པ་གཉིས་ཀྱི་དོན་དམ་དུ་གྲུབ་པའི་དངོས་པོ་དབུ་མ་པས་ཀུན་རྫོབ་ཏུ་འདོད་པ་ཡང་མི་རིགས་པར་བསྟན་པ་ཡིན། བོད་ཀྱི་དབུ་མ་པ་ཁ་ཅིག་རང་རྒྱུད་པ་དབུ་མ་མཚན་ཉིད་པ་མིན་ཟེར་བ་ཡང་། དོན་དེ་ལ་བསམས་པ་འདྲ། ཡང་བླ་མ་ལོ་ཙཱ་བས། དབུ་མ་གཉིས་སུ་འདོད་པ་རྨོངས་པ་མཚར་སྐྱེད་ཡིན། ཞེས་པ་དབུ་མ་པ་དོན་དམ་ལ་འདོད་ཚུལ་ཁྱད་པར་མེད་པས། དོན་དམ་སྒྱུ་མ་ལྟ་བུར་འདོད་པའི་དབུ་མ་མི་འཐད་གསུང་སྟེ། ཞི་བ་འཚོ་དཔོན་སློབ་དང་། འཕགས་སེང་རྣམས་ལ་མཐར་ཐུག་གི་དོན་དམ་སྣང་སྟོང་ཟུང་འཇུག་གི་སྒྱུ་མ་ལྟ་བུ་དང་། མཉམ་གཞག་ཀྱང་སྣང་བཅས་སུ་འདོད་པར་མངོན་ཏེ། དེ་ལྟ་དམིགས་པའི་སྐབས་སུ་རྣམ་རིག་པས། གཟུང་འཛིན་གཉིས་ཀྱི་དངོས་པོ་མེད་པའི་དེ་བཞིན་ཉིད་ལ་དམིགས་ནས། དམིགས་པ་དག་པ་གོང་ནས་གོང་དུ་མི་འགྱུར་བའི་སྐྱོན་འཕངས་ཤིང་། རང་ལུགས་ལ། འདི་ཡི་དམིགས་པ་དངོས་མེད་དེ། ཅེས་པའི་སྐབས་སུ་དངོས་མེད་ཅེས་པ་དགག་པ་མ་ཡིན་གྱི་བདེན་མེད་ཀྱིས་ཁྱད་པར་དུ་བྱས་པའི་སྒྱུ་མ་ལྟ་བུ་དམིགས་པར་བཞག་ནས། དམིགས་པ་དག་པ་གོང་ནས་གོང་དུ་འགྱུར་བར་འགྲེལ་ཆེན་གཉིས་ནས་བཤད་པའི་ཕྱིར་རོ། །

གལ་ཏེ་མཉམ་གཞག་སྣང་མེད་ཡིན་ན་སེམས་ཙམ་པ་ལ་འཕངས་པའི་སྐྱོན་རང་ལ་ཡང་འཇུག་པའི་ཕྱིར་རོ། །གཞན་ཡང་དལ་གྱི་སློབ་དཔོན་ཆེན་པོ་སངས་རྒྱས་ཡེ་ཤེས་ཞབས་ཀྱང་། དབུ་མ་སྒྱུ་མ་ལྟ་བུ་འདི་བཞེད་པར་མངོན་ཏེ། གྲོལ་བའི་ཐིག་ལེར། ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་ཕྱིར་ཐལ་བྱུང་ཟབ་མོ་ཡི། །གྲོལ་འདོད་དེ་ལ་བདག་མི་དད། །ཟབ་གསལ་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདི་འབྲས་ཐོབ་ངེས། །ཞེས་མཐར་ཐུག་གི་དོན་དམ་སྟོང་ཉིད་ཁོ་ན་ལ་བྱེད་ན་མཐར་ཐུག་གི་འབྲས་བུ་ཕུང་པོ་ལྷག་མེད་ཀྱི་མྱང་འདས་སུ་ལྷུང་བར་འགྱུར་བས། མཐར་ཐུག་གི་རྣམ་མཁྱེན་ཐོབ་པ་རྡོ་རྗེ་ཐེག་པ་ལ་རག་ལས་པར་བཞེད་ཅིང་། མཐར་ཐུག་གི་དེ་ཁོ་ན་ཉིད་སྣང་སྟོང་ཟུང་འཇུག་གམ། ཟབ་གསལ་གཉིས་་་་་་༼འདིར་མཐའ་ཤོག་མ་ཚང་པའི་བྱ་ཐབས་བྲལ།༽

ཆོས་རྗེ་གྲགས་པ་རྒྱལ་མཚན་པ་ལ་ཕུལ་བ།

ཆོས་རྗེ་གྲགས་པ་རྒྱལ་མཚན་པ་ལ་ཕུལ་བ། ན་མོ་ལོ་ཀེ་ཤྭ་ར་ཡ། གྲགས་པ་བཟང་པོའི་གཟི་འོད་ཕྱོགས་བཅུར་འཕྲོ། །རྒྱལ་མཚན་རྩེ་ན་ནོར་བུ་རིན་ཆེན་ལྟར། །མཁས་མང་དབུས་ན་རབ་བརྗིད་དཔལ་མངའ་བ། །བླ་མ་དམ་པའི་དྲུང་དུ་མཆིད་འདི་འབུལ། །ཤེས་བྱའི་གནས་ལ་བསླབ་པ་མཐར་ཕྱིན་པས། །རྗེས་སུ་འདོམས་ལ་གཞན་དྲིང་མི་འཇོག་ཅིང་། །སྲིད་ལ་ཡིད་འབྱུང་རྣམ་གྲོལ་དོན་གཉེར་བ། །མང་དུ་ཐོས་པའི་ཕན་ཡོན་མ་ཡིན་ནམ། །མང་དུ་ཐོས་ཀྱང་ཚུལ་བཞིན་མི་སྒྲུབ་ཅིང་། །འདོད་ཡོན་རྣམ་གཡེང་བྱ་དབེན་སྤྱོས་ན། །སྨྲ་མཁན་ནེ་ཙོས་ལེགས་བཤད་སྒྲོགས་པ་དང་། །ཕྱྭ་མཁན་མོ་མ་འདྲེ་ཡིས་ཁྲིད་དང་མཚུངས། །སྲིད་པའི་སྡུག་བསྔལ་མེ་འོབས་ལྟར་མཐོང་ཤིང་། །འདོད་ཡོན་རྣམ་གཡེང་ངན་སྐྱུགས་བཞིན་སྤངས་ནས། །མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །སྒྲུབ་པ་སྙིང་པོར་བྱེད་པ་ཐུབ་པས་བསྔགས། །རྩྭ་སྔོན་མེ་ཏོག་འབྲས་བུའི་འབྱོར་ལྡན་ཞིང་། །རི་དྭགས་གཞོན་ནུ་འཚེ་མེད་རྒྱུ་བའི་གནས། །ལོ་མའི་དཔལ་འཛིན་ལྗོན་པའི་གྲིབ་བསིལ་ཅན། །བས་མཐའི་གནས་སུ་ཚེ་གཏུགས་སྐལ་བ་བཟང་། །དེ་ཕྱིར་བདག་ཀྱང་དབེན་པར་གནས་བཅས་ཏེ། །ཚེ་འདིའི་ཕུན་ཚོགས་དོན་གཉེར་རབ་སྤངས་ནས། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །སྙིང་པོའི་དོན་ལ་ཚུལ་བཞིན་སེམས་ཤིང་མཆིས། །དམ་པ་ཁྱོད་ཀྱང་མཁས་པའི་བྱ་བ་ཡིས། །རྒྱལ་བའི་བསྟན་པ་ལེགས་པར་རྒྱས་མཛད་ཏེ། །ཐོས་པའི་དོན་ལ་ཚུལ་བཞིན་སེམས་བྱེད་པའི། །སྒྲུབ་པ་སྙིང་པོར་བགྱིད་པའི་བློ་གྲོས་མཛོད། །སླད་མ་ཁྱོད་སྐུ་རྐྱེན་ཀྱིས་མི་གཡོ་ཞིང་། །ཟོ་མདོག་བདེ་བའི་ངང་ནས་དམ་ཆོས་ཀྱི། །དགའ་སྟོན་ཆེ་ལ་མྱུར་དུ་རོལ་བྱེད་པའི། །འཕྲིན་ལས་བཟང་པོ་ཕྱོགས་བཅུར་རྒྱས་གྱུར་ཅིག །ཚུལ་འདི་ནི། མཁན་ཆེན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་པའི་དྲུང་དུ། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་ཕུལ་བའོ།། །།མངྒལཾ།

ཆོས་རྗེ་བློ་བཟང་གྲགས་པ་ལ་གནང་བ་དབེན་པ་ལ་དགའ་བའི་གཏམ་དང་བཅས་པ།

ཆོས་རྗེ་བློ་བཟང་གྲགས་པ་ལ་གནང་བ་དབེན་པ་ལ་དགའ་བའི་གཏམ་དང་བཅས་པ།

ཨོཾ་བདེ་ལེགས་སུ་གྱུར་ཅིག ཡི་གེ་བཀོད་པ་རྣམས་ཀྱི་དོན་གཙོ་ཆེ་བ་རྣམས་ཁོ་བོའི་བློ་ལ་སྔར་ནས་ཡོད་ཀྱང་། ངེས་པ་སྐྱེ་བ་དང་ཞིབ་ཆ་མང་པོ་ལ་ཤིན་ཏུ་ཕན་ཆེ་བར་བྱུང་། ཁྱད་པར་ཆོས་ཀྱི་གནད་ངེས་འབྱུང་སོགས་གསུམ་དུ་བསྐུར་བ་འདི་ལམ་ཀྱི་སྲོག་རྩ་ནས་བཟུང་བའི་ཉམས་ལེན་ཀྱི་གནད་ཡིན་སྙམ་པ་ཁོ་བོ་ལ་སྔར་ནས་ཡོད་ལ། ངེས་འབྱུང་ལ་ཡང་ཚོར་བ་སྡུག་བསྔལ་གྱིས་ཡིད་འབྱུང་བ་ཕྱུང་ལའང་ཡོད། འགྱུར་བའི་དུཿཁས་ཡིད་འབྱུང་བ་ཕྱི་རོལ་པ་ཕལ་ཆེ་བ་ལ་ཡང་ཡོད། འདུ་བྱེད་ཀྱི་སྡུག་བསྔལ་ཀྱིས་ཡིད་འབྱུང་བ་འདི་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་ཡིན། དེ་ཡི་མྱོང་བ་སྣ་ཟིན་གྱི་ཚད་ཚངས་པ་དང་བརྒྱ་བྱིན་གྱི་བདེ་བ་ལའང་སྲེད་པ་རྨི་ལམ་དུ་ཡང་མི་སྐྱེ་བ་ཡིན། སྟོང་ཉིད་ལ་ངེས་པ་ཐོབ་པའི་ལྟ་བ་གཅིག་མེད་ན་འདིའི་ངེས་འབྱུང་ཡང་རྣལ་མ་སྐྱེ་བ་དཀའ། དེང་སང་ལུས་སེམས་ལ་མི་འདོད་པ་ཐོག་ཏུ་བབས་པའི་ཡི་མུག་ལ་ངེས་འབྱུང་དུ་བྱེད་པར་སྣང་སྟེ། དེ་འདྲ་བའི་ངེས་འབྱུང་ཕག་ཁྱིས་བདས་པའི་སྐྲག་སྔངས་དང་འདྲ། ཅི་ཡང་མི་བཏུབ། བྱང་ཆུབ་ཀྱི་སེམས་ལ་ཡང་སངས་རྒྱས་ཀྱི་བསྔགས་པ་བརྗོད་པ་ན། དེའི་གོ་འཕང་ཙམ་དོན་གཉེར་ཀྱི་བློ་སྐྱེ་བ་མང་ཡང་། དེས་སེམས་བསྐྱེད་རྣལ་མ་གོ་ཆོད་པར་མི་སྐྱེ། སེམས་བསྐྱེད་རྣལ་མ་ལ་རྒྱུ་འགྲོ་བ་མཐའ་དག་སྒྲོལ་འདོད་ཀྱི་སྙིང་པོ་ཁྱད་པར་ཅན་གཅིག་དགོས་ཏེ། སྟོང་ཉིད་རྟོགས་པའི་ཤེས་རབ་མེད་ན་ཐོབ་བྱ་བྱང་ཆུབ་ཀྱི་རང་བཞིན་མི་ཤེས། དེ་མ་ཤེས་ན་བྱང་ཆུབ་ལ་ཡོད་མེད་གང་རུང་གི་མཚན་མར་འཛིན་པའི་ལོག་ལྟས་བསླད་པས་ཕྱི་རོལ་པའི་སེམས་བསྐྱེད་བཞིན་དུ་སེམས་སྐྱེད་རྣལ་མར་མི་འགྲོ། སྙིང་རྗེ་ཁྱད་པར་ཅན་མེད་ན་བྱང་ཆུབ་དེ་གཞན་དོན་དུ་དོན་གཉེར་མི་འབྱུང་བས། ཉན་རང་གི་སེམས་བསྐྱེད་བཞིན་དུ་ཐེག་ཆེན་གྱི་ལམ་དུ་མི་འགྲོ །

དེས་ན་དབང་རྣོན་ཆོས་ཀྱི་རྗེས་འབྲང་རྣམས་ནི་ཐོག་མར་ལུང་རིགས་ཀྱི་སྒོ་ནས་དེ་ཁོ་ན་ཉིད་ཀྱི་ཤེས་པ་ཚོལ་བ་ལ་བརྩོན་པར་བྱེད་ཅིང་། སྟོང་ཉིད་རྟོགས་པའི་ལྟ་བ་རྙེད་ནས་དེ་མ་རྟོགས་པའི་སེམས་ཅན་ལ་སྙིང་རྗེ་བསྐྱེད་ནས། དེ་དག་གི་དོན་དུ་བྱང་ཆུབ་དོན་གཉེར་ཀྱི་བློ་སྐྱེ་བ་ཡིན། དབང་རྟུལ་དད་པའི་རྗེས་འབྲང་རྣམས་ལ་ཐོག་མར་དགེ་བའི་བཤེས་གཉེན་ལ་སོགས་པས་བསྔགས་པ་བརྗོད་པ་ལ་སོགས་པའི་ཚིག་ཙམ་ལ་རྟེན་ནས་བྱང་ཆུབ་དོན་གཉེར་གྱི་བློ་སྐྱེ་ལ། དེའི་རྗེས་སུ་ཐོས་སོགས་ལ་བརྟེན་ནས་སྟོང་ཉིད་ཀྱི་ལྟ་བ་སྐྱེས་པ་ན་སྔར་གྱི་བྱང་ཆུབ་དོན་གཉེར་གྱི་བློ་དེ་ཉིད་སྟོང་ཉིད་ཀྱི་ཤེས་རབ་ཀྱིས་ཟིན་པས། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་བྱང་ཆུབ་ཀྱི་སེམས་རྣལ་མར་འགྱུར་བ་ཡིན། མདོར་ན་སྟོང་ཉིད་ཀྱི་ལྟ་བ་མེད་ན་སེམས་བསྐྱེད་ཀྱང་རྣལ་མ་མི་སྐྱེ། སེམས་བསྐྱེད་རྣལ་མ་སྐྱེས་པའི་མྱོང་བ་སྣ་ཟིན་པའི་ཚད་སེམས་ཙམ་མན་ཆད་དངོས་འཛིན་ཅན་མཐའ་དག་ལ་སྙིང་རྗེ་བཅོས་མ་མ་ཡིན་པ་སྐྱེ་བ་ཡིན་དེ། །དེ་ཤིན་ཏུ་དཀའ། མན་ངག་འདི་པའི་ལུགས་ལ་ངེས་འབྱུང་དང་། སེམས་བསྐྱེད་ལ་འཁྲིད་ཚུལ་དང་བོགས་འདོན་ཚུལ་ཁྱད་པར་ཅན་གཅིག་ཡོད་པ་འདྲ་སྟེ། ཡི་གེར་ཞིབ་ཏུ་བཀོད་ནས་རྒྱ་བྱས་ཏེ་དབུས་ནས་བརྒྱུད་ནས་བསྐུར་བ་བྱུང་ན་ཁྱད་ཆེ། གཞན་འཁྲིད་ན་བློ་ཚོད་དང་མཐུན་པར་གོ་རིམས་ངེས་པ་ཅན་གྱིས་འཁྲིད་དགོས་པར་སྣང་། ཁོ་བོ་རང་གིས་ནི་ཆོས་གསུམ་གོ་རིམ་མ་འཆོལ་བར་ཉམས་སུ་བླངས་ཏེ་ཉན་ཙམ་བྱུང་། ལྟ་བའི་ཕྱོགས་ལ་སྤྱིར་ཕྱི་ནང་གི་གྲུབ་མཐའ་ཐ་དད་ཀྱི་དབང་གིས་ལྟ་བ་བཟང་ངན་ཐ་དད་པ་ཇི་སྙེད་པ་ཀུན་རྟོག་པ་ལས་མ་འདས་པ་དེའི་ཕྱིར། འཕགས་པའི་མཉམ་གཞག་དང་སངས་རྒྱས་ཀྱི་ས་ན་ལྟ་བ་བཟང་ངན་གང་ཡང་མེད་དོ་ཞེས་ཁོ་བོ་སྨྲའོ། །དེ་ལ་ཕྱི་རོལ་པའི་ལྟ་བ་རྣམས་འཁོར་བ་དང་ངན་སོང་ཀྱི་རྒྱུ་འབའ་ཞིག་ཡིན། རང་གི་སྡེ་པ་གཉིས་ཀྱི་གང་ཟག་གི་བདག་མེད་པའི་ལྟ་བ་ཐར་ལམ་དངོས་མིན་ཡང་ལམ་སྟེགས་ཙམ་དུ་འགྱུར། རྣམ་རིག་པའི་ལྟ་བས་དྲོད་རྩེ་ཙམ་བགྲོད་པར་སེམས། བཟོད་པ་མི་སྐྱེ་དེ། དེ་གོམས་པས་འཛིན་པ་རང་བཞིན་མེད་པ་ལ་གསལ་སྣང་དོན་དང་མཐུན་པ་སྐྱེད་མི་སྲིད་པའི་ཕྱིར་རོ། །དེས་ན་སེམས་ཙམ་པའི་ལྟ་བའི་རྒྱུན་གོམས་པས་བཟོད་པ་མི་སྐྱེ་ལ། དེ་སྐྱེ་བ་དབུ་མའི་ལྟ་བར་ན་འཕར་བ་ལ་གདོན་མི་ཟ་བར་ལྟོས་དགོས་སོ། །

རང་རྒྱུད་པའི་ལྟ་བ་ཆོས་མཆོག་མན་ཆད་དུ་མི་འདོར་ལ། ས་ཐོབ་ནས་གདོན་མི་ཟ་བར་འདོར་དགོས་ཏེ། དེ་དག་ནི་སྒྱུ་མ་ཙམ་དུ་འཛིན་པ་ཡིན་ལ། འཕགས་པ་རྣམས་ནི་རྗེས་ཐོབ་ཏུ་ཡང་ཀུན་རྫོབ་སྒྱུ་མ་ཙམ་དུ་ཡང་མི་འཛིན་ཏེ། ཆོས་ཐམས་ཅད་མིང་ཙམ་བརྡ་ཙམ་བཏགས་པ་ཙམ་དུ་ཁོང་དུ་ཆུད་པས་ཕྱིར་རོ། །འོན་ཀྱང་རང་རྒྱུད་བའི་ལྟ་པའི་རྒྱུན་གོམས་པས་འཕགས་པའི་ཡེ་ཤེས་སྐྱེ་བས་འདིས་མཐོང་ལམ་བསྐྱེད་པ་ལྟ་བ་གོང་མར་ན་འཕར་བ་ལ་མི་ལྟོས་སོ། །ཐལ་འགྱུར་བའི་ལྟ་བ་ས་བཅུ་པ་མན་ཆད་ཀྱི་འཕགས་པའི་རྗེས་ཐོབ་ཏུ་རྗེས་སུ་འགྲོ་སྟེ། དེ་དག་གི་རྗེས་ཐོབ་ཏུ་རྟེན་འབྱུང་གི་ཆོས་རྣམས་མིང་ཙམ་བརྡ་ཙམ་བཏགས་པ་ཙམ་དུ་ཡོངས་སུ་སྤྱོད་པས་ཕྱིར་རོ། །སངས་རྒྱས་ཀྱི་སར་འདི་ཡང་འདོར་ཏེ། །སངས་རྒྱས་རྣམས་ལ་གནས་སྐབས་ཐམས་ཅད་དུ་མིང་དོན་ཀྱི་མཚན་མ་གང་ཡང་མི་སྣང་བས་ཕྱིར་རོ། །དེས་ན་དབུ་མ་ཐལ་རང་གཉིས་ཀ་ཡང་དོན་དམ་བརྗོད་བྲལ་དུ་འདོད་པ་མཚུངས་ཀྱང་། རྟེན་འབྲེལ་སྒྱུ་མ་ཙམ་དུ་འཛིན་པ་དང་། །བཏགས་ཡོད་མིང་རྐྱང་ཙམ་དུ་འཛིན་པ་དེ་གཉིས་ཀྱི་ཁྱད་པར་ཐུན་མོང་མ་ཡིན་པ་ཡིན། སྒྱུ་མ་ཙམ་དུ་འཛིན་པ་ན་ཀུན་རྫོབ་ཏུ་མྱོང་རིག་སྒྱུ་མ་ཙམ་ཞིག་ཁས་ལེན་གྱི། སྤང་བྱ་དང་གཉེན་པོ་ཡང་མྱོང་རིག་སྒྱུ་མ་ཙམ་དུ་ཁས་ལེན་ཏེ། རྟེན་འབྲེལ་བཏགས་པ་ཙམ་དུ་ཁས་ལེན་པ་ལ་ནི་འཁྲུལ་པ་གཞི་ན་རྩ་བྲལ་ཡིན་ཅིང་། སྤང་གཉེན་ཡང་རྟོག་པས་བཏགས་པ་ཙམ་ལས་མེད་དོ། །

ཁོ་བོ་ལ་དབུ་མའི་རྟོགས་པ་སྐྱེ་ཚུལ་རིམ་པ་བཞི་བྱུང་སྟེ། འདི་ལྟར་དང་པོ་ཆད་སྟོང་། གཉིས་པ་སྣང་སྟོང་། གསུམ་པ་རྟེན་འབྲེལ་སྒྱུ་མར་གོ་བ། བཞི་པ་རྟེན་འབྲེལ་བཏགས་ཡོད་གཞི་མེད་དུ་གོ་བའོ། །དང་པོ་ནི། བུམ་པ་ཐོ་བས་བཅོམ་པ་ལྟར། ཀུན་རྫོབ་རྫས་སྔགས་རིགས་པས་བཤིག་པའི་སྟོང་པ་ཉིད་དེ། །འདིས་ཀྱང་རིགས་དཔྱད་ཀྱི་བདེན་འཛིན་ལྡོག་ཅིང་སྟོང་ཉིད་ལ་མོས་པའི་རྒྱུ་ཙམ་བྱེད། གཉིས་པ་ནི། སྒྱུ་མ་ལྟར་སྣང་དུས་ཉིད་ནས་རང་བཞིན་མེད་པར་རྟོགས་པ་སྟེ། འདིས་ཕྱི་གཟུང་བྱ་ལ་སྒྲོ་སྐུར་ཀྱི་རྟོག་པ་ལྡོག་ཀྱང་ནང་མྱོང་རིག་ལ་བྲོས་པའི་ཞེན་པ་མི་འདོར་བས་སེམས་ཙམ་རྣམ་རྫུན་པའི་ལྟ་བ་ལས་མ་འདས། གསུམ་པ་ནི། ནང་རིག་པ་དང་ཕྱི་སྣང་བ་གཉིས་ཀ་ཡང་རྒྱུ་རྐྱེན་ལ་རག་ལས་པས་སྒྱུ་མ་ལྟར་ཀུན་རྫོབ་ཏུ་ཡང་སྣང་བ་ཙམ་ལས་རང་བཞིན་ཅུང་ཟད་ཀྱང་མེད་པར་རྟོགས་པ་སྟེ། འདི་ལ་ཡང་མཐར་འཛིན་ཀྱི་ཞེན་པ་ཅི་ཡང་མེད་ཀྱང་རྟེན་འབྲེལ་སྒྲ་རྟོག་ལ་མ་ལྟོས་པའི་དོན་ཆོས་སྒྱུ་མ་ཙམ་དུ་འཛིན་པ་ཡོད་པས། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ལས་མ་འདས། བཞི་པ་ནི། རྟེན་འབྲེལ་ཀྱི་ཆོས་རྣམས་རིགས་པས་ཚུལ་བཞིན་དུ་དཔྱད་པ་ན་རང་གི་དངོས་པོ་ཅུང་ཟད་ཀྱང་མི་རྙེད་ཅིང་། མ་དཔྱད་པ་ན་ཐ་སྙད་ཀྱི་ཡུལ་དུ་འགྱུར་བས། རྟོག་པས་བཏགས་ཤིང་མིང་གིས་ཐ་སྙད་བྱས་པ་ཙམ་གྱི་བཏགས་ཡོད་དུ་རྟོགས་པའོ། །

དེ་ལྟ་བུའི་རྟེན་འབྲེལ་རྟོགས་པའི་བློ་དེ་ཉིད་ཀྱིས་བློ་གཞན་ལ་ལྟོས་མེད་དུ་རྒྱུ་འབྲས་ཕན་ཚུན་མི་འཁྲུལ་བ་དང་། རྟེན་འབྲེལ་རྟག་ཆད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ངེས་པ་འདྲོངས་པ་གཅིག་འོང་བ་ཡིན། གོ་ཡུལ་ཀྱི་ལྟ་བ་ལ་འདིའི་གོང་ན་བོགས་དབྱུང་རྒྱུ་གཞན་ཡོད་པར་མི་སེམས། འདི་མ་རྟོགས་བར་ལ་ལྟ་བ་མཐར་ཐུག་པ་ཡང་མ་ཡིན། ཁྱེད་ཀྱི་ད་ལྟ་རྟེན་འབྲེལ་རྟོགས་ཚུལ་ཀྱི་ལྟ་བ་དེ་ཤིན་ཏུ་བཟང་ཡང་། སྒྱུ་མའི་འཛིན་པ་ཅུང་ཟད་ཡོད་པས་ལྟ་བ་འདི་ལ་ངེས་པ་རྙེད་ན་དེ་ཡང་འཇིག་པས། ད་དུང་གསོལ་བ་ཐོབ་ཅིག རང་གིས་ཀྱང་དཔྱོད་དང་། རིང་པོ་མི་ཐོགས་པར་ངེས་པ་རྙེད་པར་འགྱུར། ཡི་དམ་གྱིས་ཀྱང་རང་གི་རྒྱུད་ཚོད་དང་མཐུན་པར་སྟོན་པས་ཐེངས་གཅིག་རྟོགས་པ་ལ་ཆོག་ཚོད་བཟུང་མི་ཉན། ལྟ་བ་འདི་རྟོགས་པ་ན་རྒྱུ་འབྲས་དང་སྟོང་པ་ལ་ཡིད་ཆེས་པའི་ངེས་པ་ཅིག་ཅར་སྐྱེ། སྤང་གཉེན་དང་འཁོར་འདས་གཞི་མེད་རྩ་བྲལ་དུ་རྟོགས་པས་དེ་དག་ལ་བློ་བུར་དུ་འཛིན་པ་དང་། རྟེན་འབྲེལ་སྒྱུ་མ་ཙམ་དུ་འཛིན་པ་ཡང་སྤོང་བ་ཡིན། ཀུན་རྫོབ་རྟེན་འབྲེལ་བཏགས་པ་ཙམ་དུ་རྟོགས་པ་ན་དོན་དམ་བརྗོད་བྲལ་ནམ་མཁའ་ལྟར་གོ་བའི་ངེས་པ་སྐྱེ་བ་རིགས་པ་གཞན་ལ་ལྟོས་མི་དགོས་ཏེ། བློ་དེ་ཉིད་ཀྱིས་དོན་དམ་ལ་སྒྲོ་འདོགས་ཆོད་པས་སོ། །

དཔེར་ན་ས་ཕྱོགས་དག་པ་བ་རྟོགས་པའི་བློ་དེ་ཉིད་ཀྱིས་བུམ་མེད་ལ་སྒྲོ་འདོགས་ཆོད་པ་བཞིན་ནོ། །དེ་བས་ན་རྟེན་འབྲེལ་བཏགས་པ་ཙམ་དུ་རྟོགས་པའི་ལྟ་བ་དེ་ཉིད་མངོན་དུ་འགྱུར་བ་སོ་སྐྱེ་ལ་མཐར་འཛིན་འགོག་པའི་རིགས་པ་ལ་ལྟོས། འཕགས་པ་ལ་མཉམ་བཞག་གི་སྟོབས་ཀྱིས་རྗེས་ཐོབ་ཏུ་འབད་མེད་དུ་མངོན་དུ་འགྱུར། བློ་དེ་ཉིད་རྩེ་གཅིག་པའི་ཞི་གནས་ཀྱིས་བརྟན་པར་བྱས་ནས་དྲན་ཤེས་ཀྱི་རྟོག་པ་གཞན་གྱིས་བར་མ་ཆོད་པར་རྒྱུན་དུ་བསྐྱངས་པས་གོམས་པ་མཐར་ཕྱིན་པ་ན་ནམ་མཁའ་ལ་འཇའ་ཡལ་བ་ལྟར་བློ་དེ་ཉིད་ཀྱང་དོན་དམ་བརྗོད་བྲལ་ནམ་མཁའ་ལྟ་བུའི་ངང་དུ་གྱུར་པ་ནི་འཕགས་པའི་ཡེ་ཤེས་སྐྱེས་པ་ཞེས་པའི་ཐ་སྙད་དུ་བྱེད་པ་ཡིན། རང་རྒྱུད་པ་གཅིག་དང་དུ་བྲལ་གྱི་རྟགས་ལ་བརྟེན་ནས་སྣང་བ་བདེན་དངོས་ཀྱིས་སྟོང་པའི་སྒྱུ་མ་ལྟ་བུར་ཡོངས་སུ་སྤྱོད་པའི་རྗེས་ཐོབ་དེ་ཉིད་རྒྱུན་དུ་དྲན་ཤེས་ཀྱིས་བསྐྱངས་པས་གོམས་པ་མཐར་ཕྱིན་པ་ན་བློ་དེའི་རྒྱུན་སྒྲ་དོན་འདྲེས་འཛིན་གྱི་དྲི་མ་མཐའ་དག་དང་བྲལ་ཏེ། སྣང་བ་སྒྱུ་མ་ལྟ་བུ་ལ་མཐའ་གང་དུ་ཡང་མི་རྟོག་པར་གྱུར་པ་ན་འཕགས་པའི་ལམ་སྐྱེས་པར་འདོད་པར་གདའ། ལྷག་མཐོང་གི་མྱོང་བ་འདོན་ཚུལ་ལ། དང་པོ་ཞི་གནས་ཀྱིས་སེམས་བརྟན་པར་བྱས་ནས་དེའི་འོག་ཏུ་གང་ཟག་གི་བདག་མེད་ནས་ཉམས་སུ་ལེན་པ་འདི་ཤིང་རྟ་ཆེན་པོ་ཐམས་ཅད་ཀྱི་དགོངས་པར་སྣང་ཡང་དེང་སང་གི་མན་ངག་པ་རྣམས་ལ་ལྷག་མཐོང་བསྒོམ་ཚུལ་ཀྱི་ལག་ལེན་གཏན་མི་སྣང་། དེའི་སྟོབས་ཀྱིས་རྣམ་རྟོག་བཀག་པའི་ཞི་གནས་ཙམ་དང་དེ་ལས་སྐྱེས་པའི་ཉམས་བན་བུན་ཙམ་ལ་ཆེད་ཆེར་བྱེད་པར་སྣང་སྟེ། དེ་དག་གིས་མི་ཚེ་སྟོང་ཟད་ལ་བསྐྱལ་སྙམ། གནས་ལུགས་ལ་དཔྱོད་པའི་ཤེས་རབ་མེད་པར་མི་རྟོག་པ་ཙམ་ཀྱིས་གྲོལ་ན་མུ་སྟེགས་ཀྱང་ཅིའི་ཕྱིར་མི་གྲོལ། ཧྭ་ཤང་ཡང་ཅིའི་ཕྱིར་འཁྲུལ། ཧྭ་ཤང་ནི་ཉམས་ལེན་གྱི་ཚེ་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཁོ་ནས་འཁྲུལ་པར་ཀ་མ་ལ་ཤི་ལས་གསུངས་སོ། །

ཁོ་བོས་ནི་སྔར་ཞི་གནས་ལ་ཆེད་ཆེར་མ་བྱས། གཙོ་ཆེར་ལྷག་མཐོང་ཁོ་ན་ཉམས་སུ་བླངས་ཏེ། དེ་ཡང་མཉམ་བཞག་ཏུ་གང་ཟག་གི་བདག་མེད་དྲན་པ་ཉེར་བཞག་དང་ཁམས་ཀྱི་རབ་དབྱེའི་སྒོ་ནས་ཉམས་སུ་བླངས། རྗེས་ཐོབ་ཏུ་ཡུལ་སྣང་སྣ་ཚོགས་ལ་སྤྱི་དང་བྱེ་བྲག་ཅི་རིགས་པར་རང་བཞིན་མེད་པར་དཔྱད་ནས་ཉམས་སུ་བླངས་ཏེ། སྔར་ཆེར་མ་བསྒོམས་ཀྱང་ལྟ་བའི་བོགས་འབྱིན་པ་ལ་ཤིན་ཏུ་ཕན་ཆེ་བར་བྱུང་། ལྟ་བའི་གོ་ཡུལ་ཙམ་ཡོད་ཀྱང་ཉམས་ལེན་མ་ཤེས་ན་བོགས་མི་འབྱིན་ལ། མྱོང་བ་མ་ཐོན་ན་གོ་ཡུལ་ཙམ་གྱིས་ཉོན་མོངས་དང་རྣམ་རྟོག་གི་དབལ་མི་ཆོག་པར་སྣང་། མདོར་ན་ལྟ་བའི་ཕུ་ཐག་ཆོད། ཉམས་ལེན་ཀྱི་གནད་ཤེས། འཁོར་བའི་ཉེས་དམིགས་དང་ཐར་པའི་ཕན་ཡོན་ལ་ཚིག་ཙམ་མ་ཡིན་པར་ངེས་པ་འདྲོངས། སྟོན་པ་དང་བསྟན་པའི་ཡོན་ཏན་ལ་ཡིད་ཆེས་པའི་དད་པ་ཐོབ་བཞིན་དུ་བསྒྲུབ་པ་སྙིང་པོར་མི་བྱེད་པར་ཚེ་འདིའི་སྣང་ཤས་ལྷུར་ལེན་ན་ཁོ་བོའི་སྙིང་རུལ་བ་ལས། གཞན་དུ་བརྟག་ཏུ་ཅི་ཞིག་ཡོད། །དེ་བས་ན་ད་ནི་ཚེ་ལྷག་གང་ཡོད་བས་མཐའི་གནས་སུ་མི་སྐྱེལ་ཞིང་། ཚེ་དང་བསྒྲུབ་པ་མི་སྙོམ་པར་གཞན་དོན་བྱེད་པ་ལྟར་བཅོས་པའི་ཐབས་ཀྱིས་འཁོར་བསྡུས་ནས་སྣང་ཤས་ལྷུར་བྱེད་དམ། སྐྱིད་ཆོས་དང་སྙོམ་ལས་ལྷུར་བྱེད་ན་བསྟན་སྲུང་རྣམས་ཀྱིས་ཁོ་བོའི་མགོ་བོ་ཨ་རྫ་ཀའི་དོག་པ་བཞིན་དུ་ཁོས་ཤིག་གོ །གཞན་ཡང་ཡི་དམ་གྱི་སྤྱན་སྔར་དམ་བཅའ་འདི་དག་འབུལ་ལོ། །གང་གི་ཞབས་ཟུང་པདྨོའི་གེ་སར་རྡུལ། །ཚངས་དང་ལྷ་དབང་ཁྱབ་འཇུག་ལ་སོགས་པ། །འཇིག་རྟེན་དྲེགས་ལྡན་གཙུག་གིས་གུས་བསྟེན་པའི། །སྤྱན་རས་གཟིགས་མགོན་དེ་ལ་ཕྱག་འཚལ་ལོ། །མང་དུ་ཐོས་ཀྱང་ཚུལ་བཞིན་སེམས་ལས་གཡོལ། །ཁྲིམས་བརྒྱ་ནོད་ཀྱང་ཉེས་ལྟུང་དྲི་མ་ཅན། །དགེ་སྦྱོང་བདག་གི་གཡར་དམ་འདི་རྣམས་ལ། །མཁྱེན་ལྡན་ཐུགས་རྗེའི་ལྷ་ཁྱོད་ཡུད་ཙམ་དགོངས། །གང་དུ་གནས་ན་སྣང་ཤས་འཕེལ་འགྱུར་ཞིང་། །རང་རྒྱུད་རྙེད་བཀུར་ཞགས་པས་འཆིང་བྱེད་ལ། །གཞན་རྒྱུད་ཕྲག་དོག་འགྲན་སེམས་ཀྱིས་གདུང་བའི། །གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སོ། །

དེང་ནས་བཟུང་སྟེ་ཇི་སྲིད་འཚོའི་བར། །གངས་དང་རི་སུལ་ནགས་ཀྱི་ཁྲོད་རྣམས་སུ། །བསེ་རུ་ལྟ་བུར་རྟག་ཏུ་གནས་བྱེད་ཅིང་། །གྲོང་དང་འཁོར་མང་དབུས་སུ་གནས་མི་བགྱིད། །ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའི། །སེམས་ལ་བརྟན་པ་ཇི་སྲིད་མ་ཐོབ་བར། །གཅིག་པུར་རང་རྒྱུད་འདུལ་བ་མ་གཏོགས་པ། །གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱིད། །ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ། །རང་ཉིད་འཚོ་བའི་ཡོ་བྱད་མ་གཏོགས་པ། །གསེར་དང་དབྱིག་སོགས་ལྷག་པའི་ཡོ་བྱད་ནི། །རང་གི་དོན་དུ་ཏིལ་ཙམ་མི་བཅང་ངོ་། །གཞན་གྱི་ཉེས་པ་ནམ་ཡང་མི་གླེང་ཞིང་། །དོན་དང་ལྡན་ཞིང་ཆོས་མཐུན་མ་གཏོགས་པ། །དམག་དང་ཆོམ་རྐུན་རྒྱལ་པོའི་གཏམ་ལ་སོགས། །འཁྲུལ་པའི་བཀའ་མཆིད་ནམ་ཡང་མི་བགྱིད་དོ། །ཆོས་ཀྱི་དོན་དུ་དཀའ་སྤྱད་བསྲན་བཟོད་ཅིང་། །འཇིག་རྟེན་བློས་བཏང་རྣལ་འབྱོར་དོན་དུ་གཉེར། །འདོད་ཆུང་ཆོག་ཤེས་རང་དང་རྗེས་མཐུན་པའི། །རྗེས་འབྲང་འཁོར་ནི་བཞི་ལས་ལྷག་མི་བསྟེན། །གལ་ཏེ་བདག་གིས་གཡར་དམ་འདི་རྣམས་དང་། །འགལ་བ་བགྱིས་ན་རྒྱལ་བ་སྲས་བཅས་དང་། །ཐུགས་རྗེའི་མངའ་བདག་སྤྱན་རས་གཟིགས་མགོན་གྱིས། །ཁྱི་ཕག་ལུག་བོང་རྣམས་དང་བདག་སྙོམས་ཤིག །བདག་གིས་ཇི་སྐད་སྨྲས་འདི་ཁྱེད་ཀྱིས་ཀྱང་། །ཡིད་ལ་ཆོངས་ལ་ཚུལ་བཞིན་ཉམས་སུ་ལོངས། །ཤི་ཡང་འདི་ལས་གཞན་པའི་ཁ་ཆེམས་མེད། །འཕྲད་ཀྱང་སྨྲ་རུ་གཞན་པ་མ་མཆིས་སོ། །ཁོ་བོ་དབེན་པ་བསྟེན་པའི་རྒྱུ་མཚན་ཡང་། །འཁོར་དང་གྲོགས་ཀྱིས་ཡིད་སུན་ཕྱུང་བའམ། །རྙེད་བཀུར་གྲགས་འདོད་པས་ནི་མ་ཡིན་གྱི། །གཞན་དུ་འཁོར་བའི་དུཿཁ་མེ་འོབས་ལྟར། །ཤིན་ཏུ་བརྣག་པར་དཀའ་བ་མཐོང་ཕྱིར་དང་། །བཅོམ་ལྡན་འདས་ཀྱིས་རྣམ་གྲངས་དུ་མ་རུ། །བསྔགས་པའི་དབེན་གནས་པདྨའི་ཚལ་བས་ཀྱང་། །ཤིན་ཏུ་ཡིད་དུ་འོང་བ་མཐོང་བའི་ཕྱིར། །དེ་ཡང་འདི་ལྟར། གང་ལ་ཉེས་པ་རྡུལ་ཙམ་མི་མངའ་ཞིང་། །རྨད་བྱུང་ཡོན་ཏན་དཔལ་གྱིས་རབ་བརྗིད་པ། །སྙན་པའི་བ་དན་འཇིག་རྟེན་གསུམ་ན་གཡོ། །ཐུབ་དབང་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཀྭ་ཡེ་གསན་ཅིག་ཤེས་ལྡན་གྲོགས་པོ་དག །བསྟན་པའི་ཉིན་བྱེད་ནུབ་རིའི་རྩེ་ལ་སོན། །ལུས་སྲོག་གཡོ་བ་འབབ་ཆུའི་རྒྱུན་དང་མཚུངས། །ཐར་འདོད་རྣམས་ཀྱིས་བག་ཡོད་བསྟེན་པར་རིགས། །རིན་ཆེན་བདུན་ལྡན་གླིང་ཆེན་བཞི་ལ་དབང་། །དཔག་མེད་ཚོར་གནས་དགེ་བཅུའི་དཔལ་ལ་སྤྱོད། །ཕུན་ཚོགས་མངོན་མཐོའི་བདེ་ལ་རོལ་བྱེད་པའི། །འཁོར་ལོས་སྒྱུར་རྒྱལ་དཔལ་དེའང་ཆུ་ཤིང་འདྲ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་བཅས་ཏེ། །ཡོངས་འདུའི་ཚལ་དུ་དགའ་བདེའི་དཔལ་ལ་རོལ། །འཆི་མེད་ཉེ་དབང་ཚོགས་ཀྱིས་གུས་བཏུད་པའི། །འཕྲོག་བྱེད་མིག་སྟོང་ལྡན་དེའང་སྲིད་པའི་བྲན། །ལུས་སེམས་ཟུག་རྔུའི་གདུང་བ་རིང་དུ་སྤངས། །ཏིང་འཛིན་བདེ་བས་བསྐལ་མང་འདའ་བྱེད་པའི། །འཇིག་རྟེན་མེས་པོ་གསེར་གྱི་མངལ་ལྡན་ཡང་། །འཆི་མེད་གོ་འཕང་ལས་རིང་གྱི་ནར་འཁོར། །གང་གིས་རེག་ན་རབ་བརྟན་ལྷུན་པོ་ཡང་། །སྐད་ཅིག་ཙམ་གྱིས་ཐལ་བར་རློག་བྱེད་པའི། །མེ་ལྕེའི་ཕྲེང་བ་ལུས་ལ་རབ་འབར་བ། །དམྱལ་བའི་ཟུག་རྔུ་སུ་ཡིས་གནག་པར་ནུས། །བལྟས་པ་ཙམ་གྱིས་ཀླུང་ཆེན་རྒྱུན་སྐེམ་ཞིང་། །ལྗོན་ཤིང་འབྲས་བུ་མེད་པར་བྱེད་པ་ཡི། །ཏ་ལའི་ཡ་ཐོད་བསྐམས་འདྲའི་ཡི་དྭགས་གཟུགས། །གང་ཞིག་མཐོང་ན་འཇིགས་རུང་སྐྱི་ཡང་གཡའ། །བླང་དོར་རྨོངས་པའི་གཏི་མུག་སྨག་རུམ་འཐིབས། །གཅིག་ལ་གཅིག་ཟ་རྡོ་རྗེའི་མེ་སྟག་དང་། །བཀོལ་སྤྱོད་ཆར་རྒྱུན་ལུས་ལ་རྟག་འབབ་པའི། །རྣམ་མང་དུད་འགྲོའི་གདུང་བ་སུ་ཡིས་བཟོད། །སྲིད་པའི་ཕུན་ཚོགས་དེ་ལྟར་མནོག་ཆུང་ཞིང་། །རབ་མང་ཉེས་པའི་ཚོགས་དང་ལྡན་རིག་ནས། །རང་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །མང་ཐོས་བདག་ནི་དབེན་པའི་ནགས་སུ་འགྲོ། །ཆར་འདོད་བྱེའུས་འབྲུག་སྒྲ་ཐོས་པ་ལྟར། །དབེན་པའི་གཏམ་འདི་ཁོ་བོའི་སྙིང་ལ་འབབ། །ཐོས་པའི་དོན་རྣམས་དོན་ཡོད་བྱ་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །ངང་པའི་ཚོགས་ཀྱིས་པད་མའི་མཚོ་མཐོང་ལྟར། །བས་མཐའི་གནས་ལ་ཁོ་བོ་སེམས་རབ་གཡོ། །དལ་འབྱོར་ལུས་ལ་སྙིང་པོ་བླང་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །བུང་བ་བཞོན་ནུས་འདབ་བརྒྱའི་ཚལ་མཐོང་ལྟར། །ཁོ་བོའི་ཡིད་ནི་དབེན་པའི་རོ་ལ་ཆགས། །ཏིང་འཛིན་བདུད་རྩིའི་རོ་དེ་མྱང་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །དཔྱིད་དུས་བསིལ་བའི་མ་ལ་ཡ་རླུང་ལྟར། །ནགས་ཀྱི་སྨན་ལྗོངས་ཁོ་བོའི་ཡིད་ལ་འབབ། །ཉོན་མོངས་བདུད་ཀྱི་སྡེ་དེ་གཞོམ་བྱའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །དབེན་པ་ལ་དགའ་བའི་གཏམ་བརྗོད་པའོ། །

དེ་བས་ན་ཁྱེད་ཀྱང་དགེ་སྦྱོར་ལ་བློ་ཐག་ཆོད་པ་དེ་ཤིན་ཏུ་ལེགས། ཐོས་པའི་གཏིང་དཔོགས་ནས་ཚེ་འདི་བློས་བཏང་གི་སྒྲུབ་པ་སྙིང་པོར་བྱེད་པ་ལས། རྒྱལ་བ་སྲས་བཅས་མཉེས་པར་བྱེད་པའི་མཆོད་པ་གཞན་མེད། དེའི་ཐད་ན་དེང་སང་གི་འཆད་ཉན་འདྲ་བ་གཞན་དོན་གྱི་ན་ལྟར་སྣང་བ་ཡིན། རྙེད་བཀུར་ལྷུར་ལེན་གྱི་ཐབས་དབང་བསྐུར་དང་། ལུང་ཁྲིད་སོགས་འཁོར་སྡུད་པའི་གཞན་དོན་ལྟར་སྣང་བྱེད་པ་རྣམས་ལ་སྙིང་པོ་མ་མཐོང་ཞིང་། དེ་བས་ན་འཆད་ཉན་བྱེད་པ་བསྟན་པའི་རྒྱུན་ལ་ཕན་པར་བསམས་ནས། ཁྱེད་ལ་ཡང་སྔར་རེ་ཤིག་འཆད་ཉན་ལ་བློ་སྣ་བསྲིངས་བ་འཐད་ཟེར་བ་བྱས་པ་ཡིན། ད་ཚེ་འདི་བློས་བཏང་ཐར་པ་དོན་གཉེར་མ་གཏོགས་པའི་འཁོར་མ་བསྟེན། གནས་གཅིག་ཏུ་ཡུན་མ་རིང་། ཕྱི་ནས་ཀྱང་དགོན་པའི་གཞི་གདིང་བ་སོགས་ཀྱི་རྩོལ་བ་མ་བྱེད། རི་ཁྲོད་དུ་མི་ཚེ་མཐར་སྐྱེལ་བའི་དམ་བཅའ་མཐར་ཕྱིན་པ་མཛོད། ཁམས་བཟང་ན་ལོ་གསུམ་གྱི་ནང་དུ་དཔོན་སློབ་འཕྲད་པའི་རྟེན་འབྲེལ་བསྒྲིག དེ་གོང་དུ་འཕྲོད་ངེས་ལ་ངེད་འདི་ན་ཡོད་འདི་ལྟར་བྱེད་ཀྱི་ཡིག་གེ་ས་སྐྱར་སྲིང་ས་བྱུང་ན་བསྲིངས། ངེད་ཀྱི་རྒྱུ་མཚན་དགེ་བཤེས་གཉིས་ལ་གསལ། ཟླ་བ་བཞི་པའི་ཚེས་གཅིག་ལ་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱ་ནས་དགེ་ལེགས་སུ་གྱུར་ཅིག། །།ཤུ་བྷཾ།། །།

དབོན་པོ་བསོད་ནམས་རྒྱལ་མཚན་ལ་གདམས་པ།

དབོན་པོ་བསོད་ནམས་རྒྱལ་མཚན་ལ་གདམས་པ།

ན་མོ་ལོ་ཀེ་ཤྭ་ར་ཡ། མཁྱེན་པའི་འདབ་བརྒྱ་ཐུགས་རྗེའི་ཟེའུ་འབྲུས་མཛེས། །དམ་ཆོས་བཅུད་འཛིན་འཕྲིན་ལས་དྲི་བསུང་ཅན། །སྐལ་བཟང་རྐང་དྲུག་ལྡན་རྣམས་ཉེར་འཚོའི་གཞི། །ཐུབ་དབང་ཉི་མའི་གཉེན་གྱུར་དེ་ལ་འདུད། །བསོད་ནམས་དགེ་བའི་རིན་ཆེན་ཁམས་ལས་གྲུབ། །རྒྱལ་མཚན་རྩེར་སོན་དབང་གི་རྒྱལ་པོ་ལྟར། །བློ་གྲོས་དཀྱིལ་འཁོར་རིགས་པའི་འོད་སྟོང་ཅན། །ལེགས་བཤད་ཚ་ཟེར་འཕྲོ་བ་དེ་ལ་སྤྲིང་། །སྐྱེ་བའི་རླབས་གཡོ་རྒ་ཤིའི་རྦ་ཀློང་ཅན། །སྣ་ཚོགས་ཉེས་བརྒྱའི་ཆུ་སྲིན་འཛིན་ཁྲིའི་གནས། །སྲིད་པའི་རྒྱ་མཚོ་གཏིང་མཐའ་མེད་པ་འདིར། །བདག་གཞན་མ་ལུས་བྱིངས་ལ་ཡིད་འབྱུང་མཛོད། །དུཿཁ་ཆུ་ཀླུང་བྱེ་བའི་རྒྱུན་འབབ་ཅིང་། །འདོད་ལས་ངོམས་མེད་སྲིད་པའི་བ་ཚྭ་ཅན། །ངན་འགྲོའི་འཇིང་ཆེན་འབད་པས་བརྒལ་དཀའ་བ། །འདི་ལ་སེམས་ལྡན་སུ་ཞིག་ཡིད་མི་འབྱུང་། །སྔོན་ཆད་རུས་པའི་རི་བོ་གྲངས་མེད་འགེངས། །ཁྲག་དང་མཆི་མའི་རྒྱ་མཚོ་མང་བརྒལ་ཡང་། །ད་དུང་དེ་ལས་ཆེས་ལྷག་འདའ་དགོས་ན། །སྐྱེ་བ་འདི་ལ་ཆོག་ཤེས་མི་བྱེད་དམ། །སྣ་ཚོགས་ལས་ཀྱི་རྒྱ་མཚོར་ཆུད་གྱུར་ཅིང་། །ཉོན་མོངས་མཆིལ་པས་རིང་ནས་དྲངས་གྱུར་ཏེ། །འཆི་བདག་ཉ་པས་ལན་བརྒྱར་བཅོམ་གྱུར་ཀྱང་། །ད་དུང་སྐྱེ་བའི་ཆུ་བོས་མ་སུན་ནམ། །ཐོག་མེད་དུས་ནས་ལན་མང་དུ་མ་རུ། །བརྩེ་བས་བསྐྱངས་པའི་དྲིན་ཅན་འགྲོ་བ་འདི། །བཟོད་དཀའི་སྡུག་བསྔལ་དྲག་པོས་གདུངས་རིག་ནས། །བཅོས་མིན་སྙིང་རྗེས་བདག་རྒྱུད་བརླན་པར་གྱིས། །བྱམས་པའི་སྟོབས་ཀྱིས་ཟགས་པའི་ནུ་ཞོའི་རྒྱུན། །རྒྱ་མཚོ་བས་ཀྱང་ཆེས་ལྷག་འཐུང་གྱུར་པ། །མ་རྣམས་སྡུག་བསྔལ་ཆུ་བོས་གཡེངས་པ་ལ། །བརྩེ་བ་མེད་ན་དེ་ལས་ཁྲེལ་བོར་སུ། །འགྲོ་འདིས་བརྩེ་བའི་མིག་གིས་ཡང་ཡང་བལྟས། །སྙན་པའི་མིང་གིས་ཡང་ཡང་བདག་ལ་བོས། །གདུང་བའི་ཤུགས་ཀྱིས་མཆི་མའི་རྒྱུན་མང་ཕྱུང་། །འདི་ཡི་དུཿཁ་ཡིད་ལ་བཅགས་པར་རིགས། །ཐོག་མེད་དུས་ཀྱི་བྱམས་ལྡན་མ་རྣམས་ཀྱི། །གནག་དཀའི་སྡུག་བསྔལ་མང་ཐོས་དྲན་གྱུར་ཀྱང་། །བརྩེ་བའི་འགྱུར་བ་ཅུང་ཟད་ཡོད་མིན་པའི། །མིའི་སྙིང་དེ་རྡོ་རྗེའི་རང་བཞིན་ནོ། །དོན་དམ་སྤྲོས་བྲལ་ནམ་མཁའི་རང་བཞིན་དང་། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ཆོས་ཉིད་ལ། །དངོས་སྟོབས་རིགས་པས་ཚུལ་བཞིན་རྣམ་དཔྱད་ནས། །སྒྲོ་སྐུར་བྲལ་བའི་ཡན་ལག་ལྟ་བ་སྐྱོངས། །དོན་དམ་སྤྲོས་བྲལ་ནམ་མཁའི་རང་བཞིན་ལ། །ལན་མང་བརྟགས་ཀྱང་སྐྲག་པའི་སྐབས་མེད་ཅིང་། །དགའ་བའི་སྤུ་ལོང་ཡང་ཡང་རྒྱས་འགྱུར་པ། །དེ་ལ་རྟག་པར་བལྟ་བའི་གོ་སྐབས་མེད། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ཆོས་ཉིད་ལ། །དཀར་ནག་ལས་འབྲས་བསླུ་བ་མེད་ཤེས་ནས། །འགྲོ་ལ་བཅོས་མིན་སྙིང་རྗེ་སྐྱེ་འགྱུར་བ། །དེ་ཡིས་ཆད་པར་ལྟ་བ་རིང་དུ་སྤངས། །མང་ཐོས་བདུད་རྩིའི་རོ་མཆོག་མ་མྱངས་ཤིང་། །དངོས་སྟོབས་རིགས་པའི་མིག་དང་བྲལ་གྱུར་བས། །བདེན་གཉིས་རྣམ་དབྱེའི་ཚུལ་ལ་རྨོངས་རྣམས་ཀྱིས། །སྐལ་བརྒྱར་འབད་ཀྱང་གྲོལ་བའི་སྐབས་མི་རྙེད། །འཕགས་དང་མཁས་པ་རྣམས་ཀྱི་བཞེད་པའི་གཞུང་། །དུས་གསུམ་རྒྱལ་བ་རྣམས་ཀྱིས་བགྲོད་གཅིག་ལམ། །ཐེག་མཆོག་ལམ་གྱི་གཞུང་ཤིང་ཆོས་གསུམ་པོ། །སྐལ་བཟང་ཁྱོད་ཀྱིས་ཚུལ་འདི་ཉམས་སུ་ལོངས། །དེང་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར། །སྤྱོད་དང་སྨོན་ལམ་མཐུན་པར་ལེགས་སྤྱད་ཏེ། །ཞིང་དང་སྐལ་བ་རྡོ་རྗེའི་གདན་གཅིག་ལ། །འཆི་མེད་བདུད་རྩིའི་གོ་འཕང་ཐོབ་པར་བྱ། །ཅེས་རང་གི་སློབ་མ་ལ་སྤྲིངས་པའི་ཚིགས་སུ་བཅད་པ་འདི་ནི་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་གངས་དཀར་པོ་བུ་ལེའི་གནས་སུ་སྦྱར་བའོ། །ཤུ་བྷཾ་ཝ་སྟུ་སརྦ་ཛ་ག་ཏམ།། །།

གནས་རྙིང་བ་སློབ་དཔོན་བཀའ་བཅུ་པ་ཀུན་དགའ་དཔལ་ལ་གདམས་པ།

གནས་རྙིང་བ་སློབ་དཔོན་བཀའ་བཅུ་པ་ཀུན་དགའ་དཔལ་ལ་གདམས་པ།

བློ་གསལ་དབུས་སུ་ལེགས་བཤད་སྒྲོགས་པ་འམ། །ཡང་ན་མཁས་པ་ནགས་སུ་གནས་པ་མཛེས། །ཤེས་ཀྱིས་ཁེ་ཚོལ་རྣམ་གཡེངས་ལྷུར་བྱེད་པའི། །བཤེས་གཉེན་དེ་ལ་དམ་པའི་ཐུགས་ཀྱིས་ཁྲེལ། །དོན་གཉིས་མར་གྱི་ཉིང་ཁུ་བླང་བའི་ཕྱིར། །འདུན་བརྩོན་དྲག་པོའི་རྣམ་དཔྱོད་སྲུབ་ཤིང་གིས། །མང་ཐོས་འོ་མའི་རྒྱ་མཚོ་སྲུབ་བྱེད་པ། །དམ་པའི་རྣམ་ཐར་ཡིན་ནོ་འབད་པས་སྐྱོངས། །ཅེས་པ་སློབ་དཔོན་བཀའ་བཅུ་པ་ཀུན་དགའ་དཔལ་ལ་གནང་བའོ།། །།དགེ་ལེགས་སུ་གྱུར་ཅིག། །

ཆོས་རྗེ་བློ་བཟང་གྲགས་པའི་ཕྱག་ཕྱི་བ་གཉུག་མར་གནས་པ་རྣམས་ལ་གདམས་པ།

ཆོས་རྗེ་བློ་བཟང་གྲགས་པའི་ཕྱག་ཕྱི་བ་གཉུག་མར་གནས་པ་རྣམས་ལ་གདམས་པ།

སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །དེ་འཛིན་བྱེད་པ་སྨྲ་བྱེད་དང་། །སྒྲུབ་པར་བྱེད་པ་ཁོ་ན་ཡིན། །ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་དུ་སྦྱོར་བ་གལ་ཆེ། ཞེས་པ་ཆོས་རྗེ་བློ་བཟང་གྲགས་པའི་ཕྱག་ཕྱི་བ་འཇམ་དབྱངས་དཀར་པོས་གཙོ་མཛད་པའི་གཉུག་མར་གནས་པ་རྣམས་ལ་གདམས་པའོ།། །།མངྒ་ལཾ་བྷ་ཝན་ཏུ། །

བླ་མ་སྒྲུབ་པ་དཔལ་ལ་ཆོས་གསུམ་ལ་བརྩམས་ཏེ་གདམས་པ།

བླ་མ་སྒྲུབ་པ་དཔལ་ལ་ཆོས་གསུམ་ལ་བརྩམས་ཏེ་གདམས་པ། ན་མོ་ལོ་ཀེ་ཤྭ་ར་ཡ། གང་ལ་ཆགས་པས་རྟག་ཏུ་སྡུག་བསྔལ་ཞིང་། །མེ་ཡི་འོབས་དང་མི་གཙང་རྫབ་ལྟ་བུའི། །འཁོར་བ་འདི་ལ་བདེ་བའི་སྐབས་མེད་ཀྱི། །ཞེན་ལོག་རྒྱུན་དུ་བསྟེན་གཅིག་སྒྲུབ་པ་དཔལ། །ཉོན་མོངས་ནད་ཆེན་སེལ་བའི་སྨན་གཅིག་པུ། །དུས་གསུམ་རྒྱལ་བ་ཀུན་ཀྱི་བགྲོད་གཅིག་ལམ། །མཐའ་བྲལ་དབུ་མའི་ལམ་ལས་གཞན་མེད་ཀྱི། །ཡེངས་མེད་སྟོང་ཉིད་སྒོམས་ཤིག་བསྒྲུབ་པ་དཔལ། །ལས་ཉོན་དབང་གིས་རྒྱུད་ལྔའི་འཁོར་བ་རུ། །དུཿཁ་རྒྱུད་མར་མྱོང་བའི་འགྲོ་བ་འདི། །ཐོག་མེད་དུས་ཀྱི་དྲིན་ཅན་མ་ཡིན་གྱི། །སྙིང་རྗེ་རྒྱུན་དུ་སྒོམས་ཤིག་སྒྲུབ་པ་དཔལ། །མདོར་ན། འཁོར་བ་ལ་ཡིད་འབྱུང་བས་མཉམ་བཞག་ཏུ་སྟོང་ཉིད་སྒོམས་ཞིང་། རྗེས་ཐོབ་ཏུ་སྙིང་རྗེ་སྒོམ་པ་ལ་ཉམས་ལེན་ཀྱི་གཙོ་བོ་མཛད་དོ། །ཅེས་པ་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།

བོ་དོང་བ་སློབ་དཔོན་ཉི་མ་སེང་གེ་ལ་གདམས་པ།

བོ་དོང་བ་སློབ་དཔོན་ཉི་མ་སེང་གེ་ལ་གདམས་པ།

སློབ་དཔོན་ཉི་མ་སེང་གེའི་ཡི་གེ་འཕྲོད། །སྐབས་ཀྱི་དོན་ཆོས་བརྒྱད་དང་མ་འདྲེས་པའི་ཐོས་བསམ་སྒོམ་གསུམ་ལ་བརྩོན་པ་གལ་ཆེ། གཞན་ཡང་ལེགས་པར་བཤད་པའི་སྐྱེས་བུ་འདི་སྐད་སྨྲ་སྟེ། འབད་པས་བསྒྲུབས་ཀྱང་ཚེགས་མེད་བརླག་འགྱུར་ཞིང་། །ཡུན་རིང་འགྲོགས་ཀྱང་ཐ་མར་འབྲལ་ངེས་ལ། །འདི་ཕྱིའི་ཕུང་གྲོལ་སྡུག་བསྔལ་སྐྱེད་པའི་གཞི། །འཁོར་དང་ལོངས་སྤྱོད་འཁོར་བའི་རྟོད་ཐག་ཡིན། །སྙན་གྲགས་བྲག་ཆའི་སྒྲ་ལ་མངོན་ཞེན་ཅིང་། །འདོད་ཡོན་སྨིག་རྒྱུའི་ཆུ་རྗེས་སྙོག་སྙོག་ནས། །དོན་མེད་བྱ་བས་དུས་མང་འདའ་བྱེད་པའི། །སྙན་གྲགས་རྙེད་བཀུར་བདུད་ཀྱི་ལྕགས་ཀྱུར་མཐོང་། །འཆི་བདག་སྦྲུལ་གདུག་མཆེ་བའི་ཕྲག་གནས་ཤིང་། །མི་ཟད་ངན་འགྲོའི་གཡང་སར་ལྷུང་བཞིན་དུ། །ཚེ་སྲོག་དུར་བའི་རྩ་ལ་དམ་འཇུས་ཏེ། །འདོད་ཡོན་སྦྲང་རྩིའི་མངར་ལ་སུ་ཞིག་ཆགས། །སྔོན་ཆད་བརྒྱ་ཕྲག་སྟོང་དུ་མ་སྤྱད་པའི། །སྲིད་པའི་བདེ་བ་འཇིག་རྟེན་འདི་ན་མེད། །ལུས་སེམས་གྲངས་མེད་གདུང་བར་མ་བྱས་པའི། །འགྲོ་བའི་དུཿཁ་མ་མྱོང་གང་ཞིག་ཡིན། །སྐྱེ་བའི་རླབས་གཡོ་རྒ་ཤིའི་རྦ་ཀློང་ཅན། །སྣ་ཚོགས་ཉེས་བརྒྱའི་ཆུ་སྲིན་འཛིན་ཁྲི་གནས། །སྲིད་པའི་རྒྱ་མཚོ་གཏིང་མཐའ་མེད་པ་འདིར། །བདག་གཞན་མ་ལུས་བྱིང་ལ་ཡིད་འབྱུང་ཞིག །དལ་འབྱོར་གྲུ་ཆེན་བསླབ་གསུམ་བ་དན་ཅན། །དད་བརྩོན་སྦྱོར་བའི་རླུང་གིས་རབ་བསྐྱོད་དེ། །རྣམ་གྲོལ་ཡིད་བཞིན་ནོར་བུ་བླང་བའི་ཕྱིར། །སྲིད་པའི་ཆུ་གཏེར་ཆེ་ལས་བརྒལ་བར་རིགས། །ཅེས་པ་བུ་ལེ་གཡུ་ལུང་ནས་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྤྲིངས་པའོ།། །།ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།། །།

བདེ་བ་ཅན་པ་བླ་མ་ནམ་མཁའ་བཟང་པོ་དང་ཟུར་ཕུག་གི་བླ་མ་རྒྱལ་མགོན་སོགས་ལ་གདམས་པ། །

བདེ་བ་ཅན་པ་བླ་མ་ནམ་མཁའ་བཟང་པོ་དང་ཟུར་ཕུག་གི་བླ་མ་རྒྱལ་མགོན་སོགས་ལ་གདམས་པ།

སྐབས་ཀྱི་དོན་བསྟན་པ་ལ་བསམ་པའི་འཆད་ཉན་ལ་སྔར་བཞིན་བརྩོན་པའི་ངང་ནས། དལ་འབྱོར་རྙེད་དང་བསྟན་ལ་དད་པའང་དཀོན། །འཆི་བདག་བདུད་ཀྱང་ནམ་ཡོང་ངེས་མེད་པས། །རང་གཞན་དོན་ཆེན་དམ་ཆོས་སྒྲུབ་ལ་འབད། །འབད་ཀྱང་དོན་ཆུང་ཚེ་འདིའི་འདུན་མ་སྤང་། །གཉུག་མ་སེམས་ཀྱི་རང་བཞིན་འོད་གསལ་འདི། །གདོད་ནས་རྣམ་དག་ཆོས་སྐུར་གནས་ན་ཡང་། །བག་ཆགས་དབང་གིས་གཉིས་སྣང་འཁྲུལ་པར་སྐྱེས། །རང་བཞིན་བདེན་པར་བཟུང་བས་འཁོར་བར་འཁྱམས། །སྣང་གྲགས་ཆོས་ཀུན་རྨི་ལམ་སྒྱུ་མ་བཞིན། །སྣང་ཡང་བདེན་མེད་སྟོང་ཉིད་བསྒོམ་པ་དང་། །དཀར་ནག་ལས་འབྲས་བསླུ་བ་མེད་ཤེས་ནས། །སྡིག་སྤོང་དགེ་བའི་ཕྱོགས་ལ་བརྩོན་པར་མཛོད།། །།ཅེས་པ་གངས་བུ་ལེའི་མགུལ་ནས་གདམས་པའོ།། །།

འབྲི་ཁུང་གི་ཆེན་པོ་ཤེས་རབ་དཔལ་ལ་གདམས་པ། །

འབྲི་ཁུང་གི་ཆེན་པོ་ཤེས་རབ་དཔལ་ལ་གདམས་པ།

བཀའ་དྲིན་མཉམ་མེད་དཔལ་ལྡན་བླ་མ་དང་། །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །མང་དུ་ཐོས་པའི་དགེ་སློང་ཀུ་མ་རས། །དད་ལྡན་ཤེས་རབ་དཔལ་ལ་འདི་སྐད་འདོམས། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རིན་ཆེན་འདི། །འཇིག་པར་ངེས་སོ་ནམ་འཇིག་ངེས་པ་མེད། །སྐྱེ་བར་ངེས་སོ་གར་སྐྱེ་ངེས་པ་མེད། །དལ་འབྱོར་དོན་ཡོད་མཛོད་ཅིག་ཤེས་རབ་དཔལ། །འདོད་དང་མི་འདོད་རྣམ་སྨིན་འབྲས་བུ་ཏེ། །རང་གིས་བསགས་པའི་དཀར་ནག་ལས་འབྲས་རྣམས། །མྱོང་བར་ངེས་སོ་ནམ་མྱོང་ངེས་པ་མེད། །སྡིག་སྤོང་དགེ་ལ་འབད་ཅིག་ཤེས་རབ་དཔལ། །བསག་དང་བསྲུང་དང་བརླག་པའི་དུཿཁ་ཅན། །ངལ་བརྒྱས་བསྒྲུབས་པའི་སྒྱུ་མའི་ཟས་ནོར་འདི། །འཛད་པར་ངེས་སོ་ནམ་འཛད་ངེས་པ་མེད། །ལོངས་སྤྱོད་སྙིང་པོ་ལོངས་ཤིག་ཤེས་རབ་དཔལ། །ཕན་བྱེད་བཤེས་དང་གནོད་བྱེད་དགྲ་བོ་ཡང་། །བློ་བུར་འདུས་པའི་ཚོང་འདུས་མགྲོན་པོ་བཞིན། །བྲལ་བར་ངེས་སོ་ནམ་བྲལ་ངེས་པ་མེད། །ཆགས་སྡང་ཞེན་པ་བསྐྱུངས་ཤིག་ཤེས་རབ་དཔལ། །

འཇིག་རྟེན་འདི་ནས་ཕ་རོལ་འགྲོ་བའི་ཚེ། །རང་བསགས་དགེ་སྡིག་ལས་འབྲས་མ་གཏོགས་པ། །འཁོར་དང་ཉེ་དུ་ལོངས་སྤྱོད་རྗེས་མི་འབྲང་། །ཕྱི་མའི་ལམ་རྒྱགས་སྒྲུབ་ཤིག་ཤེས་རབ་དཔལ། །ད་ལོ་འདི་བྱ་སང་ཕོད་འདི་བྱེད་ཅེས། །རྟག་རྟག་འདྲ་བའི་ཕྱི་ཚེ་གྲབས་ཤོམ་རྣམས། །ཐོག་དུ་མི་འབབ་གྲོག་སྐམ་ཉ་རྒྱ་འདྲ། །རྟག་ཚས་འདོད་འདུན་བསྐྱུངས་ཤིག་ཤེས་རབ་དཔལ། །ཅེས་པ་འདི་འབྲི་ཁུང་ཐོལ་གྱི་ཆེན་པོ་ཤེས་རབ་དཔལ་གྱིས་ཆོས་ཀྱི་གདམས་པ་གཅིག་འདོད་ཞུས་པ་ལ་གདམས་པའོ།། །།

སྤོ་འབོར་བ་ཤེས་རབ་འབུམ་ལ་གདམས་པ།

སྤོ་འབོར་བ་ཤེས་རབ་འབུམ་ལ་གདམས་པ།

གང་ལ་སྐྱབས་ན་བསླུ་མེད་དཀོན་མཆོག་གསུམ། །འབྲལ་མེད་སྤྱི་བོར་སྒོམས་ཤིག་ཤེས་རབ་འབུམ། །དལ་དང་འབྱོར་བའི་ལུས་འདི་རྙེད་དཀའ་བས། །མི་ལུས་དོན་ཡོད་གྱིས་ཤིག་ཤེས་རབ་འབུམ། །ལུས་སྲོག་གཡོ་བ་རླུང་ནང་མར་མེ་འདྲ། །ནམ་འཆི་ངེས་མེད་སྒོམས་ཤིག་ཤེས་རབ་འབུམ། །འདོད་ཡོན་བསླུ་བྲིད་སྒྱུ་མའི་རྟ་གླང་འདྲ། །ཞེན་ལོག་རྒྱུན་དུ་སྒོམས་ཤིག་ཤེས་རབ་འབུམ། །སྲིད་པའི་དུཿཁ་མེ་ལྟར་བཟོད་པར་དཀའ། །ཐར་པའི་ལམ་སྣ་ཟུང་ཞིག་ཤེས་རབ་འབུམ། །ཅེས་པ་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྤོ་འབོར་བ་ཤེས་རབ་འབུམ་ལ་གདམས་པའོ།། །།དགེ་ལེགས་སུ་གྱུར་ཅིག། །

མངའ་རིས་ཀྱི་དགེ་སློང་གཉིས་ལ་གདམས་པ།

མངའ་རིས་ཀྱི་དགེ་སློང་གཉིས་ལ་གདམས་པ།

ཐོས་བསམ་སྒོམ་པའི་གྲུ་ལ་གནས་བཅས་ཤིང་། །བཤེས་གཉེན་བཟང་པོའི་དེད་དཔོན་ལ་བརྟེན་ཏེ། །དད་བརྩོན་སྦྱོར་བའི་རླུང་གིས་རབ་བསྐྱོད་ནས། །སྲིད་པའི་མཚོ་ལས་མྱུར་དུ་སྒྲོལ་ཞིག་ཨང་། །ཅེས་པ་མངའ་རིས་ཀྱི་དགེ་སློང་གཉིས་ལ་གནང་བའོ།། །།

རྒྱ་གར་གྱི་ཛོ་ཀི་ཅིག་ལ་གནང་བ།

རྒྱ་གར་གྱི་ཛོ་ཀི་ཅིག་ལ་གནང་བ།

ན་མོ་བུདྡྷ་ཡ། སངས་རྒྱས་ཆོས་དང་འཕགས་པའི་དགེ་འདུན་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་སྐྱབས་སུ་སོང་། དཀར་ནག་ལས་འབྲས་ནམ་ཡང་མི་སླུ་བས། །དགེ་ལ་འབད་ཅིང་སྡིག་ལས་ལྡོག་པར་གྱིས། །ཞེས་པ་འདི་རྒྱ་གར་ནུབ་ཕྱོགས་ཀྱི་ཛོ་ཀི་བཟང་པོ་གཅིག་གིས་ཞུས་པ་ལ་གནང་བའོ།། །།ཤུ་བྷཾ།

ཆུ་འདུས་པ་གྲགས་པ་རིན་ཆེན་ལ་གདམས་པ།

ཆུ་འདུས་པ་གྲགས་པ་རིན་ཆེན་ལ་གདམས་པ།

ན་མོ་ལོ་ཀེ་ཤྭ་ར་ཡ། རྣམ་གཡེང་འདུ་འཛིས་འཇིགས་པའི་དགོན་པ་བ། །མང་དུ་ཐོས་པའི་དགེ་སློང་ཀུ་མ་རས། །དད་ལྡན་བཤེས་གཉེན་གྲགས་པ་རིན་ཆེན་ལ། །ཕན་འདོད་བློ་ཡིས་གདམས་པ་འདི་སྤྲིང་ངོ་། །གང་ཞིག་ཐོབ་ན་སྲིད་མཚོ་ལས་སྒྲོལ་བའི། །བྱང་ཆུབ་མཆོག་གི་ས་བོན་དགེ་བའི་ཞིང་། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རིན་ཆེན་འདི། །སེམས་ཡོད་སུ་ཞིག་འབྲས་བུ་མེད་པར་བྱེད། །སྐྱེས་བུའི་ལུས་སྲོག་རྩ་རྩེའི་ཟིལ་པ་དང་། །རླུང་ནང་མར་མེ་ནམ་མཁའི་གློག་བཞིན་དུ། །སྐད་ཅིག་གནས་པའི་གདེང་ཡང་ཡོད་མིན་ན། །ཕྱི་ཚིས་གྲབས་ཤོམ་བྱེད་པ་གད་མོའི་གནས། །འབད་པས་བསྒྲུབས་ཀྱང་ངེས་པར་འབྲལ་དགོས་ཤིང་། སྡིག་དང་དུཿཁ་གཏམ་ངན་ལས་བསྒྲུབས་པའི། །འཁོར་དང་ལོངས་སྤྱོད་ཚེ་འདིའི་ཕུན་ཚོགས་ཀྱང་། །རྨོངས་པའི་སླུ་བྲིད་བྱིས་པའི་རྩེད་མོ་ཡིན། །མནོག་ཆུང་ཉེས་མང་ཕུང་ཀྲོལ་སྐྱེ་བའི་གཞི། །འདོད་ཡོན་བདེ་ལ་ཆགས་ཤིང་སྲེད་པའི་མི། །རལ་གྲིའི་སོར་ཆགས་སྦྲང་རྩི་ལྡག་པ་བཞིན། །གྲུང་པོར་རློམ་པའང་དེ་ལས་བླུན་པ་སུ། །དཀར་ནག་ལས་འབྲས་རྣམ་སྨིན་ཤེས་བཞིན་དུ། །སྡིག་སྤོང་དགེ་བའི་ཚུལ་ལ་མི་འབད་ན། །བློ་ལྡན་སངས་རྒྱས་བསྟན་ལ་ཞུགས་པ་དང་། །གསུང་རབ་དོན་ལ་སྦྱངས་པའི་དགོས་པ་ཅི། །དུཿཁ་ཆུ་ཀླུང་བྱེ་བའི་རྒྱུན་འབབ་ཅིང་། །འཇིགས་རུང་ངན་འགྲོའི་ཀློང་དམར་འཁྱིལ་བ་ཅན། །བདག་གཞན་འཁོར་བའི་རྒྱ་མཚོ་འདིར་བྱིང་ན། །ཤེས་ལྡན་སུ་ཞིག་ཐར་པའི་ལམ་མི་སྒྲུབ། །དལ་འབྱོར་གྲུ་ཆེན་བསླབ་གསུམ་བ་དན་ཅན། །ཐོས་བསམ་སྒོམ་པའི་རླུང་གིས་རབ་བསྐྱོད་དེ། །མཐའ་མེད་སྲིད་པའི་རྒྱ་མཚོ་ལས་བརྒལ་ནས། །རྣམ་གྲོལ་བདེ་བའི་གླིང་དུ་འདོང་བར་གྱིས། །ཅེས་པ་གངས་བུ་ལེའི་མགུལ་ནས་གདམས་པའོ།། །།དགེའོ། །

བླ་མ་བསོད་ནམས་གྲགས་པ་ལ་གདམས་པ།

བླ་མ་བསོད་ནམས་གྲགས་པ་ལ་གདམས་པ།

བླ་མ་བསོད་ནམས་གྲགས་པའི་གདམས་པ་བཟང་པོ་ཕུལ་བའི་ཡི་གེ་ཤའི་རྟེན་དང་བཅས་པ་འཕྲོད་པས་རྗེས་སུ་ཡི་རངས། སྐབས་ཀྱི་དོན། ཕྱི་ནང་ཆོས་རྣམས་རྨི་ལམ་སྒྱུ་མ་བཞིན། །མེད་བཞིན་སྣང་བ་འཁྲུལ་བའི་ཡོ་ལང་དུ། །ངེས་པར་ཤེས་ནས་མི་བརྗེད་དྲན་པ་ཡིས། །རྟག་པར་སྐྱོང་བ་སྟོང་ཉིད་ལམ་ཁྱེར་ཡིན། །མཐའ་མེད་འཁོར་བར་ཆུད་པའི་ཐར་མེད་བཙོན། །སོས་མེད་ནད་ཀྱིས་ཐེབས་པའི་དུཿཁ་ཅན། །འཁྲུལ་སྣང་བདེན་པར་ཞེན་པའི་འགྲོ་བ་རྣམས། །ཐོག་མེད་དྲིན་ཅན་མ་ཡིན་བརྩེ་བས་སྐྱོངས། །ཅེས་པ་བུ་ལེ་ནས་སྤྲིངས་པ་དགེའོ།། །།

འོད་གསལ་ཕུག་པ་བ་ལ་གདམས་པ།

འོད་གསལ་ཕུག་པ་བ་ལ་གདམས་པ།

ན་མོ་ལོ་ཀེ་ཤྭ་ར་ཡ། གཞི་ཡི་གནས་ལུགས་བདེན་གཉིས་ངེས་བྱས་ནས། །ལམ་གྱི་གནས་ལུགས་ཚོགས་གཉིས་ཉམས་བླངས་ན། །འབྲས་བུའི་གནས་ལུགས་དོན་གཉིས་ཕུན་སུམ་ཚོགས། འབད་མེད་ལྷུན་གྱིས་གྲུབ་པོ་རྣལ་འབྱོར་པ། །ལས་དང་ཉོན་མོངས་ཞགས་པ་དམ་པོས་བཅིངས། །དཔག་མེད་ལས་ངན་བསགས་པའི་སྡིག་ཅན་མི། །ཐར་མེད་འཁོར་བའི་བཙོན་རར་ཚུད་པའི་བཙོན། །སྣ་ཚོགས་ལས་ཀྱིས་གཟིར་བའི་འགྲོ་བ་རྣམས། །ཐོག་མེད་དུས་ཀྱི་དྲིན་ཅན་མ་ཡིན་པས། །བཅོས་མིན་སྙིང་རྗེས་ཡང་ཡང་བལྟས་བྱས་སྟེ། །གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་ལས། །སྒྲོལ་འདོད་བྱང་ཆུབ་སེམས་ཀྱི་གྲུ་ཟུངས་ཤིག །

སྣང་སྲིད་འཁོར་འདས་ཆོས་ཀུན་ཇི་སྙེད་པ། །མ་རིག་འཁྲུལ་བའི་ཡོ་ལང་ཉིད་ཡིན་གྱི། །སྒྱུ་མ་སྨིག་རྒྱུ་དྲི་ཟའི་གྲོང་ཁྱེར་བཞིན། །ཞེན་མེད་རྒྱ་ཡིས་ཐོབ་ཅིག་རྣལ་འབྱོར་པ། །ཀུན་རྫོབ་རང་བཞིན་སྒྱུ་མའི་ངང་ཚུལ་དང་། །དོན་དམ་བརྗོད་བྲལ་ནམ་མཁའི་ཆོས་ཉིད་རྣམས། །ལུང་རིགས་མན་ངག་སྟོབས་ཀྱིས་ངེས་བྱས་ནས། །ཡེངས་མེད་དྲན་པའི་རྒྱང་སོ་ཚུགས་གཅིག་ཨཾ། །ལུས་ངག་ཡིད་གསུམ་དགེ་བ་ཇི་སྙེད་རྣམས། །སྣང་སྟོང་སྒྱུ་མ་ལྟ་བུའི་ཤེས་རབ་དང་། །དམིགས་མེད་སྙིང་པོ་ཡོངས་སུ་བཟུང་བྱས་ནས། །འགྲོ་བའི་དོན་དུ་བྱང་ཆུབ་ཆེན་པོར་བསྔོ། །བྱང་ཆུབ་སེམས་གཉིས་མན་ངག་མདོར་བསྡུས་འདི། །མང་དུ་ཐོས་པའི་དགེ་སློང་ཀུ་མ་རས། །གྲུབ་པའི་དབེན་གནས་འོད་གསལ་ཕུག་བཞུགས་པའི། །རྣལ་འབྱོར་ཆོས་སྐྱོང་རྒྱལ་མཚན་ལ་གདམས་སོ།། །།ཡང་དགོན་ཀློང་རྩེ་ནས་དགེ། །།

ནེ་རིང་དབོན་པོ་ལ་གདམས་པ།

ནེ་རིང་དབོན་པོ་ལ་གདམས་པ།

ཡོན་ཏན་ཀུན་གྱི་གཞི་རྟེན་ཚུལ་ཁྲིམས་ལ། །ཉེས་ལྟུང་དྲི་མའི་སྐྱོན་གྱིས་མ་གོས་ཤིང་། །རང་གི་སྲོག་ལྟར་གཅེས་པར་འཛིན་བྱེད་པའི། །སྡོམ་བརྩོན་ནང་ནས་བཙུན་བའི་མཆོག་གཅིག་གྱིས། །སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་ཁྱེར་དང་། ཆུ་ཟླ་ལྟ་བུ་འཁོར་འདས་ཆོས་རྣམས་ཀུན། །ཡོད་མེད་མཐའ་བྲལ་སྟོང་ཉིད་དབུ་མའི་ལམ། །ཇི་ལྟར་རྟོགས་པ་མཁས་པའི་མཆོག་གཅིག་གྱིས། །འགྲོ་ཀུན་བུ་ལྟར་གཅེས་པའི་སྙིང་རྗེ་དང་། །གནོད་བྱེད་ཀུན་ལ་བསྲན་ཚུགས་བཟོད་པ་དང་། །གནོད་ལན་ཕན་པ་སྒྲུབ་པའི་བཟང་སྤྱོད་གསུམ། །གང་ཡང་འཛོམས་པ་བཟང་པོའི་མཆོག་གཅིག་གྱིས། །ཅེས་པ་འདི་ཟང་ཟང་ན་རིང་གི་དབོན་པོ་བདེ་ལེགས་མགོན་པོ་ལ་གདམས་པ་ཡང་དགོན་ཀློང་རྩེ་ནས་དགེའོ།། །།མངྒལཾ། ཤུ་བྷཾ།

མེ་ཏོག་མདངས་ཅན་ཀྱི་དགེ་སློང་བཀྲ་ཤིས་བཟང་པོ་ལ་གདམས་པ།

མེ་ཏོག་མདངས་ཅན་ཀྱི་དགེ་སློང་བཀྲ་ཤིས་བཟང་པོ་ལ་གདམས་པ།

གཉུག་མ་སེམས་ཀྱི་རང་བཞིན་འདི། །གདོད་ནས་སྤྲོས་པའི་མཐའ་དང་བྲལ། །མཉམ་གཞག་ཉམས་སུ་ལེན་པ་ན། །འཛིན་མེད་ངང་ལ་ཡེངས་མེད་གཅེས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །རང་སེམས་འཁྲུལ་བའི་ཡོ་ལང་ཡིན། །རྗེས་ཐོབ་ཉམས་སུ་ལེན་པ་ན། །ཅིར་སྣང་སྒྱུ་མར་སྒོམས་ཤིག་ཨཾ། །ཅེས་པ་འདི་མེ་ཏོག་མདངས་ཅན་ཀྱི་སྒོམ་ཆེན་བཀྲིས་བཟང་པོ་ལ་གདམས་པའོ།། །།དགེའོ།། །།

དཔོན་སྒོམ་ཡེ་ཤེས་འོད་ལ་གདམས་པ།

དཔོན་སྒོམ་ཡེ་ཤེས་འོད་ལ་གདམས་པ།

དཔོན་སྒོམ་གྱི་ཐུད་མར་གྱི་འབུལ་བ་དང་བཅས་པ་ཡིག་ནང་བཞིན་འདིར་འཕྲོད་པས་རྗེས་སུ་ཡི་རང་། སྐབས་ཀྱི་དོན། འཆི་བར་ངེས་སོ་ནམ་འཆི་ངེས་པ་མེད། །འཆི་ཚེ་གྲོགས་མེད་རང་ཉིད་གཅིག་པུར་འགྲོ། །རང་བསགས་ལས་འབྲས་གྲིབ་མ་བཞིན་དུ་འབྲང་། །ངན་འགྲོའི་གཡང་ཆེན་ཕྱི་མའི་ལམ་ན་ཡོད། །དམ་ཆོས་ལས་གཞན་སྐྱོབ་པའི་སྐྱབས་གཞན་མེད། །གྲུང་པོ་མདོ་དོན་ཡོད་མེད་ད་ལན་ཤེས། །འཁོར་དང་གཉེན་བཤེས་སུ་ཡང་རྗེས་འབྲང་མེད། །ཆོས་ཀྱི་སྐྱེལ་མ་རྙེད་ན་མདོ་ཡོད་ཡིན། །ཀུན་ལ་སྲོག་ལས་གཅེས་པའི་ནོར་མེད་ཕྱིར། །མི་དགེ་བཅུ་ནས་སྲོག་གཅོད་སྡིག་པ་ལྕི། །དགེ་བ་སྣ་གཅིག་སྤྱོད་པའི་གང་ཟག་ལ། །སྲོག་གཅོད་སྤོང་བ་མཆོག་ཏུ་ཐུབ་པས་གསུངས། །སྦྱིན་པས་ལྷག་པའི་ཕྱི་མའི་ལམ་རྒྱགས་མེད། །ཐོས་བསམ་སྒོམ་གསུམ་བྱེད་པའི་གང་ཟག་ལ། །དད་ཅིང་གུས་པས་བསྙེན་བཀུར་འབུལ་ནོད་དང་། །དབུལ་ཕོངས་བཀྲེས་ལ་སྙིང་རྗེས་སྦྱིན་པ་མཆོག །སྣང་སྲིད་ཆོས་ཀུན་རྨི་ལམ་སྒྱུ་མ་བཞིན། །སྣང་ཞིང་བདེན་པ་མེད་པའི་ལྟ་བ་དང་། །འགྲོ་ཀུན་བུ་ལྟར་སྐྱོང་བའི་སྙིང་རྗེ་གཉིས། །ཆོས་ཀྱི་ཡང་སྙིང་ཡིན་ནོ་གཅེས་པར་འཛིན། །བྱང་ཆུབ་ཆེན་པོར་བསྔོས་པའི་དགེ་བ་རྣམས། །རྒྱ་མཚོའི་ཆུ་བཞིན་ནམ་ཡང་ཟད་མེད་པས། །ལུས་ངག་ཡིད་ཀྱིས་དགེ་བ་ཅི་བསགས་རྣམས། །བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ལྷ་རིས་པ་དཔོན་སྒོམ་ཡེ་ཤེས་འོད་ལ་གདམས་པའོ།། །།དགེའོ། །

གཞི་ལམ་འབྲས་བུའི་ཚུལ་ལས་བརྩམས་ཏེ།

གཞི་ལམ་འབྲས་བུའི་ཚུལ་ལས་བརྩམས་ཏེ།

སྒྲུབ་ཆེན་མ་དཔལ་མོ་ལ་གདམས་པ། ན་མོ་གུ་རུ། སྣང་སྟོང་སྒྱུ་མ་ལྟ་བུའི་ཀུན་རྫོབ་དང་། བརྗོད་བྲལ་བསམ་དུ་མེད་པའི་དོན་དམ་གཉིས། །འབྲལ་མེད་ཟུང་དུ་ཆུད་པ་གཞི་ཡི་ཚུལ། །ཡ་བྲལ་སོ་སོ་སོང་ན་གོ་བ་བཞིན། །འགྲོ་དྲུག་ཕ་མ་ཤེས་པའི་སྙིང་རྗེ་དང་། །ཅིར་སྣང་སྒྱུ་མར་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་ཆུད་པ་འཁྲུལ་མེད་ལམ། །ཡ་བྲལ་སོ་སོར་སོང་ན་གོལ་བ་ཡིན། །གཟུང་འཛིན་དབྱིངས་སུ་ཡལ་བའི་ཆོས་སྐུ་དང་། །འཕྲིན་ལས་རྒྱུན་ཆད་མེད་པའི་གཟུགས་སྐུ་གཉིས། །འབྲལ་མེད་ཟུང་དུ་ཆུད་པ་འབྲས་བུ་མཆོག །ཡ་བྲལ་སོ་སོར་སོང་ན་གོལ་བ་ཡིན། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ། དཀར་ནག་ལས་འབྲས་བསླུ་བ་མེད་ཤེས་ནས། །རྟག་ཆད་མཐར་ལྟའི་དྲི་མས་མ་གོས་པ། །མཐའ་བྲལ་དབུ་མར་རྟོགས་པའི་ལྟ་བ་ཡིན། །གཞི་ཡི་གནས་ལུགས་ལྟ་བས་ལེགས་རྟོགས་ནས། །རྩེ་གཅིག་སེམས་ཀྱིས་གོམས་འདྲིས་བྱས་པ་ལས། །གནས་ལུགས་དོན་ལ་སྒྲོ་འདོགས་ཆོད་པ་དེ། །ཞི་ལྷག་ཟུང་དུ་འབྲེལ་བའི་སྒོམ་པ་ཡིན། །རྗེས་ཐོབ་སྒོ་གསུམ་བྱ་བ་ཇི་སྙེད་པ། །འཛིན་མེད་སྒྱུ་མ་ལྟ་བུའི་ངང་ནས་སྤྱོད། །དམིགས་མེད་སེམས་ཀྱིས་བྱང་ཆུབ་ཆེན་པོར་བསྔོ། །ཅི་བྱས་ལམ་དུ་འགྲོ་བའི་སྤྱོད་པ་ཡིན། །གཞི་དང་ལམ་དང་འབྲས་བུའི་རང་བཞིན་དང་། །ལྟ་བ་སྒོམ་པ་སྤྱོད་པའི་ཚུལ་འདི་རྣམས། །ལེགས་པར་རྟོགས་ནས་ལེགས་པར་སྨྲས་པ་ལ། །ལེགས་འདོད་རྣམས་ཀྱིས་ལེགས་པར་ཟུང་ཞིག་ཨཾ། །ཅེས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས། །སྒྲུབ་ཆེན་མ་དཔལ་མོ་ལ་གདམས་པའོ།། །།

གུ་གེའི་བདག་མོ་ཆོས་སྐྱོང་རྒྱལ་མོ་ལ་གདམས་པ།

གུ་གེའི་བདག་མོ་ཆོས་སྐྱོང་རྒྱལ་མོ་ལ་གདམས་པ།

མཆོད་འོས་བསྟོད་འོས་ཕྱག་འོས་ཀུན་ཀྱི་མཆོག །བླ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ནས། །ཆོས་རྒྱལ་རིགས་ལས་འཁྲུངས་པའི་དད་ལྡན་མ། །ཆོས་སྐྱོང་རྒྱལ་མོ་དེ་ལ་འདི་སྐད་གསོལ། །རིགས་དང་ཆོ་འབྲང་བཟང་ངན་སྤྱོད་པས་འབྱེད། །སྤྱོད་པ་ཉམས་པ་རྣམས་ལ་རིགས་དོན་མེད། །སྡིག་སྤོང་དགེ་ལ་བརྩོན་པའི་ཡ་རབས་ཚུལ། །ཡབ་མེས་བཟང་པོའི་རྣམ་ཐར་སྐྱོངས་ཤིག་ཨཾ། །གང་ཞིག་སྤྱད་ན་བག་མེད་ར་རོ་ཞིང་། །ཆོས་དང་འཇིག་རྟེན་བྱ་བ་ཉམས་པའི་གཞི། །དམ་པས་རྣམ་པ་ཀུན་ཏུ་སྨད་པའི་གནས། །མྱོས་འགྱུར་བཏུང་བ་དུག་བཞིན་སྤོང་ཞིག་ཨཾ། །ཁྱིམ་པས་ཚུལ་ཁྲིམས་རྟག་ཏུ་བསྲུང་དཀའ་ཡང་། །ཚུལ་ཁྲིམས་མེད་ན་མཐོ་རིས་བསམ་འགྲུབ་དཀའ་བས། །ཉ་སྟོང་བརྒྱད་གསུམ་བཟང་པོའི་དུས་ཀྱི་ཚེ། །བསྙེན་གནས་སྡོམ་པ་ནོད་ལ་སྲུངས་ཤིག་ཨཾ། །ཆབ་འོག་གཏོགས་པའི་འབངས་ཀྱི་སྐྱིད་སྡུག་རྣམས། །སྐྱོང་བྱེད་རྗེ་དཔོན་ཉིད་ལ་རག་ལས་པས། །རང་ལ་ལྟོས་པའི་འབངས་དང་འཁོར་གཡོག་རྣམས། །རང་གི་བུ་བཞིན་བྱམས་པས་སྐྱོངས་ཤིག་ཨཾ། །ཁྱིམ་ཐབ་རིགས་ཀྱི་ལྷ་བཞིན་བཀུར་བྱེད་པ། །མོ་བཙུན་མཛངས་མ་རྣམས་ཀྱི་ཚུལ་ཡིན་པས། །གུས་བཅས་བག་དང་བཅས་པ་རྒྱལ་པོའི་བཀའ། །ཆོས་དང་མཐུན་རྣམས་ཚུལ་བཞིན་སྒྲུབས་ཤིག་ཨཾ། །ཨཾ་ཡིག་དྲུག་ལྡན་གདམས་པ་རིན་ཆེན་འདི། །དམ་པ་ཁྱེད་ཀྱི་ཐུགས་ལ་ལེགས་བཞག་ནས། །གནས་སྐབས་མཐར་ཐུག་རང་ལ་ཕན་པའི་ཕྱིར། །ཇི་སྐད་སྨྲས་རྣམས་ལེགས་པར་སྒྲུབས་ཤིག་ཨཾ། །གུ་གེའི་ལྷ་གཅིག་ཆོས་སྐྱོང་རྒྱལ་མོ་ལ་གདམས་པའོ།། །།དགེའོ། །

ཡུམ་མེ་ཚུལ་ཁྲིམས་བཟང་མོ་ལ་གདམས་པ།

ཡུམ་མེ་ཚུལ་ཁྲིམས་བཟང་མོ་ལ་གདམས་པ།

དྲུང་ཨ་བི་པའི་གསུང་ཡིག་འཕྲོད། ཐུགས་དམ་ལ་སྟོང་པ་ཉིད་དང་བྱང་ཆུབ་ཀྱི་སེམས་ལ་ངེས་ཤེས་ཐོབ་གསུང་པ་ལེགས། ཉམས་སུ་བླང་རྒྱུའི་ཆོས་ལ་དེ་གཉིས་ལས་ལྷག་པ་མེད་པས་ད་དུང་ཉམས་ལེན་ཀྱི་མཐིལ་དེ་གཉིས་ལ་མཛོད། རྟགས་སྣང་རྣམས་ཤེས་རབ་ཀྱིས་ཟིན་ན་ལམ་གྱི་གྲོགས་ཡིན། མ་ཟིན་ན་འཁྲུལ་སྣང་བན་བུན་ཅི་བྱུང་རུང་སྙིང་པོ་ཙམ་མེད། སེམས་ཅུང་ཟད་ཟིན་པའི་རྟགས་ཡིན། སྐབས་ཀྱི་ཉམས་ལེན་མདོར་བསྡུས་པ་འདི་ལྟར། སྣོད་བཅུད་སྡིག་པས་གང་བའི་དུས། །སེམས་ཅན་ལས་ཉོན་བདོ་བའི་དུས། །མེ་འོབས་ལྟ་བུའི་འཁོར་བ་ཡི། །ཉེས་དམིགས་ཡང་ཡང་སེམས་པ་གཅེས། །ཐོག་མེད་དུས་ཀྱི་ཕ་མ་ལ། །བདག་གཞན་བརྗེ་བའི་བྱང་ཆུབ་སེམས། །ཐེག་ཆེན་ཆོས་ཀྱི་རྩ་བ་ཡིན། །བཅོས་མིན་སྙིང་རྗེ་བསྒོམ་པ་གཅེས། །གཉུག་མ་སེམས་ཀྱི་རང་བཞིན་འདི། །གདོད་ནས་སྐྱེ་མེད་སྤྲོས་དང་བྲལ། །མཉམ་གཞག་ཉམས་སུ་ལེན་པ་ན། །སྐྱེ་མེད་ངང་ལ་གཡེངས་མེད་གཅེས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །མ་རིག་འཁྲུལ་པའི་ཡོ་ལང་ཡིན། །ཅིར་སྣང་བདེན་མེད་རྒྱས་འདེབས་པའི། །རྗེས་ཐོབ་སྒྱུ་མའི་ལམ་ཁྱེར་གཅེས། །ཚུལ་འདི་དུས་གསུམ་རྒྱལ་བའི་ལམ། །མདོ་རྒྱུད་ཀུན་གྱི་སྙིང་པོ་ཡིན། །སྙིང་ནས་དམ་ཆོས་བྱེད་འདོད་ན། །དོན་འདི་མ་བརྗེད་སེམས་ལ་ཆོངས། །ཅེས་པ་འདི་ནི་ཡུམ་མེ་ཚུལ་ཁྲིམས་བཟང་མོ་ལ་གདམས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ། །

མངའ་རིས་ཀྱི་བདག་མོ་སློབ་དཔོན་མ་ཉི་མ་འབུམ་ལ་གདམས་པ།

མངའ་རིས་ཀྱི་བདག་མོ་སློབ་དཔོན་མ་ཉི་མ་འབུམ་ལ་གདམས་པ།

ན་མོ་ལོ་ཀེ་ཤྭ་ར་ཡ། རིགས་དང་རུས་དང་ཆོ་འབྲང་ཕུན་གསུམ་ཚོགས་པ་མངའ་བ་སློབ་དཔོན་མ་ཉི་མའི་སྙན་དུ། ཆོས་ཀྱི་དོན་ལས་བརྩམས་པའི་ཚིགས་སུ་བཅད་པ་འདི་དག་འབུལ་གྱི་ཅུང་ཞིག་སྙན་གསན་ཅིག གང་གི་གསུང་གི་འོད་ཟེར་ཕྲ་མོས་ཀྱང་། །སྨྲ་ངན་རྒྱུ་སྐར་བྱེ་བའི་དཔལ་འཕྲོག་ཅིང་། །འཇིག་རྟེན་གསུམ་གྱི་དགེ་ལེགས་པདྨོའི་གཉེན། །སྨྲ་བའི་ཉི་མ་ཐུབ་དབང་ལ་ཕྱག་འཚལ། །སྔོན་བསགས་བསོད་ནམས་ཆུ་གཏེར་ལས་བྱུང་བའི། །དལ་འབྱོར་ཆུ་སྐྱེས་ལང་ཚོའི་ཟེའུ་འབྲུ་ཅན། །ཆོ་རིགས་བཟང་པོའི་དྲི་བསུང་ངད་ལྡན་པ། །གང་ལ་མངའ་བ་དེ་ཡིས་ཚིག་འདི་གསོན། །སྲིད་པའི་དཔལ་འབྱོར་ཆུ་ཡི་ཟླ་བ་དང་། །དབང་པོའི་གཞུ་དང་མིག་འཕྲུལ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་སྟོང་པ་དང་། །གསོག་དང་གསོབ་དང་སྙིང་པོ་མེད་པ་ལགས། །གྲོགས་དང་ཉེ་དུ་ཚོང་འདུས་མགྲོན་པོའི་ཚུལ། །ཉམ་ཆུང་ལུས་ནི་འབབ་ཆུའི་ལྦུ་བ་བཞིན། །གནོད་མང་སྲོག་ནི་རླུང་ནང་མར་མེ་བཞིན། །ནམ་མཁའི་གློག་དང་སྟོན་ཀའི་སྤྲིན་བཞིན་གཡོ། །ང་རྒྱལ་རྒྱགས་དང་དྲེགས་པ་སྐྱེད་པའི་གཞི། །འཁོར་དང་ལོངས་སྤྱོད་ལང་ཚོའི་དཔལ་རྣམས་ཀྱང་། །སྨིག་རྒྱུའི་ཆུ་དང་ནམ་མཁའི་འཇའ་ཚོན་བཞིན། །བྱིས་པའི་བློ་ཅན་རྨོངས་པ་བསྐྱེད་པར་ཟད། །སྔོན་བསགས་བསོད་ནམས་ཆུ་གཏེར་ལས་བྱུང་བའི། །དལ་འབྱོར་ཆུ་སྐྱེས་ལང་ཚོའི་ཟེའུ་འབྲུ་ཅན། །ཆོ་རིགས་བཟང་པོའི་དྲི་བསུང་ངད་ལྡན་པ། །གང་གིས་ཐོབ་དེའང་སྟོན་ཀའི་མེ་ཏོག་བཞིན། །དེ་ཕྱིར་སྲིད་པའི་བདེ་ལ་ཆགས་སྤངས་ནས། །ཐུབ་པས་གསུངས་པའི་བརྟུལ་ཞུགས་བཟང་མནོས་ཏེ། །རྟག་ཏུ་ཚངས་སྤྱོད་སྡོམ་པ་ལ་གནས་པས། །དལ་འབྱོར་སྐུ་ཚེ་འབྲས་དང་ལྡན་པར་མཛོད། །གང་ལ་སྐྱབས་ན་བསླུ་མེད་དཀོན་མཆོག་གསུམ། །འདི་ཕྱིའི་དཔལ་མགོན་ལགས་པས་དེ་ལ་བསྟེན། །དགེ་ལེགས་ནོར་འཕྲོག་སྡིག་པའི་གྲོགས་པོ་དང་། །འབད་ཀྱང་དོན་ཆུང་ཚེ་འདིའི་འདུན་མ་སྤང་། །དཀར་ནག་ལས་འབྲས་ནམ་ཡང་བསླུ་མེད་པས། །ལས་ཀྱང་གྲིབ་མ་བཞིན་དུ་རྗེས་འབྲང་ཕྱིར། །སྲོག་གི་ཕྱིར་ཡང་སླན་ཆད་སྡིག་པའི་ལས། །བཞིན་བཟང་ཁྱོད་ཀྱིས་ནམ་ཡང་མི་བགྱིད་འཚལ། །སྦྱིན་དང་ཚུལ་ཁྲིམས་དགེ་བ་ལྷ་མིའི་དཔལ། །སྟེར་བའི་གཉེན་མཆོག་ལགས་པར་ཐུབ་པས་གསུངས། །བསོད་ནམས་ཞིང་གྱུར་ཚུལ་ལྡན་དགེ་སྦྱོང་དང་། །སངས་རྒྱས་མཆོད་པའི་ལས་ལ་དགྱེས་པར་མཛོད། །གྱ་གྱུའི་སེམས་ལྡན་གཡོ་བའི་ངང་ཚུལ་ཅན། །བུད་མེད་ལུས་ཀྱང་དམ་པས་བསྔགས་འོས་མིན། །དེ་ཕྱིར་ཕྱིན་ཆད་སྐྱེ་བ་དམན་པའི་ལུས། །ནམ་ཡང་ལེན་པ་མེད་པར་ཁྱོད་བཞེད་ན། །རྒྱལ་སྲས་ཡེ་ཤེས་བླ་མ་འོད་ཀྱི་ཏོག །དེ་བཞིན་སྨོན་ལམ་བློ་གྲོས་ཞེས་བྱ་དང་། །དབང་པོ་ཞི་དང་འཇམ་པའི་དབྱངས་རྣམས་ལ། །རྟག་ཏུ་གུས་པའི་ཡིད་ཀྱིས་ཕྱག་མཛོད་ཅིག །མཛའ་བཤེས་ཡིད་གཅུགས་གཅམ་བུར་སྨྲ་རྣམས་ཀྱང་། །དོན་ལྡན་ཚིག་གིས་ཕན་པར་སྨྲ་བ་དཀོན། །འབྱུང་པོས་ཟིན་ལ་གསང་སྔགས་བཟླས་པ་བཞིན། །ཕན་པར་སྨྲས་ལའང་མཐུན་པར་འཛིན་པ་དཀོན། །དེ་ཕྱིར་ཁོ་བོས་བརྩེ་བས་ཀུན་བསླངས་པའི། །ཆོས་དང་ཉེར་འབྲེལ་གདམས་པའི་ཚིག་འདི་རྣམས། །རིགས་བཟང་ཁྱོད་ཀྱིས་ཐུགས་ལ་ཉེར་བཞག་སྟེ། །འདི་དོན་སེམས་པས་རྟག་ཏུ་བག་ཡོད་མཛོད། །མངའ་རིས་ཀྱི་སློབ་དཔོན་མ་ཉི་མ་ལ་གདམས་པ་སྤྲིང་ཡིག་བདུད་རྩིའི་ཐིགས་པ་ཞེས་བྱ་བ་དགེའོ།། །།ཤུ་བྷཾ།

ཡར་འབྲོག་གི་དཔོན་མོ་ཆོས་དཔལ་བཟང་མོ་ལ་གདམས་པ།

ཡར་འབྲོག་གི་དཔོན་མོ་ཆོས་དཔལ་བཟང་མོ་ལ་གདམས་པ།

དཔོན་མོ་དགེ་སློང་མའི་གསུང་ཡིག་ཟླ་གམ་གྱི་རྟེན་དང་བཅས་པ་དགེ་བཤེས་ཡེ་ཤེས་དཔལ་གྱིས་འདིར་འཕྲོད་པས་རྗེས་སུ་ཡི་རང་། སྐབས་ཀྱི་དོན། ཤིན་ཏུ་རྙེད་དཀའི་དལ་འབྱོར་རིན་ཆེན་འདི། །དོན་མེད་ཚེ་འདིའི་བྱ་བས་རྣམ་གཡེངས་ནས། །ཆོས་མིན་སྡིག་བསགས་འཆི་གར་འགྱོད་པའི་མི། །རིན་ཆེན་གླིང་སོང་སྟོང་ལོག་བྱས་དང་མཚུངས། །འཚོ་བའི་ལུས་སྲོག་འབབ་ཆུའི་རྒྱུན་དང་འདྲ། །སྐད་ཅིག་མི་སྡོད་འཆི་བའི་རྒྱ་མཚོར་འགྲོ། །དཀར་ནག་ལས་འབྲས་རང་ལུས་གྲིབ་མ་བཞིན། །ནམ་ཡང་འབྲལ་མེད་སེམས་ཀྱི་རྗེས་སུ་འབྲང་། །འཁོར་དང་ལོངས་སྤྱོད་ཉེ་དུ་ཕུན་ཚོགས་ཀྱང་། །ཚེ་འདིའི་བསླུ་བྲིད་བྱིས་པའི་རྩེད་མོ་ཡིན། །རང་བསགས་དཀར་ནག་ལས་འབྲས་མ་གཏོགས་པ། །ཕྱི་མར་འགྲོ་ཚེ་རྗེས་འབྲང་སུ་ཡང་མེད། །མི་དགེའི་ལས་ཀྱིས་ངན་འགྲོའི་གཡང་སར་འཕེན། །བསོད་ནམས་དགེ་བས་བདེ་འགྲོའི་དཔལ་ལ་སྦྱོར། །དེ་ཕྱིར་མི་རྟག་འཆི་བ་དྲན་པ་དང་། སྡིག་སྤོང་དགེ་ལ་འབད་པའི་བརྩོན་འགྲུས་རྩོམས། །ཅེས་པ་འདི་གངས་བུ་ལེའི་མགུལ་ནས། དགེ་སློང་མ་ཆོས་དཔལ་བཟང་མོ་ལ་གདམས་པའོ།། །།དགེའོ། །

རྡོ་རྗེ་གདན་གྱི་དཔོན་མོ་སློབ་དཔོན་མ་ལ་གདམས་པ།

རྡོ་རྗེ་གདན་གྱི་དཔོན་མོ་སློབ་དཔོན་མ་ལ་གདམས་པ།

བུ་ལེ་ཞེས་གྲགས་གངས་རིའི་མགུལ་ན་གནས། །ཀུ་མ་ར་ཞེས་གྲགས་པའི་དགེ་སློང་ལ། །ལྷག་བསམ་དག་པའི་དད་ལྡན་ཆོས་ཉིད་སྐྱོང་། །སྨན་དང་སྨན་མར་ཕུལ་བའི་དགེ་བ་འདིས། །དུག་གསུམ་ནད་ཀྱིས་མནར་བའི་སེམས་ཅན་རྣམས། །ཐེག་གསུམ་བདུད་རྩིའི་སྨན་གྱིས་ལེགས་གསོས་ནས། །སྐུ་གསུམ་གོ་འཕང་མཆོག་ལ་འགོད་མཛད་པའི། །ཁམས་གསུམ་ཆོས་ཀྱི་རྒྱལ་པོར་འགྱུར་བར་ཤོག །ཅེས་པ། རྡོ་རྗེ་གདན་པའི་དཔོན་མོ་སློབ་དཔོན་མ་ལ་གདམས་པའོ།། །།དགེའོ། །

གོ་འཇོ་དཔོན་ཆེན་ལ་གདམས་པ།

གོ་འཇོ་དཔོན་ཆེན་ལ་གདམས་པ།

གང་གི་ཞབས་རྡུལ་སྐབས་གསུམ་དབང་པོ་དང་། །འཕྲོག་བྱེད་བདེ་བྱེད་དབྱིག་གི་སྙིང་པོ་སོགས། །འཇིག་རྟེན་མཆོད་འོས་གཙུག་གིས་གུས་བསྟེན་པའི། །སྟོན་པ་མཉམ་ཉིད་དེ་ཡིས་ཁྱེད་ལ་སྐྱོང་། །གང་གིས་སྔོན་ཚེ་རྒྱལ་བའི་སྤྱན་སྔ་རུ། །བསྟན་དང་བསྟན་འཛིན་སྐྱོང་བར་ཞལ་བཞེས་ནས། །དམ་བཅས་དོན་ལ་གཡེལ་བ་མི་མངའ་བའི། །དམ་ཅན་མཐུ་ལྡན་རྣམས་ཀྱིས་ཁྱོད་ལ་སྲུངས། །ཕས་རྒོལ་གླང་ཆེན་འཇོམས་པའི་ལུས་གྲིམས་ཤིང་། །བསོད་རྣམས་རལ་པའི་ཁུར་ཀྱིས་རབ་ཏུ་བརྗིད། །དམག་དཔུང་རུ་མཚོན་བརྡར་བའི་མཆེ་སྡེར་ཅན། །མི་དབང་མི་ཡི་སེང་གེ་རྒྱལ་གྱུར་ཅིག །བསོད་ནམས་ཆེན་པོའི་དཔལ་གྱིས་མངོན་པར་མཐོ་བའི་ཀུན་ཏིང་གུ་ཤེར་པའི་དྲུང་དུ། དགེ་སློང་བློ་གྲོས་ཀྱིས་གསོལ་བ། སྙུན་མི་མངའ་ཞིང་ཟོ་མདོག་བདེ་བའི་ངང་ནས་གསུང་ཤོག་རྟེན་བཅས་གནང་བ་འདིར་འཕྲོད་པས་སེམས་རངས་པར་གྱུར། སྐབས་ཞུས་རང་རེའི་དྲུང་ནས། སྤྱིར་བསྟན་པ་ལ་མོས་ཤིང་། ཁྱད་པར་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་དང་། མཁྱེན་རབ་ཀྱི་དབང་ཕྱུག་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ལ་མི་ཕྱེད་པའི་དད་མོས་ཡོད་ཟེར་བའི་སྙན་གྲགས་ཐོས་པས་དགའ་སྤྲོ་ཤིན་ཏུ་འཕེལ། འགྲོ་བ་མཐར་ཐུག་གི་བདེ་སྐྱིད་སངས་རྒྱས་ཀྱི་བསྟན་པ་ལ་རག་ལས་ཤིང་། གནས་སྐབས་ཀྱི་བདེ་སྐྱིད། སྡེ་ཆོས་ལྡན་དུ་སྐྱོང་བའི་རྒྱལ་པོ་དང་། སྡེ་དཔོན་ལ་རག་ལས་པ་ལགས་པས། བསྟན་པ་རིན་པོ་ཆེའི་བདག་རྐྱེན་བཤད་སྒྲུབ་ཀྱི་སྡེ་དང་། དགེ་བའི་བཤེས་གཉེན་གྱི་ཞབས་ཏོག བསྐྱང་རན་ཚུལ་བཞིན་དུ་བསྒྲུབ་པ་དང་། ཆབ་སྲིད་ཆོས་ལྡན་དུ་སྐྱོང་བའི་འཕྲིན་ལས་སྔར་ལུགས་བཞིན་དུ་མཛད་དུ་གསོལ། ཞུ་ཡིག་གཟིགས་པའི་རྟེན། སྐུ་ཁམས་བཟང་ཞིང་སྐུ་ཚེ་བརྟན་པ་དང་། ཚེ་རབས་ཐམས་ཅད་དུ་ཆོས་ལྡན་གྱི་རིགས་སུ་འཁྲུངས་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་སྨོན་ལམ་འདེབས་པ་ལགས། རྟ་ལོ་ཟླ་བ་བཅུ་གཉིས་པའི་ཚེས་བཅོ་ལྔ་ལ་གངས་བུ་ལེ་དཀར་པོའི་གཡས་མགུལ། གཡུ་ལུང་རྡོ་རྗེ་རྫོང་གི་དབེན་གནས་ནས་ཕུལ་བ་དགེ་ལེགས་སུ་གྱུར་ཅིག། ། །

མངའ་བདག་ཁྲི་རྒྱལ་བསོད་ནམས་ལྡེ་ལ་གདམས་པ། སྐྱེས་བུ་གསུམ་གྱི་ཉམས་ལེན་མདོར་བསྡུས།

མངའ་བདག་ཁྲི་རྒྱལ་བསོད་ནམས་ལྡེ་ལ་གདམས་པ། སྐྱེས་བུ་གསུམ་གྱི་ཉམས་ལེན་མདོར་བསྡུས།

ན་མོ་ལོ་ཀེ་ཤྭ་ར་ཡ། །གང་གི་ཞབས་པད་ལྷ་དབང་ཚངས་པ་སོགས། །འཇིག་རྟེན་དྲེགས་ལྡན་གཙུག་གིས་གུས་བསྟེན་པ། །འགྲོ་བའི་བླ་མ་ལོ་ཀ་གསུམ་གྱི་མགོན། །སྐྱོབ་པ་ཤཱཀྱའི་གཙོ་ལ་ཕྱག་འཚལ་ལོ། །སྤྲོས་བྲལ་ཆོས་སྐུའི་དབྱིངས་ལ་མ་གཡོས་ཀྱང་། །བསོད་ནམས་བརྒྱ་ཡིས་མཚན་པའི་གཟུགས་ཀྱི་སྐུ། །ཐུགས་རྗེའི་རྒྱུ་མཐུན་འགྲོ་བའི་དཔལ་དུ་ཤར། །གདུལ་བྱའི་རེ་སྐོང་ཉི་མའི་གཉེན་ལ་འདུད། །བདག་དང་གཞན་དང་གཉིས་དང་རྒྱུ་མེད་ལས། །དངོས་རྣམས་སྐྱེ་བར་འགྱུར་བ་མ་ཡིན་ཞེས། །གང་གི་ཐུགས་རྗེས་མཐའ་བྲལ་དབུ་མའི་ལམ། །འཇིགས་མེད་སེང་གེའི་ང་རོ་ཆེར་བསྒྲགས་པས། །ལྟ་ངན་རི་དྭགས་མཐའ་དག་སྐྲག་མཛད་ནས། །སྐྱེ་དགུ་རྣམས་ལ་ལེགས་པའི་ལམ་སྟོན་པ། །བུ་རམ་ཤིང་པའི་རིང་ལུགས་བླ་ན་མེད། །སྟོན་པ་གོའུ་ཏ་མ་ལ་ཕྱག་འཚལ། །སངས་རྒྱས་འཇིག་རྟེན་འབྱུང་བ་བརྒྱ་ལམ་ན། །ཨུ་དུམ་ཝ་རའི་མེ་ཏོག་བཞིན་དུ་དཀོན། །དལ་དང་འབྱོར་བའི་ལུས་ཀྱང་རྙེད་དཀའ་ན། །སེམས་ཡོད་སུ་ཞིག་འདི་འབྲས་མེད་པར་བྱེད། །སྐྱེས་བུའི་ཚེ་ནི་རི་གཟར་འབབ་ཆུ་བཞིན། །རླུང་ནང་མར་མེ་ལྟ་བུར་མི་བརྟན་པས། །བདག་ཉིད་ལེགས་པར་འདོད་པའི་སྐྱེ་བོ་རྣམས། །རང་དོན་གཏན་འཇུས་སྒྲུབ་ལ་རིངས་པར་བྱོས། །སྐྱེ་དགུ་ཐམས་ཅད་རང་གི་ལས་ལ་སྤྱོད། །དཀར་ནག་ལས་འབྲས་ནམ་ཡང་བསླུ་བ་མེད། །རང་གིས་བསགས་པའི་དགེ་སྡིག་རྣམ་སྨིན་རྣམས། །གྲིབ་མ་བཞིན་དུ་འབྲལ་མེད་རྗེས་སུ་འབྲང་། །འཁོར་དང་ཉེ་དུ་ལོངས་སྤྱོད་ཇི་སྙེད་པ། །བྱིས་པ་འཁྲུལ་སྐྱེད་སྒྱུ་མའི་རྟ་གླང་བཞིན། །ཚེ་འདིའི་བསླུ་བྲིད་འཁོར་བའི་ལྕགས་སྒྲོག་ཡིན། །ཕྱི་མའི་ཡུལ་དུ་སུ་ཡང་རྗེས་འབྲང་མེད། །འདོད་ཡོན་བདེ་ལ་ཆགས་པའི་སྐྱེ་བོ་རྣམས། །ཁྱི་ཕག་མི་གཙང་ཟ་ལ་དགའ་དང་མཚུངས། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་པས། །འདོད་པའི་བདེ་ལ་ཆགས་པ་སྤོང་བར་རིགས། །སྲིད་པའི་རྒྱ་མཚོ་གཏིང་མཐའ་མེད་པ་འདིར། །ཐོག་མེད་དུས་ནས་ལས་ཉོན་དབང་གིས་གཡེངས། །ཕྱི་མཐའ་མེད་པར་ད་དུང་འཁྱམས་དགོས་ན། །ཤེས་ལྡན་སུ་ཞིག་འདི་ལ་ཡིད་མི་འབྱུང་། །ཐོག་མ་མེད་ནས་ལན་མང་དུ་མ་རུ། །བརྩེ་བས་བསྐྱངས་པའི་དྲིན་ཅན་འགྲོ་བ་རྣམས། །བཟོད་དཀའི་དུཿཁ་དྲག་པོས་གདུངས་གྱུར་པ། །ཡལ་བར་དོར་ན་དེ་ལས་ཁྲེལ་བོར་མེད། །དེ་ཕྱིར་སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །མགོན་མེད་འགྲོ་ལ་སྙིང་རྗེའི་སེམས་ཀྱིས་བལྟ། །དེ་དག་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བླ་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། དོན་དམ་སྤྲོས་བྲལ་ནམ་མཁའི་རང་བཞིན་ལ། །ཤེས་དང་ཤེས་བྱའི་མཚན་མ་མི་དམིགས་ཀྱང་། །ཀུན་རྫོབ་རྟེན་འབྲེལ་སྒྱུ་མའི་ངང་ཚུལ་ལ། །རྣམ་དཔྱོད་བློ་ཡིས་ཚུལ་བཞིན་བསམ་པར་བྱ། །དངོས་འཛིན་འཁྲུལ་པའི་ལྕགས་སྒྲོག་དམ་པོ་ཡིས། །ཐོག་མེད་དུས་ནས་སྲིད་པའི་བཙོན་རར་བཅིངས། །ཕྱི་དང་ནང་གི་དངོས་རྣམས་ཇི་སྙེད་པ། །རང་སེམས་འཁྲུལ་པའི་ཆོ་འཕྲུལ་ཉིད་ཡིན་ཕྱིར། །སྒྱུ་མ་རྨི་ལམ་དྲི་ཟའི་གྲོང་ཁྱེར་དང་། །ཆུ་ནང་ཟླ་བ་སྨིག་རྒྱུ་ཇི་བཞིན་དུ། །སྣང་ཞིང་སྟོང་པའི་ཞེན་མེད་རྒྱ་ཡིས་གདབ། །མ་རྟོགས་འགྲོ་ལ་སྙིང་རྗེ་ལྷག་པར་བསྒོམ། །སྒྱུ་མ་བྱེད་པ་དག་གིས་གཟུགས་སྤྲུལ་ཏེ། །རྟ་དང་གླང་པོ་ཤིང་རྟ་སྣ་ཚོགས་བྱས། །དེ་ལ་ཇི་བཞིན་སྣང་བ་གང་ཡང་མེད། །འཁོར་དང་ལོངས་སྤྱོད་དེ་བཞིན་ཤེས་པར་བྱ། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཤིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཞིང་ཤི་ན་མི་དགའ་ལྟར། །བདེ་སྡུག་སྣ་ཚོགས་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་མཁའ་ལ་དྲི་ཟའི་གྲོང་ཁྱེར་སྣང་། །གྲོང་ཁྱེར་ཕྱོགས་བཅུར་ཡོད་མིན་གང་ནའང་མེད། །གྲོང་ཁྱེར་མིང་ཙམ་ཞིག་གིས་བསྟན་པར་ཟད། །ཡུལ་འཁོར་སྡེ་སྲིད་དག་ཀྱང་དེ་བཞིན་ནོ། །

ཇི་ལྟར་ནམ་མཁའ་དྭངས་པར་ཟླ་ཤར་བ། །དེ་ཡི་གཟུགས་བརྙན་དྭངས་བའི་མཚོར་སྣང་ཡང་། །ཟླ་བ་ཆུ་ཡི་ནང་དུ་འཕོས་པ་མེད། །འགྲོ་བའི་སྐྱེ་འཆི་དག་ཀྱང་དེ་བཞིན་ནོ། །ཇི་ལྟར་སོས་ཀའི་ཉི་མ་ཕྱེད་དུས་སུ། །སྐྱེས་བུས་སྐོམ་པས་གདུངས་ཤིང་འགྲོ་བ་ཡིས། །སྨིག་རྒྱུ་དག་ལ་ཆུ་ཡི་ཕུང་པོར་མཐོང་། །འདོད་ཡོན་བདེ་ལ་ཆགས་པའང་དེ་བཞིན་ནོ། །བྲག་ཕུག་རི་དང་གཅོང་རོང་ནགས་རྣམས་སུ། །སྐྱེས་བུས་གླུ་ལེན་ངུ་དང་རྒོད་པ་ལས། །བྲག་ཆ་སྣང་ཡང་དེ་ན་ཡོད་མ་ཡིན། །བསྟོད་སྨད་སྙན་གྲགས་དག་ཀྱང་དེ་བཞིན་ནོ། །དེ་ལྟར་གྲགས་པའི་དངོས་རྣམས་ཐམས་ཅད་ལ། །ཞེན་མེད་སྟོང་ཉིད་རྒྱ་ཡིས་ཡང་ཡང་གདབ །ཉིན་དང་མཚན་དུ་གཡེལ་བ་མེད་པར་ནི། །སྒོ་གསུམ་དཀར་པོ་དགེ་ལ་བརྩོན་པར་བྱ། །རྫས་ལ་སེར་སྣ་སྤངས་པའི་སྦྱིན་པ་དང་། །མི་དགེ་གཞི་བཅས་སྤོང་བའི་ཚུལ་ཁྲིམས་དང་། །ཁོང་ཁྲོ་འཁོན་འཛིན་སྤངས་པའི་བཟོད་པ་དང་། །དགེ་བ་མཐའ་དག་སྡུད་པའི་བརྩོན་འགྲུས་རྣམས། །གཞན་དོན་ཕུན་ཚོགས་གཟུགས་སྐུ་བསྐྱེད་པའི་རྒྱུ། །བྱིང་རྒོད་རྣམ་གཡེང་སྤངས་པའི་བསམ་གཏན་དང་། །གནས་ལུགས་ཇི་བཞིན་རྟོགས་པའི་ཤེས་རབ་གཉིས། །མཁའ་ལྟར་བརྗོད་མེད་སྤྲོས་ཀུན་ཉེར་ཞིའི་དབྱིངས། །རང་དོན་ཕུན་ཚོགས་ཆོས་སྐུ་འགྲུབ་པའི་རྒྱུ། །ཚོགས་གཉིས་རང་བཞིན་ཕ་རོལ་ཕྱིན་པ་དྲུག །དོན་གཉིས་ཕུན་ཚོགས་འགྲུབ་པའི་རྒྱུ་ཡིན་ཏེ། །ལྷོད་པ་མེད་པའི་བརྩོན་འགྲུས་བརྟན་པོ་ཡིས། །སྦྱིན་སོགས་དྲུག་གི་དགེ་ལ་རྟག་ཏུ་འབད། །དེ་ལྟར་སྒྲུབ་པའི་དགེ་བ་ཇི་སྙེད་པ། །སྣང་སྟོང་སྒྱུ་མ་ལྟ་བུའི་ཤེས་རབ་ཀྱིས། །བདག་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །བླ་མེད་བྱང་ཆུབ་ཆེན་པོའི་རྒྱུ་རུ་བསྔོ། །ཆོས་སྐུ་ཞི་བའི་དབྱིངས་ལས་མ་གཡོས་ཀྱང་། །གང་ལ་གང་འདུལ་གཟུགས་སྐུའི་རྣམ་འཕྲུལ་གྱིས། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་ལྟ་བུ། །འཁོར་བ་སྲིད་དུ་འཕྲིན་ལས་ངང་གིས་འཇུག །

དེ་ལྟར་ཉམས་ལེན་མན་ངག་མདོར་བསྡུས་འདི། །མང་དུ་ཐོས་པའི་དགེ་སློང་ཀུ་མ་རས། །རིགས་དང་ཆོ་འབྲང་མངོན་མཐོའི་དཔལ་ལྡན་པའི། །ཁྲི་རྒྱལ་བསོད་ནམས་ལྡེ་ལ་གདམས་པ་ཡིན། །དེ་ལས་བྱུང་བའི་དགེ་བ་གང་ཐོབ་དེས། །མི་ཟད་སྲིད་པའི་དུཿཁ་ཡིས་གཟིར་བའི། །འགྲོ་རྣམས་རྣམ་པར་གྲོལ་བའི་ལམ་རྙེད་ནས། །མི་གནས་མྱ་ངན་འདས་པའི་སར་བགྲོད་ཤོག །རྒྱལ་བའི་བསྟན་པ་ཕྱོགས་ཀུན་རྒྱས་པ་དང་། །ཆོས་མཛད་རྣམས་ཀྱང་ཆོས་སྤྱོད་འཕེལ་བ་དང་། །སྐྱེ་དགུ་ཀུན་ཀྱང་སྡིག་པའི་སེམས་སྤངས་ནས། །དགེ་བཅུའི་དཔལ་ལ་རྟག་ཏུ་སྤྱོད་གྱུར་ཅིག །སྐྱེས་བུ་གསུམ་གྱི་ལམ་ཉམས་སུ་ལེན་ཚུལ་གྱི་མན་ངག་མདོར་བསྡུས་པ་འདི་བསོད་ནམས་ཀྱི་དཔལ་གྱིས་མངོན་པར་མཐོ་བ་ཁྲི་རྒྱལ་བསོད་ནམས་ལྡེའི་གསུང་གིས་བསྐུལ་ནས་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།

ཏའི་སི་ཏུ་ཆོས་ཀྱི་རིན་ཆེན་ལ་གདམས་པ།

ཏའི་སི་ཏུ་ཆོས་ཀྱི་རིན་ཆེན་ལ་གདམས་པ།

ཆོས་ཀྱི་རྒྱལ་པོའི་བསྟན་ལ་རབ་དད་ཅིང་། །རིན་ཆེན་དལ་འབྱོར་མངོན་མཐོའི་དཔལ་གྱིས་བརྗིད། །ཆབ་སྲིད་དེས་པས་སྐྱོང་བའི་དཔལ་ཡོན་ཅན། །མི་དབང་ཁྱོད་ལ་ཆོས་ཀྱི་སྐྱེས་འདི་འབུལ། །རབ་ཏུ་བརྟན་པའི་ལྷུན་པོའང་འཇིག་འགྱུར་ན། །ཆུ་བུར་ལྟ་བུའི་ལུས་ལ་སྨོས་ཅི་འཚལ། །ལྷན་ཅིག་སྐྱེས་པའི་ཤ་རུས་འབྲལ་འགྱུར་ན། །བློ་བུར་འདུས་པའི་གྲོགས་ལ་ཡིད་བརྟན་ཅི། །སྐྱེ་བ་ཅན་ཀུན་འཆི་བདག་དྲུང་དུ་སྙེག །ནད་མེད་ལང་ཚོ་ལྡན་རྣམས་ན་རྒས་འཇོམས། །ཕུན་ཚོགས་ཐམས་ཅད་རྒུད་པའི་མཐའ་ལ་བརྟེན། །རྩི་ཤིང་ལོ་མའི་ཚོགས་ལ་མེ་དང་ནི། །རྒྱ་མཚོའི་སྲོག་ཆགས་ཚོགས་ལ་ཆུ་སྲིན་བཞིན། །སྐྱེ་བོ་འདི་ཀུན་གང་གིས་འཇོམས་བྱེད་པའི། །མཐར་བྱེད་དེ་ལ་འབྲོས་པའི་ཐབས་མཛོད་ཅིག །ནོར་ལྡན་ཕྱུག་པོའི་ནོར་གྱིས་བསླུར་མེད་ཅིང་། །སྟོབས་ལྡན་དཔའ་བོས་གཡུལ་ངོ་སྤྲད་དུ་མེད། །གཞོན་ནུ་མ་ལ་ངོར་ལྟ་མི་བྱེད་པའི། །འཆི་བདག་དེ་ལས་འབྲོས་པའི་ཐབས་མཛོད་ཅིག །ཟིན་དང་མ་ཟིན་ལས་འཕྲོ་མི་སྒུག་ཅིང་། །རྒན་གཞོན་བར་མའི་རྣམ་དབྱེ་མི་འབྱེད་པར། །འཚོ་བའི་འཇིག་རྟེན་མ་ལུས་ཟ་བྱེད་པའི། །གཤིན་རྗེ་དེ་ལས་འབྲོས་པའི་ཐབས་མཛོད་ཅིག །གང་དུ་གནས་ན་འཆི་བདག་མི་འབྱུང་བའི། །གནས་དེ་ས་འོག་ས་སྟེང་ས་བླ་ཡི། །འཇིག་རྟེན་གསུམ་ན་མེད་ཅེས་རྒྱལ་བས་གསུངས། །སྟོབས་ལྡན་དེ་ལས་འབྲོས་པའི་ཐབས་མཛོད་ཅིག །བཤེས་གཉེན་བཟང་པོའི་དེད་དཔོན་ལ་བསྟེན་ཅིང་། །ཐེག་ཆེན་འགྲོ་མགྱོགས་བརྩོན་པའི་སྲབ་སྐྱོགས་ཅན། །ཐབས་ཤེས་ལྡན་པའི་བཞོན་པ་ལ་གནས་ཏེ། །འཆི་མེད་ཐར་པའི་གྲོང་དུ་བསྙེག་པར་རིགས། །ཅེས་པ་འདི་ནི་ཏའི་སི་ཏུ་ཆོས་ཀྱི་རིན་ཆེན་ལ་ཤཱཀྱའི་དགེ་སློང་ཀུ་མ་ར་མ་ཏིས་གངས་བུ་ལེའི་དབེན་གནས་ནས་གདམས་པའོ།། །།དགེ་ལེགས་སུ་གྱུར་ཅིག། །

དཔོན་ཡོན་ཏན་རྒྱ་མཚོ་སྐུ་མཆེད་ལ་གདམས་པ།

དཔོན་ཡོན་ཏན་རྒྱ་མཚོ་སྐུ་མཆེད་ལ་གདམས་པ།

གཏིང་མཐའ་མེད་པ་འཁོར་བའི་རྒྱ་མཚོ་འདིར། །ཐོག་མེད་དུས་ནས་རང་གཞན་དུཿཁ་མྱོང་། །བདག་གཞན་སྲིད་པའི་མཚོ་ལས་བསྒྲལ་བྱའི་ཕྱིར། །རྣམ་གྲོལ་ཐར་པའི་ལམ་ལ་འབད་འཚལ་ལོ། །རྙེད་དཀའི་དལ་འབྱོར་མི་རྟག་གཞན་དབང་ཅན། །རླུང་ནང་མར་མེ་འབབ་ཆུའི་རྒྱུན་དང་མཚུངས། །དཀར་ནག་ལས་འབྲས་རང་ལུས་གྲིབ་མ་བཞིན། །འབྲལ་མེད་རྗེས་སུ་འབྲང་ངོ་ཆོས་ལ་སྤྱོད། །ངན་འགྲོའི་གཡང་ཆེན་ཕྱི་མའི་ལམ་ན་གནས། །ཉེས་སྤྱོད་སྡིག་པའི་ལས་ཀྱིས་དེར་ལྷུང་བྱེད། །དམ་ཆོས་ལས་གཞན་སྐྱོབ་པའི་སྐྱབས་གཞན་མེད། །སྡིག་སྤོང་དགེ་ལ་འབད་ཅིག་རིགས་ཀྱི་བུ། །ཅེས་དཔོན་ཡོན་ཏན་རྒྱལ་མཚོ་སྐུ་མཆེད་ལ་གངས་བུ་ལེའི་མགུལ་ནས་གདམས་པའོ།། །།

ཞང་ཀུན་སྤངས་དགེ་སྦྱོང་བ་ལ་དོན་ཐོབ་ཀྱིས་གདམས་པ།

ཞང་ཀུན་སྤངས་དགེ་སྦྱོང་བ་ལ་དོན་ཐོབ་ཀྱིས་གདམས་པ།

ཀུན་སྤངས་པའི་སྙན་དུ་ཞུ་བ། སྐུ་ཁམས་བཟང་བའི་ཐད་ནས། གསུང་ཡིག་རྟེན་བཅས་ཡིག་ནང་བཞིན་འཕྲོད་པས་སེམས་སྤྲོ། འདིར་ཡང་ད་ལྟ་མཚམས་པར་ཁམས་དྭངས་པར་བདོག སྐབས་ཞུས་དེང་སང་བོད་ཀྱི་སྒྲུབ་རྒྱུད་པ་ཕལ་ཆེ་བའི་ཆོས་སྐད། སེམས་ལ་ལས་མི་འཆོལ་བར་མི་རྟོག་པར་འཇོག་པ་ཞི་ལྷག་གི་ཉམས་ལེན་དང་། བོགས་འདོན་དུ་བྱེད་པར་གདའ། དེ་ནི་སྔོན་གྱི་རྒྱ་ནག་གི་མཁན་པོ་ཧྭ་ཤང་མཧཱ་ཙི་ནའི་ལུགས་དང་མཐུན་པར་སྣང་ཞིང་། །ཧྭ་ཤང་གི་ལུགས་དེ་སྒྲིབ་གཉིས་ཀྱི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རྒྱུ། དངོས་པོའི་དེ་ཁོ་ན་ཉིད་ལ་རྣམ་པར་དཔྱོད་པའི་སོ་སོར་རྟོག་པའི་ཤེས་རབ་སྤངས་པས་ཉམས་ལེན་གོལ་བར་གཟིགས་ནས་རྒྱལ་པོས། ཀ་མ་ལ་ཤི་ལ་གདན་དྲངས་ནས་ཧྭ་ཤང་གི་ལུགས་དེ་སུན་ཕྱུངས། ཞི་ལྷག་ཉམས་ལེན་གྱི་ཚུལ་ཕྱིན་ཅི་མ་ལོག་པར་སྟོན་པའི་སྒོམ་རིམ་རྣམ་པ་གསུམ་མཛད། །བསྟན་པ་སྔ་དར་གྱི་དུས་སུ་དེའི་ཉམས་ལེན་ཕྱིན་ཅི་མ་ལོག་པ་ཡོད་པར་གདའ་ནའང་། དུས་ཕྱིས་དེའི་ཉམས་ལེན་རྒྱུན་ཆད། ཕྱི་དར་གྱི་སྒྲུབ་རྒྱུད་པ་རྣམས་སྒོམ་གྱི་ཞི་ལྷག་གི་ངོས་འཛིན་རྣམ་རྟོག་སྒོམ་དུ་གོ་ནས་དེ་ལ་མི་མོས། རང་གི་བླ་མ་བརྒྱུད་པའི་མན་ངག་ཏུ་བསྒོམས་ནས། རྟོག་པ་ཁ་ཚོམས་ཀྱི་མི་སྒོམ་པ་ལ་གཙོ་བོར་བྱེད་པར་གདའ། བླ་མ་བཀའ་བཞི་པའི་ལམ་རིམ་དེ་སྒོམ་རིམ་ལ་སོགས་པ་ཤིང་རྟ་ཆེན་པོ་རྣམས་ཀྱི་བསྟན་བཅོས་ཚད་མར་བྱས་ནས་རྒྱས་པར་མཛད་གདའ་ཞིང་། དེ་ལས་དང་པོ་པ་རྣམས་ཀྱི་གོ་དཀའ་བར་གདའ་ན་ཡང་། ངེད་ཀྱིས་ལས་དང་པོ་པ་རྣམས་ཀྱིས་ཞི་ལྷག་ཉམས་སུ་ལེན་ཚུལ་མདོར་བསྡུས་པ་གོ་བདེ་བ་ཅིག་བྱས་བདོག་པས། འདི་ལ་གཟིགས་ནས་མ་བདེ་བ་གདའ་ན་ཡི་གེར་བཀོད་ནས་འདིར་ཐོང་མཛོད། ཡི་གེ་གཟིགས་པའི་རྟེན་མཚོན་བར་ཇ་དཀར་ཐུམ་བུ་ཅིག་ལ་ཐེ་ཙེ་སྦྱར་བ་འབུལ། འབྲུག་ལོ་ཟླ་བ་ལྔ་པའི་ཚེས་བཅུ་ལ་ཕུལ་བ་དགེ།། །།

སྐྱིད་གྲོང་ཇོ་བོའི་དྲུང་དུ་དངུལ་ཀོང་ཕུལ་དུས་སྦྱར་བ།

སྐྱིད་གྲོང་ཇོ་བོའི་དྲུང་དུ་དངུལ་ཀོང་ཕུལ་དུས་སྦྱར་བ།

རྒྱལ་བ་ཀུན་གྱི་འཕྲིན་ལས་ཅིག་བསྡུས་པ། །ཐུགས་རྗེའི་བདག་ཉིད་སྤྱན་རས་གཟིགས་མགོན་ལ། །རིན་ཆེན་དབྱིག་ལས་གྲུབ་པའི་ཀོང་བུ་འདི། །ཤཱཀྱའི་དགེ་སློང་ཀུ་མ་ར་ཡིས་ཕུལ། །དགེ་བ་འདི་དང་དུས་གསུམ་དགེ་བ་རྣམས། །མ་ལུས་བློ་ཡི་གཅིག་ཏུ་བསྡོམས་བྱས་ནས། །ཕ་མའི་ཐོག་དྲངས་སེམས་ཅན་ཐམས་ཅད་ཀྱི། །རྣམ་མཁྱེན་སངས་རྒྱས་ཐོབ་པའི་རྒྱུ་རུ་བསྔོ། །ས་མོ་གླང་གི་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་ཕུལ་བ། འདི་ལ་དངུལ་སྲང་ཀོང་རྐྱེན་ཆུ་ཁལ་གསུམ་ཡོད་དོ།། །།

ཆོས་རྗེ་ས་སྐྱ་པཎྜི་ཏའི་སྐུ་འདྲ་ལ་ན་བཟའ་ཕུལ་དུས་སྦྱར་བ།

ཆོས་རྗེ་ས་སྐྱ་པཎྜི་ཏའི་སྐུ་འདྲ་ལ་ན་བཟའ་ཕུལ་དུས་སྦྱར་བ།

རྒྱལ་བ་ཀུན་གྱི་འཕྲིན་ལས་གཅིག་བསྡུས་པ། །འཇམ་དབྱངས་རྣམ་འཕྲུལ་ཆོས་རྗེའི་སྐུ་འདྲ་ལ། །ངུར་སྨིག་རྒྱལ་མཚན་རྣམ་སྦྱར་མཆོག་གྱུར་འདི། །ཤཱཀྱའི་དགེ་སློང་རེད་མདའ་བ་ཡིས་ཕུལ། །ས་མོ་གླང་གི་ལོ་ཟླ་བ་དང་པོའི་ཚེས་བཅུ་ལ་ཕུལ། འདི་ལ་སྣམ་ཕྲན་ཉེར་ལྔ། ཞེང་དུ་ཁྲུ་བརྒྱད་ཡོད་དོ།། །།དགེའོ།། །།

སེམས་ལ་སྐུལ་བའི་ཚིགས་སུ་བཅད་པ།

སེམས་ལ་སྐུལ་བའི་ཚིགས་སུ་བཅད་པ།

ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །གཅིག་ཏུ་གཡོ་བའི་ངང་ཚུལ་ཅན། །སེམས་ཁྱོད་བག་དང་ལྡན་པར་བྱོས། །ལྕགས་ཀྱུ་མེད་པའི་གླང་ཆེན་བཞིན། །ཁྱོད་ཀྱིས་སྔོན་ཆད་རང་དགར་སྤྱད། །ཚུལ་ཁྲིམས་ཁྲུས་ཀྱི་རྫིང་བུ་རྙོག །དགེ་ལེགས་འདབ་བརྒྱའི་ཚལ་རྣམས་བཅོམ། །ད་ནི་ཁྱོད་ཀྱིས་ལས་ཀུན་ལ། །ཤེས་བཞིན་མིག་གིས་ཀུན་ཏུ་ལྟོས། །དྲན་པའི་ཕྱི་སོ་རྒྱབ་ཏུ་ཚུགས། །བག་ཡོད་གྲོགས་དང་རྟག་ཏུ་འགྲོགས། །སེམས་ཀྱི་དྲན་ཤེས་རྒྱུན་དུ་བསྟེན་པའི་མི། །ཉོན་མོངས་ཆོམ་རྐུན་དག་གིས་འཇོམས་མི་འགྱུར། །དད་དང་ཚུལ་ཁྲིམས་ལ་སོགས་ནོར་གྱི་དབྱིག ། མཁས་པ་དེ་ལ་ཉིན་རེ་བཞིན་དུ་འཕེལ། །སེམས་ལ་སྐུལ་བའི་ཚིགས་སུ་བཅད་པ། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ། །

འདོད་པའི་ཉེས་དམིགས་ལ་བརྩམས་པའི་ཚིགས་སུ་བཅད་པ།

འདོད་པའི་ཉེས་དམིགས་ལ་བརྩམས་པའི་ཚིགས་སུ་བཅད་པའོ། །འཇིག་རྟེན་འདྲེན་པ་ལྷ་མིའི་སྟོན་པ་ཡིས། །འདོད་ལ་སྲེད་པ་ཕུང་འཁྲོལ་རྩ་བར་བསྟན། །འདོད་པའི་ཡོན་ཏན་དུཿཁ་སྐྱེད་པ་སྟེ། །ནད་དང་འབྲས་དང་ཟུག་རྔུའི་རྩ་བ་ཡིན། །ཇི་ལྟར་མཛེ་ཅན་གཡན་པ་འཕྲུག་པ་དང་། །ཚ་བའི་ནད་ཅན་བསིལ་བའི་ཆུ་དང་ནི། །སྐོམ་པས་ཉེན་ལ་ལན་ཚའི་ཆུ་འཐུང་བཞིན། །འདོད་པ་བསྟེན་པས་ནམ་ཡང་ངོམས་མི་གྱུར། །དུག་དང་བཅས་པའི་ཁ་ཟས་གཡོས་ལེགས་དང་། །སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་དང་། །ཤིང་རྟ་འདྲེན་པའི་ཕྱུགས་ཀྱིས་རྩྭ་ཟོས་བཞིན། །འདོད་པའི་ཡོན་ཏན་མནོག་ཆུང་ཉེས་པ་མང་། །གླང་ཆེན་དྲི་ལ་ཆགས་པའི་སྦྲང་བུ་དང་། །རྔོན་པའི་གླུ་དབྱངས་ཉན་པའི་རི་དྭགས་དང་། །ལྕགས་ཀྱུའི་ཤ་ལ་ཆགས་པའི་ཉ་བཞིན་དུ། །འདོད་ལ་བརྐམ་པའི་བྱིས་པ་མྱུར་དུ་བརླག །འདོད་པའི་ཉེས་དམིགས་ལ་བརྩམས་པའི་ཚིགས་སུ་བཅད་པ། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ། །

ཡི་གེའི་ཕྱི་མོ་ལ་བརྩམས་པའི་ཚིགས་སུ་བཅད་པ།

ཡི་གེའི་ཕྱི་མོ་ལ་བརྩམས་པའི་ཚིགས་སུ་བཅད་པའོ། །

ན་མོ་གུ་རུ་ཝེ། ཀ་ལ་པིང་ཀའི་དབྱངས་ལྟར་སྙན་པའི་གསུང་། །ཁ་དོག་གཙོ་མའི་གསེར་ལྟར་མཛེས་པའི་སྐུ །གང་གཱའི་རྒྱུན་ལྟར་ཕྲིན་ལས་ངང་གིས་འཇུག །ང་བདག་སྤངས་པའི་ཐུགས་མངའ་དེ་ལ་འདུད། །ཅ་ཅོའི་སྒྲ་སྒྲོག་སྙན་པའི་གླུ་ལེན་ཅིང་། །ཆ་ལུགས་སྒེག་པའི་ན་ཆུང་ཡིད་འོང་དང་། །ཇ་སོགས་འདོད་ཡོན་རྣམས་ལ་སྲེད་པའི་མི། །ཉ་པ་བཞིན་དུ་དམ་པས་སྨད་པའི་གནས། །ཏ་ལའི་འདབ་ལྟར་འཇམ་པའི་མཛེས་མ་ཡང་། །ཐ་མར་ཀེང་རུས་ཕུང་པོར་འགྱུར་ངེས་ཀྱི། །ད་ལྟ་ཉིད་དུ་ཆགས་པའི་སེམས་སྤོངས་ལ། །ན་རྒ་འཆི་དང་སྐྱེ་བའི་སྡུག་བསྔལ་སོམས། །པ་རིའི་རས་ལྟར་འཇམ་པའི་ངང་རྒྱུད་བཟུང་། །ཕ་མར་གྱུར་པའི་འགྲོ་དྲུག་སེམས་ཅན་རྣམས། །བ་ཡི་བེའུ་སྐྱོང་བཞིན་སྙིང་རྗེ་ཡི། །མ་མས་རྒྱུན་དུ་སྐྱོངས་ཤིག་ཤེས་ལྡན་དག །རྩྭ་སྔོན་མེ་ཏོག་འབྲས་བུའི་འབྱོར་ལྡན་ཤིང་། །ཚ་བའི་གདུང་སེལ་ལྗོན་པའི་གྲིབ་བསིལ་ཅན། །ཛ་ཡས་བསྔགས་པའི་ནགས་ཁྲོད་དབེན་པ་རུ། །ཝ་སྐྱེས་ལྟ་བུའི་ཉོན་མོངས་གཞོམ་བྱའི་ཕྱིར། །ཞ་ལོང་བཞིན་དུ་སྐྱེ་བོའི་ཁྲོད་ནས་ཐོན། །ཟ་མ་ལ་སོགས་འདོད་པའི་ཡོན་ཏན་དང་། །འ་མ་ལ་སོགས་གཉེན་བཤེས་ཀུན་སྤངས་ཏེ། །ཡ་མཚན་གྲོགས་མེད་གཅིག་པུར་འགྲིམས་ཤིག་ཀྱེ། །རྭ་སྐྱེས་ལྟ་བུའི་རང་རྒྱུད་གྱོང་པོ་འདི། །ལེ་ལོའི་སྤྱོད་བས་ཐུལ་བར་མི་འགྱུར་ཀྱི །ཤ་ཟ་བཞིན་དུ་འདི་ལ་འཁོན་བཟུང་སྟེ། །ས་ལྟར་གཡོ་མེད་ཏིང་འཛིན་ལེགས་བསྒོམས་ཏེ། །ཧ་ལའི་སྒྲ་སྒྲོགས་གཤིན་རྗེའི་འཇིགས་སྤངས་ནས། །ཨ་ཡིས་མཚན་པའི་སྐྱེ་མེད་རྟོགས་སོ་ཀྱེ། །དེ་སྐད་སྨྲ་བ་ཐུབ་པའི་བསྟན་པ་ལ། །དད་ཐོབ་ཤཱཀྱའི་དགེ་སློང་ཀུ་མ་ར། །མ་ཏི་ཉིད་ཡིན་དེ་ལས་བྱུང་བ་ཡི། །དགེ་བ་མཁའ་མཉམ་འགྲོ་བ་ཀུན་ལ་བསྔོ།། །།དགེའོ། །

འཕེན་རྫོགས་ཀྱི་ལས་རྣམ་པར་འབྱེད་པའི་རབ་བྱེད།

འཕེན་རྫོགས་ཀྱི་ལས་རྣམ་པར་འབྱེད་པའི་རབ་བྱེད།

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །མིག་སོགས་ནང་གི་སྐྱེ་མཆེད་ཀྱི། །ངོ་བོ་སྐྱེད་པ་འཕེན་བྱེད་དེ། །དེ་ཡི་ཁྱད་པར་བཟང་ངན་སོགས། །སྐྱེད་པར་བྱེད་པ་རྫོགས་བྱེད་དོ། །བདེ་འགྲོའི་འགྲོ་བ་ཇི་སྙེད་པ། །དགེ་བའི་ལས་ཀྱིས་འཕངས་པ་སྟེ། །ངན་སོང་བ་རྣམས་མི་དགེ་བའི། །ལས་ཀྱིས་འཕངས་པར་ཤེས་པར་བྱ། །གང་ན་གཟུགས་བཟང་ལོངས་སྤྱོད་ལྡན། །དགེ་བའི་ལས་ཀྱིས་རྫོགས་པ་སྟེ། །དེ་ལས་བཟློག་པ་མི་དགེ་བའི། །ལས་ཀྱིས་རྫོགས་པ་ཡིན་ཞེས་བྱ། །བདེ་བ་དང་ལྡན་བདེ་འགྲོ་ཡི། །འཕེན་རྫོགས་གཉིས་ཀ་དགེ་བ་སྟེ། །སྡུག་བསྔལ་དང་ལྡན་ངན་སོང་གི །འཕེན་རྫོགས་གཉིས་ཀ་མི་དགེའི་ལས། །སྡུག་བསྔལ་དང་ལྡན་བདེ་འགྲོ་ཡི། །འཕེན་བྱེད་དགེ་ལ་རྫོགས་བྱེད་སྡིག །གཅིག་ཏུ་བདེ་བ་དང་ལྡན་པའི། །ངན་སོང་བ་རྣམས་དེ་ལས་བཟློག །འཆི་སེམས་དགེ་བ་དང་ལྡན་པའི། །སྐྱེ་བོ་བདེ་འགྲོར་སྐྱེ་བར་འགྱུར། །འདོད་ཆགས་ལ་སོགས་མི་དགེ་བའི། །སེམས་དང་ལྡན་པ་ངན་འགྲོར་འགྲོ། །གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ནས་མི་གནས་པའི། །བློ་བཟང་རྣམ་པར་གྲོལ་གྱུར་ཏེ། །ལེན་པ་མེད་པར་མྱ་ངན་འདའ། །ལས་རྣམ་པར་འབྱེད་བའི་རབ་ཏུ་བྱེད་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ། །

སྨོན་ལམ་གྱི་ཚིགས་སུ་བཅད་པ།

སྨོན་ལམ་གྱི་ཚིགས་སུ་བཅད་པ།

དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདག་ནི་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་རིན་ཆེན་ཐོབ་གྱུར་ཏེ། །རིགས་གཟུགས་ཡོན་ཏན་ལྡན་པ་དང་། །རབ་ཏུ་བྱུང་བ་ཐོབ་པར་ཤོག །ཚུལ་ཁྲིམས་རྣམ་པར་དག་བྱེད་ཅིང་། །ཐེག་པ་མཆོག་ལ་གཞོལ་བ་དང་། །ཡང་དག་ལྟ་བ་ཕུན་ཚོགས་ཤིང་། །འཚོ་བ་བཟང་དང་ལྡན་པར་ཤོག །གུས་བཅས་བག་དང་ལྡན་པ་ཡིས། །བཤེས་གཉེན་དམ་པ་བསྟེན་བྱེད་ཅིང་། །དེ་ཡི་གདམས་པ་ཟབ་མོ་ཡིས། །རྟག་ཏུ་བདག་ནི་སྐྱོང་གྱུར་ཅིག །ངོམས་པ་མེད་པའི་བརྩོན་འགྲུས་ཀྱིས། །ཐོས་པ་རྒྱ་ཆེན་འཚོལ་བྱེད་ཅིང་། །དབེན་པའི་གནས་སུ་ཐོས་པའི་དོན། །ཚུལ་བཞིན་སེམས་པར་བྱེད་པར་ཤོག །རང་གིས་དེ་ཉིད་ལེགས་རྟོགས་ཏེ། །ཆོས་ཀྱིས་ཕོངས་པའི་སེམས་ཅན་ལ། །ཟང་ཟིང་མེད་པའི་སེམས་ཀྱིས་ནི། །ཆོས་ཀྱི་སྦྱིན་པ་གཏོང་བར་ཤོག །སྟོང་ཉིད་སེང་གེ་ང་རོ་ཡིས། །ལྟ་ངན་རི་དྭགས་སྐྲག་བྱེད་ཅིང་། །ཆོས་འདོད་པ་ཡི་སྐྱེ་བོ་ལ། །ལེགས་བཤད་དགའ་སྟོན་འགྱེད་པར་ཤོག །ལྔ་རྒྱ་ཐ་མའི་དུས་ཀྱི་ཚེ། །ལུས་དང་སྲོག་ལ་མི་ལྟ་བར། །རྒྱལ་བ་རྣམས་ཀྱི་དམ་པའི་ཆོས། །རྟག་ཏུ་བདག་གིས་འཛིན་གྱུར་ཅིག །མདོར་ན་བྱང་ཆུབ་མ་ཐོབ་བར། །བྱང་ཆུབ་སེམས་དང་མི་འབྲལ་ཞིང་། །བཤེས་ཉེན་དམ་པས་ཡོངས་བཟུང་སྟེ། །བྱང་ཆུབ་སྤྱོད་ལ་གཞོལ་བར་ཤོག །སྨོན་ལམ་གྱི་ཚིགས་སུ་བཅད་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ། །

མི་གཙང་ལུས་འདི་བོར་བར་གྱུར་མ་ཐག །དགའ་ལྡན་ཞེས་བྱའི་གནས་མཆོག་དེར་སྐྱེས་ཏེ། །མི་ཕམ་ས་བཅུའི་དབང་ཕྱུག་ཞབས་དྲུང་དུ། །ཐེག་ཆེན་དམ་པའི་ཆོས་ལ་སྤྱོད་པར་ཤོག། །།དགེའོ། །

ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསལ་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་གླུ།

ཐེག་པ་ཆེན་པོའི་གཞི་ལམ་འབྲས་གསལ་བར་བྱེད་པ་ཕྱག་རྒྱ་ཆེན་པོའི་རྡོ་རྗེའི་གླུ།

ན་མོ་གུ་རུ། འཁོར་འདས་དབྱེར་མེད་རོ་གཅིག་ཕྱག་རྒྱ་ཆེ། །ཡོད་མེད་རྟག་ཆད་སྤངས་པ་གཉུག་མའི་སེམས། །ངོ་བོ་རྐྱེན་གྱིས་འགྱུར་ན་བཙོ་མའི་གསེར། །གསལ་ལ་མི་རྟོག་རང་བྱུང་དབྱིངས་ལ་འདུད། །ཚོན་གྱིས་དབང་གིས་ཤེལ་གོང་སྣ་ཚོགས་སུ། །སྣང་ཡང་ཤེལ་གྱི་རང་བཞིན་འཕོ་འགྱུར་མེད། །བག་ཆགས་དབང་གིས་སེམས་ཉིད་སྣ་ཚོགས་སུ། །སྣང་བར་གྱུར་ཀྱང་དབྱིངས་ལས་གཡོས་པ་མེད། །དེ་ཕྱིར་ཡོད་མེད་རྟག་ཆད་རྣམ་རྟོག་གིས། །སྒྲོ་སྐུར་མ་ཞུགས་སྣ་ཚོགས་སྣང་འདི་ཉིད། །རང་བཞིན་འོད་གསལ་འགྱུར་མེད་ཕྱག་རྒྱ་ཆེ། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་མ་ལགས་སམ། །དུས་མཐའི་མེ་ཡིས་འཇིག་རྟེན་མ་ལུས་པ། །བསྲེགས་པར་གྱུར་ཀྱང་ནམ་མཁའ་ཚིག་པ་མེད། །མ་རིག་དབང་གིས་སྡུག་བསྔལ་སྣ་ཚོགས་སུ། །མྱོང་བར་བཏགས་ཀྱང་དབྱིངས་ལ་རེག་པ་མེད། །གཟུགས་ཅན་མ་ལུས་མཁའ་ལ་བརྟེན་ན་ཡང་། །མཁའ་ནི་གང་དུའང་མི་གནས་བརྗོད་དང་བྲལ། །འཇིག་རྟེན་སྣ་ཚོགས་སེམས་ཀྱི་དབྱིངས་ལ་གནས། །དབྱིངས་ནི་མཁའ་ལྟར་གནས་མེད་བརྗོད་དང་བྲལ། །སྣོད་ཀྱི་འཇིག་ཆགས་མཁའ་ལ་བྱེད་ན་ཡང་། །མཁའ་ལ་འཕོ་འགྱུར་མེད་བཞིན་འགྲོ་བ་ཡི། །སྐྱེ་འཆི་སེམས་ཀྱི་དབྱིངས་ལ་བརྟེན་ན་ཡང་། །དབྱིངས་ལ་འགྱུར་མེད་རྟོག་པས་བཏགས་པ་ཙམ། །སྡུག་བསྔལ་སྣ་ཚོགས་མྱོང་བའི་འཁོར་བ་གང་། །དེ་ཉིད་སྤངས་པའི་བདེ་ཆེན་མྱང་འདས་ཅིང་། །དེ་གཉིས་ཐ་དད་ཡོད་ན་ཀུན་མཁྱེན་གྱིས། །འཁོར་འདས་མཉམ་ཉིད་རྟོགས་པ་ཅི་ལགས་ཀྱེ། །དེ་ཕྱིར་རང་སེམས་རིག་སྟོང་དབྱེར་མེད་འདི། །མ་རིག་འཁྲུལ་པས་བཏགས་པའི་འཁོར་བ་སྟེ། །ཀུན་མཁྱེན་ཐབས་ཀྱིས་ཟིན་པས་མྱང་འདས་ཡིན། །དེ་ཉིད་ཆུ་དང་རླབས་བཞིན་རྣམ་པར་གནས། །མ་རིག་འཁྲུལ་པས་དབྱིངས་འདི་བདག་ཏུ་བཟུང་། །དེ་ཡི་དབང་གིས་འགྲོ་འདི་གྱི་ནར་འཁོར། །མཁས་པས་བདག་འཛིན་གཞི་རྩ་དབྱིངས་སུ་གོ །འཛིན་མེད་ལྷུག་པར་བཞག་པས་རང་སར་གྲོལ། །དེ་ལྟའི་རང་སེམས་འོད་གསལ་ཆོས་དབྱིངས་འདི། །སེམས་ཅན་ཀུན་ལ་ཁྱད་པར་མེད་གཟིགས་ནས། །ས་འོག་གཏེར་དང་སྦྲུམ་མའི་མངལ་སོགས་དཔེས། །འགྲོ་ཀུན་སངས་རྒྱས་སྙིང་པོ་ཅན་དུ་གསུངས། །དེ་ལས་གཞན་པའི་བདེ་གཤེགས་སྙིང་པོ་ནི། །འགྲོ་ལ་བདེན་པར་ཡོད་ཅེས་གང་སྨྲ་བ། །བདེ་སྟེར་ཟོལ་གྱིས་བདག་ཏུ་སྨྲ་བའི་ཕྱིར། །ཐུབ་པའི་བསྟན་ལས་ཕྱི་རོལ་གྱུར་ཤེས་གྱིས། །གཞིའི་སྐབས་སོ། །ཀྭ་ཡེ་གྲོགས་དག་འཁོར་བའི་ཆོས་ལ་སོམས། །གང་ལ་བལྟས་ཀྱང་སྙིང་པོ་འདུག་གམ་ལྟོས། །དེ་ཕྱིར་སྐྱོ་བསྐྱེད་འཇིག་རྟེན་བྱ་བ་ཐོང་། །གཉུག་མ་སེམས་ཀྱི་དབྱིངས་ལ་འདི་ལྟར་ལྟོས། །ཐབས་ཤེས་དབྱེར་མེད་རོ་གཅིག་ཕྱག་རྒྱ་ཆེ། །གསལ་འགྲིབ་བྱིང་རྒོད་སྤངས་པ་གདོད་མའི་སེམས། །བསྒོམ་འདོད་བློ་ཡིས་མ་བསླད་རང་སར་ཞོག །ལྷུག་པར་ཐོང་ལ་དྲན་པའི་རྒྱང་སོ་ཚུགས། །རྒྱ་མཚོའི་ཀློང་དུ་གཟིངས་ལས་འཕུར་བའི་བྱ། །ཕྱོགས་རྣམས་བསྐོར་ཞིང་དེ་རུ་འབབ་པ་ལྟར། །ཇི་ལྟར་རྣམ་པར་རྟོག་པའི་ཚོགས་འཕྲོས་ཀྱང་། །ཐ་མར་རང་གནས་ཆོས་ཀྱི་དབྱིངས་སུ་འབབ། །དེ་ཕྱིར་རྣམ་རྟོག་ཆེད་དུ་དགག་མི་དགོས། །ཕྱལ་བར་ཐོང་ལ་དྲན་པའི་བྱ་ར་གྱིས། །དུག་ལ་སྔགས་ཀྱིས་བཏབ་པ་ཇི་བཞིན་དུ། །རྣམ་རྟོག་མ་རིག་ཡེ་ཤེས་ཆེན་པོར་འཆར། །འབད་རྩོལ་རྐྱེན་གྱིས་བསྒྲུབས་པའི་མི་རྟོག་པ། །རང་བྱུང་འོད་གསལ་སྒྲིབ་པའི་མུན་ཆེན་ཡིན། །དེ་ཕྱིར་རང་བྱུང་འོད་གསལ་འཆར་འདོད་ན། །མི་རྟོག་རྐྱེན་གྱིས་མ་བསྒྲུབ་རྣལ་འབྱོར་པ། །ཇི་ལྟར་འགའ་ཡིས་ཆུ་རླབས་ཞི་འདོད་ནས། །འབད་པ་བྱས་ཚེ་ཕྱི་ཕྱིར་འཕེལ་བ་ལྟར། །རྣམ་རྟོག་དགག་ཕྱིར་གཉེན་པོ་བསྟེན་ན་ཡང་། །རྣམ་པར་དག་པའི་རྦ་རླབས་ཕྱི་ཕྱིར་གཡོ། །གང་ཚེ་འགའ་ཡིས་རང་དགར་བཞག་པ་ན། །ཇི་ཞིག་ལྟར་ཚེ་ཆུ་ཡི་རྦ་རླབས་ཞི། །དེ་བཞིན་རྩོལ་མེད་ལྷུག་པར་སྐྱོང་ཤེས་ན། །རྣམ་པར་རྟོག་པའི་རྦ་རླབས་ངང་གིས་དེངས། །རྣམ་རྟོག་དབྱིངས་སུ་གྲོལ་བ་ཞི་གནས་སྟེ། །སྒྲོ་འདོགས་ནང་ནས་ཆོད་པ་ལྷག་མཐོང་ཡིན། །སྣང་སེམས་དབྱེར་མེད་འདྲེས་པ་ཟུང་འཇུག་ལམ། །ཤེལ་སྣོད་ཆུ་ཡིས་བཀང་བ་ཇི་བཞིན་ནོ། །གདོད་ནས་རྣམ་དག་ལྷུན་གྲུབ་དབྱིངས་འདི་ལ། །ཉོན་མོངས་དྲི་མའི་བག་ཀྱང་བསལ་དུ་མེད། །མི་རྟོག་གཉེན་པོའི་བག་ཀྱང་བསྐྱེད་དུ་མེད། །དེ་ཕྱིར་གང་གི་གཉེན་པོར་གང་ཞིག་བསྒོམ། །གང་ཚེ་རང་སེམས་སྐྱེ་མེད་དབྱིངས་ལ་གནས། །སྤང་གཉེན་བླང་དོར་མཚན་མ་མ་མཐོང་ཞིང་། །བསྒོམ་བྱ་སྒོམ་བྱེད་མེད་པ་དེ་ཡི་ཚེ། །སྤང་བྱ་རང་གྲོལ་གཉེན་པོ་རང་ཤར་ཡིན། །དང་པོ་བྱིས་ལམ་གཅོང་རོང་ཆུ་ལྟར་གཡོ། །བར་དུ་འཕགས་ལམ་གང་གཱའི་རྒྱུན་བཞིན་དལ། །ཐ་མ་རྒྱ་མཚོའི་འཇིངས་ལྟར་གང་གིས་ཀྱང་། །གཡོ་བ་མེད་པ་དེ་ནི་ཀུན་མཁྱེན་ལམ། །ལམ་གྱི་སྐབས་སོ། །

བདེ་སྟོང་དབྱེར་མེད་རོ་གཅིག་ཕྱག་རྒྱ་ཆེ། །མཁའ་ཁྱབ་མཁའ་ལྟར་བརྗོད་མེད་ཆོས་ཀྱི་སྐུ །ཡོན་ཏན་ལྷུན་གྲུབ་ཡིད་བཞིན་ནོར་འདྲའི་སེམས། །དགོས་འདོད་ཀུན་འབྱུང་དབང་གི་རྒྱལ་པོ་དེ། །སྨོན་ལམ་དབང་གིས་དག་པའི་འགྲོ་བ་ལ། །བསོད་ནམས་བརྒྱ་ཡིས་མཚན་པའི་ལོངས་སྐུ་དང་། །མ་དག་འགྲོ་ལ་འཁོར་བ་ཇི་སྲིད་བར། །རང་རང་བློ་དང་འཚམས་པའི་སྤྲུལ་སྐུར་འཆར། །སྟོབས་དང་མི་འཇིགས་གཟུངས་དང་སྤོབས་པ་སོགས། །མཐའ་ཡས་ཡོན་ཏན་ཚོགས་ཀྱི་གཞིར་གྱུར་པ། །འགྲོ་བའི་ཁམས་དང་བསམ་པ་ཇི་ལྟ་བར། །འཁོར་བ་ཇི་སྲིད་འཕྲིན་ལས་ངང་གིས་འཇུག །ཇི་ལྟར་ཉི་མ་རྟོག་མེད་ཟེར་འཕྲོས་པས། །འཛམ་གླིང་མུན་པ་མཐའ་དག་སེལ་བ་ལྟར། །དེ་བཞིན་ཀུན་མཁྱེན་རྣམ་རྟོག་མི་མངའ་བར། །དམ་ཆོས་ཟེར་གྱིས་འགྲོ་བློའི་མུན་པ་སེལ། །མཁའ་ལྡིང་བསྒྲུབས་པའི་མཆོད་སྡོང་སེམས་མེད་ཀྱང་། །དུག་སོགས་ཞི་བའི་ལས་ལ་གཡེལ་མི་མངའ། །དེ་བཞིན་ཀུན་མཁྱེན་རྒྱུ་བ་མི་མངའ་ཡང་། །སྨོན་ལམ་དབང་གིས་གདུལ་བྱའི་དོན་ལ་འཇུག །ཉི་ཟླ་ས་ལ་ལྷུང་དང་རྒྱ་མཚོ་ཡི། །དུས་རླབས་དུས་ལས་གཡོལ་བར་གྱུར་ཀྱང་སྲིད། །གང་ཚེ་གང་གིས་གང་ལ་ཇི་ལྟ་བར། །འདུལ་བའི་དུས་ལས་སངས་རྒྱས་གཡོལ་མི་མངའ། །འབྲས་བུའི་སྐབས་རྫོགས་སོ།། །།

ཐེག་པ་ཆེན་པོ་བླ་ན་མེད་པའི་གཞི་ལམ་འབྲས་བུའི་ཚུལ་གསལ་བར་བྱེད་པ། ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ། །ཆོས་སྨྲ་བའི་བཙུན་པ་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེ་ལེགས་འཕེལ་བར་གྱུར་ཅིག། །

ལྟ་སྒོམ་སྤྱོད་འབྲས་རྡོ་རྗེའི་གླུ།

ལྟ་སྒོམ་སྤྱོད་འབྲས་རྡོ་རྗེའི་གླུ།

ན་མོ་གུ་རུ་ཝེ། སྲིད་གསུམ་དྲི་ཟའི་གྲོང་ཁྱེར་ན། །གཏད་མེད་སྒྱུ་མའི་སྐྱེས་བུར་ཞིག །རྟག་ཆད་སྤངས་པའི་ལྟ་བ་བདེ། །དགག་སྒྲུབ་མེད་པའི་སྤྱོད་པ་བདེ། །འབད་རྩོལ་མེད་པའི་བསྒོམ་པ་བདེ། །རེ་དོགས་མེད་པའི་འབྲས་བུ་བདེ། །ལྟ་བ་རྟག་ཆད་སྤངས་པ་དེ། །རྟེན་འབྲེལ་རང་མཚང་རིག་པ་ཡིན། །དགག་སྒྲུབ་མེད་པའི་སྤྱོད་པ་དེ། །བླང་དོར་རང་མཚང་རིག་པ་ཡིན། །འབད་རྩོལ་མེད་པའི་བསྒོམ་པ་དེ། །སྤང་གཉེན་རང་མཚང་རིག་པ་ཡིན། །འབྲས་བུ་རེ་དོགས་མེད་པ་དེ། །འཁོར་འདས་རང་མཚང་རིག་པ་ཡིན། །ཅི་ཡང་མི་ཤེས་བཟོ་བོ་ཡིས། །མཁའ་ལ་བྲིས་པའི་རི་མོ་ལ། །དམུས་ལོང་བརྒྱ་ཕྲག་དུ་མ་ཞིག ། བསྐལ་བའི་བར་དུ་ལྟ་བ་མཚར། །འབྲེལ་མེད་བསྒྲིགས་པའི་གྲལ་རྣམས་བཤིག ། ཡེ་ཤེས་བཟོ་བོ་བཅིངས་ཏེ་བཞག །མ་བཏགས་ཟ་འོག་ཡུག་ཆེན་ལ། །ཁྱེའུའི་ས་ཁ་མ་བསྟན་ཅིག །ནམ་མཁའི་དབྱིངས་དང་སྒྱུ་མའི་མི། །བྲག་ཆའི་སྒྲ་གསུམ་ཐོས་ན་ལེགས། །ཞེས་པའི་རྡོ་རྗེའི་གླུ་འདི་ཡང་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེའོ། །
ལྟ་སྒོམ་སྤྱོད་འབྲས་རྡོ་རྗེའི་གླུ། ན་མོ་གུ་རུ། གཞན་དག་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུའི་རྣམ་གཞག་ཅི་བྱེད་ཀྱང་། །ཁོ་བོའི་ལྟ་སྒོམ་སྤྱོད་པ་དང་། །འབྲས་བུའི་རྣམ་གཞག་འདི་ལྟར་ལགས། །མཐར་འཛིན་དགག་བྱར་ལྟ་བ་དང་། །མཐའ་བྲལ་བསྒྲུབ་བྱར་ལྟ་བ་ཡི། །དགག་སྒྲུབ་ལྟ་བས་ལྟ་མཁན་འཆིང་། །དགག་སྒྲུབ་མེད་པའི་ལྟ་བ་གཅེས། །རྣམ་རྟོག་སྐྱེས་ཀྱི་དོགས་པ་དང་། །མི་རྟོག་སྐྱེ་ལ་རེ་བ་ཡི། །རེ་དོགས་བསྒོམ་པས་སྒོམ་ཆེན་འཆིང་། །རེ་དོགས་མེད་པའི་བསྒོམ་པ་གཅེས། །དགེ་བཅུ་བླང་བྱར་འཛིན་པ་དང་། །མི་དགེ་དོར་བྱར་འཛིན་པ་ཡི། །བླང་དོར་སྤྱོད་པས་སྤྱོད་མཁན་འཆིང་། །བླང་དོར་མེད་པའི་སྤྱོད་པ་གཅེས། །ཡོན་ཏན་ཐོབ་པར་འདོད་བ་དང་། །ཉེས་པ་འདོར་བར་འདོད་བ་ཡི། །དོར་ཐོབ་འབྲས་བུས་ཐོབ་མཁན་འཆིང་། །དོར་ཐོབ་མེད་པའི་འབྲས་བུ་གཅེས། །ཅེས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །འདིས་ཀྱང་བསྟན་པ་རིན་པོ་ཆེ་དང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག། །

གཞན་སེལ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།

གཞན་སེལ་གྲུབ་པ་ཞེས་བྱ་བའི་རབ་ཏུ་བྱེད་པ།

བཅོམ་ལྡན་འདས་ངག་གི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གཞན་གྱིས་བཏགས་པའི་ཕྱོགས་ངན་རྣམ་བསལ་ནས། །གཞན་ལས་རང་གི་དངོས་པོ་ལྡོག་པའི་རྒྱུ། །གཞན་སེལ་སྟོན་པ་དེ་ལ་ཕྱག་འཚལ་ལོ། །གཞན་སེལ་གྲུབ་པའི་དོན་བཞིན་དབྱེ་བར་བྱ། །དངོས་རྣམས་མ་འདྲེས་པར་ཡོད་པས། །གཞན་གྱིས་བཏགས་པའི་སྤྱི་ཡོད་མིན། །སྒྲུབ་བྱེད་ཚད་མ་དང་ལྡན་པའི། །གཞན་སེལ་གྲུབ་ཕྱིར་བཤད་པར་བྱ། །དོན་ལ་ཤེས་པའི་བྱ་བ་ནི། །རྣམ་པ་གཉིས་ཏེ་སྒྲུབ་པ་དང་། །རྣམ་པར་དཔྱོད་པའོ་རྟོག་མེད་ཀྱི། །དོན་གྱི་རང་བཞིན་མྱོང་བ་དང་། །གཞན་གྱི་རྒྱུ་ལས་ཐ་དད་པར། །གྲུབ་ཀྱང་གཞན་དུ་སྒྲོ་འདོགས་པ། །བསལ་ནས་ཐ་དད་བྱེད་པའོ། །དཔེར་ན་སྒྲོ་འདོགས་སེལ་བ་ནི། །རྣམ་དཔྱོད་བློ་ཡི་བྱ་བ་ཡིན། །དེ་ཡང་གཞན་ཡོངས་སྤྱོད་པ་ཡི། །དངོས་པོ་རྟོགས་པའི་ངེས་པ་དང་། །སྒྲོ་འདོགས་འགལ་བ་ལས་ཡིན་གྱི། །ཐུག་པ་མེད་པར་ཐལ་འགྱུར་ཕྱིར། །ངེས་པར་སྒྲོ་འདོགས་ལ་ལྟོས་མིན། །དགག་སྒྲུབ་བྱེད་པ་ཞུགས་པ་ན། །དོན་ལ་འཕེལ་འགྲིབ་མི་བྱེད་ཀྱང་། །བློ་ངོར་འཕེལ་འགྲིབ་བྱེད་པ་དེ། །རྣམ་དཔྱོད་འབྲས་བུ་ཡིན་པར་རྟོགས། །ཁོལ་པོ་དུ་མས་རྗེ་བོ་ཡི། །བྱ་བ་ཐམས་ཅད་བསྒྲུབ་པ་བཞིན། །བརྗོད་དང་རྣམ་རྟོག་དུ་མར་ཡང་། །ཆེན་པོ་གཅིག་ལ་འཇུག་པར་འདོད། །འདིར་ནི་སེལ་པ་རྣམ་གཉིས་སྟེ། །མིན་དགག་དང་ནི་མེད་པའོ། །དེ་མིན་རང་བཞིན་ལ་ལྡོག་པ། །འབྲས་མཚུངས་པ་ཡི་དངོས་ཀུན་ལ། །རིགས་མི་མཐུན་པ་རྣམ་གཅོད་ཙམ། །གྲུབ་པ་གང་དེ་མེད་དགག་ཡིན། །དེ་ཡང་དངོས་ལས་དེ་ཉིད་དང་། །གཞན་ཞེས་བརྗོད་པར་བྱ་བ་མིན། །དོན་རྣམས་འདྲེས་པར་ཐལ་འགྱུར་ཕྱིར། །མེད་ཅེས་རྟོག་པའང་རིགས་མ་ཡིན། །མ་ཡིན་དགག་པའང་རྣམ་གཉིས་སྟེ། །བློ་དང་དོན་གྱི་དབྱེ་བའོ། །

མྱོང་བའི་སྟོབས་ལས་སྐྱེས་པ་ཡི། །རྣམ་རྟོག་དོན་གྱི་གཟུགས་བརྙན་ཅན། །དེ་གཅིག་གཞན་ལས་ལོག་ལྟ་བུར། །སྣང་བ་གང་དེ་བློ་ཡི་ཡིན། །སྒྲོ་འདོགས་རྣམ་པར་གཅོད་ཕྱིར་དང་། །གཞན་ལས་ལོག་པར་སྣང་བའི་ཕྱིར། །གཞན་སེལ་པ་ཞེས་བསྟན་པ་སྟེ། །རིགས་མི་མཐུན་པ་རྣམ་གཅོད་ལ། །ལྟོས་ནས་དེ་ནི་གཞན་དུའང་འདོད། །གཞན་དང་མ་འདྲེས་པར་ཡོད་པའི། །རང་བཞིན་གང་དེའང་དོན་རྣམས་ཀྱི། །སེལ་བ་ཡིན་ཞེས་མཁས་པས་བསྟན། །དེ་དག་རྣམས་ནི་གྲངས་བཞིན་དུ། །གཞན་བསལ་བས་ན་སེལ་བ་ཉིད། །ཕྱི་དང་ནང་གི་དངོས་རྣམས་ལ། །བརྡ་འདོགས་པ་ནི་མི་སྲིད་པས། །དམ་པའི་དོན་དུ་སྨྲ་རྣམས་ཀྱིས། །བརྗོད་པར་བྱ་བ་ཡོད་མ་ཡིན། །གནག་རྫིའི་བར་ལའང་གྲགས་ཕྱིར་དང་། །ཐ་སྙད་ཆད་པར་ཐལ་འགྱུར་ཕྱིར། །ཀུན་རྫོབ་དུ་ནི་སྒྲ་ཡི་དོན། །མེད་ཅེས་མཁས་པ་སུ་ཞིག་སྤོང་། །དེས་ན་ཀུན་རྫོབ་ལ་བརྟེན་ནས། །སྒྲ་ཡི་དོན་ནི་དཔྱད་པར་བྱ། །དངོས་དང་བཏགས་པའི་དབྱེ་བ་ཡིས། །སྒྲ་དོན་རྣམ་པ་གཉིས་སུ་འདོད། །འཆད་དང་འཇུག་པའི་གང་ཟག་གིས། །སྒྲ་དོན་དངོས་དེའང་གཉིས་སུ་འགྱུར། །སྒྲ་འདོགས་བྱེད་པའི་སྐྱེས་བུ་གང་། །སྣང་བ་དོན་དུ་ཡོངས་དཔྱད་ནས། །འདི་ཡིས་འདི་ཞེས་ཕྱི་རོལ་ལ། །བརྡ་འདོགས་པར་ནི་རློམ་བྱེད་པའི། །བརྡ་ལ་སྦྱང་བའི་འབྲས་བུ་གང་། །སྒྲ་ལས་དོན་ལ་འཇུག་པ་ན། །ཐོག་མེད་བག་ཆགས་གོམས་པའི་ཕྱིར། །རང་སྣང་མཐོང་ཡང་རབ་རིབ་ཅན། །གཉིས་ཀྱི་ཟླ་བ་མཐོང་བ་བཞིན། །ཕྱི་རོལ་མཐོང་བའི་རློམ་པ་བསྐྱེད། །དེས་ན་འཆད་པོ་ཉན་པོ་དག །ཕྱི་རོལ་བརྗོད་དང་རྟོགས་སོ་ཅེས། །དོན་གཅིག་དུ་ནི་མཚམས་སྦྱར་ནས། །ཕྱི་རོལ་དོན་ལ་འཇུག་པར་བྱེད། །ཡང་དག་མ་ཡིན་དོན་སྟོན་ཕྱིར། །སྒྲ་ཀུན་ནོར་དོན་ཅན་ཡིན་ཡང་། །ཇི་ལྟར་རྨི་ལམ་བདེན་རྫུན་བཞིན། །དོན་ཐོབ་པ་དང་མ་ཡིན་ལས། །ཡང་དག་ཡང་དག་མ་ཡིན་པའི། །ཐ་སྙད་ཀྱིས་ནི་དབྱེ་བ་བྱས། །དེས་འཇུག་པ་ཡི་གང་ཟག་ལ། །ལྟོས་ནས་སྒྲ་དོན་ཕྱི་རོལ་ཞེས། །བརྗོད་པ་ལ་ནི་གནོད་བྱེད་ཀྱི། །ཚད་མ་འགའ་ཡང་ཡོད་མ་ཡིན། །དཔྱད་ན་དེ་ཡང་འཐད་མིན་ཏེ། །ཕྱི་རོལ་བརྗོད་པར་མངོན་རློམ་ཡང་། །རྣམ་པར་རྟོག་པའི་གཟུགས་བརྙན་ལ། །བརྡ་བྱས་ཕྱི་རོལ་མི་སྣང་ཕྱིར། །དེ་ཉིད་སྒྲ་ཡི་དོན་ཡིན་ཏེ། །སྒྲ་ལས་བྱུང་བའི་ཤེས་པ་ལ། །སྣང་བ་གང་དེ་སྒྲ་དོན་ཡིན། །གཞན་དུ་རྟོག་ན་ཐུག་པ་མེད། །དེ་ཡང་རྣམ་པར་རྟོག་པ་ཡི། །གཟུགས་བརྙན་ལས་གཞན་འཐད་མ་ཡིན། །རྣམ་རྟོག་གདོན་གྱི་གཟུགས་བརྙན་ཅན། །བསྐྱེད་པ་ལས་གཞན་བརྗོད་པ་ཡི། །བྱ་བ་ཡོད་པ་མ་ཡིན་ཕྱིར། །དེས་ན་བརྗོད་བྱ་བརྗོད་བྱེད་ཀྱི། །དངོས་འདི་རྒྱུ་དང་འབྲས་བུའང་ཡིན། །སྒྲ་ལས་གཟུགས་བརྙན་རྟོགས་པ་ཡི། །ཤུགས་ཀྱིས་མེད་པ་དགག་པ་ཡང་། །རབ་ཏུ་རྟོགས་འགྱུར་གང་གི་ཕྱིར། །སྒྲོ་རྣམས་དངོས་སུ་རྗེས་འགྲོ་ཡི། །འབྲས་ཅན་ལྡོག་པ་ཤུགས་ལ་རྟོགས། །རྗེས་འགྲོ་སྟོབས་ལ་ལྟོས་ཕྱིར་རོ། །རྒྱུད་པས་འབྲེལ་ཕྱིར་བརྗོད་པ་རྣམས། །དོན་ལ་བསླུ་བ་མེད་པར་གནས། །གང་ཕྱིར་མྱོང་ལས་བརྗོད་འདོད་འགྱུར། །དེ་ཡིས་རླུང་གཡོས་དེ་ནས་ནི། །ལྕེ་དང་རྐན་སོགས་ཕྲད་པར་འགྱུར། །དེ་ལས་བརྗོད་པའི་ཚིག་སྐྱེའོ། །

དེས་ན་མེད་པར་དགག་པ་དང་། །དོན་ཀྱི་སེལ་བ་རྣམ་གཉིས་ཀྱང་། །ཉེ་བར་བཏགས་ནས་སྒྲ་དོན་དུ། །བརྗོད་པ་ལ་ནི་གནོད་པ་མེད། །གཅིག་ལ་དུ་མ་མི་སྲིད་ཅིང་། །དུ་མ་གཅིག་ཏུ་མ་འདྲེས་ཕྱིར། །སྤྱི་དང་གཞི་མཐུན་ལ་སོགས་པའི། །ཐ་སྙད་དམ་པའི་དོན་དུ་མེད། །བག་ཆགས་བརྟན་ལས་བྱུང་བ་ཡི། །ཤེས་ལ་དེ་ལྟར་སྣང་ཕྱིར་དང་། །དོན་ཐོབ་པ་ཡི་འབྲས་ཅན་ཕྱིར། །མེད་ཅེས་བསྙོན་པ་རིགས་མ་ཡིན། །རང་བཞིན་ཐ་དད་དོན་རྣམས་ལ། །འབྲས་བུ་མཚུངས་པར་མཐོང་བའི་ཕྱིར། །བློ་ཡིས་གཅིག་ཏུ་སྒྲོ་བཏགས་ནས། །འཇིག་རྟེན་སྤྱི་ཡི་ཐ་སྙད་སྦྱོར། །སྣམ་ཁྲ་ཉེ་བའི་ནོར་བུ་བཞིན། །དངོས་གཅིག་རང་བཞིན་སྣ་ཚོགས་སུ། །སྣང་བ་ཅན་འདི་ཡོད་པས་ན། །གཞི་མཐུན་ལ་སོགས་ཐ་སྙད་བྱེད། །ཕྱི་རོལ་དོན་ཡོད་མེད་ཀྱང་བླ། །སྒྲ་རྣམས་བརྗོད་འདོད་ལ་བརྟེན་པ། །སྨྲ་བ་པོ་ཡི་བསམ་པའི་དོན། །ཉན་པ་པོ་ལ་གསལ་བར་བྱེད། །གང་གི་རྣམ་དཔྱོད་འོད་སྟོང་ལྡན་པ་ཡི། །རྣམ་དག་རིགས་ལམ་སྦྲང་རྩི་འབྱུང་བའི་གཞི། །གཞན་སེམས་འདབ་རྒྱའི་ཟེ་འབྲུ་གསལ་བ་ལ། །བློ་གསལ་རྐང་དྲུག་ལྡན་རྣམས་ཡིད་རང་བྱོས། །གཞན་གྱིས་འབད་ཀྱང་རྟོགས་པར་དཀའ་བའི་རིམས་པའི་ལམ། །གཞན་སེལ་བཤད་ལས་བདག་གིས་དགེ་བ་གང་ཐོབ་དེས། །གཞན་དོན་མཐར་ཕྱིན་རང་དོན་རེ་བ་མེད་པའི་གནས། །གཞན་ཕན་གསུང་བ་ཐུབ་པའི་དབང་པོར་བདག་གྱུར་ཅིག །གཞན་སེལ་གྲུབ་པ་ཞེས་བྱའི་རབ་ཏུ་བྱེད་པ་འདི་ནི་བྱང་ཕྱོགས་གྱི་མཁས་པ་ཆེན་པོ། ཉ་དཔོན་ཀུན་དགའ་དཔལ་ལ་སོགས་པ་ཡོངས་འཛིན་དམ་པ་རྣམས་གྱི་བཀའ་དྲིན་ལས། རང་དང་གཞན་གྱི་གྲུབ་པའི་མཐའ་ལ་བློའི་སྣང་བཅུད་རྒྱས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བ་རྫོགས་སོ།། །།

གཞན་གྱི་ཐེ་ཚོམ་སེལ་བྱེད་དྲིས་ལན་གྱི་སྐོར།

གཞན་གྱི་ཐེ་ཚོམ་སེལ་བྱེད་དྲིས་ལན་གྱི་སྐོར་བཞུགས་སོ། །

ལོ་ཙཱ་བ་དོན་བཟང་གི་དྲིས་ལན། ཐལ་རང་གི་ཁྱད་པར་ནི། གང་ལས་གྱེས་པའི་གཞི། ཇི་ལྟར་གྱེས་པའི་ཚུལ། གྱེས་པ་སོ་སོའི་འདོད་པ། སློབ་དཔོན་གྱི་དགོངས་པ་གང་དུ་གནས་དཔྱད་པ་དང་བཞི་ལས། དང་པོ་ནི། དབུ་མ་རིགས་པའི་ཚོགས་དང་བཞི་བརྒྱ་པ་ལ་སོགས་པ་འཕགས་པ་ཡབ་སྲས་ཀྱི་གཞུང་རྣམས་ཡིན་ཏེ། དེ་དག་གི་དགོངས་པ་ལ་རྗེས་འཇུག་གི་སློབ་མ་རྣམས་ཐལ་རང་སོ་སོར་གྱེས་པའི་ཕྱིར་རོ། །ཇི་ལྟར་གྱེས་པའི་ཚུལ་ནི། འཕགས་པའི་དངོས་སློབ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་འཕགས་པའི་དགོངས་པ་རང་ལུགས་ཀྱི་མཐར་ལྷུང་བའི་དམ་བཅའ་གང་ཡང་མེད་པས། རང་ལུགས་ཀྱི་དམ་བཅའ་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཅི་ཡང་ཞལ་གྱིས་མི་བཞེས་ཤིང་། གཞས་ལུགས་ཀྱི་མཐར་ལྷུང་གི་དམ་བཅའ་རྣམས་རྒོལ་བ་རང་གྲགས་གྱི་ཁས་བླངས་ནང་འགལ་གྱི་ཐལ་བ་འབའ་ཞིག་གིས་འགོག་པར་རྟོགས་ཏེ། དབུ་མ་རྩ་བའི་འགྲེལ་པ་མཛད་ནས་སློབ་དཔོན་གྱི་དགོངས་པ་ཐལ་འགྱུར་ཏུ་འགྲེལ་པར་མཛད་དོ། །

དེའི་འོག་ཏུ་ཡང་སློབ་དཔོན་གྱི་དངོས་སློབ་ལེགས་ལྡན་འབྱེད་ཀྱིས་དབུ་མ་པ་ལ་དོན་དམ་པར་དམ་བཅའ་མེད་པས། རང་རྒྱུད་ཀྱི་གཏན་ཚིགས་མི་བཞེད་ཀྱང་། ཐ་སྙད་དུ་སྐྱེ་མེད་དང་། སྟོང་ཉིད་ལ་སོགས་རང་ལུགས་ཀྱི་དམ་བཅའ་ཁས་མི་ལེན་ན། གཞན་དག་སྐྱེ་བ་བདེན་པ་དངོས་སུ་འདོད་པ་ཡང་དགག་མི་ནུས་པས། ཐ་སྙད་དུ་སྐྱེ་མེད་སོགས་སྒྲུབ་པའི་རང་རྒྱུད་ཀྱི་གཏན་ཚིགས་ཁས་བླང་དགོས་ཤིང་། གཞན་གྱི་ཁས་བླངས་རྟགས་སུ་བཀོད་པའི་ཐལ་བ་ཙམ་གྱི་རང་ལུགས་ཀྱི་དམ་བཅའ་སྒྲུབ་པར་ཡང་མི་རིགས་ཞེས་པ་ལ་སོགས་པའི་སྒོ་ནས་ཕྱོགས་སྔ་མ་ལ་སྐྱོན་བརྗོད་དེ། དབུ་མ་རྩ་བའི་ཚིག་གི་འགྲེལ་པ་ཤེས་རབ་སྒྲོན་མེ་དང་། དོན་གྱི་འགྲེལ་པ་དབུ་མ་སྙིང་པོ་ལ་སོགས་པ་མཛད་ནས། སློབ་དཔོན་གྱི་དགོངས་པ་རང་རྒྱུད་དུ་འགྲེལ་བར་མཛད་དོ། །དེའི་འོག་ཏུ་དཔལ་ལྡན་ཟླ་བ་གྲགས་པ་བྱོན་ཏེ། སངས་རྒྱས་བསྐྱངས་ཀྱིས་སློབ་དཔོན་གྱི་དགོངས་པ་ཕྱིན་ཅི་མ་ལོག་པར་རྟོགས་པར་གཟིགས་ནས། དབུ་མའི་ཚིག་དོན་གྱི་འགྲེལ་པ་ཚིག་འཇུག་ལ་སོགས་པ་མཛད་ཏེ། ལེགས་ལྡན་འབྱེད་ཀྱིས་སངས་རྒྱས་བསྐྱངས་ལ་བརྗོད་པའི་སྐྱོན་ཐམས་ཅད་སྤངས་ཤིང་། དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་རྗེས་སུ་དཔག་པ་ཁས་ལེན་པར་རིགས་པ་མིན་ཏེ། ཕྱོགས་གཞན་ཁས་བླངས་པ་མེད་པས་ཕྱིར་ཞེས་པ་ལ་སོགས་པས་རང་རྒྱུད་དུ་སྨྲ་བ་ལ་སྐྱོན་དུ་མ་བརྗོད་ནས། ཐལ་འགྱུར་བའི་གཞུང་། ལེགས་པར་འཛུགས་པར་མཛད་དོ། །

གྱེས་པ་སོ་སོའི་བཞེད་པ་ནི། ཕྱོགས་དེ་གཉིས་ཡང་ཇི་སྐད་དུ། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ཀྱི་ལ་ཡང་དག་བརྟེན། །ཞེས་སོགས་ཀྱི་གཞུང་གི་རྗེས་སུ་འབྲངས་ནས། བདེན་པ་གཉིས་སྒོ་ནས་རྣམ་གཞག་བྱེད་པར་མཚུངས་ལ། དེའི་ནང་ནས་དོན་དམ་པའི་རྣམ་གཞག་ལ་ནི་མི་མཐུན་པ་མེད་དེ། གཞན་དུ་ན་གནས་ལུགས་དུ་མ་མེད་པའི་ཕྱིར་གང་ཡང་རུང་བ་གཅིག དབུ་མ་པ་མིན་པར་ཐལ་བའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་ནི་མི་མཐུན་ཏེ། གཞན་དུ་ན་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །

དེ་ལ་རང་རྒྱུད་པ་རྣམས་ནི་ཀུན་རྫོབ་རྣམ་པར་འཇོག་པ་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་མི་འཇོག་སྟེ། འཇིག་རྟེན་པ་རྣམས་ནི་རིགས་པས་རྣམ་པར་མི་དཔྱོད་པར་ཐ་སྙད་ལ་རང་དགར་འཇུག་པས་འཁྲུལ་པ་སྲིད་པའི་ཕྱིར་སྙམ་དུ་བསམ་པ་ནས་སོ། །དེའི་ཕྱིར་རྣམ་རིག་པ་ལ་སོགས་པ་གྲུབ་མཐའ་སྨྲ་བ་རྣམས་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པ་རྣམས་པར་འཇོག་གོ །དེ་ལ་ཡང་ཁ་ཅིག་ནི་ཐ་སྙད་དུ་ཕྱི་རོལ་གྱི་དོན་ཁས་ལེན་ཅིང་། དེའི་ངོ་བོ་དང་དེ་ཤེས་པས་རྟོགས་ཚུལ་ལ་སོགས་པའི་རྣམ་གཞག་རྣམས་མདོ་སྡེ་པ་དང་མཐུན་པར་རྣམ་པར་འཇོག་ཏེ། དེ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་ཞེས་གྲགས་སོ། །

ཁ་ཅིག་ནི་ཐ་སྙད་དུ་ཡང་ཕྱི་རོལ་གྱི་དོན་རྫས་སུ་གྲུབ་པ་མེད་ཀྱི། ཤེས་པ་ཉིད་བག་ཆགས་ཀྱི་དབང་གིས་གཟུང་འཛིན་དུ་ཀུན་བཏགས་པ་ཙམ་དུ་ཟད་དོ་ཞེས་སོགས་རྣམ་རིག་དུ་སྨྲ་བ་དང་རྗེས་སུ་མཐུན་པར་འཇོག་སྟེ། དེ་ལ་ནི་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཞེས་གྲགས་སོ། །དེ་ལ་དང་པོ་ནི། སློབ་དཔོན་ལེགས་ལྡན་འབྱེད་དང་། གཉིས་པ་ནི་ཞི་བ་འཚོ་དཔོན་སློབ་ཡིན་ནོ་ཞེས་ལོ་ཙཱ་བ་ཆེན་པོ་ཡེ་ཤེས་སྡེས་གསུང་ངོ་། །ཡང་ན་སློབ་དཔོན་ལེགས་ལྡན་འབྱེད་ན་རེ། ཀླུ་སྒྲུབ་ཀྱི་གཞུང་ལ་གཞན་ངོར་ཕྱི་རོལ་གྱི་དོན་ཁས་ལེན་པ་རགས་པ་ཕྱིའི་དབུ་མ་པ་དང་། ཕྱི་རོལ་གྱི་དོན་ཁས་མི་ལེན་པ་ཕྲ་བ་ནང་གི་དབུ་མ་པ་གཉིས་ཡོད་པས། གཞན་དང་རྩོད་པ་བྱེད་པའི་ཚེ་དང་པོའི་རྗེས་སུ་འབྲངས་ལ། རྣལ་འབྱོར་ཉམས་སུ་ལེན་པའི་ཚེ་ཕྱི་མའི་རྗེས་སུ་འབྲངས་བར་བྱའོ་ཞེས་གསུངས་སོ། །ཐལ་འགྱུར་བ་དག་ནི་གྲུབ་མཐའ་སྨྲ་བ་དེ་དག་དང་རྗེས་སུ་མཐུན་པར་མི་སྨྲ་སྟེ། དེ་དག་ནི་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་རང་གིས་བརྟགས་པའི་རིགས་པའི་འཐད་པ་བཅུག་ནས་རྣམ་པར་འཇོག་པས་ཀུན་རྫོབ་ཀྱི་བདེན་པ་ལས་ཀྱང་ཉམས་ལ། དེ་དག་གིས་ཇི་ལྟར་རྣམ་པར་བཞག་པ་ལྟར་དོན་ལམ་གྲུབ་པས་དོན་དམ་པའི་བདེན་པ་ལས་ཀྱང་ཉམས་སོ། །

དེའི་ཕྱིར་དེ་དག་ནི་བདེན་པ་གཉིས་ཀ་ལས་ཀྱང་ཉམས་པ་ཡིན་ཏེ། ཇི་སྐད་དུ། འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །བདེན་གཉིས་ཉམས་ལས་ཐར་པ་འགྲུབ་ཡོད་མིན། །ཞེས་གསུངས་སོ། །དེ་བས་ཕྱིར། རང་རྒྱུད་པ་དག་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་མི་མཁས་པས། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཕྱིན་ཅི་མ་ལོག་པའི་རྗེས་སུ་འབྲང་བ་མ་ཡིན་ནོ་སྙམ་དུ་དགོངས་ནས། སློབ་དཔོན་དེ་དག་ནི་གྲུབ་མཐའ་ལ་མ་ཞུགས་པའི་འཇིག་རྟེན་པ་དག་གི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་སྟེ། དེ་ལྟར་དེ་བཞིན་གཤེགས་པས་འཇིག་རྟེན་པའི་བློ་དང་མཐུན་པར་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་ལ། འཕགས་པའི་གཟིགས་པ་དང་མཐུན་པར་དོན་དམ་པའི་བདེན་པ་རྣམ་པར་བཞག་ནས་བདེན་པ་གཉིས་ཀྱི་སྒོ་ནས་ཆོས་བསྟན་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །དེའི་ཕྱིར་སློབ་དཔོན་དེ་དག་ལ་འཇིག་རྟེན་གྲགས་སྟེ་སྤྱོད་པའི་དབུ་མ་པ་ཞེས་མཁས་པ་ཀུན་ལ་གྲགས་སོ། །དབུ་མ་པ་དེ་གཉིས་ཀ་ཡང་དོན་དམ་པར་ཁས་ལེན་མེད་པར་མཚུངས་ཀྱང་རང་རྒྱུད་པ་དག་ཀུན་རྫོབ་ཏུ་རང་གིས་ཇི་ལྟར་རྣམ་པར་གཞག་པའི་ཀུན་རྫོབ་ཀྱི་བདེན་པ་རྣམས་རང་ལུགས་ལ་གྲུབ་པར་འདོད་ལ། ཐལ་འགྱུར་བ་དག་འཇིག་རྟེན་གཞན་ངོ་འབའ་ཞིག་ཏུ་ཀུན་རྫོབ་རྣམ་པར་འཇོག་གི་རང་ལུགས་ལ་མ་ཡིན་ཏེ། དབུ་མ་པ་ལ་མཐར་ལྷུང་གི་དམ་བཅའ་མེད་པའི་ཕྱིར་རོ། །

དེ་སྐད་དུ་ཡང་། འཇུག་པར། ཇི་ལྟར་ཁྱེད་ཀྱི་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་སོ། །སློབ་དཔོན་གྱི་དགོངས་པ་གང་ཏུ་གནས་དཔྱད་པ་ནི། །རང་རྒྱུད་པ་དག་གི་འདོད་པ་ལ་ཐལ་འགྱུར་བ་དག་གིས་བརྗོད་པའི་སྐྱོན་དག་ཞུགས་པའི་ཕྱིར་ཀླུ་སྒྲུབ་ཀྱི་ལུགས་སྐྱོན་མེད་པ་མ་ཡིན་ཏེ། ཀླུ་སྒྲུབ་ནི་དེ་བཞིན་གཤེགས་པའི་དགོངས་པ་ཕྱིན་ཅི་མ་ལོག་པར་འགྲེལ་བར་དེ་བཞིན་གཤེགས་པས་ལུང་བསྟན་པས། དེའི་ལུགས་ལ་སུས་ཀྱང་ཆོས་དང་མཐུན་པར་རྒལ་དུ་མེད་པའི་ཕྱིར་རོ། །ཐལ་འགྱུར་བ་རྣམས་ནི་གཞན་ངོར་འཇིག་རྟེན་ན་ཇི་ལྟར་གྲགས་པའི་བླང་དོར་གྱི་ཐ་སྙད་ཁས་ལེན་ཅིང་བླང་དོར་ལ་འཇུག་ལྡོག་བྱེད་པས། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་མཁས་ཤིང་ཆད་པའི་མཐར་མ་ལྷུང་། མཉམ་གཞག་དང་རྗེས་ཐོབ་ཀྱི་དུས་ཐམས་ཅད་དུ་འཁོར་འདས་ཀྱི་ཆོས་གང་ལ་ཡང་རྟག་ཆད་དང་བླང་དོར་སོགས་ཀྱི་མཚན་མ་གང་དུ་ཡང་མི་འཛིན་ཅིང་མངོན་པར་མི་ཞེན་པས། དོན་དམ་གྱི་བདེན་པ་རྣམ་པར་འཇོག་པ་ལ་མཁས་ཤིང་རྟག་པའི་མཐར་མ་ལྷུང་བ་ཡིན་ནོ། །དེ་ལྟར་ན་བདེན་པ་གཉིས་ཕྱིན་ཅི་མ་ལོག་པར་འཇོག་པ་འདི་ནི་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་རྨ་མེད་པ་ཡིན་ནོ། །

གཞན་ཡང་ལུགས་འདི་ནི་ཕྱོགས་གང་ལས་ཀྱང་འཇིགས་པ་མེད་པ་རྡོ་རྗེ་རིན་པོ་ཆེ་དང་འདྲ་སྟེ། འདི་ལ་ཕྱོགས་སུས་ཀྱང་རྒལ་དུ་མེད་ཅིང་། འདིས་མཐར་འཛིན་གྱི་ཕྱོགས་ཐམས་ཅད་གཞིག་པར་ནུས་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་རྩ་བར། སྟོང་པ་ཉིད་ཀྱིས་བཅད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱི་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡིས་ཐམས་ཅད་སྐྱོན་བཏབ་མིན། །བསྒྲུབ་པ་བྱ་དང་མཚུངས་པ་འགྱུར། །ཞེས་གསུངས་པའི་དགོངས་པ་ཡང་ལུགས་འདི་ལ་ཤིན་ཏུ་འཐད་པའི་ཕྱིར་རོ། །གཞན་ཡང་རྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་དང་། རིགས་པ་དྲུག་བཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང་། བཞི་བརྒྱ་པ་ལས་ཀྱང་། ཡོད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོས་ཀྱང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་སོགས། འཕགས་པ་ཡབ་སྲས་ཀྱི་གཞུང་ལུགས་རྣམས་ཀྱི་དགོངས་པ་ཡང་། ཞེ་འདོད་ཀྱི་ཁས་ལེན་ཅི་ཡང་མི་རྟོག་པའི་དབུ་མ་ཐལ་འགྱུར་བའི་ལུགས་འདི་ཉིད་ཡིན་པར་མངོན་ནོ། །དེ་ལྟ་ན་ཡང་ལུགས་འདི་ནི་ཤིན་ཏུ་གཏིང་དཔག་དཀའ་བའི་ཕྱིར། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ཉིད་ལ་སྦྱངས་པའི་བདག་ཉིད་ཆེན་པོ་འགའ་ཞིག་གིས་ཀྱང་མ་རྟོགས་ན། དངོས་པོ་ལ་མངོན་པར་ཞེན་པའི་བསྟན་བཅོས་ཀྱི་ཞགས་པས་བཅིངས་པ་དག་གིས་རྟོགས་པར་འགྱུར་བ་ལྟ་ཅི་སྨོས། དེའི་ཕྱིར་འཕགས་པའི་ཡུལ་དུ་ཡང་ལུགས་འདི་ཁས་ལེན་པ་ནི། ཉིན་མོའི་སྐར་མ་བས་ཀྱང་ཆེས་ཉུང་ཞིང་གངས་ཅན་གྱི་ཁྲོད་འདིར་ནི་གཏན་མ་བྱུང་བའི་ཚོད་ཙམ་དུ་སྣང་ངོ་། །

བསོད་ནམས་དམན་པ་དག་གིས་ནི་ཕྱོགས་འདི་ལ་ཐེ་ཚོམ་ཡང་ཟ་བར་མི་འགྱུར་ན་ཇི་ལྟ་བ་བཞིན་རྟོགས་པ་ལྟ་སྨོས་ཀྱང་ཅི་དགོས། གང་ཞིག་གི་འདི་ལ་ཐེ་ཚོམ་དང་ལྡན་པའི་སྒོ་ནས་དོན་དུ་གཉེར་བ་དེ་ཡང་ཤིན་ཏུ་སྐལ་བ་དང་ལྡན་པ་ཡིན་ན། ཐོས་པ་དང་བསམ་པ་ལ་སོགས་པའི་སྒོ་ནས་ཚུལ་བཞིན་དུ་བསྒྲུབ་པ་དག་ནི་དམ་པ་ལས་ཀྱང་ཆེས་དམ་པ་ཡིན་ཏེ། ཇི་སྐད་དུ། བཞི་བརྒྱ་པ་ལས། བསོད་ནམས་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཟ་བར་ཡང་མི་འགྱུར། །འདི་ལ་ཐེ་ཚོམ་ཟོས་པས་ཀྱང་། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཞེས་གསུངས་སོ། །མདོར་ན་བདག་ལེགས་སུ་འདོད་པ་དག་གིས། །འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ལ་མོས་པར་བྱ་བ་ཡིན་ཏེ། ཇི་སྐད་དུ་འཇུག་པར། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་ཏེ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །བདེན་གཉིས་ཉམས་ལས་ཐར་པ་འགྲུབ་ཡོད་མིན། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་འཕགས་པ་ཀླུ་སྒྲུབ་ཀྱིས་རྟོགས་ཤིང་། ཀླུ་སྒྲུབ་ཀྱི་ལུགས་ཁོ་ན་ཁ་ན་མ་མཐོ་བ་མེད་པ་ཐལ་འགྱུར་བའི་ལུགས་འདི་ཡིན་པས། གང་དག་འདི་དང་མི་མཐུན་པར་སྨྲ་བ་དག་ནི་རྟག་ཆད་གང་རུང་གི་མཐའ་ལས་མི་འདའ་བས་ལམ་ལོག་པར་ཞུགས་སོ་ཞེས་ཁོ་བོ་སེམས་སོ། །

ཡང་ཟག་པ་མེད་པའི་ས་བོན་ཞེས་པ་འདི་ནི། ངོ་བོ་དང་རབ་ཏུ་དབྱེ་བ་དང་། དེ་ཡོད་པའི་ཤེས་བྱེད་གསུམ་གྱིས་ཤེས་པར་བྱ་སྟེ། དང་པོ་ནི། སེམས་ཅན་ཀུན་ལ་ཐོག་མ་མེད་པ་ནས་རང་བཞིན་གྱི་རྗེས་སུ་ཞུགས་པ་ཐོས་པའི་རྐྱེན་གྱིས་གསོས་ནས་རིམ་གྱིས་འཕེལ་ནས་འཇིག་རྟེན་ཆོས་མཆོག་གི་གནས་སྐབས་སུ་མཐོང་ལམ་སྐད་ཅིག་དང་པོའི་རྒྱུ་རྐྱེན་དུ་འགྱུར་བ་ཞིག་སྟེ། ཀུན་གཞིའི་སྟེང་ན་ཆུ་དང་འོ་མ་འདྲེས་པ་ལྟར་དུ་ཀུན་གཞི་དང་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཚུལ་དུ་གནས་ལ། དེ་ཡང་ཇི་སྲིད་ཐོས་པའི་རྐྱེན་གྱིས་མ་གསོས་པ་དེ་སྲིད་དུ་ནུས་པའི་ངོ་བོར་གནས་ལ། དེ་ལ་རང་བཞིན་དུ་གནས་པའི་རིགས་ཞེས་ཀྱང་བྱ། ཟག་མེད་ཀྱི་ས་བོན་ཞེས་ཀྱང་བྱ། སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་ཀྱང་བྱ་ཞིང་མ་སྒྲིབས་ལ་ལུང་མ་བསྟན་གྱིས་ངོ་བོར་གནས་པ་ཡིན་ཏེ། གལ་ཏེ་འདི་དགེ་བ་ཡིན་ན། ལོག་ལྟས་དགེ་བའི་རྩ་བ་བཅད་པའི་རྒྱུད་ལ་རང་བཞིན་དུ་གནས་པའི་རིགས་མེད་པར་འགྱུར་ན་དེ་ཡང་རུང་བ་མིན་ནོ། །ཉོན་མོངས་ཅན་མ་ཡིན་པར་ནི། སྒྲུབ་སླ་བས་མ་སྒྲིབས་ལུང་མ་བསྟན་ཁོ་ནར་གནས་སོ། །ཅིའི་ཕྱིར་འདི་ལ་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱ་ཞེ་ན། འདི་གང་ལ་ཡོད་པའི་ནང་གི་སྐྱེ་མཆེད་དྲུག་པོ་དེ་ཉིད་ཐེག་པ་གསུམ་གང་རུང་གི་རིགས་ཅན་གྱི་གང་ཟག་ཏུ་འདིས་མཚོན་པར་བྱེད་པས། དེའི་ཕྱིར་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་ཀྱང་བྱ་སྟེ། ནང་གི་སྐྱེ་མཆེད་དྲུག་ཁྱད་པར་དུ་འབྱེད་པས་བྱེད་པའི་ཁྱད་ཆོས་ཡིན་པའི་ཕྱིར་རོ། །གང་གི་ཚེ་འདི་ཐོས་པའི་རྐྱེན་གྱི་གསོས་བཏབ་སྟེ། འཕེལ་བར་གྱུར་པ་དེའི་ཚེ་ཡང་དག་པར་བླངས་པ་ལས་བྱུང་བ་དང་། རྒྱས་པ་ལས་གྱུར་པའི་རིགས་ཞེས་ཀྱང་བྱ་ལ། རྗེས་སུ་འབྲེལ་བའི་དགེ་བ་ཡིན་ཏེདགེ་བའི་བག་ཆགས་ཡིན་པའི་ཕྱིར་རོ། །

འོན་ཀྱང་རྗེས་འབྲེལ་གྱི་དགེ་བ་ནི་དགེ་བ་རྣམ་གྲངས་པ་ཡིན་པས། །དེའི་ཚེའང་ངོ་བོ་མ་སྒྲིབས་ལུང་མ་བསྟན་ཉིད་དུ་འཐད་དེ། ཐེག་བསྡུས་སུ། ཕྱི་དང་ནང་དང་མི་གསལ་བ། །ཞེས་སོགས་ཀྱི་ཐད་དུ། སེམས་ཅན་ཐམས་ཅད་དགེ་མི་དགེ་གཉིས་ཀར་དུ་མི་གསལ་བར་གསུངས་པའི་ཕྱིར་རོ། །གཉིས་པ་དེའི་རབ་ཏུ་དབྱེ་བ་ནི། ཀུན་གཞིའི་སྟེང་ན་ནུས་པའི་ངོ་བོར་ཡོད་པའི་ཟག་མེད་ཀྱི་ས་བོན་དེ་ཉིད་ལ་ཁ་ཅིག་ནི་གང་ཟག་གི་བདག་མེད་ཙམ་རྟོགས་པའི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་རྒྱུར་རུང་བ་ཡང་ཡོད། ཁ་ཅིག་ནི་དེའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་ཙམ་རྟོགས་པའི་རྒྱུར་རུང་བའང་ཡོད། ཁ་ཅིག་ནི་བདག་མེད་གཉིས་ཀ་རྟོགས་པའི་ཡེ་ཤེས་ཀྱི་རྒྱུར་རུང་བ་ཡང་ཡོད། ཁ་ཅིག་ནི་རྐྱེན་གྱི་དབང་གི་རྟོགས་པ་གསུམ་ཀའི་རྒྱུར་རུང་བའང་ཡོད་ལ། དེ་དག་ནི་གོ་རིམས་བཞིན་དུ་ཉན་ཐོས་ཀྱི་རིགས་དང་། རང་སངས་རྒྱས་ཀྱི་རིགས་དང་། ཐེག་པ་ཆེན་པོའི་རིགས་དང་། མ་ངེས་པའི་རིགས་ཞེས་ཀྱང་བྱའོ། །དེའི་ཕྱིར་མདོ་སྡེ་རྒྱན་ལས། རིགས་ནི་ངེས་དང་མ་ངེས་དང་། །ཞེས་དང་། ཁམས་རྣམས་དང་ནི་མོས་པ་དང་། །སྒྲུབ་པ་ཐ་དད་དབྱེ་བ་དང་། །འབྲས་བུ་ཐ་དད་དམིགས་པའི་ཕྱིར། །རིགས་ཡོད་ཉིད་ཅེས་བརྗོད་པ་ཡིན། །ཞེས་སོགས་སོ་སྤྱིར་རིགས་ཡོད་པ་ལ་ངེས་པ་དང་། མ་ངེས་པའི་རིགས་དང་། རིགས་ངེས་པ་ལ་ཡང་ཐེག་པ་གསུམ་གྱི་རིགས་ཐ་དད་ཡོད་པའི་རྒྱུ་མཚན་དང་བཅས་པ་གསུངས་པ་ཡིན་ནོ། །

གསུམ་པ་ཡོད་པའི་ཤེས་བྱེད་ནི། གལ་ཏེ་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་ཟག་མེད་ཀྱི་ས་བོན་དེ་ལྟ་བུ་སེམས་ཅན་རྣམས་ལ་ཡོད་པར་ཅེས་མངོན་ཞེ་ན། ལུང་དང་རིགས་པ་ལས་ཏེ། དེ་ལ་རེ་ཤིག་ལུང་ནི། རྒྱུད་བླ་མ་ལས། གལ་ཏེ་སངས་རྒྱས་ཁམས་མེད་ན། །སྡུག་ལ་སྐྱོ་བར་མི་འགྱུར་ཞིང་། །མྱ་ངན་འདས་ལ་འདོད་པ་དང་། དོན་གཉེར་སྨོན་པའང་མེད་པར་འགྱུར། །ཞེས་སོགས་གསུངས་ཤིང་། རིགས་པའང་ཡོད་ཏེ། གལ་ཏེ་སེམས་ཅན་ལ་ཟག་མེད་ཀྱི་ས་བོན་མེད་ན། སྐལ་མཉམ་གྱི་རྒྱུ་མེད་པའི་ཕྱིར། ཟག་མེད་ཀྱི་ལམ་སྐྱེ་བར་མི་རུང་ངོ་། །གལ་ཏེ་ཀུན་ནས་ཉོན་མོངས་པའི་ས་བོན་རྣམས་ཀྱིས་སྐལ་མཉམ་གྱི་རྒྱུ་བྱེད་དོ་སྙམ་ན་མི་རིགས་ཏེ། སྤང་བྱ་དང་གཉེན་པོ་ཡིན་པས་ཤིན་ཏུ་རིགས་མི་མཐུན་པའི་ཕྱིར་དང་། རིགས་མི་མཐུན་པ་ཡང་རྒྱུ་འབྲས་སུ་མི་རུང་སྟེ། མེ་ལྕེ་ལས་ཀྱང་མུན་པ་འཐུག་པོ་སྐྱེ་བར་ཧ་ཅང་ཐལ་བའི་ཕྱིར་རོ། །རིགས་པ་དང་། གྲོལ་བར་སྨྲ་བའི་སྤོབས་པ་དགེ་བ་ཅན། བླ་མ་ལོ་ཙཱ་བ་དོན་བཟང་གིས་གསུང་ཡིག་བསྐུར་བའི་སྐབས་ཀྱི་དོན་ལ་དྲི་བ་རྣམས་རང་རེས་གོ་ཚོད་གཞོན་ནུ་བློ་གྲོས་ཀྱིས་ཡིག་གེར་བཀོད་ནས་བསྐུར་བ་འདི་ཡང་དགེ་ལེགས་སུ་གྱུར་ཅིག །ཤུབྷཾ་

རྩེ་ཆེན་མཁན་པོའི་ཞུས་ལན།

རྩེ་ཆེན་མཁན་པོའི་ཞུས་ལན། དྲི་བའི་ལན་ལ། གསོལ་གཞིའི་ལས་མི་གཡོ་ཞིང་བཞག་པར་མི་འོས་པ་ཞེས་པ། མཁན་སློབ་དགེ་འདུན་སོགས་རྒྱུ་ཐམས་ཅད་ཚོགས་པས་ལས་དེ་བྱ་བར་རིགས་བའི་ཕྱིར་མི་གཡོ་ཞིང་། ཆོས་དང་ལྡན་པས་བཞག་པར་མི་འོས་པ་ཞེས་བྱའོ། །གོས་ཐམས་ཅད་ཁ་དོག་ཅིག་པ་མི་རུང་སྟེ་ཞེས་པ་གཞུང་ནས། ཐམས་ཅད་སྔོན་པོ་ཤ་སྟག་གྱོན་ན་ལྟུང་བ་སྦོམ་པོར་བཤད། སེར་པོ་དང་དམར་པོ་འབའ་ཞིག་པ་ལ་མི་རུང་བར་མ་བཤད། ཕྲན་ཚེགས་ཀྱིས་བསྡུས་པའི་ཉེས་བྱས་ཞེས་སོགས་ཀྱི་བརྡ་ཆད་མེད། ལྟུང་བ་སྡེ་ལྔས་བསྡུས་པའི་ཉེས་བྱས་དང་གཞི་སྡུས་ཀྱིས་བསྡུས་པའི་ཉེས་བྱས་བྱ་བ་བདོག ཁ་ཅིག་ལྟུང་བར་འགྱུར་ལ་སྨྲ། །ཞེས་པ་ལ་སློབ་དཔོན་ཡོན་ཏན་འོད། ཁ་ཆེ་རྣམས་ནི་བྱུང་བ་ན། །བུ་ལོན་ནོར་བཞིན་གཉིས་སུ་འདོད། །ཅེས་པའི་ལུགས་བཞེད་པ་ལགས། ཕམ་པ་བྱུང་བ་ལ་སྐྱོ་བའི་ཚེ་འབུལ་ཆོག་བྱས་པས་ཅི་ལ་ཡང་མི་ཕན། དེའི་ཚེ་ཕུལ་ཡང་སྡོམ་པ་མི་སྐྱེ། གཞུང་ཁུངས་མ་གང་ནས་ཀྱང་མ་བཤད། དགེ་སློང་བསླབ་བྱིན་ཅན་ལ་སྡོམ་པ་བསྐྱར་མི་དགོས། མདོ་སྡེ་པའི་ལུགས་ཀྱི་དེ་ལ་ཕམ་པ་མ་བྱུང་ཞིང་། ཁ་ཆེ་བའི་ལུགས་ཀྱི་ཕམ་པ་འཆབ་མེད་བྱུང་ཡང་། བསླབ་བྱིན་གྱིས་ཆོ་ག་བྱས་ནས་ས་གཞན་ན་གནས་པའི་སྤྱོད་པ་སྤྱད་པས། དགྲ་བཅོམ་པ་ཐོབ་ན། རང་བཞིན་དུ་གནས་པ་ཐོབ་པ་ལགས། དགེ་སློང་བཞིས་སྡོམ་པ་འཆགས་པར་དེང་སང་ཁ་ཅིག་ལུང་ཞུ་བ་དང་། མེ་ཏོག་འཕྲེང་རྒྱུད་ལ་བརྟེན་ནས་བཞེད་པར་གདའ་སྟེ་མི་འཐད། འཕྲེང་རྒྱུད་ཀྱི་དགོངས་པ་མིན་ཞིང་། ལུང་གི་ཡིག་གེ་ཉམས་པར་རྒྱ་ཆེ་འགྲེལ་དུ་ལུང་དྲངས་པ་དང་གོང་འོག་གི་འགྲེལ་ལས་ཤེས་ཤིང་། མདོ་རྩ་བར། མཐའ་འཁོབ་ཏུ་ཉུང་མཐའ་དགེ་སློང་ལྔར་བཤད་པའི་ཕྱིར་དང་། གཞི་ལ་གསང་སྟོན་བསྐོ་བའི་ལས་མི་འཆགས་ཤིང་། གསང་སྟོན་མེད་ན་ཆོ་ག་ལས་འདས་པས་ལས་མི་འཆགས་པའི་ཕྱིར་རོ། །

དགེ་སློང་མ་ཡིན་པར་ཤེས་ན་མི་སྐྱེ་ཞེས་པ། མཁན་པོ་དགེ་སློང་དོན་ལ་མིན་པ་ལ་སྒྲུབ་བྱས་དེར་ཤེས་ན་མི་སྐྱེ་བ་ཡིན་ལ། ཁྱིམ་པས་བྱས་ཀྱང་སྐྱེ་བ་དོན་ལ་ཁྱིམ་པ་ཡིན་ཡང་སྒྲུབ་བྱས་དགེ་སློང་རྣམ་དག་ཏུ་ཡིད་ཆེས་ན་སྐྱེ་བས་མི་འགལ་དགེ་སློང་རྣམ་དག་ལ། མ་དག་པ་གསུམ་གྱི་མཐའ་འཁོབ་ཏུ་ལས་བྱས་ན་སྐྱེ། ཡུལ་དབུས་སུ་མི་སྐྱེ་བ་བསྙེན་རྫོགས་ཀྱི་ལས་ཀྱི་དབང་དུ་བྱས། གསོ་སྦྱོང་སོགས་ཀྱི་ལས་ཡུལ་དབུས་སུ་བྱས་ཀྱང་འཆགས། དགེ་སློང་གཅིག་གིས་དགེ་ཚུལ་བསྒྲུབ་པ་གཞུང་འགྲེལ་གང་ནས་ཀྱང་མ་བཤད་པས་གཏན་ནས་མི་རུང་། འདུལ་བའི་ཆོ་ག་ལ་ཕོ་ཚོད་དང་རིགས་པའི་ཨས་རྒྱབ་བྱར་མི་རུང་། བྱས་ན་ཡང་བསྟན་པ་ལ་རྨ་ཆེན་པོ་ཕྱུང་བར་གྱུར་བས་དེ་འདྲ་བྱེད་མཁན་འདུག་ན་སུན་དབྱུང་འཚལ། མཁན་པོ་མེད་པ་སོགས་ཀྱིས་བསྙེན་རྫོགས་བྱས་ན་ཉེས་བྱས་སུ་འགྱུར་ཞེས་པ། སྡོམ་པ་སྐྱེས་པ་ན་དངོས་གཞིའི་ལྟུང་བ་སྐྱེད་ཅིང་། དེའི་སྔར་སྦྱོར་བའི་ཉེས་པ་ཕྲ་མོ་འབྱུང་ཡང་ལྟུང་མཐུན་བྱིན་རླབས་ཀྱིས་བྱིན་གྱིས་བརླབས་པས། ལས་བྱེད་པ་ལ་མི་སྒྲིབ། མཁན་སློབ་སྦྲགས་ནས་བྱེད་པ་བས་མཁན་པོ་མེད་པར་བྱས་པ་དག་སྟེ། མཁན་པོ་དང་སློབ་དཔོན་སྦྲགས་ནས་བྱས་ན། གང་ནས་ཀྱང་མ་བཤད་པས་རང་བཟོར་བགྲོ་ལ། མཁན་པོ་མེད་ཀྱང་བྱར་རུང་བར་གཞུང་ལས་བཤད་པའོ། །མ་བྱིན་ལན་གྱི་རིན་ཐང་གི་ཚད་ཀར་ཤ་པ་ནི་བཞིར་ཆར་བཤད། ཡུལ་དུས་ཀྱི་དབང་གིས་ཀར་ཤ་པ་ནའི་རིན་ཐང་ཆེ་ཆུང་དུ་འགྱུར་བ་དང་། བོད་ན་ཀར་ཤ་པ་ནིའི་རིན་ཐང་གི་ཐ་སྙད་མེད་པས་ཤིན་ཏུ་དཀའ། འོན་ཀྱང་གཏམ་གྱི་གཞི་ལས། མ་ཤ་ཀ་བཅུ་གཉིས་ཀར་ཤ་པ་ནའི་རིན་ཐང་ཆུང་ངུས་ཀྱི་ཚད་དུ་བཤད། མ་ཤ་ཀ་བོད་ཀྱི་གསེར་དྲུག་ནམ་ཅིག་ཡིན་པས་དེང་སང་གསེར་ཞོ་ཕྱེད་ལ་ཚད་བྱས་ན་རིན་ཐང་ཆེ་པའི་སྐྱོན་དུ་མི་འགྱུར་སྙམ་ན། སྔ་རབས་པ་དག་གིས་བསོད་སྙོམས་བཟང་བ་ཅིག་གིས་ཞེས་སོགས་ལ་ཤེས་བྱེད་ཅི་ཡང་མེད། དགེ་སློང་མ་མེད་ཀྱང་དགེ་སློང་གི་ཆོ་གས་བུད་མེད་བསྙེན་པར་རྫོགས་སུ་རུང་བར་གཞུང་འགྲེལ་གཉིས་ཀ་ནས་མ་བཤད་ཅིང་། ཉེས་པ་འབྱུང་བར་ཡང་མ་བཤད། དེང་སང་གི་ལུང་དུ་དགེ་འདུན་ལ་ཉེས་པ་འབྱུང་བར་བཤད་པ་ལུང་མ་དག་པར་མངོན་ཏེ། སློབ་དཔོན་གྱིས་མདོར་མ་བསྡུས་པའི་ཕྱིར་དང་། འགྲེལ་པས་ཀྱང་མ་བཤད་པའི་ཕྱིར་རོ། །སྔོན་གྱི་ཆོ་ག་མཁན་སློབ་མེད་པར་གསོལ་བཞིའི་ལས་ཀྱི་གཅིག་ཅར་རབ་བྱུང་བསྙེན་རྫོགས་བསྒྲུབ་པ་ཡིན་ལ། ད་ལྟར་གྱི་ཆོ་ག་མཁན་སློབ་དང་བཅས་སྟེ་རིམ་གྱིས་བསྒྲུབ་པ་ཡིན། བསྙེན་པར་རྫོགས་ཚུལ་བཅུ་པོ་ཀུན་སྔོན་ཆོག་ཏུ་སྔ་རབས་པ་དག་གིས་བཤད་པ་རི་བོང་གི་ཆལ་དང་འདྲ། གཞུང་འགྲེལ་གང་ནས་ཀྱང་མ་བཤད། ད་ལྟར་གྱི་ཆོ་ག་ལོ་འདི་ཙམ་ནས་བྱུང་ལུང་དུ་མི་གསལ་བས་ཤེས་དཀའ། །སྟོན་པ་སངས་རྒྱས་ནས་ལོ་དྲུག་ལོན་པ་ན་འཆར་ཀ་ད་ལྟར་གྱི་ཆོ་གས་བསྙེན་པར་རྫོགས་ནས་སངས་རྒྱས་ནས་རིང་པོ་མ་ལོན་པ་ན་བྱུང་བར་མངོན། བཟང་སྦྱིན་ལས་དང་པོ་པ་ཡིན་པས་ཕམ་པ་མ་ཕོག སོ་ཐར་གྱི་མདོ་ཇི་ཙམ་ནས་གསུང་ཞེས་པ། སྟོན་པ་སངས་རྒྱས་ནས་ལོ་བཅུ་གཉིས་བསྟན་པ་སྐྱོན་མེད་པར་གནས་པས་དེའི་དུས་སུ། སྡིག་པ་ཅི་ཡང་མི་བྱ་སྟེ། །ཞེས་སོགས་ཀྱི་ཚིགས་སུ་བཅད་པ་གསུམ་འདོན་པས་གསོ་སྦྱོང་བྱེད་ཅིང་། ལོ་བཅུ་གསུམ་པ་ལ་བཟང་སྦྱིན་གྱིས་འཁྲིག་པ་སྤྱད་པས་དེ་ཕྱིན་ཆད་བསླབ་པ་རྣམས་བཅས་པ་ཡིན་ལ། བསླབ་པ་བཅས་ནས་གསོ་སྦྱོང་ལ་སོ་སོ་ཐར་པའི་མདོ་འདོན་པ་ཡིན་པས། བསླབ་པ་བཅས་ནས་མྱང་ངན་ལས་མ་འདས་ཀྱི་བར་དུ་ཡུལ་ཐ་དད་དུ་དུས་ཐ་དད་གང་ཟག་ཐ་དད་པ་རྣམས་ལ་གླིང་བཞི་རེ་རེའི་དབང་གིས་བསླབ་པ་རེ་རེ་བཅས་པས་ཡུལ་དང་དུས་ལ་ངེས་པ་མེད་ལ། གསོ་སྦྱོང་དགག་དབྱེ་བྱེད་པ་ལ་ཆོས་བསྒྲགས་ཀྱི་མདོ་མི་འདོན་ཁ་མེད་མིན། དུས་བཟང་ཀྱི་མདོ་འདོན་པའི་སྔོན་རོལ་ཆོས་བསྒྲགས་ཀྱི་མདོ་འདོན་པ་སྔ་རབས་པ་རྣམས་ཀྱི་ཕྱག་ལེན་དུ་གདའ། ལྷག་མའི་ལྟུང་བ་ཕོག་ཀྱང་ལྟུང་བ་དེ་ལས་བྱེད་པའི་སྔོན་རོལ་དུ་གང་ཟག་ཅིག་གི་མདུན་དུ་བྱིན་གྱིས་བརླབས་པས་ཁ་སྐོང་དུ་རུང་། ཁུ་བ་འཕོ་བ་གསུམ་གནས་ནས་འཕོས་པ་དང་། སྦུབས་སུ་འོངས་པ་དང་། དབང་པོའི་མཐའ་ནས་བྱུང་བའོ། །དང་པོའི་འཛད་པའི་བདེ་བ་ཤས་ཆེར་མྱོང་བ་སྙིང་འདར་བ་ལ་སོགས་པ་འབྱུང་བ་ཡིན་ལ། དེ་ཙམ་གྱིས་ལྷག་མ་སྐྱེད་ཁུ་བ་ཕྱིར་དབྱུང་མི་དགོས། ལོ་མགོ སྔ་རབས་པ་ཁ་ཅིག་སྟོན་ཟླ་ཐ་ཆུང་སྨིན་དྲུག་ནས་འཛིན། དེ་ཉིད་ཉི་མའི་སྙིང་པོ་དང་མཐུན་ཡང་། དྲང་སྲོང་རྔ་བོང་གི་ལུགས་ཡིན་པས་ཕྱི་རོལ་པའི་ལུགས་ཡིན། མཁན་ཆེན་བུ་སྟོན་པ། ཐ་སྐར་གྱི་ཟླ་བ་ནས་འཛིན་པར་གདའ་སྟེ། ལུང་ཅི་ཡང་མེད་ཅིང་དྲང་སྲོང་རྔ་བོང་གི་དུས་ནས་སངས་རྒྱས་ཀྱི་དུས་ཉི་མ་ལོག་པ་ཟླ་གཅིག་གིས་སྔར་སོང་། སངས་རྒྱས་ནས་དིང་སང་བར་ལ་ཞག་བཅུ་གཉིས་གསུམ་གཅིག་གིས་སྔར་སོང་གསུང་ནས་རིགས་པ་དེས་ལོ་མགོ་ཕྱིར་བསྣུར་བར་གདའ་སྟེ། ཉི་མ་ལོག་པ་སྔར་སོང་བའི་ཤེས་བྱེད་ཅི་ཡང་མེད། རྔ་བོང་གི་དུས་ན་ཡང་དབྱར་ཉི་སྟོན་ཟླ་ར་བ་ཁྲུམས་སྟོད་ལ་ལྡོག དགུན་ཉི་དཔྱིད་ཟླ་ར་བ་དབོ་ལ་ལྡོག་པར་ཉི་མའི་སྙིང་པོ་ལས་བཤད་ཅིང་། སངས་རྒྱས་ཀྱི་དུས་ན་ཡང་ཉི་མ་ཟློག་དུས་དེ་ཁོ་ན་ལྟར་དུ་གདགས་པ་དང་མཛོད་ལས་བཤད་དེ། དབྱར་གྱི་ཟླ་བ་གཉིས་པ་ཡི། །ཐ་མའི་ཚེས་དགུ་ནས་མཚན་རིང་། །དགུན་རྣམས་ཀྱི་ནི་བཞི་པ་ལ། །ཐུང་དུ་འགྱུར་རོ་ཉིན་མོ་ལྡོག ཅེས་པའི་འགྲེལ་པ། འགྲེལ་བཤད་ལྟས་པས་གསལ་ལོ། །གཞན་ཡང་ལུགས་དེ་ལ་སྣྲོན་གྱི་མར་ངོའི་ཚེས་གཅིག་ནས་དབྱར་སྔ་མ་ཁས་ལེན་དགོས་ཤིང་། དེ་ནས་ཟླ་བ་གསུམ་ནས་སྲ་རྐྱང་འདིངས་པས། ཁྲུམས་ཀྱི་མར་ངོའི་ཚེས་གཅིག་ནས་སྲ་རྐྱང་འདིངས་དགོས་ཤིང་། སྲ་རྐྱང་གི་དུས་ཟླ་བ་ལྔ་ཡིན་པས་ཁྲུམས་ནས་མཆུའི་བར་སྲ་རྐྱང་གི་དུས་སུ་འགྱུར་ལ། དེ་ལྟར་ན་འཕྲེང་རྒྱུད་ལས། གྲོ་བཞིན་ཟླ་བའི་ཚེས་གཅིག་ནས། །སྔ་མའི་དབྱར་དེ་གཙོ་བོ་ཡིས། །དེ་བཞིན་ཁྲུམས་སྟོད་ཟླ་བ་ཡིན། །ཚེས་ཅིག་ཞེས་ནི་ཕྱི་མར་གྲགས། །ཞེས་དང་། སྨིན་དྲུག་ནས་ནི་དབོ་ཡི་བར། །སྲ་རྐྱང་གདིང་བར་རྗེས་སུ་གནང་། ཞེས་པ་དང་། མི་འགྲིག་པ་སོགས་ཉེས་པ་དུ་མ་ཡོད་དོ། །

དེས་ན་སངས་རྒྱས་པ་རྣམས་ཀྱི་དུས་དང་པོ་ནི་དགུན་ཏེ་ཞེས་གསུངས་སོ། །དགུན་ཟླ་ར་བ་ནས་ལོ་མགོ་འཛིན་པ་སངས་རྒྱས་པའི་ལུགས། སྟོན་ཟླ་ཐ་ཆུང་ནས་ལོ་མགོ་འཛིན་པ་ཕྱི་རོལ་པའི་ལུགས། ལོ་མགོ་འཛིན་ལུགས་མི་མཐུན་ཡང་སྟོན་ཟླ་ཐ་ཆུང་སྨིག་དྲུག་དང་དགུན་ཟླ་ར་བ་མགོ་ནས་འཛིན་པར་ཕྱི་ནང་གཉིས་ཀ་མཐུན། དེས་ན་ལོ་མགོ །མགོ་ནས་བཟུང་ན་དབྱར་སྔ་ཕྱིའི་ཁས་ལེན་སྲ་རྐྱང་འདིངས་པ་དང་། དབྱུང་བའི་དུས་གཞུང་ནས་བཤད་པ་རྣམས་དང་། ནམ་ཟླའི་དུས་ཚོད་རྣམས་དང་ཡང་ཤིན་ཏུ་འགྲིག་པ་ལ། གྲུ་ནང་དུ་ལས་ཨེ་འཆགས་ཞེས་པ། གྲུ་མི་གཡོ་ན་འཆགས། གཡོ་ཞིང་འགྲོ་ན་མི་འཆགས། རྒྱུ་མཚན་གྲུ་མི་གཡོ་བའི་ནང་དུ་དབྱར་ཁས་ལེན་འཆགས་པ་དང་འབྱམས་པར་ཤེས་ན་མི་འཆགས་པར་བཤད་པའི་རུང་མཐུན་ལས་ཤེས། སློབ་དཔོན་གྱིས་འཚམས་དུ་མ་མནན་ནས་བསྙེན་སོགས་ཀྱི་ལས་བྱས་ན་ཨེ་འཆགས། ཞེས་པ་འཆགས་ཤིང་ཉེས་པ་མེད་པར་ཕྲན་ཚེགས་ཀྱི་འགྲེལ་པར་བཤད། འོ་ཞོ་དུས་རྒྱུན་ཁོ་ན་ལགས། ཞོ་ཁ་ཆུ་དང་ཏ་ར་ཚགས་ཀྱིས་བཙགས་པ་ཐུན་ཚོད་དུ་རུང་བ་ཡིན། སྙེ་མ་མ་སྐོལ་བ་མྱོས་འགྱུར་གྱི་ལྟུང་བ་དངོས་གཞི་སྐྱེ། སྦང་མ་དང་ཚིགས་མ་ཟ་བ་ལ་ནི་དེའི་འཇུག་པ་ཡོད་དོ་ཞེས་པའི་མདོ་དངོས་སུ་ཡོད་དེ། སྒྲ་གཅན་ཟིན་གྱི་མ་གྲགས་འཛིན་མ་ཡིན་པར་ལུང་ལས་བཤད། དུས་མིན་དུ་ཟོས་ན་ལྟུང་བ་འབྱུང་སྟེ། མེས་རུང་བ་བྱེད་དགོས་པའི་ཕྱིར་ལ། ཙི་ཙི་དང་གོས་སྙོད་ཀྱི་འབྲས་བུ་སོགས་ཀྱིས་མ་ངེས་ཏེ། དེ་དག་ཐོག་གུའི་ས་བོན་ཡིན་པས་རུང་བ་མ་བྱས་པ་དགེ་སློང་གིས་བཅོམ་ན་ས་བོན་འཇིག་པའི་ལྟུང་བྱེད་བསྐྱེད་ཅིང་། ཇི་སྲིད་པའི་སྨན་ཡིན་པས་དུས་མ་ཡིན་པར་ལོངས་སྤྱོད་དུ་རུང་བས་སོ། །སྔ་དྲོ་རུང་ཆུ་མི་འཚལ། ཐུན་ཚོད་དུ་རུང་བ་སོགས་ཀྱི་སྨན་དུས་མིན་དུ་སྤྱོད་པ་ལ་དགོས་པ་ལགས། དུས་རུང་སོགས་ཀྱི་སྨན་བཞི་ནད་པ་མིན་པས་བྱིན་གྱི་བརླབ་ཨེ་ཉན་ཞེས་པ་དུས་རུང་ལ་བྱིན་གྱིས་བརླབ་པ་མ་གནང་། སྨན་གཞན་གསུམ་ནད་པ་མིན་པས་བྱིན་གྱིས་རློབ་མི་ཉན། གཞན་གྱིས་བྱིན་གྱིས་བརླབས་པ་བཟར་ནི་རུང་། ཕྱག་དར་ཁྲོད་ཀྱི་གོས་ངོས་བཟུང་བའི་ཕྱིར་དུས་ཚིགས་གསུམ་ཞེས་པ་རས་ལ་སོགས་པ་ཟླ་བ་བཞི་རུ་ལོངས་སྤྱོད་པ་ཕྱག་དར་ཁྲོད་པ་ཡིན་པས། དེ་ལ་ཕྱག་དར་ཁྲོད་ཀྱི་ཡི་དམ་བླངས་ནས་ཆོས་གོས་བྱས་པས་ཡི་དམ་རལ་བའི་ཉེས་པ་མེད་ཅེས་པར་གདའ། བོད་ཀྱི་ལུགས་ཡིན། གཞུང་འགྲེལ་པ་ལས་མ་བཤད། མཐང་གོས་དང་ཤམ་ཐབས། དུལ་བ་ལྷས་རྣམ་འབྱེད་འགྲེལ་པར་གཅིག་ཏུ་བྱས། སློབ་དཔོན་ཡོན་ཏན་འོད་ཐ་དད་དུ་བཞེད་དེ། གོས་གཞི་ཡོ་བྱད་བཅུ་གསུམ་གྱི་ནང་དུ་ཐ་དད་དུ་བགྲངས་པའི་ཕྱིར། ཚད་ལ་ཆེ་ཆུང་མེད་ཅིང་མཐང་གོས་ཤ་ལ་གྱོན། ཤམ་ཐབས་གྲོང་དུ་བསོད་སྙོམས་ལ་འགྲོ་བ་ན་ཐང་གོས་ཀྱི་སྟེང་དུ་གྱོན་པ་ལགས། ལྷུང་བཟེད་ཀྱི་ཚད། ཁའི་མཐའ་ནས་མཐེ་བོང་དོ་ཕྲེང་ལ་བསྙལ་བའི་འོག་མ་མན་ཆད་ལ་འབྲས་སྐམ་མ་ག་དྷའི་བྲེའུ་ཆུང་གང་བཙོས་པ་དེ་སྤག་པར་ནུས་པའི་ཚོད་མ་དང་བཅས་པ་ཤོང་བ་ཆུང་ཚད་དུ་བཤད། འབྲས་སྐམ་བྲེའུ་ཆུང་གང་ལ་མ་ག་དྷའི་སྲང་བཅུ་དྲུག་འོང་བར་འགྲེལ་པ་ཀུན་མཐུན། མ་ག་དྷའི་སྲང་ཕྱེད་བོད་ཀྱི་རྒྱལ་པོའི་དུས་གྱི་སྲང་གཅིག་དུ་བཤད། བོད་སྲང་གི་ཚད་གསེར་ཞོ་བརྒྱད་ཡིན། རྒྱ་གར་ན་གསེར་ཞོ་བརྒྱད་ལ་མ་ག་དྷའི་སྲང་གཅིག་ཏུ་བྱེད་པ་ཡིན། དེ་དང་མཐུན་པ་སྔོན་གྱི་རྒྱལ་བློན་རྣམས་ཀྱིས་ཀྱང་བོད་དུ་མཛད།

དེས་ན་མགུར་ཞོར་གྲགས་པ་ནི། སྔོན་གྱི་རྒྱལ་བློན་གྱི་དུས་ཀྱི་ཚོང་འདུས་ཀྱི་ཞོ་ལ་ཚད་པར་མངོན་པས། ཚོང་འདུས་མགུར་མོའི་སྲང་གསུམ་བཅུ་རྩ་གཉིས་མ་ག་དྷའི་བྲེའུ་ཆུང་གི་ཚད་དུ་རུང་ཞིང་འབྲས་བཙོས་པ་སུམ་འགྱུར་དང་། ཚོད་མ་བཞི་ཆ་ཡིན་ཞེས་གྲགས་པས་དེ་ཙམ་ཞིག་ལྷུང་བཟེད་ཆུང་ཚད་དུ་བྱས་ན་རུང་ངམ་སྙམ་པར་གདའ། སྔ་རབས་པ་རྣམས་ཀྱིས་དཔྱད་པ་མང་དུ་མཛད་གདའ་སྟེ་བླང་དོར་བྱར་ཉན་ཙམ་མི་སྣང་། གོས་ནག་པོ་རུང་བར་བཤད་དམ་ཞེས་པ། ནག་པོ་ལ་ཆོས་གོས་རུང་བར་གང་ནས་ཀྱང་མ་བཤད། ལྭ་བ་ནག་པོ་དགེ་སློང་གིས་གྱོན་པ་ལུང་གི་གླེང་གཞི་ལས་བཤད་ཏེ། གནས་མལ་ལ་རུང་བ་ཙམ་ལ་དགོངས་སོ། །ཕྱི་ས་དང་ལྭ་བ་སོགས་ལ་མི་འདྲ་བར་བསླན་ཞེས་པ། དེ་དག་ལ་ཆོས་གོས་སྦྱར་མི་རུང་བར་སྟོན་པ་ལགས། ལྭ་བ་དང་བེའུ་ཕྲུག་སོགས་སྤུ་བྱི་བའམ་ཤིན་ཏུ་ཐུང་བའི་དབང་དུ་བྱས་པས་སྤུ་ཅན་ཆོས་གོས་སུ་བྱིན་གྱིས་མི་བརླབ་ཅེས་པ་དང་མི་འགལ། ལང་ཁང་ཟེར་བ་ཡང་ཐོག་ལྔ་བྱས་པ་ལ་ཟེར་རམ་སྙམ། གསལ་པོ་བཤད་པ་མ་ངེས་སྟོན་པ་ལོ་གང་ལ་བལྟམས་ཅེས་པ། རྒྱ་གར་ན་རྒྱལ་པོའི་ལོ་བཅོས་ཀྱི་རྗེས་སུ་འབྲང་ནས་ལོ་ཚིགས་འཛིན་པ་མ་གཏོགས་ལོ་ལ་མེད་མོད། ལུང་དུ་གསལ་པོ་མ་བྱུང་བས། རྒྱ་ནག་ལུགས་ཀྱི་ལོ་རྟགས་གང་ལ་འཁྲུངས་ཤེས་དཀའ། བསྟན་རྩིས་གསར་རྙིང་རྣམས་ལ་ཡིད་རྟོན་པ་ཅི་ཡང་མི་འདུག་ཅིང་། ལུང་རྣམས་ལས་ཀྱང་མི་མཐུན་པ་མང་བས། བསྟན་ལྷག་ཇི་ཙམ་ཡོད་ཤེས་དཀའ། འཛམ་བུ་གླིང་གི་སའི་ཆ་གཞན་དང་གླིང་གཞན་ན་བསྟན་པ་རྣལ་མ་ཅི་ཡོད་མི་ཤེས། ལུང་དང་བསྟུན་ན་བོད་ན་དིང་སང་གཟུགས་བརྙན་ཙམ་མ་གཏོགས། བསྟན་པ་རྣལ་མ་མེད་པར་ཐག་ཆོད་དོ། །གསུང་རབ་དང་མཐུན་པའི་ལྟ་སྤྱོད་སྐྱོན་མེད་པ་ཚུལ་བཞིན་དུ་བསྒྲུབ་པ་ནན་ཏན་བྱེད་མཁན་མི་སྣང་བའི་ཕྱིར་རོ། །

དིང་སང་བོད་ན་སངས་རྒྱས་ཀྱི་བསྟན་པ་རྣལ་མ་ཡོད་སྙམ་མཁན་རྣམས་ནི་བླུན་པོ་དག་འཛམ་བུའི་གླིང་དུ་སླེབས་པ་ན། ནོར་བུ་རིན་པོ་ཆེའི་གླིང་དུ་ཕྱིན་པ་སྙམ་པ་དང་འདྲ། རྒྱུད་སྡེ་དྲུག་དང་ལྔ་དང་བདུན་དང་། བཞིར་ཕྱེ་ན་གཞན་རྣམས་རྣམ་པའི་དབྱེ་བ་ཙམ་མ་གཏོགས་བཞིར་འདུས་པ་འདྲ་ལགས། དུས་འཁོར་གྱི་འཇིག་རྟེན་ཁམས་ཀྱི་རྣམ་གཞག་རྣམས་དྲང་སྲོང་རྒྱས་པའི་ཝར་ཏ་ལས་བྱུང་བ་དང་། ཕལ་ཆེར་མཐུན་པར་མན་ངག་སྙེ་མ་ལས་བཤད། ཕྱི་རོལ་པའི་དྲང་སྲོང་རྣམས་དྲང་བའི་ཕྱིར་དུ་དེ་དག་གི་བློ་དང་མཐུན་པར་བསྟན་པ་སྙམ། སྔགས་ཀྱི་ཐེག་པ་ཀུན་སེམས་ཙམ་ཡིན་ཟེར་བ་འཐད་པར་མི་སེམས། ངེད་མདོ་རྒྱུད་ཀུན་གྱི་དགོངས་པ་དབུ་མར་འཆད་པ་ལགས། ཕལ་ཆེན་སྡེ་པ་མི་ཚངས་སྤྱོད་རྩ་བར་མི་འདོད་ཟེར་བ་བླུན་པོ་རྣམས་ཀྱི་ཁ་སྐྱུགས་ཡིན། གཞུང་ལུགས་ཁུངས་མ་གང་ནས་ཀྱང་མ་བཤད། སྡེ་བ་ཐམས་ཅད་རྩ་བའི་ལྟུང་བ་ལ་མི་མཐུན་པ་མེད། བུ་རམ་ཕྱི་དྲོའི་ཁ་ཟས་ཡིན་མིན་སོགས་ཡན་ལག་ཕྲ་མོ་འགའ་རེ་ལ་མི་མཐུན་པ་ཅུང་ཟད་ཡོད་པར་རྟོག་གེ་འབར་བ་སོགས་ལས་བཤད། བྱམས་ཆོས་རྣམས་སེམས་ཙམ་དུ་ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པས་བཤད་ཅིང་། བྱམས་ཆུབ་ཀྱིས་སེམས་ཙམ་མ་བསྟན་ན་ཐོགས་མེད་སྐུ་མཆེད་རྗེས་འབྲངས་དང་བཅས་པའི་གཞུང་རྣམས་ཀྱང་སེམས་ཙམ་མ་ཡིན་པར་མཚུངས་པས་སེམས་ཙམ་གྱི་གྲུབ་མཐའ་འཛིན་མཁན་སུ་ཡིན་མི་རྙེད་པར་འགྱུར་བས་སོ། །

རྒྱུ་མཚན་མང་སྟེ་ཡིག་གེ་མང་པར་འགྱུར་བས་མ་བྲིས་ལགས། སྡོམ་གསུམ་གྱི་ངོ་བོའི་གཅིག་གམ་ཐ་དད་ཅེས་པ། ངེད་སྡོམ་པ་གོང་མ་གོང་མའི་ནང་དུ་འོག་མ་འོག་མ་འདུས་པས་གནས་གྱུར་གྱི་ཚུལ་དུ་འདོད། གཅིག་བཏང་བས་གཞན་བཏང་བར་མི་འགྱུར་ཏེ། སྡོམ་པ་གཏོང་ཐོབ་སངས་རྒྱས་ཀྱི་བཅས་པའི་དབང་གིས་འཇོག་པའོ། །བྱང་སེམས་ཀྱིས་མི་གསད་ན་དགེ་སློང་གི་སྡོམ་པ་འཆོར། བྱང་སེམས་མཚན་ཉིད་པ་ཞིག་ཡིན་ན། དགེ་སློང་གི་བསླབ་པ་མ་ཕུལ་བར་མི་གསོད་པ་མི་སྲིད། བསླབ་པ་ཕུལ་ནས་སྙིང་རྗེས་མི་བསད་ཀྱང་། བྱང་སེམས་ཀྱི་གདམས་པ་མི་འཆོར། དེད་དཔོན་ཐབས་ལ་མཁས་པ་བཞིན་ནོ། །དབུ་མ་པ་ལ་རིག་པ་དུ་ཡོད་ཅེས་པ། སྔ་རབས་པ་དག་རང་རྒྱུད་པ་ལ་གཅིག་དང་དུ་བྲལ་སོགས་རྟགས་བཞི། ཐལ་འགྱུར་བ་ལ་འགལ་བ་བརྗོད་པའི་ཐལ་འགྱུར། སྒྲུབ་བྱེད་སྒྲུབ་བྱ་དང་མཚུངས་པའི་རྒྱུ་མཚན། མཚུངས་པའི་མགོ་སྙོམས། ལྡོག་པ་གཅིག་པའི་དཔུང་འཕུལ། ཞེས་པ་བཞིར་བཞེད་ཀྱང་། རང་རྒྱུད་པ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག ཆོས་ཀྱི་གྲགས་པའི་རིགས་པ་ཇི་ལྟ་བ་བཞིན་དུ་ཁས་ལེན་ཅིང་ཆོས་རྣམས་རང་བཞིན་མེད་པར་གཅིག་དང་དུ་བྲལ་སོགས་འབྲེལ་ཟླ་ལ་མ་དམིགས་པའི་རྟགས་ཀྱིས་སྒྲུབ། མདོ་སྡེ་སྤྱོད་པའི་དབུ་མ་པ་དག་ཕལ་ཆེར་འགལ་ཟླ་དམིགས་པའི་རྟགས་ཀྱིས་རང་བཞིན་མེད་པར་སྒྲུབ། ཐལ་འགྱུར་བ་ལ་ཐ་སྙད་དུ་ཡང་རང་ལུགས་ཀྱི་རིགས་པ་མེད་དེ། གཞན་གྱི་དངོས་འཛིན་གྱི་ལོག་ཏོག་ཀུན་རྒོལ་བ་རང་གྲགས་དང་འཇིག་རྟེན་རང་གྲགས་ཀྱི་རིགས་པ་ཁོ་ནས་འགོག་པ་ལགས། རྒྱུ་མཚན་མང་སྟེ་མ་བྲིས། སྔགས་ཀྱི་ཐེག་པར་ས་བཅུ་གཉིས་སུ་བཤད་པ་རྒྱུད་གསུམ་མན་ངག་དང་བཅས་པ་སོགས་ཀྱི་ལུགས་བཅུ་གསུམ་དུ་བཤད་པ་གསང་བ་འདུས་པ་མན་ངག་དང་བཅས་པའི་ལུགས་སུ་གདའ་སྟེ། ཕལ་ཆེར་དོན་གཅིག་མཆི། ངེད་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་ལ་དད་པས་ས་བཅུ་གསུམ་པ་བདེ་ལགས། སྐལ་མཉམ་རྒྱུ་ནི་འདྲ་བའོ། །

ཞེས་པ་ཟག་བཅས་དང་ཟག་མེད་ཀྱི་སྐལ་མཉམ་གྱིས་རྒྱུ་གཉིས། དང་པོའི་མཚན་ཉིད། རང་གི་རྒྱུ་མཐུན་གྱི་འབྲས་བུ་ལས་སྔར་བྱུང་ཞིང་དེ་དང་ས་གཅིག་ཅིང་སྤང་བྱ་རིས་མཐུན་པ། གཉིས་པའི་མཚན་ཉིད། རང་གི་རྒྱུ་མཐུན་གྱི་འབྲས་བུ་ལས་སྔར་བྱུང་ཞིང་དེ་དང་རྒྱུད་དང་དབང་པོའི་སྒོ་ནས་མཉམ་པའམ་དམན་པའི་ཟག་མེད། ཅེས་པས་བསྡུས་སྟེ། ས་དགུའི་ལམ་ནི་ཕན་ཚུན་དུ། མཉམ་དང་ཁྱད་པར་ཅན་གྱི་ཡིན། །ཞེས་བཤད། མངོན་ཤེས་ལྔ། སེམས་བསྐྱེད་དང་སྦྱར་བ་ལ། ཟག་ཟད་ཀྱི་མངོན་ཤེས་འཇོག་པ་ཡིན་ནོ། །མངོན་ཤེས་དང་མཚུངས་ལྡན་གྱི་སེམས་བསྐྱེད་དང་སློབ་ལམ་གྱིས་བསྡུས་ཤིང་། ཐེག་ཆེན་ཟག་མེད་ཀྱི་མངོན་ཤེས་མཚན་ཉིད་པ་སངས་རྒྱས་ཀྱི་ས་ན་ཡོད། ཟག་ཟད་མཁྱེན་པའི་སྟོབས་དང་དོན་གཅིག་པའོ། །དོན་དམ་སེམས་བསྐྱེད་ཆོ་ག་ལས་མི་སྐྱེ། སྐྱེ་ན་བརྡ་བྱུང་གི་སེམས་བསྐྱེད་དུ་འགྱུར། བྱང་ཆུབ་སེམས་འགྲེལ་དུ་བཤད་པ་སྨོན་པ་སེམས་བསྐྱེད་ཀྱི་དམིགས་ཡུལ་སྟོན་པ་ཡིན་གྱི། ཆོ་ག་སྟོན་པ་མ་ལགས། གཟུགས་སྟོང་བའོ། །ཞེས་སོགས་ཀྱི་འབྲུ་བསྣན་པ་ཙམ་གྱིས་ཅི་ལ་ཡང་མི་ཕན་པས་མ་བྲིས་པ་ལགས། སངས་རྒྱས་རྟག་པར་བཤད་པ་དབུ་སེམས་གང་གི་ཡང་ལུགས་མིན། སངས་རྒྱས་ཀྱི་གྲུབ་མཐའ་སྨྲ་བ་ལ། རྟག་ཆད་མཚན་ཉིད་པ་སྨྲ་བ་བྱེ་བྲག་སྨྲ་བ་མིན་པ་མེད། སེམས་ཙམ་པའི་གཞུང་འགའ་རེ་ནས་ཆོས་སྐུ་རྣམ་གྲངས་པའི་རྟག་པར་བཤད་པ་ཡོད་ཀྱང་རྟག་པ་མཚན་ཉིད་པ་མ་ཡིན། མདོ་ལས་སངས་རྒྱས་རྟག་པར་བཤད་པ་རྣམས་དྲང་དོན་དབུ་སེམས་གཉིས་ཀ་འཆད་པར་མཐུན་ལགས། འདི་རྣམས་རྒྱུན་མཚན་རྒྱས་པར་བཤད་དུ་ཡོད་ཀྱང་ཡི་གེ་མང་པའི་འཇིགས་པས་མ་བྲིས། ཐུགས་རྟོག་ཞིབ་ཏུ་ཞུགས་གདའ་བས་ཤིན་ཏུ་རྗེས་སུ་ཡི་རང་། ད་དུང་ཐུགས་འཁུར་ཆེར་བཞེས་ནས་ཐོས་བསམ་སྒོམ་གསུམ་ལ་འབད་པ་མཛད་པར་ཞུ། ཞེས་པ་རྩེ་ཆེན་མཁན་པོའི་དྲིས་ལན་དུ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱི་སྨྲས་པའོ།། །།དགེ་ལེགས་སུ་གྱུར་ཅིག། །

དགེ་བཤེས་ཤེས་རབ་གྲགས་ཀྱི་དྲིས་ལན།

དགེ་བཤེས་ཤེས་རབ་གྲགས་ཀྱི་དྲིས་ལན། ཀུན་ལ་བུ་ལྟར་བརྩེ་བའི་ཐུགས་མངའ་ཡང་། །བྱམས་པའི་མཚོན་གྱིས་དྲེགས་པའི་བདུད་བཅོམ་སྟེ། །སྟོང་གསུམ་མི་བརྗེད་ཞིང་གི་དཔལ་གྱུར་བ། །ཤཱཀྱའི་རྒྱལ་པོ་དེ་ལ་ཕྱག་འཚལ་ལོ། །གང་གི་མཁྱེན་པ་མཁའ་ལྟར་ཕ་མཐའ་ཡས། །ཉིད་ཀྱི་ཐུགས་རྗེ་ཉི་ལྟར་རབ་གསལ་བ། །རྣམ་དག་འཕྲིན་ལས་གངས་ཅན་དཔལ་དུ་གྱུར། །པཎ་ཆེན་ས་སྐྱ་པ་ལ་ཕྱག་འཚལ་ལོ། །དུས་གསུམ་རྒྱལ་བའི་འཕྲིན་ལས་གཅིག་བསྡུས་ཏེ། །སྙིགས་མའི་དུས་འདིར་ཐུབ་པའི་རིང་ལུགས་འཛིན། །གངས་ཅན་ངུར་སྨིག་འཛིན་པ་ཀུན་གྱི་རྗེ། །པཎ་ཆེན་མ་ཏིའི་ཞབས་ལ་ཕྱག་འཚལ་ལོ། །ཆོས་ཀྱི་འཁོར་ལོའི་ངོ་བོ་གང་ཡིན་ཞེས་པ། སྤྱིར་ཆོས་ནི་གསུང་རབ་ཡན་ལག་བཅུ་གཉིས། སྡེ་སྣོད་གསུམ་གྱིས་བསྡུས་པ་ལུང་གི་ཆོས་དང་། ས་བཅུ་ལམ་ལྔ་རྟོགས་པའི་ཆོས་དང་གཉིས་ཡིན་ལ། དེ་དག་འཁོར་ལོར་འཇོག་པ་ནི། ཐོག་མར་ཐུབ་པའི་གདུལ་བྱ་རྣམས་ལ་ལུང་གི་ཆོས་བསྟན། དེ་དག་ཚུལ་བཞིན་ཉམས་སུ་བླངས་པས། མཐོང་ལམ་ལ་སོགས་པ་རྟོགས་པའི་ཆོས་རྒྱུད་ལ་སྐྱེས། དེ་དག་གིས་ཀྱང་གདུལ་བྱ་གཞན་ལ་རང་གི་རྟོགས་པ་དང་རྗེས་སུ་མཐུན་པར་ལུང་གི་ཆོས་བསྟན་པས་སླར་ཡང་རྟོགས་པའི་ཆོས་རྒྱུད་ལ་སྐྱེ་བ་ལ་སོགས་པ་སངས་རྒྱས་ཀྱི་བསྟན་པ་ཇི་སྲིད་གནས་ཀྱི་བར་དུ་ལུང་རྟོགས་ཀྱི་ཆོས་གཉིས། གདུལ་བྱའི་རྒྱུད་ལ་རིམ་བཞིན་འཕོ་བའི་ཆ་ནས་ཆོས་ཀྱི་འཁོར་ལོར་འཇོག་པ་ལགས། དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་ཡུལ་གཞན་དང་གཞན་དུ་འཕོ་བ་དང་འདྲ་བ་ཡིན་ནོ། །

བྱང་ཆུབ་སེམས་དཔའི་སེམས་བསྐྱེད་བསླབ་པ་ལ་ཁྱད་པར་ཅི་ཡོད་ཞེས་པ་ནི། འཇུག་པ་སེམས་བསྐྱེད་དང་བསླབ་པ་ལ་ཁྱད་པར་མེད་ལ། སྨོན་པ་སེམས་བསྐྱེད་དང་ཁྱད་པར་ཡོད་དོ། །སྨོན་པ་སེམས་བསྐྱེད་རྒྱུད་ལ་ལྡན་ཡང་རེ་ཤིག་བྱང་ཆུབ་ཀྱི་བསླབ་པ་ལ་མི་སློབ་པ་ཡོད་པའི་ཕྱིར་རོ། །ཉན་ཐོས་ལུགས་ཀྱིས་བཅོམ་ལྡན་འདས་ལ་སོ་ཐར་གྱི་སྡོམ་པ་ཡོད་དམ་མེད་ཞེས་པ་ནི། ཉན་ཐོས་དག་བཅོམ་ལྡན་འདས་རང་བྱུང་གིས་བསྙེན་པར་རྫོགས་ནས་སོ་ཐར་གྱི་སྡོམ་པ་ཐོབ་པར་འདོད་པས། ཇི་སྲིད་མྱ་ངན་མ་འདས་ཀྱི་བར་དུ་སྡོམ་པ་གཏོང་བའི་རྒྱུ་གང་ཡང་མ་བྱུང་བའི་ཕྱིར་སྡོམ་པ་ཤིན་ཏུ་ཡང་ཡོད་པ་ལགས། ཐེག་ཆེན་ལུགས་ཀྱི་བཅོམ་ལྡན་འདས་ལ་སེམས་བསྐྱེད་ཡོད་དམ་མེད་ཞེས་པ་ནི། སྔ་རབས་ཀྱི་མཁས་པ་དག་ཅི་རིགས་པར་བཞེད་ཅིང་དིང་སང་གི་མཁས་པ་དག་ཞལ་མཐུན་པར་ཡོད་པར་བཞེད་ནའང་། ཁོ་བོ་འཐད་པར་མི་འཛིན་ཏེ། །བྱང་ཆུབ་ཐོབ་ཟིན་པས་ཐོབ་འདོད་ཀྱི་འདུན་པ་མེད་པའི་ཕྱིར་སྨོན་པ་སེམས་སྐྱེད་མེད་ལ། བསླབ་པ་མཐར་ཕྱིན་པས་བསླབ་བྱ་ལ་སློབ་པ་མེད་པའི་ཕྱིར་འཇུག་པ་སེམས་སྐྱེད་ཀྱང་མེད་དོ། །འཁོར་བ་སྤྱི་ཙམ་ལ་མཐའ་ཡོད་དམ་མེད་ཅེས་པ་ནི། སེམས་ཅན་གྱི་ཁམས་དང་ནམ་མཁའི་ཁམས་མཚུངས་པར་གསུངས་པས། འཁོར་བ་ལ་མཐའ་ཡོད་ན་ནམ་མཁའ་ལ་ཡང་མཐའ་ཡོད་པར་འགྱུར་བའི་ཕྱིར། མཐའ་མེད་པར་འདོད་པ་ལགས། སྡིག་པ་དང་ལྟུང་བ་ངོ་བོ་གཅིག་གམ་མི་ཅིག་ཞེས་པ་ནི། སྡིག་པ་ནི། སེམས་ཅན་ཀུན་གྱི་ལུས་ངག་གི་ཉེས་སྤྱོད་ཡིན་ལ། ལྟུང་བ་ནི་སྡོམ་པ་བླངས་པ་རྣམས་ཀྱིས་བསླབ་པ་དང་འགལ་བའི་ཉེས་སྤྱོད་ཡིན་པས། སྡིག་པ་སྤྱི་དང་ལྟུང་བ་བྱེ་བྲག་ཡིན་ལགས། མཐར་ཐུག་གི་དོན་འགྲུབ་པ་ལ་བསོད་ནམས་དང་ཤེས་རབ་གང་གཙོ་ཞེས་པ་ནི། སྤྱིར་མཐར་ཐུག་གི་དོན་མི་གནས་པའི་མྱང་འདས་འགྲུབ་པ་ལ། ཤེས་རབ་ཀྱིས་སྲིད་པ་འཁོར་བའི་མཐར་མ་ལྷུང་ཞིང་བསོད་ནམས་ཀྱིས་ཞི་བ་མྱང་འདས་ཀྱི་མཐར་མ་ལྷུང་བ་ཅིག་དགོས་པས། གཉིས་ཀ་གཙོ་བོ་ཡིན་ནོ། །གནས་སྐབས་སུ་ཇི་སྲིད་པ་མ་ཐོབ་ཀྱི་བར་ཤེས་རབ་གཙོ་བོ་ཉམས་སུ་ལེན་དགོས་ཏེ། དེ་ལྟ་མ་ཡིན་ན་བསོད་ནམས་ཙམ་གྱིས་འཁོར་བའི་རྩ་བ་སྤོང་མི་ནུས་ལ། སོ་སོ་སྐྱེ་བོ་ཉོན་མོངས་ཤུགས་དྲགས་པས་སྲིད་པ་འཁོར་བའི་མཐར་ལྷུང་བའི་ཕྱིར་རོ། །

གཞན་ཡང་རང་དོན་ཕུན་སུམ་ཚོགས་པ་མ་ཐོབ་པ་ཡན་ཆད་ནི་གཞན་དོན་ལྷུར་ལེན་པའི་བསོད་ནམས་གཙོ་བོ་ཉམས་སུ་ལེན་དགོས་ཏེ། དེ་ལྟར་མིན་པར་རྣམ་པར་མི་རྟོག་པའི་ཤེས་རབ་གཙོ་བོ་ཉམས་སུ་བླངས་ན། ཞི་བ་མྱང་འདས་ཀྱི་སར་ལྷུང་ནས་གཞན་དོན་རྒྱུན་ཆད་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་རང་དོན་ཕུན་སུམ་ཚོགས་པའི་ཆོས་སྐུ་འགྲུབ་པ་ཤེས་རབ་ལ་རག་ལས་ཤིང་། གཞན་དོན་ཕུན་སུམ་ཚོགས་པ་གཟུགས་སྐུ་རྣམ་གཉིས་འགྲུབ་པ་བསོད་ནམས་ལ་རག་ལས་པས། ཚོགས་གཉིས་ཟུང་འབྲེལ་དུ་ཉམས་སུ་ལེན་དགོས་པ་ཡིན་ནོ། །ཉན་རང་གི་ལམ་ཁོ་ནས་མཐོང་ལམ་ཐོབ་ནས། ཕྱིས་ཐེག་ཆེན་ལ་འཇུག་པའི་དུས་སུ་སྔར་གྱི་ཉན་རང་གྱི་ལམ་གྱིས་ཕན་ནམ་མི་ཕན་ཞེས་པ་ནི། དིང་སང་མི་ཕན་པ་ལྟ་བུར་འདོད་ཀྱང་ཤིན་ཏུ་ཕན་ཏེ། སངས་རྒྱས་ཐོབ་པར་བྱེད་པ་ལ་ཉོན་མོངས་དང་ཤེས་བྱའི་སྒྲིབ་པ་གཉིས་ཀ་སྤང་དགོས་ལ། ཉན་རང་གི་ལམ་གྱིས་ཉོན་མོངས་པའི་སྒྲིབ་པ་མ་ལུས་པ་སྤང་ནུས་པའི་ཕྱིར་དང་། ཉན་རང་དགྲ་བཅོམ་ཐེག་ཆེན་དུ་ཞུགས་པའི་བྱང་ཆུབ་སེམས་དཔའ་དེས་ཤེས་སྒྲིབ་སྤོང་བའི་དོན་དུ་ལམ་ལ་འབད་དགོས་ཀྱི། ཉོན་སྒྲིབ་སྤོང་བའི་དོན་དུ་ལམ་ལ་འབད་མི་དགོས་པའི་ཕྱིར། ཡང་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད་ལ། དེ་དག་གི་ལུགས་ཀྱིས་ཉན་རང་འཕགས་པ་ཐེག་ཆེན་དུ་ཞུགས་པ་དེ་དག་གིས་ཀྱང་ཆོས་ཀྱི་བདག་མེད་རྟོགས་པའི་སྦྱོར་ལམ་དང་། མཐོང་ལམ་གསར་དུ་བསྐྱེད་དགོས་པར་གསལ་ལོ། །

སེམས་དང་སེམས་བྱུང་གི་ཁྱད་པར་གང་ཞེས་པ་ནི། སེམས་སེམས་བྱུང་འདི་རྣམས་རྒྱུ་མཚན་མཚུངས་པ་ལས་སྐྱེ་ཞིང་། དམིགས་རྣམ་གཅིག་ལ་འཇུག་པའི་རྒྱུ་མཚན་གྱིས། འདི་དག་གི་ཁྱད་པར་སོ་སོ་སྐྱེ་བོས་བརྟག་དཀའ་བར་གདའ་ནའང་། ལུང་ལ་བརྟེན་ནས་ཅུང་ཟད་བཤད་ན། དེ་ལ་དོན་མཐོང་རྣམ་པར་ཤེས། །དེ་ཡི་ཁྱད་པར་སེམས་ལས་བྱུང་། །ཞེས་གསུངས་པས། དོན་གྱི་ངོ་བོ་རང་སྟོབས་ཀྱིས་འཛིན་པ་སེམས་དང་། དོན་གྱི་ཁྱད་པར་རང་སྟོབས་ཀྱི་འཛིན་པ་སེམས་བྱུང་ངོ་ཞེས་རྣམ་པ་ཙམ་མི་འདྲ་བའི་སྒོ་ནས་འདི་གཉིས་ཀྱི་ཁྱད་པར་འབྱེད་པ་ལགས། འདི་ལ་བརྗོད་པར་བྱ་བ་ཤིན་ཏུ་མང་ཡང་ཡིག་གེ་མང་ཀྱིས་དོགས་པས་མ་བྲིས་སོ། །ཀུན་མཁྱེན་ཡེ་ཤེས་སེམས་དང་སེམས་བྱུང་གང་ཡིན་ཞེས་པ་ནི། སེམས་ཅན་གྱི་དུས་ཀྱི་མ་དག་པའི་སེམས་དང་སེམས་བྱུང་རྣམས་གནས་གྱུར་པ་ནི་ཀུན་མཁྱེན་ཡེ་ཤེས་ཡིན་པས་མ་དག་པའི་སེམས་གནས་གྱུར་པའི་ཀུན་མཁྱེན་ཡེ་ཤེས་རྣམ་པར་དག་པའི་སེམས་ཡིན་ལ། མ་དག་པའི་སེམས་བྱུང་གནས་གྱུར་པའི་ཀུན་མཁྱེན་ཡེ་ཤེས་རྣམ་པར་དག་པའི་སེམས་བྱུང་ཡིན་ནོ། །དེ་ཡང་མེ་ལོང་ལྟ་བུ་མཉམ་པ་ཉིད། སོར་རྟོག བྱ་གྲུབ་ཡེ་ཤེས་རྣམས་དག་པའི་སེམས་ཡིན་ཅིང་། ཏིང་ངེ་འཛིན་གྱི་ཕུང་པོ། ཤེས་རབ་ཀྱི་ཕུང་པོ། རྣམ་པར་གྲོལ་བའི་ཕུང་པོ་ལ་སོགས་པ་རྣམས་དག་པའི་སེམས་བྱུང་ཡིན་ནོ། །ཆོས་ཀྱི་རྗེ་ཀུན་མཁྱེན་པ་དང་། བུ་སྟོན་རིན་པོ་ཆེ་དང་། ས་སྐྱ་པཎ་ཆེན་རྣམས་ཀྱི་བཞེད་ཚུལ་གང་ཡིན་ཞེས་པ་ལ་ཆོས་རྗེ་ཀུན་མཁྱེན་ཆེན་པོ་ནི། བཀའ་དང་པོ་འདུས་བྱས་ཀྱི་ཆོས་རྣམས་མི་རྟག་སྡུག་བསྔལ་སོགས་སུ་བསྟན་ནས། གདུལ་བྱ་རྣམས་འཁོར་བ་ལས་ཡིད་ཕྱུང་སྟེ། སྐྱོ་བ་བསྐྱེད་ནས་མྱ་ངན་ལས་འདས་པ་ལ་འདུན་པར་མཛད་ནས། འཁོར་བ་ལ་མངོན་པར་དགའ་བའི་དྲི་མ་རགས་པ་བསལ་ལ་དེའི་འོག་ཏུ་བཀའ་བར་པས། འདུས་བྱས་རྟེན་འབྲེལ་གྱི་ཆོས་རྣམས་རང་རང་གི་ངོ་བོས་སྟོང་བར་བསྟན་ནས། མི་རྟག་སོགས་སུ་བདེན་ནམ་སྙམ་པའི་དངོས་པོར་མངོན་པར་ཞེན་པའི་དྲི་མ་འབྲིང་པོ་བསལ། དེའི་འོག་ཏུ་བཀའ་ཐ་མར་དོན་དམ་བདེ་བར་གཤེགས་པའི་སྙིང་པོ་རྟག་བརྟན་གཡུང་དྲུང་མི་འགྱུར་བའི་ཆོས་ཅན་དུ་བསྟན་ནས། ཅང་མེད་དུ་འཛིན་པའི་དྲི་མ་ཕྲ་ཞིང་ཕྲ་བ་བསལ་ལོ། །

དེ་ལྟར་ན་བཀའ་དང་པོ་ནི། དྲང་བའི་དོན་ཁོ་ན་དང་། བར་པ་ཡང་དྲང་བའི་དོན་གཙོ་ཆེ་ཞིང་། ཐ་མ་ངེས་དོན་འབའ་ཞིག་ཡིན། ཡང་བཀའ་དང་པོ་འཁྲིད་ཀྱི་སྔོན་འགྲོ་ལྟ་བུ། བར་པ་དངོས་གཞི་ལྟ་བུ། ཐ་མ་ངོ་སྤྲོད་ལྟ་བུར་ཡང་བཞེད་པར་གདའ། དེ་བས་ན་བཀའ་ཐ་མའི་མདོ་སྡེ་དག་ནས། སེམས་ཅན་གྱི་རྒྱུད་ལ་དེ་བཞིན་གཤེགས་པའི་སྙིང་པོ་རྟག་བརྟན་འདུས་མ་བྱས་པའི་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ་གསལ་ཞིང་། ཡོན་ཏན་དང་ལྡན་པ་ཡོད་པར་གསུངས་པ་དེ་ངེས་དོན་ཡིན་ཞིང་དེ་ཉིད་གཞིའི་དུས་སུ་དྲི་བཅས་སུ་བཞུགས་ཀྱང་། རྣལ་འབྱོར་པས་ལམ་བསྒོམས་ནས་དྲི་མ་སྦྱངས་པས། འབྲས་བུའི་དུས་སུ་དྲི་མ་བྲལ་འབྲས་བུ་ཆོས་སྐུ་མངོན་དུ་འགྱུར་བ་ཡིན་ནོ། །

དེ་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པར། དེ་བཞིན་ཉིད་ཡང་དག་པའི་མཐའ་དང་། ངོ་བོ་ཉིད་ཀྱི་སྐུ་དང་། ཆོས་ཀྱི་སྐུ་ལ་སོགས་པའི་མིང་གིས་བསྟན་ཏེ། དོན་ཅིག་ཅེས་གསུངས་པར་གདའ། བུ་སྟོན་རིན་པོ་ཆེ་ནི། བཀའ་དང་པོ་ཉན་ཐོས་ཀྱི་ཐེག་པ་པ་ཁོ་ན་ལ་གསུངས་པས་དྲང་དོན་ཁོ་ན་ཡིན། བར་པ་འཁོར་བྱང་ཆུབ་སེམས་པ་ཁོ་ན་ལ་གསུངས་པས་ངེས་དོན་ཁོ་ན་ཡིན། ཐ་མ་ཐེག་པ་སྣ་ཚོགས་པ་ལ་ཞུགས་པའི་འཁོར་ལ་གསུངས་པས་དྲང་དོན་དང་ངེས་དོན་ཅི་རིགས་པ་ཡོད། ཁྱད་པར་བདེ་བར་གཤེགས་པའི་སྙིང་པོ་སེམས་ཅན་ལ་ཡོད་པར་སྟོན་པའི་མདོ་དྲང་དོན་གྱི་མདོ་ཡིན། དགོངས་གཞི་ཀུན་གཞིའི་རྣམ་ཤེས་དེ་ལ་ཡོད་པའི་ཟག་མེད་ཀྱི་ས་བོན་ལ་དགོངས། དཔེར་ན་མར་གྱི་རྒྱུ་ཞོའམ་འོ་མ་ཡོད་པ་ལ་མར་ཡོད་ཅེས་སྨྲས་ན་རྫུན་དུ་མི་འགྱུར་བ་བཞིན། དེས་ན་བདེ་བར་གཤེགས་པའི་སྙིང་པོ་སངས་རྒྱས་ཁོ་ན་ལ་ཡོད་ཀྱི། སེམས་ཅན་ལ་གཏན་མེད་ཅེས་གསུང་བར་གདའ། ཆོས་རྗེ་ས་སྐྱ་པཎ་ཆེན་ཡང་། དེ་ལྟ་བུའི་བདེ་བར་གཤེགས་པའི་སྙིང་པོ་གསུངས་པ་དྲང་དོན་ཡིན། དགོངས་གཞི་སེམས་ཀྱི་ཆོས་ཉིད་སྤྲོས་བྲལ་ལ་དགོངས། དགོས་པ། སེམས་ཞུམ་སེམས་ཅན་དམན་དང་བརྙས་པ་དང་། ཅེས་སོགས་རྒྱུད་བླ་ནས་གསུངས་པའི་ཉེས་པ་ལྔ་སྤོངས་པའི་དོན་དུ་ཡིན། དེ་དངོས་ལ་གནོད་བྱེད་དེ་འདྲ་བའི་བདེ་གཤེགས་སྙིང་པོ་ཡོད་ན་བཅིངས་གྲོལ་གྱི་གཞིར་གྱུར་པའི་བདག་ཁས་ལེན་པའི་མུ་སྟེགས་པ་རྣམས་དང་ཁྱད་པར་མེད་པར་འགྱུར་ཞེས་གསུང་བར་གདའ། དེ་དག་ནི་རགས་པ་ཙམ་སྨོས་པ་ལགས། ཞིབ་པར་སྨྲས་ན་མཐའ་ཡས་སོ། དྲི་བ་སྔ་མའི་སྡེ་ཚན་ནོ། །དྲི་བ་ཕྱི་མའི་སྡེ་ཚན་ལ། ཇོ་བོ་རྗེ་ཆེན་པོ་ལ་སོགས་པས་བྱམས་སྙིང་རྗེ་ལ་བསྔགས་པ་མཛད་པ་ཅི་ཞེས་པ། སྙིང་རྗེ་ཆེན་པོ་ནི། རྣམ་མཁྱེན་གྱི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་ཏེ། ཐོག་མར་གཞན་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་སེམས་སྐྱེད་པ་སྨོན་ལམ་འདེབས་པ་ལ་སོགས་ཀྱང་སྙིང་རྗེ་ཆེན་པོའི་མཐུ་ཡིན་ཅིང་། བར་དུ་དཀའ་བ་དཔག་ཏུ་མེད་པས་གཞན་དོན་དུ་ཚོགས་གཉིས་གསོག་པ་ཡང་དེའི་མཐུ་ཡིན་ལ། ཐ་མར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་སྐོར་བ་ཡང་དེའི་མཐུ་ཡིན་པའི་ཕྱིར་རོ། །དེས་ན་སྙིང་རྗེ་ཆེན་པོ་ནི་ཐེག་པ་ཆེན་པོའི་མཐུ་ཐབས་ལམ་ཐུན་མོང་མིན་པ་ཡིན་པས། ཐེག་ཆེན་གྱི་མདོ་བསྟན་ཀུན་ཏུ་རྣམ་པ་དུ་མའི་སྒོ་ནས་བསྔགས་པ་མཛད་ལ། སྟོང་ཉིད་རྟོགས་ཀྱང་ཐབས་སྙིང་རྗེ་དང་བྲལ་ན་ཉན་རང་གི་སར་ལྷུང་བས་དེ་ཙམ་དུ་མི་བསྔགས་པ་ལགས་སོ། །ཉན་ཐོས་ཀྱི་རྩ་བའི་སྡེ་བཞི་དང་། དེ་ལས་གྱེས་པ་བཅོ་བརྒྱད་ཀྱི་ཁྱད་པར་གང་ཞེས་པ། མཁྱེན་རབ་ཀྱི་དབང་ཕྱུག་ས་སྐྱ་པཎྜི་ཏས། རྩ་བའི་སྡེ་བཞི་ལ་འདུལ་བའི་སྡེ་མི་འདྲ་བ་བཞི། སྐད་རིགས་མི་འདྲ་བ་བཞིའི་སྒོ་ནས་ཐུབ་པས་གསུངས་ཤིང་། དེ་ལས་གྱེས་པ་བཅོ་བརྒྱད་པོ་ལ་ཡང་ནང་སེལ་མི་འདྲ་བའི་འདུལ་བ་བཅོ་བརྒྱད་ཡོད། དེའི་ཕྱིར་དང་པོ་སྡོམ་པ་ལེན་པའི་ཚུལ། བར་དུ་བསྲུང་བའི་ཚུལ། ཕྱིར་བཅོས་པའི་ཚུལ། མཐར་གཏོང་བའི་ཚུལ་ལ་སོགས་པ་སྡེ་པ་ཀུན་ལ་མི་འདྲ་བ་རེ་ཡོད་གསུང་ཡང་། རང་རེས་སྡེ་པ་གཞན་གྱི་ལག་ལེན་དང་འདུལ་བ་ལ་སོགས་མ་མཐོང་བས་ཁྱད་པར་ཞིབ་མོ་བརྗོད་པར་དཀའ་བར་གདའ། འོན་ཀྱང་འདི་ལ་བརྟག་པ་འདི་ཙམ་ཞིག་ཡོད་ཏེ་རྒྱལ་པོ་དྷརྨ་ཨ་ཤོ་ཀ་དྷས་ཡོན་བདག་མཛད་ནས། བཀའ་བསྡུ་བ་གསུམ་པ་བྱུང་བའི་དུས་སུ། སྡེ་པ་རྣམས་ནང་མ་མཐུན་པས་ཕན་ཚུན་བསྟན་པ་ཡིན་མིན་རྩོད་པ་ཆེན་པོ་བྱུང་བ་ལ། དགེ་འདུན་ཐུགས་མ་བདེ་བའི་ཚེ། རྒྱལ་པོ་ཀྲི་ཀྲིའི་རྨི་ལྟས་ལུང་བསྟན་པའི་མདོ་རྙེད་ནས། ཀུན་ཀྱང་སངས་རྒྱས་ཀྱི་བསྟན་པར་བསྡུས་ཏེ། རྩོད་པ་མེད་པ་བྱས་སོ་ཞེས་གྲགས་ལ། གལ་ཏེ་སངས་རྒྱས་ཀྱིས་རྩ་བའི་སྡེ་བཞི་ལ་འདུལ་བའི་སྡེ་སྣོད་བཞི་གསུང་ན། བཅོམ་ལྡན་འདས་བཞུགས་པའི་དུས་ཉིད་ནས་རྩ་བའི་སྡེ་བཞི་དང་དེ་ལས་གྱེས་པ་རྣམས་ཡོང་བར་འགྱུར་བས། ཕྱིས་སྡེ་པ་རྣམས་བསྟན་པ་ཡིན་མིན་གྱི་རྩོད་པ་འབྱུང་བ་མི་རིགས་སོ་སྙམ། གལ་ཏེ་བཅོམ་ལྡན་འདས་བཞུགས་པའི་དུས་ཉིད་ནས་ཐེག་པ་ཆེན་པོ་ཡོད་ཀྱང་། ཕྱིས་ཐེག་ཆེན་བཀའ་མ་ཡིན་ནོ་ཞེས་རྩོད་པ་དང་འདྲའོ། །མི་འདྲ་སྟེ། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ཡུན་རིང་པོའི་བར་དུ་ཐེག་ཆེན་གྱི་བསྟན་པ་ཉམས་པར་གྱུར་ཞིང་། ཕྱིས་འཕགས་པ་ཀླུ་སྒྲུབ་བྱོན་ནས་ཐེག་ཆེན་གྱི་ཚུལ་རྒྱས་པར་མཛད་པ་ཐུབ་པས་ལུང་བསྟན་པས། ཕྱིས་འཕགས་པ་ཀླུ་སྒྲུབ་གྱིས་དབུ་མ་རིགས་ཚོགས་སོགས་ལྟ་བའི་ཆ་གསལ་བར་བྱེད་པ་དང་། མདོ་སྡེ་ཀུན་ལས་བཏུས་པ་སོགས་སྤྱོད་པའི་ཆ་གསལ་བྱེད་ཀྱི་བསྟན་བཅོས་རྣམས་མཛད་དེ། ཐེག་པ་ཆེན་པོའི་བསྟན་པ་རྒྱས་པར་མཛད་པ་ན། དེའི་དུས་ཀྱི་ཉན་ཐོས་ཁ་གཅིག་སྔར་ཡུན་རིང་པོའི་བར་དུ་ཐེག་པ་ཆེན་པོའི་སྒྲ་མ་ཐོས་པ་རྒྱུན་མཚན་དུ་བྱས་ནས། ཐེག་ཆེན་སངས་རྒྱས་ཀྱི་བཀའ་མིན་གྱི། ཀླུ་སྒྲུབ་ཀྱིས་རང་བཟོར་བྱས་སོ་ཞེས་སྐུར་པ་འདེབས་པ་བྱུང་བ་ཡིན་ནོ། །

དེས་ན་ཁོ་བོ་ནི་འདི་ལྟར་སེམས་ཏེ། བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་ལུང་སྡེ་བཞིར་གྲགས་པ་འབུམ་སྡེ་གཅིག་པོ་འདི་ཉིད་གསུང་པ་ལ། སྡོམ་པ་ལེན་ཚུལ་སོགས་དགོངས་པ་མི་འདྲ་བ་འགྲེལ་མཁན་བཞི་བྱུང་བས་དེའི་རྗེས་འཇུག་གི་ལག་ལེན་བཞིར་བྱུང་བ་དང་སྡེ་པ་བཞིར་གྱེས་ལ། དེ་རྣམས་ལ་ཡང་གནས་དང་སློབ་དཔོན་དང་ཆ་བྱད་མི་འདྲ་བ་ལ་སོགས་པའི་བྱེ་བྲག་གིས་ནང་མཚན་གྱི་དབྱེ་བ་བཅོ་བརྒྱད་དུ་འགྱུར་ལ། དེ་དག་ཀུན་ཀྱང་བཅོམ་ལྡན་འདས་ཀྱིས་འདུལ་བའི་སྡེ་སྣོད་གཅིག་གི་རྗེས་སུ་འབྲང་བས་ཐུབ་པའི་བསྟན་པ་ལས་ཕྱི་རོལ་ཏུ་གྱུར་པ་མ་ཡིན་ནོ། །སྙམ་དུ་སེམས་སོ། །དེ་ལྟར་བྱས་ན་རྒྱལ་པོ་ཀྲི་ཀྲིའི་རྨི་ལམ་དུ་རས་ཡུག་ཆེན་པོ་ཅིག་མི་བཅོ་བརྒྱད་ཀྱིས་ཕྱོགས་ཕྱོགས་སུ་འཐེན་ཀྱང་རས་ཡུག་དེ་ཉིད་ཉམས་པ་མེད་པ་རྨིས་པ་ལ། སྡེ་པ་འོད་སྲུང་གིས་ཐུབ་པའི་བསྟན་པ་ལ་སྡེ་བ་བཅོ་བརྒྱད་དུ་གྱེས་ཤིང་རྣམ་གྲོལ་གྱི་རས་ཡུག་ཉམས་པར་མི་འགྱུར་བའི་མཚན་མའོ། །ཞེས་ལུང་བསྟན་པ་དང་ལེགས་པར་འགྲིག་པར་འགྱུར་རོ། །སྙམ་དུ་སེམས་སོ། །སྡེ་པ་འདི་རྣམས་ཀྱི་རྩ་བའི་དབྱེ་བ་དང་དེ་ལས་གྱེས་པ་རྣམས་ནི་གསལ་པོར་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བ་དང་། སྡེ་པ་ཐ་དད་བཀླག་པའི་འཁོར་ལོར་བསྟན་པས་དེར་བལྟ་བར་བྱ་བའི། འདིར་ཡིག་གེ་མངས་ཀྱིས་དོགས་པས་མ་བྲིས་སོ། །མདོ་སྡེ་པ་ལ་དབྱེ་བ་དུ་ཡོད་ཅེས་པ་ནི། དེ་ལ་དབྱེ་བ་བྱས་པའི་གཞུང་གསལ་པོ་མ་མཐོང་ཞིང་། བོད་ཁ་ཅིག་སེམས་ཙམ་རྣམ་བདེན་པ་ལྟར་རྣམ་པར་ཤེས་པ་གྲངས་མཉམ་དུ་སྨྲ་བ་དང་། སྣ་ཚོགས་གཉིས་མེད་དུ་སྨྲ་བ་གཉིས་ཡོད་ཟེར་རོ། །

བྱེ་བྲག་སྨྲ་བ་དང་མདོ་སྡེ་པའི་ཁྱད་པར་གང་ཞེས་པ་ནི། གཞིའི་གནས་སྐབས་ན་ཤེས་བྱ་གཞི་ལྔའི་ནང་ནས་གཟུགས་སེམས་སེམས་བྱུང་གསུམ་ཀ་རྫས་སུ་གྲུབ་པ་འདོད་ལ། ལྡན་མིན་འདུ་བྱེད་དང་འདུས་བྱས་རྣམས་བྱེ་བྲག་ཏུ་སྨྲ་བས་རྫས་ཡོད་དུ་འདོད་ཅིང་མདོ་སྡེ་པས་བཏགས་ཡོད་དུ་འདོད། སེམས་སེམས་བྱུང་ཡང་བྱེ་བྲག་སྨྲ་བས་ཡུལ་གྱི་རྣམ་པ་མེད་ཅིང་རང་རིག་མེད་པར་འདོད་ལ། མདོ་སྡེ་པས་དེ་ལས་ཟློག་པར་འདོད། གཟུགས་ལ་ཡང་བྱེ་བྲག་སྨྲ་བས།བསྟན་མེད་ཐོགས་མེད་ཀྱིས་གཟུགས་ཡོད་པར་འདོད་ལ། མདོ་སྡེ་པས། ཀུན་ཐོགས་བཅས་སུ་འདོད་དོ། །ལམ་གྱི་སྐབས་སུ་རིགས་ཅན་གསུམ་གྱི་གང་ཟག་ཀུན་གྱིས་གང་ཟག་གི་བདག་མེད་ཙམ་སྒོམས་པས་གྲོལ་བར་སྨྲ་བས་མི་མཐུན་པ་ཆེར་མེད་ལ། འབྲས་བུའི་ཐད་དུ་བྱེ་བྲག་སྨྲ་བས། ཕུང་པོ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཀུན་བྲལ་འབྲས་རྫས་གྲུབ་ཏུ་འདོད་ཅིང་། མདོ་སྡེ་པས། གཉེན་པོ་སྤང་བྱ་བཀག་པའི་མེད་དགག་ཅང་མེད་སོར་འདོད་དོ། །བྱེ་བྲག་ཏུ་སྨྲ་བས་དགྲ་བཅོམ་པའི་འབྲས་བུ་ལས་ཉམས་ནས་ཕྱིར་འོང་སོགས་སུ་འགྱུར་བར་འདོད་ལ། མདོ་སྡེ་པས་མཐོང་ཆོས་ལ་བདེ་བར་གནས་ཀྱི་བསམ་གཏན་ཙམ་ལས་ཉམས་པར་འདོད་པས་ཉམས་པའི་ཆོས་ཅན་ཞེས་བྱ་བའི་འབྲས་བུ་ལས་ཉམས་པར་མི་འདོད་དོ། །

སེམས་ཙམ་པ་ལ་རྣམ་བདེན་རྫུན་གཉིས་ལས་དབྱེ་བ་ཡོད་དམ་མེད་ཅེས་པ་ནི། དེ་གཉིས་མ་གཏོགས་པ་མེད་ཅིང་། རྣམ་བདེན་པ་ལས་སྣ་ཚོགས་གཉིས་མེད་དུ་སྨྲ་བ་དང་། གཟུང་འཛིན་གྲངས་མཉམ་དུ་སྨྲ་བ་གཉིས་ཡིན་ལ། དང་པོ་ནི་ཤེས་པ་གཅིག་ལ་སྔོ་སེར་དཀར་དམར་སྣ་ཚོགས་སུ་སྣང་བ་དེ་ཉིད་ཤེས་པ་གཅིག་གི་ངོ་བོར་འདོད་ལ། སྣང་མཁན་གྱི་ཤེས་པ་ལས་རྫས་ཐ་དད་དུ་འགྱུར་བའི་ཤེས་པའི་ངོ་བོར་བདེན་པར་འདོད་པ་སྒོ་ལྔ་ཀས་ཚོལ་བ་ཞེས་བྱ་བའི་རྣམ་བདེན་པ་ཡང་ཡོད་ཅེས་ཟེར་རོ། །རྣམ་རྫུན་པ་ལ་ཤེས་པ་ལ་གཟང་བྱ་སྒྲོ་བཏགས་སྣང་བར་འདོད་པ་དྲི་བཅས་པ་དང་། དེ་སྣང་བར་མི་འདོད་པ་དྲི་མ་མེད་པ་གཉིས་སོ། །རྣམ་བདེན་བརྫུན་གཉིས་ཀྱི་ཁྱད་པར་གང་ཞེས་པ་ནི། རྣམ་བདེན་པ་ནི་ཤེས་པ་ལ་སྣང་བའི་གཟུང་བ་བག་ཆགས་ཀྱི་དབང་གིས་ཕྱི་རོལ་ལྟར་སྣང་ཡང་། ཡིན་ལུགས་ལ་ཤེས་པ་རང་གི་ངོ་བོ་ཡིན་གྱི། ཕྱི་རོལ་ཏུ་མ་གྲུབ་པར་འདོད་པས། རྣམ་རྫུན་པ་ནི་གཟུང་བ་བག་ཆགས་ཀྱི་དབང་གིས་ཕྱི་རོལ་ལྟར་སྣང་བ་མ་གཏོགས་པ་ཡིན་ལུགས་ལ་ཕྱི་རོལ་གྱི་དོན་དུ་ཡང་མ་གྲུབ། ནང་ཤེས་པར་ཡང་མ་གྲུབ་པའི་སྒྲོ་བཏགས་ཅང་མེད་སོ་ཞིག་ཏུ་འདོད་དོ། །དེ་གཉིས་ཀ་ཡང་ཕྱི་རོལ་གྱི་དོན་བདེན་པ་མེད་ཅིང་ནང་ཤེས་པ་བདེན་པར་འདོད་པ་ལ་ནི་ཁྱད་པར་མེད་དོ། །མདོ་སྡེ་པ་དང་སེམས་ཙམ་པའི་ཁྱད་པར་གང་ཞེས་པ་ནི། གཞིའི་གནས་སྐབས་སུ་མདོ་སྡེ་པས་གཟུང་བ་ཕྱི་དོན་བདེན་པར་གྲུབ་པས་དེ་འཛིན་གྱི་སེམས་སེམས་བྱུང་ཀུན་ཀྱང་མ་འཁྲུལ་བར་འདོད་ལ། རྣམ་རིག་པས་གཟུང་བ་བདེན་པ་མི་འདོད་ཅིང་། དེ་འཛིན་གྱི་སེམས་སེམས་བྱུང་ཀུན་ཀྱང་དེ་བཞིན་ཉིད་རྟོགས་པ་མ་གཏོགས་པ་ཀུན་འཁྲུལ་པར་འདོད་དོ། །

གཉིས་ཀས་ཀྱང་སེམས་སེམས་བྱུང་རྫས་གྲུབ་ཏུ་འདོད་པ་ནི་འདྲ་ལ། ལམ་གྱི་སྐབས་སུ་མདོ་སྡེ་པས་གཉེན་པོ་གང་ཟག་གི་བདག་མེད་རྟོགས་པ་ཙམ་དང་། སྤང་བྱ་ཉོན་སྒྲིབ་དང་སྙོམས་འཇུག་གི་སྒྲིབ་པ་ཙམ་ལས་རིགས་ཅན་གསུམ་ཀ་ལ་མི་འདོད་ལ། སེམས་ཙམ་པས་ཉན་ཐོས་ཀྱི་རིགས་ཅན་ལ་གཉེན་པོ་དེ་ཙམ་དུ་ཟད་ལ། རང་རྒྱལ་གྱི་རིགས་ཅན་ལ་དེའི་སྟེང་དུ་གཉེན་པོ་བཟུང་བ་བདེན་མེད་དུ་རྟོགས་པའི་ཆོས་ཀྱི་བདག་མེད་དང་། སྤང་བྱ་ཤེས་སྒྲིབ་གཟུང་རྟོག་གི་ཆ་སྤང་དགོས་ལ། ཐེག་ཆེན་གྱི་རིགས་ཅན་ལ་གཉེན་པོ་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་ཀ་རྟོགས་པ་དང་། སྤང་བྱ་ཉོན་སྒྲིབ་གཉིས་ཀ་སྤང་དགོས་པར་འདོད་དོ། །འབྲས་བུའི་ཐད་དུ་མདོ་སྡེ་པས་ཐེག་པ་གསུམ་གྱི་མྱང་འདས་ཀུན་སྔར་བཤད་པ་ལྟར་མེད་དགག་ཏུ་འདོད་ལ། སེམས་ཅན་ཙམ་པས་མྱང་འདས་ཀུན་སྤང་བྱ་ཅི་རིགས་པ་དང་བྲལ་བའི་དེ་བཞིན་ཉིད་དུ་འདོད་དོ། །ཁྱད་པར་དུ་མདོ་སྡེ་པས་གཟུགས་སྐུ་ཆོས་སྐུ་གཉིས་ལས་མི་འདོད་ཀྱང་སེམས་ཙམ་པས་སྐུ་གསུམ་དུ་འདོད་པ་སོགས་མི་འདྲ་བས་ཁྱད་པར་མཐའ་ཡས་སོ། །

དབུ་མ་པ་ལ་ཐལ་རང་གཉིས་ལས་མ་གཏོགས་པ་ཡོད་དམ་མེད་ཅེས་པ་ནི། ཨཱརྻ་དེ་བ་ཡན་ཆད་ལ་ཐལ་རང་གི་དབྱེ་བ་མེད་ལ། དུས་ཕྱིས་འཕགས་པ་ཀླུ་སྒྲུབ་གྱི་དངོས་སློབ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་བའི་འགྲེལ་པ་མཛད་ནས། སློབ་དཔོན་གྱི་དགོངས་པ་ཐལ་འགྱུར་དུ་བཀྲལ་ལོ། །དེའི་རྗེས་སུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་རྩ་བའི་འགྲེལ་པ་མཛད་ནས། སངས་རྒྱས་བསྐྱངས་ལ་དགག་པ་བརྗོད་ཅིང་། སློབ་དཔོན་གྱི་དགོངས་པ་རང་རྒྱུད་དུ་བཀྲལ་བས། དེ་ཕྱིན་ཆད་ཐལ་རང་གཉིས་སུ་གྱེས་ལ། དེ་ཕྱིན་ཆད་དབུ་མ་ལ་ཐལ་རང་གཉིས་ལས་མེད་དོ། །ཐལ་འགྱུར་བ་ཀུན་གྲུབ་མཐའ་མཐུན་པས་དབྱེ་བ་མེད་ལ། རང་རྒྱུད་པ་རྣམས་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དང་རྣལ་འབྱོར་སྤྱོད་པའི་དབུ་མ་པ་གཉིས་ཡོད། དེ་ལྟར་འབྱེད་པའི་རྒྱུ་མཚན་ཡང་ལེགས་ལྡན་འབྱེད་ཀྱིས་ཀླུ་སྒྲུབ་ཀྱི་གཞུང་ལ་གཞན་ངོར་ཕྱི་རོལ་གྱི་དོན་ཐ་སྙད་ཙམ་དུ་ཁས་ལེན་པ་རགས་པ་ཕྱིའི་དབུ་མ་པ་དང་། ཐ་སྙད་དུ་ཤེས་པ་ཙམ་ལས་མ་གཏོགས་པའི་ཕྱིའི་དོན་མེད་པར་ཁས་ལེན་པ་ཕྲ་བ་ནང་གི་དབུ་མ་དང་གཉིས་སུ་ཡོད་ཅེས་གསུངས་སོ། །

དེ་ལ་མདོ་སྡེ་སྤྱོད་པའི་དབུ་མ་པ་དག་རགས་པ་ཕྱིའི་དབུ་མ་པའི་རྗེས་སུ་འབྲངས་ནས་ཐ་སྙད་ཙམ་དུ་ཕྱིའི་དོན་ཁས་ལེན་ཅིང་། དེའི་རྣམ་གཞག་ཀྱང་མདོ་སྡེ་པ་དང་རྗེས་སུ་མཐུན་པར་བྱེད། རྣལ་འབྱོར་སྤྱོད་པའི་དབུ་མ་པ་དག་ཕྲ་བ་ནང་གི་དབུ་མ་པའི་རྗེས་སུ་འབྲངས་ནས་ཐ་དད་དུ་ཤེས་པ་ཙམ་ཞིག་ཁས་ལེན་ཅིང་ཕྱི་རོལ་གྱི་དོན་ཁས་མི་ལེན་ལ། དེའི་རྣམ་གཞག་ཀྱང་རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་དང་རྗེས་སུ་མཐུན་པར་བྱེད་དོ། །དབུ་མ་ཐལ་འགྱུར་པ་ནི་དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་སྟེ། དོན་ལ་ཕྱི་རོལ་གྱི་དོན་མེད་པ་ལྟར་ཤེས་པ་ཡང་གྲུབ་པ་མེད་ལ། ཐ་སྙད་དུ་ཕྱི་རོལ་གྱི་དོན་ཡོད་པ་ལྟར་ཤེས་པ་ཡོད་དོ། །དེ་དག་གི་རྣམ་གཞག་ཀྱང་འཇིག་རྟེན་ལ་གྲགས་པ་ལྟར་བྱེད་ཀྱི། མདོ་སྡེ་པ་དང་སེམས་ཙམ་པ་སོགས་གྲུབ་མཐའ་སྨྲ་བ་དག་གི་རྗེས་སུ་མི་འབྲང་སྟེ། དེ་དག་ནི་ཀུན་རྫོབ་ཀྱི་རིགས་པ་ལ་རིགས་པས་དཔྱད་ནས་དོན་དང་ཤེས་པ་ཁས་ལེན་པ་ཡིན་ལ། དེ་དག་གི་ཇི་ལྟར་འདོད་པ་ལྟར་གྱི་དོན་དང་ཤེས་པ་ནི་ཐ་སྙད་ཙམ་དུའང་མ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་སོ། །དེའི་ཕྱིར་དེ་ཐལ་འགྱུར་བ་དག་ལ་འཇིག་རྟེན་གྲགས་སྡེ་སྤྱོད་པའི་དབུ་མ་པ་ཞེས་གྲགས་སོ། །

ཐལ་རང་གི་ཁྱད་པར་གང་ཞེས་པ་ནི། སྔར་བཤད་པ་དེ་རྣམས་ཀྱིས་ཀྱང་འགྲུབ་མོད་ཀྱི་འོན་ཀྱང་ཅུང་ཟད་བཤད་ན། འདི་གཉིས་ཀའང་མཐར་ཐུག་གི་དོན་དམ་པའི་བདེན་པ་སྐྱེས་པ་ལ་ནི་མི་མཐུན་པ་ཅུང་ཟད་ཀྱང་མེད་ཅིང་། གནས་སྐབས་ཀུན་རྫོབ་བདེན་པའི་རྣམ་གཞག་ལ་སྔར་བཤད་པ་ལྟར་ཅུང་ཟད་མི་མཐུན་པ་ཡིན་ནོ། །ཁྱད་པར་ཐལ་འགྱུར་བ་དང་རང་རྒྱུད་པ་ཞེས་འཇོག་པའི་རྒྱུ་མཚན། ཐ་སྙད་དུ་ཆོས་ཐམས་ཅད་སྐྱེ་བ་མེད་པ་རང་ལུགས་ཀྱིས་དམ་བཅར་ཁས་བླང་ནས་དེ་སྒྲུབ་བྱེད་ཀྱི་རིགས་པ་རང་ལུགས་ཀྱི་ཚད་མས་གྲུབ་པ་འགོད་པ་རང་རྒྱུད་པ་ཡིན་ལ། སྐྱེ་མེད་དང་སྟོང་ཉིད་ལ་སོགས་པ་ཡང་གཞན་གྱི་ལོག་རྟོག་དགག་པའི་གཞན་དོན་འབའ་ཞིག་ཏུ་ཁས་ལེན་ལ། གཞན་གྱི་མཐར་འཛིན་གྱི་ལོག་རྟོག་རྣམས་ཀྱང་ཕ་རོལ་པའི་ཁས་བླངས་ནང་འགལ་གྱི་ཐལ་འགྱུར་དང་འཇིག་རྟེན་རང་གྲགས་ཀྱི་རིགས་པས་འགོག་པ་ཡིན་གྱི། དབུ་མ་པ་རང་ལུགས་ལ་གྲུབ་པའི་རིགས་པ་ཅུང་ཟད་ཀྱང་མི་བརྗོད་དེ། རང་ལུགས་ལ་ཁས་ལེན་ཅི་ཡང་མེད་པའི་ཕྱིར་ཞེས་པ་ནི་ཐལ་འགྱུར་བ་ཡིན་ནོ། །དེས་ན་ཐལ་འགྱུར་བ་འདི་ལ་རང་ལུགས་ཀྱི་ཁས་ལེན་ཅི་ཡང་མེད་པས་གཞན་གྱིས་སྐྱོན་ཅི་ཡང་གདགས་སུ་མེད་པ་ཡིན་ནོ། །དཔེར་ན་ནམ་མཁའ་ལ་སྐྱོན་ཅི་ཡང་གདགས་སུ་མེད་པ་དང་འདྲའོ། །རང་རྒྱུད་པ་ལ་ཐ་སྙད་དུ་རང་ལུགས་སུ་གྲུབ་པའི་ཁས་ལེན་ཡོད་པས་གཞན་གྱིས་སྐྱོན་གདགས་པར་ནུས་ཏེ། དཔེར་ན་ཡོད་ན་དེའི་ཕྱིར་དུ་རྩོད་པ་འབྱུང་བ་བཞིན་ནོ། །གཞན་ཡང་རང་རྒྱུད་པ་འདི་ལ་དབུ་མ་པའི་ལུགས་གཞིར་བཞག་པ་ལའང་ཁས་བླངས་ནང་འགལ་བའི་སྐྱོན་ཅུང་ཟད་འབྱུང་ངོ་། །དེའི་ཕྱིར་ཐལ་རང་གཉིས་པོ་ལ་ཐལ་འགྱུར་བ་གྲུབ་མཐའ་བཟང་ཞེས་རྒྱ་བོད་ཀྱི་མཁས་པ་རྣམས་ལ་གྲགས་ཀྱང་། འདི་གྲུབ་མཐའ་ཆེས་ཟབ་ཅིང་གཏིང་དཔག་དཀའ་པའི་ཕྱིར་སྐྱེ་བོ་ཀུན་གྱི་བློ་ཡུལ་དུ་ཤོང་བ་ཤིན་ཏུ་དཀའ་འོ། །དེས་ན་རྒྱ་གར་དུ་ཡང་ཐལ་འགྱུར་གྱི་གྲུབ་མཐའ་ཁས་ལེན་པ་ཤིན་ཏུ་ཉུང་ཞིང་། བོད་དུ་ནི་གཏན་ནས་མི་བྱུང་བའི་ཚད་ཙམ་དུ་གདའ། རེ་རེ་ཙམ་བྱུང་བ་དེ་བས་ཀྱང་ཇི་ལྟ་བ་བཞིན་མ་རྟོགས་པར་སྣང་ངོ་། །དབུ་སེམས་གཉིས་གྱི་ཁྱད་པར་གང་ཞེས་པ་ནི། གཞིའི་གནས་སྐབས་སུ་སེམས་ཙམ་པས་སེམས་བྱུང་བདེན་པར་འདོད་ལ་དབུ་མ་པས་བདེན་མེད་དུ་འདོད་དོ། །སེམས་ཙམ་པས་འགྲོ་ཀུན་རིགས་ཅན་གསུམ་དང་མ་ངེས་པའི་རིགས་ཅན་ཏེ་བཞིར་འདོད་ཀྱང་། དབུ་མ་པས་གནས་སྐབས་དེ་ལྟར་ཡིན་ཀྱང་མཐར་ཐུག་ཀུན་སངས་རྒྱས་ཀྱི་རིགས་ཅན་དུ་འདོད་དོ། །ལམ་གྱི་སྐབས་སུ་སེམས་ཙམ་པས་སྔར་བཤད་པ་ལྟར་འདོད་ལ། །དབུ་མ་རང་རྒྱུད་པ་ཁ་ཅིག་རིགས་ཅན་གསུམ་གྱི་སྤང་གཉེན་སེམས་ཙམ་པ་ལྟར་བཞེད་ལ། ཐལ་འགྱུར་བ་རྣམས་ནི་སྤྲོས་བྲལ་ཆོས་ཀྱི་བདག་མེད་མ་སྒོམ་པས་ཐར་པ་ཐོབ་པ་མི་སྲིད་པས་རིགས་ཅན་གསུམ་ཀས་ཆོས་ཀྱི་བདག་མེད་སྒོམ་དགོས་པར་བཞེད་ལ། ཐེག་པ་ཆེ་ཆུང་གི་ཁྱད་པར་ནི། ཐེག་པ་ཆེན་པོར་སེམས་བསྐྱེད་ནས་ཐེག་པ་ཆེན་པོར་འཇུག་པ་སྲིད་ཀྱང་ཕུང་པོ་ལྷག་མེད་ཀྱི་མྱང་འདས་ཐོབ་ནས་གཏན་ནས་ཐེག་ཆེན་དུ་སེམས་བསྐྱེད་པ་མི་སྲིད་པའི་ཕྱིར་རོ། །དབུ་མ་པས་ཉན་རང་ལ་མཐར་ཐུག་གི་མྱང་འདས་ཡོད་པར་འདོད་དེ། ཉན་རང་དགྲ་བཅོམ་ལྷག་མེད་ཀྱི་མྱང་འདས་ཐོབ་པར་འདོད་པ་རྣམས་ཀྱང་དེ་བཞིན་གཤེགས་པའི་འོད་ཟེར་གྱིས་བསྐུལ་ནས་ཟག་མེད་ཀྱི་ཏིང་ངེ་འཛིན་ལས་སད་པར་བྱ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐེག་པ་ཆེན་པོའི་ལམ་ལ་སློབ་པར་བཤད་པའི་ཕྱིར་རོ། །ཉན་རང་གི་ལྷག་མེད་མྱང་འདས་ལ་ཡང་དབུ་སེམས་གཉིས་འདོད་པ་མི་མཐུན་ཏེ། སེམས་ཙམ་པ་དག་ཉན་རང་དགྲ་བཅོམ་པ་ཚེའི་འདུ་བྱེད་དོར་ནས་འདུས་བྱས་ཀྱི་འཇུག་པ་ཉེ་བར་ཞི་བའི་དེ་བཞིན་ཉིད་ཀྱི་ངོ་བོར་འདོད་ལ། དབུ་མ་པ་དག་ཚེ་དོར་བའི་རྗེས་སུ་ཟག་བཅས་རྣམ་སྨིན་གྱི་ཕུང་པོ་མི་ལེན་ཀྱང་དག་པའི་ཞིང་ཁམས་སུ་པདྨོའི་སྦུབས་སུ་ཟག་མེད་ཀྱི་རང་བཞིན་གྱི་ལུས་མངོན་པར་གྲུབ་སྟེ། ཟག་པ་མེད་པའི་ཏིང་ངེ་འཛིན་ལ་བསྐལ་པ་དཔག་ཏུ་མེད་པར་གནས་པ་ལ་ལྷག་མེད་ཀྱི་མྱ་ངན་ལས་འདས་པ་ཞེས་འདོད་དོ། །འདི་དག་ནི་གྲུབ་མཐའ་བཞིའི་རྣམ་གཞག་རགས་པ་ཙམ་སྟེ་ཞིབ་པ་རྣམས་ནི་མཐའ་ཡས་སོ། །བདེན་བཞི་ངོ་བོ་ཉིད་གསུམ་དུ་ཇི་ལྟ་བུ་སྡུད་ཞེས་པ། འགྱུར་མེད་ཡོངས་གྲུབ་ཏུ་འདུས་ཏེ། འགོག་པས་ཡོངས་གྲུབ་དང་། ལམ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་པའི་ཕྱིར་རོ། །སྡུག་ཀུན་གཉིས་ལས་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །སྡུག་ཀུན་གཉིས་ལས་ཤེས་རིག་རྫས་ཡོད་ཀྱི་ཆ་དང་བེམ་པོ་བཏགས་ཡོད་ཀྱི་ཆ་གཉིས་ཡོད་ལ་དང་པོ་གཞན་དབང་ཡིན་ལ་ཕྱི་མ་ཀུན་བཏགས་ཡིན་ནོ། །

བདེན་བཞི་བདེན་གཉིས་སུ་ཇི་ལྟར་བསྡུ་ཞེ་ན། འགོག་པ་དོན་དམ་གྱི་བདེན་པ་ཡིན་ལ་གཞན་གསུམ་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ངོ་བོ་ཉིད་གསུམ་བདེན་གཉིས་སུ་ཇི་ལྟར་བསྡུས་ཞེ་ན། འགྱུར་མེད་ཡོངས་གྲུབ་དོན་དམ་བདེན་པར་བསྡུས་ཤིང་། ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དང་། གཞན་དབང་ཀུན་བཏགས་རྣམས་ཀུན་རྫོབ་བདེན་པར་འདུའོ། །བདེན་བཞིའི་ངོ་བོ་གང་ཞེས་པ། སྐྱེ་བ་སྔ་མའི་ལས་ཉོན་གྱིས་བསྐྱེད་པའི་ཉེར་ལེན་གྱི་ཕུང་པོ་རྣམས་སྡུག་བསྔལ་བདེན་པ་དང་། མ་འོངས་པའི་ཕུང་པོའི་རྒྱུར་༼མ་དཔེ་བརྒྱབ་མདུན་གཉིས་མི་ཚང་།༽གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་གདོད་མ་ནས་སྟོང་བའི་དེ་བཞིན་ཉིད་ནི་གདོད་མ་ནས་གྲུབ་པས་ཡོངས་གྲུབ། གནས་སྐབས་ཀུན་ཏུ་མི་འགྱུར་བས་ན་དེ་བཞིན་ཉིད། ཕྱིན་ཅི་མ་ལོག་པས་ན་ཡང་དག་པའི་མཐའ། ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པས་དོན་དམ། སྤྲོས་པ་ཉེ་བར་ཞི་བས་མཚན་མ་མེད་པ་ཞེས་ཀྱང་བྱའོ། །གཞན་དབང་ནི་འཕགས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་ལ། ཀུན་བཏགས་ནི་བྱིས་པའི་བློ་ཡི་སྤྱོད་ཡུལ་ཡིན་ཞིང་། ཡོངས་གྲུབ་ནི་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོགས་པའི་སྤྱོད་ཡུལ་ཡིན་ནོ། །སྔར་བཤད་པའི་སྟོང་པ་ཉིད་དེ་ཉིད་འགྱུར་མེད་ཡོངས་གྲུབ་ཡིན་ལ། དེ་རྟོགས་པའི་ཡེ་ཤེས་ནི་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ཡིན་ནོ། །དེ་དག་ཀྱང་རགས་པ་ཙམ་སྨོས་པའོ། །དབུ་མ་པའི་ལུགས་ལ་ཕྱིའི་གཟུང་བར་སྣང་བ་དང་། ནང་འཛིན་པར་སྣང་བ་རྣམས་ནི་གཞན་དབང་། དེ་ལ་རྟོག་པས་ཀུན་བཏགས་པ་རྣམས་ནི་ཀུན་བཏགས། སྣང་བ་དེ་ཉིད་རྟོག་པས་ཀུན་བཏགས་པ་ལྟར་དུ་མ་གྲུབ་པ་ནི་ཡོངས་གྲུབ་བོ། །

བདེན་གཉིས་ཀྱི་ངོ་བོ་གང་ཞེས་པ་འདི་ལ་གྲུབ་མཐའ་སྨྲ་བ་བཞིའི་འདོད་ལུགས་བཞི་སྟེ། བྱེ་བྲག་ཏུ་སྨྲ་བ་དག་ནི། འཇོམས་བྱེད་ཐོ་བ་ལ་སོགས་པས་བཅོམ་པ་ན། དེའི་བློ་མི་འཇུག་པ་བུམ་པ་ལ་སོགས་པ་དང་། རྫས་ཀྱི་ཆོས་བློས་སོ་སོར་བསལ་བ་ན་དེའི་བློ་མི་འཇུག་པ་ཆུ་ལ་སོགས་པ་ཀུན་རྫོབ་དང་། བཅོམ་གཞིག་གི་བློ་མི་འདོར་བ་ཤེས་པ་རང་དབང་དུ་བསྐྱེད་པ་གཟུགས་སྒྲ་ལ་སོགས་པ་དོན་དམ་པར་འདོད་དེ། མཛོད་དུ། གང་ལ་བཅོམ་དང་བློ་ཡི་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་བཞིན་ནོ། །ཞེས་བཤད་དོ། །མདོ་སྡེ་པ་རྣམས་ནི། དོན་ལ་འབྲས་བུ་བསྐྱེད་པར་ནུས་པ་དོན་དམ་པ། བློ་ངོར་དོན་བྱེད་པ་ལྟར་ཡོད་པ་ཀུན་རྫོབ་ཀྱི་བདེན་པ་འདོད་དེ། རྣམ་འགྲེལ་བས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །ཞེས་སེམས་ཙམ་པ་དག་ནི། རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཀྱི་དོན་དམ་པ་དང་། རིགས་པས་དཔྱད་ན་དོན་དམ་པ་རྫས་སུ་གྲུབ་པས་གཉིས་སུ་འདོད་དེ། དང་པོ་ནི། འགྱུར་བ་མེད་པའི་ཡོངས་གྲུབ་ཡིན་ཏེ། མངོན་པ་ཀུན་ལས་བཏུས་སུ། རྣམ་པར་དག་པར་འགྱུར་བའི་དམིགས་པ་ནི་དོན་དམ་པའོ། །ཞེས་དང་། ཅིའི་ཕྱིར་དོན་དམ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ་ཞེས་བཤད་དོ། །གཉིས་པ་ནི། སེམས་དང་སེམས་བྱུང་གིས་བསྡུས་པའི་ཤེས་རིག་གི་ཆོས་ཐམས་ཅད་ཡིན་ཏེ། ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་ལས། གཟུང་དང་འཛིན་པ་དང་བྲལ་བའི། །རྣམ་པར་ཤེས་པ་དོན་དམ་འདོད། །ཅེས་གསུངས་སོ། །

ཀུན་རྫོབ་ལ་ཡང་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པའི་ཀུན་རྫོབ་དང་། རིགས་པས་དཔྱད་མི་བཟོད་པའི་ཀུན་རྫོབ་གཉིས་སོ། །དང་པོ་ནི་གཞན་དབང་གི་ངོ་བོ་ཡང་དག་པ་མ་ཡིན་པའི་ཀུན་རྟོག་གིས་བསྡུས་པའི་སེམས་སེམས་བྱུང་རྣམས་ཡིན་ཏེ། ཀུན་ལས་བཏུས་ལས། ཀུན་ནས་ཉོན་མོངས་པར་གྱུར་པའི་དམིགས་པ་ནི་ཀུན་རྫོབ་དུ་ཡོད་པའོ། །ཞེས་བཤད་དོ། །དེས་ན་གཞན་དབང་ནི་རིགས་པས་དཔྱོད་ན་རྫས་སུ་གྲུབ་པའི་ཕྱིར་དོན་དམ་དང་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ཀུན་རྫོབ་ཀྱང་ཡིན་པས་རྣམ་རིག་པའི་གཞུང་གི་ཆ་འགའ་ཞིག་ཏུ་ཀུན་རྫོབ་ཞེས་བཤད་དོ། །

གཉིས་པ་ནི། སྔར་བཤད་པའི་ཀུན་ཏུ་བཏགས་པའི་ངོ་བོ་ཉིད་དེ། སུམ་ཅུ་པར། རྣམ་པར་རྟོག་པ་གང་གང་གིས། །དངོས་པོ་གང་གང་རྣམ་བཏགས་པ། །དེ་ཉིད་ཀུན་ཏུ་བཏགས་པ་ཡི། །ངོ་བོ་ཉིད་ནི་དེ་མེད་དོ། །ཅེས་བཤད་དོ། །དེ་ལ་གཞན་དབང་ནི་དོན་དམ་མཚན་ཉིད་པ་དང་། ཀུན་རྫོབ་རྣམ་གྲངས་པ་ཡིན་ཏེ། རིགས་པས་དཔྱད་ན། བདེན་པར་རྫས་སུ་གྲུབ་པའི་ཕྱིར་དང་། ཐེག་བསྡུས་སུ། རྣམ་གྲངས་པའི་ཀུན་རྫོབ་དུ་བཤད་པའི་ཕྱིར་རོ། །ཀུན་བཏགས་ནི་ཀུན་རྫོབ་མཚན་ཉིད་པ་ཡིན་ཏེ། རྫས་སུ་མེད་ཅིང་ཐ་སྙད་ཙམ་དུ་གྲུབ་པའི་ཕྱིར་ཏེ། དབུས་མཐའི་འགྲེལ་བཤད་དུ། ཅིའི་ཕྱིར་ངོ་བོ་ཉིད་ཅེས་བྱ་ཞེ་ན། རྫས་སུ་མེད་ཅིང་ཐ་སྙད་དུ་ཡོད་པས། དེའི་ཕྱིར་ངོ་བོ་ཉིད་ཅེས་བྱའོ། །ཞེས་བཤད་དོ། །དབུ་མ་པ་རྣམས་ནི་སྣང་གྲགས་ཀྱི་དངོས་པོ་འདི་རྣམས་ཀྱི་ཡིན་ལུགས་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཀྱིས་མི་སླུ་བར་གཟིགས་པ་གང་ཡིན་པ་དེ་ནི་དོན་དམ་པའི་བདེན་པ་དང་། དེ་དག་ལ་བྱིས་པ་རྣམས་ཀྱིས་མངོན་པར་ཞེན་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཀྱི་བདེན་པར་འདོད་དེ། དབུ་མ་འཇུག་པར། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པ་འདོད། །ཅེས་བཤད་དོ། །འཕགས་པ་རྣམས་ཀྱིས་མི་སླུ་བར་གཟིགས་པའི་དོན་དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ནི་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་གཞན་ལ་འདིའོ་ཞེས་ངག་གི་ལམ་གྱིས་བསྟན་དུ་མེད་པ་བསྒོམ་པའི་སྟོབས་སོ་སོ་རང་གིས་རིགས་པར་བྱ་བ་ཞིག་ཡིན་ཏེ། མདོ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །ཞེས་སོགས་དང་། ཀླུ་སྒྲུབ་ཀྱིས། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཅེས་དང་། འཕགས་པ་ལྷས། ཡོད་མིན་མེད་མིན་ཡོད་མེད་མིན། །གཉིས་ཀའི་བདག་ཉིད་མིན་པའང་མིན། །མཐའ་བཞི་ལས་ནི་རྣམ་གྲོལ་བ། །དེ་ཉིད་དབུ་མ་པ་ཡིས་རིག །ཞེས་བཤད་དོ། །སྐྱེ་མེད་འགག་མེད་སྟོང་ཉིད་ལ་སོགས་པ་ཡང་རྣམ་གྲངས་པའི་དོན་དམ་དུ་འདོད་དོ། །

ཀུན་རྫོབ་ལ་ཡང་། ཀུན་རྫོབ་བདེན་པ་དང་། ཀུན་རྫོབ་ཙམ་པ་གཉིས་ཏེ། དང་པོ་ནི་གནོད་པ་མེད་པའི་དབང་པོ་དྲུག་ལས་སྐྱེས་པའི་ཤེས་པའི་སྤྱོད་ཡུལ་ཏེ། དེ་ཁོ་ན་ཉིད་མ་མཐོང་བར་བྱིས་པ་རྣམས་མི་སླུ་བར་བྱེད་པའི་གཟུགས་སྒྲ་ལ་སོགས་པའོ། །གཉིས་པ་ནི། དབང་པོ་གནོད་པ་ཅན་ལས་སྐྱེས་པའི་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའི་སྒྱུ་མ་དང་གཟུགས་བརྙན་ལ་སོགས་པ་ཏེ། ཐ་སྙད་དུ་ཡང་བདེན་པར་མ་གྲུབ་པའོ། །འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་འགའ་ཞིག་འཇིག་རྟེན་གྱིས་རྟོགས་ཏེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཞེས་བཤད་དོ། །དེ་གཉིས་ལ་གོ་རིམ་བཞིན་དུ། ཡང་དག་པའི་ཀུན་རྫོབ་དང་། ལོག་པའི་ཀུན་རྫོབ་ཞེས་བྱའོ། །བདེན་པ་གཉིས་པོ་འདི་དག་ཀྱང་ཐ་སྙད་དུ་སྒྲ་བློ་ཐ་དད་ཀྱི་སྤྱོད་ཡུལ་ཡིན་པས་ཐ་དད་ཡིན་ལ། དོན་དམ་པར་དེ་ཉིད་དང་གཞན་གང་དུ་ཡང་བརྗོད་དུ་མེད་དེ། དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དེ་བཞིན་དོན་མཚན་ཉིད། །གཅིག་དང་ཐ་དད་བྲལ་བའི་མཚན་ཉིད་དེ། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་བཤད་དོ། །བདེན་གཉིས་ཐ་སྙད་དུ་ཡང་ཐ་དད་མེད་པར་འདོད་པ་མི་འཐད་དེ། དེ་གཉིས་ལ་རྣམ་གཞག་སོ་སོར་བྱར་མི་རུང་བའི་ཕྱིར་དང་། བདེན་པ་གཉིས་ཀྱི་ཐ་སྙད་ཀྱང་མི་འཐད་པར་ཐལ་བའི་ཕྱིར་རོ། །ཕྱི་རོལ་པ་ལ་དབྱེ་ན་དུ་ཞེས་པ། བསྡུ་ན་རྟག་པར་སྨྲ་བ་དང་། ཆད་པར་སྨྲ་བ་གཉིས་སུ་འདུས་ལ། རྒྱས་པར་ཕྱེ་ན་ཚད་མེད་ཅིང་། ཅུང་ཟད་ཕྱེ་ན་རྟོག་གེ་སྡེ་ལྔ་སྟེ། གྲངས་ཅན་པ། རིག་བྱེད་པ། ཟད་བྱེད་པ། རྒྱལ་བ་པ། ཚུལ་རོལ་མཛེས་པ་རྣམས་སོ། །དང་པོ་བཞི་རྟག་པར་སྨྲ་བ་ཡིན་ལ། ཕྱི་མ་ནི་ཆད་པར་སྨྲ་བ་ཡིན་ནོ། །དེ་རྣམས་ཀྱི་ནང་གསེས་ཀྱི་ཁྱད་པར་མཐའ་ཡས་ཤིང་། རྟག་པར་སྨྲ་བ་དང་ཆད་པར་སྨྲ་བའི་ཁྱད་པར་ནི། ཀུན་ཀྱང་བདག་འདོད་པར་མཚུངས་ཀྱང་རྟག་པའི་བདག་དེ་ཉིད་སྐྱེ་བ་སྔ་ཕྱི་དུ་མར་བརྒྱུད་དེ་ལས་མྱོང་བར་འདོད་པས་རྟག་པར་སྨྲ་བ་ཡིན་ལ། འབྱུང་བ་ལས་གློ་བུར་དུ་བདག་སྐྱེས་ཤིང་ཇི་སྲིད་འཚོའི་བར་དུ་བདག་རྟག་ལ། ཤི་བའི་ཚེ་རྒྱུན་ཆད་ནས་སྐྱེ་བ་ལེན་པར་འདོད་པས་ཆད་པར་སྨྲ་བ་ཡིན་ནོ། །ཕྱི་ནང་གི་ཁྱད་པར་གང་གིས་འབྱེད་ཅེས་པ། ཕྱི་ནང་གི་ཁྱད་པར་གསུམ་སྟེ་ལྟ་སྤྱོད་གཉིས་ཀས་ཕྱེ་བའི་ཕྱི་ནང་། ལྟ་བ་ཁོ་ནས་ཕྱེ་བའི་ཕྱི་ནང་། ཐབས་ལམ་གྱི་ཕྱེ་བའི་ཕྱི་ནང་ངོ་། །དང་པོ་ལ་ཡང་གང་ཟག་ཕྱི་ནང་དང་གྲུབ་མཐའ་ཕྱི་ནང་གཉིས་ཡིན་ལ། གང་ཟག་ཕྱི་ནང་གི་ཁྱད་པར་ནི། དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བའི་གང་ཟག་ནི་ནང་པ་ཞེས་བྱ་ལ། ཁྱབ་འཇུག་དང་ཚངས་པ་ལ་སོགས་པ་ཕྱི་རོལ་པའི་ལྷ་རྣམས་ལ་སྐྱབས་སུ་འགྲོ་བའི་གང་ཟག་ནི་ཕྱི་པ་ཡིན་ནོ། །དེ་བས་ན་གང་ཟག་ཕྱི་ནང་གི་ཁྱད་པར་ནི་སྐྱབས་ལ་སོགས་པ་སྤྱོད་པས་འབྱེད་ཀྱི། ལྟ་བས་འབྱེད་པ་ནི་མིན་ཏེ། ལྟ་བ་མི་ཤེས་པའི་ཕྱི་ནང་གི་གང་ཟག་དུ་མ་ཡོད་པའི་ཕྱིར་རོ། །གྲུབ་མཐའ་ཕྱི་ནང་གི་ཁྱད་པར་ནི་གཙོ་ཆེར་ལྟ་བས་འབྱེད་དེ། གཞུང་གང་ལས་རྟག་པའམ་ཆད་པའི་མཐའ་གཉིས་གང་རུང་དང་ལྡན་པར་བསྟན་ཅིང་། དེ་ཉིད་ལས་སྐྱོན་དུ་མ་ལྡན་པ་ནི་ཕྱི་པའི་གྲུབ་མཐའ་ཡིན་ཏེ། དེ་པའི་དགོངས་པ་རྟག་ཆད་སྤངས་པ་དབུ་མའི་ལམ་ལས་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །གཞུང་གང་ལས་རྟག་པ་དང་ཆད་པའི་མཐའ་སྤངས་ཤིང་དབུ་མའི་ལམ་སྟོན་པར་འདོད་པ་དེ་ནི་ནང་པའི་གྲུབ་མཐའ་ཡིན་ནོ། །དེའི་ཕྱིར་གྲུབ་མཐའ་སྨྲ་བ་བཞི་པོ་ཀུན་ཡང་རང་རང་གི་གྲུབ་མཐར་རློམ་ཏེ། སངས་རྒྱས་ཀྱིས་རྟག་ཆད་དགག་པ་དབུ་མའི་ལམ་བསྟན་ཅིང་དེའི་རྗེས་སུ་འཇུག་པར་འདོད་པའི་ཕྱིར་རོ། །

དེ་ལ་གྲུབ་མཐའ་སྨྲ་བ་རེ་རེ་ལའང་། རྟག་ཆད་སྤོང་ལུགས་མི་འདྲ་བ་རེ་རེ་ཡོད་དེ། བྱེ་བྲག་སྨྲ་བ་དག་འདུས་བྱས་རྣམས་སྐད་ཅིག་གིས་འཇིག་པས། རྟག་པའི་མཐའ་སྤོང་ལ། རྒྱུན་མ་ཆད་པར་འཇུག་པས་ཆད་པའི་མཐའ་སྤོང་ངོ་། །མདོ་སྡེ་པ་དག་རྒྱུ་རྣམས་ཀྱིས་རང་གི་ངོ་བོ་འགག་པས་རྟག་པའི་མཐའ་ལས་གྲོལ་ལ། རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱིན་པས་ཆད་པའི་མཐའ་ལས་གྲོལ་ཞེས་སྨྲའོ། །སེམས་ཙམ་པ་དག་ཀུན་བཏགས་རང་བཞིན་མེད་པས་རྟག་པའི་མཐའ་སྤང་ལ། གཞན་དབང་བདེན་པར་གྲུབ་པས་ཆད་པའི་མཐའ་སྤོང་ངོ་། །ཞེས་སྨྲའོ། །དབུ་མ་པ་དག་ཀུན་རྫོབ་ཇི་ལྟར་སྣང་བ་ལྟར་ལ་སྐུར་བ་མི་འདེབས་པས་ཆད་པའི་མཐའ་ལས་གྲོལ་ལ། དེ་ཉིད་ཡིན་ལུགས་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བས་རྟག་པའི་མཐའ་ལས་གྲོལ་ཏེ། དེ་ཉིད་གཞི་དབུ་མ་ཡིན་ནོ། །ཤེས་རབ་ཀྱིས་ཆོས་གང་ལ་ཡང་མཚན་མར་མི་འཛིན་པས་རྟག་པའི་མཐའ་ལས་གྲོལ་ལ། སྙིང་རྗེས་གཞན་དོན་དུ་ཚོགས་རྒྱ་ཆེན་པོ་གསོག་པས་ཆད་པའི་མཐའ་ལས་གྲོལ་ཏེ། དེ་ནི་ལམ་དབུ་མ་ཡིན་ནོ། །སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཆོས་སྐུ་བརྙེས་པས་རྟག་པའི་མཐའ་ལས་གྲོལ་ལ། གཟུགས་སྐུ་གཉིས་ཀྱིས་གདུལ་བྱ་མཆོག་དམན་གྱི་དོན་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་མཛད་པས་ཆད་པའི་མཐའ་ལས་གྲོལ་ཏེ། དེ་ཉིད་འབྲས་བུ་དབུ་མ་ཡིན་ནོ། །དེ་ལྟར་ན་དང་པོ་གསུམ་ནི་དབུ་མ་ལྟར་སྣང་བ་ཡིན་ལ། ཕྱི་མ་དབུ་མ་མཚན་ཉིད་པ་ཡིན་ནོ། །ལྟ་བ་ཁོ་ནས་ཕྱེ་བའི་ཕྱི་པ་ནི། ཉན་ཐོས་སྡེ་གཉིས་དང་སེམས་ཙམ་པ་ཡིན་དེ། དེ་དག་ནི་དངོས་པོ་བདེན་པ་ཁས་ལེན་པས་ཡིན་ལུགས་ལ་རྟག་ཆད་ཀྱི་མཐར་ལྷུང་བར་འགྱུར་ཏེ། འཕགས་པ་ཀླུ་སྒྲུབ་ཀྱིས། དངོས་པོར་ཁས་ལེན་ཡོད་ན་ནི། །དེ་ལ་ཆད་སོགས་འཇིགས་པ་འབྱུང་། །ཅེས་དང་། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་པ་མིན་པས་བརྟག །སྔོན་བྱུང་ད་ལྟ་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །ཞེས་གསུངས་སོ། །དེས་ན་དེ་དག་ཀྱང་སངས་རྒྱས་ཀྱི་དགོངས་པ་ཇི་ལྟ་བ་བཞིན་མ་རྟོགས་པའི་ཕྱིར་ལྟ་བས་ཕྱེ་བའི་ཕྱི་པ་ཞེས་བྱའོ། །དབུ་མ་པས་ནི་དེ་བཞིན་གཤེགས་པའི་དགོངས་པ་རྟག་ཆད་སྤངས་པ་དབུ་མ་པའི་ལམ་ཇི་ལྟ་བ་བཞིན་རྟོགས་པའི་ཕྱིར་ལྟ་བས་ཕྱེ་བའི་ནང་པ་ཞེས་ཀྱང་བྱའོ། །ཐབས་ལམ་གྱིས་ཕྱེ་བའི་ཕྱི་པ་ནི། ཕ་རོལ་ཏུ་ཕྱིན་པའི་ཐེག་པ་པ་ཀུན་ཡིན་ལ། །ནང་པ་ནི་རྡོ་རྗེ་ཐེག་པ་པ་རྣམས་སོ། །སྙིང་རྗེ་དང་། ཐུགས་རྗེ་དང་། བརྩེ་བ་རྣམས་ཀྱི་ཁྱད་པར་གང་ཞེས་པ། སྙིང་རྗེ་དང་། ཐུགས་རྗེ་ཆེན་པོ་ལ་ཁྱད་པར་བརྒྱད་མཛོད་ལས་བཤད་དོ། །

དེའི་ལུགས་ཀྱི་ཐུགས་རྗེ་ཆེན་པོ་ནི། སངས་རྒྱས་ཀྱི་ཐུགས་རྒྱུད་ལ་མངའ་བ་ཡིན། སྙིང་རྗེ་ནི་ཉན་རང་སོགས་ཀྱི་རྒྱུད་ལ་ཡོད་པའོ། །ཡང་སྙིང་རྗེ་ནི་སེམས་ཅན་སྡུག་བསྔལ་གྱི་དུཿཁ་ཅན་ལ་དམིགས་པ་ཡིན་ལ། དེ་ཉིད་སྐྱེ་བ་དུ་མར་གོམས་པར་བྱས་པ་ལས་དུཿཁ་གསུམ་ཅི་རིགས་པ་དང་ལྡན་པའི་འགྲོ་བ་མཐའ་དག་ལ་དམིགས་པའི་ཐུགས་རྗེ་ཆེན་པོ་འབྱུང་སྟེ། རྣམ་འགྲེལ་ལས། སྒྲུབ་བྱེད་ཐུགས་རྗེ་གོམས་ལས་ཏེ། །ཅེས་པའི་དགོངས་པའོ། །བརྩེ་བ་ནི། རྣམ་འཚེའི་གཉེན་པོར་གྱུར་པ་གཞན་ལ་སྦྱོར་བ་དངོས་སུ་ཕན་པར་འདོད་པ་སྙིང་རྗེའི་བྱེ་བྲག་ཡིན་ནོ། །སེམས་ཅན་དང་། ཆོས་དང་། དམིགས་པ་མེད་པའི་སྙིང་རྗེའི་ཁྱད་པར་གང་ཞེས་པ་འདི་དག་ནི་དམིགས་པ་དང་། རྟེན་གྱི་གང་ཟག་དང་། རྒྱུ་དང་། བྱེད་ལས་ཀྱི་ཁྱད་པར་བཞིས་ཤེས་པར་བྱ་སྟེ། དམིགས་པའི་ཁྱད་པར་ནི་སྡུག་བསྔལ་སེམས་ཅན་རྫས་ཡོད་དང་། སེམས་ཅན་བཏགས་ཡོད་དང་། སྒྱུ་མ་ལྟ་བུའི་སེམས་ཅན་རྣམས་ནི་གོ་རིམས་བཞིན་དུ་འདི་གསུམ་གྱི་དམིགས་པ་ཡིན་ལ། རྟེན་གྱི་ཁྱད་པར་ནི་སོ་སོ་སྐྱེ་བོ་དང་། ཉན་རང་འཕགས་པ་དང་བྱང་སེམས་འཕགས་པའི་རྒྱུད་ལ་འདི་གསུམ་གོ་རིམས་བཞིན་དུ་འབྱུང་ངོ་། །རྒྱུའི་ཁྱད་པར་ནི་གང་ཟག་གི་བདག་ཏུ་འཛིན་པ་དང་། གང་ཟག་གི་བདག་མེད་ཙམ་རྟོགས་པ་དང་། ཆོས་ཀྱི་བདག་མེད་རྟོགས་པའི་རྒྱུད་ལ་གོ་རིམས་བཞིན་དུ་འབྱུང་ངོ་། །བྱེད་ལས་ཀྱི་ཁྱད་པར་ནི། སེམས་ཅན་ལ་དམིགས་པའི་སྙིང་རྗེས་སྲིད་པ་དང་ཞི་བའི་རྒུད་པ་མཐའ་དག་དང་བྲལ་བའི་བྱ་བ་བྱེད་དོ། །གསུམ་ཀ་ཡང་བརྩེ་ཡུལ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་དུ་མཚུངས་སོ། །སོ་སོར་ཐར་པའི་སྡོམ་པ་དང་། བྱང་སེམས་ཀྱི་བསླབ་པ་དང་། གསང་སྔགས་ཀྱི་དམ་ཚིག་རྣམས་ཀྱི་ངོ་བོ་གང་ཞེས་པ། བྱེ་བྲག་སྨྲ་བ་ནི་སོ་སོར་ཐར་པའི་སྡོམ་པའི་ངོ་བོ་འཆལ་ཚུལ་སྤོང་བའི་རྣམ་པར་རིག་བྱེད་མིན་པའི་གཟུགས་རྫས་གྲུབ་གཅིག་ཏུ་འདོད་ལ། མདོ་སྡེ་པ་ཡན་ཆད་ནི་འཆལ་ཚུལ་སྤོང་བའི་སེམས་ས་བོན་དང་བཅས་པར་འདོད་དོ། །བྱང་སེམས་ཀྱི་ཕ་རོལ་ཏུ་ཕྱིན་པ་དྲུག་ལ། གསང་སྔགས་ཀྱི་དམ་ཚིག་ནི་དབང་བསྐུར་ཐོབ་པའི་གང་ཟག་གིས་རང་གི་རྒྱུད་སྡེ་ནས་བཤད་པའི་གནང་བཀག་རྣམས་རང་གི་བླ་མས་ཇི་ལྟར་བཀའ་རྒྱས་བསྡམས་པ་བཞིན་དུ་བླང་དོར་བྱེད་པར་ཁས་ལེན་དགོས་པའོ། །དགེ་འདུན་གྱི་དབྱེན་དིང་སང་ཨེ་སྲིད། དེའི་ངོ་བོ་གང་ཞེས་པ། དགེ་འདུན་གྱི་དབྱེན་ནི་གཉིས་ཏེ། འཁོར་ལོའི་དབྱེན་དང་། ལས་ཀྱི་དབྱེན་ནོ། དང་པོ་ནི། དུས་དྲུག་ཏུ་མི་འབྱུང་སྟེ། དང་པོ་བཅོམ་ལྡན་འདས་སངས་རྒྱས་མ་ཐག་དང་། མཐར་མྱ་ངན་ལས་འདའ་ཀ་དང་། བསྟན་པ་ལ་ལྟ་བ་དང་། ཚུལ་ཁྲིམས་ལ་སྐྱོན་མ་བྱུང་གི་བར་དང་། མཆོག་ཟུང་ཅིག་མ་བྱོན་པའི་སྔོན་རོལ་དང་། མཚམས་མ་བཅད་པ་དང་། སངས་རྒྱས་མྱ་ངན་ལས་འདས་ཕྱིན་ཆད་མི་འབྱུང་སྟེ། མཛོད་དུ། དང་པོ་མཐའ་སྐྱོན་ཟུང་ཅིག་གི །སྔ་རོལ་ཐུབ་པ་ནོངས་པ་དང་། །མཚམས་མ་བཅད་པ་རྣམས་སུ་ཡང་། །འཁོར་ལོའི་དབྱེན་ནི་མི་འབྱུང་ངོ་། །ཞེས་བཤད་དོ། །དེས་ན་ད་ལྟ་མི་འབྱུང་སྟེ། འགྲན་ཟླར་གྱུར་པའི་སྟོན་པ་མྱ་ངན་ལས་འདས་པའི་ཕྱིར་དང་། འབྱེད་པ་པོ་དགེ་སློང་ལྟ་བ་སྤྱོད་པ་ཚུལ་ཁྲིམས་དང་ལྡན་པ་གཅིག་གིས་སངས་རྒྱས་ལ་འགྲན་འཛུགས་པའི་ཕྱིར་དང་། སངས་རྒྱས་ཀྱི་འཁོར་སོ་སྐྱེའི་དགེ་འདུན་རྣམས་ཕྱོགས་གཉིས་སུ་ཕྱེ་ནས། ཕྱོགས་གཅིག་རང་གི་སློབ་མར་བྱེད་པ་ཡིན་པའི་ཕྱིར་རོ། །བྱེ་བའི་ཚད་ནི་འབྱེད་པ་པ་དགེ་སློང་ལ་སྟོན་པ་དང་། དེས་བསྟན་པའི་ལམ་ལ་ཐར་ལམ་དུ་འཛིན་པ་ན་བྱེ་བ་ཡིན་ནོ། །ཡུན་ནི་ཉིན་ཞག་ཅིག་གི་བར་དུ་མི་གནས་ཏེ། དེའི་གོང་དུ་མཆོག་ཟུང་ཅིག་གིས་འདུམ་པར་བཤད་པའི་ཕྱིར་རོ། །

དབྱེན་གྱི་ངོ་བོ་ནི། དགེ་འདུན་རྣམས་ནི་མི་འཕྲོད་པའི་རང་བཞིན་ལྡན་པ་མིན་པའི་འདུ་བྱེད་ཡིན་ནོ། །ཞེས་བྱེ་བྲག་སྨྲ་བ་རྣམས་ཟེར་རོ། །དབྱེན་དེའི་རྒྱུ་མཚམས་མེད་དེའི་ལས་ནི་རྫུན་ཚིག་ཡིན་པར་འདོད་དོ། །འདིས་དེ་བཞིན་གཤེགས་པའི་ལུང་དང་རྟོགས་པའི་ཆོས་ཀྱི་འཁོར་ལོ་སྐོར་བའི་གེགས་བྱས་པའི་ཕྱིར་རོ། །འཁོར་ལོའི་དབྱེན་ཞེས་བྱ་ལ། དེའི་རྣམ་པར་སྨིན་པ་བསྐལ་པ་མནར་མེད་དུ་མཆེད་པའི་ཕྱིར་མཚམས་མེད་གཞན་བཞི་ལས་ལྕི་བ་ཡིན་ཏེ། གཞན་རྣམས་ནི། རྣམ་པར་སྨིན་པ་དམྱལ་བར་ངེས་ཀྱང་མནར་མེད་དུ་མ་ངེས་པའི་ཕྱིར་རོ། །ལས་གྱི་དབྱེན་ནི། བསྟན་པ་གནས་པའི་ཡུལ་དུས་ཀུན་ཏུ་འབྱུང་བས། དེས་ན་ད་ལྟ་ཡང་འབྱུང་བ་མང་། དེའི་ངོ་བོ་ནི། དགེ་སློང་བརྒྱད་ཡན་ཆད་ཀྱིས་འདུལ་བ་ནས་བཤད་པའི་ལས་བརྒྱ་རྩ་གཅིག་གང་དུ་བསྒྲུབ་པ་ལ་ཐུགས་མི་མཐུན་པས་ཕྱོགས་གཉིས་སུ་བྱེ་བའོ། །དེ་ནི་དགེ་འདུན་གྱི་གསོལ་གཞི་སོགས་ཀྱི་ལས་གྲུབ་པའི་གེགས་བྱས་པའི་ཕྱིར་ལས་ཀྱི་དབྱེན་ཞེས་བྱའོ། །དགོངས་ལྡེམ་དགོངས་ཀྱི་ཁྱད་པར་གང་ཞེས་པ། །སྤྱིར་གསུང་རབ་ཀུན་དགོངས་ལྡེམ་དགོངས་གཉིས་ཀའི་ངོ་བོར་སེམས་ཙམ་པ་དག་འདོད་པས། ངོ་བོ་གཅིག་ལ་དགོངས་གཞི་དང་དགོངས་པ་སོ་སོར་འབྱེད་པ་ཡིན། དེ་ལ་མདོ་གང་ལ་སྒྲ་དངོས་ཟིན་ལས་གཞན་པའི་བརྗོད་བྱ་ལ་གནོད་བྱེད་དང་མི་ལྡན་པའི་ཆ་ནས་དགོངས་པ་ཅན་དང་། བརྗོད་བྱེད་སྒྲ་ཇི་བཞིན་པ་མ་ཡིན་པའི་ཆ་ནས་ལྡེམ་དགོངས་སུ་འཇོག་སྟེ། དཔེར་ན། ཕ་དང་མ་ནི་བསད་བྱ་ཞིང་། །རྒྱལ་པོ་གཙང་སྦྲ་ཅན་གཉིས་དང་། །ཡུལ་འཁོར་འཁོར་དང་བཅས་བཅོམ་ན། །འདི་ནི་དག་པར་འགྱུར་ཞེས་བྱ། །ཞེས་པ་ལ། དགོངས་གཞི་ཕ་ནི་ལས། མ་ནི་སྲེད་པ། རྒྱལ་པོ་ནི་ཉོན་ཡིད། གཙང་སྦྲ་གཉིས་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། ལྟ་བ་མཆོག་འཛིན་ཡུལ་འཁོར་དང་བཅས་པ་ནི་སྐྱེ་མཆེད་དྲུག་ཏེ། དེ་དག་གཉེན་པོས་བཅོམ་པས་དག་པ་དགྲ་བཅོམ་པར་འགྱུར་ཞེས་པ་ལ་དགོངས་ནས་ཕ་མ་སོགས་དང་གཙང་སྦྲ་ཅན་དགེ་སྦྱོང་དང་བྲམ་ཟེ་སོགས་བཅོམ་པས་དག་པར་འགྱུར་རོ་ཞེས་དངོས་སུ་བསྟན་པ་ན། དགོངས་གཞིའི་བརྗོད་བྱ་ལ་གནོད་པ་མེད་པས་དགོངས་པ་ཅན་ཡིན་ལ། དངོས་བསྟན་ལ་ཚད་མས་གནོད་པས་སྒྲ་ཇི་བཞིན་པ་མ་ཡིན་པའི་ཆ་ནས་ལྡེམ་དགོངས་ཡིན་ནོ། །ལུང་འདྲེན་གྱི་ཐད་དུ་བཀའ་དང་བསྟན་བཅོས་ནང་འདོམ་ནས་མི་མཐུན་ན་གང་དབང་བཙན་ཞེས་པ། །བཀའ་ལ་དགོངས་པ་ཅན་དང་། དགོངས་པ་ཅན་མ་ཡིན་པ་དྲང་དོན་དང་ངེས་དོན། སྒྲ་ཇི་བཞིན་དང་སྒྲ་ཇི་བཞིན་མ་ཡིན་པ་སྟེ། མཐའ་དྲུག་དང་ལྡན་པ་ཡིན་ལ། བསྟན་བཅོས་ལའང་འཕགས་པས་མཛད་པ་དང་། སོ་སོ་སྐྱེ་བོས་མཛད་པ་གཉིས་ལས། སོ་སྐྱེའི་བསྟན་བཅོས་དང་དགོངས་པ་ཅན་ཡིན་པ་ལ་སོགས་པ་བཀའ་འགལ་ན་བཀའ་དབང་བཙན། དགོངས་པ་ཅན་ལ་སོགས་པ་གསུམ་དང་འགལ་བ་ལྟར་སྣང་ཡང་བཀའི་དགོངས་པ་བརྟག་པར་བྱ་བའི་ཕྱིར། མཐའ་གཅིག་ཏུ་འགལ་བར་མི་བཟུང་ངོ་། །འཕགས་པའི་བསྟན་བཅོས་དང་དགོངས་པ་ཅན་མ་ཡིན་པ་ལ་སོགས་པའི་བཀའ་གསུམ་འགལ་བ་མི་སྲིད་ལ། དགོངས་པ་ཅན་ལ་སོགས་པ་གསུམ་དང་འགལ་བ་ལྟར་སྣང་ཡང་བསྟན་བཅོས་དབང་བཙན་པར་བྱ་སྟེ། བྱིས་པ་རྣམས་ཀྱིས་འགལ་ལ་ནང་བྱན་ཚུད་པ་འཕགས་པ་རྣམས་ཀྱིས་བསྟན་བཅོས་ལ་བརྟེན་ནས་བཀའི་དགོངས་པ་རྟོགས་ཀྱི། རང་དབང་དུ་རྟོགས་པ་མི་སྲིད་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་དང་འཕགས་པ་ཐོགས་མེད་གཉིས་གང་ཆེ་ཞེས་པ། སྤྱིར་གང་ཟག་གི་རྒྱུད་འཕགས་པ་རྣམས་ཀྱིས་ཀྱང་དཔོག་པར་མི་ནུས་ན། ཆེན་པོ་རྣམས་ཀྱི་ཡང་ཆེན་པོར་གྱུར་པ་དེ་དག་གི་རྒྱུད་དཔག་པ་ལྟ་ཅི་དགོས་ཏེ། འོན་ཀྱང་སངས་རྒྱས་ཀྱི་ལུང་ལ་རྟེན་ནས་ཅུང་ཟད་དཔག་ན། འཕགས་པ་ཀླུ་སྒྲུབ་ནི། ལང་དཀར་གཤེགས་པར། མགོན་པོ་མྱ་ངན་འདས་འོག་ཏུ། ཚུལ་རྣམས་འཛིན་པར་འགྱུར་བ་དེ། །བློ་གྲོས་ཆེན་པོ་ཁྱོད་ཤེས་བྱོས། །ལྷོ་ཕྱོགས་བཻ་ཏའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་བསྟན་པ་འཇིག་རྟེན་དུ། །བླ་མེད་ཐེག་པ་གཙོར་བསྟན་ནས། །རབ་ཏུ་དགའ་བའི་ས་སྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་ས་དང་པོ་ཐོབ་པའི་འཕགས་པར་དངོས་སུ་ལུང་བསྟན་ཅིང་། མདོ་སྡེ་སྤྲིན་ཆེན་པོ་ལས་ཀྱང་། དེ་ནི་ཤཱཀྱ་ཐུབ་པ་གཉིས་པའོ། །དེ་འདྲའི་གང་ཟག་མེད་ཅིང་མི་སྲིད། །ཅེས་སོགས་རྣམ་པ་དུ་མའི་སྒོ་ནས་བསྔགས་ན། མ་འོངས་པའི་དུས་སུ་བསྐལ་པ་སྐར་མ་ལྟ་བུ་ལ་འཇིག་རྟེན་གྱི་ཁམས་དང་བའི་འོད་ཅེས་བྱ་བར་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་མངོན་པར་རྫོགས་པར་སངས་རྒྱ་བར་ལུང་བསྟན་ལ། འཇམ་དཔལ་རྩ་བའི་རྒྱུད་ལ་སོགས་པ་ལས་ཀྱང་ལུང་བསྟན་ཅིང་། གསེར་འོད་དུ། ལི་ཙ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ཞེས་བྱ། དེ་ཡང་སློབ་དཔོན་འདི་ཉིད་ཡིན་ཞིང་། རྒྱ་གར་དུ་ཡང་སློབ་དཔོན་འདི་ཉིད་མདོ་སྡེ་བཞི་བཅུ་ཐམ་པ་ལས་ལུང་བསྟན་ཞེས་གྲགས་སོ། །དེའི་ཕྱིར་རྒྱ་གར་ན་ཡང་སློབ་དཔོན་འདི་ལ་ཐེག་པ་ཆེན་པོའི་པཎྜི་ཏ་དང་། གྲུབ་པ་བརྙེས་པའི་རྣལ་འབྱོར་པ་རྣམས་ཀྱིས་ཀྱང་། དེ་བཞིན་གཤེགས་པ་ཉིད་དང་ཁྱད་པར་མེད་པར་འཛིན་ཅིང་། འདིའི་ལྟ་བ་ལ་རྒོལ་བའམ་རྒོལ་བའི་མཚན་མ་ཙམ་ཡང་མ་བྱུང་ངོ་། །འཕགས་པ་ཐོགས་མེད་ཀྱང་འཇམ་དཔལ་རྩ་བའི་རྒྱུད་ལས། ཐོགས་མེད་ཅེས་བྱའི་དགེ་སློང་འབྱུང་། །དེ་ནི་བསྟན་བཅོས་དོན་ལ་མཁས། །མདོ་སྡེ་ངེས་དོན་དྲང་བའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །ཅེས་སོགས་བསྟན་པ་འཛིན་པའི་སྐྱེས་བུར་ལུང་བསྟན་ཅིང་། ཤན་ཏི་པ་ལ་སོགས་པས་ས་གསུམ་པ་བརྙེས་པའི་བྱང་ཆུབ་སེམས་དཔར་བཞེད་ཅིང་། ཙཎྜ་གོ་མི་མན་ཆད་ཀྱི་ཐེག་ཆེན་གྱི་པཎྜི་ཏ་རྣམས་ཀྱིས་སངས་རྒྱས་གཉིས་པ་ལྟ་བུར་ཡང་བཞེད་ལ། ལེགས་ལྡན་འབྱེད་ལ་སོགས་པ་ཀླུ་སྒྲུབ་ཀྱི་དངོས་སློབ་ཁ་ཅིག་ནི་སློབ་དཔོན་འདི་སེམས་ཙམ་ལས་མ་འདས་པར་བཟུང་ནས་དགག་པ་ཡང་མཛད་པས། དེ་དག་གིས་ནི་འཕགས་པར་ཡང་མི་བཞེད་པར་མངོན་ནོ། །

དེ་ལྟར་དགེ་བའི་བཤེས་ཀྱིས་དྲིས་པའི་ལན། རང་གི་བློ་ཡིས་ཇི་ལྟར་སྤོབས་པ་བཞིན། །ཡི་གེར་བཀོད་ལ་ནོངས་པའི་ཚོགས་མཆིས་ན། །མཁས་དང་འཕགས་པའི་ཚོགས་ཀྱིས་བཟོད་པར་མཛོད། །སྲིན་བུའི་རྗེས་ཀྱི་ཡིག་འབྲུ་ཇི་བཞིན་དུ། །འདི་ལ་ལེགས་བཤད་གཟེགས་མ་ཡོད་འགྱུར་ན། །དེ་ཡི་དགེ་བས་མཁའ་མཉམ་སེམས་ཅན་ཀུན། །བླ་མེད་ཐར་པའི་གྲོང་དུ་འཇུག་པར་ཤོག །ཅེས་པ་འདི་ནི་དགེ་བའི་བཤེས་གཉེན་ཤེས་རབ་གྲགས་ཀྱིས་དྲིན་པའི་ལན་དུ། གཞོན་ནུ་བློ་གྲོས་ཀྱིས་དབེན་གནས་པ་བཟངས་སུ་བྲིས་པའོ།། །།དགེ་ལེགས་འཕེལ་བར་གྱུར་ཅིག། །

སྐྱོར་མོ་ལུང་པ་ཤཱཀྱ་སེང་གེའི་དྲིས་ལན།

སྐྱོར་མོ་ལུང་པ་ཤཱཀྱ་སེང་གེའི་དྲིས་ལན། ཡང་དྲིས་ལན་ཅིག་ལ། ཐེག་པ་གསུམ་གྱི་དཀོན་མཆོག་གསུམ་པོ་ལུགས་སོ་སོའི་ཇི་ལྟར་ལགས། ཞེས་པ། ཉན་ཐོས་དག་ནི་སངས་རྒྱས་ཀྱི་སྐུ་ནི་གཉིས་ཏེ། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའོ། །དང་པོ་ནི། སངས་རྒྱས་དཀོན་མཆོག་ཏུ་མི་འདོད་ཏེ། སྲིད་པ་ཐ་མའི་བྱང་ཆུབ་སེམས་དཔའ་སོ་སོ་སྐྱེ་བོའི་ཕུང་པོའི་རྒྱུན་ཡིན་པས་སྡུག་བསྔལ་ཀྱི་བདེན་པ་ཡིན། ཞེས་ཟེར་རོ། །གཉིས་པ་ཆོས་ཀྱི་སྐུ་ཁོ་ན་སངས་རྒྱས་དཀོན་མཆོག་ཏུ་འདོད་ལ། དེ་ཡང་ཟད་མི་སྐྱེ་ཤེས་པའི་ཡེ་ཤེས་སམ་སྟོབས་བཅུ་དང་མི་འཇིགས་པ་བཞི་དང་། དྲན་པ་ཉེ་བར་གཞག་པ་གསུམ་དང་། ཐུགས་རྗེ་ཆེན་པོ་སྟེ་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ཀྱི་རང་བཞིན་དུ་འདོད་དོ། །ཆོས་དཀོན་མཆོག་ནི་ཕུང་པོ་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ལ་འདོད་ཏེ། དྷརྨ་ཞེས་པའི་སྒྲ། འཛིན་པའི་དོན་ལ་འཇུག་པས་མྱང་འདས་གཉིས་ཀྱིས་འཁོར་བར་ལྟུང་བ་ལས་འཛིན་པར་བྱེད་པའི་ཕྱིར་རོ། །སྙམ་དུ་བསམ་མོ། །

དགེ་འདུན་དཀོན་མཆོག་ནི། ཉན་རང་དགྲ་བཅོམ་གྱི་རྒྱུད་ཀྱི་ཟད་མི་སྐྱེ་ཤེས་པའི་མི་སློབ་པ་དང་། རྒྱུན་ཞུགས་སོགས་ཀྱི་རྒྱུད་ཀྱི་མཐོང་ལམ་དང་ཟག་མེད་སྒོམ་ལམ་སོགས་སློབ་པའི་ཆོས་རྣམས་ལ་འདོད་དེ། མཛོད་ལས། སངས་རྒྱས་དགེ་འདུན་བྱེད་པའི་ཆོས། །མི་སློབ་པ་དང་གཉིས་ཀ་དང་། །མྱ་ངན་འདས་ལ་སྐྱབས་སུ་འགྲོ། །ཞེས་པ་ལྟར་རོ། །སངས་རྒྱས་ཀྱི་ཐེག་པ་པ་རྣམས་ཀྱང་ཚུལ་དེ་ལྟར་དུ་འདོད་དེ། དེ་དག་ཉན་ཐོས་ཀྱི་གཞུང་ལ་བརྟེན་ནས་ཐོས་པ་བྱེད་པའི་ཕྱིར་རོ། །ཐེག་པ་ཆེན་པོའི་ལུགས་ལ། རིག་ཅན་གསུམ་ཀའི་དབང་དུ་བྱས་པའི་སྐྱབས་གསུམ་དང་། བྱང་ཆུབ་སེམས་དཔའ་ཁོ་ནའི་དབང་དུ་བྱས་པའི་རྣམ་གཞག་གསུམ་ལས། དང་པོ་ལ། སངས་རྒྱས་དཀོན་མཆོག་ནི། སྐུ་གསུམ་གྱི་རང་བཞིན་དུ་འདོད་ལ། ཆོས་ནི་ཐེག་དམན་གྱི་མྱང་འདས་གཉིས་ལ་འདོད་ཅིང་། དགེ་འདུན་ནི། ཐེག་དམན་གྱི་མྱང་འདས་གཉིས་ལ་འདོད་ལ། དགེ་འདུན་ནི་ཐེག་དམན་གྱི་གང་ཟག་ཟུང་བཞི་ཡ་བརྒྱད་ལ་འདོད་ཏེ། དཔལ་ལྡན་ཟླ་བ་གྲགས་པས། སྐྱབས་གསུམ་བདུན་ཅུ་པར། ཐུབ་དབང་གི་ནི་སྐུ་གསུམ་དང་། །མྱ་ངན་འདས་དང་གང་ཟག་བརྒྱད། །ཅེས་བཤད་དོ། ལུགས་འདི་ལ་བྱང་སེམས་འཕགས་པ་རྣམས་ནི། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་གཏོགས་པར་བཞེད་དེ། དེ་ཉིད་ལས། ཤ་རིའི་ལུང་ལས་དགྲ་བཅོམ་གྱི། །བྱང་ཆུབ་སེམས་དཔར་ཕྱག་བྱས་ཕྱིར། །དཀོན་མཆོག་གསུམ་ལས་ཕྱི་རོལ་མིན། །སངས་རྒྱས་ཁོངས་སུ་གཏོགས་པར་བཞེད། །ཅེས་གསུངས་སོ། །བྱང་ཆུབ་སེམས་དཔའི་དབང་དུ་བྱས་པའི་སྐྱབས་གནས་ལ་སངས་རྒྱས་དཀོན་མཆོག་ནི་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། བརྒྱད་གང་ཞེ་ན། ཐོག་མཐའ་བར་གསུམ་དུ། སྐྱེ་འཇིག་གནས་གསུམ་དང་བྲལ་བས་འདུས་མ་བྱས་པ་དང་། རྣམ་རྟོག་ལ་སོགས་པའི་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བའི་ཆོས་སྐུ་ཡིན་པས་ལྷུན་གྱིས་གྲུབ་པ་དང་། སོ་སོར་རིག་ཅིང་ཡེ་ཤེས་ཀྱིས་རྟོགས་བྱ་ཡིན་པས་གཞན་གྱི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་སྟེ། རང་དོན་གྱི་ཡོན་ཏན་གསུམ་མོ། །ཡོན་ཏན་དེ་གསུམ་རང་བྱུང་གི་ཡེ་ཤེས་ཀྱིས་མངོན་པར་རྫོགས་པར་བྱང་ཆུབ་པས་མཁྱེན་པ། རང་གིས་རྟོགས་པ་ལྟར་མ་རྟོགས་པའི་སེམས་ཅན་གཞན་ལ་སྟོན་པས་བརྩེ་བ་དང་། མཁྱེན་བརྩེ་དེ་དག་གིས་གདུལ་བྱའི་དུཿཁ་དང་ཉོན་མོངས་པ་སྤོང་བའི་ནུས་པ་སྟེ། གཞན་དོན་གྱི་ཡོན་ཏན་གསུམ་མོ། །ཡོན་ཏན་འདི་དག་ཀྱང་གཙོ་ཆེར་ཆོས་སྐུའི་དབང་དུ་བྱས་པའང་ཡིན་ནོ། །དེ་ལྟར་དོན་གཉིས་ཕུན་སུམ་ཚོགས་པ་ནི་སངས་རྒྱས་དཀོན་མཆོག་ཏེ། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་གསུངས་སོ། །ཆོས་དཀོན་མཆོག་ནི་ཡོན་ཏན་བརྒྱད་དང་ལྡན་པ་སྟེ། བརྒྱད་གང་ཞེ་ན། སྒྲ་རྟོག་གི་ཡུལ་ལས་འདས་པ་བསམ་དུ་མེད་པ་དང་། ལས་དང་ཉོན་མོངས་པ་གསུམ་དང་བྲལ་བས་གཉིས་སུ་མེད་པ་དང་། དེའི་རྒྱུ་ཚུལ་མིན་ཡིད་བྱེད་ཀྱི་རྟོག་པ་དང་བྲལ་བས་རྟོག་པ་མེད་པ་སྟེ། གསུམ་ནི་གང་ཞིག་ཆགས་པ་དང་བྲལ་བ་འགོག་པའི་ཡོན་ཏན་ནོ། །ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་དྲི་མ་རྣམས་དག་པ་དང་། ཇི་སྙེད་པའི་ཆོས་ཤེས་བྱའི་དོན་རྣམས་གསལ་བར་བྱེད་པ་དང་། ཇི་ལྟ་བའི་དོན་རྟོགས་པས་མི་ཤེས་པའི་མུན་པའི་གཉེན་པོ་བྱེད་པ་སྟེ། གསུམ་ནི་གང་གི་ཆགས་པ་དང་བྲལ་བར་བྱེད་པ་ལམ་གྱི་ཡོན་ཏན་ནོ། །

དེ་ལྟར་ན། གང་ཞིག་གིས་ཆགས་པ་དང་བྲལ་བའི་འགོག་ལམ་འདི་དག་ནི་ཆོས་དཀོན་མཆོག་སྟེ། དེ་ཉིད་ལས། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཚོགས་དག་གིས། །གང་ཞིག་གང་གི་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་ཏེ་ཆོས། །ཅེས་གསུངས་སོ། །དགེ་འདུན་དཀོན་མཆོག་ནི། དེ་ཉིད་ལས། ཇི་ལྟ་ཇི་སྙེད་གང་གང་གི །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །བློ་ལྡན་ཕྱིར་མི་ལྡོག་པའི་ཚོགས། །བླ་མེད་ཡོན་ཏན་དང་ལྡན་ཉིད། །ཅེས་གསུངས་སོ། །ཐེག་དམན་འཕགས་པ་དག་ནི་བྱང་ཆུབ་སེམས་པ་རྣམས་ཀྱི་སྐྱབས་མ་ཡིན་ཏེ། གཞན་དོན་ལྷག་བསམ་རྣམ་པར་དག་པ་མེད་པའི་ཕྱིར། མཆོད་པར་འོས་པ་མ་ཡིན་པས་སོ། །འདིར་དཀོན་མཆོག་གསུམ་གྱི་ཆེ་བའི་ཡོན་ཏན་སྟོན་པ་དང་། གང་ཟག་དྲུག་གི་བསམ་པའི་དབང་གིས་གནས་སྐབས་སྐྱབས་གསུམ་དུ་རྣམ་པར་བཞག་སྟེ། སྟོན་པ་སངས་རྒྱས་ཀྱི་ཆེ་བའི་ཡོན་ཏན་བསྟན་པ་དང་། ཐེག་པ་ཆེན་པོ་ལ་ཞུགས་པའི་གང་ཟག་དང་ལམ་ལ་མ་ཞུགས་ཀྱང་རང་རྒྱལ་གྱི་རིགས་ཅན་ཆོས་ལ་ལྷག་པར་བྱ་བ་བྱེད་པར་འདོད་པའི་དབང་དུ་བྱས་ཏེ་ཆོས་སྐྱབས་སུ་བཞག་སྟེ། འདོད་ཆགས་དང་བྲལ་བ་རྣམས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །

སློབ་པ་ཆེ་བའི་ཡོན་ཏན་བསྟན་པ་དང་། ཐེག་པ་ཆུང་ངུ་ལ་ཞུགས་པའི་གང་ཟག་དང་། ལམ་ལ་མ་ཞུགས་ཀྱང་ཉན་ཐོས་ཀྱི་རིགས་ཅན་དགེ་འདུན་ལ་ལྷག་པར་བྱ་བ་བྱེད་པར་འདོད་པའི་དབང་དུ་བྱས་ཏེ། དགེ་འདུན་སྐྱབས་སུ་བཞག་ཏེ། ཚོགས་ཀྱི་མཆོག་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་དེ་ཉིད་ལས། སྟོན་པ་བསྟན་པ་སློབ་དཔོན་གྱི། །ཐེག་པ་གསུམ་དང་བྱེད་གསུམ་གྱི། །མོས་པ་རྣམས་ཀྱི་དབང་བྱས་ནས། །སྐྱབས་གསུམ་རྣམ་པར་བཞག་པ་ཡིན། །ཞེས་གསུངས་སོ། །སྔར་བཤད་པའི་ཆོས་དང་དགེ་འདུན་དག་ནི། གནས་སྐབས་ཉི་ཚེ་བ་ཙམ་གྱི་སྐྱབས་ཡིན་གྱི་མཐར་ཐུག་དམ་པའི་སྐྱབས་ནི་མིན་ཏེ། འདི་ལྟར། ཆོས་ནི་རྣམ་པ་གཉིས་ཏེ། ལུང་དང་རྟོགས་པའི་བདག་ཉིད་དོ། །དང་པོ་ནི། དོན་མངོན་པར་རྟོགས་པའི་བྱ་བ་བྱས་ཟིན་པའི་ཕྱིར་སྤང་བར་བྱ་བ་ཡིན་དེ། དཔེར་ན་ཆུ་རྒལ་ནས་གཟིངས་གྱི་བྱ་བ་མེད་པ་བཞིན་ནོ། །མདོ་སྡེ་རྒྱན་ལས། དོན་ཤེས་ནས་ནི་ཆོས་རྣམས་ཀུན། །གཟིངས་དང་འདྲ་བ་ཉིད་དུ་རིག །གཉིས་པ་རྟོགས་པའི་ཆོས་ཀྱང་འདུས་བྱས་ལམ་གྱི་བདེན་པ་དང་འདུས་མ་བྱས་འགོག་པའི་བདེན་པ་གཉིས་ལས། དང་པོ་ནི་མི་རྟག་པ་བརྫུན་པའི་ཆོས་ཅན་ཡིན་པས་གཏན་གྱི་སྐྱབས་མ་ཡིན་ལ།

གཉིས་པ་ཡང་ཐེག་པ་ཆེན་པོ་པ་འགོག་བདེན་ནི། སངས་རྒྱས་དཀོན་མཆོག་གི་ཁོངས་སུ་འདུས་ལ། ཐེག་དམན་གྱི་འགོག་བདེན་ནི། མེད་དགག་ཅང་མེད་པ་ཡིན་པས་སྐྱབས་སུ་འོས་པ་མ་ཡིན་ནོ། །དེ་ལྟར་ཡང་། སྤང་ཕྱིར་སླུ་བའི་ཆོས་ཅན་ཕྱིར། །མེད་ཕྱིར་འཇིགས་དང་བཅས་པའི་ཕྱིར། །ཆོས་རྣམ་གཉིས་དང་འཕགས་པའི་ཆོས། །གཏན་གྱི་སྐྱབས་གནས་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་མཐར་ཐུག་གི་སྐྱབས་ནི་སངས་རྒྱས་ཁོ་ན་ཡིན་ཏེ། དེ་ཐོབ་པས་དཀོན་མཆོག་གསུམ་གྱི་ཡོན་ཏན་མ་ལུས་པ་ཐོབ་པའི་ཕྱིར་དང་། འཇིགས་པ་མེད་པ་ཁྱུ་མཆོག་རླབས་པོ་ཆེའི་གོ་འཕང་ཐོབ་པ་ཡི་ཕྱིར་རོ། །དེ་ལྟར་ཡང་། དམ་པའི་དོན་དུ་འགྲོ་བ་ཡི། །སྐྱབས་ནི་སངས་རྒྱས་ཉག་གཅིག་ཡིན། །ཐུབ་པ་ཆོས་ཀྱི་སྐུ་ཅན་ཕྱིར། །ཚོགས་ཀྱང་དེ་ཡི་མཐར་ཐུག་ཕྱིར། །ཞེས་གསུངས་སོ། །ཞེས་པ་འདི་ཡང་སྐྱོར་མོ་ལུང་པ་ཤཱཀྱ་སེང་གེའི་དྲིས་ལན། དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ།། །།དགེ་ལེགས་སུ་གྱུར་ཅིག། །

བུ་དོང་མཁན་ཆེན་ཆོས་རྒྱལ་བའི་དྲིས་ལན།

བུ་དོང་མཁན་ཆེན་ཆོས་རྒྱལ་བའི་དྲིས་ལན། སྐྱེ་མེད་ལ་གནས་སྐྱེ་མེད་ཚུལ། །ཡང་དག་གསུང་བ་སྨྲ་བའི་མཆོག །ཐུབ་དབང་དེ་ལ་ཕྱག་འཚལ་ནས། །མདོར་བསྡུས་དབུ་མའི་དེ་ཉིད་བཤད། །རྒྱུ་རྐྱེན་གང་དང་གང་དག་ལས། །དངོས་པོ་གང་དང་གང་བྱུང་བ། །དངོས་མིན་དངོས་པོ་མེད་པ་ཡིན། །གཉིས་མིན་གཉིས་བྲལ་ངོ་བོས་སྟོང་། །རྨི་ལམ་སྒྱུ་མ་དྲི་ཟའི་གྲོང་། །ཆུ་ཡི་ཟླ་བ་ཇི་བཞིན་དུ། །མ་རིག་རྒྱུ་ལ་ཡང་དག་འབྱུང་། །རྟག་ཏུ་སྟོང་བའི་ངོ་བོ་འཛིན། །འཇིག་རྟེན་ངོར་བྱས་སངས་རྒྱས་ཀྱིས། །སྲིད་དང་མྱ་ངན་འདས་པའི་ཚུལ། །ཀུན་ནས་ཉོན་མོངས་རྣམ་བྱང་སོགས། །འཇིག་རྟེན་ཀུན་རྫོབ་གདགས་པ་མཛད། །ཐ་སྙད་དབང་གྱུར་སྐྱེ་བོ་ལ། །རྒྱལ་བས་གང་དང་གང་གསུང་པ། །དེ་དང་དེ་ལ་སླུ་མེད་གནས། །དེ་ཕྱིར་དེ་དག་དེ་ལ་བདེན། །དཀར་ནག་ལས་ཀྱི་འབྲས་བུ་ཡང་། །སྒྱུ་མའི་ཚུལ་གྱིས་སླུ་བ་མེད། །ཡང་དག་ཏུ་ན་སྤྲོས་པ་ཡི། །ཆོས་རྣམས་ཀུན་ལས་དེ་གྲོལ་ལོ། །དེ་ལྟར་བདེན་པ་གཉིས་ཀྱི་ཚུལ། །ལུང་དང་རིགས་པའི་རྗེས་འབྲང་བའི། །རྣམ་པར་དཔྱོད་པས་ཚུལ་བཞིན་དཔྱད། །རྩེ་གཅིག་སེམས་ཀྱིས་ཡང་དག་སྒོམ། །བསྒོམ་པ་ཡོངས་སུ་རྫོགས་པ་ན། །དངོས་དང་དངོས་མེད་ལ་སོགས་པ། བློ་ཡི་མདུན་ན་མི་གནས་པས། །དམིགས་པ་མེད་པར་རབ་ཏུ་ཞི། །རབ་རིབ་དག་པས་སྐྲ་ཤད་བཞིན། །སྟོང་ཉིད་མིག་སྨན་གྱིས་སྦྱངས་པས། །བློ་གྲོས་ཤིན་ཏུ་རྣམ་དག་པ། །རྒྱལ་བས་འགའ་ཡང་མ་གཟིགས་སོ། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ལྷ་ཡི་རྔ་བཞིན་འཕྲིན་ལས་རྣམས། །སྔོན་གྱི་འཕེན་པའི་དབང་དང་ནི། །གདུལ་བྱའི་དགེ་བའི་དབང་ལས་སོ། །འདི་ནི་མཐའ་བྲལ་དབུ་མའི་ལམ། །དུས་གསུམ་རྒྱལ་བས་བགྲོད་གཅིག་ལམ། །སྲིད་པའི་ལམ་གྱིས་དུབ་རྣམས་ཀྱི། །ངལ་བ་ཉེར་སེལ་བསྟི་བའི་གནས། །སྐལ་བཟང་སྐྱེ་བོའི་འཇུག་ངོགས་ཡིན། །མདོར་བསྡུས་དབུ་མའི་སྙིང་པོ་འདི། །བློ་ལྡན་ཆོས་ཀྱི་རྒྱལ་མཚན་གྱིས། །བསྐུལ་ནས་དབུ་མའི་ཚུལ་ཤེས་པ། །དགེ་སློང་ཀུ་མ་ར་ཡིས་སྦྱར།། །།ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།

སློབ་དཔོན་ཆོས་རྒྱལ་གྱི་ཞུས་ལན།

སློབ་དཔོན་ཆོས་རྒྱལ་གྱི་ཞུས་ལན། སློབ་དཔོན་ཆོས་རྒྱལ་བའི་དྲི་བ་རྣམས་ལ་ལན་མདོར་བསྡུས་ཙམ་བགྱི། དེ་ལ་ངོ་བོ་ཉིད་སྐུ་དང་གཟུགས་སྐུ་གཉིས་སངས་རྒྱས་མིན་ཞེས་པ། རྒྱ་གཞུང་ཁུངས་མ་གང་ནས་ཀྱང་མི་འབྱུང་། དིང་སང་གི་བཤེས་གཉེན་འགའ་ཞིག་བཞེད་པར་སྣང་སྟེ། འཐད་སྙམ་པ་མེད། དུས་འཁོར་ཆོས་མིན་ཟེར་བ་སུ་ཡིན་ནམ། །མདོ་རྒྱུད་བསྟན་ཆོས་རྣམ་དག་དང་འགལ་བ་བག་རེ་སྣང་བས། འཇམ་དབྱངས་ལ་སོགས་པ་ས་བཅུ་པའི་དབང་ཕྱུག་རྣམས་ཀྱིས་བྱས་པའི་འཁྲུལ་མེད་ཡིན་མིན་ཐེ་ཚོམ་ཟ་ཟེར་བ་ངེད་ཀྱིས་བྱས། རྒྱ་གར་དུ་ཡང་རྩོད་དུས་ཀྱི་ཐམས་ཅད་མཁྱེན་པ་གཉིས་པ་ཤན་ཏི་པ་ལ་སོགས་པ་མཁས་པ་མང་པོ་ཚད་མར་མི་བཞེད་པར་གྲགས་ཏེ། ཨ་བྷ་ཡས་སམ་བྷུ་ཊིའི་འགྲེལ་བར། ཐེག་པ་གསུམ་དང་འགལ་བ་དུ་མ་སྣང་བའི་ཕྱིར་བྱེད་པ་པོ་རྣམས་ཀྱང་བྱང་ཆུབ་སེམས་དཔའ་མ་ཡིན་ནོ་ཞེས་མང་དུ་མཁྱེན་པ་དག་གསུང་ངོ་ཞེས་བཤད་དོ། །བོད་དུ་ཡང་མཁས་པའི་དབང་པོ་བཅོམ་ལྡན་རལ་གྲི་དང་། སྔོན་གྱི་མཁས་པ་སོག་ཉི་མ་སེང་གེ་ལ་སོགས་པ་ཡང་ཚད་མར་མི་བཞེད་དེ། རྒྱུ་མཚན་མང་སྟེ་མ་སྤྲོས། ཁྱེད་དོལ་པོ་བ་ལྟ་བ་མ་འཁྲུལ་བར་བཞེད་པ་འདྲ་སྟེ། དོལ་པོ་བ་མ་འཁྲུལ་ན་ཀླུ་སྒྲུབ་ཡབ་སྲས་ལ་སོགས་རྒྱ་བོད་ཀྱི་མཁས་པ་ཕལ་མོ་ཆེ་ཀུན་ལྟ་བ་འཁྲུལ་ཞིང་། ལམ་ལོག་པར་ཁས་བླང་དགོས། དོལ་པོ་བ་འདོད་པའི་བདེ་གཤེགས་སྙིང་པོའི་མིང་ཅན་གྱི་སངས་རྒྱས་རྟག་བརྟན་སྟོབས་དང་མི་འཇིགས་པ་སོགས་ཀྱི་ཡོན་ཏན་རང་ཆས་སུ་གྲུབ་པར། བརྟན་གཡོ་ཀུན་ལ་དོན་དམ་པར་ཁྱབ་པར་ཡོད་ཅེས་པ་ནང་པའི་གྲུབ་མཐའ་སྨྲ་བ་ལ་རྒྱ་བོད་བལ་གསུམ་གང་དུ་ཡང་སྔོན་ཆད་བྱུང་བ་མེད་ཅིང་། དབང་ཕྱུག་ལྟར་སྨྲ་བའི་གྲངས་ཅན་དང་། རིག་བྱེད་གསང་བའི་མཐར་སྨྲ་བའི་མུ་སྟེགས་པ་རྣམས་ཀྱི་འདོད་པ་དང་ཁྱད་ཅི་ཡང་མེད། མདོ་སྡེ་པ་འགའ་ཞིག་ལ་མཚན་དཔེས་བརྒྱན་པའི་དེ་བཞིན་གཤེགས་པའི་སྙིང་པོ་སེམས་ཅན་ཐམས་ཅད་ལ་ཡོད་པར་གསུང་པ་ནི། དྲང་དོན་དགོངས་པ་ཅན་ཡིན་པར་ལང་དཀར་གཤེགས་པའི་མདོ་ལས་གསལ་བར་གསུངས་ཤིང་། དཔལ་ལྡན་ཟླ་བ་གྲགས་པ་དང་། ཆོས་རྗེ་ས་པཎ་སོགས་རྒྱ་བོད་ཀྱི་མཁས་པ་རྣམས་ཀྱིས་ཀྱང་དགོངས་པ་ཅན་དུ་གསལ་བར་བཀྲལ། རྒྱུད་སྡེ་རྣམས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། ཅེས་གསུངས་པའི་དགོངས་པ་ནི། སེམས་རང་བཞིན་གྱིས་རྣམ་པར་དག་པ་ལ་དགོངས་པ་ཡིན་ནོ། །རྒྱུ་མཚན་མང་སྟེ་མ་སྤྲོས། བྱམས་པ་སེམས་ཙམ་པ་ཡིན་ཟེར་མཁན་སུ་ཡོད་དམ་མི་ཤེས། ཐོགས་མེད་སྐུ་མཆེད་སེམས་ཙམ་པ་ཡིན་པར་སློབ་དཔོན་ལེགས་ལྡན་འབྱེད་དང་། དཔལ་ལྡན་ཟླ་བ་གྲགས་པ་སོགས་དབུ་མ་པའི་ཤིང་རྟ་ཆེན་པོ་རྣམས་བཞེད་པ་ཡིན་ནོ། །ཐོགས་མེད་སྐུ་མཆེད་རྗེས་འབྲང་དང་བཅས་པ་སེམས་ཙམ་པ་མ་ཡིན་ན། སེམས་ཙམ་པ་སུ་ཡིན་སྨྲས་ན་སྨྲ་རྒྱུ་ཅི་ཡོད། སེམས་ཙམ་པ་ཡིན་པས་ངན་རྒྱུ་མེད། ཁྱེད་རང་སེམས་ཙམ་གྱི་གྲུབ་མཐའ་གོ་བར་ཁས་ཨེ་ལེན། ངས་ནི་དིང་སང་སེམས་ཙམ་དཔྱིས་ཕྱིན་པ་ཤེས་པ་ད་ལྟ་བོད་ན་མ་མཐོང་། ཕྱོགས་གླང་ཆོས་གྲགས་རྟོག་གེ་པ་ཡིན་ཟེར་བ་ལ་སྐྱོན་མེད་དེ། ཁྱོད་ཀྱིས་རྟོག་གེའི་དོན་ཅི་རུ་གོ །གཏན་ཚིགས་ལ་བརྟེན་ནས་དངོས་པོའི་དོན་གཏན་ལ་འབེབས་པའི་ཐོས་བསམ་ལ་རྟོག་གེ་པ་ཟེར་བ་ཡིན། ཡོན་ཤག་གཉིས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་གྲུབ་མཐའ་ཁས་ལེན་པས། ལྟ་བ་ཐེག་ཆུང་བར་མངོན། ཐེག་ཆེན་གྱི་སེམས་བསྐྱེད་རྒྱུད་ལ་ཡོད་པ་བཀག་པ་མེད། བློ་བརྟན་ང་རྒྱལ་གྱི་དབང་གིས་ཕག་ཏུ་སྐྱེས་ཟེར་བ་རྒྱ་གར་གྱི་མཁས་པ་རྣམས་ལ་གྲགས་པའི་གཏམ་རྒྱུད་དུ་འདུག བདེན་མི་བདེན་མི་ཤེས། གལ་ཏེ་བདེན་ནའང་མི་སྲིད་པ་མིན། དཔེར་ན་འོད་སྲུང་གི་བསྟན་པ་ལ་ཤོད་བུ་སེར་སྐྱ་ཞེས་བྱ་བ་རིགས་པ་དང་གྲོལ་བར་སྨྲ་བའི་སྤོབས་པ་དང་ལྡན་པའི་དགེ་སློང་ཆོས་སྨྲ་བ་ཞིག་གིས་དགེ་འདུན་ལ་ཚིག་ངན་སྨྲས་པས་ཆུ་སྲིན་ཉའི་རིགས་ཅན་མགོ་བརྙན་བཅོ་བརྒྱད་ཡོད་པ་ཞིག་ཏུ་སྐྱེས་པ་འདུལ་བ་ལུང་ལས་བཤད་པ་བཞིན་ནོ། །

གཤེན་རབས་ཐུབ་པ་བས་ལྷག་ཟེར་བ་བླུན་པོའི་འཆལ་གཏམ་ཡིན་པས་དཔྱད་རྒྱུ་མེད། ཆོས་དབྱིངས་ཡེ་ཤེས་སེམས་རང་བཞིན་གྱིས་རྣམ་པར་དག་པ་སངས་རྒྱས་ཀྱི་སར་གནས་གྱུར་པ་ལ་ཟེར། དོལ་པོ་བ་འདོད་པ་ལྟར་གྱི་རྟག་བརྟན་ཐེར་ཟུག་གི་ཆོས་དབྱིངས་ཡེ་ཤེས་མདོ་རྒྱུད་གང་ནས་ཀྱང་མ་བཤད། གསང་སྔགས་རྙིང་མ་ལྷད་མ་ཞུགས་པ་རྣམས་ཆོས་ཡིན་པར་ངེད་ཀྱང་འདོད། དུག་ལྔ་ཡེ་ཤེས་ལྔ་དང་རྣམ་རྟོག་ཆོས་སྐུ་དང་། འཁོར་འདས་དབྱེར་མེད་ཡིན་ཟེར་བ་རྣམས་ལ་ཚིག་ལ་སྐྱོན་ཆགས་པ་ལྟར་སྣང་ཡང་བློ་རྩེ་གཏད་ཕྱོགས་ལ་སྐྱོན་ཅི་ཡང་མེད། བཀའ་བར་པ་ངེས་དོན། ཐ་མ་དྲང་དོན་ཀླུ་སྒྲུབ་རྗེས་འབྲང་དབུ་མ་པ་རྣམས་བཞེད་དེ། ཐ་མ་ངེས་དོན། བར་པ་དྲང་དོན་དུ་ཐོགས་མེད་ཀྱི་རྗེས་འབྲང་སེམས་ཙམ་པ་རྣམས་བཞེད་དེ། དོལ་བོ་བ་རྗེས་འབྲང་དང་བཅས་པའང་དེ་ལྟར་བཞེད་པར་འདུག་སྟེ། བཀའ་ཐ་མ་ངེས་དོན་ཡིན་ཡང་ཁོང་ཚོའི་གྲུབ་མཐའ་ལ་ཅི་ཡང་མི་ཕན་ཏེ། ཁོང་ཚོའི་གྲུབ་མཐའ་དེ་ནི་བཀའ་ཐ་མ་ངེས་དོན་དུ་འདོད་པ་དག་གི་ལུགས་ལས་ཀྱང་ཕྱི་རོལ་དུ་གྱུར་པའི་ཕྱིར་རོ། །དབུ་མའི་གྲུབ་མཐའ་ལ་དོན་དམ་བདེན་པ་གཞི་གྲུབ་ཟེར་བ་རྣམས་ལ་དབུ་མའི་དྲི་ཙམ་ཡང་མི་བྲོ། ཐུབ་པའི་བསྟན་པ་ལ་སྡོམ་གསུམ་གང་ཡང་མེད་ཟེར་མཁན་སུ་ཡོད་དམ་མ་ཐོས། འཁོར་བ་སྤྱི་ཙམ་ལ་མཐའ་མེད། སྒོས་ཙམ་ལ་མཐའ་ཡོད་ཟེར་བ་གཞུང་ལུགས་རྣམ་དག་དུ་མ་གཅིག་ནས་གསུང་། ཁྱེད་ཀྱི་སུན་འབྱིན་འདི་ཚིག་སྐྱོན་ཡིན་པས་སྙིང་པོ་མེད། ཐེག་ཆེན་འཕགས་པ་ས་བརྒྱད་པ་མ་ཐོབ་བར་དུ་ཉོན་ཡིད་གནས་མ་གྱུར་པས་རང་དོན་ཡིད་བྱེད་འབྱུང་སྲིད། དེ་ཕྱིར་བསམ་པའི་སྒོ་ནས་ཕྱིར་ལྡོག་སྲིད་ཅིང་སྦྱོར་བའི་སྒོ་ནས་ཕྱིར་ལྡོག་པ་མི་སྲིད། ས་བརྒྱད་པ་ཐོབ་ནས་ཉོན་ཡིད་གནས་གྱུར་པས་རང་དོན་ཡིད་བྱེད་ཀྱི་བསམ་པ་མི་འབྱུང་བའི་ཕྱིར་བསམ་སྦྱོར་གཉིས་ཀའི་སྒོ་ནས་རྫོགས་བྱང་ལས་ཕྱིར་མི་ལྡོག་པ་ཡིན། ཉན་རང་འཕགས་པ་ཐེག་ཆེན་ལམ་དུ་འཇུག་པ་ལ་ལུགས་གཉིས་ཡོད། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པར་འདོད་པ་རྣམས་ཀྱི་ལུགས་ལ་ཆོས་ཉིད་སྔར་མ་རྟོགས་པ་གསར་དུ་རྟོགས་པར་བྱ་མི་དགོས་པས་ཚོགས་སྦྱོར་ནས་མི་འཇུག ཤེས་སྒྲིབ་སྤང་བའི་ཕྱིར་ཆོས་ཉིད་མཐོང་ཟིན་གོམས་པར་བྱེད་པ་ཙམ་ཡིན། ས་མཚམས་གང་ནས་འཇུག་ཤེས་དཀའ། ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་འདོད་པ་རྣམས་ཀྱི་ལུགས་ལ་ཆོས་ཀྱི་བདག་མེད་སྔར་མ་རྟོགས་གསར་དུ་རྟོགས་པར་བྱ་བའི་ཕྱིར། ཆོས་ཀྱི་བདག་མེད་སྟོན་པའི་གསུང་རབ་ལ་ཐོས་བསམ་བྱ་དགོས་པས་ཚོགས་ལམ་ནས་འཇུག་དགོས། དེ་ལྟར་ཡང་སོ་སྐྱེར་མི་འགྱུར་ཏེ། བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་དུ་རྟོགས་པས་སོ་སོ་སྐྱེ་བོའི་ས་ལས་རིང་དུ་འགྱུར་བའི་ཕྱིར་དང་། སྤྱོད་འཇུག་ཏུ། འཇིག་རྟེན་ལ་ལྟོས་དེ་ཉིད་མཐོང་། །ཞེས་བཤད་པའི་ཕྱིར་རོ། །ཐེག་ཆེན་སེམས་བསྐྱེད་ཡོད་པས་ཐེག་ཆེན་འཕགས་པར་བསྡུད་ལུགས་སྦྱོར་བ་དང་གསུམ་གྱི། སྦྱོར་མཐོང་སྒོམ་གསུམ་མཚན་ཉིད་པར་འཕགས་པ་རྣམ་གྲོལ་སྡེ་བཞེད། བཏགས་པ་བར་སློབ་དཔོན་སེང་གེ་བཟང་པོ་བཞེད། འདི་འཐད་འདི་མི་འཐད་ཀྱི་རྒྱུ་མཚན་དཔྱད་པར་དཀའ། བོད་ན་སེང་བཟང་གི་ལུགས་མི་འཐད་པར་འདོད་ཀྱང་ཤེས་བྱེད་ཅི་ཡང་མེད། ཁྱེད་དགེ་བཤེས་བགྲེས་པོ་ཡིན་པས་ལན་མདོ་ཙམ་བྱས་པ་ལགས། འཐད་མི་འཐད་གཟིགས་པར་ཞུ།། །།དགེ་ལེགས་འཕེལ་བར་གྱུར་གཅིག། །

བླ་མ་འོད་ཟེར་རྒྱལ་མཚན་གྱི་ཞུས་ལན།

བླ་མ་འོད་ཟེར་རྒྱལ་མཚན་གྱི་ཞུས་ལན། གང་གི་ཞབས་རྡུལ་འཕྲོག་བྱེད་དབྱིག་གི་གཉེན། །གཙུག་ན་ཟླ་བ་འཆི་མེད་ལྷ་ཡི་དགྲ། །གྲུབ་པ་རིག་འཛིན་ཚོགས་ཀྱིས་གུས་བསྟེན་པ། །སྨྲ་བའི་ཉི་མ་ཐུབ་དབང་ལ་བཏུད་ནས། །གསུང་རབ་རིན་ཆེན་གླིང་ལས་ལེགས་འོངས་པའི། །ལྷག་བསམ་དག་པའི་དྲིས་ལན་ནོར་བུའི་འཕྲེང་། །སྡེབ་ལེགས་ངག་གི་སྲད་བུ་ལ་བརྒྱུས་ཏེ། །བློ་གསལ་བློ་ཡི་མགུལ་པ་བརྒྱན་ཕྱིར་སྤེལ། །འདིར་བླ་མ་འོད་ཟེར་རྒྱལ་མཚན་པས་ཁྱོད་ཀྱིས་མཁས་གྲུབ་ཀྱི་བླ་མ་ཇི་ཙམ་བསྟེན། གཞུང་ལུགས་ཇི་ཙམ་ལ་སྦྱངས། རང་དགའ་དང་གཞན་འགྲེལ་གྱི་བསྟན་བཅོས་ཇི་ཙམ་ཡོད། འཆད་ཉན་བྱས་པའི་འབྲས་བུ་སློབ་མ་ཇི་ཙམ་ཐོན། ད་ལྟར་དགེ་སྦྱོར་གྱི་མཐིལ་གང་ལ་བྱེད་སོགས་ཀྱི་རྣམ་ཐར་མདོར་བསྡུས་པ་ཅིག་ཅིས་ཀྱང་དགོས་གསུངས་པ་ལ། བླ་མ་ཇི་ཙམ་བསྟེན་པ་ནི། སྐྱེ་དགུའི་གཙུག་རྒྱན་ཆོས་རྗེ་བསོད་རྒྱལ་དང་། །རྒྱལ་བའི་སྲས་པོ་ཐོགས་མེད་བཟང་པོ་དཔལ། །མ་ཏི་པཎ་ཆེན་ལོ་ཆེན་བྱང་རྩེ་དང་། །མཁས་པའི་དབང་པོ་ཉ་དབོན་ཀུན་དགའ་སོགས། །བཀའ་དྲིན་ནོད་པའི་བླ་མ་བཅུ་ཕྲག་གཉིས། །ཡུན་རིང་འབད་མེད་གུས་པའི་གཙུག་གིས་བསྟེན། །གཞུང་ལུགས་ཇི་ཙམ་ལ་སྦྱངས་པ་དང་། བརྩམས་ཆོས་ཇི་ཙམ་ཡོད་པ་ནི། འཛམ་གླིང་མཁས་པའི་རྒྱན་མཆོག་བཀའ་ཆེན་བཞི། །རྩ་འཇུག་གཞི་གསུམ་ཐེག་ཆེན་རྒྱུད་བླ་དང་། །ཆོས་མངོན་མཛོད་དང་དཔལ་ལྡན་འདུས་པ་སོགས། །རྣམ་བཤད་བྱས་པའི་གཞུང་ལུགས་བཅུ་ཕྲག་གཅིག །གཞན་ཡང་བོད་ཡུལ་འགྱུར་བའི་བསྟན་བཅོས་དང་། །མདོ་དང་རྒྱུད་སྡེ་ཕལ་ཆེར་ལེགས་པར་བལྟས། །རང་གཞན་གྲུབ་མཐའི་དེ་ཉིད་འབྱེད་པ་ལ། །མཁས་པའི་མདུན་སར་འཇིགས་མེད་སྤོབས་པ་ཐོབ། །འཆད་ཉན་བྱས་པའི་སློབ་མ་ཇི་ཙམ་ཡོད་པ་ནི། །ཀུན་མཁྱེན་ཤེར་འོད་བློ་བཟང་གྲགས་པ་སོགས། །གཞུང་ལུགས་རབ་འབྱམ་ཤེས་པའི་བཤེས་གཉེན་བདུན། །བཀའ་བཞི་ལེགས་པར་སྨྲ་བ་བཅུ་ཕྲག་གཅིག །ཕར་ཚད་ཤེས་པའི་སློབ་མ་བརྒྱ་ཕྲག་བརྒལ། །དགེ་སྦྱོར་གྱི་མཐིལ་གང་ལ་བྱེད་པ་ནི། མང་དུ་ཐོས་ཤིང་ལེགས་པར་བསམས་པའི་དོན། །དབེན་པའི་གནས་སུ་རྩེ་གཅིག་ལེགས་སྒོམ་ཏེ། །རྒྱལ་བའི་དགོངས་པ་རྗེས་སུ་བསྐྱང་འདོད་ཀྱང་། །སྔོན་ཆད་རྣམ་གཡེང་ལེ་ལོའི་དབང་དུ་ཐལ། །མཁའ་མཉམ་འགྲོ་ལ་དམིགས་པའི་སྙིང་རྗེ་དང་། །སྲིད་ཞི་སྟོང་པར་རྟོགས་པའི་ཤེས་རབ་གཉིས། །རེས་འགའ་རེས་འཇོག་རེས་འགའ་ཟུང་འབྲེལ་བསྒོམས། །འོན་ཀྱང་ཕལ་ཆེ་སྙོམས་ལས་དབང་དུ་ཐལ། །འཕགས་པ་ཀླུ་སྒྲུབ་ཀྱི་གསུང་རབ་ཀྱི་བཅུད་བསྡུས་པའི་སྙིང་པོ་གཅིག་དགོས་གསུང་བ་ལ། རྒྱས་པར་སྤྲོ་བའི་སྐབས་མེད་པས་མདོར་བསྡུས་པ་ཙམ་སྨྲས་ན། རྒྱུ་འབྲས་སླུ་བ་མེད་པའི་ཡིད་ཆེས་དང་། །རྟེན་འབྲེལ་སྟོང་པར་རྟོགས་པའི་ཤེས་རབ་གཉིས། །འབྲལ་མེད་ཟུང་དུ་ཆུད་པར་ནམ་གྱུར་པ། །དེ་ཚེ་མཐའ་བྲལ་དབུ་མའི་ལམ་ལ་ཞུགས། །འདི་ལྟར་སྣང་ཞིང་གྲགས་པའི་དངོས་འདི་ལ། །རང་གཞན་གྲུབ་མཐའ་བཏགས་པའི་ཀུན་བཏགས་དང་། །ལྷན་སྐྱེས་ཡིད་ཀྱིས་དངོས་འཛིན་མུན་པ་རྣམས། །རྣམ་དག་ལུང་རིགས་ཟེར་གྱིས་རབ་བསལ་ཏེ། །སྣང་དུས་ཉིད་ནས་སྟོང་པར་རྟོགས་པ་དང་། །སྟོང་པ་རྟོགས་ཚེ་སྣང་བ་མི་འགོག་པའི། །ཟུང་འཇུག་ཚུལ་ལ་ངེས་པ་ནམ་སྐྱེས་པ། །དེ་ཚེ་རྒྱལ་བའི་དགོངས་པ་རྟོགས་པ་ཡིན། །ཐོས་བསམ་རིགས་པས་རྣམ་པར་དཔྱོད་པའི་ཚེ། །སྣང་བ་བཀག་ནས་སྟོང་པ་བསྒྲུབ་པ་དང་། །སྟོང་པ་རྟོགས་ཚེ་སྣང་བ་ནུབ་པ་དང་། །ཀུན་རྫོབ་བསལ་ནས་དོན་དམ་བསྒྲུབ་པ་རྣམས། །རྟག་ཆད་མཐར་ལྟའི་གཡང་ལ་ལྷུང་བའི་ཕྱིར། །སངས་རྒྱས་དགྱེས་པའི་ལམ་ལས་རིང་དུ་གོལ། །སྒོམ་བྱུང་འཕགས་པའི་ཡེ་ཤེས་ཤར་བ་ན། །ཤེས་དང་ཤེས་བྱའི་མཚན་མ་སྣ་ཚོགས་པ། །མཁའ་ལ་འཇའ་ཚོན་དེངས་ལྟར་མི་སྣང་ཞིང་། །ཆུ་ལ་ཆུ་དང་མར་ལ་མར་བཞག་བཞིན། །དབྱིངས་དང་རིག་པ་དབྱེར་མེད་འདྲེས་པ་ན། །མཐོང་མེད་ཚུལ་གྱིས་དེ་ཉིད་མཐོང་བ་དང་། །གནས་མེད་ཚུལ་གྱིས་ཆོས་སྐུ་ལ་གནས་དང་། །མྱ་ངན་འདས་དང་འོད་གསལ་ཆོས་ཀྱི་སྐུར། །སངས་རྒྱས་སྲས་པོ་བློ་བཟང་ཀླུ་སྒྲུབ་བཞེད། །འོན་ཀྱང་རབ་འབྲིང་ཐ་མའི་གདུལ་བྱ་ལ། །སྔོན་བསགས་དགེ་བའི་སྨོན་ལམ་གྲུབ་པའི་མཐུས། །རང་རང་བློ་དང་འཚམ་པའི་གཟུགས་སྐུ་ཡིས། །འཁོར་བ་སྲིད་དུ་འཕྲིན་ལས་ངང་གིས་འཇུག །རྣམ་མང་གྲུབ་མཐའི་བཞེད་ཚུལ་དུ་མ་དང་། །ལུང་རིགས་དགག་སྒྲུབ་རྒྱས་པ་འདིར་མ་བཀོད། །བློ་ལྡན་ཁྱེད་ལ་ཕྱོགས་ཙམ་བསྟན་པའི་ཕྱིར། །མདོར་བསྡུས་ཙམ་ཞིག་ཡིག་གེར་བཀོད་པ་ལགས། །འདི་མན་ཆད་ཀྱི་དྲི་བ་རྣམས་ལ་ཚིག་ལྷུག་པའི་སྒོ་ནས་ལན་བགྱི། དེ་ལ་དབུ་མ་ཆོས་དབྱིངས་བསྟོད་པ་སོགས་དང་བྱམས་ཆོས་རྣམས་གུང་འགྲིག་པ་ལྟར་སྣང་ན། དེ་དག་ལ་མཐུན་མི་མཐུན་ཇི་ལྟར་ཡོད་ཅེས་པ། ཆོས་དབྱིངས་བསྟོད་པ་དང་རྒྱུད་བླ་མ་གཉིས། སྙིང་པོ་མདོ་སྡེ་ལྔ་ལ་སོགས་པ་སེམས་ཅན་ཐམས་ཅད་དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་བསྟན་པའི་རྒྱུད་ཕྱི་མའི་མདོ་སྡེ་རྣམས་ཀྱི་དགོངས་འགྲེལ་ཡིན་པས་སྟོན་ཚུལ་འདྲ་བ་ཡོད་ཅིང་དེ་གཉིས་ཀའི་དགོངས་པ་ཡང་དིང་སང་ཁ་ཅིག་སེམས་ཅན་ཐམས་ཅད་ལ་མཚན་དཔེས་བརྒྱན་པའི་དེ་བཞིན་གཤེགས་པའི་སྙིང་པོ་སངས་རྒྱས་ཀྱི་ཡོན་ཏན་རང་ཆས་སུ་གྲུབ་པ་རྟག་བརྟན་ཡོད་པར་འཆད་པ་ནི་གཏན་མ་ཡིན་ཏེ། དགག་སྒྲུབ་འདིར་མ་སྤྲོས། བསྟོད་ཚོགས་གཞན་རྣམས་ཀྱིས་སྟོང་ཉིད་སྤྲོས་བྲལ་གཙོ་བོར་སྟོན་པས་བྱམས་ཆོས་དང་མཐུན་རྒྱུ་མེད། བྱམས་ཆོས་ལྔ་ལ་མངོན་རྟོགས་རྒྱན་དབུ་མ་དང་། གཞན་བཞི་སེམས་ཙམ་ཡིན་ཞེས་འབད་པ་ཇི་ལྟར་ཞེས་པ། དེ་དག་དབུ་མ་ཡིན་ན། ཡིན་མཉམ་དང་། སེམས་ཙམ་ཡིན་ན་ཡིན་མཉམ་དུ་འགྲོ་དགོས་པར་སྣང་ཡང་། དེ་ལྟར་འབྱེད་པ་འཕགས་སེང་གཉིས་ཀྱི་ལུགས་སུ་གསལ་ཞིང་བོད་ཀྱི་མཁས་པ་སྔ་མ་ཕལ་ཆེ་བ་ཡང་དེ་ལྟར་བཞེད་པར་གདའ། བྱམས་ཆོས་ཕྱི་མ་སེམས་ཙམ་ཡིན་ན་བཀའ་ཐ་མ་སེམས་ཙམ་དུ་མི་འགྱུར་རམ་ཞེས་པ། སྤྱིར་སྔ་རབས་ཀྱི་མཁས་པ་དག །བཀའ་བར་པ་དགོངས་འགྲེལ་དང་བཅས་པས་དབུ་མ་སྟོན། ཐ་མ་དགོངས་འབྲེལ་དང་བཅས་པས་སེམས་ཙམ་སྟོན་པར་བཞེད་པར་གདའ། དེ་ལྟར་ན་དབུ་མའི་ཤིང་རྟ་ཆེན་པོ་རྣམས་བར་པ་ངེས་དོན། ཐ་མ་དྲང་དོན་དུ་བྱས་ནས་གཉིས་ཀའི་དགོངས་པ་དབུ་མར་བཞེད་ཀྱི། ཐ་མའི་དགོངས་པ་སེམས་ཙམ་སྟོན་པར་མི་བཞེད། སེམས་ཙམ་པའི་ཤིང་རྟ་ཆེན་པོ་རྣམས་བར་པ་དྲང་དོན་དང་། ཐ་མ་ངེས་དོན་དུ་བྱས་ནས། བར་པའི་དགོངས་པ་ཡང་སེམས་ཙམ་དུ་བཞེད་ཅིང་དབུ་མར་མི་བཞེད་དོ། །བྱམས་ཆོས་ཕྱི་མ་རྣམས་སེམས་ཙམ་དུ་དབུ་མ་པའི་སློབ་དཔོན་ཆེན་པོ་རྣམས་བཞེད་པ་ལགས། དབུ་སེམས་ཀྱི་མདོ་སོ་སོར་ཕྱེ་ནས་གསུངས་པ་མེད་ཀྱི། གང་ཟག་གི་བློ་ཡི་རྟོགས་ཚུལ་གྱིས་དབུ་སེམས་ཐད་དད་དུ་ཕྱེ་བ་ཡིན་ནམ་སྙམ་ཞེས་པ། དེ་ལྟར་ལགས། བོད་སྔ་རབས་པ་དག་བཀའ་དང་པོ་ཉན་ཐོས་སྡེ་གཉིས་ཀྱི་གྲུབ་མཐའ་དང་། བར་པས་དབུ་མ། ཐ་མས་སེམས་ཙམ་སྟོན་ཞེས་གྲུབ་མཐའ་བཞི་ཀ་བཀའི་དགོངས་པར་འཆད་ནའང་། གྲུབ་མཐའ་འོག་མ་གསུམ་ཕྱིས་འཇུག་གི་གདུལ་བྱ་བློ་དམན་དག་གིས་བཀའི་དགོངས་པ་རང་རང་གི་མོས་པ་དང་མཐུན་པར་བཀྲལ་བ་ཙམ་མ་གཏོགས་པ་བཀའི་དགོངས་པ་ལ་མི་གནས་ཤིང་། བཅོམ་ལྡན་འདས་ཀྱིས་རིགས་ཅན་གསུམ་གྱི་གང་ཟག་ལ་ཐེག་པ་གསུམ་གསུངས་ཀྱི། དངོས་པོར་སྨྲ་བའི་གྲུབ་མཐའ་གང་དུ་ཡང་མ་གསུངས་ཤིང་། ཐེག་པ་ཆེན་པོའི་མདོ་སྡེ་ཀུན་གྱི་དགོངས་པ་མཐའ་བྲལ་དབུ་མའི་ཚུལ་དུ་གནས་ཤིང་ཐེག་པ་ཆེ་ཆུང་གྱི་ཁྱད་པར་ལྟ་བ་སྟོང་ཉིད་རྟོགས་མ་རྟོགས་ཀྱི་སྒོ་ནས་མི་འབྱེད་ཀྱི། སེམས་བསྐྱེད་དང་སྨོན་ལམ་ལ་སོགས་པ་ཐབས་ཀྱི་སྒོ་ནས་འབྱེད་པར་ཀླུ་སྒྲུབ་ཡབ་སྲས་བཞེད། དབུ་སེམས་ཀྱི་ཁྱད་པར་ཇི་ལྟར་འབྱེད་ཅེས་པ་སྤྱིར་དབུ་སེམས་ལ་ཁྱད་པར་མཐའ་ཡས་པ་གཅིག་ཡོད་ཀྱང་། གཙོ་ཆེར་རྣམ་ཤེས་དོན་དམ་དུ་བདེན་པར་འདོད་མི་འདོད་ཀྱིས་འབྱེད་པ་ལགས། འོན་ཀྱང་དུས་ཕྱིས་དབུ་མ་པར་རློམ་པ་ཁ་ཅིག་རྣམས་རྣམ་ཤེས་དོན་དམ་དུ་གྲུབ་པ་སེམས་ཙམ་པའི་ལུགས་ངན་པར་བྱས་ནས་ཡེ་ཤེས་དོན་དམ་དུ་གྲུབ་པར་འདོད་པར་སྣང་སྟེ། དེ་ལྟ་བུ་ནི་མུ་སྟེགས་པའི་གྲུབ་མཐའ་ཁས་བླངས་ནས་སངས་རྒྱས་པའི་ཡང་རྩེ་འདོད་པ་བོང་བུ་གཟིག་ལྤགས་གྱོན་པ་དང་འདྲ་བར་སེམས་སོ། །རིགས་ཆད་གནས་གྱུར་སོགས་འདོད་མི་འདོད་ཀྱིས་དབུ་སེམས་སུ་འབྱེད་པ་མི་འཐད་དམ་ཅེས་པ་དེ་ལྟར་ལགས། མཐར་ཐུག་རིགས་ཆད་པ་སེམས་ཙམ་པ་ཡང་མི་འདོད་དོ། །གནས་གྱུར་དང་རྣམ་ཤེས་ཚོགས་བརྒྱད་དང་ངོ་བོ་ཉིད་གསུམ་གྱི་རྣམ་གཞག་དབུ་མ་པ་འགའ་ཞིག་ཀྱང་བྱེད། འོན་ཀྱང་སེམས་ཙམ་པ་དང་བློ་རྩེ་གཏད་ཕྱོགས་མི་འདྲ། དབུ་མ་རྟོགས་པའི་ས་མཚམས་གང་ལ་བྱེད་ཅེས་པ། དབུ་མའི་དོན་བསྒོམས་བྱུང་གིས་མངོན་དུ་གྱུར་པ་མཐོང་ལམ་མ་ཐོབ་བར་ལ་མི་སྲིད། ཐོས་བསམ་གྱིས་སྟོང་ཉིད་ཀྱི་དོན་ལ་སྒྲོ་འདོགས་ཆོད་པ་རིགས་ལྡན་གྱི་གང་ཟག་ཁ་གཅིག་ལ་ཚོགས་ལམ་ཆུང་ངུ་ནས་ཀྱང་སྲིད། ས་ཐོབ་ནས་དབུ་མའི་དོན་མ་རྟོགས་པ་མི་སྲིད་ནའང་མཉམ་གཞག་གི་ངེས་པ་རྗེས་ཐོབ་དུ་མི་དྲན་པར་སེམས་ཙམ་ཞལ་གྱིས་བཞེས་པའི་འཕགས་པ་ཡོད་ཟེར་བ་དང་། གཞན་དག་སེམས་ཙམ་པའི་འཕགས་པ་མི་སྲིད་ཅེས་པ་དོན་ལ་གང་གནས་ཅེས་པ། མཉམ་གཞག་ཏུ་སྟོང་ཉིད་རྟོགས་ནས་རྗེས་ཐོབ་ཏུ་དེ་མི་དྲན་པར་རྣམ་ཤེས་བདེན་པར་ཁས་ལེན་པའི་འཕགས་པ་ག་ལ་སྲིད། རྣམ་ཤེས་བདེན་པར་ཁས་ལེན་པ་ལ་འཕགས་པའི་དྲི་ཙམ་ཡང་མི་བྲོ། ཐོགས་མེད་སྐུ་མཆེད་ཕྱོགས་གླང་ཆོས་གྲགས་སོགས་རྒྱལ་བས་ལུང་བསྟན་པ་དེ་རྣམས་ཞེ་ནས་སེམས་ཙམ་ཞལ་གྱི་བཞེས་སམ་མི་བཞེས་ཞེས་པ། དེ་རྣམས་སེམས་ཙམ་ཞལ་གྱིས་བཞེས་པར་སློབ་དཔོན་ལེགས་ལྡན་འབྱེད། དཔལ་ལྡན་ཟླ་བ་གྲགས་པ་སོགས་བཞེད་དེ། སེམས་ཙམ་པའི་གྲུབ་མཐའ་འགོག་པ་ན། སློབ་དཔོན་དེ་དག་ཕྱོགས་སྔར་བྱས་ནས་ཐེ་ཚོམ་མེད་པར་འགོག་པའི་ཕྱིར་རོ། །སློབ་དཔོན་དེ་དག་སེམས་ཙམ་ཞལ་གྱིས་མི་བཞེས་ན། སེམས་ཙམ་གྱི་གྲུབ་མཐའ་ཁས་ལེན་པའི་གཞུང་དང་། སློབ་དཔོན་གང་ཡིན་དྲིས་ན་བོད་ཀྱི་མཁས་པ་སུ་ལ་ཡང་འདི་ཡིན་བཤད་རྒྱུ་མི་རྙེད། སློབ་དཔོན་ཟླ་གྲགས་རྒྱལ་བ་ལ་རང་རྒྱུད་ཀྱིས་བསྡུས་པའི་ཡེ་ཤེས་མེད་པར་འདོད་གསུང་བ་དང་། ལ་ལ་དེ་སློབ་དཔོན་གྱི་དགོངས་པ་མིན་གསུང་བ་ཇི་ལྟར་ཡིན་ཞེས་པ། རྒྱལ་བའི་དགོངས་པ་ལ་ཀླུ་སྒྲུབ་འཁྲུལ་པ་མེད་ཅིང་། ཀླུ་སྒྲུབ་ཀྱི་དགོངས་པ་ལ་ཟླ་བ་གྲགས་པ་འཁྲུལ་པ་མེད། ཀླུ་སྒྲུབ་ཟླ་གྲགས་སོགས་འཕགས་པ་ཡབ་སྲས་རྣམས་ཀྱི་དགོངས་པ་གོང་དུ་ཆ་ཙམ་བསྟན་པ་དེ་ལགས་པས་རང་རེའི་བློ་གྲོས་ཀྱིས་རྣམ་པར་དཔྱོད་མཛོད།

འོན་ཀྱང་ཕྱོགས་འདི་ཤིན་ཏུ་གཏིང་དཔག་དཀའ་བས་མང་པོའི་བློ་ཡུལ་དུ། འཐད་པ་དཀའ་བར་གདའ། རྒྱལ་བའི་སར་མ་དག་པ་མི་སྣང་ཡང་། དག་པའི་སྐུ་དང་ཡེ་ཤེས་ཀྱི་སྣང་བ་དཔག་མེད་ཡོད་པར་སེམས་ཙམ་པ་དང་མཐུན་སྙམ་ཡང་དབུ་མ་པ་དང་མཐུན་མི་མཐུན་ཇི་ལྟར་ཞེས་པ། སེམས་ཙམ་རྣམ་བདེན་པ་དང་རྣམ་བརྫུན་དྲི་བཅས་པ་རྣམས་དེ་ལྟར་འདོད་པར་སྣང་ཞིང་། འཕགས་སེང་སོགས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཀྱང་དེ་དང་མཐུན་པར་འདོད་པར་གདའ། རྒྱན་མཁན་པོ་ཤེས་རབ་འབྱུང་གནས་སྦས་པ་དང་། སློབ་དཔོན་ཆོས་མཆོག་སོགས་རྣམ་བརྫུན་དྲི་མེད་པ་རྣམས་སངས་རྒྱས་ཀྱི་ས་ན་གདམས་ངག་གི་ཡུལ་སྣང་ནུབ་ཅིང་གཉིས་མེད་ཀྱི་ཤེས་པ་རང་རིག་རང་གསལ་གྱི་ཆོས་སྐུ་འབའ་ཞིག་ལ་གནས་པས། སྐུ་དང་ཡེ་ཤེས་ཀྱི་རྣམ་གཞག་ཐམས་ཅད་གདུལ་བྱའི་ཞེན་ངོ་དང་མཐུན་པར་ཀུན་རྫོབ་ཐ་སྙད་ཙམ་དུ་འཇོག་པར་བཞེད། ཕྱོགས་དེ་ལ་སློབ་དཔོན་དེ་དག་དང་ཟླ་བ་གྲགས་པ་སོགས་དབུ་མ་པའི་ཤིང་རྟ་ཆེན་པོ་རྣམས་ཕལ་ཆེ་བ་མཐུན་པར་གདའ། ཀུན་གཞིའི་རྣམས་ཤེས་ཀྱི་ངོས་འཛིན་ཏིག་པ་གང་ལ་བྱེད་ཅེས་པ་དང་། ཀུན་གཞི་ཡོད་མེད་དུ་བཞེད་པ་གཉིས་དོན་ལ་གང་གནས་ཅེས་པ། ཟླ་གྲགས་སོགས་དབུ་མ་པ་རྣམས་ཀུན་གཞི་དྲང་དོན་དུ་བཞེད། དགོངས་གཞི་སྟོང་ཉིད་དམ་ཤེས་པའི་གསལ་རིག་ཙམ་ལ་དགོངས་སོ། །དགོས་པ་མུ་སྟེགས་བདག་ལྟ་དྲང་བའི་ཕྱིར་གསུང་། སྒྲ་ཇི་བཞིན་པ་ལ་དངོས་ལ་གནོད་བྱེད་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་གཞི་རྟེན་དུ་གྱུར་བའི་ཀུན་གཞི་ཡོད་ན། དབང་ཕྱུག་འགྲོ་བའི་བྱེད་པོར་འདོད་པ་དང་ཁྱད་མེད་ཅེས་གསུངས། ཀུན་གཞི་མེད་ཀྱང་ལས་འབྲས་ཀྱི་རྣམ་གཞག་ཀུན་རྫོབ་རུ་ཇི་ལྟར་སྣང་བ་ལྟར་འཇོག་པ་འགལ་བ་མེད་པར་བཞེད་དེ། ཐོགས་མེད་སྐུ་མཆེད་ལུང་རིགས་དུ་མའི་སྒོ་ནས་ཀུན་གཞི་ངེས་དོན་དུ་སྒྲུབ། དེ་དག་གི་ལུགས་ཀྱི་ཀུན་གཞིའི་མཚན་ཉིད་ཇི་ལྟ་བ་བཞིན་རྟོགས་པར་འདོད་ན་ངེད་ཀྱི་ཀུན་ལས་བཏུས་ཀྱི་ཊི་ཀ་ན་ཞིབ་རྒྱས་སུ་ཡོད་པས་དེ་ལ་གཟིགས་མཛོད། འདིར་ཆ་ཙམ་སྨོས་པས་དཔྱིས་ཕྱིན་པ་རྟོགས་པའི་ཆོས་སྐད་དེ་འདི་མ་ལགས། རྣམ་ཤེས་རིག་རིག་པོ་འདི་ཀ་ཆོས་སྐུ་ཡིན་ཞེས་གང་ཤར་པོ་མའི་འཆར་སྒོ་གཤིས་ལུགས་སུ་ངོ་སྤྲོད་པ་དང་། རྣམ་ཤེས་ཆོས་སྐུའི་མི་མཐུན་ཕྱོགས་ཡིན་ཞེས་པ་གང་འཐད་ཅེས་པ། ལུགས་སྔ་མ་དེ་རྣམ་རིག་པའི་གྲུབ་མཐའ་དང་ཆ་མཐུན་ཙམ་དུ་གདའ། རྒྱ་བོད་ཀྱི་གྲུབ་ཐོབ་དུ་གྲགས་པ་ཕལ་ཆེ་བ་ཅིག་དེ་ལྟར་བཞེད་པར་སྣང་སྟེ། དབང་པོ་རྣོ་ན་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཙམ། འབྲིང་སེམས་ཙམ། ཐ་མ་བདག་ཤེས་རིག་གི་སྐྱེས་བུ་ངོས་ཟིན་པས་གྲོལ་བར་འདོད་པ་གྲངས་ཅན་གྱི་ལུགས་སུ་གོལ་བའི་ཉེན་ཡོད། སྣང་བ་ཐམས་ཅད་སེམས་ཡིན་ནམ་མིན། སེམས་ཀྱི་སྣང་བ་སེམས་ཡིན་པར་དབུ་མ་པ་ཁས་ལེན་ནམ་མི་ལེན་ཞེས་པ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་རྣམས་ཡང་དག་ཀུན་རྫོབ་དུ་སྣང་བ་སེམས་ཀྱི་ངོ་བོར་འདོད། མདོ་སྡེ་སྤྱོད་པ་དང་ཐལ་འགྱུར་བ་རྣམས་ཐ་སྙད་དུ་སྒོ་ལྔའི་སེམས་སྣང་ཕྱི་རོལ་གྱི་དོན་ཡིན། རིག་ཤེས་ཀྱིས་དཔྱད་ན་སེམས་འཁྲུལ་པའི་སྣང་བ་ཡིན་པས། སེམས་ཀྱང་མིན། སེམས་ལས་གཞན་པ་ཡང་མིན་པར་བཞེད། འཁོར་བ་མཐའ་མེད་སེམས་ཙམ་པ་དང་མཐུན། མཐའ་ཡོད་དབུ་མ་པ་དང་མཐུན་ཟེར་བ་གང་འཐད་ཅེས་པ། འཁོར་བ་སྤྱི་ཙམ་ལ་མཐའ་ཡོད་པར་དབུ་སེམས་གཉིས་ཀ་མི་འདོད། ལམ་ཞུགས་ཀྱི་བྱེ་བྲག་པ་ལ་མཐའ་ཡོད་པར་དབུ་སེམས་གཉིས་ཀ་བཞེད་དོ། །

དགོངས་འགྲེལ་དུ་བཀའ་ཐ་མ་ངེས་དོན་དུ་གསུངས་པ་དང་། བར་པ་དྲང་དོན་དུ་གསུངས་པ་ལ་དགོངས་གཞི་སོགས་གང་ཞེས་པ་དིང་སང་བཀའ་ཐ་མའི་ངོས་འཛིན་མྱང་འདས་སོགས་མདོ་སྡེ་རྣམས་ལ་བྱེད་པར་སྣང་སྟེ། དགོངས་འགྲེལ་གྱི་དགོངས་པ་དེ་མིན། བཀའ་ཐ་མ་དགོངས་འགྲེལ་ཉིད་ལ་ཟེར་བ་ཡིན། དགོངས་འགྲེལ་ལ་ཆེ་བ་ལ་སྟོང་ཕྲག་བརྒྱ་པ་ཅིག་ཡོད་པར་རྒྱ་གར་ན་གྲགས་ཏེ། དེ་ནུབ། རྒྱ་ནག་ཏུ་ལེའུ་བཅུ་གཉིས་པ། བརྒྱད་པ་གཅིག ལྔ་པ་གཅིག གསུམ་པ་གཅིག་སྟེ། དགོངས་འགྲེལ་བཞི་འགྱུར་བར་དགོངས་འགྲེལ་གྱི་འགྲེལ་པར་བཤད། བོད་ན་རྒྱ་གར་ནས་འགྱུར་བ་དང་། རྒྱ་ནག་ནས་འགྱུར་བའི་ལེའུ་གསུམ་པ་གཉིས་ཡོད། དེས་ན་དགོངས་འགྲེལ་ནས་ངེས་དོན་དུ་བཤད་པའི་བཀའ་ཐ་མ་ནི་དགོངས་འགྲེལ་ཉིད་ལ་ཟེར་བ་ཡིན། དེ་ངེས་དོན་དུ་ཐོགས་མེད་སྐུ་མཆེད་བཞེད་ཅིང་དེ་དག་གི་བསྟན་བཅོས་རྣམས་ཀྱང་། དགོངས་འགྲེལ་སྒྲ་ཇི་བཞིན་པར་འཆད་པས་མཐར་ཐུག་ཐེག་པ་གསུམ་དང་། གཞན་དབང་རྣམ་རིག་ཙམ་བདེན་པར་སྒྲུབ་ཅིང་། བཀའ་བར་པ་དྲང་དོན་དགོངས་པ་ཅན་དུ་འཆད་པ་ཡིན། ཀླུ་སྒྲུབ་ཡབ་སྲས་དགོངས་འགྲེལ་སྒྲ་ཇི་བཞིན་པའི་ངེས་དོན་ཡིན་ན། གཞན་དབང་རྣམ་རིག་བདེན་པར་གྲུབ་པ་དང་། མཐར་ཐུག་ཐེག་པ་གསུམ་དུ་འགྱུར་དགོས་ན། དེ་དག་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སོགས་ངེས་དོན་གྱི་མདོ་སྡེ་དག་གིས་གནོད་པས་དྲང་དོན་དུ་འཆད། གཞན་དབང་རྣམ་རིག་ཙམ་ཡོད་པའི་དགོངས་གཞི་ཐ་སྙད་དུ་སེམས་ཉིད་ཕྱི་ནང་གྱི་ཆོས་རྣམས་ཀྱི་བྱེད་པ་པོ་ཡིན་པ་ཙམ་ལ་དགོངས། དགོས་པ་སྟོང་པ་ཉིད་ཀྱིས་སྐྲག་པའི་གདུལ་བྱ་འགའ་ཞིག་རིམ་ཀྱིས་ཡང་དག་པའི་དོན་ལ་གཞུག་པའི་ཆེད་ཡིན་ཏེ། འཇུག་པར། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས། །གསུངས་པ་དེ་ནི་དེ་ལྟར་ཆེས་ཟབ་དོན། །རིགས་པར་མི་འགྱུར་གང་ཡིན་དེ་ལ་འདོད། །ཞེས་གསུངས། དངོས་ལ་གནོད་བྱེད་ནི། ཀུན་གཞིའི་སོགས་གཞན་དབང་བདེན་པ་གྲུབ་པ་ལ། གཅིག་དང་དུ་བྲལ་སོགས་བདེན་མེད་དུ་སྒྲུབ་པའི་རིགས་པས་གནོད་པའི་ཕྱིར་རོ། །

དེར་ཉན་རང་ལ་མཐར་ཐུག་གི་མྱང་འདས་ཡོད་པའི་དགོངས་གཞི་ཉན་རང་ཞི་བ་བགྲོད་པ་ཕྱོགས་གཅིག་པ་རེ་ཤིག་ཕུང་པོ་ལྷག་མེད་དུ་མྱ་ངན་ལས་འདའ་བ་ལ་དགོངས། དགོངས་པ་ཉན་རང་གི་རིགས་ཅན་བྱང་སེམས་ཀྱི་སྤྱོད་པ་རླབས་པོ་ཆེས་འཇིགས་པ་རྣམས་ཉན་རང་གི་མྱང་འདས་ལ་ཁ་དྲངས་ནས་མཐར་ཐེག་པ་ཆེན་པོ་ལ་བཀྲི་པའི་ཕྱིར་གསུངས་པ། དངོས་ལ་གནོད་བྱེད་མཐར་ཐུག་ཉན་རང་གི་མྱང་འདས་སུ་རིགས་ངེས་པར་འདོད་ན། སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་རིགས་ཅན་མིན་པར་འགྱུར་བ་དང་། སངས་རྒྱས་རྣམས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་ཀྱི་ས་ལ་འགོད་པར་དམ་བཅས་པ་ཚིག་ཙམ་དུ་འགྱུར་བའི་ཕྱིར་རོ། །ཡོད་མིན་མེད་མིན་ཞེས་སོགས་ལ། །སེམས་ཙམ་པས་ཀུན་རྫོབ་ཡོད་པ་མིན། དོན་དམ་མེད་པ་མིན་ཞེས་པ་དང་། དབུ་མ་པས་དེ་ལས་བཟློག་པ་འཆད་པར་མངོན་ཏེ། གང་ལེགས་ཞེས་པ། སེམས་ཙམ་པས་ངོ་བོ་ཉིད་གསུམ་དུ་ཕྱེ་ནས་གཟུང་འཛིན་ཀུན་བཏགས་ཡོད་པ་མིན། གཞན་དབང་རྣམ་རིག་མེད་པ་མ་ཡིན། གཞན་དབང་ཀུན་བཏགས་ཀྱིས་སྟོང་པའི་ཡོངས་གྲུབ་མུ་བཞི་གང་དུ་ཡང་བརྟག་པར་མི་ནུས་པར་བཞེད། དབུ་མ་པས་ཀུན་རྫོབ་རྟེན་ཅིང་འབྲེལ་འབྱུང་ཡང་རིག་ཤེས་ཀྱི་ངོ་ན་ཡོད་མེད་གང་དུ་ཡང་བརྟག་པར་མི་ནུས་པས་ན་དོན་དམ་པར་ལྟ་སྨོས་ཅི་དགོས། དེའི་ཕྱིར་བདེན་གཉིས་གང་ཡང་ཡོད་མེད་ཀྱི་མཐའ་གཅིག་ཏུ་བཟུང་ན་རྟག་ཆད་ཀྱི་ལྟ་བ་ལས་མ་འདས་པ་ཡིན། ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་མེད་གང་འཐད་ཅེས་པ། བྱམས་ཆོས་རྗེས་འབྲང་དང་བཅས་པ་དང་། དབུ་མ་རང་རྒྱུད་པ་རྣམས་ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་མེད་པར་བཞེད་ཅིང་། ཐལ་འགྱུར་བ་རྣམས་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པར་བཞེད། དེ་ཉིད་འཕགས་པ་ཀླུ་སྒྲུབ་ཀྱི་དགོངས་པ་ཕྱིན་ཅི་མ་ལོག་པ་ཡིན། སྦྱོར་ལམ་གྱི་རྟོགས་པ་གཉིས་སྣང་དང་སྒྲ་དོན་འཛིན་པའི་རྟོག་པ་གང་འཐད་ཅེས་པ། གཉིས་སྣང་གི་རྟོག་པར་བུ་སྟོན་རིན་པོ་ཆེ་བཞེད་ཀྱང་འཐད་པར་མི་མངོན། འཕགས་སེང་གི་དགོངས་པ་སྒྲ་དོན་འཛིན་པའི་རྟོག་པ་ཡིན། དེའི་རྒྱུ་མཚན་སྒྲུབ་བྱེད་དང་བཅས་པ་ངེད་ཀྱིས་བྱས་པའི་ཕར་ཕྱིན་གྱི་ཊིཀ་ན་བདོག་པས་དེར་ད་གཟོད་གཟིགས། ལྷག་བསམ་དག་པའི་མ་དྲོས་ལས་འོངས་པའི། །ལེགས་བཤད་དྲི་མེད་གང་གའི་ཆུ་རྒྱུན་འདི། །བློ་གསལ་བློ་གྲོས་རབ་དཀར་ངང་པ་ཁྱོད། །རྩེ་ཞིང་རོལ་པའི་ཡིད་བཞིན་མཚོར་གྱུར་ཅིག །བླ་མ་འོད་ཟེར་རྒྱལ་མཚན་པའི་དྲི་བ་རྣམས་ལ། ལན་མདོར་བསྡུས་ཙམ་ཞིག་བགྱིས་བདོག་པས་གཟིགས་ནས། འཐད་མི་འཐད་དགོངས་པར་ཞུ། ཞེས་པ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྨྲས་པའི་ཡིག་གེ་པ་ནི་ཧ་རི་བྷ་དྲའོ། །དགེ་ལེགས་འཕེལ་བར་གྱུར་ཅིག། །།ཤུ་བྷཾ།

བླ་མ་སྒྲུབ་པ་དཔལ་བའི་ཞུས་ལན་སྔ་མ།

བླ་མ་སྒྲུབ་པ་དཔལ་བའི་ཞུས་ལན་སྔ་མའོ། །ཁྱོད་ཀྱི་དྲི་བ་རྣམས་ལ་ལན་མདོར་བསྡུས་པ་ཙམ་བཀོད་ན། སྤྱིར་ཆོས་ཉམས་ལེན་གྱི་གནད་འཁྲུལ་མ་འཁྲུལ། ལྟ་བ་གྲུབ་མཐའ་བཞི། སྤྱོད་པ་ཐེག་པ་གསུམ་གང་རུང་དང་མཐུན་ན་མ་འཁྲུལ། དེ་མེད་ན་ཟབ་ཟབ་འདྲ་ཡང་འཁྲུལ་བ་ཡིན། དེ་ལ། ཁྱེད་ཀྱི་སེམས་རིག་སྟོང་ཟུང་འཇུག་མཐའ་བཞི་སྤྲོས་པ་དང་བྲལ་བ་གཞི་དེ་ཉིད་ཁས་ལེན་དང་བྲལ་བ་ལྟ་བ། ལྟ་བ་དང་བློ་མཐུན་པར་འཇོག་པ་སྒོམ། སྒྱུ་མ་ལྟ་བུར་དཀར་ནག་ལ་བླང་དོར་བྱེད་པ་སྤྱོད་པ། གཞི་ལམ་གཅིག་ཏུ་འདྲེས་པ་གནས་གྱུར་གྱི་སེམས་འབྲས་བུ་ཅེས་པ་འདི་གྲུབ་མཐའ་དང་བསྟུན་ན། དབང་པོ་རབ་ཀྱིས་ཉམས་སུ་བླངས་ན་རྣལ་འབྱོར་སྤྱོད་པའི་དབུ་མ་པའི་ལུགས། འབྲིང་གིས་ཉམས་སུ་བླངས་ན་སེམས་ཙམ་པ། ཐ་མས་ལྟ་བ་གཟུང་འཛིན་ལས་གྲོལ་བའི་བདག་ཤེས་རིག་གི་སྐྱེས་བུ་ངོས་ཟིན་པས་གྲོལ་བར་འདོད་པ་གྲངས་ཅན་གྱི་ལུགས། བསྒོམ་པ་མཚན་རྟོག་ཡིད་ལ་མི་བྱེད་པ་ཤེར་ཕྱིན་གྱི་རྣལ་འབྱོར་དུ་འདོད་པ་རྒྱ་ནག་ཧྭ་ཤང་གི་ལུགས་སུ་གོལ་བའི་ཉེན་ཡོད། དེའི་ཕྱིར་སྔ་རབས་ཀྱི་ཕྱག་ཆེན་པ་རྣམས་ལ་ཡང་། རྗེ་མི་ལ་རས་པ་ཡབ་སྲས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་དེ་དག་གི་རྗེས་འཇུག་ཁ་ཅིག་སེམས་ཙམ་རྣམ་བརྫུན་པ། ཁ་ཅིག་རྣམ་བདེན་པའི་ལྟ་བར་སྣང་། ཆོས་རྗེ་ས་སྐྱ་པས། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གསུངས། །ཅེས་པ་ཕྱག་ཆེན་ཐ་མལ་པ་ལ་དགོངས་སོ། །

དེ་བས་ན། བླ་མ་ཉམས་རྟོགས་ཐོབ་པ་དང་ལྡན་པ་ལ་ཡུན་རིང་དུ་བརྡར་ཤ་གཅོད་པ་གལ་ཆེ། དིང་སང་སེམས་གནས་ཆ་ཙམ་དང་། ཉམས་བན་བུན་ལ་བསྒོམ་དུ་བཟུང་ནས། སྒྲོ་འདོགས་ནང་ནས་ཆོད་པ་སྐད་སྨྲ་བའི་སྒོམ་ཆེན་མང་པོ་ཡོད་དེ། དེ་རྣམས་ཀྱིས་ས་ཅི་ཡང་མི་ཆོད། ཡང་མཉམ་པར་བཞག་དུས་འཛིན་པ་རགས་པ་འགགས་པའི་རིག་པ་གསལ་སྟོང་བདེ་ཆ་དང་བཅས་པ་ཡོད་ཟེར་བ་དེ་ཞི་གནས་ཀྱི་ཉམས་བཟང་པོ་མིན། ལྷག་མཐོང་གི་ངར་འདོན་པ་ལ་འདི་མེད་ཁ་མེད། འདི་ཁོ་ནས་མི་ཆོག འདིའི་གསལ་བྱ་ལྷག་མཐོང་། གནས་ཆ་ཞི་གནས་ཡིན་པས་ཞི་ལྷག་ཟུང་འབྲེལ་ལམ་གྱི་ཕྱག་རྒྱ་ཆེན་པོ་ཡིན། ཅེས་ཡང་དགོན་པ་སོགས་ངོ་སྤྲོད་ཀྱང་འདི་ལ་ལྷག་མཐོང་མེད། གསལ་ཆས་ལྷག་མཐོང་གི་གོ་མི་ཆོད། ལྷག་མཐོང་གི་རྒྱུར་སྟོང་ཉིད་ལ་སྒྲོ་འདོགས་ཆོད་པའི་ཐོས་བསམ་གྱི་ལྟ་བ་རྣམ་དག་ཅིག་ངེས་པར་དགོས། ལྟ་བ་དེ་ཞི་གནས་ཀྱི་རྟ་བ་བཟང་པོ་ལ་བསྐྱོན་ནས། དྲན་ཤེས་ཀྱིས་རྒྱུན་དུ་བསྐྱངས་པས། གནས་ལུགས་ལ་མྱོང་སྟོབས་ཀྱི་སྒྲོ་འདོགས་ཆོད་པའི་ལྷག་མཐོང་གི་རྟོགས་པ་བཟང་པོ་སྐྱེ་བ་ཡིན། ཞི་གནས་ཙམ་གྱིས་ཉོན་མོངས་པ་མགོ་གནོན་པ་ཙམ་ལས། ས་བོན་མི་སྤོང་བས་ཐར་བའི་ལམ་དུ་མི་འགྲོ་སྟེ། ཏིང་ངེ་འཛིན་རྒྱལ་པོར། འཇིག་རྟེན་པ་དག་ཏིང་འཛིན་སྒོམ་བྱེད་ཀྱང་། །དེ་ཡིས་བདག་ཏུ་འདུ་ཤེས་པ་ཞིག་མི་ནུས། །དེ་ཡིས་ཉོན་མོངས་ཕྱིར་ཡང་རབ་ཏུ་ལྡང་། །ལྷག་སྤྱོད་ཀྱིས་ནི་ཏིང་འཛིན་འདིར་སྒོམས་བཞིན། །ཅེས་གསུངས། སྟོང་ཉིད་རྟོགས་པའི་ལྷག་མཐོང་དང་ལྡན་པའི་ཏིང་ངེ་འཛིན་ལམ་དུ་འགྲོ་ཏེ། ཡང་མདོ་དེ་ཉིད་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་རྟོག །སོ་སོར་ཉིད་རྟོགས་གལ་ཏེ་སྒོམ་བྱེད་ན། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །རྒྱུ་གཞན་གང་ཡིན་དག་གིས་ཞི་མི་འགྱུར། །ཅེས་དང་། དབུ་མ་རྒྱན་དུ། ཆོས་ལ་བདག་མེད་མཁས་པ་ཡིས། །རང་བཞིན་མེད་པར་གོམས་བྱས་ན། །ཕྱིན་ཅི་ལོག་ལས་བྱུང་བ་ཡི། །ཉོན་མོངས་སྒྲིབ་པ་མེད་པར་སྤོང་། །ཅེས་གསུངས། དེ་བས་ན་ཞི་གནས་ཀྱི་སེམས་གནས་པ་ཐོབ་ནས། ལྷག་མཐོང་གི་ཡེ་ཤེས་བསྒོམ་པ་ལ་འབད་དགོས། ལྷག་མཐོང་གི་རྒྱུར་གནས་ལུགས་ལ་སྒྲོ་འདོགས་ཆོད་པའི་ལྟ་བ་རྣམ་དག་ཅིག་དགོས། དེའི་རྒྱུར་བླ་མ་མཁས་པ་ལ་གཏུགས་ནས་མདོ་རྒྱུད་ཟབ་མོ་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དགོས་པ་ཡིན། ཡང་རྗེས་ཐོབ་ཏུ་སྣང་གྲགས་ཀྱི་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དྲན་པས་བསྐྱངས་པ་ན། རྩ་ཆད་དུ་བུན་ལོང་གིས་འགྲོ་ཟེར་བ་དེ་ལམ་དུ་ཤིན་ཏུ་ཡང་འགྲོ། དེ་ཚེ་སྒྱུ་མ་ལྟ་བུར་དྲན་པ་དེ་ཉིད་ལྷག་མཐོང་ཡིན་པས དྲན་པ་དེ་ཉིད་ཞི་གནས་ཀྱི་དར་ནམ་ཡལ་གྱི་བར་རྟོག་པ་གཞན་གྱིས་བར་མ་ཆོད་པ་བྱས་ནས་རྒྱུན་དུ་སྐྱོང་བ་གལ་ཆེ། དེང་སང་ཟབ་ལམ་པར་བསྒོམ་པ་མང་པོ་དེ་འདྲ་རྟོག་སྒོམ་ཡིན། སྙིང་པོ་མེད་ཟེར་ཏེ། ལྷག་མཐོང་གི་གནད་མ་གོ་བ་ཡིན། སོ་སོ་སྐྱེ་བོ་ལ་ཞི་གནས་རྟོག་མེད་དུ་སྐྱེ་ཡང་། ལྷག་མཐོང་རྟོག་བཅས་སུ་སྐྱེ་བ་ཡིན། ལྷག་མཐོང་རྟོག་བཅས་དེ་ཉིད་གོམས་པར་བྱས་པས་མཐར་འཕགས་ལམ་མི་རྟོག་པའི་ཡེ་ཤེས་སྐྱེ་བ་ཡིན། ཡང་ཆོས་རྗེ་ས་སྐྱ་པ་དཔེའི་ཕྱག་ཆེན་དབང་བཞི་པ་ལ་མི་བཞེད། དབང་གསུམ་པའི་ཡེ་ཤེས་དཔེའི་ཕྱག་ཆེན་དང་། བཞི་པའི་ཡེ་ཤེས་དོན་གྱི་ཕྱག་ཆེན་དུ་བཞེད། དུས་འཁོར་བ་རྣམ་ཀུན་མཆོག་ལྡན་གྱི་སྟོང་གཟུགས་བསྐྱེད་རིམ་དང་། འདུས་པ་ཀུན་རྫོབ་སྒྱུ་མ་བསྐྱེད་རིམ་དུ་མི་བཞེད། གཉིས་ཀ་རྫོགས་རིམ་དུ་བཞེད་པ་ཡིན། ཡང་ཐ་སྙད་ཀྱི་སྤྲོས་པ་ཐམས་ཅད་ཐ་མི་དད་དུ་རོ་གཅིག་པའི་མྱོང་བ་གཅིག་སྐྱེ་ན། རྗེས་ཟུང་འཇུག་གི་ཉམས་ལེན་དུ་འགྲོའམ་ཞེས་པ། སྤྱིར་མདོ་སྔགས་ཐམས་ཅད་ཀྱི་མཐར་ཐུག་གི་སྐྱེས་ལ་ཟུང་འཇུག་ཡིན་ཡང་། ད་ལྟ་སོ་སྐྱེའི་གནས་སྐབས་སུ་ཟུང་འཇུག་དོན་སྤྱིའི་ཚུལ་གྱིས་གོམས་པར་བྱེད་པ་ཙམ་ལས། ཟུང་འཇུག་གི་མྱོང་བ་མཚན་ཉིད་པ་མི་སྐྱེ། གསང་སྔགས་པ་ས་ཐོབ་ནས། སྤྱོད་པ་གསུམ་གང་གིས་མཉམ་རྗེས་བསྲེ་བའི་ཟུང་འཇུག་གི་ཉམས་ལེན་གོམས་པར་བྱས་ནས། ཚེ་འདི་ཉིད་ལ་ཟུང་འཇུག་མཐར་ཕྱིན་པ་རྡོ་རྗེ་འཆང་གི་གོ་འཕང་རྫོགས་པར་བྱེད་པ་འཕགས་པ་ཡབ་སྲས་བཞེད་པ་ཡིན། ཕར་ཕྱིན་ཐེག་པ་བ་ས་བཅུའི་རྗེས་ཐོབ་ཏུ་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་སྦྱིན་སོགས་ཐབས་ཀྱི་ཆ་མ་ལུས་པ་སྤྱོད་པའི་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་ལ་བསྐལ་པ་གྲངས་མེད་པ་གཉིས་ལ་སོགས་པ་གོམས་པར་བྱས་ནས། ས་བཅུ་པའི་སྐྱེ་བ་གཅིག་གིས་ཐོགས་པའི་ས་ལ་ཟུང་འཇུག་གི་མཐར་ཕྱིན་པར། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས་བཤད། ད་ལྟ་ཁྱེད་ལ་ཞི་གནས་ཀྱི་ཉམས་བཟང་དུས། གཉིས་འཛིན་ཐམས་ཅད་ཞིག་པ་སྙམ་བྱེད་པ་འབྱུང་བ་ཞི་གནས་ཀྱི་མཐུ་ཡིན། ཟུང་འཇུག་གིས་སྤྱོད་བའི་གོ་མི་ཆོད་ད་ལྟ་ཟུང་འཇུག་ལ་གོམས་པར་བྱེད་ན། ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་དྲན་པའི་ངང་ནས་སྦྱིན་སོགས་ཐབས་ཀྱི་ཆ་ཐམས་ཅད་ལ་འཇུག་པ་རྣམ་ཀུན་མཆོག་ལྡན་གྱི་སྟོང་པ་ཉིད་དུ། གཙུག་ན་རིན་པོ་ཆེའི་མདོ་ལས་བཤད་པ་ལྟར་ཉམས་སུ་བླང་བ་ཡིན། གཞན་ཕན་སོགས་ཀྱིས་མ་ཟིན་ན་ཉམས་རྐྱང་པས་རང་རྐྱ་མི་ཐུབ་ཟེར་བ་ཤིན་ཏུ་བདེན། དེའི་ཕྱིར་འཁོར་བ་ལ་ངེས་འབྱུང་དང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྒོམ་པ་སོགས་ལ་འབད་དགོས་པ་ལགས་སོ། །

སངས་རྒྱས་འཇིག་རྟེན་འབྱུང་བ་བརྒྱ་ལམ་ན། །དལ་དང་འབྱོར་བ་རྙེད་པ་སྲིད་པ་ཙམ། །ཚེ་ཡང་མི་བརྟན་གཡོ་བའི་ངང་ཚུལ་ཅན། །དོན་ཆེན་སྒྲུབ་ལ་ཅི་སྟེ་བརྩོན་མི་བྱེད། །ཐོག་མེད་ལས་ཀྱི་འཕེན་པ་ཤུགས་དྲགས་ཅིང་། །སྲིད་པའི་རྒྱ་མཚོ་ཟབ་ཅིང་གཏིང་དཔག་དཀའ། །དལ་འབྱོར་རིན་ཆེན་རྙེད་དུས་མ་འབད་ན། །ངན་འགྲོའི་ཀློང་དུ་ཆུད་ཚེ་ཅི་བྱར་ཡོད། །མཉམ་གཞག་སྤྲོས་བྲལ་ནམ་མཁའི་རྣལ་འབྱོར་དང་། །རྗེས་ཐོབ་རྟེན་འབྲེལ་སྒྱུ་མའི་ལམ་ཁྱེར་གྱིས། །བདེན་གཉིས་དོན་ལ་ཤིན་ཏུ་གོམས་བྱས་ནས། །ཚོགས་གཉིས་མྱུར་རྫོགས་དོན་གཉིས་བསྒྲུབ་པར་མཛོད། །ཡི་གེའི་རྟེན་མཚོན་པར་དར་སྐྱེད་ཁ་གང་བདོག །ཅེས་པ་ས་རྩེར་བཞུགས་དུས། ནི་བོ་པས་དྲིས་ལན་དུ་གནང་བའོ། །གསུངས་སོ། །ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།

འདི་ཡང་བླ་མ་སྒྲུབ་པ་དཔལ་གྱི་ཞུས་ལན།

འདི་ཡང་བླ་མ་སྒྲུབ་པ་དཔལ་གྱི་ཞུས་ལན། ཁྱེད་ཀྱི་ཡི་གེ་རྟེན་བཅས་འདིར་འཕྲོད་ལགས། སྤྱིར་ངེད་ཀྱིས་གསུང་རབ་ལ་ཐོས་བསམ་བྱས་པའི་གོ་ཡུལ་ཙམ་མ་གཏོགས། བསྒོམས་པའི་ཉམས་མྱོང་ནི་ཅི་ཡང་མེད། ཁྱེད་རང་གིས་ཉམས་ལེན་དགའ་མོ་མཛད་གདའ་བ་དང་། གོ་ཡུལ་གྱི་དྲི་བ་ཡི་གེར་བཀོད་པ་རྣམས་ཀྱང་ཕྱིན་ཅི་མ་ལོག་པ་གདའ་བས་རྗེས་སུ་ཡིད་རང་། དྲི་བ་ཕྱི་མ་འདི་རྣམས་ལ་རང་རེས་ལན་བྱེད་པ་མ་འཕྲོད། ངེད་ཟླ་བ་ལྔ་པ་ཤར་ཤར་ཙམ་འདི་རུ་མཚམས་དམ་པར་སྡོད་རྩིས་སུ་བདོག དེ་བར་རང་རེའི་རྫོང་སུ་བཞུགས་ནས། ངེད་མཚམས་གསེངས་རྟིང་མཇལ་ནས་གསུང་གླེང་ཞིབ་ཏུ་བགྱིད་པར་ཞུ་གསུང་། དེ་ནས་ཁོང་པ་སྐུ་མཚམས་མ་གྲོལ་བར་བདག་ནེ་རིངས་སུ་འགྲོ་དགོས་པར་བྱུང་ནས། སྔར་གྱི་ལན་ཞུས་པས། ད་རེས་གདམས་པ་འདི་ཁྱེར་ལ་བཞུད། རྗེས་ནས་ཐེངས་ངེས་པ་ཅིག་ལ་ལན་བྲིས་ནས་བསྐུར་བ་ཡིན་གསུང་། དེའི་གདམས་པ་ནི། ཐེགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གསལ་བར་བྱེད་པ་ཕྱག་རྒྱ་ཆེན་པོ་རྡོ་རྗེའི་གླུ་ཞེས་པ་དེ་ཡིན། དྲི་བ་ཕྱི་མ་ཞི་ལྷག་གི་རྒྱུ་འབྲས་བྱེད་ལས་སོགས་ཀྱི་ལན་ནི། ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་གཞི་ལམ་འབྲས་བུ་གསུམ་གྱི་གནད་མདོར་བསྡུས་པ་ཞེས་པ་དེ་ཡིན་ནོ།། །།དགེའོ། །

བླ་མ་སྒྲུབ་པ་དཔལ་བའི་ཞུས་ལན་མི་ཤིགས་པའི་ཐིག་ལེའི་ངོས་འཛིན་དོན་གསུམ་གྱིས་བསྟན་པ།

བླ་མ་སྒྲུབ་པ་དཔལ་བའི་ཞུས་ལན་མི་ཤིགས་པའི་ཐིག་ལེའི་ངོས་འཛིན་དོན་གསུམ་གྱིས་བསྟན་པ་བཞུགས་སོ། །མི་ཤིགས་པའི་ཐིག་ལེ་ནི་མིང་གི་རྣམ་གྲངས་དང་། སྒྲའི་དོན་དང་། མཚན་གཞི་ངོས་གཟུང་བ་དང་། མཚན་ཉིད་གཏན་ལ་དབབ་པ་རྣམས་ཀྱིས་ཤེས་པར་བྱའོ། དང་པོ་ནི་མི་ཤིགས་པའི་ཐིག་ལེ་དང་། གྲོལ་བའི་ཐིག་ལེ་དང་། ལྷན་ཅིག་སྐྱེས་པའི་ཡེ་ཤེས་དང་། ཟབ་གསལ་གཉིས་མེད་དང་། ཆོས་ཀྱི་དབྱིངས་དང་། མཁའ་ཁྱབ་ནམ་མཁའི་རྡོ་རྗེ་ལ་སོགས་པའོ། །སྒྲའི་དོན་ནི། ཅིའི་ཕྱིར་མི་ཤིགས་པའི་ཐིག་ལེ་ཞེས་བྱ་ཞེ་ན། འདིས་དངོས་པོ་རྣམས་འཇོམས་ཤིང་། དེ་གང་གིས་ཀྱང་གཞོམ་དུ་མེད་པའི་ཕྱིར་དང་། ཐིག་ལེའི་གཟུགས་ཅན་ཡིན་པའི་ཕྱིར། མི་ཤིགས་པའི་ཐིག་ལེ་ཞེས་བྱའོ། །འདི་རྟོགས་པ་ན་ཀུན་རྫོབ་ཀྱི་དངོས་པོ་རྣམས་མི་སྣང་བའི་ཕྱིར། འདིས་དངོས་པོ་འཇོམས་པ་ཡིན་ལ། འཇིག་པའི་དུས་སུ་མེ་ལ་སོགས་པ་འདི་གཞིག་པར་མི་ནུས་པའི་ཕྱིར་གང་གིས་ཀྱང་གཞོམ་དུ་མེད་པའོ། །ཅིའི་ཕྱིར་གྲོལ་བའི་ཐིག་ལེ་ཞེས་བྱ་ཞེ་ན། འདི་རྟོགས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་རྣམས་ལས་གྲོལ་བའི་ཕྱིར་རོ། །ཅིའི་ཕྱིར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཞེས་བྱ་ཞེ་ན། གདོད་མ་ནས་ལུས་ཅན་རྣམས་ལ་རང་ཆས་སུ་གྲུབ་པའི་ཡེ་ཤེས་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཟབ་གསལ་གཉིས་སུ་མེད་པ་ཞེས་བྱ་ཞེ་ན། ཟབ་མོ་བཏགས་པ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་དང་། གཞིའི་དུས་སུ་གསལ་བ་སྣང་ལ་རང་བཞིན་མེད་པའི་སྒྱུ་མ་ལྟ་བུ་དང་། འབྲས་བུའི་དུས་སུ་ཕྱག་རྒྱ་ཆེན་པོའི་སྐུ་འཇའ་ཚོན་ལྟ་བུ་དང་དབྱེར་མེད་པའི་ཕྱིར་རོ། །ཅིའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱ་ཞེ་ན། དེ་ཉིད་དག་པ་དང་མ་དག་པའི་གནས་སྐབས་ཀྱི་བྱེ་བྲག་གིས་འཁོར་བ་དང་མྱ་ངན་ལས་འདས་པ་ཐམས་ཅད་ཀྱི་གཞིར་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་མཁའ་ཁྱབ་ནམ་མཁའ་རྡོ་རྗེ་ཞེས་བྱ་ཞེ་ན། ཁམས་གསུམ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་དེའི་རྣམ་འགྱུར་ཡིན་པའི་ཕྱིར་དང་། དེའི་རང་བཞིན་གཉེན་པོ་གང་གིས་ཀྱང་གཞོམ་དུ་མི་ནུས་པའི་ཕྱིར་རོ། །གཞན་ཡང་དཔལ་མཆོག་དང་པོ་ལས། །ཐོག་མཐའ་མེད་པའི་སེམས་དཔའ་ནི། །རྡོ་རྗེ་སེམས་དཔའ་དགའ་བ་ཆེ། །ཞེས་དང་། བརྟག་གཉིས་ལས། ལུས་ལ་ཡེ་ཤེས་ཆེན་པོ་གནས། །རྟོག་པ་ཐམས་ཅད་རྣམ་པར་སྤངས། །ཅེས་དང་། སཾ་བུ་ཊི་ལས། ཇི་སྲིད་ལུས་ལ་རྣམ་གནས་པ། །དེ་སྲིད་ལས་དང་ལས་མིན་བྱེད། །གང་ཚེ་ལས་ཀྱི་ལུས་བཅོམ་པ། །དེ་ཚེ་ལྷ་རུ་གྱུར་པ་ཡིན། །ཅེས་དང་། ཆོས་དབྱིངས་བསྟོད་པ་ལས། གང་ཞིག་ཀུན་ཏུ་མ་ཤེས་ན། །སྲིད་པ་གསུམ་དུ་རྣམ་འཁོར་ཞིང་། །སེམས་ཅན་ཀུན་ལ་ངེས་གནས་པའི། །ཆོས་ཀྱི་དབྱིངས་ལ་ཕྱག་འཚལ་ལོ། །གང་ཞིག་འཁོར་བའི་རྒྱུར་གྱུར་པ། །དེ་ཉིད་སྦྱངས་པ་བྱས་པ་ལས། །དག་པ་དེ་ཉིད་མྱ་ངན་འདས། །ཆོས་ཀྱི་སྐུ་ཡང་དེ་ཉིད་དོ། །ཅེས་སོགས་མདོ་དང་རྒྱུད་སྡེ་དུ་མ་ཞིག་ནས་མིང་གི་རྣམ་གྲངས་དུ་མ་ཞིག་གིས་བསྟན་ཏེ། མཚན་གཞི་ངོས་གཟུང་བ་ནི། ལུས་ལེན་པའི་རྣམ་པར་ཤེས་པ་སྟེ། དེའང་། ཀུན་གཞི་ལྟར་ན། ཀུན་གཞིའི་རྣམ་སྨིན་གྱི་ཆ་དང་། ཁས་མི་ལེན་ན་ཡིད་ཀྱི་རྣམ་པར་ཤེས་པའི་རང་བཞིན་ནོ། །མཚན་ཉིད་གཏན་ལ་དབབ་པ་ལ། རྟེན་གང་ལ་གནས་པ་དང་། ངོ་བོ་ཇི་ལྟ་བུ་ཡིན་པ་དང་། ཉམས་སུ་ལེན་ཚུལ་རྣམས་ཀྱིས་ཤེས་པར་བྱའོ། །

རྟེན་གང་ལ་གནས་པ་ནི། ལུས་ཅན་རྣམས་ཀྱི་སྙིང་ཁའི་པདྨ་ཁ་སྦྱར་གྱི་དབུས་ན་གནས་ཏེ། ཞལ་ལུང་གི་འགྲེལ་པར། ཇི་སྲིད་འདི་ནི་ལུས་གནས་པ། །ཞེས་པ་ནི། ནང་བཅུད་ཀྱི་སེམས་ཅན་རྣམས་ཀྱི་སྙིང་ཁའི་པདྨ་ཁ་སྦྱར་གྱི་དབུས་ན་ཐིག་ལེ་གནས་པའོ། །ཞེས་དང་། དུས་འཁོར་ལས། མཁའ་ཁྱབ་ནམ་མཁའི་རྡོ་རྗེ་ཅན་ནི་ཡུལ་དང་རྣམ་པ་བྲལ་བ་ལུས་ཅན་ཀུན་གྱི་སྙིང་གི་དབུས་ནའོ། །ཞེས་བཤད་ཅིང་། དེ་དག་དང་མཐུན་པར་འཕགས་པ་ཐོགས་མེད་ཀྱིས་ཕ་མའི་ཁུ་ཁྲག་འདྲེས་པའི་ནུར་ནུར་པོའི་ཕྱོགས་གང་དུ་བར་དོའི་ལུས་ལེན་པའི་རྣམ་པར་ཤེས་པ་ཞུགས་པ་དེར་ལུས་ཀྱི་ཐོག་མ་སྙིང་ཁར་ཆགས་ཤིང་། འཆི་འཕོ་བ་ན་ཡང་སྙིང་ཁ་ནས་ཡིད་འཆི་འཕོ་བར་བཤད་དོ། །དེ་བས་ན། མི་ཤིགས་པའི་ཐིག་ལེའི་མཚན་གཞིའི་ངོ་བོ་ལུས་ལེན་པའི་རྣམ་པར་ཤེས་པ་ཡིན་ལ། དེ་ཉིད་རབ་ཏུ་གྲགས་པའི་སྙིང་ཁའི་པདྨ་ཁ་སྦྱར་གྱི་ནང་། ཆོས་ཀྱི་འཁོར་ལོ་འདབ་བརྒྱད་པའི་ལྟེ་བའི་རྩ་དབུ་མའི་ནང་ནས། ཀུན་རྫོབ་ཀྱི་གཟུགས་ཡུངས་དཀར་སྦོམ་པོའི་ཚད་ཙམ། དབྱིབས་ཧཱུྃ་ཡིག་འཁྱོག་པོའི་རྣམ་པ་ལྟ་བུར་གནས་ལ། དེ་ལྟེ་བའི་གཏུམ་མོའི་མེས་བཞུས་བ་ན་ལུས་ཅན་རྣམས་ཀྱི་སྙིང་དགའ་བར་བྱེད་པས་དཔྱིད་ཅེས་བྱ་སྟེ། དེ་སྐད་དུ་ཡང་སམ་བུ་ཊི་ལས། སྙིང་གི་དབུས་ན་པདྨ་ནི། འདབ་མ་བརྒྱད་པ་ཟེ་འབྲུ་ཅན། །དེ་ཡི་དབུས་ན་གནས་པའི་རྩ། །ཆུ་ཤིང་གི་ནི་མེ་ཏོག་ལྟར། །ཁ་ནི་འོག་ཏུ་འཕྱང་བཞིན་པ། །དེའི་དབུས་ན་དཔའ་བོ་ནི། །ཡུངས་དཀར་གྱི་ནི་འབྲུ་ཚད་ཙམ། །མི་ཤིགས་ཧཱུྃ་གི་ས་བོན་ཏེ། །བ་མོ་ཁ་བ་ལྟར་འཛག་པ། །ལུས་ཅན་རྣམས་ཀྱི་སྙིང་དགའ་བྱེད། །དེ་ནི་དཔྱིད་ཅེས་བྱ་བར་བརྗོད། །ཅེས་གསུངས་སོ། །དེ་བས་ན་མི་ཤིགས་པའི་ཐིག་ལེའི་མིང་ཅན་གྱི་ལུས་ལེན་པའི་རྣམ་ཤེས་ཀྱི་ངོ་བོ། །རབ་ཏུ་གྲགས་པའི་སྙིང་ཁའི་དབུས་ཀྱི་འཁོར་ལོའི་དབུས། རྩ་དབུ་མའི་དབུས་ན་ཡོད་པར་བསྙོན་མི་ནུས་པར་གྲུབ་ལ། དེའི་ཕྱིར་ཕྱག་ཐིག་གི་རྗེས་སུ་འབྲངས་ནས། རྩ་དབུ་མ་སྒལ་ཚིགས་ཀྱི་མདུན། སྲོག་རྩ་དང་གཞིབས་ནས་ཡོད་པ་སོགས། རྩ་འཁོར་གྱི་རྣམ་གཞག་ཕལ་ཆེ་བ་ལ་གནོད་ཅིང་། ཕྱག་ཐིག་ཀྱང་། ཨ་ཙ་ར་དམར་པོས་བྱས་པའི་ཡང་དག་པ་མ་ཡིན་ཞེས་ཞི་བ་འོད་ཀྱི་སྔགས་ལོག་སུན་འབྱིན་ན་སྣང་། འདི་ཡང་དག་ཡིན་མིན་ཕྱིས་དཔྱད་པར་བྱའོ། །ངོ་བོ་ཇི་ལྟ་བུ་ཡིན་པ་ནི། ཀུན་རྫོབ་ཀྱི་ངོ་བོ་ནི་ཐིག་ལེ་འོད་ཟེར་ལྔ་པ་ཙ་ན་ཀའི་འབྲས་བུ་ཙམ་མམ། ཡུངས་དཀར་གྱི་གཟུགས་ཙམ་དུ་གནས་ལ། དོན་དམ་པའི་ངོ་བོ་ནི། ཟབ་གསལ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་ལྟར་དག་པའི་ཡེ་ཤེས་ཀྱི་ངོ་བོར་གནས་པའོ། །

དེ་ལྟར་ཞལ་ལུང་འགྲེལ་བ་ལས། གཉིས་སུ་མེད་པའི་ཡེ་ཤེས་ཞེས་པ་ནི། ཟབ་མོ་དང་གསལ་བ་གཉིས་སུ་མེད་པའི་ཡེ་ཤེས་ནམ་མཁའ་དག་པ་གང་ཡིན་པའོ། །དེ་ཀུན་རྫོབ་ཀྱི་གཟུགས་སུ་ཇི་ལྟར་གནས་ཞེ་ན། ཐིག་ལེ་ཁ་དོག་ལྔ་པ་ཙ་ན་ཀའི་འབྲུ་ཚད་ཙམ་དུ་རྣམ་པར་གནས་ཏེ་ཞེས་དང་། གྲོལ་བའི་ཐིག་ལེའི་འགྲེལ་པར། མི་ཤིགས་པའི་ཐིག་ལེའི་ནང་དུ་གཟུགས་ཞེས་པ་ནི། སྙིང་ཁ་སྦྱོར་ཙ་ན་ཀའི་གཟུགས་སམ་ཡུངས་དཀར་གྱི་གཟུགས་ཙམ་དུ་གནས་ཏེ་ཞེས་གསུངས་སོ། །ཐིག་ལེའི་གཟུགས་ཅན་དེ་ཉིད་དབྱིབས་ཇི་ལྟར་གནས་ཞེ་ན། རྡོ་རྗེ་དཀྱིལ་འཁོར་རྒྱན་ལས། སྙིང་གི་དབུས་ན་མི་ཤིགས་པ། །གསལ་ཤིང་མར་མེ་དག་དང་མཚུངས། །མི་འབྱུང་མཆོག་ཏུ་ཕྲ་བ་སྟེ། །ཨ་ནི་གཙོ་བོ་དམ་པའོ། །ཞེས་ཨ་ཡིག་ཨ་ཐུང་གི་རྣམ་པ་ལྟ་བུ་སྟེ། དེ་ཡང་ཤེལ་འཕྲེང་ཨ་ཐུང་ཐག་བརྒྱུས་པ་ལྟ་བུར་ཤེས་པར་བྱའོ། །ཤེས་པ་ཉིད་ཐིག་ལེའི་གནས་སུ་ཇི་ལྟར་འགྱུར་ཞེ་ན། ཤེས་པ་ཉིད་གཟུགས་ཅན་གྱི་རྣམ་པར་གྱུར་པ་ཉིད་ལ་གཟུགས་ཅན་གྱི་ཐ་སྙད་འདོགས་ཀྱི་ཤེས་པ་ལས་མ་གཏོགས་པའི་གཟུགས་མེད་དོ། །

ཐ་སྙད་དུ་དོན་ཁས་ལེན་པ་ལྟར་ན། ཤེས་པའི་རྣམ་པ་ལས་ཐ་སྙད་དུ་དོན་ཡོད་པར་དཔོག་པ་ཡིན་ཏེ། རིགས་པ་དྲུག་བཅུ་པར། འབྱུང་བ་ཆེ་ལས་སོགས་བཤད་པ། རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་ན། །ལོག་པར་རྣམ་བཏགས་མ་ཡིན་ནམ། །ཞེས་བཤད་པ་ལྟར་རོ། །དུས་འཁོར་འགྲེལ་པར། འདིར་སེམས་ཅན་ཐམས་ཅད་ཀྱི་སྙིང་ཁའི་ནང་ན་གནས་པ་ནི་ཡེ་ཤེས་སོ། །དེ་ཡང་གཞོམ་དུ་མེད་པའི་སྒྲ་སྟེ། རྟག་ཏུ་ནཱ་དའི་མཚན་ཉིད་དོ། །ཅེས་པའི་གཞོམ་དུ་མེད་པའི་སྒྲ་ནི་རླུང་སྟེ། དེའི་དབྱིབས་ནི་ནཱ་དའི་མཚན་ཉིད་ཅེས་པ་དབྱིབས་སྟོན་པ། ཡིག་གེ་ནཱ་ད་དང་ཨ་ཤད་དང་ཨ་ཐུང་ངུ་རྣམས་དོན་ཅིག་པས། སྙིང་དབུས་ན་ལྷན་གཅིག་སྐྱེས་པའི་རླུང་ཨ་ཤད་ཀྱི་རྣམ་པ་ལྟ་བུ་བསྟན་པ་ཡིན་ལ། དེ་ཐིག་ལེར་ཇི་ལྟར་འབྱུང་ཞེ་ན། དེ་ཉིད་གཏུམ་མོའམ་འདོད་ཆགས་ཀྱི་མེས་བཞུ་བ་ན་ཐིག་ལེར་འགྱུར་བ་ཡིན་ཏེ། སྤྱོད་བསྡུས་སུ་རླུང་གི་ལས་སྟོན་པ་ན་ཐབས་ཤེས་ཀྱི་རྩ་སྦུབས་ན་ཡོད་པའི་རླུང་རྣམས་འདོད་ཆགས་ཀྱི་མེས་ཐིག་ལེར་བཞུ་བ་ན། རྡོ་རྗེ་དང་པདྨར་འབབ་པར་བཤད་པས་སོ། །

དེ་བས་ན་ཐོག་མར་རྣམ་ཤེས་མངལ་དུ་ཞུགས་པ་ན། རྣམ་ཤེས་རླུང་དང་དབྱེར་མེད་དུ་འདྲེས་ནས་འཇུག་པས། རླུང་ཨ་ཤད་ཀྱི་རྣམ་པ་ལྟ་བུ་དང་། ཕྱིས་འདོད་ཆགས་ཀྱི་མེས་བཞུ་བ་ན། ཐིག་ལེ་ཨ་ཤད་ལྟ་བུར་འགྱུར་བས་རེས་འགའ་ཐིག་ལེ་དང་། རེས་འགའ་རླུང་དུ་བསྟན་པ་ཡིན་ནོ། །འཕགས་ལུགས་པའི་སེམས་དབེན་གྱི་མཚན་གཞིའི་ངོ་བོ་ཡང་། མི་ཤིགས་པའི་ཐིག་ལེ་ཉིད་ཡིན་ཏེ། སྤྱོད་བསྡུས་སུ། འཇམ་དཔལ་གྱི་ཏིང་ངེ་འཛིན་སྟོན་པ་ན། སེམས་ཅན་རྣམས་ཀྱི་ལུས་ཀྱི་ནང་ན་གནས་པའི་སེམས་གསུམ་གྱི་བདག་ཉིད་ཀྱི་ཡིད་དུ་བཤད་ཅིང་། དེ་ཡང་ལུས་ཅན་ཀུན་གྱི་སྙིང་གི་དབུས་ན་གནས་པའི་མི་ཤིགས་པའི་མིང་ཅན་གྱི་ཐིག་ལེ་རྣམ་པར་ཤེས་པ་དེ་ཉིད་གནས་སྐབས་ཀྱི་བྱེ་བྲག་གིས་སེམས་གསུམ་དུ་འགྱུར་བ་ཡིན་ཏེ། མ་དག་པའི་གནས་སྐབས་སུ་རང་བཞིན་གྱི་རྣམ་པར་རྟོག་པ་དང་། གསེར་དང་རང་བཞིན་དུ་དབྱེར་མེད་དུ་འདྲེས་པས་སོ་སོར་མི་བྱེད་ཅིང་། རང་བཞིན་རྣམ་རྟོག་འདོད་ཆགས་ལས་གྱུར་པ་གསལ་བ་ཙམ་དང་། ཞེ་སྡང་ལས་གྱུར་པ་ཤིན་ཏུ་གསལ་བ་དང་། གཏི་མུག་ལས་གྱུར་པ་མི་གསལ་བའི་བཏགས་ཀྱི་བྱེ་བྲག་གིས་དེ་དག་གི་རང་བཞིན་རྟོག་མེད་ཀྱི་སྣང་བ་གསལ་བ་དང་། ཆེས་གསལ་བ་དང་། མི་གསལ་བ་གསུམ་ཡོད་པ་རྗེས་སུ་དཔོག་པ། དེ་དག་མངོན་དུ་འགྱུར་བའི་ཐབས་ནི། རྣལ་འབྱོར་པས་བསྐྱེད་རིམས་མཐར་ཕྱིན་ཏེ། ངག་དབེན་གྱིས་རླུང་སྦྱངས་ཏེ། རླུང་ལ་རྣམ་པར་རྒྱལ་བ་ཐོབ་པ་ན་ཕྱག་རྒྱ་མཚན་ཉིད་དང་ལྡན་པ་བསྟེན་ནས། བླ་མའི་མན་ངག་ལྟར་ཉམས་སུ་བླངས་པས་སེམས་གསུམ་ཅི་རིགས་པར་མངོན་དུ་གྱུར་ཏེ། རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ནི། །འདི་ཉིད་ཀྱིས་ནི་མཚོན་པར་འགྱུར། །ཞེས་བཤད་ཅིང་། དེ་ཡང་སེམས་དབེན་གྱིས་སེམས་ཅན་རྣམས་ཀྱི་སྙིང་ཁའི་པདྨ་ཁ་སྦྱར་གྱི་དབུས་ན་ཐིག་ལེ་གནས་པའོ། །ཞེས་པ་དང་། དུས་འཁོར་ལས་ལས་ཀྱི་སྐབས་སུ་ཕྱག་རྒྱ་ལ་རྟེན་ནས་སེམས་གསུམ་པོ་ཀུན་རྫོབ་གྱི་རང་གི་ངོ་བོ་རང་བཞིན་བརྒྱད་ཅུའི་རྣམ་རྟོག་གི་དྲི་མ་དང་བྲལ་བའི་གསལ་རིག་ཙམ་མངོན་དུ་གྱུར་པ་ཡིན་གྱི། དོན་དམ་པའི་ངོ་བོར་སྟོང་པ་ཉིད་མངོན་དུ་གྱུར་པ་ནི་མིན་ནོ། །ཞེས་དང་། ཞལ་ལུང་ལས། གསལ་ཞིང་རབ་དགའ་མཁའ་འདྲ་བ། །གཞན་དུ་རིག་པར་མི་འགྱུར་བ། །བུད་མེད་སྒྱུ་མའི་ཕྱག་རྒྱ་ནི། །སྒྱུ་མ་ཀུན་ལས་ཁྱད་པར་འཕགས། །ཅེས་ན། ཕྱག་རྒྱ་ལ་རྟེན་ནས་ཟབ་གསལ་གཉིས་མེད་ཉམས་སུ་ལེན་པར་བཤད་ཀྱང་། སེམས་དབེན་གྱི་གནས་སྐབས་དང་མངོན་དུ་འགྱུར་ཚུལ་མི་འདྲ་སྟེ། སེམས་དབེན་གྱི་གནས་སྐབས་སུ་སེམས་ཀྱི་ཀུན་རྫོབ་ཀྱི་རང་གི་ངོ་བོ་ཙམ་མཐོང་བ་ཡིན་ལ། འདིའི་གནས་སྐབས་སུ་རྣལ་འབྱོར་པས་ཕྱག་རྒྱ་ལ་རྟེན་ནས་འོད་གསལ་མངོན་དུ་བྱས་པས་ཟབ་མོ་སྟོང་པ་ཉིད་དང་། གསལ་བ་ཕྱག་རྒྱ་ཆེན་པོའི་སྐུ་འཇའ་ཚོན་ལྟ་བུ་སྣང་ཙམ་ན་རང་བཞིན་མེད་པ་གཉིས་དབྱེར་མི་ཕྱེད་པའི་ཟུང་འཇུག་དམིགས་མེད་ཀྱི་ཡེ་ཤེས་མངོན་སུམ་དུ་གྱུར་པ་ཡིན་ནོ། །ཟབ་གསལ་གཉིས་མེད་ཀྱི་དོན་ཡང་ཡིན་ཏེ། གྲོལ་བའི་ཐིག་ལེ་ལས། རྣམ་པར་རྟོག་པ་ཀུན་བྲལ་བས། །བསམ་བརྗོད་ཡུལ་ལས་ཤིན་ཏུ་འདས། །མཁའ་བཞིན་དྲི་མེད་ཀུན་འབྱུང་བ། །བརྟགས་བྲལ་ཟབ་མོ་ཉིད་ཅེས་བྱ། །ཕྱག་རྒྱ་ཆེན་པོའི་གཟུགས་འཆང་བ། །སྒྱུ་མ་འཇའ་ཚོན་ལྟ་བུ་རུ། །རང་དང་གཞན་གྱི་རྒྱུད་སྦྱོར་བས། །ཡང་དག་གསལ་བ་ཞེས་བྱའོ། །ཅེས་བཤད་དོ། །དོན་དམ་སྣང་མེད་རྟོགས་པ་འོད་གསལ་མིན་ནམ་ཟབ་གསལ་གཉིས་མེད་རྟོགས་པ་ནི་སྣང་མེད་མ་ཡིན་ནོ། །

ཞེ་ན། དོན་དམ་རྟོགས་པ་འོད་གསལ་དུ་འདོད་པ་ཐམས་ཅད་ཡང་། དོན་དམ་བདེན་པའི་བཞེད་ཚུལ་ལ་ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་དབུ་མ་པ་དག་མི་མཐུན་ཏེ། དབུ་མ་སྒྱུ་མ་ལྟ་བུ་དང་། རབ་ཏུ་མི་གནས་པ་གཉིས་ཡོད་པར་རྒྱ་བོད་ཀྱི་མཁས་པ་དག་ལ་གྲགས་ཤིང་། ཀླུ་སྒྲུབ་ཀྱི་རྗེས་སུ་འབྲང་བའི་གཞུང་རྣམས་ཀྱི་དོན་ཡང་དེ་བཞིན་དུ་གནས་མོད། འོན་ཀྱང་རྔོག་ལོའི་སྤྲིང་ཡིག་བདུད་རྩིའི་ཐིགས་པར། དབུ་མ་གཉིས་སུ་འདོད་པ་རྨོངས་པ་མཚར་སྐྱེད་མིན། །ཞེས་དགག་པ་མཛད་པ་ནི། ཁོང་རང་གིས་དབུ་མའི་ཤིང་རྟ་ཆེན་པོ་རྣམས་ཀྱི་དགོངས་པ་སོ་སོར་མ་ཕྱེད་པའི་སྐྱོན་ཡིན་ཏེ། དོན་ལ་དབུ་མ་གཉིས་སུ་མེད་པ་མ་ཡིན་ལ། འཕགས་སེང་དང་ཞི་བ་འཚོ་དཔོན་སློབ་དང་། དེ་དག་དང་མཐུན་པའི་རྡོ་རྗེ་ཐེག་པའི་བླ་མ་ཡེ་ཤེས་ཞབས་ལ་སོགས་པ་མང་པོ་ཞིག་དབུ་མ་སྒྱུ་མ་ལྟ་བུར་བར་སྣང་ཞིང་། ཟླ་གྲགས་ལེགས་ལྡན་འབྱེད་དེ་དག་མཐུན་པའི་རྡོ་རྗེ་ཐེག་པའི་བླ་མ་དག་དབུ་མ་རབ་ཏུ་མི་གནས་པར་སྣང་བའོ། །དེའི་རྒྱུ་མཚན་འདིར་མི་སྤྲོ། སྐབས་སུ་བབ་པ་ཞལ་ལུང་ཡེ་ཤེས་ཞབས་ཀྱི་དགོངས་པ་ཟབ་གསལ་གཉིས་མེད་སྒྱུ་མ་ལྟ་བུ་ལ་མཐར་ཐུག་ཏུ་སྐྱེལ་བ་ཡིན་གྱི། རབ་ཏུ་མི་གནས་པའི་འདོད་པ་ལྟར་སྟོང་ཉིད་ཡན་གར་བ་མཐར་ཐུག་ཏུ་མི་བཞེད་དེ། གྲོལ་བའི་ཐིག་ལེ་ལས། དེས་ན་ཟབ་གསལ་བྱང་ཆུབ་ནི། གཉིས་མེད་རྟོགས་པས་དེ་གྲོལ་ལོ། །ཟབ་མོ་ཁོ་ན་རྟོགས་པས་མིན། །གསལ་བ་དག་ཀྱང་དེ་བཞིན་ནོ། །དེ་ཕྱིར་ཐལ་བྱུང་ཟབ་མོ་ཡིས། གྲོལ་འདོད་དེ་ལ་བདག་མི་དད། །དེ་བས་གཉིས་མེད་རང་བཞིན་དུ། །རྟོགས་པས་ཚེ་འདི་འབྲས་ཐོབ་ངེས། །ཅེས་བཤད་དོ། དེ་བས་ན་འཕགས་ལུགས་དང་། ཡེ་ཤེས་ཞབས་ལུགས་གཉིས་གྲུབ་མཐའི་དབང་གིས་འོད་གསལ་ངོས་འཛིན་ཚུལ་ནི་མི་ཅིག་ལ། ཟུང་འཇུག་གི་ངོས་འཛིན་ཚུལ་ནི་ཅིག་ཏེ། འཕགས་ལུགས་པའི་བདེན་གཉིས་ཟུང་དུ་འཇུག་པའི་རྣལ་འབྱོར་དང་། ཡེ་ཤེས་ཞབས་ལུགས་པའི་ཟབ་གསལ་གཉིས་མེད་ཀྱི་ཡེ་ཤེས་དོན་གཅིག་ཅིང་། གཉིས་ཀས་ཀྱང་དེ་དག་རྫོགས་རིམས་མཚན་ཉིད་པར་འདོད་པའི་ཕྱིར་རོ། །

བྱེད་ལས་ནི། མ་དག་པའི་གནས་སྐབས་ན་མི་ཤིགས་པའི་ཐིག་ལེ་ལས་རང་བཞིན་བརྒྱད་ཅུའི་རྣམ་པར་རྟོག་པ་དང་། དེ་ལ་རླུང་དང་མེ་ལ་སོགས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཁམས་གསུམ་རྒྱུ་བ་དང་མི་རྒྱུ་བ་ཐམས་ཅད་འདི་ལས་འབྱུང་སྟེ། ཞལ་ལུང་ལས། ད་ནི་གཉིས་མེད་ཡེ་ཤེས་ཉིད། ཀུན་རྫོབ་གཟུགས་ལ་རྟེན་ནས་ཀྱང་། །མི་གཡོ་ལ་སོགས་གཡོ་དང་བཅས། །ཐམས་ཅད་རབ་ཏུ་མི་སྣང་ཡང་། ཐིག་ལེ་འགོག་པར་མི་འགྱུར་སྟེ། །རྒྱུ་དང་མི་རྒྱུ་བཅས་པ་ཀུན། །སླར་ཡང་དེ་ལས་འབྱུང་བར་བྱེད། །ཅེས་གསུངས་སོ། །དག་པའི་གནས་སྐབས་སུ་སློབ་པ་དང་མི་སློབ་པའི་ཟུང་འཇུག་གཉིས་ཀྱིས་རང་གཞན་གྱི་རྒྱུད་སྨིན་པ་དང་གྲོལ་བར་བྱེད་པའི་འཕྲིན་ལས་ཐམས་ཅད་འདིའི་འཕྲིན་ལས་ཡིན་ནོ། །མི་ཤིགས་པའི་ཐིག་ལེ་ཉམས་སུ་ལེན་ཚུལ་ནི། སྤྱིར་བླ་མེད་ཀྱི་རྫོགས་རིམས་ཐམས་ཅད་འདི་མངོན་དུ་འགྱུར་བའི་ཐབས་སྟོན་པ་ཡིན་ལ། ཁྱད་པར་དུ་མི་ཤིགས་པའི་ཐིག་ལེ་དང་། གསང་བའི་ཐིག་ལེ་དང་། སྤྲུལ་བའི་ཐིག་ལེ་སྟེ། ཐིག་ལེ་གསུམ་གི་སྒོ་ནས་མྱུར་དུ་མངོན་དུ་འགྱུར་ཚུལ་ནི། ཞལ་ལུང་དང་གྲོལ་བའི་ཐིག་ལེ་ལས་ཤེས་པར་བྱའོ། །

ཞེས་གསུངས་པ་འདི་ནི། མི་ཤིགས་པའི་ཐིག་ལེ་འདི་ངེས་དོན་རྫོགས་རིམ་གྱི་གཞི་ཤིན་ཏུ་གལ་ཆེ་བ་གཅིག་ཡིན་ནའང་། གཞན་ཀྱི་ཤེས་དཀའ་གསུང་བ་ལ། མ་རྒྱུད་ཀྱི་མི་ཤིགས་པའི་ཐིག་ལེ་མདོར་བསྡུ་ན། མ་རྒྱུད་པས་རླུང་ཐམས་ཅད་ཀྱི་ཕྲ་ཤོས་སེམས་ཀྱི་རྟེན་ལྷན་སྐྱེས་ཀྱི་རླུང་དང་། ཕ་རྒྱུད་འཕགས་ལུགས་པས་ཡི་གེ་ཐམས་ཅད་ཀྱི་ཕྲ་ཤོས་ཨ་ཐུང་ངམ། དེས་མཚོན་པའི་དོན་སྐྱེ་མེད་ཀྱི་དོན་འོད་གསལ་ལམ་དང་། ཡེ་ཤེས་ཞབས་ལུགས་པས་རླུང་འོད་ཟེར་ལྔ་དང་དབྱེར་མེད་པའི་རྣམ་ཤེས་ཐམས་ཅད་ཀྱི་ཕྲ་ཤོས་མཚོན་བྱེད་ཀྱི་ཐིག་ལེ་ལས་བཤད་དེ། འདི་གསུམ་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ངོ་བོ་སོ་སོ་ཡིན་རྒྱས་པར་ཞུས་པས་མཁྱེན་རབ་ཀྱི་མངའ་དབང་ཕྱུག་ཐུགས་རྗེའི་བདག་ཉིད་རྗེ་བཙུན་དམ་པ་ཀུ་མ་ར་མ་ཏིས་ལེགས་པར་བཀའ་སྩལ་བ་འདིས་མ་རྒན་སེམས་ཅན་ཐམས་ཅད་སྒྲིབ་གཉིས་གཞིག་ཅིང་གཞོམ་པར་མི་ནུས་པའི་མི་ཤིགས་པའི་ཐིག་ལེ་དེ་ཁོ་ན་ཉིད་མངོན་དུ་བྱས་ནས་ཟབ་གསལ་གཉིས་མེད་ཀྱི་འཇའ་ལུས་ཕྱག་རྒྱ་ཆེན་པོ་ཐོབ་པར་གྱུར་ཅིག ། རིམ་ལྔའི་ཟིན་བྲིས་འདི་འཕགས་པའི་རིམ་ལྔ་དང་། མ་རྒྱུད་ཀྱི་རྩ་རླུང་གི་འདུ་འཕྲོད་ལས་བྱུང་བའི་ཉམས་དང་། རིམ་ལྔ་གུང་སྒྲིགས་པར་སྣང་། འཕགས་པ་ཡབ་སྲས་ཀྱི་གཞུང་གི་དངོས་བསྟན་དང་མཐུན་སྙམ་པ་མི་གདའ་ནའང་། ཁྱད་པར་མི་ཤིགས་པའི་ཐིག་ལེ་འདི་ངེས་དོན་རྫོགས་རིམ་གྱི་གཞི་ཤིན་ཏུ་གལ་ཆེ་བ་གཅིག་ཡིན་ནའང་། བུ་སྟོན་རིན་པོ་ཆེས་ཀྱང་ངོས་མ་ཟིན། འདིར་ཡང་སྲོག་རླུང་ལ་བཟུང་བས་འཁྲུལ། མི་ཤིགས་པའི་ཐིག་ལེ་ངོས་འཛིན་ཉམས་སུ་ལེན་ཚུལ་དང་བཅས་པ། འཇམ་དཔལ་ཞལ་ལུང་དང་ཡེ་ཤེས་ཞབས་ཀྱི་རྒྱ་གཞུང་ནས་ཤེས་དགོས། གཞན་གྱིས་མི་ཤེས། དཔྱིད་ཐིག་གི་ཟིན་བྲིས་རྣམས་ལེགས་པ་སྣང་ངོ་། །འདིར་ཡང་སྲོག་རླུང་ལ། ཞུ་བདེ་ལྷན་སྐྱེས་ལ་རྫོགས་རིམ་དུ་བྱས་སྣང་སྟེ། དཔྱད་རྒྱུ་འགའ་རེ་ཡོད། བུ་སྟོན་རིན་པོ་ཆེའི་སྦྱོར་དྲུག་གི་སྐོར་འདི་རྣམས་ལབ་ལོབ་མང་ཡང་ཉམས་ལེན་གྱི་གནད་འཆུགས། ཧྭ་ཤང་གི་སྒོམ་གྱི་ཉམས་ལེན་དང་གནད་ཅིག མཐར་ཐུག་གི་འབྲས་བུ་ངོས་འཛིན་ལུགས་ཧྭ་ཤང་གི་ངོས་བཟང་སྟེ། ཐར་པ་ནམ་མཁའ་དང་འདྲ་བར་འདོད་པའི་ཕྱིར་དང་། བྱང་ཆུབ་ནམ་མཁའི་མཚན་ཉིད་དེ། །ནམ་མཁའ་ལ་ནི་མཚན་ཉིད་མེད། །ཅེས་གསུངས་པ་དང་མཐུན་པའི་ཕྱིར་རོ། སྦྱོར་དྲུག་པ་ཐར་པ་གཟུགས་ཅན་དུ་འདོད་པ་ནི། ཁ་བ་རྒྱ་སྤོས་མེ་ཏོག་དང་། །བ་ཞོ་བ་མོ་མུ་ཏིག་མདོག །གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་རྒྱལ་བ་པ་འདོད་པ་དང་མཚུངས་པའི་ཕྱིར་རོ།། །།ཤུ་བྷཾ་མ་སྡུ་སརྦ་ཛ་ག་ཏཾ།

གསང་བ་འདུས་པའི་སྒྲུབ་ཐབས་མདོར།

གསང་བ་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་། སྒྲུབ་ཐབས་རྣམ་གཞག་གི་ཊིཀ་གཉིས་ཀྱི་མི་འདྲ་བའི་ཁྱད་པར་ཞུས་པའི་ལན། འདུས་པའི་སྐབས་སུ་སྐྱེད་རིམས་ཀྱི་སྦྱང་གཞི་སྦྱོང་བྱེད་དང་སྦྱོང་བའི་སྐབས་སུ་སྔོན་གྱི་བླ་མ་རྣམས་ཀྱིས། རྣམ་གཞག་རིམ་པར་འདིས་ནི་བསྐྱེད་པའི་རིམ་པ་བསྒོམ་པར་བྱེད་པ་རྣམས་ཀྱི་རྣལ་འབྱོར་དང་། རྗེས་སུ་རྣལ་འབྱོར་གྱི་རིམ་པས་ལྷའི་སྐུ་བསྐྱེད་པ་བསྟན་ཏོ། །ཞེས་པའི་གཞུང་འདི་དེའི་འོག་ཏུ་རིམ་གྱིས་འཕེལ་ཏེ། དང་པོ་མེར་མེར་པོའི་རྣམ་པར་རོ། །ཅེས་པ་ནས། ཡང་རླུང་གིས་བསྐུལ་བས་རྐང་ལག་འགྱུས་ཏེ། གནས་སྐབས་ལྔ་གསལ་བར་གྱུར་ཏོ། །ཞེས་གསུངས་པའི་གཞུང་གི་འོག་ཏུ་དྲངས་ནས། མངོན་བྱང་བཞིས་དང་པོའི་མགོན་པོ་བསྐྱེད་པ། བར་སྲིད། མངལ་གྱི་གནས་སྐབས་ལྔ་དང་བཅས་པ་སྦྱོང་བྱེད་དུ་བཤད་པ་ལ། ཕྱིས་ཀྱི་མཁས་པ་ཁ་ཅིག་གཞུང་གི་འགྲེལ་པ་མ་འགྲེལ་བར་བསམ་ནས་སུན་འབྱིན་ཅིང་། དང་པོའི་མགོན་པོ་བར་སྲིད་ཁོ་ནའི་སྦྱོང་བྱེད་དུ་འདོད། འདི་ནི་འཐད་པར་མ་མཐོང་སྟེ། དང་པོ་ནི་མགོན་པོའི་བར་སྲིད་ཁོ་ནའི་སྦྱོང་བྱེད་ཡིན་ན། མངལ་གྱི་གནས་སྐབས་ལྔ་ལ་སྦྱོང་བྱེད་ཆོས་མཐུན་མེད་པར་འགྱུར་ཏེ། དང་པོའི་མགོན་པོ་ལས་གཞན་དེ་དག་དང་ཆོས་མཐུན་མེད་པའི་ཕྱིར་རོ། །འདོད་ན་སྲིད་པ་སྐྱེ་བའི་རིམ་པ་ལྟར་བསྒོམ་པར་མི་འགྱུར་ཏེ། མངལ་གྱི་གནས་སྐབས་ལྔ་ལ་སྦྱོང་བྱེད་ཆོས་མཐུན་མེད་པའི་ཕྱིར་རོ། །ཡང་གཞུང་གི་འགྲེལ་ཚུལ་འདི་ལྟ་བུ་ཡང་། རྣ་བར་མི་འོང་བའི་བཤད་པ་མ་ཡིན་ཏེ། གང་ཞིག་གང་དང་འབྲེལ་པ་དེ། །རིང་ན་འདུག་ཀྱང་དེ་དང་དེར། །ཞེས་པ་རྣམས་ཀྱི་བཤད་ཐབས་ཀྱི་མན་ངག་འདི་ལྟ་བུ་ཡང་ཡོད་པའི་ཕྱིར་དང་། །མདོ་དང་རྒྱུད་སྡེ་འཆད་པ་ན། དོན་གཞན་གྱིས་བར་དུ་ཆོད་པའི་གོང་འོག་གི་ཚིག་སྔ་ཕྱི་དག་སྦྲེལ་ནས་བཤད་དགོས་པ་དུ་མ་སྣང་བའི་ཕྱིར་རོ། །དེ་བས་ན་བླ་མ་དག་གི་ལུགས་འདི་ཁོ་ན་ལེགས་པར་མཐོང་སྟེ། འདི་ལས་ཧཱུྃ་ལས་ཉི་མ། ཨ་ལས་པདྨ། ཕའི་རྡོ་རྗེ་དང་། མའི་པདྨ་བྱས་པ་དང་། ཨཿལས་ཟླ་བ་གཉིས་ཀ་རྗེས་སུ་ཆགས་པ་དང་། འབྲུ་གསུམ་བར་དོའི་ལུས་ངག་ཡིད་གསུམ་དང་ཆོས་མཐུན་སྦྱར་ནས། དེ་དག་འདྲེས་པ་ཟླ་བའི་དཀྱིལ་འཁོར་དུ་གྱུར་པ། ཕ་མའི་ཁུ་ཁྲག་བར་དོའི་རྣམ་ཤེས་གསུམ་འདྲེས་ཏེ། བར་དོའི་རྣམ་ཤེས་བརྒྱལ་བ་དང་། ཕ་མ་རྗེས་སུ་ཆགས་པས་མྱོས་པ་རྣམས་ཡེ་ཤེས་ཀྱི་ས་ཐོབ་པ་རྣམས་ཆོས་མཐུན་དུ་སྦྱར་བ་ནི། སྒྲུབ་ཐབས་ཀུན་བཟང་སོགས་སུ་ཕ་མ་རྗེས་སུ་ཆགས་པ་མཚོན་པའི་ཡིག་གེ་ཧོཿདམར་པོ་གཉིས་ཀྱི་བར་དུ་རྣལ་འབྱོར་པའི་སྲིད་པ་བར་དོའི་ལུས་ངག་ཡིད་གསུམ་མཚོན་པ་ཡིག་གེ་འབྲུ་གསུམ་དུ་བཅུག་པ་དང་བཅས་པ་རྒྱུ་རྡོ་རྗེ་འཆང་གི་ཞལ་དུ་ཞུགས་པ་དང་། ཡབ་ཡུམ་རྗེས་ཆགས་ཀྱི་མེས་ཁུ་བར་བཞུ་བ་དང་དོན་འདྲ་བའི་ཕྱིར་ཤིན་ཏུ་འཐད་དོ། །དེ་ན་མེར་མེར་པོ་ལ་སོགས་པའི་གནས་སྐབས་གསུམ་ནི་ཁུ་བའི་ལུས་ཡིན་ལ། ཐིག་ལེ་ཡང་ཡིག་གེ་འབྲུ་གསུམ་གྱི་རྣམ་པར་གནས་པ་ཡང་རྒྱུད་ལས་གསལ་ཏེ། གླིང་བཞུགས་པའི་ཚིག་དོན་འཆད་པ་ན། ལྷའི་དབང་པོའི་རྒྱུད་ལས། བཙུན་མོ་ལེགས་སྦྱངས་ཁུ་བ་སྟེ། །ལེགས་སྦྱངས་པདྨ་བྷ་ག་ཡིན། །བཞུགས་པ་རྡོ་རྗེ་འཛིན་པ་དེར། ཐིག་ལེའི་གཟུགས་ཀྱིས་གནས་པའོ། །ཞེས་གསུངས་ཤིང་། ཐིག་ལེ་འབྲུ་གསུམ་དུ་གནས་པ་དེ། ལྷ་མོ་བཞིས་ཞུས་ལས། ཆ་གཉིས་པ་ནི་དགུ་པ་ཉིད་དུ་བཤད། །སུམ་ཅུ་བཅུ་པ་ལྔ་པའི་ས་བོན་ཉིད། ཆ་གཅིག་ལྔ་པ་དྲུག་ཏུ་ཕྱེ་བ་ལས། །འབྱུང་བ་འདི་ནི་ཐིག་ལེ་ཞེས་སུ་བཤད། །ཞེས་འབྲུ་གསུམ་གྱི་སྔགས་བཏུ་བའི་སྒོ་ནས། ཐིག་ལེ་འབྲུ་གསུམ་གྱི་རྣམ་པར་བཤད་པའི་ཕྱིར་རོ། །དེས་ན་ནུར་ནུར་པོ་ལ་སོགས་པའི་ཐིག་ལེ་རྣམས་འབྲུ་གསུམ་གྱི་རྣམ་པར་གནས་པས་ཡིག་འབྲུ་ལས་བྱང་ཆུབ་པ་དང་ཆོས་མཐུན་ནོ། །མཁྲང་འགྱུས་པ་ལ་སོགས་ནི་ཤའི་ལུས་ཏེ། དེ་དག་ནི་རང་གི་རིགས་ཀྱི་མཚན་མར་གནས། ཅེས་བླ་མ་རྣམས་གསུང་ཡང་། ཤེས་བྱེད་གསལ་པོ་མ་མཐོང་ཡང་། །མཁྲང་འགྱུས་ནི་ཉའི་རྣམ་པར་གནས་པར་བཤད་ལ། །དེ་ནི་སེམས་ཅན་གྱི་ལུས་ཀྱི་མཚན་མ་ཙམ་ཡིན་ཞིང་། ཕྱག་མཚན་ཡང་ལྷ་སྐུའི་མཚན་མ་ཡིན་པས། མཁྲང་འགྱུས་ནི་ཕྱག་མཚན་ལས་བྱང་ཆུབ་པ་དང་ཆོས་མཐུན་ནོ། །

རྐང་ལག་འགྱུར་བ་ནི། ཡན་ལག་གི་གཙོ་བོ་གྲུབ་པ་ཡིན་ལ་མངལ་གྱི་གནས་སྐབས་ཀྱི་ལུས་ཀྱི་ངོ་བོ་ཙམ་གྲུབ་པ་ཡིན་པས། ཀུན་རྫོགས་པར་བྱང་ཆུབ་པ་དང་ཆོས་མཐུན་ནོ། །དེས་ན་བླ་མ་སྔ་མ་རྣམས་ཀྱི་ལུགས་ཤིན་ཏུ་འཐད་དོ། །རང་བཞིན་གྱི་གནས་ནས་མི་བསྐྱོད་པ་སྐྱོ་བ་ཀུན་སྤྲུལ་སྐུར་འགྱུར་བ་མི་འཐད་དེ། ཇི་ལྟར་ལོངས་སྐུ་ཐ་མལ་པ་ལ་མི་སྣང་བས་སྤྲུལ་སྐུར་བསྒྱུར་ནས། གཞན་གྱི་དོན་བྱེད་པ་ལྟར་རྣལ་འབྱོར་པ་རང་ཉིད་ཐོག་མར་ལོངས་སྤྱོད་རྫོགས་པའི་སྐུར་བསྐྱེད་ནས་སྤྲུལ་སྐུར་བསྒྱུར་སྟེ། དལ་བའི་བསྐྱེད་པ་སོགས་སངས་རྒྱས་ཀྱི་རྣམ་ཐར་ལ་སློབ་པ་ཡིན་གྱི། རང་བཞིན་གྱི་གནས་ནས་མི་བསྐྱོད་པ་བཀུག་ནས་སྤྲུལ་སྐུར་བསྒྱུར་ནས། དལ་རྒྱལ་མཆོག་འབྱིན་པ་སོགས་གྲུབ་ཟིན་པའི་སངས་རྒྱས་གཞན་གྱི་ཕྲིན་ལས་སུ་འགྱུར་བས་རྣལ་འབྱོར་པའི་ཚོགས་རྫོགས་པའི་ཡན་ལག་ཏུ་མི་འགྱུར་རོ། །

དེ་བས་ན་དང་པོ་ལྷག་མོས་བསྒོམ་པའི་ཚེ་ཡང་རྣལ་འབྱོར་པ་རང་ཉིད་ལྷག་མོས་ཀྱི་གཙོ་བོར་བསྒོམ་པ་ཡིན་ལ། དེ་ནས་ལྷག་མོས་བསྡུས་པ་ན། འཆི་བ་འོད་གསལ་མངོན་དུ་བྱས་ནས། བར་དོའི་ཡིད་ཀྱི་རང་བཞིན་གྱི་བར་དོའི་ལུས་གྲུབ་པ་ན། ལུས་ངག་ཡིད་གསུམ་ཡིག་འབྲུ་གསུམ་གྱི་རྣམ་པར་མོས་པ་བྱས་ནས། ཕ་མ་རྗེས་སུ་ཆགས་པའི་ཁུ་ཁྲག་དང་འདྲེས་ནས་ཡེ་ཤེས་ཀྱི་ས་ཐོབ་པ་ཟླ་བ་ལས་བྱུང་བའི་རྣམ་པར་བསྒྱུར། དེ་ནས་ནུར་ནུར་པོ་ལ་སོགས་པའི་ཡིག་འབྲུ་ལས་བྱང་ཆུབ་པ་དང་། མཁྲང་འགྱུས་ཕྱག་མཚན་ལས་བྱང་ཆུབ་པ་དང་། རྐང་ལག་འགྱུས་པ་སྐུ་རྫོགས་པར་བྱང་ཆུབ་པའི་རྣམ་པར་བསྒྱུར་ནས་བསྒོམ་པར་བཤད་པ་ཡིན་པས། ལོངས་སྐུ་དང་སྤྲུལ་སྐུ་གཉིས་ཀར་རྣལ་འབྱོར་པས་རང་ཉིད་དེ་དང་དེའི་རྣམ་པར་མོས་པར་བྱེད་དོ། །འདི་ནི་རྡོ་རྗེ་ཐེག་པའི་ལྷའི་རྣལ་འབྱོར་ཐམས་ཅད་ལ་ཤེས་དགོས་ཏེ། དེ་ལྟ་མ་ཡིན་ན་ལམ་གྱི་གནད་ཆེན་པོ་འཆུག་གོ །དེ་བས་ན་རང་བཞིན་གྱི་གནས་ནས་མི་བསྐྱོད་པ་བཀུག་ནས་སྤྲུལ་སྐུར་བསྒྱུར་བ་དང་། དེའི་ཤེས་བྱེད་དུ་ཟིལ་གནོན་རྡོ་རྗེའི་ཏིང་ངེ་འཛིན་འདྲེན་པ་ནི་འབྲེལ་པ་མེད་དོ། །ཡང་ཕྱག་རྒྱ་འདུ་བྱ་བ་མན་ཆད་སྲིད་པ་སྐྱེ་བའི་རིམ་པ་དངོས་སུ་སྦྱར་བ་མེད་ཀྱང་། དང་པོའི་སྦྱོར་བ་བསྐྱེད་པའི་རིམ་པ་དང་དངོས་སུ་སྦྱར་བས། དོན་ཐོབ་ཏུ་བྱས་ནས་སྦྱར་བ་ལ་དེ་མི་འཐད་དེ། སངས་རྒྱས་པའི་ཕྲིན་ལས་ལ་སྦྱར་བ་མེད་ཟེར་བ་ཡང་། འཕགས་པ་ཡབ་སྲས་ཀྱི་གཞུང་ལས་གཉིས་ཀ་ཡང་དངོས་སུ་སྦྱར་བ་མ་མཐོང་ཞིང་། དོན་ཐོག་ཏུ་བྱས་ནས་གཉིས་ཀ་ལ་སྦྱར་བ་ལ་ཡང་མི་རུང་བ་མེད་པར་སེམས་སོ། །ཨ་བྷྱས། བསྲུང་འཁོར་གྱི་ཐོག་མར་སྭ་བྷ་ཝས་སྣོད་བཅུད་སྟོང་པར་བཅུག་ནས་དེའི་ངང་ལས་འཁོར་ལོ་མགྱོགས་པར་འཁོར་བའི་རྩིབས་ལ་ཁྲོ་བོ་འགོད་པར་བཤད་པ་ཡེ་ཤེས་ཞབས་ཀྱི་ལུགས་ཡིན་གྱི། འཕགས་པ་ཡབ་སྲས་ཀྱི་དགོངས་པ་མ་ཡིན་ཏེ།

སྟོང་པ་སྔོན་དུ་བོར་ནས་བསྲུང་འཁོར་སྒོམ་པ་ནི། བསྲུང་འཁོར་གྱི་ནང་དུ་གཞལ་ཡས་ཁང་བསྒོམ་པའི་ལུགས་གཞན་ཡིན་གྱི། འདི་ནི་དེ་ལྟ་མ་ཡིན་ཏེ། དངོས་པོ་མེད་པ་བསྒོམ་པ་མིན། །ཅེས་སོགས་ཀྱིས་བསྲུང་འཁོར་འོད་གསལ་དུ་བཅུག་ནས། ཡེ་ཤེས་ཀྱི་ས་བསྒོམ་པ་ཡིན་ལ། བསྲུང་འཁོར་གྱི་སྔོན་ལ་སྟོང་པ་བསྒོམ་ན་ཡེ་ཤེས་ཀྱིས་ལན་གཉིས་སྒོམ་དགོས་པར་འགྱུར། འཁོར་ལོ་སེར་པོའི་རྩིབས་ལ་ཁྲོ་བོ་རྣམས་འགོད་པ་རྒྱུད་ཕྱི་མ་ལས་བཤད་ཀྱང་འཕགས་པ་ཡབ་སྲས་བཤད་རྒྱུད་གཞན་གྱི་རྗེས་སུ་འབྲངས་ནས་འཆད་ཀྱི་རྒྱུད་ཕྱི་མ་གཙོ་བོར་མི་མཛད་དོ། །དེའི་ཕྱིར་འཁོར་ལོ་ཡང་སྒོམ་མི་དགོས་སོ། །ཁྲོ་བོ་རྣམས་ལ་ཡང་ས་འབྱིན་བྱེད་པ་ཡང་མངོན་སྤྱོད་ཀྱི་སྐབས་སུ་ཁྲོ་བོའི་འཁོར་ལོ་བསྒོམ་པ་ལ་འགྲེལ་པ་བཤད་ཀྱི། བསྲུང་འཁོར་གྱི་སྐབས་སུ་གཙོ་བོ་ལ་མངལ་འབྱིན་དང་། ཁྲོ་བོ་རྣམས་ཉི་མ་ལ་གནས་པའི་ཧཱུྃ་རིང་པོ་ལ་བསྐྱེད་པ་ཡབ་སྲས་ཀྱི་དགོངས་པ་ཡིན་ཏེ། མདོ་སྡེ་ལས། རྡོ་རྗེ་འཆང་ཆེན་པོ་སྐུ་མདོག་དཀར་པོའི་བདག་ཉིད་ཇི་ལྟ་བ་བཞིན་བསྒོམ་པར་བྱའོ། །དེ་ནས་ལེའུ་དང་པོ་ལས། ཡེ་ཤེས་སྒྲོན་མ་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་གསུང་པའི་ཚུལ་གྱིས་མི་བསྐྱོད་པ་སྐྱེད་པའི་རྗེས་སུ་ཞུགས་པས་ཞེ་སྡང་རྡོ་རྗེ་སྒྱུར་ནས་ཞེས་དང་། མདོར་བྱས་སུ། ཉི་མ་ལས་གནས་ཧཱུྃ་ལས་བྱུང་། །གཡོན་བརྐྱང་བ་ཡི་གནས་པས་གནས། །ཁྲོ་བོ་བཅུ་ནི་སྤྲོ་བར་བྱ། །ཞེས་གསུངས་སོ། །འཁོར་ལོ་མི་མངོན་པར་མགྱོགས་པར་འཁོར་ནས་ཕྱོགས་ཀྱི་རྣམ་དབྱེ་མི་ངེས་པའི་ཕྱིར་དང་། ཁྲོ་བོ་རྣམས་སུ་ཕྱོགས་སོགས་བསྲུང་བར་ཡང་མི་འགྲུབ་བོ། །ལུས་དཀྱིལ་འགོད་པའི་ཐད་དུ། ལྷ་དངོས་སུ་འགོད་པར་རབ་ཏུ་སྒྲོན་གསལ་ལ་སོགས་པ་ལས་བཤད་པའི་རྗེས་སུ་འབྲང་བ་ཡང་ཡབ་སྲས་ཀྱི་དགོངས་པ་མིན་ཏེ། མདོར་བྱས་སུ། དེ་ནས་ཕུང་པོ་ལ་སོགས་པའི། །དབྱེ་བ་ཤེས་པས་སྣང་མཛད་སོགས། གནོད་མཛེས་བར་དུ་ས་བོན་གྱི། དགོད་པ་ཡང་དག་ཉིད་དུ་འགོད། ཅེས་གསུངས་ཤིང་། ས་བོན་ཉིད་འགོད་པ་ཆེས་གསལ་ལོ། །འོ་ན་ཕུང་པོ་ལ་སོགས་པ་ལ་ལྷ་ཉིད་འགོད་པར་བཤད་པ་མ་ཡིན་ནམ་ཞེ་ན། འདིར་རྒྱུ་དང་འབྲས་བུ་དབྱེར་མི་ཕྱེད་པར་བསམས་ནས། ས་བོན་ཉིད་ལྷའི་ངོ་བོ་བསམས་ནས་ལྷ་འགོད་པར་བཤད་ལ། རྒྱུད་གཞན་དུ་ས་བོན་དང་ལྷ་འགོད་པ་རྣམ་གྲངས་སུ་བཤད་དོ། །ཡབ་ལ་གཟུགས་རྡོ་རྗེ་སོགས་ཀྱི་ས་བོན་འགོད་པ་ཡང་མདོར་བྱས་ཀྱི་དགོངས་པ་མ་ཡིན་ཏེ། ཡུལ་ལྔ་ནི་ཡུམ་གྱི་དབང་པོ་ལྔ་ལ་འགོད་པར་བཤད་པའི་ཕྱིར་རོ། །སེམས་ཅན་ཐམས་ཅད་ཡབ་ལ་འགོད་ན་ཡུམ་ལ་ཡང་སྙིང་སོགས་སྐྱེ་མཆེད་ལ་དགོད་དགོས་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་ས་སྙིང་ལ་སོགས་དེ་དག་དང་། །སྙོམས་པར་འཇུག་པ་ཤེས་པར་བྱེད། །ཞེས་བཤད་པས། ཡུམ་གྱི་སྐྱེ་མཆེད་ལ་ཡང་ཡབ་ཡུམ་གཉིས་ཀའི་ས་བོན་འགོད་པར་བཤད་དོ་ཞེ་ན། དེ་ལྟར་ན་ལྷ་བསྐྱེད་པ་ན་དེ་བཞིན་གཤེགས་པ་ལྔ་དང་། ཁྲོ་བོ་བཅུ་ལ་སོགས་པ་ཡབ་ཡུམ་ཞལ་སྦྱོར་དུ་བསྒོམ་དགོས་པས་གནས་སོ་སོར་བསྒོམ་པ་མི་འཐད་པའི་ཕྱིར་རོ། །

རྣམ་གཞག་རིམ་པར་ཡུལ་གྱི་ལྷ་མོ་རྣམས་འགོད་པ་ནི། ཡབ་ཡུམ་གཉིས་ཀའི་ལུས་དཀྱིལ་ལ་དགོངས་ནས། སུམ་ཅུ་རྩ་གཉིས་འགོད་པར་བཤད་པ་ཡིན་ཏེ། ཕྱུང་བའི་དཀྱིལ་འཁོར་ལ་ལྷ་སུམ་ཅུ་རྩ་གཉིས་འགོད་པའི་ཤེས་བྱེད་དུ། ཡབ་ཡུམ་གཉིས་ཀའི་ལུས་དཀྱིལ་ལ་སུམ་ཅུ་སོ་གཉིས་ཡོད་པར་བཤད་པ་དང་འདྲའོ། །སྤྱན་མ། མ་མཱ་ཀི། གོས་དཀར་མོ། །སྒྲོལ་མ་རྣམས་ལྟེ་བ། སྙིང་ཁ། མགྲིན་པ། སྤྱི་བོ་རྣམས་སུ་འགོད་པ་ཡང་། སཾ་བྷུ་ཊིར། འཁོར་ལོ་བཞི་དང་ལྷ་མོ་བཞི་སྦྱར་བ་ལ་བསམས་པ་ཡིན་གྱི། འཕགས་པའི་དགོངས་པ་མིན་ཏེ། མདོར་བྱས་སུ། སྤྱན་དང་མ་མཱ་ཀི་དང་ནི། །དེ་བཞིན་དུ་ནི་གོས་དཀར་མོ། །སྒྲོལ་མ་ཡང་ནི་སྔགས་པ་ཡིས། །ས་ལ་སོགས་པར་རྣམ་པར་འགོད། །ཅེས་འབྱུང་བ་བཞིའི་གནས་སུ་ལྷ་མོ་རྣམས་འགོད་པར་བཤད་ལ། དེ་ལ་ས་རྣམ་པར་དག་པ་སྤྱན། རླུང་དག་པ་སྒྲོལ་མ། ཆུ་དག་པ་མ་མཱ་ཀི། མེ་དག་པ་གོས་དཀར་མོ་རྣམས་གོ་རིམས་བཞིན་དུ། ས་རླུང་གི་གནས་འདོམས་དང་། རླུང་གི་གནས་ལྟེ་བ་དང་། ཆུ་རླུང་གི་གནས་སྙིང་ཁ་དང་། མེ་རླུང་གི་གནས་མགྲིན་པ་དག་ཏུ་དགོད་དོ། །

སྐུ་གསུང་ཐུགས་བྱིན་གྱིས་རློབ་པའི་སྐབས་སུ། སྤྱི་བོ་ལ་སོགས་པའི་གནས་གསུམ་དུ་ཨོཾ་ཨཱཿཧཱུྃ་ལ་སོགས་པའི་ཡིག་གེ་གསུམ་བཀོད་ནས། སྤྱན་མ་ལ་སོགས་པའི་ལྷ་མོ་རྣམས་ཡབ་དང་ཞལ་སྦྱོར་དུ་སྤྲོ་བ་ཡང་མིན་ཏེ། འབྲུ་གསུམ་ལ་ལྷ་མོ་རྣམས་རྐྱང་པ་སྤྲོས་པ། དེ་དག་གིས་སྙན་པའི་གླུ་དབྱངས་ཀྱིས་རང་བཞིན་གྱི་གནས་ནས། སྐུ་རྡོ་རྗེ་ལ་སོགས་པ་འཁོར་བཅས་བཀུག་ལ། དེ་དག་དང་སྙོམས་པར་ཞུགས་པའི་མདུན་དུ་གསོལ་བ་འདེབས་པར་རབ་ཏུ་སྒྲོན་གསལ་ལས་བཤད་པ་འཐད་དེ། མདོ་འགྲེལ་ལས། མགོ་བོ་དང་། ལྐོག་མ་དང་། སྙིང་ཁའི་ཕྱོགས་སུ་ཡིག་གེ་གསུམ་རྣམ་པར་བཀོད་ལ། དེ་ལས་བྱུང་བའི་སྤྱན་ལ་སོགས་པའི་ཚོགས་ཀྱིས། སྐུ་རྡོ་རྗེ་ལ་སོགས་པ་བཀུག་ལ། ཞེས་གསུངས་པའི་ཕྱིར་རོ། །བསྲུང་འཁོར་གྱི་སྐབས་སུ་ཁྲོ་བོའི་ཕྱི་རོལ་དུ་ལྕགས་དང་། ཆུ་དང་། མེ་དང་། རླུང་གི་ར་བ་བཞིས་བསྐོར་བར་བཤད་པའི་ལུགས་གཞན་ཡིན་གྱི། འདི་པའི་ལུགས་མིན་ནོ། །

ཧཱུྃ་ལས་རྡོ་རྗེའི་ས་བཞི་དང་། ཊིཀྐ་ར་ཛ་ཧཱུྃ་ཞེས་འདོད་རྒྱལ་གྱི་སྔགས་ཀྱིས་རྡོ་རྗེའི་ར་བ་དང་། ཧཱུྃ་ཀ་ར་ཧཱུྃ་ཞེས་ཧཱུྃ་མཛད་ཀྱི་སྔགས་ཀྱིས་རྡོ་རྗེའི་དྲ་བ་ཕྱེད་པ་ཡང་མདོ་འགྲེལ་ལས་བཤད་དོ། །ཡང་སེམས་པ་སུམ་བརྩེགས་ཀྱི་སྐབས་སུ་ཡེ་ཤེས་སེམས་དཔའ་གསུང་རྡོ་རྗེ་དམར་པོ་ཞལ་གཅིག་ཕྱག་གཉིས་པར་རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ཀྱི་རྗེས་སུ་འབྲང་བ་མི་འཐད་ཏེ། རྒྱུད་ཐམས་ཅད་ལས་ཡེ་ཤེས་སེམས་དཔའ་དམ་ཚིག་སེམས་དཔའ་དང་འདྲ་བར་བཤད་ཅིང་། མདོ་འགྲེལ་ལས། དམ་ཚིག་སེམས་དཔའི་སྙིང་ཁར་ཡེ་ཤེས་སེམས་དཔའ་ས་བོན་ལས་བཀུག་པ་དང་། ཅེས་སྙིང་ཁའི་ས་བོན་ཧཱུྃ་ལས་ཡེ་ཤེས་སེམས་དཔའ་རང་དང་འདྲ་བའི་ཐུགས་རྡོ་རྗེ་འགུགས་པར་བཤད་པའི་ཕྱིར་དང་། གསུང་རྡོ་རྗེ་ཡིན་ན་ཨཿལས་བཀུག་པར་རིགས་པའི་ཕྱིར་རོ། །

རྡོ་རྗེ་སེམས་དཔའི་སྒྲུབ་ཐབས་ནི། དཔལ་ལྡན་ཟླ་བས་མཛད་པ་མིན་ཏེ། འཕགས་པ་ཉིད་ཀྱིས་མདོར་བྱས་ལྟ་བུའི་སྒྲུབ་ཐབས་ཤིན་ཏུ་གསལ་བར་མཛད་བཞིན་དུ་དེ་ཚིག་ལྷུག་ཏུ་བཀྲོལ་བ་ཙམ་གྱིས་དཔལ་ལྡན་ཟླ་བ་ལྟ་བུ་ག་ལ་མཛད། གདན་འགོད་པའི་སྐབས་སུ། གཙོ་བོ་ལ་ཉི་གདན་བྱེད་པ་ཡང་མི་འཐད་ཏེ། སྤྲུལ་སྐུར་བསྒྱུར་བ་ཡན་ཆད། གཙོ་བོ་ཟླ་གདན་ལ་བཞུགས་པར་འགྲེལ་པས་བཤད་པའི་ཕྱིར་ཏེ། འགྲེལ་པར་དེ་ཉིད་དང་། ཟླ་བ་དང་། ས་བོན་དང་། ཕྱག་མཚན་དང་། སྐུ་རིམ་ཀྱིས་བྱུང་ནས་བཅོམ་ལྡན་འདས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་ཇི་སྐད་བཤད་པའི་གཞལ་ཡས་ཁང་གི་ནང་དུ་བཞུགས་སོ་ཞེས་བཤད་དོ། །

དེ་བས་ན་གཙོ་བོ་ལ་མངལ་འབྱིན་གྱི་མི་བསྐྱོད་པ་བཅུག་སྟེ། ཞེ་སྡང་རྡོ་རྗེ་བསྒྱུར་བ་ན། ཟླ་གདན་ཉི་མར་གྱུར་གྱི་དེ་གོང་ལྷག་མོས་ཡན་ཆད་ཀྱི་གཙོ་བོ་རྣམས་ཟླ་བའི་གདན་ནོ། །རྡོ་རྗེ་པདྨ་བྱིན་གྱིས་རློབ་པའི་དུས་སུ་རྡོ་རྗེའི་བུ་ག་ཕཊ་ཀྱིས་འགོག་ཅེས་པ་ནི་མི་འཐད་ཏེ། མངལ་འབྱིན་གྱི་དུས་སུ་བྱང་སེམས་གཏོང་བའི་སྐབས་ཡིན་པའི་ཕྱིར་དང་། འགྲེལ་པར་ཡང་། ཡིག་གེ་ཕཊ་ཀྱིས་བྱང་ཆུབ་ཀྱི་སེམས་དབབ་པར་བྱའོ། །ཞེས་བཤད་པས་སོ། །རིགས་བདག་ལ་ཡང་ཡབ་བརྐྱང་པས་འཇོག་པ་དང་། དམ་ཚིག་པ་བསྐྱེད་པའི་རྗེས་སུ་དབང་བསྐུར་གྱི་ལྷ་ཡབ་ཡུམ་གཉིས་ཀྱིས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་སྐུར་བ་ཡང་མི་འཐད་ཏེ། དམ་ཚིག་པ་བསྐྱེད་པ་ན་རིགས་བདག་ཡབ་ཡུམ་ཞལ་སྦྱོར་དུ་བསྒོམས་ནས། དེ་དག་གིས་བྱང་ཆུབ་ཀྱི་སེམས་ཀྱིས་དབང་བསྐུར་བ་རྒྱུད་ཀྱི་དགོངས་པ་ཡིན་ཏེ། ལྷ་དབང་བསྐུར་བའི་སྐབས་སུ། སྔགས་རྣམས་ཐམས་ཅད་ཉིད་ལ་ཡང་། སྤྱི་བོ་ནས་ནི་བསྐུལ་བ་ཤིས། །ཅེས་རྩ་རྒྱུད་ལས་གསུངས་ཤིང་། དེའི་འགྲེལ་པར། བཤད་མ་ཐག་པའི་དབང་བསྐུར་བ་ཐམས་ཅད་ལ་སྦྱོར་བས་ན་སྦྱོར་བ་སྟེ་དེ་རྣམས་ཀྱི་སྦྱོར་བའི་སྔགས་རྣམས་ལ་སྤྱི་བོར་གནས་པས་བསྐུལ་བ་སྟེ། རང་རང་གི་ཕྱག་རྒྱ་དང་བཅས་པར་བདེ་བ་ཆེན་པོའི་རྗེས་སུ་མྱོང་བའི་ཤིས་པ་སྟེ་ཚིམ་པར་བྱེད་པ་ཡིན་ནོ་ཞེས་བཤད་པའི་ཕྱིར་དང་། དེའི་དོན་དུ་བསམས་ནས་རྔོག་ལུགས་ཀྱི་རས་བྲིས་རྣམས་ལའང་རིགས་བདག་ཞལ་སྦྱོར་དུ་མཛད་པར་སྣང་བའི་ཕྱིར་རོ། །རྟེན་གཞལ་ཡས་ཁང་བསྐྱེད་པའི་དུས་སུ་ཐིག་ཚོད་ཀྱིས་བཀོད་པ་ཡང་། ཚིག་མང་པ་ཙམ་ལ་དགའ་བར་ཟད་ཀྱི་འཐད་པར་མཐོང་ཏེ། བྲིས་བྱའི་དཀྱིལ་འཁོར་ལ་ཐིག་ཚད་ཀྱིས་བཀོད་པ་གལ་ཆེའི། བསྒོམ་བྱའི་དཀྱིལ་འཁོར་ལྷའི་ཞལ་ཕྱག་གི་གྲངས་དང་། ཕྱག་མཚན་གྱི་རྣམས་པ་དང་། རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་ཁ་དོག་དང་། དབྱིབས་ལ་སོགས་པའི་རྣམ་པ་ཇི་ལྟ་བ་བཞིན་དུ་བློ་ལ་འཆར་བ་གལ་ཆེའི་ཐིག་ཚད་ཀྱི་ས་གཅོད་པའི་རྣམ་པ་ཇི་ལྟ་བ་བཞིན་བསྒོམ་པའི་ཚེ་བློ་ལ་འཆར་དགོས་ན་ཧ་ཅང་ཐལ་ཏེ། རང་བཞིན་གྱིས་གྲུབ་པའི་ཡེ་ཤེས་ཀྱི་དཀྱིལ་འཁོར་རྒྱ་དང་སྤངས་ཚད་ལས་འདས་པའི་ཐིག་གིས་གཞལ་མི་ནུས་པའི་ཕྱིར་དང་། དཔལ་མཆོག་དང་པོར། རྡོ་རྗེ་སེམས་པའི་གཞལ་ཡས་ཁང་ནམ་མཁའ་གར་ཁྱབ་ཏུ་གནས་པར་གསུང་པའི་ཕྱིར་རོ། །རྡོ་རྗེ་འཕྲེང་བར་ཡང་། གཙོ་བོ་གང་དུ་རྒྱུ་བ་ཡི། དེ་ཡི་གནས་ནི་ནམ་མཁའི་ཉིད། །ཅེས་པའི་དོན་ཡང་དེ་དང་གཅིག་པར་སྣང་ངོ་། །ཅེས་གསུངས་པ་འདི་ནི་འདུས་པའི་སྒྲུབ་ཐབས་མདོར་བྱས་དང་རྣམ་གཞག་གི་ཊིཀ་རྣམ་གཉིས་ཀྱི་ཁྱད་པར་ཅུང་ཟད་ཙམ་ཞུས་པ་ལ། རྗེ་བཙུན་དམ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་གནང་བ་ལགས་སོ།། །།དགེ་ལེགས་སུ་གྱུར་ཅིག། །

སྔགས་འཆང་ཀུན་དགའ་ཟླ་བའི་ཞུས་ལན། །

སྔགས་འཆང་ཀུན་དགའ་ཟླ་བའི་ཞུས་ལན། ཕུང་པོ་གསུམ་པའི་མདོ་ལས། དམིགས་པ་ལ་གནས་ཏེ་བདག་གིས་སེམས་ཅན་མ་མཆིས་པ་ལ་སེམས་ཅན་དུ་འདུ་ཤེས་པ་དང་། སེམས་ཅན་སྒྱུ་མ་ལྟ་བུར་མ་འཚལ་ནས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་གང་ལགས་པ་དེ་འཆགས་སོ། །ཞེས་སོགས་ཀྱི་གཤགས་པ་འདི་སོ་སོའི་སྐྱེ་བོའི་གནས་སྐབས་ཀྱི་གཤགས་པ་ཡིན། རྒྱུ་མཚན་མཚན་འཛིན་མངོན་ཞེན་གྱིས་བཅིངས་པའི་དགེ་བ་ཅི་བྱས་ཀྱང་བྱང་ཆུབ་ཀྱི་རྒྱུ་རྣམ་དག་ཏུ་མི་འགྱུར། དེའི་ཕྱིར་མཚན་འཛིན་གྱི་ཆ་འཆགས་པ་ཡིན་གྱི། དགེ་བའི་ཆ་འཆགས་པ་མ་ཡིན། འཆགས་པའི་དོན་ཡང་ཕྱིན་ཆད་དགེ་བ་ཅི་བྱེད་སྟོང་ཉིད་ཀྱི་ཤེས་རབ་ཀྱིས་ཟིན་པར་བྱེད་ཅིང་། མཚན་འཛིན་ལས་ལྡོག་པར་དམ་བཅའ་བ་ཙམ་ཡིན་གྱི། སྤྱོད་འཇུག་ལས། བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ཞེས་སོགས་ས་མ་ཐོབ་བར་དུ། ཞེས་སོགས་རབ་ཏུ་འབྱུང་བར་སྨོན་ལམ་འདེབས་པའི་རྒྱུན་སོ་སོ་སྐྱེ་བོ་ཁྱིམ་ན་འདོད་ཡོན་དང་རྣམ་གཡེང་གི་དབང་དུ་སོང་ནས་བྱང་ཆུབ་ཀྱི་གེགས་སུ་འགྱུར་བ་ལ་དགོངས། ས་ཐོབ་ནས་གཞན་དོན་དུ་ཁྱིམ་ན་གནས་ཀྱང་། འདོད་ཡོན་དང་རྣམ་གཡེང་གི་དབང་དུ་འགྱུར་མི་སྲིད། ས་ཐོབ་ནས་བྱང་ཆུབ་སེམས་དཔའ་ཁྱིམ་པ་དང་རབ་ཏུ་བྱུང་བའི་རྟེན་གང་ལ་གནས་ན་སེམས་ཅན་གྱི་དོན་དུ་འགྱུར་བ་དེ་ལ་གནས་ཀྱི་གཅིག་ཏུ་ཁྱིམ་པའམ་རབ་ཏུ་བྱུང་བའི་རྟེན་ལ་གནས་པའི་ངེས་པ་མེད། སྔགས་དང་ཕར་ཕྱིན་གྱི་ལམ་བདེན་པ་མ་མཐོང་བར་ལ་ཐ་དད་ཅིང་། བདེན་པ་མཐོང་ཕྱིན་ཆད་ལམ་གཉིས་འདྲེས་མ་ཡིན་ཟེར་བའི་ལུགས་ལ། བདེན་མཐོང་ཕྱིན་ཆད་ལ་གཉིས་པོ་དོན་གཅིག་ན། སྔགས་ཀྱི་བདེན་པ་མཐོང་བའི་རྣལ་འབྱོར་པས་སླར་ཡང་བསྐལ་པ་གྲངས་མེད་པ་གཉིས་སུ་ཚོགས་བསགས་ནས། སངས་རྒྱས་ཐོབ་དགོས་པར་འགྱུར་ཏེ། ཕར་ཕྱིན་ཐེག་པའི་ལམ་གྱིས་བདེན་པ་མཐོང་བའི་འཕགས་པ་རྣམས་ཀྱིས་གྲངས་མེད་གཉིས་པས་མ་དག་པ་བདུན་བགྲོད་དགོས་ཤིང་། གྲངས་མེད་གསུམ་པས་དག་པ་ས་གསུམ་བགྲོད་པར་ཕར་ཕྱིན་ཐེག་པ་ལས་བཤད་པའི་ཕྱིར། ཡང་ན་ཕར་ཕྱིན་ལམ་གྱིས་བདེན་པ་མཐོང་བའི་འཕགས་པས་སྐྱེ་བ་འདིའམ། བར་དོའམ། སྐྱེ་བ་བདུན་ནམ་བཅུ་དྲུག་ཚུན་ཆད་ཀྱིས་སངས་རྒྱས་ཐོབ་པར་འགྱུར་ཏེ། རྡོ་རྗེ་ཐེག་པ་ལས་བཤད་པའི་ཕྱིར་རོ། །གལ་ཏེ་སྔ་མས་འདོད། ཕྱི་མ་ལ་མ་ངེས་ཏེ། སྔགས་ཀྱིས་ཚེ་འདི་ཉིད་ལ་སངས་རྒྱས་ཐོབ་པ་སོགས་མཐོང་ལམ་ཙམ་ཐོབ་པ་ལ་དགོངས་པས་དྲང་དོན་ཡིན་གྱི་ངེས་དོན་མ་ཡིན་ཏེ། བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་ཀྱིས་ཐོབ་པར་བྱ་བའི་སངས་རྒྱས་ཚེ་གཅིག་ལ་འགྲུབ་པ་མི་སྲིད་པའི་ཕྱིར་རོ་སྙམ་ན། འོ་ན། སྔགས་ཀྱི་ལམ་གྱིས་ཚེ་འདི་ལ་མཐོང་ལམ་ཐོབ་པ་ཡང་མི་སྲིད་པར་འགྱུར་ཏེ། ཕར་ཕྱིན་ཐེག་པ་ལས། ས་དང་པོ་བསྐལ་པ་གྲངས་མེད་གཅིག་གིས་ཐོབ་པར་བཤད་པའི་ཕྱིར་དང་། བསྐལ་པ་གྲངས་མེད་གཅིག་གི་ཚོགས་སྐྱེ་བ་གཅིག་ལ་རྫོགས་པ་མི་སྲིད་པའི་ཕྱིར་ཞེས་པ་མཚུངས་སོ། །ཅི་སྟེ། ཐབས་མང་དཀའ་བ་མེད་པ་དང་། དབང་པོ་རྣོན་པོས་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་སོགས་བཤད་པས་ཕར་ཕྱིན་ཐེག་པའི་གདུལ་བྱ་ལས། སྔགས་ཀྱི་ཐེག་པའི་གདུལ་བྱ་ཆེས་དབང་པོ་རྣོ་བ་དང་། སྔགས་ཀྱི་ལམ་ཐབས་མཁས་པ་དང་། དཀའ་བ་མེད་པ་ལ་སོགས་པའི་རྒྱུ་མཚན་གྱིས་གྲངས་མེད་གཅིག་གི་ཚོགས་སྐྱེ་བ་གཅིག་ལ་རྫོགས་པ་ལ་འགལ་བ་མེད་པས། རྟགས་ཕྱི་མ་གྲུབ་ཅེ་ན། འོ་ན་ཇི་སྐད་བཤད་པའི་རྒྱུ་མཚན་དེ་ཉིད་ཀྱིས་སོ་སོའི་སྐྱེ་བོའི་གནས་སྐབས་ན་ཡང་སྔགས་དང་ཕར་ཕྱིན་ཐེག་པའི་ལམ་ལ་ཉེ་རིང་གི་ཁྱད་པར་དེ་ཙམ་ཡོད་ན། སྔགས་ཀྱི་རྣལ་འབྱོར་པ་བདེན་པ་མཐོང་བས་ཚེ་གཅིག་དང་སྐྱེ་བ་བཅུ་དྲུག་ཚུན་ཆད་དུ་གྲངས་མེད་གཉིས་ཀྱི་ཚོགས་རྫོགས་པ་ལ་འགལ་བ་ཅི་ཡོད། དེའི་ཕྱིར། ཡང་ན་སྔགས་དང་ཕར་ཕྱིན་ཐེག་པའི་ཉེ་རིང་གཏན་མེད་པར་ཁས་བླང་དགོས་ན་དེ་ཡང་མི་རིགས་ཏེ། རྒྱུད་དང་ཤིང་རྟ་ཆེན་པོའི་བསྟན་བཅོས་རྣམ་དག་དུ་མ་དང་འགལ་བའི་ཕྱིར་རོ། །དེས་ན་ས་ཐོབ་ནས་ཀྱང་སྔགས་དང་ཕ་རོལ་ཏུ་ཕྱིན་པའི་ལམ་ལ་ཉེ་རིང་གི་ཁྱད་པར་ཤིན་ཏུ་ཆེའོ། །འོ་ན། ས་ཐོབ་ནས་འཕགས་པ་ཐམས་ཅད་སྔགས་ཀྱི་ལམ་ལ་འཇུག་པར་འགྱུར་ཏེ། ལམ་དེ་ཉིད་སླ་བ་དང་བདེ་བ་དང་མྱུར་བའི་ཕྱིར། དེ་ལྟར་ན་འཕགས་པ་ཀུན་སྐྱེ་བ་དེ་ཉིད་དམ་བཅུ་དྲུག་ཚུན་ཆད་དུ་སངས་རྒྱས་པར་འགྱུར་ཞིང་། མདོ་ལས་གྲངས་མེད་གསུམ་དུ་ཚོགས་བསག་དགོས་པར་བཤད་པ་དང་མི་འགལ་ཏེ། ཐབས་མཁས་པ་དང་དབང་པོའི་ཁྱད་པར་གྱིས་སྐྱེ་བ་གཅིག་ལ་སོགས་པར་གྲངས་མེད་གསུམ་གྱི་ཚོགས་འདུམས་པའི་ཕྱིར་རོ། །དཔེར་ན་ཕར་ཕྱིན་ཐེག་པ་ཉིད་ལས་ཀྱང་། དག་པ་ས་གསུམ་གྲངས་མེད་ཐ་མས་རྫོགས་དགོས་པར་བཤད་ཀྱང་། གསང་ཆེན་ཐབས་ལ་མཁས་པའི་མདོ་ལས། བྱང་ཆུབ་སེམས་དཔའ་མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པས་འདོད་ན་ཞག་བདུན་ནས་འཚང་རྒྱའོ་ཞེས་གསུངས་པས། ས་བརྒྱད་པ་ཐོབ་ནས་མྱུར་དུ་སངས་རྒྱ་བར་འདོད་ན་ཞག་བདུན་གྱིས་གྲངས་མེད་གཅིག་འདུམས་པར་བཤད་པ་བཞིན་ནོ། །

གཞན་ཡང་དེད་དཔོན་ཐབས་ལ་མཁས་པས་མི་ནག་པོ་བསད་པ་དང་། བྲམ་ཟེའི་ཁྱེའུ་བློ་གྲོས་བཟང་པོས་ཚོང་དཔོན་གྱི་བུ་མོ་ལ་བགྲོད་པ་སོགས་ཐབས་མཁས་ཀྱི་ལས་བྱ་རྫོགས་ཀྱི་སྐད་ཅིག་མ་རེ་རེས་ཀྱང་བསྐལ་པ་སྟོང་དང་ཁྲི་ལ་སོགས་པའི་ཚོགས་འདུམས་པར་མདོ་ལས་ཀྱང་བཤད་པས་ཕར་ཕྱིན་ཐེག་པ་ལས་ཆེས་ཁྱད་པར་འཕགས་པའི་སྔགས་ཀྱི་ལམ་གྱིས་ཚེ་གཅིག་ལ་སོགས་པ་དུས་ཐུང་ངུ་ལ་གྲངས་མེད་གསུམ་གྱི་ཚོགས་འདུམས་པ་ལ་འགལ་བ་ཅི་ཡང་མེད་དོ། །ལམ་སླ་བ་དང་མྱུར་བ་ལ་སོགས་ཀྱིས་འཕགས་པ་ཐམས་ཅད་སྔགས་ཀྱི་ལམ་ལ་འཇུག་པར་ཡང་མ་ངེས་ཏེ། སོ་སོ་སྐྱེ་བོ་བདག་ལ་ཆགས་པ་དང་ལྡན་པ་དག་ལམ་སླ་བ་དང་མྱུར་བ་དག་དོན་དུ་གཉེར་བ་ཡིན་གྱི། འཕགས་པ་ཤེས་རབ་ཀྱིས་བདག་སྲེད་བཅད་པ་རྣམས་ནི་དེ་ལྟ་མ་ཡིན་ཏེ། སྙིང་རྗེའི་དབང་གིས་གཞན་དོན་དུ་འཁོར་བ་ཇི་སྲིད་པར་གནས་ཀྱང་སྐྱོ་བ་མེད་པས་མྱུར་དུ་འཚང་རྒྱ་བ་དོན་དུ་མི་གཉེར་བའི་ཕྱིར་དང་། འདོད་ཡོན་ལ་སྲེད་པ་སྤངས་པས། འདོད་ཡོན་ལམ་དུ་བྱེད་པའི་ལམ་བདེ་བ་ལ་འདོད་པ་མེད་པའི་ཕྱིར་རོ། །

འོ་ན་སྔགས་ཀྱི་རྣལ་འབྱོར་པ་ཡང་བདེན་པ་མཐོང་ནས་སྔགས་ཀྱི་ལམ་དེ་ཉིད་ལ་ཅིའི་ཕྱིར་འཇུག་ཅེ་ན། དེ་ནི་སྔར་ལམ་དེ་ལ་གོམས་པར་བྱས་པའི་ཕྱིར་དང་། ལམ་དེ་ཉིད་ཀྱི་སྐྱོན་མ་མཐོང་ཞིང་ལམ་གཞན་གྱི་ཡོན་ཏན་ལྷག་པོ་མ་མཐོང་བའི་ཕྱིར། སྔར་གྱི་ལམ་དེ་ཉིད་ཀྱི་རྒྱུན་གོམས་པར་བྱེད་པ་ཡིན་ནོ། །གཞན་ཡང་སྔགས་ཀྱི་ཐེག་པ་ནི། བདག་ཅག་གི་སྟོན་པ་འདི་ལྟ་བུ་འབའ་ཞིག་ཁོ་ནའི་སྨོན་ལམ་དང་གདུལ་བྱའི་དབང་གིས་གསུང་གི་སངས་རྒྱས་གཞན་གྱིས་ནི་མི་གསུང་བར་བཤད་པས་འཕགས་པ་ཐམས་ཅད་སྔགས་ཀྱི་ལམ་གྱིས་འཇུག་པར་མ་ངེས་སོ། །ཚུལ་གསུམ་སྒྲོན་མེར། དོན་གཅིག་ན་ཡང་མ་རྨོངས་དང་། །ཞེས་དང་ཕར་ཕྱིན་ཐེག་པའི་འབྲས་བུ་སངས་རྒྱས་སུ་དོན་གཅིག་པར་གསུངས་པའི་དགོངས་པ་རྒྱུད་སྡེ་སྤྱི་རྣམས་ཀྱི་ལུགས་ཀྱིས་འབྲས་བུ་སངས་རྒྱས་སུ་རིགས་ཅིག་པ་ཙམ་ལ་དགོངས་ཀྱི། སྤངས་པ་དང་རྟོགས་པ་སོགས་རྣམ་པ་ཐམས་ཅད་དུ་དོན་གཅིག་པ་མ་ཡིན་ཏེ། སམ་བུ་ཊིར། སྐྱེ་བ་འདིར་སངས་རྒྱས་ཉིད་དམ་རྡོ་རྗེ་སེམས་དཔའ་ཐོབ་པར་འགྱུར་ཏེ། གང་དག་བསམ་གྱིས་མི་ཁྱབ་པའི་གནས་མ་ཐོབ་པ་དེ་ནི་བདེ་བར་གཤེགས་པ་སྟེ་སངས་རྒྱས་ཡིན་ལ། མཚན་གཞི་མཚོན་པ་ནི་རྡོ་རྗེ་སེམས་དཔའ་ཡང་དག་པའོ། །ཞེས་གསུང་པས་ཕར་ཕྱིན་ཐེག་པའི་འབྲས་བུ་ནི་བཅུ་གཅིག་ཀུན་དུ་འོད་ཀྱི་ས་ཡིན་ལ། དེ་ནི་སངས་རྒྱས་སམ་བདེ་པར་གཤེགས་པ་ཞེས་བྱའི་རྡོ་རྗེ་སེམས་དཔའ་ཞེས་མི་བྱ་ལ། སྔགས་ཀྱི་འབྲས་བུ་ནི་ས་བཅུ་གསུམ་པ་རྡོ་རྗེ་སེམས་དཔའ་ཡིན་ཞིང་། དེ་ཉིད་སྔགས་ཀྱི་ཐེག་པའི་ལམ་ཐུན་མོང་མ་ཡིན་པའི་ཉེ་རྒྱུ་ལ་བརྟེན་ནས་ཐོབ་ཀྱི་ཕར་ཕྱིན་ཐེག་པའི་ལམ་གྱིས་ཐོབ་མི་ནུས་ཞེས་གསུང་བར་སྣང་། ཚུལ་གསུམ་སྒྲོན་མེའི་དགོངས་པ་སྔགས་དང་ཕར་ཕྱིན་ཐེག་པའི་འབྲས་བུ་དོན་གཅིག་པ་ཡིན་ཞིང་། རྒྱ་གར་གྱི་སློབ་དཔོན་དུ་མའང་དེ་བཞིན་དུ་བཞེད། གོང་མ་རྣམས་ཀྱི་བཞེད་པ་དེ་ལ་མཐར་ཐུག་གི་འབྲས་བུ་ཐོབ་པ་ལ་སྔགས་ཀྱི་ཉེ་རྒྱུ་ཁོ་ན་ལ་བརྟེན་དགོས་ན། འོག་མིན་གྱི་རྟེན་ལ་སངས་རྒྱས་ཐོབ་པ་མི་སྲིད་པར་འགྱུར་ཏེ། འོག་མིན་གྱི་རྟེན་ལ་ཉེ་རྒྱུ་ཕྱག་རྒྱ་བརྟེན་པ་མི་སྲིད་པའི་ཕྱིར་རོ། །གཞན་ཡང་ཕར་ཕྱིན་ཐེག་པའི་ལམ་གྱི་མཐར་ཐུག་ཤེར་ཕྱིན་གྱིས་སྤང་མི་ནུས་པའི་སྒྲིབ་པ་ཞིག་ཀྱང་ཁས་བླང་དགོས་པར་སྣང་སྟེ་ཤིན་ཏུ་དཀའ། འོ་ན། སམ་བུ་ཊིར་དགོངས་པ་ཇི་ལྟར་ཡིན་ཞེ་ན། སྤྱིར་རྒྱུད་སྡེ་རྣམས་ལས་མི་བསྐྱོད་པ་ལ་སོགས་པ་དེ་བཞིན་གཤེགས་པ་ལྔ་དང་། ཕྱག་ན་རྡོ་རྗེ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཉན་པ་པོའི་འཁོར་དང་རྡོ་རྗེ་སེམས་དཔའ་རྒྱུད་གསུང་བ་པོ་སྟོན་པའི་རྣམ་པར་གདུལ་བྱའི་སྣང་ཚུལ་ལ་ལྟོས་ནས་གསུངས། སྣང་ཚུལ་ལ་གཙོ་འཁོར་གྱི་རྣམ་པ་བྱུང་བ་ན་རྟོགས་པ་མཐོ་དམན་གྱི་ཁྱད་པར་སྣང་ཚུལ་ལ་འབྱུང་། ངེས་དོན་ལ་ནི་རྡོ་རྗེ་སེམས་དཔའ་གཅིག་གི་རྣམ་འཕྲུལ་ཡིན་པས་སྤངས་རྟོགས་མཐོ་དམན་གྱི་ཁྱད་པར་མེད། དེ་ལ་སྔགས་ཀྱི་ས་བཅུ་གསུམ་གྱིས་ས་བཅུ་པ་མན་ཆད་ལ་གནས་པ་ལ་བྱང་ཆུབ་སེམས་དཔའ་ཞེས་བྱ་སྟེ། ཕྱག་ན་རྡོ་རྗེ་ལ་སོགས་པ་རྣམས་སོ། །ས་བཅུ་གཅིག་པ་དང་བཅུ་གཉིས་པ་ལ་གནས་པ་ལ་བདེ་བར་གཤེགས་པ་ཞེས་བྱ་སྟེ་མི་བསྐྱོད་པ་ལ་སོགས་པའོ། །བཅུ་གསུམ་པ་ལ་ནི་རྡོ་རྗེ་སེམས་དཔའ་སྟོན་པ་ཞེས་བྱ་སྟེ་རྡོ་རྗེ་འཆང་ཆེན་པོའོ། །

དེའི་ཕྱིར་སཾ་བུ་ཊིའི་དགོངས་པ་ནི། གདུལ་བྱའི་སྣང་ཚུལ་གྱི་དབང་དུ་བྱས་ནས་བདེ་བར་གཤེགས་པ་དང་། རྡོ་རྗེ་སེམས་དཔའ་ལ་ཡང་སྤངས་རྟོགས་མཐོ་དམན་ཡོད་པ་ལྟར་བཤད་པ་ཡིན་གྱི། ཕར་ཕྱིན་ཐེག་པའི་སངས་རྒྱས་དང་རྡོ་རྗེ་སེམས་དཔའ་ལ་རྟོགས་པ་མཐོ་དམན་ཡོད་པར་བཤད་པར་མི་སེམས་སོ། །སྒྲིབ་པ་གསུམ་གྱི་ངོ་བོ་ཅི་ཞེས་པ། མཛོད་དུ། མཚམས་མེད་པ་ཡི་ལས་རྣམས་དང་། །ཉོན་མོངས་ཤས་ཆེ་ངན་འགྲོ་དང་། །སྒྲ་མི་སྙན་སྒྲིབ་གསུམ་དུ་འདོད། །ཅེས་གསུངས་པས་མཚམས་མེད་པ་ལྔ་ལ་སོགས་པ་ཕྱི་མ་ལ་དམྱལ་བ་མྱོང་ངེས་ཀྱི་ལུས་ངག་གི་ལས་རྣམས་ལས་སྒྲིབ་དང་། མ་ནིང་མཚན་གཉིས་པ་ལ་སོགས་པའི་རྒྱུད་ཀྱི་ཉོན་མོངས་པ་ལྟ་བུ་གཉེན་པོ་སྐྱེ་བའི་གོ་སྐབས་མེད་པའི་ཆགས་སོགས་དྲག་ལ་ཡུན་རིང་དུ་འབྱུང་བ་ཉོན་མོངས་པའི་སྒྲིབ་པ་དང་། ངན་སོང་གསུམ་དང་སྒྲ་མི་སྙན་གྱི་རྣམ་སྨིན་གྱི་ལུས་ལྟ་བུ་རྣམ་སྨིན་གྱི་སྒྲིབ་པའོ། །དེ་ལ་ལས་ཀྱི་སྒྲིབ་པས་ཚེ་འདི་དང་ཕྱི་མར་ཡང་འཕགས་ལམ་སྐྱེ་བའི་གེགས་བྱེད། སྒྲིབ་པ་གཞན་གཉིས་ཀྱིས་ཚེ་འདིར་འཕགས་ལམ་སྐྱེ་བའི་གེགས་བྱེད་པས་སྒྲིབ་པར་བཞག་གོ །བླ་མ་གོང་མ་དག་གིས། ལང་གཤེགས་ལས། གཙང་མའི་རིགས་དག་སྤངས་པ་ཡིས། །འོག་མིན་ཞེས་བྱ་ཉམས་དགའ་བར། །ཡང་དག་རྫོགས་སངས་དེར་སངས་རྒྱས། །སྤྲུལ་པ་པོ་ནི་འདིར་འཚང་རྒྱ། །ཞེས་གསུང་པའི་གནས་གཙང་མའི་གོང་གི་འོག་མིན་ནི། བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་བཞུགས་པའི་གནས་ཡིན་གྱི། ལོངས་སྐུའི་ཞིང་མ་ཡིན་ཏེ། དེ་ནི་འཇིག་པར་བྱེད་ཅིང་མི་རྟག་པ་ཡིན་ལ། ལོངས་སྐུའི་ཞིང་འོག་མིན་སྟུག་པོ་བཀོད་པ་ནི་མི་འཇིག་སྟེ། རྡོ་རྗེ་རྩེ་མོ་ལས། འོག་མིན་སྟུག་པོ་ཉམས་དགའ་འདིར། །སྟུག་པོའི་ཞིང་ཁམས་འཇིག་མེད་པ། །དེས་ན་སངས་རྒྱས་རྣམས་ཀྱི་ཆོས། །རྫོགས་པ་ལོངས་སྤྱོད་ཚུལ་འདི་འབྱུང་། །ཞེས་གསུངས་ལ།

དེ་གང་ཡིན་ན་ཕལ་ཆེན་ནས་གསུངས་པའི་མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཆུད་པ་ནི། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པ་ཞེས་བྱ་ལ། དེ་ལྟ་བུ་བསམ་གྱིས་མི་ཁྱབ་པ་ཆུད་པ་ནི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་ཡིན་ལ། དེ་ཡང་དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་སྤོས་ཆུའི་རྒྱ་མཚོ་ཡིད་དུ་འོང་ཞིང་། འོད་ཟེར་མཐའ་ཡས་པ་ཞེས་བྱ་བའི་དབུས་ན་འཇིག་རྟེན་གྱི་ཁམས་བཞི་དང་མེ་ཏོག་གིས་རྒྱན་པ་ཞེས་བྱ་བ་ཀུན་ནས་གྲུ་བཞིར་འདུག་པ། རྒྱར་འཇིག་རྟེན་གྱི་ཁམས་སངས་རྒྱས་ཀྱི་ཞིང་བརྗོད་དུ་མེད་པའི་ཞིང་གྲངས་མེད་ཀྱིས་བསྐོར་བ། དཔང་སུ་སྟོང་གསུམ་ཉི་ཤུ་རྩ་ལྔ་བརྩེགས་པའི་བཅུ་གསུམ་པ་ནི་མི་མཇེད་འདི་གནས་ལ། དེའི་ནང་ནས་ཀྱང་དབུས་ཀྱི་གླིང་བཞི་ལས་མཆོག་ཏུ་གྱུར་པ་འཛམ་བུའི་གླིང་འདི་ན་བཅོམ་ལྡན་ཤཱཀྱ་ཐུབ་པ་འདི་བཞུགས་ཅེས་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་སྣང་ཡེ་ཤེས་གངས་ཆེན་མཚོ་བྱང་ཆུབ་སེམས་དཔའི་འཁོར་གྱིས་བསྐོར་བ་གང་ན་བཞུགས་པའི་ཞིང་དེ་ལོངས་སྐུའི་ཞིང་སྟུག་པོ་བཀོད་པ་ཡིན་ཞེས་ཕལ་ཆེན་གྱི་དགོངས་པ་བླངས་ནས། རྒྱུད་སྡེ་སྤྱི་རྣམས་སུ་བཀོད་པ་དེ་ཚིག་དོན་གཉིས་ཀ་མ་དག་པར་སྣང་། དེའི་རྒྱུ་མཚན། ཕལ་ཆེན་ནས། གཞི་དང་སྙིང་པོ་མེ་ཏོག་གིས་ཀུན་དུ་རྒྱན་པ་མེ་ཏོག་གིས་ཞེས་བཤད་པ་མེད། ཕྱག་རྡོར་དབང་སྐུར་བའི་རྒྱུད་ལས། མི་མཇེད་འཇིག་རྟེན་གྱི་ཁམས་ལ་སོགས་པ་སྟོང་གསུམ་རེ་རེ་ལ་གླིང་བཞི་པ་བྱེ་བ་ཕྲག་བརྒྱ་བརྒྱ། སྟོང་གསུམ་གྱི་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་གྱི་རྒྱུད་གཅིག དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་འཚམས་སྦྱོར། དེ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་ཀྱི་རྒྱུད་བར་མ། དེ་བྱེ་བ་ཕྲག་བརྒྱ་ལ་གཞི་དང་སྙིང་པོ་ཀུན་ཏུ་བརྒྱན་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་ཡིན་ཞིང་། དེ་ནི་བདག་ཅག་གི་སྟོན་པ་འདིའི་སྤྲུལ་པའི་སྐུའི་འཕྲིན་ལས་འཇུག་པའི་ཞིང་དུ་བསྟན་པ་ཡིན་གྱི། ལོངས་སྐུའི་ཞིང་དུ་མ་བསྟན། ཕལ་ཆེན་ནས་བསྟན་ཚུལ་ནི། འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་གང་དུ་འཇིག་རྟེན་གྱི་ཁམས་གྲངས་མེད་པ་ནང་དུ་ཆུད་པའི་འཇིག་རྟེན་གྱི་ཁམས་ཀྱི་སྤྱི་མིང་ཡིན་ལ། དེ་ལྟ་བུའི་འཇིག་རྟེན་གྱི་ཁམས་དུ་མ་ཅིག་བཤད་ཅིང་། དེའི་ནང་ནས་བདག་ཅག་གི་སྟོན་པ་འདི་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པའི་འཕྲིན་ལས་འཇུག་པའི་ཞིང་དུ་སྨོན་ལམ་བཏབ་ཅིང་། ཡོངས་སུ་སྦྱངས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ནི་སྔོན་འབྱུང་བའི་འཇིག་རྟེན་གྱི་ཁམས་རྒྱ་མཚོའི་རྡུལ་དྲི་མ་མེད་པ་ཕྱོགས་ཀུན་ཏུ་སྣང་བ་ཞེས་ཀྱང་བྱ། བཅོམ་ལྡན་འདས་རྣམ་པར་སྣང་མཛད་གངས་ཆེན་ཡེ་ཤེས་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་ཀྱི་སྙིང་པོ་ལ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་དེ་ཡིན་ལ། དེའི་བཀོད་པ་ནི། འཇིག་རྟེན་གྱི་ཁམས་ཕྲག་བཅུའི་རྡུལ་ཕྲ་རབ་དང་མཉམ་པའི་དཀྱིལ་འཁོར་གྱི་སྟེང་ན་སྤོས་ཆུའི་རྒྱ་མཚོ་དཔག་དུ་མེད་པ་ཡོད། དེའི་སྟེང་ན་བཞི་རིན་པོ་ཆེའི་པདྨ་ཆེན་པོ་རྡོ་རྗེ་རིན་པོ་ཆེའི་ཁོར་ཡུག་ཆེན་པོས་སྐོར་བ། དེའི་ནང་ན་སྤོས་ཆུའི་རྒྱ་མཚོ་དཔག་ཏུ་མེད་པ་ཡོད་ཅིང་། དེ་རེ་རེ་ལ་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པ་གནས། དེ་རྣམས་ཀྱི་ནང་གི་དབུས་མ་སྤོས་ཀྱི་ཆུའི་རྒྱ་མཚོ་ཡིད་དུ་འོད་ཞིང་འོད་ཟེར་མཐའ་ཡས་པ་ཞེས་བྱ་བ་ལ་སྟོང་གསུམ་རེ་རེ་ཡང་འཇིག་རྟེན་གྱི་ཁམས་བརྗོད་དུ་མེད་པའི་གྲངས་ཀྱིས་བསྐོར་བའི་སྟོང་གསུམ་ཉི་ཤུ་རྩ་ཅིག་ཡོད་པའི་བཅུ་གསུམ་པ་མི་མཇེད་འཇིག་རྟེན་གྱི་ཁམས་འདི་ན་བདག་ཅག་གི་སྟོན་པ་འདིའི་ལོངས་སྐུ་རྣམ་པར་སྣང་མཛད་བཞུགས་པར་བཤད་ཅིང་། འཇིག་རྟེན་གྱི་ཁམས་གཞན་དང་གཞན་ན་སངས་རྒྱས་གཞན་དང་གཞན་བཞུགས་པར་བཤད། རྣམ་སྣང་ཡེ་ཤེས་གངས་ཆེན་མཚོ་ཡང་སྟོང་པ་འདིའི་ལོངས་སྐུ་མ་ཡིན་གྱི། གོང་དུ་བཤད་པའི་ཡེ་ཤེས་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་རྡུལ་ཕྲ་རབ་ལ་གནས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ནི་ནང་ཚན་འཇིག་རྟེན་གྱི་ཁམས་གཅིག་ན་བཞུགས་པར་བཤད། དེ་ཡང་སངས་རྒྱས་གཞན་ཞིག་གི་སྤྲུལ་པའི་སྐུ་ཡིན་པར་མངོན། ཡེ་ཤེས་གངས་ཆེན་མཚོའི་ཕྱག་གི་མཐིལ་ན་བཞུགས་པའི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་ཞེས་བྱ་བ་དེ་ཡང་འཇིག་རྟེན་ཁམས་དེ་ལ་མིང་དེ་སྐད་བཏགས་པར་ཟད་ཀྱི་ཡེ་ཤེས་གངས་ཆེན་མཚོའི་ཕྱག་གི་རྡུལ་ཕྲ་རབ་གཅིག་ལ་གནས་པ་ནི་མིན་ནོ། །ཕལ་ཆེན་གྱི་མདོའི་དགོངས་པ་སྔོན་གྱི་བླ་མ་མཁས་པ་རྣམས་ཀྱིས་ཀྱང་ཇི་བཞིན་མ་དགོངས་པར་འཁྲུལ་པ་བག་རེ་བྱས། དེའི་རྒྱུ་མཚན་གྱིས་ད་ལྟ་ལྷ་ཁང་རྣམས་རྣམ་སྣང་གངས་ཆེན་མཚོའི་གཟུགས་བྲིས་ནས་དེའི་ཕྱག་གི་མཐིལ་གྱི་ལྷུང་བཟེད་ཀྱི་ནང་ན་རྣམ་སྣང་བཞུགས་པར་མཚོན་པའི་མི་མགོ་དཀར་པོ་ཉུག་གེ་བྲིས་ཡོང་བ་དེ་ཕལ་ཆེན་གྱི་དགོངས་པར་བྱེད་པར་མངོན་ཏེ་ཤིན་ཏུ་འཁྲུལ། དེ་བས་ན་ལང་ཀར་གཤེགས་པ་ནས་བཤད་པ་དང་། རྡོ་རྗེ་རྩེ་མོ་ནས་བཤད་པའི་འོག་མིན་གཉིས་པོ་དོན་གཅིག་ཅིང་། དེ་ཉིད་སྟོན་པ་འདིའི་ལོངས་སྐུའི་ཞིང་འོག་མིན་སྟུག་པོ་བཀོད་པ་ཡིན་ལ། དེ་ནི་གནས་གཙང་གི་འོག་མིན་གྱི་གོང་ན་ཡོད་ལ། ལོངས་སྐུ་དངོས་ཀྱི་གདུལ་བྱ་བྱང་ཆུབ་སེམས་དཔའ་ས་བཅུ་པ་རྣམས་ཀྱི་རྣམ་སྨིན་རང་ལུགས་པའི་སྐྱེས་པའི་གནས་ཡིན་པས། དབང་ཕྱུག་ཆེན་པོའི་གནས་ཞེས་ཀྱང་བྱ། བརྟེན་པ་ལོངས་སྐུའི་འཁོར་བ་ཇི་སྲིད་བར་བཞུགས་པས་དེའི་རྟེན་ཞིང་དེ་ཡང་ནམ་ཡང་འཇིག་པ་མེད་པས་སྟུག་པོའི་ཞིང་ཁམས་འཇིག་མེད་ཅེས་ཀྱང་བཤད། གནས་གཙང་གི་འོག་མིན་ནི་ཐེག་པ་ཆེ་ཆུང་གི་འཕགས་པ་ཁོ་ན་སྐྱེ་བས་གནས་གཙང་མ་དང་། ཕྱི་རོལ་འབྱུང་བས་མི་འཇིགས་ཀྱང་སེམས་ཅན་དང་དེའི་གནས་གཞལ་མེད་ཁང་སྐྱེ་འཇིག་ལྷན་ཅིག་བྱེད་པས་མི་རྟག་པ་སྟེ། མཛོད་དུ། བཞི་པ་ན་མེད་མི་གཡོའི་ཕྱིར། །མི་རྟག་དེ་ཡི་གཞལ་མེད་ཁང་། །སེམས་ཅན་བཅས་ཏེ་འབྱུང་འཇིག་ཕྱིར། །ཞེས་བཤད། ཉན་ཐོས་ཀྱི་མདོ་སྡེར་གནས་གཙང་གི་འོག་མིན་གྱི་གོང་ན་འོག་མིན་གཞན་ཡོད་པར་མ་བཤད། དེའི་རྒྱུ་མཚན་ཉན་ཐོས་པ་ལ་སྤྲུལ་སྐུ་ལས་མ་གཏོགས་པའི་ལོངས་སྐུ་མ་བཤད་པའི་ཕྱིར། དེ་བས་ན་ལོངས་སྐུའི་ཞིང་འོག་མིན་ནི། ཐེག་པ་ཆེན་པོ་ཁོ་ན་ལ་གྲགས་པས་ཐེག་ཆེན་པའི་ལུགས་ལ་སྟུག་པོ་བཀོད་པ་ཡང་གཟུགས་ཁམས་སུ་འདུ་བས། གཟུགས་ཀྱི་ཁམས་ཀྱི་འོག་མིན་དུ། །ཞེས་གསུངས་པ་ཡིན། གནས་གཙང་གི་འོག་མིན་དང་སྟུག་པོ་བཀོད་པ་གཉིས་འོག་མིན་ཞེས་མིང་མཚུངས་ཀྱང་དོན་མི་འདྲ། འོག་མིན་ཞེས་པའི་མིང་དོན་བསགས་མཐའ་ཞེས་པ་གོང་ན་གཟུགས་ཅན་གྱི་གནས་གཞན་མེད་པ་ཅིག་གི་དོན་ཡིན། གནས་གཙང་མའི་གོང་མ་ལ་འོག་མིན་ཞེས་པ་ཉན་ཐོས་ཀྱི་ཐེག་པའི་དབང་དུ་བྱས་པ་ཡིན། ཐེག་ཆེན་ལྟར་ན། དེ་ལ་འོག་མིན་གྱི་མིང་དོན་ཡང་མེད་དོ། །དེའི་གོང་ན་གཟུགས་ཅན་གྱི་གནས་གཞན་ཡོད་པའི་ཕྱིར། སྟུག་པོ་བཀོད་པ་ཁོ་ན་འོག་མིན་ཡིན་ཏེ། དེའི་གོང་ན་གཟུགས་ཅན་གྱི་གནས་གཞན་མེད་པའི་ཕྱིར་རོ། །གོང་དུ་བཤད་པའི་ཡེ་ཤེས་གངས་ཆེན་མཚོའི་ཕྱག་གི་མཐིལ་གྱི་འཇིག་རྟེན་གྱི་ཁམས་རྒྱ་མཚོ་དེའང་སྟོན་པ་འདིའི་སྤྲུལ་སྐུའི་འཕྲིན་ལས་འཇུག་པའི་ཞིང་ཡིན་ཅིང་། ལོངས་སྐུའི་ཞིང་མ་ཡིན་ནོ། །ཕྱག་རྡོར་དབང་སྐུར་བའི་རྒྱུད་ནས་གསུངས་པ་དང་། ཕལ་ཆེན་ནས་གསུངས་པ་གཉིས་ཚུལ་མི་འདྲ་བར་སྣང་སྟེ། གདུལ་བྱ་ཐ་དད་ཀྱི་བསམ་པའི་དབང་གིས་གསུང་པར་མངོན། སར་གནས་ཀྱི་བྱང་ཆུབ་སེམས་དཔའ་བསམ་བཞིན་དུ་སྐྱེ་བ་ལེན་པ་ལ་བསམ་གཏན་མངོན་ཤེས་སོགས་ལ་འཕེལ་འགྲིབ་མེད། དེ་སྐད་དུ་ཡང་བརྒྱ་པ་ལས། །གང་ལ་རྣམ་པ་ཐམས་ཅད་དུ། །མངོན་ཤེས་ལྔ་ཆར་ཡང་ཡོད་པ། །དེ་ཡིས་དམན་པ་དམན་ལྟའི་དངོས། །དེ་ནི་ཤིན་ཏུ་བྱ་དཀའ་བྱེད། །ཅེས་སྐྱེ་བ་ལ་དབང་ཐོབ་པའི་བྱང་ཆུབ་སེམས་དཔའ་བསམ་གཏན་དང་མངོན་ཤེས་སོགས་ལ་མ་ཉམས་བཞིན་དུ། གཞན་དོན་དུ་དུད་འགྲོ་ལ་སོགས་པའི་སྐྱེ་བ་ལེན་པར་བཤད། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་འདུས་བྱས་ཡིན། དྲི་བ་ལྷག་མ། དོན་ལྐོག་ན་མོ་དང་བློ་རང་རིག་འདོད་མི་འདོད་ཀྱི་རྒྱུ་མཚན་རྣམས་ཤིང་རྟ་ཆེན་པོ་རྣམས་ཀྱི་རིགས་པ་ཕྲ་ཞིང་ཕྲ་བ་རྣམས་ཀྱི་སྟོབས་བསྡུར་ནས་གོ་དགོས་པས་བསྟན་ཀྱང་གཞན་གྱིས་ཇི་བཞིན་མི་གོ་དེ་ཙམ་གྱི་ཕྲ་ཞིབ་མ་གོ་ཡང་ཉམས་ལེན་གྱི་གོ་ཡུལ་ལ་མི་སྒྲིབ་པས་ཡི་གེར་མ་བཀོད། ཅེས་པ་འདི་སྔགས་འཆང་ཨ་ནནྡ་ཙནྡྲས་ནན་ཆེར་ཞུས་པའི་ལན་དུ་ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྨྲས་པའི་ཡིག་གེ་པ་ནི་བསྒྲུབ་པ་དཔལ་ལོ། །བཀའ་བཞི་པ་དོན་རིན་དང་། དགེ་བཤེས་ཀུན་དགའ་གཉིས་ཀྱི་ཞུས་ལན། མིག་ཤེས་འཛིན་པ་ཡིན་ནམ་ཞེས་པ་འཛིན་པ་ལ་གཉིས། མྱོང་རིག་ཙམ་ལ་འཛིན་པར་བྱས་པ་དང་། ཡུལ་གཟུང་བ་འཛིན་པར་བྱས་པའི་འཛིན་པ་གཉིས་ལས་སྔ་མ་འཛིན་པ་མཚན་ཉིད་པ་ཡིན། ཕྱི་མ་བྱིས་པའི་བློས་བཏགས་པ་ཙམ་མ་གཏོགས་པ་མཚན་ཉིད་པ་མིན། དེས་ན་མིག་ཤེས་སོགས་གཞན་དབང་མཚན་ཉིད་པ་ཡིན་གྱི་ཀུན་བཏགས་མིན་ནོ། །གཞན་དབང་སོ་སོ་སྐྱེ་བོས་རང་རིག་པའི་ཚུལ་གྱིས་ཉམས་སུ་མྱོང་ཡང་མེད་བཞིན་དུ་གཟུང་འཛིན་གཉིས་སུ་སྣང་བའི་གཞན་དབང་གིས་ལྡོག་པ་ལ་ངེས་པ་འདྲེན་མི་ནུས་པས་སོ་སོ་སྐྱེ་བོའི་ཡུལ་མ་ཡིན་པར་བཞན་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་དེ་ལ་མྱོང་སྟོབས་ཀྱི་ངེས་པ་འདྲེན་པས་འཕགས་པའི་རྗེས་ཐོབ་ཀྱི་ཡུལ་དུ་བཞག་གོ །

དེ་རྣམ་བདེན་རྫུན་གྱི་ཡོངས་གྲུབ་ཀྱི་ཁྱད་པར་མཐའ་གཅིག་དུ་ངེས་པ་མེད། སློབ་དཔོན་སོ་སོའི་བཞེད་ཚུལ་ཅི་རིགས་སུ་ཡོད། ཐོགས་མེད་སྐུ་མཆེད་གཞན་དབང་ཀུན་བཏགས་ཀྱིས་སྟོང་བའི་སྟོང་ཉིད་འདུས་མ་བྱས་ལ་འགྱུར་མེད་ཡོངས་གྲུབ་ཏུ་བཞེད་པར་གསལ། ཕྱོགས་གླང་ཆོས་གྲགས་དང་དེ་དག་གི་རྗེས་སུ་འབྲང་བའི་རྒྱན་ཆོས་མཆོག ཤན་ཏི་པ་འགྱུར་མེད་ཡོངས་གྲུབ་ཀྱི་ངོ་བོ་ཤེས་པའི་གསལ་ཆ་ལ་བཞེད་པར་མངོན་ཏེ། ཐ་མལ་བའི་ཤེས་པ་འདིའི་སྟེང་ན་རང་གི་ཉེར་ལེན་རིགས་འདྲ་སྔ་མའི་རྒྱུད་ལས་བྱུང་བའི་ཆ་མྱོང་རིག་གསལ་ཙམ་རང་གི་ངོ་བོ་གདོད་མ་ནས་ཉོན་མོངས་དང་རྣམ་རྟོག་གིས་མ་སླད་པའི་ཆ་ནས་ཤེས་པ་ཀུན་གྱི་རང་བཞིན་ནམ་གནས་ལུགས་ཡིན་པས་གཉེན་པོས་སྤང་མི་ནུས་པས་ཡོངས་གྲུབ་ཏུ་འདོད། བཤད་མ་ཐག་པའི་མྱོང་རིག་དེ་ཉིད་ཐོག་མ་མེད་པ་ནས་རྒྱུད་དེ་འོངས་པའི་གཟུང་འཛིན་གྱི་བག་ཆགས་ཀྱི་རྐྱེན་ལས་གཉིས་སྣང་གི་འཁྲུལ་པར་སྐྱེས་པའི་ལྡོག་ཆ་ནི། གཞན་དབང་གློ་བུར་བ་གཉེན་པོས་སྤང་དུ་རུང་ཞིང་སེམས་ཀྱི་རང་བཞིན་ལ་འབྲལ་དུ་རུང་བར་བཞེད་དེ། ཕྱོགས་འདི་ལ་གཞན་དབང་དང་ཡོངས་གྲུབ་རྫས་གཅིག་ཅིང་། གསེར་དང་གཡའ་བཞིན་དུ་རང་བཞིན་གློ་བུར་བར་བཞེད་པ་ཡིན་ནོ། །ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་ལ་འཕགས་པའི་ཡེ་ཤེས་སུ་འདོད་པ་ལ་མི་མཐུན་པ་མེད། འདི་རྣམས་ཀྱི་རྒྱུ་མཚན་མཐའ་དག་ཤེས་པ་ཤིན་ཏུ་དཀའ། ཕྱོགས་མ་ལོག་ཙམ་ཁྱེད་རང་གཉིས་ཀའི་ལུགས་ལ་བྱུང་གདའ། ཅེས་པ་འདི་ནི་བཀའ་བཞི་པ་དོན་གྲུབ་རིན་ཆེན་དང་། དགེ་བཤེས་ཀུན་དགའ་གཉིས་ཀྱིས་ཞུས་པའི་ལན་དུ་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྨྲས་པའོ། །

ཡང་དོན་ཀུན་གཉིས་ཀྱི་དྲིས་ལན།

ཡང་དོན་ཀུན་གཉིས་ཀྱི་དྲིས་ལན། ཡང་དྲིས་ལན་གཅིག་ལ། བསྔོ་བ་དང་སྨོན་ལམ་གཉིས་ཀྱི་ངོ་བོ་དང་ཁྱད་པར་ནི་གང་། དེ་གཉིས་ལ་དངོས་པོ་ཞིག་སྔོན་དུ་འགྲོ་དགོས་སམ་མི་དགོས་ཞེས་པ་ལ། བསྔོ་བའི་ངོ་བོ་ནི་དུས་གསུམ་གྱི་དགེ་རྩ་གང་རུང་འབྲས་བུ་ཁྱད་པར་ཅན་ཐོབ་པའི་ཐབས་སུ་སྒྱུར་བྱེད་ཡིན་ལ། ངོ་བོའི་སྒོ་ནས་དབྱེ་ན། དགེ་རྩ་འབྲས་བུ་ཁྱད་པར་ཅན་ཐོབ་པར་བྱེད་པའི་ཐབས་སུ་བསྒྱུར་བར་བྱེད་པའི་ཤེས་རབ་མཚུངས་ལྡན་དང་བཅས་པའི་ཀུན་སློང་གི་སེམས་དང་། དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །ཅེས་པ་ལྟ་བུ་ཤེས་རབ་དེས་ཟིན་པའི་ངག་གི་རིག་བྱེད་གཉིས་སུ་ཡོད་དོ། །དེ་ཡང་སེམས་གཙོ་ཆེ་ཞིང་ངག་ཕལ་པ་ཡིན་ནོ། །ཡུལ་གྱི་སྒོ་ནས་དབྱེ་ན་བརྒྱ་བྱིན་དང་། ཚངས་པ་ལ་སོགས་པའི་རྒྱུར་བསྔོ་བ་ལྟ་བུ་མངོན་མཐོའི་སྔོ་བ་དང་། བྱང་ཆུབ་ཀྱི་རྒྱུར་བསྔོ་བ་ངེས་ལེགས་ཀྱི་བསྔོ་བ་གཉིས་སོ། །ཕྱི་མ་ལ་ཡང་ཉན་ཐོས་དང་། རང་རྒྱལ་དང་། རྫོགས་པའི་སངས་རྒྱས་ཏེ་བྱང་ཆུབ་གསུམ་གྱི་རྒྱུར་བསྔོ་བ་རྣམ་པ་གསུམ་མོ། །སྨོན་ལམ་གྱི་ངོ་བོ་ནི། མངོན་པར་འདོད་པའི་འབྲས་བུ་ཁྱད་པར་ཅན་ལ་རེ་འཆའ་ཞིང་དེ་ཐོབ་པར་འདོད་པའོ། །དེ་ལ་ངོ་བོའི་སྒོ་ནས་དབྱེ་ན། འབྲས་བུ་ཁྱད་པར་ཅན་ཐོབ་པར་འདོད་པའི་འདུན་པ་མཚུངས་ལྡན་དང་བཅས་པའི་ཀུན་སློང་གི་སེམས་དང་། །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཅེས་སོགས་འདུན་པ་དེས་ཟིན་པའི་ངག་གི་རིག་བྱེད་གཉིས་སོ། །གཙོ་ཕལ་སྔ་མ་ལྟར་ལ། ཡུལ་གྱི་སྒོ་ནས་དབྱེ་ན། བརྒྱ་བྱིན་ལ་སོགས་ཐོབ་པར་སྨོན་པ་མངོན་མཐོའི་སྨོན་ལམ་དང་། བྱང་ཆུབ་ཐོབ་པར་སྨོན་པ་ངེས་ལེགས་ཀྱི་སྨོན་ལམ་གཉིས་སོ། །ཕྱི་མ་ལ་ཡང་བྱང་ཆུབ་གསུམ་གྱི་དབྱེ་བས་གསུམ་མོ། །དེ་གཉིས་ཀྱི་ཁྱད་པར་ནི་བསྔོ་བ་ལ་ཤེས་རབ་གཙོ་ཆེ་ཞིང་། བསྔོ་རྒྱུ་དུས་གསུམ་གྱི་དགེ་རྩ་གང་རུང་གི་དངོས་པོ་ཞིག་སྔོན་དུ་འགྲོ་དགོས་སོ། །སྨོན་ལམ་ལ་འདུན་པ་གཙོ་ཆེ་ཞིང་། དགེ་རྩ་བསགས་ནས་སྨོན་ལམ་འདེབས་པ་ཡང་ཡོད་ལ། མ་བསགས་པར་སྨོན་ལམ་འདེབས་པ་ཡང་སྲིད་པས་དངོས་པོ་སྔོན་དུ་འགྲོ་བའི་ངེས་པ་མེད་དོ། །ཅེས་པ་འདི་ཡང་སློབ་དཔོན་གཞོན་ནུ་བཟང་པོ་དང་ཀུན་དགའ་ཟླ་བ་གཉིས་ཀྱི་དྲིས་པའི་ལན་ས་སྐྱར་བྲིས་པའོ།། །།མངྒ་ལཾ་བྷ་ཝནྟུ།

དགེ་བཤེས་མཆོག་བཟང་གི་ཞུས་ལན།

དགེ་བཤེས་མཆོག་བཟང་གི་ཞུས་ལན། དགེ་བཤེས་མཆོག་བཟང་གི་ཡི་གེ་བུ་རམ་གི་རྟེན་བཅས་འཕྲོད། ཉིད་ཀྱི་དྲི་བ། སེམས་གནས་ཡུན་རིང་དུ་སྒོམས་པའི་ཞི་གནས་ཀྱི་ཉམས་ལ། འཁོར་འདས་སྟོང་པར་འདུག་སྙམ་པ་ཡང་སྐྱེ་བ་སྲིད་པས། དེ་ཙམ་གྱིས་སྔར་གྱི་མཚན་འཛིན་འཇིག་མི་ནུས། སེམས་གནས་པའི་ཞི་གནས་བརྟན་པོ་ལ་རྟེན་ནས། དངོས་པོའི་དེ་ཁོ་ན་ཉིད་ལ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཚུལ་བཞིན་དུ་དཔྱད་དེ་བསྒོམས་པའི་མྱོང་བ་ཡིན་ན། སྔར་བྱས་ཀྱི་དགེ་བ་ལ་མངོན་ཞེན་གྱི་མཚན་འཛིན་ཞིག་པས་མེ་ལ་ཤིང་བསྣན་པ་ལྟར་སྟོབས་ཆེར་འགྲོ་ཞིང་། མི་དགེ་བ་ལ་མཚན་འཛིན་ཞིག་པས་མེ་ལ་ཆུ་བཏབ་པ་ལྟར་རྣམ་སྨིན་འབྱིན་མི་ནུས་པར་འགྱུར་རོ། །འཁོར་བའི་སྡུག་བསྔལ་དྲན་པའི་ངེས་འབྱུང་དང་། སྲིད་ཞི་སྟོང་པར་རྟོགས་པའི་ཤེས་རབ་དང་། འགྲོ་ཀུན་ཕ་མར་སེམས་པའི་བྱམས་པ་གསུམ། མ་གཡེངས་དྲན་པས་རྟག་ཏུ་སྐྱོངས་ཅིག་ཨང་། །བུ་ལེ་ནས་དགེའོ། །

དགེ་བཤེས་རིན་ཆེན་དཔལ་གྱི་ཞུས་ལན།

དགེ་བཤེས་རིན་ཆེན་དཔལ་གྱི་ཞུས་ལན། དགེ་བཤེས་རིན་ཆེན་དཔལ་གྱི་ཡིག་གེ་དང་ལན་འཕྲོད། རྟེན་འབྲེལ་ལ་གྲུབ་མཐའ་སྨྲ་བ་རྣམས་ཀྱི་འདོད་ཚུལ། དངོས་པོར་སྨྲ་བ་རྣམས་ཕྱི་ནང་གི་རྒྱུ་འབྲས་རྫས་གྲུབ་ལ་རྟེན་འབྲེལ་དུ་འདོད་ཅིང་། རྟེན་འབྲེལ་བཏགས་ཡོད་དུ་སྨྲ་བའི་དབུ་མ་པ་ལ་རྒྱུ་འབྲས་ལ་སྐུར་པ་འདེབས་པའི་ཆད་ལྟའི་སྐྱོན་འདོགས་པར་བྱེད། དབུ་མ་པ་རྣམས་རྒྱུ་འབྲས་རྫས་གྲུབ་ཏུ་སྨྲ་བ་རྟག་ཆད་ཀྱི་མཐར་ལྟུང་བས། ཕྱི་ནང་གི་རྒྱུ་འབྲས་བཏགས་ཡོད་སྒྱུ་མ་ལྟ་བུ་ལ་རྟེན་འབྲེལ་དུ་སྨྲ་ཞིང་། རྟེན་འབྲེལ་དང་སྟོང་པ་དང་མཐའ་བྲལ་རྣམས་དོན་གཅིག་ཏུ་འདོད་པ་ཡིན། དངོས་པོར་སྨྲ་བ་བཏགས་ཡོད་ཀྱི་ཀུན་རྫོབ་ཀྱི་བདེན་པ་བཏགས་ཡོད་དོན་བྱེད་མི་ནུས་པར་འདོད་ལ། དོན་དམ་བདེན་པ་རྫས་ཡོད་དོན་བྱེད་ནུས་པར་འདོད། འོག་མའི་དོན་དམ་གོང་མའི་ཀུན་རྫོབ་ཏུ་འགྱུར་བ་སོགས་ནང་སེམས་ཀྱི་ཁྱད་པར་མི་འདྲ་བ་དུ་མ་ཡོད། དབུ་མ་པའི་བདེན་གཉིས་ཀྱི་རྣམ་གཞག་རྒྱས་པར་གཞན་དུ་ཤེས་པར་བྱ། རྣམ་པར་ཤེས་པ་ལ་གཟུང་འཛིན་གྱི་སྤྲོས་པ་རིགས་པས་བཀག་ནས་གཉིས་མེད་ཀྱི་ཤེས་པ་མྱོང་རིག་གསལ་ཙམ། མཐར་ཐུག་གི་ངེས་དོན་དང་། དེ་ལ་སེམས་འཇོག་པ་མཐར་ཐུག་གི་ཉམས་ལེན་དུ་རྣམ་རིག་པ་འདོད། ཕྱི་ནང་གི་རྟེན་འབྲེལ་ལ་བདེན་དངོས་ཀྱི་སྤྲོས་པ་རིགས་པས་བཀག་ནས་གཉིས་མེད་ཀྱི་ཤེས་པ་མྱོང་རིག་གསལ་ཙམ་རིགས་པས་ཀྱང་མི་འགོག བདེན་པར་མི་ཞེན། སྟོང་པ་ཉིད་ཀྱིས་རྒྱས་བཏབ་ནས་ཉམས་སུ་ལེན་པ་དབུ་མ་པ་རྣམས་ཀྱི་རྣལ་འབྱོར་ཡིན། རྟེན་འབྲེལ་ཉམས་སུ་ལེན་ཚུལ་དབུ་མའི་ཁྲིད་རིམས་སུ་བསྟན་པ་ལས་ལྷག་པ་གཞན་མེད། དགེ་ལེགས་སུ་གྱུར་ཅིག། །

ཆུ་འདུས་པ་ཐུགས་རྗེ་རིན་ཆེན་གྱི་ཞུས་ལན།

ཆུ་འདུས་པ་ཐུགས་རྗེ་རིན་ཆེན་གྱི་ཞུས་ལན། སྤྱན་རས་གཟིགས་ཡིག་གེ་དྲུག་མ་ཟ་མ་ཏོག་བཀོད་པ་ནས་གསུངས་པས། མདོ་ལུགས་ཡིན། བྱ་རྒྱུད་ཀྱི་ལུགས་ཡིན་ཡང་འགལ་བ་མེད། བྱ་རྒྱུད་ལ་བདག་བསྐྱེད་མེད་པར་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་ལས་གསུངས། སློབ་དཔོན་སངས་རྒྱས་གསང་བས་བདག་སྐྱེད་ཡོད་པར་ཡང་བཤད། བྱ་སྤྱོད་ཀྱི་རྒྱུད་ལ་རྫོགས་རིམ་དང་སྣོད་བཅུད་ལྷར་བསྒོམས་པ་བཤད་པ་མ་མཐོང་། འགའ་རེས་བླ་མེད་ཀྱི་རྒྱས་བཀབ་པས་རང་བཟོ་ཡིན་པ་འདྲ། གཏོང་ལེན་བསྒོམ་པ་ན་རང་ལྷར་བསྒོམས་པས་ཆོག སེམས་ཅན་ལྷར་བསྒོམས་ན་སྙིང་རྗེ་གོ་ལོག་ཏུ་འགྲོ་བས་མི་ཉན། ཡིག་དྲུག་གི་ཚིག་དོན། ཨོཾ་སྔགས་ཀྱི་མགོ་འདྲེན། མ་ཎི་ཐབས་མཚོན་བྱེད་ནོར་བུ། པདྨེ་ཤེས་རབ། ཧཱུྃ་གཉིས་སུ་མེད་པའི་ཡེ་ཤེས། མདོར་ན་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཐབས་ཤེས་རབ་དབྱེར་མི་ཕྱེད་པ་སྟོན་པའི་དོན་ཡིན། ཁྱེད་ཀྱི་དོན་གཞན་ད་ལྟ་ངེད་ལ་ལོང་མེད། ཡིག་ཆ་གཞན་ཕྲན་འདྲ་ན་ཕལ་ཆེར་ཚང་ཡོད་པས་དེར་གཟིགས། ཅེས་པ་ཆུ་འདུས་པ་ཐུགས་རྗེ་རིན་ཆེན་གྱིས་ཞུས་པ་ལ་གནང་བའོ།། །།དགེ་ལེགས་འཕེལ་བར་གྱུར་ཅིག། །

དགེ་བཤེས་སངས་རྒྱས་བློ་གྲོས་ཀྱི་ཞུས་ལན།

དགེ་བཤེས་སངས་རྒྱས་བློ་གྲོས་ཀྱི་ཞུས་ལན། །སྡོམ་པ་དང་ལྡན་ཞིང་ཉེས་པས་མ་གོས་ཀྱང་ཡུལ་གཉན་པོ་ལ་སྡིག་བསགས་ན་ངན་སོང་དུ་འགྲོ་བར་མདོ་ལས་བཤད། དཔེར་ན་ཐེག་ཆེན་བཀའ་མིན་ཞེས་སྐུར་པ་འདེབས་པའི་ཉན་ཐོས་སྡེ་པའི་དགེ་སློང་ཚུལ་ལྡན་ཞིག སྔགས་ཀྱི་རྩ་ལྟུང་བྱུང་ཡང་བླ་མ་མཚན་ཉིད་དང་ལྡན་པ་ལ་དབང་བླངས་ན་སྔར་གྱི་ཉེས་པ་མ་བཤགས་ཀྱང་སྡོམ་པ་བླངས་པ་ཉིད་སླར་ལྡོག་པའི་སྟོབས་ཡིན་པས་རྣམ་སྨིན་འབྱིན་མི་ནུས། བདག་འཇུག་བླངས་པས་སྡོམ་པ་སོར་ཆུད། དེ་ལྟ་མིན་ན་བདག་འཇུག་བླངས་པ་དོན་མེད་དུ་འགྱུར། ཡན་ལག་གི་ཉེས་པ་རྣམས་འདུལ་བ་བཞིན་མིང་རིགས་ཀྱི་སྒོ་ནས་བཤགས་དགོས་པར་བླ་མ་ཁ་གཅིག་བཞེད། སྤྱི་བཤགས་ཀྱི་སྒོ་ནས་ཀྱང་འདག་པར་སེམས། དགེ་འདུན་དབྱེན་གྱི་ལྷག་མ་འཁོར་ལོའི་དབྱེན་གྱི་མཚམས་མེད་ཀྱི་སྦྱོར་པ་ཡིན་པས། ཕྱིར་བཅོས་ཚུལ་བཞིན་དུ་བྱས་ན་ལྟུང་བ་དང་རྣམ་སྨིན་གཉིས་ཀ་འདག་ཏུ་རུང་། སྡོམ་པ་གོང་མ་གཉིས་ལེན་འདོད་ཀྱི་བསམ་པ་རྣམ་དག་ཡོད་ན་ཇི་ཙམ་བླངས་པ་སྐྱེ། ཞེས་པ་དགེ་བཤེས་སངས་བློས་ཞུས་པའི་ལན་ནོ།། །།ཤུ་བྷཾ་མསྟུ་སརྦ་ཛ་ག་ཏཾ།

སྐྱིད་གྲོང་དབོན་པོ་བསོད་ནམས་དོན་གྲུབ་ཀྱི་ཞུས་ལན།

སྐྱིད་གྲོང་དབོན་པོ་བསོད་ནམས་དོན་གྲུབ་ཀྱི་ཞུས་ལན། སྣང་བ་བདེན་པ་མེད་ཀྱང་། ཇི་སྲིད་བདེན་མེད་ཀྱི་དོན་མ་རྟོགས་ཀྱི་བར་དུ། དགེ་སྡིག་ལས་འབྲས་སླུ་བ་མེད་པས་བླང་དོར་ལ་གཟབ་དགོས། སྐྱབས་གནས་སེམས་ཀྱི་སྤྲོས་པ་ཡིན་ཡང་སྤྲོས་བྲལ་མ་རྟོགས་ཀྱི་བར་དུ་མོས་གུས་གྱིས། གསོལ་བ་བཏབ་པས་ཕན་ཡོན་འབྱུང་། བཟོ་མེད་པ་བཞག་པས་འཆར་སྒོ་སྣ་ཚོགས་འབྱུང་བ་སེམས་འཁྲུལ་པའི་ཉམས་སྣང་ཡིན། དེ་ལ་དགའ་སྡུག་ཏུ་གཟུང་རྒྱུ་ཅི་ཡང་མེད། སེམས་འཕྲོ་རྒོད་དུ་སོང་ན་དམིགས་པ་ལ་གནད་དུ་བསྣུན། ནང་དུ་བྱིང་རྨུགས་བྱུང་ན་ལྟ་སྟངས་དཔང་གཏོད། རིག་པ་ངར་བཏོན། བླ་མ་ལ་གསོལ་བ་དྲག་ཏུ་གདབ། བླ་མའི་གསུང་ལ་བརྟེན་ནས་གནས་ལུགས་ལ་ངེས་པ་སྐྱེས་པ་གོ་བ། དེ་རྩེ་གཅིག་ཏུ་བསྒོམས་པས་ནང་དུ་ཏིང་ངེ་འཛིན་སྐྱེས་པ་ཉམས་མྱོང་། ཏིང་ངེ་འཛིན་ལ་བརྟེན་ནས་གནས་ལུགས་ལ་སྒྲོ་འདོགས་གཅོད་ཅིང་། ངེས་པ་སྐྱེས་པ་རྟོགས་པ། ཞི་ལྷག་ཀྱང་དེ་ཉིད་ཀ་ཡིན། རྩོལ་མེད་ལྷུན་གྲུབ་ཀྱི་ཉམས་འཆར་བ་ལ། བླ་མ་བཟང་པོའི་མན་ངག་ཐོབ། ཚེ་བློས་བཏང་། ཚེ་དང་སྒྲུབ་པ་སྙོམས་པ་གཅིག་དགོས་པ་ཡིན། ཟླ་རེ་ཟླ་གཉིས་ཀྱི་བླུན་བསྒོམ་བྱས་པས་གནས་ལུགས་རྟོགས་པའི་མྱོང་བ་མི་སྐྱེ། ད་ལྟ་བླ་མའི་གསུང་ལ་བརྟེན་ནས་ཅིར་སྣང་འཕྲུལ་པ་ཙམ་དུ་བསྒོམས་ན། ཉོན་མོངས་དང་རྣམ་རྟོག་དྲག་པོའི་མགོ་གནོན་པ་དང་། མཐར་ཐུག་ཐར་པའི་ས་བོན་འཇོག་པའི་དགོས་པའི་དགེ་བ་ཡོད། སྟོང་ཉིད་ཀྱི་རྒྱས་མ་ཐེབས་པའི་མི་རྟོག་པ་ཐོམ་པོ་སྒོམ་པ་ལ་ཕན་ཡོན་ཙམ་མེད། མི་ལུས་བསྐྱེད་པ་ཙམ་ལ་ཕན་ཡོན་ཡོད་ན། བུ་མངས་ཀྱི་ཕ་མ་ཚོ་འཚེངས་སྟེ། ཕ་མས་བུ་ཚ་ཉོན་མོངས་ཀྱི་དབང་གིས་བསྐྱེད་ཅིང་གསོས་པ་ཡིན་པས་ཕན་ཡོན་ཅི་ཡང་མེད། བུ་ཚ་ཆོས་པ་བཟང་པོ་བྱུང་ན་ཕ་མ་འཁོར་བ་ལས་སྒྲོལ་བའི་ཕན་ཡོན་ཐོབ། མཐར་ཐུག་སྒྱུ་མ་ལྟ་བུའི་སྣང་བ་འདི་ཡང་ནམ་མཁའ་ལ་འཇའ་བཞིན་དེངས་ནས་སྤྲོས་བྲལ་ནམ་མཁའ་ལྟ་བུ་ལ་གནས་པ་མེད་པའི་ཚུལ་གྱིས་གནས་པ་ན། ཆོས་སྐུ་ཐོབ་པ་ཞེས་པའི་ཐ་སྙད་འདོགས་པ་ཡིན་གསུང་བ་འདི་མང་ཡུལ་སྐྱིད་གྲོང་གི་དབོན་པོ་བསོད་ནམས་དོན་གྲུབ་གྱི་ཞུས་པ་ལ་གུང་ཐང་རྫོང་དཀར་དུ་གནང་བའོ།། །།ཤུ་བྷཾ།

མཁན་ཆེན་ཆོས་རྒྱལ་བ་དང་།དབོན་པོ་ནམ་མཁའ་སྙིང་པོའི་ཞུས་ལན།

མཁན་ཆེན་ཆོས་རྒྱལ་བ་དང་། དབོན་པོ་ནམ་མཁའ་སྙིང་པོའི་ཞུས་ལན། དམྱལ་བར་སྐྱེས་པའི་བར་སེམས་ཅན་ལ་བར་དོ་སྲིད་དམ་མི་སྲིད་ཅེས་པ། སྡེ་བ་བཅོ་བརྒྱད་ཀྱི་ནང་ནས་གོས་དམར་བའི་སྡེ་བ་དག དམྱལ་བར་མ་ཟད་འགྲོ་བ་རིགས་དྲུག་ཐམས་ཅད་འདི་ནས་ཤི་འཕོས་མ་ཐག་སྐྱེ་བ་ལེན་པས་བར་དོ་ཞེས་བྱ་བ་མེད་པར་འདོད་དོ། །དེ་ལ་སློབ་དཔོན་དབྱིག་གཉེན་གྱིས་མཛོད་དུ། ལུང་དང་རིགས་པ་གཉིས་ཀྱིས་དགག་པ་མཛད། དེ་ལ་རིགས་པ་ནི། འབྲས་བུའི་རྒྱུན་དང་ཆོས་མཐུན་ཕྱིར། །སྲིད་པ་ཆད་ལས་བྱུང་བ་མིན། །ཅེས་དང་། ལུང་ནི། མགུར་ནས་གསུངས་ཕྱིར་མདོ་དྲི་ཟ། །རྣམ་གསུམ་འགྲོ་མདོ་ལས་ཀྱང་འགྲུབ། །ཅེས་པའི་ཐད་ཀར། བར་སྲིད་ཡོད་པའི་ལུང་མདོ་ནས་དྲངས་ཡོད་པས། མཛོད་འགྲེལ་དུ་གཟིགས། སྤྱིར་ཐེག་པ་ཆེ་ཆུང་གི་གྲུབ་མཐའ་སྨྲ་བ་བྱིན་པོ་ཁམས་འོག་མ་གཉིས་ནས་ཤི་འཕོས་ནས། གཟུགས་མེད་དུ་སྐྱེ་བ་ལ་བར་སྲིད་མི་འདོད་ཅིང་། མཛོད་དུ། གཟུགས་མེད་དག་ཏུ་ཤི་བའོ། །ཅེས་གསུངས། དེ་ལས་གཞན་པའི་འགྲོ་བར་རིགས་དྲུག་རྣམས་ལ་བར་སྲིད་ཡོད་པར་འདོད་པ་ལགས། དམྱལ་བའི་བར་སྲིད་ནི། དམྱལ་བ་པ་ནི་སྤྱི་ཚུགས་ཡིན། །ཅེས་མཛོད་དུ་བཤད་པས། སྡོང་དུམ་མེས་ཚིག་པ་ལྟ་བུ་སྤྱི་ཚུགས་མཐུར་ལ་བསྟན་ནས་འགྲོ་བར་གསུངས། བར་སྲིད་མེད་པར་འདོད་པ་རྣམས་ཀྱིས་ཀྱང་། བར་སྲིད་མེད་པའི་མདོའི་ལུང་འགའ་ཡར་མཛོད་འགྲེལ་ནས་དྲངས་ཡོད། མདོ་དེ་རྣམས་ཀྱི་དགོངས་པ་དོན་གཞན་དུ། སློབ་དཔོན་དབྱིག་གཉེན་གྱིས་བཀྲལ་ལོ། །མཁན་ཆེན་ཆོས་རྒྱལ་བ་དང་། དབོན་པོ་ནམ་མཁའ་སྙིང་པོས་ཞུས་པ་ལ་གནང་བའོ།། །།དགེ་ལེགས་འཕེལ་བར་གྱུར་ཅིག། །

བཀའ་བཅུ་བ་བདེ་ལེགས་དཔལ་བའི་ཞུས་ལན།

བཀའ་བཅུ་བ་བདེ་ལེགས་དཔལ་བའི་ཞུས་ལན། སློབ་དཔོན་ལེགས་དཔལ་གྱི་གསུང་ཡིག་རྟེན་བཅས་འཕྲོད། ཁྱེད་དབུས་ཕྱོགས་ལ་ཐོན་པ་དེ་ཤིན་ཏུ་ལེགས། བླ་མ་བཀའ་བཞི་པ་ལ་ཡི་གེ་འདི་ཕུལ། ཁྱེད་ཀྱི་དོན་ཡང་དེར་ཚང་ཡོད། དྲི་བ་རྣམས་ལ་རྟེན་འབྲེལ་རང་བཞིན་མེད་པར་ངེས་པའི་བློ་དེ་ཚད་མའམ་ཚད་མིན་གང་། ཚད་མིན་གྱིས་བཞག་པའི་དོན་རང་ལུགས་ལ་རྟོག་ལྡན་སུ་ཡང་ཁས་མི་ལེན། ཚད་མ་ལ་མངོན་རྗེས་གཉིས་སུ་ངེས་པས་སོ་སྐྱེས་རྟེན་འབྲེལ་རང་བཞིན་མེད་པར་ངེས་པ་མི་སྲིད། རྗེས་སུ་དཔག་པས་ཡིན་ན། དེའི་རྟགས་ལ། སྒྲུབ་ཆོས་རང་བཞིན་མེད་པས་ཁྱབ་པ་ངེས་པར་བྱེད་དེ། མངོན་སུམ་མམ་རྗེས་དཔག་གང་ཡིན་དཔྱད་ན་མངོན་སུམ་མི་སྲིད་པར་སྔར་བསྟན་ཅིང་། རྗེས་དཔག་ལ་རྩོད་པ་སྔ་མ་འཇུག་པས་གང་དུ་ཡང་དབུགས་མི་འབྱིན་ནོ། །ཅི་སྟེ་དཔེ་སྒྱུ་མ་དང་རྨི་ལམ་ལ་སོགས་པའི་སྟེང་དུ་བརྟེན་འབྲེལ་ལ་རང་བཞིན་མེད་པའི་ཁྱབ་པ་མངོན་སུམ་གྱིས་ངེས་སོ་ཞེ་ན། ཅི་སྒྱུ་མ་སོགས་ཀྱི་བློ་དེ་ཚད་མ་ཡིན་ནམ། ཡིན་ན། ཚད་མིན་གང་ཡིན་སྨྲོས་ཤིག འོན་ཏེ་རྟགས་ཀྱི་ཚུལ་ཚད་མས་མ་གྲུབ་ཀྱང་དེ་ལ་རྟེན་ནས་རྗེས་སུ་དཔག་གོ་ཞེ་ན། རིགས་པ་ཤེས་པའི་ཚུལ་ཤིན་ཏུ་ལེགས་སོ་ཞེས་སྨྲོས་ཤིག གཞན་འགོག་པ་ན་རང་བཞིན་ཡོད་མེད་གཉིས་སུ་ཕྱེ་ནས་འགོག་པ། གཞན་གྱིས་དགག་བྱ་དང་དངོས་པོར་གྲུབ་པར་ཁས་བླངས་པ་ལ་རང་བཞིན་ཡོད་མེད་གཉིས་ལས་གཞན་དུ་སྨྲ་མི་ས་པས་དེ་ལྟར་འགོག་པ་ཡིན་གྱི། རང་ལུགས་ལ་རང་བཞིན་ཡོད་མེད་གཉིས་སུ་ངེས་པ་མ་ཡིན། རྟེན་འབྲེལ་རྒྱུ་འབྲས་མ་བརྟགས་པའི་ཐ་སྙད་འཁྲུལ་ངོ་ཙམ་དུ་ཁས་ལེན་གྱི། དངོས་པོའི་གནས་ལུགས་སེམས་པ་ན་རྒྱུ་འབྲས་ཁས་ལེན་ན་དངོས་སྨྲ་བ་དང་ཁྱད་པར་ཅི་ཡོད། ཐལ་འགྱུར་བ་ལ་ཁས་ལེན་མེད་ཟེར་བ། དངོས་པོའི་དེ་ཁོ་ན་ཉིད་སེམས་པ་ན། ཚད་མའི་གྲུབ་པའི་དོན་ཁས་བླངས་རྒྱུ་མེད་པ་ལ་ཟེར་བ་ཡིན། མ་བརྟགས་པའི་ཐ་སྙད་ལ་འཇུག་པ་ན་ཡང་ལྐུགས་པ་བཞིན་ཅི་ཡང་མི་ཟེར་བ་ལ་ཟེར་བ་མ་ཡིན་པར། རང་རྒྱུད་པས་དངོས་པོའི་དེ་ཁོ་ན་ཉིད་སེམས་པ་ན་ཡང་བདེན་དངོས་བཀག་པའི་སྟོང་ཉིད་རང་བཞིན་མེད་པ་རང་ལུགས་ཀྱི་རྟགས་དང་། རྗེས་དཔག་ཚད་མས་གྲུབ་པར་སྨྲ་ཞེས་པ་དབོན་པོ་བདེ་ལེགས་དཔལ་བས་ཞུས་པ་ལ་གནང་བའོ།། །།ཤུ་བྷཾ།

སྟག་རྩེ་བ་དབོན་པོ་དགེ་སྦྱོང་བདེ་ལེགས་དཔལ་བའི་ཞུས་ལན།

སྟག་རྩེ་བ་དབོན་པོ་དགེ་སྦྱོང་བདེ་ལེགས་དཔལ་བའི་ཞུས་ལན། སྔགས་ཕར་ཕྱིན་གྱི་ཁྱད་པར་ལྷའི་རྣལ་འབྱོར་ཡོད་དམ་མེད་དང་། འདོད་ཡོན་སྤོང་བ་དང་ལམ་དུ་བྱེད་པ་གང་འཐད་ཟེར་བ། ལྷའི་རྣལ་འབྱོར་དང་མི་ལྡན་ན་འདོད་ཡོན་ལམ་དུ་བྱེད་མི་ནུས་པས། ལུགས་སྔ་ཕྱི་གཉིས་ལ་ཁྱད་པར་ཆེར་མེད། དེ་དག་གི་ལུགས་ཀྱིས་ཕར་ཕྱིན་ཐེག་པས་ས་བཅུ་ཐོབ་རྗེས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་རྣམས་ལ་འོག་མིན་དུ་དབང་ནོད་ནས། རྣལ་འབྱོར་གྱིས་རྒྱུད་ལྟར་མངོན་བྱང་ལྔའམ། བླ་མེད་ལྟར་ན་རྡོ་རྗེ་སེམས་དཔའ་ཁ་སྦྱོར་གྱི་རྣལ་འབྱོར་ལ་རྟེན་ནས་མཐར་ཐུག་གི་རྣམ་མཁྱེན་ཐོབ་པར་འདོད་པས་དེ་དག་གི་ལུགས་ཀྱི་སྔགས་མཚན་ཉིད་གཉིས་ཀྱི་ཁྱད་པར་ལྷའི་རྣལ་འབྱོར་ཡོད་མེད་ཀྱིས་འབྱེད་པ་ཤིན་ཏུ་གསལ། སློབ་དཔོན་དེ་རྣམས་ཀྱི་ལུགས་ཀྱིས་ལམ་གྱི་འགོ་ཕར་ཕྱིན་ཐེག་པ་ནས་བརྩམས་ནས། ལམ་གྱི་མཇུག་སྔགས་ཀྱི་ཐེག་པས་མཐར་ཕྱིན་པའི་གང་ཟག་བདག་གི་སྟོན་པ་འདི་ལྟ་བུ་ཡང་ཡོད་དོ། །ལམ་གྱི་འགོ་ཚོགས་ལམ་ནས་རྡོ་རྗེ་ཐེག་པ་ལ་ཞུགས་ནས། ཚེ་འདི་ཉིད་ལ་མཐར་ཐུག་གི་རྣམ་མཁྱེན་མངོན་དུ་བྱེད་པའི་གང་ཟག་ཡང་ཡོད། དེ་ལྟ་བུའི་གང་ཟག་དེ་ཡང་ལྷའི་རྣལ་འབྱོར་ལ་ཐབས་ལ་མཁས་པ་ཁོ་ནས་ཚེ་འདི་ཉིད་ལ་མྱུར་དུ་རྫོགས་པ་ཡིན་པས། རྒྱུད་སྡེ་གོང་མ་གཉིས་དང་ཕར་ཕྱིན་ཐེག་པ་གཉིས་ཀྱི་ཁྱད་པར་ལྷའི་རྣལ་འབྱོར་ཡོད་མེད་ཀྱིས་འབྱེད་པ་ཤིན་ཏུ་འཐད་དེ། རིགས་ལྔའི་སྡོམ་གཟུང་གི་སྐབས་སུ་རིག་འཛིན་གྱི་སྡོམ་པ་སྐྱེའམ། དབང་བསྐུར་བ་ལ་ལྟོས་ཟེར་བ་རྒྱུད་སྡེ་གོང་མ་གཉིས་ཀྱི་དབང་བསྐུར་ཚད་ལ་རིག་འཛིན་གྱི་སྡོམ་པ་སྟེར་བ་མིན། སློབ་མའི་དབང་ཙམ་བསྐུར་བ་ལ་ཐུན་མོང་གི་སྡོམ་པ་སྟེར། རྡོ་རྗེ་སློབ་དཔོན་གྱི་དབང་བསྐུར་བ་ལ་རིག་འཛིན་གྱི་སྡོམ་པ་སྟེར་བར་སློབ་དཔོན་ཀུན་དགའ་སྙིང་པོ་དང་། ཤན་ཏི་བ་སོགས་བཞེད་དེ་ཤིན་ཏུ་འཐད། དེས་ན་རིགས་ལྔའི་སྡོམ་གཟུང་གི་སྐབས་སུ་རིག་འཛིན་གྱི་སྡོམ་པ་མི་སྐྱེ་ན་རིགས་ལྔའི་སྡོམ་གཟུང་བྱས་པ་ལ་དགོས་པ་ཅི་ཡོད་བསམ་དགོས་ཤིང་། དཀྱིལ་མཆོག་ཚད་ལྡན་རྣམས་སུ་དབང་སྐུར་པའི་སྔོན་དུ་རིག་ལྔའི་སྡོམ་གཟུང་བཤད་པའི་ཕྱིར་རོ། །རྣལ་འབྱོར་གྱི་རྒྱུད་ཀྱི་རྩ་ལྟུང་གི་ངོ་བོ་གང་ཡིན་ཞེས་པ། རྡོ་རྗེ་རྩེ་མོར། རིགས་ལྔའི་སྡོམ་གཟུང་གི་རྗེས་སུ། དེ་ལས་གཞན་པ་བཅུ་བཞི་ནི། །ཕས་ཕམ་པར་ནི་རབ་ཏུ་བརྗོད། །ཅེས་པའི་སྐབས་ཀྱི་འགྲེལ་པར། སློབ་དཔོན་ཀུན་སྙིང་གིས། དེ་ལས་གཞན་པ་བཅུ་བཞི་ནི། །ཞེས་པ་རིགས་ལྔའི་སྡོམ་གཟུང་གི་ཟློག་ཕྱོགས་ཕས་ཕམ་པ་བཅུ་བཞི་ལ་བཤད་པས། རྒྱུད་སྡེ་འོག་མ་གཉིས་ཀྱི་རྩ་བའི་ལྟུང་བ་གྲངས་དང་མི་འདྲ་ཞིང་། ངོ་བོ་ངོས་འཛིན་ཕལ་ཆེར་འདྲ་ཞིང་། དམ་ཚིག་བསྟེན་པར་མི་བྱེད་དང་། །ཞེས་དང་། ཤེས་རབ་རང་བཞིན་བུད་མེད་ལ། །ཞེས་པའི་ངོས་འཛིན་རྒྱུད་སྡེའི་བྱེ་བྲག་གཉིས་གིས་ཅུང་ཟད་མི་འདྲ་བར་སྣང་། དེས་ན་རྒྱུད་སྡེ་འོག་མ་གཉིས་ཀྱི་རྩ་ལྟུང་དང་། དེ་སྤོང་བའི་རིག་འཛིན་གྱི་སྡོམ་པ་འདྲ་བའི་རྒྱུ་མཚན་གྱིས་རྣལ་འབྱོར་གྱི་རྒྱུད། རྡོ་རྗེ་རྩེ་མོ་དང་བླ་མེད་ཀྱི་རྒྱུད་རྡོ་རྗེ་མཁའ་འགྲོ་དང་། སམ་བུ་ཊི་རྣམས་ནས་རིགས་ལྔའི་སྡོམ་གཟུང་འདྲ་བར་བཤད་པ་ཡིན། རྒྱུད་སྡེ་འོག་མ་གཉིས་ལ་རྒྱུད་སྡེའི་འགྲོས་ཀྱིས་བདག་བསྐྱེད་ཡོད་པ་མི་འཐད་དམ་ཟེར་བ། བྱ་རྒྱུད་ལ་བདག་བསྐྱེད་མེད་ཅིང་། སྤྱོད་རྒྱུད་ལ་ཡོད་པར་འདུས་པའི་བཤད་རྒྱུད་ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་ལས་བཤད། དེའི་རྗེས་སུ་འབྲངས་ནས། ཆོས་རྗེ་པས། བྱ་བའི་རྒྱུད་ལ་བདག་བསྐྱེད་མེད། །ཅེས་གསུངས་མོད། རྣལ་འབྱོར་གྱི་རྒྱུད་ལ་མཁས་པ་སངས་རྒྱས་གསང་བས། སྤྱོད་རྒྱུད་དུ་གྲགས་པ་རྣམ་སྣང་མངོན་བྱང་ལ་སོགས་པ་རྣམས་ཀྱང་བྱ་རྒྱུད་དུ་བསྡུས་ནས་རྒྱུད་སྡེ་གསུམ་དུ་བཞེད་ཅིང་། བྱ་རྒྱུད་ཀྱི་གདུལ་བྱ་དབང་པོ་བརྟུལ་པོ་ལྷའི་རྣལ་འབྱོར་སྒོམ་མི་ནུས་པའི་དབང་དུ་བྱས་ནས་བདག་བསྐྱེད་མེད་པར་བཤད་ཅིང་། གདུལ་བྱ་དབང་པོ་རྣོན་པོ་རྣམས་ལ་རྣམ་སྣང་མངོན་བྱང་གི་ལུང་དྲངས་ནས་བདག་བསྐྱེད་ཡོད་པར་བཤད་པས། ཕྱོགས་རེ་ཙམ་མཐོང་ནས་ཚད་ལྡན་གྱི་སློབ་དཔོན་དེ་རྣམས་ལ་དགག་པ་བྱེད་པ་མི་ཉན། བྱ་སྤྱོད་ལ་ཡེ་ཤེས་པ་དགུག་གཞུག་སོགས་རྒྱུད་ནས་མ་བཤད་ཀྱང་ཚད་ལྡན་གྱི་རྒྱ་གཞུང་མང་པོ་ནས་ཡེ་ཤེས་པ་དགུག་གཞུག་བཤད་སྣང་བས། རྒྱུད་སྡེ་གོང་མ་ལ་ཞུགས་པའི་རྣལ་འབྱོར་པས། རྒྱུད་སྡེ་འོག་མའི་ལྷའི་རྣལ་འབྱོར་བསྒོམ་པ་ལ། དགོངས་པ་འདྲ། དེ་ནི་ཤིན་ཏུ་ཡང་རུང་ཏེ། རང་གོང་མའི་ལྷག་པའི་ལྷ་གང་ཡིན་གྱི་ང་རྒྱལ་དང་མ་བྲལ་བའི་སྒོ་ནས། གང་བསྒོམས་པའི་ལྷ་དེའི་རྣམ་པར་བསྒྱུར་བ་ཙམ་ཡིན་པའི་ཕྱིར་རོ། །གོང་མ་ལ་མ་ཞུགས་པ་རྣམས་ཀྱིས་རྒྱུད་སྡེ་ལས་མ་བཤད་པས་རང་བཟོར་འགྲོ་བའི་ཕྱིར་མི་ཉན། བླ་མེད་ཀྱི་དབང་གོང་མ་གཉིས། གྲོལ་ལམ་ལ་བརྟེན་པ་དང་། ཆགས་ལམ་ལ་བརྟེན་པ་གཉིས་གང་འཐད་ཅེས་པ་ནི། དུས་འཁོར་མ་གཏོགས་རྒྱུད་སྡེ་གཞན་རྣམས་ནས་དབང་གོང་མ་གཉིས་དངོས་དབང་མ་གཏོགས་ཚིག་ཙམ་གྱིས་བསྐུར་བ་མ་བཤད། རྒྱ་བོད་ཀྱི་ཕྱི་རབས་ཀྱི་འགྲེལ་བྱེད་དང་། སློབ་དཔོན་རྣམས་ཀྱིས་དུས་སྐབས་ལ་ལྟོས་ནས་ཆགས་ལམ་དང་གྲོལ་ལམ་ཅི་རིགས་པར་བཤད་སྣང་། རྡོ་རྗེ་ཐེག་པའི་ཐུན་མོང་མ་ཡིན་པའི་དམ་ཚིག་རྣམས་དང་། འདུལ་བའི་བསླབ་བྱ་རྣམས་འགལ་བ་ཕལ་ཆེ་བས། སྡོམ་གསུམ་མི་འགལ་བའི་གནད་མ་ཤེས་ན། སྡོམ་གསུམ་ལྡན་པའི་དགེ་སློང་རྡོ་རྗེ་འཛིན་པར་སྒོམ་པ་མིང་ཙམ་ཡིན། འདི་ལ་བརྗོད་པར་བྱ་བ་མང་སྟེ། ཐུན་མོང་དུ་བཤད་བྱ་མ་ཡིན། གསང་འདུས་ཊི་ཀར་མི་སློབ་པའི་ཟུང་འཇུག་ས་བཅུ་པ་ནས་བཞག་པ་དང་། གོང་མ་རྣམས་ཀྱིས་ཕར་ཕྱིན་ཐེག་པས་བགྲོད་པའི་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལས་གོང་དུ། བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡོད་ཟེར་བ་སྐྱོན་མཚུངས་ཅེས་པ། མི་སློབ་པའི་ཟུང་འཇུག་ས་བཅུ་པར་བཞག་པ་མ་མཐའ་ཡིན་གྱི། དེ་ལས་གོང་དུ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་མེད་ཟེར་བ་མ་ཡིན། དེའི་གོང་དུ་བཅུ་གསུམ་རྡོ་རྗེ་འཛིན་པ་ཡོད་ཀྱང་ལམ་གཞན་ལ་རྟེན་ནས་བགྲོད་པ་མ་ཡིན་གྱི། སྔགས་ཀྱི་ལམ་ཟུང་འཇུག་དེ་ཉིད་ལ་གནས་ནས། ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདུལ་བྱ་རྣམས་ལ་དཀྱིལ་འཁོར་གྱི་འཁོར་ལོ་དང་། མཛད་པ་བཅུ་གཉིས་ལ་སོགས་པའི་རྣམ་འཕྲུལ་སྣ་ཚོགས་ཀྱིས་གཞན་གྱི་དོན་ཁོ་ན་མཛད་དེ། མཐར་ཐུག་རྣམ་མཁྱེན་རང་གི་ངང་གིས་མངོན་དུ་བྱེད་པ་ཡིན། གནས་སྐབས་དེར་རང་གི་དོན་གྱི་བསླབ་བྱ་ཙམ་ཡང་མེད་ཅིང་། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འབྱུང་བས་ལམ་གཞན་ལ་བསླབ་མི་དགོས་པའི་ཕྱིར་མི་སློབ་པའི་ཕྱིར་ཟུང་འཇུག་ཅེས་བྱ། བཅུ་གཅིག་ཀུན་དུ་འོད་ཀྱི་སའི་གོང་དུ་སྔགས་ཀྱི་བགྲོད་བྱ་ཡོད་པར་བཞེད་པའི་ལུགས་ལ། ཕར་ཕྱིན་ཐེག་པའི་ལམ་གྱི་མཐར་ཐུག་ཤེར་ཕྱིན་གྱིས་སྤོང་མི་ནུས་པའི་སྒྲིབ་པ་ཁས་བླང་དགོས་ཤིང་། དེ་ལྟར་བཞེད་པར་ཡང་སྣང་མོད། མཐར་ཐུག་རྣམ་མཁྱེན་ཐོབ་པ་རྡོ་རྗེ་ཐེག་པ་ལ་ལྟོས་ཤིང་ཕར་ཕྱིན་ཐེག་པས་རྣམ་མཁྱེན་མི་ཐོབ་པའི་སློབ་དཔོན་དེ་དག་གི་ལུགས་ལའང་བཅུ་གཅིག་ཀུན་ཏུ་འོད་ཀྱི་ས་ལས་གོང་ན་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་ཡོད་པར་མི་བཞེད། ས་བཅུ་པའི་ཁྱད་པར་དང་། བར་ཆད་མེད་པའི་ལམ་ལ་སྔགས་ཀྱི་ས་བཅུ་གཅིག་པ་དང་། བཅུ་གཅིག་པ་ཡེ་ཤེས་ལྡན་དང་། དཔེ་མེད་ཅན་དུ་བཞག་ནས་ཀུན་ཏུ་འོད་དང་རྡོ་རྗེ་འཛིན་པའི་ས་དོན་གཅིག་ཏུ་བཞེད་པ་ཡིན། འདི་རྣམས་ཀྱི་ཤེས་བྱེད་ཀྱི་ལུང་རྣམས་མང་པས་མ་བྲིས། ཞེས་པ་སྟག་རྩེ་པ་དབོན་པོ་དགེ་སྦྱོང་བདེ་ལེགས་དཔལ་བས་ཞུས་པའི་ལན་དུ། རྗེ་བཙུན་དམ་པ་ཀུ་མ་ར་མ་ཏིའི་ཞལ་སྔ་ནས་གནང་བ་དགེའོ།། །།ཤུ་བྷཾ།

བཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ཀྱི་ཞུས་ལན།

བཀའ་བཅུ་པ་ཡོན་ཏན་རྒྱལ་མཚན་ཀྱི་ཞུས་ལན། སྒྱུ་མ་ལ་སོགས་དཔེ་ཡིས་ནི། །གཞན་གྱི་དབང་ནི་ཡོངས་སུ་བསྟན། །ཅེས་གཞན་དབང་དག་པ་མ་ཡིན་པའི་སྒྱུ་མ་དང་རྨི་ལམ་གྱིས་དཔེ་བསྟན་པ་ཡིན་ནོ། །དཔེར་ན་སྒྱུ་མ་མཁན་གྱི་སྔགས་དང་སྨན་གྱིས་དཔང་པོ་བསླད་པ་ལས་རྟ་གླང་སྣ་ཚོགས་སུ་སྣང་བ་དེའི་ཚེ་ཡང་འཇིམ་དུམ་ལ་སོགས་པ་ནི། རྟ་གླང་སོགས་ཀྱི་ངོ་བོར་གཏན་མ་སྐྱེས་ལ། བློ་འཁྲུལ་པ་ལ་དེ་ལྟར་སྣང་བ་ཙམ་དུ་ཟད་དེ། དེ་བཞིན་དུ་གཟུང་འཛིན་གཉིས་ཀྱིས་དབེན་པའི་གཞན་དབང་མ་རིག་པའི་བག་ཆགས་ཀྱི་དབང་གིས་གཟུང་འཛིན་གཉིས་ལ་སོགས་པ་སྣ་ཚོགས་པ་ཡང་སྣང་བའི་ཚེ་དེ་ཉིད་ན་སྣང་བ་ལྟར་གྱི་ངོ་བོར་གདོད་མ་ནས་མ་སྐྱེས་པ་གཉིས་མེད་ཀྱི་ངོ་བོར་གནས་སོ། །དཔེར་ན་སྒྱུ་མའི་སྤྲུལ་གཞི་འཇིམ་སོགས་དང་། །རྟ་གླང་ལ་སོགས་པར་མེད་བཞིན་དུ་སྣང་བ་ལྟར། གཞན་དབང་གཟུང་འཛིན་གྱི་ཤེས་པ་ཡང་བག་ཆགས་ཀྱི་དབང་གིས་གཉིས་སུ་མེད་བཞིན་དུ་དེ་སྣང་བའི་ཆ་ནས་སྒྱུ་མའི་དཔེས་བསྟན་པ་ཡིན་ལ། དེས་ན་སྒྱུ་མར་སྣང་བའི་ཆ་དེ་ཉིད་ནས་གཞན་དབང་གི་དཔེར་འཇོག་པ་མ་ཡིན་ལ། འོན་ཀྱང་སྤྲུལ་གཞི་རྟ་གླང་སོགས་མེད་བཞིན་དུ་དེར་སྣང་བའི་ཆ་ནས་སྒྱུ་མ་གཞན་དབང་གི་སར་བྱེད་དེ། དབུ་མ་པ་འདུས་བྱས་ཀུན་རྫུན་པའི་དཔེར་སྒྱུ་མ་སོགས་འཇོག་པ་ནི་སྒྱུ་མའི་སྤྲུལ་གཞི་འཇོག་པ་ནི་མ་ཡིན་གྱི། རྟ་གླང་སོགས་སུ་སྣང་བ་དེ་སྣང་བ་ལྟར་མ་གྲུབ་པའི་དཔེར་སྒྱུ་མ་འཇོག་པ་ཡིན་ནོ། །མདོ་ལས། མ་སྐྱེས་པ་དང་མ་འགགས་པ་སོགས་གསུངས་པའི་དགོངས་པ་ལ་རྣམ་རིག་པ་དག གཞན་དབང་ཡང་དག་པར་རྒྱུ་རྐྱེན་ལས་སྐྱེས་པ་ཡིན་ཡང་། རང་གི་ངོ་བོ་གཉིས་སུ་སྣང་བ་ལྟར་གདོད་ནས་མ་སྐྱེས་པའི་ཕྱིར་དང་། མ་སྐྱེས་པ་ལྟར་མ་འགགས་པའི་ཕྱིར་དང་། གདོད་མ་ནས་མ་སྐྱེས་པའི་ཕྱིར་ན་རང་བཞིན་གྱིས་མྱ་ངན་ལས་འདས་པར་འདོད་དོ། །རྣམ་བདེན་བརྫུན་གཉིས་ཀ་གཟུགས་སྒྲ་སོགས་ཕྱི་རོལ་གྱི་དོན་མེད་པར་མཚུངས་ཀྱང་རྣམ་བདེན་པ་རྣམས་གཟུགས་སྒྲ་ལ་སོགས་ཤེས་པ་ལ་སྣང་བའི་གཟུང་བའི་རྣམ་པ་ཤེས་པའི་ངོ་བོར་བདེན་ཅིང་། དེའི་ཕྱིར་གཟུགས་སོགས་ཤེས་པའི་ངོ་བོར་བདེན་པར་འདོད་ཅིང་། གཟུགས་སོགས་སྣང་བའི་ཆ་ནས་ཤེས་པ་འཁྲུལ་པར་མི་འདོད་ཀྱི། གཟུགས་རྣམས་ཕྱི་རོལ་དུ་ཆད་པ་ལྟར་སྣང་ཞིང་། ཤེས་པ་འཛིན་པའི་རྣམ་པར་མྱོང་བའི་ངོ་བོ་རིག་པས་གཟུང་རྣམ་དང་འཛིན་རྣམ་ཐ་དད་པ་ལྟར་སྣང་བའི་ཆ་ནས་འཁྲུལ་པར་འདོད། འཕགས་པའི་མཉམ་གཞག་དང་སངས་རྒྱས་ཀྱི་ས་ན་གཉིས་སྣང་གྱི་འཁྲུལ་པ་མེད་པས། གཉིས་སྣང་ལྡོག་ཀྱང་ཤེས་པ་རྣམ་བཅས་སུ་བདེན་པས་ཡེ་ཤེས་རྣམ་བཅས་སུ་འདོད། རྣམ་རྫུན་པ་རྣམས་ནི། གཟུགས་སོགས་ཡུལ་དུ་སྣང་བ་རྣམས་རབ་རིབ་ཀྱི་དབང་གིས་སྐྲ་ཤད་སོགས་སྣང་བ་ལྟར། མ་རིག་པའི་དབང་གིས་མེད་བཞིན་དུ་སྣང་བར་ཟད་ཀྱི། དོན་དང་ཤེས་པ་གང་དུ་ཡང་མ་གྲུབ། དེའི་ཕྱིར་འཕགས་པའི་མཉམ་གཞག་ཏུ་གཉིས་སྣང་ནུབ་པས་རྣམ་མེད་ཀྱི་ཡེ་ཤེས་འབའ་ཞིག་པར་འདོད། སངས་རྒྱས་ཀྱི་ཡེ་ཤེས་ཀྱང་རྣམ་པའི་དྲི་མ་དང་བྲལ་བའི་ཆོས་སྐུ་འབའ་ཞིག་པར་འདོད་ཅིང་། གཟུགས་སྐུ་གཉིས་ཀྱི་སྐུ་དང་འཕྲིན་ལས་སོགས་གདུལ་བྱའི་གཞན་སྣང་དུ། རྒྱན་མཁན་པོ་ཤེར་འབྱུང་སྦས་པ་སོགས་ཁ་ཅིག་བཞེད། འཕགས་པ་ཐོགས་མེད་དང་ཤན་ཏི་པ་སོགས་ཆོས་སྐུ་རྣམ་པར་མི་རྟོག་པའི་ཡེ་ཤེས་རྣམ་མེད་ཡིན་ཅིང་། རྗེས་ཐོབ་དག་པའི་འཇིག་རྟེན་པའི་ཡེ་ཤེས་ལ་སྐུ་དང་འཕྲིན་ལས་དག་པའི་སྣང་བ་སྣ་ཚོགས་པ་འབྱུང་བར་བཞེད་ཅིང་། མི་རྟོག་ཡེ་ཤེས་ལ་ལྟོས་ནས་སྣང་བ་དང་བཅས་པའི་འཁྲུལ་པ་ཡིན་ཡང་། ཤིན་ཏུ་འཁྲུལ་པ་ཡང་མ་ཡིན་ཏེ། སྒྲིབ་གཉིས་སྤངས་པའི་ཕྱིར་དང་། མ་རིག་པའི་འཁྲུལ་རྐྱེན་ལས་བྱུང་བ་མ་ཡིན་པའི་ཕྱིར་དང་། སྣང་བ་རྫུན་པ་ཡིན་པ་ལ་དེ་ལྟར་ཤེས་པའི་ཕྱིར་དང་། བསོད་ནམས་ཀྱི་ཚོགས་ཀྱི་རྒྱུད་ལས་བྱུང་བའི་ཕྱིར་རོ། །སྔ་མ་རྣམས་རྣམ་ལ་རྣམ་རྫུན་དྲི་མེད་པ་དང་། ཕྱི་མ་རྣམས་ལ་རྣམ་རྫུན་དྲི་བཅས་པར་མཁས་པ་རྣམས་བཞེད་དོ། །ཞེས་པ་བཀའ་བཅུ་བ་ཡོན་ཏན་རྒྱལ་མཚན་གྱིས་ཞུས་པ་ལ་གནང་བའོ།། །།མངྒ་ལཾ་བྷ་ཝཱན་ཏུ།

དགེ་བཤེས་སེང་གེ་རྒྱལ་མཚན་ཀྱི་ཞུས་ལན།

དགེ་བཤེས་སེང་གེ་རྒྱལ་མཚན་ཀྱི་ཞུས་ལན། དགེ་བཤེས་སེང་གེ་རྒྱལ་མཚན་གྱི་ཡི་གེ་འཕྲོད། ཁྱེད་ཀྱི་དྲི་བ་རྣམས་ཀྱི་དོན་རགས་རིམ་ཁྱེད་རང་གྱིས་གོ་ཚོད་དེ་ཡིན། རྒྱུ་མཚན་ཉིད་ཞིབ་པ་ཡི་གེ་ཙམ་གྱིས་མི་ཕན་ངག་ལས་ཤེས་སོ། །བྱང་སེམས་ཀྱི་སྡོམ་པ་ཐོག་མར། །བླ་མ་སྡོམ་ལ་གནས་ཤིང་མཁས། །ནུས་དང་ལྡན་ལས་བླང་བར་བྱ། །ཞེས་གསུང་པས། བླ་མ་མཚན་ཉིད་དང་ལྡན་པ་ལས་ལེན་དགོས། ཕྱིས་རྩ་ལྟུང་ཕོག་སྟེ་ཉམས་ན། བྱང་ས་དང་སྡོམ་པ་ཉི་ཤུ་པ་ལྟར་ན། །སྡོམ་པ་སླར་ཡང་བླང་བར་བྱ། །ཞེས་གསུང་པས་ཡུལ་རུང་བ་བླ་མ་མཚན་ཉིད་དང་ལྡན་པ་ཡོད་ན་དེ་ལ་ལེན། མེད་ན་རྟེན་གྱི་དྲུང་དུ་བླངས་ཀྱང་སྐྱེ་བར་བཤད། ནམ་མཁའི་སྙིང་པོའི་མདོ་དང་། སྤྱོད་འཇུག་བསླབ་བཏུས་ལྟར་ན། རྩ་བའི་ལྟུང་བ་བྱུང་ཡང་། རྨི་ལམ་དུ་ནམ་མཁའི་སྙིང་པོའི་མདུན་དུ་བཤགས་པའི་སོར་ཆུད་པ་བཤད། རིག་འཛིན་གྱི་སྡོམ་པ་རྩ་ལྟུང་བྱུང་སྟེ་ཉམས་ན། བླ་མ་ཉེ་བ་ན་ཡོད་ན་བླ་མ་ལ་ལེན་ཅིང་། མེད་ན་རང་གིས་བདག་འཇུག་བླངས་པས་སྡོམ་པ་སོར་ཆུད། དེ་ལྟར་མ་ཡིན་ན། བདག་འཇུག་བླངས་པ་དོན་མེད་པར་འགྱུར། སྡོམ་པ་གསུམ་ལྡན་གྱི་གང་ཟག་གཅིག་པའི་རྒྱུད་ཀྱི་སྡོམ་པ་གསུམ་པོ་འོག་མ་འོག་མ་རྣམས་ཁྱད་པར་དང་། གོང་མ་གོང་མ་རྣམས་སྤྱི་ཡིན་པས། སྡོམ་པ་འོག་མ་རྣམས་གོང་མའི་ནང་དུ་འདུས་པས་ངོ་བོ་གཅིག་ཡིན་གྱི་འོག་མའི་ཐུན་མོང་མ་ཡིན་པའི་རྩ་ལྟུང་བྱུང་བས། གོང་མའི་སྡོམ་པ་ལས་མི་ཉམས་ཏེ། དགེ་སློང་བྱང་ཆུབ་སེམས་དཔའ་ལ་མི་ཚངས་སྤྱོད་ཀྱི་ཕམ་པ་བྱུང་ཡང་། བྱང་ཆུབ་སེམས་དཔའི་ཐུན་མོང་མ་ཡིན་པའི་རྩ་ལྟུང་མ་བྱུང་བས་བྱང་སེམས་ཀྱི་སྡོམ་པ་མི་གཏོང་བ་བཞིན་གལ་ཏེ་གཏོང་ན་བྱང་སེམས་རབ་ཏུ་བྱུང་བ་དང་། ཁྱིམ་པ་ལ་བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་བསླབ་བྱ་ཁྱད་པར་མེད་པའི་ཕྱིར་ཁྱིམ་པའི་བྱང་སེམས་ལ་ཡང་མི་ཚངས་སྤྱོད་ཡང་དགོས་པར་འགྱུར་བའི་ཕྱིར་རོ། །དེའི་འོག་མ་རྣམས་གོང་མའི་བྱེ་བྲག་དང་། གོང་མ་རྣམས་འོག་མའི་སྤྱི་ཡིན་པས་འོག་མ་རྣམས་ཀྱི་རྩ་བ་དང་། ཡན་ལག་གི་ལྟུང་བ་རྣམས་གོང་མ་རྣམས་ཀྱི་ལྟུང་བ་ཅི་རིགས་པར་འགྱུར་ཏེ། དགེ་སློང་རྡོ་རྗེ་འཛིན་པས་རྒྱུད་སྡེ་ནས་བཤད་པའི་དམིགས་བསལ་མེད་པར་འོག་མ་གཉིས་ཀྱི་བཅས་པ་ལས་འདས་ན་རིག་འཛིན་གྱི་ཡན་ལག་གི་ལྟུང་བར་འགྱུར་རོ། །

འོག་མ་གཉིས་ཀྱི་བཅས་པ་ལས། །དགོས་པ་མེད་པར་འདའ་བ་དང་། །ཞེས་གསུངས་པའི་ཕྱིར་རོ། །དེའི་ཤུགས་ཀྱིས་དགེ་སློང་རྡོ་རྗེ་འཛིན་པས་རྒྱུད་སྡེ་ནས་བཤད་པའི་དམིགས་བསལ་ཡོད་ན་འོག་མའི་རྩ་བ་དང་ཡན་ལག་གི་ལྟུང་བ་ཅི་རིགས་པ་ལས་འདས་ཀྱང་ཉེས་པ་མེད་ལ། བྱང་སེམས་དགེ་སློང་གིས་ཕན་པ་ཆེན་པོ་མཐོང་ན་སོ་སོར་ཐར་པའི་ཡན་ལག་གི་ལྟུང་བ་འགའ་ཞིག་སྤྱད་ཀྱང་ཉེས་པ་མེད་དོ། །གསེར་ལ་སོགས་པ་ལེན་མི་བྱེད། །ཅེས་དང་། འགྲོན་པོས་བདག་གིར་མི་བྱེད་དང་། །ཅེས་སོགས་སོ་སོར་ཐར་པའི་ཡན་ལག་གི་ལྟུང་བ་འགའ་ཞིག་སྤྱད་ཀྱང་ཉེས་པ་མེད་ཅིང་། མ་སྤྱད་ན་ལྟུང་བར་འགྱུར་བར་བཤད་པའི་ཕྱིར་རོ། །

སྤྱིར་གང་ཟག་གཅིག་གི་རྒྱུད་ཀྱི་སྡོམ་པ་ལ་གསུམ་ལས། ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་གཉིས་ཡོད་དེ། དགེ་སློང་རྡོ་རྗེ་འཛིན་པའི་རྒྱུད་ཀྱི་སྡོམ་པ་འོག་མ་གཉིས་པོ་ཡང་དབང་བསྐུར་ཐོབ་ཕྱིན་ཆད་རིག་པ་འཛིན་པའི་སྡོམ་པའི་ཁོང་དུ་ཆུད་པར་འགྱུར་ཏེ། དེ་ལྟ་མ་ཡིན་ན་འོག་མ་གཉིས་ཀྱི་བཅས་པ་ལས་འདས་པས། རིག་འཛིན་གྱི་ཡན་ལག་གི་ལྟུང་བར་མི་འགྱུར་བའི་ཕྱིར། བླ་མ་ལ་བརྙས་བ་སོགས། རྩ་བའི་ལྟུང་བ་བཅུ་བཞི་སྤོང་བ་ནི་རིག་འཛིན་ཀྱི་ཐུན་མོང་མ་ཡིན་བའི་སྡོམ་པ་ཡིན་ཏེ་རིག་འཛིན་ཀྱི་སྡོམ་པ་གཟུང་བ་ཁོ་ན་ལ་རྩ་ལྟུང་དུ་འགྱུར་གྱི། གཞན་ལ་མི་འགྱུར་བའི་ཕྱིར་རོ། །

དེ་བཞིན་དུ། བྱང་སེམས་ཀྱི་སྡོམ་པ་ལ་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ཡོད་དེ། དེའི་རྒྱུད་ཀྱི་སོ་སོར་ཐར་པའི་སྡོམ་པ་ནི། ཐེག་ཆེན་སེམས་བསྐྱེད་བླངས་ཕྱིན་ཆད་བྱང་སེམས་ཀྱི་སྡོམ་པའི་ཁོང་དུ་ཆུད་པས། བྱང་སེམས་ཀྱི་སྡོམ་པ་ཡང་ཡིན་ལ། དེའི་རིགས་ཅན་ཉན་ཐོས་ཀྱི་དགེ་སློང་རྣམས་ལ་ཡང་ཡོད་པའི་ཕྱིར་རོ། །བྱམས་ཆོས་དང་བསླབ་བཏུས་ནས་བཤད་པའི་རྩ་བ་དང་ཡན་ལག་གི་ལྟུང་བ་སྤོང་བ་ནི། བྱང་སེམས་ཀྱི་ཐུན་མོང་མ་ཡིན་པའི་སྡོམ་པ་ཡིན་ཏེ། དེ་ལས་འདས་ན་ཐེག་ཆེན་སེམས་བསྐྱེད་བླངས་པ་ཁོ་ནའི་རྒྱུད་ལྟུང་བར་འགྱུར་བའི་ཕྱིར་རོ། །ཇི་ལྟར་བཤད་པའི་ཚུལ་གྱིས་སྡོམ་པ་གསུམ་ལྡན་གྱི་རྒྱུད་ཀྱི་སྡོམ་གསུམ་སྤྱི་དང་བྱེ་བྲག་ཡིན་པས་ངོ་བོ་གཅིག་པ་ཡིན་གྱི། མེ་དང་ཚ་བ་ལྟར་གཅིག་ཐོབ་པས་ཀུན་ཐོབ་པ་དང་། གཅིག་བཏང་བས་ཀུན་བཏང་བའི་ངོ་བོ་གཅིག་པ་ནི་མ་ཡིན་ནོ། །དེ་བས་ན་སྡོམ་པ་གོང་མའི་རྩ་བ་དང་། ཡན་ལག་གི་ལྟུང་བ་མ་བྱུང་ན་འོག་མའི་ལྟུང་བས་གོས་པར་མི་འགྱུར། སྡོམ་གསུམ་ཉམས་སུ་ལེན་པ་ན་གོང་མའི་བསྲུང་སྡོམ་གཙོ་བོར་བྱས་ནས། འོག་མའི་སྡོམ་པ་ཡུལ་དུས་ཀྱི་དབང་གིས་བཏང་སྙོམས་སུ་འཇོག་དགོས་པར་མདོ་དང་རྒྱུད་སྡེ་མང་པོ་གཅིག་ནས་བཤད་དོ། །སེམས་ཅན་ལ་མ་དག་པའི་སྣང་བ་དང་། །སངས་རྒྱས་ལ་དག་པའི་ཡེ་ཤེས་ཀྱི་སྣང་བ་སེམས་ཙམ་པའི་གྲུབ་མཐའ་ཡིན། ཕྱི་རོལ་གྱི་དོན་མེད་པའི་སྒྲུབ་བྱེད་དུ་འགྲོ། ཐེག་བསྡུས་སུ། དམྱལ་བ་ཡི་དྭགས་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ནི་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གསུངས་པ་ལྟར་དངོས་པོ་གཅིག་ལ་ཡང་འགྲོ་བ་རིགས་མི་མཐུན་པ་རྣམས་ལ་སྣང་ཚུལ་ཐ་དད་དུ་སྣང་ཡང་། གང་ལ་གང་སྣང་བ་དེ་ཉིད་དེ་དང་དེ་ལ་བདེན། འདི་བདེན་ལ་འདི་མི་བདེན་ཞེས་མཐའ་གཅིག་ཏུ་བཞག་པར་མི་ནུས་པ་བཞིན་ནོ། །རླུང་སྦྱོར་བྱས་དུས་ཀྱི་ཉམས་སྣང་སྣ་ཚོགས་འཆར་བ་རྩ་རླུང་གི་བྱེད་པ་ཡིན། ལྟ་བས་མ་ཟིན་ན་ཐར་པའི་རྒྱུར་འགྲོ་བ་ལྟ་ཞོག མཐོ་རིས་ཀྱི་རྒྱུར་ཡང་འགྲོ་བ་དཀའ། ལྟ་བ་རྣམས་དག་གིས་ཟིན་ཅིང་ཉམས་སུ་ལེན་ཤེས་ན་ལྟ་བའི་བོགས་འདོན་ཅུང་ཟད་ཡོང་། ཚེས་བཟང་པོ་ལ་ཀློ་རྩེ་ནས་དགེའོ། །

དགེ་བཤེས་གྲགས་པ་རིན་ཆེན་ཀྱི་ཞུས་ལན་ནི།

དགེ་བཤེས་གྲགས་པ་རིན་ཆེན་ཀྱི་ཞུས་ལན་ནི། སློབ་དཔོན་གྲགས་པ་རིན་ཆེན་གྱི་ཞུས་འཕྲོད། མཐོང་སྤང་སྤོང་བ་བསམ་གཏན་གྱི་དངོས་གཞི་ཟག་མེད་ཁོ་ན་ལ་བརྟེན་མི་དགོས། རྒྱུན་ཞུགས་ཕྱིར་འོང་གི་བསམ་གཏན་དང་པོའི་ཉེར་སྡོགས་མི་ལྕོགས་མེད་ལ་བརྟེན་ནས་མཐོང་སྤང་གི་ས་བོན་སྤང་། ཕྱིར་མི་འོང་ཆགས་བྲལ་གྱི་སྔོན་སོང་གི་བསམ་གཏན་བཞི་གང་རུང་གི་དངོས་གཞི་ལ་རྟེན་ཅིང་ཟག་མེད་ལ་རྟེན་ནས་མཐོང་སྤང་སྤོང་། བསམ་གཏན་བཞི་དང་གཟུགས་མེད་དང་པོ་གསུམ་ན་ཉོན་མོངས་ཅན་རགས་པ་གསུམ་གསུམ་ཡོད། སྲིད་རྩེ་ན་ཟག་མེད་མེད། བསམ་གཏན་དང་པོའི་དངོས་གཞི་ཐོབ་ཀྱང་ཕྱི་མའི་རགས་པ་སྤང་བྱ་སྤོང་བའི་ཕྱིར་དུ་མངོན་དུ་མི་བྱེད་ཀྱང་། ཡོན་ཏན་མངོན་པར་སྒྲུབ་པའི་ཕྱིར་དུ་མངོན་དུ་བྱེད་དགོས་སོ། །ཅེས་པ་མངའ་རིས་པ་གྲགས་པ་རིན་ཆེན་གྱིས་ཞུས་པའི་ལན་དུ་རི་འདབས་ནས་གནང་བ་དགེའོ།། །།ཤུ་བྷཾ།

དགེ་བཤེས་བརྩོན་འགྲུས་དཔལ་གྱི་ཞུས་ལན།

དགེ་བཤེས་བརྩོན་འགྲུས་དཔལ་གྱི་ཞུས་ལན། ཡང་དྲིས་ལན་གཅིག་ལ། ལ་སྟོན་གྱིས་ཕད་ཕུང་ཕུལ་བ་ལྟ་བུ་ཁོར་མོར་སྤྱད་པའི་རྫས་བྱ་བ་ཡིན་པས། སྤྱི་ལ་གནང་བ་མ་ཞུས་པར་སྤྱད་ཀྱང་ཉེས་པ་མེད། སྒོས་སུ་བདག་གིར་བཟུང་ན་ཉེས་པ་ཡོད། དགེ་འདུན་སྤྱི་ལ་ཕུལ་བའི་རྫས་ལ་བོག་རྫས་དང་འཇོག་རྫས་གཉིས་ཡོད། བོག་རྫས་ཡིན་ན་གནང་བ་མ་ཞུས་པར་གཅིག་གིས་ལོངས་སྤྱད་ན་མ་བྱིན་ལེན་གྱི་ཉེས་པ་ཡོད། དགེ་འདུན་གྱི་ཚོགས་ཟངས་ལྟ་བུ་ལ་བཞག་ན། རྫས་འདུ་བ་གཅིག་པ་རྣམས་ཀྱིས་གནང་བ་མ་ཞུས་པར་ལོངས་སྤྱད་ཀྱང་། བདག་གིར་མ་བྱས་ན་ཉེས་པ་མེད། ཅེས་པ་དགེ་སློང་བརྩོན་འགྲུས་དཔལ་གྱིས་ཞུས་པ་ལ་གནང་བའོ།། །།མངྒ་ལཾ་བྷ་ཝནྟུ།

སློབ་དཔོན་གྲགས་རྒྱལ་གྱི་ཞུས་ལན།

སློབ་དཔོན་གྲགས་རྒྱལ་གྱི་ཞུས་ལན། ལྟུང་བ་སྡེ་ལྔ་ནི། ཕམ་པ་བཞི། དགེ་འདུན་ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། ལྟུང་བྱེད་འབའ་ཞིག་པ་དགུ་བཅུ། སོ་སོར་བཤགས་པ་བཞི། ཉེས་བྱས་བརྒྱ་དང་བཅུ་གཉིས་རྣམས་སོ། །ཕམ་པའི་མཚན་ཉིད་ལྷག་མ་མེད་པའི་ལྟུང་བ། ལྷག་མའི་མཚན་ཉིད། དགེ་འདུན་ལ་སྤོ་དགུ་སོགས་ཆད་ལས་བཅད་པའི་སྒོ་ནས་ལྡད་བར་བྱ་བའི་ལྟུང་བ། སྤང་ལྟུང་གི་མཚན་ཉིད་གང་ལས་ལྟུང་བ་བྱུང་བའི་དངོས་པོ་དེ་ཞག་གཅིག་སྤངས་ནས་བཤགས་པར་བྱ་བ། འབའ་ཞིག་པའི་མཚན་ཉིད། དངོས་པོ་སྤང་བ་ལ་མི་ལྟོས་པར་ལྟུང་བ་དེ་ཉིད། མིང་གིས་བཤགས་པར་བྱ་བ། སོར་བཤགས་ཀྱི་མཚན་ཉིད། དགེ་འདུན་ལ་མི་རིགས་ཀྱི་སྒོ་ནས་སྨྲེ་སྔགས་ཀྱི་ཚུལ་དུ་བཤགས་པར་བྱ་བ། ཉེས་བྱས་ཀྱི་མཚན་ཉིད། འདས་པ་དང་བཅས་པའི་མིང་གིས་བཤགས་པར་བྱ་བ། ཤ་ཐེག་པ་ཆེ་ཆུང་གི་ལུགས་ལ། རང་བཞིན་གྱི་ཁ་ན་མ་མཐོ་བ་ཡིན། བྱང་སེམས་ཀྱི་སྡོམ་པ་བླངས་པ་ལ། ཁྱིམ་པ་ལ་ཉེས་བྱས། དགེ་སློང་ལ་འབའ་ཞིག་པ་ཡིན་པས་བཅས་པའི་ཁ་ན་མ་མཐོ་བ་ཡིན་ཏེ། ཉན་ཐོས་ཀྱི་དགེ་སློང་ལ་དམིགས་པའི་ཤ་ཉེས་བྱས། རྣམ་གསུམ་དག་པའི་ཤ་ཉེས་མེད་ཡིན། འཆབ་སེམས་ཕལ་པའི་ཡན་ལག་ཏུ་མདོ་སྡེ་བ་འདོད། བྱེ་བྲག་སྨྲ་བ་མི་འདོད། བསླབ་པ་ཕུལ་བས་སྡོམ་པ་གཏོང་། །ཉམས་པས་མི་གཏོང་ཕམ་པ་དང་། ཕས་ཕམ་པ་ཁྱད་པར་མེད། ཅེས་པ། སློབ་དཔོན་གྲགས་རྒྱལ་གྱིས་ཞུས་པ་ལ་གནང་བའོ།། །།དགེའོ། །

ཐེག་པ་གསུམ་གྱི་ལུགས།

ཉན་ཐོས་ཐེག་པ་གསུམ་གྱི་དཀོན་མཆོག་གསུམ་པོ་ལུགས་སོ་སོའི་ཇི་ལྟར་ལགས། ཞེས་པ་དང་། ཉན་ཐོས་པ་དག་ནི་སངས་རྒྱས་ཀྱི་སྐུ་ནི་གཉིས་ཏེ། གཟུགས་ཀྱི་སྐུ་དང་ཆོས་ཀྱི་སྐུའོ། །དང་པོ་ནི་སངས་རྒྱས་དཀོན་མཆོག་ཏུ་མི་འདོད་ཏེ། ཀུན་སྒྲིལ་བ་ལ་ཤོག་གུ་སུམ་བརྒྱ་དང་དྲུག་ཅུ་རེ་བདུན་ཡོད།། །།

དབུ་མ་རྩ་བའི་འགྲེལ་པ་འཐད་པའི་སྣང་བ།

དབུ་མ་རྩ་བའི་འགྲེལ་པ་འཐད་པའི་སྣང་བ་ཞེས་བྱ་བ་བཞུགས་པ་ལགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གིས་རྟེན་འབྱུང་སྐྱེ་འགག་འགྲོ་འོང་སོགས། །སྤྲོས་པ་ཉེར་ཞི་མྱ་ངན་འདས་པའི་ཚུལ། །མཁྱེན་པའི་ཡེ་ཤེས་སྐད་ཅིག་གིས་གཟིགས་ནས། །ཐུགས་རྗེས་གཞན་ལ་སྟོན་པ་དེ་ལ་འདུད། །ཕ་རོལ་ཚུ་རོལ་མཐའ་ལ་མི་གནས་ཤིང་། །ཚོགས་གཉིས་རྒྱ་མཚོའི་འཇིང་ལ་གནས་བཅས་ཏེ། །གསུང་རབ་རིན་ཆེན་གླིང་ལ་དབང་བསྒྱུར་བ། །ཀླུ་སྒྲུབ་ཀླུ་ཡི་དབང་པོས་བདག་སྐྱོངས་ཤིག །མཁྱེན་པའི་དཀྱིལ་འཁོར་ཆ་ཤས་ཡོངས་སུ་རྫོགས། །བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་རི་བོང་འཛིན། །ལེགས་བཤད་འོད་དཀར་བྱེ་བའི་དཔལ་ཡོན་ཏན། །དཔལ་ལྡན་ཟླ་བའི་ཞབས་ལའང་གུས་བཏུད་ནས། །རྟག་ཆད་མཐར་ལྟའི་མུན་པ་རྣམས་བསལ་ཏེ། །ཡང་དག་ལྟ་བའི་སྣང་བ་རྒྱས་བྱའི་ཕྱིར། །སྐལ་བཟང་བློ་ལྡན་དོན་གཉེར་ཉན་པོ་རྣམས། །ཟབ་མོའི་དེ་ཉིད་བཤད་ཀྱི་གུས་པས་ཉོན། །

འདིར་བདེ་བར་གཤེགས་པའི་གསུང་རབ་མཐའ་དག་གི་དགོངས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་དབུ་མའི་ལམ་དུ་གསལ་བར་བྱེད་པ་དབུ་མ་རྩ་བ་ཤེས་རབ་ནི་གང་བཤད་པར་བྱ་བའི་ཆོས་ཡིན་ནོ། །

དེ་ལ་བསྟན་བཅོས་ཀྱི་འབྲེལ་ཅི་ཞེ་ན། ཇི་སྐད་དུ། ཚིག་གསལ་ལས། སྐྱེ་བོ་གང་གིས་རྒྱལ་བའི་བསྟན་པ་ཟབ་མོ་མ་རྟོགས་པ་དེས་རྟོགས་ཕྱིར་དང་། །གང་དག་ཐུབ་པའི་དབང་པོའི་གསུང་ལས་གཞན་དུ་དེ་ཉིད་བསྟན་པར་འདོད་པ་དང་། །བློ་གྲོས་ངན་པ་གཞན་གང་གསུང་རབ་རྣམ་པ་གཞན་དུ་འཆད་པར་བྱེད་གྱུར་པ། །དེ་དག་ཀྱང་ནི་བཟློག་པར་བྱ་ཕྱིར་མཐའ་གཉིས་སེལ་བའི་བསྟན་བཅོས་འདི་མཛད་དོ། །ཞེས་གསུངས་པ་ལྟར། བཅོམ་ལྡན་འདས་ཀྱིས་ཆོས་མངོན་པའི་མདོར། ཕུང་ཁམས་སྐྱེ་མཆེད་ཀྱིས་བསྡུས་པའི་ཆོས་རྣམས་རང་དང་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་གསལ་བར་གསུངས་ཤིང་། ཡང་མདོ་སྡེ་ཁ་ཅིག་ཏུ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་དང་། དེ་བཞིན་དུ། ཀྱེ་མ་འདུ་བྱེད་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། །དེ་དག་མྱུར་དུ་ཞི་བ་བྱེད། །ཅེས་སོགས་འདུ་བྱེད་རྣམས་སྐྱེ་འཇིག་ཅན་དུ་གསུངས་ཤིང་། ཡང་ཁ་ཅིག་ཏུ། དགེ་སློང་དག་འདི་ནི་བདེན་པ་དམ་པ་སྟེ། འདི་ལྟ་སྟེ། སླུ་བ་མེད་པའི་ཆོས་ཅན་མྱ་ངན་ལས་འདས་པའོ། །འདུ་བྱེད་ཐམས་ཅད་ནི་རྫུན་པ་སླུ་བའི་ཆོས་ཅན་ནོ་ཞེས་སོགས་འདུས་བྱས་རྫུན་པར་གསུངས་པ་དང་། ཡང་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་ཡིན་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། དེ་བཞིན་དུ་གཟུགས་ནི་གཟུགས་ཀྱིས་སྟོང་ངོ་ཞེས་པ་ནས་རྣམ་པར་ཤེས་པའི་བར་དུ་སྟོང་ངོ་ཞེས་སོགས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པར་གསུངས་པ་ན། བསྟན་པ་དེ་དག་ལས་ངེས་པའི་དོན་ནི་གང་། དྲང་བའི་དོན་ནི་གང་ཞེས་གང་ཞིག་ཐེ་ཚོམ་ཟ་བ་དང་། རང་གི་སྡེ་པ་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་ལ་སོགས་པ་གང་དག་དྲང་བའི་དོན་གྱི་མདོ་སྡེ་དག་ལ་ངེས་པའི་དོན་དུ་བཟུང་ནས་ཕྱི་དང་ནང་གི་དངོས་པོ་རྣམས་བདེན་པར་སྒྲོ་འདོགས་པ་དང་། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པ་དག །ཐུབ་པའི་དབང་པོའི་གསུང་རབ་ལས་གཞན་དུ་དངོས་པོའི་དེ་ཁོ་ན་ཉིད་ཚོལ་ཞིང་། ཐར་པ་འདོད་ཀྱང་ལམ་ལོག་པར་ཞུགས་པ་དེ་དག་གི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲི་མ་བསལ་ཏེ། དྲང་བ་དང་ངེས་པའི་དོན་གྱི་མདོ་སྡེ་དག་གི་རྣམ་དབྱེ་ཤེས་པར་བྱ་བ་དང་། ཡང་དག་པའི་ལམ་ལ་འཇུག་པར་བྱ་བའི་ཕྱིར་དུ་སེམས་བསྐྱེད་པ་དང་པོ་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་བརྒྱན་པ་སྙིང་རྗེ་ཆེན་པོ་སྔོན་དུ་འགྲོ་བ་དེ་བཞིན་གཤེགས་པའི་ཡེ་ཤེས་འབྱུང་བའི་རྒྱུར་གྱུར་པ་ཐོག་མར་མངོན་དུ་མཛད་ནས། མཐར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཚུལ་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པ་སློབ་དཔོན་བདག་ཉིད་ཆེན་པོ་ཀླུ་སྒྲུབ་ཀྱིས་སྙིང་རྗེས་ཀུན་ནས་བསླངས་ཏེ། གསུང་རབ་མཐའ་དག་གི་དགོངས་པ་རྟག་ཆད་སྤངས་པ་དབུ་མའི་ཚུལ་དུ་གསལ་བར་བྱེད་པའི་བསྟན་བཅོས་འདི་མཛད་དོ་ཞེས་བྱ་བ་ནི་བསྟན་བཅོས་ཀྱི་འབྲེལ་བ་ཡིན་ནོ། །

ལེའུ་དང་པོའི་རྣམ་བཤད།

སློབ་དཔོན་ལེགས་ལྡན་འབྱེད་ནི། བསྟན་བཅོས་འདི་ལ་སོགས་པ་སློབ་དཔོན་གྱི་གཞུང་རྣམས་ཤེར་ཕྱིན་ལ་སོགས་ཐེག་ཆེན་གྱི་མདོ་སྡེ་དག་གི་དགོངས་འགྲེལ་དུ་འཆད་མོད། དེ་ནི་རིགས་པ་མ་ཡིན་ཏེ། འདི་ཉིད་དུ་ཡང་། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །བསླུ་བ་དེ་ནི་རྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་སླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །ཞེས་དང་། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀའང་དགག་པར་མཛད། །ཅེས་དང་། རིགས་པ་དྲུག་ཅུ་པར་ཡང་། མྱ་ངན་འདས་པ་བདེན་གཅིག་པུ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་དང་། རིན་ཆེན་ཕྲེང་བར་ཡང་། ཐེག་པ་ཆེ་ལ་སྐྱེ་མེད་བསྟན། །གཞན་གྱི་ཟད་པ་སྟོང་པ་ཉིད། །ཟད་དང་མི་སྐྱེ་ཤེས་པ་ནི། །མི་སྐྱེ་བ་ཤེས་པ་ནི་སྡུག་བདེན་ལ་སོགས་པའི་བདེན་པ་བཞི་པོ་རེ་རེ་ལ་ཆོས་བཟོད་ཆོས་ཤེས་ཞེས་བྱ་བ་སེམས་ཀྱི་སྐད་ཅིག་མ་བཅུ་དྲུག་གི་མཐར་ཕྱིན་པས་ཕུང་པོ་མི་སྐྱེ་བར་ཤེས་པའོ། །ཟད་པ་ཤེས་པ་ནི་ཉོན་མོངས་ཟད་པར་ཤེས་པའོ། །དེ་ཉིད་ལ་ཟད་པ་དང་མི་སྐྱེ་བ་ཤེས་པའི་བྱང་ཆུབ་བོ་ཞེས་སོ། །གཅིག་པས་དེ་ཕྱིར་བཟོད་པར་གྱིས། །ཞེས་སོགས་སློབ་དཔོན་གྱི་གཞུང་དུ་མས་ཉན་ཐོས་ཀྱི་མདོ་སྡེ་རྣམས་ཀྱི་དགོངས་པ་ཡང་སྟོང་པ་ཉིད་སྐྱེ་བ་མེད་པའི་དོན་ཅན་དུ་གསལ་བར་གསུངས་པའི་ཕྱིར་རོ། །

དེ་ལྟར་ཤིན་ཏུ་ཟབ་པའི་དོན་ཅན་དབུ་མ་རྩ་བའི་ཤེས་རབ་འདི་ནི་བསྡུས་པའི་དོན་གསུམ་གྱིས་ཤེས་པར་བྱ་སྟེ། འདི་ལྟར། རྩོམ་པ་ལ་འཇུག་པའི་ཡན་ལག འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན། བྱ་བ་མཐར་ཕྱིན་པའི་ཡན་ལག་བཀའ་དྲིན་གྱི་ཕྱག་བྱ་བའོ། །དང་པོ་ནི། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཏེ་འདི་ལ་དགོས་དོན། བསྡུས་དོན། ཚིག་དོན་གསུམ་ལས། དང་པོ་ནི། དམ་པ་རྣམས་ནི་བྱ་བ་ལ་འཇུག་པའི་ཐོག་མར་འདོད་པའི་ལྷ་ལ་ཕྱག་བྱེད་ཅིང་། སློབ་དཔོན་རང་ཉིད་ཀྱང་དམ་པའི་སྤྱོད་པ་དང་རྗེས་སུ་མཐུན་པར་བྱ་བའི་ཕྱིར་དང་། རྗེས་འཇུག་གི་གདུལ་བྱ་རྣམས་ཀྱིས་ཀྱང་རང་དང་མཐུན་པར་ཡུལ་དམ་པ་ལ་ཕྱག་བྱས་པས་དོན་ཆེན་པོར་འགྱུར་བར་དགོངས་ནས། བསྟན་བཅོས་རྩོམ་པའི་ཐོག་མར་རང་གི་སྟོན་པའི་ཆེ་བའི་ཡོན་ཏན་བརྗོད་པ་སྔོན་དུ་འགྲོ་བ་ཅན་གྱི་ཕྱག་འཚལ་བ་རྩོམ་པར་མཛད་དོ། །

གཉིས་པ་ནི། ཚིགས་སུ་བཅད་པ་འདི་དག་གིས་དངོས་སུ་སྲིད་པའི་སྡུག་བསྔལ་ཀུན་གྱི་རྩ་བ་དངོས་པོར་མངོན་པར་ཞེན་པའི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་ཕྱིན་ཅི་མ་ལོག་པ་སྟོན་པ་ཉིད་ཀྱིས་སྨྲ་བ་པོ་གཞན་ལས་ཁྱད་པར་དུ་འཕགས་པའི་ཆེ་བའི་ཡོན་ཏན་བརྗོད་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་ལ་ཕྱག་འཚལ་བ་བསྟན་ལ། ཞར་ལ་བསྟན་བཅོས་ཀྱི་བརྗོད་བྱ་དང་། དགོས་པ་དང་། དགོས་པའི་དགོས་པ་དང་། འབྲེལ་བ་ཁོ་ན་ཡོད་པ་རྣམས་གསུངས་སོ། །དེ་ལ། རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་པ་ནས། དོན་གཅིག་མིན་ཞེས་པའི་བར་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་དགག་པ་མེད་པ་ལ་སོགས་པ་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་ནི་བསྟན་བཅོས་ཀྱི་བརྗོད་བྱར་བསྟན་ལ། སྤྲོས་པ་ཉེར་ཞི་ཞི་བསྟན་པ། །ཞེས་པས་ནི་མྱ་ངན་ལས་འདས་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་ཞིང་། ཞི་བའི་མཚན་ཉིད་ཅན་ནི་དགོས་པའི་དགོས་པ་བསྟན་ཏོ། །དགོས་པ་དང་འབྲེལ་བ་ནི་ཤུགས་ལ་བསྟན་ཏེ། བརྗོད་བྱ་དེ་ལྟ་བུ་རྟོགས་ནས་ཉིང་དགོས་དེ་ལྟ་བུ་ཐོབ་པའི་ཕྱིར་དུ་འཆད་པར་འགྱུར་བའི་བསྟན་བཅོས་རྩོམ་ཞེས་དོན་གྱིས་འཕངས་པའི་ཕྱིར་རོ། །འདིར་མྱ་ངན་ལས་འདས་པ་ཙམ་ཉིང་དགོས་སུ་བསྟན་པ་ན། བསྟན་བཅོས་འདི་རིགས་ཅན་གསུམ་ཀའི་གང་ཟག་གིས་འཇུག་ངོགས་སུ་བསྟན་པའི་ཕྱིར། ཐེག་པ་ཐུན་མོང་བ་ཡིན་གྱི་ཐེག་ཆེན་ཁོ་ན་མ་ཡིན་ཏེ། གལ་ཏེ་ཡིན་ན་རྣམ་མཁྱེན་ཉིད་ཉིང་དགོས་སུ་སྟོན་པ་རིགས་པའི་ཕྱིར་རོ། །དེའི་ཕྱིར་བོད་དག་གིས་དབུ་མ་རིགས་པའི་ཚོགས་རྣམས་བཀའ་བར་པ་ཁོ་ནའི་དགོངས་འགྲེལ་དུ་སྦྱོར་བ་འཕགས་པའི་དགོངས་པ་མ་ཡིན་ཞིང་། ལེགས་ལྡན་འབྱེད་དང་མཐུན་ཡང་ལུགས་དེ་མི་རིགས་པར་སྔར་བཤད་ཟིན་ཏོ། །

གསུམ་པ་ནི། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བསྟན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་ཏེ། ཕྱག་འཚལ་ལོ་ཞེས་དྲང་། གང་ལ་ཞེ་ན། ཆོས་ཐམས་ཅད་རྣམ་མཁྱེན་གྱི་ཡེ་ཤེས་སྐད་ཅིག་མ་གཅིག་གིས་སྐྱེ་བ་མེད་པའི་ངང་དུ་མངོན་པར་རྫོགས་པ་བྱང་ཆུབ་པའི་རྫོགས་པའི་སངས་རྒྱས་དེ་ལའོ། །སངས་རྒྱས་དེ་ལ་ཡོན་ཏན་གྱི་ཁྱད་པར་ཅི་ཞིག་གཟིགས་ནས་སློབ་དཔོན་དེ་ལ་ཕྱག་འཚལ་བར་རྩོམ་ཞེ་ན། སངས་རྒྱས་གང་གིས་རྟེན་ཅིག་འབྲེལ་བ་འབྱུང་བ་རང་བཞིན་གྱིས་མ་སྐྱེས་པས་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་འགགས་པ་མེད་པ་ནས། དོན་གཅིག་མིན་པའི་བར་ཁྱད་པར་བརྒྱད་ཀྱིས་ཁྱད་པར་དུ་བྱས་པ་དེ་ཉིད་གདུལ་བྱ་རྣམས་ལ་མྱ་ངན་ལས་འདས་པ་བརྗོད་བྱ་རྗོད་བྱེད་སོགས་ཀྱི་སྤྲོས་པ་ཉེ་བར་ཞི་ཞིང་སེམས་སེམས་བྱུང་སོགས་ཀྱི་ཐ་སྙད་ལོག་པའི་སྒོ་ནས་སྐྱེ་རྒ་ན་འཆིའི་ཉེར་འཚེ་མ་ལུས་པ་དང་བྲལ་བའི་ཞི་བ་ཐོབ་པའི་དོན་དུ་ཕྱིན་ཅི་མ་ལོག་པ་བསྟན་པའི་སྒོ་ནས། ཐར་ལམ་སྨྲ་བ་པོ་རྣམས་ཀྱི་ནང་ནས་དམ་པ་སྟེ་མཆོག་ཏུ་གྱུར་པར་གཟིགས་པའི་ཕྱིར་ཏེ། འདི་ལྟར། སློབ་དཔོན་རང་ཉིད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་སྐད་བསྟན་པ་ཐུགས་སུ་ཆུད་པའི་ཕྱིར་དེ་བཞིན་གཤེགས་པ་ཉག་གཅིག་ཐར་ལམ་ཕྱིན་ཅི་མ་ལོག་པ་གསུང་བར་གཟིགས་ཤིང་། ཚངས་པ་དང་དབང་ཕྱུག་ལ་སོགས་པ་ཕ་རོལ་པོ་སྨྲ་བ་ཐམས་ཅད་བྱིས་པ་རྡོལ་ཐབས་སུ་སྨྲ་བ་དང་འདྲ་བར་སྙིང་པོ་མེད་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །འདིར་རྟེན་འབྲེལ་ལ་ཁྱད་པར་མཐའ་ཡས་སུ་གཟིགས་ཀྱང་ཁྱད་པར་བརྒྱད་ཁོ་ན་བཀོད་པ་ནི། འདི་དག་ཁོ་ན་ལ་རང་གཞན་གྱི་སྡེ་པ་དང་འཇིག་རྟེན་པ་དག་མངོན་ཞེན་ཆེ་བས། གཙོ་བོར་རྩོད་པའི་ཡན་ལག་ཏུ་གྱུར་པའི་ཕྱིར་རོ། །འགག་པ་སྔར་བཀག་པ་ནི་སྐྱེ་འགགས་གཉིས་ལ་སྔ་ཕྱིའི་རིམ་པ་མ་ངེས་པར་བསྟན་པའི་ཕྱིར་ཡིན་ཏེ། ཇི་སྐད་དུ། གལ་ཏེ་སྐྱེ་བ་སྔར་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །ཞེས་འཆད་པར་འགྱུར་རོ། །རྟེན་འབྲེལ་ལ་འགག་པ་སོགས་ཇི་ལྟར་མེད་པ་ནི་བསྟན་བཅོས་མཐའ་དག་གིས་འཆད་དོ། །

གཉིས་པ་འཇུག་བྱ་བསྟན་བཅོས་ཀྱི་རང་བཞིན་ལ། སྐྱེ་བ་འགོག་པའི་དམ་བཅའ་མདོར་བསྟན། སྐྱེ་མེད་ཀྱི་མི་མཐུན་ཕྱོགས་རྒྱས་པར་དགག སྐྱེ་མེད་ལ་མི་འཐད་པའི་ཀླན་ཀ་སྤང་། སྐྱེ་མེད་ཀྱི་ཁྱད་གཞི་རྟེན་འབྲེལ་གྱི་ངོ་བོ། རྟེན་འབྲེལ་རྟོགས་པའི་ཕན་ཡོན་བསྟན་པ་དང་ལྔའི། དང་པོ་ནི། ད་ནི་སློབ་དཔོན་རྟེན་འབྲེལ་འགག་པ་མེད་པ་ལ་སོགས་པའི་ཁྱད་པར་འཕགས་པ་བསྟན་པར་བཞེད་ནས་སྐྱེ་བ་བཀག་པས་འགག་པ་ལ་སོགས་པ་དགག་པ་སླ་བར་དགོངས་ཤིང་། ཐོག་མར་སྐྱེ་བ་དགག་པ་རྩོམ་པར་མཛད་དོ། །སྐྱེ་བ་ཡང་གཞན་གྱིས་བརྟགས་པ་ན། བདག་གམ་གཞན་ནམ་གཉིས་ཀའམ་རྒྱུ་མེད་པ་ལས་རྟོག་གྲང་ན། ཐམས་ཅད་མི་རིགས་ཏེ། འདི་ལྟར། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དང་གང་ན་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །གྲངས་ཅན་ལྟར། འབྲས་བུའི་རང་གི་བདག་ཉིད་ལས་ཕྱི་དང་ནང་གི་དངོས་པོ་གང་དག་ཡུལ་དང་དུས་དང་གྲུབ་པའི་མཐའ་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། རང་ཉིད་མ་གྲུབ་ན་སྐྱེད་བྱེད་དུ་མི་འགྱུར་ལ། གྲུབ་ན་སྐྱེ་མི་དགོས་པས་སླར་སྐྱེ་བ་དོན་མེད་པའི་ཕྱིར་དང་། བདག་ཉིད་ལས་སྐྱེ་ན་རྐྱེན་གཞན་ལ་མི་ལྟོས་པས་སྐྱེ་བའི་རྒྱུ་ནམ་ཡང་མ་ཚང་བ་མེད་པའི་ཕྱིར་དང་། དུས་ལ་མི་ལྟོས་པས་གེགས་བྱེད་པ་མེད་པའི་ཕྱིར་དངོས་པོ་གཅིག་ཉིད་ཀྱི་སྐྱེ་བ་ཕྱི་མཐའ་ཐུག་པ་མེད་པར་འགྱུར་རོ། །དེ་སྐད་དུ་ཡང་དབུ་མ་འཇུག་པར། དེ་ནི་དེ་ལས་འབྱུང་ན་ཡོད་ཏན་འགའ་ཡང་མེད། །སྐྱེས་ཟིན་སླར་ཡང་སྐྱེ་བར་རིགས་པའང་མ་ཡིན་ཉིད། །ཅེས་སོགས་བཤད་པ་ལས་ངེས་པར་བྱའོ། །བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་ལྟར་རྒྱུ་རྐྱེན་གཞན་ལས་དངོས་པོ་གང་དག་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། གཞན་ཉིད་དུ་མཚུངས་པའི་ཕྱིར། མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་བར་འགྱུར་བ་དང་། རྒྱུ་དང་རྒྱུ་མ་ཡིན་པ་ཀུན་ལས་འབྲས་བུ་དང་འབྲས་བུ་མ་ཡིན་པ་ཐམས་ཅད་སྐྱེ་བར་ཐལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་། གཞན་ལ་བརྟེན་ནས་གཞན་ཞིག་འབྱུང་ན་ནི། །མེ་ལྕེ་ལས་ཀྱང་མུན་པ་མཐུག་པོ་འབྱུང་འགྱུར་ཞིང་། །ཀུན་ལས་ཐམས་ཅད་སྐྱེ་བར་འགྱུར་ཏེ་གང་གི་ཕྱིར། །སྐྱེད་བྱེད་མིན་པ་ཀུན་ལའང་གཞན་ཉིད་མཚུངས་ཕྱིར་རོ། །ཞེས་བཤད་པ་ལྟར་རོ། །གཅེར་བུ་པ་ལྟར་བདག་གཞན་གཉིས་ཀ་ལས་དངོས་པོ་གང་དག་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཕྱོགས་གཉིས་ཀ་ལ་བརྗོད་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་། གཉིས་ལས་སྐྱེ་བའང་རིགས་པ་མ་ཡིན་གང་གི་ཕྱིར། །བཤད་ཟིན་ཉེས་པ་ཐོག་ཏུ་འབབ་པ་ཉིད་ཕྱིར་རོ། །ཞེས་སོ། །རྒྱང་འཕེན་ལྟར་རྒྱུ་མེད་པ་ལས་ཀྱང་དངོས་པོ་གང་དག་གང་ན་ཡང་སྐྱེ་བ་ནམ་ཡང་ཡོད་པ་མ་ཡིན་ཏེ། ནམ་མཁའི་མེ་ཏོག་ལྟར་དངོས་པོ་འགའ་ཡང་མཐོང་བའི་ལམ་དུ་མི་འགྱུར་བར་ཐལ་བའི་ཕྱིར་དང་། འབྲས་བུའི་དོན་དུ་ཞིང་ལས་དང་ཚོང་ལས་ལ་སོགས་པའི་རྒྱུ་ལ་འབད་པ་བྱེད་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེ་སྐད་དུའང་། གལ་ཏེ་རྒྱུ་མེད་ཁོ་ནར་སྐྱེ་བར་འགྱུར་ན་ནི། །འཇིག་རྟེན་པ་དག་འབྲས་བུ་སྒྲུབ་ཕྱིར་ས་བོན་སོགས། །བརྒྱ་ཕྲག་སྒོ་ནས་སྡུད་བྱེད་པར་ཡང་མི་འགྱུར་རོ། །ཞེས་སོ། །

འདིར་སློབ་དཔོན་ལེགས་ལྡན་འབྱེད་ནི། གཏན་ཚིགས་དང་དཔེ་མ་བརྗོད་པའི་དམ་བཅའ་ཙམ་གྱིས་ནི་སྐྱེ་མེད་དང་སྟོང་ཉིད་ཀྱི་ཕྱོགས་སྒྲུབ་པར་མི་ནུས་ཤིང་། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་ཞེས་སོགས་ཀྱི་ཐལ་བ་རྣམས་ཀྱིས་བཟློག་པ་འཕེན་ན་འགའ་ཞིག་ལས་འགའ་ཞིག་སྐྱེ་བ་སོགས་ཁས་བླངས་པས་དབུ་མ་པ་རང་གི་ཕྱོགས་དང་འགལ་ཞིང་། བཟློག་པ་མི་འཕེན་ན་ཡང་ཐལ་འགྱུར་ལ་བསལ་བ་མེད་པས་སུན་འབྱིན་དུ་མི་རིགས་སོ། །གཞན་ཡང་དབུ་མ་པ་རང་ཉིད་ཀྱིས་སྐྱེ་མེད་དང་སྟོང་ཉིད་ཀྱི་ཕྱོགས་འདི་ཚད་མས་ངེས་སམ་འོན་ཏེ་མ་ངེས། གལ་ཏེ་མ་ངེས་ན་ནི། རང་ཉིད་ཀྱིས་མ་ངེས་བཞིན་དུ་གཞན་ལ་སྟོན་པ་ནི་མཁས་པའི་བཞད་གད་ཀྱི་གནས་སུ་འགྱུར་རོ། །ཅི་སྟེ་ངེས་ན་ཡང་ཚུར་མཐོང་གི་མངོན་སུམ་ནི་སྟོང་པ་ཉིད་ཀྱི་ཕྱོགས་ལ་ཚད་མར་མི་རུང་བས་རྗེས་སུ་དཔག་པ་ཁོ་ནས་ངེས་དགོས་ལ། རང་གིས་གཏན་ཚིགས་དང་དཔེ་གང་གི་སྒོ་ནས་སྟོང་པ་ཉིད་ཀྱི་ཕྱོགས་ལ་ཚད་མའི་ངེས་པ་སྐྱེས་པའི་གཏན་ཚིགས་དང་དཔེ་དེ་ཉིད་གཞན་ལ་ཡང་ཅིའི་ཕྱིར་མི་བརྗོད། ཅི་སྟེ་སེར་སྣའི་ཕྱིར་མི་བརྗོད་ན་ནི། དམ་པ་མ་ཡིན་པར་གྱུར་ཏོ། །གལ་ཏེ་ཁོ་བོ་ཅག་གིས་ཐེག་པ་ཆེན་པོའི་ལུང་ལས་སྟོང་པ་ཉིད་ཀྱི་ཕྱོགས་འདི་ངེས་པ་ཡིན་ལ། ལུང་དེ་ཡང་རང་གཞན་གྱི་སྡེ་པ་དག་ཁས་མི་ལེན་པའི་ཕྱིར་མ་བརྗོད་དོ་ཞེ་ན། ཁྱོད་ཀྱིས་སྟོང་ཉིད་སྟོན་པའི་ལུང་གི་དོན་ཚད་མས་གྲུབ་ནས་ཁས་བླངས་སམ། འོན་ཏེ་མ་གྲུབ་བཞིན་དུ་ཁས་བླངས། ཕྱོགས་ཕྱི་མ་ལྟར་ན། རང་ཉིད་བླུན་པར་སྟོན་པར་བྱེད་དེ། རྟོག་པ་སྔོན་དུ་སོང་བ་དག་ནི་ལུང་དོན་ལ་ཚད་མས་བརྟགས་ནས་ཁས་ལེན་པའི་ཕྱིར་རོ། །ཅི་སྟེ་ལུང་དོན་ཚད་མས་གྲུབ་ནས་ཁས་བླངས་སོ་ཞེ་ན། རིགས་པ་གང་གིས་སྐྱེ་མེད་ཀྱི་ལུང་ཚད་མར་བྱེད་པའི་རིགས་པ་དེ་ཉིད་གཞན་ལ་ཡང་ཅིའི་ཕྱིར་མི་སྟོན། དངོས་པོའི་སྟོབས་ཀྱིས་ཞུགས་པའི་རིགས་པ་འདོར་བ་ནི་མཁས་པ་སུ་ཡང་མེད་དོ། །གལ་ཏེ་དེ་ཁོ་བོ་ཅག་གིས་ནི་རྣལ་འབྱོར་མངོན་སུམ་གྱིས་སྟོང་པ་ཉིད་ཀྱི་ཕྱོགས་འདི་ངེས་པ་ཡིན་ལ། དེ་ཡང་སོ་སོ་རང་གིས་རིག་པར་བྱ་བ་ཉིད་ཀྱིས་གཞན་ལ་བསྟན་པར་མི་ནུས་སོ་ཞེ་ན། རྒྱུ་མེད་རང་བྱུང་གི་རྣལ་འབྱོར་པ་ནི་ཁྱོད་ཀྱང་མི་འདོད་པས། སྟོང་པ་ཉིད་ཀྱི་རྣལ་འབྱོར་དེ་རྒྱུ་གང་ལས་འབྱུང་བའི་ཐབས་དེ་བརྗོད་དགོས་སོ། །

གལ་ཏེ་དང་པོར་ཐོས་བསམ་གྱིས་སྟོང་ཉིད་གཏན་ལ་ཕབ་ནས་དོན་དེ་ཉིད་རྩེ་གཅིག་ཏུ་གོམས་པར་བྱས་པ་ལས་སྟོང་པ་ཉིད་ཀྱི་རྣལ་འབྱོར་སྐྱེའོ་ཞེ་ན། བདེན་མོད། དེ་ལྟ་ན་ཡང་ཚད་མས་མ་གྲུབ་པའི་དོན་བསྒོམས་པས་ཡང་དག་པའི་ཡེ་ཤེས་སྐྱེ་བ་མི་རིགས་པའི་ཕྱིར་དང་པོར་སྟོང་ཉིད་གཏན་ལ་འབེབས་པའི་ཐོས་བསམ་གྱི་ཤེས་རབ་དེ་ཉིད་རྗེས་སུ་དཔག་པའི་ཚད་མ་ལས་གཞན་དུ་མི་འཐད་པའི་ཕྱིར་ན། དེའི་རྒྱུ་གཏན་ཚིགས་དང་དཔེ་དེ་ཉིད་གཞན་ལ་ཡང་ཅིའི་ཕྱིར་མི་སྟོན། དེ་བས་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་བ་ཙམ་གྱི་སྒོ་ནས་དབུ་མའི་གཞུང་འཆད་པ་མི་རིགས་སོ་ཞེས་སུན་འབྱིན་ཏོ། །འོ་ན་ཅི་ཞེ་ན། སློབ་དཔོན་གྱིས་གཏན་ཚིགས་དང་དཔེ་ལ་སོགས་པ་བརྗོད་པའི་སྒོ་ནས་རང་གཞན་གྱི་སྡེ་པ་རྗེས་སུ་དཔག་པ་གཙོ་བོར་འཛིན་པ་དག་གི་དངོས་འཛིན་གྱི་ལོག་རྟོག་ལྡོག་ཅིང་། སྐྱེ་མེད་དང་སྟོང་ཉིད་ཀྱི་ཕྱོགས་སྒྲུབ་པར་མཛད་པ་ཡིན་ཏེ། ཕྱིར་རྒོལ་རྗེས་སུ་དཔག་པ་གཙོར་འཛིན་པ་དག་ནི། ཚུལ་གསུམ་པའི་རྟགས་དང་དཔེ་ལ་སོགས་པ་མ་བརྗོད་པར་དམ་བཅའ་ཙམ་དང་ཐལ་བ་ཙམ་གྱིས་ཡིད་ཆེས་པར་མི་འགྱུར་བའི་ཕྱིར་རོ། །དེ་བས་ན་གཞན་ཕྱོགས་སུན་འབྱིན་པ་ན་ཡང་ཐལ་བ་ཙམ་གྱིས་སུན་མི་འབྱིན་གྱི། ཕྱིར་རྒོལ་དེ་ཉིད་ལ་གྲགས་པའི་རྟགས་དང་དཔེ་བརྗོད་པའི་སྒོ་ནས་གཞན་གྲགས་ཀྱི་རྗེས་སུ་དཔག་པས་ལོག་རྟོག་ཟློག་པར་བྱེད་ལ། རང་གི་ཕྱོགས་སྐྱེ་མེད་དང་སྟོང་ཉིད་སོགས་སྒྲུབ་པ་ན་ཡང་རང་དང་ཕྱིར་རྒོལ་གཉིས་ཀ་ལ་གྲགས་པའི་ཚུལ་གསུམ་པའི་རྟགས་དང་དཔེ་བརྗོད་པའི་སྒོ་ནས་རང་རྒྱུད་ཀྱི་རྟགས་ཁོ་ན་སྦྱོར་བར་བྱེད་དེ། དཔེར་ན། དེ་ཡང་དབུ་མ་སྙིང་པོ་ལས། ཇི་སྐད་དུ། འདིར་ནི་ས་ལ་སོགས་པ་དག །དོན་དམ་པར་ན་འབྱུང་བ་ཡི། །ངོ་བོ་ཉིད་མིན་ཁྱབ་ཕྱིར་དང་། །རྒྱུ་ལྡན་སོགས་ཕྱིར་ཤེས་པ་བཞིན། །ཞེས་འབྱུང་བའི་དོན། ས་ལ་སོགས་པ་ནི་དོན་དམ་པར་འབྱུང་འབྱུང་བ་ཞེས་བྱ་བ་ནི་རང་ཉིད་འབྱུང་བའམ། གཞན་འབྱུང་བར་བྱེད་པས་འབྱུང་བ་དག་གོ།བའི་ངོ་བོ་མ་ཡིན་ཏེ། རྒྱུ་དང་ལྡན་པའི་ཕྱིར་དང་གཞལ་བྱ་ཡིན་པའི་ཕྱིར། དཔེར་ན་ཤེས་པ་བཞིན། ཞེས་པ་ལྟ་བུའོ། །འདི་འགལ་བ་མ་ཡིན་ཏེ། མཐུན་ཕྱོགས་ལ་ཡོད་པའི་ཕྱིར། མ་ངེས་པ་མ་ཡིན་ཏེ། དོན་དམ་པར་གྲུབ་པའི་ཆོས་ཅུང་ཟད་ཀྱང་མེད་པས་རྟགས་མི་མཐུན་ཕྱོགས་ལ་མེད་པའི་ཕྱིར། མ་གྲུབ་པ་མ་ཡིན་ཏེ། དབུ་མ་པས་ཀྱང་ས་ལ་སོགས་པ་ཀུན་རྫོབ་ཏུ། རྒྱུ་དང་ལྡན་པར་ཁས་བླངས་པའི་ཕྱིར་དང་། ཕྱིར་རྒོལ་སྡེ་པ་དག་གིས་ཀྱང་ཁས་བླངས་པའི་ཕྱིར་རོ། །

ཅི་སྟེ་རྒྱུ་ལྡན་དང་འབྱུང་བ་འགལ་བ་མ་གྲུབ་པའི་ཕྱིར་ལྡོག་པ་ལ་ཐེ་ཚོམ་ཟའོ་ཞེ་ན། རྒྱུ་ལྡན་དུ་མཚུངས་པ་ལ་ས་སོགས་འབྱུང་བར་བདེན་ལ། ཤེས་པ་མི་བདེན་པའི་རྒྱུ་ཅི་ཡོད། ས་སོགས་འབྱུང་བར་འཇིག་རྟེན་པ་ལ་གྲགས་པའི་ཕྱིར་རོ་ཞེ་ན། གྲགས་པ་འགོག་པ་མ་ཡིན་གྱི་གྲགས་པ་ལྟར་དོན་དམ་པར་གྲུབ་པ་འགོག་པ་ཡིན་ནོ། །དེ་བས་ན་དོན་དམ་པར་ས་སོགས་འབྱུང་བ་ཡིན་ལ་ཤེས་པ་མ་ཡིན་པའི་རྒྱུ་མཚན་མེད་པའི་ཕྱིར། ས་སོགས་བཞིན་དུ་ཤེས་པ་ཡང་རྒྱུ་དང་ལྡན་པའི་ཕྱིར་འབྱུང་བར་འགྱུར་བའམ། ཡང་ན་ཤེས་པ་བཞིན་དུ་ས་སོགས་ཀྱང་རྒྱུ་དང་ལྡན་པའི་ཕྱིར་དོན་དམ་པར་འབྱུང་བ་མ་ཡིན་ནོ་ཞེས་བྱ་བ་འདི་ཁས་བླང་དགོས་སོ། །ཇི་སྐད་དུ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །ཞེས་སོགས་གཞུང་ཕལ་ཆེར་དུ་ཐལ་བ་སྒྲུབ་པ་མཛད་པ་མ་ཡིན་ནམ་ཞེ་ན། སློབ་དཔོན་གྱི་གཞུང་ནི་དོན་ཆེན་པོ་ཅན་ཡིན་པས། ཁ་ཅིག་ཏུ་ནི་དམ་བཅའ་དངོས་སུ་བརྗོད་ནས་རྟགས་དང་དཔེ་ཤུགས་ལ་བསྟན་པར་བྱེད་ལ། ཁ་ཅིག་ཏུ་ཡང་རྟགས་དང་དཔེ་དངོས་སུ་བརྗོད་ནས་དམ་བཅའ་ཤུགས་ལ་བསྟན་པར་བྱེད་པས་ཐམས་ཅད་དུ་སྦྱོར་བའི་ངག་བསྟན་པའི་སྒོ་ནས་གཞན་གྲགས་སམ་རང་རྒྱུད་ཀྱི་རྗེས་སུ་དཔག་པ་ཁོ་ན་སྦྱོར་བར་མཛད་དོ། །དེ་དག་ནི་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་བཞེད་པའི་ཚིག་རེས་ལ་མ་བརྟེན་པར་དོན་ཇི་ལྟ་བ་བཞིན་བཀོད་པ་ཡིན་ནོ། །

དཔལ་ལྡན་ཟླ་བ་གྲགས་པ་ནི་འདི་ལྟར་བཞེད་དེ། དབུ་མ་པ་ཡིན་ན་རང་རྒྱུད་ཀྱི་རྗེས་སུ་དཔག་པ་སྦྱོར་བར་མི་རིགས་ཏེ། དོན་མེད་པའི་ཕྱིར་དང་ཉེས་པ་དང་བཅས་པའི་ཕྱིར་རོ། །འདི་ལྟར་གཞན་ཕྱོགས་སུན་འབྱིན་པ་ལ་རང་རྒྱུད་ཀྱི་རྗེས་སུ་དཔག་པ་དོན་མེད་དེ། དབུ་མ་པས་གཞན་ཕྱོགས་སུན་འབྱིན་པ་ནི་སྒོ་གསུམ་གྱིས་བྱེད་དེ། འདི་ལྟར་སྒྲུབ་བྱེད་བསྒྲུབ་བྱ་ལ་ནུས་པ་མེད་པ་དང་། འགལ་བ་བརྗོད་པའི་ཐལ་འགྱུར་དང་། ཕྱིར་རྒོལ་རང་དང་འཇིག་རྟེན་སྤྱི་ལ་གྲགས་པའི་རྟགས་དང་དཔེ་བརྗོད་པའི་སྒོ་ནས་སོ། །དང་པོ་ནི། གྲངས་ཅན་གྱིས་དངོས་པོ་རྣམས་བདག་ལས་སྐྱེའོ་ཞེས་དམ་བཅས་པ་ན། དེའི་སྒྲུབ་བྱེད་ཀྱི་རྟགས་དང་དཔེ་རང་དང་ཕྱི་རྒོལ་དབུ་མ་པ་གཉིས་ཀ་ལ་གྲུབ་པ་འགོད་དགོས་ཏེ། སྒྲུབ་བྱེད་མེད་པའི་དམ་བཅའི་ཚིག་ཙམ་གྱིས་མི་འགྲུབ་པའི་ཕྱིར་དང་། རང་ཁོ་ན་ལ་གྲུབ་པའི་རྟགས་དང་དཔེས་ཀྱང་ཕྱིར་རྒོལ་ངེས་པ་བསྐྱེད་མི་ནུས་ཤིང་། ཕྱི་རྒོལ་ཁོ་ན་ལ་གྲགས་པས་ཀྱང་རང་གི་དམ་བཅའ་འགྲུབ་པ་མི་འཐད་པའི་ཕྱིར་རོ། །

གཉིས་ཀ་ལ་གྲུབ་པའི་རྟགས་དང་དཔེ་ཡང་རྙེད་པ་མ་ཡིན་ཏེ། དབུ་མ་པ་ནི་དངོས་པོ་འགའ་ལ་ཡང་རང་བཞིན་གྱིས་སྐྱེ་བ་ཁས་མ་བླངས་པས་བདག་སྐྱེ་སྒྲུབ་པའི་ཕྱིར་བཀོད་པའི་རྟགས་དཔེ་ཐམས་ཅད་བསྒྲུབ་བྱ་དང་མཚུངས་པར་མ་གྲུབ་པའི་ཕྱིར། དེའི་ཕྱིར་བདག་ལས་སྐྱེའོ་ཞེས་བྱ་བ་ནི་འཐད་པ་དང་བྲལ་བའི་ཕྱོགས་ཁས་བླངས་པས་བདག་ཉིད་སླུ་བར་བྱེད་པ་འབའ་ཞིག་ཏུ་ཟད་དོ་ཞེས་པ་འདི་ཙམ་གྱིས་སུན་འབྱིན་པར་ནུས་སོ། །

གཉིས་པ་འགལ་བ་བརྗོད་པའི་ཐལ་འགྱུར་ནི། བདག་ལས་སྐྱེའོ་ཞེས་སྨྲས་པ་ན། རང་གི་བདག་ཉིད་དུ་ཡོད་པ་ཉིད་རྒྱུ་དང་། དེ་ཉིད་སྐྱེའོ་ཞེས་ཁས་བླངས་པས། འཇིམ་གོང་ལས་སྐྱེ་བར་འདོད་པའི་བུམ་པ་ཡང་སྐྱེ་བ་དོན་མེད་པར་ཐལ། ཡོད་པའི་ཕྱིར། མངོན་པར་གསལ་བའི་བུམ་པ་བཞིན། རྟགས་བསལ་དངོས་སུ་ཁས་བླངས་ཤིང་། ཁྱབ་པ་རིགས་པས་གྲུབ་པའི་ཕྱིར་མི་འདོད་བཞིན་དུ་ཁས་བླངས་དགོས་ཏེ། མདུན་གྱི་བུམ་པ་ལ་སོགས་ཡོད་པ་རྣམས་སྐྱེ་བར་འཇིག་རྟེན་ན་ནམ་ཡང་མཐོང་བ་མེད་པའི་ཕྱིར་རོ། །ཡོད་པ་ལ་སྐྱེ་མེད་ཀྱིས་ཁྱབ་པ་དབུ་མ་པས་ཀྱང་ཁས་བླངས་དགོས་ལ། དེ་ལྟ་ན་ཁས་ལེན་མེད་པ་འགལ་ལོ་ཞེ་ན། དབུ་མ་པ་ཡོད་པ་ཅུང་ཟད་ཀྱང་ཁས་མི་ལེན་ན་དེ་ལ་སྐྱེ་མེད་ཀྱིས་ཁྱབ་པ་ཇི་ལྟར་ཁས་ལེན། ཡོད་པ་སྐྱེ་བར་འཇིག་རྟེན་ལ་མ་གྲགས་པའི་ཕྱིར་གཞན་གྱིས་ཡོད་པ་སྐྱེ་བར་སྨྲ་བ་ལ་འཇིག་རྟེན་དང་འགལ་བ་བརྗོད་པ་ཙམ་དུ་ཟད་དོ། །ཡོད་པ་སྐྱེ་བ་འཇིག་རྟེན་ལ་མ་གྲགས་ཀྱང་རྗེས་སུ་དཔག་པས་འགྲུབ་སྟེ། མེད་པ་སྐྱེ་བ་མི་འཐད་པའི་ཕྱིར་རོ་ཞེ་ན། དངོས་པོ་རྣམས་ལ་རང་བཞིན་གྱི་སྐྱེ་བ་ཡོད་ན་མེད་པ་མི་སྐྱེ་བས་ཡོད་པ་སྐྱེ་དགོས་ན། དངོས་པོ་འགའ་ལ་ཡང་རང་བཞིན་གྱི་སྐྱེ་བ་མེད་པས་ཡོད་པའམ་མེད་པ་གང་ཡང་མི་སྐྱེ་སྟེ། ཇི་ལྟར་མེད་པ་སྐྱེ་ན། རི་བོང་གི་རྭ་ལ་སོགས་པའང་སྐྱེ་བར་འགྱུར་བ་ལྟར། ཡོད་པ་སྐྱེ་ན་སྐྱེས་ཟིན་པ་དག་ཀྱང་སྐྱེ་བར་འགྱུར་བས་ཉེས་པ་མཚུངས་པའི་ཕྱིར་རོ། །ཐལ་བས་བཟློག་པ་འཕེན་པའི་ཉེས་པ་ཡང་མེད་དེ། སྒྲ་རྣམས་ནི་སྨྲ་བ་པོས་བརྗོད་པར་འདོད་པའི་དོན་སྟོན་པར་བྱེད་ཀྱི་རང་དབང་དུ་མ་ཡིན་ལ། དབུ་མ་པས་ཐལ་བ་བརྗོད་པ་ཡང་ཕ་རོལ་པོའི་ཁས་བླངས་དང་འགལ་བའམ་རིགས་པ་དང་འགལ་བ་བརྗོད་པར་འདོད་ནས་འཕངས་པར་ཟད་ཀྱི་བཟློག་པ་འཕེན་པར་མི་འདོད་པའི་ཕྱིར་རོ། །དེ་བས་ན་དབུ་མ་པས་འཕངས་པའི་ཐལ་འགྱུར་རྣམས་ཀྱི་འཁོར་གསུམ་གང་རུང་ཕ་རོལ་པོས་ཁས་ལེན་ཅིང་། གང་རུང་གྲགས་པའམ་རིགས་པས་འགྲུབ་ཅིང་། གྲགས་རིགས་དང་འགལ་བ་ཕ་རོལ་པོས་ཀྱང་སྤང་དགོས་ཏེ། གཞན་དུ་ན་རིགས་པའི་ལམ་དོར་བར་འགྱུར་བའི་ཕྱིར་རོ། །གྲགས་རིགས་ཀྱིས་གྲུབ་པའི་དོན་ཡང་དབུ་མ་པས་གཞན་ངོར་ཁས་ལེན་གྱི་རང་ལུགས་སུ་མ་ཡིན་ཏེ། གྲགས་པ་ནི་འཇིག་རྟེན་གྱི་ཐ་སྙད་ཙམ་ཡིན་ལ། རིགས་པ་ནི་གྲགས་པ་དང་དངོས་པོ་ཁས་བླངས་པའི་ཤུགས་ཐོབ་ཀྱི་དོན་ཙམ་ཡིན་ལ། དབུ་མ་པ་ནི་གྲགས་པ་དང་དངོས་པོ་གང་ཡང་ཡང་དག་པར་ཁས་མི་ལེན་པའི་ཕྱིར་རོ། །དེ་བས་ན་དབུ་མ་པ་ལ་ཁས་ལེན་མེད་པའི་ཐལ་འགྱུར་ཐམས་ཅད་ཕ་རོལ་པོའི་ཁས་ལེན་ཁོ་ན་ལ་སྦྱོར་ཞེས་སྨྲ་བ་དང་། འཁོར་གསུམ་གང་ཡང་རུང་བ་རང་ལུགས་ཀྱི་ཚད་གྲུབ་ཏུ་བྱེད་དགོས་ཞེས་སྨྲ་བ་གཉིས་ཀ་ཡང་མི་ཤེས་པས་ཀུན་ནས་བསླང་པ་ཡིན་ནོ། །དེ་ལྟར་ན་ཇི་སྐད་བཤད་པའི་ཚུལ་གྱིས་རང་གི་རྣམ་གཞག་ནང་འགལ་བ་དང་། གྲགས་རིགས་དང་འགལ་བ་བརྗོད་པའི་ཐལ་བ་ཙམ་གྱིས་ཀྱང་ཕ་རོལ་པོ་སུན་འབྱིན་ནུས་སོ། །གལ་ཏེ་ལོག་རྟོག་དང་ཐེ་ཚོམ་ནི་ཚད་མ་ཁོ་ནས་ཟློག་པར་བྱེད་ཀྱི་གཞན་གྱིས་མ་ཡིན་པས་དེའི་ཕྱིར་ངེས་པར་རྗེས་སུ་དཔག་པ་བསྟན་དགོས་སོ་ཞེ་ན། དེ་ལྟ་ན་ཡང་རང་རྒྱུད་ཀྱི་རྗེས་དཔག་དོན་མེད་དེ། ཕྱིར་རྒོལ་རང་ངམ་འཇིག་རྟེན་སྤྱི་ལ་གྲགས་པའི་རྟགས་དང་དཔེ་བརྗོད་པ་ཉིད་ཀྱིས་ཟློག་ནུས་པའི་ཕྱིར་རོ། །འདི་ལྟར་གྲངས་ཅན་པ་དག་འཇིམ་པའི་གོང་བུ་ལ་མི་གསལ་བའི་བདག་ཉིད་དུ་ཡོད་པའི་བུམ་པ་སྐྱེ་བར་འདོད་ཅིང་། མདུན་གྱི་མངོན་པར་གསལ་བའི་བུམ་པ་ཡང་སྐྱེ་བར་མི་འདོད་པ་ན་མངོན་པར་མི་གསལ་བའི་བུམ་པ་ཡང་སྐྱེ་བ་མ་ཡིན་ཏེ། རང་གི་བདག་ཉིད་དུ་ཡོད་པའི་ཕྱིར། དཔེར་ན་མངོན་པར་གསལ་བའི་བུམ་པ་བཞིན་ཞེས་བཀོད་པ་ན་རྟགས་དང་དཔེ་དང་ཕྱོགས་ཐམས་ཅད་གྲངས་ཅན་ལ་སྐྱོན་མེད་ཁོ་ན་ཡིན་ནོ། །ཅི་སྟེ་གྲངས་ཅན་ནི་ཡོད་པ་ཉིད་སྐྱེ་བར་འདོད་པས་རྟགས་ཀྱི་ལྡོག་པ་མི་འགྲུབ་བོ་ཞེ་ན། འོ་ན་སངས་རྒྱས་པས་བྱེ་བྲག་པ་ལ་སྒྲ་ནི་མི་རྟག་སྟེ། ཡོད་པའི་ཕྱིར། དཔེར་ན་བུམ་པ་བཞིན་ཞེས་བཀོད་པ་ན། ཕྱིར་རྒོལ་རྡུལ་ཕྲན་དང་ནམ་མཁའ་ལ་སོགས་པ་ཡོད་པ་དག་ཀྱང་རྟག་པར་འདོད་པས་རྟགས་མ་ངེས་པར་ཅིའི་ཕྱིར་མི་འགྱུར། དེ་ལ་ནི་དཔེ་བུམ་པའི་སྟེང་དུ་ཡོད་པ་ལ་མི་རྟག་པས་ཁྱབ་པ་སྒྲུབ་ནུས་པའི་ཕྱིར་མ་ངེས་པར་མི་འགྱུར་རོ་ཞེ་ན། འདིར་ཡང་ཡོད་པ་ལ་སྐྱེ་བ་དོན་མེད་པའི་ཕྱིར་ཁྱབ་པ་མདུན་གྱི་བུམ་པ་ལ་ཅིའི་ཕྱིར་སྒྲུབ་མི་ནུས། དེ་བས་ན་རྟགས་འདིའི་ཚུལ་གསུམ་ནི་གྲངས་ཅན་ཁོ་ན་ལ་གྲུབ་པའི་ཕྱིར་དེ་ལ་རྟགས་སྐྱོན་མེད་ཁོ་ན་ཡིན་ནོ། །

གལ་ཏེ་ཕྱིར་རྒོལ་ལ་གྲུབ་ཀྱང་དབུ་མ་པ་རང་ལ་ཆོས་ཅན་མ་གྲུབ་པས་དམ་བཅའ་བསལ་བ་དང་རྟགས་མ་གྲུབ་པའི་སྐྱོན་དུ་འགྱུར་རོ་ཞེ་ན། དབུ་མ་པས་རྟགས་དང་དཔེ་བཀོད་པ་ནི་ཕ་རོལ་པོའི་དམ་བཅའ་འགོག་པའི་འབྲས་བུ་ཅན་ཡིན་གྱི། རང་གི་ཕྱོགས་སྒྲུབ་པ་མ་ཡིན་པས་ཆོས་ཅན་དང་གཏན་ཚིགས་སོགས་རང་ལ་མ་གྲུབ་པས་ཉེས་པ་ཅིར་ཡང་མི་འགྱུར་རོ། །གལ་ཏེ་གཉིས་ཀ་ལ་རབ་ཏུ་གྲུབ་པ་ནི་སྒྲུབ་པ་ཡིན་ནོ་ཞེས་གཞན་གྱི་དོན་གྱི་རྗེས་སུ་དཔག་པ་ལ་རྒོལ་ཕྱིར་རྒོལ་གཉིས་ཀ་ལ་གྲུབ་པ་གཙོ་བོ་མ་ཡིན་ནམ་ཞེ་ན། དེ་ནི་རང་ལུགས་ཀྱི་ཕྱོགས་གྲུབ་པའི་དབང་དུ་བྱས་པ་ཡིན་གྱི། གཞན་གྱི་ལོག་རྟོག་ལྡོག་པ་ལ་ནི་རང་ལ་གྲུབ་པ་ཁོ་ན་གཙོ་ཡི། གཉིས་ཀ་ལ་གྲུབ་པ་མ་ཡིན་ཏེ། རྩོད་པའི་ཚེ་རང་ཚིག་དང་ཁས་བླངས་ནང་འགལ་བ་བརྗོད་པ་ཉིད་ཀྱིས་ཕ་རོལ་པོ་སུན་འབྱིན་ནུས་པའི་ཕྱིར་རོ། །དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས་གཞན་གྲགས་ཀྱི་རྗེས་སུ་དཔག་པ་བརྗོད་པ་ཉིད་ཀྱིས་ཕྱིར་རྒོལ་བ་རྗེས་སུ་དཔག་པ་གཙོ་བོར་འཛིན་པ་དག་མགུ་བར་འགྱུར་བས། གཞན་ལུགས་སུན་འབྱིན་པ་ལ་ཡང་རང་རྒྱུད་ཀྱི་རྗེས་དཔག་སྦྱོར་བ་དོན་མེད་པ་ཡིན་ནོ། །ཅི་སྟེ་གཞན་ཕྱོགས་སུན་འབྱིན་པ་ལ་མི་དགོས་ཀྱང་རང་གི་ཕྱོགས་སྒྲུབ་པ་ལ་རང་རྒྱུད་ཀྱི་རྟགས་དང་དཔེ་བརྗོད་དགོས་སོ་ཞེ་ན། རང་ཕྱོགས་སྒྲུབ་པ་ལ་ཡང་རང་རྒྱུད་དོན་མེད་དེ། དབུ་མ་པས་ནི་རང་ལུགས་ཀྱི་ཕྱོགས་ཅི་ཡང་ཁས་མ་བླངས་པའི་ཕྱིར་རོ། །འདི་ལྟར་རྟོགས་པ་སྔོན་དུ་སོང་བ་དག་ནི་རང་ཡིད་ཆེས་པའི་ཚད་མས་གྲུབ་པའི་དོན་ཁོ་ན་ཁས་ལེན་གྱི། ཚད་མས་མ་གྲུབ་པ་མ་ཡིན་ཏེ། རྟོག་པ་སྔོན་དུ་སོང་བ་མ་ཡིན་པར་ཐལ་བའི་ཕྱིར་རོ། །དབུ་མ་པ་ནི་འཕགས་པའི་མཉམ་གཞག་གི་ཡེ་ཤེས་ཁོ་ན་མི་སླུ་བའི་ཕྱིར། ཚད་མར་བྱེད་ཀྱི་འཇིག་རྟེན་དག་ལ་ཚད་མར་གྲགས་པའི་མངོན་སུམ་དང་རྗེས་སུ་དཔག་པ་དག་ཡིད་ཆེས་པའི་ཚད་མ་མིན་ཏེ། སླུ་བའི་ཕྱིར་དཔེར་ན་སྨིག་སྒྱུ་ལ་ཆུར་འཛིན་གྱི་ཤེས་པ་བཞིན། དེའི་ཕྱིར་ཏིང་ངེ་འཛིན་རྒྱལ་པོ་ལས། མིག་དང་སྣ་དང་རྣ་བ་ཚད་མ་མིན། །ལྕེ་དང་ལུས་དང་ཡིད་ཀྱང་ཚད་མ་མིན། །གལ་ཏེ་དབང་པོ་དེ་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །དེ་ཕྱིར་དབང་པོ་འདི་དག་ཚད་མིན་ཞིང་། །བེམས་པོ་ངོ་བོ་ཉིད་ཀྱིས་ལུང་མ་བསྟན། །དེ་ཕྱིར་མྱ་ངན་འདས་པའི་ལམ་འདོད་གང་། །དེས་ནི་འཕགས་པའི་ལམ་གྱི་བྱ་བ་བྱོས། །ཞེས་བཀའ་བསྩལ་ཏོ། །འཕགས་པའི་ཡེ་ཤེས་ཀྱིས་གྲུབ་པའི་དོན་ཡང་རྡུལ་ཕྲན་ཙམ་ཡང་མེད་ན། དབུ་མ་པས་ཅི་ཞིག་རང་གི་ཕྱོགས་སུ་ཁས་ལེན་པར་བྱེད། གལ་ཏེ་དོན་དམ་པར་ཁས་ལེན་མེད་ཀྱང་ཀུན་རྫོབ་ཏུ་རྒྱུ་འབྲས་ལ་སོགས་པ་ཁས་བླང་དགོས་ཏེ། དེ་ལྟ་མ་ཡིན་ན་མཐོང་བ་དང་མ་མཐོང་བའི་དོན་དག་ལ་སྐུར་པ་བཏབ་པས་ཆད་པ་ཆེན་པོར་ལྷུང་བར་འགྱུར་རོ་ཞེ་ན། ཅི་དབུ་མ་པས་ཀུན་རྫོབ་ཏུ་རྒྱུ་འབྲས་སོགས་མེད་དོ་ཞེས་སྨྲས་སམ། གང་གིས་ན་སྐུར་པ་བཏབ་པར་འགྱུར།

ཅི་སྟེ་མེད་དོ་ཞེས་མ་སྨྲས་ཀྱང་ཡོད་པར་ཁས་མ་བླངས་པའི་ཕྱིར་རོ་ཞེ་ན། ཡོད་པར་ཁས་མ་བླངས་པས་ཆད་པར་འགྱུར་ན་ཡོད་པར་ཁས་བླངས་ན་རྟག་པར་ཅིའི་ཕྱིར་མི་འགྱུར། བདེན་པ་གཉིས་ཀར་དུ་ཡང་ཆོས་གང་ལ་ཡང་ཡོད་པར་སྒྲོ་མི་འདོགས་ཤིང་། མེད་པར་སྐུར་པ་མི་འདེབས་པའི་ཕྱིར་དབུ་མ་པ་ཞེས་བརྗོད་དེ། འོད་སྲུང་གིས་ཞུས་པ་ལས། འོད་སྲུང་ཡོད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ ། མེད་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །དེ་གཉིས་ཀྱི་དབུས་གང་ཡིན་པ་འདི་ནི་བརྟག་ཏུ་མེད་པ། ལྟར་མེད་པ། སྣང་དུ་མེད་པ་སྟེ། འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་དང་། ཏིང་ངེ་འཛིན་རྒྱལ་པོ་ལས། ཡོད་དང་མེད་པ་འདི་ཡང་མཐའ་ཡིན་ཏེ། །གཙང་དང མི་གཙང་འདི་ཡང་མཐའ་ཉིད་ཡིན། །དེའི་ཕྱིར་གཉིས་ཀའི་མཐའ་ནི་སྤངས་ནས་ནི། །མཁས་པས་དབུས་ལའང་གནས་པར་ཡོང་མི་བྱེད། །ཅེས་གསུངས་སོ། །ཆོས་གང་ལའང་ཡོད་པའམ་མེད་པར་མཐའ་གཅིག་ཏུ་སྨྲ་བ་ལ་ནི་དབུ་མ་པའི་དྲི་ཙམ་ཡང་བྲོ་རེ་སྐན། འོ་ན་དབུ་མ་པས་ཀུན་རྫོབ་ཀྱི་བདེན་པ་ཡང་ཁས་མི་ལེན་ནམ། དེ་ལྟ་ན་བདེན་པ་གཉིས་ལས་ཉམས་པའི་ཕྱིར་དབུ་མ་པར་ཡང་ཇི་ལྟར་འགྱུར་ཞེ་ན། དབུ་མ་པ་ནི། འཇིག་རྟེན་གཞུག་པའི་དོན་དུ་འཇིག་རྟེན་གྱི་ངོར་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ལྟར་ཀུན་རྫོབ་ཁས་ལེན་གྱི། རང་ལུགས་ལ་མ་ཡིན་ཏེ། ཇི་སྐད་དུ། འཇུག་པ་ལས། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པས་སོ། །ཀུན་རྫོབ་དེ་ཡང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཚུལ་དུ་ཁས་ལེན་པར་བྱེད་ཀྱི། རྟག་པའམ་ཆད་པའི་ཚུལ་དུ་མ་ཡིན་ཏེ། རྟེན་ཅིང་འབྲེལ་འབྱུང་ནི་རྟག་ཆད་སྤངས་པ་དབུ་མའི་ལམ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བརྗོད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་འཆད་པར་འགྱུར་རོ། །དེའི་ཕྱིར་དབུ་མ་པ་ལ་རང་ལུགས་ཀྱི་ཕྱོགས་གང་ཡང་མེད་དོ་ཞེས་བྱ་བ་འདི་གནས་པ་ཡིན་ཏེ། ཇི་སྐད་དུ། བརྒྱ་པ་ལས། ཡོད་དང་མེད་དང་ཡོད་མེད་ཅེས། །གང་ལ་ཕྱོགས་ནི་ཡོད་མིན་པ། །དེ་ལ་ཡུན་ནི་རིང་པོས་ཀྱང་། །ཀླན་ཀ་བརྗོད་པར་ནུས་མ་ཡིན། །ཞེས་གསུངས་ཤིང་། སློབ་དཔོན་གྱིས་ཀྱང་བརྩོད་བཟློག་ལས། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གསུངས་ཤིང་།

ཅིའི་ཕྱིར་དམ་བཅའ་མེད་ཅེ་ན། གལ་ཏེ་མངོན་སུམ་ལ་སོགས་པས། །དོན་གྱི་འགའ་ཞིག་དམིགས་ན་ནི། །སྒྲུབ་པའམ་བཟློག་པར་བྱ་ན་དེ། །མེད་ཕྱིར་ང་ལ་ཀླན་ཀ་མེད། །ཅེས་གསུངས་ཏེ། དོན་ནི་ཚད་མས་གྲུབ་པའི་ཆོས་ཅན་འགའ་ཞིག་ཡོད་ན། དེའི་སྟེང་དུ་སྒྲུབ་ཆོས་འགའ་ཞིག་སྒྲུབ་པའམ་དགག་ཆོས་འགའ་ཞིག་བཀག་པ་ལས་དམ་བཅའ་འབྱུང་བ་ཡིན་ན། ཚད་མས་གྲུབ་པའི་ཆོས་ཅན་འགའ་ཡང་མེད་ན། གཞི་གང་ལ་ཁྱད་པར་གྱི་ཆོས་འགའ་ཞིག་དམ་བཅའ་བར་བྱེད་ཅེས་པ་ཡིན་ནོ། །ཅི་སྟེ་སྐྱེ་མེད་དང་སྟོང་ཉིད་ལ་སོགས་པ་དབུ་མ་པ་རང་ལུགས་ལ་ཁས་ལེན་པ་རིགས་པ་མ་ཡིན་ནམ་ཞེ་ན། དེ་དག་ཀྱང་གཞན་སྐྱེ་བ་བདེན་པ་བ་དག་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་དག་དགག་པའི་ཕྱིར་གཞན་ངོར་ཁས་བླངས་པ་ཡིན་གྱི་རང་ལུགས་མ་ཡིན་ཏེ། དགག་བྱ་སྐྱེ་བ་བདེན་པ་བ་སོགས་མེད་ན་དེ་བཀག་པའི་དགག་པ་ཇི་ལྟར་ཁས་ལེན། རི་བོང་གི་རྭ་བཅད་དུ་མེད་པ་བཞིན་ནོ། །དེའི་ཕྱིར་སློབ་དཔོན་གྱིས། དགག་བྱ་ཅི་ཡང་མེད་པས་ན། །ང་ནི་ཅི་ཡང་མི་འགོག་གོ །ཞེས་གསུངས་སོ། །དེ་ལྟར་ན་རང་ལུགས་སྒྲུབ་པ་ལ་ཡང་རང་རྒྱུད་ཀྱི་སྦྱོར་བ་དོན་མེད་དོ། །དབུ་མ་པ་ལ་རང་རྒྱུད་ཀྱི་རྗེས་དུ་དཔག་པ་དོན་མེད་པར་མ་ཟད་ཉེས་པ་དང་བཅས་པ་ཡང་ཡིན་ཏེ། རང་རྒྱུད་ཀྱི་རྗེས་སུ་དཔག་པ་ཁས་ལེན་པས་ནི་ཕྱོགས་དང་རྟགས་དང་དཔེ་ཐམས་ཅད་རང་གི་ཚད་མས་གྲུབ་པ་ཞིག་ཁོ་ན་དགོས་ན། གོང་དུ་ཇི་སྐད་བཤད་པའི་ཚུལ་གྱིས་རང་ལུགས་ཀྱི་ཚད་མས་གྲུབ་པའི་ཆོས་ཅན་འགའ་ཡང་མེད་པས་རང་ལ་དམ་བཅའ་བསལ་བ་དང་གཏན་ཚིགས་མ་གྲུབ་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །

གལ་ཏེ་དབུ་མ་པས་ཀྱང་གཟུགས་སོགས་ཀུན་རྫོབ་ཏུ་ཁས་ལེན་པས་དེ་ཉིད་ཆོས་ཅན་དུ་རིགས་སོ་ཞེ་ན། སྐྱེ་མེད་དང་སྟོང་ཉིད་སོགས་བསྒྲུབ་བྱའི་ཆོས་སུ་བྱེད་པ་ན་དེ་ཁོ་ན་ཉིད་སེམས་པའི་སྐབས་ཡིན་ལ། གཟུགས་སོགས་ཀུན་རྫོབ་རྣམས་ནི་ཐ་སྙད་ཀྱི་རྗེས་སུ་འབྲང་བའི་འཇིག་རྟེན་པའི་བློ་ཕྱིན་ཅི་ལོག་གིས་ཡོད་པར་རྣམ་པར་བཞག་པ་ཙམ་དུ་ཟད་པས་དེ་ཁོ་ན་ཉིད་སེམས་པ་ཕྱིན་ཅི་མ་ལོག་པའི་གནས་སྐབས་ན་ཡོད་པར་མི་རིགས་ཏེ། དཔེར་ན་རབ་རིབ་ཅན་ལ་སྣང་བའི་སྐྲ་ཤད་དང་ཟླ་གཉིས་ལ་སོགས་པ་རབ་རིབ་མེད་པ་ལ་མི་སྣང་བ་བཞིན་ནོ། །ཅི་སྟེ་བདེན་གཉིས་སུ། རྒོལ་བ་གཉིས་ཀའི་ཤེས་པ་ལ། །ཇི་ཙམ་སྣང་བའི་ཆ་ཡོད་པ། །དེ་ཙམ་དེ་ལ་བརྟེན་ནས་ནི། །ཆོས་ཅན་ཆོས་ལ་སོགས་པར་རྟོག །དེ་ཚེ་རྗེས་སུ་དཔག་པ་འབྱུང་། །ཞེས་པ་ལྟར་རྒོལ་ཕྱི་རྒོལ་གཉིས་ཀའི་ཤེས་པ་ལ་མཐུན་སྣང་དུ་སྣང་བ་བརྟགས་པས་དབེན་པའི་གཟུགས་ལ་སོགས་པ་ཉིད་ཆོས་ཅན་དུ་འཇོག་གོ་ཞེ་ན། དེ་ཡང་མི་རིགས་ཏེ། དབུ་མ་པ་ནི་རྟོག་མེད་ཀྱི་ཤེས་པ་ལ་སྣང་བའི་གཟུགས་ལ་སོགས་པ་ཡང་ཤེས་པ་འཁྲུལ་པའི་སྣང་བ་ཙམ་ཡིན་པས། རབ་རིབ་ཅན་གྱི་སྐྲ་ཤད་ལ་སོགས་པ་ལྟར་ཡོད་མེད་སོགས་མཐའ་གང་དུ་ཡང་ཁས་མི་ལེན་པས་རང་རྒྱུད་ཀྱི་དམ་བཅའི་ཆོས་ཅན་དུ་མི་རིགས་སོ། །སློབ་དཔོན་ཀ་མ་ལ་ཤཱི་ལས། དངོས་ཆོས་རྟགས་སུ་བཀོད་པ་ལ་ཆོས་ཅན་གཞི་མ་གྲུབ་པ་རྟགས་ཀྱི་སྐྱོན་ཡིན་གྱི། གཅིག་དང་དུ་བྲལ་སོགས་རྟགས་དགག་པ་བཀོད་པ་ལ་ནི་ཆོས་ཅན་གཞི་མ་གྲུབ་པ་སྐྱོན་མ་ཡིན་ཏེ། རྟགས་རྣམ་བཅད་ཙམ་ཆོས་ཅན་གཞི་མ་གྲུབ་པ་ལ་ཡང་སྒྲུབ་ནུས་པའི་ཕྱིར་རོ་ཞེས་བཞེད་མོད། རང་རྒྱུད་པ་སྟོང་ཉིད་སོགས་དགག་པ་ཚད་མས་གྲུབ་པར་འདོད་པ་ལ་འདི་རིགས་ཀྱང་། ཐལ་འགྱུར་བ་དགག་སྒྲུབ་གང་ཡང་ཚད་མས་གྲུབ་པར་མི་འདོད་པ་ལ་གཅིག་དང་དུ་བྲལ་གྱི་རྟགས་ཉིད་ཚད་མ་གང་གི་ཀྱང་མ་གྲུབ་པའི་ཕྱིར། དེ་ཇི་ལྟར་ན་སྟོང་ཉིད་སྒྲུབ་པའི་རང་རྒྱུད་ཀྱི་རྟགས་སུ་རུང་། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་རང་རྒྱུད་ཀྱི་རྗེས་སུ་དཔག་པ་མི་རིགས་སོ། །

འོ་ན་དབུ་མ་པས་སྐྱེ་མེད་དང་སྟོང་ཉིད་སོགས་ཚད་མ་གང་གིས་ཀྱང་མ་གྲུབ་ན་གཞན་ལ་ཇི་ལྟར་སྟོན་ཞེ་ན། དབུ་མ་པ་ནི་སྲིད་པའི་སྡུག་བསྔལ་གྱི་རྩ་བ་དེ་ཡང་གང་ལ་ཟེར་ན། དམིགས་ཡུལ་ཉེར་ལེན་ཕུང་པོ་ལྔ་རང་གི་ངང་གིས་འཇིགས་ཤིང་ཆེད་དུ་མ་དམིགས་པའི་རང་བཞིན་ལ་འཇིགས་ཚོགས་ཞེས་བྱ་ལ། དེ་ལྟ་བུའི་འཇིགས་ཤིང་ཚོགས་པའི་ངང་ཅན་གྱི་ཡུལ་ལ་འཇིགས་ཚོགས་མིན་པའི་རྣམ་པར་ལྟ་བས་དེའི་ཕྱིར་འཇིགས་ཚོགས་ལ་ལྟ་བ་ཞེས་བྱ་ལ། འཇིག་ལྟ་དེ་ཡང་། ཀུན་བཏགས་པ་དང་། ལྷན་སྐྱེས་ཀྱི་མ་རིག་པ་གཉིས་ཡིན་ནོ། །དང་པོ་ནི། བཤེས་གཉེན་ངན་པས་བསྟན་པའི་གྲུབ་མཐའ་ལ་ཐོས་བསམ་བྱས་པའི་སྟོབས་ཀྱིས་ཕུང་པོ་དང་གཅིག་གམ་ཐ་དད་པའི་བདག་ཡོད་པར་བཟུང་ནས། དེ་ཡང་རྟག་པའམ་ཆད་པའམ་ཡོན་ཏན་ཅན་ནམ། ཡོན་ཏན་མེད་པ་ལ་སོགས་པའི་ངོར་སྒྲོ་འདོགས་པའོ། །གཉིས་པ་ནི་ཐོག་མ་མེད་པ་ནས་གོམས་པའི་སྟོབས་ཀྱིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དག་ལ་ཡང་བདག་བདེ་བར་གྱུར་ཅིག་སྡུག་བསྔལ་བར་མ་གྱུར་ཅིག་སྙམ་པའི་བློ་རང་གི་ངང་གིས་རྗེས་སུ་འབྲེལ་བར་འབྱུང་བ་གང་ཡིན་པའོ། །རྣམ་འགྲེལ་ལས། བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་གསུངས་སོ། །དང་པོ་ནི། རྐྱེན་སྟོབས་ཀྱིས་ལྷན་ཅིག་ལ་འགྱུར་དུ་འབྱུང་བས། དེའི་ཕྱིར་ཀུན་བཏགས་པ་ཞེས་བྱའོ། །གཉིས་པ་ནི། ཐོག་མ་མེད་པ་ནས་གོམས་སྟོབས་ཀྱིས་སེམས་ཅན་ཀུན་ལ་རྗེས་སུ་ཞུགས་པས་དེའི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་བྱ་ལ། ཀུན་བཏགས་དང་ལྷན་སྐྱེས་ཀྱི་མཐར་འཛིན་གྱི་རྣམ་པར་རྟོག་པ་ཙམ་ཁོ་ན་འགོག་པར་བྱེད་ཀྱི། གཞན་ལ་ཚད་མས་གྲུབ་པའི་དེ་ཁོ་ན་ཉིད་ཅུང་ཟད་ཀྱང་མི་སྟོན་ཏེ། དེ་ཁོ་ན་ཉིད་ནི་ཚིག་གི་ཡུལ་ལས་འདས་པས་སྤྱིའི་ཚུལ་གྱིས་ཀྱང་བསྟན་པར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ། བདེན་གཉིས་ལས། འཇམ་དཔལ་གྱིས་ནི་ཡང་དག་དྲིས། །རྒྱལ་བའི་སྲས་པོ་ཅང་མི་གསུང་། །མི་གསུང་བས་ན་རྒྱ་ཆེར་བཀྲལ། །ཞེས་པ་ལྟར་རོ། །འོ་ན། གཞན་ལས་ཤེས་མིན་ཞི་བ་དང་། །ཞེས་སོགས་ཀྱིས་དེ་ཁོ་ནའི་མཚན་ཉིད་བསྟན་པ་མ་ཡིན་ནམ་ཞེ་ན། དེས་ཀྱང་དེ་ཁོ་ན་ལ་གཞན་དུ་སྒྲོ་འདོགས་པ་བསལ་བའི་ཕྱིར་བསྟན་པར་ཟད་ཀྱི། དེའི་ངོ་བོ་ནི་ཇི་ལྟར་ཡང་བསྟན་མི་ནུས་སོ། །ཚད་མས་མ་གྲུབ་པའི་དོན་བསྒོམ་པས་ཡང་དག་པའི་ཡེ་ཤེས་སྐྱེ་བ་མི་འཐད་པའི་ཕྱིར་དབུ་མ་པ་ལ་ཡང་དག་པའི་ཡེ་ཤེས་ཇི་ལྟར་འབྱུང་ཞེ་ན། རིགས་པའི་ཚོགས་དག་གིས་མཐར་འཛིན་མ་ལུས་པ་བསལ་བ་ན། རྣམ་པར་དཔྱོད་པ་པོའི་བློའི་ངོར་ཡོད་མེད་སོགས་ཀྱི་མཐའ་གང་དུ་ཡང་གཟུང་དུ་མེད་ཅིང་། མ་རིག་པའི་དབང་གིས་བྱུང་བའི་འཁྲུལ་པའི་སྣང་བ་སྒྱུ་མ་ཙམ་ཞིག་ལུས་པར་འགྱུར་རོ། །སྒྲོ་བསྐུར་མཐའ་དག་གིས་དབེན་པའི་ཡུལ་སེམས་ཀྱི་སྣང་བ་སྒྱུ་མ་ལྟ་བུ་དེ་ཉིད་ཀྱི་རང་བཞིན་ངེས་པའི་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་རྣལ་འབྱོར་པས་སེམས་རྩེ་གཅིག་ཏུ་ཞི་གནས་དང་ལྷན་ཅིག་པའི་དྲན་པས་མ་བརྗེད་པར་ཡང་དང་ཡང་དུ་གོམས་པར་བྱ་བ་ལས་བསྒོམ་པ་ཡོངས་སུ་རྫོགས་པ་ན། སྣང་བ་སྒྱུ་མ་ལྟ་བུ་དེ་ཉིད་དང་ཡུལ་ཅན་སོ་སོར་རྟོག་པའི་ཤེས་རབ་དྲན་པ་དང་བཅས་པ་ནམ་མཁའ་ལ་འཇའ་ཡལ་བ་ལྟར་རང་གི་ངང་གིས་དེངས་ཤིང་ནུབ་པས་ཤེས་བྱ་ཤེས་བྱེད་ཀྱི་མཚན་མ་ཅི་ཡང་མི་མཐོང་བ་དེའི་ཚེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ནམ་མཁའི་དཀྱིལ་ལྟ་བུ་མངོན་སུམ་དུ་གྱུར་པ་ཡིན་པས། དེ་ལ་ཡང་དག་པའི་ཡེ་ཤེས་ཞེས་ཐ་སྙད་བཏགས་མོད། ཡང་དག་པར་དེ་ཉིད་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའི་དེ་ཁོ་ན་ཉིད་ཡིན་ནོ། །

དེ་སྐད་དུ་ཡང་། འོད་སྲུང་གིས་ཞུས་པ་ལས། འོད་སྲུང་། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ་ལས་མེ་འབྱུང་ངོ་། །མེ་དེ་ཉིད་ཀྱིས་ཤིང་དེ་སྲེག་པར་བྱེད་དོ། །དེ་བཞིན་དུ་ཆོས་རྣམས་ལ་སོ་སོར་རྟོག་པ་ཡོད་ན་འཕགས་པའི་ཤེས་རབ་ཀྱི་དབང་པོ་སྐྱེའོ། །ཤེས་རབ་དེ་ཉིད་ཀྱིས་སོ་སོར་རྟོག་པ་སྲེག་པར་བྱེད་དོ་ཞེས་གསུངས་ཤིང་། འཇུག་པར་ཡང་། གང་ཚེ་སྐྱེ་མེད་དེ་ཉིད་ཡིན་ཞིང་བློ་ཡང་སྐྱེ་བ་དང་བྲལ་བ། །དེ་ཚེ་དེ་རྣམས་བརྟེན་ནས་དེ་ཡིས་དེ་ཡོངས་ཤེས་པར་བརྗོད་བྱ་སྟེ། །ཞེས་དང་། དབུ་མ་སྙིང་པོར་ཡང་། ཆོས་ཞེས་བྱ་བ་ནི་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བ་དང་། བརྗོད་པར་བྱ་བ་མ་ཡིན་པ་དང་། འདུས་མ་བྱས་པ་ཞེས་བྱ་བ་རྣམ་པ་ལྔ་པོ་བསྟན་པ་དེ་དག་རྣམ་པ་ཐམས་ཅད་དུ་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་ཡུལ་གང་ལ་རྣམ་པར་མི་རྟོག་པའི་བློ་དམིགས་པ་མེད་པ་ཡང་སྐྱེ་བར་མི་འགྱུར་བའི་དོན་དམ་པ་དེ་ཉིད་གཞན་གྱི་དྲིང་མི་འཇོག་པ་རྣམ་པར་མི་རྟོག་པ་ཞི་བ་མཚན་ཉིད་མེད་པ་ཐ་དད་པ་ཉིད་མ་ཡིན་པ་སྐྱེ་འགག་མེད་པ། དངོས་པོ་མེད་པ་མངོན་པར་འདུ་བྱ་བ་མེད་པ་བརྗོད་དུ་མེད་པ། མཉམ་པ་མེད་པ་ཉིད་ཡིན་པར་དེ་མཁྱེན་པས་ཐམས་ཅད་མཁྱེན་པ་གསུངས་སོ། །རྣམས་ངོ་བོ་མ་གྲུབ་ཕྱིར། །གང་ལ་རྣམ་པར་མི་རྟོག་པའི། །བློ་ཡང་སྐྱེ་བར་མི་འགྱུར་བ། །དེ་ཉིད་མཉམ་མེད་དེ་མཁྱེན་གསུང་། །ཞེས་དང་། བདེན་གཉིས་ལས་ཀྱང་། གང་ཚེ་གཟུགས་སོགས་རྣམ་པ་ལྔ་ལ་འཇུག་པའི་རྣམ་པར་ཤེས་པ་ལྔ་དང་ཤེས་བྱ་སྟེ་འཇུག་ཡུལ་ལྔ་དང་། །བདག་ཉིད་རྗེས་སུ་མི་མཐོང་བ། །དེ་ཚེ་མཚན་མ་མི་འབྱུང་ཕྱིར། །གནས་པ་བསྟན་ཕྱིར་མི་བཞེངས་སོ། །ཞེས་དང་། སྤྱོད་འཇུག་ལས་ཀྱང་། གང་ཚེ་ཤེས་དང་ཤེས་བྱ་དག །བློ་ཡི་མདུན་ན་མི་གནས་པ། །དེ་ཚེ་རྣམ་པ་གཉིས་ཡིན་དང་གཉིས་མིན་གྱི་ཕུང་པོ་གསུམ་པ་གཞན་མེད་པས། །དམིགས་པར་བྱེད་པའི་ཐོ་མེད་པར་རབ་ཏུ་ཞི་བར་འགྱུར་རོ། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཁོ་བོས་ཇི་སྐད་བཤད་པའི་དེ་ཁོ་ན་ཉིད་རྟོགས་པའི་ཚུལ་འདི་ནི། བདེ་བར་གཤེགས་པའི་དགོངས་པ་ལ་འཁྲུལ་པ་མི་མངའ་བའི་འཕགས་པ་ཡབ་སྲས་ཀྱི་མན་ངག་ཕྱིན་ཅི་མ་ལོག་པ་མངའ་བའི་དབུ་མ་པའི་སློབ་དཔོན་ཤིང་རྟ་ཆེན་པོ་དག་མཐུན་པར་བཞེད་པས། བདག་ལེགས་སུ་འདོད་པ་དག་གིས་མོས་པ་མེད་ཀྱང་སྐུར་པ་མ་བཏབ་ན་ལེགས་སོ། །ཇི་སྐད་བཤད་པའི་སྣང་བ་སྒྱུ་མ་ལྟ་བུའི་ཡུལ་ཅན་གྱི་སོ་སོར་རྟོག་པའི་ཤེས་རབ་དེ་ཉིད་ཀྱང་ཡང་དག་པར་མི་སླུ་བའི་ཚད་མ་མ་ཡིན་ཏེ། ཀུན་རྫོབ་ཀྱི་ཡུལ་ཅན་ཡིན་པའི་ཕྱིར། སྨིག་རྒྱུ་ལ་ཆུར་འཛིན་བཞིན། ཡང་དག་པ་མ་ཡིན་ཡང་མཐར་འཛིན་གྱི་ལྟ་བའི་གཉེན་པོ་བྱེད་པ་མི་འགལ་ཏེ། རྣམ་པ་འགལ་བའི་ཕྱིར། དཔེར་ན་འགའ་ཞིག་ཐག་པ་ལ་སྦྲུལ་དུ་འཁྲུལ་ཏེ། སྐྲག་པ་སྐྱེས་པ་ན། འདི་ནི་སྦྲུལ་མ་ཡིན་གྱི། འཁྲི་ཤིང་བསྡོགས་པའོ་ཞེས་ཡང་དག་པ་མ་ཡིན་པ་བསྟན་པ་ན་སྦྲུལ་དུ་འཁྲུག་པ་ལོག་པ་བཞིན་ནོ། །

ཚད་མིན་དུ་མཚུངས་པ་ལ་སྤང་གཉེན་དུ་མི་རུང་ངོ་ཞེ་ན། དོན་འདི་ཉིད། དེ་བཞིན་གཤེགས་པའི་མཛོད་ཀྱི་མདོ་ལས། སྐྱེས་བུ་འགའ་ཞིག་མི་བདེན་པའི་དུག་གིས་གདུངས་པ་བསལ་བའི་དཔེ་སྔོན་དུ་བཏང་ནས། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འོད་སྲུང་། དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཉོན་མོངས་པས་ཉོན་མོངས་པར་གྱུར་པ་རྣམས་ལ་ཡང་དག་པ་མ་ཡིན་པའི་ཚུལ་གྱིས་ཆོས་སྟོན་པར་མཛད་དོ། །གསོལ་བ། བཅོམ་ལྡན་འདས་ནི་བདེན་པ་གསུང་བ་མ་ལགས་སམ། དེ་བཞིན་གཤེགས་པ་ཇི་ལྟར་བདེན་པ་མ་ལགས་པ་གསུང་བར་མཛད། བཅོམ་ལྡན་འདས་ཀྱིས་བཀའ་བསྩལ་པ། འོད་སྲུང་དེ་ཇི་སྙམ་དུ་སེམས་ཁྱོད་བདེན་པས་རྣམ་པར་གྲོལ་ལམ། བདེན་པ་མ་ཡིན་པས་ཡིན། གསོལ་བ་བདག་ནི་བདེན་པ་མ་ལགས་པས་གྲོལ་གྱི་བདེན་པས་ནི་མ་ལགས་སོ། །དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་མི་བདེན་པ་ཞེས་བྱ་བ་ནི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་གོ །བཅོམ་ལྡན་འདས་གལ་ཏེ་འདོད་ཆགས་བདེན་པ་ཞིག་ཏུ་གྱུར་ན་ནི། མི་སྡུག་པས་ཀྱང་འདོད་ཆགས་དང་བྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཞེ་སྡང་ཡང་དག་པ་ཞིག་ཏུ་གྱུར་ན་ནི། བྱམས་པས་ཀྱང་ཞེ་སྡང་འབྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་གཏི་མུག་ཡང་དག་པ་ཞིག་ཏུ་གྱུར་ན་ནི། རྟེན་ཅིང་འབྲེལ་བར་འབྱུང་བས་ཀྱང་གཏི་མུག་དང་འབྲལ་བར་མི་འགྱུར་རོ། །བཅོམ་ལྡན་འདས་གང་གི་སླད་དུ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ཡང་དག་པ་མ་ལགས་པ་དེའི་སླད་དུ་མི་སྡུག་པ་དང་བྱམས་པ་དང་རྟེན་འབྲེལ་བསྒོམས་པས་འབྲལ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་ཉོན་མོངས་པ་ཐམས་ཅད་ཀྱང་ཡང་དག་པ་མ་ལགས་སོ། །ཡོངས་སུ་ཤེས་པས་ཡོངས་སུ་སྤོང་བར་འགྱུར་རོ། །བཅོམ་ལྡན་འདས། དེ་ལ་ཉོན་མོངས་པ་གང་ཞིག་གང་གིས་ཡང་དག་པར་སྤོང་བར་འགྱུར་བ་དེ་གཉིས་ཀ་ཡང་། ཡང་དག་པ་མ་ལགས་པ་བདེན་པ་མ་ལགས་པའི་སླད་དུ། ཡང་དག་པ་མ་ལགས་པའི་ཉོན་མོངས་པ་ཡང་དག་པ་མ་ལགས་པའི་ཤེས་པས་ཡོངས་སུ་ཤེས་པས་འབྲལ་བར་འགྱུར་རོ་ཞེས་སོགས་གསུངས་པ་བཞིན་སྤང་བྱ་མི་བདེན་པ་དེ་ཉིད་གཉེན་པོ་མི་བདེན་པས་སྤོང་བར་ནུས་སོ། །དྲུངས་འབྱིན་པའི་གཉེན་པོ་ནི་འཕགས་པའི་ཡེ་ཤེས་ཡིན་ལ། འདི་ནི་མངོན་འགྱུར་མགོ་གནོན་པ་ཙམ་ཡིན་ཞིང་། དེ་ལ་ནི་རྣམ་པ་འགལ་བ་ཙམ་གྱིས་ཆོག་པས་དཔེ་དང་བཅས་ཏེ་བསྟན་ཟིན་ཏོ། །ཞར་ལ་འོངས་པས་ཆོག་གོ །

གཉིས་པ་སྐྱེ་མེད་ཀྱི་མི་མཐུན་ཕྱོགས་རྒྱས་པར་དགག་པ་ལ་རབ་བྱེད་ཉི་ཤུ་རྩ་གསུམ་གྱི། དང་པོ་རྐྱེན་བརྟག་པ་ལ། རྐྱེན་དོན་གཞན་ལས་སྐྱེ་བ་དགག་པ་དང་། འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་པ་དགག་པ་གཉིས་ཀྱི། དང་པོ་ལ་ཕྱོགས་སྔ་མ་བརྗོད། དེ་དགག་པ་གཉིས་ཀྱི། དང་པོ་ནི། རང་གི་སྡེ་པ་དག་ན་རེ། བདག་དང་། གཉིས་ཀ་དང་། རྒྱུ་མེད་པ་ལས་མི་སྐྱེའོ་ཞེས་སྨྲས་པ་དེ་ནི་རིགས་ན། གཞན་ལས་ཀྱང་མིན་ཞེས་སྨྲ་བ་དེ་ནི་མི་རིགས་ཏེ། བཅོམ་ལྡན་འདས་ཀྱིས་མདོ་སྡེ་དང་མངོན་པ་དག་ལས་གཞན་དུ་གྱུར་པའི་རྐྱེན་དག་ཁོ་ན་དངོས་པོ་རྣམས་ཀྱི་སྐྱེད་བྱེད་དུ་བསྟན་པའི་ཕྱིར་ཏེ། འདི་ལྟར། རྐྱེན་རྣམས་བཞི་སྟེ་རྒྱུ་དང་ནི། །དམིགས་པ་དང་ནི་དེ་མ་ཐག །བདག་པོ་ཡང་ནི་དེ་བཞིན་ཏེ། །རྐྱེན་ལྔ་པ་ནི་ཡོད་མ་ཡིན། །རྒྱུ་དང་། དམིགས་པ་དང་། དེ་མ་ཐག་པའི་རྐྱེན་དང་། བདག་པོ་ཡང་ནི་རྒྱུ་ལ་སོགས་པ་དེ་བཞིན་དུ་རྐྱེན་ཡིན་ཏེ། དེ་ལྟར་ན་དངོས་པོ་རྣམས་སྐྱེད་པར་བྱེད་པའི་རྐྱེན་རྣམས་ནི་བཞི་པོ་འདི་དག་ཡིན་ནོ། །སྡེ་པ་ཁ་ཅིག་འདོད་པའི་རྐྱེན་སྔར་ཡོད་པ་དང་ཕྱིས་འབྱུང་བ་རྣམས་ཀྱང་འདི་རྣམས་སུ་འདུས་ཤིང་། གཞན་དག་དངོས་པོ་རྣམས་ཀྱི་རྐྱེན་དུ་འདོད་པའི་དབང་ཕྱུག་ལ་སོགས་པ་ནི་རྐྱེན་མ་ཡིན་པས་རྐྱེན་ལྔ་པ་ནི་ཡོད་པ་མ་ཡིན། དེའི་ཕྱིར་གཞན་ལས་མི་སྐྱེ་བར་སྨྲ་བ་ལ་རང་གི་ཁས་བླངས་ཀྱིས་གནོད་དོ་ཞེས་ཟེར་རོ། །

གཉིས་པ་ལ། རྐྱེན་བཞི་སྤྱིར་དགག མཚན་ཉིད་སོ་སོར་དགག རྐྱེན་ལས་འབྲས་བུ་ཡོད་མེད་བརྟགས་ལ་དགག་པ་དང་གསུམ་གྱི། དང་པོ་ལ་ཡང་། རྐྱེན་ལས་སྐྱེ་བ་དགག བྱ་བ་ལས་སྐྱེ་བ་དགག སུན་འབྱིན་གྱི་ལམ་གཞན་བསྟན་པ་དང་གསུམ་གྱི། དང་པོ་ནི། ཆོས་མངོན་པ་ལས་རྐྱེན་བཞི་གསུངས་པ་ནི་འཇིག་རྟེན་ན་ཇི་ལྟར་གྲགས་པའི་ཐ་སྙད་ལ་ཡིན་གྱི་ཡང་དག་པ་མ་ཡིན་ལ། ཁྱོད་ཀྱིས་ནི་རྐྱེན་དང་རྐྱེན་ཅན་རྫས་གྲུབ་ཁོ་ནར་བརྟགས་པས། དེ་ནི་མི་རིགས་ཏེ། འཆད་པར་འགྱུར་བའི་རིགས་པས་གནོད་པའི་ཕྱིར་དང་། རིགས་པས་གནོད་པ་ཡང་བཅོམ་ལྡན་འདས་མི་གསུང་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་རྣམས་རྐྱེན་གཞན་ལས་སྐྱེ་བ་མ་ཡིན་ཏེ། འདི་ལྟར། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་ལ་ཡོད་མ་ཡིན། །བདག་གི་དངོས་པོ་ཡོད་མིན་ན། །གཞན་དངོས་ཡོད་པ་མ་ཡིན་ནོ། །མྱུ་གུ་ལ་སོགས་པ་འབྲས་བུའི་དངོས་པོ་གལ་ཏེ་མིག་ལ་སོགས་པའི་བདག་གི་དངོས་པོ་རྐྱེན་མེར་མེར་པོ་ལ་སོགས་པའི་གནས་སྐབས་ན་མེད་ན། རྐྱེན་རྣམས་ལས་གཞན་གྱི་དངོས་པོ་ཞེས་བྱ་བའི་ཐ་སྙད་ཡོད་པ་མ་ཡིན་ཏེ། འདི་ལྟར་འབྲས་བུ་མིག་ལ་སོགས་པའི་དངོས་པོ་ལ་ལྟོས་ནས་རྐྱེན་མེར་མེར་པོ་ལ་སོགས་པ་གཞན་གྱི་དངོས་པོ་ཞེས་བྱ་བར་གདགས་པ་ཡིན་ན། འབྲས་བུ་མིག་ལ་སོགས་པའི་བདག་གི་དངོས་པོ་ནི་རྐྱེན་མེར་མེར་པོ་ལ་སོགས་པའི་གནས་སྐབས་ན་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར། རྐྱེན་མེར་མེར་པོ་ལ་སོགས་གང་ལ་ལྟོས་ནས་མིག་སོགས་གཞན་གྱི་དངོས་པོར་འགྱུར་ཏེ་མི་འགྱུར་རོ། །དེའི་ཕྱིར་རྐྱེན་རྣམས་ལ་གཞན་གྱི་དངོས་པོ་མེད་ལ་གཞན་པས་སྐྱེ་བའང་མེད་དོ། །རྣམས་ཀྱི་རང་བཞིན་ནི་ས་བོན་ལ་སོགས་པ་རྐྱེན་རྣམས་ཀྱི་རང་གི་ངོ་བོ་རྣམ་པར་མ་འགྱུར་བའི་གནས་སྐབས་ན་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་དེ་དག་ལ་མི་ལྟོས་པས་མྱུ་གུ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ས་བོན་གྱི་གནས་སྐབས་ན་མྱུ་གུའི་བདག་གི་དངོས་པོ་ཡོད་པ་མིན་ན་ས་བོན་མྱུ་གུ་ལས་གཞན་པའི་དངོས་པོར་ཡོད་པ་མ་ཡིན་ཏེ། བྱམས་པ་དང་ཉེར་སྦས་ལྟ་བུ་དུས་མཉམ་པ་དག་ཁོ་ན་ཕན་ཚུན་ལྟོས་ནས་གཞན་དུ་འགྱུར་ན། ས་བོན་དང་མྱུ་གུ་ནི་དེ་ལྟར་དུས་མི་མཉམ་པའི་ཕྱིར་རོ། །དེའི་ཕྱིར་གཞན་དུ་བསྙད་དུ་མེད་པས་གཞན་ལས་སྐྱེའོ་ཞེས་བྱ་བ་མི་རིགས་སོ། །གཉིས་པ་ནི། གལ་ཏེ་མིག་དང་གཟུགས་ལ་སོགས་པའི་རྐྱེན་དག་དངོས་སུ་རྣམ་ཤེས་སྐྱེད་བྱེད་མ་ཡིན་གྱི་རྣམ་ཤེས་སྐྱེ་བའི་བྱ་བ་སྒྲུབ་པར་བྱེད་ལ། བྱ་བ་རྐྱེན་དང་ལྡན་པ་དེས་རྣམ་ཤེས་སྐྱེད་པར་བྱེད་དོ་ཞེ་ན། བྱ་བ་རྐྱེན་དང་ལྡན་པ་མེད། །གལ་ཏེ་བྱ་བ་ཡོད་ན་དེ་རྐྱེན་དང་ལྡན་པས་རྣམ་ཤེས་སྐྱེད་པར་བྱེད་ན་ཡང་བྱ་བ་མེད་དེ། རྣམ་ཤེས་སྐྱེས་པ་དང་། མ་སྐྱེས་པ་དང་། སྐྱེ་བཞིན་པ་གང་ལ་ཡང་བྱ་བ་མི་རིགས་པའི་ཕྱིར། འདི་ལྟར་སྐྱེས་པ་ལ་བྱ་བ་མེད་དེ། སྐྱེས་ཟིན་སླར་ཡང་སྐྱེ་བར་མི་རིགས་པའི་ཕྱིར་རོ། །མ་སྐྱེས་པ་ལ་ཡང་སྐྱེ་བའི་བྱ་བ་མེད་དེ། མ་སྐྱེས་པ་སྐྱེའོ་ཞེས་བརྗོད་པ་མི་རིགས་པའི་ཕྱིར་རོ། །སྐྱེ་བཞིན་པ་ལ་ཡང་མ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་བྱ་བ་རྐྱེན་དང་ལྡན་པ་མེད་པས་དེ་ལས་སྐྱེ་བ་མི་རིགས་སོ། །གལ་ཏེ་རྐྱེན་དང་མི་ལྡན་པའི་བྱ་བ་ལས་སྐྱེའོ་ཞེ་ན། འདི་མི་རིགས་ཏེ། རྐྱེན་དང་མི་ལྡན་བྱ་བ་མེད། །གང་ཚེ་བྱ་བ་རྐྱེན་ལྡན་མེད་པ་དེའི་ཚེ་རྐྱེན་དང་མི་ལྡན་པའི་བྱ་བ་མེད་དེ། བྱ་བ་ནི་རྐྱེན་ལ་ལྟོས་པས་རྒྱུ་མེད་པར་འགྱུར་བས་སོ། །གསུམ་པ་ནི། གལ་ཏེ་དེ་ལྟར་བྱ་བ་མེད་ན་རྐྱེན་རྣམས་ཉིད་དངོས་པོའི་སྐྱེད་བྱེད་དུ་འགྱུར་རོ་ཞེ་ན། བྱ་བ་མི་ལྡན་རྐྱེན་མ་ཡིན། །གང་གི་ཚེ་བྱ་བ་མེད་པ་དེའི་ཚེ་བྱ་བ་དང་མི་ལྡན་པ་རྐྱེན་ཉིད་ཀྱང་མ་ཡིན་ཏེ། འབྲས་བུ་སྐྱེ་བའི་བྱ་བ་དང་ལྡན་པ་ལ་རྐྱེན་ཞེས་ཐ་སྙད་འདོགས་པའི་ཕྱིར་རོ། །ཅི་སྟེ་རྐྱེན་བྱ་བ་དང་ལྡན་པ་ཁོ་ན་སྐྱེད་བྱེད་ཡིན་ནོ་ཞེ་ན། བྱ་བ་ལྡན་ཡོད་འོན་ཏེ་ན། །རྐང་པ་སྔ་མའི་མ་ཡིན་ནོ། །ཞེས་པ་འདིར་ཡང་སྦྱར་ཞིང་། འོན་ཏེ་ན་ཞེས་པ་ངེས་བཟུང་སྟེ། དོན་ནི། ཇི་སྐད་བཤད་པའི་ཚུལ་གྱིས་བྱ་བ་མེད་པ་དེའི་ཚེ་བྱ་བ་དང་ལྡན་པའི་རྐྱེན་ཡོད་པ་མ་ཡིན་པ་འོན་ཏེ་ན་དེ་ཁོ་ན་ཞེས་པའི་དོན་ནོ། །དེའི་ཕྱིར་རྐྱེན་བྱ་བ་དང་ལྡན་པ་སྐྱེ་བྱེད་མ་ཡིན་ནོ། །

གལ་ཏེ་རྐྱེན་བྱ་བ་དང་ལྡན་མི་ལྡན་གྱི་དཔྱད་པ་ཞིབ་མོ་འདི་ཅི་ཞིག་དགོས། མིག་ལ་སོགས་པའི་རྐྱེན་རྣམས་ལ་བརྟེན་ནས་རྣམ་ཤེས་ལ་སོགས་པ་སྐྱེ་བས་མིག་ལ་སོགས་པ་རྐྱེན་ཡིན་ཞིང་རྣམ་ཤེས་ལ་སོགས་པ་དེ་དག་ལས་སྐྱེའོ་ཞེ་ན། འདི་དག་ལ་བརྟེན་སྐྱེ་བས་ན། །དེའི་ཕྱིར་འདི་དག་རྐྱེན་ཞེས་གྲགས། །ཇི་སྲིད་མི་སྐྱེ་དེ་སྲིད་དུ། །འདི་དག་རྐྱེན་མིན་ཇི་ལྟར་མིན། །གལ་ཏེ་མིག་ལ་སོགས་པ་འདི་དག་ལ་བརྟེན་ནས་རྣམ་པར་ཤེས་པ་སྐྱེ་བས་ན་དེའི་ཕྱིར་མིག་ལ་སོགས་པ་འདི་དག་དེའི་རྐྱེན་ཞེས་གྲགས་ན། ཇི་སྲིད་འབྲས་བུ་རྣམ་ཤེས་མི་སྐྱེ་བ་དེ་སྲིད་དུ་མིག་ལ་སོགས་པ་འདི་དག་དེའི་རྐྱེན་མིན་པ་ཇི་ལྟར་མིན་ཏེ་རྐྱེན་མ་ཡིན་པར་འགྱུར་ཏེ། འབྲས་བུ་སྐྱེ་བ་ལ་ལྟོས་ནས་རྐྱེན་གྱི་ཐ་སྙད་འཇུག་པའི་ཕྱིར་རོ། །བྱེ་མ་ལས་ཏིལ་མར་བཞིན་དུ་རྐྱེན་མ་ཡིན་པ་ལས་ཀྱང་སྐྱེ་བར་མི་རིགས་སོ། །གཞན་ཡང་མིག་ལ་སོགས་པ་འདི་རྣམ་པར་ཤེས་པའི་རྐྱེན་དུ་རྟོག་ན་འདི་ཡོད་པའམ་མེད་པ་ཞིག་ལ་རྟོག་གྲང་། གཉིས་ཀ་ལྟར་ཡང་མི་རིགས་ཏེ། མེད་དམ་ཡོད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །མེད་ན་གང་གི་རྐྱེན་དུ་འགྱུར། །ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ། །རྣམ་ཤེས་སོགས་འབྲས་བུ་མེད་དམ་ཡོད་པའི་དོན་ལ་ཡང་མིག་ལ་སོགས་པ་དེ་སྐྱེད་པའི་རྐྱེན་དུ་རུང་བ་མ་ཡིན་ཏེ། འབྲས་བུ་མེད་ན་གང་གི་རྐྱེན་དུ་འགྱུར་ཏེ། མེད་པ་རྐྱེན་གྱིས་བསྐྱེད་མི་ནུས་པའི་ཕྱིར་རི་བོང་གི་རྭ་བཞིན། འབྲས་བུ་ཡོད་ན་རྐྱེན་གྱིས་ཅི་ཞིག་བྱ་སྟེ་སྐྱེ་བ་ཐོབ་ཟིན་པའི་ཕྱིར། སྐྱེས་ཟིན་པའི་མྱུ་གུ་བཞིན་ནོ། །

གཉིས་པ་མཚན་ཉིད་སོ་སོར་དགག་པ་ལ་བཞིའི། དང་པོ་རྒྱུ་རྐྱེན་གྱི་མཚན་ཉིད་དགག་པ་ནི། ཆོས་མངོན་པ་ལས་སྒྲུབ་པར་བྱེད་པ་ནི་རྒྱུའོ་ཞེས་གང་ཞིག་གང་གིས་སྐྱེད་པར་བྱེད་པ་ས་བོན་གྱི་ངོ་བོར་གནས་པ་དེ་ནི་རྒྱུ་རྐྱེན་གྱི་མཚན་ཉིད་དུ་བརྗོད་དེ། མཚན་ཉིད་ཡོད་པ་ལས་ནི་རྒྱུ་རྐྱེན་ཡང་ཡོད་དོ་ཞེ་ན། མཚན་ཉིད་དེ་ཡང་ཀུན་རྫོབ་པ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ་འདི་ལྟར། གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་ཡོད་མེད་མི་འགྲུབ་པ། །ཇི་ལྟར་སྒྲུབ་བྱེད་རྒྱུ་ཞེས་བྱ། །དེ་ལྟ་ཡིན་ན་མི་རིགས་སོ། །གལ་ཏེ་ཆོས་འགའ་ཞིག་རྒྱུ་ལས་འགྲུབ་ན། སྒྲུབ་པར་བྱེད་པ་རྒྱུ་རྐྱེན་དུ་རིགས་ན་ཡང་། འགྲུབ་པ་མ་ཡིན་ཏེ། གང་གི་ཚེ་ཆོས་ཡོད་པ་མི་འགྲུབ་སྟེ། གྲུབ་ཟིན་པའི་ཕྱིར། མེད་པ་མི་འགྲུབ་སྟེ། བསྒྲུབ་མི་ནུས་པའི་ཕྱིར། ཡོད་མེད་གཉིས་ཀ་ཡང་མི་འགྲུབ་སྟེ། ཕན་ཚུན་འགལ་བའི་ཕྱིར་དང་ཕྱོགས་གཉིས་ཀ་ལ་བརྗོད་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཆོས་འགའ་ཡང་མི་འགྲུབ་ན་ཇི་ལྟར་འབྲས་བུ་སྒྲུབ་པར་བྱེད་པ་རྒྱུའི་རྐྱེན་ནོ་ཞེས་བརྗོད་པར་བྱ། དེའི་ཕྱིར་མཚན་ཉིད་ཡོད་པས་རྒྱུ་རྐྱེན་ཡོད་དོ་ཞེས་སྨྲ་བ་དེ་ལྟ་ཡིན་ན་མི་རིགས་སོ། །

གཉིས་པ་དམིགས་རྐྱེན་དགག་པ་ནི། འདིར་དམིགས་པ་དང་བཅས་པའི་ཆོས་གང་དག་ཅེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་དོ། །ཞེས་པའི་ལུང་ལས་ན། རྒན་པོ་འཁར་བ་ལ་བརྟེན་ནས་ལྡང་བ་ལྟར་སེམས་སེམས་བྱུང་སྐྱེ་བཞིན་པ་རྣམས་གཟུགས་ལ་སོགས་པའི་དམིགས་པ་གང་ལ་བརྟེན་ནས་སྐྱེ་བ་རྣམས་དེའི་དམིགས་རྐྱེན་ནོ་ཞེ་ན། འདི་ཡང་ཡང་དག་པ་མ་ཡིན་ཏེ། ཡོད་པའི་ཆོས་འདི་དམིགས་པ་ནི། །མེད་པ་ཁོ་ན་ཉེ་བར་བསྟན། །ཅི་སྟེ་ཆོས་ནི་དམིགས་མེད་ན། །དམིགས་པ་ཡོད་པར་ག་ལ་འགྱུར། །དམིགས་རྐྱེན་འདི་ཡང་ཡོད་པའམ་མེད་པ་ཞིག་ལ་རྟོག་གྲང་ན། དམིགས་པའི་སྔར་ཡོད་པའི་སེམས་སེམས་བྱུང་ལ་དམིགས་རྐྱེན་རྟོག་པ་དོན་མེད་དེ། རང་གི་བདག་ཉིད་དམིགས་པ་མེད་བཞིན་དུ་དེའི་སྔར་གྲུབ་ཟིན་པའི་ཕྱིར་རོ། །དེའི་ཕྱིར་སྔར་ནས་ཡོད་པའི་སེམས་སེམས་བྱུང་གི་ཆོས་འདི་དམིགས་པ་མེད་པ་ཁོ་ན་ཁྱེད་ཀྱིས་རང་འདོད་ཀྱིས་དམིགས་པ་དང་བཅས་པ་ཡིན་ནོ་ཞེས་ཉེ་བར་བསྟན་པ་འབའ་ཞིག་ཏུ་ཟད་ཀྱི། འདི་ལ་དམིགས་པ་འབྲེལ་བ་ཅུང་ཟད་ཀྱང་མེད་དོ། །གལ་ཏེ་མེད་པ་ལ་དམིགས་པར་རྟོག་ན། ཅི་སྟེ་ཆོས་མེད་པ་ལ་ནི་དམིགས་པ་བྱེད་པ་མེད་ན་དེའི་དམིགས་པ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་དམིགས་རྐྱེན་གྱི་མཚན་ཉིད་ཀྱང་ཀུན་རྫོབ་པ་ཡིན་གྱི་ཡང་དག་པ་མིན་ནོ། །

གསུམ་པ་དེ་མ་ཐག་རྐྱེན་གྱི་མཚན་ཉིད་དགག་པ་ནི། ཡང་རྒྱུ་འགགས་མ་ཐག་པ་འབྲས་བུ་སྐྱེ་བའི་རྐྱེན་དུ་འགྱུར་བ་ནི། མཚུངས་པ་དེ་མ་ཐག་པའི་རྐྱེན་གྱི་མཚན་ཉིད་དུ་འདོད་པ་འདི་ཡང་མི་རིགས་ཏེ། ཆོས་རྣམས་སྐྱེས་པ་མ་ཡིན་ན། །འགག་པ་འཐད་པར་མི་འགྱུར་རོ། །དེའི་ཕྱིར་དེ་མ་ཐག་མི་རིགས། །འགགས་ན་རྐྱེན་ཡང་གང་ཞིག་ཡིན། །སྡེབ་སྦྱོར་གྱི་དབང་གིས་དེ་སྐད་གསུངས་པར་ཟད་ཀྱི། འཆད་པ་ནི། འགགས་ན་རྐྱེན་ཡང་གང་ཞིག་ཡིན། །དེ་ཕྱིར་དེ་མ་ཐག་མི་རིགས། །ཞེས་འདོན་པ་བསྒྱུར་ཏེ་བཤད་དོ། །དེ་ལ་མྱུ་གུ་ལ་སོགས་པ་འབྲས་བུའི་ཆོས་རྣམས་སྐྱེས་པ་མ་ཡིན་པ་དེའི་ཚེ་ན། རྒྱུ་ས་བོན་ལ་སོགས་པ་འགག་པ་འཐད་པར་མི་འགྱུར་ཏེ། རྒྱུ་འགག་པའི་རྐྱེན་ནི་འབྲས་བུ་སྐྱེས་པ་ཉིད་ཡིན་པའི་ཕྱིར་རོ། །ཅི་སྟེ་འབྲས་བུ་མ་སྐྱེས་པར་ས་བོན་འགགས་ནས་མེད་པར་འདོད་ན། མྱུ་གུ་སྐྱེ་བའི་རྐྱེན་ཡང་གང་ཞིག་ཡིན། ས་བོན་འགག་པའི་རྐྱེན་ཡང་གང་ཞིག་ཡིན་ཏེ། ས་བོན་མེད་པའི་མྱུ་གུ་སྐྱེ་བ་ཡང་མི་རིགས་ལ། མྱུ་གུ་མ་སྐྱེས་པའི་ས་བོན་འགག་པ་ཡང་མི་རིགས་པའི་ཕྱིར་རོ། །འབྲས་བུ་སྐྱེས་པ་ན་རྐྱེན་གྱིས་བྱ་བ་མེད་དེ། དེའི་ཕྱིར་རྒྱུ་འགགས་མ་ཐག་པ་འབྲས་བུ་སྐྱེ་བའི་རྐྱེན་ནོ་ཞེས་པ་དེ་མ་ཐག་རྐྱེན་གྱི་མཚན་ཉིད་དུ་མི་རིགས་སོ། །ཡང་ན་བདག་ལས་མ་ཡིན་ཞེས་སོགས་སུ་སྐྱེ་བ་བཀག་པས་ཆོས་རྣམས་སྐྱེས་པ་མ་ཡིན་ན་འགག་པ་འཐད་པར་མི་འགྱུར་ཏེ། འགགས་པ་ནི་སྐྱེ་བ་སྔོན་དུ་འགྲོ་བ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་འགགས་མ་ཐག་པ་འབྲས་བུ་སྐྱེ་བའི་དེ་མ་ཐག་པའི་རྐྱེན་དུ་མི་རིགས་སོ། །གཞན་ཡང་འགགས་ན་རྐྱེན་ཡང་གང་ཞིག་ཡིན་ཏེ། བྱ་རོག་ཤི་ཟིན་པས་སྐད་མི་འབྱིན་པ་བཞིན་ནོ། །ཡང་ན་བཤད་པ་སྔ་མ་ཉིད་སྦྱར་རོ། །

བཞི་པ་བདག་རྐྱེན་གྱི་མཚན་ཉིད་དགག་པ་ནི། འདིར་གང་ཞིག་ཡོད་པས་གང་འབྱུང་བ་དེ་ནི་དེའི་བདག་པོ་ཡིན་ནོ་ཞེས་བྱ་བ་འདི་ནི་བདག་རྐྱེན་གྱི་མཚན་ཉིད་དུ་འདོད་པ་ཡིན་ན། འདི་ཡང་ཀུན་རྫོབ་པ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། དངོས་པོ་རང་བཞིན་མེད་རྣམས་ཀྱི། །ཡོད་པ་གང་ཕྱིར་ཡོད་མིན་ན། །འདི་ཡོད་པས་ན་འདི་འབྱུང་ཞེས། །བྱ་བ་འདི་ནི་འཐད་མ་ཡིན། །དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་སྒྱུ་མ་བཞིན་དུ་རང་བཞིན་མེད་པ་ཡིན་ལ། རང་བཞིན་མེད་པ་རྣམས་ཀྱི་ཡོད་པ་ཡང་གང་གི་ཕྱིར་ཡང་དག་པར་ཡོད་པ་མ་ཡིན་པ་དེའི་ཕྱིར་ན་རྒྱུ་འདི་ཡོད་པས་འབྲས་བུ་འདི་འབྱུང་ཞེས་བྱ་བ་འདི་ནི་བདག་རྐྱེན་གྱི་མཚན་ཉིད་ཡང་དག་པ་ཉིད་དུ་འཐད་པ་མ་ཡིན་ནོ། །དེའི་ཕྱིར་མཚན་ཉིད་ལས་ཀྱང་རྐྱེན་བདེན་པ་བ་མི་འགྲུབ་བོ། །

གསུམ་པ་ནི། གལ་ཏེ་སྣལ་མ་སོགས་ལས་སྣམ་བུ་སོགས་སྐྱེ་བར་དམིགས་པས་དེ་དག་དེའི་རྐྱེན་ཡིན་ནོ་ཞེ་ན། སྣལ་མ་སོགས་ལས་སྣམ་བུ་སོགས་སྐྱེ་བར་དམིགས་པ་ནི་རྟོག་པས་བརྟགས་པའི་ཀུན་རྫོབ་པ་ཡིན་གྱི། ཡང་དག་པ་མ་ཡིན་ཏེ། རྐྱེན་རྣམས་སོ་སོ་འདུས་པ་ལ། །འབྲས་བུ་དེ་ནི་མེད་པ་ཉིད། །རྐྱེན་རྣམས་ལ་ནི་གང་མེད་པ། །དེ་ནི་རྐྱེན་ལས་ཇི་ལྟར་སྐྱེ། །སྣལ་མ་དང་ཐག་བཟང་ལ་སོགས་པའི་རྐྱེན་རྣམས་སོ་སོ་བ་དང་འདུས་པ་གང་ལ་ཡང་འབྲས་བུ་སྣམ་བུ་དེ་ནི་མེད་པ་ཉིད་དེ། མ་མཐོང་བའི་ཕྱིར་དང་། གལ་ཏེ་ཡོད་ན་རྐྱེན་དེ་རྣམས་ལས་སྣམ་བུ་སྒྲུབ་པའི་ཕྱིར་ཐ་ག་བས་འབད་པ་བྱས་པ་དོན་མེད་པའི་ཕྱིར་རོ། །སྣལ་མ་སོགས་ཀྱི་རྐྱེན་རྣམས་ལ་གང་མེད་པའི་སྣམ་བུ་དེ་ནི་རྐྱེན་དག་ལས་ཇི་ལྟར་སྐྱེ། ཅིའི་ཕྱིར་མི་སྐྱེ་ཞེ་ན། ཅི་སྟེ་འབྲས་བུ་དེ་མེད་ཀྱང་། །རྐྱེན་དེ་དག་ལས་སྐྱེ་འགྱུར་ན། །རྐྱེན་མིན་ལས་ཀྱང་འབྲས་བུ་ནི། །ཅི་ཡི་ཕྱིར་ན་སྐྱེ་མི་འགྱུར། །ཅི་སྟེ་འབྲས་བུ་སྣམ་བུ་དེ་མེད་ཀྱང་སྣལ་མ་ལ་སོགས་པའི་རྐྱེན་དེ་དག་ལས་དེ་སྐྱེ་བར་འགྱུར་ན། སྣམ་བུའི་རྐྱེན་མ་ཡིན་པ་འཇག་མ་ལ་སོགས་པ་ལས་ཀྱང་འབྲས་བུ་སྣམ་བུ་ཅིའི་ཕྱིར་ན་སྐྱེ་བ་མི་འགྱུར་ཏེ་གཉིས་ཀ་ལ་ཡང་སྣམ་བུ་མེད་པར་མཚུངས་པའི་ཕྱིར་རོ། །

གཉིས་པ་འབྲས་བུ་རྐྱེན་གྱི་རང་བཞིན་ཡིན་པར་དགག་པ་ནི། གལ་ཏེ་རྒྱུ་འབྲས་དོན་གཞན་ཡིན་ན། ཅི་རྐྱེན་དག་ལ་འབྲས་བུ་ཡོད་དམ་མེད་ཅེས་བསམ་པ་འཐད་པར་འགྱུར་ན། འབྲས་བུ་རྒྱུ་ལས་ཐ་དད་པ་མེད་ཀྱི་རང་བཞིན་ཁོ་ན་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། འབྲས་བུ་རྐྱེན་གྱི་རང་བཞིན་ན། །རྐྱེན་རྣམས་བདག་གི་རང་བཞིན་མིན། །བདག་དངོས་མིན་ལས་འབྲས་བུ་གང་། །དེ་ནི་ཇི་ལྟར་རྐྱེན་རང་བཞིན། །ཅི་སྟེ་འབྲས་བུ་སྣམ་བུ་ནི་རྐྱེན་སྣལ་མ་སོགས་ཀྱི་རང་བཞིན་ནམ་བདག་ཉིད་ཡིན་ནོ་ཞེས་འདོད་ན། སྣལ་མ་སོགས་ཀྱི་རྐྱེན་རྣམས་ལ་ནི་བདག་གི་རང་བཞིན་ཅུང་ཟད་ཀྱང་ཡོད་པ་མིན་ཏེ། དེ་དག་གི་རང་གི་ཆ་ཤས་རྣམ་པར་ཕྱེ་ན་རང་བཞིན་ཅི་ཡང་མི་དམིགས་པའི་ཕྱིར་རོ། །དེའི་ཕྱིར་བདག་དངོས་མིན་ལས་ཏེ། བདག་གི་རང་བཞིན་མ་གྲུབ་པའི་རྐྱེན་དག་ལས་འབྲས་བུ་སྣམ་བུ་གང་ཡིན་པ་དེ་ནི་ཇི་ལྟར་སྣལ་མ་ལ་སོགས་པའི་རྐྱེན་གྱི་རང་བཞིན་དུ་འགྱུར་ཏེ། རྐྱེན་ཉིད་ལ་རང་བཞིན་མེད་པའི་ཕྱིར། འབྲས་བུ་རྐྱེན་གྱི་རང་བཞིན་མ་ཡིན་ནོ་ཞེས་པའོ། །

འོན་ཏེ་འབྲས་བུ་རྐྱེན་མ་ཡིན་པའི་རང་བཞིན་དུ་འགྱུར་རོ་ཞེ་ན། རྐྱེན་མིན་རང་བཞིན་འབྲས་བུ་ནི། །ཡོད་མིན། གང་གི་ཚེ་སྣམ་བུ་སྣལ་མའི་རང་བཞིན་མ་ཡིན་པ་དེའི་ཚེ་རང་གི་རྐྱེན་མིན་པ་འཇག་མ་སོགས་ཀྱི་རང་བཞིན་གྱི་འབྲས་བུ་སྣམ་བུ་ནི་ཡོད་པ་མིན་ཏེ། འགལ་བའི་ཕྱིར་རོ། །ཅི་སྟེ་རྐྱེན་དང་རྐྱེན་མ་ཡིན་པའི་རྣམ་དབྱེ་ཡོད་པའི་ཕྱིར་འབྲས་བུ་ཡང་ཡོད་དོ་ཞེ་ན། འབྲས་བུ་མེད་པས་ན། རྐྱེན་མིན་རྐྱེན་དུ་ག་ལ་འགྱུར། །གལ་ཏེ་འབྲས་བུ་ཡོད་ན་འདི་ནི་འདིའི་རྐྱེན་ཡིན་ལ། འདི་ནི་འདིའི་རྐྱེན་མ་ཡིན་ནོ་ཞེས་བྱ་བར་འགྱུར་ན་ཇི་སྐད་བཤད་པའི་ཚུལ་གྱིས་འབྲས་བུ་མེད་པས་ན་རྐྱེན་མིན་དང་རྐྱེན་དུ་དབྱེ་བ་ཡོད་པར་ག་ལ་འགྱུར་ཏེ། དེའི་ཕྱིར་དངོས་པོ་རྣམས་ལ་རང་བཞིན་གྱིས་སྐྱེ་བ་མེད་དོ། །དེ་སྐད་དུ་ཡང་འཕགས་པ་དཀོན་མཆོག་འབྱུང་གནས་ཀྱི་མདོ་ལས། གང་ན་སྟོང་པ་རིག་པ་མེད་པ་ནི། །ནམ་མཁའ་བར་སྣང་བྱ་ཡི་རྗེས་དང་མཚུངས། །གང་ལ་ངོ་བོ་ཉིད་ནི་འགའ་ཡོད་མིན། །དེ་ནི་ནམ་ཡང་གཞན་གྱི་རྒྱུར་མི་འགྱུར། །གང་གི་ངོ་བོ་ཉིད་ནི་མི་རྙེད་པ། །རང་བཞིན་མེད་དེ་ཇི་ལྟར་གཞན་གྱི་རྐྱེན། །རང་བཞིན་མེད་པ་གཞན་གྱིས་ཅི་ཞིག་བསྐྱེད། །རྒྱུ་དེ་བདེ་བར་གཤེགས་པས་བསྟན་པའོ། །ཞེས་གསུངས་པ་ལྟར་རོ། །དབུ་མ་རྩ་བའི་ཤེས་རབ་ཀྱི་རབ་བྱེད་དང་པོ་རྐྱེན་བརྟག་པའི་འགྲེལ་པའོ།། །།

ལེའུ་གཉིས་པའི་རྣམ་བཤད།

གཉིས་པ་འགྲོ་འོང་བརྟག་པའི་རབ་བྱེད་ལ། དགག་པ་རྒྱས་པར་བསྟན་པ་དང་། རིགས་པ་བསྡུས་ཏེ་བསྟན་པ་གཉིས་ལས། དང་པོ་ལ། གང་ལ་འགྲོ་བའི་ལས་དགག གང་འགྲོ་བའི་བྱེད་པ་པོ་དགག འགྲོ་བ་ཡོད་པའི་སྒྲུབ་བྱེད་དགག གཅིག་དང་ཐ་དད་བརྟགས་ལ་དགག སུན་འབྱིན་གྱི་ལམ་གཞན་བསྟན་པ་དང་ལྔའི། དང་པོ་ལ། ལམ་སྤྱི་ལ་འགྲོ་བ་དགག འགོམ་བཞིན་པ་ལ་འགྲོ་བ་དགག་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་སྐྱེ་བ་བཀག་པས་རྟེན་འབྲེལ་གྱི་ཁྱད་པར་དགག་པ་མེད་པ་སོགས་གྲུབ་མོད། དེ་ལྟ་ན་ཡང་རྟེན་འབྲེལ་འགྲོ་འོང་མེད་པ་འགྲུབ་པར་བྱ་བའི་ཕྱིར་རབ་ཏུ་གྲགས་པའི་འཐད་པ་འགའ་ཞིག་བརྗོད་དགོས་སོ་ཞེ་ན། བརྗོད་པར་བྱ་སྟེ། འདི་ལྟར་འགྲོ་བ་དང་འོང་བ་ཞེས་བྱ་བ་ཡང་མ་བརྟགས་ན་གྲགས་པས་འཇིག་རྟེན་གྱི་དབང་དུ་འགྲོ་བ་ལ་སོགས་པའི་ཐ་སྙད་ཙམ་དུ་ཟད་ཀྱི་རྣལ་འབྱོར་པ་མཉམ་པར་བཞག་པ་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཇི་ལྟ་བ་བཞིན་དུ་རྣམ་པར་དཔྱད་ན་ཡང་དག་པར་ཡོད་པ་མ་ཡིན་ཏེ། གལ་ཏེ་འགྲོ་བ་ཞེས་བྱ་བ་ངེས་པ་ཞིག་ཡོད་ན། རེ་ཞིག་སོང་བའམ། མ་སོང་བའམ། འགོམ་བཞིན་པའི་ལམ་ལ་ཡོད་ཅེས་བརྟག་གྲང་། ཐམས་ཅད་མི་རིགས་ཏེ། རེ་ཞིག་སོང་ལ་མི་འགྲོ་སྟེ། །མ་སོང་བ་ལ་འགྲོ་བ་མིན། །སོང་དང་མ་སོང་མ་གཏོགས་པར། །འགོམ་པ་ཤེས་པར་མི་འགྱུར་རོ། །རེ་ཞིག་སོང་བའི་ལམ་འགྲོ་བའི་བྱ་བ་འགགས་ཟིན་པ་ལ་མི་འགྲོ་སྟེ། འགྲོ་བའི་བྱ་བ་འགགས་ཟིན་པ་ལ་འགྲོའོ་ཞེས་འགྲོ་བའི་བྱ་བ་ད་ལྟར་བས་ཟིན་པ་བརྗོད་ན། འབྲེལ་བ་མེད་པའི་ཕྱིར། མ་སོང་བ་འགྲོ་བའི་བྱ་བ་མ་སྐྱེས་པ་ལ་ཡང་འགྲོ་བ་མིན་ཏེ། འགྲོ་བའི་བྱ་བ་མ་སྐྱེས་པའི་མ་འོངས་པ་དང་འགྲོ་བའི་བྱ་བ་ད་ལྟ་བ་འགལ་བའི་ཕྱིར་རོ། །འགོམ་བཞིན་པའི་ལམ་ལ་ཡང་འགྲོ་བ་མེད་དེ། སོང་བ་དང་མ་སོང་བ་མ་གཏོགས་པར་འགོམ་པ་ཤེས་པར་མི་འགྱུར་བའི་ཕྱིར་ཏེ། འདི་ན་འགྲོ་བ་པོས་བརྒལ་ཟིན་པའི་ཡུལ་ནི་སོང་བ་ཡིན་ལ། བརྒལ་མ་ཟིན་པའི་ཡུལ་ནི་མ་སོང་བ་ཡིན་ན། དེ་གཉིས་ལས་ཐ་དད་པའི་ལམ་གྱི་རྣམ་པ་གཞན་མེད་པའི་ཕྱིར་རོ། །གཉིས་པ་ནི། འགོམ་པ་ལ་འགྲོ་བ་ཡོད་དེ། གང་ན་གཡོ་བ་དེ་ན་འགྲོ། །དེ་ཡང་གང་ཕྱིར་འགོམ་པ་ལ། །གཡོ་བ་སོང་མིན་མ་སོང་མིན། །དེ་ཕྱིར་འགོམ་ལ་འགྲོ་བ་ཡོད། །དེ་ལ། གང་ནས་རྐང་པ་བཏེག་པ་དེ་ནི་སོང་བ་ཡིན་ལ། གང་དུ་རྐང་པ་འཇོག་པ་དེ་ནི་མ་སོང་བ་ཡིན་པས། དེ་གཉིས་ལས་གཞན་མ་གཏོགས་པའི་གསུམ་པ་འགོམ་པ་ཞེས་བྱ་བར་གྱུར་པ་དེ་ནི་ཅི་ཡང་མེད་པས། དེའི་ཕྱིར་འགོམ་པ་ལ་འགྲོ་བ་ཡོད་པར་མི་འཐད་དོ། །ལམ་གང་ན་འགྲོ་བ་པོའི་རྐང་པ་འདེགས་འཇོག་གི་གཡོ་བ་ཡོད་པ་དེ་ན་འགྲོ་བ་ཡོད་ལ་གཡོ་བ་དེ་ཡང་གང་གི་ཕྱིར་འགོམ་པ་ལ་ཡོད་ཀྱི་གཡོ་བ་དེ་ནི་སོང་བ་ལ་ཡང་མིན། མ་སོང་བ་ལ་ཡང་མིན་པ་དེའི་ཕྱིར་འགོམ་པ་ལ་འགྲོ་བ་ཡོད་དོ་ཞེ་ན། དེ་ལྟར་བརྟག་ཀྱང་། འགོམ་ལ་འགྲོ་བ་ཡིན་པར་ནི། །ཇི་ལྟ་བུར་ན་འཐད་པར་འགྱུར། །དེ་མི་འཐད་པ་ཁོ་ནའོ། །ཅིའི་ཕྱིར་ཞེ་ན། གང་ཚེ་འགྲོ་བ་མེད་པ་ཡི། །འགོམ་པ་འཐད་པ་མེད་ཕྱིར་རོ། །གང་གི་ཚེ་ཁྱོད་ཀྱིས་འགྲོ་བའི་བྱ་བས་ཟིན་པའི་ལམ་ཉིད་འགོམ་པ་ཞེས་བརྗོད་པ་དེའི་ཚེ་འགྲོ་བའི་བྱ་བ་མེད་པའི་འགོམ་པ་འཐད་པ་མེད་པའི་ཕྱིར་དང་འགྲོ་བའི་བྱ་བ་ཡང་གཅིག་ལས་མེད་ཅིང་། གཅིག་པོ་དེས་ལམ་འགོམ་པ་མཚོན་པར་བྱས་པས་འགྲོའོ་ཞེས་པའི་སྒྲ་འགྲོ་བའི་བྱ་བས་སྟོང་པའི་ཕྱིར་འགོམ་པ་ལ་འགྲོའོ་ཞེས་པའི་ངག་གི་དོན་ཡོངས་སུ་རྫོགས་པ་མ་ཡིན་ནོ། །དེའི་ཕྱིར་འགོམ་པ་ལ་འགྲོ་བ་མི་འཐད་དོ། །ཅི་སྟེ་འགྲོའོ་ཞེས་པ་དེ་ཉིད་འགྲོ་བའི་བྱ་བ་དང་འབྲེལ་བར་འདོད་ན། གང་གི་འགོམ་པ་ལ་འགྲོ་བ། །དེའི་འགོམ་ལ་འགྲོ་མེད་པར། །ཐལ་བར་འགྱུར་ཏེ་གང་གི་ཕྱིར། །འགོམ་ལ་འགྲོ་བ་ཡིན་ཕྱིར་རོ། །རྒོལ་བ་གང་གི་ཕྱོགས་ལ་འགྲོ་བའི་བྱ་བས་སྟོང་པའི་འགོམ་པ་ལ་འགྲོ་བར་འདོད་པ་དེའི་ཕྱོགས་ལ་འགོམ་པ་ཞེས་པའི་སྒྲའི་དོན་དུ་འགྲོ་བའི་བྱ་བ་མེད་པར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་འགྲོ་བའི་བྱ་བ་གཅིག་པོ་དེ་ནི་འགྲོའོ་ཞེས་པ་དེ་དང་འབྲེལ་བས་འགྲོ་བའི་བྱ་བ་དང་བྲལ་བའི་འགོམ་པ་ཁོ་ན་ལ་འགྲོ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འགྲོའོ་ཞེས་པ་འདི་ཙམ་ཞིག་ཏུ་འགྱུར་གྱི། འགོམ་པ་ཞེས་པ་དོན་གྱིས་སྟོང་པར་འགྱུར་རོ། །ཅི་སྟེ་འགོམ་པ་དང་འགྲོའོ་ཞེས་པ་གཉིས་ཀ་ཡང་འགྲོ་བའི་བྱ་བ་དང་འབྲེལ་བར་འདོད་ན། འགོམ་ལ་འགྲོ་བ་ཡོད་ན་ནི། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གི་དེ་འགོམ་འགྱུར་བ་དང་། །དེ་ལ་འགྲོ་བ་གང་ཡིན་པའོ། །འགོམ་པ་དང་འགྲོ་བའོ་ཞེས་པ་གཉིས་ཀ་ཡང་འགྲོ་བའི་བྱ་བ་ཡོད་ན། འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བ་གང་གིས་ལམ་དེ་འགོམ་པར་མཚོན་པར་འགྱུར་བ་ནི་གཅིག་ཡིན་ལ། གང་གིས་ལམ་དེ་བགྲོད་པའི་གཞིར་གྱུར་པའི་འགོམ་པ་ལ་འགྲོ་བ་གང་ཡིན་པ་ནི་གཉིས་པ་ཡིན་ནོ། །

འགྲོ་བ་གཉིས་ཡོད་མོད་སྐྱོན་ཅི་ཡོད་ཅེ་ན། འགྲོ་བ་གཉིས་སུ་ཐལ་འགྱུར་ན། །འགྲོ་བ་པོ་ཡང་གཉིས་སུ་འགྱུར། །འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ན། འགྲོ་བ་པོ་ཡང་གཉིས་སུ་ཐལ་བར་འགྱུར་ཏེ། གང་ཕྱིར་འགྲོ་པོ་མེད་པར་ནི། །འགྲོ་བ་འཐད་པར་མི་འགྱུར་ཕྱིར། །གང་གི་ཕྱིར་བྱ་བ་ནི་གདོན་མི་ཟ་བར་བྱེད་པ་པོ་ལ་ལྟོས་པས་འགྲོ་བ་པོ་མེད་པར་འགྲོ་བའི་བྱ་བ་འཐད་པར་མི་འགྱུར་བའི་ཕྱིར་རོ། །ལྷ་སྦྱིན་གཅིག་པུ་ལམ་ལ་འགྲོ་བ་ན། འགྲོ་བ་པོ་གཉིས་མེད་པས་བྱ་བ་གཉིས་མེད་དོ། །

གཉིས་པ་གང་འགྲོ་བའི་བྱེད་པ་པོ་དགག་པ་ལ། སྤྱིར་དགག་པ་དང་། འགྲོ་བ་པོ་འགྲོ་བ་བྱེ་བྲག་ཏུ་དགག་པ་གཉིས་ཀྱི། དང་པོ་ནི། ཅི་སྟེ་འགྲོ་བ་ཡོད་དེ། འགྲོ་བའི་རྟེན་འགྲོ་བ་པོ་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་འགྲོ་པོ་མེད་གྱུར་ན། །འགྲོ་བ་འཐད་པར་མི་འགྱུར་ཏེ། །འགྲོ་བ་མེད་ན་འགྲོ་བ་པོ། །ཡོད་པ་ཉིད་དུ་ག་ལ་འགྱུར། །གལ་ཏེ་འགྲོ་བ་པོ་ཡོད་ན་འགྲོ་བ་ཡང་ཡོད་པར་འགྱུར་ན་འགྲོ་བ་པོ་མེད་པར་འགྱུར་ན་དེ་མེད་པའི་ཕྱིར་དེ་ལ་བརྟེན་པའི་འགྲོ་བ་འཐད་པར་མི་འགྱུར་རོ། །ཅིའི་ཕྱིར་འགྲོ་བ་པོ་མེད་ཅེ་ན། བྱེད་པ་པོ་ནི་བྱ་བ་ལ་ལྟོས་པས་ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་བའི་བྱ་བ་མེད་ན་དེའི་རྟེན་འགྲོ་བ་པོ་ཡོད་པར་ག་ལ་འགྱུར། དེས་ན་འགྲོ་བ་དང་འགྲོ་བ་པོ་ཕན་ཚུན་ལྟོས་པས་གཅིག་མེད་ན་གཅིག་ཤོས་མི་འགྲུབ་བོ་ཞེས་པའོ། །ཅི་སྟེ་འགྲོ་བ་ཡོད་དེ་དེའི་སྒྲས་དེ་དང་ལྡན་པར་བརྗོད་པའི་ཕྱིར། གལ་ཏེ་འགྲོ་བ་མེད་ན་ལྷས་སྦྱིན་འགྲོའོ་ཞེས་བརྗོད་པ་མི་རིགས་ཏེ། འཁར་བ་མེད་ན་འཁར་བ་ཅན་ཞེས་བརྗོད་དུ་མེད་པ་བཞིན་ནོ་ཞེ་ན། ལྷས་བྱིན་འགྲོ་ཞེས་བརྗོད་པ་འདི་ཡང་མ་བརྟགས་པའི་ཐ་སྙད་ཙམ་ཡིན་གྱི་ཡང་དག་པ་མིན་ཏེ། འདི་ལྟར། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །འགྲོ་བ་པོ་མིན་འགྲོ་བ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །གལ་ཏེ་འགྲོ་བ་ཡོད་ན་འགྲོ་བ་པོའམ། འགྲོ་བ་པོ་མིན་པའམ། དེ་གཉིས་ལས་གཞན་པ་ཞིག་འགྲོ་གྲང་། རེ་ཞིག་འགྲོ་བ་པོ་མི་འགྲོ་བ་དེ་ལྟར་ནི་ཚིགས་སུ་བཅད་པ་འོག་མ་གསུམ་གྱིས་སྟོན་པར་འགྱུར་རོ། །འགྲོ་བ་པོ་མིན་པ་ནི་འགྲོ་བའི་བྱ་བ་དང་བྲལ་བ་ཡིན་ལ། དེ་འགྲོ་བོ་ཞེས་བརྗོད་ན་དོན་འགལ་བས་དེའི་ཕྱིར་འགྲོ་བ་པོ་མིན་པ་འགྲོ་བ་མིན་ནོ། །གང་ལ་འགྲོའོ་ཞེས་རྟོག་པ་འགྲོ་པོ་དང་འགྲོ་པོ་མིན་པ་ལས་གཞན་གསུམ་པ་གང་ཞིག་འགྲོ་བར་འགྱུར་ཏེ། དེ་ལྟ་བུ་མེད་པའི་ཕྱིར་རོ། །དེའི་ཕྱིར་འགྲོ་བ་མེད་དོ། །

གཉིས་པ་ནི། གལ་ཏེ་འགྲོ་བ་པོ་མིན་པ་མི་འགྲོ་ལ་གཉིས་ཀ་མ་གཏོགས་པ་ཡང་མི་འགྲོ་སྟེ། འོན་ཀྱང་འགྲོ་བ་པོ་ཁོ་ན་འགྲོའོ་ཞེ་ན། གང་ཚེ་འགྲོ་བ་མེད་པར་ནི། །འགྲོ་པོ་འཐད་པར་མི་འགྱུར་ན། །རེ་ཤིག་འགྲོ་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །གང་གི་ཚེ་འགྲོ་བ་པོ་འགྲོའོ་ཞེས་པའི་ངག་འདིར་འགྲོ་བའི་བྱ་བ་ནི་གཅིག་ཡིན་ལ། དེས་ཀྱང་འགྲོའོ་ཞེས་བརྗོད་པར་འགྱུར་ཞིང་། འགྲོ་བ་པོ་ཞེས་བརྗོད་པ་ལ་ནི་འགྲོ་བའི་བྱ་བ་གཉིས་པ་མེད་པ་དེའི་ཕྱིར་འགྲོ་བའི་བྱ་བ་མེད་པར་འགྲོ་བ་པོ་ཞེས་པའི་ངག་དོན་ལྡན་དུ་འཐད་པར་མི་འགྱུར་ན། རེ་ཞིག་འགྲོ་པོ་འགྲོའོ་ཞེས་པའི་ངག་འདི་དོན་ཡོངས་སུ་རྫོགས་པར་ཇི་ལྟར་འཐད་པ་ཉིད་དུ་འགྱུར། །འགྲོའོ་ཞེས་པ་དོན་དང་ལྡན་པ་ཡིན་དུ་ཆུག་ཀྱང་འགྲོ་བ་པོ་ཞེས་པ་དོན་གྱིས་སྟོང་པའི་ཕྱིར་རོ། །གལ་ཏེ་འགྲོ་བའི་བྱ་བ་དང་བཅས་པའི་འགྲོ་བ་པོ་འགྲོའོ་ཞེ་ན། གང་གི་ཕྱོགས་ལ་འགྲོ་བ་པོ། །འགྲོ་བ་དེ་ལ་འགྲོ་མེད་པའི། །འགྲོ་སྒྲ་ཡིན་པར་ཐལ་འགྱུར་ཏེ། །འགྲོ་པོ་འགྲོ་བར་འདོད་ཕྱིར་རོ། །རྒོལ་བ་གང་གི་ཕྱོགས་ལ་འགྲོ་བའི་བྱ་བ་དང་བཅས་པའི་འགྲོ་བ་པོ་འགྲོ་བ་དེ་ལ་འགྲོ་བའི་བྱ་བ་མེད་པའི་འགྲོ་སྒྲ་ཡིན་པར་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གཉིས་པ་མེད་པའི་ཕྱིར་དང་། འགྲོ་བའི་བྱ་བ་དང་བཅས་པའི་འགྲོ་བ་པོ་འགྲོ་བར་འདོད་པའི་ཕྱིར་རོ། །དེས་ན་ཕྱོགས་འདི་འགྲོ་བ་པོ་ཞེས་པ་དོན་དང་ལྡན་ཡང་། འགྲོ་ཞེས་པ་དོན་གྱིས་སྟོང་པར་འགྱུར་རོ། །ཅི་སྟེ་འགྲོ་བ་པོ་འགྲོ་ཞེས་པ་གཉིས་ཀ་ཡང་འགྲོ་བའི་བྱ་བ་དང་ལྡན་པར་འདོད་ན། གལ་ཏེ་འགྲོ་པོ་འགྲོ་འགྱུར་ན། །འགྲོ་བ་གཉིས་སུ་ཐལ་འགྱུར་ཏེ། །གང་གིས་འགྲོ་པོར་མངོན་པ་དང་། །འགྲོ་པོར་གྱུར་ནས་གང་འགྲོ་བའོ། །གལ་ཏེ་འགྲོ་པོ་ཞེས་པ་དང་། འགྲོ་ཞེས་པ་གཉིས་ཀ་འགྲོ་བའི་བྱ་བ་དང་ལྡན་པར་འགྱུར་ན་འགྲོ་བའི་བྱ་བ་གཉིས་སུ་ཐལ་བར་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་འགྲོ་བ་པོར་མངོན་པ་ནི་གཅིག་ཡིན་ལ། འགྲོ་བ་པོར་གྱུར་ནས་གང་འགྲོ་བ་དེ་ནི་བྱ་བ་གཉིས་པ་ཡིན་པས་སོ། །

གསུམ་པ་འགྲོ་བ་ཡོད་པའི་སྒྲུབ་བྱེད་དགག་པ་ལ། རྩོམ་པ་ཡོད་པའི་སྒྲུབ་བྱེད་དགག གཉེན་པོ་ཡོད་པའི་སྒྲུབ་བྱེད་དགག ལྡོག་པ་ཡོད་པའི་སྒྲུབ་བྱེད་དགག་པ་དང་གསུམ་གྱི། དང་པོ་ནི། གལ་ཏེ་འགྲོ་བ་ཡོད་དེ། འགྲོ་བ་རྩོམ་པ་ཡོད་པའི་ཕྱིར་རོ་ཞེ་ན། སོང་ལ་འགྲོ་བ་རྩོམ་མེད་དེ། །མ་སོང་བ་ལ་འགྲོ་རྩོམ་མེད། །འགོམ་ལ་རྩོམ་པ་ཡོད་མིན་ན། །གང་དུ་འགྲོ་བ་རྩོམ་པར་བྱེད། །གལ་ཏེ་འགྲོ་བ་རྩོམ་ན་སོང་བའི་ལམ་ལའམ། མ་སོང་བའམ། འགོམ་པ་ལ་རྩོམ་གྲང་། རེ་ཤིག་སོང་བའི་ལམ་ལ་འགྲོ་བ་རྩོམ་པ་མེད་དེ། སོང་བ་ནི་འགྲོ་བའི་བྱ་བ་འགགས་པ་ཡིན་ལ། དེར་འགྲོ་བ་ད་ལྟར་བ་རྩོམ་པ་འགལ་བའི་ཕྱིར། མ་སོང་བའི་ལམ་ལའང་འགྲོ་བ་རྩོམ་པ་མེད་དེ། མ་སོང་བ་ནི་འགྲོ་བའི་བྱ་བ་མ་སྐྱེས་པའི་མ་འོངས་པ་ཡིན་ལ། མ་འོངས་པ་དང་ད་ལྟར་བ་འགལ་བའི་ཕྱིར། འགོམ་བཞིན་པའི་ལམ་ལ་འགྲོ་བ་རྩོམ་པ་མེད་དེ། སོང་མ་སོང་ལས་ཐ་དད་པའི་འགོམ་བཞིན་པ་མེད་པའི་ཕྱིར་དང་། བྱ་བ་གཉིས་སུ་ཐལ་བའི་ཕྱིར་དང་། བྱེད་པ་པོ་ཡང་གཉིས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐམས་ཅད་དུ་འགྲོ་བའི་རྩོམ་པ་མི་འཐད་པའི་ཕྱིར། ལམ་གང་དུ་འགྲོ་བ་རྩོམ་པར་བྱེད་ཅེས་གསུངས་སོ། །གཞན་ཡང་རིགས་པ་འདིས་ཀྱང་འགྲོ་བ་རྩོམ་པ་མི་འཐད་དེ། འདི་ལྟར། འགྲོ་བ་རྩོམ་པའི་སྔ་རོལ་ན། །གང་དུ་འགྲོ་བ་རྩོམ་འགྱུར་བ། །འགོམ་པ་མེད་ཅིང་སོང་བ་མེད། །མ་སོང་འགྲོ་བ་ག་ལ་ཡོད། །ལྷས་བྱིན་འགྲོ་བ་རྩོམ་པའི་སྔ་རོལ་འདུག་བཞིན་པའི་ཚེ་ན་ལམ་གང་དུ་འགྲོ་བ་རྩོམ་པར་འགྱུར་བ་འགོམ་པའི་ལམ་མེད་ཅིང་སོང་བའི་ལམ་ཡང་མེད་དེ། འགྲོ་བའི་བྱ་བ་མ་བརྩམས་པའི་ཕྱིར་རོ། །ཅི་སྟེ་འགྲོ་བ་རྩོམ་པའི་སྔ་རོལ་ན་སོང་བ་དང་འ གོམ་པ་མེད་མོད། མ་སོང་བའི་ལམ་ཡོད་དེ། དེར་འགྲོ་བ་རྩོམ་མོ་ཞེ་ན། མ་སོང་བ་ན་འགྲོ་བའི་བྱ་བ་མ་སྐྱེས་ཤིང་འགྲོ་བའི་བྱ་བ་མ་བརྩམས་པ་ཡིན་ན། དེར་འགྲོ་བ་རྩོམ་ཞེས་བྱ་བ་མ་འབྲེལ་བའི་ཕྱིར། མ་སོང་འགྲོ་བ་ག་ལ་ཡོད་ཅེས་བྱའོ། །གལ་ཏེ་སོང་བ་དང་མ་སོང་བ་དང་འགོམ་པ་ལ་འགྲོ་བ་རྩོམ་པ་མེད་མོད། སོང་བ་དང་མ་སོང་བ་དང་འགོམ་པ་ནི་ཡོད་ལ་འགྲོ་བ་མེད་ན་འདི་དག་ཀྱང་མི་རུང་ངོ་ཞེ་ན། འགྲོ་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །སོང་བ་ཅི་ཞིག་འགོམ་པ་ཅི། །མ་སོང་ཅི་ཞིག་རྣམ་པར་བརྟག །གལ་ཏེ་འགྲོ་བའི་རྩོམ་པ་ཡོད་ན་གང་དུ་འགྲོ་བའི་བྱ་བ་འགགས་པ་ནི་སོང་བ་དང་། འགྲོ་བའི་བྱ་བ་ཟིན་པ་ནི་འགོམ་པ་དང་། འགྲོ་བའི་བྱ་བ་མ་སྐྱེས་པ་ནི་མ་སོང་བ་ཞེས་རྣམ་པར་བརྟག་ཏུ་རུང་ན། ཇི་སྐད་བཤད་པའི་ཚུལ་གྱིས་འགྲོ་རྩོམ་རྣམ་པ་ཐམས་ཅད་དུ་སྣང་བ་མེད་ཅིང་མི་དམིགས་པ་ཉིད་ཡིན་པ་དེའི་ཚེ། སོང་བའི་ལམ་ནི་ཅི་ཞིག འགོམ་པའི་ལམ་ནི་ཅི། མ་སོང་བའི་ལམ་ནི་ཅི་ཞིག་རྣམ་པར་བརྟག དུས་གསུམ་གྱི་ལམ་བརྟག་ཏུ་མེད་པ་དེའི་ཕྱིར་དེའི་བརྗོད་པའི་རྒྱུ་འགྲོ་བ་ཡང་མེད་དོ། །

གཉིས་པ་ནི། གལ་ཏེ་འགྲོ་བ་ཡོད་དེ། དེའི་གཉེན་པོ་སྡོད་པ་ཡོད་པའི་ཕྱིར་ཞེ་ན། རེ་ཤིག་འགྲོ་པོ་མི་སྡོད་དེ། །འགྲོ་བ་པོ་མིན་སྡོད་པ་མིན། །འགྲོ་པོ་འགྲོ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་སྡོད་པར་འགྱུར། །སྡོད་པ་འདི་འགྲོ་བ་པོའམ། འགྲོ་བ་པོ་མ་ཡིན་པའམ། དེ་གཉིས་ལས་གཞན་པ་ཞིག་ལ་བརྟག་གྲང་། རེ་ཞིག་འགྲོ་བ་པོ་རེ་ཞིག་འགྲོ་བ་པོ་ནི་མི་སྡོད་དེ་འགྲོ་བའི་བྱ་བ་དང་མ་བྲལ་བའི་ཕྱིར་རོ། །འགྲོ་བ་དང་བྲལ་བ་ལ་ནི་འགྲོ་བ་ལས་ལྡོག་པའི་སྡོད་པ་མི་འཐད་པའི་ཕྱིར་རོ། །ཇི་ལྟར་མི་སྡོད་པ་དེ་ལྟར་ནི་ཚིགས་སུ་བཅད་པ་ཕྱི་མས་སྟོན་པར་འགྱུར་རོ། །འགྲོ་བ་པོ་མིན་པ་སྡོད་པ་མིན་ཏེ། འགྲོ་བ་པོ་མིན་པ་ནི་སྡོད་པ་ཡིན་ལ། དེ་ལ་སྡོད་པའམ་གནས་པ་གཞན་དོན་མེད་པའི་ཕྱིར་དང་། སྡོད་པ་པོ་སྡོད་ན་སྡོད་པའི་བྱ་བ་གཉིས་ཡོད་པར་ཐལ་བའི་ཕྱིར་སྡོད་པ་པོ་ཡང་གཉིས་སུ་ཐལ་བའི་ཕྱིར་རོ། །འགྲོ་པོ་འགྲོ་པོ་མིན་ལས་གཞན་གསུམ་པ་གང་ཞིག་སྡོད་པར་འགྱུར་ཏེ། དེ་འདྲ་མེད་པའི་ཕྱིར་རོ། །

གལ་ཏེ་འགྲོ་བ་པོ་མིན་པ་མི་སྡོད་ལ་རྣམ་པ་གསུམ་པ་ཡང་མི་སྡོད་ཀྱི་འོན་ཀྱང་འགྲོ་བ་པོ་ཉིད་སྡོད་དོ་ཞེ་ན། གང་ཚེ་འགྲོ་བ་མེད་པར་ན། །འགྲོ་བོ་འཐད་པར་མི་འགྱུར་ན། །རེ་ཞིག་འགྲོ་པོ་སྡོད་དོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །གང་གི་ཚེ་འགྲོ་བའི་བྱ་བ་མེད་པར་འགྲོ་བ་པོ་ཡིན་པ་འཐད་པར་མི་འགྱུར་ལ། འགྲོ་བའི་བྱ་བ་དང་སྡོད་པའི་བྱ་བ་གཉིས་ཀྱང་ཕན་ཚུན་གཅིག་ལ་ཅིག་ཅར་གྲུབ་པ་འགལ་བའི་ཕྱིར། རེ་ཞིག་འགྲོ་པོ་སྡོད་དོ་ཞེས་པའི་ངག་འདི་དོན་ལྡན་དུ་ཇི་ལྟར་འཐད་པ་ཉིད་དུ་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །

གསུམ་པ་ལྡོག་པ་ཡོད་པའི་སྒྲུབ་བྱེད་དགག་པ་ལ། དངོས་དང་། གནས་པ་ཡོད་པའི་སྒྲུབ་བྱེད་དགག་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་འགྲོ་བ་ཡོད་དེ། འགྲོ་བ་ལས་ལྡོག་པ་ན་གནས་པ་རྩོམ་པའི་ཕྱིར་ཞེ་ན། གལ་ཏེ་དེ་ལས་ལྡོག་པ་ཡོད་ན་འགྲོ་བ་ཡོད་པར་འགྱུར་ན་དེ་ནི་མེད་དེ། འགོམ་ལས་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །དེ་ལ་འགྲོ་བ་པོ་འགོམ་བཞིན་པའི་ལམ་ལ་འགྲོ་བ་ལས་ལྡོག་པར་མི་འགྱུར་ཏེ། དེ་མ་དམིགས་པའི་ཕྱིར་དང་དེ་ལ་འགྲོ་བའི་བྱ་བ་མེད་པའི་ཕྱིར་རོ། །སོང་བ་དང་མ་སོང་བའི་ལམ་ལས་ཀྱང་འགྲོ་བ་ལས་ལྡོག་པ་མིན་ཏེ། དེ་དག་ལ་འགྲོ་བ་མེད་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་གནས་པ་མེད་པས་འགྲོ་བ་མེད་པ་ཡིན་ན། འོ་ན་འགྲོ་བ་སྒྲུབ་པའི་ཕྱིར་གནས་པ་སྒྲུབ་པར་བྱ་སྟེ། གནས་པ་ཡོད་དེ། དེའི་འགྲན་ཟླ་འགྲོ་བ་ཡོད་པའི་ཕྱིར་ཞེ་ན། འགྲོ་བ་དང་ནི་འཇུག་པ་དང་། །ལྡོག་པ་ཡང་ནི་འགྲོ་དང་མཚུངས། །འགྲོ་བ་ཡང་ནི་འགྲོ་དང་མཚུངས། །ཞེས་ཚིག་རྣམ་པར་སྦྱོར་རོ། །འདིར་གནས་པ་སྒྲུབ་པའི་ཕྱིར་བཀོད་པའི་འགྲོ་བ་གང་ཡིན་པ་དེ་ནི། སྔར་འགྲོ་བ་སྒྲུབ་པའི་ཕྱིར་རྟགས་སུ་བཀོད་པའི་གནས་པ་ལ་སུན་འབྱིན་པ། རེ་ཞིག་འགྲོ་པོ་མི་སྡོད་དེ། །ཞེས་སོགས་ཚིགས་སུ་བཅད་པ་གཉིས་ཇི་སྐད་བརྗོད་པ་བཞིན་དུ་མཚུངས་ཏེ། འདི་ལྟར། རེ་ཤིག་གནས་པོ་མི་འགྲོ་སྟེ། །གནས་པ་པོ་མིན་འགྲོ་བ་མིན། །གནས་པོ་གནས་པོ་མིན་ལས་གཞན། །གསུམ་པ་གང་ཞིག་འགྲོ་བར་འགྱུར། །གང་ཚེ་གནས་པ་མེད་པར་ནི། །གནས་པོ་འཐད་པར་མི་འགྱུར་ན། །རེ་ཞིག་གནས་པོ་འགྲོའོ་ཞེས། །ཇི་ལྟར་འཐད་པ་ཉིད་དུ་འགྱུར། །ཅེས་འདོན་པ་བསྒྱུར་ཏེ་བཤད་པར་བྱའོ། །ཅི་སྟེ་གནས་པ་ཡོད་དེ། དེ་རྩོམ་པ་ཡོད་པའི་ཕྱིར་རོ་ཞེ་ན། འཇུག་པ་ཡང་ནི་འགྲོ་དང་མཚུངས། །འདིར་གནས་པ་སྒྲུབ་པའི་ཕྱིར་བཀོད་པའི་འཇུག་པ་སྟེ། གནས་པ་རྩོམ་པ་ཡང་ནི། སྔར་འགྲོ་བ་སྒྲུབ་པའི་ཕྱིར་བཀོད་པའི། འགྲོ་བ་རྩོམ་ལ་སུན་འབྱིན་པ། །སོང་ལ་འགྲོ་བ་རྩོམ་མེད་དེ། །ཞེས་སོགས་ཚིགས་སུ་བཅད་པ་གསུམ་བརྗོད་པ་དེ་དང་མཚུངས་ཏེ་འདི་ལྟར། གནས་ལ་གནས་པ་རྩོམ་མེད་དེ། །མི་གནས་པ་ལ་གནས་རྩོམ་མེད། །གནས་བཞིན་པ་ལ་རྩོམ་མེད་ན། །གང་དུ་གནས་པ་རྩོམ་པར་བྱེད། །གནས་པ་རྩོམ་པའི་སྔ་རོལ་ན། །གང་དུ་གནས་པ་རྩོམ་འགྱུར་བ། །གནས་བཞིན་མེད་ཅིང་གནས་པ་མེད། །མི་གནས་གནས་པ་ག་ལ་ཡོད། །གནས་རྩོམ་རྣམ་པ་ཐམས་ཅད་དུ། །སྣང་བ་མེད་པ་ཉིད་ཡིན་ན། །གནས་པ་ཅི་ཞིག་གནས་བཞིན་ཅི། །མི་གནས་ཅི་ཞིག་རྣམ་པར་བརྟག །ཅེས་འདོན་པ་བསྒྱུར་ཏེ་བཤད་དོ། །གལ་ཏེ་གནས་པ་ཡོད་དེ། གནས་པ་ལས་ལྡོག་པ་ན་འགྲོ་བ་རྩོམ་པའི་ཕྱིར་ཞེ་ན། ལྡོག་པ་ཡང་ནི་འགྲོ་དང་མཚུངས། །འདིར་གནས་པ་སྒྲུབ་པའི་ཕྱིར་བཀོད་པའི་ལྡོག་པ་ཡང་ནི་སྔར་འགྲོ་བ་སྒྲུབ་པའི་ཕྱིར་བཀོད་པའི་ལྡོག་པ་ལ་སུན་འབྱིན་པ། འགོམ་ལས་ལྡོག་པར་མི་འགྱུར་ཏེ། །སོང་དང་མ་སོང་ལས་ཀྱང་མིན། །ཞེས་པ་དང་མཚུངས་ཏེ། འདི་ལྟར། གནས་བཞིན་ལས་ལྡོག་མི་འགྱུར་ཏེ། །གནས་དང་མི་གནས་ལས་ཀྱང་མིན། །ཞེས་བརྗོད་པར་བྱའོ། །

བཞི་པ་གཅིག་དང་ཐ་དད་བརྟག་ལ་དགག་པ་ནི། གཞན་ཡང་འགྲོ་བ་ཡོད་ན་འགྲོ་བ་པོ་དང་གཅིག་གམ་ཐ་དད་ཅེས་རྣམ་པར་དཔྱད་ན་མི་རིགས་ཏེ་འདི་ལྟར། འགྲོ་བ་དེ་དང་འགྲོ་བ་པོ། །དེ་ཉིད་ཅེས་ཀྱང་བྱར་མི་རུང་། །འགྲོ་བ་དང་ནི་འགྲོ་བ་པོ། །གཞན་ཉིད་ཅེས་ཀྱང་བྱར་མི་རུང་། །ཅིའི་ཕྱིར་དེ་གཅིག་ཏུ་མི་རུང་ཞེ་ན། །གལ་ཏེ་འགྲོ་བ་གང་ཡིན་པ། །དེ་ཉིད་འགྲོ་པོ་ཡིན་གྱུར་ན། །བྱེད་པ་པོ་དང་ལས་ཉིད་ཀྱང་། །གཅིག་པ་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་འགྲོ་བའི་བྱ་བ་གང་ཡིན་པ་དེ་ཉིད་འགྲོ་བ་པོ་ཡིན་པར་འགྱུར་ན། གཅོད་པའི་བྱ་བ་དང་། གཅོད་པ་པོ་ལ་སོགས་པ་བྱེད་པ་པོ་དང་ལས་ཉིད་ཀྱང་གཅིག་པ་ཉིད་དུ་ཐལ་བར་འགྱུར་ལ། དེའི་ཕྱིར་འདི་ནི་བྱ་བའོ། །འདི་ནི་བྱེད་པོའོ་ཞེས་པའི་རྣམ་དབྱེ་མེད་པར་འགྱུར་རོ། །གཞན་ཉིད་དུ་ཡང་མི་རིགས་ཏེ། གལ་ཏེ་འགྲོ་དང་འགྲོ་བ་པོ། །གཞན་པ་ཉིད་དུ་རྣམ་བརྟགས་ནས། །འགྲོ་པོ་མེད་པའི་འགྲོ་བ་དང་། །འགྲོ་བ་མེད་པའི་འགྲོ་པོར་འགྱུར། །གལ་ཏེ་འགྲོ་བ་དང་འགྲོ་བ་པོ་གཞན་ཉིད་ཡིན་ན། བུམ་པ་དང་སྣམ་བུ་ལྟར་འགྲོ་བ་པོ་མེད་པའི་འགྲོ་བའི་བྱ་བ་ཡན་གར་བའམ། འགྲོ་བའི་བྱ་བ་མེད་པའི་འགྲོ་བ་པོ་ཡན་གར་བ་གཟུང་དུ་ཡོད་པར་འགྱུར་ན། དེ་ཡང་མི་རིགས་ཏེ། བྱེད་པ་པོ་ལ་མ་ལྟོས་པའི་བྱ་བའམ། བྱ་བ་ལ་མ་ལྟོས་པའི་བྱེད་པ་པོ་མ་དམིགས་པའི་ཕྱིར་རོ། །དེའི་ཕྱིར། གང་དག་དངོས་པོ་གཅིག་པ་དང་། །དངོས་པོ་གཞན་པ་ཉིད་དུ་ནི། །གྲུབ་པར་གྱུར་པ་ཡོད་མིན་ན། །དེ་གཉིས་གྲུབ་པ་ཇི་ལྟར་ཡོད། །འགྲོ་བ་དང་འགྲོ་བ་པོ་གང་དག་གཅིག་ཉིད་དང་གཞན་ཉིད་དུ་གྲུབ་པར་གྱུར་པ་ཡོད་པ་མ་ཡིན་ན། དེ་གཉིས་རང་གི་ངོ་བོས་གྲུབ་པ་ཇི་ལྟར་ཡོད། དེའི་ཕྱིར་ཡང་འགྲོ་བ་དང་འགྲོ་བ་པོ་མེད་དོ། །

ལྔ་པ་སུན་འབྱིན་གྱི་ལམ་གཞན་བསྟན་པ་ནི། འདི་ན་ལྷས་བྱིན་འགྲོ་བ་པོ་འགྲོའོ་ཞེས་གྲགས་པའི་ཕྱིར་འགྲོ་པ་པོ་ཉིད་འགྲོ་བ་ཡིན་ལ། དེ་ལྟ་ན་ཡང་འགྲོ་བ་གཉིས་སུ་ཐལ་བར་མི་འགྱུར་ཏེ། འགྲོ་བའི་བྱ་བ་གང་གིས་ལྷས་བྱིན་འགྲོ་བ་པོར་མངོན་པ་དེས་ལྷས་བྱིན་འགྲོ་བར་ཡང་འཇོག་གོ་ཞེ་ན། འདི་ཡང་མི་རིགས་ཏེ། འགྲོ་བ་གང་གིས་འགྲོ་པོར་མངོན། །འགྲོ་བ་དེ་ནི་དེ་འགྲོ་མིན། །འགྲོ་བ་གང་གིས་ལྷས་བྱིན་འགྲོ་བ་པོར་མངོན་ཅིང་འཇོག་པར་བྱེད་པའི་འགྲོ་བ་དེ་ནི་ལྷས་བྱིན་དེ་འགྲོ་བར་འཇོག་བྱེད་མིན་ཏེ། གང་ཕྱིར་འགྲོ་བའི་སྔ་རོལ་མེད། །གང་ཞིག་གང་དུ་འགྲོ་བར་འགྱུར། །ལྷས་བྱིན་གང་ཞིག་དོན་གཞན་དུ་གྱུར་པའི་གྲོང་ངམ་གྲོང་ཁྱེར་གང་ཞིག་ཏུ་འགྲོ་བར་མཐོང་བ་ཡིན་ན། གང་གི་ཕྱིར་འགྲོ་བའི་བྱ་བ་གང་གིས་ལྷས་བྱིན་འགྲོ་བ་པོར་འཇོག་པའི་འགྲོ་བའི་བྱ་བ་དེའི་སྔ་རོལ་ཏུ་འགྲོ་བ་པོ་མེད་པའི་ཕྱིར། ལྷས་བྱིན་འགྲོ་བའི་སྔ་རོལ་དུ་འགྲོ་བ་པོར་གྲུབ་ན་འགྲོ་བ་པོར་མཚོན་བྱེད་ཀྱི་འགྲོ་བའི་བྱ་བ་ཉིད་ཀྱིས་ལྷས་བྱིན་འགྲོ་བར་ཡང་མཚོན་པར་བྱེད་པ་ཞིག་ན། འགྲོ་བའི་སྔ་རོལ་དུ་འགྲོ་བ་མེད་པས་འགྲོ་བ་པོ་མ་གྲུབ་བོ་ཞེས་པའོ། །གལ་ཏེ་འགྲོ་བ་གང་གིས་འགྲོ་བ་པོར་མངོན་པ་དེས་མི་འགྲོ་ཡི། དེ་ལས་གཞན་འགྲོའོ་སྙམ་ན། དེ་ཡང་མ་ཡིན་ཏེ། འགྲོ་བ་གང་གིས་འགྲོ་པོར་མངོན། །དེ་ལས་གཞན་པ་དེ་འགྲོ་མིན། །གང་ཕྱིར་འགྲོ་པོ་གཅིག་པུ་ལ། །འགྲོ་བ་གཉིས་སུ་མི་འཐད་དོ། །འགྲོ་བའི་བྱ་བ་གང་གིས་ལྷས་བྱིན་འགྲོ་བ་པོར་མངོན་ཅིང་མཚོན་པར་བྱེད་པ་དེ་ལས་གཞན་པའི་འགྲོ་བའི་བྱ་བས་ལྷས་བྱིན་དེ་འགྲོ་བར་མཚོན་པ་མིན་ཏེ། གལ་ཏེ་ཡིན་ན་འགྲོ་བ་པོར་མཚོན་པ་དང་། འགྲོ་བར་མཚོན་པའི་བྱ་བ་གཉིས་ཡོད་པར་འགྱུར་ན་གང་གི་ཕྱིར་འགྲོ་བ་པོ་ལྷས་བྱིན་གཅིག་པུ་ལ་འགྲོ་བའི་བྱ་བ་གཉིས་སུ་མི་འཐད་པའི་ཕྱིར་ཏེ། འགྲོ་བ་པོ་ཡང་གཉིས་སུ་ཐལ་བའི་ཕྱིར་རོ། །

གཉིས་པ་རིགས་པ་བསྡུས་ཏེ་བསྟན་པ་ནི། འགྲོ་པོ་ཡིན་པར་གྱུར་པ་ནི། །འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །མ་ཡིན་པར་ནི་གྱུར་དེ་ཡང་། །འགྲོ་རྣམ་གསུམ་དུ་འགྲོ་མི་བྱེད། །ཡིན་དང་མ་ཡིན་གྱུར་པ་ཡང་། །འགྲོ་རྣམས་གསུམ་དུ་འགྲོ་མི་བྱེད། །འགྲོ་བ་པོ་ཡིན་པར་གྱུར་པ་འགྲོ་བའི་བྱ་བ་དང་ལྡན་པར་གྱུར་པ་ནི། འགྲོ་བའི་བྱ་བ་དང་ལྡན་པ་དང་མི་ལྡན་པ་དང་གཉིས་ཀ་ཡིན་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད། འགྲོ་བ་པོ་མ་ཡིན་པར་གྱུར་པ་འགྲོ་བའི་བྱ་བ་དང་མི་ལྡན་པ་དེ་ཡང་ཡིན་པ་དང་མ་ཡིན་པ་དང་གཉིས་ཀ་ཡིན་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དོ། །འགྲོ་བ་པོ་ཡིན་པ་དང་མ་ཡིན་པར་འགྱུར་བ་ཡང་། ཡིན་པ་དང་མ་ཡིན་པ་དང་གཉིས་ཀ་ཡིན་པའི་འགྲོ་བ་རྣམ་པ་གསུམ་དུ་འགྲོ་བར་མི་བྱེད་དོ། །འདི་དག་གི་སྒྲུབ་བྱེད་ནི། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུའང་འགྱུར། །ཞེས་སོགས་སུ་འཆད་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན་འགྲོ་བ་པོ་དང་། བགྲོད་པ་དང་། འགྲོ་བ་རྣམས་ཡོད་པ་མ་ཡིན་པ། དེ་ཕྱིར་འགྲོ་དང་འགྲོ་པོ་དང ། །བགྲོད་པར་བྱ་བའང་ཡོད་མ་ཡིན། །ཞེས་པ་མཇུག་བསྡུ་བའོ། །རྟེན་འབྲེལ་འགྲོ་འོང་དང་བྲལ་བ་དེ་ལྟར་ཡང་། འཕགས་པ་བློ་གྲོས་མི་ཟད་པ་བསྟན་པ་ལས། བཙུན་པ་ཤ་ར་དྭ་ཏིའི་བུ། འོང་བ་ཞེས་བྱ་བ་འདི་ནི་བསྡུ་བའི་ཚིག་གོ །བཙུན་པ་ཤ་ར་དྭ་ཏིའི་བུ། འགྲོ་བ་ཞེས་བྱ་བ་དེ་ནི་གསལ་བའི་ཚིག་གོ །གང་ལ་བསྡུ་བའི་ཚིག་མེད་པ་དང་གསལ་བའི་ཚིག་མེད་པ་དེ་ལ་འོང་བ་ཡང་མེད། འགྲོ་བ་ཡང་མེད་དོ། །འོང་བ་དང་འགྲོ་བ་མེད་པ་ནི་འཕགས་པ་རྣམས་ཀྱི་འགྲོ་བའོ་ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་འགྲོ་འོང་བརྟག་པ་སྟེ་རབ་བྱེད་གཉིས་པའི་འགྲེལ་པའོ།། །།

ལེའུ་གསུམ་པའི་རྣམ་བཤད།

གསུམ་པ་དབང་པོ་བརྟག་པའི་རབ་བྱེད་ལ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་འགྲོ་བ་དང་འགྲོ་བ་པོ་དང་བགྲོད་པར་བྱ་བ་མེད་ཀྱང་། གསུང་རབ་ལས་བྱུང་བའི་ལྟ་བ་མིག་དང་བལྟ་བྱ་གཟུགས་དང་ལྟ་བ་པོ་རྣམ་པར་ཤེས་པ་རྣམས་རང་བཞིན་གྱིས་ཡོད་པར་ཁས་བླངས་དགོས་ཏེ། ཆོས་མངོན་པ་ལས། ལྟ་དང་ཉན་དང་སྣོམ་པ་དང་། །མྱང་བར་བྱེད་དང་རེག་བྱེད་ཡིད། །དབང་པོ་དྲུག་སྟེ་དེ་དག་གི །སྤྱོད་ཡུལ་ལྟ་བར་བྱ་ལ་སོགས། །ལྟ་བ་མིག་དང་། ཉན་པ་རྣ་བ་དང་། སྣོམ་པ་སྣ་དང་། མྱང་བར་བྱེད་པ་ལྕེ་དང་། རེག་བྱེད་ལུས་དང་ཡིད་དེ། དབང་པོ་དབང་པོ་དྲུག་ཞེས་བྱ་བ་ནི་རང་གི་ཡུལ་བྱེ་བྲག་ཏུ་འབྱེད་པའི་སྒོ་ནས་དབང་བྱེད་པས་དབང་པོ་ཞེས་བྱའོ། །དྲུག་པོ་དེ་དག་གི་སྤྱོད་ཡུལ་བལྟ་བྱ་གཟུགས་དང་སོགས་པས་མཉན་བྱ་སྒྲ་དང་སྣོམ་བྱ་དྲི་དང་མྱང་བྱ་རོ་དང་རེག་བྱ་རེག་པ་དང་ཤེས་བྱ་ཆོས་རྣམས་ཡིན་པར་གསུངས་སོ། །དེའི་ཕྱིར་ལྟ་བ་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་དོ་ཞེས་རང་གི་སྡེ་པ་དག་འདོད་དོ། །

གཉིས་པ་དེ་དགག་པ་ལ། ལྟ་བ་དགག་པ་དང་། ཚུལ་དེ་དབང་པོ་གཞན་ལ་ཡང་བསྒྲེ་བའོ། །དང་པོ་ལ་ལྟ་བྱེད་དགག་པ་དང་། ལྟ་བ་པོ་དགག་པ། བལྟ་བྱ་ལྟ་བྱེད་ཀྱི་འབྲས་བུ་དགག་པ་དང་གསུམ་གྱི། དང་པོ་ལ་བཞིའི་དང་པོ་དགག་པ་དངོས་ནི། ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ལྟ་བ། །དེ་གཞན་དག་ལ་ཇི་ལྟར་ལྟ། །གལ་ཏེ་མིག་ལྟ་བའི་རང་བཞིན་དུ་འདོད་ན་རང་ལ་ཡང་ལྟ་དགོས་ཏེ། རང་གཞན་ཀུན་ལ་མཚུངས་པའི་ཕྱིར་རོ། །ལྟ་བའི་རང་བཞིན་དུ་འདོད་པའི་མིག་དེ་རང་གི་བདག་ཉིད་དེ་ལ་ལྟ་བ་མ་ཡིན་པ་ཉིད་དེ། རང་གི་བདག་ཉིད་ལ་བྱེད་པ་འགལ་བའི་ཕྱིར་དང་ཁས་མ་བླངས་པའི་ཕྱིར་རོ། །གང་ཞིག་རང་གི་བདག་ཉིད་ལ་མི་ལྟ་བ་དེ་ནི་སྔོན་པོ་ལ་སོགས་པ་གཞན་དག་ལ་ཇི་ལྟར་ལྟ་བར་བྱེད་དེ། བུམ་པ་ལ་སོགས་པ་བཞིན་ནོ། །གཞན་ཡང་མིག་དེ་ལ་ལྟ་བའི་མཐུ་ཡོད་ན། གཉིད་ལོག་པ་དང་མྱོས་པ་དང་ཤི་བ་ལ་སོགས་པའི་གནས་སྐབས་དག་དང་མུན་ཁུང་དང་དུས་ཐམས་ཅད་དུ་ཡང་ཐམས་ཅད་མཐོང་བར་འགྱུར་རོ། །གལ་ཏེ་མི་མཐོང་ན་ནི་དེ་ལ་ལྟ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བ་ཚད་མར་རྣམ་པར་བཞག་གོ།

གཉིས་པ་སྐྱོན་སྤོང་དགག་པ་ནི། དཔེར་ན་མེ་ནི་གཞན་ཁོ་ན་བསྲེག་གི རང་གི་བདག་ཉིད་མི་བསྲེགས་པ་དེ་བཞིན་དུ་ལྟ་བས་ཀྱང་གཞན་ཁོ་ན་ལ་བལྟའི་རང་གི་བདག་ཉིད་ལ་མ་ཡིན་ནོ་ཞེ་ན། ལྟ་བ་རབ་ཏུ་སྒྲུབ་པའི་ཕྱིར། །མེ་ཡི་དཔེ་ནི་ནུས་མ་ཡིན། ཁྱོད་ཀྱིས་ལྟ་བ་གཞན་ཁོ་ན་ལ་ལྟ་བ་རབ་ཏུ་སྒྲུབ་པའི་ཕྱིར་དུ་བཀོད་པའི་མེའི་དཔེ་གང་ཡིན་པ་དེས་ནི་དངོས་ཀྱི་དོན་སྒྲུབ་ནུས་པ་མ་ཡིན་ཏེ། གང་གི་ཕྱིར། སོང་དང་མ་སོང་འགོམ་པ་ཡིས། །དེ་ནི་ལྟ་བྱས་ལན་བཏབ་བོ། །མེའི་དཔེ་དེ་ནི་དངོས་ཀྱི་དོན་ལྟ་བ་དང་བཅས་པ་ལ་ལྷན་ཅིག་ཏུ་ལན་བཏབ་བོ་སྟེ་སུན་ཕྱུང་ངོ་། །གང་གིས་ཞེ་ན། སོང་བ་དང་མ་སོང་བ་དང་འགོམ་པའི་ལམ་ལ་ཇི་ལྟར་འགྲོ་བ་མེད་པར་སྔར་བསྟན་པའི་རིགས་པ་ཡིས་སོ། །འདི་ལྟར། རེ་ཤིག་སོང་ལ་མི་འགྲོ་སྟེ། །ཞེས་བརྗོད་པ་དེ་བཞིན་དུ། རེ་ཤིག་བསྲེགས་པ་མི་བསྲེག་སྟེ། །མ་བསྲེགས་པ་ཡང་མི་བསྲེག་གོ །བསྲེགས་དང་མ་བསྲེགས་མ་གཏོགས་པ། །སྲེག་བཞིན་ཤེས་པར་མི་འགྱུར་རོ། །ཞེས་དང་། རེ་ཤིག་བལྟས་པ་མི་བལྟ་སྟེ། །མ་བལྟས་པ་ལའང་མི་བལྟའོ། །བལྟས་དང་མ་བལྟས་མ་གཏོགས་པ། །ལྟ་བཞིན་ཤེས་པར་མི་འགྱུར་རོ། །ཞེས་བརྗོད་པར་བྱ་ཤིང་། ཡང་ཇི་ལྟར། རེ་ཞིག་འགྲོ་པོ་མི་འགྲོ་སྟེ། །ཞེས་བཤད་པ་བཞིན། རེ་ཤིག་སྲེག་པོ་མི་བསྲེག་སྟེ། །སྲེག་པ་པོ་མིན་བསྲེག་པ་མིན། །སྲེག་པོ་སྲེག་པོ་མིན་ལས་གཞན། །གསུམ་པ་གང་ཞིག་བསྲེག་པར་འགྱུར། །ཞེས་དང་། རེ་ཞིག་ལྟ་པོ་མི་བལྟ་སྟེ། །ལྟ་པོ་མིན་པ་མི་བལྟ་ཉིད། །ལྟ་པོ་ལྟ་པོ་མིན་ལས་གཞན། །གསུམ་པ་གང་ཞིག་བལྟ་བར་འགྱུར། །ཅེས་འདོན་པ་བསྒྱུར་ཏེ་སུན་འབྱིན་པ་བརྗོད་པར་བྱའོ། །

གསུམ་པ་དོན་བསྡུ་བ་ནི། གང་ཚེ་ཅུང་ཟད་མི་བལྟ་བ། །ལྟ་བར་བྱེད་པ་མ་ཡིན་ནོ། །བལྟས་པས་ལྟ་བར་བྱེད་ཅེས་བྱར། །དེ་ནི་ཅི་ལྟར་རིགས་པར་འགྱུར། །གང་གི་ཚེ་མིག་ཇི་སྐད་བཤད་པའི་ཚུལ་གྱིས་རང་བཞིན་གང་ལ་ཡང་ཅུང་ཟད་ཀྱང་མི་བལྟ་བ་དེའི་ཚེ་ཡང་དག་པར་ལྟ་བར་བྱེད་པ་མ་ཡིན་ནོ། །དེའི་ཕྱིར་ལྟ་བས་ན་ལྟ་བར་བྱེད་པའོ་ཞེས་བྱ་བར་མིག་དེ་ནི་ཇི་ལྟར་རིགས་པ་ཡིན་ཏེ་ཀ་བ་ལ་སོགས་པ་བཞིན་ནོ། །བཞི་པ་སུན་འབྱིན་གྱི་ལམ་གཞན་བསྟན་པ་ནི། གཞན་ཡང་འདི་ལྟ་བས་ན་ལྟ་བར་བྱེད་པའོ་ཞེས་བརྗོད་ན། ལྟ་བའི་བྱ་བ་དང་མིག་ལྟ་བའི་རང་བཞིན་ཅན་ཞིག་གམ། ལྟ་བའི་རང་བཞིན་ཅན་མ་ཡིན་པ་ཞིག་འབྲེལ་བར་རྟོག་གྲང་། གཉིས་ཀ་ལྟར་ཡང་མི་རུང་སྟེ། ལྟ་བ་ལྟ་ཉིད་མ་ཡིན་ཏེ། །ལྟ་བ་མིན་པ་མི་བལྟ་ཉིད། །ལྟ་བའི་རང་བཞིན་ཅན་ལྟ་བའི་བྱ་བ་དང་ལྡན་པ་ཡིན་ཡང་ལྟ་བ་ཉིད་དང་འབྲལ་བ་མ་ཡིན་ཏེ། ལྟ་བའི་བྱ་བ་གཉིས་སུ་ཐལ་བའི་ཕྱིར་དང་། བྱེད་པ་ཡང་གཉིས་སུ་ཐལ་བའི་ཕྱིར་རོ། །ལྟ་བའི་རང་བཞིན་ཅན་མིན་པའང་མི་ལྟ་བ་ཉིད་དེ། ལྟ་བའི་བྱ་བ་དང་བྲལ་བའི་ཕྱིར།

གཉིས་པ་ལྟ་བ་པོ་དགག་པ་ནི། ལྟ་བ་བྱེད་པ་ཡོད་དེ། ལྟ་བ་པོ་ཡོད་པའི་ཕྱིར་ཞེ་ན། ལྟ་བ་ཉིད་ཀྱིས་ལྟ་བ་པོའང་། །རྣམ་པར་བཤད་པར་ཤེས་པར་བྱ། །གོང་དུ། ལྟ་དེ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །ཅེས་སོགས་ལྟ་བ་ཉིད་ལ་སུན་འབྱིན་པ་ཉིད་ཀྱིས་ལྟ་བ་པོ་ལའང་སུན་འབྱིན་རྣམ་པར་བཤད་པར་ཤེས་པར་བྱའོ། །ལྟ་པོ་རང་གི་བདག་ཉིད་ནི། །དེ་ལ་ལྟ་བ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་བལྟ་བ། །དེ་གཞན་དག་ལ་ཇི་ལྟར་བལྟ། །ཞེས་སོགས་བརྗོད་པར་བྱའོ། །གལ་ཏེ་ལྟ་བ་པོ་ཡོད་དེ། དེའི་ལས་དང་བྱེད་པ་པོ་ཡོད་པའི་ཕྱིར་ཏེ། བལྟ་བར་བྱ་བ་དང་ལྟ་བ་ཡོད་པའི་ཕྱིར་རོ་ཞེ་ན། བལྟ་བྱ་དང་ལྟ་བ་ནི་ལྟ་བ་པོ་ལ་ལྟོས་པ་ཡིན་ལ། དེ་ཡང་དཔྱད་ན་ཡོད་པ་མ་ཡིན་ཏེ། མ་སྤངས་ལྟ་པོ་ཡོད་མིན་ཏེ། །ལྟ་བ་སྤངས་པར་གྱུར་ཀྱང་ངོ་། །ལྟ་བ་པོ་གང་ཞིག་ཡོད་ན་ལྟ་བ་ལ་ལྟོས་པ་དང་བཅས་པའམ་ལྟོས་པ་མེད་པ་ཞིག་ཏུ་འགྱུར་གྲང་། ལྟ་བ་མ་སྤངས་པ་དེ་ལ་ལྟོས་པ་དང་བཅས་པའི་ལྟ་བ་པོ་ནི་ཡོད་པ་མ་ཡིན་ཏེ། ལྟ་བ་པོ་གྲུབ་པའམ་མ་གྲུབ་པ་གང་ཡང་ལྟ་བ་ལ་ལྟོས་པ་མི་རིགས་པའི་ཕྱིར་ཏེ། གྲུབ་པ་ནི་ལྟོས་མི་དགོས་པའི་ཕྱིར་དང་། མ་གྲུབ་པ་ནི་མོ་གཤམ་གྱི་བུ་ལྟར་ལྟོས་པ་མི་རིགས་པའི་ཕྱིར་རོ། །ལྟ་བ་སྤངས་པར་གྱུར་པའི་ལྟ་བ་པོ་ཡང་ཡོད་པ་མ་ཡིན་ཏེ། བྱེད་པ་པོ་ནི་བྱ་བ་ལ་ལྟོས་པའི་ཕྱིར་རོ། །དེའི་ཕྱིར། ལྟ་པོ་མེད་ན་བལྟ་བྱ་དང་། །ལྟ་བ་དེ་དག་ག་ལ་ཡོད། །ཇི་སྐད་བཤད་པའི་ཚུལ་གྱིས་ལྟ་བ་པོ་མེད་ན། དེ་ལ་ལྟོས་པའི་བལྟ་བྱ་དང་ལྟ་བ་དེ་དག་ག་ལ་ཡོད། དེའི་ཕྱིར་དེ་དག་ཡོད་པས་ལྟ་བ་པོ་ཡོད་པར་མི་འགྱུར་རོ། །

གསུམ་པ་བལྟ་བྱ་ལྟ་བྱེད་ཀྱི་འབྲས་བུ་དགག་པ་ནི། ཇི་ལྟར་ཕ་དང་མ་དག་ལ། །བརྟེན་ནས་བུ་ནི་འབྱུང་བར་བཤད། །དེ་བཞིན་མིག་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་འབྱུང་བར་བཤད། །ཇི་ལྟར་ཕ་དང་མ་ལ་བརྟེན་ནས་བུ་འབྱུང་བ་དེ་བཞིན་དུ་ལྟ་བ་མིག་དང་བལྟ་བྱ་གཟུགས་ལ་བརྟེན་ནས་རྣམ་པར་ཤེས་པ་འབྱུང་ལ། གསུམ་འདུས་པ་ལས་རེག་པ། དེ་ལས་ཚོར་བ། དེ་ལས་སྲེད་པ་འབྱུང་བར་བཤད་དོ། །དེ་ལྟར་ན་སྲིད་པའི་ཡན་ལག་བཞི་པོ་བལྟ་བྱ་ལྟ་བའི་རྒྱུ་ཅན་དག་ཡོད་པ་ཡིན་ཏེ། དེའི་ཕྱིར་བལྟ་བྱ་བལྟ་བ་གཉིས་ཡོད་དོ་ཞེ་ན། བལྟ་བྱ་ལྟ་བ་མེད་པའི་ཕྱིར། །རྣམ་པར་ཤེས་ལ་སོགས་པ་བཞི། །ཡོད་མིན། འདི་ལྟར་ལྟ་བ་པོ་མེད་པས་བལྟ་བྱ་ལྟ་བ་མེད་དོ་ཞེས་སྔར་བཤད་ཟིན་པའི་ཕྱིར་དེའི་རྒྱུ་ཅན་གྱི་རྣམ་པར་ཤེས་པ་ལ་སོགས་པ་བཞི་ཡོད་པ་མིན་ནོ། །རྣམ་ཤེས་ལ་སོགས་པ་ཡོད་དེ། དེ་དག་གི་འབྲས་བུ་ལེན་པ་ནས་རྒ་ཤིའི་བར་བཞི་ཡོད་པའི་ཕྱིར་ཞེ་ན། ཉེ་བར་ལེན་པ་སོགས། །ཇི་ལྟ་བུར་ན་ཡོད་པར་འགྱུར། །གང་གི་ཚེ་བལྟ་བྱ་དང་ལྟ་བ་མེད་པས་རྣམ་ཤེས་ལ་སོགས་པ་བཞི་མེད་པ་དེའི་ཚེ་དེ་དག་གི་འབྲས་བུ་ཉེ་བར་ལེན་པ་ལ་སོགས་པ་བཞི་ཡང་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ་མེད་པ་ཁོ་ནའོ། །

གཉིས་པ་ཚུལ་དེ་དབང་པོ་གཞན་ལ་བསྒྲེ་བ་ནི། ལྟ་བས་ཉན་དང་སྣོམ་པ་དང་། །མྱང་བར་བྱེད་དང་རེག་བྱེད་ཡིད། །ཉན་པ་པོ་དང་མཉན་ལ་སོགས། །རྣམ་པར་བཤད་པར་ཤེས་པར་བྱ། །ཉན་དེ་རང་གི་བདག་ཉིད་ནི། །དེ་ལ་ཉན་པ་མ་ཡིན་ཉིད། །གང་ཞིག་བདག་ལ་མི་ཉན་པ། །དེ་གཞན་དག་ལ་ཇི་ལྟར་ཉན། །ཉན་པར་རབ་ཏུ་སྒྲུབ་པའི་ཕྱིར། །མེ་ཡི་དཔེས་ནི་ནུས་མ་ཡིན། །སོང་དང་མ་སོང་འགོམ་པ་ཡིས། །དེ་ནི་ཉན་བཅས་ལན་བཏབ་བོ། །ཞེས་སོགས་ཐམས་ཅད་ཡིད་ཀྱི་བར་ལ་སྦྱར་ནས་བཤད་པར་བྱའོ། །མིག་ལ་སོགས་པའི་དབང་པོ་དེ་དག་ཡང་དག་པར་གཟུགས་ལ་སོགས་པའི་ཡུལ་ཅན་མ་ཡིན་པ་དེ་ལྟར་ཡང་བཅོམ་ལྡན་འདས་ཀྱིས། མིག་གིས་གཟུགས་རྣམས་མི་མཐོང་སྟེ། །ཡིད་ཀྱིས་ཆོས་རྣམས་མི་ཤེས་ཏེ། །གང་དུ་འཇིག་རྟེན་མི་འཇུག་པ། །འདི་ནི་བདེན་པའི་མཆོག་ཡིན་ནོ། །ཞེས་སོགས་གསུངས། དབུ་མ་རྩ་བའི་ཤེས་རབ་ལས་དབང་པོ་བརྟག་པ་ཞེས་བྱ་བ་རབ་བྱེད་གསུམ་པའི་འགྲེལ་པའོ།། །།

ལེའུ་བཞི་པའི་རྣམ་བཤད།

བཞི་པ་ཕུང་པོ་བརྟག་པའི་རབ་བྱེད་ལ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པ་གཉིས་ལས། དང་པོ་ནི། གལ་ཏེ་དབང་པོ་རྣམས་ཡོད་དེ། ཕུང་པོ་ལྔ་ཡོད་པའི་ཕྱིར་དང་། དབང་པོ་རྣམས་ཀྱང་དེ་དག་གི་ཁོངས་སུ་འདུ་བའི་ཕྱིར་རོ་ཞེ་ན། དེ་དགག་པ་ལ། གཟུགས་ཕུང་དགག་པ་དང་། ཚུལ་དེ་ཕུང་པོ་གཞན་ལ་བསྒྲེ་བ་གཉིས་ཀྱི། དང་པོ་ལ། རྒྱུ་འབྲས་ཀྱི་གཟུགས་སྤྱིར་དགག་པ་དང་། རྒྱུ་གཟུགས་ཁྱད་པར་དུ་དགག བཀག་པའི་དོན་བསྡུ་བ། སུན་འབྱིན་གྱི་ལམ་གཞན་བསྟན་པ་དང་བཞིའི། དང་པོ་ནི། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ནི་དམིགས་པར་མི་འགྱུར་རོ། །གཟུགས་ཞེས་བྱ་བ་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཡང་མི་སྣང་ངོ་། །གཟུགས་ཀྱི་རྒྱུ་ནི་ས་ལ་སོགས་པའི་འབྱུང་བ་རྣམས་ཏེ་འབྲས་བུའི་གཟུགས་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །གཟུགས་ནི་འབྲས་བུའི་གཟུགས་ཏེ། ཡུལ་ལྔ་དང་དབང་པོ་ལྔ་རྣམས་སོ། །གཟུགས་ཀྱི་རྒྱུ་ས་ལ་སོགས་པའི་འབྱུང་བ་རྣམས་མ་གཏོགས་པར་ལོགས་སུ་འབྲས་བུའི་གཟུགས་དམིགས་པར་མི་འགྱུར་རོ། །འབྲས་བུའི་གཟུགས་གཟུགས་སྒྲ་སོགས་མ་གཏོགས་པར་ལོགས་སུ་གཟུགས་ཀྱི་རྒྱུ་འབྱུང་བ་རྣམས་ཀྱང་མི་སྣང་ངོ་། །ཅིའི་ཕྱིར་ཞེ་ན། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར། །གཟུགས་ན་གཟུགས་ཀྱི་རྒྱུ་མེད་པར། །ཐལ་བར་འགྱུར་ཏེ་དོན་གང་ཡང་། །རྒྱུ་མེད་པར་ནི་གང་ནའང་མེད། །ཇི་ལྟར་བུམ་པ་ལས་དོན་གཞན་པའི་སྣམ་བུ་ནི་དེའི་རྒྱུ་ཅན་མ་ཡིན་པ་ལྟར་གཟུགས་ཀྱི་རྒྱུ་འབྱུང་བ་ལས་མ་གཏོགས་པར་དེ་ལས་ཐ་དད་པའི་འབྲས་བུའི་གཟུགས་ཡོད་ན་འབྲས་བུའི་གཟུགས་དེ་ནི་རྒྱུ་མེད་པར་ཐལ་བར་འགྱུར་རོ། །འབྱུང་བ་ལས་དོན་གཞན་ཡིན་པས་དེ་ལ་མི་ལྟོས་པའི་ཕྱིར་དང་། རྒྱུ་གཞན་མེད་པའི་ཕྱིར་རོ། །དོན་གང་ཡང་རྒྱུ་མེད་པ་ནི་གང་ནའང་མེད་དེ། རྟག་ཏུ་ཡོད་པའམ་ཡང་ན་ནམ་ཡང་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་ཀྱི་དེ་རྒྱུ་ལས་མ་གཏོགས་པའི་གཟུགས་ཁས་མི་བླང་ངོ་། །

འབྲས་བུའི་གཟུགས་ལས་མ་གཏོགས་པའི་གཟུགས་ཀྱི་རྒྱུ་འབྱུང་བ་ཡང་མེད་དེ། གལ་ཏེ་གཟུགས་ནི་མ་གཏོགས་པར། །གཟུགས་ཀྱི་རྒྱུ་ཞིག་ཡོད་ན་ནི། །འབྲས་བུ་མེད་པའི་རྒྱུར་འགྱུར་ཏེ། །འབྲས་བུ་མེད་པའི་རྒྱུ་མེད་དོ། །གལ་ཏེ་འབྲས་བུ་གཟུགས་ལས་མ་གཏོགས་པར་དེ་ལས་ཐ་དད་པའི་གཟུགས་ཀྱི་རྒྱུ་འབྱུང་བ་ཞིག་ཡོད་ན། དེའི་ཚེ་ཇི་ལྟར་སྣམ་བུ་ལས་ཐ་དད་པའི་བུམ་པ་སྣམ་བུའི་རྒྱུ་ཅན་མ་ཡིན་པ་ལྟར་འབྲས་གཟུགས་ལས་ཐ་དད་པའི་རྒྱུ་གཟུགས་ནི་དེའི་རྒྱུ་མ་ཡིན་པས་གཟུགས་ཀྱི་རྒྱུ་འབྱུང་བ་ནི་འབྲས་བུ་མེད་པའི་རྒྱུར་འགྱུར་ན། རྒྱུའི་ཐ་སྙད་འཇུག་པའི་རྒྱུ་ནི་འབྲས་བུ་ལ་ལྟོས་པས་འབྲས་བུ་མེད་པའི་རྒྱུ་མེད་དོ། །

གཉིས་པ་ནི། ས་སོགས་འབྱུང་བ་འདི་རྣམས་འབྲས་གཟུགས་ཀྱི་རྒྱུར་འདོད་ན་འབྲས་གཟུགས་ཡོད་པའམ་མེད་པ་ཞིག་ལ་འདོད་གྲང་། གཉིས་ཀ་ལྟར་ཡང་མི་རིགས་ཏེ། གཟུགས་ཡོད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །གཟུགས་མེད་ན་ཡང་གཟུགས་ཀྱི་ནི། །རྒྱུ་ཡང་འཐད་པར་མི་འགྱུར་ཉིད། །འབྲས་བུའི་གཟུགས་ཡོད་ན་ཡང་གཟུགས་ཀྱི་རྒྱུ་འབྱུང་བ་དེ་སྐྱེད་བྱེད་དུ་འཐད་པར་མི་འགྱུར་ཏེ། ཡོད་པ་ཐོབ་ཟིན་པས་དགོས་པ་མེད་པའི་ཕྱིར་རོ། །འབྲས་བུའི་གཟུགས་མེད་ན་ཡང་གཟུགས་ཀྱི་རྒྱུ་དེ་སྐྱེད་བྱེད་དུ་འཐད་པར་མི་འགྱུར་ཏེ། མེད་པ་སྒྲུབ་མི་ནུས་པའི་ཕྱིར་རོ། །ཅི་སྟེ་དེ་ལྟར་གཟུགས་ཀྱི་རྒྱུ་མི་སྲིད་མོད། འབྲས་བུའི་གཟུགས་ནི་ཡོད་དོ་སྙམ་ན། རྒྱུ་མེད་པ་ཡི་གཟུགས་དག་ནི། །འཐད་པར་མི་རུང་རུང་མིན་ཉིད། །གཟུགས་ཀྱི་རྒྱུ་ཅི་ལྟར་བཤད་ཟིན་ཏོ། །དེའི་ཕྱིར་རྒྱུ་མེད་པའི་འབྲས་བུའི་གཟུགས་དག་འཐད་པར་མི་རུང་རུང་མིན་ཉིད་དེ་མི་འཐད་པ་ཁོ་ན་ཡིན་ཏེ། དེ་ལྟར་མ་མཐོང་བའི་ཕྱིར་དང་མི་འདོད་པའི་ཕྱིར་རོ། །མི་རུང་རུང་མིན་ཉིད་ཅེས་ངེས་གཟུང་དང་བཅས་པའི་དགག་པ་གཉིས་སྨོས་པ་ནི་རྒྱུ་མེད་པ་ཤིན་ཏུ་ཐ་ཆད་པར་སྟོན་པའོ། །

གསུམ་པ་ནི། དེ་ཕྱིར་གཟུགས་ཀྱི་རྣམ་པར་རྟོག །འགའ་ཡང་རྣམ་པར་བརྟག་མི་བྱ། །གང་གི་ཕྱིར་དེ་ལྟར་གཟུགས་རྣམ་པར་དཔྱད་ན་རང་བཞིན་མེད་པ་དེའི་ཕྱིར། རྣལ་འབྱོར་པ་དེ་ཁོ་ན་ཉིད་གཟིགས་པ་རྣམས་ཀྱིས་བསྟན་ཡོད་བསྟན་མེད་ཐོགས་བཅས་ཐོགས་མེད་འདས་མ་འོངས་སྔོ་སེར་སོགས་གཟུགས་ལ་དམིགས་པའི་རྣམ་པར་རྟོག་པ་འགའ་ཡང་རྣམ་པར་བརྟག་པར་མི་བྱའོ། །འདིར་ཆོས་མངོན་པ་བ་དག་གིས་སྨྲས་པ། འབྱུང་བ་རྣམས་རྒྱུར་བྱས་པ་ལ་ནི་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་ཀྱི་གཟུགས་རྣམ་པ་ཉི་ཤུ་འབྱུང་བའི་ཕྱིར། འབྱུང་བ་རྣམས་ནི་ངོ་བོ་ཉིད་ཡོད་པ་ཁོ་ནའོ་ཞེས་ན། གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བ་ལ་ཀུན་རྟོག་གིས་བརྟགས་པ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། གང་གི་ཕྱིར་དེ་དག་ཡང་དག་པ་ཡིན་ན་འཇིག་རྟེན་པའི་རྣལ་འབྱོར་པ་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་དང་། ཅི་ཡང་མེད་པའི་སྙོམས་པར་འཇུག་པ་སྒོམ་པ་ལ་གནས་པ་དག་ཀྱང་རེ་ཞིག་གཟུགས་ཀྱི་འདུ་ཤེས་དང་། ཐོགས་པའི་འདུ་ཤེས་རྣམ་པ་ཐམས་ཅད་དུ་ནུབ་ཅིང་། དེ་བཞིན་དུ་རྣམ་པར་ཐར་པ་བརྒྱད་དང་། ཟིལ་གྱིས་གནོན་པའི་སྐྱེ་མཆེད་དང་། ཟད་པར་གྱི་སྐྱེ་མཆེད་དག་སྒོམ་པ་གོམས་པའི་མཇུག་དུ་ཡང་གཟུགས་ཀྱི་འདུ་ཤེས་ཡོད་པར་འགྱུར་ན། ཐེག་ཆེན་གྱི་རྣལ་འབྱོར་པ་བསྐལ་པ་དཔག་ཏུ་མེད་པར་དངོས་པོའི་རང་གི་ངོ་བོ་ཉིད་དུ་བསྒོམ་པ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་སྒོམ་པ་མཐར་ཕྱིན་པ་ལ་གནས་པ་རྣམས་གཟུགས་སུ་འཛིན་པར་འགྱུར་བ་ལྟ་སྨོས་ཀྱང་ཅི་དགོས་ཏེ་རིགས་པ་མ་ཡིན་ནོ། །

དབུ་མ་སྙིང་པོར་ཡང་། དེས་ན་ཁ་དོག་སྔོན་པོ་སོགས་དབྱིབས་གྲུ་བཞི་སོགས་དང་ནི། །བསགས་རྫས་བརྒྱད་དང་ཕྲ་དང་རགས་སོགས་ཀྱིས། །དབྱེ་བས་གཟུགས་ཀྱི་མཚན་ཉིད་གང་། །ཇི་སྙེད་རྣམ་པར་བརྟགས་པ་རྣམས། །ཇི་ལྟར་རིགས་པའི་སྦྱོར་བ་ཡིས། །བཀག་པར་ཁོང་དུ་ཆུད་པར་བྱ། ཞེས་སོ། །

བཞི་པ་ནི། གལ་ཏེ་འབྱུང་བ་འདི་འབྲས་བུའི་གཟུགས་སྒྲུབ་པར་བྱེད་ན་རང་དང་འདྲ་བའམ་མི་འདྲ་བ་ཞིག་སྒྲུབ་གྲང་། གཉིས་ཀ་ལྟར་ཡང་མི་འཐད་དེ། འབྲས་བུ་རྒྱུ་དང་འདྲ་བ་ཞེས། །བྱ་བ་འཐད་པ་མ་ཡིན་ནོ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས། །བྱ་བའང་འཐད་པ་མ་ཡིན་ནོ། །འབྲས་བུའི་གཟུགས་རྣམས་རྒྱུའི་གཟུགས་དང་འདྲ་བ་འཐད་པ་མ་ཡིན་ཏེ། འབྱུང་བ་རྣམས་ནི་སྲ་བ་དང་གཤེར་བ་དང་དྲོ་བ་དང་གཡོ་བའི་ངོ་བོ་ཡིན་ལ། འབྲས་གཟུགས་མིག་ལ་སོགས་པའི་དབང་པོ་རྣམས་ནི་མིག་གི་རྣམ་ཤེས་ལ་སོགས་པའི་རྟེན་གཟུགས་དང་བ་ཡིན་ལ། ཕྱི་རོལ་གཟུགས་སྒྲ་ལ་སོགས་པ་རྣམས་ནི་མིག་གི་རྣམ་ཤེས་སོགས་ཀྱི་གཟུང་བྱའི་མཚན་ཉིད་ཅན་ཡིན་པས་མཚན་ཉིད་ཐ་དད་པ་ཅན་ཡིན་པའི་ཕྱིར་རོ། །འབྲས་བུ་རྒྱུ་དང་མི་འདྲ་ཞེས་བྱ་བའང་འཐད་པ་མ་ཡིན་ཏེ། འཁོར་བ་དང་མྱང་འདས་ལྟར་མཚན་ཉིད་མི་འདྲ་བ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་རོ། །

གཉིས་པ་ཚུལ་དེ་གཞན་ལ་བསྒྲེ་བ་ལ། དངོས་དང་། རིགས་པ་མཚུངས་པའི་རྒྱུ་མཚན་བསྟན་པ་གཉིས་ཀྱི། དང་པོ་ནི། ཚོར་དང་འདུ་ཤེས་འདུ་བྱེད་དང་། །སེམས་དང་དངོས་པོ་ཐམས་ཅད་ཀྱང་། །རྣམ་པ་དག་ནི་ཐམས་ཅད་དུ། །གཟུགས་ཉིད་ཀྱིས་ནི་རིམ་པ་མཚུངས། །ཚོར་བ་ལ་སོགས་པ་ཕུང་པོ་ལྷག་མ་བཞི་པོ་དང་མཚན་ཉིད་མཚན་གཞི་ཡན་ལག་དང་ཡན་ལག་ཅན་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱང་དགག་པའི་རིམ་པ་གཟུགས་ལ་རྣམ་པར་དཔྱད་པའི་རིམ་པ་དང་མཚུངས་པར་སྦྱར་བར་བྱ་སྟེ། འདི་ལྟར། ཚོར་བའི་རྒྱུ་ནི་མ་གཏོགས་པར། །ཚོར་བ་དམིགས་པར་མི་འགྱུར་རོ། །ཞེས་པ་ནས། དེ་ཕྱིར་ཚོར་བའི་རྣམ་པར་རྟོག ། འགའ་ཡང་རྣམ་པར་བརྟག་མི་བྱ། །ཞེས་སོགས་ཐམས་ཅད་ལ་སྦྱར་ཏེ་བཤད་དོ། །གཉིས་པ་ནི། ཅིའི་ཕྱིར་ཕུང་པོ་གཞན་རྣམས་ཀྱང་གཟུགས་རྣམ་པར་དཔྱད་པའི་རིམ་པ་དང་མཚུངས་ཞེ་ན། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡང་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །གང་དག་གཟུགས་རང་བཞིན་གྱིས་གྲུབ་པར་སྨྲ་བ་ལ། གཟུགས་ཀྱི་རྒྱུ་ནི་མ་གཏོགས་པར་ཞེས་སོགས་སྟོང་པ་ཉིད་ཀྱིས་རྩད་ཅིང་དགག་པ་བྱས་པ་དེའི་ཚེ། འགའ་ཞིག་གཟུགས་ཡོད་དེ། ཚོར་བ་ལ་སོགས་པ་ཕུང་པོ་གཞན་རྣམས་ཡོད་པའི་ཕྱིར་རོ་ཞེས་ལན་འདེབས་སྨྲ་བར་བྱེད་ན་དེའི་ཐམས་ཅད་ལན་བཏབ་པ་མིན་ཏེ། ཚོར་བ་ལ་སོགས་པ་ཡོད་པ་ཡང་བསྒྲུབ་བྱ་གཟུགས་ཀྱི་ཡོད་པ་དང་མཚུངས་པའི་ཕྱིར་ཏེ། འདི་ལྟར། ཇི་ལྟར་གཟུགས་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་མ་གྲུབ་པ་དེ་བཞིན་དུ་རེག་པའི་རྐྱེན་གྱིས་ཚོར་བ་དང་། རྣམ་ཤེས་དང་ལྷན་ཅིག་པའི་འདུ་ཤེས་དང་མ་རིག་པའི་རྐྱེན་གྱིས་འདུ་བྱེད་དང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཡང་རང་གི་རྒྱུ་ལས་དེ་ཉིད་དང་གཞན་དུ་རྣམ་པར་དཔྱད་ན་མ་གྲུབ་པའི་ཕྱིར་རོ། །ཇི་ལྟར་གཞན་གྱི་ཕྱོགས་སུན་འབྱིན་པ་ལ་ཚུལ་འདི་བརྗོད་པ་དེ་བཞིན་དུ་བཤད་པ་བྱེད་པའི་ཚེ་ཡང་ཡིན་ནོ་ཞེས་བཤད་པ། སྟོང་པ་ཉིད་ཀྱིས་བཤད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་སྐྱོན་འདོགས་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །སྟོང་པ་ཉིད་ཀྱིས་བཤད་པ་བྱས་པའི་ཚེ་སློབ་མ་ལྟ་བུ་གང་ཞིག་གཟུགས་ཡོད་དེ། ཚོར་བ་སོགས་གཞན་རྣམས་ཡོད་པའི་ཕྱིར་རོ་ཞེས་སོགས་སྐྱོན་འདོགས་སྨྲ་བར་བྱེད་པ་དེ་ཡི་ཐམས་ཅད་སྐྱོན་བཏགས་པ་མིན་ཏེ། སྔ་མ་བཞིན་དུ་བསྒྲུབ་བྱ་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །དབུ་མ་པས་ནི། ཆོས་གཅིག་སྟོང་པར་སྨྲ་བ་ན་ཐམས་ཅད་དེ་དང་མཚུངས་པའི་ཕྱིར་འགས་ཀྱང་ལན་བཏབ་པའམ་སུན་འབྱིན་མི་ནུས་པའི་ཕྱིར་རོ་ཞེས་པའོ། །དེ་ལྟར་ཡང་ནམ་མཁའ་མཛོད་ཀྱི་མདོ་ལས། ཆོས་གཅིག་གིས་ནི་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་། །མིག་རྒྱུ་དང་འདྲ་གཟུང་བྱར་མེད་ཅིང་གསོག་དང་ནི། །རྫུན་ཞིང་ཐེར་ཟུག་མིན་པར་རྗེས་སུ་རྟོགས་གྱུར་པ། །དེ་ནི་རིང་པོར་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། །ཞེས་གསུངས་པ་ལྟར་རོ། །དབུ་མ་རྩ་བའི་ཤེས་རབ་ལས་ཕུང་པོ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཞི་པའི་འགྲེལ་པའོ།། །།

ལེའུ་ལྔ་པའི་རྣམ་བཤད།

ལྔ་པ་ཁམས་བརྟག་པའི་རབ་བྱེད་ལ། ཕྱོགས་སྔ་མ་དང་། དེ་དགག་པ་གཉིས་ཀྱི་དང་པོ་ནི། ཁམས་རྣམས་ནི་ཡོད་དེ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་སྐྱེས་བུ་གང་ཟག་འདི་ནི་ཁམས་དྲུག་པའོ་ཞེས་གསུངས་སོ། །དེའི་ཕྱིར་གསུང་རབ་ལས་འདོན་པ་ལགས་ན་ཁམས་བཞིན་དུ་ཕུང་པོ་དང་སྐྱེ་མཆེད་ཀྱང་ཡོད་དོ་ཞེ་ན། གཉིས་པ་དེ་དགག་པ་ལ་ཁམས་དྲུག་རྒྱས་པར་དགག མཐར་འཛིན་གྱིས་མི་གྲོལ་བར་བསྟན་པ་གཉིས་ཀྱི། དང་པོ་ལ། ནམ་མཁའི་ཁམས་དགག་པ་དང་། ཚུལ་དེ་གཞན་ལ་བསྒྲེ་བ་གཉིས་ཀྱི། དང་པོ་ལ་དགག་པ་རྒྱས་པར་བསྟན་པ་དང་། བཀག་པའི་མཇུག་བསྡུ་བ་གཉིས་ཀྱི། དང་པོ་ལ་མཚན་མཚོན་དགག་པ་དང་། དངོས་དང་དངོས་མེད་དགག་པ་གཉིས་ཀྱི། དང་པོ་ལ་གསུམ་གྱི། མཚན་ཉིད་དགག་པ་ནི། དེ་ལ་ཁམས་དྲུག་ནི་ས་དང་ཆུ་དང་མེ་དང་རླུང་དང་ནམ་མཁའ་དང་རྣམ་པར་ཤེས་པའོ། །དེ་ལ་ནམ་མཁའ་རྫས་གྲུབ་དགག་པའི་དབང་དུ་བྱས་ཏེ་བཤད་པ། ནམ་མཁའི་མཚན་ཉིད་སྔ་རོལ་ན། །ནམ་མཁའ་ཅུང་ཟད་ཡོད་མ་ཡིན། །གལ་ཏེ་མཚན་ལས་སྔ་གྱུར་ན། །མཚན་ཉིད་མེད་པར་ཐལ་བར་འགྱུར། །འདིར་ནམ་མཁའི་མཚན་ཉིད་ནི་སྒྲིབ་པ་མེད་པ་ཡིན་ལ་དེའི་སྔ་རོལ་དུ་མཚན་གཞི་ནམ་མཁའ་ཡོད་ན་དེ་ལ་མཚན་ཉིད་འཇུག་པར་རིགས་ན་ཡང་། ནམ་མཁའི་མཚན་ཉིད་སྒྲིབ་པ་མེད་པའི་སྔ་རོལ་ན་མཚན་གཞི་ནམ་མཁའ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། གལ་ཏེ་མཚན་ཉིད་ལས་སྔར་མཚན་གཞི་གྲུབ་པར་གྱུར་ན་མཚན་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ནི་འདོད་པའམ་རིགས་པ་ཡང་མ་ཡིན་ཏེ། མཚན་ཉིད་མེད་པའི་དངོས་པོ་ནི། །འགའ་ཡང་གང་ནའང་ཡོད་མ་ཡིན། །གལ་ཏེ་མཚན་ཉིད་ཡོད་དེ། དེ་ལ་མཚན་ཉིད་འཇུག་པ་ཡོད་པའི་ཕྱིར་ཞེ་ན། མཚན་ཉིད་མེད་པའི་དངོས་མེད་ན། །མཚན་ཉིད་གང་དུ་འཇུག་པར་འགྱུར། །མཚན་ཉིད་ཀྱི་སྔ་རོལ་ན་མཚན་ཉིད་མེད་པའི་མཚན་གཞིའི་དངོས་པོ་མེད་དོ་ཞེས་བཤད་ཟིན་པའི་ཕྱིར་ན་མཚན་ཉིད་གང་དུ་འཇུག་པར་འགྱུར་ཏེ། དེས་ན་མཚན་ཉིད་འཇུག་པ་མེད་དོ། །གལ་ཏེ་སྔར་མཚན་གཞི་གྲུབ་ལ། ཕྱིས་མཚན་ཉིད་འཇུག་པར་འདོད་ན་ཡང་མཚན་ཉིད་མེད་པའི་ཉེས་པ་དེ་ཉིད་དུ་འགྱུར་རོ། །

གཉིས་པ་ཅིག་ཅར་གྲུབ་བོ་ཞེ་ན་ཡང་། རྭ་གཡས་གཡོན་བཞིན་དུ་ཕན་ཚུན་ལྟོས་པ་མེད་པའི་ཕྱིར་མཚན་མཚོན་དུ་མི་རིགས་སོ། །གཞན་ཡང་མཚན་ཉིད་འཇུག་པ་ན་མཚན་ཉིད་དང་བཅས་པའམ་མཚན་ཉིད་མེད་པ་ཞིག་ལ་འཇུག་གྲང་། གཉིས་ཀ་ལྟར་ཡང་མི་འཐད་དེ། མཚན་ཉིད་མེད་ལ་མཚན་ཉིད་ནི། །མི་འཇུག་མཚན་ཉིད་བཅས་ལའང་མིན། །མཚན་ཉིད་མེད་པ་ལ་ནི་མཚན་ཉིད་མི་འཇུག་སྟེ། རི་བོང་གི་རྭ་བཞིན། མཚན་ཉིད་དང་བཅས་པ་ལ་ཡང་མཚན་ཉིད་མི་འཇུག་སྟེ། མཚན་ཉིད་དང་ལྡན་པར་གྲུབ་པ་ལ་ཡང་མཚན་ཉིད་འཇུག་པ་དོན་མེད་པའི་ཕྱིར་རོ། །གལ་ཏེ་འཇུག་ན་ཐུག་པ་མེད་པར་འགྱུར་རོ། །དེ་གཉིས་ལས་གཞན་ལ་འཇུག་གོ་ཞེ་ན། མཚན་བཅས་མཚན་ཉིད་མེད་པ་ལས། །གཞན་ལའང་འཇུག་པར་མི་འགྱུར་རོ། །མཚན་ཉིད་དང་བཅས་པ་ཡང་མ་ཡིན་མཚན་ཉིད་མེད་པ་ཡང་མ་ཡིན་པ་དེ་ལྟ་བུ་ནི་མི་སྲིད་པའི་ཕྱིར་རོ། །གཉིས་པ་མཚན་གཞི་དགག་པ་ནི། གལ་ཏེ་མཚན་ཉིད་འཇུག་པ་མེད་ཀྱང་མཚན་གཞི་ཡོད་དོ་སྙམ་ན། མཚན་ཉིད་འཇུག་པ་མ་ཡིན་ན། །མཚན་གཞི་འཐད་པར་མི་འགྱུར་རོ། །གང་གི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་མཚན་ཉིད་འཇུག་པ་མེད་པ་དེའི་ཚེ་མཚན་གཞི་འཐད་པར་མི་འགྱུར་ཏེ། མཚན་གཞི་ནི་མཚན་ཉིད་འཇུག་པ་ལ་ལྟོས་པའི་ཕྱིར་རོ། །

གལ་ཏེ་མཚན་ཉིད་འཇུག་པ་མེད་ཀྱང་མཚན་ཉིད་ནི་ཡོད་ལ་དེ་ཡོད་པས་མཚན་གཞི་ཡང་ཡོད་དོ་ཞེ་ན། མཚན་གཞི་འཐད་པ་མ་ཡིན་ན། །མཚན་ཉིད་ཀྱང་ནི་ཡོད་མ་ཡིན། །གང་གི་ཚེ་མཚན་ཉིད་འཇུག་པ་མ་ཡིན་པས་མཚན་གཞི་འཐད་པ་མ་ཡིན་པ་དེའི་ཚེ་མཚན་ཉིད་ཀྱང་ཡོད་པ་མ་ཡིན་ཏེ། རྟེན་མེད་པའི་ཕྱིར་རོ། །གསུམ་པ་དོན་བསྡུ་བ་ནི། དེ་ཕྱིར་མཚན་གཞི་ཡོད་མིན་ཏེ། །མཚན་ཉིད་ཡོད་པ་ཉིད་མ་ཡིན། །གཉིས་པ་དངོས་དང་དངོས་མེད་དགག་པ་ནི། གལ་ཏེ་མཚན་གཞི་དང་མཚན་ཉིད་མེད་པ་དེ་ལྟ་ན་ཡང་ནམ་མཁའ་དངོས་པོའི་རང་བཞིན་ཅན་ཡོད་དོ་ཞེ་ན། མཚན་གཞི་མཚན་ཉིད་མ་གཏོགས་པའི། །དངོས་པོ་ཡ ང་ནི་ཡོད་མ་ཡིན། །ཅིའི་ཕྱིར་ཞེ་ན། མཚན་གཞི་དང་མཚན་ཉིད་དང་བྲལ་བའི་ཕྱིར་ནམ་མཁའི་མེ་ཏོག་བཞིན་ནོ། །གལ་ཏེ་ནམ་མཁའ་དངོས་པོ་བ་མེད་ན་འོ་ན་དངོས་པོ་མེད་པ་ཡོད་དོ་ཞེ་ན། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །གང་གི་ཚེ་ནམ་མཁའ་དངོས་པོ་བ་ཡོད་པ་མ་ཡིན་པ་དེའི་ཚེ་དངོས་པོ་མེད་པ་གང་གི་ཡིན་པར་བརྟག་སྟེ། དངོས་པོའི་གནས་སྐབས་གཞན་དུ་འགྱུར་བ་ལ་དངོས་པོ་མེད་པ་ཞེས་འཇིག་རྟེན་ན་གྲགས་པའི་ཕྱིར་རོ། །དེ་བས་ན་ནམ་མཁའ་ནི་ཐ་སྙད་དུ་གཟུགས་མེད་པ་ཙམ་ལ་རྣམ་པར་བཞག་ལ། ཇི་སྐད་བཤད་པའི་རིགས་པས་གཟུགས་མེད་ན་དེ་བཀག་པའི་ནམ་མཁའ་ཡོད་པར་ག་ལ་འགྱུར། གལ་ཏེ་དངོས་པོ་དང་དངོས་མེད་ཡོད་མེད་རྟོག་པར་བྱེད་པ་པོ་ཁྱོད་ཡོད་པའི་ཕྱིར་དེ་དག་ཀྱང་ཡོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། དངོས་དང་དངོས་མེད་མི་མཐུན་ཆོས། །གང་གིས་དངོས་དང་དངོས་མེད་ཤེས། །རྟོག་པར་བྱེད་པ་པོ་དེ་དངོས་པོའམ། དངོས་མེད་དམ། དེ་གཉིས་ཀྱི་མི་མཐུན་ཆོས་གསུམ་པ་གང་གིས་དངོས་དང་དངོས་མེད་ཤེས། རེ་ཤིག་དངོས་པོའི་ནི་མ་ཡིན་ཏེ། མཚན་གཞི་མཚན་ཉིད་མ་གཏོགས་པ། །དངོས་པོ་ཡང་ནི་ཡོད་མ་ཡིན། །ཞེས་སུན་ཕྱུང་བས་སོ། །དངོས་པོ་མེད་པའི་མ་ཡིན་ཏེ། དངོས་པོ་ཡོད་པ་མ་ཡིན་ན། །དངོས་མེད་གང་གི་ཡིན་པར་འགྱུར། །ཞེས་བཤད་པས་སོ། །དེ་གཉིས་ཀ་མ་ཡིན་པའི་མི་མཐུན་ཆོས་ཀྱང་མེད་དོ། །དེའི་ཕྱིར་དངོས་པོ་དང་དངོས་མེད་རྟོག་པ་པོ་མེད་དོ། །གཉིས་པ་བཀག་པའི་མཇུག་བསྡུ་བ་ནི། དེ་ཕྱིར་ནམ་མཁའ་དངོས་པོ་མིན། །དངོས་མེད་མ་ཡིན་མཚན་གཞི་མིན། །མཚན་ཉིད་མ་ཡིན་ཞེས་གསུངས་སོ། །

གཉིས་པ་ཚུལ་དེ་གཞན་ལ་བསྒྲེ་བ་ནི། ཁམས་ལྔ་པོ། །གཞན་གང་དག་ཀྱང་ནམ་མཁའ་མཚུངས། །ས་དང་ཆུ་དང་མེ་དང་རླུང་དང་རྣམ་པར་ཤེས་པ་སྟེ་ཁམས་ལྔ་པོ་གཞན་གང་དག་ཀྱང་ནམ་མཁའི་རྣམ་པར་དཔྱད་པ་དང་མཚུངས་པར་ཤེས་པར་བྱ་སྟེ། འདི་ལྟར་ས་ཡི་མཚན་ཉིད་སྔ་རོལ་ན། །ས་ནི་ཅུང་ཟད་ཡོད་མ་ཡིན། །ཞེས་པ་ནས། དེ་ཕྱིར་ས་ནི་དངོས་པོ་མིན། །ཞེས་སོགས་ཀྱི་བར་བརྗོད་པར་བྱའོ། །གཉིས་པ་མཐར་འཛིན་གྱིས་མི་གྲོལ་བར་བསྟན་པ་ནི། བློ་ཆུང་གང་དག་དངོས་རྣམས་ལ། །ཡོད་པ་ཉིད་དང་མེད་ཉིད་དུ། །ལྟ་བ་དེས་ནི་ལྟ་བྱ་བ། །ཉེ་བར་ཞི་བ་ཞི་མི་མཐོང་། །རང་བཞིན་གྱིས་བློ་ཆུང་ཞིང་ཞན་པ་ཉིད་ཀྱིས་ཡོད་མེད་ཀྱི་མཐར་ཞེན་ཅིང་མྱ་ངན་ལས་འདས་པའི་ལམ་རང་བཞིན་སྟོང་པ་ཉིད་མཐོང་བ་ལས་ཉམས་པའི་རང་གཞན་གྱི་སྡེ་པ་གང་དག་ཕྱི་ནང་གི་དངོས་པོ་རྣམས་ལ་ཡོད་མེད་དུ་ལྟ་བ་དེས་ནི་མྱ་ངན་ལས་འདས་པ་བལྟ་བར་བྱ་བ་རྟོག་པ་ཐམས་ཅད་དང་བྲལ་བས་ཉེ་བར་ཞི་ཞིང་ཤེས་བྱ་ཤེས་བྱེད་ལོག་པས་ཞི་བ་དོན་དམ་སྟོང་པ་ཉིད་ཀྱི་རང་བཞིན་ཅན་མི་མཐོང་ངོ་། །དེ་ལྟར་ཡང་མདོ་ལས། ཡོད་དང་མེད་ཅེས་བྱ་བ་གཉིས་ཀ་མཐའ། །དག་དང་མ་དག་འདི་ཡང་མཐའ་ཡིན་ཏེ། །དེའི་ཕྱིར་གཉིས་ཀའི་མཐའ་ནི་རྣམ་སྤངས་ནས། །མཁས་པས་དབུས་ལའང་གནས་པར་ཡོང་མི་བྱེད། །ཅེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་ཁམས་བརྟག་པ་ཞེས་བྱ་བ་སྟེ་རབ་བྱེད་ལྔ་པའི་འགྲེལ་པའོ།། །།

ལེའུ་དྲུག་པའི་རྣམ་བཤད།

དྲུག་པ་འདོད་ཆགས་དང་ཆགས་པ་བརྟག་པའི་རབ་བྱེད་ལ་གཉིས། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པའོ། །དང་པོ་ནི། ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ནི་ཡོད་དེ། དེའི་རྟེན་ཅན་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་རྣམས་དམིགས་པའི་ཕྱིར་རོ་ཞེ་ན། དེ་དགག་པ་ལ་འདོད་ཆགས་དང་ཆགས་པ་དགག་ཚུལ། དེ་གཞན་ལ་ཡང་བསྒྲེ་བ་གཉིས་ཀྱི་དང་པོ་ལ། དགག་པ་དངོས། སུན་འབྱིན་གྱི་ལམ་གཞན་བསྟན། བཀག་པའི་མཇུག་བསྡུ་བ་གསུམ་གྱི་དང་པོ་ནི། གལ་ཏེ་འདོད་ཆགས་རང་བཞིན་གྱིས་ཡོད་པར་རྟོག་ན། རྟེན་ཆགས་པ་ཡོད་པའམ་མེད་པ་ཞིག་ལ་རྟོག གཉིས་ཀ་ལྟར་ཡང་མི་རིགས་ཏེ། གལ་ཏེ་འདོད་ཆགས་སྔ་རོལ་ན། །འདོད་ཆགས་མེད་པའི་ཆགས་ཡོད་ན། །དེ་ལ་བརྟེན་ནས་འདོད་ཆགས་ཡོད། །ཆགས་ཡོད་འདོད་ཆགས་ཡོད་པར་འགྱུར། །འདོད་ཆགས་ནི་ཡུལ་ལ་མངོན་པར་ཞེན་པའི་ཉོན་མོངས་པའི་སེམས་བྱུང་ཡིན་ལ། ཆགས་པ་ནི་དེའི་རྟེན་བདག་གམ་སེམས་ཡིན་ནོ། །གལ་ཏེ་འདོད་ཆགས་ཀྱི་སྔ་རོལ་ན་འདོད་ཆགས་མེད་ཅིང་། འདོད་ཆགས་དང་བྲལ་བའི་རྟེན་ཆགས་པ་ཞིག་ཡོད་ན་དེ་ལ་བརྟེན་ནས་འདོད་ཆགས་ཡོད་པར་འགྱུར་ཏེ། སེམས་ཀྱི་སྐད་ཅིག་མ་དང་པོ་ཡུལ་དང་ཆགས་པའི་རྣམ་པར་ཕྲད་པ་ན་ཆགས་པའི་རྣམ་པར་ཡོངས་སུ་གྱུར་པ་ལ་ཆགས་པ་ཞེས་ཉེ་བར་གདགས་པར་ཟད་ཀྱི། དེ་ཆགས་པ་དེ་ཉིད་ནི་མ་ཡིན་ཏེ། རྟོག་པ་དང་རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་བྲལ་བའི་ཕྱིར། དེས་མངོན་པར་སྒྲུབ་པའི་སྐད་ཅིག་མ་གཉིས་པའི་བློ་སྐྱེ་བ་དེ་ལ་ནི་རེ་ཤིག་ཡུལ་ཉེ་བར་གནས་པ་མེད་དོ། །སེམས་ཀྱི་སྐད་ཅིག་མ་དང་པོའི་རྗེས་སུ་ལོངས་སྤྱོད་པ་ཡང་ཐ་སྙད་གདགས་སུ་རུང་བ་མ་ཡིན་པའི་ཕྱིར། དེ་ལ་ཡུལ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཆགས་པ་མེད་པའི་ཕྱིར། འདོད་ཆགས་རྟོག་པ་ཀུན་རྫོབ་ཡིན།ཆགས་པ་ལ་མ་བརྟེན་པའི་འདོད་ཆགས་མེད་པའི་ཕྱིར་རོ། །དེས་ན་རྟེན་ཆགས་པ་ཡོད་ན་འདོད་ཆགས་ཡོད་པ་རིགས་པར་འགྱུར་ན། འདོད་ཆགས་མེད་པའི་ཆགས་པ་ཡོད་པ་ཡང་མ་ཡིན་ཏེ། དགྲ་བཅོམ་པ་རྣམས་ལ་ཡང་འདོད་ཆགས་ཡོད་པར་ཐལ་བའི་ཕྱིར་རོ། །

འོན་ཏེ་ཆགས་པ་མེད་པར་འདོད་ཆགས་ཡོད་དོ་ཞེ་ན། ཆགས་པ་ཡོད་པར་མ་གྱུར་ནའང་། །འདོད་ཆགས་ཡོད་པར་ག་ལ་འགྱུར། །རྟེན་ཆགས་པ་ཡོད་པར་མ་གྱུར་ནའང་དེ་ལ་བརྟེན་པའི་འདོད་ཆགས་ཡོད་པར་ག་ལ་འགྱུར་ཏེ། ཤིང་ཐོག་མེད་པར་དེ་ལ་བརྟེན་པའི་སྨིན་པ་མེད་པ་བཞིན་ནོ། །གལ་ཏེ་འདོད་ཆགས་ཡོད་དེ། ཆགས་པ་ཡོད་པའི་ཕྱིར་རོ་ཞེ་ན། ཆགས་པ་ཡོད་ན་འདོད་ཆགས་ཡོད་པའམ་མེད་པ་ཞིག་ལ་རྟོག་གྲང་ན། ཆགས་པ་ལའང་འདོད་ཆགས་ནི། །ཡོད་དམ་མེད་ཀྱང་རིམ་པ་མཚུངས། །ཆགས་པ་ལ་ཡང་དེའི་སྔ་རོལ་ཏུ་ཆགས་པ་མེད་པའི་འདོད་ཆགས་ཡོད་དམ་མེད་པར་འདོད་ཀྱང་རུང་སྟེ། གལ་ཏེ་ཆགས་པའི་སྔ་རོལ་ན། །ཆགས་མེད་འདོད་ཆགས་ཡོད་ན་ནི། །དེ་ལ་བརྟེན་ནས་ཆགས་པ་ཡོད། །འདོད་ཆགས་ཡོད་ན་ཆགས་ཡོད་འགྱུར། །ཞེས་དང་། འདོད་ཆགས་ཡོད་པར་མ་གྱུར་ནའང་། །ཆགས་པ་ཡོད་པར་ག་ལ་འགྱུར། །ཅེས་པའི་དགག་པའི་རིམ་པ་མཚུངས་པར་སྦྱར་རོ། །གཉིས་པ་ནི། གང་ལས་སྐྱོན་འདིར་འགྱུར་བ་འདོད་ཆགས་དང་ཆགས་པ་སྔ་ཕྱིར་འབྱུང་བ་མ་ཡིན་གྱི། དེ་གཉིས་ལྷན་ཅིག་འབྱུང་སྟེ། སེམས་དང་ལྷན་ཅིག་འབྱུང་བའི་འདོད་ཆགས་ཀྱིས་སེམས་ཆགས་པར་བྱས་པའི་ཕྱིར་རོ་ཞེ་ན། འདོད་ཆགས་དང་ནི་ཆགས་པ་དག །ལྷན་ཅིག་ཉིད་དུ་སྐྱེ་མི་རིགས། །ཅིའི་ཕྱིར་ཞེ་ན། འདི་ལྟར་འདོད་ཆགས་ཆགས་པ་དག །ཕན་ཚུན་ལྟོས་པ་མེད་པར་འགྱུར། །གལ་ཏེ་དུས་ཅིག་ཅར་འབྱུང་ན་རྭ་གཡས་གཡོན་བཞིན་དུ་འདོད་ཆགས་དང་ཆགས་པ་དག་ཕན་ཚུན་ལྟོས་པ་མེད་པར་འགྱུར་བའི་ཕྱིར་རོ། །

གཞན་ཡང་འདོད་ཆགས་དང་ཆགས་པ་ལྷན་ཅིག་ཡིན་ན་དེ་གཉིས་གཅིག་པའམ་ཐ་དད་པ་གཅིག་ལ་རྟོག་གྲང་། གཅིག་ཉིད་ལྷན་ཅིག་ཉིད་མེད་དེ། །དེ་ཉིད་དེ་དང་ལྷན་ཅིག་མིན། །འདོད་ཆགས་དང་ཆགས་པ་གཅིག་ཉིད་ཡིན་ན་ལྷན་ཅིག་ཉིད་མེད་དེ། འདིར་ཆགས་པ་དེ་ཉིད་དེ་དང་ལྷན་ཅིག་ཏུ་རིགས་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཐ་དད་ཉིད་ཡིན་ན། །ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། །ཅི་སྟེ་དེ་དག་ཐ་དད་ཡིན་ན་ཡང་སྣང་བ་དང་མུན་པ་ལྟ་བུ་ཐ་དད་པ་དག་ལ་ལྷན་ཅིག་མ་མཐོང་བའི་ཕྱིར་ལྷན་ཅིག་ཉིད་དུ་ཇི་ལྟར་འགྱུར། གཞན་ཡང་། གལ་ཏེ་གཅིག་པུ་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་ཐ་དད་ལྷན་ཅིག་ན། །གྲོགས་མེད་པར་ཡང་དེར་འགྱུར་རོ། །གལ་ཏེ་གཅིག་པུ་ཞིག་ལྷན་ཅིག་ཏུ་རྟོག་ན་ཟླ་གྲོགས་མེད་པར་ཡན་གར་དུ་གནས་པ་ཡང་ལྷན་ཅིག་པ་དེར་འགྱུར་རོ། །ཐ་དད་ཉིད་ལ་ལྷན་ཅིག་ཏུ་འདོད་ན། རྟའི་ཟླ་གྲོགས་མེད་པར་དེ་དང་ཡུལ་ཐ་དད་ན་གནས་པའི་བ་ལང་ཡན་གར་བ་ཡང་རྟ་དང་ལྷན་ཅིག་པ་དེར་འགྱུར་ཏེ། དེ་དང་ཐ་དད་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་ཐ་དད་ལྷན་ཅིག་ན། །ཅི་གོ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་འགྱུར་རམ། །དེས་ན་དེ་གཉིས་ལྷན་ཅིག་འགྱུར། །གལ་ཏེ་འདོད་ཆགས་དང་ཆགས་པ་ཐ་དད་པ་ཉིད་ལ་ལྷན་ཅིག་པ་ཉིད་དུ་རྟོག་ན། ཅི་གོ་འདོད་ཆགས་དང་ཆགས་པ་དག་བ་ལང་དང་རྟ་བཞིན་དུ་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་པ་ཉིད་དུ་གྲུབ་པར་འགྱུར་རམ། གལ་ཏེ་དེ་གཉིས་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་པར་གྲུབ་ན་དེས་ན་དེ་གཉིས་ལྷན་ཅིག་པར་འགྱུར་ན་ཡང་། འདི་གཉིས་ནི་ཕན་ཚུན་ལྟོས་མེད་དུ་མ་གྲུབ་པས་དེས་ན་དེ་གཉིས་ལ་ལྷན་ཅིག་པ་ཉིད་མེད་དོ། །ཅི་སྟེ་ཡང་ཐ་དད་པར་མ་གྲུབ་པ་ལ་ལྷན་ཅིག་མ་མཐོང་ནས། གལ་ཏེ་འདོད་ཆགས་ཆགས་པ་དག །ཐ་དད་ཉིད་དུ་གྲུབ་འགྱུར་ན། །སྟེ་གྲུབ་པར་ཁྱོད་རྟོག་ན། དེ་དག་ལྷན་ཅིག་ཉིད་དུ་ནི། །ཅི་ཡི་ཕྱིར་ན་ཡོངས་སུ་རྟོག །འདོད་ཆགས་དང་ཆགས་པ་གྲུབ་པར་བྱ་བའི་ཕྱིར་དུ་དེ་དག་ལྷན་ཅིག་ཉིད་དུ་ཅིའི་ཕྱིར་ཡོངས་སུ་རྟོག་པར་བྱེད་དེ། ཐ་དད་དུ་གྲུབ་པ་ཉིད་ཀྱིས་དེ་དག་གྲུབ་པའི་ཕྱིར་རོ། །ཅི་སྟེ་ཡང་། ཐ་དད་གྲུབ་པར་མ་གྱུར་པས། །དེ་ཕྱིར་ལྷན་ཅིག་འདོད་བྱེད་ན། །འདོད་ཆགས་དང་ཆགས་པ་དག་ཐ་དད་པར་གྲུབ་པར་མ་གྱུར་བས་དེའི་ཕྱིར་འདི་དག་ལྷན་ཅིག་ཉིད་དུ་འདོད་ན་དེ་ཡང་ཐ་དད་པར་མ་གྲུབ་པ་ལ་མེད་པས། ལྷན་ཅིག་རབ་ཏུ་སྒྲུབ་པའི་ཕྱིར། །ཐ་དད་ཉིད་དུ་ཡང་འདོད་དམ། །སྟེ་ཕན་ཚུན་ལྟོས་མེད་ཀྱི་ཐ་དད་པར་འདོད་དགོས་ཏེ། འདི་ལྟར། ཐ་དད་དངོས་པོར་མ་གྲུབ་པས། །ལྷན་ཅིག་དངོས་པོར་འགྲུབ་མི་འགྱུར། །འདི་ན་བ་ལང་དང་རྟ་ལྟ་བུ་ལྟོས་མེད་ཀྱི་ཐ་དད་པ་དག་ལྷན་ཅིག་པར་གྲགས་ཀྱི། ཕན་ཚུན་ལྟོས་མེད་ཀྱི་ཐ་དད་པའི་དངོས་པོར་མ་གྲུབ་པས་ལྷན་ཅིག་དངོས་པོར་འགྲུབ་པར་མི་འགྱུར་བའི་ཕྱིར་རོ། །འདིས་ལྷན་ཅིག་འགྲུབ་པ་ཐ་དད་ལ་ལྟོས་དགོས་པར་བསྟན་ཏོ། །

ཐ་དད་གྲུབ་པ་ལྷན་ཅིག་ལ་ལྟོས་དགོས་པ་ཁས་བླངས་དང་སྦྱོར་བ་ནི། ཐ་དད་དངོས་པོར་གང་ཡོད་ན། །ལྷན་ཅིག་དངོས་པོར་འདོད་པར་བྱེད། །འདོད་ཆགས་དང་ཆགས་པ་ལྟོས་མེད་ཀྱི་ཐ་དད་དུ་དངོས་པོ་གང་ཞིག་ཡོད་ན། ལྷན་ཅིག་པའི་དངོས་པོར་འདོད་པར་བྱེད་པ་ལྷན་ཅིག་པའི་དངོས་པོ་ལ་མི་ལྟོས་པའི་ཐ་དད་པའི་དངོས་པོ་དེ་ནི་ཡོད་པ་མ་ཡིན་ཏེ། དེ་གཉིས་ཐ་དད་འགྲུབ་པ་ལྷན་ཅིག་པ་ལ་ལྟོས་དགོས་པར་ཁས་བླངས་པའི་ཕྱིར་རོ། །དེས་ན་གྲུབ་པ་ཕན་ཚུན་བརྟེན་པའི་ཕྱིར་གཉིས་ཀ་འགྲུབ་པར་མི་འགྱུར་རོ། །གསུམ་པ་ནི། དེ་ལྟར་འདོད་ཆགས་ཆགས་པ་དག །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །དེ་ལྟར་རྣམ་པར་དཔྱད་ན་འདོད་ཆགས་དང་ཆགས་པ་དག་ལྷན་ཅིག་དང་ལྷན་ཅིག་མིན་པ་སྔ་ཕྱི་གང་དུ་ཡང་མི་འགྲུབ་པས་ཡང་དག་པར་དེ་གཉིས་མ་གྲུབ་པའོ། །གཉིས་པ་ཚུལ་དེ་གཞན་ལ་བསྒྲེ་བ་ནི། འདོད་ཆགས་བཞིན་དུ་ཆོས་རྣམས་ཀུན། །ལྷན་ཅིག་ལྷན་ཅིག་མིན་མི་འགྲུབ། །ཇི་སྐད་བཤད་པའི་རིགས་པས་འདོད་ཆགས་དང་ཆགས་པ་མ་གྲུབ་པ་དེ་བཞིན་དུ། ཞེ་སྡང་དང་སྡང་བ་དང་། གཏི་མུག་དང་རྨོངས་པ་ལ་སོགས་པའི་ཆོས་རྣམས་ཀུན་ལྷན་ཅིག་ལྷན་ཅིག་མིན་པར་མི་འགྲུབ་པར་སྦྱར་བར་བྱའོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་འདོད་ཆགས་དང་། གང་ལ་འདོད་ཆགས་དང་། གང་གིས་འདོད་ཆགས་པ་དང་། གང་ཞེ་སྡང་བ་དང་། གང་ལ་ཞེ་སྡང་བ་དང་། གང་གིས་ཞེ་སྡང་བ་དང་། གང་གཏི་མུག་པ་དང་། གང་ལ་གཏི་མུག་པ་དང་། གང་གིས་གཏི་མུག་པར་འགྱུར་བའི་ཆོས་དེ་ཡང་དག་པར་རྗེས་སུ་མི་མཐོང་ཞིང་ཆོས་དེ་མི་དམིགས་སོ་ཞེས་སོགས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་འདོད་ཆགས་དང་ཆགས་པ་བརྟག་པའི་རབ་ཏུ་བྱེད་པ་སྟེ་དྲུག་པའི་འགྲེལ་པའོ།། །།

ལེའུ་བདུན་པའི་རྣམ་བཤད།

བདུན་པ་འདུས་བྱས་བརྟག་པའི་རབ་བྱེད་ལ། འདུས་བྱས་མཚན་ཉིད་རྒྱས་པར་དགག ཞར་ལ་འདུས་མ་བྱས་པ་དགག དེ་ཉིད་ལུང་དང་འགལ་བ་སྤང་པ་གསུམ་གྱི། དང་པོ་ལ་སྤྱིར་དགག་པ་དང་། སོ་སོར་དགག་པ་གཉིས་ཀྱི། དང་པོ་ནི། ཕུང་ཁམས་སྐྱེ་མཆེད་འདུས་བྱས་ཀྱི་རང་བཞིན་ཅན་དག་ཡོད་དེ། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ་ཞེ་ན། སྐྱེ་བ་ལ་སོགས་པ་ནི་ཀུན་རྫོབ་ཏུ་འདུས་བྱས་ཀྱི་མཚན་ཉིད་ཡིན་གྱི། ཡང་དག་པར་མ་ཡིན་ཏེ། གལ་ཏེ་ཡང་དག་པར་སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་ཡིན་ན་སྐྱེ་བ་དེ་འདུས་བྱས་སམ་འདུས་མ་བྱས་ཤིག་མཚན་ཉིད་དུ་འགྱུར་གྲང་། གལ་ཏེ་སྐྱེ་བ་འདུས་བྱས་ན། །དེ་ལ་མཚན་ཉིད་གསུམ་ལྡན་འགྱུར། །གལ་ཏེ་སྐྱེ་བ་འདུས་བྱས་སུ་རྟོག་ན་དེ་ལ་ཡང་སྐྱེ་བ་ལ་སོགས་པ་མཚན་ཉིད་གསུམ་དང་ལྡན་པར་འགྱུར་ཏེ། སྐྱེ་བ་ལ་སོགས་པ་གསུམ་པོ་འདི་ནི་འདུས་བྱས་ཐམས་ཅད་ལ་མི་འཁྲུལ་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་ལ་སོགས་པ་བཞིན་དུ་སྐྱེ་བ་མཚན་གཞིར་འགྱུར་གྱི་འདུས་བྱས་ཀྱི་མཚན་ཉིད་དུ་མི་འགྱུར་རོ། །ཅི་སྟེ་སྐྱེ་བ་འདུས་མ་བྱས། །ཇི་ལྟར་འདུས་བྱས་མཚན་ཉིད་ཡིན། །ཅི་སྟེ་སྐྱེ་བ་འདུས་མ་བྱས་སུ་རྟོག་ན། འདུས་བྱས་ཀྱི་མཚན་ཉིད་གསུམ་དང་བྲལ་བའི་ཕྱིར། ཇི་ལྟར་འདུས་བྱས་ཀྱི་མཚན་ཉིད་ཡིན་ཏེ། བ་ལང་རྟ་ཡི་མཚན་ཉིད་དུ་མི་འགྱུར་བ་བཞིན་ནོ། །གལ་ཏེ་སྐྱེ་བ་ལ་སོགས་པ་འདི་དག་འདུས་བྱས་སུ་རྟོག་ན་སོ་སོ་བའམ་འདུས་པ་ཞིག་མཚན་ཉིད་དུ་རྟོག་གྲང་། སྐྱེ་བ་ལ་སོགས་སོ་སོ་ཡི། །འདུས་བྱས་མཚན་ཉིད་བྱ་བར་ནི། །ནུས་མིན་གཅིག་ལ་དུས་གཅིག་ཏུ། །འདུས་པ་ཡང་ནི་ཇི་ལྟར་རུང་། །སྐྱེ་བ་ལ་སོགས་པ་སོ་སོ་རེ་རེས་འདུས་བྱས་ཀྱི་མཚན་ཉིད་བྱ་བར་མི་ནུས་ཏེ། གལ་ཏེ་སྐྱེ་བའི་དུས་ན་གནས་པ་དང་འཇིག་པ་མེད་པ་དེའི་ཚེ། ནམ་མཁའ་ལྟར་དེ་དག་དང་བྲལ་བའི་སྐྱེ་བ་འདུས་བྱས་ཀྱི་མཚན་ཉིད་དུ་མི་འཐད་ལ། གནས་པའི་ནུས་ན་སྐྱེ་འཇིག་མེད་ན་དེ་དག་དང་བྲལ་བའི་ཕྱིར་གནས་པ་ཡང་མེད་དེ། ནམ་མཁའི་མེ་ཏོག་བཞིན་ནོ། །

དེ་བཞིན་དུ་འཇིག་པའི་དུས་ན་གནས་པ་དང་སྐྱེ་བ་མེད་ན་དེ་དག་དང་བྲལ་བ་ལ་འཇིག་པ་ཡང་མེད་དེ། དེའི་ཕྱིར་གསུམ་པོ་སོ་སོར་མཚན་ཉིད་དུ་མི་རིགས་སོ། །གསུམ་པོ་འདུས་པ་ཡང་མཚན་ཉིད་དུ་མི་རུང་སྟེ། དངོས་པོ་གཅིག་ལ་དུས་གཅིག་ཏུ་གསུམ་ཀ་འདུས་པ་ཡང་ནི་ཇི་ལྟར་རུང་སྟེ། སྣང་བ་དང་མུན་པ་ལྟར་ཕན་ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་སྐྱེ་བ་ལ་སོགས་པ་རྣམས་ལ་མཚན་ཉིད་གསུམ་ཡོད་ན་ཡང་ཉེས་པ་ཅི་ཡོད་དེ་སྟེ། འདུས་མ་བྱས་ཡིན་ན་ཡང་ཉེས་པ་ཅི་ཡོད་ཅེ་ན། སྐྱེ་དང་གནས་དང་འཇིག་རྣམས་ལ། །འདུས་བྱས་མཚན་ཉིད་གཞན་ཞིག་ནི། །གལ་ཏེ་ཡོད་ན་ཐུག་མེད་འགྱུར། །མེད་ན་དེ་དག་འདུས་བྱས་མིན། །གལ་ཏེ་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་ལ་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་གཞན་ཞིག་ཡོད་པར་འདོད་ན། དེ་དག་ལ་ཡང་མཚན་ཉིད་གཞན་ཡོད་པས་ཐུག་པ་མེད་པར་འགྱུར་ལ། དེ་ལྟ་ན་མཚན་ཉིད་ཀྱི་ཕྱི་མཐའ་རྟོགས་པ་མེད་པའི་ཕྱིར་སྐྱེ་བ་ལ་སོགས་པ་འགྲུབ་པ་མི་སྲིད་དོ། །ཅི་སྟེ་སྐྱེ་བ་ལ་སོགས་པ་དེ་དག་ལ་མཚན་ཉིད་མེད་ན་འདུས་བྱས་མིན་པར་འགྱུར་ལ་དེ་ལྟར་ན་འདུས་བྱས་ཀྱི་མཚན་ཉིད་དུ་མི་རིགས་སོ། །

གཉིས་པ་སོ་སོར་དགག་པ་ལ། སྐྱེ་བ་དགག གནས་པ་དགག འཇིག་པ་དགག་པ་དང་གསུམ་གྱི། དང་པོ་ལ་ཕྱོགས་སྔ་མ་བརྗོད་པ་ནི། འདིར་མང་པོས་བཀུར་བ་དག་ན་རེ། སྐྱེ་བ་ལ་སོགས་པ་རྣམས་ལ་སྐྱེ་བ་ལ་སོགས་པ་གཞན་ཡོད་ཀྱང་ཐུག་པ་མེད་པར་ཐལ་བར་མི་འགྱུར་ཏེ། རྩ་བའི་མཚན་ཉིད་དང་རྗེས་མཐུན་གྱི་མཚན་ཉིད་རྣམས་ཕན་ཚུན་སྒྲུབ་པར་བྱེད་པའི་ཕྱིར་རོ། །འདི་ལྟར་ཆོས་དགེ་བའམ་ཉོན་མོངས་ཅན་ཞིག་སྐྱེ་བ་ན་བདག་ཉིད་དང་བཅོ་ལྔ་སྐྱེ་སྟེ། ཆོས་དེ་ཉིད་དང་སྐྱེ་བ་དང་ལྡན་པ་དང་གནས་པ་དང་། རྒ་བ་དང་། མི་རྟག་པ་དང་། གལ་ཏེ་ཉོན་མོངས་ཅན་ཞིག་ཡིན་ན་ལོག་པའི་རྣམ་པར་གྲོལ་བ་དང་། དགེ་བ་ཞིག་ཡིན་ན་ཡང་དག་པའི་རྣམ་པར་གྲོལ་བ་དང་། ངེས་པར་འབྱུང་བ་ཞིག་ཡིན་ན་དེའི་ངེས་པར་འབྱུང་བ་དང་། ངེས་པར་མི་འབྱུང་བ་ཞིག་ཡིན་ན་དེའི་ངེས་པར་མི་འབྱུང་བ་སྟེ་དེ་དག་ནི་འཁོར་ཡིན་ནོ། །དེ་ལ་སྐྱེ་བའི་སྐྱེ་བ་ནས་ངེས་པར་འབྱུང་བ་མ་ཡིན་པའི་ངེས་འབྱུང་མ་ཡིན་པའི་བར་བདུན་ནི་འཁོར་གྱི་འཁོར་ཡིན་ནོ། །དེ་ལ། རྩ་བའི་སྐྱེ་བས་སྐྱེ་བ་ཡི། །སྐྱེ་བའང་སྐྱེད་པར་བྱེད་པ་ཡིན། །སྐྱེ་བའི་སྐྱེ་བས་རྩ་བ་ཡི། །སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད། །རྩ་བའི་སྐྱེ་བས་ཆོས་དེ་ཉིད་དང་རྩ་བའི་མཚན་ཉིད་དྲུག་རྗེས་མཐུན་གྱི་མཚན་ཉིད་དྲུག་སྐྱེ་བའི་སྐྱེ་བ་དང་བཅས་པའང་བསྐྱེད་པར་བྱེད་ལ་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་འབའ་ཞིག་སྐྱེད་པར་བྱེད་དོ། །དེ་བཞིན་དུ་ངེས་འབྱུང་མ་ཡིན་པས་ནི་ཆོས་བཅུ་བཞི་ངེས་པར་འབྱུང་བར་མི་བྱེད་ལ། ངེས་འབྱུང་མ་ཡིན་པའི་ངེས་འབྱུང་མ་ཡིན་པས་ནི་ངེས་འབྱུང་མ་ཡིན་པ་ཁོ་ན་ངེས་པར་མི་འབྱུང་བར་བྱེད་དོ། །དེའི་ཕྱིར་ཐུག་མེད་དུ་མི་འགྱུར་རོ་ཞེས་ཟེར་རོ། །

གཉིས་པ་དེ་དགག་པ་ལ། དགག་པ་དངོས་དང་། བཤད་ཟིན་དྲན་པ་ལ་སྦྱར་བ་གཉིས་ཀྱི། དང་པོ་ལ་སྐྱེ་བ་གཞན་གྱིས་བསྐྱེད་པ་དགག སྐྱེ་བ་རང་གིས་བསྐྱེད་པ་དགག སུན་འབྱིན་གྱི་ལམ་གཞན་བསྟན་པ་དང་གསུམ་གྱི། དང་པོ་ནི། གལ་ཏེ་ཁྱོད་ཀྱིས་སྐྱེ་བའི་སྐྱེས། །རྩ་བའི་སྐྱེ་བ་སྐྱེད་བྱེད་ན། ཁྱོད་ཀྱི་རྩ་བས་མ་བསྐྱེད་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཁྱོད་ཀྱིས་ལྟར་ན་སྐྱེ་བའི་སྐྱེ་བས་རྩ་བའི་སྐྱེ་བ་སྐྱེད་པར་བྱེད་པ་ཡིན་ན། ད་ནི་རྩ་བས་མ་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེས་རྩ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ། སྐྱེ་བའི་སྐྱེ་བ་འགྲུབ་པ་རྩ་བའི་སྐྱེ་བ་ལ་རག་ལས་པའི་ཕྱིར་རོ། །གལ་ཏེ་ཁྱོད་ཀྱི་རྩ་བ་ཡིས། །བསྐྱེད་པ་དེ་ཡིས་རྩ་བསྐྱེད་ན། །དེས་མ་བསྐྱེད་པའི་རྩ་བ་དེས། །དེ་ནི་ཇི་ལྟར་སྐྱེད་པར་བྱེད། །གལ་ཏེ་ཉེས་པ་དེ་སྤང་བར་འདོད་ནས་རྩ་བ་ཡིས་བསྐྱེད་པའི་སྐྱེ་བའི་སྐྱེ་བ་དེ་ཡིས་རྩ་བ་བསྐྱེད་ན་སྐྱེ་བའི་སྐྱེ་བ་དེས་མ་བསྐྱེད་པའི་རྩ་བ་དེས་སྐྱེ་བའི་སྐྱེ་བ་དེ་ནི་ཇི་ལྟར་སྐྱེད་པར་བྱེད་དེ། རྩ་བའི་སྐྱེ་བ་འགྲུབ་པ་སྐྱེ་བའི་སྐྱེ་བ་ལ་རག་ལས་པའི་ཕྱིར་རོ། །གལ་ཏེ་རྩ་བའི་སྐྱེ་བ་སྐྱེ་བཞིན་པ་ཉིད་ཀྱིས་སྐྱེ་བའི་སྐྱེ་བ་སྐྱེད་པར་བྱེད་ལ། དེས་རྩ་བའི་སྐྱེ་བ་བསྐྱེད་དོ་ཞེ་ན། གལ་ཏེ་མ་སྐྱེས་པ་དེ་ཡིས། །དེ་བསྐྱེད་པར་ནི་བྱེད་ནུས་ན། ཁྱོད་ཀྱི་སྐྱེ་བཞིན་པ་དེ་ཡིས། །དེ་བསྐྱེད་པར་ནི་འདོད་ལ་རག །སྐྱེ་བཞིན་པ་ནི་མ་འོངས་པ་ཉིད་ཀྱིས་མ་སྐྱེས་པ་ཡིན་ལ། གལ་ཏེ་མ་སྐྱེས་པ་ཡིས་མ་སྐྱེས་པ་དེ་བསྐྱེད་པར་བྱེད་ནུས་ན། ཁྱོད་ཀྱི་རྩ་བའི་སྐྱེ་བ་སྐྱེ་བཞིན་པ་དེ་ཡིས་སྐྱེ་བའི་སྐྱེ་བ་དེ་སྐྱེད་པར་འདོད་ལ་རག་པ་ཞིག་ན། མ་སྐྱེས་པས་ནི་མ་སྐྱེས་པ་གཞན་བསྐྱེད་པར་མི་ནུས་ཏེ། མོ་གཤམ་གྱི་བུས་རི་བོང་གི་རྭ་མི་བསྐྱེད་པ་བཞིན་ནོ། །

གཉིས་པ་ལ་ཕྱོགས་སྔ་མ་བརྗོད་པ་ནི། གང་ལས་ཐུག་མེད་དུ་འགྱུར་བ་སྐྱེ་བ་ལ་ནི་སྐྱེ་བ་གཞན་མེད་དོ། །འོ་ན་ཅི་ཞེ་ན། ཇི་ལྟར་མར་མེ་རང་དང་གཞན། །སྣང་བར་བྱེད་པ་དེ་བཞིན་དུ། །སྐྱེ་བའང་རང་དང་གཞན་གྱི་དངོས། །གཉིས་ཀ་བསྐྱེད་པར་བྱེད་ཡིན་ན། །ཇི་ལྟར་མར་མེ་སྣང་བའི་བདག་ཉིད་ཡིན་པའི་ཕྱིར་རང་གི་བདག་ཉིད་དང་བུམ་པ་ལ་སོགས་གཞན་ཡང་སྣང་བར་བྱེད་པ་དེ་བཞིན་དུ་སྐྱེ་བ་ཡང་སྐྱེ་བའི་རང་བཞིན་ཡིན་པའི་ཕྱིར་རང་དང་གཞན་གྱི་དངོས་པོ་གཉིས་ཀ་བསྐྱེད་པར་བྱེད་པ་ཡིན་ནོ་ཞེ་ན། གཉིས་པ་དེ་དགག་པ་ལ་དཔེ་དགག དོན་དགག་པ་གཉིས་ཀྱི་དང་པོ་ནི། མར་མེ་ནི་རང་གཞན་གཉིས་ཀ་གསལ་བྱེད་མིན་ཏེ། མར་མེ་དག་ནི་གང་དག་ན། །དེ་འདུག་པ་ན་མུན་པ་མེད། །མར་མེས་ཅི་ཞིག་སྣང་བར་བྱེད། །མུན་པ་སེལ་བས་སྣང་བྱེད་ཡིན། །མར་མེ་ནི་མུན་པ་སེལ་བས་སྣང་བྱེད་ཅེས་གྲགས་པ་ཡིན་ན། མུན་པ་གང་སེལ་བས་རང་གི་བདག་ཉིད་གསལ་བྱེད་དུ་འགྱུར་བ་རེ་ཞིག་རང་གི་བདག་ཉིད་ལ་མུན་པ་མེད་དེ་འགལ་བའི་ཕྱིར་རོ། །མུན་པ་གང་སེལ་བས་མར་མེ་གཞན་གསལ་བྱེད་དུ་འགྱུར་བ་མར་མེ་ཡུལ་གང་ན་འདུག་པ་དེ་ན་ཡང་མུན་པ་མེད་དེ། དེའི་ཕྱིར་མར་མེས་རང་གཞན་གྱི་བདག་ཉིད་ཅི་ཞིག་སྣང་བར་བྱེད་དེ་མི་བྱེད་པ་ཁོ་ནའོ། །གལ་ཏེ་མར་མེས་མུན་པ་མི་སེལ་ཞེས་བརྗོད་པ་མི་རིགས་ཏེ། མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་དོ་ཞེ་ན། གང་ཚེ་མར་མེ་སྐྱེ་བཞིན་པ། །མུན་པ་དང་ནི་ཕྲད་མེད་ན། །ཇི་ལྟར་མར་མེ་སྐྱེ་བཞིན་པས། །མུན་པ་སེལ་བར་བྱེད་པ་ཡིན། །གང་གི་ཚེ་མར་མེ་སྐྱེ་བཞིན་པ་ནི་མ་འོངས་པ་ཡིན་ལ། མུན་པ་ནི་ད་ལྟར་བ་ཡིན་པས་དུས་འགལ་བའི་ཕྱིར་ཕྲད་པ་མེད་ན་ཇི་ལྟར་མར་མེ་སྐྱེ་བཞིན་པས་མུན་པ་སེལ་བར་བྱེད་པ་ཡིན། གལ་ཏེ་མིག་གིས་གཟུགས་མ་ཕྲད་པ་མཐོང་བ་ལྟར་མར་མེས་མ་ཕྲད་པའི་མུན་པ་སེལ་ལོ་ཞེ་ན། མར་མེས་ཕྲད་པ་མེད་པར་ཡང་། །གལ་ཏེ་མུན་པ་སེལ་བྱེད་ན། །འཇིག་རྟེན་ཀུན་ན་གནས་པའི་མུན། །འདི་ན་གནས་པ་དེས་སེལ་འགྱུར། །གལ་ཏེ་མར་མེས་ཕྲད་པ་མེད་པར་ཡང་མུན་པ་སེལ་བར་བྱེད་ན་འཇིག་རྟེན་ཀུན་ན་གནས་པའི་མུན་པ་ཀུན་ཡུལ་འདི་ན་གནས་པའི་མར་མེ་དེས་སེལ་བར་འགྱུར་ཏེ། མ་ཕྲད་པར་མཚུངས་པའི་ཕྱིར་ཉེ་བ་ན་གནས་པ་བཞིན། ཚུལ་འདི་ནི་ཡེ་ཤེས་ཀྱིས་མ་རིག་པ་འཇོམས་པ་དང་། མིག་གིས་གཟུགས་མཐོང་བ་དང་། ནོར་བུ་ཁབ་ལེན་གྱིས་མ་ཕྲད་པར་ལྕགས་འདྲེན་པ་སོགས་ལའང་བརྗོད་པར་བྱའོ། །ཐ་སྙད་དུ་ནི་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ལྟར་ཕྲད་མ་ཕྲད་ཀྱི་དཔྱད་པ་མེད་པར་མར་མེས་མུན་པ་སེལ། ཡེ་ཤེས་ཀྱིས་མ་རིག་པ་འཇོམས་ཞེས་སོགས་ཁས་བླང་ངོ་། །གཞན་ཡང་། མར་མེས་རང་དང་གཞན་གྱི་དངོས། །གལ་ཏེ་སྣང་བར་བྱེད་གྱུར་ན། །མུན་པའང་རང་དང་གཞན་གྱི་དངོས། །སྒྲིབ་པར་འགྱུར་བ་ཐེ་ཚོམ་མེད། །གལ་ཏེ་མར་མེས་རང་གཞན་གྱི་དངོས་པོ་སྣང་བར་བྱེད་ན། འགལ་ཟླར་གྱུར་པའི་ཕྱིར་མུན་པས་ཀྱང་རང་གཞན་གཉིས་ཀ་སྒྲིབ་པར་འགྱུར་རོ། །གལ་ཏེ་མུན་པས་བདག་ཉིད་བསྒྲིབས་ན་སྒྲིབ་པའི་ཕྱིར་མི་དམིགས་པར་འགྱུར་ཏེ། བུམ་པ་ལ་སོགས་པ་བཞིན་ནོ། །

གཉིས་པ་ལ་བདག་བསྐྱེད་པ་དགག གཞན་བསྐྱེད་པ་དགག སྐྱེ་བཞིན་པ་སྐྱེ་བ་དགག་པའོ། །དང་པོ་ནི། གཞན་ཡང་གལ་ཏེ་སྐྱེ་བ་འདིས་རང་གི་བདག་ཉིད་སྐྱེད་པར་བྱེད་ན། སྐྱེས་པ་ཞིག་གམ་མ་སྐྱེས་པ་ཞིག་གིས་བསྐྱེད་གྲང་། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་བསྐྱེད། །ཅི་སྟེ་སྐྱེས་པས་སྐྱེད་བྱེད་ན། །སྐྱེས་ན་ཅི་ཞིག་སྐྱེད་དུ་ཡོད། །སྐྱེ་བ་མ་སྐྱེས་པས་ནི་རང་གི་བདག་ཉིད་ཇི་ལྟར་སྐྱེད་པར་བྱེད་དེ། བསྐྱེད་ན་ནི་ནམ་མཁའི་མེ་ཏོག་ཀྱང་རང་གི་བདག་ཉིད་སྐྱེད་པར་བྱེད་པར་འགྱུར་རོ། །ཅི་སྟེ་སྐྱེ་བ་སྐྱེས་པས་རང་གི་བདག་ཉིད་སྐྱེད་པར་བྱེད་ན་སྐྱེས་ཟིན་ན་ཡང་བསྐྱེད་དུ་ཅི་ཞིག་ཡོད་དེ། སྐྱེས་ཟིན་སྐྱེ་བར་མི་རིགས་པའི་ཕྱིར་རོ། །གཉིས་པ་ནི། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་མི་བསྐྱེད་པ། །དེ་ནི་སོང་དང་མ་སོང་དང་། །བགོམ་པས་རྣམ་པར་བཤད་པ་ཡིན། །འབྲས་བུ་སྐྱེས་པ་དང་མ་སྐྱེས་པ་དང་སྐྱེ་བཞིན་པ་ཇི་ལྟ་བུར་ཡང་སྐྱེ་བས་མི་བསྐྱེད་པ་དེ་ནི་སོང་བ་དང་མ་སོང་བ་དང་འགོམ་པའི་ལམ་ལ་འགྲོ་བ་མེད་པར་བསྟན་པས་རྣམ་པར་བཤད་པ་ཡིན་ཏེ། འདི་ལྟར་སྐྱེས་པ་མི་སྐྱེ་སྟེ། སྐྱེས་པ་ནི་སྐྱེ་བའི་བྱ་བ་འགགས་པ་ཡིན་ལ། སྐྱེའོ་ཞེས་བྱ་བ་ནི་བྱ་བ་ད་ལྟར་བས་ཟིན་པ་ཡིན་ལ། སྐྱེས་པ་སྐྱེ་ཞེས་བརྗོད་ན་འདས་ད་ལྟར་བ་འགལ་བའི་ཕྱིར་རོ། །མ་སྐྱེས་པ་ཡང་མི་སྐྱེ་སྟེ། མ་འོངས་པ་དང་ད་ལྟར་བ་འགལ་བའི་ཕྱིར་རོ། །སྐྱེ་བཞིན་པ་ཡང་མི་སྐྱེ་སྟེ། སྐྱེས་པ་དང་མ་སྐྱེས་པ་ལས་མ་གཏོགས་པའི་སྐྱེ་བཞིན་པ་མེད་པའི་ཕྱིར་རོ། །

གསུམ་པ་ནི། སྐྱེས་པ་དང་མ་སྐྱེས་པ་མི་སྐྱེ་ཡི། འོན་ཀྱང་སྐྱེ་བཞིན་པ་ཁོ་ན་སྐྱེའོ། །འདི་ལྟར་སྐྱེ་བའི་བྱ་བ་དང་ལྡན་པ་ལ་སྐྱེ་བཞིན་པ་ཞེས་བརྗོད་ལ། སྐྱེ་བཞིན་པ་དེ་ཡང་སྐྱེ་བས་བསྐྱེད་པར་བྱེད་དོ་ཞེ་ན། གང་ཚེ་སྐྱེ་བ་ཡོད་པ་ན། །སྐྱེ་བཞིན་འདི་འབྱུང་མེད་པའི་ཚེ། །ཇི་ལྟར་སྐྱེ་ལ་བརྟེན་པ་ནི། །སྐྱེ་བཞིན་པ་ཞེས་བརྗོད་པར་བྱ། །གང་གི་ཚེ་སྐྱེ་བ་ཡོད་ན་འདིའི་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་འདི་འབྱུང་ངོ་། །ཞེས་ངེས་པར་ནུས་ན་ཡང་། ཇི་སྐད་བཤད་པའི་རིགས་པས་སྐྱེ་བ་མེད་པ་དེའི་ཚེ་ཇི་ལྟར་སྐྱེ་བ་ལ་བརྟེན་ནས་སྐྱེ་བཞིན་པ་འདི་འབྱུང་ངོ་ཞེས་བརྗོད། དེ་བས་ན་སྐྱེ་བཞིན་པ་སྐྱེ་ལ་དེ་ཡང་སྐྱེ་བས་སྐྱེད་དོ་ཞེས་བྱ་བ་མི་རིགས་སོ། །འདིར་སྨྲས་པ། བཅོམ་ལྡན་འདས་ཀྱིས། འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེ་ཞེས་བྱ་བ་ལ་སོགས་པས་རྟེན་ཅིང་འབྲེལ་བར་འབྱུང་བ་བསྟན་པ་ནི། རྒྱུ་མེད་པ་དང་། མི་མཐུན་པ་རྒྱུར་སྨྲ་བ་རྣམས་བསལ་ནས་དངོས་པོ་རྣམས་ཀྱི་དེ་ཁོ་ན་ཉིད་སྟོན་པར་མཛད་པ་ཡིན་ལ། ཁྱོད་ཀྱིས། སྐྱེས་དང་མ་སྐྱེས་སྐྱེ་བཞིན་པ། །ཇི་ལྟ་བུར་ཡང་སྐྱེ་མི་འགྱུར། །ཞེས་པས་སྐྱེ་བ་བཀག་པ་ན་རྟེན་ཅིང་འབྲེལ་བར་འབྱུང་བ་བཀག་པ་ཡིན་ཏེ། དེའི་ཕྱིར་ཐམས་ཅད་མེད་པར་སྨྲ་བ་ཁྱོད་དང་རྩོད་པས་ཆོག་གོ་ཞེ་ན། བདག་ནི་རྟེན་ཅིང་འབྲེལ་འབྱུང་ཉམས་པར་བྱེད་པ་མ་ཡིན་གྱི། ཁྱོད་ཉིད་རྟེན་འབྲེལ་ཉམས་པར་བྱེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། འདི་ཡོད་ན་འདི་འབྱུང་ཞེས་གསུངས་པ་ན་དངོས་པོ་རང་བཞིན་མེད་པར་གསལ་བར་བསྟན་པ་ཡིན་ཏེ། རྟེན་ཅིང་འབྱུང་བ་གང་ཡིན་པ། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །རྐྱེན་འདི་པ་ཙམ་གྱི་རྒྱུ་རྐྱེན་ལ་བརྟེན་ཅིང་འབྱུང་བ་གང་ཡིན་པ་དེ་ནི་སྒྱུ་མ་ལ་སོགས་པ་བཞིན་དུ་སྤྲོས་པ་ཉེ་བར་ཞི་བའི་རང་བཞིན་ཡིན་ལ། ཁོ་བོ་ཅག་གིས་ས་བོན་ཞེས་བྱ་བའི་རྒྱུ་ལས་མྱུ་གུ་ཞེས་བྱ་བའི་འབྲས་བུ་འབྱུང་ལ་དེ་གཉིས་ཀ་ཡང་རྟེན་འབྲེལ་སྤྲོས་པ་ཉེ་བར་ཞི་བར་སྟོན་པ་ན་རྟེན་འབྲེལ་གསལ་བར་བྱས་པར་འགྱུར་གྱི། ཁྱོད་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བས་ནི་རྟེན་འབྲེལ་ལ་གནོད་པ་བྱས་པ་ཡིན་ཏེ། རང་བཞིན་གཞན་ལ་ལྟོས་པ་མེད་པས་རྟེན་འབྲེལ་དུ་མི་རུང་བའི་ཕྱིར་རོ། །དེ་ཕྱིར་སྐྱེ་བཞིན་ཉིད་དང་ནི། །སྐྱེ་བ་ཡང་ནི་ཞི་བ་ཉིད། །གང་གི་ཕྱིར་རྟེན་འབྲེལ་ནི་སྤྲོས་པ་ཉེ་བར་ཞི་བ་ཡིན་པ་དེའི་ཕྱིར་སྐྱེ་བཞིན་པ་དང་སྐྱེ་བ་ཡང་སྤྲོས་པ་ཉེ་བར་ཞི་བ་ཡིན་ནོ། །གལ་ཏེ་བུམ་པའི་སྐྱེ་བ་ལ་བརྟེན་ནས་བུམ་པ་སྐྱེ་བཞིན་པར་འགྱུར་ལ། སྐྱེ་བཞིན་པ་དེ་ཡང་སྐྱེ་བས་སྐྱེད་པར་བྱེད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། གལ་ཏེ་དངོས་པོ་མ་སྐྱེས་པ། །འགའ་ཞིག་གང་ནའང་ཡོད་འགྱུར་ན། །དེ་ནི་སྐྱེ་འགྱུར་དངོས་པོ་དེ། །མེད་ན་ཅི་ཞིག་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བའི་སྔ་རོལ་ན་བུམ་པ་ཞེས་བྱ་བའི་དངོས་པོ་མ་སྐྱེས་པ་འགའ་ཞིག་ཡུལ་གང་ན་ཡོད་པར་གྱུར་ན། དེ་ནི་སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་བར་འགྱུར་བ་ཞིག་ན། མ་འོངས་པའི་བུམ་པའི་དངོས་པོ་དེ་ནི་ཅུང་ཟད་ཀྱང་མེད་ན་ཅི་ཞིག་སྐྱེ་བའི་བྱ་བ་ལ་བརྟེན་ནས་སྐྱེ་བར་འགྱུར།

གསུམ་པ་སུན་འབྱིན་གྱི་ལམ་གཞན་བསྟན་པ་ནི། གལ་ཏེ་སྐྱེ་བ་དེ་ཡིས་ནི། །སྐྱེ་བཞིན་པ་ནི་སྐྱེད་བྱེད་ན། །སྐྱེ་བ་དེ་ནི་སྐྱེ་བ་ལྟ། །གང་ཞིག་གིས་ནི་སྐྱེད་པར་བྱེད། །གལ་ཏེ་སྐྱེ་བ་དེས་སྐྱེ་བཞིན་པ་དེ་མ་བསྐྱེད་པར་བྱེད་ན་སྐྱེ་བ་དེ་ནི་སྐྱེ་བ་གཞན་གང་ཞིག་གིས་བསྐྱེད་པར་བརྗོད་དགོས་སོ། །གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་བསྐྱེད་ཐུག་པ་མེད་པར་འགྱུར། །འདིའི་དོན་ནི་བཤད་ཟིན་ཏོ། །ཅི་སྟེ་སྐྱེ་བ་མེད་སྐྱེ་ན། །ཐམས་ཅད་དེ་བཞིན་སྐྱེ་བར་འགྱུར། །ཅི་སྟེ་སྐྱེ་བ་སྐྱེ་བ་གཞན་མེད་པར་སྐྱེ་ན་སྐྱེ་བས་བསྐྱེད་པར་བྱ་བའི་དངོས་པོ་ཐམས་ཅད་ཀྱང་སྐྱེ་བ་དེ་བཞིན་དུ་སྐྱེ་བ་མེད་པར་སྐྱེ་བར་འགྱུར་རོ། །གཉིས་པ་བཤད་ཟིན་དྲན་པ་ལ་སྦྱར་བ་ནི། གཞན་ཡང་སྐྱེ་བས་རང་དང་གཞན་བསྐྱེད་དོ་ཞེས་པའི་ཕྱོགས་འདི་ལ་ད་ལྟ་བདག་ཅག་གིས་སུན་འབྱིན་བརྗོད་མི་དགོས་ཀྱི། འོན་ཀྱང་ཕྱོགས་འདི་སུན་འབྱིན་པ། རེ་ཤིག་ཡོད་དམ་མེད་པ་ཡང་། །སྐྱེ་བ་རིགས་པ་མ་ཡིན་ཞིང་། །ཡོད་མེད་ཉིད་ཀྱང་མ་ཡིན་ཞེས། །གོང་དུ་བསྟན་པ་ཉིད་ཡིན་ནོ། །ཇི་ལྟར་ཞེ་ན། ཡོད་དམ་མེད་པའི་དོན་ལ་ཡང་། །རྐྱེན་ནི་རུང་བ་མ་ཡིན་ཏེ། །ཞེས་དང་། གང་ཚེ་ཆོས་ནི་ཡོད་པ་དང་། །མེད་དང་ཡོད་མེད་མི་འགྲུབ་པ། །ཞེས་པ་ལ་སོགས་སྐྱེ་བ་བཀག་པ་ན་སྐྱེ་བས་སྐྱེ་བཞིན་པ་སྐྱེད་པ་དང་། རང་དང་གཞན་གྱི་བདག་ཉིད་སྐྱེད་དོ་ཞེས་བྱ་བའི་རྟོག་པ་མི་འཇུག་གོ །གཞན་ཡང་སྐྱེ་བ་འདི་བརྟགས་པ་ན་དངོས་པོ་འགག་བཞིན་པའམ་འགག་བཞིན་པ་མ་ཡིན་པ་ཞིག་ལ་རྟོག་གྲང་། གཉིས་ཀ་མི་རིགས་ཏེ། དངོས་པོ་འགག་བཞིན་ཉིད་ལ་ནི། །སྐྱེ་བ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །དངོས་པོ་ད་ལྟར་བ་མི་རྟག་པ་དང་འབྲེལ་བ་འགག་བཞིན་པ་ལ་ནི་སྐྱེ་བ་འཐད་པར་མི་འགྱུར་ཏེ། ཡོད་པའི་ཕྱིར་རོ། །འདས་མ་འོངས་ཀྱི་དངོས་པོ་གང་ཞིག་གང་འཇིག་པ་དང་བྲལ་བ་འགག་བཞིན་པ་མ་ཡིན་པ་དེ་ནི་དངོས་པོར་མི་འཐད་དེ་དངོས་པོའི་མཚན་ཉིད་དང་མི་ལྡན་པའི་ཕྱིར་དེའི་ཕྱིར་སྐྱེ་བར་མི་རིགས་སོ། །

གཉིས་པ་གནས་པ་དགག་པ་ནི། འདིར་སྨྲས་པ། དངོས་པོ་རྣམས་ཀྱི་སྐྱེ་བ་ཡོད་དེ། དེ་ཡོད་ན་ཡོད་པའི་ཆོས་ཡོད་པའི་ཕྱིར་རོ། །སྐྱེ་བ་མེད་པ་ལ་ནི་གནས་པ་མེད་དེ། དེའི་ཕྱིར་སྐྱེ་བ་ཡོད་པས་གནས་པ་ཡོད་དོ་ཞེ་ན། གནས་པ་ཡང་ཐ་སྙད་པ་ཡིན་གྱི། ཡང་དག་པ་མ་ཡིན་ཏེ། དངོས་པོ་གནས་པ་མི་གནས་ཏེ། །དངོས་པོ་མི་གནས་གནས་པ་མིན། །གནས་བཞིན་པ་ཡང་མི་གནས་ཏེ། །མ་སྐྱེས་གང་ཞིག་གནས་པར་འགྱུར། །དངོས་པོ་གནས་པ་མི་གནས་ཏེ། དེ་ལ་གནས་པའི་བྱ་བ་འགགས་ཟིན་པའི་ཕྱིར་རོ། །དངོས་པོ་མི་གནས་པ་ཡང་གནས་པ་མིན་ཏེ་གནས་པའི་བྱ་བ་དང་བྲལ་བའི་ཕྱིར་རོ། །གནས་བཞིན་པ་ཡང་མི་གནས་ཏེ། གནས་པ་གཉིས་སུ་ཐལབའི་ཕྱིར་དང་། གནས་པ་དང་མི་གནས་པ་ལས་ཐ་དད་པའི་གནས་བཞིན་པ་མེད་པའི་ཕྱིར་རོ། །གཞན་ཡང་སྔར་སྐྱེ་བ་བཀག་པའི་ཕྱིར་མ་སྐྱེས་པའི་དངོས་པོ་གང་ཞིག་གནས་པར་འགྱུར་ཏེ། རི་བོང་གི་རྭ་བཞིན་ནོ། །གཞན་ཡང་གནས་པ་འདི་འགག་བཞིན་པའམ་འགག་བཞིན་པ་མ་ཡིན་པ་ཞིག་ལ་རྟོག་གྲང་། གཉིས་ཀ་ཡང་མི་རིགས་ཏེ། དངོས་པོ་འགག་བཞིན་ཉིད་ལ་ནི། །གནས་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་མ་ཡིན་པ། །དེ་ནི་དངོས་པོར་མི་འཐད་དོ། །རེ་ཤིག་དངོས་པོ་འགག་བཞིན་པ་འགག་པ་ལ་མངོན་དུ་ཕྱོགས་པ་ལ་ནི་དེ་དང་འགལ་བའི་གནས་པ་ཡོད་པ་འཐད་པར་མི་འགྱུར་རོ། །གང་ཞིག་འགག་བཞིན་པ་མ་ཡིན་པ་འགག་པ་དང་བྲལ་བ་དེ་ནི་དངོས་པོར་འཐད་པར་མི་འགྱུར་ན་དེ་ལ་གནས་པ་ཡོད་པར་ག་ལ་འགྱུར། གཞན་ཡང་། དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །དངོས་པོ་ཐམས་ཅད་དུས་ཀུན་ཏུ་གནས་པ་དང་འགལ་བ་རྒ་བ་དང་འཆི་བའི་ཆོས་ཅན་ཡིན་ན། གང་དག་རྒ་བ་དང་འཆི་བ་མེད་པའི་གནས་པའི་དངོས་པོ་གང་ཞིག་ཡིན་ཏེ། དེའི་ཕྱིར་གནས་པ་མེད་དོ། །གཞན་ཡང་གནས་པ་འདི་གནས་པའི་ཆེད་དུ་གནས་པ་གཞན་ཞིག་རྟོག་གམ། འོན་ཏེ་རང་ཉིད་ཀྱིས་གནས་པར་བྱེད། གཉིས་ཀ་ལྟར་ཡང་མི་རིགས་ཏེ། གནས་པ་གནས་པ་གཞན་དང་ནི། །དེ་ཉིད་ཀྱིས་ཀྱང་གནས་མི་རིགས། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་སྐྱེད་པ་མ་ཡིན་བཞིན། །གནས་པ་གནས་པ་གཞན་དང་གནས་པ་དེ་ཉིད་ཀྱིས་ཀྱང་གནས་པ་མི་རིགས་པ་ནི། ཇི་ལྟར་སྐྱེ་བ་རང་དང་གཞན་གྱིས་བསྐྱེད་པ་མ་ཡིན་པ་དེ་བཞིན་དུ་ཤེས་པར་བྱ་སྟེ། འདི་ལྟར། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་བསྐྱེད། །ཅེས་སོགས་བཞིན་དུ། གནས་པ་འདི་ནི་མི་གནས་པས། །རང་གི་བདག་ཉིད་ཇི་ལྟར་གནས། །གལ་ཏེ་གནས་པ་གནས་བྱེད་ན། །གནས་པ་ཅི་ཞིག་གནས་སུ་ཡོད། །ཅེས་སྦྱར་རོ། །ཡང་། གལ་ཏེ་སྐྱེ་བ་གཞན་ཞིག་གིས། །དེ་བསྐྱེད་ཐུག་པ་མེད་པར་འགྱུར། །ཞེས་བཤད་པ་བཞིན་དུ། གལ་ཏེ་གནས་པ་གཞན་ཞིག་གིས། །དེ་གནས་ཐུག་པ་མེད་པར་འགྱུར། །ཞེས་བརྗོད་དོ། །

གསུམ་པ་འགག་པ་དགག་པ་ནི། འདིར་སྨྲས་པ། སྐྱེ་བ་དང་གནས་པ་ནི་ཡོད་དེ། དེ་ཡོད་ན་ཡོད་པའི་ཆོས་འགག་པ་ཡོད་པའི་ཕྱིར་ཞེ་ན། མི་རྟག་པ་ཡང་ཐ་སྙད་པ་ཡིན་གྱི་ཡང་དག་པ་མ་ཡིན་ཏེ། འདི་ལྟར། འགགས་པ་འགག་པར་མི་འགྱུར་ཏེ། །མ་འགགས་པ་ཡང་འགག་མི་འགྱུར། །འགག་བཞིན་པ་ཡང་དེ་བཞིན་མིན། །མ་སྐྱེས་གང་ཞིག་འགག་པར་འགྱུར། །མི་རྟག་པ་འདི་ཡོད་ན་དངོས་པོ་འགགས་པའམ། མ་འགགས་པའམ་འགག་བཞིན་པ་ཞིག་ལ་འགྱུར་ན། དངོས་པོ་འགགས་པ་ནི་འགག་པར་མི་འགྱུར་ཏེ། འདས་པ་དང་ད་ལྟར་བ་འགལ་བའི་ཕྱིར་རོ། །མ་འགགས་པ་ཡང་འགག་པར་མི་འགྱུར་ཏེ། འགག་པ་དང་བྲལ་བའི་ཕྱིར་རོ། །འགག་བཞིན་པ་ཡང་མི་འགག་སྟེ། འགག་བཞིན་པ་མེད་པའི་ཕྱིར་དང་འགག་པ་གཉིས་སུ་ཐལ་བའི་ཕྱིར་རོ། །གཞན་ཡང་སྔར་སྐྱེ་བ་བཀག་པའི་ཕྱིར་མ་སྐྱེས་པས་གང་ཞིག་འགག་པར་འགྱུར་ཏེ། རི་བོང་གི་རྭ་མི་འགག་པ་བཞིན་ནོ། །

གཞན་ཡང་འགག་པ་འདི་དངོས་པོ་གནས་པའམ་མི་གནས་པ་ཞིག་ལ་འགྱུར་གྲང་། གཉིས་ཀ་ལྟར་ཡང་མི་རིགས་ཏེ། རེ་ཞིག་དངོས་པོ་གནས་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །རེ་ཞིག་དངོས་པོ་མི་འཇིག་པར་གནས་པ་ལ་ནི་དེ་དང་འགལ་བའི་འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མི་གནས་པ་ལ་ཡང་། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མི་གནས་པ་ཡོད་པ་མ་ཡིན་པ་ལ་འགག་པ་འཐད་པར་མི་འགྱུར་རོ། །གཞན་ཡང་འགག་པ་འདི་ཡོད་ན་གནས་སྐབས་དེ་ཉིད་ཀྱིས་དེ་ཉིད་འགག་གམ་འོན་ཏེ་གཞན་གྱིས་གཞན་འགག གཉིས་ཀ་ལྟར་ཡང་མི་རུང་སྟེ། གནས་སྐབས་དེ་ཡིས་གནས་སྐབས་ནི། །དེ་ཉིད་འགག་པ་ཉིད་མི་འགྱུར། །གནས་སྐབས་གཞན་གྱིས་གནས་སྐབས་ནི། །གཞན་ཡང་འགག་པ་ཉིད་མི་འགྱུར། །རེ་ཞིག་འོ་མའི་གནས་སྐབས་དེ་ཡིས་འོ་མའི་གནས་སྐབས་དེ་ཉིད་འགག་པར་མི་འགྱུར་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །ཞོའི་གནས་སྐབས་གཞན་གྱིས་འོ་མའི་གནས་སྐབས་གཞན་ཡང་འགག་པར་མི་འགྱུར་ཏེ། འོ་མའི་གནས་སྐབས་ན་ཞོའི་གནས་སྐབས་ཡོད་པ་མ་ཡིན་པའི་ཕྱིར་རོ། །

གལ་ཏེ་གནས་སྐབས་དེ་ཉིད་རང་དང་གཞན་གྱིས་འཇིག་པར་མི་བྱེད་མོད། དེ་ལྟ་ན་ཡང་འོ་མའི་གནས་སྐབས་ལ་འགག་པ་ཡོད་པའི་ཕྱིར་སྐྱེ་བ་ཡང་ཡོད་དོ་ཞེ་ན། ཀྱེ་མ་ཁྱོད་ནི་ཤིན་ཏུ་བླུན་པར་མངོན་པ་ཞིག་སྟེ། སྔར་བཤད་པའི་ཚུལ་གྱིས། གང་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །སྐྱེ་བ་འཐད་པར་མི་འགྱུར་བ། །བཤད་པ། དེ་ཚེ་ཆོས་རྣམས་ཐམས་ཅད་ཀྱི། །འགག་པ་འཐད་པར་མི་འགྱུར་རོ། །ཞེས་གསལ་བར་བསྟན་པ་མ་ཡིན་ནམ། གཞན་ཡང་འགག་པ་ཡོད་ན་དངོས་པོ་ཡོད་པའམ་མེད་པ་ཞིག་ལ་ཡོད་གྲང་། རེ་ཞིག་དངོས་པོ་ཡོད་པ་ལ། །འགག་པ་འཐད་པར་མི་འགྱུར་རོ། །གཅིག་ཉིད་ན་ནི་དངོས་པོ་དང་། །དངོས་པོ་མེད་པ་འཐད་པ་མེད། །དངོས་པོ་ཡོད་པ་རང་བཞིན་མ་ཉམས་པ་ལ་ནི་འགག་པ་འཐད་པར་མི་འགྱུར་ཏེ། འགག་པ་ནི་དངོས་པོ་མེད་པ་ཡིན་ལ། གཅིག་ཉིད་ལ་དངོས་པོ་དང་དངོས་པོ་མེད་པ་ཅིག་ཅར་འཐད་པ་མེད་པའི་ཕྱིར་རོ། །ཇི་ལྟར་དངོས་པོ་ཡོད་པ་ལ་འགག་པ་མི་འཐད་པ་ལྟར། དངོས་པོ་མེད་པར་འགྱུར་བ་ལའང་། །འགག་པ་འཐད་པར་མི་འགྱུར་རོ། །དངོས་པོ་མེད་པར་འགྱུར་པ་ཡོད་པ་མ་ཡིན་པ་ལའང་འགག་པ་འཐད་པར་མི་འགྱུར་ཏེ། མགོ་གཉིས་པ་ལ་ཇི་ལྟར་ནི། །བཅད་དུ་མེད་པ་དེ་བཞིན་ནོ། །མགོ་གཉིས་པ་མེད་པར་གྲགས་པ་ལ་བཅད་དུ་མེད་པ་བཞིན་ནོ། །གཞན་ཡང་འགག་པ་ཞེས་བྱ་བས་དངོས་པོ་རྣམས་འགག་པར་བྱེད་ན། འགག་པ་ལ་འགག་པ་གཞན་འདོད་དམ་འོན་ཏེ་མི་འདོད། འགག་པ་རང་གི་བདག་ཉིད་ཀྱིས། །ཡོད་མིན་འགག་པ་གཞན་གྱིས་མིན། །ཇི་ལྟར་སྐྱེ་བ་རང་དང་ནི། །གཞན་གྱིས་བསྐྱེད་པ་མ་ཡིན་བཞིན། །འགག་པ་རང་གི་བདག་ཉིད་ཀྱིས་མ་འགག་པ་གཞན་གྱིས་འགག་པར་བྱེད་པ་མིན་པ་ནི་ཇི་ལྟར་སྐྱེ་བ་རང་དང་གཞན་གྱིས་བསྐྱེད་པ་མ་ཡིན་པ་དེ་བཞིན་ཤེས་པར་བྱ་སྟེ། འདི་ལྟར། སྐྱེ་བ་འདི་ནི་མ་སྐྱེས་པས། །རང་གི་བདག་ཉིད་ཇི་ལྟར་བསྐྱེད། །ཅེས་སོགས་བཞིན་དུ། འགག་པ་འདི་ནི་མ་འགགས་པས། །རང་གི་བདག་ཉིད་ཇི་ལྟར་འགོག །ཅི་སྟེ་འགགས་པས་འགོག་བྱེད་ན། །འགགས་ན་ཅི་ཞིག་དགག་ཏུ་ཡོད། །ཅེས་སྦྱར་རོ། །གལ་ཏེ་སྐྱེ་བ་གཞན་ཞིག་གིས་ཞེས་སོགས་བཤད་པ་བཞིན་དུ། གལ་ཏེ་འཇིག་པ་གཞན་ཞིག་གིས། །དེ་འཇིག་ཐུག་པ་མེད་པར་འགྱུར། །ཅི་སྟེ་འཇིག་མེད་དེ་འཇིག་ན། །ཐམས་ཅད་དེ་བཞིན་འཇིག་པར་འགྱུར། །ཞེས་བརྗོད་པར་བྱའོ། །གལ་ཏེ་དེ་ལྟར་རིགས་པས་རྣམ་པར་དཔྱད་ན། ཁྱོད་ལ་ཡང་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་རྣམས་མེད་པར་འགྱུར་བ་མ་ཡིན་ནམ་ཞེ་ན། རྣམ་པར་དཔྱད་ན་འཇིག་མོད། ཉེས་པ་ཡོད་པ་མ་ཡིན་ཏེ། ཁོ་བོ་ཅག་གི་སྐྱེ་བ་ལ་སོགས་པ་ནི་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ལྟར་ཁས་བླངས་ཀྱི་ཡང་དག་པར་ཁས་མ་བླངས་པའི་ཕྱིར་རོ། །འཇིག་རྟེན་རྣམས་ནི་དངོས་པོ་རང་བཞིན་མེད་པར་སྒྱུ་མ་ལྟ་བུར་སྣང་བའི་བདག་ཉིད་ལ་སྐྱེ་བ་དང་འཇིག་པར་མངོན་པར་ཞེན་ནས་སྐྱེ་བ་ལ་སོགས་པའི་ཐ་སྙད་འདོགས་ཤིང་། དབུ་མ་པས་ཀྱང་འཇིག་རྟེན་གྱི་ངོར་དེ་དག་གི་ཐ་སྙད་ཇི་ལྟ་བ་བཞིན་ཁས་བླངས་པ་ཙམ་དུ་ཟད་དོ། །

གལ་ཏེ་སྐྱེ་བ་ལ་སོགས་འདུས་བྱས་ཀྱི་སྤྱིའི་མཚན་ཉིད་བཀག་ཀྱང་སྲ་བ་ལ་སོགས་པ་དང་ལྐོག་ཤལ་ལ་སོགས་པ་ཁྱད་པར་གྱི་མཚན་ཉིད་ཡོད་པའི་ཕྱིར་འདུས་བྱས་ཡོད་དོ་ཞེ་ན། སྐྱེ་དང་གནས་དང་འཇིག་པ་རྣམས། །མ་གྲུབ་ཕྱིར་ན་འདུས་བྱས་མེད། །ཇི་སྐད་བཤད་པའི་ཚུལ་གྱིས་སྐྱེ་དང་གནས་དང་འཇིག་པ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་དག་མ་གྲུབ་པའི་ཕྱིར་ན་འདུས་བྱས་མེད་ལ། འདུས་བྱས་མེད་པའི་ཕྱིར་དེའི་ཁྱད་པར་གྱི་མཚན་ཉིད་ཡོད་པར་ག་ལ་འགྱུར། གཉིས་པ་ཞར་ལ་འདུས་མ་བྱས་དགག་པ་ནི། གལ་ཏེ་འདུས་བྱས་ཡོད་དེ། དེའི་གཉེན་པོ་འདུས་མ་བྱས་ཡོད་པའི་ཕྱིར་རོ་ཞེ་ན། འདུས་བྱས་རབ་ཏུ་མ་གྲུབ་པས། །འདུས་མ་བྱས་ནི་ཇི་ལྟར་འགྲུབ། །ཇི་སྐད་བཤད་པའི་ཚུལ་གྱིས་འདུས་བྱས་རབ་ཏུ་མ་གྲུབ་པས་འདུས་མ་བྱས་གཞན་དག་འདོད་པའི་ནམ་མཁའ་དང་སོ་སོར་བརྟགས་འགོག་དང་། བརྟགས་མིན་གྱི་འགོག་པ་དང་། དེ་བཞིན་ཉིད་ལ་སོགས་པ་ཇི་ལྟར་འགྲུབ་སྟེ། འགལ་ཟླ་འདུས་བྱས་མ་གྲུབ་པའི་ཕྱིར་རོ། །བྱེ་བྲག་དུ་སྨྲ་བའི་གཞུང་ལས། འདུས་མ་བྱས་ནི་འགོག་གཉིས་དང་། །ནམ་མཁའ་དང་ནི་དེ་བཞིན་ཉིད། །ཅེས་པའི་སོ་སོར་བརྟགས་ཏེ་འགོག་པ་ནི་ཤེས་རབ་ཀྱིས་ཉོན་མོངས་པ་མངོན་དུ་གྱུར་པ་རྣམས་སོ་སོར་བརྟགས་ཏེ་འགོག་པ་ཐོབ་པ་གང་ཡིན་པ་དེ་ནི་སོ་སོར་བརྟགས་པའི་འགོག་པ་སྟེ། དེ་ནི་དངོས་པོ་རྣམས་འགོག་ལ་བྲལ་བར་བྱེད་པས་ཡང་དག་པ་ཡིན་ནོ། །སོ་སོར་མ་བརྟགས་པའི་འགོག་པ་ནི་འགའ་ཞིག་གིས་དངོས་པོ་འགོག་ལ་མི་འབྲལ་བ་གང་ཡིན་པའོ། །ནམ་མཁའ་ནི་གོ་སྐབས་འབྱེད་པར་བྱེད་པ་དང་། མི་སྒྲིབ་པའི་མཚན་ཉིད་དོ། །དེ་བཞིན་ཉིད་ནི་སྔ་ནས་མེད་པ་དང་ཞིག་ནས་མེད་པ་དང་། གཅིག་ལ་གཅིག་མེད་པ་དང་། གཏན་མེད་པ་དག་གིས་མཚོན་པ་དངོས་པོ་རྣམས་ཀྱིས་ངོ་བོ་ཉིད་མེད་པ་ཉིད་དོ། །དེ་དག་ཀྱང་དོན་དམ་པར་མ་གྲུབ་སྟེ། དབུ་མ་སྙིང་པོར། མ་སྐྱེས་པའི་འགོག་པ་ཡང་། །ཡང་དག་དུ་ན་འགོག་པ་མིན། །མ་སྐྱེས་པའི་འགོག་ཡིན་ཕྱིར། །སོ་སོར་བརྟགས་མིན་འགོག་པ་བཞིན། །འདུས་བྱས་ལ་སོགས་པའི་དངོས་པོ་རྣམས་ལ་སྐྱེ་བ་མེད་ན། མ་སྐྱེས་སམ་སྐྱེས་པ་གང་ཞིག་འགོག་པར་འདོད། དེ་བཞིན་དུ་ནམ་མཁའ་དང་དེ་བཞིན་ཉིད་ཀྱང་ཚུལ་དེས་བཀག་པར་ཤེས་པར་བྱའོ། །

གསུམ་པ་དེ་ཉིད་ལུང་དང་འགལ་བ་སྤང་བ་ནི། གལ་ཏེ་སྐྱེ་བ་ལ་སོགས་པ་མེད་ན་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འདུས་བྱས་ནི་སྐྱེ་བར་ཡང་མངོན། འཇིག་པ་དང་གནས་པ་ལས་གཞན་དུ་འགྱུར་བ་ཡང་མངོན་ནོ་ཞེས་གསུངས་པ་ཇི་ལྟར་ཤེས་པར་བྱ་ཞེ་ན། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཇི་ལྟར་རྨི་ལམ་དང་སྒྱུ་མ་དང་དྲི་ཟའི་གྲོང་ཁྱེར་དག་རང་བཞིན་གྱིས་མ་སྐྱེས་པ་ཡིན་ཡང་འཇིག་རྟེན་ན་སྒྱུ་མ་ལ་སོགས་པའི་སྒྲས་བརྗོད་ཅིང་ཐ་སྙད་བྱེད་པ་ཅི་ལྟ་བ་དེ་བཞིན་དུ་སྐྱེ་བ་དང་གནས་པ་དང་འཇིག་པ་རྣམས་རང་བཞིན་གྱིས་ཡོད་པ་མ་ཡིན་ཡང་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ཙམ་གྱི་སྒོ་ནས་གསུངས་པ་ཡིན་པར་ཤེས་པར་བྱའོ། །དེ་སྐད་དུ་ཡང་། ཏིང་ངེ་འཛིན་རྒྱལ་པོ་ལས། པགས་རྒྱུས་ཤ་རུས་སྦྲེལ་བ་འདི་བདག་གིས། །ཆུང་མ་ཡིན་སྙམ་འདུ་ཤེས་བསྐྱེད་ནས་ནི། །བྱིས་པ་རྨོངས་རྣམས་འདོད་ཆགས་སྐྱེད་བྱེད་ཅིང་། །སྒྱུ་མ་ཇི་བཞིན་བུད་མེད་མི་ཤེས་སོ། །ཇི་ལྟར་བུ་མོ་གཞོན་ནུའི་རྨི་ལམ་ན། །བུ་ཕོ་བྱུང་ཞིང་ཤི་བ་དེ་མཐོང་ནས། །བྱུང་ན་དགའ་ཤིང་ཤི་ན་མི་དགའ་ལྟར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཇི་ལྟར་དྲི་ཟའི་གྲོང་ཁྱེར་སྨིག་རྒྱུ་དང་། །སྒྱུ་མ་ཇི་བཞིན་རྨི་ལམ་ཇི་འདྲ་བར། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་བྱ་སྟེ། །མཚན་མ་བསྒོམ་པ་ངོ་བོ་ཉིད་ཀྱིས་སྟོང་། །ཞེས་གསུངས་པ་ལྟར་རོ། །དབུ་མ་རྩ་བའི་ཤེས་རབ་ལས་འདུས་བྱས་བརྟག་པ་སྟེ་རབ་བྱེད་བདུན་པའི་འགྲེལ་པའོ།། །།

ལེའུ་བརྒྱད་པའི་རྣམ་བཤད།

བརྒྱད་པ་ལས་དང་བྱེད་པ་པོ་བརྟག་པའི་རབ་བྱེད་ལ། ཕྱོགས་སྔ་མ་བརྗོད་པ་ནི། རྣམ་པར་ཤེས་པ་ལ་སོགས་པ་འདུས་བྱས་ཀྱི་ཆོས་རྣམས་རང་བཞིན་གྱིས་ཡོད་དེ། དེའི་རྒྱུ་ལས་དང་བྱེད་པ་པོ་ཡོད་པའི་ཕྱིར་རོ། །འདི་ལྟར། བཅོམ་ལྡན་འདས་ཀྱིས། མ་རིག་པ་དང་རྗེས་སུ་འབྲེལ་བའི་གང་ཟག་འདི་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་བྱེད། བསོད་ནམས་མ་ཡིན་པ་དང་མི་གཡོ་བ་མངོན་པར་འདུ་བྱ་བ་ཡང་བྱེད་དོ་ཞེས་གསུངས་པས་སོ་ཞེ་ན། འདི་དགག་པ་ལ་བྱེད་པ་པོ་དང་ལས་དགག་པ་དང་། ཚུལ་དེ་གཞན་ལ་བསྒྲེ་བ་གཉིས་ཀྱི། དང་པོ་ལ། དགག་པ་དངོས་དང་། བརྟེན་ནས་འབྱུང་བར་བསྟན་པ་གཉིས་ཀྱི། དང་པོ་ལ་ཡ་གྱལ་བྱེད་པོ་ཡིན་པ་དགག ཕུང་གསུམ་བྱེད་པོ་ཡིན་པ་དགག དང་པོ་ལ། དམ་བཅའ་བརྗོད་པ་དང་། སྒྲུབ་བྱེད་བཤད་པ་གཉིས་ཀྱི། དང་པོ་ནི། བྱེད་པ་པོ་དང་ལས་ཀྱང་ཐ་སྙད་ཙམ་དུ་ཡོད་ཀྱི་ཡང་དག་པར་མེད་དེ། འདི་ལྟར། བྱེད་པོ་ཡིན་པར་གྱུར་པ་དེ། །ལས་སུ་གྱུར་པ་མི་བྱེད་དོ། །བྱེད་པོ་མ་ཡིན་གྱུར་པ་ཡང་། །ལས་སུ་མ་གྱུར་མི་བྱེད་དོ། །བྱེད་པོ་ཡིན་པར་གྱུར་པ་དེ་བྱ་བ་དང་ལྡན་པས་ནི། ལས་སུ་གྱུར་པ་བྱ་བ་དང་ལྡན་པ་མི་བྱེད་དོ། །བྱེད་པོ་མ་ཡིན་པར་གྱུར་པ་བྱ་བ་དང་བྲལ་བ་ཡང་ལས་སུ་མ་གྱུར་པ་བྱ་བ་དང་བྲལ་བ་མི་བྱེད་དོ། །

གཉིས་པ་ལ་དམ་བཅའ་དང་པོའི་སྒྲུབ་བྱེད་བཤད་པ་ནི། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུའང་གྱུར། །བྱེད་པ་པོ་ཡིན་པར་གྱུར་པ་ལ་ནི་བྱ་བ་གཞན་མེད་དེ། བྱེད་པ་པོ་ལ་བྱ་བ་ནི་གཅིག་དུ་ཟད་ལ་དེས་བྱེད་པ་པོར་མཚོན་པར་བྱས་པའི་ཕྱིར་དང་། བྱེད་པ་པོར་གྱུར་ནས་གང་གིས་ལས་བྱེད་པའི་བྱ་བ་གཉིས་པ་མེད་པའི་ཕྱིར་རོ། །གང་གི་ཚེ་བྱ་བ་གཉིས་པ་མེད་པས་བྱེད་པ་པོ་ལས་མི་བྱེད་པ་དེའི་ཚེ་བྱེད་པ་པོ་ལ་ལྟོས་པ་མེད་པའི་ལས་སུ་འགྱུར་ན་སྲིད་པ་ཡང་མ་ཡིན་ཏེ། མོ་གཤམ་གྱི་བུས་བུམ་པ་མི་བྱེད་པ་བཞིན་ནོ། །དེའི་ཕྱིར་བྱེད་པོ་ཡིན་པར་གྱུར་པས་ལས་མི་བྱེད་དོ། །ལས་ཡིན་པར་གྱུར་པ་ཡང་བྱེད་པ་པོས་བྱེད་པ་མ་ཡིན་ཏེ། ཡིན་པར་འགྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ལས་ཡིན་པར་གྱུར་པ་ནི་བྱ་བ་དང་ལྡན་པ་ཡིན་ལ། བྱ་བའི་རྒྱུ་ཅན་གྱི་ལས་ཀྱི་བརྗོད་པ་ཐོབ་ཟིན་པ་དེ་ལ་ནི་གཟོད་ཡང་གང་གིས་ལས་བྱེད་པར་གྱུར་པའི་བྱ་བ་གཞན་མེད་པའི་ཕྱིར་རོ། །གང་གི་ཚེ་ལས་ལས་བྱ་བ་གཉིས་མེད་པས་མི་བྱེད་པ་དེའི་ཚེ་ལས་དེའི་བྱེད་པ་པོ་ནི་ལས་མེད་པ་སྟེ། ལས་མི་བྱེད་བཞིན་དུ་བྱེད་པ་པོར་འགྱུར་ན་དེ་ཡང་མི་རིགས་ཏེ། མཚམས་མེད་ཀྱི་ལས་མ་བྱས་པ་ལ་ནི་མཚམས་མེད་ཀྱི་ལས་བྱེད་པ་པོར་མ་མཐོང་བའི་ཕྱིར་རོ། །དམ་བཅའ་གཉིས་པའི་སྒྲུབ་བྱེད་བཤད་པ་ནི། གལ་ཏེ་བྱེད་པོར་མ་གྱུར་པ། །ལས་སུ་མ་གྱུར་བྱེད་ན་ནི། །ལས་ལ་རྒྱུ་ནི་མེད་པར་འགྱུར། །བྱེད་པ་པོ་ཡང་རྒྱུ་མེད་འགྱུར། །གལ་ཏེ་བྱེད་པ་པོར་མ་གྱུར་པ་བྱ་བ་དང་བྲལ་བས་ལས་སུ་མ་གྱུར་པ་བྱ་བ་དང་བྲལ་བ་བྱེད་ན་ལས་དང་བྱེད་པ་པོ་གཉིས་ཀ་རྒྱུ་མེད་པར་འགྱུར་ཏེ། ལས་དང་བྱེད་པ་པོ་གཉིས་ཀྱི་ཐ་སྙད་འཇུག་པའི་རྒྱུ་ནི་བྱ་བ་དང་ལྡན་པ་ཉིད་ཡིན་པའི་ཕྱིར་རོ། །

དཔེར་ན་འཚེད་པའི་བྱ་བ་དང་ལྡན་པར་མཐོང་ནས་ལྷས་བྱིན་འབྲས་འཚེད་དོ་ཞེས་བརྗོད་པ་བཞིན་ནོ། །རྒྱུ་མེད་པར་ཁས་ལེན་ན་ཡང་རིགས་པ་མ་ཡིན་ཏེ། རྒྱུ་མེད་ན་ནི་འབྲས་བུ་དང་། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་མེད་ན་བུམ་པ་ལ་སོགས་པ་འཇིམ་པ་ལ་སོགས་པའི་འབྲས་བུ་དང་། འཇིམ་པ་དང་འཁོར་ལོ་ལ་སོགས་པ་བུམ་པའི་རྒྱུ་ཡིན་པར་འཐད་པར་མི་འགྱུར་རོ། །དེ་མེད་ན་ནི་བྱ་བ་དང་། །བྱེད་པ་པོ་དང་བྱེད་མི་རིགས། །རྒྱུ་དང་འབྲས་བུ་དེ་མེད་ན་འཇིམ་པ་བུམ་པར་སྒྱུར་བའི་བྱ་བ་དང་རྫ་མཁན་དེའི་བྱེད་པ་པོ་དང་འཁོར་ལོ་ལ་སོགས་པ་བྱེད་པར་མི་རིགས་སོ། །བྱ་བ་ལ་སོགས་མི་རིགས་ན། །ཆོས་དང་ཆོས་མིན་ཡོད་མ་ཡིན། །འདི་ན་ལྷས་བྱིན་སྲོག་གཅོད་སྤོང་བ་ལ་སོགས་པའི་བྱ་བ་བྱེད་པ་དེའི་ཚེ་དེ་ལ་ཆོས་ཉེ་བར་སྐྱེ་བར་འགྱུར་ལ། སྲོག་གཅོད་ལ་སོགས་པ་མི་དགེ་བ་བཅུ་བྱེད་པ་དེའི་ཚེ་ཆོས་མ་ཡིན་པ་སྐྱེ་བར་འགྱུར་བ་ཡིན་ན། གང་གི་ཚེ་བྱ་བ་དང་བྱེད་པ་དང་བྱེད་པ་པོ་ལ་སོགས་པ་མི་རིགས་པ་དེའི་ཚེ་སྲོག་གཅོད་སྤོང་བ་ལ་སོགས་པའི་ཆོས་དང་། སྲོག་གཅོད་པ་ལ་སོགས་པ་ཆོས་མ་ཡིན་པ་ཡོད་པ་མ་ཡིན་ནོ། །ཆོས་དང་ཆོས་མིན་མེད་ན་ནི། །དེ་ལས་བྱུང་བའི་འབྲས་བུ་མེད། །རྒྱུ་ཆོས་དང་ཆོས་མ་ཡིན་པ་གཉིས་མེད་ན་དེ་གཉིས་ལས་བྱུང་བའི་འབྲས་བུ་འདོད་མི་འདོད་ཀྱི་རྣམ་སྨིན་ཡང་མེད་པར་འགྱུར་རོ། །འབྲས་བུ་མེད་ན་ཐར་པ་དང་། །མཐོ་རིས་གྱུར་པའི་ལམ་མི་འཐད། །གལ་ཏེ་འཇིག་རྟེན་པའི་ལམ་གྱིས་འབྲས་བུ་བསམ་གཏན་གཟུགས་མེད་སོགས་ཡོད་ན་དེའི་དོན་དུ་འཇིག་རྟེན་པའི་ལམ་བསྒོམ་པ་འཐད་ཅིང་འཇིག་རྟེན་ལས་འདས་པའི་ལམ་གྱི་འབྲས་བུ་མྱང་འདས་ཡོད་ན། དེའི་དོན་དུ་འཕགས་ལམ་ཡན་ལག་བརྒྱད་བསྒོམ་པ་འཐད་པ་ཞིག་ན། གང་གི་ཚེ་འབྲས་བུ་མེད་པ་དེའི་ཚེ་མྱང་འདས་ཐར་པའི་དོན་དུ་འཇིག་རྟེན་ལས་འདས་པའི་ལམ་དང་བསམ་གཏན་གཟུགས་མེད་ལ་སོགས་པ་མཐོ་རིས་ཀྱི་དོན་དུ་འཇིག་རྟེན་པའི་ལམ་བསྒོམ་པ་མི་འཐད་པར་འགྱུར་རོ། །གཞན་ཡང་། བྱ་བ་དག་ནི་ཐམས་ཅད་ཀྱང་། །དོན་མེད་ཉིད་དུ་ཐལ་བར་འགྱུར། །གལ་ཏེ་འབྲས་བུ་མེད་ན། ཞིང་ལས་དང་ཚོང་ལས་དང་གླ་བཀོལ་གྱི་བྱ་བ་ལ་སོགས་པ་བྱ་བ་གང་དག་འབྲས་བུའི་དོན་དུ་རྩོམ་པ་དེ་དག་ཐམས་ཅད་ཀྱང་དོན་མེད་པར་ཐལ་བར་འགྱུར་ན་དེ་དག་ནི་དོན་མེད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་མཐོ་རིས་དང་བྱང་གྲོལ་ལ་སྐུར་པ་འདེབས་པ་ཉེས་པ་མ་ལུས་པའི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་བྱེད་པ་པོ་མ་ཡིན་པར་གྱུར་པས་ལས་སུ་མ་གྱུར་པ་བྱེད་དོ་ཞེས་བྱ་བའི་ཕྱོགས་འདི་ནི་ཐ་ཆད་པ་ཁོ་ན་ཡིན་ནོ། །

གཉིས་པ་ཕུང་གསུམ་བྱེད་པོ་ཡིན་པ་དགག་པ་ལ་གཉིས་ཀྱི། དང་པོ་མཐུན་པའི་ཕྱོགས་ལ་སྐྱོན་བརྗོད་པ་ནི། བྱེད་པ་པོར་གྱུར་མ་གྱུར་པ། །གྱུར་མ་གྱུར་པ་མི་བྱེད་དེ། །བྱེད་པ་པོར་གྱུར་པ་བྱ་བ་དང་ལྡན་པ་དང་། མ་གྱུར་པ་བྱ་བ་དང་མི་ལྡན་པས་ལས་ཡིན་པར་གྱུར་པ་བྱ་བ་དང་ལྡན་པ་ལས་ཡིན་པར་མ་གྱུར་པ་བྱ་བ་དང་མི་ལྡན་པ་མི་བྱེད་དེ། འདི་ལྟར། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བ་ག་ལ་ཡོད། །དངོས་པོ་གཅིག་ལ་དུས་གཅིག་དུ་བྱ་བ་དང་ལྡན་པ་ཡིན་པ་དང་བྱ་བ་དང་ལྡན་པ་མ་ཡིན་པ་ག་ལ་ཡོད་དེ། ཕན་ཚུན་འགལ་བའི་ཕྱིར། སྣང་བ་དང་མུན་པ་བཞིན་ནོ། །གཉིས་པ་མི་མཐུན་ཕྱོགས་ལ་སྐྱོན་བརྗོད་པ་ལ་གཉིས་ཀྱི་དང་པོ་ཚིག་རེ་རེར་དཔྱད་པའི་སྒོ་ནས་སྐྱོན་བརྗོད་པ་ནི། བྱེད་པ་པོར་ནི་གྱུར་པ་ཡི། །མ་གྱུར་ལས་ནི་མི་བྱེད་དེ། །མ་གྱུར་པས་ཀྱང་གྱུར་མི་བྱེད། །བྱེད་པ་པོར་གྱུར་པས་ལས་སུ་མ་གྱུར་པ་མི་བྱེད་དེ། འདིར་ཡང་སྐྱོན་དེར་ཐལ་བར་འགྱུར། །བྱེད་པོ་ཡིན་པར་གྱུར་པས་ལས་བྱེད་པ་ལ། ཡིན་པར་གྱུར་ལ་བྱ་བ་མེད། །བྱེད་པོ་མེད་པའི་ལས་སུའང་འགྱུར། །ཅེས་པའི་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར་དང་། ལས་སུ་མ་གྱུར་པ་ཡང་མི་བྱེད་དེ། རྒྱུ་མེད་ན་ནི་འབྲས་བུ་དང་། །རྒྱུ་ཡང་འཐད་པར་མི་འགྱུར་རོ། །ཞེས་པའི་སྐྱོན་དེར་ཐལ་བར་འགྱུར་བའི་ཕྱིར་རོ། །བྱེད་པ་པོར་མ་གྱུར་པ་ལས་སུ་གྱུར་པ་མི་བྱེད་དེ། བྱེད་པོ་མིན་པས་བྱེད་པ་ལ་ནི། རྒྱུ་མེད་ན་ནི་འབྲས་བུ་དང་ཞེས་པའི་སྐྱོན་དུ་འགྱུར་ཞིང་། ལས་སུ་གྱུར་པ་བྱེད་པ་ལ་ནི། ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །

གཉིས་པ་ཚིག་རེ་རེ་ལ་ཚིག་གཉིས་གཉིས་དཔྱད་པའི་སྒོ་ནས་སྐྱོན་བརྗོད་པ་ནི། བྱེད་པ་པོར་ནི་གྱུར་པ་དང་། །བཅས་པས་ལས་ནི་མ་གྱུར་དང་། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་གྱུར་པ་དང་བཅས་པས་ལས་མ་གྱུར་པ་དང་གྱུར་མ་གྱུར་པ་མི་བྱེད་དེ། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་པས་གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །ལས་སུ་མ་གྱུར་པ་ཡང་མི་བྱེད་དེ། ལས་ལ་རྒྱུ་ནི་མེད་པར་འགྱུར། །རྒྱུ་མེད་ན་ནི་འབྲས་བུ་དང་། །ཞེས་སོགས་གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །ལས་སུ་གྱུར་པ་དང་མ་གྱུར་པ་མི་བྱེད་དེ། ཡིན་དང་མ་ཡིན་གྱུར་ཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །བྱེད་པ་པོར་ནི་མ་གྱུར་པ། །ལས་ནི་གྱུར་དང་བཅས་པ་དང་། །གྱུར་མ་གྱུར་པ་མི་བྱེད་དེ། །གཏན་ཚིགས་གོང་དུ་བསྟན་ཕྱིར་རོ། །བྱེད་པ་པོར་མ་གྱུར་པས་མི་བྱེད་པ་ནི། རྒྱུ་མེད་ན་ནི་འབྲས་བུ་དང་། །ཞེས་པས་གཏན་ཚིགས་གོང་དུ་བསྟན་པའི་ཕྱིར་རོ། །ལས་སུ་གྱུར་པ་དང་བཅས་པ་མི་བྱེད་པ་ནི། ཡིན་པར་གྱུར་ལ་བྱ་བ་མེད། །ཅེས་པས་སྐྱོན་བསྟན་ཟིན་པའི་ཕྱིར་རོ། །ལས་ཡིན་པར་གྱུར་པ་དང་ཡིན་པར་མ་གྱུར་པ་མི་བྱེད་པ་ནི། ཡིན་དང་མ་ཡིན་གྱུར་ལ་གཅིག །ཅེས་བཤད་པའི་ཕྱིར་རོ། །བྱེད་པ་པོར་གྱུར་མ་གྱུར་ཉིད། །ལས་སུ་གྱུར་དང་མ་གྱུར་པ། །མི་བྱེད་འདི་ཡང་གཏན་ཚིགས་ནི། །གོང་དུ་བསྟན་པར་ཤེས་པར་བྱ། །བྱེད་པ་པོ་ཡིན་པར་གྱུར་པ་དང་། ཡིན་པར་མ་གྱུར་པ་ཉིད་མི་བྱེད་པ་ནི། ཡིན་དང་མ་ཡིན་གྱུར་གཅིག་ལ། །ཕན་ཚུན་འགལ་བས་ག་ལ་ཡོད། །ཅེས་པས་གཏན་ཚིགས་གོང་དུ་བསྟན་པར་ཤེས་པར་བྱའོ། །ལས་སུ་གྱུར་པ་མི་བྱེད་དེ། །ཡིན་པར་གྱུར་ལ་བྱ་བ་མེད། །ལས་མེད་བྱེད་པ་པོར་ཡང་འགྱུར། །ཞེས་བཤད་པའི་ཕྱིར་རོ། །ལས་སུ་མ་གྱུར་པ་ཡང་མི་བྱེད་དེ། རྒྱུ་མེད་ན་ནི་འབྲས་བུ་དང་། །ཞེས་བཤད་ཟིན་པའི་ཕྱིར་རོ། །དེའི་ཕྱིར་ཕྱོགས་མཐུན་པ་དང་མི་མཐུན་པ་དག་ལ་བྱེད་པ་པོ་དང་ལས་གྲུབ་པ་རྣམ་པ་ཐམས་ཅད་དུ་མི་རིགས་སོ། །གཉིས་པ་བརྟེན་ནས་འབྱུང་བར་བསྟན་པ་ནི། གལ་ཏེ་དེ་ལྟར་བྱེད་པ་པོ་དང་ལས་ལ་སོགས་པ་མེད་ན་དངོས་པོ་རྣམས་མེད་དོ་ཞེས་སྨྲ་བ་ཡིན་ནམ་ཞེ་ན། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་དངོས་པོ་དང་བྲལ་བ་ལས་ཐམས་ཅད་དུ་སྐུར་པ་འདེབས་པ་སྲིད་ཀྱི། ཁོ་བོ་ཅག་དངོས་པོ་རྣམས་བརྟེན་ནས་འབྱུང་བ་རང་བཞིན་མེད་པར་སྨྲ་བ་ལ་ནི་གང་ཞིག་ལ་སྐུར་པ་འདེབས་པར་འགྱུར། ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། སྨིག་རྒྱུ་ལ་ནི་འདི་ཆུ་ཞེས། །བསམས་ཏེ་དེར་ནི་སོང་བ་ལས། །གལ་ཏེ་ཆུ་དེ་མེད་དོ་ཞེས། །འཛིན་པ་དེ་ནི་བླུན་པ་ཉིད། །དེ་བཞིན་སྨིག་རྒྱུ་ཆུ་ལྟ་བུ། །འཇིག་རྟེན་བདེན་པའི་རང་བཞིན་དུ་ཡོད་ཅེའམ་བདེན་པའི་རང་བཞིན་དུ་མེད་པ་ཞེས། །འཛིན་པ་དེ་ནི་རྨོངས་པ་སྟེ། །རྨོངས་པ་ཡོད་ན་མི་གྲོལ་ལོ། །མི་ཤེས་པ་ལས་སྔར་དངོས་པོ་བདེན་པའི་དོན་ཅན་དུ་བརྟགས་ཤིང་། །ཕྱིས་ནས་དེ་ཁོ་ན་ཉིད་ཀྱི་དོན་ངེས་པ་ན། །གང་གི་ཚེ་གོང་དུ་ཇི་སྐད་བཤད་པའི་ཚུལ་གྱི་དངོས་པོའི་རང་བཞིན་མ་དམིགས་པ། །དེའི་ཚེ་དངོས་མེད་ཀྱང་ཡོད་པར་ག་ལ་འགྱུར། །ཞེས་པ་ལྟར་རོ། །དེའི་ཕྱིར་དངོས་པོ་ཀུན་རྫོབ་པ་སྨིག་རྒྱུའི་ཆུ་དང་མཚུངས་པ་རྣམས་ནི་རྐྱེན་འདི་པ་ཙམ་གྱི་རྟེན་ཅིང་འབྱུང་བ་ཁས་བླངས་པ་ཁོ་ནས་འགྲུབ་པ་ཡིན་གྱི། གཞན་གྱིས་མ་ཡིན་ཏེ། འདི་ལྟར། བྱེད་པོ་ལས་ལ་བརྟེན་བྱས་ཤིང་། །ལས་ཀྱང་བྱེད་པོ་དེ་ཉིད་ལ། །བརྟེན་ནས་འབྱུང་བ་མ་གཏོགས་པ། །འགྲུབ་པའི་རྒྱུ་ནི་མ་མཐོང་ངོ་། །ཞེས་ལས་ཅུང་ཟད་ཀྱང་མི་བྱེད་པ་ནི་བྱེད་པ་པོ་ཉིད་མ་ཡིན་པའི་ཕྱིར་བྱེད་པ་པོ་ལས་ལ་བརྟེན་པ་ཡིན་ཞིང་། བྱེད་པ་པོས་བྱེད་བཞིན་པ་ཉིད་ལས་སུ་བརྗོད་པའི་ཕྱིར་ལས་ཀྱང་བྱེད་པ་པོ་དེ་ཉིད་ལ་བརྟེན་ནས་འབྱུང་བ་མ་གཏོགས་པ་དེ་གཉིས་འགྲུབ་པའི་རྒྱུ་གཞན་མ་མཐོང་ངོ་། །གཉིས་པ་ཚུལ་དེ་གཞན་ལ་བསྒྲེ་བ་ནི། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །ཇི་ལྟར་ལས་དང་བྱེད་པ་པོ་ཕན་ཚུན་ལྟོས་པས་འགྲུབ་ཀྱི་ངོ་བོ་ཉིད་ཀྱིས་མ་ཡིན་པ་དེ་བཞིན་དུ་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་ཡང་ཕན་ཚུན་ལྟོས་པས་འགྲུབ་ཀྱི་ངོ་བོ་ཉིད་ཀྱིས་མིན་ནོ་ཞེས་ཤེས་པར་བྱ་སྟེ། ལས་དང་བྱེད་པ་པོ་ངོ་བོ་ཉིད་ཀྱིས་འགྲུབ་པ་སྔར་བསལ་བའི་ཕྱིར་དང་ཉེར་ལེན་དང་ཉེ་བར་ལེན་པ་ཡང་ལས་དང་བྱེད་པ་པོའི་ཁོངས་སུ་གཏོགས་པའི་ཕྱིར་རོ། །བྱེད་པ་པོ་དང་ལས་དག་གིས། །དངོས་པོ་ལྷག་མ་ཤེས་པར་བྱ། །ཤེས་རབ་ཅན་གྱིས་བྱེད་པ་པོ་དང་ལས་རྣམས་ངོ་བོ་ཉིད་ཀྱིས་ཡོད་པ་བཀག་སྟེ་ཕན་ཚུན་ལྟོས་པས་གྲུབ་པར་བསྟན་པའི་རིགས་པ་དག་གིས་བྱེད་པ་པོ་དང་ལས་དང་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་ལས་ཐ་དད་པའི་དངོས་པོ་ལྷག་མ་བསྐྱེད་བྱ་སྐྱེད་བྱེད་བལྟ་བྱ་ལྟ་བྱེད་མཚན་ཉིད་མཚོན་བྱ་ཡན་ལག་ཅན་དང་ཡན་ལག་ལ་སོགས་པ་རྣམས་ཀྱང་ཕན་ཚུན་ལྟོས་པས་གྲུབ་ཀྱི་ངོ་བོ་ཉིད་ཀྱིས་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། སེམས་དམྱལ་འཇིགས་པ་ང་ཡིས་བསྟན་བྱས་ཏེ། །སེམས་ཅན་སྟོང་ཕྲག་དུ་མ་སྐྱོ་བྱས་ཀྱང་། །གང་དག་ཤི་འཕོས་ངན་སོང་རྟག་འགྲོ་བའི། །འགྲོ་བ་དེ་དག་ནམ་ཡང་ཡོད་མ་ཡིན། །གང་དག་རལ་གྲི་མདའ་ཆེན་མཚོན་འབྱིན་པའི། །གནོད་པ་བྱེད་པ་ཡོད་པ་མ་ཡིན་ཏེ། །རྟོག་པའི་དབང་གིས་ངན་སོང་དེ་དག་ན། །ལུས་ལ་འབབ་མཐོང་དེ་ནི་མཚོན་ཆ་མེད། །སྣ་ཚོགས་ཡིད་འོང་མེ་ཏོག་ཁ་བྱེ་ཞིང་། །གསེར་གྱི་ཁང་མཆོག་འབར་བ་ཡིད་འོང་བ། །འདི་ན་དེ་ལའང་བྱེད་པ་འགའ་མེད་དེ། །དེ་དག་རྟོག་པའི་དབང་གིས་བཞག་པ་ཡིན། །རྟོག་པའི་དབང་གིས་འཇིག་རྟེན་རྣམ་བརྟགས་ཏེ། །འདུ་ཤེས་འཛིན་པས་བྱིས་པ་རྣམ་པར་ཕྱེ། །འཛིན་དང་འཛིན་མེད་དེ་ཡང་འབྱུང་མ་ཡིན། །ཡོངས་སུ་རྟོག་པ་སྒྱུ་མ་སྨིག་རྒྱུ་བཞིན། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་ལས་དང་བྱེད་པ་པོ་བརྟག་པའི་རབ་ཏུ་བྱེད་པ་སྟེ་བརྒྱད་པའི་འགྲེལ་པའོ།། །།

ལེའུ་དགུ་པའི་རྣམ་བཤད།

དགུ་པ་སྔ་རོལ་ན་གནས་པ་དགག་པ་ལ། དགག་པ་རྒྱས་པར་བསྟན། བཀག་པའི་མཇུག་བསྡུ་བ་གཉིས་ཀྱི། དང་པོ་ལ་ཉེ་བར་ལེན་པ་པོ་དགག ཉེ་བར་ལེན་པ་དགག་པ་གཉིས་ཀྱི། དང་པོ་ལ། ཕྱོགས་སྔ་མ་བརྗོད་པ་ནི། འདིར། དེ་བཞིན་ཉེར་ལེན་ཤེས་པར་བྱ། །ལས་དང་བྱེད་པོ་བསལ་ཕྱིར་རོ། །ཞེས་གང་སྨྲས་པ་དེ་མི་རིགས་ཏེ། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་སོགས་དང་ཡང་དབང་བྱས་པ། །གང་གི་ཡིན་པ་དེ་དག་གི །སྔ་རོལ་དེ་ཡོད་ཁ་ཅིག་སྨྲ། །ཇི་ལྟར་ལྷས་བྱིན་ནོར་གྱི་སྔ་རོལ་ན་གནས་པས་ནོར་སོག་པ་བྱེད་པ་ལྟར། གཟུགས་ལྟ་བ་དང་། སྒྲ་ཉན་པ་དང་། དྲི་སྣོམ་པ་ལ་སོགས་པ་དང་། རོ་ཚོར་བ་ལ་སོགས་པའི་ཉེ་བར་ལེན་པོ་གང་གི་ཡིན་པའི་གང་ཟག་དེ་ནི་ཉེ་བར་ལེན་པ་དེ་དག་གི་སྔ་རོལ་ན་ཡོད་དོ་ཞེས་མང་པོས་བསྐུར་བ་ལ་སོགས་པ་རང་གི་སྡེ་པ་ཁ་ཅིག་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། དངོས་པོ་ཡོད་པ་མ་ཡིན་ན། །ལྟ་ལ་སོགས་པ་ཇི་ལྟར་འགྱུར། །དེ་ཕྱིར་དེ་དག་སྔ་རོལ་ན། །དངོས་པོ་གནས་པ་དེ་ཡོད་དོ། །མོ་གཤམ་གྱི་བུ་མེད་པས་ནོར་མི་སོག་པ་ལྟར་ལྟ་བ་ལ་སོགས་པས་སྔ་རོལ་ན་གང་ཟག་གནས་པ་མ་ཡིན་ན་དེས་ལྟ་བ་ལ་སོགས་པ་ཇི་ལྟར་ཉེ་བར་ལེན་པར་འགྱུར། དེའི་ཕྱིར་ནོར་གྱི་སྔ་རོལ་ན་ཡོད་པའི་ལྷས་སྦྱིན་ནོར་སོག་པ་ལྟར་ལྟ་བ་ལ་སོགས་པ་དེ་དག་གི་སྔ་རོལ་ན་གང་ཟག་གི་དངོས་པོ་གནས་པ་དེ་ཡོད་དོ་ཞེ་ན། གཉིས་པ་དེ་དགག་པ་ལ། ཀུན་གྱི་སྔ་རོལ་ན་གནས་པ་དགག དེ་དག་གི་སྔ་རོལ་ན་གནས་པ་དགག སྔ་རོལ་ན་གནས་པའི་སྒྲུབ་བྱེད་གཞན་དགག་པ་གསུམ་གྱི། དང་པོ་ནི། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་ལ་སོགས་པ་ཉིད་ཀྱི་ནི། །སྔ་རོལ་དངོས་པོ་གང་གནས་པ། །དེ་ནི་གང་གིས་གདགས་པར་བྱ། །གང་ཟག་ཅེས་བྱ་བ་ནི་ལྟ་བ་ལ་སོགས་པ་ལ་བརྟེན་ནས་འདོགས་པ་ཡིན་ན། ལྟ་བ་དང་ཉན་པ་དང་། སྣོམ་པ་དང་ཚོར་བ་ལ་སོགས་པ་ཉེ་བར་ལེན་པ་ཉིད་ཀྱི་སྔ་རོལ་ན་ཉེ་བར་ལེན་པ་པོའི་དངོས་པོ་གང་གནས་པའི་གང་ཟག་དེ་ནི་ལྟ་བ་ལ་སོགས་པ་ལ་ལྟོས་པ་མེད་པ་ཡིན་ན་ཉེ་བར་ལེན་པ་གང་གིས་གང་ཟག་ཏུ་གདགས་པར་བྱ། གང་ཞིག་རང་གི་རྒྱུ་ལ་མི་ལྟོས་པ་དེ་ནི་ནོར་ལ་མི་ལྟོས་པའི་ནོར་ཅན་ལྟར་མེད་དོ་སྙམ་དུ་དགོངས་སོ། །གཞན་ཡང་། ལྟ་ལ་སོགས་པ་མེད་པར་ཡང་། །གལ་ཏེ་དེ་ནི་གནས་གྱུར་ན། །དེ་མེད་པར་ཡང་དེ་དག་ནི། །ཡོད་པར་འགྱུར་བར་ཐེ་ཚོམ་མེད། །གལ་ཏེ་ལྟ་ལ་སོགས་པ་དག་གི་སྔ་རོལ་ན་ལྟ་བ་ལ་སོགས་པ་མེད་པར་ཡང་གང་ཟག་དེ་ནི་གནས་པར་གྱུར་པས་དེས་ལྟ་བ་ལ་སོགས་པ་ཉེ་བར་ལེན་པར་བྱེད་དོ་སྙམ་དུ་སེམས་ན། གང་ཟག་དེ་མེད་པར་ཡང་ལྟ་བ་ལ་སོགས་པ་དེ་དག་ཡོད་པར་འགྱུར་བར་ཐེ་ཚོམ་མེད་དེ། བུམ་པ་དང་སྣམ་བུ་ལྟར་དེ་གཉིས་དོན་གཞན་ཡིན་པའི་ཕྱིར། ཉེ་བར་ལེན་པ་མེད་པའི་ཉེ་བར་ལེན་པ་པོ་དང་། ཉེ་བར་ལེན་པ་པོ་མེད་པའི་ཉེ་བར་ལེན་པ་ཡང་མེད་དེ། ཅི་ཡིས་གང་ཞིག་གསལ་བར་བྱེད། །གང་གིས་ཅི་ཞིག་གསལ་བར་བྱེད། །ཅི་མེད་གང་ཞིག་ག་ལ་ཡོད། །གང་མེད་ཅི་ཞིག་ག་ལ་ཡོད། །འདི་ནི་འདིའི་ཉེ་བར་ལེན་པའོ། །ཞེས་བྱ་བར་ལྟ་བ་ལ་སོགས་པ་ཉེ་བར་ལེན་པ་ཅི་ཡིས་ཉེ་བར་ལེན་པ་པོའི་གང་ཟག་གང་ཞིག་མངོན་པར་གསལ་བར་བྱེད་ལ། འདི་ནི་འདིའི་ཉེ་བར་ལེན་པའོ་ཞེས་བྱ་བར་ཉེ་བར་ལེན་པ་པོའི་གང་ཟག་གང་གིས་ལྟ་བ་ལ་སོགས་པའི་ཉེ་བར་ལེན་པ་ཅི་ཞིག་མངོན་པར་གསལ་བར་བྱེད་པ་དེའི་ཚེ། ཕན་ཚུན་ལྟོས་ནས་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་དག་གྲུབ་པ་ཡིན་པ་དེའི་ཕྱིར་ལྟ་བ་ལ་སོགས་པའི་ཉེ་བར་ལེན་པ་ཅི་ཞིག་མེད་པར་ཉེ་བར་ལེན་པ་པོའི་གང་ཟག་གང་ཞིག་ག་ལ་ཡོད། ཉེ་བར་ལེན་པ་པོའི་གང་ཟག་གང་ཞིག་མེད་པར་ཡང་ལྟ་བ་ལ་སོགས་པ་ཉེ་བར་ལེན་པ་ཅི་ཞིག་ག་ལ་ཡོད། དེའི་ཕྱིར་ལྟ་བ་ལ་སོགས་པ་ལས་ཐ་དད་པར་ཉེ་བར་ལེན་པ་གནས་སོ་ཞེས་བྱ་བ་མི་རིགས་སོ། །

གཉིས་པ་ནི། ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཞིག་ཡོད་པ་མིན། །ལྟ་ལ་སོགས་པ་གཞན་ཞིག་གིས། །གཞན་གྱི་ཚེ་ན་གསལ་བར་བྱེད། །གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་གནས་སོ་ཞེས་ཁས་བླངས་ན་ཉེས་པ་འདིར་འགྱུར་ཡང་། ལྟ་བ་ལ་སོགས་པ་ཉེ་བར་ལེན་པ་ཐམས་ཅད་ཀྱི་སྔ་རོལ་ན་བདག་གང་ཞིག་ཡོད་པ་མིན་ནོ། །འོ་ན་ཅི་ཞེ་ན། རེ་རེའི་སྔ་རོལ་ན་ཡོད་པ་ཡིན་ལ། དེའི་ཕྱིར་ལྟ་བ་དང་ཉན་པ་དང་སྣོམ་པ་དང་མྱོང་བ་དང་རེག་པར་བྱེད་པ་དག་ལས་ལྟ་བ་དང་ཉན་པ་ལ་སོགས་གཞན་ཞིག་གིས་གཞན་གྱི་ཚེ་ན་ལྟ་བ་པོའོ་ཉན་པ་པོའོ་ཞེས་མངོན་པར་གསལ་བར་བྱེད་ལ། གང་གི་ཚེ་ལྟ་བ་པོ་ཞེས་ལྟ་བས་གསལ་བར་བྱེད་པ་དེའི་ཚེ། ཉན་པ་ལ་སོགས་པ་གཞན་ལ་བརྟེན་ནས་ཉེ་བར་གདགས་པར་བྱ་བ་ཡིན་ནོ། །དེའི་ཕྱིར་དེ་ནི་གང་གིས་གདགས་པར་བྱ་ཞེས་པའི་ཉེས་པ་མེད་དོ་ཞེ་ན། ལྟ་ལ་སོགས་པ་ཐམས་ཅད་ཀྱི། །སྔ་རོལ་གང་ཏེ་ཡོད་མིན་ན། །ལྟ་ལ་སོགས་པ་རེ་རེ་ཡི། །སྔ་རོལ་དེ་ནི་ཇི་ལྟར་ཡོད། །གལ་ཏེ་ལྟ་ལ་སོགས་པ་ཉེ་བར་ལེན་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་མིན་ན་ལྟ་ལ་སོགས་པ་རེ་རེའི་སྔ་རོལ་ན་གང་ཟག་དེ་ནི་ཇི་ལྟར་ཡོད་དེ། དཔེར་ན་ཤིང་ཐམས་ཅད་ཀྱི་སྔ་རོལ་ན་ནགས་མེད་པ་དེའི་ཚེ་རེ་རེའི་སྔ་རོལ་ན་ཡང་མེད་ལ། བྱེ་མ་ཐམས་ཅད་ལ་ཏིལ་མར་མེད་ན་རེ་རེ་ལ་ཡང་མེད་པ་བཞིན་ནོ། །རེ་རེའི་སྔ་རོལ་ན་ཡོད་ན་ཐམས་ཅད་ཀྱི་སྔ་རོལ་ན་ཡང་ཡོད་པར་ཁས་བླངས་དགོས་ཏེ། རེ་རེ་ལས་མ་གཏོགས་པའི་ཐམས་ཅད་མེད་པའི་ཕྱིར་རོ། །འདིའི་ཕྱིར་ཡང་རེ་རེའི་སྔ་རོལ་ན་ཡོད་པ་མི་རིགས་ཏེ། ལྟ་པོ་དེ་ཉིད་ཉན་པོ་དེ། །གལ་ཏེ་ཚོར་པོའང་དེ་ཉིད་ན། །རེ་རེའི་སྔ་རོལ་ཡོད་འགྱུར་ན། །དེ་ནི་དེ་ལྟར་མི་རིགས་སོ། །གལ་ཏེ་གཟུགས་ལྟ་བ་པོ་དེ་ཉིད་སྒྲ་ཉན་པ་པོ་དང་རོ་ཚོར་བ་པོའང་དེ་ཉིད་ཡིན་ན། དེའི་ཚེ་ལྟ་བ་ལ་སོགས་པ་རེ་རེའི་སྔ་རོལ་ན་ཡོད་པར་འགྱུར་ན་ཡང་ལྟ་བ་པོ་དེ་ནི་ཉན་པ་པོ་ཡང་ཡིན་ནོ་ཞེས་པ་དེ་ལྟར་ནི་མི་རིགས་ཏེ། གལ་ཏེ་ཡིན་ན་ལྟ་བའི་བྱ་བ་དང་བྲལ་བའི་ཉན་པ་པོ་ཡང་ལྟ་བ་པོ་ཉིད་དུ་འགྱུར་ལ། ཉན་པ་པོའི་བྱ་བ་དང་བྲལ་བའི་ལྟ་བ་པོ་ཡང་ཉན་པ་པོར་འགྱུར་ན་དེ་ལྟ་བུ་མ་མཐོང་བའི་ཕྱིར་རོ། །གལ་ཏེ་ལྟ་པོ་གཞན་ཡིན་ལ། །ཉན་པ་པོ་གཞན་ཚོར་གཞན་ན། །གལ་ཏེ་ལྟ་བ་པོ་ཡང་གཞན་ཡིན་ལ། ཉན་པ་པོ་ཡང་གཞན་ཚོར་པ་པོ་ཡང་གཞན་ཡིན་ནོ། །དེའི་ཕྱིར་ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཞེ་ན། ལྟ་པོ་ཡོད་ཚེ་ཉན་པོར་འགྱུར། །བདག་ཀྱང་མང་པོ་ཉིད་དུ་འགྱུར། །ཇི་ལྟར་དོན་གཞན་པའི་བ་ལང་དང་རྟ་ནི་དུས་ཅིག་ཅར་ཡོད་པ་མི་འགལ་བ་བཞིན་དུ། ལྟ་བ་པོ་ལས་དོན་གཞན་པའི་ཉན་པ་པོ་ནི་ལྟ་བ་པོ་ཡོད་པའི་ཚེ་ཡང་ཉན་པ་པོ་ཡོད་པར་འགྱུར་ན། དེ་ནི་འདོད་པ་ཡང་མ་ཡིན་ཏེ། སྒྲ་འཛིན་དང་གཟུགས་འཛིན་གྱི་ཤེས་པ་ཅིག་ཅར་སྐྱེ་བར་མི་འདོད་པའི་ཕྱིར་རོ། །བདག་ཀྱང་མང་པོ་ཉིད་དུ་ཐལ་བར་འགྱུར་ཏེ། ལྟ་བ་པོ་དང་ཉན་པ་པོ་དང་ཚོར་བ་པོ་རྣམས་སོ་སོར་གྲུབ་པར་ཁས་བླངས་པའི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་ལྟ་བ་ལ་སོགས་པ་ཐམས་ཅད་ཀྱི་སྔ་རོལ་ན་ཡོད་པ་ཉིད་དོ། །དེ་ནི་གང་གི་གདགས་པ་བྱ་སྙམ་ན། ལྟ་བ་ལ་སོགས་པའི་སྔ་རོལ་མིང་གཟུགས་ཀྱི་གནས་སྐབས་ན་གང་ལས་རིམ་གྱིས་མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་ཅེས་བྱ་བ་ལྟ་བ་དང་ཉན་པ་ལ་སོགས་པ་འབྱུང་བར་འགྱུར་བའི་འབྱུང་བ་ཆེན་པོ་བཞི་ཡོད་དེ། དེའི་ཕྱིར་ལྟ་བ་ལ་སོགས་པ་སྔ་རོལ་ན་འབྱུང་བ་ཆེན་པོ་བཞིའི་ཉེར་ལེན་ཅན་གྱི་བདག་ཡོད་དོ་ཞེ་ན། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །གང་ལས་འགྱུར་བའི་འབྱུང་དེ་ལའང་། །དེ་ནི་ཡོད་པ་མ་ཡིན་ནོ། །ལྟ་བ་དང་ཉན་པ་དང་སྣོམ་པ་ལ་སོགས་པ་དང་། ཚོར་བ་ལ་སོགས་པའི་ཉེ་བར་ལེན་པ་རྣམས་གང་ལས་འབྱུང་བར་འགྱུར་བའི་འབྱུང་བ་དེ་ལའང་བདག་དེ་ནི་ཡོད་པ་མ་ཡིན་ཏེ། གལ་ཏེ་ཉེར་ལེན་འབྱུང་བ་ཆེན་པོའི་སྔ་རོལ་དུ་བདག་གྲུབ་ན། དེས་འབྱུང་བ་ཆེན་པོ་ཉེ་བར་ལེན་པར་འགྱུར་ན། དེ་ལྟ་ཡང་མ་ཡིན་ཏེ། རྒྱུ་མེད་པའི་ཕྱིར་རོ། །གང་ཞིག་ཡོད་པ་མ་ཡིན་པ་དེས་ནི་ཇི་ལྟར་འབྱུང་བ་ཆེན་པོ་ཉེ་བར་ལེན་པར་འགྱུར། དེའི་ཕྱིར་འབྱུང་བ་ལ་ཡང་བདག་ཡོད་པ་མ་ཡིན་ནོ། །

གཉིས་པ་ཉེར་ལེན་དགག་པ་ནི། གལ་ཏེ་བདག་ཡོད་དེ། ལྟ་བ་ལ་སོགས་པ་ཡོད་པའི་ཕྱིར། བུམ་པ་ལ་སོགས་པ་བདག་གི་རང་བཞིན་མ་ཡིན་པ་རྣམས་ལ་ནི་ལྟ་བ་ལ་སོགས་པ་དང་འབྲེལ་བ་ཡོད་པ་མ་ཡིན་ནོ་ཞེ་ན། ལྟ་དང་ཉན་ལ་སོགས་པ་དང་། །ཚོར་བ་དག་ལ་སོགས་པ་ཡང་། །གང་གི་ཡིན་པ་གལ་ཏེ་མེད། །དེ་དག་ཀྱང་ནི་ཡོད་མ་ཡིན། །ལྟ་བ་དང་ཉན་པ་དང་ཚོར་བ་ལ་སོགས་པ་དག་ཉེ་བར་ལེན་པ་པོ་གང་གི་ཡིན་པའི་བདག་དེ་མེད་དོ་ཞེས་བཤད་པ་དེའི་ཚེ་ལྟ་བ་ལ་སོགས་པ་ཉེ་བར་ལེན་པ་དེ་དག་ཀྱང་ཡོད་པ་མ་ཡིན་ནོ་ཞེས་གསལ་བར་བསྟན་པ་མ་ཡིན་ནམ། དེའི་ཕྱིར་ལྟ་བ་ལ་སོགས་པ་མེད་པས་བདག་མེད་དོ། །

གཉིས་པ་བཀག་པའི་མཇུག་བསྡུ་བ་ནི། དེ་ལྟར་རྣམ་པར་དཔྱད་ན་མ་གྲུབ་པའི་བདག་དེ་ནི་ཡོད་པའམ་མེད་པ་གང་དུ་ཡང་བརྟག་པར་བྱ་བ་མ་ཡིན་ཏེ། འདི་ལྟར། གང་ཞིག་ལྟ་ལ་སོགས་པ་ཡི། །སྔ་རོལ་ད་ལྟ་ཕྱི་ན་མེད། །དེ་ལ་ཡོད་དོ་མེད་དོ་ཞེས། །རྟོག་པ་དག་ནི་ལྡོག་པར་འགྱུར། །བདག་ནི་ལྟ་བ་ལ་སོགས་པའི་སྔ་རོལ་ན་ཡོད་པ་མ་ཡིན་ཏེ། གདགས་པའི་གཞི་མེད་པའི་ཕྱིར་རོ། །ད་ལྟ་ལྷན་ཅིག་དུ་ཡང་མེད་དེ། སོ་སོར་མ་གྲུབ་པ་དག་ལ་ལྷན་ཅིག་མ་མཐོང་བའི་ཕྱིར། ལྟ་བ་ལ་སོགས་སྔར་གྲུབ་པ་ཡང་མ་ཡིན་ཏེ། བྱེད་པ་པོ་མེད་པའི་ལས་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡོངས་སུ་བརྟགས་པ་ན་བདག་གང་ཞིག་ལྟ་བ་ལ་སོགས་པའི་སྔ་རོལ་ན་ཡང་མེད་ད་ལྟ་ལྷན་ཅིག་ཏུ་ཡང་མེད། ལྟ་བ་ལ་སོགས་པ་སྔར་གྲུབ་ཅིང་བདག་ཕྱི་ནས་གྲུབ་པ་ཡང་མེད་པ་དེའི་ཚེ་དམིགས་པ་མེད་པའི་རང་བཞིན་ཅན་དེ་ལ་ཡོད་དོ་ཞེས་སམ། མེད་དོ་ཞེས་མཐའ་གཅིག་ཏུ་རྟོག་པ་དག་ནི་ལྡོག་པར་འགྱུར་རོ། །དེའི་ཕྱིར་ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་གཉིས་བྱེད་པ་པོ་དང་ལས་བཞིན་དུ་ཕན་ཚུན་ལྟོས་པས་གྲུབ་པ་ཡིན་གྱི་ངོ་བོ་ཉིད་ཀྱིས་མ་ཡིན་ནོ་ཞེས་བྱ་བར་གནས་སོ། །དེའི་ཕྱིར་ཏིང་ངེ་འཛིན་རྒྱལ་པོ་ལས། དེ་ཚེ་སྡིག་མེད་སྟོབས་བཅུ་མངའ་བ་ཡི། །རྒྱལ་བ་དེ་ནི་ཏིང་འཛིན་མཆོག་འདི་འཆད། །སྲིད་པའི་འགྲོ་བ་རྨི་ལམ་ལྟ་བུ་སྟེ། །འདི་ལ་སུ་ཡང་མི་འཆི་སྐྱེ་བ་མེད། །སེམས་ཅན་མིང་དང་སྲོག་ཀྱང་མི་རྙེད་དེ། །ཆོས་འདི་རྣམས་ནི་དབུ་བ་ཆུ་ཤིང་འདྲ། །སྒྱུ་མ་ལྟ་བུ་ནམ་མཁའི་གློག་འདྲ་སྟེ། །ཆུ་ཡི་ཟླ་བ་འདྲ་ཞིང་སྨིག་རྒྱུ་བཞིན། །མི་འགའ་འཇིག་རྟེན་འདིར་ཡང་ཤི་ནས་ནི། །འཇིག་རྟེན་གཞན་དུ་འཕོ་ཞིང་འགྲོ་མེད་ཀྱང་། །ལས་བྱས་རྣམས་ནི་རྣམ་ཡང་ཆུད་མི་ཟ། །འཁོར་བ་ན་ཡང་དཀར་ནག་ལས་འབྲས་སྨིན། །ཞེས་སོགས་གསུངས་པ་ལྟར་རོ། །དབུ་མ་རྩ་བའི་ཤེས་རབ་ལས་སྔ་རོལ་ན་གནས་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་དགུ་པའི་འགྲེལ་པའོ།། །།

ལེའུ་བཅུ་པའི་རྣམ་བཤད།

བཅུ་པ་མེ་དང་བུད་ཤིང་བརྟག་པ་ལ། མཐར་ལྟ་རྒྱས་པར་དགག མཐར་འཛིན་ཅན་བསྟན་དོན་ལ་མི་མཁས་པར་བསྟན་པ་གཉིས་ཀྱི། དང་པོ་ལ་དགག་པ་རྒྱས་པར་བསྟན། བཀག་པའི་མཇུག་བསྡུ་བ་གཉིས་ཀྱི། དང་པོ་ལ་གཅིག་དང་ཐ་དད་གྲུབ་པ་དགག ཕན་ཚུན་ལྟོས་པས་གྲུབ་པ་དགག མངོན་སུམ་ཉིད་ཀྱིས་གྲུབ་པ་དགག་པ་དང་གསུམ། དང་པོ་ལ་གཅིག་ཏུ་གྲུབ་པ་དགག་པ་དང་། ཐ་དད་དུ་གྲུབ་པ་དགག་པ་གཉིས་ཀྱི། དང་པོ་ནི། འདིར་སྨྲས་པ། ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་དག་ཕན་ཚུན་ལྟོས་པ་དང་བཅས་པས་ངོ་བོ་ཉིད་ཀྱིས་མ་གྲུབ་བོ་ཞེས་སྨྲ་བ་མི་རིགས་ཏེ། དངོས་པོ་ལྟོས་པ་དང་བཅས་པ་ལ་ཡང་ངོ་བོ་ཉིད་དང་བཅས་པར་མཐོང་བའི་ཕྱིར། དཔེར་ན་མེ་དང་བུད་ཤིང་ཕན་ཚུན་ལྟོས་པ་ཡིན་ཡང་རང་བཞིན་མེད་པ་མ་ཡིན་པ་བཞིན་ནོ་ཞེ་ན། མེ་དང་བུད་ཤིང་ལ་རང་བཞིན་ཡོད་པ་མ་ཡིན་ཏེ། གལ་ཏེ་ཡོད་ན་གཅིག་གམ་ཐ་དད་དུ་ཡོད་གྲང་། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །བུད་ཤིང་ནི་བསྲེག་པར་བྱ་བའི་ལས་ཡིན་ལ། མེ་ནི་སྲེག་པར་བྱེད་པའི་བྱེད་པ་པོ་ཡིན་ནོ། །གལ་ཏེ་བསྲེག་བྱ་བུད་ཤིང་གང་ཡིན་པ་དེ་མེ་ཡིན་ན་བྱེད་པ་པོ་དང་ལས་གཅིག་ཏུ་ཐལ་བར་འགྱུར་ན་དེ་ཡང་མི་རིགས་ཏེ། རྫ་མཁན་དང་བུམ་པའམ་གཅད་བྱ་དང་གཅོད་པ་པོ་ཡང་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་དང་། དེ་ཡང་ཁས་མ་བླངས་པའི་ཕྱིར་རོ། །

གཉིས་པ་ལ་དགག་པ་དངོས། སྐྱོན་སྤོང་དགག སུན་འབྱིན་གྱི་ལམ་གཞན་བསྟན་པ་དང་གསུམ་གྱི། དང་པོ་ནི། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །གལ་ཏེ་བུད་ཤིང་ལས་མེ་གཞན་ཡིན་ན་དེའི་ཚེ་བུད་ཤིང་ལ་ལྟོས་པ་མེད་པར་མེ་དམིགས་པར་འགྱུར་རོ། །བུམ་པ་ལས་དོན་གཞན་དུ་གྱུར་པའི་སྣམ་བུ་ནི་དེ་ལ་ལྟོས་པ་མེད་པར་མཐོང་བ་མ་ཡིན་པ་མིན་པ་བཞིན་ནོ། །གཞན་ཡང་། རྟག་ཏུ་འབར་བ་ཉིད་དུ་འགྱུར། །འབར་བྱེད་རྒྱུ་ལས་མི་འབྱུང་ཞིང་། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །དེ་ལྟ་ཡིན་ན་ལས་ཀྱང་མེད། །མེ་དང་བུད་ཤིང་ཐ་དད་པ་ཡིན་ན་མེ་ནི་རྟག་ཏུ་འབར་བར་འགྱུར་ཞིང་། འབར་བྱེད་རྒྱུ་ལས་མི་འབྱུང་བ་དང་། འབར་བའི་ཆེད་དུ་རྩོམ་པ་དོན་མེད་པ་དང་། དེ་ལྟ་ཡིན་ན་ལས་ཀྱང་མེད་པར་འགྱུར་རོ། །དོན་དེ་ཉིད་རྒྱས་པར་འཆད་པ་ནི། གཞན་ལ་ལྟོས་པ་མེད་པའི་ཕྱིར། །འབར་བར་བྱེད་རྒྱུ་ལས་མི་འབྱུང་། །རྟག་ཏུ་འབར་བ་ཡིན་ན་ནི། །རྩོམ་པ་དོན་མེད་ཉིད་དུ་འགྱུར། །གལ་ཏེ་མེ་དང་བུད་ཤིང་གཞན་ཡིན་ན། གང་གཞན་ཡིན་པ་དེ་ནི་དེ་ལ་ལྟོས་པ་མ་ཡིན་ཏེ། བུམ་པ་དང་སྣམ་བུ་བཞིན། དེའི་ཕྱིར་མེ་ནི་འབར་བྱེད་རྒྱུ་བུད་ཤིང་ལས་མི་འབྱུང་བར་འགྱུར་ཏེ། དེ་ལ་ལྟོས་པ་མེད་པའི་ཕྱིར། འབར་བར་བྱེད་པ་རྒྱུ་ལ་ལྟོས་པ་དང་བཅས་པའི་མེ་ནི་བུད་ཤིང་མེད་ན་འཆི་བར་འགྱུར་བ་ཡིན་ན། གང་གི་ཚེ་འབར་བར་བྱེད་པ་རྒྱུ་ལ་ལྟོས་པ་མེད་པ་དེའི་ཚེ་འཆི་བའི་རྐྱེན་མ་ཚང་བའི་ཕྱིར་རྟག་ཏུ་འབར་བ་ཉིད་དུ་འགྱུར་རོ། །རྟག་ཏུ་འབར་བ་ཡིན་ན་མི་འཆི་བར་བྱ་བའི་ཕྱིར་བུད་ཤིང་ཉེ་བར་ལེན་པ་དང་། སྦར་བ་ལ་སོགས་པའི་རྩོམ་པ་དོན་མེད་པ་ཉིད་དུ་འགྱུར་རོ། །བུད་ཤིང་མེད་བཞིན་དུ་ཡང་མེ་འབར་བ་དེ་ལྟ་ཡིན་ན། ལས་མེད་བཞིན་དུ་ཡང་མེ་ནི་བྱེད་པ་པོར་འགྱུར་རོ། །དེའི་ཕྱིར་བུད་ཤིང་ལས་མེ་གཞན་དུ་མི་རིགས་སོ། །

གཉིས་པ་ནི། དེ་ལ་གལ་ཏེ་འདི་སྙམ་དུ། །སྲེག་བཞིན་བུད་ཤིང་ཡིན་སེམས་ན། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་སུན་འབྱིན་སྨྲས་པ་དེ་ལ་གལ་ཏེ་འདི་སྙམ་དུ། མེ་དང་བུད་ཤིང་གཞན་ཡིན་ཡང་ཤིང་མེད་པར་མེ་ཡོད་པ་མ་ཡིན་ཏེ། འབར་བར་གྱུར་པའི་དོན་མེས་སྲེག་བཞིན་པ་ཉིད་བུད་ཤིང་ཡིན་པའི་ཕྱིར་རོ་ཞེས་སེམས་ན་དེ་ཡང་མི་འཐད་དེ། གང་ཚེ་དེ་ཙམ་དེ་ཡིན་ན། །གང་གིས་བུད་ཤིང་དེ་སྲེག་བྱེད། །གང་གི་ཚེ་འབར་བར་གྱུར་པའི་དོན་སྲེག་བཞིན་པ་དེ་ཙམ་བུད་ཤིང་ཡིན་པ་དེའི་ཚེ་མེ་གང་གིས་བུད་ཤིང་དེ་བསྲེག་པར་བྱེད་དེ། འབར་བར་གྱུར་པ་སྲེག་བཞིན་པ་ནི་བུད་ཤིང་ཡིན་པའི་ཕྱིར་དང་། དེ་ལས་མ་གཏོགས་པའི་མེ་མ་མཐོང་བའི་ཕྱིར་རོ། །

གསུམ་པ་ནི། གཞན་ཕྱིར་མི་འཕྲད་ཕྲད་མེད་ན། །སྲེག་པར་མི་འགྱུར་མི་སྲེག་ན། །འཆི་བར་མི་འགྱུར་མི་འཆི་ན། །རང་རྟགས་དང་ཡང་ལྡན་པར་གནས། །གལ་ཏེ་མེ་དང་ཐ་དད་ཅིང་ཤིང་གཞན་ཡིན་ན། གཞན་ཡིན་པའི་ཕྱིར་སྣང་བ་དང་མུན་པ་བཞིན་དུ་མི་ཕྲད་པར་འགྱུར་རོ། །ཕྲད་པ་མེད་ན་ཡང་མེས་བུད་ཤིང་བསྲེག་པར་མི་འགྱུར་ཏེ། བསྐལ་པའི་ཡུལ་ན་གནས་པའི་མེས་མདུན་གྱི་བུད་ཤིང་མི་བསྲེག་པ་བཞིན་ནོ། །མི་བསྲེག་ན་ཡང་བུད་ཤིང་མེད་པའི་རྐྱེན་གྱིས་འཆི་བར་མི་འགྱུར་ཏེ། འགྲུབ་པ་བུད་ཤིང་ལ་མི་ལྟོས་པའི་ཕྱིར་རོ། །མི་འཆི་ན་ཡང་མེ་ནི་རྟག་ཏུ་རང་རྟགས་འབར་བ་དང་ལྡན་པར་གནས་པ་འགྱུར་ཏེ། འཆི་བའི་རྐྱེན་མེད་པའི་ཕྱིར་རོ། །གལ་ཏེ་གཞན་ཕྱིར་མི་ཕྲད་ཅེས་སྨྲས་པ་མི་རིགས་ཏེ། སྐྱེས་པ་དང་བུད་མེད་གཞན་ཡིན་ཡང་ཕྲད་པར་མཐོང་ལ་མེ་དང་བུད་ཤིང་ཡང་དེ་བཞིན་དུ་འགྱུར་རོ་ཞེ་ན། ཇི་ལྟར་བུད་མེད་སྐྱེས་པ་དང་། །སྐྱེས་པའང་བུད་མེད་ཕྲད་པ་བཞིན། །གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་དང་ཕྲད་པར་རུང་བར་འགྱུར། །ཇི་ལྟར་སྐྱེས་པ་དང་བུད་མེད་ཕན་ཚུན་ལྟོས་མེད་ཀྱི་གཞན་ཡིན་པས་བུད་མེད་སྐྱེས་པ་དང་ཕྲད་པ་དང་སྐྱེས་པའང་བུད་མེད་དང་ཕྲད་པ་བཞིན་དུ་གལ་ཏེ་ཤིང་ལས་མེ་ལྟོས་མེད་ཀྱི་གཞན་ཡིན་ན་མེ་ཡང་ཤིང་དང་ཕྲད་པར་རུང་བར་འགྱུར་བ་ཞིག་ན་དེ་ནི་མི་རུང་སྟེ། འདི་ལྟར། གལ་ཏེ་མེ་དང་ཤིང་དག་ནི། །གཅིག་གིས་གཅིག་ནི་བསལ་གྱུར་ན། །ཤིང་ལས་མེ་གཞན་ཉིད་ཡིན་ཡང་། །ཤིང་དང་ཕྲད་པར་འདོད་ལ་རག །གལ་ཏེ་མེ་དང་ཤིང་དག་གཅིག་གིས་གཅིག་ནི་བསལ་བར་འགྱུར་ན་སྟེ་བྱེད་པ་པོ་དེ་དང་ལས་སུ་མ་འབྲེལ་ཞིང་། ཕན་ཚུན་ལྟོས་པ་མེད་པ་ཡིན་ན། བུད་མེད་དང་སྐྱེས་པ་ལྟར་ཤིང་ལས་མེ་གཞན་ཡིན་ཡང་མེ་ནི་ཤིང་དང་ཕྲད་པར་འདོད་ལ་རག་པ་ཞིག་ན། མེ་ལ་མ་ལྟོས་པའི་ཤིང་ངམ་ཤིང་ལ་མ་ལྟོས་པའི་མེ་ཡོད་པ་དེ་ལྟ་བུ་ནི་མི་སྲིད་དོ། །ད ེའི་ཕྱིར་བུད་མེད་དང་སྐྱེས་པ་དཔེར་བཀོད་པ་ནི་དོན་མེད་དེ། ཕན་ཚུན་ལྟོས་བཅས་ཀྱི་གཞན་ཡིན་པ་ཞིག་དང་ཕྲད་པ་དཔེར་དགོད་པར་རིགས་ན་དེ་ལྟ་བུ་མེད་པའི་ཕྱིར་རོ། །

གཉིས་པ་ཕན་ཚུན་ལྟོས་པས་གྲུབ་པ་དགག་པ་ནི། གལ་ཏེ་མེ་དང་བུད་ཤིང་དག་ནི་རང་གི་ངོ་བོས་གྲུབ་སྟེ། ཕན་ཚུན་ལྟོས་པ་དང་བཅས་པའི་ཕྱིར། ཡོད་པ་མ་ཡིན་པ་མོ་གཤམ་གྱི་བུ་དང་བུ་མོ་དག་ནི་ཕན་ཚུན་ལྟོས་པ་དང་བཅས་པར་མ་མཐོང་ངོ་ཞེ་ན། གལ་ཏེ་ཤིང་ལྟོས་མེ་ཡིན་ལ། །གལ་ཏེ་མེ་ལྟོས་ཤིང་ཡིན་ན། །གང་ལྟོས་མེ་དང་ཤིང་འགྱུར་བས། །དང་པོར་གྲུབ་པ་གང་ཞིག་ཡིན། །གལ་ཏེ་བུད་ཤིང་སྲེག་པར་བྱེད་པས་ན་མེའོ་ཞེས་ཤིང་ལ་ལྟོས་ནས་མེར་འཇོག་པ་ཡིན་ཞིང་། མེས་བསྲེག་པར་བྱ་བས་ན་བུད་ཤིང་ངོ་ཞེས་མེ་ལ་ལྟོས་ནས་ཤིང་རྣམ་པར་འཇོག་པ་ཡིན་ན་དེའི་ཚེ་གང་ལ་ལྟོས་ནས་མེ་དང་ཤིང་དུ་འགྱུར་བ་དེ་གཉིས་ལས་དང་པོར་གྲུབ་པ་གང་ཞིག་ཡིན། གལ་ཏེ་བུད་ཤིང་ལ་ལྟོས་ནས་མེར་འགྱུར་བས་བུད་ཤིང་སྔར་གྲུབ་བོ་ཞེས་རྟོག་ན་མི་རིགས་ཏེ། མེ་ལ་མ་ལྟོས་ཤིང་བསྲེག་བྱ་མ་ཡིན་པ་ནི་བུད་ཤིང་མ་ཡིན་པའི་ཕྱིར་དང་། རྩ་ལ་སོགས་པ་རྣམས་ཀྱང་བུད་ཤིང་དུ་ཐལ་བའི་ཕྱིར་རོ། །ཅི་སྟེ་དང་པོར་མེ་ཡིན་ལ་ཕྱིས་བུད་ཤིང་གྲུབ་བོ་ཞེ་ན། དེ་ཡང་མི་རིགས་ཏེ། བུད་ཤིང་མེད་པའི་མེ་རྒྱུ་མེད་དུ་ཐལ་བའི་ཕྱིར་དང་། ཕྱིས་ལྟོས་པ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ་ཤིང་ལྟོས་མེ་ཡིན་ན། །མེ་གྲུབ་པ་ལ་སྒྲུབ་པར་འགྱུར། །གལ་ཏེ་སྔར་གྲུབ་པའི་ཤིང་ལ་ལྟོས་ནས་མེ་འབྱུང་བ་ཡིན་ནོ་ཞེ་ན། དེ་ལྟ་ན་མེ་གྲུབ་ཟིན་པ་ལ་སྒྲུབ་པར་འགྱུར་ཏེ། དངོས་པོ་ཡོད་ཅིང་གྲུབ་པའི་ངོ་བོ་ཅན་ཁོ་ན་ལྟོས་པ་རིགས་ཀྱི། ཡོད་པ་མ་ཡིན་པའི་ལྷས་བྱིན་གྱི་ཁྱིམ་འགའ་ལ་ཡང་མི་ལྟོས་པ་བཞིན་ནོ། །དེའི་ཕྱིར་མེ་ཡོད་པར་ཁས་བླངས་དགོས་ལ། དེ་ལྟ་ན་འདི་བུད་ཤིང་ལ་ལྟོས་པ་དོན་མེད་དེ། གྲུབ་ཟིན་པའི་ཕྱིར་རོ། །གཞན་ཡང་། བུད་པར་བྱ་བའི་ཤིང་ལ་ཡང་། །མེ་མེད་པར་ནི་འགྱུར་བ་ཡིན། །གལ་ཏེ་ཤིང་ལ་ལྟོས་ནས་མེར་འགྱུར་རོ་ཞེས་རྟོག་ན། མེའི་སྔར་ཤིང་གྲུབ་དགོས་ཏེ། མ་གྲུབ་པ་ལ་ལྟོས་པ་མི་རུང་བའི་ཕྱིར་རོ། །དེའི་ཕྱིར་བུད་པར་བྱ་བའི་ཤིང་མེ་ལ་ལྟོས་པ་མེད་པར་འགྱུར་ན་དེ་ཡང་མི་རིགས་སོ། །

གལ་ཏེ་དུས་གཅིག་ཁོ་ནར་མེ་ལ་ལྟོས་ནས་བུད་ཤིང་གྲུབ་ཅིང་བུད་ཤིང་ལ་ལྟོས་ནས་མེ་གྲུབ་སྟེ། དེའི་ཕྱིར་གང་རུང་གཅིག་ཀྱང་སྔར་གྲུབ་པར་ཁས་མ་བླངས་པར། གང་ལྟོས་མེ་དང་ཤིང་གྱུར་པ། །དང་པོར་གྲུབ་པ་གང་ཞིག་ཡིན། །ཞེས་པའི་སྐྱོན་མེད་དོ་ཞེ་ན། གལ་ཏེ་དངོས་པོ་གང་ལྟོས་གྲུབ། །དེ་ཉིད་ལ་ཡང་ལྟོས་ནས་ནི། ལྟོས་བྱ་གང་ཡིན་དེ་འགྲུབ་ན། །གང་ལ་ལྟོས་ནས་གང་ཞིག་འགྲུབ། །གལ་ཏེ་མེ་ཞེས་བྱ་བའི་དངོས་པོ་གང་ཞིག་བུད་ཤིང་ཞེས་བྱ་བའི་དངོས་པོ་གང་ཞིག་ལ་ལྟོས་ནས་འགྲུབ་ལ། མེ་དེ་ཉིད་ལ་ཡང་ལྟོས་ནས་བུད་ཤིང་གི་དངོས་པོ་མེའི་ལྟོས་བྱ་གང་ཡིན་པ་དེ་འགྲུབ་ན། ད་ནི་གང་ལ་ལྟོས་ནས་གང་ཞིག་འགྲུབ་པར་འགྱུར་བ་སྨྲོས་ཤིག དེ་བཞིན་དུ་བུད་ཤིང་གི་དངོས་པོ་གང་ཞིག་མེའི་དངོས་པོ་གང་ཞིག་ལ་ལྟོས་ནས་འགྲུབ། བུད་ཤིང་དེ་ཉིད་ལ་ལྟོས་ནས་བུད་ཤིང་གི་ལྟོས་བྱ་གང་ཡིན་པ་དེ་འགྲུབ་ན་ད་ནི་གང་ལ་ལྟོས་ནས་གང་ཞིག་འགྲུབ་པ་སྨྲ་དགོས་སོ། །གལ་ཏེ་བུད་ཤིང་ལ་ལྟོས་ནས་མེ་འགྲུབ་ན། མེ་མེད་པར་བུད་ཤིང་མེད་པས་དེའི་ཕྱིར་མེ་ཡང་མི་འགྲུབ་བོ། །འོན་ཏེ་མེ་ལ་ལྟོས་ནས་བུད་ཤིང་འགྲུབ་ན། བུད་ཤིང་མ་གྲུབ་པར་མེ་མི་འགྲུབ་པས་དེའི་ཕྱིར་བུད་ཤིང་ཡང་མི་འགྲུབ་བོ། །འདིའི་ཕྱིར་ཡང་མེ་དང་བུད་ཤིང་ཕན་ཚུན་ལྟོས་ནས་གྲུབ་པ་མེད་དེ། འདི་ལྟར། དངོས་པོ་ལྟོས་གྲུབ་གང་ཡིན་པ། །དེ་མ་གྲུབ་ན་ཇི་ལྟར་ལྟོས། །ཅི་སྟེ་གྲུབ་པ་ལྟོས་ཞེ་ན། །དེ་ནི་ལྟོས་པ་མི་རིགས་སོ། །གལ་ཏེ་བུད་ཤིང་ལ་ལྟོས་ནས་མེ་གྲུབ་ན་མེ་གྲུབ་པའམ་མ་གྲུབ་པ་ཞིག་བུད་ཤིང་ལ་ལྟོས་གྲང་། མེའི་དངོས་པོ་བུད་ཤིང་ལ་ལྟོས་ནས་གྲུབ་པ་གང་ཡིན་པ་དེ་མ་གྲུབ་ན་ནི། ཇི་ལྟར་བུད་ཤིང་ལ་ལྟོས་ཏེ་བོང་བུའི་རྭ་བཞིན་ནོ། །

ཅི་སྟེ་མེ་གྲུབ་པ་ལྟོས་སོ་ཞེ་ན། གྲུབ་ཟིན་པ་དེ་ནི་ཡང་འགྲུབ་པར་བྱ་བ་མ་ཡིན་པས་ལྟོས་པ་དོན་མེད་པའི་ཕྱིར་བུད་ཤིང་ལ་ལྟོས་པ་མི་རིགས་སོ། །དེ་བཞིན་དུ་བུད་ཤིང་ཡང་གྲུབ་པའམ་མ་གྲུབ་པ་གང་ཡང་མེ་ལ་ལྟོས་པ་མི་རིགས་སོ། །དེའི་ཕྱིར། ཤིང་ལ་ལྟོས་པའི་མེ་མེད་དེ། །ཤིང་ལ་མ་ལྟོས་མེ་ཡང་མེད། །མེ་གྲུབ་པའམ་མ་གྲུབ་པ་གང་ཡང་ཤིང་ལ་ལྟོས་པ་མི་རིགས་པའི་ཕྱིར་དང་། ཤིང་ལ་མི་ལྟོས་ན་ཡང་མེ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །དེ་བཞིན་དུ། མེ་ལ་ལྟོས་པའི་ཤིང་མེད་དེ། །གྲུབ་པ་དང་མ་གྲུབ་པ་གང་ཡང་ལྟོས་པ་མི་རིགས་པའི་ཕྱིར་རོ། །༼མེ་ལ་མ་ལྟོས་ཤིང་ཡང་མེད། །ཅེས་པའི་རྩ་བ་ཆད།༽མེ་ལ་མ་ལྟོས་པའི་ཤིང་ཡང་མེད་དེ་རྒྱུ་མེད་དུ་ཐལ་བའི་ཕྱིར་རོ། །གསུམ་པ་མངོན་སུམ་ཉིད་ཀྱིས་གྲུབ་པ་དགག་པ་ནི། འདིར་སྨྲས་པ། དཔྱད་པ་ཞིབ་མོ་འདིས་ཅི་བྱ་སྟེ། ཁོ་བོ་ཅག་ནི་མངོན་སུམ་ཉིད་ཀྱིས་མེས་བུད་ཤིང་སྲེག་བཞིན་པ་དམིགས་པའི་ཕྱིར་མེ་དང་བུད་ཤིང་དག་ཡོད་དོ་ཞེས་སྨྲའོ་ཞེ་ན། མེས་བུད་ཤིང་སྲེག་ཅེས་པའང་ཐ་སྙད་ཙམ་ཡིན་གྱི། ཡང་དག་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་ཤིང་ལ་མེ་ཡོད་ན་དེས་བུད་ཤིང་བསྲེག་པར་འགྱུར་ན། ཡོད་པ་མ་ཡིན་ཏེ། མེ་ནི་གཞན་ལས་མི་འོང་སྟེ། །ཤིང་ལའང་མེ་ནི་ཡོད་མ་ཡིན། །རེ་ཤིག་མེ་ནི་བུད་ཤིང་ལས་གཞན་ལས་མི་འོང་སྟེ། མ་མཐོང་བའི་ཕྱིར་དང་། རྒྱུ་མེད་པས་བུད་ཤིང་དང་བྲལ་བའི་མེ་ལ་འོང་བ་མེད་པའི་ཕྱིར་དང་། བུད་ཤིང་དང་བཅས་པ་འོང་བ་ལ་དགོས་པ་མེད་པའི་ཕྱིར་དང་། དེར་ཡང་། རྒལ་ཞིང་བརྟག་པ་མཚུངས་པས་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་ཤིང་ལའང་མེ་ནི་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་དང་། མངོན་པར་མི་གསལ་བའི་ཚུལ་དུ་ཡོད་དོ་ཞེས་བྱ་བ་ཡང་སྒྲུབ་བྱེད་མེད་པས་ཚིག་ཙམ་ཡིན་པའི་ཕྱིར་རོ། །གཞན་ཡང་། དེ་བཞིན་ཤིང་གི་ལྷག་མ་ནི། །སོང་དང་མ་སོང་བགོམ་པས་བསྟན། །མེས་བུད་ཤིང་སྲེག་བཞིན་པ་དམིགས་སོ་ཞེས་བྱ་བའི་ཤིང་གི་སུན་འབྱིན་པ་ལྷག་མ་ནི། སོང་དང་མ་སོང་འགོམ་པ་ལ་འགྲོ་བ་ལ་སྔར་སུན་ཕྱུང་བ་ཇི་ལྟར་བསྟན་པ་བཞིན་ཤེས་པར་བྱ་སྟེ། རེ་ཤིག་བསྲེགས་པ་མི་བསྲེག་སྟེ། །མ་བསྲེགས་པ་ཡང་བསྲེག་པ་མེད། །བསྲེགས་དང་མ་བསྲེགས་མ་གཏོགས་པ། །སྲེག་བཞིན་ཤེས་པར་མི་འགྱུར་རོ། །ཞེས་སོགས་འདོན་པ་བསྒྱུར་ཏེ་ཤེས་པར་བྱའོ། །

གཉིས་པ་བཀག་པའི་མཇུག་བསྡུ་བ་ནི། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་པའི་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །ཤིང་ཉིད་མེ་མ་ཡིན་ཏེ། བུད་ཤིང་གང་དེ་མེ་ཡིན་ན། །བྱེད་པ་པོ་དང་ལས་གཅིག་འགྱུར། །ཞེས་པ་འདིས་མེ་དང་བུད་ཤིང་གཅིག་ཡིན་པ་བཀག་པའི་ཕྱིར་རོ། །ཤིང་ལས་གཞན་པའི་མེ་ཡང་མེད་དེ། གལ་ཏེ་ཤིང་ལས་མེ་གཞན་ན། །ཤིང་མེད་པར་ཡང་འབྱུང་བར་འགྱུར། །ཞེས་པས་གཞན་ཉིད་བཀག་པའི་ཕྱིར་རོ། །མེ་ནི་ཤིང་དང་ལྡན་པ་མ་ཡིན་ཏེ། དེ་ཉིད་དང་གཞན་ཉིད་བཀག་པ་ཉིད་ཀྱིས་ཐ་དད་དང་ཐ་མི་དད་ཀྱི་ལྡན་པ་གང་ཡང་མི་རུང་བའི་ཕྱིར་རོ། །མེ་ལ་ཤིང་བརྟེན་པ་མེད་ལ། ཤིང་དེར་མེ་བརྟེན་པ་ཡང་མེད་དེ། འཁར་གཞོང་དང་རྒྱ་ཤུག་ལྟ་བུ་གཞན་དུ་གྱུར་པ་ལ་རྟེན་དང་བརྟེན་པར་རྟོག་པ་ཡིན་ན། མེ་དང་བུད་ཤིང་དག་ནི་གཞན་ཉིད་དུ་མེད་པའི་ཕྱིར་རོ། །ཇི་ལྟར་རྣམ་པ་ལྔར་བརྟགས་ན་མེ་ཡོད་པ་མ་ཡིན་པ་དེ་བཞིན་དུ། མེ་དང་ཤིང་གིས་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །བུམ་སྣམ་སོགས་དང་ལྷན་ཅིག་ཏུ། །མ་ལུས་པར་ནི་རྣམ་པར་བཤད། །མེ་དང་ཤིང་རང་བཞིན་གྱིས་གྲུབ་པ་ལ་སུན་འབྱིན་སྔར་བསྟན་པ་དག་གིས་ཉེ་བར་ལེན་པོ་བདག་དང་ཉེ་བར་ལེན་པ་ཕུང་པོ་ལྔ་དགག་པའི་རིམ་པ་གཅིག་དང་ཐ་དད་དང་ལྡན་པ་དང་ཕན་ཚུན་རྟེན་དང་བརྟེན་པ་དགག་པའི་ཕྱོགས་ལྔ་པོ་ཀུན་དང་། འདི་དག་སྟོན་པ་ལ་འཐད་པའི་ཚུལ་དེ་ཉིད་དང་གཞན་གྱི་ཕྱོགས་གཉིས་དགག་པ་དང་བཅས་པ་མ་ལུས་པར་རྣམ་པར་བཤད་པར་ཤེས་པར་བྱའོ། །དེ་ལ་ཉེར་ལེན་ཡིན་པ་བདག་ཡིན་ནོ་ཞེས་བྱ་བར་མི་རིགས་ཏེ། བྱེད་པ་པོ་དང་ལས་གཅིག་ཏུ་ཐལ་བའི་ཕྱིར་རོ། །ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་གཞན་ཡང་མ་ཡིན་ཏེ། བདག་དང་ཕུང་པོ་ཐ་དད་པར་དམིགས་པར་ཐལ་བའི་ཕྱིར་རོ། །གཅིག་ཉིད་དང་གཞན་ཉིད་བཀག་པའི་ཕྱིར་བདག་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ནོ། །གཞན་ཉིད་མེད་པའི་ཕྱིར་བདག་ལ་ཕུང་པོ་བརྟེན་པ་དང་ཕུང་པོ་ལ་བདག་བརྟེན་པ་ཡང་མ་ཡིན་ནོ། །དེ་ལྟར་རྣམ་པ་ལྔར་བདག་ཡོད་པ་མ་ཡིན་པའི་ཕྱིར་ལས་དང་བྱེད་པ་པོ་ལྟར་བདག་དང་ཉེ་བར་ལེན་པ་གཉིས་ཕན་ཚུན་ལྟོས་པས་གྲུབ་པ་ཡིན་ནོ་ཞེས་བྱ་བར་གནས་སོ། །བདག་དང་ཉེ་བར་ལེན་པ་དགག་པའི་རིམ་པ་དེ་ཡང་འདི་གཉིས་ཁོ་ན་མ་ཡིན་གྱི། འོ་ན་ཅི་ཞེ་ན། བུམ་པ་དང་སྣམ་བུ་ལ་སོགས་པ་དངོས་པོ་མ་ལུས་པ་དང་ལྷན་ཅིག་རྣམ་པར་བཤད་པར་ཤེས་པར་བྱའོ། །དེ་ལ་བུམ་པ་ལ་སོགས་པ་ནི་རྒྱུ་དང་འབྲས་བུའམ་ཡན་ལག་དང་ཡན་ལག་ཅན་ནམ། མཚན་ཉིད་དང་། མཚན་གཞིའམ། ཡོན་ཏན་དང་ཡོན་ཏན་ཅན་དུ་གྱུར་པ་དག་ཡིན་ཏེ། དེ་ལྟར་རྣམ་པར་བཞག་པ་ལ། མེ་དང་བུད་ཤིང་ལྟར་དགག་པའི་རིམ་པ་ཀུན་མ་ལུས་པར་སྦྱར་བར་བྱའོ། །གཉིས་པ་མཐར་འཛིན་ཅན་བསྟན་དོན་ལ་མི་མཁས་པར་བསྟན་པ་ནི། གང་དག་བདག་དང་དངོས་པོ་རྣམས། །དེ་བཅས་ཉིད་དང་ཐ་དད་པར། །སྟོན་པ་དེ་དག་བསྟན་དོན་ལ། །མཁས་པའོ་སྙམ་དུ་མི་སེམས་སོ། །དེ་ལྟར་ལས་དང་བྱེད་པ་པོ་ལྟར་བདག་དང་ཉེ་བར་ལེན་པ་དང་བུམ་སྣམ་ལ་སོགས་པ་ཕན་ཚུན་ལྟོས་པས་གྲུབ་པར་རྣམ་པར་བཞག་པ་ལ་མི་བརྟེན་པར། མུ་སྟེགས་ཀྱི་གཞུང་ལུགས་ཀྱི་ཉེ་བར་བརྟགས་པའི་དོན་ལ་གསུང་རབ་ཀྱི་དོན་ཕྱིན་ཅི་མ་ལོག་པར་རློམ་ནས། རང་གི་སྡེ་པ་དངོས་པོར་སྨྲ་བ་གང་དག་ཉེ་བར་ལེན་པ་པོའི་བདག་དང་ཉེ་བར་ལེན་པ་དང་བུམ་སྣམ་ལ་སོགས་པའི་དངོས་པོ་རྣམས་དེ་བཅས་ཉིད་དེ་གཅིག་དང་ཉེར་ལེན་ཡང་གཞན་ལ་བདག་ཀྱང་གཞན་ནོ་ཞེས་སོགས་ཐ་དད་པར་སྟོན་པ་དེ་དག་བདེ་བར་གཤེགས་པའི་བསྟན་པའི་དོན་རྟེན་ཅིང་འབྲེལ་བར་འབྱུང་བ་མཆོག་ཏུ་ཟབ་པ། རྟག་ཆད་དང་བྲལ་བ། བརྟེན་ནས་གདགས་པའི་མིང་ཅན་གྱི་དེ་ཁོ་ན་ཉིད་ལ་མཁས་པའོ་སྙམ་དུ་སློབ་དཔོན་མི་སེམས་ཤིང་མི་དགོངས་སོ། །

དེ་ལྟར་རྣལ་འབྱོར་པ་མེ་དང་བུད་ཤིང་བརྟག་པས་ཆོས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པའི་ལུས་ནི་དུས་མཐའི་མེའམ། འདོད་ཆགས་ལ་སོགས་པ་ཉོན་མོངས་པའི་མེ་དག་གིས་མི་འཚིག་གོ་དེ་སྐད་དུ་ཡང་། བཅོམ་ལྡན་འདས་ཀྱིས། བསྐལ་པ་བརྒྱ་ཕྲག་མང་པོར་རབ་བསྲེགས་ཀྱང་། །ནམ་མཁའ་སྔོན་ཆད་ནམ་ཡང་མི་འཚིག་བཞིན། །ཆོས་རྣམས་ནམ་མཁའ་མཚུངས་པར་ནམ་རིག་པས། །དེ་ནི་གཞར་ཡང་མེ་ནང་ཡོང་མི་འཚིག །གལ་ཏེ་སངས་རྒྱས་ཞིང་རྣམས་འབར་འགྱུར་ལ། །འབར་པ་འདི་དག་མ་ལུས་ཞི་ཤོག་ཅེས། །ཏིང་འཛིན་གནས་ནས་སྨོན་ལམ་འདི་བཏབ་ན། །ས་རྣམས་ཤིག་ཀྱང་དེ་ལ་འགྱུར་བ་མེད། །ཅེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་ཤེས་རབ་ལས་མེ་དང་བུད་ཤིང་བརྟག་པའི་རབ་ཏུ་བྱེད་པ་སྟེ་བཅུ་པའི་འགྲེལ་པའོ།། །།

ལེའུ་བཅུ་གཅིག་པའི་རྣམ་བཤད།

བཅུ་གཅིག་པ་སྔོན་དང་ཕྱི་མའི་མཐའ་དགག་པ་ལ། འཁོར་བའི་སྔོན་མཐའ་དགག་པ་དང་། ཚུལ་དེ་གཞན་ལ་བསྒྲེ་བ་གཉིས་ཀྱི། དང་པོ་ལ། དགག་པ་དངོས་དང་། ཞར་ལ་སྐྱེ་འཆིའི་རིམ་པ་དགག་པ་གཉིས་ཀྱི། དང་པོ་ནི། འདིར་སྨྲས་པ། བདག་ནི་ཡོད་དེ་འཁོར་བ་ཡོད་པའི་ཕྱིར། གལ་ཏེ་བདག་ཡོད་པར་མ་གྱུར་ན། འགྲོ་བ་ལྔའི་འཁོར་བར་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་གང་ཞིག་འཁོར་བར་འགྱུར། དེའི་ཕྱིར་འཁོར་བ་ཡོད་པས་འཁོར་བ་པོ་ཡོད་ལ། དེ་ཡང་བདག་ཡིན་ནོ་ཞེ་ན། འཁོར་བ་ཡོད་ན་བདག་ཀྱང་ཡོད་པར་འགྱུར་ན། འཁོར་བ་ཞེས་བྱ་བ་ནི་ཐ་སྙད་པ་ཡིན་གྱི། ཡང་དག་པར་ན་ཡོད་པ་མ་ཡིན་ཏེ། འདི་ལྟར། སྔོན་མཐའ་མངོན་ནམ་ཞེས་ཞུས་ཚེ། །ཐུབ་པ་ཆེན་པོས་མིན་ཞེས་གསུངས། །འཁོར་བ་ཐོག་མ་མཐའ་མེད་དེ། །དེ་ལ་སྔོན་མེད་ཕྱི་མ་མེད། །གལ་ཏེ་འཁོར་བ་ཞེས་བྱ་བ་འགའ་ཞིག་ཡོད་ན་བུམ་པ་ལ་སོགས་པ་བཞིན་དུ་དེ་ལ་ངེས་པར་སྔོན་དང་ཕྱི་མའི་མཐའ་ཡང་ཡོད་པར་འགྱུར་ན་ཡོད་པ་མ་ཡིན་ཏེ། མུ་སྟེགས་ཅན་གྱིས་བཅོམ་ལྡན་འདས་ལ་འཁོར་བའི་སྔོན་གྱི་མཐའ་མངོན་ནམ་ཞེས་ཞུས་པའི་ཚེ། ཐུབ་པ་ཆེན་པོས་མིན་ཞེས་གསུངས་ལ། དེ་བཞིན་དུ་དགེ་སློང་དག་སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་འཁོར་བ་ལ་ཐོག་མ་དང་ཐ་མ་མེད་པར་གསུངས་པ་ན། འཁོར་བ་དེ་ཡང་དག་པར་ཡོད་པ་མ་ཡིན་ནོ་ཞེས་བཅོམ་ལྡན་འདས་ཀྱིས་གསལ་བར་གསུངས་པ་མ་ཡིན་ནམ། དེའི་ཕྱིར་འཁོར་བ་དེ་ལ་སྔོན་གྱི་མཐའ་མེད་ཅིང་། ཕྱི་མའི་མཐའ་ཡང་མེད་པ་དེའི་ཚེ་འཁོར་བ་མེད་དེ། ཐོག་མ་དང་ཐ་མ་མེད་པའི་ཕྱིར། འགལ་མེའི་འཁོར་ལོ་བཞིན་ཞེས་བྱ་བར་གནས་སོ། །གལ་ཏེ་འཁོར་བ་ལ་ཐོག་མཐའ་མེད་པ་དེ་ལྟ་ན་ཡང་མ་བཀག་པའི་ཕྱིར་དབུས་ཡོད་དེ། དེའི་ཕྱིར་འཁོར་བ་ཡོད་དོ་ཞེ་ན། གང་ལ་ཐོག་མ་ཐ་མ་མེད། །དེ་ལ་དབུས་ནི་ག་ལ་ཡོད། །འཁོར་བ་གང་ལ་ཇི་སྐད་བཤད་པའི་ཚུལ་གྱིས་ཐོག་མ་དང་ཐ་མ་མེད་པ་དེ་ལ་དེ་གཉིས་ཀྱིས་ཁྱད་པར་དུ་བྱས་པའི་དབུས་ནི་ག་ལ་ཡོད། དེའི་ཕྱིར་འཁོར་བ་ནི་ནམ་མཁའ་ལྟར་ཐོག་མཐའ་བར་གསུམ་དང་བྲལ་བའི་ཕྱིར་མིང་ཙམ་དུ་ཟད་དོ། །

གཉིས་པ་ལ། དངོས་དང་མཇུག་བསྡུ་བ་གཉིས་ཀྱི། དང་པོ་ནི། དེ་ཕྱིར་དེ་ལ་སྔ་ཕྱི་དང་། །ལྷན་ཅིག་རིམ་པ་མི་འཐད་དོ། །གང་གི་ཕྱིར་འཁོར་བ་ལ་ཐོག་མ་དང་ཐ་མ་དང་དབུས་མེད་པ་དེ་ཉིད་ཀྱི་ཕྱིར་འཁོར་བ་མེད་པ་དེ་ལ་སྐྱེ་བ་སྔ་ལ་རྒ་ཤི་ཕྱི་བ་དང་ལྷན་ཅིག་པའི་རིམ་པ་མི་འཐད་དོ། །ཇི་ལྟར་མི་འཐད་པ་དེ་ལྟར་སྟོན་པ་ནི། གལ་ཏེ་སྐྱེ་བ་སྔ་གྱུར་ལ། །རྒ་ཤི་ཕྱི་བ་ཡིན་ན་ནི། །སྐྱེ་བ་རྒ་ཤི་མེད་པ་དང་། །མ་ཤི་བར་ཡང་སྐྱེ་བར་འགྱུར། །གལ་ཏེ་སྐྱེ་བ་སྔ་ལ་རྒ་ཤི་ཕྱི་བ་ཡིན་ན་སྐྱེ་བ་རྒ་ཤི་མེད་ཅིང་དེ་དང་བྲལ་བར་འགྱུར་ན་དེ་ཡང་མི་རུང་སྟེ། འདུས་མ་བྱས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒ་ཤི་མེད་པའི་སྐྱེ་བ་ཡོད་པར་རྟོག་ན་ལྷས་བྱིན་ཚེ་རབས་གཞན་དུ་མ་ཤི་བར་འདིར་སྐྱེ་བར་འགྱུར་ལ། དེའི་ཕྱིར་འཁོར་བ་ལ་ཐོག་མ་ཡོད་པ་དང་རྒྱུ་མེད་པའི་ཉེས་པར་ཐལ་བར་འགྱུར་རོ། །གལ་ཏེ་སྐྱེ་བ་ཕྱི་འགྱུར་ལ། །རྒ་ཤི་སྔ་མ་ཡིན་ན་ནི། །སྐྱེ་བ་མེད་པའི་རྒ་ཤི་ནི། །རྒྱུ་མེད་པར་ནི་ཇི་ལྟར་འགྱུར། །གལ་ཏེ་སྐྱེ་བ་ཕྱི་ལ་རྒ་ཤི་སྔ་བ་ཡིན་ན་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་རྒ་ཤི་སྐྱེ་བའི་རྟེན་ཅན་དུ་གསུངས་པས་སྐྱེ་བ་མེད་པའི་རྒ་ཤི་ནི་རྒྱུ་མེད་པར་ཇི་ལྟར་འབྱུང་བར་འགྱུར་ཏེ་མི་རིགས་སོ། །སྐྱེ་བ་དང་ནི་རྒ་ཤི་དག །ལྷན་ཅིག་རུང་བ་མ་ཡིན་ཏེ། །སྐྱེ་བཞིན་པ་ན་འཆི་འགྱུར་ཞིང་། །གཉིས་ཀའང་རྒྱུ་མེད་ཅན་དུ་འགྱུར། །སྐྱེ་བ་དང་རྒ་ཤི་ལྷན་ཅིག་ཏུ་འབྱུང་བ་རུང་བ་ཡང་མ་ཡིན་ཏེ། སྐྱེ་བཞིན་པ་ཉིད་འཆི་བར་འགྱུར་ན། དེ་ཡང་མི་རིགས་ཏེ། སྣང་བ་དང་མུན་པ་ལྟར་འགལ་བའི་ཕྱིར་དང་། སྐྱེ་བཞིན་པ་འཆིའོ་ཞེས་བྱ་བར་འཇིག་རྟེན་ན་ཡང་མ་མཐོང་བའི་ཕྱིར་རོ། །གཞན་ཡང་སྐྱེ་འཆི་ལྷན་ཅིག་དུ་འབྱུང་ན་བ་ལང་གི་རྭ་གཡས་གཡོན་ལྟར་ཕན་ཚུན་རྒྱུ་འབྲས་སུ་མི་རིགས་པས་གཉིས་ཀ་རྒྱུ་མེད་པ་ཅན་དུ་འགྱུར་ན། འདི་ནི་མི་རིགས་སོ། །

གཉིས་པ་ནི། གང་ལ་སྔ་ཕྱི་ལྷན་ཅིག་གི །རིམ་པ་དེ་དག་མི་སྲིད་པའི། །སྐྱེ་བ་དེ་དང་རྒ་ཤི་དེ། །ཅི་ཡི་ཕྱིར་ན་སྤྲོ་བར་བྱེད། །ཇ་ིསྐད་བཤད་པའི་ཚུལ་གྱིས་སྐྱེ་བ་དང་རྒ་ཤི་གང་ལ་སྔ་ཕྱི་ལྷན་ཅིག་གི་རིམ་པ་དེ་དག་མི་སྲིད་པའི་སྐྱེ་བ་དང་རྒ་ཤི་དེ་མ་དམིགས་པ་ན་འཕགས་པ་དག་ཅིའི་ཕྱིར་སྤྲོ་བར་བྱེད་དེ། ཡང་དག་པ་ཇི་ལྟ་བ་བཞིན་གཟིགས་པའི་ཕྱིར་རོ། །ཡང་ན་དེ་ལྟར་སྐྱེ་བ་དང་རྒ་ཤི་དེ་ཡོད་པ་མ་ཡིན་ན། བྱིས་པ་དག་ཡོད་པ་མ་ཡིན་པའི་ཕྱིར་སྐྱེ་བ་དང་རྒ་ཤི་དེ་ཅིའི་ཕྱིར་སྤྲོ་བར་བྱེད།

གཉིས་པ་ཚུལ་དེ་གཞན་ལ་བསྒྲེ་བ་ནི། འཁོར་བ་འབའ་ཞིག་སྔོན་གྱི་མཐའ། །ཡོད་མ་ཡིན་པར་མ་ཟད་ཀྱི། །རྒྱུ་དང་འབྲས་བུ་ཉིད་དང་ནི། །མཚན་ཉིད་དང་ནི་མཚན་གཞི་ཉིད། །ཚོར་དང་ཚོར་པོ་ཉིད་དང་ནི། །དོན་ཡོད་གང་དག་ཅི་ཡང་རུང་། །དངོས་རྣམས་ཐམས་ཅད་ཉིད་ལ་ཡང་། །སྔོན་དང་ཕྱི་མ་ཡོད་མ་ཡིན། །འཁོར་བ་འབའ་ཞིག་ལ་སྔོན་གྱི་མཐའ་མེད་པར་མ་ཟད་ཀྱི་རྒྱུ་དང་འབྲས་བུ་མཚན་ཉིད་མཚན་གཞི་ཚོར་དང་ཚོར་པོ་ཉིད་དང་ཤེས་བྱ་ཤེས་བྱེད་གཞལ་བྱ་འཇལ་བྱེད་ཡན་ལག་དང་ཡན་ལག་ཅན། ཡོན་ཏན་དང་ཡོན་ཏན་ཅན་ལ་སོགས་པ་དོན་ཡོད་གང་ཅི་ཡང་རུང་བའི་དངོས་པོ་ཐམས་ཅད་ལ་ཡང་སྔོན་དང་ཕྱི་མའི་མཐའ་ཡོད་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་རྒྱུ་སྔ་ལ་འབྲས་བུ་ཕྱི་ན་ནི་འབྲས་བུ་མེད་པའི་རྒྱུ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །ཅི་སྟེ་འབྲས་བུ་སྔ་ལ་རྒྱུ་ཕྱི་ན་ཡང་། རྒྱུ་མེད་པའི་འབྲས་བུ་ཡང་རྒྱུ་མེད་པར་འགྱུར་རོ། །རྒྱུ་འབྲས་དུས་མཉམ་པ་ཡིན་ན་ཡང་ཕན་ཚུན་ལྟོས་པ་མེད་པས་གཉིས་ཀ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་ཤེས་པར་བྱའོ། །དེ་ཉིད་ཀྱི་ཕྱིར། འཕགས་པ་དཀོན་མཆོག་སྤྲིན་ལས། ཆོས་ཀྱི་འཁོར་ལོ་བསྐོར་བ་ན། །གཟོད་ནས་ཞི་ཞིང་མ་སྐྱེས་པ། །རང་བཞིན་མྱ་ངན་འདས་པ་ཡི། །ཆོས་རྣམས་མགོན་པོ་ཁྱོད་ཀྱིས་བསྟན། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་སྔོན་དང་ཕྱི་མའི་མཐའ་བརྟག་པ་ཞེས་བྱ་བ་རབ་བྱེད་བཅུ་གཅིག་པའི་འགྲེལ་པའོ།། །།

ལེའུ་བཅུ་གཉིས་པའི་རྣམ་བཤད།

བཅུ་གཉིས་པ་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ལ། སྡུག་བསྔལ་མཐའ་བཞིས་བསྐྱེད་པ་དགག ཚུལ་དེ་གཞན་ལ་བསྒྲེ་བ་གཉིས་ཀྱི། དང་པོ་ལ་དམ་བཅའ་བརྗོད་པ་དང་། སྒྲུབ་བྱེད་བཤད་པ་གཉིས་ཀྱི་དང་པོ་ནི། འདིར་སྨྲས་པ། བདག་ནི་ཡོད་དེ། དེའི་རྟེན་ཅན་སྡུག་བསྔལ་ཡོད་པའི་ཕྱིར། སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་ལྔ་ནི་འགའ་ཞིག་ལ་བརྟེན་དགོས་ལ། དེའི་རྟེན་ཡང་བདག་ཡིན་ནོ་ཞེ་ན། གལ་ཏེ་སྡུག་བསྔལ་ཡོད་ན་དེའི་རྟེན་བདག་ཀྱང་ཡོད་པ་ཡིན་ན་ཡང་སྡུག་བསྔལ་ཡོད་པ་མ་ཡིན་ཏེ། འདི་ལྟར། ཁ་ཅིག་སྡུག་བསྔལ་བདག་གིས་བྱས། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་པ་ལས་འབྱུང་བར་འདོད། །དེ་ནི་བྱ་བར་མི་རུང་ངོ་། །གྲངས་ཅན་ལ་སོགས་པ་ཁ་ཅིག་ནི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་ལྔ་ནི་བདག་གིས་བྱས་སོ་ཞེས་འདོད་དོ། །བྱེ་བྲག་པ་དང་རང་གི་སྡེ་པ་དག་ནི་གཞན་གྱིས་བྱས་པར་སྨྲ་ལ། གཅེར་བུ་པ་ནི་གཉིས་ཀས་བྱས་པར་འདོད་ལ། རྒྱང་འཕེན་པ་ནི་རྒྱུ་མེད་ལས་འབྱུང་བར་འདོད་དོ། །དེ་ལྟར་འདོད་པའི་སྡུག་བསྔལ་དེ་ནི་རྣམ་པ་ཐམས་ཅད་དུ་བྱ་བར་ཏེ་བསྐྱེད་པར་མི་ནུས་སོ། །

གཉིས་པ་དེའི་སྒྲུབ་བྱེད་བཤད་པ་ལ་བཞི་ཡོད་པའི་དང་པོ་བདག་གིས་བྱས་པ་དགག་པ་ནི། གལ་ཏེ་བདག་གིས་བྱས་གྱུར་ན། །དེ་ཕྱིར་བརྟེན་ནས་འབྱུང་མི་འགྱུར། །གང་ཕྱིར་ཕུང་པོ་འདི་དག་ལ། །བརྟེན་ནས་ཕུང་པོ་དེ་དག་འབྱུང་། །གལ་ཏེ་སྡུག་བསྔལ་བདག་གིས་བྱས་པར་གྱུར་ན་སྡུག་བསྔལ་དེ་ཉིད་ཀྱིས་དེ་ཉིད་བྱས་པར་འགྱུར་ལ། དེའི་ཕྱིར་བརྟེན་ནས་འབྱུང་བ་མ་ཡིན་པར་འགྱུར་ཏེ། རྒྱུ་དང་རྐྱེན་ལ་མི་ལྟོས་པའི་ཕྱིར། འདི་ནི་རྟེན་ཅིང་འབྲེལ་འབྱུང་ཡང་ཡིན་ཏེ། གང་གི་ཕྱིར་འཆི་བའི་དུས་ཀྱི་ཕུང་པོ་འདི་དག་ལ་བརྟེན་ནས་སྐྱེ་བའི་ཆར་གཏོགས་པའི་ཕུང་པོ་དེ་དག་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་བདག་གིས་བྱས་པ་མི་རིགས་སོ། །གཉིས་པ་གཞན་གྱིས་བྱས་པ་དགག་པ་ལ་གཉིས་ཀྱི། དང་པོ་དངོས་ནི། གལ་ཏེ་འདི་ལས་དེ་གཞན་ཞིང་། །གལ་ཏེ་དེ་ལས་འདི་གཞན་ན། །སྡུག་བསྔལ་གཞན་གྱིས་བྱས་འགྱུར་ཞིང་། །གཞན་དེ་དག་གིས་དེ་བྱས་འགྱུར། །གལ་ཏེ་འཆི་བའི་དུས་ཀྱི་ཕུང་པོ་འདི་ལས་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་གཞན་ཡིན་ཞིང་སྐྱེ་བའི་ཆར་གཏོགས་ཀྱི་ཕུང་པོ་དེ་ལས་འཆི་བའི་དུས་ཀྱི་ཕུང་པོ་འདི་གཞན་ཡིན་ན། སྐྱེ་བའི་ཆར་གཏོགས་ཀྱི་སྡུག་བསྔལ་ནི་འཆི་བའི་དུས་ཀྱི་སྡུག་བསྔལ་གཞན་གྱིས་བྱས་པར་འགྱུར་ཞིང་འཆི་བའི་དུས་ཀྱི་སྡུག་བསྔལ་གཞན་དེ་དག་གིས་སྐྱེ་བའི་ཆའི་སྡུག་བསྔལ་དེ་བྱས་པར་འགྱུར་ན། དེ་དག་ལ་ནི་གཞན་ཉིད་མ་མཐོང་སྟེ། སྣང་བ་དང་མུན་པ་བཞིན་དུ་རྒྱུ་དང་འབྲས་བུའི་འབྲེལ་བ་གནས་པ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་གཞན་གྱིས་བྱས་པ་མེད་དོ། །

གཉིས་པ་ཞར་བྱུང་ལ་གཉིས་ཀྱི། དང་པོ་གང་ཟག་བདག་གིས་བྱས་པ་དགག་པ་ནི། ཅི་སྟེ་སྡུག་བསྔལ་གྱིས་སྡུག་བསྔལ་བྱས་པ་དེའི་ཕྱིར་བདག་གིས་བྱས་སོ་ཞེས་མི་སྨྲའི། འོན་ཀྱང་གང་ཟག་བདག་ཉིད་ཀྱིས་བདག་གི་སྡུག་བསྔལ་བྱས་པ་ཡིན་གྱི། གཞན་གྱིས་བྱས་ནས་འབྱིན་པ་མ་ཡིན་ཏེ་དེའི་ཕྱིར་བདག་གིས་བྱས་སོ་ཞེ་ན། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་བདག་གིས། །སྡུག་བསྔལ་བྱས་པའི་གང་ཟག་དེ། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །གལ་ཏེ་མིའི་གང་ཟག་བདག་གིས་རང་རྒྱུད་ཀྱི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་བྱས་སོ་ཞེས་རྟོག་ན། གང་བདག་གིས་སྡུག་བསྔལ་བྱས་པའི་གང་ཟག་དེ་རྟོག་ལ་རག་མོད། སྡུག་བསྔལ་དེ་ནི་འདི་ཡིན་ལ་འདིའི་བྱེད་པ་པོ་ནི་འདི་ཡིན་ནོ་ཞེས་བྱེ་བྲག་ཏུ་ཕྱེ་སྟེ་བརྗོད་དགོས་ན། བརྗོད་པར་ནུས་པ་ཡང་མ་ཡིན་ཏེ། སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་ལས་མ་གཏོགས་པའི་གང་ཟག་གང་ཞིག་ཡིན་ཏེ་མེད་པའི་ཕྱིར་རོ། །

གལ་ཏེ་གང་ཟག་བདག་གིས་བདག་ཉིད་ཀྱི་སྡུག་བསྔལ་བྱས་ཞེས་མི་སྨྲའོ། །འོ་ན་ཅི་ཞེ་ན། མིའི་གང་ཟག་གིས་ཀྱང་ལྷའི་སྡུག་བསྔལ་བྱས་ནས་ལྷའི་གང་ཟག་ལ་སྟེར་བར་བྱེད་ཅིང་། ལྷའི་སྡུག་བསྔལ་དེས་ཀྱང་ལྷའི་གང་ཟག་དུ་འདོགས་པར་བྱེད་པ་དེའི་ཕྱིར་སྡུག་བསྔལ་དེ་ནི་གང་ཟག་གཞན་ལས་འབྱུང་བ་ཡིན་ནོ་ཞེ་ན། གལ་ཏེ་གང་ཟག་གཞན་ལས་ནི། །སྡུག་བསྔལ་འབྱུང་ན་གཞན་ཞིག་གིས། །སྡུག་བསྔལ་དེ་བྱས་གང་སྦྱིན་དེ། །སྡུག་བསྔལ་མ་གཏོགས་ཇི་ལྟར་རུང་། །གལ་ཏེ་མིའི་གང་ཟག་གཞན་ལས་ལྷའི་སྡུག་བསྔལ་འབྱུང་ཞིང་། དེས་ཀྱང་ལྷའི་གང་ཟག་ལ་སྟེར་བར་བྱེད་པ་ཡིན་ན། མིའི་གང་ཟག་གཞན་ཞིག་གིས་ལྷའི་སྡུག་བསྔལ་དེ་བྱས་ནས་གང་ལ་སྦྱིན་པའི་ལྷའི་གང་ཟག་དེ་ལྷའི་སྡུག་བསྔལ་ལས་མ་གཏོགས་པར་ཇི་ལྟར་རུང་། དེ་ལྟར་ན་རེ་ཤིག་གང་ཟག་གཞན་ལས་འབྱུང་བའི་སྡུག་བསྔལ་ལ་ལེན་པ་པོ་ཡོད་པ་མ་ཡིན་ནོ། །ད་ནི་གང་ཞིག་སྦྱིན་པར་བྱེད་པ་དེ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་གང་ཟག་གཞན་སྡུག་བསྔལ། །འབྱུང་ན་གང་གིས་དེ་བྱས་ནས། །གཞན་ལ་སྟེར་བའི་གང་ཟག་གཞན། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །གལ་ཏེ་མིའི་གང་ཟག་གཞན་ལས་ལྷའི་སྡུག་བསྔལ་འབྱུང་ན། མིའི་གང་ཟག་གང་གིས་སྡུག་བསྔལ་དེ་བྱས་ནས་ལྷའི་གང་ཟག་གཞན་ལ་སྟེར་བའི་མིའི་གང་ཟག་གཞན་དེ་ཡང་མིའི་སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་མ་གཏོགས་པ་གང་ཞིག་ཡིན་པར་འགྱུར། དེའི་ཕྱིར་གང་ཟག་གཞན་ལས་འབྱུང་བའི་སྡུག་བསྔལ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། བདག་གིས་བྱས་པར་མ་གྲུབ་པས། །སྡུག་བསྔལ་གཞན་གྱིས་ག་ལ་བྱས། །གཞན་གྱིས་སྡུག་བསྔལ་གང་བྱེད་པ། །དེ་ནི་དེ་ཡི་བདག་བྱས་འགྱུར། །གལ་ཏེ་མིའི་གང་ཟག་གཞན་གྱིས་ལྷའི་གང་ཟག་ལ་སྟེར་བའི་ཆེད་དུ་སྡུག་བསྔལ་གང་བྱེད་པའི་སྡུག་བསྔལ་དེ་ནི་མིའི་གང་ཟག་དེའི་བདག་གིས་བྱས་པར་འགྱུར་ན། དེ་ཡང་ཡོད་པ་མ་ཡིན་ཏེ། གལ་ཏེ་གང་ཟག་བདག་གིས་ནི། །སྡུག་བསྔལ་བྱས་ན་གང་དག་གིས། །སྡུག་བསྔལ་བྱས་པའི་གང་ཟག་དེ། །སྡུག་བསྔལ་མ་གཏོགས་གང་ཞིག་ཡིན། །ཞེས་སྔར་སྡུག་བསྔལ་ལས་མ་གཏོགས་པའི་རང་ངམ་གཞན་གྱི་སྡུག་བསྔལ་བྱེད་པ་པོའི་གང་ཟག་མེད་པར་བཤད་ཟིན་པའི་ཕྱིར་རོ། །དེའི་ཕྱིར་གང་གི་ཚེ་ལྷའི་སྡུག་བསྔལ་མིའི་གང་ཟག་བདག་གིས་བྱས་པར་མ་གྲུབ་པ་དེའི་ཚེ་ལྷའི་སྡུག་བསྔལ་དེ་ནི་གང་ཟག་གཞན་གྱིས་བྱས་པར་ག་ལ་འགྱུར། དེའི་ཕྱིར་ཡང་སྡུག་བསྔལ་གཞན་གྱིས་བྱས་པ་མེད་དོ། །

གཉིས་པ་ཕྱོགས་གཉིས་དགག་པའི་རིགས་པ་གཞན་བསྟན་པ་ནི། རེ་ཞིག་སྡུག་བསྔལ་བདག་བྱས་མིན། །དེ་ཉིད་ཀྱིས་ནི་དེ་མ་བྱས། །གལ་ཏེ་གཞན་བདག་མ་བྱས་ན། །སྡུག་བསྔལ་གཞན་བྱས་ག་ལ་འགྱུར། །རེ་ཞིག་སྡུག་བསྔལ་བདག་གིས་བྱས་པ་མིན་ཏེ། དེ་ཉིད་ཀྱིས་དེ་ཉིད་མ་བྱས་པའི་ཕྱིར་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །གཞན་གྱིས་ཀྱང་མ་བྱས་ཏེ། གང་གི་ཕྱིར་བྱེད་དོ་ཞེས་བརྟགས་པའི་གཞན་དེ་ཉིད་བདག་མ་བྱས་ཏེ། བདག་ཉིད་ཀྱིས་མ་གྲུབ་སྟེ། རྒྱུ་གཞན་ལ་ལྟོས་པའི་ཕྱིར་རོ། །གང་བདག་ཉིད་ཀྱིས་མ་གྲུབ་པ་དེ་ནི་གཞན་བྱེད་པར་མི་འགྱུར་ཏེ། བོང་བུའི་རྭ་བཞིན་ནོ། །དེའི་ཕྱིར་སྡུག་བསྔལ་གཞན་བྱས་ག་ལ་འགྱུར་ཏེ། དེ་ནི་མི་རིགས་སོ། །

གསུམ་པ་གཉིས་ཀས་བྱས་པ་དགག་པ་ནི། གལ་ཏེ་རེ་རེས་བྱས་གྱུར་ན། །སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར། །གལ་ཏེ་བདག་དང་གཞན་རེ་རེས་སྡུག་བསྔལ་བྱས་པར་གྱུར་ན། སྡུག་བསྔལ་གཉིས་ཀས་བྱས་པར་འགྱུར་ན་ཡང་དེ་ནི་རེ་རེས་བྱས་པ་མ་ཡིན་ཏེ། བཤད་ཟིན་པའི་སྐྱོན་དུ་འགྱུར་བའི་ཕྱིར་རོ། །བཞི་པ་རྒྱུ་མེད་དགག་པ་ནི། རྣམ་པ་གཞན་དུ་ན་བདག་གིས་མ་བྱས་ཏེ། རྐྱེན་ལ་ལྟོས་པའི་ཕྱིར་རོ། །གཞན་གྱིས་མ་བྱས་ཏེ་ས་བོན་མེད་ན་མི་འབྱུང་བའི་ཕྱིར་རོ། །གཉིས་ཀས་མ་བྱས་ཏེ། གཉིས་ཀ་གཡོ་བ་མེད་པའི་ཕྱིར་རོ། །རྒྱུ་མེད་ལས་འབྱུང་བ་མ་ཡིན་ཏེ། ས་བོན་དང་རྐྱེན་གཉིས་ཀ་ལ་ནུས་པ་ཡོད་པའི་ཕྱིར་རོ། །རང་གི་ས་བོན་ལས་ཏེ་གཞན་ལས་མིན། །དེ་ལ་ལྟོས་ཕྱིར་བདག་གིས་བྱས་མ་ཡིན། །གཡོ་བ་མེད་ཕྱིར་གཉིས་ཀྱིས་མ་བྱས་ལ། །དེ་ནི་ནུས་པ་རྒྱུ་མེད་འབྱུང་མ་ཡིན། །བདག་གིས་མ་བྱས་གཞན་མ་བྱས། །སྡུག་བསྔལ་རྒྱུ་མེད་ག་ལ་འགྱུར། །ཇི་སྐད་བཤད་པའི་ཚུལ་གྱིས་བདག་གིས་མ་བྱས། གཞན་གྱིས་མ་བྱས་པ་དེའི་ཚེ་སྡུག་བསྔལ་རྒྱུ་མེད་དུ་ཡོད་པར་ག་ལ་འགྱུར་ཏེ། ནམ་མཁའི་མེ་ཏོག་གི་དྲི་ཞིམ་པོ་བཞིན་ནོ། །དེའི་ཕྱིར་སྡུག་བསྔལ་མེད་པས་དེའི་རྟེན་དུ་གྱུར་པའི་བདག་ཀྱང་མེད་དོ། །གཉིས་པ་ཚུལ་དེ་གཞན་ལ་བསྒྲེ་བ་ནི། སྡུག་བསྔལ་འབའ་ཞིག་རྣམ་པ་བཞི། །ཡོད་མ་ཡིན་པ་མ་ཡིན་༼ མ་ཟད་༽གྱི། །དངོས་པོ་ཐམས་ཅད་དག་ལ་ཡང་༼ཕྱི་རོལ་དངོས་པོ་དག་ལ་ཡང་།༽། །རྣམ་པ་བཞི་པོ་ཡོད་མ་ཡིན། །སྡུག་བསྔལ་ཉེར་ལེན་གྱི་ཕུང་པོ་འབའ་ཞིག་ལ་བདག་དང་། གཞན་དང་། གཉིས་ཀ་དང་། རྒྱུ་མེད་པ་རྣམ་པ་བཞི་ལས་འབྱུང་བ་ཡོད་པ་མ་ཡིན་གྱི། ཕྱི་རོལ་གྱི་དངོས་པོ་ཐམས་ཅད་ལ་ཡང་སྐྱེ་བའི་མཐའ་རྣམ་པ་བཞི་པོ་ཡོད་པ་མ་ཡིན་ཏེ། ཐམས་ཅད་ལ་སྔ་མ་བཞིན་དུ་སྦྱར་བར་བྱའོ། །

གལ་ཏེ་སྡུག་བསྔལ་ལ་སོགས་པ་འདི་དག་རྣམ་པ་བཞིར་མེད་ན། འོ་ན་རྣམ་པ་གང་གིས་འགྲུབ་ཅེ་ན། གལ་ཏེ་འདི་དག་ལ་རང་བཞིན་ཅུང་ཟད་ཡོད་ན་རྣམ་པ་བཞི་པོ་གང་རུང་གིས་འགྲུབ་ན། འདི་དག་ལ་རང་བཞིན་ཅུང་ཟད་ཀྱང་མེད་ཀྱི་ཐ་སྙད་ཀྱི་རྗེས་སུ་འབྲང་བའི་ཕྱིན་ཅི་ལོག་གིས་ཡོད་པར་རྣམ་པར་བཞག་པ་ཙམ་དུ་ཟད་དོ། །དེའི་ཕྱིར་ཀུན་རྫོབ་ཏུ་འདི་དག་གི་རྣམ་པར་བཞག་པ་ཚོལ་བ་ནི་ཇི་སྐད་སྨྲས་པའི་ཕྱོགས་བཞི་རྣམ་པར་བསལ་ནས་རྐྱེན་འདི་པ་ཙམ་གྱི་རྟེན་ཅིང་འབྲེལ་འབྱུང་གྲུབ་པའི་ཚུལ་གྱིས་ཁས་བླང་བར་བྱའོ། །དེ་སྐད་དུ་ཡང་སློབ་དཔོན་གྱིས། སྡུག་བསྔལ་བདག་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་འདོད། ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་བཤད་པ་ལྟར་རོ། །བཅོམ་ལྡན་འདས་ཀྱིས་ཀྱང་། ཀུན་རྫོབ་ཏུ་ནི་རྒྱལ་བས་ཆོས་བཤད་དེ། །འདུས་བྱས་འདུས་མ་བྱས་ཡིན་དེ་ལྟར་ལྟོས། །ཡང་དག་ཉིད་དུ་བདག་དང་གཞན་མེད་དེ། །འགྲོ་བ་ཀུན་གྱི་མཚན་ཉིད་འདི་འདྲའོ། །དགེ་དང་ནག་པོའི་ལས་རྣམས་མི་འཇིག་སྟེ། །བདག་གིས་བྱས་པ་བདག་གིས་མྱོང་བར་འགྱུར། །ལས་ཀྱི་འབྲས་བུ་འཕོ་བར་མི་འགྱུར་ཏེ། །རྒྱུ་མེད་པར་ཡང་མྱོང་བར་མི་འགྱུར་རོ། །སྲིད་པ་ཐམས་ཅད་སྒྱུ་མ་དབང་མེད་པ། །གསོག་དང་གསོབ་དུ་གྱུར་པ་དབུ་བ་བཞིན། །སྒྱུ་མ་སྨིག་རྒྱུ་ལྟ་བུར་རྟག་ཏུ་སྟོང་། །ཞེས་སོ། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་བདག་གིས་བྱས་པ་དང་གཞན་གྱིས་བྱས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་འགྲེལ་པའོ།། །།

ལེའུ་བཅུ་གསུམ་པའི་རྣམ་བཤད།

བཅུ་གསུམ་པ་འདུ་བྱེད་བརྟག་པ་ལ། འདུ་བྱེད་སྟོང་པར་ལུང་གིས་སྒྲུབ། ལུང་དོན་དེ་ལ་རྩོད་པ་སྤང་བ་གཉིས་ཀྱི་དང་པོ་ནི། བཅོམ་ལྡན་འདས་ཀྱིས་ཆོས་གང་ཞིག །སླུ་བ་དེ་ནི་རྫུན་ཞེས་གསུངས། །འདུ་བྱེད་ཐམས་ཅད་བསླུ་བའི་ཆོས། །དེས་ན་དེ་དག་རྫུན་པ་ཡིན། །བློའི་སྤྱན་ཆོས་ཐམས་ཅད་ཀྱི་རང་བཞིན་ལྐོག་ཏུ་མ་གྱུར་པ་མངའ་བ་མ་རིག་པའི་བག་ཆགས་མ་ལུས་པ་དྲུངས་ཕྱུང་བ། སེམས་ཅན་ཕྱིན་ཅི་ལོག་བཞིས་ཕྱིན་ཅི་ལོག་ཏུ་གྱུར་ཅིང་སྐྱབས་མེད་པ་ཡོངས་སུ་སྐྱོབ་པར་མཛད་པའི་སླད་དུ་རང་བཞིན་མེད་པ་ཕྱིན་ཅི་མ་ལོག་པ་སྟོན་པ་ལྷུར་མཛད་པ་ཐུགས་རྗེ་ཆེན་པོ་མངའ་བ་སངས་རྒྱས་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་འདུས་བྱས་སླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་རྫུན་པ་ཡིན་ལ། མི་སླུ་བའི་ཆོས་ཅན་མྱ་ངན་ལས་འདས་པ་གང་ཡིན་པ་དེ་ནི་བདེན་པ་དམ་པའོ་ཞེས་དང་། འདི་ནི་སླུ་བར་བྱེད་པའི་ཆོས་ཅན་ནོ། །འདི་ནི་འཇིག་པའི་ཆོས་ཅན་ནོ་ཞེས་ཆོས་གང་ཞིག་སླུ་ཞིང་འཇིག་པའི་ཆོས་ཅན་དེ་ནི་རྫུན་པ་ཡིན་ནོ་ཞེས་གསུངས་པ་དང་། གང་གི་ཕྱིར་འདུ་བྱེད་ཐམས་ཅད་ཀྱང་སྔར་བཤད་པའི་ཚུལ་གྱིས་བདག་དང་གཞན་དང་གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་མེད་ཅིང་། སྐྱེད་པར་བྱེད་པའི་རྣམ་པ་གཞན་མེད་པས་རང་བཞིན་མེད་པར་གྱུར་པ་ཡིན་ཡང་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པ་རྣམས་ལ་སྐྱེ་བའི་ངོ་བོར་ཡང་སྣང་བའི་ཕྱིར། སྒྱུ་མའི་རྟ་དང་གླང་པོ་ཆེ་ལ་སོགས་པས་དེ་མི་ཤེས་པ་རྣམས་འབྲིད་པ་ལྟར་བྱིས་པ་རྣམས་སླུ་བར་བྱེད་པའི་ཆོས་ཅན་ཡིན་པ་དེས་ན་འདུ་བྱེད་དེ་དག་ནི་སྨིག་རྒྱུ་བཞིན་དུ་རྫུན་པའི་རང་བཞིན་ཡིན་ནོ། །གང་ཞིག་བདེན་པ་དེ་ནི་སླུ་བའི་ཆོས་ཅན་མ་ཡིན་ཏེ། དཔེར་ན་མྱ་ངན་ལས་འདས་པ་བཞིན་ནོ། །དེའི་ཕྱིར་ཇི་སྐད་བསྟན་པའི་ལུང་དང་རིགས་པ་ལས་དངོས་པོ་རྣམས་རང་བཞིན་མེད་པར་གྲུབ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལས། ཆོས་ཐམས་ཅད་ནི་སྟོང་པ་སྟེ་རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་འབྱུང་བའི་ཕྱིར་རོ། །

གལ་ཏེ་དེ་ལྟར་སླུ་བའི་ཆོས་ཅན་ཉིད་ཀྱིས་འདུ་བྱེད་ཐམས་ཅད་རྫུན་པ་ཉིད་དུ་བསྟན་ན་དེ་ལྟ་ན་དངོས་པོ་ཐམས་ཅད་མེད་པས་སྐུར་པ་འདེབས་པའི་ལོག་པའི་ལྟ་བར་འགྱུར་རོ་ཞེ་ན། གལ་ཏེ་བསླུ་ཆོས་གང་ཡིན་པས། །དེ་རྫུན་དེ་ལ་ཅི་ཞིག་སླུ། །གང་གི་ཚེ་ཁོ་བོ་ཅག་གིས་སླུ་བའི་ཆོས་ཅན་གང་ཡིན་པ་དེ་ནི་རྫུན་པའོ་ཞེས་བསྟན་པ་དེའི་ཚེ། འདུ་བྱེད་རྫུན་པའི་རང་བཞིན་ཅན་དེ་ལ་སྔར་ཡོད་པ་ཕྱིས་མེད་པར་གྱུར་པའི་སྒོ་ནས་ཅི་ཞིག་བསླུ་བར་འགྱུར་ཏེ། འགའ་ཡང་དངོས་པོ་མེད་པར་མ་གྱུར་པས་ཁྱོད་ཀྱི་ཀླན་ཀ་མི་རིགས་སོ། །འདིར་དངོས་པོ་མེད་པའི་ལྟ་བ་ཡང་མི་སྟོན་ན་ལུང་འདིས་ཅི་ཞིག་སྟོན་ཞེ་ན། བཅོམ་ལྡན་འདས་ཀྱིས་དེ་གསུངས་པ། །སྟོང་ཉིད་ཡོངས་སུ་བསྟན་པ་ཡིས། །བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྫུན་པ་སླུ་བའི་ཆོས་ཅན་དེ་གསུངས་པ་གང་ཡིན་པ་དེ་ནི་དངོས་པོ་མེད་པ་བསྟན་པ་མ་ཡིན་གྱི། རང་བཞིན་གྱིས་མ་སྐྱེས་པའི་སྟོང་པ་ཉིད་ཡོངས་སུ་བསྟན་པ་ཡིན་ནོ། །ཇི་སྐད་དུ། འཕགས་པ་ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་རྒྱུ་དང་རྐྱེན་ལས་སྐྱེས་པ་དེ་དོན་དམ་པར་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ལུང་དོན་དེ་ལ་རྩོད་པ་སྤོང་བ་ལ་གཉིས་ཀྱི། དང་པོ་རྩོད་པ་འགོད་པ་ནི། དངོས་རྣམས་ངོ་བོ་ཉིད་མེད་དེ། །གཞན་དུ་འགྱུར་བར་སྣང་ཕྱིར་རོ། །འདུ་བྱེད་རྫུན་པ་བསླུ་བའི་ཆོས་ཅན་ནོ་ཞེས་པའི་ལུང་གིས་དངོས་པོ་རང་བཞིན་གྱིས་མ་སྐྱེས་པ་གསལ་བར་བྱེད་པ་མ་ཡིན་གྱི་དངོས་པོ་རྣམས་ངོ་བོ་ཉིད་མེད་དེ་རང་བཞིན་གྱིས་མི་གནས་པ་དང་། འཇིག་པ་ཉིད་སྟོན་པར་བྱེད་པ་ཡིན་ནོ། །འདི་གང་ལས་ཞེ་ན་གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་ཡོད་ན་འདི་དག་གཞན་དུ་འགྱུར་བར་དམིགས་པར་མི་འགྱུར་ན་དངོས་པོ་རྣམས་གནས་སྐབས་གཞན་དང་གཞན་དུ་འགྱུར་བར་སྣང་བའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་མི་གནས་པ་ཉིད་མདོའི་དོན་ཡིན་ནོ། །འདིའི་ཕྱིར་ཡང་དེ་ནི་དེ་ལྟ་ཡིན་ཏེ། དངོས་པོ་ངོ་བོ་ཉིད་མེད་མེད། །གང་ཕྱིར་དངོས་རྣམས་སྟོང་པ་ཉིད། །འདི་ལྟར་དངོས་པོ་ངོ་བོ་ཉིད་མེད་པ་དེ་ནི་མེད་དེ། གང་གི་ཕྱིར་དངོས་པོ་རྣམས་ལ་བརྟེན་པའི་ཆོས་སྟོང་པ་ཉིད་ཅེས་བྱ་བ་དེ་ནི་འདོད་པ་ཡིན་ནོ། །ཆོས་ཅན་མེད་པར་དེ་ལ་བརྟེན་པའི་ཆོས་ཀྱང་མི་འཐད་པས་དེའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དོ། །གཞན་ཡང་། གལ་ཏེ་ངོ་བོ་ཉིད་མེད་ན། །གཞན་དུ་འགྱུར་བ་གང་གི་ཡིན། །གལ་ཏེ་དངོས་པོ་རྣམས་ལ་ངོ་བོ་ཉིད་མེད་ན་ཡོངས་སུ་འགྱུར་བའི་མཚན་ཉིད་ཅན་གྱི་གཞན་དུ་འགྱུར་བ་དེ་ཆོས་ཅན་གང་གི་ཡིན་ཞེས་རང་གི་སྡེ་པ་དག་ཟེར་རོ། །

གཉིས་པ་དེ་དགག་པ་ནི། དངོས་པོ་ཡོངས་སུ་འགྱུར་པ་དགག སྟོང་ཉིད་དངོས་པོའི་རྟེན་ཅན་དགག་པ་གཉིས་ཀྱི་དང་པོ་ནི། གལ་ཏེ་ངོ་བོ་ཉིད་ཡོད་ན། །ཇི་ལྟ་བུར་ན་གཞན་དུ་འགྱུར། །ཆོས་གང་ཞིག་དངོས་པོ་གང་ལ་མི་འཁྲུལ་བ་དེ་ནི་དེའི་རང་བཞིན་ཞེས་བསྙད་དེ། དཔེར་ན་ཚ་བ་མེ་ལ་མི་འཁྲུལ་བས་མེའི་རང་བཞིན་དུ་འཇིག་རྟེན་ན་གྲགས་པ་བཞིན་ནོ། །དེ་ལྟར་རང་བཞིན་ནི་འཁྲུལ་པ་མེད་དགོས་པ་དེའི་ཕྱིར་གལ་ཏེ་དངོས་པོ་རྣམས་ལ་ངོ་བོ་ཉིད་དམ་རང་བཞིན་ཅུང་ཟད་གཅིག་ཡོད་ན་དེ་ནི་འཁྲུལ་པ་མེད་པས་ཇི་ལྟར་ན་གཞན་དུ་འགྱུར་ཏེ། མེ་གྲང་བར་མི་འགྱུར་བ་བཞིན་ནོ། །དེ་དག་ནི་གཞན་དུ་འགྱུར་བར་ཡང་དམིགས་པ་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་ལ་རང་བཞིན་མེད་དོ། །གཞན་ཡང་། གང་དམིགས་པས་དངོས་པོ་རང་བཞིན་དང་བཅས་པར་འགྱུར་བ་གཞན་དུ་འགྱུར་བ་འདི་ནི་མི་སྲིད་དེ། འདི་ལྟར། དེ་ཉིད་ལ་ནི་གཞན་འགྱུར་མེད། །གཞན་ཉིད་ལ་ཡང་ཡོད་མ་ཡིན། །གང་ཕྱིར་གཞོན་ནུ་མི་རྒ་སྟེ། །གང་ཕྱིར་རྒས་པའང་མི་རྒའོ། །རེ་ཞིག་དངོས་པོ་སྔར་གྱི་གནས་སྐབས་ན་གནས་པ་དེ་ཉིད་ལ་ནི་གཞན་དུ་འགྱུར་བ་མེད་དེ། གང་གི་ཕྱིར་ལང་འཚོའི་གནས་སྐབས་ཉིད་ལ་གནས་པའི་གཞོན་ནུ་ནི་མི་རྒ་སྟེ་རྒས་པ་ཉིད་དུ་མི་འགྱུར་བའི་ཕྱིར་རོ། །འདི་ལྟར་རྒས་པའི་གནས་སྐབས་མ་ཐོབ་པ་ལ་གཞོན་ནུ་ཞེས་བརྗོད་པའི་ཕྱིར་དང་གནས་སྐབས་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །གནས་སྐབས་གཞན་ཐོབ་པ་ཉིད་ལ་ཡང་གཞན་དུ་འགྱུར་བ་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་རྒས་པའང་མི་རྒ་སྟེ། རྒས་པ་ནི་ཡང་རྒས་པ་དང་འབྲེལ་བ་ལ་དགོས་པ་མེད་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་དེ་ཉིད་གཞན་འགྱུར་ན། །འོ་མ་ཉིད་ནི་ཞོར་འགྱུར་རོ། །

གལ་ཏེ་སྔར་གྱི་གནས་སྐབས་དེ་ཉིད་གཞན་དུ་འགྱུར་ན་འོ་ན་འོ་མ་ཉིད་ཞོར་འགྱུར་ན། འོ་མ་ཉིད་ཞོར་འགྱུར་རོ་ཞེས་བྱ་བ་ནི་མི་རིགས་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་འོ་མའི་གནས་སྐབས་བཏང་ནས་ཞོའི་གནས་སྐབས་སུ་འགྱུར་རོ་ཞེ་ན། འོ་མ་ལས་གཞན་གང་ཞིག་ནི། །ཞོའི་དངོས་པོ་ཡིན་པར་འགྱུར། །འོ་མ་ཞོར་མི་འགྱུར་ན་འོ་མ་ལས་གཞན་ས་ཆུ་ལ་སོགས་པའི་དངོས་པོ་གང་ཞིག་ཞོའི་དངོས་པོ་ཡིན་པར་འགྱུར་རམ། དེའི་ཕྱིར་གཞན་ཞོའི་དངོས་པོར་འགྱུར་རོ་ཞེས་བྱ་བ་མ་འབྲེལ་ལོ། །དེའི་ཕྱིར་གཞན་དུ་འགྱུར་བ་ཡོད་པས་དེ་སྣང་བ་ལས། དངོས་པོ་རྣམས་རང་བཞིན་དང་བཅས་པར་མི་འགྱུར་རོ། །གཉིས་པ་ནི། སྟོང་པ་ཉིད་ཀྱི་རྟེན་དུ་གྱུར་པའི་དངོས་པོ་རང་བཞིན་ཡོད་དོ་ཞེས་བྱ་བ་དེ་ཡང་མི་རིགས་ཏེ། འདི་ལྟར། གལ་ཏེ་སྟོང་མིན་ཅུང་ཟད་ཡོད། །སྟོང་པ་ཅུང་ཟད་ཡོད་པར་འགྱུར། །མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པའང་ཡོད་པར་ག་ལ་འགྱུར། །གལ་ཏེ་སྟོང་པ་མིན་པའི་དངོས་པོ་ཅུང་ཟད་ཡོད་ན། དེ་ལ་བརྟེན་པའི་སྟོང་པ་ཅུང་ཟད་ཡོད་པར་འགྱུར་ཞིང་། སྟོང་པའི་རྟེན་དངོས་པོའི་རང་བཞིན་ཡང་ཡོད་པར་འགྱུར་ན། སྟོང་པ་ཉིད་དང་བདག་མེད་པ་དག་ཆོས་རྣམས་ཀྱི་སྤྱིའི་མཚན་ཉིད་དུ་ཁས་བླངས་པ་དེའི་ཚེ་མི་སྟོང་པ་སྟེ། སྟོང་པ་མ་ཡིན་པའི་ཆོས་ཅུང་ཟད་ཀྱང་ཡོད་པ་མིན་པའི་ཕྱིར། གཉེན་པོ་ལ་ལྟོས་པ་དང་བྲལ་བས་ནམ་མཁའི་མེ་ཏོག་གི་ཕྲེང་བ་ལྟར་སྟོང་པའང་ཡོད་པར་ག་ལ་འགྱུར་ཏེ་ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། །གང་གི་ཚེ་སྟོང་པ་ཡོད་པ་མ་ཡིན་པ་དེའི་ཚེ་དེའི་རྟེན་དངོས་པོ་ཡང་ཡོད་པ་མ་ཡིན་ནོ། །

འདིར་སྨྲས་པ། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་གདུལ་བྱ་རྣམས་གྲོལ་བར་བྱ་བའི་ཕྱིར། རྣམ་པར་ཐར་པའི་སྒོ་གསུམ་པོ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པ་ཞེས་བྱ་བ་མུ་སྟེགས་ཅན་རྣམས་དང་ཐུན་མོང་མ་ཡིན་པ་བསྟན་པ་གང་ཡིན་པ་དེ་ཉིད་ད་ལྟ་ཁྱོད་ཀྱིས། མི་སྟོང་ཅུང་ཟད་ཡོད་མིན་ན། །སྟོང་པ་ཡོད་པར་ག་ལ་འགྱུར། །ཞེས་སྟོང་པ་ཉིད་དེ་སྤོང་བར་རྩོམ་པ་ཡིན་པས་མཐོ་རིས་དང་བྱང་གྲོལ་གྱི་ལམ་རྒྱུན་གཅོད་པར་བྱེད་པ་ཁྱོད་རྩད་པས་ཆོག་གོ་ཞེ་ན། ཀྱེ་མ་ཀྱེ་ཧུད། རང་ཉིད་སྐལ་བ་དམན་པས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་ཞི་བ་དྲང་པོ་བོར་ནས་དངོས་པོར་མངོན་པར་ཞེན་པའི་སྦྲུལ་གྱིས་དཀྲིས་པ། འཁོར་བའི་འབྲོག་དགོན་པར་འགྲོ་བའི་ལམ་ལ་ཐར་པའི་ལམ་དུ་རློམ་པ་ཁྱོད་ནི་དམ་པ་རྣམས་ཀྱིས་སྨད་པར་བྱ་བ་ཡིན་བཞིན་དུ་མངོན་པའི་ང་རྒྱལ་གྱི་དབང་གིས་དམ་པ་རྣམས་ལ་སྨོད་པར་བྱེད་པ་ཞིག་སྟེ། འདི་ལྟར། རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད། །ལྟ་ཀུན་ངེས་པར་འབྱུང་བར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཉོན་མོངས་པའི་ནད་མ་ལུས་པ་གསོ་བར་མཛད་པའི་སྨན་པའི་རྒྱལ་པོ་ཆེན་པོ་རྒྱལ་བ་རྣམས་ཀྱིས་སྟོང་པ་ཉིད་ནི་དངོས་པོར་མངོན་པར་ཞེན་པའི་མཐར་འཛིན་གྱི་ལྟ་བ་ཀུན་ངེས་པར་འབྱུང་བར་བྱེད་པའི་གཉེན་པོར་གསུངས་པ་ཡིན་ན། བློ་གྲོས་དམན་པ་གང་དག་སྟོང་པ་ཉིད་ལ་ཡང་བདེན་པར་མངོན་པར་ཞེན་ཅིང་ལྟ་བ་དེ་དག་ནི་སྨན་པས་བོར་བའི་ནད་པ་ལྟར་གཉེན་པོ་ཅི་ཡང་སྒྲུབ་ཏུ་མེད་པར་གསུངས་ཏེ། དཔེར་ན་འགའ་ཞིག་ལ། ཁྱོད་ལ་ཟོང་ཅི་ཡང་མི་སྟེར་རོ་ཞེས་སྨྲས་པ་ན། བདག་ལ་ཅི་ཡང་མེད་པའི་ཟོང་དེ་བྱིན་ཅིག་ཅེས་སྨྲ་ན། དེ་ཟོང་མེད་པར་ཐབས་གང་གིས་ཀྱང་འཛིན་དུ་བཞུགས་མི་ནུས་པ་དེ་བཞིན་དུ་གང་དག་སྟོང་པ་ཉིད་ལ་ཡང་དངོས་པོར་མངོན་པར་ཞེན་པ་དེ་དག་གི་མངོན་ཞེན་དེ་ཐབས་གང་གིས་ཀྱང་བཟློག་མི་ནུས་སོ། །དེའི་ཕྱིར་གསོ་བར་མཛད་པའི་མཆོག་སྨན་པ་ཆེན་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དེ་དག་བོར་བ་ཡིན་ཏེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། གང་སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད་དང་། གང་མཚན་མ་མེད་པས་ཆོས་རྣམས་ཚད་མ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་མཚན་མ་མེད་པ་དང་། གང་སྨོན་པ་མེད་པའི་ཆོས་རྣམས་སྨོན་པ་མེད་པར་མི་བྱེད་དེ། ཆོས་རྣམས་ཉིད་སྨོན་པ་མེད་པ་གང་དག་དེ་ལྟར་སོ་སོར་རྟོག་པ་དེ་དག་ནི། འོད་སྲུང་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །འོད་སྲུང་གང་དག་སྟོང་པ་ཉིད་དུ་དམིགས་པས་སྟོང་པ་ཉིད་ལ་རྟོག་པ་དེ་དག་ནི། ངས་གསུང་རབ་འདི་ལས་ཉམས་རབ་ཏུ་ཉམས་པ་ཞེས་བཤད་དོ། །འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ལ་གནས་པ་ནི་བླའི་མངོན་པའི་ང་རྒྱལ་ཅན་སྟོང་པ་ཉིད་དུ་ལྟ་བ་ནི་དེ་ལྟ་མ་ཡིན་ནོ། །

དེ་ཅིའི་ཕྱིར་ཞེ་ན། འོད་སྲུང་ལྟ་བར་འགྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཡིན་ན། འོད་སྲུང་གང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ། །འོད་སྲུང་འདི་ལྟ་སྟེ། དཔེར་ན་མི་ནད་པ་ཞིག་ཡོད་ལ། སྨན་པས་དེ་ལ་སྨན་བཏང་ནས་སྨན་དེས་ནད་ཐམས་ཅད་བསྐྱོད་དེ་སྨན་ལྟོ་ན་འདུག་པ་དེ་ཉིད་མི་འབྱུང་ན། འོད་སྲུང་འདི་ཇི་སྙམ་དུ་སེམས། མི་དེ་བྲོ་ནད་དེ་ལས་ཐར་བར་འགྱུར་རམ། གསོལ་པ། བཅོམ་ལྡན་འདས་དེ་ནི་མི་འགྱུར་ལགས་ཏེ། གང་སྨན་དེས་ནད་ཐམས་ཅད་བསྐྱོད་ནས་སྨན་ལྟོར་མཆིས་པ་ཉིད་མི་འབྱུང་ན་མི་དེ་བྲོ་ནད་ཤིན་ཏུ་ཚབས་ཆེ་བར་འགྱུར་ལགས་སོ། །འོད་སྲུང་ལྟ་བར་གྱུར་པ་ཐམས་ཅད་ལས་འབྱུང་བ་ནི་སྟོང་པ་ཉིད་ཁོ་ན་ཡིན་ན། འོད་སྲུང་སྟོང་པ་ཉིད་ཁོ་ནར་ལྟ་བ་དེ་ནི་གསོར་མི་རུང་ངོ་ཞེས་ངས་བཤད་དོ་ཞེས་གསུངས་པ་ལྟ་བུའོ། །རྒྱན་སྟུག་པོ་བཀོད་པ་ལས་ཀྱང་། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །ལ་ལའི་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་དེ། །སྨན་པས་བོར་བའི་ནད་པ་བཞིན། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་འདུ་བྱེད་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་གསུམ་པའི་འགྲེལ་པའོ།། །།

ལེའུ་བཅུ་བཞི་པའི་རྣམ་བཤད།

བཅུ་བཞི་པ་ཕྲད་པ་བརྟག་པ་ལ། དགག་པ་རྒྱས་པར་བསྟན་པ་དང་། བཀག་པའི་མཇུག་བསྡུ་བ་གཉིས་ཀྱི། དང་པོ་ལ་ཕྲད་པ་དགག་པ་དངོས། ཞར་ལ་དོན་གཞན་དགག་པ་གཉིས་ཀྱི། དང་པོ་ལ། དམ་བཅའ་བརྗོད་པ་དང་། སྒྲུབ་བྱེད་བཤད་པ་གཉིས་ཀྱི་དང་པོ་ནི། འདིར་སྨྲས་པ། དངོས་པོ་རྣམས་རང་བཞིན་གྱིས་ཡོད་དེ། དེ་དག་གི་ཕྲད་པ་བསྟན་པའི་ཕྱིར་རོ། །གང་མེད་པ་དེ་ལ་ནི་ཕྲད་པ་མེད་དེ། མོ་གཤམ་གྱི་བུ་དང་བུ་མོ་བཞིན། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ངོ་ཞེས་སོགས་ཕྲད་པ་བསྟན་པ་ལགས་ན་དངོས་པོ་རྣམས་ཡོད་དོ་ཞེ་ན། མིག་སོགས་སོ་སོའམ་འདུས་པ་དག་ཡུལ་དང་ཕྲད་པ་མེད་པར་བསྟན་པ་ནི། མིག་གིས་མིག་ལ་མི་ལྟ་བ་དང་། ཡིད་ཀྱིས་ཡིད་ལ་མི་ལྟ་སྟེ་རང་ཉིད་ལ་བྱེད་པ་འགལ་བའི་ཕྱིར་རོ། །རང་ལ་མི་ལྟ་བ་དེ་ཉིད་ཀྱི་ཕྱིར་བུམ་པ་ལ་སོགས་པ་གཞན་དག་ལ་ཇི་ལྟར་ལྟ་བར་བྱེད་དེ་མི་བྱེད་པ་ཁོ་ནའོ། །གལ་ཏེ་མིག་དེ་ལ་ལྟ་བའི་མཐུ་ཡོད་པར་གྱུར་ན་ནི། གཉིད་ལོག་པ་དང་མྱོས་པ་དང་ཤི་བ་ལ་སོགས་པའི་གནས་སྐབས་དག་དང་། མུན་ཁུང་དང་དུས་ཐམས་ཅད་དུ་ཡང་ཐམས་ཅད་མཐོང་བར་འགྱུར་རོ། །གལ་ཏེ་མི་མཐོང་ན་ནི་དེ་ལ་ལྟ་བ་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་ཚད་མར་རྣམ་པར་བཞག་གོ །གལ་ཏེ་རྣམ་པར་ཤེས་པས་མཐོང་ངོ་ཞེ་ན། དམུས་ལོང་གིས་ཀྱང་གཟུགས་མཐོང་བར་ཐལ་བར་འགྱུར་རོ། །གལ་ཏེ་རྣམ་པར་ཤེས་པ་དང་བཅས་པའི་མིག་གིས་མཐོང་ངོ་ཞེ་ན། དེ་ནི་ཀུན་རྫོབ་ཏུ་ཀུན་ཀྱང་འདོད་པ་ཡིན་ཏེ། དེ་དག་མཐོང་བའང་གཟུགས་དང་ནམ་མཁའ་དང་སྣང་བ་དང་། ཡིད་ལ་བྱེད་པ་ཚོགས་པ་ལ་རག་ལུས་པའི་ཕྱིར། དེ་དག་ཀྱང་རྣམ་པར་དཔྱད་ན་རང་བཞིན་མེད་པའི་ཕྱིར་ཕྲད་པ་ཡོད་པ་མ་ཡིན་ནོ། །འདིར་སྨྲས་པ། གྲངས་ཅན་དག་ཡིད་མ་གཏོགས་པའི་དབང་པོ་ལྔ་པོ་དག་གི་ཡུལ་དང་ཕྲད་ནས་འཛིན་པར་འདོད་ཅིང་། ཆོས་མངོན་པ་བ་བདག་ན་རེ། མིག་དང་། རྣ་བ་དང་ཡིད་ནི་ཡུལ་མ་ཕྲད་པ་འཛིན་པ་ཡིན་ཏེ། འདི་ལྟར་མིག་དང་རྣ་བ་ནི་ཐག་རིང་པོས་བསྐལ་བའི་གཟུགས་དང་སྒྲ་ཡང་འཛིན་ལ་ཡིད་ཀྱང་འདས་པ་དང་མ་འོངས་པ་དང་ཐག་རིང་བ་དང་ཉེ་བའི་དོན་རྣམས་ལ་ཐོགས་པ་མེད་པར་འཛིན་པའི་ཕྱིར་རོ། །སྣ་དང་ལྕེ་དང་ལུས་ནི་དེ་ལྟ་མ་ཡིན་ཏེ། གང་གི་ཕྱིར་ཡུལ་ཕྲད་པ་ཁོ་ན་འཛིན་པར་བྱེད་དོ་ཞེས་ཟེར་བ་དེ་དག་གི་འདོད་པ་བསལ་བའི་ཕྱིར། ཇི་སྐད་དུ། དབུ་མ་སྙིང་པོར། སྣ་སོགས་ཡུལ་ཕྲད་འཛིན་མི་འདོད། །ཕྱི་དོན་མངོན་སུམ་འཛིན་ཕྱིར་དང་། །འདས་དང་མ་འོངས་མི་འཛིན་ཕྱིར། །དཔེར་ན་མིག་གི་དབང་པོ་བཞིན། །མིག་རྣ་ཡིད་ཀྱི་མཚན་ཉིད་ཀྱང་། །ཡུལ་དང་མ་ཕྲད་འཛིན་པ་ཡིན། །ཞེས་སོ། །བལྟ་བྱ་ལྟ་བ་ལྟ་བ་པོ། །གསུམ་པོ་དེ་དག་གཉིས་གཉིས་དང་། །ཐམས་ཅད་ཀྱང་ནི་ཕན་ཚུན་དུ། །ཕྲད་པར་འགྱུར་བ་ཡོད་མ་ཡིན། །བལྟ་བྱ་གཟུགས་དང་ལྟ་བ་མིག་དང་ལྟ་བ་པོ་མིག་གི་རྣམ་པར་ཤེས་པ་རྣམ་པ་གསུམ་པོ་དེ་དག་མིག་དང་གཟུགས་སམ། མིག་དང་རྣམ་པར་ཤེས་པའམ། རྣམ་ཤེས་དང་གཟུགས་ལྟ་བུ་གཉིས་གཉིས་དང་ཕན་ཚུན་ཕྲད་པར་གྱུར་པ་ཡོད་པ་མ་ཡིན་ནོ། །གསུམ་པོ་ཐམས་ཅད་ཀྱང་ཕན་ཚུན་ཕྲད་པར་གྱུར་པ་ཡོད་པ་མ་ཡིན་ནོ། །དེ་བཞིན་འདོད་ཆགས་ཆགས་པ་དང་། །ཆགས་པར་བྱ་བ་ཉོན་མོངས་པ། །ལྷག་མ་རྣམས་དང་སྐྱེ་མཆེད་ཀྱི། །ལྷག་མའང་རྣམ་པ་གསུམ་གྱིས་སོ། །ཇི་ལྟར་བལྟ་བྱ་ལྟ་བ་ལྟ་བ་པོ་རྣམས་རྣམ་པ་གསུམ་གྱིས་ཕྲད་པ་ཡོད་པ་མ་ཡིན་པ། དེ་བཞིན་དུ་འདོད་ཆགས་དང་ཆགས་པ་དང་། ཆགས་པ་བྱ་བ་དང་། ཉོན་མོངས་པ་ལྷག་མ་ཞེ་སྡང་དང་། སྡང་བ་དང་། སྡང་བར་བྱ་བ་ལ་སོགས་པ་དང་། སྐྱེ་མཆེད་ཀྱི་ལྷག་མ་ཉན་པ་དང་། ཉན་པ་པོ་དང་། མཉན་པར་བྱ་བ་ལ་སོགས་པ་རྣམས་ཀྱང་གཉིས་གཉིས་དང་ཐམས་ཅད་དེ་རྣམ་པ་གསུམ་གྱིས་ཕྲད་པར་གྱུར་པ་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། ཅིའི་ཕྱིར་འདི་དག་ལ་ཕྲད་པ་ཡོད་པ་མ་ཡིན་ཞེ་ན། གཞན་དང་གཞན་དུ་ཕྲད་གྱུར་ན། །གང་ཕྱིར་བལྟ་བྱ་ལ་སོགས་ལ། །གཞན་དེ་ཡོད་པ་མ་ཡིན་པ། །དེ་ཕྱིར་ཕྲད་པར་མི་འགྱུར་རོ། །འདི་ན་སྐྱེས་པ་དང་བུད་མེད་ལྟ་བུ་གཞན་དང་གཞན་དུ་ཕྲད་པར་མཐོང་བའི་ཕྱིར་གལ་ཏེ་ལྟ་བར་བྱ་བ་ལ་སོགས་པ་དག་ལ་ཕན་ཚུན་གཞན་ཉིད་ཡོད་ན། དེའི་ཚེ་ཆུ་དང་འོ་མ་གཉིས་བཞིན་དུ་ཕན་ཚུན་ཕྲད་པར་འགྱུར་བ་ཞིག་ན་གང་གི་ཕྱིར་བལྟ་བྱ་ལ་སོགས་པ་དག་ལ་གཞན་དེ་ཡོད་པ་མ་ཡིན་པ་དེའི་ཕྱིར་ཕྲད་པར་མི་འགྱུར་རོ། །

གཉིས་པ་ལ་ཐ་སྙད་པའི་གཞན་ལ་ཕྲད་པ་དགག ཀུན་བརྟགས་ཀྱི་གཞན་དགག་པ་གཉིས་ཀྱི། དང་པོ་ལ་དམ་བཅའ་འགོད་པ་ནི། བལྟ་བྱ་ལ་སོགས་འབའ་ཞིག་ལ། །གཞན་ཉིད་མེད་པར་མ་ཟད་ཀྱི། །གང་ཡང་གང་དང་ལྷན་ཅིག་ཏུ། །གཞན་པ་ཉིད་དུ་མི་འཐད་དོ། །བལྟ་བྱ་ལྟ་བ་ལ་སོགས་རྒྱུ་དང་འབྲས་བུའི་དངོས་པོར་གནས་པ་རྣམས་འབའ་ཞིག་ལ་གཞན་ཉིད་མེད་པར་མ་ཟད་ཀྱི་བུམ་པ་དང་སྣམ་བུ་ལ་སོགས་པའི་དངོས་པོ་གང་ཡང་ཟླ་བོ་གང་དང་ལྷན་ཅིག་ཏུ་གཞན་པ་ཉིད་མི་འཐད་དོ། །སྒྲུབ་བྱེད་བཤད་པ་ནི། གཞན་ནི་གཞན་ལ་བརྟེན་ཏེ་གཞན། །གཞན་མེད་པར་གཞན་གཞན་མི་འགྱུར། །གང་ལ་བརྟེན་ཏེ་གང་ཡིན་པ། །དེ་ནི་དེ་ལས་གཞན་མི་འཐད། །སྣམ་བུ་ལས་གཞན་པའི་བུམ་པ་ནི་གཞན་སྣམ་བུ་ལ་བརྟེན་ཏེ་དེ་ལས་གཞན་དུ་བརྗོད་པ་དེའི་ཚེ། གཞན་སྣམ་བུ་མེད་པར་སྣམ་བུ་ལས་གཞན་པའི་བུམ་པ་ནི་སྣམ་བུ་ལས་གཞན་དུ་མི་འགྱུར་རོ། །དེའི་ཕྱིར་སྣམ་བུ་ལས་གཞན་པའི་བུམ་པ་ནི་སྣམ་བུ་ལས་གཞན་མ་ཡིན་ཏེ། དེ་ལ་ལྟོས་པ་དང་བཅས་པའི་ཕྱིར། གང་ལ་བརྟེན་ནས་གང་ཡིན་པ་དེ་ནི་དེ་ལས་གཞན་དུ་མི་འཐད་དེ། ས་བོན་དང་མྱུ་གུའམ་རིང་པོ་དང་ཐུང་ངུ་བཞིན་ནོ། །

གལ་ཏེ་སྣམ་བུ་བུམ་པ་ལས་གཞན་ཡིན་ལ། ཐ་དད་པར་གྱུར་པའི་སྣམ་བུ་དེ་ལ་ལྟོས་ནས་བུམ་པ་གཞན་དུ་འགྱུར་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་གཞན་ནི་གཞན་ལས་གཞན། །དེ་ཚེ་གཞན་མེད་པར་གཞན་འགྱུར། །གཞན་མེད་པར་ནི་གཞན་འགྱུར་བ། །ཡོད་མིན་དེ་ཡི་ཕྱིར་ན་མེད། །གལ་ཏེ་སྣམ་བུ་ལས་གཞན་པའི་བུམ་པ་ནི་གཞན་སྣམ་བུ་ལས་གཞན་ཡིན་པ་དེའི་ཚེ་གཞན་སྣམ་བུ་མེད་པར་ཡང་དེ་ལས་གཞན་པའི་བུམ་པ་གྲུབ་པར་འགྱུར་ཏེ། དེ་ལས་གཞན་ཡིན་པའི་ཕྱིར། བ་ལང་མེད་པར་ཡང་རྟ་ཡོད་པ་བཞིན་ནོ། །གཞན་སྣམ་བུ་མེད་པར་ནི་སྣམ་བུ་ལས་གཞན་དུ་གྱུར་པའི་བུམ་པ་ཡོད་པ་མིན་པ་དེའི་ཕྱིར་བུམ་པ་སྣམ་བུ་ལས་གཞན་ཞེས་པ་ཐ་སྙད་ཙམ་ཡིན་གྱི་ཡང་དག་པར་གཞན་དུ་མེད་དོ། །

གཉིས་པ་ནི། འདིར་བྱེ་བྲག་པ་ན་རེ། གལ་ཏེ་དངོས་པོ་གཞན་དངོས་པོ་གཞན་ལ་ལྟོས་ནས་གཞན་གྱི་བློ་འབྱུང་ན་ཇི་སྐད་བཤད་པའི་ཉེས་པར་འགྱུར་ན། ཁོ་བོ་ཅག་དེ་སྐད་མི་སྨྲ་སྟེ། འོ་ན་ཅི་ཞེ་ན། གཞན་ཉིད་ཅེས་བྱ་བ་སྤྱི་ཡང་ཡིན་ལ་ཁྱད་པར་ཡང་ཡིན་པ་ཞིག་ཡོད་ལ། དེ་གང་ལ་འདུ་བ་དེ་ལ་དངོས་པོ་གཞན་ལ་མི་ལྟོས་པར་གཞན་ཞེས་བརྗོད་དོ་ཞེ་ན། གཞན་ཉིད་དེ་གཞན་ནམ་གཞན་མ་ཡིན་པ་ཞིག་ལ་རྟོག་གྲང་། གཞན་ཉིད་གཞན་ལ་ཡོད་མ་ཡིན། །གཞན་མ་ཡིན་ལའང་ཡོད་མ་ཡིན། །གཞན་ཉིད་དེ་གཞན་དུ་གྱུར་པའི་དངོས་པོ་ལ་ཡོད་པ་མ་ཡིན་ཏེ། གཞན་ཉིད་རྟོག་པ་ནི་གཞན་དུ་བརྗོད་པ་གྲུབ་པར་བྱ་བའི་ཕྱིར་ཡིན་ན། གཞན་དུ་བརྗོད་པ་རྙེད་པའི་དངོས་པོ་གཞན་ལ་གཞན་ཉིད་རྟོག་པ་དོན་མེད་པའི་ཕྱིར་རོ། །གཞན་མ་ཡིན་པ་ལ་ཡང་གཞན་ཡོད་པ་མ་ཡིན་ཏེ། གཞན་མ་ཡིན་པ་ནི་གཅིག་ཡིན་ལ་དེ་ལ་ནི་གཞན་ཉིད་དང་འགལ་བའི་གཅིག་ཡོད་པའི་ཕྱིར་རོ། །དེའི་ཕྱིར་གཞན་ཉིད་མེད་དོ། །གལ་ཏེ་གཞན་ནི་རེ་ཞིག་ཡོད་པ་ཡིན་ལ། གཞན་ཉིད་མེད་པར་གཞན་ཡོད་པར་འོས་པ་མ་ཡིན་ཏེ། དེའི་ཕྱིར་གཞན་ཉིད་ཡོད་དོ་ཞེ་ན། གཞན་ཉིད་ཡོད་པ་མ་ཡིན་ན། །གཞན་ནམ་དེ་ཉིད་ཡོད་མ་ཡིན། །གང་གི་ཚེ་སྔར་གཞན་ཉིད་ཡོད་པ་མ་ཡིན་ནོ་ཞེས་བསྟན་པ་དེའི་ཚེ། གཞན་ཉིད་ཡོད་པ་མ་ཡིན་པར་དེས་མཚོན་པའི་གཞན་ནམ་གཞན་ལ་ལྟོས་པའི་དེ་ཉིད་དེ་གཞན་མ་ཡིན་པ་ཡོད་པ་མ་ཡིན་ནོ། །

གཉིས་པ་བཀག་པའི་མཇུག་བསྡུ་བ་ནི། གལ་ཏེ་ལྟ་བ་ལ་སོགས་པ་ཡོད་པ་ཡིན་ཏེ། རེག་པ་ནི་གསུམ་འདུས་ཤིང་ཚོགས་པའོ་ཞེས་པས་དེ་དག་ལ་ཕྲད་པ་ཡོད་པར་བསྟན་པའི་ཕྱིར་རོ་ཞེ་ན། ལྟ་བ་ལ་སོགས་པ་དེ་དག་ལ་གཞན་མེད་པའི་ཕྱིར་ཕྲད་པ་མེད་དོ་ཞེས་བསྟན་ཟིན་མོད། རིགས་པ་གཞན་བསྟན་པའི་ཕྱིར། དེ་ནི་དེ་དང་ཕྲད་པ་མེད། །གཞན་དང་གཞན་ཡང་ཕྲད་མི་འགྱུར། །ཞེས་གསུངས་ཏེ། གལ་ཏེ་ལྟ་བ་ལ་སོགས་པ་དག་ཕྲད་པ་ཡིན་ན་དེ་དག་གཅིག་ཉིད་དམ་གཞན་ཉིད་དུ་བརྟག་གྲང་། གཅིག་ཡིན་ན། དེ་ནི་དེ་དང་ཕྲད་པ་མེད་དེ། ཆུ་ལ་ལྟོས་པ་མེད་པའི་འོ་མ་གཅིག་པུ་ལ་ནི་ཆུ་དང་ཕྲད་པ་ཞེས་མི་བརྗོད་པའི་ཕྱིར་རོ། །ཐ་དད་པ་ཡིན་ན་ཡང་གཞན་དང་གཞན་ཡང་ཕྲད་པར་མི་འགྱུར་ཏེ། ཆུ་ལས་ཐ་དད་དུ་གནས་པའི་འོ་མ་ལ་ནི་ཆུ་དང་ཕྲད་པ་ཞེས་མི་བརྗོད་པའི་ཕྱིར་རོ། །དེ་བཞིན་དུ་ལྟ་བ་ལ་སོགས་པ་གཅིག་ཉིད་ཡིན་ན་ཕྲད་པ་མི་འཐད་དེ། མིག་གཅིག་པུ་ལ་ཡང་ཕྲད་པ་ཡོད་པར་ཐལ་བའི་ཕྱིར་རོ། །འོན་ཏེ་ཐ་དད་པ་ཡིན་ན། དེ་ལྟ་ན་ཡང་ཕྲད་པ་མི་འཐད་དེ། གཟུགས་ལ་སོགས་པ་ལས་སོ་སོར་གྱུར་པའི་མིག་གཅིག་པུ་ལ་ཡང་ཕྲད་པ་ཡོད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཕྲད་པ་མེད་པས་ལྟ་བ་ལ་སོགས་པ་མེད་དོ་ཞེས་བྱ་བ་གྲུབ་བོ། །གལ་ཏེ་ཕྲད་པ་མེད་ཀྱང་ཕྲད་བཞིན་པ་དང་ཕྲད་པ་དང་ཕྲད་པ་པོ་ཡོད་དེ། དེ་དག་མ་བཀག་པའི་ཕྱིར་རོ། །ཕྲད་པ་མེད་པར་ཡང་དེ་དག་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཕྲད་པ་ཡང་ཡོད་དོ་ཞེ་ན། ཕྲད་བཞིན་པ་དང་ཕྲད་པ་དང་། །ཕྲད་པ་པོ་ཡང་ཡོད་མ་ཡིན། །གང་གི་ཚེ་ཕྲད་པ་མེད་དོ་ཞེས་བསྟན་པ་དེའི་ཚེ་ད་ལྟར་བ་ཕྲད་པའི་སྒྲུབ་བྱེད་ལས་སུ་གྱུར་པ་ཕྲད་བཞིན་པ་དང་ཕྲད་པའི་བྱ་བ་བརྗོད་པ་ཅན་ཕྲད་པ་དང་བྱེད་པ་པོ་བྱ་བ་རྫོགས་པ་ལ་རང་དབང་དུ་གནས་པ་ཕྲད་པ་པོ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས། མིག་ནི་ཐམས་ཅད་ལྡན་ན་མཐོང་འགྱུར་ཏེ། །མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པའང་། །མཚན་མོ་གཟུགས་དང་ནམ་མཁའ་དང་སྣང་བ་དང་ཡིད་ལ་བྱེད་པའི་རྐྱེན་རྣམས་མེད་ན་མཐོང་མི་འགྱུར། །དེའི་ཕྱིར་ལྡན་དང་བྲལ་བ་རྣམ་རྟོག་ཡིན། །མིག་ནི་རྐྱེན་སྣང་བ་ལ་བརྟེན་ནས་ཡིད་འོང་དང་། །ཡིད་དུ་མི་འོང་སྣ་ཚོགས་གཟུགས་མཐོང་བས། །དེ་ལྟར་རྐྱེན་དང་ལྡན་པ་ལ་བརྟེན་ཏེ་མཐོང་བ་ན། །དེ་ཕྱིར་མིག་གིས་ནམ་ཡང་མཐོང་བ་མེད། །ཅེས་སོགས་གསུངས་པ་ལྟར་རོ། །དབུ་མ་རྩ་བའི་ཤེས་རབ་ལས་ཕྲད་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་བཞི་པའི་འགྲེལ་པའོ།། །།

ལེའུ་བཅོ་ལྔ་པའི་རྣམ་བཤད།

བཅོ་ལྔ་པ་རང་བཞིན་བརྟག་པ་ལ། ཡོད་མེད་དུ་འཛིན་པ་དགག མཐར་འཛིན་ལ་མི་གནས་པར་གདམས་པ་གཉིས་ཀྱི། དང་པོ་ལ་རིགས་པས་དགག ལུང་གིས་དགག སུན་འབྱིན་གྱི་ལམ་གཞན་བསྟན་པ་དང་གསུམ་གྱི་དང་པོ་ལ། རང་དངོས་གཞན་དངོས་དགག དངོས་དང་དངོས་མེད་དགག མཐར་ལྟས་དེ་ཉིད་མི་མཐོང་བར་བསྟན་པ་དང་གསུམ་གྱི། དང་པོ་ལ་གཉིས་ཀྱི། དང་པོ་རང་དངོས་དགག་པ་ནི། འདིར་སྨྲས་པ། མྱུ་གུ་དང་འདུ་བྱེད་ལ་སོགས་པའི་དངོས་པོ་རྣམས་རང་བཞིན་གྱིས་ཡོད་དེ། དེ་དག་བསྐྱེད་པར་བྱེད་པའི་རྒྱུ་དང་རྐྱེན་ས་བོན་དང་མ་རིག་པ་ལ་སོགས་པ་ཉེ་བར་ལེན་པའི་ཕྱིར་རོ་ཞེ་ན། རང་བཞིན་རྒྱུ་དང་རྐྱེན་ལས་ནི། །འབྱུང་བར་རིགས་པ་མ་ཡིན་ནོ། །འདུ་བྱེད་དང་མྱུ་གུ་ལ་སོགས་པ་རང་བཞིན་གྱིས་ཡོད་ན་དེ་དག་རྒྱུ་དང་རྐྱེན་ལས་འབྱུང་བར་རིགས་པ་མ་ཡིན་ཏེ། རང་བཞིན་གྱིས་ཡོད་པའི་ཕྱིར། གྲུབ་ཟིན་པའི་མྱུ་གུ་ལ་སོགས་པ་བཞིན། གལ་ཏེ་གང་ལས་རྒྱུ་དང་རྐྱེན་དོན་མེད་པར་འགྱུར་བ་སྐྱེ་བའི་སྔ་རོལ་དུ་དངོས་པོ་འགའ་ལ་ཡང་རང་བཞིན་ཡོད་པ་མ་ཡིན་གྱི། འོན་ཀྱང་སྔར་ཡོད་པ་མ་ཡིན་པའི་རང་བཞིན་ཁོ་ན་རྒྱུ་དང་རྐྱེན་ལ་བརྟེན་ནས་ཕྱིས་འབྱུང་བར་འགྱུར་རོ་ཞེ་ན། རྒྱུ་དང་རྐྱེན་ལས་བྱུང་བ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཅི་སྟེ་རང་བཞིན་བྱས་པ་ཅན་དུ་ཐལ་བ་ནི་འདོད་པ་ཁོ་ནའོ་ཞེ་ན། རང་བཞིན་བྱས་པ་ཅན་ཞེས་བྱར། །ཇི་ལྟ་བུར་ན་རུང་བར་འགྱུར། །བྱས་པ་ཡང་ཡིན་ལ་རང་བཞིན་ཡང་ཡིན་ནོ་ཞེས་བྱ་བ་འདི་ནི་ཕན་ཚུན་འགལ་བའི་ཕྱིར་རོ། །འདི་ལྟར། དངོས་པོ་རྐྱེན་གྱིས་བྱས་པ་གང་ཡིན་པ་དེ་ནི་འཇིག་རྟེན་ན་རང་བཞིན་ཞེས་མི་བརྗོད་དེ། ཆུའི་ཚ་བ་བཞིན་ནོ། །གང་ཞིག་རང་བཞིན་ཡིན་པ་དེ་ནི་རྐྱེན་གྱིས་མ་བྱས་པ་ཡིན་ཏེ། མེའི་ཚ་བ་བཞིན་ནོ། །ཚ་བ་མེའི་རང་བཞིན་ནོ་ཞེས་པ་ཡང་འཇིག་རྟེན་ལ་གྲགས་པ་ཙམ་དཔེར་བརྗོད་པར་ཟད་ཀྱི། ཡང་དག་པར་ན་ཚ་བ་ཡང་མེའི་རང་བཞིན་མ་ཡིན་ཏེ། རྩུབ་ཤིང་རྩུབ་པ་ལ་སོགས་པའི་རྐྱེན་ལས་བྱུང་བའི་ཕྱིར་དཔེར་ན་ཆུའི་ཚ་བ་བཞིན་ནོ། །གལ་ཏེ་མེ་ལ་སོགས་པའི་ཚ་བ་ལ་སོགས་པ་རང་བཞིན་མ་ཡིན་ན་དེ་དག་གི་རང་བཞིན་ནི་གང་ཡིན། མཚན་ཉིད་ཀྱང་ཇི་ལྟ་བུ་ཞེ་ན། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །མེ་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་དག་ནི་དུས་གསུམ་དུ་ཡང་མི་འཁྲུལ་བ་གཉུག་མའི་ངོ་བོ་བཅོས་མ་མིན་པ་རྒྱུ་དང་རྐྱེན་གཞན་ལ་ལྟོས་པ་མེད་པ་ཡིན་པར་བརྗོད་དོ། །དེ་ལྟ་བུའི་རང་བཞིན་དེ་ཡོད་དམ་ཞེ་ན། དེ་ནི་རང་བཞིན་གྱིས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་མོད་ཀྱི། འོན་ཀྱང་ཉན་པ་པོ་རྣམས་སྐྲག་པ་སྤངས་པའི་ཕྱིར་ཀུན་རྫོབ་ཏུ་ཡོད་དོ་ཞེས་བརྗོད་དོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ཡི་གེ་མེད་པའི་ཆོས་ལ་ནི། །ཉན་པ་གང་ཡིན་སྟོན་པ་གང་། །སྒྲོ་བཏགས་པ་ལས་ཡི་གེ་མེད། །དེ་ནི་ཉན་ཅིང་སྟོན་པའང་ཡིན། །ཞེས་གསུངས་པ་ལྟ་བུའོ། །གལ་ཏེ་སྒྲོ་བཏགས་པ་ལས་བརྗོད་ན་དེའི་རང་བཞིན་ཅི་འདྲ་བ་ཞིག་ཡིན་ཞེ་ན། ཆོས་རྣམས་ཀྱི་ཆོས་ཉིད་དེ་བཞིན་ཉིད་གདོད་མ་ནས་སྐྱེ་བ་མེད་པ་མ་རིག་པའི་རབ་རིབ་དང་བྲལ་བའི་འཕགས་པ་རྣམས་ཀྱིས་མ་གཟིགས་པའི་ཚུལ་གྱིས་གཟིགས་པ་དེ་ཉིད་བཅོས་མ་ཡིན་པའི་ཕྱིར་དང་། གཞན་ལ་ལྟོས་པ་མེད་པའི་ཕྱིར་མེ་ལ་སོགས་པའི་དངོས་པོ་རྣམས་ཀྱི་རང་བཞིན་ཡིན་ནོ་ཞེས་བརྗོད་དོ། །

གཉིས་པ་གཞན་དངོས་དགག་པ་ནི། གལ་ཏེ་དངོས་པོ་རྣམས་ལ་རང་བཞིན་མེད་ཀྱང་གཞན་དངོས་ཡོད་དེ། མ་བཀག་པའི་ཕྱིར། གཞན་དངོས་ཡོད་ན་རང་བཞིན་ཡང་ཡོད་དོ་ཞེ་ན། རང་བཞིན་ཡོད་པ་མ་ཡིན་ན། །གཞན་གྱི་དངོས་པོ་ག་ལ་ཡོད། །གཞན་གྱི་དངོས་པོའི་རང་བཞིན་ནི། །གཞན་གྱི་དངོས་པོ་ཡིན་ཞེས་བརྗོད། །གང་གི་ཚེ་རྣམ་པར་དཔྱད་པ་ན་དངོས་པོ་འགའ་ལ་ཡང་རང་བཞིན་ཡོད་པ་མ་ཡིན་པ་དེའི་ཚེ་གཞན་གྱི་དངོས་པོ་ག་ལ་ཡོད། འཇིག་རྟེན་ན་མེ་ལ་སོགས་པའི་གཞན་གྱི་དངོས་པོའི་རང་བཞིན་ཚ་བ་ལྟ་བུ་གཤེར་བའི་རང་བཞིན་གྱི་ཆུ་ལ་སོགས་པ་གཞན་ལ་ལྟོས་ནས་གཞན་གྱི་དངོས་པོ་ཡིན་ཞེས་བརྗོད་ཅིང་གྲགས་པའི་ཕྱིར་རོ། །གཉིས་པ་དངོས་པོ་དང་དངོས་མེད་དགག་པ་ལ་གཉིས་ཀྱི། དང་པོ་དངོས་པོ་དགག་པ་ནི། གལ་ཏེ་རང་བཞིན་དང་གཞན་དངོས་མེད་ཀྱང་དངོས་པོ་ནི་ཡོད་དེ། མ་བཀག་པའི་ཕྱིར་རོ། །དངོས་པོ་ཡོད་ན་ཡང་རང་བཞིན་ནམ་གཞན་དངོས་ཞིག་ཏུ་འགྱུར་དགོས་ཏེ་དེའི་ཕྱིར་དེ་དག་ཀྱང་ཡོད་དོ་ཞེ་ན། རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དངོས་པོ་ག་ལ་ཡོད། །རང་བཞིན་དང་ནི་གཞན་དངོས་དག །ཡོད་ན་དངོས་པོ་གྲུབ་པར་འགྱུར། །རང་བཞིན་དང་གཞན་གྱི་དངོས་པོ་དག་ཡོད་ན་དངོས་པོ་འགྲུབ་པར་འགྱུར་བ་ཞིག་ན་དེ་གཉིས་ཀྱང་སྔར་བཤད་པའི་ཚུལ་གྱིས་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་རང་བཞིན་དང་གཞན་དངོས་དག་མ་གཏོགས་པའི་དངོས་པོ་ག་ལ་ཡོད་དེ། ཡོད་པ་མ་ཡིན་ནོ་ཞེས་ངེས་པར་བྱའོ། །

གཉིས་པ་དངོས་མེད་དགག་པ་ནི། གལ་ཏེ་དངོས་པོ་བཀག་ཀྱང་དངོས་མེད་ནི་ཡོད་དེ། མ་བཀག་པའི་ཕྱིར། དེའི་ཕྱིར་འགལ་ཟླ་ཡོད་པས་དངོས་པོ་ཡང་ཡོད་དོ་ཞེ་ན། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་འགྱུར་བ་ནི། །དངོས་མེད་ཡིན་པར་སྐྱེ་བོ་སྨྲ། །གལ་ཏེ་དངོས་པོ་ཞེས་བྱ་བ་འགའ་ཞིག་ཡོད་ན་དེ་གཞན་དུ་གྱུར་པའི་དངོས་པོ་མེད་པ་ཡང་ཡོད་པ་ཞིག་ན་སྔར་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་པོ་མ་གྲུབ་པ་དེའི་ཚེ། དེ་ལ་ལྟོས་པའི་དངོས་པོ་མེད་པ་འགྲུབ་པར་མི་འགྱུར་ཏེ། བུམ་པ་ལ་སོགས་པ་ད་ལྟར་བའི་གནས་སྐབས་ལས་ཉམས་ཤིང་གྱོ་མོ་ལ་སོགས་པ་གནས་སྐབས་གཞན་ཐོབ་པར་འགྱུར་བ་ནི་དངོས་མེད་ཡིན་པར་འཇིག་རྟེན་གྱི་སྐྱེ་བོ་རྣམས་སྨྲ་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་མེད་པ་ཡང་མེད་དོ། །གསུམ་པ་མཐར་ལྟས་དེ་ཉིད་མི་མཐོང་བར་བསྟན་པ་ནི། གང་དག་རང་བཞིན་གཞན་དངོས་དང་། །དངོས་དང་དངོས་མེད་ཉིད་ལྟ་བ། །དེ་དག་སངས་རྒྱས་བསྟན་པ་ལ། །དེ་ཉིད་མཐོང་བ་མ་ཡིན་ནོ། །དེ་ལྟར་རྣམ་པ་ཐམས་ཅད་དུ་རང་བཞིན་དང་གཞན་དངོས་དང་དངོས་པོ་དང་དངོས་མེད་དག་ཡོད་པ་མ་ཡིན་པའི་ཕྱིར་མ་རིག་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་ཉམས་པས་ཕྱིན་ཅི་ལོག་ཏུ་གྱུར་པ་གང་དག་གཟུགས་ཀྱི་རང་བཞིན་ནི་གཟུགས་སུ་རུང་བའོ། །ཚོར་བ་ནི་མྱོང་བའོ། །རྣམ་པར་ཤེས་པ་ནི་ཡུལ་སོ་སོར་རྣམ་པར་རིག་པའོ་ཞེས་དངོས་པོ་རྣམས་ཀྱི་རང་བཞིན་དང་། གཟུགས་ཀྱང་གཞན་ལ་རྣམ་པར་ཤེས་པའང་གཞན་ནོ་ཞེས་གཞན་དངོས་དང་རྣམ་པར་ཤེས་པ་ལ་སོགས་པ་ད་ལྟར་བ་རྣམས་ནི་དངོས་པོ་དང་འདས་པར་གྱུར་པ་རྣམས་དངོས་པོ་མེད་པར་ལྟ་བ་དེ་དག་སངས་རྒྱས་ཀྱི་བསྟན་པ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་རྟག་ཆད་སྤངས་པའི་དབུ་མའི་ལམ་གྱི་དེ་ཁོ་ན་ཉིད་མཐོང་བ་མ་ཡིན་ནོ། །གང་གི་ཕྱིར་རང་བཞིན་དང་གཞན་གྱི་དངོས་པོ་ལ་སོགས་པ་རྣམས་ཡོད་པ་ཉིད་ནི་ཇི་སྐད་བཤད་པའི་འཐད་པ་དང་འགལ་བ་ཡིན་ལ། དེ་བཞིན་གཤེགས་པ་རྣམས་ནི་དངོས་པོའི་རང་བཞིན་འཐད་པ་དང་འགལ་བ་གསུངས་པ་མ་ཡིན་ཏེ། རང་ཉིད་ཀྱིས་དངོས་པོ་མ་ལུས་པའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་ཐུགས་སུ་ཆུད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མཁས་པ་རྣམས་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཁོ་ནའི་གསུང་ཚད་མར་བརྗོད་པར་བྱེད་དེ། འཐད་པ་དང་བཅས་པས་མི་སླུ་བའི་ཕྱིར་རོ། །

གཉིས་པ་ལུང་གིས་དགག་པ་ནི། ལང་ཀར་གཤེགས་པ་ལས། རྐྱེན་དུ་རྟོགས་པ་དངོས་པོ་ལ། །ཡོད་དང་མེད་པར་གང་རྟོགས་པ། །མུ་སྟེགས་ལྟ་བ་ཅན་དག་ནི། །བསྟན་ལས་རིང་དུ་འགྱུར་པར་ཤེས ། །ཞེས་དང་། ངའི་བསྟན་པ་སུན་འབྱིན་པ། །ངུར་སྨྲིག་དག་གིས་གོས་བགོས་ཤིང་། །འབྲས་བུ་ཡོད་དང་མེད་སྨྲ་བ། །མ་འོངས་པ་ཡི་དུས་ན་འབྱུང་། །ཞེས་སོགས་རྒྱ་ཆེར་གསུངས་སོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀཱ་ཏྱ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀའང་དགག་པ་མཛད། །གང་གི་ཕྱིར་རང་བཞིན་དང་གཞན་དངོས་དང་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དག་མདོ་ལས། གང་གིས་ཡོད་ཉིད་སྒྲུབ་པ་ཡི། །རྐྱེན་ཉིད་གང་ཕྱིར་མེད་པ་ལ། །ལྟ་ངན་ཡོད་པར་སྨྲ་བ་ཡི། །མེད་དང་ཡོད་པར་རབ་ཏུ་བསྟན། །དེ་བཞིན་ཡོད་མེད་ཡོད་མེད་མིན། །གང་ཚེ་འཇིག་རྟེན་འདི་མཐོང་བ། །དེ་ཚེ་སེམས་ནི་ལྡོག་གྱུར་ནས། །བདག་མེད་པར་ནི་རྟོགས་པར་བྱ། །ཞེས་སོ། །རིགས་པ་དང་འགལ་བས་དེ་ཁོ་ན་ཉིད་མ་ཡིན་པ་དེའི་ཕྱིར་གདུལ་བྱའི་སྐྱེ་བོ་ཐར་པ་འདོད་པ་རྣམས་ལ་བཅོམ་ལྡན་འདས་ཀྱིས་འཕགས་པ་ཀཱ་ཏྱ་ཡ་ན་ཡི་གདམས་ངག་ལས་ནི་ཡོད་པ་དང་མེད་པ་གཉིས་ཀའང་དགག་པ་མཛད་པ་ཡིན་ནོ། །ཇི་ལྟར་ཞེ་ན། ཀཱ་ཏྱ་ཡ་ན་གང་གི་ཕྱིར་འཇིག་རྟེན་འདི་ནི་ཕལ་ཆེར་ཡོད་པ་ཉིད་དང་མེད་པ་ཉིད་ལ་མངོན་པར་ཞེན་ཏེ་དེས་ན་སྐྱེ་བ་དང་རྒ་བ་དང་ན་བ་དང་འཆི་བ་དང་མྱ་ངན་དང་། སྨྲེ་སྔགས་འདོན་པ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་དག་ལས་གྲོལ་བར་མི་འགྱུར། འགྲོ་བ་ལྔའི་འཁོར་བ་ལས་གྲོལ་བར་མི་འགྱུར། འཆི་བས་གདུང་བའི་སྡུག་བསྔལ་ལས་གྲོལ་བར་མི་འགྱུར་ཞེས་གསུངས་སོ། །འདིས་དངོས་སུ་ཡོད་མེད་དུ་མངོན་པར་ཞེན་པ་འཁོར་བའི་རྒྱུར་བསྟན་ནས། ཤུགས་ལ་འཁོར་བ་ལས་གྲོལ་བའི་ཐབས་སུ་ཡོད་མེད་གཉིས་ཀ་དགག་པར་མཛད་པ་ཡིན་ནོ། །ལུང་འདི་ཡང་སྡེ་པ་ཐམས་ཅད་ཀྱིས་འདོན་པས་དེའི་ཕྱིར་འདི་ཉིད་ཁུངས་སུ་མཛད་དོ། །བཅོམ་ལྡན་འདས་ཅིས་ཁྱད་པར་དུ་བྱས་པ་ཞིག་གིས་ཞེ་ན། དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཇི་ལྟ་བ་བཞིན་ཕྱིན་ཅི་མ་ལོག་པར་མཁྱེན་པས་སོ། །གང་གི་ཕྱིར་བཅོམ་ལྡན་འདས་དངོས་དང་དངོས་མེད་མཁྱེན་པས་ཡོད་པ་དང་མེད་པ་གཉིས་ཀ་དགག་པ་མཛད་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་དེ་ཁོ་ན་ཉིད་ཡིན་ནོ་ཞེས་ཁས་བླང་པར་མི་རིགས་སོ། །

གསུམ་པ་སུན་འབྱིན་གྱི་ལམ་གཞན་བསྟན་པ་ནི། འདིར་སྨྲས་པ། གལ་ཏེ་མེ་ལ་སོགས་པ་རང་བཞིན་གྱིས་ཡོད་ན་ཉེས་པ་ཅིར་འགྱུར་ཞེ་ན། རྒྱུ་དང་རྐྱེན་ལས་སྐྱེས་པ་ཡི། །རང་བཞིན་བྱས་པ་ཅན་དུ་འགྱུར། །ཞེས་བཤད་ཟིན་ཏོ། །གཞན་ཡང་། གལ་ཏེ་རང་བཞིན་གྱིས་ཡོད་ན། །དེ་ནི་མེད་ཉིད་མི་འགྱུར་རོ། །གལ་ཏེ་མེ་ལ་སོགས་པ་རང་བཞིན་གྱིས་ཡོད་ན་རང་བཞིན་གྱིས་ཡོད་པ་དེ་ནི་ནམ་ཡང་མེད་པར་མི་འགྱུར་ཏེ། གང་གི་ཕྱིར། རང་བཞིན་གཞན་དུ་འགྱུར་བ་ནི། །ནམ་ཡང་འཐད་པར་མི་འགྱུར་རོ། །དཔེར་ན་ནམ་མཁའི་མི་སྒྲིབ་པ་ནམ་ཡང་གཞན་དུ་མི་འགྱུར་བ་དེ་བཞིན་དུ་མེ་ལ་སོགས་པ་རང་བཞིན་གྱིས་གྲུབ་ན་གཞན་དུ་འགྱུར་ཞིང་རྒྱུན་ཆད་པའི་མཚན་ཉིད་ཀྱི་འཇིག་པ་ནམ་ཡང་འཐད་པར་མི་འགྱུར་བ་ཞིག་ན། འདི་འཇིག་ཅིང་རྒྱུན་ཆད་པར་ཡང་དམིགས་པ་ཡིན་ནོ། །དེའི་ཕྱིར་འདི་དག་རང་བཞིན་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །གལ་ཏེ་རང་བཞིན་ཡོད་པ་ཡིན་ན་གཞན་དུ་འགྱུར་པ་མི་འཐད་པའི་ཕྱིར་དང་། གཞན་དུ་འགྱུར་བ་དམིགས་པའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་ནོ་ཞེས་པ་མི་འཐད་དེ། རང་བཞིན་ཡོད་པ་མ་ཡིན་ན། །གཞན་དུ་འགྱུར་བ་གང་གི་ཡིན། །ནམ་མཁའི་མེ་ཏོག་ལྟར་རང་བཞིན་ཡོད་པ་མ་ཡིན་ན་གནས་སྐབས་གཞན་དུ་འགྱུར་བ་གང་གི་ཡིན་པར་འགྱུར། དེའི་ཕྱིར་རང་བཞིན་ཡོད་པ་མ་ཡིན་པ་ལ་གཞན་དུ་འགྱུར་བ་མ་དམིགས་པའི་ཕྱིར། གཞན་དུ་གྱུར་པ་ཉིད་ཀྱང་མཐོང་བའི་ཕྱིར་རང་བཞིན་ཡོད་དོ་ཞེ་ན། རང་བཞིན་ཡོད་པ་ཡིན་ན་ཡང་། །གཞན་དུ་འགྱུར་བ་ཇི་ལྟར་རུང་། །ད་ལྟ་བ་བཞིན་དུ་རང་བཞིན་མ་ཉམས་པར་ཡོད་པ་ཡིན་ན་ཡང་གཞན་དུ་འགྱུར་བ་ཇི་ལྟར་རུང་། དེའི་ཕྱིར་རང་བཞིན་ཡོད་པ་དང་མེད་པ་གང་ལ་ཡང་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར་གཞན་དུ་འགྱུར་བ་རྣམ་པ་ཐམས་ཅད་དུ་མི་སྲིད་དོ། །དེའི་ཕྱིར་དངོས་པོ་རྣམས་རང་བཞིན་མེད་པར་ཤེས་པར་བྱའོ། །དེ་ལྟར་དངོས་པོ་རྣམས་ཀྱི་རང་བཞིན་གཏན་ཡོད་པ་མ་ཡིན་པ་དེའི་ཚེ་ཤེས་རབ་ཅན་སུ་ཞིག་དངོས་པོ་རྣམས་ལ་ཡོད་པའམ་མེད་པར་རྟོག་པར་བྱེད་དེ། དེ་ལྟར་རྟོག་པ་དེ་ལ་ནི་ངེས་པ་ཁོ་ནར། ཡོད་ཅེས་བྱ་བ་རྟག་པར་འཛིན། །མེད་ཅེས་བྱ་བ་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །

གཉིས་པ་མཐར་འཛིན་ལ་མི་གནས་པར་གདམས་པ་ནི། གང་གི་ཕྱིར་རྟག་པ་དང་ཆད་པར་ལྟ་བ་འདི་ཡང་མཐོ་རིས་དང་བྱང་གྲོལ་གྱི་ལམ་གྱི་བར་དུ་གཅོད་བྱེད་ཡིན་པས་དོན་མ་ཡིན་པ་ཆེན་པོ་བྱེད་པ། དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱའོ། །ཡང་ཅིའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ཡོད་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་ཞེ་ན། གང་ཞིག་རང་བཞིན་གྱིས་ཡོད་པ། །དེ་ནི་མེད་པ་མིན་པས་རྟག །སྔོན་བྱུང་ད་ལྟར་མེད་ཅེས་པ། །དེས་ན་ཆད་པར་ཐལ་བར་འགྱུར། །གང་ཞིག་རང་བཞིན་གྱིས་ཡོད་པ་དེ་ནི་ནམ་ཡང་མེད་པ་མིན་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེས་ན་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་རྟག་པར་ལྟ་བར་ཐལ་བར་འགྱུར་རོ། །སྔོན་བྱུང་བའི་གནས་སྐབས་སུ་དངོས་པོའི་རང་བཞིན་ཁས་བླངས་ནས་ད་ལྟར་ཕྱིས་ཤིག་ནས་མེད་ཅེས་ཁས་བླངས་ན་ཆད་པར་ལྟ་བར་ཐལ་བར་འགྱུར་རོ། །

གང་གི་དབུ་མ་སྨྲ་བ་ལྟར་ན་དངོས་པོ་བརྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་སྒྱུ་མ་ལྟར་རང་བཞིན་མེད་པར་ཁས་བླངས་པ་དེ་ལ་ནི་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་ཏེ། དངོས་པོའི་རང་བཞིན་མ་དམིགས་པའི་ཕྱིར་རོ། །གལ་ཏེ་རང་བཞིན་མེད་པར་སྨྲ་བ་ལ་རྟག་པར་ལྟ་བ་མེད་ཀྱང་ཆད་པར་ལྟ་བར་ཅིའི་ཕྱིར་མི་འགྱུར་ཞེ་ན། གང་ཞིག་སྔར་དངོས་པོའི་རང་བཞིན་ཁས་བླངས་ནས་ཕྱིས་དེ་མེད་དོ་ཞེས་སྨྲ་བ་ལ་ནི། སྔར་གྱི་དངོས་པོའི་རང་བཞིན་ལ་སྐུར་པ་བཏབ་པས་ཆད་པར་ལྟ་བར་ཐལ་བར་འགྱུར་གྱི། རང་བཞིན་མེད་པར་སྨྲ་བས་ནི་གནས་སྐབས་གང་དུ་ཡང་དངོས་པོའི་རང་བཞིན་ཅུང་ཟད་ཀྱང་ཁས་མ་བླངས་ན་གང་ལ་སྐུར་པ་བཏབ་པས་ཆད་པར་ལྟ་བར་འགྱུར། ཕྱིན་ཅི་ལོག་ཏུ་གྱུར་པ་རྣམས་ཀྱི་དངོས་པོར་མངོན་ཞེན་བཟློག་པའི་ཕྱིར་རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དག་ལ་རབ་རིབ་མེད་པ་ལྟར་དངོས་པོ་རྣམས་རང་བཞིན་མེད་དོ་ཞེས་སྨྲ་མོད། དེ་ལྟ་ན་ཡང་ཆད་པར་ལྟ་བར་ཐལ་བར་མི་འགྱུར་ཏེ། དགག་བྱ་ཅི་ཡང་མ་དམིགས་པའི་ཕྱིར་རོ། །ཇི་སྐད་དུ། མདོ་ལས། བཅོམ་ལྡན་འདས་གང་གིས་སྔར་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོར་མངོན་ཞེན་གྱིས་བླངས་ནས། ཕྱིས་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་དག་དངོས་པོར་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བ་དེ་ནི་མེད་པ་པར་འགྱུར་ལགས་སོ་ཞེས་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་ཤེས་རབ་ལས་རང་བཞིན་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅོ་ལྔ་པའི་འགྲེལ་པའོ།། །།

ལེའུ་བཅུ་དྲུག་པའི་རྣམ་བཤད།

བཅུ་དྲུག་པ་བཅིངས་པ་དང་ཐར་པ་བརྟག་པ་ལ། འཁོར་བ་དང་མྱང་འདས་དགག བཅིང་པ་དང་ཐར་པ་དགག ཐར་འདོད་སྤང་བྱར་བསྟན། འཁོར་འདས་སྤང་བླང་མེད་པར་བསྟན་པ་དང་བཞིའི། དང་པོ་ལ། འཁོར་བ་དགག མྱང་འདས་དགག་པ་གཉིས་ཀྱི། དང་པོ་ལ་ཡང་གཉིསཀྱི། དང་པོ་འདུ་བྱེད་འཁོར་བ་དགག་པ་ནི། འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་དེ། འཁོར་བ་ཡོད་པའི་ཕྱིར། གལ་ཏེ་དངོས་པོ་རྣམས་ཀྱི་རང་བཞིན་མེད་ན་སུ་ཞིག་འགྲོ་བ་ནས་འགྲོ་བ་གཞན་དུ་འགྲོ་ཞིང་འཁོར་བར་འགྱུར་ཞེ་ན། འཁོར་བ་ཞེས་བྱ་བ་ཐ་སྙད་ཙམ་ཡིན་གྱི། ཇི་སྐད་དུ། དེ་བཞིན་གཤེགས་པས་འཁོར་བ་འདོགས་པར་མཛད་ཀྱང་དེར་འགའ་ཡང་འཁོར་བ་མེད་ལ། དེ་བཞིན་གཤེགས་པས་མྱ་ངན་ལས་འདས་པ་སྟོན་པར་མཛད་ཀྱང་དེར་འགའ་ཡང་མྱ་ངན་ལས་འདས་པ་ཡང་མེད་དོ་ཞེས་གསུངས་པ་ལྟར་དུ། ཡང་དག་པར་ཡོད་པ་མ་ཡིན་ཏེ། གལ་ཏེ་འཁོར་བ་ཡོད་ན་ངེས་པར་འདུ་བྱེད་དམ་སེམས་ཅན་ཞིག་དེར་འགྱུར་གྲང་། གལ་ཏེ་འདུ་བྱེད་འཁོར་ཞེ་ན། །དེ་དག་རྟག་ན་མི་འཁོར་སྟེ། །མི་རྟག་ན་ཡང་འཁོར་མི་འགྱུར། །གལ་ཏེ་འདུ་བྱེད་དག་འཁོར་རོ་ཞེ་ན། ཅི་རྟག་པའམ་མི་རྟག་པ་ཞིག་འཁོར་གྲང་། འདུ་བྱེད་དེ་དག་རྟག་ན་མི་འཁོར་སྟེ། རྟག་པ་ནི་འགྲོ་འོང་གི་བྱ་བ་དང་བྲལ་བའི་ཕྱིར་ཏེ། བུམ་པ་ལ་སོགས་པ་མི་རྟག་པ་ཁོ་ན་བྱ་བ་དང་བཅས་པར་དམིགས་པའི་ཕྱིར་རོ། །མི་རྟག་ན་ཡང་འཁོར་བར་མི་འགྱུར་ཏེ། མི་རྟག་པ་ནི་སྐྱེས་མ་ཐག་ཏུ་འཇིག་པས་འགར་ཡང་འཕྱན་པར་མི་འགྱུར་བའི་ཕྱིར་རོ། །འདུ་བྱེད་རྒྱུ་དང་འབྲས་བུ་གཅིག་དུ་རིམ་པ་རྒྱུན་མི་འཆད་ཅིང་རྒྱུན་ཆགས་སུ་འཇུག་པ་མི་རྟག་པར་འགྱུར་བ་དག་ཁོ་ན་འཁོར་རོ་སྙམ་ན། དེ་ཡང་མི་འཐད་དེ། རེ་ཞིག་འབྲས་བུ་སྐྱེ་བ་ལ་ནི་འཁོར་བ་ཡོད་པ་མ་ཡིན་ཏེ། གང་ནས་ཀྱང་མི་འོང་བའི་ཕྱིར་དང་གར་ཡང་མི་འགྲོ་བའི་ཕྱིར་རོ། །རྒྱུ་ཞིག་པ་ལ་ཡང་འཁོར་བ་མེད་དེ། རྒྱུ་མཚན་སྔ་མ་ཉིད་ཀྱི་ཕྱིར་རོ། །གལ་ཏེ་སྐད་ཅིག་མ་ཕྱི་མ་སྐྱེས་པ་ན་སྔ་མ་འཁོར་རོ་ཞེ་ན། གལ་ཏེ་སྐད་ཅིག་སྔ་ཕྱི་གཉིས་གཅིག་ཡིན་ན་དེ་ལྟར་འགྱུར་ན་གཅིག་ཉིད་དུ་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུའི་དངོས་པོ་ཡིན་པའི་ཕྱིར། མིག་དང་གཟུགས་དང་མིག་གི་རྣམ་པར་ཤེས་པ་བཞིན། གལ་ཏེ་སྐད་ཅིག་སྔ་ཕྱི་གཞན་ཡིན་ན། ཕྱི་མ་སྐྱེས་པས་སྔ་མ་འཁོར་བར་མི་འཐད་དེ། སོ་སོ་སྐྱེ་བོ་འཁོར་བར་སྐྱེ་བ་ཡོད་པའི་ཕྱིར་དགྲ་བཅོམ་པ་རྣམས་ཀྱང་འཁོར་བར་འགྱུར་ལ། མར་མེ་གཞན་འབར་བ་ན་ཤི་བའི་མར་མེ་འབར་རོ་ཞེས་བྱ་བར་ཡང་འགྱུར་རོ། །དེའི་ཕྱིར། རྒྱུན་འཁོར་བ་མི་འཐད་པས་འདུ་བྱེད་མི་རྟག་པ་རྣམས་ལ་འཁོར་བ་མེད་དོ། །

གཉིས་པ་གང་ཟག་འཁོར་བར་དགག་པ་ནི། འདིར་གནས་མ་བུའི་སྡེ་པ་དག་ནི་ཕུང་པོ་དང་། ཁམས་དང་སྐྱེ་མཆེད་རྣམས་ལས་གཞན་པའི་གང་ཟག་འཁོར་བ་དང་ཐར་པ་འདོད་པ་ཁ་ཅིག་ནི་འཐད་པ་དང་འགལ་བའི་ཕྱིར་འདུ་བྱེད་མི་འཁོར་གྱི་བདག་འཁོར་རོ་ཞེ་ན། སེམས་ཅན་ལ་ཡང་རིམ་འདི་མཚུངས། །གལ་ཏེ་སེམས་ཅན་འཁོར་རོ་ཞེ་ན། ཅི་འདི་རྟག་པའམ་མི་རྟག་པ་ཞིག་འཁོར་ཞེས་རྣམ་པར་དཔྱད་ན། འདུ་བྱེད་འཁོར་བར་མི་འཐད་པའི་རིམ་པ་འདི་ནི་སེམས་ཅན་འཁོར་བར་འདོད་པ་ལ་ཡང་མཚུངས་པས་དེའི་ཕྱིར་སེམས་ཅན་ཡང་འཁོར་བ་མ་ཡིན་ནོ། །གལ་ཏེ་འདུ་བྱེད་འཁོར་བ་མི་འཐད་པའི་ཚུལ་ནི་སེམས་ཅན་ལ་མཚུངས་པར་འོས་པ་མ་ཡིན་ཏེ། འདུ་བྱེད་ལྟར་དུ་བདག་དེ་ནི་རྟག་པའམ་མི་རྟག་པར་འགྱུར་བ་མ་ཡིན་གྱི་འོན་ཀྱང་བདག་དེ་ཕུང པོ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ལྟར་རྟག་པ་དང་མི་རྟག་པར་ཡང་བརྗོད་དུ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་གང་ཟག་འཁོར་ཞེ་ན། །ཕུང་པོ་སྐྱེ་མཆེད་ཁམས་རྣམས་ལ། །དེ་ནི་རྣམ་པ་ལྔས་བཙལ་ན། །མེད་ན་གང་ཞིག་འཁོར་བར་འགྱུར། །གལ་ཏེ་དབུ་མ་སྙིང་པོར་ཡང་གང་ཟག་ཡང་དག་ཉིད་དུ་ནི། །འཁོར་དང་ཐར་པར་མི་འགྱུར་ཏེ། །གདགས་བྱ་ཡིན་ཕྱིར་ཁང་པ་བཞིན། །བརྗོད་བྱ་ཡིན་ཕྱིར་ཁང་པ་བཞིན། །བརྗོད་བྱ་ཡིན་ཕྱིར་དྲི་དང་འདྲ། །ཞེས་བྱ་བ་ནི་དཔེར་ན་རྩ་དང་ཤིང་དང་ས་དང་སྨིག་མ་དང་། སོ་ཕག་ལ་སོགས་པ་རིགས་ཁང་པར་གདགས་པ་དེ་བཞིན་དུ་ཕུང་ཁམས་སྐྱེ་མཆེད་དག་ལ་བརྟེན་ནས་གང་ཟག་ཏུ་བཏགས་པར་ཟད་པའི་དེ་དག་མེད་པའི་ཕྱིར་དང་། དེ་བཞིན་དུ་བརྗོད་པར་བྱ་བ་ཡིན་པའི་ཕྱིར། བཅིངས་པ་དང་ཐར་པ་མེད་དོ། །བརྗོད་དུ་མེད་པའི་གང་ཟག་འཁོར་བར་འདོད་ན། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་གང་ཟག་འགའ་ཞིག་ཡོད་ན་འཁོར་བར་འགྱུར་བ་ཞིག་ན་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་གང་ཟག་དེ་ནི་རྣམ་པ་ལྔས་བཙལ་ན་མེད་པའི་ཕྱིར་རོ། །ཇི་ལྟར་ཞེ་ན། ཤིང་ཉིད་མེ་ནི་མ་ཡིན་ཏེ། །ཤིང་ལས་གཞན་ལ་མེ་ཡང་མེད། །མེ་ནི་ཤིང་དང་ལྡན་མ་ཡིན། །མེ་ལ་ཤིང་མེད་དེར་དེ་མེད། །མེ་དང་ཤིང་གི་བདག་དང་ནི། །ཉེ་བར་ལེན་པའི་རིམ་པ་ཀུན། །ཅེས་པ་དེ་བཞིན་དུ་བདག་ཕུང་པོ་ལ་སོགས་པའི་རང་བཞིན་མ་ཡིན་ཞིང་། དེ་དག་ལས་ཐ་དད་པ་ཡང་མ་ཡིན་ལ། དེ་དག་དང་ལྡན་པ་ཡང་མ་ཡིན་ཞིང་། བདག་ལ་ཕུང་པོ་ལ་སོགས་པ་མེད་ཅིང་། ཕུང་པོ་སོགས་ལ་ཡང་བདག་མེད་དོ་ཞེས་དེ་ལྟར་སྔར་བཤད་པའི་རྣམ་པ་ལྔས་བཙལ་ན་བདག་མེད་ན་ཡོད་པ་མ་ཡིན་པའི་བདག་གང་ཞིག་འཁོར་བར་འགྱུར། དེ་ལྟར་བདག་ལ་ཡང་འཁོར་བ་མེད་དེ། མོ་གཤམ་གྱི་བུ་ལྟར་མེད་པའི་ཕྱིར་རོ། །གཞན་ཡང་བདག་འདི་འཁོར་ན། ཉེ་བར་ལེན་ནས་ཉེ་ལེན་པར། །འཁོར་ན་སྲིད་པ་མེད་པར་འགྱུར། །སྲིད་མེད་ཉེ་བར་ལེན་མེད་ན། །དེ་གང་ཅི་ཞིག་འཁོར་བར་འགྱུར། །འདིར་མིའི་ཉེ་བར་ལེན་པ་ནས་ལྷའི་ཉེ་བར་ལེན་པར་འགྲོ་ཞིང་འཁོར་ན་མིའི་ཉེ་བར་ལེན་པ་བཏང་ནས་འགྲོའམ་འོན་ཏེ་མ་བཏང་བར་ཡིན་གྲང་། དང་པོ་ལྟར་ན་ཉེ་བར་ལེན་པ་སྔ་མ་བཏང་བའི་ཕྱིར་དང་། ཕྱི་མ་མ་བླངས་པའི་ཕྱིར་དེ་དག་གི་བར་དུ་བདག་དེ་ལ་སྲིད་པ་ཉེར་ལེན་གྱི་ཕུང་པོ་ལྔ་མེད་པར་འགྱུར་ཏེ། སྲིད་པ་མེད་ཅིང་ཉེ་བར་ལེན་པ་མེད་པའི་བདག་གང་ཡིན་པ་དེ་ནི་བདག་ཏུ་བཏགས་པའི་ཉེ་བར་ལེན་པའི་རྒྱུ་དང་བྲལ་བའི་ཕྱིར་རོ། །རྒྱུ་དང་བྲལ་བའི་བདག་དེ་ནི་གང་སྟེ་ཅི་ཡང་མ་ཡིན་ཞིང་ཡོད་པ་མ་ཡིན་པས་ཅི་ཞིག་འཁོར་བར་འགྱུར་ཏེ་གང་དུ་ཡང་འཁོར་བར་མི་འགྱུར་རོ། །ཅི་སྟེ་སྔ་མ་མ་བཏང་བར་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། སྔ་མ་མ་བཏང་བའི་ཕྱིར་དང་། ཕྱི་མ་བཟུང་བའི་ཕྱིར་བདག་གཅིག་བདག་གཉིས་སུ་འགྱུར་ན་དེ་ཡོད་པ་མི་འདོད་པའི་ཕྱིར་རོ། །ཅི་སྟེ་སྲིད་པ་སྔ་ཕྱིའི་བར་ན་སྲིད་པ་བར་དོའི་ཕུང་པོ་ཡོད་པས་སྲིད་པ་མེད་པར་འགྱུར་བའི་ཉེས་པ་མེད་དོ་ཞེ་ན། དེ་ཡང་མི་རུང་སྟེ། སྲིད་པ་བར་དོའི་ཕུང་པོ་འཁོར་བ་ལ་ཡང་སྲིད་པ་སྔ་མ་གཏོང་བ་དང་མི་གཏོང་བའི་སྒོ་ནས་ཐལ་བ་མཚུངས་པའི་ཕྱིར་རོ། །

གལ་ཏེ་ཅིག་ཅར་གཏོང་བ་དང་ལེན་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། ཕྱོགས་གཅིག་གིས་ཉེ་བར་ལེན་པ་སྔ་མ་གཏོང་ཞིང་། ཕྱོགས་གཅིག་གིས་སྲིད་པ་བར་དོའི་ཉེ་བར་ལེན་པ་རྒྱུའམ། འོན་ཏེ་བདག་ཉིད་ཐམས་ཅད་ཀྱིས་ཡིན་གྲང་། དང་པོ་ལྟར་ན། བདག་གཉིས་སུ་ཐལ་བར་འགྱུར་རོ། །གཉིས་པ་ལྟར་ན་ཡང་སྔ་མ་བཏང་ཞིང་ཕྱི་མ་མ་བླངས་པའི་བར་དེ་ཉིད་དུ་སྲིད་པ་མེད་པར་ཐལ་བའི་ཉེས་པ་དེ་ཉིད་དུ་འགྱུར་རོ། །དེ་ལྟར་འདུ་བྱེད་དང་བདག་ལ་འཁོར་བ་མི་འཐད་པའི་ཕྱིར་འཁོར་བ་མེད་དོ། །གཉིས་པ་མྱང་འདས་དགག་པ་ནི། གལ་ཏེ་འཁོར་བ་ཡོད་དེ། དེའི་འགལ་ཟླ་མྱ་ངན་ལས་འདས་པ་ཡོད་པའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ཞེས་བྱ་བ་ཡང་ཐ་སྙད་ཙམ་ཡིན་གྱི་ཡང་དག་པར་མེད་དེ། འདུ་བྱེད་མྱ་ངན་འདའ་བར་ནི། །ཇི་ལྟ་བུར་ཡང་མི་འཐད་དོ། །སེམས་ཅན་མྱ་ངན་འདའ་བར་ཡང་། །ཇི་ལྟ་བུར་ཡང་འཐད་མི་འགྱུར། །གལ་ཏེ་མྱ་ངན་ལས་འདས་པ་ཡོད་ན། འདུ་བྱེད་རྟག་པའམ་མི་རྟག་པ་ཞིག་ལ་རྟོག་གྲང་། འདུ་བྱེད་རྟག་པའམ་མི་རྟག་པ་གང་ཡང་མྱ་ངན་ལས་འདས་པ་ཇི་ལྟ་བུར་ཡང་མི་འཐད་དེ། རྟག་པ་འགྱུར་བ་མེད་པ་ལ་ནི་མྱ་ངན་ལས་འདས་པས་བྱ་བ་ཅི་ཡང་མི་བྱེད་པའི་ཕྱིར་དང་། མི་རྟག་པ་ཡོད་པ་མ་ཡིན་པ་ལའང་མྱ་ངན་ལས་འདས་པས་བྱ་བ་མི་བྱེད་པའི་ཕྱིར་རོ། །

ཅི་སྟེ་སེམས་ཅན་མྱ་ངན་ལས་འདའ་བར་རྟོག་གོ་ཞེ་ན། སེམས་ཅན་རྟག་པའམ་མི་རྟག་པ་གང་ཡང་མྱ་ངན་ལས་འདའ་བ་ཇི་ལྟ་བུར་ཡང་འཐད་པར་མི་འགྱུར་བར་ཡང་འདུ་བྱེད་དང་མཚུངས་སོ། །གལ་ཏེ་རྟག་པའམ་མི་རྟག་པར་བརྗོད་དུ་མེད་པ་ཞིག་ལ་རྟོག་ན། བདག་དེ་མྱ་ངན་ལས་འདས་པའི་དུས་ན་ཡོད་དམ་མེད། གལ་ཏེ་ཡོད་ན་རྟག་པར་འགྱུར་ལ། མེད་ན་མི་རྟག་པར་འགྱུར་རོ། །དེའི་ཕྱིར་གང་ཟག་ནི་རྟག་པ་དང་མི་རྟག་པར་བརྗོད་དུ་མེད་དོ་ཞེས་བྱ་བ་ཡང་མི་འཐད་དོ། །གཉིས་པ་བཅིངས་པ་དང་ཐར་པ་དགག་པ་ལ། སྤྱིར་དགག་པ་དང་། གྲོལ་བ་བྱེ་བྲག་ཏུ་དགག་པ་གཉིས་ཀྱི། དང་པོ་ལ་དངོས་དང་། སུན་འབྱིན་གྱི་ལམ་གཞན་བསྟན་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་འཁོར་འདས་མེད་ཀྱང་བཅིངས་པ་དང་ཐར་པ་ནི་ཡོད་ལ། དེའི་ཕྱིར་དངོས་པོ་རྣམས་ཀྱི་རང་བཞིན་ཡང་ཡོད་དོ་ཞེ་ན། བཅིངས་པ་དང་ཐར་པ་ཡང་ཀུན་རྫོབ་པ་ཡིན་གྱི་ཡང་དག་པར་མ་གྲུབ་སྟེ། སྐྱེ་འཇིག་ཆོས་ཅན་འདུ་བྱེད་རྣམས། །མི་འཆིང་གྲོལ་བར་མི་འགྱུར་ཏེ། །སྔ་མ་བཞིན་དུ་སེམས་ཅན་ཡང་། །མི་འཆིང་གྲོལ་བར་མི་འགྱུར་རོ། །འདི་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཀྱིས་སོ་སོ་སྐྱེ་བོ་རྣམས་ཁམས་གསུམ་ལས་འདའ་བར་མི་བྱེད་པའི་ཕྱིར་འདོད་ཆགས་ལ་སོགས་པ་འཆིང་བ་ཉིད་དུ་བརྗོད་པ་ན། འདོད་ཆགས་ལ་སོགས་པ་འཆིང་བ་ཉིད་དུ་བརྟགས་པའི་བཅིངས་པ་དེ་ནི་སྐྱེ་བ་དང་འཇིག་པའི་ཆོས་ཅན་གྱི་འདུ་བྱེད་སྐད་ཅིག་མ་རྣམས་ལ་མི་སྲིད་དེ། སྐྱེས་མ་ཐག་ཏུ་འཇིག་ཅིང་བརླག་པ་རྣམས་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེས་ན་དེ་དག་མི་འཆིང་ངོ་། །དེ་དག་ལ་འདོད་ཆགས་ལ་སོགས་པ་འཆིང་བ་ཆད་པའི་མཚན་ཉིད་ཅན་གྱི་གྲོལ་བའི་ཐར་པར་ཡང་མི་འགྱུར་ཏེ། རྒྱུ་མཚན་སྔ་མ་ཉིད་ཀྱི་ཕྱིར་རོ། །ཇི་ལྟར་སྔར་བཤད་པའི་རྣམ་པས་འདུ་བྱེད་རྣམས་ལ་བཅིངས་པ་དང་ཐར་པ་ཡོད་པ་མ་ཡིན་པ་དེ་ལྟར་སྔ་མ་བཞིན་དུ་སེམས་ཅན་ཡང་མི་འཆིང་གྲོལ་བར་མི་འགྱུར་ཏེ། སྔ་མ་བཞིན་དུ་རྒྱུ་མཚན་མཚུངས་པའི་ཕྱིར་རོ། །གཉིས་པ་ནི། གལ་ཏེ་འདུ་བྱེད་དང་སེམས་ཅན་ལ་བཅིངས་པ་མེད་པ་དེ་ལྟ་ན་ཡང་འདོད་ཆགས་ལ་སོགས་པ་འཆིང་བ་ནི་ཡོད་ལ། དེ་ཡོད་པས་བཅིངས་པ་ཡང་ཡོད་དོ་ཞེ་ན། གལ་ཏེ་ཉེ་བར་ལེན་འཆིང་ན ། །ཉེ་བར་ལེན་བཅས་འཆིང་མི་འགྱུར། །ཉེ་བར་ལེན་མེད་མི་འཆིང་སྟེ། །གནས་སྐབས་གང་ཞིག་འཆིང་བར་འགྱུར། །གལ་ཏེ་འདོད་ཆགས་ལ་སོགས་པས་ཉེ་བར་ལེན་པ་འཆིང་བ་ཡིན་ན། ཉེ་བར་ལེན་པ་དང་བཅས་པའམ། ཉེ་བར་ལེན་པ་མེད་པ་ཞིག་འཆིང་གྲང་། རེ་ཞིག་ཉེ་བར་ལེན་པ་དང་བཅས་པ་འཆིང་བར་མི་འགྱུར་ཏེ། ཉེ་བར་ལེན་པ་དང་བཅས་པ་ནི་བཅིངས་པར་གྱུར་པ་ཡིན་ལ། དེ་ཡང་འཆིང་བ་དང་འབྲེལ་བ་དགོས་པ་མེད་པའི་ཕྱིར་རོ། །ཉེ་བར་ལེན་པ་མེད་པ་ཉེ་བར་ལེན་པ་དང་བྲལ་བ་ཡང་མི་འཆིང་སྟེ། འཆིང་བ་དང་བྲལ་བའི་ཕྱིར་དང་། ཉེར་ལེན་མེད་པ་འཆིང་བ་དང་བྲལ་བ་འཆིང་ངོ་ཞེས་བྱ་བ་ཡང་ཕན་ཚུན་འགལ་བའི་ཕྱིར་རོ། །དེ་ལྟར་རྣམ་པར་བརྟག་པ་ན། ཉེར་ལེན་དང་བཅས་པ་དང་། ཉེར་ལེན་མེད་པ་གང་ཡང་འཆིང་བ་མི་འཐད་པ་ནི་དེ་གཉིས་ལས་གཞན་པའི་གནས་སྐབས་གང་ཞིག་འཆིང་བར་འགྱུར། གཞན་འགའ་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་བཅིང་བྱའི་སྔ་རོལ་ན ། །འཆིང་བ་ཡོད་ན་འཆིང་ལ་རག །དེ་ཡང་མེད་དེ། འདི་ན་འཆིང་བ་ལྕགས་སྒྲོག་ལ་སོགས་པ་བཅིང་བྱའི་སྔར་གྲུབ་པར་གྱུར་པས་བཅིང་བྱ་ལྷས་བྱིན་འཆིང་བར་མཐོང་བ་བཞིན་དུ་གལ་ཏེ་བཅིང་བྱ་འདུ་བྱེད་རྣམས་སམ་གང་ཟག་གི་སྔ་རོལ་དུ་འཆིང་བ་འདོད་ཆགས་ལ་སོགས་པ་ཡོད་པ་སྔར་གྲུབ་པ་དེས་འདུ་བྱེད་རྣམས་སམ་གང་ཟག་འཆིང་ལ་རག་ན་དེ་ཡང་མེད་དེ། རྟེན་མེད་པས་སྔར་འདོད་ཆགས་ལ་སོགས་པ་མ་གྲུབ་པའི་ཕྱིར་དང་། སྔར་འཆིང་བ་གྲུབ་པ་ལ་ཕྱིས་བཅིང་བྱ་དང་ལྷན་ཅིག་འབྲེལ་བ་དགོས་པ་མེད་པའི་ཕྱིར་དང་། འཆིང་བ་ལས་ཐ་དད་པར་གྲུབ་པའི་བཅིངས་པ་ལ་ཡང་འཆིང་བ་དགོས་པ་མེད་པའི་ཕྱིར་རོ། །ལྷག་མ་ནི། སོང་དང་མ་སོང་འགོམ་པས་བསྟན། །འདིར་སུན་འབྱིན་པ་འཕྲོར་གྱུར་པ་ལྷག་མ་ནི་ཚིགས་སུ་བཅད་པ་འདོན་པ་གོ་བསྣོར་ཏེ་སོང་དང་མ་སོང་འགོམ་པས་བསྟན་པར་རིག་པར་བྱ་སྟེ། རེ་ཤིག་བཅིངས་པ་མི་བཅིང་སྟེ། །མ་བཅིངས་པ་ཡང་བཅིང་མི་འགྱུར། །བཅིངས་དང་མ་བཅིངས་མ་གཏོགས་པ། །འཆིང་བཞིན་ཤེས་པར་མི་བྱའོ། །ཞེས་སོགས་སྦྱར་བར་བྱའོ། །གཉིས་པ་ནི། གལ་ཏེ་ཁྱོད་ཀྱིས་འཆིང་བ་བཀག་མོད། དེ་ལྟ་ན་ཡང་དེ་བཞིན་གཤེགས་པ་རྣམས་ཀྱིས་སེམས་ཅན་རྣམས་ལ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་གསུམ་གང་གི་དོན་དུ་བསྟན་པའི་ཐར་པ་དེ་ནི་ཡོད་ལ། མ་བཅིངས་པ་ལ་ཡང་ཐར་པ་མེད་དེ། དེའི་ཕྱིར་བཅིངས་པ་ཡང་ཡོད་ཞེ་ན། འདིར་ཐར་པ་རྟོག་ན་བཅིངས་པའམ་མ་བཅིངས་པ་ཞིག་ལ་རྟོག་གྲང་། རེ་ཞིག་བཅིངས་པ་མི་གྲོལ་ཏེ། །མ་བཅིངས་པ་ཡང་གྲོལ་མི་འགྱུར། །བཅིངས་པ་གྲོལ་བཞིན་ཡིན་གྱུར་ན། །བཅིངས་དང་གྲོལ་བ་དུས་གཅིག་འགྱུར། །རེ་ཞིག་བཅིངས་པ་ནི་མི་གྲོལ་ཏེ། བཅིངས་པའི་ཕྱིར་རོ། །མ་བཅིངས་པ་ཡང་གྲོལ་བར་མི་འགྱུར་ཏེ། དེ་ནི་གྲོལ་བ་ཉིད་ཡིན་ན་དེ་ལ་ཡང་གྲོལ་བ་དང་འབྲེལ་བ་དགོས་པ་མེད་པའི་ཕྱིར་རོ། །གལ་ཏེ་མ་བཅིངས་པ་ལ་ཐར་པ་མི་སྲིད་པའི་ཕྱིར་བཅིངས་བཞིན་པ་ཉིད་གྲོལ་བཞིན་པ་ཡིན་པར་འགྱུར་རོ་སྙམ་ན། དེ་ལྟ་ན་བཅིངས་པ་ཡིན་པའི་ཕྱིར་དང་གྲོལ་བཞིན་པ་ཡིན་པའི་ཕྱིར་བཅིངས་པ་དང་གྲོལ་བ་དག་དུས་གཅིག་པར་འགྱུར་ན། དེ་ཡང་མི་རིགས་ཏེ། ཕན་ཚུན་འགལ་བའི་ཕྱིར་སྣང་བ་དང་མུན་པ་བཞིན། དེ་ལྟར་བཅིངས་པ་དང་མ་བཅིངས་པ་དག་ལ་ཐར་པ་མེད་ལ། ཐར་པ་མེད་པའི་ཕྱིར་བཅིངས་པ་ཡང་མེད་དོ། །

གསུམ་པ་ཐར་འདོད་སྤང་བྱར་བསྟན་པ་ནི། འདིར་ཁྱོད་ཀྱིས་འཁོར་བ་དང་མྱ་ངན་ལས་འདས་པ་ཡང་བཀག་ཅིང་། བཅིངས་པ་དང་ཐར་པ་དག་ཀྱང་བཀག་པས་འཁོར་བའི་འབྲོག་དགོན་པ་ཆེན་པོ་ལས་རྒལ་ནས་ཐར་པ་འདོད་པ་རྣམས་ཀྱིས་དགེ་བའི་ཆོས་ལ་འདུན་པ་ཆེན་པོས་བདག་ནམ་ལེན་པ་མེད་པར་མྱ་ངན་ལས་འདའ་བར་འགྱུར། མྱ་ངན་ལས་འདའ་བ་བདག་གིར་ནམ་ཞིག་ན་འགྱུར་སྙམ་པ་གང་ཡིན་པ་དོན་མེད་པར་འགྱུར་ཞིང་། དེ་ལྟར་དགེ་བའི་ཆོས་ལ་འདུན་པ་བསྐྱེད་པ་རྣམས་ཀྱིས་དགེ་བའི་བཤེས་གཉེན་བསྟེན་པ་དང་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པ་མྱ་ངན་ལས་འདས་པའི་དགོས་པ་ཅན་རྣམས་ཀྱང་དོན་མེད་པར་འགྱུར་རོ་ཞེས་ཟེར་རོ། །དེ་ལྟར་དངོས་པོ་རང་བཞིན་མེད་པ་སྒྱུ་མ་དང་འདྲ་བ་རྣམས་ལ་ང་དང་ངའི་ཞེས་ཀུན་ཏུ་སྤྱོད་པས་འཇིག་ཚོགས་སུ་ལྟ་བ་བསྐྱེད་པ་དེ་ཉིད་མྱ་ངན་ལས་འདས་པ་ཐོབ་པའི་གེགས་ཡིན་ཏེ། འདི་ལྟར། བདག་ནི་ལེན་མེད་མྱ་ངན་འདའ། །མྱང་འདས་བདག་གིར་འགྱུར་རོ་ཞེས། །དེ་ལྟར་གང་དག་འཛིན་དེ་ཡི། །ཉེར་ལེན་འཛིན་པ་ཆེན་པོ་ཡིན། །བདག་ནི་ལེན་པ་མེད་ཅིང་ལེན་པ་དང་བྲལ་བའི་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་རོ། །མྱ་ངན་ལས་འདས་པ་དེར་ཞུགས་ནས་བདག་གི་ཡིན་པར་འགྱུར་རོ་ཞེས་དེ་ལྟར་ཐར་པ་འདོད་པ་གང་དག་འཛིན་ཅིང་རློམ་པ་དེ་དག་ལ་ནི་བདག་དང་བདག་གི་བར་ལྟ་བའི་མཚན་ཉིད་ཅན་གྱི་འཇིག་ཚོགས་སུ་ལྟ་བ་ཉེ་བར་ལེན་པ་དེ་ཉིད་འཛིན་པ་ཆེན་པོ་ཡིན་ལ། རྣམ་པ་དེ་ལྟ་བུའི་འཛིན་པ་ཆེན་པོ་ལ་མངོན་པར་ཞེན་པ་དེ་སྲིད་དུ་ཞི་བ་ཡོད་པ་མ་ཡིན་ཏེ། འཛིན་པ་མ་ལུས་པ་སྤངས་པ་ཁོ་ན་ཐར་པ་ཐོབ་པའི་ཕྱིར་རོ། །ཇི་སྲིད་བདག་དང་བདག་གིར་འཛིན་པ་ལ་མངོན་པར་ཞེན་པ་དང་། མྱ་ངན་ལས་འདས་པ་ཡོད་དོ་ཞེས་སོགས་མངོན་པར་ཞེན་པ་དེ་སྲིད་དུ་ཐབས་མ་ཡིན་པས་མྱ་ངན་ལས་འདས་པ་དོན་དུ་གཉེར་བ་རྣམས་ཀྱི་རྩོམ་པ་ཐམས་ཅད་ངེས་པར་དོན་མེད་པར་འགྱུར་རོ། །དེའི་ཕྱིར་ཐར་པ་འདོད་པས་འདི་དག་ཐམས་ཅད་གཏང་བར་བྱའོ། །

བཞི་པ་འཁོར་འདས་སྤང་བླང་མེད་པར་བསྟན་པ་ནི། དེ་ཡང་མདོ་ལས། རིགས་ཀྱི་བུ་དེ་བཞིན་གཤེགས་པ་ནི་འཁོར་བ་སེལ་བར་མི་མཛད་ལ། མྱ་ངན་ལས་འདས་པ་སྒྲུབ་པར་ཡང་མི་མཛད་དེ། དེ་ཅིའི་ཕྱིར་ཞེ་ན། འདི་ལྟར་མཉམ་པ་ཉིད་ལ་འཁོར་བར་འགྱུར་བ་ཡང་མེད། མྱ་ངན་ལས་འདའ་བར་འགྱུར་བ་ཡང་མེད། ཀུན་ནས་ཉོན་མོངས་པར་འགྱུར་བ་ཡང་མེད། རྣམ་པར་བྱང་བར་འགྱུར་བ་ཡང་མེད་པའི་ཕྱིར་རོ་ཞེས་གསུངས་པ་དེ་དག་གྲུབ་པ་ཡིན་ནོ། །གང་ལ་མྱ་ངན་འདས་བསྐྱེད་མེད། །འཁོར་བ་བསལ་བའང་ཡོད་མིན་པ། །དེ་ལ་འཁོར་བ་ཅི་ཞིག་ཡིན། །མྱ་ངན་འདས་པའང་ཅི་ཞིག་བརྟག །དོན་དམ་པའི་བདེན་པ་གང་ལ་ཆོས་གང་ཡང་མ་དམིགས་པས་མྱ་ངན་ལས་འདས་པ་བསྐྱེད་པ་སྟེ་སྒྲོ་བཏགས་པ་མེད་ཅིང་། འཁོར་བ་བསལ་བ་སྟེ་ཡོངས་སུ་ཟད་པ་ཡང་ཡོད་པ་མ་ཡིན་པ་དེ་ལ་གང་ཟད་པར་བྱ་བའི་ཕྱིར་བརྟགས་པ་འཁོར་བ་ཅི་ཞིག་ཡིན། གང་ཐོབ་པར་བྱ་བའི་ཕྱིར་བརྟགས་པ་མྱ་ངན་ལས་འདས་པའང་ཅི་ཞིག་བརྟག་སྟེ་ཅུང་ཟད་ཀྱང་བརྟག་པར་མི་རིགས་སོ། །འཁོར་འདས་གང་དུ་ཡང་མི་རྟོག་པ་ནི་འཁོར་བའི་འབྲོག་དགོན་པ་ལས་འདའ་ཞིང་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་ཡང་ཕྱིན་པར་གྱུར་ཏོ། །དེ་ཉིད་ཀྱི་ཕྱིར། འཕགས་པ་བདུད་བཏུལ་བའི་མདོ་ལས། དེ་ནས་དེའི་ཚེ་འཇམ་དཔལ་གཞོན་ནུར་གྱུར་པས་ཇི་ལྟར་བདུད་སྡིག་ཅན་སྒོ་མོའི་ཐེམ་པའི་འཆིང་བས་བཅིངས་པ་ལྟར། སའི་སྟེང་དུ་འགྱེལ་ནས་ང་ནི་འཆིང་བ་དམ་པོས་བཅིངས་སོ། །ང་ནི་འཆིང་བ་དམ་པོས་བཅིངས་སོ་ཞེས་ཆོ་ངེས་འདེབས་པར་འགྱུར་བ་དེ་ལྟ་བུའི་གཟུགས་སུ་བསམས་སོ། །ཞེས་པ་ནས། སྡིག་ཅན་གང་ཞིག་བཏང་བས་ཁྱོད་སུས་བཅིངས། སྨྲས་པ། འཇམ་དཔལ་བདག་སུས་བཅིངས་པ་མི་ཤེས་སོ། །སྨྲས་པ། སྡིག་ཅན་ཇི་ལྟར་ཁྱོད་མ་བཅིངས་པ་ལ་བཅིངས་པར་འདུ་ཤེས་པ་དེ་བཞིན་དུ་བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་མི་རྟག་པ་ལ་རྟག་པར་འདུ་ཤེས། ཞེས་པ་ནས། གཞན་ཡང་སྡིག་ཅན་གང་ཁྱོད་གྲོལ་བར་འགྱུར་ན་གང་ལས་གྲོལ་བར་འགྱུར། སྨྲས་པ། བདག་ནི་གང་ལས་ཀྱང་གྲོལ་བར་མི་འགྱུར་རོ། །སྨྲས་པ། སྡིག་ཅན་གང་དག་གྲོལ་བར་གྱུར་པ་དེ་དག་ཀྱང་ཡང་དག་པ་མ་ཡིན་པའི་འདུ་ཤེས་གང་ཡིན་པ་དེ་ཡོངས་སུ་ཤེས་པ་མ་གཏོགས་པ་གང་ལས་ཀྱང་གྲོལ་བར་འགྱུར་བ་མེད་དེ། དེ་ཡོངས་སུ་ཤེས་ན་གྲོལ་བ་ཞེས་བྱའོ་ཞེས་གསུངས་པ་ལྟ་བུའོ། །ལུང་འདི་ལས་ན། ཡང་དག་པ་མ་ཡིན་པའི་ཕྱིར་ཅི་ལོག་ཏུ་རྟོག་པ་ཙམ་གྱི་འཆིང་བའི་འཁྲི་ཤིང་རྣམ་པར་ཆད་པ་ལ་ཐར་པ་མྱ་ངན་ལས་འདས་པ་ཞེས་བྱ་སྟེ། རྨི་ལམ་དུ་དམིགས་པའི་མེ་འབར་བ་ཆུ་དག་གིས་བསད་པ་བཞིན་ནོ། །དབུ་མ་རྩ་བའི་ཤེས་རབ་ལས་བཅིངས་པ་དང་ཐར་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་དྲུག་པའི་འགྲེལ་པའོ།། །།

ལེའུ་བཅུ་བདུན་པའི་རྣམ་བཤད།

བཅུ་བདུན་པ་ལས་བརྟག་པ་ལ། ཕྱོགས་སྔ་མ་འགོད་པ་དང་། དེ་དགག་པ་གཉིས་ཀྱི། དང་པོ་ནི། འདིར་སྨྲས་པ། འཁོར་བ་ཡོད་དེ། ལས་དང་འབྲས་བུའི་འབྲེལ་བའི་རྟེན་ཡིན་པའི་ཕྱིར། གལ་ཏེ་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་མཚན་ཉིད་ཀྱི་འཁོར་བ་ཡོད་ན། ཚེ་འདིར་བྱས་པའི་ལས་ཚེ་རབས་གཞན་དུ་རྣམ་པར་སྨིན་པའི་འབྲས་བུ་དང་འབྲེལ་བར་རིགས་ཀྱི། ཇི་སྐད་བཤད་པའི་འཁོར་བ་མེད་ན་སེམས་ནི་སྐྱེ་མ་ཐག་ཏུ་འཇིག་པའི་ཕྱིར་དང་། ལས་འཕེན་པའི་དུས་ན་རྣམ་སྨིན་མེད་པའི་ཕྱིར་ལས་དང་འབྲས་བུ་འབྲེལ་བ་མེད་པར་འགྱུར་རོ། །ལས་དེ་དག་ཀྱང་གང་ཡིན་ཞིང་དེའི་འབྲས་བུ་ཡང་གང་ཡིན་ཞེ་ན། འདི་ལ་ལས་ཀྱི་ངོ་བོ། དབྱེ་བ། རྩོད་པ་སྤང་བ་དང་གསུམ་གྱི། དང་པོ་ནི། བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་དེ་ནི་འདི་གཞན་དུ། །འབྲས་བུ་དག་གི་ས་བོན་ཡིན། །བདག་ཉིད་ལེགས་པར་སྡོམ་པ་སྲོག་གཅོད་པ་ལ་སོགས་པའི་འཇུག་པ་ལས་བཟློག་པའི་སེམས་དང་། བསྡུ་བའི་དངོས་པོ་བཞི་དང་འཇིགས་པ་ལས་སྐྱོབ་པ་ལ་སོགས་པའི་སྒོ་ནས་གཞན་ལ་ཕན་འདོགས་པའི་སེམས་དང་། མཛའ་བཤེས་ལས་བྱུང་ཞིང་སེམས་ཅན་རྣམས་དང་འགལ་བ་མེད་པ་བྱམས་པའི་སེམས་ཏེ་སེམས་གསུམ་པོ་དེ་ནི་ངན་འགྲོར་འགྲོ་བ་ལས་འཛིན་པར་བྱེད་པས་ཆོས་ཞེས་བྱའོ། །ཆོས་ཀྱི་སྒྲ་ནི་གསུང་རབ་ལས་གསུམ་དུ་གྲགས་ཏེ། རང་གི་མཚན་ཉིད་འཛིན་པའི་དོན་དང་། འགྲོ་བ་ངན་འགྲོ་ལས་འཛིན་པའི་དོན་དང་། འགྲོ་བ་ལྔའི་འཁོར་བ་ལས་འཛིན་པའི་དོན་གྱིས་སོ། །འདིར་ནི་བར་མ་གཟུང་ངོ་། །ཆོས་མ་ཡིན་པ་ནི་དེ་ལས་བཟློག་སྟེ་ཤེས་པར་བྱའོ། །དེ་ལྟར་སེམས་རྣམ་པ་གསུམ་པོ་དེ་ནི་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་འོང་བ་དག་གི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པའི་ས་བོན་ཡིན་ནོ། །དུས་གང་གི་ཚེ་འབྲས་བུ་སྒྲུབ་པར་བྱེད་ཅེ་ན། ལས་བྱས་པའི་མཐོང་ཆོས་འདི་ལས་ཚེ་རབས་གཞན་དུ་འབྲས་བུ་སྒྲུབ་པར་བྱེད་དོ། །གཉིས་པ་དབྱེ་བ་ལ། ངོ་བོའི་དབྱེ་བ་དང་། རྣམ་པའི་དབྱེ་བ་གཉིས་ཀྱི་དང་པོ་ནི། དྲང་སྲོང་མཆོག་གི་ལས་རྣམས་ནི། །སེམས་པ་དང་ནི་བསམ་པར་གསུངས། །དོན་དམ་པ་ཐུགས་སུ་ཆུད་པས་ན་དྲང་སྲོང་། ཉན་ཐོས་དང་རང་སངས་རྒྱས་རྣམས་ལས་ཕུལ་དུ་བྱུང་བས་ན་མཆོག་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་མདོ་ལས། ལས་རྣམས་ནི་དགེ་མི་དགེའི་ལུས་ངག་གི་ལས་ཀུན་ནས་སློང་བར་བྱེད་པ་སེམས་པའི་ལས་དང་། དེས་ཀུན་ནས་བསླང་པའི་ལུས་ངག་གི་རྣམ་པར་རིག་བྱེད་དང་། རིག་བྱེད་མ་ཡིན་པའི་རང་བཞིན་བསམ་པའི་ལས་གཉིས་སུ་གསུངས་སོ། །ལས་གཉིས་པོ་དང་པོ་ནི། སེམས་མངོན་པར་འདུ་བྱེད་པ་ཡིད་ཀྱི་ལས་ཏེ། དབྱེ་ན་འདོད་པའི་བདེ་འགྲོའི་རྒྱུ་བསོད་ནམས་དང་། ངན་འགྲོའི་རྒྱུ་བསོད་ནམས་མ་ཡིན་པ་དང་། ཁམས་གོང་མའི་རྒྱུ་མི་གཡོ་བའི་ལས་སོ། །གཉིས་པ་ལ་ལུས་ངག་ཡིད་གསུམ་གྱི་ལས་ཏེ་མི་དགེ་བ་བཅུ་དང་། ཟག་བཅས་ཀྱི་དགེ་བ་བཅུའོ། །དེ་ཡང་ཇི་ལྟ་བུ་ཞེ་ན། དེ་ལ་ལས་གང་སེམས་པ་ཞེས། །གསུངས་པ་དེ་ནི་ཡིད་ཀྱི་འདོད། །བསམ་པ་ཞེས་ནི་གང་གསུངས་པ། །དེ་ནི་ལུས་དང་ངག་གིར་འདོད། །ལས་གཉིས་གསུངས་པ་དེ་ལ་སེམས་པའི་ལས་ཞེས་གང་གསུངས་པ་དེ་ནི། ལུས་ངག་གི་འཇུག་པ་ལ་ལྟོས་པ་མེད་པར་ཡིད་ཀྱི་སྒོ་ནས་དེ་མཐར་ཐུག་པར་འགྲོ་བའི་ཕྱིར་ཡིད་ཀྱི་རྣམ་ཤེས་དང་མཚུངས་པར་ལྡན་པའི་སེམས་བྱུང་སེམས་པ་དགེ་མི་དགེའི་ལས་ཀུན་ནས་སློང་བར་བྱེད་པ་ཡིད་ཀྱི་ལས་ཞེས་བྱ་བར་འདོད་དོ། །བསམ་པའི་ལས་ཞེས་གང་གསུངས་པ་དེ་ནི་ལུས་དང་ངག་ལ་ཡོད་པའི་ཕྱིར་དང་། དེ་དག་གི་སྒོ་ནས་མཐར་ཐུག་པར་འགྲོ་བའི་ཕྱིར་ལུས་དང་ངག་གི་ལས་ཡིན་པར་འདོད་དོ། །ལུས་དང་ངག་གིས་དེ་ལྟ་དེ་ལྟར་འཇུག་པར་བྱའོ་ཞེས་སེམས་ཀྱིས་བསམས་ནས་གང་ཞིག་བྱེད་པ་དེ་ནི་བསམ་པའི་ལས་ཞེས་བྱའོ། །དེ་ལྟར་ན་ལུས་དང་ངག་དང་ཡིད་ཀྱི་ལས་རྣམ་པ་གསུམ་དུ་འགྱུར་རོ། །གཉིས་པ་ནི། ལས་དེ་དག་གི་བྱེ་བྲག་ནི། །རྣམ་པ་དུ་མར་ཡོངས་སུ་བསྒྲགས། །ལས་གསུམ་པོ་དེ་དག་གི་བྱེ་བྲག་ནི་རྣམ་པ་དུ་མར་བཅོམ་ལྡན་འདས་ཀྱིས་ཡོངས་སུ་བསྒྲགས་སོ། །ཇི་ལྟར་ཞེ་ན། ངག་དང་བསྐྱོད་དང་མི་སྤོང་བའི། །རྣམ་རིག་བྱེད་མིན་ཞེས་བྱ་གང་། །སྤོང་བའི་རྣམ་རིག་བྱེད་མིན་པ། །གཞན་དག་ཀྱང་ནི་དེ་བཞིན་འདོད། །ལོངས་སྤྱོད་ལས་བྱུང་བསོད་ནམས་དང་། །བསོད་ནམས་མ་ཡིན་ཚུལ་དེ་བཞིན། །སེམས་པ་དང་ནི་ཆོས་དེ་བདུན། །ལས་སུ་མངོན་པར་འདོད་པ་ཡིན། །དགེ་བ་དང་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བར་བྱེད་པའི་ངག་གི་རྣམ་པར་རིག་བྱེད་དང་། དེ་བཞིན་དུ་དགེ་བ་དང་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་ཀུན་ནས་སློང་བའི་བསྐྱོད་པ་ལུས་ཀྱི་རྣམ་པར་རིག་བྱེད་དང་། དེང་ནས་བཟུང་སྟེ་བདག་གིས་སེམས་ཅན་བསད་ཅིང་ཆོམ་རྐུན་བྱས་པས་འཚོ་བར་བྱའོ་ཞེས་སྡིག་པའི་ལས་ཁས་བླངས་པའི་དུས་ནས་བཟུང་སྟེ་དེ་མི་བྱེད་པའི་དུས་ན་ཡང་རྟག་པར་རྒྱུན་མི་ཆད་པར་མི་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བར་འགྱུར་བ་མི་སྤོང་བ་སྟེ་མ་ཡིན་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། དེང་ནས་བཟུང་སྟེ་སྲོག་གཅོད་པ་ལ་སོགས་པ་སྤོང་ངོ་ཞེས་ཁས་བླངས་པའི་དུས་ནས་བཟུང་སྟེ་དུས་ཕྱིས་མྱོས་པ་ལ་སོགས་པའི་གནས་སྐབས་ན་ཡང་དགེ་བའི་རྣམ་པར་རིག་བྱེད་མ་ཡིན་པ་སྐྱེ་བ་གང་ཡིན་པ་སྤོང་བ་སྡོམ་པའི་རང་བཞིན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་། དགེ་འདུན་གྱི་ཆེད་དུ་གཙུག་ལག་ཁང་རྩིག་པ་དང་། དེར་གནས་མལ་དང་། ཁ་ཟས་ནར་མ་འབུལ་བ་ལ་སོགས་པ་དེ་དག་ཇི་ལྟ་ཇི་ལྟར་དགེ་འདུན་གྱིས་ལོངས་སྤྱོད་པ་དེ་ལྟ་དེ་ལྟར་བྱེད་པ་པོའི་རྒྱུད་ལ་བསོད་ནམས་འཕེལ་བར་འགྱུར་བ་ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་ཀྱི་རྣམ་པར་རིག་བྱེད་མ་ཡིན་པ་དང་། གང་དུ་སྲོག་ཆགས་དག་བསོད་པའི་ལྷ་ཁང་ལ་སོགས་པ་རྩིག་པ་ལྟ་བུ་ཇི་ལྟ་ཇི་ལྟར་སྲོག་ཆགས་དག་གསོད་པ་དེ་ལྟ་དེ་ལྟར་བྱེད་པ་པོའི་རྒྱུད་ལ་བསོད་ནམས་མ་ཡིན་པ་སྐྱེ་བར་འགྱུར་བ་ལོངས་སྤྱོད་ལས་བྱུང་བའི་བསོད་ནམས་མ་ཡིན་པའི་རྣམ་པར་རིག་བྱེད་མ་ཡིན་པ་དང་། ཡིད་ཀྱི་ལས་ཀྱི་མཚན་ཉིད་ཅན་སེམས་མངོན་པར་འདུ་བྱེད་པ་སེམས་པ་དང་ཆོས་དེ་བདུན་པོ་ནི་ལས་ཀྱི་མཚན་ཉིད་ཅན་དུ་མངོན་པར་འདོད་པ་ཡིན་ནོ། །དེ་ལ་དང་པོ་དྲུག་ནི་བསམ་པའི་ལས་ཡིན་ལ། ཕྱི་མ་རྣམས་སེམས་པའི་ལས་སོ། །

ཅིའི་ཕྱིར་རྣམ་པར་རིག་བྱེད་ཅེས་བྱ་ཞེ་ན། རང་ཀུན་སློང་གི་སེམས་རིག་པར་བྱེད་པས་ན་རྣམ་པར་རིག་བྱེད་དོ། །ཅིའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་ཞེ་ན། གཟུགས་དང་བྱ་བའི་རང་བཞིན་ཡིན་ཡང་རྣམ་པར་རིག་བྱེད་བཞིན་དུ་རང་ཀུན་སློང་གི་སེམས་གཞན་ལ་རྣམ་པར་རིག་པར་མི་བྱེད་པས་ན་རྣམ་པར་རིག་བྱེད་མ་ཡིན་པའོ། །གཉིས་པ་རྩོད་པ་སྤང་བ་ལ། རྩོད་པ་དགོད་པ་དང་། ལན་བསྟན་པ་གཉིས་ཀྱི། དང་པོ་ནི། འདི་ལ་ཁ་ཅིག་རྒོལ་བ་ནི། ལས་རྣམ་པ་མང་པོ་བཤད་པ་དེ་ལ། ཅི་ལས་དེ་དག་རྣམ་པར་སྨིན་པའི་དུས་ཀྱི་བར་དུ་རང་གི་ངོ་བོ་གནས་པ་ཞིག་གམ། འོན་ཏེ་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་མི་གནས་པ་ཞིག་ཡིན་གྲང་། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་དེ་རྟག་པར་འགྱུར། །གལ་ཏེ་འགགས་ན་འགགས་འགྱུར་བས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་ལས་སྐྱེས་ནས་རྣམ་པར་སྨིན་པའི་བར་དུ་རང་གི་ངོ་བོས་གནས་ན་དུས་དེའི་བར་དུ་ལས་དེ་རྟག་པར་འགྱུར་ཏེ། འཇིག་པ་དང་བྲལ་བའི་ཕྱིར་རོ། །ཕྱིས་འཇིག་པའི་ཕྱིར་རྟག་པར་མི་འགྱུར་རོ་ཞེ་ན། དེ་ཡང་མ་ཡིན་ཏེ། སྔར་འཇིག་པ་དང་བྲལ་བ་ནི་ནམ་མཁའ་བཞིན་དུ་ཕྱིས་ཀྱང་འཇིག་པ་དང་འབྲེལ་བ་མེད་པའི་ཕྱིར་རོ། །གལ་ཏེ་སྐྱེས་མ་ཐག་ཏུ་འཇིག་པས་འགག་པར་ཁས་ལེན་ན། འགགས་པར་གྱུར་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་ཇི་ལྟར་འབྲས་བུ་བསྐྱེད་པར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ་ཞེ་ན། གཉིས་པ་དེའི་ལན་བསྟན་པ་ལ་མི་འཐད་པའི་ཕྱོགས་དགག འཐད་པའི་ཕྱོགས་དགོད་པ་གཉིས་ཀྱི། དང་པོ་ལ་ཕྱོགས་སྔ་མ་དགོད་པ་ནི། འདི་ལ་སྡེ་པ་ཁ་ཅིག་ལན་འདེབས་པ་ནི། རེ་ཤིག་ཁོ་བོ་ཅག་ལ་ལས་རྟག་པའི་ཉེས་པར་མི་འགྱུར་ཏེ། སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར། །གལ་ཏེ་འགགས་ན་འགགས་གྱུར་པས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །ཅེས་པའི་སྐྱོན་ཡང་མེད་དེ། མྱུ་གུ་ལ་སོགས་རྒྱུན་གང་ནི། །ས་བོན་ལས་ནི་མངོན་པར་འབྱུང་། །དེ་ལས་འབྲས་བུ་ས་བོན་ནི། །མེད་ན་དེ་ཡང་འབྱུང་མི་འགྱུར། །འདིར་ས་བོན་སྐད་ཅིག་མ་ཡིན་ཡང་མྱུ་གུ་དང་སྡོང་བུ་དང་། སྦུབས་འཆོས་པ་དང་། ལོ་མ་ལ་སོགས་པའི་རྒྱུན་འབྱུང་བར་འགྱུར་བའི་རྒྱུ་ནི་དངོས་པོར་གྱུར་ནས་འགག་པ་ཡིན་ལ། མྱུ་གུ་ལ་སོགས་པའི་རྒྱུན་གང་ས་བོན་ལས་མངོན་པར་འབྱུང་བ་དེ་ལས་ནི་རྒྱུ་ཆུང་ངུ་ཡིན་དུ་ཟིན་ཀྱང་རིམ་གྱིས་ལྷན་ཅིག་བྱེད་རྐྱེན་མ་ཚང་བ་མེད་པས་འབྲས་བུའི་ཚོགས་རྒྱ་ཆེན་པོ་སྐྱེ་བར་འགྱུར་རོ། །ས་བོན་མེད་ན་མྱུ་གུ་ལ་སོགས་པའི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གལ་ཏེ་ས་བོན་མྱུ་གུ་ལ་སོགས་པའི་རྒྱུན་གྱི་རྐྱེན་དུ་མ་གྱུར་པར་འགགས་པར་གྱུར་ན། ཆད་པར་ཐལ་བར་འགྱུར་ན། གང་ཕྱིར་ས་བོན་ལས་རྒྱུན་དང་། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ས་བོན་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་མ་ཡིན། །གང་གི་ཕྱིར་ས་བོན་ལས་རྒྱུན་དང་རྒྱུན་ལས་འབྲས་བུ་འབྱུང་བ་དེའི་ཕྱིར་ས་བོན་རྒྱུན་ཆད་པ་ཡང་མ་ཡིན་ལ། གལ་ཏེ་ས་བོན་མི་འགག་ཅིང་མྱུ་གུ་ལ་སོགས་པའི་རྒྱུན་འབྱུང་ན་ས་བོན་རྟག་པར་འགྱུར་ན་ས་བོན་ནི་འབྲས་བུ་སྐྱེ་བའི་སྔོན་དུ་འགྲོ་ཞིང་འགག་པ་ཡིན་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན་ནོ། །ཇི་ལྟར་ས་བོན་ལ་ཚུལ་ཇི་ལྟར་སྨྲས་པ་དེ་བཞིན་དུ། སེམས་ཀྱི་རྒྱུན་ནི་གང་ཡིན་པ། །སེམས་ལས་མངོན་པར་འབྱུང་བར་འགྱུར། །དེ་ལས་འབྲས་བུ་སེམས་ལྟ་ཞིག ། མེད་ན་དེ་ཡང་འབྱུང་མི་འགྱུར། །སེམས་པ་དགེ་བ་དང་མཚུངས་པར་ལྡན་པའི་སེམས་ལས་དེའི་རྒྱུ་ཅན་གྱི་སེམས་ཀྱི་རྒྱུན་གང་ཡིན་པ་དེ་མངོན་པར་འབྱུང་བར་འགྱུར་ལ། སེམས་དགེ་བས་ཡོངས་སུ་བསྒོས་པའི་སེམས་ཀྱི་རྒྱུན་དེ་ལས་ལྷན་ཅིག་བྱེད་པའི་རྐྱེན་ཉེ་བ་ན་འབྲས་བུ་ཡིད་དུ་འོང་བ་སྐྱེ་བར་འགྱུར་རོ། །སེམས་ལྟ་ཞིག་མེད་ན་སེམས་ཀྱི་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་རོ། །གང་ཕྱིར་སེམས་ལས་རྒྱུན་དང་ནི། །རྒྱུན་ལས་འབྲས་བུ་འབྱུང་འགྱུར་ཞིང་། །ལས་ནི་འབྲས་བུའི་སྔོན་འགྲོ་བ། །དེ་ཕྱིར་ཆད་མིན་རྟག་པ་ཡིན། །གལ་ཏེ་དགྲ་བཅོམ་པ་ཐ་མའི་སེམས་ལྟར་དགེ་བའི་སེམས་ལས་རྒྱུན་གཅིག་ནས་གཅིག་ཏུ་རྒྱུད་པ་མི་འབྱུང་ཞིང་འགག་པར་འགྱུར་ན་ཆད་པར་འགྱུར་བ་ཞིག་ན། གང་གི་ཕྱིར་དགེ་བའི་སེམས་ལས་དེའི་རྒྱུ་ཅན་གྱི་སེམས་ཀྱི་རྒྱུན་འབྱུང་ཞིང་རྒྱུན་ལས་འབྲས་བུ་ཡིད་དུ་འོང་བ་འབྱུང་བར་འགྱུར་བ་དེའི་ཕྱིར་ཆད་པ་མིན་ཞིང་། གལ་ཏེ་སེམས་དེ་འབྲས་བུ་སྨིན་པའི་བར་དུ་མི་འཇིག་ན་རྟག་པར་འགྱུར་བ་ཞིག་ན། སེམས་དགེ་བའི་རང་བཞིན་གྱི་ལས་ནི། འབྲས་བུ་སྨིན་པའི་དུས་ཀྱི་སྔོན་དུ་འགྲོ་ཞིང་འཇིག་པ་དེའི་ཕྱིར་རྟག་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ལས་སྐད་ཅིག་མར་ཁས་བླངས་ཀྱང་རྟག་པ་དང་ཆད་པའི་ཉེས་པ་ཡོད་པ་མ་ཡིན་ནོ། །དཀར་པོ་ལས་ཀྱི་ལམ་བཅུ་པོ། །ཆོས་སྒྲུབ་པ་ཡི་ཐབས་ཡིན་ཏེ། །ཆོས་ཀྱི་འབྲས་བུ་འདི་གཞན་དུ། །འདོད་པའི་ཡོན་ཏན་རྣམ་ལྔའོ། །

ཇི་སྐད་བསྟན་པའི་ལས་ཀྱི་དབྱེ་བ་བཤད་པ་འདིར་དགེ་བ་བཅུའི་ལས་ཀྱི་ལམ་ཡང་བཤད་པ་ཡིན་ཏེ། ལུས་ཀྱི་གསུམ་དང་ངག་གི་བཞི། །ངག་དང་བསྐྱོད་དང་མི་སྤོང་བའོ། །རྣམ་རིག་བྱེད་མིན་ཞེས་བྱ་གང་། །ཞེས་སོགས་བཤད། ཡིད་ཀྱི་གསུམ་པོ་ནི། སེམས་པ་དང་ནི། ཞེས་པས་བཤད་པ་ཡིན་ནོ། །དེ་ལྟར་དཀར་པོ་དགེ་བའི་ལས་ཀྱི་ལམ་བཅུ་པོ་དེ་དག་ཀྱང་། བདག་ཉིད་ལེགས་པར་སྡོམ་པ་དང་། །གཞན་ལ་ཕན་འདོགས་བྱམས་སེམས་གང་། །དེ་ཆོས་ཞེས་པའི་མཚན་ཉིད་ཅན་གྱི་ཆོས་སྒྲུབ་པའི་ཐབས་སམ་རྒྱུ་ཡིན་ལ། ཆོས་དེའི་རྣམ་སྨིན་གྱི་འབྲས་བུ་ནི། ཚེ་འདི་ལ་༼དཔྱད།༽ ཚེ་རབས་གཞན་དུ་གཟུགས་དང་སྒྲ་དང་དྲི་དང་རོ་དང་རེག་བྱ་སྟེ་འདོད་པའི་ཡོན་ཏན་རྣམ་པ་ལྔ་པོ་ལོངས་སྤྱོད་པ་ཡིན་ནོ། །གཉིས་པ་དེ་དག་དགག་པ་ནི། དེ་ལྟར་ཁ་ཅིག་གིས་བརྩད་པའི་ལན་བཏབ་པ་ན། གཞན་དག་གིས་དེ་ལ་སྐྱོན་བརྗོད་པ་ནི། གལ་ཏེ་བརྟག་པ་དེར་གྱུར་ན། །ཉེས་པ་ཆེན་པོ་མང་པོར་འགྱུར། །གལ་ཏེ་ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་སྒོ་ནས་སེམས་ཀྱི་རྒྱུན་ལ་རྟག་པ་དང་ཆད་པའི་ཉེས་པ་སྤོང་བའི་བརྟག་པ་དེར་གྱུར་ན། དེའི་ཚེ་གཞན་གྱི་ཕྱོགས་ལ་མཐོང་བ་དང་མ་མཐོང་བ་དང་འགལ་བའི་ཉེས་པ་ཆེན་པོ་དང་གྲངས་ཤིན་ཏུ་མང་པོ་ཉིད་དུ་འགྱུར་རོ། །ཇི་ལྟར་ཞེ་ན། གལ་ཏེ་ས་བོན་གྱི་རྒྱུན་དང་ཆོས་མཐུན་ན་ཇི་ལྟར་སཱ་ལུའི་ས་བོན་ལས་སཱ་ལུའི་མྱུ་གུ་ལ་སོགས་པའི་རིགས་མཐུན་པའི་རྒྱུན་ཁོ་ན་འབྱུང་གི་རིགས་མི་མཐུན་པ་མི་འབྱུང་བ་དང་། སཱ་ལུའི་མྱུ་གུ་ལ་སོགས་པའི་རྒྱུན་ལས་ཀྱང་སཱ་ལུའི་འབྲས་བུ་ཁོ་ན་འབྱུང་གི་རིགས་མི་མཐུན་པ་ནིམ་པའི་འབྲས་བུ་སོགས་མི་འབྱུང་བ་ལྟར་དགེ་བའི་སེམས་ལས་ཀྱང་དགེ་བའི་སེམས་ཀྱི་རྒྱུན་ཁོ་ན་འབྱུང་གི་མི་དགེ་བ་ལ་སོགས་པ་རིགས་མི་མཐུན་པའི་སེམས་མི་འབྱུང་བ་དང་། དེ་བཞིན་དུ་མི་དགེ་བ་དང་ལུང་མ་བསྟན་གྱི་སེམས་ལ་ཡང་རིགས་མཐུན་པ་ཁོ་ན་འབྱུང་གི་རིགས་མི་མཐུན་པ་མི་འབྱུང་བར་འགྱུར་ཞིང་། འདོད་པ་ལ་སོགས་པ་ཁམས་གསུམ་གྱི་སེམས་ལ་ཡང་རིགས་མཐུན་པ་ཁོ་ན་འབྱུང་བར་འགྱུར་གྱི་རིགས་མི་མཐུན་པ་མི་འབྱུང་བ་དང་། མིའི་སེམས་ལས་ཀྱང་མིའི་སེམས་ཁོ་ན་འབྱུང་བར་འགྱུར་གྱི་འགྲོ་བ་གཞན་གྱི་སེམས་མི་འབྱུང་བ་སོགས་སུ་འགྱུར་ལ། དེ་ལྟ་ན་གང་ཞིག་མི་ཡིན་པ་དེ་མི་ཁོ་ནར་འགྱུར་ཞིང་། གང་ཞིག་ལྷ་ཡིན་པ་དེ་ལྷ་ཁོ་ནར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །དེ་ལྟ་བས་ན་བརྟག་པ་དེ། །འདིར་ནི་འཐད་པ་མ་ཡིན་ནོ། །གང་གི་ཕྱིར་ས་བོན་གྱི་རྒྱུན་དང་ཆོས་མཐུན་ན་ཉེས་པ་ཆེན་པོ་མང་པོར་འགྱུར་བ་དེ་ལྟ་བས་ན་ས་བོན་དང་ཆོས་མཐུན་པའི་བརྟག་པ་དེ་ལས་འབྲས་ཀྱི་འབྲེལ་བ་སྟོན་པའི་སྐབས་འདིར་མི་འཐད་དོ། །

གཉིས་པ་འཐད་པའི་ཕྱོགས་འགོད་པ་ནི། སངས་རྒྱས་རྣམས་དང་རང་རྒྱལ་དང་། །ཉན་ཐོས་རྣམས་ཀྱིས་གང་གསུངས་པའི། །བརྟག་པ་གང་ཞིག་འདིར་འཐད་པ། །དེ་ནི་རབ་ཏུ་བརྗོད་པར་བྱ། །བརྟག་པ་དེ་ཡང་གང་ཞེ་ན། དཔང་རྒྱ་ཇི་ལྟ་དེ་བཞིན་ཆུད། །མི་ཟ་ལས་ནི་བུ་ལོན་བཞིན། །དེ་ནི་ཁམས་ལས་རྣམ་པ་བཞི། །དེ་ཡང་རང་བཞིན་ལུང་མ་བསྟན། །འདིར་ལས་ནི་སྐྱེས་མ་ཐག་ཏུ་འཇིག་པ་དེ་འགགས་པས་འབྲས་བུ་མེད་པར་མི་འགྱུར་ཏེ། གང་གི་ཚེ་ལས་སྐྱེས་པ་དེ་ཉིད་ཀྱི་ཚེ་བྱེད་པ་པོའི་རྒྱུད་ལ་ཆུད་མི་ཟ་བ་ཞེས་བྱ་བ་ལྡན་པ་མ་ཡིན་པའི་ཆོས་བུ་ལོན་གྱི་དཔང་རྒྱ་དང་འདྲ་བ་ཞིག་སྐྱེ་བར་འགྱུར་རོ། །དེ་ལྟར་ན་དཔང་རྒྱ་ཇི་ལྟ་བ་དེ་བཞིན་དུ་ཆུད་མི་ཟ་བ་རིག་པར་བྱ་ལ། གང་ལ་ཆུད་མི་ཟ་བ་སྐྱེས་པའི་ལས་ནི་བུ་ལོན་བཞིན་དུ་རིག་པར་བྱ་སྟེ། ཇི་ལྟར་བུ་ལོན་གྱི་དཔང་རྒྱ་བཞག་ནས་ནོར་སྤྱད་ཀྱང་ནོར་བདག་གི་ནོར་ཆུད་མི་ཟ་ཞིང་། དུས་གཞན་གྱི་ཚེ་སྐྱེད་དང་བཅས་པའི་ནོར་གྱི་ཕུང་པོ་འགུགས་པ་དེ་བཞིན་དུ་ལས་ཞིག་ཏུ་ཟིན་ཀྱང་ཆུད་མི་ཟ་བ་ཞེས་བྱ་བའི་ཆོས་གཞན་གནས་པས་བྱེད་པ་པོ་ལས་ཀྱི་འབྲས་བུ་དང་འབྲེལ་བར་འགྱུར་རོ། །ཡང་བུ་ལོན་གྱི་དཔང་རྒྱ་ནོར་བདག་ལ་ནོར་བཀུག་ནས་རོར་གྱུར་པ་ནི་ཡོད་དམ་མེད་ཀྱང་རུང་སླར་ནོར་འགུག་མི་ནུས་པ་བཞིན་དུ་ཆུད་མི་ཟ་བ་ཡང་རྣམ་པར་སྨིན་པ་ཕྱུང་ནས་ཡོད་དམ་མེད་ཀྱང་རུང་སྟེ། བྱེད་པ་པོ་རྣམ་སྨིན་དང་འབྲེལ་བར་བྱེད་མི་ནུས་སོ། །

ཇི་སྐད་བཤད་པའི་ཆུད་མི་ཟ་བ་དེ་ནི་འདོད་པ་དང་། གཟུགས་དང་། གཟུགས་མེད་པའི་ཁམས་དང་ཟག་པ་མེད་པའི་དབྱེ་བ་ལས་རྣམ་པ་བཞི་སྟེ། འདོད་པའི་ལས་ཀྱི་ཆུད་མི་ཟ་བ་ནི་འདོད་ཁམས་པ་ཡིན་ལ། ཟག་མེད་ཀྱི་ལས་ཀྱི་ཆུད་མི་ཟ་བ་ཡང་ཟག་མེད་ཡིན་ནོ་ཞེས་བྱ་བའི་བར་དུའོ། །དེ་ནི་དགེ་མི་དགེར་བརྡ་མི་སྤྲོད་པའི་ཕྱིར་རང་བཞིན་གྱིས་ལུང་དུ་མ་བསྟན་པ་ཡིན་ཏེ། གལ་ཏེ་མི་དགེ་བ་རྣམས་ཀྱི་མི་དགེ་བ་ཡིན་ན་འདོད་པ་ལས་འདོད་ཆགས་དང་བྲལ་བའི་བྱིས་པ་རྣམས་ལ་མི་དགེ་བའི་ཆུད་མི་ཟ་བ་མེད་པར་འགྱུར་ཞིང་། དགེ་བ་རྣམས་ཀྱི་དགེ་བ་ཡིན་ན་དགེ་བའི་རྩ་བ་ཆད་པ་རྣམས་ལ་དགེ་བའི་ཆུད་མི་ཟ་བ་མེད་པར་ཐལ་བའི་ཕྱིར་རོ། །གཞན་ཡང་། སྤོང་བས་སྤང་བ་མ་ཡིན་ཏེ། །བསྒོམས་པས་སྤངས་བ་ཉིད་ཀྱང་ཡིན། །འཕགས་པ་རྣམས་ཀྱང་སོ་སོའི་སྐྱེ་བོའི་ལས་དང་ལྡན་པར་འགྱུར་དུ་འོང་བས་མཐོང་ལམ་གྱིས་སོ་སོའི་སྐྱེ་བོའི་ལས་སྤོང་གི་སོ་སྐྱེའི་ལས་མཐོང་ལམ་གྱིས་སྤོང་བས་དེའི་ཆུད་མི་ཟ་སྤོང་བ་མ་ཡིན་ཏེ། འཕགས་པ་རྣམས་ཀྱིས་སོ་སྐྱེའི་ལས་ཀྱི་རྣམ་སྨིན་མི་མྱོང་བར་ཐལ་བའི་ཕྱིར་རོ། །འོན་ཀྱང་ཆུད་མི་ཟ་དེ་ནི་བསྒོམ་པས་སྤང་བ་ཉིད་ཀྱང་ཡིན་ནོ། །ཀྱང་ཞེས་པས་ཁམས་ལས་ཡང་དག་པར་འདའ་བས་ཀྱང་སྤང་བྱ་ཡིན་ནོ་ཞེས་པའི་དོན་ཏོ། །གང་གི་ཕྱིར་ལས་ཞིག་ཀྱང་མི་འཇིག་ཅིང་ལས་སྤངས་ཀྱང་མི་སྤོང་བ། དེ་ཕྱིར་ཆུད་མི་ཟ་བ་ཡི། །ལས་ཀྱི་འབྲས་བུ་བསྐྱེད་པར་བྱེད། །གལ་ཏེ་ཆུད་མི་ཟ་བ་འདི་སྤོང་བས་སྤང་བ་དང་། ལས་འཕོ་བས་འཇིག་པར་གྱུར་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་སྤོང་བས་སྤང་བ་དང་། །ལས་འཕོ་བ་ཡིས་འཇིག་འགྱུར་ན། །དེ་ལ་ལས་འཇིག་ལ་སོགས་པའི། །སྐྱོན་རྣམས་སུ་ནི་ཐལ་བར་འགྱུར། །གལ་ཏེ་མཐོང་ལམ་གྱིས་སོ་སོའི་སྐྱེ་བོའི་ལས་སྤོང་བས་དེའི་ཆུད་མི་ཟ་ཡང་སྤོང་བ་དང་ལས་གཞན་ལ་འཕོ་ཞིང་མངོན་དུ་ཕྱོགས་པ་ཡིས་ལས་སྔ་མའི་ཆུད་མི་ཟ་འཇིག་པར་འགྱུར་ན་ཕྱོགས་དེ་ལ་ལས་འཇིག་ཅིང་བྱས་པ་ཆུད་ཟོས་པ་དང་མ་བྱས་པའི་ལས་ལས་འབྲས་བུ་འབྱུང་བ་ལ་སོགས་སྐྱོན་རྣམས་སུ་ནི་ཐལ་བར་འགྱུར་རོ། །འདི་ལྟར་གལ་ཏེ་སོ་སོ་སྐྱེ་བོའི་ལས་བཞིན་དུ་མཐོང་ལམ་གྱིས་ཆུད་མི་ཟ་བ་སྤོང་ན་ལས་འཇིག་པའི་ཕྱིར་འཕགས་པ་རྣམས་ལ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ཡིད་དུ་འོང་བ་དང་མི་འོང་བ་མྱོང་བར་མི་འགྱུར་ཞིང་། གལ་ཏེ་མྱོང་ན་ཡང་མ་བྱས་པའི་ལས་ལ་འབྲས་བུ་འབྱུང་བར་འགྱུར་རོ། །དེ་བཞིན་དུ་ལས་འཕོ་བ་ལ་ཡང་སྦྱར་རོ། །ཁམས་མཚུངས་པ་ལས་ཆ་མཚུངས་དང་། །ཆ་མི་མཚུངས་པ་ཐམས་ཅད་ཀྱི། །དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པུ་ཁོ་ན་སྐྱེ་བར་འགྱུར། །འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་མཚུངས་པའི་ལས་རྣམས་ནི་དགེ་མི་དགེར་རིགས་མཐུན་པ་ཆ་མཚུངས་པ་དང་རིགས་མི་མཐུན་པ་ཆ་མི་མཚུངས་པ་ཐམས་ཅད་ཀྱི་ཆུད་མི་ཟ་བ་དེ་ནི་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་ཚེ་སྔར་ལས་ཇི་སྙེད་པའི་ཆུད་མི་ཟ་དེ་སྙེད་ཡོད་པ་ཀུན་བཤིག་ནས་ཐམས་ཅད་ལ་ཆུད་མི་ཟ་ག ཅིག་པོ་ཁོ་ན་སྐྱེ་བར་འགྱུར་རོ། །དེ་ཡང་ཁམས་མཚུངས་པ་རྣམས་ཀྱི་ཡིན་གྱི། མི་མཚུངས་པ་རྣམས་ཀྱི་མ་ཡིན་ནོ། །མཐོང་བའི་ཆོས་ལ་རྣམ་གཉིས་པོ། །ཐམས་ཅད་ལས་དང་ལས་ཀྱི་དེ། །ཐ་དད་པར་ནི་སྐྱེ་འགྱུར་ཞིང་། །རྣམ་པར་སྨིན་ཀྱང་གནས་པ་ཡིན། །མཐོང་བའི་ཆོས་ཚེ་འདི་ལ་ཟག་བཅས་དང་ཟག་མེད་ཀྱི་དབྱེ་བས་ཆུད་མི་ཟ་རྣམ་པ་གཉིས་པོ་ཐམས་ཅད་སེམས་པ་དང་བསམ་པའི་རང་བཞིན་གྱི་ལས་དང་ལས་ཀྱི་ཆུད་མི་ཟ་ལས་ཇི་སྙེད་པའི་ཐ་དད་པ་རེ་རེ་སྐྱེ་བར་འགྱུར་ཞིང་། ཆུད་མི་ཟ་དེ་ནི་རྣམ་པར་སྨིན་པ་ཕྱུང་ཟིན་ཀྱང་མི་འགག་པར་གནས་པ་ཡིན་ལ། ཡོད་དུ་ཟིན་ཀྱང་དཔང་རྒྱ་རོར་གྱུར་པ་དང་འདྲ་བར་རྣམ་སྨིན་འབྱིན་མི་ནུས་སོ། །དེ་ནི་འབྲས་བུ་འཕོ་བ་དང་། །ཤི་བར་འགྱུར་ན་འགག་པར་འགྱུར། །དེ་ཡི་རྣམ་དབྱེ་ཟག་མེད་དང་། །སྤྱིར་ཟག་བཅས་ཟག་མེད་ཅེས་པ་ཟག་པའི་སྒོ་དྲུག་དང་འབྲེལ་མ་འབྲེལ་དང་། འདོད་པ་སྲིད་པ་མ་རིག་པ་ལྟ་བའི་ཟག་པ་སྤངས་མ་སྤངས་དང་ཤེས་སྒྲིབ་སྤངས་མ་སྤངས་ཀྱིས་འཇོག་ལ། ཟག་པའི་སྒོ་དྲུག་ནི། ཀུན་ལས་བཏུས་སུ།༼མཆན་སྐྱུས་ཆད།༽ ཟག་དང་བཅས་པར་ཤེས་པར་བྱ། །ཆུད་མི་ཟ་དེ་ནི་འགག་པ་རྣམ་པ་གཉིས་སུ་ངེས་ཏེ། རྒྱུན་ཞུགས་ལ་སོགས་པའི་འབྲས་བུ་བཞི་པོ་སྔ་མ་ནས་ཕྱི་མར་འཕོ་བ་དང་ཤི་བར་གྱུར་པ་ན་འགག་པར་འགྱུར་རོ། །

འབྲས་བུ་འཕོ་བ་ན་འགག་པ་ནི། བསྒོམ་པས་སྤང་བ་ཉིད་ཀྱང་ཡིན་ཞེས་བཤད་པ་ལྟ་བུའོ། །ཤི་བ་ན་འགག་པ་ནི། དེ་ནི་ཉིང་མཚམས་སྦྱོར་བའི་ཚེ། །གཅིག་པོ་ཁོ་ན་སྐྱེ་བར་འགྱུར། །ཞེས་བཤད་པ་ལྟར་རོ། །ཆུད་མི་ཟ་དེ་ཡི་རྣམ་དབྱེ་ཟག་པ་མེད་པ་དང་ཟག་པ་དང་བཅས་པ་གཉིས་སུ་ཤེས་པར་བྱ་ཞིང་། ཆོས་ཟག་མེད་རྣམས་ཀྱི་ནི་ཟག་མེད་ཡིན་ལ། ཟག་བཅས་རྣམས་ཀྱི་ནི་ཟག་བཅས་ཡིན་ནོ། །དེ་ལྟར་ན། སྟོང་པ་ཉིད་དང་ཆད་མེད་དང་། །འཁོར་བ་དང་ནི་རྟག་མིན་དང་། །ལས་རྣམས་ཆུད་མི་ཟ་བའི་ཆོས། །སངས་རྒྱས་རྣམས་ཀྱིས་བསྟན་པ་ཡིན། །གང་གི་ཕྱིར་ལས་ནི་བྱས་ནས་འགག་གི་རང་བཞིན་གྱིས་མི་གནས་པའི་ཕྱིར་སྟོང་པ་ཉིད་དུ་འཐད་པ་ཡིན་ནོ། །

དེ་ལྟ་ན་ལས་མི་གནས་པས་ཆད་པར་ཐལ་བ་མེད་དེ། ཆུད་མི་ཟ་བའི་ཡོངས་སུ་བཟུང་བའི་ལས་ཀྱི་འབྲས་བུ་ཡོད་པའི་ཕྱིར་དང་། ཆུད་མི་ཟ་བའི་ཆོས་ཡོད་པའི་ཕྱིར་དང་། ས་བོན་གྱི་རྒྱུན་དང་ཆོས་མཐུན་པའི་ཉེས་པ་མེད་པའི་ཕྱིར་འགྲོ་བ་དང་རིགས་དང་སྐྱེ་གནས་དང་། ཁམས་སྣ་ཚོགས་པའི་དབྱེ་བས་ཕྱེ་བའི་འགྲོ་བ་ལྔའི་འཁོར་བ་བཀྲ་བ་ཡང་གྲུབ་པ་ཡིན་ནོ། །ལས་རང་གི་ངོ་བོས་མི་གནས་པའི་ཕྱིར་རྟག་པ་ཡང་མིན་ལ། ཆུད་མི་ཟ་ཡོད་པའི་ཕྱིར་ལས་རྣམས་ཆུད་མི་ཟ་བ་ཞེས་བྱ་བ་དེ་ལྟ་བུའི་ཆོས་འདི་མ་རིག་པའི་གཉིད་མ་ལུས་པ་དང་བྲལ་བས་སད་པར་གྱུར་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བསྟན་པ་ཡིན་ནོ། །དེའི་ཕྱིར། གལ་ཏེ་སྨིན་པའི་དུས་བར་དུ། །གནས་ན་ལས་ཏེ་རྟག་པར་འགྱུར། །ཞེས་སོགས་ཀྱི་ཉེས་པ་ཁོ་བོ་ཅག་གི་ཕྱོགས་ལ་མི་འབྱུང་ཞིང་། ཁོ་བོ་ཅག་གིས་བརྗོད་པའི་རྟག་པ་ཁོ་ན་རིགས་སོ་ཞེས་ཟེར་རོ། །

གཉིས་པ་དེ་དགག་པ་ལ་ལས་རང་བཞིན་མེད་པར་བསྟན། རང་བཞིན་མེད་པ་ལ་བྱ་བྱེད་རུང་བ་དཔེས་བསྟན་པ་དང་གཉིས་ཀྱི། དང་པོ་ལ་ལས་ཀྱི་ངོ་བོ་དགག རྒྱུ་དགག འབྲས་བུ་དགག རྣམ་སྨིན་ཟ་བ་པོ་དགག་པ་དང་བཞིའི། དང་པོ་ནི། ལས་ཉིད་ཀྱང་མི་འཐད་ན་དེའི་རྣམ་པར་སྨིན་པའི་རྒྱུ་ཅན་གྱི་རྩོད་པ་བྱེད་པ་ཁྱོད་ནི་དྲི་ཟའི་གྲོང་ཁྱེར་གྱི་ར་བ་འགྱེལ་གྱིས་དོགས་པས་ཆེས་ཡིད་འབྱུང་ཞིང་དེ་བསྲུང་བའི་ངལ་བས་ཚེགས་ཆེར་གྱུར་པ་ལྟར་མཁས་པས་བཞད་གད་དུ་བྱ་བ་ཞིག་སྟེ། གལ་ཏེ་ལས་རང་གི་ངོ་བོས་སྐྱེ་བར་འགྱུར་ན། དེ་རྣམ་པར་སྨིན་པའི་བར་དུ་གནས་པས་རྟག་པ་དང་འཇིག་པས་ཆད་པར་འགྱུར་བ་ཞིག་ན། གང་ཕྱིར་ལས་ནི་སྐྱེ་བ་མེད། །འདི་ལྟར་རང་བཞིན་མེད་དེའི་ཕྱིར། །གང་གི་ཕྱིར་ལས་ནི་རང་བཞིན་གྱིས་སྐྱེ་བ་མེད་དེ། འདི་ལྟར་རང་བཞིན་མེད་ཅིང་རང་བཞིན་གྱིས་སྟོང་པ་དེའི་ཕྱིར། གང་གི་ཚེ་རང་བཞིན་གྱིས་སྟོང་པས་སྐྱེ་བ་མེད་པ་དེའི་ཚེ་གང་ལས་དཔྱད་པ་འདིར་འགྱུར་བ་ལས་གནས་པའམ་འཇིག་པ་ཡོད་པར་ག་ལ་འགྱུར། གལ་ཏེ་ལས་རང་བཞིན་གྱིས་སྟོང་པས་མི་སྐྱེ་ན། བཅོམ་ལྡན་འདས་ཀྱིས། ཡང་ན་འདིའི་དོན་འདི་ཡིན་ཏེ་ཇི་སྲིད་འཇིག་རྟེན་ལས་འདས་པའི་ལམ་མ་ཐོབ་ཀྱི་བར་དུ་དགེ་བའམ་མི་དགེ་བ་ལས་བྱས་ཤིང་བསགས་པ་རྣམས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བ་ལ་དགོངས་ནས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ཅི་ཞེ་ན། གང་ཕྱིར་དེ་ནི་མ་སྐྱེས་པ། །དེ་ཕྱིར་ཆུད་ཟར་མི་འགྱུར་རོ། །གལ་ཏེ་ལས་ཀྱི་ངོ་བོ་སྔར་ཡོད་པ་ཕྱིས་མེད་པར་གྱུར་ན་ཆུད་ཟ་བར་འགྱུར་བ་ཞིག་ན། གང་གི་ཕྱིར་ལས་དེ་ནི་རང་བཞིན་གྱིས་སྐྱེ་བ་མེད་པ་དེའི་ཕྱིར་ཡོད་པ་མེད་པར་གྱུར་པའི་མཚན་ཉིད་ཅན་གྱི་ཆུད་ཟ་བར་མི་འགྱུར་རོ་ཞེས་བྱ་བར་དགོངས་པ་ཡིན་ཏེ། དེའི་ཕྱིར་ཚུལ་དེས་ཁོ་བོ་ལ་མི་གནོད་དོ། །ལས་རང་བཞིན་མེད་དོ་ཞེས་བྱ་བ་དེ་ལྟར་གདོན་མི་ཟ་བར་ཤེས་པར་བྱ་སྟེ། གཞན་དུ་ན། གལ་ཏེ་ལས་ལ་རང་བཞིན་ཡོད། །རྟག་པར་འགྱུར་བ་ཐེ་ཚོམ་མེད། །ལས་ནི་བྱས་པ་མ་ཡིན་འགྱུར། །རྟག་ལ་བྱ་བ་མེད་ཕྱིར་རོ། །གལ་ཏེ་ལས་ལ་རང་བཞིན་ཡོད་ན་ལས་ནི་རྟག་པར་འགྱུར་བར་ཐེ་ཚོམ་མེད་དེ། རང་བཞིན་ནི་གཞན་དུ་འགྱུར་བ་མེད་པའི་ཕྱིར་རོ། །

དེ་ལྟ་ན་ལས་ནི་བྱས་པ་མ་ཡིན་པར་འགྱུར་ཏེ། རྟག་པ་ལ་བྱ་བ་མེད་པའི་ཕྱིར་ཏེ། རྟག་པ་ནི་ཡོད་པ་ཡིན་ལ་ཡོད་པ་ལ་རྐྱེན་གྱི་བྱ་བ་མེད་པའི་ཕྱིར་རོ། །ཅི་སྟེ་ལས་ནི་མ་བྱས་ན། །མ་བྱས་པ་དང་ཕྲད་འཇིག་འགྱུར། །ཚངས་སྤྱོད་གནས་པ་མ་ཡིན་པའང་། །དེ་ལ་སྐྱོན་དུ་ཐལ་བར་འགྱུར། །ཅི་སྟེ་ལས་དེ་མ་བྱས་ན། དེའི་ཚེ་གང་གིས་སྲོག་གཅོད་པ་ལ་སོགས་མ་བྱས་པ་དེ་ལ་ཡང་ལས་དེ་མ་བྱས་ཀྱང་ཡོད་པས་མ་བྱས་པ་དང་ཕྲད་པའི་འཇིགས་པར་ཡང་འགྱུར་རོ། །འགའ་ཡང་ཚངས་སྤྱོད་ལ་གནས་པ་མ་ཡིན་པའང་ཕྱོགས་དེ་ལ་སྐྱོན་དུ་ཐལ་བར་འགྱུར་ཏེ། ཚངས་སྤྱོད་ལ་གནས་པ་ཡོངས་སུ་དག་པ་རྣམས་ལ་ཡང་མི་ཚངས་སྤྱོད་མ་བྱས་པར་ཡང་ཡོད་པའི་ཕྱིར་རོ། །དེའི་ཕྱིར་འགའ་ཡང་མྱ་ངན་ལས་འདའ་བར་མི་འགྱུར་རོ། །གཞན་ཡང་། ཐ་སྙད་ཐམས་ཅད་ཉིད་དང་ཡང་། །འགལ་བར་འགྱུར་བ་ཐེ་ཚོམ་མེད། །བསོད་ནམས་དང་ནི་སྡིག་བྱེད་པའི། །རྣམ་པར་དབྱེ་བའང་འཐད་མི་འགྱུར། །གང་དག་ཞིང་རྨོ་བ་དང་ཚོང་ལ་སོགས་པའི་བྱ་བ་འབྲས་བུའི་དོན་དུ་རྩོམ་པ་ཀུན་ཀྱང་མ་བྱས་པར་ཡོད་པའི་ཕྱིར། རྩོམ་པ་དོན་མེད་པར་འགྱུར་ལ། བུམ་པ་གྱིས་ཤིག སྣམ་བུ་ཐོགས་ཤིག་ཅེས་བྱ་བ་ལ་སོགས་པ་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་དང་ཡང་འགལ་བར་འགྱུར་བ་ཐེ་ཚོམ་མེད་དེ། བུམ་པ་ལ་སོགས་པ་ཐམས་ཅད་མ་བྱས་པར་ཡོད་པའི་ཕྱིར་རོ། །འདི་ནི་བསོད་ནམས་བྱས་པའོ། །འདི་ནི་སྡིག་པ་བྱས་པའོ་ཞེས་པའི་རྣམ་པར་དབྱེ་བའང་འཐད་པར་མི་འགྱུར་ཏེ། བསོད་ནམས་དང་སྡིག་པ་བྱེད་པ་གཉིས་པོ་རེ་རེ་ལ་ཡང་མ་བྱས་ཀྱང་བསོད་ནམས་དང་སྡིག་པ་དག་ཡོད་པའི་ཕྱིར་རོ། །གཞན་ཡང་། དེ་ནི་རྣམ་པར་སྨིན་གྱུར་པ། །ཡང་དང་ཡང་དུ་སྨིན་པར་འགྱུར། །གལ་ཏེ་རང་བཞིན་ཡོད་ན་ནི། །གང་ཕྱིར་ལས་གནས་དེ་ཡི་ཕྱིར། །ལས་དེ་ནི་རྣམ་པར་སྨིན་པ་སྨིན་ཟིན་ཀྱང་ཡང་དང་ཡང་དུ་རྣམ་པར་སྨིན་པར་འགྱུར་ཏེ། རྣམ་སྨིན་མ་ཕྱུང་བའི་གནས་སྐབས་ལྟར་རང་གི་ངོ་བོ་མ་ཉམས་པའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་ལས་ལ་རང་བཞིན་ཡོད་པར་ཁས་ལེན་ན། གང་གི་ཕྱིར་རང་བཞིན་དང་བཅས་པའི་ལས་རྣམ་པར་གནས་པ་དེའི་ཕྱིར་ཇི་སྐད་བཤད་པའི་ཉེས་པར་འགྱུར་རོ། །དེའི་ཕྱིར་ལས་ལ་རང་བཞིན་མེད་ལ་རང་བཞིན་མེད་པ་དེའི་ཕྱིར་ཁོ་བོ་ཅག་ལ་རྟག་པ་དང་ཆད་པའི་སྐྱོན་དུ་མི་འགྱུར་རོ། །གཉིས་པ་ནི། གལ་ཏེ་ལས་ལ་རང་བཞིན་ཡོད་དེ། དེའི་རྒྱུ་ཡོད་པའི་ཕྱིར། ཡོད་པ་མ་ཡིན་པ་ལ་ནི་རྒྱུ་མེད་དེ། རུས་སྦལ་གྱི་སྤུའི་གོས་བཞིན། ལས་ཀྱི་རྒྱུ་ཉོན་མོངས་པ་རྣམས་ནི་ཡོད་དེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་སོ། །ལེན་པའི་རྐྱེན་གྱིས་སྲིད་པའོ་ཞེས་འབྱུང་བའི་ཕྱིར་རོ་ཞེ་ན། དེ་ཡང་མི་རིགས་ཏེ། ལས་འདི་ཉོན་མོངས་བདག་ཉིད་ལ། །ཉོན་མོངས་དེ་དག་ཡང་དག་མིན། །གལ་ཏེ་ཉོན་མོངས་ཡང་དག་མིན། །ལས་ནི་ཡང་དག་ཇི་ལྟར་ཡིན། །ལས་འདི་ཉོན་མོངས་བདག་ཉིད་ལས་ཏེ་ཉོན་མོངས་པའི་རྒྱུ་ཅན་ཡིན་ལ། ཉོན་མོངས་དེ་དག་ཡང་དག་པར་ཡོད་པ་མིན་ཏེ་གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལ་བརྟེན་འབྱུང་བ། །དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །ཅེས་འཆད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གལ་ཏེ་ཉོན་མོངས་པ་ཡང་དག་མིན་པ་དེའི་ཚེ་དེའི་རྒྱུ་ཅན་གྱི་ལས་ནི་ཡང་དག་ཇི་ལྟར་ཡིན་པར་འགྱུར། དེའི་ཕྱིར་ལས་ལ་རང་བཞིན་མེད་དོ། །

གསུམ་པ་ནི། ལས་དང་ཉོན་མོངས་པ་ཡོད་དེ། དེ་དག་གི་འབྲས་བུ་ལུས་ཞེས་བྱ་བ་དམིགས་པའི་ཕྱིར་རོ་ཞེ་ན། དེ་ཡང་མི་རིགས་ཏེ། ལས་དང་ཉོན་མོངས་པ་དག་ནི། །ལུས་རྣམས་ཀྱི་ནི་རྐྱེན་དུ་བསྟན། །གལ་ཏེ་ལས་དང་ཉོན་མོངས་པ། །དེ་སྟོང་ལུས་ལ་ཇི་ལྟར་བརྗོད། །ལས་དང་ཉོན་མོངས་དག་ནི་ཐ་སྙད་ཙམ་དུ་ལུས་ཀྱི་རྐྱེན་དུ་བསྟན་གྱི་ཡང་དག་པར་མ་ཡིན་ཏེ། ལས་དང་ཉོན་མོངས་དེ་དག་ཇི་ལྟར་རང་བཞིན་མེད་པ་དེ་ལྟར་ནི་སྔར་བསྟན་ཟིན་ལ། གལ་ཏེ་ལས་དང་ཉོན་མོངས་པ་དག་རང་བཞིན་གྱིས་སྟོང་པ་ཡིན་པ་དེའི་ཚེ་དེ་དག་གི་འབྲས་བུ་ལུས་ལ་རང་བཞིན་ཡོད་པར་ཇི་ལྟར་བརྗོད་དུ་ཡོད་དེ་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །བཞི་པ་ནི། ལས་ལ་རང་བཞིན་ཡོད་དེ། དེའི་འབྲས་བུ་ཟ་བ་པོ་ཡོད་པའི་ཕྱིར་རོ། །འདི་ལྟར། མ་རིག་བསྒྲིབས་པའི་སྐྱེ་བོ་གང་། །སྲེད་ལྡན་དེ་ནི་ཟ་བ་པོ། །དེ་ནི་བྱེད་ལས་གཞན་མིན་ཞིང་། །དེ་ཉིད་དེ་ཡང་མ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་མ་རིག་པས་བསྒྲིབས་པའི་སྐྱེ་བོ་གང་སྲེད་པའི་ཀུན་ཏུ་སྦྱོར་བ་དང་ལྡན་པ་དེ་ནི་ལས་ཀྱི་འབྲས་བུ་ཟ་བ་པོ་ཡིན་ཏེ། འོན་ཀྱང་སྡིག་པའི་ལས་འདི་ནི་རང་གི་བྱས་པ་ཡིན་ལ། འདིའི་རྣམ་པར་སྨིན་པ་ནི་རང་ཉིད་ཀྱིས་སོ་སོར་ཉམས་སུ་མྱོང་བར་བྱ་བ་ཡིན་ནོ་ཞེས་འབྱུང་བའི་ཕྱིར་རོ། །

དེ་ཡང་ལས་བྱེད་པ་པོ་ལས་གཞན་མ་ཡིན་ཞིང་དེ་ཉིད་དེ་ཡང་མ་ཡིན་ཏེ། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་ཟ་བ་པོ་ཡོད་དོ་ཞེ་ན། ལས་ཡོད་པ་མ་ཡིན་ན་དེའི་བྱེད་པ་པོ་དང་འབྲས་བུ་ཟ་བ་པོ་ཡོད་པར་ག་ལ་འགྱུར་ཏེ། འདི་ལྟར། གང་གི་ཕྱིར་ན་ལས་འདི་ནི། །རྐྱེན་ལས་བྱུང་བ་མ་ཡིན་ཞིང་། །རྐྱེན་མེད་ལས་འབྱུང་ཡོད་མིན་པ། །དེ་ཕྱིར་བྱེད་པ་པོ་ཡང་མེད། །གལ་ཏེ་ལས་དང་བྱེད་མེད་ན། །ལས་སྐྱེས་འབྲས་བུ་ག་ལ་ཡོད། །ཅི་སྟེ་འབྲས་བུ་ཡོད་མིན་ན། །ཟ་བ་པོ་ལྟ་ག་ལ་ཡོད། །གལ་ཏེ་ལས་ཡོད་ན་རྐྱེན་ལས་བྱུང་བའམ་རྐྱེན་མ་ཡིན་པ་ལས་འབྱུང་བ་ལ་རྟོག་གྲང་། དང་པོ་མི་རིགས་ཏེ། རྐྱེན་བརྟག་པར་བཤད་ཟིན་པའི་ཕྱིར་རོ། །གཉིས་པ་ཡང་མི་རིགས་ཏེ། རྒྱུ་མེད་ན་ནི་འབྲས་བུ་དང་། །རྒྱུ་ཡང་ཞེས་སོགས་བྱེད་པ་པོ་དང་ལས་བརྟག་པར་བཤད་ཟིན་པའི་ཕྱིར་རོ། །གང་གི་ཕྱིར་ཇི་སྐད་པའི་ཚུལ་གྱིས་ལས་འདི་རྐྱེན་ལས་བྱུང་བ་མ་ཡིན་ཞིང་། རྐྱེན་མིན་ལས་ཀྱང་འབྱུང་བ་ཡོད་པ་མིན་པ་དེའི་ཕྱིར། འདིའི་བྱེད་པ་པོ་མེད་ལ། གང་གི་ཚེ་ལས་དང་བྱེད་པ་པོ་མེད་པ་དེའི་ཚེ་ལས་ལས་སྐྱེས་པའི་འབྲས་བུ་རྒྱུ་མེད་པ་ག་ལ་ཡོད། ཅི་སྟེ་འབྲས་བུ་ཡོད་པ་མིན་ན་ཟ་བ་པོ་ཡང་ལྟ་ག་ལ་ཡོད་དེ། འདི་ལྟར་ཐམས་ཅད་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་ཞེས་ཤེས་པར་བྱའོ། །

གཉིས་པ་རང་བཞིན་མེད་པ་ལ་བྱ་བྱེད་འཐད་པ་དཔེས་སྟོན་པ་ནི། དེ་ལྟར་ཁྱོད་ཀྱིས་དངོས་པོ་ཐམས་ཅད་རང་བཞིན་མེད་པར་རྣམ་པར་བཞག་པ་ན་བཅོམ་ལྡན་འདས་ཀྱིས། རང་གིས་བྱས་པའི་ལས་ཀྱི་རྣམ་པར་སྨིན་པ་རང་ཉིད་ཀྱིས་མྱོང་བར་འགྱུར་རོ་ཞེས་གསུངས་པའི་ཚུལ་འདིས་བསལ་བར་འགྱུར་ལ། ལས་དང་འབྲས་བུ་ལ་སྐུར་པ་བཏབ་པའི་ཕྱིར་ཁྱོད་ནི་མེད་པ་པ་རྣམས་ཀྱི་གཙོ་བོར་གྱུར་པ་ཡིན་ནོ་ཞེ་ན། ཁོ་བོ་ཅག་ནི་མེད་པ་པ་མ་ཡིན་ཏེ། ཡོད་པ་དང་མེད་པ་གཉིས་སུ་སྨྲ་བ་བསལ་ནས་གཉིས་སུ་མེད་པའི་ལམ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བ་གསལ་བར་བྱེད་པ་ཡིན་ནོ། །ཁོ་བོ་ཅག་ནི་ལས་དང་འབྲས་བུ་དང་བྱེད་པ་པོ་ལ་སོགས་པ་རྣམས་མེད་དོ་ཞེས་མི་སྨྲའོ། །འོན་ཀྱང་འདི་དག་རང་བཞིན་མེད་དོ་ཞེས་རྣམ་པར་འཇོག་གོ །ཅི་སྟེ་རང་བཞིན་མེད་པ་ལ་བྱ་བྱེད་མི་རུང་བའི་ཕྱིར་ཉེས་པ་སོ་ན་འདུག་གོ་སྙམ་ན། དེ་ཡང་མ་ཡིན་ཏེ། རང་བཞིན་དང་བཅས་པ་ཁོ་ན་ལ་བྱ་བ་མ་མཐོང་བའི་ཕྱིར་དང་རང་བཞིན་མེད་པ་རྣམས་ཁོ་ན་ལ་བྱ་བ་མཐོང་བའི་ཕྱིར་རོ། །འདི་ལྟར་བུམ་པ་ལ་སོགས་པ་རང་བཞིན་མེད་པ་དག་ཁོ་ན་འཇིག་རྟེན་ན་ཆུ་སྐྱོར་བ་ལ་སོགས་པ་རང་གི་བྱ་བ་བྱེད་པར་དམིགས་པའི་ཕྱིར་རོ། །གཞན་ཡང་རང་བཞིན་མེད་པ་ལ་བྱ་བྱེད་རུང་བ་འདི་ནི་དཔེ་ཆེས་གསལ་བ་འདི་ལས་ངེས་པར་བྱ་སྟེ། ཇི་ལྟར་སྟོན་པས་སྤྲུལ་པ་ནི། །རྫུ་འཕྲུལ་ཕུན་ཚོགས་ཀྱིས་སྤྲུལ་ཞིང་། །སྤྲུལ་པ་དེ་ཡང་སྤྲུལ་པ་ན། །སླར་ཡང་གཞན་ནི་སྤྲུལ་པ་ལྟར། །ཇི་ལྟར་སྟོན་པ་བཅོམ་ལྡན་འདས་ཀྱིས་རྫུ་འཕྲུལ་ཕུན་སུམ་ཚོགས་པའི་མཐུས་རང་དང་འདྲ་བའི་སྤྲུལ་པ་སྤྲུལ་ལ། སྤྲུལ་པ་དེས་སླར་ཡང་སྤྲུལ་པ་གཞན་ཞིག་སྤྲུལ་པར་བྱེད་པ་ན། སྤྲུལ་པ་གང་ཞིག་སྤྲུལ་པ་གཞན་སྤྲུལ་པ་པོ་ནི་སྟོང་ཞིང་རང་བཞིན་མེད་པ་ཡིན་ནོ། །ཡང་གང་ཞིག་སྤྲུལ་པས་སྤྲུལ་པའི་སྤྲུལ་པ་གཞན་དེ་ཡང་སྟོང་ཞིང་རང་བཞིན་མེད་པ་ཡིན་མོད། དེ་ལྟ་ན་ཡང་རང་བཞིན་མེད་པའི་སྤྲུལ་པ་དེ་རྣམས་བྱ་བ་དང་བྱེད་ལས་དང་བྱེད་པ་པོ་ལ་སོགས་པའི་ཐ་སྙད་ཡོད་པ། དེ་བཞིན་བྱེད་པོ་དེས་ལས་གང་། །བྱས་པའང་སྤྲུལ་པའི་རྣམ་པ་བཞིན། །དཔེར་ན་སྤྲུལ་པས་སྤྲུལ་གཞན་ཞིག །སྤྲུལ་པ་མཛད་པ་དེ་བཞིན་ནོ། །འདིར་ལས་བྱེད་པ་པོ་གང་ཡིན་པ་དེ་ནི་སྤྲུལ་པའི་རྣམ་པ་བཞིན་ཏེ་རང་བཞིན་གྱིས་སྟོང་པ་ཡིན་ལ། རང་བཞིན་མེད་པའི་བྱེད་པ་པོ་དེས་བྱས་པའི་ལས་གང་ཡིན་པ་དེ་ཡང་རང་བཞིན་གྱིས་སྟོང་སྟེ། དཔེར་ན་སྤྲུལ་པས་སྤྲུལ་པ་གཞན་ཞིག་སྤྲུལ་པ་མཛད་པ་དེ་བཞིན་དུ་རིག་པར་བྱའོ། །སྤྲུལ་པའི་དཔེས་རང་བཞིན་མེད་པར་ལྟ་བ་འཐད་པར་མ་ཟད། དཔེ་འདི་དག་གིས་ཀྱང་དངོས་པོ་རྣམས་རང་བཞིན་མེད་པར་གསལ་བར་ཤེས་པར་བྱ་སྟེ་འདི་ལྟར། ཉོན་མོངས་ལས་དང་ལུས་རྣམས་དང་། །བྱེད་པ་པོ་དང་འབྲས་བུ་དག །དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། བསོད་ནམས་དང་བསོད་ནམ་མ་ཡིན་པ་དང་མི་གཡོ་བའི་ལས་དང་། ལུས་ཁོག་པ་དང་། བྱེད་པ་པོ་བདག་དང་། འབྲས་བུ་རྣམ་སྨིན་དང་། བདག་པོ་དང་རྒྱུ་མཐུན་པ་དག་ནི་ཡུལ་དང་དུས་ཀྱི་བྱེ་བྲག་གིས་བར་སྣང་དུ་ཁང་བཟང་དང་སྐྱེས་པ་དང་བུད་མེད་སོགས་ཀྱི་སྣང་བ་འབྱུང་བ་དྲི་ཟའི་གྲོང་ཁྱེར་དང་། ཉི་ཟེར་རླུང་གིས་བསྐྱོད་པ་ལས་ཆུ་ཤིན་ཏུ་དྭངས་པའི་སྣང་བ་འབྱུང་བ་སྨིག་རྒྱུ་དང་། རྨི་ལམ་ལྟར་ཤེས་པ་འཁྲུལ་པའི་སྣང་བ་ལ་བདེན་པར་སྒྲོ་བཏགས་པ་ཙམ་དུ་ཟད་ཀྱི་རང་བཞིན་མེད་པར་ཤེས་པར་བྱའོ། །དེའི་ཕྱིར་དངོས་པོ་རྣམས་རང་བཞིན་དང་བཅས་པར་ཐ་སྙད་དུ་ཡང་ཁས་མ་བླངས་པས་དབུ་མ་པ་རྣམས་ཁོ་ན་ལ་རྟག་པ་དང་ཆད་པར་ལྟ་བ་གཉིས་སུ་ཐལ་བ་མེད་པ་ཡིན་ནོ་ཞེས་ཤེས་པར་བྱའོ། །དབུ་མ་རྩ་བའི་ཤེས་རབ་ལས་ལས་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅུ་བདུན་པའི་འགྲེལ་པའོ།། །།

ལེའུ་བཅོ་བརྒྱད་པའི་རྣམ་བཤད།

བཅོ་བརྒྱད་པ་བདག་བརྟག་པ་ལ། དེ་ཁོ་ན་ཉིད་ལ་འཇུག་ཚུལ། དེ་ལ་ལུང་འགལ་སྤང་བ། དེ་ཁོ་ན་ཉིད་བསྟན་པའི་རིམ་པ། དེ་ཁོ་ན་ཉིད་ཀྱི་མཚན་ཉིད། དེ་ཁོ་ན་ཉིད་ཀྱི་ཆེ་བ་དང་ལྔའི། དང་པོ་ལ་དངོས་དང་། དེའི་འབྲས་བུ་མྱང་འདས་བསྟན་པ་གཉིས་ཀྱི། དང་པོ་ནི། འདིར་སྨྲས་པ། གལ་ཏེ་ཉོན་མོངས་པ་དང་ལས་དང་ལུས་དང་བྱེད་པ་པོ་དང་འབྲས་བུ་རྣམས་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དང་འདྲ་བར་དེ་ཁོ་ན་ཉིད་མ་ཡིན་བཞིན་དུ་བྱིས་པ་རྣམས་ལ་དེ་ཁོ་ན་ཉིད་དུ་སྣང་བ་ཡིན་ན། ཡང་འདིར་དེ་ཁོ་ན་ཉིད་གང་ཞིག་ཡིན། དེ་ཁོ་ན་ཉིད་ལ་འཇུག་པ་ཡང་ཇི་ལྟར་ཡིན་ཞེ་ན། ནང་དང་ཕྱི་རོལ་གྱི་དངོས་པོ་རྣམས་ལ་རང་བཞིན་མ་དམིགས་པས་དེ་དག་ལ་བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པ་འདི་ནི་དེ་ཁོ་ན་ཉིད་དོ། །དེ་ཁོ་ན་ཉིད་ལ་འཇུག་པ་ནི། དབུ་མ་ལ་འཇུག་པ་ལས། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློ་ཡིས་མཐོང་གྱུར་ཅིང་། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་དེས་བདག་འདི་འགོག་པར་བྱེད། །ཅེས་གསུངས་པ་ལྟར་འདི་ན་རྣལ་འབྱོར་པ་དེ་ཁོ་ན་ཉིད་ལ་འཇུག་པར་འདོད་ཅིང་། ཉོན་མོངས་དང སྐྱོན་མ་ལུས་པ་སྤང་བར་འདོད་པས་ནི་དང་པོར་འཁོར་བ་འདི་ཅིའི་རྩ་བ་ཅན་ཡིན་ཞེས་རྟོག་པར་བྱེད་ལ་དེ་ལྟར་བརྟགས་པ་ན། འཁོར་བ་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན་དུ་མཐོང་ཞིང་། བདག་ནི་འཇིག་ཚོགས་ལ་ལྟ་བའི་དམིགས་པར་ཡང་མཐོང་ལ། བདག་མ་དམིགས་པས་འཇིག་ཚོགས་ལ་ལྟ་བ་སྤོང་ཞིང་། དེ་སྤངས་པས་ཉོན་མོངས་དང་སྐྱོན་མ་ལུས་པ་ལྡོག་པར་མཐོང་བས། གང་ཞིག་བདག་ཏུ་འཛིན་པའི་ཡུལ་བདག་ཅེས་བྱ་བ་འདི་ཅི་ཞིག་ཅེས་ཐོག་མར་བདག་ཁོ་ན་ལ་རྟོག་པར་བྱེད་དོ། །བདག་དེ་ཡང་བརྟགས་པ་ན། ཕུང་པོའི་རང་བཞིན་ནམ་ཕུང་པོ་ལས་ཐ་དད་པ་ཞིག་ཏུ་འགྱུར་གྲང་། གལ་ཏེ་ཕུང་པོ་བདག་ཡིན་ན། །སྐྱེ་དང་འཇིག་པ་ཅན་དུ་འགྱུར། །གལ་ཏེ་ཕུང་པོ་རྣམས་བདག་གི་རང་བཞིན་དུ་རྟོག་ན་བདག་དེ་ནི་སྐྱེ་བ་དང་འཇིག་པ་ཅན་དུ་འགྱུར་ཏེ། ཕུང་པོ་ནི་སྐྱེ་བ་དང་འཇིག་པ་ལ་བརྟེན་པའི་ཕྱིར་རོ། །བདག་ནི་དེ་ལྟར་འདོད་པ་ཡང་མ་ཡིན་ཏེ། ཉེས་པ་དུ་མར་ཐལ་བའི་ཕྱིར་རོ། །འདི་ལྟར། མ་བྱུང་བ་ལས་བྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང་། །འབྱུང་བ་རྒྱུ་མེད་ཅན་དུའང་འགྱུར། །དེ་བཞིན་དུ། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླངས་པ་ཇི་ལྟ་བུར། །ཉེ་བར་ལེན་པ་ཡིན་པར་འགྱུར། །ཞེས་འཆད་པ་ལྟར་རོ། །དེའི་ཕྱིར་ཕུང་པོ་བདག་མ་ཡིན་ནོ། །ཕུང་པོ་ལས་ཐ་དད་པ་ཡང་མི་རུང་སྟེ། གལ་ཏེ་ཕུང་པོ་རྣམས་ལས་གཞན། །ཕུང་པོའི་མཚན་ཉིད་མེད་པར་འགྱུར། །

གལ་ཏེ་བདག་ཕུང་པོ་རྣམས་ལས་དོན་གཞན་ཡིན་ན། ཇི་ལྟར་བ་ལང་ལས་གཞན་པའི་རྟ་བ་ལང་གི་མཚན་ཉིད་ཅན་དུ་མི་འགྱུར་བ་དེ་བཞིན་དུ་བདག་ལ་ཕུང་པོ་སྤྱིའི་མཚན་ཉིད་སྐྱེ་བ་དང་འཇིག་པ་དང་གནས་པའི་མཚན་ཉིད་མེད་པར་འགྱུར་རོ། །གང་ཞིག་དེ་ལྟ་བུ་ཡིན་པ་དེ་ནི་ཡོད་པ་མ་ཡིན་པའི་ཕྱིར་རམ་འདུས་མ་བྱས་ཡིན་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་བདག་ཏུ་བརྗོད་པ་རྙེད་པར་མི་འགྱུར་ཞིང་། བདག་འཛིན་གྱི་ཡུལ་དུའང་མི་རིགས་སོ། །ཡང་ན་འདིའི་དོན་གཞན་ཡིན་ཏེ། གལ་ཏེ་བདག་ཕུང་པོ་རྣམས་ལས་གཞན་ཡིན་ན། ཕུང་པོ་ལྔ་ནི་གཟུགས་སུ་རུང་བ་དང་། ཉམས་སུ་མྱོང་བ་དང་། མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དང་། ཡུལ་སོ་སོར་རྣམ་པར་རིག་པའི་མཚན་ཉིད་ཡིན་ན། བདག་ནི་ཇི་སྐད་བཤད་པའི་ཕུང་པོའི་མཚན་ཉིད་མེད་པར་འགྱུར་ཞིང་། མཚན་ཉིད་ཐ་དད་པར་གྲུབ་པར་འགྱུར་ལ། མཚན་ཉིད་ཐ་དད་པར་གྲུབ་པ་ནི་གཟུགས་ལས་སེམས་ལྟར་གཟུང་དུ་ཡོད་པར་འགྱུར་ན་འཛིན་པ་ཡང་མ་ཡིན་ནོ། །དེའི་ཕྱིར་ཕུང་པོ་ལས་ཐ་དད་པར་ཡང་མེད་དོ། །དེ་ལྟར་ཐར་པ་འདོད་པ་རྣམས་ཀྱིས་ཕུང་པོ་ལ་བརྟེན་ནས་བཏགས་པའི་བདག་འདི་ཕུང་པོའི་མཚན་ཉིད་ཅན་ནམ། ཕུང་པོ་ལས་ཐ་དད་པ་ཞིག་ཅེས་རྣམ་པར་དཔྱོད་པ་ན་རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་དེ་རྣམས་ལ། བདག་ཉིད་ཡོད་པ་མ་ཡིན་ན། །བདག་གི་ཡོད་པར་ག་ལ་འགྱུར། །ཕུང་པོ་རྣམས་ལ་གཅིག་དང་ཐ་དད་པའི་བདག་ཉིད་ཡོད་པ་མ་ཡིན་ན་བདག་ཏུ་བཏགས་པའི་རྒྱུ་ཕུང་པོ་ལྔའི་དངོས་པོ་བདག་གི་བ་ཡོད་པ་ག་ལ་འགྱུར། ཇི་ལྟར། ཤིང་རྟ་ཚིག་ན་དེའི་ཡན་ལག་ཀྱང་ཚིག་པས་མི་དམིགས་པ་དེ་བཞིན་དུ་གང་གི་ཚེ་བདག་གི་བདག་མེད་པར་རྟོགས་པ་དེ་ཉིད་ཀྱི་ཚེ་ཕུང་པོ་ལྔའི་དངོས་པོ་བདག་གི་བ་ཡང་བདག་མེད་པར་ངེས་པར་རྟོགས་པར་འགྱུར་རོ། །ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་རྫུན། །གང་གི་ས་བོན་རྫུན་དེ་ཡི། །སྐྱེ་བ་བདེན་པ་ག་ལ་ཡིན། །ཕུང་པོ་དེ་ལྟར་མི་བདེན་པར། །མཐོང་ནས་ངར་འཛིན་སྤོང་བར་འགྱུར། །ངར་འཛིན་པ་དག་སྤངས་ནས་ནི། །ཕྱིས་ནི་ཕུང་པོ་འབྱུང་མི་འགྱུར། །ཞེས་བཤད་དོ། །བདག་དང་བདག་གི་བ་མི་དམིགས་པའི་ཕྱིར་དོན་དམ་པ་མཐོང་བ་དང་། ཉེ་བའི་རྣལ་འབྱོར་པ་ནི་ངེས་པར། བདག་དང་བདག་གི་ཞི་བའི་ཕྱིར། །ངར་འཛིན་ང་ཡིར་འཛིན་མེད་འགྱུར། །ངར་འཛིན་གྱི་ཡུལ་བདག་དང་ང་ཡིར་འཛིན་པའི་ཡུལ་བདག་གི་བ་ཕུང་པོ་ལ་སོགས་པ་ཞི་བ་སྟེ་མ་སྐྱེས་ཤིང་མ་དམིགས་པའི་ཕྱིར་རྣལ་འབྱོར་པ་ལ་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར་རོ། །གལ་ཏེ་གང་ལ་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པའི་རྣལ་འབྱོར་པ་དེ་ཡོད་པ་མ་ཡིན་ནམ། དེ་ཡོད་ན་བདག་དང་ཕུང་པོ་ཡང་གྲུབ་བོ་ཞེ་ན། ངར་འཛིན་ང་ཡིར་འཛིན་མེད་གང་། །དེ་ཡང་ཡོད་པ་མ་ཡིན་ཏེ། །ངར་འཛིན་ང་ཡིར་འཛིན་མེད་པར། །གང་གིས་མཐོང་བས་མི་མཐོང་ངོ་། །ཇི་སྐད་བཤད་པའི་ཚུལ་གྱིས་བདག་དང་ཕུང་པོ་རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་གང་ཞིག་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་འགྱུར་བ་བདག་དང་ཕུང་པོ་ལས་ཐ་དད་པར་དེ་ཡང་ཡོད་པ་མ་ཡིན་ནོ། །དེ་ལྟར་ཡོད་པ་མ་ཡིན་པའི་རང་གི་ངོ་བོ་ངར་འཛིན་པ་དང་ང་ཡིར་འཛིན་པ་མེད་པར་གང་གིས་མཐོང་བ་དེས་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་མི་མཐོང་ངོ་ཞེས་ཤེས་པར་བྱའོ། །ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། ནང་གི་བདག་ཉིད་སྟོང་པར་ལྟོས། །ཕྱི་རོལ་གྱུར་པ་སྟོང་པར་ལྟོས། །གང་ཞིག་སྟོང་ཉིད་སྒོམ་བྱེད་པ། །དེ་ཡང་འགའ་ཞིག་ཀྱང་ཡོད་མིན། །ཞེས་གསུངས་པ་ལྟར་རོ། །

གཉིས་པ་ནི། དེ་ཕྱིར། ནང་དང་ཕྱི་རོལ་ཉིད་དག་ལ། །བདག་དང་བདག་གི་སྙམ་ཟད་ན། །ཉེ་བར་ལེན་པ་འགག་འགྱུར་ཞིང་། །དེ་ཟད་པས་ན་སྐྱེ་བ་ཟད། །ཉོན་མོངས་པ་ཐམས་ཅད་ནི་འཇིག་ཚོགས་ལ་ལྟ་བའི་རྩ་བ་ཅན། འཇིག་ཚོགས་ལ་ལྟ་བའི་ཀུན་འབྱུང་བ་ཅན། འཇིག་ཚོགས་ལ་ལྟ་བའི་རྒྱུ་ཅན་ནོ་ཞེས་མདོ་ལས་གསུངས་ལ། འཇིག་ཚོགས་ལ་ལྟ་བ་དེ་ཡང་ནང་དང་ཕྱི་རོལ་གྱི་དངོས་པོ་ཕུང་པོ་ཁམས་དང་སྐྱེ་མཆེད་དག་ལ་བདག་དང་བདག་གི་སྙམ་ཟད་ཏེ། བདག་དང་བདག་གི་བ་འདིའི་དོན་ལ་སློབ་དཔོན་བློ་གྲོས་བརྟན་པས་གྲངས་ཅན་སོགས་བདག་ཤེས་པར་འདོད་པ་རྣམས་མིང་བཞིའི་ཕུང་པོ་རྣམས་ལ་བདག་ཏུ་ལྟ་ཞིང་གཟུགས་སོགས་ལ་བདག་གིར་ལྟ་ལ། བྱེ་བྲག་པ་སོགས་བདག་བེམ་པོར་འདོད་པ་རྣམས་གཟུགས་ཕུང་ལ་བདག་ཏུ་ལྟ་ཞིང་། གཞན་བཞི་ལ་བདག་ཏུ་ལྟ་བ་བྱེད་ཅེས་བཤད་ཅིང་། གང་དུ་འཇིགས་ཚོགས་ཀྱི་ལྟ་བ་ཉི་ཤུ་བཤད་པ་དེར་གཟུགས་བདག་ཡིན་པ་ནས་རྣམ་པར་ཤེས་པ་བདག་ཡིན་སོགས་ལྔ་བདག་དུ་ལྟ་ཞིང་ལྷག་མ་བདག་གཟུགས་དང་ལྡན་པ་སོགས་བཅོ་ལྔ་ནི་བདག་གིར་ལྟ་བ་རྣམས་མ་དམིགས་པས་སྤོང་བར་འགྱུར་ཞིང་། དེ་སྤངས་པས་ཀྱང་འདོད་པའི་ཉེ་བར་ལེན་པ་ལ་སོགས་པ་ཉེ་བར་ལེན་པ་བཞི་པོ་འགག་པར་འགྱུར་ལ། ཉེ་བར་ལེན་པ་ཟད་པས་ནི་ཡང་སྲིད་པའི་མཚན་ཉིད་ཅན་སྐྱེ་བ་ཟད་པར་འགྱུར་རོ། །གང་གི་ཕྱིར་སྐྱེ་བ་ལྡོག་པའི་རིམ་པ་དེ་ལྟར་རྣམ་པར་བཞག་པ་དེའི་ཕྱིར། ལས་དང་ཉོན་མོངས་ཟད་པས་ཐར། །འདི་ལྟར་ཉེ་བར་ལེན་པ་ཟད་ན་དེའི་རྐྱེན་ཅན་གྱི་སྲིད་པ་འབྱུང་བར་མི་འགྱུར་ལ། ཉེ་བར་ལེན་པ་དང་སྲིད་པ་འགག་ན་སྐྱེ་བ་དང་རྒ་ཤི་སོགས་མི་འབྱུང་སྟེ། དེ་ལྟར་ན། ལས་དང་ཉོན་མོངས་ཟད་པས་ཐར། །ཞེས་བྱ་བར་གནས་སོ། །

འོ་ན་ལས་དང་ཉོན་མོངས་པ་གང་ཟད་པས་ཟད་པར་འགྱུར་ཞེ་ན། ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་འགག་པར་འགྱུར། །བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་དང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ནི་གཟུགས་ལ་སོགས་པ་ལ་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་ལས་འབྱུང་སྟེ། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །ཞེས་འཆད་པར་འགྱུར་ཞིང་། མདོ་ལས་ཀྱང་། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེ། ཁྱོད་ལ་རྟོག་པར་མི་འགྱུར་བ། །དེ་ཕྱིར་ང་ལ་མི་འབྱུང་ངོ་། །ཞེས་གསུངས་སོ། །རྣམ་པར་རྟོག་པ་དེ་དག་ཀྱང་ཤེས་པ་དང་ཤེས་བྱ་བརྗོད་བྱ་དང་རྗོད་བྱེད། བུམ་པ་དང་སྣམ་བུ་ལ་སོགས་པ་སྤྲོས་པ་འཁོར་བ་ཐོག་མ་མེད་པ་ནས་གོམས་པའི་མཚན་ཉིད་ཅན་ལས་སྐྱེ་བར་འགྱུར་རོ། །འཇིག་རྟེན་གྱི་སྤྲོས་པ་དེ་ཡང་མ་ལུས་པར་དངོས་པོ་ཐམས་ཅད་སྟོང་པ་ཉིད་དུ་ལྟ་བས་འགག་པར་འགྱུར་རོ། །གང་གི་ཕྱིར་དེ་ལྟར་སྟོང་པ་ཉིད་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བའི་མཚན་ཉིད་ཅན་ལ་བརྟེན་ནས་སྤྲོས་པ་དང་བྲལ་བར་འགྱུར་ཞིང་། སྤྲོས་པ་དང་བྲལ་བས་ཀྱང་རྣམ་པར་རྟོག་པ་ལྡོག་ཅིང་རྣམ་རྟོག་ལོག་པས་ལས་དང་ཉོན་མོངས་པ་ལྡོག་ལ། དེ་དག་ལོག་པས་སྐྱེ་བ་ལྡོག་པ་དེའི་ཕྱིར་སྟོང་པ་ཉིད་ཁོ་ན་སྤྲོས་པ་ཐམས་ཅད་ལོག་པའི་མཚན་ཉིད་ཅན་ཡིན་པས་མྱ་ངན་ལས་འདས་པ་ཞེས་བྱའོ། །ཇི་སྐད་དུ། བརྒྱ་པ་ལས། མདོར་ན་ཆོས་ནི་མི་འཚེ་བར། །དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས། །སྟོང་ཉིད་མྱ་ངན་འདས་པ་སྟེ། །འདིར་ནི་དེ་གཉིས་འབའ་ཞིག་གོ །ཞེས་བཤད་པ་ལྟར་རོ། །

གཉིས་པ་དེ་ལ་ལུང་འགལ་སྤང་བ་ནི། གལ་ཏེ་ནང་དང་ཕྱི་རོལ་དག་ལ་བདག་དང་བདག་གི་སྙམ་ཟད་པ་དེ་དེ་ཁོ་ན་ཉིད་ཡིན་ན། འོ་ན་བཅོམ་ལྡན་འདས་ཀྱི། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །བདག་ཉིད་ལེགས་པར་དུལ་བས་ནི། །མཁས་པས་མཐོ་རིས་ཐོབ་པར་འགྱུར། །ཅེས་དང་། གནག་དང་དཀར་པོའི་ལས་རྣམས་འཇིག་མི་འགྱུར། །བདག་གིས་བྱས་པ་མྱོང་བར་འགྱུར་བ་ཡིན། །ཞེས་རྒྱ་ཆེར་གསུངས་པ་དང་ཇི་ལྟར་མི་འགལ་ཞེ་ན། འདི་ན་བདག་དང་སེམས་ཅན་མེད། །ཆོས་འདི་དག་ནི་རྒྱུ་དང་བཅས། །ཞེས་དང་། དེ་བཞིན་དུ། ཆོས་ཐམས་ཅད་ནི་བདག་མེད་དོ་ཞེས་དེ་སྐད་དུ་ཡང་བཅོམ་ལྡན་འདས་ཀྱིས་ཅིའི་ཕྱིར་མ་གསུངས། དེའི་ཕྱིར་བཅོམ་ལྡན་འདས་ཀྱི་བསྟན་པའི་དགོངས་པ་བཙལ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་ནི་སྤྱིར་གསུང་རབ་ལས། བདག་གོ་ཞེས་ཀྱང་བརྟགས་གྱུར་ཅིང་། །བདག་མེད་ཅེས་ཀྱང་བསྟན་པར་འགྱུར། །སངས་རྒྱས་རྣམས་ཀྱིས་བདག་དང་ནི། །བདག་མེད་འགའ་མེད་ཅེས་ཀྱང་བསྟན། །དགོངས་པ་ནི་འདི་ཡིན་ཏེ། སངས་རྒྱས་བཅོམ་ལྡན་འདས་གདུལ་བྱ་དམན་པ་དང་འབྲིང་དང་མཆོག་རྗེས་སུ་གཟུང་བར་བཞེད་པ་ཐུགས་རྗེ་ཆེན་པོ་མངའ་བ་རྣམས་ཀྱིས་གདུལ་བྱ་དམན་པ་གང་དག་ལྟ་བ་ངན་པའི་རབ་རིབ་ཀྱིས་བློ་གྲོས་ཀྱི་མིག་བཀབ་པས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་ལ་སྐུར་པ་འདེབས་པར་ཞུགས་པ་འཇིག་རྟེན་འདི་ཡང་མེད། ལེགས་པར་བྱས་པ་དང་ཉེས་པར་བྱས་པའི་ལས་རྣམས་ཀྱི་འབྲས་བུ་རྣམ་པར་སྨིན་པ་ཡང་མེད། སེམས་ཅན་བརྫུས་ཏེ་སྐྱེ་བ་ཡང་མེད་དོ་ཞེས་པ་ལ་སོགས་པས་འཇིག་རྟེན་ཕ་རོལ་དང་བདག་ལ་སྐུར་པ་འདེབས་པར་བྱེད་པ་མཐོ་རིས་དང་བྱང་གྲོལ་གྱི་ལམ་ལ་རྒྱབ་ཀྱིས་ཕྱོགས་པ་རྟག་པར་རྒྱུན་དུ་སྡིག་པ་མི་དགེ་བ་བྱེད་པ་རྣམས་མི་དགེ་བ་ལས་བཟློག་པར་བྱ་བའི་ཕྱིར། འགའ་ཞིག་དུ། བདག་ནི་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་འགྱུར། །ཞེས་བདག་གོ་ཞེས་ཀྱང་བརྟགས་པར་འགྱུར་ཅིང་རྣམ་པར་བཞག་གོ ། གང་དག་འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པས་དགེ་བ་བྱེད་ཅིང་མི་དགེ་བ་ལས་ལོག་ཀྱང་། བདག་དུ་ཡང་དག་པར་ལྟ་བའི་སྲད་བུས་དམ་དུ་བཅིངས་པས་ཁམས་གསུམ་ལས་འདས་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་ཞི་བར་འགྲོ་མི་ནུས་པ་གདུལ་བྱ་བར་མ་དེ་དག་འཇིག་ཚོགས་ལ་ལྟ་བ་ལ་མངོན་པར་ཞེན་པ། ལྷོད་པར་བྱ་བའི་ཕྱིར་དང་། མྱ་ངན་ལས་འདས་པ་ལ་འདུན་པ་བསྐྱེད་པར་བྱ་བའི་ཕྱིར། འགའ་ཞིག་ཏུ། འདི་ན་བདག་དང་སེམས་ཅན་མེད། །ཆོས་འདི་རྒྱུ་དང་བཅས་ཤེས་བྱ། །ཞེས་བདག་མེད་ཅེས་ཀྱང་བསྟན་པར་གྱུར་ཏོ། །གང་དག་སྔོན་གོམས་པའི་ཁྱད་པར་གྱིས་ཟབ་མོའི་ཆོས་ལ་ལྷག་པར་མོས་པ་རྗེས་སུ་འབྲེལ་བའི་ས་བོན་ཡོངས་སུ་སྨིན་པ་ཐོབ་པ་མྱ་ངན་ལས་འདས་པ་ཉེ་བར་གནས་པ། བདག་ལ་ཆགས་པ་དང་བྲལ་བ་ཐུབ་པའི་དབང་པོའི་གསུང་རབ་ཀྱི་དོན་གྱི་དེ་ཁོ་ན་ཉིད་མཆོག་ཏུ་ཟབ་པའི་གཏིང་དཔོག་པར་ནུས་པ་གདུལ་བྱ་མཆོག་ཏུ་གྱུར་པ་དེ་དག་གི་ལྷག་པར་མོས་པའི་ཁྱད་པར་ངེས་པར་བཟུང་ནས། ཇི་ལྟར་བདག་ཏུ་ལྟ་བ་ཡང་དག་པ་མ་ཡིན་པ་དེ་བཞིན་དུ་དེའི་གཉེན་པོར་གྱུར་པ་བདག་མེད་པར་ལྟ་བ་ཡང་ཡང་དག་པ་མ་ཡིན་པར་གཟིགས་ནས། འོད་སྲུང་། བདག་ཅེས་བྱ་བ་འདི་ནི་མཐའ་གཅིག་གོ །བདག་མེད་ཅེས་བྱ་བ་འདི་ནི་མཐའ་གཉིས་སོ། །མཐའ་དེ་གཉིས་ཀྱི་དབུས་གང་ཡིན་པ་དེ་ནི་གཟུགས་མེད་པ་བསྟན་དུ་མེད་པ་རྟེན་མེད་པ་སྣང་བ་མེད་པ་རྣམ་པར་རིག་པ་མེད་པ། གནས་མེད་པ་སྟེ། འོད་སྲུང་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་སངས་རྒྱས་རྣམས་ཀྱིས་བདག་འགའ་ཡང་མེད་ལ། བདག་མེད་པ་འགའ་ཡང་མེད་ཅེས་ཀྱང་བསྟན་ཏོ། །རིན་ཆེན་ཕྲེང་བ་ལས་ཀྱང་། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་ནི། །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག། མཐོང་དང་ཐོས་སོགས་ཐུབ་པ་ཡིས། །བདེན་མིན་རྫུན་པ་མིན་པར་གསུངས། །ཕྱོགས་ལས་མི་མཐུན་ཕྱོགས་གྱུར་པས། །དེ་དག་གཉིས་ཀ་དོན་དུ་མིན། །ཞེས་གསུངས་སོ། །གང་གི་ཕྱིར་གདུལ་བྱའི་སྐྱེ་བོ་དམན་པ་དང་བར་པ་དང་མཆོག་གི་བསམ་པ་ཐ་དད་པ་ཉིད་ཀྱིས་བདག་དང་བདག་མེད་པ་དང་དེ་གཉིས་ཀ་དགག་པའི་སྒོ་ནས་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་བསྟན་པ་ལ་འཇུག་པ་དེའི་ཕྱིར་དབུ་མ་པ་རྣམས་ལ་ལུང་གིས་གནོད་པ་མེད་དོ། །དེ་ཉིད་ཀྱི་ཕྱིར། འཕགས་པ་ལྷས། བསོད་ནམས་མིན་པ་དང་པོར་བཟློག །བར་དུ་བདག་ནི་བཟློག་པ་དང་། །ཕྱིས་ནས་ལྟ་གཞི་ཀུན་བཟློག་པ། །གང་གིས་ཤེས་དེ་མཁས་པ་ཡིན། །ཞེས་དང་། སློབ་དཔོན་གྱི་ཞལ་སྔ་ནས་ཀྱང་། བརྡ་སྤྲོད་པ་དག་ཇི་ལྟ་བུར། །ཡི་གེའི་ཕྱི་མོ་ཀློག་འཇུག་ལྟར། །དེ་བཞིན་སངས་རྒྱས་གདུལ་བྱ་ལ། །ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། ཁ་ཅིག་ལ་ནི་སྡིག་པ་ལས། །རྣམ་པར་བཟློག་ཕྱིར་ཆོས་སྟོན་ཏོ། ཁ་ཅིག་བསོད་ནམས་གྲུབ་བྱའི་ཕྱིར། ཁ་ཅིག་ལ་ནི་གཉིས་བསྟན་པ། ཁ་ཅིག་ལ་ནི་གཉིས་མི་བསྟན། །ཟབ་མོ་ཁུ་འཕྲིག་ཅན་འཇིགས་པ། །སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན། །བྱང་ཆུབ་སྒྲུབ་པ་ཁ་ཅིག་ལའོ། །ཞེས་གསུངས་པ་ལྟར་རོ། །ཡང་ན་འདི་ནི་དོན་གཞན་ཡིན་ཏེ། འདུ་བྱེད་སྐད་ཅིག་མ་རྣམས་ལ་ལས་འབྲས་ཀྱི་འབྲེལ་བ་མེད་པར་བལྟས་ནས་གྲངས་ཅན་ལ་སོགས་པ་དག་གིས་ལས་འབྲས་ཀྱི་འབྲེལ་བའི་རྟེན་བདག་གོ་ཞེས་ཀྱང་བརྟགས་པར་གྱུར་ཅིང་། འཐད་པའི་འཁོར་བ་པོའི་བདག་མ་མཐོང་ཞིང་། རྒྱང་འཕེན་དག་གིས་ཇི་ཙམ་དབང་པོའི་སྤྱོད་ཡུལ་བ། །སྐྱེས་བུའང་དེ་ཙམ་ཁོ་ནར་ཟད། །བཟང་མོ་མང་ཐོས་གང་སྨྲ་བ། །དེ་དག་སྤྱང་ཀིའི་རྗེས་དང་མཚུངས། །ཞེས་བྱ་བ་ལ་སོགས་པས་བདག་མེད་ཅེས་ཀྱང་བསྟན་པར་འགྱུར་ལ། རབ་རིབ་ཅན་གྱིས་དམིགས་པའི་སྐྲ་ཤད་དག་ལ་རབ་རིབ་མེད་པ་ལྟར་དངོས་པོ་བྱིས་པའི་སྐྱེ་བོས་བརྟགས་པ་བདག་དང་བདག་མེད་པ་ལ་སོགས་པའི་རང་གི་ངོ་བོ་རྣམ་པ་ཐམས་ཅད་དུ་མ་གཟིགས་པ་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས། བདག་ད ང་ནི། བདག་མེད་འགའ་མེད་ཅེས་ཀྱང་བསྟན་ཏོ་ཞེས་བྱ་བའོ། །གལ་ཏེ་སངས་རྒྱས་རྣམས་ཀྱིས་བདག་དང་བདག་མེད་གཉིས་མ་བསྟན་ན། འོ་ན་ཅི་ཞིག་བསྟན་ཞེ་ན། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །མ་སྐྱེས་པ་དང་མ་འགགས་པའི། །ཆོས་ཉིད་མྱ་ངན་འདས་དང་མཚུངས། །འདིར་བརྗོད་བྱ་འགའ་ཞིག་ཡོད་ན་དེ་སྟོན་པར་འགྱུར་བ་ཞིག་ན། གང་གི་ཚེ་དོན་དམ་པ་ལ་བརྗོད་པར་བྱ་བ་ལྡོག་ཅིང་ཚིག་གི་ཡུལ་ཡོད་པ་མ་ཡིན་པ་དེའི་ཚེ་སངས་རྒྱས་རྣམས་ཀྱིས་ཅུང་ཟད་ཀྱང་མ་བསྟན་ཏོ། །ཅིའི་ཕྱིར་བརྗོད་བྱ་མེད་ཅེ་ན། གལ་ཏེ་སེམས་ཀྱི་སྤྱོད་ཡུལ་འགའ་ཞིག་ཡོད་ན། དེར་རྒྱུ་མཚན་འགའ་ཞིག་སྒྲོ་བཏགས་ནས་ཚིག་འཇུག་ན། སེམས་ཀྱི་སྤྱོད་ཡུལ་ལྡོག་པས་དེའི་ཕྱིར་ཚིག་མི་འཇུག་གོ །ཅིའི་ཕྱིར་སེམས་ཀྱི་སྤྱོད་ཡུལ་མེད་ཅེ་ན། མ་སྐྱེས་པ་དང་མ་འགག་པའི་ཆོས་ཉིད་དེའི་རང་བཞིན་ནི་མྱ་ངན་ལས་འདས་པ་དང་མཚུངས་པར་བཞག་པ་དེའི་ཕྱིར་དེ་ལ་སེམས་མི་འཇུག་གོ །

གསུམ་པ་དེ་ཁོ་ན་ཉིད་བསྟན་པའི་རིམ་པ་ནི། གལ་ཏེ་མ་སྐྱེས་པ་དང་མ་འགགས་པའི་ཆོས་ཉིད་མྱ་ངན་ལས་འདས་པ་དང་མཚུངས་པས་དེ་ལ་ངག་དང་སེམས་མི་འཇུག་མོད། དེ་ལྟ་ན་ཡང་དེ་མ་བསྟན་ན་གདུལ་བྱའི་སྐྱེ་བོ་རྣམས་ཀྱིས་ཤེས་པར་མི་ནུས་པས་གདུལ་བྱའི་སྐྱེ་བོ་རྣམས་དེ་ལ་འཇུག་པར་བྱ་བའི་ཕྱིར་གདོན་མི་ཟ་བར་ཀུན་རྫོབ་ཀྱི་བདེན་པ་ལ་ལྟོས་ནས་ཇི་ཞིག་ལྟར་དེ་བསྟན་པའི་རིམ་པ་བརྗོད་དགོས་སོ་ཞེ་ན། འདིར་སངས་རྒྱས་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་བསྟན་པའི་རིམ་པ་ནི་འདི་ཡིན་པར་ཤེས་པར་བྱ་སྟེ། ཐམས་ཅད་ཡང་དག་ཡང་དག་མིན། །ཡང་དག་ཡང་དག་མ་ཡིན་ཉིད། །ཡང་དག་མིན་མིན་ཡང་དག་མིན། །དེ་ནི་སངས་རྒྱས་རྗེས་བསྟན་པའོ། །དེ་ལ། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་དཔྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་བྱ་བ་དང་། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་གཏོགས་པ། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་པ་ལྟར་ཐོག་མ་ཁོ་ནར་བཅོམ་ལྡན་འདས་ཀྱིས། བདག་ཉིད་ལ་འདི་ནི་ཐམས་ཅད་མཁྱེན་པ་ཐམས་ཅད་གཟིགས་པ། འཇིག་རྟེན་གྱི་འབྱུང་ཚུལ་མ་ལུས་པ་མཁྱེན་པ་ཡིན་ནོ་སྙམ་དུ་འཇིག་རྟེན་གུས་པ་བསྐྱེད་པར་བྱ་བའི་ཕྱིར་དུ་འཇིག་རྟེན་པའི་ལྟ་བ་ལ་ལྟོས་ནས་སྣོད་བཅུད་ཀྱི་འཇིག་རྟེན་དག་གི་འབྱུང་བ་དང་འཇིག་པ་དང་གནས་པ་ལ་སོགས་པ་དང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་པ་མ་རིག་པའི་རབ་རིབ་ཅན་དག་གིས་བདེན་པར་བརྟགས་པ་དེ་ཐམས་ཅད་ཡང་དག་པ་ཉིད་དུ་ཡོད་དོ་ཞེས་གསུངས་སོ། །

དེ་ལྟར་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ཆེས་པ་ན་འཁོར་བ་ལ་ཡིད་འབྱུང་བར་བྱ་བའི་ཕྱིར། འདུས་བྱས་ཐམས་ཅད་སྐད་ཅིག་རེ་རེར་འཇིག་པའི་ཕྱིར། ཡང་དག་མིན་ཞེས་བསྟན་ཏོ། །གདུལ་བྱ་ཁ་ཅིག་ལ་ནི། བྱིས་པའི་སྐྱེ་བོ་ལ་ལྟོས་ནས་འདི་ཐམས་ཅད་ཡང་དག་པ་ཡིན་ལ། འཕགས་པའི་ཡེ་ཤེས་ལ་ལྟོས་ནས་འདི་ཐམས་ཅད་ཡང་དག་པ་མ་ཡིན་པ་ཉིད་དེ། དེ་དག་གིས་དེ་ལྟར་མ་གཟིགས་པའི་ཕྱིར་རོ། །དེ་ཁོ་ན་ཉིད་ཀྱི་ལྟ་བ་ལ་ཡུན་རིང་པོ་ནས་གོམས་པ་སྒྲིབ་པ་ཅུང་ཟད་ཙམ་མ་གྲོལ་བ་ཁ་ཅིག་ལ་ནི་དེ་དག ཡང་དག་མིན་མིན་ཡང་དག་མིན། །ཞེས་བསྟན་ཏེ། སྒྲིབ་པ་ལྷག་མ་ཅུང་ཟད་ཙམ་པོ་དེ་ཡང་སྤང་བར་བྱ་བའི་ཕྱིར་རོ། །དེ་ལྟར་ཇི་ལྟར་བཤད་པ་འདི་ནི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་ལམ་གོལ་པ་ལས་བཟློག་ནས་ལམ་བཟང་པོ་ལ་འགོད་པའི་རྗེས་སུ་བསྟན་པའི་རིམ་པའོ། །འདི་ཐམས་ཅད་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་ཉིད་དུ་རྣམ་པར་གནས་སོ། །དེ་བཞིན་གཤེགས་པ་རྣམས་ནི་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་མི་གསུངས་ཏེ། ནད་དང་མཐུན་པར་སྨན་སོགས་ལྟར་གདུལ་བྱ་དང་འཚམ་པར་ཆོས་སྟོན་པར་མཛད་པའི་ཕྱིར་རོ། །ཇི་སྐད་དུ། ཡོད་དང་མེད་དང་ཡོད་མེད་དང་། །གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ནི། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་བཤད་པ་ལྟར་རོ། །

བཞི་པ་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ལ། འཕགས་པའི་དེ་ཁོ་ན་ཉིད་དང་། བྱིས་པའི་དེ་ཁོ་ན་ཉིད་གཉིས་ཀྱི་དང་པོ་ནི། གང་ལ་འཇུག་པར་བྱ་བའི་ཕྱིར་བསྟན་པ་འདི་དག་སྟོན་པའི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་ཅི་ཞེ་ན། བརྗོད་པར་བྱ་བ་ལྡོག་པས་ཏེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་སྔར་བཤད་ཟིན་པ་མ་ཡིན་ནམ། དེ་ལ་ཅི་ཞིག་དྲིར་ཡོད། དེ་ལྟ་ཡིན་མོད་འོན་ཀྱང་ཐ་སྙད་ཀྱི་བདེན་པའི་ངོར་སྒྲོ་བཏགས་ནས་དེའི་མཚན་ཉིད་བརྗོད་དགོས་སོ་ཞེ་ན། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །གཞན་གྱིས་བསྟན་པས་རྟོགས་བྱ་མ་ཡིན་གྱི། རང་ཉིད་ཀྱི་བསྒོམ་བྱུང་གི་ཡེ་ཤེས་ཀྱིས་མ་རྟོགས་པའི་ཚུལ་གྱིས་རྟོགས་པར་བྱ་བ་ཡིན་པས་ན། གཞན་ལས་ཤེས་མིན་དང་། རང་བཞིན་མེད་པས་ན་ཞི་བ་དང་། ངག་གི་ཡུལ་ལས་འདས་པས་ན་སྤྲོས་པ་ངག་རྣམས་ཀྱིས་མ་སྤྲོས་པ་དང་སེམས་ཀྱི་རྒྱུ་བ་དང་བྲལ་བས་ན་རྣམ་རྟོག་མེད་པ་དང་། ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་ཐམས་ཅད་འདིར་སྟོང་པ་ཉིད་དུ་རོ་གཅིག་པས་ན་དོན་ཐ་དད་པ་མིན་པ་སྟེ་དེ་ལྟར་རྣམ་པ་བཞི་པོ་དེ་ནི་དེ་ཁོ་ན་ཉིད་ཀྱི་མཚན་ཉིད་དོ། །

གཉིས་པ་ནི། གང་ལ་བརྟེན་ཏེ་གང་འབྱུང་བ ། །དེ་ནི་རེ་ཞིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་པ་མིན། །ས་བོན་ལ་བསྟེན་ནས་མྱུ་གུ་འབྱུང་བ་ལྟར་རྒྱུ་གང་ལ་བརྟེན་ནས་འབྲས་བུ་གང་འབྱུང་བ་དེ་ནི་རེ་ཞིག་དེ་ཉིན་མིན་ཏེ། བསྐྱེད་བྱ་དང་སྐྱེད་བྱེད་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་དེ་ལས་འབྲས་བུ་དེ་གཞན་པ་ཡང་མ་ཡིན་ཏེ། ས་བོན་མེད་པར་ཡང་མྱུ་གུ་འབྱུང་བར་ཐལ་བའི་ཕྱིར་རོ། །གང་ལ་བརྟེན་ཏེ་གང་འབྱུང་བ་དེ་ནི་དེ་ཉིད་ཀྱང་མ་ཡིན། གཞན་ཡང་མ་ཡིན་པ་དེའི་ཕྱིར་རྒྱུ་དེ་ནི་ཆད་པ་ཡང་མ་ཡིན་ལ་རྟག་པ་ཡང་མ་ཡིན་ནོ། །ཇི་སྐད་དུ། ས་བོན་ཡོད་ན་མྱུ་གུ་ཇི་བཞིན་ཏེ། །ས་བོན་གང་ཡིན་མྱུ་གུ་དེ་ཉིད་མིན། །དེ་ལས་གཞན་མིན་དེ་ཡང་མ་ཡིན་ཏེ། །དེ་ལྟར་རྟག་མིན་ཆད་མིན་ཆོས་ཉིད་དོ། །ཞེས་གསུངས་སོ། །

ལྔ་པ་དེ་ཁོ་ན་ཉིད་ཀྱི་ཆེ་བ་ནི། དེ་ལྟར་ཇི་སྐད་བཤད་པའི་ཚུལ་གྱིས། སངས་རྒྱས་འཇིག་རྟེན་མགོན་རྣམས་ཀྱི། །བསྟན་པ་བདུད་རྩིར་གྱུར་པ་དེ། །དོན་གཅིག་མ་ཡིན་ཐ་དད་མིན། །ཆད་པ་མ་ཡིན་རྟག་པ་མིན། །ཡང་དག་པར་རྫོགས་པའི་སངས་རྒྱས་འཇིག་རྟེན་སྐྱོབ་པ་མེད་པའི་སྐྱོབ་པ་མགོན་མེད་པའི་མགོན་འཇིག་རྟེན་མགོན་པོ་རྣམས་ཀྱི་བསྟན་པ་དམ་པའི་ཆོས་རྒ་བ་དང་འཆི་བ་གཏན་གཅོད་པའི་བདུད་རྩིར་གྱུར་པ་དེ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་དོན་གཅིག་མ་ཡིན་ཞིང་ཐ་དད་པ་ཡང་མིན་ལ། ཆད་པ་མ་ཡིན་ཞིང་རྟག་པ་ཡང་མིན་པར་ཤེས་པར་བྱའོ། །ཉན་ཐོས་རྣམས་ཀྱིས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་འདི་ལ་ཐོས་བསམ་སྒོམ་གསུམ་གྱིས་རིམ་གྱིས་ཞུགས་པ་ན། ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་གསུམ་གྱི་བདུད་རྩི་ཉེ་བར་སྤྱད་པའི་ཕྱིར་ངེས་པར་རྒ་ཤི་ཟད་པའི་མྱང་འདས་ཐོབ་པར་འགྱུར་རོ། །ཅི་སྟེ་ཡང་དགེ་བའི་རྩ་བ་ཡོངས་སུ་མ་སྨིན་པས་འདི་ཉིད་ལ་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཐོས་སུ་ཟིན་ཀྱང་ཐར་པ་མི་འཐོབ་ན། སྐྱེ་བ་གཞན་དུ་སྔོན་གྱི་རྒྱུའི་སྟོབས་ཉིད་ལས་ངེས་པར་ཐོབ་པར་འགྱུར་ཏེ། ཇི་སྐད་དུ། བརྒྱ་པ་ལས། དེ་ཉིད་ཤེས་པས་གལ་ཏེ་འདིར། །མྱ་ངན་འདས་པ་མ་ཐོབ་ཀྱང་། །སྐྱེ་བ་ཕྱི་མར་འབད་མེད་པར། །ངེས་པར་ཐོབ་འགྱུར་ལས་བཞིན་ནོ། །ཞེས་བཤད་པ་ལྟར་རོ། །ཅི་སྟེ་ཡང་སྐྱེ་བ་གཞན་དུ་སངས་རྒྱས་འབྱུང་བ་དང་མ་ཕྲད་ན་དེ་ཁོ་ན་ཉིད་སྟོན་པའི་རྐྱེན་མེད་པའི་ཕྱིར་མྱང་འདས་ཇི་ལྟར་འགྲུབ་ཅེ་ན། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བསྟན་པ་མེད་ལས་རབ་ཏུ་སྐྱེ། །གང་གི་ཚེ་རྫོགས་པའི་སངས་རྒྱས་རྣམས་འཇིག་རྟེན་དུ་མ་བྱུང་ཞིང་། དེའི་ཉན་ཐོས་རྣམས་ཀྱང་ཟད་པར་གྱུར་པ་དེའི་ཚེ་འཕགས་པའི་ལམ་སྟོན་པའི་རྐྱེན་མ་ཚང་བ་དེ་ལྟ་ན་ཡང་སྔོན་ཚེ་རབས་གཞན་དུ་དེ་ཁོ་ན་ཉིད་ཐོས་པའི་རྒྱུའི་སྟོབས་ཁོ་ན་ལས་འཇིག་རྟེན་འདིའི་ཉེ་བར་བསྟན་པ་ལ་ལྟོས་པ་མེད་པར་རང་སངས་རྒྱས་ཀྱི་ཡེ་ཤེས་ནི་དགེ་བའི་བཤེས་གཉེན་ལ་བསྟེན་པ་མེད་པར་རྐྱེན་ལུས་དང་སེམས་དབེན་པ་ཙམ་བསྟེན་པ་ལས་སྐྱེ་བ་ཡིན་ནོ། །གང་གི་ཕྱིར་སངས་རྒྱས་མི་འབྱུང་བའི་དུས་སུ་རང་སངས་རྒྱས་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་རྒྱས་སྨན་པའི་རྒྱལ་པོས་གསུངས་པའི་དམ་པའི་ཆོས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ཇི་སྐད་བཤད་པ་དེ་འབྲས་བུ་ཡོད་པར་ཤེས་པར་བྱའོ། །དེའི་ཕྱིར་ཤེས་རབ་ཅན་རྣམས་ཀྱིས་སྲོག་ཀྱང་བཏང་སྟེ་དེ་ཁོ་ན་ཉིད་བཙལ་བར་འོས་པ་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྟག་ཏུ་ངུས་བཅོམ་ལྡན་འདས་མ་ཇི་ལྟར་བཙལ་བ་བཞིན་ནོ། །ཇི་སྐད་དུ། འཕགས་པ་བརྒྱད་སྟོང་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཇི་ལྟར་ཡོངས་སུ་བཙལ་བ་ལགས། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་རབ་འབྱོར་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །རབ་འབྱོར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྟག་ཏུ་ངུས་སྔོན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ཡོངས་སུ་ཚོལ་བ་ན། ལུས་ལ་ཆེར་ཆེར་མི་བྱེད། སྲོག་ལ་མི་ལྟ། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་གནས་པར་ཡོངས་སུ་བཙལ་བས་ཡོངས་སུ་བཙལ་ལོ་ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་བདག་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་བཅོ་བརྒྱད་པའི་འགྲེལ་པའོ།། །།

ལེའུ་བཅུ་དགུ་པའི་རྣམ་བཤད།

བཅུ་དགུ་པ་དུས་བརྟག་པ་ལ། དུས་རྫས་གྲུབ་དགག བརྟེན་ནས་བཏགས་པའི་དུས་དགག་པ་གཉིས་ཀྱི། དང་པོ་ལ་ངོ་བོ་དགག སྒྲུབ་བྱེད་དགག་པ་གཉིས་ཀྱི། དང་པོ་ལ་ཡང་། ད་ལྟར་བ་དང་མ་འོངས་པའི་དུས་དགག ཚུལ་དེ་གཞན་ལ་བསྒྲེ་བ་གཉིས་ཀྱི་དང་པོ་ནི། འདིར་སྨྲས་པ། དངོས་པོ་རྣམས་ཀྱི་རང་བཞིན་ནི་ཡོད་དེ། དུས་གསུམ་དུ་གདགས་པའི་རྒྱུ་ཡིན་པའི་ཕྱིར། འདས་པ་ལ་སོགས་པའི་དུས་གསུམ་པོ་ནི་དངོས་པོའི་རྟེན་ཅན་ཡིན་ཏེ། དངོས་པོའི་རང་བཞིན་སྐྱེས་ལ་འགགས་པ་ལ་ནི་འདས་པ་ཞེས་བསྙད་ལ། སྐྱེས་ལ་མ་འགགས་པ་ནི་ད་ལྟར་བ་ཡིན་ཞིང་བདག་གི་དངོས་པོ་མ་རྙེད་པ་ནི་མ་འོངས་པ་ཡིན་ནོ་ཞེ་ན། དུས་གསུམ་པོ་དག་ཀྱང་བཏགས་པ་ཙམ་ཡིན་གྱི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། འདི་ལྟར། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་འདས་ལ་ལྟོས་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །འདས་པའི་དུས་ན་ཡོད་པར་འགྱུར། །གལ་ཏེ་ད་ལྟར་བ་དང་མ་འོངས་པའི་དུས་དག་ཡོད་ན་དེ་དག་འདས་པའི་དུས་ལ་ལྟོས་སམ། མ་ལྟོས་པར་གྱུར་གྲང་། གལ་ཏེ་ད་ལྟར་བྱུང་དང་མ་འོངས་པ་འདས་པའི་དུས་ལ་ལྟོས་ན་ད་ལྟར་བ་དང་མ་འོངས་པ་གཉིས་འདས་པའི་དུས་ན་ཡོད་པར་འགྱུར་ཏེ། གང་ཞིག་གང་ན་ཡོད་པ་མ་ཡིན་པ་དེ་ནི་དེ་ལ་ལྟོས་པ་མ་ཡིན་པའི་ཕྱིར། དཔེར་ན་རང་གི་བུ་མོ་མོ་གཤམ་ལ་མི་ལྟོས་པ་བཞིན། དེ་དག་འདས་པའི་དུས་ན་ཡོད་ན་འདས་པའི་རང་གི་བདག་ཉིད་ལྟར་དེ་དག་ཀྱང་འདས་པར་འགྱུར་ལ། དེའི་ཕྱིར་འདས་པར་ཡང་མི་འགྱུར་ཏེ། གང་གི་ཕྱིར་ད་ལྟར་བ་ལས་འདས་པ་ནི་འདས་པ་ཡིན་ལ། མ་ཐོབ་པ་ནི་མ་འོངས་པ་ཡིན་ན། གང་ལ་འདས་པས་འདས་པར་འགྱུར་བ་ད་ལྟར་བ་དང་མ་འོངས་པ་མེད་པའི་ཕྱིར། ཅི་སྟེ་ཉེས་པ་དེ་སྤོང་བར་འདོད་ནས། ད་ལྟར་བྱུང་དང་མ་འོངས་པ། །གལ་ཏེ་དེ་ནི་མེད་གྱུར་ན། །ད་ལྟར་བྱུང་དང་མ་འོངས་པ། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །གལ་ཏེ་ད་ལྟར་འབྱུང་བ་དང་མ་འོངས་པ་འདས་པའི་དུས་དེ་ན་མེད་པར་གྱུར་ན། དེའི་ཕྱིར་ད་ལྟར་བྱུང་དང་མ་འོངས་པ་ནམ་མཁའི་ཨུཏྤལ་ལྟར་ཇི་ལྟར་འདས་པ་དེ་ལ་ལྟོས་པར་འགྱུར་ཏེ། ལྟོས་པ་མི་རིགས་སོ། །གལ་ཏེ་དུས་སྨྲ་བའི་ལྟར་ན། དུས་ནི་རྫས་སུ་ཡོད་པས་ལྟོས་པ་དགོས་པ་མེད་དོ་ཞེ་ན། དེ་ལྟ་ན་ཡང་། འདས་པ་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཕྱིར་ད་ལྟར་བྱུང་བ་དང་། །མ་འོངས་དུས་ཀྱང་ཡོད་མ་ཡིན། །འདས་པ་དང་མ་འོངས་པའི་དུས་གཉིས་རང་གི་ངོ་བོས་གྲུབ་པ་ཡོད་པ་མ་ཡིན་ཏེ། འདས་པ་ལ་མ་ལྟོས་པའི་ཕྱིར་བོང་བུའི་རྭ་བཞིན། གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་ད་ལྟར་བྱུང་བ་དང་མ་འོངས་པའི་དུས་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། རིམ་པའི་ཚུལ་ནི་འདི་གཉིས་ཀྱིས། །ལྷག་མ་གཉིས་པོ་བསྣོར་བ་དང་། །མཆོག་དང་ཐ་མ་འབྲིང་ལ་སོགས། །གཅིག་ལ་སོགས་པའང་ཤེས་པར་བྱ། །ད་ལྟར་འབྱུང་བ་དང་། མ་འོངས་པ་འདས་པ་ལ་ལྟོས་སམ། མ་ལྟོས་ཀྱང་རུང་སྟེ། མ་གྲུབ་པའི་རིམ་པའི་ཚུལ་འདི་གཉིས་ཀྱིས་དུས་ལྷག་མ་གཉིས་པོ་སུན་དབྱུང་བ་ཡང་གོ་བསྣོར་ཏེ་ཤེས་པར་བྱའོ། །ཇི་ལྟར་ཞེ་ན། འདས་པ་དང་ནི་མ་འོངས་པ། །གལ་ཏེ་ད་ལྟར་བྱུང་ལྟོས་ན། །འདས་པ་དང་ནི་མ་འོངས་པ། །ད་ལྟར་དུས་ན་ཡོད་པར་འགྱུར། །འདས་པ་དང་ནི་མ་འོངས་དུས། །གལ་ཏེ་དེ་ན་མེད་གྱུར་ན། །འདས་པ་དང་ནི་མ་འོངས་དུས། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །ད་ལྟར་ལ་ནི་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཡི་ཕྱིར་ན་འདས་པ་དང་། །མ་འོངས་དུས་ན་ཡོད་མ་ཡིན། །དཀྱུས་སུ་བྲིས་ཀྱང་ཡོང་བར་འདྲའོ། །ཚིག་གསལ་རང་ནའང་འདུག་པའི་ཕྱིར་རོ། །ཞེས་པ་དུས་བསྣོར་བ་གཅིག་གོ །འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་མ་འོངས་ལྟོས་གྱུར་ན། །འདས་པ་དང་ནི་ད་ལྟར་བྱུང་། །མ་འོངས་དུས་ན་ཡོད་པར་འགྱུར། །འདས་དང་ད་ལྟར་བྱུང་བ་ནི། །གལ་ཏེ་དེ་ན་མེད་གྱུར་ན། །འདས་པ་དང་ནི་ད་ལྟར་བྱུང་། །ཇི་ལྟར་དེ་ལ་ལྟོས་པར་འགྱུར། །མ་འོངས་པ་ལ་མ་ལྟོས་པར། །དེ་གཉིས་གྲུབ་པ་ཡོད་མ་ཡིན། །དེ་ཡི་ཕྱིར་ན་འདས་པ་དང་། །ད་ལྟར་དུས་ཀྱང་ཡོད་མ་ཡིན། །ཞེས་པ་དུས་བསྣོར་བ་གཉིས་པའོ། །ཇི་ལྟར་དུས་གསུམ་རྣམ་པར་དཔྱད་ན་མ་གྲུབ་པ་དེ་བཞིན་དུ། མཆོག་དང་། ཐ་མ་དང་། འབྲིང་དང་སོགས་པས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་དང་། སྐྱེ་བ་དང་། གནས་པ་དང་། འཇིག་པ་དང་། འདོད་པ་དང་། གཟུགས་དང་གཟུགས་མེད་པ་དང་། གཅིག་དང་གཉིས་དང་མང་པོ་སྔོན་གྱི་མཐའ་དང་། དབུས་ཀྱི་ཆ་དང་། ཕྱི་མའི་མཐའ་རྣམས་དང་། སློབ་པ་དང་། མི་སློབ་པ་དང་། སློབ་པ་ཡང་མ་ཡིན་མི་སློབ་པ་ཡང་མ་ཡིན་པ། ཉིན་མོ་དང་མཚན་མོ་དང་། ཟླ་བ་ཕྱེད་དང་། ཟླ་བ་དང་ཉི་མ་ནུར་བ་དང་ལོ་ལ་སོགས་པ་དངོས་པོ་གསུམ་དང་འབྲེལ་བ་ཐམས་ཅད་དུས་གསུམ་རྣམ་པར་བཤད་པས་བཤད་པར་ཤེས་པར་བྱའོ། །མཆོག་དང་འབྲིང་དང་ཐ་མ་ལ་ལྟོས་སམ་མ་ལྟོས་པར་མ་གྲུབ་བོ་ཞེས་སོགས་ཤེས་པར་བྱའོ། །

གཉིས་པ་སྒྲུབ་བྱེད་དགག་པ་ནི། གལ་ཏེ་དུས་ནི་ཡོད་དེ། སྐད་ཅིག་དང་། ཐང་ཅིག་དང་། ཡུད་ཙམ་ལ་སོགས་པའི་དབྱེ་བས་ཚད་དང་ལྡན་པའི་ཕྱིར་རོ་ཞེ་ན། དུས་ནི་ཚད་དང་ལྡན་པར་འཛིན་པ་མ་ཡིན་ཏེ། དུས་ཡོད་པ་མ་ཡིན་པའི་ཕྱིར། འདི་ལྟར། མི་གནས་དུས་ནི་འཛིན་མི་བྱེད། །གང་ཞིག་གཟུང་བར་བྱ་བའི་དུས། །གནས་པ་ཡོད་པ་མ་ཡིན་པས། །མ་བཟུང་དུས་ནི་ཇི་ལྟར་གདགས། །གལ་ཏེ་དུས་ཞེས་བྱ་བ་སྐད་ཅིག་ལ་སོགས་པ་ལས་ཐ་དད་པའི་ཐེར་ཟུག་དུ་གནས་པ་ཞིག་ཡོད་ན། དེ་སྐད་ཅིག་ལ་སོགས་པའི་སྒོ་ནས་ཚད་དང་ལྡན་པར་འཛིན་པ་ཞིག་ན། དེ་ནི་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་ཐེར་ཟུག་དུ་མི་གནས་པའི་དུས་ནི་སྐད་ཅིག་ལ་སོགས་པའི་ཚད་དང་ལྡན་པར་འཛིན་པར་མི་བྱེད་དོ། །

གལ་ཏེ་དུས་རྟག་པ་གནས་པའི་རང་བཞིན་ཅན་ཡོད་པ་ཡིན་ལ། དེ་ཡང་སྐད་ཅིག་ལ་སོགས་པས་མངོན་པར་གསལ་བར་བྱེད་པ་ཡིན་ཏེ། ཇི་སྐད་དུ། དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་རྒུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ལས་འདའ་བ་དཀའ་བ་ཡིན། །ཞེས་འབྱུང་བས་དེ་ལྟ་བུའི་མཚན་ཉིད་ཅན་གྱི་དུས་རྟག་པ་ཡོད་དོ་ཞེ་ན། དེ་ལྟ་ན་ཡང་གང་ཞིག་སྐད་ཅིག་མ་ལ་སོགས་པས་མངོན་པར་གསལ་ཞིང་གཟུང་བར་བྱ་བའི་དུས་རྟག་པར་གནས་པ་ཡོད་པ་མ་ཡིན་ཏེ། སྐད་ཅིག་ལ་སོགས་པ་ལས་ཐ་དད་པར་མ་བཟུང་བའི་ཕྱིར། དེ་ལྟར་མི་གནས་ཤིང་མ་བཟུང་བའི་དུས་ནི་ཇི་ལྟར་སྐད་ཅིག་ལ་སོགས་པས་གདགས་པར་ནུས་ཏེ་མི་ནུས་པ་ཁོ་ནའོ། །གཉིས་པ་བརྟེན་ནས་གདགས་པའི་དུས་དགག་པ་ནི། གལ་ཏེ་དུས་ཞེས་བྱ་བ་གཟུགས་ལ་སོགས་པ་ལས་ཐ་དད་པའི་རྟག་པ་འགའ་ཞིག་མེད་པ་ནི་བདེན་མོད། འོན་ཀྱང་འདུ་བྱེད་གཟུགས་ལ་སོགས་པ་དག་ལ་བརྟེན་ནས་བཏགས་པའི་དུས་ནི་སྐད་ཅིག་ལ་སོགས་པའི་སྒོ་ནས་འཛིན་པར་བྱེད་པས་ཉེས་པ་མེད་དོ་ཞེ་ན། གལ་ཏེ་དུས་ནི་དངོས་བརྟེན་ཏེ། །དངོས་མེད་དུས་ནི་ག་ལ་ཡོད། །གལ་ཏེ་དུས་དངོས་པོ་ལ་བརྟེན་ཏེ་རྣམ་པར་འཇོག་ན། གང་གི་ཚེ་དངོས་པོ་རང་བཞིན་གྱིས་མེད་པ་དེའི་ཚེ་དེ་ལ་བརྟེན་ནས་བཏགས་པའི་དུས་ག་ལ་ཡོད། དེའི་ཕྱིར། དངོས་པོ་འགའ་ཡང་ཡོད་མིན་ན། །དུས་ལྟ་ཡོད་པར་ག་ལ་འགྱུར། །གོང་དུ་རྒྱས་པར་བསྟན་པའི་ཕྱིར་དང་དགག་པ་འཆད་པར་འགྱུར་བའི་ཕྱིར། དངོས་པོ་འགའ་ཡང་ཡོད་པ་མ་ཡིན་པ་དེའི་ཚེ་དུས་ལྟ་ཡོད་པ་ག་ལ་འགྱུར། དུས་མེད་པས་དེའི་ཚེ་སྐད་ཅིག་ལ་སོགས་པ་ཡང་མེད་དོ། །དེའི་ཕྱིར་ཚད་དང་ལྡན་པ་ཉིད་ཀྱིས་དུས་མ་གྲུབ་ལ། དུས་མེད་པས་དངོས་པོ་རྣམས་ཀྱི་རང་བཞིན་ཡང་མ་གྲུབ་བོ། །འཕགས་པ་གླང་པོའི་རྩལ་གྱི་མདོ་ལས། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་པ་ནམ་ཡང་སྤྲོས་པ་མེད་མི་འགྱུར། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་དུས་བརྟག་པ་སྟེ་རབ་ཏུ་བྱེད་པ་བཅུ་དགུ་པའི་འགྲེལ་པའོ།། །།

ལེའུ་ཉི་ཤུ་པའི་རྣམ་བཤད།

ཉི་ཤུ་པ་ཚོགས་པ་བརྟག་པ་ལ། ཚོགས་པས་བྱས་པའི་འབྲས་བུ་དགག ཚོགས་མིན་བྱས་པའི་འབྲས་བུ་དགག བཀག་པ་དེའི་མཇུག་བསྡུ་བ་དང་གསུམ་གྱི། དང་པོ་ལ། རྒྱས་པར་བསྟན་པ་དང་། དོན་བསྡུ་བ་གཉིས་ཀྱི། དང་པོ་ལ། འབྲས་བུ་ཡོད་མེད་བརྟགས་ལ་དགག བྱིན་དང་མ་བྱིན་བརྟགས་ལ་དགག ལྷན་ཅིག་སྔ་རོལ་གནས་པ་དགག རྒྱུའི་གནས་སྐབས་འཕོ་བ་དགག འགགས་པ་དང་མ་འགགས་བརྟགས་ལ་དགག མཐོང་དང་མ་མཐོང་བརྟགས་ལ་དགག ཕྲད་དང་མ་ཕྲད་བརྟགས་ལ་དགག སྟོང་དང་མི་སྟོང་བརྟགས་ལ་དགག གཅིག་དང་ཐ་དད་བརྟགས་ལ་དགག ངོ་བོ་ཡོད་མེད་བརྟགས་ལ་དགག་པ་བཅུའི་དང་པོ་ནི། གལ་ཏེ་དུས་ནི་ཡོད་དེ། འབྲས་བུ་འབྱུང་བ་ལ་ལྷན་ཅིག་བྱེད་པའི་རྐྱེན་ཡིན་པའི་ཕྱིར། འདི་ན་མྱུ་གུ་གང་ཞིག་ས་བོན་ལ་སོགས་པའི་རྒྱུ་རྐྱེན་གྱི་ཚོགས་པ་ཡོད་ཀྱང་། དུས་ཀྱི་ཁྱད་པར་མི་ཉེ་བས་མི་སྐྱེ་བ་ཡིན་ནོ། །ཇི་ལྟར་ཕྱི་རོལ་བཞིན་དུ་ནང་གི་བདག་ཉིད་རྣམས་ལ་ཡང་ཡིན་ཏེ། བཅོམ་ལྡན་འདས་ཀྱིས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པ་ལྟ་བུའོ། །

དེའི་ཕྱིར་འབྲས་བུའི་ལྷན་ཅིག་བྱེད་རྐྱེན་དུ་གྱུར་པའི་དུས་ཡོད་དོ་ཞེ་ན། འབྲས་བུ་ཡོད་ན་དུས་དེའི་ལྷན་ཅིག་བྱེད་རྐྱེན་དུ་འགྱུར་བ་ཞིག་ན། ཡོད་པ་མ་ཡིན་ཏེ། འདིར་ས་བོན་ལ་སོགས་པའི་རྒྱུ་རྐྱེན་གྱི་ཚོགས་པ་ལས་མྱུ་གུ་ལ་སོགས་པའི་འབྲས་བུ་སྐྱེ་བར་རྟོག་ན། ཚོགས་པ་ལ་གནས་པ་ཞིག་གམ་འོན་ཏེ་མི་གནས་པ་ཞིག་དེ་ལས་སྐྱེ་གྲང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་ཞིང་ཚོགས་པ་ཉིད་ལ་འབྲས་བུ་ཡོད་ན། ཚོགས་པ་ལ་ཡོད་པའི་འབྲས་བུ་དེ་ནི་ཇི་ལྟར་ཚོགས་པ་ཉིད་ལས་སྐྱེ་བར་འགྱུར་ཏེ། འཁར་གཞོང་ན་ཡོད་པའི་ཞོ་ནི་འཁར་གཞོང་གིས་མི་བསྐྱེད་པ་བཞིན་ནོ། །གལ་ཏེ་ཚོགས་པ་ལ་འབྲས་བུ་མེད་དོ་ཞེས་རྟོག་ན། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་པ་ཉིད་ལས་སྐྱེ་འགྱུར་ཞིང་། །ཚོགས་ལ་འབྲས་བུ་མེད་ན་ནི། །ཇི་ལྟར་ཚོགས་པ་ཉིད་ལས་སྐྱེས། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་ལ་འབྲས་བུ་མེད་ན། འོ་ན་ཇི་ལྟར་རྒྱུ་རྐྱེན་གྱི་ཚོགས་པ་ཉིད་ལས་འབྲས་བུ་སྐྱེ་བར་འགྱུར་ཏེ། དེ་ནི་ཡོད་པ་མ་ཡིན་པའི་ཕྱིར། བྱེ་མ་དག་གི་ཏིལ་མར་བཞིན་ནོ། །གཞན་ཡང་། གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་ཡོད་ན་ནི། །ཚོགས་ལ་གཟུང་དུ་ཡོད་རིགས་ན། །ཚོགས་པ་ཉིད་ལ་གཟུང་དུ་མེད། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་ལ་འབྲས་བུ་ཡོད་ན་འཁར་གཞོང་ལས་ཞོ་བཞིན་དུ་ཚོགས་པ་ལ་འབྲས་བུ་གཟུང་དུ་ཡོད་པར་རིགས་ན་ས་བོན་ལ་སོགས་པའི་ཚོགས་པ་རྣམས་ལ་འབྲས་བུ་མྱུ་གུ་ནི་བཟུང་དུ་མེད་པའི་ཕྱིར། ཡོད་པ་མ་ཡིན་ཏེ། ཅི་སྟེ་གང་ཞིག་གང་ན་མེད་པ་དེ་ནི་དེ་ལས་མི་སྐྱེ་སྟེ། བྱེ་མ་དག་ལ་ཏིལ་མར་བཞིན་ནོ། །

འབྲས་བུ་ནི་ཚོགས་པ་ལས་སྐྱེ་བ་ཡིན་ཏེ། དེའི་ཕྱིར་ཚོགས་པ་ལས་འབྲས་བུ་ཡོད་པར་རྗེས་སུ་དཔག་གོ་ཞེ་ན། གང་ཞིག་གང་ན་ཡོད་པ་དེ་ནི་དེ་ལས་སྐྱེ་བ་མ་ཡིན་ཏེ་འཁར་གཞོང་ལས་ཞོ་མི་སྐྱེ་བ་བཞིན་ཞེས་པའི་རྗེས་སུ་དཔག་པ་འདི་ལས་ཚོགས་པ་ལས་འབྲས་བུ་མེད་དོ་ཞེས་ཀྱང་ཅི་སྟེ་མི་གཟུང་། ཅི་སྟེ་ཕྱོགས་གཉིས་ཀ་ཡང་རྗེས་སུ་དཔག་པ་དང་འགལ་བའི་ཕྱིར་ཇི་ལྟར་ཡོད་པ་མི་རིགས་པ་བཞིན་དུ་མེད་པ་ཡང་མི་རིགས་སོ་སྙམ་ན། ཁོ་བོ་ཅག་ནི་འདི་མེད་པ་སྒྲུབ་པ་མ་ཡིན་གྱི། དབུ་མ་སྙིང་པོ་ལས་ཀྱང་། འདི་ནི་ཡོད་ཉིད་འགོག་པ་དང་། །མེད་ཉིད་ཡོངས་སུ་འཛིན་པ་མིན། །སྔོན་པོ་མིན་ཞེས་བརྗོད་པ་ཡིས། །དཀར་པོ་ཡིན་ཞེས་བརྗོད་དམ་ཅི། །ཞེས་གསུངས་པའི་གཉིས་ཀའི་སྤྲོས་པ་མ་ལུས་པ་སྤང་པ་ཞི་བའི་བདེ་བ་འཐོབ་པའི་ཕྱིར་རོ། །གཞན་གྱིས་མེད་པ་ཉིད་དུ་བརྟགས་པ་འགོག་པ་ཡིན་ལ། དེ་བཞིན་དུ་འདི་ཡོད་པ་ཉིད་སྒྲུབ་པ་ཡང་མ་ཡིན་གྱི། གཞན་གྱིས་མེད་པ་ཉིད་དུ་བརྟགས་པ་སེལ་བ་ཡིན་ཏེ། མཐའ་གཉིས་བསལ་ནས་དབུ་མའི་ལམ་སྒྲུབ་པར་འདོད་པའི་ཕྱིར་རོ། །ཇི་སྐད་དུ། བརྒྱ་པ་ལས། འབྲས་བུ་ཡོད་པར་གང་འདོད་དང་། །འབྲས་བུ་མེད་པར་གང་འདོད་པ། ཁྱིམ་གྱི་དོན་དུ་ཀ་བ་སོགས། །བརྒྱན་པའི་དོན་ཡང་མེད་པར་འགྱུར། །ཞེས་བཤད་དོ། །དེའི་ཕྱིར་ཚོགས་པ་ལ་ཡོད་པའི་འབྲས་བུ་སྐྱེ་བ་མ་ཡིན་ནོ། །གལ་ཏེ་རྒྱུ་དང་རྐྱེན་རྣམས་ཀྱི། །ཚོགས་ལ་འབྲས་བུ་མེད་ན་ནི། །རྒྱུ་རྣམས་དང་ནི་རྐྱེན་དག་ཀྱང་། །རྒྱུ་རྐྱེན་མ་ཡིན་མཚུངས་པར་འགྱུར། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་ལ་འབྲས་བུ་མེད་པ་ཉིད་དུ་སེམས་ན། ཇི་ལྟར་མེ་དང་སོལ་བ་ལ་སོགས་པ་མྱུ་གུ་མེད་པ་རྣམས་དེའི་རྒྱུར་མི་འགྱུར་བ་བཞིན་དུ། ས་བོན་ལ་སོགས་པ་རྒྱུ་རྐྱེན་དུ་མངོན་པར་འདོད་པ་དག་ཀྱང་མྱུ་གུའི་རྒྱུ་རྐྱེན་མ་ཡིན་པ་དང་མཚུངས་པར་དེའི་རྒྱུ་མ་ཡིན་པར་འགྱུར་ཏེ། དེ་དག་ལ་མྱུ་གུ་མེད་པའི་ཕྱིར་རོ། །རྒྱུ་རྐྱེན་མ་ཡིན་པ་ལས་ཀྱང་འབྲས་བུ་འབྱུང་བ་མི་རིགས་ཏེ། དེའི་ཕྱིར་འབྲས་བུ་འབྱུང་བ་མེད་དོ། །གཉིས་པ་ནི། གང་ལས་ཉེས་པ་འདིར་འགྱུར་བ་ཚོགས་པ་ལ་འབྲས་བུ་བསྐྱེད་པའི་ནུས་པ་མེད་ཀྱི། འོན་ཀྱང་རྒྱུ་ལ་འབྲས་བུ་བསྐྱེད་པའི་ནུས་པ་ཡོད་ལ། ཚོགས་པས་ནི་རྒྱུ་ལ་ཕན་འདོགས་པ་ཙམ་ཞིག་བྱེད་ལ། རྒྱུ་དེས་ནི་འབྲས་བུ་བསྐྱེད་པར་བྱ་བའི་ཕྱིར་བྱེད་རྒྱུ་བྱིན་ནས་དགག་པར་འགྱུར་ཅིང་རྒྱུ་དེས་ཕན་བཏགས་པའི་འབྲས་བུ་ཡང་སྐྱེ་བ་ཡིན་ནོ་ཞེ་ན། གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་བྱིན་ནས་ནི་འགག་འགྱུར་ན། །གང་བྱིན་པ་དང་གང་འགག་པའི། །རྒྱུ་ཡི་བདག་ཉིད་གཉིས་སུ་འགྱུར། །གལ་ཏེ་རྒྱུས་འབྲས་བུ་བསྐྱེད་པའི་ཕྱིར་བྱེད་རྒྱུ་བྱིན་ནས་འགག་པར་འགྱུར་རོ་ཞེས་རྟོག་ན། དེ་ལྟ་ན་རྒྱུའི་ཆ་གང་འབྲས་བུ་ལ་བྱིན་པ་དང་གང་འགག་པའི་རྒྱུའི་བདག་ཉིད་གཉིས་སུ་འགྱུར་ན། དེ་ཡང་མི་རིགས་ཏེ། ཕྱེད་རྟག་པར་འགྱུར་བའི་ཕྱིར་དང་། ཕྱེད་མི་རྟག་པར་འགྱུར་བའི་ཕྱིར་དང་། རྟག་པ་དང་མི་རྟག་པ་ཕན་ཚུན་འགལ་བ་དག་ཀྱང་གཅིག་ལ་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུས་ནི་འབྲས་བུ་ལ། །རྒྱུ་མ་བྱིན་པར་འགག་འགྱུར་ན། །རྒྱུ་འགགས་ནས་ནི་སྐྱེས་པ་ཡི། །འབྲས་བུ་དེ་ནི་རྒྱུ་མེད་འགྱུར། །གལ་ཏེ་རྒྱུའི་བདག་ཉིད་གཉིས་སུ་ཐལ་བའི་ཉེས་པ་དེ་སྤོང་བར་འདོད་ནས། རྒྱུས་འབྲས་བུ་ལ་བྱེད་རྒྱུ་ཅུང་ཟད་ཀྱང་མ་བྱིན་པར་བདག་ཉིད་ཐམས་ཅད་ཀྱིས་འགག་པར་རྟོག་ན་དེ་ལྟ་ན་རྒྱུ་འགགས་ནས་སྐྱེས་པའི་འབྲས་བུ་དེ་ནི་རྒྱུ་མེད་ཁོ་ནར་གྱུར་ན། རྒྱུ་མེད་པ་ནི་ཡོད་པ་མ་ཡིན་པས་རྟོག་པ་དེ་ཡང་མི་རིགས་སོ། །

གསུམ་པ་ནི། གང་ལ་ཉེས་པ་འདིར་འགྱུར་བ་རྒྱུ་འགག་ནས་འབྲས་བུ་སྐྱེ་བ་མ་ཡིན་གྱི། ཚོགས་པ་དང་ལྷན་ཅིག་སྐྱེས་པའི་འབྲས་བུ་ཁོ་ན་བསྐྱེད་པར་བྱེད་དོ་ཞེ་ན། གལ་ཏེ་ཚོགས་དང་ལྷན་ཅིག་ཏུ། །འབྲས་བུ་ཡང་ནི་སྐྱེ་འགྱུར་ན། །སྐྱེད་པར་བྱེད་དང་བསྐྱེད་བྱ་གང་། །དུས་གཅིག་པར་ནི་ཐལ་བར་འགྱུར། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པ་དང་ལྷན་ཅིག་ཏུ་འབྲས་བུ་སྐྱེ་བར་འགྱུར་ན། སྐྱེད་བྱེད་བསྐྱེད་བྱ་དུས་གཅིག་ཏུ་ཐལ་བར་འགྱུར་ན་དེ་ཡང་མི་རིགས་ཏེ། བ་ལང་གི་རྭ་གཡས་གཡོན་བཞིན་དུ་དུས་གཅིག་པ་དག་ལ་བསྐྱེད་བྱ་སྐྱེད་བྱེད་མ་མཐོང་བའི་ཕྱིར་རོ། །འདིར་བྱེ་བྲག་སྨྲ་བ་རྣམས་ན་རེ། དངོས་པོ་རྣམས་མ་བྱུང་བ་ལས་བྱུང་བ་མ་ཡིན་ཏེ་གློ་བུར་བར་ཐལ་བར་འགྱུར་བའི་ཕྱིར་རོ། །གྱི། འོན་ཀྱང་འབྲས་བུ་ནི་རྒྱུ་རྐྱེན་གྱི་ཚོགས་པའི་སྔ་རོལ་མ་འོངས་པའི་གནས་སྐབས་ན་གནས་པ་ཡིན་ལ། རྒྱུ་རྐྱེན་གྱི་ཚོགས་པས་ནི་ད་ལྟ་བའི་གནས་སྐབས་སུ་བསྐྱེད་པ་ཡིན་གྱི་རྫས་ནི་གནས་པ་ཉིད་དོ་ཞེས་ཟེར་རོ། །གལ་ཏེ་ཚོགས་པའི་སྔ་རོལ་ཏུ། །འབྲས་བུ་སྐྱེས་པར་གྱུར་ན་ནི། །རྒྱུ་དང་རྐྱེན་རྣམས་མེད་པ་ཡི། །འབྲས་བུ་རྒྱུ་མེད་འབྱུང་བར་འགྱུར། །གལ་ཏེ་རྒྱུ་རྐྱེན་གྱི་ཚོགས་པའི་སྔ་རོལ་དུ་འབྲས་བུའི་རང་གི་ངོ་བོ་སྐྱེས་པར་གྱུར་ན་དེ་རྒྱུ་རྐྱེན་ལ་ལྟོས་པ་མེད་པར་འགྱུར་ལ། རྒྱུ་དང་རྐྱེན་ལ་ལྟོས་པ་མེད་པའི་འབྲས་བུ་རྒྱུ་མེད་པར་འབྱུང་བར་འགྱུར་ན། དེ་ཡང་མི་རིགས་ཏེ། རི་བོང་གི་རྭ་ལ་སོགས་པ་ཡང་ཡོད་པར་ཐལ་བའི་ཕྱིར་རོ། །སྔར་གྲུབ་ཟིན་པ་ལ་ཡང་རྒྱུ་རྐྱེན་ལ་ལྟོས་པ་དགོས་པ་མེད་པའི་ཕྱིར་ཡང་མི་རིགས་སོ། །

བཞི་པ་ནི། གྲངས་ཅན་པ་ན་རེ། རྒྱུ་བྱིན་ནས་འགག་གམ་འོན་ཏེ་མ་བྱིན་པར་འགག་ཅེས་རྣམ་པར་དཔྱོད་པར་འགྱུར་བ་རྒྱུ་དང་འབྲས་བུ་གཞན་མ་ཡིན་གྱི། རྒྱུ་ཉིད་འགགས་ནས་འབྲས་བུའི་བདག་ཉིད་དུ་རྣམ་པར་གནས་སོ་ཞེས་ཟེར་རོ། །དེ་ལྟ་ན། གལ་ཏེ་རྒྱུ་འགགས་འབྲས་བུ་ན། །རྒྱུ་ནི་ཀུན་ཏུ་འཕོ་བར་འགྱུར། །སྔོན་སྐྱེས་པ་ཡི་རྒྱུ་ཡང་ནི། །ཡང་སྐྱེ་བར་ནི་ཐལ་བར་འགྱུར། །གལ་ཏེ་རྒྱུ་འགགས་ནས་འབྲས་བུ་སྐྱེ་ལ་འབྲས་བུ་དེ་ཡང་རྒྱུའི་བདག་ཉིད་ཡིན་ན། ཇི་ལྟར་ཟློས་གར་མཁན་ཆ་བྱད་གཞན་བཏང་ནས་ཆ་བྱད་གཞན་ལེན་པ་ལྟར་རྒྱུ་ཉིད་འབྲས་བུའི་གནས་སྐབས་སུ་ཀུན་ཏུ་འཕོ་བ་ཙམ་ཞིག་ཏུ་འགྱུར་གྱི། འབྲས་བུ་སྔ་ན་མེད་པ་སྐྱེ་བ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་ནི་རྟག་པར་འགྱུར་ན། དེ་ཡང་མི་རིགས་ཏེ། བརྒྱ་པ་ལས། གང་ཞིག་གང་ནའང་ནམ་གྱི་ཚེའང་། །མ་བརྟེན་པར་ནི་ཡོད་ཉིད་མེད། །དེས་ན་ནམ་ཡང་གང་ཞིག་དུ། །རྟག་པ་འགའ་ཡང་ཡོད་མ་ཡིན། །ཞེས་བཤད་དོ། །གཞན་ཡང་ཕྱོགས་འདི་ལ་སྔོན་སྐྱེས་པའི་རྒྱུ་ཡང་ཡང་སྐྱེ་བར་འགྱུར། སྐྱེས་ཟིན་སླར་ཡང་སྐྱེ་བར་མི་འགྱུར་ཏེ། དགོས་པ་མེད་པའི་ཕྱིར་དང་ཐུག་པ་མེད་པ་ཐལ་བར་འགྱུར་བའི་ཕྱིར་རོ། །

ལྔ་པ་ནི། གལ་ཏེ་རྒྱུས་འབྲས་བུ་བསྐྱེད་ན་འགགས་པའམ་མ་འགགས་པ་ཞིག་བསྐྱེད། འབྲས་བུའང་སྐྱེས་པའམ་མ་སྐྱེས་པ་ཞིག་བསྐྱེད་གྲང་། གལ་ཏེ་རྒྱུ་འགགས་པས་འབྲས་བུ་སྐྱེས་པ་བསྐྱེད་དོ་ཞེ་ན། འགགས་པ་ནུབ་པར་འགྱུར་བ་ཡིས། །འབྲས་བུ་སྐྱེས་པ་ཇི་ལྟར་སྐྱེད། །རྒྱུ་འགགས་ཤིང་ནུབ་པ་ཡིས་འབྲས་བུ་སྐྱེས་ཤིང་ཡོད་པ་ཇི་ལྟར་སྐྱེད་དེ། རྒྱུ་འགགས་པས་འབྲས་བུ་བསྐྱེད་ན་མོ་གཤམ་གྱིས་ཀྱང་བུ་བསྐྱེད་པར་ཐལ་བའི་ཕྱིར་དང་འབྲས་བུ་སྐྱེས་ཟིན་རྒྱུ་ལ་ལྟོས་པ་མེད་པའི་ཕྱིར་རོ། །གལ་ཏེ་ནུས་པ་མེད་པས་རྒྱུ་འགགས་པས་འབྲས་བུ་མི་བསྐྱེད་ཀྱི། རྒྱུ་གནས་པ་ཁོ་ནས་བསྐྱེད་དོ་སྙམ་ན། འབྲས་བུ་དང་ནི་འབྲེལ་བའི་རྒྱུ། །གནས་པས་ཀྱང་ནི་ཇི་ལྟར་སྐྱེད། །འབྲས་བུ་ཡོད་པ་དང་འབྲེལ་བའི་རྒྱུ་རང་གི་ངོ་བོ་མ་འགྱུར་ཞིང་གནས་པས་ཀྱང་འབྲས་བུ་ཇི་ལྟར་བསྐྱེད་དེ། རྒྱུ་ནི་རྣམ་པར་འགྱུར་བ་ན། །གཞན་ནི་རྒྱུ་རུ་འགྱུར་བ་ཡིན། །ཞེས་བྱ་བས་འབྲས་བུ་སྐྱེས་པས་ན་རྒྱུ་གདོན་མི་ཟ་བར་རྣམ་པ་གཞན་དུ་འགྱུར་དགོས་པའི་ཕྱིར་རོ། །གལ་ཏེ་འབྲས་བུ་ཡོད་པ་ཡང་བསྐྱེད་མི་ནུས་པས་འབྲས་བུ་དང་མ་འབྲེལ་བའི་རྒྱུ་ཁོ་ནས་འབྲས་བུ་བསྐྱེད་དོ་ཞེ་ན། ཅི་སྟེ་རྒྱུ་འབྲས་མ་འབྲེལ་ན། །འབྲས་བུ་གང་ཞིག་སྐྱེད་པར་བྱེད། །ཅི་སྟེ་རྒྱུ་འབྲས་བུ་དང་མ་འབྲེལ་བཞིན་དུ་རྒྱུར་རྟོག་ན་ད་ནི་འབྲས་བུ་གང་ཞིག་སྐྱེད་པར་བྱེད་དེ། མ་འབྲེལ་བར་མཚུངས་པའི་ཕྱིར། འབྲས་བུ་དང་འབྲས་བུ་མ་ཡིན་པ་ཀུན་སྐྱེད་པའམ། ཡང་ན་འབྲས་བུར་འདོད་པ་ཡང་མི་བསྐྱེད་པར་འགྱུར་ཏེ། འབྲེལ་བ་མེད་པའི་ཕྱིར་རོ་སྙམ་དུ་དགོངས་སོ། །དྲུག་པ་ནི། གལ་ཏེ་རྒྱུས་འབྲས་བུ་བསྐྱེད་ན་དེས་འབྲས་བུ་མཐོང་ནས་སམ་མ་མཐོང་བར་བསྐྱེད་གྲང་། གཉིས་ཀ་ལྟར་ཡང་མི་རུང་སྟེ། རྒྱུས་ནི་མཐོང་དང་མ་མཐོང་བར། །འབྲས་བུ་སྐྱེད་པར་མི་བྱེད་དོ། །རྒྱུས་ནི་མཐོང་ནས་འབྲས་བུ་སྐྱེད་པར་མི་བྱེད་དེ། གང་གི་ཕྱིར་ཡོད་པ་ཁོ་ན་མཐོང་ལ་ཡོད་པ་མ་ཡིན་པ་ནི་མ་ཡིན་ལ། དེ་ནི་བསྐྱེད་བྱ་མ་ཡིན་ཏེ། ཡོད་པའི་ཕྱིར་རོ། །འབྲས་བུ་མ་མཐོང་བར་སྐྱེད་པར་མི་བྱེད་དེ། འབྲས་བུ་ཐམས་ཅད་བསྐྱེད་པར་ཐལ་བའི་ཕྱིར་རོ། །བདུན་པ་ནི། གཞན་ཡང་གལ་ཏེ་རྒྱུ་འབྲས་ཕན་ཚུན་ཕྲད་པ་ཡོད་ན་དེའི་ཚེ་དེ་གཉིས་བསྐྱེད་བྱ་སྐྱེད་བྱེད་དུ་རིགས་ཀྱི། ཕྲད་པ་མེད་ན་སྣང་བ་དང་མུན་པ་ལྟར་བསྐྱེད་བྱ་སྐྱེད་བྱེད་དུ་མི་རིགས་སོ། །དེའི་ཕྱིར་རྒྱུ་དང་འབྲས་བུ་གཉིས་བསྐྱེད་བྱ་སྐྱེད་བྱེད་དུ་ཁས་ལེན་པས་ནི་གདོན་མི་ཟ་བར་ཕྲད་པར་ཁས་བླངས་དགོས་ན། དེ་ཡང་དཔྱད་ན་དུས་གསུམ་ཀར་དུ་མི་རིགས་ཏེ། འདི་ལྟར། འབྲས་བུ་འདས་པ་རྒྱུ་འདས་དང་། །མ་སྐྱེས་པ་དང་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་འདས་པ་རྒྱུ་འདས་པ་དང་ལྷན་ཅིག་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། གཉིས་ཀ་ཡང་འདས་པ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར་རོ། །འབྲས་བུ་འདས་པ་རྒྱུ་མ་སྐྱེས་པ་དང་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། ཞིག་པ་དང་མ་སྐྱེས་པ་ཉིད་ཀྱིས་གཉིས་ཀ་ཡོད་པ་མ་ཡིན་པའི་ཕྱིར་དང་དུས་ཐ་དད་པའི་ཕྱིར་རོ། །འབྲས་བུ་འདས་པ་རྒྱུ་སྐྱེས་པ་ད་ལྟར་བ་དང་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་དང་འབྲས་བུ་ཞིག་པ་ནི་ནམ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཇི་ལྟར་འབྲས་བུ་འདས་པ་རྒྱུ་དུས་གསུམ་དང་ཕྲད་པ་མེད་པ་དེ་བཞིན་དུ། འབྲས་བུ་ད་ལྟར་བ་རྒྱུ་མ་འོངས་པ་དང་། འདས་པ་དང་། ད་ལྟར་བ་སྟེ་དུས་གསུམ་དང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་ཏེ། འབྲས་བུ་སྐྱེས་པ་རྒྱུ་མ་སྐྱེས། །འདས་པ་དང་ནི་སྐྱེས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་བ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་སྐྱེས་པ་ད་ལྟར་བ་ནི་རྒྱུ་མ་སྐྱེས་པ་དང་འདས་པ་དང་ལྷན་ཅིག་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། དུས་ཐ་དད་པའི་ཕྱིར་རོ། །འབྲས་བུ་ད་ལྟར་བ་ནི་རྒྱུ་སྐྱེས་པ་ད་ལྟར་བ་དང་ཕྲད་པ་ནམ་ཡང་ཡོད་པ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ཅིག་ཅར་མེད་པའི་ཕྱིར་དང་། འབྲས་བུ་ཡོད་ཟིན་པ་རྒྱུ་དང་ཕྲད་པ་དོན་མེད་པའི་ཕྱིར་རོ། །ད་ནི་ཇི་ལྟར་འབྲས་བུ་མ་འོངས་པ་ཡང་རྒྱུ་དུས་གསུམ་དང་རྒྱུ་འདས་པ་དང་མ་འོངས་པ་དང་ད་ལྟར་འབྱུང་བ་དང་ལྷན་ཅིག་ཕྲད་པ་ཡོད་པ་མ་ཡིན་ཏེ། འབྲས་བུ་མ་སྐྱེས་རྒྱུ་སྐྱེས་དང་། །མ་སྐྱེས་པ་དང་འདས་པ་དང་། །ལྷན་ཅིག་ཕྲད་པར་འགྱུར་པ་ནི། །ནམ་ཡང་ཡོད་པ་མ་ཡིན་ནོ། །འབྲས་བུ་མ་སྐྱེས་པ་མ་འོངས་པ་ནི་རྒྱུ་སྐྱེས་པ་ད་ལྟར་བ་དང་འདས་པ་དང་ལྷན་ཅིག་ཕྲད་པར་གྱུར་པ་ནམ་ཡང་ཡོད་པ་མ་ཡིན་ཏེ་དུས་ཐ་དད་པའི་ཕྱིར་རོ། །རྒྱུ་མ་སྐྱེས་པ་མ་འོངས་པ་དང་ཡང་ཕྲད་པ་ཡོད་པ་མ་ཡིན་ཏེ། གཉིས་ཀ་མེད་པའི་ཕྱིར་རོ། །ཕྲད་པ་ཡོད་པ་མ་ཡིན་ན། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །གང་གི་ཚེ་དེ་ལྟར་རྒྱུ་དང་འབྲས་བུ་རྣམ་པ་ཐམས་ཅད་དུ་ཕྲད་པ་ཡོད་པ་མ་ཡིན་པ་དེའི་ཚེ་རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་པར་བྱེད་དེ་མི་བསྐྱེད་དོ་སྙམ་དུ་དགོངས་སོ། །ཅི་སྟེ་ཉེས་པ་དེ་སྤོང་བར་འདོད་ནས་རྒྱུ་དང་འབྲས་བུ་ཕྲད་པར་འདོད་ན། དེ་ལྟ་ན་ཡང་། ཕྲད་པ་ཡོད་པ་ཡིན་ན་ཡང་། །རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད། །རྒྱུ་དང་འབྲས་བུ་ཕྲད་པ་ཡོད་ན་ལྷན་ཅིག་པ་མ་ཡིན་པ་ལ་ཕྲད་པ་མེད་པས་རྒྱུས་ནི་འབྲས་བུ་ཇི་ལྟར་སྐྱེད་དེ། རྒྱུ་དང་ལྷན་ཅིག་པའི་འབྲས་བུ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །བརྒྱད་པ་ནི། གལ་ཏེ་འབྲས་བུས་སྟོང་པའི་རྒྱུས། །ཇི་ལྟར་འབྲས་བུ་སྐྱེད་པར་བྱེད། །གལ་ཏེ་འབྲས་བུ་མི་སྟོང་རྒྱུས། །ཇི་ལྟར་འབྲས་བུ་བསྐྱེད་པར་བྱེད། །རྒྱུ་གང་ཞིག་འབྲས་བུ་སྐྱེད་པར་བྱེད་པ་དེ། དེས་སྟོང་པའམ་མི་སྟོང་པ་ཞིག་གིས་འབྲས་བུ་བསྐྱེད་གྲང་། འབྲས་བུ་སྟོང་ཞིང་བྲལ་བའི་རྒྱུས་ཇི་ལྟར་འབྲས་བུ་བསྐྱེད་པར་བྱེད་དེ། རྒྱུ་མ་ཡིན་པ་ལྟར་འབྲས་བུས་སྟོང་པའི་ཕྱིར་རོ། །འབྲས་བུས་མི་སྟོང་པའི་རྒྱུས་ཀྱང་འབྲས་བུ་ཇི་ལྟར་བསྐྱེད་པར་བྱེད་དེ། འབྲས་བུ་ཡོད་པའི་ཕྱིར། ཡོད་པའི་ལྷས་བྱིན་བཞིན་ནོ། །ཡང་འབྲས་བུ་གང་ཞིག་སྐྱེ་བ་དེ་ཡང་སྟོང་པའམ་མི་སྟོང་པ་ཞིག་སྐྱེ་གྲང་། འབྲས་བུ་མི་སྟོང་སྐྱེ་མི་འགྱུར། །མི་སྟོང་འགག་པར་མི་འགྱུར་རོ། །མི་སྟོང་དེ་ནི་མ་འགགས་དང་། །མ་སྐྱེས་པར་ཡང་འགྱུར་བ་ཡིན། །འབྲས་བུ་མི་སྟོང་པ་ནི་བརྟེན་ནས་འབྱུང་བ་མ་ཡིན་ཞིང་རང་བཞིན་གྱིས་གནས་པ་ཡིན་ལ། དེ་ལྟ་བུ་དེ་ནི་སྐྱེ་བར་མི་འགྱུར་ཞིང་འགག་པ་ཡང་མི་འགྱུར་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མི་སྟོང་པར་འདོད་ན་འབྲས་བུ་དེ་ནི་མ་འགག་པ་དང་མ་སྐྱེས་པར་ཡང་འགྱུར་ན་དེ་ལྟར་འདོད་པ་ཡང་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་དེ་ནི་མི་སྟོང་པ་མ་ཡིན་ཏེ་སྐྱེ་བ་དང་འགགས་པར་ཁས་བླངས་པའི་ཕྱིར་རོ། །འབྲས་བུ་སྟོང་པ་དེ་ནི་ཡང་དག་པར་ན་སྐྱེ་བ་དང་འགག་པར་མི་འཐད་དེ། འདི་ལྟར། སྟོང་པ་ཇི་ལྟར་སྐྱེ་འགྱུར་ཞིང་། །སྟོང་པ་ཇི་ལྟར་འགག་པར་འགྱུར། །སྟོང་པ་དེ་ཡང་མ་འགགས་དང་། །མ་སྐྱེས་པར་ཡང་ཐལ་བར་འགྱུར། །དེ་ལ་སྟོང་པ་ནི་རང་བཞིན་མེད་པ་བརྗོད་ལ། སྟོང་པའི་རང་བཞིན་གྱི་འབྲས་བུ་དེ་ཡང་ཇི་ལྟར་སྐྱེ་བར་འགྱུར་ཞིང་། ཇི་ལྟར་འགག་པར་འགྱུར་ཏེ། ནམ་མཁའ་ལ་སོགས་པ་རང་བཞིན་མེད་པ་ནི་སྐྱེ་བའམ་འཇིག་པ་མ་མཐོང་ངོ་། །དེའི་ཕྱིར་འབྲས་བུ་དེ་སྟོང་པར་འདོད་ན་སྟོང་པ་དེ་ཡང་མ་འགགས་པ་དང་མ་སྐྱེས་པར་ཐལ་བར་འགྱུར་རོ། །

དགུ་པ་ནི། གཞན་ཡང་རྒྱུས་འབྲས་བུ་བསྐྱེད་ན། དེ་འབྲས་བུ་ལས་ཐ་དད་པའམ་ཐ་མི་དད་པ་ཞིག་གིས་སྐྱེད་གྲང་། གཉིས་ཀ་ལྟར་ཡང་མི་རིགས་ཏེ། རྒྱུ་དང་འབྲས་བུ་གཅིག་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །རྒྱུ་དང་འབྲས་བུ་གཞན་ཉིད་དུ། །ནམ་ཡང་འཐད་པར་མི་འགྱུར་རོ། །དམ་བཅས་པ་འདི་ཇི་ལྟར་འགྲུབ་ཅེ་ན། རྒྱུ་དང་འབྲས་བུ་གཅིག་ཉིད་ན། །བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར། །རྒྱུ་དང་འབྲས་བུ་གཞན་ཉིད་ན། །རྒྱུ་དང་རྒྱུ་མིན་མཚུངས་པར་འགྱུར། །གལ་ཏེ་རྒྱུ་དང་འབྲས་བུ་གཅིག་ཉིད་ཡིན་ན་དེའི་ཚེ་བསྐྱེད་བྱ་སྐྱེད་བྱེད་གཅིག་ཏུ་འགྱུར་ན། དེ་ཡང་མི་རིགས་ཏེ། ཕ་དང་བུ་དང་མིག་དང་མིག་གི་རྣམ་པར་ཤེས་པ་དང་ས་བོན་དང་མྱུ་གུ་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གལ་ཏེ་རྒྱུ་དང་འབྲས་བུ་གཞན་ཡིན་ན་འབྲས་བུ་རྒྱུ་ལ་ལྟོས་པ་མེད་པར་འགྱུར་ཏེ། ཕན་ཚུན་གཅིག་ཉིད་དང་གཞན་ཉིད་ཐ་དད་དུ་འགྲུབ་པའི་ཕྱིར་ན། རྒྱུ་དང་འབྲས་བུ་དེ་དག་ལ་ནི་གཞན་ཉིད་དུ་ཡང་མི་འཐད་དེ། མྱུ་གུའི་རྒྱུ་ས་བོན་དང་རྒྱུ་མིན་པ་མེ་དང་སོལ་བ་ལ་སོགས་པ་གཉིས་ཀ་མྱུ་གུ་ལས་གཞན་ཡིན་པའི་ཕྱིར། ཡང་ན་གཉིས་ཀ་མྱུ་གུའི་སྐྱེད་བྱེད་ཡིན་པའམ་ཡང་ན་གཉིས་ཀ་རྒྱུ་མ་ཡིན་པར་མཚུངས་པར་འགྱུར་བའི་ཕྱིར་རོ། །བཅུ་པ་ནི། གལ་ཏེ་རྒྱུས་འབྲས་བུ་བསྐྱེད་པར་བྱེད་ན། འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་པའམ་མེད་པ་ཞིག་བསྐྱེད། གཉིས་ཀ་ཡང་མི་རིགས་ཏེ། འབྲས་བུ་ངོ་བོ་ཉིད་ཡོད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་མེད་ན། །རྒྱུས་ནི་ཅི་ཞིག་བསྐྱེད་པར་བྱེད། །འབྲས་བུ་ངོ་བོ་ཉིད་ཀྱིས་ཡོད་ན་དེའི་ཚེ་རྒྱུས་ཅི་ཞིག་བསྐྱེད་པར་བྱེད་དེ། ཡོད་པའི་ཕྱིར་བུམ་པ་ཡོད་པ་བཞིན་ནོ། །འབྲས་བུ་ངོ་བོ་ཉིད་ཀྱིས་མེད་པ་གང་ཡིན་པ་དེ་ཡང་རྒྱུས་ཅི་ཞིག་བསྐྱེད་པར་བྱེད་དེ། ངོ་བོ་ཉིད་ཀྱིས་ཡོད་པ་མ་ཡིན་པའི་ཕྱིར། བོང་བུའི་རྭ་བཞིན་ནོ། །གལ་ཏེ་རྒྱུས་འབྲས་བུ་བཀག་མོད་དེ་ལྟ་ན་ཡང་རྒྱུ་ནི་ཡོད་ལ། རྒྱུ་ཡོད་ན་འབྲས་བུ་ཡང་ཡོད་དེ། འབྲས་བུ་མེད་པའི་རྒྱུ་མེད་པའི་ཕྱིར་རོ་ཞེ་ན། སྐྱེད་པར་བྱེད་པ་མ་ཡིན་ན། །རྒྱུ་ཉིད་འཐད་པར་མི་འགྱུར་རོ། །

ཇི་སྐད་བཤད་པའི་ཚུལ་གྱིས་རྒྱུས་འབྲས་བུ་སྐྱེད་པར་བྱེད་པ་མ་ཡིན་པ་དེའི་ཚེ། རྒྱུའི་རྒྱུ་ཉིད་འཐད་པར་མི་འགྱུར་ཏེ། འབྲས་བུ་བསྐྱེད་པ་ལས་རྒྱུ་ཉིད་དུ་རྣམ་པར་འཇོག་པའི་ཕྱིར་རོ། །གལ་ཏེ་རྒྱུ་མེད་པ་དེ་ལྟ་ན་ཡང་འབྲས་བུ་ནི་ཡོད་ལ། རྒྱུ་མེད་པར་ཡང་འབྲས་བུ་མེད་པས་རྒྱུ་ཡང་ཡོད་དོ་ཞེ་ན། རྒྱུ་ཉིད་འཐད་པ་ཡོད་མིན་ན། །འབྲས་བུ་གང་གི་ཡིན་པར་འགྱུར། །གང་གི་ཚེ་བསྐྱེད་པར་མི་བྱེད་པ་ལ་རྒྱུའི་བདག་ཉིད་འཐད་པ་ཡོད་པ་མིན་པ་དེའི་ཚེ་འབྲས་བུ་གང་གི་ཡིན་པར་འགྱུར། དེའི་ཕྱིར་འབྲས་བུ་ཡང་མེད་དོ། །གཉིས་པ་དོན་བསྡུ་བ་ནི། གཞན་ཡང་གལ་ཏེ་རྒྱུས་འབྲས་བུ་སྐྱེད་པར་བྱེད་ན། ཅི་རྒྱུ་དེའི་བདག་ཉིད་བསྐྱེད་པར་བྱེད་པ་ཞིག་གམ། འོན་ཏེ་མ་ཡིན་པ་ཞིག་ཡིན་གྲང་། དང་པོ་མི་རུང་སྟེ། བདག་གི་དངོས་པོ་མ་རྙེད་པ་ནི་རབ་ཏུ་སྦྱོར་བར་བྱེད་པ་ཉིད་མ་མཐོང་བའི་ཕྱིར་གདོན་མི་ཟ་བར་ཚོགས་པས་བདག་གི་དངོས་པོ་རྙེད་པར་འགྱུར་དགོས་ལ། བདག་གི་དངོས་པོ་རྙེད་པ་ནི་བདག་ཉིད་བདག་སྐྱེད་པ་ལ་རབ་ཏུ་སྦྱོར་བ་ཉིད་དུ་མི་རིགས་ཏེ། དེའི་ཕྱིར་ཚོགས་པས་རང་གི་བདག་ཉིད་མི་བསྐྱེད་དོ། །ཕྱོགས་དང་པོ་མི་རིགས་ཏེ་འདི་ལྟར། རྒྱུ་རྣམས་དང་ནི་རྐྱེན་དག་གི །ཚོགས་པ་གང་ཡིན་དེ་ཡིས་ནི། །བདག་གིས་བདག་ཉིད་མི་བསྐྱེད་ན། །འབྲས་བུ་ཇི་ལྟར་བསྐྱེད་པར་བྱེད། །ས་བོན་ལ་སོགས་པ་རྒྱུ་དང་རྐྱེན་གྱི་ཚོགས་པ་དེ་ཡིས་བདག་གི་བདག་ཉིད་མི་བསྐྱེད་དེ། བདག་ཉིད་ལ་བྱེད་པ་འགལ་བའ་ིཕྱིར་དང་བདག་ཉིད་སྐྱེ་བ་དོན་མེད་པའི་ཕྱིར་རོ། །གང་ཞིག་བདག་ཉིད་མི་བསྐྱེད་པ་དེས་འབྲས་བུ་ཇི་ལྟར་བསྐྱེད་པར་བྱེད་དེ། མོ་གཤམ་གྱི་བུས་བདག་ཉིད་མི་བསྐྱེད་པ་དེས་བུ་བསྐྱེད་པར་མི་བྱེད་པ་བཞིན་ནོ། །དེའི་ཕྱིར་ཚོགས་པས་བྱས་པའི་འབྲས་བུ་མེད་དོ། །གཉིས་པ་ནི། ཅི་སྟེ་ཚོགས་པས་བྱས་པའི་འབྲས་བུ་མེད་ན། འོ་ན་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུ་ཡོད་དམ་ཞེ་ན། ཚོགས་མིན་བྱས་པའི་འབྲས་བུ་མེད། །གང་གི་ཚེ་ཚོགས་པས་བྱས་པའི་འབྲས་བུ་མེད་པ་དེའི་ཚེ་ཇི་ལྟར་ཚོགས་པ་མ་ཡིན་པས་བྱས་པའི་འབྲས་བུའང་ག་ལ་ཡོད་དེ། དེའི་ཕྱིར་ཚོགས་པ་མིན་པས་བྱས་པའི་འབྲས་བུ་ཡང་མེད་དོ། །གཉིས་པ་བཀག་པའི་མཇུག་བསྡུ་བ་ནི། ཅི་སྟེ་འབྲས་བུ་མེད་པ་དེ་ལྟ་ན་ཡང་། རྒྱུ་རྐྱེན་གྱིས་ཚོགས་པ་ནི་ཡོད་པ་ཡིན་ལ། དེ་ཡོད་པས་འབྲས་བུ་ཡང་ཡོད་དོ་ཞེ་ན། འབྲས་བུ་ཡོད་པ་མ་ཡིན་ན། །རྐྱེན་གྱི་ཚོགས་པ་ག་ལ་ཡོད། །གང་གི་ཚེ་ཇི་སྐད་བཤད་པའི་རིགས་པས་འབྲས་བུ་ཡོད་པ་མ་ཡིན་པ་དེའི་ཚེ་རྒྱུ་མཚན་མེད་པས་རྐྱེན་གྱི་ཚོགས་པ་དག་ཀྱང་ག་ལ་ཡོད་དེ་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །འཕགས་པ་རྒྱ་ཆེ་རོལ་པ་ལས། མཆུ་དང་ལྐོག་མ་རྐན་ལ་བརྟེན་ནས་ནི། །ལྕེ་བསྒྱུར་བ་ལས་ཡི་གེའི་སྒྲ་འབྱུང་ཡང་། །ལྐོག་མར་བརྟེན་ནས་མ་ཡིན་རྐན་ལས་མིན། །རེ་རེ་ལ་ནི་ཡི་གེ་དམིགས་སུ་མེད། །ཚོགས་པ་དེ་ལ་བརྟེན་ནས་ངག་དེ་ནི། །ཡིད་ཀྱི་བློ་ཡི་དབང་གིས་འབྱུང་མོད་ཀྱི། །ཡིད་དང་ངག་ནི་མི་སྣང་གཟུགས་མེད་དེ། །ནང་དང་ཕྱི་རོལ་དག་ནའང་དམིགས་སུ་མེད། །མཁས་པས་ངག་སྐད་སྒྲ་དང་དབྱངས་རྣམས་ཀྱི། །སྐྱེ་དང་འཇིག་པ་རྣམ་པར་བརྟག་བྱས་ན། །དེ་ཚེ་ངག་ཀུན་བྲག་ཆ་ལྟ་བུ་དང་། །སྐད་ཅིག་པ་དང་སྙིང་པོ་མེད་པར་མཐོང་། །ཞེས་གསུངས་པ་ལྟར་རོ། །དབུ་མ་རྩ་བའི་ཤེས་རབ་ལས་ཚོགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་པའི་འགྲེལ་པའོ།། །།

ལེའུ་ཉེར་གཅིག་པའི་རྣམ་བཤད།

ཉི་ཤུ་རྩ་གཅིག་པ་འབྱུང་འཇིག་བརྟག་པ་ལ། འབྱུང་འཇིག་སྤྱིར་དགག་པ་དང་། སྐྱེ་བ་བྱེ་བྲག་ཏུ་དགག་པ་གཉིས་ཀྱི་དང་པོ་ལ་དངོས་དང་། མཐོང་བ་དང་འགལ་བ་སྤང་བ་གཉིས་ཀྱི། དང་པོ་ལ་ལྷན་ཅིག་སོ་སོར་གྲུབ་པ་དགག ཟད་དང་མ་ཟད་བརྟགས་ལ་དགག སྟོང་དང་མི་སྟོང་བརྟགས་ལ་དགག གཅིག་དང་ཐ་དད་བརྟགས་ལ་དགག་པ་དང་བཞིའི། དང་པོ་ལ་མདོར་བསྟན། རྒྱས་བཤད། དོན་བསྡུ་བ་དང་གསུམ་གྱི། དང་པོ་ནི། འདིར་སྨྲས་པ། དུས་ནི་རང་བཞིན་གྱིས་ཡོད་དེ། འབྱུང་བ་དང་འཇིག་པའི་རྒྱུ་ཡིན་པའི་ཕྱིར། འདི་ན་མྱུ་ུགུ་ལ་སོགས་པ་དུས་ཀྱི་ཁྱད་པར་འགའ་ཞིག་ལ་ལྟོས་ནས་འབྱུང་ཞིང་། འགའ་ཞིག་ལ་ལྟོས་ནས་འཇིག་པར་འགྱུར་གྱི་རྒྱུ་རྐྱེན་གྱི་ཚོགས་པ་ཡོད་ཀྱང་ཐམས་ཅད་ཀྱི་ཚེ་མ་ཡིན་ནོ། །

དེའི་ཕྱིར་དུས་ཡོད་དོ་ཞེ་ན། གལ་ཏེ་འབྱུང་བ་དང་འཇིག་པ་རང་བཞིན་གྱིས་ཡོད་ན་དུས་དེའི་རྒྱུ་ཡིན་ཡང་ཡོད་པ་མ་ཡིན་ཏེ། འཇིག་པ་འབྱུང་བ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །འབྱུང་བ་འཇིག་པ་མེད་པར་རམ། །ལྷན་ཅིག་ཡོད་པ་ཉིད་མ་ཡིན། །གལ་ཏེ་འབྱུང་བ་དང་འཇིག་པ་དག་ཡོད་ན་ཕན་ཚུན་ལྟོས་པ་མེད་པར་སོ་སོར་རམ་ལྷན་ཅིག་ཏུ་ཡོད་པར་འགྱུར་བ་ཞིག་ན། རྣམ་པར་དཔྱད་ན་གཉིས་ཀ་ལྟར་ཡང་ཡོད་པ་མ་ཡིན་ནོ། །ཇི་ལྟར་ཞེ་ན། འཇིག་པ་འབྱུང་བ་ལ་ལྟོས་པ་མེད་པར་རམ་དེ་དང་ལྷན་ཅིག་དུ་ཡང་ཡོད་པ་མ་ཡིན་ལ། འབྱུང་བ་འཇིག་པ་དང་ལྟོས་པ་མེད་པར་རམ་དེ་དང་ལྷན་ཅིག་ཏུ་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་ནི། དམ་བཅའ་བརྗོད་པ་འཇིག་པ་འབྱུང་བ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །སྐྱེ་བ་མེད་པར་ཐལ་བ་སྒྲུབ་པ་འཆི་བར་འགྱུར། །འཇིག་མཇུག་བསྡུས་པ་པ་འབྱུང་བ་མེད་པར་མེད། །འཇིག་པ་ནི་འབྱུང་བ་མེད་པར་ཇི་ལྟར་བུར་ན་ཡོད་པར་འགྱུར་ཏེ། ཡོད་པར་མི་རིགས་སོ། །དེ་ཅིའི་ཕྱིར་ཞེ་ན། སྐྱེ་བ་མེད་པར་འཆི་བར་འགྱུར་ན་མ་སྐྱེས་པར་འཆི་བ་ཡང་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་འཇིག་པ་འབྱུང་བ་མེད་པར་མེད་དོ། །དེ་བཞིན་དུ་འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཡང་ཡོད་པ་མ་ཡིན་ཏེ། འཇིག་པ་འབྱུང་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །འཆི་བ་སྐྱེ་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །འཇིག་པ་ནི་འབྱུང་བ་དང་དུས་ཅིག་ཅར་རམ་ལྷན་ཅིག་ཏུ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ་གལ་ཏེ་ཡོད་ན་འཆི་བ་དང་སྐྱེ་བ་དག་དུས་གཅིག་ཏུ་འགྱུར་ན། འཆི་བ་དང་སྐྱེ་བ་དག་ནི་སྣང་བ་དང་མུན་པ་ལྟར་ཕན་ཚུན་འགལ་བས་དུས་གཅིག་ཏུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འཇིག་པ་འབྱུང་བ་དང་ལྷན་ཅིག་ཏུ་ཡང་མེད་དོ། །

ཇི་ལྟར་འཇིག་པ་འབྱུང་བ་མེད་པར་རམ་ལྷན་ཅིག་ཏུ་ཡོད་པ་མ་ཡིན་པ་དེ་བཞིན་དུ་འབྱུང་བ་ཡང་འཇིག་པ་མེད་པར་རམ། ལྷན་ཅིག་ཏུ་ཡོད་པ་མ་ཡིན་ཏེ། འདི་ལྟར། འབྱུང་བ་འཇིག་པ་མེད་པར་ནི། །ཇི་ལྟ་བུར་ན་ཡོད་པར་འགྱུར། །དངོས་པོ་རྣམས་ལ་མི་རྟག་ཉིད། །ནམ་ཡང་མེད་པ་མ་ཡིན་ནོ། །འབྱུང་བ་འཇིག་པ་ལ་ལྟོས་པ་མེད་པར་ཇི་ལྟ་བུར་ན་ཡོད་པར་འགྱུར་ཏེ། ཡོད་པར་མི་རིགས་སོ། །གང་གི་ཕྱིར་དངོས་པོ་སྐྱེ་བའི་ཆོས་ཅན་རྣམས་ལ་ནི་མི་རྟག་པ་ཉིད་ནམ་ཡང་མེད་པ་མ་ཡིན་ཏེ་དངོས་པོ་ཐམས་ཅད་དུས་ཀུན་ཏུ། །རྒ་དང་འཆི་བའི་ཆོས་ཡིན་ན། །གང་དག་རྒ་དང་འཆི་མེད་པར། །གནས་པའི་དངོས་པོ་གང་ཞིག་ཡིན། །ཞེས་གསུངས་པ་ལྟར་གྱི་དངོས་པོ་ཐམས་ཅད་མི་རྟག་པ་དང་རྟག་ཏུ་རྗེས་སུ་འབྲེལ་བ་ཉིད་ཀྱི་ཕྱིར་རོ། །དེའི་ཕྱིར་འབྱུང་བ་འཇིག་པ་མེད་པར་མེད་དོ། །འབྱུང་བ་འཇིག་དང་ལྷན་ཅིག་ཏུ། །ཇི་ལྟར་ཡོད་པ་ཉིད་དུ་འགྱུར། །སྐྱེ་བ་འཆི་དང་དུས་གཅིག་ཏུ། །ཡོད་པ་ཉིད་ནི་མ་ཡིན་ནོ། །འབྱུང་བ་ནི་འཇིག་པ་དང་ལྷན་ཅིག་ཏུ་ཇི་ལྟར་ཡོད་པ་ཉིད་དུ་འགྱུར་ཏེ། གལ་ཏེ་ཡོད་ན་སྐྱེ་བ་དང་འཆི་བ་དུས་གཅིག་ཏུ་ཡོད་པར་འགྱུར་ན། སྐྱེ་བ་དང་འཆི་བ་ནི་ཕན་ཚུན་འགལ་བས་དུས་གཅིག་ཏུ་ཡོད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འབྱུང་བ་དང་འཇིག་པ་ལྷན་ཅིག་ཏུ་ཡང་གྲུབ་པ་མེད་དོ། །གསུམ་པ་ནི། གང་དག་ཕན་ཚུན་ལྷན་ཅིག་གམ། །ཕན་ཚུན་ལྷན་ཅིག་མ་ཡིན་པར། །གྲུབ་པ་ཡོད་པ་མ་ཡིན་པ། །དེ་དག་གྲུབ་པ་ཇི་ལྟར་ཡོད། །སྐྱེ་བ་དང་འཇིག་པ་གང་དག་ཕན་ཚུན་ལྷན་ཅིག་གམ་ལྷན་ཅིག་མ་ཡིན་པར་སོ་སོར་གྲུབ་པ་ཡོད་པ་མ་ཡིན་པ་དེ་དག་རྣམ་པ་གཞན་གྱིས་གྲུབ་པ་ཇི་ལྟར་ཡོད་དེ། དེ་ཉིད་དང་གཞན་ལས་མ་གཏོགས་པའི་ཕྱོགས་གཞན་མེད་དོ། །

གཉིས་པ་ཟད་དང་མ་ཟད་བརྟགས་ལ་དགག་པ་ནི། གཞན་ཡང་འབྱུང་བ་དང་འཇིག་པ་འདི་དག་དངོས་པོ་ཟད་པའི་ཆོས་ཅན་ནམ་མ་ཟད་པའི་ཆོས་ཅན་ཞིག་ལ་རྟོག་གྲང་། གཉིས་ཀ་ལྟར་ཡང་མི་རིགས་ཏེ། ཟད་པ་འབྱུང་བ་ཡོད་མ་ཡིན། །མ་ཟད་པ་ལའང་འབྱུང་བ་མེད། །ཟད་ལ་འཇིག་པ་ཡོད་མ་ཡིན། །མ་ཟད་པ་ལའང་འཇིག་པ་མེད། །དངོས་པོ་ཟད་པའི་ཆོས་ཅན་ནི། ཞིག་ནས་མེད་པ་ཡིན་ལ་དེ་ལ་ནི་དེ་དང་འགལ་བ་འབྱུང་བ་ཡོད་པ་རིགས་པ་མ་ཡིན་ནོ། །མ་ཟད་པ་ནི་མི་འཇིག་པ་ཡིན་ལ་དེ་ཡང་དངོས་པོའི་མཚན་ཉིད་དང་མི་ལྡན་པས་འབྱུང་བ་མེད་དེ། བོང་བུའི་རྭ་བཞིན་ནོ། །ཟད་པ་ལ་འཇིག་པ་ཡོད་པ་མ་ཡིན་ཏེ། དེ་ལ་རྟེན་མེད་པས་འཇིག་པ་མི་རིགས་པའི་ཕྱིར་རོ། །མ་ཟད་པ་ལ་ཡང་འཇིག་པ་མེད་དེ། དངོས་པོའི་མཚན་ཉིད་དང་མི་མཐུན་པ་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་དེ་ལ་འཇིག་པ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་འབྱུང་བ་དང་འཇིག་པ་མེད་དོ། །གལ་ཏེ་འབྱུང་བ་དང་འཇིག་པ་ཡོད་དེ། དེ་དག་གི་རྟེན་ཆོས་ཅན་དངོས་པོ་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་དངོས་པོ་ཡོད་ན་དེ་ལ་བརྟེན་པའི་ཆོས་གཉིས་པོ་འབྱུང་བ་དང་འཇིག་པ་དག་ཡོད་པར་འགྱུར་ན་བཤད་ཟིན་པ་དང་འཆད་པར་འགྱུར་བའི་རིགས་པས། དངོས་པོ་ཡོད་པ་མ་ཡིན་པར། །འབྱུང་དང་འཇིག་པ་ཡོད་མ་ཡིན། །རྟེན་མེད་པས་བརྟེན་པ་མ་གྲུབ་བོ་ཞེས་བྱ་བར་དགོངས་སོ། །ཅིའི་ཕྱིར་དངོས་པོ་ཡོད་པ་མ་ཡིན་ཞེ་ན། འབྱུང་དང་འཇིག་པ་མེད་པར་ནི། །དངོས་པོ་ཡོད་པ་མ་ཡིན་ནོ། །དངོས་པོ་ནི་འབྱུང་འཇིག་ཡོད་ན་ཡོད་པ་ཉིད་ཡིན་པའི་ཕྱིར་སྙམ་དུ་དགོངས་པའོ། །འབྱུང་བ་དང་འཇིག་པ་དག་ནི་དངོས་པོའི་མཚན་ཉིད་ཡིན་ལ་དེ་དག་ཀྱང་བཀག་ཟིན་ཏོ། །གང་གི་ཚེ་བཀག་པ་དེའི་ཚེ་དངོས་པོའི་མཚན་ཉིད་འབྱུང་བ་དང་འཇིག་པ་མེད་པར་དངོས་པོ་ཡོད་པ་མ་ཡིན་ནོ། །

གསུམ་པ་སྟོང་དང་མི་སྟོང་བརྟགས་ལ་དགག་པ་ནི། གཞན་ཡང་འབྱུང་བ་དང་འཇིག་པ་དག་དངོས་པོ་སྟོང་པའམ་མི་སྟོང་པ་ཞིག་ལ་རྟོག་གྲང་། དེ་ལ་རེ་ཤིག སྟོང་ལ་འབྱུང་དང་འཇིག་པ་དག །འཐད་པ་ཉིད་ནི་མ་ཡིན་ནོ། །རྟེན་མེད་པའི་ཕྱིར་སྟོང་ལ་འབྱུང་བ་དང་འཇིག་པ་འཐད་པ་མ་ཡིན་ཏེ། ནམ་མཁའི་རི་མོ་བཞིན་དེ་བཞིན་དུ། མི་སྟོང་པ་ལའང་འབྱུང་འཇིག་དག །འཐད་པ་ཉིད་ནི་མ་ཡིན་ནོ། །མི་སྟོང་པ་ནི་རང་བཞིན་གྱིས་ཡོད་པའི་ཕྱིར་འབྱུང་བ་དང་འཇིག་པ་འཐད་པ་མ་ཡིན་ནོ། །བཞི་པ་གཅིག་དང་ཐ་དད་བརྟགས་ལ་དགག་པ་ནི། གཞན་ཡང་འབྱུང་འཇིག་དག་ཡོད་ན་དེ་དག་གཅིག་ཉིད་དམ་གཞན་ཉིད་དུ་ཡོད། འབྱུང་བ་དང་ནི་འཇིག་པ་དག། གཅིག་ཉིད་དུ་མི་འཐད་དོ། །འབྱུང་བ་དང་འཇིག་པ་དག་སྣང་བ་དང་མུན་པ་ལྟར་ཕན་ཚུན་འགལ་བའི་ཕྱིར་གཅིག་པ་ཉིད་དུ་མི་འཐད་དོ། །འབྱུང་བ་དང་ནི་འཇིག་པ་དག །གཞན་པ་ཉིད་དུ་མི་འཐད་དོ། །འབྱུང་བ་དང་འཇིག་པ་དག་གཞན་ཉིད་དུ་ཡང་མི་འཐད་དེ། འབྱུང་བ་དང་བྲལ་བའི་འཇིག་པའམ་འཇིག་པ་དང་བྲལ་བའི་འབྱུང་བ་མ་མཐོང་བས་གཉིས་ཀ་ཕན་ཚུན་མི་འཁྲུལ་བའི་ཕྱིར་རོ། །གཉིས་པ་མཐོང་བ་དང་འགལ་བ་སྤང་བ་ལ་དངོས་དང་། སྒྲུབ་བྱེད་བཤད་པ་གཉིས་ཀྱི། དང་པོ་ནི། ཅི་སྟེ་ཞིབ་མོར་དཔྱད་པ་འདིས་ཅི་ཞིག་བྱ་སྟེ། གང་གི་ཕྱིར་འབྱུང་བ་དང་འཇིག་པ་དག་ནི་སྐྱེ་བོ་བ་ལང་རྫི་ཡན་ཆད་ཀྱིས་མཐོང་བའི་ཕྱིར་ཡོད་དེ། ཡོད་པ་མ་ཡིན་པ་མོ་གཤམ་གྱི་བུ་ནི་མཐོང་བ་མ་ཡིན་ནོ་སྙམ་ན། གལ་ཏེ་དེ་ལྟར། འབྱུང་བ་དང་ནི་འཇིག་པ་དག། མཐོང་ངོ་སྙམ་དུ་ཁྱོད་སེམས་ན། །འབྱུང་བ་དང་ནི་འཇིག་པ་དག །གཏི་མུག་ཉིད་ཀྱིས་མཐོང་བ་ཡིན། །གལ་ཏེ་འབྱུང་བ་དང་འཇིག་པ་དག་སྐྱེ་བོ་བ་ལང་རྫི་ཡན་ཆད་ཀྱིས་མཐོང་བའི་ཕྱིར་ཡོད་དོ་སྙམ་དུ་ཁྱོད་སེམས་ན། འདི་ནི་མ་ངེས་པ་ཡིན་ཏེ། གང་དང་གང་འཇིག་རྟེན་པས་མཐོང་བ་དེ་དང་དེ་ཡོད་པ་ཉིད་ནི་མ་ཡིན་ཏེ། ཇི་ལྟར་སྐྱེ་བོ་བ་ལང་རྫི་ཡན་ཆད་ཀྱིས་ཡོད་པ་མ་ཡིན་པའི་དྲི་ཟའི་གྲོང་ཁྱེར་དང་སྒྱུ་མ་དང་རྨི་ལམ་དང་སྨིག་རྒྱུའི་ཆུ་ལ་སོགས་སྐྲ་ཤད་སྦྲང་མ་དང་སྦྲང་བུ་མཆུ་རིང་པ་མཐོང་བ་ཡིན་ཏེ་དེ་བཞིན་དུ་འབྱུང་བ་དང་འཇིག་པ་དག་ཀྱང་མེད་བཞིན་དུ་མི་ཤེས་པའི་གཏི་མུག་གི་རབ་རིབ་ཀྱིས་བློའི་མིག་བལྡོངས་པར་བྱས་པ་རྣམས་ཀྱིས་མཐོང་བ་ཡིན་གྱི། གང་དག་སྟོང་པ་ཉིད་ཀྱི་མིག་སྨན་གྱིས་མ་རིག་པའི་ལིང་ཏོག་བསལ་བའི་འཕགས་པ་རྣམས་ཀྱིས་ནི་རྗེས་ཐོབ་ཏུ་ཡང་དངོས་པོ་རྣམས་སྒྱུ་མ་དང་འདྲ་བར་ཁོང་དུ་ཆུད་པ་ན་སྐྱེ་བ་དང་འཇིག་པ་རང་བཞིན་གྱིས་དབེན་པར་མཐོང་བ་ཡིན་ནོ། །གཉིས་པ་ནི། ཅི་སྟེ་འབྱུང་བ་དང་འཇིག་པ་དག་མེད་བཞིན་དུ་གཏི་མུག་ཁོ་ནས་མཐོང་ངོ་ཞེས་བྱ་བར་ཇི་ལྟར་ངེས་ཞེ་ན། འདི་ནི་རིགས་པ་ལས་ངེས་ཏེ། འདི་ལྟར་གལ་ཏེ་འབྱུང་བའི་མཚན་ཉིད་ཅན་དངོས་པོ་འགའ་ཞིག་ཡོད་ན་དེ་དངོས་པོའམ་དངོས་པོ་མེད་པ་ལས་སྐྱེ། དེ་བཞིན་དུ་འཇིག་པའི་མཚན་ཉིད་ཅན་དངོས་པོ་མེད་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་ཡང་དེ་དངོས་པོའམ་དངོས་པོ་མེད་པ་ཞིག་ལས་སྐྱེ་གྲང་ན། གཉིས་ཅར་ཡང་མི་རིགས་ཏེ། དངོས་པོ་དངོས་ལས་མི་སྐྱེ་སྟེ། །དངོས་པོ་དངོས་མེད་ལས་མི་སྐྱེ། །དངོས་མེད་དངོས་མེད་མི་སྐྱེ་སྟེ། །དངོས་མེད་དངོས་ལས་མི་སྐྱེའོ། །འབྱུང་བའི་མཚན་ཉིད་ཀྱི་དངོས་པོ་ནི་དངོས་པོ་ལས་མི་སྐྱེ་སྟེ། རྒྱུ་དང་འབྲས་བུ་དུས་གཅིག་པར་ཐལ་བའི་ཕྱིར་དང་། སྐྱེ་བ་རྙེད་ཟིན་པ་ལ་ཡང་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དངོས་པོ་ནི་དངོས་པོ་མེད་པ་ལས་ཀྱང་མི་སྐྱེ་སྟེ། དངོས་པོ་མེད་པ་ནི་འཇིག་པ་ཡིན་ལ། དེ་ནི་དངོས་པོ་དང་འགལ་བའི་ཕྱིར་རོ། །དངོས་པོ་མེད་པ་ནི། དངོས་པོ་མེད་པ་ལས་མི་སྐྱེ་སྟེ། གལ་ཏེ་དངོས་པོ་མེད་པ་ལས་དངོས་པོ་མེད་པ་འབྱུང་བར་འགྱུར་ན་ནི། དེའི་ཚེ་མོ་གཤམ་གྱི་བུ་མོ་ལས་ཀྱང་བུ་སྐྱེ་བར་འགྱུར་ན་དེ་ནི་དེ་ལྟར་མ་ཡིན་ཏེ། དངོས་པོ་མེད་པ་ནི་དངོས་པོ་ལོག་པའི་རང་བཞིན་ཡིན་པས་འབྲས་བུ་བསྐྱེད་པའི་ནུས་པ་མེད་པའི་ཕྱིར། གལ་ཏེ་ཡོད་ན་མྱ་ངན་ལས་འདས་པས་ཀྱང་འབྲས་བུ་སྐྱེད་པར་འཐལ་བའི་ཕྱིར་རོ། །དངོས་པོ་མེད་པ་དངོས་པོ་ལས་ཀྱང་མི་སྐྱེ་སྟེ། དངོས་པོ་མེད་པ་ནི་དངོས་པོ་དང་འགལ་བ་ཡིན་ན། དེ་ཇི་ལྟར་དངོས་པོ་ལས་འབྱུང་། གལ་ཏེ་འབྱུང་ན་སྒྲོན་མ་ལས་ཀྱང་མུན་པ་འབྱུང་བར་ཐལ་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན་འབྱུང་བ་དང་འཇིག་པ་དག་ཡོད་པ་མ་ཡིན་པ་དེའི་ཕྱིར་གཏི་མུག་ཉིད་ཀྱིས་མཐོང་བ་ཡིན་ནོ་ཞེས་ཤེས་པར་བྱའོ། །

གཉིས་པ། སྐྱེ་བ་བྱེ་བྲག་ཏུ་དགག་པ་ལ། དགག་པ་དངོས། དངོས་པོ་ཡོད་པའི་ཉེས་པ། དེའི་སྐྱོན་སྤོང་དགག་པ་གསུམ་གྱི། དང་པོ་ནི། གལ་ཏེ་དངོས་པོ་འགའ་ཞིག་ཡོད་ན་དེ་སྐྱེས་ཤིང་ཟད་པ་དང་ལྡན་པས་འབྱུང་བ་དང་འཇིག་པར་འགྱུར་ན་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ཏེ། རི་བོང་གི་རྭ་ལྟར་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་རོ། །འདི་ལྟར། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་སྐྱེ་བ་ནི། །ཡོད་མིན་ཇི་ལྟར་སྐྱེ་བར་འགྱུར། །དངོས་པོ་བདག་ལས་མི་སྐྱེ་སྟེ། དོན་མེད་པའི་ཕྱིར་དང་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་ལས་སྐྱེ་བ་ཡང་མ་ཡིན་ཏེ། རྒྱུ་དང་རྒྱུ་མ་ཡིན་པ་ཀུན་ལས་སྐྱེ་བར་ཐལ་བའི་ཕྱིར་རོ། །བདག་དང་གཞན་གཉིས་ཀ་ལས་ཀྱང་སྐྱེ་བ་ཡོད་པ་མ་ཡིན་ཏེ་ཉེས་པ་གཉིས་ཀར་དུ་འགྱུར་བའི་ཕྱིར་རོ། །ཇི་སྐད་བཤད་པའི་རྣམ་པས་སྐྱེ་བ་མེད་ན་དེ་ནི་ཇི་ལྟར་སྐྱེ་བར་འགྱུར་ཏེ། སྐྱེ་བར་མི་འགྱུར་བ་ཉིད་དོ་སྙམ་དུ་དགོངས་སོ། །གཉིས་པ་ནི། དངོས་པོ་ཡོད་པར་ཁས་བླངས་ན། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །གང་ཞིག་དངོས་པོའི་རྣམ་གཞག་ཇི་སྐད་བཤད་པ་ལས་འདས་ནས་དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ན་གསུང་རབ་དང་ཤིན་ཏུ་འགལ་བ་རྟག་པའམ་ཆད་པར་ལྟ་བར་ཐལ་བར་འགྱུར་ཏེ། གང་གི་ཕྱིར་དངོས་པོ་དེ་ནི་བརྟགས་པ་ན་རྟག་པའམ་མི་རྟག་པ་ཞིག་ཏུ་འགྱུར་དགོས་ལ། གལ་ཏེ་རྟག་ན་ནི་རྟག་པར་སྨྲ་བར་འགྱུར་ལ་མི་རྟག་པ་ཡིན་ན་ནི་ཆད་པར་སྨྲ་བར་ཐལ་བའི་ཕྱིར་རོ། །གསུམ་པ་ལ་སྐྱོན་སྤོང་དངོས་དང་། དེ་དགག་པ་གཉིས་ལས། དང་པོ་ནི། དངོས་པོ་ཡོད་པར་ཁས་བླངས་ཀྱང་། །ཆད་པར་མི་འགྱུར་རྟག་མི་འགྱུར། །འབྲས་བུ་རྒྱུ་ཡི་འབྱུང་འཇིག་གིས། །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །དངོས་པོ་རང་བཞིན་གྱིས་ཡོད་པར་ཁས་བླངས་ཀྱང་ཁོ་བོ་ཅག་ལ་ཆད་པ་དང་རྟག་པར་ཐལ་བར་མི་འགྱུར་ཏེ། གལ་ཏེ་རྒྱུ་འགགས་ཤིང་དེའི་རྒྱུ་ཅན་གྱི་འབྲས་བུ་མི་སྐྱེ་ན་དེའི་ཚེ་ཆད་པར་འགྱུར་ལ་རྒྱུ་མི་འགག་ཅིང་རང་གི་ངོ་བོས་གནས་ན་རྟག་པར་འགྱུར་ན་དེ་ནི་དེ་ལྟར་མ་ཡིན་གྱི། འདུ་བྱེད་རྣམས་ཀྱི་འབྲས་བུ་དང་རྒྱུ་གོ་རིམ་བཞིན་དུ་འབྱུང་བ་དང་འཇིག་པའི་རྒྱུན་རྣམ་པར་ཆད་པ་མེད་པར་འབྱུང་བ་གང་ཡིན་པ་དེ་ཉིད་སྲིད་པའམ་འཁོར་བ་ཡིན་པའི་ཕྱིར་རོ་ཞེ་ན། གཉིས་པ་ལ་གཉིས་ཀྱི། དང་པོ་རྟག་ཆད་སྤོང་མི་ནུས་པར་བསྟན་པ་ནི། གལ་ཏེ། འབྲས་བུ་རྒྱུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་གྱུར་ན། །འཇིག་ལ་ཡང་སྐྱེ་མེད་པའི་ཕྱིར། །རྒྱུ་ནི་ཆད་པར་ཐལ་བར་འགྱུར། །གལ་ཏེ་འབྲས་བུ་འབྱུང་བ་དང་རྒྱུ་འཇིག་པའི་རྒྱུན་དེ་སྲིད་པ་ཡིན་པར་འགྱུར་ན། རྒྱུའི་སྐད་ཅིག་མ་འཇིག་པ་དང་ལྡན་པ་དེ་ཡང་སྐྱེ་བ་མེད་པའི་ཕྱིར་རྒྱུན་ཆད་པར་ཐལ་བར་འགྱུར་རོ། །ཅིའི་ཕྱིར། ཉེས་པ་འདི་ཁྱོད་ལ་ཡང་ཐལ་བར་མི་འགྱུར་རམ་ཞེ་ན། གང་ཞིག་དངོས་པོ་ཁས་ལེན་པ་དེ་ལ་ཉེས་པ་འདི་འགྱུར་གྱི། ཁོ་བོས་ནི་དངོས་པོའི་རང་བཞིན་ཅུང་ཟད་ཀྱང་ཁས་མ་བླངས་ན་ཏེ་ཆོས་ཐམས་ཅད་སྐྱེ་བ་མེད་པའི་ཕྱིར་རོ། །གོང་དུ། གང་ལ་བརྟེན་ཏེ་གང་འབྱུང་བ། །དེ་ནི་རེ་ཤིག་དེ་ཉིད་མིན། །དེ་ལས་གཞན་པའང་མ་ཡིན་ཕྱིར། །དེ་ཕྱིར་ཆད་མིན་རྟག་པ་མིན། །ཞེས་བཤད་པ་དེར་ཡང་ཁོ་བོས་ཚུལ་འདིས་དངོས་པོ་རྣམས་རང་བཞིན་མེད་པར་བསྟན་པ་ཡིན་ཏེ། དེ་ལྟར་མ་ཡིན་པར་དངོས་པོ་རང་གི་ངོ་བོས་ཡོད་ན་ནི་ས་བོན་དང་མྱུ་གུ་དག་གཞན་ཉིད་དུ་ཇི་ལྟར་མི་འགྱུར། དེའི་ཕྱིར་ཐལ་བ་འདིས་ཁོ་བོ་ལ་གནོད་པ་མ་ཡིན་ནོ། །ཅིའི་ཕྱིར་སྔར་ཡོད་པ་ཕྱིས་མེད་པར་འགྱུར་བ་ཆད་པའི་ཉེས་པར་འགྱུར། གཞན་ཡང་དངོས་པོ་ཡོད་པར་ཁས་བླངས་ན་ཆད་པའི་ཉེས་པར་འགྱུར་བར་མ་ཟད་རྟག་པའི་ཉེས་པར་ཡང་འགྱུར་ཏེ། འདི་ལྟར། དངོས་པོ་ངོ་བོ་ཉིད་ཡོད་ན། དངོས་མེད་འགྱུར་བར་མི་རིགས་སོ། །གལ་ཏེ་དངོས་པོ་ངོ་བོ་ཉིད་ཀྱིས་ཡོད་ན་དེ་ནི་ཕྱིས་དངོས་པོ་མེད་པར་འགྱུར་བ་མི་རིགས་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྟག་པར་ལྟ་བར་ཐལ་བ་སོ་ན་འདུག་གོ །གཞན་ཡང་། མྱ་ངན་འདས་པའི་དུས་ན་ཆད། །སྲིད་རྒྱུན་རབ་ཏུ་ཞི་ཕྱིར་རོ། །གལ་ཏེ་རྒྱུ་དང་འབྲས་བུའི་འབྱུང་འཇིག་གི་རྒྱུན་འཇུག་པས་རྟག་ཆད་དུ་ལྟ་བ་སྤོང་ན། དེ་ལྟ་ན་ཡང་གང་དུ་རྒྱུན་དེ་ཡང་འབྱུང་བར་མི་འགྱུར་བ་མྱ་ངན་ལས་འདས་པའི་དུས་དེར་ངེས་པར་ཆད་པར་ལྟ་བར་འགྱུར་ཏེ། རྒྱུ་འབྲས་འབྱུང་འཇིག་གི་སྲིད་པའི་རྒྱུན་དེ་རབ་ཏུ་ཞི་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱིས་ཆད་པར་ལྟ་བ་ཐམས་ཅད་སྤང་བར་གསུངས་སོ། །

གཉིས་པ་འབྱུང་འཇིག་འཁོར་བར་མི་འཐད་པ་ནི། གཞན་ཡང་། འབྲས་བུ་རྒྱུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །ཞེས་སྨྲས་པ་དེ་ཡང་མི་རིགས་ཏེ། ཇི་ལྟར་ཞེ་ན་འདིར་སྲིད་པ་ཐ་མ་ནི་ལྡོག་པའི་མཚན་ཉིད་ཅན་ཡིན་ལ། དང་པོ་ནི་འགྲོ་བ་ཉིང་མཚམས་སྦྱོར་བའི་མཚན་ཉིད་ཅན་ནོ། །དེ་ལ་སྲིད་པ་ཐ་མ་འགག་བཞིན་པ་ནི་རྒྱུ་ཉིད་དུ་གནས་པ་ཡིན་ལ་སྐྱེ་བའི་མཚན་ཉིད་ཅན་སྲིད་པ་དང་པོ་ནི་འབྲས་བུའི་དངོས་པོར་གནས་པ་ཡིན་ཏེ། སྲིད་པ་དེ་གཉིས་ལ་ནི་འཁོར་བ་ཞེས་མིང་དུ་བཏགས་པ་ཡིན་ནོ། །འདིར་འདི་དཔྱད་པར་བྱ་སྟེ། གང་ལས་རྒྱུ་དང་འབྲས་བུའི་རྒྱུན་གྱིས་འཁོར་བར་འགྱུར་བ་སྲིད་པ་དང་པོ་ཉིང་མཚམས་སྦྱོར་བའི་མཚན་ཉིད་ཅན་འབྲས་བུའི་ངོ་བོར་གནས་པ་གང་ཡིན་པ་དེ་ཅི་སྲིད་པ་ཐ་མ་ལྡོག་པའི་མཚན་ཉིད་ཅན་འགགས་པའམ། འོན་ཏེ་མ་འགགས་པའམ། འགག་བཞིན་པ་ན་སྐྱེ་གྲང་། ཐམས་ཅད་དུ་མི་རིགས་ཏེ། ཐ་མ་འགགས་པར་འགྱུར་བ་ན། །སྲིད་པ་དང་པོ་རིགས་མི་འགྱུར། །ཐ་མ་མ་འགགས་གྱུར་པའི་ཚེ། །སྲིད་པ་དང་པོ་རིགས་མི་འགྱུར། །གལ་ཏེ་སྲིད་པ་ཐ་མ་འགགས་པར་འགྱུར་བ་ན་སྲིད་པ་དང་པོ་སྐྱེའོ་ཞེས་རྟོག་ན་དེ་ཡང་རིགས་པར་མི་འགྱུར་ཏེ། རྒྱུ་མེད་པ་དང་ས་བོན་ཚིག་པ་ལས་ཀྱང་མྱུ་གུ་སྐྱེ་བར་ཐལ་བའི་ཕྱིར་རོ། །སྲིད་པ་ཐ་མ་མ་འགགས་པར་འགྱུར་བའི་ཚེ་ཡང་སྲིད་པ་དང་པོ་སྐྱེ་བར་རིགས་པར་མི་འགྱུར་ཏེ། གལ་ཏེ་འགྱུར་ན་རྒྱུ་མེད་པ་དང་། སེམས་ཅན་གཅིག་ལ་ཡང་ངོ་བོ་གཉིས་ཡོད་པ་དང་། སྔོན་མེད་པའི་སེམས་ཅན་འབྱུང་བ་དང་། སྔ་མ་རྟག་པ་དང་། ས་བོན་མ་ཞིག་པ་ལས་ཀྱང་མྱུ་གུ་སྐྱེ་བར་འགྱུར་ན་དེ་དག་མི་རིགས་བའི་ཕྱིར་རོ། །ད་ནི་སྲིད་པ་ཐ་མ་འགག་བཞིན་པ་ན་ཇི་ལྟར་སྲིད་པ་དང་པོ་མི་འཐད་པར་བསྟན་པ་ནི། གལ་ཏེ་ཐ་མ་འགག་བཞིན་ན། །དང་པོ་སྐྱེ་བར་འགྱུར་ན་ནི། །འགག་བཞིན་པ་ནི་གཅིག་འགྱུར་ཞིང་། །སྐྱེ་བཞིན་པ་ཡང་གཞན་དུ་འགྱུར། །གལ་ཏེ་སྲིད་པ་འགག་བཞིན་པ་ད་ལྟར་བ་ལས་སྲིད་པ་དང་པོ་སྐྱེ་བཞིན་པ་སྐྱེ་བར་འགྱུར་ན། སྐྱེ་བཞིན་པ་དང་འགག་བཞིན་པ་གཉིས་ཆར་ད་ལྟར་བ་ཡིན་པའི་ཕྱིར་འགག་བཞིན་པ་ནི་སྲིད་པ་གཅིག་ཏུ་འགྱུར་ཞིང་། སྐྱེ་བཞིན་པ་ཡང་སྲིད་པ་གཞན་དུ་འགྱུར་བས་སྲིད་པ་གཉིས་དུས་གཅིག་ཏུ་འགྱུར་ན་གཅིག་ལ་སྲིད་པ་གཉིས་དུས་གཅིག་ཏུ་ཡོད་པ་ཡང་མ་ཡིན་པས་མི་རིགས་སོ། །དེའི་ཕྱིར། གལ་ཏེ་འགགས་བཞིན་སྐྱེ་བཞིན་དག །ལྷན་ཅིག་ཏུ་ཡང་རིགས་མིན་ན། །ཕུང་པོ་གང་ལ་འཆི་འགྱུར་བ། །དེ་ལ་སྐྱེ་བའང་འབྱུང་འགྱུར་རམ། །གང་གི་ཚེ་སྲིད་པ་ཐ་མ་འགགས་པ་ན་སྲིད་པ་དང་པོ་འབྱུང་བ་མ་ཡིན་ལ། ཐ་མ་མ་འགགས་པ་ན་ཡང་སྲིད་པ་དང་པོ་འབྱུང་བ་མ་ཡིན་ཞིང་། འགག་བཞིན་པ་དང་སྐྱེ་བཞིན་པ་དག་ལྷན་ཅིག་ཏུ་ཡང་འབྱུང་བ་རིགས་པ་མ་ཡིན་པ་དེའི་ཚེ། ད་ཅི་ཕུང་པོ་གང་ལ་གནས་ནས་འཆི་བར་འགྱུར་བ་དེ་ལ་སྐྱེ་བ་འབྱུང་བར་འགྱུར་རམ་སྟེ་འཆི་བཞིན་པ་སྐྱེའོ་ཞེས་བྱ་བ་འདི་ནི་ཤིན་ཏུ་འགལ་བ་ཡིན་ནོ། །དེ་ལྟར་དུས་གསུམ་དག་ཏུ་ཡང་། །སྲིད་པའི་རྒྱུན་ནི་མི་རིགས་ན། །དུས་གསུམ་དག་ཏུ་གང་མེད་པ། །དེ་ནི་ཇི་ལྟར་སྲིད་པའི་རྒྱུན། །གང་གི་ཕྱིར་སྲིད་པ་ཐ་མ་འགགས་པ་དང་། མ་འགགས་པ་དང་། འགག་བཞིན་པ་ན་སྲིད་པ་དང་པོ་ཡོད་པ་མ་ཡིན་པ་དེའི་ཕྱིར་དེ་ལྟར་དུས་གསུམ་དག་ཏུ་ཡང་སྲིད་པའི་རྒྱུན་འབྱུང་བ་མི་རིགས་པ་དེའི་ཚེ་གང་ཞིག་དུས་གསུམ་དག་དུ་མེད་པ་དེ་ནི་ཇི་ལྟར་སྲིད་པའི་རྒྱུན་ཞེས་བྱ་སྟེ། དེའི་ཕྱིར་རྣམ་པ་ཐམས་ཅད་དུ་སྲིད་པའི་རྒྱུན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར། འབྲས་བུ་རྒྱུའི་འབྱུང་འཇིག་གི །རྒྱུན་དེ་སྲིད་པ་ཡིན་ཕྱིར་རོ། །ཞེས་གང་སྨྲས་པ་དེ་མི་རིགས་པ་སྨྲས་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་ཡོད་པར་ཁས་བླངས་ན་རྟག་པ་དང་ཆད་པར་ལྟ་བར་ཐལ་བར་འགྱུར་བས་དེའི་ཕྱིར་དངོས་པོ་རྣམས་སྐྱེ་བ་མེད་དོ་ཞེས་བྱ་བར་གྲུབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་། སྲིད་གསུམ་རྨི་ལམ་དང་འདྲ་སྙིང་པོ་མེད། །མྱུར་དུ་འཇིག་ཅིང་མི་རྟག་སྒྱུ་མ་བཞིན། །འོང་བ་མེད་ཅིང་འདི་ནས་འགྲོ་བའང་མེད། །རྒྱུན་རྣམས་རྟག་ཏུ་སྟོང་ཞིང་མཚན་མ་མེད། །ཅེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་འབྱུང་བ་དང་འཇིག་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གཅིག་པའི་འགྲེལ་པའོ།། །།

ལེའུ་ཉེར་གཉིས་པའི་རྣམ་བཤད།

ཉེར་གཉིས་པ་དེ་བཞིན་གཤེགས་པ་བརྟག་པ་ལ། སེམས་ཅན་གྱི་འཇིག་རྟེན་རང་བཞིན་མེད་པར་བསྟན་པ་དང་། སྣོད་ཀྱི་འཇིག་རྟེན་རང་བཞིན་མེད་པར་བསྟན་པ་གཉིས་ཀྱི། དང་པོ་ལ་དེ་བཞིན་གཤེགས་པ་ལ་མཐར་འཛིན་པ་དགག དེ་ཉིད་མཐའ་བྲལ་དུ་བསྟན་པ་གཉིས་ཀྱི་དང་པོ་ལ། དེ་ཉིད་དང་གཞན་གྱི་ཕྱོགས་དགག་པ་དང་། བརྗོད་དུ་མེད་པའི་ཕྱོགས་དགག་པ་གཉིས་ཀྱི་དང་པོ་ནི། འདིར་སྨྲས་པ། སྲིད་པའི་རྒྱུན་ཡོད་དེ། དེ་བཞིན་གཤེགས་པ་ཡོད་པའི་ཕྱིར། འདི་ན་བཅོམ་ལྡན་འདས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་བར་ཆད་མེད་པར་བརྩོན་པས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་ལ་གོམས་པར་མཛད་པས་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་ཏེ། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་མ་ལུས་པ་ཐུགས་སུ་ཆུད་ཅིང མཁྱེན་པས་དེ་བཞིན་གཤེགས་པ་ཞེས་བརྗོད་དོ། །

གལ་ཏེ་སྲིད་པའི་རྒྱུན་མེད་ན་སྐྱེ་བ་གཅིག་གིས་དེ་བཞིན་གཤེགས་པ་བརྙེས་པར་མི་སྤྱོད་དོ་ཞེ་ན། གང་གི་མི་ཤེས་པ་ཤིན་ཏུ་ཆེན་པོ་རིགས་པའི་སྣང་བ་སྣ་ཚོགས་པས་བཟློག་ཏུ་ཟིན་ཀྱང་ཤིན་ཏུ་ཡུན་རིང་པོ་ནས་གོམས་པས། དེ་ད་རུང་དུ་ཡང་མི་ལྡོག་ཅིང་མི་འཇིག་པ་ཁྱོད་ཀྱི་མི་ཤེས་པ་ཤིན་ཏུ་ཆེན་པོ་དེ་ཉིད་སྲིད་པའི་རྒྱུན་རྣམ་པར་ཆད་པ་མེད་པར་འཇུག་པ་དང་ཆེས་རིང་བར་གོ་བར་བྱེད་པ་ཡིན་ནོ། །གལ་ཏེ་དེ་བཞིན་གཤེགས་པ་ཞེས་བྱ་བ་འགའ་ཞིག་རང་བཞིན་གྱིས་ཡོད་ན། ཅི་སྟེ་གཟུགས་ལ་སོགས་པའི་ཕུང་པོ་དག་གི་རང་བཞིན་ཡིན་ནམ། ཕུང་པོ་ལས་དེ་གཞན་ཡིན་ནམ། དེ་ལ་ཕུང་པོ་ཡོད་པའམ། ཕུང་པོ་དག་ལ་དེ་ཡོད་པའམ། ལྷ་སྦྱིན་ནོར་དང་ལྡན་པ་ལྟར་དེ་ཕུང་པོ་དང་ལྡན་པར་འགྱུར་གྲང་། རྣམ་པ་ཐམས་ཅད་དུ་དཔྱད་ན་རིགས་པ་མ་ཡིན་ཏེ། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །དེ་ལ་རེ་ཞིག་ཕུང་པོ་ཉིད་དེ་བཞིན་གཤེགས་པ་མིན་ཏེ། བྱེད་པ་པོ་དང་ལས་གཅིག་ཏུ་འགྱུར་བའི་ཕྱིར་དང་ཕུང་པོ་བཞིན་དུ་སྐྱེ་བ་དང་འཇིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕུང་པོ་ལས་དེ་བཞིན་གཤེགས་པ་གཞན་པ་ཡང་མིན་ཏེ། ཉེ་བར་ལེན་པ་མེད་པར་འབྱུང་བར་འགྱུར་བའི་ཕྱིར་དང་ཕུང་པོའི་མཚན་ཉིད་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བཞིན་གཤེགས་པ་དེ་ལ་ཕུང་པོ་བརྟེན་པ་མེད་ལ། ཕུང་པོ་དེར་དེ་བཞིན་གཤེགས་པ་བརྟེན་པ་ཡང་མེད་དེ། འཁར་གཞོང་དང་རྒྱ་ཤུག་ལྟར་གཞན་ཉིད་དུ་གྲུབ་པ་མེད་པའི་ཕྱིར་རོ། །དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་མིན་ཏེ། དེ་ཉིད་དང་གཞན་དུ་མེད་པས་ལྡན་པའི་དོན་མེད་པའི་ཕྱིར་རོ། །ཕྱོགས་ལྔ་པོ་འདི་དག་དངོས་སུ་ན་དེ་ཉིད་དང་གཞན་གྱི་ཕྱོགས་གཉིས་སུ་འདུས་ཀྱང་འཇིག་ཚོགས་ལ་ལྟ་བའི་འཇུག་ཚུལ་ལ་ལྟོས་ནས་ཕྱོགས་ལྔ་འགོད་པར་མཛད་དོ། །དེ་ལྟར་རྣམ་པ་ལྔས་དཔྱད་ན་ཡོད་པ་མ་ཡིན་པའི་དེ་བཞིན་གཤེགས་པ་དེ་གང་ཞིག་ཡིན་ཏེ། འགའ་ཡང་མེད་དོ་ཞེས་བྱ་བར་དགོངས་སོ། །

གཉིས་པ་ལ་རང་བཞིན་དང་གཞན་དངོས་དགག ཉེ་བར་ལེན་པ་པོ་དང་ཉེ་བར་ལེན་པ་དགག བཀག་པའི་མཇུག་བསྡུ་བ་དང་གསུམ་གྱི་དང་པོ་ནི། འདིར་རང་གི་སྡེ་པ་གང་ཟག་དུ་སྨྲ་བ་རྣམས་ན་རེ། ཇི་སྐད་བཤད་པའི་ཉེས་པར་འགྱུར་བས་ཕུང་པོ་ཉིད་དེ་བཞིན་གཤེགས་པ་ཡིན་ནོ་ཞེས་ཀྱང་མི་སྨྲ། ཕུང་པོ་ལས་ཐ་དད་པ་ཡང་མ་ཡིན་ཞིང་། དེ་བཞིན་གཤེགས་པ་ལ་ཕུང་པོ་ཡོད་པ་ཡང་མ་ཡིན། ཕུང་པོ་ལ་དེ་བཞིན་གཤེགས་པ་ཡོད་པ་ཡང་མ་ཡིན། དེ་བཞིན་གཤེགས་པ་ཕུང་པོ་དང་ལྡན་པ་ཡང་མ་ཡིན་ཏེ། འོ་ན་ཅི་ཞེ་ན། ཕུང་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞིག་རྣམ་པར་འཇོག་སྟེ། དེའི་ཕྱིར་ཁོ་བོ་ཅག་ལ་ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཞེ་ན། གལ་ཏེ་སངས་རྒྱས་ཕུང་པོ་ལ། །བརྟེན་ནས་རང་བཞིན་ལས་ཡོད་མིན། །རང་བཞིན་ལས་ནི་གང་མེད་པ། །དེ་གཞན་དངོས་ལས་ག་ལ་ཡོད། །གལ་ཏེ་སངས་རྒྱས་བཅོམ་ལྡན་འདས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཞིག་ཕུང་པོ་ལ་བརྟེན་ནས་འདོགས་ན། བརྟེན་ནས་བཏགས་པའི་གཟུགས་བརྙན་ལྟར་རང་བཞིན་ལས་ཡོད་པ་མ་ཡིན་ནོ་ཞེས་བྱ་བར་འགྱུར་རོ། །

གང་ཞིག་རང་བཞིན་ལས་ཏེ་རང་གི་ངོ་བོ་ལས་གང་མེད་པ་དེ་ནི་ཇི་ལྟར་ཕུང་པོ་ལ་བརྟེན་ནས་གཞན་གྱི་དངོས་པོ་ལས་ག་ལ་ཡོད་དེ། ཡོད་པ་མ་ཡིན་པའི་མོ་གཤམ་གྱི་བུ་ནི་གཞན་གྱི་དངོས་པོ་ལ་ལྟོས་ནས་ཡོད་པར་མི་རིགས་སོ། །ཅི་སྟེ་གཟུགས་བརྙན་རང་བཞིན་གྱིས་མེད་ཀྱང་བཞིན་དང་མེ་ལོང་ལ་བརྟེན་ནས་ཡོད་པ་ལྟར་དེ་བཞིན་གཤེགས་པ་ཡང་ཕུང་པོ་ལ་བརྟེན་ནས་ཡོད་པར་འགྱུར་རོ་སྙམ་ན། གང་ཞིག་གཞན་གྱི་དངོས་བརྟེན་ནས། །དེ་བདག་ཉིད་དུ་མི་འཐད་དོ། །གང་ཞིག་བདག་ཉིད་མེད་པ་དེ། །ཇི་ལྟར་དེ་བཞིན་གཤེགས་པར་འགྱུར། །གང་ཞིག་གཟུགས་བརྙན་ལྟར་གཞན་གྱི་དངོས་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འདོད་ན་དེ་ལྟར་ན་དེ་བཞིན་གཤེགས་པ་དེ་བདག་ཉིད་དེ་རང་བཞིན་གྱིས་གྲུབ་པར་མི་འཐད་དོ། །གང་ཞིག་གཟུགས་བརྙན་ལྟར་བདག་ཉིད་ཀྱིས་གྲུབ་པ་མེད་པ་དེ་ཇི་ལྟར་ན་ཕྱིན་ཅི་མ་ལོག་པའི་ལམ་ནས་གཤེགས་པའི་དེ་བཞིན་གཤེགས་པར་འགྱུར་སྙམ་དུ་དགོངས་སོ། །གཞན་ཡང་། འདི་ན་དེ་བཞིན་གཤེགས་པ་ལ་རང་བཞིན་འགའ་ཞིག་ཡོད་ན་དེའི་རང་བཞིན་ལ་ལྟོས་ནས་ཕུང་པོའི་རང་བཞིན་གཞན་གྱི་དངོས་པོར་འགྱུར་ལ། གཞན་གྱི་དངོས་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འགྱུར་བ་ཞིག་ན། གང་གི་ཚེ་དེ་བཞིན་གཤེགས་པ་ལ་རང་བཞིན་ཡོད་པ་མ་ཡིན་པ་དེའི་ཚེ་དེ་ལ་ལྟོས་ནས་ཕུང་པོ་གཞན་གྱི་དངོས་པོར་ཇི་ལྟར་འགྱུར་ཞེས་སྟོན་པ་ནི། གལ་ཏེ་རང་བཞིན་ཡོད་མིན་ན། །གཞན་དངོས་ཡོད་པར་ཇི་ལྟར་འགྱུར། །གང་གི་ཚེ་དེ་ལྟར་རང་དངོས་དང་གཞན་དངོས་དག་མེད་པ་དེའི་ཚེ། རང་བཞིན་དང་ནི་གཞན་དངོས་དག །མ་གཏོགས་དེ་བཞིན་གཤེགས་དེ་གང་། །དངོས་པོ་ཡིན་ན་རང་བཞིན་དང་གཞན་དངོས་དག་ཏུ་འགྱུར་གྱི་དེ་གཉིས་ལས་མ་གཏོགས་པའི་དེ་བཞིན་གཤེགས་པ་ཞེས་བྱ་བ་དེ་གང་ཞིག་ཡོད་། དེའི་ཕྱིར་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་དོ། །གཉིས་པ་ནི། གལ་ཏེ་ཕུང་པོ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡོད་ན། །དེ་ནི་ད་གདོད་བརྟེན་འགྱུར་ཞིང་། །བརྟེན་ནས་དེ་ནས་འགྱུར་ལ་རག །ཇི་ལྟར་སྔར་ནོར་ལས་ཐ་དད་པར་གྲུབ་པའི་ལྷས་བྱིན་ནི་ནོར་ལེན་པར་བྱེད་པ་བཞིན་དུ། གལ་ཏེ་སྔར་ཕུང་པོ་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཞིག་ཡོད་ན་དེ་ནི་གདོད་ཕུང་པོ་ལ་བརྟེན་པར་འགྱུར་ཞིང་། ཕུང་པོ་ལ་བརྟེན་ནས་དེ་ནས་དེ་བཞིན་གཤེགས་པར་འགྱུར་ལ་རག་ན། རྣམ་པ་ཐམས་ཅད་དུ་དཔྱད་ན། ༼ཕུང་པོ་རྣམས་ལ་མ་བརྟེན་པར། །དེ་བཞིན་གཤེགས་པ་འགའ་ཡང་མེད། །ཅེས་པའི་རྩ་བ་ཆད།༽ཕུང་པོ་རྣམས་ལ་མ་བརྟེན་པར་དེ་བཞིན་གཤེགས་པ་འགའ་ཡང་མེད་དེ་རྒྱུ་མེད་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཞིག་མ་བརྟེན་ཡོད་མིན་ན། །དེས་ནི་ཇི་ལྟར་ཉེར་ལེན་འགྱུར། །དེ་བཞིན་གཤེགས་པ་གང་ཞིག་ཕུང་པོའི་སྔར་ཕུང་པོ་ལ་མ་བརྟེན་པར་ཡོད་པ་མིན་པ་དེས་ནི་ཇི་ལྟར་ཕུང་པོ་ཉེ་བར་ལེན་པར་འགྱུར། དེ་ལྟར་ཅུང་ཟད་ཀྱང་མི་ལེན་པ་དེའི་ཚེ་ཕུང་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པར་འགྱུར་རོ་ཞེས་བྱ་བ་མི་འཐད་དོ། །

དེ་ལྟར་ན། ཉེ་བར་བླངས་པ་མ་ཡིན་པ། །ཉེ་བར་ལེན་པར་ཅིས་མི་འགྱུར། །གང་གི་ཚེ་དེ་བཞིན་གཤེགས་པ་དེ་ཉེ་བར་ལེན་པའི་སྔ་རོལ་དུ་མེད་པས་ཅུང་ཟད་ཀྱང་མི་ལེན་པ་དེའི་ཚེ་ཕུང་པོ་རྣམས་སུས་ཀྱང་ཉེ་བར་བླངས་པ་མ་ཡིན་པས་ཉེ་བར་ལེན་པར་ཅིས་མི་འགྱུར་ཏེ་ཉེ་བར་ལེན་པར་མི་འགྱུར་རོ་ཞེས་བྱ་བའོ། །ཉེ་བར་ལེན་པ་མེད་པ་ཡི། །དེ་བཞིན་གཤེགས་པ་འགའ་ཡང་མེད། །གང་གི་ཚེ་སུས་ཀྱང་མ་བླངས་པའི་ཕྱིར་ཉེ་བར་ལེན་པར་མི་འགྱུར་བ་དེའི་ཚེ་ཉེ་བར་ལེན་པ་མེད་པས་ཉེ་བར་ལེན་པ་པོའི་དེ་བཞིན་གཤེགས་པ་ཅི་ཡང་མེད་དོ། །དེ་ལྟར། རྣམ་པ་ལྔས་ནི་བཙལ་བྱས་ན། །གང་ཞིག་དེ་ཉིད་གཞན་ཉིད་དུ། །མེད་པའི་དེ་བཞིན་གཤེགས་པ་དེ། །ཉེ་བར་ལེན་པས་ཇི་ལྟར་གདགས། །དེ་བཞིན་གཤེགས་པ་གང་ཞིག་ཇི་སྐད་བཤད་པའི་ཚུལ་གྱིས་རྣམ་པར་དཔྱད་ན་ཕུང་པོ་དག་ལས་དེ་ཉིད་གཅིག་དང་གཞན་ཐ་དད་པར་མེད་ལ། དེ་ཉིད་དང་གཞན་དུ་མེད་པས་ཕན་ཚུན་རྟེན་དང་བརྟེན་པ་དང་དེ་དང་ལྡན་པའི་ཕྱོགས་རྣམ་པ་ལྔས་བཙལ་ན་གཏན་ཡོད་པ་མ་ཡིན་པའི་དེ་བཞིན་གཤེགས་པ་དེ་ཉེ་བར་ལེན་པས་ཇི་ལྟར་གདགས་པར་ནུས། དེའི་ཕྱིར་ཡང་དེ་བཞིན་གཤེགས་པ་རང་བཞིན་གྱིས་མེད་དོ། །རྣམ་པར་དཔྱད་པ་འདིས་དེ་བཞིན་གཤེགས་པ་འབའ་ཞིག་མེད་པ་མ་ཡིན་གྱི་འོན་ཀྱང་། གང་ཞིག་ཉེ་བར་བླང་བ་དེ། །དེ་ནི་རང་བཞིན་ལས་ཡོད་མིན། །གང་ཞིག་ཉེ་བར་བླང་བ་གཟུགས་དང་ཚོར་བ་ལ་སོགས་པ་ཕུང་པོ་ལྔ་པོ་དེ་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཕྱིར་དང་། ཕུང་པོ་བརྟག་པ་ལས་རྒྱས་པར་བཀག་པའི་ཕྱིར་རོ། །

གལ་ཏེ་ཉེ་བར་བླང་བ་དེ་རང་བཞིན་གྱིས་ཡོད་པ་མིན་ཡང་རྒྱུ་དང་རྐྱེན་གཞན་ལས་ཡོད་པར་འགྱུར་རོ་སྙམ་ན། དེ་ཡང་མི་འཐད་དེ། བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །མོ་གཤམ་གྱི་བུ་བདག་གི་དངོས་པོ་ལས་མེད་པ་ནི་གཞན་གྱི་དངོས་པོས་གདགས་པར་མི་ནུས་པ་བཞིན་ནོ། །དེའི་ཕྱིར་ཉེ་བར་བླང་པ་མེད་དོ། །ཡང་ན། གང་ཞིག་ཉེ་བར་བླང་བ་དེ། དེ་ནི་རང་བཞིན་ལས་ཡོད་མིན་ཏེ་ཉེ་བར་ལེན་པ་པོ་ལ་ལྟོས་པའི་ཕྱིར་དང་། དེ་ལ་མ་ལྟོས་པའི་ཉེ་བར་ལེན་པ་ཉིད་མེད་པའི་ཕྱིར་རོ། །གལ་ཏེ་ཉེ་བར་བླངས་པ་དེ་རང་བཞིན་གྱིས་མེད་ཀྱང་ཉེ་བར་ལེན་པ་པོ་ལ་ལྟོས་ནས་གྲུབ་བོ་ཞེ་ན། བདག་གི་དངོས་ལས་གང་མེད་པ། །དེ་གཞན་དངོས་ལས་ཡོད་རེ་སྐན། །ཉེ་བར་བླང་བ་གང་ཞིག་བདག་གི་དངོས་པོ་ལས་གང་མེད་པ་དེ་ནི་ཉེ་བར་ལེན་པ་པོ་གཞན་གྱི་དངོས་པོ་ལས་ཡོད་པར་ག་ལ་འགྱུར། དེའི་ཕྱིར་ཉེ་བར་བླང་བ་ཡང་མེད་དོ། །གསུམ་པ་ནི། དེ་ལྟར་ཉེ་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །དེ་ལྟར་རྣམ་པ་ཐམས་ཅད་ཀྱིས་དཔྱད་པ་ན་ཉེ་བར་བླང་བ་དང་ཉེ་བར་ལེན་པ་པོ་རྣམ་པ་ཀུན་གྱིས་སྟོང་ཞིང་རང་བཞིན་མེད་པ་ཡིན་ནོ། །དེའི་ཕྱིར། སྟོང་པས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟར་བུར་ན་འདོགས་པར་འགྱུར། །ཕུང་པོ་རང་བཞིན་གྱིས་སྟོང་པས་དེ་བཞིན་གཤེགས་པ་རང་བཞིན་གྱིས་སྟོང་པ་ཇི་ལྟར་འདོགས་པར་འགྱུར། དེའི་ཕྱིར་ཕུང་པོ་ལ་བརྟེན་ནས་དེ་བཞིན་གཤེགས་པ་འདོགས་སོ་ཞེས་བྱ་བ་མི་འཐད་དོ། །

གཉིས་པ་དེ་བཞིན་གཤེགས་པ་མཐའ་བྲལ་དུ་བསྟན་པ་ལ། དངོས་དང་། མཐར་འཛིན་གྱི་ཉེས་པ་བསྟན་པ་དང་གཉིས་ཀྱི། དང་པོ་ནི། ཨེ་མ་ཁོ་བོ་ཅག་ནི་གཟེགས་ཟན་དང་རྐང་མིག་ལ་སོགས་པ་མཐོ་རིས་དང་བྱང་གྲོལ་གྱི་ལམ་ཕྱིན་ཅི་ལོག་སྟོན་པར་བྱེད་པ་མུ་སྟེགས་ཅན་དག་གི་གཞུང་ལུགས་ལ་དགའ་བ་དོར་ནས། མཐོ་རིས་དང་བྱང་གྲོལ་གྱི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པ་པོ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ནས་ཐར་པ་དོན་དུ་གཉེར་བ་ཡིན་ན། ད་ལྟ་ནི། དེ་ལྟར་ཉེར་བླང་ཉེར་ལེན་པོ། །རྣམ་པ་ཀུན་གྱིས་སྟོང་པ་ཡིན། །སྟོང་པས་དེ་བཞིན་གཤེགས་སྟོང་པ། །ཇི་ལྟ་བུར་ན་འདོགས་པར་འགྱུར། །ཞེས་པ་ལ་སོགས་པས་དེ་རང་བཞིན་མེད་པར་སྨྲས་པ་ཁོ་བོ་ཅག་གི་ཐར་པའི་རེ་ཐག་བཅད་པ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་རྩི་སྨན་ཆེན་པོའི་ལྗོན་ཤིང་རྩད་ནས་འདོན་པ་ཁྱོད་དང་བརྩད་པས་ཆོག་གོ་ཞེ་ན། ཁྱོད་ནི་ཐར་པ་འདོད་པས་མུ་སྟེགས་ཅན་ལ་དགའ་བ་དོར་ནས་དེ་བཞིན་གཤེགས་པ་ལ་སྐྱབས་སུ་སོང་ཡང་བདག་མེད་པ་སེང་གེའི་སྒྲ་མཆོག་ཏུ་ཟབ་པ་མུ་སྟེགས་ཅན་གྱི་སྨྲ་བ་དང་ཐུན་མོང་མ་ཡིན་པ་མི་བཟོད་པ་ན། རང་གི་ལྷག་པར་མོས་པ་དམན་པ་ཉིད་ཀྱིས་ལྟ་བ་ངན་པ་སྣ་ཚོགས་ཀྱིས་སྦྲུལ་གྱིས་དཀྲུགས་པ་སྐྱེ་བོ་ཕྱིན་ཅི་ལོག་གིས་བགྲོད་པ་འཁོར་བའི་འབྲོག་དགོན་པ་མི་བཟད་པ་དང་རྗེས་སུ་མཐུན་པའི་ལམ་དེ་ཉིད་ནས་སོང་བ་ཡིན་ནོ། །དེ་བཞིན་གཤེགས་པ་ནི་ནམ་ཡང་བདག་དང་ཕུང་པོ་རྣམས་ཡོད་པར་མི་གསུང་སྟེ། ཇི་སྐད་དུ། ཚེ་དང་ལྡན་པ་རབ་འབྱོར་སངས་རྒྱས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུ། ཚེ་དང་ལྡན་པ་རབ་འབྱོར་སངས་རྒྱས་ཀྱི་ཆོས་རྣམས་ཀྱང་སྒྱུ་མ་ལྟ་བུ་རྨི་ལམ་ལྟ་བུའོ། །ཞེས་གསུངས་སོ། །ཁོ་བོ་ཅག་ལ་གང་ལ་སྐུར་པ་བཏབ་པས་ཇི་སྐད་བཤད་པའི་ཉེས་པར་འགྱུར་བ་དེ་བཞིན་གཤེགས་པ་སྤྲོས་པ་མེད་པའི་བདག་ཉིད་ཅན་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་མི་སྨྲའོ། །

གཞན་ཡང་དེ་བཞིན་གཤེགས་པ་སྤྲོས་པ་མེད་པའི་རང་བཞིན་ཅན་ལ་ཕྱིན་ཅི་མ་ལོག་པའི་དོན་བརྗོད་པར་འདོད་པས་ནི། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་བརྗོད་མི་བྱ། །གཉིས་དང་གཉིས་མིན་མི་བྱ་སྟེ། །དེ་ཅིའི་ཕྱིར་ཞེ་ན། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་རྒྱུ་མཚན་སྔར་བཤད་པས་སོ། །འོན་ཀྱང་མ་བརྗོད་ན་རྟོགས་པ་པོ་རྣམས་ཀྱིས་ཇི་ལྟར་གནས་པའི་རང་བཞིན་ཁོང་དུ་ཆུད་པར་མི་ནུས་པས། གདགས་པའི་དོན་དུ་བརྗོད་པར་བྱ། །དེའི་ཕྱིར་ཁོ་བོ་ཅག་གིས་གདགས་པའི་དོན་དུ་སྟེ། ཐ་སྙད་ཀྱི་བདེན་པ་ལ་ལྟོས་ནས་གདུལ་བྱའི་སྐྱེ་བོའི་ངོར་ལྷག་པར་སྒྲོ་བཏགས་ནས་སྟོང་ཞེས་དང་། མི་སྟོང་ཞེས་དང་སྟོང་པ་ཡིན་མི་སྟོང་པ་ཡང་ཡིན་ཞེས་དང་། སྟོང་པ་ཡང་མ་ཡིན་མི་སྟོང་པ་ཡང་མ་ཡིན་ཞེས་ཀྱང་བརྗོད་པར་བྱའོ། །དགོངས་པ་གང་གིས་སྟོང་པ་ཉིད་ལ་སོགས་པ་གསུངས་པ་དེ་ནི་བདག་བརྟག་པར་བཤད་པ་ལྟར་ཤེས་པར་བྱའོ། །ཇི་སྐད་དུ། མདོ་ལས། ཁྱོད་ཀྱིས་འགྲོ་འདི་སྒྱུ་མ་ལྟ་བུ་དང་། །ཟློས་གར་ལྟ་དང་རྨི་ལམ་ལྟ་བུ་དང་། །བདག་མེད་སེམས་ཅན་མེད་ཅིང་སྲོག་འགྲོ་མེད། །ཆོས་རྣམས་སྨིག་རྒྱུ་སྒྱུ་མ་ལྟ་བུར་མཁྱེན། །སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མ་ཤེས་པས་ན་འགྲོ་བ་འཁྱམ་པར་འགྱུར། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་དག་གིས་ནི་འཛུད་པར་མཛད། །ཅེས་གསུངས་སོ། །

དེ་བཞིན་གཤེགས་པ་ལ་སྟོང་མི་སྟོང་སོགས་བཞི་མི་མངའ་བ་འབའ་ཞིག་དུ་མ་ཟད་ཀྱི། གཞན་ཡང་། རྟག་དང་མི་རྟག་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །མཐའ་དང་མཐའ་མེད་ལ་སོགས་བཞི། །ཞི་བ་འདི་ལ་ག་ལ་ཡོད། །འདིར་བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པའི་དངོས་པོ་བཅུ་བཞི་གསུངས་པ་འདི་ལྟ་སྟེ། བདག་དང་འཇིག་རྟེན་རྟག་གོ །མི་རྟག་གོ །རྟག་ཀྱང རྟག་ལ་མི་རྟག་ཀྱང་མི་རྟག་གོ། རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ནོ་ཞེས་པ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་ཞེས་བྱ་བ་བཞི་ཚན་དང་པོའོ། །བདག་དང་འཇིག་རྟེན་མཐའ་དང་ལྡན། མཐའ་དང་མི་ལྡན། མཐའ་དང་ལྡན་པ་ཡང་ཡིན་ལ་མི་ལྡན་པ་ཡང་ཡིན། མཐའ་དང་ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བ་ཕྱི་མའི་མཐའ་ལ་རྟེན་པ་བཞིའོ་གཉིས་པའོ། །དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་དོ། །མེད་དོ། །ཡོད་ཀྱང་ཡོད་ལ་མེད་ཀྱང་མེད་དོ། །ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་པ་མྱང་འདས་ལ་རྟེན་པ་བཞིའོ་གསུམ་པའོ། །ལུས་དེ་ཉིད་སྲོག་ཡིན། ལུས་ཀྱང་གཞན་སྲོག་ཀྱང་གཞན་ཞེས་བྱ་བ་ལུས་སྲོག་གཉིས་ལ་བརྟེན་པ་གཉིས་སྟེ། དང་པོ་རྣམས་གྲངས་ཅན་ཀྱི་ལྟ་བ་གཡོ་བ། གཉིས་པ་རྣམས་རྒྱང་འཕེན་གྱི་ལྟ་བ་འདུ་བ། གསུམ་པ་རྣམས་གཅེར་བུ་པའི་ལྟ་བ་བཀྲམ་པ། བཞི་པ་རྣམས་གནས་མ་བུ་པའི་ལྟ་བ་བཅུམ་པ་སྟེ་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་པོ་ནི་སྒྱུ་མ་ལྟ་བུའི་ཕུང་པོ་ལ་བརྟེན་ནས་བཏགས་པའམ། དེ་དག་གི་ཡུལ་ནི་མེད་དོ་ཞེས་བྱ་བ་དང་། ཡུམ་ལས། དེ་བཞིན་གཤེགས་པས་ཡུམ་འདི་ལ་བརྟེན་ཏེ་སེམས་ཅན་ཕ་རོལ་པོ་རྣམས་དང་། གང་ཟག་ཕ་རོལ་པོ་རྣམས་ཀྱི་སེམས་གཡོ་བ་དང་འདུ་བ་དང་བཀྲམ་པ་དང་། བཅུམ་པ་ཡང་དག་པ་ཇི་ལྟ་བ་བཞིན་རབ་ཏུ་ཤེས་སོ། །ཞེས་གསུངས་སོ། །དངོས་པོ་བཅུ་བཞི་པོ་འདི་དག་མཐའ་གཅིག་ཏུ་བརྡ་སྤྲད་པར་བྱ་བ་མ་ཡིན་པས་ན་ལུང་དུ་མ་བསྟན་པའི་དངོས་པོ་ཞེས་བྱའོ། །དེ་ལ་ཇི་སྐད་བཤད་པའི་ཚུལ་གྱིས་སྟོང་མི་སྟོང་ལ་སོགས་པ་བཞི་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཞི་ཞིང་ངོ་བོ་ཉིད་ཀྱིས་སྟོང་པ་ལ་མི་མངའ་བ་དེ་བཞིན་དུ། རྟག་མི་རྟག་ལ་སོགས་པ་བཞི་ཡང་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཞི་ཞིང་རང་གི་ངོ་བོས་སྟོང་པ་འདི་ལ་གང་ལ་ཡོད་དེ་མི་མངའོ། །མཐའ་དང་མཐའ་མེད་པ་ལ་སོགས་པ་བཞི་ཡང་དེ་བཞིན་གཤེགས་པ་རང་བཞིན་གྱིས་སྟོང་ཞིང་ཞི་བ་འདི་ལ་ག་ལ་ཡོད་དེ་མི་མངའོ། །མི་མངའ་བ་ཉིད་ཀྱི་ཕྱིར་མོ་གཤམ་གྱི་བུའི་སྔོ་སངས་དང་དཀར་གཤམ་ལྟར་འདི་དག་འཇིག་རྟེན་ལ་བཅོམ་ལྡན་འདས་ཀྱིས་ལུང་དུ་མ་བསྟན་པ་ཡིན་ནོ། །ཇི་ལྟར་རྟག་པ་ལ་སོགས་པ་མི་མངའ་བ་དེ་བཞིན་དུ་གྲོངས་ཕན་ཆད་ཡོད་པ་དང་མེད་པ་ལ་སོགས་པ་ཡང་མི་མངའ་སྟེ། གང་གིས་དེ་བཞིན་གཤེགས་ཡོད་ཅེས། །འཛིན་པ་སྟུག་པོས་བཟུང་གྱུར་པ། །དེ་ནི་མྱ་ངན་འདས་པ་ལ། །མེད་ཅེས་རྣམ་རྟོག་རྟོག་པར་བྱེད། །གང་གི་མངོན་པར་ཞེན་པ་ཆེན་པོས་དེ་བཞིན་གཤེགས་པ་རང་བཞིན་གྱིས་ཡོད་ཅེས་འཛིན་པ་སྟུག་པོས་གཟུང་ཞིང་ཡོངས་སུ་རྟོག་པ་བསྐྱེད་པ་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པ་ལ་གྲོངས་ཕན་ཆད་མེད་ཅིང་རྒྱུན་ཆད་དོ་ཞེས་རྣམ་པར་རྟོག་པ་རྟོག་པར་བྱེད་དོ། །དེ་ལྟར་རྟོག་པ་དེ་ནི་རྟག་པའམ་ཆད་པའི་མཐར་ལྷུང་བར་འགྱུར་རོ། །རང་བཞིན་གྱིས་ནི་སྟོང་དེ་ལ། །སངས་རྒྱས་མྱ་ངན་འདས་ནས་ནི། །ཡོད་དོ་ཞེའམ་མེད་དོ་ཞེས། །བསམ་པ་འཐད་པ་ཉིད་མི་འགྱུར། །གང་གིས་ལྟར་ན་རང་བཞིན་གྱིས་སྟོང་པའི་ཕྱིར་གནས་སྐབས་འགར་ཡང་དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་པ་དེའི་ཕྱོགས་ལ་སངས་རྒྱས་མྱ་ངན་ལས་འདས་ནས་ཡོད་དོ་ཞེའམ་མེད་དོ་ཞེས་མཐའ་གང་དུ་ཡང་བསམ་པ་འཐད་པར་མི་འགྱུར་རོ། །གཉིས་པ་ནི། གང་དག་སངས་རྒྱས་སྤྲོས་འདས་ཤིང་། །ཟད་པ་མེད་ལ་སྤྲོ་བྱེད་པ། །སྤྲོས་པས་ཉམས་པ་དེ་ཀུན་གྱིས། །དེ་བཞིན་གཤེགས་པ་མཐོང་མི་འགྱུར། །གང་དག་བློ་ཞན་པ་ཉིད་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རང་བཞིན་གྱིས་ཞི་ཞིང་རང་བཞིན་མེད་པ་སྤྲོས་པ་ཐམས་ཅད་ལས་འདས་པ་སྐྱེ་བ་མེད་པའི་རང་བཞིན་ཡིན་པས་རང་བཞིན་གཞན་དུ་མི་འགྲོ་བའི་ཕྱིར་ཟད་པ་མེད་པ་ལ་རྟག་མི་རྟག་ཡོད་མེད་སྟོང་མི་སྟོང་ཐམས་ཅད་མཁྱེན་མི་མཁྱེན་ལ་སོགས་པར་རྟོག་པས་སྤྲོ་བར་བྱེད་པ་དེ་དག་གིས་ནི་རང་གི་སྤྲོས་པ་དག་གིས་ཉམས་པས་དེ་བཞིན་གཤེགས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་ལྐོག་ཏུ་གྱུར་པས། དེའི་ཕྱིར་རོ་དང་འདྲ་བ་དེ་དག་ཀུན་གྱིས་གསུང་རབ་འདི་ལ་དེ་བཞིན་གཤེགས་པ་མཐོང་བར་མི་འགྱུར་ཏེ། དམུས་ལོང་གིས་ཉི་མ་བཞིན་ནོ། །དེ་ཉིད་ཀྱི་ཕྱིར་བཅོམ་ལྡན་འདས་ཀྱིས། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་སྤོང་བར་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་དེ་བཞིན་གཤེགས་པ་བརྟག་པ་འདིར་སེམས་ཀྱི་འཇིག་རྟེན་རང་བཞིན་མེད་པར་བརྟག་པ་བྱས་པ་ཡིན་ནོ། །

གཉིས་པ་སྣོད་ཀྱི་འཇིག་རྟེན་རང་བཞིན་མེད་པར་སྒྲུབ་པ་ནི། སེམས་ཅན་གྱི་འཇིག་རྟེན་ཇི་ལྟར་རང་བཞིན་མེད་པ་དེ་ལྟར་སྣོད་ཀྱི་འཇིག་རྟེན་ཡང་རང་བཞིན་མེད་པ་ཡིན་ཏེ། དེ་བཞིན་གཤེགས་པའི་རང་བཞིན་གང་། །དེ་ནི་འགྲོ་འདིའི་རང་བཞིན་ཡིན། །དེ་བཞིན་གཤེགས་པའི་རང་བཞིན་མེད། །འགྲོ་བ་འདི་ཡི་རང་བཞིན་མེད། །ཇི་སྐད་བཤད་པའི་ཚུལ་གྱིས་དེ་བཞིན་གཤེགས་པའི་རང་བཞིན་མཐའ་ཐམས་ཅད་དང་བྲལ་བ་གང་ཡིན་པ་དེ་ནི་འགྲོ་བ་སྣོད་ཀྱི་འཇིག་རྟེན་འདིའི་རང་བཞིན་ཡང་ཡིན་ལ། དེའི་ཕྱིར་ཇི་ལྟར་དེ་བཞིན་གཤེགས་པ་རང་བཞིན་མེད་པ་དེ་ལྟར་འགྲོ་བ་འདིའི་རང་བཞིན་ཡང་རང་བཞིན་མེད་པར་ཤེས་པར་བྱ་སྟེ། འགྲོ་བ་ཇི་ལྟར་རང་བཞིན་མེད་པ་དེ་ལྟར་ནི་རྐྱེན་བརྟག་པ་ལ་སོགས་པ་དག་གིས་བསྟན་ཏོ། །དེ་ཉིད་ཀྱི་ཕྱིར་མདོ་ལས། རྟག་ཏུ་སྐྱེ་མེད་ཆོས་ནི་དེ་བཞིན་གཤེགས། །ཆོས་རྣམས་ཀུན་ཀྱང་དེ་བཞིན་གཤེགས་དང་འདྲ། །བྱིས་པའི་བློ་ཅན་མཚན་མར་འཛིན་པ་རྣམས། །འཇིག་རྟེན་དག་ན་མེད་པའི་ཆོས་ལ་སྤྱོད། །དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་སྟེ། །འདི་ན་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང་། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་དེ་བཞིན་གཤེགས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉེར་གཉིས་པའི་འགྲེལ་པའོ།། །།

ལེའུ་ཉེར་གསུམ་པའི་རྣམ་བཤད།

ཉེར་གསུམ་པ་ཕྱིན་ཅི་ལོག་བརྟག་པ་ལ་ཉོན་མོངས་རང་བཞིན་གྲུབ་པ་དགག ཉོན་མོངས་གཉེན་པོས་སྤོང་བ་དགག་པ་གཉིས་ཀྱི། དང་པོ་ལ། ཉོན་མོངས་ཀྱི་ངོ་བོ་དགག རྟེན་དགག རྒྱུ་དགག་པ་དང་གསུམ་གྱི་དང་པོ་ནི། འདིར་སྨྲས་པ། སྲིད་པའི་རྒྱུན་ནི་ཡོད་དེ། དེའི་རྒྱུ་འདོད་ཆགས་པ་ལ་སོགས་པའི་ཉོན་མོངས་པ་རྣམས་ཡོད་པའི་ཕྱིར་རོ། །ལས་དང་ཉོན་མོངས་པའི་རྒྱུ་ཅན་སྐྱེ་བ་དག་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ནི་སྲིད་པའི་རྒྱུན་ཡིན་ལ་དེའི་རྒྱུའི་གཙོ་བོ་ནི་ཉོན་མོངས་པ་རྣམས་ཡིན་ཏེ། ཉོན་མོངས་པ་སྤངས་པ་རྣམས་ལ་དེ་མེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་རྒྱུ་ཉོན་མོངས་པ་དག་ཡོད་ན་སྲིད་པའི་རྒྱུན་ཡང་ཡོད་པ་ཞིག་ན་དེ་དག་ཡང་དག་པར་ཡོད་པ་མ་ཡིན་ཏེ། འདི་ལྟར། ཉོན་མོངས་པའི་མཚན་ཉིད་ནི་གང་ཞིག་དེ་བྱུང་བས་སེམས་ཅན་གྱི་རྒྱུད་རབ་ཏུ་མ་ཞི་བར་བྱེད་པའོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །བདག་རྐྱེན་ཀུན་ཏུ་རྟོག་ལས་འབྱུང་བར་གསུངས། །སྡུག་དང་དམིགས་རྐྱེན་མི་སྡུག་ཕྱིན་ཅི་ལོག །བརྟེན་པ་ཉིད་ལ་ཀུན་ཏུ་འབྱུང་། །བཅོམ་ལྡན་འདས་ཀྱིས། འདོད་པ་ཁྱོད་ཀྱི་རྩ་བ་ནི། །ཤེས་ཏེ་ཀུན་ཏུ་རྟོག་ལས་སྐྱེ། །ཞེས་འབྱུང་བའི་ཕྱིར། འདོད་ཆགས་ཞེ་སྡང་གཏི་མུག་རྣམས་མི་སྡུག་པ་ལ་སྡུག་པ་འཛིན་པ་སོགས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རང་བཞིན་གྱི་ཀུན་ཏུ་རྟོག་པ་ལས་འབྱུང་བར་གསུངས་སོ། །འདོད་ཆགས་ལ་སོགས་པ་གསུམ་པོ་དེ་དག་ནི་གོ་རིམ་བཞིན་དུ་དམིགས་རྐྱེན་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ལ་བརྟེན་ནས་ཀུན་ཏུ་འབྱུང་སྟེ། འདི་ལྟར། སྡུག་ལས་འདོད་ཆགས་དང་། མི་སྡུག་པ་ལས་ཞེ་སྡང་དང་། ཕྱིན་ཅི་ལོག་ལས་གཏི་མུག་འབྱུང་ངོ་། །ཕྱིན་ཅི་ལོག་ཏུ་འཛིན་པའི་བློའི་བདག་རྐྱེན་གྱི་རྒྱུ་ཡིན་པའི་ཕྱིར། ཀུན་ཏུ་རྟོག་པ་ནི་གསུམ་ཆར་གྱི་རྒྱུ་ཐུན་མོང་བ་ཡིན་ནོ། །དེའི་ཕྱིར། གང་དག་སྡུག་དང་མི་སྡུག་དང་། །ཕྱིན་ཅི་ལོག་ལས་རྟེན་འབྱུང་བ། །དེ་དག་རང་བཞིན་ལས་མེད་དེ། །དེ་ཕྱིར་ཉོན་མོངས་ཡང་དག་མེད། །གལ་ཏེ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གང་དག་རང་བཞིན་གྱིས་གྲུབ་ན་སྡུག་མི་སྡུག་སོགས་ལ་མི་ལྟོས་པ་ཞིག་ན། དེ་རྣམས་ནི་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་ལ་བརྟེན་ནས་འབྱུང་བ་ཡང་ཡིན་ཏེ། དེའི་ཕྱིར་ཉོན་མོངས་པ་དེ་དག་རང་བཞིན་མེད་པ་ཡིན་གྱི་ཡང་དག་པ་མ་ཡིན་ནོ། །

གཉིས་པ་ལ་བདག་དགག་པ་དང་། ཉོན་མོངས་ཅན་གྱི་སེམས་དགག་པ་གཉིས་ཀྱི་དང་པོ་ནི། གཞན་ཡང་། བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་གྲུབ་པ་མེད། །དེ་མེད་ཉོན་མོངས་རྣམས་ཀྱི་ནི། །ཡོད་ཉིད་མེད་ཉིད་ཇི་ལྟར་འགྲུབ། །བདག་གི་ཡོད་པ་ཉིད་དང་མེད་པ་ཉིད་ཇི་ལྟ་བུར་ཡང་གྲུབ་པ་མེད་པ་དེ་ལྟར་ནི་སྔར་རྒྱས་པར་བསྟན་ཟིན་ཏོ། །དེའི་ཕྱིར་བདག་དེ་མེད་པ་ན་དེ་ལ་བརྟེན་པའི་ཆོས་ཉོན་མོངས་པ་རྣམས་ཀྱི་ཡོད་ཉིད་མེད་ཉིད་ཇི་ལྟ་བུར་འགྲུབ་པར་འགྱུར་ཏེ། རྩིག་པ་མེད་ན་དེ་ལ་བརྟེན་པའི་རི་མོ་མེད་པ་བཞིན་ནོ། །ཅིའི་ཕྱིར་བདག་མེད་ན་ཉོན་མོངས་པ་རྣམས་མེད་པར་འགྱུར་ཞེ་ན། ཉོན་མོངས་འདི་དག་གང་གི་ཡིན། །དེ་ཡང་གྲུབ་པ་ཡོད་མ་ཡིན། །འགའ་མེད་པར་ནི་གང་གི་ཡང་། །ཉོན་མོངས་པ་དག་ཡོད་མ་ཡིན། །ཉོན་མོངས་པ་འདི་དག་ནི་རྩིག་ངོས་ཀྱི་རི་མོའམ་འབྲས་བུ་སྨིན་པ་ལྟར་དུ་རྟེན་ལ་ལྟོས་པ་ཡིན་ལ། རྟེན་དེ་ཡང་བརྟགས་པ་ན་བདག་གམ་སེམས་ཞིག་ཡིན་ན། དེ་དག་ནི་སྔར་བཀག་ཟིན་པའི་ཕྱིར་ཉོན་མོངས་པ་འདི་དག་གང་ཡིན་པའི་རྟེན་དེ་ཡང་གྲུབ་པ་ཡོད་པ་མ་ཡིན་ནོ། །རྟེན་འགའ་ཡང་མེད་པར་ནི་རྟེན་གང་གི་ཡིན་པའི་ཉོན་མོངས་པ་དག་ཡོད་པ་མ་ཡིན་ནོ། །

གཉིས་པ་ནི། གལ་ཏེ་ཉོན་མོངས་པའི་རྟེན་སྔར་གྲུབ་པའི་བདག་ནི་འགའ་ཡང་མེད་ཀྱི། འོན་ཀྱང་ཉོན་མོངས་ཅན་གྱི་སེམས་ལ་བརྟེན་ནས་ཉོན་མོངས་རྣམས་སྐྱེ་ལ། སེམས་དེ་ཡང་ཉོན་མོངས་རྣམས་དང་ལྷན་ཅིག་སྐྱེའོ་ཞེ་ན། དེ་ཡང་མི་རིགས་ཏེ། རང་ལུས་ལྟ་བཞིན་ཉོན་མོངས་རྣམས། །ཉོན་མོངས་པར་བྱེད་པས་ན་ཉོན་མོངས་པ་རྣམས་སོ། །ཉོན་མོངས་ཅན་ལ་ཉོན་མོངས་པར་བྱ་བས་ན་ཉོན་མོངས་ཅན་ལ་རྣམ་ལྔར་མེད། །རང་ལུས་ལྟ་བཞིན་ཉོན་མོངས་ཅན། །ཉོན་མོངས་རྣམས་ལ་རྣམ་ལྔར་མེད། །རང་ལུས་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ལ་བདག་དང་བདག་གི་བར་ལྟ་བའི་རྣམ་པར་ཞུགས་པ་བདག་དེ་རྣམ་པ་ལྔས་བཙལ་ན་མེད་པ་དེ་བཞིན་དུ་ཉོན་མོངས་པ་རྣམས་ཀྱང་ཉོན་མོངས་པ་ཅན་ལ་རྣམ་པ་ལྔར་བཙལ་ན་མེད་དེ། འདི་ལྟར་ཉོན་མོངས་ཅན་དེ་ཉིད་ཉོན་མོངས་པ་རྣམས་མ་ཡིན་ཏེ། སྲེག་པ་པོ་དང་བསྲེག་བྱ་ཡང་གཅིག་ཉིད་དུ་ཐལ་བའི་ཕྱིར་རོ། །གཞན་ཡང་མ་ཡིན་ཏེ། ཉོན་མོངས་རྣམས་ཉོན་མོངས་ཅན་གྱི་རྒྱུ་ལས་མི་འབྱུང་བར་ཐལ་བའི་ཕྱིར་རོ། །དེ་ཉིད་དང་གཞན་ཉིད་དུ་མེད་པའི་ཕྱིར་རྟེན་དང་བརྟེན་པ་དང་དེ་དང་ལྡན་པའི་ཕྱོགས་ཉིད་ཀྱང་མི་རིགས་སོ། །རང་ལུས་ལྟ་བཞིན་ཉོན་མོངས་ཅན་ཡང་ཉོན་མོངས་རྣམས་ལ་རྣམ་པ་ལྔར་མེད་དེ། འདིར་ཉོན་མོངས་ཉིད་ཉོན་མོངས་ཅན་མ་ཡིན་ཏེ། བྱེད་པ་པོ་དང་ལས་གཅིག་ཏུ་ཐལ་བའི་ཕྱིར་རོ། །གཞན་ཡང་མ་ཡིན་ཏེ་ལྟོས་པ་མེད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཕན་ཚུན་རྟེན་དང་བརྟེན་པར་ཡང་མེད་ལ། ཉོན་མོངས་རྣམས་ལ་ཉོན་མོངས་ཅན་ལྡན་པ་ཡང་མ་ཡིན་ནོ། །

གསུམ་པ་རྒྱུ་དགག་པ་ལ་སྤྱིར་དགག་པ་དང་། སོ་སོར་ཕྱེ་སྟེ་དགག་པ་གཉིས་ཀྱི། དང་པོ་ལ་དངོས་དང་། དམིགས་པ་དགག་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་ཁྱོད་ཀྱིས་ཉོན་མོངས་པ་རྣམས་བཀག་མོད་ཀྱི། དེ་ལྟ་ན་ཡང་ཉོན་མོངས་པའི་རྒྱུ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་དག་ནི་རེ་ཤིག་ཡོད་པ་ཡིན་ལ། དེ་ཡོད་པས་ཉོན་མོངས་པ་རྣམས་ཀྱང་ཡོད་དོ་ཞེ་ན། སྡུག་དང་མི་སྡུག་ཕྱིན་ཅི་ལོག །རང་བཞིན་ལས་ནི་ཡོད་མིན་ན། །སྡུག་དང་མི་སྡུག་ཕྱིན་ཅི་ལོག །བརྟེན་ནས་ཉོན་མོངས་གང་དག་ཡིན། །སྡུག་དང་མི་སྡུག་ཕྱིན་ཅི་ལོག་དེ་དག་ཀྱང་ནི་རང་བཞིན་ལས་ཡོད་པ་མ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར་དང་དགག་པ་འཆད་པར་འགྱུར་བའི་ཕྱིར་རོ། །གང་གི་ཚེ་དེ་དག་རང་བཞིན་གྱིས་ཡོད་པ་མ་ཡིན་པ་དེའི་ཚེ་སྡུག་དང་མི་སྡུག་ཕྱིན་ཅི་ལོག་ལ་བརྟེན་ནས་ཉོན་མོངས་དེ་དག་གང་དག་ཡིན་ཏེ་དེ་དག་གི་རྒྱུ་སྡུག་པ་དང་མི་སྡུག་པ་དང་ཕྱིན་ཅི་ལོག་མེད་པས་ཉོན་མོངས་པ་རྣམས་རང་བཞིན་གྱིས་ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །

གཉིས་པ་ནི། ཉོན་མོངས་པ་རྣམས་ཡོད་དེ། དེ་དག་གི་དམིགས་པ་གཟུགས་སྒྲ་ལ་སོགས་པ་ཡུལ་དྲུག་ཡོད་པའི་ཕྱིར་ཞེ་ན། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དང་རྣམས་དྲུག་ནི། །གཞི་སྟེ་འདོད་ཆགས་ཞེ་སྡང་དང་། །གཏི་མུག་གི་ནི་ཡིན་པར་བརྟགས། །གཟུགས་ནས་ཆོས་ཀྱི་བར་ཡུལ་རྣམ་པ་དྲུག་ནི་གཞི་སྟེ་དམིགས་པ་ཡིན་པར་ཁྱེད་ཀྱིས་བརྟགས་སོ། །གང་གིས་ཞེ་ན། འདོད་ཆགས་ཞེ་སྡང་གཏི་མུག་གིའོ། །དེ་ལ་གཟུགས་ལ་སོགས་པ་དག་ལ་སྡུག་པའི་རྣམ་པར་སྒྲོ་བཏགས་པ་ལས་འདོད་ཆགས་དང་། མི་སྡུག་པའི་རྣམ་པར་སྒྲོ་བཏགས་པ་ལས་ཞེ་སྡང་དང་། རྟག་པ་དང་བདག་ལ་སོགས་པ་ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་བཏགས་པ་ལས་གཏི་མུག་སྐྱེའོ། །ཡུལ་དྲུག་པོ་འདི་ཉོན་མོངས་པ་དག་གི་དམིགས་པར་དོན་ལ་གནས་སམ་ཞེ་ན། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་དག་འབའ་ཞིག་སྟེ། །ཇི་ལྟར་རབ་རིབ་ཅན་གྱིས་ཡོད་པ་མ་ཡིན་པའི་སྐྲ་ཤད་ལ་སོགས་པ་ལྟར་གཟུགས་སྒྲ་ལ་སོགས་པ་འདི་དག་ཡོད་པ་མ་ཡིན་པའི་རང་བཞིན་དུ་གྱུར་པ་ཞིག་ཁྱོད་ཀྱིས་འདོད་ཆགས་ལ་སོགས་པ་རྣམས་ཀྱི་དམིགས་པར་བརྟགས་པ་འབའ་ཞིག་དུ་ཟད་ཀྱི་རང་བཞིན་མེད་དོ་ཞེས་བྱ་བའི་དོན་ནོ། །གལ་ཏེ་རང་བཞིན་མེད་ན། འོ་ན་ཇི་ལྟར་དམིགས་པ་ཡིན་ཞེ་ན། དྲི་ཟའི་གྲོང་ཁྱེར་ལྟ་བུ་དང་། །སྨིག་རྒྱུ་རྨི་ལམ་འདྲ་བ་ཡིན། །ཡུལ་དྲུག་པོ་དེ་དག་ནི་དྲི་ཟའི་གྲོང་ཁྱེར་ལ་སོགས་པ་དང་འདྲ་བར་ཕྱིན་ཅི་ལོག་ལས་དམིགས་པ་བཞག་པ་འབའ་ཞིག་ཏུ་ཟད་དོ། །གང་གི་ཚེ་དེ་ལྟར་ཡིན་པ་དེའི་ཚེ། སྒྱུ་མའི་སྐྱེས་བུ་ལྟ་བུ་དང་། །གཟུགས་བརྙན་འདྲ་བ་དེ་དག་ལ། །སྡུག་པ་དང་ནི་མི་སྡུག་པ། །འབྱུང་བར་ཡང་ནི་ག་ལ་འགྱུར། །འདིས་ནི་རྟེན་ལོག་པ་ལས་བྱུང་བའི་སྡུག་པ་དང་མི་སྡུག་པའི་མཚན་མ་དག་ཀྱང་རྫུན་པ་ཉིད་དུ་བསྟན་ཏོ། །ཇི་སྐད་དུ། ངར་འཛིན་ལས་བྱུང་ཕུང་པོ་རྣམས། །ངར་འཛིན་དེ་ནི་དོན་དུ་རྫུན། །གང་གིས་ས་བོན་རྫུན་དེ་ཡི། །སྐྱེ་བ་བདེན་པ་ག་ལ་ཞིག །ཅེས་གསུངས་པ་ལྟར་རོ། །

གཉིས་པ་སོ་སོར་ཕྱེ་སྟེ་དགག་པ་ལ། ཆགས་སྡང་གི་རྒྱུ་སྡུག་མི་སྡུག་དགག གཏི་མུག་གི་རྒྱུ་ཕྱིན་ཅི་ལོག་དགག་པ་གཉིས་ཀྱི། དང་པོ་ནི། གཞན་ཡང་རིགས་པ་འདིས་ཀྱང་སྡུག་མི་སྡུག་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། གང་ལ་བརྟེན་ནས་སྡུག་པ་ཞེས། །གདགས་པར་བྱ་བ་མི་སྡུག་པ། །སྡུག་ལ་མ་ལྟོས་ཡོད་མིན་པས། །དེ་ཕྱིར་སྡུག་པ་འཐད་མ་ཡིན། །གལ་ཏེ་སྡུག་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་དེ་ནི་ངེས་པར་མི་སྡུག་པ་ལ་ལྟོས་པར་འགྱུར་བ་ཞིག་ན། མི་སྡུག་པ་གང་ལ་བརྟེན་ནས་སྡུག་པ་ཞེས་གདགས་པར་བྱ་བ་ལྟོས་བྱ་མི་སྡུག་པ་དེ་ཡང་སྡུག་པ་ལ་མ་ལྟོས་པར་ཡོད་པ་མིན་པས། དེའི་ཕྱིར་སྡུག་པ་རང་བཞིན་གྱིས་གྲུབ་པ་འཐད་པ་མ་ཡིན་ནོ། །ཇི་ལྟར་སྡུག་པ་ཡོད་པ་མ་ཡིན་པ་ལྟར་མི་སྡུག་པ་ཡང་ཡོད་པ་མ་ཡིན་ཏེ། གང་ལ་བརྟེན་ནས་མི་སྡུག་པར། །གདགས་པར་བྱ་བ་སྡུག་པ་ནི། མི་སྡུག་མ་ལྟོས་ཡོད་མིན་པས། །དེ་ཕྱིར་མི་སྡུག་འཐད་མ་ཡིན། །གལ་ཏེ་མི་སྡུག་པ་ཞེས་བྱ་བ་འགའ་ཞིག་ཡོད་ན་འབྲེལ་བ་ཅན་གཞན་ལ་ལྟོས་པའི་ཕྱིར་ངེས་པར་རིང་ཐུང་ངམ། ཕ་རོལ་ཚུ་རོལ་ལྟར་སྡུག་པ་ལ་ལྟོས་པར་འགྱུར་ན། སྡུག་པ་གང་ལ་བརྟེན་ནས་མི་སྡུག་པ་གདགས་པར་བྱ་ཞིང་རྣམ་པར་བཞག་པར་བྱ་བ་སྡུག་པ་ནི་ལྟོས་པར་བྱ་བ་མི་སྡུག་པ་ལ་མ་ལྟོས་པར་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་ན། མི་སྡུག་པར་གདགས་པ་ལྟོས་པར་བྱ་བ་སྡུག་པ་ཞེས་བྱ་བ་འབྲེལ་བ་ཅན་གཞན་ཡོད་པ་མ་ཡིན་པ་དེའི་ཕྱིར་མི་སྡུག་པ་རང་བཞིན་གྱིས་གྲུབ་པ་འཐད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟར་སྡུག་པ་དང་མི་སྡུག་པ་ཡོད་པ་མ་ཡིན་པ་དེའི་ཕྱིར། སྡུག་པ་ཡོད་པ་མ་ཡིན་ན། །འདོད་ཆགས་ཡོད་པར་ག་ལ་འགྱུར། །མི་སྡུག་ཡོད་པ་མ་ཡིན་ན། །ཞེ་སྡང་ཡོད་པར་ག་ལ་འགྱུར། །སྡུག་པ་དང་མི་སྡུག་པའི་མཚན་མ་མེད་ན། རྒྱུ་མེད་པའི་ཕྱིར་སྡུག་པ་དང་མི་སྡུག་པའི་མཚན་མའི་རྒྱུ་ཅན་གྱི་འདོད་ཆགས་དང་ཞེ་སྡང་དག་ཀྱང་ཡོད་པ་མ་ཡིན་ནོ། །

གཉིས་པ་ལ། ཕྱིན་ཅི་ལོག་གི་ངོ་བོ་དགག རྟེན་དགག སུན་འབྱིན་གྱི་ལམ་གཞན་བསྟན་པ་དང་། བཀག་པའི་དགོས་པ་བསྟན་པ་དང་བཞིའི་དང་པོ་ནི། ད་ནི་ཕྱིན་ཅི་ལོག་མེད་པར་བསྟན་པའི་སྒོ་ནས་གཏི་མུག་ཀྱང་མེད་པར་སྟོན་པ་ནི། གལ་ཏེ་མི་རྟག་རྟག་པ་བདག་རྐྱེན་མི་རྟག་པ་ལ་རྟག་པར་འཛིན་པ་སོགས་ཚུལ་བཞིན་མ་ཡིན་པའི་ཡིད་བྱེད་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་ཡོད་མིན་པས། །འཛིན་པ་ཇི་ལྟ་ལོག་མ་ཡིན། །འདི་ན་ཕྱིན་ཅི་ལོག་ནི་བཞི་སྟེ། ཕུང་པོ་ལྔ་སྐད་ཅིག་རེ་རེ་ཞིང་འཇིག་ཅིང་མི་རྟག་པ་ལ་རྟག་གོ་སྙམ་དུ་འཛིན་པ་དང་། མི་རྟག་པ་གང་ཡིན་པ་དེ་ནི་སྡུག་བསྔལ་བ་ཡིན་ལ་འདུ་བྱེད་ཐམས་ཅད་ཀྱང་མི་རྟག་པ་ཡིན་ཏེ་དེའི་ཕྱིར་ཕུང་པོ་ལྔ་སྡུག་བསྔལ་གྱི་བདག་ཉིད་ཅན་ལ་བདེའོ་སྙམ་དུ་འཛིན་པ་དང་། ཁུ་ཁྲག་ཕྲད་པའི་ས་བོན་ཅན། །བཤང་དང་གཅི་བས་བསྐྱེད་གྱུར་ཅིང་། །མི་གཙང་རང་བཞིན་ཤེས་བཞིན་དུ། །འདོད་པ་གང་གིས་དེ་ལ་ཆགས། །ཞེས་པ་ལྟར། ལུས་མི་གཙང་བའི་བདག་ཉིད་ཅན་ལ་རྨོངས་པས་གཙང་བ་ཉིད་དུ་འཛིན་པ་དང་། ཕུང་པོ་ལ་ལྟ་བ་བདག་དང་བདག་གི་བས་སྟོང་པ་ལ་བདག་ཏུ་མངོན་པར་ཞེན་པ་ཕྱིན་ཅི་ལོག་རྣམས་སོ། །ཕྱིན་ཅི་ལོག་བཞི་པོ་དེ་དག་ནི་གཏི་མུག་གི་རྒྱུ་ཡིན་ནོ། །དེ་ལ་གལ་ཏེ་ཕུང་པོ་རྟག་པས་སྟོང་པའི་མི་རྟག་པ་ཉིད་ལ་རྟག་པ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ན་ཕུང་པོ་རང་བཞིན་གྱིས་སྟོང་པ་ལ་མི་རྟག་པ་ཉིད་ཀྱང་ཡོད་པ་མིན་པས། དེ་དང་འགལ་བ་རྟག་པར་འཛིན་པ་ཇི་ལྟར་ཕྱིན་ཅི་ལོག་མ་ཡིན་པར་འགྱུར། དེའི་ཕྱིར་རྟག་པ་ཕྱིན་ཅི་ལོག་མེད་དེ། དེའི་གཉེན་པོ་ཕྱིན་ཅི་མ་ལོག་པ་མེད་པའི་ཕྱིར་རོ། །ཇི་ལྟར་རང་བཞིན་གྱིས་མ་སྐྱེས་པའི་ཕུང་པོ་སྟོང་པ་ཉིད་ལ་མི་རྟག་པ་མེད་པ་བཞིན་དུ་སྡུག་བསྔལ་དང་། མི་གཙང་བ་དང་། བདག་མེད་པ་ཡང་ཡོད་པ་མ་ཡིན་པའི་ཕྱིར་དེ་དག་གི་མི་མཐུན་ཕྱོགས་བདེ་བ་དང་གཙང་བ་དང་། བདག་ཀྱང་ཕྱིན་ཅི་ལོག་ཏུ་མེད་དོ། །གང་གི་ཕྱིར་ཕྱིན་ཅི་ལོག་དག་མེད་པ་དེའི་ཕྱིར་དེའི་རྒྱུ་ཅན་གྱི་མ་རིག་པ་ཡོད་པར་ག་ལ་འགྱུར་ཏེ། རྒྱུ་མེད་པའི་ཕྱིར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། མ་རིག་པ་དང་མ་རིག་རྐྱེན་འབྱུང་གང་། །ནམ་ཡང་ཡོད་པར་གྱུར་པ་མ་ཡིན་ཏེ། །མ་རིག་པ་དེ་འཇིག་རྟེན་ཡོད་མིན་པ། །དེ་ཡི་ཕྱིར་ན་ངས་འདི་མ་རིག་གསུངས། །ཞེས་པ་ལྟར་རོ། །གཞན་ཡང་། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པའོ་ཞེས། །འཛིན་པའང་ཇི་ལྟར་ལོག་མ་ཡིན། །གལ་ཏེ་ཡང་དག་པ་མ་ཡིན་པ་ཉིད་ཀྱིས་མི་རྟག་པ་ལ་རྟག་གོ་ཞེས་དེ་ལྟར་འཛིན་པ་ཕྱིན་ཅི་ལོག་ཡིན་ན། ཕུང་པོ་རང་བཞིན་གྱིས་སྟོང་པ་ལ་མི་རྟག་པ་ཉིད་ཀྱང་མེད་པས་མི་རྟག་པའོ་ཞེས་འཛིན་པའང་ཇི་ལྟར་ཕྱིན་ཅི་ལོག་པ་མ་ཡིན། གང་གི་ཚེ་རྟག་མི་རྟག་གཉིས་ཀ་ཕྱིན་ཅི་ལོག་ཡིན་པ་དེའི་ཚེ་གང་ཞིག་ཕྱིན་ཅི་མ་ལོག་པར་གྱུར་པ་དེ་དག་ལས་ཐ་དད་པ་གསུམ་པ་མེད་ལ་གང་གི་ཚེ་ཕྱིན་ཅི་མ་ལོག་པ་མེད་པ་དེའི་ཚེ། ཅི་ལ་ལྟོས་ནས་ཕྱིན་ཅི་ལོག་ཏུ་འགྱུར། དེའི་ཕྱིར་རིགས་པ་འདིས་ཀྱང་ཕྱིན་ཅི་ལོག་ཡོད་པ་མ་ཡིན་ནོ། །ཕྱིན་ཅི་ལོག་མེད་པའི་ཕྱིར་མ་རིག་པ་མེད་དོ། །གལ་ཏེ་ཕྱིན་ཅི་ལོག་མེད་ཀྱང་རྟག་པ་ལ་སོགས་པར་འཛིན་པ་དེ་ནི་ཡོད་པ་ཡིན་ལ། དེ་ཡོད་ན་གང་གིས་འཛིན་པར་བྱེད་པ་རྟག་པ་ལ་སོགས་པ་བྱེད་པ་དང་། འཛིན་པ་པོ་བདག་གམ་སེམས་ཀྱང་རུང་བྱེད་པ་པོ་དང་གཟུང་བར་བྱ་བ་གཟུགས་ལ་སོགས་པའི་ལས་ཀྱང་ཡོད་དགོས་པས་ཐམས་ཅད་གྲུབ་བོ་ཞེ་ན། འདི་ཡང་མི་རིགས་ཏེ། གང་གིས་འཛིན་དང་འཛིན་གང་དང་། །འཛིན་པ་པོ་དང་གང་གཟུང་བ། །ཐམས་ཅད་ཉེ་བར་ཞི་བ་སྟེ། །དེ་ཕྱིར་འཛིན་པ་ཡོད་མ་ཡིན། །གང་གིས་འཛིན་པའི་རྟག་པ་ལ་སོགས་པའི་བྱེད་པ་མེད་པ་དེ་ལྟར་ན། གལ་ཏེ་མི་རྟག་རྟག་པ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །ཞེས་པས་བསྟན་ཏོ། །འཛིན་པ་པོ་ཇི་ལྟར་མེད་པ་ནི། བདག་གི་ཡོད་ཉིད་མེད་ཉིད་ནི། །ཇི་ལྟ་བུར་ཡང་གྲུབ་པ་མེད། །ཅེས་པས་བསྟན་ཏོ། །གང་གཟུང་བར་བྱ་བ་མེད་པར་ཡང་། གཟུགས་སྒྲ་རོ་དང་རེག་པ་དང་། །དྲི་དང་ཆོས་རྣམས་འབའ་ཞིག་སྟེ། །ཞེས་པས་བསྟན་ཏོ། །དེའི་ཕྱིར་གང་གིས་འཛིན་པའི་བྱེད་པ་དང་འཛིན་པའི་ངོ་བོ་བྱ་བ་གང་ཡིན་པ་དང་འཛིན་པ་པོའི་བྱེད་པ་པོ་དང་གང་གཟུང་བར་བྱ་བ་ལས་དང་བཅས་པ་ཐམས་ཅད་རང་བཞིན་གྱིས་མ་སྐྱེས་པའི་ཕྱིར་ཞི་བ་སྟེ་མྱ་ངན་ལས་འདས་པ་ཡིན་ནོ། །གང་གི་ཕྱིར་བྱེད་པ་པོ་དང་བྱེད་པ་དང་ལས་དག་མ་གྲུབ་པ་དེའི་ཕྱིར་འཛིན་པ་ཡོད་པ་མ་ཡིན་ནོ། །

གཉིས་པ་ནི། ཕྱིན་ཅི་ལོག་དག་ཡོད་དེ། ཕྱིན་ཅི་ལོག་དང་ལྡན་པ་ཡོད་པའི་ཕྱིར་རོ་ཞེ་ན། ལོག་པའམ་ཡང་དག་ཉིད་དུ་ནི། །འཛིན་པ་ཡོད་པ་མ་ཡིན་ན། །གང་ལ་ཕྱིན་ཅི་ལོག་ཡོད་ཅིང་། །གང་ལ་ཕྱིན་ཅི་མ་ལོག་ཡོད། །འདིར་བྱེད་པ་དང་བྱེད་པ་པོ་དང་ལས་རྣམས་མེད་པས་འཛིན་པ་རྣམ་པ་ཐམས་ཅད་དུ་མེད་དོ་ཞེས་ཁོ་བོ་ཅག་གིས་བཤད་ཟིན་པ་དེའི་ཕྱིར། ཕྱིན་ཅི་ལོག་པའམ་ཕྱིན་ཅི་མ་ལོག་པ་ཡང་དག་པ་ཉིད་དུ་འཛིན་པ་ཡོད་པ་མ་ཡིན་པ་དེའི་ཚེ། རྟེན་གང་ལ་ཕྱིན་ཅི་ལོག་ཡོད་ཅིང་གང་ལ་ཕྱིན་ཅི་མ་ལོག་པ་ཡོད། དེའི་ཕྱིར་ཕྱིན་ཅི་ལོག་མེད་དོ། །གཞན་ཡང་ཕྱིན་ཅི་ལོག་འདི་འགའ་ཞིག་ལ་འདོད་ན་ཕྱིན་ཅི་ལོག་ཏུ་གྱུར་པ་ཞིག་གམ་མ་གྱུར་པ་ཞིག་གམ་འགྱུར་བཞིན་པ་གཅིག་ལ་བརྟག་གྲང་། ཐམས་ཅད་དུ་མི་འཐད་དེ། ཕྱིན་ཅི་ལོག་ཏུ་གྱུར་པ་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་མ་གྱུར་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །ཕྱིན་ཅི་ལོག་ཏུ་འགྱུར་བཞིན་ལ། །ཕྱིན་ཅི་ལོག་དག་མི་སྲིད་དོ། །གང་ལ་ཕྱིན་ཅི་ལོག་སྲིད་པ། །བདག་ཉིད་ཀྱིས་ནི་རྣམ་པར་དཔྱོད། །དེ་ལ་རེ་ཤིག་ཕྱིན་ཅི་ལོག་ཏུ་གྱུར་པ་ལ་ཕྱིན་ཅི་ལོག་དག་མི་སྲིད་དེ། ཕྱིན་ཅི་ལོག་ཏུ་གྱུར་པ་དེ་ནི་ཕྱིན་ཅི་ལོག་ཏུ་གྱུར་ཟིན་པ་ཡིན་ན། ཡང་དེ་ཕྱིན་ཅི་ལོག་དང་འབྲེལ་བ་ལ་དགོས་པ་མེད་པའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་མ་གྱུར་པ་ལ་ཡང་ཕྱིན་ཅི་ལོག་དག་མི་སྲིད་དེ། མི་ཤེས་པའི་གཉིད་དང་བྲལ་བས་བློ་གྲོས་ཀྱི་སྤྱན་རྒྱས་པའི་སངས་རྒྱས་རྣམས་ལ་ཡང་ཕྱིན་ཅི་ལོག་ཡོད་པར་ཐལ་བའི་ཕྱིར་རོ། །ཕྱིན་ཅི་ལོག་ཏུ་གྱུར་བཞིན་པ་ལ་ཡང་ཕྱིན་ཅི་ལོག་དག་མི་སྲིད་དེ། གང་ཞིག་ཕྱིན་ཅི་ལོག་ཏུ་གྱུར་པ་དང་ཕྱིན་ཅི་ལོག་ཏུ་མ་གྱུར་པ་མ་གཏོགས་པ་ཕྱིན་ཅི་ལོག་ཏུ་འགྱུར་བཞིན་པ་ཞེས་བྱ་བ་འགའ་ཡང་མེད་པའི་ཕྱིར་རོ། །དེ་ལྟར་ཕྱིན་ཅི་ལོག་ཏུ་གྱུར་པ་དང་མ་གྱུར་པ་དང་འ གྱུར་བཞིན་པ་གང་ལ་ཡང་ཕྱིན་ཅི་ལོག་མི་སྲིད་པ་ན་ད་ནི་གང་ལ་ཕྱིན་ཅི་ལོག་སྲིད་ཅེས་བདག་ཉིད་ཀྱིས་གཟུ་བོའི་བློས་རྣམ་པར་དཔྱོད་ཅིག གཞན་ཡང་། ཕྱིན་ཅི་ལོག་རྣམས་མ་སྐྱེས་ན། །ཇི་ལྟ་བུར་ན་ཡོད་པར་འགྱུར། །ཕྱིན་ཅི་ལོག་རྣམས་སྐྱེ་མེད་ན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །ཅིའི་ཕྱིར་ཕྱིན་ཅི་ལོག་རྣམས་མི་སྐྱེ་ཞེ་ན། དངོས་པོ་བདག་ལས་མི་སྐྱེ་སྟེ། །གཞན་ལས་སྐྱེ་བ་ཉིད་མ་ཡིན། །བདག་དང་གཞན་ལས་ཀྱང་མ་ཡིན། །ཕྱིན་ཅི་ལོག་ཅན་ག་ལ་ཡོད། །དངོས་པོ་བདག་ལས་མི་སྐྱེ་བ་སོགས་ནི་སྔར་བཤད་ཟིན་ཏོ། །དེའི་ཕྱིར་ཕྱིན་ཅི་ལོག་མེད་པས་ཕྱིན་ཅི་ལོག་ཅན་ག་ལ་ཡོད། དེའི་ཕྱིར་ཕྱིན་ཅི་ལོག་ཡོད་དེ། དེ་དང་ལྡན་པ་ཡོད་པའི་ཕྱིར་རོ་ཞེས་གང་སྨྲས་པ་མི་རིགས་སོ། །

གསུམ་པ་ནི། ཅི་སྟེ་ཕྱིན་ཅི་ལོག་བཞི་པོ་ཅུང་ཟད་གཅིག་ཡོད་པར་ཁས་ལེན་ན། ཕྱིན་ཅི་ལོག་ཏུ་བཞག་མི་ནུས་ཏེ། འདི་ལྟར། གལ་ཏེ་བདག་དང་གཙང་བ་དང་། །རྟག་དང་བདེ་བ་ཡོད་ན་ནི། །བདག་དང་གཙང་དང་རྟག་པ་དང་། །བདེ་བ་ཕྱིན་ཅི་ལོག་མ་ཡིན། །གལ་ཏེ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་དེ་དག་ཕྱིན་ཅི་ལོག་ཏུ་འཇོག་ན། དེ་དག་ཡོད་པའམ་མེད་པ་ཞིག གལ་ཏེ་དེ་ཡོད་ན་ནི་བདག་ལ་སོགས་པ་དེ་དག་ཕྱིན་ཅི་ལོག་མ་ཡིན་ཏེ། ཡོད་པའི་ཕྱིར། བདག་མེད་པ་ལ་སོགས་པ་བཞིན་ནོ། །གལ་ཏེ་བདག་དང་གཙང་བ་དང་། །རྟག་དང་བདེ་བ་མེད་ན་ནི། །བདག་མེད་མི་གཙང་མི་རྟག་དང་། །སྡུག་བསྔལ་ཡོད་པ་མ་ཡིན་ནོ། །གལ་ཏེ་ཡོད་པ་ཕྱིན་ཅི་ལོག་ཏུ་མི་སྲིད་པ་བདག་དང་གཙང་བ་དང་རྟག་པ་དང་བདེ་བ་མེད་ན། འོ་ན་ནི་བདག་མེད་པ་ལ་སོགས་པ་བཞི་པོ་དག་ཕྱིན་ཅི་ལོག་པར་ཡང་ཡོད་པ་མ་ཡིན་ཏེ། དགག་བྱ་མེད་ན་བཀག་པ་མེད་པའི་ཕྱིར་རོ། །གལ་ཏེ་བདག་མེད་པ་ལ་སོགས་པ་མེད་པ་དེའི་ཚེ། དེ་དག་ཀྱང་བདག་ལ་སོགས་པ་ལྟར་ཇི་ལྟར་ཕྱིན་ཅི་ལོག་ཏུ་མི་འགྱུར་དེའི་ཕྱིར་ཐར་པ་འདོད་པ་དག་གིས་ཕྱིན་ཅི་ལོག་དེ་དག་བརྒྱད་ཅར་ཡང་སྤང་བར་བྱའོ། །བཞི་པ་ནི། ཕྱིན་ཅི་ལོག་རྣམ་པར་དཔྱད་པ་ཇི་སྐད་བསྟན་པ་འདི་ནི་མ་རིག་པ་ལ་སོགས་པ་སྤོང་བའི་རྒྱུ་ཉིད་ཡིན་པས་དོན་ཆེན་པོ་ཉིད་ཡིན་ཏེ། འདི་ལྟར། དེ་ལྟར་ཕྱིན་ཅི་ལོག་འགགས་པས། །མ་རིག་པ་ནི་འགག་པར་འགྱུར། །མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་ལ་སོགས་འགག་པར་འགྱུར། །གང་གི་ཚེ་རྣལ་འབྱོར་པས་ཇི་སྐད་བཤད་པའི་རིགས་པས་ཕྱིན་ཅི་ལོག་མ་དམིགས་པ་དེའི་ཚེ་དེ་ལྟར་ཕྱིན་ཅི་ལོག་འགགས་པས་དེའི་རྒྱུ་ཅན་གྱི་མ་རིག་པ་འགག་པར་འགྱུར་རོ། །མ་རིག་པ་འགག་པར་གྱུར་པ་ན་མ་རིག་པའི་རྒྱུ་ཅན་གྱི་འདུ་བྱེད་ལ་སོགས་པ་རྒ་ཤིའི་མཐར་ཐུག་པའི་ཆོས་རྣམས་འགག་པར་འགྱུར་ཏེ། མ་རིག་པ་ཉོན་མོངས་པའི་ཚོགས་མཐའ་དག་དང་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གྱི་རྒྱུར་གྱུར་པའི་ཕྱིར་རོ། །དཔེར་ན་ལུས་ཀྱི་དབང་པོའི་རྒྱུ་ཅན་གྱི་དབང་པོ་གཟུགས་ཅན་ཐམས་ཅད་ནི་ལུས་ཀྱི་དབང་པོ་འགགས་ན་འགག་པར་འགྱུར་བ་བཞིན་ནོ། །

གཉིས་པ་ཉོན་མོངས་གཉེན་པོར་སྤོང་བ་དགག་པ་ནི། འདིར་སྨྲས་པ། གལ་ཏེ་ཕྱིན་ཅི་ལོག་འགགས་པས་མ་རིག་པ་འགག་ན་རིགས་པ་ཡོད་དེ། དེ་འགག་པའི་ཐབས་ཚོལ་བའི་ཕྱིར། དེའི་ཕྱིར་དེའི་རྒྱུ་ཅན་གྱི་ཉོན་མོངས་པ་དང་སྲིད་པའི་རྒྱུན་དག་ཀྱང་ཡོད་དོ་ཞེ་ན། གལ་ཏེ་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་སྤོང་བ་ཡོད་ན། དེ་སྤོང་བའི་ཐབས་ཚོལ་བ་ཞིག་ན། དེ་དག་སྤོང་བ་ཡོད་པ་མ་ཡིན་ཏེ། གལ་ཏེ་དེ་དག་སྤོང་ན་ཡོད་པ་ཞིག་གམ་འོན་ཏེ་མེད་པ་ཞིག་སྤོང་གྲང་། ཕྱོགས་དང་པོ་མི་རིགས་ཏེ། འདི་ལྟར། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་ཡོད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །ཡོད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་གང་ཟག་ལ་ལའི་མ་རིག་པ་ལ་སོགས་པ་ཉོན་མོངས་པ་གང་དག་རང་བཞིན་གྱིས་ཡོད་ན། དེ་ཇི་ལྟར་གཉེན་པོས་སྤོང་བར་འགྱུར་ཏེ་སྤོང་བར་མི་ནུས་སོ། །དེ་ཅིའི་ཕྱིར་ཞེ་ན། ཡོད་པ་སུ་ཤིག་སྤོང་བར་བྱེད་དེ། རང་བཞིན་བཟློག་པར་མི་ནུས་པའི་ཕྱིར་དཔེར་ན་ནམ་མཁའི་མི་སྒྲིབ་པ་བཟློག་ཏུ་མེད་པ་བཞིན་ནོ། །ཅི་སྟེ་རང་བཞིན་གྱིས་མེད་དོ་ཞེས་རྟོག་ན། དེ་ཡང་མི་རིགས་ཏེ། གལ་ཏེ་ལ་ལའི་ཉོན་མོངས་པ། །གང་དག་རང་བཞིན་གྱིས་མེད་ན། །ཇི་ལྟ་བུར་ན་སྤོང་བར་འགྱུར། །མེད་པ་སུ་ཞིག་སྤོང་བར་བྱེད། །གལ་ཏེ་གང་ཟག་ལ་ལའི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་རྣམས་རང་བཞིན་གྱིས་མེད་ན། དེ་ཇི་ལྟ་བུར་ན་སྤོང་བར་འགྱུར་ཏེ། མེའི་གྲང་བ་ཡོད་པ་མ་ཡིན་པ་བཟློག་པ་ལ་སུ་ཡང་མི་བརྩོན་པ་བཞིན་དུ་ཉོན་མོངས་པ་འདི་རྣམས་ཀྱང་མེད་ན་སུ་ཞིག་སྤོང་བར་བྱེད་དེ་སུས་ཀྱང་སྤོང་བར་མི་བྱེད་དོ། །དེའི་ཕྱིར་ཉོན་མོངས་པ་སྤོང་བ་མེད་ལ། སྤོང་བ་མེད་པའི་ཕྱིར་ཉོན་མོངས་པ་སྤོང་བའི་ཐབས་ཚོལ་བ་ཡང་མེད་དོ། །དེའི་ཕྱིར་མདོ་ལས། ཡེ་ཤེས་ཀྱིས་ནི་ཕུང་པོའི་སྟོང་ཉིད་མཁྱེན། །མཁྱེན་ནས་ཉོན་མོངས་རྣམས་དང་མི་འགྲོགས་ཏེ། །བརྗོད་པ་ཙམ་གྱི་སྒོ་ནས་བརྗོད་བྱ་ཞིང་། །མྱ་ངན་འདས་བཞིན་འཇིག་རྟེན་འདིར་དཔྱད་བྱ། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་ཕྱིན་ཅི་ལོག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་རྩ་གསུམ་པའི་འགྲེལ་པའོ།། །།

ལེའུ་ཉེར་བཞི་པའི་རྣམ་བཤད།

གསུམ་པ་སྐྱེ་མེད་ལ་རྩོད་པ་སྤང་བ་ལ་དམིགས་ཡུལ་བདེན་བཞི་མི་འཐད་པའི་རྩོད་པ་སྤང་། ཐོབ་བྱ་མྱང་འདས་མི་འཐད་པའི་རྩོད་པ་སྤང་བ་དང་གཉིས་ཀྱི། དང་པོ་ལ་རྩོད་པ་འགོད་པ་དང་། དེ་དགག་པ་གཉིས་ཀྱི། དང་པོ་ལ། འཇིག་རྟེན་ལས་འདས་པའི་ཐ་སྙད་མི་འཐད་པ་དང་། འཇིག་རྟེན་པའི་ཐ་སྙད་མི་འཐད་པ་གཉིས་ཀྱི། དང་པོ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི། དང་པོ་ནི། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །འཕགས་པའི་བདེན་པ་བཞི་པོ་རྣམས། ཁྱེད་ལ་མེད་པར་ཐལ་བར་འགྱུར། །གལ་ཏེ་རིགས་པས་མི་འཐད་པའི་ཕྱིར་ཕྱི་ནང་གི་དངོས་པོ་འདི་དག་ཀུན་སྟོང་པ་ཉིད་ཡིན་ནོ་ཞེས་སྒྲུབ་ན། དེ་ལྟར་ན་ཁྱོད་ལ་ཉེས་པ་ཆེན་པོ་དང་མང་པོར་ཐལ་བར་འགྱུར་རོ། །ཇི་ལྟར་ཞེ་ན། གལ་ཏེ་འདི་དག་ཐམས་ཅད་སྟོང་པ་ཡིན་ན། དེའི་ཚེ་གང་སྟོང་པ་དེ་ནི་མེད་པ་ཡིན་ལ། དེའི་ཕྱིར་མོ་གཤམ་གྱི་བུ་བཞིན་དུ་སྐྱེ་བ་དང་འགག་པ་མེད་པས་དངོས་པོ་གང་ཡང་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་རོ། །དེ་ལྟར་ན་འཕགས་པའི་བདེན་པ་བཞི་པོ་རྣམས་མེད་པར་ཐལ་བར་འགྱུར་ཏེ། འདི་ལྟར་འདི་ནི་ཉེར་ལེན་གྱི་ཕུང་པོ་ལྔ་པོ་སྔར་གྱི་རྒྱུས་བསྐྱེད་ཅིང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་སྡུག་བསྔལ་གསུམ་གྱི་སྡུག་བསྔལ་བ་ཉིད་ཀྱིས་མི་མཐུན་པའི་ཕྱིར་དང་གནོད་པའི་བདག་ཉིད་ཡིན་པའི་ཕྱིར་སྡུག་བསྔལ་ཞེས་བྱའོ། །འདི་ནི་འཕགས་པ་རྣམས་ཁོ་ནས་སྡུག་བསྔལ་དུ་མཁྱེན་གྱི་བྱིས་པ་རྣམས་ཀྱིས་མ་ཡིན་པས་དེའི་ཕྱིར་སྡུག་བསྔལ་འཕགས་པའི་བདེན་པ་ཞེས་བྱའོ། །ཇི་སྐད་དུ། ལག་མཐིལ་སྤུ་ཉག་གཅིག་འདུག་པ། །མི་རྣམས་ཀྱིས་ནི་མི་རྟོགས་པ། །དེ་ཉིད་མིག་ཏུ་སོང་བ་ན། །མི་བདེ་བ་དང་གནོད་བསྐྱེད་ལྟར། །བྱིས་པ་ལག་མཐིལ་འདྲ་བ་ཡིས། །འདུ་བྱེད་སྡུག་བསྔལ་སྤུ་མི་རྟོགས། །འཕགས་པ་མིག་དང་འདྲ་བས་ནི། །དེ་ཡིས་ཤིན་ཏུ་ཡིད་ཀྱང་འབྱུང་། །ཞེས་བཤད་པ་ལྟར་རོ། །སྡུག་བསྔལ་དེ་ཡང་འདུ་བྱེད་འབྱུང་བ་དང་འཇིག་པ་ཡིན་ན་རིགས་ཀྱི། གང་གི་ཚེ་སྟོང་པའི་ཕྱིར་ཅུང་ཟད་སྐྱེ་བ་དང་འཇིག་པ་མེད་པ་དེའི་ཚེ་སྡུག་བསྔལ་ཡོད་པར་ག་ལ་འགྱུར། སྡུག་བསྔལ་མེད་ན་ཀུན་འབྱུང་ཡང་མེད་དེ། འདི་ལྟར་རྒྱུ་གང་ལས་སྡུག་བསྔལ་ཀུན་འབྱུང་ཞིང་སྐྱེ་བ་ལས་དང་ཉོན་མོངས་པའི་མཚན་ཉིད་ཅན་གྱི་རྒྱུ་དེ་ལ་ཀུན་འབྱུང་ཞེས་བྱ་ན། གང་གི་ཚེ་འབྲས་བུ་སྡུག་བསྔལ་མེད་པ་དེའི་ཚེ་འབྲས་བུ་མེད་པའི་རྒྱུ་མི་འཐད་པས་ཀུན་འབྱུང་ཡང་མེད་དོ། །སྡུག་བསྔལ་དང་བྲལ་ཞིང་མི་སྐྱེ་བ་ནི་འགོག་པ་ཞེས་བྱ་ན། གང་གི་ཚེ་སྡུག་བསྔལ་མེད་པ་དེའི་ཚེ་གང་འགགས་པས་འགོག་པར་འགྱུར། དེའི་ཕྱིར་འགོག་པ་ཡང་མེད་དོ། །སྡུག་བསྔལ་འགོག་པ་མེད་ན་སྡུག་བསྔལ་འགོག་པར་འགྲོ་བ་འཕགས་པའི་ལམ་ཡན་ལག་བརྒྱད་ཀྱང་ཡོད་པར་ག་ལ་འགྱུར་ཏེ། དེའི་ཕྱིར་ལམ་ཡང་མེད་དོ། །

དེ་ལྟར་ན་དངོས་པོ་སྟོང་པར་སྨྲ་བ་ཁྱོད་ལ་འཕགས་པའི་བདེན་པ་བཞི་མེད་པར་ཐལ་བར་འགྱུར་རོ ། །

གཉིས་པ་ལ་གསུམ་ཡོད་པའི། དང་པོ་དགེ་འདུན་དཀོན་མཆོག་མི་འཐད་པ་ལ་ཡང་གསུམ་གྱི། བདེན་བཞི་ཤེས་པའི་བྱ་བ་མི་འཐད་པ་ནི། བདེན་བཞི་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། འཕགས་པའི་བདེན་པ་བཞི་མེད་པས། །ཡོངས་སུ་ཤེས་དང་སྤང་བ་དང་། །བསྒོམ་དང་མངོན་དུ་བྱ་བ་དག །འཐད་པར་འགྱུར་བ་མ་ཡིན་ནོ། །འཕགས་པའི་བདེན་པ་བཞི་པོ་རྣམས་མེད་ན་དེའི་ཚེ་མི་རྟག་པ་ལ་སོགས་པའི་རྣམ་པས་སྡུག་བསྔལ་ཡོངས་སུ་ཤེས་པ་དང་། སྡུག་བསྔལ་ཀུན་འབྱུང་སྤངས་པ་དང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་བསྒོམ་པ་དང་། སྡུག་བསྔལ་འགོག་པ་མངོན་སུམ་དུ་བྱ་བ་དག་འཐད་པ་མ་ཡིན་ནོ། །

གཉིས་པ་མངོན་རྟོགས་ཀྱི་འབྲས་བུ་མི་འཐད་པ་ནི། གལ་ཏེ་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་མེད་ན་ཉེས་པ་ཅི་ཡོད་ཅེ་ན། དེ་དག་ཡོད་པ་མ་ཡིན་པས། །འབྲས་བུ་བཞི་ཡང་ཡོད་མ་ཡིན། །གང་གི་ཚེ་སྡུག་བསྔལ་ལ་སོགས་པའི་བདེན་པ་བཞི་ཡོངས་སུ་ཤེས་པ་ལ་སོགས་པ་མེད་པ་དེའི་ཚེ། འབྲས་བུ་བཞི་པོ་རྒྱུན་དུ་ཞུགས་པ་དང་ལན་ཅིག་ཕྱིར་འོང་བ་དང་ཕྱིར་མི་འོང་བ་དང་། དགྲ་བཅོམ་པའི་འབྲས་བུ་དག་ཀྱང་ཡོད་པ་མ་ཡིན་པར་འགྱུར་རོ། །དེ་ལ་ཉོན་མོངས་པ་རྣམས་ཀྱི་སྤངས་པ་སྡོམ་པས་འབྲས་བུའི་མིང་ཐོབ་སྟེ། འདི་ལྟར། ཐར་པའི་གེགས་ཀྱི་གཙོ་བོ་འཇིག་ལྟ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། ཐེ་ཚོམ་སྟེ་ཀུན་སྦྱོར་གསུམ་པོ་སྤངས་པའི་སྤངས་པ་དེ་ཉིད་བདེན་པ་མངོན་རྟོགས་སྐད་ཅིག་མ་བཅུ་དྲུག་པའི་གནས་སྐབས་སུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཞེས་བྱའོ། །དེའི་སྟེང་དུ་འདོད་པའི་སྒོམ་སྤང་འབྲིང་གི་ཆུང་ངུ་སྤངས་པའི་རྣམ་གྲོལ་ལམ་ལ་སྤངས་པ་གང་ཡོད་པ་དེ་ནི་ལན་ཅིག་ཕྱིར་འོང་བའི་འབྲས་བུ་ཞེས་བྱའོ། །དེའི་སྟེང་དུ་འདོད་པའི་སྒོ་སྤང་ཆུང་ངུའི་ཆུང་ངུ་སྤངས་པའི་རྣམ་གྲོལ་ལམ་ལ་སྤངས་པ་གང་ཡོད་པ་དེ་ནི་ཕྱིར་མི་འོང་བའི་འབྲས་བུ་ཞེས་བྱའོ། །དེའི་སྟེང་དུ་སྲིད་པའི་རྩེ་མོའི་ཉོན་མོངས་པ་ཆུང་ངུའི་ཆུང་ངུ་སྤངས་པས་རྣམ་གྲོལ་ལམ་ལ་སྤངས་པ་གང་ཡོད་པ་དེ་ནི་དགྲ་བཅོམ་པའི་འབྲས་བུ་ཞེས་བྱའོ། །གལ་ཏེ་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་འདི་དག་ཡོད་ན་འབྲས་བུ་འདི་དག་འཐད་པ་ཞིག་ན། གང་གི་ཚེ་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་དེ་དག་མེད་ན་རྒྱུ་མེད་པས་འབྲས་བུ་བཞི་ཡང་མི་འཐད་དོ། །

གསུམ་པ་ཞུགས་གནས་མི་འཐད་པ་ནི། འབྲས་བུ་བཞི་མེད་ན་ཉེས་པ་ཅིར་འགྱུར་ཞེ་ན། འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །འབྲས་བུ་བཞི་པོ་དེ་དག་མེད་ན་འབྲས་བུ་དེ་དག་ལ་གནས་པའི་འཕགས་པའི་གང་ཟག་བཞི་པོ་རྒྱུན་དུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་དང་། ཕྱིར་མི་འོང་བ་དང་། དགྲ་བཅོམ་པ་རྣམས་ཀྱང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འབྲས་བུ་བཞི་པོ་དག་ལ་ཞུགས་པ་དག་ཀྱང་ཡོད་པ་མ་ཡིན་ནོ། །དེ་དག་ཀྱང་གང་ཞེ་ན། འདི་ལྟར། བདེན་པ་མངོན་པར་རྟོགས་པ་སྐད་ཅིག་མ་བཅུ་དྲུག་གི་དང་པོ་བཅོ་ལྔ་ནི་བདེན་པ་སྔར་མ་རྟོགས་པ་རྟོགས་པའི་ཕྱིར་མཐོང་བའི་ལམ་ཡིན་ལ། བཅུ་དྲུག་པ་ལམ་ལ་རྗེས་སུ་ཤེས་པ་ནི་མཐོང་ཟིན་གོམས་པར་བྱེད་པའི་ཕྱིར་སྒོམ་པའི་ལམ་ཡིན་ནོ། །

དེ་ལ་མཐོང་ལམ་གྱི་སྔར་འདོད་པའི་སྒོམ་སྤང་གཏན་མ་སྤངས་པའམ་རྣམ་པ་ལྔའི་བར་དུ་སྤངས་ལ་མཐོང་བའི་ལམ་ལ་གནས་པ་ནི། རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་པའི་ཕྱིར་དུ་བརྩོན་པས་ན་རྒྱུན་ཞུགས་ཞུགས་པ་ཞེས་བྱའོ། །དེ་ཉིད་བདེན་པ་མངོན་རྟོགས་སྐད་ཅིག་མ་བཅུ་དྲུག་པ་ལ་གནས་པ་ན་རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཞེས་བྱའོ། །དེ་ཉིད་འདོད་པའི་སྒོམ་སྤང་དྲུག་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པ་ནི་ལན་ཅིག་ཕྱིར་འོང་གི་འབྲས་བུ་ཐོབ་ཕྱིར་དུ་བརྩོན་པས་ན། ཕྱིར་འོང་ཞུགས་པ་ཞེས་བྱའོ། །དེ་ཉིད་དྲུག་པ་སྤངས་པའི་རྣམ་གྲོལ་གྱི་ལམ་ལ་གནས་པ་ན་འདོད་པའི་ལྷའམ་མིར་སྐྱེ་བ་གཅིག་ལེན་སྲིད་པའི་ཕྱིར་ལན་གཅིག་ཕྱིར་འོང་བ་ཞེས་བྱའོ། །དེ་ཉིད་འདོད་པའི་སྒོམ་སྤང་དགུ་པ་སྤོང་བའི་བར་ཆད་མེད་ལམ་ལ་གནས་པའི་ཚེ། ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་ཕྱིར་བརྩོན་པས་ཕྱིར་མི་འོང་ཞུགས་པ་ཞེས་བྱའོ། །དེ་ཉིད་དགུ་པའི་རྣམ་གྲོལ་ལམ་ལ་གནས་པ་ན་གང་དུ་སྐྱེས་པ་དེར་སྐྱེ་བ་གཉིས་པ་མི་ལེན་ཅིང་ཁྱད་པར་དུ་འགྲོ་བས་ན་ཕྱིར་མི་འོང་ཞེས་བྱའོ། །དེ་ཉིད་སྲིད་པའི་རྩེ་མོའི་ཉོན་མོངས་པ་དགུ་པ་སྤོང་བའི་བར་ཆད་མེད་པའི་ལམ་ལ་གནས་པ་ན་དགྲ་བཅོམ་པའི་འབྲས་བུ་ཐོབ་པའི་ཕྱིར་བརྩོན་པས་ན་དགྲ་བཅོམ་ཞུགས་པ་ཞེས་བྱའོ། །དེ་ཉིད་སྲིད་རྩེའི་དགུ་པའི་རྣམ་གྲོལ་ལམ་ལ་གནས་པ་ན་ཉོན་མོངས་པ་ཐམས་ཅད་སྤངས་པས་མཆོད་པར་འོས་པའི་ཕྱིར་དགྲ་བཅོམ་པ་ཞེས་བྱའོ། །ཞིབ་པར་གཞན་དུ་ཤེས་པར་བྱའོ། །དེ་ལྟར་ཞུགས་པ་བཞི་དང་འབྲས་བུ་ལ་གནས་པའི་གང་ཟག་བཞི་སྟེ་སྐྱེས་བུ་ཆེན་པོ་བརྒྱད་པོ་ཡོན་གནས་སུ་འོས་པ་དེ་དག་ནི་རྟོགས་པའི་ཆོས་མངོན་དུ་གྱུར་པས་བདུད་ཐམས་ཅད་ཀྱིས་བཅོམ་ལྡན་འདས་ལ་མི་ཕྱེད་པའི་ཕྱིར་དགེ་འདུན་ཞེས་གསུངས་ཏེ། ཇི་སྐད་དུ། དེ་ལ་བརྒྱ་བྱིན་ལྷ་ཡི་རྒྱལ། །དབང་སྒྱུར་གྱིས་ནི་ཞུས་པ་དང་། །སྲོག་ཆགས་ཞིང་པ་རྒྱལ་འགྱུར་ཞིང་། །དད་ལྡན་བསོད་ནམས་དག་འདོད་པ། །རྫས་ལས་བྱུང་བའི་བསོད་ནམས་ནི། །རྟག་ཏུ་བྱེད་པ་རྣམས་ཀྱི་ཞིང་། །གང་ལ་ཕུལ་ན་འབྲས་ཆེ་བ། །བཟང་པོ་རབ་ཏུ་བཤད་བྱ་སྟེ། །རིགས་དང་ཞབས་སུ་ལྡན་པ་ཡི། །སྦྱིན་གནས་གྱུར་ཅིང་དགེ་འདུན་ཆེ། །ཞུགས་པ་རྣམ་པ་བཞི་དང་ནི། །འབྲས་ལ་གནས་པ་བཞི་རྣམས་སོ། །ཞེས་གསུངས་སོ། །དེའི་ཕྱིར། གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །གལ་ཏེ་འཕགས་པའི་བདེན་པ་དང་དེ་དག་ཡོངས་སུ་ཤེས་པ་ལ་སོགས་པ་མེད་ན། བདེན་པ་མཐོང་བ་མེད་པས་འབྲས་བུ་མེད་ལ། དེའི་ཕྱིར་ཇི་སྐད་བཤད་པའི་ཞུགས་པ་དང་གནས་པའི་སྐྱེས་བུ་ཆེན་པོ་བརྒྱད་པོ་དག་མེད་པས་དགེ་འདུན་མེད་པར་འགྱུར་རོ། །

གཉིས་པ་ཆོས་དཀོན་མཆོག་མི་འཐད་པ་ནི། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །ཆོས་ནི་རྣམ་པ་གཉིས་ཏེ། ལུང་གི་ཆོས་དང་རྟོགས་པའི་ཆོས་སོ། །དེ་ལ་འགོག་པ་དང་ལམ་གྱི་བདེན་པ་ནི་རྟོགས་པའི་ཆོས་ཡིན་ལ། དེ་གསལ་བར་བྱེད་པ་སྡེ་སྣོད་གསུམ་ནི་ལུང་གི་ཆོས་སོ། །འཕགས་པའི་བདེན་པ་རྣམས་མེད་ན་དེའི་ཁོངས་སུ་འདུ་བས་ལུང་དང་རྟོགས་པའི་བདག་ཉིད་ཀྱི་དམ་པའི་ཆོས་ཀྱང་ཡོད་པ་མ་ཡིན་ནོ། །

གསུམ་པ་སངས་རྒྱས་དཀོན་མཆོག་མི་འཐད་པ་ནི། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། །གལ་ཏེ་ཇི་སྐད་བཤད་པའི་ཆོས་ཡོད་ན། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་ལས་ཆོས་ཐམས་ཅད་རྣམ་པ་ཐམས་ཅད་དུ་མངོན་པར་རྫོགས་པར་ཐུགས་སུ་ཆུད་པའི་ཕྱིར་སངས་རྒྱས་ཡོད་དོ་ཞེས་བྱ་བར་རིགས་པར་འགྱུར་ཞིང་། གལ་ཏེ་དགེ་འདུན་ཡོད་པ་ཡིན་ན་དེའི་ཉེ་བར་བསྟན་པ་དག་གིས་ཡེ་ཤེས་ཀྱི་ཚོགས་བསགས་ཤིང་དེ་ལ་དབུལ་བ་དང་རིམ་འགྲོ་དང་སྐྱབས་སུ་འགྲོ་བ་ལ་སོགས་པ་དག་གིས་བསོད་ནམས་ཀྱི་ཚོགས་བསགས་པ་ན་རིམ་གྱིས་སངས་རྒྱས་སུ་འགྱུར་ན། གང་གི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་ཆོས་དང་དགེ་འདུན་ཡོད་པ་མ་ཡིན་པ་དེའི་ཚེ་ཚོགས་གཉིས་ལས་བྱུང་བའི་སངས་རྒྱས་ཇི་ལྟར་ཡོད་པར་འགྱུར། དེའི་ཕྱིར། དེ་སྐད་སྟོང་པ་ཉིད་སྨྲ་ན། །དཀོན་མཆོག་གསུམ་ལ་གནོད་པ་ནི། །བྱེད་ཅིང་། སྟོང་པ་ཉིད་ཀྱི་དོན་དེ་སྐད་དུ་སྨྲ་བ་ན་རྙེད་པ་དཀའ་བའི་ཕྱིར་དང་། རེས་འགའ་ཞིག་ན་འབྱུང་བའི་ཕྱིར་དང་། བསོད་ནམས་ཆུང་བ་རྣམས་དེ་དང་མི་ཕྲད་པའི་ཕྱིར་དང་། རིན་ཐང་ཆེ་བའི་ཕྱིར་རིན་པོ་ཆེ་དང་ཆོས་མཐུན་པས་དཀོན་མཆོག་གསུམ་པོ་སངས་རྒྱས་དང་ཆོས་དང་དགེ་འདུན་ཞེས་བྱ་བ་དག་ལ་གནོད་པ་བྱེད་པ་ཡིན་ནོ། །གཉིས་པ་འཇིག་རྟེན་པའི་ཐ་སྙད་མི་འཐད་པ་ནི། འབྲས་བུ་ཡོད་པ་དང་། །ཆོས་མ་ཡིན་དང་ཆོས་ཉིད་དང་། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལ་གནོད་པ་བྱེད་པ་ཡིན། །གལ་ཏེ་འདི་ཐམས་ཅད་སྟོང་ཞིང་མེད་པ་ཡིན་ན། ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་སྲོག་གཅོད་པ་ལ་སོགས་པའི་ཆོས་མ་ཡིན་པ་དང་། སྲོག་གཅོད་པ་སྤོང་བ་ལ་སོགས་པའི་ཆོས་ཉིད་དང་། དེ་དག་གི་འབྲས་བུ་ཡིད་དུ་འོང་མི་འོང་དག་ཀྱང་མེད་ལ། འཇིག་རྟེན་པའི་ཐ་སྙད་གྱིས་ཤིག ཆོས་ཤིག ཟོ་ཞིག འདུག་ཅིག སོང་ཞིག་ཅེས་བྱ་བ་ལ་སོགས་པ་ཀུན་ཀྱང་ཐམས་ཅད་ཀྱི་ནང་དུ་འདུས་པའི་ཕྱིར་དང་། ཐམས་ཅད་ཀྱང་སྟོང་པ་ཡིན་པའི་ཕྱིར་མི་རིགས་ཤིང་གནོད་པ་བྱེད་པ་ཡིན་ནོ། །དེའི་ཕྱིར་ཐམས་ཅད་སྟོང་པར་སྨྲ་བ་འདི་ནི། མི་ལེགས་སོ་ཞེས་ཟེར་རོ། །

གཉིས་པ་དེ་དགག་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། དེ་ལ་བཤད་པ་ཁྱོད་ཀྱིས་ནི། །སྟོང་ཉིད་དགོས་དང་སྟོང་ཉིད་དང་། །སྟོང་ཉིད་དོན་ནི་མ་རྟོགས་པས། །དེ་ཕྱིར་དེ་ལྟར་གནོད་པ་ཡིན། །དེ་སྐད་རྒོལ་བ་དེ་ལ་ལན་བཤད་པ། དངོས་པོར་སྨྲ་བ་ཁྱོད་ཀྱིས་གང་གི་ཆེད་དུ་སྟོང་པ་ཉིད་བསྟན་པའི་སྟོང་པ་ཉིད་ཀྱི་དགོས་པ་དང་། སྟོང་པ་ཉིད་ཀྱི་མཚན་ཉིད་དང་། གང་ལ་སྟོང་པ་ཉིད་ཀྱི་སྒྲ་འཇུག་པ་སྟོང་པ་ཉིད་ཀྱི་སྒྲའི་དོན་རྣམས་མ་རྟོགས་པས་དེའི་ཕྱིར་ཁྱོད་ནི་རང་གི་རྣམ་པར་རྟོག་པས་མེད་པ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་སྒྲོ་བཏགས་ནས། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་སོགས་ཀླན་ཀ་སྨྲ་ཞིང་ཁོ་བོ་ཅག་ལ་ཆེར་ཡིད་འབྱུང་བར་འགྱུར་བ་དེ་ལྟར་ན། ཁྱོད་ཉིད་ལ་གནོད་པ་ཡིན་ནོ། ཁྱོད་ཀྱིས་ཡོངས་སུ་བཟུང་བ་གང་ཡིད་པ་དེ་ནི་ཁོ་བོ་ཅག་གི་བསྟན་བཅོས་འདིར་སྟོང་པ་ཉིད་ཀྱི་དོན་དུ་མ་སྨྲས་ལ། ཁྱོད་ཀྱིས་སྟོང་པ་ཉིད་ཀྱི་དོན་མ་ཤེས་པས་སྟོང་པ་ཉིད་ཀྱང་མི་ཤེས་ཤིང་སྟོང་པ་ཉིད་ཀྱི་དགོས་པ་ཡང་མི་ཤེས་སོ། །དེས་ན་འདིར་སྟོང་པ་ཉིད་ཀྱི་དགོས་པ་ཅི་ཞེ་ན། འདི་ན། ལས་དང་ཉོན་མོངས་ཟད་པས་ཐར། །ལས་དང་ཉོན་མོངས་རྣམ་རྟོག་ལས། །དེ་དག་སྤྲོས་ལས་སྤྲོས་པ་ནི། །སྟོང་པ་ཉིད་ཀྱིས་དགག་པར་འགྱུར། །ཞེས་སྔར་བཤད་ཟིན་ཏོ། །དེའི་ཕྱིར་སྤྲོས་པ་མ་ལུས་པ་ཉེ་བར་ཞི་བར་བྱ་བའི་ཕྱིར་སྟོང་པ་ཉིད་སྟོན་པ་ཡིན་ན། ཁྱེད་ཀྱིས་ནི་སྟོང་པ་ཉིད་ཀྱི་དོན་མེད་པར་རྟོག་ཅིང་སྤྲོས་པའི་དྲ་བ་ཁོ་ན་སྤེལ་བ་ན་སྟོང་པ་ཉིད་ཀྱི་དགོས་པ་མ་རྟོགས་པ་ཡིན་ནོ། །སྟོང་པ་ཉིད་གང་ཞེ་ན། དེ་ཡང་། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་ནི་དེ་ཉིད་མཚན་ཉིད་དོ། །ཞེས་བཤད་ཟིན་ཏོ། །དེའི་ཕྱིར་སྟོང་པ་ཉིད་སྤྲོས་པ་ཐམས་ཅད་ལོག་པའི་རང་བཞིན་ཅན་ལ་མེད་པ་ཉིད་ག་ལ་ཡོད། དེའི་ཕྱིར་ཁྱོད་ཀྱིས་སྟོང་པ་ཉིད་ཀྱང་མི་ཤེས་སོ། །དོན་གང་ཉེ་བར་བཟུང་ནས་སྟོང་པ་ཉིད་ཀྱི་སྒྲ་འཇུག་པ་དེ་ཡང་། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་འཆད་པར་འགྱུར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་སྒྲའི་དོན་ནི་སྟོང་པ་ཉིད་ཀྱི་སྒྲའི་དོན་ཡིན་གྱི། དངོས་པོ་མེད་པའི་དོན་ནི་སྟོང་པ་ཉིད་ཀྱི་སྒྲའི་དོན་མ་ཡིན་ནོ། །དེའི་ཕྱིར་སྟོང་པ་ཉིད་ཀྱི་སྒྲའི་དོན་ཡང་མི་ཤེས་སོ། །མི་ཤེས་བཞིན་དུ་ཀླན་ཀ་ཚོལ་བས་ནི་ཁྱོད་ཉིད་ལ་གནོད་དོ། །

གཉིས་པ་རྒྱས་པར་བཤད་པ་ལ། ཞར་བྱུང་བདེན་གཉིས་ཀྱི་རྣམ་གཞག དཀྱུས་མ་ཀླན་ཀ་སྤང་བ། རྟེན་འབྲེལ་མཐོང་བས་བདེན་པ་རྟོགས་པར་བསྟན་པ་དང་གསུམ་གྱི། དང་པོ་ནི། དབུ་མ་པ་ལ་ཇི་སྐད་སྨྲས་པའི་ཀླན་ཀ་ཚོལ་བ་དེ་སུ་ཞིག་ཅེ་ན། གསུང་རབ་ཀྱི་དོན་བདེན་པ་གཉིས་ཀྱི་རྣམ་དབྱེ་མི་ཤེས་པར་གཞུང་ཙམ་འདོན་པ་ལྷུར་བྱེད་པ་རང་གི་སྡེ་པ་དངོས་པོར་སྨྲ་བ་དག་གོ །དེའི་ཕྱིར་སློབ་དཔོན་གྱིས་གཞན་གྱིས་གསུང་རབ་ཀྱི་དོན་ལོག་པར་རྟོག་པ་བཟློག་པར་བྱ་བའི་ཕྱིར་རེ་ཤིག་བཅོམ་ལྡན་འདས་ཀྱིས་གསུང་རབ་ལས་བསྟན་པའི་བདེན་པ་གཉིས་ཕྱིན་ཅི་མ་ལོག་པ་རྣམ་པར་བཞག་པའི་དབང་དུ་མཛད་ནས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་ཏེ། འདི་ལ་སྤྱིའི་དོན་དང་ཡན་ལག་གི་དོན་གཉིས་ཀྱི། དང་པོ་ལ། ངོ་བོ་ངོས་གཟུང་བ་དང་། སོ་སོའི་རང་བཞིན་གཏན་ལ་དབབ་པ་གཉིས་ཀྱི། དང་པོ་ནི། དབུ་མ་ལ་འཇུག་པར། དངོས་པོ་རྣམས་བདེན་པར་མཐོང་བ་དང་། རྫུན་པར་མཐོང་བའི་ཡུལ་གྱི་ངོ་བོ་གཉིས་འཛིན་པའི་ཕྱིར་གཉིས་སུ་སངས་རྒྱས་དང་འཕགས་པ་རྣམས་བཞེད་དེ། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡིས། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་འདོད། །ཅེས་བཤད་པ་ལྟར་རོ། །དངོས་པོ་འདི་དག་ལ་རང་གི་ངོ་བོའི་སྒོ་ནས་བདེན་པ་གཉིས་སུ་དབྱེ་བ་ནི་མེད་ཀྱི། འདི་རྣམས་ལ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱི་བློ་ཡིས་རྟོག་ཚུལ་དང་། འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱི་གཟིགས་ཚུལ་གྱི་སྒོ་ནས་བདེན་པ་གཉིས་སུ་རྣམ་པར་འཇོག་གོ །དེ་ལ་ཕྱི་དང་ནང་གི་དངོས་པོ་འདི་དག་ལ་བྱིས་པ་རྣམས་ཀྱི་ཐོག་མ་མེད་པ་ནས་ཞུགས་པའི་ཐ་སྙད་ཀྱི་རྗེས་སུ་འབྲང་བའི་རྣམ་པར་རྟོག་པ་རང་དགའ་བས་མངོན་པར་ཞེན་ཅིང་ཤེས་བྱ་ཤེས་བྱེད་བརྗོད་བྱ་རྗོད་བྱེད་ཀ་བ་བུམ་པ་སྐྱེས་པ་བུད་མེད་སོགས་འཇིག་རྟེན་གྲགས་པའི་ཐ་སྙད་ཇི་སྙེད་བཏགས་པ་རྣམས་ནི་འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱའོ། །དེ་དག་ནི་རང་བཞིན་སྟོང་པ་ཉིད་ཀྱི་མིག་སྨན་གྱིས་མ་རིག་པའི་རབ་རིབ་སྦྱངས་པའི་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱིས་ཅི་ཡང་མ་གཟིགས་པའི་ཚུལ་གྱིས་གཟིགས་པ་ཡོད་མེད་ལ་སོགས་པ་མཐའ་གང་དུ་ཡང་མི་གནས་པ་སྤྲོས་པ་ཐམས་ཅད་དང་བྲལ་བའི་དེ་ཁོ་ན་ཉིད་ནི་དོན་དམ་པའི་བདེན་པ་ཞེས་བྱའོ། །

གཉིས་པ་ལ་གཉིས་ཀྱི་དང་པོ་ཀུན་རྫོབ་བདེན་པའི་རང་བཞིན་གཏན་ལ་དབབ་པ་ནི། འཇིག་རྟེན་ནི་གང་། ཀུན་རྫོབ་ནི་གང་། ཅིའི་ཕྱིར་བདེན་པ་ཞེས་བྱ་ཞེ་ན། དེ་ལ། འཇིག་རྟེན་ཕུང་པོར་རབ་གྲགས་པ། །དེ་ལ་འཇིག་རྟེན་ངེས་པར་བརྟེན། །ཞེས་གསུངས་པས་ན་ཕུང་པོ་ལ་བརྟེན་ནས་བརྟག་པའི་གང་ཟག་ལ་འཇིག་རྟེན་ཞེས་བརྗོད་དོ། །ཀུན་ནས་སྒྲིབ་པས་ན་ཀུན་རྫོབ་སྟེ། འདིས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་དངོས་པོར་མངོན་པར་ཞེན་པའི་མཚན་ཉིད་ཀྱི་ཉོན་མོངས་ཅན་གྱི་མ་རིག་པ་ལ་ཀུན་རྫོབ་ཅེས་བྱའོ། །ཀུན་རྫོབ་དེས་བདེན་པར་ཞེན་ཅིང་ཐ་སྙད་བྱས་པས་ན་ཀུན་རྫོོབ་བདེན་པ་ཞེས་བྱའི། དོན་ལ་གནས་ཤིང་མི་སླུ་བས་ནི་མ་ཡིན་ཏེ། འཕགས་པ་རྣམས་ཀྱིས་དེ་ལྟར་མ་གཟིགས་པའི་ཕྱིར་རོ། །ཇི་སྐད་དུ། འཇུག་པ་ལས། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བཅོམ་པ་བདེན་པར་སྣང་དེ་ནི། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་བཤད་པ་ལྟར་རོ། །སློབ་དཔོན་ལེགས་ལྡན་འབྱེད་ནི། ཀུན་རྫོབ་ནི་འཇིག་རྟེན་གྱི་ཐ་སྙད་དེ། དེས་རྣམ་པར་བཞག་པ་ནི་ཀུན་རྫོབ་བདེན་པར་བཞེད་ལ། ངོ་བོ་ངོས་འཛིན་སྔར་དང་འདྲའོ། །གང་ལ་ཀུན་རྫོབ་བདེན་པ་ཞེས་ཐ་སྙད་བཏགས་པའི་ཡུལ་དེ་གང་ཞེ་ན། འཇུག་པ་ལས། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱི། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོག་སྟེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག །ཅེས་བཤད་པ་ལྟར། དབང་པོ་དྲུག་པོ་ཕྱི་ནང་གི་འཁྲུལ་རྒྱུས་མ་བསླད་པ་ལས་བྱུང་བའི་ཤེས་པའི་སྣང་བ་གཟུགས་ལ་སོགས་པ་ཕྱི་ནང་གི་དངོས་པོ་རྣམས་ནི་བྱིས་པ་རྣམས་ཀྱིས་བདེན་པར་ཞེན་ཅིང་ཐ་སྙད་བྱེད་པའི་ཕྱིར་ཀུན་རྫོབ་བདེན་པར་རྣམ་པར་བཞག་གོ །འཁྲུལ་རྒྱུས་བསླད་པ་ལས་བྱུང་བའི་ཤེས་པ་འཁྲུལ་པའི་སྣང་བ་སྒྱུ་མ་དང་རྨི་ལམ་དང་། རབ་རིབ་ཅན་གྱི་སྐྲ་ཤད་ལ་སོགས་པ་ནི་འཇིག་རྟེན་པ་དག་བདེན་པར་ཐ་སྙད་བྱེད་པ་མེད་པའི་ཕྱིར་ཀུན་རྫོབ་ཙམ་ཡིན་གྱི་བདེན་པ་མ་ཡིན་ནོ། །དབང་པོ་མ་བསླད་པའི་ཤེས་པའི་ཡུལ་དེ་དག་ཀྱང་འཕགས་པ་རྣམས་ལ་ནི་ཀུན་རྫོབ་ཙམ་ཡིན་གྱི་བདེན་པ་མ་ཡིན་ཏེ། སྒྱུ་མ་དང་འདྲ་བར་ཐུགས་སུ་ཆུད་པས་བདེན་པར་ཞེན་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་བདེན་པ་ནི་བྱིས་པ་སོ་སོའི་སྐྱེ་བོ་ཁོ་ན་ལ་ལྟོས་ནས་རྣམ་པར་འཇོག་གི འཕགས་པ་རྣམས་ལ་ནི་ཀུན་རྫོབ་ཀྱི་བདེན་པ་མི་མངའོ་ཞེས་ཁོང་དུ་ཆུད་པར་བྱའོ། །

འོ་ན་ཅིའི་ཕྱིར་དེ་བཞིན་གཤེགས་པས་ཀུན་རྫོབ་ཀྱི་བདེན་པ་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ལྟར་རྣམ་པར་བཞག་པར་མཛད་ཅེ་ན། དེ་ནི་ཇི་སྐད་དུ། ཇི་ལྟར་ཀླ་ཀློ་སྐད་གཞན་གྱིས། །གཟུང་བར་མི་ནུས་དེ་བཞིན་དུ། །འཇིག་རྟེན་པ་ཡིས་མ་གཏོགས་པ། །འཇིག་རྟེན་གཟུང་བར་ནུས་མ་ཡིན། །ཞེས་པ་ལྟར། འཇིག་རྟེན་དེ་ཁོ་ན་ཉིད་ལ་གཞུག་པའི་ཐབས་སུ་ཀུན་རྫོབ་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ལྟར་འཇིག་རྟེན་གྱི་ངོར་ཞལ་གྱིས་བཞེས་ནས་རྣམ་གཞག་མཛད་པ་ཡིན་གྱི། རང་ཉིད་ཀྱིས་ཀུན་རྫོབ་གཟིགས་ནས་སྟོན་པ་ནི་མ་ཡིན་ཏེ། འཁོར་བ་ཇི་སྲིད་པར་ཆོས་ཀྱི་སྐུ་ལ་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་འགའ་ཡང་མ་གཟིགས་པའི་ཕྱིར་རོ། །དེའི་ཕྱིར། ཤར་གྱི་སྡེ་པའི་ལུང་ལས། གལ་ཏེ་འཇིག་རྟེན་རྣམ་འདྲེན་རྣམས། །འཇིག་རྟེན་མཐུན་པར་མི་འཇུག་ན། །སངས་རྒྱས་ཆོས་ཉིད་གང་ཡིན་དང་། །སངས་རྒྱས་སུས་ཀྱང་ཤེས་མི་འགྱུར། །ཞེས་སོགས་རྒྱ་ཆེར་གསུངས་སོ། །ཉོན་མོངས་ཅན་དེ་ལ་ཉོན་མོངས་པ་ཅན་ནི། བདག་ཏུ་ང་རྒྱལ་བ་དང་། བདག་ཏུ་རྨོངས་པ་དང་། བདག་ལ་ཆགས་པ་ལ་སོགས་པའོ། །གྱི་མ་རིག་པ་མ་སྤངས་པའི་འཕགས་པ་སློབ་པ་རྣམས་ལ་རྗེས་ཐོབ་ཏུ་རི་མོ་མཁན་རང་གིས་བྲིས་པའི་གཟུགས་ལ་གནོད་སྦྱིན་དུ་འཁྲུལ་པ་ལྟར། སྐབས་འགར་དངོས་པོར་མངོན་ཞེན་གྱི་མཚན་མ་ཅུང་ཟད་འབྱུང་ཡང་ཆུ་ལ་རི་མོ་བྲིས་པ་ལྟར་མྱུར་དུ་ལྡོག་ཅིང་། ཉོན་མོངས་ཅན་གྱི་མ་རིག་པ་མ་ལུས་པ་སྤངས་པའི་འཕགས་པ་དགྲ་བཅོམ་པ་དང་། ཕྱིར་མི་ལྡོག་པའི་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྣམ་པ་ཐམས་ཅད་དུ་དངོས་པོར་མངོན་ཞེན་གྱི་མཚན་མ་མི་འབྱུང་ཞིང་། ཐ་སྙད་ལ་འཇུག་པའི་དུས་སུ་འཇིག་རྟེན་ལ་ཇི་ལྟར་གྲགས་པ་ལྟར་གྱི་རྣམ་གཞག་མཛད་པ་ནི་གཞན་གཞུག་པའི་དགོས་པ་ཅན་ཡིན་ནོ་ཞེས་ཤེས་པར་བྱའོ། །འདིར་སློབ་དཔོན་ཡེ་ཤེས་སྙིང་པོ་ནི། ཇི་ལྟར་སྣང་བ་འདི་ཁོ་ན། ཀུན་རྫོབ་ཅེས་མཁས་པ་ནས་བྱིས་པའི་བར་ལ་ཐུན་མོང་དུ་སྣང་ཞིང་གྲགས་པའི་ཤེས་བྱར་ཤེས་པ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པའོ་ཞེས་འཇོག་ཅིང་། ཅིའི་ཕྱིར་ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་ཞེ་ན། གང་ཞིག་གིས་སམ་གང་དག་ལ། །ཡང་དག་སྒྲིབ་བྱེད་དེ་ཀུན་རྫོབ། །དེས་ན་འདི་ཀུན་བདེན་པ་སྟེ། །དམ་པའི་དོན་དུ་བདེན་མ་ཡིན། །ཞེས་བློ་གང་ཞིག་གིས་སམ། བློ་གང་ཡོད་ན་ཡང་དག་པ་ལ་སྒྲིབ་པར་བྱེད་པ་ཡང་དག་མ་ཡིན་པའི་ཀུན་རྟོག་གིས་བསྡུས་པའི་སེམས་སེམས་བྱུང་རྣམས་ནི་ཀུན་རྫོབ་ཡིན་ལ། དེས་འདི་ཀུན་བདེན་པར་བཞག་པས་ཀུན་རྫོབ་བདེན་པ་ཞེས་བྱའོ། །

ཀུན་རྫོབ་དེ་ཡང་གཉིས་ཏེ། ཡང་དག་པའི་ཀུན་རྫོབ་དང་། ཡང་དག་པ་མ་ཡིན་པའི་ཀུན་རྫོབ་བདེན་པའོ། །དང་པོ་ནི། རྣམ་པར་རྟོག་པས་ཡང་དག་པར་སྐྱེ་བ་དང་འགག་པ་ལ་སོགས་པར་སྒྲོ་བཏགས་པས་དབེན་པ། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེས་པ། ཇི་ལྟར་སྣང་བ་ལྟར་དོན་བྱེད་པ་ལ་མི་སླུ་བ་ཡིན་ལ། གཉིས་པ་ནི། ཡང་དག་པར་སྐྱེ་བ་དང་འགག་པ་ལ་སོགས་པར་རྟོག་པས་སྒྲོ་བཏགས་པ་སྒྲའི་ཡུལ་སྤྱིའི་མཚན་ཉིད་ཅན་རྣམས་ཡིན་ཏེ། ཇི་སྐད་དུ། བརྟགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་ནས་གང་སྐྱེས་པ། །ཡང་དག་ཀུན་རྫོབ་ཤེས་པར་བྱ། །ཡང་དག་མིན་ནི་ཀུན་བརྟགས་པའོ། །ཞེས་པ་ལྟར་རོ། །ཡང་རྟོག་མེད་ཤེས་པའི་སྣང་བ་ལ་ཡང་ཡང་དག་པ་དང་། ལོག་པའི་ཀུན་རྫོབ་གཉིས་སུ་འབྱེད་དེ། དང་པོ་ནི། འཁྲུལ་རྒྱུས་མ་བསླད་པའི་ཤེས་པའི་སྣང་བ་མེ་དང་ཆུ་ལ་སོགས་པ་ཇི་ལྟར་སྣང་བ་ལྟར་དོན་བྱེད་ནུས་པ་རྣམས་ཡིན་ལ། གཉིས་པ་ནི། ཤེས་པ་འཁྲུལ་པའི་སྣང་བ་སྒྱུ་མ་དང་རྨི་ལམ་དང་སྨིག་སྒྱུ་ལ་སོགས་པ་ཇི་ལྟར་སྣང་བ་ལྟར་དོན་བྱེད་མི་ནུས་པ་རྣམས་ཡིན་ཏེ། ཇི་སྐད་དུ། སྣང་དུ་འདྲ་ཡང་དོན་བྱེད་དག ། ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བ་བྱས། །ཞེས་བཤད་དོ། །སློབ་དཔོན་འདིའི་བཞེད་པ་ལྟར་ན་ཡང་དག་ཀུན་རྫོབ་དུ་འདོད་པའི་གཟུགས་ལ་སོགས་པ་འདི་དག་བློས་བརྟགས་པ་ལ་མ་ལྟོས་པར་རང་གི་ངོ་བོས་སྐྱེ་འཇིག་བྱེད་ཅིང་དོན་བྱེད་པ་ལ་མི་སླུ་བར་འདོད་པར་སྣང་སྟེ། དེ་ལྟར་ན་དངོས་པོ་སྨྲ་བ་ལྟར་རྟེན་འབྲེལ་རང་རྒྱུད་དུ་གྲུབ་པར་ཁས་བླངས་པའི་ཕྱིར། ཀུན་རྫོབ་ཅེས་བྱ་བ་མིང་ཙམ་དུ་འགྱུར་གྱི། དོན་དམ་པར་ཁས་བླངས་པར་འགྱུར་རོ། །ཅི་སྟེ་རིགས་པས་རྣམ་པར་དཔྱད་ན་བདེན་པར་མེད་པའི་ཕྱིར་ཀུན་རྫོབ་ཡིན་ནོ་ཞེ་ན། རྟེན་འབྲེལ་རང་རྒྱུད་དུ་སྐྱེ་བར་ཁས་བླངས་ནས་དེ་རིགས་པས་སྐྱེ་མེད་དུ་བཤིག་པ་ནི། བུམ་པ་ཐོ་བས་བཅོམ་པ་ལྟར་ཆད་པའི་སྟོང་པ་ཉིད་དུ་འགྱུར་གྱི། ཡང་དག་པའི་སྟོང་ཉིད་མ་ཡིན་ཏེ། ཇི་སྐད་དུ། འཇུག་པ་ལས། གལ་ཏེ་རང་གི་མཚན་ཉིད་བརྟེན་འབྱུང་ན། །དེ་ལ་བསྐུར་བས་དངོས་པོ་འཇིག་པའི་ཕྱིར། །སྟོང་ཉིད་དངོས་པོ་འཇིག་པའི་རྒྱུར་འགྱུར་ན། །དེ་ནི་རིགས་མིན་དེ་ཕྱིར་དེ་ཡོད་མིན། །ཞེས་བཤད་པ་ལྟར་རོ། །མདོ་ལས་ཀྱང་། འོད་སྲུང་། སྟོང་པ་ཉིད་ཀྱིས་ཆོས་རྣམས་སྟོང་པར་མི་བྱེད་དེ། ཆོས་རྣམས་ཉིད་སྟོང་པ་ཉིད་དོ། །ཞེས་སོགས་གསུངས་སོ། །གལ་ཏེ་གཟུགས་ལ་སོགས་པའི་སྐྱེ་བ་དང་འཇིག་པ་ནི་བློ་འཁྲུལ་པ་ལ་སྣང་ཙམ་ཡིན་པས་རང་རྒྱུད་དུ་གྲུབ་པར་ཁས་མི་ལེན་ནོ་ཞེ་ན། འོ་ན་ནི་ཇི་ལྟར་གཟུགས་ལ་སོགས་པའི་སྐྱེ་བ་དང་འཇིག་པ་དང་དོན་བྱེད་པ་ལ་སོགས་པ་ཤེས་པ་འཁྲུལ་པ་ལ་སྣང་བ་ཙམ་ཡིན་པ་ལྟར། སྒྱུ་མ་ལ་སོགས་པ་ཡང་ཤེས་པ་འཁྲུལ་པ་ལ་སྐྱེ་འཇིག་དང་དོན་བྱེད་པ་ལ་སོགས་པར་སྣང་བའི་ཕྱིར། ཇི་ལྟར་ན་དེ་དག་ལ་ཡང་དག་པ་དང་ཡང་དག་པ་མ་ཡིན་པའི་དབྱེ་བ་བྱེད། གལ་ཏེ་གཉིས་ཀ་ཡང་ཤེས་པ་འཁྲུལ་པའི་སྣང་བར་མཚུངས་ཀྱང་འཇིག་རྟེན་གྱི་སྣང་བ་ལྟར་དོན་བྱེད་པ་ལ་སླུ་བ་དང་མི་སླུ་བར་ཞེན་ཅིང་ཐ་སྙད་བྱས་པས་དེའི་ཕྱིར་ཡང་དག་པ་དང་ལོག་པའི་དབྱེ་བ་བྱས་སོ་ཞེ་ན། དེ་ལྟ་ན་ཀུན་རྫོབ་བདེན་པ་འཇིག་རྟེན་གྱི་བརྡ་དང་ཐ་སྙད་ཀྱིས་སྒྲོ་བཏགས་འབའ་ཞིག་ཏུ་འགྱུར་གྱི། བརྟགས་པའི་དོན་གྱིས་དབེན་གྱུར་པ། །དངོས་ཙམ་བརྟེན་པ་གང་སྐྱེས་པ། །ཡང་དག་ཀུན་རྫོབ་ཅེས་བྱ་བར་མི་རིགས་སོ། །དེའི་ཕྱིར་ཡེ་ཤེས་སྙིང་པོའི་ལུགས་འདི། སློབ་དཔོན་ཞི་བ་འཚོ་དང་། སེང་གེ་བཟང་པོ་ལ་སོགས་པ་བཞེད་མོད། ཕྱོགས་འདི་ནི་རྨ་མེད་པ་མ་ཡིན་ནོ། །

གཉིས་པ་དོན་དམ་གྱི་རང་བཞིན་གཏན་ལ་དབབ་པ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་བསྟན་པའི་མདོ་ལས། ལྷའི་བུ་གལ་ཏེ་དོན་དམ་པར་དོན་དམ་པའི་བདེན་པ་ལུས་དང་ངག་དང་ཡིད་ཀྱི་སྤྱོད་ཡུལ་དུ་གྱུར་ན། དོན་དམ་པའི་གྲངས་སུ་མི་འགྲོ་ཞིང་། ཀུན་རྫོབ་ཀྱི་བདེན་པ་ཉིད་དུ་འགྱུར་རོ། །ལྷའི་བུ་འོན་ཀྱང་དོན་དམ་པའི་བདེན་པ་ནི་ཐ་སྙད་ཐམས་ཅད་ལས་འདས་པ་དང་། ཡང་དག་པར་མ་སྐྱེས་པ་དང་། མ་འགག་པ་དང་བརྗོད་པར་བྱ་བ་དང་ཤེས་པ་དང་ཤེས་བྱ་དང་བྲལ་བ་ཡིན་ཏེ་ཇི་སྲིད་དུ་རྣམ་པ་ཐམས་ཅད་ཀྱི་མཆོག་ཉིད་དང་ལྡན་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་ཡུལ་ལས་འདས་པ་ནི་དོན་དམ་པའི་བདེན་པ་ཡིན་ནོ་ཞེས་སོ། །

ཇི་སྐད་དུ། འཇུག་པར། རབ་རིབ་མཐུ་ཡིས་སྐྲ་ཤད་ལ་སོགས་པ། །ངོ་བོ་ལོག་པ་གང་ཞིག་རྣམ་བརྟགས་པ། །དེ་ཉིད་བདག་ཉིད་གང་དུ་མིག་དག་པས། །མཐོང་དེ་དེ་ཉིད་དེ་བཞིན་འདིར་ཤེས་གྱིས། །ཞེས་བཤད་པ་ལྟར། ཇི་ལྟར་རབ་རིབ་ཀྱིས་མིག་བསླད་པ་དག་ལ་ཁམ་ཕོར་ལ་སོགས་པའི་ནང་དུ་སྐྲ་ཤད་དང་སྦྲང་བུ་མཆུ་རིང་ལ་སོགས་པ་སྣ་ཚོགས་སུ་སྣང་ཞིང་དེའི་རྟེན་ཅན་གྱི་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་དུ་མ་སྒྲོ་བཏགས་ནས་དེ་དག་སེལ་བའི་ཚེགས་ཐོབ་པ་ན། རབ་རིབ་མེད་པས་རབ་རིབ་ཅན་གྱིས་དམིགས་པའི་ཡུལ་དེར་མིག་གཏད་ཏེ་བལྟས་ཀྱང་། སྐྲ་ཤད་ལ་སོགས་པའི་ངོ་བོ་དང་ཁྱད་པར་ཅི་ཡང་མི་མཐོང་བ་ལྟར་མ་རིག་པའི་རབ་རིབ་ཀྱིས་བློ་ཉམས་པར་བྱས་པའི་བྱིས་པ་རྣམས་ཀྱིས་ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་སྣ་ཚོགས་པར་དམིགས་པ་དེ་ཉིད་འཕགས་པ་རྣམས་ཀྱི་ཡེ་ཤེས་ཀྱིས་ཅི་ཡང་མ་གཟིགས་པའི་ཚུལ་གྱིས་གཟིགས་པ་ནི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་དོན་དམ་པའི་བདེན་པ་ཞེས་བྱའོ། །ཅིའི་ཕྱིར་དོན་དམ་པ་ཞེས་བྱ་ཞེ་ན། འཕགས་པའི་ཡེ་ཤེས་དམ་པའི་ཡུལ་ཡིན་པའི་ཕྱིར་རོ། །

ཅིའི་ཕྱིར་བདེན་པ་ཞེས་བྱ་ཞེ་ན། རྣམ་པ་ཐམས་ཅད་དུ་བསླུ་བ་མེད་ཅིང་དེ་ཁོ་ན་ལྟར་གནས་པའི་ཕྱིར་རོ། །འདི་ནི་བློས་ཤེས་པའམ་སྒྲས་བརྗོད་པར་ནུས་པ་མ་ཡིན་ཏེ། ཇི་སྐད་དུ། བརྗོད་པར་བྱ་བ་ལྡོག་པ་སྟེ། །སེམས་ཀྱི་སྤྱོད་ཡུལ་ལྡོག་པས་སོ། །ཞེས་བཤད་ཟིན་ཏོ། །དོན་དམ་པའི་བདེན་པ་སྣང་བ་མེད་ཅིང་མཐའ་གང་དུ་ཡང་མི་གནས་པ་འདི་ནི་དབུ་མ་པ་ཐམས་ཅད་བཞེད་པ་མཐུན་ཏེ། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས། དབུ་མ་སྙིང་པོར། རབ་རིབ་བྲལ་བར་གྱུར་བའི་མིག། རྣམ་དག་དྲི་མ་མེད་པ་ལ། །སྐྲ་དང་སྦྲང་བུ་ཟླ་གཉིས་དང་། །རྨ་བྱའི་མདོངས་དག་མི་སྣང་ལྟར། །མཁས་པ་ཉོན་མོངས་ཤེས་བྱ་ཡི། །སྒྲིབ་ཀུན་རབ་རིབ་བྲལ་གྱུར་ཅིང་། །ཡང་དག་མཁྱེན་སྤྱན་དྲི་མེད་ལའང་། །དེ་བཞིན་ཅི་ཡང་སྣང་བ་མེད། །ཅེས་གསུངས་ཤིང་། སློབ་དཔོན་ཡེ་ཤེས་སྙིང་པོས་ཀྱང་། ཡོད་མེད་དངོས་པོ་མཁྱེན་པ་པོ། །ཀུན་མཁྱེན་གྱིས་ཀྱང་ཅང་མི་གཟིགས། །དེ་ཡི་དངོས་པོ་ཅི་འདྲ་ཞིག །ཤིན་ཏུ་ཞིབ་པའི་བློ་ཡིས་དཔྱོད། །ཅེས་བཤད་ཅིང་། ཡང་། གང་ཕྱིར་ཁོ་ན་དེ་ལ་ནི། །བརྗོད་བྱའི་བག་ཀྱང་ཅི་ཡང་མེད། །ཅེས་བཤད་དོ། །བློ་གྲོས་མི་བཟད་པ་བསྟན་པ་ལས་ཀྱང་། དེ་ལ་དོན་དམ་པའི་བདེན་པ་གང་ཞེ་ན། གང་ལ་སེམས་ཀྱི་རྒྱུ་བ་ཡང་མེད་ན་ཡི་གེ་རྣམས་ལྟ་ཅི་སྨོས་ཞེས་གསུངས་པའི་དགོངས་པ་ཡང་དེ་ཉིད་ཡིན་ནོ། །

གཉིས་པ་ཡན་ལག་གི་དོན་ལ། བདེན་གཉིས་ཀྱི་དབྱེ་བ། དེ་མ་ཤེས་པའི་ཉེས་དམིགས། ཀུན་རྫོབ་བསྟན་པའི་དགོས་པ། སྟོང་ཉིད་ལོག་པར་བཟུང་བའི་ཉེས་དམིགས། སྟོང་ཉིད་རྟོགས་པར་དཀའ་བའི་རྒྱུ་དང་ལྔའི། དང་པོ་ནི། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །ཞེས་སོགས་ཚིགས་སུ་བཅད་པ་གཅིག་སྟེ། ཇི་སྐད་དུ། ཡབ་སྲས་མཇལ་བར། འཇིག་རྟེན་མཁྱེན་པས་གཞན་ལ་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་པ་ལྟར་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་པ་ཇི་སྙེད་པ་དག་ནི་བདེན་པ་གཉིས་ལ་བརྟེན་ནས་འཇུག་སྟེ། བདེན་པ་གཉིས་པོ་དེ་གང་ཞེ་ན། འཇིག་རྟེན་ཀུན་རྫོབ་ཀྱི་བདེན་པ་དང་། དམ་པའི་དོན་གྱི་བདེན་པའོ། །དེ་ལ་གདུལ་བྱ་མ་སྨིན་པ་རྣམས་སྨིན་པར་བྱ་བའི་ཕྱིར་བསྟན་པ་དྲང་བའི་དོན་གྱི་མདོ་སྡེ་རྣམས་ནི་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་འཇུག་ལ། སྨིན་པ་རྣམས་གྲོལ་བར་བྱ་བའི་ཕྱིར་བསྟན་པ་ངེས་པའི་དོན་གྱི་མདོ་སྡེ་རྣམས་ནི་དོན་དམ་པའི་བདེན་པ་ལས་བརྩམས་ཏེ་འཇུག་པའི་ཕྱིར་རོ། །བདེན་པ་གཉིས་པོ་དེའི་རང་བཞིན་ནི། སྔར་བཤད་ཟིན་ཏོ། །གཉིས་པ་ནི། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ནི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །གང་གི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་བསྟན་པ་ཇི་སྙེད་པ་ནི་བརྗོད་བྱ་བདེན་པ་གཉིས་བསྟན་པ་ལས་བརྩམས་ནས་འཇུག་པ་དེའི་ཕྱིར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་ཀྱི་རྗེས་སུ་མི་འཇུག་པའི་དངོས་པོ་སྨྲ་བ་གང་དག་ཇི་སྐད་བཤད་པའི་བདེན་པ་གཉིས་ཀྱི་རྣམ་དབྱེ་རྣམ་པར་མི་ཤེས་པ་དེ་དག་གིས་ནི་སངས་རྒྱས་ཀྱི་བསྟན་པའི་ཟབ་མོའི་དེ་ཁོ་ན་ཉིད་རྣམ་པར་མི་ཤེས་ཏེ། ཇི་སྐད་དུ། འཇུག་པ་ལས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །བདེན་གཉིས་ཉམས་ལ་ཐར་པ་གྲུབ་ཡོད་མིན། །ཞེས་བཤད་པ་ལྟར་རོ། །གསུམ་པ་ནི། གལ་ཏེ་དོན་དམ་སྤྲོས་པ་དང་བྲལ་བའི་རང་བཞིན་ཡིན་ན་དེ་ཉིད་ཁོ་ན་བསྟན་པར་རིགས་མོད། ཕུང་པོ་ཁམས་དང་སྐྱེ་མཆེད་ལ་སོགས་པ་དོན་དམ་མ་ཡིན་པ་བསྟན་པས་ཅི་ཞིག་བྱ་ཞེ་ན། དེ་ནི་བདེན་མོད་ཀྱི་འོན་ཀྱང་། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་བསྟན་མི་ནུས། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཤེས་བྱ་ཤེས་བྱེད་བརྗོད་བྱ་རྗོད་བྱེད་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་ཀྱི་བདེན་པ་ལ་མ་བརྟེན་ཅིང་དེ་ཁས་མ་བླངས་པར་དོན་དམ་པའི་བདེན་པ་བསྟན་པར་མི་ནུས་ལ། མ་བསྟན་པར་རྟོགས་པར་མི་ནུས་ཤིང་དམ་པའི་དོན་གྱི་བདེན་པ་མ་རྟོགས་པར་ཡང་མྱ་ངན་ལས་འདས་པ་ཐོབ་པར་མི་འགྱུར་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ཐོབ་པའི་ཐབས་ཡིན་པའི་ཕྱིར་ཆུ་འདོད་པས་སྣོད་ལྟར་ཐོག་མར་གདོན་མི་ཟ་བར་ཀུན་རྫོབ་ཇི་ལྟར་གནས་པ་ལྟར་ཁས་བླངས་ནས་བསྟན་པར་བྱའོ། །བཞི་པ་ནི། དེའི་ཕྱིར་རྣལ་འབྱོར་པ་ཇི་སྐད་བཤད་པའི་བདེན་པ་གཉིས་ཀྱི་རྣམ་པར་བཞག་པ་ཕྱིན་ཅི་མ་ལོག་པ་ཤེས་པ་ནི་མཐའ་གཉིས་སུ་ལྷུང་བར་མི་འགྱུར་ཏེ། འདི་ལྟར། དངོས་པོའི་རང་བཞིན་ཅི་ཡང་ཁས་མ་བླངས་པས་སྔར་ཡོད་པ་ཕྱིས་མེད་དོ་ཞེས་འགའ་ཡང་སྐུར་པ་མི་འདེབས་ཤིང་། འཇིག་རྟེན་གྱི་ཀུན་རྫོབ་གཟུགས་བརྙན་དང་འདྲ་བ་ལ་གནོད་པ་མ་བྱས་པས་ལས་དང་ལས་ཀྱི་འབྲས་བུ་དང་ཆོས་དང་ཆོས་མ་ཡིན་པ་ལ་སོགས་པ་ཡང་ཁས་ལེན་པའི་ཕྱིར་དང་། དོན་དམ་པའི་དངོས་པོར་སྒྲོ་འདོགས་པར་ཡང་མི་བྱེད་དེ། དངོས་པོ་རང་བཞིན་མེད་པ་རྣམས་ཁོ་ན་ལ་ལས་དང་འབྲས་བུ་སོགས་མཐོང་བའི་ཕྱིར་དང་། དངོས་པོ་རང་བཞིན་དང་བཅས་པ་ལ་ལས་དང་འབྲས་བུའི་འབྲེལ་བ་མི་འཐད་ཅིང་རྟེན་འབྲེལ་ལ་སོགས་པ་ཐམས་ཅད་ཀྱང་མི་འཐད་པའི་ཕྱིར་རོ། །གང་དག་བདེན་པ་གཉིས་ཀྱི་རྣམ་གཞག་མི་ཤེས་པར་སྟོང་པ་ཉིད་སྨྲ་བར་བྱེད་པ་དེ་དག་ནི་ལྟ་བ་ངན་པའི་གཡང་དུ་ལྷུང་བར་འགྱུར་ཏེ། འདི་ལྟར། སྟོང་པ་ཉིད་ལ་ལྟ་ཉེས་ན། །ཤེས་རབ་ཆུང་རྣམས་ཕུང་བར་བྱེད། །ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་ཉེས་པར་བ སྒྲུབ་པ་བཞིན། །སྟོང་པ་ཉིད་ལ་ལྟ་བ་ཉེས་པ་ནི་གཉིས་ཏེ། སྟོང་པ་ཉིད་དངོས་པོ་མེད་པའི་དོན་དུ་རྟོག་པ་དང་། སྟོང་ཉིད་དངོས་པོ་བདེན་པའི་ངོ་བོར་རྟོག་པའོ། །དེ་ལ་སྟོང་པ་ཉིད་དངོས་པོ་མེད་པའི་དོན་དུ་རྟོག་པ་དེ་ནི། ཡང་ན་ནི་འདུ་བྱེད་ཐམས་ཅད་སྟོང་པ་ཉིད་ཀྱིས་ཡོད་པ་མ་ཡིན་ནོ་ཞེས་ཐམས་ཅད་ལ་སྐུར་པ་འདེབས་པའི་ལོག་པའི་ལྟ་བར་ལྷུང་བར་འགྱུར་ཏེ། ཇི་སྐད་དུ། རིན་ཆེན་ཕྲེང་བར། ཆོས་འདི་ལོག་པར་གཟུང་གྱུར་ན། །མི་མཁས་རྣམས་ནི་ཆུད་ཀྱང་ཟ། །འདི་ལྟར་མེད་པར་ལྟ་བ་ཡི། །མི་གཙང་དེར་ནི་བྱིང་བར་འགྱུར། །ཞེས་བཤད་དོ། །གལ་ཏེ་འདི་ཐམས་ཅད་ལ་སྐུར་པ་འདེབས་པ་མི་འདོད་ན་ཡང་། སྟོང་པ་ཉིད་མེད་པའི་དོན་དུ་སྒྲོ་བཏགས་ནས་ཆོས་ཐམས་ཅད་རང་བཞིན་མེད་པར་སྟོན་པའི་མདོ་སྡེ་དག་ལ་འདི་དག་ནི་ཆད་པར་ལྟ་བ་སྟོན་པའོ་ཞེས་སྟོང་པ་ཉིད་སྤངས་པས་ཆོས་ཀྱིས་ཕོངས་པའི་ལས་ཀྱིས་ངེས་པར་ངན་འགྲོར་འགྲོ་བར་འགྱུར་ཏེ། ཇི་སྐད་དུ། གཞན་ཡང་འདི་ནི་ལོག་གཟུང་ན། །བླུན་པོ་མཁས་པའི་ང་རྒྱལ་ཅན། །སྤོང་བས་མ་རུང་བདག་ཉིད་ཅན། །མནར་མེད་པར་ནི་སྤྱི་ཚུགས་འགྲོ། །ཞེས་བཤད་དོ། །

དེ་ལྟར་ན་རེ་ཞིག་སྟོང་པ་ཉིད་དངོས་པོ་མེད་པའི་དོན་དུ་བཟུང་བས་ནི་འཛིན་པ་པོ་ཕུ ང་བར་བྱེད་པ་ཡིན་ནོ། །གལ་ཏེ་སྟོང་པ་ཉིད་དངོས་པོ་བདེན་པ་བའི་ངོ་བོར་མངོན་པར་ཞེན་པ་ནི་མྱ་ངན་ལས་འདས་པའི་ལམ་ལོག་པར་ཞུགས་པས་སྨན་པས་བོར་བའི་ནད་པ་བཞིན་དུ་གསོར་མི་རུང་བའི་ལྟ་བ་ཅན་ཡིན་ཏེ། དེ་ལ་སྟོང་པ་ཉིད་བསྟན་པ་འབྲས་བུ་མེད་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གྱིས། ཀུན་རྟོག་ཐམས་ཅད་གཞོམ་པའི་ཕྱིར། ཁྱོད་ཀྱིས་སྟོང་ཉིད་བདུད་རྩི་བསྟན། །གང་དག་དེ་ལའང་འཛིན་ཡོད་པ། །དེ་ནི་ཁྱོད་ཀྱིས་སྨད་པར་མཛད། །ཅེས་བཤད་དོ། །དེའི་ཕྱིར་སྟོང་ཉིད་དངོས་པོར་འཛིན་ན་ཡང་འཛིན་པ་པོ་ཕུང་བར་བྱེད་དོ། །དེ་ལྟར་ན་སྟོང་པ་ཉིད་ལ་དངོས་པོ་དང་དངོས་པོ་མེད་པར་བཟུང་ནས་ལྟ་ཉེས་པ་ན་འཛིན་པ་པོ་ཤེས་རབ་ཆུང་བ་རྣམས་ཇི་སྐད་བཤད་པའི་ཚུལ་གྱིས་ཕུང་བར་བྱེད་པ་ཡིན་ནོ། །གལ་ཏེ་ཕན་འདོགས་པ་གང་ཡིན་པ་དེ་རྣམ་པ་གཞན་དུ་བཟུང་ན་ཕན་འདོགས་པར་མ་གྱུར་མོད། གནོད་པ་བྱེད་པར་ཇི་ལྟར་འགྱུར་ཞེ་ན། དེ་ཉིད་དཔེའི་སྒོ་ནས་སྟོན་པ་ནི། ཇི་ལྟར་སྦྲུལ་ལ་བཟུང་ཉེས་དང་། །རིགས་སྔགས་ཉེས་པར་བསྒྲུབ་པ་བཞིན། །ཇི་ལྟར་སྦྲུལ་སྨན་དང་སྔགས་ཀྱི་སྟོབས་ཀྱིས་མན་ངག་ཇི་ལྟ་བ་བཞིན་བཟུང་ན་ནོར་གྱི་ཕུང་པོ་སྟེར་བར་བྱེད་ལ། ཉེ་བར་བསྟན་པའི་མན་ངག་བོར་ནས་གྱ་ཚོམ་དུ་བཟུང་ན་བཟུང་ཉེས་པས་འཛིན་པ་པོ་ཕུང་བར་བྱེད་པ་དང་། ཇི་ལྟར་མན་ངག་ཇི་ལྟ་བ་བཞིན་དུ་སྒྲུབ་པའི་རིགས་སྔགས་ཀྱིས་སྒྲུབ་པ་པོ་ལ་ཕན་འདོགས་ལ། མན་ངག་ཉམས་ཏེ་རིགས་སྔགས་ཉེས་པར་བསྒྲུབས་པས་ནི་སྒྲུབ་པ་པོ་བརླག་པར་བྱེད་པ་དེ་བཞིན་དུ་འདིར་ཡང་བདེན་པ་གཉིས་ཀྱི་ཉེ་བར་བསྟན་པ་ཇི་ལྟ་བ་བཞིན་དུ་སྟོང་པ་ཉིད་བཟུང་ན། འཛིན་པ་པོ་མྱ་ངན་ལས་འདས་པའི་བདེ་བ་མཆོག་ལ་སྦྱོར་བར་བྱེད་ལ། ཇི་ལྟར་ཉེ་བར་བསྟན་པ་བོར་ནས་བཟུང་ན། ཇི་སྐད་བསྟན་པའི་ཚུལ་གྱིས་འཛིན་པ་པོ་ཕུང་བར་བྱེད་པ་ཡིན་ནོ། །ལྔ་པ་ནི། དེ་ཕྱིར་ཞན་པས་ཆོས་འདི་ཡི། །གཏིང་རྟོགས་དཀའ་བར་མཁྱེན་གྱུར་ནས། །ཐུབ་པའི་ཐུགས་ནི་ཆོས་བསྟན་ལས། །རབ་ཏུ་བཟློག་པར་གྱུར་པ་ཡིན། །གང་གི་ཕྱིར་སྟོང་པ་ཉིད་ལ་བཟུང་ཉེས་པས་འཛིན་པ་པོ་ཕུང་བར་བྱེད་ལ། ཤེས་རབ་ཞན་པ་དག་གིས་ཀྱང་ཡང་དག་པར་འཛིན་མི་ནུས་པ་དེའི་ཕྱིར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པ་སངས་རྒྱས་ནས་སེམས་ཅན་གྱི་ཁམས་དང་ཆོས་ཤིན་ཏུ་ཟབ་པ་ལ་གཟིགས་ནས་བློ་ཞན་པ་དག་གིས་ཆོས་འདིའི་གཏིང་རྟོགས་པར་དཀའ་བར་མཁྱེན་པར་གྱུར་ནས། ཐུབ་པ་བཅོམ་ལྡན་འདས་ཀྱི་ཐུགས་ནི་ཆོས་བསྟན་པ་ལས་བཟློག་པར་འགྱུར་བ་ཡིན་ནོ། །

ཇི་སྐད་དུ། མདོ་ལས། དེ་ནས་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོར་མ་ལོན་པར་འདི་སྙམ་དུ་དགོངས་ཏེ། ངས་ཆོས་ཟབ་མོ་ཟབ་པར་སྣང་བ་བརྟག་པར་བྱ་བ་མ་ཡིན་ཞིང་རྟོག་གེའི་སྤྱོད་ཡུལ་མ་ཡིན་པ་ཞིབ་མོ་མཁས་ཤིང་མཛངས་པས་རིག་པར་བྱ་བ་ཐུགས་སུ་ཆུད་དེ། དེ་གལ་ཏེ་ངས་གཞན་ལ་བསྟན་ན་གཞན་གྱིས་ངའི་དེ་རྟོགས་པར་མི་འགྱུར། དེས་ང་ལ་གནོད་པར་འགྱུར་ཞིང་ཞུམ་པར་འགྱུར། ཐུགས་མི་སྤྲོ་བར་འགྱུར་བས་གང་བདག་ཉིད་གཅིག་པུ་དགོན་པ་རབ་ཏུ་དབེན་པར་མཐོང་བར་ཆོས་ལ་བདེ་བ་ལ་རེག་པར་གནས་པ་ཐོབ་པས་གནས་པར་བྱའོ་ཞེས་རྒྱས་པར་གསུངས་པ་ལྟ་བུའོ། །

གཉིས་པ་དཀྱུས་མ་ཀླན་ཀ་སྤང་བ་ལ། ཀླན་ཀ་དབུ་མ་པ་ལ་མི་འཇུག་པར་བསྟན། དངོས་སྨྲ་རང་ལ་འཇུག་པར་བསྟན་པ་གཉིས་ཀྱི། དང་པོ་ལ་ཡང་ཀླན་ཀ་མི་འཇུག་ཚུལ་དངོས་དང་། རྣམ་གཞག་ཐམས་ཅད་འཐད་པར་བསྟན་པ་གཉིས་ཀྱི་དང་པོ། སྐྱོན་དུ་ཐལ་བར་འགྱུར་བ་ནི། །སྟོང་ལ་འཐད་པ་མ་ཡིན་པས། ཁྱོད་ནི་སྟོང་ཉིད་སྤོང་བྱེད་པ། །གང་དེ་ང་ལ་མི་འཐད་དོ། །གང་གི་ཕྱིར་ཁྱོད་ཀྱིས་ཁོ་བོ་ཅག་ལ། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །ཅེས་སོགས་སྐྱོན་ཆེན་པོར་ཐལ་བ་ཉེ་བར་བཀོད་པ་དེ་ནི་བདེན་པ་གཉིས་ཀྱི་རྣམ་གཞག་མ་ཤེས་པས་སྟོང་པ་ཉིད་དང་སྟོང་པ་ཉིད་ཀྱི་དོན་དང་སྟོང་པ་ཉིད་ཀྱི་དགོས་པ་ཇི་ལྟ་བ་བཞིན་ཁོང་དུ་མ་ཆུད་པས་བཀོད་པ་ཡིན་པས་ཁོ་བོ་ཅག་སྟོང་པ་ཉིད་དུ་སྨྲ་བ་ལ་སྐྱོན་དེ་འཐད་པ་མ་ཡིན་ནོ། །གང་གི་ཕྱིར་མི་འཐད་པ་དེའི་ཕྱིར་ཁྱོད་དོན་གང་ཉེ་བར་བཟུང་ནས་སྟོང་པ་ཉིད་ལ་ཉེས་པར་ཐལ་བ་བརྗོད་ཅིང་། སྟོང་པ་ཉིད་སྤོང་བར་བྱེད་པའི་སྟོང་པ་ཉིད་ཀྱི་དོན་གང་ཡིན་པ་དེ་ང་ལ་སྟོང་ཉིད་ཀྱི་དོན་དུ་མི་འཐད་དེ། འདི་ལྟར། ཁྱོད་ཀྱིས་ནི་དངོས་པོ་མེད་པའི་དོན་སྟོང་པ་ཉིད་ཀྱི་དོན་དུ་སྒྲོ་བཏགས་ནས་ཐལ་བ་བརྗོད་པ་ཡིན་ན། ཁོ་བོ་ཅག་ནི་དངོས་པོ་མེད་པ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་མི་འཆད་ཀྱི། རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་སྟོང་པ་ཉིད་ཀྱི་དོན་དུ་འཆད་དོ། །དེའི་ཕྱིར་སྟོང་པ་ཉིད་སྨྲ་བ་ལ་སུན་འབྱིན་པ་མི་རིགས་སོ། །

གཉིས་པ་ནི། ཁོ་བོ་ཅག་གི་ཕྱོགས་ལ་ཇི་སྐད་སྨྲས་པའི་སྐྱོན་མི་འཇུག་པར་མ་ཟད་བདེན་པ་ལ་སོགས་པའི་རྣམ་གཞག་ཀྱང་ཆེས་འཐད་པ་ཡིན་ཏེ། འདི་ལྟར། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བར་འགྱུར། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་མི་རུང་འགྱུར། །གང་ལ་སྟོང་པ་ཉིད་རུང་བ་དེ་ལ་བདེན་པ་ལ་སོགས་པ་ཇི་སྐད་བཤད་པའི་རྣམ་གཞག་ཐམས་ཅད་རུང་བར་འགྱུར་ཏེ། ཇི་ལྟར་ཞེ་ན། ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་སྟོང་པ་ཉིད་དུ་སྨྲ་སྟེ། དེའི་ཕྱིར་གང་ལ་སྟོང་ཉིད་རུང་བ་དེ་ལ་རྟེན་འབྲེལ་རུང་ལ། གང་ལ་རྟེན་འབྲེལ་རུང་བ་དེ་ལ་འཕགས་པའི་བདེན་པ་བཞི་རིགས་པར་འགྱུར་ཏེ། འདི་ལྟར་གང་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་སྡུག་བསྔལ་དུ་འགྱུར་གྱི་རྟེན་འབྲེལ་མ་ཡིན་པ་ནི་མི་འགྱུར་རོ། །སྡུག་བསྔལ་ཡོད་ན་སྡུག་བསྔལ་ཀུན་འབྱུང་བ་དང་སྡུག་བསྔལ་འགོག་པ་དང་སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རྣམས་རུང་བར་འགྱུར་རོ། །དེའི་ཕྱིར་སྡུག་བསྔལ་ཡོངས་སུ་ཤེས་པ་ནས་ལམ་བསྒོམ་པའི་བར་དུ་ཡང་རུང་ངོ་། །སྡུག་བསྔལ་ལ་སོགས་པའི་བདེན་པ་ཡོངས་སུ་ཤེས་པ་ཡོད་ན་འབྲས་བུ་བཞི་ཡང་རུང་ངོ་། །འབྲས་བུ་ཡོད་ན་འབྲས་བུ་ལ་གནས་པ་དང་ཞུགས་པ་དག་ཀྱང་རུང་ལ། དེ་དག་ཡོད་ན་དགེ་འདུན་རུང་བར་འགྱུར་རོ། །འཕགས་པའི་བདེན་པ་རྣམས་ཡོད་ན་དམ་པའི་ཆོས་རུང་ཞིང་། ཆོས་དང་དགེ་འདུན་ཡོད་ན་སངས་རྒྱས་རུང་བར་འགྱུར་རོ། །དེའི་ཕྱིར་དཀོན་མཆོག་གསུམ་རུང་བར་འགྱུར་རོ། །དེ་བཞིན་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཁྱད་པར་རྟོགས་པ་ཐམས་ཅད་དང་། ཆོས་དང་ཆོས་མ་ཡིན་པ་དེའི་འབྲས་བུ་དང་འཇིག་རྟེན་གྱི་ཐ་སྙད་ཐམས་ཅད་ཀྱང་རུང་བར་འགྱུར་རོ། །

དེ་ལྟར་ན་གང་ལ་སྟོང་ཉིད་རུང་བ་དེ་ལ་ཐམས་ཅད་རུང་བར་འགྱུར་ལ། གང་ལ་སྟོང་ཉིད་མི་རུང་བ་དེ་ལ་རྟེན་ཅིང་འབྲེལ་འབྱུང་མི་རུང་བའི་ཕྱིར་ཐམས་ཅད་མི་རུང་བར་འགྱུར་ཏེ། ཇི་ལྟར་མི་རུང་བ་དེ་ལྟར་ནི་འོག་ནས་རྒྱས་པར་འཆད་དོ། །

གཉིས་པ་ལ་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། ཁྱོད་ནི་རང་གི་སྐྱོན་རྣམས་ནི། །ང་ལ་ཡོངས་སུ་བསྒྱུར་བྱེད་པ། །རྟ་ལ་མངོན་པར་ཞོན་བཞིན་དུ། །རྟ་ཉིད་བརྗེད་པར་འགྱུར་བ་བཞིན། །དེ་ལྟར་ན་ཁོ་བོ་ཅག་གི་ཕྱོགས་ཆོས་ཡོངས་སུ་དག་ཅིང་རྣམ་གཞག་ཐམས་ཅད་དང་མི་འགལ་བ་ཡིན་པ་དང་། རང་གི་ཕྱོགས་རགས་པ་སྐྱོན་དང་ལྡན་ཞིང་རྣམ་གཞག་འགལ་བ་ཡིན་ཡང་ཤིན་ཏུ་བླུན་པ་ཉིད་ཀྱིས་ཡོན་ཏན་དང་སྐྱོན་མ་མཐོང་བ་ཁྱོད་ནི་རང་ལ་འཇུག་པའི་སྐྱོན་རྣམས་ང་ལ་ཡོངས་སུ་བསྒྱུར་བར་བྱེད་པ་ན། ཇི་ལྟར་འགའ་ཞིག་རྟ་ལ་མངོན་པར་ཞོན་བཞིན་དུ་གང་ལ་ཞོན་པའི་རྟ་ཉིད་བརྗེད་དེ། དེ་ཕྲོགས་པའི་ཉེས་པས་གཞན་ལ་ཀླན་ཀ་ཚོལ་བ་དེ་བཞིན་དུ་ཁྱོད་ཀྱང་རྟེན་འབྲེལ་ཁས་ལེན་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཅན་གྱི་རྟ་ལ་ཞོན་པ་ཡིན་བཞིན་དུ་ལྟ་བ་ངན་པས་རྣམ་པར་གཡེངས་པས་དེའི་དོན་མ་དམིགས་པ་ན་ཁོ་བོ་ཅག་ལ་ཀླན་ཀ་ཚོལ་བ་ཡིན་ནོ། །

གཉིས་པ་ལ་རང་བཞིན་སྨྲ་བ་ལ་བྱ་བྱེད་སོགས་མི་རུང་བ་དང་། འཇིག་རྟེན་ལས་འདས་པའི་ཐ་སྙད་མི་རུང་བ་དང་འཇིག་རྟེན་པའི་ཐ་སྙད་མི་རུང་བ་གསུམ་གྱི། དང་པོ་ལ་དངོས་དང་། སྟོང་པ་ལ་ཐམས་ཅད་རུང་བའི་འཐད་པ་གཉིས་ཀྱི། དང་པོ་ནི། གང་མ་དམིགས་པས་སྟོང་པ་ཉིད་དུ་སྨྲ་བ་ལ་ཀླན་ཀ་ཚོལ་བའི་གཞན་གྱི་སྐྱོན་དེ་གང་ཡིན་ཞེ་ན། གལ་ཏེ་དངོས་རྣམས་རང་བཞིན་ལས། །ཡོད་པར་རྗེས་སུ་ལྟ་བྱེད་ན། །དེ་ལྟ་ཡིན་ན་དངོས་པོ་རྣམས། །རྒྱུ་རྐྱེན་མེད་པར་ཁྱོད་ལྟའོ། །གལ་ཏེ་ཕྱི་ནང་གི་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་རྗེས་སུ་ལྟ་བར་བྱེད་ན། དེའི་ཚེ་རང་བཞིན་རྒྱུ་དང་རྐྱེན་ལ་མི་ལྟོས་པའི་ཕྱིར་དངོས་པོ་རྣམས་རྒྱུ་རྐྱེན་མེད་པར་ཁྱོད་ལྟ་བ་ཡིན་ནོ། །རྒྱུ་མེད་པ་ཁས་ལེན་པ་ཡིན་ན་ཡང་། འབྲས་བུ་དང་ནི་རྒྱུ་ཉིད་དང་། །བྱེད་པ་པོ་དང་བྱེད་དང་བྱ། །སྐྱེ་བ་དང་ནི་འགག་པ་དང་། །འབྲས་བུ་ལ་ཡང་གནོད་པར་བྱེད། །གལ་ཏེ་བུམ་པ་རྒྱུ་རྐྱེན་ལ་མི་ལྟོས་པར་རང་བཞིན་གྱིས་ཡོད་ན། དེའི་རྒྱུ་འཇིམ་པ་ལ་སོགས་པ་དང་བྱེད་པ་པོ་རྫ་མཁན་དང་བྱེད་པ་འཁོར་ལོ་ལ་སོགས་པ་དང་བུམ་པ་བྱེད་པའི་བྱ་བ་དག་མེད་པར་འགྱུར་ཞིང་། དེ་དག་མེད་པས་སྐྱེ་བ་དང་འགག་པ་དག་ཀྱང་མེད་ལ། དེའི་ཕྱིར་འབྲས་བུ་བུམ་པ་ཉིད་ཀྱང་ཡོད་པར་ག་ལ་འགྱུར། དེའི་ཕྱིར་འབྲས་བུ་ལ་སོགས་པ་ཐམས་ཅད་ལ་གནོད་པ་བྱེད་པ་ཡིན་ནོ། །དེའི་ཕྱིར་དངོས་པོ་རང་བཞིན་དང་བཅས་པར་ཁས་ལེན་ན་ཐམས་ཅད་མི་རུང་བ་ཡིན་ནོ། །གཉིས་པ་ནི། ཁོ་བོ་ཅག་སྟོང་པ་ཉིད་དུ་སྨྲ་བ་ལ་ནི་འདི་ཐམས་ཅད་རུང་སྟེ། འདི་ལྟར། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། ཁོ་བོ་ཅག་ལྟར་ན་མྱུ་གུ་དང་རྣམ་པར་ཤེས་པ་ལ་སོགས་པ་ཕྱི་དང་ནང་གི་དངོས་པོ་རྒྱུ་དང་རྐྱེན་ལ་ལྟོས་པ་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཡིན་པ་དེ་ནི་རང་བཞིན་གྱིས་མ་སྐྱེས་པ་ཡིན་ལ། གང་རང་བཞིན་གྱིས་མ་སྐྱེས་པ་དེ་ནི་སྟོང་པ་ཉིད་དུ་བཅོམ་ལྡན་འདས་ཀྱིས་བཤད་དེ། ཇི་སྐད་དུ། མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་གསུངས་སོ། །དེའི་ཕྱིར་སྟོང་པ་ཉིད་དེ་ནི་འཁོར་ལོ་ལ་སོགས་པ་ཤིང་རྟའི་ཡན་ལག་ལ་བརྟེན་ནས་ཤིང་རྟར་འདོགས་པ་ལྟར། རྒྱུ་དང་རྐྱེན་ལ་བརྟེན་ནས་གདགས་པར་རྣམ་པར་བཞག་ལ། གང་བརྟེན་ནས་གདགས་པ་དེ་ནི་རང་བཞིན་གྱིས་མ་སྐྱེས་པ་ཡིན་ཞིང་གང་རང་བཞིན་གྱིས་མ་སྐྱེས་པ་དེ་ནི་སྟོང་པ་ཉིད་ཡིན་ནོ། །གང་རང་བཞིན་གྱིས་མ་སྐྱེས་པའི་མཚན་ཉིད་ཅན་གྱི་སྟོང་པ་དེ་ཉིད་ནི་ཡོད་མེད་ཀྱི་མཐའ་གཉིས་དང་བྲལ་བའི་ཕྱིར་དབུ་མའི་ལམ་དུ་རྣམ་པར་བཞག་སྟེ། དེ་ལྟར་ན་སྟོང་པ་ཉིད་དང་བརྟེན་ནས་གདགས་པ་དང་དབུ་མའི་ལམ་ཞེས་བྱ་བ་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱི་མིང་གི་རྣམ་གྲངས་ཡིན་ནོ། །གང་གི་ཕྱིར་རྟེན་འབྲེལ་གང་ཡིན་སྟོང་ཉིད་ཡིན་པ་དེའི་ཕྱིར། གང་ཕྱིར་རྟེན་འབྱུང་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ལ། །དེ་ཕྱིར་སྟོང་ཉིད་མ་ཡིན་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཇི་སྐད་དུ། བརྒྱ་པ་ལས། གང་ཞིག་གང་ན་ནམ་གྱི་ཚེའང་། །མ་བརྟེན་པར་ནི་ཡོད་ཉིད་མེད། །དེས་ན་ནམ་ཡང་འགའ་ཞིག་ཏུ། །རྟག་པ་འགའ་ཡང་ཡོད་མ་ཡིན། །ཞེས་པ་དང་། མདོ་ལས། མཁས་པས་རྟེན་འབྱུང་ཆོས་རྣམས་རྟོགས་འགྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་ཡོང་མི་བྱེད། །རྒྱུ་དང་བཅས་ཤིང་རྐྱེན་བཅས་ཆོས་ཤེས་ཀྱིས། །རྒྱུ་མེད་རྐྱེན་མེད་ཆོས་ཉིད་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་གང་གི་ཕྱིར་རྟེན་ཅིང་འབྲེལ་འབྱུང་མ་ཡིན་པའི་ཆོས་འགའ་ཡོད་པ་མ་ཡིན་ལ། རྟེན་ཅིང་འབྲེལ་འབྱུང་ཡང་སྟོང་པ་ཡིན་པ་དེའི་ཕྱིར་སྟོང་པ་མ་ཡིན་པའི་ཆོས་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཁོ་བོ་ཅག་ལྟར་ན་རྟེན་འབྲེལ་ཉིད་སྟོང་པ་ཡིན་པ་དེའི་ཕྱིར་གཞན་གྱིས་སྨྲས་པའི་སྐྱོན་དུ་འགྱུར་བ་མ་ཡིན་ནོ། །

གཉིས་པ་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་འཐད་པ་ལ། སྐྱབས་གནས་དཀོན་མཆོག་གསུམ་མི་རུང་བ། བླང་དོར་གྱི་ཡུལ་ཆོས་དང་ཆོས་མིན་མི་རུང་བ་གཉིས་ཀྱི་དང་པོ་ལ། དགེ་འདུན་དང་། ཆོས་དང་། སངས་རྒྱས་མི་འཐད་པ་གསུམ་གྱི། དང་པོ་ལ། མདོར་བསྟན་རྒྱས་བཤད་གཉིས་ཀྱི་དང་པོ་ནི། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ཁྱོད་ཀྱིས་ལྟར་ན། གལ་ཏེ་དངོས་པོ་འདི་ཀུན་མི་སྟོང་ན་རང་བཞིན་གཞན་དུ་འགྱུར་བ་མེད་པའི་ཕྱིར་འབྱུང་བ་མེད་ཅིང་འཇིག་པ་མེད་པར་འགྱུར་ལ། གང་གི་ཚེ་འབྱུང་བ་དང་འཇིག་པ་མེད་པ་དེའི་ཚེ་ངེས་པར། འཕགས་པའི་བདེན་པ་བཞི་པོ་རྣམས། ཁྱོད་ལ་མེད་ཅིང་ཐལ་བར་འགྱུར། །འདི་རྒྱས་པར་བཤད་པ་ལ། དམིགས་ཡུལ་བདེན་བཞི་མི་འཐད་པ་དང་། བདེན་བཞིའི་འབྲས་བུ་མངོན་རྟོགས་མི་འཐད་པ་དང་། མངོན་རྟོགས་ཀྱི་འབྲས་བུ་ཞུགས་གནས་མི་འཐད་པ་དང་གསུམ་གྱི་དང་པོ་ནི། ཅིའི་ཕྱིར་འབྱུང་འཇིག་མེད་ན་འཕགས་པའི་བདེན་པ་བཞི་པོ་མེད་པར་འགྱུར་ཞེ་ན། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན། །སྡུག་བསྔལ་ཡོད་པར་ག་ལ་འགྱུར། །མི་རྟག་སྡུག་བསྔལ་གསུངས་པ་དེ། །རང་བཞིན་ཉིད་ལ་ཡོད་མ་ཡིན། །གང་རང་བཞིན་དང་བཅས་པ་དེ་ནི་རྟེན་ཅིང་འབྲེལ་འབྱུང་མ་ཡིན་ཞིང་། རྟེན་ཅིང་འབྲེལ་འབྱུང་མ་ཡིན་ན་སྡུག་བསྔལ་ཡོད་པར་ག་ལ་འགྱུར་ཏེ། རྟེན་འབྲེལ་མ་ཡིན་པ་ནི་མི་རྟག་པ་མ་ཡིན་ལ། སྡུག་བསྔལ་ཡང་མི་རྟག་པ་ཡིན་པར་ནི་གང་མི་རྟག་པ་དེ་ནི་སྡུག་བསྔལ་ལོ་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་ཤིང་། བརྒྱ་པ་ལས་ཀྱང་། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་གང་ཞིག་མི་རྟག་པ། །དེ་ནི་ཐམས་ཅད་སྡུག་བསྔལ་འགྱུར། །ཞེས་བཤད་པ་ལྟར་གྱི་མི་རྟག་པའི་རང་བཞིན་ཅན་གྱི་སྡུག་བསྔལ་དེ་ནི་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་ཡོད་པ་མ་ཡིན་ཏེ། རང་བཞིན་དང་བཅས་པར་སྨྲ་བ་ལ་སྡུག་བསྔལ་མི་རུང་བ་འབའ་ཞིག་ཏུ་མ་ཟད་ཀྱི་ཀུན་འབྱུང་ཡང་མི་རུང་སྟེ། རང་བཞིན་ལས་ནི་ཡོང་གནས་ཕྱིར། །ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར། །དེ་ཕྱིར་སྟོང་ཉིད་གནོད་བྱེད་ལ། །ཀུན་འབྱུང་ཡོད་པ་མ་ཡིན་ནོ། །འདི་ལས་སྡུག་བསྔལ་ཀུན་འབྱུང་བས་ན། སྡུག་བསྔལ་གྱི་རྒྱུ་ལ་ཀུན་འབྱུང་ཞེས་བྱ་བ་ཡིན་ན། གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་ཡོད་པ་ཡིན་ན། དེ་ཡང་སྐྱེ་བ་དོན་མེད་པའི་ཕྱིར། ཅི་ཞིག་ཀུན་ཏུ་འབྱུང་བར་འགྱུར་ཏེ། དེའི་རྒྱུ་རྟོགས་པ་དོན་མེད་དོ། །དེའི་ཕྱིར་སྟོང་པ་ཉིད་ལ་གནོད་པར་བྱེད་པ་ཁྱོད་ལ་ཀུན་འབྱུང་ཡོད་པ་མ་ཡིན་ནོ། །

སྡུག་བསྔལ་རང་བཞིན་དང་བཅས་པར་ཁས་ལེན་པ་ལ་འགོག་པ་ཡང་མི་རུང་སྟེ། །སྡུག་བསྔལ་རང་བཞིན་གྱིས་ཡོད་ན། །འགོག་པ་ཡོད་པ་མ་ཡིན་ནོ། །རང་བཞིན་ཉིད་ནི་ཡོངས་གནས་ཕྱིར། །འགོག་ལ་གནོད་པ་བྱེད་པ་ཡིན། །གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་ཡོད་ན། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་སྡུག་བསྔལ་འགོག་པ་ཡོད་པ་མ་ཡིན་ཏེ། དེ་ལྟར་ན་རང་བཞིན་ཡོངས་སུ་གནས་པའི་ཕྱིར། རང་བཞིན་ཡོངས་སུ་བཟུང་ནས་ཕྱིར་བཟློག་པར་བྱེད་པ་ནི་སྡུག་བསྔལ་འགོག་པ་ལ་ཡང་གནོད་པ་བྱེད་པ་ཡིན་ནོ། །དེ་བཞིན་དུ་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་འཕགས་པའི་ལམ་ཡང་མི་འཐད་དེ། ལམ་ལ་རང་བཞིན་ཡོད་ན་ནི། །བསྒོམ་པ་འཐད་པར་མི་འགྱུར་རོ། །ཅི་སྟེ་ལམ་དེ་བསྒོམ་བྱ་ན། ཁྱོད་ཀྱི་རང་བཞིན་ཡོད་མ་ཡིན། །གལ་ཏེ་དངོས་པོ་རང་བཞིན་དང་བཅས་པ་ཡིན་ན་དེའི་ཚེ་ལམ་ལ་རང་བཞིན་ཡོད་པ་ཉིད་ཀྱི་ཕྱིར་མ་བསྒོམ་པ་ཉིད་དུ་ཡང་དེ་ཡོད་པས་ལམ་བསྒོམ་པ་འཐད་པ་ཉིད་དུ་མི་འགྱུར་རོ། །ཅི་སྟེ་ལམ་དེ་བསྒོམ་བྱར་ཁས་ལེན་ན་འོ་ན་ཁྱོད་ཀྱི་འཕགས་པའི་ལམ་རང་བཞིན་ཡོད་པ་མ་ཡིན་པར་འགྱུར་ཏེ། བྱ་བ་ཡིན་པའི་ཕྱིར་རོ། །གཞན་ཡང་། གང་ཚེ་སྡུག་བསྔལ་ཀུན་འབྱུང་དང་། །འགོག་པ་ཡོད་པ་མ་ཡིན་ན། །ལམ་གྱིས་སྡུག་བསྔལ་འགོག་པ་ནི། །གང་ཞིག་འཐོབ་པར་འགྱུར་བ་འདོད། །སྡུག་བསྔལ་འགོག་པ་ཐོབ་པར་བྱ་བའི་ཕྱིར་དང་། ཀུན་འབྱུང་སྤང་བར་བྱ་བའི་ཕྱིར་ལམ་བསྒོམ་པ་ཡིན་ན། གང་གི་ཚེ་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ། སྔར་ཇི་ལྟར་བཤད་པའི་ཚུལ་གྱིས་སྡུག་བསྔལ་ཀུན་འབྱུང་དང་འགོག་པ་ཡོད་པ་མ་ཡིན་པ་དེའི་ཚེ་ལམ་གྱིས་སྡུག་བསྔལ་འགོག་པ་གང་ཞིག་ཐོབ་པར་འགྱུར་བར་འདོད་དེ། དེའི་ཕྱིར་ཡང་འཕགས་པའི་ལམ་མི་འཐད་དོ། །གཉིས་པ་ནི། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་སྡུག་བསྔལ་ཡོངས་སུ་ཤེས་པ་ལ་སོགས་པ་ཡང་ཡོད་པ་མ་ཡིན་ཏེ། འདི་ལྟར། གལ་ཏེ་རང་བཞིན་ཉིད་ཀྱིས་ནི། །ཡོངས་སུ་ཤེས་པ་མ་ཡིན་ན། །དེ་ནི་ཇི་ལྟར་ཡོངས་ཤེས་འགྱུར། །རང་བཞིན་གནས་པ་མ་ཡིན་ནམ། །གལ་ཏེ་སྔར་སྡུག་བསྔལ་རང་བཞིན་གྱིས་ཡོངས་སུ་མ་ཤེས་པའི་རང་བཞིན་ཅན་ཡིན་པ་དེ་ནི་ཕྱིས་ཀྱང་ཇི་ལྟར་ཡོངས་སུ་ཤེས་པར་འགྱུར་ཏེ་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། རང་བཞིན་གནས་པ་མ་ཡིན་ནམ་ཏེ་རང་བཞིན་གང་ཡིན་པ་དེ་ནི་མེའི་ཚ་བ་ལྟར་འཇིག་རྟེན་ན་ཡང་དག་པར་གནས་པའི་ཕྱིར་རོ། །དེའི་ཕྱིར་སྡུག་བསྔལ་ཡོངས་སུ་ཤེས་པ་མི་སྲིད་དོ། །དེ་བཞིན་དུ་ནི་ཁྱོད་ཉིད་ནི། །སྤང་དང་མངོན་དུ་བྱ་བ་དང་། །བསྒོམ་༼དང་འབྲས་བུ་བཞི་དག་ཀྱང་། །༽ པའང་། ཡོངས་ཤེས་བཞིན་དུ་མི་རུང་ངོ་ཞེས་སྦྱར་རོ། །སྡུག་བསྔལ་ཡོངས་སུ་ཤེས་པ་མི་སྲིད་པ་དེ་བཞིན་དུ་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ཁྱོད་ཀྱི་ལྟར་ན་ཀུན་འབྱུང་སྤང་བ་དང་འགོག་པ་མངོན་དུ་བྱ་བ་དང་ལམ་བསྒོམ་པ་ཡང་མི་རུང་སྟེ། འདི་ལྟར། ཀུན་འབྱུང་རང་བཞིན་གྱིས་མ་བཀག་པའི་རང་བཞིན་ནི་ཕྱིས་ཀྱང་སྤོང་བ་མི་འཐད་དེ། རང་བཞིན་ལྡོག་པ་མེད་པའི་ཕྱིར་རོ། །མངོན་དུ་བྱ་བ་དང་བསྒོམ་པ་ལ་ཡང་སྦྱོར་རོ། །

གསུམ་པ་ནི། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་ཡོངས་སུ་ཤེས་པ་ལ་སོགས་པ་མི་རུང་བ་འབའ་ཞིག་དུ་མ་ཟད་ཀྱི། འབྲས་བུ་བཞི་དག་ཀྱང་ཡོངས་ཤེས་བཞིན་དུ་མི་རུང་ངོ་། །ཇི་ལྟར་སྡུག་བསྔལ་རང་བཞིན་གྱིས་ཡོངས་སུ་མ་ཤེས་པས་ཡོངས་སུ་ཤེས་པར་མི་རུང་བ་དེ་བཞིན་དུ། རྒྱུན་དུ་ཞུགས་པ་ལ་སོགས་པའི་འབྲས་བུ་བཞི་དག་ཀྱང་སྔར་རང་བཞིན་གྱིས་ཡོད་པ་མ་ཡིན་པ་ཕྱིས་ཡོད་པ་ཡང་མི་རུང་ངོ་། །འབྲས་བུ་བཞི་མི་རུང་བར་མ་ཟད་དེ་དག་ཐོབ་པ་ཡང་མི་རུང་སྟེ། འདི་ལྟར། རང་བཞིན་ཡོངས་སུ་འཛིན་པ་ཡི། །འབྲས་བུ་རང་བཞིན་ཉིད་ཀྱིས་ནི། །ཐོབ་པ་མིན་པ་གང་ཡིན་དེ། །ཇི་ལྟར་ཐོབ་པ་ནུས་པར་འགྱུར། །རང་བཞིན་ཁས་ལེན་པ་ལ་འབྲས་བུ་བཞི་སྔར་རང་བཞིན་གྱིས་ཐོབ་པ་མིན་པ་གང་ཡིན་པ་དེ་ནི་ཕྱིས་ཀྱང་ཇི་ལྟར་ཐོབ་པར་ནུས་པར་འགྱུར་ཏེ། རང་བཞིན་ནི་ལྡོག་པ་མེད་པར་རྣམ་པ་ཐམས་ཅད་དུ་ཡོངས་སུ་འཛིན་པའི་ཕྱིར་རོ། །དེའི་ཕྱིར། འབྲས་བུ་མེད་ན་འབྲས་གནས་མེད། །ཞུགས་པ་དག་ཀྱང་ཡོད་མ་ཡིན། །གལ་ཏེ་སྐྱེས་བུ་གང་ཟག་བརྒྱད། །དེ་དག་མེད་ན་དགེ་འདུན་མེད། །འདིའི་དོན་ནི་སྔར་ཕྱོགས་སྔའི་སྐབས་སུ་བཤད་པ་བཞིན་ཤེས་པར་བྱའོ། །

གཉིས་པ་ཆོས་དཀོན་མཆོག་མི་འཐད་པ་ནི། འཕགས་པའི་བདེན་རྣམས་མེད་པའི་ཕྱིར། །དམ་པའི་ཆོས་ཀྱང་ཡོད་མ་ཡིན། །དེ་ཡང་གོ་བར་ཟད་དོ། །གསུམ་པ་སངས་རྒྱས་དཀོན་མཆོག་མི་འཐད་པ་ལ་དངོས་དང་། སུན་འབྱིན་གྱི་ལམ་གཞན་བསྟན་པ་གཉིས་ཀྱི་དང་པོ་ནི། ཆོས་དང་དགེ་འདུན་ཡོད་མིན་ན། །སངས་རྒྱས་ཡོད་པར་ཇི་ལྟར་འགྱུར། །འདིའི་དོན་ཡང་སྔར་བཤད་ཟིན་ཏོ། །

གཉིས་པ་ནི། གཞན་ཡང་རང་བཞིན་ཁས་ལེན་ན། ཁྱོད་ཀྱི་སངས་རྒྱས་བྱང་ཆུབ་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། ཁྱོད་ཀྱི་བྱང་ཆུབ་སངས་རྒྱས་ལ། །མ་བརྟེན་པར་ཡང་ཐལ་བར་འགྱུར། །གལ་ཏེ་ཁྱོད་ཀྱི་སངས་རྒྱས་ཞེས་བྱ་བ་རང་བཞིན་གྱིས་གྲུབ་པ་འགའ་ཞིག་ཡོད་ན། དེ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཚན་ཉིད་ཅན་གྱི་བྱང་ཆུབ་ལ་མ་བརྟེན་པར་ཡང་ཐལ་བར་འགྱུར་ཏེ། རང་བཞིན་དག་ནི་བཅོས་མིན་དང་། །གཞན་ལ་ལྟོས་པ་མེད་པ་ཡིན། །ཞེས་འབྱུང་བའི་ཕྱིར་རོ། །དེ་བཞིན་དུ་བྱང་ཆུབ་ཀྱང་སངས་རྒྱས་ལ་མ་བརྟེན་པར་ཐལ་བར་འགྱུར་ཏེ། རང་བཞིན་གྱིས་གྲུབ་པའི་ཕྱིར་རོ། ཁྱོད་ཀྱི་རང་བཞིན་ཉིད་ཀྱིས་ནི། །སངས་རྒྱས་མིན་པ་གང་ཡིན་དེས། །བྱང་ཆུབ་སྤྱོད་ལ་བྱང་ཆུབ་ཕྱིར། །བཙལ་ཀྱང་བྱང་ཆུབ་ཐོབ་མི་འགྱུར། ཁྱོད་ཀྱི་ལྟར་ན་སྔར་རང་བཞིན་ཉིད་ཀྱིས་སངས་རྒྱས་མིན་པ་གང་ཡིན་པའི་གང་ཟག་སོ་སོ་སྐྱེ་བོ་དེས། ཕར་ཕྱིན་དྲུག་ལ་སོགས་བྱང་ཆུབ་ཀྱི་སྤྱོད་པ་ལ་བྱང་ཆུབ་ཀྱི་ཕྱིར་བསྐལ་པ་དུ་མར་བཙལ་ཀྱང་བྱང་ཆུབ་ཐོབ་པར་མི་འགྱུར་ཏེ། སངས་རྒྱས་མ་ཡིན་པའི་རང་བཞིན་བཟློག་པར་མི་ནུས་པའི་ཕྱིར་རོ། །

གཉིས་པ་ལ་བཞི་ཡོད་པའི། དང་པོ་སྤང་བླང་ཆོས་དང་ཆོས་མ་ཡིན་པ་མི་རུང་བ་ནི། འགའ་ཡང་ཆོས་དང་ཆོས་མིན་པ། །ནམ་ཡང་བྱེད་པར་མི་འགྱུར་ཏེ། །མི་སྟོང་བ་ལ་ཅི་ཞིག་བྱ། །རང་བཞིན་ལ་ནི་བྱ་བ་མེད། །དངོས་པོ་རང་བཞིན་གྱིས་གྲུབ་པར་ཁས་ལེན་ན་སྲོག་གཅོད་པ་སྤོང་བ་སོགས་ཆོས་དང་། སྲོག་གཅོད་པ་སོགས་ཆོས་མིན་པ་ནམ་ཡང་བྱེད་པར་མི་འགྱུར་ཏེ། མི་སྟོང་ཞིང་རང་བཞིན་གྱིས་གྲུབ་པ་ལ་ཆོས་དང་ཆོས་མིན་ཅི་ཞིག་བྱ་སྟེ། རང་བཞིན་ལ་བྱ་བ་མེད་པའི་ཕྱིར། ཆོས་དང་ཆོས་མིན་མེད་པར་ཡང་། །འབྲས་བུ་ཁྱོད་ལ་ཡོད་པར་འགྱུར། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་ཁྱོད་ལ་ཡོད་མ་ཡིན། །གལ་ཏེ་ཆོས་དང་ཆོས་མ་ཡིན་པའི་འབྲས་བུ་ཡིད་དུ་འོང་མི་འོང་རང་བཞིན་གྱིས་ཡོད་ན་རྒྱུ་ཆོས་དང་ཆོས་མ་ཡིན་པ་མེད་པར་ཡང་དེ་དག་གི་འབྲས་བུ་ཡིད་དུ་འོང་མི་འོང་ཁྱོད་ལ་ཡོད་པར་འགྱུར་རོ། །གང་གི་ཚེ་ཆོས་དང་ཆོས་མ་ཡིན་པ་མེད་པར་འབྲས་བུ་ཡོད་པ་དེའི་ཚེ། ཆོས་དང་ཆོས་མ་ཡིན་པའི་རྒྱུ་ལས་བྱུང་བའི་འབྲས་བུ་ཡིད་དུ་འོང་མི་འོང་ཁྱོད་ལ་ཡོད་པ་མ་ཡིན་ཏེ། འབྲས་བུ་རང་བཞིན་གྱིས་གྲུབ་པ་ལ་ཆོས་དང་ཆོས་མ་ཡིན་པ་རྒྱུར་དོན་མེད་པའི་ཕྱིར་རོ། །ཆོས་དང་ཆོས་མིན་རྒྱུས་བྱུང་བའི། །འབྲས་བུ་གལ་ཏེ་ཁྱོད་ལ་ཡོད། །ཆོས་དང་ཆོས་མིན་ལས་བྱུང་བའི། །འབྲས་བུ་ཅི་ཕྱིར་སྟོང་མ་ཡིན། །གལ་ཏེ་ཆོས་དང་ཆོས་མིན་པའི་རྒྱུ་ལས་བྱུང་བའི་འབྲས་བུ་གལ་ཏེ་ཡོད་ན་དེའི་ཚེ་ཆོས་དང་ཆོས་མིན་པའི་རྒྱུ་ལས་བྱུང་བའི་འབྲས་བུ་ཡིད་དུ་འོང་མི་འོང་དེ་དག་ཅིའི་ཕྱིར་སྟོང་པ་མ་ཡིན་ཏེ། རྟེན་འབྲེལ་ཡིན་པའི་ཕྱིར། གཟུགས་བརྙན་བཞིན་ནོ་སྙམ་དུ་དགོངས་སོ། །གཉིས་པ་འཇིག་རྟེན་བྱ་བྱེད་ཀྱི་ཐ་སྙད་མི་རུང་བ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡི། །སྟོང་པ་ཉིད་ལ་གནོད་བྱེད་གང་། །འཇིག་རྟེན་པ་ཡི་ཐ་སྙད་ནི། །ཀུན་ལ་གནོད་པ་བྱེད་པ་ཡིན། །གལ་ཏེ་དངོས་པོ་རང་བཞིན་དང་བཅས་པར་ཁས་བླངས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་གྱི་སྟོང་པ་ཉིད་ལ་གནོད་པ་བྱེད་ཅིང་སྤོང་བ་གང་ཡིན་པ་དེ་ནི་སོང་ཞིག བྱོས་ཤིག ཆོད་ཅིག ལྷོགས་ཤིག་པ་ལ་སོགས་པ་འཇིག་རྟེན་པའི་ཐ་སྙད་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཅན་ཀུན་ལ་གནོད་པ་བྱེད་པ་ཡིན་ནོ། །གཞན་ཡང་། སྟོང་པ་ཉིད་ལ་གནོད་བྱེད་ན། །བྱ་བ་ཅི་ཡང་མེད་འགྱུར་ཞིང་། །རྩོམ་པ་མེད་པའི་བྱ་བར་འགྱུར། །མི་བྱེད་པར་ཡང་བྱེད་པོར་འགྱུར། །གལ་ཏེ་དངོས་པོ་རང་བཞིན་གྱིས་སྟོང་པ་ཉིད་ལ་གནོད་པ་བྱེད་ཅིང་རང་བཞིན་དང་བཅས་པར་ཁས་བླངས་ན། དེའི་ཚེ་རང་བཞིན་ཡོད་པའི་ཕྱིར་སུས་ཀྱང་བྱ་བ་ཅི་ཡང་མེད་པར་འགྱུར་ཏེ། ནམ་མཁའི་མི་སྒྲིབ་པ་སུས་ཀྱང་མི་བྱེད་པ་བཞིན་ནོ། །ཅི་སྟེ་བྱ་བ་ཡོད་ཅིང་བྱེད་པ་པོ་ཡང་ཡོད་དོ་ཞེ་ན། རྩོམ་པ་མེད་པ་སྟེ་བྱེད་བཞིན་པ་མ་ཡིན་པ་ཡང་བྱ་བར་འགྱུར་ལ། བྱ་བ་མི་བྱེད་པ་ཡང་བྱེད་པ་པོར་འགྱུར་ན་དེ་ལྟར་ཡང་མ་ཡིན་ཏེ། དེའི་ཕྱིར་དངོས་པོ་རྣམས་མི་སྟོང་པ་མ་ཡིན་ནོ། །

གསུམ་པ་འགྲོ་བ་ཐེར་ཟུག་ཏུ་གནས་པར་ཐལ་བ་ནི། རང་བཞིན་ཡོད་ན་འགྲོ་བ་རྣམས། །མ་སྐྱེས་པ་དང་མ་འགགས་དང་། །ཐེར་ཟུག་ཏུ་ནི་གནས་འགྱུར་ཞིང་། །གནས་སྐབས་སྣ་ཚོགས་བྲལ་བར་འགྱུར། །གལ་ཏེ་དངོས་པོ་རྣམས་རང་བཞིན་གྱིས་ཡོད་པར་སྨྲ་ན། རང་བཞིན་བཅོས་མ་མ་ཡིན་པའི་ཕྱིར་དང་། ལྡོག་པ་མེད་པའི་ཕྱིར་ཕྱི་དང་ནང་གི་འགྲོ་བ་རྣམས་མ་སྐྱེས་པ་དང་མ་འགགས་པར་འགྱུར་རོ། །

དེ་ཉིད་ཀྱི་ཕྱིར་འགྲོ་བ་ཐེར་ཟུག་ཏུ་གནས་པར་འགྱུར་རོ། །དེ་ལྟར་ན་རྒྱུ་དང་རྐྱེན་ལ་མི་ལྟོས་པའི་ཕྱིར་ཕྱི་དང་ནང་གི་དངོས་པོ་རྣམས་བྱིས་པ་དང་གཞོན་ནུ་ལ་སོགས་པ་གནས་སྐབས་སྣ་ཚོགས་དང་བྲལ་བར་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། མི་སྟོང་ཅུང་ཟད་ཡོད་ན་རྒྱལ་བ་ཡིས། །འགའ་ཡང་ལུང་སྟོན་མི་གསུང་འགྱུར་མེད་པར། །རང་རང་དངོས་ལ་ཐེར་ཟུག་གནས་དེ་ལ། །འཕེལ་བ་མེད་ཅིང་ཡོངས་སུ་ཉམས་པ་མེད། །ཅེས་གསུངས་པ་དང་། འཕགས་པ་གླང་པོ་རྩལ་ལས་ཀྱང་། གལ་ཏེ་ཆོས་རྣམས་རང་བཞིན་འགའ་ཡོད་ན། །རྒྱལ་བ་ཉན་ཐོས་བཅས་པས་དེ་མཁྱེན་འགྱུར། །ཐེར་ཟུག་ཆོས་རྣམས་མྱ་ངན་འདའ་མི་འགྱུར། །མཁས་པ་ནམ་ཡང་སྤྲོས་པ་མེད་མི་འགྱུར། །ཞེས་གསུངས་པ་ལྟ་བུའོ། །

བཞི་པ་འཇིག་རྟེན་ལས་འདས་པའི་ཐ་སྙད་མི་འཐད་པའི་རིགས་པ་གཞན་བསྟན་པ་ནི། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་འཇིག་རྟེན་པའི་ཐ་སྙད་མི་འཐད་པར་མ་ཟད་འཇིག་རྟེན་ལས་འདས་པའི་ཐ་སྙད་ཀྱང་མི་འཐད་དེ། གལ་ཏེ་སྟོང་པ་ཡོད་མིན་ན། །མ་ཐོབ་འཐོབ་པར་བྱ་བ་དང་། །སྡུག་བསྔལ་མཐར་བྱེད་ལས་དང་ནི། །ཉོན་མོངས་ཐམས་ཅད་སྤོང་བའང་མེད། །གལ་ཏེ་སྟོང་པ་ཡོད་པ་མ་ཡིན་ཞིང་འདི་ཐམས་ཅད་རང་བཞིན་དང་བཅས་པ་ཡིན་ན། དེའི་ཚེ་གང་མ་ཐོབ་པ་དེ་ནི་མ་ཐོབ་པ་ཁོ་ན་ཡིན་པས་འབྲས་བུ་སྔར་མ་ཐོབ་པ་ཕྱིས་ཀྱང་འཐོབ་པར་མི་འགྱུར་རོ། །དེ་བཞིན་དུ་སྔར་སྡུག་བསྔལ་མཐར་མ་ཕྱིན་པ་ཕྱིས་སྡུག་བསྔལ་མཐར་བྱེད་པ་ཡང་མི་འགྱུར་རོ། །སྔར་ཉོན་མོངས་པ་ཐམས་ཅད་མ་སྤངས་པ་ཕྱིས་སྤོང་བ་ཡང་མེད་པར་འགྱུར་རོ། །དེ་ལྟར་ན་དངོས་པོ་རང་བཞིན་དང་བཅས་པར་ཁས་བླངས་པ་ལ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཐ་སྙད་ཐམས་ཅད་མི་རུང་བར་འགྱུར་རོ། །གསུམ་པ་རྟེན་འབྲེལ་རྟོགས་པས་བདེན་པ་མཐོང་བར་བསྟན་པ་ནི། གལ་ཏེ་བདེན་པ་མ་མཐོང་བར་ཡང་ཐར་པ་མི་འཐོབ་ཅིང་དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་ཡང་ཇི་སྐད་བཤད་པའི་ཚུལ་གྱིས་བདེན་པ་ཡོངས་སུ་ཤེས་པ་མེད་ན། འོ་ན་ཇི་ལྟར་བདེན་པའི་དེ་ཁོ་ན་ཉིད་ཡོངས་སུ་ཤེས་པར་འགྱུར་ཞེ་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེས་ནི་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། ལམ་ཉིད་དེ་དག་མཐོང་བ་ཡིན། །གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོང་པ་ཉིད་ཀྱི་མཚན་ཉིད་ཅན་མཐོང་བ་མེད་པའི་ཚུལ་གྱིས་མཐོང་བ་དེས་ནི་སྡུག་བསྔལ་དང་སྡུག་བསྔལ་ཀུན་འབྱུང་བ་དང་། སྡུག་བསྔལ་འགོག་པ་ད ང་། སྡུག་བསྔལ་འགོག་པར་འགྲོ་བའི་ལམ་རྣམས་དེ་ཁོ་ན་ཉིད་དུ་ཡང་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བ་ཡིན་ནོ། །ཇི་སྐད་དུ། འཕགས་པ་ཆོས་ཐམས་ཅད་འཇུག་པ་མེད་པར་བསྟན་པའི་མདོ་ལས། འཇམ་དཔལ་གང་གིས་ཆོས་ཐམས་ཅད་སྐྱེ་བ་མེད་པར་མཐོང་བ་དེས་ནི་སྡུག་བསྔལ་ཡོངས་སུ་ཤེས་པ་ཡིན་ནོ། །གང་གི་ཆོས་ཐམས་ཅད་མེད་པ་ཉིད་དུ་མཐོང་བ་དེས་ནི་ཀུན་འབྱུང་སྤངས་པ་ཡིན་ནོ། །གང་གིས་ཆོས་ཐམས་ཅད་ཤིན་ཏུ་མྱ་ངན་ལས་འདས་པར་མཐོང་བ་དེས་ནི་འགོག་པ་མངོན་དུ་བྱས་པ་ཡིན་ནོ། །འཇམ་དཔལ་གང་གིས་ཆོས་ཐམས་ཅད་དངོས་པོ་མེད་པར་མཐོང་བ་དེས་ནི་ལམ་བསྒོམ་པ་ཡིན་ནོ་ཞེས་རྒྱ་ཆེར་གསུངས་པ་ལྟ་བུའོ། །དབུ་མ་རྩ་བའི་ཤེས་རབ་ལས་འཕགས་པའི་བདེན་པ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་བཞི་པའི་འགྲེལ་པའོ།། །།

ལེའུ་ཉེར་ལྔ་པའི་རྣམ་བཤད།

གཉིས་པ་ཐོབ་བྱ་མྱང་འདས་ལ་རྩོད་པ་སྤང་བ་ལ། ཕྱོགས་སྔ་འགོད་པ་དང་། དེ་དགག་པ་གཉིས་ཀྱི་དང་པོ་ནི། གལ་ཏེ་འདི་དག་ཀུན་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགག་པ་ལས། །མྱ་ངན་འདའ་བར་འགྱུར་བར་འདོད། །འདི་ན་བཅོམ་ལྡན་འདས་ཀྱིས་གང་ཟག་དེ་བཞིན་གཤེགས་པའི་བསྟན་པ་ལ་ཞུགས་ནས་ཚངས་པར་སྤྱོད་པ་བསྟེན་ཅིང་ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་རྣམས་ལ་མྱ་ངན་ལས་འདས་པ་རྣམ་པ་གཉིས་བསྟན་ཏེ། ཕུང་པོ་ལྷག་མ་དང་བཅས་པ་དང་། ཕུང་པོ་ལྷག་མ་མེད་པའོ། །དང་པོ་ནི། ཇི་ལྟར་ཆོམ་རྐུན་པའི་ཚོགས་མ་ལུས་པ་བསད་ནས་གྲོང་ཙམ་ལུས་པ་ལྟར་འཇིག་ཚོགས་ལ་ལྟ་བ་ལ་སོགས་པའི་ཉོན་མོངས་པའི་ཆོམ་རྐུན་མ་ལུས་པ་བཅོམ་ནས་རྟེན་ཕུང་པོ་ཙམ་ལུས་པ་ལ་འདོད་དོ། །གཉིས་པ་ནི། ཇི་ལྟར་ཆོམ་རྐུན་པའི་ཚོགས་བསད་ཅིང་གྲོང་ཡང་བཤིགས་པ་ལྟར་མྱ་ངན་ལས་འདས་པ་གང་ལ་ཕུང་པོ་ཡང་མ་ལུས་པར་འགགས་པ་ལ་འདོད་དོ། །ཇི་སྐད་དུ། གང་ན་ལུས་ཞིག་ཚོར་བ་འགགས། །འདུ་ཤེས་ཐམས་ཅད་བྲལ་གྱུར་ཅིང་། །འདུ་བྱེད་ཉེ་བར་ཞི་བ་དང་། །རྣམ་པར་ཤེས་པ་ནུབ་གྱུར་པ། །ཞེས་དང་། མ་ཞུམ་པ་ཡི་ལུས་ཀྱིས་ནི། །ཚོར་བ་དང་དུ་ལེན་པ་ན། །དེ་ཡི་སེམས་ནི་རྣམ་པར་གྲོལ། །མར་མེ་ཤི་བར་གྱུར་པ་བཞིན། །ཞེས་བཤད་པ་ལྟར་རོ། །མྱ་ངན་ལས་འདས་པ་རྣམ་པ་གཉིས་པོ་འདི་གལ་ཏེ་ཉོན་མོངས་དང་ཕུང་པོ་འགག་པར་འགྱུར་ན་རིགས་པ་ཡིན་གྱི། གང་གི་ཚེ་དངོས་པོ་འདི་དག་ཀུན་སྟོང་པ་ཡིན་ཞིང་། ཅུང་ཟད་ཀྱང་འབྱུང་བ་མེད་ཅིང་འཇིག་པ་མེད་པ་དེའི་ཚེ་ཉོན་མོངས་པ་དང་ཕུང་པོ་གང་ཞིག་སྤོང་བ་དང་འགག་པ་ལས་མྱ་ངན་ལས་འདས་པར་འགྱུར་བར་འདོད། དེའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱི་ཡོད་དོ་ཞེས་ཟེར་རོ། །

གཉིས་པ་དགག་པ་ལ་ཀླན་ཀ་རང་ལ་འཇུག་པར་བསྟན། མྱ་ངན་འདས་པའི་རང་བཞིན་བརྗོད། མྱང་འདས་ལ་མཐར་འཛིན་དགག དེ་བཞིན་གཤེགས་ལ་མཐར་འཛིན་དགག འཁོར་འདས་མཉམ་པ་ཉིད་དུ་བསྟན། མྱང་འདས་བཀག་པའི་རྩོད་པ་སྤོང་བ་དང་དྲུག་གི དང་པོ་ནི། གལ་ཏེ་འདི་ཀུན་མི་སྟོང་ན། །འབྱུང་བ་མེད་ཅིང་འཇིག་པ་མེད། །གང་ཞིག་སྤོང་དང་འགགས་པ་ལས། །མྱ་ངན་འདས་པར་འགྱུར་བར་འདོད། །གལ་ཏེ་ཉོན་མོངས་དང་ཕུང་པོ་ལོག་པ་ལས་མྱ་ངན་ལས་འདའ་བར་འདོད་ཅིང་། དངོས་པོ་འདི་དག་ཀུན་ཀྱང་མི་སྟོང་ཞིང་རང་བཞིན་གྱི་གྲུབ་པར་འདོད་ན། དེའི་ཚེ་རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་ཅུང་ཟད་ཀྱང་འབྱུང་བ་མེད་ཅིང་འཇིག་པ་མེད་པས་ཉོན་མོངས་པ་དང་ཕུང་པོ་གང་ཞིག་སྤོང་བ་དང་འགག་པ་ལས་མྱ་ངན་ལས་འདའ་བར་འགྱུར་བར་འདོད། དེའི་ཕྱིར་རང་བཞིན་དང་བཅས་པར་སྨྲ་བ་ལ་མྱ་ངན་ལས་འདའ་བར་འགྱུར་བ་མི་འཐད་དོ། །གང་ལས་ཉེས་པ་འདིར་འགྱུར་བ་སྟོང་པ་ཉིད་དུ་སྨྲ་བ་རྣམས་ནི་མྱ་ངན་ལས་འདས་པ་ཉོན་མོངས་པའམ་ཕུང་པོ་ལོག་པའི་མཚན་ཉིད་ཅན་མི་འདོད་དེ། དེའི་ཕྱིར་ཁོ་བོ་ཅག་ལ་ཀླན་ཀ་འདིར་མི་འགྱུར་རོ། །གཉིས་པ་ནི། སྟོང་པ་ཉིད་སྨྲ་བ་རྣམས་མྱ་ངན་ལས་འདས་པ་ཉོན་མོངས་པའམ་ཕུང་པོ་ལོག་པའི་མཚན་ཉིད་ཅན་མི་འདོད་ན། མཚན་ཉིད་ཇི་ལྟ་བུ་དང་ལྡན་པ་ཞིག་འདོད་ཅེ་ན། སྤངས་པ་མེད་པ་ཐོབ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འགག་པ་མེད་པ་སྐྱེ་མེད་པ། །དེ་ནི་མྱ་ངན་འདས་པར་བརྗོད། །གང་ཞིག་འདོད་ཆགས་ལ་སོགས་པ་ལྟར་སྤངས་པ་མེད་ཅིང་། དགེ་སྦྱོང་གི་འབྲས་བུ་ལྟར་ཐོབ་པ་མེད་པ་ཕུང་པོ་ལྟར་ཆད་པ་མེད་ལ་གང་ཡང་མི་སྟོང་པ་ལྟར་རྟག་པ་ཡང་མེད་ཅིང་། རང་བཞིན་གྱིས་འགག་པ་མེད་པ་སྐྱེ་བ་མེད་པ་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བའི་མཚན་ཉིད་ཅན་གྱི་སྟོང་པ་ཉིད་དེ་ནི་མྱ་ངན་ལས་འདས་པར་བརྗོད་དེ། འདིར་སྡུག་བསྔལ་མ་ལུས་པ་གཏན་འགོག་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པ་དེ་ལྟ་བུ་དེ་ལ་ཉོན་མོངས་དང་ཕུང་པོ་གང་སྤངས་ཤིང་འགགས་པས་དེ་འཐོབ་པར་འགྱུར་བ་ཉོན་མོངས་དང་ཕུང་པོའི་རྣམ་རྟོག་ག་ལ་ཡོད། ཇི་སྲིད་དུ་རྟོག་པ་འདི་དག་ཡོད་པ་དེ་སྲིད་དུ་མྱ་ངན་ལས་འདས་པ་ཐོབ་པ་མ་ཡིན་ཏེ། གང་གི་ཚེ་རྣལ་འབྱོར་པའི་སེམས་སྤྲོས་པ་ཐམས་ཅད་ཟད་དེ་སྐྱེ་བ་མེད་པའི་ངང་དུ་གྱུར་པ་དེའི་ཚེ་མྱང་འདས་ཐོབ་ཅེས་ཐ་སྙད་བྱེད་པའི་ཕྱིར་རོ། །ཇི་སྐད་དུ། རིན་ཆེན་ཕྲེང་བ་ལས། མྱ་ངན་འདས་པ་དངོས་མེད་པའང་། །མིན་ན་དེ་དངོས་ག་ལ་ཡིན། །དངོས་དང་དངོས་པོ་མེད་འཛིན་པ། །ཟད་པ་མྱ་ངན་འདས་ཞེས་བྱ། །ཞེས་བཤད་དོ། །གསུམ་པ་ལ་གང་དག་མྱ་ངན་ལས་འདས་པའི་ཀུན་རྟོག་ཉེ་བར་མ་ཞི་བའི་ངོ་བོ་མ་རྟོགས་ཤིང་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་དང་། གཉིས་ཀ་དང་གཉིས་ཀ་མ་ཡིན་པར་རྟོག་པ་དེ་དག་རིམ་པར་འགགས་པ་དང་། བཞིའི་དང་པོ། མྱང་འདས་འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་ནི་མྱ་ངན་ལས་འདས་པ་རྫས་སུ་ཡོད་པ་དང་། རྟག་པ་དང་རྟག་པའི་བདག་ཉིད་དུ་འདོད། མདོ་སྡེ་པ་དང་གོས་དམར་སྡེ་པ་དག་ནི་ཕུང་པོ་མེད་པ་ཙམ་སྟེ་མར་མེ་ཤི་བར་གྱུར་པ་ལྟར། །དེའི་སེམས་ནི་རྣམ་པར་ཐར་ཞེས་བརྗོད་དོ། །གནས་མ་བུའི་སྡེ་པ་དག་ནི་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀའི་བདག་ཉིད་དེ། གང་གི་ཕྱིར་མྱ་ངན་ལས་འདས་པ་ནི་ལུས་དང་དབང་པོ་དང་བློ་མེད་པའི་ཕྱིར་དངོས་པོ་མེད་པ་ཡིན་ལ་རྟེན་གྱི་བདེ་བ་བློ་དང་ལྡན་པའི་ཕྱིར་དངོས་པོ་ཡིན་ནོ་ཞེས་ཟེར་རོ། །དེ་ལ་དངོས་པོ་དང་དངོས་པོ་མེད་པ་བཀག་པས་གཉིས་ཀའི་བདག་ཉིད་ཀྱང་དགག་པར་བྱས་པར་འགྱུར་བས། དེའི་ཕྱིར་རེ་ཤིག་དང་པོར། དངོས་པོ་ཡིན་པ་དགག་པ་ནི། འདིར་བྱེ་བྲག་སྨྲ་བ་ལ་སོགས་པ་མྱང་འདས་དངོས་པོར་ཞེན་པ་ཁ་ཅིག་ན་རེ། མྱ་ངན་ལས་འདས་པ་ལས་དང་ཉོན་མོངས་པ་དང་སྐྱེ་བའི་རྒྱུན་འགོག་པར་བྱེད་པ་ཆུའི་རྒྱུན་འགོག་པའི་ཆུ་ལོན་དང་འདྲ་བ་དངོས་པོའི་བདག་ཉིད་ཡིན་ཏེ། ཡོད་པ་མ་ཡིན་པ་ནི་དེ་ལྟར་བྱ་བ་བྱེད་པར་མ་མཐོང་བའི་ཕྱིར་རོ་ཞེས་ཟེར་རོ། །དེ་ལ་བརྗོད་པ། རེ་ཤིག་མྱ་ངན་འདས་དངོས་མིན། །རྒ་ཤིའི་མཚན་ཉིད་ཐལ་བར་འགྱུར། །རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ནོ། །རེ་ཤིག་མྱ་ངན་ལས་འདས་པ་དངོས་པོར་རིགས་པ་མིན་ཏེ། རྒ་ཤིའི་མཚན་ཉིད་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་ཏེ། དངོས་པོ་ནི་རྒ་ཤིའི་མཚན་ཉིད་ལ་མི་འཁྲུལ་བའི་ཕྱིར་རོ། །དེའི་ཕྱིར་མྱ་ངན་ལས་འདས་པར་ཡང་མི་འགྱུར་ཏེ། རྒ་ཤིའི་མཚན་ཉིད་ཅན་ཡིན་པའི་ཕྱིར། རྣམ་ཤེས་ལ་སོགས་པ་བཞིན་ནོ་སྙམ་དུ་དགོངས་སོ། །ཅིའི་ཕྱིར་དངོས་པོ་རྒ་ཤི་ལ་མི་འཁྲུལ་ཞེ་ན། རྒ་དང་འཆི་བ་མེད་པ་ཡི། །དངོས་པོ་ཡོད་པ་མ་ཡིན་ཏེ། །རྒ་ཤི་དང་བྲལ་བ་ནི་ནམ་མཁའི་མེ་ཏོག་ལྟར་དངོས་པོར་མི་རུང་བའི་ཕྱིར་རོ། །

གཞན་ཡང་། གལ་ཏེ་མྱ་ངན་དངོས་ན། །མྱ་ངན་འདས་པ་འདུས་བྱས་འགྱུར། །དངོས་པོ་འདུས་བྱས་མ་ཡིན་པ། །འགའ་ཡང་གང་ནའང་ཡོད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་དེའི་ཚེ་མྱ་ངན་ལས་འདས་པ་འདུས་བྱས་སུ་འགྱུར་ཏེ། དངོས་པོ་ཡིན་པའི་ཕྱིར་རྣམ་པར་ཤེས་པ་བཞིན་ནོ། །འདུས་བྱས་མ་ཡིན་པའི་ཕྱི་དང་ནང་གི་དངོས་པོ་ནི་འགའ་ཡང་ཡུལ་དང་དུས་དང་གྲུབ་པའི་མཐའ་གང་ན་ཡང་ཡོད་པ་མ་ཡིན་ནོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་དངོས་ན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །དངོས་པོ་བརྟེན་ནས་མ་ཡིན་པ། །འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་ཁྱོད་ཀྱི་ལུགས་ཀྱི་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན། ཇི་ལྟར་མྱ་ངན་ལས་འདས་པ་རྒྱུ་རྐྱེན་ཚོགས་པ་ལ་བརྟེན་པ་མིན་ཏེ། རང་གི་རྒྱུ་ཚོགས་ལ་བརྟེན་པར་འགྱུར་ཏེ། དངོས་པོ་ཡིན་པའི་ཕྱིར། རྣམ་པར་ཤེས་པ་བཞིན། དངོས་པོ་རང་གི་རྒྱུ་ཚོགས་ལ་བརྟེན་ནས་འབྱུང་བ་མ་ཡིན་པ་ནི་འགའ་ཡང་ཡོད་པ་མ་ཡིན་ནོ། །གཉིས་པ་མྱང་འདས་དངོས་མེད་ཡིན་པ་དགག་པ་ལ་དངོས་དང་ཞར་བྱུང་གཉིས་ཀྱི་དང་པོ་ནི། མདོ་སྡེ་པ་ལ་སོགས་པ་ཁ་ཅིག་ན་རེ། ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་མོད། ཉོན་མོངས་པ་དང་སྐྱེ་བ་ལ་སོགས་པའི་རང་བཞིན་གྱི་དངོས་པོ་མེད་པ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། གལ་ཏེ་མྱ་ངན་འདས་དངོས་མིན། །དངོས་མེད་ཇི་ལྟར་རུང་བར་འགྱུར། །གང་ལ་མྱ་ངན་འདས་དངོས་མིན། །དེ་ལ་དངོས་མེད་ཡོད་མ་ཡིན། །གལ་ཏེ་མྱ་ངན་ལས་འདས་པ་དངོས་མིན་ཏེ་དངོས་པོར་མི་འདོད་ན་དེའི་ཚེ་མྱ་ངན་ལས་འདས་པ་དངོས་མེད་དུ་ཡང་ཇི་ལྟར་རུང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། དངོས་པོའི་རང་བཞིན་བཏང་ནས་གཞན་དུ་འགྱུར་བ་ལ་དངོས་མེད་ཅེས་བསྙད་ན། བསྟན་ཟིན་པའི་ཉེས་པས་ཕྱོགས་གང་ལ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་པའི་ཕྱོགས་དེ་ལ་མྱ་ངན་ལས་འདས་པ་དངོས་པོ་མེད་པ་ཡང་མ་ཡིན་ཏེ། དངོས་པོའི་རང་བཞིན་དུ་མ་གྲུབ་པའི་ངོ་བོ་ལ་དངོས་པོ་མེད་པའི་ངོ་བོ་ཉིད་མི་འཐད་པའི་ཕྱིར་རོ་སྙམ་དུ་དགོངས་པ་ཡིན་ཏེ། གལ་ཏེ་དངོས་པོ་མ་གྲུབ་ན། །ཞེས་པས་སོ། །གང་ལ་མྱ་ངན་ལས་འདས་པ་དངོས་པོ་མིན་པ་དེ་ལ་དངོས་པོ་གཞན་དུ་འགྱུར་བའི་དངོས་མེད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་དངོས་མིན། །ཇི་ལྟར་མྱང་འདས་དེ་བརྟེན་མིན། །གང་ཞིག་བརྟེན་ནས་མ་ཡིན་པའི། །དངོས་མེད་ཡོད་པ་མ་ཡིན་ནོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་མིན་ཏེ་དངོས་པོ་མེད་པ་ཡིན་ན། དངོས་པོ་འཇིག་པའི་མཚན་ཉིད་ཅན་གྱི་མི་རྟག་པ་ནི་དངོས་པོ་མེད་པ་ཡིན་ལ། དེ་ཡང་དངོས་པོ་ལ་བརྟེན་ནས་འདོགས་པ་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་མེད་ཡིན་ན། ཇི་ལྟར་མྱ་ངན་ལས་འདས་པ་བརྟེན་ནས་མ་ཡིན་པར་འགྱུར། དེ་ནི་བརྟེན་ནས་ཁོ་ན་ཡིན་ཏེ། དངོས་མེད་ཡིན་པའི་ཕྱིར་འཇིག་པ་བཞིན་ནོ། །ཅིའི་ཕྱིར་དངོས་པོ་མེད་པ་བརྟེན་ནས་ཡིན་ཞེ་ན། གང་ཞིག་དངོས་པོ་ལ་བརྟེན་ནས་མ་ཡིན་པའི་མི་རྟག་པའི་རང་བཞིན་གྱི་དངོས་པོ་མེད་པ་ཡོད་པ་མ་ཡིན་པའི་ཕྱིར་རོ། །

གལ་ཏེ་དངོས་པོ་ལ་བརྟེན་ནས་དངོས་མེད་འདོགས་ན་གང་ལ་བརྟེན་ནས་མོ་གཤམ་གྱི་བུ་ལ་སོགས་པ་དངོས་པོ་མེད་པར་འགྱུར་ཞེ་ན། མོ་གཤམ་གྱི་བུ་ལ་སོགས་པ་ནི་དངོས་པོ་མེད་པ་ཉིད་དུ་འཇིག་རྟེན་ན་མ་གྲགས་ཏེ། དངོས་པོའི་ངོ་བོ་ཉིད་མ་གྲུབ་པའི་ཕྱིར་རོ། །ཇི་སྐད་དུ། གལ་ཏེ་དངོས་པོ་མ་གྲུབ་ན། །དངོས་མེད་འགྲུབ་པར་མི་འགྱུར་རོ། །དངོས་པོ་གཞན་དུ་འགྱུར་བ་ནི། །དངོས་མེད་ཡིན་ཞེས་སྐྱེ་བོ་སྨྲ། །ཞེས་བཤད་ཟིན་ཏོ། །དེའི་ཕྱིར་མོ་གཤམ་གྱི་བུ་ཞེས་བྱ་བ་འདི་ནི་སྒྲ་ཙམ་དུ་ཟད་ཀྱི། དོན་གང་ཞིག་དངོས་པོའམ་དངོས་པོ་མེད་པར་འགྱུར་བ་དོན་ཅི་ཡང་མ་དམིགས་སོ། །ནམ་མཁའ་ལ་སོགས་པའང་དེ་བཞིན་དུ་ཤེས་པར་བྱའོ། །སྐབས་འགར་དེ་དག་ལ་དངོས་པོ་མེད་པ་ཞེས་འབྱུང་བ་ནི། ཡང་གང་དུ། ནམ་མཁའ་རི་བོང་རྭ་དག་དང་། །མོ་གཤམ་གྱི་ནི་བུ་དག་ཀྱང་། །མེད་བཞིན་ཚིག་ཏུ་བརྗོད་པ་ལྟར། །དངོས་པོ་རྟོག་པའང་དེ་བཞིན་ནོ། །ཞེས་གསུངས་པ་དེ་ཡང་དངོས་པོའི་རྟོག་པ་བཀག་པ་ཙམ་ཡིན་གྱི་དངོས་པོ་མེད་པའི་རྟོག་པ་མི་འཇུག་གོ །གཉིས་པ་ནི། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མ་ཡིན་ཞིང་དངོས་པོ་མེད་པ་ཡང་མ་ཡིན་ན། འོ་ན་གང་ཡིན་ཞེ་ན། འོང་བ་དང་ནི་འགྲོ་བའི་དངོས། །བརྟེན་ནམ་རྒྱུར་བྱས་གང་ཡིན་པ། །དེ་ནི་བརྟེན་མིན་རྒྱུར་བྱས་མིན། །མྱ་ངན་འདས་པ་ཡིན་པར་བསྟན། །སྔ་མ་ནས་འདིར་འོང་བ་དང་འདི་ནས་ཕྱི་མར་འགྲོ་བ་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་དངོས་པོ་འདུ་བྱེད་དམ་གང་ཟག་གམ་རིང་པོ་དང་ཐུང་ངུ་ལྟར་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་འདོགས་སམ། མར་མེའི་འོད་བཞིན་དུ་རྒྱུར་བྱས་ནས་འདོགས་ཀྱང་རུང་སྟེ། སྐྱེ་བ་དང་འཆི་བའི་རྒྱུན་གང་ཡིན་པ་དེ་ནི་གང་དུ་བརྟེན་ནས་ཀྱང་འཇུག་པ་མིན་ཞིང་། རྒྱུར་བྱས་ནས་ཀྱང་འཇུག་པ་མིན་པ་དེ་ནི་མྱ་ངན་ལས་འདས་པ་ཡིན་པར་བསྟན་ཏོ། །སྐྱེ་འཆིའི་རྒྱུན་མི་འཇུག་པ་ཙམ་ནི་དངོས་པོའམ་དངོས་པོ་མེད་པར་བརྟགས་པར་མི་ནུས་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དངོས་པོ་དང་དངོས་པོ་མེད་པ་མ་ཡིན་ནོ། །

གཞན་ཡང་། འབྱུང་བ་དང་ནི་འཇིག་པ་དག །སྤང་བར་སྟོན་པས་བཀའ་བསྩལ་ཏོ། །དེ་ཕྱིར་མྱ་ངན་འདས་པ་ནི། །དངོས་མིན་དངོས་མེད་མིན་པར་རིགས། །མདོ་ལས། དགེ་སློང་གང་དག་འབྱུང་བའམ་འཇིག་པས་སྲིད་པ་ལས་ངེས་པར་འབྱུང་བ་ཚོལ་བ་དེ་ནི་དེ་དག་གི་ཡོངས་སུ་མི་ཤེས་པ་ཡིན་ནོ། །ཞེས་འབྱུང་བ་དང་འཇིག་པ་དག་གཉིས་ཀ་སྤང་བར་སྟོན་པས་བཀའ་བསྩལ་ཞིང་། གལ་ཏེ་མྱ་ངན་ལས་འདས་པ་དངོས་པོའམ་དངོས་པོ་མེད་པའི་རང་བཞིན་ཡིན་ན་དེ་ཡང་སྤང་བྱ་ཁོ་ནར་འགྱུར་ན། དེ་ནི་སྤང་བྱ་ཡང་མ་ཡིན་ཏེ། དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དངོས་པོ་མིན་ཞིང་། དངོས་པོ་མེད་པའི་རང་བཞིན་ཡང་མིན་པར་རིགས་སོ། །

གསུམ་པ་མྱ་ངན་ལས་འདས་པ་གཉིས་ཡིན་གྱི་ཕུང་གསུམ་དགག་པ་ནི། སྡེ་པ་གང་གི་ལྟར་ན། ཉོན་མོངས་དང་སྐྱེ་བ་གཉིས་དེ་ལ་མེད་པས་མྱང་འདས་དངོས་པོ་མེད་པའི་རང་བཞིན་ཡིན་ལ་རང་ཉིད་དངོས་པོའི་ངོ་བོ་ཡིན་པས་དངོས་པོའི་རང་བཞིན་ཡང་ཡིན་ནོ་ཞེས་སྨྲ་བ་དེ་དག་གི་ལྟར་ན་ཡང་མི་འཐད་དེ། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །དངོས་དང་དངོས་པོ་མེད་པ་དག །ཐར་པར་འགྱུར་ན་དེ་མི་རིགས། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀའི་རང་བཞིན་ཡིན་ན་དེའི་ཚེ་འདུ་བྱེད་རྣམས་ཀྱི་བདག་ཉིད་ཐོབ་པའི་དངོས་པོ་དང་། དེ་དང་བྲལ་བའི་དངོས་པོ་མེད་པ་ཐམས་ཅད་ཐར་པར་འགྱུར་ན། འདུ་བྱེད་རྣམས་ཐར་རོ་ཞེས་པ་ཡང་མི་འཐད་པས་དེའི་ཕྱིར་དེ་ནི་མི་རིགས་སོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །༼དངོས་དག་དངོས་པོ་མེད་པ་དག །ཐར་བར་འགྱུར་ན་དེ་མི་རིགས། །གལ་ཏེ་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ན། །རྩ་ཚིག་འདི་རྣམས་ཆད།༽མྱ་ངན་འདས་པ་མ་བརྟེན་མིན། །དེ་གཉིས་བརྟེན་ནས་ཡིན་ཕྱིར་རོ། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་མེད་གཉིས་ཀའི་རང་བཞིན་ཡིན་ན། དེའི་ཚེ་མྱ་ངན་ལས་འདས་པ་རྒྱུ་དང་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་ཡིན་གྱི། མ་བརྟེན་པར་མིན་ཏེ། དེ་གཉིས་ནི་བརྟེན་ནས་ཡིན་པའི་ཕྱིར་ཏེ། དངོས་པོ་ལ་བརྟེན་ནས་དངོས་མེད་ཡིན་ཞིང་དངོས་མེད་ལ་བརྟེན་ནས་དངོས་པོ་ཡིན་པའི་ཕྱིར་རོ། །གཞན་ཡང་། ཇི་ལྟར་མྱ་ངན་འདས་པ་ནི། །དངོས་དང་དངོས་མེད་གཉིས་ཡིན་ཏེ། །མྱ་ངན་འདས་པ་འདུས་མ་བྱས། །དངོས་དང་དངོས་མེད་འདུས་བྱས་ཡིན། །ཇི་ལྟར་མྱ་ངན་ལས་འདས་པ་དངོས་དང་དངོས་མེད་གཉིས་ཡིན་ཏེ། མ་ཡིན་པར་འགྱུར་རོ། །

ཅིའི་ཕྱིར་ཞེ་ན། མྱ་ངན་ལས་འདས་པ་ནི་འདུས་མ་བྱས་སུ་འདོད་ལ། དངོས་པོ་དང་དངོས་མེད་ནི་འདུས་བྱས་ཡིན་པའི་ཕྱིར་ཏེ། འདི་ལྟར། དངོས་པོ་ནི་རང་གི་རྒྱུ་དང་རྐྱེན་གྱི་ཚོགས་པ་ལས་བྱུང་བའི་ཕྱིར་དང་། དངོས་པོ་མེད་པ་ཡང་དངོས་པོ་ལ་བརྟེན་ནས་འབྱུང་བའི་ཕྱིར་དང་། སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་པོ་མེད་པར་མི་རིགས་སོ། །ཅི་སྟེ་མྱ་ངན་ལས་འདས་པ་དངོས་པོ་དང་དངོས་མེད་མ་ཡིན་གྱི། འོན་ཀྱང་དེ་ལ་དངོས་པོ་དང་དངོས་པོ་མེད་པ་དག་ཡོད་དོ་སྙམ་ན། དེ་ཡང་མི་རིགས་ཏེ། ཇི་ལྟར་མྱ་ངན་འདས་པ་ལ། །དངོས་དང་དངོས་མེད་གཉིས་ཡོད་དེ། །ཇི་ལྟར་མྱ་ངན་ལས་འདས་པ་གཅིག་ལ་དངོས་པོ་དང་དངོས་པོ་མེད་པ་འགལ་བ་གཉིས་ཡོད་དེ། ཡོད་པ་མ་ཡིན་ནོ་སྙམ་དུ་དགོངས་སོ། །ཅིའི་ཕྱིར་ཞེ་ན། དེ་གཉིས་གཅིག་ལ་ཡོད་མིན་ཏེ། །སྣང་བ་དང་ནི་མུན་པ་བཞིན། །དངོས་པོ་དང་དངོས་པོ་མེད་པ་གཉིས་མྱ་ངན་ལས་འདས་པ་གཅིག་ལ་ཡོད་པ་མ་ཡིན་ཏེ། ཁྱིམ་གཅིག་ཏུ་དུས་གཅིག་གི་ཚེ་སྣང་བ་དང་མུན་པ་འགལ་བ་གཉིས་ཡོད་པ་མ་ཡིན་པ་བཞིན་ནོ། །

བཞི་པ་གཉིས་མིན་གྱི་ཕུང་གསུམ་དགག་པ་ནི། དངོས་མིན་དངོས་པོ་མེད་མིན་པ། །མྱ་ངན་འདས་པར་གང་སྟོན་པ། །དངོས་པོ་མེད་དང་དངོས་པོ་དག ། གྲུབ་ན་དེ་ནི་གྲུབ་པར་འགྱུར། །མྱ་ངན་ལས་འདས་པ་དངོས་པོ་མིན་ཞིང་དངོས་པོ་མེད་པ་མིན་པར་གང་སྟོན་ཅིང་འདོད་པ་དེ་ཡང་མི་རིགས་ཏེ། གལ་ཏེ་དངོས་པོ་མེད་པ་དང་དངོས་པོ་དག་གྲུབ་ན། དེ་དག་བཀག་པའི་སྒོ་ནས་དངོས་པོ་ཡང་མིན་དངོས་པོ་མེད་པ་ཡང་མིན་པ་དེ་ནི་གྲུབ་པར་འགྱུར་བ་ཞིག་ན། གང་གི་ཚེ་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་ཡོད་པ་མ་ཡིན་པ་དེའི་ཚེ་དེ་བཀག་པ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་འདི་མི་རིགས་སོ། །གཞན་ཡང་། གལ་ཏེ་མྱ་ངན་འདས་པ་ནི། །དངོས་མིན་དངོས་པོ་མེད་མིན་ན། །དངོས་མིན་དངོས་པོ་མེད་པ་མིན། །གང་ཞིག་གིས་ནི་དེ་མངོན་བྱེད། །གལ་ཏེ་མྱ་ངན་ལས་འདས་པ་དངོས་པོ་མིན་ཞིང་དངོས་པོ་མེད་པ་ཡང་མིན་ནོ་ཞེས་རྟོག་ན། ད་ནི་དངོས་པོ་ཡང་མིན་ཞིང་དངོས་པོ་མེད་པ་ཡང་མིན་པའི་རྣམ་པ་དེ་ལྟ་བུའི་མྱ་ངན་ལས་འདས་པ་ཡོད་དོ་ཞེས་རྟོགས་པ་པོ་གང་ཞིག་གིས་མངོན་དུ་བྱེད་ཅིང་མྱ་ངན་ལས་འདས་པ་རྣམ་པ་དེ་ལྟ་བུ་རྟོགས་པ་པོ་འགའ་ཞིག་ཡོད་དམ་འོན་ཏེ་མེད། གལ་ཏེ་ཡོད་ན་མྱ་ངན་ལས་འདས་པར་ཡང་བདག་ཡོད་པར་འགྱུར་ན། འདོད་པ་ཡང་མ་ཡིན་ཏེ། ཉེ་བར་ལེན་པ་མེད་པས་བདག་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་མེད་ན་རྣམ་པ་དེ་ལྟ་བུའི་མྱ་ངན་ལས་འདས་པ་ཡོད་པར་གང་གིས་གཅོད་པར་བྱེད། གལ་ཏེ་འཁོར་བ་ན་གནས་པས་སོ་ཞེ་ན། ཅི་རྣམ་པར་ཤེས་པས་སམ་འོན་ཏེ་ཡེ་ཤེས་ཀྱིས་ཡོངས་སུ་གཅོད་པར་བྱེད། དང་པོ་མི་རིགས་ཏེ། རྣམ་ཤེས་ནི་མཚན་མ་ལ་དམིགས་པ་ཡིན་ལ། མྱ་ངན་ལས་འདས་པ་ལ་ནི་མཚན་མ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །ཡེ་ཤེས་ཀྱིས་ཀྱང་ཡོངས་སུ་གཅོད་པར་བྱེད་པ་མ་ཡིན་ཏེ། ཡེ་ཤེས་ནི་སྟོང་པ་ཉིད་ལ་དམིགས་པ་ཡིན་དགོས་ལ། དེ་ཡང་སྐྱེ་བ་མེད་པའི་རང་བཞིན་ཡིན་པས་སྤྲོས་པ་ཐམས་ཅད་ལས་འདས་པའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། །

ཇི་སྐད་བཤད་པའི་ཉེས་པ་དེ་ཁྱེད་མྱ་ངན་ལས་འདས་པ་སྤྲོས་པ་དང་བྲལ་བའི་རང་བཞིན་དུ་འདོད་པ་ལ་ཡང་མཚུངས་སོ་ཞེ་ན། ཁོ་བོ་ཅག་ནི་ཡང་དག་པར་མྱ་ངན་ལས་འདས་པ་ཞེས་བྱ་བའི་ཆོས་འགའ་ཡང་ཁས་མི་ལེན་པས་དེ་ལ་རྟོགས་པ་པོ་འགའ་ཡང་མི་འདོད་ལ། ཐ་སྙད་ཙམ་དུ་མཉམ་གཞག་གི་སྟོབས་ཀྱིས་དྲངས་པའི་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་མྱ་ངན་ལས་འདས་པ་ནི་སྤྲོས་པ་ཐམས་ཅད་དང་བྲལ་ཞིང་། ཉེ་བར་ཞི་བའོ་ཞེས་ཡོངས་སུ་གཅོད་པར་བྱེད་པས་ཉེས་པ་མེད་དོ། །བཞི་པ་དེ་བཞིན་གཤེགས་པ་ལ་མཐར་འཛིན་དགག་པ་ནི། ཇི་ལྟར་མྱ་ངན་ལས་འདས་པ་ལ་རྟོག་པ་བཞི་པོ་འདི་དག་མི་འཐད་པ་དེ་བཞིན་དུ་མྱང་འདས་ཐུགས་སུ་ཆུད་པ་པོའི་དེ་བཞིན་གཤེགས་པ་ལ་ཡང་རྟོག་པ་དེ་དག་མི་སྲིད་དེ། བཅོམ་ལྡན་མྱ་ངན་འདས་གྱུར་ནས། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །བཅོམ་ལྡན་མྱ་ངན་ལས་འདས་པར་གྱུར་ན་ཡོད་དོ་ཞེས་སམ་མེད་དོ་ཞེའམ་གཉིས་ཀ་དང་གཉིས་ཀ་མིན་ཞེས་མཐའ་གང་དུ་ཡང་མི་མངོན་ཏེ། སྤྲོས་པ་ཐམས་ཅད་དང་བྲལ་བའི་ཕྱིར་རོ། །བཅོམ་ལྡན་མྱ་ངན་ལས་འདས་ནས་མཐའ་བཞིར་མི་མངོན་པ་འབའ་ཞིག་ཏུ་མ་ཟད་ཀྱི། བཅོམ་ལྡན་བཞུགས་པར་གྱུར་ན་ཡང་། །ཡོད་པར་མི་མངོན་དེ་བཞིན་དུ། །མེད་དོ་ཞེའམ་གཉིས་ཀ་དང་། །གཉིས་མིན་ཞེས་ཀྱང་མི་མངོན་ནོ། །ཇི་ལྟར་མི་མངོན་པ་དེ་ལྟར་ནི་སྔར་དེ་བཞིན་གཤེགས་པ་བརྟག་པར། ཕུང་མིན་ཕུང་པོ་ལས་གཞན་མིན། །དེ་ལ་ཕུང་མེད་དེར་དེ་མེད། །དེ་བཞིན་གཤེགས་པ་ཕུང་ལྡན་མིན། །དེ་བཞིན་གཤེགས་པ་གང་ཞིག་ཡིན། །ཞེས་བཤད་ཟིན་ཏོ། །

ལྔ་པ་འཁོར་འདས་མཉམ་པར་བསྟན་པ་ལ། དངོས་དང་། མཐར་འཛིན་གྱི་ལྟ་བ་གཞན་དགག་པ་གཉིས་ཀྱི། དང་པོ་ནི། འཁོར་བ་མྱ་ངན་འདས་པ་ལས། ཁྱད་པར་ཅུང་ཟད་ཡོད་མ་ཡིན། །མྱ་ངན་འདས་པ་འཁོར་བ་ལས། ཁྱད་པར་ཅུང་ཟད་ཡོད་མ་ཡིན། །གང་གི་ཕྱིར་བཅོམ་ལྡན་འདས་བཞུགས་ན་ཡང་ཡོད་དོ་ཞེས་སོགས་སུ་མི་མངོན་ལ། མྱ་ངན་ལས་འདས་པ་ན་ཡང་ཡོད་དོ་ཞེས་སོགས་སུ་མི་མངོན་པ་དེ་ཉིད་ཀྱི་ཕྱིར་འཁོར་བ་མྱ་ངན་འདས་པ་ལས་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ཞིང་། མྱ་ངན་ལས་འདས་པ་ཡང་འཁོར་བ་ལས་ཁྱད་པར་ཅུང་ཟད་ཡོད་པ་མ་ཡིན་ཏེ། རྣམ་པར་དཔྱད་ན་རང་བཞིན་མཚུངས་པའི་ཕྱིར་རོ། །གང་ཡང་བཅོམ་ལྡན་འདས་ཀྱིས་འདི་སྐད་དུ། དགེ་སློང་དག སྐྱེ་བ་དང་རྒ་ཤིའི་འཁོར་བ་ནི་ཐོག་མ་དང་ཐ་མ་མེད་དོ་ཞེས་གསུངས་པ་དེ་ཡང་འདི་ཉིད་ཀྱི་ཕྱིར་འཐད་པ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པ་གཉིས་ལ་ཁྱད་པར་མེད་པའི་ཕྱིར་རོ། །འདི་ལྟར། མྱ་ངན་འདས་མཐའ་གང་ཡིན་པ། །དེ་ནི་འཁོར་བའི་མཐའ་ཡིན་ཏེ། །དེ་གཉིས་ཁྱད་པར་ཅུང་ཟད་ནི། །ཤིན་ཏུ་ཕྲ་བའང་ཡོད་མ་ཡིན། །སྔར་ཇི་སྐད་བཤད་པའི་ཚུལ་གྱིས་མྱ་ངན་ལས་འདས་པའི་སྔོན་དང་ཕྱི་མའི་མཐའ་མུ་བཞི་དང་བྲལ་བ་གང་ཡིན་པ་དེ་ནི་འཁོར་བའི་སྔོན་དང་ཕྱི་མའི་མཐའ་ཡང་མུ་བཞི་དང་བྲལ་བ་དེ་ཉིད་ཡིན་ཏེ། འཁོར་འདས་དེ་གཉིས་རྣམ་པར་རྟོག་པས་ཐ་དད་དུ་སྒྲོ་བཏགས་པ་ཙམ་མ་གཏོགས་རང་གི་རང་བཞིན་ལ་ཁྱད་པར་ཅུང་ཟད་དམ་ཤིན་ཏུ་ཕྲ་བ་ཡང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གཉིས་པ་ནི། གང་འདས་ཕན་ཆད་མཐའ་སོགས་དང་། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང་། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །མྱ་ངན་ལས་འདས་པ་དང་འཁོར་བ་ལ་ཁྱད་པར་མེད་པའི་ཕྱིར་སྔོན་དང་ཕྱི་མའི་མཐར་རྟོག་པ་མེད་པ་འབའ་ཞིག་ཏུ་མ་ཟད་ཀྱི། གཞན་ཡང་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་ཡོད་དོ་མེད་དོ། །གཉིས་ཀ་ཡིན་ནོ། །གཉིས་ཀ་མ་ཡིན་ནོ་ཞེས་མྱ་ངན་ལས་འདས་པའི་མཐའ་ལ་བརྟེན་པ་བཞི་དང་། འཇིག་རྟེན་མཐའ་དང་ལྡན་སོགས་པས་མི་ལྡན། གཉིས་ཀ་ཡིན། གཉིས་ཀ་མ་ཡིན་ཞེས་པ་ཕྱི་མཐའ་ལ་བརྟེན་པ་བཞི་དང་། འཇིག་རྟེན་རྟག་པ་སོགས་པས་མི་རྟག གཉིས་ཀ་ཡིན། གཉིས་ཀ་མ་ཡིན། ཞེས་པ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་པོ་དག་ཀྱང་ཡོད་པ་མ་ཡིན་ཏེ། འཁོར་འདས་གཉིས་ཀ་ཡང་རང་བཞིན་གྱིས་མུ་བཞི་དང་བྲལ་བའི་ཞི་བ་ཉིད་དུ་རོ་གཅིག་པའི་ཕྱིར་རོ། །དེ་ལ་དང་པོ་བཞི་ནི་མྱ་ངན་ལས་འདས་པ་ལ་མཆོག་ཏུ་འཛིན་པ་ཞུགས་པའི་ཕྱིར་མྱ་ངན་ལས་འདས་པ་ལ་བརྟེན་པ་ཞེས་བྱའོ། །

གཉིས་པ་བཞི་ནི། བདག་དང་འཇིག་རྟེན་ལ་མ་འོངས་པའི་སྐྱེ་བ་མ་མཐོང་བ་དང་མཐོང་བ་དང་། རང་བཞིན་འཇུག་ཅིང་གནས་སྐབས་ལྡོག་པར་མཐོང་བ་དང་། དེ་བཀག་པའི་སྒོ་ནས་སྐྱེ་བ་ཕྱི་མའི་མཐའ་ལ་རྟོག་པར་ཞུགས་པས་ན་ཕྱི་མའི་མཐའ་ལ་བརྟེན་པ་ཞེས་བྱའོ། །གསུམ་པ་བཞི་ནི། བདག་དང་འཇིག་རྟེན་ལས་འདས་པའི་སྐྱེ་བར་མཐོང་བ་དང་། མ་མཐོང་བ་དང་སྔ་མ་ལྟར་མཐོང་བ་དང་། མ་མཐོང་བ་དང་། དེ་བཀག་པའི་སྒོ་ནས་སྐྱེ་བ་སྔ་མའི་ཆ་ལ་རྟོག་པས་ན། སྔོན་གྱི་མཐའ་ལ་བརྟེན་པ་ཞེས་བྱའོ། །ལྟ་བ་འདི་དག་ཇི་ལྟར་རུང་བར་འགྱུར་ཞེ་ན། གལ་ཏེ་དངོས་པོ་འགའ་ལ་རང་བཞིན་ཡོད་ན་ལྟ་བ་འདི་དག་ཡོད་པར་འགྱུར་བ་ཞིག་ན། དངོས་པོ་ཐམས་ཅད་སྟོང་པ་ལ། །མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །མཐའ་དང་མཐའ་མེད་ཅི་ཞིག་ཡིན། །མཐའ་དང་མཐའ་མེད་མིན་པ་ཅི། །དེ་ཉིད་ཅི་ཞིག་གཞན་ཅི་ཡིན། །རྟག་པ་ཅི་ཞིག་མི་རྟག་ཅི། །རྟག་དང་མི་རྟག་གཉིས་ཀ་ཅི། །གཉིས་ཀ་མིན་པའང་ཅི་ཞིག་ཡིན། །གང་གི་ཚེ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པས་འཁོར་བ་དང་མྱང་འདས་ཁྱད་པར་མེད་པ་དེའི་ཚེ། མཐའ་ཡོད་ཅི་ཞིག་ཞེས་པ་ནས། གཉིས་ཀ་མིན་པའི་བར་ཅི་ཞིག་བརྟག་ཏུ་རུང་སྟེ་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་པོ་འདི་དག་དངོས་པོ་རང་བཞིན་གྱིས་སྟོང་པ་ལ་བརྟག་པར་མི་རིགས་ཏེ། ཁྱད་གཞི་མེད་པ་ལ་ཁྱད་པར་གྱི་ཆོས་དཔྱད་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་གང་ཞིག་དངོས་པོའི་རང་བཞིན་སྒྲོ་བཏགས་ནས་ལྟ་བ་འདི་དག་བསྐྱེད་ནས་མངོན་པར་ཞེན་པ་འདིས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འགྲོ་བའི་ལམ་འགོག་ཅིང་། འཁོར་བའི་སྡུག་བསྔལ་ལ་སྦྱོར་བར་བྱེད་དོ་ཞེས་ཤེས་པར་བྱའོ། །

དྲུག་པ་མྱང་འདས་བཀག་པ་ལ་རྩོད་པ་སྤང་བ་ནི། གལ་ཏེ་དེ་ལྟར་ཁྱོད་ཀྱིས་མྱ་ངན་ལས་འདས་པ་ཡང་བཀག་ན། དེ་ལྟར་ན་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་གཞན་དབང་དུ་གྱུར་པས་འཇིག་རྟེན་མྱ་ངན་ལས་འདས་པ་ཐོབ་པར་མཛད་པའི་སླད་དུ། སྤྱོད་པ་རྣམས་ཀྱི་གཉེན་པོར་རྗེས་སུ་མཐུན་པའི་ཆོས་བསྟན་པ་གང་ཡིན་པ་དེ་དོན་མེད་པར་འགྱུར་རོ་ཞེ་ན། དམིགས་པ་ཐམས་ཅད་ཉེར་ཞི་ཞིང་། །སྤྲོས་པ་ཉེར་ཞི་ཞི་བ་སྟེ། །སངས་རྒྱས་ཀྱིས་ནི་གང་དུ་ཡང་། །སུ་ལའང་ཆོས་འགའ་མ་བསྟན་ཏོ། །གལ་ཏེ་ཆོས་ཞེས་བྱ་བའམ། དེའི་ཉན་པ་པོ་སེམས་ཅན་ཞེས་བྱ་བའམ། སྟོན་པ་པོ་འགའ་ཞིག་ཡོད་ན་དེ་ལྟར་འགྱུར་བ་ཞིག་ན། གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་ནམ་མཁའ་ལ་ངང་པའི་རྒྱལ་པོ་དག་རང་གི་གཤོག་པ་བརྡབས་པའི་རླུང་ལ་གནས་པ། ནམ་མཁའ་ཅི་ཡང་མ་ཡིན་པ་ཉིད་ཀྱི་ཕྱིར་རླུང་ནམ་མཁའ་ལ་གནས་པ་ལྟར་མྱ་ངན་ལས་འདས་པ་ཚིག་མི་འཇུག་པས་སྤྲོས་པ་ཉེ་བར་ཞི་བ་ཡིན་ལ། སེམས་མི་འཇུག་པས་ཞི་བའམ་ཉོན་མོངས་པ་མི་འཇུག་པས་སྤྲོས་པ་ཉེར་ཞི་ཡིན་ལ། སྐྱེ་བ་མི་འབྱུང་བས་ཞི་བའི་ངོ་བོ་ལ་མི་གནས་པའི་ཚུལ་གྱིས་གནས་པ་དེའི་ཚེ་དམིགས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་ཞིང་མ་དམིགས་པའི་ཕྱིར་སངས་རྒྱས་རྣམས་ཀྱིས་ལྷའམ་མིའི་ཡུལ་གང་དུ་ཡང་ལྷའམ་མི་སུ་ལ་ཡང་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་འགའ་ཡང་མ་བསྟན་ནོ་ཞེས་བྱ་བར་ཤེས་པར་བྱའོ། །ཇི་སྐད་དུ། འཕགས་པ་དེ་བཞིན་གཤེགས་པ་གསང་བའི་མདོ་ལས། ཞི་བའི་བློ་གྲོས་གང་གི་ནུབ་མོ་དེ་བཞིན་གཤེགས་པས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་པ་དང་། གང་གི་ནུབ་མོ་ལེན་པ་མི་མངའ་བར་མྱ་ངན་ལས་འདས་པར་འགྱུར་བ་དེའི་བར་དུ་དེ་བཞིན་གཤེགས་པས་ཡིག་འབྲུ་གཅིག་ཀྱང་མ་གསུངས་སོ། །གསུང་བར་མི་འགྱུར་རོ། །ཞེས་གསུངས་སོ། །

འོ་ན་ཇི་ལྟར་གསུང་རབ་ཀྱི་ཐ་སྙད་ཤིན་ཏུ་སྣ་ཚོགས་པ་འདི་དག་བྱུང་བར་འགྱུར་ཞེ་ན། བཅོམ་ལྡན་འདས་འདིས་ཁོ་བོ་ཅག་ལ་ཆོས་འདི་དག་བསྟན་ཏོ་ཞེས་བྱ་བ་ནི། ལུས་ཅན་མ་རིག་པའི་གཉིད་དང་ལྡན་ཞིང་། རྨི་ལམ་རྨི་བཞིན་པ་རྣམས་ཀྱིས་རང་གི་རྣམ་པར་རྟོག་པས་སྒྲོ་བཏགས་པ་ཉིད་ཀྱིས་གདུལ་བྱའི་གཞན་སྣང་ཡིན་གྱི། དེ་བཞིན་གཤེགས་པའི་གཟིགས་ངོ་ན་སུ་ལ་ཡང་ཆོས་གང་ཡང་བསྟན་པ་མེད་དོ། །ཇི་སྐད་དུ། དེ་བཞིན་གཤེགས་པ་ཟག་པ་མེད་པ་ཡི། །དགེ་བའི་ཆོས་ཀྱི་གཟུགས་བརྙན་ལྟ་བུ་སྟེ། །འདི་ན་དེ་བཞིན་ཉིད་དང་དེ་བཞིན་གཤེགས་པ་མེད། །འཇིག་རྟེན་ཐམས་ཅད་ཀྱིས་ནི་གཟུགས་བརྙན་མཐོང་། །ཞེས་གསུངས་སོ། །ད ེའི་ཕྱིར་ཆོས་བསྟན་པ་ཡོད་པས། མྱ་ངན་ལས་འདས་པ་ཡོད་པར་ག་ལ་འགྱུར། དེའི་ཕྱིར་མྱ་ངན་ལས་འདས་པ་ཡང་མེད་དོ། །ཞེས་བྱ་བ་གྲུབ་བོ། །བཅོམ་ལྡན་འདས་ཀྱིས་ཀྱང་། མྱ་ངན་འདས་མེད་མྱང་འདས་སུ། །འཇིག་རྟེན་མགོན་གྱིས་བསྟན་པ་སྟེ། །ནམ་མཁའ་མདུད་པ་བོར་བ་ནི། །ནམ་མཁའ་ཉིད་ཀྱིས་བཀྲོལ་བ་ཡིན། །ཞེས་གསུངས་སོ། །དབུ་མ་རྩ་བའི་ཤེས་རབ་ལས་མྱ་ངན་ལས་འདས་པ་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་ལྔ་པའི་འགྲེལ་པའོ།། །།

ལེའུ་ཉེར་དྲུག་པའི་རྣམ་བཤད།

བཞི་པ་སྐྱེ་མེད་ཀྱི་ཁྱད་གཞི་རྟེན་འབྲེལ་གྱི་ངོ་བོ་བསྟན་པ་ལ། རྟེན་འབྲེལ་གྱི་ཡན་ལག་འཇུག་ཚུལ་དང་། རྟེན་འབྲེལ་གྱི་ཡན་ལག་འགག་ཚུལ་གཉིས་ཀྱི་དང་པོ་ནི། འདིར། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །ཅེས་སྟོང་པ་ཉིད་དུ་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་གང་ཞེའམ། ཡང་ན། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །མཐོང་བ་དེས་ནི་སྡུག་བསྔལ་དང་། །ཀུན་འབྱུང་དང་ནི་འགོག་པ་དང་། །ལམ་ཉིད་དེ་དག་མཐོང་བ་ཡིན། །ཞེས་གང་མཐོང་བས་བདེན་པ་མཐོང་བར་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་གང་ཞེ་ན། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཉིས་ཏེ། ཕྱིའི་དང་། ནང་གིའོ། །དང་པོ་ནི། ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་དང་། འདབ་མ་དང་། མེ་ཏོག་དང་། འབྲས་བུ་ལ་སོགས་པ་རིམ་གྱིས་འབྱུང་བའོ། །གཉིས་པ་ནི། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤིའི་བར་རྣམས་ཏེ། དེ་ལ་གཙོ་བོ་ཡིན་པའི་ཕྱིར་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བའི་ཡན་ལག་གི་རབ་ཏུ་དབྱེ་བ་སྟོན་པ་ནི། མ་རིག་སྒྲིབ་པས་ཡང་སྲིད་ཕྱིར། །འདུ་བྱེད་རྣམ་པ་གསུམ་པོ་དག །མངོན་པར་འདུ་བྱེད་གང་ཡིན་པའི། །ལས་དེ་དག་གིས་འགྲོ་བར་འགྲོ། །དངོས་པོར་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་མ་རིག་པས་བསྒྲིབས་ཤིང་བཀབ་པའི་གང་ཟག་གིས་ཡང་སྲིད་པ་འབྱུང་བར་བྱ་བའི་ཕྱིར་འདུ་བྱེད་རྣམ་པ་གསུམ་པོ་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བ་དག་མངོན་པར་འདུ་བྱེད་པ་གང་ཡིན་པའི་ལས་དེ་དག་གིས་འགྲོ་བ་ལྔའི་འཁོར་བར་འགྲོ་བར་འགྱུར་རོ། །དེ་ནས་དེའི། འདུ་བྱེད་རྐྱེན་ཅན་རྣམ་པར་ཤེས། །འགྲོ་བ་རྣམས་སུ་འཇུག་པར་འགྱུར། །གང་ཟག་འདུ་བྱེད་རྣམ་པ་གསུམ་པོ་འདུ་བྱས་ཤིང་བསགས་པ་དེའི་རྣམ་པར་ཤེས་པ་འདུ་བྱེད་ཀྱི་རྐྱེན་ཅན་འཁོར་བའི་དོན་མ་ཡིན་པའི་ས་བོན་དུ་གྱུར་པ་ནི། འདུ་བྱེད་དང་མཐུན་པར་འགྲོ་བ་ལྷ་ལ་སོགས་པ་རྣམས་སུ་རབ་ཏུ་འཇུག་ཅིང་བསྐྱེད་པར་འགྱུར་རོ། །དེ་ན་དུས་ཕྱིས། རྣམ་པར་ཤེས་པ་ཞུགས་གྱུར་ན། །མིང་དང་གཟུགས་ནི་ཆགས་པར་འགྱུར། །འདུ་བྱེད་ཀྱི་རྐྱེན་ཅན་རྣམ་པར་ཤེས་པ་མའི་མངལ་དུ་ཞུགས་ཤིང་བརྒྱལ་བར་གྱུར་པ་ན་གཟུགས་དང་གཟུགས་བརྙན་གྱི་ཚུལ་དུ་ཐ་མ་འཆི་བའི་ཕུང་པོ་འགགས་ན་སྐྱེ་བའི་ཆར་གྱུར་པའི་མིང་དང་གཟུགས་ཀྱི་ཕུང་པོ་རྣམས་ཆགས་པར་འགྱུར་རོ། །དེ་ལ་རྣམ་པར་ཤེས་པ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་ཕུང་པོ་བཞི་ནི་ལས་ཉོན་གྱིས་གོས་པའི་སྐྱེ་གནས་དེ་དང་དེར་གཞོལ་བས་ན་མིང་ཞེས་བྱ་བའམ། དོན་དག་ལ་མིང་གི་དབང་གིས་རྒྱུག་པས་ན་མིང་ཞེས་བྱའོ། །ནུར་ནུར་པོའི་གནས་སྐབས་ཀྱི་དབང་པོ་གཟུགས་ཅན་རྣམས་ནི་གནོད་པ་བྱར་རུང་བས་ན་གཟུགས་ཞེས་བྱའོ། །དེའི་ཕྱིར་དེ་ལྟ་ན། མིང་དང་གཟུགས་ནི་ཆགས་གྱུར་ན། །སྐྱེ་མཆེད་དྲུག་ནི་འབྱུང་བར་འགྱུར། །མིང་དང་གཟུགས་མངལ་དུ་ཆགས་པར་གྱུར་ན་དེ་རིམ་གྱིས་འཕེལ་བ་ལས་སྡུག་བསྔལ་སྐྱེ་བའི་སྒོར་གྱུར་པ་མིག་ལ་སོགས་པའི་སྐྱེ་མཆེད་དྲུག་མིང་དང་གཟུགས་ཀྱི་རྐྱེན་ཅན་འབྱུང་བར་འགྱུར་རོ། །

དེ་ལྟར་སྐྱེ་མཆེད་དྲུག་འབྱུང་བ་ཡིན་ན་དུས་ཕྱིས། སྐྱེ་མཆེད་དྲུག་ལ་བརྟེན་ནས་ནི། །རེག་པ་ཡང་དག་འབྱུང་བར་འགྱུར། །རེག་པ་དེ་ཡང་གང་ཞིག་ཡིན་ཞིང་དེ་ཇི་ལྟ་སྐྱེ་བར་འགྱུར་ཞེ་ན། མིག་དང་གཟུགས་དང་དྲན་བྱེད་ལ། །བརྟེན་ནས་སྐྱེས་པ་ཁོ་ན་སྟེ། །དེ་ལྟར་མིང་དང་གཟུགས་བརྟེན་ནས། །རྣམ་པར་ཤེས་པ་སྐྱེ་བར་འགྱུར། །མིག་དང་གཟུགས་དང་རྣམ་པར་ཤེས། །གསུམ་པོ་འདུས་པ་གང་ཡིན་པ། །དེ་ནི་རེག་པའོ། །བདག་རྐྱེན་མིག་དང་དམིགས་རྐྱེན་གཟུགས་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་དྲན་བྱེད་ཡིད་ལ་བྱེད་པ་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་པ་ཁོ་ན་ཡིན་ལ། དེ་ལ་དྲན་བྱེད་ཕུང་པོ་བཞིའི་རང་བཞིན་ཅན་ནི་མིང་ཡིན་ལ། མིག་དང་གཟུགས་ཀྱི་སྐྱེ་མཆེད་ནི་གཟུགས་ཏེ། དེ་ལྟར་ན་མིང་དང་གཟུགས་ཀྱི་རང་བཞིན་ཅན་གྱི་རྐྱེན་གསུམ་ལ། བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེ་བར་འགྱུར་ལ། མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་པོ་ཕན་ཚུན་ཕྲད་པར་ཞུགས་ཤིང་ལྷན་ཅིག་འདུས་པ་གང་ཡིན་པ་དེ་ནི་རེག་པ་ཞེས་བྱའོ། །ཆོས་མངོན་པ་ཁ་ཅིག་ཡུལ་དབང་རྣམ་ཤེས་གསུམ་ཕྲད་པ་ཙམ་ལ་རེག་པར་འདོད་ལ། ཁ་ཅིག་ཡུལ་གྱི་བདེ་སྡུག་གི་མཚན་མ་ཡོངས་སུ་གཅོད་པར་བྱེད་པའི་སེམས་བྱུང་ལ་འདོད་དེ། འདིར་སྔ་མ་གཟུང་ངོ་། །དེ་ནས་དུས་ཕྱིས། རེག་དེ་ལས། །ཚོར་བ་ཀུན་ཏུ་འབྱུང་བར་འགྱུར། །ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་མཚན་ཉིད་ཀྱི་རེག་པ་དེ་ལས། ཡུལ་ཡིད་དུ་འོང་བ་དང་། མི་འོང་བ་དང་། གཉིས་ཀ་ལས་བཟློག་པ་ཉམས་སུ་མྱོང་བའི་ཚོར་བ་བདེ་སྡུག་བཏང་སྙོམས་ཀུན་འབྱུང་བར་འགྱུར་རོ། །དེ་ནས་དུས་ཕྱིས། ཚོར་བའི་རྐྱེན་གྱིས་སྲེད་པ་སྟེ། །ཚོར་བ་བདེ་བ་ལ་ཚོར་བའི་རྐྱེན་གྱིས་སྲེད་པ་ཀུན་ཏུ་འབྱུང་བར་འགྱུར་ཏེ། ཅིའི་ཕྱིར་ཞེ་ན། ཚོར་བའི་དོན་དུ་སྲེད་པར་འགྱུར། །ཚོར་བའི་དོན་དུ་སྲེད་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །འདི་ལྟར། ཚོར་བ་བདེ་བ་སྐྱེས་ན་དེ་ཡང་ཐོབ་པར་འདོད་ཅིང་། སྡུག་བསྔལ་སྐྱེས་ན་འབྲལ་བ་འདོད་ལ། བཏང་སྙོམས་སྐྱེས་པ་ན་དེ་མི་ཉམས་པར་བྱ་བའི་ཕྱིར་སྲེད་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །སྲེད་པར་གྱུར་ན་ཉེ་བར་ལེན། །རྣམ་པ་བཞི་པོ་ཉེར་ལེན་འགྱུར། །དེ་ལྟར་ཚོར་བ་ལ་མངོན་པར་ཆགས་ཤིང་སྲེད་པར་འགྱུར་ན་སྲེད་པའི་རྐྱེན་ཅན་ལས་འཕེན་པའི་རྒྱུ་འདོད་པ་དང་། ལྟ་བ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། བདག་དུ་སྨྲ་བ་ཞེས་བྱ་བ་ཉེ་བར་ལེན་པ་རྣམ་པ་བཞི་པོ་ཡོངས་སུ་འཛིན་ཅིང་ཉེ་བར་ལེན་པར་འགྱུར་ཏེ། དེ་ནི་སྲེད་པའི་རྐྱེན་ཅན་གྱིས་ལེན་པ་ཡིན་ནོ། །དེ་ལ་འདོད་པའི་ཡོན་ཏན་ལ་འདུན་ཅིང་ཆགས་པ་ནི་འདོད་པའི་ཉེ་བར་ལེན་པའོ། །འཇིག་ལྟ་མ་གཏོགས་པའི་ལྟ་བ་ངན་པ་རྣམས་ལ་འདུན་ཅིང་ཆགས་པ་ནི་ལྟ་བའི་ཉེ་བར་ལེན་པའོ། །ལྟ་བ་ངན་པ་སྔོན་དུ་འགྲོ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་འདུན་ཅིང་ཆགས་པ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱི་ཉེ་བར་ལེན་པའོ། །འཇིག་ལྟ་ལ་འདུན་ཅིང་ཆགས་པ་ནི་བདག་ཏུ་སྨྲ་བའི་ཉེ་བར་ལེན་པའོ། །དེ་ནས་དུས་ཕྱིས། ཉེར་ལེན་ཡོད་ན་ལེན་པ་པོའི། །སྲིད་པ་རབ་ཏུ་འབྱུང་བར་འགྱུར། །གལ་ཏེ་ཉེ་བར་ལེན་མེད་ན། །གྲོལ་བར་འགྱུར་ཏེ་སྲིད་མི་འགྱུར། །སྲིད་པ་དེ་ཡང་ཕུང་པོ་ལྔ། །ཇི་སྐད་བཤད་པའི་ཉེར་ལེན་རྣམ་པ་བཞི་པོ་ཡོད་ན་ལེན་པ་པོ་སྟེ། ཉེར་ལེན་ཡོངས་སུ་འཛིན་ཅིང་བསྐྱེད་པ་པོ་ལ་ཉེར་ལེན་གྱི་རྐྱེན་གྱིས་སྲིད་པ་སྐྱེ་བར་འགྱུར་རོ། །ཅིའི་ཕྱིར་ཞེ་ན། གལ་ཏེ་ཉེ་བར་ལེན་པ་པོས་སོ་སོར་རྟོག་པའི་སྟོབས་ཀྱིས་ཚོར་བ་ལ་སྲེད་པ་བདག་གིར་མ་བྱས་པར་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྟོབས་ཀྱིས་ཉེར་ལེན་རྣམ་པ་བཞི་པོ་སྤངས་ཏེ་མེད་པར་གྱུར་ན་དེའི་ཚེ་གྲོལ་བར་འགྱུར་ཞིང་། སྲིད་པ་ཡོད་པར་མི་འགྱུར་བའི་ཕྱིར་རོ། །ཉེ་བར་ལེན་པ་ལས་བྱུང་བའི་སྲིད་པ་དེ་ཡང་ཕུང་པོ་ལྔའི་རང་བཞིན་ཡིན་ཏེ། ལུས་དང་ངག་དང་ཡིད་ཀྱི་ལས་ལས་མ་འོངས་པའི་ཕུང་པོ་འབྱུང་བ་ནི་སྲིད་པ་ཞེས་བསྙད་ལ། དེ་ལ་ལུས་ངག་གི་ལས་ནི། གཟུགས་ཀྱི་ཕུང་པོའི་རང་བཞིན་ཡིན་ལ། ཡིད་ཀྱི་ལས་ནི་ཕུང་པོ་བཞིའི་རང་བཞིན་ཡིན་པའི་ཕྱིར་རོ། །སྲིད་པ་ལས་ནི་སྐྱེ་བར་འབྱུང་། །སྲིད་པ་ལས་ནི་མ་འོངས་པའི་ཕུང་པོ་མངོན་པར་འགྲུབ་པའི་མཚན་ཉིད་ཅན་གྱི་སྐྱེ་བ་འབྱུང་བར་འགྱུར་རོ། །དེ་ནས་དུས་ཕྱིས། རྒ་ཤི་དང་ནི་མྱ་ངན་དང་། །སྨྲེ་སྔགས་འདོན་བཅས་སྡུག་བསྔལ་དང་། །ཡིད་མི་བདེ་དང་འཁྲུགས་པ་རྣམས། །དེ་དག་སྐྱེ་ལས་རབ་ཏུ་འབྱུང་། །ཕུང་པོ་ཡོངས་སུ་སྨིན་པའི་རྒ་བ་དང་། ཕུང་པོའི་རྒྱུན་འཇིག་པའི་འཆི་བ་དང་། འཆི་བཞིན་པའི་གནས་སྐབས་ཀྱི་སྙིང་གི་གདུང་བ་མྱ་ངན་དང་། དེས་ཀུན་ནས་བསླང་བའི་ངག་ཏུ་སྨྲ་བ་སྨྲེ་སྔགས་འདོན་པ་དང་། དབང་པོ་ལྔ་ལ་གནོད་པ་སྡུག་བསྔལ་དང་། སེམས་ཀྱི་གནོད་པ་ཡིད་མི་བདེ་བ་དང་། སྡུག་བསྔལ་དང་ཡིད་མི་བདེ་མང་པོ་ལས་བྱུང་བའི་འཁྲུགས་པ་རྣམས་སྐྱེ་བ་ལས་རབ་ཏུ་འབྱུང་བར་འགྱུར་རོ། །དེ་ལྟར་སྡུག་བསྔལ་ཕུང་པོ་ནི། །འབའ་ཞིག་པ་འདི་འབྱུང་བར་འགྱུར། །དེ་ལྟར་ཞེས་བྱ་བ་ནི་རྒྱུ་དང་རྐྱེན་གྱི་སྟོབས་ཀྱིས་ཞེས་བྱ་བའི་དོན་ཏོ། །ཇི་སྐད་བཤད་པའི་ཚུལ་གྱིས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོས་བདག་དང་བདག་གི་བའི་རང་བཞིན་དང་བྲལ་བ་དང་བྱིས་པའི་སྐྱེ་བོས་བརྟགས་པ་ཙམ་སྡུག་བསྔལ་གྱི་བདག་ཉིད་བདེ་བ་དང་མ་འདྲེས་པའི་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །

གཉིས་པ་ནི། གང་གི་ཕྱིར། མ་རིག་པ་ལ་སོགས་པ་ལས་སྲིད་པའི་ཡན་ལག་རྣམས་འབྱུང་བ་དེའི་ཕྱིར། འཁོར་བའི་རྩ་བ་འདུ་བྱེད་དེ། །དེ་ཕྱིར་མཁས་རྣམས་འདུ་མི་བྱེད། །དེ་ཕྱིར་མི་མཁས་བྱེད་པོ་ཡིན། །མཁས་པས་དེ་ཉིད་མཐོང་ཕྱིར་རོ། །དེ་ལ་ཇི་སྐད་བཤད་པའི་ཚུལ་གྱིས་རྣམ་པར་ཤེས་པ་ལ་སོགས་པ་འཇུག་པའི་མཚན་ཉིད་ཅན་གྱི་འཁོར་བའི་རྩ་བ་སྟེ། རྒྱུའི་གཙོ་བོ་ནི་མ་རིག་པའི་རྒྱུ་ཅན་གྱི་འདུ་བྱེད་རྣམས་ཡིན་ཏེ། དེའི་ཕྱིར་དེ་ཁོ་ན་ཉིད་ལ་མི་མཁས་པའི་བྱིས་པ་རྣམས་ཁོ་ན་འཁོར་བའི་རྩ་བ་འདུ་བྱེད་རྣམས་བྱེད་པ་པོ་ཡིན་ཏེ། ཇི་སྐད་དུ། དགེ་སློང་དག་མ་རིག་པ་དང་རྗེས་སུ་འབྲེལ་བའི་སྐྱེས་བུ་གང་ཟག་ནི་བསོད་ནམས་མངོན་པར་འདུ་བྱ་བ་ཡང་བྱེད་དོ། །བསོད་ནམས་མ་ཡིན་པ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །མི་གཡོ་བ་མངོན་པར་འདུ་བྱ་བ་ཡང་མངོན་པར་འདུ་བྱེད་དོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཕྱིར་རོ། །གང་གི་ཕྱིར་མ་རིག་པ་དང་ལྡན་པའི་མི་མཁས་པ་ཁོ་ན་ལས་མངོན་པར་འདུ་བྱེད་པ་པོ་ཡིན་པ་དེའི་ཕྱིར། མཁས་པ་དེ་ཉིད་མཐོང་བ་མ་རིག་པ་སྤངས་པ་རྣམས་ནི་མངོན་པར་འདུ་མི་བྱེད་དེ། དངོས་པོའི་དེ་ཁོ་ན་ཉིད་མཐོང་བའི་ཕྱིར་རོ། །དེ་ཉིད་མཐོང་བ་ནི་དངོས་པོ་ཐམས་ཅད་མི་དམིགས་པས་གང་ལ་དམིགས་ནས་ལས་བྱེད་པར་འགྱུར་བ་དེ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་མ་རིག་པ་ཡོད་ན་འདུ་བྱེད་རྣམས་འབྱུང་བ། མེད་ན་མི་འབྱུང་བ་དེའི་ཕྱིར། མ་རིག་འགགས་པར་གྱུར་ན་ནི། །འདུ་བྱེད་རྣམས་ཀུན་འབྱུང་མི་འགྱུར། །སྟེ་རྒྱུ་མ་ཚང་བའི་ཕྱིར་རོ། །

མ་རིག་པ་དེ་གང་ལས་འགག་པར་འགྱུར་ཞེ་ན། མ་རིག་འགག་པར་འགྱུར་བ་ནི། །ཤེས་པས་དེ་ཉིད་བསྒོམ་པས་སོ། །མ་རིག་པ་འགག་པར་འགྱུར་བ་ནི་ཤེས་པས་རྟེན་འབྲེལ་གྱི་དེ་ཁོ་ན་ཉིད་བསྒོམ་པས་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ཕྱིན་ཅི་མ་ལོག་པར་ཇི་ལྟ་བ་བཞིན་བསྒོམས་པས་མ་རིག་པ་རབ་ཏུ་སྤོང་བར་འགྱུར་བའི་ཕྱིར་རོ། །འདི་ལྟར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པར་མཐོང་བ་དེས་ནི་དངོས་པོའི་རང་བཞིན་ཕྲ་ཞིང་ཕྲ་བ་ཡང་དམིགས་པར་མི་འགྱུར་ལ། དེ་མ་དམིགས་པས་འགར་ཡང་མི་རྨོངས་སོ། །མ་རྨོངས་པས་ལས་མངོན་པར་འདུ་མི་བྱེད་དོ། །དེ་ལྟར་མ་རིག་པ་འགགས་པས་འདུ་བྱེད་རྣམས་ཇི་ལྟར་འགག་པ་དེ་བཞིན་དུ། དེ་དང་དེ་ནི་འགགས་འགྱུར་པས། །དེ་དང་དེ་ནི་མངོན་མི་འབྱུང་། །སྡུག་བསྔལ་ཕུང་པོ་འབའ་ཞིག་པོ། །དེ་ནི་དེ་ལྟར་ཡང་དག་འགག །མ་རིག་པ་ལ་སོགས་པ་ཡན་ལག་སྔ་མ་དེ་དང་དེ་འགགས་པར་གྱུར་པས་འདུ་བྱེད་ལ་སོགས་པ་ཡན་ལག་ཕྱི་མ་དེ་དང་དེ་ནི་མངོན་པར་མི་འབྱུང་ཞིང་འགག་པར་འགྱུར་རོ་ཞེས་ཤེས་པར་བྱའོ། །རིམ་པ་འདིས་རྣལ་འབྱོར་པའི་སྡུག་བསྔལ་གྱི་ཕུང པོ་སྡུག་བསྔལ་གྱི་ཚོགས་བདག་དང་བདག་གི་བ་དང་བྲལ་བ་འབའ་ཞིག་པ་དེ་ནི་སླར་མི་འབྱུང་བས་ཡང་དག་པར་འགག་པར་འགྱུར་རོ། །

ཇི་སྐད་དུ། སཱ་ལུ་ལྗང་པའི་མདོ་ལས། དེ་ལ་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་གང་ཞེ་ན། གང་འདི་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱིས་ཚོར་བ། ཚོར་བའི་རྐྱེན་གྱིས་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང་། འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འབྱུང་བར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པ་ལྟར་རོ། །དབུ་མ་རྩ་བའི་ཤེས་རབ་ལས་སྲིད་པའི་ཡན་ལག་བརྟག་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་ཉི་ཤུ་དྲུག་པའི་འགྲེལ་པའོ།། །།

ལེའུ་ཉེར་བདུན་པའི་རྣམ་བཤད།

ལྔ་པ་རྟེན་འབྲེལ་རྟོགས་པའི་ཕན་ཡོན་བསྟན་པ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱི་དང་པོ་ནི། གང་གིས་དེ་ལྟ་བུའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཇི་ལྟ་བུར་གྱུར་པ་ཡང་དག་པར་མཐོང་བ་དེ་ནི་སྔོན་གྱི་མཐའ་ལ་བརྟེན་པར་མི་བྱེད། ཕྱི་མའི་མཐའ་ལ་བརྟེན་པར་མི་བྱེད་དོ་ཞེས་མདོ་ལས་འདོན་པ་ཡིན་ན། དེ་ལ་སྔོན་གྱི་མཐའ་ནི་གང་ཞིག་ཡིན། ཕྱི་མའི་མཐའ་ཡང་གང་ཞིག་ཡིན། ཇི་ལྟར་ན་དེ་དག་ལ་བརྟེན་པར་མི་བྱེད་ཅེ་ན། དེ་ལ་ད་ལྟར་གྱི་བདག་གི་དངོས་པོ་ལ་ལྟོས་ནས་འདས་པའི་ལུས་དག་ལ་སྔོན་གྱི་མཐའ་ཞེས་བྱ་ལ། དེ་ལ་བརྟེན་པར་མི་བྱེད་པ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཉིད་ཇི་ལྟར་གནས་པ་བཞིན་མཐོང་བའི་ཕྱིར་ལྟ་བའི་རྣམ་པ་དག་གིས་གཞན་དུ་རྣམ་པར་གནས་པའི་དངོས་པོ་ལ་རྣམ་པ་གཞན་དུ་མངོན་པར་ཞེན་པར་མི་བྱེད་པའོ། །དེ་ལ་ལྟ་བ་བརྒྱད་ནི། སྔོན་གྱི་མཐའ་ལ་དམིགས་ནས་རྣམ་པ་གཞན་དུ་འཇུག་སྟེ། འདི་ལྟར། འདས་དུས་བྱུང་མ་བྱུང་ཞེས་དང་། །འཇིག་རྟེན་རྟག་པ་ལ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །སྔོན་གྱི་མཐའ་ལ་བརྟེན་པ་ཡིན། །ཅི་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། མ་བྱུང་བ་ཞིག་གམ། བྱུང་ཡང་བྱུང་ལ་མ་བྱུང་ཡང་མ་བྱུང་བ་ཞིག་གམ། བྱུང་བ་ཡང་མ་ཡིན་མ་བྱུང་བ་ཡང་མ་ཡིན་པ་ཞིག་ཅེས་པ་ལྟ་བ་བཞི་པོ་འདི་དག་ནི་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །

གཞན་ཡང་བཞི་སྟེ། འཇིག་རྟེན་རྟག་གོ་ཞེས་དང་། སོགས་པས་མི་རྟག་གོ ། རྟག་ཀྱང་རྟག་ལ་མི་རྟག་ཀྱང་མི་རྟག་གོ །རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་ཞེས་ལྟ་བ་གང་ཡིན་པ་དེ་དག་ཀྱང་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ནོ། །དེ་ལ་ལྟ་བ་བཞི་ཚན་གོང་མ་ལས་མཇུག་ཐོགས་ཀྱི་ལྟ་བ་བཞི་ཚན་ཐ་དད་པ་ཆེར་མེད་མོད་ཀྱི། ཁྱད་པར་ཅུང་ཟད་ལ་བརྟེན་ནས་ལོགས་སུ་བཀོད་དེ། འདི་ལྟར། འཇིག་རྟེན་རྟག་གོ་ཞེས་བྱ་བ་འདི་དང་། འདས་པའི་དུས་ན་འབྱུང་བ་ཞིག་གམ་ཞེས་པ་གཉིས་པོ་འདིའི་ཁྱད་པར་ནི། སྔ་མ་ནི་སྤྱིར་སྔོན་གྱི་མཐའ་ལ་བརྟེན་པ་ཡིན་ལ། ཕྱི་མ་ནི་བདག་ཁོ་ནའི་སྔོན་གྱི་མཐའ་ཉེ་བར་བཟུང་ནས་ཞུགས་པ་ཡིན་ནོ། །དེ་བཞིན་དུ་གཞན་དག་ལ་ཡང་ཁྱད་པར་བརྗོད་པར་བྱའོ། །ཕྱི་མའི་མཐའ་ལ་བརྟེན་པ་གང་ཞེ་ན། ད་ལྟར་གྱི་བདག་གི་དངོས་པོ་ལ་ལྟོས་ནས་འབྱུང་བར་འགྱུར་བའི་ལུས་ལ་ཕྱི་མའི་མཐའ་ཞེས་བྱ་སྟེ། དེ་ལ་བརྟེན་པར་མི་བྱེད་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ཇི་ལྟར་གནས་པ་ལྟར་མཐོང་བའི་ཕྱིར་ལྟ་བའི་རྣམ་པ་དག་གིས་རྣམ་པ་གཞན་དུ་གནས་པའི་དངོས་པོ་ལ་ལྟ་བ་གང་ཡིན་པ་དེ་དག་ནི་རྣམ་པ་གཞན་དུ་མངོན་པར་ཞེན་པར་མི་བྱེད་པའོ། །

དེ་ལ་ལྟ་བ་བརྒྱད་ནི། ཕྱི་མའི་མཐའ་ལ་དམིགས་ནས་རྣམ་པ་གཞན་དུ་འཇུག་སྟེ། མ་འོངས་དུས་གཞན་འབྱུང་འགྱུར་དང་། །མི་འབྱུང་འཇིག་རྟེན་མཐའ་སོགས་པར། །ལྟ་བ་གང་ཡིན་དེ་དག་ནི། །ཕྱི་མའི་མཐའ་ལ་བརྟེན་པ་ཡིན། །ཅི་བདག་མ་འོངས་པའི་དུས་གཞན་དུ་འབྱུང་བ་ཞིག་གམ། འོན་ཏེ་མི་འབྱུང་བ་ཞིག་གམ། འབྱུང་ཡང་འབྱུང་ལ་མི་འབྱུང་ཡང་མི་འབྱུང་བ་ཞིག་གམ། འབྱུང་བ་ཡང་མ་ཡིན་མི་བྱུང་བ་ཡང་མ་ཡིན་པ་ཞིག ཅེས་བྱ་བ་ལྟ་བ་བཞི་པོ་འདི་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །དེ་བཞིན་དུ་འཇིག་རྟེན་མཐའ་དང་ལྡན་ཞེས་དང་། སོགས་པས་མི་ལྡན། ལྡན་ཡང་ལྡན་ལ་མི་ལྡན་ཡང་མི་ལྡན། ལྡན་པ་ཡང་མ་ཡིན་མི་ལྡན་པ་ཡང་མ་ཡིན་ཞེས་བྱ་བར་ལྟ་བ་གང་ཡིན་པ་བཞི་པོ་དེ་དག་ནི་ཕྱི་མའི་མཐའ་ལ་བརྟེན་པ་ཡིན་ནོ། །དེ་ལ་མཐའ་ཡོད་པ་ལ་སོགས་པར་ལྟ་བ་བཞི་ནི་སྤྱིར་ཕྱི་མའི་མཐའ་ལ་བརྟེན་ནས་འཇུག་པ་ཡིན་ལ། བདག་མ་འོངས་པའི་དུས་ན་འབྱུང་བ་ཞིག་གམ་ཞེས་པ་ལ་སོགས་པ་བཞི་ནི་བདག་ཁོ་ནའི་ཕྱི་མའི་མཐའ་ལ་བརྟེན་ནས་འཇུག་པ་ཡིན་ཏེ། འདི་ནི་ལྟ་བ་བཞི་ཚན་གཉིས་ཀྱི་ཁྱད་པར་རོ། །

གཉིས་པ་རྒྱས་པར་བཤད་པ་ལ། ཀུན་རྫོབ་ཏུ་དགག་པ་དང་། དོན་དམ་པར་དགག་པ་གཉིས་ཀྱི། དང་པོ་ལ་ཡང་སྔོན་གྱི་མཐར་རྟོག་པ་དགག་པ་དང་། ཕྱི་མའི་མཐར་རྟོག་པ་དགག སྔོན་དང་ཕྱི་མའི་མཐའ་ལ་རྟོག་པའི་རྣམ་གྲངས་གཞན་དགག་པ་གསུམ་གྱི། དང་པོ་ལ་གསུམ་ཡོད་པའི། དང་པོ་བདག་འདས་པའི་དུས་ན་བྱུང་བ་དགག་པ་ལ། དམ་བཅའ་དགོད་པ་དང་། སྒྲུབ་བྱེད་བཤད་པ་གཉིས་ཀྱི་དང་པོ་ནི། འདས་པའི་དུས་ན་བྱུང་འགྱུར་ཞེས། །བྱ་བ་དེ་ནི་མི་འཐད་དོ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །བདག་འདས་པའི་དུས་ན་བྱུང་བར་འགྱུར་ཏེ། ཞེས་བྱ་བ་མི་འཐད་དེ། གལ་ཏེ་འདས་པའི་ཚེ་རབས་སུ་གང་བྱུང་བ་དེ་ཉིད་ད་ལྟར་ཡོད་པར་འགྱུར་ན་དེ་ལྟར་རིགས་པ་ཞིག་ན་སྔོན་ཚེ་རྣམས་སུ་གང་བྱུང་བ་དེ་ཉིད་ད་ལྟར་གྱི་འདི་མ་ཡིན་ཏེ། རྟག་པར་ཐལ་བའི་ཕྱིར་དང་། རྟག་པ་ནི་འཁོར་བར་མི་རིགས་པའི་ཕྱིར་རོ། །གཉིས་པ་ནི། སྔ་ཕྱིའི་བདག་གཅིག་ཡིན་པ་དགག ཉེར་ལེན་བདག་ཡིན་པ་དགག ཉེར་ལེན་ལས་གཞན་པའི་བདག་དགག བཀག་པའི་མཇུག་བསྡུ་བ་དང་བཞིའི། དང་པོ་ནི། གལ་ཏེ་དེ་ཉིད་འདི་ཡིན་ནོ་ཞེས་སྔར་གྱི་དང་ད་ལྟར་གྱི་གཅིག་ཡིན་ན་ཉེས་པ་ཅིར་འགྱུར་ཞེ་ན། རྟག་པ་ཉིད་དུ་འགྱུར་རོ་ཞེས་ཉེས་པ་བཤད་ཟིན་མོད། ཉེས་པ་གཞན་ཡང་ཡོད་དེ། དེ་ཉིད་བདག་ཏུ་འགྱུར་སྙམ་ན། །ཉེ་བར་ལེན་པ་ཐ་དད་འགྱུར། །གལ་ཏེ་སྔོན་གྱི་དེ་ཉིད་ད་ལྟར་གྱི་བདག་འདིར་འགྱུར་རོ་སྙམ་ན། དེའི་ཚེ་སྔོན་དང་ད་ལྟར་བ་གཉིས་ཉེ་བར་ལེན་པ་ཐ་མི་དད་པར་འགྱུར་བ་ཞིག་ན། སྔོན་དང་ད་ལྟར་གཉིས་ཕུང་པོ་ལྔའི་རང་བཞིན་གྱི་ཉེ་བར་ལེན་པ་ནི་ཐ་དད་པར་འགྱུར་ཏེ། ཉེ་བར་ལེན་པའི་རྒྱུ་ལས་ཐ་དད་པའི་ཕྱིར་དང་། དུས་ཐ་དད་པའི་ཕྱིར་རོ། །དེའི་ཕྱིར་སྔར་གྱི་བདག་ཉིད་ད་ལྟར་གྱི་བདག་ཉིད་མ་ཡིན་ནོ། །གལ་ཏེ་ཉེ་བར་ལེན་པ་ཐ་དད་ཡིན་ཡང་བདག་གཅིག་ཡིན་ཏེ། དེའི་ཕྱིར་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ་ཞེས་པ་དེར་འགྱུར་རོ་ཞེ་ན། ཉེ་བར་ལེན་པ་མ་གཏོགས་པ། ཁྱོད་ཀྱི་བདག་ནི་གང་ཞིག་ཡིན། །གལ་ཏེ་ཉེ་བར་ལེན་པ་ཡང་གཞན་ལ་བདག་ཀྱང་གཞན་ཡིན་ན། དེའི་ཚེ་ཉེ་བར་ལེན་པ་ཐ་དད་ཀྱང་བདག་ཐ་མི་དད་པས་དེ་ལྟར་འགྱུར་རོ་ཞེས་བྱ་བར་རིགས་ན་ཡང་ཕུང་པོ་ལྔའི་མཚན་ཉིད་ཀྱི་ཉེ་བར་ལེན་པ་ལས་མ་གཏོགས་པའི་ཁྱོད་ཀྱི་བདག་ནི་གང་ཞིག་ཡིན་ཏེ། བདག་དང་ཉེ་བར་ལེན་པ་ཐ་དད་དུ་བསྟན་མི་ནུས་ཏེ། ཉེ་བར་ལེན་པ་ལས་ཐ་དད་པ་ཉིད་ཀྱིས་དེ་ལ་ལྟོས་པ་མེད་པའི་ཕྱིར། བདག་རྒྱུ་མེད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། སོ་སོར་གཟུང་དུ་ཡོད་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་ཉེ་བར་ལེན་པ་ཐ་དད་ཀྱང་བདག་ཐ་མི་དད་དོ་ཞེས་པ་མི་རིགས་སོ། །གཉིས་པ་ནི། གལ་ཏེ་ཉེ་བར་ལེན་པ་ལས་ཐ་དད་པའི་བདག་མེད་མོད། ཉེ་བར་ལེན་པ་ཉིད་བདག་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། ཉེ་བར་ལེན་པ་མ་གཏོགས་པའི། །བདག་ཡོད་མ་ཡིན་བྱས་པའི་ཚེ། །ཉེ་བར་ལེན་ཉིད་བདག་ཡིན་ན། ཁྱོད་ཀྱི་བདག་ནི་མེད་པ་ཡིན། །ཉེ་བར་ལེན་པ་མ་གཏོགས་པའི་བདག་ཡོད་པ་མ་ཡིན་པས་ཉེ་བར་ལེན་པ་ཉིད་བདག་ཡིན་པར་རྟོག་ན། དེའི་ཚེ་ཁྱོད་ཀྱི་བདག་མེད་པར་འགྱུར་ཏེ། ཉེ་བར་ལེན་པ་བདག་ཡིན་པར་མི་རིགས་པའི་ཕྱིར་རོ། །འདི་ལྟར། ཉེ་བར་ལེན་ཉིད་བདག་མ་ཡིན། །དེ་འབྱུང་བ་དང་འཇིག་པ་ཡིན། །ཉེ་བར་བླངས་པ་ཇི་ལྟ་བུར། །ཉེ་བར་ལེན་པོ་ཡིན་པར་འགྱུར། །ཕུང་པོ་ལྔའི་རང་བཞིན་གྱི་ཉེ་བར་ལེན་པ་ཉིད་བདག་མ་ཡིན་ཏེ། ཕུང་པོ་རྣམས་ནི་སྐད་ཅིག་རེ་རེ་ལ་འབྱུང་བ་དང་འཇིག་པ་ཡིན་ལ། བདག་ནི་དེ་ལྟར་མི་རིགས་པའི་ཕྱིར་རོ། །བདག་ནི་དེ་ཉིད་དང་གཞན་ལ་སོགས་པ་དང་རྟག་པ་དང་མི་རྟག་པ་ཉིད་དུ་བརྗོད་པར་མི་ནུས་ཏེ། ཉེས་པ་དུ་མར་ཐལ་བའི་ཕྱིར་རོ། །འདི་ལྟར་བདག་རྟག་པ་ཡིན་ན་རྟག་པར་སྨྲ་བར་འགྱུར་ལ། མི་རྟག་པ་ཡིན་ན་ཆད་པར་སྨྲ་བར་འགྱུར་ཞིང་། རྟག་པ་དང་ཆད་པ་འདི་གཉིས་ཀྱང་དོན་མ་ཡིན་པ་ཆེན་པོ་བྱེད་པས་ཁས་བླང་བར་མི་རིགས་པའི་ཕྱིར་རོ། །

གཞན་ཡང་ཉེ་བར་ལེན་པ་བདག་ཡིན་ན། དེའི་ཚེ་ཉེ་བར་བླངས་པ་ཉིད་ཉེ་བར་ལེན་པོ་ཡིན་པར་འགྱུར་ཏེ། ལས་དང་བྱེད་པ་པོ་གཅིག་ཡིན་པས་གཅོད་པ་པོ་དང་གཅད་པར་བྱ་བ་དང་། རྫ་མཁན་དང་བུམ་པ་དག་ཀྱང་གཅིག་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །གསུམ་པ་ནི། འདིར་ཉེ་བར་ལེན་པ་ཙམ་བདག་མ་ཡིན་མོད་ཀྱི། འོན་ཀྱང་ཉེ་བར་ལེན་པ་པོ་ཉེ་བར་ལེན་པ་ལས་ཐ་དད་པ་ཡིན་པར་འགྱུར་རོ་ཞེ་ན། དེ་ཡང་མི་རུང་སྟེ། བདག་ནི་ཉེ་བར་ལེན་པ་ལས། །གཞན་དུ་འཐད་པ་ཉིད་མ་ཡིན། །གལ་ཏེ་གཞན་ན་ལེན་མེད་པར། །གཟུང་ཡོད་རིགས་ན་གཟུང་དུ་མེད། །བདག་ཉེ་བར་ལེན་པ་ལས་གཞན་དུ་འཐད་པ་ཉིད་མ་ཡིན་ཏེ། གལ་ཏེ་གཞན་ཡིན་ན་བུམ་པ་ལས་སྣམ་བུ་ལྟར་ཉེ་བར་ལེན་པ་མེད་པར་ཡང་བདག་གཟུང་དུ་ཡོད་པར་རིགས་ན། དེ་ལྟར་གཟུང་དུ་མེད་པའི་ཕྱིར་རོ། །བཞི་པ་ནི། དེ་ལྟར་ལེན་ལས་གཞན་མ་ཡིན། །དེ་ནི་ཉེར་ལེན་ཉིད་ཀྱང་མིན། །བདག་ནི་ཉེ་བར་ལེན་མེད་མིན། །དེ་ལྟར་ཉེར་ལེན་ལ་མ་ལྟོས་པར་ཐ་དད་དུ་གཟུང་དུ་ཡོད་པར་ཐལ་བའི་ཕྱིར། བདག་ཉེར་ལེན་ལས་གཞན་མ་ཡིན་ལ་ཉེ་བར་བླངས་པ་དང་ཉེ་བར་ལེན་པ་པོ་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་དང་། འབྱུང་བ་དང་འཇིག་པ་ཉིད་དུ་ཐལ་བའི་ཕྱིར། བདག་དེ་ནི་ཉེ་བར་ལེན་པའི་རང་བཞིན་ཉིད་ཀྱང་མིན་ཞིང་། ཉེ་བར་ལེན་པ་མེད་པར་གཟུང་དུ་ཡོད་པར་ཐལ་བའི་ཕྱིར་ཉེ་བར་ལེན་པ་མེད་པ་ཡང་མ་ཡིན་ནོ། །

དེ་ལྟར་ན་བདག་མེད་དོ་ཞེས་བྱ་བ་ཡིན་ནོ་སྙམ་ན། མེད་པ་ཉིད་དུའང་དེ་མ་ངེས། །བདག་དེ་ནི་མེད་པ་ཉིད་དུའང་མ་ངེས་ཏེ། ཕུང་པོ་ལ་བརྟེན་ནས་འདོགས་པ་ཡིན་པའི་ཕྱིར་རོ། །ཡོད་པ་མ་ཡིན་པ་མོ་གཤམ་གྱི་བུ་ནི་ཕུང་པོ་དག་ལ་བརྟེན་ནས་འདོགས་པ་མ་ཡིན་ནོ། །ཉེ་བར་ལེན་པ་ཡོད་བཞིན་དུ་ཉེ་བར་ལེན་པ་པོ་མེད་པ་ཡང་ཇི་ལྟར་རིགས་ཏེ་དེའི་ཕྱིར་དེ་ནི་ཐ་སྙད་ཙམ་དུ་མེད་པར་ཡང་མི་རིགས་སོ། །

གཉིས་པ་བདག་འདས་པའི་དུས་ན་མ་བྱུང་བ་དགག་པ་ལ་གཉིས་ཀྱི། དང་པོ་དམ་བཅའ་དགོད་པ་ནི། འདས་པའི་དུས་ན་མ་བྱུང་ཞེས། །བྱ་བ་དེ་ནི་མི་འཐད་དེ། །སྔོན་ཚེ་རྣམས་སུ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །བདག་འདས་པའི་དུས་ན་མ་བྱུང་ཞེས་བྱ་བ་དེ་མི་འཐད་དེ། གལ་ཏེ་ད་ལྟར་གྱི་བདག་འདི་སྔོན་གྱི་བདག་ལས་གཞན་ཡིན་ན་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་བྱ་བར་འགྱུར་བ་ཞིག་ན། སྔོན་ཚེ་རྣམས་སུ་གང་བྱུང་བའི་བདག་དེ་ལས་ད་ལྟར་གྱི་བདག་འདི་གཞན་མ་ཡིན་པའི་ཕྱིར་རོ། །

གཉིས་པ་སྒྲུབ་བྱེད་བཤད་པ་ནི། གལ་ཏེ་འདི་སྔོན་གྱི་བདག་ལས་གཞན་ཡིན་ན་ཉེས་པ་ཅི་ཡོད་ཅེ་ན། གལ་ཏེ་འདི་ནི་གཞན་གྱུར་ན། །དེ་མེད་པར་ཡང་འབྱུང་བར་འགྱུར། །དེ་བཞིན་དེ་ནི་གནས་འགྱུར་ཞིང་། །དེར་མ་ཤི་བར་སྐྱེ་བར་འགྱུར། །གལ་ཏེ་ད་ལྟར་གྱི་བདག་འདི་སྔར་གྱི་བདག་ལས་གཞན་དུ་འགྱུར་ན། དེའི་ཚེ་སྔར་གྱི་བདག་དེ་མེད་པར་ཡང་ད་ལྟར་གྱི་འདི་འབྱུང་བར་འགྱུར་ཏེ། དེ་ལ་ལྟོས་པ་མེད་པའི་ཕྱིར་རོ། །གཞན་ཡང་དེ་སྔར་གྱི་བདག་ལས་གཞན་ཡིན་ན་དེའི་ཚེ་གཞན་ཡིན་པའི་ཕྱིར་བུམ་པ་བྱས་པའི་ཚེ་སྣམ་བུ་མི་འཇིག་པ་ལྟར། བདག་ཕྱི་མ་སྐྱེས་པ་ན་ཡང་སྔར་གྱི་བདག་མི་འགག་པར་འགྱུར་ཞིང་མ་འགགས་པ་ཉིད་ཀྱི་ཕྱིར་ན་སྔར་ལྷ་དང་མི་ལ་སོགས་པའི་སྐྱེ་བ་གང་དག་དུ་སྐྱེས་པ་དེ་སྔར་གྱི་ཁ་དོག་དང་དབྱིབས་ལ་སོགས་པ་གང་དང་གང་དུ་དམིགས་པ་དེ་བཞིན་དུ་བདག་དེ་ནི་ད་ལྟར་ཡང་གནས་པར་འགྱུར་ཞིང་སྔར་གྱི་ཚེ་རབས་དེར་མ་ཤི་བ་ཁོ་ནར་འདིར་སྐྱེ་བར་འགྱུར་ན། མིར་གྱུར་པ་འདི་སྔར་ལྷ་ལ་སོགས་པའི་བདག་དེ་བཞིན་དུ་གནས་སོ་ཞེས་བྱ་བ་ཡང་མི་རིགས་སོ། །

གལ་ཏེ་སྔར་གྱི་བདག་མེད་པར་འདིར་འབྱུང་ན་ཉེས་པ་ཅིར་འགྱུར་ཞེ་ན། ཉེས་པ་མང་པོར་འགྱུར་ཏེ། འདི་ལྟར། ཆད་དང་ལས་རྣམས་ཆུད་ཟ་དང་། །གཞན་གྱིས་བྱས་པའི་ལས་རྣམས་ནི། །གཞན་གྱིས་སོ་སོར་མྱོང་བ་དང་། །དེ་ལ་སོགས་པར་ཐལ་བར་འགྱུར། །གལ་ཏེ་ད་ལྟར་གྱི་བདག་འདི་སྔར་གྱི་བདག་མེད་པར་འབྱུང་བར་འགྱུར་ན། དེའི་ཚེ་སྔར་གྱི་བདག་དེ་དེར་ཞིག་པའི་ཕྱིར་དང་། འདིར་གཞན་ཞིག་སྐྱེས་པའི་ཕྱིར་སྔར་གྱི་བདག་ཆད་པར་འགྱུར་རོ། །བདག་དེ་ཆད་ན་ནི་ལས་ཀྱི་འབྲས་བུ་མཇུག་ཐོག་པ་རྣམས་རྟེན་ཆད་པས་རྣམ་པར་ཆད་པའི་ཕྱིར་དང་། ཟབ་པོ་ཡང་མེད་པའི་ཕྱིར་འབྲས་བུ་ཆུད་ཟ་བ་ཁོ་ནར་འགྱུར་རོ། །ཅི་སྟེ་སྔར་གྱི་བདག་གིས་བྱས་པའི་ལས་ཀྱི་འབྲས་བུ་བདག་ཕྱི་མས་ལོངས་སྤྱོད་པར་རྟོག་ན། དེ་ལྟ་ན་གཞན་གྱིས་བྱས་པའི་ལས་ཀྱི་འབྲས་བུ་གཞན་གྱིས་སོ་སོར་ལོངས་སྤྱོད་ཅིང་མྱོང་བར་འགྱུར་རོ། །དེའི་ཕྱིར་ལས་མ་བྱས་པ་དང་ཕྲད་པ་ལ་སོགས་པར་ཐལ་བར་འགྱུར་རོ། །གཞན་ཡང་ད་ལྟར་གྱི་བདག་འདི་སྔར་གྱི་བདག་ལས་གཞན་དུ་འགྱུར་བ་ཞིག་འདིར་སྐྱེས་པ་ཡིན་ན། དེའི་ཚེ་སྔར་མ་བྱུང་བ་ལས་ཕྱིས་འབྱུང་བར་འགྱུར་ན། དེ་ཡང་མི་རིགས་ཏེ། མ་བྱུང་བ་ལས་བྱུང་མིན་ཏེ། །འདི་ལ་སྐྱོན་དུ་ཐལ་བར་འགྱུར། །བདག་ནི་བྱས་པར་འགྱུར་བ་དང་། །འབྱུང་བའང་རྒྱུ་མེད་ཅན་དུ་འགྱུར། །བདག་སྔར་མ་བྱུང་བ་ལས་འབྱུང་བ་མ་ཡིན་ཏེ། ཕྱོགས་འདི་ལ་སྐྱོན་ཆེན་པོར་ཐལ་བར་འགྱུར་བའི་ཕྱིར་རོ། །སྐྱོན་དེ་ཡང་གང་ཞེ་ན། བདག་སྔར་མ་བྱུང་བ་ལས་ཕྱིས་བྱུང་བར་གྱུར་ན། དེའི་ཚེ་བདག་ནི་བྱས་པར་འགྱུར་ན་བྱས་པར་འདོད་པ་ཡང་མ་ཡིན་ཏེ། མི་རྟག་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། དེའི་སྒྲུབ་བྱེད་དེ་ལས་ཐ་དད་པའི་བྱེད་པ་པོ་མེད་པའི་ཕྱིར་རོ། །བདག་བྱས་པར་རྟོག་ན་འཁོར་བ་ཐོག་མ་དང་ལྡན་པ་དང་སྔ་ན་མེད་པའི་སེམས་ཅན་འབྱུང་བར་ཡང་འགྱུར་རོ། །གཞན་ཡང་སྔར་བདག་མེད་པས་བྱེད་པ་པོ་མེད་པའི་ཕྱིར་ད་ལྟར་གྱི་བདག་འབྱུང་བ་རྒྱུ་མེད་པ་ཅན་དུ་འགྱུར་རོ། །འང་གི་སྒྲ་ནི་རྣམ་པར་རྟོག་པ་སྟེ། བདག་བྱས་པར་འགྱུར་བའམ། ཡང་ན་བདག་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་པ་འདི་ཁས་མི་བླང་ངོ་། །འབྱུང་བ་རྒྱུ་མེད་པ་ཅན་དུ་འགྱུར་བའམ། ཡང་ན་འདས་པའི་དུས་ན་མ་བྱུང་བ་ཞིག་གམ། ཞེས་བྱ་བ་དེ་ཁས་མི་བླང་ངོ་། །

གསུམ་པ་ཕུང་པོ་གསུམ་པའི་ཕྱོགས་དགག་པ་ནི། དེ་ལྟར་བདག་བྱུང་བདག་མ་བྱུང་། །གཉིས་ཀ་གཉིས་ཀ་མ་ཡིན་པར། །འདས་ལ་ལྟ་བ་གང་ཡིན་པ། །དེ་ནི་འཐད་པ་མ་ཡིན་ནོ། །དེ་ལྟར། ཇི་སྐད་བཤད་པའི་ཚུལ་གྱིས་བདག་འདས་པའི་དུས་ན་བྱུང་བ་ཞིག་གམ། ཞེས་པ་དང་། བདག་འདས་པའི་དུས་ན་མ་བྱུང་བ་ཞིག་གམ་ཞེས་འདས་པ་ལ་ལྟ་བ་གང་ཡིན་པ་དེ་ནི་འཐད་པ་མ་ཡིན་ནོ། །

དེ་གཉིས་མེད་པའི་ཕྱིར་གཉིས་ཀ་ཡང་མི་འཐད་དེ། དེ་གཉིས་འདུས་པ་ལ་གཉིས་ཀ་ཞེས་བརྟགས་ན། རེ་རེ་མེད་པས་དེ་དག་འདུས་པ་དག་ཀྱང་མེད་པའི་ཕྱིར་རོ། །གཉིས་ཀ་མེད་པའི་ཕྱིར་དེ་དག་བཀག་པའི་སྒོ་ནས་གཉིས་ཀ་མ་ཡིན་པ་ཡང་ཡོད་པར་འཐད་པ་མ་ཡིན་ནོ། །དེའི་ཕྱིར་འབྱུང་བ་ཡང་མ་ཡིན་མ་བྱུང་བ་ཡང་མ་ཡིན་ཞེས་པ་འཐད་པ་མ་ཡིན་ནོ། །གཉིས་པ་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བ་དགག་པ་ནི། མ་འོངས་དུས་གཞན་འབྱུང་འགྱུར་དང་། །འབྱུང་བར་མི་འགྱུར་ཞེས་བྱ་བར། །ལྟ་བ་གང་ཡིན་དེ་དག་ནི། །འདས་པའི་དུས་དང་མཚུངས་པ་ཡིན། །བདག་མ་འོངས་པའི་དུས་གཞན་དུ་འབྱུང་བར་འགྱུར་བ་ཞིག་གམ། འབྱུང་བར་མི་འགྱུར་བ་ཞིག་གམ། འབྱུང་ཡང་འབྱུང་ལ་མི་འབྱུང་ཡང་མི་འབྱུང་བ་ཞིག་གམ། འབྱུང་བ་ཡང་མ་ཡིན་མི་འབྱུང་བ་ཡང་མ་ཡིན་པ་ཞིག་གམ་ཞེས་ཕྱི་མའི་མཐའ་ལ་ལྟ་བ་གང་ཡིན་པ་དེ་དག་ནི་འདས་པའི་དུས་ལ་ལྟ་བ་བཞི་པོ་ལ་བཤད་ཟིན་པ་དང་དགག་པ་མཚུངས་པ་ཡིན་པར་རིག་པར་བྱ་སྟེ། འདི་ལྟར། མ་འོངས་དུས་ན་འབྱུང་འགྱུར་ཞེས། །བྱ་བ་དེ་ནི་མི་འཐད་དོ། །མ་འོངས་ཚེ་ན་གང་བྱུང་བ། །དེ་ཉིད་འདི་ནི་མ་ཡིན་ནོ། །ཞེས་སོགས་དང་། མ་འོངས་དུས་ན་མི་འབྱུང་ཞེས། །བྱ་བ་དེ་ཡང་མི་འཐད་དོ། །མ་འོངས་ཚེ་ལ་གང་བྱུང་བ། །དེ་ལས་འདི་གཞན་མ་ཡིན་ནོ། །ཞེས་སོགས་དང་། དེ་ལྟར་བདག་འབྱུང་བདག་མི་འབྱུང་། །གཉིས་ཀ་གཉིས་ཀ་མ་ཡིན་པར། །མ་འོངས་ལྟ་བ་གང་ཡིན་པ། །དེ་ནི་འཐད་པ་མ་ཡིན་ནོ། །ཞེས་པའི་བར་སྔར་གྱི་རྣམས་འདོན་པ་གོ་བསྣོལ་ཏེ་ཐམས་ཅད་སྦྱར་བར་བྱའོ། །

གསུམ་པ་སྔོན་དང་ཕྱི་མའི་མཐའ་ལ་བརྟེན་པའི་ལྟ་བའི་རྣམ་གྲངས་གཞན་དགག་པ་ལ། རྟག་སོགས་སུ་ལྟ་བ་དགག་པ་དང་། མཐའ་ལྡན་སོགས་སུ་ལྟ་བ་དགག་པ་གཉིས་ཀྱི། དང་པོ་ལ་སྤྱིར་དགག་པ་དང་། བདག་རྟག་པ་བྱེ་བྲག་ཏུ་དགག་པ་གཉིས་ཀྱི། དང་པོ་ལ་བཞི་ཡོད་པའི། དང་པོ་རྟག་པ་དགག་པ་ནི། གལ་ཏེ་ལྷ་དེ་མི་དེ་ན། །དེ་ལྟར་ན་ནི་རྟག་པར་འགྱུར། །ལྷ་ནི་མ་སྐྱེས་ཉིད་འགྱུར་ཏེ། །རྟག་ལ་སྐྱེ་བ་མེད་ཕྱིར་རོ། །འདི་ན་མིའི་འགྲོ་བར་གནས་པ་ཁ་ཅིག་དགེ་བའི་ལས་བྱས་ནས་ཕྱི་མ་ལ་ལྷའི་འགྲོ་བར་འགྲོ་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མཐར་ལྟའི་མུན་པ་ཡང་དང་ཡང་དུ་བསལ་ཟིན་ཀྱང་། སྡེ་པ་གཞན་དག་དོན་དམ་པར་རྟག་ཆད་ཀྱི་མཐའ་ལས་གྲོལ་བ་མེད་དེ། གང་གི་ཕྱིར་ཞེ་ན། གཅིག་དང་ཐ་དད་དང་གཉིས་ཀ་ཉིད་ཀྱི་བརྟགས་མི་བཟོད་པའི་ཕྱིར། ཇི་ལྟར་ཞེ་ན། གལ་ཏེ་ལྷ་དང་ལྷ་མིན་གཅིག །དེས་ན་ཇི་ལྟར་རྟག་མི་འགྱུར། །གལ་ཏེ་ལྷ་དང་ལྷ་མིན་གཞན། །ཇི་ལྟར་ཆད་པར་མི་རིགས་འགྱུར། །ལྷ་དང་ལྷ་མ་ཡིན་སྦྱིན་བྱེད་མོའི་བུ་ཕུང་པོ་སྔ་ཕྱི་ཉིད་ལ་གཅིག་དང་གཞན་དུ་བཟུང་ན་ཇི་སྐད་བཤད་པའི་ཉེས་པར་འགྱུར་རོ། །ཅི་སྟེ་ལྷ་མ་ཡིན་གྱི་ཕུང་པོ་སྔ་མའི་རྒྱུ་ལས་བྱུང བའི་ཕྱིར་དང་། ལྷས་ལྷའི་ཕུང་པོ་ཡོངས་སུ་འཛིན་པའི་ཕྱིར་གཉིས་ཀའི་བདག་ཉིད་ཡིན་པར་སེམས་ན། བཤད་པ། ཡིན་དང་མ་ཡིན་ཉིད་ཡིན་ཡང་། །མྱ་ངན་འདས་ཚེ་གཅིག་འདའ་མེད། །ཕུང་པོའི་རྒྱུན་ཆད་པས་ཆད་པའི་མཐའ་གཅིག་ལས་འདའ་བ་མེད་དོ། །ཡང་གལ་ཏེ་འགགས་པ་སྐྱེ་འགྱུར་ན། །དེས་ན་ཇི་ལྟར་རྟག་མ་ཡིན། །འགགས་པ་སྐྱེ་བ་མེད་འགྱུར་ན། །ཇི་ལྟར་ཆད་སྨྲ་ཉིད་མ་ཡིན། །སྔ་མའི་ལྷ་མིན་འགགས་པ་ཕྱི་མ་ལྷར་སྐྱེ་ན། ཇི་ལྟར་རྟག་པ་མ་ཡིན་ཏེ། འགགས་ཀྱང་ཡང་སྐྱེ་བའི་ཕྱིར། ཅི་སྟེ་སྐྱེ་བ་མེད་པར་གྱུར་ན། ཇི་ལྟར་ཆད་པ་མ་ཡིན་ཏེ་འགགས་པ་གཏན་སྐྱེ་མེད་ཕྱིར་རོ། །དེས་ན། དེ་མེད་ཕྱིར་ན་མ་སྐྱེས་ལ། །རྟག་མེད་ཆད་མེད་རིགས་པ་ཡིན། །དངོས་པོ་སྐྱེས་པ་མི་འཇིག་པར་གནས་པའི་ཚུལ་ཉིད་ནི་རྟག་པ་ཡིན་ལ། སྐྱེས་པ་ཞིག་པ་ནི་ཆད་པ་ཡིན་ནོ། །གང་མ་སྐྱེས་པ་ནི་རྟག་པ་ཉིད་དུ་ཡང་མི་འགྱུར་ལ་ཆད་པ་ཉིད་དུ་འགྱུར་བས། དེའི་ཕྱིར་ཁོ་བོ་ཅག་འདོད་པ་ལྟར་དོན་དམ་པར་སྐྱེ་བ་མེད་པར་གྲུབ་པ་ལ་ནི་རྟག་ཆད་མེད་པ་ཉིད་དུ་རིགས་ཀྱི་ཁྱོད་འདོད་པའི་རྒྱུན་ལ་ནི་མི་རིགས་སོ། །དེ་ལ་གལ་ཏེ་ཕྱི་མའི་ལྷ་དེ་ཉིད་སྔ་མའི་མི་དེ་ཡིན་པ་དེ་ལྟ་ན་རྟག་པར་འགྱུར་ན། ལྷ་དེ་ཉིད་མི་ཡིན་ནོ་ཞེས་པ་ནི་མི་རིགས་ཏེ། གཅིག་ཉིད་འགྲོ་བ་སྣ་ཚོགས་སུ་ཐལ་བའི་ཕྱིར་རོ། །གཞན་ཡང་རྟག་པ་ཡིན་ན་ཕྱིས་ཀྱི་ལྷ་ནི་མ་སྐྱེས་པ་ཉིད་དུ་འགྱུར་ཏེ། རྟག་པ་ལ་སྐྱེ་བ་མེད་པའི་ཕྱིར་ཏེ། གང་ཞིག་གང་ནའང་ནམ་གྱི་ཚེ། །མ་བརྟེན་པར་ནི་ཡོད་ཉིད་མེད། །དེས་ན་རྟག་པ་ཞེས་བྱ་བ། །དེ་ནི་འགའ་ཡང་ཡོད་མ་ཡིན། །ཞེས་པ་ལྟར་རྟག་པ་ནི་མེད་པ་ཉིད་ཀྱིས་སྐྱེ་བར་མི་རིགས་པའི་ཕྱིར་རོ། །གཉིས་པ་མི་རྟག་པ་དགག་པ་ནི། གལ་ཏེ་ལྷ་ལས་མི་གཞན་ན། །དེ་ལྟ་ན་ནི་མི་རྟག་འགྱུར། །གལ་ཏེ་ལྷ་མི་གཞན་ཡིན་ན། །རྒྱུད་ནི་འཐད་པར་མི་འགྱུར་རོ། །གལ་ཏེ་ཕྱིས་ཀྱི་ལྷ་ལས་སྔར་གྱི་མི་གཞན་ཡིན་ན་དེའི་ཚེ་ཨ་མྲའི་ཤིང་ནིམ་པའི་རྒྱུད་མ་ཡིན་པ་བཞིན་དུ་ལྷ་མི་རྒྱུད་གཅིག་ཏུ་གཏོགས་པར་མི་འགྱུར་ལ། དེ་ལྟ་ན་སྔར་གྱི་མི་ནི་འཇིག་པས་མི་རྟག་པ་ཉིད་དུ་འགྱུར་རོ། །ཅི་སྟེ་ལྷ་མི་གཞན་ཡིན་ན་དེའི་ཚེ་རྒྱུད་གཅིག་ཏུ་གཏོགས་པ་འཐད་པར་མི་འགྱུར་བ་ཞིག་ན། ལྷ་མི་ནི་རྒྱུད་གཅིག་ཏུ་གཏོགས་པའི་ཕྱིར་གཞན་མ་ཡིན་ལ། དེའི་ཕྱིར་སྔར་གྱི་མི་ནི་རྒྱུན་མ་ཆད་པས་མི་རྟག་པ་ཡང་མ་ཡིན་ནོ། །གསུམ་པ་གཉིས་ཀ་ཡིན་པ་དགག་པ་ནི། གལ་ཏེ་ཕྱོགས་གཅིག་ལྷ་ཡིན་ལ། །ཕྱོགས་གཅིག་མི་ནི་ཡིན་གྱུར་ན། །རྟག་དང་མི་རྟག་འགྱུར་བ་ཡིན། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་མི་འདི་ལྷའི་འགྲོ་བར་འཕོ་བ་ན་ཆ་ཤས་ཀྱིས་མི་གཏོང་ལ། ཆ་ཤས་ཀྱིས་ལྷའི་ལུས་ལེན་ན། དེའི་ཚེ་ཆ་གང་གིས་མི་བཏང་ནས་ལྷ་བླངས་པའི་ཕྱོགས་གཅིག་ལྷ་ཡིན་ལ། ཆ་གང་གིས་མི་མ་བཏང་བའི་ཕྱོགས་གཅིག་མི་ཡིན་པར་གྱུར་ན། མི་ཡིན་པའི་ཆ་ནི་སྔར་གྱི་གནས་སྐབས་མ་ཞིག་པས་རྟག་ལ། ལྷ་ཡིན་པའི་ཆ་ནི་སྔར་གྱི་གནས་སྐབས་ཞིག་པས་མི་རྟག་པར་འགྱུར་བ་ཞིག་ན་གཅིག་ཉིད་ལ་ལྷའི་འགྲོ་བས་བསྡུས་པ་དང་མིའི་འགྲོ་བས་བསྡུས་པ་དེ་ཡང་རིགས་པ་མ་ཡིན་ནོ། །དེའི་ཕྱིར་རྟག་པ་དང་མི་རྟག་པ་གཉིས་ཡིན་པ་མི་འཐད་དོ། །

བཞི་པ་གཉིས་ཀ་མ་ཡིན་པ་དགག་པ་ནི། གལ་ཏེ་རྟག་པ་དང་མི་རྟག་པ་གཉིས་ཀ་གྲུབ་པར་གྱུར་ན་ནི། ༼གལ་ཏེ་རྟག་དང་མི་རྟག་པ། །གཉིས་ཀ་འགྲུབ་པར་འགྱུར་ན་ནི། །རྩ་ཚིག་འདི་གཉིས་ཆད།༽རྟག་པ་མ་ཡིན་མི་རྟག་མིན། །གྲུབ་པར་འགྱུར་བར་འདོད་ལ་རག །གལ་ཏེ་རྟག་པ་དང་མི་རྟག་པ་གཉིས་ཀ་གྲུབ་ན་དེ་དག་བཀག་པའི་སྒོ་ནས་རྟག་པ་མ་ཡིན་ཞིང་། མི་རྟག་པ་ཡང་མ་ཡིན་ཞེས་པ་འགྲུབ་པར་འགྱུར་བ་ཞིག་ན། གང་གི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་རྟག་པ་དང་མི་རྟག་པ་གཉིས་ཀ་མ་གྲུབ་པ་དེའི་ཚེ། དེ་དག་བཀག་པའི་སྒོ་ནས་རྟག་པ་ཡང་མ་ཡིན། མི་རྟག་པ་ཡང་མ་ཡིན་པ་ག་ལ་ཡོད། དེའི་ཕྱིར་དེ་ཡང་མི་རིགས་སོ། །

གཉིས་པ་ནི། ཅི་སྟེ་འཁོར་བ་ཐོག་མ་མེད་པ་ནས་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་ཅིང་ཡོངས་སུ་འཁྱམ་པར་བྱེད་པ་བདག་རྟག་པ་འགའ་ཞིག་ཡོད་དོ་སྙམ་ན། དེ་ཡང་མི་འཐད་དེ། གལ་ཏེ་གང་ཞིག་གང་ནས་གར། །འོངས་ཤིང་གང་དུའང་འགྲོ་འགྱུར་ན། །དེ་ཕྱིར་འཁོར་བ་ཐོག་མེད་པར། །འགྱུར་ན་དེ་ནི་ཡོད་མ་ཡིན། །གལ་ཏེ་འདུ་བྱེད་དམ་སེམས་ཅན་གང་ཞིག་འགྲོ་བ་གཞན་སྔ་མ་གང་ནས་གར་ཏེ་ད་ལྟར་གྱི་འགྲོ་བ་གཞན་དུ་འོངས་ཤིང་། ད་ལྟར་གྱི་འགྲོ་བ་གཞན་དེ་ནས་སླར་ཡང་ཕྱི་མའི་འགྲོ་བ་གཞན་གང་དུ་འགྲོ་བར་འགྱུར་ན་དེའི་ཕྱིར་སྐྱེ་བ་དང་འཆི་བ་གཅིག་ནས་གཅིག་ཏུ་བརྒྱུད་པའི་འཁོར་བ་ཐོག་མ་མེད་པར་འགྱུར་བ་ཞིག་ན་འགྲོ་བར་སྔ་མ་ནས་འདིར་འོང་བ་དང་འདི་ནས་འགྲོ་བ་ཕྱི་མ་གཞན་དུ་འགྲོ་བ་དེ་ནི་ཡོད་པ་མ་ཡིན་ཏེ། བདག་གམ་འདུ་བྱེད་རྟག་པ་དང་མི་རྟག་པ་གང་ལ་ཡང་འོང་བ་དང་འགྲོ་བ་མི་འཐད་པའི་ཕྱིར་ཏེ། རྟག་པ་ལ་ནི་འགྲོ་འོང་གི་བྱ་བ་མི་འཐད་པའི་ཕྱིར་དང་མི་རྟག་པ་ནི་གང་དུ་སྐྱེས་པ་དེར་འཇིག་པའི་ཕྱིར་རོ། །དེའི་ཕྱིར་ཐོག་མ་མེད་པ་ནས་འཁོར་ཞིང་ཡོངས་སུ་འཁྱམ་པའི་བདག་རྟག་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་ཇི་སྐད་བཤད་པའི་ཚུལ་གྱིས། གལ་ཏེ་རྟག་པ་འགའ་མེད་ན། །མི་རྟག་གང་ཞིག་ཡིན་པར་འགྱུར། །རྟག་པ་དང་ནི་མི་རྟག་དང་། །དེ་གཉིས་བསལ་བར་འགྱུར་བའོ། །གལ་ཏེ་གང་གི་ཚེ་དེ་ལྟར་རྟག་པ་འགའ་ཡང་མེད་པ་དེའི་ཚེ། གང་ཞིག་ཞིག་པས་མི་རྟག་པ་ཡིན་པར་འགྱུར། རྟག་མི་རྟག་གཉིས་ཀ་མ་དམིགས་པ་ན། རྟག་པ་དང་མི་རྟག་པ་གཉིས་ཀ་ཡིན་པ་དང་། དེ་གཉིས་ཀ་བསལ་བར་གྱུར་པ་རྟག་པ་ཡང་མ་ཡིན་མི་རྟག་པ་ཡང་མ་ཡིན་པ་དེ་ཡང་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྟག་པ་ལ་སོགས་པར་ལྟ་བ་བཞི་སྔོན་གྱི་མཐའ་ལ་མི་སྲིད་དོ། །

གཉིས་པ་མཐའ་ལྡན་སོགས་བཞི་དགག་པ་ལ་མཐའ་ལྡན་མཐའ་མེད་དགག་པ་དང་། ཕུང་པོ་གསུམ་པའི་ཕྱོགས་དགག་པ་གཉིས་ཀྱི། དང་པོ་ལ་དམ་བཅའ་འགོད། སྒྲུབ་བྱེད་བཤད་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་འཇིག་རྟེན་མཐའ་ཡོད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འཇིག་རྟེན་མཐའ་མེད་ན། །འཇིག་རྟེན་ཕ་རོལ་ཇི་ལྟར་འགྱུར། །གལ་ཏེ་འདུ་བྱེད་བདག་གི་རང་བཞིན་གྱི་འཇིག་རྟེན་ཤི་བའི་འོག་ཏུ་རྒྱུན་ཆད་པའི་མཚན་ཉིད་ཅན་གྱི་མཐའ་ཡོད་པ་ཡིན་ན། དེའི་ཚེ་ཇི་ལྟར་འཇིག་རྟེན་ཕ་རོལ་ཡོད་པར་འགྱུར་ཏེ་མེད་པ་ཁོ་ནར་འགྱུར་ན། འཇིག་རྟེན་ཕ་རོལ་ནི་ཡོད་པ་ཡང་ཡིན་ཏེ། དེའི་ཕྱིར་འཇིག་རྟེན་མཐའ་ཡོད་པ་མི་འཐད་དོ། །གལ་ཏེ་བདག་གམ་འདུ་བྱེད་ཀྱི་རང་གི་ངོ་བོ་མ་ཉམས་པར་ཕྱི་མར་འཇུག་པའི་མཚན་ཉིད་ཅན་གྱི་འཇིག་རྟེན་མཐའ་མེད་པ་ཡིན་ན་དེའི་ཚེ་འཇིག་རྟེན་ཕ་རོལ་ཇི་ལྟར་ཡོད་པར་འགྱུར་ཏེ། སྔ་ཕྱི་གཉིས་ཀ་གཅིག་ཡིན་པ་ཉིད་ཀྱིས་འདི་དང་ཕ་རོལ་གྱི་རྣམ་དབྱེ་མེད་པའི་ཕྱིར་རོ། །འཇིག་རྟེན་ཕ་རོལ་མེད་པ་མ་ཡིན་པས་དེའི་ཕྱིར་མཐའ་མེད་པ་ཡང་མི་འཐད་དོ། །གཞན་ཡང་། གང་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན། །འདི་ནི་མར་མེའི་འོད་དང་མཚུངས། །དེ་ཕྱིར་མཐའ་ཡོད་ཉིད་དང་ནི། །མཐའ་མེད་ཉིད་ཀྱང་མི་རིགས་སོ། །གང་གི་ཕྱིར་ཕུང་པོ་རྣམས་ཀྱི་རྒྱུན་སྐད་ཅིག་སྔ་མ་སྔ་མ་འཇིག་ཅིང་ཕྱི་མ་ཕྱི་མ་བར་མ་ཆད་པར་འཇུག་པ་འདི་ནི་མར་མེའི་འོད་དང་མཚུངས་པ་དེའི་ཕྱིར་སྐད་ཅིག་ཕྱི་མ་འབྱུང་བས་མཐའ་ཡོད་པ་ཉིད་ཀྱང་མི་རིགས་ལ་སྔ་མ་འཇིག་པས་མཐའ་མེད་པ་ཉིད་ཀྱང་མི་རིགས་སོ། །གཉིས་པ་ནི། གལ་ཏེ་སྔ་མ་འཇིག་འགྱུར་ཞིང་། །ཕུང་པོ་འདི་ལ་བ རྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་ཡོད་འགྱུར། །གལ་ཏེ་སྔ་མ་མིའི་ཕུང་པོ་འཇིག་ཅིང་མིའི་ཕུང་པོ་འདི་ལ་བརྟེན་ནས་ཕྱི་མ་ལྷའི་ཕུང་པོ་དེ་ནི་མི་འབྱུང་ན་དེའི་ཚེ་ཏིལ་མར་དང་སྙིང་པོ་ཟད་པའི་མར་མེ་ལྟར་འཇིག་རྟེན་མཐའ་ཡོད་པར་འགྱུར་ན། ལུས་ཕྱི་མ་འབྱུང་བའི་ཕྱིར་མཐའ་ཡོད་པ་ཡང་མ་ཡིན་ནོ། །གལ་ཏེ་སྔ་མ་མི་འཇིག་ཅིང་། །ཕུང་པོ་འདི་ལ་བརྟེན་བྱས་ནས། །ཕུང་པོ་དེ་ནི་མི་འབྱུང་ན། །དེས་ན་འཇིག་རྟེན་མཐའ་མེད་འགྱུར། །གལ་ཏེ་སྔ་མ་མིའི་ཕུང་པོ་མི་འཇིག་ཅིང་མིའི་ཕུང་པོ་འདི་ལ་བརྟེན་ནས་ཕྱི་མ་ལྷའི་ཕུང་པོ་དེ་ནི་མི་འབྱུང་ན་དེའི་ཚེ་སྔ་མའི་ཕུང་པོ་ཉིད་མ་ཉམས་པར་འཇིག་རྟེན་གཞན་དུ་འཇུག་པའི་ཕྱིར་འཇིག་རྟེན་མཐའ་མེད་པར་འགྱུར་བ་ཞིག་ན་གང་གི་ཚེ་ཕུང་པོ་སྔ་མ་འགག་ཅིང་དེའི་རྒྱུ་ཅན་གྱི་ཕྱི་མ་རྣམས་སྐྱེ་བ་དེའི་ཚེ་འཇིག་རྟེན་མཐའ་མེད་པར་མི་འགྱུར་རོ། །

གཉིས་པ། ཕུང་པོ་གསུམ་པའི་ཕྱོགས་དགག་པ་ལ། གཉིས་ཡིན་གྱི་ཕྱོགས་དགག་པ་དང་། གཉིས་མ་ཡིན་གྱི་ཕྱོགས་དགག་པ་གཉིས་ཀྱི་དང་པོ་ནི། གལ་ཏེ་ཕྱོགས་གཅིག་མཐའ་ཡོད་ལ། །ཕྱོགས་གཅིག་མཐའ་ནི་མེད་འགྱུར་ན། །འཇིག་རྟེན་མཐའ་ཡོད་མཐའ་མེད་འགྱུར། །དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་གང་ཟག་འགའ་ཞིག་འཇིག་རྟེན་འདི་ནས་ཕ་རོལ་ཏུ་འཕོ་བ་ན། བདག་ཕུང་པོའི་ཕྱོགས་གཅིག་འཇིག་པས་མཐའ་ཡོད་ལ། ཕྱོགས་གཅིག་མི་འཇིག་ཅིང་མ་ཉམས་པར་འཇུག་པའི་མཐའ་མེད་པར་འགྱུར་ན། དེའི་ཚེ་འཇིག་རྟེན་མཐའ་ཡོད་པ་དང་མཐའ་མེད་པར་འགྱུར་བ་ཞིག་ན། ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་མི་འཇིག་པ་དེ་ཡང་རིགས་པ་མ་ཡིན་ཏེ། གཅིག་ལ་འགལ་བ་དག་མི་རུང་བའི་ཕྱིར་རོ། །ཅིའི་ཕྱིར་ཕྱོགས་གཅིག་འཇིག་ལ་ཕྱོགས་གཅིག་གནས་པ་མི་རིགས་ཞེ་ན། འདིར་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་རྣམ་པར་གནས་པར་རྟོག་ན། ཉེ་བར་ལེན་པོ་ལ་ཡིན་ནམ་ཉེ་བར་ལེན་པ་ལ་ཡིན་གྲང་། དང་པོ་ལྟར་ན། ཇི་ལྟར་བུར་ན་ཉེར་ལེན་པོའི། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ནི་མི་རིགས་སོ། །ཉེ་བར་ལེན་པོ་ནི་བདག་ཡིན་ལ། དེ་ཡང་ཕུང་པོ་དག་ལ་རྣམ་པ་ལྔས་བཙལ་བ་ན་ཡོད་པ་མ་ཡིན་ལ། གང་ཡོད་པ་མ་ཡིན་པ་དེ་ནི་ཇི་ལྟ་བུར་ན་ཕྱོགས་གཅིག་རྣམ་པར་འཇིག་ལ་ཕྱོགས་གཅིག་རྣམ་པར་མི་འཇིག་པར་འགྱུར། དེ་ཉིད་ཀྱི་ཕྱིར་དེ་ལྟར་དེ་ནི་མི་རིགས་སོ། །ཕྱོགས་གཉིས་པ་ལྟར་ན་ཡང་། ཇི་ལྟ་བུར་ན་ཉེར་བླང་པའི། །ཕྱོགས་གཅིག་རྣམ་པར་འཇིག་འགྱུར་ལ། །ཕྱོགས་གཅིག་རྣམ་པར་འཇིག་མི་འགྱུར། །དེ་ལྟར་དེ་ཡང་མི་རིགས་སོ། །གལ་ཏེ་ཉེ་བར་ལེན་པ་པོ་འགའ་ཞིག་ཡོད་ན་ཉེ་བར་ལེན་པ་ཡང་ཡོད་པར་འགྱུར་བ་ཞིག་ན། གང་གི་ཚེ་རྣམ་པ་ལྔས་བཙལ་བ་ན་ཉེ་བར་ལེན་པ་པོ་འགའ་ཡང་མེད་པས་ཉེ་བར་ལེན་པ་ཡང་མེད་པ་དེའི་ཚེ། ཇི་ལྟ་བུར་ན་ཉེར་བླང་པའི་ཕྱོགས་གཅིག་འཇིག་ཅིང་ཕྱོགས་གཅིག་འཇིག་པར་མི་འགྱུར། དེ་ཉིད་ཀྱི་ཕྱིར་དེ་ལྟར་ཡང་མི་རིགས་སོ། །གཉིས་པ་ནི། གལ་ཏེ་མཐའ་ཡོད་མཐའ་མེད་པ། །གཉིས་ཀ་གྲུབ་པར་གྱུར་ན་ནི། །མཐའ་ཡོད་མ་ཡིན་མཐའ་མེད་མིན། །འགྲུབ་པར་འགྱུར་བར་འདོད་ལ་རག །གལ་ཏེ་ཕུང་པོ་སྔ་མ་མི་འཇིག་པར་སྐྱེ་བ་ཕྱི་མར་འགྲོ་བའི་མཐའ་མེད་པ་དང་སྔ་མ་འཇིག་ཅིང་ཕྱི་མ་མི་འབྱུང་བའི་མཐའ་ཡོད་པ་གཉིས་ཀ་གྲུབ་ན་དེ་དག་བཀག་པའི་སྒོ་ནས་མཐའ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པ་གྲུབ་པ་ཞིག་ན། ཇི་སྐད་བཤད་པའི་ཚུལ་གྱིས་མཐའ་ཡོད་པ་དང་མཐའ་མེད་པ་ཡོད་པ་མ་ཡིན་པས་དེ་དག་བཀག་པ་ཡང་མེད་དོ། །དེའི་ཕྱིར་མཐའ་ཡོད་པ་ཡང་མ་ཡིན་མཐའ་མེད་པ་ཡང་མ་ཡིན་ཞེས་པ་མི་རིགས་སོ། །

གཉིས་པ་དོན་དམ་ལ་བརྟེན་ནས་དགག་པ་ནི། ཡང་ན་དངོས་པོ་ཐམས་ཅད་དག །སྟོང་ཕྱིར་རྟག་ལ་སོགས་ལྟ་བ། །གང་དག་གང་དུ་གང་ལ་ནི། །ཅི་ལས་ཀུན་ཏུ་འབྱུང་བར་འགྱུར། །ཉེ་བར་ལེན་པ་དང་ཉེ་བར་ལེན་པ་པོ་ཀུན་རྫོབ་རྟེན་ཅིང་འབྲེལ་བར་འབྱུང་བ་གཟུགས་བརྙན་དང་འདྲ་བ་ཞལ་གྱིས་བཞེས་ན་རྟག་པ་ལ་སོགས་པར་ལྟ་བ་མི་སྲིད་པར་བསྟན་པ་ལས། ཡང་ན་ཕྱི་དང་ནང་གི་དངོས་པོ་ཐམས་ཅད་རྟེན་ཅིང་འབྲེལ་བ་འབྱུང་བ་ཡིན་པའི་ཕྱིར་སྟོང་པ་ཉིད་ཡིན་པར་བསྟན་བཅོས་མཐའ་དག་གིས་བསྟན་ལ། དེའི་ཕྱིར་གོང་དུ་བཤད་པའི་རྟག་པ་ལ་སོགས་པ་ལྟ་བ་གང་དག་དངོས་པོ་ཐམས་ཅད་ལས་ཕྱི་རོལ་དུ་གྱུར་པ་གང་ཞིག་ཡོད་པར་འགྱུར། དེ་བཞིན་དུ་ཡུལ་གང་དུ་ལྟ་བ་དག་འབྱུང་ཞིང་བཟློག་པར་བྱ་བ་ལྟ་བ་དེ་དག་གི་དམིགས་པ་རྟག་པ་ལ་སོགས་པ་དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་མ་ཆུད་པ་གང་ཞིག་ཡོད། རྟེན་གང་ལ་ལྟ་བ་དེ་དག་སྐྱེ་བར་འགྱུར་ཞིང་ཁོ་བོ་ཅག་གིས་བཟློག་པར་བྱ་བ་དངོས་པོའམ། གང་ཟག་དངོས་པོ་ཐམས་ཅད་པས་ཕྱི་རོལ་དུ་གྱུར་པ་དེ་ཡང་གང་ཞིག་ཡོད། རྒྱུ་ཅི་ལས་ལྟ་བ་དེ་དག་ཀུན་ཏུ་འབྱུང་བ་ལྟ་བ་དེ་དག་གི་རྒྱུ་མཚན་དངོས་པོ་ཐམས་ཅད་ལས་ཕྱི་རོལ་དུ་གྱུར་པ་དེ་ཡང་གང་ཞིག་ཡོད་དེ། དོན་ཐམས་ཅད་དངོས་པོ་ཐམས་ཅད་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་དང་དངོས་པོ་ཐམས་ཅད་ཀྱང་སྟོང་པ་ཉིད་དུ་གཏན་ལ་ཕབ་ཟིན་པའི་ཕྱིར་རོ། །དེའི་ཕྱིར་རྟག་པར་ལྟ་བ་ལ་སོགས་པ་མཐར་འཛིན་པར་ལྟ་བ་དེ་དག་བདེན་པ་གཉིས་ཀར་དུ་མི་རིགས་སོ། །ཇི་སྐད་དུ། མདོ་ལས། གང་ལ་ལ་ཞིག་གིས་ཡང་དག་པའི་ཤེས་རབ་ཀྱིས་དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ཡང་དག་པ་ཇི་ལྟ་བ་བཞིན་དུ་རྟག་པར་རྒྱུན་དུ་གསོག་མེད་པ་དང་ཇི་ལྟ་བ་ཉིད་དང་མ་ནོར་བ་དང་། མ་སྐྱེས་པ་དང་མ་བྱུང་བ་དང་། མ་བྱས་པ་དང་། འདུས་མ་བྱས་པ་དང་། ཐོགས་པ་མེད་པ་དང་། སྒྲིབ་པ་མེད་པ་དང་། ཞི་བ་དང་། འཇིག་པ་མེད་པ་དང་། མི་འཕྲོག་པ་དང་། ཟད་པ་མེད་པ་དང་། རྣམ་པར་ཞི་བ་མ་ཡིན་པའི་རང་བཞིན་དུ་མཐོང་བ་དང་། མེད་པ་དང་། གསོག་དང་། གསོབ་དང་། སྙིང་པོ་མེད་པ་དང་། ནད་དང་། འབྲས་དང་། ཟུག་རྔུ་དང་། སྡིག་པ་དང་། མི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་བདག་མེད་པར་ཡང་དག་པར་རྗེས་སུ་མཐོང་བ་དེ་ནི། ཅི་བདག་འདས་པའི་དུས་ན་འབྱུང་བ་ཞིག་གམ། འོན་ཏེ་བདག་འདས་པའི་དུས་ན་མ་བྱུང་བ་ཞིག་གམ། བདག་འདས་པའི་དུས་ན་ཅིར་གྱུར་བ་ཞིག བདག་འདས་པའི་དུས་ན་ཅི་ལྟ་བུར་གྱུར་པ་ཞིག་སྙམ་དུ་སྔོན་གྱི་མཐའ་ལ་བརྟེན་པར་མི་བྱེད་དོ་ཞེས་སོགས་གསུངས་པ་ལྟ་བུའོ། །

གསུམ་པ་བྱ་བ་མཐར་ཕྱིན་པའི་ཡན་ལག་བཀའ་དྲིན་གྱི་ཕྱག་བྱ་བ་ནི། དེ་ལྟར་ཇི་སྐད་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་འཁོར་བ་ལས་ངེས་པར་འབྱུང་བར་བྱེད་པའི་ལམ་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པ་ཉིད་ཀྱིས་སློབ་དཔོན་བཅོམ་ལྡན་འདས་ལ་ཐུགས་ཤིན་ཏུ་དང་བར་གྱུར་པས་བཀའ་དྲིན་དྲན་པའི་སྒོ་ནས་ཕྱག་འཚལ་བར་བཞེད་ནས། གང་གིས་ཐུགས་བརྩེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤངས་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པ། །གོ་ཏམ་དེ་ལ་ཕྱག་འཚལ་ལོ། །སངས་རྒྱས་བཅོམ་ལྡན་འདས་གང་གིས་རྙེད་བཀུར་དང་ཕན་ལན་བཞེད་པ་སོགས་ལ་མི་ལྟོས་པར་གདུལ་བྱ་རྣམས་ལ་ཐུགས་བརྩེ་བས་ཉེ་བར་བཟུང་ནས་སྡུག་བསྔལ་གྱི་རྩ་བ་དངོས་པོར་མངོན་པར་ཞེན་པའི་ལྟ་བ་ཐམས་ཅད་སྤངས་པའི་ཕྱིར་འཁོར་འདས་ཀྱི་གཡང་ས་ལས་འཛིན་ཅིང་། འཕགས་པ་དམ་པ་རྣམས་ཀྱིས་བསྟེན་པས་སམ། ཡང་ན་ཆོས་བཟང་པོ་ནི་དམ་པའི་ཆོས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་འགག་པ་མེད་པ་ལ་སོགས་པ་སྤྲོས་པ་ཉེ་བར་ཞི་བའི་མཚན་ཉིད་ཅན་ཕྱིན་ཅི་མ་ལོག་པར་སྟོན་པར་མཛད་པའི་སྟོན་པ་བླ་ན་མེད་པ་ཟླ་མེད་པ་དེ་ལ་ཕྱག་འཚལ་ལོ། །མཚན་ཅི་ཞིག་ཅེ་ན། དྲང་སྲོང་གོའུ་ཏ་མའི་རིགས་སུ་འཁྲུངས་པས་གོའུ་ཏ་མ་ཞེས་འཇིག་རྟེན་གསུམ་དུ་གྲགས་པའོ། །དབུ་མ་རྩ་བའི་ཤེས་རབ་ལས་ལྟ་བ་བརྟག་པ་ཞེས་བྱ་བ་རབ་ཏུ་བྱེད་པ་ཉི་ཤུ་བདུན་པའི་འགྲེལ་པའོ།། །།

འཇུག་བྱང་།

རྒྱལ་བའི་བསྟན་པ་ཡུན་རིང་གནས་ཕྱིར་དང་། །སྐལ་བཟང་ཟབ་མོའི་ལམ་ལ་འཇུག་འདོད་རྣམས། །སངས་རྒྱས་དགྱེས་པའི་ལམ་ལ་དགོད་པའི་ཕྱིར། །དྲི་མེད་ལྷག་བསམ་དག་པས་ཀུན་བསླངས་ཏེ། །བདེ་གཤེགས་གསུང་རབ་ཀུན་གྱི་སྙིང་པོའི་དོན། །ཟབ་མོའི་དེ་ཉིད་མཐའ་བྲལ་དབུ་མའི་ལམ། །ཡང་དག་གསལ་བྱེད་རྩ་བ་ཤེས་རབ་ཀྱི། །འགྲེལ་པ་ཚིག་དོན་གསལ་བ་འདི་བྱས་སོ། །འདིར་འབད་དགེ་བ་ཅུང་ཞིག་གང་ཐོབ་དང་། །གཞན་ཡང་དུས་གསུམ་བསགས་པའི་དགེ་བ་ཀུན། །མ་ལུས་བློ་ཡིས་གཅིག་ཏུ་སྡོམ་བྱས་ཏེ། །འགྲོ་ཀུན་ཀུན་མཁྱེན་འཐོབ་པའི་རྒྱུ་རུ་བསྔོ། །དབུ་མ་རྩ་བའི་འགྲེལ་པ་འཐད་པའི་སྣང་བ་ཞེས་བྱ་བ་འདི་ནི་རང་གི་སློབ་མ་རྣམས་ཀྱིས་བསྐུལ་ཏེ་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བའོ། །འདིས་འགྲོ་བ་དཔག་ཏུ་མེད་པའི་རྒྱུད་ལ་ཡང་དག་པའི་ལྟ་བའི་སྣང་བ་རྒྱས་པར་བྱེད་པར་གྱུར་ཅིག། །།རྗེ་བཙུན་རེད་མདའ་བ་མཁྱེན། །ཟབ་མོ་དབུ་མའི་དོན་རྟོགས་པར་བྱིན་གྱིས་རློབས། །མངྒ་ལཾ་སིདྡྷི་ཕ་ལ་ཧོ། ཤུ་བྷཾ།། །།

༼གཞུང་འགྲེལ་ཆེན་མོ་འདི་ལ་མ་དཔེ་གཅིག་ལས་མེད་པས་དེའི་ནང་ཚིག་ཆད་པ་དང་ཡིག་ནོར་མི་ཉུང་བ་ཞིག་འདུག་པས་འདི་ག་ས་སྐྱའི་དཔེ་རྙིང་བསྡུ་སྒྲིག་ཁང་གིས་འགྲེལ་པ་ཚིག་གསལ་དང་བསྡུར་ནས་ཞུས་པའོ། །༽