cover

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།

གླེགས་བམ། ང༽

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས།

Nitartha international
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ་འདི་ OCR བྱེད་སའི་གཞི་དེ་མེས་པོའི་ཤུལ་བཞག་ནས་ཡིན་པས་ལས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

བཤེས་པའི་སྤྲིངས་ཡིག་གི་འགྲེལ་པ་དོན་གསལ།

བཤེས་པའི་སྤྲིངས་ཡིག་གི་འགྲེལ་པ་དོན་གསལ་བཞུགས་སོ། །

ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །རྣམ་དག་ཕྲིན་ལས་འོད་དཀར་སྟོང་ལྡན་ཐུབ་དབང་རི་བོང་འཛིན་པ་ཡིས། །ཉོན་མོངས་གདུགས་ཀྱིས་རབ་ཏུ་གདུངས་པའི་སྐྱེ་རྒུའི་ཚ་གདུང་འཇིལ་བ་ནི། །ཤིན་ཏུ་བསིལ་བའི་འོད་ཟེར་སྟོང་འགྱེད་སྟོན་ཟླའི་དཀྱིལ་འཁོར་རྒྱས་པའམ། །ཧ་རི་ཙནྡན་དྲི་བསུང་གིས་བསྒོས་མ་ལ་ཡ་ཀླུང་དག་དང་མཚུངས། །གང་གིས་ཆགས་བྲལ་ཡོན་ཏན་བསིལ་ཟེར་ཆ་ཡི་ཆ་ཙམ་འཕྲོས་པས་ཀྱང་། །ཨུཏྤལ་མིག་གི་བུང་བ་ཟུང་ལྡན་རྣམ་དཀར་སོ་ཡི་ཟེའུ་འབྲུ་ཅན། །དྲེགས་བཅས་བདུད་ཀྱིས་ཕོ་ཉར་མངགས་པའི་མཐོ་རིས་བུ་མོའི་བཞིན་རས་ཀྱི། །པདྨོའི་ནགས་ཚལ་མོད་ལ་ཟུམ་བྱེད་ཐུབ་དབང་སྨྲ་བའི་ཟླ་བར་འདུད། །མཐར་ལྟའི་རི་བོ་ལྷུན་སྟུག་ལ་གནས་གཞན་སྡེ་འདབ་བཟང་སྟོང་དག་གིས། །གང་གི་ལྟ་ཟེར་འབར་བའི་གཟི་བརྗིད་ཅུང་ཟད་འགོད་པར་མ་ནུས་ཤིང་། །མཐའ་བྲལ་སྟོང་ཉིད་གདེངས་ཀའི་ནོར་བུས་ས་གསུམ་མུན་པ་སེལ་མཛད་པ། །ཀླུ་སྒྲུབ་ཀླུ་ཡི་དབང་པོ་དེ་ནི་སྐྱེ་རྒུའི་གཙུག་ན་རྒྱལ་གྱུར་ཅིག ། དེ་ཡི་གསུང་རབ་ལེགས་བཤད་རིན་ཆེན་གཏེར། །ཡིད་བཅུགས་བཤེས་ལ་འདོམས་བྱེད་སྙན་ཚིག་འདི། །བློ་བཟང་བཤེས་གཉེན་འགའ་ཡིས་བསྐུལ་བའི་ངོར། །ཇི་ལྟར་ནུས་བཞིན་བདག་གིས་རྣམ་པར་དབྱེ། །ཇི་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ཚུལ་རྣམས་འཛིན་པར་འགྱུར་བ་དེ། །བློ་གྲོས་ཆེན་པོ་ཁྱོད་ཤེས་གྱིས། །ལྷོ་ཕྱོགས་བཻ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ང་ཡི་བསྟན་པ་འཇིག་རྟེན་ན། །བླ་མེད་ཐེག་པ་གཙོར་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ནས། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་སོགས་མདོ་སྡེ་དུ་མ་ལས་ལུང་བསྟན་པའི་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། མཛའ་བོ་རྒྱལ་པོ་བདེ་སྤྱོད་བཟང་པོ་ལ་བརྫངས་པ། མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ཐབས་ཕྱིན་ཅི་མ་ལོག་པ་སྟོན་པར་བྱེད་པ་བཤེས་པའི་སྤྲིངས་ཡིག་ནི། བསྡུས་པའི་དོན་གཉིས་ཀྱིས་ཤེས་པར་བྱ་སྟེ། འདི་ལྟར་མཉན་པར་གདམས་པ་དང་། གདམས་པ་དངོས་སོ། །

གཉན་པར་གདམས་པ།

དང་པོ་ནི། ཡོན་ཏན་རང་བཞིན་དགེ་འོས་བདག་གིས་ནི། །བདེ་བར་གཤེགས་པའི་གསུང་བསྙད་ལས་བྱུང་བའི། །བསོད་ནམས་འདུན་སླད་འཕགས་པའི་དབྱངས་འདི་དག །ཅུང་ཟད་ཅིག་བསྡེབས་ཁྱོད་ཀྱིས་གསན་པའི་རིགས། །ཞེས་གསུངས་ཏེ། ཡོན་ཏན་རང་བཞིན་དགེ་འོས་ཞེས་པ་ནི། གདམས་པ་ལ་རྣ་བ་གཏོད་དུ་གཞུག་པའི་ཕྱིར་རྒྱལ་པོ་ལ་བོད་པའོ། །དེ་ལ་བརྟེན་ཅིང་གོམས་པར་བྱས་པས་ན་ཡོན་ཏན་ཏེ། དགེ་བ་ཡིན་ལ། དེ་ཡི་རང་བཞིན་ནི་རྒྱུ་སྟེ། སྔོན་བསགས་པའི་དགེ་བའི་རྩ་བའི་རྒྱུ་ལས་བྱུང་བ་ནི། ད་ལྟ་དམ་པའི་ཆ ོས་ཉན་པའི་སྣོད་དུ་གྱུར་པའི་ཕྱིར་དགེ་འོས་ཞེས་བྱའོ། །དེས་ན་སྔོན་དགེ་བའི་རྩ་བ་བསགས་པས་དམ་པའི་ཆོས་ཀྱི་སྣོད་དུ་གྱུར་པའི་རྒྱལ་པོ་ཁྱོད་ཀྱིས་གསན་པའི་རིགས་སོ་ཞེས་སྦྲེལ་ལོ། །གང་ཞེ་ན། འཕགས་པའི་དབྱངས་ཞེས་པའི་མིང་ཅན་གྱི་སྡེབ་སྦྱོར་གྱིས་བཅིངས་པའི་ཚིགས་སུ་བཅད་པ་འདི་དག་གོ །ཚད་ཇི་ཙམ་ཞིག་ཅེ་ན། རྒྱལ་པོ་ནི་བྱ་བ་མང་བས་གཞུང་མང་པོ་འཛིན་པར་མི་ནུས་པས། དེའི་ཕྱིར་ཚིག་མངས་པའི་ཉེས་པ་སྤངས་ཏེ་ཅུང་ཟད་ཅིག་བསྡེབས་ཞེས་སོ། །སུ་ཞིག་གིས་ཤེ་ན། དགེ་སློང་ཀླུ་སྒྲུབ་བདག་གིས་སོ། །དགོས་པ་ཅིའི་ཕྱིར་བསྡེབས་ཤེ་ན། བདེ་བར་གཤེགས་པའི་གསུང་རབ་ལས་བསྙད་ཅིང་བསྟན་པ་ལས་བྱུང་བའི་མངོན་པར་མཐོ་བ་དང་། ངེས་པར་ལེགས་པའི་ཐབས་སུ་གྱུར་པའི་བསོད་ནམས་ལ། ས་བདག་ཁྱོད་དང་སེམས་ཅན་གཞན་དག་ཀྱང་འདུན་པར་བྱ་བའི་སླད་དུའོ། །མངོན་མཐོ་དང་ངེས་ལེགས་ཀྱི་ཐབས་ཕྱིན་ཅི་མ་ལོག་པ་ནི། སངས་རྒྱས་ཀྱི་བསྟན་པ་ལས་གཞན་ལ་མེད་དོ། །ཕྱི་རོལ་པ་དག་ནི་ཕྱུགས་ཀྱི་མཆོད་སྦྱིན་དང་། སྐྲ་འབལ་བ་སོགས་ཀྱི་དཀའ་ཐུབ་དང་། བདག་སྒོམ་པའི་རྣལ་འབྱོར་སོགས་ཀྱིས་མཐོ་རིས་དང་ཐར་པ་ཐོབ་པར་འདོད་པའི་ཕྱིར་རོ། །དེ་བས་ན་བདེ་བར་གཤེགས་པའི་གསུང་བསྙད་པ་ལས་བྱུང་བའི་བསོད་ནམས་འདུན་སླད་ཅེས་སྨོས་ཏེ། གཞན་གྱི་གཞུང་ལུགས་ལས་བསོད་ནམས་སུ་བསྟན་པ་དག་ལ་འདུན་པས་ནི།སྐྱེས་བུའི་མངོན་པར་འདོད་པའི་དོན་མི་འགྲུབ་བོ་སྙམ་དུ་དགོངས་སོ། །གལ་ཏེ་ཁྱོད་ཀྱི་སྙན་ངག་འདི་ལ་སྡེབ་སྦྱོར་མཛེས་པ་མེད་པའི་ཕྱིར་མི་ཉན་ནོ་སྙམ་ན། ཚིག་ངན་ཡང་དོན་བཟང་བའི་ཕྱིར། ཁྱད་དུ་བསད་པ་མི་རིགས་སོ་ཞེས་དཔེ་དང་བཅས་ཏེ་སྟོན་པ་ནི། ཇི་ལྟར་བདེ་གཤེགས་སྐུ་གཟུགས་ཤིང་ལས་ཀྱང་། །བགྱིས་པ་ཅི་འདྲའང་རུང་སྟེ་མཁས་པས་མཆོད། །དེ་བཞིན་བདག་གི་སྙན་ངག་འདི་ངན་ཡང་། །དམ་ཆོས་བརྗོད་ལ་བརྟེན་སླད་སྨད་མི་བགྱི། །ཞེས་གསུངས་ཏེ། ཇི་ལྟར་བདེ་བར་གཤེགས་པའི་སྐུ་གཟུགས་ཤིང་དང་། ཞེས་པས་བསྡུས་པ་རྡོ་བ་དང་འཇིམ་པ་སོགས་ལས་བགྱིས་པ་མཛེས་པའམ། མི་མཛེས་པ་ཅི་འདྲ་ཡང་རུང་སྟེ། རྒྱུ་བཟང་ངན་དང་དབྱིབས་མཛེས་མི་མཛེས་སོགས་ཀྱི་ཁྱད་པར་ལ་མི་ལྟ་བར། གཞི་ངོ་བོའི་ཁྱད་པར་ལ་བརྟེན་ནས་མཁས་པ་རྣམས་ཀྱིས་མཆོད་པར་བྱ་བ་དེ་བཞིན་དུ། བདག་གི་སྙན་ངག་འདི་ཡང་བརྗོད་བྱེད་མཛེས་པ་མ་ཡིན་པས་ངན་ཡང་། བརྗོད་བྱ་མངོན་པར་མཐོ་བ་དང ། ངེས་པར་ལེགས་པའི་ཐབས་སུ་གྱུར་པའི་དམ་པའི་ཆོས་བརྗོད་པ་ལ་བརྟེན་པའི་སླད་དུ། ཚིག་འབྲུ་ལ་མི་རྟོན་དོན་ལ་རྟོན་པའི་མཁས་པ་རྣམས་ཀྱིས་བསྔགས་པར་འོས་པའི་ཕྱིར་སྨད་པར་མི་བགྱི་ཞིང་། མཉན་པར་འོས་པ་ཡང་ཡིན་ནོ། །གལ་ཏེ་ཚིག་མཛེས་པ་མེད་ན། འདིའི་དོན་གང་ཡིན་པ་ཁོ་བོས་སྔར་བདེ་བར་གཤེགས་པའི་གསུང་རབ་དུ་མ་ཐོས་པས་ཁོང་དུ་ཆུད་ཟིན་པའི་ཕྱིར་ཡང་འདི་མཉན་པ་ལ་དགོས་པ་མེད་དོ་སྙམ་ན། མ་རྟོགས་པ་རྟོགས་པར་བྱར་མེད་ཀྱང་། རྟོགས་ཟིན་གསལ་འདེབས་པའི་ཕྱིར་མཉན་པར་རིགས་སོ་ཞེས་དཔེ་དང་བཅས་ཏེ་སྟོན་པ་ནི། ཐུབ་པ་ཆེན་པོའི་བཀའ་ནི་སྙན་རྒུ་ཞིག ཁྱོད་ཀྱིས་ཐུགས་སུ་ལྟ་ཡང་ཆུད་མོད་ཀྱི། །རྡོ་ཐལ་ལས་བགྱིས་དགུང་ཟླའི་འོད་ཀྱིས་ནི། །ཆེས་དཀར་ཉིད་དུ་ཅི་སྟེ་མི་བགྱིད་ལགས། །ཞེས་གསུངས་ཏེ། སྒོ་གསུམ་མི་དགེ་བ་ལས་བསྲུངས་པས་ན་ཐུབ་པ། ཉོན་མོངས་པ་དང་སྐྱེ་བའི་བག་ཆགས་མ་ལུས་པ་སྤངས་པས་ན་ཆེན་པོ། སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ནི་ལེགས་པར་གསུངས་པའི་ཕྱིར་སྙན་པ་ཡིན་ལ། དེ་ལྟ་བུ་སྙན་རྒུ་ཞིག་སྟེ་ཐམས་ཅད་རྒྱལ་པོ་ཁྱོད་ཀྱིས་ཐོས་པ་དང་བསམ་པ་དང་བསྒོམ་པའི་སྒོ་ནས་ཐུགས་སུ་ལྟ་ཡང་ཆུད་མོད། འོན་ཀྱང་འདི་མཉན་པས་ཀྱང་དེ་དག་ཆེས་གསལ་བའི་རྐྱེན་དུ་འགྱུར་བའི་ཕྱིར་མཉན་པའི་རིགས་ཏེ། དཔེར་ན་རྡོ་ཐལ་ལས་བགྱིས་པའི་གཞལ་མེད་ཁང་རང་བཞིན་གྱིས་དཀར་བ་ཡིན་ཡང་། དགུང་ཟླའི་འོད་ཀྱིས་འཕོག་པ་ན་ཆེས་ཤིན་ཏུ་དཀར་བར་ཅི་སྟེ་མི་བགྱིད་ལགས་ཏེ་བགྱིད་པ་དེ་བཞིན་ནོ། །

གདམས་པ་དངོས།

གཉིས་པ་གདམ་པ་དངོས་ལ་གསུམ་སྟེ། སྤྱིར་དགེ་བ་སྒྲུབ་པར་གདམས་པ་དང་། འཁོར་བའི་ཉེས་པས་སྐྱོ་བར་བྱ་བ་དང་། མྱ་ངན་ལས་འདས་པའི་ཕན་ཡོན་བསམས་ནས་ལམ་སྒྲུབ་པར་གདམས་པའོ། །དང་པོ་ལ་གསུམ་གྱི། དང་པོ་ཁྱིམ་པ་དང་རབ་ཏུ་བྱུང་བའི་ཕྱོགས་གཉིས་ཀ་ལ་གདམས་པ་ལ་ཡང་གསུམ་གྱི། དང་པོ་རྗེས་དྲན་དྲུག་གི་དད་པ་ལ་གནས་པར་བྱ་བ་ནི། དགེ་ལེགས་ཀུན་གྱི་རྩ་བ་ནི་སངས་རྒྱས་ལ་སོགས་པ་ལ་དམིགས་པའི་དད་པ་ཡིན་ལ། དེ་མངོན་པར་སྤེལ་བའི་ཕྱིར་རྗེས་སུ་དྲན་པ་དྲུག་རྟག་ཏུ་ཡིད་ལ་བྱའོ་ཞེས་སྟོན་པ་ནི། རྒྱལ་བས་སངས་རྒྱས་ཆོས་དང་དགེ་འདུན་དང་། །གཏོང་དང་ཚུལ་ཁྲིམས་ལྷ་རྗེས་དྲན་པ་དྲུག ། རབ་ཏུ་བཀའ་བསྩལ་དེ་དག་སོ་སོ་ཡི། །ཡོན་ཏན་ཚོགས་ཀྱི་རྗེས་སུ་དྲན་པར་བགྱི། །ཞེས་གསུངས་ཏེ། སྡིག་པའི་ཆོས་མ་ལུས་པ་ཕམ་པར་མཛད་པས་ན་རྒྱལ་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་སངས་རྒྱས་རྗེས་སུ་དྲན་པ་ལ་སོགས་པ། རྗེས་སུ་དྲན་པ་དྲུག་བཀའ་བསྩལ་པ་དེ་དག་ཉིན་རེ་བཞིན་དུ་རྟག་ཏུ་རྗེས་སུ་དྲན་པར་བགྱིའོ། །ཞེས་སྦྲེལ་ལོ། །ཇི་ལྟར་ཞེ་ན། སངས་རྒྱས་ལ་སོགས་པ་དེ་དག་སོ་སོའི་ཡོན་ཏན་གྱི་ཚོགས་མདོ་ལས་ཇི་སྐད་བཤད་པ་རྣམས་ཀྱི་རྗེས་སུ་དྲན་པར་བྱ་ཞིང་ཡིད་ལ་བྱའོ་ཞེས་པའི་ཐ་ཚིག་གོ །

དེ་ལ་སངས་རྒྱས་ཀྱི་ཡོན་ཏན་ནི། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་དེ་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས། རིག་པ་དང་། ཞབས་སུ་ལྡན་པ། བདེ་བར་གཤེགས་པ། འཇིག་རྟེན་མཁྱེན་པ། སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ། བླ་ན་མེད་པ། ལྷ་དང་མི་རྣམས་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་སོ། །ཞེས་བྱ་བ་སྟེ། བདུད་བཞི་བཅོམ་པ་དང་། སྐལ་པ་མཆོག་དང་ལྡན་པས་ན་བཅོམ་ལྡན་འདས་སོ། །དེ་བཞིན་ཉིད་རྟོགས་པས་སམ། ཇི་སྐད་གསུངས་པ་དེ་ཁོ་ན་ལྟར་ཡིན་གྱི། གཞན་དུ་མི་འགྱུར་བས་ན་དེ་བཞིན་གཤེགས་པའོ། །ཉོན་མོངས་པའི་དགྲ་བཅོམ་པས་སམ། རྙེད་པ་དང་བཀུར་སྟིས་མཆོད་པར་འོས་པས་ན་དགྲ་བཅོམ་པའོ། །ཆོས་རྣམས་ཡང་དག་པར་ཕྱིན་ཅི་མ་ལོག་པར་ཀུན་ནས་རྒྱས་པས་ན་ཡང་དག་པར་རྫོགས་པའི་སངས་རྒྱས་སོ། །ཤེས་རབ་དང་ལྡན་པས་ན་རིག་པ་དང་། དེའི་རྟེན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ལྡན་པས་ན་ཞབས་སུ་ལྡན་པའོ། །མཛེས་པའི་གནས་སུ་གཤེགས་པའི་ཕྱིར་རམ། ཕྱིར་མི་ལྡོག་པའི་ཕྱིར་ན་བདེ་བར་གཤེགས་པའོ། །རྟེན་ཅིང་འབྲེལ་འབྱུང་ཡན་ལག་བཅུ་གཉིས་ཀྱི་རྣམ་པར་བཞག་པ་དང་། ས་དང་རི་ལ་སོགས་པའི་འབྱུང་བ་དང་། གནས་དང་ཚད་ལ་སོགས་པ་ཤེས་པས། སེམས་ཅན་གྱི་འཇིག་རྟེན་དང་། སྣོད་ཀྱི་འཇིག་རྟེན་ལ་སོགས་པ་ཇི་ལྟ་བ་བཞིན་དུ་མཁྱེན་པའི་ཕྱིར་འ ཇིིག་རྟེན་མཁྱེན་པའོ། །ཇི་ལྟར་ཤིང་རྟའི་ཁ་ལོ་བས་ཤིང་རྟ་འདྲེན་པ་ལ་སྦྱར་བར་འོས་པའི་ཕྱུགས་སྔར་མ་སྦྱར་བ་རྣམས་སྦྱོར་བར་བྱེད། སྦྱར་བ་ན་འགའ་ཞིག་ལོག་འདྲེན་བྱེད་པ་རྣམས་ཚར་གཅོད་པར་བྱེད། སྦྱར་ཟིན་པའི་འོག་ཏུ་འཁྱོག་པོར་འགྲོ་བ་རྣམས་ལམ་དྲང་པོ་ལ་རྣལ་དུ་འཇུག་པར་བྱེད། དལ་བུས་འགྲོ་བ་རྣམས་ལྕག་གིས་སྐུལ་བར་བྱེད། ཤིང་རྟ་ལ་སྦྱར་མི་ཉན་པའི་ཕྱུགས་དམུ་རྒོད་རྣམས་རེ་ཞིག་བཏང་སྙོམས་སུ་འཇོག་པ་ལྟར། བཅོམ་ལྡན་འདས་ཀྱིས་ཀྱང་། འཕགས་པའི་ལམ་གྱི་ཤིང་རྟ་ལ་སྦྱར་བར་འོས་པའི་གདུལ་བྱ་རྣམས་དེ་ལ་སྦྱོར་བར་བྱེད། སྦྱར་བ་ན་འགའ་ཞིག་བསྟན་པ་དང་མི་མཐུན་པར་སྤྱོད་པ་རྣམས་ཚར་གཅོད་པར་བྱེད། ལམ་ལོག་པ་ལ་འགྲོ་བ་རྣམས་རྣལ་མ་ལ་འཇུག་པར་བྱེད། ལེ་ལོ་ཅན་རྣམས་བརྩོན་འགྲུས་ཀྱི་ལྕག་གིས་སྐུལ་བར་བྱེད། ལམ་ལ་སྦྱར་དུ་མི་རུང་བའི་དམུ་རྒོད་ཅན་རྣམས་རེ་ཞིག་བཏང་སྙོམས་སུ་འཇོག་པར་མཛད་དེ། དེའི་ཕྱིར་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ཞེས་བྱའོ། །དེ་སྐད་དུ་ཡང་བསྟོད་པ་བརྒྱ་ལྔ་བཅུ་པ་ལས། ཁྱོད་ནི་དངན་འཐེན་བགྱིད་ལ་སྐུལ། །ཆོམ་རྐུན་བགྱིད་པ་ཚར་ཡང་གཅོད། །གྱ་གྱུ་ཅན་རྣམས་རྣལ་དུ་འགོད། །དལ་བུས་བགྱིད་ལ་གཞན་སྐུལ་འདེབས། །དུལ་བ་རྣམས་ནི་ལམ་ལ་སྦྱོར། །དམུ་རྒོད་རྣམས་ལ་བཏང་སྙོམས་མཛད། །དེ་སླད་སྐྱེས་བུ་འདུལ་བ་ཡི། ཁ་ལོ་སྒྱུར་བ་བླ་མེད་ཁྱོད། །ཅེས་གསུངས་པ་ལྟར་རོ། །ལྷ་དང་མི་རྣམས་ནི་ཐར་པའི་ལམ་གྱི་སྣོད་དུ་རུང་བས་གདུལ་བྱའི་གཙོ་བོ་ཡིན་ལ་དེ་དག་ལ་བསམ་པ་ཇི་ལྟ་བ་བཞིན་དུ་ཆོས་སྟོན་པའི་ཕྱིར་ལྷ་དང་མི་རྣམས་ཀྱི་སྟོན་པའོ། །ཡོན་ཏན་དེ་རྣམས་དང་ལྡན་པ་ནི་སངས་རྒྱས་བཅོམ་ལྡན་འདས་ཡིན་ནོ་ཞེས་བསྟན་པའི་ཕྱིར། མིང་འདི་གཉིས་ཀྱང་སྨོས་ཏེ། དེ་ལ་མི་ཤེས་པའི་གཉིད་སངས་པའི་ཕྱིར་དང་། ཤེས་བྱ་ལ་བློ་རྒྱས་པའི་ཕྱིར་སངས་རྒྱས་སོ། །ཆོས་ཀྱི་ཡོན་ཏན་ནི་འདི་ལྟ་སྟེ། བཅོམ་ལྡན་འདས་ཀྱི་ཆོས་ནི་ལེགས་པར་གསུངས་པ། ཡང་དག་པར་མཐོང་བ། ནད་མེད་པ། དུས་ཆད་པ་མེད་པ། ཉེ་བར་གཏོད་པ། འདི་མཐོང་བ་ལ་དོན་ཡོད་པ། མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཞེས་བྱ་བ་སྟེ། འདིས་ནི་མདོར་བསྡུས་ན་བསྟན་པའི་ཆོས་དང་། རྟོགས་པའི་ཆོས་གཉིས་བསྟན་ཏེ། དེ་ལ་ལེགས་པར་གསུངས་པ་ཞེས་པ་ནི། བསྟན་པའི་ཆོས་ཏེ། དེ་ནི་ཐོག་མ་དང་། བར་དང་། ཐ་མར་དགེ་བའི་ཕྱིར་ཏེ། གོ་རིམ་བཞིན་དུ་ཐོས་པ་དང་། བསམ་པ་དང་བསྒོམ་པའི་ཤེས་རབ་བསྐྱེད་པའི་ཕྱིར་རོ། །ལྷག་མས་ནི་རྟོགས་པའི་ཆོས་བསྟན་ཏེ། དེ་ལ་ཡང་ཚིག་དང་པོ་ལྔས་ནི་ལམ་གྱི་བདེན་པ་བསྟན་ཏེ། དེ་ཡང་ཁྱད་གཞི་དང་། ཁྱད་ཆོས་གཉིས་ལས། དང་པོ་ནི་ཉེ་བར་གཏོད་པ་ཞེས་ཏེ། སྒྲུབ་པ་པོ་ལ་འབྲས་བུ་མྱ་ངན་ལས་འདས་པ་ཉེ་བར་གཏོད་པར་བྱེད་པའི་ཕྱིར་ལམ་ཞེས་བྱའོ། །

གཉིས་པ་དེའི་ཁྱད་པར་ནི་གསུམ་སྟེ། རང་བཞིན་གྱིས་རྣམ་པར་དག་པ་དང་། ཤེས་བྱའི་གནས་ལུགས་གསལ་བ་དང་། མི་མཐུན་པའི་ཕྱོགས་འཇོམས་པའོ། །དང་པོ་ནི། འདི་མཐོང་བ་དོན་ཡོད་པ་ཞེས་པ་སྟེ། མར་མེ་ལྟར་རང་བཞིན་གྱིས་འོད་གསལ་བའི་ཕྱིར་རོ། །གཉིས་པ་ནི། ཡང་དག་པ་མཐོང་བ་ཞེས་པ་སྟེ། གནས་ལུགས་ཀྱི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པར་མཐོང་བའི་ཕྱིར་རོ། །གསུམ་པ་ནི། ནད་མེད་པ་ཞེས་པ་སྟེ། ཉོན་མོངས་པའི་བག་ལ་ཉལ་མ་ལུས་པ་སྤངས་པའི་ཕྱིར་རོ། །དེ་ཡང་དུས་རེ་ཞིག་མ་ཡིན་གྱི། གཏན་ནས་སྤངས་པས་ན་དུས་ཆད་པ་མེད་པ་ཞེས་སོ། །མཁས་པ་རྣམས་ཀྱིས་སོ་སོ་རང་གིས་རིག་པར་བྱ་བ་ཞེས་པས་ནི། འགོག་པའི་བདེན་པ་བསྟན་ཏེ། དེ་ནི་མུ་བཞིར་རྟོག་གི་བརྟག་པར་མི་ནུས་ཤིང་། སྒྲ་དང་ངེས་ཚིག་སོགས་ཀྱིས་བརྗོད་དུ་མེད་པས། རྣལ་འབྱོར་པས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་ན། རྒྱུད་བླ་མ་ལས། གང་ཞིག་ཡོད་མིན་མེད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། །བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། །སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །ཅེས་གསུངས་པ་དང་མཐུན་པར་ཆོས་ཀྱི་མཚན་ཉིད་བཤད་པ་ཡིན་ནོ། །དགེ་འདུན་གྱི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ལེགས་པར་ཞུགས་པ། དྲང་པོར་ཞུགས་པ། རིགས་པར་ཞུགས་པ། མཐུན་པར་ཞུགས་པ་སྟེ། ཞེས་སྒྲུབ་པའི་ཡོན་ཏན་བསྟན་ཏེ། ལྷག་པའི་ཚུལ་ཁྲིམས་དང་། སེམས་དང་། ཤེས་རབ་གསུམ་ལ་ཚུལ་བཞིན་དུ་གནས་པའི་ཕྱིར། གོ་རིམ་བཞིན་དུ་ལེགས་པར་ཞུགས་པ་ལ་སོགས་པ་ཡིན་ལ། ཐམས་ཅད་ཀྱང་ལོངས་སྤྱོད་དང་། ཚུལ་ཁྲིམས་དང་། ལྟ་བ་དང་། ཆོ་ག་མཐུན་པར་སྤྱོད་པའི་ཕྱིར་མཐུན་པར་ཞུགས་པ་ཞེས་བྱ། མཆོད་པར་འོས་པའི་ཡོན་ཏན་ནི། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་ནི། ཀུན་ཏུ་སྦྱིན་པའི་འོས་སུ་གྱུར་པ། རབ་ཏུ་སྦྱིན་པའི་འོས་སུ་གྱུར་པ། བསྐོར་བ་བྱ་བའི་འོས་སུ་གྱུར་པ། ཐལ་མོ་སྦྱར་བའི་འོས་སུ་གྱུར་པ། འཇིག་རྟེན་གྱི་བསོད་ནམས་ཀྱི་ཞིང་། བླ་ན་མེད་པ་ཞེས་པ་སྟེ། བསླབ་པ་གསུམ་གྱི་ཡོན་ཏན་དང་ལྡན་པའི་ཕྱིར། གོ་རིམ་བཞིན་དུ་ཚིག་གཉིས་དང་། གཉིས་དང་། གཅིག་གི་དོན་ཤེས་པར་བྱའོ། །གཏོང་བའི་ཡོན་ཏན་ནི། ཀྱེ་མ་བདག་སྐྱེ་རྒུ་སེར་སྣའི་དྲི་མ་ཀུན་ནས་ལངས་པ་རྣམས་ཀྱི་ནང་ན། སེར་སྣའི་དྲི་མ་དང་བྲལ་བའི་སེམས་ཀྱིས་གནས་ཤིང་མཆོད་སྦྱིན་ཁོར་མོར་བྱེད་པ་དང་། ལག་པ་སྐྱོང་བ་དང་། རྣམ་པར་གཏོང་བ་ལ་དགའ་བ་དང་། སྦྱིན་པ་ལ་འགོད་པར་དགའ་བ་གང་ཡིན་པ་དེ་ནི། བདག་གིས་རྙེད་པ་ལེགས་པར་རྙེད་པ་ཡིན་ནོ། །ཞེས་བྱ་བ་སྟེ། འདིར་ཡང་རང་གི་རྒྱུད་དུ་གཏོགས་པའི་སྦྱིན་པའི་ཡོན་ཏན་སེར་སྣའི་དྲི་མ་སྤངས་པ་དང་སྦྱིན་པའི་ངང་ཚུལ་ཅན་དང་། ལུས་ཀྱིས་བརྩོན་འགྲུས་བརྩམས་པ་དང་། དངོས་པོ་ཡོངས་སུ་གཏོང་བ་དང་། དེ་ལ་མངོན་པར་དགའ་བ་རྣམས་བསྟན་ཏོ། །ཚུལ་ཁྲིམས་ཀྱི་ཡོན་ཏན་ནི། བདག་གི་ཚུལ་ཁྲིམས་ནི་མ་ཉམས་པ་དང་། སྐྱོན་མེད་པ། མ་འདྲེས་པ། མ་གོས་པ། རང་དབང་ཡོད་པ། མཁས་པས་བསྔགས་པ། ཏིང་ངེ་འཛིན་ནི་སྒྲུབ་པ་ཡིན་ནོ་ཞེས་བྱ་བ་སྟེ། འདིས་ཀྱང་རང་གི་རྒྱུད་དུ་གཏོགས་པའི་ཚུལ་ཁྲིམས་ཀྱི་ཡོན་ཏན་རྣམས་བསྟན་ཏེ། ཚིག་གི་དོན་རྣམས་ནི། ཁྱོད་ཀྱི་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། །ཅེས་པ་དེར་བཤད་པར་བྱའོ། །ལྷའི་ཡོན་ཏན་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དག་དང་། སུམ་ཅུ་རྩ་གསུམ་ནས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དག་ཡོད་དོ་ཞེས་བྱ་བ་ཡིན་ཏེ། སྐྱེ་བའི་ལྷ་རྣམས་ཀྱི་སྐྱེ་བའི་རྒྱུར་གྱུར་པའི་ཡོན་ཏན་དང་། བདག་ཉིད་ཀྱི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་རྣམས་མཚུངས་པར་བྱས་ནས་དྲན་པ་ནི། ལྷ་རྗེས་སུ་དྲན་པ་ཡིན་ནོ། །

སྤྱིར་དགེ་བ་བསྒྲུབ་པར་གདམས་པ།

གཉིས་པ་སྤྱིར་དགེ་བའི་ལས་ལམ་ལ་གནས་པར་གདམས་པ་ནི། དེ་ལྟར་རྗེས་སུ་དྲན་པ་དྲུག་ནི། སེམས་དང་བར་བྱེད་པ་དང་། བསོད་ནམས་ཆེན་པོའི་རྒྱུ་ཡིན་པའི་ཕྱིར། དང་པོར་བསྟན་ནས། དེ་ལ་སེམས་མངོན་པར་དད་པས་དགེ་བ་ལ་འབད་པར་བྱའོ་ཞེས་སྟོན་པའི་ཕྱིར། དགེ་བའི་ལས་ལམ་བཅུ་པོ་ལུས་དང་ནི། །ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་བགྱི་ཞིང་། །ཞེས་གསུངས་ཏེ། འབྲས་བུ་ཡིད་དུ་འོང་བ་དུ་མ་འབྱིན་པས་ན་དགེ་བ། བྱ་བའི་ངོ་བོར་གྱུར་བ་ཡིན་པས་ན་ལས། བདེ་འགྲོར་འགྲོ་བའི་ལམ་ཡིན་པས་ན་ལམ། དེ་ཡང་རྣམ་པ་བཅུ་སྟེ། སྲོག་གཅོད་པ་སྤོང་བ་ནས། ཡང་དག་པའི་ལྟ་བའི་བར་རྣམས་སོ། །དེ་ལ་སྲོག་གཅོད་པ་སྤོང་བ་ལ་སོགས་པ་ལུས་ཀྱི་གསུམ་དང་། བརྫུན་དུ་སྨྲ་བ་སྤོང་བ་ལ་སོགས་པ་ངག་གི་བཞི་དང་། བརྣབ་སེམས་མེད་པ་ལ་སོགས་པ་ཡིད་ཀྱི་གསུམ་རྣམས་གོ་རིམ་བཞིན་དུ། ལུས་དང་ངག་དང་ཡིད་ཀྱིས་རྟག་ཏུ་བསྟེན་པར་བགྱིའོ། །ཞེས་པ་སྟེ། དེ་ལ་དགེ་བའི་ལས་ཀྱི་ལམ་བཅུ་པོ་འདི་དག་ཀྱང་། སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་བཅུ་རྣམ་པར་སྤངས་པའི་སྒོ་ནས་བསྟེན་པར་བྱ་བ་ཡིན་པས། དེ་དག་གི་མཚན་ཉིད་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། ཉོན་མོངས་ཅན་གྱི་སེམས་དང་། དེའི་བསམ་པས་གཞི་དེ་ཉིད་ལ། ལས་དེ་ཀུན་ཏུ་སྤྱོད་ཅིང་ཡོངས་སུ་རྫོགས་པ་ནི། སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་ལམ་དེ་དག་གི་རང་གི་མཚན་ཉིད་མདོར་བསྡུས་པ་ཡིན་ནོ། །དེ་ལ་ཉོན་མོངས་ཅན་གྱི་སེམས་ནི། འདོད་ཆགས་ལ་སོགས་པ་དུག་གསུམ་གྱིས་ཟིལ་གྱིས་ནོན་པའོ། །གལ་ཏེ་ཉོན་མོངས་ཅན་གྱི་སེམས་ཡོད་ཀྱང་། གཞི་དེ་ལ་དེར་འདུ་ཤེས་པའི་བསམ་པས་ཀུན་ཏུ་མ་སྤྱད་ན། ཡོངས་སུ་རྫོགས་པར་བྱས་ཀྱང་། ལས་ཀྱི་ལམ་ཡོངས་སུ་རྫོགས་པར་མི་འགྱུར་ཏེ། བསམ་པ་དང་སྦྱོར་བའི་ཡན་ལག་གཉིས་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་ཅན་གྱི་སེམས་དང་དེའི་བསམ་པ་ཡང་ཡོད་མོད་ཀྱི། སེམས་ཕྱིན་ཅི་ལོག་གིས་དངོས་པོ་གཞན་ཁོ་ན་ཞིག་ལ་ཀུན་ཏུ་སྤྱད་ན་མཐར་ཐུག་པར་གྱུར་དུ་ཟིན་ཀྱང་། ལས་ལམ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། བསམ་པ་དང་སྦྱོར་བ་འཛོལ་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་ཅན་གྱི་སེམས་དང་། དེའི་བསམ་པ་ཡང་ཡོད་མོད་ཀྱི། ལས་ཀུན་ཏུ་མ་སྤྱད་ཅིང་། མཐར་ཐུག་པར་མ་གྱུར་ན། ལས་ཀྱི་ལམ་ཡོངས་སུ་རྫོགས་པ་མ་ཡིན་ཏེ། ཀུན་སློང་ཙམ་ལས་སྦྱོར་བ་དང་། དངོས་གཞིའི་ཡན་ལག་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་ཅན་གྱི་སེམས་དང་། དེའི་བསམ་པ་ཡང་ཡོད་ལ། དེ་ཉིད་ལ་ཀུན་ཏུ་སྤྱད་མོད་ཀྱི། མཐར་ཐུག་པར་མ་གྱུར་ན། ལས་ཀྱི་ལམ་རྫོགས་པར་མི་འགྱུར་ཏེ། དངོས་གཞིའི་ཡན་ལག་མ་ཚང་བའི་ཕྱིར་རོ། །གལ་ཏེ་ཉོན་མོངས་ཅན་གྱི་སེམས་ཀྱང་ཡོད། དེའི་བསམ་པ་ཡང་ཡོད། གཞི་དེ་ཉིད་ལ་ལས་དེ་ཀུན་ཏུ་སྤྱད་ཅིང་མཐར་ཐུག་པར་གྱུར་ན། མི་དགེ་བའི་ལས་ཀྱི་ལམ་དེ་ཉིད་ཡོངས་སུ་རྫོགས་པ་ཡིན་ནོ། །ལས་ཀྱི་ལམ་བཅུ་པོ་འདི་དག་གི་མཚན་ཉིད་རྒྱས་པར་ནི་རྣམ་པ་ལྔས་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། གཞི་དང་། བསམ་པ་དང་། སྦྱོར་བ་དང་། ཉོན་མོངས་པ་དང་། ཟིན་པར་བྱས་པས་ཀྱང་ངོ་། །དེ་ལ་གཞི་ནི། གང་ལ་སྲོག་གཅོད་པ་ལ་སོགས་པའི་ལས་ཀྱི་བྱ་བ་འཇུག་པའི་ཡུལ་ཏེ། སེམས་ཅན་དང་། སེམས་ཅན་མ་ཡིན་པའི་དངོས་པོ་གང་ལ་བརྟེན་ནས་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བའི་ལས་ཀྱི་ལམ་བཅུའི་རིགས་པར་འབྱུང་བའོ། །བསམ་པ་ནི་གཉིས་ཏེ། འདུ་ཤེས་ཀྱི་བསམ་པ་དང་། བྱེད་པར་འདོད་པའི་བསམ་པའོ། །འདུ་ཤེས་དེ་ཡང་རྣམ་པ་བཞི་སྟེ། གཞི་དེ་ལ་དེར་འདུ་ཤེས་པ་དང་། དེ་མ་ཡིན་པ་ལ་དེར་འདུ་ཤེས་པ་དང་། དེ་ལ་དེ་མ་ཡིན་པར་འདུ་ཤེས་པ་དང་། དེ་མ་ཡིན་པ་ལ་དེ་མ་ཡིན་པར་འདུ་ཤེས་པའོ། །ལས་ལམ་གྱི་ཡན་ལག་ནི། དང་པོ་ཉིད་ཡིན་ཏེ། གཞན་གསུམ་གྱིས་ནི་ལས་ལམ་རྫོགས་པར་མི་འགྱུར་རོ། །བྱེད་པར་འདོད་པའི་བསམ་པ་ནི། གཞི་དེ་ལ་ལས་དེ་ཀུན་ཏུ་སྤྱོད་པར་འདོད་པའོ། །སྦྱོར་བ་ནི། ལས་དེ་བྱ་བའི་ཕྱིར་བདག་གམ་གཞན་གྱི་སྒོ་གསུམ་གྱི་རྩོམ་པ་གང་ཡིན་པའོ། །ཉོན་མོངས་པ་ནི། འདོད་ཆགས་ལ་སོགས་པ་དུག་གསུམ་གང་ཡང་རུང་བའོ། །ཟིན་པར་བྱས་པ་ནི། མངོན་པར་འདོད་པའི་ལས་དེ་ཉིད། དེ་དང་འབྲེལ་བའི་སྦྱོར་བས། དུས་དེ་ཉིད་ཀྱི་ཚེའམ། དུས་དེའི་འོག་ཏུ་ཡོངས་སུ་རྫོགས་པར་གྱུར་བ་སྟེ། དེ་ལྟར་ན་རྣམ་པ་ལྔ་པོ་དེས། མི་དགེ་བ་བཅུའི་ལས་ཀྱི་ལམ་རྣམས་ཀྱི་མཚན་ཉིད་རྣམ་པར་བཞག་པར་རིག་པར་བྱའོ། །

དེ་ལ་སྲོག་གཅོད་པའི་གཞི་ནི། སྲོག་དང་ལྡན་པའི་སེམས་ཅན་ནོ། །གལ་ཏེ་གསོད་པར་བྱེད་པ་དེ་སྲོག་ཆགས་དེ་ལ་སྲོག་ཆགས་ཀྱི་འདུ་ཤེས་ཀྱང་ཡོད་ལ། སྲོག་ཆགས་གང་གསོད་པར་འདོད་པ་དེ་ལ་དེར་འདུ་ཤེས་པ་ཡང་ཡོད་པ་དེ་ནི། དེ་ལ་དེའི་འདུ་ཤེས་ཕྱིན་ཅི་མ་ལོག་པ་ཞེས་བྱའོ། །འདུ་ཤེས་དེ་ལ་བརྟེན་ནས། འདི་གསད་པར་བྱའོ་སྙམ་དུ་སེམས་པ་དེ་ནི། དེའི་གསོད་པའི་བསམ་པའོ། །དེ་འདོད་ཆགས་ལ་སོགས་པ་གསུམ་གྱིས་ཟིལ་གྱིས་མནན་ནས། དེ་ལྟར་སེམས་མངོན་པར་འདུ་བྱེད་པ་དེ་ནི། དེའི་ཉོན་མོངས་པ་ཡིན་ནོ། །བསམ་པ་དེ་དང་། ཉོན་མོངས་པ་ཅན་གྱི་སེམས་ཀྱིས་རང་ངམ། གཞན་གྱིས་གསོད་པར་སྦྱོར་ཞིང་མཚོན་གྱིས་འདེབས་པར་བྱེད་ལ། གལ་ཏེ་བཏབ་མ་ཐག་ཁོ་ནར་སྦྱོར་བ་དེས་ཤི་བར་གྱུར་ན། དུས་དེ་ཉིད་ཀྱི་ཚེ་ལས་ལམ་ཡོངས་སུ་རྫོགས་ལ། སྦྱོར་བ་དེའི་རྐྱེན་གྱིས་གཞན་གྱི་ཚེ་ཤི་ན་ཡང་། གང་གི་ཚེ་ཤི་བ་དེའི་ཚེ་ལས་ལམ་རྫོགས་པ་ཡིན་ནོ། །མ་བྱིན་པར་ལེན་པའི་གཞི་ནི། གཞན་གྱིས་ཡོངས་སུ་བཟུང་བའོ། །འདུ་ཤེས་ནི། དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི། འཕྲོག་པར་འདོད་པ་ཉིད་དོ། །ཉོན་མོངས་པ་ནི། གསུམ་པོ་གང་ཡང་རུང་བའོ། །མཐའ་ནི་གནས་གཞན་དུ་སྤོས་པའོ། །འདོད་པས་ལོག་པར་གཡེམ་པའི་གཞི་ནི། འཇུག་པར་བྱ་བ་མ་ཡིན་པའི་བུད་མེད་དང་། འཇུག་པར་བྱ་བ་ཡིན་ན་ཡང་། ཡན་ལག་མ་ཡིན་པ་དང་། གནས་མ་ཡིན་པ་དང་། དུས་མ་ཡིན་པ་དག་ཏུ། ཚོང་མ་ཡིན་པ་མི་རིགས་པ་བྱེད་པ་དང་སྐྱེས་པ་ཐམས་ཅད་དང་མ་ནིང་ངོ་། །འདུ་ཤེས་ནི། དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི། བགྲོད་པར་འདོད་པའོ། །ཉོན་མོངས་པ་ནི། སྔ་མ་ལྟར་རོ། །མཐའ་ནི། གཉིས་ཀྱིས་གཉིས་སྤྲད་པའོ། །བརྫུན་དུ་སྨྲ་བའི་གཞི་ནི། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པ་དང་། དེ་ལས་བཟློག་པའོ། །འདུ་ཤེས་ནི། མཐོང་བ་ལ་སོགས་པ་དང་། བཟློག་པར་འདུ་ཤེས་པའོ། །བསམ་པ་ནི། འདུ་ཤེས་བསྒྱུར་ཏེ་སྨྲ་བ་ཉིད་དོ། །ཉོན་མོངས་པ་ནི། འདྲའོ། །མཐའ་ནི། འཁོར་དང་ཕ་རོལ་འདྲི་བ་ལ་གོ་བར་བྱའོ། །ཕྲ་མའི་གཞི་ནི། སེམས་ཅན་མཐུན་པ་དང་མི་མཐུན་པ་རྣམས་སོ། །འདུ་ཤེས་ནི། དེ་དང་དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི། དབྱེ་བའམ། མི་འདུམ་པར་འདོད་པའོ། །ཉོན་མོངས་པ་ནི། འདྲའོ། །མཐའ་ནི། དབྱེ་བར་བྱ་བའི་ངག་གི་རྣམ་པར་རིག་བྱེད་སྨྲས་ཏེ་དོན་གོ་བའོ། །ངག་རྩུབ་པོའི་གཞི་ནི། ཀུན་ནས་མནར་སེམས་ཀྱི་རྒྱུར་གྱུར་པའི་སེམས་ཅན་རྣམས་སོ། །འདུ་ཤེས་ནི། དེ་དག་ལ་དེར་འདུ་ཤེས་པའོ། །བསམ་པ་ནི། ངག་རྩུབ་པོ་སྨྲ་བར་འདོད་པའོ། །ཉོན་མོངས་པ་ནི། འདྲའོ། །མཐའ་ནི། དེ་དག་ལ་ངག་རྩུབ་པོས་སྨྲས་པའོ། །ཚིག་འཁྱལ་བའི་གཞི་ནི། དོན་མེད་པ་དང་ལྡན་པའི་དོན་ཏོ། །འདུ་ཤེས་ནི། དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི། སྨྲ་བར་འདོད་པའོ། །ཉོན་མོངས་པ་ནི། འདྲའོ། །མཐའ་ནི། སྨྲས་པའོ། །བརྣབ་སེམས་ཀྱི་གཞི་ནི། གཞན་གྱི་ནོར་དང་ཡོ་བྱད་དོ། །འདུ་ཤེས་ནི། དེ་ལ་དེར་འདུ་ཤེས་པའོ། །བསམ་པ་ནི། དེ་ལྟར་འདོད་པའོ། །ཉོན་མོངས་པ་ནི། འདྲའོ། །མཐའ་ནི། དེ་དག་ལ་བདག་གིར་བྱ་བར་ངེས་པའོ། །གནོད་སེམས་ཀྱི་གཞི་དང་འདུ་ཤེས་ནི། ངག་རྩུབ་པོ་ཇི་ལྟ་བ་བཞིན་ནོ། །བསམ་པ་ནི། བསྣུན་པ་ལ་སོགས་པ་ཉིད་དོ། །ཉོན་མོངས་པ་ནི། འདྲའོ། །མཐའ་ནི། བསྣུན་པ་ལ་སོགས་པར་ངེས་པའོ། །ལོག་ལྟའི་གཞི་ནི། རྒྱུ་འབྲས་དང་བདེན་བཞི་ལ་སོགས་པ་ཡོད་པའི་དོན་ཏོ། །འདུ་ཤེས་ནི། བདེན་པ་ཡིན་པར་འདུ་ཤེས་པའོ། །བསམ་པ་ནི། དེ་ལྟར་འདོད་པའོ། །ཉོན་མོངས་པ་ནི། འདྲའོ། །མཐའ་ནི། སྐུར་པ་བཏབ་པར་ངེས་པའོ། །ལས་ཀྱི་ལམ་བཅུ་པོ་འདི་དག་གི་རྣམ་པར་བཞག་པ་རྒྱས་པ་ནི། རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་པར་བལྟ་བར་བྱ་སྟེ། འདིར་ནི་ཡི་གེ་མངས་པས་མ་བྲིས་སོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་མི་དགེ་བའི་ལས་ལམ་བཅུ་པོ་དེ་དག་ཉིད་ཀྱི་གཞི་ཉེ་བར་གནས་པ་ན་ཡང་སྤོང་ཞིང་དང་དུ་མི་ལེན་པ་ནི། སྲོག་གཅོད་སྤོང་བ་ལ་སོགས་པ་དགེ་བའི་ལས་ཀྱི་ལམ་བཅུ་ཡིན་པར་རིག་པར་བྱའོ། །

ཆང་ནི། མི་དགེ་བ་མཐའ་དག་གི་རྒྱུ་ཡིན་པས། ཉེས་དམིགས་ཆེ་བའི་ཕྱིར་དང་། བཅས་པའི་ཁ་ན་མ་ཐོ་བ་ཡིན་པས་ལས་ཀྱི་ལམ་རྣམས་ཀྱི་ནང་དུ་མ་འདུས་པས་དེའི་ཕྱིར་ཆང་སྤོང་བ་དང་། ཡང་དག་པའི་འཚོ་བ་བསྟེན་པའི་དབང་དུ་བྱས་ཏེ། ཆང་རྣམས་ལས་ལྡོག་དེ་བཞིན་དགེ་བ་ཡི། །འཚོ་བ་ལ་ཡང་མངོན་པར་དགེས་པར་མཛོད། །ཅེས་གསུངས་ཏེ། བག་མེད་པའི་གནས་ཡིན་པའི་ཕྱིར། འབྲུ་དང་སྦྱར་བ་དང་། བཅོས་པའི་ཆང་རྣམས་ལས་རྣམ་པ་ཐམས་ཅད་དུ་ལྡོག་པ་དང་། གཞན་ལ་མི་གནོད་ཅིང་བག་མེད་པའི་རྒྱུར་མི་འགྱུར་བའི་བཟའ་བ་དང་བཏུང་བ་ལ་སོགས་པ་དགེ་བའི་འཚོ་བ་ལ་ཡང་མངོན་པར་དགེས་པར་མཛོད་ཅེས་སྦྱར་རོ། །དེ་ལྟར་དགེ་བའི་ལམ་ལ་གནས་པས། འདོག་པ་ཇི་ལྟ་བ་བཞིན་དུ་སྦྱིན་པ་བཏང་བར་བྱའོ་ཞེས་བསྟན་པའི་ཕྱིར། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །དགེ་སློང་བྲམ་ཟེ་བཀྲེན་དང་བཤེས་རྣམས་ལ། །སྦྱིན་པ་ཚུལ་བཞིན་བསྩལ་བགྱི་ཕ་རོལ་ཏུ། །སྦྱིན་ལས་གཞན་པའི་གཉེན་མཆོག་མ་མཆིས་སོ། །ཞེས་གསུངས་ཏེ། ཟས་དང་གོས་ལ་སོགས་པའི་ལོངས་སྤྱོད་རྣམས་ནི། མི་བརྟེན་པས་ན་གཡོ་བ། ངོམས་མི་ཤེས་པས་ན་སྙིང་པོ་མེད་པ་ཡིན་ལ། དེ་དག་གི་རང་བཞིན་དེ་ཁོ་ན་ལྟར་མཁྱེན་ནས་དེ་ལ་སྙིང་པོ་བླང་བའི་ཕྱིར་དགེ་སློང་དང་བྲམ་ཟེ་སོགས་ཡོན་ཏན་གྱི་ཞིང་དང་། བཀྲེན་པ་དང་ནད་པ་སོགས་སྡུག་བསྔལ་གྱི་ཞིང་དང་། ཆོས་སྨྲ་བ་དང་ཕ་མ་ལ་སོགས་པ་བཤེས་རྣམས་ཏེ། ཕན་འདོགས་པའི་ཞིང་སྟེ། དེ་རྣམས་ལ་མཆོད་པ་དང་། ཕན་གདགས་པར་འདོད་པས། སྦྱིན་པ་ཚུལ་བཞིན་ཏེ་གུས་པ་དང་བཅས་པས་བསྩལ་པར་བགྱི་སྟེ། དེ་ལྟ་བུའི་སྦྱིན་པ་ལས་མ་འོངས་པ་ན་འབྲས་བུ་ཆེན་པོ་འབྱུང་བའི་ཕྱིར། འཇིག་རྟེན་ཕ་རོལ་ཏུ་སྦྱིན་པ་ལས་གཞན་པའི་ཕན་ཆེར་འདོགས་པའི་གཉེན་མཆོག་མ་མཆིས་སོ། །

ཇི་སྐད་དུ། དབུ་མ་ལ་འཇུག་པར། སྐྱེ་བོ་ཚུལ་ཁྲིམས་རྐང་པ་ཆག་གྱུར་ན། །སྦྱིན་པས་ལོངས་སྤྱོད་ལྡན་ཡང་ངན་འགྲོར་ལྟུང་། །སྐྱེད་བཅས་རྩ་བ་ཡོངས་སུ་ཟད་པས་ན། །ཕྱིན་ཆད་དེ་ལ་ལོངས་སྤྱོད་འབྱུང་མི་འགྱུར། །ཅེས་གསུངས་པ་ལྟར། ཚུལ་ཁྲིམས་དང་བྲལ་བའི་སྦྱིན་པའི་འབྲས་བུ་ནི། ངན་སོང་གི་རྟེན་ལ་ལོངས་སྤྱོད་པས་ན། ཕྱི་མའི་འབྲས་བུའི་དོན་དུ་སྦྱིན་པ་གཞན་སྤེལ་བར་མི་བྱེད་པས། དེ་ཉིད་རྒྱུན་ཆད་པར་འགྱུར་ལ། ཡོན་ཏན་ཚུལ་ཁྲིམས་ཞིང་དུ་རྣམས་འཕེལ་ན། །འབྲས་བུ་ཉེར་སྤྱོད་ཆད་པ་མེད་པར་འགྱུར། །ཅེས་གསུངས་པ་ལྟར། ཚུལ་ཁྲིམས་དང་ལྡན་པའི་སྦྱིན་པས་ནི། ལྷ་མིའི་རྟེན་ལ་འབྲས་བུ་ལོངས་སྤྱོད་ཆེན་པོ་འབྱུང་ལ། དེར་ཡང་ཚུལ་ཁྲིམས་ཀྱིས་ཟིན་པའི་སྦྱིན་པ་གཞན་བཏང་བས། སྐྱེ་བ་གཞན་དུ་རྣམ་སྨིན་རྒྱ་ཆེན་པོ་ལོངས་སྤྱོད་པ་རྒྱུན་མི་ཆད་པར་འགྱུར་རོ། །དེའི་ཕྱིར་སྦྱིན་པ་ལ་སོགས་པའི་བསོད་ནམས་གཞན་ཆུད་མི་ཟ་བའི་ཕྱིར། དེའི་རྟེན་ཚུལ་ཁྲིམས་བསྲུང་བར་གདམས་པ་ནི། ཁྱོད་ཀྱིས་ཚུལ་ཁྲིམས་མ་ཉམས་མོད་མི་དམའ། །མ་འདྲེས་མ་སྦགས་པ་དག་བསྟེན་པར་མཛོད། ཁྲིམས་ནི་རྒྱུ་དང་མི་རྒྱུའི་ས་བཞིན་དུ། །ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་གསུངས། །ཞེས་གསུངས་ཏེ། ཁྱོད་ཀྱིས་ཚུལ་ཁྲིམས་བསྟེན་པར་མཛོད་ཅེས་སྦྲེལ་ལོ། ཁྱད་པར་ཇི་ལྟ་བུ་ཅན་ཞེ་ན། ཡང་དག་པར་བླངས་པའི་བསླབ་པའི་གཞི་གཅིག་ལས་ཀྱང་མ་འདས་པའི་ཕྱིར་མ་ཉམས་པ་དང་། མང་པོ་ལས་མ་འདས་པའི་ཕྱིར་མོད་མི་དམའ་བ་དང་། མི་དགེ་བའི་རྟོག་པ་དང་མ་འདྲེས་པའི་ཕྱིར་མ་འདྲེས་པ་དང་། སྲིད་པ་དང་ལོངས་སྤྱོད་ཀྱི་ཆེད་དུ་མ་བསྔོས་པས་མ་སྦགས་པ་དང་། ཚུལ་ཁྲིམས་དེ་ཉིད་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་མ་གོས་པ་དང་། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་དེ་ནི། སྲིད་པའི་བྲན་ཉིད་ལས་ཐར་བའི་ཕྱིར་རང་དབང་ཡོད་པ་དང་དེས་ན་ཚུལ་ཁྲིམས་དེ་ལ་མཁས་པ་འཕགས་པ་རྣམས་ཀྱིས་བསྔགས་པ་ཡང་ཡིན་ལ། ཏིང་ངེ་འཛིན་སྒྲུབ་པ་ཡང་ཡིན་ཏེ། ཚུལ་ཁྲིམས་དང་ལྡན་ན་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །ཡང་ན་མཛོད་ལས། འཆལ་ཁྲིམས་དེའི་རྒྱུས་འཕེན་མ་བྱུང་། །དེ་གཉེན་པོ་དང་ཞི་ལ་བརྟེན། །ཅེས་པ་ལྟར། འདིས་ཚུལ་ཁྲིམས་ཡོན་ཏན་བཞི་ལྡན་བསྟན་ཏེ། འདི་ལྟར། འཆལ་བའི་ཚུལ་ཁྲིམས་ཀྱི་ཉེས་པས་མ་གོས་པས་མ་ཉམས་པ་དང་། དེའི་རྒྱུ་ཉོན་མོངས་པས་མ་གོས་པས་མོད་མི་དམའ་བ་དང་། ཉོན་མོངས་པའི་གཉེན་པོ་མི་སྡུག་པ་བསྒོམ་པ་ལ་སོགས་པ་ལ་བརྟེན་པས་མ་འདྲེས་པ་དང་། ཞི་བ་མྱང་འདས་ཀྱི་བསམ་པས་ཟིན་པས་མ་སྦགས་པའོ། །དེ་ལྟ་བུའི་ཚུལ་ཁྲིམས་བསྟེན་པ་ལ་ཡོན་ཏན་ཅི་ཡོད་ཅེ་ན། འགྲོ་བ་རྒྱུ་བ་དང་མི་རྒྱུ་བ་ཀུན་གྱི་གཞི་རྟེན་ས་ཡིན་པ་བཞིན་དུ། ཚུལ་ཁྲིམས་ཀྱང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཡོན་ཏན་ཀུན་གྱི་གཞི་རྟེན་ལགས་པར་སྟོན་པས་གསུངས་པའི་ཕྱིར་ཏེ། ཚུལ་ཁྲིམས་དང་ལྡན་པ་ནི་འགྱོད་པ་མེད་པ་ལ་སོགས་པས་རིམ་གྱིས་ཏིང་ངེ་འཛིན་འཐོབ་ལ། སེམས་མཉམ་པར་བཞག་པས་ནི་ཡང་དག་པ་ཇི་ལྟ་བ་བཞིན་མཐོང་བའི་ཡེ་ཤེས་སྐྱེ་ལ་དེ་ལས་ཀྱང་ཉོན་མོངས་པ་སྤངས་པའི་རྣམ་གྲོལ་འཐོབ་པའི་ཕྱིར་རོ། །

གསུམ་པ་བྱེ་བྲག་ཏུ་ཐེག་ཆེན་གྱི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གནས་པར་གདམས་པ་ནི། དེ་ལྟར་ཐོག་མར་དགེ་བ་བཅུ་དང་། སྦྱིན་པ་དང་ཚུལ་ཁྲིམས་ཀྱིས་རྒྱུད་ཡོངས་སུ་སྦྱངས་ནས། དེའི་འོག་ཏུ་ཐེག་པ་ཆེན་པོའི་ལམ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་ཚུལ་བཞིན་དུ་བསླབ་པར་བྱའོ་ཞེས་བསྟན་པའི་ཕྱིར། སྦྱིན་དང་ཚུལ་ཁྲིམས་བཟོད་བརྩོན་བསམ་གཏན་དང་། །དེ་བཞིན་ཤེས་རབ་གཞལ་མེད་ཕ་རོལ་ཕྱིན། །འདི་དག་རྒྱས་མཛོད་སྲིད་པའི་རྒྱ་མཚོ་ཡི། །ཕ་རོལ་ཕྱིན་པའི་རྒྱལ་བའི་དབང་པོ་མཛོད། །ཅེས་གསུངས་ཏེ། བྱང་ཆུབ་ཀྱི་སེམས་འཁོར་གསུམ་མི་རྟོག་པའི་ཤེས་རབ་ཀྱིས་ཟིན་པའི་ལུས་དང་ལོངས་སྤྱོད་སོགས་བདོག་པ་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་དང་། དགེ་བའི་བྱ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དགེ་བ་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་རྣམས། བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པས་ཉན་རང་རྣམས་ཀྱི་སྤྱོད་ཡུལ་མ་ཡིན་པའི་ཕྱིར་གཞལ་མེད་དང་། འཁོར་གསུམ་མི་རྟོག་པས་ཤེས་རབ་ཀྱི་མུ་མཐར་ཕྱིན་པའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་ཞེས་ཀྱང་བྱ་སྟེ། འདི་དག་རྒྱས་པ་སྟེ། གོང་ནས་གོང་དུ་ཁྱད་པར་དུ་འགྲོ་བའི་ཚུལ་གྱིས་བསྒྲུབ་པར་མཛོད་ལ། བདག་ཉིད་སྲིད་པའི་རྒྱ་མཚོ་ཡི་ཕ་རོལ་ཏུ་ཕྱིན་ནས། གཞན་དག་ཀྱང་ཕྱིན་པར་མཛད་པའི་རྒྱལ་བའི་དབང་པོ་སྟེ། སངས་རྒྱས་ཉིད་ཐོབ་པར་མཛོད་ཅིག་ཅེས་པའོ། །དེ་ལ་སྦྱིན་པ་དང་ཚུལ་ཁྲིམས་དང་བཟོད་པ་རྣམས་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། བྱང་ཆུབ་སེམས་དཔའ་འཁོར་བ་ན་གནས་པའི་ཚེ། མངོན་མཐོའི་བདེ་བ་ཕུན་ཚོགས་སྒྲུབ་པར་བྱེད་ཅིང་། མངོན་པར་རྫོགས་པར་སངས་རྒྱས་པ་ན་གཞན་དོན་ཕུན་ཚོགས་གཟུགས་ཀྱི་སྐུའི་རྒྱུ་ཡིན་ཏེ། དེ་སྐད་དུ་ཡང་དབུ་མ་འཇུག་པར། སྦྱིན་སོགས་ཆོས་གསུམ་འདི་དག་ཕལ་མོ་ཆེ། །བདེ་བར་གཤེགས་པས་ཁྱིམ་པ་རྣམས་ལ་བསྔགས། །བསོད་ནམས་ཞེས་བྱའི་ཚོགས་ཀྱང་འདི་ཉིད་དེ། །སངས་རྒྱས་གཟུགས་ཀྱི་བདག་ཉིད་སྐུ་ཡི་རྒྱུ། །ཞེས་གསུངས་སོ། །བསམ་གཏན་དང་ཤེས་རབ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ལ། བྱང་ཆུབ་སེམས་དཔའ་འཁོར་བ་ན་གནས་པའི་ཚེ་འཁོར་བའི་ཉེས་པས་མི་གོས་ཤིང་། གཞན་རྗེས་སུ་འཛིན་པའི་རྒྱུ་ཡིན་ལ། མངོན་པར་རྫོགས་པར་སངས་རྒྱས་པའི་ཚེ་རང་དོན་ཕུན་ཚོགས་ཆོས་ཀྱི་སྐུའི་རྒྱུ་ཡིན་ཏེ། རིན་ཆེན་འཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་ཀྱི་སྐུ། །བསོད་ནམས་ཚོགས་ལས་འཁྲུངས་པ་སྟེ། །ཆོས་ཀྱི་སྐུ་དེ་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །ཞེས་གསུངས་པ་ལྟར་རོ། །བརྩོན་འགྲུས་ནི། ཚོགས་གཉིས་ཀའི་རྒྱུ་ཡིན་ཏེ། འཇུག་པར། ཡོན་ཏན་ཐམས་ཅད་བརྩོན་འགྲུས་རྗེས་འགྲོ་ཞིང་། །བསོད་ནམས་བློ་གྲོས་ཚོགས་ནི་གཉིས་ཀྱི་རྒྱུ། །བརྩོན་འགྲུས་གང་དུ་འབར་བར་གྱུར་པ་ཡི། །ས་དེ་བཞི་པ་འོད་འཕྲོ་ཞེས་བྱའོ། །ཞེས་གསུངས་པ་ལྟར་རོ། །དེ་ལྟར་ན་ཕ་རོལ་ཏུ་ཕྱིན་པ་དྲུག་གིས་ཚོགས་གཉིས་བསྡུས་ལ། ཚོགས་གཉིས་ཀྱིས་ཀྱང་བྱང་ཆུབ་སེམས་དཔའི་འཁོར་བ་དང་མྱ་ངན་ལས་འདས་པའི་གནས་སྐབས་ཀྱི་ཕུན་སུམ་ཚོགས་པ་ཐམས་ཅད་མ་ཚང་བ་མེད་པར་འགྲུབ་པའི་ཕྱིར། ཐེག་པ་ཆེན་པོའི་ལམ་ཐམས་ཅད་ཕ་རོལ་ཏུ་ཕྱིན་པ་དྲུག་ཏུ་འདུས་པ་ཡིན་ནོ། །

གཉིས་པ་ཁྱིམ་པ་ལ་གཙོ་ཆེར་གདམས་པ་ལ་དགུ་ཡོད་པའི་དང་པོ་ཕ་མ་ལ་གུས་པར་བྱ་བ་ནི། གང་ལ་ཕ་དང་མ་དག་མཆོད་པ་ཡི། །རིགས་དེ་ཚངས་བཅས་སློབ་དཔོན་བཅས་པའང་ལགས། །དེ་དག་ལ་མཆོད་གྲགས་པར་འགྱུར་བ་དང་། །སླད་མ་ལ་ཡང་མཐོ་རིས་འགྱུར་བ་ལགས། །ཞེས་གསུངས་ཏེ། རིགས་གང་ལ་ཕ་དང་མ་ལ་གུས་པས་མཆོད་པ་དང་བཅས་པའི་རིགས་དེ་མི་དང་མི་མ་ཡིན་པས་བྱས་པའི་གནོད་པ་མེད་པ་དང་། ལྷས་བྱིན་གྱིས་བརླབས་པས་ཚངས་པ་དང་བཅས་པ་དང་། བླ་མའི་ཁྱད་པར་གྱིས་བྱིན་གྱིས་བརླབས་པས་སློབ་དཔོན་དང་བཅས་པ་དང་། མཐོང་ཆོས་ཀྱི་ཡོན་ཏན་ཚེ་འདིར་ཡང་སྙན་པའི་གྲགས་པ་འབྱུང་བར་འགྱུར་བ་དང་། ཕྱི་མའི་ཡོན་ཏན་འཇིག་རྟེན་ཕ་རོལ་ཏུ་ཡང་རྣམ་པ་ཀུན་ཏུ་མཐོ་རིས་ཐོབ་པར་འགྱུར་བ་ལགས་པས་ཁྱིམ་ན་གནས་པ་དག་གིས་བསྒྲིམས་ཏེ་ཕ་མ་ལ་བསྙེན་བཀུར་བགྱིའོ། །ཞེས་པའོ། །གཉིས་པ་བསྙེན་གནས་ལ་གནས་པར་བྱ་བ་ནི། ཁྱིམ་ན་གནས་པས་དུས་ཐམས་ཅད་དུ་ཚངས་པར་སྤྱོད་པ་བྱ་དཀའ་བས། ཉིན་ཞག་གཅིག་པའི་ཚངས་སྤྱོད་ལ་སྦྱར་བའི་ཆེད་དུ། གསོ་སྦྱོང་ཡན་ལག་བརྒྱད་པ་བསྟན་པའི་ཕྱིར། འཚེ་དང་ཆོམ་རྐུན་འཁྲིག་པ་བརྫུན་དང་ནི། །ཆང་དང་དུས་མིན་ཟས་ལ་ཆགས་པ་དང་། །མལ་སྟན་མཐོ་ལ་དགའ་དང་གླུ་དག་དང་། །གར་དང་ཕྲེང་བའི་ཁྱད་པར་རྣམས་སྤོང་ཞིང་། །དགྲ་བཅོམ་ཚུལ་ཁྲིམས་རྗེས་སུ་བྱེད་པ་ཡི། །ཡན་ལག་བརྒྱད་པོ་འདི་དག་དང་ལྡན་ན། །གསོ་སྦྱོང་འདོད་སྤྱོད་ལྷ་ལུས་ཡིད་འོང་བ། །སྐྱེས་པ་བུད་མེད་དག་ལ་སྩོལ་བར་བགྱིད། །ཅེས་གསུངས་ཏེ། འཚེ་བ་སྲོག་གཅོད་པ་དང་། ཆོམ་རྐུན་དང་། མ་བྱིན་པར་ལེན་པ་དང་། འཁྲིག་པ་མི་ཚངས་པར་སྤྱོད་པ་དང ། བརྫུན་དུ་སྨྲ་བ་དང་། འབྲུའི་ཆང་དང་མྱོས་པར་འགྱུར་བ་བག་མེད་པའི་གནས་དང་། དུས་མ་ཡིན་པའི་ཟས་དང་། མལ་སྟན་མཐོན་པོ་ཁྲི་དང་ཁྲིའུ་ཁྲུ་གང་གི་ཚད་ལས་ལྷག་པ་དང་། གླུ་གར་དང་ནད་གསོ་བའི་དོན་མ་གཏོགས་པར་སྤོས་དང་། ཕྲེང་བའི་ཁྱད་པར་རྣམས་ཉིན་ཞག་གཅིག་ཏུ་སྤོང་བའི་སྒོ་ནས། སྔོན་གྱི་དགྲ་བཅོམ་པ་རྣམས་ཀྱི་ཚུལ་ཁྲིམས་ཀྱི་རྗེས་སུ་བྱེད་པའི་ཡན་ལག་བརྒྱད་པོ་འདི་དག་ནི་གསོ་སྦྱོང་ཞེས་བྱ་ལ། དེའི་རྣམ་པར་སྨིན་པ་ནི་ཕྱི་མ་ལ་འདོད་པ་ན་སྤྱོད་པའི་ལྷ་རིས་དྲུག་གི་ལུས་ཡིད་དུ་འོང་བ་སྩོལ་བར་བགྱིད་དེ། སུ་ལ་ཞེ་ན། ཚུལ་ཁྲིམས་དེ་དང་ལྡན་པའི་གླིང་གསུམ་གྱི་སྐྱེས་པ་དང་བུད་མེད་དག་ལ་ཞེས་ཏེ། གཞན་ལ་སོ་སོར་ཐར་པའི་སྡོམ་པ་མེད་པའི་ཕྱིར་རོ། །བསྙེན་གནས་ཀྱི་སྡོམ་པ་ནི་ཡན་ལག་ལྔས་བསྡུས་ཏེ། འདི་ལྟར་གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་། བདག་དང་གཞན་ལ་གནོད་པ་སྤོང་བ་ཡང་དག་པར་ལེན་པའི་ཡན་ལག་དང་། ཡང་དག་པར་བླངས་པ་ལས་ཉམས་པ་རྣམས་ཕྱིར་གསོ་བའི་ཡན་ལག་དང་། དེ་ལ་གཞན་གྱི་སྲོག་དང་ལོངས་སྤྱོད་ལ་གནོད་པ་སྤོང་བ་དང་། ཡང་དག་པར་བླངས་པ་ལས་མི་ཉམས་པར་བྱ་བའི་ཕྱིར་དྲན་པ་ཉེ་བར་འཇོག་པའི་ཡན་ལག་དང་། དྲན་པ་རྨོངས་པར་མི་འགྱུར་བའི་ཡན་ལག་གོ །དེ་ལ་གཞན་གྱི་སྲོག་དང་ལོངས་སྤྱོད་ལ་གནོད་པ་སྤོང་བ་ཡན་ལག་དང་པོའོ། །མི་ཚངས་པར་སྤྱོད་པ་སྤོང་བ་ནི་ཡན་ལག་གཉིས་པ་ཡིན་ཏེ། འདི་ལྟར་དེ་སྤངས་པ་ནི་རང་གི་ཆུང་མ་ལ་མི་བརྟེན་པས་བདག་ལ་གནོད་པར་མི་འགྱུར་ཞིང་། གཞན་གྱི་ཆུང་མ་ལ་མི་བརྟེན་པས་གཞན་ལ་གནོད་པར་མི་འགྱུར་བའི་ཕྱིར་རོ། །བརྫུན་དུ་སྨྲ་བ་སྤོང་བ་ནི་ཡན་ལག་གསུམ་པ་ཡིན་ནོ། །མྱོས་འགྱུར་སྤོང་བ་མ་གཏོགས་པ། དེ་ལས་གཞན་པའི་གནས་གསུམ་སྤོང་བ་ནི་ཡན་ལག་བཞི་པ་ཡིན་ཏེ། འདི་ལྟ་དེ་རྟག་ཏུ་གར་དང་། གླུ་དང་། རོལ་མོའི་སྒྲ་དང་། སྤོས་དང་། ཕྲེང་བ་དང་། ཁྲི་སྟན་མཐོན་པོ་དང་། དུས་མ་ཡིན་པའི་ཟས་ལ་བརྟེན་པ་དེ་དག་གིས་བདག་ཉིད་དབེན་པར་ཡུད་ཙམ་ཡུད་ཙམ་ལ་མཐོང་བ་ན། བདག་ཉིད་གསོ་སྦྱོང་གིས་གསོ་སྦྱོང་བྱའོ་སྙམ་དུ་དུས་རྟག་ཏུ་དྲན་པ་ཉེ་བར་གནས་པར་འགྱུར་བའི་ཕྱིར་རོ། །མྱོས་འགྱུར་སྤོང་བ་ནི་ཡན་ལག་ལྔ་པ་ཡིན་ཏེ། དེ་ལྟར་བདག་ནི་དྲན་པ་ཉེ་བར་བཞག་སྟེ་གནས་པ་ཡིན་ནོ་སྙམ་དུ་སེམས་ཀྱང་ཡན་ལག་དེ་ནི། ཆང་གི་མྱོས་པས་མྱོས་ཤིང་རྨོངས་ཏེ་རང་དབང་མེད་པར་འཇུག་པར་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བསྙེན་གནས་པའི་སྡོམ་པ་ལ་གསེར་དངུལ་ལེན་པ་སྤོང་བ་ཡན་ལག་ཏུ་མ་བཞག་ལ། དགེ་ཚུལ་གྱི་སྡོམ་པ་ལ་དེ་སྤོང་བ་ཡན་ལག་ཏུ་བཞག་ཅེ་ན། དགེ་ཚུལ་ནི་རབ་ཏུ་བྱུང་བའི་ཕྱོགས་ལ་གནས་པས། རབ་ཏུ་བྱུང་བ་ལ་ནི་གནས་གཉིས་ཤིན་ཏུ་མི་མཛེས་ཤིང་། ཚུལ་དང་མི་མཐུན་པ་ཡིན་ཏེ། འདི་ལྟར་འདོད་པ་བསོད་ཉམས་ཀྱི་མཐར་ལྷུང་བ་རྩེད་མོའི་དགའ་བ་དང་ཆ་སྒེག་ཇི་ལྟར་འདོད་པ་བཞིན་དུ་སྤྱོད་པ་ལ་བརྩོན་པ་དང་། གསོག་འཇོག་གི་ལོངས་སྤྱོད་པའོ། །དེ་ལ་ཚུལ་དང་མི་མཐུན་པའི་གནས་དང་པོ་སྤང་བའི་ཕྱིར་ནི། གར་དང་གླུ་དང་རོལ་མོའི་སྒྲ་ལ་སོགས་པ་ནས། དུས་མ་ཡིན་པའི་ཟས་ཀྱི་བར་དུ་སྤོང་བ་བཅས་སོ། །ཚུལ་དང་མི་མཐུན་པའི་གནས་གཉིས་པ་སྤང་བའི་ཕྱིར། གསེར་དངུལ་ལེན་པ་སྤོང་བ་བཅས་ཏེ། གསེར་དངུལ་ནི་གསོག་འཇོག་ཐམས་ཅད་ཀྱི་རྩ་བ་དང་གཙོ་བོ་ཡིན་པའི་ཕྱིར་རོ། ཁྱིམ་པའི་ཕྱོགས་ལ་ནི། དེ་ཙམ་དུ་ཉེས་པ་མི་ཆེ་ཞིང་། ཚུལ་དང་མི་མཐུན་པ་མེད་པས་དེའི་ཕྱིར་བསྙེན་གནས་ཀྱི་ཡན་ལག་ཏུ་གསེར་དངུལ་ལེན་པར་སྤོང་བ་མ་བཅས་སོ། །ཅིའི་ཕྱིར་གར་དང་གླུ་དང་རོལ་མོའི་སྒྲ་དང་སྤོས་དང་ཕྲེང་བ་དང་བྱུག་པ་འཆང་བ་གང་ཡིན་པ་བསྙེན་གནས་པའི་སྡོམ་པ་ལ་ཡན་ལག་གཅིག་ཏུ་བཅས་ལ། དགེ་ཚུལ་ལ་ནི་ཡན་ལག་གཉིས་སུ་མཛད་དེ་བཅས་ཞེ་ན། ཁྱིམ་པ་ལ་ཅི་ནས་ཀྱང་དེ་དང་འགལ་ན་ཉེས་པ་གཅིག་བཤགས་པར་ཟད་ཀྱི། གཉིས་མི་དགོས་པར་བྱ་བའི་ཕྱིར་ཡང་བར་མཛད་ནས་ཡན་ལག་གཅིག་ཏུ་བསྡུས་ལ། རབ་ཏུ་བྱུང་བའི་ཚུལ་དང་མི་མཐུན་པས་དེ་དང་འགལ་ན་ཉེས་པ་གཉིས་བཤགས་དགོས་ཤིང་གཅིག་མ་ཡིན་པས་ལྕི་བར་མཛད་ནས་ཡན་ལག་གཉིས་སུ་བཅས་སོ། །

གསུམ་པ་བསམ་པ་ཕྱིན་ཅི་ལོག་སྤོང་བ་ནི། ཁྱིམ་པ་རྣམས་ནི་བྱ་བ་ངན་པ་ལ་ཆགས་པས། སེར་སྣ་ལ་སོགས་པ་སེམས་ཀྱི་སྐྱོན་མང་དུ་འབྱུང་ལ། དེ་དག་ཀྱང་ངན་སོང་གི་རྒྱུ་ཡིན་པས། དེ་དག་ལས་བཟློག་པའི་ཕྱིར། སེར་སྣ་གཡོ་རྒྱུ་ཆགས་དང་སྙོམས་ལས་དང་། །མངོན་པའི་ང་རྒྱལ་འདོད་ཆགས་ཞེ་སྡང་དང་། །རིགས་དང་གཟུགས་དང་ཐོས་པ་ལང་ཚོ་དང་། །དབང་ཐང་ཆེ་བ་རྒྱལ་བས་དགྲ་བཞིན་གཟིགས། །ཞེས་གསུངས་ཏེ། རང་གི་ཡོ་བྱད་ཀུན་ཏུ་འཛིན་ཅིང་གཏོང་བ་དང་མི་མཐུན་པའི་སེར་སྣ་དང་། རང་གི་ཉེས་པ་བཀབ་པའི་ཐབས་འཛིན་པའི་གཡོ་དང་། གཞན་སླུ་བའི་དོན་དུ་ཡང་དག་པ་མ་ཡིན་པའི་ཡོན་ཏན་ཀུན་ཏུ་སྟོན་པའི་སྒྱུ་དང་། ལུས་དང་ལོངས་སྤྱོད་ལ་སྲེད་པའི་ཆགས་པ་དང་། དགེ་བ་སྒྲུབ་པ་ལ་མི་སྤྲོ་བའི་སྙོམས་ལས་དང་། ཡོན་ཏན་ཁྱད་པར་ཅན་མ་ཐོབ་པ་བདག་གིས་ཐོབ་བོ་སྙམ་དུ་སེམས་ཁེངས་པ་མངོན་པའི་ང་རྒྱལ་དང་། འཁྲིག་པ་ལ་སྲེད་པའི་འདོད་ཆགས་དང་། སེམས་ཅན་ལ་ཀུན་ནས་མནར་སེམས་པའི་ཞེ་སྡང་དང་ཆོས་བརྒྱད་པོ་དེ་དག་དང་། རིགས་ལ་སོགས་པ་ཆོས་ལྔ་ལ་ཆགས་པས་སེམས་ཁེངས་པའི་རྒྱགས་པ་སྟེ། མི་དགེ་བའི་ཆོས་བཅུ་གསུམ་པོ་དེ་དག་ནི། དགེ་བའི་སྲོག་འཕྲོག་པར་བྱེད་པས་དགྲ་དང་འདྲ་བར་གཟིགས་ཏེ། སྐད་ཅིག་ཀྱང་འགྲོགས་པར་མི་བྱའོ་ཞེས་པའོ། །ང་རྒྱལ་ནི་རིགས་སོགས་ཀྱི་ཡོན་ཏན་གཞན་དང་འཇལ་བས་སེམས་ཁེངས་པ་ཡིན་ལ། རྒྱགས་པ་ནི་གཞན་ལ་མི་ལྟོས་པར་རང་གི་རིགས་སོགས་ཀྱིས་སེམས་ཁེངས་པ་སྟེ། མཛོད་དུ། ང་རྒྱལ་ཁེངས་པ་རྒྱགས་པ་ནི། །རང་གི་ཆོས་ལ་ཆགས་པ་ཡིས། །སེམས་ནི་ཡོངས་སུ་གཏུགས་པའོ། །ཞེས་བཤད་དོ། །བཞི་པ་བག་ཡོད་པར་བྱ་བ་ནི། དགེ་བའི་ཆོས་རྣམས་ཀྱི་རྩ་བ་ནི། བག་ཡོད་པ་ཡིན་ལ། ཁྱིམ་པ་རྣམས་ལ་ཡང་བག་དང་བཅས་པར་བྱ་བ་ཡོད་པས། དེ་ལ་འགོད་པར་བཞེད་ནས། བག་ཡོད་བདུད་རྩིའི་གནས་དེ་བག་མེད་པ། །འཆི་བའི་གནས་སུ་ཐུབ་པས་བཀའ་བསྩལ་ཏེ། །དེ་བས་ཁྱོད་ཀྱི་དགེ་ཆོས་སྤེལ་སླད་དུ། །གུས་པས་རྟག་ཏུ་བག་དང་བཅས་པར་མཛོད། །ཅེས་གསུངས་ཏེ། དགེ་བའི་ཆོས་བསྒོམ་ཞིང་། ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་བསྲུང་བའི་མཚན་ཉིད་ཅན་གྱི་བག་ཡོད་པ་ནི་འཆི་བ་མེད་པའི་གོ་འཕང་མྱ་ངན་ལས་འདས་པ་བདུད་རྩིའི་གནས་ཡིན་ལ། ཇི་སྐད་བཤད་པ་ལས་བཟློག་པའི་བག་མེད་པ་ནི་འཁོར་བར་སྐྱེ་བ་དང་། འཆི་བའི་སྡུག་བསྔལ་མྱོང་བའི་གནས་ཡིན་ནོ། །ཞེས་ཐུབ་པས་བཀའ་བསྩལ་ཏེ། ཇི་སྐད་དུ། བག་ཡོད་བདུད་རྩིའི་གནས་ཡིན་ཏེ། །བག་མེད་པ་ནི་འཆི་བའི་གནས། །བག་ཡོད་འཆི་བར་མི་འགྱུར་ཏེ། །བག་མེད་པ་ནི་རྟག་ཏུ་འཆི། །ཞེས་གསུངས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེ་བས་ན། ཁྱོད་ཀྱིས་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་། སྐྱེས་པ་གོང་ནས་གོང་དུ་སྤེལ་བའི་སླད་དུ་རྟག་ཏུ་དགེ་བའི་ཆོས་ལ་གོམས་པར་བྱེད་པའི་བག་ཡོད་དང་བཅས་པར་མཛོད་ཅིག ཅེས་པའོ། །

གལ་ཏེ་ཁྱོད་ཀྱིས་ཁོ་བོའི་དོན་བྱེད་པར་འདོད་ན་དང་པོ་ཉིད་ནས་དགེ་བ་ལ་བསྐུལ་བའི་གདམས་པ་འདི་ཅིའི་ཕྱིར་མ་སྨྲས། ཁོ་བོ་སྔར་བག་མེད་པར་གྱུར་ཟིན་པས་ད་ཅི་བྱར་ཡོད་སྙམ་ན། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱི་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སེར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །ཞེས་གསུངས་ཏེ། སྐྱེས་བུ་གང་ཞིག་སྔོན་ཆད་ཉོན་མོངས་པས་ཟིལ་གྱིས་མནན་པའམ་སྡིག་པའི་གྲོགས་པོའི་དབང་གིས་མི་དགེ་བ་བྱུང་རྒྱལ་དུ་སྤྱད་དེ་བག་མེད་པར་གྱུར་ཏུ་ཟིན་པ་ལས། ཕྱིས་དགེ་བའི་བཤེས་གཉེན་དང་ཕྲད་དེ་བླང་དོར་ལ་གཟོབ་པ་ལྷུར་ལེན་པའི་སྒོ་ནས་བག་ཡོད་པ་དང་ལྡན་པར་གྱུར་པ་དེ་ཡང་། ཟླ་བ་སྤྲིན་གྱི་སྒྲིབ་གཡོགས་དང་བྲལ་བ་ལྟར་ཤིན་ཏུ་མཛེས་སོ། །དེ་ལྟ་བུའི་སེམས་ཅན་འགའ་མཐོང་ངམ་ཞེ་ན། མཐོང་སྟེ། དཔེར་ན། དགའ་བོ་ཞེས་བྱ་བ་བཅོམ་ལྡན་འདས་ཀྱི་གཅུང་ཤཱཀྱ་གཞོན་ནུ་འདོད་ཆགས་ཅན་ཞིག་སྟེ། དེ་རང་གི་ཆུང་མ་དང་སྐད་ཅིག་ཙམ་ཡང་འབྲལ་མི་ཕོད་པ་ན། དེ་བཞིན་གཤེགས་པས་རབ་ཏུ་བྱུང་སྟེ། དེ་དེའི་ཚེའང་ཉིན་མཚན་དུ་རང་གི་ཆུང་མ་ལ་རྟོག་གིས། དགེ་བ་ལ་མ་ཡིན་པ་ན། བཅོམ་ལྡན་འདས་ཀྱིས་དམྱལ་བའི་འཇིགས་པ་མངོན་སུམ་དུ་བསྟན་ཏེ། སྐྲག་པ་བསྐྱེད་ནས་ལམ་བསྒོམ་དུ་བཅུག་པས་དགྲ་བཅོམ་པ་ཐོབ་སྟེ། ཉན་ཐོས་དབང་པོའི་སྒོ་བསྡམས་པ་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །སོར་མོའི་ཕྲེང་བ་ནི། བྲམ་ཟེའི་ཁྱིའུ་ཞིག་སྟེ། དེ་བླུན་པ་ཞིག་ཡིན་པས་མཁན་པོས་མི་སྟོང་བསད་དེ་སོར་མོའི་ཕྲེང་བ་བྱས་ན་ཆོས་སུ་འགྱུར་རོ་ཞེས། ཆོས་མ་ཡིན་པ་བསྟན་པས་བསླུས་ཏེ། མི་སྟོང་དུ་གཅིག་གིས་མ་ཚང་བ་བསད་པ་ལས། དེ་བཞིན་གཤེགས་པས་རབ་ཏུ་བྱུང་སྟེ་དགྲ་བཅོམ་པ་ཐོབ་བོ། །མཐོང་ལྡན་ནི་མ་སྐྱེས་དགྲ་སྟེ། དེ་ཡང་སྡིག་པའི་གྲོགས་པོ་ལྷ་སྦྱིན་དང་ཕྲད་པས་ཕ་ཆོས་དང་ལྡན་པའི་རྒྱལ་པོ་བསད་པ་སོགས་སྡིག་པ་མང་དུ་བྱས་པ་ལས། ཕྱིས་སྟོན་པ་ལ་དད་པ་ཐོབ་པས། སྡིག་པའི་འབྲས་བུ་ལས་ཐར་ཏེ། བཅོམ་ལྡན་འདས་ཀྱིས་དགེ་བསྙེན་དད་པ་ཅན་རྣམས་ཀྱི་མཆོག་ཏུ་ལུང་བསྟན་ཏོ། །བདེ་བྱེད་ནི་གཞན་གྱི་ཆུང་མ་ལ་ཉལ་པོ་བྱེད་དུ་འགྲོ་བ་མས་བཟློག་པས། མ་བསད་པ་ཞིག་སྟེ། རབ་ཏུ་བྱུང་བ་ན་མཚམས་མེད་བྱས་པར་ཤེས་ནས། དགེ་འདུན་གྱིས་བསྐྲད་པ་ལས། མཐའ་འཁོབ་ཏུ་ཕྱིན་ནས་གཙུག་ལག་ཁང་བརྩིགས་ཏེ་བསྡད་པས། དེ་ལ་བརྟེན་ནས་རང་བཞིན་དུ་གནས་པའི་དགེ་སློང་མང་པོ་འདུས་པ་ན། དེས་དགེ་འདུན་གྱི་གནས་བརྟན་བྱས་ཏེ། དགེ་འདུན་ཚུལ་བཞིན་དུ་བསྐྱངས་པས། ཚེ་འཕོས་ནས་མཚམས་མེད་པའི་རྣམ་སྨིན་གྱིས། དམྱལ་བར་ཕོ་ལོང་བརྡབས་པ་ཙམ་ཞིག་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་ལྷར་སྐྱེསཏེ་བཅོམ་ལྡན་འདས་ཀྱི་ཐད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་ཐོབ་པར་བཤད་དོ། །

ལྔ་པ་བཟོད་པ་ལ་གནས་པར་བྱ་བ་ནི། ཁྱིམ་པ་རྣམས་ནི་མི་འདོད་པ་དུ་མ་ཐོག་ཏུ་བབ་པའི་དབང་གིས་ཁྲོ་བ་མང་བས། དེ་ལས་བཟློག་སྟེ་བཟོད་པའི་ཡོན་ཏན་བསྟན་པའི་ཕྱིར། འདི་ལྟར་བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། ཁྱོད་ཀྱིས་ཁྲོ་བའི་གོ་སྐབས་དབྱེ་མི་བགྱི། ཁྲོ་བ་སྤངས་པས་ཕྱིར་མི་ལྡོག་པ་ཉིད། །ཐོབ་པར་འགྱུར་བར་སངས་རྒྱས་ཞལ་གྱིས་བཞེས། །ཞེས་གསུངས་ཏེ། བཟོད་པ་ནི། འདིར་གནོད་པ་ལ་མི་ཁྲོ་ཞིང་། ཁྲོ་བ་སྐྱེས་ཀྱང་རྒྱུན་མི་འཛིན་པ་སྟེ། དེ་དང་མཚུངས་པའི་དཀའ་ཐུབ་གཞན་འགའ་ཡང་མ་མཆིས་པས་དེ་ཁོ་ན་དཀའ་ཐུབ་ཀྱི་མཆོག་ཡིན་ཏེ། མེ་དང་ཆུར་འཇུག་པ་དང་། རྩ་བ་དང་འབྲས་བུ་ཟ་བ་དང་། ཤིང་ཤུན་དང་ལོ་མ་གྱོན་པ་སོགས་ནི། ལུས་གདུང་བ་ཙམ་དུ་ཟད་ཀྱི། དེ་དག་ལས་མཐོ་རིས་ཀྱང་མི་ཐོབ་ན་ཐར་པ་ལྟ་ཅི་སྨོས། དེའི་ཕྱིར་དེ་དག་ནི་དཀའ་ཐུབ་མ་ཡིན་ནོ། །གང་གིས་ཕྱིར་བཟོད་པ་དེ་ལྟར་ཕན་ཡོན་ཆེ་བ་དེ་བས་ན། ཁྱོད་ཀྱིས་དཀའ་ཐུབ་ཀྱི་མཆོག་དེའི་མི་མཐུན་ཕྱོགས་ཁྲོ་བའི་གོ་སྐབས་ཅུང་ཟད་ཀྱང་དབྱེ་བར་མི་བགྱི་སྟེ། བཟོད་པ་བསྟེན་པའི་སྒོ་ནས་ཁྲོ་བ་སྤངས་པས་འདོད་པའི་ཁམས་སུ་ཕྱིར་མི་ལྡོག་པ་ཉིད་ཐོབ་པར་སངས་རྒྱས་ཀྱི་ཞལ་གྱིས་བཞེས་པའི་ཕྱིར་རོ། །དེ་ཡང་མདོ་ལས། དགེ་སློང་དག་འདི་ལྟ་སྟེ། ཁྲོ་བ་སྤོངས་ཤིག ཁྱོད་ཕྱིར་མི་ལྡོག་པའི་གཉའ་བོར་གྱུར་པ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། ཁྲོ་བ་དང་འདོད་པ་ལ་འདུན་པ་གཉིས་ནི། འདོད་ཁམས་ཀྱི་རྒྱུ་ཡིན་ལ། འདོད་པ་ལ་འདུན་པ་མ་སྤངས་པར་ཡང་། ཁྲོ་བ་སྤོངས་མི་ནུས་པས། དེའི་ཕྱིར་ཁྲོ་བ་སྤངས་པས་འདོད་པ་ལས་འདའ་བར་བཤད་དེ། དེ་ལྟར་དང་པོ་ཉིད་ནས་ཁྲོ་བའི་གོ་སྐབས་མི་དབྱེ་བར་བསྟན་ནས། གལ་ཏེ་ཁྲོ་བ་སྐྱེས་ན་ཡང་། དེའི་མོད་ལ་ཞི་བར་བྱ་སྟེ། འཁོན་དུ་གཟུང་བར་མི་བྱའོ་ཞེས་བསྟན་པའི་ཕྱིར། བདག་ནི་འདིས་སྤྱོས་འདིས་བཏགས་ཕམ་པར་བྱས། །འདི་ཡིས་བདག་ནོར་འཕྲོགས་པར་གྱུར་ཏོ་ཞེས། །འཁོན་དུ་འཛིན་པས་འཁྲུག་ལོང་རྣམས་བསྐྱེད་དེ། །འཁོན་འཛིན་རྣམ་སྤངས་བདེ་བར་གཉིད་ཀྱིས་ལོག །ཅེས་གསུངས་ཏེ། གང་གི་ཕྱིར་ཁྲོ་བའི་གོ་སྐབས་དབྱེ་བར་མི་བྱ་བ་དེའི་ཕྱིར། བདག་ནི་འདིས་ཚིག་ངན་པས་སྤྱོས་སོ། །འདིས་བདག་དབྱུག་པ་ལ་སོགས་པས་བཏགས་སོ། །འདིས་བདག་མཐུས་ཕམ་པར་བྱས་སོ། །འདི་ཡིས་བདག་གི་ནོར་ཕྲོགས་པར་གྱུར་ཏོ་ཞེས་གནོད་པའི་མཚན་མ་དམ་དུ་འཛིན་པ། འཁོན་དུ་འཛིན་པས་ལུས་ངག་གི་ཉེས་རྩོམ་དུ་གྱུར་པའི་འཁྲུག་ལོང་རྣམས་བསྐྱེད་ཅིང་སྡུག་བསྔལ་བར་བྱེད་ལ། དེ་ལྟ་བུའི་འཁོན་འཛིན་རྣམ་པར་སྤངས་པས་སེམས་ལ་སྡུག་བསྔལ་མེད་པའི་ཕྱིར། བདེ་བར་གཉིད་ཀྱིས་ལོག་པར་འགྱུར་བས་བསྒྲིམས་ཏེ་འཁོན་འཛིན་སྤང་བར་རིགས་སོ། །སྤྱོད་འཇུག་ལས་ཀྱང་། མདོར་ན་ཁྲོ་བས་བདེར་གནས་པ། །དེ་ནི་འགའ་ཡང་ཡོད་མིན་ཏེ། །ཞེས་དང་། གང་ཞིག་བསྒྲིམས་ཏེ་ཁྲོ་འཇོམས་པ། །དེ་ནི་འདི་དང་གཞན་དུ་བདེ། །ཞེས་གསུངས་པ་བཞིན་ནོ། །

དྲུག་པ་སྒོ་གསུམ་གྱི་སྤྱོད་པ་དམན་པ་སྤངས་ཏེ། བཟང་པོ་ལ་བསླབ་པར་གདམས་པ་ནི། སོ་སོ་སྐྱེ་བོ་རྣམས་ལ་ཇི་སྐད་བཤད་པའི་དགེ་བ་དང་མི་དགེ་བའི་སེམས་འདྲེས་མར་འབྱུང་བས། དགེ་བའི་སེམས་རྣམས་ནི་བརྟན་པར་བྱ་ལ། མི་དགེ་བའི་སེམས་རྣམས་ནི་མི་བརྟན་པར་བྱའོ་ཞེས་བསྟན་པའི་ཕྱིར། སེམས་ནི་ཆུ་དང་ས་དང་རྡོ་བ་ལ། །རི་མོ་བྲིས་པ་དེ་འདྲར་རིག་པར་བགྱི། །དེ་ནང་ཉོན་མོངས་ཅན་ལ་དང་པོ་ནི། །མཆོག་སྟེ་ཆོས་འདོད་རྣམས་ལ་ཐ་མ་ལགས། །ཞེས་གསུངས་ཏེ། སེམས་ཅན་གྱི་རིས་ན། སེམས་ཀྱི་འཇུག་པ་མི་བརྟན་པ་དང་། བརྟན་པའི་བྱེ་བྲག་ལས། ཆུ་ལ་རི་མོ་བྲིས་པ་དང་། ས་ལ་རི་མོ་བྲིས་པ་དང་། རྡོ་ལ་རི་མོ་བྲིས་པ་ཇི་ལྟར་བ་བཞིན་རྣམ་པ་གསུམ་དུ་རིག་པར་བགྱི་སྟེ། དེ་རྣམས་ཀྱི་ནང་ནས་ཉོན་མོངས་ཅན་གྱི་སེམས་ལ། དང་པོ་ཆུ་ལ་རི་མོ་བྲིས་པ་ལྟ་བུ་མི་བརྟན་པ་མཆོག་ཡིན་ལ། ཆོས་འདོད་དེ་དགེ་བའི་སེམས་རྣམས་ལ་ཐ་མ་རྡོ་ལ་རི་མོ་བྲིས་པ་ལྟར་བརྟན་པ་མཆོག་ལགས་པས་དེ་བཞིན་དུ་བསྒྲུབ་པར་བྱའོ། །ཇི་ལྟར་སེམས་ཅན་རྣམས་ཀྱི་སེམས་རྣམ་པ་གསུམ་ཡིན་པ་བཞིན་དུ། ངག་ཀྱང་རྣམ་པ་གསུམ་ཡིན་པས། དེ་དག་ལ་ཅི་རིགས་པར་བླང་དོར་བྱའོ་ཞེས་བསྟན་པའི་ཕྱིར། རྒྱལ་བས་སྙིང་ལ་འབབ་དང་བདེན་པ་དང་། །ལོག་པར་སྨྲ་ལྡན་སྐྱེས་བུ་རྣམས་ཀྱི་ནི། །སྦྲང་རྩི་མེ་ཏོག་མི་གཙང་ལྟ་བུའི་ཚིག །རྣམ་གསུམ་བཀའ་བསྩལ་དེ་ལས་ཐ་མ་སྤང་། །ཞེས་གསུངས་ཏེ། སྡིག་པའི་ཆོས་བཅོམ་པའི་རྒྱལ་བས་སྐྱེས་བུ་རྣམས་ཀྱི་ཚིག་རྣམ་པ་གསུམ་བཀའ་བསྩལ་ཏོ། །ཞེས་སྦྲེལ་ལོ། །གསུམ་གང་ཞེ་ན། སྙིང་ལ་འབབ་ཅིང་སྙམ་པ་དང་། བདེན་པ་དང་། ལོག་པར་སྨྲ་བའོ། །དེ་ལ་དང་པོ་ནི་དགའ་བར་བྱས་པས། སྦྲང་རྩི་ལྟ་བུ་དང་། གཉིས་པ་ནི། མཛེས་ཤིང་བསྔགས་པར་འོས་པས་མེ་ཏོག་ལྟ་བུ་དང་། གསུམ་པ་ནི། སྨད་པའི་ཕྱིར་མི་གཙང་བ་ལྟ་བུ་ཡིན་ཏེ། དེ་བས་ན་ཐ་མ་སྤང་ཞིང་། དང་པོ་གཉིས་བསྟེན་པར་བྱའོ། །སེམས་ཅན་འཁོར་བ་ན་གནས་པ་རྣམས་ཀྱི་སྤྱོད་པ་རྣམ་པ་བཞི་ཡོད་དེ། དེ་ལས་ཁྱོད་ཀྱིས་སྤྱོད་པ་མཆོག་ལ་གནས་པར་བྱའོ་ཞེས་བསྟན་པའི་ཕྱིར། སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐར་ཐུག་སྣང་ནས་མུ་མཐར་ཐུག ། མུན་ནས་སྣང་བའི་མཐར་ཐུག་གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད། །ཅེས་གསུངས་ཏེ། མདོ་ལས། སྣང་བ་ནས་སྣང་བར་འགྲོ་བ་ཞེས་སོགས་གང་ཟག་བཞི་གསུངས་ཏེ། འདི་ལྟར་ལྷ་དང་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས། ཡང་དེ་ཉིད་དུ་སྐྱེ་བ་སྣང་བ་ནས་སྣང་བའི་མཐར་ཐུག་པ་དང་། ངན་འགྲོའམ། མི་དབང་ཐང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེས་ནས་ཡང་དེ་ཉིད་དུ་སྐྱེ་བ་མུན་པ་ནས་མུན་པའི་མཐར་ཐུག་པ་དང་། ལྷ་མི་དབང་ཐང་ཆེན་པོ་རྣམས་ཀྱི་ནང་དུ་སྐྱེས་ནས། ངན་སོང་གསུམ་དང་། མི་དབང་ཐང་ཆུང་ངུའི་ནང་དུ་སྐྱེ་བ་སྣང་བ་ནས་མུན་པའི་མཐར་ཐུག་པ་དང་། ངན་སོང་གསུམ་དང་མི་དབང་ཐང་ཆུང་ངུ་རྣམས་ཀྱི་ནང་དུ་སྐྱེས་ནས། ལྷ་དང་མི་དབང་ཐང་ཆེན་པོ་རྣམས་སུ་སྐྱེ་བ་མུན་པ་ནས་སྣང་བའི་མཐར་ཐུག་པར་འགྲོ་བ་སྟེ་བཞིའོ། །དེ་དག་ནང་ནས་དང་པོ་སྣང་བ་ནས་སྣང་བར་འགྲོ་བར་མཛོད་ཅིག་ཅེས་པའོ། །

བདུན་པ་གང་དང་འགྲོགས་པའི་མཚན་ཉིད་ཤེས་པར་བྱ་བ་ནི། ཁྱིམ་པ་རྣམས་ནི་སེམས་ཅན་མང་པོ་དང་འགྲོགས་དགོས་ཏེ། དེ་བས་ན་དེ་དག་ལ་ཅི་རིགས་པར་བསྒྲུབ་པར་བསྟན་པའི་ཕྱིར། མི་ནི་ཨ་མྲའི་འབྲས་བཞིན་མ་སྨིན་ལ། །སྨིན་པ་དང་འདྲ་སྨིན་ལ་མ་སྨིན་འདྲ། །མ་སྨིན་མ་སྨིན་པར་སྣང་སྨིན་ལ་ནི། །སྨིན་པ་སྣང་ཞེས་བགྱི་བར་འདྲར་རྟོགས་མཛོད། །ཅེས་གསུངས་ཏེ། མི་ནི་ཨ་མྲའི་འབྲས་བུ་བཞིན་དུ་ཚུལ་བཞི་ཡོད་པས། དེ་དག་གི་མཚན་ཉིད་ཤེས་པར་བྱས་ནས་སྤང་བླང་ཅི་རིགས་པར་བསྒྲུབ་པར་བྱའོ། །ཨ་མྲའི་འབྲས་བུ་ལ་ནི་ཚུལ་བཞི་ཡོད་དེ། ཁ་ཅིག་ནི་ནང་མ་སྨིན་ལ། ཕྱི་སྨིན་པ་འདྲ་བ་དང་། ཁ་ཅིག་ནི་ནང་སྨིན་ལ་ཕྱི་མ་སྨིན་པ་འདྲ་བ་དང་། ཁ་ཅིག་ནི་ནང་ཡང་མ་སྨིན་ལ་ཕྱི་ཡང་མ་སྨིན་པར་སྣང་བ་དང་། ཁ་ཅིག་ནི་ནང་ཡང་སྨིན་ལ་ཕྱི་ཡང་སྨིན་པར་སྣང་བའོ། །དེ་དང་འདྲ་བར་མི་ལ་ཡང་བཞི་ཡོད་པས། དང་པོ་ནི། བསམ་པ་ཉམས་ལ་སྦྱོར་བ་ཕུན་སུམ་ཚོགས་པའོ། །གཉིས་པ་ནི། དེ་ལས་བཟློག་པའོ། །གསུམ་པ་ནི། བསམ་སྦྱོར་གཉིས་ཀ་ཉམས་པའོ། །བཞི་པ་ནི། བསམ་སྦྱོར་གཉིས་ཀ་ཕུན་སུམ་ཚོགས་པའོ། །བརྒྱད་པ་གཞན་གྱི་ཁྱིམ་ཐབ་ལ་ཆགས་པ་སྤོང་བ་ལ་གཉིས་ལས། དང་པོ་མགོ་གནོན་པའི་ཚུལ་ལ་གསུམ་གྱི། དང་པོ་འདུ་ཤེས་བསྒྱུར་ཅིང་མི་གཙང་བར་བལྟ་བ་ནི། འདོད་པས་ལོག་པར་གཡེམ་པ་ནི་ཁྱིམ་པ་རྣམས་ལ་འབྱུང་ཉེ་ཞིང་ཉེས་པ་ཆེ་བས་དེ་ལས་བཟློག་པའི་ཕྱིར། གཞན་གྱི་ཆུང་མ་མི་བལྟ་མཐོང་ན་ཡང་། །ན་ཚོད་མཐུན་པར་མ་དང་བུ་མོ་དང་། །སྲིང་མོའི་འདུ་ཤེས་བསྐྱེད་བགྱི་ཆགས་གྱུར་ན། །མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། །ཞེས་གསུངས་ཏེ། མདོ་ལས། བཙུན་པ་བུད་མེད་ལ་ཇི་ལྟར་བསྒྲུབ་པར་བགྱི། ཞེས་གསོལ་པ་དང་། ཀུན་དགའ་བོ་མི་བལྟ་བས་སོ། །ཞེས་གསུངས་པ་ལྟར། གཞན་གྱི་ཆུང་མ་ལ་དང་པོ་ཉིད་དུ་མི་བལྟ་ཞིང་། ཇི་ཞིག་ལྟར་མཐོང་ན་ཡང་ན་ཚོད་དང་མཐུན་པར་རྒན་པ་ལ་མ་དང་། གཞོན་པ་ལ་བུ་མོ་དང་། མཉམ་པ་ལ་སྲིང་མོའི་འདུ་ཤེས་བསྐྱེད་པར་བགྱིའོ། །དེ་ལྟར་བསམས་ཀྱང་ཆགས་པར་གྱུར་ན་དྲི་ང་བ་དང་། སྒོ་དགུ་དོད་པ་ལ་སོགས་པ་འོག་ནས་འབྱུང་བའི་མི་གཙང་བ་ཉིད་དུ་ཡང་དག་པར་བསམ་པར་བགྱིའོ། །

གཉིས་པ་སེམས་བསྲུང་ཞིང་དབང་པོའི་སྒོ་བསྡམ་པ་ནི། གལ་ཏེ་མི་གཙང་བ་ཉིད་དུ་བསམས་སུ་ཟིན་ཀྱང་། གཙང་བར་སེམས་ན་སེམས་བསྲུང་བར་བྱའོ་ཞེས་བསྟན་པའི་ཕྱིར། གཡོ་བའི་སེམས་ནི་ཐོས་མཚུངས་བུ་ལྟ་བུ། །གཏེར་བཞིན་སྲོག་དང་འདྲ་བར་བསྲུང་བགྱི་སྟེ། །གདུག་པ་དུག་དང་མཚོན་དང་དགྲ་བོ་དང་། །མེ་བཞིན་འདོད་པའི་བདེ་ལ་ཡིད་འབྱུང་མཛོད། །ཅེས་གསུངས་ཏེ། སྐད་ཅིག་ཀྱང་མི་གནས་པར་ཡུལ་ལ་གཡོ་བའི་སེམས་ནི་རྟག་ཏུ་ཉོན་མོངས་སྐྱེ་བ་དང་མཐུན་པའི་ཡུལ་རྣམས་ལ་བསྲུང་བར་བགྱི། ཇི་ལྟར་ཞེ་ན། ཐོས་པ་མི་ཉམས་པར་བསྲུང་བ་དང་མཚུངས་པར་རམ། བུ་སྡུག་པ་ལྟ་བུར་རམ། ནོར་གྱི་གཏེར་བཞིན་ནམ། གཅེས་པའི་སྲོག་དང་འདྲ་བར་རོ། །དེར་མ་ཟད་འདོད་པའི་བདེ་བ་ལ་ཡིད་འབྱུང་བར་ཡང་མཛོད་ཅིག ཅི་དང་འདྲ་བར་ཞེ་ན། གདུག་པའི་སྦྲུལ་ནི་མ་རུངས་པ་ཉིད་ཀྱིས་དང་། དུག་ནི་གསོད་པར་བྱེད་པ་ཉིད་ཀྱིས་དང་། མཚོན་ནི་སྡུག་བསྔལ་བསྐྱེད་པ་ཉིད་ཀྱིས་དང་། དགྲ་བོ་ནི་བདེ་བའི་གེགས་བྱེད་པ་ཉིད་ཀྱིས་དང་། མེ་ནི་གདུང་བར་བྱ་བ་ཉིད་ཀྱིས་ཡིད་འབྱུང་བར་བྱ་བ་ཡིན་པ་དེ་བཞིན་དུའོ། །ཅིའི་ཕྱིར་འདོད་པའི་བདེ་བ་ཡིད་དུ་འོང་བའི་རྣམ་པར་ཉམས་སུ་མྱོང་བ་དག་ལ་གདུག་པ་ལ་སོགས་པ་བཞིན་དུ་ཡིད་འབྱུང་བར་བྱ་བ་ཡིན་ཞེ་ན། འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་སྟེ། །རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱི་ཞེས་ཏེ། འདོད་པ་རྣམས་ནི་ཉེ་བར་སྤྱོད་པའི་དུས་ན་བདེ་བ་བསྐྱེད་མོད་ཀྱི། འོན་ཀྱང་མཇུག་ཏུ་ཕུང་བ་བསྐྱེད་བྱེད་ཡིན་པས། མཁས་པ་རྣམས་ཀྱིས་ཡིད་འབྱུང་བར་བྱ་བ་ཡིན་ཏེ། འདི་ལྟར་འདོད་པ་རྣམས་ནི་དང་པོ་དགའ་བར་བྱེད་པའི་ཕྱིར་དང་། ཐ་མར་གདུང་བར་བྱེད་པའི་ཕྱིར། རྒྱལ་བའི་དབང་པོས། དཔེར་ན། ཀིམ་པའི་འབྲས་བུའི་ཕྱི་ཤུན་བཟང་ལ་ནང་ངན་པ་དང་འདྲ་བར་གསུངས་སོ། །གཞན་ཡང་འདོད་པ་རྣམས་ནི་འཁོར་བར་འཆིང་བའི་རྒྱུ་ཡིན་པའི་ཕྱིར་ཡང་སྤང་བར་བྱའོ། །ཞེས་བསྟན་པའི་ཕྱིར། དེ་ཡི་ལྕགས་སྒྲོག་གིས། འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས་ཞེས་གསུངས་ཏེ། འདོད་པ་དེ་དག་གི་ལྕགས་སྒྲོག་གིས་འཁོར་བའི་བརྩོན་རར་འཇིག་རྟེན་འདི་དག་དམ་དུ་བཅིངས་པའི་ཕྱིར་ཡང་སྤང་བར་བྱའོ། །དེ་ལྟར་ཡུལ་ལ་སེམས་བསྲུང་བ་ལ་དབང་པོ་ཚར་བཅད་དགོས་པས། དེ་ལ་སྲན་བསྐྱེད་པའི་ཕྱིར། དབང་པོ་འདུལ་བ་ལ་བསྔགས་པ་བརྗོད་པ་ནི། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་ཏུ་མི་བརྟན་གཡོ་དང་གང་དག་ཅིག། གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། །མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །ཞེས་གསུངས་ཏེ། གང་ཟག་གང་དག་མིག་ལ་སོགས་པའི་དབང་པོ་དྲུག གཟུགས་སོགས་ཡུལ་རྣམས་ལ་རྟག་ཏུ་ཕྲད་ནས་འགྱུར་བས་མི་བརྟན་ལ། ཡུལ་མངོན་པར་འདོད་པས་གཡོ་བ་དག་གཉེན་པོས་ལེགས་པར་ཐུལ་བ་དང་། གང་དག་ཅིག་འཐབ་མོའི་གཡུལ་ངོར་དཔའ་ཞིང་བརྟུལ་ཕོད་པའི་དགྲ་ཚོགས་དུ་མ་ལས་རྒྱལ་བ་དེ་དག་ལས་མཁས་པ་རྣམས་དང་པོ་དབང་པོ་ལས་རྒྱལ་བ་དེ་དཔའ་བོའི་རབ་མཆོག་ལགས་པར་འཚལ་ཏེ། སེང་གེ་ལ་སོགས་པ་དུད་འགྲོ་ལ་ཡང་གཡུལ་ངོར་རྒྱལ་བ་དུ་མ་སྣང་ལ། དབང་པོ་ལས་རྒྱལ་བ་མེད་པའི་ཕྱིར་རོ། །

གསུམ་པ་ཆགས་ཡུལ་དང་། ཆགས་ཅན་གྱི་ཉེས་པ་བསམ་པ་ནི། སྔར་མི་གཙང་ཉིད་དུ་ཡང་དག་བསམ་པར་བགྱི། ཞེས་བཤད་ན། ཇི་ལྟར་མི་གཙང་བར་ཡང་དག་པར་བསམ་པར་བྱ་ཞེ་ན། བུད་མེད་གཞོན་ནུའི་ལུས་ནི་ལོགས་ཤིག་ཏུ། །དྲི་ང་བ་དང་སྒོ་དགུ་དོད་པ་དང་། །མི་གཙང་ཀུན་སྣོད་འདྲ་བ་དགང་དཀའ་དང་། །པགས་པས་གཡོགས་དང་རྒྱན་ཡང་ལོགས་ཤིག་གཟིགས། །ཞེས་གསུངས་ཏེ། བུད་མེད་གཞོན་ནུའི་ལུས་ནི་དྲི་ང་བ་དང་། མི་གཙང་བ་འཛགས་པའི་སྒོ་དགུ་དོད་པ་དང་། བཤང་ཅི་ལ་སོགས་པའི་མི་གཙང་བའི་རྫས་སྣ་ཚོགས་ཀྱིས་ནང་གང་བས་མི་གཙང་བ་ཀུན་གྱི་སྣོད་དང་འདྲ་བ་དང་། ཟས་སྐོམ་སོགས་ཇི་ཙམ་སྤྱད་ཀྱང་མི་ཚིམ་པས་དགང་དཀའ་བ་དང་། སྙིང་པོ་མེད་པས་པགས་པས་གཡོགས་པ་ཙམ་ཡིན་པས་ཆགས་པའི་གནས་མ་ཡིན་ལ། འོན་ཏེ་དྲི་དང་རྒྱན་གྱིས་སྤྲས་པས་ཆགས་ན། ལུས་དེ་ལྟ་བུ་ཡང་ལོགས་ཤིག་ཏུ། ༼དྲི་དང་༽བརྒྱན་ཡང་ལོགས་ཤིག་ཏུ་གཟིགས་དང་། དེས་ན་ཆགས་པར་མི་འགྱུར་རོ། །ཞེས་པའོ། །

སྤྱོད་འཇུག་ལས། ལུས་ལ་བསྐུས་པའི་དྲི་དེ་ཡང་། །ཙནྡན་སོགས་ཡིན་གཞན་མིན་ན། །གཞན་གྱི་དྲི་ཡིས་གཞན་དག་ལ། །ཅི་ཡི་ཕྱིར་ན་ཆགས་པར་བྱེད། །ཅེས་གསུངས་པ་བཞིན་ནོ། །དེ་ལྟར་ཡུལ་གྱི་ཉེས་པ་བསྟན་ནས། འདོད་པ་རྣམས་ནི་ཇི་ཙམ་སྤྱད་ཀྱང་ངོམས་མི་ཤེས་སོ་ཞེས་ཡུལ་ཅན་ཆགས་པའི་ཉེས་པ་བསྟན་པའི་ཕྱིར། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ནི། །བདེ་བའི་དོན་དུ་མེ་ལ་ཀུན་བརྟེན་ཀྱང་། །ཞི་བར་མི་འགྱུར་དེ་དང་འདྲ་བར་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །ཅེས་གསུངས་ཏེ། ཇི་ལྟར་མཛེ་ཅན་སྲིན་བུས་ཟོས་པས་ཉེན་པ་ནི། བདེ་བར་འདོད་པའི་དོན་དུ་མེ་ལ་ཀུན་ཏུ་བརྟེན་ཀྱང་དེས་ཞི་བར་མི་འགྱུར་བར། སླར་གདུང་བ་འཕེལ་བར་འགྱུར་བ་དང་འདྲ་བར། བྱིས་པ་འདོད་པ་རྣམས་ལ་ཆགས་པའང་འདོད་པའི་གདུང་བ་བསལ་བའི་དོན་དུ་ཡུལ་རྣམས་ལ་བརྟེན་པར་བྱེད་ཀྱང་དེས་ཞི་བར་མི་འགྱུར་གྱི། སླར་ཡང་འཕེལ་བ་ཁོ་ནར་འགྱུར་རོ། །ཞེས་མཁྱེན་པར་མཛོད་ཅིག་ཅེས་པའོ། །རིན་ཆེན་ཕྲེང་བ་ལས་ཀྱང་། གཡན་པ་ཕྲུགས་ན་བདེ་འགྱུར་བ། །དེ་བས་གཡན་པ་མེད་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །འདོད་པ་མེད་ན་དེ་བས་བདེ། །ཞེས་གསུངས་པ་བཞིན་ནོ། །

གཉིས་པ་ས་བོན་དང་བཅས་པ་སྤོང་བའི་ཚུལ་ལ་དྲུག་གི དང་པོ་དངོས་ནི། གོང་དུ་བཤད་པའི་མི་གཙང་བ་བསྒོམ་པ་སོགས་ཀྱང་འདོད་ཆགས་རེ་ཞིག་རྣམ་པར་གནོན་པ་ཙམ་ཡིན་གྱི། དྲུངས་ནས་འབྱིན་བྱེད་མ་ཡིན་པས། ས་བོན་དང་བཅས་པ་སྤོང་བར་འདོད་པས། ལམ་འདི་བསྒོམ་པར་བྱའོ་ཞེས་བསྟན་པའི་ཕྱིར། དོན་དམ་གཟིགས་པར་བགྱི་སླད་དངོས་རྣམས་ལ། །ཚུལ་བཞིན་ཡིད་ལ་བགྱིད་པ་དེ་གོམས་མཛོད། །དེ་དང་འདྲ་བར་ཡོན་ཏན་ལྡན་པ་ཡི། །ཆོས་གཞན་འགའ་ཡང་མཆིས་པ་མ་ལགས་སོ། །ཞེས་གསུངས་ཏེ། ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པས་ན་དོན་དམ་པ་སྟེ། ཆོས་རྣམས་ཀྱི་གནས་ལུགས་ཕྱིན་ཅི་མ་ལོག་པ་ཡེ་ཤེས་ཀྱི་མིག་གིས་གཟིགས་པར་བགྱི་བའི་སླད་དུ། གཟུགས་ལ་སོགས་པ་ཕྱི་དང་ནང་གི་དངོས་པོ་རྣམས་ལ་ཡང་དག་པའི་ཤེས་རབ་ཀྱིས་རྣམ་པར་དཔྱད་ནས་གོམས་པར་བྱེད་པའི་ཚུལ་བཞིན་ཡིད་ལ་བགྱིད་པ་དེ་ཡང་དང་ཡང་དུ་མངོན་དུ་བྱེད་པའི་སྒོ་ནས་གོམས་པར་མཛོད་ཅིག དེ་དང་འདྲ་བར་ཉོན་མོངས་འཇོམས་ཤིང་གཉེན་པོ་སྐྱེད་པར་བྱེད་པའི་ཡོན་ཏན་དང་ལྡན་པའི་ཆོས་གཞན་ནི། འགའ་ཡང་འཇིག་རྟེན་ན་མཆིས་པ་མ་ལགས་པའི་ཕྱིར་རོ། །འདིར་དོན་དམ་པ་ནི་གང་། དེའི་ཡུལ་ཚུལ་བཞིན་ཡིད་ལ་བྱེད་པ་བསྒོམ་པ་ནི་ཇི་ལྟ་བུ་ཞེ་ན། ཆོས་རྣམས་ཀྱི་གནས་ལུགས་ཀྱི་དེ་ཁོ་ན་ཉིད་ནི་དོན་དམ་པ་ཞེས་བྱའོ། །དེ་ཡང་ཅི་འདྲ་ཞིག་ཅེ་ན། དབུ་མ་རྩ་བར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མེད། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་གསུངས་པ་ལྟར། སྒྲ་དང་རྟོག་པས་སྤྱིའི་ཚུལ་གྱིས་ཀྱང་ཤེས་བྱ་མ་ཡིན་པ། གཞན་གྱིས་བསྟན་པས་རྟོགས་བྱའང་མ་ཡིན་པ། རྣལ་འབྱོར་པས་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་ཚུལ་དུ་རིག་པར་བྱ་བ་ཞིག་གོ །དེ་ཡང་གཟུགས་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་འདི་རྣམས་ཀྱི་རང་བཞིན་ལས། གཞན་དུ་བཙལ་བར་མི་བྱ་སྟེ། རྟེན་འབྲེལ་ལས་གཞན་པའི་དོན་དམ་པའི་ཆོས་རྟོགས་པས་ནི། སུ་ཡང་གྲོལ་བ་མེད་ཅིང་། མ་རྟོགས་པས་འགའ་ཡང་བཅིངས་པ་མེད་པའི་ཕྱིར། ཕྱི་རོལ་པ་རྣམས་ཀྱི་བདག་དང་། གཙོ་བོ་ལ་སོགས་པ་བཞིན་ནོ། །གཟུགས་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་དག་གི་རང་བཞིན་ཇི་ལྟ་བ་བཞིན་མ་རྟོགས་པས་ནི་བྱིས་པ་རྣམས་བཅིངས་པ་ཡིན་ཏེ། ཕྱི་དང་ནང་གི་གཟུགས་ལ་སོགས་པ་ལ་དངོས་པོར་མངོན་པར་ཞེན་ནས། གང་ཟག་དང་། ཆོས་ཀྱི་བདག་ཏུ་བཟུང་བ་ལས་ནི་བྱིས་པ་རྣམས་འཆིང་བྱེད་ཉོན་མོངས་པ་དང་། རྣམ་པར་རྟོག་པ་མ་ལུས་པ་སྐྱེ་བའི་ཕྱིར་རོ། །ཇི་སྐད་དུ། རིན་ཆེན་ཕྲེང་བར། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་པ་ལས་ཡང་ལས་ཏེ། །ལས་ལས་ཡང་ནི་འཁོར་བར་འགྱུར། །ཞེས་གསུངས་པ་ལྟར་རོ། །གཟུགས་སོགས་རྟེན་འབྲེལ་གྱི་ཆོས་རྣམས། གོང་དུ་ཇི་སྐད་བཤད་པ་ལྟར་གྱི་སྟོང་པ་ཉིད་བརྗོད་དུ་མེད་པའི་ཚུལ་དུ་རྟོགས་པས་ནི། ཉོན་མོངས་པ་དང་། རྣམ་པར་རྟོག་པ་མ་ལུས་པ་སྤངས་ཏེ་གྲོལ་བར་འགྱུར་ཏེ། ཡང་དེ་ཉིད་ལས། དེ་ནི་རང་གཞན་གཉིས་ཀ་དང་། །དུས་གསུམ་དུ་ཡང་མ་ཐོབ་ཕྱིར། །ངར་འཛིན་པ་ནི་ལྡོག་པར་འགྱུར། །དེ་ནས་ལས་དང་སྐྱེ་བ་ཡང་། །ཞེས་གསུངས་སོ། །ཇི་སྐད་བཤད་པའི་ཆོས་རྣམས་ཀྱི་དེ་ཁོ་ན་ཉིད། དེ་ཉིད་བདག་མེད་པ་ཞེས་ཀྱང་བྱ། དེ་རྟོགས་པ་ལས། གཞན་པའི་ཐར་པ་ཐོབ་པའི་ཐབས་མེད་ཅིང་། དེ་རྟོགས་ན་མཐར་འཛིན་གྱི་ལྟ་བ་ཐམས་ཅད་འཇིག་པར་འགྱུར་བས། དབུ་མའི་ལམ་ཡང་དེ་ཡིན་ལ། སངས་རྒྱས་ལས་གཞན་པ་དབང་ཕྱུག་དང་། ཁྱབ་འཇུག་སོགས་ལ་དེ་སྟོན་པའི་ནུས་པ་མེད་དེ། དེ་སྐད་དུ་ཡང་། བཞི་བརྒྱ་པར། ཞི་སྒོ་གཉིས་པ་མེད་པ་དང་། །ལྟ་ངན་ཐམས་ཅད་འཇིག་པ་དང་། །སངས་རྒྱས་རྣམས་ཀྱི་ཡུལ་གྱུར་པ། །བདག་མེད་ཅེས་ནི་བརྗོད་པ་ཡིན། །ཞེས་གསུངས་སོ། །དེ་ལྟ་བུའི་སྟོང་པ་ཉིད་རྟོགས་པའི་ཐབས་ཀྱང་། གཟུགས་ལ་སོགས་པ་ཀུན་རྫོབ་པའི་ཆོས་འདི་དག་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་པ་ཙམ་གྱི་རང་བཞིན་དུ་རྟོགས་པ་ཉིད་ཡིན་ཏེ། གཞན་དུ་ན་རྟག་ཆད་གང་རུང་གི་མཐར་ལྟུང་བར་འགྱུར་བའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་པ་ལྟར་རོ། །རྟེན་འབྲེལ་དེ་ཡང་མཐའ་བཞིའི་སྐྱེ་བ་བཀག་པའི་སྒོ་ནས་ཤེས་པར་བྱ་སྟེ། སློབ་དཔོན་གྱིས་དབུ་མ་ལ་བསྟོད་པ་ལས། སྡུག་བསྔལ་རང་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་བཏགས། ཁྱོད་ཀྱིས་བརྟེན་ནས་འབྱུང་བར་གསུངས། །ཞེས་དང་། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་འབྱུང་བ་མ་ཡིན་ཏེ། ཁྱོད་ཀྱིས་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་ལྟ་བུར་གསུངས། །ཞེས་བཤད་པ་ལྟར་རོ། །དེ་ལ་དངོས་པོ་རྣམས་ནི་བདག་ལས་སྐྱེ་བ་མ་ཡིན་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང་། སྐྱེ་བ་དོན་མེད་པ་དང་། ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །གཞན་ལས་ཀྱང་མ་ཡིན་ཏེ། ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བ་དང་། མི་མཐུན་པ་དག་ཀྱང་རྒྱུ་འབྲས་སུ་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་ཀ་ལས་ཀྱང་མ་ཡིན་ཏེ། །ཉེས་པ་གཉིས་ཀ་འབྱུང་བའི་ཕྱིར་དང་། འགལ་བའི་ཕྱིར་རོ། །རྒྱུ་མེད་པ་ལས་ཀྱང་མ་ཡིན་ཏེ། རྟག་ཏུ་ཡོད་པའམ་མེད་པར་འགྱུར་བ་དང་། འབྲས་བུའི་དོན་དུ་རྒྱུ་ལ་འབད་པ་དོན་མེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དངོས་པོ་རྣམས་ནི། མཐའ་བཞིའི་སྐྱེ་བ་དང་བྲལ་བས། རྐྱེན་འདི་པ་ཙམ་གྱི་རྒྱུ་དང་རྐྱེན་ལ་རག་ལས་ཏེ་འབྱུང་བ་ཡིན་ལ། དེ་ཉིད་ནི་མཐར་འཛིན་གྱི་ལྟ་བ་ཐམས་ཅད་ཀྱི་གཉེན་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་དབུ་མའི་ལམ་ཞེས་བྱ་སྟེ། དབུ་མ་རྩ་བར། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་ནས་གདགས་པ་སྟེ། །དེ་ཉིད་དབུ་མའི་ལམ་ཡིན་ནོ། །ཞེས་གསུངས་སོ། །རྟེན་འབྲེལ་རྟོགས་པ་ལས་གོང་ན་ལྟ་བ་གཞན་ཅུང་ཟད་ཀྱང་མེད་མོད། འོན་ཀྱང་འདི་ནི་ཤིན་ཏུ་རྟོགས་པར་དཀའ་བའི་ཕྱིར། དབུ་མའི་གཞུང་ལུགས་དག་ལ་ཡུན་རིང་དུ་འདྲིས་པར་བྱས་ཏེ་ཤེས་པར་བྱའོ། །

ཚུལ་བཞིན་ཡིད་ལ་བྱེད་པ་བསྒོམ་པ་ནི། དངོས་པོ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བར་ཐོས་བསམ་གྱི་ཤེས་རབ་ཀྱིས་ཡོངས་སུ་དཔྱད་ནས། དོན་དེ་ཉིད་ཡང་དང་ཡང་དུ་གོམས་པར་བྱེད་པ་སྟེ། རིགས་པ་དྲུག་ཅུ་པ་ལས། གང་བློ་ཡོད་དང་མེད་པ་ལས། །རྣམ་པར་འདས་ཤིང་མི་གནས་པ། །དེ་དག་ཟབ་མོ་དམིགས་མེད་པའི། །རྐྱེན་གྱི་དོན་ལ་རྣམ་པར་བསྒོམ། །ཞེས་གསུངས་སོ། །དེ་བས་ན་རྟེན་འབྲེལ་གྱི་གནས་ལུགས་ལ་རྣམ་པར་དཔྱོད་པའི་ཤེས་རབ་དང་བྲལ་བའི་རྣམ་རྟོག་བཀག་པ་ཙམ་དང་། ཡོད་མེད་སོགས་མཐའ་གང་རུང་དུ་འཛིན་པའི་ལྟ་བས་ཟིན་པའི་བསྒོམ་པ་གཉིས་ཀ་ཡང་། ཡང་དག་པའི་བསྒོམ་པ་མ་ཡིན་གྱི། ཇི་སྐད་བཤད་པའི་རྟེན་འབྲེལ་གྱི་དོན་ལ་རྣམ་པར་དཔྱོད་པའི་ཤེས་རབ་ཀྱིས་ཟིན་པའི་བསྒོམ་པ་ནི། ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བསྒོམ་པ་ཡིན་ནོ། །གཉིས་པ་ཞར་ལ། ཤེས་རབ་དང་ཚུལ་ཁྲིམས་ཀྱི་བསྔགས་པ། ད་ནི་བཤད་མ་ཐག་པའི་ཡང་དག་པའི་ཡུལ་ཅན་གྱི་ཤེས་པ་དེ་ལ་གུས་པ་བསྐྱེད་པའི་ཕྱིར་དེའི་བསྔགས་པ་བརྗོད་པ་ནི། སྐྱེས་བུ་རིགས་གཟུགས་ཐོས་དང་ལྡན་རྣམས་ཀྱང་། །ཤེས་རབ་ཚུལ་ཁྲིམས་བྲལ་བ་བཀུར་མ་ལགས། །དེ་ལྟས་གང་ལ་ཡོན་ཏན་འདི་གཉིས་ལྡན། །དེ་ནི་ཡོན་ཏན་གཞན་དང་བྲལ་ཡང་མཆོད། །ཅེས་གསུངས་ཏེ། སྐྱེས་བུ་རིགས་བཟང་པོ་དང་། གཟུགས་བཟང་པོ་དང་། བསྟན་བཅོས་གཞན་གྱི་ཡུལ་ཅན་གྱི་མང་དུ་ཐོས་པ་དང་ལྡན་པ་རྣམས་ཀྱང་གནས་ལུགས་རྟོགས་པའི་ཤེས་རབ་དང་། འཆལ་ཚུལ་སྤོང་བའི་ཚུལ་ཁྲིམས་ཏེ། ཡོན་ཏན་གཉིས་དང་བྲལ་བ་ན་བཀུར་བ་དང་གུས་པར་བྱ་བའི་འོས་མ་ལགས་ཏེ། སྐྱེས་བུ་དམ་པའི་ཡོན་ཏན་མེད་པའི་ཕྱིར་རོ། །དེ་ལྟ་བས་ན་གང་ལ་ཤེས་རབ་དང་ཚུལ་ཁྲིམས་ཀྱི་ཡོན་ཏན་འདི་གཉིས་དང་ལྡན་པ་དེ་ནི་ཡོན་ཏན་གཞན་རིགས་གཟུགས་སོགས་དང་བྲལ་ཡང་མཆོད་པ་དང་བཀུར་བར་བྱ་བ་ཡིན་ཏེ། སྐྱེས་བུ་དམ་པའི་ཡོན་ཏན་དང་ལྡན་པའི་ཕྱིར་རོ། །དེ་ལ་ཚུལ་ཁྲིམས་དང་ལྡན་པས་མི་དགེ་བ་ལ་མི་འཇུག་ཅིང་། ཡང་དག་པའི་ཤེས་རབ་དང་ལྡན་པས་དགེ་བ་ལ་འཇུག་པའི་ཕྱིར་དང་། དམ་པ་མ་ཡིན་པའི་ལས་མི་དགེ་བ་ལ་མི་འཇུག་ཅིང་། དམ་པའི་ལས་དགེ་བ་ལ་འཇུག་པ་ནི། སྐྱེས་བུ་དམ་པའི་གྲངས་སུ་འགྲོ་བའི་ཕྱིར་རོ། །

གསུམ་པ་འཇིག་རྟེན་གྱི་ཆོས་ལས་ལྡོག་པར་བྱ་བ་ནི། འཇིག་རྟེན་གྱི་ཆོས་བརྒྱད་ལ་གནས་པ་ལ་ནི། འཕགས་པའི་ལམ་སྐྱེ་བ་མེད་པས། འཕགས་པའི་ལམ་སྐྱེ་བ་དང་མཐུན་པར་བྱ་བའི་ཕྱིར་འཇིག་རྟེན་གྱི་ཆོས་བརྒྱད་ལ་མགོ་སྙོམས་པར་བྱ་བར་བསྟན་པའི་ཕྱིར། འཇིག་རྟེན་མཁྱེན་པ་རྙེད་དང་མི་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །སྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། །ཅེས་གསུངས་ཏེ། འཇིག་རྟེན་གྱི་ལུགས་བཟང་པོ་ལེགས་པར་ཤེས་པས་ན། འཇིག་རྟེན་མཁྱེན་པ་ཞེས་རྒྱལ་པོ་ལ་བོད་པ་སྟེ། ལོངས་སྤྱོད་རྙེད་པ་དང་མ་རྙེད་པ་དང་། སིམ་པ་མྱོང་བ་བདེ་བ་དང་། གདུང་བ་མྱོང་བ་མི་བདེ་བ་དང་། མངོན་སུམ་དུ་སྙན་པ་དང་མི་སྙན་པ་དང་། ངོར་བསྟོད་པ་དང་ལྐོག་ཏུ་སྨོད་པ་རྣམས་ལ་ཡིད་བདེ་བ་དང་མི་བདེ་བར་འགྱུར་བ་ནི། འཇིག་རྟེན་པ་རྣམས་དང་མཐུན་པས་འཇིག་རྟེན་གྱི་ཆོས་བརྒྱད་ཅེས་བྱ་ལ། ཁྱོད་ཀྱིས་འཇིག་རྟེན་ལས་འདའ་བའི་སླད་དུ། དེ་དག་བདག་གི་ཡིད་བདེ་མི་བདེའི་ཡུལ་མིན་པར་མགོ་སྙོམས་ལ། མ་རྙེད་པ་སོགས་ཀྱིས་ཡིད་མི་བདེ་བ་དང་། རྙེད་པ་སོགས་ཀྱིས་ཡིད་བདེ་བར་མི་འགྱུར་བར་མཛོད་ཅིག་ཅེས་པའོ། །རྙེད་པ་སོགས་ལ་དམིགས་པའི་ཡིད་བདེ་མི་བདེ་སོགས་འཇིག་རྟེན་གྱི་ཆོས་ཡིན་གྱི། རྙེད་པ་སོགས་མ་ཡིན་ཏེ། འཕགས་པ་རྣམས་ལ་ཡང་མངའ་བའི་ཕྱིར་རོ། །དེས་ན་དམིགས་པའི་དབང་གིས་འཇིག་རྟེན་གྱི་ཆོས་བརྒྱད་དུ་བཞག་གོ །བླ་མ་དང་བྲལ་ཟེ་ལ་སོགས་པའི་དོན་དུ་སྡིག་པ་བྱས་ཀྱང་ཆོས་མ་ཡིན་པར་མི་འགྱུར་རོ་ཞེས་འཇིག་རྟེན་པ་དག་ཆོས་མ་ཡིན་པ་དག་ལ་ཡང་ཆོས་སུ་གྲགས་པ་ཡོད་པས། དེ་བཟློག་པའི་ཕྱིར། ཁྱོད་ཀྱིས་བྲམ་ཟེ་དགེ་སློང་ལྷ་དང་ནི། །མགྲོན་དང་ཡབ་ཡུམ་སྲས་དང་བཙུན་མོ་དང་། །འཁོར་གྱི་སླད་དུའང་སྡིག་པ་མི་བགྱི་སྟེ། །དམྱལ་བའི་རྣམ་སྨིན་སྐལ་ནོད་འགའ་མ་མཆིས། །ཞེས་གསུངས་ཏེ། བྲམ་ཟེ་ནས་འཁོར་གྱི་བར་སེམས་ཅན་གཞན་གྱི་སླད་དུ་ཡང་སྡིག་པ་མི་བགྱི་སྟེ། སྡིག་པའི་འབྲས་བུ་ནི་དམྱལ་བའི་ནང་དུ་རྣམ་པར་སྨིན་པར་འགྱུར་ལ། དེ་བདག་ཉིད་གཅིག་པུས་མྱོང་དགོས་ཀྱིས། བྲམ་ཟེ་ལ་སོགས་པ་སྡུག་བསྔལ་གྱི་སྐལ་པ་ནོད་ཅིང་ལེན་པར་བྱེད་པ་ནི་འགའ་ཡང་མ་མཆིས་པའི་ཕྱིར་རོ། །

གལ་ཏེ་སྡིག་པའི་རྣམ་པར་སྨིན་པའི་འབྲས་བུ་ཡིད་དུ་མི་འོང་བ་ཉིད་ཡིན་ན། ཅིའི་ཕྱིར་དེའི་མོད་ལ་རྣམ་པར་སྨིན་པར་མི་འགྱུར་རམ་ཞེ་ན། ལས་ནི་རྣམ་པ་གསུམ་སྟེ། མཐོང་བའི་ཆོས་ལ་མྱོང་བར་འགྱུར་བ་དང་། སྐྱེས་ནས་མྱོང་བར་འགྱུར་བ་དང་། ལན་གྲངས་གཞན་ལ་མྱོང་བར་འགྱུར་བའོ། །དང་པོ་ནི། ལས་བྱས་པའི་སྐྱེ་བ་དེ་ཉིད་ལ་འབྲས་བུ་རྣམ་པར་སྨིན་པར་འགྱུར་བ་སྟེ། དཔེར་ན་དོམ་དང་རི་དྭགས་རུ་རུའི་སྐྱེས་རབས་བཞིན་ནོ། །གཉིས་པ་ནི། སྐྱེ་བ་ཕྱི་མ་ལ་རྣམ་པར་སྨིན་པར་འགྱུར་བ་སྟེ། དཔེར་ན་མཚམས་མེད་པ་ལྔའི་ལས་བཞིན་ནོ། །གསུམ་པ་ནི། སྐྱེ་བ་གཉིས་པ་ཚུན་ཆད་དུ་རྣམ་པར་སྨིན་པར་འགྱུར་བའོ། །དེ་ལ་སྐྱེས་ནས་མྱོང་བར་འགྱུར་བའི་ལས་ཀྱི་དབང་དུ་བྱས་ནས། སྡིག་པའི་ལས་རྣམས་སྤྱད་པ་འགའ་ཡང་ནི། །དེ་ཡི་མོད་ལ་མཚོན་བཞིན་མི་གཅོད་ཀྱང་། །འཆི་བའི་དུས་ལ་བབ་ན་སྡིག་པ་ཡི། །ལས་ཀྱི་འབྲས་བུ་གང་ལགས་མངོན་པར་འགྱུར། །ཞེས་གསུངས་ཏེ། སྡིག་པའི་ལས་སྤྱད་པས་དེའི་མོད་ལ་མཚོན་བརྡར་བ་རེག་པ་བཞིན་དུ་མི་གཅོད་དེ་གདུང་བར་མི་བྱེད་ཀྱང་། འཆི་བའི་དུས་ལ་བབ་པ་ན། འགྱོད་པས་གདུང་ཞིང་གཤིན་རྗེའི་སྐྱེས་བུ་མི་བཟད་པས་འཚེ་བ་ལ་སོགས་པའི་མཚན་མ་སྡིག་པའི་ལས་ཀྱི་འབྲས་བུ་གང་ལགས་པ་དེ་མངོན་ཞིང་ཤེས་པར་འགྱུར་ཞེས་པ་སྟེ། ཇི་སྐད་དུ། སྤྱོད་འཇུག་ལས། མྱ་ངན་གྱིས་གདུངས་སྐྲངས་པ་ཡི། །གདོང་དམར་མིག་ནས་མཆི་མ་འཛག །ཉེ་དུ་རེ་ཐག་ཆད་པ་དང་། །གཤིན་རྗེའི་ཕོ་ཉའི་བཞིན་ལ་ལྟ། །རང་སྡིག་དྲན་པས་གདུངས་པ་དང་། །དམྱལ་བའི་སྒྲ་ནི་ཐོས་པ་ཡིས། །སྐྲགས་པས་མི་གཙང་ལུས་གོས་ཤིང་། །མྱོས་པར་གྱུར་ཚེ་ཅི་ཞིག་བྱ། །ཞེས་འབྱུང་བ་བཞིན་ནོ། །

བཞི་པ་འཕགས་པའི་ནོར་དང་ལྡན་པར་བྱ་བ་ནི། དེ་ལྟར་འཇིག་རྟེན་གྱི་ཆོས་རྣམས་དང་ཕྲལ་ནས། འཕགས་པའི་ཆོས་ལ་འགོད་པར་བཞེད་ནས། དད་དང་ཚུལ་ཁྲིམས་གཏོང་དང་ཐོས་པ་དང་། །དྲི་མེད་ངོ་ཚ་ཤེས་དང་ཁྲེལ་ཡོད་དང་། །ཤེས་རབ་ནོར་བདུན་ལགས་པར་ཐུབ་པས་གསུངས། །ནོར་གཞན་ཕལ་པ་དོན་མ་མཆིས་རྟོགས་མཛོད། །ཅེས་ཏེ། ལས་འབྲས་དང་བདེན་པ་དང་དཀོན་མཆོག་ལ་མངོན་པར་ཡིད་ཆེས་ཤིང་དང་བའི་དད་པ་དང་། ཁ་ན་མ་ཐོ་བ་སྤོང་བ་ཡང་དག་པར་བླངས་པའི་ཚུལ་ཁྲིམས་དང་། མཆོད་པ་དང་ཕན་གདགས་པར་འདོད་པས་བདོག་པ་གཏོང་བ་དང་། ཀུན་ཤེས་པའི་བསམ་པས་ཐར་པ་དང་མཐུན་པའི་དམ་པའི་ཆོས་ཉན་པའི་ཐོས་པ་སྟེ། དེ་ཡང་རྙེད་བཀུར་དང་གྲགས་པ་འདོད་པ་སོགས་ཀྱི་དྲི་མ་མེད་པའོ། །བདག་ཚུལ་ཁྲིམས་དང་ཐོས་པ་སོགས་འདི་ལྟ་བུ་དང་ལྡན་པས་སྡིག་པ་བྱར་མི་རུང་སྙམ་པ་བདག་ལ་ལྟོས་ཏེ་ཁ་ན་མ་ཐོ་བར་འཛེམ་པ་ངོ་ཚ་ཤེས་པ་དང་། སྡིག་པ་བྱེད་པ་ཆོས་དང་འཇིག་རྟེན་ན་ཡང་སྨད་པས་བདག་གིས་སྡིག་པ་བྱས་པ་འགའ་ཞིག་གིས་ཐོས་ན་སྨོད་པར་འགྱུར་སྙམ་པ་གཞན་ལ་ལྟོས་ནས་ཁ་ན་མ་ཐོ་བར་འཛེམ་པ་ཁྲེལ་ཡོད་པ་དང་། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ཆོས་བདུན་པོ་དེ་དག་ནི་འཕགས་པའི་ནོར་བདུན་ལགས་པར་ཐུབ་པས་གསུངས་ཏེ། ཟག་པ་མེད་པའི་བདེ་བའི་རྒྱུ་ཡིན་པ་དང་། ཐུན་མོང་མ་ཡིན་པའི་ཕྱིར་རོ། །གསེར་ལ་སོགས་པ་འཇིག་རྟེན་ན་གྲགས་པའི་ནོར་གཞན་ཕལ་པ་རྣམས་ནི་ཉོན་མོངས་ཉེ་བར་ཞི་བའི་རྒྱུ་མ་ཡིན་པ་དང་། ཐུན་མོང་བ་ཡིན་པའི་ཕྱིར། དོན་མ་མཆིས་ཤིང་གསོག་དང་གསོབ་དང་ཡ་མ་བརླར་རྟོགས་པར་མཛོད་ཅེས་པའོ། །ལྔ་པ་འཕགས་པའི་ནོར་དེའི་འགལ་རྐྱེན་སྤོང་བ་ནི། དེ་ལྟར་འཕགས་པའི་ནོར་བསག་པར་བཤད་ནས། དེ་ཆུད་མི་ཟ་བའི་ཐབས་བསྟན་པའི་ཕྱིར། རྒྱན་པོ་འགྱེད་དང་འདུས་ལ་ལྟ་བ་དང་། །ལེ་ལོ་སྡིག་པའི་གྲོགས་ལ་བརྟེན་པ་དང་། །ཆང་དང་མཚན་མོ་རྒྱུ་བ་ངན་སོང་བ། །གྲགས་པ་ཉམས་པར་འགྱུར་བ་དེ་དྲུག་སྤོངས། །ཞེས་གསུངས་ཏེ། ཆོ་ལོ་ལ་སོགས་པ་རྒྱན་པོ་འགྱེད་པ་དང་། དགའ་སྟོན་ལ་སོགས་པ་ལ་འདུས་པའི་སྐྱེ་བོ་ཕལ་མོ་ཆེ་ལ་ལྟ་བ་དང་། དགེ་བ་ལ་མི་སྤྲོ་བའི་ལེ་ལོ་དང་། གང་དང་འགྲོགས་ན་མི་དགེ་བ་འཕེལ་བའི་སྡིག་པའི་གྲོགས་པོ་ལ་བརྟེན་པ་དང་། ཆང་འཐུང་བ་དང་། མཚན་མོ་ཁྱིམ་དང་གྲོང་གཞན་དུ་རྒྱུ་བ་སྟེ། དྲུག་པོ་འདི་དག་ནི་ཕྱི་མར་ངན་སོང་དུ་སྐྱེ་བ་དང་། ཚེ་འདིར་ཡང་གྲགས་པ་ཉམས་པའི་རྒྱུ་ཡིན་པས་སྤོངས་ཤིག་ཅེས་པ་སྟེ། དེ་དག་ལ་བརྟེན་ནས་ལོངས་སྤྱོད་དང་། ཚེ་དང་། དགེ་བའི་ཆོས་ཉམས་པར་འགྱུར་བའི་ཕྱིར་རོ། །དྲུག་པ་མཐུན་རྐྱེན་ཆོག་ཤེས་པ་ལ་གནས་པར་གདམས་པ་ནི། ནོར་རྣམས་ཀུན་གྱི་ནང་ན་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཞེས་གསུངས་ཏེ། གསེར་ལ་སོགས་པའི་ནོར་རྣམས་ཀུན་གྱི་ནང་ན་སྟེ། དེ་དག་ལས་འདས་པའི་ལོངས་སྤྱོད་ལ་རོ་མི་མྱང་། མ་འོངས་པ་ལ་མངོན་པར་འདོད་པ་མེད། ད་ལྟར་བ་ལ་ལྷག་པར་ཆགས་པ་མེད་པའི་རང་བཞིན་གྱི་ཆོག་ཤེས་པ་ཉིད་རབ་དང་མཆོག་ལགས་པར་ལྷ་མིའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་ཏེ། དེས་པས་ཞུས་པ་ལས། གང་ལ་ཟན་ཅིག་མེད་བཞིན་དུ། །དེ་ནི་གཏོང་ལ་རབ་གནས་ན། །དེ་ནི་འཇིག་རྟེན་ནོར་ཆེ་ཞེས། །ཡང་དག་གཟིགས་པ་རྣམས་ཀྱིས་བཤད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་ཀུན་ཏུ་ཆོག་ཤེས་པར་མཛོད་ཅིག་དང་། ཆོག་མཁྱེན་ན་གསེར་ལ་སོགས་པའི་ནོར་ཅུང་ཟད་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས་ཏེ། འབྱོར་པའི་དགོས་པ་ཆོག་ཤེས་པ་ཡིན་པའི་ཕྱིར་རོ། །

དེ་ལྟར་ཆོག་ཤེས་པའི་ཡོན་ཏན་བཤད་ནས། ཆོག་མི་ཤེས་པའི་ཉེས་དམིགས་བསྟན་པའི་ཕྱིར། དེས་པ་བདོག་མང་ཇི་ལྟར་སྡུག་བསྔལ་བ། །འདོད་པ་ཆུང་རྣམས་དེ་ལྟ་མ་ལགས་ཏེ། །ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་གསུངས་ཏེ། འགྲོགས་ན་བདེ་བས་ན་དེས་པ་ཞེས་རྒྱལ་པོ་ལ་བོས་ནས། གསེར་ལ་སོགས་པའི་བདོག་པ་མང་བ་རྣམས་ཇི་སྐད་དུ། སྤྱོད་འཇུག་ལས། གསག་དང་བསྲུང་དང་བརླག་པའི་སྡུག་བསྔལ་གྱི། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་བྱ་སྟེ། །ཞེས་བཤད་པ་ལྟར། ཐོག་མ་དང་། བར་དང་། ཐ་མ་རྣམས་སུ་གོ་རིམ་བཞིན་དུ། གསག་པ་དང་། བསྲུང་བ་དང་། བརླག་པའི་སྡུག་བསྔལ་བྱས། ཇི་ལྟར་སྡུག་བསྔལ་བ་དེ་ལྟར་འདོད་པ་ཆུང་བ་རྣམས་ནི་དེ་ལྟར་སྡུག་བསྔལ་བ་མ་ལགས་པ་སྟེ། དཔེར་ན། ཀླུ་མཆོག་སྟེ། ཀླུའི་རྒྱལ་པོ་རྣམས་ལ་བདུན་དང་གསུམ་དང་གཅིག་ལ་སོགས་པའི་མགོ་བོ་ཇི་སྙེད་པ་ཡོད་པ་དག་ལ། དེ་ལས་བྱུང་བའི་སྡུག་བསྔལ་ཡང་དེ་སྙེད་རེ་འབྱུང་བ་བཞིན་ནོ། །ཡང་ན་ཀླུའི་རྒྱལ་པོ་མགོ་བོ་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་གཙུག་རྒྱན་གྱི་ནོར་བུ་ཡོད་ལ། ནོར་བུ་ཇི་སྙེད་པ་དེ་སྙེད་ཀྱི་དེ་བསྲུང་བའི་སྡུག་བསྔལ་ཡང་འབྱུང་ངོ་ཞེས་སྦྱར་རོ། །

དགུ་པ་རང་གི་ཁྱིམ་ཐབ་ཀྱི་སྐྱོན་ཡོན་ཤེས་ནས་བསྟེན་ཚུལ་ནི། རང་བཞིན་དགྲར་འབྲེལ་གཤེད་མ་ལྟ་བུ་དང་། ཁྱིམ་ཐབ་བརྙས་བྱེད་རྗེ་མོ་ལྟ་བུ་དང་། །ཆུང་ངུའང་རྐུ་བ་ཆོམ་རྐུན་ལྟ་བུ་ཡི། །ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤང་། །ཞེས་གསུངས་ཏེ། རང་བཞིན་གྱི་དགྲ་དང་འབྲེལ་བ་སྟེ་སྐྱེས་པ་གཞན་དང་འགྲོགས་ནས་ཁྱིམ་ཐབ་གསོད་པར་འདོད་པ་གཤེད་མ་ལྟ་བུ་དང་། ཁྱིམ་ཐབ་ལ་བཀུར་སྟི་མི་བྱེད་ཅིང་བརྙས་ཐབས་བྱེད་པ་རྗེ་མོ་ལྟ་བུ་དང་། ནོར་ཆུང་ངུའང་རྐུ་ན་ཆེན་པོ་ལྟ་ཅི་སྨོས་པ་ཆོམ་རྐུན་མ་ལྟ་བུའི་ཆུང་མ་གསུམ་པོ་དེ་དག་རྣམ་པར་སྤང་ངོ་། །འོ་ན་ཇི་ལྟ་བུ་དག་བསྟེན་པར་བྱ་ཞེ་ན། སྲིང་མོ་ལྟ་བུར་རྗེས་མཐུན་གང་ཡིན་དང་། །མཛའ་མོ་བཞིན་དུ་སྙིང་ལ་འབབ་པ་དང་། །མ་བཞིན་ཕན་པར་འདོད་དང་བྲན་མོ་བཞིན། །དབང་གྱུར་གང་ཡིན་རིགས་ཀྱི་ལྷ་བཞིན་བཀུར། །ཞེས་གསུངས་ཏེ། ཇི་ལྟར་སྲིང་མོ་མིང་པོའི་རྗེས་སུ་མཐུན་ཞིང་དེའི་ཚིག་ཁྱད་དུ་མི་གསོད་པ་བཞིན་དུ། ཁྱོའི་རྗེས་སུ་མཐུན་པའི་ཆུང་མ་དང་། ཇི་ལྟར་མཛའ་མོ་སྙིང་ལ་འབབ་ཅིང་བཀུར་སྟི་རིམ་གྲོའི་ཁྱད་པར་གྱིས་དགའ་བར་བྱེད་པ་བཞིན་དུ་ཁྱོའི་སྙིང་ལ་འབབ་པའི་ཆུང་མ་དང་། ཇི་ལྟར་མ་བུ་ལ་ལུས་སེམས་ཀྱི་སྡུག་བསྔལ་དང་བྲལ་བར་འདོད་པས་ཕན་པར་འདོད་པ་བཞིན་དུ་ཁྱོ་ལ་ཕན་པར་འདོད་པའི་ཆུང་མ་དང་། ཇི་ལྟར་བྲན་མོ་དགའ་མགུར་བྱར་ཡོད་པས་དབང་དུ་གྱུར་པ་དེ་བཞིན་དུ་ཁྱོའི་དབང་དུ་གྱུར་པའི་ཆུང་མ་གང་ཡིན་པ་དེ་རྣམས་ནི། རིགས་མི་ཉམས་པའི་རྒྱུ་ཡིན་པས། རིགས་ཀྱི་ལྷ་བཞིན་བཀུར་བའམ་བསྟེན་པར་བྱ་བ་ཡིན་ནོ། །

གསུམ་པ་རབ་བྱུང་དང་ཁྱིམ་པའི་ཕྱོགས་གཉིས་ཀ་ལ། མངོན་མཐོ་དང་ངེས་ལེགས་ཀྱི་ཆོས་སྒྲུབ་པར་གདམས་པ་ལ་གསུམ་སྟེ། ཐུན་མོང་གི་ཆོས་སྒྲུབ་པ་དང་། ཁྱད་པར་དུ་ངེས་ལེགས་ཀྱི་ཆོས་སྒྲུབ་པ་དང་། དེའི་རྟེན་ཐོབ་པ་དོན་ཡོད་པར་བྱའོ། །དང་པོ་ལ་དྲུག་གི དང་པོ་ཟས་ཀྱི་ཚོད་རིག་པ་ནི། ད་ནི་ཏིང་ངེ་འཛིན་ལ་སྦྱར་བའི་ཕྱིར། བསམ་གཏན་གྱི་སྦྱོར་བ་སྟོན་ཏོ། །བསམ་གཏན་ལ་གཅེས་པའི་ཆོས་ནི་གཉིས་ཏེ། ཟས་ཀྱི་ཚོད་རིག་པ་དང་། མི་ཉལ་བ་ལ་བརྩོན་པའོ། །དེ་ལ་ཟས་ཀྱི་ཚོད་རིག་པའི་དབང་དུ་བྱས་ནས། ཁ་ཟས་སྨན་དང་འདྲ་བར་རིག་པ་ཡིས། །འདོད་ཆགས་ཞེ་སྡང་མེད་པར་བསྟེན་བགྱི་སྟེ། །རྒྱགས་ཕྱིར་མ་ལགས་སྙེམས་པའི་ཕྱིར་མ་ལགས། །མཚག་ཕྱིར་མ་ལགས་ལུས་གནས་འབའ་ཞིག་ཕྱིར། །ཞེས་གསུངས་ཏེ། ཁ་ཟས་ཟ་བ་ནི་ཇི་ལྟར་སྨན་འདུ་བའི་ནད་ཀྱི་གཉེན་པོར་ཧ་ཅང་མང་བའམ། ཉུང་བ་མ་ཡིན་པ་རན་པར་བསྟེན་ན་ཕན་པ་ལྟར། ཟས་ཀྱང་བཀྲེས་པའི་ནད་ཀྱི་གཉེན་པོར་ཧ་ཅང་མང་ཉུང་དུ་མ་ཡིན་པར། ཚད་རིག་པ་ཡིས། ཀུན་སློང་འདོད་ཆགས་ཞེ་སྡང་མེད་པར་བསྟེན་པར་བགྱི་སྟེ། དེ་ལྟར་བསྟེན་པའི་ཚུལ་ཡང་། ལུས་ངག་རྒོད་ངག་ཅན་གྱི་རྒྱུར་གྱུར་པའི་དགའ་བ་དང་ཉོན་མོངས་ཅན་གྱིས་རྒྱགས་པ་འབྱུང་བར་བྱའོ་སྙམ་པའི་རྒྱགས་པའི་ཕྱིར་དང་། ལུས་སྟོབས་བསྐྱེད་དེ་དགྲ་ལ་གནོད་པ་བྱའོ་སྙམ་པ་སྙེམས་པའི་ཕྱིར་དང་། ཡན་ལག་དང་ཉིང་ལག་རྒྱས་པར་བྱའོ་སྙམ་པ་མཚག་པའི་ཕྱིར་མ་ལགས་པར། དགེ་བ་སྒྲུབ་པའི་རྟེན་དུ་ལུས་གནས་པ་འབའ་ཞིག་གི་ཕྱིར་བཟའོ་ཞེས་པའོ། །དེ་ལ་རྒྱགས་པ་དང་མཚག་པའི་ཕྱིར་ཟ་བ་ནི་འདོད་ཆགས་ཀྱིས་ཟ་བའོ། །སྙེམས་པའི་ཕྱིར་ཟ་བ་ནི་ཞེ་སྡང་གིས་ཟ་བའོ། །གཉིས་པ་ནམ་གྱི་སྟོད་སྨད་ལ་མི་ཉལ་བར་སྦྱོར་བ་ནི། རིགས་པའི་བདག་ཉིད་ཉིན་པར་མཐའ་དག་དང་། །མཚན་མོའི་ཐུན་གྱི་སྟོད་སྨད་བཟླས་ནས་ནི། །མནལ་ཚེའང་འབྲས་བུ་མེད་པར་མི་འགྱུར་བར། །དྲན་དང་ལྡན་པར་དེ་དག་བར་དུ་མནོལ། །ཞེས་གསུངས་ཏེ། རིགས་པའི་བདག་ཉིད་དེ་དགེ་བའི་རང་བཞིན་གྱི་བྱ་བས་ཉིན་པར་མཐའ་དག་དང་མཚན་མོ་ལ་ཆ་གསུམ་དུ་བྱས་པའི་ཐུན་གྱི་སྟོད་སྨད་དག་བཟླས་པ་སྟེ། འདས་པར་བྱས་ནས། སྟོད་སྨད་དེ་དག་གི་བར་གུང་ཐུན་གྱི་ཆ་ལ་མནལ་མཛོད་ལ། མནལ་བའི་ཚེའང་འབྲས་བུ་སྟེ། དོན་མེད་པར་མི་འགྱུར་བར་བྱ་བའི་ཕྱིར་གཉིད་ཅུང་ཟད་ཅིག་ལོག་སྟེ། ལུས་སེམས་བརྟས་པར་བྱས་ལ་མྱུར་དུ་ལངས་ལ་དགེ་བ་བྱའོ་སྙམ་པའི་དྲན་པ་དང་ཤེས་བཞིན་དང་ལྡན་པར་མནལ་བར་བྱ་སྟེ། དེ་ལྟར་བྱས་ན་གཉིད་དེ་ཡང་ཀུན་སློང་གི་དབང་གིས་དགེ་བར་འགྱུར་བས། གཉིད་ཀྱང་དོན་ལྡན་དུ་འགྱུར་བའི་ཕྱིར་རོ། །

ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས་ཀྱང་དེའི་མཚན་མོའི་ཐུན་དང་པོ་ལ་འཆག་པ་དང་། འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་ཡོངས་སུ་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ནས་ཐུན་བར་པ་ལ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་རྐང་པ་བཀྲུས་ཏེ། གཙུག་ལག་ཁང་དུ་ཞུགས་ནས། གློ་གཡས་པ་ཕབ་སྟེ། རྐང་པའི་ཐོག་ཏུ་རྐང་པ་བཞག་ལ་དྲན་པ་དང་ལྡན་ཞིང་ཤེས་བཞིན་དུ་སེང་གེའི་ཉལ་ཐབས་སུ་ཉལ་བར་བྱེད་དོ། །ཐུན་ཐ་མ་ལ་མྱུར་བ་མྱུར་བར་ལངས་ནས་འཆག་པ་དང་འདུག་པ་དག་གིས་སྒྲིབ་པར་འགྱུར་བའི་ཆོས་རྣམས་ལས་སེམས་སྦྱོང་བར་བྱེད་དོ། །ཞེས་གསུངས་པ་ལྟ་བུའོ། །གསུམ་པ་ཚད་མེད་པ་བཞི་བསྒོམ་པ་ནི། དེ་ལྟར་ལུས་སེམས་ལས་སུ་རུང་བར་བྱས་ནས། བསམ་གཏན་གྱི་སྦྱོར་བ་ཚད་མེད་བཞི་བསྒོམ་པར་བྱའོ། །ཞེས་བསྟན་པའི་ཕྱིར། བྱམས་དང་སྙིང་རྗེ་དག་དང་དགའ་བ་དང་། །བཏང་སྙོམས་རྟག་ཏུ་ཡང་དག་བསྒོམ་པར་བགྱི། །གོང་མ་བརྙེས་པར་མ་གྱུར་དེ་ལྟ་ནའང་། །ཚངས་པའི་འཇིག་རྟེན་བདེ་བ་ཐོབ་པར་འགྱུར། །ཞེས་གསུངས་ཏེ། སེམས་ཅན་ཐམས་ཅད་ལ་དམིགས་ནས་བདེ་བ་འདོད་པའི་བྱམས་པ་དང་། སྡུག་བསྔལ་དང་བྲལ་བར་འདོད་པའི་སྙིང་རྗེ་དང་། བདེ་བ་དང་ལྡན་པས་ཡིད་བདེ་བའི་དགའ་བ་དང་། ཆགས་སྡང་མེད་པར་མཉམ་སྙོམས་པའི་བཏང་སྙོམས་ཏེ་བཞི་པོ་དེ་དག་ནི། དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་པ་དང་། བསྒོམ་པ་པོ་ལ་བསོད་ནམས་ཚད་མེད་པ་འབྱུང་བས། ཁྱོད་ཀྱིས་ཡང་དག་པར་བསྒོམ་པར་བགྱིའོ། །

དེ་དག་ཀྱང་དམིགས་པའི་བྱེ་བྲག་གིས་རྣམ་པ་གསུམ་སྟེ། སེམས་ཅན་ལ་དམིགས་པ་དང་། ཆོས་ལ་དམིགས་པ་དང་། དམིགས་པ་མེད་པ་དང་གསུམ་སྟེ། དང་པོ་ནི། ཕུང་པོ་ལས་མ་གཏོགས་པའི་སེམས་ཅན་རྫས་ཡོད་དུ་བཟུངས་ནས། དེ་ལྟ་བུའི་སེམས་ཅན་སྡུག་བསྔལ་དང་བྲལ་བ་སོགས་འདོད་པའི་རྣམ་པ་ཅན་ནོ། །གཉིས་པ་ནི། གང་ཟག་གི་བདག་མེད་པར་རྟོགས་པས་ཕུང་པོ་ཆོས་ཙམ་ལ་སེམས་ཅན་དུ་ཉེ་བར་བཏགས་པ་སྡུག་བསྔལ་དང་བྲལ་བར་འདོད་པའི་རྣམ་པ་ཅན་ནོ། །གསུམ་པ་ནི། ཆོས་ཀྱི་བདག་མེད་པ་རྟོགས་པས་སྒྱུ་མ་ལྟ་བུའི་སེམས་ཅན་སྡུག་བསྔལ་དང་བྲལ་བ་སོགས་འདོད་པའི་རྣམ་པ་ཅན་ནོ། །དང་པོ་ནི། སོ་སོ་སྐྱེ་བོ་རྣམས་ལའོ། །གཉིས་པ་ནི། ཉན་རང་འཕགས་པ་རྣམས་ལའོ། །གསུམ་པ་ནི། ཐེག་ཆེན་འཕགས་པ་རྣམས་ལ་ཡོད་དོ། །ཉན་རང་ལ་ཆོས་ཀྱི་བདག་མེད་རྟོགས་པ་ཡོད་པ་ལྟར་ན། ཕྱི་མ་གཉིས་ཐེག་པ་གསུམ་གྱི་འཕགས་པ་ཀུན་ལ་ཡོད་དེ། ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པའི་ཚུལ་དུ་གནས་སོ། །བསྒོམ་ཚུལ་ནི། དང་པོ་གསུམ་ལ། མཛའ་བོ་དང་། བར་མ་དང་། དགྲ་བོའི་ཕྱོགས་གསུམ་དུ་ཕྱེ་ནས། དང་པོར་ཕ་མ་སོགས་མཛའ་བོའི་ཕྱོགས་ལ་དམིགས་ནས། དེ་དག་བདེ་བ་དང་ཕྲད་པ་སོགས་འདོད་པའི་རྣམ་པར་བསྒོམ་ལ། དེའི་འོག་ཏུ་བར་མ་རྣམས་ལ། མཐར་དགྲ་བོའི་ཕྱོགས་ལ་དམིགས་ནས་བསྒོམ་སྟེ། མཛའ་བ་དང་དགྲ་བོའི་ཕྱོགས་དག་བདེ་བ་དང་ཕྲད་འདོད་སོགས་མཚུངས་པར་གྱུར་པ་ན། བསྒོམ་པ་ཡོངས་སུ་རྫོགས་པ་ཡིན་ནོ། །བཏང་སྙོམས་ནི། དང་པོ་ཐ་མལ་པའི་ཕྱོགས་ལ་བསྒོམ་ཞིང་། མཐར་སྡུག་པ་དང་མི་སྡུག་པ་ཐམས་ཅད་ལ་སྙོམས་པའི་བར་དུ་བསྒོམ་མོ། །དེ་ལྟར་བསྒོམས་པའི་འབྲས་བུ་ཅིར་འགྱུར་ཞེ་ན། བྱམས་སོགས་དེ་དག་བདག་མེད་རྣམ་པ་གཉིས་ཀྱི་ཤེས་རབ་ཀྱིས་ཟིན་པར་བསྒོམས་པ་ལས་ནི། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ལ། ཇི་ཞིག་ལྟར་གོང་མ་སྟེ། མྱ་ངན་ལས་འདས་པ་མ་ཐོབ་ཀྱང་། ཚངས་པའི་འཇིག་རྟེན་བསམ་གཏན་དང་པོ་སོགས་གཟུགས་ཀྱི་ཁམས་སུ་འདོད་པ་ལས་འདས་པའི་བདེ་བ་ཐོབ་པར་འགྱུར་ཏེ། དེ་དག་བསྒོམས་པས་ཁྲོ་བས་ཡོངས་སུ་གདུང་བ་བྲལ་བའི་བསམ་གཏན་སྐྱོན་མེད་པ་ཞི་བ་ཉམས་སུ་མྱོང་བར་འགྱུར་པའི་ཕྱིར་རོ། །དེའི་ཕྱིར་བྱམས་པ་ལ་སོགས་པ་ནི་བསམ་གཏན་སྐྱེད་བྱེད་ཀྱི་སྦྱོར་བར་གཞུང་འདིར་བཤད་དོ། །

བཞི་པ་བསམ་གཏན་བཞི་བསྒོམ་པ་ནི། བྱམས་སོགས་བསྒོམས་པས་བསམ་གཏན་བཞི་ཐོབ་མོད། དེ་དག་གི་འབྲས་བུ་ཅིར་འགྱུར་ཞེ་ན། འདོད་སྤྱོད་དགའ་དང་བདེ་དང་སྡུག་བསྔལ་དག །རྣམ་པར་སྤངས་པའི་བསམ་གཏན་བཞི་པོ་ཡིས། །ཚངས་དང་འོད་གསལ་དག་དང་དགེ་རྒྱས་དང་། །འབྲས་བུ་ཆེ་ལྷ་རྣམས་དང་སྐལ་མཉམ་འཐོབ། །ཅེས་གསུངས་ཏེ། རྟོག་དཔྱོད་གཉེན་པོའི་ཡན་ལག་གིས་འདོད་སྤྱོད་དེ་འདོད་པ་ལ་འདུན་པ་དང་། རྣམ་འཚེ་སྤངས་ཤིང་དབེན་པ་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་གྱི་སེམས་རྩེ་གཅིག་པ་བསམ་གཏན་དང་པོ་དང་། ནང་རབ་ཏུ་དང་བ་གཉེན་པོའི་ཡན་ལག་གིས་དཔྱོད་པ་སྤངས་ཤིང་། ཏིང་ངེ་འཛིན་ལས་སྐྱེས་པའི་དགའ་བ་དང་། བདེ་བ་ཅན་གྱི་སེམས་རྩེ་གཅིག་པ་བསམ་གཏན་གཉིས་པ་དང་། དྲན་ཤེས་བཞིན་བཏང་སྙོམས་གཉེན་པོའི་ཡན་ལག་གིས་དགའ་བ་སྤངས་ཤིང་བདེ་བ་དང་ལྡན་པའི་སེམས་རྩེ་གཅིག་པ་བསམ་གཏན་གསུམ་པ་དང་། དྲན་པ་དང་བཏང་སྙོམས་ཡོངས་དག་གཉེན་པོའི་ཡན་ལག་གིས་བདེ་བ་དང་སྡུག་བསྔལ་རྣམ་པར་སྤངས་ཤིང་། ཚོར་བ་བཏང་སྙོམས་དང་ལྡན་པའི་སེམས་རྩེ་གཅིག་པ་ནི་བསམ་གཏན་བཞི་པ་སྟེ། དེ་ལྟར་རྒྱུ་སྙོམས་འཇུག་གི་བསམ་གཏན་བཞི་པོ་བསྒོམས་པ་ཡིས། གོ་རིམ་བཞིན་དུ་ཚངས་ཆེན་དང་། འོད་གསལ་དང་། དགེ་རྒྱས་དང་། འབྲས་བུ་ཆེ་བའི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བ་འཐོབ། ཅེས་པ་གཙོ་ཆེ་བ་སྨོས་པ་ཡིན་ལ། ཞིབ་ཏུ་ན། བསམ་གཏན་དང་པོ་ཆུང་ངུ་དང་། འབྲིང་དང་། ཆེན་པོ་ཡོངས་སུ་བསྒོམས་པས་གོ་རིམ་བཞིན་དུ། ཚངས་རིས་དང་། ཚངས་པའི་མདུན་ན་འདོན་དང་། ཚངས་ཆེན་རྣམས་སུ་སྐྱེ་ལ། བསམ་གཏན་བཞི་པ་ཆུང་ངུ་འབྲིང་ཆེན་པོར་བསྒོམས་པས། དགེ་ཆུང་དང་། ཚད་མེད་དགེ་དང་། དགེ་རྒྱས་རྣམས་སུ་སྐྱེ་བ་སོགས་ཤེས་པར་བྱའོ། །

ལྔ་པ་ལས་ལྕི་ཡང་གི་དབྱེ་བས་དགེ་སྡིག་ལ་བླང་དོར་ཇི་ལྟར་བྱ་བ་ནི། རྟག་དང་མངོན་པར་ཞེན་དང་གཉེན་པོ་མེད། །ཡོན་ཏན་གཙོ་ལྡན་གཞི་ལས་བྱུང་བའི་ལས། །དགེ་དང་མི་དགེ་རྣམ་ལྔ་ཆེན་པོ་སྟེ། །དེ་བས་དགེ་བ་སྤྱོད་ལ་བརྩོན་པར་བགྱི། །ཞེས་གསུངས་ཏེ། དགེ་བ་དང་མི་དགེ་བའི་ལས་གང་ཁྱད་པར་རྣམ་པ་ལྔ་དང་ལྡན་པ་ནི། འབྲས་བུ་ངེས་པ་དང་མང་པོ་འབྱིན་པའི་ཕྱིར་ཆེན་པོ་ཞེས་བྱའོ། །དེ་དག་ཀྱང་གང་ཞེ་ན། སྦྱོར་བ་དང་། བསམ་པ་དང་། གཉེན་པོ་དང་། གཞིའི་ཁྱད་པར་རྣམས་སོ། །དེ་དག་ལ་སྦྱོར་བའི་ཁྱད་པར་རྣམས་ནི། ལས་དེ་དུས་རྟག་ཏུ་བྱེད་པའོ། །བསམ་པའི་ཁྱད་པར་ནི། ཉོན་མོངས་པ་དང་རབ་ཏུ་དང་བ་སོགས་མངོན་ཞེན་དྲག་པོས་བྱས་པའོ། །གཉེན་པོའི་ཁྱད་པར་ནི། ལས་དེ་ལ་འཇོམས་བྱེད་ཀྱི་གཉེན་པོ་མེད་པའོ། །

གཞིའི་ཁྱད་པར་ནི། གཉིས་ཏེ། ཕན་འདོགས་པའི་གཞི་ནི། ཕ་མ་དང་ཆོས་སྨྲ་བ་དང་། བྱེ་བྲག་ཏུ་ཕན་འདོགས་པ་དོམ་དང་སྤྲེའུ་ལ་སོགས་པའི་སྐྱེས་རབས་བཞིན་ནོ། །ཡོན་ཏན་གཙོར་ལྡན་པའི་གཞི་ནི། དཀོན་མཆོག་གསུམ་དང་། འགོག་པ་ལས་ལངས་པ་སོགས་ཏེ། དེ་དག་ལ་ཕན་གནོད་བྱས་པ་ལས་བྱུང་བ་ནི། གཞིའི་ཁྱད་པར་ལས་ཆེན་པོ་ཡིན་ནོ། །དེ་བས་ན་ཁྱོད་ཀྱིས་མི་དགེ་བ་ཆེན་པོ་སྤངས་ཏེ་དགེ་བ་ཆེན་པོ་སྤྱོད་པ་ལ་བརྩོན་པར་བགྱིའོ། ཁྱོད་ཀྱིས་མི་དགེ་བ་ནི་མང་དུ་སྤྱད། དགེ་བ་ནི་ཉུང་ངུར་སྤྱད་ན། མི་འཇིགས་པར་མི་བྱ་ལ། དེ་ལས་བཟློག་པར་སྤྱད་ན་ཧ་ཅང་འཇིགས་པར་ཡང་མི་བྱའོ། །ཞེས་བསྟན་པའི་ཕྱིར། ལན་ཚྭ་སྲང་འགས་ཆུ་ནི་ཉུང་ངུ་ཞིག །རོ་སྒྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང་། །དགེ་བའི་རྩ་བ་ཡངས་ལ་མཁྱེན་པར་མཛོད། །ཅེས་གསུངས་ཏེ། ཇི་ལྟར་ལན་ཚྭ་སྲང་འགའ་སྟེ་ཉུང་ཟད་ཅིག་གིས་ཆུ་ཉུང་ངུ་ཞིག་ལན་ཚྭའི་རོ་ཉིད་དུ་སྒྱུར་བར་བགྱིད་ཀྱི་གངྒཱའི་ཀླུང་ངམ་ཆུ་ཤིན་ཏུ་མང་ན་སྒྱུར་ནུས་པ་མིན་པ་དེ་བཞིན་དུ། སྡིག་པའི་ལས་ཆུང་ངུ་ཡང་དགེ་བའི་རྩ་བ་ཆུང་ཞིང་ཉུང་ན་འབྲས་བུ་འབྱིན་ནུས་ཀྱིས། ཡངས་པ་སྟེ་ཆེ་ཞིང་མང་བ་ལ་འབྱིན་མི་ནུས་པར་མཁྱེན་པར་མཛོད་ལ་དགེ་བ་སྟོབས་ཆེན་མང་དུ་བསྒྲུབ་པར་བགྱིའོ། །དྲུག་པ་སྒྲིབ་པ་ལྔ་སྤོང་བ་ནི། རྒོད་པ་ལ་སོགས་པ་ཆོས་ལྔ་པོ་འདི་དག་ནི། བསམ་གཏན་དང་རྣམ་ཐར་སོགས་ཀྱི་འགལ་ཟླ་ཡིན་པའི་ཕྱིར་འབད་དེ་སྤང་ངོ་ཞེས་བསྟན་པའི་ཕྱིར། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད། །ཅེས་གསུངས་ཏེ། སྡུག་པའི་ཡུལ་ལ་སེམས་རྣམ་པར་འཕྲོ་བའི་རྒོད་པ་དང་། ངན་པ་བྱས་པའི་ལས་ལ་ཡིད་གཅགས་པའི་འགྱོད་པ་དང་། ཀུན་ནས་མནར་སེམས་ཀྱི་དངོས་པོ་ལ་སེམས་ཁོང་ནས་འཁྲུགས་པའི་གནོད་སེམས་དང་། སེམས་ནང་དུ་ཞུམ་པའི་སྒོ་ནས་ལུས་སེམས་ལས་སུ་མི་རུང་བར་བྱེད་པ་རྨུགས་པ་དང་། གཉིད་ཀྱི་རྒྱུ་ལ་བརྟེན་ནས་འཇུག་པ་རང་དབང་མེད་པར་ནང་དུ་སྡུད་པར་བྱེད་པ་གཉིད་དང་། ཁམ་ཟས་དང་འཁྲིག་པ་སོགས་ཀྱི་འདོད་པ་ལ་འདུན་པ་དང་། ཐར་པ་དང་ཐར་པའི་ལམ་ལ་ཡིད་གཉིས་སུ་གྱུར་པའི་ཐེ་ཚོམ་སྟེ། དེ་རྣམས་ནི་བསམ་གཏན་དང་། རྣམ་ཐར་སོགས་སམ། བསླབ་པ་གསུམ་ལ་སྒྲིབ་པས་ན། སྒྲིབ་པ་ལྔ་པོ་ཞེས་བྱ་སྟེ། འདི་དག་ནི་དགེ་བའི་ནོར་འཕྲོག་པའི་ཆོམ་རྐུན་ལགས་པར་མཁྱེན་པར་མཛོད་ལ་སྤོངས་ཤིག་ཅེས་པའོ། །དེ་ལ་རྒོད་འགྱོད་གཉིས་ནི་གཡོ་བར་ཆོས་མཐུན་པའི་ཕྱིར་དང་། རྨུགས་གཉིད་གཉིས་ནི་བླུན་པར་ཆོས་མཐུན་པའི་ཕྱིར་སྒྲིབ་པ་རེ་རེར་བཞག་གོ །ཡང་ན་མཛོད་དུ་འདོད་ན་སྒྲིབ་རྣམས་མི་མཐུན་དང་། །ཟས་དང་བྱ་བ་གཅིག་པའི་ཕྱིར། །གཉིས་གཅིག་ཅེས་པ་ལྟར། དང་པོ་གཉིས་ནི་ཉེ་དུའི་རྣམ་རྟོག་ལ་སོགས་པའི་རྒྱུ་ལས་བྱུང་བ་དང་། སེམས་འཕྲོ་བར་བྱེད་པར་ཆོས་མཐུན་པ་དང་། ཞི་གནས་ཀྱིས་འཇོམས་པའི་ཕྱིར་གཅིག་ཏུ་བཞག་ལ། ཕྱི་མ་གཉིས་ཀྱང་ཁ་ཟས་ཀྱི་ཚོད་མ་ཟིན་པ་སོགས་ཀྱི་རྒྱུ་ལས་བྱུང་བ་དང་། སེམས་ཞུམ་པར་བྱེད་པ་དང་། སྣང་བའི་འདུ་ཤེས་ཀྱིས་འཇོམས་པས་གཅིག་ཏུ་བཞག་གོ།ཅིིའི་ཕྱིར་སྒྲིབ་པ་ལྔ་ཉིད་ཡིན་ཞེ་ན། དེ་དག་གིས་བསླབ་པ་གསུམ་ལ་གནོད་པར་བྱེད་པའི་ཕྱིར་ཏེ། འདི་ལྟར་འདོད་ལ་འདུན་པ་དང་། གནོད་སེམས་གཉིས་ཀྱིས་ནི་ལྷག་པའི་ཚུལ་ཁྲིམས་ལ་གནོད་དོ། །དེ་དག་གི་གོ་རིམ་བཞིན་འདོད་པ་ལ་སྲེད་པའི་དབང་གིས་དང་པོར་ཚུལ་ཁྲིམས་ཡང་དག་པར་མི་ལེན་ཅིང་། བླངས་པའི་འོག་ཏུ་གཞན་གྱིས་བསླབ་པ་ལ་ལེགས་པར་བསྐུལ་བ་ན། ཀུན་ནས་མནར་སེམས་པའི་དབང་གིས་ཆོས་བཞིན་དུ་ལེགས་པར་མི་སྒྲུབ་པའི་ཕྱིར་རོ། །རྨུགས་གཉིད་གཉིས་ཀྱིས་ལྷག་པའི་སེམས་ལ་གནོད་དེ། དེ་དག་གིས་ཞི་གནས་ཀྱི་རྒྱུ་མཚན་སྒོམ་པ་ན། ནང་དུ་སེམས་ཞུམ་པར་བྱེད་པའི་ཕྱིར་རོ། །རྒོད་འགྱོད་གཉིས་ཀྱིས་ལྷག་པའི་ཤེས་རབ་ལ་གནོད་དེ། རབ་ཏུ་འཛིན་པའི་རྒྱུ་མཚན་སྒོམ་པ་ན། དེ་དག་གིས་ཕྱི་རོལ་ཏུ་ཡེངས་པར་བྱེད་པའི་ཕྱིར་རོ། །ཐེ་ཚོམ་གྱིས་གཉིས་ཀ་ལ་གནོད་དེ། ཞི་ལྷག་ཟུང་འབྲེལ་གྱི་བཏང་སྙོམས་ཀྱི་རྒྱུ་མཚན་སྒོམ་པ་ན། ཐེ་ཚོམ་དུ་གྱུར་པས་གཏན་ལ་མ་ཕེབས་ན། བཏང་སྙོམས་སུ་འཇོག་མི་ནུས་པའི་ཕྱིར་རོ། །

གཉིས་པ་ཁྱད་པར་དུ་ངེས་ལེགས་ཀྱི་ཆོས་སྒྲུབ་པ་ལ་གསུམ་གྱི། དང་པོ་སྦྱོར་ལམ་དབང་པོ་དང་སྟོབས་ལྔ་བསྒོམ་པ་ནི། དེ་ལྟར་སྤང་བྱ་བར་ཆད་ཀྱི་ཆོས་བསྟན་ནས། བསྟེན་བྱ་ཐར་པ་དང་རྗེས་སུ་མཐུན་པའི་ཆོས་བསྟན་པའི་ཕྱིར། དད་དང་བརྩོན་འགྲུས་དག་དང་དྲན་པ་དང་། །ཏིང་འཛིན་ཤེས་རབ་ཆོས་མཆོག་ལྔ་ཉིད་དེ། །འདི་ལ་མངོན་བརྩོན་མཛོད་ཅིག་འདི་དག་ནི། །སྟོབས་དབང་ཞེས་བགྱི་རྩེ་མོར་གྱུར་པའང་ལགས། །ཞེས་གསུངས་ཏེ། བདེན་པ་རྣམས་ལ་མངོན་པར་ཡིད་ཆེས་པའི་དད་པ་དང་། དེ་དག་མངོན་དུ་བྱེད་པ་ལ་སྤྲོ་བའི་བརྩོན་འགྲུས་དང་། བདེན་པ་དང་། དེའི་རྣམ་པ་མ་བརྗེད་པའི་དྲན་པ་དང་། བདེན་པའི་རྣམ་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང་། བདེན་པའི་རྣམ་པ་རྣམས་ཡང་དག་པར་རྣམ་པར་འབྱེད་པའི་ཤེས་རབ་སྟེ། ལྔ་པོ་འདི་རྣམས་ལ་མངོན་པར་བརྩོན་ཞིང་གོམས་པར་མཛོད་ཅིག་དང་འདི་དག་འཕགས་ལམ་གྱི་དངོས་རྒྱུར་གྱུར་པའི་ཚེ། ཆོས་མཆོག་ཅེས་བྱ་ལ། དེ་དག་བཟོད་པའི་ཚེ་མི་མཐུན་ཕྱོགས་ཀྱིས་མི་བརྫི་བས། སྟོབས་ཞེས་བྱ་བ་དང་། དྲོད་ཀྱི་ཚེ་བདེན་པ་མངོན་པར་རྟོགས་པ་ལ་དབང་ལྷག་པར་བྱེད་པའི་ཕྱིར། དབང་པོ་ཞེས་བགྱི་བ་དང་། དེ་ཉིད་འཕེལ་བ་ན་དགེ་བའི་རྩ་བ་གཡོ་བའི་རྩེ་མོར་གྱུར་བའི་ཕྱིར། རྩེ་མོར་གྱུར་པ་ཞེས་བགྱི་བའང་ལགས་ཞེས་སོ། །

གཉིས་པ་དེའི་འགལ་རྐྱེན་རྒྱགས་པ་སྤང་བ་ནི། ན་རྒ་འཆི་སྡུག་བྲལ་དང་དེ་བཞིན་དུ། །ལས་ནི་བདག་གིར་བྱ་ལས་མ་འདས་ཞེས། །དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི། །དེ་ཡི་གཉེན་པོའི་སྒོ་ནས་རྒྱགས་མི་འགྱུར། །ཞེས་གསུངས་ཏེ། བདག་ནི་ན་བ་དང་རྒ་བ་དང་འཆི་བ་དང་སྡུག་པ་དང་བྲལ་བར་འགྱུར་བ་ལས་མ་འདས་པ་དང་། དེ་བཞིན་དུ་ལས་བདག་གིར་བྱ་བ་ལས་མ་འདས་ཏེ། བདེ་སྡུག་ནི་བདག་གིས་སྔར་བྱས་པའི་ལས་ལ་རག་ལས་ཀྱི། བདག་ལ་ནི་རང་དབང་མེད་དོ། །ཞེས་ཚུལ་བཞིན་དུ་བསམ་པར་བྱ་སྟེ། དེ་ལྟར་ཡང་དང་ཡང་དུ་སེམས་པ་ནི་རྒྱགས་པ་དེའི་གཉེན་པོ་ཡིན་པའི་སྒོ་ནས་རྒྱགས་པར་མི་འགྱུར་རོ་སྙམ་དུ་དགོངས་སོ། །

གསུམ་པ་མཐུན་རྐྱེན་ཡང་དག་པའི་ལྟ་བ་བསྒོམ་པ་ལ་གཉིས་ཀྱི་དང་པོ་མདོར་བསྟན་པ་ནི། དད་པ་ལ་སོགས་པའི་དབང་པོ་སྐྱེ་བའི་རྒྱུ་ནི། ཡང་དག་པའི་ལྟ་བ་ཡིན་པས། དེ་བསྒོམ་པར་བསྟན་པའི་ཕྱིར། གལ་ཏེ་མཐོ་རིས་ཐར་པ་མངོན་བཞེད་ན། །ཡང་དག་ལྟ་ལ་གོམས་པ་ཉིད་དུ་མཛོད། །གང་ཟག་ལོག་པར་ལྟ་བས་ལེགས་སྤྱད་ཀྱང་། །ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ལྡན། །ཞེས་གསུངས་ཏེ། འདིར་ཡང་དག་པའི་ལྟ་བ་གཉིས་ཏེ། ཀུན་རྫོབ་ཀྱི་ཡུལ་ཅན་དང་། དོན་དམ་པའི་ཡུལ་ཅན་ནོ། །དང་པོ་ནི། ཕྱི་མར་ལས་དང་འབྲས་བུའི་འབྲེལ་བ་ལ་ཡིད་ཆེས་པའོ། །གཉིས་པ་ནི། ཆོས་རྣམས་ཀྱི་དེ་ཁོ་ན་ཉིད་སྟོང་པ་ཉིད་རྟོགས་པའི་ཤེས་རབ་བོ། །ཡང་དག་པའི་ལྟ་བ་དང་པོ་ནི། མཐོ་རིས་ཀྱི་རྒྱུ་ཡིན་ལ། གཉིས་པ་ནི། ཐར་པའི་རྒྱུ་ཡིན་ནོ། །དེའི་ཕྱིར་གལ་ཏེ་གནས་སྐབས་སུ་མཐོ་རིས་དང་། མཐར་ཐུག་ཐར་པའི་བདེ་བ་མངོན་པར་བཞེད་ན་གོང་དུ་བཤད་མ་ཐག་པའི་ཀུན་རྫོབ་དང་དོན་དམ་པའི་ཡུལ་ཅན་གྱི་ཡང་དག་པའི་ལྟ་བ་ལ་རྟག་ཏུ་གོམས་པར་མཛོད་ཅིག དེ་མ་བསྒོམས་ན་ཅིར་འགྱུར་ཞེ་ན། གལ་ཏེ་ཀུན་རྫོབ་ཀྱི་ཡུལ་ཅན་ཡང་དག་པའི་ལྟ་བ་མེད་པར་གང་ཟག་ལས་རྒྱུ་འབྲས་ལ་སྐུར་བ་འདེབས་པའི་ལོག་པར་ལྟ་བས་སྔར་སྦྱིན་སོགས་ལེགས་པར་སྤྱད་ཀྱང་། རང་རྒྱུད་ཀྱི་ལས་ཐམས་ཅད་རྣམ་པར་སྨིན་པ་མི་ཟད་ཅིང་རྩུབ་པ་དང་ལྡན་པར་འགྱུར་ཏེ། ལོག་ལྟས་དགེ་བའི་རྩ་བ་རྣམས་དྲུངས་འབྱིན་པའི་ཕྱིར་རོ། །ཡང་དོན་དམ་པའི་ཡུལ་ཅན་གྱི་ཡང་དག་པའི་ལྟ་བ་མེད་པའི་གང་ཟག་དངོས་པོ་ལ་མངོན་པར་ཞེན་པའི་ལོག་པར་ལྟ་བ་དང་ལྡན་པས་སྦྱིན་སོགས་ལེགས་པར་སྤྱད་ཀྱང་། ལས་ཐམས་ཅད་ཀྱི་རྣམ་སྨིན་འཁོར་བར་འབྱིན་པའི་ཕྱིར་མི་ཟད་ལྡན་ཞེས་སྦྱར་རོ། །

གཉིས་པ་རྒྱས་པར་བཤད་པ་ལ་ལྔའི་དང་པོ་དྲན་པ་ཉེར་བཞག་བཞི་བསྒོམ་པ་ནི། མི་ནི་ཡང་དག་ཉིད་དུ་མི་བདེ་ཞིང་། །མི་རྟག་བདག་མེད་མི་གཙང་རིག་པར་བགྱི། །དྲན་པ་ཉེ་བར་མ་བཞག་རྣམས་ཀྱིས་ནི། །ཕྱིན་ཅི་ལོག་བཞིར་ལྟ་བ་ཕུང་ཁྲོལ་བ། །ཞེས་གསུངས་ཏེ། མི་ནི་ཡང་དག་ཉིད་དུ་སྟེ་ཤེས་རབ་ཀྱིས་བལྟས་ན། སྡུག་བསྔལ་ཉིད་གསུམ་དང་ལྡན་པས་མི་བདེ་ཞིང་། དུས་གཉིས་པར་མི་སྡོད་པས་མི་རྟག་པ་དང་། དབང་བྱེད་པ་པོའི་སྐྱེས་བུ་མེད་པས་བདག་མེད་པ་དང་། རུས་པ་དང་ཤ་ཁྲག་ལ་སོགས་པ་འདུས་པའི་རང་བཞིན་ཡིན་པས། མི་གཙང་བར་རིག་པར་བགྱི་སྟེ། དེ་ལྟར་དྲན་པ་ཉེ་བར་མ་བཞག་པ་སྟེ། ཤེས་རབ་ཀྱིས་མ་བརྟགས་པ་རྣམས་ཀྱིས་ནི། ལུས་མི་གཙང་བ་ལ་གཙང་བ་དང་། ཚོར་བ་སྡུག་བསྔལ་བ་ལ་བདེ་བ་དང་། སེམས་མི་རྟག་པ་ལ་རྟག་པ་དང་། ཆོས་བདག་མེད་པ་ལ་བདག་དང་ཕྱིན་ཅི་ལོག་བཞིར་ལྟ་བ་དེ་དག་ནི། འཁོར་བ་དང་ངན་སོང་གི་རྒྱུར་གྱུར་པའི་ཕྱིར་ཕུང་ཁྲོལ་བ་སྟེ། དེ་བས་ན་དྲན་པ་ཉེ་བར་བཞག་པར་བགྱིའོ། །གཉིས་པ་ཁྱད་པར་དུ། ཆོས་དྲན་པ་ཉེ་བར་བཞག་པ་བསྒོམ་པ་ནི། གལ་ཏེ་སྡུག་བསྔལ་སོགས་ཡིན་ཡང་། བདག་མེད་པ་ཇི་ལྟར་ཡིན་ཏེ། བདག་མེད་ན་ལས་དགེ་སྡིག་གི་འབྲས་བུ་སུ་ཞིག་གིས་སྤྱོད་པར་འགྱུར་སྙམ་ན། གཟུགས་ནི་བདག་མ་ཡིན་ཞེས་གསུངས་ཏེ་བདག །གཟུགས་དང་ལྡན་མིན་གཟུགས་ལ་བདག་གནས་མིན། །བདག་ལ་གཟུགས་མི་གནས་ཏེ་དེ་བཞིན་དུ། །ཕུང་པོ་ལྷག་མ་བཞི་ཡང་སྟོང་རྟོགས་བགྱི། །ཞེས་གསུངས་ཏེ། གལ་ཏེ་བདག་ཅིག་ཡོད་ན་གཟུགས་སོགས་ཕུང་པོའི་ངོ་བོར་ཡོད་དམ། དེ་ལས་དོན་གཞན་དུ་ཡོད་གྲང་། དང་པོ་མ་ཡིན་ཏེ། མདོ་ལས། གཟུགས་བདག་མ་ཡིན་ཞེས་པ་ནས། རྣམ་པར་ཤེས་པ་བདག་མ་ཡིན་ཞེས་པའི་བར་དུ་གསུངས་པའི་ཕྱིར་རོ། །འདི་ནི་རེ་ཞིག་ལུང་ངོ་། །

འདི་ལ་རིགས་པ་ཅི་ཞིག་ཡོད་ཅེ་ན། བདག་ནི་གཟུགས་ལ་སོགས་པའི་ངོ་བོ་མ་ཡིན་ཏེ། གཟུགས་སོགས་དང་འདྲ་བར་བདག་ཀྱང་མི་རྟག་པ་དང་། དུ་མ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་དང་། གཟུགས་སོགས་རྫས་སུ་ཡོད་པར་འདོད་པས། བདག་རྫས་སུ་ཡོད་པར་འགྱུར་བ་དང་། བདག་ལྟ་རྫས་ཀྱི་ཡུལ་ཅན་ཡིན་པས་ཕྱིན་ཅི་མ་ལོག་པའི་ཕྱིར་གཉེན་པོས་ས་བོན་སྤང་དུ་མེད་པར་ཐལ་བའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མ་འཇུག་པར། གལ་ཏེ་ཕུང་པོ་བདག་ན་དེ་ཕྱིར་དེ། །མང་བས་བདག་དེ་དག་ཀྱང་མང་པོར་འགྱུར། །བདག་ནི་རྫས་སུ་འགྱུར་ཞིང་དེ་ལྟ་བ། །རྫས་ལ་འཇུག་པས་ཕྱིན་ཅི་ལོག་མི་འགྱུར། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་གཟུགས་སོགས་ལས་གཞན་པ་ཞིག་ཡིན་ན། ལྷས་བྱིན་བ་ལང་དང་ལྡན་པ་ལྟར་གཟུགས་སོགས་དང་ལྡན་པ་ཞིག་གམ། ལྷས་བྱིན་རེ་ལྡེ་ལ་འདུག་པ་བཞིན་དུ་གཟུགས་སོགས་ལ་གནས་པ་ཞིག་གམ། འཁྲི་ཤིང་སོགས་ས་ལ་བརྟེན་པ་ལྟར། དེ་ལ་གཟུགས་སོགས་བརྟེན་པ་ཞིག་ཡིན་གྲང་། དང་པོ་མི་རིགས་ཏེ། བདག་གཟུགས་དང་ལྡན་པ་མ་ཡིན་ཞེས་པ་ནས། རྣམ་པར་ཤེས་པ་དང་ལྡན་པ་མ་ཡིན་ཞེས་པའི་བར་གསུངས་པའི་ཕྱིར་རོ། །འདི་ནི་ལུང་ངོ་། །རིགས་པ་ནི། ཇི་ལྟར་ལྷས་བྱིན་ལ་བ་ལང་དབང་བསྒྱུར་བྱར་ལྡན་པ་ལྟར། བདག་ལ་གཟུགས་སོགས་དབང་བསྒྱུར་བྱར་ལྡན་པ་མ་ཡིན་ཏེ། བདག་མི་འདོད་བཞིན་དུ་གཟུགས་སོགས་ལས་གཞན་དང་གཞན་དུ་འགྱུར་བ་དང་། འཇིག་པ་སོགས་མཐོང་བའི་ཕྱིར་རོ། །ཕྱོགས་གཉིས་པ་ཡང་མི་རིགས་ཏེ། གཟུགས་ལ་བདག་གནས་པ་མ་ཡིན་ཞེས་པ་ནས། རྣམ་པར་ཤེས་པ་ལ་བདག་གནས་པ་མ་ཡིན་ཞེས་པའི་བར་གསུངས་པའི་ཕྱིར་རོ། །དེ་ནི་ལུང་ཡིན་ལ། རིགས་པ་ནི། ལྷས་བྱིན་རེ་ལྡེ་ལ་གནས་པ་ལྟར་གཟུགས་ལ་སོགས་པ་ལ་བདག་བརྟེན་པའི་ཚུལ་གྱིས་གནས་པ་མ་ཡིན་ཏེ། རྟེན་གཟུགས་སོགས་མི་རྟག་པས་བདག་ཀྱང་མི་རྟག་པར་འགྱུར་བའི་ཕྱིར་རོ། །

ཕྱོགས་གསུམ་པ་ཡང་མ་ཡིན་ཏེ། བདག་ལ་གཟུགས་གནས་པ་མ་ཡིན་ཞེས་པ་ནས། རྣམ་པར་ཤེས་པ་ལ་གཟུགས་གནས་པ་མ་ཡིན་ཞེས་པའི་བར་དུ་གསུངས་པའི་ཕྱིར་རོ། །དེ་ནི་ལུང་ཡིན་ལ། རིགས་པ་ནི། འཁྲི་ཤིང་ལ་སོགས་པ་ས་ལ་བརྟེན་པ་ལྟར། བདག་ལ་གཟུགས་སོགས་ཕུང་པོ་བརྟེན་པ་མ་ཡིན་ཏེ། བདག་རྟག་པ་ལ་བརྟེན་པའི་གཟུགས་སོགས་གཏན་མི་འཇིག་པར་ཐལ་བའི་ཕྱིར་དང་། དེ་དག་གི་སྐྱེ་འཇིག་བདག་ལ་རག་ལས་པར་གྱུར་ན། དེའང་མ་ཡིན་ཏེ། བདག་མེད་པའི་ཕྱི་རོལ་གྱི་གཟུགས་སྐྱེ་བ་དང་འཇིག་པར་ཡང་དམིགས་པའི་ཕྱིར་རོ། །གཟུགས་ལ་དཔྱད་པ་དེ་བཞིན་དུ། ཚོར་བ་ལ་སོགས་པའི་ཕུང་པོ་ལྷག་མ་བཞི་ལ་ཡང་ངོ་བོ་དང་། དོན་གཞན་གྱི་བདག་གིས་སྟོང་ཚུལ་གོང་དུ་བཤད་པའི་ལུང་དང་རིགས་པ་དེ་དག་གིས་རྟོགས་པར་བགྱིའོ། །ཇི་སྐད་བཤད་པ་ལས་བཟློག་སྟེ། གཟུགས་བདག་ཏུ་ལྟ་བ་ལ་སོགས་པ་ཕུང་པོ་ལྔ་པོ་རེ་རེ་ལ་ཡང་རྣམ་པ་བཞི་བཞིར་ལྟ་བ་ནི། འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུ་ཞེས་མདོ་ལས་གསུངས་ལ། དེའི་གཉེན་པོ་གཟུགས་བདག་མ་ཡིན་ཞེས་སོགས་གསུངས་སོ། །

ད་ནི་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་སྤངས་པའི་སྒོ་ནས། ཕུང་པོ་རྣམས་རྗེས་སུ་མཐུན་པའི་རྒྱུ་དང་རྐྱེན་ལས་སྐྱེ་བར་བསྟན་པའི་ཕྱིར། ཕུང་པོ་འདོད་རྒྱལ་ལས་མིན་དུས་ལས་མིན། །རང་བཞིན་ལས་མིན་ངོ་བོ་ཉིད་ལས་མིན། །དབང་ཕྱུག་ལས་མིན་རྒྱུ་མེད་ཅན་མིན་ཏེ། །མེ་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཅེས་གསུངས་ཏེ། གཟུགས་ལ་སོགས་པའི་ཕུང་པོ་རྣམས་ནི་གཞན་ལ་རག་མ་ལས་པར། འདོད་རྒྱལ་གནམ་བབ་ཏུ་བྱུང་བ་མ་ཡིན་ཏེ། སོ་སོར་ངེས་པའི་རྒྱུ་དང་རྐྱེན་ཡོད་མེད་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པར་དམིགས་པའི་ཕྱིར། ཁ་ཅིག དུས་ཀྱིས་འབྱུང་བ་སྨིན་པར་བྱེད། །དུས་ཀྱིས་སྐྱེ་རྒུ་སྡུད་པར་བྱེད། །དུས་ཀྱིས་གཉིད་ལོག་སད་པར་བྱེད། །དུས་ནི་འདའ་བར་དཀའ་བ་ཡིན། །ཞེས་དུས་རྟག་པ་ཞིག་ལས་སྐྱེ་བར་སྨྲ་བ་ཡང་མ་ཡིན་ཏེ། གཟུགས་སོགས་དངོས་པོ་རྣམས་ལས་མ་གཏོགས་པའི་དུས་མ་དམིགས་པའི་ཕྱིར་དང་། དུས་རྟག་པ་ལས་སྐྱེས་པའི་དངོས་པོ་རྣམས་སྐྱེ་འཇིག་ཅིག་ཅར་བྱེད་པར་ཐལ་བའི་ཕྱིར་རོ། །གྲངས་ཅན་པ་དག་རྡུལ་མུན་པ་སྙིང་སྟོབས་གསུམ་ཆ་མཉམ་པར་གྱུར་པའི་རང་བཞིན་རྟག་པ་ཞིག་ཡོངས་སུ་གྱུར་པ་ལས་འབྱུང་བར་འདོད་པ་ཡང་མ་ཡིན་ཏེ། རང་བཞིན་དང་རྣམ་འགྱུར་གཅིག་ཡིན་ན། རྣམ་འགྱུར་བཞིན་དུ་རང་བཞིན་ཡང་མི་རྟག་པར་འགྱུར་ལ། ཐ་དད་ཡིན་ན་ནི་ཐམས་ཅད་གཙོ་བོའི་རང་བཞིན་དུ་འདོད་པ་འགལ་བའི་ཕྱིར་རོ། །ངོ་བོ་ཉིད་ལས་སྐྱེ་བ་ཡང་མ་ཡིན་ཏེ། རྒྱུ་དང་རྐྱེན་ལ་རག་མ་ལས་པར་ཐལ་བའི་ཕྱིར་དང་། རང་བཞིན་གཞན་ལ་ལྟོས་པར་མི་རིགས་པའི་ཕྱིར་རོ། །ཡང་རིགས་པ་ཅན་པ་ལ་སོགས་པ་དག ཕྲ་ཞིང་བསམ་གྱིས་མི་ཁྱབ་རབ་ཏུ་སྲབ་བྱེད་ཀུན་རིག་ཐམས་ཅད་བྱེད། །རྣལ་འབྱོར་གོམས་པས་ཐོབ་པའི་བློ་ཅན་བསམ་གཏན་པ་ཡི་བསམ་གཏན་ཡུལ། །ཉི་མ་ཟླ་བ་ས་ཆུ་མེ་རླུང་ཕྱོགས་དང་ནམ་མཁའི་ལུས་ཅན་ཏེ། །ཞི་བའི་བདེ་དགའ་འགྲུབ་པར་འདོད་པ་རྣམས་ཀྱིས་དབང་ཕྱུག་རྟག་ཏུ་བསྒོམ། །ཞེས་བཤད་པ་ལྟ་བུའི་ཡོན་ཏན་ཅན་གྱི་དབང་ཕྱུག་རྟག་པ་ཞིག་ལས་འབྱུང་བར་སྨྲ་བ་ཡང་མ་ཡིན་ཏེ། རྟག་པས་འབྲས་བུ་བསྐྱེད་པ་གཞན་ལ་མི་ལྟོས་པ་ཐམས་ཅད་ཅིག་ཅར་སྐྱེ་བར་ཐལ་བའི་ཕྱིར་དང་། དབང་ཕྱུག་གི་འདོད་པ་ལ་ལྟོས་ནས་རིམ་གྱིས་འབྱུང་ན། འདོད་པ་དབང་ཕྱུག་ལས་ཐ་དད་པའི་རྒྱུ་ལས་འབྱུང་བས། ཐམས་ཅད་དབང་ཕྱུག་གིས་བྱས་པར་འགལ་ཞིང་། དབང་ཕྱུག་ལས་འབྱུང་ན་དེ་ཡང་ཅིག་ཅར་འབྱུང་བར་འགྱུར་ཞིང་། འདོད་པ་གཞན་ལ་ལྟོས་ན། ཐུག་པ་མེད་པར་ཐལ་བར་འགྱུར་རོ། །དེའི་ཕྱིར་མི་མཐུན་པའི་རྒྱུ་ལས་འབྱུང་བ་ཡང་མ་ཡིན་ལ། རྒྱུ་མེད་པ་ཅན་ལས་བྱུང་བ་ཡང་མ་ཡིན་ཏེ། རྟག་ཏུ་ཡོད་པའམ་ཡང་ན་ནམ་ཡང་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འོ་ན་གང་ལས་འབྱུང་བ་ཡིན་ཞེ་ན། དཔེར་ན་ས་ལུད་ཀྱིས་གཡོགས་པའི་ས་བོན་སྐྱོན་མེད་ཆུས་བརླན་པར་བྱས་པ་ལས་མྱུ་གུ་མངོན་པར་འགྲུབ་པ་བཞིན་དུ། མ་རིག་པས་གཡོགས་པའི་ལས་སྟོབས་ལྡན་སྲེད་པས་བརླན་པར་བྱས་པ་ལས། ཡང་སྲིད་པའི་མྱུ་གུ་མངོན་པར་འགྲུབ་པ་དེའི་ཕྱིར། མི་ཤེས་ལས་དང་སྲེད་ལས་བྱུང་རིག་མཛོད། །ཅེས་གསུངས་སོ། །

གསུམ་པ་འགལ་རྐྱེན་ཀུན་སྦྱོར་གསུམ་སྤོང་བ་ནི། ཡང་སྲིད་པ་ལས་གྲོལ་བར་འདོད་པས་སྐྱེ་བའི་རྒྱུ་ཇི་སྐད་བཤད་པ་དེ་དག་སྤང་དགོས་པས། དེ་ཇི་ལྟར་སྤང་སྙམ་ན། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་རང་ལུས་ལ། །ཕྱིན་ཅི་ལོག་པར་ལྟ་དང་ཐེ་ཚོམ་སྟེ། །ཀུན་ཏུ་སྦྱོར་བ་འདི་གསུམ་ཐར་པ་ཡི། །གྲོང་ཁྱེར་སྒོ་འགེགས་ལགས་པར་མཁྱེན་པར་མཛོད། །ཅེས་གསུངས་ཏེ། ལྟ་བ་ངན་པའི་རྗེས་སུ་འབྲང་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་དག་གྲོལ་དུ་འཛིན་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་དང་། རང་ལུས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ། བདག་དང་བདག་གི་བའི་རྣམ་པར་ཕྱིན་ཅི་ལོག་ཏུ་ལྟ་བ་སྟེ། འཇིག་ཚོགས་སུ་ལྟ་བ་དང་། ཐར་པ་དང་ཐར་པའི་ལམ་ལ་ཡིད་གཉིས་ཟ་བའི་ཐེ་ཚོམ་སྟེ། ཀུན་ཏུ་སྦྱོར་བ་འདི་གསུམ། དཔེར་ན་འགྲོ་མི་འདོད་པ་དང་། ལམ་ལོག་པ་ལ་བརྟེན་པ་དང་། ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བ་མངོན་པར་འདོད་པའི་ཡུལ་དུ་ཕྱིན་པའི་གེགས་ཡིན་པ་བཞིན་དུ། འཇིག་ལྟས་བདག་ཏུ་མངོན་པར་ཞེན་ནས། དེ་མེད་པའི་ཐར་པ་ཐོབ་པ་མི་འདོད་པ་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱིས་ཐར་ལམ་ལོག་པ་ལ་བརྟེན་པ་དང་། ཐེ་ཚོམ་གྱིས་ཡང་དག་པའི་ལམ་ལ་ཐེ་ཚོམ་ཟ་བས་ཐར་པའི་གྲོང་ཁྱེར་གྱི་སྒོ་འགེགས་ལགས་པར་མཁྱེན་པར་མཛོད་ལ་སྤོངས་ཤིག་ཅེས་པའོ། །བཞི་པ་མཐུན་རྐྱེན་བསླབ་པ་གསུམ་ལ་བསླབ་པ་ནི། འོ་ན་དེ་ལྟ་བུའི་སྒྲིབ་པ་ལས་གྲོལ་བའི་གྲོགས་གྱིས་ཤིག་ཅེ་ན། འདི་ལ་གཞན་གྱིས་གྲོགས་ཅི་ཡང་བྱར་མེད་ཀྱིས། རང་གི་སེམས་ལ་རག་ལས་སོ་ཞེས་བསྟན་པའི་ཕྱིར། ཐར་པ་བདག་ལ་རག་ལས་འདི་ལ་ནི། །གཞན་གྱིས་གྲོགས་བགྱིར་ཅི་ཡང་མ་མཆིས་པས། །ཐོས་དང་ཚུལ་ཁྲིམས་བསམ་གཏན་ལྡན་པ་ཡིས། །བདེན་པ་རྣམ་པ་བཞི་ལ་འབད་པར་མཛོད། །ཅེས་གསུངས་ཏེ། ཐར་པ་ཞེས་བྱ་བ་གཞན་ཅི་ཡང་མེད་ཀྱིས་སེམས་ཉོན་མོངས་པའི་འཆིང་བ་ལས་གྲོལ་བ་ཡིན་ལ། དེ་ནི་བདག་ཉིད་ཀྱིས་ཐར་པའི་ཐབས་གོམས་པར་བྱེད་པ་ལ་རག་ལས་ཀྱིས། འདི་ལ་གང་ཟག་གཞན་གྱིས་གྲོགས་ཅི་ཡང་བགྱི་བར་མ་མཆིས་པས་རང་གིས་འབད་དོ་ཞེས་པའོ། །ཐར་པའི་ཐབས་དེ་གང་ཞེ་ན། ཚུལ་གནས་ཐོས་དང་བསམ་ལྡན་པས། །བསྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་བཤད་པ་ལྟར་དང་པོ་གཞི་ངེས་པར་འབྱུང་བའི་སེམས་ཀྱིས་ཟིན་པའི་སོ་སོ་ཐར་པ་རིས་བདུན་གང་རུང་གི་ཚུལ་ཁྲིམས་ལ་གནས་ནས། བདེན་པ་དང་རྗེས་སུ་མཐུན་པའི་གསུང་རབ་ལ་ཐོས་བསམ་ཚུལ་བཞིན་དུ་བྱས་ཏེ། ཐོས་པའི་དོན་ལ་རྩེ་གཅིག་ཏུ་འཇོག་པའི་བསམ་གཏན་དང་ལྡན་པ་ཡིས། སྡུག་བསྔལ་ལ་སོགས་པའི་བདེན་པ་རྣམ་པ་བཞི་ལ་དམིགས་ནས། དེ་དག་གི་ཀུན་རྫོབ་ཀྱི་དེ་ཁོ་ན་ཉིད་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་དང་། དོན་དམ་པའི་དེ་ཁོ་ན་ཉིད་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་སྟོང་པ་ཉིད་བསྒོམ་པ་ལ་འབད་པར་མཛོད་ཅིག་ཅེས་པའོ། །འདིས་ནི་བསླབ་པ་རིན་པོ་ཆེ་གསུམ་པོ་ཉིད་ཐར་པའི་ཐབས་ཡིན་ནོ་ཞེས་བསྟན་པ་ཡིན་ལ། དེ་དག་ཏུ་བསླབ་པ་ཐམས་ཅད་འདུས་སོ་ཞེས་བསྟན་པའི་ཕྱིར། ལྷག་པའི་ཚུལ་ཁྲིམས་ལྷག་པའི་ཤེས་རབ་དང་། །ལྷག་པའི་སེམས་ལ་རྟག་ཏུ་བསླབ་པར་བགྱི། །བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་ནི། །གསུམ་པོ་འདི་ནང་ཡང་དག་འདུ་བར་འགྱུར། །ཞེས་གསུངས་ཏེ། མྱ་ངན་ལས་འདས་པར་ཡོངས་སུ་བསྔོས་པའི་སྤོང་བ་བདུན་གྱི་རང་བཞིན་གྱི་ལྷག་པའི་ཚུལ་ཁྲིམས་དང་། འཕགས་ལམ་སྐྱེ་བ་དང་རྫས་སུ་མཐུན་པའི་བསམ་གཏན་གཞིའི་རང་བཞིན་གྱི་ལྷག་པའི་སེམས་དང་། བདག་མེད་རྣམ་པ་གཉིས་རྟོགས་པའི་ལྷག་པའི་ཤེས་རབ་རྣམས་ལ་རྟག་ཏུ་བསླབ་པར་བགྱི་སྟེ། བསླབ་པ་གསུམ་པོ་འདི་དག་ནི་ཐར་པ་ཐོབ་པའི་ཐབས་ཆ་ཚང་བ་དང་། ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་རོ། །འདི་ལྟར་ཚུལ་ཁྲིམས་ཀྱིས་རྒྱུད་མ་སྨིན་པ་སྨིན་པར་བྱེད་ཅིང་། ཏིང་ངེ་འཛིན་གྱིས་ཉོན་མོངས་མགོ་གནོན་ལ། ཤེས་རབ་ཀྱིས་དྲུངས་འབྱིན་པའི་སྒོ་ནས་སྨིན་པ་གྲོལ་བར་བྱེད་པའི་ཕྱིར་རོ། །འདི་དག་ནི་བསླབ་པ་ཐམས་ཅད་སྡུད་བྱེད་ཀྱང་ཡིན་ཏེ། འདི་ལྟར་སོ་སོ་ཐར་པ་ལས་གསུངས་པའི་ཕམ་པ་བཞི། ལྷག་མ་བཅུ་གསུམ། སྤང་ལྟུང་སུམ་ཅུ། འབའ་ཞིག་པ་དགུ་བཅུ། སོར་བཤགས་བཞི། ཉེས་བྱས་བརྒྱ་རྩ་བཅུ་གཉིས་ཏེ། བསླབ་པ་བརྒྱ་རྩ་ལྔ་བཅུ་ལྷག་གཅིག་སྟེ་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་པོ་རྣམས་ནི། ལྷག་པའི་ཚུལ་ཁྲིམས་ཡིན་པའི་ཕྱིར། གསུམ་པོ་འདིར་འདུ་བར་འགྱུར་བས། དེའི་ཕྱིར་གསུམ་པོ་འདི་ལ་འབད་དེ་བསླབ་བོ་ཞེས་པའོ། །

ལྔ་པ་དེའི་རྒྱུར་ལུས་སུ་རྟོགས་པའི་དྲན་པ་བསྲུང་བ་ནི། དབང་ཕྱུག་ལུས་རྟོག་དྲན་པ་བདེ་གཤེགས་ཀྱིས། །བགྲོད་པ་གཅིག་པའི་ལམ་དུ་ཉེ་བར་བསྟན། །དེ་ནི་བསྒྲིམས་ནས་མངོན་པར་བསྲུང་བགྱི་སྟེ། །དྲན་པ་ཉམས་པས་ཆོས་ཀུན་འཇིག་པར་འགྱུར། །ཞེས་གསུངས་ཏེ། དབང་ཕྱུག་ཅེས་རྒྱལ་པོ་ལ་བོས་ནས། ལུས་འགྲེང་བ་དང་འདུག་པ་སོགས་ཀྱི་གནས་སྐབས་ཐམས་ཅད་ལ་རྣམ་པར་དཔྱོད་པ་ནི། ལུས་སུ་རྟོག་པའི་དྲན་པ་སྟེ། དེ་ནི་བདེ་གཤེགས་ཀྱི་བགྲོད་པ་གཅིག་པ་སྟེ། ངེས་པར་བདེ་བླག་ཏུ་ཐོབ་པའི་ལམ་དུ་བསྟན་ཏེ། མདོ་ལས། དགེ་སློང་དག་སེམས་ཅན་རྣམས་རྣམ་པར་དག་པར་བྱེད་པ་དང་། སྡུག་བསྔལ་དང་། ཡིད་མི་བདེ་བ་ལས་ཡང་དག་པར་འདའ་བར་བྱེད་པ་དང་། རིགས་པའི་ཆོས་རྟོགས་པར་བྱེད་པ་དང་། མྱ་ངན་ལས་འདས་པ་མངོན་སུམ་དུ་བྱེད་པའི་ལམ་ནི་འདི་ལྟ་སྟེ། ལུས་སུ་རྟོག་པའི་དྲན་པ་ཡིན་ནོ། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་ལུས་སུ་རྟོག་པའི་དྲན་པ་དེ་ནི། དགོས་པ་ཆེ་བའི་ཕྱིར་བསྒྲིམས་ནས་མངོན་པར་བསྲུང་བར་བགྱི་སྟེ། དྲན་པ་དེ་ཉམས་པས་དགེ་བའི་ཆོས་གཞན་ཀུན་ཀྱང་འཇིག་པར་འགྱུར་ན་མྱ་ངན་ལས་འདས་པ་ཐོབ་པར་བྱེད་པ་རྣམས་སྨོས་ཅི་དགོས་ཞེས་པའོ། །

གསུམ་པ་དེའི་རྟེན་ཐོབ་པ་དོན་ཡོད་པར་བྱ་བ་ལ་གསུམ་གྱི། དང་པོ་ལུས་མི་རྟག་ཅིང་སྙིང་པོ་མེད་པར་བསམས་ཏེ་མ་ཆགས་པར་བྱ་བ་ནི། ཚེ་ནི་གནོད་མང་རླུང་གིས་བཏབ་པ་ཡི། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་འབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས་ཏེ། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་ལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་གསུངས་པ་ལྟར། སྐྱེས་བུའི་ཚེ་ནི། ཕྱི་རོལ་གྱི་མི་དང་མི་མ་ཡིན་པས་འཚེ་བ་དང་། ནང་འབྱུང་བ་འཁྲུགས་པ་སོགས་གནོད་པ་མང་པོ་དང་འབྲེལ་བས། རླུང་གིས་བཏབ་པའི་ཆུའི་ཆུ་བུར་བས་ཀྱང་ཆེས་མི་རྟག་ན། དབུགས་ནང་དུ་རྔུབ་པ་ལས་ཕྱིར་འབྱུང་བ་དང་། གཉིད་ཀྱིས་ལོག་པ་ལས་སླར་སད་པ་ཁོམ་པ་སྟེ། མ་ཤི་བར་སླར་ཡང་གནས་པའི་སྐབས་ཡོད་པ་གང་ལགས་པ་དེ་ནི་ངོ་མཚར་ཆེ་སྟེ། སྟེས་དབང་ཙམ་མོ། །དེ་ལྟར་ཚེ་མི་རྟག་ཅིང་ལུས་ལ་ཡང་ཆགས་པར་བྱ་བའི་སྙིང་པོ་མེད་དོ་ཞེས་བསྟན་པའི་ཕྱིར། ལུས་མཐའ་ཐལ་བ་མཐར་སྐམ་མཐར་འདྲུལ་ཞིང་། །ཐ་མར་མི་གཙང་སྙིང་པོ་མ་མཆིས་པར། །རྣམ་པར་འཇིག་དེངས་མྱགས་པར་འགྱུར་བ་སྟེ། །སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད། །ཅེས་གསུངས་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། དགེ་སློང་དག་ཤི་ཞིང་དུས་ལས་འདས་པའི་ལུས་ཉེ་དུ་རྣམས་ཀྱིས་མེར་བསྲེགས་པའམ། ཆུར་བསྐྱུར་བའམ། ས་འོག་ཏུ་འཇུག་པར་བྱེད་ཅིང་། ཡང་ན་རླུང་དང་ཉི་མ་དག་གིས་སྐེམས་པར་འགྱུར། ཡང་ན་ནི་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་སྲོག་ཆགས་སྣ་ཚོགས་ཀྱིས་ཟ་བར་འགྱུར་རོ་ཞེས་གསུངས་ཏེ། དེ་ལ་མེར་བསྲེགས་པས་ཐལ་བ་དང་། རླུང་དང་ཉི་མས་མཐར་སྐམ་པ་དང་ཆུར་བསྐྱུར་བས་མཐར་འདྲུལ་ཞིང་སྲོག་ཆགས་ཀྱིས་ཟོས་པ་མཐར་མི་གཙང་བ་ཉིད་དུ་འགྱུར་ཏེ། དེ་ལྟ་བས་ན་ལུས་འདི་ལ་སྙིང་པོ་མ་མཆིས་ཏེ། མེས་རྣམ་པར་འཇིག་པ་དང་། རླུང་དང་ཉི་མས་དེངས་པ་དང་། ཆུས་རུལ་ཞིང་མྱགས་པ་དང་། སྲོག་ཆགས་རྣམས་ཀྱིས་ཁམ་གྱིས་དུམ་བུ་དུམ་བུར་བཅད་པས། སོ་སོར་འགྱེས་ཆོས་ཅན་དུ་མཁྱེན་པར་མཛོད་ཅིག ཆོས་བརྟན་པ་རྣམས་ཀྱང་མཐར་འཇིག་པར་ངེས་ན། ལུས་ལ་སྨོས་ཅི་དགོས་ཞེས་བསྟན་པའི་ཕྱིར། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམས་ཆུང་མི་ལྟ་སྨོས་ཅི་འཚལ། །ཞེས་གསུངས་ཏེ། གང་ཡང་བརྟན་ཞིང་སྲ་བའི་དངོས་པོ་སའི་དཀྱིལ་འཁོར་དང་། ལྷུན་པོ་གསེར་གྱི་རི་བདུན་དང་བཅས་པ་དང་། ཕྱི་དང་ནང་གི་རྒྱ་མཚོ་དག་ཀྱང་འཇིག་རྟེན་མེས་འཇིག་པའི་ཚེ། ཉི་མ་འདི་ཉིད་ཀྱིས་རྩི་ཤིང་ནགས་ཚལ་རྣམས་བསྲེགས། གཉིས་པས་ཆུ་ཕྲན་རྣམས་སྐམས། གསུམ་པས་མཚོ་མ་དྲོས་པ་ཆུ་བོ་ཆེན་པོ་བཞི་དང་བཅས་པ་སྐེམས། བཞི་པ་དང་ལྔ་པས། རྒྱ་མཚོ་ཆུའི་ཟིལ་པ་ཙམ་དུ་སྐེམས་སོ། །དྲུག་པས་ནི་ཆུའི་ཐིགས་པ་ཙམ་ཡང་མ་ལུས་པ་སྐེམས་ཤིང་། ས་ཆེན་རི་རབ་དང་བཅས་པ་དུ་བར་འཐུལ་བར་བྱེད་དོ། །བདུན་པ་བྱུང་བའི་ཚེ་མེ་ལྕེ་གཅིག་ཏུ་གྱུར་ཏེ་ཐལ་བའི་ལྷག་མ་ཡང་མ་ལུས་པར་འགྱུར་རོ་ཞེས་བཤད་པ་ལྟར། ཉི་མ་བདུན་ཤར་ནས་མེ་ལྕེ་གཅིག་ཏུ་འབར་བས་བསྲེགས་པའི་མཐུས་ལུས་ཅན་ཏེ་གཟུགས་ཅན་བརྟན་པ་འདི་དག་ཀྱང་ཐལ་བ་ཙམ་ཡང་ལུས་པར་མི་འགྱུར་བར་འཇིག་ན། ཤིན་ཏུ་ཉམས་ཆུང་བའི་མིའི་ལུས་ལྟ་སྨོས་ཀྱང་ཅི་འཚལ་ཏེ། འདི་མི་རྟག་པས་གཞོམ་མི་ནུས་པའི་སྐབས་མེད་དོ། །ཞེས་པའོ། །

ཚེ་མི་རྟག་པ་དང་། ལུས་སྙིང་པོ་མེད་པ་དེའི་ཕྱིར། འཁོར་བ་ལ་ཡིད་འབྱུང་བར་བྱ་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། དེ་ལྟར་འདི་ཀུན་མི་རྟག་བདག་མེད་དེ། །སྐྱབས་མེད་མགོན་མེད་གནས་མེད་དེ་སླད་དུ། །འཁོར་བ་ཆུ་ཤིང་སྙིང་པོ་མེད་པ་ལ། །མི་མཆོག་ཁྱོད་ཀྱིས་ཐུགས་ནི་དབྱུང་བར་མཛོད། །ཅེས་གསུངས་ཏེ། དེ་ལྟར་གཟུགས་ཅན་རྣམས་མི་རྟག་པར་མ་ཟད། ཉེ་བར་ལེན་པ་ཕུང་པོ་ལྔ་པོ་འདི་ཀུན་ཀྱང་སྔར་བཤད་པ་ལྟར་མི་རྟག་ཅིང་བདག་མེད་དེ། སྡུག་བསྔལ་ལས་སྐྱོབ་པའི་སྐྱབས་མེད་ལ། ཕན་འདོགས་པའི་མགོན་མེད་ཅིང་། ཐ་མལ་པར་འདུག་པའི་གནས་སྐབས་ཀྱང་མེད་པ་དེའི་སླད་དུ། འཁོར་བ་ཆུ་ཤིང་ལྟར་སྙིང་པོ་མེད་པ་འདི་ལ། མི་མཆོག་ཁྱོད་ཀྱིས་ཐུགས་དབྱུང་བ་སྟེ། སྐྱོ་བར་མཛོད་ཅིག་ཅེས་པའོ། །གཉིས་པ་དལ་འབྱོར་རྙེད་པར་དཀའ་བ་བསམས་ནས། དོན་ཡོད་པར་བྱ་བ་ནི། རྒྱ་མཚོ་གཅིག་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་ཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་གསུངས་ཏེ། འཇིག་རྟེན་རྒྱ་མཚོ་གཅིག་ཏུ་གྱུར་པ་ན། རུས་སྦལ་ཞར་བ་ལོ་བརྒྱ་བརྒྱ་ནས་ལན་རེ་རེ་སྟེང་དུ་འབྱུང་བ་ཞིག་གནས་ཤིང་། དེ་ན་གཉའ་ཤིང་བུ་ག་གཅིག་པ་རླུང་གིས་ཕྱོགས་ཐམས་ཅད་དུ་དེད་པ་ཅིག་ཀྱང་ཡོད་པ་དེའི་བུ་ག་དང་རུས་སྦལ་གྱི་མགྲིན་པ་ཕྲད་དེ་དེར་ཆུད་པ་བས་ཀྱང་། དུད་འགྲོ་ནས་མི་ཉིད་དུ་སྐྱེ་བ་ཆེས་ཐོབ་པར་དཀའ་སྟེ། དུད་འགྲོ་རྣམས་བླུན་པས་དགེ་བ་སྟོབས་ལྡན་སྐྱེད་མི་ནུས་པའི་ཕྱིར་རོ། །དོན་འདི་མདོ་ལས། དགེ་སློང་དག་འཇིག་རྟེན་རྒྱ་མཚོ་གཅིག་ཏུ་གྱུར་པའི་ནང་ན། རུས་སྦལ་ལོང་བ་ཚེ་རིང་པོར་འཚོ་བ་ཞིག་གནས་ཤིང་། དེ་ལོ་བརྒྱ་འདས་ནས་ལན་ཅིག་གྱེན་དུ་འབྱུང་ལ། རྒྱ་མཚོ་ཆེན་པོ་དེ་ན་གཉའ་ཤིང་བུ་ག་གཅིག་པ་ཅིག་ཡོད་པ་དེ་ཤར་གྱི་རླུང་གིས་བདས་ན་ནི་ནུབ་ཕྱོགས་སུ་འགྲོ་ཞེས་སོགས་བཀའ་བསྩལ་ནས། དགེ་སློང་དག་གང་དུ་རུས་སྦལ་ལོང་བ་གྱེན་དུ་བྱུང་བའི་མགྲིན་པ་གཉའ་ཤིང་དེའི་བུ་གར་ཆུད་པར་འགྱུར་བའི་དུས་དེ་ནི་ཡོད་ཀྱི། དགེ་སློང་དག་མིར་སྐྱེ་བ་ཐོབ་པ་ནི་དེ་བས་ཀྱང་ཆེས་ཐོབ་པ་དཀའ་བར་ང་སྨྲའོ། །ཞེས་གསུངས་སོ། །དེ་བས་ན་མི་དབང་གིས་དམ་ཆོས་སྤྱོད་ཅིང་། བསྒྲུབ་པ་སྙིང་པོར་མཛད་པས་མི་ལུས་འདིར་འབྲས་བུ་མཆིས་པར་མཛོད་ཅིག དེ་ལྟར་མིའི་ལུས་ནི་ཤིན་ཏུ་ཐོབ་པར་དཀའ་བའི་ཕྱིར། གལ་ཏེ་དེ་ཆུད་གསོན་པར་བྱེད་ན་ནི། བླུན་པ་ཉིད་དོ་ཞེས་བསྟན་པའི་ཕྱིར། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུགས་འཕྱགས་པར་བགྱིད་པ་དེ་བས་ཀྱང་། །གང་ཞིག་མི་རུ་སྐྱེས་ནས་སྡིག་པ་དག། བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་གསུངས་ཏེ། སྐྱེས་བུ་གང་ཞིག་གསེར་ལས་བྱས་པའི་སྣོད་རིན་པོ་ཆེ་སྣ་ཚོགས་ཀྱིས་སྤྲས་པ་ཡིས་༼ཞིག༽བཤང་གཅི་སོགས་ངན་སྐྱུགས་འཕྱག་པར་བགྱིད་ན། གནས་མ་ཡིན་པར་སྤྱོད་པའི་ཕྱིར་འཇིག་རྟེན་ན་སྨད་པར་བྱ་བ་ཡིན་ན། དེ་བས་ཀྱང་གང་ཞིག་མི་རུ་སྐྱེས་ནས་སྡིག་པ་བགྱིད་པ་དེ་དག་ཆེས་ཤེས་རབ་བླུན་པ་ལགས་ཏེ། གསེར་སྣོད་བས་མི་ཉིད་ཆེས་རྙེད་པར་དཀའ་བའི་ཕྱིར་དང་། རྣམ་སྨིན་མི་ཟད་པ་འབྱིན་པས་ངན་སྐྱུགས་པས་སྡིག་པ་ཆེས་སྨད་པའི་ཕྱིར་རོ། །

གསུམ་པ་ཁྱད་པར་དུ་རྒྱལ་པོ་ཡང་རྟེན་ཁྱད་པར་ཅན་ཐོབ་པས་འབད་པར་གདམས་པ་ནི། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་ལ་ནི་བརྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་བགྱིས། །འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །ཞེས་གསུངས་ཏེ། གང་དུ་གནས་ན་འཕགས་ལམ་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡུལ་དུ་གནས་པ་དང་། གང་དང་འགྲོགས་ན། ཉེས་པ་འགྲིབ་ཅིང་ཡོན་ཏན་འཕེལ་བར་འགྱུར་བའི་སྐྱེས་བུ་དམ་པ་ལ་བརྟེན་པ་དང་། བདག་ཉིད་ལེགས་པར་སྨོན་ཞིང་། བསམ་པ་བཞིན་སྦྱོར་བས་ཀྱང་ལེགས་པར་སྒྲུབ་པ་དང་། སྔོན་ཡང་བསོད་ནམས་བགྱིས་པས་རྒྱུད་སྨིན་པ་དང་། བཞི་ནི་ཤིང་རྟའི་འཁོར་ལོ་དང་འདྲ་བས་འཁོར་ལོ་ཞེས་བྱས་ཏེ། དཔེར་ན་འཁོར་ལོ་འཆམ་པའི་ཤིང་རྟས་བགྲོད་པར་བྱ་བའི་གནས་བདེ་བླག་ཏུ་ཕྱིན་པར་ནུས་པ་བཞིན་དུ། དེ་དག་དང་ལྡན་པའི་ལམ་གྱིས་ཀྱང་ཐར་པར་བདེ་བླག་ཏུ་ཕྱིན་པར་ནུས་པའི་ཕྱིར་རོ། །དེ་བས་ན་འཁོར་ལོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ་བས་ལམ་སྒྲུབ་པའི་རྒྱུ་ཚོགས་ཚང་བའི་ཕྱིར་ལམ་སྒྲུབ་པ་ལ་འབད་པར་བྱའོ། །འཕགས་ལམ་བསྐྱེད་པ་ལ་སྐྱེས་བུ་དམ་པ་ལ་བསྟེན་པ་གཙོ་བོ་ཡིན་པར་བསྟན་པའི་ཕྱིར། དགེ་བའི་བཤེས་གཉེན་བསྟེན་པ་ཚངས་པར་སྤྱོད། །ཡོངས་སུ་རྫོགས་པར་ཐུབ་པས་གསུངས་དེའི་ཕྱིར། །སྐྱེས་བུ་དམ་པ་བསྟེན་བགྱི་རྒྱལ་བ་ལ། །བརྟེན་ནས་རབ་ཏུ་མང་པོས་ཞི་བ་ཐོབ། །ཅེས་གསུངས་ཏེ། ལམ་སྒྲུབ་པ་ན་ཐོག་མར་དགེ་བའི་བཤེས་གཉེན་ལ་བརྟེེན་པར་བགྱི་སྟེ། དེ་ཉིད་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པའི་རྒྱུ་ཡིན་པར་ཐུབ་པས་གསུངས་པས་སོ། །ཇི་སྐད་དུ། མདོ་ལས། ཀུན་དགའ་བོ་འདི་ལྟ་སྟེ། དགེ་བའི་བཤེས་གཉེན་དང་། དགེ་བའི་གྲོགས་པོ་ནི་ཚངས་པར་སྤྱོད་པ་ཡོངས་སུ་རྫོགས་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་སྐྱེ་བའི་ཆོས་ཅན་རྣམས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་སྐྱེ་བ་ལས་ཡོངས་སུ་གྲོལ་ཞེས་འབྱུང་ངོ་། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་རྟག་པར་སྐྱེས་བུ་དམ་པ་ལ་བརྟེན་པར་བགྱི་སྟེ། རྒྱལ་བ་ལ་བརྟེན་ནས་སེམས་ཅན་རབ་ཏུ་མང་པོས་ཞི་བ་ཐོབ་པ་བཞིན་ནོ། །དེ་ལ་ཚངས་པར་སྤྱོད་པ་ནི་འདིར་ཐར་པའི་ལམ་སྟེ། སྲིད་པའི་ཉེས་པ་མ་ལུས་པ་ཚངས་པ་མྱ་ངན་ལས་འདས་པའི་དོན་དུ་སྤྱོད་པའི་ཕྱིར་རོ། །སྐྱེས་བུ་དམ་པའི་མཚན་ཉིད་གང་ཞེ་ན། རྒྱན་ལས། བཤེས་གཉེན་དུལ་བ་ཞི་བ་ཉེར་ཞི་བ། །ཡོན་ཏན་ལྷག་པ་བརྩོན་བྱས་ལུང་གིས་ཕྱུག །དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན། །སྙིང་རྗེའི་བདག་ཉིད་སྐྱོ་བ་སྤངས་ལ་བརྟེན། །ཞེས་གསུངས་པ་ལྟར། བསླབ་པ་རིན་པོ་ཆེ་གསུམ་ལ་གནས་ཤིང་། སྡེ་སྣོད་གསུམ་གྱི་ལུང་གིས་ཕྱུག་པ། གནས་ལུགས་ཀྱི་དེ་ཁོ་ན་ཉིད་རྟོགས་ཤིང་རྟོགས་པ་ལྟར་བརྡ་སྤྲོད་པ་ལ་མཁས་པ། སློབ་མ་ལ་སྙིང་བརྩེ་ཞིང་གདམས་པ་དང་། རྗེས་སུ་བསྟན་པ་འཆད་པ་ལ་སྐྱོ་བ་མེད་པའོ། །

ཐར་ལམ་སྒྲུབ་པའི་མི་མཐུན་ཕྱོགས་དང་དྲལ་བའི་རྟེན་ཁྱད་པར་ཅན་རྙེད་པའི་ཕྱིར་ཡང་འབད་པར་རིགས་སོ་ཞེས་བསྟན་པའི་ཕྱིར། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་དང་། །ཡི་དྭགས་ཉིད་དང་དམྱལ་བར་སྐྱེ་བ་དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེ་དང་གླེན་ཞིང་ལྐུགས་པ་ཉིད། །ཚེ་རིང་ལྷ་དང་གང་ཡང་རུང་བར་ནི། །སྐྱེ་བ་ཞེས་བགྱི་མི་ཁོམ་སྐྱོན་བརྒྱད་པོ། །དེ་དག་དང་བྲལ་ཁོམ་པ་རྙེད་ནས་ནི། །སྐྱེ་བ་བཟློག་པའི་སླད་དུ་འབད་པར་མཛོད། །ཅེས་གསུངས་ཏེ། གལ་ཏེ་དུད་འགྲོ་དང་ཡི་དྭགས་དང་། དམྱལ་བར་སྐྱེ་བ་སྟེ་ངན་སོང་གསུམ་དང་། རྒྱལ་བའི་བཀའ་མེད་པ་སྟེ། སངས་རྒྱས་མ་བྱོན་པའི་འཇིག་རྟེན་དུ་སྐྱེས་པ་དང་། བྱོན་ཡང་དེའི་སྒྲ་མི་ཐོས་པའི་མཐའ་འཁོབ་ཏུ་ཀླ་ཀློར་སྐྱེ་བ་དང་། ཡུལ་དབུས་ཡིན་ཡང་གླེན་ཞིང་ལྐུགས་པ་དང་། རྒྱུ་འབྲས་དང་ཐར་པ་དང་དེའི་ལམ་ལ་སྐུར་པ་འདེབས་པའི་ལོག་པར་ལྟ་བ་འཛིན་པ་སྟེ། མིའི་འགྲོ་བ་པ་བཞི་དང་། སེམས་ཅན་འདུ་ཤེས་མེད་པར་སྐྱེས་པ་ཚེ་རིང་ལྷ་དང་བརྒྱད་ལས་གང་ཡང་རུང་བར་སྐྱེ་བ་བླངས་པ་ནི། མི་ཁོམ་པ་ཞེས་བགྱི་སྟེ། ཐར་པ་སྒྲུབ་པའི་སྐབས་མེད་པའི་ཕྱིར་རོ། །རྒྱལ་པོ་ཁྱོད་ཀྱིས་སྐྱོན་བརྒྱད་པོ་དེ་དག་དང་བྲལ་ཞིང་། ཐར་པ་སྒྲུབ་ཏུ་ཁོམ་པའི་རྟེན་ཁྱད་པར་ཅན་རྙེད་ནས་ནི་དེ་དོན་ཡོད་པར་བྱ་བའི་ཕྱིར། སྐྱེ་བ་བཟློག་པའི་སླད་དུ་ལམ་སྒྲུབ་པ་ལ་འབད་པར་མཛོད་ཅིག་ཅེས་པའོ། །

འཁོག་བའི་ཉེས་པས་བསྒྲུབ་པ་གདམས་པ།

གཉིས་པ་འཁོར་བའི་ཉེས་པས་སྐྱོ་བར་བྱ་བ་ལ་གསུམ་གྱི། དང་པོ་མདོར་བསྟན་པ་ནི། དེས་པ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་ལ་ནི་སྐྱོ་མཛད་ཅིང་། །འདི་ཡི་ཉེས་པ་ཤས་ཀྱང་གསན་པར་མཛོད། །ཅེས་གསུངས་ཏེ། དེས་པ་ཞེས་རྒྱལ་པོ་ལ་བོས་ནས། ཟས་གོས་སོགས་འདོད་པས་ཕོངས་པ་དང་། མཐར་འཆི་བ་དང་གནས་སྐབས་སུ་འབྱུང་བར་འགྱུར་བའི་ན་བ་དང་། ན་ཚོད་འགྱུར་བའི་རྒ་བ་དང་སོགས་པས་བསྡུས་པ་མྱ་ངན་དང་སྨྲེ་སྔགས་འདོན་པ་སོགས་སྡུག་བསྔལ་དུ་མའི་འབྱུང་གནས་འཁོར་བ་ལ་སྐྱོ་བར་མཛད་དགོས་ཏེ། འཁོར་བ་ལས་ཡིད་མ་བྱུང་ན། ཐར་པ་དོན་གཉེར་གྱི་བློ་མི་སྐྱེ་བའི་ཕྱིར་རོ། །དེ་སྐྱེ་བའི་ཐབས་སུ་འཁོར་བ་འདིའི་ཉེས་པ་ཤས་ཀྱང་སྟེ་ཕྱོགས་ཙམ་བརྗོད་ཀྱིས་གསན་པར་མཛོད་ཅིག་ཅེས་ཏེ། འཁོར་བའི་ཉེས་པ་རྫོགས་པར་བརྗོད་མི་ནུས་ཤིང་། ཕྱོགས་གཅིག་ཐོས་པས་ཀྱང་ཡིད་འབྱུང་བའི་ཕྱིར་རོ། །གཉིས་པ་རྒྱས་པར་བཤད་པ་ལ། འཁོར་བའི་ཉེས་པ་རིལ་བརྗོད་མི་ནུས་པས་ཕྱོགས་གཅིག་བརྗོད་པར་བྱ་སྟེ། དེ་ལ་ཡང་བདུན་ཡོད་པའི་དང་པོ་ངེས་པ་མེད་པའི་ཉེས་པ་ནི། ཕ་ནི་བུ་ཉིད་མ་ནི་ཆུང་མ་ཉིད། །སྐྱེ་བོ་དགྲར་གྱུར་པ་དག་བཤེས་ཉིད་དང་། །བཟློག་པ་ཉིད་དུ་མཆི་བས་དེ་སླད་དུ། །འཁོར་བ་དག་ན་ངེས་པ་འགའ་མ་མཆིས། །ཞེས་གསུངས་ཏེ། ཡང་དང་ཡང་དུ་སྐྱེ་བ་ལེན་པ་ན་ཕ་ནི་རེས་འགའ་བུ་ཉིད་དང་། མ་ནི་ཆུང་མ་ཉིད་དང་། སྐྱེ་བོ་དགྲར་གྱུར་པ་དག་ཀྱང་གཞན་དུ་མཛའ་བཤེས་ཉིད་དང་། དེ་ལས་བཟློག་སྟེ་བུ་ཉིད་ཕར་འགྱུར་བ་སོགས་སུ་མཆི་བས། དེའི་སླད་དུ་འཁོར་བ་དག་ན་དགྲ་གཉེན་དུ་ངེས་པ་འགའ་ཡང་མ་མཆིས་པས། དགྲ་གཉེན་གྱི་ཕྱོགས་དག་ལ་ཆགས་སྡང་སྤོངས་ཤིག་ཅེས་པའོ། །གཉིས་པ་ངོམས་མི་ཤེས་པའི་ཉེས་པ་ནི། རེ་རེས་རྒྱ་མཚོ་བཞི་ལས་ལྷག་པ་ཡི། །འོ་མ་འཐུངས་ཏེ་ད་དུང་སོ་སོ་ཡི། །སྐྱེ་བོའི་རྗེས་སུ་འབྲང་བའི་འཁོར་བ་པས། །དེ་བས་ཆེས་མང་ཉིད་ཅིག་བཏུང་འཚལ་ལོ། །ཞེས་གསུངས་ཏེ། སེམས་ཅན་རེ་རེས་ཀྱང་སྔོན་ཆད་ཕྱོགས་བཞིའི་རྒྱ་མཚོ་བཞི་ལས་ལྷག་པའི་འོ་མ་འཐུངས་ཏེ། འོ་མ་འཐུངས་པའི་སྐྱེ་བ་ལ་ཐོག་མ་མེད་པའི་ཕྱིར་རོ། །དེ་ལྟ་ན་ཡང་ད་དུང་སོ་སོ་སྐྱེ་བོའི་རྗེས་སུ་འབྲང་བ་སྟེ། འཕགས་པའི་ལམ་ལ་མ་བཞུགས་པའི་འཁོར་བ་པས། སྔར་གྱི་དེ་བས་ཆེས་མང་བའི་འོ་མ་ཞིག་བཏུང་འཚལ་ཏེ། ཐར་པ་ཆ་མཐུན་གྱི་དགེ་བ་མ་བསྐྱེད་པའི་བྱིས་པ་རྣམས་ཀྱི་འཁོར་བ་ལ་ཕྱི་མཐའ་མེད་པའི་ཕྱིར་རོ། །

གསུམ་པ་ལུས་ཡང་དང་ཡང་དུ་འདོར་བའི་ཉེས་པ་ནི། རེ་རེའི་བདག་ཉིད་རུས་པའི་ཕུང་པོ་ནི། །ལྷུན་པོ་མཉམ་པ་སྙེད་ཅིག་འདས་གྱུར་ཏེ། །ཞེས་གསུངས་ཏེ། སེམས་ཅན་རེ་རེས་ཀྱང་སྔོན་ཆད་འཁོར་བར་སྐྱེ་བ་བླངས་པའི་བདག་ཉིད་ཀྱི་རུས་པའི་ཕུང་པོ་ནི། ལྷུན་པོ་དང་མཉམ་པའམ་དེ་བས་ལྷག་པ་སྙེད་ཅིག་འདས་གྱུར་ཏེ། ད་དུང་ལམ་ལ་མ་འབད་ན། དེ་བས་ཆེས་མང་བའི་རུས་པ་འདོར་དགོས་སོ། །བཞི་པ་ཡང་དང་ཡང་དུ་ཉིང་མཚམས་སྦྱོར་བའི་ཉེས་པ་ནི། མ་ཡི་ཐུག་མཐའ་རྒྱ་ཤུག་ཚིག་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་གསུངས་ཏེ། སེམས་ཅན་རེ་རེའང་སྔར་བདག་གི་མའམ། མའི་མར་གྱུར་པ་ལྟ་བུའི་གྲངས་ཀྱིས་ཐུག་པའི་མཐའ་ཡང་སའི་དཀྱིལ་འཁོར་ལས། རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་བཅད་ཅིང་བགྲངས་ཀྱང་། ས་ཡིས་ལང་བར་མི་འགྱུར་བར་འཛད་ཀྱིས། སེམས་ཅན་གཅིག་གི་མར་གྱུར་བའི་གྲངས་ནི་ཟད་པར་མི་འགྱུར་ཏེ། ད་དུང་ཡང་ལམ་ལ་མ་འབད་ན་དེ་བས་ཀྱང་མང་བར་འགྱུར་རོ། །དོན་དེ་ཡང་མདོ་ལས། དགེ་སློང་དག་དཔེར་ན་སྐྱེས་བུ་འགའ་ཞིག་གིས་ས་ཆེན་པོ་འདི་ལས་རྒྱ་ཤུག་གི་ཚིག་གུ་ཙམ་གྱི་རིལ་བུ་ཐོགས་ཏེ། འདི་ནི་བདག་གི་མའོ། །འདི་ནི་བདག་གི་མ་དེའི་མའོ་ཞེས་འདོར་བར་བྱེད་ན། དགེ་སློང་དག་ས་ཆེན་པོའི་འཇིམ་པ་ནི་ཆེས་སྔར་ཟད་པར་འགྱུར་གྱིས། མི་རྣམས་ཀྱི་མའི་རྒྱུད་ནི། དེ་ལྟ་མ་ཡིན་པར་ང་སྨྲའོ། །ཞེས་གསུངས་པ་ལྟ་བུའོ། །

ལྔ་པ་ཡང་ཡང་མཐོ་དམན་དུ་འགྱུར་བའི་ཉེས་པ་ནི། བརྒྱ་བྱིན་འཇིག་རྟེན་མཆོད་འོས་གྱུར་ནས་ནི། །ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་ལྟུང་། །འཁོར་ལོས་བསྒྱུར་རྒྱལ་ཉིད་དུ་གྱུར་ནས་ཀྱང་། །འཁོར་བ་དག་ཏུ་ཡང་བྲན་ཉིད་དུ་འགྱུར། །ཞེས་གསུངས་ཏེ། བརྒྱ་བྱིན་ནི་ལྷ་རྣམས་ཀྱིས་ཀྱང་མཆོད་ན་གཞན་གྱིས་ལྟ་ཅི་སྨོས། དེ་ལྟ་བུ་འཇིག་རྟེན་གྱི་མཆོད་འོས་སུ་གྱུར་ནས་ཀྱང་སྔོན་གྱི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཀྱི་དབང་གིས་ཕྱིར་ཡང་ས་སྟེང་དུ་མི་ཕལ་པའམ་ངན་སོང་དུ་ཡང་ལྟུང་ལ། འཁོར་ལོས་བསྒྱུར་བའི་རྒྱལ་པོ་རིན་ཆེན་སྣ་བདུན་དང་ལྡན་ཞིང་གླིང་བཞི་ལ་དབང་བྱེད་པ་ཉིད་དུ་གྱུར་ནས་ཀྱང་། འཁོར་བ་ན་འཁོར་བའི་གནས་སྐབས་དག་ཏུ། ལས་ཀྱི་དབང་གིས་མི་ཡང་བྲན་ཉིད་དམ། ངན་སོང་དུ་ཡང་ལྟུང་བར་འགྱུར་རོ། །དེ་ལྟར་དབང་ཆེ་བ་ལ་ཡིད་བརྟན་དུ་མེད་པར་བསྟན་ནས། འདོད་པའི་བདེ་བ་ལ་ཡིད་བརྟན་དུ་མེད་པར་སྟོན་པ་ནི། མཐོ་རིས་བུ་བོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་བར་འཐག་གཅོད་དབང་བའི་འཕྲུལ་འཁོར་གྱི། །རེག་པ་ཤིན་ཏུ་མི་ཟད་བསྟེན་འཚལ་ལོ། །ཞེས་གསུངས་ཏེ། ལྷར་སྐྱེས་ཏེ་མཐོ་རིས་ཀྱི་བུ་མོའི་ནུ་མ་དང་རྐེད་པ་ལ་རེག་པའི་འདོད་པའི་བདེ་བ་ཡུན་རིང་མྱོང་ནས་སླར་ཡང་སྡིག་པའི་ལས་ཀྱི་དབང་གིས་དམྱལ་བར་སྐྱེས་པ་ན། བསྡུས་འཇོམས་སུ་ལྕགས་ཀྱི་རི་ཆེན་པོའི་བར་དུ་འཐག་པ་དང་། ཐིག་ནག་ཏུ་མཚོན་གྱིས་གཅོད་པ་དང་། ཚ་བ་དང་རབ་ཏུ་ཚ་བར་མཚོན་ནམ་སྲོག་ཆགས་མི་ཟད་པས་མཆུ་དང་སྡེར་མོས་དབད་པ་སྟེ་ཕད་པའི་འཕྲུལ་འཁོར་གྱི་རེག་པ་ལས་བྱུང་བའི་སྡུག་བསྔལ་ཤིན་ཏུ་མི་བཟད་པ་སྔར་ལས་ཡུན་རིང་བ་བསྟེན་འཚལ་ལོ། །གནས་ལས་བྱུང་བའི་བདེ་བ་ལ་ཡིད་བརྟན་མེད་པར་སྟོན་པ་ནི། རྐང་པའི་རེག་པས་ནེམས་པར་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱགས་རྒྱུ་བ་ཡི། །སྡུག་བསྔལ་མི་ཟད་འཕོག་སྙམ་བགྱིད་འཚལ་ལོ། །ཞེས་གསུངས་ཏེ། རྐང་པའི་རེག་པས་མནན་ན་ནེམས་ཀྱིས་བྱེད་པ། བཏེག་ན་སྤར་གྱིས་བྱེད་པའི་བདེ་བ་བཟོད་དུ་རུང་བ་དང་ལྡན་པའི་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་ལྷུན་པོའི་སྤོ་ལ་ཡུན་རིང་སྟེ། ལྷའི་ལོ་སྟོང་དུ་གནས་ནས་སླར་ཡང་དམྱལ་བར་མེ་མུར་པུས་ནུབ་ཙམ་དང་། རོ་མྱགས་ཏེ་ཕྱི་སའི་འདམ་དུ་རྒྱུ་བའི་སྡུག་བསྔལ་མི་ཟད་པ་འཕོག་པ་སྟེ། མྱོང་དགོས་སོ་སྙམ་དུ་ཐུགས་ལ་བགྱིད་འཚལ་ལོ། །སྐྱེད་མོས་ཚལ་དུ་རོལ་པའི་བདེ་བ་ལ་ཡིད་འབྱུང་བར་བྱ་བའི་ཕྱིར། མཐོ་རིས་བུ་མོས་འབྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་འཚལ་སོན་པར་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་འཐོབ་པར་འགྱུར། །ཞེས་གསུངས་ཏེ། མཐོ་རིས་བུ་མོས་འབྲོངས་ཤིང་སྟེ་ལྷའི་བུ་མོ་མང་པོས་ཉེ་བར་བསྟེན་ཅིང་འཁོར་གྱིས་བསྐོར་བའི་དགའ་བའི་ཚལ་དང་། རྣམ་པར་མཛེས་པའི་ཚལ་དུ་སོན་ཏེ། འདོད་པའི་དགའ་བ་ལ་ཡུན་རིང་རྩེད་ནས། སླར་ཡང་དམྱལ་བར་འདབ་མ་རལ་གྲི་འདྲ་བའི་ཚལ་གྱི་གསེབ་ཏུ་ཕྱིན་ཏེ། དེ་ལ་གནས་པའི་ལོ་མ་མཚོན་རྣོན་པོ་སྣ་ཚོགས་པ་རླུང་གིས་བསྐྱོད་དེ། ལྷུངས་པ་རྣམས་ཀྱིས་རྐང་ལག་དང་རྣ་བ་དང་སྣ་གཅོད་དེ། ལུས་དང་ཡན་ལག་ཐམས་ཅད་བཅད་ཅིང་ཕུག་པའི་སྡུག་བསྔལ་ཐོབ་པར་འགྱུར་རོ། །

གཞན་ཡང་། དལ་གྱིས་འབབ་པ་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བར་ཆུ་བོ་རབས་མེད་པར། །ཚྭ་སྒོ་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ། །ཞེས་གསུངས་ཏེ། ལྷའི་རྫིང་བུ་ཆུ་ཡན་ལག་བརྒྱད་དང་ལྡན་པ་དལ་གྱིས་འབབ་པ་ལྷའི་བུ་མོ་གདོང་མཛེས་པ་དག་གིས་བསྐོར་བ་གསེར་གྱི་པདྨ་དང་ལྡན་པར་ཁྲུས་ཀྱི་དོན་དུ་ཞུགས་པའི་བདེ་བ་ཡུན་རིང་མྱོང་ནས། སླར་ཡང་དམྱལ་བར་ཐལ་ཚན་གྱི་ཆུ་བོ་རབ་མེད་ཚྭ་རྒོ་ཅན་གྱི་ཆུ་ཚན་བཟོད་གླགས་ཏེ། བཟོད་པར་མི་ནུས་པའི་རེག་པ་དང་ལྡན་པར་འཇུག་འཚལ་ལོ། །དེ་ལྟར་འདོད་ལྷ་འོག་མ་གཉིས་ཀྱི་བདེ་བ་ལ་ཡིད་བརྟན་དུ་མེད་པར་བསྟན་ནས། འཐབ་བྲལ་བ་སོགས་འདོད་ལྷ་གོང་མ་རྣམས་དང་། ཁམས་གོང་གི་བདེ་བ་ལ་ཡང་ཡིད་བརྟན་དུ་མེད་པར་སྟོན་པ་ནི། ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པར་བསྟེན་འཚལ་ལོ། །ཞེས་གསུངས་ཏེ། འཐབ་བྲལ་ཡན་ཆད་ཀྱི་ལྷ་ཡུལ་པའི་འདོད་པའི་བདེ་བ་འོག་མ་དག་ལས་ཆེས་ཁྱད་པར་དུ་འཕགས་པ་ཤིན་ཏུ་ཆེན་པོ་དང་། གཟུགས་ཁམས་ཚངས་པའི་འཇིག་རྟེན་གྱི་འདོད་པ་ལས་འདོད་ཆགས་དང་བྲལ་བའི་བདེ་བ་ཐོབ་ནས་སླར་ཡང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་མི་དགེ་བའི་དབང་གིས་མནར་མེད་མེ་ཡི་བུད་ཤིང་སྟེ། མེ་མི་ཟད་པས་བསྲེགས་པར་གྱུར་པའི་སྡུག་བསྔལ་རྒྱུན་མི་འཆད་ཅིང་མཚམས་མེད་པ་བསྟེན་པར་འཚལ་ལོ། །གཞན་ཡང་། ཉི་མ་ཟླ་བ་ཉིད་ཐོབ་རང་ལུས་ཀྱི། །འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བྱས་ཏེ། །སླར་ཡང་མུན་ནག་སྨག་ཏུ་ཕྱིན་གྱུར་ནས། །རང་གི་ལག་པ་བརྐྱངས་པའང་མི་མཐོང་འགྱུར། །ཞེས་གསུངས་ཏེ། ལྷའི་བུ་ཉི་མ་དང་ཟླ་བ་ཉིད་དུ་སྐྱེ་བ་ཐོབ་ནས་རང་ལུས་ཀྱི་འོད་ཀྱིས་ཞེས་ཏེ། རྟེན་དང་བརྟེན་པ་མ་ཕྱེ་བར་འཇིག་རྟེན་ན་གྲགས་པ་ལྟར་བརྗོད་པ་སྟེ། གཞལ་མེད་ཁང་གི་འོག་གཞིའི་འོད་ཀྱིས་འཇིག་རྟེན་མཐའ་དག་སྣང་བར་བྱས་ཏེ། སླར་ཡང་འཇིག་རྟེན་གྱི་བར་ཉི་ཟླའི་འོད་མེད་པའི་མུན་ནག་སྨག་ཏུ་གྱུར་པ་དག་ཏུ་ཕྱིན་ཅིང་སྐྱེས་ནས་རང་གི་ལག་པ་བརྐྱངས་པའང་མཐོང་བར་མི་འགྱུར་རོ། །

དྲུག་པ་གྲོགས་མེད་པའི་ཉེས་པ་ནི། དེ་ལྟར་ནོངས་པར་འགྱུར་འཚལ་བསོད་ནམས་ནི། །རྣམ་གསུམ་མར་མེའི་སྣང་བ་རབ་བཞེས་ཤིག །གཅིག་པུ་ཉི་མ་ཟླ་བས་མི་བརྫི་བའི། །མུན་ནག་མཐའ་ཡས་ནང་དུ་འཇུག་འཚལ་ལོ། །ཞེས་གསུངས་ཏེ། དེ་ལྟར་ཚེ་མི་རྟག་པ་དང་། མཐོ་དམན་སྣ་ཚོགས་པར་འགྱུར་བ་ཡིན་པ་དང་། ནོངས་པར་ཏེ་འཆི་བར་འགྱུར་འཚལ་བས། ཁྱོད་ཀྱིས་སྦྱིན་པ་དང་། ཚུལ་ཁྲིམས་དང་། བསྒོམས་པ་ལས་བྱུང་བའམ། ལུས་དང་ངག་དང་ཡིད་ཀྱི་རང་བཞིན་གྱི་བསོད་ནམས་རྣམ་པ་གསུམ་ངན་སོང་གི་མུན་པ་མུན་ནག་ཆེན་པོ་སེལ་བར་བྱེད་པའི་མར་མེའི་སྣང་བ་རབ་ཏུ་བཞེས་ཤིག གལ་ཏེ་བསོད་ནམས་ཀྱི་སྣང་བ་མེད་ན། གྲོགས་མེད་པས་གཅིག་པུ་ཉི་ཟླའི་འོད་ཀྱིས་མི་བརྫི་བ་སྟེ། གཞོམ་མི་ནུས་པའི་ངན་སོང་གསུམ་གྱི་མུན་ནག་མཐའ་ཡས་པར་འཇུག་འཚལ་ལོ། །དེ་ལྟ་བུའི་མུན་ནག་ཏུ་ཞུགས་པ་ན་གྲོགས་དང་སྐྱབས་སུ་གྱུར་པ་དང་། མར་མེའི་སྣང་བ་ལྟ་བུ་ནི་དག་པ་ཁོ་ན་ཡིན་ཏེ། ཇི་སྐད་དུ། རྒྱ་ཆེར་རོལ་པ་ལས། དགེ་བའི་ལས་བྱས་རྗེས་སུ་འབྲང་བྱེད་ཅིང་། །ཕྱི་བཞིན་འགྲོ་བར་གྱུར་པ་མ་གཏོགས་པ། །འདུས་བྱས་དག་ལ་གྲོགས་ཡོད་མ་ཡིན་ཏེ། །སྐྱབས་མེད་གཉེན་བཤེས་མེད་ཅིང་འཁོར་ཡང་མེད། །ཅེས་གསུངས་པ་ལྟ་བུའོ། །

བདུན་པ་འགྲོ་ལྔའི་ངེས་པའི་སྡུག་བསྔལ་ཉམས་སུ་མྱོང་བའི་ཉེས་པ་ལྔའི་དང་པོ་དམྱལ་བའི་སྡུག་བསྔལ་ནི། རེ་ཞིག་དམྱལ་བ་རྣམས་ཀྱི་གྲངས་སྤྱིར་བསྟན་པའི་ཕྱིར། སེམས་ཅན་ཉེས་པ་སྤྱད་པ་སྤྱོད་རྣམས་ལ། །ཡང་སོས་ཐིག་ནག་རབ་ཏུ་ཚ་བ་དང་། །བསྡུས་འཇོམས་ངུ་འབོད་མནར་མེད་ལ་སོགས་པའི། །དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་འགྱུར། །ཞེས་གསུངས་ཏེ། སེམས་ཅན་སྒོ་གསུམ་གྱི་ཉེས་པ་སྤྱད་པར་སྤྱོད་པ་རྣམས་ཀྱིས། ཡང་སོས་དང་ཐིག་ནག བསྡུས་འཇོམས། ངུ་འབོད་དང་ངུ་འབོད་ཆེན་པོ་དང་། ཚ་བ་དང་རབ་ཏུ་ཚ་བ་དང་མནར་མེད་པ་དང་། སོགས་པས་བསྡུས་པ་ལྷག་མ་རྣམས་དང་། ཉི་ཚེ་བ་དང་། གྲང་བའི་དམྱལ་བ་རྣམས་སུ་རྟག་ཏུ་སྡུག་བསྔལ་དག་མྱོང་བར་འགྱུར་རོ། །དེ་ལ་ཡང་སོས་ནི། དེར་སྐྱེས་པའི་སེམས་ཅན་རྣམས་ཕན་ཚུན་མཐོང་བ་ན་སྐྲག་ནས་གང་བླངས་པ་མཚོན་ཆ་རྣོན་པོར་གྱུར་ཏེ། འཕངས་པས་ཡན་ལག་དང་ཉིང་ལག་བཅད་ཅིང་བརྒྱལ་ནས་ས་ལ་འགྱེལ་བ་ན། ནམ་མཁའ་ནས་ཡང་ཁྱེད་རྣམས་སོས་པར་གྱུར་ཅིག་ཅེས་པའི་སྒྲ་བྱུང་བ་ན། ཡང་སོས་ཏེ་སྔ་མ་བཞིན་བྱས་ཏེ། གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་ནི་ཡང་སོས་ཞེས་བྱའོ། །ཐིག་ནག་ཏུ་སྐྱེས་པའི་སེམས་ཅན་རྣམས་ལ། དམྱལ་སྲུང་རྣམས་ཀྱིས་ལུས་ལ་ཐིག་ནག་པོ་བཞི་དང་བརྒྱད་ལ་སོགས་པ་བཏབ་ནས། མཚོན་སྣ་ཚོགས་པས་གཤེག་ཅིང་གཅོད་པར་བྱེད་ལ། གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་ཏེ། སེམས་ཅན་དེ་ནི་ཐིག་ནག་ཞེས་བྱའོ། །བསྡུས་འཇོམས་ནི། དམྱལ་སྲུང་གིས་སེམས་ཅན་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས། རི་ར་དང་ལུག་གི་གདོང་པ་འདྲ་བ་སོགས་ཀྱི་བར་དུ་བཅུག་ནས་འཚིར་ཞིང་། ཡང་འདུས་པ་ན། ལྕགས་ཀྱི་འཕྲུལ་འཁོར་གྱི་ནང་དུ་བཅུག་ནས་བུར་ཤིང་ལྟར་འཚི་བར་བྱེད་ཅིང་སྒོ་ཀུན་ནས་ཁྲག་གི་རྒྱུན་འབབ་པའོ། །ཡང་འདུས་པ་ན། ལྕགས་ཀྱི་ཕ་བོང་གི་ཆར་བབས་པས་བརྡུངས་ཤིང་ཀུན་ནས་དམྱལ་བར་བྱེད་དེ། གཞི་དེ་ལས་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་བསྡུས་འཇོམས་ཞེས་བྱའོ། །ངུ་འབོད་ནི། སེམས་ཅན་དེ་གནས་ཚོལ་ཞིང་འགྲོ་བ་ན། ལྕགས་ཀྱི་ཁང་པའི་ནང་དུ་འཇུག་པར་བྱེད་ལ། དེར་ཞུགས་པ་ན་མེ་བཏང་སྟེ། འབར་ཞིང་ཀུན་ཏུ་རབ་ཏུ་འབར་བས་བསྲེགས་པར་གྱུར་ཏེ། དེ་དག་དེ་ན་ངུ་ཞིང་ཉམ་ཐག་པའི་སྐད་འབྱིན་པར་གྱུར་ཏེ། གཞི་དེ་ལ་ཡུན་རིང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་ངུ་འབོད་ཅེས་བྱའོ། །ངུ་འབོད་ཆེན་པོ་ནི། ངུ་འབོད་ཀྱི་སྐབས་སུ་བཤད་པའི་ཁང་པ་དེ་ལྟ་བུ་ཉིས་སྦྲག་གི་ནང་ན་འདུག་པར་རིག་པར་བྱའོ། །ཚ་བ་ནི་དམྱལ་བའི་སྲུང་མས་སེམས་ཅན་དེ་དག་ལྕགས་ཀྱི་བུམ་པའི་ནང་དུ་ཁྲོ་ཆུ་འབར་བས་འཚེད་པ་དང་། ལྕགས་ཀྱི་སླ་ང་འབར་བའི་ནང་དུ་རྔོད་པ་དང་། ལྕགས་ཀྱི་ས་གཞི་འབར་བའི་སྟེང་དུ་ཐོ་བ་འབར་བས་བརྡུང་བ་དང་། ལྕགས་ཀྱི་གསལ་ཤིང་འབར་བས་འཕོངས་ནས་སྤྱི་བོའི་བར་དུ་ཐལ་བྱུང་དུ་ཕུག་པས་བ་སྤུའི་བུ་ག་དང་སྒོ་ཐམས་ཅད་ནས་མེ་འབར་བར་གྱུར་ཏེ། གཞི་དེ་ལ་ཡུན་རིང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་ཚ་བ་ཞེས་བྱའོ། །རབ་ཏུ་ཚ་བ་ནི། སྡུག་བསྔལ་སྔ་མའི་སྟེང་དུ་གསལ་ཤིང་རྩེ་གསུམ་པས་ཕུག་སྟེ། སྤྱི་བོ་དང་ཕྲག་པ་གཉིས་སུ་ཕྱུང་ནས་སྒོ་ཀུན་ནས་མེ་འབར་བ་དང་། ལྕགས་ལེབ་འབར་བས་ལུས་འཁྲི་བ་དང་། ལྕགས་ཀྱི་ས་གཞི་འབར་བ་ལ་ལྕགས་ཕུར་བརྒྱས་རྒྱོང་བ་ལ་སོགས་པ་ཡོད་དེ། གཞི་དེ་ལས་ཡུན་རིང་དུ་སྡུག་བསྔལ་མྱོང་བར་འགྱུར་རོ། །སེམས་ཅན་དེ་ནི་རབ་ཏུ་ཚ་བ་ཞེས་བྱའོ། །མནར་མེད་ནི། ཕྱོགས་བཞི་ནས་མེའི་ཕུང་པོ་འོངས་པ་སེམས་ཅན་དེའི་ལུས་ལ་མེ་ལྕེ་གཅིག་ཏུ་གྱུར་ཏེ། སྨྲེ་སྔགས་འདོན་པ་ཙམ་མ་གཏོགས་པ་སེམས་ཅན་དང་མེ་ལྕེ་དབྱེར་མི་ཕྱེད་པར་འགྱུར་བའོ། །འདི་ལ་སྡུག་བསྔལ་མྱོང་བ་ལ་བར་དང་མཚམས་མེད་པས་མནར་མེད་པ་ཅེས་བྱའོ། །གཞི་དེ་ལས་སྡུག་བསྔལ་ཡུན་རིང་དུ་མྱོང་སྟེ། སེམས་ཅན་དེ་ནི་མནར་མེད་པ་ཞེས་བྱའོ། །དེ་ལ་ཉེ་འཁོར་བ་ནི། སེམས་ཅན་དམྱལ་བ་ཆེན་པོའི་ཕྱོགས་བཞི་ན་སྒོ་བཞི་ཡོད་པའི་ཕྱི་རོལ་ན་སྡུག་བསྔལ་ལྷག་པ་བཞི་བཞི་ཡོད་དེ། འདི་ལྟར་དང་པོ་ནི་སྒོའི་ཕྱི་རོལ་ན་མེ་མ་མུར་པུས་ནུབ་ཙམ་ཡོད་ལ། དེར་རྐང་པ་འདེགས་འཇོག་བྱེད་པ་ན། ཤ་དང་པགས་པ་སོགས་སྐྱེ་འཇིག་བྱེད་པར་འགྱུར་རོ། །དེ་དང་འདབས་འབྱོར་ན་རོ་མྱགས་ཕྱི་སའི་འདམ་དྲི་ཤིན་ཏུ་མནམ་པ་ཡོད་དེ། དེར་འབོགས་པ་ན་དེར་འགྱེལ་ཏེ། མགོ་དང་། རྐང་པ་སོགས་བྱིངས་ཏེ། དེ་ན་ཡོད་པའི་སྲོག་ཆགས་འབུ་མཆུ་རྣོན་གྱིས་ཤ་ལ་སོགས་པ་འབིགས་པར་བྱེད་དོ། །དེ་དང་འདབས་ཆགས་པ་ན། སྤུ་གྲིས་གཏམས་པའི་ལམ་ཡོད་ལ། དེར་ཕྱིན་པས་རྐང་པ་འདེགས་འཇོག་གིས་ཤ་སྐྱེ་འཇིག་བྱེད་དོ། །དེ་དང་འདབས་ཆགས་པ་ན། ནགས་ཚལ་རལ་གྲི་ལོ་མ་ཅན་ཡོད་ལ། དེར་བསིལ་གྲིབ་ལ་འཁོད་པ་ན་ཤིང་ལས་རལ་གྲི་རྣམས་ལྷུངས་ཏེ། ཡན་ལག་དང་ཉིང་ལག་རྣམས་གཅོད་ཅིང་ས་ལ་འགྱེལ་བ་ན། ཁྱི་སྲེ་བོ་དག་གིས་བཤུལ་ཤ་འཐོག་ཅིང་ཟའོ། །དེ་དང་འདབ་ཆགས་པ་ན་ལྕགས་ཀྱི་ཤིང་ཤལ་མ་ལིའི་ཚལ་ཡོད་དེ། དེར་སོང་བས། དེ་ལ་འབབ་འཛེག་བྱེད་དུ་འཇུག་ཅིང་། ཡང་འཛེག་པ་ན་ཚེར་མ་རྣམས་ཁ་འཐུར་དུ་ལྟ་བར་འགྱུར་ལ། མར་འབབ་པ་ན་གྱེན་དུ་ལྟ་བས། ལུས་འབིགས་ཤིང་གཤོག་པར་བྱེད་དོ། །དེ་ན་ཡོད་པའི་ཁྭ་ཏ་ལྕགས་ཀྱི་མཆུ་ཅན་གྱིས་མིག་འབྲས་དག་འཐོག་ཅིང་ཟའོ། །དེ་དང་འདབས་ཆགས་པ་ན། ཆུ་ཀླུང་རབ་མེད་ཅེས་པ། འགྱུར་བྱེད་ཀྱི་ཆུ་ཁོལ་མས་གང་བ་ཡོད་དེ། དེར་ལྷུངས་པ་ན་ངོས་གཉིས་ན་སྐྱེས་བུ་དབྱུག་པ་ཐོགས་པ་དག་གིས་བསྲུངས་ནས་ཕྱིར་འབྱུང་དུ་མི་སྟེར་ལ། གལ་ཏེ་ཕྱིར་བྱུང་ན་ལྕགས་ཀྱི་ས་གཞི་འབར་བ་ལ་གན་རྐྱལ་དུ་བསྒྱེལ་ནས། ཁ་ལྕགས་ཀྱི་འབྱེད་སྤྱད་ཀྱིས་ཕྱེ་ནས། ལྕགས་ཀྱི་ཐུ་ལུམ་འབར་བའམ་ཟངས་ཞུན་ལྡུག་པར་བྱེད་དེ། གཞི་དེ་ལས་སྡུག་བསྔལ་ཡུན་རིང་དུ་མྱོང་བར་འགྱུར་རོ། །དེ་ལ་སྤུ་གྲིས་གཏམས་པ་ལ་སོགས་པ་བཞི་ནི། མཚོན་ཆར་འདྲ་བའི་ཕྱིར་ལྷག་པ་གཅིག་ཏུ་བྱས་སོ། །དེ་དག་ཕྱོགས་བཞིའི་བྱེ་བྲག་གིས་བཅུ་དྲུག་ཏུ་འགྱུར་ཏེ། ཇི་སྐད་དུ། མཛོད་ལས། བརྒྱད་པོ་ཀུན་ལ་ལྷག་བཅུ་དྲུག །མེ་མ་མུར་དང་རོ་མྱགས་འདམ། །སྤུ་གྲིའི་ལམ་སོགས་ཆུ་བོའོ། །ཞེས་གསུངས་པ་ལྟར་རོ། །དེ་ལ་གྲང་བའི་དམྱལ་བར་སྐྱེས་པའི་སེམས་ཅན་རྣམས་ཀྱིས་ནི། གྲང་བའི་སྡུག་བསྔལ་འདི་ལྟ་བུ་ཉམས་སུ་མྱོང་སྟེ། ཆུ་བུར་ཅན་དུ་སྐྱེས་པ་རྣམས་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བཏབ་སྟེ། ལུས་ཐམས་ཅད་ཆུ་བུར་བྱུང་བ་བཞིན་དུ་འཁུམས་པར་འགྱུར་བའོ། །ཆུ་བུར་རྡོལ་བ་ནི། ཆུ་བུར་རྡོལ་བ་བཞིན་དུ་འཁུམས་པར་འགྱུར་བའོ། །སོ་ཐམ་ཐམ་པ་དང་། ཀྱི་ཧུར་ཟེར་བ་དང་། ཨ་ཆུ་ཟེར་བ་རྣམས་ནི། གྲང་བས་ཉེན་ནས་ཚིག་ཏུ་བརྗོད་པ་ལས་སེམས་ཅན་དེ་དག་གི་མིང་དུ་བཏགས་པའོ། །ཨུཏྤལ་ལྟར་གས་པ་ནི། ས་དེ་ན་ཡོད་པའི་ལྷགས་པ་ཆེན་པོས་བཏབ་སྟེ། པགས་པ་རྣམས་སྔོ་ཞིང་ཁ་ལྔའམ་དྲུག་ཏུ་གས་པར་གྱུར་པའོ། །པདྨ་ལྟར་གས་པ་ནི། པགས་པ་སྔོན་པོ་ལས་འདས་ནས་དམར་པོར་གྱུར་ཅིང་ཁ་བཅུའམ་དེ་ལས་ལྷག་པར་གྱུར་པའོ། །པདྨ་ལྟར་གས་པ་ཆེན་པོ་ནི། པགས་པ་ཤིན་ཏུ་དམར་པོར་གྱུར་ནས་ཁ་བརྒྱའམ་དེ་ལས་ལྷག་པར་གས་པར་འགྱུར་བའོ། །ཉི་ཚེ་བའི་སེམས་ཅན་དམྱལ་བ་རྣམས་ཀྱིས་སྡུག་བསྔལ་འདི་ལྟ་བུ་དག་མྱོང་སྟེ། རྒྱལ་པོའི་ཁབ་ཀྱི་བ་ལང་གི་བཤན་པ་སྐྱེས་པ་ཁང་པ་བརྩེགས་པ་ཙམ་ཉེན་སྐད་ཀྱིས་ངུ་ཞིང་ནམ་མཁའ་ལ་འོང་བ་དང་། བ་ལང་གི་བཤན་པའི་སློབ་མ་རུས་གོང་གི་དྲི་ང་བ་ལ་བྱ་རོག་སོགས་ཀྱིས་འཐོག་པར་སྐྱེས་པ་སོགས་དང་། གཞན་ཡང་འཕགས་པ་དགེ་འདུན་སྲུངས་ཀྱི་རྟོགས་བརྗོད་ལྟ་བུ་མྱོང་ངོ་། །དེའང་འདི་ལྟར་ཚེ་དང་ལྡན་པ་གྲོ་བཞིན་སྐྱེས་མཚོའི་འགྲམ་དུ་ལམ་ནོར་ནས། མྱ་ངམ་གྱི་ཐང་ལ་འཁྱམས་ཏེ་རིམ་གྱིས་སོང་བ་ན་སེམས་ཅན་གཅིག་མཚན་མོ་གཞལ་མེད་ཁང་བཟང་པོའི་ནང་ན། ལྷའི་ལོངས་སྤྱོད་བཟང་པོ་དང་ལྡན་པའི་བདེ་བ་མྱོང་ནས་ནམ་ལངས་པ་ན་གཞལ་མེད་ཁང་མི་སྣང་བར་གྱུར་ཅིང་ལུས་ས་ལ་ལྷུང་སྟེ་གཅན་གཟན་འཇིགས་སུ་རུང་བས་ཟ་ཞིང་དབང་བའི་སྡུག་བསྔལ་ཆེན་པོ་མྱོང་ནས། ཉི་མ་ནུབ་ནས་ཡང་ལྷའི་དཔལ་མྱོང་བ་མཐོང་ནས་དྲིས་པས། ཉིན་བར་གཞན་གྱི་སྲོག་གཅོད་ཅིང་། །མཚན་མོ་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེའི་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་དང་། དེ་ནས་རིམ་གྱིས་ཕྱིན་པ་དང་། ཉིན་མོ་ལྷའི་དཔལ་མྱོང་ཞིང་། མཚན་མོ་སྲིན་པོའི་བུད་མེད་ཆེན་པོ་ཞིག་གིས་ཀུན་ནས་དཀྲིས་ཤིང་མགོ་ནས་རིམ་གྱིས་ཟོས་པས་མི་ཟད་པའི་སྡུག་བསྔལ་མྱོང་། ཡང་ཉིན་བར་སྔར་བཞིན་འགྱུར་བ་མཐོང་ནས། དེ་ལ་སྔ་མ་བཞིན་དྲིས་པས། མཚན་མོ་བྱི་བོ་བྱེད་ལ་ཆགས། །ཉིན་བར་ཚུལ་ཁྲིམས་ཡོན་ཏན་ལྡན། །ལས་དེས་འབྲས་བུ་བཟང་པོ་དང་། །སྡིག་ཏོ་འདི་ནི་མྱོང་བ་ཡིན། །ཞེས་ལུང་ལས་བཤད་པ་ལྟར་རོ། །ད་ནི་ཚ་བའི་དམྱལ་བ་དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་བསྟན་པར་བཞེད་ནས། ཁ་ཅིག་ཏིལ་བཞིན་འཚིར་ཏེ་དེ་བཞིན་གཞན། །ཕྱེ་མ་ཞིབ་མོ་བཞིན་དུ་ཕྱེ་མར་རློག ཁ་ཅིག་སོག་ལེས་འདྲ་སྟེ་དེ་བཞིན་གཞན། །སྟ་རེ་མི་ཟད་སོ་རྣོན་རྣམས་ཀྱིས་གཤགས། །ཞེས་སོགས་གསུངས་ཏེ། བསྡུས་འཇོམས་ནི། ལྕགས་ཀྱི་བཙིར་སྤྱད་ཀྱིས་ཏིལ་མར་འཚིར་བ་བཞིན་བཙིར་བས་ཁྲག་གི་རྒྱུན་འབབ་པ་དང་། དེ་བཞིན་དུ་དེ་ན་སེམས་ཅན་གཞན་ནི། ལྕགས་ཀྱི་མཆིག་དང་མཆིག་གུ་འབར་བས་འབྲས་ལ་སོགས་པའི་ཕྱེ་མ་ཞིབ་མོ་བཞིན་ཕྱེ་མར་རློག་གོ །ཐིག་ནག་གི་སེམས་ཅན་ཁ་ཅིག་སོག་ལེ་འབར་བས་འདྲ་སྟེ། དེ་བཞིན་དུ་དེ་ན་གཞན་དག་ནི་སྟ་རེ་སོ་རྣོན་འབར་བ་དག་གིས་གཤོགས་པར་བྱེད་དོ། །དེ་བཞིན་གཞན་དག་ཁྲོ་ཆུ་བཞུས་པ་ཡི། ཁུ་བ་འབར་བ་འཁྲིགས་པ་ལྡུད་པར་བགྱིད། ཁ་ཅིག་ལྕགས་ཀྱི་གསལ་ཤིང་རབ་འབར་བ། །ཚེར་མ་ཅན་ལ་ཀུན་ཏུ་བརྒྱུད་པར་བགྱིད། །དེ་བཞིན་དུ་ཚ་བ་ནའམ། ཆུ་བོ་རབ་མེད་ཀྱི་འགྲམ་ན་གཞན་དག་ལ་ནི་ལྕགས་ཀྱི་སྐམ་པ་འབར་བས་ཁ་ཕྱེ་ནས་དེར་ཁྲོ་ཆུ་བཞུས་པ་སྟེ། བསྐོལ་བའི་ཁུ་བ་མེ་སྟག་འབར་བ་ཕྲེང་བ་འཁྲིགས་པ་དག་ལྡུད་པར་བགྱིད། ཚ་བ་ན། ཁ་ཅིག་ལྕགས་ཀྱི་གསལ་ཤིང་མེ་རབ་ཏུ་འབར་བ་ཚེར་མ་ཅན་ལ་ཀུན་ཏུ་བརྒྱུད་པར་བགྱིད། ཁ་ཅིག་ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི། །གཏུམ་པོས་དབད་ཅིང་ལག་པ་གནམ་དུ་བསྒྲེངས། །དབང་མེད་གཞན་དག་ལྕགས་མཆུ་རྣོན་པོ་དང་། །སེན་མོ་མི་ཟད་ལྡན་པའི་ཁ་རྣམས་འཐོག། ཉེ་འཁོར་བའི་སྡུག་བསྔལ་མྱོང་བ་ཁ་ཅིག ལོ་མ་རལ་གྲི་ལྟ་བུའི་ཚལ་ན། ལྕགས་ཀྱི་མཆེ་བ་ལྡན་པའི་ཁྱི་གཏུམ་པོ་སྐད་ཆེར་འབྱིན་པ་དག་གིས་ལུས་དབད་ཅིང་ཟོས་པས་ལག་པ་གནམ་དུ་བསྒྲེངས་ཏེ། འོ་དོད་འབོད་དོ། །རང་དབང་མེད་པ་གཞན་ནི་ཤལ་མ་ལིའི་རྩེ་མོར་ལྕགས་ཀྱི་མཆུ་རྣོན་པོ་དང་། ལྕགས་ཀྱི་སེན་མོ་མི་ཟད་ཅིང་རྣོ་བ་དང་ལྡན་པའི་ཁྭ་ལ་སོགས་པའི་བྱའི་ཚོགས་རྣམས་ཀྱིས་མིག་འབྱིན་ཞིང་ཤ་རྣམས་འཐོག་གོ །ཁ་ཅིག་སྲིན་བུ་སྦུར་བ་སྣ་ཚོགས་དང་། །ཤ་སྦྲང་སྦྲང་མ་ནག་པོ་ཁྲི་ཕྲག་དག །རེག་ན་མི་ཟད་རྨ་སྲོལ་ཆེར་འབྱིན་པས། །ཟ་བར་བགྱིད་ཅིང་འདྲེ་ལྡོག་སྨྲེ་སྔགས་འདོན། ཁ་ཅིག་ནི་རང་གི་ལུས་ཀྱི་སྲིན་བུ་དང་ཕྱི་རོལ་སྦུར་བའི་རིགས་ཁ་དོག་དང་། དབྱིབས་སྣ་ཚོགས་དང་། ཤ་སྦྲང་དང་སྦྲང་མ་ནག་པོ་ཁྲི་ཕྲག་མང་པོ་རེག་ན་ཚོར་བ་མི་ཟད་པ་འབྱུང་ཞིང་རྨ་སྲོལ་ཆེར་འབྱིན་པ་དག་གིས་ཟ་བར་བགྱིད་ཅིང་དེའི་རྒྱུ་ལས་མི་བརྟན་པར་འདྲེ་ལྡོག་ཅིང་སྨྲེ་སྔགས་འདོན་ཏོ། །འདི་ཉེ་འཁོར་གྱི་སྡུག་བསྔལ་ལོ། ཁ་ཅིག་མདག་མེ་འབར་བའི་ཚོགས་སུ་ནི། །རྒྱུན་མི་འཆད་པར་རབ་བསྲེགས་ཁ་ཡང་བགྲད། ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཆེན་དུ། །སྤྱིའུ་ཚུགས་འབྲས་ཀྱི་ཅུང་པེང་བཞིན་དུ་འཚེད། །ཚ་བ་ན་སེམས་ཅན་ཁ་ཅིག་དམྱལ་སྲུང་གིས་ལྕགས་ཀྱི་མདག་མེ་འབར་བའི་ཚོགས་སུ་རྒྱུན་མི་འཆད་པ་སྟེ། ཡུན་རིང་དུ་བསྲེགས་ཤིང་རབ་ཏུ་བསྲེགས་པས་ཁ་ཡང་བགྲད། ཁ་དངས་བྱེད་པ་ཙམ་ལས་གཞན་པའི་མཐུ་མེད་དོ། །ཡང་དེ་ན་ཁ་ཅིག་ལྕགས་ལས་བྱས་པའི་ཟངས་ཏེ། སྣོད་ཆེན་པོ་བ་ཚྭ་ཅན་གྱི་ཆུས་གང་བ་མེ་འབར་བའི་ནང་དུ་སྤྱིའུ་ཚུགས་སུ་འཚེད་པར་བྱེད་དེ། དཔེར་ན་ཆུ་ཟངས་གང་བསྐོལ་བའི་ནང་དུ་འབྲས་ཀྱི་ཅུང་པེང་སྟེ། འབྲས་ཕྱེ་ལས་སྦྲུས་པའི་གོང་བུ་བསྐྱུར་བ་ན་རེས་འོག་ཏུ་འགྲོ་ཞིང་། རེས་སྟེང་དུ་འགྲོ་བ་བཞིན་ནོ། །དེ་ལྟར་དམྱལ་བ་ཆེན་པོའི་སྡུག་བསྔལ་རགས་པ་མདོ་ཙམ་བསྟན་ནས། དེའི་རྒྱུ་ལ་གནས་པ་རྣམས་སྐྲག་པ་བསྐྱེད་པ་ནི། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱི་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནོ། །ཞེས་གསུངས་ཏེ། དམྱལ་བ་མྱོང་ངེས་ཀྱི་ལས་བྱས་པའི་སྡིག་ཅན་གང་དག་དམྱལ་བའི་སྡུག་བསྔལ་མྱོང་བ་ལ་དབུགས་འབྱུང་འཇུག་འགག་པའི་ཡུན་ཙམ་ཞིག་གི་དུས་ཀྱི་བར་དུ་ཆད་པ་ཟད་དེ། དབུགས་འགགས་མ་ཐག་དམྱལ་བར་ཉིང་མཚམས་སྦྱོར་བའི་ཕྱིར་རོ། །དེ་ལྟ་ན་ཡང་དེ་དག་གོང་དུ་བཤད་པའི་དམྱལ་བའི་སྡུག་བསྔལ་གཞལ་དུ་མེད་པ་ཐོས་ནས་རྣམ་པ་སྟོང་དུ་སྟེ། དུ་མར་སེམས་མི་འཇིགས་ཤིང་ལུས་མི་འགས་པ་གང་ལགས་པ་དེའི་ལུས་སེམས་ནི་ངེས་པར་རྡོ་རྗེའི་རང་བཞིན་དུ་ངེས་ཏེ། གཞན་དུ་ན་ཆེས་ཤིན་ཏུ་ཡང་འཇིགས་པར་རིགས་པའི་ཕྱིར་རོ། །དེའི་རྒྱུ་མཚན་འདི་ལྟར། དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླགས་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་འགྱུར་ན་མི་ཟད་པའི། །རྣམ་སྨིན་ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་གསུངས་ཏེ། དམྱལ་བ་རི་མོར་བྲིས་པ་མཐོང་བ་དང་། སྔོན་མྱོང་བ་དྲན་པ་དང་། གཞན་ལས་ཐོས་པ་དང་། གླེགས་བམ་བཀླགས་པ་དང་། འཇིམ་པ་སོགས་ལ་གཟུགས་སུ་བགྱིས་པའི་ཚུལ་རྣམས་ཀྱིས་ཀྱང་འཇིགས་པར་བསྐྱེད་ན། ཤིན་ཏུ་མི་ཟད་པའི་རྣམ་པར་སྨིན་པ་མངོན་སུམ་དུ་ཉམས་སུ་མྱོང་བ་སྨོས་ཅི་འཚལ་བའི་ཕྱིར་རོ། །དམྱལ་བ་ཀུན་སྡུག་བསྔལ་མཚུངས་སམ་ཞེ་ན། མ་ཡིན་ཏེ། གོང་མ་གོང་མ་ལས། འོག་མ་འོག་མ་རྣམས་སྡུག་བསྔལ་ཆེ་ཞིང་། ཐམས་ཅད་ལས་མནར་མེད་ཆེའོ་ཞེས་བསྟན་པའི་ཕྱིར། བདེ་བ་ཀུན་གྱི་ནང་ན་སྲེད་ཟད་པའི། །བདེ་བའི་བདག་པོ་བགྱིད་པ་ཇི་ལྟ་བར། །དེ་བཞིན་སྡུག་བསྔལ་ཀུན་གྱི་ནང་ན་ནི། །མནར་མེད་དམྱལ་བའི་སྡུག་བསྔལ་རབ་མི་ཟད། །ཅེས་གསུངས་ཏེ། བདེ་བ་ཀུན་གྱི་ནང་ན་ཁམས་གསུམ་གྱི་སྲེད་པ་མ་ལུས་པ་ཟད་པའི་རྣམ་པར་གྲོལ་བའི་བདེ་བ་ལས་གོང་ན་གཞན་མེད་པའི་ཕྱིར། བདག་པོ་སྟེ། མཆོག་ཡིན་པ་ཇི་ལྟ་བ་དེ་བཞིན་དུ། མི་དགེ་བའི་འབྲས་བུ་སྡུག་བསྔལ་ཀུན་གྱི་ནང་ནས་ནི་མནར་མེད་པའི་སྡུག་བསྔལ་ཉིད་མི་ཟད་ཅིང་ཆེའོ། །དམྱལ་བ་དེའི་སྡུག་བསྔལ་དེ་ཇི་ལྟར་ཆེ་ཞེ་ན། དེ་ལ་འགྲན་བཟོད་པའི་དཔེ་གཞན་མིའི་ནང་ན་མེད་དོ། །ཞེས་སྟོན་པའི་ཕྱིར། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་བགྱི་ཆར་ཡང་མི་ཕོད་དོ། །ཞེས་གསུངས་ཏེ། མིའི་ནང་འདི་ན་ཉིན་གཅིག་རངས་པོར་མདུང་ཐུང་སུམ་བརྒྱ་ཡིས། དུས་གཅིག་ལ་ཤུགས་རབ་ཏུ་དྲག་པོས་བཏབ་པའི་སྡུག་བསྔལ་གང་ལགས་པ་དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཉི་ཚེ་བ་ལྟ་བུའི་ཡང་འོལ་སྤྱི་ཙམ་ཡང་མི་བགྱི། བརྒྱ་སྟོང་ལ་སོགས་པའི་ཆར་ཡང་མི་ཕོད་དོ། །དེ་ལྟ་བུའི་སྡུག་བསྔལ་དུས་ཇི་སྲིད་དུ་མྱོང་བར་བྱ་དགོས་ཤེ་ན། སོ་སོའི་ཚེ་ཚད་ནི། མཛོད་དུ། ཡང་སོས་ལ་སོགས་དྲུག་རིམ་བཞིན། །འདོད་ལྷའི་ཚེ་དང་ཉིན་ཞག་མཉམ། །དེས་ན་དེ་དག་རྣམས་ཀྱི་ཚེ། །འདོད་ལྷའི་ཚེ་དང་འདྲ་བ་ཡིན། །ཞེས་དང་། རབ་ཏུ་ཚ་ཕྱེད་མནར་མེད་ནི། །བར་གྱི་བསྐལ་པའོ། །ཞེས་བཤད་པ་ལྟར་ཡིན་ལ། སྤྱིའི་དབང་དུ་བྱས་ནས། དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་ལོ། །བྱེ་བ་ཕྲག་བརྒྱར་ཉམས་སུ་མྱོང་ཡང་ནི། །ཇི་སྲིད་མི་དགེ་དེ་ཟད་མ་གྱུར་པ། །དེ་སྲིད་སྲོག་དང་བྲལ་བར་མི་འགྱུར་རོ། །ཞེས་གསུངས་ཏེ། བཤད་མ་ཐག་པའི་ཚུལ་དེ་ལྟར་སྡུག་བསྔལ་ཤིན་ཏུ་མི་བཟད་པ་བྱེ་བ་ཕྲག་བརྒྱར་ཏེ་ཤིན་ཏུ་ཡུན་རིང་བ་ཉམས་སུ་མྱོང་ཡང་། ཇི་སྲིད་རྒྱུ་མི་དགེ་བ་དེ་ཟད་པར་མ་གྱུར་པ་དེ་སྲིད་དུ་སྲོག་དང་བྲལ་བར་མི་འགྱུར་ཏེ། དམྱལ་བ་མྱོང་འགྱུར་གྱི་ལས་དེ་སྟོབས་དང་ལྡན་པའི་ཕྱིར་རོ། །ཇི་སྐད་བཤད་པའི་དམྱལ་བའི་སྡུག་བསྔལ་ནི། མི་དགེ་བའི་རྒྱུ་ལས་བྱུང་བས། དེ་དག་སྤང་བར་རིགས་སོ། །ཞེས་སྟོན་པ་ནི། མི་དགེའི་འབྲས་འདི་རྣམས་ཀྱི་ས་བོན་ནི། །ལུས་ངག་ཡིད་ཀྱི་ཉེས་སྤྱད་ཁྱོད་ཀྱིས་ནི། །ཅི་ནས་དེ་རྡུལ་ཙམ་ཡང་མ་མཆིས་པ། །དེ་ལྟར་ཉིད་ཀྱི་རྩལ་གྱིས་འབད་པར་མཛོད། །ཅེས་གསུངས་ཏེ། མི་དགེ་བའི་འབྲས་བུ་དམྱལ་བའི་སྡུག་བསྔལ་འདི་རྣམས་ཀྱི་ས་བོན་ནི། སྲོག་གཅོད་སོགས་ལུས་དང་། རྫུན་སྨྲ་སོགས་ངག་དང་། བརྣབ་སེམས་སོགས་ཡིད་ཀྱི་ཉེས་སྤྱད་ཆེན་པོ་རྣམས་ཡིན་ལ། རྒྱལ་པོ་ཁྱོད་ཀྱིས་ཅི་ནས་ཀྱང་ཉེས་སྤྱད་གསུམ་པོ་དེ་རྡུལ་ཙམ་ཡང་མ་མཆིས་པ་དེ་ལྟར་ཉིད་ཀྱི་རྩལ་ཏེ་ནུས་པ་ཅི་ཡོད་ཀྱིས་འབད་པར་མཛོད་ཅིག །

གཉིས་པ་དུད་འགྲོའི་སྡུག་བསྔལ་ནི། རེ་ཞིག་སྤྱིའི་དབང་དུ་བྱས་ནས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིང་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཞེས་གསུངས་ཏེ། མི་ལྟར་འགྲེང་སྟེ་མི་འགྲོ་བར་དུད་དེ་འགྲོ་བས་ན་དུད་འགྲོ་སྟེ། དེའི་སྐྱེ་གནས་སུ་གཏོགས་པ་རྣམས་ན་ཡང་མི་ལ་སོགས་པ་གཞན་གྱིས་གསོད་པ་དང་ཞགས་པ་ལ་སོགས་པས་བཅིང་བ་དང་། ལྕག་གིས་རྡེག་པ་སོགས་མི་དང་མི་མ་ཡིན་པའི་གནོད་པ་མཐའ་ཡས་པ་དང་། ཞི་བ་མྱ་ངན་ལས་འདས་པའི་དགེ་བ་ངེས་འབྱེད་ཆ་མཐུན་སོགས་སྤངས་པ་སྟེ། དེ་དག་སྐྱེ་བའི་སྣོད་དུ་མི་རུང་བའི་དུད་འགྲོ་རྣམས་ལ་ནི། ཕན་ཚུན་གཅིག་ལ་གཅིག་ཟ་བ་རྣམ་སྨིན་འབྱིན་པར་ངེས་པས་ཤིན་ཏུ་མི་ཟད་པ་དང་ལྡན་ནོ། །སོ་སོའི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །ཞེས་སོགས་གསུངས་ཏེ། དུད་འགྲོ་ཁ་ཅིག་མུ་ཏིག་གི་ཕྱིར་དང་། ཁ་ཅིག་བལ་གྱི་ཕྱིར་དང་། གླང་པོ་ཆེ་ལ་སོགས་པ་རུས་པའི་ཕྱིར་དང་། རི་དྭགས་ལ་སོགས་པ་ཤའི་ཕྱིར་དང་གཟིག་ལ་སོགས་པ་པགས་པའི་ཕྱིར་དུ་འཆི་བར་འགྱུར་ལ། རང་དབང་མེད་པ་ལྷ་མིའི་ཡོ་བྱད་དུ་གྱུར་པའི་དུད་འགྲོ་གཞན་རྟ་དང་མ་ཧེ་དང་བོང་བུ་དང་གླང་པོ་ཆེ་དང་གླང་ལ་སོགས་པ་དག་ནི་གོ་རིམ་བཞིན་དུ་རྡོག་པ་དང་། ལག་པ་དང་ལྕག་དང་ལྕགས་ཀྱུས་གདབ་པ་སྟེ་མཚོན་ཆ་དག་གིས་བཏབ་སྟེ་བཀོལ་བས་སྡུག་བསྔལ་བར་འགྱུར་རོ། །

གསུམ་པ་ཡི་དྭགས་ཀྱི་སྡུག་བསྔལ་ནི། རེ་ཞིག་སྤྱིའི་དབང་དུ་བྱས་ནས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་ཟད་བསྟེན་འཚལ་ལོ། །ཞེས་གསུངས་ཏེ། ཡི་དྭགས་སུ་སྐྱེས་ན་ཡང་འདོད་པས་ཕོངས་པས་བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ་བསྟེན་འཚལ་ལོ། །ཞེས་སྦྲེལ་ལོ། །དེ་ལ་རྒྱུན་ཆགས་མི་འཆོས་པ་ནི། ནམ་ཡང་འདོད་པ་འབྱོར་པའི་སྐབས་མེད་པས། སྡུག་བསྔལ་དེ་བཟློག་པའི་ཐབས་མེད་པའི་ཕྱིར་རོ། །དེ་ཉིད་ཇི་ལྟ་བུ་ཞེ་ན། བཀྲེས་སྐོམ་དང་དགུན་གྲང་བ་དང་སོ་ག་དྲོ་བ་དང་། ཟས་སྐོམ་ཚོལ་བའི་དོན་དུ་རྒྱུག་པས་ངལ་བ་དང་། སྐྱེས་བུ་མཚོན་ཆ་ཐོགས་པ་ལ་སོགས་པ་མཐོང་བ་ན་འཇིགས་ཤིང་སྐྲག་པས་བསྐྱེད་པ་ཤིན་ཏུ་མི་བཟད་པའོ། །ད་ནི་དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་འགའ་ཞིག་བསྟན་པར་བྱ་སྟེ། དེ་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་གྱི་དབང་དུ་བྱས་ནས། ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཞེས་གསུངས་ཏེ། ཁ་ཁབ་མིག་ཙམ་དུ་ཆུང་ལ་ལྟོ་བ་རི་ཡི་གཏོས་ཙམ་ཤིན་ཏུ་ཆེ་སྟེ་དགང་དཀའ་བས། བཀྲེས་པས་ཉེན་པར་གྱུར་ཏེ། མི་གཙང་བ་གྱི་ནར་བོར་བ་བཤང་གཅི་སོགས་ཅུང་ཟད་རྙེད་ཀྱང་ཁ་ཆུང་བས་འཚལ་བ་སྟེ་ཟ་བའི་ནུས་པ་དང་ལྡན་པ་མ་ལགས་པའི་ཕྱིར་རོ། །ལུས་མི་སྡུག་པ་དང་ཁ་འབར་བའི་དབང་དུ་བྱས་ཏེ། ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡ་ཐོག་བསྐམས་པ་ལྟ་བུ་ལགས། ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བའི་ཁར་བབས་བྱེ་མ་འཚལ། །ཞེས་གསུངས་ཏེ། ཁ་ཅིག་ལུས་ནི་ཤ་མེད་པར་པགས་རུས་ཙམ་ལུས་ཤིང་གོས་མེད་པས་གཅེར་བུ་སྟེ། དཔེར་ན་ཤིང་ཏ་ལ་ཡ་ཐོག་སྟེ་རྩེ་མོ་བསྐམས་པ་ཤུན་པ་དང་བྲལ་བ་ལྟ་བུ་ལགས་ཞེས་སོ། ཁ་ཅིག་ཉིན་བར་མ་ཡིན་གྱི་མཚན་མོ་རེ་རེ་ཞིང་ཁ་ནས་མེ་འབར་བ་སྟེ། མེ་འབར་བའི་ཁར་བྱེ་མ་ཚ་བ་དག་འབབ་ཅིང་བབས་པ་དེ་དག་ཟས་སུ་འཚལ་བ་སྟེ་ཟ་བར་བྱེད་དོ། །ཡི་དྭགས་ཀྱི་སྨད་རིགས་ཀྱི་སྡུག་བསྔལ་ཁྱད་པར་དུ་བསྟན་པའི་ཕྱིར། སྨད་རིགས་འགས་ནི་རྣག་དང་ཕྱི་ས་དང་། ཁྲག་སོགས་མི་གཙང་བ་ཡང་མི་རྙེད་དོ། །ཕན་ཚུན་གདོང་དུ་འཚོག་ཅིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་འཚལ་ལོ། །སྨད་རིགས་ཏེ་ཤིན་ཏུ་བསོད་ནམས་ཆུང་བ་འགས་ནི་རྣག་དང་ཕྱི་ས་དང་ཁྲག་ལ་སོགས་པ་མི་གཙང་བ་ཡང་མི་རྙེད་ན། བཟང་པོ་ལྟ་སྨོས་ཀྱང་ཅི་དགོས། འོན་ཀྱང་དེ་དག་ཕན་ཚུན་མཐོང་བ་ན། ཁྲོས་ཏེ་གཅིག་གིས་གཅིག་ལ་གདོང་དུ་འཚོག་ཅིང་ལག་ནས་ཐོ་བ་བྱུང་ནས། ཕན་ཚུན་བསྣུན་པས། མགྲིན་པ་ནས་ལྦ་བ་བྱུང་བ་སྨིན་པའི་རྣག་ཁོང་དུ་ཟགས་པ་རྣམས་ཟས་སུ་འཚལ་ལོ། །དེ་དག་གི་སྡུག་བསྔལ་གྱི་ཁྱད་པར་གཞན་བསྟན་པའི་ཕྱིར། འདི་དག་རྣམས་ལ་སོ་གའི་དུས་སུ་ནི། །ཟླ་བའང་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམ་པར་འགྱུར། །ཞེས་གསུངས་ཏེ། སྨད་རིགས་འདི་དག་རྣམས་ལ་ནི་སོ་གའི་དུས་སུ་ཟླ་བ་ཡང་ཚ་བའི་རྐྱེན་དུ་འགྱུར་ལ། དགུན་ནི་ཉི་མ་ཡང་གྲང་བའི་རྐྱེན་དུ་འགྱུར་བ་དེ་ལྟ་བུའི་ཚ་གྲང་གི་སྡུག་བསྔལ་མྱོང་ཞིང་དེ་དག་གིས་བལྟས་པ་ཙམ་གྱིས་ལྗོན་ཤིང་འབྲས་བུ་སྨིན་པ་ཕུན་སུམ་ཚོགས་པས་གང་ཞིང་ཡལ་ག་དུད་པ་རྣམས་ཀྱང་། ཡལ་ག་དང་འབྲས་བུ་མེད་ཅིང་སྐམ་པོར་སྣང་བར་འགྱུར་བ་དང་། ཡན་ལག་བརྒྱད་དང་ལྡན་པའི་ཆུ་ཀླུང་ཡང་བསྐམས་པ་དང་། མདག་མ་འབར་བས་གང་བ་དང་། སྲིན་བུ་དང་བཅས་པའི་མི་གཙང་བ་དུ་མས་གང་བ་ཉིད་དུ་སྣང་བར་འགྱུར་རོ། །དེ་དག་གིས་སྡུག་བསྔལ་དེ་ཡུན་ཇི་སྲིད་དུ་མྱོང་ཞེ་ན། བར་ཆད་མེད་པར་སྡུག་བསྔལ་བསྟེན་གྱུར་པ། །ཉེས་པར་སྤྱད་པའི་ལས་ཀྱི་ཞགས་པ་ནི། །སྲ་བས་བཅིངས་པའི་ལུས་ཅན་ཁ་ཅིག་ལོ། །ལྔ་སྟོང་དག་དང་ཁྲིར་ཡང་འཆི་མི་འགྱུར། །ཞེས་གསུངས་ཏེ། བར་ཆད་མེད་པ་སྟེ་རྒྱུན་ཆགས་སུ་སྡུག་བསྔལ་བསྟེན་པར་གྱུར་པའི་ལུས་ཅན་དེ་རྣམས་ནི། ཚེ་ཚད་རྫོགས་པར་ཐུབ་པ་ཁ་ཅིག་མི་ལོ་ལྔ་སྟོང་དང་། ཁྲིར་ཡང་ཟས་སྐོམ་སོགས་མི་འབྱོར་ཡང་འཆི་བར་མི་འགྱུར་ཏེ། ཉེས་སྤྱད་ཀྱི་ལས་ཀྱི་ཞགས་པ་སྲ་བས་བཅིངས་པའི་ཕྱིར་རོ། །སྡུག་བསྔལ་དེ་ལྟ་བུ་མྱོང་བའི་རྒྱུ་གང་ཞེ་ན། དེ་ལྟར་ཡི་དྭགས་རྣམས་ཀྱིས་སྣ་ཚོགས་པའི། །སྡུག་བསྔལ་རོ་གཅིག་ཐོབ་པ་གང་ལགས་པ། །དེ་ཡི་རྒྱུ་ནི་སྐྱེ་བོ་འཇུངས་དགའ་བ། །སེར་སྣ་འཕགས་མིན་ལགས་པར་སངས་རྒྱས་གསུངས། །སྔར་བཤད་པ་དེ་ལྟར་ཡི་དྭགས་རྣམས་ཀྱིས་བཀྲེས་སྐོམ་ལ་སོགས་པ་སྣ་ཚོགས་པའི་སྡུག་བསྔལ་མྱོང་བ་ཐམས་ཅད་ཀྱང་། སྡུག་བསྔལ་ཉིད་དུ་གཅིག་པས་རོ་གཅིག་སྟེ། དེ་ལྟ་བུ་ཐོབ་པ་གང་ལགས་པ་དེ་ཡི་རྒྱུ་ནི། སྐྱེ་བོ་འཇུངས་དགའ་བ་སྟེ་སེར་སྣ་གོམས་པར་བྱས་པ་ཡིན་ལ། དེ་ཡང་འཕགས་མིན་ཏེ་མི་དགེ་བ་སྟོབས་ལྡན་ལགས་པར་སངས་རྒྱས་གསུངས། ཇི་སྐད་དུ། སྡུད་པ་ལས། སེར་སྣ་ཅན་ནི་ཡི་དྭགས་གནས་སུ་སྐྱེ་བར་འགྱུར། །ཅི་སྟེ་མིར་སྐྱེས་ན་ཡང་དེ་ཚེ་དབུལ་པོར་འགྱུར། །ཅེས་གསུངས་པ་ལྟར་རོ། །

བཞི་པ་ལྷའི་སྡུག་བསྔལ་ནི། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི། འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམས་ནས་ཡ་རབས་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ཞེས་གསུངས་ཏེ། མཐོ་རིས་ཏེ་འདོད་པའི་ལྷ་ན་ཡང་འདོད་པའི་ཡུལ་ཕུན་སུམ་ཚོགས་པ་སྤྱོད་པའི་བདེ་བ་ཆེན་པོ་ཡོད་མོད་ཀྱི། དེ་དག་གི་འཆི་འཕོ་བའི་དུས་ཀྱི་སྡུག་བསྔལ་ནི་བདེ་བ་དེ་བས་ཆེ་སྟེ། ཇི་སྐད་དུ། ཀྱི་ཧུད་ཤིང་རྟ་སྣ་ཚོགས་ཚལ། །ཀྱི་ཧུད་རྫིང་བུ་དལ་གྱིས་འབབ། །ཀྱི་ཧུད་སྡུག་བའི་རྣམ་ཤེས་ལྷ། །སྨྲེ་སྔགས་འདོན་ཅིང་ས་ལ་ལྟུང་། །ཞེས་བཤད་པ་ལྟར་རོ། །དེ་ལྟར་བསམས་ནས་ཡ་རབས་ཏེ་རྟོགས་ལྡན་རྣམས་ཀྱིས་མཐོ་རིས་ཀྱི་བདེ་བའི་སླད་དུ་ཡང་སྲེད་པར་མི་བགྱི་སྟེ། བདེ་བ་དེ་ཡང་ཟད་པར་འགྱུར་བས་སྙིང་པོ་མེད་པའི་ཕྱིར་རོ། །ལྷ་དག་རྫུས་སྐྱེས་ཡིན་པས་གནད་གཅོད་པའི་སྡུག་བསྔལ་ནི་མེད་ན། ཇི་ལྟར་དེ་དག་འཆི་བའི་ཚེ་སྡུག་བསྔལ་འབྱུང་ཞེ་ན། ལུས་ཀྱི་སྡུག་བསྔལ་མེད་ཀྱང་། འཆི་ལྟས་ཀྱིས་ཟིན་པ་ན་སེམས་ཀྱི་སྡུག་བསྔལ་ཤིན་ཏུ་ཆེན་པོ་འབྱུང་ངོ་ཞེས་བསྟན་པའི་ཕྱིར། ལུས་ཀྱི་ཁ་དོག་མི་སྡུག་འགྱུར་བ་དང་། །སྟན་ལ་མི་དགའ་མེ་ཏོག་ཕྲེང་རྙིང་དང་། །གོས་ལ་དྲི་མ་ཆགས་དང་ལུས་ལ་ནི། །སྔོན་ཆད་མེད་པའི་རྡུལ་འབྱུང་ཞེས་བགྱི་བ། །མཐོ་རིས་འཆི་འཕོ་སྦྲོན་བྱེད་འཆི་ལྟས་ལྔ། །མཐོ་རིས་གནས་པའི་ལྷ་རྣམས་ལ་འབྱུང་སྟེ། །ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག །སྦྲོན་པར་བྱེད་པའི་འཆི་ལྟས་རྣམས་དང་འདྲ། །ཞེས་གསུངས་ཏེ། གང་གི་ཚེ་ལྷ་རྣམས་འཆི་བར་གྱུར་པ་དེའི་ཚེ། ལུས་ཀྱི་ཁ་དོག་མཛེས་པ་དག་ཉམས་ནས་མི་སྡུག་པར་འགྱུར་བ་དང་། རང་གི་སྟན་ལ་འདུག་པར་མི་དགའ་བ་དང་། རྒྱན་གྱི་མེ་ཏོག་གི་ཕྲེང་བ་རྣམས་རྙིང་པ་དང་། གོས་ལ་དྲི་མ་ཆགས་པ་དང་། ལུས་ལ་སྔོན་ཆད་རྡུལ་འབྱུང་བ་མེད་པ་ལས། དེའི་ཚེ་འབྱུང་བ་དང་ལྔ་ནི་གང་མཐོང་ན་ལྷ་རྣམས་ཡིད་མི་བདེ་བ་སྐྱེ་བར་འགྱུར་བའི་མཐོ་རིས་ལྷ་རྣམས་ཀྱི་འཆི་འཕོ་བ་སྦྲོན་པར་བྱེད་པའི་སྔ་ལྟས་སམ་རྟགས་ཡིན་ཏེ། དཔེར་ན་ས་སྟེང་མི་རྣམས་འཆི་བར་འགྱུར་བ་དག་སྦྲོན་པར་བྱེད་པའི་འཆི་ལྟས་སྣ་ཞོམ་པ་དང་། གཤིན་གྱི་དྲི་མ་འབྱུང་བ་ལ་སོགས་པ་དང་འདྲའོ། །འཆི་འཕོ་བའི་སྡུག་བསྔལ་འབྱུང་བ་འབའ་ཞིག་ཏུ་མ་ཟད་ཀྱི། ཤི་བའི་འོག་ཏུ་ངན་སོང་གི་སྡུག་བསྔལ་དག་ཀྱང་མྱོང་བར་འགྱུར་རོ་ཞེས་བསྟན་པའི་ཕྱིར། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། །གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཅེས་གསུངས་ཏེ། ལྷའི་འཇིག་རྟེན་ནས་ཤི་འཕོས་པ་རྣམས་ལ། གལ་ཏེ་མཐོ་རིས་སུ་སྐྱེ་འགྱུར་གྱི་དགེ་བའི་ལྷག་མ་འགའ་མེད་ན་དེ་ནས་མཐོ་རིས་སུ་གནས་པའི་དབང་མེད་པར་དུད་འགྲོ་དང་། ཡི་དྭགས་དང་དམྱལ་བ་རྣམས་ལས་གང་ཡང་རུང་བ་རྣམས་སུ་ལྟུང་ཞིང་སྡུག་བསྔལ་མྱོང་བར་འགྱུར་རོ། །

ལྔ་པ་ལྷ་མ་ཡིན་གྱི་སྡུག་བསྔལ་ནི། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ཡང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་གསུངས་ཏེ། ལྷ་མ་ཡིན་རྣམས་ནི་ང་རྒྱལ་ཆེ་བའི་ཕྱིར། རང་བཞིན་གྱིས་ང་རྒྱལ་ལས་བྱུང་བའི་ལྷའི་དཔལ་ལ་སྡང་བའི་ཕྱིར་མི་བཟོད་པས་བསྐྱེད་པའི་ཡིད་ཀྱི་སྡུག་བསྔལ་ཆེ་སྟེ། ཕྲག་དོག་ནི་ཡིད་ཤིན་ཏུ་གདུང་བར་བྱེད་པའི་ཕྱིར་རོ། །གཞན་ཡང་ལྷ་དང་གཡུལ་འགྱེད་པའི་ཚེ། ལུས་བཅད་པ་དང་དྲལ་བ་ལ་སོགས་པའི་སྡུག་བསྔལ་ཡོད་ཅིང་། དེ་དག་དགེ་སྡིག་ལ་རྣམ་པར་དཔྱོད་པའི་བློ་དང་ལྡན་པ་ཡིན་ཡང་བདེན་པ་མཐོང་བ་མ་མཆིས་ཏེ། འགྲོ་བའི་སྒྲིབ་པ་སྟེ་རྣམ་སྨིན་གྱི་སྒྲིབ་པ་ཅན་ཡིན་པའི་ཕྱིར་རོ། །འགྲེལ་པར། ལྷ་མ་ཡིན་མི་དགེ་བས་འཕངས་ཤིང་། དགེ་བས་རྫོགས་པར་བཤད་ཀྱང་། དེ་དག་ལྷའི་འགྲོ་བ་པ་ཡིན་པའི་ཕྱིར། འཕེན་བྱེད་དགེ་བས་འཕངས་པར་འཕགས་པ་ཐོགས་མེད་ཀྱིས་བཤད་དོ། །གསུམ་པ་དོན་བསྡུ་བ་ནི། དེ་ལྟར་འཁོར་བའི་ཉེས་པ་བཤད་ནས། དེ་ལ་མངོན་པར་མི་དགའ་བའི་འདུ་ཤེས་བསྒྲུབ་པའི་ཕྱིར། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མའི་སྣོད་གྱུར་ལགས་མཁྱེན་མཛོད། །ཅེས་གསུངས་ཏེ་གང་གི་ཕྱིར་འཁོར་བ་ནི། ཇི་སྐད་བཤད་པའི་ཉེས་པ་དེ་འདྲ་བ་དང་ལྡན་པ་ལགས་པས། ལྷ་མི་ལ་སོགས་པའི་འགྲོ་བ་དག་ཏུ་སྐྱེ་བ་བཟང་པོ་མ་ལགས་པ་སྐྱེ་བ་ནི་ཉེ་དུའི་གནོད་པ་ལ་སོགས་པ་གནོད་པ་དུ་མའི་སྣོད་དམ་རྟེན་དུ་གྱུར་པར་མཁྱེན་པར་མཛོད་ཅིག

མྱང་འདས་ཕན་ཡོན་བསམ་ནས་ལམ་ལ་འཇུག་པ།

གསུམ་པ་མྱང་འདས་ཀྱི་ཡོན་ཏན་བསམས་ནས་ལམ་བསྒྲུབ་པ་ལ་གཉིས་ལས། དང་པོ་ཐེག་པ་ཐུན་མོང་གི་དབང་དུ་བྱས་པ་ལ་ཡང་གཉིས་ཀྱི། དང་པོ་ཕན་ཡོན་གྱི་མྱང་འདས་ཐོབ་བྱ་ཡིན་པར་བསྟན་པ་ནི། དེ་ལྟར་འཇིག་རྟེན་ལ་མངོན་པར་མི་དགའ་བའི་བློ་བསྐྱེད་ནས་མྱང་འདས་བསྒྲུབ་པའི་ཕྱིར། མགོའམ་གོས་ལ་གློ་བུར་མེ་ཤོར་ན། །དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ཀྱང་། །ཡང་སྲིད་མེད་པར་བགྱི་སླད་འབད་འཚལ་ཏེ། །དེ་བས་ཆེས་མཆོག་དགོས་པ་གཞན་མ་མཆིས། །ཞེས་གསུངས་ཏེ། རང་གི་མགོའམ་གོས་ལ་གློ་བུར་དུ་མེ་ཤོར་ན། ལུས་སྲོག་འཇོམས་པས་མྱུར་དུ་བཟློག་པར་བྱ་བ་ཡིན་མོད། འཁོར་བའི་ཉེས་དམིགས་ཤེས་པའི་མཁས་པས་ནི། དེ་དག་ཕྱིར་བཟློག་བགྱི་བ་བཏང་ནས་ལུས་སྲོག་ལ་མི་ལྟ་བའི་བརྩོན་འགྲུས་ཀྱིས་ཡང་སྲིད་མེད་པར་བགྱི་བའི་སླད་དུ་འབད་འཚལ་ཏེ། ཡང་སྲིད་མེད་པ་དེ་བས་ཆེས་མཆོག་ཏུ་གྱུར་པའི་སྐྱེས་བུའི་དགོས་པ་གཞན་མ་མཆིས་པའི་ཕྱིར་རོ། །ཡང་སྲིད་མེད་པ་དེ་ཇི་ལྟར་ཐོབ་ཅེ་ན། བསླབ་པ་རིན་པོ་ཆེ་གསུམ་གྱིས་འཐོབ་བོ་ཞེས་བསྟན་པའི་ཕྱིར། ཚུལ་ཁྲིམས་དག་དང་ཤེས་རབ་བསམ་གཏན་གྱིས། །མྱ་ངན་འདས་ཞི་དུལ་བ་དྲི་མེད་པའི། །གོ་འཕང་མི་རྒ་མི་འཆི་ཟད་མི་འཚལ། །ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་གསུངས་ཏེ། ཚུལ་ཁྲིམས་དང་ཤེས་རབ་དང་བསམ་གཏན་ཏེ་སྔར་བཤད་པའི་བསླབ་པ་གསུམ་གྱིས་མྱ་ངན་ལས་འདས་པ་ཐོབ་པར་མཛོད་ཅིག་ཅེས་སྦྲེལ་ལོ། །མྱ་ངན་ལས་འདས་པ་ནི་གཉིས་ཏེ། ཕུང་པོ་ལྷག་མ་མེད་པ་དང་། ལྷག་མ་དང་བཅས་པའོ། །དེ་ལ་དང་པོ་ནི། ཟག་བཅས་ཀྱི་ཕུང་པོ་མ་ལུས་པ་འགགས་པའི་ཕྱིར་ཞི་བ། གཉིས་པ་ནི། དབང་པོ་དུལ་བ་གཉི་ག་ཡང་ཉོན་མོངས་པའི་རྙོག་པ་མེད་པས་དྲི་མ་མེད་པ་ན་ཚོད་འགྱུར་བ་མེད་པས་མི་རྒ་བ། སྲོག་འགྱུར་བ་མེད་པས་མི་འཆི་བ། ནམ་ཡང་ཟད་པ་མེད་པས་ཟད་མི་འཚལ་བའོ། །ཡང་ཕྱི་རོལ་པ་ཁ་ཅིག ཁ་བ་དུང་དང་རྒྱ་སྤོས་དང་། །བ་ཞོ་བ་མོ་མུ་ཏིག་མདོག། གདུགས་དཀར་བཟུང་བའི་དབྱིབས་འདྲ་བ། །ཐར་པ་ཡིན་པར་རྒྱལ་བས་བཤད། །ཅེས་སོགས་ཐར་པ་གཟུགས་ཅན་དུ་འདོད་པ་དག་ལས་ཁྱད་པར་དུ་བྱ་བའི་ཕྱིར། ས་ཆུ་མེ་རླུང་ཉི་ཟླ་བྲལ་ཐོབ་མཛོད། །ཅེས་གསུངས་སོ། །

གཉིས་པ་དེའི་རྒྱུ་ཚོགས་བསྒྲུབ་པར་གདམས་པ་ལ་བདུན་གྱི། དང་པོ་བྱང་ཆུབ་ཀྱི་ཡན་ལག་བདུན་ནི། ད་ནི་གང་མངོན་དུ་འགྱུར་ན། མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བའི་ཆོས་དེ་བསྟན་པའི་ཕྱིར། དྲན་དང་ཆོས་རབ་འབྱེད་དང་བརྩོན་འགྲུས་དང་། །དགའ་དང་ཤིན་ཏུ་སྦྱངས་དང་ཏིང་འཛིན་དང་། །བཏང་སྙོམས་འདི་བདུན་བྱང་ཆུབ་ཡན་ལག་སྟེ། །མྱ་ངན་འདས་ཐོབ་བགྱིད་པའི་དགེ་ཚོགས་ལགས། །ཞེས་གསུངས་ཏེ། མཐོང་ལམ་གྱི་གནས་སྐབས་ཀྱི་བདེན་པའི་དམིགས་པ་མ་བརྗེད་པའི་དྲན་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་། དགེ་བ་ལ་སྤྲོ་བའི་བརྩོན་འགྲུས་དང་། དམིགས་པ་དེ་ཉིད་ལ་ཡིད་བདེ་བའི་དགའ་བ་དང་། ལུས་སེམས་ལས་སུ་རུང་བའི་ཤིན་ཏུ་སྦྱངས་པ་དང་། ཏིང་ངེ་འཛིན་དང་། བྱིང་རྒོད་མེད་པར་རྣལ་དུ་འདུག་པའི་བཏང་སྙོམས་དང་། འདི་བདུན་ནི་བྱང་ཆུབ་ཀྱི་ཡན་ལག་ཅེས་བྱ་སྟེ། མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་ཡིན་པའི་ཕྱིར་རོ། །ཇི་ལྟར་མཐོང་ལམ་བྱང་ཆུབ་ཀྱི་ཡན་ལག་ཡིན་ཞེ་ན། མདོ་སྡེ་རྒྱན་དུ། རང་བཞིན་ཡན་ལག་གནས་ཡན་ལག །གསུམ་པ་ངེས་འབྱུང་ཡན་ལག་སྟེ། །བཞི་པ་ཕན་ཡོན་ཡན་ལག་ཡིན། །རྣམ་གསུམ་ཉོན་མོངས་མེད་ཡན་ལག །ཅེས་བཤད་པ་ལྟར། དྲན་པ་ནི། མཐོང་ལམ་བྱང་ཆུབ་ཀྱི་གནས་ཀྱི་ཡན་ལག་ཡིན་ཏེ། དྲན་པ་ཉེ་བར་གནས་པ་ནི། དགེ་བའི་ཆོས་རྣམས་ཡིད་ཀྱི་མངོན་པར་བརྗོད་པའི་སྒོ་ནས་མི་ཉམས་པར་བྱེད་པའི་ཕྱིར་རོ། །དེ་ཡང་ཤེས་བྱ་མ་རྟོགས་པ་རྟོགས་པར་བྱེད་པས་འཁོར་ལོ་རིན་པོ་ཆེས་གཡུལ་མ་ཕེབས་པ་ཕེབས་པར་བྱེད་པ་དང་འདྲ་སྟེ། རྒྱན་དུ། ཤེས་བྱ་མ་རྒྱལ་རྒྱལ་བྱའི་ཕྱིར། །དྲན་པ་ལ་ནི་ཀུན་ཏུ་སྤྱོད། །ཅེས་གསུངས་སོ། །ཤེས་རབ་ནི་ངོ་བོ་ཉིད་ཀྱི་ཡན་ལག་ཡིན་ཏེ། མཐོང་ལམ་བྱང་ཆུབ་ནི། ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ཡང་གང་ཟག་དང་ཆོས་སུ་འཛིན་པའི་རྟོག་པ་འཇོམས་པས། གླང་པོ་ཆེས་ཕྱིར་རྒོལ་བ་འཇོམས་པ་དང་འདྲ་སྟེ། འདི་ཡིས་རྣལ་འབྱེད་རྟོག་པ་ཡི། །མཚན་མ་ཐམས་ཅད་འཇོགས་པར་བྱེད། །ཅེས་པ་ལྟར་རོ། །བརྩོན་འགྲུས་ནི། ངེས་པར་འབྱུང་བའི་ཡན་ལག་སྟེ། འདིས་བགྲོད་བྱ་ཇི་སྲིད་པར་འགྲོ་བ་བྱེད་པའི་ཕྱིར་རོ། །དེས་མངོན་པར་ཤེས་པ་མྱུར་དུ་སྒྲུབ་པས། རྟ་མཆོག་གིས་མྱུར་དུ་ུས་གཞི་རྒྱ་མཚོའི་མཐར་ཐུག་པར་འགྲོ་བ་དང་འདྲ་སྟེ། འདི་ཡི་བརྩོན་འགྲུས་མ་ལུས་པ། །མྱུར་དུ་རྟོགས་པ་བྱ་ཕྱིར་འཇུག ། ཅེས་བཤད་པ་ལྟར་རོ། །དགའ་བ་ནི། ཕན་ཡོན་གྱི་ཡན་ལག་སྟེ། སེམས་རྒྱུད་སིམ་པར་བྱེད་པའི་ཕྱིར་རོ། །དེ་ནི་ནོར་བུའི་སྣང་བའི་ཁྱད་པར་གྱིས། རྒྱལ་པོ་དགའ་བར་བྱེད་པ་དང་འདྲ་སྟེ། ཆོས་ཀྱི་སྣང་བ་འཕེལ་བའི་ཕྱིར། །དགའ་བས་རྟག་ཏུ་རྒྱས་པར་འགྱུར། །ཅེས་པ་ལྟར་རོ། །ཤིན་ཏུ་སྦྱངས་པ་ནི། གང་གིས་ཉོན་མོངས་པར་མི་འགྱུར་བར་བྱེད་པའི་ཡན་ལག་སྟེ། དེས་ཉོན་མོངས་པའི་རྒྱུ་གནས་ངན་ལེན་འཇིག་པར་བྱེད་པའི་ཕྱིར་རོ། །དེ་ནི་བཙུན་མོས་རྒྱལ་པོའི་བདེ་བ་མྱོང་བར་བྱེད་པ་དང་འདྲ་སྟེ། སྒྲིབ་པ་ཀུན་ལས་ཐར་པའི་ཕྱིར། །ཤིན་ཏུ་སྦྱངས་པའི་བདེ་བ་ཐོབ། །ཅེས་པ་ལྟར་རོ། །ཏིང་ངེ་འཛིན་ནི། གང་དུ་ཀུན་ནས་ཉོན་མོངས་པར་མི་འགྱུར་བའི་ཡན་ལག་སྟེ། དེ་ལ་གནས་པ་ནི། གནས་འགྱུར་བའི་ཕྱིར་རོ། །འདིས་འདོད་པའི་དོན་ཀུན་སྒྲུབ་པའི་ཕྱིར། ཁྱིམ་བདག་ལྟ་བུ་སྟེ། ཏིང་ངེ་འཛིན་ལ་བསམས་པའི་དོན། །འབྱོར་པ་ཉེ་བར་སྐྱེ་བར་འགྱུར། །ཅེས་པ་ལྟར་རོ། །བཏང་སྙོམས་ནི། ཀུན་ནས་ཉོན་མོངས་པ་མེད་པའི་ངོ་བོ་ཡིན་ཏེ། བརྣབ་སེམས་དང་ཡིད་མི་བདེ་བ་དང་བྲལ་བའི་ཉོན་མོངས་ཅན་མ་ཡིན་པའི་གནས་སྐབས་ཀྱི་ངོ་བོ་ཡིན་པའི་ཕྱིར་རོ། །དེ་ནི་བློན་པོས་དཔུང་གི་ཚོགས་ཡན་ལག་བཞི་འདོད་གནས་བྱེད་པ་དང་འདྲ་སྟེ། བཏང་སྙོམས་ཀྱིས་ནི་ཐམས་ཅད་དུ། །འདི་ནི་ཇི་ལྟར་འདོད་བཞིན་གནས། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་དེ་རྣམས་ནི་མྱ་ངན་ལས་འདས་པ་ཐོབ་པར་བགྱིད་པའི་རྒྱུ་དགེ་ཚོགས་ལགས་ཏེ། བསྒྲུབ་པར་བགྱིའོ། །

གཉིས་པ་ཞི་གནས་དང་ལྷག་མཐོང་ནི། ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བས་མྱ་ངན་ལས་འདས་པ་ཐོབ་བོ་ཞེས་བསྟན་པའི་ཕྱིར། ཤེས་རབ་མེད་པར་བསམ་གཏན་ཡོད་མིན་ཏེ། །བསམ་གཏན་མེད་པར་ཡང་ནི་ཤེས་རབ་མེད། །གང་ལ་དེ་གཉིས་ཡོད་པས་སྲིད་པ་ཡི། །རྒྱ་མཚོ་གནག་རྗེས་ལྟ་བུར་འཚལ་བར་བགྱི། །ཞེས་གསུངས་ཏེ། ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལེགས་པར་ཤེས་པའི་ཤེས་རབ་མེད་པར་བསམ་གཏན་སྐྱེ་བ་ཡོད་པ་མ་ཡིན་ཏེ། ཤེས་རབ་ཀྱིས་ཤེས་བྱའི་གནས་ལ་ཐེ་ཚོམ་མེད་པར་སྒྲོ་འདོགས་ཆོད་པ་ན། དམིགས་པ་ལ་བདེ་བར་སེམས་མཉམ་པར་འཇོག་པའི་ཕྱིར་རོ། །བསམ་གཏན་མེད་པར་ཡང་ནི་ཡང་དག་པ་ཇི་ལྟ་བ་བཞིན་ཤེས་པའི་ཤེས་རབ་མེད་དེ། སེམས་མཉམ་པར་བཞག་ན་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་ཞེས་གསུངས་པའི་ཕྱིར་རོ། །རྣལ་འབྱོར་པ་གང་ལ་དམིགས་པ་ལ་སེམས་རྩེ་གཅིག་པའི་བསམ་གཏན་དང་། ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཤེས་རབ་དེ་གཉི་ག་ཡོད་པ་དེ་ཡིས་སྲིད་པའི་རྒྱ་མཚོ་གནག་རྗེས་ཀྱི་ཆུ་ལྟ་བུར་འཚལ་བར་བགྱི་སྟེ། མྱུར་དུ་སྐམ་པའམ་རྒལ་བར་ནུས་པའི་ཕྱིར་རོ། །ཤེས་རབ་ནི་འདིར་གང་ཟག་དང་ཆོས་ཀྱི་བདག་མེད་རྟོགས་པ་ལ་འདོད་དེ། གཞན་གྱིས་སྲིད་པའི་རྩ་བ་གཅོད་མི་ནུས་པའི་ཕྱིར་རོ། །བསམ་གཏན་མེད་པའི་ཤེས་རབ་ནི། མི་བརྟན་པའི་ཕྱིར་ཉོན་མོངས་པ་དྲུངས་འབྱིན་མི་ནུས་ལ། ཤེས་རབ་མེད་པར་ཡང་བསམ་གཏན་གྱིས་ཉོན་མོངས་པ་མངོན་འགྱུར་མགོ་གནོན་པ་ཙམ་བྱེད་ཀྱི། ས་བོན་དྲུངས་འབྱིན་པར་མི་ནུས་པས། དེའི་ཕྱིར་ཞི་གནས་དང་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ་གྱིས་མྱ་ངན་ལས་འདས་པ་ཐོབ་པ་ཡིན་ནོ། །དེ་དག་ལ་ལྷག་མཐོང་གཙོ་ཆེའོ། །ཞི་གནས་མི་གཙོ་སྟེ། ཇི་སྐད་དུ། བསྟོད་པ་བྱེད་པ་དག་གིས། ཁྱོད་ཀྱི་བསྟན་ལ་མི་ཕྱོགས་པའི། །སྐྱེ་བོ་མ་རིག་གིས་ལྡོངས་པ། །སྲིད་རྩེའི་བར་དུ་སོང་ནས་ཀྱང་། །སྡུག་བསྔལ་ཡང་འབྱུང་སྲིད་པ་སྒྲུབ། །ཅེས་དང་། ཁྱོད་ཀྱི་བསྟན་པའི་རྗེས་འབྲང་བ། །བསམ་གཏན་དངོས་གཞི་མ་ཐོབ་ཀྱང་། །བདུད་ཀྱི་མིག་རས་བཙའ་བཞིན་དུ། །སྲིད་པ་རྣམས་ནི་བཟློག་པར་བགྱིད། །ཅེས་གསུངས་པ་ལྟ་བུའོ། །དེ་བས་ན་ཐར་པ་འདོད་པ་རྣམས་ཀྱིས་སེམས་ལས་སུ་རུང་བའི་ཞི་གནས་ཙམ་ཐོག་མར་བསྒྲུབས་ནས། དེའི་འོག་ཏུ་དྲན་པ་ཉེ་བར་བཞག་པ་ནས་བཟུངས་ཏེ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བདག་མེད་པ་རྣམ་པ་གཉིས་སྒོམ་པའི་རྣལ་འབྱོར་ལ་བརྩོན་པར་བྱའོ། །སོ་སོར་རྟོག་པའི་ཤེས་རབ་དང་བྲལ་བའི་སེམས་གནས་པ་ཙམ་བསྒོམས་པས་ནི། འཇིག་རྟེན་པའི་ཆགས་བྲལ་ཡང་མི་ཐོབ་ན། ཐར་པ་ལྟ་ཅི་སྨོས།

གསུམ་པ་བསམ་བྱ་མ་ཡིན་པའི་གནས་སྤངས་ཏེ། རྟེན་འབྲེལ་རྟོགས་པར་བྱ་བ་ནི། མྱ་ངན་ལས་འདས་པའི་ལམ་ཡང་དག་པར་ལྟ་བའི་གེགས་སུ་གྱུར་པ་བསམ་བྱ་མ་ཡིན་པ་སེམས་པ་བཟློག་པའི་ཕྱིར། ལུང་མ་བསྟན་པ་བཅུ་བཞི་འཇིག་རྟེན་ན། །ཉི་མའི་གཉེན་གྱིས་རབ་གསུངས་གང་ལགས་པ། །དེ་དག་རྣམས་ལ་བསམ་པར་མི་བགྱི་སྟེ། །དེ་ཡིས་བློ་ནི་ཞི་བར་བགྱིད་མ་ལགས། །ཞེས་གསུངས་ཏེ། ལུང་མ་བསྟན་པའི་ལྟ་བ་བཅུ་བཞི་ཉི་མའི་གཉེན་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ལུང་རིང་མོ་ནས་གསུངས་པ་འདི་ལྟ་སྟེ། བདག་དང་འཇིག་རྟེན་རྟག་མི་རྟག གཉི་ག་ཡིན་གཉི་ག་མ་ཡིན། ཅེས་པ་སྔོན་གྱི་མཐའ་ལ་བརྟེན་པ་བཞི་དང་། བདག་དང་འཇིག་རྟེན་མཐའ་དང་ལྡན་མི་ལྡན། གཉི་ག་ཡིན་གཉི་ག་མ་ཡིན་ཅེས་པ་ཕྱི་མའི་མཐའ་ལ་བརྟེན་པ་བཞི་དང་། དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་། གཉི་ག་ཡིན་གཉི་ག་མ་ཡིན་ཅེས་མྱ་ངན་ལས་འདས་པ་ལ་བརྟེན་པ་བཞི་དང་། ལུས་དེ་སྲོག་ཀྱང་དེ་ཞེས་པ་དང་། ལུས་ཀྱང་གཞན་སྲོག་ཀྱང་གཞན་ཞེས་པ་ལུས་སྲོག་ལ་བརྟེན་པ་གཉིས་སོ། །དེ་ལ་སྲོག་ནི་བདག་གི་རྣམ་གྲངས་སོ། །ཅིའི་ཕྱིར་ལུང་མ་བསྟན་པ་ཞེས་བྱ་ཞེ་ན། དོན་འདི་དག་ཕྱི་རོལ་པ་འགའ་ཞིག་གིས། དེ་བཞིན་གཤེགས་པ་ལ་ཞུས་པ་ལ། བདག་རྟག་པ་ལས་བརྩམས་ཏེ་འདྲི་བར་མཁྱེན་ནས། རྟག་པའམ་མི་རྟག་པ་སོགས་སུ་ལུང་བསྟན་པ་ན། ཁྱད་གཞི་མེད་པར་ཁྱད་པར་གྱི་ཆོས་ལ་དཔྱོད་པ་མི་འཐད་པར་དགོངས་ཤིང་། ཁྱད་གཞི་བདག་མེད་དོ་ཞེས་བཀག་ན་དོན་དུ་མི་འགྱུར་བར་དགོངས་ནས། ལུང་མི་སྟོན་པ་དེའི་ཕྱིར་ལུང་དུ་མི་སྟོན་པ་ཞེས་བྱའོ། །ཡང་ན་བདག་ནི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་གོ འཇིག་རྟེན་ནི་ཉེ་བར་ལེན་པའི་ཕུང་པོ་ལྔའོ། །དེ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་པ་ཡིན་ལ། དེའི་ཕྱིར་རྟག་མི་རྟག་སོགས་སུ་མ་གྲུབ་སྟེ། ཇི་སྐད་དུ། རྟེན་ཅིང་འབྲེལ་བར་འབྱུང་བ་གང་། །དེ་ནི་ངོ་བོ་ཉིད་ཀྱིས་ཞི། །ཞེས་བཤད་པ་ལྟར་རོ། །དེ་བས་ན་དེ་དག་རྟག་མི་རྟག་སོགས་སུ་ལུང་བསྟན་པར་བྱ་བ་མ་ཡིན་ལ། ཟབ་མོའི་དོན་གྱི་སྣོད་མ་ཡིན་པར་དགོངས་ནས། རྟེན་འབྲེལ་རང་བཞིན་མེད་པར་ཡང་མ་གསུངས་པས། དེའི་ཕྱིར་ལུང་དུ་མ་བསྟན་པ་ཞེས་པ་སྟེ། ཇི་སྐད་དུ། རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་གསུངས་སོ། །དེ་ལྟ་བུའི་ལྟ་བ་དེ་དག་ལ་བསམ་པར་མི་བགྱི་སྟེ། གང་གི་ཕྱིར་བསམ་པར་ནུས་ཤིང་། བསམས་ན་ཕན་ཡོན་ཡོད་པ་དེ་ནི་བསམ་པར་རིགས་པ་ཡིན་ན། འདི་དག་ལ་ནི་ཁྱད་གཞི་མེད་པའི་ཕྱིར། བསམ་པར་མི་ནུས་ལ། བསམས་ན་ལྟ་བ་ངན་པའི་སྦྲུལ་གྱིས་ཟིན་ནས། ཉོན་མོངས་པའི་དུག་འཕེལ་བར་འགྱུར་བའི་ཕྱིར། དེ་ལ་བསམས་པ་དེ་ཡིས་བློ་ཞི་བར་བགྱིད་པ་མ་ལགས་སོ། །བསམ་པར་ནུས་ཤིང་བསམས་ན་ཞི་བ་ཐོབ་པའི་ཕན་ཡོན་དང་བཅས་པ་ནི། རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། མ་རིག་པ་ལས་ལས་ཏེ་དེ་ལས་ནི། །རྣམ་ཤེས་དེ་ལས་མིང་དང་གཟུགས་རབ་འབྱུང་། །དེ་ལས་སྐྱེ་མཆེད་དྲུག་སྟེ་དེ་དག་ལས། །རེག་པ་ཀུན་ཏུ་འབྱུང་བར་ཐུབ་པས་གསུངས། །རེག་པ་ལས་ནི་ཚོར་བ་ཀུན་འབྱུང་སྟེ། །ཚོར་བའི་གཞི་ལས་སྲེད་པ་འབྱུང་བར་འགྱུར། །སྲེད་ལས་ལེན་པ་སྐྱེ་བར་འགྱུར་བ་སྟེ། །དེ་ལས་སྲིད་པ་སྲིད་ལས་སྐྱེ་བ་ལགས། །སྐྱེ་བ་ཡོད་ན་མྱ་ངན་ན་རྒ་དང་། །འདོད་པས་འཕོངས་དང་འཆི་བས་འཇིགས་སོགས་ཀྱི། །སྡུག་བསྔལ་ཕུང་པོ་ཤིན་ཏུ་ཆེ་འབྱུང་སྟ། །སྐྱེ་བ་འགགས་པས་འདི་ཀུན་འགག་པར་འགྱུར། །ཅེས་གསུངས་ཏེ། ཐུབ་པ་བཅོམ་ལྡན་འདས་ཀྱིས་རྟེན་འབྲེལ་གྱི་མདོ་ལས་དགེ་སློང་དག་འདི་ཡོད་ན་འདི་འབྱུང་། འདི་སྐྱེས་པའི་ཕྱིར་འདི་སྐྱེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་བྱ་བ་ནས། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་། མྱ་ངན་དང་། སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་། འཁྲུག་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འབྱུང་བར་འགྱུར་རོ། །ཞེས་དང་། དེ་བཞིན་དུ་མ་རིག་པ་འགགས་པས་འདུ་བྱེད་འགག་པ་ན། སྐྱེ་བ་འགགས་པས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་དང་འཁྲུག་པ་རྣམས་འགག་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འབའ་ཞིག་པ་འདི་འགག་པར་འགྱུར་རོ། །ཞེས་སོགས་གསུངས་པ་རྣམས་འདིར་སྟོན་ཏོ། །དེ་ལ་ཕུང་པོ་ལ་བདག་དང་བདག་གིར་ལྟ་བའི་མ་རིག་པ་ལས་བསོད་ནམས་དང་། བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་རྣམས་འབྱུང་སྟེ། ལས་དེ་ལས་ནི་ལས་ཀྱི་བག་ཆགས་ཅན་གྱི་སྐྱེ་བ་ལེན་པར་བྱེད་པའི་རྣམ་པར་ཤེས་པ་སྐྱེ་ལ། རྣམ་ཤེས་དེ་ལས་ནུར་ནུར་པོ་ལ་སོགས་པའི་གནས་སྐབས་ཀྱི་ཕུང་པོ་ལྔའི་རང་བཞིན་གྱི་མིང་དང་གཟུགས་རབ་ཏུ་འབྱུང་སྟེ། དེ་ལས་མིང་ནི། ཚོར་བ་ལ་སོགས་པའི་ཕུང་པོ་བཞི་ཡིན་ལ། གཟུགས་ནི། དེ་དང་ལྷན་ཅིག་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་སོ། །མིང་གཟུགས་དེ་འཕེལ་བ་ལས་མིག་ལ་སོགས་པ་ནང་གི་སྐྱེ་མཆེད་དྲུག་འབྱུང་སྟེ། སྐྱེ་མཆེད་དྲུག་པོ་དེ་དག་ལས་ཡུལ་དབང་རྣམ་ཤེས་གསུམ་འདུས་པའི་རེག་པ་ཀུན་ཏུ་འབྱུང་བར་འགྱུར་རོ། །རེག་པ་ལས་ནི། བདེ་སྡུག་གི་ཚོར་བ་ཀུན་ཏུ་འབྱུང་བར་འགྱུར་ལ། ཚོར་བའི་གཞི་ལས་བདེ་བ་ཐོབ་འདོད་དང་། སྡུག་བསྔལ་འདོར་འདོད་ཀྱི་སྲེད་པ་འབྱུང་བར་འགྱུར་རོ། །སྲེད་པ་ལས་ནི། བདེ་སྡུག་ལ་བླང་དོར་རྩོམ་པར་བྱེད་པའི་སྲེད་པ་ཤས་ཆེར་འཕེལ་བ་ལེན་པ་སྐྱེ་བར་འགྱུར་བ་སྟེ། དེ་ལས་ནི། དེས་གསོས་བཏབ་པ་ལས་ཀྱི་བག་ཆགས་ཡང་སྲིད་ལེན་པ་ལ་ནུས་པ་མཐུ་ཅན་དུ་གྱུར་པའི་སྲིད་པ་འབྱུང་བར་འགྱུར་རོ། །སྲིད་པ་དེ་ལས་ཕྱི་མའི་སྐྱེ་བ་འབྱུང་ལ། སྐྱེ་བ་ཡོད་ན། ཁམས་འགྱུར་བའི་ན་བ་དང་། ན་ཚོད་འགྱུར་བའི་རྒ་བ་དང་། སྲོག་འགྱུར་བའི་འཆི་བ་དང་། ལུས་སེམས་གདུང་བར་བྱེད་པའི་མྱ་ངན་དང་། ཟས་གོས་སོགས་འདོད་པས་འཕོངས་པ་དང་སོགས་ཀྱིས་བསྡུས་པ་སྨྲེ་སྔགས་འདོན་པ་དང་། ཡིད་མི་བདེ་བ་སོགས་སྡུག་བསྔལ་གྱི་ཕུང་པོ་ཤིན་ཏུ་ཆེན་པོ་བདག་དང་བདག་གི་བ་དང་བྲལ་བ་འདི་འབའ་ཞིག་འབྱུང་སྟེ། མ་རིག་པ་འགགས་པས་འདུ་བྱེད་འགག་པ་ནས། སྐྱེ་བ་འགགས་པས་རྒ་ཤི་སོགས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་ཀུན་འགག་པར་འགྱུར་རོ། །

ཡན་ལག་བཅུ་གཉིས་པོ་འདི་དག་དུས་ཇི་སྲིད་ཅིག་ལ་རྫོགས་ཤེ་ན། ཚེ་གསུམ་ལ་རྫོགས་ཀྱི་མང་ཉུང་དུ་མ་ཡིན་ཏེ། འདི་ལྟར་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་དག་ནི། སྔོན་གྱི་སྐྱེ་བ་ལ་ཡོངས་སུ་རྫོགས་ཏེ། དེ་དག་ནི་སྐྱེ་བ་འཕེན་བྱེད་ཡིན་པའི་ཕྱིར་རོ། །མིང་གཟུགས་ནས་ཚོར་བའི་བར་ནི་ཚེ་བར་པ་ལ་རྫོགས་ཏེ། དེ་ནི་རྣམ་སྨིན་གྱི་རང་བཞིན་ཡིན་པའི་ཕྱིར་རོ། །སྲེད་པ་དང་ལེན་པ་དང་སྲིད་པ་གསུམ་ཡང་བར་པ་ལ་རྫོགས་ཏེ། རྣམ་སྨིན་དེ་དག་གི་རྐྱེན་ལས་བྱུང་བའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་ནི་ཚེ་ཕྱི་མ་ལ་རྫོགས་ཏེ། ཚེ་འདིའི་ཐ་མ་སྲིད་པ་ཡིན་ལ། དེའི་རྐྱེན་ལས་སྐྱེ་བ་འགྲུབ་པའི་ཕྱིར་རོ། །སྐྱེ་བའི་རྐྱེན་ལས་ཀྱང་རྒ་ཤི་འབྱུང་བའི་ཕྱིར་རོ། །དེ་ལ་སྐྱེ་བ་དང་པོ་གཉིས་ནི་བར་མ་ཆད་དུ་འབྱུང་བའི་ངེས་པ་མེད་དེ། ད་ལྟར་གྱི་མིང་གཟུགས་འདི་དག་སྔོན་བསྐལ་བ་བརྒྱའི་ཕ་རོལ་གྱི་མ་རིག་པ་སོགས་ཀྱིས་འཕངས་པ་སྲིད་པའི་ཕྱིར་རོ། །ཅི་སྟེ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཀྱི་རྣམ་སྨིན་ཡིན་ན། ཚེ་དང་པོ་གཉིས་བར་མ་ཆད་དུ་འབྱུང་བ་སྲིད་དོ། །ཚེ་ཐ་མ་གཉིས་ནི། བར་མ་ཆད་ཁོ་ནར་འབྱུང་སྟེ། ཚེ་ཕྱི་མའི་སྐྱེ་བ་དང་རྒ་ཤི་དག ཚེ་འདིའི་སྲིད་པའི་རྐྱེན་ལས་འབྱུང་བའི་ཕྱིར་རོ། །དེ་བས་ན་ཚེ་འདིའི་སྐྱེ་བ་དང་རྒ་ཤི་རྣམས་ནི། ཚེ་འདིའི་མིང་གཟུགས་དང་རྟེན་འབྲེལ་ཚར་གཅིག་མ་ཡིན་ཏེ། འདིའི་སྲེད་ལེན་གྱི་རྐྱེན་ལས་འབྱུང་བ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། སྐྱེ་བ་སྔ་མའི་མིང་གཟུགས་དང་རྟེན་འབྲེལ་ཚར་གཅིག་ཡིན་ཏེ། དེ་དག་གི་སྲེད་ལེན་སྲིད་པའི་རྐྱེན་ལས་ཚེ་འདིའི་སྐྱེ་བ་དང་། རྒ་ཤི་འབྱུང་བའི་ཕྱིར་རོ། །དེ་བས་ན་ཚེ་འདིར་ཡང་བྱིས་པ་རྣམས་ལ་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཡོད་མོད། དེ་དག་ནི། སྔོན་དང་ཕྱི་མའི་མཐའ་བར་གསུམ་གའི་རྟེན་འབྲེལ་གྱི་ཡན་ལག་ཚོགས་པ་ཡིན་ཏེ། དེ་ལ་སྐྱེ་བ་དང་རྒ་ཤི་ནི། སྔོན་གྱི་རྟེན་འབྲེལ་ཡིན་ནོ། །མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་རྣམས་ནི། ཕྱི་མའི་རྟེན་འབྲེལ་ཡིན་ཏེ། མ་འོངས་པའི་སྐྱེ་བ་འགའ་ཞིག་འཕེན་བྱེད་ཡིན་པའི་ཕྱིར་རོ། །མིང་གཟུགས་ནས་སྲིད་པའི་བར་ནི། ཚེ་འདིའི་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །དེ་ལྟར་ཚེ་འདིར་ཡོད་པའི་ཡན་ལག་བཅུ་གཉིས་པོ་དག་ནི། སྔོན་དང་ཕྱི་མའི་མཐའ་ལ་རྨོངས་པ་ཟློག་བྱེད་ཀྱང་ཡིན་ཏེ། མིང་གཟུགས་ནས་ཚོར་བའི་བར་དང་། སྐྱེ་བ་དང་རྒ་ཤི་དག་ནི། གོ་རིམ་བཞིན་དུ་སྔོན་གྱི་མཐས་འཕངས་པའི་འབྲས་བུ་དང་། མངོན་པར་འགྲུབ་པའི་འབྲས་བུ་ཡིན་པའི་ཕྱིར། དེ་དག་ལས་སྔོན་གྱི་མཐའི་སྐྱེ་བ་ཡོད་པར་རྗེས་སུ་དཔག་གོ །མ་རིག་པ་སོགས་གསུམ་དང་། སྲེད་པ་ལ་སོགས་པ་གསུམ་ནི། གོ་རིམ་བཞིན་དུ་ཕྱི་མའི་མཐའི་སྐྱེ་བ་འཕེན་པར་བྱེད་པ་དང་། མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ཡིན་པས། ཕྱི་མའི་མཐའི་སྐྱེ་བ་ཡོད་པར་རྗེས་སུ་དཔག་གོ །ཇི་ལྟར་ཚེ་འདིར་ཡོད་པའི་ཡན་ལག་བཅུ་གཉིས་པོ་དག་ལ། སྔོན་དང་ཕྱི་མའི་མཐའི་རྒྱུ་དང་། འབྲས་བུ་ཇི་ལྟར་རྣམ་པར་བཞག་པ་ལྟར། སྔོན་དང་ཕྱི་མའི་མཐའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་ལ་ཡང་དེ་ཁོ་ན་ལྟར་བརྩི་བར་བྱ་སྟེ། དེ་ལྟར་མགལ་མེའི་འཁོར་ལོ་ལྟར་སྲིད་པའི་ཡན་ལག་བཅུ་གཉིས་ཐོག་མ་དང་ཐ་མ་མེད་པར་འཁོར་བའི་ཚུལ་ལེགས་པར་ཁོང་དུ་ཆུད་པར་འགྱུར་ཏེ། ཇི་སྐད་དུ་སློབ་དཔོན་ཉིད་ཀྱིས། གསུམ་པོ་རྣམས་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཅེས་གསུངས་པ་ལྟར་རོ། །

དེ་ལྟ་བས་ན་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ཉིད་ཚུལ་བཞིན་དུ་བསམས་པས། ཆོས་ཀྱི་དེ་ཁོ་ན་ཉིད་མཐོང་བ་བསྟན་པའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །གང་གིས་འདི་ནི་ཡང་དག་མཐོང་བ་དེས། །སངས་རྒྱས་དེ་ཉིད་རིག་པ་རྣམ་མཆོག་མཐོང་། །ཞེས་གསུངས་ཏེ། དེ་ལྟར་ན་ཇི་སྐད་བཤད་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི། རྒྱལ་བའི་གསུང་གི་གཅེས་པ་ཡིན་ཏེ། གསུང་རབ་ཀུན་གྱི་སྙིང་པོའི་དོན་ཡིན་པའི་ཕྱིར་རོ། །དེ་ནི་བདག་དང་གཞན་དང་གཉི་ག་དང་། རྒྱུ་མེད་པ་དང་བྲལ་བས་གཞན་གྱིས་རྟོགས་པར་དཀའ་བའི་ཕྱིར་ཟབ་མོ་སྟེ། དེའི་ཕྱིར་གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་འདི་ནི་ཡང་དག་པར་མཐོང་བ་དེས་སངས་རྒྱས་དེ་ཁོ་ན་ཉིད་རིག་པ་རྣམ་མཆོག་མཐོང་སྟེ། སངས་རྒྱས་ནི་ཆོས་ཀྱི་སྐུས་རབ་ཏུ་ཕྱེ་བས་རྟེན་འབྲེལ་གྱི་གནས་ལུགས་ལས་ཐ་མི་དད་པའི་ཕྱིར་རོ། །ཇི་སྐད་དུ། སཱ་ལུ་ལྗང་པའི་མདོ་ལས། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་ཤེས་པ་དེས་ཆོས་ཤེས་སོ། །གང་གིས་ཆོས་ཤེས་པ་དེས་དེ་བཞིན་གཤེགས་པ་ཤེས་སོ། །ཞེས་གསུངས་པ་བཞིན་ནོ། །

བཞི་པ་འཕགས་ལམ་ཡན་ལག་བརྒྱད་བསྒོམ་པ་ནི། དེ་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པས་ནི། འཕགས་པའི་བདེན་པ་བཞི་ལ་དམིགས་པའི་ལམ་འབྱུང་ངོ་ཞེས་བསྟན་པའི་ཕྱིར་ཡང་དག་ལྟ་དང་འཚོ་དང་རྩོལ་བ་དང་། དྲན་དང་ཏིང་འཛིན་དག་དང་ལས་མཐའ་དང་། །ཡང་དག་རྟོག་ཉིད་ལམ་གྱི་ཡན་ལག་བརྒྱད། །འདི་ནི་ཞི་བར་བགྱི་སླད་བསྒོམ་པར་བགྱི། །ཞེས་གསུངས་ཏེ། རྩ་བར་སྡེབ་སྦྱོར་གྱི་དབང་གིས། གོ་རིམ་འཆོལ་བར་བསྟན་ཀྱང་། རིམ་པ་བཞིན་བཤད་ན། མཐོང་ལམ་དུ་རྟོགས་པའི་དོན་བློ་གྲོས་ཀྱིས་ཡོངས་སུ་དཔྱོད་པར་བྱེད་པའི་ཤེས་རབ་ཡང་དག་པའི་ལྟ་བ་དང་། རང་གིས་རྟོགས་པ་བཞིན་གཞན་ལ་སྟོན་པའི་ངག་ཀུན་ནས་སློང་བའི་ཡང་དག་པའི་རྟོག་པ་དང་། རྟོག་པ་དེས་ཀུན་ནས་བསླངས་པའི་ཡང་དག་པ་ཇི་ལྟ་བ་བཞིན་སྟོན་པའི་ངག་གི་རྣམ་པར་རེག་བྱེད་ཡང་དག་པའི་ངག་དང་། བྱ་བ་མ་ཡིན་པ་སྤོང་བའི་ལུས་ངག་གི་རྣམ་པར་རེག་བྱེད་ཡང་དག་པའི་ལས་ཀྱི་མཐའ་དང་། ཆོས་དང་མཐུན་པའི་ཟས་གོས་སོགས་ཀྱི་འཚོ་བ་ཡང་དག་པའི་འཚོ་བ་དང་། ལམ་བསྒོམ་པ་ལ་བརྩོན་པ་ཡང་དག་པའི་རྩོལ་བ་དང་། ལམ་གྱི་དམིགས་པ་མ་བརྗེད་པ་ཡང་དག་པའི་དྲན་པ་དང་། དམིགས་པ་དེ་ལ་རྩེ་གཅིག་ཏུ་གནས་པ་ཡང་དག་པའི་ཏིང་ངེ་འཛིན་དང་། བརྒྱད་པོ་འདི་དག་ནི་སྒོམ་ལམ་གྱི་གནས་སྐབས་ན་འཕགས་པའི་ལམ་གྱི་ཆ་ཤས་དང་འཁོར་ཡིན་པའི་ཕྱིར། ལམ་གྱི་ཡན་ལག་བརྒྱད་ཅེས་བྱ་སྟེ། དེ་ལ་ཡང་དག་པའི་ལྟ་བ་ནི། ཡོངས་སུ་དཔྱོད་པའི་ཡན་ལག་ཡིན་ཏེ། དེས་མཉམ་གཞག་ཏུ་ཇི་ལྟར་མྱོང་བའི་དེ་ཁོ་ན་ཉིད་ངེས་པར་འཛིན་པའི་ཕྱིར་རོ། །རྟོག་པ་ནི། གཞན་ལ་གོ་བར་བྱེད་པའི་ཡན་ལག་ཡིན་ཏེ། དེས་ཇི་ལྟར་རྟོགས་པ་རྣམ་པར་བཞག་ནས་ངག་ཀུན་ནས་སློང་བའི་ཕྱིར་རོ། །ཡང་དག་པའི་ངག་ལ་སོགས་པ་གསུམ་ནི་གཞན་ཡིད་ཆེས་པའི་ཡན་ལག་ཡིན་ཏེ། དེ་ལ་ཡང་དག་པའི་ངག་གིས་རྟོགས་པ་དང་མཐུན་པར་དྲི་བ་དང་ལུང་སྟོན་པ་འབེལ་པའི་གཏམ་གཏན་ལ་འབེབས་པས་རྣལ་འབྱོར་པ་ལྟ་བ་རྣམ་པར་དག་པར་ཤེས་སོ། །ཡང་དག་པའི་ལས་ཀྱི་མཐས་འགྲོ་བ་དང་ལྡོག་པ་སོགས་སྤྱོད་པ་ཕུན་སུམ་ཚོགས་པས་ཚུལ་ཁྲིམས་རྣམ་པར་དག་པར་ཤེས་སོ། །ཡང་དག་པའི་འཚོ་བས་ནི། ཇི་ལྟར་སྣང་བ་བཞིན་ཆོས་གོས་སོགས་ཚོལ་བས་འཚོ་བ་རྣམ་པར་དག་པར་ཡིད་ཆེས་སོ། །རྩོལ་བ་ནི་ཉོན་མོངས་པའི་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་ཏེ། དེས་བརྩོན་འགྲུས་བརྩམས་པས་ཀུན་སྦྱོར་ལྷག་མ་རྣམས་སྤོང་བའི་ཕྱིར་རོ། །དྲན་པ་ནི། ཉེ་བའི་ཉོན་མོངས་པའི་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་ཏེ། དེས་ཡང་དག་པའི་ཞི་གནས་སོགས་ཀྱི་མཚན་མ་མ་བརྗེད་པས་ཉེ་བའི་ཉོན་མོངས་པ་བྱིང་རྒོད་སོགས་ཀྱི་སྐབས་མེད་པར་བྱེད་པའི་ཕྱིར་རོ། །ཏིང་ངེ་འཛིན་ནི། ཡོན་ཏན་ཁྱད་པར་ཅན་ལ་སྒྲིབ་པ་སྦྱོང་བའི་ཡན་ལག་ཡིན་ཏེ། དེས་མངོན་པར་ཤེས་པ་སོགས་ཡོན་ཏན་མངོན་པར་བསྒྲུབ་པའི་ཕྱིར་རོ། །དེ་དག་ཀྱང་དབུས་མཐར། ཡོངས་སུ་དཔྱོད་བྱེད་གོ་བྱེད་དང་། །རྣམ་གསུམ་གཞན་ཡིད་ཆེས་པར་བྱེད། །མི་མཐུན་ཕྱོགས་ཀྱི་གཉེན་པོར་ནི། །ལམ་གྱི་ཡན་ལག་དེ་བརྒྱད་དོ། །ཞེས་བཤད་པ་ལྟར་རོ། །དེ་བས་ན་འདི་དག་ནི་ཞི་བ་མྱ་ངན་ལས་འདས་པ་ཐོབ་པར་བགྱི་བའི་སླད་དུ་བསྒོམ་པར་བགྱིའོ། །

ལྔ་པ་ལམ་བདེན་གྱི་དམིགས་པ་འཕགས་པའི་བདེན་པ་བསྟན་པ་ནི། སྐྱེ་འདི་སྡུག་བསྔལ་སྲེད་པ་ཞེས་བགྱི་བ། །དེ་ནི་དེ་ཡི་ཀུན་འབྱུང་རྒྱ་ཆེན་ཏེ། །འདི་འགོག་པ་ནི་ཐར་པ་ལགས་ཏེ་ལམ། །དེ་ཐོབ་འཕགས་ལམ་ཡན་ལག་དེ་བརྒྱད་ལགས། །ཞེས་གསུངས་ཏེ། ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་སྐྱེ་བའི་རང་བཞིན་འདི་ནི་སྡུག་བསྔལ་ཡིན་ཏེ། མདོ་ལས། མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་བཤད་པ་ལྟར་རོ། །ཟག་བཅས་ཀྱི་ཕུང་པོ་ལ་ཆགས་པའི་སྲེད་པ་ཞེས་བགྱི་བ་དེ་ནི། སྡུག་བསྔལ་འདི་ཀུན་འབྱུང་བ་ཡིན་ཏེ། མདོ་ལས། སྡུག་བསྔལ་ཀུན་འབྱུང་འཕགས་པའི་བདེན་པ་གང་ཞེ་ན། སྲེད་པ་ཡང་ཀུན་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་བཅས་པ་དེ་དང་། དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་དེ་ཞེས་གསུངས་པ་ལྟར་རོ། །དེ་ནི་སྲིད་པར་སྐྱེ་བ་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་རྒྱ་ཆེན་ནོ། །སྡུག་ཀུན་འདི་དག་མ་ལུས་པ་འགག་པ་ནི། འགོག་པའི་བདེན་པ་སྟེ་དེ་ཉིད་ཐར་པ་ལགས་ལ་དེ་ཐོབ་བྱེད་ཀྱི་ལམ་ནི། འཕགས་ལམ་ཡན་ལག་བརྒྱད་པོ་བཤད་མ་ཐག་པ་དེ་དག་ལགས་སོ། །མྱ་ངན་ལས་འདས་པ་ཐོབ་པའི་ལམ་ལ་སྦྱར་བར་བྱ་བའི་ཕྱིར། དེ་ལྟར་ལགས་པས་འཕགས་པའི་བདེན་པ་བཞི། །མཐོང་བར་བགྱི་སླད་རྟག་ཏུ་བརྩོན་པར་བགྱི། །ཞེས་གསུངས་ཏེ། ཤེས་བྱ་སྤང་བྱ་མངོན་དུ་བྱ་བ་བསྟེན་པར་བྱ་བའི་ཕྱིར། བདེན་པ་བཞི་པོ་གོང་དུ་བཤད་པ་དེ་ལྟར་ལགས་པས། ཁྱོད་ཀྱིས་ཀྱང་འཕགས་པའི་བདེན་པ་བཞི་པོ་དེ་ཡི་དེ་ཁོ་ན་ཉིད་མཐོང་བར་བགྱི་བའི་སླད་དུ་རྟག་ཏུ་ལམ་བསྒོམ་པ་ལ་བརྩོན་པར་བགྱིའོ། །བཞི་པོ་འདི་དག་ནི་ཀུན་རྫོབ་ཏུ་དེ་ཁོ་ན་ལྟར་གནས་པས་འཕགས་པའི་བདེན་པ་ཞེས་བྱ་སྟེ། དཔེར་ན་ཡང་དག་པའི་ཐ་སྙད་ལ་འཕགས་པའི་ཐ་སྙད་ཅེས་ཟེར་བ་བཞིན་ནོ། །ཡང་ན་འདི་དག་དེ་ཁོ་ན་ལྟར་དུ་འཕགས་པ་རྣམས་ཀྱིས་གཟིགས་པའི་ཕྱིར་འཕགས་པའི་བདེན་པ་ཞེས་བྱའོ། །

དྲུག་པ་བདེན་པ་མཐོང་བ་སྐྱེས་བུའི་རྩོལ་བ་ལ་བརྟེན་པས་ཞུམ་པར་མི་བྱ་བ་ནི། བདག་ཅག་ཁྱིམ་པ་རྒྱལ་སྲིད་ལ་གནས་པ་རྣམས་ཀྱིས་ཇི་ལྟར་བདེན་པ་མཐོང་བར་ནུས་ཤེ་ན། པང་ན་དཔལ་གནས་ཁྱིམ་པ་རྣམས་ཀྱིས་ཀྱང་། །ཤེས་པས་ཉོན་མོངས་ཆུ་བོ་ལས་བརྒལ་བགྱི། །ཞེས་གསུངས་ཏེ། གང་གི་པང་ན་རྒྱལ་སྲིད་ཀྱི་དཔལ་གནས་པའམ། ཡང་ན་བུ་ལ་སོགས་པ་ཕུན་སུམ་ཚོགས་པའི་དཔལ་གནས་པའི་ཁྱིམ་པ་རྒྱལ་པོ་གཟུགས་ཅན་སྙིང་པོ་ལ་སོགས་པས་ཀྱང་། ཡང་དག་པའི་ཤེས་པས་བདེན་པ་མཐོང་སྟེ། ཉོན་མོངས་པའི་ཆུ་བོ་ལས་བརྒལ་པར་བགྱིས་ཀྱིས། རྒྱལ་པོ་ཁྱོད་ཀྱིས་ཀྱང་དེ་ལྟར་མཛོད་ཅིག་ཅེས་པའོ། །འཕགས་པའི་ལམ་སྐྱེས་བུའི་རྩལ་གྱིས་བསྒྲུབ་པར་བྱ་བ་ཡིན་ནོ། །ཞེས་བསྟན་པའི་ཕྱིར། གང་དག་ཆོས་མངོན་བགྱིས་པ་དེ་དག་ཀྱང་། །གནམ་ནས་བབས་པ་མ་ལགས་ལོ་ཐོག་བཞིན། །ས་རུམ་ནས་འཐོན་མ་ལགས་དེ་དག་སྔོན། །ཉོན་མོངས་རག་ལས་སྐྱེ་བོ་ཁོ་ནར་བས། །ཞེས་གསུངས་ཏེ། གང་ཟག་གང་བདེན་པ་བཞིའི་ཆོས་མངོན་སུམ་དུ་བགྱིས་པའི་འཕགས་པ་ཇི་སྙེད་ཅིག་བྱོན་པ་དེ་དག་ཀྱང་ཐོག་མ་ཉིད་ནས་འཕགས་པར་གྱུར་ཟིན་ཅིག་གནམ་ནས་བབས་པའམ། ལོ་ཐོག་བཞིན་ས་རུམ་ནས་འཐོན་ཏེ་འོངས་པ་མ་ལགས་ཀྱི། དེ་དག་ཀྱང་སྔོན་ཉོན་མོངས་པ་ལ་རག་ལས་པ་སྟེ། ཉོན་མོངས་པའི་གཞན་དབང་དུ་གྱུར་པའི་སོ་སོ་སྐྱེ་བོར་བས་པ་ལས། ཕྱིས་དགེ་བའི་བཤེས་གཉེན་ལ་བརྟེན་ནས་ལམ་བསྒྲུབས་ནས་འཕགས་པར་གྱུར་པ་སྟེ། དེའི་ཕྱིར་ཁྱོད་ཀྱིས་ཀྱང་མི་ཞུམ་པར་ལམ་བསྒྲུབ་པ་ལ་འབད་པར་བགྱིའོ། །

བདུན་པ་མདོར་བསྡུས་ཏེ་གདམས་པ་ནི། བསྙེངས་དང་བྲལ་ལ་མང་དུ་གསོལ་ཅི་འཚལ། །ཕན་པའི་གདམས་ངག་དོན་པོ་འདི་ལགས་ཏེ། ཁྱོད་ཀྱིས་ཐུགས་དུལ་མཛོད་ཅིག་བཅོམ་ལྡན་གྱིས། །སེམས་ནི་ཆོས་ཀྱི་རྩ་བ་ལགས་པར་གསུངས། །ཞེས་གསུངས་ཏེ། ཕས་ཀྱི་རྒོལ་བས་བག་ཚ་བ་མེད་པས་ན་བསྙེངས་པ་དང་བྲལ་ཞེས་རྒྱལ་པོ་ལ་བོས་ནས། ཧ་ཅང་མང་དུ་གསོལ་ཅི་འཚལ་ཏེ། མི་དགེས་ཀྱིས། གནས་སྐབས་དང་མཐར་ཐུག་ཏུ་ཕན་པའི་གདམས་ངག་དོན་པོ་སྟེ། གཙོ་བོའམ་གཅེས་པ་འདི་ལགས་ཏེ། ཁྱོད་ཀྱི་ཐུགས་མི་དགེ་བ་ལས་བཟློག་ནས། དགེ་བ་ལ་བཅུག་པའི་སྒོ་ནས་དུལ་བ་སྟེ་ཐུལ་བར་མཛོད་ཅིག དེ་ལྟ་ན་ལུས་ངག་ཡིད་གསུམ་ཐམས་ཅད་དག་པར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་འཇིག་རྟེན་སེམས་ཀྱིས་ཁྲིད་པ་སྟེ། སེམས་ཀྱིས་ཡོངས་སུ་དྲངས་པ་ཡིན། །སེམས་ཀྱི་ཆོས་ནི་གཅིག་པུ་ཡི། །དབང་གི་རྗེས་སུ་ཆོས་ཀུན་འགྲོ། །ཞེས་དང་། སེམས་དུལ་བ་ནི་ལེགས་པ་སྟེ། །སེམས་དུལ་བས་ནི་བདེ་བ་འདྲེན། །ཅེས་སེམས་ནི་ཆོས་ཀྱི་རྩ་བར་ལགས་པར་གསུངས་པའི་ཕྱིར་རོ། །ཇི་སྐད་བཤད་པ་དེ་ཐམས་ཅད་བསྒྲུབས་ན། སངས་རྒྱས་ཀྱི་བསྟན་པ་ལ་ལེགས་པར་གནས་པར་འགྱུར་བར་མ་ཟད་ཕྱོགས་གཅིག་བསྒྲུབས་པས་ཀྱང་དོན་དང་བཅས་པར་འགྱུར་རོ། །ཞེས་བསྟན་པའི་ཕྱིར། ཁྱོད་ལ་དེ་སྐད་གདམས་པ་གང་ལགས་ཏེ། །བས་པར་དགེ་སློང་གིས་ཀྱང་བགྱི་བར་དཀའ། །འདི་ལས་གང་ཞིག་སྤྱོད་པའི་ངོ་བོ་དེའི། །ཡོན་ཏན་བསྟེན་པས་སྐུ་ཚེ་དོན་ཡོད་མཛོད། །ཅེས་གསུངས་ཏེ། རྒྱལ་པོ་ཁྱོད་ལ་དེ་སྐད་གདམས་པ་གང་ལགས་པ་དེ། བས་པར་ཏེ་རྫོགས་པར་གཅིག་ཏུ་དགེ་བ་ལ་གཞོལ་བའི་དགེ་སློང་གིས་ཀྱང་བགྱི་བར་དཀའ་ན། བྱ་བ་མང་པོས་གཡེངས་པའི་ཁྱིམ་པས་སྨོས་ཅི་དགོས།

འོན་ཀྱང་གདམས་པ་འདི་དག་ལས་གང་ཡང་རུང་བ་ཞིག་སྤྱོད་པ་སྟེ་བསྒྲུབས་པའི་ངོ་བོ་དེ་ལྟ་བུའི་ཉེས་པ་སྤང་བ་དང་། ཡོན་ཏན་རྣམས་བསྟེན་ཅིང་གོམས་པས་སྐུ་ཚེ་དོན་ཡོད་པར་མཛོད་ཅིག་དང་། དེ་ལྟ་ན་ཡང་སངས་རྒྱས་ཀྱི་བསྟན་པ་ལ་གནས་པ་དང་། རིམ་གྱིས་ཡོན་ཏན་གཞན་ཡང་ཐོབ་པར་འགྱུར།

གཉིས་པ་ཐེག་ཆེན་གྱི་ལམ་གྱི་འབྲས་བུ་དང་བཅས་པ་སྒྲུབ་པར་གདམས་པ་ལ་གཉིས་ལས། དང་པོ་ལམ་གྱི་བྱ་བ་ནི། དེ་ལྟར་ཆོས་བསྟན་པས་སེམས་མགུ་བར་གྱུར་པ་དེ་ཐེག་པ་ཆེན་པོའི་ལམ་ལ་གཞུག་པར་བཞེད་ནས། ཀུན་གྱི་དགེ་བ་ཀུན་ལ་ཡི་རང་ཞིང་། །ཉིད་ཀྱིས་ལེགས་པར་སྤྱད་པ་རྣམ་གསུམ་ཡང་། །སངས་རྒྱས་ཉིད་ཐོབ་བགྱི་སླད་ཡོངས་བསྔོས་ནས། །དེ་ནས་དགེ་བའི་ཕུང་པོ་འདི་ཡིས་ཁྱོད། །སྐྱེ་བ་དཔག་ཏུ་མེད་པ་ལྷ་མི་ཡི། །འཇིག་རྟེན་ཀུན་གྱི་རྣལ་འབྱོར་དབང་མཛད་ནས། །འཕགས་པ་སྤྱན་རས་གཟིགས་དབང་སྤྱོད་པ་ཡིས། །སྐྱེ་བོ་ཉམ་ཐག་མང་པོ་རྗེས་བཟུངས་ཏེ། །འཁྲུངས་ནས་ན་རྒ་འདོད་ཆགས་ཞེ་སྡང་རྣམས། །བསལ་ཏེ་སངས་རྒྱས་ཞིང་དུ་བཅོམ་ལྡན་འདས། །འོད་དཔག་མེད་དང་འདྲ་བར་འཇིག་རྟེན་གྱི། །མགོན་པོ་སྐུ་ཚེ་དཔག་ཏུ་མེད་པར་མཛོད། །ཅེས་གསུངས་ཏེ། སོ་སོ་སྐྱེ་བོ་དང་། འཕགས་པ་ཀུན་གྱི་ཟག་བཅས་དང་ཟག་མེད་ཀྱི་དགེ་བ་ཀུན་ལ་ཇི་ལྟར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་རྗེས་སུ་ཡི་རང་བར་མཛད་པ་དེ་ལྟར། བདག་གིས་ཀྱང་རྗེས་སུ་ཡི་རང་བར་བགྱིའོ། །ཞེས་ཚིག་ཏུ་བརྗོད་པས་རྗེས་སུ་ཡི་རང་བར་བགྱི་ཞིང་། བདག་དགེ་བ་འདིས་སེམས་ཅན་མགོན་མེད་པ་རྣམས་ཀྱི་མགོན། སྐྱབས་མེད་པ་རྣམས་ཀྱི་སྐྱབས་སུ་གྱུར་ཅིག ཅེས་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱིས་ལེགས་པར་སྤྱད་པ་རྣམ་པ་གསུམ་ཡང་། སངས་རྒྱས་ཐོབ་པར་བགྱི་བའི་སླད་དུ་ཡོངས་སུ་བསྔོས་ནས། དེ་ནས་རྗེས་སུ་ཡི་རང་བ་དང་བསྔོས་པའི་དགེ་བའི་ཕུང་པོ་འདི་ཡིས་ཁྱོད་འཇིག་རྟེན་གྱི་མགོན་པོ་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་གནས་པས། སྐུ་ཚེ་དཔག་ཏུ་མེད་པར་མཛོད་ཅིག་ཅེས་སྦྲེལ་ལོ། །ཅི་ཞིག་མཛད་ནས་ཤེ་ན། སངས་རྒྱས་ཀྱི་ཆོས་ཡོངས་སུ་སྨིན་པ་དང་། སེམས་ཅན་ཡོངས་སུ་སྨིན་པར་བྱས་ནས་ཏེ། དེ་ལ་དང་པོ་ནི། དགེ་བའི་ཕུང་པོ་འདིས་ལམ་སྒྲུབ་པའི་གནས་སྐབས་སུ། སྐྱེ་བ་དཔག་ཏུ་མེད་པ་ལྷ་དང་མིའི་འཇིག་རྟེན་དུ་སྐྱེས་ཏེ། གཟུངས་དང་ཏིང་ངེ་འཛིན་ལ་སོགས་པ་ཡོན་ཏན་དཔག་ཏུ་མེད་པའི་རྣལ་འབྱོར་ལ་དབང་མཛད་ནས་དང་། གཉིས་པ་སེམས་ཅན་སྨིན་པར་བྱ་བ་ནི། ཇི་ལྟར་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་སེངྒེ་དང་གླང་པོ་ཆེ་ལ་སོགས་པའི་འཇིགས་པ་ལས་སྐྱེ་བོ་ཉམ་ཐག་པ་རྣམས་བསྐྱབས་པ་བཞིན་དུ། དེ་དང་རྗེས་སུ་མཐུན་པའི་སྤྱོད་པ་ཡིས་སྐྱེ་བོ་ཉམ་ཐག་མང་པོ་རྗེས་སུ་བཟུངས་ཏེ། ཚོགས་ཡོངས་སུ་རྫོགས་པར་བྱས་ནས། སྲིད་པ་ཐ་མ་པར་འཁྲུངས་ནས། ན་རྒས་བསྡུས་པ་སྡུག་བསྔལ་གྱི་བདེན་པ་དང་། འདོད་ཆགས་ཞེ་སྡང་སོགས་ཀུན་འབྱུང་གི་བདེན་པས་བསྡུས་པ་རྣམས་བསལ་བར་མཛད་ནས་སོ། །གང་དུ་ཞེ་ན། རང་གི་དགེ་བའི་རྩ་བས་ཡོངས་སུ་སྦྱངས་པའི་སངས་རྒྱས་ཀྱི་ཞིང་དུའོ། །ཅི་དང་འདྲ་བར་ཞེ་ན། ཞིང་དང་འཁོར་དང་སྐུ་ཚེ་ལ་སོགས་པ་ཇི་ལྟར་བདེ་བ་ཅན་དུ། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་སངས་རྒྱས་པ་དང་འདྲ་བར་རོ། །

གཉིས་པ་འབྲས་བུ་ནི། དེ་ལྟར་སངས་རྒྱས་ཉིད་ཐོབ་ནས་སེམས་ཅན་གྱི་དོན་ཅི་རན་མཛད་དེ། མྱ་ངན་ལས་འདས་པ་ཐོབ་པར་མཛོད་ཅིག་ཅེས་བསྟན་པའི་ཕྱིར། ཤེས་རབ་ཚུལ་ཁྲིམས་གཏོང་འབྱུང་གྲགས་ཆེན་དྲི་མ་མེད། །ལྷ་ཡུལ་ནམ་མཁའ་དང་ནི་ས་སྟེང་རྒྱས་མཛད་ནས། །ས་ལ་མི་དང་མཐོ་རིས་ལྷ་ནི་ན་ཆུང་མཆོག །བདེ་དགའ་དགའ་བ་ངེས་པར་རབ་ཏུ་ཞི་མཛད་དེ། །ཉོན་མོངས་ཉམ་ཐག་སེམས་ཅན་ཚོགས་ཀྱི་འཇིགས་སྐྱེ་དང་། །འཆི་བ་ཞི་མཛད་རྒྱལ་བའི་དབང་པོ་ཉིད་བརྙེད་ནས། །འཇིག་རྟེན་ལས་འདས་མིང་ཙམ་ཞི་ལ་མི་བསྙེངས་པ། །མི་བགྲེས་ནོངས་པ་མི་མངའི་གོ་འཕང་བརྙེས་པར་མཛོད། །ཅེས་གསུངས་ཏེ། དེ་ལྟ་བུའི་རྒྱལ་བའི་དབང་པོ་བརྙེས་ནས། ཟག་བཅས་ཀྱི་ཕུང་པོ་མ་ལུས་པ་འགགས་པ་ན། འཇིག་རྟེན་ལས་འདས་པ་དངོས་པོ་མེད་པས་མིང་ཙམ། གནོད་པ་མེད་པས་ཞི་བ། འཇིགས་པ་མེད་པས་མི་བསྙེངས་པ། ཟག་པ་མེད་པས་མི་བགྲེས་པ། མི་འགྱུར་བས་ནོངས་པ་སྟེ་འཆི་བ་མེད་པ་མྱ་ངན་ལས་འདས་པའི་གོ་འཕང་བརྙེས་པར་མཛོད་ཅིག རྒྱལ་བའི་དབང་པོ་ཁྱད་པར་ཇི་ལྟ་བུ་ཞིག་བརྙེས་ནས་ཤེ་ན། ས་ལ་གནས་པའི་མི་དང་། མཐོ་རིས་འདོད་ལྷ་རིས་དྲུག་ནི་ལྷ་ཡི་ན་ཆུང་མཆོག་བསྟེན་པའི་བདེ་དགའ་ལ་སོགས་པ་འདོད་པའི་བདེ་བ་ལ་དགའ་ཞིང་བག་མེད་པར་གྱུར་པ་རྣམས་སྐྱོ་བར་བྱས་ཏེ། ཚུལ་ཁྲིམས་ལ་སོགས་པ་འཕགས་ལམ་གྱི་སྦྱོར་བ་དང་། འཕགས་ལམ་དངོས་ལ་བཀོད་ནས་ཞི་བར་མཛད་དེ། ཉོན་མོངས་པས་ཉོན་མོངས་ཤིང་། སྡུག་བསྔལ་གྱིས་ཉམ་ཐག་པའི་སེམས་ཅན་ཚོགས་ཀྱི་འཇིག་ལྟས་གཙོ་བྱས་པའི་འཇིགས་པ་དང་། མི་ཤེས་པ་དང་ལས་དང་སྲིད་པ་གསུམ་གྱིས་གཙོ་བྱས་པའི་སྐྱེ་བ་དང་ལས་དང་ཚེ་ཟད་པ་དང་། ཡ་ང་བ་མ་སྤངས་པས་བྱས་པའི་འཆི་བ་རྣམས་ཞི་བར་མཛད་པ་དེ་ལྟ་བུའི་རྒྱལ་བའི་དབང་པོ་བརྙེས་ནས་སོ། །ཅི་ཞིག་བྱས་ནས་ཤེ་ན། གནས་ལུགས་ངེས་པར་འབྱེད་པའི་ཤེས་རབ་དང་། མ་ཉམས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པའི་ཚུལ་ཁྲིམས་དང་། ཐམས་ཅད་ལ་ཆགས་པ་མེད་པའི་གཏོང་བ་ཕུན་སུམ་ཚོགས་པའོ། །ཞེས་པའི་གྲགས་པ་ལྷ་ཡུལ་དང་ནམ་མཁའ་བར་སྣང་དང་ས་སྟེང་མིའི་འཇིག་རྟེན་རྣམས་སུ་རྒྱས་པར་མཛད་ནས་སོ། །

ཀླུ་ཡིས་ཡོངས་བཟུངས་གསུང་རབ་ཆུ་གཏེར་ལས་བྱུང་བའི། །ལེགས་བཤད་པདྨོ་དགེ་ལེགས་སྦྲང་རྩི་འབྱུང་གནས་འདི། །བློ་གྲོས་བློ་ཡི་ཉིན་བྱེད་ཟེར་གྱིས་རྣམ་ཕྱེ་ཡིས། །སྐལ་བཟང་འཕུར་ལྡིང་བུང་བའི་ཚོགས་རྣམས་ཡི་རང་བྱོས། །ཐུབ་པའི་གསུང་དང་དམ་པ་རྣམས་ཀྱིས་ལེགས་བཤད་ཀྱི། །གཏམ་བཟང་སྒྲོགས་པ་འཇིག་རྟེན་འདི་ན་ཡོད་གྱུར་པ། །དེ་སྲིད་འགྲོ་འདི་ལེགས་པའི་མགོན་དང་བཅས་པ་སྟེ། །དྲི་མེད་མཁའ་ལ་ཉི་འོད་ཤར་བཞིན་རྣམ་པར་མཛེས། །དགེ་ལེགས་འཇོམས་བྱེད་མེ་ཏོག་མདའ་ཅན་ཕྱོགས་འཕེལ་ཞིང་། །ཐུབ་པའི་བསྟན་པ་ལྐོག་མར་སྐྱེ་བོའི་སྲོག་ཕྱིན་འདྲ། །སྐྱེ་རྒུའི་ཚོགས་ཀྱང་ཞི་གྱུར་ཆོས་ཀྱི་ལམ་ལས་ཉམས། །དགེ་བར་འདོད་རྣམས་གཅིག་ཏུ་དགེ་བའི་ལམ་ལ་བརྟེན། །བདག་གིས་འདིར་འབད་རྣམ་པར་དཀའ་བའི་དགེ་བ་གང་། །ཀུ་མུ་ཏ་དང་པདྨའི་རྡུལ་ལྟར་རབ་དཀར་བ། །ཐོབ་པ་གང་དེས་འགྲོ་འདི་ལྟ་བའི་ཆུ་བོ་ལས། །རྣམ་པར་བརྒལ་ནས་རྣམ་གྲོལ་གླིང་དུ་ཕྱིན་གྱུར་ཅིག །

བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པ་བཤེས་པའི་སྤྲིངས་ཡིག་གི་འགྲེལ་པ་དོན་གསལ་བ་ཞེས་བྱ་བ་འདི་ནི། ཡོན་ཏན་རིན་པོ་ཆེ་དུ་མའི་བདག་ཉིད་སྡེ་སྣོད་འཛིན་པ་ཆེན་པོ་མཁན་ཆེན་རྒྱལ་བ་དཔལ་བའི་གསུང་གིས་བསྐུལ་ཞིང་། ལུང་རིགས་སྨྲ་བ་གཙོ་མདོ་བ་ཀུན་དགའ་བཟང་པོ་ལ་སོགས་པ། རང་གི་སློབ་མ་དགེ་བའི་བཤེས་གཉེན་འགས་ཀྱང་གསོལ་བ་བཏབ་པའི་ངོར། ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་ཆོས་གྲྭ་ཆེན་པོར་སྦྱར་བ་རྫོགས་སོ།།། །།

རྣམ་པར་འཐག་པ་བསྡུས་པའི་མདོའི་རྩ་བ།

རྣམ་པར་འཐག་པ་བསྡུས་པའི་མདོའི་རྩ་བ་བཞུགས་སོ། །

སྤོབས་པས་གོ་བར་མི་བྱེད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །སྣང་བར་ལེགས་པར་བཤད་དོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། ཁོང་དུ་མ་ཆུད་པར་ཚིག་དང་ཚིག་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཡི་གེའི་མིང་གི་དེ་བཞིན་གཤེགས་པའི་བཀའ་ལ་འཇུག་གོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །མདོ་སྡེ་དང་མདོ་སྡེ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །ཚིགས་སུ་བཅད་པ་དང་ཆིགས་སུ་བཅད་པ་འགལ་བར་བྱས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །དོན་ལ་ལ་ལ་མོས་ཤིང་། དོན་ལ་ལ་ལ་མི་མོས་ན་ཆོས་སྤོང་བ་ཡིན་ནོ། །ཆོས་འཆད་པའི་ཚེ་གཏམ་གཞན་དུ་བསྒྱུར་ན་ཆོས་སྤོང་བ་ཡིན་ནོ། །དཀྲུགས་མ་བྱེད་ན་ཆོས་སྤོང་བ་ཡིན་ནོ། །ཀུན་ཏུ་རྟོག་པས་སྨྲ་ན་ཆོས་སྤོང་བ་ཡིན་ནོ། །འདི་ལ་དཔྱད་འདི་ལ་མི་དཔྱད་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་རིགས་འདི་ནི་མི་རིགས་སོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། །འཇམ་དཔལ་ངས་ནི་ཉན་ཐོས་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤོབས་པ་གང་ཇི་སྙེད་པ་དེ་དག་ཐམས་ཅད་ནི་དེ་བཞིན་གཤེགས་པའི་མཐུ་ཡིན་ནོ། །

འཇམ་དཔལ་ངས་ནི་བྱང་ཆུབ་ཏུ་ཡང་སྨོན་ལམ་ལེགས་པར་བཏབ་པ་ཡིན་ན། འདི་ལྟར་མི་བླུན་པོ་དེ་དག་ངན་སོང་དུ་འགྲོ་བར་བདུད་ཀྱིས་བྱིན་གྱིས་བརླབས་པའི་ཕྱིར། དེ་ལ་ཡང་སྐྱོན་འདོགས་པར་སེམས་སོ། །དེ་བཞིན་གཤེགས་པས་གནང་བའི་ཆོས་སྨྲ་བ་དེ་དག་ལ་ཡང་སྐྱོན་འདོགས་པར་སེམས་སོ། །བརྙེད་པའི་ཕྱིར་སེམས་བསྲུང་བར་གནས་པ་ཡིན་གྱི། དེ་བཞིན་གཤེགས་པའི་བསྟན་པ་བསྲུང་བའི་ཕྱིར་གནས་པ་མ་ཡིན། རིགས་ལས་བསྡུས་པས། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་སྨྲ་བ་ནི། འདི་སྐད་ཁྱོད་ཀྱིས་ལེགས་པར་སྨྲོས། ཁྱོད་ཀྱིས་དེ་བཞིན་གཤེགས་པའི་བཀའ་ལེགས་པར་རྟོགས་སོ་ཞེས་ཟེར་ཏེ། ཕྱོགས་ཀྱིས་ཡང་ཕྱོགས་གཅིག་སྨྲས་པ་ལ་རྗེས་སུ་ཡི་རང་བའི་གཞིས་དེ་དག་ཆོས་སྤོང་བར་གྱུར་པའང་འདི་ལྟ་སྟེ་ངན་སོང་ཆེན་པོར་འགྲོ་བར་འགྲོ་བ་མཚུངས་པར་འགྱུར་རོ། །ཞེས་གསུངས་སོ། །དགེའོ།།། །།

རྣམ་པར་འཐག་པའི་མདོའི་འགྲེལ་པ།

རྣམ་པར་འཐག་པའི་མདོའི་འགྲེལ་པ་བཞུགས་སོ། །

རང་བཞིན་རྣམ་དག་རིན་ཆེན་ཁམས་ལས་གྲུབ། །དོན་གཉིས་ཕུན་ཚོགས་སྐུ་གསུམ་དཀྱིལ་འཁོར་རྒྱས། །ལྷུན་གྲུབ་ཕྲིན་ལས་བཟང་པོའི་འོད་དཀར་ཅན། །ཐུབ་དབང་ཟླ་བ་དེ་ལ་ཕྱག་འཚལ་ལོ། །འཕགས་པ་རྣམ་པར་འཐག་པ་བསྡུས་པའི་མདོའི་དུམ་བུ་འདི་ལ། དོན་གསུམ་གྱིས་ཤེས་པར་བྱ་སྟེ། འདི་ལྟར་དགོས་པ་དང་། བསྡུས་པ་དང་། ཚིག་གི་དོན་ནོ། །དང་པོ་ནི། འདི་ལས་ཆོས་སྤོང་གི་ལས་ཀྱི་མཚན་ཉིད་དང་། ཉེས་དམིགས་ཇི་ལྟ་བ་བཞིན་བདེ་བླག་ཏུ་རྟོགས་ནས། དེ་ལ་གཡང་ས་དང་འདྲ་བར་ལྟས་ཏེ་སྤང་ཞིང་། དེ་སྤོང་བའི་ཐབས་ཆོས་དང་ཆོས་སྨྲ་བའི་གང་ཟག་ལ་དད་ཅིང་གུས་པའི་བཀུར་སྟི་དང་། རིམ་གྲོ་ཆེར་བསྐྱེད་པས། གནས་སྐབས་དང་མཐར་ཐུག་གི་དོན་ཕུན་སུམ་ཚོགས་པ་ཐོབ་པ་ཞེས་བྱ་བ་འདི་ཡིན་ནོ། །འདིའི་བསྡུས་པའི་དོན་ནི་གཉིས་ཏེ། ཆོས་སྤོང་གྱི་ལས་སྤོང་བར་གདམས་པ་དང་། སྤང་བྱ་ཆོས་སྤོང་གི་ལས་ཀྱི་མཚན་ཉིད་བསྟན་པའོ། །དང་པོ་སེམས་ཅན་དག་ཅེས་པ་ནས། མི་ལྟུང་བར་བྱ་ཞེས་པའི་བར་རོ། །

གཉིས་པ་ལ་མདོར་བསྟན། རྒྱས་བཤད་གཉིས་ལས། དང་པོ་ལ་ཡང་། ཆོས་སྤོང་དངོས་མདོར་བསྟན་པ་དང་། དེའི་རྒྱུས་དཀོན་མཆོག་གཞན་གཉིས་ཀྱང་སྤོང་བར་བསྟན་པའོ། །དེ་དག་ཀྱང་གོ་རིམ་བཞིན་དུ། དེ་ནས་ཞེས་པ་ནས། ཆོས་སྤོང་བའོ། །ཞེས་པའི་བར་དང་། གང་ཆོས་སྤོང་བ་དེས་ཞེས་པ་ནས། ངན་དུ་བརྗོད་པ་ཡིན་ནོ་ཞེས་པའི་བར་རོ། །རྒྱས་པར་བཤད་པ་ལ། ཆོས་སྤོང་བའི་ངོ་བོ་དང་། དེའི་འབྲས་བུ་ཉེས་དམིགས་གཉིས་ཀྱིས་ཤེས་པར་བྱའོ། །

དང་པོ་ལ་ཡང་བསྟན་བྱ་ཆོས་ལ་ལོག་པར་ཞུགས་པ་དང་། སྟོན་བྱེད་གང་ཟག་ལ་ལོག་པར་ཞུགས་པ་གཉིས་སོ། །དང་པོ་ལ་ཡང་ཤེས་བྱ་ཡུལ་ལ་རིགས་མི་རིགས་སུ་འབྱེད་པ་དང་། འཇུག་ཡུལ་ཐེག་པ་ལ་མཆོག་དམན་དུ་འབྱེད་པ་དང་། ཉམས་ལེན་བསླབ་བྱ་ལ་བཟང་ངན་དུ་འབྱེད་པ་དང་གསུམ་གྱིས་ཤེས་པར་བྱ་སྟེ། དེ་དག་ཀྱང་གོ་རིམ་བཞིན་དུ། འདི་ནི་རིགས་པའོ་ཞེས་པ་དང་། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུའོ་ཞེས་པ་དང་། འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་པའོ་ཞེས་པ་རྣམས་ཡིན་ནོ། །སྟོན་བྱེད་གང་ཟག་ལ་ལོག་པར་ཞུགས་པ་ལ་ཡང་། ཡང་དག་པའི་ཆོས་སྨྲ་བ་ལ་ཕྲག་དོག་གིས་སྨོད་པ་དང་། མ་སྦྱངས་པའི་ཆོས་སྨྲ་བ་ལ་བསྙེན་བཀུར་གྱི་ཕྱིར་སྨོད་པའོ། །དང་པོ་ལ་ཡང་། ཆོས་སྨྲ་བའི་ཉེས་པ་བརྗོད་པ་ཉན་པ་པོ་དང་འབྲེལ་བའི་ཆོས་སྤོང་དང་། བསྟན་བྱའི་ཆོས་ལ་ལོག་པར་སྒྲུབ་པ་འཆད་པ་པོ་དང་འབྲེལ་བའི་ཆོས་སྤོང་དང་། ཡང་དག་པའི་ཆོས་སྨྲ་སངས་རྒྱས་གྱིས་བྱིན་གྱིས་བརླབས་པར་བསྟན་པ་དང་གསུམ་མོ། །དང་པོ་ལ་ཡང་ཀུན་སློང་སྤོབས་པ་འབྲེལ་བའི་སྐྱོན་བརྗོད་པ་དང་། འཆད་པ་པོ་གང་ཟག་དང་འབྲེལ་བའི་སྐྱོན་བརྗོད་པ་དང་། འཆད་བྱེད་ཚིག་དང་འབྲེལ་བའི་སྐྱོན་བརྗོད་པ་གསུམ་གྱིས་ཤེས་པར་བྱ་སྟེ། དང་པོ་ནི། སྤོབས་པ་ཡོད་དོ་ཞེས་པ་དང་། སངས་རྒྱས་འབྱུང་བ་མེད་པར་ཞེས་པ་དང་། གཟུངས་ཐོབ་པའི་ཐོབ་པ་ནི། ཞེས་པ་རྣམས་ཀྱིས་བསྟན་ཏོ། །གཉིས་པ་ནི། ཆོས་སྨྲ་བའི་སྤྱོད་པ་ཉེ་བར་ཞེས་པ་ནས། སྤྱོད་པ་དང་ཚུལ་ཁྲིམས་ཉམས་པར་གླེང་ན་ཞེས་པའི་བར་གྱིས་བསྟན་ཏོ། །གསུམ་པ་ནི། ཆོས་ནི་ཆོས་མ་ཡིན་པར་སྟོན་ཅེས་པ་དང་། སྤོབས་པས་གོ་བར་མི་བྱེད་དོ་ཞེས་པ་ནས། ཚིགས་སུ་བཅད་པ་དང་། ཚིགས་སུ་བཅད་པར་ཞེས་པའི་བར་གྱིས་བསྟན་ཏོ། །བསྟན་བྱ་ཆོས་ལ་ལོག་པར་བསྒྲུབ་པ་ལ། འཆད་པ་པོ་དང་འབྲེལ་བའི་ཆོས་སྤོང་ནི། དོན་ལ་ལ་ལ་མོས་ཞེས་པ་ནས། འདི་ནི་རིགས་འདི་ནི་མི་རིགས་ཞེས་པའི་བར་དུའོ། །ཡང་དག་པའི་ཆོས་སྨྲ་སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པར་བསྟན་པ་ནི། འཇམ་དཔལ་ཉན་ཐོས་ཀྱིས་ཞེས་པ་ནས། དེ་དག་ལ་ཡང་སྐྱོན་འདོགས་པར་སེམས་སོ་ཞེས་པའི་བར་རོ། །མ་བསླབས་པའི་ཆོས་སྨྲ་ལ་བསྙེས་བཀུར་གྱི་དབང་གིས་བསྟོད་པ་ནི། བསྙེད་པའི་ཕྱིར་ཞེས་པ་ནས། དེ་དག་ཆོས་སྤོང་བར་གྱུར་པས་ཞེས་པའི་བར་རོ། །དེའི་འབྲས་སུ་ཉེས་དམིགས་ནི་འདི་ལྟ་སྟེ་ངན་སོང་ཆེན་པོ་ཞེས་པ་ལ་སོགས་པ་རྣམས་སོ། །ཚིག་གི་དོན་ལ། སྤྱི་དང་ཡན་ལག་གི་དོན་གཉིས་ལས། དང་པོ་ནི། གང་སྤང་བར་བྱ་བའི་ཆོས། གང་ཞིག་སྤོང་བར་བྱེད་པའི་གང་ཟག གང་གིས་སྤོང་བར་བྱེད་པའི་རྒྱུ། ཇི་ལྟར་སྤོང་བའི་ཚུལ། སྤངས་བའི་ཉེས་དམིགས་ཀྱི་འབྲས་བུ་རྣམས་ཀྱིས་ཤེས་པར་བྱའོ། །དང་པོ་ནི་རྒྱུད་བླ་མར་གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུང་། །ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། །དེ་ནི་དྲང་སྲོང་གསུང་ཡིན་ཞེས་པའི། མཚན་ཉིད་ཅན་གྱི་བདེ་བར་གཤེགས་པའི་བཀའ་མཐའ་དག་དང་། ཡ ང་གང་ཞིག་རྒྱལ་བའི་བསྟན་པ་འབའ་ཞིག་གི །དབང་བྱས་རྣམ་གཡེང་མེད་ཡིད་ཅན་གྱིས་བཤད། །ཐར་པ་ཐོབ་པའི་ལམ་དང་རྗེས་མཐུན་པ། །དེ་ཡང་དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་། །ཅེས་པའི་མཚན་ཉིད་ཅན་གྱི་དགོངས་འགྲེལ་གྱི་བསྟན་བཅོས་རྣམ་དག་རྣམས་ཡིན་ནོ། །གཉིས་པ་ནི། རྒྱན་དུ་རིགས་མེད་གྲོགས་ངན་སྔོན་དགེ་མ་བསམས་བློ་མ་སྦྱངས། །ཆོས་འདི་སྐྲག་འགྱུར་འདི་ན་དོན་ཆེན་འདི་ལས་ལྷུང་། །ཞེས་པ་ལྟར། ཆོས་ཟབ་མོ་ལ་མོས་པའི་མཐུན་རྐྱེན། རང་རྒྱུད་དང་འབྲེལ་བ་རིགས་ལ་སོགས་པ་གསུམ་ལ་ཚང་བ་དང་། འགལ་རྐྱེན་གཞན་རྒྱུད་དང་འབྲེལ་བ་ཆོས་སྤོང་བའི་སྡིག་པའི་གྲོགས་པོས་ཡོངས་སུ་ཟིན་པའི་གང་ཟག་གོ །གསུམ་པ་ནི། རྒྱུད་བླ་མར། ཉོན་མོངས་རྨོངས་བདག་རྣམས་ཀྱིས་འཕགས་ལ་བསྐུར་བ་དང་། །དེས་གསུངས་ཆོས་ལ་བརྙས་གང་དེ་ཀུན་ཞེན་བལྟས་བྱས། །ཞེས་དང་། བློ་དམན་ཕྱིར་དང་དཀར་པོ་བྲལ་ཕྱིར་ལོག་པའི་ང་རྒྱལ་ལ་བརྟེན་ཕྱིར། །དམ་ཆོས་འཕོངས་པས་སྒྲིབ་པ་བདག་ཕྱིར་དྲང་དོན་དེ་ཉིད་འཛིན་པའི་ཕྱིར། །རྙེད་ལ་སྐམ་ཕྱིར་ལྟ་བའི་དབང་ཕྱིར་ཆོས་སུན་འབྱིན་པ་བརྟེན་པའི་ཕྱིར། །ཆོས་འཛིན་སྤྲིང་ཕྱིར་མོས་པ་དམན་ཕྱིར་དགྲ་བཅོམ་རྣམས་ཀྱིས་ཆོས་སྤོང་བྱེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་ནི། འདི་ནི་ཆོས་མ་ཡིན། འདུལ་བ་མ་ཡིན། སངས་རྒྱས་ཀྱི་བསྟན་པ་མ་ཡིན་ཞེས་སམ། ཡང་ན་མདོའི་དུམ་བུ་འདི་ཉིད་ལས་བྱུང་བ་ལྟར་རོ། །ལྔ་པ་ནི། རྒྱུད་བླ་མར། ཇི་ལྟར་ཟབ་མོའི་ཆོས་ཉམས་དེ་བཞིན་མཁས་པ་རྣམས་ཀྱི་མེ་དང་ནི། །མི་ཟད་སྦྲུལ་གདུག་གཤེད་མ་དང་ནི་ཐོག་ལའང་ཤིན་ཏུ་འཇིགས་མི་བྱ། །མེ་སྦྲུལ་དགྲ་དང་རྡོ་རྗེའི་མེས་ནི་སྲོག་དང་བྲལ་བ་ཙམ་བྱེད་དེ། །དེ་ལས་མནར་མེད་རྣམས་ཀྱི་འགྲོ་བ་ཤིན་ཏུ་འཇིགས་པར་འགྲོ་མི་འགྱུར། །གང་ཞིག་ཡང་ཡང་སྡིག་གྲོགས་བརྟེན་པས་སངས་རྒྱས་ངན་སེམས་ལྡན་གྱུར་དང་། །ཕ་མ་དགྲ་བཅོམ་གསོད་པ་བྱ་བ་མིན་བྱེད་མཆོག་ཚོགས་འབྱེད་པའི་མི། །

དེ་ཡང་ཆོས་ཉིད་ངེས་པར་བསམ་པས་མྱུར་དུ་དེ་ལས་ཐར་འགྱུར་གྱི། །གང་ཞིག་ཡིད་ནི་ཆོས་ལ་སྡང་བ་དེ་ལ་ཐར་པ་ག་ལ་ཡོད། །ཅེས་གསུངས་པ་ལྟར་རོ། །ད་ནི་ཡན་ལག་གི་དོན་བཤད་པར་བྱ་སྟེ། ཆོས་སྤོང་གི་གཡང་ས་ཆེན་པོར་ཞེས་པ་ནི། ལས་དེའི་འབྲས་བུ་རྣམ་པར་སྨིན་པ་མནར་མེད་པ་ལ་སོགས་པའི་ངན་སོང་རྣམས་ནི་དཔག་ཚད་སྟོང་དུ་ཟབ་ཅིང་། ངོས་བཞི་བྲག་རི་སྟུག་པོས་ཀུན་ནས་བསྐོར་བའི་གཡང་ས་ཆེན་པོ་དང་། གང་དུ་ལྷུང་ན་ཐར་བར་དཀའ་ཞིང་། སྡུག་བསྔལ་དང་ཡིད་མི་བདེ་བ་མང་པོའི་གནས་སུ་གྱུར་པར་ཆོས་མཐུན་པའི་ཕྱིར། གཡང་ས་ཞེས་བྱ་ལ། དེའི་རྒྱུར་ཆོས་སྤོང་བའི་ལས་ལ་ཡང་འབྲས་བུའི་མིང་གིས་བཏགས་ཏེ། གཡང་ས་ཞེས་བརྗོད་དོ། །གང་ཤེས་ནས་སྤོང་བར་བྱ་བ། ཆོས་སྤོང་གི་ལས་དེ་ཡང་། གདུལ་བྱ་རྣམས་ཀྱིས་མི་ཤེས་པས། དེའི་རང་བཞིན་ཇི་ལྟ་བུ་ཡིན་པ་སྟོན་པ་ལ་ཞུས་པ་ནི། དེ་ནས་ཞེས་སོགས། དེའི་ལན་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། འཇམ་དཔལ་ཞེས་སོགས་པ། དེ་ལ་བཀའ་ལ་ལ་བཟང་བར་འདུ་ཤེས། ལ་ལ་ངན་པར་འདུ་ཤེས་པས་ཆོས་སྤོང་བ་ནི། དེ་བཞིན་གཤེགས་པའི་བཀའ་ལ་བཟང་ངན་མེད་པའི་ཕྱིར་ཏེ། ཐམས་ཅད་ཀྱང་དེ་བཞིན་ཉིད་དུ་འབབ་ཅིང་། དེ་བཞིན་ཉིད་ལ་གཞོལ་བས། དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཐབས་སུ་མ་གྱུར་པ་གཅིག་ཀྱང་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་། བཞི་བརྒྱ་པ་ལས།ཡོད་དང་མེད་དང་ཡོད་མེད་དང་། །གཉིས་ཀ་མིན་ཞེས་ཀྱང་བསྟན་ཏེ། །ནད་ཀྱི་དབང་གིས་ཐམས་ཅད་ཀྱང་། །སྨན་ཞེས་བྱ་བར་འགྱུར་མིན་ནམ། །ཞེས་གང་གསུངས་པ་ཡིན་ནོ། །བཀའ་ལ་དྲང་ངེས་ཀྱི་དབྱེ་བ་ཡོད་པ་མ་ཡིན་ནམ། ཇི་ལྟར་བཟང་ངན་མེད་ཅེས་ན། དྲང་ངེས་ཀྱི་ཁྱད་པར་ཡོད་མོད་ན་ཡང་། དེ་ཙམ་གྱིས་བཟང་ངན་དུ་མི་འགྱུར་ཏེ། གདུལ་བྱའི་བསམ་པ་ལ་ལྟོས་ནས་བསྟན་པར་བྱ་བ་སྟོང་པ་ཉིད། མཚན་མ་མེད་པ་ལ་སོགས་པའི་གནས་ལུགས་ཀྱི་དོན་གཅིག་ཉིད། གདུལ་བྱ་ཁ་ཅིག་ལ་ལྡེམ་པོའི་ངག་གིས་མིང་གཞན་དང་གཞན་དུ་བསྟན་ལ། ཁ་ཅིག་ལ་དེ་ཉིད་སྒྲ་ཇི་བཞིན་པར་བསྟན་པས་དྲང་ངེས་སུ་འཇོག་པ་ཙམ་མ་གཏོགས་དགོངས་པ་གཅིག་ཡིན་པའི་ཕྱིར་དང་། གཞན་དུ་ན་དེ་བཞིན་གཤེགས་པའི་བཀའི་དགོངས་པ་ནང་འགལ་བས་གསུང་པ་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །

གང་ཆོས་སྤོང་བ་དེས་ཆོས་སྤངས་པས་དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན་ཅེས་པ་ནི། བསྟན་བྱ་ཆོས་ལ་ངན་པར་འདུ་ཤེས་ནས་སྤོང་བས་ན། དེ་སྟོན་པ་པོ་ལ་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་རྟོགས་ནས། ཕྱིན་ཅི་མ་ལོག་པར་སྟོན་པ་མ་ཡིན་པར་དོན་གྱིས་ན་བསྐུར་པ་བཏབ་པ་ཡིན་ཏེ། གཞན་དུ་ན་དེ་བསྟན་པའི་ཆོས་ལ་གུས་པར་མི་བྱེད་པ་འགལ་བའི་ཕྱིར་རོ། །དེས་འཕགས་པའི་དགེ་འདུན་ལ་ངན་དུ་བརྗོད་པ་ཡང་ཡིན་ཏེ། དགེ་འདུན་ནི་སངས་རྒྱས་ཀྱི་བསྟན་པ་དམ་པའི་ཆོས་ལ་རྗེས་སུ་སློབ་པས་རབ་ཏུ་ཕྱེ་བ་ཡིན་ལ། བསྟན་པ་ལ་ངན་པར་འདུ་ཤེས་པ་ན། དེ་ལ་ཚད་མར་འཛིན་ཅིང་རྗེས་སུ་སློབ་པའི་གང་ཟག་ལ་མཆོག་ཏུ་འཛིན་པ་འགལ་བའི་ཕྱིར་རོ། །མདོ་སྡེ་འདི་ནི་རིགས་ཏེ། རིགས་པ་དང་ལྡན་པ་དོན་དམ་པའི་བདེན་པ་སྟོན་པའི་ཕྱིར་རོ། །མདོ་སྡེ་འདི་ནི་མི་རིགས་ཏེ། རིགས་པས་བརྟག་མི་བཟོད་པ་ཀུན་རྫོབ་ཀྱི་བདེན་པ་སྟོན་པའི་ཕྱིར་རོ། །ཞེས་ཟེར་ན། ཀུན་རྫོབ་སྟོན་པ་དྲང་དོན་གྱི་ཆོས་ངན་པར་འཛིན་པས་ཆོས་སྤོང་བ་ཡིན་ནོ། །ཀུན་རྫོབ་སྟོན་པ་དོན་དམ་བདེན་པ་སྟོན་པ་ལས་ངན་པར་འཛིན་པ་འདི་ཇི་ལྟར་ན། ཆོས་སྤོང་བར་འགྱུར་ཞེ་ན། གང་ཞིག་དོན་དམ་པའི་བདེན་པ་མཆོག་ཏུ་བཟུང་ནས་དེ་རྟོགས་པར་འདོད་པ་དེ་ནི། ཀུན་རྫོབ་ཀྱི་བདེན་པ་ངན་པར་བཟུང་ནས་སྤང་བར་འོས་པ་མ་ཡིན་ཏེ། ཆུ་འདོད་པས་སྣོད་བརྟེན་པར་བྱ་བ་ལྟར། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པ་ལ་ཤིན་ཏུ་གུས་པར་བྱ་བ་ཡིན་ཏེ། དེ་ནི་དོན་དམ་པའི་བདེན་པ་རྟོགས་པའི་ཐབས་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། དབུ་མ་རྩ་བ་ལས། ཐ་སྙད་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མི་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །དེ་ཉིད་ཀྱི་ཕྱིར། དེ་བཞིན་གཤེགས་པ་རྣམས་བདེན་པ་གཉིས་ཀྱི་སྒོ་ནས་ཆོས་སྟོན་པར་མཛད་པ་ཡིན་ཏེ། དེ་ཉིད་ལས། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་སོ། །དེ་བས་ན་ཀུན་རྫོབ་བདེན་པ་སྟོན་པའི་མདོ་སྡེ་རྣམས་ངན་པའོ་ཞེས་ཁྱད་དུ་གསོད་པར་འོས་པ་མ་ཡིན་ནོ། །འདི་ནི་ཟབ་པ་དང་རྒྱ་ཆེ་བ་ལ་མོས་པ་དབང་པོ་རྣོན་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆེད་དུ་གསུངས་པ་མཆོག་གོ །འདི་ནི་རང་ཉིད་གཅིག་པུ་ཞི་བ་དང་། དུལ་བར་བྱ་བའི་ཕྱིར་ཞུགས་པ་དང་དབང་པོ་དམན་པ་ཉན་ཐོས་རྣམས་ཀྱི་ཆེད་དུ་གསུངས་པ་དམན་པའོ། །འདི་ནི་དབང་པོ་འབྲིང་པོ་རང་སངས་རྒྱས་རྣམས་ཀྱི་ཆེད་དུ་གསུངས་པས་འབྲིང་དུ་གྱུར་པའོ། །ཞེས་ཟེར་ན་ཐེག་དམན་གྱི་མདོ་སྡེ་ཁྱད་དུ་གསོད་པས་ཆོས་སྤོང་བ་ཡིན་ནོ། །ཅི་སྟེ་ཉན་རང་གི་ཐེག་པ་ནི། ཐེག་པ་ཆེན་པོ་ལས་དམན་པ་མ་ཡིན་ནམ། ཇི་ལྟར་ན། དེ་དག་ལ་དམན་པར་བཟུང་བས་ཆོས་སྤོང་བ་ཡིན་ནོ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་ཡང་། ཟབ་པ་དང་རྒྱ་ཆེ་བ་ལ་མོས་པ་རང་བཞིན་གྱི་དབང་པོ་རྣོན་པོའི་རིགས་ཅན་དག་གིས་མངོན་དུ་བྱ་བའི་ལམ་མ་ཡིན་ཡང་། གཞན་རྗེས་སུ་འཛིན་པའི་ཡན་ལག་དུ་ཤེས་པར་བྱ་བའི་ཡན་ལག་ཡིན་ཏེ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་རྒྱུའི་གནས་སྐབས་སུ། ཐེག་པ་གསུམ་གྱི་ལམ་ཐམས་ཅད་ཤེས་པར་བྱ་ཞིང་། འབྲས་བུའི་གནས་སྐབས་སུ་ཐེག་པ་གསུམ་གྱི་ཡོན་ཏན་ཐམས་ཅད་མངོན་དུ་བྱ་དགོས་པའི་ཕྱིར་རོ། །ཇི་སྐད་དུ་བཅོམ་ལྡན་འདས་མ་ལས། རབ་འབྱོར་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པའི་ལམ་ཐམས་ཅད་བསྐྱེད་པར་བྱ་ཞིང་། ལམ་ཐམས་ཅད་ཤེས་པར་བྱའོ། །ཞེས་གང་གསུངས་པ་ལྟར་རོ། །དམན་པ་ལ་མོས་པ་ཉན་རང་གི་རིགས་ཅན་དག་གིས་ནི། ཉན་རང་གི་ཐེག་པ་དེ་ཉིད་ཐེག་པ་ཆེན་པོ་དེ་ལ་འཇུག་པའི་ཐེམ་སྐས་ལྟ་བུ་ཡིན་ཏེ། དེ་དག་ཉན་རང་གི་ལམ་གྱི་ཐོག་མར་རྒྱུད་ཡོངས་སུ་མ་སྦྱངས་པར་ཐེག་པ་ཆེན་པོ་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཀྱི་སྣོད་དུ་མི་རུང་བའི་ཕྱིར་དང་། མཐར་ཐུག་ཐེག་པ་གཅིག་ཉིད་ཀྱིས་དེ་དག་གིས་ཀྱང་སངས་རྒྱས་ཐོབ་པར་བྱ་དགོས་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་དམན་པའི་མྱང་འདས་གཉིས་ནི། ལམ་རིང་པོས་དུབ་པའི་འགྲོན་པོ་དབུགས་དབྱུང་བའི་ཕྱིར་གྲོང་ཁྱེར་སྤྲུལ་པ་ལྟར། ཐེག་པ་ཆེན་པོ་ལ་འཇུག་པའི་ཐབས་ལ་མཁས་པ་ཡིན་པར་བཅོམ་ལྡན་འདས་ཀྱིས་མདོ་སྡེ་རྣམས་ལས་གསུངས་སོ། །དཔལ་ལྡན་ཟླ་བ་གྲགས་པས་དབུ་མ་ལ་འཇུག་པར་ཡང་། གང་ཕྱིར་འགྲོ་ལ་ཉེས་པ་བསྐྱེད་ཕྱིར་སྙིགས་མ་འདི་དག་ཡོད་གྱུར་པ། །དེ་ཕྱིར་འཇིག་རྟེན་སངས་རྒྱས་སྤྱོད་ཡུལ་གཏིང་ཟབ་ལ་འཇུག་མི་འགྱུར་ཞིང་། །བདེ་གཤེགས་གང་ཕྱིར་ཁྱེད་ལ་མཁྱེན་རབ་ཐུགས་རྗེ་ཐབས་དང་ལྷན་ཅིག་པ། །མངའ་དང་གང་ཕྱིར་བདག་གིས་སེམས་ཅན་སྒྲོལ་ཞེས་ཁྱེད་ཀྱིས་ཞལ་བཞེས་པ། །དེ་ཕྱིར་མཁས་པས་རིན་པོ་ཆེའི་གླིང་དུ་ུཆས་པའི་འགྲོ་ཚོགས་ཀྱི། །ངལ་བ་ཉེར་སེལ་གྲོང་ཁྱེར་ཡིད་འོང་བར་དུ་རྣམ་པར་བཀོད་པ་ལྟར། ཁྱོད་ཀྱི་ཐེག་པ་འདི་ནི་སློབ་མ་ཉེ་བར་ཞེ་བའི་ཚུལ་ལ་ཡིད། །སྦྱར་བར་མཛད་ཅིང་རྣམ་པར་དབེན་ལ་བློ་སྦྱངས་རྣམས་ལ་ལོགས་སུ་གསུངས། །ཞེས་གང་གསུངས་པ་ཡིན་ནོ། །དེ་བས་ན་ཐེག་པ་དམན་པའི་མདོ་སྡེ་དག་ཀྱང་གདུལ་བྱ་དམན་པ་དང་མཆོག་ལ་གཞོལ་བ་གཉིས་ག་ལ་ཡང་། ཉེ་བར་འཁོར་བས་དམན་པའོ། །ཞེས་ཁྱད་དུ་གསོད་པར་འོས་པ་མིན་ནོ། །ཕ་རོལ་ཏུ་ཕྱིར་པ་དྲུག་གི་ནང་ནས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་ནི་བྱང་ཆུབ་སེམས་དཔའི་བསླབ་བྱའོ། །

སྦྱིན་པ་ལ་སོགས་པ་ཕ་རོལ་ཏུ་ཕྱིན་པ་ལྔ་པོ་འདི་ནི་སྤྲོས་པ་དང་བཅས་པ་ཉིད་ཀྱིས་བྱང་ཆུབ་སེམས་དཔའི་བསླབ་བྱ་མ་ཡིན་ནོ་ཞེས་ཟེར་ན། ཐབས་ཀྱི་ཆ་ཁྱད་དུ་བསད་པས་ཆོས་སྤོང་བ་ཡིན་ནོ། །སྦྱིན་པ་ལ་སོགས་པ་རྣམས་ནི་ཤེས་རབ་ལས་དམན་པ་མ་ཡིན་ནམ། ཇི་ལྟར་ན། དེ་ལ་དམན་པ ར་བཟུང་བས་ཆོས་སྤོང་བ་ཡིན་ཞེ་ན། ཐབས་དང་བྲལ་བའི་ཤེས་རབ་རྐྱང་པ་དང་། ཤེས་རབ་དང་བྲལ་བའི་ཐབས་རྐྱང་པས་ནི། བྱང་ཆུབ་སེམས་དཔའ་མངོན་པར་འདོད་པའི་དོན་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་ནུས་པ་མ་ཡིན་ཏེ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གཉིས་གང་རུང་དུ་ལྟུང་བར་འགྱུར་བའི་ཕྱིར་རོ། །དེས་ན་གང་ཞིག་མི་གནས་པའི་མྱ་ངན་ལས་འདས་པ་ཐོབ་པར་འདོད་པ་དེས་ནི། ཐབས་དང་ཤེས་རབ་ཟུང་དུ་འབྲེལ་བའི་ལམ་ལ་སློབ་དགོས་པས། སྦྱིན་པ་ལ་སོགས་པ་ལ་དམན་པར་བཟུང་ནས་ཁྱད་དུ་གསོད་པར་འོས་པ་མ་ཡིན་ནོ། །ཡང་ན་ཐེག་པ་གསུམ་གྱི་ནང་ནས་ཐེག་པ་ཆེན་པོ་འདི་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསླབ་བྱའོ། །ཉན་རང་གི་ཐེག་པ་འདི་ནི། བྱང་ཆུབ་སེམས་དཔའི་བསླབ་བྱ་མ་ཡིན་ནོ་ཞེས་ཟེར་ན། ཆོས་སྤོང་བ་ཡིན་ཏེ། ཇི་སྐད་དུ། རྒྱལ་སྲས་རྣམས་ཀྱིས་མི་བསླབ་པའི། །དངོས་དེ་གང་ནའང་ཡོད་མ་ཡིན། །ཞེས་པའི་ཚུལ་གྱིས་ཐེག་པ་གསུམ་གྱི་ལམ་ཐམས་ཅད་བྱང་ཆུབ་སེམས་དཔས་ཁ་ཅིག་ནི་ཤེས་པར་བྱ་བ་དང་། ཁ་ཅིག་ནི་མངོན་སུམ་དུ་བྱ་བའི་ཚུལ་གྱིས་བསླབ་པར་བྱ་བ་ཡིན་ནོ། །སངས་རྒྱས་ཀྱི་གནང་བའི་ཆོས་སྨྲ་བའི་ཀུན་སློང་གྱི་སྤོབས་པ་འདི་ཙམ་ཞིག་ཡོད་དོ་ཞེས་སམ། འདི་ཙམ་ཞིག་ལས་མེད་དོ་ཞེས་ཟེར་ཞིང་ཆོས་སྨྲ་བའི་སྤོབས་པའི་ཚད་འཇལ་ན། ཆོས་སྨྲ་བ་ལ་མ་གུས་པ་ཉིད་ཀྱིས་ཆོས་སྤོང་བ་ཡིན་ཏེ།སངས་རྒྱས་ཀྱི་གནང་བའི་ཆོས་སྨྲ་རྣམས་ནི། སངས་རྒྱས་ཀྱི་མཐུས་སྤོབས་པ་ཚད་མེད་པ་ཡིན་པའི་ཕྱིར་རོ། །ཆོས་སྨྲ་བས་ཆོས་མ་ཡིན་པར་ལོག་པར་སྟོན་ཏོ། །ཞེས་ཟེར་ན། ཡང་དག་པའིི་ཆོས་སྨྲ་ལ་བཀུར་པ་བཏབ་པའི་ཕྱིར། ཆོས་སྤང་བ་ཡིན་ནོ། །སངས་རྒྱས་འབྱུང་བ་མེད་པར་ཡང་བཟོད་པ་ལ་སོགས་པའི་གཟུངས་ཐོས་ཤིང་ཐོབ་བོ་ཞེས་ཟེར་ན། ཆོས་སྤོང་བ་ཡིན་ཏེ། གཟུངས་རྣམས་ཀྱི་གཙོ་བོ་བཟོད་པའི་གཟུངས་ནི། སྐྱེ་མེད་ཀྱི་དོན་ཟབ་མོ་ལ་མི་སྐྲག་པའི་ཏིང་ངེ་འཛིན་དང་ཤེས་རབ་ཡིན་ལ། དེ་ཡང་སངས་རྒྱས་འབྱུང་བ་མེད་པར་འཐོབ་པ་མེད་དེ། རྟག་ཆད་སྤངས་པ་སྐྱེ་མེད་ཀྱི་དོན་ཟབ་མོ་ནི། སངས་རྒྱས་ཀྱི་བསྟན་པ་ཐུན་མོང་མ་ཡིན་པ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་། རིན་པོ་ཆེའི་ཕྲེང་བར། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་བཅས་ལ་གལ་ཏེ་ཞིག །ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོོ་ཞེས་བྱ་བ། །ཆོས་ཀྱིས་ཁུད་པ་ཡིན་ཞེས་བགྱིས། །ཞེས་གང་གསུངས་པ་ཡིན་ནོ། །དེས་ན་སངས་རྒྱས་འབྱུང་བ་མེད་པར་གཟུངས་འཐོབ་བོ་ཞེས་ཟེར་ན། ཟབ་མོའི་དོན་རྟོགས་པ་སངས་རྒྱས་ལ་རག་མ་ལས་པར་སྨྲས་པས། སངས་རྒྱས་དང་། དེའི་བསྟན་པ་དབང་ཕྱུག་ལ་སོགས་པ་འཇིག་རྟེན་ན་ཐམས་ཅད་མཁྱེན་པར་ཁས་ཆེ་བ་གཞན་དག་དང་། དོན་གྱིས་ན་མཉམ་པར་འགྱུར་ལ། དེ་ལྟར་ན་བསྟན་པ་དང་སྟོན་པ་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར་རོ། །ཆོས་སྨྲ་བའི་ཚིག་ལ་སོགས་པའི་གཟུངས་ཐོབ་པའི་དབང་གིས་ཐོབ་པའི་ཡོན་ཏན་མང་དུ་ཐོས་པ་ལ་སོགས་པ་ནི། ཡོངས་སུ་དག་པ་མ་ཡིན་ནོ་ཞེས་དང་། ཆོས་སྨྲ་བའི་སྒོ་གསུམ་གྱི་སྤྱོད་པ་ཉེས་པར་བྱས་ཞེས་དང་། ཆོས་སྨྲ་བའི་བསླབ་པ་གསུམ་གྱི་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་དང་། ཆོས་སྨྲ་བ་བག་དང་མི་ལྡན་ཞེས་བག་མེད་པས་གླེང་བ་དང་། སྤྱོད་པ་ཚུལ་དང་མི་མཐུན་ཞེས་སྤྱོད་ལམ་གྱིས་གླེང་པ་དང་། འཚོ་བ་དང་། ཆོ་ག་དང་བསླབ་པ་ཉམས་ཞེས་སྤྱོད་པ་དང་ཚུལ་ཁྲིམས་ཉམས་པས་གླེང་བ་དང་། ཆོས་སྨྲ་བའི་ཚེ་སྤོབས་པ་རྣམ་པར་མ་དག་པས་ཚིག་དང་དོན་གཞན་ལ་གོ་བར་མི་བྱེད་ཅེས་དང་། ཚིག་གནང་བར་ཏེ་གསལ་བའི་སྒོ་ནས་དོན་ལེགས་པར་མ་བཤད་ཅེས་དང་། ཚིག་གི་དོན་ཁོང་དུ་མ་ཆུད་པར་སྟོན་པས་ཚིག་སྔ་མ་དང་། ཚིག་ཕྱི་མ་འགལ་ཞེས་པ་དང་། ཡི་གེའི་མིང་གིས་ཏེ་དོན་ལ་སྒྲ་ཇི་བཞིན་པར་བཟུང་ནས་དེ་བཞིན་གཤེགས་པའི་བཀའ་བཤད་པ་ལ་འཇུག་ཅེས་པ་དང་། དེའི་རྒྱུ་མཚན་གྱིས་མདོ་སྡེ་དང་མདོ་སྡེ་ནང་འགལ་བ་དང་། ཚིགས་སུ་བཅད་པ་དང་། ཚིགས་སུ་བཅད་པ་གཞན་འགལ་བ་བྱས་སོ་ཞེས་ཟེར་ན། ཆོས་སྤོང་བ་ཡིན་ཏེ། དེ་རྣམས་ཀྱི་རྒྱུ་མཚན་ནི། འོག་ནས་འཇམ་དཔལ་ཉན་ཐོས་ཀྱི་སྤོབས་པ་གང་ཇི་སྙེད་པ་དང་ཞེས་སོགས་ཀྱིས་སྟོན་ཏོ། །དེས་ནི་འདི་ཡིན་ཏེ། སངས་རྒྱས་ཀྱི་གནང་བའི་ཆོས་སྨྲ་བའི་སྤོབས་པ་གང་ཇི་སྙེད་པ་ནི། སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་མཐུ་ལས་བྱུང་བས་ཇི་སྐད་བཤད་པའི་ཉེས་པ་དེ་དག་མེད་ལ། དེ་དག་ལ་སྐྱོན་འདོགས་པར་སེམས་པ་ནི། དེ་བཞིན་གཤེགས་པ་ལ་སྐྱོན་འདོགས་པར་སེམས་དཔའ་ཡིན་པའི་ཕྱིར་རོ། །ཡང་ཆོས་སྨྲ་དག་གིས་ཀྱང་། ཆོས་སྨྲ་བའི་ཚེ་རང་གིས་བསྟན་བྱའི་ཆོས་ཀྱི་དོན་ལ་ལ་ལ་མོས། ལ་ལ་ལ་མི་མོས་པ་དང་། ཆོས་འཆད་པའི་ཚེ། ཆོས་སྨྲ་བ་ལ་ཆེད་ཆེར་མི་འཛིན་པར། རྒྱལ་པོ་དང་བློན་པོ་ལ་སོགས་པའི་གཏམ་གཞན་དང་གཞན་དུ་བསྒྱུར་བ་དང་། ཚིག་དང་དོན་བཀྲུགས་པ་སྟེ། འཁྲུགས་པ་མི་འབྱེད་པར་འབྲེལ་མེད་དུ་སྨྲ་ཞིང་། དེ་ལ་ཡང་རང་ཉིད་ཐེ་ཚོམ་ཟ་བ་དང་། ཆོས་སྨྲ་བ་རྩེ་གཅིག་དུ་ཡིད་མི་གཏོད་པར་འདོད་པ་ལ་སོགས་པ་ཀུན་ཏུ་རྟོག་བཞིན་དུ་ཆོས་སྨྲ་བ་དང་། རང་གི་སློབ་མ་ལ་ཡང་ཆོས་འདི་ལ་དཔྱད། འདི་ལ་མི་དཔྱད་ཅེས་པ་དང་། དོན་འདི་ནི་རིགས་འདི་ནི་མི་རིགས་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ཏེ། ཅི་རིགས་པར་ཆོས་ལ་བཟང་ངན་དང་། ཆེད་ཆེར་མི་འཛིན་པར་ཁྱད་དུ་གསོད་པའི་ཕྱིར་རོ། །

ཡང་ཁ་ཅིག་འདི་སྐད་ཅེས། བྲམ་ཟེ་དང་ཁྱིམ་བདག་རྣམས་ལ་ངོ་བསྟོད་སྨྲ་བ་ནི། དེ་དག་གིས་དེ་བཞིན་གཤེགས་པའི་བཀའི་ཕྱོགས་གཅིག་ཚིགས་སུ་བཅད་པ་རེ་ཙམ་སྨྲས་པ་ལ། ཁྱེད་ཀྱིས་དེ་བཞིན་གཤེགས་པའི་བཀའི་ཚིག་ལེགས་པར་སྨྲས་སོ། །དོན་ལེགས་པར་རྟོགས་སོ་ཞེས་ཕྱོགས་ཀྱི་ཡང་ཕྱོགས་གཅིག་སྨྲས་པ་རྗེས་སུ་ཡི་རང་ཞིང་བསྟོད་པའི་གཞི་དེས་ཆོས་སྤོང་བར་འགྱུར་རོ། །དགོས་པ་ཅི་ཡི་ཆེད་དུ་ུན། རྙེད་པ་དང་བཀུར་སྟིའི་ཆེད་དང་། གང་ནས་རྙེེད་པ་ཐོབ་པར་འགྱུར་བའི་ཁྱིམ་བསྲུང་བར་གནས་པའི་ཆེད་ཡིན་གྱི། བསྟན་པ་བསྲུང་བའི་ཆེད་མ་ཡིན་པའོ། །རྒྱུ་གང་ལས་ཞེ་ན། བྲམ་ཟེ་ལ་སོག་པའི་རིགས་དང་། རྒྱལ་པོ་ལ་སོགས་པའི་དབང་ཕྱུག་ལ་གདུང་ཞིང་ཆགས་པའི་རྒྱུ་ལས་སོ། །ཅིའི་ཕྱིར་དེ་སྐད་སྨྲས་པས་ཆོས་སྤངས་པར་འགྱུར་ཞེ་ན། དེ་བཞིན་གཤེགས་པས་བསྟན་པའི་ཆོས་ནི། ཟབ་ཅིང་ཕྲ་ལ་གཏིང་དཔག་བཀའ་བའི་ཕྱིར། མཁས་ཤིང་མཛངས་པ་དག་ཁོ་ནའི་སྤྱོད་ཡུལ་ཡིན་གྱི་ལེགས་པར་མ་བསླབས་པའི་བྲམ་ཟེ་དང་ཁྱིམ་བདག་གི་སྤྱོད་ཡུལ་དུ་ག་ལ་འགྱུར། དེ་བས་ན་དེ་དག་གིས་ཀྱང་དེ་བཞིན་གཤེགས་པའི་བཀའ་ལེགས་པར་རྟོགས་ཤིང་། སྨྲས་སོ་ཞེས་ཟེར་བ་ནི། དེ་བཞིན་གཤེགས་པའི་བསྟན་པ་བློ་གྲོས་རྩིང་པོ་དག་གི་ཡང་སྤྱོད་ཡུལ་དུ་བསྟན་པས། ཟབ་ཅིང་གཏིང་དཔག་དཀའ་བའི་ཆོས་ལ་སྐུར་པ་བཏབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་བུའི་ཆོས་སྤོང་བའི་ལས་དེ་དག་གི་རྣམ་པར་སྨིན་པ་ཅིར་འགྱུར་ཞེ་ན། འདི་ལྟ་སྟེ། ངན་སོང་ཆེན་པོར་ཞེས་སོགས་གསུངས་སོ། །དེ་ལྟར་ན་གོང་དུ་བཤད་པའི་ཚུལ་དེ་དག་གི་མདོའི་དུམ་བུ་འདི་ལེགས་པར་བཤད་པ་ཡིན་ནོ། །ཇི་ལྟར་སྒྲོན་གློག་ནོར་བུའི་འོད་ལས་མིག་ལྡན་རྣམ་བཀྲའི་གཟུང་ལ་སྤྱོད། །དེ་བཞིན་ཐུབ་བསྟན་ཉི་མ་ལ་བརྟེན་མཁས་རྣམས་དེ་ཉིད་འབྱེད་ལ་བརྩོན། །མཁའ་ལ་ཉི་ཟླའི་རྒྱུ་བ་མེད་ན་ས་སྟེང་སྨག་རུམ་མུན་པར་ཆུད། །ཐུབ་བསྟན་ཉི་མའི་དཀྱིལ་འཁོར་དང་འདྲ་སྐྱེ་རྒུའང་གནས་སྐབས་དེ་འདྲར་འགྱུར། །དེ་ཕྱིར་བདག་ཉིད་ལེགས་འདོད་ཅིང་། །གཞན་ལ་རྗེས་སུ་བརྩེ་རྣམས་ཀྱིས། །ཐུབ་པའི་བསྟན་དང་བསྟན་འཛིན་ལ། །གཅེས་དང་བཀུར་སྟི་བྱ་བའི་རིགས། །རི་བོ་རྐྱལ་གྱིས་རྒྱ་མཚོའི་མཐའ། །དཔོག་པ་ཇི་བཞིན་ཐུབ་པའི་གསུང་། །བྱིས་བློས་གཞལ་བར་མི་ནུས་ནའང་། །ཡིད་ཆེས་ལུང་དང་རིགས་པ་ལ། །བརྟེན་ནས་འདི་བྱོན་མཁས་རྣམས་དཔྱོད། །འདི་སྦྱར་དགེ་བས་འགྲོ་བ་ཀུན། །སྲིད་དང་ཞི་བའི་མཐའ་སྤངས་ཏེ། །མི་གནས་མྱ་ངན་འདས་པའི་ས། །ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །འཕགས་པ་རྣམ་པར་འཐག་པ་བསྡུས་མདོའི་དུམ་བུའི་བཤད་པ་འདི་ནི། བསྟན་པ་རིན་པོ་ཆེའི་མངའ་བདག དཔལ་ལྡན་བླ་མ་ཀུན་དགའ་བཀྲ་ཤིས་རྒྱལ་མཚན་དཔལ་བཟང་པོའི་བཀས་བསྐུལ་ནས། ཆོས་སྨྲ་བའི་བཙུན་པ་གཞོན་ནུ་བློ་གྲོས་ཀྱིས། དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་ནས་སྦྱར་བའོ། །དགེའོ། །ཤུ་བྷཾ།། །།

བདེན་གཉིས་གནད་ཀྱི་ཟླ་ཟེར།

བདེན་གཉིས་གནད་ཀྱི་ཟླ་ཟེར་བཞུགས། །

དོན་གཉིས་ཕུན་ཚོགས་རྫོགས་པའི་སངས་རྒྱས་དང་། །གང་ཞིག་གང་གི་ཆགས་བྲལ་དམ་པའི་ཆོས། །ཇི་ལྟ་ཇི་སྙེད་མཁྱེན་པ་འཕགས་པའི་ཚོགས། །བསླུ་མེད་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །མཁྱེན་པའི་ཟེར་གྱིས་མཐར་ལྟའི་མུན་པ་འཇོམས། །ཐུགས་རྗེའི་འོད་སྟོང་གདུལ་བྱའི་གླིང་ལ་འ བབ། །ཐུབ་པས་ལུང་བསྟན་འཛམ་གླིང་རྒྱན་གྱི་གཙོ། །སྨྲ་བའི་དམ་པ་ཀླུ་སྒྲུབ་རྒྱལ་གྱུར་ཅིག །ཇི་སྐད་དུ་མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་ནམ་ཡང་མ་མཆིས་སོ། །ཞེས་གསུངས་ཤིང་འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །འཇིག་རྟེན་ཀུན་རྫོབ་བདེན་པ་དང་། །དམ་པའི་དོན་གྱི་བདེན་པའོ། །ཞེས་གསུངས་པས། དེ་བཞིན་གཤེགས་པས་གདུལ་བྱ་དབང་པོ་རབ་འབྲིང་ཐ་མ་གསུམ་ལ་ཆོས་ཀྱི་འཁོར་ལོ་ཇི་སྙེད་ཅིག་བསྐོར་བ་དེ་དག་གི་བརྗོད་བྱ་ནི། ཀུན་རྫོབ་དང་དོན་དམ་པའི་བདེན་པ་གཉིས་ལས་མི་གདའོ། །གལ་ཏེ་བཀའ་དང་པོ་ནི་བདེན་པ་བཞི་ལས་བརྩམས་ཤིང་ཐ་མ་ནི་ངོ་བོ་ཉིད་གསུམ་ལས་བརྩམས་ཏེ་བསྟན་པ་མ་ཡིན་ནམ། ཇི་ལྟར་བཀའི་བརྗོད་བྱ་བདེན་པ་གཉིས་སུ་ངེས་ཤེ་ན། དེ་སྐད་བརྗོད་པ་ནི་བདེན་མོད། འོན་ཀྱང་ཉེས་པ་ཡོད་པ་མ་ཡིན་ཏེ། བདེན་པ་བཞི་ལས་སྡུག་ཀུན་དང་ལམ་བདེན་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ལ། འགོག་པའི་བདེན་པ་ནི་དོན་དམ་པའི་བདེན་པ་ཡིན་པ་དང་ངོ་བོ་ཉིད་གསུམ་ལའང་། ཀུན་གཏགས་གཞན་དབང་ནི་བདེན་པ་དང་པོ་ཡིན་ལ། ཡོངས་གྲུབ་ནི་དོན་དམ་པའི་བདེན་པ་ཡིན་པའི་ཕྱིར་རོ། །

ཅི་སྟེ་ཕྱིན་ཅི་མ་ལོག་པའི་ཡོངས་གྲུབ་དོན་དམ་པར་མི་འཐད་དོ་ཞེ་ན། དེ་ནི་རྣམ་རིག་ཙམ་དུ་སྨྲ་བ་དག་ཡོངས་གྲུབ་ཏུ་འདོད་པ་ཡིན་གྱི་ངོ་བོ་ཉིད་མེད་པ་སྨྲ་བ་དག་ནི་དེ་ལྟར་མི་འདོད་དེ། དེ་བས་ན་བདེན་པ་འདི་གཉིས་ནི་གསུང་རབ་ཐམས་ཅད་ཀྱི་བརྗོད་བྱའི་གཙོ་བོར་གྱུར་པ་ཡིན་པའི་ཕྱིར་མཁས་པ་དག་གིས་འདི་དག་གི་རང་བཞིན་དཔྱད་པར་བྱ་བ་ཡིན་ནོ། །དེ་ལ་ཀུན་རྫོབ་ཀྱི་བདེན་པ་ནི་དོན་དམ་པའི་བདེན་པ་རྟོགས་པའི་ཐབས་སུ་གྱུར་པ་ཡིན་ཏེ། ཐ་སྙད་ཀྱི་བདེན་པ་ལ་མ་བརྟེན་པར་འགའ་ཡང་ཡང་དག་པའི་དོན་ལ་བཀྲི་བར་མི་ནུས་པའི་ཕྱིར་རོ། །ཇི་སྐད་དུ་ཡང་དབུ་མ་རྩ་བར། ཐ་སྙད་ལ་ནི་མ་བརྟེན་པ། །དམ་པའི་དོན་ནི་རྟོགས་མི་འགྱུར། །ཞེས་གསུངས་སོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐོག་མར་ཀུན་རྫོབ་ཀྱི་བདེན་པ་ལ་བརྟེན་ནས། གདུལ་བྱ་རྣམས་ལ་རི་རབ་དང་། རྒྱ་མཚོ་དང་གླིང་བཞི་ལ་སོགས་པ་སྣོད་ཀྱི་འཇིག་རྟེན་གྱི་རྣམ་གཞག་དང་། ཕུང་པོ་དང་ཁམས་དང་། སྐྱེ་མཆེད་ལ་སོགས་པ་བཅུད་ཀྱི་འཇིག་རྟེན་གྱི་རྣམ་གཞག་རྣམས་མཛད་པ་ནི། གདུལ་བྱ་རྣམས་དེ་བཞིན་གཤེགས་པ་རང་ཉིད་ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ཆེས་སུ་བཞུགས་པའི་ཐབས་དམ་པ་ཡིན་ཏེ། ཕྱི་ནང་གི་རྣམ་གཞག་ཀུན་འཇིག་རྟེན་རང་གི་སྣང་བ་དང་མཐུན་པར་བྱས་པ་འདི་ནི། ཐམས་ཅད་མཁྱེན་པ། ཐམས་ཅད་གཟིགས་པ། ཤེས་བྱ་ཀུན་ལ་སྒྲིབ་པ་མི་མངའ་བའི་སྤྱན་དང་ལྡན་པའོ། །ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་ཐམས་ཅད་མཁྱེན་པ་ཉིད་དུ་ཡིད་ཆེས་པ་ན། རང་གིས་ཇི་ལྟར་བསྟན་པའི་ཆོས་ལ་མི་མཐུན་པ་མེད་པར་གུས་པས་འཇུག་ཅིང་། ཞུགས་པ་ལས་ཀྱང་རང་གི་སྐལ་བ་དང་འཚམ་པའི་བྱང་ཆུབ་འཐོབ་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་བས་ན་ཀུན་རྫོབ་ཀྱི་བདེན་པ་ནི་དེ་བཞིན་གཤེགས་པས་གདུལ་བྱ་རྣམས་ཀྱི་དེ་ཁོ་ན་ཉིད་རྟོགས་པའི་ཐབས་ཙམ་དུ་བསྟན་པ་ཡིན་པས། གསུང་རབ་ཀྱི་བརྗོད་བྱའི་གཙོ་བོ་མ་ཡིན་གྱི་ཕལ་པ་ཡིན་ལ། དོན་དམ་པའི་བདེན་པ་ནི་བརྗོད་བྱའི་གཙོ་བོ་ཡིན་ཏེ། དེ་རྟོགས་པ་ལས་གདུལ་བྱ་རྣམས་ཀྱིས་ཐར་པ་དང་། ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་བའི་ཕྱིར་དང་། དེ་ཁོ་ན་ཉིད་ཀྱི་དོན་གསལ་བར་སྟོན་པ་ཉིད་ཀྱི་དེ་བཞིན་གཤེགས་པ། དབང་ཕྱུག་དང་། ཁྱབ་འཇུག་ལ་སོགས་པ་སྨྲ་བ་པོ་གཞན་དག་ལས་ཤིན་ཏུ་ཕུལ་དུ་བྱུང་བ་སྨྲ་བའི་དམ་པ་ཡིན་ཏེ། དེ་དག་ནི་མི་ཤེས་པའི་རབ་རིབ་དང་ལྡན་པས་དངོས་པོའི་དེ་ཁོ་ན་ཉིད་སྨྲ་བའི་ནུས་པ་མེད་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མའི་རྩ་བར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །ཞེས་དེ་བཞིན་གཤེགས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་ཟབ་མོ་གསལ་བ་སྟོན་པ་ཉིད་ཀྱི་སྒོ་ནས་སྨྲ་བའི་དམ་པར་བསྟོད་པ་ཡིན་ནོ། །དེ་བཞིན་གཤེགས་པའི་གསུང་རབ་རྣམས་ཀྱང་དོན་དམ་པའི་དེ་ཁོ་ན་ཉིད་གསལ་བར་སྟོན་པ་ཉིད་ཀྱིས་སྟོན་པ་གཞན་གྱི་གསུང་རབ་ལས་ཁྱད་པར་དུ་འཕགས་པ་ཡིན་ཏེ། དེ་སྐད་དུ་ཡང་། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་དང་། །གོས་མེད་ཅན་ལས་གལ་ཏེ་ཞིག །ཡོད་མེད་འདས་པ་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་གསུངས་པ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་གསུང་རབ་ཀུན་ཀྱང་མཐར་དེ་བཞིན་ཉིད་ལ་འབབ་ཅིང་དེ་བཞིན་ཉིད་ལ་གཞོལ་བ་འབབ་ཞིག་ཡིན་ཏེ། ཇི་སྐད་དུ་མདོ་ལས། འཇིག་རྟེན་ཁམས་ནི་སྟོང་ཕྲག་ཏུ། །ང་ཡིས་མདོ་རྣམས་གང་གསུངས་པ། །ཡི་གེ་ཐ་དད་དོན་གཅིག་སྟེ། །ཡོངས་སུ་བསྒྲགས་པར་ནུས་མ་ཡིན། །དངོས་པོ་ག ཅིག་ནི་བསམ་བྱས་ན། །དེ་དག་ཐམས་ཅད་བསྒོམ་འགྱུར་ཏེ། །སངས་རྒྱས་ཀུན་གྱི་ཆོས་མང་པོ། །ཇི་སྙེད་རབ་ཏུ་བསྟན་པ་རྣམས། །ཆོས་རྣམས་ཀུན་གྱི་བདག་མེད་ཡིན། །མི་གང་དོན་ལ་མཁས་རྣམས་ཀྱིས། །གནས་འདི་ཉིད་ལ་བསླབ་བྱས་ན། །སངས་རྒྱས་ཆོས་རྣམས་རྙེད་མི་དཀའ། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་ཐབས་སུ་གྱུར་པ་ཀུན་རྫོབ་ཀྱི་བདེན་པ་དངོས་སུ་སྟོན་པའི་མདོ་གང་ཡིན་པ་དེ་ནི་དྲང་བའི་དོན་ཞེས་བྱ་སྟེ། གདུལ་བྱ་རྣམས་དམ་པའི་དོན་ལ་བཀྲི་བའི་ཐབས་ཙམ་བསྟན་པའི་ཕྱིར་རོ། །ཐབས་ལས་བྱུང་བ་དོན་དམ་པའི་བདེན་པ་དངོས་སུ་སྟོན་པའི་མདོ་གང་ཡིན་པ་དེ་ནི་ངེས་པའི་དོན་ཞེས་བྱ་སྟེ་འདིའི་བརྗོད་བྱ་རྣམས་གཞན་དུ་བྱ་བར་མི་ནུས་པ་མཐའ་གཅིག་ཏུ་ངེས་པའི་ཕྱིར་རོ། །ཚུལ་འདི་ནི་བརྗོད་བྱའི་སྒོ་ནས་དྲངས་ངེས་སུ་ཕྱེ་བ་ཡིན་ནོ། །

རྗོད་བྱེད་ཀྱི་སྒོ་ནས་ཕྱེ་ན་སྒྲ་ཇི་བཞིན་པ་ལ་ཚད་མས་གནོད་པ་མེད་པ་ནི་ངེས་དོན་ཡིན་ལ། དེ་ལ་གནོད་པ་དང་བཅས་པ་ནི་དྲང་བའི་དོན་ཞེས་བྱའོ། །དེ་ལ་ཡང་སྒྲ་ཇི་བཞིན་པའི་དོན་ལ་བྱིས་པའི་ཚད་མའི་གནོད་པ་དང་བཅས་པ་དང་། གནོད་པ་མེད་པ་ནི་གོ་རིམ་བཞིན་དུ་ཐ་སྙད་ཀྱི་བདེན་པ་ལ་ལྟོས་པའི་དྲང་ངེས་ཞེས་བྱ་ལ། འཕགས་པའི་ཚད་མས་གནོད་པ་དང་། མི་གནོད་པ་ནི་གོ་རིམ་བཞིན་དུ་དོན་དམ་པའི་བདེན་པ་ལ་ལྟོས་པའི་དྲང་ངེས་ཞེས་བྱའོ། །ཆེད་དུ་བྱ་བའི་གདུལ་བྱ་ལ་ལྟོས་པའི་དྲང་ངེས་ནི་གདུལ་བྱ་མ་སྨིན་པ་སྨིན་པར་བྱ་བའི་ཕྱིར་བསྟན་པ་ནི་དྲང་དོན་ཡིན་ལ། སྨིན་པ་རྣམས་གྲོལ་བར་བྱ་བ་དང་གྲོལ་བ་རྣམས་མཐར་ཕྱིན་པར་བྱ་བའི་ཕྱིར་བསྟན་པ་ནི་ངེས་པའི་དོན་ཡིན་ནོ། །དབྱེ་སྒོ་དང་པོའི་དབང་དུ་བྱས་ན། བཀའ་དང་པོ་དང་ཐ་མ་གཉིས་ཀུན་རྫོབ་ཀྱི་བདེན་པ་ལས་བརྩམས་ཏེ་བསྟན་པས་དྲང་དོན་ཡིན་ལ། བར་པ་ནི་སྟོང་ཉིད་དོན་དམ་པའི་བདེན་པ་ལས་བརྩམས་ཏེ་བསྟན་པས་ངེས་དོན་ཡིན་ནོ། །དེ་ལྟར་ཡང་ཏིང་ངེ་འཛིན་རྒྱལ་པོ་ལས། སྟོང་པ་བདེ་བར་གཤེགས་པས་བསྟན་པ་ལྟར། །ངེས་དོན་མདོ་སྡེ་དག་གི་བྱེ་བྲག་ཤེས། །གང་ལས་སེམས་ཅན་གང་ཟག་སྐྱེས་བུ་བསྟན། །ཆོས་དེ་ཐམས་ཅད་དྲང་བའི་དོན་དུ་ཤེས། །ཞེས་གང་གསུངས་པ་ཡིན་ནོ། །དབྱེ་སྒོ་གཉིས་པའི་དབང་དུ་བྱས་ན་བཀའ་དང་པོ་ནི་ཐ་སྙད་ཀྱི་བདེན་པ་ལ་ལྟོས་པའི་ངེས་དོན་ཡིན་ཏེ། འདིའི་སྒྲ་ཇི་བཞིན་པ་ལ་བྱིས་པའི་ཚད་མས་གནོད་པ་མེད་པའི་ཕྱིར་རོ། །བར་པ་ནི་དྲང་དོན་ཁོ་ན་ཡིན་ཏེ་འདིའི་བསྟན་བྱ་སྟོང་ཉིད་སྐྱེ་མེད་སོགས་བསྟན་པའི་ཚད་མ་དང་འགལ་བའི་ཕྱིར་རོ། །ཐ་མ་ཡང་དྲང་དོན་གཙོ་ཆེ་སྟེ་སྒྲ་ཇི་བཞིན་པ་ཤས་ཆུང་བའི་ཕྱིར་རོ། །ཡང་བཀའ་དང་པོ་དང་ཐ་མའི་ཅི་རིགས་པ་དག་གི་དངོས་བསྟན་གྱི་དོན་དམ་ལ་འཕགས་པའི་རྣམ་པ་མི་རྟོག་པའི་ཡེ་ཤེས་ཀྱི་ཚད་མས་གནོད་པའི་ཕྱིར་དོན་དམ་པའི་བདེན་པ་ལ་ལྟོས་པའི་དྲང་དོན་ཡིན་ལ། བར་པའི་དངོས་བསྟན་སྐྱེ་མེད་སོགས་ནི་འཕགས་པ་རྣམས་ཀྱི་གཟིགས་པ་དང་མཐུན་པའི་ཕྱིར་ངེས་དོན་ཁོ་ན་ཡིན་ནོ། །དབྱེ་སྒོ་གསུམ་པའི་དབང་དུ་བྱས་ན་དང་པོ་ནི་མ་སྨིན་པ་སྨིན་པར་བྱ་བའི་ཆེད་དུ་ུབསྟན་པའི་ཕྱིར་དྲང་དོན་ཁོ་ན་ཡིན་ལ་བར་པ་ནི་སྨིན་པ་རྣམས་གྲོལ་བར་བྱ་བའི་ཆེད་དུ་ུ བསྟན་གྱི་ཐ་མ་ནི་གྲོལ་བ་རྣམས་ཐེག་པ་ཆེན་པོས་མཐར་ཕྱིན་པར་བྱ་བའི་ཆེད་དུ་བསྟན་པས་ཐ་མ་གཉིས་ངེས་དོན་ཁོ་ན་ཡིན་ནོ། །དེ་ལྟར་ཡང་གཟུངས་ཀྱི་དབང་ཕྱུག་རྒྱལ་པོའི་མདོ་ལས། རིགས་ཀྱི་བུ་འདི་ལྟ་སྟེ་ནོར་བུ་མཁན་མཁས་པ་ནོར་བུ་སྦྱོང་བའི་ཚུལ་ལེགས་པར་ཤེས་པ་དེ་ནོར་བུ་རིན་པོ་ཆེའི་རིགས་ལས་ཡོངས་སུ་མ་དག་པའི་ནོར་བུ་རིན་པོ་ཆེ་བླངས་ཏེ་ལན་ཚྭའི་ཆུ་རྣོན་པོས་སྦངས་ནས་སྐྲའི་རེ་བས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ་དེའི་འོག་ཏུ་ཟས་ཀྱི་ཁུ་བ་རྣོན་པོས་སྦངས་ནས་བལ་གྱི་ལྭ་བས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །དེ་ཙམ་གྱིས་ཀྱང་བརྩོན་པ་འདོར་བ་མ་ཡིན་ཏེ་དེའི་འོག་ཏུ་སྨན་ཆེན་པོའི་ཁུ་བས་སྦངས་ནས་རས་སྲབ་མོས་ཡོངས་སུ་སྦྱོང་བས་སྦྱོང་བར་བྱེད་དོ། །ཡོངས་སུ་སྦྱངས་ཤིང་དྲི་མ་དང་བྲལ་བ་ནི་བཻཌཱུཪྱའི་རིགས་ཆེན་པོ་ཞེས་བརྗོད་དོ། །རིགས་ཀྱི་བུ་དེ་བཞིན་དུ་དེ་བཞིན་གཤེགས་པ་ཡང་ཡོངས་སུ་མ་དག་པའི་སེམས་ཅན་གྱི་ཁམས་མཁྱེན་ནས་མི་རྟག་པ་དང་སྡུག་བཇལ་བ་དང་བདག་མེད་པ་དང་མི་གཙང་བའི་ཡིད་འབྱུང་བའི་གཏམ་གྱིས་འཁོར་བ་ལ་དགའ་བའི་སེམས་ཅན་རྣམས་སྐྱོ་བ་བསྐྱེད་པར་མཛད་དེ། འཕགས་པའི་ཆོས་འདུལ་བ་ལ་འཛུད་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ་དེའི་འོག་ཏུ་སྟོང་པ་ཉིད་དང་མཚན་མ་མེད་པ་དང་སྨོན་པ་མེད་པའི་གཏམ་གྱིས་དེ་བཞིན་གཤེགས་པའི་ཚུལ་རྟོགས་པར་མཛད་དོ། །དེ་ཙམ་གྱིས་དེ་བཞིན་གཤེགས་པ་བརྩོན་པ་འདོར་བ་ཡང་མ་ཡིན་ཏེ་དེའི་འོག་ཏུ་ཆོས་ཀྱི་འཁོར་ལོའི་གཏམ་འཁོར་གསུམ་ཡོངས་སུ་དག་པའི་གཏམ་གྱིས་རང་བཞིན་སྣ་ཚོགས་ཀྱི་རྒྱུ་ཅན་གྱི་སེམས་ཅན་དེ་དག་དེ་བཞིན་གཤེགས་པའི་ཡུལ་ལ་འཇུག་པར་མཛད་དོ། །ཞེས་གསུངས་ཤིང་། དེ་དང་རྗེས་སུ་མཐུན་པར་རྒྱུད་ཇ་མ་ལས་ཀྱང་། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པ་དང་། །རབ་ཏུ་སྨིན་དང་ལུང་བསྟན་རྒྱུའི་གཟུགས། །གང་ཡིན་དེ་ཡང་འདི་ནི་རྟག་གནས་ཏེ། །ནམ་མཁའི་ཁམས་སུ་གཟུགས་ཀྱི་ཁམས་བཞིན་ནོ། །ཞེས་གསུངས་སོ། །ཞར་ལས་འོང་བས་ཆོག་གོ །

ད་ནི་དཀྱུས་མ་ཉིད་བཤད་པར་བྱ་སྟེ། དེ་ལ་བདེན་གཉིས་ཀྱི་ངོ་བོ་ནི་གང་། དབྱེ་བ་ནི་དུ། གཅིག་དང་ཐ་དད་ནི་ཇི་ལྟ་བུ་ཞེ་ན་ངོ་བོ་ནི་ཀུན་རྫོབ་ཀྱི་བདེན་པ་དང་དོན་དམ་པའི་བདེན་པ་གཉིས་ཡིན་ལ་དེ་གཉིས་ཀྱི་རང་བཞིན་ཡང་ཇི་ལྟ་བུ་ཞེ་ན། དབུ་མ་ལ་འཇུག་པར། དངོས་ཀུན་ཡང་དག་བརྫུན་པ་མཐོང་བ་ཡི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་དེ་དོན་དམ་སྟེ། །མཐོང་བ་བརྫུན་པ་ཀུན་རྫོབ་བདེན་པར་གསུངས། །ཞེས་པ་ལྟར། གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་འདི་རྣམས་རེ་རེ་ཡང་རང་བཞིན་ནི་གཉིས་གཉིས་འཛིན་པར་དམིགས་ཏེ། འདི་ལྟར་བྱིས་པ་རྣམས་ཀྱིས་མ་བརྟགས་རང་དགར་འཇུག་པའི་བློས་རྙེད་པ་གང་ཡིན་པ་དང་འཕགས་པ་རྣམས་ཀྱིས་མཉམ་གཞག་མི་རྟོག་པའི་ཡེ་ཤེས་ཀྱིས་རྙེད་པའི་ངོ་བོ་གང་ཡིན་པའོ། །དེ་ལ་དང་པོ་ནི། ཀུན་རྫོབ་ཀྱི་བདེན་པ་ཞེས་བྱ་སྟེ། མ་རིག་པས་དེ་ཁོ་ན་ཉིད་མཐོང་བ་ལ་སྒྲིབ་པས་ན་ཀུན་རྫོབ་ཅེས་བྱ་ལ་དེས་བདེན་པར་བཟུང་ཞིང་དེ་ཁོ་ན་ཉིད་ཀྱི་དོན་མ་རྟོགས་བར་དུ་གཟུང་བ་ལྟར་དོན་བྱེད་ཅིང་བྱིས་པ་རྣམས་མི་བསླུ་བའི་ཕྱིར་རོ། །ཇི་སྐད་དུ་འཇུག་པར། མ་རིག་རང་བཞིན་སྒྲིབ་ཕྱིར་ཀུན་རྫོབ་སྟེ། །དེས་གང་བདེན་པར་མཐོང་བའི་བཅོས་མ་དེ། །ཀུན་རྫོབ་བདེན་ཞེས་ཐུབ་པ་དེས་གསུངས་ཏེ། །བཅོས་མར་གྱུར་པའི་དངོས་ནི་ཀུན་རྫོབ་ཏུའོ། །ཞེས་གང་གསུངས་པའོ། །

གཉིས་པ་ནི། དོན་དམ་པའི་བདེན་པ་ཞེས་བྱ་སྟེ། འཕགས་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་གནས་ལུགས་ལྟར་འཇུག་པས་ན་དམ་པ་ཞེས་བྱ་ལ་དེའི་དོན་ཡིན་པའི་ཕྱིར་དང་། རྣམ་པ་ཐམས་ཅད་དུ་མི་བསླུ་བའི་ཕྱིར་རོ། །འཕགས་པ་རྣམས་ཀྱི་མི་རྟོག་པའི་ཡེ་ཤེས་ཀྱིས་རྙེད་པའི་དོན་དེ་ཡང་ཇི་འདྲ་བ་ཞིག་ཅེ་ན་དེ་ནི་ཡོད་པ་དང་མེད་པ་དང་གཉིས་ཀ་དང་གཉིས་ཀ་མ་ཡིན་པ་སོགས་མུ་བཞིར་རྟོག་གིས་བརྟགས་པར་མི་ནུས་ལ་འདིའོ་ཞེས་སྒྲ་རྟོག་གི་ལམ་ནས་གཞན་ལ་བསྟན་དུ་མེད་ཅིང་གཞོན་ནུ་མའི་བདེ་བ་ལྟར། རྣལ་འབྱོར་པའི་སོ་སོ་རང་རིག་པའི་ཡེ་ཤེས་ཀྱིས་བརྗོད་དུ་མེད་པའི་ཚུལ་དུ་གཏོགས་པས་ཅང་མེད་རི་བོང་གི་རྭ་ལྟ་བུ་ཡང་མ་ཡིན་ལ། འཁྲུལ་པའི་སྣང་བ་སྒྱུ་མ་ལྟ་བུ་འདི་ཉིད་ཀྱང་མ་ཡིན། འདི་ལས་ལོགས་སུ་བཙལ་དུ་ཡང་མེད་མཉམ་པར་བཞག་པའི་ཚེ་ན་མྱོང་རྒྱུ་ཡོད་ཀྱང་རྗེས་ཐོབ་ཀྱི་ཚེ་བསྟན་དུ་མེད་པ། མདོར་ན་ཐ་སྙད་ཅི་ཡང་གདགས་སུ་མེད་པ་ཞིག་ཡིན་ཏེ། ཇི་སྐད་དུ། དབུ་མ་རྩ་བར། གཞན་ལས་ཤེས་མིན་ཞི་བ་དང་། །སྤྲོས་པ་རྣམས་ཀྱིས་མ་སྤྲོས་པ། །རྣམ་རྟོག་མེད་དོན་ཐ་དད་མིན། །དེ་དེ་ཁོ་ནའི་མཚན་ཉིད་དོ། །ཞེས་གསུངས་པ་ཡིན་ནོ། །ཡང་དག་པར་ན་འདི་ལ་དོན་དམ་པ་དང་ཆོས་ཀྱི་དབྱིངས་དང་དེ་བཞིན་ཉིད་ལ་སོགས་པའི་ཐ་སྙད་ཀྱང་གདགས་སུ་མེད་མོད་ཀྱི་འཇིག་རྟེན་གཞན་ངོ་འབའ་ཞིག་ཏུ་དེ་བཞིན་གཤེགས་པས་བརྗོད་དུ་ུམེད་པའི་དོན་དེ་ལ་དེ་བཞིན་ཉིད་ལ་སོགས་པའི་ཐ་སྙད་ཉེ་བར་གདགས་པར་མཛད་པ་ནི། གདུལ་བྱ་རྣམས་གཞུག་པའི་ཐབས་ཙམ་དུ་མཛད་པ་ཡིན་ཏེ། མདོ་ལས། ཡི་གེ་མེད་པའི་ཆོས་རྣམས་ལ། །ཉན་པ་ག ང་དང་འཆད་པ་གང་། །འགྱུར་བ་མེད་ལ་སྒྲོ་བཏགས་ནས། །དེ་ནི་ཉན་ཅིང་འཆད་པར་འདོད། །ཅེས་གང་གསུངས་པ་ཡིན་ནོ། །ཇི་སྐད་དུ། ཇི་ལྟར་སྣང་བའི་དངོས་འདི་ལ། །རིགས་པས་བརྟགས་ན་འགའ་མི་རྙེད། །མ་རྙེད་པ་དེ་དོན་དམ་སྟེ། །ཡེ་ནས་གནས་པའི་ཆོས་ཉིད་དོ། །ཞེས་བཤད་པའི་རྗེས་སུ་འབྲང་ནས་རྟེན་འབྲེལ་གྱི་སྣང་བ་འདི་ཉིད་རིགས་པས་བརྟགས་ཤིང་དཔྱད་ན་ཅིར་ཡང་མ་གྲུབ་པའི་སྟོང་པ་ཉིད་ཁོ་ན་དོན་དམ་ཡིན་པར་བོད་ཀྱི་དབུ་མ་པར་རློམ་པ་མང་པོ་སྨྲ་བ་ནི་ཤིན་ཏུ་མི་རིགས་ཏེ། །དབུ་མ་རྩ་བར། སྟོང་ངོ་ཞེས་ཀྱང་མི་བརྗོད་དེ། །མི་སྟོང་ཞེས་ཀྱང་བརྗོད་མི་བྱ། །གཉིས་དང་གཉིས་མིན་མི་བྱ་སྟེ། །གདགས་པའི་དོན་དུ་བརྗོད་པར་བྱ། །ཞེས་གསུངས་ཤིང་བྱང་ཆུབ་སེམས་འགྲེལ་ལས་ཀྱང་། སྐྱེ་མེད་ཞེས་དང་སྟོང་ཞེས་དང་། །བདག་མེད་ཅེས་པའི་སྟོང་པ་ཉིད། །དམན་པའི་བདག་ཉིད་གང་སྨྲ་བ། །དེ་དག་འདིར་ནི་བདག་བསྒོམ་པའོ། །ཞེས་གསུངས་པའི་ཕྱིར་རོ། །གང་དག་ཀུན་རྫོབ་ཀྱི་བདེན་པས་སྟོང་བའི་གཞན་སྟོང་དོན་དམ་པར་གྲུབ་བོ་ཞེས་སྨྲ་བ་དེ་དག་ནི་སྨན་པས་བོར་བའི་ནད་པ་བཞིན་དུ་སྟོང་ཉིད་ལ་དངོས་པོར་མངོན་པར་ཞེན་པའི་རིམས་ནད་མི་ཟད་པས་ཐེབས་པས། འཇིག་རྟེན་ཀུན་གྱི་ཟུག་རྔུ་འབྱིན་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས། དམ་པའི་ཆོས་ཀྱི་བདུད་རྩིས་གཏན་གསོར་མི་རུང་བའི་ལྟ་བ་ཅན་ཡིན་པར། དེ་བཞིན་གཤེགས་པ་དང་འཕགས་པ་ཀླུ་སྒྲུབ་ཀྱིས་གསུངས་ཏེ། རྒྱན་སྡུག་པོ་བཀོད་པའི་མདོ་ལས། རི་རབ་རོ་བོ་ཙམ་གྱུར་པའི། །བདག་ཏུ་ལྟ་བས་མི་གནོད་ཀྱི། །སྟོང་ཉིད་ལྟ་བས་གནོད་པ་ནི། །ང་རྒྱལ་མི་བདེན་བཏགས་པས་སོ། །རྣལ་འབྱོར་སྤྱོད་པ་སྟོང་པ་ཉིད། །གནས་མིན་པ་ལ་སྦྱར་མི་བྱ། །གལ་ཏེ་གནས་མིན་སྦྱར་གྱུར་ན། །བདུད་རྩི་དུག་ཏུ་འཐུང་བ་ཡིན། །ལྟ་བ་ཇི་སྙེད་གང་ཡང་རུང་། །ལུས་ཅན་རྣམས་ལ་ཡོད་པ་ཡི། །ལྟ་བ་རྣམ་པར་སྤང་བའི་ཕྱིར། །སྟོང་པ་ཉིད་ཀྱི་ཚུལ་བསྟན་ཏེ། །སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། །ལ་ལའི་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་ཅན་ཏེ། །སྨན་པས་བོར་བའི་ནད་པ་བཞིན ། །ཞེས་དང་། འོད་སྲུང་གིས་ཞུས་པའི་མདོ་ལས་ཀྱང་། འོད་སྲུང་གང་ཟག་ཏུ་ལྟ་བ་རི་རབ་ཙམ་ནི་སླའི་སྟོང་པ་ཉིད་དུ་ལྟ་བ་མངོན་པའི་ང་རྒྱལ་ཅན་ནི་དེ་ལྟ་མ་ཡིན་ནོ། །ཞེས་གསུངས་ཤིང་དེ་དག་གི་དོན་དབུ་མ་རྩ་བར་ཡང་གསུངས་པས། རྒྱལ་བ་ཀུན་གྱི་སྟོང་ཉིད་ནི། །ལྟ་ཀུན་ངན་པ་འབྱིན་པར་གསུངས། །གང་དག་སྟོང་པ་ཉིད་ལྟ་བ། །དེ་དག་སྒྲུབ་ཏུ་མེད་པར་གསུངས། །ཞེས་གསུངས་པའི་ཕྱིར་རོ། །བྱིས་པའི་བློས་རྙེད་པའི་ངོ་བོ་གང་ཡིན་པ་དེ་ནི་ཀུན་རྫོབ་གྱི་བདེན་པ་ཞེས་གང་བརྗོད་པ་དེ་ཡང་ཇི་ལྟ་བུ་ཞེ་ན་བྱིས་པའི་བློས་རྙེད་པའི་ངོ་བོ་ནི་རྣམ་པ་གཉིས་ཏེ་རང་རང་གི་གྲུབ་མཐའ་ལ་བློ་སྦྱངས་པའི་བྱིས་པའི་བློས་རྙེད་པ་དང་དེ་ལས་ཅིག་ཤོས་ཐ་སྙད་ཀུད་རྫོབ་འཇིག་རྟེན་པའི་རྒན་པོ་རྣམས་ཀྱིས་ཇི་ལྟར་བརྡ་བཏགས་པའི་རྗེས་སུ་འབྲང་ཞིང་དེ་ཙམ་གྱིས་དགའ་མགུར་སྤྱོད་པའི་ཐ་མལ་པའི་བྱིས་པ་རྣམས་ཀྱི་བློས་རྙེད་པ་གང་ཡིན་པའོ། །དང་པོ་ལ་ཕྱི་རོལ་པ་དང་ཆོས་འདི་པ་གཉིས་ལས་ཕྱི་རོལ་པ་དག་གིས་བློས་རྙེད་ཅིང་སྒྲོ་བཏགས་པ་བདག་དང་གཙོ་བོ་ལ་སོགས་པ་རང་གི་ཐུན་མོང་མ་ཡིན་པའི་འདོད་པར་གྱུར་པའི་དོན་རྣམས་ནི་ཀུན་རྫོབ་ཙམ་དུ་ཡང་མ་གྲུབ་པར་འདོད་ཏེ། དབུ་མ་འཇུག་པར། མོ་གཤམ་བུ་ལྟར་སྐྱེ་བ་དང་བྲལ་ཕྱིར། །དེ་ལྟར་གྱུར་པའི་བདག་ནི་ཡོད་མིན་ཞིང་། །འདི་ནི་ངར་འཛིན་རྟེན་དུའང་མི་རིགས་ལ། །འདི་ནི་ཀུན་རྫོབ་ཏུ་ཡང་ཡོད་མི་འདོད། །ཅེས་གང་གསུངས་པ་ཡིན་ནོ། །རང་གི་སྡེ་པ་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དང་སེམས་ཙམ་པ་དག་གིས་ཀུན་བཏགས་པའི་ཆ་ཤས་མེད་པའི་རྡུལ་ཕྲ་རབ་དང་དེས་བསྐྱེད་པའི་ཤེས་པ་རྣམ་བཅས་དང་གཟུང་འཛིན་གཉིས་ཀྱིས་དབེན་པའི་རྣམ་ཤེས་ལ་སོགས་པ་རང་རང་གི་འདོད་པ་ཐུན་མོང་མ་ཡིན་པ་དག་ནི། དབུ་མ་པ་དག་གིས་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ་ཞེས་དབུ་མ་རང་རྒྱུད་པ་ཁ་ཅིག་སྨྲ་ཡང་འདིར་ནི་ཀུན་རྫོབ་ཙམ་དུ་ཡང་ཡོད་པར་མི་འདོད་ཏེ། འཇུག་པར་གཞན་གྱི་དབང་གིས་རྫས་ལ་ཆགས་པ་ཡི། །འཇིག་རྟེན་གྲགས་པའི་རྣམ་གཞག་ཀུན་ཀྱང་བརླག །ཞེས་དང་། ཡང་དེ་ཉིད་ཀྱི་རང་འགྲེལ་དུ་ཡང་ཁ་ཅིག་མདོ་སྡེ་པ་རྣམས་ཀྱི་ལུགས་གང་ཞིག་དོན་དམ་པར་སྨྲས་པ་དེ་ནི་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་འདོད་དོ། །ཞེས་གང་སྨྲས་པ་དེ་ནི་དབུ་མ་པའི་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་མངོན་པར་མི་ཤེས་པ་ཁོ་ནས་སྨྲས་པ་ཡིན་ནོ། །ཞེས་ཤེས་པར་བྱའོ། །ཡང་གང་དག་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་གང་དོན་དམ་པར་སྨྲས་པ་དེ་དབུ་མ་པ་རྣམས་ཀྱི་ཀུན་རྫོབ་ཏུ་ཡིན་ནོ་སྙམ་དུ་སེམས་པ་དེ་དག་གིས་ཀྱང་བསྟན་བཅོས་ཀྱི་དེ་ཁོ་ན་ཉིད་ཡོངས་སུ་མི་ཤེས་པ་ཁོ་ན་སྟེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ཆོས་ནི་འཇིག་རྟེན་པའི་ཆོས་དང་མཚུངས་པར་མི་རིགས་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །

དེ་ལྟར་ན་ཐ་མལ་པའི་བྱིས་པ་རྣམས་ཀྱིས་རྒན་པོ་རྣམས་ཀྱི་བརྡའི་རྗེས་སུ་འབྲངས་ནས་ཡུལ་དང་དབང་པོ་དང་སྐྱེས་པ་དང་བུད་མེད་རི་དང་ཁང་ཁྱིམ་སྐྱེད་མོས་ཚལ་ལ་སོགས་པ་མ་བརྟགས་རང་དགར་འཇུག་པའི་བློས་ཐ་སྙད་བཏགས་པ་ཇི་སྙེད་པ་དག་ནི་ཀུན་རྫོབ་གྱི་བདེན་པ་ཞེས་ཐ་སྙད་གདགས་པའི་ཡུལ་ཡིན་ནོ། །དེའི་ཕྱིར་དངོས་པོར་སྨྲ་བ་དག་ནི་བདེན་པ་གཉིས་ཀ་ལས་ཉམས་པ་ཡིན་ཏེ་འཇིག་རྟེན་གྱི་ཐ་སྙད་ལས་འདས་པའི་ཕྱིར་དང་། དོན་དམ་པའི་དེ་ཁོ་ན་ཉིད་ཟབ་མོ་མ་གཏོགས་པའི་ཕྱིར་རོ། །གང་ཀུན་རྫོབ་དང་དོན་དམ་པའི་བདེན་པ་ལས་ཉམས་པ་དེ་དག་གིས་ནི་དེ་བཞིན་གཤེགས་པའི་གསུང་གི་དེ་ཁོ་ན་ཉིད་རྟོགས་པ་མ་ཡིན་ཏེ་དེ་བཞིན་གཤེགས་པ་རྣམས་ནི་བདེན་པ་གཉིས་ལས་བརྩམས་ཏེ་ཆོས་སྟོན་པའི་ཕྱིར་རོ། །གང་གིས་སངས་རྒྱས་རྣམས་ཀྱི་གསུང་རབ་ཀྱི་དོན་མ་རྟོགས་པ་དེས་ནི་ཐར་པ་དང་ཐམས་ཅད་མཁྱེད་པའི་གོ་འཕང་ཐོབ་པ་མ་ཡིན་ཏེ་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་ནི་སངས་རྒྱས་ཉག་ཅིག་གི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་དབུ་མ་རྩ་བར། གང་དག་བདེན་པ་འདི་གཉིས་ཀྱི། །རྣམ་དབྱེ་རྣམ་པར་མི་ཤེས་པ། །དེ་དག་སངས་རྒྱས་བསྟན་པ་ཡི། །ཟབ་མོའི་དེ་ཉིད་རྣམ་མི་ཤེས། །ཞེས་དང་དབུ་མ་བསྟོད་པར་ཡང་། མཚན་མ་མེད་པ་མ་རྟོགས་པར། ཁྱོད་ཀྱིས་ཐར་པ་མེད་པར་གསུངས། །དེ་ཕྱིར་དེ་ནི་ཐེག་ཆེན་ལ། ཁྱེད་ཀྱིས་ཚང་བར་བསྟན་པ་ལགས། །ཞེས་གསུངས་ཤིང་། འཇུག་པར་ཡང་། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །བདེན་གཉིས་ཉམས་ལ་ཐར་པ་གྲུབ་ཡོད་མིན། །ཞེས་དང་། ཐབས་སུ་གྱུར་པ་ཀུན་རྫོབ་བདེན་པ་དང་། །ཐབས་ལས་བྱུང་བ་དོན་དམ་བདེན་པ་སྟེ། །དེ་གཉིས་དབྱེ་བ་གང་གིས་མི་ཤེས་པ། །དེ་དག་ལོག་པར་རྟོག་པའི་ལམ་ངན་ཞུགས། །ཞེས་གང་གསུངས་པ་ཡིན་ནོ། །

དེ་ལྟར་བས་ན་སློབ་དཔོན་ཟླ་བ་གྲགས་པ་ནི། དོན་དམ་པའི་བདེན་པ་མ་རྟོགས་པར་ཉོན་མོངས་པ་སྤོང་མི་ནུས་ལ། དེ་མ་སྤངས་པར་ཐར་པ་ཐོབ་པ་མེད་པའི་ཕྱིར་རོ། །རྣམ་རིག་པ་མན་ཆད་གྱི་ལྟ་བ་ལ་བརྟེན་ནས་ཐར་པ་ཡང་མི་འཐོབ་ན་ཐམས་ཅད་མཁྱེན་པ་ལྟ་ཅི་སྨྲོས་ཞེས་བཞེད་ལ་སློབ་དཔོན་ལེགས་ལྡན་འབྱེད་ལ་སོགས་པ་ནི་ཉན་ཐོས་སྡེེ་གཉིས་ཀྱི་ལྟ་བས་གང་ཟག་བདག་མེད་རྟོགས་ནུས་པས་ཐར་པ་འཐོབ་ལ་ཤེས་སྒྲིབ་སྤོང་མི་ནུས་པས་ཐམས་ཅད་མཁྱེན་པ་མི་ཐོབ་ཅིང་། རྣམ་རིག་པས་ལྟ་བ་ལ་བརྟེན་ནས་ཐར་པ་ཡང་མི་ཐོབ་སྟེ། གང་ཟག་གི་བདག་འཛིན་ཙམ་སྤངས་པའི་ཐར་པ་དོན་དུ་མི་གཉེར་བའི་ཕྱིར་དང་། རང་གི་ལྟ་བ་དེ་ཁོ་ན་ཉིད་ཆོས་ཀྱི་བདག་ཏུ་འཛིན་པ་ཆེན་པོ་ཡིན་པས་བདག་འཛིན་གཉིས་ཀ་སྤངས་པའི་ཐར་པ་ཐོབ་མི་ནུས་པའི་ཕྱིར་རོ། །སློབ་དཔོན་ཟླ་བ་གྲགས་པས་ནི། ཉན་ཐོས་སྡེ་གཉིས་ཀྱི་ལྟ་བས་གང་ཟག་གི་བདག་མེད་པ་ཡང་རྟོགས་མི་ནུས་པར་བཞེད་དེ། འདི་ལྟར་དེ་དག་གི་ལྟ་བ་ནི་ཕུང་པོ་མི་རྟག་སོགས་སུ་ཡོངས་སུ་སྤྱོད་པར་བྱེད་པ་ཙམ་ཡིན་ལ་དེས་ཀྱང་ཕུང་པོ་རྟག་སོགས་སུ་འཁྲུལ་པ་རེ་ཤིག་སྤང་ནུས་སུ་ཟིན་ཀྱང་། ཕུང་པོ་ལ་བདག་ཏུ་འཛིན་པ་ནི་སྤང་མི་ནུས་ཏེ། དེ་ཉིད་ཕུང་པོ་ལ་དངོས་པོར་མངོན་པ་ཞེན་པའི་རྒྱུ་ཅན་ཡིན་པའི་ཕྱིར་དང་། དེ་དག་གིས་ཀྱང་ཕུང་པོ་རང་བཞིན་མེད་པར་མ་གཏོགས་པའི་ཕྱིར་རོ། །

ཇི་སྐད་དུ། རྒྱལ་པོ་ལ་གདམས་པ་རིན་པོ་ཆེའི་ཕྲེང་བར། ཇི་སྲིད་ཕུང་པོ་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་པ་ལས་ཡང་ལས་ཏེ། །ལས་ལས་ཡང་ནི་འཁོར་བར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །དེ་བས་ན། གང་ཞིག་གང་གི་རྒྱུ་ལ་མི་གནོད་པ་དེས་ནི་དེ་ལ་གནོད་པ་མ་ཡིན་ཏེ། དཔེར་ན་མངར་བ་དང་སྣུམ་པའི་རྫས་ཀྱིས་བད་ཀན་གྱི་ནད་ལ་མི་གནོད་པ་བཞིན་ནོ། །ཕུང་པོ་མི་རྟག་སོགས་སུ་ཡོངས་སུ་དཔྱོད་པར་བྱེད་པས་ཀྱང་བདག་ཏུ་འཛིན་པའི་རྒྱུ་ལ་གནོད་པ་མེད་དོ། །ཞེས་བྱ་བ་འདི་ནི་འདིར་འསྔིག་རྟེན་རང་གྲགས་ཀྱི་ཚད་མའོ། །གཞན་ཡང་ཕུང་པོ་མི་རྟག་སོགས་སུ་ལྟ་བས་ནི་ཕུང་པོ་ལ་བདག་ཏུ་འཛིན་པ་དྲུངས་འབྱིན་པར་ནུས་པ་མ་ཡིན་ཏེ། དེ་གཉིས་ཀ་ཡང་ཕུང་པོའི་གནས་ལུགས་སྟོང་པ་ཉིད་ལ་ཕྱིན་ཅི་ལོག་ཏུ་ཞུགས་པར་འདྲ་བས་སྟོབས་མཚུངས་པའི་ཕྱིར་ཏེ། དཔེར་ན་ཕུང་པོ་སྡུག་པར་འཛིན་པའི་འདོད་ཆགས་དང་མི་འཕྲོད་པར་འཛིན་པའི་ཞེ་སྡང་བཞིན་ནོ། །ཞེས་པ་ནི་ཚད་མ་གཞན་ཡིན་ནོ། །ཅི་སྟེ་ཕུང་པོ་ལ་བདེན་པར་འཛིན་པ་འདི་བདག་ཏུ་འཛིན་པའི་རྒྱུར་ཇི་ལྟར་ཤེས་ཞེ་ན་ཕུང་པོ་ལ་མངོན་པར་ཞེན་པ་དག་ལ་བདག་ཏུ་འཛིན་པ་མཐོང་བའི་ཕྱིར་དང་། ཀ་བུམ་སོགས་ཕུང་པོ་ལ་མངོན་ཞེན་མེད་པ་དག་ལ་བདག་ཏུ་འཛིན་པ་མ་མཐོང་བའི་ཕྱིར་དང་དེ་ཙམ་ལ་རྒྱུ་དང་འབྲས་བུའི་ཐ་སྙད་འསྔིག་རྟེན་ན་བྱེད་པའི་ཕྱིར་རོ། །གལ་ཏེ་ཕུང་པོ་མི་རྟག་སོགས་སུ་རྟོགས་པས་བདག་འཛིན་སྤོང་བར་མི་ནུས་ན་ཉན་རང་དགྲ་བཅོམ་པ་དག་གིས་ཀྱང་བདག་འཛིན་མ་སྤངས་པར་འགྱུར་རོ་ཞེ་ན་དེ་ནི་མ་ཡིན་ཏེ། ཉན་རང་འཕགས་པ་བདག་གིས་ནི་ཆོས་ཐམས་ཅད་རང་བཞིན་མེད་པར་རྟོགས་པ་ཡིན་ཏེ། གཞན་དུ་ན་ཕྱིར་རོལ་པའི་ཆགས་བྲལ་བཞིན་དུ། བདག་འཛིན་དྲུངས་འབྱིན་པའི་གཉེན་པོ་མེད་པས། འཁོར་བ་ལས་མི་ཐར་བར་འགྱུར་བའི་ཕྱིར་དང་། ཡང་དག་པ་ན་བསྟན་པ་འདི་ལས་ཕྱིར་རོལ་དུ་གྱུར་པ་ཡང་འགྱུར་ཏེ། དེ་བཞིན་གཤེགས་པའི་གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་རྟེན་ཅིང་འབྲེལ་བར་འབྱུང་བའི་དེ་ཁོ་ན་ཉིད་མ་རྟོགས་པའི་ཕྱིར་རོ། །ཇི་སྐད་དུ། བཤེས་པའི་སྤྲིངས་ཡིག་ལས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་སོགས་གསུངས་ཤིང་། གང་ཟག་ཕུང་པོ་སྨྲ་བ་ཡི། །འཇིག་རྟེན་གྲངས་ཅན་འུག་ཕྲུག་པ། །གོས་མེད་བཅས་ལ་གལ་ཏེ་ཞིག ། ཡོད་མེད་འདས་པར་སྨྲ་ན་དྲིས། །དེ་ཕྱིར་སངས་རྒྱས་རྣམས་ཀྱིས་ནི། །བསྟན་པ་འཆི་མེད་ཡོད་མེད་ལས། །འདས་པ་ཟབ་མོ་ཞེས་བསྟན་པ། །ཆོས་ཀྱི་ཁུད་པ་ཡིན་ཞེས་གྱིས། །ཞེས་གསུངས་པས། རྟེན་ཅིང་འབྲེལ་བར་འབྱུང་བ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བ་འདི་ནི་སངས་རྒྱས་ཀྱི་བསྟན་པའི་ཁྱད་ཆོས་ཐུན་མོང་མ་ཡིན་པར་གསུངས་པ་ཡིན་ནོ། །དེ་ལྟར་ན་རྣལ་འབྱོར་སྤྱོད་པ་བ་མན་ཆད་ཀྱི་གྲུབ་མཐའ་སྨྲ་བ་ཀུན་ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པར་འགྱུར་ཏེ། རྟེན་འབྲེལ་གྱི་གནས་ལུགས་མ་རྟོགས་པའི་ཕྱིར་རོ་ཞེ་ན་ཡང་དག་པར་ན་འདོད་པ་ཁོ་ན་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་གསང་བའི་གནས་ཟབ་མོའི་སྣོད་དུ་མ་གྱུར་པའི་ཕྱིར་རོ། །དཔེར་ན་འཇིག་རྟེན་ན་ཡང་རང་གི་གསང་བའི་གཏམ་སྨྲ་རུ་རུང་བ་དང་མི་རུང་བ་དག་ལ་ནང་མི་དང་ཕྱི་མིའི་ཐ་སྙད་འདོགས་པ་བཞིན་ནོ། །འོན་ཀྱང་དེ་བཞིན་གཤེགས་པ་ལ་སྐྱབས་འཆའ་ཞིང་དེའི་གསུང་གི་རྗེས་སུ་འབྲང་བའི་ཕྱིར་སེར་སྐྱ་པ་ལ་སོགས་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་ཕྱི་རོལ་ཏུ་གྱུར་པ་མ་ཡིན་པས་རྣམ་གྲངས་ཀྱིས་ནང་པའི་གྲུབ་མཐའ་སྨྲ་བར་བཞག་གོ །གལ་ཏེ་དེ་བཞིན་གཤེགས་པས་ཉན་ཐོས་ཀྱི་ཐེག་པ་ལ་ཞུགས་པ་དག་གི་དབང་དུ་བྱས་ནས་བདེན་པ་བཞིའི་ཆོས་ཀྱི་འཁོར་ལོ་བསྐོར་བར་བཤད་པ་དང་སྡེ་པའི་གྲུབ་མཐའ་སྨྲ་བ་དག་གིས་ཀྱང་བདེན་བཞི་མི་རྟག་བཅུ་དྲུག་ཙམ་དུ་རྟོགས་པར་བཤད་ཀྱི་རང་བཞིན་མེད་པར་རྟོགས་པར་མ་བཤད་དོ་ཞེ་ན་འདི་ལ་བརྗོད་པར་བྱ་སྟེ་འདི་ལྟར་བཀའ་དང་པོའི་གདུལ་བྱ་ནི་གཉིས་ཏེ་སངས་རྒྱས་ཀྱི་འཁོར་དུ་གཏོགས་པ་དངོས་ཀྱི་གདུལ་བྱ་དང་རྗེས་འཇུག་ཕྱིས་འབྱུང་གི་གདུལ་བྱའོ། །དང་པོ་ལ་ཡང་རྒྱུད་ཡོངས་སུ་མ་སྨིན་པ་དང་སྨིན་པ་གཉིས་ལས་གང་ཟག་དང་པོས་བཀའ་དང་པོའི་ཆོས་འཁོར་ཐོས་པས་རྟག་སོགས་ཕྱིན་ཅི་ལོག་བཞིའི་མངོན་པར་ཞེན་པ་ལྡོག་ཅིང་འཁོར་བ་ལས་ཡིད་བྱུང་ནས་མྱ་འདས་ལ་འདོད་པ་ཙམ་སྐྱེའི་མཐོང་ལམ་ལ་སོགས་པའི་རྟོགས་པ་དངོས་སུ་མི་སྐྱེ་ལ་དེའི་འོག་ཏུ་སྟོང་པ་ཉིད་ཀྱི་ཆོས་བསྟན་པས་བདེན་པ་མཐོང་ནས་གྲོལ་བར་འགྱུར་ཏེ། ཇི་སྐད་དུ། དབུ་མར། དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་ཤེས་ཤིང་ཆགས་མེད་ནས། །ཕྱིས་ནི་རྣམ་པར་དབེན་པའོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟ་བུའི་གདུལ་བྱ་ལ་ཐོག་མར་སྟོང་ཉིད་བསྟན་པར་བྱ་བ་ཡང་མ་ཡིན་ཏེ་སངས་རྒྱས་ཀྱི་བསྟན་པ་ལ་གཡང་སར་འདུ་ཤེས་ནས་སྤང་བར་འགྱུར་བའི་ཕྱིར་རོ། །

དེའི་ཕྱིར་གདུལ་བྱ་དྲང་བའི་བདེན་བཞིའི་འཁོར་ལོ་ཐོག་མར་བ སྐོར་བ་ནི་སངས་རྒྱས་ཀྱི་ཐབས་ལ་མཁས་པ་སྟེ། ཇི་སྐད་དུ་འཕགས་པ་ལྷས། གང་ཞིག་གང་གང་ལ་དགའ་བ། །དེ་ཡི་དེ་དེ་སྔར་སྤྱད་བྱ། །ཉམས་པར་གྱུར་བ་དམ་ཆོས་ཀྱི། །སྣོད་ནི་ཅེས་ཀྱང་མ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །གང་ཟག་གཉིས་པ་རྒྱུད་ཡོངས་སུ་སྨིན་པའི་གདུལ་བྱ་རྣམས་སྐྱེ་བ་གཞན་དུ་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོ་སྟོན་པའི་གསུང་རབ་ལ་ཐོས་པ་བྱས་པའི་བག་ཆགས་ཡོངས་སུ་སྨིན་པའི་མཐུས་དེ་བཞིན་གཤེགས་པ་ལ་བདེན་བཞི་མི་རྟག་ལ་སོགས་པར་སྟོན་པའི་ཆོས་ཐོས་པ་ཙམ་གྱིས་སྔོན་གྱི་རིགས་ཀྱི་མཐུས་མི་རྟག་པ་ལ་སོགས་པ་སྟོང་པ་ཉིད་ཤེས་ནས། སྤྲོས་བྲལ་གྱི་དོན་རྟོགས་ཏེ་གྲོལ་བར་འགྱུར་གྱིས་མི་རྟག་ལ་སོགས་ཆོས་ཀྱི་མཚན་མར་འཛིན་པ་ནི་མ་ཡིན་ནོ། །དེ་ལྟ་བུའི་གང་ཟག་ཀྱང་ཀུན་ཤེས་ཀཽ་ཌི་ན་ཡ་ལ་སོགས་པ་ལྔ་སྡེ་བཟང་པོ་དང་ཀུན་ཏུ་རྒྱུ་ཉེ་རྒྱལ་དང་པང་ནས་སྐྱེས་ལྟ་བུ་ཡིན་ནོ། །ཇི་ལྟར་ན་མི་རྟག་པ་སོགས་བསྟན་པས་སྟོང་པ་ཉིད་རྟོགས་ཅེ་ན། སྐྱེ་བ་དང་འཇིག་པ་སོགས་ནི་སྟོང་པ་ཉིད་ལ་རུང་བ་ཡིན་ཏེ། དབུ་མར། གང་ལ་སྟོང་པ་ཉིད་རུང་བ། །དེ་ལ་ཐམས་ཅད་རུང་བ་ཡིན། །གང་ལ་སྟོང་ཉིད་མི་རུང་བ། །དེ་ལ་ཐམས་ཅད་རུང་མ་ཡིན། །ཅེས་དང་། རིགས་པ་དྲུག་྄ཅུ་པར། སྐྱེ་བ་ཤེས་པས་འཇིག་པ་ཤེས། །འཇིག་པ་ཤེས་པས་མི་རྟག་ཤེས། །སྟོང་པ་ཉིད་ལ་འཇུག་པ་ཤེས། །ཞེས་སོགས་གསུངས་པའི་ཕྱིར་རོ། །དེ་བས་ན་མདོ་ལས་མི་རྟག་པ་སོགས་གསུངས་པ་ནི་སྔར་བཤད་པའི་ཚུལ་གྱིས་གདུལ་བྱ་འགའ་ཞིག་ལ་རྒྱུད་སྣོད་དུ་རུང་བའི་བྱ་བ་ཙམ་བྱེད་ལ་འགའ་ཞིག་ལ་ཡང་དག་པའི་རྟོགས་པ་སྐྱེ་བའི་བྱ་བ་བྱེད་དོ། །དེང་སང་ཉན་ཐོས་པར་གྲགས་པའི་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དག་ནི་བཀའ་དང་པོའི་རྗེས་འཇུག་ཕྱིས་འབྱུང་གི་གདུལ་བྱ་ཡིན་ལ། དེ་དག་གིས་བཀའི་དགོངས་པར་རློམ་ནས་བྱེ་བྲག་ཏུ་བཤད་པ་ལ་སོགས་པའི་རང་རང་གི་གཞུང་རྣམས་སུ་རྡུལ་ཕྲན་རྫས་གྲུབ་དང་། བདེན་བཞི་མི་རྟག་སོགས་སུ་དོན་ལ་གནས་པའི་རྣམ་གཞག་བྱས་པ་རྣམས་ནི་རང་རང་གི་བློས་སྒྲོ་བཏགས་པ་མ་གཏོགས་པར་བཀའི་དགོངས་པ་ནི་མ་ཡིན་ཏེ། དེ་བཞིན་གཤེགས་པས་འཇིག་རྟེན་གཞུག་པའི་ཐབས་སུ་འཇིག་རྟེན་ན་ཇི་ལྟར་གྲགས་པའི་གཟུགས་སོགས་དང་སྐྱེ་བ་དང་འཇིག་པ་སོགས་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་པ་ཙམ་ཞིག་གསུངས་ཀྱི་སྐྱེ་འཇིག་བདེན་པ་བ་ནི་འགར་ཡང་མ་གསུངས་ཏེ། རིགས་པས་གནོད་པའི་ཕྱིར་དང་དགོས་པ་མེད་པའི་ཕྱིར་དང་ཚད་མས་གནོད་པའི་དོན་གསུངས་ན་ཀུན་མཁྱེན་དུ་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དབུ་མ་རྩ་བར། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་གནས། །དེ་བཞིན་དུ་ནི་འཇིག་པར་གསུངས། །ཞེས་དང་། འཇུག་པར་ཡང་། དེ་ཕྱིར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ནི། །འགར་ཡང་དངོས་པོ་ཡོད་ཅེས་མ་གསུངས་སོ། །ཞེས་བཤད་པ་ཡིན་ནོ། །

དེ་བས་ན་དེ་དག་གི་གཞུང་རྣམས་ལས་ཉན་རང་འཕགས་པ་དག་གིས་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་ཏུ་རྟོགས་པས་གྲོལ་བ་སོགས་བཤད་པ་ནི་རང་གི་བློས་བཞག་པ་ཙམ་ཡིན་གྱི་དོན་ལ་གནས་པ་མ་ཡིན་པས་འདིར་གནོད་པ་མེད་དོ། །གང་ཡང་མངོན་པར་རྟོགས་པའི་རྒྱན་ལས། ལམ་ཤེས་ཉིད་ཀྱི་ཚུལ་ལ་ནི། །འཕགས་པའི་བདེན་པ་བཞི་དག་གི །རྣམ་པ་མི་དམིགས་སྒོ་ནས་ནི། །ཉན་ཐོས་ལམ་འདི་ཤེས་པར་བྱ། །ཞེས་དང་། གཟུང་དོན་རྟོག་པ་སྤོང་ཕྱིར་དང་། །འཛིན་པ་མི་སྤོང་ཞེས་སོགས་གསུངས་པ་ཡང་ཉན་རང་གི་རིགས་ཅན་རྒྱུད་མ་སྨིན་པ་རྣམས་རྗེས་སུ་བཟུང་བའི་ཕྱིར་བསྟན་པ་རྒྱུད་སྨིན་པར་བྱེད་པའི་ལམ་གྱི་དབང་དུ་བྱས་ནས་དེ་སྐད་བརྗོད་པ་ཡིན་གྱི། གཞན་དུ་ན་སྔར་ཇི་སྐད་བཤད་པའི་ལུང་རིགས་དག་གིས་གནོད་པའི་ཕྱིར་རོ། །དེ་བས་ན་ཉན་རང་གི་རིགས་ཅན་གྱི་གང་ཟག་དག་གི་རྒྱུད་སྨིན་པར་བྱེད་པའི་ལམ་ནི་བདེན་བཞི་མི་རྟག་ལ་སོགས་བཅུ་དྲུག་རྟོགས་པ་ཡིན་ལ། གྲོལ་བར་བྱེད་པའི་ལམ་ནི་རྟེན་འབྲེལ་རང་བཞིན་མེད་པར་རྟོགས་པ་ཁོ་ན་ཡིན་ཏེ། ལམ་གཞན་གྱི་བདག་འཛིན་སྤོང་བར་མི་ནུས་སོ་ཞེས་སྔར་བཤད་ཟིན་ཏོ། །དེ་ལྟར་བྱས་ན་རྒྱལ་བའི་ཡུམ་ལས་ཀྱང་ཉན་ཐོས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བསླབ་པར་བྱའོ། །རང་སངས་རྒྱས་ཀྱི་ས་ལ་སློབ་པར་འདོད་པས་ཀྱང་ཞེས་སོགས་གསུངས་པ་དང་། རྗེ་བཙུན་གྱིས་ཀྱང་། ཉན་ཐོས་ཞི་བ་ཚོལ་རྣམས་ཀུན་ཤེས་ཉིད་ཀྱིས་ཉེར་ཞིར་འཁྲིད་མཛད་གང་ཡིན་དང་། །ཞེས་སོགས་འཕགས་པ་ཀུན་གྱི་བཞེད་པ་སྒྲུབ་པའི་སྒོ་ནས་ཡུམ་ལ་བསྟོད་པ་དང་། འཕགས་པ་ཀླུ་སྒྲུབ་ཀྱིས་ཀྱང་། མཚན་མ་མེད་པ་མ་རྟོགས་པར། ཁྱེད་ཀྱིས་ཐར་པ་མེད་པར་གསུངས། །ཞེས་དང་། ཉན་ཐོས་རྣམས་དང་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱིས་ངེས་བརྟེན་པའི། །ཐར་ལམ་ཁྱོད་ཉིད་གཅིག་པུ་སྟེ། །གཞན་གྱིས་བགྱི་བ་མ་མཆིས་ངེས། །ཞེས་སོགས་གསུངས་པ་རྣམས་ལེགས་པར་དྲངས་པར་འགྱུར་རོ། །དེ་ལྟ་ན་ཉན་རང་དག་གིས་ཆོས་ཀྱི་བདག་མེད་རྟོགས་པས་ཤེས་བྱའི་སྒྲིབ་པ་སྤོང་བར་འགྱུར་ཞིང་ཐེག་པ་ཆེ་ཆུང་གི་ཁྱད་པར་ཡང་མི་འཐད་དོ་ཅེ་ན་ཤེས་སྒྲིབ་ཟད་པར་སྤོང་བར་ནི་མ་ངེས་ཏེ། དེ་དག་གིས་ཆོས་ཀྱི་བདག་མེད་རྟོགས་པ་དེ་ཉིད་ཚེ་གསུམ་མམ་བསྐལ་པ་བརྒྱ་ལས་ལྷག་པ་མི་བསྒོམ་པའི་ཕྱིར་དང་། དེ་ཙམ་གྱིས་ཤེས་སྒྲིབ་མཐར་དབྱུང་བར་ནུས་པ་ཡང་མ་ཡིན་ཏེ། གཞན་དོན་དུ་ཆོས་ཀྱི་དེ་ཁོ་ན་ཉིད་ཐབས་མང་པོའི་སྒོ་ནས་བསྐལ་པ་གྲངས་མེད་གསུམ་ལ་སོགས་པར་གོམས་པར་བྱས་པ་ལས་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་ཐམས་ཅད་མཁྱེན་པའི་ཡེ་ཤེས་བརྙེས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་རྣམ་འགྲེལ་ལས། རྣམ་པ་དུ་མར་ཐབས་མང་པོ། །ཡུན་རིང་དུས་སུ་གོམས་པ་ལས། །དེ་ལ་སྐྱོན་དང་ཡོན་ཏན་དག །རབ་ཏུ་གསལ་བ་ཉིད་དུ་འགྱུར། །ཞེས་དང་། གོམས་ཕྱིར་མ་ལུས་སྤངས་པ་ཉིད། །ཅེས་སོགས་གང་གསུངས་པ་ཡིན་ནོ། །ཚེ་གསུམ་ལ་སོགས་པ་ལས་ལྷག་པ་མི་བསྒོམ་པའི་རྒྱུ་མཚན་དེ་ཙམ་གྱིས་རང་གི་བཞེད་དོན་ཉོན་མོངས་པ་སྤངས་པའི་མྱང་འདས་ཐོབ་པའི་ཕྱིར་དང་། སྙིང་རྗེ་དམན་པས་རྣམ་མཁྱེན་ལ་དོན་དུ་གཉེར་བ་མེད་པས་དེའི་དོན་དུ་ལམ་ལ་ཡུན་རིང་འབད་པ་མེད་པའི་ཕྱིར་རོ། །ཇི་སྐད་དུ་རྣམ་འགྲེལ་ལས། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །ཅེས་གསུངས་པ་ལྟར་རོ། །ཤེས་སྒྲིབ་གཏན་མི་སྤོང་བ་ཡང་མ་ཡིན་ཏེ། ཉོན་མོངས་པ་རྣམས་ཀྱི་རྩ་བར་གྱུར་པའི་ཤེས་སྒྲིབ་རྣམས་མ་ལུས་པར་སྤོང་བར་བྱེད་པའི་ཕྱིར་རོ། །

དེ་ཡང་འདི་ལྟར་ཉན་རང་དག་གིས་ཀྱང་ཉོན་སྒྲིབ་རྒྱུ་དང་བཅས་པ་སྤོང་དགོས་པའི་ཕྱིར་དང་ཉོན་མོངས་པའི་རྩ་བ་བདག་ཏུ་འཛིན་པ་ཡང་ཕུང་པོ་ལ་དངོས་པོར་མངོན་པར་ཞེན་པའི་མཚན་ཉིད་ཅན་གྱི་རྣམ་པར་རྟོག་པ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །ཐེག་པ་ཆེ་ཆུང་ནི་ཤེས་རབ་ཀྱིས་ཕྱེ་བ་མ་ཡིན་གྱི་སེམས་ཅན་ཐམས་ཅད་ལ་དམིགས་པའི་སེམས་བསྐྱེད་དང་སྨོན་ལམ་དང་བསྔོ་བ་ལ་སོགས་པ་ཐབས་ཀྱི་ཁྱད་པར་དུ་ཕྱེ་བ་ཡིན་ཏེ། རིན་པོ་ཆེའི་ཕྲེང་བ་ལས། ཉན་ཐོས་ཐེག་པ་དེ་ལས་ནི། །བྱང་ཆུབ་སེམས་དཔའི་སྨོན་ལམ་དང་། །སྤྱོད་པ་ཡོངས་བསྔོ་མ་བཤད་ཏེ། །བྱང་ཆུབ་སེམས་དཔར་ག་ལ་འགྱུར། །ཅེས་སོགས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་རིགས་ཅན་གསུམ་གྱི་བྱང་ཆུབ་གསུམ་དུ་བསྒྲོད་པར་བྱེད་པའི་ལམ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་གཅིག་པུ་ཉིད་ཡིན་ནོ། །ཞེས་བྱ་བ་འདི་ནི་འཕགས་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་བཞེད་པ་ཐུན་མོང་མ་ཡིན་པ་ཡིན་པར་བློ་དང་ལྡན་པ་རྣམས་ཀྱིས་ཁོང་དུ་ཆུད་པར་བྱའོ། །ཞར་ལ་འོངས་པས་ཆོག་གོ །ད་ནི་དབྱེ་བ་བརྗོད་པར་བྱ་སྟེ། དེ་ལ་དོན་དམ་པ་ནི་གཉིས་ཏེ། མཚན་ཉིད་པ་དང་རྣམ་གྲངས་པའོ། །དང་པོའི་རང་བཞིན་ཅི་འདྲ་བ་ནི། སྔར་བརྗོད་ཟིན་ལ་དེ་ལ་དབྱེ་བ་མེད་ཏེ། ནམ་མཁའ་ལྟར་ཀུན་ཏུ་རོ་གཅིག་པའི་ཕྱིར་དང་། ཐ་སྙད་ཀྱི་ཡུལ་ལས་འདས་པའི་ཕྱིར་རོ། །གཉིས་པ་ནི། བདེན་གཉིས་ལས། སྐྱེ་བ་ལ་སོགས་བཀག་པ་ཡང་། །དོན་དམ་པ་དང་མཐུན་པའི་ཕྱིར། །དོན་དམ་ཡིན་པར་ཁོ་བོ་འདོད། །ཅེས་གསུངས་པས། སྐྱེ་མེད་སྟོང་ཉིད་ལ་སོགས་ཡིན་ན་དེ་ལ་ནི་དགག་བྱའི་སྒོ་ནས་དབྱེ་ན་གང་ཟག་དང་ཆོས་ཀྱི་བདག་མེད་གཉིས་དང་ཆོས་ཅན་གྱི་སྒོ་ནས་སྟོང་ཉིད་བཅུ་དྲུག་དང་ཉི་ཤུ་ལ་སོགས་པ་མདོ་ལས་གསུངས་པ་རྣམས་ཡིན་ནོ། །ཀུན་རྫོབ་ལ་ཡང་བདེན་གཉིས་ལྟར་ན། སྣང་དུ་འདྲ་ཡང་དོན་བྱེད་དག །ནུས་པའི་ཕྱིར་དང་མི་ནུས་ཕྱིར། །ཡང་དག་ཡང་དག་མ་ཡིན་པའི། །ཀུན་རྫོབ་ཀྱི་ནི་དབྱེ་བར་བྱས། །ཞེས་གསུངས་པས། གཟུགས་སྒྲ་ལ་སོགས་པ་དོན་བྱེད་ནུས་པ་རྣམས་ཡང་དག་པའི་ཀུན་རྫོབ་དང་སྒྱུ་མ་དང་ཆུ་ཟླ་ལ་སོགས་པ་དོན་བྱེན་མི་ནུས་པ་རྣམས་ལོག་པའི་ཀུན་རྫོབ་ཅེས་ཐ་སྙད་བྱེད་དོ། །དེ་དག་ཀྱང་ཡང་དག་དང་ཡང་དག་མ་ཡིན་པར་འཇིག་རྟེན་པའི་བློས་གཟུང་བ་ཙམ་ཡིན་གྱི། དངོས་པོར་ན། གཉིས་ཀ་ཡང་རྫུན་པ་བསླུ་བའི་ཆོས་ཅན་དུ་ཁྱད་པར་མེད་དོ། །དེ་སྐད་དུ་ཡང་འཇུག་པར། གནོད་པ་མེད་པའི་དབང་པོ་དྲུག་རྣམས་ཀྱིས། །གཟུང་བ་གང་ཞིག་འཇིག་རྟེན་གྱིས་རྟོག་སྟེ། །འཇིག་རྟེན་ཉིད་ལས་བདེན་ཡིན་ལྷག་མ་ནི། །འཇིག་རྟེན་ཉིད་ལས་ལོག་པར་རྣམ་པར་བཞག ། ཅེས་གང་གསུངས་པ་ཡིན་ནོ། །ཡང་ན་འཕགས་པའི་ཀུན་རྫོབ་དང་། བྱིས་པའི་ཀུན་རྫོབ་གཉིས་སུ་ཡང་འགྱུར་ཏེ། དང་པོ་ནི། བྱིས་པ་རྣམས་ཀྱིས་མངོན་པར་ཞེན་པའི་གཟུགས་སྒྲ་ལ་སོགས་པ་སྟེ། དེ་དག་ནི་འཕགས་པ་ཆོས་མཐོང་བ་རྣམས་ཀྱིས་སྒྱུ་མ་ལ་སོགས་པ་བཞིན་དུ་གསོག་དང་གསོབ་དང་སྙིང་པོ་མེད་པར་ཁོང་དུ་ཆུད་པའི་ཕྱིར་རོ། །གཉིས་པ་ནི། ཆུ་ཟླ་དང་། སྒྲ་རྙན་དང། སྒྱུ་མ་ལ་སོགས་པ་སྟེ། དེ་དག་ནི་བརྫུན་པ་སླུ་བའི་ཆོས་ཅན་དུ་བྱིས་པ་རྣམས་ཀྱིས་ཀྱང་ཡོངས་སུ་དཔྱོད་པའི་ཕྱིར་རོ། །བདེན་པ་གཉིས་པོ་འདི་དག་གང་ལས་དབྱེ་བའི་གཞི་ནི་སྣང་བ་ཙམ་ཡིན་ཏེ། འཇུག་པར་། དངོས་ཀུན་ཡང་དག་བརྫུན་པར་མཐོང་བ་ཡི། །དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཅེས་གསུངས་པའི་ཕྱིར་རོ། །གང་གི་འབྱེད་པའི་རྒྱུ་མཚན་ནི། འཕགས་པ་དང་བྱིས་པའི་གང་ཟག་གཉིས་ཀྱི་བློའི་འཛིན་སྟངས་མི་འདྲ་བ་ལས་ཡིན་ནོ། །དེའི་ཕྱིར་ཡུལ་ཅན་གྱི་སྒོ་ནས་བདེན་པ་གཉིས་སུ་ཕྱེ་བ་ཡིན་གྱི། དོན་ལ་གཉིས་སུ་གནས་པ་ནི་མ་ཡིན་ཏེ། ཀུན་རྫོབ་དོན་ལ་གནས་ན་ཀུན་རྫོབ་ཏུ་མི་འགྱུར་གྱི། གཞན་དུ་ན་དོན་དམ་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཀུན་རྫོབ་དོན་ལ་མི་གནས་པ་ན་དོན་དམ་པ་ཞེས་བྱ་བ་འགའ་ཡང་ཡོད་པ་མ་ཡིན་ཏེ་བདེན་རྫུན་གྱི་ཐ་སྙད་ཕན་ཚུན་ལྟོས་ནས་བཞག་པའི་ཕྱིར་རོ། །དེ་ལྟར་ན་ཅིའི་ཕྱིར་དོན་དམ་པ་ཞེས་བྱ་སྟེ་ཀུན་རྫོབ་བཞིན་དུ་དོན་ལ་མི་གནས་པའི་ཕྱིར་རོ། །ཅེ་ན། དབུ་མ་པས་ནི་དོན་དམ་པ་ཞེས་བྱ་བའི་ཆོས་ཅུང་ཟད་ཀྱང་ཁས་མ་བླངས་ན་ཅིའི་ཕྱིར་ཀླན་ཀ་ཚོལ་བར་བྱེད། གལ་ཏེ་དབུ་མ་པ་དག་གིས་བདེན་པ་ག ཉིས་ཀྱི་དབྱེ་བ་བྱས་པ་མ་ཡིན་ནམ་ཞེ་ན་བྱས་མོད་དེ་རང་གི་འདོད་པ་ཡིན་ནོ་ཞེས་སུས་སྨྲས་འོ་ན་གཞན་གྱི་ལུགས་བརྗོད་པ་ཡིན་ནམ་ཞེ་ན། གང་ལ་རང་ལུགས་མེད་པ་དེ་ལ་གཞན་ལུགས་ཀྱང་ག་ལ་ཡོད་ཕ་རོལ་མེད་པའི་ཚུ་རོལ་དང་། རིང་པོ་མེད་པའི་ཐུང་ངུ་འགའ་ཡང་འཇིག་རྟེན་ན་མཐོང་ངམ། འོ་ན་སུ་ཞིག་གི་ལུགས་ཡིན་ཞེ་ན་ཐོག་མ་མེད་པ་ནས་རང་གཞན་གྱི་ལུགས་གཉིས་སུ་འབྱེད་པ་ལ་གོམས་པའི་རྣམ་དཔྱོད་ཅན་ཁྱོད་ཀྱིས་སྨྲ་བ་གྱིས་ཤིག ཁོ་བོས་ནི་གནས་ལུགས་འབྱེད་པའི་ཚེ་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ཐོབ་བོ། །འོན་ཀྱང་དཔེར་ན་སྒྱུ་མའི་སྐྱེས་བུས་སྐྱེ་བོ་རྣམས་ལ་བདེན་གཉིས་དབྱེ་བ་སྟོན་པ་ལྟར་དུ་ུའཕགས་པ་ཀླུ་སྒྲུབ་ལ་སོགས་པ་མཐའ་བྲལ་ཀྱི་ས་ལ་གནས་པའི་དབུ་མ་པ་དག་གིས་འདི་ནི་རང་གི་ལུགས་སོ། །འདི་ནི་གཞན་གྱི་ལུགས་སོ་ཞེས་ངེས་པ་གཟུང་བ་མེད་པར་མངོན་ཞེན་ཅན་རྗེས་སུ་བཟུང་བའི་ཐབས་ཙམ་དུ་བདེན་གཉིས་ཀྱི་དབྱེ་བ་མཛད་པ་ལ་བདག་ཅག་མངོན་ཞེན་ཅན་རྣམས་ཀྱིས་འདི་ནི་དབུ་མའི་ལུགས་ཏེ་འཐད་པ་དང་བཅས་པའོ། །འདི་ནི་གཞན་གྱི་ལུགས་ཏེ་འཐད་པ་དང་བྲལ་བའོ། །ཞེས་སྒྲོ་བཏགས་པ་ཙམ་དུ་ཟད་དོ། །དེའི་ཕྱིར་མཐའ་བྲལ་གྱི་དོན་ནི་དོན་དམ་པའི་བདེན་པ་དང་གཞན་ནི་ཀུན་རྫོབ་ཀྱི་བདེན་པ་ཡིན་ནོ། །ཞེས་བྱ་བ་འདི་ནི་བདག་ཅག་དབུ་མར་སྨྲ་བར་རློམ་པ་མངོན་ཞེན་ཅན་དག་གི་འདོད་པ་ཡིན་གྱི་ཀླུ་སྒྲུབ་ལ་སོགས་པ་བདག་ཉིད་ཆེན་པོ་རྣམས་ཀྱི་ནི་མ་ཡིན་ཏེ་དེ་དག་གིས་ནི་རྟེན་འབྲེལ་གྱི་ས་བརྙེས་པས་ཕྱོགས་དང་ཁས་ལེན་གང་ཡང་མེད་པའི་ཕྱིར་རོ། །

དེ་ལྟར་ཡང་རིགས་པ་དྲུག་ཅུ་པ་ལས། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །གང་རྣམས་ལ་ནི་ཕྱོགས་མེད་པ། །དེ་ལ་གཞན་ཕྱོགས་ག་ལ་ཡོད། །ཅེས་དང་བརྩོད་བཟློག་ལས། གལ་ཏེ་ངས་དམ་བཅའ་འགའ་ཡོད། །དེས་ན་ང་ལ་སྐྱོན་འདི་ཡོད། །ང་ལ་དམ་བཅའ་མེད་པས་ན། །ང་ནི་སྐྱོན་མེད་ཁོ་ན་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །དེའི་ཕྱིར་ཇི་སྲིད་བརྗོད་བྲལ་གྱི་ས་མ་རྟོགས་པ་དེ་སྲིད་དུ། དབུ་མ་པ་མ་ཡིན་ཏེ། དབུ་མའི་དོན་མ་རྟོགས་པའི་ཕྱིར་རོ། །དབུ་མའི་དོན་མ་རྟོགས་བཞིན་དུ། དབུ་མ་པར་ཁས་འ ཆེ་བ་གང་ཡིན་པ་དེ་ནི། མངོན་པའི་ང་རྒྱལ་མ་རྟོགས་པར་མིའི་ཆོས་བླ་མའི་བརྫུན་དུ་སྨྲ་བར་འགྱུར་རོ། །གང་ཡང་འཕགས་པའི་ཡུལ་གྱི་སོ་སོ་སྐྱེ་བོའི་པཎ་ཆེན་ཁ་ཅིག་༼སོགས་༽རང་ཉིད་དབུ་མ་པར་ཁས་འཆེ་བ་དག་ཀྱང་། ཀླུ་སྒྲུབ་ལ་སོགས་པ་བརྗོད་བྲལ་གྱི་དོན་རྟོགས་པའི་འཕགས་པ་རྣམས་ཀྱིས་མཁྱེན་པ་ལ་མོས་པ་ཐོབ་པ་ཙམ་གྱི་སྒོ་ནས་ཡིན་གྱི། རང་གི་དབུ་མའི་དོན་རྟོགས་པས་ནི་མ་ཡིན་ཏེ། སངས་རྒྱས་དང་ཀླུ་སྒྲུབ་ཀྱི་དགོངས་པ་ལ་ནང་བྱན་ཚུད་པའི་སྐྱེ་བུ་ཆེན་པོ་དཔལ་ལྡན་ཟླ་བ་གྲགས་པ་ལྟ་བུས་ཀྱང་། དབུ་མའི་དོན་རང་དགར་མ་རྟོགས་པར་རང་ཉིད་ཀྱི་ཞལ་གྱིས་བཞེད་ཏེ། འཇུག་པའི་རང་འགྲེལ་དུ། དེའི་རང་གི་ངོ་བོ་ནི་མ་རིག་པའི་ལིང་ཏོག་འཐུག་པོས་བློའི་མིག་མ་ལུས་པར་གཡོགས་པ་བདག་ཅག་གི་ཡུལ་དུ་ཉེ་བར་འགྲོ་བ་མ་ཡིན་གྱི། དྲུག་པ་ལ་སོགས་པ་ས་གོང་མ་ལ་གནས་པའི་བྱང་ཆུབ་སེམས་དཔལ་རྣམས་ཀྱི་ནི་ཡུལ་དུ་གྱུར་པ་ཡིན་ཏེ། དེའི་ཕྱིར་དེ་ནི་ཁོ་བོ་ཅག་ལ་དྲི་བ་བྱ་བ་མ་ཡིན། ཞེས་སོགས་གསུངས་ཤིང་། ཡང་དེ་ཉིད་ལས། ཇི་ལྟར་དེ་ཡི་ཆོས་ཟབ་ཆོས་རྟོགས་པ། །ལུང་དང་གཞན་ཡང་རིགས་པ་ཡིན་པས་ན། །དེ་ལྟར་འཕགས་པ་ཀླུ་སྒྲུབ་གཞུང་ལུགས་ལས། །བླི་ལྟར་གནས་པའི་ལུགས་བཞིན་བརྗོད་པར་བྱ། །ཞེས་རང་གི་ཟབ་མོ་འབྱེད་པ་ཀླུ་སྒྲུབ་ཀྱི་གཞན་དྲིང་ལ་ལྟོད་པའི་ཕྱིར་རོ། །དེའི་ཕྱིར་བླི་སྲིད་རང་རྒྱུད་ལ་དངོས་པོར་མངོན་པར་ཞེན་པའི་འཆིང་བ་དང་ལྡན་པ་དེ་སྲིད་དུ་བརྗོད་བྲལ་ཟབ་མོ་དབུ་མའི་ཚུལ་ལ་མོས་པ་ཙམ་བྱ་བར་རིགས་ཀྱིས། རང་གི་དོན་དེ་ཉིད་རྟོགས་པར་ཁས་འཆེས་པའམ། དེ་ཉིད་རྟོགས་པའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་ཡུལ་ལྷུར་ཇངས་ན་ཉམས་པ་ཆེན་པོ་ཐོབ་པར་འགྱུར་རོ། །འདིར་སྨྲས་པ། འདབ་བཟང་རྒྱལ་པོ་མཁའ་ལ་སྤྱོད་པ་ལ། །བྱ་བྲན་རྣམས་ཀྱི་མོས་པ་ཙམ་རིགས་ཀྱི། །དེ་ཡི་སྤྱོད་ཚུལ་རང་གིས་ལྷུར་ཇངས་ན། །འགྱོད་བཞིན་ཉམ་ངའི་ཐང་ལ་མི་ལྷུང་ངམ། །

ད་ནི་བདེན་པ་གཉིས་གཅིག་དང་ཐ་དད་ཅི་འདྲ་བ་བརྗོད་པར་བྱ་སྟེ། ཡང་དག་པ་ན་བདེན་པ་གཉིས་པོ་འདི་དག་གཅིག་དང་ཐ་དད་གང་དུ་ཡང་རིགས་པ་མ་ཡིན་ཏེ། དེ་ཡང་འདི་ལྟར་གཅིག་ཡིན་ན་བྱིས་པ་རྣམས་ཀྱི་ཀུན་རྫོབ་བདེན་པ་ལྟར་དོན་དམ་པའི་བདེན་པ་ཡང་རྟོགས་པས་འབད་པ་མེད་པར་གྲོལ་བར་ཐལ་བའི་ཕྱིར་དང་། དོན་དམ་བཞིན་དུ་ཀུན་རྫོབ་༼མ་དཔེ་མི་གསལ་༽དག་པའི་རྒྱུར་འགྱུར་བའམ། ཡང་ན་ཀུན་རྫོབ་བཞིན་དུ་དོན་དམ་ཡང་སྣ་ཚོགས་པ་དང་ཀུན་ནས་ཉོན་མོངས་འཕེལ་བའི་དམིགས་པར་འགྱུར་བའི་ཕྱིར་རོ། །ཐ་དད་པ་ཡིན་ན་རྣལ་འབྱོར་པ་རྣམས་ཀྱིས་དོན་དམ་རྟོགས་ཀྱང་། ཀུན་རྫོབ་ལ་མངོན་ཞེན་སྤོང་བར་མི་འགྱུར་ཞིང་། དོན་དམ་དེ་ཀུན་རྫོབ་ཀྱི་རང་བཞིན་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར། དགོངས་པ་ངེས་འགྲེལ་ལས། འདུ་བྱེད་ཁམས་དང་དོན་དམ་མཚན་ཉིད་ནི། །གཅིག་དང་ཐ་དད་ཉིད་དུ་གང་རྟོག་པ། །དེ་དག་ཚུལ་བཞིན་མ་ཡིན་ཞུགས་པ་ཡིན། །ཞེས་གསུངས་པ་ཡིན་ནོ། །རྣམ་པར་དཔྱད་པའི་དབང་དུ་བྱས་ནས། དེ་སྐད་བརྗོད་ཀྱི་མ་དཔྱད་པའི་ངོར་ནི། བདེན་གཉིས་ཐ་དད་པ་ཁོ་ན་ཡིན་ཏེ་གཞན་དུ་ན་བདེན་པ་གཉིས་སུ་མི་འགྱུར་བའི་ཕྱིར་དང་། དེ་དག་གི་མཚན་ཉིད་སོ་སོར་བརྗོད་པ་མི་འཐད་པའི་ཕྱིར་དང་། བློ་ལ་རྣམ་པ་ཐ་དད་མི་སྣང་བར་ཐར་བའི་ཕྱིར་རོ། །དེ་ལྟར་ན་བདེན་གཉིས་ཀྱི་རྣམ་པ་དབྱེ་བ་མདོ་ཙམ་བརྗོད་ཟིན་ཏོ། །ད་ནི་བདེན་གཉིས་རྣམ་པར་འབྱེད་པའི་དབུ་མའི་གཞུང་ལུགས་དང་དེ་མཛད་པ་པོའི་སློབ་དཔོན་རྣམས་ཀྱི་ལོ་རྒྱུས་ཅུང་ཟད་ཅིག་བསྙད་པར་བྱའོ། །དེ་ཡང་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་འཛམ་བུ་གླིང་འདིར་ཐེག་པ་ཆེན་པོའི་ཚུལ་ནུབ་སྟེ། ཉན་ཐོས་ཀྱི་བསྟན་པ་ཙམ་ཞིག་གནས་ལ་ནང་པའི་གྲུབ་མཐའ་སྨྲ་བ་དག་ཀྱང་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་ཤ་སྟག་ཏུ་གྱུར་ཏེ། ཐེག་པ་ཆེན་པོའི་མདོ་རྣམས་ལ་གུས་པ་དང་གཅེས་སྤྲས་སུ་བྱེད་པའི་གང་ཟག་ནི་དུས་ཀྱི་དབང་གིས་ཉམས་པར་གྱུར་ཏོ། །དེའི་སྟོབས་ཀྱིས་ཆོས་མངོན་པ་འབུམ་ལ་སོགས་མདོ་སྡེ་མང་པོ་ནི་ཆུད་ཟོས་པར་གྱུར། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་སོགས་པ་ཟབ་ཅིང་རྒྱ་ཆེ་བའི་མདོ་སྡེ་ཕལ་ཆེ་བ་རྣམས་ནི་ཀླུའི་རྒྱལ་པོ་རྣམས་ཀྱི་གནས་ན་བཞུགས་པར་གྲགས་ཏེ། སློབ་མ་ལ་སྤྲིང་བ་ལས། བསྟན་པ་རིན་ཆེན་མཆོག་ལྟར་བཟང་ལ་འཕན་མེད་པ། །རྣམ་པར་དག་ཚུལ་གང་ཡིན་ཀླུ་མགོ་གདེངས་ཀ་ཅན། །ཆེན་པོ་རྣམས་ཀྱིས་གཙུག་གི་རྒྱན་བཞིན་གུས་མནོས་ནས། །ས་ཡི་གཏིང་ན་གནས་པའི་རབ་རིབ་སེལ་བར་མཛད། །ཅེས་གང་གསུངས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ལྷོ་ཕྱོགས་བེེ་ཏའི་ཡུལ་དུ་འཕགས་པ་ཀླུ་སྒྲུབ་སྦྲུལ་མགོ་ཅན་གྱི་རྗེ་རིགས་སུ་སྐུ་འཁྲུངས་ཏེ། སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་ཀླུའི་ཡུལ་ནས་ཤེར་ཕྱིན་ལ་སོགས་པ་ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་སྤྱན་དྲངས། བྱེ་བྲག་ཏུ་སྨྲ་བ་དང་མདོ་སྡེ་པ་ལ་སོགས་པ་རང་གཞན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་དངོས་པོར་མངོན་པར་ཞེན་པའི་དྲི་མ་བསལ་ཏེ། མཐའ་བྲལ་གྱི་ཚུལ་རྟོགས་སུ་གཞུག་པའི་ཕྱིར་དབུ་མ་རིགས་པའི་ཚོགས་རྣམས་མཛད་དོ། །འདི་ལ་ཡང་། སྒྲུབ་བྱ་བདེན་དངོས་འགོག་པ་དང་། སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་པ་གཉིས་ཡིན་ལ། དང་པོ་ལའང་། རང་གཞན་གྱི་གྲུབ་མཐའ་སྨྲ་བ་ཀུན་ཐུན་མོང་དུ་འགོག་པ་རྩ་བ་ཤེས་རབ་དང་། རང་སྡེ་བྱེ་བྲག་ཏུ་འགོག་པ་རིགས་པ་དྲུག་ཅུ་པ་སྟེ། འདི་གཉིས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྤྱི་ལས་བརྩམས་ཏེ་བསྟན་པས་སྤྲོས་པའི་ཚོགས་མཐའ་དག་འགོག་པའི་ཕྱིར་དབུ་མའི་བསྟན་བཅོས་ལུས་ཡོངས་སུ་རྫོགས་པ་ཡིན་ནོ། །སྟོང་ཉིད་བདུན་ཅུ་པ་དང་། བརྩོད་པ་བཟློག་པ་གཉིས་ནི། རྩ་བ་ཤེས་རབ་ལས་འཕྲོས་པ་ཡིན་ཏེ། དང་པོ་ནི། འདུས་བྱས་བརྟག་པའི་རབ་ཏུ་བྱེད་པར། རྨི་ལམ་ཇི་བཞིན་སྒྱུ་མ་བཞིན། །དྲི་ཟའི་གྲོང་ཁྱེར་ཇི་བཞིན་དུ། །དེ་བཞིན་སྐྱེ་དང་དེ་བཞིན་འཇིག །དེ་བཞིན་དུ་ནི་གནས་པ་གསུངས། །ཞེས་པའི་ཚིགས་སུ་བཅད་པ་གཅིག་པོ་འདི་ཉིད་ཀྱི་གཞུང་འཛུགས་པ་ཡིན་ལ། གཉིས་པ་ནི། རྐྱེན་བརྟག་པའི་རབ་ཏུ་བྱེད་པར། དངོས་པོ་རྣམས་ཀྱི་རང་བཞིན་ནི། །རྐྱེན་ལ་སོགས་པ་ཡོད་མིན་ན། །བདག་གི་དངོས་པོ་ཡོད་མིིན་ན། །གཞན་དངོས་ཡོད་པར་ག་ལ་ཡིན། །ཞེས་པ་འདི་ནི་རྒལ་ལན་ཡིན་ནོ། །

གཉིས་པ་སྒྲུབ་བྱེད་རྟོག་གེའི་རིགས་པ་འགོག་བྱེད་ནི། ཞིབ་མོ་རྣམ་པར་འཐག་པ་ཡིན་ཏེ། དེས་ནི་ཚད་མ་དང་གཞལ་བྱ་ལ་སོགས་པ་རྟོག་གེའི་ཚིག་དོན་མཐའ་དག་འགོག་༼མ་དཔེ་མི་གསལ་༽ ལུས་རྫོགས་པའི་བསྟན་བཅོས་ཀྱང་མ་ཡིན་ལ། ཡན་ལག་གི་བསྟན་བཅོས་ཀྱང་མ་ཡིན་མོད། འོན་ཀྱང་གཞན་ལུགས་འགོག་པ་ལྷུར་ལེན་པའི་བསྟན་བཅོས་རང་དགར་བ་ཡིན་ནོ། ཁ་ཅིག་ཐ་སྙད་གྲུབ་པ་ཞེས་བྱ་བ་དང་བཅས་རིགས་པའི་ཚོགས་དྲུག་ཡིན་ནོ་ཞེས་ཟེར་རོ། །ཚིག་གསལ་གྱི་མཇུག་ཏུ་རིགས་ཚོགས་གཞན་རྣམས་དངོས་སུ་སྨོས་ཅིང་འདི་མ་སྨོས་པས་དཔལ་ལྡན་ཟླ་བ་གྲགས་པ་ནི་མི་བཞེད་པར་མངོན་ནོ། །དེ་དག་རྣམས་ལ་ཡང་ཞིབ་མོ་རྣམ་པར་འཐག་པ་ནི་ལྷུག་པར་ཡོད་ལ། བརྩོད་བཟློག་དང་སྟོང་ཉིད་བདུན་ཅུ་པ་ནི་ཚིགས་བཅད་དུ་ཡོད་ཅིང་རང་འགྲེལ་ཡང་ཡོད་དོ། །རྩ་ཤེར་འགྲེལ་པ་ག་ལས་འཇིགས་མེད་ཅེས་བྱ་བ་རང་འགྲེལ་དུ་བོད་དང་རྒྱ་གར་བ་ཁ་ཅིག་ལ་གྲགས་ཀྱང་དེ་ནི་རྣམ་པར་མ་བརྟགས་པ་སྟེ། ཅི་སྟེ་དེ་ཉིད་རང་འགྲེལ་ཡིན་ན་སངས་རྒྱས་བསྐྱངས་དང་ལེགས་ལྡན་འ བྱེད་ལ་སོགས་པས་དེ་ཉིད་ཀྱི་འགྲེལ་བཤད་བྱེད་པར་རིགས་ཀྱི་འགྲེལ་པ་ལོགས་སུ་བརྩམས་པར་མི་རིགས་པའི་ཕྱིར་དང་། སློབ་དཔོན་དེ་དག་འཕགས་པའི་དགོངས་པ་རང་རྒྱུད་དང་ཐལ་འགྱུར་གང་ཡིན་ལ་རྩོད་པ་བྱེད་པར་ཡང་མི་རིགས་ཏེ། འགྲེལ་པ་དེས་བདག་ལས་མ་ཡིན་ཞེས་སོགས་ཀྱི་འགྲེལ་པར་སངས་རྒྱས་བསྐྱངས་དང་ཚིག་མཐུན་པར་ཐལ་འགྱུར་ལུགས་སུ་བཀྲལ་འདུག་པའི་ཕྱིར་དང་། སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་ལ་སོགས་པ་སློབ་དཔོན་གྱི་དངོས་སློབ་རྣམས་ཀྱིས་མ་གཟིགས་པར་འགྱུར་ཏེ། དེ་དག་གིས་དེ་དང་མི་མཐུན་པའི་བཤད་པ་དུ་མ་མཛད་འདུག་པའི་ཕྱིར་རོ། །དཔལ་ལྡན་ཟླ་བ་གྲགས་པས་ཀྱང་མ་གཟིགས་པར་འགྱུར་ཏེ། ཚིག་གསལ་གྱི་མཇུག་ཏུ། སངས་རྒྱས་བསྐྱངས་ཀྱི་འགྲེལ་པ་དང་ནི་ལེགས་ལྡན་འ བྱེད་ཀྱི་ལེགས་བཤད་གང་དེ་དང་། ཞེས་དེ་གཉིས་ཀྱི་འགྲེལ་པ་ཙམ་ཞིག་སྨོས་ཀྱི། སློབ་དཔོན་གྱི་འགྲེལ་པ་མ་སྨོས་པའི་ཕྱིར་དང་། མཆོད་བརྗོད་ཀྱི་བཤད་པ་ཡང་དེ་དང་རྣམ་པ་ཐམས་ཅད་དུ་མི་མཐུན་ཞིང་གཞན་ཡང་གཞུང་ཕལ་ཆེ་བའི་མཚམས་སྦྱོར་དང་བཤད་པ་ཀུན་དེ་དང་མི་མཐུན་པ་ཁོ་ན་མཛད་པའི་ཕྱིར་རོ། །གལ་ཏེ་ཚིག་གསལ་དུ། དེང་སང་གཞུང་ལུགས་གསལ་པོ་དེ་ནི་གང་ནའང་མེད། །ཅེས་དེ་དུས་ན་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཕལ་ཆེར་ནུབ་པར་བཤད་པས་སློབ་དཔོན་དེ་དག་གིས་མ་རྙེད་པའོ་ཞེ་ན། དེ་དུས་ན་ནུབ་ནས་མེད་ན་དེང་སང་ཡོད་པ་འདི་དུས་ཕྱིས་གང་ཟག་གང་གིས་ཡུལ་གང་ནས་རྙེད་པའི་ལོ་རྒྱུས་སྨྲ་དགོས་སོ། །གཞུང་དེའི་དོན་ནི་ཀླུ་སྒྲུབ་ཀྱི་ལུགས་གསལ་པོར་རྟོགས་ཤིང་མ་ནོར་བར་འཛིན་པའི་སྐྱེས་བུ་དེང་སང་མེད་ཅེས་སྟོན་པ་ཡིན་གྱི་གླེགས་བམ་གང་ན་མེད་ཅེས་སྟོན་པ་མ་ཡིན་པས། འབྲེལ་མེད་སྨྲ་བ་ཁོ་ན་ཡིན་ནོ། །ཅི་སྟེ། གླེགས་བམ་ཡོད་ཀྱང་། སློབ་དཔོན་དེ་དག་གིས་མ་མཐོང་བར་ཟད་དོ་ཞེ་ན། གཡོ་རྒྱུ་ཅན་གྱི་བྱིས་པ་འབྲིད་པའི་ཚིག་ལ་བླུན་པོ་ལས། གཞན་དུ་སུ་ཞིག་ཡིད་ཆེས་པར་བྱེད། གཞན་ཡང་རྒྱུ་མཚན་དུ་མ་བསྙད་དུ་ཡོད་མོད་ཀྱི་མ་སྤྲོས་སོ། །དེ་བས་ན། རིགས་པ་དྲུག་ཅུ་པ་དང་། རྩ་བའི་ཤེས་རབ་ལ་རང་འགྲེལ་མེད་པར་ཤེས་པར་བྱའོ། །ད་ནི་འདི་དཔྱད་པར་བྱ་སྟེ། གལ་ཏེ་དབུ་མའི་གཞུང་འདི་དག་གིས་ནི་རྣམ་པར་དཔྱད་ནས་དགག་པ་ཁོ་ན་ལྷུར་ལེན་པ་འདྲ་ན། དགག་བྱ་ནི་སྣང་བའམ་བརྟགས་པ་གང་ཞིག འགོག་བྱེད་ནི་ལུང་རིགས་པ་ཇི་ལྟ་བུ་ཞེ་ན། རེ་ཞིག་སྣང་བ་ནི་འགོག་པར་རིགས་པ་མ་ཡིན་ཏེ། དཔེར་ན། དབང་པོ་རབ་རིབ་སོགས་ཀྱིས་བསླད་པ་རྣམས་ཇི་སྲིད་དབང་པོ་སྐྱོན་ལྡན་དང་མ་བྲལ་བ་དེ་སྲིད་དུ། སྐྲ་ཤད་དང་། ཟླ་གཉིས་ལ་སོགས་པའི་སྣང་བ་མི་ལྡོག་པ་བཞིན་དུ། ཇི་སྲིད་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་མ་སྤངས་པ་དེ་སྲིད་དུ། ཚོགས་དྲུག་གི་སྣང་བ་སྒྱུ་མ་ལྟ་བུ་འདི་མི་ལྡོག་པས། དེ་ཉིད་རིགས་པས་དགག་མི་ནུས་པའི་ཕྱིར་རོ། །དགག་དགོས་པ་ཡང་མ་ཡིན་ཏེ། ཉེས་པ་རྣམས་ནི་སྣང་བ་ལས་འབྱུང་བ་མ་ཡིན་གྱི། དེ་ལ་མངོན་པར་ཞེན་པས་བསྐྱེད་པ་ཡིན་ཏེ། དཔེར་ན་སྒྱུ་མ་མཁན་རང་གིས་སྤྲུལ་པའི་ན་ཆུང་མ་ལ་མི་ཆགས་པ་བཞིན་དུ། སྣང་བ་ཡོད་ཀྱང་། ཞེན་པ་མེད་ན་མི་འཆིང་བའི་ཕྱིར་དང་བྱིས་པ་རྣམས་སྒྱུ་མའི་ན་ཆུང་༼མ་དཔེ་མི་གསལ༽མངོན་པར་ཞེན་པ་ལས། ཀུན་ནས་ཉོན་མོངས་པ་རྣམས་འཕེལ་བར་འགྱུར་བའི་ཕྱིར་རོ། །སྣང་བ་བཀག་ན་སྟོང་ཉིད་དངོས་པོར་མེད་པའི་དོན་ཅན་དུ་འགྱུར་ཞིང་། སྟོང་ཉིད་བསྒོམས་པའི་རྣལ་འབྱོར་པ་ཡང་ཅང་མེད་ཀྱི་དགག་པ་ཡིད་ལ་བྱེད་པས་ཆད་པའི་མཐར་ལྷུང་བའི་ཕྱིར་རོ། །དེ་བས་ན་ཀུན་བཏགས་འབའ་ཞིག་འགོག་པར་བྱེད་དེ། དེ་ནི་ཐག་པ་ལ་སྦྲུལ་བཞིན་དུ་བློས་ཞེན་པ་ཙམ་མ་གཏོགས། དོན་ལ་མ་ཞུགས་པས་དགག་པར་ནུས་པའི་ཕྱིར་དང་། ཡུལ་མ་བཀག་པར་ཡང་ཡུལ་ཅན་དགག་མི་ནུས་པ་དངོས་པོའི་ཆེ་བ་ཡིན་ཏེ། རྣམ་འགྲེལ་ལས། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཀུན་བཏགས་མ་བཀག་པར་ཡང་དེའི་ཡུལ་ཅན་གྱི་མངོན་པར་ཞེན་པ་དགག་མི་ནུས་ལ། མངོན་པར་ཞེན་པ་མ་བཀག་པར་ཡང་ཀུན་ནས་ཉོན་མོངས་པ་མི་ལྡོག་སྟེ། དེ་ནི་དེའི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །དེ་བས་ན་བརྟགས་པ་ནི་དགག་པར་བྱ་བ་ཡིན་ནོ། །དགག་བྱར་གྱུར་པའི་བརྟགས་པ་དེ་ཡང་རྣམ་པ་གཉིས་ཏེ། གཅིག་ནི་ཐ་སྙད་ཙམ་དུ་ཡང་གྲུབ་པ་དགག་པར་བྱ་བ་ཡིན་ལ། གཞན་ནི་དོན་ལ་གྲུབ་པ་དགག་པར་བྱ་བ་ཡིན་གྱི། ཐ་སྙད་དུ་མ་གྲུབ་པ་གང་ཡིན་པའོ། །དང་པོ་ནི། རང་དང་གཞན་གྱི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས། བདག་དང་ཆོས་སུ་ཀུན་བརྟགས་པ་གང་ཡིན་པ་རྣམས་ཏེ། དེ་དག་ནི་ཀུན་རྫོབ་ཀྱི་བདེན་པར་མི་རུང་ཞེས་སྔར་བཤད་ཟིན་ཏོ། །གཉིས་པ་ནི། འཇིག་རྟེན་ན་གྲགས་པའི་ཐ་སྙད་རྟེན་ཅིང་འབྲེལ་བར་འབྱུང་བ་རྐྱེན་འདི་པ་ཙམ་ཉིད་དོ། །འདི་ལ་ཡང་འཇིག་རྟེན་ན་དངོས་སུ་གྲགས་པའི་ཐ་སྙད་དང་། དངོས་སུ་མ་གྲགས་ཀྱང་གྲགས་སུ་རུང་བ་གཉིས་སོ། །དང་པོ་ནི། སོངས་ཤིག འདུག་ཅིག ཟོ་ཞིག་ཅེས་པ་ལ་སོགས་པ་རྣམས་ཡིན་ལ། གཉིས་པ་ནི། གསུང་རབ་ལ་གྲགས་པའི་ཐ་སྙད་པ་དང་། ལམ་དང་། སྤང་བྱ་དང་། གཉེན་པོ་དང་།འཁོར་བ་དང་། མྱ་ངན་ལས་འདས་པ་ལ་སོགས་པ་རྣམས་ཡིན་ནོ། །འདི་དག་ནི་ཐ་སྙད་ཙམ་དུ་དགག་པར་བྱ་བ་མ་ཡིན་ཏེ། དགག་མི་ནུས་པའི་ཕྱིར་དང་། དགག་མི་དགོས་པའི་ཕྱིར་དང་། བཀག་ན་ཉེས་པར་འགྱུར་བའི་ཕྱིར་རོ། །དེ་ལ་རེ་ཤིག་འཇིག་རྟེན་ན་དངོས་སུ་གྲགས་པའི་ཐ་སྙད་འདི་དག་ནི། རིགས་པས་དགག་པར་ནུས་པ་མ་ཡིན་ཏེ། འཇིག་རྟེེན་པ་རྣམས་ནི་རིགས་པའི་འཐད་པ་མ་བཅུག་པ་ཁོ་ནར་ཐ་སྙད་ལ་འཇུག་པའི་ཕྱིར་དང་། རིགས་པས་རྣམ་པར་དཔྱད་པ་ཁས་མི་ལེན་པའི་ཕྱིར་རོ། །གང་ཞིག་རྣམ་པར་མ་བརྟག་པའི་ཐ་སྙད་ལ་རིགས་པའི་འཐད་པ་བཅུགས་ནས་བཀག་པར་སྨྲ་བ་ནི། སྐབས་དང་མ་འབྲེལ་བར་མུ་ཅོར་སྨྲ་བ་ཁོ་ནར་འགྱུར་ཏེ། དཔེར་ན། འགའ་ཞིག་གིས་ཁོ་བོའི་རྫས་ཆོམ་རྐུན་པས་འཕྲོགས་སོ་ཟེར་བ་ན། རྫས་ཅི་བུམ་པའོ། །བུམ་པ་ནི། རྫས་མ་ཡིན་གྱི། གཟུགས་ལ་སོགས་པ་ཡན་ལག་ཚོགས་པ་ཙམ་གྱི་ཀུན་རྫོབ་ཡིན་པའི་ཕྱིར་རོ། །ཞེས་པ་ལྟ་བུའོ། །དགག་དགོས་པ་ཡང་མ་ཡིན་ཏེ། མངོན་ཞེན་མེད་ན་ཐ་སྙད་ཙམ་གྱི་རྗེས་སུ་འབྲངས་ཀྱང་། ཉེས་པ་མི་བསྐྱེད་པའི་ཕྱིར་རོ། །བཀག་ན་ཉེས་པར་ཡང་འགྱུར་ཏེ། ཐ་སྙད་ཀྱི་རྗེས་སུ་འབྲངས་ནས། རང་ཉིད་བླང་དོར་ལ་འཇུག་ལྡོག་བྱེད་པ་དང་། གཞན་བྱེད་དུ་འཇུག་པར་མི་ནུས་པའི་ཕྱིར་དང་། ཐ་སྙད་ཐམས་ཅད་རྒྱུན་ཆད་པས། བསེ་རུ་བཞིན་དུ་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ལེན་དགོས་པ་འགྱུར་རོ། །དོན་གྱི་དབང་འདི་གཟིགས་ནས། བཅོམ་ལྡན་འདས་ཀྱིས་ཀྱང་། འཇིག་རྟེན་པ་རྣམས་ང་དང་རྩོད་ཀྱི། ང་ནི་འཇིག་རྟེན་པ་དང་མི་རྩོད། ཅེས་གསུངས་ཤིང་། འཇུག་པར་ཡང་། གལ་ཏེ་ཁྱོད་ལ་འཇིག་རྟེན་མི་གནོད་ན། །འཇིག་རྟེན་ཉིད་ལྟོས་འདི་ནི་དགག་པ་གྱིས། ཁྱོད་དང་འཇིག་རྟེན་འདིར་ནི་བརྩོད་གྱིས་དང་། །ཕྱི་ནས་ལྟོབས་ལྡན་བདག་གིས་བསྟེན་པར་བྱ། །ཞེས་གང་གསུངས་པ་ཡིན་ནོ། །བསྟན་བཅོས་ལ་གྲགས་པའི་ཐ་སྙད་སྔར་ཇི་སྐད་བཤད་པ་དེ་རྣམས་ཀྱང་ཐ་སྙད་དུ་བཀག་པར་ནུས་པ་མ་ཡིན་ཏེ། ཇི་སྲིད་རྣམ་པར་རྟོག་པ་མ་སྤང་པ་དེ་སྲིད་དུ། ལས་དང་འབྲས་བུ་དང་སྤང་གཉེན་ལ་སོགས་པ་ཡོད་པའི་ཕྱིར་རོ། །དགག་དགོས་པ་ཡང་མ་ཡིན་ཏེ། མངོན་ཞེན་མེད་པར་ལས་འབྲས་ལ་སོགས་པའི་ཐ་སྙད་ཀྱི་རྗེས་སུ་འབྲངས་ཏེ་མི་གསལ་ཞིང་ཡོན་ཏན་འདྲེན་པའི་ཕྱིར་རོ། །བཀག་ན་ལས་འབྲས་སོགས་ཁྱད་དུ་གསོད་པས་ཆད་པ་མི་ཟད་པའི་མཐར་ལྷུང་བའི་ཉེས་པར་འགྱུར་རོ། །འདི་དག་ལ་ཡང་མངོན་པར་ཞེན་ན་འཆིང་བའི་ཕྱིར། དོན་དམ་པར་གྲུབ་པ་དགག་པར་བྱ་བ་ཁོ་ན་ཡིན་ནོ། །འགོག་བྱེད་ནི་ལུང་དང་རིགས་པ་གཉིས་ཡིན་ལ། དེ་ལ་ཕྱི་རོལ་དག་ནི་རིགས་པ་ཁོ་ནས་འགོག་གིས་ལུང་གིས་ནི་མ་ཡིན་ཏེ། དེ་དག་ལུང་ཁས་མི་ལེན་པའི་ཕྱིར་རོ། །རང་སྡེ་དག་ནི་ལུང་དང་རིགས་པ་གཉིས་ཀས་འགོག་ལ། དེ་ཡང་བྱེ་བྲག་སྨྲ་བ་དང་མདོ་སྡེ་པ་དག་ནི་ཉན་ཐོས་ཀྱི་མདོ་སྡེ་ལ་གྲགས་པའི་ལུང་ཁོ་ནས་འགོག་གི་ཐེག་ཆེན་ལ་གྲགས་པ་ནི་མ་ཡིན་ཏེ། དེ་དག་ཐེག་ཆེན་བཀར་མི་འདོད་པའི་ཕྱིར་རོ། །དེའི་ཕྱིར་སློབ་དཔོན་གྱིས་ཀྱང་། དབུ་མ་རྩ་བར། བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པས་ཀ་ཏ་ཡ་ན་ཡི། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་དགག་པར་མཛད། །ཅེས་ཐེག་པ་ཆུང་ངུའི་མདོ་འཕགས་པ་ཀ་ཏ་ཡ་ན་ལ་གདམས་པ་ཁོ་ན་ཁུངས་སུ་མཛད་པ་ཡིན་ནོ། །

འདིར་ཐེག་པ་ཆེན་པོ་ལ་བཀའ་མ་ཡིན་ཞེས་བསྐུར་བ་འདེབས་པའི་གང་ཟག་ནི་ཇི་ལྟ་བུ་དུས་ནམ་ཞིག་ན་བྱུང་བསྐུར་བ་འདེབས་པའི་རྒྱུ་མཚན་ཅི་ཞེ་ན། དེ་ལ་གང་ཟག་ནི་སྔ་རབས་པ་དག་ཉན་ཐོས་སེན་ད་བ་ཞེས་བྱ་བའི་སྡེ་པའི་ནང་ཚན་ཞིག་ཡིན་པར་སྨྲ་ལ། དེང་སང་ཕལ་ཆེ་བ་དག་ཉན་ཐོས་པ་ཀུན་ཡིན་པར་སེམས་སོ། །དེ་ནི་མ་ཡིན་ཏེ་བྱང་ཆུབ་སེམས་དཔའ་རྣམས་དང་ཐབས་ཅིག་ཏུ་བཅོམ་ལྡན་འདས་ལ་ཐེག་པ་ཆེན་པོའི་མདོ་སྡེ་དུ་མ་ཐོས་ནས། རང་ཉིད་རྗེས་སུ་མཐུན་པར་མི་སྒྲུབ་ཀྱང་ཐེག་ཆེན་གྱི་རིགས་ཅན་ལ་བཅོམ་ལྡན་འདས་ཀྱི་གསུང་བཞིན་འདོམས་པར་བྱེད་པའི་ཐོས་སྒྲོགས་ཆེན་པོ་དེ་དག་ཇི་ལྟར་ན་ཐེག་པ་ཆེན་པོ་ལ་བསྐུར་པར་འདེབས་པར་བྱེད། དེའི་ཕྱིར་དེ་དག་གི་ཚིག་དེ་ནི་གཉན་པར་བྱ་བ་མ་ཡིན་ནོ། །ཕྱོགས་སྔ་མ་ཡང་ཡང་དག་པ་མ་ཡིན་ཏེ། གལ་ཏེ་སེན་ད་བ་ལས་གཞན་ཐེག་ཆེན་གྱི་ཆོས་ལ་བསྐུར་པ་འདེབས་མཁན་མེད་ན་བྱེ་བྲག་སྨྲ་བ་དང་མདོ་སྡེ་པས་ཐེག་ཆེན་གྱི་མདོ་སྡེ་དག་ནས་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པར་གསུངས་པ་དང་། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་ནི་སེམས་ཙམ་མོ། །ཞེས་སོགས་གསུངས་པ་དང་། རང་བཞིན་གསུམ་དང་ཆོས་ལྔ་དང་བདག་མེད་གཉིས་དང་རྣམ་ཤེས་ཚོགས་བརྒྱད་ལ་སོགས་གསུངས་པ་རྣམས་དྲང་དོན་དུ་འདོད་ན་ཚུལ་ཇི་ལྟར་འབྲེལ། ངེས་དོན་དུ་འདོད་ན་རང་གི་གྲུབ་མཐའ་དང་ཇི་ལྟར་མི་འགལ། ཅི་སྟེ་ཐེག་ཆེན་གྱི་མདོ་སྡེ་དེ་དག་དྲང་དོན་ངེས་དོན་གང་དུ་ཡང་མི་འདོད་ན། ཇི་ལྟར་ན་དེ་དག་ཐེག་ཆེན་བཀའ་མ་ཡིན་པར་འདོད་པ་ཡིན་ཏེ། དེ་བས་ན་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་གྲུབ་མཐའ་སྨྲ་བ་ཀུན་ཐེག་ཆེན་བཀའ་མ་ཡིན་པར་འདོད་པ་ཡིན་ཏེ། མཛོད་ལ་སོགས་པ་དེ་དག་གི་གྲུབ་མཐའ་རང་དགར་བ་སྟོན་པའི་གཞུང་རྣམས་སུ། ཐེག་ཆེན་གྱི་མདོའི་བཤད་པ་ཟུར་ཙམ་མི་འབྱུང་བའི་ཕྱིར་དང་། དེ་དག་གི་རྣམ་གཞག་རྣམ་པ་ཐམས་ཅད་དུ་ཐེག་ཆེན་གྱི་མདོ་དང་འགལ་བའི་ཕྱིར་རོ། །དུས་ནི་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་ཕྱིས་བྱུང་བ་ཡིན་ཏེ། སློབ་དཔོན་དབྱིག་གཉེན་གྱིས། སྟོན་པ་འཇིག་རྟེན་མིག་ནི་ཟུམ་གྱུར་ཅིང་། །དཔང་གྱུར་སྐྱེ་བོ་ཕལ་ཆེ་འདས་པ་ན། །དེ་ཉིད་མ་མཐོང་རང་དགར་གྱུར་པ་ཡི། །རྟོག་གེ་ངན་པ་རྣམས་ཀྱིས་བསྟན་འདི་བཀྲུགས། །རང་བྱུང་རང་བྱུང་བསྟན་པ་གཅེས་འཛིན་རྣམས། །མཆོག་ཏུ་ཞིར་གཤེགས་འགྲོ་མགོན་མེད་པ་ན། །འདོམས་མེད་ཡོན་ཏན་འཇོམ་པར་བྱེད་པ་ཡི། །དྲི་མས་དག་འགྱུར་དེང་སང་འདི་ན་དཔྱོད། །ཅེས་གསུངས་པའི་ཕྱིར་རོ། །སྐུར་པ་འདེབས་པའི་རྒྱུ་མཚན་ནི། སྔར་བཤད་ལྟར། བཅོམ་ལྡན་འདས་མྱ་ངན་ལས་འདས་ནས་ཡུན་རིང་ཞིག་ཐེག་པ་ཆེན་པོའི་བསྟན་པ་ནུབ་པར་གྱུར་པ་ན། འཕགས་པ་ཀླུ་སྒྲུབ་ཀྱིས་དེ་བཞིན་གཤེགས་པའི་དགོངས་པ་ཇི་ལྟ་བ་བཞིན་གསལ་བར་འགྲེལ་ཞིང་། གཞན་དག་ལ་ཡང་རྒྱས་པ་བྱེད་པར་མདོ་སྡེ་དུ་མ་ནས་ལུང་བསྟན་པ་ཡིན་ཏེ། ཇི་སྐད་དུ། འཕགས་པ་ལང་ཀར་གཤེགས་པ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་བརྒྱ་ལོན་པ་ན། །ལྷོ་ཕྱོགས་བེ་དའི་ཡུལ་དུ་ནི། །དགེ་སློང་དཔལ་ལྡན་ཞེས་གྲགས་པ། །དེ་མིང་ཀླུ་ཞེས་བོད་པ་སྟེ། །ང་ཡི་བསྟན་པ་འཇིག་རྟེན་ན། །བླ་མེད་ཐེག་པ་རབ་བསྟན་ནས། །རབ་ཏུ་དགའ་བའི་ས་བསྒྲུབས་ཏེ། །བདེ་བ་ཅན་དུ་དེ་འགྲོའོ། །ཞེས་གསུངས་པ་དང་། འཕགས་པ་སྤྲིན་ཆེན་པོ་ལས་ཀྱང་། ཀུན་དགའ་བོ་ལི་ཙ་བྱི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱི་མཐོང་ན་དགའ་བ་ཞེས་བྱ་བ་འདི་ནི། ང་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བཞི་བརྒྱ་ལོན་པ་ན་ཀླུ་ཞེས་བྱ་བའི་དགེ་སློང་དུ་གྱུར་པས་ངའི་བསྟན་པ་རྒྱས་པར་རབ་ཏུ་བསྟན་ཏེ། མཐར་གྱིས་རབ་ཏུ་དང་བའི་འོད་ཅེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡེ་ཤེས་འབྱུང་གནས་འོད་ཅེས་བྱ་བར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །

དེ་ལྟར་བདག་ཉིད་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱིས། ཐེག་པ་ཆེན་པོ་སྔ་མེད་གསར་དུ་གསལ་བར་མཛད་པ་ནི། ཇི་སྐད་དུ་མདོ་སྡེ་རྒྱན་ལས། རིགས་མེད་གྲོགས་ངན་སྔོན་དགེ་མ་བསགས་བློ་མ་སྦྱངས། །ཆོས་འདིས་སྐྲག་འགྱུར་ཞེས་གསུངས་པ་ལྟར་ཐེག་ཆེན་གྱི་རིགས་དང་མི་ལྡན་ཞིང་། སྔོན་དགེ་བའི་རྩ་བ་མ་བསགས་པས་ཟབ་པ་དང་རྒྱ་ཆེ་བའི་ཆོས་ལ་མོས་པའི་སྐལ་བ་དང་མི་ལྡན་པའི་དེ་དུས་ཀྱི་བྱེ་བྲག་སྨྲ་བ་དང་། མདོ་སྡེ་པའི་གྲུབ་མཐའ་སྨྲ་བའི་པཎྜི་ཏ་རྣམས་ཀྱི་སྔར་ཐེག་ཆེན་གྱི་ཚུལ་ཡུན་རིང་པོར་རྣ་ལམ་དུ་མ་གྲགས་པ་ཙམ་དང་། རང་གི་ཞེན་ལྟ་དང་མི་མཐུན་པ་རྒྱུ་མཚན་དུ་བྱས་ནས། འདི་ནི་ཀླུ་སྒྲུབ་ལ་སོགས་པ་སྙན་ངག་མཁན་རྣམས་ཀྱིས་རང་བཟོར་བྱས་ཀྱི་དེ་བཞིན་གཤེགས་པའི་བཀའ་ནི་མ་ཡིན་ནོ། །ཞེས་ལོག་པའི་རྒྱུ་མཚན་དུ་མ་དང་བཅས་ཏེ་བསྐུར་བ་བཏབ་པ་ཡིན་ནོ། །

དེ་ལྟར་ན་ཐེག་ཆེན་ལ་སྐུར་པ་འདེབས་པའི་གང་ཟག་དང་བྱུང་བའི་དུས་རྒྱུ་མཚན་དང་བཅས་པ་འདི་ནི་རྒྱ་གར་གྱི་གཞུང་ལུགས་དག་ལ་གསལ་པོར་མ་བྱུང་ཞིང་། དེའི་སྟོབས་ཀྱིས་བོད་ཀྱི་སློབ་དཔོན་རྣམས་ཀྱིས་ཀྱང་ཇི་ལྟ་བ་བཞིན་བཤད་རྒྱུ་མ་བྱུང་བར་སྣང་མོད་ཀྱི་ཁོ་བོས་འཕགས་པ་ཀླུ་སྒྲུབ་རྗེས་འབྲང་དང་བཅས་པའི་གཞུང་ལུགས་རྣམས་ཀྱི་དགོངས་པ་གུང་བསྒྲིགས་པ་ལས། ཇི་ལྟ་བ་བཞིན་རྟོགས་ནས་བཀོད་པ་ལ་གཟུ་བོར་གནས་པའི་བཤེས་གཉེན་རྣམས་ཀྱིས་དེང་ཕྱིན་ཆད་ཐུགས་ཆེས་པར་མཛད་དུ་གསོལ་ལོ། །རྣལ་འབྱོར་སྤྱོད་པ་སེམས་ཙམ་པ་དག་ནི་ཐེག་ཆེན་ཁས་ལེན་པས་ཐེག་ཆེན་ལ་གྲགས་པའི་ལུང་གིས་ཀྱང་འགོག་མོད་འོན་ཀྱང་འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ལུགས་ཀྱི་ཆ་གང་དུ་ཡང་རྣམ་རིག་པ་ལ་དགག་པ་མཛད་པ་མེད་དོ། །དེའི་རྒྱུ་མཚན་ཡང་ཀླུ་སྒྲུབ་ཀྱིས་ཐེག་པ་ཆེན་པོའི་སྲོལ་བཏོད་པའི་ཕྱིས་སློབ་དཔོན་ཐོགས་མེད་བྱོན་ནས་རྣམ་རིག་ཙམ་དུ་སྨྲ་བའི་ཤིང་རྟའི་སྲོལ་ཆེན་པོ་བཏོད་པར་མངོན་ཏེ། ཅི་སྟེ་དེ་གོང་དུ་རྣམ་རིག་པའི་གྲུབ་མཐའ་སྨྲ་བ་ཡོད་ན་འཕགས་པ་ཀླུ་སྒྲུབ་ཀྱི་རིགས་པའི་ཚོགས་རྣམས་སུ་ཕྱི་ནང་གི་དངོས་པོར་སྨྲ་བ་མཐའ་དག་བཀག་ན་རྣམ་རིག་པ་ལ་ཅིའི་ཕྱིར་དགག་པ་མི་མཛད། བདག་ཉིད་ཆེན་པོ་འདི་རྣམ་རིག་པའི་གྲུབ་མཐའ་ཞལ་གྱིས་བཞེས་པའི་ཕྱིར་རོ། །ཞེས་ཀྱང་སྨྲ་བར་ནུས་པ་མ་ཡིན་ཏེ། ཡོད་དང་མེད་པའི་ཕྱོགས་འཇིག་བྱེད། །ཅེས་སོགས་ལུང་བསྟན་དང་འགལ་བའི་ཕྱིར་དང་། དེའི་གཞུང་ལུགས་རྣམས་ཀྱང་རྣམ་པ་ཐམས་ཅད་དུ་རྣམ་རིག་པ་དང་མི་མཐུན་པའི་ཕྱིར་རོ། །གང་ཡང་ཀླུ་སྒྲུབ་དང་ནི་ཐོགས་མེད་གཉིས། །གྲུབ་པའི་མཐའ་ཡང་མཚུངས་སོ་ཞེས། །རིན་ཆེན་འབྱུང་གནས་ཞི་བ་སྨྲ། །ཞེས་བཤད་པ་གང་ཡིན་པ་དེ་ནི་རང་འདོད་ཞེ་ལ་བཅངས་པའི་སྤྱི་སེམས་འབའ་ཞིག་ཡིན་པར་མངོན་ཏེ། སློབ་དཔོན་དེ་གཉིས་དགོངས་པ་གཅིག་ན་དབུ་སེམས་ཀྱི་ཁྱད་པར་གང་གིས་འབྱེད། གྲུབ་མཐའ་སྨྲ་བ་བཞིར་ཡང་ཇི་ལྟར་འགྱུར། ཐོགས་མེད་སྐུ་མཆེད་ཀྱི་གཞུང་གི་ཆ་གང་དུ་ཡང་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུང་ཅུང་ཟད་ཙམ་ཡང་མི་འདྲེན་པའི་རྒྱུ་མཚན་ཡང་ཅི་ཞིག་ཡིན། ཀླུ་སྒྲུབ་༼མ་དཔེ་མི་གསལ་༽ལེགས་ལྡན་འབྱེད་ལ་སོགས་པ་རྣམས་ཀྱིས་ཐོགས་མེད་སྐུ་མཆེད་སོགས་ཀྱི་གཞུང་ཚད་མར་མི་བྱེད་པར། ཕྱོགས་སྔར་བླངས་ནས་འགོག་པ་ཡང་ཇི་ལྟར་ཡིན། དེ་བས་ན་འདི་ནི་པཎྜི་ཏ་ཆེན་པོ་༼མ་དཔེ་མི་གསལ་༽ནོར་བུ་དང་འཆིང་བུ་མཉམ་པ་དང་གསེར་དང་ར་གན་མཉམ་པ་ལྟར་ཧ་ཅང་ཡང་མི་འཚམ་པའི་གཏམ་ཡིན་པས་རྣ་བ་ཡང་གཏད་པ་མི་བྱའོ། །

དེ་བས་ན་ཐོགས་མེད་སྐུ་མཆེད་ནི་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་མི་འབྲང་བ་ཁོ་ནར། ཐེག་པ་ཆེན་པོའི་དགོངས་པ་ལོགས་སུ་འགྲེལ་པར་མཛད་པ་ཡིན་ཏེ། ལེགས་ལྡན་འབྱེད་ཀྱི་རྟོག་གེ་འབར་བར་ཐེག་པ་ཆེན་པོ་ཉིད་ཀྱི་སློབ་དཔོན་ཐོགས་མེད་དང་དབྱིག་གཉེན་ལ་སོགས་པ་གཞན་དག་ནི་དེ་བཞིན་གཤེགས་པས་ལུང་བསྟན་ཅིང་། ས་རབ་ཏུ་དགའ་བ་བརྙེས་པའི་འཕགས་པ་ཀླུ་སྒྲུབ་ཀྱིས་ཡང་དག་པར་རྟོགས་པའི་ཐེག་པ་ཆེན་པོའི་དོན་གྱི་གནས་ལུགས་གཞན་དུ་འདྲེན་པར་བྱེད་ཅིང་། ངོ་ཚ་དང་ཁྲེལ་མེད་པ་དོན་རྣམ་པར་མི་ཤེས་བཞིན་དུ་རྣམ་པར་ཤེས་ཤིང་ང་རྒྱལ་བྱེད་པ་དག་འདི་སྐད་སྨྲ་སྟེ། དེ་ཁོ་ན་ཉིད་ཀྱི་བདུད་རྩི་རབ་ཏུ་འཇུག་པ་དེ་ནི་བདག་ཅག་ཁོ་ནས་ལེགས་པར་བསྟན་པ་ཡིན་གྱི་དབུ་མར་སྨྲ་བ་དག་གིས་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཞེས་སོགས་གསུངས་ཤིང་། དཔལ་ལྡན་ཟླ་བ་གྲགས་པས་ཀྱང་འཇུག་པའི་འགྲེལ་པར་གལ་ཏེ་གནས་བརྟན་དབྱིག་གཉེན་དང་ཕྱོགས་ཀྱི་གླང་པོ་དང་ཆོས་སྐྱོང་ལ་སོགས་པ་བསྟན་བཅོས་རྣམས་ཀྱི་མཛད་པ་པོ་བྱོན་ཟིན་པར་གྱུར་པ་དེ་དག་གིས་ཀྱང་། ཡི་གེ་ཙམ་ཐོས་ནས་འཇིགས་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་སྟོན་པ་འདི་ཡོངས་སུ་སྤངས་སམ་ཞེ་ན་དེ་སྐད་དུ་སྨྲའོ། །ཡང་འདི་ཇི་ལྟར་རྟོགས་པར་བྱ་ཞེ་ན་བཤད་པར་བྱ་སྟེ། དེ་ཉིད་བཤད་ཟིན་ཟབ་མོ་འཇིགས་རུང་འདི་ནི་སྔོན་གོམས་ཉིད་ལས་སྐྱེ་བོ་ཡིས། །ངེས་པར་རྟོགས་གྱུར་འདི་ནི་གསན་རྒྱ་ཆེ་ཡང་གཞན་གྱི་ཐུགས་སུ་ཆུད་མི་འགྱུར། །དེ་ཕྱིར་ཚུལ་ལུགས་རང་བློས་སྦྱར་བ་དེ་དག་མཐོང་ནས་བདག་ཏུ་བརྗོད་པ་ཡི། །གཞུང་ལུགས་རྣམས་ལྟར་གཞན་ལུགས་བཞེད་གཞུང་འདི་ལས་གཞན་ལ་དགའ་བློ་དོར་བར་བྱ། །ཞེས་སོགས་ཀྱིས་སློབ་དཔོན་དེ་དག་འཕགས་པ་ཀླུ་སྒྲུབ་ཀྱི་རྗེས་སུ་མི་འབྲང་བར་བཤད་པའི་ཕྱིར་རོ། །འོ་ན་རྣམ་རིག་སྨྲ་བའི་གྲུབ་མཐའ་དུས་ཇི་ཙམ་ཞིག་ནས་བྱུང་ཞེ་ན། མདོ་དགོངས་འགྲེལ་གྱི་འགྲེལ་པ་བརྒྱའི་མཁན་པོས་མཛད་པ་ལས། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་དགུ་བརྒྱ་ན་འཕགས་པ་ཐོགས་མེད་བྱོན་པར་བཤད་པས། འཕགས་པ་ཀླུ་སྒྲུབ་ཀྱི་སྐུ་ཚེའི་མཇུག་གམ་ཡང་ན་དེའི་དངོས་སློབ་སློབ་དཔོན་ལེགས་ལྡན་བྱེད་ལ་སོགས་པ་བཞུགས་པའི་དུས་སུ་ངེས་པར་བྱུང་བར་གསལ་ཏེ། འཕགས་པ་ལྷས་ཡེ་ཤེས་སྙིང་པོ་ཀུན་ལས་བཏུས་པར། སངས་རྒྱས་ཆོས་ནི་རྣམ་པ་བཞི། །ཡི་འདོད་རྣམས་ཀྱིས་མངོན་མཐོང་སྟེ། །བྱེ་བྲག་སྨྲ་ལ་སོགས་པའི་ལམ། །བཤད་པ་དེ་ཉིད་སྒྲུབ་པའོ། །ཞེས་གྲུབ་མཐའ་བཞིར་ཕྱེ་བའི་ཕྱིར་དང་། དབུ་མ་སྙིང་པོ་དང་འཇུག་པ་ལ་སོགས་པར་རྣམ་རིག་པའི་གྲུབ་མཐའ་རྒྱས་པར་བཀག་པའི་ཕྱིར་རོ། །

གཞན་ཡང་ཐོགས་མེད་ཀྱིས་སྔར་རྣམ་རིག་པའི་གྲུབ་མཐའ་སྨྲ་བ་ཡོད་ན། སློབ་དཔོན་འདི་ཞེས་བྱ་བས་གཞུང་འདི་ཞེས་བྱ་བ་བྱས་སོ་ཞེས་གཞུང་ལུགས་ཁུངས་མ་རྣམས་སུ་འབྱུང་བར་རིགས་པ་ལས་གང་དུ་ཡང་མ་བྱུང་བའི་ཕྱིར་དང་། འཕགས་པ་ཐོགས་མེད་ཁོ་ནས་རྣམ་རིག་པའི་གྲུབ་མཐའི་སྲོལ་གཏོད་པར་ངེས་པ་ཁོ་ན་ཡིན་ནོ། །དེ་ལྟར་ན་དེ་བཞིན་གཤེགས་པ་མྱ་ངན་ལས་འདས་པའི་འོག་ཏུ་འཕགས་པ་ཀླུ་སྒྲུབ་ཁོ་ནས་མཐའ་བྲལ་དབུ་མའི་ལམ་པོ་ཆེ་གཏོོད་པ་ཡི ན་ནོ། །དེའི་འོག་ཏུ་སློབ་མ་རྣམས་ཀྱིས་སློབ་དཔོན་གྱི་དགོངས་པ་ཇི་ལྟར་བཀྲལ་བའི་ཚུལ་ནི་སེང་གའི་གླིང་གི་རྒྱལ་པོའི་ལྡུམ་རར་མེ་ཏོག་པདྨ་ལ་བརྫུས་ཏེ་སྐུ་འཁྲུངས་པའི་འཕགས་པ་ལྷ་ནི་སློབ་དཔོན་རང་ཉིད་དང་ཁྱད་པར་མེད་པར་འཕགས་པའི་ཡུལ་གྱི་མཁས་གྲུབ་རྣམས་ལ་གྲགས་ཤིང་གཞུང་ལུགས་རྣམས་ཀྱང་ཁུངས་སུ་བྱེད་པ་ཡིན་ནོ། །སློབ་དཔོན་འདིས་བཞི་བརྒྱ་པ་ལ་སོགས་པ་དབུ་མའི་རྗེས་སུ་འཇུག་པའི་བསྟན་བཅོས་རང་དགར་བ་ཁ་ཡར་མཛད་ཅིང་། རང་ཉིད་ཀྱི་དགོངས་པ་ཡང་ཐལ་འགྱུར་དུ་དོན་ལ་གནས་ཀྱང་དངོས་སུ་དབུ་མའི་འགྲེལ་པ་མཛད་ནས་ཐལ་རང་དུ་ཁ་ཚོན་བཅད་པ་ནི་མེད་དོ། །དེའི་འོག་ཏུ་སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་དབུ་མ་རྩ་བའི་འགྲེལ་པ་མཛད་ནས་འཕགས་པའི་དགོངས་པ་ཐལ་འགྱུར་དུ་འཐད་པར་གཟིགས་ནས་དེ་ལྟར་དུ་བཀྲལ་ལོ། །དེའི་འོག་ཏུ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་དབུ་མ་རྩ་བའི་འགྲེལ་པ་ཤེས་རབ་སྒྲོན་མ་དང་དོན་གྱི་འགྲེལ་པ་དབུ་མ་སྙིང་པོ་ལ་སོགས་པ་མཛད་ནས་སངས་རྒྱས་བསྐྱངས་ཀྱི་ལུགས་ལ་སྐྱོན་བརྗོད་ནས་འཕགས་པའི་དགོངས་པ་རང་རྒྱུད་དུ་བཀྲལ་ལོ། །དེའི་འོག་ཏུ་དཔལ་ལྡན་ཟླ་བ་གྲགས་པས་དབུ་མའི་ཚིག་གི་འགྲེལ་པ་ཚིག་གསལ་དང་རིགས་པ་དྲུག་ཅུ་པའི་འགྲེལ་པ་དང་དོན་གྱི་འགྲེལ་པ་དབུ་མ་ལ་འཇུག་པ་ལ་སོགས་མཛད་ནས་སངས་རྒྱས་བསྐྱངས་ཀྱིས་འཕགས་པའི་དགོངས་པ་ཕྱིན་ཅི་མ་ལོགས་པ་རྟོགས་པར་གཟིགས་ནས། དེའི་ལུགས་ལ་ལེགས་ལྡན་འབྱེད་ཀྱིས་སྐྱོན་བརྗོད་པ་རྣམས་ལེགས་པ་སྤངས་ཤིང་རང་རྒྱུད་ཀྱི་ཕྱོགས་ལ་སུན་འབྱིན་རྒྱས་པར་བརྗོད་ནས་ཐལ་འགྱུར་གྱི་གཞུང་ལེགས་པར་གཙུགས་པ་ཡིན་ནོ། །དེ་ལྟར་ན་ཐལ་འགྱུར་བར་གྲགས་པ་ནི་སངས་རྒྱས་བསྐྱངས་དང་ཟླ་བ་གྲགས་པ་རིག་པའི་ཁུ་བྱུག་ཆེ་ཆུང་ལ་སོགས་པ་སྟེ། འཕགས་པའི་ཡུལ་དུའང་གྲུབ་མཐའ་འདི་སྨྲ་བ་ཤིན་ཏུ་ཉུང་ངོ་། །རང་རྒྱུད་པ་ནི་ལེགས་ལྡན་འབྱེད་དང་དཔལ་སྦས་དང་ཡེ་ཤེས་སྙིང་པོ་ཞི་བ་འཚོ་ཀ་མ་ལ་ཤཱི་ལ་ལ་སོགས་པ་སྟེ། འདི་ཕྱོགས་ཀྱི་གཞུང་དང་སློབ་དཔོན་ནི་འཕགས་པའི་ཡུལ་དུ་ཡང་མང་བར་བྱོན་ནོ། །ཐལ་རང་གི་སློབ་དཔོན་དེ་དག་གི་འདོད་པའི་ཁྱད་པ་ཇི་ལྟ་བུ་ཞེ་ན། འདི་དག་གཉིས་ཀས་ཀྱང་། བདེན་པ་གཉིས་ཀྱི་སྒོ་ནས་རྣམ་པར་འཇོག་པར་བྱེད་ལ། དེ་ལ་དོན་དམ་པའི་བདེན་པ་ལ་མི་མཐུན་པ་ཅུང་ཟད་ཀྱང་མེད་དེ། གཞན་དུ་ན་དངོས་པོའི་གནས་ལུགས་དུ་མ་མེད་པས། གང་ཡང་རུང་བ་ཞིག་དབུ་མ་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པ་ལ་ནི་མི་མཐུན་པ་ཡིན་ཏེ། དེ་ལྟ་མ་ཡིན་ན་འདི་གཉིས་ཀྱི་ཁྱད་པར་དབྱེ་ན་དཀའ་བའི་ཕྱིར་རོ། །དེ་ལ་རང་རྒྱུད་པ་རྣམས་ནི་ཀུན་རྫོབ་ཀྱི་རྣམ་གཞག་འཇིག་རྟེན་གྱི་ཐ་སྙད་ཀྱི་རྗེས་སུ་མི་འབྲང་སྟེ། འཇིག་རྟེན་པ་རྣམས་ནི་རིགས་པས་དཔྱད་པ་མེད་པ་ཁོ་ནར་རང་དགར་ཐ་སྙད་ལ་འཇུག་པས་འཁྲུལ་པར་སྲིད་པའི་ཕྱིར་རོ་སྙམ་དུ་བསམས་ནས་རྣམ་རིག་པ་དང་མདོ་སྡེ་པ་ལ་སོགས་པ་རིགས་པ་ཤེས་པ་རྣམས་དང་རྗེས་སུ་མཐུན་པར་ཀུན་རྫོབ་རྣམ་པར་འཇོག་པར་བྱེད་དོ། །དེའི་ཕྱིར་དབུ་མ་རྒྱན་དུ། མདོ་སྡེ་པ་དག་ལ་རིགས་པ་ཤེས་པ་ཅེས་དང་། རྣམ་རིག་པ་དག་ལ་བློ་གྲོས་དཀར་པོ་དག་ཅེས་པའི་ཐ་སྙད་མཛད་དོ། །བྱེ་བྲག་སྨྲ་བ་རྣམས་ཀྱི་འདོད་པ་ལ་ནི་ཀུན་རྫོབ་དུ་ཡང་མདོ་སྡེ་པ་ལ་སོགས་པའི་རིགས་པས་གནོད་པ་འབབ་པས། དེའི་རྗེས་སུ་རྣམ་པ་ཐམས་ཅད་དུ་མི་འབྲང་བ་ཁོ་ན་ཡིན་ནོ། །གང་དག་འཇིག་རྟེན་གྲགས་སྡེ་དཔྱོད་པའི་དབུ་མ་པ་རྣམས་ནི། ཐ་སྙད་བྱེ་བྲག་སྨྲ་བ་དང་སྒོ་བསྟུན་ནོ་ཞེས་ཟེར་བ་ནི། ཁོ་བོའོ་ཅག་དབུ་མའི་གཞུང་ལུགས་ལ་འདྲིས་མེད་པ་ཁོ་ནའོ་ཞེས་རང་གི་དེ་ཉིད་གསལ་བར་སྒྲོགས་པ་ཡིན་ནོ། །དེ་ལྟར་ན་རང་རྒྱུད་པ་ནི་རྣམ་རིག་པ་ལ་སོགས་པ་རྣམས་དོན་དམ་པའི་བདེན་པ་ལས་ཉམས་ཀྱང་། ཀུན་རྫོབ་ཀྱི་བདེན་པ་ལས་མ་ཉམས་པར་འདོད་དོ། །ཐལ་འགྱུར་བ་ནི། དཔེར་ན་ཤིང་ལ་འཛེགས་པའི་མི་མཁས་པའི་༼མ་དཔེ་མི་གསལ༽ཁྱད་པར་དུ་འགྲོ་བར་འདོད་པས། ཤིང་གི་ཡལ་ག་འོག་མ་བཏང་ནས་གོང་མ་བསྙེགས་པས་མ་སླེབ་སྟེ། བར་མ་དོར་གཡང་སར་ལྷུང་བ་ལྟར། དངོས་པོ་སྨྲ་བ་རྣམས་ཀྱང་དེ་ཁོ་ན་ཉིད་མི་གསལ་འདས་ནས། ཡང་དག་པའི་ཡོན་ཏན་ཡང་མ་རྟོགས་པར། བར་མ་དོར་རྟག་ཆད་ཀྱི་མཐར་ལྷུང་བས། བདེན་པ་གཉིས་ཀ་ལས་ཉམས་པར་སྨྲ་སྟེ། འཇུག་པ་ལས། འཕགས་པ་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །ཞེས་བཤད་པའི་ཕྱིར་རོ། །དེ་བས་ན་སློབ་དཔོན་དེ་དག་ནི་གྲུབ་མཐའ་སྨྲ་བ་གཞན་གྱི་རྗེས་སུ་མི་འབྲང་བར། འཇིག་རྟེན་པ་རྣམས་ཁོ་ནའི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་འཇོག་པར་བྱེད་དེ། ཇི་ལྟར་དོན་དམ་པའི་བདེན་པ་ལ་འཕགས་པ་རྣམས་ཁོ་ན་ཚད་མ་ཡིན་པ་ལྟར། ཀུན་རྫོབ་གྱི་བདེན་པ་རྣམ་པར་འཇོག་པ་བྱེད་པ་ལ་ཡང་། འཇིག་རྟེན་ཁོ་ན་ཚད་མ་ཡིན་པའི་ཕྱིར་རོ་སྙམ་དུ་བསམས་པ་ཡིན་ནོ། །དེ་ལྟར་ཀུན་རྫོབ་རྣམ་པར་འཇོག་པ་ལ་མི་མཐུན་པར་མ་ཟད་ཐ་སྙད་དུ་ཁས་ལེན་པའི་ཚུལ་ཡང་མི་འདྲ་སྟེ། རང་རྒྱུད་པ་རྣམས་ཀུན་རྫོབ་ཀྱི་བདེན་པ་ཐ་སྙད་དུ་རང་ལུགས་སུ་ཁས་ལེན་པར་བྱེད་ལ། ཐལ་འགྱུར་བ་རྣམས་ནི་དོན་དམ་དང་ཐ་སྙད་གང་དུ་ཡང་རང་ལུགས་སུ་རྣམ་པར་བཞག་པར་བྱ་བ་ཅུང་ཟད་ཀྱང་མེད་ཀྱི། འོན་ཀྱང་དགོས་པའི་དབང་ཁོ་ནར། ཀུན་རྫོབ་བདེན་པ་ཡང་འཇིག་རྟེན་གཞན་ངོ་འབའ་ཞིག་ཏུ་ཁས་བླངས་བ་མ་གཏོགས། ཐ་སྙད་ཙམ་དུ་ཡང་རང་གི་ལུགས་ཡིན་པར་ཁས་མི་ལེན་ཏེ། འཇུག་པར། ཇི་ལྟར་ཁྱེད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གི་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་བཤད་པའི་ཕྱིར་རོ། །གཞན་ཡང་རྩོད་པའི་ཚེ། རང་རྒྱུད་པའི་སློབ་དཔོན་རྣམས་ནི་རང་གི་ལུགས་རྣམ་པར་མ་བཞག་པར། གཞན་ཀྱི་ལུགས་ཁོ་ན་འགོག་པར་བྱེད་པ་ནི་སུན་ཅི་ཕྱིན་ཏུ་རྒོལ་བ་ཡིན་པས། མི་རིགས་པའི་ཕྱིར་དང་། རང་གི་འདོད་པ་སྟོང་ཉིད་དང་སྐྱེ་མེད་ལ་སོགས་པ་ཚད་མས་མ་གྲུབ་པར་ཡང་། གཞན་གྱི་དངོས་པོ་རྣམས་ལ་སྐྱེ་བ་དང་རང་བཞིན་ཡོད་པར་འདོད་པ་ཡང་། ཐལ་བ་ཙམ་གྱིས་དགག་པར་མི་ནུས་པའི་ཕྱིར། ཐ་སྙད་དུ་སྐྱེ་མེད་ལ་སོགས་པའི་རང་ལུགས་ཀྱི་དམ་བཅའ་བསྒྲུབ་པར་བྱེད་པའི་གཏན་ཚིགས་དང་དཔེ་ལ་སོགས་པ་ཚད་མས་མ་གྲུབ་པའི་རང་རྒྱུད་པ་འགའ་ཞིག་འདོད་པར་བྱ་བ་ཡིན་ཏེ། རང་ལུགས་ཀྱི་དམ་བཅའ་གཞན་གྱིས་འདོད་པའི་རྟགས་ཀྱིས་སྒྲུབ་པར་མི་ནུས་པའི་ཕྱིར། ཞེས་འདོད་དོ། །ཐལ་འགྱུར་བ་རྣམས་ནི། གལ་ཏེ་རང་ལ་དམ་བཅའ་ཡོད་བཞིན་དུ་གཞན་གྱིས་སྐྱོན་བརྗོད་ཀྱིས་དོགས་པའི་བསམས་པས་རང་ལུགས་མི་འཇོག་ཅིང་། གཞན་གྱི་འདོད་པ་ལ་ཞེ་སྡང་གྱི་བསམ་པས་གཞན་ལུགས་ཐལ་བ་ཙམ་གྱིས་འགོག་པར་བྱེད་ན། སུན་ཅི་ཕྱིན་ཏུ་རྒོལ་བར་བྱེད་པའི་གཡོ་སྒྱུ་ཅན་དུ་འགྱུར་ན་ཡང་། དབུ་མ་པ་ལ་རང་ལ་བཞག་པར་བྱ་བའི་ཕྱོགས་ཅུང་ཟད་ཀྱང་མེད་ན། དེའི་སྒྲུབ་བྱེད་ཚོལ་བའི་དུབ་པ་འདིས་ཅི་ཞིག་བྱ། ཡང་དག་པར་ན་གཞན་བཀག་པར་ཡང་མ་ཡིན་ཏེ། དགག་པར་བྱ་བའི་ཆོས་ཅུང་ཟད་ཅིག་དམིགས་ན། དེ་ལ་དགག་པ་བྱེད་པར་ཡང་རིགས་ན། དགག་བྱའི་དངོས་པོ་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་ཡང་མ་དམིགས་ན། དེ་ལ་སུ་ཞིག་དགག་པ་སྨྲ་བར་བྱེད། གང་ཡང་བསྟན་བཅོས་སུ་གཞན་གྱི་འདོད་པ་བཀོད་ནས། རིགས་པའི་རྣམ་པར་དཔྱད་པ་དུ་མ་མཛད་པ་དེ་ནི། གཞན་ལུགས་ལ་ཞེ་སྡང་བའམ་རྩོད་པ་ལ་དགའ་བའི་ཕྱིར་མ་ཡིན་གྱི། རྟོག་པའི་དྲ་བས་བཅིངས་པའི་སྐྱེ་བོ་འདི་དག་གི་མངོན་ཞེན་བཟློག་པའི་ཕྱིར། གཞན་ངོ་འབའ་ཞིག་ཏུ་མཛད་པ་ཡིན་ཏེ། འཇུག་པར། བསྟན་བཅོས་ལས་དཔྱད་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །ཞེས་གསུངས་པའི་ཕྱིར་རོ། །དེ་བས་ན་དབུ་མའི་བསྟན་བཅོས་རྣམས་ལས་རིགས་པའི་རྣམ་པར་དཔྱད་པ་ཇི་སྙེད་བྱས་པ་དེ་དག་ནི། ཕ་རོལ་པོའི་སྒྲོ་བསྐུར་གྱི་རྟོག་པ་ལོག་པའི་འབྲས་བུ་ཅན་ཁོ་ན་ཡིན་གྱི། སྒྲོ་བསྐུར་བསལ་ནས་མི་བསལ་ན་རྟོག་པ་འགའ་ཞིག་རྣམ་པར་དཔྱད་པའི་མཐུ་ལས་སྐྱེ་བ་མ་ཡིན་ཏེ། གནས་ལུགས་གྱི་དོན་ནི་ཐོས་བསམ་གྱིས་རྣམ་པར་དཔྱད་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །དེ་སྐད་དུ་ཡང་འཇུག་པ་ལས། སོ་སོ་སྐྱེ་བོ་རྣམས་ནི་རྟོག་པས་བཅིངས། །མི་རྟོག་རྣལ་འབྱོར་པ་ནི་གྲོལ་འགྱུར་པས། །རྟོག་རྣམས་ལོག་པར་འགྱུར་བ་གང་ཡིན་ཏེ། རྣམ་པར་དཔྱོད་པའི་འབྲས་བུ་མཁས་རྣམས་གསུངས། །ཞེས་གསུངས་པ་ཡིན་ནོ། །སྒྲོ་བསྐུར་གྱི་རྟོག་པ་དེ་དག་ཀྱང་། རང་གི་ཁས་བླངས་ནང་འགལ་བ་བརྗོད་པའི་ཐལ་བས་འགོག་པར་བྱེད་དེ། རང་གི་རྣམ་གཞག་ལ་ནང་འགལ་མཐོང་བ་ན་བློ་གྲོས་མ་སྤྲུགས་པ་དག་ནི་ཁས་ཀྱིས་མངོན་ཞེན་ལྡོག་པར་འགྱུར་ལ། གང་ཞིག་འགལ་བ་མཐོང་ཡང་དེ་ལས་མི་ལྡོག་པའམ། འགལ་བ་དང་མི་འགལ་བའི་རྣམ་པར་དཔྱོད་པ་མེད་པ་དག་ནི། རྗེས་སུ་བཟུང་བར་མི་ནུས་པས། རེ་ཤིག་བཏང་སྙོམས་སུ་བྱ་བ་ཁོ་ན་ཡིན་གྱི་རིགས་པ་ནི་བརྗོད་པར་མི་བྱའོ། །ཅི་སྟེ། རང་རྒྱུད་ཀྱི་རྗེས་སུ་དཔག་པ་ལ་མངོན་པར་ཞེན་པའི་ཕྱིར་རྒོལ་འགའ་ཞིག་ལ་དོན་དུ་འགྱུར་ན། རྒོལ་བ་དེ་ཉིད་ལ་གྲགས་པའི་གཏན་ཚིགས་འགའ་ཞིག་རང་རྒྱུད་དུ་སྦྱོར་བ་ལ་ཡང་ཉེས་པ་ཡོད་པ་མ་ཡིན་ནོ། །གལ་ཏེ་རང་ལུགས་ཀྱི་དམ་བཅའ་འགའ་ཡང་མེད་ན། བསྟན་བཅོས་ལས། བདག་ལས་མ་ཡིན་གཞན་ལས་མིན། །གཉིས་ལས་མ་ཡིན་རྒྱུ་མེད་མིན། །དངོས་པོ་གང་དག་གང་ལ་ཡང་། །སྐྱེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དངོས་པོ་རྣམས་བདག་ལས་སྐྱེ་བ་མེད་དེ། ཞེས་སོགས་དམ་བཅའ་བཞི་སྨྲས་པ་མ་ཡིན་ནམ་ཞེ་ན། དེ་ནི་གང་དག་དངོས་པོ་རྣམས་བདག་སོགས་ལས་སྐྱེ་བར་འདོད་པ་རྣམས་དགག་པའི་ཕྱིར་དུ་གཞན་ངོ་འབའ་ཞིག་ཏུ་ཁས་བླངས་པ་ཡིན་གྱི་རང་གི་ལུགས་ནི་མ་ཡིན་ཏེ། དགག་བྱ་ཅུང་ཟད་ཞིག་ཡོད་ན་དེ་བཀག་པའི་དགག་པ་ཁས་ལེན་པར་རིགས་ན་ཡང་། འདིར་དགག་བྱ་བདག་ལས་སྐྱེ་བ་སོགས་མ་གྲུབ་པས་ན་དེ་བཀག་པའི་དགག་པ་ཁས་ལེན་པར་རིགས་པ་མ་ཡིན་པའི་ཕྱིར་རོ། །གཞན་ཡང་། ལུགས་འདི་ལ་གཞན་གྱིས་ཅུང་ཟད་ཀྱང་བརྒལ་དུ་མེད་དེ། རང་གི་ཕྱོགས་ཁས་བླངས་པ་མེད་པའི་ཕྱིར་དང་། གང་ཞིག་རྒོལ་བར་བྱེད་པ་དེ་དག་ཀྱང་དབུ་མའི་ཕྱོགས་མ་རྟོགས་བཞིན་དུ་རྒོལ་བར་བྱེད་པ་ཁོ་ན་ཡིན་པས། བསྒྲུབ་བྱ་དང་མཚུངས་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་དབུ་མ་རྩ་བར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་སྐྱོན་འདོགས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་སྐྱོན་བཏགས་མིན། །སྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཞེས་གསུངས་སོ། །གང་ཞིག་དབུ་མའི་ཕྱོགས་ལེགས་པར་རྟོགས་པ་དེ་ལ་ནི། དབུ་མའི་ཕྱོགས་ལ་རྒོལ་བའི་མཚན་མ་ཙམ་ཡང་རྒྱུད་ལ་མི་སྐྱེ་བ་ཆོས་ཉིད་ཡིན་ཏེ། དཔེར་ན་ཀུན་ཏུ་རྒྱུ་བཟོ་སྦྱངས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་རྟོགས་པས་སངས་རྒྱས་ཀྱི་བསྟན་པ་ལ་དད་པ་ལྟ་བུའོ། །དེ་ལྟར་འགྱུར་བའི་རྒྱུ་མཚན་ཡང་། ཟབ་མོའི་དོན་འདི་ལ་ཐོས་བསམ་གྱིས་མོས་པ་ཙམ་ཐོབ་པས་ཀྱང་། སྒྲོ་བསྐུར་མཐར་ལྟའི་རི་བོ་མ་ལུས་པ་རང་གི་ངང་གིས་འཇིག་པར་འགྱུར་ན། བསྒོམས་བྱུང་གིས་གསལ་སྣང་ཐོབ་པའི་རྣལ་འབྱོར་པ་དག་ལ་ལྟ་བའི་རྣམ་པ་མ་ལུས་པ་སྤོང་བར་འགྱུར་བ་ལྟ་ཅི་སྨྲོས། དེ་སྐད་དུ་ཡང་དབུ་མའི་བསྟོད་པར། རྩྭ་རྩེའི་ཆུ་ཡི་ཟིལ་པ་རྣམས། །ཉི་མའི་འོད་དང་མཇལ་བ་བཞིན། །རྒོལ་བ་རྣམས་ཀྱི་བརྩོད་དང་སྐྱོན། ཁྱེད་དང་མཇལ་ན་འཇིག་པར་འགྱུར། །ཅེས་གང་གསུངས་པ་ཡིན་ནོ། །ལུགས་འདི་ལ་རང་དང་གཞན་གྱིས་བརྒལ་དུ་མེད་པར་མ་ཟད། འདིས་གཞན་ཕྱོགས་མ་ལུས་པར་སུན་འབྱིན་པར་ཡང་ནུས་ཏེ། འདིའི་རིགས་པ་ལ་གཞན་གྱིས་སྐྱོན་སྤོང་གི་ལན་གང་དང་གང་བཏབ་པ་དེ་དང་དེ་དག་བསྒྲུབ་བྱ་དང་མཚུངས་པས་ནུས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར། དབུ་མ་རྩ་བར། སྟོང་པ་ཉིད་ཀྱིས་བརྩད་བྱས་ཚེ། །གང་ཞིག་ལན་འདེབས་སྨྲ་བྱེད་པ། །དེ་ཡི་ཐམས་ཅད་ལན་བཏབ་མིན། །བསྒྲུབ་པར་བྱ་དང་མཚུངས་པར་འགྱུར། །ཅེས་བཤད་དོ། །དེ་རྣམས་ནི་ཐལ་རང་གི་གཞིའི་གནས་སྐབས་ཀྱི་མི་མཐུན་པའི་ཁྱད་པར་རོ། །

ལམ་གྱི་གནས་སྐབས་སུ་མི་མཐུན་པ་ཆེར་མེད་མོད། འོད་ཀྱང་རང་རྒྱུད་པ་རྣམས་ཉན་རང་རྣམས་བདེན་བཞིའི་རྣམ་པ་མི་རྟག་ལ་སོགས་བཅུ་དྲུག་ཙམ་རྟོགས་པས་གྲོལ་བར་འདོད་ལ། ཐལ་འགྱུར་བ་དག་རྟེན་འབྲེལ་རང་བཞིན་མེད་པར་རྟོགས་དགོས་པར་འདོད་དེ་སྔར་རྒྱས་པར་བཤད་ཟིན་ཏོ། །འབྲས་བུའི་ཐད་དུ་རང་རྒྱུད་པ་ཁ་ཅིག་དེ་བཞིན་གཤེགས་པ་ལ་གནས་གྱུར་པའི་ཡེ་ཤེས་སྒྱུ་མ་ལྟ་བུ་ཁས་བླངས་ནས། དེ་ལ་ཀུན་རྫོབ་སྒྱུ་མ་ལྟ་བུར་སྣང་ཡང་འཁྲུལ་པར་མི་འགྱུར་ཏེ། བདེན་འཛིན་མེད་པའི་ཕྱིར་རོ་ཞེས་འདོད་དོ། །ཐལ་འགྱུར་བ་རྣམས་སྣང་བ་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་བག་ཆགས་ལས་བྱུང་བས་འཁྲུལ་པ་ཡིན་ལ། དེ་བཞིན་གཤེགས་པས་འཁྲུལ་པ་མ་ལུས་པ་སྤངས་པས། སྣང་བའི་འཇུག་པ་ཉེ་བར་ཞི་བ་ཡིན་པར་འདོད་དེ། རྒྱས་པ་མ་སྤྲོས་སོ། །ཐལ་རང་གི་འདོད་པའི་ཁྱད་པར་བཤད་ཟིན་ཏོ། །གང་དག་དབུ་མ་པ་ལ་ཐལ་རང་གཉིས་སུ་འབྱེད་པ་ནི། བོད་ཀྱི་ལུགས་ཡིན་གྱི་རྒྱ་གར་ན་མེད་དོ། །ཞེས་ཟེར་བ་ནི། རང་གི་བློ་གྲོས་ཀྱི་འཇུག་པ་རྩིང་པོས་གཞུང་ལུགས་རྣམས་ཀྱི་མི་འདྲ་བའི་ཁྱད་པར་ཕྲ་མོ་མི་འབྱེད་པའི་མཁས་པ་སྔ་མའི་ལེགས་བཤད་ལ་ཕྲག་དོག་པའི་གདོན་གྱིས་བརླམས་པའི་བླག་ཆོལ་ཡིན་པས་རྣ་བ་ཡང་གཏད་པར་མི་བྱའོ། །གཞན་དག་ཐལ་རང་གཉིས་ལ་རང་རྒྱུད་པ་གྲུབ་མཐའ་བཟང་སྟེ་མདོ་རྒྱུད་ཕལ་ཆེ་བ་ནས་རང་རྒྱུད་ཀྱི་སྦྱོར་བ་དུ་མ་གསུངས་པའི་ཕྱིར་རོ། །ཞེས་ཟེར་བ་ཡང་ཆ་མེད་བཞིན་དུ་རྒྱུས་གཏམ་སྨྲ་བ་ཡིན་པས། ཡིད་གཏན་དུ་རུང་བ་མ་ཡིན་ནོ། །འདིར་སློབ་དཔོན་འཕགས་པའི་དགོངས་པ་ཐལ་རང་གང་དུ་གནས་ཤེ་ན། ཐལ་འགྱུར་བ་ཁོ་ན་ཡིན་ཏེ་ལུགས་འདི་རྡོ་རྗེ་ཕ་ལམ་དང་འདྲ་བར་རང་ལ་རྒལ་དུ་མེད་ཅིང་གཞན་ཕྱོགས་མ་ལུས་པ་འཇིག་པར་ནུས་པས་སྐྱོན་མེད་ཁོ་ན་ཡིན་པའི་ཕྱིར་དང་། གལ་ཏེ་ངས་དམ་བཅས་འགའ་ཡོད། །དེས་ན་ང་ལ་སྐྱོན་དེ་ཡོད། །ཅེས་སོགས་དང་། རྩོད་མེད་ཆེ་བའི་བདག་ཉིད་ཅན། །དེ་རྣམས་ལ་ནི་ཕྱོགས་ཉིད་མེད། །ཅེས་སོགས་སློབ་དཔོན་གྱི་གཞུང་ལུགས་དང་ལེགས་པར་འགྲིག་པའི་ཕྱིར་རོ། །རང་རྒྱུད་པ་དག་ནི། ཀུན་རྫོབ་ལ་རིགས་པའི་འཐད་པ་བཅུག་ནས་ཁས་ལེན་པས། ཀུན་རྫོབ་ཀྱི་བདེན་པ་ལས་ཉམས་པ་ཡིན་ལ། བདེན་གཉིས་གང་རུང་ལས་ཉམས་པ་ཡང་། འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་རྨ་མེད་པ་མ་ཡིན་ཏེ། འཕགས་པ་ཀླུ་སྒྲུབ་ཀྱི་གཞུང་ནི་བདེན་གཉིས་ཕྱིན་ཅི་མ་ལོག་པར་འབྱེད་པ་ཉིད་ཀྱིས། ལུགས་གཞན་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་ཕྱིར་རོ། །འཕགས་པ་ཀླུ་སྒྲུབ་ཙམ་དུ་མ་ཟད་ཀྱི། དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་དང་། ས་ཆེན་པོ་ལ་རབ་ཏུ་བཞུགས་པའི་སེམས་དཔའ་ཆེན་པོ་ཀུན་གྱི་ལུགས་ཀྱང་ཐལ་འགྱུར་བའི་ཕྱོགས་འདི་ཁོ་ན་ཡིན་ནོ། །ཞེས་ཁོ་བོ་སྨྲའོ། །

དེ་ལྟར་བདེན་གཉིས་རྣམ་པར་དབྱེ་བ་འདི། །སྡོམ་བརྩོན་སྡེ་སྣོད་འཛིན་པ་བཀའ་བཞི་པ། །ནམ་མཁའ་འོད་ཟེར་གསུང་གིས་དྲིས་པའི་ཚེ། །གཞོན་ནུ་བློ་གྲོས་བདག་གིས་སྦྱར་བ་ཡིན། །འདི་ལ་ལེགས་བཤད་ཅུང་ཟད་ཡོད་གྱུར་ན། །རྒྱལ་དང་དེ་སྲས་རྣམས་ཀྱིས་བྱིན་བརླབས་ཏེ། །འཕགས་པའི་དགོངས་ཟབ་བྱིས་པའི་སྤྱོད་ཡུལ་མིན། །ཉེས་པར་ཟིན་གང་དེ་འདིར་བདག་གིས་ནོངས། །འདི་ལ་གང་ཞིག་ཐེ་ཚོམ་ཟོས་པས་ཀྱང་། །སྲིད་པ་ཧྲུལ་པོར་འགྱུར་ཞེས་གསུངས་པས་ན། །སྒྲོ་བསྐུར་མེད་པར་ཇི་བཞིན་ལེགས་རྟོགས་པའི། །སྐྱེ་བོ་གང་དེའང་ཅི་ཕྱིར་སྐལ་བཟང་མིན། །གང་ཞིག་འདི་འདྲའི་ཚུལ་ལ་དད་པ་དང་། །ཆོས་ཚུལ་འདི་འདྲ་གཞན་ལ་འདོམས་བྱེད་པའི། །བཤེས་གཉེན་དེ་འདྲ་མཐོང་ངམ་ཐོས་ན་ཡང་། ཁོ་བོ་ཟོལ་མེད་དད་པའི་སྤུ་ལོང་གཡོ། །དེ་ལྟ་ན་ཡང་གངས་རིའི་ཁྲོད་འདི་ན། །ཀླུ་སྒྲུབ་གཞུང་ལུགས་ཉི་མའི་དཀྱིལ་འཁོར་ནུབ། །རྟག་ཆད་མཐར་ལྟ་མུན་པའི་དམག་རུམ་འཐིབས། །ཞེན་ལྟའི་དྲི་ཅན་འབྱུང་པོའི་བྱ་རྣམས་རྒྱུ། །དེ་ཕྱིར་ཐུབ་པའི་བསྟན་པ་ཉམས་ཆུང་ཞིང་། །མི་མཐུན་དྲི་མའི་ཕྱོགས་རྣམས་སྟོབས་འཕེལ་བའི། །ཚུལ་འདི་མཁས་པ་རྣམས་ཀྱིས་༼མ་དཔེ་མི་གསལ་༽བྱི་དོར་བྱེད་ལ་བརྩོན་པར་རིགས། །འདིར་འབད་དགེ་བ་ཅུང་ཞིག་གང་ཐོབ་པ། །དེས་ནི་མཁའ་མཉམ་འགྲོ་བ་མ་ལུས་པ། །འཆི་མེད་བདུད་རྩིའི་གོ་འཕང་མ་ཐོབ་པ། །༼མ་དཔེ་མི་གསལ་༽ཀླུ་སྒྲུབ་གཞུང་ལུགས་འདབ་བརྒྱའི་ཚལ་ན་རྒྱུ། །ཟབ་དོན་སྦྲང་རྩིའི་བཅུད་ཀྱིས་རབ་ཚིམས་ཏེ། །སྟོང་ཉིད་ཟབ་མོའི་དར་དིར་སྒྲོགས་བྱེད་ཤོག ། ༼མ་དཔེ་མི་གསལ་༽ཤཱཀྱའི་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་དཔལ་ས་སྐྱའི་གཙུག་ལག་ཁང་དུ་སྦྱར་བའོ། །འདིས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། ། །

བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ་ཚིག་དོན་གསལ་བ།

བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ་ཚིག་དོན་གསལ་བ་བཞུགས་སོ། །

ལེའུ་དང་པོའི་རྣམ་བཤད།

ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་ཕྱག་འཚལ་ལོ། །ཤེས་དང་ཤེས་བྱའི་སྤྲོས་པ་མི་མངའ་ཡང་། །ཤེས་བྱའི་དངོས་ཀུན་མ་འདྲེས་ས་ལེར་མཁྱེན། །མཁའ་ལྟར་བརྗོད་མེད་སྤྲོས་པ་ཀུན་བྲལ་ཡང་། །ཕྲིན་ལས་རྒྱུན་ཆད་མེད་པ་དེ་ལ་འདུད། །འཕགས་མཆོག་རྒྱལ་བའི་བསྟན་པ་གནས་བྱའི་ཕྱིར། །ལྷ་བུ་གཞོན་ནུའི་ཚུལ་དུ་སིངྒ་ལར། །དྲི་མེད་འདབ་བརྒྱའི་ཚལ་དུ་ལེགས་འཁྲུངས་ཏེ། །འཇིག་རྟེན་རྒྱས་མཛད་གང་དེ་རྒྱལ་གྱུར་ཅིག །དེ་ཡི་གཞུང་ལུགས་ཉིན་མོར་བྱེད་པའི་དཔལ། །རབ་འབྱམས་ཤེས་བྱའི་དེ་ཉིད་གསལ་བྱེད་ཅིང་། །མཐར་ལྟའི་མུན་པ་དཔྱིས་འབྱིན་འོད་སྟོང་ཅན། །སྐལ་བཟང་བློ་ཡི་པདྨོ་རྒྱས་ཕྱིར་དབྱེ། །འདིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་སྒོམ་པའི་རིམ་པ་གསལ་བར་སྟོན་པ་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ནི་གང་བཤད་པར་བྱ་བའི་ཆོས་སོ། །འདི་ལ་གཉིས། སྤྱིའི་དོན་དང་། ཡན་ལག་གི་དོན་ཏོ། །དང་པོ་ལའང་། དགོས་དོན། བསྡུས་དོན། མཚན་དོན་དང་གསུམ་གྱི། དང་པོ་ནི། བརྗོད་བྱ་གང་ལས་བརྩམས་ནས་དགོས་པ་ཅིའི་ཕྱིར་བསྟན་བཅོས་འདི་བརྩམས་ཤེ་ན། དབུ་མ་རྩ་བ་ལ་སོགས་པ་སློབ་དཔོན་ཀླུ་སྒྲུབ་ཀྱིས་བསྟན་པའི་གཞུང་དག་ལས་ཀུན་རྫོབ་དང་། དོན་དམ་པའི་བདེན་པ་གཉིས་བསྟན་པའི་ཕྱིར་བརྩམས་སོ། །དེ་ནི་གཞུང་དེ་དག་ཉིད་ཀྱིས་བསྟན་ཟིན་པ་མ་ཡིན་ནམ། ཡང་འདིར་བསྟན་པས་ཅི་ཞིག་བྱ་ཞེ་ན། དེ་དག་གིས་ནི་ཐོས་བསམ་གྱིས་སྒྲོ་འདོགས་གཅོད་པ་གཙོ་བོར་སྟོན་ལ། འདིར་ནི་རྣལ་འབྱོར་པས་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་སྒོམ་བྱུང་གིས་ཉམས་སུ་ལེན་པ་ཏིང་ངེ་འཛིན་གྱི་སྤྱོད་པ་གཙོ་བོར་བསྟན་ཏོ། །

ཡང་ན་སློབ་དཔོན་གྱིས་དབུ་མའི་བསྟན་བཅོས་དག་ཏུ་རང་གཞན་གྱི་སྡེ་པ་དག་གི་འདོད་པ་རིགས་པའི་རྣམ་པ་དུ་མ་དག་གིས་དགག་པ་མཛད་པ་ན། དབུ་མའི་བསྟན་བཅོས་ནི་རྒོལ་བ་གཞན་ཟིལ་གྱིས་མནན་པའི་ཆེད་དུ་བྱས་པ་རྩོད་པ་ལྷུར་ལེན་པའི་བསྟན་བཅོས་སོ་སྙམ་དུ་གཞན་དག་དོགས་པ་ན། སློབ་དཔོན་གྱི་གཞུང་གི་བསྟན་བྱ་བདེན་པ་གཉིས་ཀྱི་དེ་ཁོ་ན་ཉིད་བསྒོམ་པའི་རྣལ་འབྱོར་གྱི་སྤྱོད་པ་བསྟན་བཅོས་འདིར་གསལ་བར་བསྟན་པས། སློབ་དཔོན་གྱི་གཞུང་ནི་རྩོད་པ་ལྷུར་ལེན་པ་མ་ཡིན་གྱི་འཇིག་རྟེན་གྱིས་དེ་ཁོ་ན་ཉིད་རྟོགས་པའི་ཆེད་དུ་རིགས་པའི་རྣམ་པ་དུ་མས་དངོས་པོའི་དེ་ཁོ་ན་ཉིད་གསལ་བར་བསྟན་པས་བདེན་གཉིས་ལ་འཇུག་པའི་རྣལ་འབྱོར་གྱི་ཚུལ་འདི་གསལ་བར་བྱེད་དོ་ཞེས་བྱ་བར་ཁོང་དུ་ཆུད་པར་འགྱུར་ཏེ། ཇི་སྐད་དུ་དབུ་མ་འཇུག་པ་ལས། བསྟན་བཅོས་ལས་བྱས་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ནི་དེ་ཉིད་བསྟན། །གལ་ཏེ་དེ་ཉིད་རྣམ་པར་བཤད་པ་ན། །གཞན་གཞུང་འཇིག་པར་འགྱུར་ན་འདི་ཉེས་མེད། །ཅེས་གསུངས་པ་ལྟར་རོ། །གལ་ཏེ་བདེན་གཉིས་ཀྱི་དེ་ཁོ་ན་ཉིད་ལ་འཇུག་པའི་རྣལ་འབྱོར་གྱི་རིམ་པ་གཞུང་འདིས་བསྟན་མོད། དེས་ཅི་བྱ་ཞེ་ན། ཐོས་བསམ་སྒོམ་པའི་རིམ་པས་བདེན་གཉིས་ཀྱི་དེ་ཁོ་ན་ཉིད་ཁོང་དུ་ཆུད་པ་ལས་ནི་རང་གཞན་གྱི་དོན་ཕུན་སུམ་ཚོགས་པ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་འགྱུར་ཏེ། མདོ་ལས། འཇིག་རྟེན་མཁྱེན་པས་གཞན་ལས་མ་གསན་པར། །བདེན་པ་འདི་གཉིས་ཀྱིས་ནི་སྟོན་པར་མཛད། །གང་ཞིག་ཀུན་རྫོབ་དེ་བཞིན་དོན་དམ་སྟེ། །བདེན་པ་གསུམ་པ་འགའ་ཡང་མ་མཆིས་སོ། །ཞེས་གསུངས་ཤིང་། དབུ་མ་ལས་ཀྱང་། སངས་རྒྱས་རྣམས་ཀྱིས་ཆོས་བསྟན་པ། །བདེན་པ་གཉིས་ལ་ཡང་དག་བརྟེན། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ལ་དངོས་དང་། དེ་ལ་ལོག་རྟོག་སྤང་བ་གཉིས་ཀྱི། དང་པོ་ནི། འདིས་བདེན་པ་གཉིས་ཚུལ་ཇི་ལྟར་བསྟན་ཅེ་ན། འགྲེལ་པར། གང་ལས་འཇིག་རྟེན་པའི་དངོས་པོ་ཇི་ལྟར་གནས་པ་བཞིན། རྣམ་པར་ཕྱེ་ནས་རིམ་གྱིས་དོན་དམ་སྟོན་འགྱུར་བ་ཞེས་བཤད་པས། ཇི་སྐད་དུ། ཀུན་རྫོབ་ལ་ནི་མ་བརྟེན་པར། །དམ་པའི་དོན་ནི་རྟོགས་མི་འགྱུར། །དམ་པའི་དོན་ནི་མ་རྟོགས་པར། །མྱ་ངན་འདས་པ་ཐོབ་མི་འགྱུར། །ཞེས་པའི་ཚུལ་གྱིས། འདིའི་རབ་ཏུ་བྱེད་པ་བཅུ་དྲུག་གི་དང་པོ་བརྒྱད་ཀྱིས་དོན་དམ་རྟོགས་པའི་ཐབས་སུ་ཀུན་རྫོབ་ཀྱི་བདེན་པ་ཇི་ལྟར་གནས་པ་བཞིན་རྣམ་པར་ཕྱེ་བས་སྟོན་ལ། ཕྱི་མ་བརྒྱད་ཀྱིས་དོན་དམ་པའི་བདེན་པ་སྟོན་པར་འགྱུར་རོ། །

དེ་ལ་རབ་ཏུ་བྱེད་པ་དང་པོ་བཞིས་ནི་ཕྱིན་ཅི་ལོག་བཞི་བསལ་བའི་སྒོ་ནས་འཇིག་རྟེན་གྱི་དངོས་པོ་བཞི་པོ་ཡང་དག་པའི་ཀུན་རྫོབ་ཏུ་གནས་པ་བཞིན་ཡོངས་སུ་གསལ་བར་བྱས་ཏེ། འདི་ལྟར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ནི་རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བ་ཡིན་ལ། དེ་དག་ཀྱང་སྐྱེ་བ་དང་ལྡན་པའི་ཕྱིར་མི་རྟག་པའོ། །གང་མི་རྟག་པ་དེ་ནི་གདོན་མི་ཟ་བར་འཇིག་པ་ཉིད་ཀྱིས་གནོད་པའི་བདག་ཉིད་ཡིན་པས་སྡུག་བསྔལ་བའོ། །གང་སྡུག་བསྔལ་བ་དེ་ནི་རྟག་ཏུ་སྐྱོ་བ་བསྐྱེད་པར་བྱེད་པ་ཉིད་ཀྱིས་མི་གཙང་བའོ། །གང་མི་གཙང་བ་དེ་ནི་དོར་བར་བྱ་བ་ཉིད་ཀྱིས་བདག་དང་བདག་གིར་འཛིན་པས་ང་དང་ང་ཡིར་ཡོངས་སུ་གཟུང་བར་མི་འོས་པས་བདག་མེད་པའོ། །དེ་ཕྱིར་འཇིག་རྟེན་པའི་དངོས་པོ་དེ་ལྟ་བུ་འདི་ཕྱིན་ཅི་ལོག་ལས་རྣམ་པ་གཞན་དུ་སྣང་བས་གདོན་མི་ཟ་བར་འཁོར་བ་སྤང་བྱ་ཉིད་དུ་ཤེས་པར་བྱས་པས་ན་ཤུགས་ཀྱིས་སངས་རྒྱས་ཉིད་བླང་བྱར་བསྟན་ཏོ། །སངས་རྒྱས་དེའང་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟེན་པས་ཐོབ་པས་ལྔ་པས་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་ཏོ། །ཉོན་མོངས་པ་ཟིལ་གྱིས་མནན་པས་བྱང་སེམས་ཀྱི་སྤྱོད་པ་སྤྱད་མི་ནུས་པས་དྲུག་པས་ཉོན་མོངས་པ་དཔྱད་དོ། །ཡུལ་རྣམས་ཉོན་མོངས་པ་སྐྱེ་བ་དང་འཕེལ་བ་གནས་པའི་རྒྱུ་ཡིན་པས་བདུན་པས་ཡུལ་དཔྱད་དོ། །ཡུལ་རྣམས་ཀྱང་སེམས་ཅན་ཆོས་ཀྱི་རང་བཞིན་མ་རྟོགས་ཤིང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་ལྡན་པ་དག་ལ་ཉོན་མོངས་སྐྱེ་བའི་རྒྱུ་ཡིན་པས་དེའི་གཉེན་པོ་དོན་དམ་པ་བསྟན་པར་བྱ་བ་ལ། ཆོས་ཀྱི་རང་བཞིན་བསྟན་པའི་ཉན་པ་པོ་སློབ་མའི་རྒྱུད་སྣོད་དུ་རུང་བར་བྱ་བའི་ཕྱིར་བརྒྱད་པས་སློབ་མའི་རྒྱུད་ཡོངས་སུ་སྦྱོང་བའི་ཚུལ་བསྟན་ཏོ། །རྒྱུད་ཡོངས་སུ་དག་པ་ལ་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་པར་བྱ་བ་ཡིན་པས་དེའི་འོག་ཏུ་རབ་ཏུ་བྱེད་པ་བཞིས་ཇི་སྐད་བཤད་པའི་ཚུལ་གྱིས་བྱང་སེམས་ཀྱི་སྤྱོད་པ་ནས། སློབ་མ་ཡོངས་སུ་སྦྱོང་བའི་བར་གྱིས་འཇུག་པ་སེམས་བསྐྱེད་བསྟན་ཏོ། །དེའི་འོག་ཏུ་རབ་ཏུ་བྱེད་པ་ཕྱི་མ་བརྒྱད་ཀྱིས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་བདག་ཉིད་དོན་དམ་སེམས་བསྐྱེད་བསྟན་ཏོ། །དེ་ལྟ་ན་རབ་ཏུ་བྱེད་པ་བཅུ་དྲུག་གི་བདག་ཉིད་ཅན་གྱིི་གཞུང་འདིས། སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་སྔ་ནས། བདག་ཉིད་དང་ནི་འཇིག་རྟེན་འདིས། །བླ་མེད་བྱང་ཆུབ་ཐོབ་འདོད་ན། །དེ་ཡི་རྩ་བ་བྱང་ཆུབ་སེམས། །རི་དབང་རྒྱལ་པོ་ལྟར་བརྟན་དང་། །ཕྱོགས་མཐས་གཏུགས་པའི་སྙིང་རྗེ་དང་། །གཉིས་ལ་མི་བརྟེན་ཡེ་ཤེས་ལགས། །ཞེས་གསུངས་པ་ལྟར་གྱི་རྣམ་མཁྱེན་གྱི་རྒྱུའི་གཙོ་བོ་ཆོས་གསུམ་མ་ཚང་བ་མེད་པར་བསྟན་པའི་ཕྱིར་འཇིག་རྟེན་གྱི་གང་ཟག་གཅིག་གིས་བླ་མེད་བྱང་ཆུབ་ཐོབ་བྱེད་ཀྱི་ཆ་རྐྱེན་ཐམས་ཅད་ཚང་བར་བསྟན་པ་ཡིན་ནོ། །

གཉིས་པ་ལ། རྗོད་བྱེད་སྒྲའི་ལུས་ལ་ལོག་རྟོག་སྤང་བ་དང་། བརྗོད་བྱ་དོན་གྱི་ལུས་ལ་ལོག་རྟོག་སྤང་བ་གཉིས་ཀྱི། དང་པོ་ནི། དེ་འདི་ད་ལྟའི་སྙན་ངག་མཁན་གྱིས་རྣམ་པ་གཉིས་སུ་བྱས། རབ་བྱེད་བཅུ་དྲུག་པོ་འདི་དག་ཇི་སྐད་བཤད་པའི་ཚུལ་གྱིས་བསྟན་བཅོས་ཀྱི་ལུས་གཅིག་ཡིན་པ་ལས། ད་ལྟའི་སྙན་ངག་མཁན་བཙུན་པ་ཆོས་སྐྱོང་གིས་ཇི་ལྟར་བཀོད་པ་ཕྱེ་ནས་བསྟན་བཅོས་ཀྱི་ལུས་གཉིས་སུ་བཤད་དེ། ཕྱེད་དང་པོ་བརྒྱད་ལ་ནི་ཆོས་བརྒྱ་པ་ཉིད་དང་། ཕྱི་མ་བརྒྱད་ལ་ནི་རྩོད་པ་བརྒྱ་པ་ཉིད་དུའོ། །ད་ནི་བདག་གིས་གཅིག་ཏུ་དེ་རྣམ་པར་དབྱེ་བར་བྱ། ཟླ་བ་གྲགས་པ་བདག་གིས་རབ་བྱེད་བཅུ་དྲུག་པོ་བསྟན་བཅོས་གཅིག་གི་ལུས་སུ་བྱས་ཏེ་རྣམ་པར་དབྱེ་བར་བྱ་སྟེ། དེ་ལྟར་བྱས་ན་བསྟན་བཅོས་མཛད་པ་པོ་ཉིད་ཀྱི་དགོངས་པ་བསྐང་བས་བཀོད་པ་སྔ་མ་སྐྱོང་བར་འགྱུར་ལ། དེས་ཕན་གདགས་པར་བྱ་བའི་གདུལ་བྱ་རྣམས་ལ་ཡང་ཕན་འདོགས་པ་ཆེ་བར་འགྱུར་ཏེ། བསྟན་བཅོས་ཀྱི་བརྗོད་པར་འདོད་པ་བདེན་པ་གཉིས་ཀྱི་བསྒོམ་ཚུལ་མཐའ་དག་བླངས་པས་རང་དང་གཞན་གྱི་དོན་ཡང་དག་པར་འགྲུབ་པའི་ཕྱིར་རོ། །

གཉིས་པ་ནི། བཙུན་པ་ཆོས་སྐྱོང་གིས་བསྟན་བཅོས་ཀྱི་དོན་གྱི་ལུས་ཀྱང་རང་གི་མོས་པ་གཙོར་བྱས་ནས་རྣམ་རིག་ཙམ་གྱི་ཚུལ་དུ་བཀྲལ་ལོ། །དེ་ནི་མི་རིགས་ཏེ། གང་གི་ཕྱིར་ན་སློབ་དཔོན་འཕགས་པ་ལྷ་འདི་ནི། །སློབ་དཔོན་ཀླུ་སྒྲུབ་སློབ་མར་སྣང་བ་འདོད་གྱུར་པས། །དེ་ཕྱིར་འདི་ཡི་དེ་ཉིད་ལུགས་ལས་ལུགས་གཞན་མིན། །འདི་ལྟར་སློབ་དཔོན་འཕགས་པ་ལྷ་ནི་སིངྒ་ལའི་གླིང་དུ་འཁྲུངས་པའི་རྒྱལ་པོའི་སྲས་ཤིག་སྟེ། མཐར་རྒྱལ་ཚབ་བོར་ཏེ་དེ་ཉིད་དུ་རབ་ཏུ་བྱུང་ནས། དེ་ནས་ལྷོ་ཕྱོགས་ཀྱི་རྒྱུད་ལྟར་འོངས་ཏེ། སློབ་དཔོན་ཀླུ་སྒྲུབ་ཀྱི་ཉེ་གནས་སུ་གྱུར་ཅིང་། དེའི་ལུགས་ཀྱི་རྗེས་སུ་འཇུག་པ་དེ་ཉིད་ཀྱི་ཕྱིར་ན། བསྟན་བཅོས་བཞི་བརྒྱ་པ་འདིའི་བརྗོད་བྱའི་དེ་ཁོ་ན་ཉིད་གང་ཡིན་པ་ནི་སློབ་དཔོན་ཀླུ་སྒྲུབ་ཀྱི་དབུ་མའི་བསྟན་བཅོས་ལས་བཤད་པའི་དེ་ཁོ་ན་ཉིད་ལས་མཚན་ཉིད་ཐ་དད་པར་མི་རིགས་སོ། །དེའི་ཕྱིར། གང་ཞིག་མཚན་ཉིད་སོ་སོར་བྱས་ནས་སྨྲ་བར་བྱེད་པ་དེའི་གཞུང་ལུགས་སོ་སོར་སྨྲ་བ་ཤིན་ཏུ་བབ་ཅོལ་ཡིན་ཏེ། དེའི་ཆོས་ཉིད་ལ་ལོག་པར་རྟོག་པའི་ཕྱིར། གསུམ་པ་ནི། དེ་བས་བསྟན་བཅོས་འདི་ནི་ཚིགས་སུ་བཅད་པ་བཞི་བརྒྱ་ཡོད་པས། ཙ་ཏུ་ཤ་ཏ་ཀ་ཤཱསྟྲ་ཞེས་བསྟན་བཅོས་བཞི་བརྒྱ་པ་ཞེས་བརྗོད་པར་བྱ་བ་ཡིན་པ་ལས། རྩ་བའི་གླེགས་བམ་དུ་ཤ་ཏ་ཀ་ཤཱསྟྲ་ཞེས་བསྟན་བཅོས་བརྒྱ་པ་ཞེས་འབྱུང་བ་ནི། བསྟན་བཅོས་བཞི་བརྒྱ་པ་འདི་ནི། བཞི་སྒྲ་མི་མངོན་བྱས་པ་དང་། །རྟོག་རྣམས་སེལ་བར་བྱེད་པའི་ཕྱིར། །བརྒྱ་པ་ཞེས་བྱར་བརྗོད་པ་སྟེ། །འཛིན་པ་འཆོས་ཕྱིར་བསྟན་བཅོས་སོ། །ཙ་ཏུ་ཞེས་པ་དང་པོའི་སྒྲ་མི་མངོན་པར་བྱས་ནས། རྟོག་པ་རྣམས་སེལ་བར་བྱེད་པའི་ཕྱིར་བརྒྱ་པ་ཡིན་ལ། འཛིན་པ་རྣམ་པ་སྣ་ཚོགས་འཆོས་པར་བྱེད་པའི་ཕྱིར་དེ་ཉིད་བསྟན་བཅོས་ཏེ། དེའི་ཕྱིར་བསྟན་བཅོས་བརྒྱ་པ་ཞེས་བྱེད་ལས་ཀྱི་སྒོ་ནས་མིང་དུ་བཏགས་སོ། །གཉིས་པ་ཡན་ལག་གི་དོན་ལ། ཀུན་རྫོབ་བདེན་པ་ལ་བརྟེན་ནས་སྨིན་བྱེད་ཀྱི་ལམ། དོན་དམ་བདེན་པ་ལ་བརྟེན་ནས་གྲོལ་བྱེད་ཀྱི་ལམ་བཤད་པ་གཉིས་ཀྱི། དང་པོ་ལའང་། འགལ་རྐྱེན་ཕྱིན་ཅི་ལོག་བཞི་བསལ་བ་དང་། མཐུན་རྐྱེན་བྱང་སེམས་ཀྱི་སྤྱོད་པ་སོགས་བསྟན་པ་གཉིས་ཀྱི། དང་པོ་ལ་བཞི་ལས། དང་པོ་ནི། སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་དང་། དེ་རྟོགས་པས་སྡུག་བསྔལ་ལ་སོགས་པ་ཁོང་དུ་ཆུད་པར་སླ་བའི་ཕྱིར་ན། དངོས་པོ་རྣམས་ཀུན་རྫོབ་ཏུ་ཇི་ལྟར་གནས་པ་བཞིན་ཡོངས་སུ་གསལ་བར་བྱ་བའི་ཕྱིར་དང་པོར་རྟག་པ་ཕྱིན་ཅི་ལོག་གི་གཉེན་པོར་མི་རྟག་པར་བསྒོམ་པར་བཤད་དོ། །དེ་ལའང་མི་རྟག་པ་བསྒོམ་ཚུལ་དངོས། དེ་ཡི་ཕན་ཡོན་བཤད་པ་གཉིས་ཀྱི། དང་པོ་ལ། རང་འཆི་བ་རྗེས་སུ་དྲན་པ་བསྒོམ། གཞན་འཆི་བ་ལ་མྱ་ངན་མི་རིགས་པར་བསྟན་པ་གཉིས་ཀྱི། དང་པོ་ལའང་འཆི་བ་རྗེས་སུ་དྲན་པའི་སྒོ་ནས་བག་ཡོད་ལ་བསྐུལ་བ་མདོར་བསྟན། དེ་བརྒལ་ལན་གྱིས་རྒྱས་པར་བཤད་པ་གཉིས་ཀྱི། དང་པོ་ནི། འཆི་བདག་གི་བདུད་ལས་མ་གྲོལ་བའི་སྐྱེས་བུ་གང་ལ། ས་འོག་ས་སྟེང་ས་བླའམ། འདོད་པ་དང་གཟུགས་དང་གཟུགས་མེད་པའི་འཇིག་རྟེན་གསུམ་ལ་དགའ་མགུར་དབང་བྱེད་པའི་མངའ་བདག་རང་ཉིད་འཆི་བདག་གི་རྒྱལ་པོ་གཞན་གྱིས་བསྐུལ་བར་བྱེད་པ་པོ་མེད་ཅིང་། རང་གིས་ཀྱང་གཞན་ལ་བསྐུལ་བ་མ་ཡིན་གྱི། རང་ཉིད་ཀྱིས་འཆི་བདག་སྟེ་སྐྱེ་རྒུ་རྣམས་ཀྱི་སྲོག་གཅོད་པར་བྱེད་པས་ན་སྐྱེས་བུའི་རྩལ་གང་གིས་ཀྱང་ལྡོག་ཏུ་མེད་པ། གཤེད་མ་རལ་གྲི་གདེངས་པ་ལྟ་བུ་ཡོད་པ་དེས་ན་འཆི་ལྟས་ཀྱིས་ཟིན་པའམ་མགོའམ་གོས་ལ་མེ་ཤོར་བ་ལྟར་བྱས་ཏེ། འཆི་བདག་གི་བདུད་གཞོམ་པའི་ཕྱིར་འཕགས་པའི་ལམ་བསྐྱེད་པ་ལ་བརྩོན་པར་བྱ་དགོས་ཏེ། འཆི་བདག་གི་བདུད་བཅོམ་པའི་རྣལ་མ་སངས་རྒྱས་དང་དགྲ་བཅོམ་ལ་སོགས་པ་བཞིན་དུ་གཉིད་ལོག་ཅིང་འཆི་བདག་ཕྱིར་བཅོས་པའི་ཐབས་ལ་གུས་པར་མི་བྱེད་ན། བག་མེད་པའི་གང་ཟག་དེ་ལས་ཆེས་མཆོག་ཏུ་གྱུར་པའི་མ་རུངས་པ་གཞན་ཅི་ཡོད་དེ། དེའི་ཕྱིར་འཆི་བདག་གི་ཆད་པའི་དཀྱིལ་ན་ཡོད་པའི་གང་ཟག་རྣམས་ཀྱིས་ནི་བདག་ཉིད་ཀྱི་ཚུལ་ཤེས་པར་བྱས་ནས་རྟག་ཏུ་བག་ཡོད་པ་ལ་གནས་པར་རིགས་སོ། །འདིར་རབ་ཏུ་བྱེད་པ་དང་པོ་བརྒྱད་ལ་འགྲེལ་པར། ཚིགས་སུ་བཅད་པ་རེ་རེ་ལ་དཔེ་དང་བཅས་ཏེ་བཤད་པ་རྣམས་ནི་འདིར་ཡི་གེ་མང་བས་འཇིགས་པའི་ཕྱིར་མི་འབྲིའོ། །བསྟན་བཅོས་འདི་ཡང་ཐོག་མར་སྟོན་པ་ལ་གུས་པ་བསྐྱེད་པའི་ཕྱིར་མཆོད་པ་བྱ་བར་རིགས་སོ་ཞེ་ན། བདེན་མོད་ཀྱི། འོན་ཀྱང་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། དབུ་མའི་བསྟན་བཅོས་ཀྱི་རྩ་བར། གང་གིས་རྟེན་ཅིང་འབྲེལ་བར་འབྱུང་། །ཞེས་སོགས་ཀྱིས་ཐོག་མར་བཅོམ་ལྡན་འདས་ལ་བསྟོད་པར་མཛད་ལ། བསྟན་བཅོས་འདི་ཡང་དེའི་ཁོངས་སུ་གཏོགས་པའི་ཕྱིར། ལོགས་སུ་མཆོད་བརྗོད་མ་བཀོད་དོ་ཞེས་སྔོན་གྱི་སློབ་དཔོན་རྣམས་གསུངས་སོ ། །

གཉིས་པ་ལ། རགས་པ་རྒྱུན་གྱི་མི་རྟག་པ་དང་། ཕྲ་བ་སྐད་ཅིག་གི་མི་རྟག་པ་གཉིས་ཀྱི། དང་པོ་ལ་ཡང་ལྔ་ལས། དང་པོ་གསོན་པ་འཆི་བ་ཟློག་བྱེད་ཡིན་པ་དགག་པ་ནི། གལ་ཏེ་འཇིག་རྟེན་གསུམ་ལ་མངའ་སྒྱུར་བའི་འཆི་བདག་ཡོད་མོད། དེ་ལྟ་ན་ཡང་དེའི་སྔ་རོལ་ན་གསོན་པ་ཡོད་པས་ཇི་སྲིད་གསོན་པ་དེ་སྲིད་ཀྱི་བར་དུ་འཆི་བདག་ལ་མི་འཇིགས་སོ་ཞེ་ན། གསོན་པ་ནི་འཆི་བ་ཟློག་བྱེད་མ་ཡིན་ཏེ། དེ་ཡང་འཆི་བའི་དོན་ཅན་ཡིན་པའི་ཕྱིར་རོ། །འདི་ལྟར་རྒ་ཤི་སྐྱེ་བའི་རྐྱེན་ཅན་ཡིན་པའི་ཕྱིར། དཔེར་ན་ཟས་གཡོ་བ་བཟའ་བར་བྱ་བའི་ཆེད་ཁོ་ན་ཡིན་པ་ལྟར། སྐྱེ་རྒུ་ཐམས་ཅད་འཆི་བར་བྱ་བའི་ཆེད་ཁོ་ནར་དང་པོར་སྐྱེས་པར་གྱུར་ཅིང་གཤེད་མས་གསད་བྱ་གསོད་སར་དཀྲི་བ་ལྟར་བར་དུ་ཡང་འཆི་བདག་དང་སྤྲོད་པའི་རྒྱུ་རྒ་བ་དང་ན་བ་དང་རྒུད་པ་ལ་སོགས་རྐྱེན་གཞན་གྱི་དབང་གིས་སྐད་ཅིག་ཀྱང་མི་སྡོད་པར་འཆི་བདག་གི་དྲུང་དུ་འགྲོ་བའི་ངང་ཚུལ་ཅན་གྱི་གསོན་པ་ལ་ནི་གསད་བྱ་མགོ་བོ་གཅོད་པ་ལྟར་འཆི་བར་བྱ་བ་བྱེད་བཞིན་པ་ལྟར་སྣང་གི གསོན་པར་བྱ་བ་མིན་པ་ལྟ་བུར་སྣང་སྟེ། འཆི་བའི་དོན་དུ་ཞུགས་པའི་ཕྱིར་ཏེ་གསོད་སར་ཁྲིད་པའི་ཕྱུགས་བཞིན་ནོ། །དེ་བས་ན་ཐོག་མ་ནས་གསོན་དུ་རེ་བའི་བདག་ཉིད་སླུ་བར་མི་བྱ་སྟེ། ཇི་སྐད་དུ། མི་ཡི་དཔའ་བོ་ཐོག་མའི་མཚན་མོ་ནི། །གང་ན་འཇིག་རྟེན་མངལ་ན་གནས་གྱུར་པ། །དེ་ནས་བརྩམས་ཏེ་དེ་ནི་ཉིན་རེ་བཞིན། །འབྲོས་བཤོལ་མེད་པར་འཆི་བདག་དྲུང་དུ་འགྲོ །ཞེས་གསུངས་པ་ལྟར་རོ། །ཅི་སྟེ་དེང་སང་ནི་ཚེ་ལོ་བརྒྱ་པ་ཡིན་ལ། བདག་གི་དང་པོའི་ལོ་བཅུ་དྲུག་ནི་འདས། ལྷག་མ་བརྒྱད་ཅུ་རྩ་བཞི་ལུས་པས། གསོན་པ་ཡུན་རིང་བའི་ཕྱིར་གསོན་པ་ལ་རེ་བ་འཆའ་བ་རིགས་སོ་སྙམ་ན། ཁྱོད་ཀྱིས་འདས་པའི་ཚེ་ཐུང་ངུ་ལྟར་མཐོང་ཞིང་མ་འོངས་པའི་ཚེ་ཐུང་ངུ་ལས་གཞན་རིང་པོ་ལྟར་ངེས་པར་གཟུང་ནས་ཡིད་བག་མེད་པར་སྤྱོད་པ་དེ་ནི་མི་རིགས་ཏེ། འདི་ལྟར། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པ་ཡི་ནི་ཉུང་ཟད་ཅིག །དེ་དག་ཉིད་ཀྱང་འཆི་བའི་རྐྱེན། །ཞེས་གསུངས་པ་ལྟར། འཆི་བའི་དུས་ངེས་པ་མེད་པས་མ་འོངས་པའི་ཚེ་རིང་ངམ་ཐུང་ངེས་པ་མེད་པ་ལྟར། འདས་པའི་ཚེ་ཡང་རིང་ངམ་ཐུང་ངེས་པར་མི་ནུས་ཏེ། དེའི་རིང་ཐུང་མ་འོངས་པའི་ཚེ་རིང་ཐུང་ལ་ལྟོས་པའི་ཕྱིར་རོ། །དེ་བས་ན་ཁྱོད་འདས་པ་དང་མ་འོངས་པའི་ཚེ་རིང་ཐུང་མཉམ་པའམ། འོན་ཏེ་འདས་པ་ཐུང་ཞིང་མ་འོངས་པ་རིང་བས་མི་མཉམ་པ་ལྟར་སེམས་པ་དེ་ནི་གསལ་བར་འཆི་བས་འཇིགས་པར་སྟོན་པ་ཁོ་ན་ཡིན་ཏེ། དཔེར་ན་ལམ་འཇིགས་པ་དང་བཅས་པར་ཞུགས་པའི་མི་ཞིག་ཆོམ་རྐུན་པས་འཇིགས་པ་བཞིན་དུ་མི་འཇིགས་པ་སྐད་བྱས་ནས་བསྟན་པའི་འོ་དོད་འབོད་པ་ན་དེ་ཉིད་ཀྱིས་འཇིགས་པར་སྟོན་པ་དང་འདྲའོ། །

གཉིས་པ་ཐུན་མོང་བ་མི་འཇིགས་པའི་རྒྱུ་ཡིན་པ་དགག་པ་ནི། གལ་ཏེ་མ་འོངས་པ་རིང་བར་བརྟག་མི་ནུས་ཀྱང་འཆི་བ་སེམས་ཅན་གྱི་ཐུན་མོང་བ་ཡིན་པས་དེ་ལ་སྐྲག་པ་མི་འབྱུང་ངོ་ཞེ་ན། འཆི་བ་སེམས་ཅན་གཞན་དག་ལ་ཡང་སྤྱི་མཐུན་ཡིན་པའི་ཕྱིར་ཁྱོད་ལ་འཆི་བའི་འཇིགས་པ་མེད་པར་སེམས་ན་དེ་ནི་མི་རིགས་ཏེ། གང་ཟག་གཅིག་ལ་འཆི་བདག་གི་གནོད་པ་གང་ཡིན་པ་དེ་གཞན་ལ་མ་མཐོང་བ་ན་ཕྲག་དོག་གི་སྒོ་ནས་འཆི་བས་སྡུག་བསྔལ་བསྐྱེད་པར་འགྱུར་བ་ཡིན་ལ། དེའི་ཚེ་གཞན་ལ་ཡང་འབྱུང་བ་མཐོང་བས་འདིའི་སྡུག་བསྔལ་ལྡོག་པར་མི་རིགས་ཏེ། དཔེར་ན་རྒྱལ་པོས་གྲོང་པ་གང་ལས་ཐོག་མར་དཔྱ་བླངས་ཏེ་དང་པོར་སྡུག་བསྔལ་བར་འགྱུར་ལ། ཕྱིས་ཐམས་ཅད་ལས་བླངས་པ་ན་སྡུག་བསྔལ་བ་མི་འགྱུར་བ་བཞིན་ནོ་ཞེས་པ་ལྟར་འཆི་བ་འདི་ནི་གཅིག་ལ་བྱུང་བ་ན་གཞན་ལ་མ་མཐོང་བས་སྡུག་བསྔལ་བསྐྱེད་པ་མ་ཡིན་གྱི། རང་གི་ངོ་བོས་སྡུག་བསྔལ་བསྐྱེད་པ་ཡིན་པས་ཐུན་མོང་བ་ཉིད་སྡུག་བསྔལ་ལྡོག་པའི་རྒྱུ་མ་ཡིན་ནོ། །དེའི་ཕྱིར་སྐྲག་པའི་གནས་ལ་སྐྲག་པ་ཉིད་རིགས་སོ། །གསུམ་པ་ཕྱིར་བཅོས་མི་འཇིགས་པའི་རྒྱུ་ཡིན་པ་དགག་པ་ནི། གལ་ཏེ་ན་བ་དང་རྒ་བ་མེད་པར་ཡང་འཆི་བ་མི་འབྱུང་ཞིང་དེ་དག་ནི་གསོ་དཔྱད་དང་བཅུད་ལེན་སོགས་ཀྱིས་ཕྱིར་བཅོས་སུ་རུང་བའི་ཕྱིར་འཆི་བ་ལ་མི་འཇིགས་སོ་སྙམ་ན། ནད་གསོ་དཔྱད་ཀྱིས་བཅོས་སུ་ཡོད་ཅིང་། རྒ་བ་བཅུད་ལེན་གྱིས་གསོ་བར་བྱ་བ་དེས་ན་དེ་དག་ལ་ཁྱོད་མི་འཇིགས་སུ་ཆུག་མོད། ཆད་པ་ཕྱི་མ་འཆི་བདག་ནི་གང་གིས་ཀྱང་ཕྱིར་བཅོས་སུ་མེད་པས་ཁྱོད་ཆེས་གསལ་བར་འཆི་བ་དེ་ལ་འཇིགས་པར་རིགས་ཏེ། རྒ་བ་དང་ན་བའི་བཅོས་ཀ་ཙམ་ལ་རེ་བའི་སྒོ་ནས་བདག་ཉིད་བསླུ་བར་མི་རིགས་སོ། །བཞི་པ་མ་ངེས་པ་མི་འཇིགས་པའི་རྒྱུ་ཡིན་པ་དགག་པ་ནི། གལ་ཏེ་སྐྱེས་བུའི་མཐུས་བཟློག་ཏུ་མེད་པའི་འཆི་བ་ཞེས་བྱ་བ་འདི་ཡོད་མོད། དེ་ལྟ་ན་ཡང་ད་ལྟར་ངེས་པ་མི་ཟིན་པའི་ཕྱིར་ཧ་ཅང་འཇིགས་པ་འདྲེན་བྱེད་མ་ཡིན་ནོ་ཞེ་ན། གལ་ཏེ་འཆི་བ་ཐུན་མོང་མ་ཡིན་ཞིང་མི་སྣང་བར་འགྱུར་ན་དེ་སྐད་བརྗོད་པ་བདེན་པ་ཞིག་ན། འཆི་བ་ནི་རྟོགས་པར་དཀའ་བ་མ་ཡིན་ཏེ། གསད་བྱའི་ཕྱུགས་རྣམས་འཆི་བ་ལ་ཐུན་མོང་བ་ཡིན་ཞིང་གཅིག་གིས་གཅིག་འཆི་བའང་མཐོང་བ་ལྟར། འཆི་བའང་སྐྱེ་བོ་ཀུན་གྱི་ཐུན་མོང་བ་ཡིན་ཞིང་། གཞན་ཡང་དུ་མ་ཞིག་འཆི་བར་སྣང་བར་གྱུར་པ་ན། ཁྱོད་ལ་རྒྱུ་ཅིས་འཆི་བདག་ལ་འཇིགས་པ་མེད་པ་ཡིན། རྒྱུ་གཉིས་ཀྱིས་འཆི་བ་ལ་མི་འཇིགས་པར་རིགས་ཏེ་དེ་མ་དམིགས་པ་དང་། དེ་ལས་འདས་པའོ། །དེ་གཉིས་ཀྱང་ཁྱོད་ལ་མེད་ན་གང་གིས་ན་བག་མེད་པར་སྤྱོད་པར་བྱེད། གལ་ཏེ་འཆི་བ་མངོན་སུམ་གྱིས་དམིགས་ཀྱང་འདི་ཙམ་ན་འཆི་ཞེས་དུས་མ་ངེས་པའི་ཕྱིར་མི་འཇིགས་སོ་ཞེ་ན། འཆི་བའི་དུས་ངེས་པ་མེད་པའི་ཕྱིར་བདག་མི་འཆི་ཞིང་རྟག་གོ་སྙམ་དུ་སེམས་ན། འཆི་བའི་དུས་ལ་ངེས་པ་མེད་པ་དེ་ཉིད་ཀྱིས་འཇིགས་པར་བྱ་དགོས་བཞིན་དུ་དེ་ཉིད་ཀྱིས་མི་འཇིགས་ཞེས་པ་ཆེར་བླུན་ཏེ། དེང་ངམ་སང་ལ་སོགས་ནམ་ཞིག་གི་དུས་ནས་འཆི་བདག་ཉེ་བར་ལྷགས་པས་གནོད་པ་བྱེད་པར་འགྱུར་རོ། །དེས་ན་གསོན་པའི་དུས་རིང་བ་ལ་རེ་བ་དོར་ནས་འཆི་བའི་འདུ་ཤེས་མངོན་དུ་བྱས་ཏེ་བག་ཡོད་པ་བྱ་བར་རིགས་སོ། །ལྔ་པ་དཔའ་བོ་ལ་འཆི་བ་འཇིགས་པའི་རྒྱུ་མ་ཡིན་པ་དགག་པ་ནི། གལ་ཏེ་འཆི་བར་ངེས་མོད་ཀྱི། དེ་ལྟ་ན་དེ་ནི་སྔར་མ་ཁོ་ན་ལ་འཇིགས་པ་བསྐྱེད་ཀྱི། དཔའ་བོ་རྣམས་ལ་ནི་མ་ཡིན་ཏེ། དཔའ་བོ་རྣམས་ཀྱི་རྙེད་བཀུར་དང་སྙན་གྲགས་སྒྲུབ་པ་ལྷུར་ལེན་ཅིང་། གཡུལ་ངོར་མཚོན་ཆ་རྣོན་པོ་ལུས་ལ་བབ་པའམ་ཉམ་ང་བ་ལ་ཡང་མི་འཇིགས་ཤིང་། རང་ཉིད་བརྟན་པའི་གདེང་གིས་གཞན་ལ་གནོད་པ་བྱེད་པར་མཐོང་བའི་ཕྱིར་རོ་ཞེ་ན། ཚེ་འདིའི་མ་འོངས་པའི་དོན་རྙེད་བཀུར་སོགས་ལ་ལྟ་ཞིང་། གང་གི་དོན་དུ་རྙེད་བཀུར་སོགས་སྒྲུབ་པ་དོན་ཉེ་བར་སྤྱོད་པའི་རྟེན་གསོན་པ་ཟད་པ་ལ་ལྟ་བ་མ་ཡིན་པར་གཡུལ་ངོར་འཇུག་པ་ན། བདག་ཉིད་ཀྱི་སྲོག་འཚོང་བའི་བྱ་བ་མ་འོངས་པའི་དོན་སྒྲུབ་པ་ཁྱེད་ལ་བདག་ཉིད་རྣམ་དཔྱོད་ལྡན་པ་ཡིན་ཞེས་མཁས་པ་སུ་ཞིག་སྨྲ་སྟེ་མཁས་པ་འགའ་ཡང་མ་ཡིན་གྱི། རྨོངས་པ་རྣམས་ཁོ་ན་དེ་ལྟ་བུ་ལ་ཡ་མཚན་དུ་འཛིན་ཏོ། །གལ་ཏེ་ནོར་ཕྱིར་སྲོག་གཏོང་བ་སྨད་པ་ཡིན་ན་རང་གི་སྲོག་བསྲུང་བའི་ཕྱིར་སྡིག་པ་ཡང་སྤྱད་པར་འོས་སོ་ཞེ་ན། དཔེར་ན་མི་འགའ་ཞིག་གིས་རང་གཏའ་མར་བཞག་ནས་ཆང་འཐུང་གི རང་གི་མ་འོངས་པ་ན་བཀྲེན་པ་ལ་སོགས་པའི་སྡུག་བསྔལ་ལ་མི་ལྟ་བ་བཞིན། འདིའི་ཡུལ་སྨིག་རྒྱུ་ལྟ་བུ་ལ་ཆགས་པའི་སྒོ་ནས་དམྱལ་བ་ལ་སོགས་པའི་སྡུག་བསྔལ་དྲག་པོ་ལ་རྩིས་མེད་པར་བྱས་ནས། དེར་བདག་ཉིད་གཏའ་མར་བཞག་ནས་འདོད་པའི་ཕྱིར་དུ་སྡིག་པའི་ལས་ཅིའི་ཕྱིར་བྱེད། དེ་བས་ན་འདོད་ཡོན་གྱི་ཕྱིར་སྡིག་པ་སྤྱོད་པ་ཁྱོད་ནི་ངེས་པར་མཁས་པ་དགྲ་བཅོམ་པ་རྣམས་ལྟར་བདག་ལ་འདོད་ཆགས་དང་བྲལ་བར་ཟད་དེ་གཞན་དུ་ན་བདག་ཉིད་ལ་སྡུག་བསྔལ་བསྐྱེད་པའི་རྒྱུ་སྡིག་པ་སྤྱོད་པ་མི་རིགས་པས་མི་བྱའོ། །

གཉིས་པ་ནི། གཞན་ཡང་ཡུན་རིང་དུ་གསོན་དུ་རེ་བས་ཚེ་འདིར་བདག་ཉིད་བཙོངས་ནས་སྡིག་པ་སྤྱོད་པ་མི་རིགས་ཏེ། སེམས་ཅན་སུ་ལའང་གསོན་པ་ཞེས་བྱ་བ་སེམས་ཀྱི་སྐད་ཅིག་མ་རེ་རེ་ལས་གཞན་མེད་པའི་ཕྱིར་རོ། །འདི་ལྟར་འདུ་བྱེད་ཐམས་ཅད་སྐད་ཅིག་མ་ཡིན་ཏེ། སྐྱེས་མ་ཐག་ཏུ་འཇིག་པ་ལ་གེགས་མེད་པའི་ཕྱིར་དང་། མི་རྟག་པ་ཡང་སྐྱེས་པ་ཙམ་ལ་བརྟེན་པའི་ཕྱིར་རོ། །གལ་ཏེ་འདུ་བྱེད་སྐད་ཅིག་མ་ཡིན་ན། འཇིག་རྟེན་རྣམས་གསོན་པ་ཡུན་རིང་བར་རློམས་ནས་མི་རིགས་པ་ཅི་སྟེ་སྤྱོད་ཅེ་ན། འདུ་བྱེད་སྐད་ཅིག་མ་འདྲ་བ་བར་མ་ཆད་དུ་འབྱུང་བ་རྣམས་སྔ་ཕྱི་འདྲ་བས་བསླུས་ནས། སྐྱེ་བོས་སྐད་ཅིག་མ་དེ་ངེས་པར་མི་རིག་པར་གསོན་པ་ཡུན་རིང་བར་རློམས་ནས་མི་རིགས་པ་སྤྱོད་དོ། །དེ་བས་ན་འཇིག་རྟེན་ན་བདག་གི་རང་བཞིན་ཇི་ལྟ་བ་བཞིན་ཤེས་པ་རྙེད་པ་དཀོན་ཏེ། བདག་གི་རང་བཞིན་ཤེས་པ་རྣམས་ཕྱིན་ཅི་ལོག་རྒྱུ་མེད་པས་སྡིག་པ་མི་སྤྱོད་ན། འཇིག་རྟེན་ཕལ་ཆེར་སྡིག་པ་ལ་གཞོལ་བས་སོ། །གལ་ཏེ་གསོན་པ་སྐད་ཅིག་མ་ཡིན་ཡང་དེའི་རྒྱུན་རིང་བས་དེ་ལ་མངོན་པར་ཞེན་པ་རིགས་སོ་ཞེ་ན། ཁྱོད་དུས་ཡུན་རིང་དུ་གསོན་པ་ལ་དགའ་ཞིང་དེ་དང་རྗེས་སུ་འབྲེལ་བ་གཉེར་མ་དང་སྐྲ་དཀར་སོགས་དང་ལྡན་པའི་རྒ་བ་ཉིད་ལ་ནི་ཁྱོད་མི་དགའ་ན། དེའི་ཕྱིར་ཨེ་མ་ཁྱོད་ཀྱི་སྤྱོད་ལོག་འདི་ནི་དམ་པ་མ་ཡིན་པ་སྐྱེ་བོ་ཁྱོད་རང་དང་འདྲ་བ་བྱིས་པ་རྣམས་ཁོ་ན་ལ་དམ་པ་ལྟ་བུར་སྣང་གི གཞན་ལ་མ་ཡིན་ནོ། །དེའི་ཕྱིར་རྒ་བ་མི་འདོད་པས་ནི་རྒྱུན་ལ་མངོན་པར་ཞེན་པར་མི་བྱའོ། །

གཉིས་པ་གཞན་གྱི་འཆི་བ་ལ་མྱ་ངན་མི་རིགས་པ་ལ་མདོར་བསྟན་པ་དང་། དེ་བརྒལ་ལན་གྱིས་གཏན་ལ་དབབ་པ་གཉིས་ཀྱི། དང་པོ་ནི། རྒ་ཤི་མི་འདོད་པ་ཡིན་མོད། དེ་ལྟ་ན་ཡང་དེ་གཉིས་ཇི་ལྟ་བུ་ལ་ཡོད་པ་མྱ་ངན་གྱི་རྒྱུ་ཡིན་པ་ལྟར་རང་ལ་ཡོད་པ་མ་ཡིན་ནོ་ཞེ་ན། བདག་ཉིད་འཆི་བའི་ཆོས་ཅན་དུ་གྱུར་པ་དེས་ནི་འཆི་བ་ལས་འདའ་བའི་བྱ་བ་མ་བྱས་པའི་ཕྱིར་ཁྱོད་རང་ཉིད་འཆི་བ་ལ་མྱ་ངན་བྱ་བར་འོས་ཀྱི། བུ་ལ་སོགས་པ་རྣམས་ཤི་བ་ལ་དེའི་ཕྱིར་དུ་ཅི་སྟེ་མྱ་ངན་བྱེད་དེ་མི་རིགས་སོ། །འདི་ལྟར་གང་ཞིག་རང་འཆི་བདག་ལས་འདས་པ་དེ་ནི་གཞན་འཆི་བ་ལ་མྱ་ངན་རིགས་ན། རང་ཉིད་འཆི་བདག་གི་སྤྱོད་བྱར་གྱུར་བཞིན་དུ། གཞན་འཆི་བདག་གིས་སྤྱོས་ཞེས་སྨྲ་བ་པོ་ནི་ཇི་ལྟར་བུར་ན་དམ་པ་གཞན་གྱིས་སྨད་པར་འོས་པར་མི་འགྱུར། དེ་བས་ན་གཞན་དག་འཆི་བར་མཐོང་བ་ན་བདག་ཀྱང་དེ་དང་འདྲའོ་ཞེས་ངེས་པར་བྱས་ནས་བག་ཡོད་པར་བྱའི། རྟག་ཏུ་མྱ་ངན་གྱི་ཁང་བུར་ཞུགས་ནས་དགེ་བའི་ཕྱོགས་ཉམས་པར་མི་བྱའོ། །གཉིས་པ་ལ་དྲུག་གི དང་པོ་མ་དྲིས་པར་འགྲོ་བ་མྱ་ངན་གྱི་རྒྱུ་ཡིན་པ་དགག་པ་ནི། དེ་ལྟ་ན་ཡང་བུར་ཡོངས་སུ་གཟུང་བ་མ་དྲིས་པར་འཇིག་རྟེན་ཕ་རོལ་དུ་འགྲོ་བ་སྡུག་བསྔལ་གྱི་རྒྱུ་ཡིན་ནོ་ཞེ་ན། གང་གི་ཚེ་སེམས་ཅན་འགའ་ཞིག་ཁྱོད་ཀྱིས་བདག་གི་བུ་གྱིས་ཤིག་ཅེས་མ་བཅོལ་བར་རང་ཉིད་འདོད་རྒྱལ་དུ་བུར་གྱུར་པ་དེའི་ཚེ་འཇིག་རྟེན་ཕ་རོལ་ཏུ་འགྲོ་འདོད་པ་ན་ཡང་བདག་འགྲོའོ་ཞེས་མ་དྲིས་པར་རང་འདོད་ཙམ་གྱིས་འགྲོ་བ་རིགས་པར་མི་འགྱུར་བ་ཡིན་ཏེ། འོང་བ་དང་འགྲོ་བ་གཉིས་ཀ་འདོད་རྒྱལ་དུ་སྤྱོད་པ་དེའི་ཆོས་ཉིད་ཡིན་པས་སོ། །ཡང་ན་འདིས་འགྲོ་བ་མ་དྲིས་པ་ཡང་མ་ཡིན་ཏེ། འདིས་ཡིག་འབྲུ་མེད་པར་ཕ་རོལ་ཏུ་འགྲོ་སྐལ་བགོས་མོད་ཀྱི། ཁྱོད་རང་ཉིད་གཏི་མུག་པའི་ཕྱིར་བུའི་འགྲོ་བའི་སྐལ་བ་བགོས་པའི་རྣམ་པར་རྟོག་པ་མེད་པར་ཟད་དོ། །འདིའི་འགྲོ་བའི་སྐལ་བ་བགོས་པའི་རྣམ་པ་ཇི་ལྟ་བུ་ཞེ་ན། འདིའི་ཕ་རོལ་ཏུ་འགྲོ་བ་སྤྲོ་བ་ཉིད་སྐད་ཅིག་གཅིག་ནས་གཅིག་ཏུ་འབྲེལ་བ་ཡོངས་སུ་སྒྱུར་པས་བྱས་པ་རྒས་ཤིང་འཁོགས་པ་ཉིད་ཀྱིས་སྟོན་པར་བྱེད་དོ། །

གཉིས་པ་ཆགས་པ་མྱ་ངན་གྱི་རྒྱུ་ཡིན་པ་དགག་པ་ནི། དེ་ལྟ་ན་ཡང་བུ་ལ་ཆེས་ཆགས་པ་ཉིད་ཕའི་མྱ་ངན་གྱི་རྒྱུར་འགྱུར་རོ་ཞེ་ན། བུ་ལ་ཧ་ཅང་ཆགས་པ་ཡང་མི་རིགས་ཏེ། ཇི་ལྟར་ཕ་ལ་སྙིང་དུ་སྡུག་པ་དེ་ལྟར་བུ་དེས་ཕ་ལ་སྡུག་པ་སྐྱེ་བ་མ་ཡིན་ནོ། །དེ་བས་ན་ཇི་ལྟར་འཇིག་རྟེན་བུ་ལ་སོགས་པ་འོག་མ་དག་ལ་སྲེད་པ་ལྷུང་བ་དེ་ལྟར་ཕ་ལ་སོགས་པ་གོང་མ་ལ་སྲེད་པ་འཛེགས་པ་མི་སྲིད་པའི་ཕྱིར་དང་། སྲེད་པ་ཇི་བཞིན་དུ་ལས་ཀྱིས་འཕེན་པའི་ཕྱིར་འཇིག་རྟེན་འདི་ནི་སྐྱེ་གནས་འོག་ནས་འོག་ཏུ་འགྲོ་བ་དེའི་ཕྱིར་མཐོ་རིས་ཀྱང་རྙེད་པར་དཀའ་ན་ཐར་པ་ལྟ་ཅི་སྨོས། དེ་བས་ན་ཕ་མ་ལ་སོགས་པ་བླ་མ་ལ་གུས་པའི་ཆགས་པ་ལྷུར་བླང་བར་བྱའོ། །གཞན་ཡང་བུ་ལ་རྗེས་སུ་ཆགས་པ་འདི་རྗེས་སུ་མཐུན་པའི་བུ་ལ་ཡིན་ནམ་འོན་ཏེ་མི་མཐུན་པ་ལ་ཡིན། དེ་ལ་གང་གི་ཚེ་བུ་ཕའི་རྗེས་སུ་མི་མཐུན་ཞིང་ངོར་མི་འཇུག་པ་དེའི་ཚེ་ཕ་དགའ་ཡང་བུ་ལ་སྡུག་ཅིང་ཆགས་པ་ཡོད་པ་མ་ཡིན་ནོ། །ཅི་སྟེ་རྗེས་སུ་མཐུན་པ་ལ་ཆགས་པ་དེའི་ཚེ་ངའི་ངོར་འཇུག་གོ་ཞེས་དེའི་ལན་དུ་ཆགས་པ་སྐྱེ་ན་ནི་ལག་རྗེ་ལུས་རྗེའི་ཚོང་པ་དང་འདྲ་བའི་ཆགས་པ་འབའ་ཞིག་སྐྱེ་བར་ཟད་ཀྱི་བུའི་རྒྱུ་མཚན་གྱིས་ཆགས་པ་ནི་མ་ཡིན་ནོ། །ཅི་སྟེ་རྗེས་སུ་མཐུན་མི་མཐུན་ལ་མི་ལྟོས་པར་བུ་ལ་ཕའི་ཆགས་པ་བརྟན་པ་ཉིད་དུ་ཡོད་དོ་ཞེ་ན་ཆགས་པ་ལ་བརྟན་པ་ཡོད་པ་མ་ཡིན་ཏེ། ཆགས་ཡུལ་བུ་ལ་སོགས་པ་དང་བྲལ་བས་བསྐྱེད་པའི་སྡུག་བསྔལ་ནི་མི་རྣམས་ཀྱི་སྙིང་ལས་མྱུར་དུ་ལྡོག་པར་མཐོང་བའི་ཕྱིར་རོ། །དེ་བས་ན་ཆགས་པ་ལའང་མི་བརྟན་པ་ཉིད་ལྟོས་ཏེ་མི་བརྟན་པར་མངོན་ཏེ། གལ་ཏེ་ཆགས་པའི་འཆིང་བ་ལྷོད་པར་མ་གྱུར་ན་དེས་བསྐྱེད་པའི་སྡུག་བསྔལ་ལྡོག་པར་མི་འགྱུར་བ་ལ་འབྲས་བུ་སྡུག་བསྔལ་དང་བྲལ་བར་མཐོང་བ་ཡིས་རྒྱུ་ཆགས་པ་དང་བྲལ་བར་ཡང་མཚོན་པ་ཡིན་ནོ། །

གསུམ་པ་འཇིག་རྟེན་གྱི་ངོར་མྱ་ངན་བྱ་བ་དགག་པ་ནི། ཅི་སྟེ་འཇིག་རྟེན་གྱི་ལུགས་ལ་ལྟོས་ནས་མྱ་ངན་གྱིས་གཟིར་བར་བྱ་དགོས་སོ་ཞེ་ན། འཇིག་རྟེན་མཐུན་འཇུག་གི་ངོར་ལུས་བསྒྱུར་བ་ལ་སོགས་པ་གནོད་པས་བདག་ཉིད་ལ་གཟིར་བ་བྱས་ཟིན་ཀྱང་ཡོན་ཏན་འགའ་ཡང་མེད་སྙམ་དུ་ཤེས་བཞིན་དུ་ཁྱོད་བདག་ཉིད་ལ་ཕྱི་ཚུལ་འཆོས་པའི་གཟིར་བ་ཐོབ་པར་བྱེད་ན། ཕྱི་ཚུལ་འཆོས་པ་དེ་ཡང་བླུན་པོ་གཡོན་ཅན་རྣམས་ཀྱིས་བསྟེན་པའི་ལམ་ཡིན་པས་མཁས་པ་རྣམས་ཀྱིས་བདག་ཉིད་ལ་སྤྱད་པར་མི་རིགས་སོ། །བཞི་པ་འབྲེལ་བ་ཐོབ་འདོད་མྱ་ངན་གྱི་རྒྱུ་ཡིན་པ་དགག་པ་ནི། གལ་ཏེ་གཟིར་བ་ལ་ཡོན་ཏན་འགའ་ཡང་མེད་མོད་ཀྱི། དེ་ལྟ་ན་ཡང་བུ་ལ་སོགས་པ་སྡུག་པ་དང་ལྷན་ཅིག་འབྲེལ་བ་ཐོབ་པར་འདོད་པ་ན། དེ་ལས་བྱུང་བའི་གཟིར་བ་ཡང་སྤང་དུ་མེད་དོ་ཞེ་ན། འཇིག་རྟེན་འདི་ལས་ཉོན་གྱི་དབང་གིས་འགྲོ་བ་དེ་དང་དེར་འཁོར་བ་ན་སྐྱེ་བ་གཞན་དག་བུ་དང་བུ་མོ་ལ་སོགས་པར་གྱུར་ནས་སྔར་ཕ་རོལ་ཏུ་འགྲོ་བ་ན། ཕ་མ་ལ་སོགས་པའི་ཉེ་དུ་རྣམས་ལ་བྲལ་བས་བསྐྱེད་པའི་སྡུག་བསྔལ་གྱི་རྣམ་པ་འགེད་པ་ལྟར་བྱེད་ཅིང་ཡོངས་སུ་འཁྱམ་པར་འགྱུར་རོ། །གལ་ཏེ་འཇིག་རྟེན་པ་རྣམས་སྡུག་བསྔལ་མེད་པ་དང་དེ་འདོད་པ་ཞིག་ཡིན་ན་སྡུག་བསྔལ་འགེད་པ་རིགས་པ་ཞེ་ན། སྡུག་བསྔལ་མི་འདོད་ཅིང་རང་བཞིན་གྱིས་སྡུག་བསྔལ་བར་གྱུར་པའི་སྐྱེ་བོ་ལ་སྡུག་བསྔལ་གྱི་རྣམ་པ་འགེད་པས་ཅི་ཞིག་བྱ་སྟེ་དགོས་པ་ཅུང་ཟད་ཀྱང་མེད་དོ། །དེའི་ཕྱིར་མཁས་པ་སུ་ཞིག་སྡུག་བསྔལ་བསྐྱེད་པའི་ཕྱིར་འོང་བའི་བུ་ལ་སོགས་པ་དང་བྲལ་བ་ལ་མྱ་ངན་བྱེད་པར་འགྱུར། ལྔ་པ་ལྷན་ཅིག་འདུ་བ་ལ་ཆགས་པ་དགག་པ་ནི། གལ་ཏེ་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་འབྲལ་བ་ལ་མི་དགའ་བ་ཡིན་ཡང་། བདེ་བའི་རྒྱུ་ཡིན་པའི་འདུ་བ་ལ་དགའ་བ་ཡིན་ནོ་ཞེ་ན། གང་གིས་སྡུག་བསྔལ་དང་ལྷན་ཅིག་རྒྱུ་བའི་འདུ་བ་ལ་དགའ་བ་གང་ཡིན་པ་དེ་ནི་འབྲལ་བ་ལ་ཡང་ཇི་ལྟར་དགའ་བ་མ་ཡིན་ཏེ་དགའ་བར་བྱ་དགོས་ཏེ། གང་ལ་འདུ་བ་ཡོད་པ་དེ་ལ་གདོན་མི་ཟ་བར་འབྲལ་བ་ཡོད་པས་འདུ་བ་དང་འབྲལ་བ་ལྷན་ཅིག་ཏུ་རྒྱུ་བར་སྣང་བ་མིན་ནམ་སྟེ་དམིགས་པའི་ཕྱིར་རོ། །དཔེར་ན་བཀྲ་ཤིས་མ་དང་རྣ་ནག་མ་བཞིན། དེ་བས་འདུ་བ་བདེ་བའི་རྒྱུ་ཡིན་ཡང་མཐར་ངན་པའི་ཕྱིར་དེ་གཉིས་ཀ་དང་བྲལ་བའི་རྣམ་གྲོལ་ཉིད་མངོན་སུམ་དུ་བྱའོ། །གལ་ཏེ་འབྲལ་བར་ངེས་ཀྱང་ཐོག་མར་འགྲོགས་པ་ཡུན་རིང་བའི་ཕྱིར་དེ་ལ་རྩིས་མེད་དོ་ཞེ་ན། འཁོར་བ་ན་མ་རིག་པ་དང་ལྡན་པའི་སྐྱེ་བོ་རྣམས་ཀྱི་འདས་པའི་དུས་ལ་ཐོག་མ་ཡོད་པ་མ་ཡིན་ཞིང་མ་འོངས་པའི་དུས་ལ་ཡང་ཐ་མ་ཡོད་པ་མ་ཡིན་ནོ། །དེ་གཉིས་ཀ་ཡང་བྲལ་བས་རབ་ཏུ་ཕྱེ་བ་ཡིན་ཞིང་། སྡུག་པ་རྣམས་དང་ལྷན་ཅིག་འདུ་བ་ནི་སྐད་ཅིག་མ་ཡིན་ཏེ། འདུ་བྱེད་ཐམས་ཅད་སྐད་ཅིག་གིས་འཇིག་པའི་ཕྱིར། དེ་བས་ན་རྒྱུ་མཚན་ཅིས་ནི་ཁྱོད་ཀྱིས་དུས་ཐུང་ངུར་གྱུར་པའི་འདུ་བ་མཐོང་ནས་དེ་ལ་ཆགས་ཤིང་རིང་པོར་གྱུར་ཀྱང་འདས་མ་འོངས་ཀྱིས་བསྡུས་པའི་བྲལ་བ་མཐོང་བ་མིན་ཞིང་དེ་ལ་སྐྱོ་བར་མི་བྱེད། དེའི་ཕྱིར་སྐད་ཅིག་ཙམ་གྱི་འདུ་བ་ལ་དགའ་བ་དེས་ནི་ཐོག་མཐའ་མེད་པས་བསྡུས་པའི་འབྲལ་བ་ལ་ཤིན་ཏུ་སྐྱོ་བར་བྱ་དགོས་སོ། །

དྲུག་པ་དུས་ཚིགས་ལ་ཆགས་པ་དགག་པ་ནི། གལ་ཏེ་འབྲལ་བ་རིང་མོད། དེ་ལྟ་ན་ཡང་སོས་ཀའི་མེ་ཏོག་རྒྱས་པ་དང་སྟོན་དུས་ཟླ་བ་གསལ་བ་ལ་སོགས་པ་དུས་ཚིགས་ཕུན་སུམ་ཚོགས་པས་སེམས་ཁྲིད་པས་དེ་ལ་རྩིས་གདབ་མེད་པས་སྐྱོ་བར་མི་འགྱུར་རོ་ཞེ་ན། སྐད་ཅིག་དང་ཐང་ཅིག་དང་ཡུད་ཙམ་ལ་སོགས་པས་བསྡུས་པའི་དུས་དགུན་དང་དཔྱིད་ལ་སོགས་པ་དེ་རྣམས་ནི་ངེས་པར་དགྲ་དང་འདྲ་བར་འགྱུར་ཏེ། དུས་དེ་དག་རིམ་གྱིས་མངོན་པར་འཕེལ་བས་ཁྱོད་ཀྱི་གསོན་པའི་སྐད་ཅིག་རྣམས་ཟད་པར་བྱེད་པས་སོ། །དེས་ན་སྲོག་འཕྲོག་པར་བྱེད་པའི་དགྲར་གྱུར་པའི་དུས་དེ་དག་ལ་རྣམ་པ་ཀུན་ཏུ་ཁྱོད་འདོད་ཆགས་པར་མི་བྱ་སྟེ། ཅི་ཙམ་དུས་འདས་པ་དེ་ཙམ་དུ་འཆི་བ་རྗེས་སུ་དྲན་པའི་སྒོ་ནས་བག་ཡོད་པ་ལ་བརྩོན་པར་བྱའོ། །གཉིས་པ་ཕན་ཡོན་ནི། དེ་ལྟར་འཆི་བ་རྗེས་སུ་དྲན་ཞིང་སྡུག་པ་དང་བྲལ་བ་སོགས་ཟག་བཅས་ཀྱི་དངོས་པོ་རྣམས་ལ་ཡིད་འབྱུང་ཞིང་སྐྱོ་བར་གྱུར་པ་དེས་ནི་འདི་ཐམས་ཅད་ངེས་པར་བོར་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་ནགས་སུ་གནས་པར་བྱའོ། །གལ་ཏེ་དེ་རིགས་པ་བདེན་མོད། གཉེན་འདུན་དང་འབྲལ་བ་དཀའ་བས་དེ་མི་ནུས་སོ་ཞེ་ན། བློ་ངན་ཁྱོད་གཉེན་བཤེས་དང་བྲལ་བའི་འཇིགས་པ་ཡིས་ཁྱིམ་ནས་ངེས་པར་མི་འབྱུང་ན། ཁྱོད་མི་འདོད་བཞིན་དུ་འཆི་བདག་གིས་གཉེན་འདུན་རྣམས་དང་བྲལ་བར་བྱེད་པར་འགྱུར་རོ། །དེ་བས་ན་མཁས་པ་ཤེས་རབ་ཅན་སུ་ཞིག་རང་གིས་གདོན་མི་ཟ་བར་ངེས་པར་བྱ་དགོས་པའི་བྱ་བ་རང་དད་པས་མི་བྱེད་པར་གཞན་གྱིས་ཆད་པས་བྱེད་པར་འགྱུར་རོ། །དེ་བས་ན་འཆི་བདག་གི་ཆད་པར་མ་བསྐུལ་བར་རང་གི་འདོད་པས་གཉེན་འདུན་སོགས་བཏང་སྟེ་ནགས་སུ་འགྲོ་བར་བྱའོ། །གལ་ཏེ་རྩ་ལག་རྣམས་གདོན་མི་ཟ་བར་བཏང་དགོས་མོད། དེ་ལྟ་ན་ཡང་བུ་བསྐྱེད་དེ་ལང་ཚོ་རྫོགས་པ་དང་བག་མ་བླངས། ཁྱིམ་གྱི་ཁུར་དབོག་པ་སོགས་རྫོགས་པར་བྱས་ནས་ངེས་པར་འགྲོ་བར་བྱའོ་ཞེ་ན། ཁྱོད་བུ་བསྐྱེད་པ་བྱ་བའི་འཕྲོ་ཅུང་ཟད་ཡོད་པ་འདི་བྱས་ནས་གསལ་བར་ཏེ་ངེས་པར་ནགས་སུ་འགྲོ་བར་བྱའོ་སྙམ་དུ་སེམས་ན། བུ་བག་མ་བླང་བ་སོགས་གང་ཞིག་བྱས་ཀྱང་མཐར་དེ་དག་བཏང་བར་བྱ་བ་ཡིན་ན་སླར་ཡང་དེ་བྱས་པ་ལ་ཡོན་ཏན་ཅི་ཞིག་ཡོད། དེས་ན་འདི་ནི་བྱ་བ་མ་ཡིན་ནོ། །དཔེར་ན་བཀྲུས་ཏེ་དོར་བ་བཞིན་ནོ། །གལ་ཏེ་ནགས་སུ་འགྲོ་བ་གཙོ་བོ་ཡིན་ཡང་བདག་དང་བདག་གི་བ་ལ་ཆགས་པས་དེ་ལ་འཇིགས་པར་འགྱུར་རོ་ཞེ་ན། ཤེས་རབ་ཅན་གང་ལ་ཇི་སྐད་བཤད་པའི་ལུང་དང་རིགས་པའི་རྗེས་སུ་འབྲངས་ནས་བདག་ནི་འཆིའོ་སྙམ་དུ་ངེས་པར་སེམས་པ་ཡོད་པ་དེ་ནི། འདུ་འཛི་སྤངས་པས་སྲོག་ལ་ཡང་ཆགས་པ་ཡོངས་སུ་བཏང་བའི་ཕྱིར་འཆི་བདག་ལ་ཡང་ག་ལ་འཇིགས་ཏེ་འཇིགས་པ་ཡོད་པ་མ་ཡིན་ན། ནགས་སུ་འགྲོ་བའམ་བུ་སོགས་དང་བྲལ་བས་ན་འཇིགས་པར་ག་ལ་འགྱུར་རོ། །དེའི་ཕྱིར་འཆི་བ་རྗེས་སུ་དྲན་པ་བསྒོམ་པ་ལ་བརྩོན་པར་བྱའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། རྟག་པ་ཕྱིན་ཅི་ལོག་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་དང་པོའི་འགྲེལ་པའོ།།། །།

ལེའུ་གཉིས་པའི་རྣམ་བཤད།

གཉིས་པ་བདེ་བ་ཕྱིན་ཅི་ལོག་སྤོང་བའི་ཐབས་སུ་ལུས་སྡུག་བསྔལ་དུ་བསྒོམ་པ་ལ་སྡུག་བསྔལ་དུ་བསྒོམ་པ་དངོས་དང་། རབ་བྱེད་ཀྱི་དགོས་པ་བསྟན་པ་གཉིས་ཀྱི། དང་པོ་ལ། ལུས་རང་གི་མཚན་ཉིད་ཀྱིས་སྡུག་བསྔལ་བ་དང་། སྤྱིའི་མཚན་ཉིད་ཀྱིས་སྡུག་བསྔལ་དུ་བསྟན་པ་གཉིས་ཀྱི། དང་པོ་ལ། མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ཀྱི། དང་པོ་ནི། འཕགས་པ་དངོས་པོའི་རང་བཞིན་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་ལ་མཁས་པ་རྣམས་ཀྱིས་ལུས་ནི་དགྲ་ལྟར་སྡུག་བསྔལ་གྱི་འབྱུང་ཁུངས་ཁོ་ནར་མཐོང་སྟེ། གང་གི་ཕྱིར་ནང་གི་བདག་ཉིད་ཁམས་མ་སྙོམས་པའི་རྒྱུ་རྐྱེན་གྱིས་ནད་བཞི་བརྒྱ་རྩ་བཞི་དང་། ཕྱི་རོལ་བོང་བ་དང་དབྱིག་པ་སྡིག་སྦྲུལ་ལ་སོགས་ཀྱི་རེག་པ་ལས་བྱུང་བའི་སྡུག་བསྔལ་དུ་མ་འབྱུང་བའི་ཕྱིར་དང་། ནད་ལ་སོགས་པའི་རྐྱེན་དང་ཕྲད་ན་སྡུག་བསྔལ་བསྐྱེད་པས་གླགས་སུ་བསྣུན་པའི་ཕྱིར་དང་། ཇི་ཙམ་ཟས་གོས་ཀྱིས་བསྐྱངས་ཀྱང་ངེས་པ་མེད་པས་བསྟེན་པར་དཀའ་བའི་ཕྱིར་རོ། །གཉིས་པ་ལ། ལུས་ལ་བརྙས་པ་སྤང་། ཧ་ཅང་ཆགས་པ་སྤང་བ་གཉིས་ཀྱི། དང་པོ་ནི། དེ་ལྟ་ན་ལུས་ནི་བསྐྱང་བར་བྱ་བ་མ་ཡིན་ཏེ། དགྲའི་ཕྱོགས་སུ་བསླན་པའི་ཕྱིར་རོ་ཞེ་ན། དེ་ལྟར་ཡིན་མོད་ཀྱི་དེ་ལྟ་ན་ཡང་ལུས་དེ་བསྲུང་བར་བྱ་སྟེ་དགོས་པ་དང་བཅས་པའི་ཕྱིར་རོ། །འདི་ལྟར་ཚུལ་ཁྲིམས་དང་ལྡན་པའི་ལུས་ཡུན་རིང་དུ་འཚོ་བ་ནི། དེ་ལས་ཉིན་རེ་བཞིན་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་ལ་སོགས་པའི་བསོད་ནམས་ཆེན་པོ་འཕེལ་བར་བྱེད་པའི་ཕྱིར་རོ། །ཡང་ན་རབ་ཏུ་བྱེད་པ་དང་པོས་མི་རྟག་པ་ཉིད་ཀྱི་གཏམ་གྱིས་སེམས་སྐྱོ་ཞིང་ལུས་དོན་མ་ཡིན་པ་འདྲེན་པ་འདིས་ཅི་བྱ་སྙམ་དུ་དེ་ལ་བརྙས་པ་ན། དེ་སྤང་བའི་ཕྱིར་ལུས་ནི་དགྲ་ལྟར་མཐོང་མོད་ཀྱི་ཞེས་སོགས་སྨོས་སོ། །གཉིས་པ་ལ་ཆགས་པ་སྤོང་བ་མདོར་བསྟན། བརྒལ་ལན་གྱིས་གཏན་ལ་དབབ་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་ལུས་བསྲུང་བྱ་ཡིན་ན་དེའི་ཕྱིར། དེ་ལ་སྙིང་ཉེ་བར་བྱ་དགོས་སོ་ཞེ་ན། མི་རྣམས་ཀྱི་བཀྲེས་སྐོམ་ལ་སོགས་པའི་སྡུག་བསྔལ་གང་ཅུང་ཟད་འབྱུང་བ་དེ་ནི་ལུས་ཉིད་ལས་སྐྱེ་ཞིང་། ཟས་སྐོམ་གྱིས་ཚིམ་པ་སོགས་བདེ་བ་གང་ཅུང་ཟད་འབྱུང་བ་ཐམས་ཅད་ནི་ཕྱིའི་རྐྱེན་གཞན་ལས་འབྱུང་བ་ཡིན་ན། དེའི་ཕྱིར་སྡུག་བསྔལ་གྱི་སྣོད་དུ་གྱུར་པའི་ཁོག་པ་འདི་ལ་ཁྱོད་ཅི་སྟེ་གུས་ཤིང་རིམ་གྲོ་བྱེད། དེ་བས་ན་ཇི་ལྟར་གསོན་པ་དང་དགེ་བ་འཕེལ་ཞིང་ཉེས་པ་འབྱུང་བར་མི་འགྱུར་བ་དེ་ཙམ་དུ་རན་པ་ཙམ་གྱི་ས་དེ་བཙའ་བར་བྱའོ། །

གཉིས་པ་ལ་སྡུག་བསྔལ་སྟོབས་ལྡན་དུ་བསྟན། བདེ་བ་སྟོབས་ཆུང་བར་བསྟན་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་སྡུག་བསྔལ་ལུས་ཁོ་ན་ལས་འབྱུང་ཡང་ཕྱིས་བཅོས་སུ་ཡོད་པས་དེ་སྟོབས་ཆུང་ཞིང་བདེ་བ་ཕལ་ཆེ་བའི་ཕྱིར་གཅིག་ཏུ་དེ་ལ་མི་འཇིགས་སོ་ཞེ་ན། སྡུག་བསྔལ་ལ་འཇིགས་པར་བྱ་དགོས་ཏེ། འདི་ལྟར་གང་གི་ཚེ་ལྷ་སྦྱིན་གདིང་བ་འཇམ་པོ་ལ་འདུག་སྟེ་གཟུགས་སྒྲ་སོགས་ཡུལ་ཡིད་དུ་འོང་བ་ལ་སྤྱོད་པའི་བདེ་བ་མྱོང་བཞིན་པ་ན། སྦྲང་བུ་མཆུ་རིང་གིས་ཕུག་པས་བདེ་བ་ཐམས་ཅད་ལ་རྩིས་གདབ་མེད་པར་སྡུག་བསྔལ་གྱིས་སྐྱོ་བར་འགྱུར་རོ། །དེ་བས་ན་མི་རྣམས་ལ་སྡུག་བསྔལ་ཆེས་སྟོབས་ལྡན་དུ་སྐྱེ་བ་ལྟར་བདེ་བ་ཤས་ཆེར་མི་འབྱུང་ན། དེ་ལྟར་བདེ་བས་ཟིལ་གྱིས་མནན་མི་ནུས་པའི་སྡུག་བསྔལ་ཆེན་པོ་དེ་ཆུང་ངོ་སྙམ་དུ་སེམས་པར་བྱེད་དམ་སྟེ་སེམས་པ་མི་རིགས་སོ། །བདེ་བ་ནི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་པ་དང་ཆུང་བ་ཉིད་ཀྱི་ཕྱིར། འཇིག་རྟེན་རྣམས་བདེ་བ་སྒྲུབ་པ་ལ་མངོན་པར་ཕྱོགས་ཤིང་སྡུག་བསྔལ་ལ་འབྲོས་མོད་ཀྱི། སྡུག་བསྔལ་གྱི་རང་བཞིན་གྱི་ལུས་ལ་བདེ་བ་སྒྲུབ་མི་ནུས་པའི་ཕྱིར་བདེ་བ་རྙེད་དཀའ་སྟེ། བདེ་བའི་རེ་བས་སྡུག་བསྔལ་གྱི་རྒྱུ་ཉེ་བར་སོགས་པའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་སྐྱེ་བོ་སྐད་ཅིག་གིས་འཇིག་ཅིང་མི་རྟག་པ་འདི་ནི་སྡུག་བསྔལ་ལ་བྲོས་སུ་ཟིན་ཀྱང་། སྡུག་བསྔལ་ནི་སྐྱེས་བུ་ལ་གྲིབ་མ་རྗེས་སུ་སྙེགས་པ་དང་འདྲ་བར་རྗེས་སུ་འབྲང་ངོ་། །རྒྱུ་མཚན་འདིའི་ཕྱིར་ཡང་དེ་ལྟར་ཡིན་ཏེ། འདི་ལྟར་སྡུག་བསྔལ་ནི་རྟག་ཏུ་ཉེ་བའི་ཕྱིར་དང་མི་ཉེ་བ་དང་འབད་པས་བསྒྲུབ་མི་དགོས་པའི་ཕྱིར་འདོད་པས་རྙེད་པ་འགྱུར་གྱི། འདོད་པས་བདེ་བ་རྙེད་པ་ག་ལ་ཡིན་ཏེ། སྡུག་བསྔལ་གྱི་བདག་ཉིད་ཅན་གྱི་ལུས་ལ་བདེ་བ་ཤིན་ཏུ་དཀོན་པའི་ཕྱིར་རོ། །དེ་བས་ན་སྡུག་བསྔལ་འདོད་པས་རྙེད་པ་ལྟར་བདེ་བ་ནི་མ་ཡིན་ཏེ། དེ་ནི་ཟས་སྐོམ་སོགས་ཀྱི་རྐྱེན་གཞན་ལ་རག་ལས་པས་སོ། །དེ་ལྟར་ན་ཡང་འཇིག་རྟེན་པ་ཁྱོད་རྒྱུ་ཅིས་ན་ཤིན་ཏུ་དཀོན་པའི་བདེ་བ་ལ་གུས་ཤིང་། འདོད་པ་ཙམ་གྱིས་རང་དབང་དུ་རྙེད་ཅིང་མོད་པའི་སྡུག་བསྔལ་ལ་ཅི་སྟེ་ཁྱོད་མི་འཇིགས། གང་གིས་ན་བདེ་བ་ཤས་ཙམ་ལ་རེ་བས་སྡུག་བསྔལ་གྱི་རྒྱུ་ཡིན་པས་དེ་ལ་ཆགས་པ་སྤང་བར་བྱའོ། །ཇི་ལྟར་ཞེ་ན། བདེ་བར་གྱུར་པའི་ལོངས་སྤྱོད་ཀྱིས་རྟག་ཏུ་བསྐྱངས་པའི་ལུས་ཤིན་ཏུ་གཞོན་ཤ་ཅན་ནི་སྡུག་བསྔལ་ཆུང་ངུ་རེས་ཀྱང་མེ་ལྕེ་ལོ་མ་གསར་པ་ལ་རེག་པ་ལྟར་ཤིན་ཏུ་རོ་ཉམས་པར་འགྱུར་བས་སྡུག་བསྔལ་ཆ ེན་པོའི་སྣོད་དུ་འགྱུར་བར་ངེས་སོ། །དེ་ལྟར་བས་ན་ལུས་ལ་གུས་པ་དང་དགྲ་ལ་གུས་པ་དེ་གཉིས་ནི་མཚུངས་པར་སྣང་སྟེ། སྡུག་བསྔལ་གྱི་རྒྱུ་སྡུད་པར་གཉིས་ཀ་འདྲ་བའི་ཕྱིར་རོ། །གཞན་ཡང་ལུས་ནི་ཤིན་ཏུ་འགོར་ཞིང་ཡུན་རིང་པོར་བདེ་བའི་རྒྱུར་གྱུར་པའི་ལོངས་སྤྱོད་ཀྱིས་བསྐྱངས་པར་གྱུར་ཀྱང་བདེ་བའི་བདག་ཉིད་དུ་མི་འགྱུར་ཏེ། སྡུག་བསྔལ་གྱི་རང་བཞིན་ཅན་ཡིན་པའི་ཕྱིར་དང་། རང་བཞིན་ནི་རྐྱེན་གཞན་གྱིས་ཟིལ་གྱིས་གནོན་པར་རིགས་པ་མ་ཡིན་ཏེ། དཔེར་ན་བྱ་རོག་གིས་ཁུ་བྱུག་གི་ཕྲུ་གུ་བསྐྱངས་ཀྱང་བྱ་རོག་ཏུ་མི་འགྱུར་བ་བཞིན་ནོ། །གལ་ཏེ་རྒྱལ་རིགས་ལ་སོགས་པ་སེམས་ཅན་གཞི་ཆེན་པོ་ལ་རེག་པ་རྣམས་ནི་སྐྱེས་ནས་མ་ཤིའི་བར་ཚོར་བ་བདེ་བ་ཁོ་ན་དང་ལྡན་པར་སྣང་བས་ལུས་སྡུག་བསྔལ་གྱི་རང་བཞིན་ཡིན་པ་མི་རིགས་སོ་ཞེ་ན། འཁོར་དང་ལོངས་སྤྱོད་སོགས་གཞི་ཆེན་པོ་དང་ལྡན་པའི་སེམས་ཅན་མཆོག་ཏུ་གྱུར་པ་རྒྱལ་པོ་ལ་སོགས་པ་རྣམས་ལ་ནི། གཞན་གྱི་ཕུན་ཚོགས་ལ་མི་བཟོད་པའི་ཕྲག་དོག་དང་། རང་གི་དབང་ཕྱུག་ལ་གཞན་གྱིས་གནོད་པར་དོགས་པ་སོགས་ཡིད་ཀྱི་སྡུག་བསྔལ་དང་ལྡན་ལ། རིགས་དམའ་ཞིང་ཟས་གོས་སོགས་ཀྱིས་ཕོངས་པའི་སེམས་ཅན་ཐ་མལ་པ་རྣམས་ལ་བཀྲེས་སྐོམ་སོགས་ལུས་ལས་སྐྱེས་པའི་སྡུག་བསྔལ་དང་ལྡན་ཏེ། དེའི་ཕྱིར་ལུས་དང་སེམས་ཀྱི་སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི་ཉིན་རེ་ཉིན་རེ་ཞིང་འཇོམས་པར་བྱེད་པས་རང་བཞིན་གྱི་བདེ་བར་གྱུར་པ་འགའ་ཡང་མེད་དོ། །གལ་ཏེ་སྡུག་བསྔལ་གཉིས་ཡོད་མོད། དེ་ལྟ་ནའང་བདེ་བ་ཆེན་པོས་ཟིལ་གྱིས་མནན་པས་མི་ཤེས་སོ་ཞེ་ན། བདེ་བ་ནི་ཆེན་པོ་མེད་དེ། སྡུག་བསྔལ་གྱི་དབང་དུ་གྱུར་པའི་རྟོག་པ་ལ་རག་ལས་ཏེ་འཇུག་པའི་ཕྱིར་རོ། །འདི་ལྟར་སྐྱེས་བུ་འདིས་བདག་ནི་གཏོང་བ་པོ་དང་ཕྱུག་པོའོ་ཞེས་རྟོག་པར་བྱེད་པ་དེའི་ཚེ་དེ་ལ་ཡིད་བདེ་བ་འབྱུང་ལ། ལོངས་སྤྱོད་འབྱོར་དུ་ཟིན་ཀྱང་གཞན་གྱིས་གནོད་པར་དོགས་པ་ན་ཡིད་མི་བདེ་བ་སྐྱེ་བས། སྔར་གྱི་ཡིད་བདེ་དེ་ལྡོག་པས་དེའི་ཕྱིར་བདེ་བ་སྐྱེ་བ་དང་འགག་པ་གཉིས་ཀ་རྟོག་པ་ལ་རག་ལས་པས་རྟོག་པའི་དབང་དུ་གྱུར་ཅིང་། སྡུག་བསྔལ་ནི་དེ་ལྟར་མ་ཡིན་ཏེ་གང་ཞིག་སྡུག་བསྔལ་གྱི་མཐུ་འགོག་པར་བྱེད་པའི་རྟོག་པ་ནི་འགའ་ཡང་མེད་དོ། །ཡང་ཡིད་དུ་འོང་བ་ལ་ལོངས་སྤྱོད་པའི་བདེ་བ་དང་། བདེ་བ་འབྱུང་བ་དང་རྗེས་སུ་མཐུན་པའི་རྟོག་པ་གཉིས་ཀར་ཡང་སྡུག་བསྔལ་སྐྱེས་ནས་འཇོམས་པས་དེའི་དབང་དུ་གྱུར་ཏེ། འདི་ལྟར་དབང་པོའི་ཡུལ་ཡིད་དུ་འོང་བ་ལ་ལོངས་སྤྱོད་ཀྱང་སྡུག་བསྔལ་གང་རུང་གཅིག་གིས་ཟིལ་གྱིས་མནན་པ་ན། བདེ་བ་དེ་ཐམས་ཅད་རྟོག་པ་དང་ལྷན་ཅིག་འགགས་ནས་སྡུག་བསྔལ་ཁོ་ན་མྱོང་བར་འགྱུར་བས་སོ། །དེའི་ཕྱིར་ཀུན་ན་སྡུག་བསྔལ་ལས་སྟོབས་དང་ལྡན་པའི་བདེ་བ་ཅི་ཡང་མེད་དོ། །

གཉིས་པ་ནི། གལ་ཏེ་བདེ་བ་རྙེད་པར་དཀའ་ཡང་གནོད་པ་མི་བྱེད་པའི་ཕྱིར་ལུས་ཀྱི་རང་བཞིན་ཡིན་ལ། སྡུག་བསྔལ་ནི་མང་ཡང་གནོད་པ་བྱེད་པའི་ཕྱིར་རང་བཞིན་མ་ཡིན་ནོ་ཞེ་ན། བྱིས་པ་དང་གཞོན་ནུ་དར་ལ་བབ་པ་དང་རྒས་པ་ལ་སོགས་པ་ཇི་ལྟ་ཇི་ལྟར་དུས་འགྲོ་ཞིང་འཕེལ་བ་དེ་ལྟ་དེ་ལྟར་རྒ་བ་དང་ན་བ་ལ་སོགས་པའི་སྡུག་བསྔལ་མདུན་ནས་མདུན་དུ་འཕེལ་ཞིང་། གཞོན་ནུ་ལ་སོགས་པའི་བདེ་བ་རྣམས་རྒྱབ་ནས་རྒྱབ་ཏུ་འབྱོལ་བ་དེའི་ཕྱིར་སྡུག་བསྔལ་ནི་ལུས་ཀྱི་རང་བཞིན་ཡིན་ལ། བདེ་བ་ནི་ལུས་འདིའི་རང་བཞིན་ལས་གཞན་པ་ལྟ་བུར་སྣང་བར་འགྱུར་རོ། །གལ་ཏེ་ལུས་སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་བདེ་བའི་རྒྱུས་ཕྱིར་བཅོས་སུ་ཡོད་པའི་ཕྱིར་ལུས་ལ་སྐྱོ་བར་མི་བྱའོ་ཞེ་ན། འདི་ལ་ལུས་སྡུག་བསྔལ་གྱི་རྒྱུ་མང་པོ་ནང་གི་བདག་ཉིད་ཁམས་མ་སྙོམས་པའི་རྒྱུ་ཅན་གྱི་ནད་རྣམས་དང་ཕྱིའི་བདག་ཉིད་གྲང་བ་སོགས་རེག་བྱ་ཡིད་དུ་མི་འོང་བའི་རྒྱུ་ཅན་གཞན་དང་གཞན་སྣང་བར་འགྱུར་བ་དེ་སྙེད་དུ་བདེ་བའི་རྒྱུ་ནང་དང་ཕྱིའི་རྒྱུ་ཅན་དག་ནི་སྣང་བ་མ་ཡིན་ནོ། །བདེ་བའི་རྒྱུ་ཉུང་ལ་སྡུག་བསྔལ་གྱི་རྒྱུ་མང་བ་དེའི་ཕྱིར་བདེ་བའི་རྒྱུ་ཡོད་པས་སྡུག་བསྔལ་ལ་སྐྱོ་བྱ་མ་ཡིན་ནོ་ཞེས་བྱ་བ་མི་རིགས་སོ། །

གལ་ཏེ་བདེ་བ་རང་བཞིན་གྱིས་མེད་ན་དེ་འཕེལ་བར་མི་འགྱུར་བ་ཞིག་ན་གོང་ནས་གོང་དུ་འཕེལ་བ་ཡོད་པའི་ཕྱིར་བདེ་བ་ཡོད་དོ་ཞེ་ན། བདེ་བའི་རྒྱུ་ཟས་སྐོམ་སོགས་ཤས་ཆེར་སྤྱོད་པ་ལས་མཐར་སྡུག་བསྔལ་འབྱུང་བར་མཐོང་བས་གོང་ནས་གོང་དུ་འཕེལ་བཞིན་པ་ཡི་བདེ་བ་དེ་ལས་བཟློག་པ་སྡུག་བསྔལ་འབྱུང་བ་མཐོང་བ་དེ་ལྟར། སྡུག་བསྔལ་གོང་ནས་གོང་དུ་འཕེལ་བཞིན་པ་ལ་ནི་དེ་ལས་བཟློག་པ་བདེ་བ་འབྱུང་བ་ཡོད་པ་མ་ཡིན་ཏེ། སྡུག་བསྔལ་ནི་མངོན་པར་འཕེལ་བ་ན་ལུས་སེམས་ཤིན་ཏུ་གདུང་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་འཕེལ་བ་ལ་བཟློག་པ་མེད་པའི་ཕྱིར་སྡུག་བསྔལ་ནི་རང་བཞིན་ཡིན་ལ། བདེ་བ་ནི་མ་ཡིན་ནོ། །བདེ་བ་ནི་རང་གི་ངོ་བོ་ཉམས་ཆུང་བར་མ་ཟད་རྐྱེན་ཉམས་ཆུང་བ་ཡང་ཡིན་ཏེ། བདེ་བའི་རྒྱུ་གྲང་བ་དང་དྲོ་བའི་རེག་པ་སོགས་བསྟེན་པ་ན་མཐར་སྡུག་བསྔལ་འབྱུང་བས་རང་གི་རྐྱེན་རྣམས་དང་ལྷན་ཅིག་ཏུ་བདེ་བ་ལས་ལྡོག་པ་སྡུག་བསྔལ་འབྱུང་བ་མཐོང་གི་སྡུག་བསྔལ་རྣམས་ནི་ཤས་ཆེར་སྤྱད་པ་ན་ཆེར་རྩུབ་པ་དང་དྲག་པོའི་སྡུག་བསྔལ་འབའ་ཞིག་བསྐྱེད་པར་མཐོང་གི་ནམ་ཡང་བདེ་བ་མི་བསྐྱེད་ལ། དེའི་ཕྱིར་སྡུག་བསྔལ་ལ་རང་གི་རྐྱེན་དང་ལྷན་ཅིག་ཏུ་བཟློག་པ་བདེ་བ་འབྱུང་བ་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྒྱུ་སྟོབས་དང་ལྡན་པའི་ཕྱིར་ཡང་སྡུག་བསྔལ་ཉིད་དུ་སྟོབས་དང་ལྡན་པ་ཡིན་ནོ། །གལ་ཏེ་ལྷ་སྦྱིན་བདེ་བ་དང་ལྡན་ནོ་ཞེས་བརྗོད་པ་འདི་ཡོད་པས་ན་བདེ་བ་ཡོད་དོ་ཞེ་ན། འདུ་བྱེད་རྣམས་སྐད་ཅིག་རེ་རེ་ལ་འཇིག་པའི་ངང་ཚུལ་ཅན་ཡིན་པས་སྐད་ཅིག་ལ་འཆི་བ་ཡིན་ལ། དེ་ཡང་དུས་གསུམ་ལ་མི་འཁྲུལ་པས་ཁྱོད་འཆི་བཞིན་དུ་སྔར་གྱི་དུས་སོང་ཞིང་ད་ལྟ་འགྲོ་བ་དང་མ་འོངས་པ་ན་འགྲོ་བར་འགྱུར་བ་ཡིན་ནོ། །དེའི་ཕྱིར་དུས་གསུམ་ལ་ཁྱབ་པའི་འཆི་བས་འཆི་བཞིན་པ་ནི་བདེ་བར་འགྱུར་རོ་ཞེས་བྱ་བ་རྣམ་པ་ཀུན་ཏུ་མི་རིགས་སོ། །གཞན་ཡང་སྡུག་བསྔལ་གྱི་རྒྱུ་རྟག་ཏུ་ཉེ་བའི་ཕྱིར་ཡང་བདེ་བའི་འདུ་ཤེས་མི་རིགས་ཏེ། འདི་ལྟར་ལུས་ཅན་རྣམས་ལ་བཀྲེས་སྐོམ་ཚ་གྲང་སོགས་ལུས་ལ་གནོད་པའི་རྒྱུ་རྟག་ཏུ་ཉེ་བར་ཡོད་པར་འགྱུར་ན། དུས་འཁོར་མོར་སྡུག་བསྔལ་གྱིས་གནོད་བཞིན་པ་ནི་བདེ་བའོ་ཞེས་རྣམ་པ་ཀུན་ཏུ་མི་རིགས་སོ། །གལ་ཏེ་བདེ་བ་རང་བཞིན་གྱིས་མེད་མོད། རྒྱུ་རྐྱེན་ཚོགས་པའི་སྒོ་ནས་ཡོད་ཅེ་ན། བདེ་བ་ནི་ལུས་ལ་རག་ལས་པས། ལུས་ཀྱང་འབྱུང་བ་ལ་རག་ལས་ཤིང་། དེ་དག་རེ་རེ་ལ་ལུས་བསྐྱེད་པའི་ནུས་པ་མེད་པས་འབྱུང་བ་ཀུན་ཚོགས་པ་ལས་སྐྱེ་བར་འགྱུར་རོ། །འབྱུང་བ་རྣམས་ནི་ཕན་ཚུན་གནོད་པར་ཞུགས་པ་ཡིན་ཏེ། འདི་ལྟར་ས་ནི་རླུང་གི་འགྲོས་རྡུག་པར་བྱེད་པ། རླུང་ནི་སའི་ཁམས་འཐོར་བར་བྱེད། ཆུ་ནི་མེའི་ཁམས་ལ་གནོད་པར་བྱེད། མེ་ཡང་ཆུའི་ཁམས་སྐེམས་པར་བྱེད་པའི་ཕྱིར་རོ། །དེ་ལྟར་འབྱུང་བ་རྣམས་ནི་ཕན་ཚུན་འགལ་བ་ཡིན་ལ། འགལ་བ་རྣམས་ཀྱང་ལུས་གཅིག་ལ་ལྷན་ཅིག་ཏུ་ཚོགས་པ་ན་སྡུག་བསྔལ་གྱི་རྒྱུ་ཡིན་པའི་ཕྱིར་བདེ་བའོ་ཞེས་བྱ་བ་རྣམ་པ་ཀུན་ཏུ་མི་རིགས་སོ། །

གལ་ཏེ་འབྱུང་བ་རྣམས་འགལ་ཡང་དེ་ཕྱིར་བཅོས་སུ་ཡོད་པས་དེ་ལས་བདེ་བར་འགྱུར་རོ་ཞེ་ན། སྐྱེས་བུ་འདི་ན་བ་དང་ཚ་བ་ལ་སོགས་པའི་སྡུག་བསྔལ་ཕྱིར་འཆོས་པའི་རྒྱུ་ཡང་རྟག་ཏུ་ཉེ་བར་ཡོད་པ་མ་ཡིན་གྱི། གང་གི་ཚེ་གྲང་བས་ཉེན་པ་ན་དྲོ་བའི་ནུས་པ་ཅན་གྱི་བགོ་བ་དང་བཏིང་བ་ལ་སོགས་ལ་བརྟེན་ལ། ཚ་བས་ཉེན་པ་ནི་བསིལ་བའི་ནུས་པ་ཅན་ཙནྡན་སོགས་ལ་བརྟེན་ནོ། །དེ་བས་ན་གཉེན་པོ་བསྟེན་པས་སྡུག་བསྔལ་ཕྱིར་བཅོས་ཏེ་ཆུང་ངུར་སོང་བ་ཙམ་ལ་བདེ་བར་རློམ་པར་ཟད་པས་བརླག་བཞིན་པ་སྟེ་སྡུག་བསྔལ་ཆུང་ངུ་སོང་བ་ཙམ་ནི་བདེ་བའོ་ཞེས་རྣམ་པ་ཀུན་ཏུ་མི་རིགས་སོ། །གལ་ཏེ་འཇིག་རྟེན་ན་ལྷ་སྦྱིན་བདེ་བར་ཉལ་འདུག་གོ་ཞེས་པ་སོགས་ཀྱི་ཐ་སྙད་མཐོང་བས་བདེ་བ་ཡོད་དོ་ཞེ་ན། ལུས་སེམས་ཀྱི་འབད་རྩོལ་མེད་པ ར་ཉལ་བ་ལ་སོགས་པའི་སྤྱོད་པ་ཞེས་བྱ་བ་ས་སྟེང་ན་ཡོད་པ་མིན་ལ། འབད་རྩོལ་ཡང་ལུས་སེམས་སྡུག་བསྔལ་བའི་རྒྱུ་ཡིན་པས་ཉལ་བ་སོགས་ཀྱི་ལས་བྱེད་བཞིན་པ་བདེ་བ་ཡིན་ནོ་ཞེས་རྣམ་པ་ཀུན་ཏུ་མི་རིགས་སོ། །གལ་ཏེ་འཇིག་རྟེན་ན་དབང་པོའི་བདེ་བའི་དོན་གྱི་ཕྱིར་སྡིག་པའི་ལས་སྤྱད་པས་འདིའི་ཕྱིར་སྡུག་བསྔལ་མང་པོ་མྱོང་བའི་ཕྱིར་བདེ་བ་ཡོད་དོ་ཞེ་ན། ཡུལ་ལ་བརྐམ་པ་རྣམས་ནི་དབང་པོའི་བདེ་བ་ཅུང་ཟད་ཀྱི་དོན་དུ་སྡིག་པ་སྤྱད་པས་འདིར་འབད་པ་དང་བཅིང་བ་སོགས་དང་ཕ་རོལ་ཏུ་དམྱལ་བ་ལ་སོགས་ཀྱི་སྡུག་བསྔལ་མྱོང་བར་འགྱུར་བས་མཁས་པ་བདག་བདེ་བར་འདོད་པས་འཇིག་རྟེན་འདི་དང་གཞན་དུ་བདག་ཉིད་རྟག་ཏུ་སྡིག་པའི་རྒྱུ་ཅན་གྱི་སྡུག་བསྔལ་ལས་བསྲུང་བར་བྱ་དགོས་པས། དེའི་ཕྱིར་བདེ་བའི་དོན་དུ་སྡིག་པ་སྤྱད་ནས་ངན་འགྲོ་ཡོད་ན་བདེ་བའོ་ཞེས་རྣམ་པ་ཀུན་ཏུ་མི་རིགས་སོ། །

གལ་ཏེ་འདི་ན་སྐྱེས་བུ་བདེ་བ་དོན་དུ་གཉེར་བ་རྣམས་རྟ་དང་གླང་པོ་སོགས་བཞོན་པ་རྣམས་ལ་ཞོན་པར་བྱེད་པ་དེ་དག་ལ་བདེ་བ་ཡོད་དོ་ཞེ་ན། བཞོན་པ་དང་བཟའ་བཏུང་སོགས་བདེ་བའི་རྒྱུར་ཡོད་པ་དེ་དག་ལ་མི་རྣམས་ཀྱི་བདེ་བ་རྟག་ཏུ་ཡོད་པ་མ་ཡིན་ཏེ། དེ་དག་ཡུན་རིང་དུ་བསྟེན་པ་ན་མཐར་སྡུག་བསྔལ་འཕེལ་བར་མཐོང་བའི་ཕྱིར། དང་པོར་བཞོན་པ་སོགས་གང་ལ་སྡུག་བསྔལ་ཆུང་ངུ་ཙམ་ལས་མེད་པ་དེ་ལ་མཐར་སྡུག་བསྔལ་ཆེན་པོར་འཕེལ་བ་ག་ལ་ཡོད། དེ་བས་ན་ཐོག་མཐའ་བར་གསུམ་དུ་སྡུག་བསྔལ་ཁོ་ན་འབྱུང་བས་བཞོན་པ་སོགས་ལ་བདེ་བ་མེད་དོ། །གལ་ཏེ་སྡུག་བསྔལ་ཕྱིར་བཅོས་ཀྱི་བདེ་བ་ནི་ཡོད་དེ། དེ་མེད་ན་སྡུག་བསྔལ་མི་འཆོས་པ་ཞིག་ན། ཕྱིར་འཆོས་པར་བྱེད་པའི་ཕྱིར་རོ་ཞེ་ན། གསེར་གྱི་སྣོད་དང་སའི་སྣོད་དུ་སྐྱུགས་པ་གཉིས་ཀ་ཡང་སྡུག་བསྔལ་དུ་མཚུངས་ཀྱང་ཇི་ལྟར་ཕྱུག་པོ་འགའ་ཞིག་བདག་ཉིད་གསེར་གྱི་སྣོད་དུ་སྐྱུགས་ཤིང་། བྲན་མོ་སའི་སྣོད་དུ་སྐྱུགས་པ་མཐོང་བ་ན། བདག་ཉིད་ནི་དབང་ཐང་ཕུན་སུམ་ཚོགས་པའོ་སྙམ་ན་དགའ་བདེ་བཞིན་དུ་བྱིས་པ་ཐོས་པ་དང་མི་ལྡན་པ་རྣམས་ཀྱང་ཚ་གྲང་སོགས་ཀྱི་སྡུག་བསྔལ་ཕྱིར་བཅོས་པ་ཙམ་ལ་བདེ་བར་སེམས་སོ། །གལ་ཏེ་བདེ་བ་ཡོད་དེ། ཕྲག་པའི་ཁུར་ཁྱེར་བ་གཅིག་ནས་གཅིག་ཏུ་སྤོ་བ་ན་བདེ་བའི་བློ་འབྱུང་བས་སོ་ཞེ་ན། དེ་ལ་ཡང་བདེ་བ་མེད་དེ། འདི་ལྟར་གཡས་པས་ཡུན་རིང་དུ་ཁུར་ཁྱེར་བས་སྡུག་བསྔལ་ཆེན་པོ་འཕེལ་བས་སྐྱོ་བ་ན་གཡོན་པར་སྤོ་ལ། དེ་ཡང་དང་པོར་སྡུག་བསྔལ་ཆུང་ངུ་བརྩམས་པས་སྔར་གྱི་སྡུག་བསྔལ་ཆེར་སྐྱེས་ཤིང་འཕེལ་བ་ལྡོག་པ་ན་བདེ་བའི་བློ་སྐྱེ་བར་ཟད་ཀྱི། དང་པོ་སྡུག་བསྔལ་ཆུང་ངུ་བརྩམས་པ་ལའང་བདེ་བ་ཅི་ཡོད། འང་ཞེས་པས་སྡུག་བསྔལ་ཆེན་པོ་འགགས་པ་ལའང་བདེ་བ་ཅི་ཡོད། གང་གི་ཕྱིར་རྣམ་པར་དཔྱད་ན་བདེ་བ་ཅུང་ཟད་ཀྱང་ཡོད་པ་མ་ཡིན་པ་དེའི་ཕྱིར་ཐུབ་པས་ཀཱཏྱཱའི་བུ་སྐྱེ་བ་ནའང་སྡུག་བསྔལ་ཁོ་ན་སྐྱེའོ། །འགག་པ་ནའང་སྡུག་བསྔལ་ཁོ་ན་འགག་གོ་ཞེས་སྐྱེ་འཇིག་དག་སྡུག་བསྔལ་ཡིན་ནོ་ཞེས་གསུངས་པའོ་སྙམ་དུ་སེམས་སོ། །གལ་ཏེ་སྡུག་བསྔལ་རང་བཞིན་གྱིས་ཡོད་ཀྱང་བདེ་བ་ཤས་ཆེན་པོས་བསྒྲིབས་པས་མི་མཐོང་ངོ་ཞེ་ན། སོ་སོའི་སྐྱེ་བོས་སྡུག་བསྔལ་ནི་རང་བཞིན་གྱིས་གྲུབ་ཀྱང་བདེ་བས་གཡོགས་པ་ལྟར་དུ་བྱས་པས་མི་མཐོང་བར་འདོད་ན། གང་གིས་སྡུག་བསྔལ་སྒྲིབ་པར་འགྱུར་བའི་བདེ་བ་ཞེས་བྱ་བ་ཅུང་ཟད་ཀྱང་མེད་ན་ཇི་ལྟར་སྡུག་བསྔལ་བསྒྲིབས་པས་མི་མངོན་པར་འགྱུར་ཏེ་བདེ་བ་ཇི་ལྟར་མེད་པ་ཡང་བཤད་ཟིན་ཏོ། །གལ་ཏེ་ལུས་རང་བཞིན་གྱིས་སྡུག་བསྔལ་བ་ཡིན་ན་ཉེ་བར་བསྟན་པས་ཅི་བྱ་སྟེ། ཉི་ཚན་དྲོའོ་ཞེས་བསྟན་མི་དགོས་པ་བཞིན་ནོ་ཞེ་ན། སྡུག་བསྔལ་གྱི་རང་བཞིན་ཡིན་ཡང་གཏི་མུག་གིས་བསྒྲིབས་པས་བྱིས་པ་རྣམས་ཀྱིས་དེའི་རང་བཞིན་མི་རྟོགས་པས་ན་ཁྱོད་ལུས་སྡུག་བསྔལ་གྱི་རང་བཞིན་ཅན་ལ་ཆགས་པ་དང་བྲལ་བ་མེད་དོ་ཞེས་སོ་སོའི་སྐྱེ་བོ་རྣམས་ལ་བསྟན་པར་བྱ་དགོས་སོ། །དེའི་རང་བཞིན་ལ་གཞན་བཞིན་དུ་གཏི་མུག་གིས་བསྒྲིབས་པས་མི་མཐོང་བ་དེས་ན། ཆེ་ཞེ་འདི་ནི་སྒྲིབ་པ་རྣམས་ཀྱི་མཆོག་སྟེ། གང་འདི་མ་རིག་པའི་སྒྲིབ་པའོ་ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་གཏི་མུག་སྒྲིབ་པ་ཀུན་གྱི་ཐ་མར་གསུངས་སོ། །གཉིས་པ་ནི། ལུས་མི་རྟག་པ་ཡིན་ཡང་བདེ་བ་ཡོད་དོ་ཞེ་ན། མི་རྟག་པ་ལ་ངེས་པར་གནོད་པར་འགྱུར་ཏེ། ཡིད་འབྱུང་བར་བྱེད་པའི་ཕྱིར། གང་ལ་ཡིད་འབྱུང་བའི་མཚན་ཉིད་ཀྱི་གནོད་པ་ཡོད་པ་དེ་ནི་བདེ་བ་མིན་ཏེ། དེའི་ཕྱིར་མི་རྟག་པ་གང་ཡིན་པ་ཐམས་ཅད་སྡུག་བསྔལ་ཞེས་བྱ་བར་འགྱུར་ཏེ། དཔེར་ན། ལན་ཚྭའི་འབྱུང་ཁུངས་སུ་ལྷུང་བ་ཐམས་ཅད་ལན་ཚྭ་ཅན་དུ་འགྱུར་བ་བཞིན་དུ་མི་རྟག་པ་ཐམས་ཅད་སྡུག་བསྔལ་བ་ཡིན་པས་འདུ་བྱེད་ཐམས་ཅད་སྡུག་བསྔལ་གྱི་བདག་ཉིད་དོ། །

གཉིས་པ་རབ་ཏུ་བྱེད་པའི་དགོས་པ་བསྟན་པ་ནི། དེ་ལྟར་རབ་ཏུ་བྱེད་པ་འདིས་ནི་མདོ་ལས། སྐྱེ་བ་སྡུག་བསྔལ་ལོ། །རྒ་བ་སྡུག་བསྔལ་ལོ། །སྡུག་པ་དང་འབྲལ་བ་སྡུག་བསྔལ་ལོ། །མི་སྡུག་པ་དང་ཕྲད་པ་སྡུག་བསྔལ་ལོ། །གང་འདོད་པ་བཙལ་དུ་མ་རྙེད་པ་དེ་ཡང་སྡུག་བསྔལ་ལོ། །མདོར་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སྡུག་བསྔལ་ལོ་ཞེས་གང་གསུངས་པའི་རྣམ་པར་བཤད་པས་ཁམས་གསུམ་མཐའ་དག་སྐྱེ་བ་དང་འཇིག་པ་ལ་སོགས་པ་སྡུག་བསྔལ་གྱི་གཏམ་གྱིས་གདུལ་བྱའི་སྐྱེ་བོ་འཁོར་བའི་བཙོན་རའི་ཚོགས་ལ་སྐྱོ་བ་སྐྱེད་ནས། དེར་ལྷུང་བའི་སེམས་ཅན་རྣམས་སྙིང་རྗེ་ཆེན་པོའི་རྒྱུ་ཅན་བྱང་ཆུབ་ཀྱི་སེམས་དང་གཉིས་སུ་མེད་པའི་ཡེ་ཤེས་ཀྱིས་སྦྱངས་པ་ལ་རབ་ཏུ་འགོད་པར་བྱེད་པ་ཡིན་ནོ། །དགོས་པ་དེ་ལྟ་བུའི་དབང་གིས། མི་རྟག་པ་ལ་ངེས་པར་གནོད། །གང་ལ་གནོད་ཡོད་དེ་བདེ་མིན། །དེ་ཕྱིར་མི་རྟག་གང་ཡིན་པ། །ཐམས་ཅད་སྡུག་བསྔལ་ཞེས་བྱར་འགྱུར། །ཞེས་གསུངས་པར་ཟད་ཀྱི། བྱིས་པའི་སྐྱེ་བོ་མ་རིག་པའི་རབ་རིབ་ཀྱིས་བློའི་མིག་བསྒྲིབས་པ་དག་གིས་རང་གི་ཕྱིན་ཅི་ལོག་གི་རྟོག་པ་ཚད་མར་བྱས་ནས། སྡུག་བསྔལ་ཕྱིར་བཅོས་པ་ཙམ་ལ་བདེ་བར་ཐ་སྙད་བྱས་པ་ནི་འདིར་འགོག་པ་མ་ཡིན་ཏེ། ཀུན་རྫོབ་ལ་སྐུར་བ་བཏབ་པར་འགྱུར་བས་སོ། །གལ་ཏེ་བདེ་བ་དང་སྡུག་བསྔལ་གཅིག་པར་ཡང་རྫས་སུ་མ་གྲུབ་ཅིང་ཐ་སྙད་ཙམ་དུ་ཡང་ཡོད་པར་འདྲ་ན། ཕྱིན་ཅི་ལོག་པ་དང་མ་ལོག་པའི་ཁྱད་པར་ཇི་ལྟར་རུང་ཞེ་ན། བདེན་མོད་ཀྱི། འོན་ཀྱང་གཞུང་དུ་ཇི་སྐད་བསྟན་པའི་ཡང་དག་ཀུན་རྫོབ་ལ་འཇུག་པའི་རིགས་པས་ལུས་སྡུག་བསྔལ་གྱི་རང་བཞིན་དུ་གྲུབ་པའི་ཕྱིར་དང་། བདེ་བར་འཛིན་པ་ལ་གནོད་པའི་ཕྱིར་ཡང་དག་ཀུན་རྫོབ་ལ་ལྟོས་ནས་སྡུག་བསྔལ་ཕྱིན་ཅི་མ་ལོག་པ་དང་། བདེ་བ་ཕྱིན་ཅི་ལོག་ཏུ་རྣམ་པར་བཞག་གོ །ཕྱིན་ཅི་མ་ལོག་པ་གཞན་གསུམ་ཡང་དེ་བཞིན་དུ་ཤེས་པར་བྱ་སྟེ། འདི་ལྟར་འཇིག་རྟེན་གྱི་ཐོག་མ་མེད་པ་ནས་ཞུགས་པའི་ཐ་སྙད་ཀྱི་རྗེས་སུ་འབྲང་བའི་ཕྱིན་ཅི་ལོག་ཚད་མར་བྱས་ནས་རྒྱུན་བརྟན་པ་རྣམས་ལ་རྟག་པ་དང་། ཁ་དོག་དང་དབྱིབས་ཕུན་སུམ་ཚོགས་པའི་སྐྱེས་པ་དང་བུད་མེད་ཀྱི་ལུས་ལ་གཙང་བ་དང་། ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་ལ་བདག་ཅེས་ཐ་སྙད་བྱས་པ་རྣམས་ནི་ལོག་པའི་ཀུན་རྫོབ་བདེན་པར་གྲུབ་ལ། དེ་དག་ལ་ཡང་བཤད་པ་དང་འཆད་པར་འགྱུར་བའི་ཡང་དག་ཀུན་རྫོབ་ལ་འཇུག་པའི་རིགས་པས་གནོད་པའི་ཕྱིར་ཡང་དག་ཀུན་རྫོབ་ལ་ལྟོས་ནས་ཕྱིན་ཅི་ལོག་ཏུ་རྣམ་པར་བཞག་ལ། མི་རྟག་པ་ལ་སོགས་པ་གསུམ་ཕྱིན་ཅི་མ་ལོག་པར་རྣམ་པར་བཞག་གོ །ཡང་དག་པར་ན་མི་རྟག་པ་ལ་སོགས་པ་བཞི་ཡང་ཕྱིན་ཅི་ལོག་ཡིན་ཏེ། སྟོང་པ་ཉིད་ལ་རྟག་པ་དང་མི་རྟག་པ་ལ་སོགས་པ་གང་དུའང་དཔྱད་དུ་མེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་དབུ་མའི་རྩ་བར། གལ་ཏེ་མི་རྟག་རྟག་གོ་ཞེས། །དེ་ལྟར་འཛིན་པ་ལོག་ཡིན་ན། །སྟོང་ལ་མི་རྟག་པ་ཉིད་ཅེས། །འཛིན་པ་ཇི་ལྟར་ལོག་མ་ཡིན། །ཞེས་གསུངས་པ་ལྟར་རོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདེ་བར་འཛིན་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་བྱེད་གཉིས་པའི་འགྲེལ་པའོ།།། །།

ལེའུ་གསུམ་པའི་རྣམ་བཤད།

གསུམ་པ་གཙང་བ་ཕྱིན་ཅི་ལོག་སྤོང་བའི་ཐབས་བསྟན་པ་ལ། ལུས་མི་གཙང་བ་བསྒོམ་པ་དངོས་དང་། སྤྱིའི་དོན་བསྡུ་བ་གཉིས་ཀྱི། དང་པོ་ལ། བུད་མེད་ཀྱི་ལུས་ལ་གཙང་བར་ཞེན་པ་དགག་པ་དང་། ལུས་སྤྱི་ལ་གཙང་བར་ཞེན་པ་དགག་པ་གཉིས་ཀྱི། དང་པོ་ལ། ཡུལ་བུད་མེད་ལ་ཆགས་པ་ཐུན་མོང་དུ་དགག ཡུལ་བུད་མེད་ཀྱི་སྐྱོན་བསྟན། ཡུལ་ཅན་ཆགས་པའི་སྐྱོན་བསྟན་པ་གསུམ་གྱི། དང་པོ་ལ། ཡུལ་བུད་མེད་ལ་ཆགས་པ་ཐུན་མོང་དུ་དགག གཟུགས་མཛེས་ལ་ཆགས་པ་ཁྱད་པར་དུ་དགག བུད་མེད་ཀྱི་སྐྱོན་བསྟན་པ་གསུམ་གྱི། དང་པོ་ནི་གལ་ཏེ་འདུ་བྱེད་སྡུག་བསྔལ་གྱི་བདག་ཉིད་ཡིན་མོད། དེ་ལྟར་ན་ཡང་ཡུལ་ཡིད་དུ་འོང་བ་ལ་སྤྱོད་པའི་རོས་ཚིམ་པ་བདེ་བར་འགྱུར་བས། དེའི་ཕྱིར་ན་ཚོད་དང་པོ་ལ་ཡུལ་ཉེ་བར་ལོངས་སྤྱོད། བར་དུ་ནོར་བསགས། ཐ་མར་ཆོས་བསྟེན་ནོ་ཞེ་ན། གལ་ཏེ་ཡུལ་རྣམས་ལ་ཚད་ཅུང་ཟད་ཅིག་ཡོད་ན། ན་ཚོད་དང་པོ་ལ་འདི་ཟད་པར་ཐོབ་པར་བྱས་ནས་བདེ་བ་སྲིད་པ་ཞིག་ན། ཡུན་ཤིན་ཏུ་རིང་པོར་ལོངས་སྤྱོད་ཀྱང་འདོད་པའི་ཡུལ་ལ་མུར་ཐུག་ཅིང་ཟད་པ་ཡོད་པ་མ་ཡིན་ཏེ། བྱིས་པ་རྣམས་ཀྱིས་ཐོག་མ་མེད་པ་ནས་ཡུལ་སྤྱད་ཀྱང་ད་དུང་ཡུལ་ལ་སྲེད་པ་མ་ལོག་པའི་ཕྱིར་རོ། །དེ་བས་ན་སྨན་པ་ངན་པ་ནད་ཀྱི་མཚན་ཉིད་མི་ཤེས་པས་ནད་ཟད་པའི་དོན་དུ་འབད་ཀྱང་ནད་མཐར་དབྱུང་མི་ནུས་པས་ལུས་ཀྱི་གསོ་སྤྱད་དོན་མེད་པ་ལྟར་ཁྱོད་ཀྱང་ཡུལ་ཟད་པར་ཐོབ་པར་བྱ་བའི་ཕྱིར་ཡུལ་ལ་བསྟེན་པའི་ངལ་བ་འབྲས་བུ་མེད་པར་འགྱུར་རོ། །གལ་ཏེ་ཆུས་ངོམས་པ་ན་སྐོམ་པ་མེད་པ་ལྟར་འདོད་པས་ཚིམ་པ་ན་སྲེད་པ་མེད་པར་འགྱུར་རོ་ཞེ་ན། འདོད་པ་བསྟེན་པས་འདོད་པའི་སྲེད་པ་ལྡོག་པར་མི་འགྱུར་ཏེ། འདི་ལྟར་ཡུལ་དམན་པ་ས་ཟ་བ་བསྟེན་ཅིང་གོམས་པར་བྱེད་པ་འགའ་ཞིག་ལ་སའི་སྲེད་པ་ལྡོག་པ་མེད་ཅིང་གོང་ནས་གོང་དུ་འཕེལ་བ་དེ་བཞིན་དུ། འདོད་པའི་ཡུལ་བསྟེན་བཞིན་པའི་མི་རྣམས་ལའང་འདོད་པའི་རེ་བ་གོང་ནས་གོང་དུ་འཕེལ་ཞིང་མི་ལྡོག་པ་ཡང་དེ་བཞིན་ཏེ། འདོད་པ་བསྟེན་པས་ནི་རིགས་མཐུན་གྱི་ས་བོན་གསོས་བཏབ་ནས་འདོད་པ་སྟོབས་ལྡན་དུ་སྐྱེད་པར་བྱེད་པས་སོ། །

དེ་བས་ན་སྐད་ཅིག་རེ་རེ་བཞིན་འཕེལ་བའི་ཤུགས་ཅན་འདོད་པས་གཡེངས་པའི་མི་ལ་ཚིམ་པ་ག་ལ་ཡོད། གཉིས་པ་ནི། གལ་ཏེ་གོང་གི་ཉེ་བར་བསྟན་པ་འདིས་བུད་མེད་ཐུན་མོང་བ་ལས་ཆགས་པ་བཟློག་ནུས་ཀྱང་། བུད་མེད་ཤིན་ཏུ་གཟུགས་བཟང་མོ་ཅན་དག་ལ་ཆགས་པ་ཇི་ལྟར་བཟློག་ཅེ་ན། བུད་མེད་ཀུན་གྱི་མི་གཙང་བའི་ཕྱོགས་རང་གི་ངང་གིས་དྲི་ང་ཞིང་རྟག་ཏུ་འཛག་པ་ལུས་ཀྱི་གྲོང་ཁྱེར་གྱི་མི་གཙང་བའི་གཏོར་ཁུང་དུ་གྱུར་པ། བཤང་ཁང་ལྟར་སྐྱེ་བོ་མང་པོས་བླུགས་པའི་མི་གཙང་བ་ནོད་པ་ལུས་ཀྱི་སྦུབས་ཀྱི་རྨ་ཐ་ཆད་ཤིན་ཏུ་ཆེན་པོ། དེའི་རང་བཞིན་ཡོངས་སུ་རྟོགས་པ་པོ་རྣམ་པ་དང་ལྡན་པ་རྣམས་ཀྱི་འདོད་ཆགས་དང་བྲལ་བའི་རྒྱུ་གཉིས་སུ་མེད་པ་དེ་ལ་བྱིས་པ་རང་གི་སེམས་ཕྱིན་ཅི་ལོག་མ་གཏོགས་པ་འཁྲིག་པའི་རེག་པ་ལ་ཐ་དད་ཅུང་ཟད་ཡོད་པ་མིན་ཞིང་། དེའི་གཟུགས་ནི་ལྟ་བའི་སྤྱོད་ཡུལ་དུ་གྱུར་པའི་ཁྱི་དང་བྱ་རོག་སོགས་གཞན་གྱིས་ཀྱང་ལོངས་སྤྱོད་ཅིང་། དངོས་པོ་ཐུན་མོང་བ་ལ་ཞེན་པ་བསྐྱེད་པ་མི་རིགས་པས། བུད་མེད་ཀྱི་ཁོག་པ་ལ་བརྐམ་པ་ཁྱོད་ལ་མོ་མཆོག་གིས་ཡོན་ཏན་ལྷག་པོ་ཅི་ཞིག་སྐྱེད་སྨྲོས་ཤིག དེའི་ཕྱིར་བུད་མེད་མཆོག་ལ་མངོན་པར་ཞེན་པར་མི་བྱའོ། །གཞན་ཡང་བུད་མེད་མཆོག་ནི་བླུན་པོའི་འདོད་ཆགས་ཀྱི་རྒྱུ་མ་ཡིན་ཏེ། ཡིན་ན་དེ་ལས་གཞན་ལ་འདོད་ཆགས་སྐྱེ་བ་མི་རིགས་ན། གཟུགས་ངན་མ་ལ་ཡང་ཆགས་པ་སྐྱེ་བར་མཐོང་བའི་ཕྱིར་རོ། །འདི་ལྟར་སྐྱེས་བུ་གང་ལ་བུད་མེད་གང་ཞིག་གཟུགས་ངན་ཡང་རང་གི་ཡིད་དུ་འོང་བར་གྱུར་པ་ན་དེ་ནི་དེ་ཡིས་འཚེངས་པར་རློམ་ཞིང་ཆགས་པར་འགྱུར་གྱི་གཟུགས་བཟང་བ་ཉིད་འདོད་ཆགས་ཀྱི་རྒྱུ་མ་ཡིན་ཏེ། ཁྱི་དང་བོང་བུ་ལ་སོགས་པ་རྣམས་ལའང་རང་རང་གི་མོ་ལ་ཆགས་པ་ཐུན་མོང་དུ་སྐྱེ་བས་སོ། །དེ་བས་ན་གཏི་མུག་ཁོ་ན་འདོད་ཆགས་ཀྱི་རྒྱུ་ཡིན་པས་བློ་གྲོས་ངན་པ་ཁྱོད་ཅིས་ནི་བུད་མེད་གཟུགས་བཟང་ཁོ་ན་ལ་ཆགས། གལ་ཏེ་བུ་མོ་ཡན་ལག་ཀུན་མཛེས་པ་ནི་རྙེད་པར་དཀའ་བས་དེ་ལ་ཆགས་པར་རིགས་སོ་ཞེ་ན། ཁྱོད་ལ་ཡན་ལག་ཀུན་མཛེས་པའི་བུ་མོ་གང་ཡིན་པ་དེ་ནི་སྔར་ཁྱོད་ལ་མ་སོང་གོང་དུ་སྐྱེས་པ་ཀུན་གྱི་ཐུན་མོང་བ་ཡིན་ཏེ། བུ་མོ་རྣམས་ནི་ཁྱོ་ཡི་དོན་དུ་ཡིན་པས་ཁྱོ་ལའང་ངེས་པ་མེད་པའི་ཕྱིར་རོ། །དཔེར་ན་ལམ་པོ་ཆེའི་ཟོང་བཞིན་ནོ། །ཀུན་གྱི་ཐུན་མོང་དུ་གྱུར་པ་དེ་རྙེད་པས་ཁྱོད་ལ་ངོ་མཚར་ཇི་ལྟར་ཡང་ནི་འགྱུར་ཏེ་ངོ་མཚར་ཅི་ཡོད། གང་གིས་ན་དེ་ལ་ཡ་མཚན་དུ་བཟུང་བས་ཆགས་པར་བྱེད། གལ་ཏེ་བུད་མེད་ཐམས་ཅད་ཆགས་པའི་རྒྱུ་མ་ཡིན་ཡང་གང་ལ་སྤྱོད་ལམ་མཛེས་པ་དང་། རང་བཞིན་དྲང་བ་སོགས་ཡོན་ཏན་དང་ལྡན་པ་དེ་ལ་ཆགས་པར་རིགས་སོ་ཞེ་ན། གལ་ཏེ་ཡོན་ཏན་དང་ལྡན་པ་སྡུག་པ་དེ་འདོད་ཆགས་ཀྱི་རྒྱུ་དང་། བཟློག་པ་སྐྱོན་དང་ལྡན་པ་ལ་ནི་འདོད་ཆགས་ལས་བཟློག་པ་ཞེ་སྡང་གི་རྒྱུར་མཐོང་བ་ན། འོ་ན་ནི་བུད་མེད་མཆོག་འདོད་ཆགས་ཀྱི་རྒྱུ་མ་ཡིན་ཏེ། སྐྱོན་ཡོན་ཏན་གཉིས་མཐའ་གཅིག་ཏུ་རྣམ་པར་གནས་པ་མེད་པས་ཡུལ་གཅིག་ལ་སྔ་ཕྱི་རིམ་ཅན་དུ་གཉིས་ཆར་འབྱུང་བ་མཐོང་བས་སོ། །དེ་བས་ན་སྔ་མ་ཡོན་ཏན་དང་ལྡན་པའམ། ཕྱི་མ་ཅིག་ཤོས་སྐྱོན་དང་ལྡན་པ་གཉིས་ལས་ནི་གང་ཞིག་བདེན་པར་འགྱུར། དེས་ན་སྐྱོན་ཡོན་གང་ཡང་མཐའ་གཅིག་ཏུ་གནས་པ་མེད་པས་དེ་དག་གི་སྒོ་ནས་ཆགས་སྡང་གང་ཡང་འཇུག་པ་མི་རིགས་སོ། །གལ་ཏེ་ཡོན་ཏན་མེད་པ་རྣམས་ལ་རྗེས་སུ་མི་མཐུན་པའི་ཕྱིར་ཆགས་པར་མི་འགྱུར་གྱི། རྗེས་སུ་མཐུན་པའི་ཡོན་ཏན་དང་ལྡན་པ་ཁོ་ན་ལ་ཆགས་སོ་ཞེ་ན། འདོད་པས་ཟིལ་གྱིས་མནན་ཅིང་ཁྲེལ་ངོ་ཚ་དང་བྲལ་བའི་བླུན་པོ་རྣམས་ཀྱི་འདོད་ཆགས་ནི་བུད་མེད་ཡོན་ཏན་དང་ལྡན་པ་འབའ་ཞིག་ལ་མི་སྐྱེའི་ཡོན་ཏན་ཡོད་མེད་ཀུན་ལ་ཁྱད་པར་མེད་པར་སྐྱེ་བར་འགྱུར་ཏེ། ཕྱི་རོལ་གྱི་རྒྱུ་ལ་མི་ལྟོས་པར་གཏི་མུག་ཕལ་ཆེ་བ་ལས་སྐྱེ་བས་སོ། །དེ་བས་ན་ཡོན་ཏན་མཐོང་བ་སོགས་ཀྱི་རྒྱུ་མེད་པར་འཇུག་པའི་བྱིས་པ་རྣམས་ཀྱི་འདོད་ཆགས་ལྡོག་པ་རྒྱུ་དགག་པ་ལ་ལྟོས་པ་ལས་ག་ལ་ཞིག་ཡིན། དེའི་ཕྱིར་བུད་མེད་ལ་ཆགས་པ་ཡོན་ཏན་དང་ལྡན་པའི་རྒྱུ་མཚན་དུ་མི་རིགས་སོ། །

གསུམ་པ་ནི། གལ་ཏེ་བུད་མེད་ནི་སྐྱེས་པ་ཤི་བའི་རྗེས་སུ་ལྕེབ་པར་ནུས་པས། ཤིན་ཏུ་ཆགས་པ་དང་འབྲེལ་བའི་བུད་མེད་བསྟེན་པར་འོས་སོ་ཞེ་ན། བུད་མེད་ནི་ཇི་སྲིད་དུ་འགའ་དང་བྲལ་བས་སྐྱེས་པ་གཞན་གྱི་རོ་ཤེས་པར་མ་གྱུར་པ་དེ་སྲིད་དུ་བུད་མེད་དེ་ནི་སྐྱེས་པ་ཁྱོ་ལ་སྡུག་ཅིང་མངོན་པར་དགའི། གང་ཚེ་སྐྱེས་པ་གཞན་གྱི་རོ་མྱངས་པ་དེའི་ཚེ་ནི་ཁྱོད་གཅིག་པུ་ལ་མི་དགའ་སྟེ། དེའི་ཕྱིར་ནད་ངན་དང་མཚུངས་པར་རྟག་ཏུ་སྐྱེས་པ་གཞན་གྱི་རྐྱེན་ལས་བསྲུང་བར་བྱ་དགོས་པའི་བུད་མེད་ལ་ནི་ཡིད་བརྟན་པར་མི་བྱ་སྟེ། འཁྲུགས་པའི་རྐྱེན་ཉེ་བར་གྱུར་ན་རྣམ་པར་འགྱུར་བ་ལ་བརྟེན་པའི་ཕྱིར་རོ། །གཉིས་པ་ལ་སྐྱོན་དངོས་དང་། བུད་མེད་བདེ་བའི་རྒྱུ་ཡིན་པ་དགག དེ་ལ་ཕྲག་དོག་དང་ཆགས་པ་མི་རིགས་པར་བསྟན་པ་གསུམ་གྱི། དང་པོ་ནི། གལ་ཏེ་ལུགས་ཀྱི་བསྟན་བཅོས་ལས། ལང་ཚོ་ལ་བབ་པའི་ན་ཚོད་དང་པོ་ལ་འདོད་པ་བསྟེན་པར་བསྟན་ལ། བསྟན་བཅོས་བཞིན་བྱེད་པ་ཡང་བྱ་བ་མ་ཡིན་པ་བྱེད་པར་མི་འགྱུར་རོ་ཞེ་ན། རང་གཞན་དོན་མ་ཡིན་པ་ལ་སྦྱོར་བར་བྱེད་པ་འདོད་པའི་དུག་གིས་མྱོས་པ་དག་གིས་སྦྱར་བའི་ཚིག་ལ་མཁས་པ་སུ་ཞིག་ཚད་མར་བྱེད། འདི་ལྟར་ཆགས་ཅན་རྣམས་ཀྱིས་དར་མར་རང་གིས་འདོད་པ་སྤྱོད་པའི་གདུང་བ་བྱས་པ་གང་ཡིན་པ་དེ་ནི་འདོད་ཆགས་དང་བྲལ་བ་མ་ཡིན་དུ་ཟིན་ཀྱང་། རྒན་པོའི་གནས་སྐབས་སུ་དྲན་པ་ཙམ་གྱིས་མི་འདོད་ཅིང་ཡིད་འབྱུང་བ་འགྱུར་ན། ཇི་ལྟར་གྲོལ་བ་དགྲ་བཅོམ་པ་རྣམས་འདོད་ཆགས་ཀྱི་སྤྱོད་པ་དེ་ལ་ཤིན་ཏུ་སྨད་ཅིང་གདུང་བར་མི་འགྱུར་ཏེ་འགྱུར་བ་ཁོ་ནའོ། །

གཉིས་པ་ནི། གལ་ཏེ་བུད་མེད་ཀྱི་བདེ་བ་ནི་འདོད་པའི་ཁམས་ལ་བདེ་བའི་མཆོག་ཡིན་ལ། དེའི་རྒྱུ་ནི་བུད་མེད་ཡིན་པས་དེའི་ཕྱིར་བུད་མེད་ཡོངས་སུ་བཟུང་བར་བྱའོ་ཞེ་ན། འདོད་ཆགས་ཀྱི་བདེ་བ་ནི་ཡང་དག་པར་བདེ་བ་མ་ཡིན་ཏེ། ཕྱིན་ཅི་ལོག་གི་བློས་བདེ་བར་སྒྲོ་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །འདི་ལྟར་མ་ཆགས་པ་ལ་བུད་མེད་དང་ཕྲད་པའི་བདེ་བ་མེད་ཅིང་། འདོད་ཆགས་པ་དེ་ཡང་ཆགས་ཡུལ་ཡང་དག་པར་འདོད་བྱའི་དངོས་པོ་མ་ཡིན་པ་ལ་དེར་ཞེན་ནས་འཇུག་པས། དངོས་པོའི་གནས་ལུགས་ལ་རྨོངས་པའི་བླུན་པོ་མིན་པ་ལ་མི་འབྱུང་ལ། བླུན་པོ་གང་ཡིད་རྟག་ཏུ་གནས་ལུགས་ལ་ཕྱིར་ཕྱོགས་པ་དེ་ཡི་ཡང་དག་པའི་བདེ་བ་ཅི་འདྲ་ཞིག་རིག་པར་འགྱུར་ཏེ། ཕྱིན་ཅི་ལོག་གི་རྟོག་པ་ཙམ་མ་གཏོགས་པ་བདེ་བ་ཅུང་ཟད་ཀྱང་རིག་པ་མེད་དོ། །

གཞན་ཡང་ལོངས་སྤྱོད་པའི་དོན་དུ་བུད་མེད་ཡོངས་སུ་འཛིན་ན་ཡང་སྐྱེས་པ་གཞན་ལ་སེར་སྣ་མེད་པའི་སྒོ་ནས་བྱ་བར་རིགས་ཀྱི། བུད་མེད་འདི་ནི་ངའི་ཡིན་གྱི་གཞན་གྱི་མ་ཡིན་ཞེས་ཡོངས་སུ་འཛིན་ཅིང་རང་མི་སྤྱོད་པའི་གནས་སྐབས་སུ་ཡང་སྐྱེས་པ་གཞན་ལ་ཕྲག་དོག་བྱེད་པ་འདི་ཀོ་ཅི་ཞིག་ཡིན་ཏེ། འདོད་ལྡན་ཁྱོད་ལ་ལོངས་སྤྱོད་ཀྱི་ཆེད་དུ་བུད་མེད་ལ་རྟག་ཏུ་གུས་ཤིང་ཞེན་པ་བཞིན་དུ་རྟག་པར་ནི་མོ་དང་ལྷན་ཅིག་ཕྲད་པའི་མཐུ་མེད་པའི་ཕྱིར་རོ། །འདི་ལྟར་ཆགས་ཅན་རྣམས་ཀྱང་ཡུད་ཙམ་ལོངས་སྤྱོད་ལས་དུབ་སྟེ་ཆགས་བྲལ་ལྟར་བུད་མེད་གཏོང་བའི་ཕྱིར་རོ། །གལ་ཏེ་འདོད་ཆགས་ལ་བདེ་བ་ཡིན་ཞེས་འཇིག་རྟེན་ན་གྲགས་ལ། དེར་ཡང་བུད་མེད་མེད་པར་མི་འབྱུང་བས་བདེ་བའི་དོན་དུ་བུད་མེད་བསྟེན་པར་རིགས་སོ་ཞེ་ན། འདོད་ཆགས་ནི་བདེ་བ་མ་ཡིན་ཏེ། དེ་འཇོམས་པའི་ཐབས་སུ་བུད་མེད་བསྟེན་པས་སོ། །གལ་ཏེ་འདོད་ཆགས་རང་བཞིན་གྱི་བདེ་བ་ཡིན་ན་དེ་འཇོམས་པའི་ཐབས་སུ་བུད་མེད་བསྟེན་པ་དག་གིས་དགོས་པ་མེད་པར་འགྱུར་ཏེ། བདེ་བ་དོར་བྱ་ཞེས་བྱ་བ་ཇི་ལྟར་བུར་ཡང་མ་མཐོང་བས་སོ། །

གལ་ཏེ་བུད་མེད་དང་ལྷན་ཅིག་སྦྱོར་བ་ལས་བདེ་བ་འབྱུང་བའི་ཕྱིར་བདེ་བ་གཞན་བུད་མེད་ལས་སྐྱེས་པ་ཡིན་ནོ་ཞེ་ན། གལ་ཏེ་བུད་མེད་དང་སྦྱོར་བ་བདེ་བའི་རྒྱུ་ཡིན་ན་ཆགས་བཅས་དང་ཆགས་བྲལ་ཐམས་ཅད་ལ་ཁྱད་པར་མེད་པར་འདོད་ཆགས་ཀྱི་བདེ་བ་སྐྱེ་དགོས་ན་དེ་ལྟ་ཡང་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་མ་ཡིན་ཡང་བསླབ་པ་ལ་གུས་པ་དག་ལ་བུད་མེད་ཀྱིས་བཙན་ཐབས་སུ་སྦྱར་ན་བདེ་བ་མི་སྐྱེ་ཞིང་ཡིད་གདུང་བར་འགྱུར་བས་སོ། །དེ་བས་ན་སྐྱེས་བུ་བུད་མེད་དང་ལྷན་ཅིག་སྦྱོར་བ་ན་ཡང་བདེ་བ་དེ་ནི་དབང་པོ་གཉིས་སྦྱོར་བ་དང་། དེ་ལས་གཞན་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་ཀུན་རྟོག་དང་བཅས་པ་ལས་སྐྱེ་བར་འགྱུར་ན། དེའི་རྒྱུ་མཛའ་མོ་བསྟེན་པ་འདི་ཉིད་ཁོ་ན་ཡིན་ཞེས་བླུན་པོ་མིན་པ་མཁས་པ་སུ་ཞིག་འཛིན་པར་བྱེད་དེ། བླུན་པོ་ཁོ་ནས་འཛིན་པར་འགྱུར་རོ། །གལ་ཏེ་འདོད་ཆགས་དེ་ལྟར་ཤིན་ཏུ་སྨད་པ་ཡིན་ན་ཆགས་ཅན་རྣམས་ཡང་དང་ཡང་དུ་ཅིའི་ཕྱིར་སྤྱོད། དེ་བས་ན་འདོད་ཆགས་བདེ་བ་ཡིན་ནོ་ཞེ་ན། འདོད་ལྡན་འདོད་ཆགས་སྤྱོད་པ་ནི་བདེ་བའི་རང་བཞིན་ཡིན་པས་མ་ཡིན་གྱི། འདོད་ཆགས་ཀྱི་དུག་གིས་བློ་གྲོས་ཀྱི་མིག་ལྡོངས་པས་འདོད་པའི་སྐྱོན་མི་མཐོང་བས་ཡིན་ཏེ། དཔེར་ན་གཡན་པ་ཚབས་ཆེན་པོས་ཐེབས་པའི་མཛེ་བོ་དག གཡན་པ་འཕྲུག་པའི་ཉེས་པ་མེ་དབལ་འབར་བ་དང་པགས་པ་བཤུས་པ་དང་ཁྲག་དང་ཆུ་སེར་འཛག་པའི་ཉེས་པ་མི་མཐོང་བར་ཡང་དང་ཡང་དུ་འཕྲུག་ཅིང་དེ་ལས་མི་ལྡོག་པ་བཞིན་ནོ། །དེ་ལྟ་བས་ན་འདོད་ཆགས་ཀྱི་གཡན་པ་དང་བྲལ་བའི་འཕགས་པ་ཆགས་བྲལ་རྣམས་ལ་ཆགས་ཅན་རྣམས་གཡན་པ་ཚབས་ཆེན་པོས་ཐེབས་པའི་མཛེ་ནད་ཅན་ལྟར་ཆགས་ཅན་སྡུག་བསྔལ་དང་ལྡན་པ་ཁོ་ནར་སྣང་གི་བདེ་བ་དང་ལྡན་པར་མི་སྣང་ངོ་། །གལ་ཏེ་འདོད་པ་མི་གཙང་བ་ཡིན་ཡང་ཆགས་ཅན་འདོད་པ་ཉེ་བར་སྤྱོད་པར་འདོད་པ་དག་བུད་མེད་དང་ཕྲད་པའི་ཚེ་དེའི་མགོ་བོར་རྟིང་པས་བསྣུན་པ་དང་མཆིལ་མ་འཐོར་བ་སོགས་ཀྱི་བརྙས་པ་བཟོད་པར་བྱེད་ཀྱང་། སླར་དེ་ལ་བསྟོད་སྒྲའི་ཚིག་ལ་སོགས་པ་ལུས་ངག་གི་གཡོ་བ་དེ་བདེ་བ་ཡིན་ནོ་ཞེ་ན། དཔེར་ན་མགོན་མེད་ཅིང་བཀྲེས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་ཅིང་ཕོངས་པ་རྣམས་ལ་མུ་གེའི་ནོར་ཅན་དག་ལ་ཆེས་ཕོངས་པའི་ལུས་ངག་གི་གཡོ་བ་སྟོན་ཅིང་། ཕྱུག་པོ་བརྩེ་བ་མེད་པ་དག་གིས་ལན་བརྒྱར་བརྙས་སུ་ཟིན་ཀྱང་འདི་དག་གིས་བདག་ཅག་ལ་ཕྱིས་ཅུང་ཟད་ཅིག་སྟེར་རམ་སྙམ་ནས་བརྙས་པའི་གནས་དེ་དག་དང་དུ་ལེན་པའི་ལུས་ངག་གི་གཡོ་བག་དང་། ཆགས་ཅན་ཀུན་འདོད་པ་ཉེ་བར་སྤྱོད་པར་འདོད་པས་བུད་མེད་དང་ཕྲད་པའི་ཚེ་བུད་མེད་ཀྱི་བརྙས་ཐབས་བཟོད་པའི་ལུས་ངག་གི་གཡོ་བག་གང་ཡིན་པ་དེ་ཡང་དེ་དང་འདྲ་བ་ཁོ་ན་ཡིན་ཏེ། དེའི་ཕྱིར་འཕགས་པ་འདོད་ཆགས་དང་བྲལ་བ་རྣམས་ཀྱིས་དེ་ལྟ་བུའི་གཡོ་བག་མཐོང་ན་ཤིན་ཏུ་འཛེམ་ཞིང་ངོ་ཚ་བ་ཁོ་ནར་འགྱུར་གྱི་བདེ་བར་མི་སེམས་སོ། །

གསུམ་པ་ནི། བུད་མེད་ཀྱི་བདེ་བའི་ཆེད་དུ་སྐྱེས་པ་གཞན་ལ་ཕྲག་དོག་བྱེད་པ་དེའི་ཕྱིར་བུད་མེད་ཀྱི་བདེ་བ་ཡོད་དོ་ཞེ་ན། ཡུལ་དེ་གཞན་གྱིས་སྤྱོད་པ་ལ་ཕྲག་དོག་སྐྱེ་བས་དེ་བདེ་བའི་རྒྱུར་མ་ངེས་ཏེ་ནོར་གྱིས་དྲེགས་པ་ཡིས་ནི་ཕྱུག་པོ་ཁ་ཅིག་ལ་ཡུལ་ཤིན་ཏུ་དམན་པ་བཤང་ཁང་ལ་ཡང་ཆགས་ནས་དེར་གཞན་འཇུག་པ་ལ་ཕྲག་དོག་སྐྱེ་བར་མཐོང་བས་སོ། །དེ་བཞིན་དུ་བུད་མེད་ལ་ལ་ལ་ཆགས་པའི་སྐྱེས་བུ་འགའ་ཞིག་བུད་མེད་ཀྱི་དོན་དུ་སྐྱེས་པ་འགའ་ལ་ཕྲག་དོག་བྱེད་པ་ཡང་དེ་དང་འདྲ་བས་ཕྲག་དོག་ཡོད་པས་བདེ་བ་ཡོད་དོ་ཞེས་བྱ་བ་མི་རིགས་སོ། །གལ་ཏེ་བུད་མེད་ཀྱི་ལུས་མི་གཙང་བ་ཡིན་ཡང་དེ་ལས་བདེ་བ་འབྱུང་བས་ཆགས་པར་རིགས་སོ་ཞེ་ན། དཔེར་ན་མི་གཙང་བ་ལ་རྡོག་པས་བརྫིས་པ་ན་དེའི་རང་བཞིན་མུན་པས་བསྒྲིབས་ནས་མ་མཐོང་བས་གཏི་མུག་འབྱུང་ཞིང་། དྲི་ང་བས་གནོད་པས་ཁྲོ་བ་འབྱུང་བར་རིགས་ཀྱི། རྣམ་པ་ཀུན་ཏུ་འདོད་ཆགས་ནི་འབྱུང་བ་རིགས་པ་མ་ཡིན་པ་དེ་བཞིན་དུ། བུད་མེད་ཀྱི་ལུས་མི་གཙང་བ་ལ་ཡང་དེའི་རང་བཞིན་རྒྱན་ལ་སོགས་པ་ཕྱིར་བཅོས་ཀྱིས་བཀབ་པས་མ་ཤེས་པའི་ཕྱིར་གཏི་མུག་དང་དྲི་ང་བ་ཉིད་ཀྱིས་ཁྲོ་བ་འབྱུང་བར་རིགས་ཀྱི། འདོད་ཆགས་ནི་རྣམ་པ་ཐམས་ཅད་དུ་མི་རིགས་ཏེ། མི་གཙང་བའི་རང་བཞིན་ཡིན་པའི་ཕྱིར་རོ། །

གསུམ་པ་ནི། བུད་མེད་ཀྱི་ལུས་ཡང་དག་པར་མི་གཙང་བ་ཡིན་མོད། དེ་ལྟ་ན་ཡང་འཇིག་རྟེན་ན་སྐྱོན་ཅན་དུ་མ་གྲགས་པའི་ཕྱིར་སྨད་པར་བྱ་བ་མ་ཡིན་ཏེ། ཇི་སྐད་དུ། གཞན་ལས་བྲམ་ཟེ་རྣམས་གཙང་སྟེ། །བུད་མེད་རྣམས་ནི་ཀུན་ལས་གཙང་། །ཞེས་གྲགས་པས་སོ་ཞེ་ན། བུད་མེད་ཀྱི་ལུས་སྐྱོན་ཅན་དུ་འཇིག་རྟེན་ན་མ་གྲགས་པ་ནི་དེའི་རང་བཞིན་མི་རྣམས་ཀྱིས་མ་རྟོགས་པར་ཟད་ཀྱི། ལུས་ལས་བྱུང་བའི་མི་གཙང་བས་སུན་ཕྱུང་བའི་སྣོད་ཀྱང་ཤིན་ཏུ་སྨད་པར་འབྱུང་བར་འགྱུར་ན་གང་ལས་མི་གཙང་བ་བར་མ་ཆད་དུ་འབྱུང་བར་འགྱུར་བའི་ལུས་དེ་ནི་སྨད་པར་སེམས་རྣལ་དུ་གནས་པ་སུ་ཞིག་རྒྱུ་མཚན་ཅིས་མི་སེམས། དེའི་ཕྱིར་བུད་མེད་ཀྱི་ལུས་སྨད་བྱ་མ་ཡིན་ཞེས་བྱ་བར་མི་རིགས་སོ། །གལ་ཏེ་བུད་མེད་ཀྱི་ལུས་ལ་གཙང་བ་ཡོདདེ། སྐྱེས་བུ་རྣམས་དེ་ལ་གཙང་བར་ཆགས་པར་འགྱུར་བའི་ཕྱིར་ཞེ་ན། མེ་ཏོག་དང་དྲི་དང་གོས་དང་རྒྱན་ལ་སོགས་པ་དངོས་པོ་གཙང་བ་ཐམས་ཅད་ལུས་དང་ཕྲད་པས་མི་གཙང་བར་འགྱུར་ལ། དེའི་ཕྱིར་གང་དང་ཕྲད་པས་དངོས་པོ་གཙང་བ་ཐམས་ཅད་ཀྱི་ཐ་མ་གང་དུ་དམིགས་པར་གྱུར་པའི་ལུས་དེ་ལ་གཙང་བ་ཡོད་དོ་ཞེས་བློ་ལྡན་མི་ནི་སུ་ཞིག་སྨྲ་བར་བྱེད་དེ་སུ་ཡང་མ་ཡིན་ནོ། །

གཉིས་པ། གལ་ཏེ་ལུས་ལ་གཙང་བ་མེད་ན་དེས་དྲེགས་པར་མི་འགྱུར་བ་ལས་དེས་རེག་པའི་ཕྱིར་གཙང་བ་ཡོད་དོ་ཞེ་ན། སྐྱེ་བཞིན་པ་གང་ཞིག་དང་པོ་མའི་མངལ་དུ་ཕོ་བ་དང་ལོང་ཀ་གཉིས་ཀྱི་བར་བཤང་ཁང་དང་འདྲ་བའི་ནང་ན་འདུག་ཅིང་། བཤང་བའི་ཉིང་ཁུས་གནས་པར་བྱས་པས་དེ་མེད་པར་ནི་མི་གནས་པའི་མི་གཙང་བའི་སྲིན་བུ་ལྟ་བུ་དེ་ལ་གཏི་མུག་གི་དབང་གིས་ང་གཙང་ངོ་སྙམ་དུ་དྲེགས་པ་སྐྱེ་བ་འབའ་ཞིག་ཏུ་ཟད་དོ། །གལ་ཏེ་ཁྲུས་ལ་སོགས་པས་ལུས་མི་གཙང་བ་སྤོང་བའི་ཕྱིར་ལུས་ལ་གཙང་བ་ཡོད་དོ་ཞེ་ན། བསང་གཏོར་དང་ཁྲུས་ལ་སོགས་པ་ཐབས་གང་གིས་ཀྱང་ལུས་ཀྱི་ནང་ཕུགས་གཙང་ཞིང་བཀྲུ་བར་མི་ནུས་ན། གང་གིས་ན་ལུས་མི་གཙང་བའི་བདག་ཉིད་གཙང་བར་བྱ་བའི་འབད་པར་བྱེད། ཁྱོད་ནི་ནང་གི་ལུས་མི་གཙང་བའི་རང་བཞིན་ལ་གཙང་བའི་ཕྱིར་ཇི་ལྟར་འབད་པ་བྱེད་པ་དེ་ལྟར་ལུས་ལས་བྱུང་བའི་ཕྱི་རོལ་གྱི་མི་གཙང་བ་འབད་པ་ཇི་ལྟར་མ་ཡིན་ཏེ་དེ་ལའང་གཙང་བའི་ཕྱིར་འབད་པར་རིགས་སོ། །ཅི་སྟེ་དེ་ནི་མི་གཙང་བའི་རང་བཞིན་ཡིན་པའི་ཕྱིར་གཙང་བར་མི་ནུས་ཤེ་ན། དེ་ནི་ནང་གི་ལུས་ལ་ཡང་མཚུངས་སོ། །གལ་ཏེ་བུད་མེད་ཀྱི་ལུས་གཅིན་ཅན་ཡིན་ཡང་དྲང་སྲོང་དཀའ་ཐུབ་ཅན་རྣམས་ཀྱིས་ཀྱང་མི་སྤོང་བས་སྤང་བར་བྱ་བ་མ་ཡིན་ནོ་ཞེ་ན། དེ་དག་གིས་བུད་མེད་གཅིན་ཅན་ཡིན་ཡང་མི་སྤོང་བ་ནི་རང་དང་དེ་གཉིས་ཀ་གཅིན་ཅན་དུ་འདྲ་བའི་ཕྱིར་ཡིན་ཏེ། འདི་ལྟར་གལ་ཏེ་མཛེ་ཅན་ཐུན་མོང་མ་ཡིན་པ་འགའ་ཞིག་ཁོ་ན་ལ་ཡོད་པ་དེ་བཞིན་དུ་དེ་ལྟར་གཅིན་ཅན་ཡང་མི་ཀུན་ལ་མཚུངས་པ་མ་ཡིན་པར་འགའ་ཞིག་ཁོ་ན་ལ་ཡོད་པ་ཡིན་ན། མཛེ་ཅན་མཛེ་མེད་པ་གཞན་གྱིས་སྤོང་བ་ཇི་བཞིན་དུ་གཅིན་ཅན་དེ་ཡང་དེ་ལྟར་མི་གཞན་ཀུན་གྱིས་སྤོང་བར་འགྱུར་ན་གཅིན་ཅན་ཀུན་ལ་མཚུངས་པའི་ཕྱིར་གང་ཞིག་གིས་སྤོང་བར་བྱེད། གལ་ཏེ་བུད་མེད་ཀྱི་ལུས་དྲི་ང་བ་སོགས་མི་གཙང་བ་ཡིན་ཡང་དྲི་ཞིམ་པས་བསྒོས་པ་ལ་སོགས་པས་སེལ་བར་འགྱུར་རོ་ཞེ་ན། དཔེར་ན་སྣ་ཆད་དེ་ཡན་ལག་ཉམས་པ་འགའ་ཞིག་སྣའི་ཚབ་སྣང་བརྙན་ཙམ་བསྲེལ་བས་བདག་ཉིད་ཡན་ལག་ཚང་བར་རློམ་ཞིང་དགའ་བར་འགྱུར་བ་ལྟར། བྱིས་པ་འདོད་པས་བརྐམ་པའི་རང་བཞིན་ཅན་རྣམས་ཀྱང་ལུས་ཀྱི་རང་བཞིན་མ་མཐོང་བ་ན་མི་གཙང་བ་ཕྱིར་འཆོས་པའི་མེ་ཏོག་དང་དྲི་ལ་སོགས་པ་ལ་འདོད་ཆགས་ནས་དེ་དག་གི་སྒོ་ནས་རང་དང་གཞན་གྱི་ལུས་གཙང་བར་སེམས་ཤིང་འདོད་དོ། །གལ་ཏེ་མེ་ཏོག་དང་དྲི་ལ་སོགས་པ་ནི་ངེས་པར་འདོད་ཆགས་ཀྱི་རྒྱུར་འགྱུར་ཏེ། དེ་དག་གིས་སྐྱེས་བུ་ལ་འདོད་ཆགས་བསྐྱེད་པས་སོ་ཞེ་ན། ལུས་གང་དུ་འཕགས་པ་དགྲ་བཅོམ་པ་རྣམས་འདོད་ཆགས་དང་བྲལ་བ་སྐྱེ་བ་དེ་རང་བཞིན་གྱིས་གཙང་བ་ཞེས་བྱ་བར་མི་རིགས་ཏེ་རང་བཞིན་གྱིས་གཙང་བ་ནི་ཡིད་འབྱུང་བ་སྐྱེད་བྱེད་དུ་མི་རིགས་སོ། །ངེས་པར་ཏེ་རང་བཞིན་གྱིས་འདོད་ཆགས་ཀྱི་རྒྱུར་གྱུར་པའི་དངོས་པོ་དེ་གང་ན་ཡང་ཡོད་པ་མ་ཡིན་ཏེ། གཙང་བར་འདོད་པ་མེ་ཏོག་ལ་སོགས་པའང་ཉམས་པ་ན་ཡིད་འབྱུང་བར་འགྱུར་ཞིང་། རྣལ་འབྱོར་པ་འགའ་ཞིག་དེ་དག་ལ་ཡང་ཆགས་པ་དང་བྲལ་བར་མཐོང་བའི་ཕྱིར་རོ། །

དེ་བས་ན་གང་དུ་འདོད་ཆགས་དང་བྲལ་བ་སྐྱེད་པར་བྱེད་པ་དེ་ནི་མི་གཙང་བའོ་ཞེས་ཤེས་པར་བྱའོ། །གཉིས་པ་ནི། དེ་ལྟར་ལུས་མི་གཙང་བ་ཡིན་ལ། ཇི་ལྟར་མི་རྟག་པ་དང་སྡུག་བསྔལ་བ་དེ་ལྟར་ནི་བཤད་ཟིན་ཅིང་། བདག་མེད་པ་སྟོན་པར་འགྱུར་ཏེ། འདི་དག་ནི་ཕྱིན་ཅི་མ་ལོག་པ་བཞི་ཡིན་ནོ། །བཞི་པོ་འདི་དག་དངོས་པོ་གཅིག་ལ་སྲིད་དམ་འོན་ཏེ་མ་ཡིན་ཞེ་ན། གང་འདུས་བྱས་རྟེན་ཅིང་འབྲེལ་བར་འབྱུང་བ་དེ་ནི་མི་རྟག་པ་ཡིན་ཏེ་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །གང་མི་རྟག་པ་དེ་ནི་མི་གཙང་བ་ཡིན་ཏེ་སྐྱོ་བ་སྐྱེད་པའི་ཕྱིར་རོ། །གང་མི་གཙང་བ་དེ་ནི་སྡུག་བསྔལ་བ་ཡིན་ཏེ་གནོད་པར་བྱེད་པའི་ཕྱིར་རོ། །གང་ཡང་སྡུག་བསྔལ་བ་དེའང་བདག་མེད་པ་ཡིན་ཏེ། རང་དབང་ཅན་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མདོར་ན་ཕྱིན་ཅི་ལོག་བཞི་པོ་འདི་ནི་ཟག་བཅས་ཀྱི་དངོས་པོ་གཅིག་ལ་སྲིད་པར་འགྱུར་རོ། །འདི་དག་ཡོད་དུ་ཟིན་ཀྱང་བྱིས་པ་ཕྱིན་ཅི་ལོག་པ་རྣམས་ཀྱིས་ཡོངས་སུ་མི་གཅོད་ཅིང་། དངོས་པོ་རྣམས་ལ་དེ་ལས་ལྡོག་པར་ཡོངས་སུ་རྟོག་གོ །དེའི་ཕྱིར་ཤེས་རབ་ཅན་གྱིས་དངོས་པོ་རྣམས་ལ་མི་རྟག་པ་ལ་སོགས་པ་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱས་ནས་རང་བཞིན་མེད་པར་རྟོགས་པ་ལ་སེམས་ཡང་དག་པར་སྤྲོ་བར་བྱའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། གཙང་བར་འཛིན་པ་དགག་པའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་གསུམ་པའི་འགྲེལ་པའོ།།། །།

ལེའུ་བཞི་པའི་རྣམ་བཤད།

བཞི་པ་བདག་ཏུ་འཛིན་པ་སྤོང་བའི་ཐབས་བསྟན་པ་ལ་གཉིས། མདོར་བསྟན་པ་དང་། དེ་བརྒལ་ལན་གྱིས་གཏན་ལ་དབབ་པའོ། །དང་པོ་ནི། བདག་ཏུ་འཛིན་པའི་ས་བོན་དྲུངས་ནས་འབྱིན་པའི་གཉེན་པོ་ནི་འོག་ཏུ་ཆོས་རང་བཞིན་མེད་པར་བསྟན་པའི་སྒོ་ནས་སྟོན་ལ།འདིར་མངོན་འགྱུར་མགོ་གནོན་པའི་གཉེན་པོ་སྟོན་ཏོ། །བདག་དང་བདག་གིར་ང་རྒྱལ་བ་ནི་རྒྱལ་པོ་རྣམས་ལ་ལྷག་པར་གནས་པས་དེའི་ཕྱིར་དེ་གཉིས་བཀག་པའི་སྒོ་ནས་ཕལ་ཆེར་རྒྱལ་པོ་ལས་བརྩམས་ཏེ་རྗེས་སུ་སྟོན་ཏོ། །དེ་ལ་ང་ནི་མངའ་བདག་གོ་ཞེས་བདག་ཉིད་ལ་བསྟོད་པའི་ཁྱད་པར་ཡོངས་སུ་རྟོག་པ་ལས་སྐྱེས་པའི་བདག་གམ་སྟེ་བདག་ཏུ་འཛིན་པ་དང་། ཡུལ་འདི་དག་ནི་ངའིའོ་ཞེས་བདག་གིར་བྱས་པའི་དོན་དབང་དུ་འགྱུར་བར་བརྟགས་པ་ལས་སྐྱེས་པའི་བདག་དང་བདག་གིའོ་སྙམ་དུ་དྲེགས་པ་ནི་སྲིད་པ་འཁོར་བ་འདིར་ཚུལ་བཞིན་སེམས་པའི་དམ་པ་སུ་ལ་འབྱུང་བར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །གང་གི་ཕྱིར་སྐྱེས་བུ་འགའ་ཞིག་ལ་ཡུལ་འགའ་ཞིག་ཐུན་མོང་མ་ཡིན་པར་སྐྱེ་བ་ཐམས་ཅད་དུ་དབང་དུ་བྱར་ཡོད་ན། ང་ནི་ཡུལ་འདིའི་མངའ་བདག་གོ་ཞེས་དྲེགས་པར་རིགས་པ་ལས། འདི་ནི་འཁོར་བའི་སེམས་ཅན་ལ་སྲིད་པ་མ་ཡིན་ཏེ། ལུས་ཅན་ཐམས་ཅད་ལ་གཟུགས་སོགས་ཀྱི་ཡུལ་ཐམས་ཅད་སྤྱིར་མཐུན་ལས་ཀྱིས་བསྐྱེད་པ་མཚུངས་པ་སྟེ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །གཉིས་པ་ལ། དབང་ཕྱུག་གིས་དྲེགས་པ་དགག རིགས་ཀྱིས་དྲེགས་པ་དགག་པ་གཉིས་ཀྱི། དང་པོ་ལ། དངོས་དང་། ཞར་བྱུང་སྡིག་པ་སྤྱོད་པ་དགག་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་རྒྱལ་པོ་ནི་འཇིག་རྟེན་གྱི་བྱ་བ་ཐམས་ཅད་ལ་དབང་བའི་ཕྱིར་དྲེགས་པར་རིགས་སོ་ཞེ་ན། བསྐལ་པ་དང་པོའི་མི་རྣམས་ཀྱིས་མ་བཏབ་པའི་འབྲས་སཱ་ལུ་ནུབ་པའི་འོག་ཏུ་ཞིང་རྣམས་སོ་སོར་བགོས་ཏེ་བདག་གིར་བྱས་པ་ན། ཕན་ཚུན་གཅིག་གིས་གཅིག་ལ་རྐུ་བར་བྱེད་པའི་ཚེ་སྐྱེ་བོ་མང་པོས་རང་རང་གི་འབྲུའི་དྲུག་ཆ་བཏབ་སྟེ་སྐྱེས་བུ་སྟོབས་ལྡན་ཞིག་སྲུང་བ་པོར་བསྐོས་པ་ན། སྲུང་བའི་ལས་ཀྱིས་སྐྱེ་རྒུ་དགའ་བར་བྱེད་པའི་ཕྱིར་རྒྱལ་པོ་ཞེས་བསྙད་དོ། །

དེ་ནས་བཟུང་སྟེ་རྒྱལ་པོ་རྣམས་དྲུག་ཆའི་གླས་སྐྱེ་རྒུ་སྐྱོང་བར་བྱེད་པས་དེའི་ཕྱིར་རྒྱལ་པོ་ཁྱོད་ཀྱི་དྲེགས་པ་ཅི་ཞིག་ཡིན་ཏེ། འབྲུའི་དྲུག་ཆ་བཏབ་ཅིང་གླས་པའི་སྐྱེ་བོའི་ཚོགས་ཀྱི་བྲན་ཐུན་མོང་བ་ཡིན་པའི་ཕྱིར་རོ། །བྱ་བ་ཐམས་ཅད་ལ་དབང་ཞེས་ཀྱང་དྲེགས་པར་མི་རིགས་ཏེ། གང་ངམ་དེ་ལས་གང་བྱ་བ་དང་དེ་རུ་བྱ་བ་སྟེ་བྱེད་པ་སོགས་འགྱུར་བ་ནི་དབང་དུ་བྱས་པ་སྟེ་འཇིག་རྟེན་རྣམས་ཀྱིས་དབང་བྱེད་པ་པོར་བསྐོས་པ་ལ་རག་ལས་པའི་ཕྱིར་རོ། །དཔེར་ན་རྗེ་དཔོན་གྱིས་བྲན་ལས་འགའ་ཞིག་ལ་དབང་བསྐུར་བ་ན་ལས་འདི་བདག་ལ་རག་ལས་སོ་ཞེས་རྗེ་དཔོན་ལ་དྲེགས་པ་མི་རིགས་པ་བཞིན་ནོ། །གལ་ཏེ་རྒྱལ་པོ་ནི་རྗེ་དཔོན་དང་གཞན་ལ་ཟས་ནོར་གཏོང་བ་པོ་ཡིན་པའི་ཕྱིར་དྲེགས་པར་རིགས་སོ་ཞེ་ན། ཇི་ལྟར་རྒྱལ་པོའི་གསོ་བྱའི་ཚོགས་རྣམས་ཀྱིས་རང་གི་ཞམ་འབྲིང་བྱས་པ་ལས་བྱུང་བ་གདོན་མི་ཟ་བར་འཐོབ་བྱ་ལོ་ཕོགས་ལ་སོགས་པ་ཐོབ་པ་ན་རྗེ་བོ་ལ་གཏོང་བ་པོར་སེམས་ཤིང་རང་ཉིད་ལ་དམའ་བར་སེམས་ཀྱི་མི་ཁེངས་པ་དེ་བཞིན་དུ། རྗེ་བོས་གསོ་བྱའི་ཚོགས་ལ་གདོན་མི་ཟ་བར་སྦྱིན་བྱའི་གླ་རྔན་བྱིན་པ་ན་བདག་ནི་ནོར་གཏོང་བ་པོ་སྙམ་དུ་རློམ་མོད། འོན་ཀྱང་འབངས་ཀྱིས་རང་གི་གདོན་མི་ཟ་བར་ཐོབ་བྱ་ཐོབ་པ་ན་ང་རྒྱལ་མི་རིགས་པ་ལྟར། རྒྱལ་པོས་གདོན་མི་ཟ་བར་སྦྱིན་དགོས་ཀྱི་ནོར་བྱིན་པས་དྲེགས་པར་མི་རིགས་སོ། །

གལ་ཏེ་རྒྱལ་པོ་རྣམས་ལ་འདོད་པའི་ཡུལ་འདོད་རྒུར་ཉེ་བར་གནས་པའི་ཕྱིར་དྲེགས་པར་རིགས་སོ་ཞེ་ན། བུད་མེད་དང་ཆང་ལ་སོགས་པ་ལ་ཆགས་པ་ལྟར་ཡུལ་ལ་ཤིན་ཏུ་ཆགས་པ་ནི་དབང་པོ་ཐུལ་བ་གཞན་རྣམས་ཀྱིས་ནི་སྡུག་བསྔལ་གྱི་གནས་སུ་བཤད་དེ། དབང་པོ་མ་ཐུལ་བའི་ཕྱིར་རོ། །དེ་ལྟར་ན་ནི་རྒྱལ་པོ་ནི་རྒུད་པ་དུ་མའི་རྒྱུ་ཉིད་ཀྱིས་སྡུག་བསྔལ་གྱི་རྒྱུ་ཡིན་བཞིན་དུ་ཁྱོད་ལ་ཕྱིན་ཅི་ལོག་ཏུ་མངོན་པར་མཐོ་བའི་གནས་སུ་དྲན་པར་ཟད་དོ། །གཞན་ཡང་ཡུལ་ལ་ཆགས་པ་རྣམས་དགའ་བའི་ཕྱིར་ཡུལ་བསྟེན་པ་ཡིན་ན། སྐྱེ་བོ་ཕལ་པོ་ཆེ་གཞན་བསྲུང་བའི་ལས་ཀྱིས་སྡུག་བསྔལ་མཚམས་མེད་པར་མྱོང་ཞིང་ལས་དེའི་འབྲས་བུས་ཉེ་བར་འཚོ་བའི་རྒྱལ་པོ་ཁྱོད་ཀྱིས་དགའ་བ་གང་གིས་སྐྱེད་པར་འགྱུར་ཏེ་མི་འགྱུར་རོ། །གལ་ཏེ་རྒྱལ་པོ་ནི་འཇིག་རྟེན་གྱི་སྲུང་བ་པོ་ཡིན་ཏེ། དེ་མེད་ན་ཚུལ་ལུགས་ཀྱི་རྗེས་སུ་མི་འཇུག་པས་སྐྱེ་རྒུ་རྣམས་བརླག་པར་འགྱུར་བས་སོ། །དེས་ན་འདི་དྲེགས་པར་རིགས་སོ་ཞེ་ན། དེ་ཙམ་གྱིས་དྲེགས་པར་མི་རིགས་ཏེ། འདི་ལྟར་བདག་ནི་འཇིག་རྟེན་གྱི་སྲུང་བ་པོའོ་སྙམ་ནས་དྲེགས་པར་འགྱུར་ན། ས་བདག་ཉིད་ཀྱང་འཇིག་རྟེན་གྱི་བསྲུང་བྱར་སྣང་བར་འགྱུར་ཏེ། འཇིག་རྟེན་གྱིས་མ་བསྲུང་བའི་རྒྱལ་པོས་ནི་འཇིག་རྟེན་སྐྱོང་བར་མི་ནུས་པས་སོ། །དེ་བས་ན་ཅི་སྟེ་གཅིག་གི་སྟེ་སྲུང་བ་པོ་ཡིན་པས་དྲེགས་པ་ཡོད་ཅིང་། གཞན་གྱིས་བསྲུང་བྱར་གྱུར་པ་ཉིད་ཀྱིས་དྲེགས་པ་དང་བྲལ་བ་ཅི་སྟེ་མིན། གལ་ཏེ་རྒྱལ་པོ་ནི་སྐྱེ་རྒུ་རྣམས་སོ་སོར་སྐྱོང་བར་བྱེད་པ་དང་། རང་གི་ཆབ་འོག་ཏུ་གཏོགས་པ་བསོད་ནམས་ཀྱི་ལས་ཅན་རྣམས་ཀྱི་བསོད་ནམས་ཀྱི་དྲུག་ཆ་འཕྲོག་པ་པོ་ཡིན་པས་དྲེགས་པར་འོས་སོ་ཞེ་ན། ད་ལྟར་ནི་སྙིགས་མ་ལྔའི་འཇུག་པ་ཤས་ཆེ་བས་བྲམ་ཟེ་ལ་སོགས་པའི་རིགས་ཀུན་གྱི་ནང་ན་རང་རང་གི་ལས་ལ་དགའ་བས་ཚེགས་མེད་པར་འཚོ་བ་རྙེད་པར་དཀའ་ལ། དེའི་ཕྱིར་ཕལ་ཆེར་མི་དགེ་བ་ལ་འཇུག་པར་སྣང་ངོ་། །གལ་ཏེ་ཁྱོད་དེ་དག་གི་བསོད་ནམས་ཀྱི་དྲུག་ཆའི་འཕྲོག་པ་པོར་གྱུར་ན། མི་དགེ་བ་དྲུག་ཆའི་ཡང་འཕྲོག་པ་པོར་འགྱུར་བས་དེས་ན་ཁྱོད་ལ་འགྲོ་བ་བཟང་པོ་དཀོན་ཏེ། རང་གི་སྡིག་པས་ཀྱང་བདེ་འགྲོ་མི་སྲིད་ན། སྐྱེ་འགྲོ་གཞན་གྱི་སྡིག་པས་ལྟ་ཅི་དགོས། གལ་ཏེ་རྒྱལ་པོ་ནི་འཇིག་རྟེན་གྱི་མགོན་དང་རང་དབང་ཅན་ཡིན་པའི་ཕྱིར་ང་རྒྱལ་བར་རིགས་སོ་ཞེ་ན། བྱ་བ་གང་བྱེད་པ་ཐམས་ཅད་གཞན་གྱིས་བསྐུལ་ནས་བྱེད་ཀྱི། རང་དབང་དུ་མ་ཡིན་པ་གང་ཡིན་པ་དེ་ནི་ས་སྟེང་ན་བླུན་པོ་ཞེས་བྱའོ། །རྒྱལ་པོ་ཁྱོད་དང་མཚུངས་པའི་གཞན་དབང་ཅན་འགའ་ཡང་ཡོད་པ་མ་ཡིན་ཏེ། འདི་ནི་བྱ་བ་དང་བྱ་བ་མ་ཡིན་པ་ཐམས་ཅད་གཞན་གྱིས་བསྐུལ་བར་བྱེད་པས་སོ། །གལ་ཏེ་འཇིག་རྟེན་བསྲུང་བ་རྒྱལ་པོ་ལ་རག་ལས་པས་འདིས་ང་རྒྱལ་རིགས་སོ་ཞེ་ན། བསྲུང་བ་ང་ལ་རག་ལས་སོ་ཞེས་རྒྱལ་པོས་འཇིག་རྟེན་ལས་གླ་ལེན་པ་ན་འཇིག་རྟེན་སོ་སོར་བསྐྱང་དགོས་ན་དེ་ལྟར་བྱེད་པའང་མ་ཡིན་ཏེ། འདིར་གླ་རྔན་སྟེར་མི་ནུས་པ་དང་སྡིག་ཏོ་ཅན་རྣམས་ལ་བསད་པ་དང་བཅིང་བ་དང་བརྡེག་པ་སོགས་རང་ཉིད་ཀྱིས་ཀྱང་སྡིག་པ་བྱེད་པས་ན་དེ་དང་མཚུངས་པའི་བརྩེ་མེད་གཞན་འཇིག་རྟེན་ན་སུ་ཞིག་ཡོད། དེའི་ཕྱིར་འདི་སྲུང་བ་པོ་རྣལ་མ་མ་ཡིན་པའི་ཕྱིར་དྲེགས་པར་མི་རིགས་སོ། །གཉིས་པ་ནི། གལ་ཏེ་རྒྱལ་པོས་ཆོམ་རྐུན་ལ་སོགས་པ་སྡིག་པ་ཅན་དག་ལ་བརྩེ་བར་མི་བྱ་སྟེ། བྱས་ན་འཇིག་རྟེན་བརླག་པར་འགྱུར་བས་སོ་ཞེ་ན། གལ་ཏེ་སྐྱེ་བོ་སྡིག་ཏོ་བྱེད་པ་རྣམས་ལ་རྒྱལ་པོས་བརྩེ་བར་བྱ་བ་མ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་ཐམས་ཅད་སྡིག་པ་ལ་འཇུག་པས་བསྲུང་བྱར་མི་འགྱུར་རོ། །དེས་ན་གང་དག་སྡིག་པའི་ལས་ལ་མི་འཇུག་པ་དེ་དག་ནི་རང་ཉིད་ཀྱི་ས་བསྲུངས་པས་བསྲུང་མི་དགོས་ཀྱི། བྱ་བ་མ་ཡིན་པ་བྱེད་པ་དག་བསྲུང་དགོས་སོ། །གལ་ཏེ་སྐྱེ་རྒུ་སྐྱོང་བའི་ཕྱིར་སྡིག་ཅན་ཚར་བཅད་པས་རྒྱལ་པོ་ལ་སྡིག་ཏུ་མི་འགྱུར་ཏེ། དམ་པ་རྣམས་ལ་ཕན་པར་ཞུགས་པས་སོ་ཞེ་ན། སྡིག་ཅན་བདག་ཉིད་དགའ་བ་བསྐྱེད་པའི་རྒྱུ། ལུང་རིགས་ལྟར་སྣང་ནི་གང་ན་ཡང་མེད་པ་མ་ཡིན་ཏེ། ཉ་དང་ཕག་གསོད་པ་སོགས་རྣམས་ཀྱང་སྲོག་ཆགས་གསོད་པ་འདི་ནི་བདག་ཅག་གི་རིགས་ཀྱི་རྒྱུད་ལས་འོང་བ་ཞིག་སྟེ། སྐྱེ་རྒུའི་བདག་པོས་འཚོ་བར་ཡོངས་སུ་བརྟགས་པ་ཡིན་ན་འདི་ལ་བསོད་ནམས་མ་ཡིན་པ་ཅི་ཡོད་ཅེས་ཟེར་བས་སོ། །དེ་བས་ན་སྡིག་ཅན་ཚར་བཅད་པས་རྒྱལ་པོ་ལ་ཆོས་མ་ཡིན་པར་མི་འགྱུར་རོ་ཞེས་པ་ལ་སོགས་ལུང་དང་རིགས་པ་ལྟར་སྣང་ལ་སོགས་པའི་རྒྱུ་རྣམས་ཀྱིས་རང་གི་བསོད་ནམས་མ་ཡིན་པ་ལའང་འཇིག་པ་ཡོད་པ་མ་ཡིན་ནོ། །དེ་བས་ན་ལུང་དེ་ལྟ་བུས་ནི་མཁས་པ་རྣམས་དབུགས་ཕྱུང་བར་མི་འགྱུར་རོ། །

གལ་ཏེ་འཇིག་རྟེན་ཡང་དག་པར་སྐྱོང་བ་ཉིད་ས་བདག་རྣམས་ཀྱི་ཆོས་ཡིན་པས་ཆོས་གཞན་གྱིས་དགོས་པ་མེད་དོ་ཞེ་ན། གལ་ཏེ་དྲུག་ཆའི་གླའི་དོན་དུ་འཇིག་རྟེན་ཡང་དག་པར་སྲུང་ཞིང་སྐྱོང་བར་བྱེད་པ་ས་བདག་རྣམས་ཀྱི་ཆོས་ཡིན་ན། ཤིང་མཁན་དང་ལྕགས་མགར་ལ་སོགས་པ་ཉོན་མོངས་བཟོ་མཁན་རྣམས་ཀྱིས་གླའི་དོན་དུ་བཟོ་དེ་དང་དེ་བྱེད་པ་ན་གཞན་ལའང་ཕན་འདོགས་པའི་ཕྱིར་ཅི་སྟེ་ཆོས་སུ་འགྱུར་བ་མ་ཡིན། དེ་བས་ན་གོ་མཚོན་བརྡུང་བ་སོགས་ཀྱིས་གཞན་བསྲུངས་ཀྱང་བསོད་ནམས་མི་འགྱུར་བ་ལྟར་རྒྱལ་པོ་རྣམས་ལའང་འཇིག་རྟེན་བསྐྱངས་པས་བསོད་ནམས་སུ་མི་འགྱུར་ཏེ། གླའི་དོན་དུ་དཔྱ་སྡུད་པའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་ཐམས་ཅད་རྒྱལ་པོ་ལ་རག་ལས་པའི་ཕྱིར་ཐམས་ཅད་ཀྱིས་རྒྱལ་པོ་སྨད་བྱ་མ་ཡིན་ནོ་ཞེ་ན། རབ་བྱུང་དང་ཁྱིམ་པའི་ཕྱོགས་ཀྱི་འཇིག་རྟེན་ཐམས་ཅད་ཀྱི་བྱའོ་ཅོག་ས་བདག་ལ་རག་ལས་པས་ཐམས་ཅད་ཀྱི་ཕ་ལྟ་བུ་ཡིན་མོད་ཀྱི་དེ་ལྟ་ན་ཡང་ས་བདག་དེ་ནི་སྨད་དེ། ངན་འགྲོའི་འབྲས་བུ་ཅན་གྱི་ལས་དྲག་པོ་མང་པོ་ལ་སྦྱོར་བས་སོ། །དཔེར་ན་འཇིག་རྟེན་སྐྱེད་པར་བྱེད་པའི་མ་སྲིད་པའི་སྲེད་པ་ཡིན་ཡང་འཁོར་བའི་བཙོན་རར་སྡོམ་བྱེད་ཡིན་པས། དམ་པ་གཟིགས་པ་ཕྱིན་ཅི་མ་ལོག་པ་རྣམས་ཀྱིས་སྨད་པ་བཞིན་ནོ། །གལ་ཏེ་བློ་དང་བརྩེ་བ་ཕུན་སུམ་ཚོགས་པ་དང་ལྡན་པ་ནི་འཇིག་རྟེན་ཡང་དག་པར་སྐྱོང་བར་བྱེད་པས་ཆོས་སུ་འགྱུར་རོ་ཞེ་ན། རྒྱལ་སྲིད་ནི་རྒྱགས་པ་དང་བག་མེད་པའི་གཞིར་གྱུར་པས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ལམ་བོར་ནས་དབང་ཕྱུག་ཙམ་ལ་ཆགས་པས་དེ་དོན་དུ་གཉེར་བ་ནི་བླུན་པོ་ཁོ་ན་ཡིན་ཏེ། དེའི་ཕྱིར་བླུན་པོ་མིན་པ་རྒྱལ་སྲིད་མི་འཐོབ་ཅིང་དོན་དུ་མི་གཉེར་ལ། བླུན་པོར་གྱུར་པའི་རྒྱལ་པོ་ལ་ནི་བརྩེ་བ་ཡོད་པ་མ་ཡིན་ཏེ། ང་རྒྱལ་ལྷག་པའི་ཕྱིར་རོ། །དེས་ན་མིའི་བདག་པོ་བརྩེ་བ་མེད་པ་ནི་འཇིག་རྟེན་སྲུང་བ་པོ་ཡིན་ཡང་ཆོས་ལ་མི་གནས་ཏེ། འཚེ་བ་ཕལ་ཆེ་བའི་ཕྱིར་རོ། །དེའི་ཕྱིར་རྒྱལ་པོ་བློ་དང་བརྩེ་བ་དང་མི་ལྡན་པ་ལ་ཆོས་ཡོད་དོ་ཞེས་བྱ་བ་མི་རིགས་སོ། །གལ་ཏེ་དྲང་སྲོང་གི་བསྟན་བཅོས་ལས། རྒྱལ་རིགས་ཀྱི་ཆོས་ཀྱིས་འཚེ་བ་བྱས་ཀྱང་ཆོས་མ་ཡིན་པ་མེད་དོ་ཞེས་བཤད་པས་སོ་ཞེ་ན། དྲང་སྲོང་རྣམས་ཀྱི་བསྟན་བཅོས་ལས་བཤད་པའི་སྤྱོད་པ་ཀུན་ལ་མཁས་པས་བྱེད་པ་མ་ཡིན་ཏེ། གང་གི་ཕྱིར་ན་དྲང་སྲོང་དེ་དག་ལ་ཡང་དམན་པ་དང་འབྲིང་དང་ཁྱད་པར་དུ་འཕགས་པའི་དབྱེ་བ་ཡོད་པའི་ཕྱིར་རོ། །འདི་ལྟར་གང་གི་བསྟན་བཅོས་ལས་འཚེ་བ་ཆོས་སུ་བཤད་པ་དེ་དག་ནི་དམན་པ་ཡིན་ལ། གང་གི་འཚེ་བ་ཆོས་སུ་འགྱུར་རམ་མི་འགྱུར་སྙམ་པ་དེ་ནི་འབྲིང་ངོ་། །གང་ཞིག་འཚེ་བ་ནི་ཆོས་མ་ཡིན་ནོ་ཞེས་འདོད་པ་དེ་ནི་ཁྱད་པར་དུ་འཕགས་པའོ། །དེའི་ཕྱིར་དྲང་སྲོང་རྣམས་ཀྱི་བསྟན་བཅོས་ཚད་མར་འདོད་པ་དེ་ནི་མ་ཡིན་ནོ། །གང་གི་རྒྱལ་པོ་སྔ་རབས་པ་རྣམས་ཀྱིས་བསྟན་བཅོས་ཚད་མར་བྱས་ནས་ས་ཡང་དག་པར་བསྐྱངས་པས་བསྟན་བཅོས་ཚད་མ་ཡིན་ནོ་ཞེ་ན། དུས་ཀྱི་སྔར་འབྱུང་བའི་ས་བདག་འཁོར་ལོས་སྒྱུར་བ་ལ་སོགས་པ་རིགས་མི་རིགས་དཔྱོད་པ་ལ་མཁས་ཤིང་དགེ་བཅུའི་ལམ་ལ་གནས་པ་རྣམས་ཀྱིས་ཆོས་མཐུན་གྱི་བསྟན་བཅོས་ཚད་མར་བྱས་ནས་ཆོས་དང་མི་མཐུན་པ་རྣམས་བོར་ཏེ། འཇིག་རྟེན་བུ་ལྟར་ཡོངས་སུ་བསྐྱངས་ན་དེང་སང་རྩོད་དུས་ཀྱི་ཆོས་ལ་བརྟེན་པའི་རྒྱལ་པོ་རང་གི་རང་བཞིན་ངན་ཞིང་ནོར་ཙམ་དོན་དུ་གཉེར་བ་བརྩེ་བ་མེད་པ་རྣམས་ཀྱིས། ཆོས་མཐུན་གྱི་བསྟན་བཅོས་བོར་ནས་ཆོས་དང་མི་མཐུན་པའི་བསྟན་བཅོས་ཚད་མར་བྱས་ནས་དེང་སང་རི་དྭགས་ཀྱི་དགོན་པ་ལྟར་འཇིག་རྟེན་སྟོང་པར་བྱས་ཏེ། དེའི་ཕྱིར་ཡང་ཆོས་དང་མི་མཐུན་པའི་བསྟན་བཅོས་ཚད་མ་མ་ཡིན་ནོ། །གལ་ཏེ་རྒྱལ་པོས་གླགས་སུ་བབ་པ་ན་དགྲ་ཟླ་དང་ཉེས་བྱེད་དག་ལ་བསྣུན་ཅིང་གནོད་པ་བྱས་ཀྱང་ཆོས་མ་ཡིན་པ་མེད་དེ། བསྟན་བཅོས་ལས་བཤད་པའི་ཕྱིར་རོ་ཞེ་ན། གལ་ཏེ་དགྲའམ་གཞན་ཡང་རུང་གླགས་སུ་བབ་པ་ན་བསྣུན་ཅིང་གནོད་པ་བྱས་པའི་རྒྱལ་པོ་ལ་སྡིག་པ་དག་ཡོད་པ་མ་ཡིན་ན། རྒྱལ་པོ་ལས་གཞན་པའི་རྐུན་པོ་རྣམས་ཀྱིས་ཀྱང་ནོར་བདག་ལ་གླགས་ཅུང་ཟད་རྙེད་ནས་ནོར་འཕྲོག་པ་ལའང་སྡིག་པ་དེ་དང་པོ་ཉིད་དུ་ཡོད་པ་མ་ཡིན་པར་འགྱུར་ཏེ། གླགས་སུ་བསྣུན་པའི་དང་པོ་ཉིད་ཡིན་པའི་ཕྱིར་རོ། །རྒྱལ་པོས་གླགས་སུ་བསྣུན་པ་ནི་ཕྱིས་ཡིན་ཏེ། རྐུན་པོས་ནོར་བདག་ལ་གླགས་སུ་བསྣུན་པའི་ཕྱིར་དེ་ལ་ཆད་པས་གཅོད་པའི་ཕྱིར་རོ། །དེས་ན་རྐུན་པོ་ཉིད་གླགས་སུ་བསྣུན་པའི་ཐོག་མ་ཡིན་པས་སྡིག་པར་མི་འགྱུར་རོ། །འདིར་སྨྲས་པ། གཡུལ་ངོར་དགྲ་བོ་ཕམ་པར་བྱས་ཏེ་རང་གི་དཔའ་བའི་རྣམ་པར་གནོན་པས་བསགས་པའི་ནོར་ཐོབ་པ་ན་དགའ་བར་འགྱུར་ཞིང་། གལ་ཏེ་གཡུལ་ངོར་ཤི་ན་ཡང་འདིས་བདག་ཉིད་གཡུལ་ངོར་དོར་བས་གདོན་མི་ཟ་བར་མཐོ་རིས་སུ་འགྲོ་སྟེ། བསོད་ན་མཐོ་རིས་ཐོབ་པའམ། །ཕབ་སྟེ་ས་བདག་སྤྱོད་གྱུར་གྱི། །དེ་ཡི་ཕྱིར་ན་ཀོན་ཏེའི་བུ། །འབྱེད་ལ་ངེས་བྱས་ལོངས་པར་བྱོས། །ཞེས་བཤད་པས་སོ། །དེས་ན་རྒྱལ་པོས་གཡུལ་ངོ་ལ་མངོན་པར་དགའ་བར་བྱ་འོས་སོ་ཞེ་ན། ཇི་ལྟར་ཆང་དང་རྒྱན་པོ་དང་བུད་མེད་ལ་བདོག་པ་ཀུན་ཡོངས་སུ་གཏོང་བ་བསོད་ནམས་མ་ཡིན་ཏེ། གཏོང་བ་དེ་ལ་ཆགས་པ་དང་རྗེས་སུ་འབྲེལ་བའི་ཕྱིར་རོ། །དེ་བཞིན་དུ་གཡུལ་ངོར་ཁྲོ་ཞིང་རྔམ་པས་བདག་ཡོངས་སུ་གཏོང་བ་དམ་པ་མཉེས་པའི་མཆོད་པ་དང་བསོད་ནམས་ཡིན་ནམ་སྙམ་དུ་སེམས་སམ་ཅི། གང་གིས་ན་དེ་ལ་མཐོ་རིས་སུ་འགྲོ་བར་འགྱུར། གལ་ཏེ་རྒྱལ་པོ་ནི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་མགོན་བྱེད་པ་ཉིད་ཀྱིས་དགའ་བར་རིགས་སོ་ཞེ་ན། རྒྱལ་པོ་ནི་འཇིག་རྟེན་གྱི་མགོན་ཡིན་ཏེ། དེས་རྗེས་སུ་བསྟན་པ་ལས་རང་གི་ནོར་དང་སྲོག་བསྲུང་བའི་དོན་དུ་མི་རིགས་པ་སྤངས་ནས་རིགས་པ་ལ་འཇུག་པའི་ཕྱིར་རོ། །རྒྱལ་པོ་ཁྱོད་ལ་ནི་མགོན་གཞན་འགའ་ཡང་ཡོད་པ་མ་ཡིན་ལ། མགོན་མེད་པ་ཡང་རྒུད་པའི་གཞི་ཡིན་ཏེ། ཕན་པ་དང་མི་ཕན་པ་རྗེས་སུ་སྟོན་པ་པོ་མེད་ཅིང་རང་ཡན་དུ་གྱུར་པས་སོ། །དེ་བས་ན་མགོན་ཉིད་དེ་ཡིས་རྒྱལ་པོ་བདག་ཉིད་ངན་སོང་གི་སྡུག་བསྔལ་ལས་ཡོངས་སུ་མ་བཏང་ཞིང་བཟུང་བ་ཡིན་པ་དེའི་ཕྱིར། མཁས་པ་སུ་ཞིག་དེས་དགའ་བར་འགྱུར། གལ་ཏེ་བྱ་བ་མ་ཡིན་པ་བྱེད་པ་དག་ལ་ཆད་པ་དྲག་པོ་བྱེད་པའི་རྒྱལ་པོ་ལ་ཤི་ཡང་གྲགས་པ་རྗེས་སུ་འཇུག་སྟེ། དེའི་ཕྱིར་རྒྱལ་པོ་ལ་ཆད་པ་དྲག་པོ་ཅན་དུ་བྱ་བར་རིགས་སོ་ཞེ་ན། གལ་ཏེ་ཤི་བའི་འོག་ཏུ་གྲགས་པས་ཡོན་ཏན་འགའ་ཞིག་འབྱུང་ན། དེའི་དོན་དུ་ཆད་པ་དྲག་པོ་སྤྱད་པ་རིགས་ན་ཡང་རྒྱལ་པོ་ཤི་བར་གྱུར་པའི་འོག་ཏུ་གྲགས་པས་སྡིག་པ་སེལ་བ་སོགས་ཀྱི་ཡོན་ཏན་འགའ་ཡང་མི་འབྱུང་ངོ་། །གལ་ཏེ་བདག་གི་གྲགས་པ་བཟང་པོ་འཇིག་རྟེན་ན་ཇི་སྲིད་གནས་པ་དེ་སྲིད་དུ་བདག་ངན་སོང་དུ་མི་ལྟུང་བས། དེས་ན་གྲགས་པ་ཡོན་ཏན་དུ་འགྱུར་རོ་སྙམ་ན། རྒྱལ་པོ་ཁྱོད་ལ་ཡོན་ཏན་གྱི་གྲགས་པ་བཟང་པོ་ཡོད་པ་ལྟར་བརྩེ་བ་མེད་པ་དང་གཞན་གྱི་ནོར་འཕྲོག་པ་ལ་སོགས་པ་ཡོན་ཏན་མེད་པའི་གྲགས་པ་ཆེན་པོ་ཡང་ཅི་སྟེ་མེད་དེ་ཡོད་པའི་ཕྱིར། དེའི་རྒྱུས་སྡིག་པ་བསགས་པ་ལས་ངན་འགྲོར་ལྟུང་བ་མཐར་གཏུགས་པར་མི་འགྱུར་རོ། །གཞན་ཡང་གྲགས་པ་ཙམ་སྡིག་པ་སེལ་བ་དང་བདེ་བའི་རྒྱུར་འགྱུར་ན། ཁྱི་འཚེད་པ་དག་ལ་ཡང་ཁྱི་རྣམས་ལ་བརྗིད་དང་ལྡན་པས་གྲགས་པ་ཆེན་པོ་ཡོད་པའི་ཕྱིར་སྡིག་པ་སེལ་བྱེད་དུ་འགྱུར་ན། དེ་ལྟར་ཡང་མ་ཡིན་པས་བདག་ལེགས་སུ་འདོད་པའི་རྒྱལ་པོས་ཆད་པ་དྲག་པོ་ཅན་དུ་མི་བྱ་བ་ཁོ་ནའོ། །

གཉིས་པ་རིགས་ཀྱིས་ང་རྒྱལ་བ་དགག་པ་ནི། རྒྱལ་པོའི་རིགས་དང་ལྡན་པའི་རྒྱལ་བུ་གང་ཡིན་པ་དེ་ཉིད་རྒྱལ་སྲིད་ལ་འོས་ཀྱི་གཞན་མ་ཡིན་ཏེ། དེས་ན་འདི་ང་རྒྱལ་བ་རིགས་སོ་ཞེ་ན། གལ་ཏེ་སེམས་ཅན་གཅིག་ཁོ་ན་རྒྱལ་སྲིད་ལ་དབང་བ་ཡིན་ན་ང་རྒྱལ་བར་རིགས་པ་ལས་དེ་ཡང་མ་ཡིན་ཏེ། འདི་ལྟར་གང་གི་ཚེ་སེམས་ཅན་ཀུན་གྱིས་རྒྱལ་སྲིད་ཀྱི་དབང་ཕྱུག་ཉིད་ལོངས་སྤྱོད་པ་ནི་དེའི་རྒྱུ་བསོད་ནམས་ཀྱིས་བསྐྱེད་པ་ཡིན་ཞིང་། དེ་ཡང་གཅིག་ཁོ་ན་ལ་ངེས་པ་མ་ཡིན་པ་དེའི་ཚེ་སེམས་ཅན་འདི་ནི་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ལོངས་སྤྱོད་པའི་རྟེན་མིན་ཞེས་བརྗོད་པ་རྙེད་པ་ལ་མ་ཡིན་ནོ། །དེས་ན་འདིས་ང་རྒྱལ་བ་མི་རིགས་ཏེ། བསོད་ནམས་ཀྱི་ལས་ཅན་ཀུན་གྱི་ཐུན་མོང་བ་ཡིན་པའི་ཕྱིར་རོ། །གལ་ཏེ་རྒྱལ་སྲིད་བསྐྱང་བར་བྱེད་པའི་ཆོས། འབངས་བསྐྱང་ཚུལ། ཆད་པ་བཅད་ཚུལ། བྱ་དགའ་སྟེར་ཚུལ་སོགས་ནི་རྒྱལ་རིགས་ཁོ་ན་ལ་བཤད་ཀྱི་རིགས་གཞན་གསུམ་ལ་མ་ཡིན་ཏེ། དེའི་ཕྱིར་རྒྱལ་རིགས་ཁོ་ནས་རྒྱལ་སྲིད་བྱ་དགོས་པས་རྒྱགས་པར་རིགས་སོ་ཞེ་ན། མ་ཡིན་ཏེ། རིགས་ཀྱི་ཐ་སྙད་ནི་འཇིག་རྟེན་གྱིས་བླ་ཐབས་སུ་བཏགས་པར་ཟད་ཀྱི། ངོ་བོ་ཉིད་ཀྱིས་རིགས་བཟང་ངན་གྱི་དབྱེ་བ་མེད་པའི་ཕྱིར་རོ། །འདི་ལྟར་བསྐལ་པ་དང་པོའི་མི་རྣམས་ནི་ཕྱིའི་ས་བོན་ལ་ལྟོས་པ་མེད་པར་བརྫུས་ཏེ་སྐྱེས་པ། ཡིད་ལས་བྱུང་བ། ནམ་མཁའ་ལ་འགྲོ་ཞིང་རྫུ་འཕྲུལ་དང་ལྡན་པ། དགའ་བའི་ཟས་ཅན། ཕོ་མོའི་དབང་པོ་དང་བྲལ་ཏེ། དེའི་ཕྱིར་དེ་དག་ལ་རིགས་ཐ་དད་པ་མེད་དོ། །དུས་ཕྱིས་བརྐམ་ཆགས་ཅན་རྣམས་ཀྱིས་སའི་ཞག་སེར་པོ་དང་། ལྡུམ་བུའི་ཞག་སྣར་པོ་དང་། འབྲས་སཱ་ལུ་ཤུན་པགས་མེད་པ་རྣམས་རིམ་གྱིས་མྱངས་པ་ལས་ཁ་ཟས་རགས་པ་དང་། དེའི་རྒྱུ་མཐུན་འགྱུར་བའི་ལམ་ཕོ་མོའི་དབང་པོ་བྱུང་ཞིང་། དེས་བྱས་པའི་དབྱིབས་ཐ་དད་པར་གྱུར་པ་ན་སྔོན་གོམས་པའི་དབང་གིས་འདོད་པའི་དོན་འདོད་ཆགས་སྐྱེས་ཏེ། ཕན་ཚུན་ལོག་པར་ཞུགས་པས་མངལ་ནས་སྐྱེ་བའི་སྐྱེ་གནས་བྱུང་བར་གྱུར་ཏོ། །དེ་ནས་གསོག་འཇོག་གི་སྐྱོན་གྱིས་མ་བྱིན་པ་ལེན་པ་བྱུང་བ་ན་དེ་དགག་པའི་ཕྱིར་མི་སྤུས་ལ་བབ་པ་ཞིག་བསྐོས་པ་དང་། ལས་དེ་ཁས་བླངས་པས་རྒྱལ་པོ་ཞེས་གྲགས་སོ། །དབང་པོ་ཐུལ་བར་འདོད་པ་རྣམས་དང་ཡོངས་སུ་འཛིན་པ་སྐྱོན་དུ་མཐོང་ནས་གྲོང་ནས་ཡིད་ཕྱིར་ཕྱོགས་པ་རྣམས་ལ་བྲམ་ཟེ་ཞེས་གྲགས་སོ། །རྒྱལ་པོའི་བཀའ་བཞིན་དུ་བྱེད་པ་ནི་རྗེའུའི་རིགས་སོ། །ཞིང་རྨོ་བ་ལ་སོགས་པའི་ལས་ངན་པ་ལ་འཇུག་པ་རྣམས་ནི་དམངས་རིགས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་དང་རང་གི་འཚོ་བའི་ཐབས་སོ་ཅོག་འཇིག་རྟེན་ན་རིགས་བཞི་ཐ་སྙད་བྱས་པ་དེས་ན་སེམས་ཅན་ཐམས་ཅད་རིགས་ལ་གདོད་ནས་དབྱེ་བ་ཡོད་པ་མ་ཡིན་ནོ། །དེས་ན་རིགས་ཀྱི་སྒོ་ནས་དྲེགས་པ་མི་རིགས་སོ། །

གལ་ཏེ་དང་པོ་ནས་རིགས་ལ་དབྱེ་བ་མེད་ཀྱང་དུས་ཕྱིས་བྲམ་ཟེ་ལ་སོགས་པའི་རུས་བཞི་པོ་རྣམ་པར་གནས་པའི་ཕྱིར་རིགས་ཐ་དད་པ་ཡོད་དོ་ཞེ་ན། ཕ་མ་དག་ལས་སྐྱེས་པའི་རིགས་ཀྱི་རྒྱུད་ནི་རྙེད་པར་དཀའ་སྟེ། འདི་ལྟར་འཇིག་རྟེན་དུ་རིགས་བཞིའི་དབྱེ་བ་བྱུང་ནས་དེང་སང་གི་བར་དུ་འདས་པའི་དུས་ནི་ཤིན་ཏུ་རིང་བའི་ཕྱིར་དང་། མི་མོ་བུད་མེད་རྣམས་ཀྱི་ཡིད་ནི་སྐྱེས་པ་ལ་ཤིན་ཏུ་གཡོ་བ་ཡིན་པས་དེ་རྣམས་རུས་གཞན་དང་ཕྲད་པས་བུ་ཚ་སྐྱེས་པས། རིགས་སུན་ཕྱུང་བར་འགྱུར་བའི་ཕྱིར་རྒྱལ་རིགས་ཞེས་བྱ་བ་རང་གི་རིགས་རྒྱུད་དག་པ་ལས་འོང་བ་འགའ་ཡང་ཡོད་པ་མ་ཡིན་པས་རིགས་ཀྱིས་ང་རྒྱལ་བ་མི་རིགས་སོ། །གལ་ཏེ་རིགས་ཀྱིས་རྒྱལ་རིགས་སུ་མི་འགྱུར་ཡང་སྐྱེ་རྒུ་སྐྱོང་བས་རྒྱལ་རིགས་སུ་འགྱུར་རོ་ཞེ་ན། གལ་ཏེ་འཇིག་རྟེན་སྐྱོང་བ་ལ་སོགས་པ་རྒྱལ་རིགས་ཀྱི་ལས་ཀྱིས་དམངས་རིགས་ཀྱང་རྒྱལ་རིགས་ཞེས་བྱ་བར་འགྱུར་ན་བྱིན་པ་དང་ལེན་པ་རིག་བྱེད་འདོན་པ་སོགས་བྲམ་ཟེའི་ལས་ཀྱིས་དམངས་རིགས་ཀྱང་བྲམ་ཟེར་རྒྱུ་མཚན་ནི་གང་གིས་འགྱུར་བ་མིན་པར་ཡང་སེམས། དེ་ལྟར་ན་རིགས་ལ་ངེས་པ་མེད་པའི་ཕྱིར་རྒྱགས་པར་མི་རིགས་སོ། །གལ་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོས་དུས་ལ་བབ་ན་སྐྱེ་བོ་ཕལ་མོ་ཆེ་ལ་ལོངས་སྤྱོད་འགྱེད་པར་ནུས་པས་རྒྱལ་པོ་ནི་ཆེས་ལོངས་སྤྱོད་ཕྱུག་པ་ཡིན་པས་དྲེགས་པར་རིགས་སོ་ཞེ་ན། རྒྱལ་པོས་ཡུན་རིང་པོས་བསགས་པའི་ལོངས་སྤྱོད་སྐྱེ་བོ་ཕལ་མོ་ཆེ་ལ་འགྱེད་ནུས་པ་བདེན་མོད་ཀྱི། དེ་ནི་སྐྱེ་བོ་ཕལ་མོ་ཆེ་གཟིར་བ་མེད་པར་སྒྲུབ་མི་ནུས་ཤིང་། སྐྱེ་བོ་ཕལ་མོ་ཆེ་གཟིར་བ་ལས་ཀྱང་སྡིག་པ་ཆེན་པོར་འགྱུར་ལ། དེ་ལས་ཀྱང་ཕྱི་མར་བདག་ཉིད་སྡུག་བསྔལ་ཆེན་པོར་འགྱུར་རོ། །དེའི་ཕྱིར་རྒྱལ་པོ་གང་གི་དབང་ཕྱུག་འགྱེད་པ་ལྟར་དེའི་དོན་དུ་བསགས་པའི་སྡིག་པ་སྐྱེ་བོ་གཞན་ལ་འགྱེད་དུ་ཡོད་པ་མ་ཡིན་གྱི་རང་ཁོ་ནས་སྡུག་བསྔལ་མྱོང་བར་བྱ་དགོས་སོ། །དེའི་ཕྱིར་གཞན་ལ་ཕན་གདགས་པ་ཆུང་ངུ་ཙམ་གྱི་དོན་དུ་སྡིག་པ་ཆེན་པོ་བསགས་ནས་མཁས་པ་སུ་ཞིག་དེའི་རྣམ་སྨིན་གྱིས་ཕྱི་མར་བདག་ཉིད་འཇོམས་པར་བྱེད། དེས་ན་འདི་ནི་དམ་པ་རྣམས་ལ་ངོ་ཚ་བའི་གནས་ཡིན་གྱི་དྲེགས་པའི་གནས་མ་ཡིན་ནོ། །གལ་ཏེ་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་ལ་གནས་པའི་རྒྱལ་པོས་ང་རྒྱལ་ཆེན་པོ་བྱ་བར་རིགས་སོ་ཞེ་ན། རང་གི་དབང་ཕྱུག་གིས་བསྐྱེད་ནས་བདག་ནི་གཞན་ལས་ཁྱད་པར་འཕགས་སོ་སྙམ་དུ་ང་རྒྱལ་སྐྱེས་པ་ན། རང་དང་དབང་ཕྱུག་མཉམ་པ་དང་རང་ལས་ཆེས་ཁྱད་པར་དུ་འཕགས་པའི་རྒྱལ་པོ་ཕ་རོལ་པོ་ནུས་པ་དང་ལྡན་པ་རྣམས་ཀྱི་དབང་ཕྱུག་ཕུན་སུམ་ཚོགས་པ་ལ་བལྟ་བར་བྱ་སྟེ། དེ་ལྟར་ན་དམ་པ་རྣམས་ཀྱི་སྙིང་ལ་དབང་ཕྱུག་གིས་རྒྱགས་པའི་ང་རྒྱལ་མི་གནས་པར་འགྱུར་རོ། །དེའི་ཕྱིར་འགྲོ་བ་ལ་ཕན་པར་འདོད་པས་ང་རྒྱལ་སྤངས་ཏེ། ཀུན་ལ་བླ་མའམ་རྗེ་དཔོན་བཞིན་དུ་གུས་པར་བྱའི་ཁྱད་དུ་གསད་པར་མི་བྱའོ། །དེ་ལྟར་བྱས་ན་ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་སྣོད་དུ་འགྱུར་ཏེ། འགྲོ་བ་རངས་པ་མགུ་བར་བྱེད་པ་ལ་ཞུགས་པའི་ཕྱིར་རོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས་བདག་ཏུ་འཛིན་པ་སྤོང་པའི་ཐབས་བསྟན་པ་སྟེ། རབ་ཏུ་བྱེད་པ་བཞི་པའི་འགྲེལ་པའོ།།། །།

ལེའུ་ལྔ་པའི་རྣམ་བཤད།

གཉིས་པ་མཐུན་རྐྱེན་བྱང་སེམས་ཀྱི་སྤྱོད་པ་སོགས་བསྟན་པ་ལ་བཞི་ཡོད་པའི། དང་པོ་བྱང་སེམས་ཀྱི་སྤྱོད་པ་དངོས་བསྟན་པ་ལ། སྟོན་པ་སངས་རྒྱས་ཀྱི་ཆེ་བ། དེ་སྲས་བྱང་སེམས་ཀྱི་སྤྱོད་པ། སྤྱོད་པའི་འབྲས་བུ་ཀུན་མཁྱེན་གྱི་སྒྲུབ་བྱེད། བློ་དམན་ཐེག་ཆེན་ལ་སྐྲག་པའི་རྒྱུ་བསྟན་པ་དང་བཞི་ལས། དང་པོ་ལ་དངོས་དང་། དེ་ལ་བརྟེན་པའི་ཕན་ཡོན། ཀུན་མཁྱེན་མ་ཡིན་པ་ལ་རྩོད་པ་སྤོང་བ་གསུམ་གྱི། དང་པོ་ནི། གོང་དུ་བཤད་པའི་ལེགས་བཤད་རིན་པོ་ཆེའི་ཁྱད་པར་འཇིག་རྟེན་གྱི་དེ་ཁོ་ན་ཉིད་སྟོན་པ་འདོད་ཆགས་དང་བྲལ་བའི་རྒྱུ་འདི་དག་གང་ལས་རྙེད་ཅེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་སོ། །བཅོམ་ལྡན་འདས་དེ་ཡང་ཇི་ལྟ་བུ་ཞེ་ན། ཐུགས་རྗེ་ཆེན་པོས་ནོན་པས་འགྲོ་བ་མ་ལུས་པའི་དོན་སྒྲུབ་པ་ལྷུར་མཛད་པ་ཞིག་སྟེ། འདི་ལྟར་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་སྒོ་གསུམ་གྱི་གཡོ་བ་ནི་སེམས་ཅན་ལ་ཕན་པའི་རྒྱུ་མེད་པ་འགའ་ཡང་ཡོད་པ་མིན་ཏེ། ཇི་སྐད་དུ། ཏིང་ངེ་འཛིན་རྒྱལ་པོ་ལས། འོད་ཟེར་བརྒྱ་སྟོང་དཔག་ཏུ་མེད་པ་དག །ཆོས་ཀྱི་རྒྱལ་པོའི་ཞབས་ཀྱི་མཐིལ་ནས་བྱུང་། །སེམས་ཅན་དམྱལ་བ་ཐམས་ཅད་བསིལ་བར་གྱུར། །སྡུག་བསྔལ་མེད་པར་བྱས་ནས་བདེ་བ་མྱོང་། །ཞེས་དང་། རྒྱལ་བས་སྒོ་ཡི་ཐེམ་སྟེང་ཞབས་བཞག་ཚེ། །དམུས་ལོང་གྱུར་པའི་མི་གང་ཅི་ཡོད་དང་། །རྣ་བས་མི་ཐོས་མགོན་མེད་བསོད་ནམས་ཆུང་། །དེ་དག་ཐམས་ཅད་མིག་དང་རྣ་བ་ཐོབ། །ཅེས་གསུངས་པ་ལྟར་རོ། །རེ་ཞིག་གཡོ་བ་ལྟ་ཞོག སེམས་ཀྱི་འཕེན་པའི་ཁྱད་པར་ལ་མི་ལྟོས་པར་རང་གི་ངང་གིས་བྱུང་བའི་དབུགས་ཀྱང་སེམས་ཅན་རྣམས་ལ་གནས་སྐབས་དང་མཐར་ཐུག་ཏུ་སྨན་པའི་སླད་ཁོ་ན་ཡང་དག་པར་འབྱུང་སྟེ། འདི་ལྟར་སངས་རྒྱས་རྣམས་ཀྱི་དབུགས་ནི་དམྱལ་བའི་སྣོད་ཀྱི་སྟེང་དུ་སྤྲིན་གྱི་ཕུང་པོ་ཆེན་པོ་ཕྱོགས་ཀྱི་མཐའ་མ་ལུས་པ་ཁེབས་པར་གྱུར་ནས། དེ་ལས་ཤིན་ཏུ་བསིལ་བའི་ཆར་གྱི་རྒྱུན་ཆེན་པོ་ཕབ་སྟེ་དམྱལ་བའི་མེའི་ཕུང་པོ་ཆེན་པོ་རྣམས་ཞི་བར་བྱས་ནས་དེའི་རྐྱེན་གྱིས་སྡུག་བསྔལ་བའི་སེམས་ཅན་དམྱལ་བ་པ་རྣམས་གང་གི་མཐུས་བདག་ཅག་འདི་ལྟར་བདེ་བར་གྱུར་སྙམ་དུ་སེམས་པ་ན། སངས་རྒྱས་ཀྱི་སྐུ་མཚན་དཔེ་འབར་བ་མཐོང་ནས། དེ་ལ་སེམས་དང་བའི་རྒྱུས་མི་དགེ་བའི་ལས་ཀྱི་ཕུང་པོ་བསྲབ་ཅིང་ཐར་པ་ཆ་མཐུན་གྱི་དགེ་བའི་རྩ་བ་བསྐྲུན་པ་གཏན་དུ་བའི་ཕན་འདོགས་པའི་ཕྱིར་རོ། །བསྔགས་འོས་བསྔགས་བསྟོད་ལས་ཀྱང་། སངས་རྒྱས་དབུགས་ཕྱུང་བ་ཡི་ངད། །དྲི་ཀུན་ཟིལ་གྱིས་གནོན་བགྱིད་པར། །ཚོར་ན་ཞེ་འགྲས་གྱུར་པ་ཡང་། ཁྱེད་ལ་རབ་ཏུ་དང་བར་འགྱུར། །སངས་རྒྱས་དབུགས་ཀྱི་ངད་བབ་ན། །བག་མེད་པ་ཡི་ལྷ་རྣམས་ཀྱང་། །ལྷ་ཡི་ཡུལ་ཡང་སྤངས་ནས་ཀྱང་། །འདུལ་བ་ལ་ནི་མངོན་ཕྱོགས་འགྱུར། །ཞེས་པ་ལྟར་རོ། །

དེ་བས་ན་བློ་དང་ལྡན་ཞིང་འཁོར་བ་ལ་ངེས་པར་འབྱུང་བར་འདོད་པ་རྣམས་ཀྱིས་ཇི་སྐད་དུ་བཤད་པའི་ལེགས་པར་བཤད་པ་རིན་པོ་ཆེའི་རྟེན་ས་གསུམ་གྱི་བླ་མ་སངས་རྒྱས་བཅོམ་ལྡན་འདས་ལ་དད་པ་སྔོན་དུ་བཏང་སྟེ་ཉེ་བར་བསྙེན་པར་རིགས་སོ། །གཉིས་པ་ནི། དེ་ལ་བསྙེན་པ་རྣམས་ནི་འཆི་བའི་འཇིགས་པ་ལ་ཐུག་པའི་བར་དུ་སྡུག་བསྔལ་ཐམས་ཅད་ལས་འདའ་བར་འགྱུར་ཏེ། འདི་ལྟར། ཇི་ལྟར་འཇིག་རྟེན་ཀུན་ལ་འཆི་བདག་གི་སྒྲ་འཇིགས་པ་སྐྱེད་པར་འགྱུར་བ་དེ་བཞིན་དུ་ཀུན་མཁྱེན་ཞེས་པའི་སྒྲ་འདི་ནི་གང་གིས་ཐོས་པ་དེ་དག་མྱ་ངན་ལས་འདའ་བའི་སྐལ་བ་ཅན་དུ་འགྱུར་བས་འཆི་བདག་ལའང་འཇིགས་པ་སྐྱེད་པ་སྟེ་འཆི་བདག་འཇོམས་པར་འགྱུར་ཏེ། ཇི་སྐད་དུ་བཅོམ་ལྡན་འདས་ཀྱིས། གང་དག་ངའི་མཚན་ཐོས་པར་གྱུར་པ་དེ་ཐམས་ཅད་ཀྱང་ཐེག་པ་གསུམ་ལས་ཐེག་པ་གང་ཡང་རུང་བ་ཞིག་གིས་མྱ་ངན་ལས་འདའ་བར་འགྱུར་རོ་ཞེས་གསུངས་པ་ལྟར་རོ། །སངས་རྒྱས་ཀྱི་མཚན་ཐོས་པའང་འཆི་བདག་ལས་འདའ་བར་འགྱུར་ན་ལམ་བསྒྲུབ་པ་རྣམས་ལྟ་ཅི་སྨོས། དེས་ན་བདག་ལེགས་སུ་འདོད་པ་རྣམས་དེ་ལ་བརྟེན་པར་རིགས་སོ། །གསུམ་པ་ནི། གལ་ཏེ་འཇིག་རྟེན་རྟག་ཅེས་སོགས་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་དྲིས་པ་ན་བརྡ་མི་སྤྲོད་པའི་ཕྱིར་བཅོམ་ལྡན་འདས་འདི་ཀུན་མཁྱེན་མ་ཡིན་པ་མ་ཡིན་ནམ་ཞེ་ན། དེ་ཙམ་གྱིས་ཐམས་ཅད་མཁྱེན་པ་མ་ཡིན་པར་མི་འགྲུབ་སྟེ། གང་གི་ཕྱིར་ཐུབ་པ་ལ་མཛད་པ་གནས་སྐབས་དང་མཐར་ཐུག་ཏུ་ཕན་པ་སྒྲུབ་པ་དང་། མཛད་མིན་གནོད་པར་འགྱུར་བ་དང་། གསུང་བྱ་གང་བསྟན་ན་ཕན་པར་འགྱུར་བ་དང་། གསུང་བྱ་མིན་པ་གནོད་པར་འགྱུར་བ་དག་ཡང་དག་པ་ཇི་ལྟ་བ་བཞིན་མཁྱེན་པ་མངའ་བ་དེས་ཟབ་མོའི་སྣོད་དུ་མ་གྱུར་པ་རྣམས་ལ་དྲི་བ་བཅུ་བཞི་ལུང་མ་སྟོན་པ་ནི་གསུང་བྱ་མ་ཡིན་པས་ཡིན་གྱི་མི་མཁྱེན་པས་མ་ཡིན་ཏེ། འཇིག་རྟེན་རྟག་པ་དང་མི་རྟག་པར་ལུང་བསྟན་བྱ་མ་ཡིན་པའི་ཕྱིར་དང་། དྲི་བ་པོ་རྣམས་ཟབ་མོའི་སྣོད་མ་ཡིན་པས་རྟག་ཆད་དང་བྲལ་བའི་སྟོང་པ་ཉིད་ཀྱང་སྟོན་པར་མི་མཛད་དོ། །དེའི་ཕྱིར་རིན་ཆེན་ཕྲེང་བར། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་མོའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་དགོངས། །ཞེས་གསུངས་པ་ལྟར་རོ། །དེ་བས་ན་ཀུན་མཁྱེན་ལ་ཀུན་མཁྱེན་མིན་ཞེས་བྱ་བ་ལ་རྒྱུ་མཚན་ཅི་ཡོད་དེ། ཟབ་མོའི་སྣོད་དུ་མ་གྱུར་པ་ལ་ཟབ་མོའི་ཆོས་མི་གསུང་བ་ནི་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཐམས་ཅད་མཁྱེན་པའི་སྒྲུབ་བྱེད་ཡིན་པས་སོ། །གལ་ཏེ་ཐུབ་པས་གསུང་བྱ་མ་ཡིན་པ་མི་གསུང་ན་ལྷ་སྦྱིན་ལ་བསམས་ནས། གོས་དུམ་ཅན་གྱི་བུ་མཆིལ་ཟན་ལ་ཅི་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། འདི་ནི་གཞན་ལ་གནོད་པ་མ་ཡིན་ཏེ། སྡིག་པ་ལ་འཇུག་པ་ཟློག་པའི་ཕྱིར་གསུངས་པས་སོ། །འདི་ལྟར་དེའི་ཚེ་ལྷ་སྦྱིན་སྨ་དབབ་པར་མ་མཛད་ན་དེའི་རྗེས་སུ་འགྲོ་བ་མང་པོ་ཞུགས་ནས་སངས་རྒྱས་ཀྱིས་བསྟན་པའི་ཡང་དག་པའི་ལམ་བོར་ནས་ལྷ་སྦྱིན་གྱིས་བསྟན་པའི་ལམ་ངན་པ་ལ་འཇུག་པར་འགྱུར་བའི་ཕྱིར་རོ། །

དེས་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ནི་ཐབས་ལ་མཁས་པས་དོན་མ་ཡིན་པ་བསལ་བའི་ཕྱིར་རེས་འགའ་མི་སྙན་པ་གསུང་ཡང་ཁ་ན་མ་ཐོ་བ་མི་མངའ་སྟེ། འགྲོ་བ་ལ་ཕན་པར་དགོངས་པའི་ཕྱིར་རོ། །འགྲོ་ལ་ཕན་པས་ཀུན་ནས་བསླང་བའི་ཚིག་ནི་མི་སྙན་པ་ཡང་དགེ་བ་ཁོ་ན་ཡིན་ཏེ། གང་གི་ཕྱིར་ཀུན་སློང་གི་དགེ་མི་དགེའི་དབང་གིས་དགེ་སྡིག་ཏུ་འཇོག་པ་མ་གཏོགས་པར་འགྲོ་བ་དང་འོང་བ་དང་འགྲེང་བ་དང་འཆག་པ་སོགས་རང་གི་ངོ་བོས་བསོད་ནམས་དང་བསོད་ནམས་མ་ཡིན་པ་སོགས་སུ་འགྱུར་བ་མ་མཐོང་བ་དེའི་ཕྱིར་རོ། །དེས་ན་སྒོ་གསུམ་གྱི་ལས་ཀུན་ལ་ཡིད་ནི་དོན་པོ་སྟེ་གཙོ་བོར་བསྒྲུབ་པར་བྱ་སྟེ། སེམས་ཇི་ལྟ་བ་བཞིན་དུ་དེས་འཕངས་པའི་སྒོ་གསུམ་གྱི་ལས་རྣམས་ཀྱི་རང་གི་ངོ་བོ་དགེ་སྡིག་ཏུ་འཇོག་པའི་ཕྱིར་རོ། །

གཉིས་པ་ལ། བྱང་སེམས་ཀྱི་ཡོན་ཏན། དེས་འགྲོ་དོན་ཇི་ལྟར་བྱ་ཚུལ། དེ་ལ་སྡང་བའི་ཉེས་དམིགས། དེ་ལ་དད་པར་རིགས་པ། ཞར་ལ་སྦྱིན་པའི་བསྔགས་པ། བྱང་སེམས་ཀྱི་ཡོན་ཏན་གཞན་བསྟན་པ་དང་དྲུག་གི དང་པོ་ལ། ལས་ཐམས་ཅད་དགེ་ལེགས་སུ་འགྱུར་ཚུལ་དང་། སེམས་བསྐྱེད་པའི་བསོད་ནམས་གཉིས་ཀྱི། དང་པོ་ནི། ལས་ཀུན་ལ་ཡིད་གཙོ་བོ་ཡིན་པ་དེ་ཉིད་ཀྱི་ཕྱིར་ན་བསམ་པས་བྱང་ཆུབ་སེམས་དཔའ་སེམས་ལ་དབང་ཐོབ་པ་རྣམས་ལ། སྒོ་གསུམ་གྱི་སྤྱོད་པ་སྦྱིན་པ་ལ་སོགས་པ་དགེ་བའམ། འོན་ཏེ་སྡིག་སྤྱོད་སོགས་མི་དགེ་བའམ། བཟོ་དང་སྤྱོད་ལམ་སོགས་ལུང་དུ་མ་བསྟན་པ་གང་རུང་བ་ཐམས་ཅད་འགྲོ་བའི་མངོན་མཐོ་དང་ངེས་ལེགས་ཀྱི་རྒྱུར་གྱུར་པའི་དགེ་ལེགས་ཉིད་དུ་འགྱུར་ཏེ། དེ་ཐམས་ཅད་གནས་སྐབས་དང་མཐར་ཐུག་ཏུ་གཞན་ལ་ཕན་པའི་བསམ་པས་ཀུན་ནས་བསླང་བའི་ཕྱིར་རོ། །ཅི་སྟེ་དགེ་བའི་སྤྱོད་པ་དགེ་ལེགས་སུ་འགྱུར་ཡང་། མི་དགེ་བ་དང་ལུང་མ་བསྟན་གྱི་སྤྱོད་པ་དགེ་ལེགས་སུ་ཇི་ལྟར་འགྱུར་ཞེ་ན། དེ་དག་ཀྱང་དགེ་ལེགས་སུ་འགྱུར་ཏེ། གང་གི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཡིད་དེ་ཇི་ལྟར་འདོད་བཞིན་མི་དགེ་བ་ལ་མི་འཇུག་ཅིང་དགེ་བས་འཇུག་ཏུ་རུང་བར་དབང་དུ་གྱུར་པའི་ཕྱིར་རོ། །སོ་སོའི་སྐྱེ་བོ་རྣམས་ཀྱིས་ནི་གཞན་ལ་ཕན་པར་བསམས་ནས་སྲོག་གཅོད་པ་ལ་སོགས་པ་ལ་འཇུག་པར་མི་བྱ་སྟེ། ཐོག་མར་དགེ་བ་ཙམ་ཡོད་ཀྱང་སེམས་ལ་དབང་མ་ཐོབ་པས་ཁྲོ་བ་སོགས་ཉོན་མོངས་པའི་བག་ལ་ཉལ་བ་སད་ནས་མཐར་མི་དགེ་བར་འགྱུར་སྲིད་པའི་ཕྱིར་རོ། །

གཉིས་པ་ལ་གཉིས་ཀྱི། དང་པོ་རང་གིས་བྱང་ཆུབ་ཏུ་སེམས་བསྐྱེད་པའི་བསོད་ནམས་ནི། གང་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་ཞེས་བྱ་ཞེ་ན། བྱང་ཆུབ་ཀྱི་སེམས་ནི་གཉིས་ཏེ་ཀུན་རྫོབ་དང་དོན་དམ་པའོ། །དང་པོ་ནི་བྱང་ཆུབ་མངོན་པར་འདོད་པའི་མཚན་ཉིད་ཅན་སྦྱིན་པ་ལ་སོགས་པའི་ཕ་རོལ་ཏུ་ཕྱིན་པ་དྲུག་གི་གྲོགས་དང་མི་ལྡན་པའོ། །གཉིས་པ་ནི་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་བཞིན་ཕ་རོལ་ཏུ་ཕྱིན་པའི་གྲོགས་དང་ལྡན་པའོ། །དེ་ལ་དང་པོ་ནི་ལས་དང་པོ་པའི་ས་ནས་མོས་སྤྱོད་ཀྱི་སའི་བར་སོ་སོའི་སྐྱེ་བོའི་གནས་སྐབས་ཐམས་ཅད་ན་ཡོད་ལ། དེ་དག་དང་ལྡན་པ་ནི་རྣམ་གྲངས་པའམ། བརྡར་བཏགས་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །གཉིས་པ་ནི་ས་དང་པོ་རབ་ཏུ་དགའ་བ་ནས་བཟུང་སྟེ་ཆོས་ཀྱི་སྤྲིན་གྱི་བར་ས་བཅུའི་རང་བཞིན་ནོ། །དེ་དང་ལྡན་པ་ནི་རྣམ་གྲངས་མ་ཡིན་པར་མཐའ་གཅིག་ཏུ་བྱང་ཆུབ་སེམས་དཔའི་སྒྲས་བསྙད་པར་བྱ་བ་ཡིན་པས་ན་དོན་དམ་པའི་བྱང་ཆུབ་སེམས་དཔའ་ཞེས་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སེམས་བསྐྱེད་པ་དང་པོའི་བསོད་ནམས་ཀྱི་ཁྱད་པར་བསྟན་པས་ལྷག་མ་རྣམ་པར་ཤེས་པར་འགྱུར་བས་དེའི་ཕྱིར་རེ་ཞིག་སེམས་བསྐྱེད་པ་དང་པོ་རབ་ཏུ་དགའ་བའི་བསོད་ནམས་ཀྱི་ཁྱད་པར་བསྟན་པའི་ཕྱིར་བཤད་པ། བསོད་ནམས་གང་ཞིག་ཉེ་བར་བསགས་པས་གླིང་བཞིའི་དབང་ཕྱུག་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་བསོད་ནམས་དེ་ནི་རེ་ཞིག་ཆེས་མང་ན་ས་སྟེང་གི་སྐྱེ་བོ་ཐམས་ཅད་འཁོར་ལོས་སྒྱུར་བའི་རྒྱལ་པོར་སྒྱུར་པའི་བསོད་ནམས་ལྟ་ཅི་སྨོས། ས་སྟེང་སྐྱེ་བོ་ཐམས་ཅད་ནི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་འགྱུར་བའི་བསོད་ནམས་ལས་བྱང་ཆུབ་སེམས་དཔའ་ས་དང་པོ་རབ་ཏུ་དགའ་བའི་བསོད་ནམས་ཆེས་ཁྱད་པར་དུ་འཕགས་ཏེ། དེ་ནི་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དགེ་བའི་རྩ་བ་ཐམས་ཅད་འབྱུང་བའི་ས་བོན་དུ་གནས་པས་འཁོར་བ་ཇི་སྲིད་བར་འགྲོ་བ་ཐམས་ཅད་རྗེས་སུ་འཛིན་པའི་རྒྱུར་གནས་པའི་ཕྱིར་དང་། འཁོར་ལོས་སྒྱུར་བའི་བསོད་ནམས་ནི་དུས་ཉུང་ཟད་ཅིག་སེམས་ཅན་ཁ་ཅིག་གི་མངོན་མཐོའི་བདེ་བའི་རྒྱུར་གནས་པ་ཙམ་ཡིན་པའི་ཕྱིར་རོ། །གཉིས་པ་གཞན་སེམས་བསྐྱེད་དུ་བཅུག་པའི་བསོད་ནམས་ནི། རང་སེམས་བསྐྱེད་པའི་བསོད་ནམས་བཤད་ན། གཞན་སེམས་བསྐྱེད་དུ་བཅུག་པའི་བསོད་ནམས་ཇི་ལྟ་བུ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱི་སླད་དུ་དེའི་རིང་བསྲེལ་གྱི་སྙིང་པོ་ཅན་གྱི་གསེར་དང་བཻ་ཌཱུཪྱ་ལ་སོགས་པའི་རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་གྱི་མཆོད་རྟེན་འཕང་དུ་འོག་མིན་གྱི་འཇིག་རྟེན་ཇི་སྙེད་ཙམ་དུ་མཐོ་བ། རྒྱར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཚད་དང་ལྡན་པ་འགའ་ཞིག་གིས་བྱས་ཏེ། དེ་ལ་རྗེས་སུ་མཐུན་པའི་གདུགས་དང་རིན་པོ་ཆེའི་ཐེམ་སྐས་བྲེས་ཤིང་བསྐལ་པའི་བར་དུ་མེ་ཏོག་དང་བདུག་པ་དང་གར་དང་གླུ་དབྱངས་སོགས་མཆོད་པའི་བྱེ་བྲག་སྣ་ཚོགས་པས་མཆོད་པར་བྱེད་པ་དེ་བས། འགའ་ཞིག་གིས་བྱང་ཆུབ་ཀྱི་དོན་དུ་སེམས་ཅན་གཅིག་པུ་ཞིག་སེམས་བསྐྱེད་དུ་བཅུག་སྟེ་འདུལ་བར་བྱེད་ན་སྔ་མ་དེ་ལས་ཕྱི་མ་བྱང་ཆུབ་ཀྱི་དོན་སེམས་ཅན་གཅིག་འདུལ་བ་པོ་དེ་བསོད་ནམས་མཆོག་ཏུ་བཟང་བར་བརྗོད་པ་ཡིན་ཏེ། སྔ་མས་ནི་དེ་བཞིན་གཤེགས་པའི་ཡུལ་སྦྱོར་བ་ཙམ་ཞིག་བྱས་པ་ཡིན་ལ། ཕྱི་མས་ནི་སངས་རྒྱས་ཀྱི་གདུང་རྒྱུན་མི་འཆད་པ་དང་། དམ་པའི་ཆོས་ཡུན་རིང་དུ་གནས་པའི་བྱ་བ་བྱས་པའི་ཕྱིར་རོ། །གཉིས་པ་ནི། དེ་ལ་ཀུན་རྫོབ་སེམས་བསྐྱེད་དང་ལྡན་པའི་བྱང་སེམས་ཀྱིས་ནི་བྱང་ཆུབ་ཀྱི་སེམས་སྦྱོང་བའི་སྒོ་ནས་བསམ་པ་གཞན་དོན་བྱའི་སྦྱོར་བས་ནི་མ་ཡིན་ཏེ། ཉོན་མོངས་ཤུགས་དྲག་པའི་ཕྱིར་དང་། གཉེན་པོ་སྟོབས་ཆུང་བའི་ཕྱིར་དང་། ཁམས་དང་བསམ་པ་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་སེམས་ཅན་འདུལ་བའི་ཐབས་མི་ཤེས་པའི་ཕྱིར་རོ། །དོན་དམ་པའི་བྱང་ཆུབ་སེམས་དཔས་ནི་སེམས་ཅན་གྱི་དོན་ཁོ་ན་ལྷུར་བླང་བར་བྱ་སྟེ། རྒྱུ་མཚན་སྔ་མ་ལས་ལྡོག་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་འདིས་ཇི་ལྟར་སེམས་ཅན་གྱི་དོན་བྱ་ཞེ་ན། དེ་དག་གི་བསམ་པ་དང་མཐུན་པར་རྗེས་སུ་ཐ་སྙད་བྱེད་པས་སོ། །དེའི་ཕྱིར་སློབ་མ་དེ་ལ་ཕན་པར་འདོད་པའི་བླ་མ་ཡིས། དང་པོར་རང་ལ་དད་པར་བྱ་བའི་ཕྱིར་སློབ་མ་ལ་སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་པས་སྲི་ཞུ་བྱ་ཞིང་། དད་པར་གྱུར་ན་ཕྱིས་སྐལ་བ་དང་འཚམ་པའི་གདམས་པ་དང་རྗེས་སུ་བསྟན་པས་རྗེས་སུ་གཟུང་བར་བྱ་སྟེ། དཔེར་ན་གླང་པོ་ཆེ་དང་པོར་ཧགས་ཀྱི་ལ་དུ་དང་བུར་ཤིང་སོགས་བྱིན་ནས་བཀོལ་ལ། དེའི་འོག་ཏུ་འདུལ་བྱེད་ཀྱི་ལྕགས་ཀྱུས་འདེབས་པ་བཞིན་ནོ། །སློབ་མས་བླ་མ་ལ་བསྙེན་བཀུར་བྱ་བ་མ་ཡིན་ནམ། བླ་མས་སློབ་མ་ལ་བསྙེན་བཀུར་ཇི་ལྟར་བྱ་ཞེ་ན་བདེན་མོད། འདིས་ནི་བློ་འཆལ་པས་རང་ལ་ཕན་པའི་དོན་དུ་བླ་མ་ལ་བསྙེན་བཀུར་བྱའོ་སྙམ་དུ་མི་ཤེས་པའི་ཕྱིར་ཏེ། གང་གི་ཕྱིར་སློབ་མ་དེས་རང་ལ་ཕན་པའི་བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་རྗེས་སུ་བསྟན་པར་བྱ་བ་ཡིན་པས་དེའི་ཕྱིར་སློབ་མ་ཞེས་བྱ་བ་བརྗོད་དོ། །གལ་ཏེ་སྲི་ཞུ་བྱས་ཀྱང་སློབ་མ་གནང་མི་བཀུར་ཞིང་སླར་རྒོལ་བ་སོགས་མི་རིགས་པར་བྱེད་ནའང་དེས་དེ་ལ་སྐྱོ་བར་མི་བྱའི། གང་གིས་གཤིས་ངན་པར་བྱེད་པའི་ཉོན་མོངས་གཞོམ་པར་བྱེད་དེ། དཔེར་ན་འབྱུང་པོས་གཟུང་བའི་ནད་པ་འགའ་ཞིག་སླར་ཁྲོ་ཞིང་གཤེ་ཡང་དེ་ལ་སྨན་པ་འཁྲུག་པ་མིན་པ་ལྟར། སེམས་ཅན་འདུལ་བའི་ཐབས་ལ་མཁས་པའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་དང་བྱང་སེམས་རྣམས་གང་གིས་སེམས་ཅན་མ་རུངས་པར་བྱེད་པའི་ཉོན་མོངས་པ་དག་ལ་སྐྱོན་དུ་གཟིགས་ཀྱི་ཉོན་མོངས་དང་འབྲེལ་བའི་གང་ཟག་ལ་སྐྱོན་དུ་ལྟ་བ་མིན་ནོ། །

དེ་ལྟར་གཞན་གྱི་བསམ་པ་སུན་མི་འབྱིན་ཅིང་རྗེས་སུ་མཐུན་པར་སྒྲུབ་པས་སློབ་མ་རབ་ཏུ་དད་པར་གྱུར་པ་ན་སྐལ་བ་དང་འཚམས་པའི་གདམས་ངག་སྦྱིན་པར་བྱ་སྟེ། འདི་ལྟར་སེར་སྣ་ཅན་སྦྱིན་པའི་དང་། ཁྲོ་བ་ཅན་བཟོད་པའི་དང་། ཚུལ་འཆལ་ཚུལ་ཁྲིམས་ཀྱི་གཏམ་གྱིས་མི་དགའ་ལ། ལོངས་སྤྱོད་འདོད་པ་ལ་སྦྱིན་པའི་གཏམ་དང་། མཐོ་རིས་འདོད་པ་ལ་ཚུལ་ཁྲིམས་དང་། གཟུགས་བཟང་བར་འདོད་པ་ལ་བཟོད་པའི་གཏམ་གྱིས་དགའ་བར་འགྱུར་བས་དེའི་ཕྱིར་གདུལ་བྱ་གང་ཞིག་སྦྱིན་པ་སོགས་གང་དང་གང་ལ་དགའ་བ་དེའི་མངོན་པར་འདོད་པའི་དོན་དེ་ཡིས་དེ་དང་དེ་ཆེས་སྔར་དཔྱད་ཅིང་ཕྱིས་སྣོད་དུ་གྱུར་པ་ན་ཟབ་མོ་བསྙད་པར་བྱའི། གང་དང་གང་ལ་མི་དགའ་བ་དེ་ལ་ཐོག་མར་སྦྱར་བར་མི་བྱ་སྟེ། དང་པོར་རྗེས་སུ་མི་མཐུན་པའི་གཏམ་གྱིས་མི་དགའ་ཞིང་རྒྱུད་ཉམས་པར་གྱུར་ན་དམ་པའི་ཆོས་ཀྱི་སྣོད་དུ་ཅིས་ཀྱང་འགྱུར་བ་མ་ཡིན་ནོ། །དེ་ལྟར་ཕན་པ་བསྒྲུབ་པ་ན་ལན་བརྒྱར་བཟློག་ཏུ་ཟིན་ཀྱང་ཡང་དང་ཡང་དུ་མི་རིགས་པ་ལ་འཇུག་པ་དེ་ལ་ནི་བྱང་ཆུབ་སེམས་དཔའ་ལྷག་པར་སྙིང་བརྩེ་བར་བྱ་བ་ཡིན་ཏེ། འདི་ལྟར་ཇི་ལྟར་མ་ནི་བུ་གཞན་ལས་ཁྱད་པར་དུ་ནད་ཚབས་ཆེན་པོས་ཐེབས་པའི་བུ་ལ་ཤིན་ཏུ་གདུང་བར་འགྱུར་བ་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་བརྩེ་བ་ཡང་སེམས་ཅན་རྣལ་མར་གནས་པ་ལས་ཉོན་མོངས་པས་རྒྱུད་དཀྲུགས་ཏེ་བྱ་བ་མ་ཡིན་པ་ལ་འཇུག་པའི་དམ་པ་མིན་པ་རྣམས་ལ་ཁྱད་པར་དུ་སྐྱེ་སྟེ། བུད་ཤིང་གི་ཁྱད་པར་ལས་མེ་བཞིན་དུ་བྱང་སེམས་ཀྱི་སྙིང་རྗེ་ཡང་གཞན་གྱི་སྡུག་བསྔལ་ལ་དམིགས་ནས་ཕུལ་དུ་བྱུང་བ་དང་ལྡན་པར་སྐྱེ་བའི་ཕྱིར་རོ། །གང་གི་ཕྱིར་བྱང་སེམས་ཀྱི་སྙིང་རྗེ་དམ་པ་མ་ཡིན་པ་ལ་ཁྱད་པར་དུ་འགྱུར་བ་དེའི་ཕྱིར་སེམས་ཅན་ཁམས་དང་བསམ་པ་དང་མོས་པ་སྣ་ཚོགས་པའི་དོན་བྱེད་པ་ན། གང་ཞིག་བདག་ཉིད་མཆོག་ཏུ་རློམ་པ་དག་ནི་ཡོན་ཏན་ཅན་གཞན་ལ་བསྙེན་བཀུར་མི་བྱེད་དེ། དེ་ལྟ་བུ་ལ་ལ་གདུལ་བའི་ཕྱིར་རང་ཉིད་སློབ་མར་འགྱུར་བར་བྱས་ཏེ་ཕན་པ་རྗེས་སུ་སྟོན་པར་བྱེད་ལ། གང་ཞིག་བདག་ཉིད་དམན་པར་སེམས་པ་དེ་ལྟ་བུ་ལ་ལ་བླ་མར་འགྱུར་བར་བྱས་ཏེ་ཁྱད་པར་བསྟན་པའི་སྒོ་ནས་རྗེས་སུ་འཛིན་ཏེ། དེའི་ཕྱིར་སེམས་ཅན་འདུལ་བའི་ཐབས་རིགས་སྣ་ཚོགས་པའི་ཐབས་རྣམས་ཀྱིས་གནས་ལུགས་མ་རྟོགས་པའི་སེམས་ཅན་རྣམས་ཀྱིས་དེ་ཁོ་ན་ཉིད་རྟོགས་པར་བྱེད་དེ། དཔེར་ན་སྨན་པ་མཁས་པས་ནད་སྣ་ཚོགས་ཀྱིས་ཐེབས་པའི་ནད་པ་རྣམས་ལ་སྣུམ་ཆོས་དང་སྐྱ་ཆོས་སོགས་ཐབས་སྣ་ཚོགས་ཀྱིས་འཆོས་པ་བཞིན་ནོ། །གང་གི་ཕྱིར་ཐབས་སྣ་ཚོགས་ཀྱིས་སེམས་ཅན་འདུལ་བ་དེའི་ཕྱིར་ཇི་ལྟར་སྨན་པ་མཁས་པས་ཟུག་རྔུ་འབྱིན་པས་ནི་ནད་པ་འགའ་ཡང་གསོ་དཔྱད་ཀྱིས་སྒྲུབ་ཏུ་མེད་ཅིང་གསོར་མི་རུང་ཞེས་སྤང་བྱ་དཀོན་པ་དེ་བཞིན་དུ་བྱང་ཆུབ་སེམས་དཔས་སེམས་ཅན་གྱི་དབང་པོ་མཆོག་དང་མཆོག་མ་ཡིན་པ་ཤེས་ཤིང་། བསྡུ་བའི་དངོས་པོ་ལ་མཁས་པ་ཡང་སེམས་ཅན་འདུལ་བའི་སྟོབས་རྙེད་ནས་གདུལ་བྱ་མ་ཡིན་པ་ཤིན་ཏུ་ཡང་དཀོན་ཏེ། ཁམས་དང་བསམ་པ་དང་བག་ལ་ཉལ་ཇི་ལྟ་བ་བཞིན་དུ་དགེ་བའི་རྩ་བ་སྐྱེད་པར་བྱེད་པའི་ཕྱིར་རོ། །

དེ་ལྟར་སེམས་ཅན་འདུལ་བའི་མཐུའི་ཁྱད་པར་ཐོབ་པའི་བྱང་སེམས་ཀྱི་སྤྱོད་ཡུལ་དུ་གྱུར་པའི་སེམས་ཅན་འགའ་ཞིག གལ་ཏེ་བསྐུལ་ན་ངན་འགྲོར་མི་འགྲོ་བ་ལས་ལེ་ལོའི་དབང་གིས་མ་བསྐུལ་བ་ལས་བྱ་བ་ངན་པ་ལ་ཞུགས་ཏེ་ངན་འགྲོར་འགྲོ་བར་འགྱུར་ན་སེམས་ཅན་ཐམས་ཅད་ལ་ཕན་པར་དམ་བཅས་པ་འདིས་རང་གི་དམ་བཅའ་ཉམས་པར་འགྱུར་བས་བློ་ལྡན་གཞན་གྱིས་སྨད་བྱར་འགྱུར་རོ། །དེའི་ཕྱིར་བདག་ཅག་ལ་སྨད་པར་འགྱུར་རོ་ཞེས་ཇི་ལྟར་འཚམས་པའི་ཆོས་བསྟན་པས་སྤྱོད་ཡུལ་དུ་གནས་པའི་སེམས་ཅན་རྣམས་བསྐུལ་བར་བྱའོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཆོས་ཐམས་ཅད་ཀྱི་སྔོན་དུ་འགྲོ་བ་ནི་སྙིང་རྗེ་ཡིན་ལ། བྱང་སེམས་ལས་དང་པོ་པ་འགའ་ཞིག སྡུག་བསྔལ་རྒྱུ་དང་བཅས་པས་ཉེན་པའི་སེམས་ཅན་གཞན་དག་ལ་ཕན་པ་འདོམས་པའི་སྒོ་ནས་སྙིང་བརྩེ་བ་ལེགས་ཞེས་མི་འདོད་པ་དེ་ནི། རྗེས་སུ་བརྩེ་བས་ཉོན་མོངས་ཤིང་ཉམ་ཐག་པའི་སློང་བ་པོ་མགོན་མེད་པ་དག་ལ་ཇི་ལྟར་ན་དཀའ་བ་བརྒྱ་ཕྲག་གིས་བསགས་པའི་ཟས་ནོར་གྱིས་སྦྱིན་པ་གཏོང་བར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །དེའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཐོག་མར་སེམས་ཅན་ལ་སྙིང་བརྩེ་བ་བསྐྱེད་པར་བྱའོ། །

གསུམ་པ་ནི། བྱང་ཆུབ་སེམས་དཔའ་སྙིང་རྗེའི་དབང་གིས་འཁོར་བ་ཇི་སྲིད་བར་སེམས་ཅན་གྱི་དོན་ལྷུར་ལེན་པ་དེ་དག་ལ་འགའ་ཞིག་ཞེ་སྡང་བར་བྱེད་ན་ཉེས་དམིགས་ཇི་ལྟ་བུ་ཞེ་ན། འགྲོ་བ་ཀུན་ལ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་ལ་ཐུག་གི་བར་དུ་ཕན་པའི་ཕྱིར་ཞུགས་པ་བསོད་ནམས་ཀྱི་གཏེར་དུ་གྱུར་པའི་སེམས་དཔའ་གང་ཞིག འཇིག་རྟེན་ཇི་སྲིད་དུ་གཞན་དོན་གནས་པའི་མཐུ་ཡོད་པ་དེ་ལ། དད་པ་མ་བྱས་པར་སོར་གནས་པ་དག་ཀྱང་སྦྱིན་པ་དང་བཀུར་སྟི་སོགས་ཀྱི་བསོད་ནམས་མ་བསགས་པས་ཕུང་ན། གང་དག་སྒོ་གསུམ་གྱི་སྐྱོན་གྱིས་སྡང་བར་བྱེད་པ་དག་ལ་བསམ་ཐག་ཅི་ཞིག་ཡོད་དེ། བསྐལ་པ་དཔག་ཏུ་མེད་པར་ངན་འགྲོའི་སྡུག་བསྔལ་བརྒྱ་ཕྲག་ལྷག་པས་ཕུང་ཞིང་རབ་ཏུ་ཕུང་བར་འགྱུར་རོ། །བཞི་པ་ནི། དེ་ལྟར་ན་བྱང་ཆུབ་སེམས་དཔའ་རྣམས་ལ་རབ་ཏུ་སྡང་བ་སྤངས་ཏེ་ཡིད་རབ་ཏུ་དང་བར་བྱ་བར་རིགས་ཏེ། མཆོག་ཏུ་བྱ་དཀའ་བ་མཛད་པའི་ཕྱིར་རོ། །དེ་དག་གི་མཆོག་ཏུ་བྱ་དཀའ་བ་གང་ཞེ་ན། བཟོད་པ་ཐོབ་པའི་བྱང་སེམས་གང་ལ་སྐྱེ་བ་ཐམས་ཅད་དུ་ཉམས་པ་མེད་པའི་མངོན་ཤེས་ལྔ་ཅར་ཡང་ཡོད་ཅིང་། དེར་མ་ཟད་སངས་རྒྱས་ཀྱི་ཆོས་ཀྱི་ལོངས་སྤྱོད་ཀྱི་རོ་ཞིམ་པོ་བསམ་གྱིས་མི་ཁྱབ་པ་ཆོག་མི་ཤེས་པ་དང་། སྤྲོས་པ་མེད་པའི་ཏིང་ངེ་འཛིན་དང་ཚོགས་གཉིས་ཀྱི་འབྲས་བུ་བསམ་གྱིས་མི་ཁྱབ་པ་རྣམས་སྤངས་ནས། སྙིང་རྗེས་སེམས་ཅན་ལ་ཕན་གདགས་པའི་ཕྱིར་ངན་སོང་གི་འགྲོ་བ་དམན་པ་སྤྲེའུ་དང་རི་དྭགས་རུ་རུ་ལ་སོགས་པ་དམན་པ་ལྟ་བུའི་ལུས་ཀྱི་དངོས་པོ་ཡོངས་སུ་བཟུང་ནས། གཟུགས་དེ་དང་སྐད་དེ་དང་དེས་སེམས་ཅན་གྱི་རིགས་དེ་དང་དེ་དག་བྱང་ཆུབ་ཀྱི་ཕྱིར་སྨིན་པར་བྱེད་པ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཤིན་ཏུ་བྱ་དཀའ་བ་ཡིན་ནོ། །དེའི་ཕྱིར་དེ་དག་གི་མཆོག་ཏུ་བྱ་དཀའ་བ་ལ་བལྟས་ནས་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་མཆོག་བསྐྱེད་པར་བྱའོ། །གཞན་ཡང་ཡོན་ཏན་གཞལ་དུ་མེད་པ་མཐོང་བའི་ཕྱིར་ཡང་བྱང་ཆུབ་སེམས་དཔའ་རྣམས་ལ་དད་པ་བསྐྱེད་པར་བྱ་སྟེ། འདི་ལྟར་མངོན་པར་འདོད་པའི་གཞན་དོན་ཤིན་ཏུ་བྱ་དཀའ་བ་ཡང་འབད་མེད་དུ་སྒྲུབ་ནུས་པའི་ཐབས་ཀྱིས་བསོད་ནམས་འབྱུང་བའི་རྒྱུ་མཐའ་དག སྒོ་གསུམ་ཀུན་ཚེ་སྟེ་ཀུན་གྱིས་བསྟེན་པའི་སྒོ་ནས་དུས་ཤིན་ཏུ་ཡུན་རིང་པོ་བསྐལ་པ་གྲངས་མེད་པ་བརྒྱ་སྟོང་ཕྲག་མང་པོར་བསགས་པའི་བསོད་ནམས་གང་ཡིན་པ་དེ། ཐམས་ཅད་མཁྱེན་པའི་གཞལ་བྱ་ཡང་མིན་ན་གཞན་དག་གིས་ལྟ་ཅི་སྨོས། དེས་ན་བྱིས་པའི་སྐྱེ་བོའི་འཁོར་བ་མཐའ་ཡས་པ་ལྟར་བྱང་ཆུབ་སེམས་དཔའི་དགེ་རྩ་མཐའ་ཡས་ཏེ། སྙིང་རྗེ་ཆེན་པོ་དང་ལྡན་པའི་ཕྱིར་དང་། དུས་མཐའ་ཡས་པའི་ཕྱིར་དང་། ཐབས་མཐའ་ཡས་པའི་ཕྱིར་དང་། སེམས་ཅན་མཐའ་ཡས་པའི་ཕྱིར་རོ། །ལྔ་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་རྣམས་ནི་ཡོན་ཏན་རིན་པོ་ཆེ་དུ་མའི་གཏེར་དུ་གྱུར་པ་ཡིན་ན་ཅིའི་ཕྱིར་སྐྱེས་པའི་རབས་ལ་སོགས་པར་བྱང་ཆུབ་སེམས་དཔའ་རྣམས་ལ་སྦྱིན་པའི་སྒྲ་སྙན་པར་འདོན་གྱི་ཚུལ་ཁྲིམས་ལ་སོགས་པ་གཞན་གྱི་མ་ཡིན་ཞེ་ན། སྦྱིན་པའི་སྒྲ་དཱ་ན་ཞེས་པ་འདི་ལ་སྐད་ཀྱི་བྱིངས་ཡི་གེ་བསྣན་པའི་ངེས་ཚིག་གིས་བྱེ་བྲག་ཏུ་བཤད་པ་ན་རེས་འགའ་འཆི་བ་བསལ་བར་བྱེད་དེ། དེའང་སྐྱོ་བ་དང་རྗེས་སུ་མཐུན་པའི་ཕྱིར་དང་། རེས་འགའ་གཏོང་བ་གསུམ་གྱི་མཚན་ཉིད་ཀྱི་ཆོས་གསལ་བར་བྱེད་ལ། རེས་འགའ་སྒོ་གསུམ་བསྲུངས་ཤིང་དག་པར་བྱས་པས་ཇི་ལྟར་འདོད་པའི་སྲིད་པ་གཞན་མངོན་པར་འགྲུབ་པ་གསལ་བར་བྱེད་པ་དེའི་ཕྱིར་བྱང་ཆུབ་སེམས་དཔའ་ལ་སྦྱིན་པའི་སྒྲ་ནི་རྟག་ཏུ་སྙན་པར་བསྟན་ཏོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྦྱིན་པ་ཁོ་ན་མཐའ་ཡས་ཀྱི་གཞན་དག་ནི་མ་ཡིན་ནོ་ཞེས་བྱ་བ་ཁྱད་པར་ཅི་ཡོད་ཅེ་ན། གང་ཞིག་ཚེ་འདིར་བྱིན་པ་ཡི་སྦྱིན་པ་ལས་མ་འོངས་པ་ན་འབྲས་བུ་ཆེན་པོ་འབྱུང་བར་འགྱུར་རོ་ཞེས་བསམས་ནས་ལོངས་སྤྱོད་ལེན་པ་དང་ལོངས་སྤྱོད་གཏོང་བ་སྒྲུབ་པར་བྱེད་པ་ནི་ཁེའི་ཕྱིར་རྫས་གཏོང་བའི་ཚོང་སྤོགས་བཞིན་དུ་དམ་པས་སྨད་པར་འགྱུར་རོ། །བྱང་སེམས་རྣམས་ནི་སྙིང་རྗེའི་དབང་གིས་གཞན་ལ་ཕན་པའི་ཆེད་ཁོ་ནར་ཡོངས་སུ་གཏོང་སྟེ། དེའི་ཕྱིར་དེ་རྣམས་ཀྱི་སྦྱིན་པ་ལས་བྱུང་བའི་བསོད་ནམས་མ་ཟད་དོ། །དྲུག་པ་ནི། དེ་ལྟར་བསོད་ནམས་ཀྱི་ཕུང་པོ་མཐའ་ཡས་པ་ཉེ་བར་བསགས་པའི་བྱང་ཆུབ་སེམས་དཔའ་གང་ལ་སྔར་སོ་སོའི་སྐྱེ་བོའི་གནས་སྐབས་སུ་བྱས་པའི་སྡིག་པ་ཅུང་ཟད་ཡོད་པ་ཉིད་ཀྱང་དགེ་བ་སྟོབས་ཆེན་པོས་ཟིལ་གྱིས་མནན་པས་འབྲས་བུ་འབྱིན་ནུས་སུ་ཡོད་པ་མ་ཡིན་ཏེ། ཇི་སྐད་དུ། ལན་ཚྭ་སྲང་འགས་ཆུ་ནི་ཉུང་ངུ་ཞིག། རོ་སྒྱུར་བགྱིད་ཀྱི་གངྒཱའི་ཀླུང་མིན་ལྟར། །དེ་བཞིན་སྡིག་པའི་ལས་ནི་ཆུང་ངུ་ཡང་། །དགེ་བའི་རྩ་བ་ཡངས་ལ་མཁྱེན་པར་མཛོད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་ན་དགེ་བའི་ལས་ཅན་གྱི་བྱང་ཆུབ་སེམས་དཔའ་དེ་ལ་སེམས་ཅན་གྱི་དོན་སྒྲུབ་བྱ་མིན་པ་ཞེས་བྱ་བ་ཡོད་པ་མ་ཡིན་གྱི་སེམས་ཅན་གྱི་དོན་མཐའ་དག་སྒྲུབ་པར་འགྱུར་ཏེ་བསོད་ནམས་མ་ཡིན་པ་ཆུང་ངུ་ཡང་མེད་པའི་ཕྱིར་དང་། དགེ་བའི་རྩ་བ་མཐའ་ཡས་པ་བསགས་པའི་ཕྱིར་རོ། །གལ་ཏེ་དེ་ལྟར་བྱང་ཆུབ་སེམས་དཔའ་གཅིག་ཏུ་དགེ་ཞིང་འཁོར་བར་ཕྱིར་མི་ལྡོག་པ་ཡིན་ན། མྱ་ངན་ལས་འདས་པར་ཅིའི་ཕྱིར་མི་འགྲོ་ཞེ་ན། བྱང་ཆུབ་སེམས་དཔའ་གཞན་ལ་ཕན་པའི་ལྷག་པའི་བསམ་པ་རླབས་ཆེན་པོའི་ཡིད་ཅན་དེ་ལ་ནི། འཁོར་བ་འདི་ན་གནས་པའང་པདྨ་ཆུས་མི་གོས་པ་ལྟར་ཡིད་ཉོན་མོངས་པ་ཐམས་ཅད་ཀྱིས་ཉོན་མི་མོངས་ཤིང་། སྐྱེ་རྒ་ན་འཆི་སོགས་ཀྱི་སྡུག་བསྔལ་གྱིས་ཀྱང་གནོད་པ་ཡོད་པ་མིན་ཏེ། དེས་ན་དེ་ལ་སྲིད་པར་གནས་པ་དང་མྱ་ངན་ལས་འདས་པར་ཞུགས་པ་ལ་ཁྱད་པར་མེད་པའི་ཕྱིར་མྱ་ངན་ལས་འདའ་བར་མི་འགྲོའོ། །

སེམས་བསྐྱེད་པ་དང་པོ་ནས་བཟུང་སྟེ་བྱང་ཆུབ་སེམས་དཔའ་རྣམས་སེམས་ཅན་གཞན་གྱི་དོན་ལ་དབང་འབྱོར་བར་འགྱུར་རོ་ཞེས་བྱ་བ་འདི་ལ་རྒྱུ་ཅི་ཡོད་ཅེ་ན། ཚོགས་གཉིས་ཀྱི་ཁྱད་པར་ཉེ་བར་བསགས་པའི་བྱང་ཆུབ་སེམས་དཔའ་གང་ལ་སེམས་ལ་དབང་ཐོབ་པ་ཉིད་ཡོད་པ་ཉིད་ལས་གཞན་དོན་དུ་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཡོད་པ་དེ་ཀོ་རྒྱུ་ཅིས་ན་དུས་ཀུན་གྱི་ཚེ་འཇིག་རྟེན་ཀུན་གྱི་མངའ་བདག་ཏུ་འགྱུར་བ་མ་ཡིན་ཏེ་འགྱུར་བ་ཡོད་པ་ཁོ་ནའོ། །

གསུམ་པ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྤྱོད་པ་དེ་ལྟར་སྤྱད་པ་ལས་འབྲས་བུ་བསམ་གྱིས་མི་ཁྱབ་པ་ཅི་ཞིག་འབྱུང་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ་ནས་དང་ཏིལ་དང་སཱ་ལུ་ལ་སོགས་པའི་རྒྱུའི་ཁྱད་པར་ལས་འབྲས་བུའི་ཁྱད་པར་དམིགས་པ་ལྟར་རྒྱུ་ཕུལ་དུ་བྱུང་བའི་ཁྱད་པར་ལས་འབྲས་བུ་འགྲོ་བའི་བླ་མ་དེ་བཞིན་གཤེགས་པ་རྣམས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་ཡང་ཁས་བླང་བར་ནུས་ཏེ། འདི་ལྟར་ཕུལ་འགྲོ་སྟེ་ཁྱད་པར་དུ་འཕགས་པ་ལས་ཀྱང་ཆེས་ཕུལ་ཏེ་ཁྱད་པར་དུ་འཕགས་པར་འགྲོ་བ་འགའ་ཞིག་འཇིག་རྟེན་འདི་ནའང་སྣང་སྟེ་རིགས་ཀྱི་ཕུལ་དུ་བྱུང་བ་བྲམ་ཟེ་དང་། སྐྱེ་གནས་ཀྱི་ཕུལ་དུ་བྱུང་བ་སྲིད་རྩེ་དང་། རིའི་ཕུལ་དུ་བྱུང་བ་རི་རབ་དང་། རྒྱལ་པོའི་ཕུལ་དུ་བྱུང་བ་འཁོར་ལོས་སྒྱུར་བའི་རྒྱལ་པོ་བཞིན། དེ་བཞིན་དུ་ཤེས་པའི་ཕུལ་དུ་བྱུང་བ་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱི་མཐར་ཐུག་པ་འབྱུང་བར་འགྱུར་རོ། །དེ་བས་རྒྱུ་ཕུལ་དུ་བྱུང་བ་ལས་དེ་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བ་ནི་འཇིག་རྟེན་ན་བྱིས་པའི་བར་ལ་གྲགས་པ་ཡིན་ལ། འདིར་ཡང་རྒྱུ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཚོགས་གཉིས་ཀྱི་འབྱོར་པ་རྒྱ་ཆེན་པོ་ལས་རྗེས་སུ་མཐུན་པའི་འབྲས་བུ་དེ་བཞིན་གཤེགས་པ་རྣམས་ཀྱི་བསམ་གྱིས་མི་ཁྱབ་པའི་མཐུ་ཡང་ངེས་པར་ཡོད་ཅེས་རྟོགས་པར་གྱིས་ཤིག བཞི་པ་ནི། རྒྱུ་དང་འབྲས་བུར་བཅས་པའི་ཐེག་པ་ཆེན་པོ་ནི་ཇི་སྐད་བཤད་པའི་ཚུལ་གྱིས་འཐད་པ་དང་བཅས་པ་ཡིན་ན། ཅིའི་ཕྱིར་སེམས་ཅན་ཕལ་ཆེར་ཐེག་པ་ཆེན་པོ་དང་། དེའི་འབྲས་བུ་སངས་རྒྱས་ཀྱི་མཐུ་བསམ་གྱིས་མི་ཁྱབ་པ་ལ་མི་གུས་ཤེ་ན། བློ་ཞན་པས་ཟབ་པ་དང་རྒྱ་ཆེ་བ་ལ་སྐྲག་པའི་ཕྱིར་རོ། །འདི་ལྟར་ཇི་ལྟར་བླུན་པོ་རྣམས་བློ་ཞན་པ་རྣམ་པར་དབྱེ་བ་མི་ནུས་པས་ཤིན་ཏུ་ཟབ་པའི་ཆོས་རྟེན་འབྲེལ་སྐྱེ་བ་མེད་པའི་རང་བཞིན་ཅན་ལ་སྐྲག་པ་སྐྱེ་བ་ཇི་ལྟ་བ་དེ་བཞིན་དུ་རིགས་དང་བློ་གྲོས་ཞན་ནས་གཞན་དག་ཀྱང་ཤིན་ཏུ་རྨད་དུ་བྱུང་བ་ཟབ་པ་དང་རྒྱ་ཆེ་བའི་ཐེག་པ་ཆེན་པོ་དང་དེ་བཞིན་གཤེགས་པའི་མཐུ་ཕུལ་དུ་བྱུང་བ་ལ་མི་དད་ཅིང་སྐྲག་པ་སྐྱེ་བར་འགྱུར་རོ། །དེ་ཙམ་གྱིས་དེ་མེད་པ་མ་ཡིན་པས་འགྲོ་བ་མཐའ་དག་རྗེས་སུ་འཛིན་པར་འདོད་པས་ཐེག་པ་ཆེན་པོ་རྒྱུ་དང་འབྲས་བུར་བཅས་པར་དང་བ་བསྐྱེད་དེ་ལྷག་པར་མོས་པར་བྱའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པ་སྟེ་རབ་བྱེད་ལྔ་པའི་འགྲེལ་པའོ།།། །།

ལེའུ་དྲུག་པའི་རྣམ་བཤད།

གཉིས་པ་ཉོན་མོངས་སྤོང་བའི་ཐབས་བསྟན་པ་ནི། དེ་ལྟར་བྱང་ཆུབ་སེམས་དཔའ་འགྲོ་བ་ལ་ཕན་པར་བཞེད་པ་རྣམས་ཀྱིས་འཁོར་བ་ནི་རྒུད་པ་ཐམས་ཅད་ཀྱི་གནས་སུ་རིག་ནས་དེ་རྒྱུན་གཅད་པའི་ཕྱིར་སྐྱེ་བོ་རྣམས་དེའི་རྒྱུ་ལས་དང་ཉོན་མོངས་པ་སྤོང་བ་ལ་སྦྱར་བར་བྱའོ། །དེ་ལ་རེ་ཞིག་ཉོན་མོངས་པ་སྤོང་བའི་ཐབས་བསྟན་པ་ལས། གཞན་གྱི་ཉོན་མོངས་པ་སྤོང་བའི་གཉེན་པོ་དགག རང་གི་ཉོན་མོངས་པ་སྤོང་བའི་གཉེན་པོ་བསྟན་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་ཉོན་མོངས་རྣམས་སྤང་བར་བྱ་བ་ཡིན་ན་དེ་དག་གཞི་སྤང་བའི་སྒོ་ནས་ཕྱིར་བཅོས་དགོས་པ་ཡིན་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁང་པ་བརྩེགས་པ་ལྔ་བརྒྱ་པ་དང་། ཁ་ཟས་རོ་བརྒྱ་པ་དང་། གོས་འབུམ་རི་བ་ལ་སོགས་པ་གྱ་ནོམ་པ་ཡོངས་སུ་སྤྱོད་པ་ཅིའི་ཕྱིར་གནང་། དེ་དག་ནི་བདེ་བ་དང་རྗེས་སུ་མཐུན་པ་ཡིན་ལ། བདེ་བས་ཀྱང་འདོད་ཆགས་འཕེལ་བར་འགྱུར་བའི་ཕྱིར་རོ། །དེ་བས་སྡུག་བསྔལ་ཕལ་ཆེ་བའི་ལམ་བསྒྲུབ་པར་བྱ་སྟེ་གཅེར་བུ་པ་བཞིན། དེ་དག་ནི་རླུང་དང་ཉི་མའི་ཚ་གྲང་གིས་བཅོམ་ཞིང་ལུས་དྲི་མ་ཅན་དུ་གྱུར་པ་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་བསྲན་པའི་ཕྱིར་དཀའ་ཐུབ་ཅན་ཞེས་བྱའོ་ཞེ་ན། གལ་ཏེ་བདེ་བས་འདོད་ཆགས་འཕེལ་བར་འགྱུར་བས་དེ་སྤང་བྱ་ཡིན་ན་སྡུག་བསྔལ་བས་ཁྲོ་བ་འཕེལ་བར་འགྱུར་ན་དེ་ཡང་སྤོང་དགོས་ན། རྒྱུ་ཅིས་བདེ་བ་དང་ལྡན་པ་དཀའ་ཐུབ་ཅན་མིན་ཞིང་། སྡུག་བསྔལ་དང་ལྡན་པ་དཀའ་ཐུབ་ཅན་ཡིན། གཞན་ཡང་ཉོན་མོངས་པ་རྣམས་ནི་སྡུག་པ་དང་མི་སྡུག་པའི་མཚན་མ་སྒྲོ་བཏགས་པ་ལས་སྐྱེ་བ་ཡིན་གྱི་བདེ་སྡུག་མྱོང་བར་འགྱུར་བའི་ཡུལ་ལོངས་སྤྱོད་པ་ཙམ་གྱིས་སྐྱེ་བ་མ་ཡིན་ཏེ། འདོད་ཆགས་དང་བྲལ་བ་རྣམས་ལ་ཡང་དེ་དག་སྐྱེ་བར་ཐལ་བའི་ཕྱིར་རོ། །བཅོམ་ལྡན་འདས་ཀྱི་བསྟན་པ་ལས་ཆགས་ཅན་རྣམས་ཡུལ་གྱི་སྟོབས་ཀྱིས་འདོད་ཆགས་སྐྱེ་བ་དགག་པའི་ཕྱིར་སྦྱངས་པའི་ཡོན་ཏན་དང་ཡོ་བྱད་བསྙུངས་པ་སོགས་བསྟན་ལ། ཞེ་སྡང་ཅན་རྣམས་ཞེ་སྡང་སྐྱེ་བ་དགག་པའི་ཕྱིར་ཟས་དང་ཆོས་གོས་གཙུག་ལག་ཁང་སོགས་གྱ་ནོམ་པ་གནང་བ་ཡིན་ནོ། །དེའི་ཕྱིར་ཤཱཀྱ་པ་རྣམས་ཁོ་ན་དཀའ་ཐུབ་ཅན་ཡིན་ཏེ། ཆགས་བྲལ་བཞིན་དུ་ཆགས་ཅན་རྣམས་ཀྱང་ཐབས་ཀྱིས་ཉོན་མོངས་འདུལ་བ་ལ་ཞུགས་པའི་ཕྱིར་རོ། །ཕྱི་རོལ་པ་རྣམས་ནི་རྟག་ཏུ་ཉོན་མོངས་པས་གདུངས་པའི་གདུང་བས་གདུངས་པའི་ཕྱིར་ཉོན་མོངས་འདུལ་བའི་དཀའ་ཐུབ་ཅན་མ་ཡིན་ནོ། །

གཉིས་པ་ལ། ཉོན་མོངས་པའི་གཉེན་པོ་དང་། སྤྱིའི་གཉེན་པོ་གཉིས་ཀྱི། དང་པོ་ལ། ཉོན་མོངས་སོ་སོའི་བྱེད་ལས། དེ་དག་སྐྱེ་བའི་གོ་རིམ། ཇི་ལྟར་སྤོང་བའི་ཚུལ་དང་གསུམ་གྱི། དང་པོ་ལ་དངོས་དང་། དེ་ལྟར་ན་གང་ཟག་བཀྲི་བའི་ཚུལ་གཉིས་ཀྱི། དང་པོ་ནི། འདོད་ཆགས་ལ་སོགས་པ་སྤང་བར་འདོད་པས་དེ་དག་གི་ལས་ཤེས་པར་བྱས་ནས་དེའི་གཉེན་པོ་བསྟེན་པར་བྱ་སྟེ། འདི་ལྟར་འདོད་ཆགས་ཀྱི་ལས་ནི་སེམས་ཅན་དང་སེམས་ཅན་མ་ཡིན་པར་བགྲང་བའི་དངོས་པོ་སྡུད་པ་སྟེ། དེ་ལ་རྗེས་སུ་ཆགས་པས་འཛིན་པའི་ཕྱིར་རོ། །དེའི་སྨན་ནི་འཁོར་འདབ་དང་ལོངས་སྤྱོད་སྤོང་བའོ། ཁྲོ་བའི་ལས་ནི་རྩོད་ཅིང་འཐབ་པ་སྟེ་ཀུན་ནས་རྒྱབ་ཀྱིས་ཕྱོགས་པའི་ཕྱིར་རོ། །དེའི་སྨན་ནི། ཚོགས་མི་སྡུད་པ་དང་བྱམས་པ་སྒོམ་པ་དང་ཡིད་དང་མཐུན་པའི་གཙུག་ལག་ཁང་སོགས་ལོངས་སྤྱོད་པའོ། །

དཔེར་ན་མེ་ལ་སོགས་པ་འབྱུང་བ་ཀུན་གྱི་སྟོབས་རླུང་གིས་བསྐྱེད་པ་བཞིན་དུ་གཏི་མུག་གི་ལས་ནི་ཆགས་སྡང་གཉིས་གསོས་འདེབས་པ་སྟེ། རང་གི་དམིགས་པ་ལ་སྐྱོན་དུ་མི་ལྟ་བའི་ཕྱིར་རོ། །དེའི་སྨན་ནི་དངོས་པོའི་རང་བཞིན་ཇི་ལྟ་བ་བཞིན་རྣམ་པར་འབྱེད་པ་ལ་བརྩོན་པའོ། །འདོད་ཆགས་སོགས་སྤོང་བའི་ཐབས་འདི་ཡོད་མོད། ཅིའི་ཕྱིར་འདི་དག་སྤང་བྱ་ཡིན་ཞེ་ན། སྡུག་བསྔལ་གྱི་གཞི་ཡིན་པའི་ཕྱིར་ཏེ། འདི་ལྟར་འདོད་ཆགས་ནི་མངོན་པར་འདོད་པའི་ཡུལ་དང་མ་ཕྲད་པ་ལས་སྡུག་བསྔལ་བ་ཡིན་ལ། ཁྲོ་བ་ནི་སྟོབས་ལྡན་གཞོམ་པའི་དཔུང་མེད་པ་ལས་སྡུག་བསྔལ་བ་ཡིན་ཞིང་། གཏི་མུག་ནི་དོན་ཞིབ་མོ་ཡོངས་སུ་མི་ཤེས་པས་སྡུག་བསྔལ་ལོ། །འདོད་ཆགས་སོགས་དེ་དག་གིས་ཟིལ་གྱིས་མནན་པ་ན་སྡུག་བསྔལ་དེ་དག་མི་རྟོགས་པ་ནི་ཆེར་སྡུག་བསྔལ་བ་ཡིན་པས་དེའི་ཕྱིར་ཉོན་མོངས་པ་འདི་དག་ནི་དགྲ་བོ་མཚོན་ཐ ོགས་པ་བཞིན་དུ་སྤང་བྱ་ཡིན་ནོ། །གཉིས་པ་ནི། ཇི་ལྟར་གཏི་མུག་ཆགས་སྡང་གཉིས་ཀ་དང་ལྷན་ཅིག་འབྱུང་བ་བཞིན་དུ་ཆགས་སྡང་གཉིས་ཀྱང་ལྷན་ཅིག་འབྱུང་བ་ཡོད་དམ་ཞེ་ན། ཇི་ལྟར་བད་ཀན་ཆུ་ལས་གྱུར་པ་དང་མཁྲིས་པ་མེ་ལས་གྱུར་པ་དང་མི་མཐུན་པས་ལྷན་ཅིག་ཕྲད་པ་མེད་པར་མཐོང་བ་དེ་བཞིན་དུ་ཁྲོ་བ་དང་འདོད་ཆགས་དག་རྒྱུད་གཅིག་ལ་ལྷན་ཅིག་ཕྲད་པ་མཐོང་བ་མེད་དེ། ཆགས་པ་དང་རྒྱབ་ཀྱིས་ཕྱོགས་པ་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །རྗེས་སུ་མཐུན་པའི་ཕྱིར་རླུང་བད་མཁྲིས་གཉིས་ཀ་དང་ལྷན་ཅིག་འཇུག་པ་དེ་བཞིན་དུ་གཏི་མུག་ནི་ཆགས་སྡང་གཉིས་ཀ་དང་ལྷན་ཅིག་ཏུ་འཇུག་གོ ། གལ་ཏེ་ཆགས་སྡང་མི་འགལ་ན་གཅིག་གི་གཉེན་པོ་བསྟེན་ན་ཅིག་ཤོས་འཕེལ་བར་འགྱུར་ལ། དེ་ལྟར་འདོད་ཆགས་དང་ཞེ་སྡང་གཉིས་འགལ་བར་ཤེས་པར་བྱས་ནས་སློབ་མ་འཆོས་པའི་སློབ་དཔོན་གྱིས། འདོད་ཆགས་ཅན་ནི་བྲན་ཤེད་བཅད་ནས་ལས་ལ་རྒྱུན་དུ་བཀོལ་བ་བཞིན་དུ་སྒོ་གསུམ་རྒྱུན་མི་འཆད་པར་ལས་ལ་བཀོལ་བར་བྱ་སྟེ། གང་གི་ཕྱིར་མི་ཕོངས་ཤིང་སྲི་བར་མེད་པ་ནི་ཆགས་པ་དེའི་སྨན་ཡིན་པའི་ཕྱིར་ཏེ། ལས་ལ་བཀོལ་བ་ལ་ནི་འདོད་ཆགས་སྐྱེ་བའི་གླགས་མི་རྙེད་པའི་ཕྱིར་རོ། ཁྲོ་བ་ཤས་ཆེ་བ་ནི་རྗེ་བོ་བཞིན་དུ་ལྟ་སྟེ། ཟས་དང་ཆོས་གོས་སོགས་གྱ་ནོམ་པས་རིམ་གྲོ་བྱ་སྟེ། གང་གི་ཕྱིར་ཕོངས་ཤིང་རིམ་གྲོ་བྱས་པ་ལ་ཞེ་སྡང་མི་སྐྱེ་བ་དེའི་སྨན་ཕོངས་པ་ཡིན་པའི་ཕྱིར་རོ། །གཏི་མུག་ནི་ཇི་ལྟར་རིགས་པ་ཕོངས་པ་དང་མི་ཕོངས་པ་བསྟེན་པས་བསྲབས་པར་འགྱུར་ཏེ། འདོད་ཆགས་དང་མཚུངས་པར་ལྡན་པ་ནི་མི་ཕོངས་པ་དང་། ཞེ་སྡང་དང་མཚུངས་པར་ལྡན་པ་ནི་ཕོངས་པ་བསྟེན་པའོ། །གཉིས་པ་ནི། ཉོན་མོངས་པ་འདི་དག་སྐྱེ་བའི་དུས་ཀྱང་ངེས་པར་ཤེས་པར་བྱས་ནས་དུས་དང་འཚམས་པར་གཉེན་པོ་བསྟེན་པར་བྱ་སྟེ། འདི་ལྟར་ཉིན་པར་ལས་བྱས་ནས་མཚན་མོ་གཉིད་དང་རྨུགས་པ་ཕལ་ཆེ་བའི་ཕྱིར་དང་བད་ཀན་ཤས་ཆེ་བའི་ཕྱིར། སེམས་ཅན་རྣམས་ལ་དུས་ཀྱི་དང་པོ་སྔ་དྲོ་གཏི་མུག་ཡང་དག་པར་འབྱུང་ངོ་། །དེ་ནས་ཞིང་དང་ཚོང་གི་ལས་སོགས་དུ་མ་བྱེད་པའི་ཕྱིར་དང་བད་ཀན་བྱང་ནས་མཁྲིས་པ་ཤས་ཆེ་བའི་ཕྱིར། སྔ་དྲོ་ཕྱི་དྲོའི་བར་ཉི་མའི་གུང་ལ་ཁྲོ་བ་འབྱུང་བར་འགྱུར་རོ། །ཕྱིས་ཉི་མ་ནུབ་ནས་ལུས་བཀྲུས་ཤིང་བྱུགས་ཟས་ཟོས་ཤིང་དབང་པོ་རྒྱས་ལ། བྱ་བ་ཐམས་ཅད་ཡོངས་སུ་རྫོགས་པ་ན་འདོད་ཆགས་འབྱུང་བར་འགྱུར་ཏེ། དེ་ལྟར་ན་ལུས་ཀྱི་སྐྱོན་གྱི་རྗེས་སུ་བྱེད་པ་ཉིད་ཀྱིས་ཉོན་མོངས་པ་རྣམས་ཉིན་མོ་ལ་རིམ་པ་གསུམ་དུ་འབྱུང་ངོ་། །དེའི་ཕྱིར་དེ་ལྟར་རིག་པར་བྱས་ནས་བག་ཡོད་པས་དུས་ཇི་ལྟ་བ་བཞིན་བཟློག་པར་བྱའོ། །གསུམ་པ་ལ་དུག་གསུམ་སྤོང་ཚུལ་སྤྱིར་བསྟན། ཁོང་ཁྲོ་སྤོང་ཚུལ་ཁྱད་པར་དུ་བསྟན་པ་གཉིས། དང་པོ་ལ། ཉོན་མོངས་དངོས་སྤོང་ཚུལ་དང་། དེ་ལ་སྤྱོད་པའི་གང་ཟག་གི་མཚན་ཉིད་ཡུལ་དང་བཅས་པ་གཉིས་ཀྱི། དང་པོ་ནི། འདོད་ཆགས་ནི་མཛའ་བཤེས་ཀྱི་གསོབ་དུ་ཞུགས་ནས་འཇིག་རྟེན་བསླུ་བར་བྱེད་པས་དེའི་ཕྱིར་བསྒྲིམས་ཏེ་སྤང་བར་བྱའོ། །འདི་ལྟར་ཞེ་སྡང་ནི་ཡིད་མི་བདེ་བ་དང་མཚུངས་པར་ལྡན་པས་དགྲ་བོའི་ཚུལ་དུ་སྐྱེས་བུ་ལ་འོང་སྟེ། དེའི་གནོད་པ་སྣང་དུ་རུང་བས་དེ་ལས་བདག་ཉིད་བསྲུང་སླའོ། །གཏི་མུག་ནི་བཏང་སྙོམས་དང་མཚུངས་པར་ལྡན་པས་བར་མའི་ཚུལ་དུ་འོང་སྟེ། དེ་ལ་ཡང་ཡིད་མི་རྟོན་པས་བསྲུང་སླ་ལ། འདོད་ཆགས་ནི་མཛའ་མིན་དགྲ་བོ་མཛའ་བཤེས་འདྲ་བར་བཅོས་ནས་བསླུ་བར་བྱེད་པ་དང་འདྲ་བར་དགེ་བའི་ནོར་འཕྲོག་པས། དགྲ་ཡིན་བཞིན་དུ་ཡིད་བདེ་དང་མཚུངས་པར་ལྡན་པས་མཛའ་བོའི་ཚུལ་དུ་སྐྱེས་བུའི་རྒྱུད་ལ་འབྱུང་བ་དེས་ན་འདོད་ཆགས་དེ་ལ་ཁྱོད་མི་འཇིགས་པས་དེ་ལས་ནི་བདག་ཁྱད་པར་དུ་བསྲུང་བར་བྱ་དགོས་ཏེ། མི་ཕན་ཞིང་གནོད་པར་བྱེད་པའི་མཛའ་བོའི་ཚུལ་དུ་འཆོས་པ་ནི་ཁྱད་པར་དུ་བསྒྲིམས་ཏེ་སྐྱེས་བུས་སྤང་བར་བྱ་བ་མ་ཡིན་ནམ་སྟེ་ཡིན་པ་བཞིན་ནོ། །དེ་ལས་ཇི་ལྟར་བསྲུང་ཞེ་ན། རྟག་ཏུ་ཡིད་གཏད་དེ་བརྩོན་པ་ཕུལ་དུ་བྱུང་བས་གཉེན་པོ་བསྟེན་པའི་སྒོ་ནས་དེ་སྐྱེ་བའི་གོ་སྐབས་མི་འབྱེད་པས་སོ། །

འདོད་ཆགས་ནི་གཉིས་ཏེ། འདི་ལྟར་འདོད་ཆགས་ཁ་ཅིག་ནི་སྔོན་རིགས་མཐུན་ཡང་ཡང་གོམས་པའི་རྒྱུ་ལས་ཚེ་འདིར་འབད་མེད་དུ་སྐྱེ་བར་འགྱུར་ཞིང་ཁ་ཅིག་ནི་ཕྱི་རོལ་གྱི་ཡུལ་ཉེ་བའི་རྐྱེན་ལས་ཀྱང་སྐྱེ་བར་འགྱུར་རོ། །དེ་ལ་འདོད་ཆགས་རྐྱེན་ལས་སྐྱེས་པ་ནི་གཉེན་པོས་སྒྲུབ་སླ་སྟེ། རྐྱེན་སྤངས་པས་མི་སྐྱེ་བའི་ཕྱིར་རོ། །གཅིག་ཤོས་རྒྱུ་ལས་སྐྱེས་པ་ནི་དེ་ལྟར་མིན་ཏེ་རྩ་བ་གཏིང་ལ་ཟུག་པས་གཉེན་པོས་བཟློག་དཀའ་བས་སོ། །དེ་བས་ན་དེ་བཟློག་པ་ལ་འབད་པ་ཆེར་བྱའོ། །འདོད་ཆགས་བཞིན་དུ་ཁྲོ་བ་ཡང་བསྒྲིམས་ཏེ་སྤང་བར་བྱ་སྟེ། དེ་ནི་འདོད་ཆགས་བས་ཆེས་ཉེས་པ་ལྕི་བའི་ཕྱིར་རོ། །འདི་ལྟར་ཁྲོ་བ་ནི་འཁོན་འཛིན་བརྟན་ཅིང་དམ་དུ་འཛིན་པ་དང་། ངེས་པར་ཏེ་མཐའ་གཅིག་ཏུ་མི་དགེ་ཞིང་རང་བཞིན་གྱི་རྒྱུད་སྲེག་པ་དང་གཞན་ལ་གནོད་པ་སོགས་དོན་མ་ཡིན་པ་སྐྱེད་ཅིང་། མཚམས་མེད་སོགས་ཉེས་པ་ཆེན་པོ་བྱེད་པའི་ཕྱིར་རོ། །གང་ཞིག་དེ་ལྟར་རྣམ་པ་ཀུན་ཏུ་ཉོན་མོངས་པ་རྣམས་ཀྱི་དབྱེ་བ་དང་། གཞི་དང་ཉེས་དམིགས་དང་སྤོང་བའི་ཐབས་ཤེས་པར་བྱས་ནས་གཉེན་པོ་བསྟེན་པ་དེ་ནི་ཉོན་མོངས་པ་རྣམས་རྩ་བ་བཅད་པའི་སྒོ་ནས་མཐར་བྱེད་པར་འགྱུར་རོ། །འདོད་ཆགས་དང་ཞེ་སྡང་གི་མཚན་ཉིད་ནི་སྨྲས་ན། གཏི་མུག་གི་མཚན་ཉིད་ཇི་ལྟ་བུ་ཞེ་ན། ཇི་ལྟར་དབང་པོ་གནས་པའི་ལུས་ལ་བསྟེན་པས་ལུས་ཀྱི་དབང་པོ་ནི་མིག་ལ་སོགས་པའི་དབང་པོ་གཞན་རྣམས་ལ་ཁྱབ་ཅིང་། དེ་དག་གི་རྟེན་དུ་གནས་པ་ཇི་ལྟ་བ་བཞིན་དུ། རྟེན་འབྲེལ་རང་བཞིན་གྱིས་སྟོང་པ་ལ་བདེན་པར་ཞེན་པའི་མཚན་ཉིད་ཅན་གྱི་གཏི་མུག་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་ཀུན་ལ་ཁྱབ་ཅིང་དེ་དག་གི་གནས་སུ་འགྱུར་ཏེ། འདོད་ཆགས་ལ་སོགས་པ་རྣམས་ཀྱང་གཏི་མུག་གིས་ཀུན་ཏུ་བརྟགས་པའི་དངོས་པོའི་རང་བཞིན་ཁོ་ན་ལ་སྡུག་པ་དང་མི་སྡུག་པའི་ཕྱིར་སྒྲོ་བཏགས་ནས་འཇུག་པའི་ཕྱིར་དང་གཏི་མུག་གཙོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཇི་ལྟར་ལུས་ཀྱི་དབང་པོ་འགགས་ན་དབང་པོ་ཐམས་ཅད་འགགས་པ་བཞིན་དུ་ཉོན་མོངས་པ་ཐམས་ཅད་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་བསྒོམས་ཏེ་གཏི་མུག་བཅོམ་པས་བཅོམ་པར་འགྱུར་རོ། །

དོན་མ་ཡིན་པ་ཀུན་གྱི་རྩ་བ་གཏི་མུག་འདི་ཇི་ལྟར་སྤང་བར་བྱ་ཞེ་ན། ཕྱི་དང་ནང་གི་དངོས་པོ་རྣམས་ལ་རང་བཞིན་ཡོད་ན་རྒྱུ་དང་རྐྱེན་ལ་ལྟོས་པ་མི་རིགས་ཏེ། གྲུབ་པ་ལ་བསྒྲུབ་པ་མི་རུང་བའི་ཕྱིར་རོ། །འདི་དག་ནི་རང་གི་རྒྱུ་དང་རྐྱེན་ལ་ལྟོས་པར་ཡང་མཐོང་སྟེ། དེ་བས་ན་རྟེན་ཅིང་འབྲེལ་བར་འབྱུང་བ་ཡིན་པའི་ཕྱིར་རང་བཞིན་མེད་ལ། རང་བཞིན་མེད་པའང་སྟོང་པ་ཉིད་ཡིན་ནོ་ཞེས་པའི་ཚུལ་གྱིས་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པར་མཐོང་ན་དེ་ལ་བདེན་པར་ཞེན་པའི་གཏི་མུག་འབྱུང་བར་མི་འགྱུར་ཞིང་། དེ་སྤངས་པས་ཀྱང་དེ་ལ་བརྟེན་པའི་འདོད་ཆགས་ལ་སོགས་པ་ཐམས་ཅད་སྤོང་བར་འགྱུར་རོ། །དེ་ལྟར་ན་གཏི་མུག་སྤོང་བའི་ཐབས་རྟེན་ཅིང་འབྲེལ་བར་འབྱུང་བ་སྟོན་པ་དེ་ཉིད་དོན་ཆེན་པོ་ཡིན་པ་དེའི་ཕྱིར་འབད་པ་ཀུན་གྱིས་བསྟན་བཅོས་འདིར་འཆད་པར་འགྱུར་བའི་གཞུང་མཐའ་དག་གིས་རྟེན་ཅིང་འབྲེལ་བར་འབྱུང་བ་རང་བཞིན་མེད་པའི་གཏམ་དེ་ཁོ་ན་བསྙད་པར་བྱའོ། །

གཉིས་པ་ལ། འདོད་ཆགས་སོགས་སྤྱོད་པའི་གང་ཟག་གི་མཚན་ཉིད་དང་། དེ་དག་འདུལ་བའི་ཐབས་བསྟན་པ་གཉིས་ཀྱི། དང་པོ་ནི། འདོད་ཆགས་སོགས་ཀྱི་མཚན་ཉིད་སྨྲས་ན་དེ་དག་ལ་སྤྱོད་པའི་སེམས་ཅན་རྣམས་ཇི་ལྟར་ཤེས་པར་བྱ་ཞེ་ན། དེའི་མཚན་ཉིད་བཤད་པ། དུས་རྟག་ཏུ་ས་འཛིན་པའི་གར་དང་། བཞད་གད་དང་། འཇོ་སྒེག་དང་། མེ་ཏོག་དང་། དྲི་དང་། རྒྱན་དང་། ཁ་དོག་ལ་སོགས་པ་འཚོགས་ཆས་སྣ་ཚོགས་ལ་དགའ་བ་དང་། འཇམ་ཞིང་བདེ་བའི་ངང་ཚུལ་ཅན་དང་། གཞན་ལ་གཏོང་བ་པོ་དང་རང་ཟ་བ་པོ་དང་། གཙང་ཞིང་མཁས་བག་དང་ལྡན་པ་དང་། སྙན་པ་དང་གསོང་པོར་སྨྲ་བ་སོགས་དེ་འདྲ་ལ་སོགས་པའི་མཚན་ཉིད་རྣམས་འདོད་ཆགས་ཅན་གྱི་མི་ལ་སྣང་ངོ་། །དེ་ལས་བཟློག་པ་ནི་ཞེ་སྡང་ལ་སྤྱོད་པའོ། །འདྲེས་མ་དག་ནི་གཏི་མུག་ལ་སྤྱོད་པའི་མཚན་ཉིད་དེ། དེ་ལྟར་ན་ཇི་སྐད་བཤད་པའི་རྟགས་དག་གིས་གང་ཟག་གི་བསམ་པ་རྗེས་སུ་རྟོགས་པར་བྱའོ། །གཉིས་པ་ནི། འདོད་ཆགས་སོགས་སྤྱོད་པའི་གང་ཟག་གི་མཚན་ཉིད་ནི་སྨྲས་ན། དེ་དག་འདུལ་བའི་ཐབས་གང་ཞེ་ན། སངས་རྒྱས་རྣམས་ཀྱིས་ཆགས་ཅན་རྣམས་ལ་ཟས་དང་ཆོས་གོས་གཙུག་ལག་ཁང་སོགས་འདོད་ཆགས་དང་བྲལ་བ་སྐྱེད་ཅིང་དམན་པ་ཡིད་མི་མཐུན་པ་དགེ་ལེགས་སྤངས་པ་ཐམས་ཅད་དག་འདོད་པར་བྱའོ་ཞེས་གསུངས་ཏེ། འདི་ལྟར་ཆགས་ཅན་རྣམས་གནས་ལ་ཞེན་པའི་གཉེན་པོར་དགོན་པ་ཤིང་དྲུང་དུར་ཁྲོད་དང་བླ་གབ་མེད་པ་ཉིད་གསུངས་སོ། །མལ་སྟན་པ་ཞེན་པའི་གཉེན་པོར་ཙོག་པུ་པ་དང་། གཞི་ཇི་ལྟ་བ་ཉིད་གསུངས་སོ། །ཟས་ལ་ཞེན་པའི་གཉེན་པོར་བསོད་སྙོམས་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་ཉིད་གསུངས་སོ། །གོས་ལ་ཞེན་པའི་གཉེན་པོར་ཆོས་གོས་གསུམ་པ་དང་། ཕྱག་དར་ཁྲོད་པ་དང་། ཕྱིང་པ་བ་ཉིད་དེ། དེ་ལྟར་ཆགས་ཅན་རྣམས་གཙུག་ལག་ཁང་ལ་སོགས་པ་ལ་ཞེན་པའི་གཉེན་པོར་སྦྱངས་པའི་ཡོན་ཏན་བཅུ་གཉིས་རྣམ་པར་བཞག་གོ །དགྲ་བཅོམ་པ་རྣམས་ཀྱང་འདི་དག་བསྟེན་པ་ནི་བདག་ཉིད་ལ་ངན་པ་ལ་མོས་པའི་སྐྱེ་བོ་རྣམས་དང་བར་བྱ་བའི་ཕྱིར་ཏེ། དེ་ལ་དང་བས་དེས་ཉེ་བར་བསྟན་པ་ལས་མྱ་ངན་ལས་འདས་པ་ལ་གཞོལ་བར་འགྱུར་རོ། །འདོད་ཆགས་ཅན་ནི་རྟག་ཏུ་བླ་མའི་ཐད་དུ་གནས་པར་བྱ་སྟེ། རྟག་ཏུ་བླ་མས་གཞན་བསྐུལ་བས་འདིའི་འདོད་ཆགས་ཐུལ་བར་འགྱུར་ལ། ཚུལ་མིན་ཡིད་བྱེད་ཀྱིས་རྦད་ཀྱང་སྲབ་སྐྱོགས་དང་བཅས་པ་ཉིད་ཀྱི་ཕྱིར་བསླབ་པའི་མཚམས་ལས་འདའ་བར་མི་འགྱུར་རོ། ། ཞེ་སྡང་ལ་སྤྱོད་པ་ནི་དེ་ལས་བཟློག་པའི་གཙུག་ལག་ཁང་གྱ་ནོམ་པ་དང་གནས་དབེན་པ་རྣམས་སོ། །གཏི་མུག་ལ་སྤྱོད་པ་ལ་ནི་འདྲེས་མ་དག་གོ །

གཉིས་པ་ཞེ་སྡང་བྱེ་བྲག་ཏུ་སྤོང་ཚུལ་ལ། ཁྲོ་བའི་ཉེས་དམིགས། སྤོང་བྱེད་ཀྱི་གཉེན་པོ། བཟོད་པའི་ཕན་ཡོན་དང་གསུམ་གྱི། དང་པོ་ནི། ཡང་ཁྲོ་བ་སྤང་བར་འདོད་པས་དེའི་ཉེས་དམིགས་རྟོགས་པར་བྱ་སྟེ། འདི་ལྟར་གཞན་ལ་གནོད་པའི་ནུས་པ་མེད་པ་ལ་ཁྲོ་བ་སྐྱེས་པས་བཞིན་རས་ནག་པོར་བྱེད་ཅིང་ཁྲོ་གཉེར་སྡུད་པས་བདག་ཉིད་ལ་མདོག་མི་སྡུག་པ་འབའ་ཞིག་བྱེད་ཀྱི་ནུས་པ་མེད་པས་གཞན་ལ་མི་གནོད་དོ། །གཞན་ལ་གནོད་པའི་ནུས་པ་ཅན་གང་ལའང་བརྩེ་བ་མེད་པར་ཁྲོས་པ་དེ་ནི་གཞན་གྱི་སྲོག་འཕྲོག་པ་ལ་སོགས་པ་གནོད་པ་ཐམས་ཅད་ཀྱི་རྒྱུ་ཡིན་པས་ཐ་ཆད་ཅེས་བརྗོད་དོ། །གཉིས་པ་ནི། གང་ཞིག་ཚིག་རྩུབ་ཐོས་པས་ཁྲོ་ཞིང་ཞེ་སྡང་བ་དེ་ནི་ཆེས་བླུན་པ་ཡིན་ཏེ། འདི་ལྟར་ད་ལྟར་ཡིད་དུ་མི་འོང་བའི་སྒྲ་ཐོས་པ་ནི་སྔར་རང་གིས་དེ་ལྟར་མྱོང་འགྱུར་གྱི་ལས་བྱས་པའི་འབྲས་བུ་ཡིན་ལ་དེ་གཤེ་བ་ཐོས་པས་འབྲས་བུ་ཕྱུང་སྟེ་སྡིག་པ་མཐར་བྱེད་པ་བརྗོད་པ་མ་ཡིན་ནམ། དེ་ལྟར་མི་ཤེས་པས་རྨོངས་ཤིང་དམ་པ་མ་ཡིན་པ་སྟེ། གཤེ་བ་པོ་ལ་ཁྲོ་བ་སྐྱེས་པ་ནི་བདག་ཉིད་སྔོན་ལས་རྣམ་པར་དག་པར་མི་འདོད་པར་མ་ཟད། སླར་ཡང་སྡིག་པའི་དྲི་མས་གོས་པར་བྱེད་པས་ཆེས་བླུན་པ་ཡིན་ནོ། །རྒྱུ་མཚན་འདི་ལས་ཀྱང་ཚིག་རྩུབ་ལ་ཁྲོ་བ་མི་རིགས་ཏེ། རྩུབ་མོའི་རང་བཞིན་གྱི་མཉན་པ་ཡིད་དུ་མི་འོང་བ་ཡང་ངོ་བོ་ཉིད་ཀྱིས་གནོད་པར་མི་བྱེད་དོ། །བྱེད་ན་སྨྲ་བ་པོ་ལའང་གནོད་པར་འགྱུར་བས་སོ། །དེའི་ཕྱིར་བདག་ཉིད་འདིས་བདག་ལ་དེ་ལྟར་སྨད་དོ་སྙམ་དུ་རྟོག་པ་ལས་ཞེ་སྡང་གི་གནོད་པ་བྱུང་བས་ན་གནོད་པ་འདི་སྨྲ་བ་པོ་གཞན་ལས་ཡིན་ནོ་སྙམ་དུ་རློམ་པར་ཟད་དོ། །དེའི་ཕྱིར་རང་གི་རྟོག་པས་གནོད་པར་གྱུར་པས་ན་གཞན་ལ་ཅིའི་ཕྱིར་ཁྲོ། གལ་ཏེ་གཤེ་བ་ནི་སྐྱོན་ཅན་ཡིན་ཏེ། ལུགས་ཀྱི་བསྟན་བཅོས་ལས་གཤི་བ་པོ་ལ་ཆད་པ་བཤད་པའི་ཕྱིར། དེས་ན་དེ་ལ་ཁྲོ་བར་རིགས་སོ་ཞེ་ན། ཇི་ལྟར་སྣང་བས་གཤེ་བ་ན་སྙིང་ལ་གནོད་པ་བྱེད་པའི་ཕྱིར་གཤེ་བ་པོ་ལ་ཆད་པ་བྱ་བར་ལུགས་ཀྱི་བསྟན་བཅོས་ལས་མངོན་པར་བརྗོད་ན་ཚིག་སྙན་པོས་གཞན་གྱི་སེམས་འཛིན་པའི་ཕྱིར་སྙན་པར་སྨྲ་བ་པོ་ལ་མཆོད་པ་བྱ་བ་ཡང་ཅིས་བརྗོད་པར་མི་འགྱུར། དེའི་ཕྱིར་མི་སྙོམས་པས་ལུགས་ཀྱི་བསྟན་བཅོས་ཚད་མ་མིན་ནོ། །གལ་ཏེ་གཤེ་བས་རང་ལ་ཡོད་པའི་སྐྱོན་གཞན་ལ་གསལ་བར་བྱས་པས་ཁྲོ་བར་རིགས་སོ་ཞེ་ན། ཁྱོད་ཀྱི་ཡན་ལག་སྨད་པར་བྱ་བ་ཞར་བ་དང་ཐེང་པོ་ལ་སོགས་པ་དེ་གཤེ་བ་པོས་མ་སྨྲས་སུ་ཟིན་ཀྱང་། གལ་ཏེ་སྐྱོན་དེ་གཞན་གྱིས་ཤེས་ན་ནི་བདེན་པར་སྨྲས་པའི་ཕྱིར་སྐྱོན་སྨྲ་བ་པོ་ལ་ཁྲོ་བར་མི་རིགས་ན། རང་ལ་སྐྱོན་མེད་པའི་གཤེ་བ་པོས་ཡང་དག་པ་མ་ཡིན་པར་སྨྲས་པ་ལ་ཁྲོ་བ་མི་རིགས་པ་ལྟ་ཅི་སྨོས་ཏེ། དེ་མི་བདེན་པར་སྨྲས་པའི་སྐྱོན་གནོད་པའི་ཕྱིར་རོ། །དེས་ན་རྣམ་པ་ཐམས་ཅད་དུ་ཁྲོ་བ་མི་རིགས་སོ། །

ཅི་སྟེ་སྐྱེ་བོ་དམན་པ་ལས་མི་སྙན་པ་ཐོས་པ་ལས་དེ་ལ་ཇི་ལྟར་ཁྲོ་བར་མི་འགྱུར་ཞེ་ན། སྐྱེ་བོ་དམན་པ་སྡིག་པ་ཀུན་ཏུ་སྤྱོད་ཅིང་གཞན་སྡུག་བསྔལ་བ་ལ་མངོན་པར་དགའ་བ་དག་ལས་ཚིག་མི་སྙན་པ་ཙམ་ཐོས་པ་ཁོ་ནས་དེ་དག་ཁྲོ་བ་ལས་ངེས་པར་འབྱུང་ཞིང་ལྡོག་པ་མ་ཡིན་ཏེ་བརྡེག་པ་དང་གསོད་པ་ལ་སོགས་པ་བྱེད་པར་འགྱུར་རོ། །དེའི་ཕྱིར་སྐྱེ་བོ་དམན་པ་དག་ལས་བྱུང་བའི་ཚིག་མི་སྙན་པ་ཙམ་ནི་སྐྱོན་ཡན་གར་ཉུང་ཟད་ལྟ་བུར་སྣང་བས་གསོད་པ་དང་འཆིང་བ་སོགས་གནོད་པ་ཆེན་པོ་བྱུང་བས་དགའ་བར་རིགས་ཀྱི་ཁྲོ་བར་མི་རིགས་སོ། །གང་ཞིག་སྐྱོན་མེད་པ་ལ་གཤེ་བ་དེ་ཚར་གཅད་ཀྱང་ཉེས་པ་མེད་དོ་ཞེ་ན། གཤེ་བ་པོ་གཞན་ལ་ལན་དུ་གནོད་པ་བྱས་པས་བདག་ལ་སྔར་བྱས་པའི་གནོད་པ་ལྡོག་པ་སོགས་ཡོན་ཏན་ཅུང་ཟད་ཀྱང་མེད་ན་ཁྱོད་ཁྲོ་བ་ལ་ཡོན་ཏན་མེད་པ་ལ་གུས་པ་ནི་ཞེན་པ་རྐྱང་པར་ཟད་ཀྱི་དགོས་པ་ཅི་ཡང་མེད་དོ། །གསུམ་པ་ནི། མཁས་པ་སུ་ཞིག་གཤེ་བ་ཡོན་ཏན་མེད་པ་ལ་བཟོད་པར་བྱེད་ཅེ་ན། གལ་ཏེ་ཕ་རོལ་གྱིས་ངན་དུ་སྨྲས་པ་ལ་སོགས་པ་ལ་ཁྲོ་བའི་སྐབས་མི་འབྱེད་ཅིང་གནོད་པ་མི་བྱེད་པའི་བཟོད་པས་ནི་འབད་པ་མེད་པར་གཟུགས་བཟང་བ་དང་། མཐོ་རིས་འཕེན་པ་ལ་སོགས་པའི་བསོད་ནམས་ཆེན་པོ་འཐོབ་པར་འགྱུར་ན། གང་ཞིག་ཆོས་ཀྱི་རྒྱུ་གཤེ་བ་པོ་དེ་ལ་གེགས་བྱེད་པ་དེ་དང་མཚུངས་པའི་བླུན་པོ་སུ་ཞིག་ཡོད་དེ། རང་གི་ཡོན་ཏན་ཆུད་གསོན་པའི་ཕྱིར་རོ། །དེས་ན་གང་ཞིག་ཁྲོ་བ་ལ་བཟོད་པ་དེ་ཁོ་ན་མཁས་པ་ཡིན་ནོ། །གཞན་ཡང་ཁྲོ་བ་ནི་སྤྱིར་མི་མཐུན་པའི་ཡུལ་ལ་སྐྱེ་ཡང་ཁྱད་པར་དུ་སྟོབས་དང་ལྡན་པ་ལ་གནོད་པ་བྱ་མི་ནུས་པའི་ཕྱིར་མི་སྐྱེའི། འོན་ཀྱང་ཉམ་ཆུང་བ་དག་ཁོ་ན་ལ་སྐྱེའོ། །དེས་ན་ཞེན་པ་འཇོམས་པར་བྱེད་པའི་ཁྲོ་བ་དེ་ལ་རྒྱུ་ཅིས་ནི་ཁྱོད་གུས་ཏེ་གུས་པར་མི་རིགས་ཀྱི་ཞེན་པ་འཇོམས་པ་ནི་བུད་མེད་ལ་དཔའ་བ་བཞིན་དུ་སྐྱེས་བུ་ཡ་རབས་དག་གིས་སྤང་བར་རིགས་སོ། །གང་ཞིག་བཟོད་པ་བྱེད་པ་དེ་ལ་ནི་གནོད་པ་བྱས་ཀྱང་ལན་མི་ནུས་སོ་སྙམ་ནས་བརྙས་པར་འགྱུར་བས་དེའི་ཕྱིར་ཁྲོ་བར་རིགས་སོ་ཞེ་ན། བཟོད་པ་ནི་ཕྲ་རྒྱས་ཁྲོ་བའི་གཉེན་པོ་ཡིན་པས་གང་ཞིག་ཁྲོ་བའི་གནས་ལ་བཟོད་པ་དེ་ལ་བྱམས་པའི་ཏིང་ངེ་འཛིན་སྒོམ་པ་སྐྱེ་བར་འགྱུར་ལ། བྱམས་པའི་ཏིང་ངེ་འཛིན་དེ་ཡང་བ་འཇོ་བའི་དུས་ཙམ་བསྒོམས་པས་གོམས་པར་བྱེད་ན་ཡང་སྒོམ་པ་པོ་ལ་ཡོན་ཏན་བརྒྱད་འདྲེན་པར་འགྱུར་ཏེ། འདི་ལྟར། ལྷ་མི་དགའ་བར་འགྱུར་བ་དང་། །དེ་དག་ཀྱང་ནི་སྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱིས་མི་ཚུགས་དང་། །འབད་པ་མེད་པར་དོན་ཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་རིན་ཆེན་ཕྲེང་བར་གསུངས་པ་ལྟར་རོ། །གཞན་ཡང་ཁྲོ་བ་སྤངས་པས་ཐོབ་པའི་བསམ་གཏན་དང་གཟུགས་མེད་སོགས་ཀྱང་ཐོབ་པར་འགྱུར་ཏེ། དེ་ལྟར་ཇི་སྐད་བཤད་པའི་ཡོན་ཏན་གྱི་གནས་བཟོད་པ་ལ། གནོད་ལན་བྱེད་མི་ནུས་ཞེས་བརྙས་པས་འཇིགས་ནས་སྤོང་བ་ནི་ཁྱོད་ཀྱི་བླུན་པ་འབའ་ཞིག་སྟེ། ཁྲོ་བའི་སྒོ་ནས་དོན་མ་ཡིན་པ་མང་པོ་འབྱུང་ཞིང་ཇི་སྐད་བཤད་པའི་ཡོན་ཏན་མཆོག་འབྱུང་བ་འཇོམས་པའི་ཕྱིར་རོ། །གལ་ཏེ་རྒྱལ་པོ་ལ་སོགས་པ་སྟོབས་ལྡན་དག་གིས་དམན་པའི་ཁྱད་དུ་བསད་པ་བསྲན་པར་དཀའ་བས་དེའི་ཕྱིར་ཚར་བཅད་པར་བྱའོ་ཞེ་ན། སེམས་དང་ལྡན་པ་རྣམས་ཀྱིས་དགྲ་བོ་གཅིག་ནས་གཅིག་ཏུ་བརྒྱུད་པ་མཐར་ཐུག་པ་མེད་པས། དེའི་ཕྱིར་རྒྱལ་པོ་ལ་སོགས་པ་སྟོབས་ལྡན་སུ་ཞིག་དགྲ་བོ་ཐམས་ཅད་བཅོམ་ཞིང་ཁྱད་གསོད་མཐར་གཏན་མེད་པར་བྱས་ནས་འཇིག་རྟེན་ཕ་རོལ་ཏུ་འགྲོ་ཞིང་སོང་བ་ཡོད་དེ། སྔོན་གྱི་རྒྱལ་པོ་སྟོབས་ལྡན་རྣམས་ཀྱང་ཁྱད་བསད་མཐའ་མ་བྱས་ཤིང་བརྙས་བསྐྲད་ཀྱི་དབང་གིས་གཡུལ་སྤྲོད་པ་ལ་སོགས་པའི་སྡིག་པ་བྱས་ནས་ཤི་བ་ཁོ་ན་མ་ཡིན་ནམ། དེའི་ཕྱིར་བདག་ནི་དགྲ་བོ་འདུལ་བའི་ཕྱིར་སྡིག་པ་བསགས་པ་ལས་བརྙས་པ་ལེགས་སོ་སྙམ་དུ་སེམས་ཏེ། ཁྱད་དུ་བསད་པའི་བརྙས་པ་ལས་དམྱལ་བར་མི་འགྲོ་ལ། སྡིག་པ་བྱས་པས་འགྲོ་བའི་ཕྱིར་རོ། །གཉིས་པ་སྤྱིའི་གཉེན་པོ་ནི། གང་ཞིག་གོང་དུ་བཤད་པའི་ཚུལ་དེ་ལྟར་ཉོན་མོངས་སོ་སོའི་གཉེན་པོར་རྟོགས་མི་ནུས་པ་དེས་ནི་རྣམ་པར་ཤེས་པ་སྐྱེ་འགག་སོགས་དང་བྲལ་བ་བསྒོམས་པས་བཟློག་པར་བྱ་སྟེ། འདི་ལྟར་རྣམ་པར་ཤེས་པ་ནི་རྒྱུ་དང་རྐྱེན་ལས་སྐྱེས་པའི་ཕྱིར་འདུས་བྱས་ཡིན་ལ། དེ་ཡང་སྐྱེ་བ་ལ་སོགས་པའི་མཚན་ཉིད་གསུམ་དང་ལྡན་པ་ཡིན་ན་རྣམ་པར་ཤེས་པ་རྣམས་ནི་སྐད་ཅིག་རེ་རེ་དམིགས་པ་ལ་འཇུག་པའི་ཕྱིར་གནས་པ་མེད་པ་དེ་ལ་སྐྱེ་བ་མེད་དེ། འདུས་མ་བྱས་བཞིན་ནོ། །སྐྱེ་བ་དང་བཅས་པ་མེད་པ་ལ་མི་རྟག་པ་ཉིད་ག་ལ་ཡོད། དེའི་ཕྱིར་རྣམ་པར་ཤེས་པ་ནི་སྐྱེ་འཇིག་གནས་གསུམ་དང་བྲལ་བའི་ཕྱིར་རང་བཞིན་མེད་པ་ཡིན་ཏེ། རྣམ་ཤེས་སྒྱུ་མ་ལྟ་བུར་ནི། །ཉི་མའི་གཉེན་གྱིས་བཀའ་བསྩལ་ཏོ། །ཞེས་གསུངས་པས་སོ། །གང་ལ་རང་བཞིན་མེད་པ་དེ་ནི་གཟུགས་བརྙན་བཞིན་དུ་སྟོང་པ་ཡིན་ལ། དེས་ཀུན་བརྟགས་པའི་ཁམས་གསུམ་པོ་ཐམས་ཅད་ཀྱང་སྟོང་པ་ཡིན་ནོ། །དེའི་ཕྱིར་རྣལ་འབྱོར་པ་གང་གིས་རྣམ་པར་ཤེས་པའི་སྐྱེ་བ་དང་གནས་པ་ལ་སོགས་པ་ཡང་དག་ཏུ་ནི་རང་བཞིན་མེད་ཅིང་གཟུགས་བརྙན་དང་འདྲ་བར་རྣམ་པར་ཤེས་པ་དེ་ཡོད་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་རྣམས་ནམ་ཡང་བློ་གྲོས་ལ་མི་གནས་སོ། །དེ་ལྟར་ཉོན་མོངས་པའི་མེ་ཉེ་བར་ཞི་སྟེ། སེམས་རྣམ་པར་བྱང་བས་འགྲོ་བ་ལ་ཕན་པ་བསྒྲུབ་པར་བྱ་ཞིང་། གཞན་ཡང་ལམ་དེ་ལ་གཟུད་པར་བྱའོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། ཉོན་མོངས་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་དྲུག་པའི་འགྲེལ་པའོ།།། །།

ལེའུ་བདུན་པའི་རྣམ་བཤད།

གསུམ་པ་ལས་སྤང་བའི་ཐབས་བསྟན་པ་ལ། འབྲས་བུ་འཁོར་བའི་ཉེས་དམིགས། རྒྱུ་ལས་སྤོང་ཚུལ། ལས་སྤངས་པའི་དགོས་པ་བསྟན་པ་དང་གསུམ་གྱི། དང་པོ་ནི། འཁོར་བ་སྤྱིའི་ཉེས་དམིགས། ཁྱད་པར་བདེ་འགྲོ་ལ་ཞེན་པ་དགག་པ་གཉིས་ཀྱི། དང་པོ་ལའང་དངོས་དང་། སྲིད་པ་ཟད་པ་ལ་བརྩོན་པར་གདམས་པ་གཉིས་ཀྱི། དང་པོ་ནི། རྒྱུ་ལས་སྤང་བར་འདོད་ནས་འབྲས་བུ་འཁོར་བའི་ཉེས་དམིགས་བསྟན་པའི་སྒོ་ནས་དེ་ལ་སྐྱོ་བ་སྐྱེད་པའི་ཕྱིར་བཤད་པ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ཕྱོགས་ཀྱི་ངོས་མ་ལུས་པ་ཁྱབ་པ་ཐོག་མ་མེད་པ་ནས་བྱུང་བ། མ་རིག་པ་དང་ང་རྒྱལ་ལ་སོགས་པའི་སྦྲུལ་གྱིས་གང་བ། ལྟ་བ་དྲུག་ཅུ་རྩ་གཉིས་ཀྱི་ཆུའི་སྲིན་པོས་དཀྲུགས་པ། སྐྱེ་བ་དང་འཆི་བའི་ཀློང་འཁོར་མང་བ། ཁྲག་དང་མཆི་མ་དང་འོ་མའི་ཆུ་ཕྲན་རྒྱས་པ། རྒ་བ་ན་བ་འཆི་བའི་རླབས་ཆིལ་ཆིལ་གཡོ་བ། མྱ་ངན་དང་སྨྲེ་སྔགས་འདོན་པ་དང་། སྡུག་བསྔལ་དང་ཡིད་མི་བདེ་དང་། འཁྲུག་པའི་ཉ་དང་རུས་སྦལ་དང་ཉ་མིད་ལ་སོགས་པ་ལོང་ལོང་དུ་མས་དཀྲིགས་པ་འདི་ལ། ཕ་རོལ་དང་གཏིང་གི་མཐའ་རྣམ་པ་ཀུན་ཏུ་ཡོད་པ་མ་ཡིན་ན། བྱིས་པ་སོ་སོའི་སྐྱེ་བོ་ཁྱེད་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདིར་ཐོག་མ་མེད་པ་ནས་བྱིང་བ་ལ་རྒྱུ་ཅིས་འཇིགས་པ་སྐྱེ་བར་མི་འགྱུར། གཏིང་དང་ཕ་རོལ་མི་མངོན་པའི་མཚོར་བྱིང་བ་ལའང་སྲོག་དང་བྲལ་གྱིས་དོགས་པས་འཇིགས་པ་ཆེན་པོ་སྐྱེ་ན། སྡུག་བསྔལ་གྱི་རྒྱ་མཚོ་མཐའ་མེད་པར་བྱིང་བ་ལ་ནི་ཆེས་སྐྲག་ཅིང་ཡིད་འབྱུང་བར་རིགས་སོ། །གལ་ཏེ་འཁོར་བ་དེ་ལྟར་ཉེས་དམིགས་མང་ཡང་ལང་ཚོ་ལ་སོགས་པས་རྒྱགས་པ་དག་ལ་འཇིགས་པ་མི་འབྱུང་ངོ་ཞེ་ན། ལང་ཚོ་ལ་སོགས་པ་ནི་ཡུན་དུ་མི་གནས་པས་དེའི་སྒོ་ནས་རྒྱགས་པར་མི་རིགས་ཏེ། འདི་ལྟར་ཚེ་འདིར་ལང་ཚོ་ནི་རྒས་པའི་རྒྱབ་ཏུ་བྱུང་བར་གྱུར་ནས་ཤི་བའི་འོག་ཏུ་སླར་ཡང་མདུན་དུ་འབྱུང་བར་འགྱུར་ཞིང་བྱུང་ནས་སླར་རྒས་པའི་རྒྱབ་ཏུ་བྱུང་ནས་ཤི་བས་ཆོད་དེ་སླར་ཡང་མདུན་དུ་འབྱུང་བར་འགྱུར་ཏེ། དེའི་ཕྱིར་བྱིས་པ་རྣམས་ལང་ཚོ་ལ་བབ་པ་ན་བདག་ཉིད་རྟག་ཏུ་དེའི་གནས་སྐབས་ལ་གནས་པར་རློམས་ཀྱང་འཇིག་རྟེན་འདི་ལ་ནི་ལང་ཚོ་དང་རྒ་བ་དང་འཆི་བ་རྣམས་ཁོ་བོའི་སྔོན་ལའོ་ཞེས་འགྲོས་ཀྱིས་འགྲན་པ་ལྟ་བུར་མངོན་གྱི། གནས་སྐབས་དེ་དག་རྟག་ཏུ་གནས་པ་མེད་པས་ལང་ཚོ་ལ་སོགས་པས་རྒྱགས་པར་མི་རིགས་སོ། །

གལ་ཏེ་འཇིག་རྟེན་པ་རྣམས་འགྲོས་ཀྱིས་འགྲན་པ་ལྟར་བྱེད་ཅིང་འཇིག་རྟེན་ཕ་རོལ་ཏུ་འགྲོ་མོད། དེ་ལྟར་ནའང་རང་བཞིན་ཡིན་པའི་ཕྱིར་མི་འཇིགས་སོ་ཞེ་ན། སྲིད་པར་འཁོར་བ་ན་བྱིས་པ་ཁྱོད་ལ་རང་འདོད་ཙམ་གྱིས་ལྷ་མི་ལ་སོགས་པའི་འགྲོ་བ་བཟང་པོ་གཞན་དུ་སྐྱེ་བའི་དབང་ཡང་ཡོད་པ་མ་ཡིན་ཏེ། ལས་ཀྱི་འཕེན་པ་ཇི་ལྟ་བ་བཞིན་དུ་སྐྱེ་བའི་ཕྱིར་རོ། །ལས་ཉོན་གྱི་གཞན་དབང་ཡིན་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་འགྲོ་བ་ལ་འཇིགས་པ་མེད་པར་འགྱུར་བ་ནི་ཆེས་རྨོངས་པ་ལས་གཞན་བློ་དང་ལྡན་པ་སུ་ཞིག་འགྱུར། དེ་བས་ལས་ཉོན་གྱི་དབང་གིས་གར་སྐྱེ་ཆ་མེད་པར་ཤེས་པར་བྱས་ནས་ཉིན་མཚན་ཕྱེད་པར་འགྲོ་བ་ལ་སྐྱོ་བར་རིགས་སོ། །

གཉིས་པ། གལ་ཏེ་འཁོར་བ་དེ་ལྟར་ཉེས་དམིགས་ཆེ་ཡང་ཚེ་འདིའི་བདེ་བས་ཕྲོགས་པས་ཚེ་འདིར་སྐྱེ་བ་བཅད་མི་ནུས་ཀྱི་མ་འོངས་པའི་སྐྱེ་བ་ལ་འབད་དོ་ཞེ་ན། མ་འོངས་པའི་སྐྱེ་བ་ཐ་མ་ཡོད་པ་མིན་ཞིང་འདས་པའི་དུས་ལའང་ཐོག་མ་མེད་ལ། འདས་པའི་དུས་ཀུན་གྱི་ཚེའང་ཁྱོད་སོ་སོའི་སྐྱེ་བོ་ཁོ་ན་སྟེ། ཁྱོད་ཀྱིས་འདས་པའི་དུས་ཉོན་མོངས་ཞི་བ་མ་མྱོང་བར་སོང་བ་ཇི་ལྟ་བ་དེ་བཞིན་དུ་ད་ལྟའི་ཚེ་ཡང་མི་འགྱུར་བ་དེ་ལྟར་སྲིད་པ་མཐའ་དབྱུང་བ་ལ་འབད་པར་བྱོས་ཤིག ཇི་སྐད་དུ། སྡོང་པོ་བཀོད་པ་ལས། ཁྱོད་ཀྱི་འདོད་རྒྱུས་དོན་མེད་ཆུད་གསན་པའི། །ལུས་ཀྱི་སྔོན་གྱི་མཐའ་གང་དྲན་བྱས་ཏེ། །དེ་རིང་བྱང་ཆུབ་ཡོངས་ཚོལ་བརྟུལ་ཞུགས་དང་། །བཅས་འདི་བརྟུལ་ཞུགས་ཀྱིས་ནི་འདོད་པ་ཆོམས། །ཞེས་གསུངས་པ་ལྟར་རོ། །ཅི་འཁོར་བ་འདི་མཐའ་ཡོད་པའམ། འོན་ཏེ་མེད་པ་ཞིག་ཡིན། དང་པོ་ལྟར་ན་འབད་མི་དགོས་པར་གྲོལ་བ ར་འགྱུར་ལ། གཉིས་པ་ལྟར་ན་འབད་ཀྱང་མི་གྲོལ་བའི་ཕྱིར། གཉིས་ཀ་ལྟར་ཡང་འཁོར་བ་བཅད་པའི་ཕྱིར་འབད་པ་དོན་མེད་དོ་ཞེ་ན། འདི་ནི་མཐའ་གཅིག་ཏུ་བཞག་མི་ནུས་ཏེ། རིག་པ་ཡེ་ཤེས་ཀྱི་རྒྱུ་ཚང་ན་མཐའ་ཡོད་ལ། མ་ཚང་ན་མེད་པའི་ཕྱིར་དང་། རྒྱུ་རྐྱེན་ཡང་གཏན་མི་འབྱུང་བ་ཡང་མ་ཡིན་ལ། ངེས་པར་འབྱུང་བ་ཡང་མ་ཡིན་ཏེ། འདི་ལྟར་རིག་པ་ཡེ་ཤེས་སྐྱེ་བའི་རྒྱུ་ཉན་པ་པོ་དལ་འབྱོར་ལ་གནས་པ་དང ། མཉན་པར་བྱ་བ་དེ་ཁོ་ན་ཉིད་སྟོན་པའི་གསུང་དང་། འཆད་པ་པོ་དེ་བཞིན་གཤེགས་པ་རྣམས་འབྱུང་བ་ཤིན་ཏུ་རྙེད་པར་དཀའ་སྟེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་འབྱུང་བ་ནི་ཨུ་དུམྺ་རའི་མེ་ཏོག་ལྟར་དཀོན་པའི་ཕྱིར་དང་། གཞན་གཉིས་ཀྱང་སངས་རྒྱས་འབྱུང་བ་ལ་ལྟོས་པའི་ཕྱིར་རོ། །དེས་ན་ཡེ་ཤེས་སྐྱེ་བའི་རྒྱུ་དཀོན་མཆོག་གསུམ་པོ་འདི་ཚོགས་ན་འཁོར་བ་ལྡོག་པའི་ཕྱིར་མཐའ་མེད་པ་མ་ཡིན་ལ། མ་ཚོགས་ན་མི་ལྡོག་པའི་ཕྱིར་མཐའ་དང་བཅས་པའང་མ་ཡིན་ནོ། །དེས་ན་སངས་རྒྱས་ཀྱིས་ལུང་མ་བསྟན་གྱི་དངོས་པོ་བཅུ་བཞི་ལས་འཁོར་བ་མཐའ་ལྡན་དང་མཐའ་མེད་དུ་ཞལ་གྱིས་མི་བཞེས་པ་ནི་མདོར་བསྡུ་ན་རྒྱུ་འདི་ཉིད་ཡིན་ལ། དབུ་མ་རྩ་བར། དངོས་པོ་ཐམས་ཅད་སྟོང་པ་ལ། །མཐའ་ཡོད་ཅི་ཞིག་མཐའ་མེད་ཅི། །ཞེས་པ་ལྟར་རྒྱུ་གཞན་རང་བཞིན་གྱིས་སྟོང་པ་ཉིད་ཀྱང་མེད་པ་མ་ཡིན་ནོ། །དེས་ན་འཁོར་བ་ལྡོག་པའི་རྒྱུ་རྐྱེན་ཚང་བ་འདི་ལ་མཁས་པས་སྲིད་པ་ཟད་པའི་ཐབས་ལ་བརྩོན་པར་རིགས་སོ། །

གལ་ཏེ་གསུང་རབ་གནས་པ་དེ་སྲིད་དུ་དགེ་བའི་བཤེས་གཉེན་དང་དེའི་ལུང་འབོག་པ་ཡོད་པས་དེའི་ཕྱིར་སྐྱེ་བ་གཞན་དུ་སྲིད་པ་ཟད་པ་ལ་འབད་དོ་ཞེ་ན། གསུང་རབ་གནས་པ་ན་གཉིས་པོ་ཡོད་ཀྱང་རང་ཉིད་ཉན་པ་པོར་འགྱུར་བ་དཀའ་སྟེ། འདི་ལྟར་མི་རྣམས་ཕལ་མོ་ཆེ་ནི་མ་རིག་པས་ལྡོངས་ཤིང་དམ་པ་མ་ཡིན་པ་མི་དགེ་བའི་བཤེས་གཉེན་གྱིས་ཟིན་པས། དེའི་ཕྱོགས་ཡོངས་སུ་འཛིན་ཅིང་སྲོག་གཅོད་པ་ལ་སོགས་པ་མི་དགེ་བའི་ལས་ཀྱི་ལམ་རྣམས་ལ་འཇུག་པ་དེས་ན་སོ་སོའི་སྐྱེ་བོ་རྣམས་ཕལ་ཆེར་ངེས་པར་ངན་འགྲོར་འགྲོ་སྟེ། གང་མི་དགེ་བའི་ལས་ཀྱི་ལམ་ལ་གནས་པ་དེ་བདེ་འགྲོར་འགྲོ་བ་འདི་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་འབྱུང་བའོ། །

གཉིས་པ་ནི། ཅི་སྟེ་ངན་སོང་ནི་དགའ་བའི་གནས་མ་ཡིན་ཡང་བདེ་འགྲོ་ནི་ཉེར་འཚེ་དང་བྲལ་བའི་ཕྱིར་དགའ་བའི་གནས་ཡིན་ནོ། །དེའི་ཕྱིར་དེ་ལ་སྐྱོ་བར་མི་བྱའོ་ཞེ་ན། ངན་སོང་ལྟར་བདེ་འགྲོ་ལའང་སྐྱོ་བར་རིགས་ཏེ། འདི་ལྟར་སའི་སྟེང་ན་སྡིག་པ་སྤྱོད་པ་རྣམས་དུས་བྱས་ནས་དམྱལ་བ་ལ་སོགས་པ་རྣམ་སྨིན་མྱངས་ནས་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་བསོད་ནམས་ཀྱིས་མིར་སྐྱེས་པ་ནའང་སྔར་གྱི་སྡིག་པའི་རྣམ་སྨིན་གྱི་ལྷག་མ་ཡན་ལག་དང་ཉིང་ལག་མ་ཚང་བ་དང་། དབང་པོ་མ་ཚང་བ་དང་། ཁ་དོག་མི་སྡུག་པ་དང་། དབུལ་བ་ལ་སོགས་པས་ཅོ་འདྲི་ཞིང་རྒུད་པ་ཁོ་ནར་མཐོང་སྟེ། དེས་ན་སྲིད་པའི་ཕྱུགས་གསོད་པའི་བསྲེག་གནས་སམ་དུར་ཁྲོད་ཀྱི་ས་གཞི་དང་མཚུངས་པར་དེ་ཁོ་ན་ཉིད་གཟིགས་པའི་དམ་པ་རྣམས་ལ་སྣང་ངོ་། །དེས་ན་སྡུག་བསྔལ་རབ་ཏུ་འབར་བའི་རྒུད་པ་འདི་ལ་གནས་བཞིན་དུ་འདི་གཞོམ་པར་མི་བརྩོན་པ་ནི་གཏི་མུག་ཤིན་ཏུ་སྨད་པའི་གནས་སུ་ཟད་དོ། །གལ་ཏེ་དམ་པ་རྣམས་ཀྱིས་སྲིད་པ་བསྲེག་པའི་གནས་དང་མཚུངས་པར་མཐོང་ན། ཅིའི་ཕྱིར་འཇིག་རྟེན་དག་འདི་ལ་མི་སྐྱོ་ཞེ་ན། འཇིག་རྟེན་གླང་ཆེན་སྨྱོན་པ་ཆང་གིས་མྱོས་པ་ལྟར་སྨྱོ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་འཇིག་རྟེན་ཐམས་ཅད་སྨྱོ་ཞེ་ན། སྨྱོན་པའི་མཚན་ཉིད་ཐོབ་པའི་ཕྱིར་ཏེ། འདི་ལྟར་འཇིག་རྟེན་གྱི་ཁམས་མ་སྙོམས་པ་ལས་རྣམ་ཤེས་ཀྱི་འཇུག་པ་རྣལ་མ་གནས་པ་མེད་པ་ལ་སྨྱོན་པར་བརྗོད་པར་འགྱུར་བ་ཡིན་ན། སྲིད་པར་གནས་པའི་སོ་སོའི་སྐྱེ་བོ་རྣམས་ཀྱང་སྨྱོན་པ་ལས་ཆེས་མི་རིགས་པའི་ཚུལ་མང་པོ་འདོད་ཅིང་རྡོལ་ཐབས་སུ་སྨྲ་ལ། སེམས་རང་བཞིན་གྱིས་གཡོ་བ་སྐད་ཅིག་ཀྱང་རྣལ་དུ་མི་གནས་པ་ཡིན་ན། དེ་ལྟ་བུ་སྨྱོན་པ་མ་ཡིན་ཞེས་མཁས་པ་སུ་ཞིག་སྨྲ་བར་འགྱུར་དེའི་ཕྱིར་བསྲེག་གནས་དང་མཚུངས་ཤིང་སྨྱོ་བའི་གནས་ཡིན་པའི་ཕྱིར་མཁས་པས་སྲིད་པ་ཡོངས་སུ་སྤང་བར་བྱའོ། །གཉིས་པ་ལ། ལས་སྤང་བར་གདམས། སྤོང་དགོས་པའི་རྒྱུ་མཚན། སྤོང་ཚུལ་དངོས་དང་གསུམ་གྱི། དང་པོ་ནི། འཁོར་བ་དེ་ཡང་ལས་ཀྱི་འཇུག་པ་ཐམས་ཅད་བཀག་པའི་སྒོ་ནས་སྤང་བར་བྱའོ། །

ཇི་ལྟར་ལས་ཟད་པས་འཁོར་བ་སྤངས་པར་འགྱུར་ཞེ་ན། འགྲོ་བ་དང་འཆག་པ་ལ་སོགས་པའི་སྤྱོད་ལམ་གྱིས་བསྐྱོད་པའི་སྡུག་བསྔལ་དག་སྤྱོད་ལམ་དེ་ལས་བཟློག་སྟེ། སྡོད་པ་སོགས་ཀྱིས་སྔར་གྱི་འཕེན་ཤུགས་ཟད་ན་མཐར་གྱིས་ཉམས་པར་མཐོང་བར་འགྱུར་ཏེ། དེ་བཞིན་དུ་ལས་ཐམས་ཅད་རྒྱུན་བཅད་པས་སྡུག་བསྔལ་ཐམས་ཅད་འགག་པར་འགྱུར་རོ། །དེས་ན་ལས་ཀུན་ཟད་པའི་གོ་འཕང་མྱ་ངན་ལས་འདས་པ་ཐོབ་པ་ལ་བློ་གྲོས་དང་ལྡན་པས་བློ་བསྐྱེད་དོ། །གཉིས་པ་ནི། ཅིའི་ཕྱིར་ལས་སྤང་བར་བྱ་ཞེ་ན། ལས་ཀྱི་འབྲས་བུ་འཁོར་བ་ནི་འཇིག་པའི་རྒྱུ་ཡིན་པའི་ཕྱིར་རོ། །འདི་ལྟར་གང་གི་ཚེ་ཐོག་མ་མེད་པ་ནས་བཟུང་སྟེ་འོངས་པའི་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་འབྲས་བུ་གཅིག་གི་ཡང་ཐོག་མའི་རྒྱུ་སྣང་བ་ཡིན་པ་དེའི་ཚེ་འབྲས་བུ་གཅིག་ལའང་རྒྱུ་མཐའ་ཡས་པ་རྒྱས་པར་མཐོང་ནས་གང་ཞིག་ལ་འཇིགས་པ་མི་འབྱུང་སྟེ། དེས་ན་རྒྱུ་མཚན་དཔག་གིས་མི་ལང་བའི་ཚང་ཚིང་གིས་ཆེས་རྒྱུ་བར་དཀའ་བའི་འཁོར་བའི་འབྲོག་ཆེན་པོ་ལས་རྟག་ཏུ་སྐྱོ་བ་དང་། དེ་ལས་ཐར་པའི་ཐབས་ལ་འབད་པར་རིགས་སོ། །གསུམ་པ་ལ་སྤྱིར་བསྟན། ཁྱད་པར་དུ་བཤད་པ་གཉིས་ཀྱི། དང་པོ་ནི། གང་གི་དོན་དུ་ལས་བྱེད་པའི་འབྲས་བུ་དེ་ངེས་པར་འགྲུབ་ན་འབད་པར་རིགས་ནའང་འབྲས་བུ་དེའང་ཐམས་ཅད་ངེས་པར་འགྲུབ་པར་འགྱུར་བ་མ་ཡིན་ཞིང་། འགྲུབ་སོ་ཅོག་ཀྱང་ངེས་པར་ཡུན་དུ་མི་གནས་པར་མཐར་འཇིག་པར་འགྱུར་བ་ཡིན་ན། སྙིང་པོ་མེད་པའི་འབྲས་བུ་དེའི་དོན་དུ་ལས་ལ་འབད་པས་ལུས་སེམས་ཅི་སྟེ་འཇོམས། དེའི་ཕྱིར་ལས་སྤོང་བ་ལ་སྒྲིམ་པར་བྱའོ། །གཞན་ཡང་འབྲས་བུ་བཞིན་དུ་ལས་ཀྱང་ངེས་པར་འཇིག་སྟེ། འདི་ལྟར་མཁར་བརྩིག་པ་ལ་སོགས་པའི་ལས་ནི་འབད་པ་ཆེན་པོ་དང་ཐབས་མང་པོས་བྱེད་ལ། བྱས་ཟིན་འབད་པ་མེད་པར་འཇིག་པ་མཐོང་སྟེ། དེ་ལྟར་གྱུར་ཀྱང་ཁྱོད་ལས་དེ་དག་བྱེད་པའི་ཕྱིར། ལས་ལ་ཆགས་བྲལ་འགའ་ཡང་ཡོད་པ་མིན་པ་བདག་ཉིད་བླུན་པར་སྟོན་པར་བྱེད་དོ། །

གལ་ཏེ་ལས་འབད་མེད་དུ་འཇིག་ཀྱང་བདེ་བའི་རྒྱུ་ཡིན་པའི་ཕྱིར་ཆགས་པ་དང་བྲལ་བ་མི་འགྱུར་རོ་ཞེ་ན། རྣམ་ཤེས་འདས་པ་ལ་བདེ་བ་ཡོད་པ་མིན་ཏེ་འགགས་པའི་ཕྱིར་རོ། །མ་འོངས་པ་ལ་ཡང་ཡོད་པར་མིན་ཏེ་མ་སྐྱེས་པའི་ཕྱིར་རོ། །ད་ལྟ་བྱུང་བ་ལའང་བདེ་བ་མེད་དེ་སྐད་ཅིག་གིས་འཇིག་ཅིང་འགྲོ་བ་ཉིད་ཀྱིས་མི་གནས་པའི་ཕྱིར་རོ། །དེ་བས་ན་བདེ་བ་ལ་བརྐམ་པ་ཁྱོད་ཀྱི་བདེ་བའི་རྒྱུ་ལས་སོགས་པའི་ངལ་བ་འདི་འབྲས་བུ་གང་གི་ཕྱིར་ཡིན་ཏེ་ཆུ་འགྲམ་དུ་ཁང་པ་བརྩིགས་པ་བཞིན་དུ་འབྲས་བུ་མེད་དོ་སྙམ་དུ་དགོངས་སོ། །

གཉིས་པ་ལ། བསོད་ནམས་ཀྱི་ལས་དགག བསོད་ནམས་མ་ཡིན་པའི་ལས་དགག་པ་གཉིས་ཀྱི། དང་པོ་ལ་ལྔ་ལས། དང་པོ་མཐོ་རིས་ཀྱི་དོན་དུ་ལས་སོག་པ་དགག་པ་ནི། གལ་ཏེ་མཐོ་རིས་ཀྱི་བདེ་བའི་དོན་དུ་དགེ་བའི་ལས་གདོན་མི་ཟ་བར་བྱའོ་ཞེ་ན། དེ་ཉིད་མཐོང་བའི་མཁས་པ་རྣམས་ལ་འདོད་ལྷ་ལ་སོགས་པའི་མཐོ་རིས་ཀྱང་དམྱལ་བ་དང་མཚུངས་པར་འཇིགས་པ་སྐྱེད་པར་འགྱུར་ཏེ། རྒྱགས་པ་དང་བག་མེད་སྣ་ཚོགས་སྐྱེ་བའི་སྒོར་གྱུར་པའི་ཕྱིར་དང་། ཡུལ་ཡིད་དུ་འོང་བ་ལས་བྱུང་བའི་ཉོན་མོངས་པ་དྲག་པོའི་མེ་འབར་བའི་ཕྱིར་དང་། གཏི་མུག་ཤས་ཆེ་བའི་ཕྱིར་རོ། །དེས་ན་མཐོ་རིས་ཀྱི་བདེ་བ་ལ་ཡང་དགའ་བ་མི་སྐྱེ་བའི་མཁས་པ་རྣམས་ལ་རྣམ་པ་ཀུན་ཏུ་སྲིད་པ་གང་འཇིགས་པ་མི་སྐྱེད་པ་དཀོན་ཏེ་དེས་ན་མཐོ་རིས་ཀྱང་སྤང་བྱ་ཡིན་ནོ། །གཞན་ཡང་ཇི་ལྟར་འཁོར་བའི་སྐྱོན་ལ་སོ་སོར་རྟོག་པ་ལ་མཁས་པའི་འཕགས་པ་རྣམས་ཀྱིས་འཁོར་བ་གཅིག་ཏུ་སྡུག་བསྔལ་གྱི་མེ་འབར་བས་བསྐོར་བ་མཐོང་བ་དེ་ལྟར། གལ་ཏེ་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ཀྱིས་རྣམ་པ་ཀུན་ཏུ་འཁོར་བའི་སྡུག་བསྔལ་མངོན་སུམ་དུ་ཤེས་པར་ནུས་ན། སྐད་ཅིག་དེ་ལ་འདིའི་སེམས་ཏེ་སྙིང་ལུས་དང་ལྷན་ཅིག་རྣམ་པ་བརྒྱར་འཇིག་པར་འགྱུར་བ་ཞིག་ན། མ་རྟོགས་པའི་ཕྱིར་འདི་གྲོགས་པོའི་གསོབ་ཀྱིས་གཡོགས་པའི་དགྲ་ལ་བྱ་བ་བཞིན་དུ་འཁོར་བ་ལ་མངོན་པར་དགའོ། །

གཞན་ཡང་འཁོར་བ་འདི་ན་རིགས་དང་ལོངས་སྤྱོད་དབང་ཕྱུག་དང་ལྡན་པ་དག་བདེ་བར་གྲགས་ན། དེ་དག་ཀྱང་ངེས་པར་དཔྱད་ན་དགའ་བའི་གནས་མ་ཡིན་ཏེ། འདི་ལྟར་རིགས་དང་ལོངས་སྤྱོད་སོགས་དང་ལྡན་པའི་སེམས་ཅན་རྣམས་རློམ་པ་ཅན་མིན་པ་དཀོན་ལ། རློམ་པ་ཅན་དག་ཀྱང་རང་མཆོག་ཏུ་རྟོག་ཅིང་རང་དང་མཉམ་པ་དང་ལྷག་པ་དག་མི་བཟོད་པ་ན་གཞོམ་པར་འདོད་པས་སྙིང་རྗེ་ལྡན་པ་མེད་པར་འགྱུར་རོ། །གང་ལ་གཞན་གཞོམ་པར་འདོད་པས་བརྩེ་བ་མེད་པ་ལ་ནི་ངན་འགྲོའི་མཐར་ཐུག་པ་ཉིད་ཀྱིས་ཡང་དག་པར་འབྱོར་པ་ག་ལ་ཡོད། དེས་ན་བཅོམ་ལྡན་འདས་ཀྱིས་སྣང་བ་ནས་སྣང་བར་འགྲོ་བའི་གང་ཟག་ཤིན་ཏུ་དཀོན་ཞེས་གསུངས་ཏེ། རིགས་དང་ལོངས་སྤྱོད་ང་རྒྱལ་གྱིས་སྐྱེད་པས་ངེས་པར་ཐུར་དུ་ལྟུང་བའི་ཕྱིར་རོ། །གལ་ཏེ་རློམ་པ་ཅན་སྡིག་པ་སྤྱོད་པས་སྨད་པ་ཡིན་ཡང་རློམ་ཅན་མིན་པ་དག་མཐོ་རིས་ཀྱི་དོན་དུ་དགེ་བ་སྒྲུབ་པར་བྱེད་པས་བསྔགས་པར་འོས་སོ་ཞེ་ན། འདི་ན་ཕྱི་མའི་མཐོ་རིས་ཀྱི་དོན་དུ་ཚངས་པར་སྤྱོད་པ་ཁས་བླངས་ཏེ་འདོད་པའི་ཡུལ་ལ་ཡིད་ལོག་པར་གྱུར་པ་རྣམས་ལ། ཤི་འཕོས་ནས་མཐོ་རིས་སུ་སྐྱེས་ནས་ཆོས་ཀྱི་འབྲས་བུ་ཡུལ་ཡིད་དུ་འོང་བ་དམིགས་ཤིང་འབྱུང་བར་གྲགས་ཏེ། དེ་ལྟར་ན་རང་གིས་ཐོབ་པའི་ཡུལ་སྤངས་ནས་སླར་ཡང་དེ་ཉིད་དོན་དུ་གཉེར་བས་ན་ཆོས་ནི་ཕྱིན་ཅི་ལོག་ཏུ་གྱུར་པ་ཡིན་ལ། ཕྱིན་ཅི་ལོག་ཏུ་གྱུར་པའི་ཆོས་དེའང་རྒྱུ་ཅི་ཞིག་གིས་དམ་པ་རྣམས་ཡང་དག་པར་འདོད་པར་བྱེད། དེས་ན་དེ་ལ་ཞེན་པར་མི་རིགས་སོ། །དེ་ལྟར་ན་ཆོས་ནི་ཕྱིན་ཅི་ལོག་ཏུ་གྱུར་པས་སྤང་བྱ་ཡིན་ལ། དེའི་འབྲས་བུ་ལ་ཡང་ཞེན་པར་མི་བྱ་སྟེ། འདི་ལྟར་སྦྱིན་པ་ལ་སོགས་པའི་བསོད་ནམས་ཀྱི་འབྲས་བུ་ནི་ཕྱུག་ཅིང་ལོངས་སྤྱོད་ཆེ་བ་ཡིན་ལ། དེ་ཡང་རྒྱལ་པོ་དང་ཆོམ་རྐུན་དང་མེ་དང་ཆུ་ལ་སོགས་པ་དགྲ་ཟླ་གཞན་ལས་བསྲུང་བར་བྱ་དགོས་ན། རྟག་ཏུ་འབད་པས་གཞན་ལས་བསྲུང་བར་བྱ་བ་དེ་ནི་ཇི་ལྟར་ན་རང་དབང་དུ་གྱུར་པའི་བདག་གི་བར་འགྱུར། དེས་ན་འབྲས་བུས་ཀྱང་ཕན་འདོགས་པར་མི་ནུས་སོ། །

གཉིས་པ་འཇིག་རྟེན་གྱི་ཆོས་ལུགས་ལ་ཞེན་པ་དགག་པ་སྟེ། གལ་ཏེ་སྦྱིན་པ་ལ་སོགས་པའི་ཆོས་ཕྱིན་ཅི་ལོག་པ་ཡིན་ན། འོ་ན་འཇིག་རྟེན་ན་གྲགས་པའི་ཆོས་ལུགས་ཀྱི་རྗེས་སུ་འཇུག་པར་བྱའོ་ཞེ་ན། དེ་ཡང་མཐའ་གཅིག་ཏུ་གནས་པ་མེད་པས་དེ་ལ་རེ་བའང་མི་རིགས་ཏེ། འདི་ལྟར་འཇིག་རྟེན་གྱི་ཚུལ་ལུགས་བག་མ་གཏོང་བ་དང་ལེན་པ་ལ་སོགས་པ་གང་དང་གང་རྣམ་པར་འཇོག་པ་དེ་དང་དེ་ལ་ཆོས་ཀྱི་སྒྲ་རྗེས་སུ་འཇུག་སྟེ། ཚུལ་ལུགས་དེ་དང་དེ་ལ་ཆོས་ཞེས་གྲགས་པས་སོ། །ཚུལ་ལུགས་དེའང་ཡུལ་དང་དུས་ཀྱི་ཁྱད་པར་གྱིས་རྣམ་པ་གཞན་དང་གཞན་དུ་འགྱུར་བ་དེའི་ཕྱིར་ན་ཆོས་པས་ཀྱང་འཇིག་རྟེན་པ་རྣམས་སྟོབས་དང་ལྡན་པ་ལྟ་བུར་སྣང་སྟེ། དེ་བས་འཇིག་རྟེན་པའི་ཆོས་ལུགས་ཀྱང་མཐའ་གཅིག་ཏུ་རྣམ་པར་གནས་པ་མེད་དོ། །གསུམ་པ་ཡུལ་གྱི་དོན་དུ་ལས་སོག་པ་དགག་པ་ནི། འདི་ན་ཡུལ་ཡིད་དུ་འོང་བ་མེད་པར་བདེ་བ་ཉམས་སུ་མྱོང་བ་མེད་ལ། ཡུལ་ཡིད་དུ་འོང་བ་དེའང་བསོད་ནམས་བྱས་པ་ཁོ་ན་ལ་སྲིད་པས་དེའི་ཕྱིར་ཡུལ་འདོད་པས་བསོད་ནམས་བྱའོ་ཞེ་ན། གཟུགས་སྒྲ་ལ་སོགས་པ་ཡུལ་ཡིད་དུ་འོང་བ་རྣམས་དགེ་བས་འཐོབ་པ་ཡིན་ནའང་ཡུལ་དེའང་ཐར་པ་འདོད་པ་རྣམས་ཀྱིས་ངན་པར་བརྩི་ཞིང་སྨད་པར་བྱ་བ་ཡིན་ཏེ། དོན་མ་ཡིན་པའི་རྩ་བ་ཡིན་པའི་ཕྱིར་དང་། མི་རྟག་སྡུག་བསྔལ་སོགས་ཉིད་ཀྱིས་རྟག་ཏུ་མི་གསོད་པར་བྱེད་པའི་ཕྱིར་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེད་པར་བྱེད་པ་ཉིད་ཀྱིས་བག་མེད་པའི་གནས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཐར་འདོད་རྣམས་ཀྱིས་གང་ཞིག་བཏང་བས་ཤིས་ཤིང་དགེ་བར་གྱུར་པ་དེ་གྲུབ་པ་ཅི་ཞིག་དགོས་ཏེ་དགོས་པ་ཅི་ཡང་མེད་དོ། །

བཞི་པ་དབང་ཕྱུག་གི་དོན་དུ་ལས་བསོག་པ་དགག་པ་ནི། གལ་ཏེ་ཡུལ་ངན་པ་ཡིན་པས་དེའི་དོན་དུ་ཆོས་དགོས་པ་མེད་ཀྱང་། རྒྱལ་སྲིད་ནི་བཀའི་རོ་མྱང་བས་བདེ་བ་ཆེས་བརླིང་བ་ཡིན་པའི་ཕྱིར་དེའི་དོན་དུ་ཆོས་བྱའོ་ཞེ་ན། གང་ཞིག་བཀའ་ལུང་མེད་པར་འདོད་པའི་དོན་མི་འགྲུབ་པ་དེ་ནི་བཀའ་ལུང་དོན་དུ་གཉེར་བར་བྱེད་ཀྱི། སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་གང་ལ་དགོས་པའི་དོན་འབད་པ་མེད་པར་འགྲུབ་པས་བཀའ་ལུང་དགོས་པ་མེད་པ་དེ་ལ་དེའི་དོན་དུ་ཆོས་དོན་མེད་པར་འགྱུར་རོ། །འོ་ན་གང་ལ་བཀའ་ལུང་དགོས་པ་དང་བཅས་པ་དེ་ལ་དེའི་དོན་དུ་ཆོས་དགོས་སོ་ཞེ་ན། གང་ཡང་། ཚིག་ཙམ་གྱིས་མངའ་སྒྱུར་བའི་བཀའ་ལུང་དོན་དུ་གཉེར་བ་དེ་ནི་སྐྱེ་བོའི་ནང་ན་བླུན་པོ་ཞེས་བྱ་སྟེ། དོན་མ་ཡིན་པ་ཆེན་པོའི་རྩ་བ་རྒྱལ་སྲིད་དོན་དུ་གཉེར་བའི་ཕྱིར་རོ། །མཁས་པ་རྣམས་ནི་ཕྱི་རོལ་དུ་གཡེངས་པའི་ཚོགས་ཀྱིས་ཐོབ་པ་ལ་བདེ་བར་མི་སེམས་སོ། །ལྔ་པ་མ་འོངས་པའི་འབྲས་བུའི་དོན་དུ་ལས་སོག་པ་དགག་པ་ནི། གལ་ཏེ་མ་འོངས་པའི་སྐྱེ་བར་ཕྱུག་པ་ལ་སོགས་པའི་འབྲས་བུ་འདོད་པས་བསོད་ནམས་བྱའོ་ཞེ་ན། མ་འོངས་པའི་འབྲས་བུ་ཕྱུག་པ་ལ་སོགས་པ་འབྱུང་བར་མཐོང་ནས་སྦྱིན་པ་ལ་སོགས་པའི་ཆོས་ལ་འདོད་ཆགས་པས་ཁྱོད་ཆགས་པ་སེལ་ན་ཆགས་པ་དེའི་འབྲས་བུ་ངན་འགྲོ་ནི་ཡིད་དུ་མི་འོང་བ་ཞིག་སྟེ། དེས་ན་ཆགས་པ་དེའི་མ་འོངས་པའི་འབྲས་བུ་མཐའ་དག་ངན་འགྲོ་ཉིད་མཐོང་ནས་འཇིགས་པ་མེད་དམ། ཆོས་ལ་ཆགས་པ་ཅི་ཞིག་བྱེད། དེས་ན་འབྲས་བུ་ངན་འགྲོ་ལྟར་ཆོས་ལ་ཆགས་པའང་སྤང་བར་བྱའོ། །གཞན་ཡང་གླ་པ་འབྲས་བུའི་དོན་དུ་ལས་བྱེད་པ་ལྟ་བུའི་འབྲས་བུའི་དོན་ཅན་གྱི་སྦྱིན་པ་ལ་སོགས་པའི་བསོད་ནམས་ནི་རྣམ་པ་ཀུན་ཏུ་རྔན་པ་དང་མཚུངས་པར་འགྱུར་དུ་འོང་བས་མཁས་པ་འབྲས་བུ་ཡིད་དུ་འོང་བའི་དོན་དུ་བསོད་ནམས་ཀྱི་ལས་མི་བྱའོ། །

གཉིས་པ་ནི། བསོད་ནམས་ཀྱི་ལས་བཀག་པས་བསོད་ནམས་མ་ཡིན་པ་ལ་འཇུག་པར་དོགས་པ་མི་བྱ་སྟེ། མཁས་པ་གང་དག་འཁོར་བའི་རྒྱུར་མཐོང་ནས་དགེ་བ་ཡང་མི་འདོད་པ་དེ་དག་རང་གཞན་ལ་དོན་མ་ཡིན་པའི་རྒྱུར་གྱུར་པའི་མི་དགེ་བ་ཇི་ལྟར་བྱེད་དེ་གནས་མེད་དོ། །གསུམ་པ་ནི། མ་རིག་པ་དང་རྗེས་སུ་འབྲེལ་བའི་བྱིས་པ་རྣམས་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་སོག་ཅིང་འབྲས་བུ་བདེ་སྡུག་མྱོང་བའི་སྒོ་ནས་འཁོར་བར་འཁོར་བ་འགྱུར་གྱི། མ་རིག་པའི་བག་ཆགས་དྲུངས་ཕྱུང་སྟེ་རྟེན་འབྲེལ་རང་བཞིན་མེད་པར་མཐོང་བའི་མཁས་པ་གང་གིས། ཕྱི་ནང་གི་འགྲོ་བ་སྲད་བུ་དང་ཤིང་ལས་བསྒྲུབས་པའི་སྐྱེས་པ་བུད་མེད་སོགས་ཀྱི་རྣམ་པར་སྣང་བའི་འཕྲུལ་འཁོར་གྱི་ཚོགས་འདྲ་བ་དང་། སྔགས་དང་རྫས་ལས་སྐྱེས་པའི་སྒྱུ་མའི་སྐྱེས་བུ་ལྟར་རང་བཞིན་མེད་པར་མཐོང་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་སྤངས་པ་དེ་དག་འཁོར་བ་ལས་བརྒལ་ནས་ཆེས་གསལ་བར་གོ་འཕང་དམ་པ་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་རོ། །དེའི་ཕྱིར་སྒྱུ་མ་ལྟ་བུའི་ཆོས་ཀྱི་རང་བཞིན་ལ་མཁས་པ་གང་དག་ལ་འཁོར་བ་ན་དགའ་བ་དང་། རྗེས་སུ་མཐུན་པའི་ཡུལ་ཡིད་དུ་འོང་བ་རྣམས་ཀྱིས་ཀྱང་མངོན་པར་དགའ་བ་མེད་པ་དེ་དག་ལ། འདིར་དེ་ལས་གཞན་པ་སྐྱེ་རྒ་ན་འཆི་ལ་སོགས་པ་འཁྲུག་པའི་རྣམ་པ་ཅན་དག་ལ་རྣམ་པ་ཀུན་ཏུ་དགའ་བ་འཐད་པ་མ་ཡིན་ནོ། །

དེ་ལྟ་ནའང་སར་ཆུད་པའི་སེམས་དཔའ་ཆེན་པོ་རྣམས་ནི་འགྲོ་བ་རྣམས་ཀྱིས་འཁོར་བའི་རང་བཞིན་ཁོང་དུ་ཆུད་པར་བྱ་བའི་ཕྱིར་འཁོར་བར་འཁོར་ཞིང་ཉེས་པའི་དྲི་མས་ཀྱང་མི་གོས་སོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། མི་ཉིད་ཀྱི་འདོད་པའི་ལོངས་སྤྱོད་ལ་ཞེན་པ་སྤོང་བའི་ཐབས་བསྟན་པ་སྟེ་རབ་ཏུ་བྱེད་པ་བདུན་པའི་འགྲེལ་པའོ།།། །།

ལེའུ་བརྒྱད་པའི་རྣམ་བཤད།

བཞི་པ་སློབ་མ་སྦྱོང་བའི་ཚུལ་བསྟན་པ་ལ་དོན་བཅུ་ཡོད་པའི། དང་པོ་འདོད་ཆགས་སྤོང་ནུས་སུ་བསྟན་པ་ནི། ཐོག་མེད་ནས་གོམས་པའི་འདོད་ཆགས་པའི་འདོད་ཆགས་ཀྱི་འཆིང་བ་ཚབས་ཆེན་པོས་བཅིངས་པ་རྣམས་ཇི་ལྟར་འདོད་ཆགས་སྤོང་བར་འགྱུར་ཞེ་ན། ཇི་ལྟར་མི་མཐུན་ཞིང་མི་མཛའ་བའི་མི་རྣམས་ལ་མཛའ་བཤེས་ལས་བྱུང་བའི་ཆགས་པ་ཡུན་རིང་དུ་མི་གནས་ཏེ། དེའི་སྐྱོན་རྟོག་པ་ལ་ཞུགས་པའི་ཕྱིར་རོ། །

དེ་བཞིན་དུ་རྣལ་འབྱོར་པ་ཕྱི་ནང་གི་དངོས་པོ་ཀུན་ལ་སྐྱོན་ཤེས་པ་ལ་ཡང་དེ་དག་ལ་འདོད་ཆགས་པ་ཡུན་རིང་དུ་མི་གནས་སོ། །འདོད་ཆགས་ནི་ཡུལ་གྱི་སྐྱོན་མཐོང་བས་སྤོང་བ་མ་ཟད། གཞི་མེད་པའི་ཕྱིར་ཡང་སྤོང་ནུས་ཏེ། འདི་ལྟར་འདོད་ཆགས་ནི་ཆགས་བྱའི་དངོས་པོ་ལ་རག་ལས་ཏེ་འཇུག་ལ། དེ་ཡང་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དེ། ལ་ལ་ཡུལ་དེ་ཉིད་ལ་ཆགས་པ་ན། ལ་ལ་དེ་ཉིད་ལ་ཞེ་སྡང་བར་དམིགས་ཤིང་། ལ་ལ་དེ་ཉིད་ལ་རྨོངས་པར་མཐོང་བའི་ཕྱིར་རོ། །གལ་ཏེ་ཆགས་བྱའི་དངོས་པོ་ངོ་བོ་ཉིད་ཀྱིས་གྲུབ་ན་ཐམས་ཅད་ལ་འདོད་ཆགས་ཁོ་ན་སྐྱེ་བར་འགྱུར་རོ། །དེའི་ཕྱིར་འདོད་པའི་དོན་ཕྱིན་ཅི་ལོག་གིས་བཏགས་པ་ཙམ་མ་གཏོགས་ངོ་བོ་ཉིད་ཀྱིས་གྲུབ་པ་མེད་དོ། །དེ་བས་ན་རྣལ་འབྱོར་པ་ཆགས་བྱའི་དངོས་པོ་སྟོང་པ་ཉིད་དུ་བསྒོམས་པས་འདོད་ཆགས་སྤོང་བར་ནུས་སོ། །འདོད་ཆགས་ཀྱི་དམིགས་པ་མ་གྲུབ་པས་རང་བཞིན་མེད་པར་མ་ཟད། རྒྱུ་མ་གྲུབ་པས་ཀྱང་ཡང་དག་པར་མ་གྲུབ་སྟེ། འདི་ལྟར། འདོད་ཆགས་ཞེ་སྡང་གཏི་མུག་རྣམས། །ཀུན་ཏུ་རྟོག་ལས་འབྱུང་བར་བཤད། །ཅེས་འབྱུང་བའི་ཕྱིར་ཡུལ་རྣམས་ལ་སྡུག་པ་སོགས་ཚུལ་བཞིན་མ་ཡིན་པར་རྣམ་པར་རྟོག་པ་མེད་པ་ནི་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་ཡོད་པ་ཉིད་ཡོད་པ་མ་ཡིན་ཏེ། སྡུག་པ་དང་མི་སྡུག་པ་དང་བར་མར་སྒྲོ་བཏགས་པ་ལས་དེ་དག་འབྱུང་བའི་ཕྱིར་རོ། །གལ་ཏེ་འདི་དག་ཡང་དག་པའི་དོན་དུ་གྲུབ་ན་འདི་དག་གི་ཡོད་པ་ཉིད་རྟོག་པ་ལ་ལྟོས་ཞེས་བློ་དང་ལྡན་པ་སུ་ཞིག་འཛིན། དེས་ན་འདི་དག་ནི་ཡང་དག་པར་གྲུབ་པ་མེད་དེ། རྟོག་པས་སྒྲོ་བཏགས་པ་ལ་ལྟོས་པའི་ཕྱིར། དཔེར་ན་ཐག་པའི་བསྡོགས་པ་ལ་སྦྲུལ་དུ་བཏགས་པ་བཞིན་ནོ། །གལ་ཏེ་འདོད་ཆགས་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་དེ། བྱིས་པ་རྣམས་འཆིང་བྱེད་ཡིན་པའི་ཕྱིར། འདི་ལྟར་སྐྱེས་པའང་བུད་མེད་ཀྱི་ཡུལ་ཅན་གྱི་འདོད་ཆགས་ཀྱིས་བུད་མེད་དང་ལྷན་ཅིག་བཅིངས་ལ། བུད་མེད་ཀྱང་སྐྱེས་པའི་ཡུལ་ཅན་གྱི་འདོད་ཆགས་ཀྱིས་དེ་དང་ལྷན་ཅིག་བཅིངས་པས་སོ་ཞེ་ན། སྐྱེས་པ་འགའ་ཡང་བུད་མེད་དང་ལྷན་ཅིག་ཏུ་བཅིངས་པ་ཞེས་བྱ་བ་ཡོད་པ་མིན་ཏེ། རྟོག་པ་ལ་ལྟོས་པས་འདོད་ཆགས་རང་བཞིན་གྱིས་མ་གྲུབ་པ་ལྟར་སྐྱེས་པ་དང་བུད་མེད་དག་ཀྱང་རང་བཞིན་གྱིས་མ་གྲུབ་པའི་ཕྱིར་རོ། །ཅི་སྟེ་གཞན་དང་གཞན་ལྷན་ཅིག་བཅིངས་པར་རྟོག་ན། རང་བཞིན་གྱིས་གཞན་དང་ལྷན་ཅིག་བཅིངས་པ་ལ་ཕྱིས་དེ་དང་བྲལ་བར་རིགས་པ་མ་ཡིན་ཏེ། རང་བཞིན་ལ་ལྡོག་པ་མེད་པའི་ཕྱིར་རོ། །ཕྱིས་འདོད་ཆགས་འཆིང་བ་ལས་རྣམ་པར་གྲོལ་བ་ཡོད་པའི་ཕྱིར་འདོད་ཆགས་ནི་རང་བཞིན་གྱིས་འཆིང་བའི་རྒྱུ་མ་ཡིན་ནོ། །དེས་ན་འདོད་ཆགས་ལ་སོགས་པ་རྣམས་ནི་རང་བཞིན་གྱིས་སྟོང་པ་ཡིན་ལ། རང་བཞིན་གྱིས་སྟོང་པར་མཐོང་བས་སྤོང་བར་ནུས་སོ་ཞེས་ཤེས་སོ། །གཉིས་པ་བྱིས་པས་དེ་དག་མི་སྤོང་བའི་ཚུལ་ལ་དངོས་དང་། ཞར་ལ་ལོག་ལྟས་མྱང་འདས་མི་ཐོབ་པ་གཉིས་ལས། དང་པོ་ནི། གལ་ཏེ་དེ་དག་རྣམ་པར་དཔྱད་ན་ཉོན་མོངས་པ་རྣམས་སྤོང་ན། ཅིའི་ཕྱིར་ཕལ་ཆེར་ཉོན་མོངས་པ་མ་སྤངས་པར་སྣང་ཞེ་ན། སྤོང་བའི་རྒྱུ་ཟབ་མོའི་ཆོས་ལ་ལྷག་པར་མོས་པ་དང་བྲལ་བའི་ཕྱིར་རོ། །འདི་ལྟར་སྟོང་པ་ཉིད་ལ་ལྷག་པར་མོས་པའི་དགེ་བའི་རྩ་བ་དང་བྲལ་བའི་བསོད་ནམས་ཆུང་ངུའི་སེམས་ཅན། ཐོག་མ་མེད་པ་ནས་ཕྱིན་ཅི་ལོག་ལ་གོམས་པས་དངོས་པོ་གཟུགས་བརྙན་དང་འདྲ་བ་ལ་བདེན་པར་ཞེན་པ་རྣམས་ནི་སྟོང་པ་ཉིད་ལ་གཡང་སར་སེམས་ཏེ། དེ་བས་ན་སེམས་ཅན་དེ་ལྟ་བུ་དག་ནི་སྟོང་པ་ཉིད་ཀྱི་ཆོས་འདི་ལ། ཅི་འདི་དེ་ལྟར་ཡིན་ནམ་མ་ཡིན་ཞེས་ཐེ་ཚོམ་ཙམ་ཡང་ཟ་བར་མི་འགྱུར་ཏེ། དེའི་ཕྱིར་གྲོལ་བའི་རྒྱུ་ལ་ཕྱིན་ཅི་ལོག་པ་དེ་དག་ལ་ཐར་པ་ག་ལ་ཡོད། གལ་ཏེ་སྟོང་ཉིད་ཉེ་བར་བསྟན་པ་ན་ཅི་དེ་ལྟར་ཡིན་ནམ་ཞེས་ཐེ་ཚོམ་ཟ་བ་ཙམ་ཞིག་གིས་སྲིད་པ་ཧྲུལ་པོར་ཏེ་དེངས་པར་བྱས་པར་འགྱུར་ཏེ། ཐེ་ཚོམ་ཟ་བ་པོ་ངེས་པ་དོན་དུ་གཉེར་ཞིང་ལུང་རིགས་ཀྱིས་ཡང་དག་པའི་ལྟ་བ་ངེས་པར་གྱུར་པ་ན་ཉོན་མོངས་ཟད་པ་ལས་འཁོར་བ་རྒྱུན་ཆད་པར་བྱེད་པས་སོ། །གང་ལ་ཐེ་ཚོམ་ཟོས་པས་སྲིད་པ་ཧྲུལ་པོར་བྱས་པར་འགྱུར་བ་རང་བཞིན་སྟོང་པ་ཉིད་ཀྱིས་ཆོས་གང་ཞིག་ཡིན་པ་དེ་ནི་ཐུབ་པས་མཐོང་ལམ་སྐད་ཅིག་དང་པོ་ནས་བཟུང་སྟེ། ཇི་སྲིད་ཐར་པར་གྱུར་གྱི་བར་དུ་མི་ཉམས་ཤིང་འཕེལ་བར་གསུངས་ཀྱི། འཇིག་རྟེན་པའི་ཆོས་ནི་དེ་ལྟར་མ་ཡིན་ཏེ། དེ་རྣམས་ནི་རྣམ་སྨིན་ཟད་པས་ཟད་པར་འགྱུར་ལ། རྐྱེན་མ་ཚང་བས་ཀྱང་མི་འབྱུང་བས་སོ། །དེའི་ཕྱིར་གང་ཞིག་གཏན་དུ་ཕན་འདོགས་ཤིང་འཕེལ་བར་འགྱུར་བ་དེར་གང་ལ་གུས་པ་མེད་པ་དེ་ནི་གསལ་བར་བློ་ལྡན་མིན་གྱི་བདག་ཉིད་བླུན་པར་སྟོན་པ་ཞིག་སྟེ། དེའི་ཕྱིར་མཁས་པ་རྣམས་ཀྱིས་རང་བཞིན་སྟོང་པ་ཉིད་དུ་ལྟ་བ་ལ་གུས་པ་བཞག་པར་བྱའོ། །གཉིས་པ་ནི། ཅི་སྟེ་དངོས་པོ་རྣམས་མི་སྟོང་བཞིན་དུ་འདོད་ཆགས་དང་བྲལ་བའི་ཕྱིར་དུ་སྟོང་པར་བསྒོམ་པ་ཡིན་ནམ། རང་བཞིན་གྱིས་སྟོང་པ་ལ་སྟོང་པར་ལྟ་བ་ཡིན་ཞེ་ན། བདག་ནི་སྟོང་པ་ཉིད་བསྒོམས་པས་མྱ་ངན་འདའ་བར་འགྱུར་ཞེས་བསམས་ནས་དངོས་པོ་སྟོང་ཉིད་མ་ཡིན་པ་ལ་སྟོང་པ་ལྟར་མཐོང་བས་མྱང་འདས་ཐོབ་པ་མིན་ཏེ། གཞན་དུ་གནས་པའི་དངོས་པོ་གཞན་དུ་མཐོང་བའི་ལོག་ལྟས་མྱ་ངན་ལས་མི་འདའ་བར་དེ་བཞིན་གཤེགས་པ་རྣམས་ཀྱིས་གསུངས་ཏེ། ཡང་དག་པའི་ལྟ་བ་སྔོན་དུ་བཏང་བས་མྱ་ངན་ལས་འདའ་བ་ཇི་ལྟར་ཐོབ་པས་རྣམ་པར་འཇོག་པས་སོ། །དེས་ན་སྒྱུ་མ་ལྟར་བརྟེན་ནས་བྱུང་བའི་ཕྱིར་དངོས་པོ་རྣམས་རང་བཞིན་གྱིས་སྟོང་པར་གྱུར་པ་ན་འཕགས་པ་རྣམས་ཀྱིས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་ངོ་སྙམ་དུ་རྟོགས་ཏེ། ཆོས་ཐམས་ཅད་ནི་སྟོང་པ་ཉིད་དེ་རང་བཞིན་མེད་པའི་ཚུལ་གྱིས་སོ་ཞེས་གསུངས་པས་སོ། །

གསུམ་པ་འཇུག་ལྡོག་བསྟན་པའི་རིམ་པ་ནི། གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཡིན་ན་དེ་ཁོ་ན་བསྟན་པར་རིགས་པ་ལ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་གྱི་འཇུག་པ་བསྟན་པས་ཅི་བྱ་ཞེ་ན། འཇིག་རྟེན་གྱི་འཇུག་པ་མ་བསྟན་པར་ནི་རང་བཞིན་སྟོང་པ་ཉིད་བསྟན་པར་མི་ནུས་ལ། དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་འཇུག་པའི་ཕྱིར་གསུང་རབ་གང་ལས་དངོས་པོ་བདེན་པར་རྟོགས་པའི་སྒོ་ནས་རྒྱུ་གཅིག་པ་དང་རྒྱུ་མེད་པ་དང་མི་མཐུན་པའི་རྒྱུ་ལ་སོགས་པ་འགག་པའི་དོན་དུ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་བསྟན་པ་འབྱུང་བ་དེ་ལས་འཁོར་བ་འཇུག་པའི་རིམ་པ་གསུངས་པ་སྟེ། གང་ལས་རང་བཞིན་སྟོང་པ་ཉིད་ཀྱི་དོན་དམ་བསྙད་པ་འབྱུང་བ་དེ་ལས་འཁོར་བ་ལྡོག་པའི་རིམ་པ་གསུངས་པ་ཤེས་པར་བྱའོ། །བཞི་པ་སྟོང་ཉིད་ལ་སྐྲག་པ་སྤོང་བ་ནི། གལ་ཏེ་དངོས་པོ་ཐམས་ཅད་སྟོང་པ་ཡིན་ན་ཐམས་ཅད་དངོས་པོ་མེད་པར་འགྱུར་ལ། དེའི་ཕྱིར་ལས་དང་བྱ་བ་དང་བྱེད་པ་པོ་ལ་སོགས་པ་མེད་པས་ཐར་པའང་མེད་པར་འགྱུར་བས་ཁྱོད་ཀྱི་ཐམས་ཅད་མི་རིགས་པར་འགྱུར་རོ་ཞེ་ན། དངོས་པོ་ཀུན་ཡོད་པ་མ་ཡིན་ན་ཐར་པའང་མེད་པས་འབད་པས་ཅི་བྱ་ཞེས་ཁྱོད་ལ་འཇིགས་པ་སྐྱེ་བར་འགྱུར་གྲང་མོད་དེ་ལ་འཇིགས་པར་མི་རིགས་སོ། །ཅིའི་ཕྱིར་ཞེ་ན། ཐམས་ཅད་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་དོན་དམ་པའི་ཆོས་འདི་འཁོར་བའི་ལྡོག་བྱེད་དུ་འགྱུར་གྱི། གལ་ཏེ་དོན་དམ་པ་ཞེས་བྱ་བ་ཅུང་ཟད་ཅིག་ཡོད་ན་ནི་བྱ་བའི་འབྲས་བུ་དངོས་པོའང་ཡོད་པས་འཇུག་པ་དེ་ཉིད་ཡིན་པའི་ཕྱིར། དོན་དམ་པའི་ཆོས་འདི་འཇུག་པ་ལྡོག་བྱེད་དུ་མི་རིགས་ཏེ་དེའི་ཕྱིར་ཟློག་པ་དོན་དུ་གཉེར་བས་བྱ་བ་ལ་སོགས་པ་མེད་པ་ཅི་སྟེ་མི་འདོད། དེ་ལྟར་ན་བྱ་བའི་འབྲས་བུའི་དངོས་པོའང་འཇུག་པ་དེ་ཉིད་ཡིན་པས་ཆོས་འདི་མྱང་འདས་འདྲེན་པ་ཇི་ལྟར་འགྱུར་ཏེ་སྨིག་རྒྱུ་བཞིན་ནོ། །སྟོང་པ་ཉིད་ཀྱི་ཕྱོགས་ལ་ཆགས་ཤིང་རང་བཞིན་དང་བཅས་པའི་ཕྱོགས་ལ་སྡང་བ་དེ་ཀླན་ཀར་འགྱུར་ཏེ། འདི་ལྟར་ཁྱོད་ལ་རང་གི་ཕྱོགས་ལ་ཆགས་ཤིང་མངོན་པར་ཞེན་པ་ཡོད་ཅིང་གཞན་གྱི་ཕྱོགས་ལ་ཡང་དག་པ་མ་ཡིན་ནོ་སྙམ་དུ་རིག་ནས་མི་དགའ་ན། དེའི་ཕྱིར་མྱ་ངན་ལས་འདས་པར་མི་འགྲོ་སྟེ། རྗེས་སུ་ཆགས་པ་དང་ཁོང་ཁྲོ་མ་བཅོམ་ཞིང་གཉིས་ལ་སྤྱོད་པ་ལ་ནི་ཞི་བ་མྱ་ངན་ལས་འདས་པ་ནི་ཡོད་པར་མི་འགྱུར་རོ། །

ལྔ་པ་བྱེད་ལས་ཡོད་མེད་ཀྱིས་མྱང་འདས་ཐོབ་མི་ཐོབ་བསྟན་པ་ནི། གང་གི་ཕྱིར་བྱ་བ་ཐམས་ཅད་ལ་བྱེད་པ་པོ་ལོག་ཅིང་བསམ་ཁྲལ་མེད་པས་མྱ་ངན་ལས་འདས་པ་དེའི་ཕྱིར་ཐོབ་པར་སླའི། དགེ་སྡིག་ལ་འཇུག་པའི་སྤང་བླང་བྱ་བ་ཉིད་ཀྱིས་གཅིག་ཤོས་ཡང་སྲིད་མེད་པ་ནི་བདེ་བླག་ཏུ་མི་ཐོབ་ལ། མཁས་པས་ནི་མྱང་འདས་སྤངས་ནས་བྱ་བ་སྣ་ཚོགས་ཀྱིས་དུབ་པ་ཐོབ་པའི་ཡང་སྲིད་དོན་དུ་གཉེར་བ་མི་རིགས་སོ། །དྲུག་པ་འཁོར་བ་ལ་སྐྱོ་བ་རྣམས་ནི་མྱང་འདས་ཐོབ་པར་བསྟན་པ་ནི། འཁོར་བ་གང་ཞིག་སེམས་འདི་སྐྱོ་ཤས་ཡོད་པ་མིན་པ་དེ་ལྟ་བུའི་གང་ཟག་ལ་ཞི་བ་མྱང་འདས་ལ་དད་གུས་ག་ལ་ཡོད་དེ་མེད་ལ། དཔེར་ན་རང་གི་ཁྱིམ་ལ་སྙིང་པོ་ཆུང་ཡང་ཆགས་པ་ཡོངས་སུ་བཅད་པ་དཀའ་བ་བཞིན་ནོ། །སྲིད་པ་འཁོར་བ་འདི་ནས་ངེས་པར་འབྱུང་བར་བྱ་བའང་དཀའོ། །བདུན་པ་སྡུག་བསྔལ་གྱིས་གཟིར་བ་དག་མྱང་འདས་མི་ཐོབ་པར་བསྟན་པ་ནི། གང་ཟག་ལ་ལ་ནད་དང་དབུལ་བའི་སྡུག་བསྔལ་གྱིས་ཟིལ་གྱིས་མནན་ཅིང་། བདག་ལ་ཆགས་པ་དོར་ནས་མེ་དང་ཆུར་འཇུག་ཅིང་འཆི་བ་འདོད་པ་དག་སྣང་སྟེ། དེའི་ཚེ་འཁོར་བ་ལ་སྐྱོ་ནས་མྱང་འདས་དོན་གཉེར་རིགས་ན་སྐྱེ་བོ་དེ་དག་གཏི་མུག་ཤིན་ཏུ་ཆེ་བའི་ཕྱིར། མྱ་ངན་ལས་འདས་པའི་གོ་འཕང་དམ་པར་མི་འགྲོ་བར་ཟད་དེ་ཞེས་མི་ཐོབ་པའི་དོན་ཏོ། །བརྒྱད་པ་གང་ཟག་གི་རིགས་ཅན་མཆོག་དམན་གསུམ་ལ་བསླབ་པའི་རིམ་པ་བསྟན་པ་ནི། སྦྱིན་པ་ནི་གང་ཟག་དམན་པ་ལ་གསུངས་ཤིང་། འབྲིང་པོ་ལ་ཚུལ་ཁྲིམས་གསུངས་པ་དང་། མཆོག་ལ་ཞི་ལྷག་སོགས་གསུངས་པར་གྱུར་པ་རྒྱུ་མཚན་དེས་ན་རྟག་ཏུ་མཆོག་ཏུ་གྱུར་ཅིག་ཅེས་མྱ་ངན་ལས་འདས་པ་ལ་དགའ་བ་བྱོས་ཤིག མཆོག་ཏུ་གྱུར་པའི་ཐོག་མར་མྱ་ངན་ལས་འདས་པའི་གཏམ་བྱ་བ་ཡང་མ་ཡིན་ཏེ། འདི་ལྟར་ཉེས་པ་བརྒྱ་ཕྲག་དུ་མའི་རྒྱུ་ཡིན་པའི་ཕྱིར་དང་། སྤང་སླ་བའི་ཕྱིར་ཆད་ལྟ་སྤངས་པའི་སྒོ་ནས་བསོད་ནམས་མིན་པའི་སྡིག་པ་ལ་འཇུག་པ་དང་པོར་བཟློག་པར་བྱའོ། །དེས་ན་བདག་ལ་ཆགས་པ་ལྷོད་པར་བྱ་བའི་ཕྱིར་བར་དུ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་ལྔས་བཙལ་ན་བདག་མི་སྲིད་པའི་ཕྱིར་བདག་ཏུ་ཞེན་པ་བཟློག་པར་བྱའོ། །ཕྱིས་ནས་བདག་དང་བྲལ་བའི་ཕུང་པོ་ཆོས་ཙམ་ལ་མངོན་པར་ཞེན་པ་སྤང་བའི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱི་སྒོ་ནས་མཐར་འཛིན་གྱི་ལྟ་ཞིག་ཀུན་བཟློག་པར་བྱ་སྟེ། དེ་ལྟར་ན་བློ་དང་ལྡན་པ་འདིས་ལེན་པ་མེད་པར་མྱ་ངན་ལས་འདའ་བར་འགྱུར་རོ། །གང་ཞིག་གིས་རིམ་པ་འདིས་གདུལ་བྱ་འདུལ་བའི་ཐབས་ཤེས་པ་དེ་ནི་སངས་རྒྱས་ཀྱི་བསྟན་པ་ལ་མཁས་པ་ཡིན་ནོ། །ཡང་ཇི་ལྟར་མྱ་ངན་ལས་འདས་པ་འདི་འཐོབ་ཅེ་ན། དངོས་པོ་ཐམས་ཅད་རང་བཞིན་མེད་པར་མཐོང་བས་སོ། །དངོས་པོ་ཐམས་ཅད་མཐའ་ཡས་པའི་ཕྱིར། དེའི་ཡུལ་ཅན་གྱིས་སྟོང་པ་ཉིད་ཇི་ལྟར་བལྟ་བར་ནུས་ཤེ་ན། དངོས་པོ་གཅིག་གི་རང་བཞིན་སྟོང་པ་ཉིད་ལྟ་བ་པོ་གང་ཡིན་པ་དེ་ནི་དངོས་པོ་ཀུན་གྱི་སྟོང་པ་ཉིད་ལྟ་བ་པོར་བཤད་དེ། ཇི་ལྟར་བུམ་པ་དང་འཁར་གཞོང་ལ་སོགས་པ་སྣོད་ཐ་དད་ཀྱང་དེ་དག་ནི་ནམ་མཁའ་ལ་ཐ་དད་མེད་པ་ལྟར། གཟུགས་ལ་སོགས་པའི་དངོས་པོ་རྣམས་ཐ་དད་ཀྱང་དེ་དག་གི་རང་བཞིན་སྐྱེ་བ་མེད་པ་ལ་ཐ་དད་མེད་པས་དངོས་པོ་གཅིག་གི་སྟོང་ཉིད་གང་ཡིན་པ་དེ་ནི་དངོས་པོ་ཀུན་གྱི་སྟོང་པ་ཉིད་ཡིན་པས་སོ། །ཇི་སྐད་དུ་འཕགས་པ་ནམ་མཁའ་མཛོད་ལས། གང་གིས་ཆོས་གཅིག་སྒོ་ནས་ཆོས་རྣམས་ཀུན། །སྒྱུ་མ་སྨིག་རྒྱུ་འདྲ་ཞིང་གཟུགས་མེད་ལ། །གསོག་རྫུན་ཐེར་ཟུག་མིན་པར་ཤེས་པ་དེ། །རིང་པོ་མི་ཐོགས་བྱང་ཆུབ་སྙིང་པོར་འགྲོ། །ཞེས་གསུངས་པ་ལྟར་རོ། །གལ་ཏེ་ཆོས་ཐམས་ཅད་སྟོང་པ་ཉིད་ཡིན་པས་ཐམས་ཅད་སྤང་བར་བྱ་བ་ཡིན་ན། དགེ་སློང་དག་དེ་ལྟ་བས་ན་གུས་པར་བྱ་སྟེ་བསོད་ནམས་དག་བྱ་སྟེ་ཞེས་ཅིའི་ཕྱིར་གསུངས་ཤེ་ན། ཆོས་ལ་ཆགས་པ་ནི། མཐོ་རིས་ཐབས་ཀྱི་ངོ་བོ་ཡི། །བསོད་ནམས་དག་ནི་བྱར་འོས་ཏེ། །བསོད་ནམས་མ་བྱས་ཉིད་སྡུག་བསྔལ། །བསོད་ནམས་བྱས་པས་འཇིག་རྟེན་ནི། །འདི་དང་གཞན་དུ་དགའ་བར་འགྱུར། །ཞེས་དེ་བཞིན་གཤེགས་པ་རྣམས་ཀྱིས་མཐོ་རིས་འདོད་ཅིང་ངན་འགྲོས་འཇིགས་པ་སྐྱེ་འཇིག་སོགས་སྒོམ་མི་ནུས་པ་རྣམས་ལ་གསུངས་ཀྱི། ཐར་པ་འདོད་པ་རྣམས་ལ་མཐོ་རིས་ཀྱི་དོན་དུ་ཆགས་པ་དེ་ཉིད་ཀྱང་སྨད་པར་འགྱུར་ན། གཞན་སྡིག་པ་ལ་ཆགས་པ་སྨོས་ཅི་དགོས་ཏེ། གང་གི་ཕྱིར་ཆོས་ཀྱི་རྣམ་གྲངས་གཟིངས་དང་འདྲ་བ་ཀུན་ཤེས་པ་རྣམས་ཀྱིས་ནི་ཆོས་རྣམས་ཉིད་ཀྱང་སྤང་བར་བྱ་བ་ཡིན་ན། ཆོས་མ་ཡིན་པ་རྣམས་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས་པའི་ཕྱིར་རོ། །རྣམ་པར་གྲོལ་བའི་བདེ་བ་ལ་འདོད་པ་ལ་ནི་འགར་ཡང་ཆགས་པ་ཤེས་པར་འགྱུར་ཏེ། དེ་ནི་ཆགས་པ་མ་ལུས་པ་བཅད་པས་ཐོབ་པའི་ཕྱིར་རོ། །གལ་ཏེ་སྟོང་པ་ཉིད་ཀྱིས་ཆགས་པ་གཅོད་པས་སྡུག་བསྔལ་མ་ལུས་པ་ལྡོག་ན། དེ་ལྟ་ན་དེ་ཉིད་གཅིག་པུ་བསྟན་པར་བྱའོ་ཞེ་ན། དེ་ནི་དེ་ལྟར་མ་ཡིན་ཏེ། སྣོད་ཀྱི་ཁྱད་པར་ལ་ལྟོས་པའི་ཕྱིར་རོ། །འདི་ལྟར་སྣོད་མ་ཡིན་པ་ལ་སྟོང་པ་ཉིད་བསྟན་པ་ནི་བཟའ་ཉེས་པའི་ཟས་སྐོམ་ལྟར་ཕུང་བའི་རྒྱུར་འགྱུར་ཏེ། ཁ་ཅིག་ནི་མ་མོས་ཏེ་སངས་རྒྱས་ཀྱི་སྟོང་པ་ཉིད་སྤོང་བར་འགྱུར་ལ། ཡང་ན་ཐམས་ཅད་ལ་མེད་པའི་དོན་དུ་བརྟགས་ནས་ལོག་པར་ལྟ་བས་ངན་སོང་དུ་འགྲོ་བར་འགྱུར་རོ། །དེ་ལ་འདིར་སྙིང་རྗེ་ཅན་བསོད་ནམས་འདོད་ཅིང་སེམས་ཅན་རྗེས་སུ་འཛིན་པར་འདོད་པས་རྒྱུད་མ་སྨིན་ཞིང་དགེ་བའི་རྩ་བ་དང་བྲལ་བ་རྣམས་ལ་སྟོང་པ་ཉིད་ཀུན་ཚེ་སྟེ་དང་པོར་བརྗོད་པར་བྱ་བ་མ་ཡིན་ཏེ་དོན་མེད་པའི་ཕྱིར་རོ། །དཔེར་ན་ལེགས་པར་སྦྱར་བའི་སྨན་ཆེན་པོ་རོ་ཞིམ་པ་གནས་མ་ཡིན་པར་བཏང་ན་ནད་པ་ལ་དུག་ཏུ་འགྱུར་བ་མ་ཡིན་ནམ་སྟེ་ཡིན་པ་བཞིན་ནོ། །ཇི་སྐད་དུ། འོད་སྲུངས་འདི་ལྟ་སྟེ། རྫ་མཁན་གྱིས་སྣོད་སོ་མ་བཏང་བ་རྣམས་ལ་མེ་རགས་པ་མི་གཏོང་སྟེ། འོད་སྲུངས་བྱང་ཆུབ་སེམས་དཔའ་ཡོངས་སུ་མ་སྨིན་པའི་སེམས་ཅན་ལ་སངས་རྒྱས་ཀྱི་ཆོས་རྒྱ་ཆེན་པོའི་ཡེ་ཤེས་ཀྱི་མེ་གཏོང་བ་ཡང་དེ་བཞིན་དུ་བལྟ་བར་བྱའོ་ཞེས་གསུངས་པའི་ཕྱིར་རོ། །དེའི་ཕྱིར་སེམས་ཅན་རྣམས་ཀྱི་སེམས་རྒྱུད་ལས་སུ་རུང་བར་བྱ་བའི་ཕྱིར་ཐོག་མར་འཇིག་རྟེན་གྱི་དངོས་པོ་ཇི་ལྟར་གནས་པ་ལྟར་བསྟན་པར་བྱ་སྟེ། དེ་ལ་མཁས་པ་རྣམས་སྟོང་པ་ཉིད་ལ་བདེ་བླག་ཏུ་འཇུག་པར་འགྱུར་བའི་ཕྱིར་རོ། །དཔེར་ན་ཀླ་ཀློ་སྐད་གཞན་གྱིས་གཟུང་བར་མི་ནུས་ཀྱི་རང་གི་སྐད་ཀྱིས་བསྟན་པར་བྱ་བ་དེ་བཞིན་དུ་འཇིག་རྟེན་པའི་དངོས་པོ་རྣམ་པར་བཞག་པ་མ་རྟོགས་པ་འཇིག་རྟེན་པ་རྣམས་ཀྱང་གང་ཟག་དང་ཆོས་སྒྱུ་མ་ལྟ་བུ་ཉིད་དམ། དོན་དམ་བརྗོད་དུ་མེད་པ་ཉིད་གཟུང་བར་ནུས་པ་མ་ཡིན་གྱི། འཇིག་རྟེན་ཀུན་རྫོབ་ལ་ཞུགས་པས་ན་སྒྱུ་མ་ལྟ་བུ་ཉིད་གཟུང་བར་ནུས་ཤིང་། སྒྱུ་མ་ལྟ་བུ་ལ་ཞུགས་པས་ཀྱང་དོན་དམ་པའི་ཆོས་ཀྱི་རང་བཞིན་བརྗོད་དུ་མེད་པ་གཟུང་བར་ནུས་སོ། །དེས་ན་འཇུག་པའི་རིམ་པ་ཇི་སྐད་བསྟན་པ་གདོན་མི་ཟ་བར་བྱ་དགོས་སོ། །དེ་ཉིད་ཀྱི་ཕྱིར་ཡོད་པ་དང་མེད་པ་ལ་སོགས་པ་འཇིག་རྟེན་གཟུང་བའི་ཐབས་ཡིན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཐམས་ཅད་མེད་པར་ལྟ་བའི་དྲི་མ་བསལ་བའི་ཕྱིར་གདུལ་བྱ་རྣམས་ལ་འཇིག་རྟེན་འདི་དང་ཕ་རོལ་སོགས་ཡོད་དོ་ཞེས་ཀྱང་བསྟན་ལ། དངོས་པོར་མངོན་པར་ཞེན་པ་སྤང་བའི་ཕྱིར་འགའ་ཞིག་ཏུ་མེད་ཅེས་ཀྱང་གསུངས། རྣམ་པ་གཉིས་ཀར་ལྟ་བ་སྤང་བའི་ཕྱིར་ཡོད་པ་དང་མེད་པ་ཞེས་གསུངས་ལ། སྤྲོས་པ་ཐམས་ཅད་གཅད་པའི་ཕྱིར་གཉིས་ཀ་ཡིན་ཞེས་ཀྱང་བསྟན་ཏེ། དཔེར་ན་ནད་ཀྱི་རིགས་སྣ་ཚོགས་ཀྱིས་ཐེབས་པའི་ནད་པ་རྣམས་ལ་ནད་མི་འདྲ་བ་དུ་མའི་དབང་གིས་སྐྱ་ཆོས་དང་སྣུམ་ཆོས་ཐམས་ཅད་ཀྱང་སྨན་ཞེས་བྱ་བར་འགྱུར་བ་མིན་ནམ་སྟེ་འགྱུར་བ་བཞིན་ནོ། །

དགུ་པ་སྟོང་ཉིད་རྟོགས་པའི་ཕན་ཡོན་ནི། ཡོད་པ་མེད་པ་སོགས་ཀྱི་བསྟན་པ་འདི་དག་ལས་གང་ཞིག་ཡང་དག་པའི་ངེས་དོན་ཡིན་ཞེ་ན། ནང་གི་བདག་ཉིད་སེམས་པ་ལ་ཞུགས་པའི་ཕྱིར་གཉིས་ཀ་མིན་པར་བསྟན་པ་ཉིད་དོན་དམ་པའི་བསྟན་པ་ཡིན་ལ། དོན་དམ་པ་དེ་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཡང་དག་པར་མཐོང་ན་གནས་ཀྱི་མཆོག་མྱ་ངན་ལས་འདས་པ་ཐོབ་ལ། འཇིག་རྟེན་པའི་སྒོམ་བྱུང་དང་ཐོས་བསམ་གྱི་ཤེས་རབ་ཀྱིས་ཅུང་ཟད་མཐོང་ན་བཟང་འགྲོ་སྟེ་ལྷ་དང་མིའི་གོ་འཕང་འཐོབ་བོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ནང་གི་བདག་སྟོང་པ་ཉིད་བསམ་པ་ལ་མཁས་པས་རྟག་ཏུ་བློ་གྲོས་བསྐྱེད་པར་བྱའོ། །གལ་ཏེ་ནང་བདག་བསམ་པས་སྐྱེ་བ་འདི་ཉིད་ལ་མྱང་འདས་ཐོབ་པར་འགྱུར་རམ་ཞེ་ན། མངོན་པར་བརྩོན་པ་དང་ལྡན་པ་དག་གིས་སྐྱེ་བ་འདིར་ཡང་ཐོབ་ལ། དེ་ཁོ་ན་ཉིད་ཤེས་པ་ལ་མཁས་སུ་ཟིན་ཀྱང་གལ་ཏེ་མངོན་པར་བརྩོན་པ་ལ་སོགས་པའི་རྐྱེན་འགའ་ཞིག་མ་ཚང་ན་སྐྱེ་བ་འདིར་མྱང་འདས་མི་ཐོབ་མོད་ཀྱི། འོན་ཀྱང་སྐྱེ་བ་ཕྱི་མར་རྐྱེན་དབེན་པ་བསྟེན་པ་ཙམ་གྱིས་འབད་པ་མེད་པར་ངེས་པར་མྱང་འདས་ཐོབ་པར་འགྱུར་ཏེ། དཔེར་ན་གཏི་མུག་གིས་བྱས་པའི་ལས་ཀྱི་འབྲས་བུ་ཚེ་འདིར་མ་སྨིན་ཡང་སྐྱེ་བ་གཞན་དུ་གདོན་མི་ཟ་བར་སྨིན་པ་བཞིན་ནོ། །དེའི་ཕྱིར་དབུ་མ་རྩ་བར། རྫོགས་སངས་རྒྱས་རྣམས་མ་བྱུང་ཞིང་། །ཉན་ཐོས་རྣམས་ཀྱང་ཟད་པ་ན། །རང་སངས་རྒྱས་ཀྱི་ཡེ་ཤེས་ནི། །བསྟན་པ་མེད་ལས་རབ་ཏུ་བྱུང་། །ཞེས་པ་ལྟར་རོ། །གལ་ཏེ་དེ་ཁོ་ན་ཉིད་ཤེས་པ་དག་ཡོད་ན་ཅིའི་ཕྱིར་གྲོལ་བ་དག་མི་སྣང་ཞེ་ན། བསམ་པ་ཙམ་འབྲས་བུའི་སྒྲུབ་བྱེད་མ་ཡིན་ཏེ། རྒྱུ་རྐྱེན་ཚོགས་པ་ཉིད་ཡིན་ལ་དེ་ཡང་ཤིན་ཏུ་དཀའོ། །དེའི་ཕྱིར་བསམ་བཞིན་པ་ནི་བྱ་བ་སྟེ་འབྲས་བུ་ཀུན་ལ་འགྲུབ་པ་ཤིན་ཏུ་དཀོན་ཏེ། དེ་བཞིན་དུས་གསུམ་སངས་རྒྱས་ཀྱི་བསྟན་པ་འདི་ནའང་མྱ་ངན་ལས་འདས་པ་འདོད་པ་མེད་པ་མིན་མོད་ཀྱི། དེ་ལྟ་ན་ཡང་ཕྱིའི་རྐྱེན་དགེ་བའི་བཤེས་གཉེན་དང་། ནང་གི་རྐྱེན་ཚུལ་བཞིན་ཡིད་ལ་བྱེད་པ་སོགས་རྒྱུ་རྐྱེན་སྦྱོར་བ་དཀའ་བའི་ཕྱིར་གྲོལ་བ་རྣམས་ཀྱང་རྙེད་པར་དཀའོ། །

བཅུ་པ་ཉོན་མོངས་པ་དང་སྐྱེ་བ་ལྡོག་ནུས་སུ་བསྟན་པ་ནི། གལ་ཏེ་ཐོག་མེད་ནས་ཞུགས་པའི་ཉོན་མོངས་ཀྱི་ཚོགས་འདི་ལ་ཟད་པ་ཡོད་པར་ཇི་ལྟར་ཤེས་ནུས་ཤེ་ན། ཇི་ལྟར་ལུས་ལ་ཡུན་རིང་མོར་ལོངས་སྤྱོད་སྣ་ཚོགས་ཀྱིས་གསོས་ཀྱང་འཇིག་པའི་ཆོས་ཅན་བྱས་པ་མི་ཤེས་ཤིང་ཡོན་ཏན་མེད་པར་ཐོས་ནས་མཁས་པ་ལུས་ཀྱི་ཡུན་གྱི་འདོད་ཆགས་ཡུན་རིང་མི་གནས་པ་དེ་བཞིན། ལེགས་པར་བསྒོམས་པའི་ལམ་འདོད་ཆགས་དང་བྲལ་བ་བསྐྱེད་པ་དེ་ཉིད་ཀྱིས་དུས་ཡུན་རིང་མོར་ཞུགས་པའི་འདོད་ཆགས་ཐམས་ཅད་ཀྱང་ཟད་པར་འགྱུར་བ་མ་ཡིན་ནམ། དེའི་ཕྱིར་ཕྱི་ནང་གི་དངོས་པོ་ཐམས་ཅད་རང་བཞིན་སྟོང་པ་ཉིད་ཀྱིས་སྙིང་པོ་མེད་པར་མཐོང་བའི་ཕྱིར། འདོད་ཆགས་ལ་སོགས་པའི་ཉོན་མོངས་པའི་ཚོགས་ཐམས་ཅད་ཟད་པ་ལས་གྲོལ་བ་སྲིད་དོ། །ཡང་ཐོག་མ་མེད་པ་ནས་ཞུགས་པའི་སྐྱེ་བའི་རྒྱུན་ལ་ཇི་ལྟར་མཐའ་ཡོད་པར་འགྱུར་ཞེ་ན། ཇི་ལྟར་དུས་ཡུན་རིང་མོ་ནས་ཞུགས་ཤིང་གཅིག་ནས་གཅིག་ཏུ་བརྒྱུད་པས་འཇུག་པའི་ས་བོན་གྱི་རྒྱུན་དེ་ལ་ཐོག་མ་ཡོད་པ་མིན་ཞིང་མེས་ཚིག་པ་ལས་མཐའ་མཐོང་བ་ལྟར། སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་པ་ཐོག་མ་མེད་པའི་དུས་ནས་འཇུག་པའི་རྣམ་ཤེས་ཀྱི་ས་བོན་ཅན་གྱི་སྐྱེ་བའང་རྒྱུ་མ་ཚང་བའི་ཕྱིར་འབྱུང་བར་མི་འགྱུར་ཏེ། ཉོན་མོངས་པ་ལ་ལྟོས་པའི་ལས་ཀྱིས་སྐྱེ་བ་འཕེན་ལ། ཉོན་མོངས་རྣམས་ཀྱང་ཡེ་ཤེས་ཀྱི་མེས་རེག་པས་ཟད་པར་འགྱུར་ཏེ། དེའི་ཕྱིར་གྲོགས་མེད་པའི་ལས་ཀྱིས་སྐྱེ་བ་འཕེན་མི་ནུས་སོ། །བྱང་ཆུབ་སེམས་དཔའ་ལ་ཉོན་མོངས་པ་མེད་དུ་ཟིན་ཀྱང་གཞན་ལ་ཕན་པའི་དོན་དུ་སྨོན་ལམ་དང་སྙིང་རྗེའི་དབང་གིས་སྲིད་པར་ཉིང་མཚམས་སྦྱོར་རོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་མ་ཡོངས་སུ་སྦྱོང་བ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བརྒྱད་པའི་འགྲེལ་པའོ།།། །།

ལེའུ་དགུ་པའི་རྣམ་བཤད།

གཉིས་པ་དོན་དམ་བདེན་པ་ལ་བརྟེན་ནས་གྲོལ་བྱེད་ཀྱི་ལམ་བཤད་པ་ལ། སྟོང་ཉིད་གཏན་ལ་དབབ། རབ་བྱེད་ཀྱི་དགོས་པ་བསྟན། ཀླན་ཀ་ལྷག་མ་སྤང་བ་གསུམ་གྱི། དང་པོ་ལ། མཚན་གཞི་འདུས་བྱས་ཀྱི་རང་བཞིན་དགག མཚན་ཉིད་སྐྱེ་སོགས་ཀྱི་རང་བཞིན་དགག་པ་གཉིས་ཀྱི། དང་པོ་ལ། རྟག་པའི་དངོས་པོ་དགག བལྟ་བར་བྱ་བ་དགག དབང་པོ་དང་དོན་དགག མཐར་འཛིན་པ་དགག་པའོ། །དང་པོ་ལ། སྤྱིར་དགག ཁྱད་པར་དུ་དགག་པ་གཉིས་ཀྱི། དང་པོ་ནི། དེ་ལྟར་རབ་ཏུ་བྱེད་པ་ཐལ་མ་ཐག་པ་རྣམས་ཀྱིས་དེ་ཁོ་ན་ཉིད་བདུད་རྩིའི་སྣོད་དུ་རུང་བར་གྱུར་པས་རབ་ཏུ་བྱེད་པ་ལྷག་མ་རྣམས་ཀྱིས་དེ་ཁོ་ན་ཉིད་གཏན་ལ་དབབ་པ་བརྩམ་པར་བཞེད་ནས། རེ་ཞིག་འདུས་བྱས་སྐྱེ་འཇིག་དང་ལྡན་པ་ཉིད་ཀྱིས་སྙིང་པོ་མེད་པར་བརྗོད་པའི་ཕྱིར་བཤད་པ། གང་འབྲས་བུའི་དོན་དུ་འཇུག་པ་དེ་ནི་འཇིག་རྟེན་ན་རང་བཞིན་རྣལ་མ་མ་ཡིན་ཏེ། སྨད་འཚོང་མ་འདིའི་ཆགས་པ་ནི་འབྲས་བུའི་དོན་དུ་ཡིན་གྱི་རང་བཞིན་མ་ཡིན་ནོ་ཞེས་གྲགས་པའི་ཕྱིར་རོ། །ཕྱི་དང་ནང་གི་དངོས་པོ་ཐམས་ཅད་གཅིག་རྐྱང་དུ་སྐྱེ་བ་མེད་པས་ཅི་རིགས་པ་ཚོགས་པ་ཁོ་ན་སྐྱེ་ཞིང་། དེ་དག་ཀྱང་ཕན་ཚུན་རྒྱུ་འབྲས་སུ་གནས་པའི་ཕྱིར་ཐམས་ཅད་བདག་ཉིད་ཇི་ལྟ་བ་བཞིན་དུ་འབྲས་བུའི་དོན་དུ་སྐྱེ་བ་དེས་ན་རྟག་པ་སྟེ་རང་བཞིན་བདེན་པར་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་མི་སློབ་པའི་སྐུ་གསུང་ཐུགས་ཐུབ་པ་དང་ལྡན་པས་ན་ཐུབ་པ་བཅོམ་ལྡན་འདས་ཉག་གཅིག་གིས་མི་རྟག་པ་དང་སྟོང་པ་ཉིད་བསྟན་པས་ན། དངོས་པོ་རྣམས་ཀྱི་རང་བཞིན་ཇི་ལྟ་བ་དེ་བཞིན་དུ་གཤེགས་ཤིང་ཐུགས་སུ་ཆུད་པས་ན་དེ་བཞིན་གཤེགས་པ་ཞེས་བྱའི། དེ་མ་གཏོགས་པ་གཞན་ནི་ཇི་ལྟ་བ་བཞིན་དུ་དངོས་པོའི་དེ་ཁོ་ན་ཉིད་ཐུགས་སུ་ཆུད་པའི་དེ་བཞིན་གཤེགས་པ་ཡོད་པ་མ་ཡིན་ཏེ། དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་སྟོན་པའི་སྒོ་ནས་དེ་ཁོ་ན་ཉིད་ཇི་ལྟ་བ་བཞིན་མ་རྟོགས་པའི་ཕྱིར་རོ། །ཡང་ན་བཅོམ་ལྡན་འདས་ཀྱིས་གང་ཀུན་འབྱུང་བའི་ཆོས་ཅན་དེ་ནི་གདོན་མི་ཟ་བར་འགོག་པའི་ཆོས་ཅན་ཏེ། སྐྱེ་བའི་རྐྱེན་གྱིས་རྒ་ཤིའོ་ཞེས་བསྟན་པའི་ཕྱིར་སྐྱེ་བའི་འབྲས་བུ་ནི་འཇིག་པ་ཡིན་ལ། དེའི་ཕྱིར་ཐམས་ཅད་འབྲས་བུ་འཇིག་པའི་དོན་དུ་སྐྱེ་བ་དེས་ན་རྟག་པ་ཡོད་པ་མིན་ཞེས་བྱའོ། །ཡང་ན་བདེ་སྡུག་བཏང་སྙོམས་གསུམ་མྱོང་འགྱུར་གྱི་ཡུལ་རྣམས་མེད་པར་འབྲས་བུ་ཚོར་བ་གསུམ་མྱོང་བ་མེད་ལ། དེའི་ཕྱིར་དངོས་པོ་ཐམས་ཅད་འབྲས་བུ་ཚོར་བ་གསུམ་གྱི་དོན་དུ་སྐྱེ་བ་དེས་ན་རྟག་པ་སྟེ་ངོ་བོ་ཉིད་ཀྱིས་གནས་པ་ཡོད་པ་མ་ཡིན་ལ། དེས་ན་རང་བཞིན་གྱིས་སྟོང་ངོ་། །དངོས་པོ་ཐམས་ཅད་རང་བཞིན་གྱིས་སྟོང་པ་འདི་ཡང་སྟོན་པ་གཞན་གྱི་ཚིག་གིས་མ་བསྟན་ཏོ་ཞེས་བསྟན་པའི་ཕྱིར། ཐུབ་པ་མ་གཏོགས་ཞེས་སྦྱར་རོ། ཁ་ཅིག་ན་རེ། འབྲས་བུའི་དོན་དུ་སྐྱེས་པ་རྣམས་རྟག་པ་མ་ཡིན་ཡང་། དངོས་པོ་གང་དག་བསྐྱེད་བྱ་སྐྱེད་བྱེད་ཀྱི་ཡན་ལག་གཉིས་ཀ་མ་ཚང་བ་ནམ་མཁའ་ནས་ཡིད་ཀྱི་མཐར་ཐུག་པ་དང་། སྐྱེད་བྱེད་ཡིན་ཡང་བསྐྱེད་བྱར་མེད་པ་རྡུལ་ཕྲ་རབ་རྣམས་རྟག་པ་ཡིན་ལ། དེ་དག་གི་ཡོད་པ་དང་རྟག་པ་ཐུགས་སུ་མ་ཆུད་པས་དེ་བཞིན་གཤེགས་པ་ཕྱིན་ཅི་མ་ལོག་པ་གཟིགས་པ་མ་ཡིན་ནོ་ཟེར་ན། འདི་ན་བདེ་བ་ལ་སོགས་པ་བདག་ཉིད་ཇི་ལྟ་བའི་རྒྱུ་དང་རྐྱེན་ལས་སྐྱེ་བར་དམིགས་པ་དེས་ན་དངོས་པོ་གང་ཞིག་ཡུལ་གང་ནའང་དུས་ནམ་གྱི་ཚེ་ལ་རྒྱུ་དང་རྐྱེན་ལ་མ་བརྟེན་པར་སྐྱེ་བ་ནི་ཡོད་པ་ཉིད་མེད་དོ། །

གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་དོན་གྱིས་གོ་བས་དུས་ནམ་ཡང་ཡུལ་གང་ཞིག་ཏུའང་ནམ་མཁའ་ལ་སོགས་པ་རྒྱུ་རྐྱེན་གྱིས་མ་བྱས་པའི་རྟག་པ་འགའ་ཡང་ཡོད་པ་མ་ཡིན་ནོ་ཞེས་སྦྱོར་བར་རྟོགས་སོ། །དེས་གཞན་གྱིས་ཀུན་བརྟགས་པའི་དངོས་པོ་རྟེན་འབྲེལ་མ་ཡིན་པ་རྣམས་ལ་ཡོད་པ་དང་རྟག་པ་མེད་པས་དེ་བཞིན་གཤེགས་པ་ཕྱིན་ཅི་མ་ལོག་པ་གཟིགས་པར་གྲུབ་བོ། །གཉིས་པ་ལ་བདག་དགག ནམ་མཁའ་དགག དུས་དགག རྡུལ་ཕྲན་དགག ཐར་པ་རྟག་པ་དགག དུས་གསུམ་རྟག་པ་དགག་པ་དང་དྲུག་གི དང་པོ་ནི། གལ་ཏེ་བདེ་བ་ལ་སོགས་པའི་དངོས་པོ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམས་ཡོད་ལ། བདག་ནི་དེ་དག་གམ་འདུ་བ་ཅན་གྱི་རྒྱུ་ཡིན་ལ། དེའི་ཕྱིར་བདག་ཡོད་ཅིང་དེ་ཡང་རྟག་པ་ཞིག་སྟེ། ཡོད་ཅིང་རྒྱུ་དང་མི་ལྡན་པའི་ཕྱིར་རོ། །དེ་ཡོད་ན་དེའི་རིགས་ཅན་གྱི་དངོས་པོ་རྟག་པ་གཞན་ཡང་ཡོད་དོ་ཞེ་ན། དེ་ཡང་མི་རིགས་ཏེ་འདི་ལྟར། དངོས་པོ་དང་རང་བཞིན་དང་བདག་དང་རྟག་པ་རྣམས་ནི་རྣམ་གྲངས་ཡིན་ལ། རྒྱུ་མེད་པར་ནི་དངོས་པོ་ལ་སོགས་པ་དེ་དག་མེད་དེ། རི་བོང་གི་རྭ་ལ་སོགས་པ་བཞིན་ནོ། །ནམ་མཁའ་ལ་སོགས་པས་མ་ངེས་པ་ཡང་མ་ཡིན་ཏེ། དེ་དག་དེ་ཡོད་པ་ཡང་འགོག་པར་འགྱུར་བའི་ཕྱིར་རོ། །གལ་ཏེ་ཉེས་པ་དེ་སྤང་བར་འདོད་པས་བདག་རྒྱུ་ལྡན་དུ་ཁས་ལེན་ན་གང་རྒྱུ་དང་ལྡན་པ་དེ་ནི་རྟག་པར་ཡོད་པ་མ་ཡིན་ཏེ། བདེ་བ་ལ་སོགས་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་རྒྱུ་མེད་པ་ལས་གྲུབ་པ་ནི་དེ་ཉིད་མཁྱེན་པ་བཅོམ་ལྡན་འདས་ཀྱིས་གྲུབ་པ་མིན་པར་གསུངས་ཏེ། མཁས་པས་རྟེན་འབྱུང་ཆོས་རྣམས་ཤེས་འགྱུར་ཏེ། །མཐར་ལྟ་བ་ལ་བརྟེན་པར་བྱེད་པའང་མིན། །རྒྱུ་བཅས་རྐྱེན་བཅས་ཆོས་ནི་ཤེས་འགྱུར་ཏེ། །རྒྱུ་མེད་རྐྱེན་མེད་ཆོས་ནི་ཡོད་མ་ཡིན། །ཞེས་གསུངས་སོ། །ཅི་སྟེ་བུམ་པ་དང་བདེ་བ་ལ་སོགས་བྱས་པ་རྣམས་མི་རྟག་པར་མཐོང་ནས་དོན་གྱིས་གོ་བས་བདག་ལ་སོགས་པ་མ་བྱས་པ་རྣམས་རྟག་པར་འགྱུར་རོ་སྙམ་ན། དེ་ལྟར་ན་བུམ་པ་ལ་སོགས་པ་མི་རྟག་པ་དག་བྱས་པར་མཐོང་ནས་མ་བྱས་པ་གལ་ཏེ་རྟག་པར་ཁས་ལེན་ན། དོན་གྱིས་གོ་བས་བྱས་པ་ལ་ཡོད་པ་ཉིད་མཐོང་ནས་མ་བྱས་པའི་རྟག་པ་ནམ་མཁའི་མེ་ཏོག་ལྟར་ཡོད་པ་ཉིད་མིན་པར་འགྱུར་རོ། །གཉིས་པ་ནི། ཆོས་མངོན་པ་ལས། ནམ་མཁའ་དང་སོ་སོར་བརྟགས་པའི་འགོག་པ་དང་། སོ་སོར་མ་བརྟགས་པའི་འགོག་པ་རྣམས་རྟག་པ་དང་ཡོད་པ་ཉིད་དུ་ཁས་བླངས་པའི་ཕྱིར། འདུས་མ་བྱས་རྟག་པ་འགོག་པ་ལ་ཁས་བླངས་ཀྱིས་གནོད་དོ་ཞེ་ན། ནམ་མཁའ་དང་འགོག་པ་གཉིས་ལ་སོགས་པ་རྣམས་རྟག་གོ་ཞེས་དེ་དག་མིང་ཙམ་དུ་མ་རྟོགས་པའི་གྲུབ་མཐའ་སྨྲ་བའི་སོ་སོའི་སྐྱེ་བོ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པས་རྟོག་པར་ཟད་ཀྱི། དངོས་པོའི་དེ་ཁོ་ན་ཉིད་ལ་མཁས་པ་འཕགས་པ་རྣམས་ཀྱིས་དེ་དག་ལ་དོན་དམ་པར་ལྟ་ཞོག འཇིག་རྟེན་པའི་ཐ་སྙད་ཀྱིས་ཀྱང་རྟག་པ་དང་ཡོད་པའི་ཐ་སྙད་མ་མཐོང་སྟེ། འདི་ལྟར་ནམ་མཁའ་ནི་གཟུགས་མེད་པ་ཙམ་དང་སོ་སོར་བརྟགས་འགོག་ནི་ཤེས་རབ་ཀྱིས་ཉོན་མོངས་པ་སྤངས་པ་ཙམ་དང་། བརྟགས་མིན་གྱི་འགོག་པ་ནི་རྒྱུ་རྐྱེན་མ་ཚང་བས་མ་སྐྱེས་པ་ཙམ་ལ་དེ་དང་དེའི་ཐ་སྙད་བཏགས་པ་ཙམ་ཡིན་པའི་ཕྱིར་རོ། །མདོ་ལས་རྟག་ཅེས་གསུངས་པ་ནི་དེ་དག་དངོས་པོར་མེད་པས་གཞན་དུ་འགྱུར་བ་མེད་པ་ཙམ་ལ་རྟག་ཅེས་གསུངས་ཀྱི། བསྒྲུབ་པ་གཙོ་བོར་སྟོན་པ་མ་ཡིན་ནོ། །གལ་ཏེ་ནམ་མཁའ་ནི་རྟག་སྟེ། ཁྱབ་པའི་ཕྱིར། མི་རྟག་པ་ནི་ཁྱབ་པ་མ་ཡིན་ཏེ། བུམ་པ་བཞིན་ནོ་ཞེ་ན། གལ་ཏེ་ནམ་མཁའ་ཕྱོགས་ཀུན་ལ་ཁྱབ་ན། ཤར་གྱི་བུམ་པ་ལ་སྦྱོར་བའི་ནམ་མཁའི་ཕྱོགས་ཞེས་བྱ་བ་གང་ཡིན་པ་དེ་ནི་ཕྱོགས་ཅན་ནམ་མཁས་གར་ཁྱབ་ཀྱི་ཤར་ནུབ་ལ་སོགས་པའི་ཕྱོགས་ཀུན་ལ་གནས་པ་མ་ཡིན་ཏེ། གལ་ཏེ་གནས་ན་དེ་དང་ཡུལ་ཐ་མི་དད་པའི་ཤར་གྱི་བུམ་པ་ཡང་ཡུལ་ཀུན་ལ་གནས་པར་ཐལ་བས་སོ། །ཅི་སྟེ་ཉེས་པ་འདི་སྤང་བར་འདོད་པས་ཤར་ལ་ཁྱབ་པའི་ནམ་མཁའི་ཕྱོགས་ཕྱོགས་གཞན་ལ་མི་གནས་པར་ཁས་ལེན་ན། དེའི་ཕྱིར་ཕྱོགས་ཅན་ནམ་མཁའ་ལ་ནུབ་ལ་སོགས་པའི་ཕྱོགས་གཞན་དང་གཞན་ཡང་ཤིན་ཏུ་གསལ་བར་ཡོད་པ་ཁས་བླངས་དགོས་ལ། དེ་ལྟ་ན་ནམ་མཁའ་ཉིད་ནི་དུ་མ་དང་མ་ཁྱབ་པ་ཉིད་དུ་འགྱུར་རོ། །གསུམ་པ་ནི། དུས་རྒྱུར་སྨྲ་བ་རྣམས་ན་རེ། གང་ཞིག་རྒྱུར་ཡོད་ན་མྱུ་གུ་ལ་སོགས་པའི་འབྲས་བུ་རྣམས་དུས་འགའ་ཞིག་གི་ཚེ་འཇུག་ཅིང་། རྒྱུ་རྐྱེན་ཡོད་ཀྱང་གང་མེད་པས་འགའ་ཞིག་གི་ཚེ་ལྡོག་པའང་དམིགས་པར་འགྱུར་བ་ལས་དུས་ཡོད་པར་རྗེས་སུ་དཔོག་ལ། དེ་ཡོད་ཀྱང་རྒྱུ་མ་དམིགས་པའི་ཕྱིར་རྟག་གོ་ཞེ་ན། དེ་ལྟ་ཡིན་ན་དུས་རྟག་པ་ལས་སྐྱེ་བའི་མྱུ་གུ་ལ་སོགས་པ་རྟག་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་རྟག་ཏུ་ཉེ་བའི་ཕྱིར་རོ། །

ཅི་སྟེ་དེས་འབྲས་བུ་སྐྱེད་པའི་ནུས་པ་རྐྱེན་གཞན་ལ་རག་ལས་སོ་ཞེ་ན། འོ་ན་དུས་དེ་ནི་རྐྱེན་གཞན་གྱི་དབང་དུ་འགྱུར་ཏེ། འདིའི་འབྲས་བུ་སྐྱེད་པའི་བདག་ཉིད་རྐྱེན་གཞན་ཡོད་མེད་ཀྱི་རྗེས་སུ་འཇུག་ལྡོག་བྱེད་པའི་ཕྱིར་རོ། །གང་ཕྱིར་དེ་ལྟར་ཡིན་པ་དེས་ན་དུས་རྟག་ན་འབྲས་བུ་ཡང་རྟག་པར་འགྱུར་ལ། འབྲས་བུ་ཡིན་པའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་མི་རྟག་པར་འགྱུར་རོ། །གཞན་ཡང་དུས་སྨྲ་བ་རྣམས་ཀྱིས་དུས་འགྲོ་བ་འཇུག་པའི་རྒྱུར་ཁས་བླངས་པ་ནི་དོན་གྱིས་འབྲས་བུ་ཡང་ཁས་བླངས་པར་འགྱུར་ཏེ། འདི་ལྟར་འབྲས་བུ་འབྱུང་བར་དམིགས་ནས་འདི་ནི་འདིའི་རྒྱུའོ་ཞེས་རྣམ་པར་འཇོག་གི འབྲས་བུ་མཐོང་བ་མེད་པར་ས་བོན་ལ་སོགས་པའི་རྒྱུ་ལ་ནི་རྒྱུའི་ཐ་སྙད་ཡོད་པ་མ་ཡིན་ཏེ། རྒྱུར་རྣམ་པར་འཇོག་པ་འབྲས་བུ་ལ་ལྟོས་པ་དེའི་ཕྱིར་རྒྱུའོ་ཅོག་འབྲས་བུ་ཉིད་དུ་ཐལ་བར་འགྱུར་ལ། འབྲས་བུ་ཡིན་ནའང་མྱུ་གུ་ལ་སོགས་པ་ལྟར་འདི་རྟག་པར་མི་འགྱུར་རོ། །གལ་ཏེ་དུས་འགྲོ་བ་སྣ་ཚོགས་ཀྱི་རྒྱུར་འགྱུར་ན། དེ་ལྟར་ན་དུས་ནི་སྔར་འབྲས་བུ་ལ་བྱ་བ་མི་བྱེད་པའི་གནས་སྐབས་སྤངས་ནས་འབྲས་བུ་ལ་ཕན་འདོགས་པའི་གནས་སྐབས་སུ་འགྱུར་བ་བྱ་དགོས་ཏེ། འཇིག་རྟེན་ན་ས་བོན་ལ་སོགས་པ་རྒྱུ་རྣམས་སྔར་གྱི་གནས་སྐབས་ལས་རྣམ་པར་འགྱུར་བ་ན་མྱུ་གུ་ལ་སོགས་པ་འབྲས་བུ་གཞན་གྱི་རྒྱུ་རུ་འགྱུར་བ་མཐོང་གི རྣམ་པར་མ་འགྱུར་བ་གཞན་གྱི་རྒྱུར་མི་འགྱུར་བའི་ཕྱིར་རོ། །གང་ལ་སྔར་ལས་རྣམ་པར་འགྱུར་བ་ཡོད་པ་དེ་ནི་རྟག་ཅེས་བྱར་ཡོད་པ་མིན་པས་དེའི་ཕྱིར་དུས་རྟག་པར་མི་རིགས་སོ། །

ཅི་སྟེ་དུས་རྣམ་པར་མི་འགྱུར་བར་ཁས་ལེན་ན། འགྱུར་བ་མེད་པའི་དུས་རྟག་པ་གང་གི་རྒྱུ་ཡིན་པའི་འབྲས་བུའི་དངོས་པོ་དེ་ནི་རྒྱུ་ལས་མ་བྱུང་བ་ལས་སྐྱེས་པ་སྟེ་རྒྱུ་ལ་ལྟོས་མེད་དུ་འབྱུང་བར་འགྱུར་ཏེ། འདི་ལྟར་འབྲས་བུ་འགྲོ་བ་སྣ་ཚོགས་པ་རྣམས་ནི་མི་རྟག་ལ། དུས་ནི་རྟག་པའི་ཕྱིར་གཞན་དུ་འགྱུར་ལ། གང་གཞན་ཡིན་པ་དེ་ནི་ཕན་ཚུན་མ་རེག་པ་དང་ལྷན་ཅིག་ཏུ་འབྱུང་བར་ཡང་འགྱུར་ཏེ། བ་ལང་དང་རྟ་བཞིན། དེས་ན་རྒྱུ་ལ་ལྟོས་པ་མེད་པར་འབྲས་བུ་རང་ཉིད་འབྱུང་བར་འགྱུར་བ་དེ་ལ་དུས་ནི་རྒྱུ་ཡིན་པ་ལོག་པར་འགྱུར་ཏེ། རྒྱུའི་བྱ་བ་ཅིའང་མི་བྱེད་པའི་ཕྱིར་རོ། །འདི་ལས་ཀྱང་དུས་རྒྱུར་མི་རུང་སྟེ། འདི་ལྟར་རྒྱུའི་དངོས་པོ་དུས་རྟག་པ་ལས་སྐྱེས་པའི་འབྲས་བུ་ཇི་ལྟར་ན་མི་རྟག་པར་འགྱུར་ཏེ། འཇིག་རྟེན་ན་ནམ་ཡང་རྒྱུ་དང་འབྲས་བུ་གཉིས་གཅིག་རྟག་གཅིག་མི་རྟག་པར་མཚན་ཉིད་མི་མཐུན་པ་མཐོང་བ་མ་ཡིན་པའི་ཕྱིར་རོ། །བཞི་པ་ནི། རྡུལ་ཕྲ་རབ་སྨྲ་བ་རྣམས་ན་རེ། ས་ལ་སོགས་པ་འབྱུང་བ་བཞིའི་རྡུལ་ཕྲ་རབ་རྣམས་རྟག་ཅིང་། དེ་དག་མ་མཐོང་བའི་ལས་ཀྱིས་བསྐུལ་ནས་རྡུལ་ཕྲན་གཉིས་ལ་སོགས་པ་དང་ཕྲད་པས་རིམ་གྱིས་ཡན་ལག་ཅན་གྱི་རྫས་རྩོམ་ཞིང་། མཐར་འབྲས་བུ་སྣ་ཚོགས་སྐྱེད་པར་བྱེད་དོ་ཞེས་ཟེར་རོ། །དེ་ཡང་མི་རིགས་ཏེ། འདི་ལྟར་རྡུལ་ཕྲན་རྣམས་ཕན་ཚུན་ཕྲད་པས་འབྲས་བུ་རྩོམ་ན་བདག་ཉིད་ཐམས་ཅད་ཀྱིས་ཕྲད་དམ་ཆ་འགའ་ཞིག་གིས་ཕྲད། ཆ་ཤས་འགས་ཕྲད་ན་ཕྲད་པའི་ཆ་གང་ཡིན་པ་དེ་འབྲས་བུའི་རྒྱུར་འགྱུར་ལ་མ་ཕྲད་པའི་ཆ་རྒྱུར་མི་འགྱུར་རོ། །རྡུལ་ཕྲན་གང་གི་ཕྲད་པའི་ཕྱོགས་འགའ་ཞིག་རྒྱུ་ཡིན་ཞིང་མ་ཕྲད་པའི་ཕྱོགས་འགའ་རྒྱུ་མ་ཡིན་པ་འགྱུར་བ་དེས་ན་རྡུལ་ཕྲན་དེ་ནི་ཕྲད་མ་ཕྲད་རྒྱུ་ཡིན་མིན་སྣ་ཚོགས་སམ་དུ་མའི་ངོ་བོར་འགྱུར་ལ། སྣ་ཚོགས་གང་ཡིན་པ་ལ་དེ་ཡང་རི་མོ་ལ་སོགས་པ་བཞིན་དུ་རྟག་པར་མི་རིགས་སོ། །ཅི་སྟེ་རྡུལ་ཕྲན་ཆ་མེད་པའི་ཕྱིར་བདག་ཉིད་ཐམས་ཅད་ཀྱིས་སྦྱོར་རོ་ཞེ་ན། དེ་ལྟར་ན་རྡུལ་ཕྲན་གྱི་ཆ་ཤས་མེད་པའི་དབྱིབས་ཟླུམ་པོ་གང་ཡིན་པ་དེ་འབྲས་བུ་ཡན་ལག་ཅན་གྱི་རྫས་ལ་ཡང་ཡོད་པར་འགྱུར་ཏེ། རྡུལ་ཕྲན་རྣམས་ཕན་ཚུན་ཆ་ཐམས་ཅད་ཀྱིས་འདྲེས་པའི་རང་བཞིན་ཡིན་པའི་ཕྱིར། དེ་ལྟར་ན་རྡུལ་ཕྲན་བཞིན་དུ་ཡན་ལག་ཅན་ཡང་དབང་པོའི་ཡུལ་ལས་འདས་པར་འགྱུར་རོ། །ཇི་སྐད་བཤད་པའི་ཉེས་པར་འགྱུར་བས་རྒྱུ་རྡུལ་ཕྲན་གྱི་དབྱིབས་ཟླུམ་པོ་གང་ཡིན་པ་དེ་ནི་འབྲས་བུ་ཡན་ལག་ཅན་གྱི་རྫས་ལ་ཡང་ཡོད་པ་མིན་པ་དེས་ན་བདག་ཉིད་ཀུན་གྱིས་སྦྱོར་བ་རྡུལ་ཕྲན་རྣམས་ལ་མི་འཐད་དོ། །ཡང་གང་གི་ཚེ་རྡུལ་ཕྲན་རྣམས་བདག་ཉིད་ཐམས་ཅད་ཀྱིས་མི་སྦྱོར་བ་དེའི་ཚེ་རྡུལ་ཕྲན་གཅིག་གི་གོ་སའི་གནས་གང་ཡིན་པ་དེ་ནི་ཟླ་བོའི་རྡུལ་ཕྲན་གཞན་གྱི་གོ་སར་ཡང་མི་འདོད་པ་དེའི་ཕྱིར་རྒྱུ་རྡུལ་ཕྲན་དང་འབྲས་བུ་ཡན་ལག་ཅན་གཉིས་བོང་ཚོད་མཉམ་པར་མི་འདོད་པས་ཡན་ལག་ཅན་དབང་པོའི་ཡུལ་ལས་འདས་པའི་ཉེས་པ་མེད་མོད། སྣ་ཚོགས་རྟག་པ་མི་རིགས་ཞེས་པ་སོ་ན་འདུག་གོ། འདིར་འབྲས་བུ་རྩོམ་པའི་དུས་ན་ཉེས་པ་འདིར་འགྱུར་གྱི། འབྲས་བུ་རྩོམ་པའི་སྔ་རོལ་ན་ནི་རྡུལ་ཕྲ་རབ་རྣམས་ལ་ཆ་ཤས་མེད་པས་ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཞེ་ན། གནས་སྐབས་དེར་ཡང་ཤར་ལ་སོགས་པའི་ཕྱོགས་ཀྱི་དབྱེ་བ་ཡོད་དེ། གཞན་དུ་ན་རྡུལ་ཕྲན་གྱིས་ཤར་ལ་བལྟས་པའི་ངོས་གང་ཡིན་པ་དེས་ནུབ་ལ་སོགས་པའི་ཕྱོགས་གཞན་རྣམས་ལ་བལྟ་བར་འགྱུར་ལ། དེ་ལྟ་ན་ཕྲད་པའི་ཚེ་ཡང་བདག་ཉིད་ཐམས་ཅད་ཀྱིས་ཕྲད་པས་རགས་པ་མི་བརྩམ་པར་འགྱུར་རོ། །དེའི་ཕྱིར་རྡུལ་ཕྲན་གང་ལ་ཤར་གྱི་ཕྱོགས་ཡོད་པ་དེ་ལ་ཤར་གྱི་ཆ་ཡང་ཡོད་ལ་གང་གི་ལྟར་ན་རྡུལ་ལ་ཕྱོགས་ཡོད་པ་དེའི་ལུགས་ལ་རྡུལ་དེ་རྡུལ་ཕྲན་མིན་པར་བསྙད་དེ། ཤར་ལ་སོགས་པར་ཕྱོགས་པའི་ཆ་དང་ལྡན་པའི་ཕྱིར། ཁང་བཟང་ལ་སོགས་པ་བཞིན་ནོ་སྙམ་དུ་དགོངས་སོ། །གལ་ཏེ་རྡུལ་ཕྲ་རབ་ཆ་ཤས་མེད་པར་གྱུར་ན། ཡུལ་གཞན་དུ་མ་མཐོང་བའི་ལས་ཀྱིས་བསྐུལ་ནས་འགྲོ་བ་མེད་ཅིང་། དེ་མེད་ན་རྡུལ་ཕྲན་གཞན་དང་ཕྲད་པ་མེད་པས་ཡན་ལག་ཅན་གྱི་རྫས་རྩོམ་པ་མེད་པར་འགྱུར་རོ། །འདི་ལྟར་ལུས་དང་ལྡན་ཞིང་འགྲོ་བ་ལ་མངོན་དུ་ཕྱོགས་པའི་དོན་གྱིས་མདུན་གྱིས་སྔོན་ཕྱོགས་ལེན་ཅིང་། རྒྱབ་ཀྱིས་གཏོང་བར་འགྱུར་བ་ལས་འགྲོ་བ་པོའི་འགྲོ་བར་རྟོག་པ་ཞིག་ན། གཏོང་ལེན་དེ་དག་གཉིས་ཆ་ཤས་མེད་པའི་རྡུལ་ཕྲན་གང་ལ་ཡོད་པ་མ་ཡིན་པ་དེ་ནི་ཡུལ་གཞན་དུ་འགྲོ་བ་པོར་ཡང་མི་འགྱུར་བས། དེ་མེད་པས་འབྲས་བུ་རྩོམ་པ་མེད་པའི་ཕྱིར་རྡུལ་ཕྲན་ཡོད་པ་མི་འཐད་དོ། །གལ་ཏེ་རྡུལ་ཕྲ་རབ་རྟག་པ་རྣལ་འབྱོར་པ་རྣམས་ཀྱིས་ལྷའི་མིག་གིས་མཐོང་བའི་ཕྱིར་ཡོད་དོ་ཞེ་ན། ཆ་ཤས་མེད་པའི་རྡུལ་ཕྲན་གང་ལ་དང་པོ་མདུན་གྱི་ཆ་ཡོད་པ་མ་ཡིན་ཞིང་། མདུན་རྒྱབ་གཉིས་ཀྱི་བར་དཀྱིལ་ཡང་ཡོད་པ་མིན་ལ། ཐ་མ་རྒྱབ་ཀྱི་ཆ་ཡང་ཡོད་པ་མིན་པ་དེ་ནི་མི་མངོན་པའམ་གཟུང་དུ་མེད་པ་ཡིན་ལ། མངོན་དུ་མེད་ཅིང་བལྟ་བྱ་མེད་པ་དེ་ནི་རྣལ་འབྱོར་པ་གང་གིས་མཐོང་སྟེ་མཐོང་བ་མི་རིགས་སོ། །གལ་ཏེ་རྡུལ་ཕྲན་རྒྱུ་ཡིན་ན་ཇི་ལྟར་མྱུ་གུ་སྐྱེས་པས་ས་བོན་འཇིག་པ་བཞིན་འབྲས་བུ་ཡན་ལག་ཅན་གྱི་རྫས་སྐྱེས་པ་ཡིས་རྒྱུ་རྡུལ་ཕྲན་བཤིག་པར་འགྱུར་ལ་དེས་ན་རྒྱུ་རྡུལ་ཕྲན་ནི་རྟག་པ་མ་ཡིན་པར་འགྱུར་རོ། །ཅི་སྟེ་རྒྱུའི་རང་བཞིན་ཡང་མི་འཇིག་ལ། འབྲས་བུ་དོན་གཞན་དུ་གྱུར་པ་སྐྱེད་པར་ཡང་བྱེད་དོ་སྙམ་ན། དེ་ལྟར་ཡུལ་གང་ན་རྒྱུ་རྡུལ་ཕྲན་ཡོད་པའི་ཡུལ་དེ་ན་འབྲས་བུ་ཡན་ལག་ཅན་གྱི་རྫས་ཡོད་པ་མ་ཡིན་ཏེ། ཐོགས་བཅས་ཀྱི་དངོས་པོ་གཉིས་ཡུལ་གོ་ས་གཅིག་ཏུ་གནས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་ཡུལ་ཐ་དད་པའི་བུམ་པ་དང་སྣམ་བུ་བཞིན་དུ་རྒྱུ་དང་འབྲས་བུར་ཡང་མི་འགྱུར་རོ། །འདི་ལས་ཀྱང་རྡུལ་ཕྲན་རྟག་པ་མེད་དེ། རྡུལ་ཕྲ་རབ་རྣམས་ནི་རྡུལ་ཕྲན་གཞན་ལ་བདག་ཉིད་ཐམས་ཅད་ཀྱིས་འཇུག་པ་མེད་པས་རྡུལ་ཕྲན་རྣམས་ནི་ཐོགས་པ་དང་བཅས་པ་ཡིན་ལ། ཐོགས་ལྡན་དངོས་པོ་རྟག་པ་ནི་གང་དུའང་སྣང་བ་མ་ཡིན་ཏེ། བུམ་པ་ལ་སོགས་པ་བཞིན། གང་གི་ཕྱིར་རྡུལ་ཕྲན་རྟག་པ་མེད་པ་དེས་ན་ནམ་ཡང་སངས་རྒྱས་རྣམས་རྡུལ་ཕྲན་རྟག་པར་མི་གསུང་སྟེ། རང་ཉིད་ཀྱིས་དེ་ལྟར་མ་གཟིགས་པའི་ཕྱིར། རྫས་བརྒྱད་ལ་བརྟེན་ནས་བཏགས་པའི་རྫས་བརྒྱད་ཀྱི་རྡུལ་ཕྲ་རབ་མི་རྟག་པ་ནི་བུམ་པ་བཞིན་དུ་བཏགས་པས་ཡོད་པ་ཡིན་ལ། དེ་ཡང་ཚོགས་པ་ཁོ་ན་ལ་གནས་ཀྱི། ཟླ་མེད་པའི་ཡན་གར་བ་གནས་པ་མེད་པས་སོ་སོར་རྡུལ་ཕྲ་རབ་ཀྱི་སྒྲས་བརྗོད་དུ་མེད་དོ། །

ལྔ་པ་ལ། རང་སྡེའི་ཐར་པ་རྟག་པ་དགག གཞན་སྡེའི་བདག་གི་རང་བཞིན་གྱི་ཐར་པ་དགག་པ་གཉིས་ལས། དང་པོ་ནི། འདིར་རང་གི་སྡེ་པ་བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་རྣམས་ན་རེ། རྡུལ་ཕྲན་རྟག་པ་མེད་མོད། གང་ཞིག་རྟག་པར་གསུངས་པ་དེ་ནི་ཡོད་དེ། ཇི་སྐད་དུ། དགེ་སློང་དག་མ་སྐྱེས་པ་དང་མ་བྱུང་བ་དང་འདུས་མ་བྱས་པ་དེ་ནི་ཡོད་དོ་ཞེས་གསུངས་ལ། ཆོས་འདུས་མ་བྱས་པ་རྣམས་ནི་རྟག་པའོ་ཞེས་གསུངས་སོ། །དེའི་ཕྱིར་མྱ་ངན་ལས་འདས་པ་རྟག་ཅིང་ལམ་བདེན་གྱིས་འཐོབ་པར་བྱ་བ་ཉོན་མོངས་པ་དང་སྐྱེ་བ་གཉིས་འགོག་པ་ལ་ཆུ་འགོག་པའི་ཆུ་ལོན་ལྟར་གེགས་བྱེད་པ་ཞིག་ཡོད་དེ། གལ་ཏེ་ཡོད་པར་མ་གྱུར་ན་སྡུག་བསྔལ་དང་ཀུན་འབྱུང་གི་མཇུག་ཐོག་དུ་འཕགས་པའི་བདེན་པ་གསུམ་པ་ཞེས་གསུང་བར་མི་འགྱུར་བ་ཞིག་ན་གསུངས་པའི་ཕྱིར་ཡོད་དོ་ཞེ་ན། འཆིང་བ་ནི་ཀུན་འབྱུང་གི་བདེན་པ་སྟེ་བཅིང་བྱ་ལ་རང་དབང་མེད་པར་བྱེད་པས་སོ། །བཅིང་བ་ནི་སྡུག་བསྔལ་གྱི་བདེན་པ་སྟེ་ཉོན་མོངས་པའི་གཞན་དབང་དུ་གྱུར་པས་སོ། །དེ་དག་ལྡོག་པའི་ཐབས་ནི་ལམ་གྱི་བདེན་པ་སྟེ། འདིས་ཀུན་ནས་ཉོན་མོངས་པ་ཞི་བར་བྱེད་པའི་ཕྱིར་རོ། །བདེན་པ་གསུམ་པོ་འདི་ནི་ཀུན་ནས་ཉོན་མོངས་པ་དང་། དེ་ལྡོག་པ་ལས་རྗེས་སུ་དཔག་པས་ཡོད་པ་ཉིད་ཡིན་ལ། དེ་དག་ལས་གཞན་པའི་ཉོན་མོངས་པ་ཟད་པའི་མཚན་ཉིད་ཅན་གྱི་ཐར་པ་ནི་མེད་དོ། །གལ་ཏེ་ཡོད་ན་འབྲས་བུ་ཅུང་ཟད་དམིགས་པར་རིགས་ན་དེ་ལས་འཆིང་བ་དང་ཐར་པའི་ངོ་བོ་ལ་ཕན་པའི་བྱ་བ་ཅི་ཡང་མི་འབྱུང་བ་དེ་གང་ལས་ཡོད་པར་རྗེས་སུ་དཔག གང་གི་ཕྱིར་འདི་ལས་བྱ་བ་ཅུང་ཟད་ཀྱང་འབྱུང་བ་མེད་པ་དེས་ན་མྱང་འདས་ཏེ་མ་འོངས་པའི་ཉོན་མོངས་དང་སྐྱེ་བ་འགོག་པ་ལ་བྱ་བ་བྱེད་པའི་མཚན་ཉིད་ཅན་གྱི་ཐར་པ་ཞེས་མི་བརྗོད་དོ། །ཉོན་མོངས་དང་སྐྱེ་བ་གཉིས་ནི་རྒྱུ་མ་ཚང་བའི་ཕྱིར་མི་འབྱུང་བ་ཡིན་ལ། དེའི་དོན་དུ་ཐར་པ་དོན་གཞན་བརྟགས་པ་དོན་མེད་དོ། །བདེན་པ་གསུམ་པའི་སྒྲ་བརྗོད་པའང་མི་འགལ་ཏེ། ཉོན་མོངས་དང་སྐྱེ་བ་གཉིས་སླར་མི་འབྱུང་བ་ཙམ་ཞིག་བདེན་པ་གསུམ་པའི་སྒྲས་བརྗོད་པའི་ཕྱིར་རོ། །

གཞན་ཡང་མྱ་ངན་ལས་འདས་པ་དངོས་པོ་ཡིན་ན་དེ་ཕུང་པོའམ་གང་ཟག་གཅིག་ལ་བརྟེན་དགོས་ན་དེ་ཡང་མི་རིགས་ཏེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་གང་སྡུག་བསྔལ་འདི་མ་ལུས་པ་རབ་ཏུ་སྤངས་པ་བསལ་བ་ཟད་པ། འདོད་ཆགས་དང་བྲལ་བ་འགགས་པ་ཉེ་བར་ཞི་བ་ནུབ་པ། སྡུག་བསྔལ་ཡང་ཉིང་མཚམས་མི་སྦྱོར་བ་དང་ཉེ་བར་མི་ལེན་པ་འདི་ནི་ཞི་བ། འདི་ནི་གྱ་ནོམ་པ་སྟེ། འདི་ལྟ་སྟེ། ཕུང་པོའི་རྒྱུན་སྤངས་པ། སྲེད་པ་ཟད་པ། འདོད་ཆགས་དང་བྲལ་བ། འགགས་པ་མྱ་ངན་ལས་འདས་པའོ་ཞེས་པའི་ལུང་འདི་ལས་ནི། མྱ་ངན་ལས་འདས་པའི་གནས་སྐབས་སུ་ཕུང་པོ་རྣམས་ཡོད་པ་མིན་ཞིང་། དེ་ལ་བརྟེན་ནས་བཏགས་པའི་གང་ཟག་ཀྱང་སྲིད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་མདོ་དང་འགལ་བ་དང་། མྱ་ངན་ལས་འདས་པ་འཁོར་བ་ལས་མ་འདས་པར་འགྱུར་རོ། །དེའི་ཕྱིར་རྟེན་གང་དུ་ཉོན་མོངས་དང་སྐྱེ་བ་ཟད་པས་མྱ་ངན་ལས་འདས་པར་འགྱུར། ཕུང་པོའམ་གང་ཟག་གང་ཡང་མ་མཐོང་བ་དེར་བརྟེན་པ་མྱ་ངན་ལས་འདས་པ་གང་ཞིག་ཡོད་པར་འགྱུར། དེའི་ཕྱིར་མྱ་ངན་ལས་འདས་པ་ལ་རྟག་པ་མེད་དོ། །

གཉིས་པ་ལ་དངོས་པོ་དང་བདག་མེད་པ་སྤང་བ་གཉིས་ཀྱི་དང་པོ་ནི། གྲངས་ཅན་རྣམས་ན་རེ། ཁོ་བོ་ཅག་ལྟར་ན་མྱ་ངན་ལས་འདས་པ་ལ་རྟེན་མེད་པས་ཐར་པ་མེད་པའི་ཉེས་པར་མི་འགྱུར་ཏེ། འདི་ལྟར་ཡོན་ཏན་དང་སྐྱེས་བུ་ཐ་དད་དུ་ཤེས་པ་ལས་ཆེན་པོ་ལ་སོགས་པ་འཇུག་པའི་རིམ་པ་སོགས་ལས་དུ་མ་འགྱུར་གྱི་ཚོགས་རྣམ་པ་ཐམས་ཅད་དུ་ཞི་བས་ཐར་པའི་གནས་སྐབས་སུ་སྐྱེས་བུ་ཤེས་པ་ཡོད་པའི་རང་བཞིན་གནས་པའི་ཕྱིར་གྲོལ་བའི་བདག་ཡོད་དོ་ཞེ་ན། ཁྱེད་ཀྱི་གྲོལ་བའི་བདག་ལ་ཤེས་པ་ཡོད་པར་བཏགས་པ་དོན་མེད་དེ། ཤེས་པ་ནི་ཡུལ་ལ་ལོངས་སྤྱོད་བྱེད་ཡིན་ན། གྲོལ་བའི་ཚེ་ཡུལ་ཅི་ཡང་མེད་པའི་ཕྱིར་རོ། །འདི་ལྟར་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པ་ན་རང་བཞིན་གྱི་ལོངས་སྤྱད་བྱ་རྣམ་འགྱུར་གྱི་ཚོགས་ཐམས་ཅད་སྐྱེད་པར་བྱེད་ལ། དེ་ནས་བློས་ཞེན་པའི་དོན་ལ་སྐྱེས་བུས་ཤེས་པར་བྱེད་ཅིང་ལོངས་སྤྱོད་དོ། །གང་གི་ཚེ་སྐྱེས་བུ་དང་ཡོན་ཏན་ཐ་དད་དུ་ཤེས་པས་སྐྱེས་བུ་ཡུལ་ལ་སྲེད་པ་དང་བྲལ་ཏེ་ཐར་པར་གྱུར་པ་དེའི་ཚེ་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་བྱེད་ཞེས་པ་ཡོད་པར་བཏགས་པ་ལ་ཡོན་ཏན་ཅི་ཞིག་ཡོད་དེ། ལོངས་སྤྱོད་བྱ་རྣམ་འགྱུར་གྱི་ཚོགས་རྒྱུ་དང་འབྲས་བུའི་བདག་ཉིད་མཐའ་དག་ཉེ་བར་ཞི་བར་གྱུར་པའི་ཕྱིར་རོ། །ཅི་སྟེ་དེའི་ཚེ་སྐྱེས་བུ་ཤེས་པ་ཡོད་པ་མིན་པ་ལ་རག་གོ་ཞེ་ན། ཤེས་པ་མེད་པའི་སྐྱེས་བུ་ཡོད་པར་བཏགས་པའང་གསལ་བར་ཡོད་པ་མིན་པ་དང་མཚུངས་ཏེ། མེ་དང་ཚ་བ་ལྟར་སྐྱེས་བུ་དང་ཤེས་པ་ནི་ཐ་དད་མེད་པའི་ཕྱིར་རོ། །གལ་ཏེ་གྲོལ་བའི་གནས་སྐབས་ན་ཤེས་པ་དངོས་མེད་ཀྱང་དེའི་ནུས་པ་ཡོད་པའི་ཕྱིར་བདག་ཡོད་དོ་ཞེ་ན། གལ་ཏེ་ཐར་པའི་རྟེན་བདག་གཅིག་ཡོད་ན་དེ་ལ་བརྟེན་པའི་ཤེས་པ་ཡོད་པའི་ས་བོན་ཡང་སྲིད་པ་ཡོད་པ་ཞིག་ན། དེའི་ཚེ་ཤེས་པ་ཡོད་པ་མེད་པས་དེ་དང་ཐ་མི་དད་པའི་བདག་མེད་པས་དེ་ལ་བརྟེན་པའི་ཤེས་པའི་ནུས་པ་ཡང་མི་སྲིད་དོ། །གལ་ཏེ་གྲོལ་བའི་བདག་མེད་ན་ཐར་པ་མེད་པ་དེའི་ཕྱིར་སྲིད་པ་འདི་མི་འཇིག་པར་འགྱུར་བས་མི་འདོད་པ་མང་པོ་ཞིག་ཏུ་འགྱུར་རོ་ཞེ་ན། གལ་ཏེ་ཤེས་པའི་ཚེ་ཐར་པ་ཡོད་པའི་འཇུག་པ་དང་དེའི་ནུས་པ་ཡོད་ན་དེར་བརྟེན་པའི་སྲིད་པའི་འཇུག་པ་ཡོད་དམ་འོན་ཏེ་མེད་ཅེས་ཐེ་ཚོམ་ཟ་བར་འགྱུར་བ་ཞིག་ན། ཐར་པའི་རྟེན་ཤེས་པ་དང་དེའི་ནུས་པ་གང་ཡང་མེད་ན་དེ་ལ་བརྟེན་པའི་སྲིད་པ་ལ་འཇུག་མི་འཇུག་གི་བསམ་པའང་འཐད་པ་ཡོད་པ་མ་ཡིན་ནོ། །དཔེར་ན་ས་བོན་ཚིག་ན་དེ་ལ་བརྟེན་པའི་མྱུ་གུ་ལ་སོགས་པའི་རྒྱུན་མི་འཇུག་པ་བཞིན་དུ་རྣམ་པ་ཐམས་ཅད་དུ་བདག་གི་རྒྱུན་ཙམ་ཞིག་ཀྱང་མི་འཇུག་པར་ཐར་པར་རིགས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཟག་བཅས་ཉེར་ལེན་གྱི་ཕུང་པོ་མ་ལུས་པ་ཡང་མི་འབྱུང་བའི་ཚུལ་དུ་འགགས་པས་སྡུག་བསྔལ་ལས་ཐར་པའི་མྱང་འདས་ཐོབ་པའི་མི་རྣམས་ལ། མྱ་ངན་ལས་འདས་པའི་གནས་སྐབས་ན་རྣམ་པ་ཀུན་ཏུའང་བདག་ཟད་པ་ལེགས་ཞེས་བརྗོད་པར་བྱ་བའི་གྲོལ་བའི་བདག་ཡོད་པ་མ་ཡིན་ཏེ། དེའི་ཚེ་ཕུང་པོ་མ་ལུས་པ་འགགས་པས་དེ་ལ་བརྟེན་ནས་བཏགས་པའི་བདག་མེད་ཅིང་། ཕུང་པོ་ལ་མ་བརྟེན་པར་གཞན་ལས་ཏེ་རྒྱུ་མེད་པའི་བདག་རྟག་པ་ཡོད་པ་མིན་པར་རིགས་པས་ངེས་པ་དེའི་ཕྱིར། འདི་ལྟར་ཐར་པའི་ཚེ་བདག་རྟག་པ་ཡོད་ན་སྔར་དང་ཁྱད་པར་མེད་པའི་ཕྱིར་འཁོར་བ་མི་ལྡོག་པར་འགྱུར་ལ། ཁྱད་པར་ཡོད་ན་རྣམ་པར་འགྱུར་བའི་ཕྱིར་མི་རྟག་པར་འགྱུར་རོ། །

གཉིས་པ་ལ། རྩོད་པ་དགོད་པ་དང་། ལན་བསྟན་པ་གཉིས་ཀྱི་དང་པོ་ནི། གལ་ཏེ་གྲོལ་བའི་གནས་སྐབས་ན་གྲོལ་བའི་བདག་ཀྱང་མེད་ཅིང་དོན་དམ་པའི་མིང་ཅན་མྱ་ངན་ལས་འདས་པའང་འདུ་བྱེད་རྣམས་སླར་མི་འབྱུང་བས་སྡུག་ཀུན་ཟད་པ་ཙམ་དུ་སྨྲ་ན། དེ་འདྲ་བའི་དོན་དམ་དོན་དུ་གཉེར་བས་ཅི་ཞིག་བྱ། དེའི་ཕྱིར་བདག་ལེགས་སུ་འདོད་པས་འཇིག་རྟེན་པ་འདི་ཉིད་ཁས་བླང་བར་བྱ་བླ་ཡི། དོན་དམ་རྣམ་པ་ཀུན་ཏུ་ཁས་བླང་བྱ་མ་ཡིན་ཏེ། འཇིག་རྟེན་པ་ལ་བུམ་པ་དང་སྣམ་བུ་ལ་སོགས་པ་ལ་བརྟེན་ནས་བཏགས་པ་ཅུང་ཟད་ཅིག་ཡོད་ཅིང་། དམ་པའི་དོན་ལ་འཁོར་འདས་གང་ཡང་ཡོད་པ་མ་ཡིན་པའི་ཕྱིར། དེ་བས་མིག་ནད་བྱུང་དུ་དོགས་པས་མིག་འབྱིན་པ་རྗེས་སུ་མི་བསྒྲུབ་ཀྱི། ནད་སེལ་བར་བྱེད་པ་དེ་བཞིན་དུ་འཁོར་བའི་སྡུག་བསྔལ་ལ་ཡིད་འབྱུང་བས་ཀྱང་སྡུག་བསྔལ་ཙམ་བཏང་བ་མཆོག་ཡིན་གྱི། ཐམས་ཅད་མེད་པ་ནི་མ་ཡིན་ནོ་ཞེས་སོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དངོས་པོ་རྟག་པ་དགག་པ་བསྒོམ་པ་བསྟན་པ་སྟེ། རབ་ཏུ་བྱེད་པ་དགུ་པའི་འགྲེལ་པའོ།།། །།

ལེའུ་བཅུ་པའི་རྣམ་བཤད།

གཉིས་པ་ལ་བདག་དགག་པ་དང་། བདག་མེད་ལ་ཆད་པའི་ཉེས་པ་སྤང་བ་གཉིས་ཀྱི། དང་པོ་ལ། སོ་སོར་དགག སྤྱིར་དགག་པ་གཉིས་ཀྱི། དང་པོ་ལ་ལྔ་ཡོད་པའི། དང་པོ་བྱེ་བྲག་པའི་བདག་དགག་པ་ལ། ངོ་བོ་དགག སྒྲུབ་བྱེད་དགག་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་བདག་ཅེས་བྱ་བ་འགའ་ཞིག་རང་གི་ངོ་བོས་ཡོད་ན། མྱ་ངན་ལས་འདས་པར་དེ་མ་མཐོང་བས་ཆད་པས་འཇིགས་པའི་ཕྱིར་འཇིག་རྟེན་པ་འདི་ཉིད་བླའི་ཞེས་སོགས་སུ་འགྱུར་བ་ཞེ་ན། བདག་རང་གི་ངོ་བོས་སྲིད་པ་མ་ཡིན་ནོ། །གལ་ཏེ་ཡོད་ན་དེ་ངེས་པར་སྐྱེས་པའམ་བུད་མེད་དམ་མ་ནིང་ཞིག་ཏུ་འགྱུར་གྲང་སྟེ། རྟོག་པ་གཞན་མེད་པའི་ཕྱིར། མུ་སྟེགས་པ་རྣམས་ནི་བདག་གཉིས་སྨྲ་སྟེ། འདི་ལྟར་ནང་དང་ཕྱིའི་བདག་གོ །དང་པོ་ལུས་ཀྱི་ཁོང་ན་གནས་ཤིང་དབང་པོའི་ཚོགས་ཡུལ་ལ་འཇུག་པར་བྱེད་པ་ནང་གི་བྱེད་པའི་སྐྱེས་བུ་ངར་འཛིན་གྱི་ཡུལ་དུ་གྱུར་པ་དགེ་མི་དགེའི་འབྲས་བུ་ཟ་བ་པོར་གྱུར་པའོ། །ཕྱིའི་བདག་ནི་ལུས་དང་དབང་པོ་འདུས་པའི་ངོ་བོ་ཅན་ནང་གི་བདག་ལ་ཕན་འདོགས་སོ། །གལ་ཏེ་ནང་གི་བདག་བུད་མེད་དུ་རྟོག་ན་རང་གི་ངོ་བོ་མི་འདོར་བའི་ངོ་བོ་ཡིན་པའི་ཕྱིར་ཚེ་གཞན་དུ་བརྗེས་ཀྱང་གཞན་ལ་མི་བརྟེན་པས་རྟག་ཏུ་བུད་མེད་ཉིད་དུ་འགྱུར་ན་དེ་ལྟར་ཡང་ནི་མ་ཡིན་ཏེ། འཆོལ་བ་ཡང་དམིགས་པའི་ཕྱིར་དང་། བུད་མེད་ཉིད་ལ་སོགས་པ་བདག་གི་ཡོན་ཏན་དུ་མེད་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་གང་གི་ཚེ་ནང་བདག་བུད་མེད་མ་ཡིན་ལ། ཇི་སྐད་བཤད་པའི་གཏན་ཚིགས་ཀྱིས་སྐྱེས་པ་མ་ཡིན་ལ། མ་ནིང་ཡང་མ་ཡིན་པ་དེའི་ཚེ་མི་ཤེས་པ་གཏི་མུག་གི་དབང་འབའ་ཞིག་ལས་ཁྱོད་བདག་ནི་ཕོའོ། །མོའོ། །མ་ནིང་ངོ་སྙམ་དུ་སེམས་ཏེ། དཔེར་ན་ཐག་པ་རང་གི་ངོ་བོ་མ་ཤེས་པས་སྦྲུལ་དུ་རྟོག་པ་བཞིན་ནོ། །གལ་ཏེ་སྐྱེས་པ་ལ་སོགས་པ་ནི་ཕྱིའི་རྟགས་ཡིན་ལ། དེ་དང་འབྲེལ་བ་ལས་ནང་གི་བདག་ཀྱང་སྐྱེས་པ་སོགས་སུ་རྟག་གོ་ཞེ་ན། གང་གི་ཚེ་ཕྱིའི་བདག་ལུས་རྩོམ་བྱེད་འབྱུང་བ་ཆེན་པོ་བཞི་པོ་ཐམས་ཅད་ལ་ནི་ཕོ་མོ་མ་ནིང་རང་གི་ངོ་བོས་ཡོད་པ་མ་ཡིན་ཏེ། ཡོད་ན་དེ་དག་གི་རང་བཞིན་རྗེས་སུ་བྱེད་པའི་ཕྱིར་ལུས་ཐམས་ཅད་ལ་རྟགས་ངེས་པར་འགྱུར་ལ། ནུར་ནུར་པོ་ལ་སོགས་པ་ཡང་འབྱུང་བ་ཡོད་པས་དེ་དག་གི་རང་བཞིན་གྱི་ཕོ་མོ་ལ་སོགས་པའི་རྟགས་དམིགས་པར་འགྱུར་ན། འདིར་ནི་དེ་ལྟར་ཡང་མ་ཡིན་ནོ། །དེ་ལྟར་ཡིན་པ་དེའི་ཚེ་ཅི་སྟེ་ཕྱིའི་བདག་འབྱུང་བ་དེ་དག་ཉིད་ལ་བརྟེན་ནས་ཕོ་མོ་མ་ནིང་དུ་འགྱུར་བ་ཡིན་ཏེ་མི་རིགས་སོ། ཁྱོད་ཀྱང་ལུས་ཀྱི་འབྱུང་བ་ལ་བརྟེན་ནས་ཕོ་མོ་ལ་སོགས་སུ་འདོགས་པ་ཐལ་བ་མཚུངས་སོ་ཞེ་ན། ཁོ་བོ་ཅག་ནི་རྟེན་ཅིང་འབྲེལ་འབྱུང་ཡིན་པའི་ཕྱིར་འབྱུང་བ་རྣམས་རང་བཞིན་མེད་པ་ཡིན་ལ། རང་བཞིན་མེད་པ་ལའང་འཕྲུལ་འཁོར་དང་སྒྱུ་མའི་སྐྱེས་པ་དང་བུད་མེད་སོགས་ལྟར་རྟགས་མེད་པ་ཕྱིས་རྟགས་དང་ལྡན་པ་མི་འགལ་བས་གནས་སྐབས་ཐམས་ཅད་དུ་རྟགས་ངེས་པའི་ཉེས་པ་མེད་དོ། ཁྱེད་འབྱུང་བ་རང་བཞིན་དང་བཅས་པར་སྨྲ་བ་ལ་རང་བཞིན་གཞན་དུ་འགྱུར་བ་མི་རིགས་པས་རང་བཞིན་ཇི་ལྟ་བ་བཞིན་དུ་རྟགས་ངེས་པར་ཐལ་བར་འགྱུར་རོ། །

གཞན་ཡང་འཇིག་རྟེན་ན་མེའི་ཚ་བ་ནི་འགའ་ལའང་ཚ་བ་མ་ཡིན་པ་མེད་པ་བཞིན་དུ་སྟེ། བདག་རང་གི་ངོ་བོས་ཡོད་ན་སྐྱེས་བུ་གཅིག་གི་བདག་གང་ཡིན་པ་དེ་ཀུན་གྱི་བདག་ཏུའང་འགྱུར་དགོས་ན་ཁྱོད་ཀྱི་ངར་འཛིན་ཡུལ་གྱི་བདག་གང་ཡིན་པ་དེ་ནི་ངའི་བདག་མིན་ཏེ་ཁོ་བོ་ཅག་གི་ངར་འཛིན་གྱི་ཡུལ་མ་ཡིན་པའི་ཕྱིར་དང་། བདག་ཏུ་ཆགས་པའི་ཡུལ་མ་ཡིན་པའི་ཕྱིར། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་ཁྱོད་ཀྱི་ངར་འཛིན་གྱི་ཡུལ་དེ་རང་གི་དངོས་པོ་བདག་མིན་ཏེ། ཀུན་གྱི་བདག་འཛིན་གྱི་ཡུལ་མ་ངེས་པའི་ཕྱིར་རོ། །གལ་ཏེ་བདག་མེད་ན་ངར་འཛིན་དང་བདག་ལ་ཆགས་པ་འདི་གཉིས་རྒྱུ་གང་ལས་འབྱུང་ཞེ་ན། ཇི་སྐད་བཤད་པའི་ཚུལ་གྱིས་ཕུང་པོ་ལས་ཐ་དད་པའི་བདག་མ་དམིགས་པའི་ཕྱིར། ཇི་ལྟར་ཤིང་རྟའི་ཡན་ལག་རྣམས་ལ་བརྟེན་ནས་ཤིང་རྟར་འདོགས་པ་དེ་བཞིན་དུ་གཟུགས་ལ་སོགས་པའི་དངོས་པོ་མི་རྟག་པ་རང་བཞིན་མེད་པ་རྣམས་ལ་བརྟེན་ནས་བདག་དང་སེམས་ཅན་དང་སྲོག་དང་སྐྱེ་བ་པོ་དང་ཤེད་ལས་སྐྱེས་པ་དང་བྱེད་པ་པོ་དང་ཚོར་བ་པོ་ལ་སོགས་པ་བདག་གོ་སྙམ་དུ་ལོག་པར་རྟོག་པ་སྐྱེ་བར་འགྱུར་བ་མ་ཡིན་ནམ་སྟེ་ཡིན་པ་ཁོ་ནའོ། །

གཉིས་པ་བདག་སྒྲུབ་བྱེད་དགག་པ་ལ་གསུམ་གྱི། དང་པོ་འཇུག་ལྡོག་གི་རྒྱུ་ཡིན་པ་དགག་པ་ནི། གལ་ཏེ་བདག་ནི་རང་གི་ངོ་བོས་ཡོད་དེ། འཁོར་བར་འཇུག་པ་དང་ལྡོག་པའི་རྒྱུ་ཡིན་པའི་ཕྱིར། གལ་ཏེ་བདག་མེད་ན་སུ་ཞིག་དགེ་མི་དགེའི་ལས་བྱས་ནས་དེའི་འབྲས་བུ་མྱོང་ཞིང་འཁོར་བར་འཁོར་བར་འགྱུར། སུ་ཞིག་ཐར་ལམ་ལ་འབད་པར་བྱས་ནས་གྲོལ་བར་འགྱུར། དེའི་ཕྱིར་བདག་རང་གི་ངོ་བོ་ཡོད་དོ་ཞེ་ན། བདག་ཚེ་རབས་གཞན་དང་གཞན་དུ་འཁོར་བར་སྨྲ་ན། ཅི་བདག་འདི་ཚེ་རབས་གཞན་དུ་ལུས་ཀྱི་ཁྱད་པར་གྱི་རྗེས་སུ་བྱེད་དམ་མི་བྱེད། མི་བྱེད་ན་ནི་ལུས་ཀྱི་རྗེས་སུ་མི་བྱེད་པའི་བདག་འཁོར་བར་བརྟགས་པ་དོན་མེད་དོ། །ཅི་སྟེ་རྗེས་སུ་བྱེད་ན་སྐྱེ་བ་དང་སྐྱེ་བར་ལུས་གཞན་དང་གཞན་དུ་འགྱུར་བ་བཞིན་དུ་སྐྱེས་བུའང་རྣམ་པར་འགྱུར་བར་འགྱུར་ཏེ། ལུས་ཇི་ལྟ་བའི་རྗེས་སུ་བྱེད་པའི་ཕྱིར་རོ། །དེའི་ཕྱིར་ཁྱོད་ཀྱི་བདག་དེ་ལ་ལུས་ལས་གཞན་ཉིད་དུ་མི་འཐད་དེ། ལུས་ཀྱི་རྣམ་པ་འགྱུར་བས་རྗེས་སུ་བྱེད་པའི་ཕྱིར་རོ། །དཔེར་ན་ལུས་ཀྱི་ཕྱོགས་གཅིག་བཞིན། རྟག་པ་ཉིད་དུའང་མི་རིགས་ཏེ། ལུས་ལས་གཞན་མ་ཡིན་པའི་ཕྱིར། ལུས་རང་གི་བདག་ཉིད་བཞིན་ནོ། །གཉིས་པ་ལུས་སྐུལ་བྱེད་ཡིན་པ་དགག་པ་ལ་དངོས་དང་། ཞར་ལ་བདག་རྟག་པ་ལ་གནོད་བྱེད་བརྗོད་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་བདག་མེད་ན་སྐུལ་བྱེད་མེད་པས་ལུས་ཀྱི་གཡོ་བ་དང་བརྐྱང་བསྐུམ་ལ་སོགས་པ་མེད་པར་འགྱུར་ན་དེའི་ཕྱིར་ཤིང་རྟ་སྐུལ་བྱེད་ལྷ་སྦྱིན་ལྟར་ལུས་སྐུལ་བྱེད་ནང་གི་བྱེད་པ་པོའི་སྐྱེས་བུའང་ཁས་བླང་དགོས་སོ་ཞེ་ན། དེའང་མི་རིགས་ཏེ། ཤིང་རྟ་ནི་རེག་པ་དང་ལྡན་པ་ཁོ་ནས་སྐུལ་བར་བྱེད་ཀྱི་མི་ལྡན་པས་མ་ཡིན་ནོ། ཁྱོད་ཀྱིས་ཡོངས་སུ་བརྟགས་པའི་བདག་ཀྱང་རེག་པ་དང་མི་ལྡན་པ་ཞིག་སྟེ། དུས་ལྟར་ལུས་མེད་པའི་ཕྱིར་རོ། །གང་ལ་རེག་པ་དང་མི་ལྡན་པའི་དངོས་པོ་ལས་དངོས་པོ་གཞན་བསྐུལ་བ་ཞེས་བྱ་བ་མི་སྐྱེ་སྟེ། ནམ་མཁའ་བཞིན། དེའི་ཕྱིར་ལུས་ཀྱི་བརྐྱང་བསྐུམ་ལ་སོགས་པའི་གཡོ་བ་སོགས་ཏེ་བདག་ནི་བྱེད་པ་པོར་མི་འགྱུར་རོ། །དེའི་ཕྱིར་ལུས་ཀྱི་གཡོ་བ་ལས་བདག་རྗེས་སུ་དཔོག་པ་མི་རིགས་སོ། །གལ་ཏེ་ཁྱོད་ཀྱིས་ཀྱང་རེག་པ་དང་མི་ལྡན་པའི་སེམས་ལུས་ཀྱི་སྐུལ་བ་པོར་ཁས་བླངས་པ་མ་ཡིན་ནམ། ཇི་སྐད་དུ་སྔར། སེམས་མ་རྟོགས་པ་འགྲོ་སོགས་ལ། །གང་ཕྱིར་བསོད་ནམས་ལ་སོགས་ལ། །མ་མཐོང་དེ་ཕྱིར་ལས་ཀུན་ལ། །ཡིད་ནི་དོན་པོར་བརྗོད་པར་བྱ། །ཞེས་བཤད་པས་སོ། །དེ་བས་ན་ཁྱེད་ལ་ཉེས་པ་མཚུངས་སོ་ཞེ་ན། ཁོ་བོས་ནི་སེམས་རེག་པ་དང་མི་ལྡན་པ་ཁས་མ་བླངས་ཏེ། ཡུལ་དབང་རྣམ་ཤེས་གསུམ་ཕྲད་པའི་མཚན་ཉིད་ཀྱི་སེམས་བྱུང་རེག་པ་ཡོད་པས་རྣམ་ཤེས་ལུས་དང་ལྡན་པའི་ཕྱིར་ལུས་སྐུལ་བ་པོར་འགྱུར་རོ། ཁྱོད་ཀྱིས་ནི་བདག་རེག་པ་དང་ལྡན་པར་ཁས་མ་བླངས་པས་མི་མཚུངས་སོ། །ཡང་ན་སེམས་ནི་ཆོས་ཀུན་གྱི་རྒྱུ་ཡིན་པ་ཉིད་ཀྱིས་དེ་ལས་སྐྱེས་པའི་རླུང་གི་ཁམས་རེག་པ་དང་ལྡན་པ་ཡིན་ལ་དེས་བསྐུལ་བས་རླུང་གི་ཁམས་རེག་པ་དང་ལྡན་པ་ཡིན་ནོ་ཞེས་བྱ་བར་རིགས་སོ། །གཉིས་པ་ནི། གལ་ཏེ་བདག་རྟག་པ་ཡིན་ན་དེ་ལ་དུག་དང་མཚོན་ལ་སོགས་པས་རྣམ་པ་ཐམས་ཅད་དུ་གནོད་པ་བྱར་མེད་དེ་དཔེར་ན་གནོད་པའི་དོགས་པ་མེད་པའི་རྡོ་རྗེ་ནི་རྣམ་པ་ཀུན་ཏུ་ཤིང་གི་སྲིན་བུ་ལས་བསྲུང་བྱར་མི་འགྱུར་བ་བཞིན་ནོ། །དེའི་ཕྱིར་བདག་ལ་གནོད་པ་བསྲུང་བའི་མི་འཚེ་བ་ཆོས་སུ་བསྟན་པ་དང་བདག་རྟག་པ་འདི་ལ་མི་འགལ་བའི་རྒྱུ་མཚན་ནི་ཅི་ཡོད་སྙམ་སྟེ། འགལ་བ་ཁོ་ན་ཡིན་པས་རྟག་པའི་བདག་ཁས་མི་བླང་བའམ་ཡང་ན་རྒྱུ་མཚན་གཞན་ཞིག་བརྗོད་དགོས་ན་དེ་ཡང་མ་བརྗོད་པས་འདི་ནི་མི་རིགས་སོ། །

གསུམ་པ་བདག་རྟག་པའི་སྒྲུབ་བྱེད་དགག་པ་ནི། གལ་ཏེ་བདག་རྟག་པ་ཁོ་ན་སྟེ་སྐྱེ་བ་དྲན་པ་ཡོད་པའི་ཕྱིར་རོ། །འདུ་བྱེད་སྐྱེས་མ་ཐག་ཏུ་འཇིག་པ་རྣམས་ནི་ཚེ་རབས་གཞན་དུ་དྲན་པ་མི་རིགས་ལ། བདག་རྟག་པ་ཡོད་ན་དེ་ཉིད་ཚེ་རབས་གཞན་དུ་རྒྱུ་བས་དྲན་པ་རིགས་སོ་ཞེ་ན། དེའང་མི་རིགས་ཏེ་འདི་ལྟར། འདི་ན་སྐྱེ་བ་སྔ་མ་ལ་མཚོན་བསྣུན་ཏེ་ཤི་བ་འགའ་ཞིག་སྐྱེ་བ་འདིར་ཡང་སྔོན་གྱི་རྨའི་ཤུལ་རྨེན་པ་བྱུང་བ་མཐོང་ཞིང་སྐྱེ་བ་དྲན་ནས་སྔོན་ཁོ་བོའི་ལུས་ལ་མཚོན་བསྣུན་པ་འདི་ཡིན་ནོ་ཞེས་སྔོན་གྱི་བྱུང་མཐའ་རྗེས་སུ་སྟོན་པ་མཐོང་སྟེ། དེའི་ཕྱིར་གལ་ཏེ་སྔོན་ཁོ་བོ་འདི་དང་འདི་ལྟ་བུར་གྱུར་ཏོ་ཞེས་སྐྱེ་བ་དྲན་པ་ཡོད་པའ་ིཕྱིར་ཁྱོད་ཀྱི་བདག་རྟག་པར་སྨྲ་ན། སྔོན་བྱས་པའི་ལུས་ཀྱི་རྨའི་རྨེན་པ་མཐོང་ནས་སྔོན་གྱི་ལུས་ཀྱི་བྱུང་མཐའ་རྗེས་སུ་དྲན་པ་ཡོད་པའི་ཕྱིར། ཁྱོད་ཀྱི་ལུས་ཀོ་ཅིས་མི་རྟག་པ་ཡིན་ཏེ་རྟག་པ་ཁོ་ནར་འགྱུར་རོ། །དེས་ན་སྔོན་གྱི་ལུས་དང་ད་ལྟར་གྱི་ལུས་རྒྱུ་དང་འབྲས་བུ་ཉིད་ཀྱིས་གཞན་དུ་མི་འཐད་པའི་ཕྱིར། ད་ལྟར་གྱི་ལུས་ལ་དམིགས་ནས་སྔོན་གྱི་བྱུང་མཐའ་རྗེས་སུ་དྲན་པ་ལྟར། སྔོན་གྱི་ཕུང་པོ་ལ་བརྟེན་ནས་བཏགས་པའི་གང་ཟག་དང་ད་ལྟར་གྱི་བདག་གཞན་མ་ཡིན་པའི་ཕྱིར་སྐྱེ་བ་རྗེས་སུ་དྲན་པ་མི་རིགས་སོ། །གཞན་ཡང་བདག་འདི་རང་གི་ངོ་བོས་སྐྱེ་བ་དྲན་པར་མི་རིགས་ཏེ། སེམས་མེད་པའི་ངོ་བོ་ཡིན་པའི་ཕྱིར། ཅི་སྟེ་སེམས་པ་དང་ལྡན་པའི་ལས་ཡིན་པར་རྟོག་ན་དེ་ཡང་མི་རིགས་ཏེ། རང་གི་ངོ་བོ་བཏང་བར་འགྱུར་བའི་ཕྱིར། འདི་ལྟར། བློ་ལ་སོགས་པའི་སེམས་པ་ཅན་ཡོན་ཏན་དང་ལྡན་པས་བདག་ཀྱང་གལ་ཏེ་ཤེས་པ་པོ་ཉིད་ཡིན་ན། འོ་ན་བདག་དེའི་ཡོན་ཏན་སེམས་པ་ཅན་ཡང་བདག་སེམས་མེད་དང་ལྡན་པའི་ཕྱིར་སེམས་པ་ཅན་མིན་པར་འགྱུར་ཞིང་། བདག་མེད་བློ་ལ་སོགས་པའི་སེམས་པ་ཅན་གྱི་ཡོན་ཏན་དང་ལྡན་པས་དེ་ནི་རྗེས་སུ་མཐུན་པ་སྐྱེ་བ་དྲན་པ་སོགས་སུ་འགྱུར་ན་སྐྱེས་བུ་སྟེ་བདག་དེའང་རྟག་པར་མི་འགྱུར་ཏེ། རྣམ་པར་འགྱུར་བའི་ཕྱིར་རོ། །གཞན་ཡང་སྲོག་གམ་བདག་འདི་བདེ་སྡུག་བཏང་སྙོམས་སོགས་ཀྱི་ཡོན་ཏན་དང་ལྡན་པའི་ཚེ་ཇི་ལྟར་བདེ་སྡུག་བཏང་སྙོམས་སོགས་ཡོན་ཏན་རྣམས་ཐ་དད་པ་བཞིན་དུ་དེ་དག་དང་འབྲེལ་བའི་བདག་ཀྱང་མི་འདྲ་བ་སྣ་ཚོགས་པར་མཐོང་དགོས་ཏེ། གཞན་དུ་ན་བདེ་སོགས་ཡོན་ཏན་ཐ་དད་དུ་བཏགས་པ་ལ་དགོས་པ་མེད་པའི་ཕྱིར་རོ། །གང་གི་ཕྱིར་བདེ་སོགས་དང་འབྲེལ་བ་ན་དེ་དག་དང་རྗེས་སུ་མཐུན་པར་སྐྱེས་པ་དེའི་ཕྱིར་བདེ་སོགས་མི་རྟག་པ་བཞིན་དུ་བདག་ཀྱང་རྟག་པ་ཉིད་དུའང་མི་རུང་ངོ་། །འང་ཞེས་པས་བྱེད་པ་པོ་དང་ཟ་བ་པོ་དང་གཅིག་ཉིད་ལ་སོགས་པ་ཐམས་ཅད་སེལ་བའོ། །

གཉིས་པ་གྲངས་ཅན་པའི་བདག་དགག་པ་ནི། གང་གི་ལྟར་ན་སྐྱེས་བུ་སེམས་པ་ཅན་མ་ཡིན་པ་དེའི་ལྟར་ན་ཉེས་པ་འདི་འགྱུར་གྱི། ཁོ་བོ་ཅག་ལྟར་ན་སྐྱེས་བུ་ཤེས་པ་ཡོད་པའི་རང་བཞིན་ཡིན་པའི་ཕྱིར་མི་འདོད་པ་ཅི་ཡང་མེད་དོ་ཞེ་ན། དེ་ཡང་མི་རིགས་ཏེ། འདི་ལྟར། གལ་ཏེ་ཡུལ་ལ་ལོངས་སྤྱོད་བྱེད་ཀྱི་སྐྱེས་བུའི་རང་བཞིན་གྱི་ཤེས་པ་ཡོད་ན་རྟག་པ་ཉིད་ཡིན་ན། འོ་ན་དེས་ཡུལ་ལ་ལོངས་སྤྱོད་པ་ན་མིག་ལ་སོགས་པའི་བྱེད་པ་ལོག་ཅིང་དོན་མེད་པར་འགྱུར་ཏེ། དེའི་རང་གི་ངོ་བོ་རྟག་ཏུ་ཡོད་པའི་ཕྱིར་གང་ལ་བུད་ཤིང་མེད་པར་མེ་མི་འབྱུང་བ་དེ་ལ་མེའི་ཆེད་དུ་བུད་ཤིང་དོན་ཡོད་ཀྱི། གལ་ཏེ་བུད་ཤིང་མེད་པར་མེ་རྟག་ཏུ་འབྱུང་བར་འགྱུར་ན་བུད་ཤིང་དག་གིས་དོན་ཡོད་པར་མི་འགྱུར་རོ། །གལ་ཏེ་སྐྱེས་བུ་ནི་ཤེས་པ་ལ་ཡོད་པའི་ནུས་པའི་ངོ་བོ་ཡིན་ལ། དེ་ཡང་ཡུལ་ལ་ལོངས་སྤྱོད་པ་པོ་ཡིན་ནོ། །ཡུལ་ལ་ལོངས་སྤྱོད་པའི་བྱ་བའི་བདག་ཉིད་ནི་ཤེས་པ་ཡོད་པའི་ངོ་བོ་ཡིན་ལ། དེ་ཡང་མིག་ལ་སོགས་པའི་བྱེད་པ་ལ་ལྟོས་པ་ཡིན་པས་ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཞེ་ན། གལ་ཏེ་ཤེས་པ་ཡོད་པ་བྱ་བའི་བདག་ཉིད་ཡིན་ན། འདི་བྱ་བའི་ཆོས་ལས་མ་འདས་པར་འགྱུར་ལ། དེ་ལྟར་ན་ཇི་ལྟར་ལྗོན་ཤིང་གི་རྫས་ལ་བརྟེན་པའི་བྱ་བ་རླུང་གིས་བསྐྱོད་པའི་གཡོ་བ་ནི་ལྗོན་ཤིང་མ་ཞིག་པའི་གོང་དུའང་གཞན་དུ་གཡོ་བར་འགྱུར་བ་བཞིན་དུ་ཡུལ་ལ་ལོངས་སྤྱོད་པའི་བདག་ཉིད་ཤེས་པ་ཡོད་པ་འདི་ཡང་རྫས་སྐྱེས་བུ་མ་ཞིག་གོང་དུའང་མེད་པར་འགྱུར་ན།དེ་ཡང་མི་རིགས་ཏེ། ཡུལ་ལ་ལོངས་སྤྱོད་པའི་བདག་ཉིད་ཤེས་པ་ཡོད་པ་ནི་སྐྱེས་བུའི་རང་གི་ངོ་བོ་དང་ཐ་མི་དད་པའི་ཕྱིར་རོ། །དེ་བས་ན་ཇི་ལྟར་བྱ་བ་རྫས་ལ་བརྟེན་པ་དང་རྫས་མ་ཞིག་གོང་དུ་གཡོ་བ་ཇི་བཞིན་དུ་རྫས་ནི་རྫས་གཞན་ལ་མི་བརྟེན་ཅིང་རང་སྐྱེས་ནས་འཇིག་གི་བར་དུ་གཡོ་བ་མེད་ལ། ལོངས་སྤྱོད་པའི་བདག་ཉིད་ཀྱི་ཤེས་པ་ཡོད་པའང་རྫས་སྐྱེས་བུའི་རང་བཞིན་ཡིན་པ་དེས་ན་ཡུལ་ལ་ལོངས་སྤྱོད་པའི་སྔར་སྐྱེས་བུ་ཡོད་ལ། ཡུལ་ལ་ལོངས་སྤྱོད་བྱེད་ཤེས་པ་ཡོད་པ་ཉིད་མེད་པས། དེ་བསྒྲུབ་པ་ལ་མིག་ལ་སོགས་པའི་བྱེད་པ་དོན་ཡོད་ཅེས་བྱ་བར་མི་རིགས་སོ། །གལ་ཏེ་ཡུལ་ལ་ལོངས་སྤྱོད་པའི་སྔ་རོལ་ན་ཤེས་པ་ཡོད་པ་ཉིད་མེད་ཀྱང་། དེའི་ནུས་པ་ཡོད་པས་སྐྱེས་བུ་ཡོད་དོ་ཞེ་ན། ཇི་ལྟར་ཡུལ་ལ་ལོངས་སྤྱོད་པའི་ཚེ་ཤེས་པ་ཡོད་པ་ཉིད་ལས་ཐ་དད་པའི་སྐྱེས་བུ་མ་མཐོང་བ་ལྟར་ཡུལ་ལ་ལོངས་མི་སྤྱོད་པའི་ཚེ་ཡང་ཤེས་པ་ཡོད་པ་ལས་ཐ་དད་པའི་སྐྱེས་བུ་མེད་པས་དེའི་ཚེ་སྐྱེས་བུའི་རྟེན་ཅན་ནུས་པའང་མེད་དོ། །གཞན་ཡང་སྐྱེས་བུ་འདི་ཤེས་པ་ཡོད་པ་གསལ་བའི་རང་བཞིན་ལས་སྔར་ཤེས་པ་ཡོད་པ་ནུས་པའི་ངོ་བོར་གནས་པར་རྟོགས་ན། ཁྱོད་ཅི་ཤེས་པ་ཡོད་པའི་གནས་སྐབས་ལས་གཞན་སྔ་རོལ་དུ་ཤེས་པ་ཡོད་པའི་ཁམས་མཐོང་ཞིང་། ཤེས་པ་ཡོད་པའི་ཁམས་ཀྱི་གནས་སྐབས་ལས་གཞན་ཤེས་པ་ཡོད་པ་ཉིད་མཐོང་སྟེ། དཔེར་ན་ལྕགས་ཞུ་བ་དེ་ཉིད་ཕྱིས་ལྕགས་ཀྱི་གོང་བུར་འགྱུར་བ་བཞིན་དུ་སྔར་གྱི་ཤེས་པ་ཡོད་པའི་ཁམས་དེ་ཉིད་ཕྱིས་ཤེས་པ་ཡོད་པ་གསལ་བའི་ངོ་བོར་གྲུབ་པ་དེའི་ཕྱིར་སྐྱེས་བུ་རྣམ་པར་འགྱུར་ལ་རྣམ་པར་འགྱུར་བའི་ཕྱིར་བདག་ལ་རྟག་པ་མེད་དོ་ཞེས་བྱ་བར་གྲུབ་བོ། །

གསུམ་པ་རིགས་པ་ཅན་གྱི་བདག་དགག་པ་ནི། གཞན་དག་ན་རེ། ཁོ་བོ་ཅག་གི་སྐྱེས་བུ་ནི་ཤེས་པ་ཡོད་པའི་ངོ་བོ་མ་ཡིན་གྱི། འོ་ན་ཅི་ཞེ་ན། བདག་གི་ཕྱོགས་རྡུལ་ཕྲན་ཙམ་ཞིག་ཡིད་དང་ལྡན་ལ། དེ་ལས་ཤེས་པ་སྐྱེའོ། །དེས་ན་ཤེས་པ་ཡོད་པ་ནི་ཡིད་དང་ལྡན་པ་ཙམ་ཞིག་ལ་ཡིན་གྱི་ཐམས་ཅད་ལ་མ་ཡིན་ཏེ། སྐྱེས་བུ་ནི་ཐམས་ཅད་ལ་ཁྱབ་པས་ནམ་མཁའ་བཞིན་དུ་ཆེ་བའི་ཕྱིར་ཞེ་ན། ཤེས་ཡོད་ཡིད་ཙམ་ཞིག་ལ་ཡིན་ཞིང་། སྐྱེས་བུ་ནམ་མཁའ་བཞིན་དུ་ཆེ་བ་དེའི་ཕྱིར་བདག་དེའི་ངོ་བོ་ནི་ཤེས་པ་ཡོད་པ་ཉིད་མིན་པ་ལྟར་མཐོང་། རྡུལ་ཕྲན་ཙམ་གྱི་ཕྱོགས་དང་ཤེས་པ་འབྲེལ་བས་སྐྱེས་བུ་ཤེས་པ་དང་བཅས་པར་མི་འགྱུར་ཏེ། རྡུལ་ཕྲན་ཙམ་གྱི་ལན་ཚྭ་དང་འབྲེལ་བས་གངྒཱའི་ཆུ་ལན་ཚྭ་དང་བཅས་པར་བརྗོད་མི་ནུས་པ་བཞིན་ནོ། །གཞན་ཡང་གལ་ཏེ་བདག་འདི་སྐྱེས་བུ་ཀུན་ལ་ཁྱབ་པར་ཡོད་པ་རང་བཞིན་གྱི་བདག་ལ་ཁྱད་པར་མེད་པའི་ཕྱིར། སྐྱེས་བུ་གཞན་གྱི་བདག་ལའང་རང་གི་རང་ངམ་བདག་ཏུ་ཅིས་དེར་མི་རྟོགས། གཞན་གྱི་བདག་དེ་ཉིད་ཀྱིས་བསྒྲིབས་ནས་མི་མཐོང་ངོ་ཞེ་ན། གཞན་གྱི་བདག་དེ་ཉིད་རང་གི་བདག་ཉིད་ཡིན་ན་རང་གིས་བདག་དེ་ཉིད་ལ་སྒྲིབ་པ་ཞེས་བྱ་བར་མི་འཐད་དོ། །དེའི་ཕྱིར་བདག་ཐམས་ཅད་དུ་ཁྱབ་པ་མི་རིགས་སོ། །བཞི་པ་ཡོན་ཏན་བྱེད་པ་པོ་ཡིན་པ་དགག་པ་ནི། འདིར་གྲངས་ཅན་པ་དག་རྡུལ་མུན་པ་སྙིང་སྟོབས་གསུམ་པོ་ནི་ཡོན་ཏན་ནོ། །དེ་གསུམ་ཆ་མཉམ་པའི་གནས་སྐབས་ནི་གཙོ་བོ་དང་། རྣམ་འགྱུར་སྐྱེད་པའི་ཚེ་རང་བཞིན་ཞེས་བྱའོ། །གང་གི་ལྟར་ན་ཡོན་ཏན་གསུམ་གྱི་བདག་ཉིད་ཀྱི་རང་བཞིན་སྐྱེས་བུ་ཡུལ་ལ་ལོངས་སྤྱོད་པར་འདོད་པར་རིགས་ན། ཇི་སྐད་དུ། རང་བཞིན་ལས་ཆེན་དེ་ལས་ང་རྒྱལ་ཏེ། །དེ་ལས་ཚོགས་ནི་རྣམ་པ་བཅུ་དྲུག་འབྱུང་། །བཅུ་དྲུག་པོ་ནི་དེ་དག་རྣམས་ལ་ཡང་། །དེ་ཙམ་ལྔ་ལས་འབྱུང་བ་ཆེན་པོ་ལྔ། །ཞེས་པ་ལྟར་རྣམ་འགྱུར་གྱི་ཚོགས་མཐའ་དག་སྐྱེད་པའི་བྱེད་པོ་དང་། སེམས་མེད་པས་རྣམ་པ་ཀུན་ཏུ་ཤེས་པ་ཡོད་པ་མ་ཡིན་ནོ་ཞེས་སྨྲ་བའི་གྲངས་ཅན་དེ་དག་དང་ནི་སྨྱོན་པ་ལ་ཁྱད་པར་ཅི་ཡང་ཡོད་པ་མ་ཡིན་ཏེ། བློ་ཕྱིན་ཅི་ལོག་གི་ཀུན་ནས་བསླང་སྟེ་ཡོད་པ་མ་ཡིན་པའི་དོན་རྡོལ་ཐབས་སུ་སྨྲ་བའི་ཕྱིར་རོ། །འདི་ལྟར་སེམས་མེད་པ་དང་ཀུན་གྱི་བྱེད་པ་པོར་སྨྲ་བ་ནི་ཤིན་ཏུ་འགལ་བ་ཡིན་ནོ། །གཞན་ཡང་རྡུལ་མུན་པ་སྙིང་སྟོབས་གསུམ་གྱི་རང་བཞིན་ཡོན་ཏན་རྣམས་ཀྱིས་རྣམ་པ་ཀུན་ཏུ་ཁྱིམ་ལ་སོགས་པ་རྣམ་འགྱུར་གྱི་ཚོགས་མཐའ་དག་བྱེད་ཤེས་ཀྱི། དེ་དག་ལོངས་སྤྱོད་ཅིང་ཟ་བ་རྣམ་པར་མི་ཤེས་ཞེས་སྨྲ་བ་འདི་ལས་མི་རིགས་པ་གཞན་ཅི་ཞིག་ཡོད་དེ། འདི་ནི་རིགས་པ་དང་འགལ་བའི་ཕྱིར་དང་། འཇིག་རྟེན་གྱིས་མི་འདོད་པའི་ཕྱིར་རོ། །ལྔ་པ་བདག་བྱེད་པ་པོ་ཡིན་པ་དགག་པ་ནི། བྱེ་བྲག་པ་དག་བདག་ནི་ཆོས་དང་ཆོས་མ་ཡིན་པའི་ལས་གཉིས་ཀ་བྱེད་པ་པོ་དང་། དེ་དག་རྣམ་སྨིན་ཟ་བ་པོར་ཡང་འདོད་དོ། །དེ་དག་གི་ཡང་བདག་རྟག་པ་མི་རིགས་ཏེ། འདི་ལྟར་བདག་འདི་བྱེད་པ་པོ་ཡིན་ན་བྱ་བའི་རྒྱུ་ཅན་དུ་ཁས་བླངས་དགོས་ཏེ། བྱ་བ་ཅི་ཡང་མི་བྱེད་པ་ནི་བྱེད་པ་པོར་མ་མཐོང་བའི་ཕྱིར་རོ། །བྱ་བ་དང་ལྡན་པ་ལའང་རྟག་པ་མེད་དེ། བྱ་བ་བརྩམ་པའི་སྔ་རོལ་ལས་ཁྱད་པར་ཅུང་ཟད་ཀྱང་མེད་པ་ནི་བྱ་བ་བྱེད་པ་མི་རུང་བའི་ཕྱིར། གཞན་ཡང་བདག་འདི་ཡུལ་ཀུན་ཏུ་སོང་ཞིང་ཁྱབ་པར་འདོད་པ་ན་མ་མནན་པའི་ཕྱོགས་འགའ་ཡང་མེད་པའི་ཕྱིར། འགྲོ་བ་དང་འོང་བ་དང་འདུག་པ་ལ་སོགས་པའི་བྱ་བ་ཅི་ཡང་མེད་དོ། །ཅི་སྟེ་ཉེས་པ་དེ་དག་གིས་འཇིགས་པས་བདག་བྱ་བ་མེད་པར་ཁས་ལེན་ན་བྱ་བ་མེད་པ་བདག་ནི་མེད་པ་དང་མཚུངས་ཏེ། དངོས་པོ་ཡོད་པའི་བདག་ཉིད་ཅན་རྣམས་བྱ་བ་འགའ་ཞིག་བྱེད་པས་ཡོད་པར་རྣམ་པར་འཇོག་གི བྱ་བ་ཅི་ཡང་མི་བྱེད་པ་ནི་ནམ་མཁའི་མེ་ཏོག་ལྟར་ཡོད་པར་བཞག་མི་ནུས་སོ། །གང་གི་ཕྱིར་བྱ་བ་མེད་པས་བདག་ནི་མེད་པ་དང་མཚུངས་པའི་ཕྱིར། བདག་མེད་པ་ལ་ཁྱོད་རྒྱུ་ཅིས་མི་དགའ་སྟེ་དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་ལྡོག་པའི་རྒྱུ་ཡིན་པའི་ཕྱིར་དགའ་བར་རིགས་སོ། །

གཉིས་པ་སྤྱིར་དགག་པ་ནི། གལ་ཏེ་བདག་འདི་མེའི་ཚ་བ་ལྟར་རང་གི་ངོ་བོས་ཡོད་ན། ཀུན་ལ་དེའི་ཡུལ་ཅན་གྱི་བློ་ཐ་དད་དུ་མི་འགྱུར་བ་ཞིག་ན། དེ་ལྟར་ཡང་མ་ཡིན་ཏེ། འདི་ལྟར་བྱེ་བྲག་པ་དང་གྲངས་ཅན་པ་ལ་སོགས་པ་ལ་ལས། ལུས་རེ་རེ་ཞིང་ཐ་མི་དད་པའི་བདག་ནམ་མཁའ་ལྟར་ཀུན་ཏུ་སོང་བར་མཐོང་ངོ་། །དེ་ལ་ཁ་ཅིག་ནི་ལུས་ཐ་དད་པ་དག་ཐ་དད་པར་བཏགས་པ་སྟེ་དཔེར་ན་སྣོད་ཐ་དད་པའི་ཆུའི་དབང་གིས་ཟླ་བ་གཅིག་ཉིད་ཐ་དད་པར་མཐོང་བ་བཞིན་ནོ་ཞེས་འདོད་དོ། །གཅེར་བུ་པ་ལ་ལས་སྦྲང་བུ་མཆུ་རིང་དང་གྲོག་མ་དང་གླང་པོ་ཆེ་ལ་སོགས་པ་རྣམས་ལ་སྐྱེས་བུ་ལུས་ཀྱི་ཚད་ཇི་ཙམ་ཞིག་ཡིན་པའི་ཕྱིར་ཞུམ་པ་དང་རྒྱས་པ་ཉིད་དུ་མཐོང་སྟེ། ཇི་སྐད་དུ། གཅེར་བུ་ལུས་ཀྱི་ཚད་བཞིན་དུ། །སྲོག་ནི་ཞུམ་དང་རྒྱས་པར་སྨྲ། །ཞེས་པ་ལྟར་རོ། །ལ་ལས་ནི་ཞུམ་པ་དང་རྒྱས་པ་མི་བཟོད་པར་བདག་རྡུལ་ཕྲན་ཙམ་ཞིག་ཏུ་མཐོང་ལ། བདེ་བར་གཤེགས་པའི་བསྟན་པ་ལ་བརྟེན་ནས་ཡང་དག་པའི་ཤེས་པ་སྐྱེས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་མངོན་སུམ་གྱིས་ཤེས་པའི་ཤེས་རབ་ཅན་དག་གིས་བདག་རང་གི་ངོ་བོས་མེད་པར་མཐོང་སྟེ། དེ་ལྟར་མཐོང་བ་ཐ་དད་པའི་ཕྱིར་བདག་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ་ཞེས་རྟོགས་སོ། །གཞན་ཡང་གལ་ཏེ་བདག་རང་གི་ངོ་བོས་ཡོད་ན་གྲོལ་བར་མི་འགྱུར་ཏེ། འདི་ལྟར། འཁོར་བ་ན་ཉེར་འཚེ་དང་བཅས་པའི་བདག་རྟག་པ་ལ་གཉེན་པོ་བསྒོམས་པས་གནོད་པ་ག་ལ་ཞིག་སྟེ་ཅུང་ཟད་ཀྱང་གནོད་པ་མེད་ལ། ཉེར་འཚེ་དང་བཅས་པའི་གནས་སྐབས་ལ་གནོད་པ་མེད་པར་ཏེ་ཉེར་འཚེ་སྤངས་པའི་ཐར་པ་ཐོབ་པ་ག་ལ་ཡོད། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་གང་གིས་བདག་རྟག་པར་འདོད་པ་དེ་ལ་ཐར་པ་ཡོད་པ་མི་རིགས་སོ། །དེ་བས་ན་ཐར་པ་འདོད་པས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁོ་ན་ཁས་བླངས་པར་བྱ་སྟེ། རྟེན་འབྲེལ་ནི་སྐད་ཅིག་མ་ཡིན་པས་རྒྱུ་དང་འབྲས་བུ་རྣམ་པར་ཆད་པ་མེད་པར་འབྱུང་བ་ན་རྒྱུ་རྐྱེན་མ་ཚང་བས་སྐྱེ་བ་ལྡོག་པའི་ཕྱིར་ཐར་པ་རིགས་སོ། །གཞན་ཡང་ཐར་པ་འདོད་པའི་ཡ་མཚན་ཅན་ཐམས་ཅད་ཀྱིས་བདག་དང་བདག་གིར་འཛིན་པ་རྣམ་པ་ཐམས་ཅད་དུ་ཟད་པས་གྲོལ་བར་ཁས་བླངས་ཏེ། དེའི་ཕྱིར་བདག་རང་གི་ངོ་བོས་ཡོད་ན་རང་བཞིན་ལ་ལྡོག་པ་མེད་པས་ཐར་པའི་གནས་སྐབས་སུ་ཡང་བདག་ཅེས་བྱ་བ་ཡོད་པར་འགྱུར་ལ། དེ་ལྟར་ན་བདག་མེད་དོ་སྙམ་དུ་རྟོགས་ཏེ་བདག་འཛིན་སྤོང་བ་མི་རིགས་ཏེ། བདག་འཛིན་འཇུག་པའི་རྒྱུ་བདག་མ་ཉམས་པར་ཡོད་པའི་ཕྱིར་འཁོར་བའི་གནས་སྐབས་བཞིན། དེས་ན་བདག་ནི་དེ་ཁོ་ན་ཉིད་རིག་པས་བདག་འཛིན་སྤངས་པའི་ངེས་པ་ལས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཞེས་བྱ་བའང་བརྫུན་པར་འགྱུར་རོ། །དེའི་ཕྱིར་ཐར་པ་འདོད་པས་བདག་མེད་པ་ཁས་བླངས་བར་བྱ་སྟེ། བདག་མེད་པ་དང་བདག་ཏུ་འཛིན་པ་སྤོང་བས་ཐར་པ་ཐོབ་པར་རིགས་སོ། །གལ་ཏེ་བདག་ཡོད་ན་གྲོལ་བའི་གནས་སྐབས་སུ་བདག་འཛིན་འཇུག་པར་ཐལ་བས་འཇིགས་པས་ཐར་པའི་ཚེ་བདག་མེད་པའི་རང་བཞིན་ཡོད་པ་ཉིད་དང་དེ་རྟོགས་གྲོལ་བར་ཁས་ལེན་ན། གྲོལ་བའི་ཤེས་པ་ལ་སྣང་བའི་བདག་གི་རང་བཞིན་དེ་ནི་སྔར་འཁོར་བའི་ཚེ་ཡང་མེད་ལ་མེད་པ་སྔར་ཡང་བདག་གི་རང་བཞིན་དེ་ཁོ་ན་ལྟར་ཡིན་ཏེ། འབྲེལ་བ་ཅན་གཞན་དང་མི་ལྡན་པར་རྐྱང་པའི་ངོ་བོ་ལ་ཤེས་པ་མ་འཁྲུལ་པས་གང་མཐོང་བ་དེ་ནི་རང་བཞིན་ཡིན་ཞེས་བྱ་བར་བཤད་པའི་ཕྱིར་རོ། །དཔེར་ན་གསེར་ལྕགས་དང་འདྲེས་པ་ན་ནང་གི་རང་བཞིན་ཇི་ལྟ་བར་མི་གསལ་ལ། ལྕགས་དང་མ་འདྲེས་པ་ན་རང་གི་ངོ་བོ་ཇི་ལྟར་དམིགས་པ་དེ་ཉིད་དེའི་རང་བཞིན་ཡིན་པ་བཞིན་དུ་བདག་ཀྱང་འཁོར་བའི་ཚེ་ཡོན་ཏན་སོགས་གཞན་གྱི་དབང་གིས་རང་གི་ངོ་བོ་ཇི་ལྟ་བ་བཞིན་མི་རྟོགས་ལ། གྲོལ་བའི་ཚེ་འབྲེལ་པ་ཅན་གཞན་དང་མི་ལྡན་པས་རང་གི་ངོ་བོ་ཇི་ལྟར་རྟོགས་པ་དེ་ཉིད་དེའི་རང་བཞིན་ཡིན་ལ། གྲོལ་བའི་ཚེ་ཡང་བདག་མེད་པར་རྟོགས་པའི་ཕྱིར། འཁོར་བའི་ཚེ་ཡང་བདག་མེད་པར་རྟོགས་པར་བྱའོ། །

གཉིས་པ་བདག་མེད་ལ་ཆད་པའི་ཉེས་པ་སྤང་བ་ནི། གལ་ཏེ་བདག་མེད་ན་འདུ་བྱེད་སྐད་ཅིག་རེ་རེར་འཇིག་པའི་ངང་ཚུལ་ཅན་རྣམས་སྐྱེས་མ་ཐག་ཏུ་འཇིག་པའི་ཕྱིར་ཆད་པར་འགྱུར་རོ་ཞེ་ན། འཇིག་རྟེན་ན་མི་རྟག་པ་ཆད་པའི་དོན་དུ་རྟོག་པ་མེད་དེ། བསྐལ་པ་དང་པོ་ནས་ཞུགས་པའི་རྩྭ་དང་ཤིང་ལ་སོགས་པའི་རྒྱུ་དང་འབྲས་བུ་རིམ་གྱིས་འཇུག་པ་རྣམས་ད་དུང་དུ་ཡང་དམིགས་པའི་ཕྱིར་རོ། །གལ་ཏེ་མི་རྟག་པ་ཆད་པའི་དོན་ཡིན་ན་ནི་ད་དུང་ཡང་རྩྭ་དང་ཤིང་ལ་སོགས་པ་མི་རྟག་པ་རྣམས་རྒྱུ་ཅིས་ཡོད་དེ་མེད་པར་ཐལ་བར་འགྱུར་རོ། །འདི་ནི་གདོན་མི་ཟ་བར་དེ་བཞིན་དུ་ཁས་བླངས་དགོས་ཏེ། དེ་ལྟར་མ་ཡིན་པར་མི་རྟག་པའི་དོན་རྒྱུན་ཆད་པ་ཡིན་ནོ་ཞེས་པའི་ལྟ་བ་འདི་གལ་ཏེ་བདེན་པར་གྱུར་ན། དེའི་ཚེ་སེམས་ཅན་སུ་ལའང་གཏི་མུག་འབྱུང་བར་མི་འགྱུར་ཏེ། མི་རྟག་པ་ཉིད་ཀྱིས་ཆད་པའི་ཕྱིར་རོ། །ཀྱང་ཞེས་པ་བདེ་བ་ལ་སོགས་པ་དང་འདོད་ཆགས་ལ་སོགས་པ་བཟུང་ངོ་། །དེའི་ཕྱིར་སྒྲིམ་མི་དགོས་པར་ཐར་པར་འགྱུར་རོ། །གལ་ཏེ་དངོས་པོ་མཐའ་དག་འབྱུང་བའི་རྒྱུ་བདག་རྟག་པ་ཡོད་པས་རྒྱུ་དེས་འཇུག་པའི་རྩྭ་ལ་སོགས་པ་རྣམས་ལ་ཆད་པ་ལྟ་བ་ཡོད་པར་མི་འགྱུར་རོ་སྙམ་ན། དངོས་པོ་རྟག་པ་རྒྱུ་རྐྱེན་ལ་རག་མ་ལས་པ་རྣམས་ནི་བོང་བུའི་རྭ་བཞིན་ཡོད་པ་མ་ཡིན་ནོ་ཞེས་བཤད་ཟིན་ཏོ། །ཡང་ན་བདག་ཡོད་དུ་ཟིན་ཀྱང་འདི་འགྲོ་བ་འཇུག་པའི་རྒྱུར་མི་རིགས་ཏེ། འདི་ལྟར་བདག་ཡོད་པར་གྱུར་ནའང་ཕྱི་དང་ནང་གི་གཟུགས་རྣམས་ནི་བདག་ལས་གཞན་ལས་༼དཔྱད༽འབྱུང་བར་སྣང་བར་འགྱུར་ཏེ། ནོར་བུ་མེ་ཤེལ་དང་ཉི་མ་ཕྲད་པ་ལས་མེ་དང་། ཆུ་ཤེལ་དང་ཟླ་བ་ཕྲད་པ་ལས་ཆུ་དང་། ས་བོན་ལས་མྱུ་གུ་དང་། མེར་མེར་པོ་སོགས་པས་མིག་ལ་སོགས་པ་འབྱུང་བར་དམིགས་པའི་ཕྱིར་རོ། །ཇི་ལྟར་གཟུགས་གཞན་ལས་འབྱུང་བ་དེ་བཞིན་དུ་གཞན་ལས་གནས་པར་ཡང་སྣང་བར་འགྱུར་ཏེ། རྒྱུ་བུད་ཤིང་དང་སྦོར་བ་སོགས་ལས་མེ་ལ་སོགས་པའི་དོན་གནས་པར་མཐོང་བའི་ཕྱིར་རོ། །གཞན་ལས་རྣམ་པར་འཇིག་པ་ཡང་སྣང་སྟེ་བུད་ཤིང་ལ་སོགས་པའི་རྒྱུ་མ་ཚང་བ་ལས་སོ། །གལ་ཏེ་བདག་འགྲོ་བ་འཇུག་པའི་རྒྱུ་ཡིན་ན་དངོས་པོ་རྣམས་ཀྱི་སྐྱེ་འཇིག་སོགས་དེ་ཁོ་ན་ལ་རག་ལས་པར་འགྱུར་ན་དེ་ལྟར་ཡང་མ་ཡིན་པ་དེའི་ཕྱིར་བདག་མེད་དོ། །

གང་གི་ཚེ་རྟག་པ་ལས་སྐྱེ་བ་མེད་པ་དེའི་ཚེ་ཇི་ལྟར་རྒྱུ་རྐྱེན་གཞན་ལ་རག་ལས་པའི་ས་བོན་བྱས་པ་རང་བཞིན་མེད་པ་ལས་མྱུ་གུ་བྱས་པ་རང་བཞིན་གྱིས་སྟོང་པ་སྐྱེ་བར་འགྱུར་བ་དེ་བཞིན་དུ་རྒྱུ་དང་འབྲས་བུའི་དངོས་པོ་ཆད་པ་དང་ཕྲ་བ་ལ་སོགས་པ་མི་རྟག་ཅིང་རང་བཞིན་མེད་པ་ཐམས་ཅད་ནི་མི་རྟག་ཅིང་རང་བཞིན་མེད་པའི་རྒྱུ་རྐྱེན་དག་ལས་འབྱུང་བར་འགྱུར་རོ་ཞེས་མཁས་པས་ཤེས་པར་བྱའོ། །དེ་ལྟར་ན་འདུ་བྱེད་རྣམས་ལ་རྟག་པ་དང་ཆད་པ་རྡོ་རྗེའི་ཐོག་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒྱུ་འབྲས་ཀྱི་འབྲེལ་བ་འཇོམས་པ་ལ་འབབ་པ་དེ་ཡང་མཁས་པས་རྟེན་ཅིང་འབྲེལ་བར་འབྱུང་བའི་རིགས་སྔགས་ཀྱིས་ཆེས་རྒྱང་རིང་དུ་བཟློག་པ་ཡིན་ཏེ། འདི་ལྟར། ས་བོན་མེ་དང་ཕྲད་པ་ལྟར། མྱུ་གུ་ལ་སོགས་པའི་འབྲས་བུའི་རྒྱུན་འཇུག་པ་མེད་ན་ཆད་པར་འགྱུར་བ་ལས་གང་གི་ཕྱིར་རྒྱུ་ས་བོན་ལས་འབྲས་བུ་མྱུ་གུ་ཞེས་བྱ་བའི་དངོས་པོ་འཇུག་པར་འགྱུར་པ་དེ་ན་རྒྱུ་ས་བོན་ནི་ཆད་པར་མི་འགྱུར་ཞིང་། གལ་ཏེ་མྱུ་གུ་སྐྱེས་ཀྱང་ས་བོན་རང་གི་ངོ་བོ་ལྡོག་པ་མེད་པར་གནས་ན་རྟག་པར་འགྱུར་བ་ལས་གང་གི་ཕྱིར་ས་བོན་གྱི་དངོས་པོ་ལྡོག་པར་འགྱུར་བ་དེས་ན་རྟག་པ་ཡང་མི་འགྱུར་རོ། །ས་བོན་དང་མྱུ་གུ་དེ་གཉིས་ཀའང་རང་གི་ངོ་བོ་མ་གྲུབ་པས་དེ་ཉིད་དང་གཞན་དུ་མེད་པའི་ཕྱིར། ཁྱེད་ཀྱིས་ཇི་སྐད་བཤད་པའི་རྟག་ཆད་སྤོང་ཚུལ་འདི་ནི་རྒྱུ་དང་འབྲས་བུ་སྐད་ཅིག་མར་སྨྲ་བའི་རང་གི་སྡེ་པ་རྣམས་ལའང་ཡོད་པས། དེ་དག་ལའང་རྟག་ཆད་ཀྱི་ཉེས་པ་མེད་པར་འགྱུར་རོ་ཞེ་ན། དེ་དག་གིས་ནི་རྒྱུ་འབྲས་དོན་གཞན་ཁས་བླངས་པས་འབྲས་བུ་འཇུག་པས་རྒྱུ་ཆད་པའི་ཉེས་པ་མི་སྤོང་སྟེ། བ་མེན་ཡོད་པས་བ་ལང་མ་ཤི་བར་མི་འགྱུར་བ་བཞིན་ནོ། ཁོ་བོ་ཅག་གིས་རྒྱུ་འབྲས་གཞན་མ་ཡིན་པས་འབྲས་བུ་འཇུག་ན་རྒྱུ་ཆད་པའི་ཉེས་པ་མེད་དོ། །གཞན་ཡང་དེ་དག་གིས་རྒྱུ་འབྲས་ངོ་བོ་ཉིད་ཀྱིས་གྲུབ་པ་ཁས་བླངས་པས་རྟག་ཆད་ལས་མི་འདའ་སྟེ། ཇི་སྐད་དུ། དངོས་པོ་ཁས་ལེན་ཡོད་ན་ནི། །རྟག་དང་ཆད་པར་ལྟ་བར་ནི། །ཐལ་བར་འགྱུར་ཏེ་དངོས་དེ་ནི། །རྟག་དང་མི་རྟག་འགྱུར་ཕྱིར་རོ། །ཞེས་གསུངས་པ་ལྟར་རོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བདག་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་པའི་འགྲེལ་པའོ།།། །།

ལེའུ་བཅུ་གཅིག་པའི་རྣམ་བཤད།

དྲུག་པ་དུས་རྟག་པ་དགག་པ་ལ། ཕྱོགས་སྔ་མ་བརྗོད་པ་དང་། དེ་དགག་པ་གཉིས་ཀྱི། དང་པོ་ནི། དུས་སྨྲ་བ་དག་ན་རེ། བདག་རྟག་པ་མེད་དོ་ཞེས་སྨྲ་བ་དེ་མི་རིགས་ཀྱི་རྣམ་པ་ཐམས་ཅད་དུ་རྟག་པའི་དངོས་པོ་མེད་པ་མ་ཡིན་ཏེ། དུས་ཡོད་པའི་ཕྱིར་རོ། །འདི་ན་ས་ལ་སོགས་པའི་འབྱུང་བ་རྣམས་དང་། ས་བོན་ལ་སོགས་པ་ཡོད་ཀྱང་འབྲས་བུ་མྱུ་གུ་དང་མེ་ཏོག་ལ་སོགས་པ་སྐྱེ་བ་དང་འཇིག་པ་དག་དུས་རྟག་ཏུ་མེད་པའི་ཕྱིར་དང་། རེས་འགའ་ཡོད་པའི་ཕྱིར། དེ་ལས་རྗེས་སུ་དཔག་པས་དུས་ཡོད་ཅིང་དེའང་སྐད་ཅིག་ཐང་ཅིག་ཡུད་ཙམ་གྱིས་གསལ་བར་བྱས་ཤིང་། དུས་གསུམ་དུ་གནས་པའི་དངོས་པོ་དག་ལས་ཐ་དད་པ་རྟག་པ་ཞིག་ཡོད་དོ་ཞེས་སྨྲའོ། །

གཉིས་པ་ལ། དུས་ཀྱི་ངོ་བོ་དགག དེའི་སྒྲུབ་བྱེད་དགག་པ་གཉིས་ཀྱི། དང་པོ་ལ། འདས་མ་འོངས་དགག ད་ལྟར་དགག་པ་གཉིས་ཀྱི། དང་པོ་ལ། མ་འོངས་པ་རྫས་སུ་གྲུབ་པ་དགག འདས་པ་རྫས་སུ་གྲུབ་པ་དགག མ་འོངས་པ་བྱེ་བྲག་ཏུ་དགག་པ་གསུམ་གྱི། དང་པོ་ནི། དུས་ཞེས་བྱ་བ་དངོས་པོ་ཐ་དད་པར་གྲུབ་པ་ཞིག་ཡོད་ན་དམིགས་དགོས་པ་ལས་མ་དམིགས་པའི་ཕྱིར་དང་སྔར་བཀག་ཟིན་པའི་ཕྱིར། རང་གི་ངོ་བོས་རྣམ་པར་བཞག་མི་ནུས་ཀྱི། དུས་གསུམ་དུ་གནས་པའི་བུམ་པ་ལ་སོགས་པ་དངོས་པོའི་ཁྱད་པར་གྱི་སྒོ་ནས་རྣམ་པར་འཇོག་དགོས་པས། དེ་དག་བཀག་པའི་སྒོ་ནས་དུས་དགག་པར་བྱ་སྟེ། དེ་ལ་མ་འོངས་པའི་དུས་མཚོན་པའི་དོན་དུ་མ་འོངས་པའི་བུམ་པ་བཀོད་ལ། འདས་པ་དང་ད་ལྟར་བྱུང་བའི་དུས་མཚོན་པའི་དོན་དུ་འདས་པ་དང་ད་ལྟར་གྱི་བུམ་པ་ཉེ་བར་བཀོད་དོ། །མ་འོངས་ནི་ད་ལྟར་བྱུང་བའི་དུས་མ་ཕྱིན་པའོ། །འདས་པ་ནི་ད་ལྟར་བ་ལས་འདས་པའོ། །ད་ལྟར་བ་ནི་བྱུང་ལ་མ་འགགས་པའོ། །དུས་གསུམ་པོ་ཕན་ཚུན་ལྟོས་ནས་རྣམ་པར་གནས་ཏེ། གཉིས་ལ་མ་ལྟོས་པར་རེ་རེ་མེད་པའི་ཕྱིར་རོ། །མ་འོངས་པ་ནི་འདས་ད་ལྟར་གཉིས་ལ་མ་ལྟོས་པར་བཞག་མི་ནུས་ཏེ། མ་འོངས་པ་ནི་མ་འོངས་པ་ལས་ཡིན་ལ། གང་དུ་མ་འོངས་པ་འདས་ད་ལྟར་གཉིས་སུ་གདོན་མི་ཟ་བར་འགྱུར་དགོས་པའི་ཕྱིར། དུས་གཞན་གཉིས་ཀྱིས་རྣམ་གཞག་ཀྱང་དེ་བཞིན་དུ་ཤེས་པར་བྱའོ། །དེ་ལ་མ་འོངས་པའི་བུམ་པ་ལ་ད་ལྟར་བའི་བུམ་པ་ཡོད་པ་མ་ཡིན་ཞིང་འདས་པའང་མེད་དེ་གང་གི་ཕྱིར་དེ་གཉིས་དང་མ་འོངས་པ་མཚན་ཉིད་ཐ་དད་པའི་ཕྱིར་དང་། གཅིག་ལ་གཅིག་མི་སྲིད་པའི་ཕྱིར་རོ། །གང་གི་ཕྱིར་མ་འོངས་པའི་བུམ་པ་ལ་འདས་ད་ལྟར་གཉིས་ཡོད་པ་མ་ཡིན་པ་དེའི་ཕྱིར། འདས་ད་ལྟར་གཉིས་ཀྱང་མ་འོངས་པར་མ་འོངས་པས་དེ་གཉིས་ཀྱང་མ་འོངས་པར་འགྱུར་རོ། །གང་གི་ཚེ་འདས་ད་ལྟར་གཉིས་ཀྱང་མ་འོངས་པ་ཡིན་པ་དེའི་ཚེ་དུས་གསུམ་ཆར་མ་འོངས་པ་ཉིད་ཡིན་པས་འདས་ད་ལྟར་བ་གཉིས་མ་གྲུབ་ལ། དེ་ལྟར་ན་གང་དུ་མ་འོངས་པས་མ་འོངས་པར་རྣམ་པར་བཞག་པ་དེའི་ཕྱིར་མ་འོངས་པའི་དུས་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །ཅི་སྟེ་འདས་པའི་བུམ་པ་མ་འོངས་པའི་བུམ་པ་ལ་རྣམ་པ་ཐམས་ཅད་དུ་མེད་པ་མ་ཡིན་གྱི། མ་འོངས་པའི་ངོ་བོར་མ་འོངས་པ་ལ་ཡོད་པས་ཇི་སྐད་བཤད་པའི་ཉེས་པ་མེད་དོ་ཞེ་ན། གལ་ཏེ་ཞིག་པ་འདས་པ་དང་མ་འོངས་པའི་ངོ་བོར་མ་འོངས་པ་ལ་ཡོད་ན། མ་འོངས་པའི་བདག་ཉིད་དུ་ཡོད་པའི་འདས་པའི་བུམ་པ་གང་ཡིན་པ་དེ་ནི་ཇི་ལྟར་འདས་པར་འགྱུར་ཏེ་མ་འོངས་པར་ཡོད་པའི་ཕྱིར་རོ། །གཞན་ཡང་ཁྱོདཀྱི་མ་འོངས་པ་ཡོད་དམ་འོན་ཏེ་མེད། མ་འོངས་པའི་བདག་ཏུ་ཡོད་པས་ཡོད་དོ་ཞེས་རྣམ་པར་འཇོག་ན། འོ་ན་མ་འོངས་པ་ཉིད་དུ་མི་སྲིད་དེ་གང་གི་ཕྱིར་ན་མ་འོངས་པའི་དངོས་པོ་མ་འོངས་པའི་བདག་ཏུ་གནས་པ་དེའི་ཕྱིར་ད་ལྟར་བ་འགྱུར་བས་སོ། །ཅི་སྟེ་མ་འོངས་པའི་བདག་ཏུ་ཡོད་ཀྱང་ད་ལྟར་བའི་བདག་ཉིད་དུ་ཡོད་པ་མ་ཡིན་པའི་ཕྱིར་ད་ལྟ་བར་མི་འགྱུར་རོ་ཞེ་ན། གང་གི་རང་གི་བདག་ཉིད་གང་ཡིན་པ་དེའི་བདག་ཉིད་དུ་ཡོད་པ་དེ་ནི་ད་ལྟར་བ་ཡིན་ཏེ། སྔོན་པོ་སྔོན་པོའི་བདག་ཉིད་དུ་ཡོད་པ་ན་ད་ལྟར་བ་ཡིན་པ་བཞིན་ནོ། །མ་འོངས་པ་ཡང་མ་འོངས་པའི་བདག་ཉིད་དུ་ཡོད་པའི་ཕྱིར་ད་ལྟར་བར་འགྱུར་རོ། །དེའི་ཕྱིར་མ་འོངས་པ་མེད་པས་དེ་ལ་ལྟོས་པའི་དུས་གཞན་གཉིས་ཀྱང་མེད་དོ། །བྱེ་བྲག་ཏུ་སྨྲ་བ་གང་དག་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་དག་མ་འོངས་པའི་ཚེ་རྗེས་སུ་ཡོད་ཅིང་འདས་པའི་དུས་སུ་ཡང་རང་གི་མ་ཉམས་པར་ཡོད་ལ། ད་ལྟར་བ་ནའང་ཡོད་ཅེས་སྨྲ་བ་དེ་དག་གི་ལྟར་ན་དངོས་པོ་ཅི་ཞིག་མེད། མི་རྟག་པ་མེད་པར་འགྱུར་ཏེ། འདི་ལྟར་གང་གི་ལུགས་ལ་དུས་གསུམ་ཀུན་ཡོད་པ་ཉིད་དེའི་ལུགས་ལ་མི་རྟག་པ་ཉིད་ག་ལས་ཡིན་ཏེ་དངོས་པོ་གང་གི་ངོ་བོར་ད་ལྟར་བློ་ལ་སྣང་བ་དེ་ཉིད་འདས་པ་དང་མ་འོངས་པའི་ཚེ་ཡང་རང་གི་ངོ་བོ་མ་ཉམས་པར་ཡོད་པའི་ཕྱིར་རོ། །དེ་ལྟར་ཡིན་དང་། བཅོམ་ལྡན་འདས་ཀྱིས། ཀྱེ་མ་འདུས་བྱས་རྣམས་མི་རྟག །སྐྱེ་ཞིང་འཇིག་པའི་ཆོས་ཅན་ཡིན། །སྐྱེས་ནས་འཇིག་པར་འགྱུར་བ་སྟེ། དེ་དག་མྱུར་དུ་ཞི་བ་བདེ། །ཞེས་པའི་ལུང་དང་འགལ་བར་འགྱུར་རོ། །

གཉིས་པ་ནི། ཇི་ལྟར་མ་འོངས་པ་མེད་པས་མ་འོངས་པ་མེད་པ་དེ་བཞིན་དུ་འདས་པ་ལ་འདས་པ་མེད་པས་འདས་པ་མི་སྲིད་དེ། འདི་ལྟར་འདས་པའི་དུས་དེ་འདས་པའི་རང་གི་ངོ་བོ་ལས་འདས་སམ་འོན་ཏེ་མ་འདས། ཅི་སྟེ་འདས་པ་ལས་འདས་པར་གྱུར་ན་ཅིའི་ཕྱིར་ན་འདས་པར་འགྱུར་ཏེ། འདས་པའི་རང་གི་ངོ་བོ་ལས་བརྒལ་ཟིན་པའི་ཕྱིར་ཏེ། དཔེར་ན་འོ་མའི་གནས་སྐབས་ལས་འདས་པའི་ཞོ་ལ་འོ་མ་ཞེས་མི་བརྗོད་པ་བཞིན་ནོ། །ཅི་སྟེ་འདས་པ་ལས་མ་འདས་པའི་བྱ་བས་མི་སྟོང་པ་ཡིན་ན་བྱ་བ་དང་ལྡན་པ་དེ་ཅིའི་ཕྱིར་ན་འདས་པར་འགྱུར། གལ་ཏེ་འདས་པ་ནི་འདས་པའི་རང་གི་ངོ་བོ་ལ་གནས་པའི་ཕྱིར་འདས་པ་ལས་མ་འདས་པ་ཡིན་ནོ་ཞེ་ན། གལ་ཏེ་འདས་པ་གྲུབ་ན་དེའི་ངོ་བོ་ལ་གནས་པ་འདས་པར་གྱུར་ན། དེ་རྣམ་པར་དཔྱོད་པའི་སྐབས་ཡིན་པས་མ་གྲུབ་བོ། །ཇི་ལྟར་ན་འདས་པའི་བདག་ཉིད་ལ་གནས་པར་འགྱུར། གསུམ་པ་ལ་མ་འོངས་པ་རྫས་གྲུབ་སྐྱེ་བ་དགག མ་འོངས་པ་དངོས་པོར་མེད་པ་དགག འབྲས་བུ་ཡོད་མེད་དུ་སྨྲ་བ་དགག་པ་གསུམ་གྱི། དང་པོ་ནི། བྱེ་བྲག་ཏུ་སྨྲ་བ་གང་དག དུས་གསུམ་པོ་རྫས་སུ་ཡོད་པའི་ཕྱིར་ཐམས་ཅད་ཡོད་པར་སྨྲ་བ་བསྔགས་པ་བྱེད་པ་དག་གི་ལྟར་ན། མ་འོངས་པ་ཡོད་པ་དེ་སྐྱེས་པའམ་མ་སྐྱེས་པ་ཞིག་ལ་རྟོག་གྲང་། གལ་ཏེ་མ་འོངས་པ་སྐྱེས་པར་གྱུར་པ་ཞིག་ཡོད་པར་རྟོག་ན་ཇི་ལྟར་ན་ད་ལྟར་བར་མི་འགྱུར་ཏེ། སྐྱེས་ནས་ཡོད་པའི་ཕྱིར་ད་ལྟར་གྱི་བུམ་པ་བཞིན། ཅི་སྟེ་མ་འོངས་པ་དེ་སྐྱེ་བ་མེད་པ་ཞིག་ཏུ་ཡོད་པར་རྟོག་ན། མ་འོངས་པ་རྟག་པར་འགྱུར་རམ་ཅི་སྟེ་རྟག་པ་ཁོ་ནར་འགྱུར་ཏེ། མ་སྐྱེས་ཤིང་ཡོད་པའི་ཕྱིར་ཁྱེད་རང་འདོད་པའི་མྱང་འདས་བཞིན། གལ་ཏེ་མ་འོངས་པ་སྐྱེ་བ་མེད་ཀྱང་འདུས་མ་བྱས་ལྟར་མི་འཇིག་པ་མ་ཡིན་ཏེ། རྒྱུ་རྐྱེན་གྱི་སྟོབས་ཀྱིས་ད་ལྟར་བའི་གནས་སྐབས་སུ་འདྲེན་པ་ན་མ་འོངས་པ་འཇིག་པས་མི་རྟག་ན། གལ་ཏེ་རང་གི་ངོ་བོ་ཉམས་པ་ཡོད་པས་མི་རྟག་པར་འགྱུར་ན། འདས་པ་ལ་རང་གི་ངོ་བོས་འཇིག་ཅིང་ཉམས་པ་ཡོད་པ་མིན་པའི་ཕྱིར། དེ་ནི་རྟག་པར་ཅིས་མི་དཔོག་སྟེ་རྟག་པར་ཐལ་བར་འགྱུར་རོ། །གཞན་ཡང་མི་རྟག་པ་ཉིད་ཀྱིས་ཟ་བས་ན་དུས་ཞེས་བརྗོད་པ་ཡིན་ན། མི་རྟག་པ་དེ་ཡང་དུས་གསུམ་ཀ་ལ་མེད་དེ། འདི་ལྟར་འདས་པ་དང་། ད་ལྟར་བ་འདི་གཉིས་ནི་མི་རྟག་པར་འགྱུར་བ་མིན་ཏེ། ད་ལྟར་བ་ནི་རང་གི་རང་བཞིན་མ་ཉམས་པར་ཡོད་པ་ཡིན་ལ། མི་རྟག་པ་ནི་དངོས་པོ་མེད་པ་དང་འབྲེལ་བར་ད་ལྟ་བར་མི་རུང་བའི་ཕྱིར་རོ། །འདས་པ་ནི་ཞིག་པ་ལ་བྱ་བ་ཡིན་ལ། ཞིག་ཟིན་པ་ནི་ཡང་ཞིག་པར་མ་ཡིན་ཏེ་དགོས་པ་མེད་པའི་ཕྱིར་དང་རྟེན་མེད་པའི་ཕྱིར་དང་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །འདས་ད་ལྟར་དེ་དག་ལས་གཞན་རྣམ་པ་གསུམ་པ་མ་འོངས་པ་དེ་ལ་མི་རྟག་པ་ཡོད་པ་མ་ཡིན་ཏེ། མི་རྟག་པ་ནི་དངོས་པོ་སྐྱེས་པའི་རྟེན་ཅན་ཡིན་པའི་ཕྱིར། མ་འོངས་པ་མ་སྐྱེས་པ་ལ་མེད་དོ། །དེའི་ཕྱིར་མི་རྟག་པ་དང་བྲལ་བའི་ནམ་མཁའ་སོགས་ལ་དུས་གསུམ་རྟོག་པ་མི་རིགས་པ་བཞིན་དུ། དངོས་པོ་རང་བཞིན་དང་བཅས་པར་སྨྲ་བ་ལ་མི་རྟག་པ་མེད་པས་དུས་མི་རིགས་སོ། །གལ་ཏེ་མ་འོངས་པ་ཡོད་དེ། རྐྱེན་ཡོད་ན་ཕྱིས་སྐྱེ་བའི་ཕྱིར། སྔར་མེད་པ་མོ་གཤམ་གྱི་བུ་ལ་སོགས་པ་ནི་ཕྱིས་སྐྱེ་བ་མེད་དོ་ཞེ་ན། གལ་ཏེ་ཕྱི་དང་ནང་གི་དངོས་པོ་གང་ཞིག་ཕྱིས་རྒྱུ་དང་རྐྱེན་ལས་སྐྱེ་བ་གང་ཡིན་པ་དེ་མ་སྐྱེས་པའི་སྔར་ནས་རང་བཞིན་གྱིས་ཡོད་ན་དངོས་པོ་རྣམས་རྒྱུ་ལ་མ་ལྟོས་པར་ངོ་བོ་ཉིད་ཀྱིས་སོ་སོར་གྲུབ་པ་དེའི་ཕྱིར་ཕྱཱ་སྨྲ་བ་སྟེ། དངོས་པོ་རྣམས་རྒྱུ་མེད་རང་བཞིན་གྱིས་གྲུབ་པར་སྨྲ་བ་རྣམས་ཀྱི་ཕྱོགས་ལོག་པར་མི་འགྱུར་བ་ཞིག་ན། དེའི་སྨྲ་བ་ནི་ཕྱིན་ཅི་ལོག་ཡིན་ཏེ། མཐོང་བ་དང་མ་མཐོང་བ་ཕྱོགས་ཐམས་ཅད་དང་འགལ་བའི་ཕྱིར་རོ། །འདི་ལྟར་དངོས་པོ་རྣམས་རྒྱུ་ལ་མི་ལྟོས་ན་རྟེན་ཅིང་འབྲེལ་འབྱུང་མེད་པའི་ཕྱིར་བོང་བུའི་རྭ་ལྟར་མཐོང་བའི་ལམ་དུ་མི་འགྱུར་བ་སོགས་ཀྱི་ཉེས་པ་ཡོད་དོ། །འདི་ལས་ཀྱང་ཡོད་པ་སྐྱེ་བར་མི་རིགས་ཏེ། འདི་ལྟར་འབྲས་བུ་གང་ཞིག་རྒྱུ་དང་རྐྱེན་རྣམས་ཀྱིས་འབྱུང་བ་སྟེ། སྐྱེས་པར་བྱེད་པ་དེ་མ་སྐྱེས་པའི་སྔར་ཡོད་ཅེས་བྱར་མི་རིགས་ཏེ། གལ་ཏེ་ཡོད་པ་སྐྱེ་ན་སྐྱེས་ཟིན་པའང་འབྱུང་བར་འགྱུར་ན། དེ་ཡང་མི་རིགས་ཏེ་དགོས་པ་མེད་པའི་ཕྱིར་དང་རྒྱུ་རང་ཉིད་ཕྱི་མཐའི་བར་དུ་སྐྱེ་བར་འགྱུར་བས་འབྲས་བུའི་རྒྱུན་ཕྱི་མ་འཇུག་པའི་སྐབས་མེད་པར་ཐལ་བའི་ཕྱིར་རོ། །གལ་ཏེ་མ་འོངས་པ་ཡོད་དེ། རྣལ་འབྱོར་པའི་སྨོན་ནས་ཤེས་པ་དེས་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་ཤེས་ནས་ལུང་སྟོན་པའི་ཕྱིར་ཞེ་ན། མ་འོངས་པ་སྐྱེས་པའི་སྔ་རོལ་ན་ཡོད་པ་མ་ཡིན་ཞེས་བསྟན་ཟིན་ཏོ། །དེའི་ཕྱིར་རྣལ་འབྱོར་པས་མ་འོངས་པའི་དངོས་པོ་རང་གི་ངོ་བོ་ཇི་ལྟ་བ་བཞིན་དུ་མཐོང་ན་དངོས་པོ་མེད་པ་མོ་གཤམ་གྱི་བུ་ལ་སོགས་པའང་ཅིས་མངོན་སུམ་དུ་མི་མཐོང་། གཉིས་ཀའང་རང་བཞིན་མེད་པར་མཚུངས་པའི་ཕྱིར་གཅིག་མཐོང་བ་ལ་གཅིག་མི་མཐོང་ཞེས་བྱ་བར་མི་རིགས་སོ། །

འོ་ན་རྣལ་འབྱོར་པས་མ་འོངས་པ་ཇི་ལྟར་ཤེས་ཤེ་ན། མ་འོངས་པ་རང་གི་ངོ་བོས་ཡོད་པ་མ་ཡིན་ན་ཇི་ལྟར་ཁྱེད་ཀྱིས་འདོད་པ་ལྟར་རྣལ་འབྱོར་པས་མངོན་སུམ་གྱིས་རྣམ་པར་ཤེས་པ་མ་ཡིན་ལ། གཏན་མེད་པའང་མ་ཡིན་ཏེ། རྒྱུ་དང་རྐྱེན་ལ་བརྟེན་ནས་སྐྱེ་བའི་ཕྱིར། དེའི་ཕྱིར་མོ་གཤམ་གྱི་བུ་ལྟར་གཏན་ནས་མི་མཐོང་བ་ཡང་མ་ཡིན་ནོ། །དེས་ན་མ་འོངས་པ་ནི་རྟེན་འབྲེལ་ཡིན་པའི་ཕྱིར་ཇི་ལྟར་གྱི་དངོས་པོར་འགྱུར་བ་དེ་ལྟར་སྨོན་ནས་ཤེས་པའི་སྟོབས་ཀྱིས་དྲངས་པའི་ཏིང་ངེ་འཛིན་ཁྱད་པར་ལས་ཤེས་པ་དེ་སྐྱེ་བས་ན་རྗེས་ཐོབ་ཀྱི་ཤེས་པས་མངོན་སུམ་གྱི་རྣམ་པ་ཅན་དུ་རློམ་ནས་ལུང་སྟོན་པ་ཡིན་ནོ། །ད་ལྟར་བ་མེད་པའི་ཕྱིར་མངོན་སུམ་གྱི་རྣམ་པ་ཅན་མ་ཡིན་ལ་བསྒོམས་པའི་སྟོབས་ཀྱིས་གསལ་བར་སྣང་བའི་ཕྱིར་སྤྱིའི་ཚུལ་གྱིས་རྟོགས་པའང་མ་ཡིན་ཞིང་། མ་འོངས་པ་ན་རྟེན་འབྲེལ་ཡིན་པ་ཡིད་ཀྱིས་ཡུལ་མེད་པ་མ་ཡིན་པའི་ཕྱིར་རྣལ་འབྱོར་པའི་སྨོན་ནས་ཤེས་པ་འཁྲུལ་པ་ཡང་མི་འགྱུར་རོ། །སངས་རྒྱས་རྣམས་ཀྱིས་དུས་གསུམ་མཁྱེན་པའི་ཡེ་ཤེས་ནི་སྔོན་གྱི་སྨོན་ལམ་གྱི་དབང་གིས་དོན་ཇི་ལྟ་བ་བཞིན་སྟོན་པའི་ཆོས་གསུང་བ་ན། དེ་ལྟ་བུའི་ཆོས་ཉན་པའི་སྣོད་དུ་གྱུར་པའི་གདུལ་བྱ་རྣམས་ཀྱིས་སྒྲ་དེ་ལས་དོན་རྟོགས་པ་ན་དོན་ཇི་ལྟ་བ་བཞིན་དུ་ཁོང་དུ་ཆུད་པར་འགྱུར་ཞིང་། དུས་གཞན་དུ་ཡང་དེ་བཞིན་གཤེགས་པས་ལུང་བསྟན་པ་དེ་ཇི་ལྟ་བར་རྟོགས་པར་འགྱུར་བས། དེ་ཙམ་ལ་ལྟོས་ནས་དེ་བཞིན་གཤེགས་པ་དུས་གསུམ་གྱི་ཤེས་བྱ་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མངའོ་ཞེས་ཐ་སྙད་བྱེད་པར་ཟད་ཀྱི། ཆོས་ཀྱི་རང་བཞིན་ལ་ཞུགས་པ་དེ་དག་ལ་དོན་འགའ་ཞིག་གཟིགས་པའམ་གསུང་བ་མེད་དོ། །

གཞན་ཡང་རྒོལ་བ་གང་ལ་མ་འོངས་པ་རང་གི་ངོ་བོས་ཡོད་པར་གྱུར་པ་དེ་ལ་མ་འོངས་པ་རིང་བ་ཡོད་པ་མ་ཡིན་ཏེ། ད་ལྟར་བ་བཞིན་དུ་རང་གི་ངོ་བོ་ཡོད་པའི་ཕྱིར་རོ། །དེ་ནི་འདོད་པའང་མ་ཡིན་ཏེ། ཆོས་རིང་བ་རྣམས་གང་དག་ཅིག་ཅེ་ན། འདས་པ་དང་མ་འོངས་པའོ། །ཆོས་ཉེ་བ་རྣམས་ཀྱང་གང་དག་ཅིག་ཅེ་ན། ད་ལྟར་བྱུང་བའོ་ཞེས་ཁས་བླངས་པའི་ཕྱིར་རོ། །གལ་ཏེ་འདིས་དགེ་བའི་བཤེས་གཉེན་དང་ཕྲད་པས་ཆོས་མཉན་པའི་སྒོ་ནས་དབང་པོ་སྨིན་པ་ལས་བྱུང་བའི་སྦྱིན་པ་དང་། ཚུལ་ཁྲིམས་ལ་སོགས་པའི་བདག་ཉིད་ཅན་གྱི་ཆོས་དེ་དག་ཀྱང་བྱས་པ་མེད་ཀྱང་རང་གི་ངོ་བོ་ཡོད་ན་དེ་བསག་པའི་དོན་དུ་ངེས་པར་སྡོམ་པའི་ངལ་བ་དོན་མེད་པར་འགྱུར་ཏེ། དེ་མེད་པར་ཡང་དེ་ཡོད་པའི་ཕྱིར་རོ། །ཅི་སྟེ་ངེས་པར་སྡོམ་པས་ཆོས་དེ་ལ་ཁྱད་པར་ཅུང་ཟད་བྱེད་ནའང་ཁྱད་པར་དེ་སྔར་མེད་གསར་དུ་བྱེད་པས་འབྲས་བུ་མ་འོངས་པ་ཡོད་པ་མི་སྲིད་པར་འགྱུར་རོ། །གཞན་ཡང་གང་གི་ལྟར་ན་འདུ་བྱེད་རྣམས་མི་རྟག་པའོ་ཞེས་ཁས་བླངས་པ་དེའི་ལྟར་ན་མི་རྟག་པ་དེ་ནི་དུས་གསུམ་ལ་མི་འཁྲུལ་བའི་ཕྱིར་དངོས་པོ་ཐམས་ཅད་མི་རྟག་པ་ཡིན་ན་ཇི་ལྟར་བུར་ན་འབྲས་བུ་སྔར་ནས་ཡོད་ཚད་ཅེས་བྱ་བར་འགྱུར་ཏེ། མི་རྟག་པ་དང་སྔར་ནས་ཡོད་པ་ཕན་ཚུན་འགལ་བའི་ཕྱིར་རོ། །འདི་ལྟར་གང་ལ་སྔ་རོལ་ཏུ་དངོས་གཞན་མེད་པའི་ཐོག་མ་དང་། འོག་རོལ་དུ་གཞན་མེད་པའི་མཐའ་ཡོད་པ་དེ་ལ་འཇིག་རྟེན་ན་མི་རྟག་ཞེས་བཤད་པས་སོ། །གཉིས་པ་ནི། སྡེ་པ་གང་དག་མ་འོངས་པ་ཡོད་པར་སྨྲ་བ་ལ་སྐྱོན་མཐོང་ནས་མ་འོངས་པ་དངོས་པོ་མེད་པར་སྨྲ་བ་དེ་དག་གི་ལྟར་ན་ཡང་མ་འོངས་པའི་ཉོན་མོངས་པ་དང་སྐྱེ་བ་བཟློག་པའི་ཕྱིར་འཕགས་ལམ་བསྐྱེད་པའི་སྒྲིམ་པ་མེད་པར་ཐལ་བར་འགྱུར་ཏེ། མ་འོངས་པའི་ཉོན་མོངས་པ་དང་སྐྱེ་བ་དངོས་པོར་མེད་པའི་ཕྱིར། དཔེར་ན་གྲོལ་བ་དགྲ་བཅོམ་རྣམས་ལ་མ་འོངས་པའི་ཉོན་མོངས་དང་སྐྱེ་བ་འཕགས་པའི་ལམ་གྱི་སྟོབས་ཀྱིས་བཅོམ་པ་ཡོད་པ་མ་ཡིན་ལ། དེ་འདིར་ཐར་པའི་ཆེད་དུ་སྒྲིམ་མི་དགོས་པ་བཞིན་ནོ། །སྒྲིམ་པ་མེད་པར་ཐར་པ་འབའ་ཞིག་ཏུ་མ་ཟད་ཀྱི། མ་འོངས་མེད་པ་དེ་ལྟར་ཡིན་ན། རྣམ་ཤེས་སྐྱེའོ་ཞེས་པ་མི་རིགས་པར་འགྱུར་ཏེ། སྐྱེ་རྒྱུའི་རྣམ་ཤེས་ནི་མ་འོངས་པ་ཉིད་ཀྱིས་མེད་པའི་ཕྱིར་དང་། དེ་ལྟར་རྟེན་མེད་པས་སྐྱེ་བའི་བྱ་བའང་མི་འཇུག་པའི་ཕྱིར་རོ། །རྣམ་ཤེས་སྐྱེ་བ་མེད་ན་འདོད་ཆགས་ཀྱི་རྟེན་ཆགས་པ་མེད་པར་འགྱུར་ལ། དེ་ལྟར་རྟེན་ཆགས་པ་མེད་པར་དེ་ལ་བརྟེན་པའི་འདོད་ཆགས་རྒྱུ་མེད་པར་འབྱུང་བར་འགྱུར་ན་འདོད་ཆགས་ནི་རྒྱུ་མེད་པ་ཅན་མ་ཡིན་ཏེ། དགྲ་བཅོམ་པ་རྣམས་ལའང་སྐྱེ་བར་ཐལ་བའི་ཕྱིར་རོ། །ཡང་གི་སྒྲས་ཆགས་པ་མེད་པར་འདོད་ཆགས་འབྱུང་བའམ། ཡང་ན་མ་འོངས་པ་མེད་པ་ཡིན་ནམ་ཞེས་རྣམ་པར་རྟོག་པའི་དོན་ནོ། །གསུམ་པ་ནི། གྲངས་ཅན་པ་ནི་འབྲས་བུ་ཡོད་པ་ཁོ་ན་སྐྱེ་སྟེ། མེད་པ་བསྐྱེད་མི་ནུས་པའི་ཕྱིར་དང་། རྒྱུ་ལ་འབྲས་བུ་ནུས་པའི་ངོ་བོ་གནས་པའི་ཕྱིར་དང་། ནུས་པས་ནུས་པ་བསྐྱེད་པས་ཐམས་ཅད་ལས་ཐམས་ཅད་འབྱུང་བར་འགྱུར་རོ་ཞེས་འདོད་དོ། །བྱེ་བྲག་ཏུ་སྨྲ་བ་དག་རང་བཞིན་མ་བྱུང་བ་ལས་བྱུང་བར་ཐལ་བའི་ཉེས་པས་འཇིགས་པས་དུས་གསུམ་ཆར་དུ་ཡོད་པར་རྟོག་ཅིང་། ཚོགས་པ་ལའང་གནས་སྐབས་ཀྱི་འབྲས་བུ་ཅན་ཡིན་གྱི། རྫས་ཀྱི་འབྲས་བུ་ཅན་མ་ཡིན་ལ། དུས་གསུམ་ཆར་དུ་གནས་པའི་རང་གི་མཚན་ཉིད་ཀྱི་རྫས་ནི། རྒྱུ་རྐྱེན་གྱི་ཚོགས་པས་ད་ལྟར་བའི་གནས་སྐབས་ཙམ་དུ་བྱེད་ཀྱི། སྔ་ན་མེད་པའི་རྫས་བསྐྱེད་པ་ནི་མེད་དོ་སྙམ་དུ་སེམས་སོ། །དེ་ལྟར་ན་འབྲས་བུ་ཡོད་པར་གང་འདོད་པ་གྲངས་ཅན་པ་དང་བྱེ་བྲག་སྨྲ་བ་གཉིས་ཀྱི་ལྟར་ན་ཁྱིམ་གྱི་དོན་དུ་ཀ་བ་དང་། སྒོ་སྐྱེས་ལ་སོགས་པའི་རྒྱན་པ་ཏྲ་དང་བྱ་ལ་སོགས་པའི་ཁྱད་པར་སྤྲས་པ་དོན་མེད་པར་འགྱུར་ཏེ། འབྲས་བུ་ཁྱིམ་ཡོད་པའི་ཕྱིར། ཅི་སྟེ་རྒྱན་ལ་སོགས་པས་ཁྱིམ་མཛེས་པ་ལ་སོགས་པ་རྣམ་པ་གཞན་དུ་སྒྲུབ་པར་བྱེད་དོ་ཞེ་ན། དེ་ལྟར་ན་ཁྱད་པར་སྔར་མེད་པ་གསར་དུ་བྱེད་པའི་ཕྱིར་འབྲས་བུ་ཡོད་པར་སྨྲ་བ་གཏང་བར་འགྱུར་རོ། །འབྲས་བུ་མེད་པར་གང་འདོད་པ་ནི་བྱེ་བྲག་པ་དང་མདོ་སྡེ་པ་དང་རྣམ་པར་ཤེས་པ་སྨྲ་བ་རྣམས་ཏེ། དེ་དག་གིས་འབྲས་བུ་ཡོད་པར་སྐྱེ་བ་དོན་མེད་པར་སེམས་ཤིང་མེད་པ་ཁོ་ན་སྐྱེ་བར་རྟོག་གོ །དེ་དག་གི་ལྟར་ན་ཡང་ཁྱིམ་གྱི་དོན་དུ་ཀ་བ་ལ་སོགས་བརྒྱན་པ་དོན་མེད་པར་འགྱུར་ཏེ། འབྲས་བུ་ཁྱིམ་མེད་པའི་ཕྱིར། མེད་པ་ནི་སུས་ཀྱང་བསྒྲུབ་པར་མི་ནུས་ཏེ། མོ་གཤམ་གྱི་བུ་བཞིན། འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་ལ་ཇི་སྐད་བཤད་པའི་སྐྱོན་འབྱུང་བ་བཞིན་དུ་ཕྱི་ནང་གི་དངོས་པོ་མྱུ་གུ་དང་འདུ་བྱེད་ལ་སོགས་པ་རྣམས་རྒྱུ་ས་བོན་དང་མ་རིག་པ་ལ་སོགས་པ་དོན་མེད་པར་འགྱུར་རོ། །ཁོ་བོ་ཅག་རང་བཞིན་མེད་པར་སྨྲ་བ་ལྟར་ན་ཡོད་པ་དང་མེད་པ་དངོས་པོའི་ཆོས་ཁས་མ་བླངས་པའི་ཕྱིར་ཉེས་པའི་གོ་སྐབས་མེད་པས་ཐམས་ཅད་གྲུབ་བོ། །གང་གི་སྐྱེ་བ་དེ་ནི་སྐྱེ་བའི་སྔ་རོལ་ན་ཡོད་པ་མ་ཡིན་ཏེ། སྐྱེ་བ་དོན་མེད་པའི་ཕྱིར་མེད་པ་མ་ཡིན་ཏེ། རྒྱུ་རྐྱེན་གྱི་ཚོགས་པ་ལ་བརྟེན་ནས་སྐྱེ་བའི་ཕྱིར་རོ། །དེའི་ཕྱིར་མཁས་པས་མཐའ་གཉིས་སྤངས་ནས་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་བླང་བར་བྱའོ། །

འདི་ཡང་འཇིག་རྟེན་གཞུག་པའི་དོན་དུ་གྲགས་པ་ཚད་མར་བྱས་ནས་ཁས་བླངས་པ་ཙམ་དུ་ཟད་ཀྱི། དབུ་མ་པ་རང་ལུགས་ལ་རྟེན་འབྲེལ་ཡང་ཁས་མི་ལེན་ཏེ། དབུ་མ་འཇུག་པར། ཇི་ལྟར་ཁྱོད་ཀྱིས་གཞན་དབང་དངོས་འདོད་ལྟར། །ཀུན་རྫོབ་ཀྱང་ནི་བདག་གིས་ཁས་མ་བླངས། །འབྲས་ཕྱིར་འདི་དག་མེད་ཀྱང་ཡོད་དོ་ཞེས། །འཇིག་རྟེན་ངོར་བྱས་བདག་ནི་སྨྲ་བར་བྱེད། །ཅེས་གསུངས་པའི་ཕྱིར་དང་། རྟེན་འབྲེལ་སྒྲུབ་བྱེད་ཀྱི་དབུ་མ་རང་ལུགས་པའི་ཚད་མ་མེད་པའི་ཕྱིར་དང་། ཚད་མས་མ་གྲུབ་པའི་དོན་ནི་རྟོག་པ་སྔོན་གཏོང་བ་སུ་ལ་ཡང་ཁས་མི་ལེན་པའི་ཕྱིར་རོ། །དབུ་མ་པ་ནི་འཕགས་པའི་མཉམ་གཞག་རྣམ་པར་མི་རྟོག་པའི་ཡེ་ཤེས་ཁོ་ན་ཚད་མར་འདོད་པ་ཡིན་ན། དེས་གྲུབ་པའི་དོན་ནི་སྐྲའི་རྩེ་མོ་བརྒྱར་གཤགས་པའི་ཆ་ཙམ་ཡང་མེད་པའི་ཕྱིར་རོ། །དེའི་ཕྱིར་དབུ་མ་པ་རང་ལུགས་ཀྱི་ཁས་ལེན་གང་ཡང་མེད་དོ་ཞེས་ཤེས་པར་བྱའོ། །

གཉིས་པ་ད་ལྟར་བ་དགག་པ་ནི། གལ་ཏེ་འདས་མ་འོངས་བཀག་ཀྱང་ད་ལྟར་བ་ནི་ཡོད་ལ། དེ་ཡོད་པས་མ་འོངས་པའང་ཡོད་པར་འགྱུར་ཏེ། མ་འོངས་པ་ཡོངས་སུ་འགྱུར་བ་ཉིད་ད་ལྟར་བ་ཡིན་པས་སོ་ཞེ་ན། དེ་ཡང་མི་རིགས་ཏེ། ཡོངས་སུ་འགྱུར་བ་ཉིད་མ་གྲུབ་པའི་ཕྱིར། གལ་ཏེ་མ་འོངས་པ་ལ་ཡོངས་སུ་འགྱུར་བ་རྟོག་ན། རང་གི་ངོ་བོ་ཉམས་པས་སམ། འོན་ཏེ་གནས་པས་རྟོག དང་པོ་ལྟར་ན་གཅིག་ཞིག་ཅིང་གཞན་སྐྱེས་པ་ཡོངས་སུ་འགྱུར་བ་ཡིན་པའི་སྐྱེ་བ་དང་འཇིག་པས་ཡོངས་སུ་འགྱུར་བའི་མིང་གིས་བཏགས་པར་ཟད་དོ། །ཅི་སྟེ་ཁོ་བོ་ཅག་ཡོངས་སུ་འགྱུར་བ་ནི་དེ་ལྟ་བུ་མ་ཡིན་གྱི། དཔེར་ན་བ་ལང་གི་ཁུ་བཅུད་ཀྱི་རྫས་རང་གི་ངོ་བོ་གནས་པ་ལ་ཆོས་གཞན་འོ་མའི་གནས་སྐབས་ལོག་ནས་ཞོའི་གནས་སྐབས་སུ་འགྱུར་བ་བཞིན་ཡོན་ཏན་གསུམ་པོ་རྡུལ་སྙིང་སྟོབས་མུན་པ་རྣམས་ཀྱི་མ་འོངས་པ་གནས་སྐབས་ལོག་ནས་ད་ལྟར་གྱི་གནས་སྐབས་ཡོངས་སུ་འགྱུར་བའོ་ཞེ་ན། འཇིག་རྟེན་གྱིས་མ་འོངས་པའི་ཡོན་ཏན་གསུམ་དམིགས་ནས་དེ་ད་ལྟ་བར་ཡོངས་སུ་འགྱུར་བ་མ་མཐོང་བས་དེའི་ཕྱིར་ཡོངས་སུ་འགྱུར་བ་འདི་མི་རིགས་སོ། །ཞོ་ཡང་འོ་མའི་རྣམ་འགྱུར་མ་ཡིན་ཏེ། འོ་མ་དང་ཞོ་ནི་རོ་ནུས་ཐ་དད་པར་མཐོང་བའི་ཕྱིར་དང་། རོ་ནུས་ལས་མ་གཏོགས་པའི་དེ་དག་གི་རྫས་ཀྱང་མེད་པའི་ཕྱིར་རོ། །དེ་ལྟར་ན་མ་འོངས་པའི་དངོས་པོ་རྣམས་ད་ལྟར་བ་ཡོངས་སུ་འགྱུར་བ་ཞེས་བྱ་བ་འདི་ནི་དབང་ཤེས་ལྔས་འཛིན་པ་ལྟ་ཞོག ཕྲ་བ་དང་ཆོད་པ་དང་། གཟུགས་ཅན་མ་ཡིན་པའི་དོན་ཡོངས་སུ་གཅོད་ནུས་པ་ཡིད་ཀྱིས་ཀྱང་འཛིན་པར་མི་འགྱུར་རོ། །ཇི་སྐད་བཤད་པའི་ཚུལ་གྱིས་ད་ལྟ་བའི་རྒྱུ་ཡོངས་སུ་འགྱུར་བ་མ་དམིགས་མོད། དེ་ལྟ་ནའང་མི་མཁས་ཤིང་བླུན་པ་རང་ཉིད་ཀྱིས་རང་གི་ངོ་བོ་ངེས་པ་མི་ཟིན་པ་རྣམས་ཀྱིས་ད་ལྟ་བ་དེ་ཡོད་པར་རྟོག་གོ །གཉིས་པ་སྒྲུབ་བྱེད་དགག་པ་ལ་དངོས་པོའི་སྒྲུབ་བྱེད་དགག དྲན་པའི་སྒྲུབ་བྱེད་དགག་པ་གཉིས་ཀྱི། དང་པོ་ནི། དུས་ནི་ཡོད་དེ་དེའི་རྒྱུ་དངོས་པོ་ཡོད་པའི་ཕྱིར། དུས་ལུས་ཅན་མ་ཡིན་པས་རང་ཉིད་ཀྱིས་ཡོངས་སུ་གཅོད་མི་ནུས་་ཀྱི། དངོས་པོ་ཉེ་བར་བཟུང་ནས་ཡོངས་སུ་གཅོད་དོ་ཞེ་ན། དུས་ཀྱི་རྒྱུ་དངོས་པོ་ཡོད་ན་དུས་ཡོད་ཀྱང་དངོས་པོ་མེད་དེ། འདི་ལྟར་དངོས་པོ་སྐད་ཅིག་རེ་རེ་ལ་འཇིག་པ་རྣམས་ལ་གནས་པ་མེད་ལ། གནས་པ་མེད་པས་ཀྱང་དུས་ཀྱི་དངོས་པོ་ཞིག་ག་ལ་ཡོད་དེ་མེད་དོ། །ཅིའི་ཕྱིར་གནས་པ་མེད་ཅེ་ན། མི་རྟག་པས་ཟོས་པའི་དངོས་པོ་ལ་གནས་པ་ག་ལ་ཡོད། གལ་ཏེ་གནས་པ་ཡོད་ན་མི་འགྱུར་བར་གནས་པའི་དངོས་པོ་ལས་གནས་གཞན་དུ་འགྱུར་བའི་རྒ་བ་འབྱུང་བར་མི་འགྱུར་ཏེ། དེ་གཉིས་ཕན་ཚུན་འགལ་བའི་ཕྱིར་རོ། །གལ་ཏེ་དང་པོར་གནས་པ་ཡོད་པར་གྱུར་ན་ཕྱིས་ཀྱང་གནས་སྐབས་དེ་ཉིད་ལ་གནས་པས་ཐ་མར་རྙིང་པར་མི་འགྱུར་བར་ཐལ་བའི་ཕྱིར་སྔར་གནས་པ་མེད་པར་རྟོགས་པར་གྱིས་ཤིག རིགས་པ་འདི་ལས་ཀྱང་གནས་པ་མེད་དེ། འདི་ལྟར་རྣམ་ཤེས་སྔ་མས་དམིགས་པའི་དོན་གང་ཞིག་ཕྱིས་བྱུང་བའི་རྣམ་ཤེས་གཞན་གྱིས་ཀྱང་དམིགས་ནས་སྔར་མཐོང་བའི་དོན་དེ་རྣམ་ཤེས་ཕྱི་མའི་བར་དུ་གནས་པས་གནས་པ་ཡོད་པར་རྟོགས་པ་ཞིག་ན། འདི་སྲིད་པ་མ་ཡིན་ཏེ། རྣམ་ཤེས་སྐད་ཅིག་མ་གཅིག་གིས་ཇི་ལྟར་དོན་སྔ་ཕྱི་གཉིས་རྣམ་པར་མི་ཤེས་པ་དེ་བཞིན་དུ་རྣམ་ཤེས་སྐད་ཅིག་སྔ་ཕྱི་གཉིས་ཀྱང་དོན་གཅིག་རྣམ་པར་མི་ཤེས་ན་དོན་རྣམས་ཀྱང་རྟེན་ཅིང་འབྲེལ་བར་འབྱུང་བ་ཉིད་ཀྱིས་སྐད་ཅིག་མ་ཡིན་ལ། དེའི་ཕྱིར་རྣམ་ཤེས་གཉིས་ཀྱི་ཡུན་གྱི་བར་དུ་མི་གནས་པའི་ཕྱིར་རོ། །འོ་ན་ཆོས་མངོན་པར། གཉིས་ཀྱི་རྣམ་ཤེས་ཕྱི་ཡི་ལྔ། །ཞེས་དོན་ལྔ་རྣམ་ཤེས་གཉིས་ཀྱིས་ཤེས་པར་བཤད་པ་དང་འགལ་ལོ་ཞེ་ན་སྐྱོན་མེད་དེ། དབང་ཤེས་རྣམས་དོན་ད་ལྟ་བ་ཡོངས་སུ་གཅོད་བྱེད་མངོན་སུམ་གྱི་རྣམ་པ་ཅན་དུ་སྐྱེ་ལ། དེ་དག་ཀྱང་རང་གི་ཡུལ་དང་ལྷན་ཅིག་འགག་པས་ན། དབང་ཤེས་ཀྱི་རྒྱུའི་སྟོབས་ལས་ཡིད་ཀྱི་རྣམ་ཤེས་དབང་ཤེས་ཀྱི་ཡུལ་གྱི་རྣམ་པ་ཅན་མངོན་པར་གསལ་བར་རློམ་པ་སྐྱེས་པ་ན། འཇིག་རྟེན་གྱི་ཐ་སྙད་དུ་ཤེས་པ་གཉིས་ཀྱི་ཤེས་བྱར་བཤད་ཀྱི། ཡང་དག་པར་ན་ཡིད་ཤེས་ནི་དབང་ཤེས་ཀྱི་ཡུལ་གྱི་སྤྱི་ཙམ་འཛིན་པར་བྱེད་ཀྱི་རང་གི་ངོ་བོ་མ་ཡིན་ཏེ། དེའི་ཚེ་འགགས་པའི་ཕྱིར་རོ། །གལ་ཏེ་གནས་པ་ཡོད་དེ་ད་ལྟར་བའི་དུས་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཏེ། གནས་པ་དང་བྲལ་བ་ལ་ད་ལྟར་བ་ཉིད་མི་སྲིད་པའི་ཕྱིར་རོ་ཞེ་ན། དུས་ལ་གནས་པ་ཡོད་དམ་མེད། གལ་ཏེ་དུས་ལ་གནས་པ་ལ་བརྟེན་ནས་ཡོད་ན་རྟེན་དང་བརྟེན་པ་ཐ་དད་པའི་ཕྱིར། གནས་པ་དུས་སུ་མི་འགྱུར་ཏེ། ཁྱིམ་ན་ཡོད་པའི་ལྷ་སྦྱིན་ཁྱིམ་ཉིད་དུ་མི་འགྱུར་བ་བཞིན། དེའི་ཕྱིར་གནས་པ་དུས་ཀྱི་རང་བཞིན་མ་ཡིན་པས་དུས་ཀྱི་མཚན་ཉིད་དུའང་མི་འགྱུར་རོ། །ཅི་སྟེ་དུས་ལ་གནས་པ་མེད་ན་གནས་པ་མེད་པའི་དུས་ལ་མཐའ་སྟེ་འཇིག་པའང་ཡོད་པར་མི་འགྱུར་ལ། དེའི་ཕྱིར་ད་ལྟ་བའི་དུས་ཡུན་རིང་དུ་གནས་པར་འགྱུར་ལ། དེ་ལྟར་ན་དུས་དེ་རྟག་པའི་ཕྱིར་ད་ལྟ་བའི་དངོས་པོའང་རྟག་པར་འགྱུར་རོ། །གལ་ཏེ་གནས་པ་ཡོད་དེ། དེ་དང་ལྡན་པའི་དངོས་པོ་ལ་མི་རྟག་པ་ཉིད་ཡོད་པའི་ཕྱིར་ཞེ་ན། གལ་ཏེ་མི་རྟག་པ་ཞེས་བྱ་བ་འགའ་ཞིག་རང་གི་མཚན་ཉིད་ཀྱིས་ཡོད་ན། དངོས་པོ་ལས་གཞན་ཉིད་དམ་གཅིག་ཉིད་ཡིན་གྲང་། གཉིས་ཀ་ལྟར་ཡང་མི་འཐད་དེ། གལ་ཏེ་མི་རྟག་པ་དངོས་པོ་ལས་གཞན་ཡིན་ན་དངོས་པོ་མི་རྟག་པར་མི་འགྱུར་གྱི་རྟག་པར་ཐལ་བར་འགྱུར་ཏེ། དངོས་པོ་ལས་མི་རྟག་པ་མཚན་ཉིད་ཐ་དད་པ་ཉིད་ཀྱིས་དེ་ལ་མེད་པའི་ཕྱིར་རོ། །དངོས་པོ་དང་མི་རྟག་པ་གཅིག་ཡིན་ན་མི་རྟག་པ་ཉིད་གང་ཡིན་པ་དེ་ཉིད་དངོས་པོ་ཡིན་པས་དངོས་པོ་གང་ལ་གནས་ཏེ་གནས་པ་གཏན་མེད་པར་འགྱུར་ཏེ། མི་རྟག་པ་ཉིད་ཀྱི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་གནས་པ་མེད་ལ་གནས་པ་མེད་པས་དངོས་པོ་མེད་ཅིང་དེ་མེད་པས་དུས་ཀྱང་མེད་དོ། །གང་ཡང་སྔར། གནས་མེད་དངོས་པོ་གང་ལ་ཞིག །མི་རྟག་པས་གནས་ག་ལ་ཡོད། །ཅེས་བརྗོད་པ་དེ་ལ། གནས་པ་ཡོད་ཀྱང་མི་རྟག་པ་ཡོད་དེ། གནས་པའི་དུས་ན་གནས་པ་ཆེས་སྟོབས་དང་ལྡན་གྱི། མི་རྟག་པ་མ་ཡིན་ཏེ། སྟོབས་ཆུང་བས་སྟོབས་ལྡན་འཇོམས་ནུས་པའང་མ་ཡིན་ནོ་ཞེ་ན། གནས་པ་སྟོབས་དང་ལྡན་པའི་དུས་དེར་མི་རྟག་པ་ཉིད་གང་སྟོབས་ཆུང་བ་ཡིན་ན་དུས་ཕྱིས་སྟོབས་ཆུང་བ་ལས་བཟློག་པ་གནས་པ་འཇོམས་ནུས་ཀྱི་སྟོབས་ལྡན་དུ་རྒྱུ་ཞེས་མཐོང་བར་འགྱུར་ཏེ་ཡང་ན་སྔར་ནས་སྟོབས་དང་ལྡན་པའམ་ཡང་ན་ཕྱིས་ཀྱང་སྟོབས་ཆུང་བ་དེ་ཉིད་དུ་འགྱུར་ཏེ། རྒྱུ་རྐྱེན་སྔ་ཕྱི་ཁྱད་པར་མེད་པའི་ཕྱིར་དེ་བཞིན་དུ་གནས་པའི་དུས་སུ་གནས་པ་སྟོབས་ཆུང་བ་མ་ཡིན་པར་སྟོབས་དང་ལྡན་པ་ཡིན་ན་ཕྱི་ནས་དེ་དག་ངེས་པར་སྟོབས་ལྡན་ལས་བཟློག་ནས་མི་རྟག་པས་འཇོམས་ནུས་ཀྱི་སྟོབས་ཆུང་ངུ་རྒྱུ་ཅིས་ན་མཐོང་བར་འགྱུར་རོ་ཞེས་དགག་པ་སྟོན་པ་མ་རངས་པའི་ཚིག་གོ ། གཞན་ཡང་གལ་ཏེ་མི་རྟག་པ་སྟོབས་ཆུང་མིན་ཞིང་སྟོབས་དང་ལྡན་ལ། དེ་ཡང་དངོས་པོ་ཀུན་ལ་ཁྱབ་པར་ཡོད་ན། དེའི་ཚེ་དངོས་པོ་ཀུན་ལ་གནས་པ་མེད་པར་འགྱུར་ཏེ། གང་ལ་མི་རྟག་པ་སྟོབས་ཆེ་ཞིང་གནས་པ་སྟོབས་དང་མི་ལྡན་པས་སོ། །གཞན་ཡང་མི་རྟག་པ་ཉིད་མཚན་གཞི་འདུས་བྱས་དང་ལྷན་ཅིག་འབྱུང་ངམ་དུས་ཕྱིས་འབྱུང་། མཚན་ཉིད་མཚན་གཞི་ལ་མི་འཁྲུལ་བའི་ཕྱིར་གལ་ཏེ་དུས་རྟག་ཏུ་མི་རྟག་པ་ཉིད་ཡོད་ན། དེའི་ཚེ་གནས་པ་རྟག་ཏུ་ཡོད་པ་མིན་ཏེ། དེ་དང་འགལ་བའི་མི་རྟག་པ་རྟག་ཏུ་རྗེས་སུ་འབྲེལ་བའི་ཕྱིར་རོ། །ཅི་སྟེ་ཉེས་པ་དེ་སྤོང་བར་འདོད་ནས་ཕྱིས་མི་རྟག་པ་དང་འབྲེལ་བར་འདོད་ན། སྔར་གནས་པ་དང་ལྡན་པས་རྟག་པར་གྱུར་ཟིན་ནས་ཕྱི་ནས་མི་རྟག་པ་དང་འབྲེལ་བས་མི་རྟག་པར་འགྱུར་ན་དངོས་པོ་གཅིག་རྟག་པའང་ཡིན་ལ། མི་རྟག་པ་ཡང་ཡིན་ནོ་ཞེས་བྱ་བ་དེ་རིགས་པ་མ་ཡིན་ནོ། །ཡང་འདུས་བྱས་ཀྱི་མཚན་ཉིད་རྣམས་ཕན་ཚུན་མི་འཁྲུལ་བའི་ཕྱིར། གལ་ཏེ་གནས་པ་མི་རྟག་པ་དང ལྷན་ཅིག་མཚན་གཞི་དངོས་པོ་ལ་ཡོད་ན། དངོས་པོ་ལ་མི་རྟག་པ་ལོག་པར་འགྱུར་ཏེ། གནས་པ་ཡོད་པའི་ཕྱིར་རོ། །ཡང་ན་གནས་པ་ཡོད་པ་བརྫུན་པར་འགྱུར་ཏེ་མི་རྟག་པ་ཡོད་པའི་ཕྱིར་རོ། །

གཉིས་པ་དྲན་པའི་རྟགས་དགག་པ་ནི། གལ་ཏེ་དུས་ཡོད་དེ། འདུ་བྱེད་གནས་པའི་རྟེན་འདས་པའི་དུས་ཡོད་པའི་ཕྱིར། གལ་ཏེ་འདས་པའི་དངོས་པོ་མེད་ན་བདག་འདས་པའི་དུས་སུ་འདི་དང་འདི་ལྟ་བུ་ཞིག་ཏུ་གྱུར་ཏོ་ཞེས་དྲན་པ་མི་རིགས་པར་འགྱུར་རོ་ཞེ་ན། དྲན་པ་ནི་སྔར་ཉམས་སུ་མྱོང་བའི་དོན་ལ་དམིགས་པ་ཡིན་ལ། སྔར་མཐོང་ཟིན་པའི་དངོས་པོ་ནི་འགགས་ཟིན་པས་ཕྱིས་མི་སྣང་ཞིང་། གང་གི་ཚེ་མི་སྣང་བ་དེའི་ཚེ་སླར་ཡང་དེའི་ཡུལ་ཅན་གྱི་སེམས་སྐྱེ་བ་མིན་པ་དེས་ན་དྲན་པ་ཞེས་བྱ་བ་འགགས་ཤིང་རང་བཞིན་མེད་པ་ལོག་པའི་དོན་ལ་དམིགས་ནས་རང་བཞིན་མེད་པའི་ལོག་པ་ཁོ་ན་འབྱུང་ངོ་། །དཔེར་ན་རྨི་ལམ་དུ་ཉམས་སུ་མྱོང་བའི་ཡུལ་སད་པའི་ཚེ་དྲན་པ་བཞིན་ནོ། །འདས་པའི་དོན་གཏན་མེད་པ་མ་ཡིན་ཏེ་དྲན་པར་བྱ་བ་ཡིན་པའི་ཕྱིར་དང་། དེའི་འབྲས་བུ་མཐོང་བའི་ཕྱིར་རོ། །རང་གི་ངོ་བོས་ཡོད་པ་མིན་ཏེ་རྟག་པར་ཐལ་བའི་ཕྱིར་དང་། དངོས་སུ་འཛིན་པར་ཐལ་བའི་ཕྱིར་རོ། །དེས་ན་དེ་ལྟ་བུ་ལ་དམིགས་ནས་སྐྱེ་བའི་དྲན་པ་ཡོད་པས་དངོས་པོ་ལས་འདས་པ་རང་གི་ངོ་བོས་ཡོད་པར་མི་འགྲུབ་བོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དུས་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཅིག་པའི་འགྲེལ་པའོ།།། །།

ལེའུ་བཅུ་གཉིས་པའི་རྣམ་བཤད།

གཉིས་པ་ལྟ་བར་བྱ་བ་དགག་པ་ལ། ལེགས་བཤད་ལ་མི་འཇུག་པའི་རྒྱུ། ལེགས་བཤད་མདོར་བསྡུས་ཏེ་བསྟན། ཐར་འདོད་ལེགས་བཤད་བླང་བར་གདམས་པ་དང་གསུམ་གྱི། དང་པོ་ལ། ཉན་པ་པོ་སྣོད་ལྡན་དཀའ་བར་བསྟན། མཉན་བྱ་སྟོང་ཉིད་ཟབ་པར་བསྟན། ཟབ་མོ་རྩོད་ཕྱིར་མིན་པར་བསྟན། རང་བཞིན་བསྟན་པའི་ཕྲ་རགས་བསྟན་པ་དང་བཞིའོ། །དང་པོ་ལ། དངོས་དང་། ཞར་བྱུང་གཉིས་ཀྱི། དང་པོ་ནི། འདིར་སྨྲས་པ། ཁྱོད་ཀྱིས་བདག་མེད་པའི་ཆོས་འདི་ཆེས་གསལ་ཞིང་རྒྱས་པར་བསྟན་ལ། དེ་བཞིན་གཤེགས་པའང་འདི་ཐུགས་སུ་ཆུད་པ་པོ་དང་ཉེ་བར་འདོམས་པ་པོ་ཡིན་ན་ཅིའི་ཕྱིར་ཆོས་འདི་ལ་འཇིག་རྟེན་ཕལ་ཆེར་འཇུག་པར་མི་འགྱུར། གང་གི་ཕྱིར་ཆོས་འདིའི་མཛད་པ་པོ་དང་འཆད་པ་པོ་དང་ཆོས་ཀྱི་ཆེ་བའི་བདག་ཉིད་ཐམས་ཅད་ནི་ཆེས་དཀའ་བ་ཞིག་སྟེ། དེའི་ཕྱིར་ཐར་པ་འདོད་པ་རྣམས་འདི་ཁོ་ན་ལ་འཇུག་པར་རིགས་ན། རང་གཞན་གྱི་དངོས་པོར་སྨྲ་བ་རྣམས་ཀྱི་ཁྱད་པར་གཞན་དག་ཅི་སྟེ་བྱུང་ཞེ་ན། ཆོས་འདིའི་གསུང་བ་པོ་དང་འཆད་པ་པོ་དང་ཆོས་ཀྱི་བདག་ཉིད་ཤིན་ཏུ་དག་པ་ཡིན་ཡང་ཆོས་འདིའི་སྣོད་དུ་རུང་བའི་ཉན་པ་པོའི་ཆེ་བའི་བདག་ཉིད་རྙེད་པར་དཀའ་སྟེ་འདི་ལྟར་རང་དང་གཞན་གྱི་ཕྱོགས་དག་ལ་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་མེད་པས་ཕྱོགས་སུ་མ་ལྷུང་ཞིང་གཟུ་བོར་གནས་པ་དང་། ལེགས་བཤད་དང་ཉེས་བཤད་ཀྱི་སྙིང་པོ་དང་སྙིང་པོ་ཅན་མ་ཡིན་པ་རྣམ་པར་འབྱེད་པའི་བློ་དང་ལྡན་པ་དང་། ལེགས་བཤད་དོན་དུ་གཉེར་བ་དང་ཆོས་དང་ཆོས་སྨྲ་བ་ལ་གུས་པ་དང་ཡིད་གཏོད་པ་ཞེས་བྱ་བ་ཁྱད་པར་གསུམ་མམ་ལྔ་དང་ལྡན་པ་ནི་ལེགས་བཤད་ཉན་པ་པོའི་སྣོད་ཅེས་བྱ་བར་བཤད་ན་ཡོན་ཏན་དེ་དག་དང་ལྡན་པའི་ཉན་པ་པོ་ནི་ཤིན་ཏུ་དཀོན་པའི་ཕྱིར། ཆོས་འདི་ལ་འཇིག་རྟེན་ཕལ་ཆེར་མི་འཇུག་གོ །ཉན་པ་པོའི་སྐྱོན་གྱིས་སྨྲ་བ་པོའི་ཡོན་ཏན་སྐྱོན་དུ་འགྱུར་ལ་སྐྱོན་ཡོན་ཏན་དུ་འགྱུར་གྱི། ཉན་པ་པོ་ཇི་སྐད་བཤད་པའི་མཚན་ཉིད་དང་ལྡན་པ་ཡིན་ན། སྨྲ་བ་པོའི་ཡོན་ཏན་ཚིག་ཟུར་དོད་པ། དོན་ཕྱིན་ཅི་མ་ལོག་པ། ངག་སྔ་ཕྱི་མ་འཁྲུགས་པ་བརྗོད་པ་བློ་གསལ་བ་ཉན་པ་པོའི་ལྷག་པའི་བསམ་པ་ཁོང་དུ་ཆུད་པ། སེམས་ལ་ཟང་ཟིང་མི་འདོད་པ་ལ་སོགས་པ་ཡོན་ཏན་ལས་རྣམ་པ་གཞན་སྐྱོན་དུ་མི་འགྱུར་ལ། ཉན་པ་པོ་ལའང་ཡོན་ཏན་སྐྱོན་གྱི་ངོ་བོར་མི་འགྱུར་རོ། །དེའི་ཕྱིར་སྨྲ་བ་པོ་ཆོས་དག་པ་ཡིན་ཡང་ཉན་པ་པོ་རང་གི་ཉེས་པ་མི་བརྩི་བ་རྣམས་ཀྱིས་སྨྲ་བ་པོ་སྐྱོན་དང་ལྡན་པ་ཉིད་དུ་བརྩི་བར་བྱེད་དེ། འདི་ལྟར་བཅོམ་ལྡན་འདས་ཀྱིས་སྲིད་པ་འབྲས་བུར་གྱུར་པའི་ཉེར་ལེན་གྱི་ཕུང་པོ་ལྔ་དང་། སྲིད་པ་དེའི་ཐབས་རྒྱུར་གྱུར་པའི་འདུ་བྱེད་ལས་ཉོན་གྱིས་བསྡུས་པ་རྣམས་དང་། ཞི་བའི་ཐབས་འཕགས་ལམ་ཡན་ལག་བརྒྱད་དང་། ཞི་བ་ཉེར་འཚེ་ཐམས་ཅད་ལོག་པ་མྱ་ངན་ལས་འདས་པ་སྟེ་བདེན་པ་བཞི་པོ་རྣམས་ཐར་པ་འདོད་པ་རྣམས་ལ་ཇི་ལྟ་བ་བཞིན་དུ་གསུངས་ཏེ། དེ་ལ་ཐོས་བསམ་བསྒོམ་པ་ལ་བརྩོན་པ་རྣམས་ཀྱིས་ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པ་ནི། བཅོམ་ལྡན་འདས་ཀྱིས་ཉེ་བར་བསྟན་པ་དོན་ཇི་ལྟ་བ་བཞིན་དུ་རྟོགས་ལ། ཐོས་བསམ་བསྒོམ་པ་ལ་མི་བརྩོན་པའི་འཇིག་རྟེན་གང་། བདག་ཉིད་སྣོད་མ་ཡིན་པར་མ་འཕྲིགས་པ་དག་ཁོ་བོ་ཅག་གིས་དོན་ཇི་ལྟ་བ་བཞིན་ཡོངས་སུ་མི་ཤེས་པ་གང་ཡིན་པ་དེ་ནི་ངེས་པར་སངས་རྒྱས་ཀྱིས་ཡང་དག་པར་མ་བཤད་པའོ་ཞེས་ཉེས་པ་དེ་ཐུབ་པའི་ཡིན་པ་ལྟ་བུར་མངོན་པར་བྱེད་དེ། དེ་ཙམ་གྱིས་བཅོམ་ལྡན་འདས་ནོངས་པ་དང་ལྡན་པ་མ་ཡིན་ཏེ། འཕགས་པའི་བདེན་པ་བཞི་ཇི་ལྟ་བ་བཞིན་སྟོན་པར་མཛད་པ་ཉིད་ཀྱིས་སྐྱེས་བུའི་དོན་མ་ལུས་པ་སྟོན་པར་མཛད་པ་པོ་ཡིན་པའི་ཕྱིར་རོ། །

གཉིས་པ་ལ། ཐུབ་པ་ཀུན་མཁྱེན་དུ་བསྒྲུབ་པ་དང་། མུ་སྟེགས་ཅན་ཀུན་མཁྱེན་མ་ཡིན་པར་བསྟན་པའོ། །དང་པོ་ནི། དེ་བཞིན་གཤེགས་པ་མངོན་པར་མཐོ་བའི་གཏམ་སྦྱིན་པ་དང་ཚུལ་ཁྲིམས་ལ་སོགས་པའི་ཆོས་དོན་གསལ་བ་ཡིན་ན། ངེས་པར་ལེགས་པའི་གཏམ་ནི། དངོས་པོ་ཐམས་ཅད་མེད་པར་སྟོན་པ་ལྷུར་ལེན་པ་ཉིད་ཀྱིས་ཁོ་བོ་ཅག་གིས་རྟོགས་པར་མི་ནུས་པས་དེའི་ཕྱིར་ཁོ་བོ་ཅག་གི་ཡིད་མགུ་བར་མ་མཛད་དོ་ཞེ་ན། བདེ་བ་དང་སྡུག་བསྔལ་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་དངོས་པོ་ཐམས་ཅད་ལ་ཆགས་པ་བཏང་བས་མྱ་ངན་ལས་འདའ་བར་གྲངས་ཅན་དང་བྱེ་བྲག་པ་ལ་སོགས་པ་ཐར་པ་འདོད་པའི་ཡ་མཚན་ཅན་ཀུན་གྱིས་འདོད་ཅིང་ཁས་བླངས་སོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་ཀུན་ནས་ཉོན་མོངས་པའི་དངོས་པོ་ཀུན་སུན་འབྱིན་ཅིང་སྤངས་པས་མྱང་འདས་ཐོབ་པར་སྨྲ་བ་དེ་དག་ནི་མི་དགའ་བར་འགྱུར་བའི་རྒྱུ་ཅི་ཞིག བཅོམ་ལྡན་འདས་ཀྱིས་སྔོན་ཆད་མ་བྱུང་བ་གསུངས་པ་ཅུང་ཟད་ཀྱང་མེད་དེ། ཁྱེད་ཐམས་ཅད་བཏང་བས་མྱ་ངན་ལས་འདའ་བར་འདོད་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཐམས་ཅད་གཏོང་བའི་ཐབས་རང་བཞིན་མེད་པ་ལྷུར་བྱེད་པའི་སྒོ་ནས་བསྟན་པ་ཙམ་དུ་ཟད་དོ། །དེའི་ཕྱིར་བཅོམ་ལྡན་འདས་ཀྱིས་བསྟན་པ་ལ་མ་འཇིགས་པར་ཡོངས་སུ་དགའ་བ་བསྐྱེད་དེ་ཆོས་འདི་བདག་ཏུ་འགྱུར་བར་གྱིས་ཤིག གལ་ཏེ་ཐམས་ཅད་བཏང་བས་མྱ་ངན་ལས་འདས་པ་ཐོབ་པར་ཡ་མཚན་ཅན་ཀུན་གྱིས་འདོད་པ་དེ་ཉིད་བཅོམ་ལྡན་འདས་ཀྱིས་ཀྱང་བསྟན་ན། ཁྱོད་དང་མུ་སྟེགས་ཅན་དང་ཁྱད་པར་ཅི་ཡོད་ཅེ་ན། མུ་སྟེགས་ཅན་རྣམས་ཀྱིས་ནི་ཐམས་ཅད་གཏོང་བའི་བསམ་པ་ཙམ་ཞིག་ཏུ་ཟད་ཀྱི། ཐམས་ཅད་གཏོང་བའི་ཐབས་མི་ཤེས་པ་འདི་ནི་ཁྱད་པར་རོ། །གང་ཞིག་ཐམས་ཅད་གཏོང་བའི་ཐབས་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་མི་ཤེས་པ་དེ་ཅི་ཞིག་གཏོང་བར་བྱེད་པར་འགྱུར། མུ་སྟེགས་ཅན་རྣམས་ཀྱིས་ཐམས་ཅད་གཏོང་བའི་ཐབས་མི་ཤེས་པ་དེས་ན་ངེས་པར་འདི་ལ་དགོངས་ནས་ཐུབ་པ་ཡིས་དགེ་སྦྱོང་དང་པོ་ནི་འདི་ཉིད་དུའོ། །གཉིས་པ་དང་གསུམ་པ་ནི་འདི་ཉིད་དུའོ། །བཞི་པ་ནི་འདི་ཉིད་དུའོ། །ཕ་རོལ་སྨྲ་བ་ནི་དགེ་སྦྱོང་དག་གིས་སྟོང་ངོ་ཞེས་ངེས་པར་ཆོས་འདི་ལས་གཞན་དུ་ཞི་བ་མེད་ཅེས་གསུངས་སོ། །ཐམས་ཅད་གཏོང་བའི་ཐབས་ཡང་དག་པར་བསྟན་པས་ན་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་ཀྱི་འཇུག་པ་ཐམས་ཅད་ལ་ཐོགས་པ་མེད་པས་དོན་ཇི་ལྟ་བ་བཞིན་སྟོན་པར་རྟོགས་སོ། །གལ་ཏེ་ཐམས་ཅད་མཁྱེན་པ་ཡིན་ན་མངོན་སུམ་དང་ལྐོག་ཏུ་གྱུར་པའི་དོན་ཐམས་ཅད་ཁོང་དུ་ཆུད་དགོས་ལ། བཅོམ་ལྡན་འདས་ཀྱིས་དབང་པོ་ལས་འདས་པའི་དོན་སྟོན་པ་ན་འདི་ནི་དེ་ཁོ་ན་ལྟར་ཡིན་གྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བ་འདི་ལ་ངེས་པའི་རྒྱུ་ཅི་ཡོད་ཅེ་ན། སངས་རྒྱས་ཀྱིས་གསུངས་པ་ཡུལ་དང་དུས་ཀྱིས་ཆོད་པའི་ཤིན་ཏུ་ལྐོག་གྱུར་དག་ལ་གང་ཞིག་འདི་དེ་ཁོ་ན་ལྟར་ཡིན་ནམ། འོན་ཏེ་མ་ཡིན་ཞེས་ཐེ་ཚོམ་སྐྱེ་བར་གྱུར་པ་དེ་ཡིས་ཐམས་ཅད་གཏོང་བའི་ཐབས་རང་བཞིན་སྟོང་པ་ཉིད་བསྟན་པ་འདི་ནི་སྐྱེས་བུའི་དོན་གྱི་གཙོ་བོ་ཡིན་པའི་ཕྱིར་དང་། སྨྲ་བ་གཞན་གྱིས་བསྟན་མི་ནུས་པའི་ཕྱིར་དང་། བཤད་པ་དང་འཆད་པར་འགྱུར་བའི་རིགས་པས་རྣམ་པ་གཞན་དུ་བྱ་བར་མི་ནུས་པར་གྲུབ་པའི་ཕྱིར་ཡང་དག་པའི་དོན་ཅན་ཡིན་པ་འདི་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་མངོན་སུམ་མ་ཡིན་པའི་དོན་སྟོན་པའི་གསུང་གཞན་རྣམས་ཀྱང་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་སྟེ། དེ་བཞིན་གཤེགས་པས་བསྟན་པའི་ཕྱིར་རང་བཞིན་སྟོང་པ་ཉིད་ཀྱི་དོན་སྟོན་པར་བྱེད་པའི་གསུང་བཞིན་ཞེས་པའི་ཚུལ་གྱིས་བཅོམ་ལྡན་འདས་ཐམས་ཅད་མཁྱེན་པ་འདི་ཉིད་ཁོ་ནར་ཡིད་ཆེས་པར་བྱའོ། །དབུ་མ་རང་རྒྱུད་ཀྱིས་རྗེས་སུ་དཔག་པ་ཁས་མི་ལེན་པ་མ་ཡིན་ནམ་ཞེ་ན། དེ་ཁོ་ན་ཉིད་དཔྱོད་པའི་ཚེ་རང་ལ་གྲུབ་པའི་ཕྱོགས་མེད་པས་རྗེས་སུ་དཔག་པ་ཁས་མི་ལེན་པ་ཡིན་གྱི། འཇིག་རྟེན་གྱི་ཐ་སྙད་ལ་འཇུག་པའི་ཚེ་ནི་གྲགས་པ་ལ་བརྟེན་ནས་རྗེས་སུ་དཔག་པ་ཁས་ལེན་ཏེ། ཚིག་གསལ་དུ། མངོན་སུམ་དང་། རྗེས་སུ་དཔག་པ་དང་། ཉེ་བར་འཇལ་བ་དང་། ལུང་གི་ཚད་མ་སྟེ། ཚད་མ་བཞི་ལ་བརྟེན་ནས་འཇིག་རྟེན་གྱི་དོན་རྟོགས་པ་ཡིན་ནོ་ཞེས་བཤད་པས་སོ། །གཉིས་པ་ནི། དེ་བཞིན་གཤེགས་པ་ལྟར་མུ་སྟེགས་ཅན་རྣམས་ནི་དོན་ཕྱིན་ཅི་མ་ལོག་པ་བརྗོད་པ་ཉིད་དུ་ངེས་མི་ནུས་ཏེ། དེ་དག་ནི་མཐོང་བའི་ཆོས་ཉིད་ལ་ཕྱིན་ཅི་ལོག་ཏུ་གྱུར་པའི་ཕྱིར་རོ། །འདི་ལྟར་དེ་རྣམས་ཀྱིས་འཇིག་རྟེན་འདིའི་འཇུག་པ་དབང་ཕྱུག་དང་། བདག་རྟག་པ་ལ་སོགས་པ་རྒྱུར་སྟོན་པ་ན་མཐོང་བ་དང་འགལ་བ་དང་འཐད་པ་དང་འགལ་བའི་ཕྱིར་རོ། །དེ་ལྟར་ན་གང་གིས་སེམས་ཅན་དང་སྣོད་ཀྱི་འཇིག་རྟེན་འདིའི་རྒྱུ་འབྲས་རགས་པ་མཐོང་བར་དཀའ་བ་དེ་ནི་གཞན་ཤིན་ཏུ་ཕྲ་བ་ཡུལ་དང་དུས་རིང་པོར་ཆོད་པ་རྣམས་ཀྱི་ངོ་བོ་དབྱེ་བ་དང་བཅས་པ་ལ་བླུན་པ་ཉིད་དེ། དཔེར་ན་ཟླ་བ་ཉ་བ་མཐོང་མི་ནུས་པས་སྐར་མ་ལ་སོགས་པ་ཕྲ་བ་མི་མཐོང་བ་བཞིན་ནོ། །དེའི་ཕྱིར་གང་དག་སངས་རྒྱས་བཅོམ་ལྡན་འདས་དོན་ཇི་ལྟ་བ་བཞིན་སྟོན་པ་ལ་མ་བསྙེན་པར་ཐར་པ་འདོད་པ་ཉིད་ཀྱིས་མཐོང་བ་དང་མ་མཐོང་བའི་དངོས་པོའི་རང་བཞིན་ལ་རྨོངས་པའི་མུ་སྟེགས་ཅན་གྱི་རྗེས་སུ་འགྲོ་བ་དེ་དག་ཤིན་ཏུ་ཡུན་རིང་མོ་ཕྱི་མའི་མཐའ་མུར་ཐུག་པ་མེད་པར་འཁོར་བར་བསླུས་པར་འགྱུར་རོ། །གཉིས་པ་མཉན་བྱ་སྟོང་ཉིད་ཟབ་པར་བསྟན་པ་ལ་བཞི་ཡོད་པའི། དང་པོ་སྟོང་ཉིད་ལ་སྐྲག་པའི་རྒྱུ་བསྟན་པ་ནི། ཅིའི་ཕྱིར་ཐར་པ་འདོད་པ་རྣམས་ཕྱིན་ཅི་ལོག་མཐོང་བ་མུ་སྟེགས་ཅན་གྱི་རྗེས་སུ་འགྲོ་ཞེ་ན། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་ཉན་པ་ལ་འཇིགས་པའི་ཕྱིར་རོ། །འཇིགས་པའང་ཡོད་པ་མ་ཡིན་པའི་བདག་དང་བདག་གི་བ་སྒྲོ་བཏགས་ནས་དེ་ཆད་ཀྱིས་དོགས་པས་སྐྲག་པ་ལས་སོ། །སྐྲག་པ་དེའང་ཤིན་ཏུ་ཡུན་རིང་པོར་བདག་དང་བདག་གིར་འཛིན་པ་གོམས་པ་ལས་སོ། །དེའི་ཕྱིར་ཤིན་ཏུ་ཡུན་རིང་པོར་གོམས་པར་བྱས་ཀྱང་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བས་དངོས་པོ་ལ་མངོན་པར་ཞེན་པའི་དྲི་མ་དོར་ནས་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་རང་ཉིད་འགྲོ་བ་གང་ཡིན་པ་དེ་དག་ནི་ཤིན་ཏུ་བྱ་དཀའ་བ་བྱེད་དེ། དམ་པ་མ་ཡིན་པ་བདག་དང་བདག་གིར་འཛིན་པ་ལ་གོམས་པའི་གང་ཟག་གི་ཡིད་ནི་རང་ཉིད་མྱ་ངན་ལས་འདས་པར་མི་འགྲོ་བར་མ་ཟད། རང་ཉིད་མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་གཤེགས་པ་བྱ་དཀའ་བ་མཛད་པ་ཐུགས་རྗེ་ཆེན་པོ་མངའ་བ་འདྲེན་པའི་སླད་བཞིན་དུའང་མྱ་ངན་ལས་འདས་པར་འགྲོ་བར་སྤྲོ་བ་མ་ཡིན་ནོ། །ཅིའི་ཕྱིར་དམ་པ་མ་ཡིན་པའི་ཡིད་འདྲེན་པའི་སླད་བཞིན་དུའང་མྱ་ངན་ལས་འདས་པར་འགྲོ་བར་མི་སྤྲོ་ཞེ་ན། མྱང་འདས་སུ་འགྲོ་བའི་ལམ་སྟོང་པ་ཉིད་ལ་སྐྲག་པའི་ཕྱིར་རོ། །གང་ཞིག་སྟོང་པ་ཉིད་ལ་སྐྲག་ཅེ་ན། བསྟན་བཅོས་ཀྱི་བརྡ་ལ་མ་བྱང་བ་བ་ལང་རྫི་ལ་སོགས་པ་དག་ལ་ལན་བརྒྱར་སྟོང་པ་ཉིད་བསྟན་དུ་ཟིན་ཀྱང་རྣམ་པ་ཐམས་ཅད་དུ་དེར་ཞུགས་པ་མེད་པས་སྟོང་པ་ཉིད་ཀྱི་དོན་མ་མཐོང་བའི་ཕྱིར་སྐྲག་པ་མ་རྩོམ་སྟེ་སྐད་ཅིག་གིས་འཇིག་པ་ལ་དེར་རྨོངས་པ་དང་། དམྱལ་བའི་མེ་ལ་ལོག་ལྟས་རྒྱུད་བཟུང་བ་བཞིན་ནོ། །ཐོས་བསམ་སྒོམ་པའི་རིམ་པས་སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་མཐོང་བའི་མཁས་པ་རྣམས་ལ་རྣམ་པ་ཀུན་ཏུ་སྐྲག་པ་དེ་ལྡོག་པར་འགྱུར་ཏེ། འཇིགས་པའི་རྒྱུ་བདག་དང་བདག་གིར་མངོན་པར་ཞེན་པ་དང་བྲལ་བའི་ཕྱིར་རོ། །ཐག་པར་ངེས་ན་དེ་ལ་སྦྲུལ་དུ་འཛིན་པའི་འཇིགས་པ་དང་བྲལ་བ་བཞིན་ནོ། །གང་ཞིག་ཕྱིན་ཅི་མ་ལོག་པར་མཐོང་བ་དང་། གཏན་མ་མཐོང་བ་སྐྲག་པ་མི་རྩོམ་པ་དེའི་ཕྱིར་ངེས་པར་སྟོང་པ་ཉིད་ཀྱི་དོན་དུ་ཅུང་ཟད་ཅིག་ཤེས། ཅུང་ཟད་ཅིག་མ་ཤེས་པ་ལ་སྐྲག་པ་བསྒྲུབ་པར་བྱའོ། །དཔེར་ན་གླང་པོ་ཆེ་མྱོས་པ་ལ་བསྐྱོན་པ་ན། ལེགས་པར་བསླབས་པའི་སྐྱེས་བུ་མི་འཇིགས་ལ། འགྲོ་བ་ཤིན་ཏུ་རྨོངས་པའང་མི་འཇིགས་ཏེ། དེ་ནི་དེ་ལ་ཞོན་པ་ཙམ་མཆོག་ཏུ་རློམ་གྱི་ལྷུང་བ་ལ་སོགས་པའི་སྐྱོན་མི་ཤེས་པའི་ཕྱིར་རོ། །ཅུང་ཟད་གཅིག་ཤེས་པ་ནི་ཅི་འདི་བདག་གིས་ནུས་སམ་མི་ནུས་སྙམ་པས་ཤིན་ཏུ་འཇིགས་པ་བཞིན་ནོ། །

ཡང་ཅུང་ཟད་གཅིག་ཤེས་པ་འདི་ཤེད་མ་རྫོགས་ཀྱི་བར་དུ་གོ་འཕང་གོང་མ་མི་ཚོལ་ཞེ་ན། ཕྱིན་ཅི་ལོག་ལ་གོམས་ཤིང་སྟོང་པ་ཉིད་ལ་མ་གོམས་པས་སྐྲག་པའི་ཕྱིར་རོ། །འདི་ལྟར་བྱིས་པ་སོ་སོའི་སྐྱེ་བོ་རྣམས་ནི་ངེས་པ་ཁོ་ནར་འཁོར་བར་འཇུག་པར་བྱེད་པའི་ཆོས་དངོས་པོར་མངོན་པར་ཞེན་པ་ལ་གོམས་ཀྱི་དེའི་གེགས་སུ་གྱུར་པ་རང་བཞིན་སྟོང་པ་ཉིད་ལ་གོམས་པ་མེད་པ་ཡིས་འཁོར་བར་ལྡོག་པར་བྱེད་པའི་ཆོས་སྟོང་པ་ཉིད་ལ་འཇིགས་པར་འགྱུར་རོ། །དེའི་ཕྱིར་དམ་པ་རྣམས་ཀྱིས་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་འདི་སྣོད་དང་ལྡན་པ་རྣམས་ལ་འབད་པ་ཆེན་པོས་བསྟན་པར་བྱའོ། །གཉིས་པ་གཞན་སྟོང་ཉིད་ལ་འཇུག་པའི་གེགས་བྱེད་པའི་ཉེས་དམིགས་ནི། གང་ཞིག་རང་ཉིད་སྟོང་པ་ཉིད་ལ་མི་མོས་པ་འབའ་ཞིག་ཏུ་མ་ཟད་ཀྱི་གཏི་མུག་དང་ཕྲག་དོག་ལ་སོགས་པའི་ཉོན་མོངས་པ་འགའ་ཞིག་གིས་བསྒྲིབས་ཤིང་དེ་ཁོ་ན་ཉིད་བསྟན་པའི་སྣོད་དུ་གྱུར་པའི་སྐྱེ་བོ་ལ་དེ་ཁོ་ན་ཉིད་ལྟ་བ་དང་ཉན་པ་ལ་སོགས་པའི་གེགས་བྱེད་པ་དེ་ལ་ངེས་པར་ངན་འགྲོར་འགྲོ་བས་དེ་དགེ་ལེགས་སུ་འགྲོ་བ་ལྷ་མིའི་གོ་འཕང་ཡང་མེད་ན་ཐར་པའི་གཏམ་གྱི་གོ་སྐབས་ལྟ་སྨོས་ཅི་དགོས། འདིས་རང་བཞིན་གྱི་རྒྱུད་ལ་གནོད་པ་ཅི་མ་བྱས། གང་གི་ཕྱིར་དེས་ནི་ཤེས་རབ་ཀྱི་སྒྲོན་མ་ཕྱོགས་ཀྱི་སྒོ་མ་ལུས་པ་ཁྱབ་ཅིང་སྣང་བ་ཆེས་གསལ་བ་དུས་གསུམ་དུ་མཐུ་འཇུག་པ་ཉམས་པ་མེད་པ་ཉི་མ་རེ་རེ་ཞིང་མ་རིག་པའི་མུན་པ་གཞོམ་པའི་ཕྱིར་སྣང་བའི་ཚོགས་འཕེལ་བཞིན་པར་གྱུར་པ། འགྲོ་བའི་བསམ་པ་མ་ལུས་པ་སྣང་བར་ནུས་པ་རྒྱུད་ལ་སྐྱེ་བཞིན་པ་ལ་གནོད་པ་རྗེས་སུ་བསྒྲུབ་པའིཕྱིར་རོ། །འདི་ཉིད་རང་གཞན་གཉིས་ལ་གནོད་པ་བྱེད་པ་ཉིད་གཟིགས་ནས་བཅོམ་ལྡན་འདས་ཀྱིས། ཚུལ་ཁྲིམས་ལས་ནི་ཉམས་བླ་ཡི། །ལྟ་ལས་ཅིས་ཀྱང་མ་ཡིན་ནོ། །ཞེས་མདོ་ལས་གསུངས་སོ། །དེའི་འཐད་པ་སློབ་དཔོན་གྱིས་གསུངས་པ་ཚུལ་ཁྲིམས་ཀྱིས་ནི་ཞེས་ཏེ། ཚུལ་ཁྲིམས་ནི་ཉམས་ནས་གལ་ཏེ་ཡང་དག་པའི་ལྟ་བ་མ་བཅོམ་ན་ཆུང་ངུ་དང་འབྲིང་དང་ཆེན་པོའི་རིམ་པས་ཡི་དྭགས་དང་དུད་འགྲོ་དང་དམྱལ་བར་སྐྱེ་བའི་རྣམ་སྨིན་འདི་ཙམ་ཞིག་འབྱུང་ལ། ལྟ་བ་ཉམས་པ་ནི་གལ་ཏེ་ཆེས་ཉུང་ངུ་ཞིག་ཡིན་ཀྱང་དེའི་རྣམ་སྨིན་ཚུལ་ཁྲིམས་ཉམས་པ་གྲངས་མེད་བརྒྱ་ཕྲག་སྟོང་དང་མཉམ་པར་མི་ནུས་ན་ཆེ་བས་ཕམ་པ་ལྟ་ཅི་སྨོས། ཚུལ་ཁྲིམས་ཀྱི་རྣམ་སྨིན་ནི་ཡང་དག་པའི་ལྟ་བ་མ་སྐྱེས་པའི་སོ་སོའི་སྐྱེ་བོ་རྣམས་ལ་བདེ་འགྲོར་མཐོ་རིས་སུ་འགྲོ་བ་ཙམ་བྱེད་ལ། ཡང་དག་པའི་ལྟ་བ་ཕུན་སུམ་ཚོགས་པས་ནི་འཁོར་བ་ཐོག་མ་མེད་པ་ནས་ཞུགས་པའི་མ་རིག་པའི་མུན་པ་མ་ལུས་པ་བསལ་ནས་སེམས་ཅན་གྱི་ཁམས་མ་ལུས་པའི་མདུན་དུ་བདར་ཏེ་གོ་འཕང་མཆོག་མྱ་ངན་ལས་འདས་པར་འགྲོ་བར་འགྱུར་རོ། །དེ་ལྟར་མཁས་པས་དེ་ཁོ་ན་ཉིད་ལ་ལྟ་བ་འདི་ཤིན་ཏུ་དོན་ཆེན་པོར་རིག་པར་བྱས་ནས་དེ་ཉིད་མི་ཉམས་པར་བྱ་བའི་ཕྱིར་འབད་པར་བྱའོ། །གསུམ་པ་དམན་པ་ལ་སྟོང་ཉིད་བསྟན་བྱ་མ་ཡིན་པ་ནི། དེ་ལྟར་ལྟ་བ་ཉམས་པའི་ཉེས་དམིགས་མཐོང་ནས་སྣོད་མ་ཡིན་པ་ལ་བདག་མེད་བསྟན་པར་མི་བྱ་སྟེ། དོན་མ་ཡིན་པ་ཁོ་ནའི་རྒྱུར་གྱུར་པའི་ཕྱིར་རོ། །ཇི་སྐད་དུ། བླུན་ལ་ཉེ་བར་བསྟན་པ་ནི། །འཁྲུལ་པར་འགྱུར་གྱི་ཞི་ཕྱིར་མིན། །ལག་འགྲོས་འོ་མ་འཐུང་བ་ནི། །དུག་འཕེལ་རྒྱུར་འགྱུར་འབའ་ཞིག་གོ །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་བདག་མེད་ཀྱི་ཆོས་ལ་མོས་པ་དང་བྲལ་ཞིང་བདག་འཛིན་ལ་མངོན་པར་ཞེན་པ་དམ་པ་མིན་པའི་མི་ལ་ནི་ཉེས་སྤྱོད་ལས་ལོག་པའི་ཕྱིར་བདག་འཛིན་དང་མཐུན་པར་བསྟན་པ་མཆོག་ཡིན་ཏེ། བདག་ལ་ཆགས་པས་ཕྱི་མར་བདག་ལ་ཕན་པ་དང་བདེ་བ་འདོད་པས་ཉེས་སྤྱོད་ལས་ལོག་པ་ན་བདེ་འགྲོ་རྙེད་སླ་བར་འགྱུར་བས་སོ། །བདག་མེད་སྟོན་པ་ནི་མཆོག་མ་ཡིན་ཏེ། སྤོང་བ་དང་ཕྱིན་ཅི་ལོག་ཏུ་རྟོག་པས་འདིའི་སྒོ་གསུམ་འཇོམས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བདག་མེད་པ་འདི་བསྟན་པ་ན་བདག་མེད་ལ་ལོག་པར་ཞུགས་པའི་མཁས་པ་མིན་པ་གཅིག་ནི་ངན་འགྲོ་ཉིད་དུ་འགྲོ་ཡི་ཞི་བར་མ་ཡིན་ལ། སྣོད་དུ་མི་རུང་བའི་ཐ་མལ་པ་མ་ཡིན་པ་མཆོག་ལ་ཉེ་བར་བསྟན་པ་ནི་ཞི་བ་ཉིད་དུ་འགྲོ་ཡི་ངན་འགྲོར་མ་ཡིན་ནོ། །

བཞི་པ་བསྟན་བྱ་བདག་མེད་ཀྱི་མཚན་ཉིད་ནི། གང་ཞིག་དམ་པ་མ་ཡིན་པ་ལ་བསྟན་བྱ་མ་ཡིན་ཞིང་དམ་པ་རྣམས་ལ་བསྟན་པར་བྱ་བ་བདག་མེད་པ་དེ་གང་ཞིག་ཡིན་ཞེ་ན། མྱ་ངན་ལས་འདས་པའི་གྲོང་ཁྱེར་དུ་འཇུག་པ་ལ་འདི་གཅིག་པུ་ཟླ་མེད་པའི་སྒོ་ཡིན་པས་ན་ཞི་སྒོ་གཉིས་པ་མེད་པ་དང་། གང་མཐོང་ན་དངོས་པོ་རྟེན་ཅན་རྟག་ཆད་ཀྱི་ལྟ་བ་ངན་པ་ཐམས་ཅད་འཇིག་པར་བྱེད་པ་དང་། ཉན་ཐོས་དང་རང་སངས་རྒྱས་དང་རྫོགས་པའི་སངས་རྒྱས་རྣམས་ཀྱི་ཡེ་ཤེས་ཀྱི་ཡུལ་དུ་གནས་པའམ། ཡང་ན་ཆོས་ཀྱི་སྐུ་དང་ཐ་མི་དད་པར་བཞུགས་པའི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་ཡུལ་དུ་གྱུར་པ་གང་ཡིན་པ་དེ་ནི་བདག་མེད་ཅེས་བྱ་བར་བརྗོད་དོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་བདག་མེད་འདི་ནི་སྐྱེ་བོ་བློ་ཞན་པ་ལ་བསྟན་བྱ་མ་ཡིན་ཏེ། བདག་མེད་པའི་ཆོས་འདིའི་མིང་ཐམས་ཅད་སྟོང་པ་ཞེས་པ་ཙམ་ལས་ཀྱང་ཟབ་མོའི་སྣོད་དུ་མི་རུང་བའི་དམ་པ་མིན་པ་ལ་འཇིགས་པ་སྐྱེད་པའི་ཕྱིར་རོ། །འདི་ལྟར་བདག་མེད་པར་ལྟ་བ་ནི་སྟོབས་དང་ལྡན་པ་ཡིན་ཏེ། དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་དྲུངས་ནས་འབྱིན་བྱེད་ཡིན་པའི་ཕྱིར་རོ། །དམ་པ་མ་ཡིན་པའི་ལྟ་བ་ནི་སྟོབས་ཞན་ཏེ། དྲུངས་ནས་དབྱུང་བྱ་ཡིན་པའི་ཕྱིར་རོ། །གང་སྟོབས་དང་ལྡན་པ་ནི་སྟོབས་ཆུང་བ་ལ་འཇིགས་པ་སྐྱེད་དོ་ཞེས་བྱ་བ་འདི་ནི་ངེས་པ་ཡིན་ཏེ། སྟོབས་ཞན་པ་ལ་འཇིགས་པ་མི་སྐྱེད་པའི་སྟོབས་ལྡན་ཞེས་བྱ་བ་གང་ཞིག་འཇིག་རྟེན་ན་མཐོང་སྟེ། དཔེར་ན་སྟག་དང་སེངྒེ་ལ་སོགས་པ་སྟོབས་ལྡན་རྣམས་མཐོང་བ་ཙམ་གྱིས་གཞན་འཇིགས་པ་སྐྱེ་བ་བཞིན་ནོ། །གསུམ་པ་ཟབ་མོ་རྩོད་ཕྱིར་མིན་པར་བསྟན་པ་ལ་དངོས་དང་ཞར་བྱུང་གཉིས་ཀྱི། དང་པོ་ནི། གལ་ཏེ་བདག་མེད་པ་འདི་ལྟ་ངན་ཐམས་ཅད་འཇོམས་པར་བྱེད་པ་ཡིན་ན། དེའི་ཕྱིར་ལྟ་བ་ངན་པའི་གཞན་དབང་དུ་གྱུར་པའི་ཕས་ཀྱི་རྒོལ་བ་ཚར་བཅད་ཅིང་ཟིལ་གྱིས་མནན་པའི་ཆེད་དུ་ཆོས་འདི་སྣོད་དག་ལ་བསྟན་པར་བྱ་བ་ཡིན་ནོ་ཞེ་ན་དེ་ནི་མ་ཡིན་ཏེ། བདག་མེད་པའི་དོན་འདི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྒོལ་བ་གཞན་ཟིལ་གྱིས་མནན་པའི་ཕྱིར་དང་། རྩོད་པའི་ཆེད་དུ་མ་གསུངས་ཏེ། རྣམ་པར་དག་པའི་སྒོ་སྟོང་པ་ཉིད་དུ་བསྟན་པའི་ཕྱིར་རོ། །རྩོད་པའི་ཆེད་དུ་བསྟན་པ་མ་ཡིན་པ་དེ་ལྟ་ནའང་བདག་མེད་པའི་ཆོས་འདི་དད་པ་ཅན་གྱི་རྒྱུད་ལ་སྐྱེས་པ་ན་གཞན་སྨྲ་བ་ངན་པ་རྣམས་ཀྱི་ལོག་རྟོག་ལྡོག་སྟེ། ཉོན་མོངས་པའི་འཆིང་བ་ཐམས་ཅད་བསྲེག་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །

དཔེར་ན་མེ་ནི་བཙོ་བ་ལ་སོགས་པའི་དོན་དུ་ཡིན་གྱི་བུད་ཤིང་བསྲེག་པའི་ཆེད་དུ་མ་ཡིན་མོད། དེ་ལྟ་ནའང་མེ་སྲེག་བྱེད་ཀྱི་རང་བཞིན་ཡིན་པའི་ཕྱིར་མངོན་པར་འདོད་པའི་དོན་སྒྲུབ་ཅིང་བུད་ཤིང་ཡང་བསྲེག་པ་བཞིན་ནོ། །སློབ་དཔོན་གྱིས་ཀྱང་། རྩྭ་རྩེའི་ཆུ་ཡི་ཟིལ་པ་རྣམས། །ཉི་མའི་འོད་དང་མཇལ་བ་བཞིན། །རྒོལ་བ་རྣམས་ཀྱི་རྩོད་དང་སྐྱོན། ཁྱོད་དང་མཇལ་ན་འཇིག་པར་འགྱུར། །ཞེས་གསུངས་སོ། །ཇི་ལྟར་ན་ཆོས་འདི་དད་པ་ཅན་གྱི་རྒྱུད་ལ་སྐྱེས་པ་ན་གཞན་གྱི་སྨྲ་བ་སྲེག་ཅེ་ན། རང་བཞིན་སྟོང་པ་ཉིད་ཀྱི་ཆོས་འདིའི་བདུད་རྩིའི་རོ་གང་གི་ཐོས་བསམ་སྒོམ་གསུམ་གྱི་ལྕེའི་དབང་པོས་ཤེས་ཤིང་མྱོང་བ་འགྱུར་བ་དེ་ནི་དེ་ལས་གཞན་པའི་ལྟ་བའི་རོ་ལ་མནོག་མེད་པར་མཐོང་བའི་ཕྱིར་དེ་ལས་གཞན་པའི་ལྟ་བ་ལ་མི་དགའོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་རང་བཞིན་སྟོང་པ་ཉིད་ཀྱི་ཆོས་འདི་ནི་གང་གིས་རྟོགས་པ་དེའི་རྒྱུད་ལ་ལྟ་བ་ངན་པ་ཐམས་ཅད་སླར་མི་སྐྱེ་བར་མཐོང་བའི་ཕྱིར། དམ་པ་མ་ཡིན་པའི་ལྟ་བ་ཐམས་ཅད་འཇིག་པའི་སྒོ་དང་འདྲ་བར་བསྟན་བཅོས་བྱེད་པོ་བདག་ལ་སྣང་ངོ་ཞེས་སློབ་དཔོན་དམ་པའི་ཆོས་ཀྱི་བདུད་རྩིའི་རོ་མྱོང་བ་ལྟ་བུར་གྱུར་པས་སྐྱེ་བོ་བློ་དང་ལྡན་པ་རྣམས་ཡིད་ཚིམ་པར་བྱེད་པའི་ཚིག་གསུངས་པའོ། །ཡང་ན་ལུང་གི་ཆོས་ལ་དགོངས་ནས་འཇིག་པའི་སྒོ་དང་འདྲ་བར་སྣང་ཞེས་བཤད་དེ། མྱ་ངན་འདས་པའི་སྡུག་བསྔལ་རྒྱུ་བཅས་གཏན་དུ་འཇིག་པ་ཡིན་ལ། དེར་རྗེས་སུ་འཇུག་པའི་སྒོ་ནི་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་རྟོགས་པའི་བདག་ཉིད་ཅན་ཡིན་ལ། བསྟན་པའི་ཆོས་ཀྱང་སློབ་དཔོན་ལ་དེ་དང་འདྲ་བར་སྣང་ཞེས་པའོ། །གཉིས་པ་ལ་གཉིས་ཀྱི། དང་པོ་དམ་པ་བདག་མེད་ལ་མི་སྐྲག་པའི་རྒྱུ་ནི། ཡང་ཅིའི་ཕྱིར་ཆོས་འདི་འཕགས་པ་རྣམས་སྐྲག་པའི་རྒྱུར་མི་འགྱུར་ཞེ་ན། སྐྲག་པའི་རྒྱུ་བདག་ལ་ཆགས་པ་ལོག་པའི་ཕྱིར་རོ། །གང་བདག་ལ་ཆགས་པ་དེ་ནི་དེ་དང་རྗེས་སུ་མཐུན་པའི་དངོས་པོའི་ལྟ་བ་འདོད་ཅིང་མི་མཐུན་པའི་ཕྱིར་བདག་མེད་པའི་ལྟ་བ་ལ་མི་དགའ་བར་འགྱུར་གྱི། གང་ལ་དེ་ཁོ་ན་ཉིད་དུ་ཕྱི་ནང་གི་ཆོས་རྣམས་ལ་བདག་གམ་རང་བཞིན་མེད་སྙམ་དུ་དེ་ལྟར་དགོངས་པ་ལ་གནས་པའི་འཕགས་པ་དེ་ནི་གང་མཐོང་བས་ཚིམ་པར་འགྱུར་བས་བདག་ཡོད་པས་ག་ལ་དགའ་བར་འགྱུར། གང་མ་མཐོང་བས་བདག་ཆད་ཀྱིས་དོགས་པས་སྐྲག་པ་སྐྱེ་བ་བདག་མེད་པས་འཇིགས་པ་ག་ལ་འགྱུར་ཏེ། དེ་དག་ནི་ཡོད་པར་ལྟ་བས་རྗེས་སུ་ཆགས་པ་མེད་ཅིང་། བདག་མེད་པ་ལ་ཁོང་ཁྲོ་བ་མེད་པ་དེའི་ཕྱིར་མྱ་ངན་ལས་འདས་པ་ནི་དམ་པ་རྣམས་ཀྱི་གནས་ཡིན་པའི་ཕྱིར་བདག་མེད་པ་དེ་དག་ནི་འཇིགས་པའི་རྒྱུ་མ་ཡིན་ནོ། །

གཉིས་པ་ཆོས་འདོད་ལ་བརྩེ་བར་བྱ་བ་ནི། སྡུག་བསྔལ་མཐའ་ཡས་པའི་རྒྱུ་དངོས་པོ་ལྟ་བ་ལ་སྦྱོར་བའི་སྒོ་ནས་དོན་མ་ཡིན་པ་འཁོར་བའི་སྡུག་བསྔལ་མུ་མཐའ་མེད་པའི་ས་བོན་དུ་གྱུར་པའི་མུ་སྟེགས་ཅན་གྱི་སྦྲུལ་དངོས་པོ་དང་དངོས་པོ་མེད་པར་ལྟ་བའི་ཚེར་མ་ཤིན་ཏུ་ཐིབས་པོའི་ཚང་ཚིང་དང་ལྡན་པ་མང་པོ་རྣམས་ཀྱིས་འཇིག་རྟེན་མྱ་ངན་ལས་འདས་པའི་ལམ་བཟང་པོ་ནས་བཀུག་སྟེ། ལྟ་བ་ངན་པའི་ཚེར་མའི་ཚང་ཚིང་དུ་བཅུག་ནས་ཐར་པ་ཆ་མཐུན་གྱི་དགེ་བའི་སྲོག་གི་དབང་པོ་གཅད་པའི་སྒོ་ནས་ཉི་མ་རེ་རེ་ཞིང་གསོད་པར་བྱེད་པ་མཐོང་ནས་འཁོར་བ་ལས་གྲོལ་བའི་ཆོས་འདོད་པའི་སྐྱེ་བོ་ལ་ཆོས་འདིའི་རང་བཞིན་ཁོང་དུ་ཆུད་པའི་བྱང་ཆུབ་སེམས་དཔའི་རིགས་ཅན་སུ་ཞིག་སྙིང་བརྩེ་སྐྱེ་བར་མི་འགྱུར། སྙིང་བརྩེ་བ་ལས་ཀྱང་གུས་པར་བྱས་ཏེ་དེ་ལ་གང་གིས་ན་འདི་སླར་ཡང་མུ་སྟེགས་ཅན་གྱི་སྦྲུལ་གྱིས་འཕྲོག་པར་མི་འགྱུར་བ་དེ་ལྟར་རང་བཞིན་མེད་པའི་ལམ་ཉེ་བར་བསྟན་པར་བྱའོ། །བཞི་པ་རང་བཞིན་གཞན་བསྟན་པ་ཕྲ་རགས་དབྱེ་བ་ནི། ཅིའི་ཕྱིར་སེམས་ཅན་རྣམས་མུ་སྟེགས་ཅན་དང་རྗེས་སུ་འབྲེལ་གྱི་བདེ་བར་གཤེགས་པ་དང་མ་ཡིན་ཞེ་ན། རགས་པ་དང་ཕྲ་བའི་ཕྱིར་རོ། །དེ་ཡང་འདི་ལྟར་གཅེར་བུ་པ་རྣམས་ནི་གཙང་སྦྲ་སྤྱོད་པ་དང་བྲལ་བའི་ཕྱིར་ལུས་དྲི་མའི་འདམ་གྱིས་གོས་ཤིང་འཁྲུས་རས་མེད་པ། གྲང་བ་དང་རླུང་དང་ཉི་མ་དང་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་སྤྱད་པས་དག་པར་སྨྲ་སྟེ། དེ་དག་གི་ལུགས་དེ་དེ་ཡང་མཐོང་བས་གོ་བྱ་ཡིན་པས་དེའི་ཕྱིར་གོས་མེད་པ་རྣམས་ཀྱི་ཆོས་ནི་མིག་གིས་འཛིན་ནོ། །བྲམ་ཟེ་རྣམས་ནི་རིགས་བྱེད་འདོན་པ་སྙིང་པོར་བྱེད་དེ། དེ་རྣམས་ཀྱི་དེ་ནི་རྣ་བའི་ཡུལ་ཡིན་པས་དེའི་ཕྱིར་བྲམ་ཟེ་རྣམས་ཀྱི་ཆོས་ནི་རྣ་བ་ཡིས་འཛིན་ནོ། །ཤཱཀྱ་དངོས་པོ་རང་བཞིན་མེད་པར་ལྟ་བའི་ཉི་མས་སེམས་ཀྱི་རྒྱུད་ཀྱང་སྣང་བར་བྱས་ཤིང་། ལྟ་བ་ངན་པའི་མ་རིག་པའི་མུན་པ་བཅོམ་པ། འདུས་བྱས་རྨི་ལམ་དང་མིག་འཕྲུལ་དང་སྒྱུ་མ་ལ་སོགས་པ་དང་མཚུངས་པ་རང་བཞིན་མེད་པར་མཐོང་བ། ཉོན་མོངས་པའི་དྲི་མ་མ་ལུས་པ་བསལ་བས་སེམས་ཀྱི་རྒྱུད་དྲི་མ་མེད་པར་གྱུར་པ་རྣམས་ཀྱི་ཆོས་ནི་མཉམ་པར་བཞག་པ་ཁོ་ནས་གོ་བར་བྱ་བ་ཡིན་ཏེ། དེའི་ཕྱིར་ཤཱཀྱ་པ་རྣམས་ཀྱི་ཆོས་ནི་ཡིད་ཀྱི་རྣམ་པར་ཤེས་པས་འཛིན་པ་དེའི་ཕྱིར་ཐུབ་པའི་གཞུང་ལུགས་ཕྲ་བ་ཡིན་ནོ། །དེའི་ཕྱིར་མི་རྟོགས་པས་སྐྱེ་བོ་བསོད་ནམས་འདོད་ཀྱང་སངས་རྒྱས་ཀྱི་ཆོས་ལ་མི་འཇུག་གོ །གལ་ཏེ་བློ་རགས་པའི་ཡུལ་ཡིན་པའི་ཕྱིར་འཇིག་རྟེན་ཕྱི་རོལ་པའི་ཆོས་ལ་འཇུག་ན། ཁྱེད་ཀྱིས་ཀྱང་དེ་ལྟར་རྗེས་སུ་བསྒྲུབ་པར་རིགས་སོ་ཞེ་ན། བྲམ་ཟེ་རྣམས་ནི་བཟང་བརྗོད་དང་བཀྲ་ཤིས་དང་སྦྱིན་སྲེག་དང་འགྱོད་ཚངས་ལ་སོགས་པ་བྱ་བ་དག་གིས་གཞན་ལས་རྙེད་བཀུར་འདོད་པས་དེ་དག་གི་ཆོས་ནི་ཕྱི་འཆོས་པ་གཙོ་བོ་ཡིན་ལ། ཆོས་འདི་དང་ཡང་ཐར་པ་འདོད་པ་རྣམས་འགལ་ཏེ། འཁོར་བའི་རྗེས་སུ་མཐུན་པའི་ཕྱིར་དང་ཁ་བསག་དང་འབྲེལ་བའི་ཉེ་བའི་ཉོན་མོངས་པ་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་ཤཱཀྱ་པ་རྣམས་མ་བསྟན་ཏོ། །འདི་ལྟར་བྲམ་ཟེ་རྣམས་ཀྱི་ཆོས་ཕལ་ཆེར་ཕྱི་འཆོས་པར་བརྗོད་པར་ཐར་པ་འདོད་པ་རྣམས་ཀྱི་སྤྱད་བྱ་མ་ཡིན་པ་དེ་བཞིན་དུ་གཅེར་བུ་པ་རྣམས་ཀྱི་སྐྲ་འབལ་བ་ལ་སོགས་པའི་ཆོས་ཕལ་ཆེར་ཡང་སེམས་བླུན་པར་བྱེད་པ་ཉིད་བརྗོད་པ་ཡིན་པས་ཐར་པ་འདོད་པས་སྤྱད་བྱ་མ་ཡིན་ནོ། །དེའི་ཕྱིར་དེ་དག་གིས་ཉེ་བར་བསྟན་པ་རྗེས་སུ་མི་བསྒྲུབ་བོ། །གལ་ཏེ་དེ་དག་གིས་ཉེ་བར་བསྟན་པ་སྐྱོན་ཅན་ཡིན་ན་ཅིའི་ཕྱིར་འཇིག་རྟེན་དེ་དག་ལ་གུས་ཤེ་ན། གང་གི་ཕྱིར་བྲམ་ཟེ་རྣམས་ཀྱི་ཆོས་ཕྱི་འཆོས་པ་ཕལ་ཆེ་བ་དེའི་ཕྱིར་འདོན་པ་ཙམ་གྱིས་སེམས་རངས་པའི་འཇིག་རྟེན་ཕལ་ཆེ་བ་རྣམས་རིག་བྱེད་འདོན་པ་སོགས་རིག་པ་ཡང་དག་པར་བླངས་པ་ལས་བྲམ་ཟེ་རྣམས་ལ་གུས་པ་སྐྱེ་བར་འགྱུར་རོ། །ཇི་ལྟར་དེ་དག་གིས་རིག་པ་བླངས་པས་གུས་པ་སྐྱེ་བ་དེ་བཞིན་དུ་སྐྲ་འབལ་བ་ལ་སོགས་པའི་ཉོན་མོངས་དང་དུ་བླངས་པ་ལས་ངན་པ་ལ་མོས་པའི་འཇིག་རྟེན་ཕལ་ཆེར་གཅེར་བུ་པ་ལ་བརྩེ་བ་སྐྱེ་བར་འགྱུར་རོ། །འདི་རྣམས་ཀྱི་སྐྲ་འབལ་བ་ལ་སོགས་པའི་སྡུག་བསྔལ་ནི་སྡིག་པ་ཟད་བྱེད་ཀྱི་ཆོས་སུ་མི་འགྱུར་ཏེ། ཉེས་སྤྱད་ཀྱི་ལས་ཀྱི་རྣམ་པར་སྨིན་པ་ཡིན་པའི་ཕྱིར། དམྱལ་བ་པའི་སྡུག་བསྔལ་བཞིན། ཇི་ལྟར་གཅེར་བུ་པ་རྣམས་ཀྱི་སྡུག་བསྔལ་ཆོས་སུ་མི་འགྱུར་བ་དེ་བཞིན་དུ་བྲམ་ཟེ་རྣམས་ཀྱི་སྐྱེ་བའང་མཐོ་རིས་ཐོབ་བྱེད་ཀྱི་ཆོས་མ་ཡིན་ཏེ་ལས་ཀྱི་རྣམ་སྨིན་ཡིན་པའི་ཕྱིར། མིག་ལ་སོགས་པ་བཞིན་ནོ། །འདི་ནི་རིགས་བཞིའི་ནང་ནས་བྲམ་ཟེ་ཉིད་ཁོ་ན་སྦྱིན་སྲེག་ལ་སོགས་པའི་ཆོས་སྤྱོད་པའི་རྟེན་ཡིན་པས་ཆོས་སོ་ཞེས་སྨྲ་བ་འགོག་པའོ། །

གཉིས་པ་ལེགས་བཤད་མདོར་བསྡུས་ཏེ་བསྟན་པ་ནི། གལ་ཏེ་སྐྱེ་བ་དང་སྡུག་བསྔལ་ཆོས་མ་ཡིན་ན་ཆོས་གང་ཞིག་ཡིན་ཞེ་ན། སེམས་ཅན་ལ་གནོད་པའི་བསམ་པ་དང་དེས་ཀུན་ནས་བསླངས་པའི་སྒོ་གསུམ་གྱི་ལས་ནི་འཚེ་བ་ཡིན་ལ། མི་འཚེ་བ་ནི་དེ་ལས་བཟློག་པ་དགེ་བ་བཅུའི་ལས་ཀྱི་ལམ་དང་། སྦྱིན་པ་དང་སྙན་པར་སྨྲ་བ་ལ་སོགས་གང་ཅུང་ཟད་གཞན་ལ་ཕན་འདོགས་པ་རྣམས་ཀྱང་མི་འཚེ་བའི་ཁོངས་སུ་འདུས་སོ། །དེ་བཞིན་གཤེགས་པ་རྣམས་ཀྱིས་མདོར་བསྡུ་ན་ངན་འགྲོ་ལས་འཛིན་པའི་ཆོས་ནི་མི་འཚེ་བ་ཡིན་ནོ་ཞེས་གསུངས་སོ། །རང་བཞིན་སྟོང་པ་ཉིད་བསྒོམ་པའི་རྣལ་འབྱོར་པའི་སེམས་ཆུ་ལ་ཆུ་བཞག་པའི་ཚུལ་དུ་ཡུལ་སྟོང་ཉིད་ཀྱི་ངོ་བོར་སྐྱེ་མེད་དུ་གྱུར་པ་དེ་ཉིད་ཕྱིན་ཅི་ལོག་མཐའ་དག་ཟད་པ་དང་། སླར་ཡང་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་མྱ་ངན་ལས་འདས་པའོ་ཞེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་ཀྱི། དངོས་པོའི་རང་གི་ངོ་བོ་སླར་མི་སྐྱེ་བ་ཙམ་མྱ་ངན་ལས་འདས་པ་མ་ཡིན་ཏེ་རང་བཞིན་ལྡོག་པ་མེད་པའི་ཕྱིར་རོ། །འདི་ལྷག་བཅས་དང་ལྷག་མེད་ཀྱི་མྱང་འདས་ཀྱི་རང་སྡེ་པ་གཞན་དག་ཉོན་མོངས་མ་ལུས་པ་སྤངས་ཤིང་ཕུང་པོ་མ་འགགས་པ་དང་། ཕུང་པོ་མ་ལུས་པ་འགགས་པ་ལ་འདོད་པ་ལྟར་འདིར་མི་བཞེད་དེ། ཉོན་མོངས་མ་ལུས་པ་མ་སྤང་ཀྱང་མཐོང་ནས་མྱང་འདས་མངོན་སུམ་དུ་བྱེད་དེ། རིགས་པ་དྲུག་ཅུ་པ་ལས། དེ་ཉིད་མཐོང་ཆོས་མྱ་ངན་ལས། །འདས་ཤིང་བྱ་བ་བྱས་པའང་ཡིན། །ཞེས་བཤད་པས་སོ། །དེས་ན་ཆོས་དབྱིངས་མངོན་སུམ་དུ་མཐོང་བ་ཉིད་མྱང་འདས་མངོན་སུམ་དུ་བྱས་པ་ཡིན་གྱི། མྱང་འདས་མངོན་དུ་བྱེད་པ་ཕུང་པོ་མ་ལུས་པ་འགགས་པ་ལ་ལྟོས་མི་དགོས་ཏེ། ཡང་དེ་ཉིད་ལས། དངོས་པོ་ཞིག་པས་འགོག་འགྱུར་གྱི། །འདུས་བྱས་ཡོངས་སུ་ཤེས་པས་མིན། །དེ་ནི་སུ་ལ་མངོན་སུམ་འགྱུར། །ཞིག་ཤེས་པ་དེ་ཇི་ལྟ་བུ། །ཞེས་གསུངས་སོ། །འདིར་ནི་མཐོང་ལམ་ཡན་ཆད་འཕགས་པའི་མཉམ་གཞག་རྣམས་ཕུང་པོ་ལྷག་བཅས་ཀྱི་མྱང་འདས་སུ་བཞག་སྟེ། མཉམ་པར་བཞག་པ་ན་རྣལ་འབྱོར་པ་རང་སྣང་ལ་འདུས་བྱས་ཀྱི་མཚན་མ་ཅིའང་མི་སྣང་། གང་ཟག་གཞན་ངོར་ཕུང་པོའི་འཇུག་པ་མ་འགག་པའི་ཕྱིར་རོ། །ཚེའི་འདུ་བྱེད་བཏང་སྟེ་དག་པའི་ཞིང་གི་པདྨའི་སྦུབས་སུ་ཡིད་ཀྱི་ལུས་ཙམ་གྲུབ་སྟེ། མཚན་མེད་ཀྱི་ཏིང་ངེ་འཛིན་ལ་བསྐལ་པ་དཔག་ཏུ་མེད་པར་གནས་པའི་མྱང་འདས་ཞེས་བྱ་སྟེ། གཞན་སྣང་དུ་ཕུང་པོའི་འཇུག་པ་མ་ལུས་ཞི་བའི་ཕྱིར་རོ། །སྐུ་གསུམ་ལ་མྱང་འདས་གཉིས་བཞག་པ་ནི། ཇི་སྐད་དུ། ཕུང་པོར་བྱས་པའི་མྱ་ངན་འདས། །གཟུགས་སྐུ་གཉིས་ལ་བརྗོད་པ་སྟེ། །ཕུང་པོ་ཀུན་དང་བྲལ་བའི་ཕྱིར། །ཆོས་ཀྱི་སྐུ་ལ་ཕུང་པོ་མེད། །ཅེས་བཤད་པ་ལྟར་ཤེས་པར་བྱའོ། །དེ་ལྟར་མི་འཚེ་བ་དང་སྟོང་ཉིད་དེ་དག་ནི་མཐོ་རིས་དང་བྱང་གྲོལ་ཐོབ་པར་བྱེད་པ་སྟེ། དེའི་ཕྱིར་བདེ་བར་གཤེགས་པའི་བསྟན་པ་འདིར་ནི་དེ་གཉིས་འབའ་ཞིག་བདག་ལེགས་སུ་འདོད་པ་རྣམས་ཀྱིས་བསྟེན་པར་བྱ་བར་བསྟན་ཏོ། །ཡང་ན་སངས་རྒྱས་ཀྱི་བསྟན་པ་འདི་ཁོ་ནར་མཐོ་རིས་དང་བྱང་གྲོལ་ཐོབ་པའི་ཐབས་འདི་གཉིས་ཡོངས་སུ་དག་པར་དམིགས་ཀྱི་གཞན་དུ་མ་ཡིན་ནོ་ཞེས་བྱ་བའི་དོན་ཏོ། །ཡང་ཅིའི་ཕྱིར་ཕྱི་རོལ་པ་དག་དེ་བཞིན་གཤེགས་པས་བསྟན་པ་འདི་མཐོང་བཞིན་དུའང་ཆོས་འདི་གཉིས་ལ་མི་འཇུག་ཅེ་ན། རང་གི་ཕྱོགས་ལ་ཆགས་པའི་ཕྱིར་རོ། །འདི་ལྟར་རང་གི་ཕྱོགས་ལ་ཆགས་པ་ནི་འཇིག་རྟེན་ཐམས་ཅད་ལ་ཐོག་མ་མེད་པ་ནས་གོམས་པས་རང་གི་སྐྱེ་སའི་ཡུལ་བཞིན་དུ་སྡུག་ཅིང་ཡིད་དུ་འཐད་པ་དེ་ལ་ཆགས་པ་ཡོངས་སུ་བཏང་བར་མི་ནུས་ན། རང་ཕྱོགས་དེའི་ཟློག་པར་བྱེད་པའི་རྒྱུ་དེ་དང་འགལ་བ་མི་འཚེ་བ་དང་སྟོང་པ་ཉིད་ཅེས་བྱ་བའི་ཆོས་གཉིས་པོ་འདི་ཕྱི་རོལ་པ་ཁྱོད་ལ་རྒྱུ་གང་གིས་ན་སྡུག་པར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །དེའི་ཕྱིར་རང་གི་ལྟ་བ་ལ་མངོན་པར་ཞེན་པས་བྱིས་པ་རྣམས་སངས་རྒྱས་ཀྱི་ཆོས་འདི་ལ་མི་འཇུག་གོ །

གསུམ་པ་ལེགས་བཤད་བླང་བར་གདམས་པ་ནི། ཇི་ལྟར་མཁས་པས་རང་གི་སྐྱེ་ས་ཡིན་ཡང་རྒུད་པའི་རྒྱུར་མཐོང་ན། དེ་ལ་རེ་བ་སྤངས་ནས་འབྱོར་པའི་ཡུལ་གཞན་ལ་བརྟེན་པ་དེ་བཞིན་དུ་རིགས་པའི་དོན་ཡོན་ཏན་དང་ལྡན་པ་ནི་གཞན་གྱི་གཞུང་ལུགས་ལས་ཀྱང་བློ་ལྡན་ལེགས་པ་འདོད་པས་བླང་བར་བྱ་སྟེ། དཔེར་ན་ཉི་མ་ནི་ཕྱོགས་ལྷུང་དང་བྲལ་བའི་ཕྱིར། ས་སྟེང་གི་མིག་ལྡན་ཀུན་གྱི་སྣང་བའི་བྱ་བ་སྤྱི་མཐུན་དུ་བྱེད་པ་མ་ཡིན་ནམ་སྟེ་ཡིན་པ་དེ་བཞིན་དུ་ཆོས་འདིའང་གལ་ཏེ་ཉམས་སུ་བླངས་ན་རང་གཞན་གྱི་སྡེ་པ་ཐམས་ཅད་ལ་ཕན་འདོགས་པ་ཁོ་ན་ཡིན་གྱི། འགའ་ཞིག་ཏུ་ཕྲག་དོག་གིས་གནས་པ་མ་ཡིན་ནོ། །དེའི་ཕྱིར་དེ་ལྟར་རིག་པར་བྱས་ནས་གུས་པར་བྱ་སྟེ་ཆོས་གཉིས་པོ་འདི་བདག་ཏུ་བྱ་བར་རིགས་སོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། བལྟ་བར་བྱ་བ་དགག་པ་བསྒོམ་པ་བསྟན་པ་སྟེ་རབ་ཏུ་བྱེད་པ་བཅུ་གཉིས་པའི་འགྲེལ་པའོ།།། །།

ལེའུ་བཅུ་གསུམ་པའི་རྣམ་བཤད།

གསུམ་པ་དབང་དོན་དགག་པ་ལ། ཆོས་རྣམས་རང་བཞིན་བདེན་པ་དགག བདེན་མེད་སྒྱུ་མ་སོགས་དང་མཚུངས་པ་གཉིས་ཀྱི། དང་པོ་ལ། གཟུང་བྱ་དབང་དོན་བདེན་པ་དགག འཛིན་བྱེད་ཡུལ་ཅན་བདེན་པ་དགག བདེན་མེད་ངོ་མཚར་རྒྱུར་བསྟན་པ་དང་གསུམ་གྱི། དང་པོ་ལ་སྤྱིར་དགག་པ་དང་། སོ་སོར་ཕྱེ་སྟེ་དགག་པ་གཉིས་ཀྱི། དང་པོ་ལ་དགག་པ་དངོས། བཀག་པའི་མཇུག་བསྡུ། རིགས་པ་གཞན་བསྟན་པ་གསུམ་གྱི། དང་པོ་ནི། རིགས་པའི་དོན་ནི་གཞན་ལས་ཀྱང་། །བློ་ལྡན་ལེགས་པར་འདོད་པས་བླང་། །ཞེས་གང་སྨྲས་པ་བླང་བྱར་གྱུར་པའི་རིགས་པ་དེ་གང་ཞེ་ན། ཕྱི་ནང་གི་ཆོས་རྣམས་རང་བཞིན་གྱིས་བདག་མེད་པར་མཐོང་བའོ། །ཆོས་རྣམས་རང་བཞིན་མེད་དོ་ཞེས་རྟོགས་པར་མི་ནུས་ཏེ། བུམ་པ་སོགས་དང་སྔོན་པོ་ལ་སོགས་པའི་རང་བཞིན་མངོན་སུམ་གྱིས་དམིགས་པའི་ཕྱིར་རོ། །ཡོད་པ་མ་ཡིན་པའི་རི་བོང་གི་རྭ་ལ་སོགས་པ་ནི་མངོན་སུམ་དུ་ཡོད་པ་མ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ་ཇི་ལྟར་རྩྭ་དང་ཤིང་ལ་སོགས་པ་ལ་བརྟེན་ནས་ཁྱིམ་དུ་འདོགས་པ་དང་། ཕུང་པོ་ལ་བརྟེན་ནས་བདག་ཏུ་འདོགས་པ་ལྟར། འབྱུང་བ་བཞི་དང་འབྱུང་འགྱུར་གྱི་རྫས་བརྒྱད་ལ་བརྟེན་ནས་བུམ་པར་འདོགས་ལ་གང་གི་ཚེ་མིག་གིས་གཟུགས་མཐོང་བ་དེའི་ཚེ་ན་བུམ་པའི་ཆ་ཐམས་ཅད་ཁོ་ན་མཐོང་བར་མི་འགྱུར་ཏེ། བུམ་པ་ནི་རྫས་བརྒྱད་ཀྱི་བདག་ཉིད་ཡིན་པའི་ཕྱིར་དང་། མིག་གིས་གཟུགས་མཐོང་གི་དྲི་ལ་སོགས་པ་མ་ཡིན་ཏེ་ཡུལ་ཐ་དད་པའི་ཕྱིར་རོ། །དེ་བས་ན་འཇིག་རྟེན་རྣམས་མ་དཔྱད་པར་རང་གིས་རྟོགས་པ་ཚད་མར་བྱས་ནས་བདག་གིས་བུམ་པ་མངོན་སུམ་དུ་བྱས་སོ་ཞེས་ཅི་རུང་རུང་དུ་སྨྲ་བར་བྱེད་ཀྱི། བུམ་པ་མངོན་སུམ་མོ་ཞེས་ཕྱོགས་གཅིག་མཐོང་བས་ཐམས་ཅད་མཐོང་བ་ཡིན་ནོ་ཞེས་རྣམ་པར་འབྱེད་པ་ལ་མཁས་པའི་དེ་ཉིད་རིག་པ་སུ་ཞིག་སྨྲ་སྟེ་སྨྲ་བར་མི་འོས་སོ། །འང་ཞེས་པ་བུམ་པའི་ཉེ་བར་ལེན་པ་སྔོན་པོ་ལ་སོགས་པ་ལ་ཡང་མངོན་སུམ་མེད་པར་སྟོན་པའོ། །བུམ་པ་མངོན་སུམ་ཡིན་པ་དགག་པའི་རྣམ་པར་དཔྱོད་པའི་རིགས་པ་འདི་ཉིད་ཀྱིས་བློ་མཆོག་དང་ལྡན་པའི་མཁས་པས་དྲི་ཞིམ་སྣལ་མའི་མེ་ཏོག་དང་པདྨ་ཨུཏྤལ་ཙནྡན་ལ་སོགས་པ་སྣའི་དབང་པོའི་ཡུལ་ཐམས་ཅད་དང་། མངར་བ་བུ་རམ་དང་ལན་ཚྭ་དང་ནིམ་པ་ལ་སོགས་པ་ལྕེའི་དབང་པོའི་ཡུལ་ཐམས་ཅད་དང་། འཇམ་པ་ཤིང་བལ་དང་བྱེ་མ་དང་རྡོ་བ་ལ་སོགས་པ་ལུས་ཀྱི་དབང་པོའི་ཡུལ་ཐམས་ཅད་དག་མངོན་སུམ་ཡིན་པའང་སོ་སོར་དགག་པ་ཤེས་པར་བྱ་སྟེ། འདི་ལྟར་དེ་དག་ཀྱང་རྫས་བརྒྱད་ཀྱི་བདག་ཉིད་ཡིན་པའི་ཕྱིར་བདག་ཉིད་ཇི་ལྟ་བའི་དབང་པོ་རྣམས་ཀྱིས་ཡུལ་རེ་རེ་ཁོ་ན་འཛིན་གྱི། ཐམས་ཅད་མི་འཛིན་པའི་ཕྱིར་སྣལ་མའི་མེ་ཏོག་དང་བུ་རམ་ལ་སོགས་པ་མངོན་སུམ་ཡིན་ནོ་ཞེས་བྱ་བ་ཡང་འཇིག་རྟེན་གྱི་ཐ་སྙད་ཙམ་དུ་ཟད་ཀྱི། དེ་ཁོ་ན་ཉིད་རིག་པའི་མཁས་པ་སུ་ཞིག་སྨྲ་བར་འགྱུར། གལ་ཏེ་བུམ་པ་གཟུགས་ལས་ཐ་མི་དད་པའི་ཕྱིར་གཟུགས་མཐོང་བས་བུམ་པ་ཐམས་ཅད་མཐོང་བར་འགྱུར་རོ་ཞེ་ན། དེ་ཡང་སྙིང་པོ་མེད་དེ། འདི་ལྟར་གལ་ཏེ་གཟུགས་ཙམ་ཞིག་མཐོང་བ་ཡིས་བུམ་པའི་མཐོང་བའི་ཆ་དེ་ཐམས་ཅད་མཐོང་བར་འགྱུར་ན་ནི། དྲི་ལ་སོགས་པ་རྫས་གཞན་བདུན་པོ་རྣམས་མ་མཐོང་བ་ཡིས་གཟུགས་མཐོང་བར་འདོད་པའང་མ་མཐོང་བར་ཅིའི་ཕྱིར་མི་འགྱུར། འཇིག་རྟེན་ན་ཡང་ཕལ་ཆེ་བས་བརྗོད་པ་མཐོང་སྟེ། མོན་སྲན་སྡེའུ་ལ་སོགས་པ་ཡོད་ཀྱང་ཤས་ཆེ་བས་མོན་སྲན་གྲེའུའི་ཕུང་པོ་ཞེས་བརྗོད་པ་བཞིན་ནོ། །གལ་ཏེ་བུམ་པ་ལ་མངོན་སུམ་མེད་ཀྱང་བུམ་པའི་གཟུགས་ལ་མངོན་སུམ་ཡོད་ལ། དེའི་ཕྱིར་བརྒྱུད་ནས་བུམ་པའང་མངོན་སུམ་དུ་འགྱུར་རོ་ཞེ་ན། དྲི་ལ་སོགས་པ་དང་མ་འབྲེལ་བའི་གཟུགས་འབའ་ཞིག་ཁོ་ན་ལའང་མངོན་སུམ་ཉིད་ནི་ཡོད་པ་མ་ཡིན་ཏེ། གང་གི་ཕྱིར་གཟུགས་དེ་ལ་ཕ་རོལ་རྒྱབ་ཀྱི་ཆ་དང་ཚུ་རོལ་མདུན་གྱི་ཆ་དང་དབུས་དཀྱིལ་གྱི་ཆ་རྣམས་ཡོད་པའི་ཕྱིར་དང་། དེ་དག་ལ་ཡང་སྔར་ཕ་རོལ་དང་ཚུ་རོལ་དང་དབུས་ཀྱི་ཆ་གཞན་ཡོད་ཅིང་། དེ་དག་ལའང་གཞན་ཡིན་ཞིང་དེ་དག་ལའང་གཞན་ཞེས་རྣམ་པར་ཕྱེ་བ་རྡུལ་ཕྲ་རབ་ཀྱི་མཐར་ཐུག་པར་གནས་ལ། རྡུལ་ལའང་ཕ་རོལ་དང་ཚུ་རོལ་དང་དབུས་ཀྱི་ཆ་ཤས་ཡོད་དང་མེད་ཅེས་དཔྱད་པ་དེ་ཡང་དེར་འཇུག་པར་འགྱུར་ལ། གལ་ཏེ་མདུན་རྒྱབ་ལ་སོགས་པའི་ཆ་ཡོད་ན། དེའི་ཕྱིར་བུམ་པ་ལ་སོགས་པ་བཞིན་དུ་རྡུལ་ཕྲ་རབ་ཉམས་པར་འགྱུར་རོ། །ཅི་སྟེ་ཆ་མེད་ན་ནི་གཟུང་དུ་མེད་པའི་ཕྱིར་མེད་པར་འགྱུར་རོ། །གཉིས་པ་ནི། གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་མངོན་སུམ་ཉིད་མ་གྲུབ་ཅིང་བསྒྲུབ་པར་བྱ་བ་ཡིས་གཞན་གྱི་མངོན་པར་འདོད་པའི་བསྒྲུབ་བྱ་དངོས་པོ་རང་བཞིན་དང་བཅས་པ་འགྲུབ་པར་མི་འཐད་དོ། །གསུམ་པ་ནི། གཞན་ཡང་དབང་པོ་གཟུགས་ཅན་གྱི་ཡུལ་ཀུན་ལ་བརྟགས་པ་ན་ཀུན་ཀྱང་རང་གི་ཡན་ལག་ཅན་ལ་ལྟོས་ནས་ཡན་ལག་ཏུ་གྱུར་ནས་སླར་རང་གི་ཡན་ལག་ལ་ལྟོས་ནས་ཡན་ལག་ཅན་དུ་འགྱུར་ཏེ། འདི་ལྟར་བུམ་པ་ནི་རང་གི་ཉེ་བར་ལེན་པ་རྫས་བརྒྱད་ལ་ལྟོས་ནས་ཡན་ལག་ཅན་ཡིན་ལ། དེ་དག་ཀྱང་རང་གི་ཡན་ལག་རྡུལ་ཕྲ་རབ་ལ་ལྟོས་ནས་ཡན་ལག་ཅན་ཡིན་ཞིང་རྡུལ་ཕྲན་རྣམས་ཀྱང་མདུན་དང་རྒྱབ་ཀྱི་ཆ་ལ་ལྟོས་ནས་ཡན་ལག་ཅན་དུ་འགྱུར་བས་རང་གི་ངོ་བོས་གྲུབ་པའི་ཡན་ལག་དང་ཡན་ལག་ཅན་ཡོད་པ་མ་ཡིན་ཏེ། དེའི་ཕྱིར་བུམ་པ་ལ་སོགས་པ་མངོན་སུམ་དུ་མེད་དོ། །

ཇི་ལྟར་གཟུགས་ཀྱི་མཐའ་རྡུལ་ཕྲན་ལ་ཆ་ཡོད་མེད་དཔྱད་ན་མ་གྲུབ་པ་དེ་བཞིན་དུ་མིང་གི་མཐའ་ཡི་གེ་ལའང་རྣམ་པར་དཔྱད་ན་མ་གྲུབ་སྟེ། དེའི་ཕྱིར་ཡི་གེའི་རང་བཞིན་གྱི་བརྗོད་པའང་འཇིག་རྟེན་འདི་ན་ཐ་སྙད་ཙམ་དུ་ཡོད་ཀྱི་རང་གི་ངོ་བོས་ཡོད་པ་མ་ཡིན་ནོ། །ཡང་ན་བུམ་པ་ལ་སོགས་པ་མེད་ན་དེའི་རྗོད་བྱེད་ཡི་གེའི་བརྗོད་པའང་མེད་ལ། དོན་མེད་ན་ཤེས་བརྗོད་དག་མི་འཇུག་པའི་ཕྱིར་རོ་ཞེས་པའོ། །གཉིས་པ་སོ་སོར་ཕྱེ་སྟེ་དགག་པ་ལ། ཡུལ་གྱི་རང་བཞིན་དབང་པོས་འཛིན་པ་དགག་པ་དང་། ཡིད་ཀྱིས་འཛིན་པ་དགག་པ་གཉིས་ཀྱི། དང་པོ་ལ། བལྟ་བྱ་དགག མཉན་བྱ་དགག་པ་གཉིས་ཀྱི། དང་པོ་ལ། ཡུལ་དགག་པ་དང་། ཡུལ་ཅན་དགག་པ་གཉིས་ཀྱི། དང་པོ་ལ། རང་སྡེ་དགག་པ་དང་། གཞན་སྡེ་དགག་པ་གཉིས་ཀྱི། དང་པོ་ནི། རང་སྡེ་བྱེ་བྲག་ཏུ་སྨྲ་བ་དག་གཟུགས་ཀྱི་སྐྱེ་མཆེད་ནི་ཁ་དོག་དང་དབྱིབས་གཉིས་ཀྱི་བདག་ཉིད་ཡིན་ལ། དེ་དང་ལྡན་པའི་སྒོ་ནས་བུམ་པ་བལྟ་བྱའི་མངོན་སུམ་ཡིན་ནོ་ཞེས་འདོད་པ་དེ་དག་གི་ལྟར་ན། དབྱིབས་དེ་ཁ་དོག་ལས་གཞན་ནམ་གཞན་མ་ཡིན་པར་རྟོག་གྲང་། གལ་ཏེ་མདོག་ལས་དབྱིབས་དོན་གཞན་དུ་རྟོག་ན་དབྱིབས་དེ་ཇི་ལྟ་བུར་ནི་མིག་གིས་འཛིན་པར་འགྱུར་ཏེ། ཁ་དོག་ལས་གཞན་ཡིན་པའི་ཕྱིར། སྒྲ་ལ་སོགས་པ་བཞིན། འོན་ཏེ་ཉེས་པ་དེ་སྤོང་བར་འདོད་པས་ཁ་དོག་ལས་གཞན་མིན་པར་གཅིག་ཏུ་འདོད་ན། ཇི་ལྟར་ལུས་ཀྱིས་མུན་ཁུང་དབྱིབས་རིང་པོ་ལ་སོགས་པ་འཛིན་པ་ལྟར་མདོག་ཀྱང་ཅིའི་ཕྱིར་འཛིན་པར་མི་འགྱུར་ཏེ། དེ་དག་གཅིག་ཡིན་པའི་ཕྱིར་དང་། གཅིག་ལ་བཟུང་བ་དང་མ་བཟུང་བའི་ཆ་གཉིས་སུ་མི་རུང་བའི་ཕྱིར་རོ། །དེ་ལྟར་རྣམ་པར་དཔྱད་ན་དབྱིབས་དང་ཁ་དོག་དེ་ཉིད་དང་གཞན་དུ་མི་གྲུབ་ལ། དེ་ཉིད་དང་གཞན་མ་གཏོགས་པར་གྲུབ་པའང་མི་འཐད་པས། དེའི་ཕྱིར་རྡུལ་ཕྲན་གྱི་བར་དུ་དཔྱད་ན་མ་གྲུབ་པས་གཟུགས་ཀྱི་སྐྱེ་མཆེད་མ་གྲུབ་ལ། དེ་མེད་པས་ཀྱང་དེའི་སྒོ་ནས་འགའ་ཡང་མངོན་སུམ་དུ་གྲུབ་པ་མེད་དོ། །

གལ་ཏེ་གཟུགས་ཀྱི་སྐྱེ་མཆེད་ནི་ཡོད་དེ། དེའི་རྒྱུ་འབྱུང་བ་ཆེན་པོ་བཞི་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་གཟུགས་ཀྱི་རྒྱུ་འབྱུང་བ་ཆེན་པོ་དག་རང་གི་ངོ་བོས་གྲུབ་ན་གཟུགས་ལས་ཐ་དད་པར་དམིགས་པ་ཞིག་ན། ཚོགས་པ་གཅིག་པའི་རྫས་བརྒྱད་པོ་རྣམས་ནི་ལྷན་ཅིག་འབྱུང་བར་ངེས་པའི་ཕྱིར་འབྱུང་བ་ལས་ཐ་དད་པའི་གཟུགས་ཀྱང་མ་དམིགས་ལ། གཟུགས་ནི་ལྟ་ཞིག་མ་གཏོགས་པར་དེར་དེ་ལས་ཐ་དད་པ་གཟུགས་ཀྱི་རྒྱུ་འབྱུང་བའང་མི་སྣང་ངོ་། །འོན་ཏེ་གཟུགས་དང་ཐ་དད་པ་མ་ཡིན་པའི་གཟུགས་ཀྱི་རྒྱུ་ལས་གཟུགས་ཡོད་པར་རྗེས་སུ་དཔོག་ན། དེ་ལྟར་ན་གཟུགས་ཀྱི་རྒྱུ་འབྱུང་བ་དང་གཟུགས་གཉིས་ཀའང་མིག་གིས་འཛིན་པར་ཅིའི་ཕྱིར་མི་འགྱུར། འདི་ནི་རིགས་པ་མ་ཡིན་ཏེ། མཚན་ཉིད་ཐ་དད་པའི་ཕྱིར་དང་། དབང་པོ་ཐ་དད་པའི་ཡུལ་ཡིན་པའི་ཕྱིར་རོ། །འདི་ལྟར་ས་ནི་བརྟན་པ་དང་སྲ་བ་ཞེས་བྱ་བར་མཐོང་ལ། དེ་ཡང་ལུས་ཀྱི་རྟེན་གྱི་དངོས་པོ་གནས་པའི་ཕྱིར། རྟེན་ཉིད་ཀྱིས་ན་བརྟེན་པ་ཞེས་བྱ་བ་མཐོང་ལ། དེའང་ལུས་ཀྱིས་འཛིན་ཏེ། དེའི་སྲ་བ་ལུས་ཀྱི་དབང་པོས་གཟུང་བྱ་ཡིན་པའི་ཕྱིར་རོ། །འདི་དེ་ལྟར་ཡིན་པ་དེས་ན་རེག་པ་འབའ་ཞིག་ལ་སའོ་ཞེས་བརྗོད་པར་བྱའོ། །དེ་གཉིས་ཐ་མི་དད་པའང་མེད་དེ། མཚན་ཉིད་དང་འཛིན་བྱེད་ཐ་དད་པའི་ཕྱིར། དེའི་ཕྱིར་དེ་ཉིད་དང་གཞན་ཉིད་དང་བྲལ་བའི་དངོས་པོ་ངོ་བོ་ཉིད་ཀྱིས་གྲུབ་པ་ནི་རིགས་པ་མ་ཡིན་ནོ། །དེ་ལ་གཟུགས་ཀྱི་རྒྱུ་ཡོད་པ་མ་ཡིན་ལ། དེ་མེད་པས་གཟུགས་ཀྱང་ཡོད་པ་མ་ཡིན་ནོ། །གཉིས་པ། འདིར་ཁ་ཅིག་ན་རེ། བུམ་པ་ནི་བལྟ་བྱ་མ་ཡིན་མོད། བལྟ་བྱ་ཉིད་དང་འབྲེལ་བས་བལྟ་བྱར་འགྱུར་ལ། བལྟ་བྱར་གྱུར་པས་མངོན་སུམ་དུ་འགྱུར་ཟེར་རོ། །འདི་ཡང་མི་རིགས་ཏེ། གལ་ཏེ་བལྟ་བར་བྱ་བ་ཉིད་ནི་སྐྱེས་པས་བུམ་པ་མངོན་པར་གསལ་བའམ་ཁྱད་པར་དུ་གྱུར་པ་ཞིག་ན་བུམ་པ་འདི་ལ་བལྟ་བ་བྱ་བ་ཉིད་དགོས་པ་མེད་དེ། མཐའ་གཉིས་བརྟགས་ཏེ་དཔྱད་ན་ཡོན་ཏན་འགའ་ཡང་ཡོད་པར་མི་འགྱུར་ཏེ། བལྟ་བར་བྱ་བ་ཉིད་དང་བལྟ་བྱ་མ་ཡིན་པའི་ཡུལ་ལ་རྣམ་པར་བརྟག་ན་མི་རིགས་པས་སོ། །རྒྱུ་མཚན་དེས་ན་བལྟ་བྱ་ཉིད་སྐྱེ་བ་མེད་པ་ལྟར་བལྟ་བྱ་མ་ཡིན་པའི་བུམ་པ་ལ་རྣམ་པ་ཐམས་ཅད་དུ་བལྟ་བར་བྱ་བ་མི་རིགས་པས་བལྟ་བྱར་མ་གྱུར་པའི་བུམ་པ་ཡོད་པའི་ངོ་བོ་ཡོད་པ་མ་ཡིན་ལ་ཡོད་པ་མ་ཡིན་པའི་བུམ་པ་ལ་ནི་བལྟ་བྱ་ཉིད་བརྟག་པ་འདི་ནི་མི་རིགས་སོ། །

གཉིས་པ་ཡུལ་ཅན་དགག་པ་ནི། འདིར་སྨྲས་པ། ཡུལ་གཟུགས་ལ་སོགས་པ་མངོན་སུམ་དག་ཡོད་པ་ཉིད་དེ། འཛིན་བྱེད་མིག་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེ་ན། བཤད་པ། འདི་ན་མིག་ལ་སོགས་པ་ལྔ་པོ་ནི་སྤྱིར་འབྱུང་བ་ལས་གྱུར་པ་ཉེ་བར་སྟོན་ལ་དེ་རྣམས་ཀྱི་བྱ་བ་ནི་ཡུལ་ཐ་དད་ཅིག་སྟེ། མིག་གིས་གཟུགས་མཐོང་གི་སྒྲ་མི་ཐོས་ལ། རྣ་བས་སྒྲ་ཐོས་ཀྱི་གཟུགས་མི་མཐོང་ངོ་། །གང་གི་ཚེ་དེ་ལྟར། མིག་ནི་འབྱུང་འགྱུར་རྣ་དེ་བཞིན། མིག་གིས་མཐོང་གི་གཞན་གྱིས་མིན་པ་དེའི་ཚེ་མིག་ལ་སོགས་པས་ཡུལ་རྟོགས་པ་ག་ལ་ཡོད་དེ། འཐད་པ་དང་བྲལ་བའི་ཕྱིར་རོ། །གལ་ཏེ་མིག་ལ་སོགས་པ་མི་སྲིད་ན་འདི་རྣམས་ལས་ཀྱི་རྣམ་སྨིན་གྱི་ངོ་བོར་ཇི་ལྟར་བཞག་ཅེ་ན། ཁོ་བོ་ཅག་འདིར་དངོས་པོ་རྣམས་རང་གི་ངོ་བོ་གྲུབ་པ་འགོག་གི་མིག་སོགས་རྟེན་ཅིང་འབྲེལ་བར་འབྱུང་བའི་ལས་ཀྱི་རྣམ་པར་སྨིན་པ་མི་འགོག་གོ །འོ་ན་མིག་ནི་འབྱུང་འགྱུར་སོགས་ཀྱི་ཉེས་པར་འགྱུར་རོ་ཞེ་ན། མི་འགྱུར་ཏེ་དགེ་བ་དང་སྡིག་པ་སོགས། ལས་རྣམས་ཀྱི་རྣམ་པར་སྨིན་པ་ནི་རིགས་པས་དཔྱད་ན་བསམ་པར་བྱ་བར་མི་ནུས་ཏེ་ཐུབ་པས་བསམ་གྱིས་མི་ཁྱབ་པ་ཉིད་དུ་གསུངས་ཏེ། ལུང་ལས། སེམས་ཅན་ལས་ཀྱི་རྣམ་སྨིན་བསམ་ཡས་པས། །རླུང་ལས་འཇིག་རྟེན་འདི་ཀུན་འབྱུང་འགྱུར་ཏེ། །མཚོ་དང་རི་དང་ལྷ་ཡི་གཞལ་མེད་ཁང་། །རིན་པོ་ཆེས་ཕྱེས་ས་བོན་བཀྲམ་རྣམས་སོ། །རླུང་ལས་བྱུང་བའི་སྤྲིན་གྱིས་ཆར་འབེབས་ཤིང་། །སླར་ཡང་རླུང་གིས་སྤྲིན་ནི་རབ་ཏུ་འཇིལ། །རླུང་ལས་འཇིག་རྟེན་ལོ་ཐོག་རྒྱས་འགྱུར་ཏེ། །རླུང་གིས་འགྲོ་བ་ཀུན་ལ་བདེ་བ་འདྲེན། །ཞེས་སོགས་གསུངས་སོ། །དེ་ལྟར་འཇིག་རྟེན་པ་ཐམས་ཅད་ཁས་བླང་བར་བྱའོ། །

གལ་ཏེ་མིག་ལ་སོགས་པ་ནི་རང་བཞིན་གྱིས་ཡོད་དེ་དེའི་འབྲས་བུ་རྣམ་ཤེས་མཐོང་བའི་ཕྱིར་རོ་ཞེ་ན། གལ་ཏེ་རྣམ་ཤེས་རང་བཞིན་གྱིས་གྲུབ་ན་མིག་ལ་སོགས་པ་ཡོད་པར་འགྱུར་ན་དེ་ནི་མ་ཡིན་ཏེ། འདི་ལྟར་ལྟ་བའི་སྔོན་རོལ་དུ་མིག་གི་རྣམ་པར་ཤེས་པ་ཡོད་པ་མ་ཡིན་ཏེ་བདག་པོའི་རྐྱེན་མ་ཚང་བའི་ཕྱིར། འོན་ཏེ་ལྟ་བའི་ཕྱིས་ནས་ཡོད་པར་རྟོག་ན། གཟུགས་ལྟ་བ་ལ་ཤེས་པ་དོན་མེད་དེ། དེ་མེད་པའི་སྔ་རོལ་དུ་ལྟ་བ་ཡོད་པའི་ཕྱིར་རོ། །འོན་ཏེ་རྟོག་པ་གསུམ་ལྟ་བ་དང་ཤེས་པ་ཅིག་ཅར་བྱུང་བར་རྟོག་ན་མིག་ཤེས་སྐྱེ་བ་ལྟ་བའི་བྱེད་པ་དོན་མེད་པར་འགྱུར་ཏེ་ཅིག་ཅར་འབྱུང་བའི་ཕྱིར། བ་ལང་གི་རྭ་གཡས་གཡོན་བཞིན་ནོ། །གང་གི་ཚེ་དེ་ལྟར་རྣམ་པར་ཤེས་པ་མི་སྲིད་པ་དེའི་ཚེ་མིག་ལ་སོགས་པ་ཡོད་པ་ཉིད་དུ་བརྟགས་པ་མི་སྲིད་དོ། །གལ་ཏེ་མིག་ནི་བྱེད་པའི་ངོ་བོ་མ་ཡིན་གྱི། འོ་ན་ཅི་ཞེ་ན། ལྟ་བའི་བྱེད་པ་པོའི་ངོ་བོ་ཡིན་ནོ། །དེས་ན་གསུམ་པ་བྱེད་པ་དོན་མེད་འགྱུར་ཞེས་པ་མི་རིགས་སོ་ཞེ་ན། གལ་ཏེ་མིག་གིས་གཟུགས་དེ་ལྟ་བ་ན་མིག་དེ་ཡུལ་གྱི་ཡུལ་དུ་སོང་ནས་སམ། འོན་ཏེ་མ་སོང་བར་ལྟ་གྲང་། གལ་ཏེ་མིག་ནི་ཡུལ་དང་ཕྲད་ནས་འཛིན་པ་ཡུལ་གྱི་དྲུང་དུ་འགྲོ་བ་དང་ལྡན་པར་གྱུར་ན་ཟླ་བ་དང་སྐར་མ་ལ་སོགས་པ་ཐག་རིང་བ་ན་གནས་པ་རྣམས་དུས་ཡུན་རིང་མོ་ཞིག་གིས་མཐོང་བར་འགྱུར་གྱི་ཕྱེ་བ་ཙམ་གྱིས་མཐོང་བར་མི་འགྱུར་ན། ཕྱེ་བ་ཙམ་གྱིས་ཐག་རིང་བར་གནས་པ་རྣམས་ཉེ་བ་ན་གནས་པ་ལྟར་མཐོང་བའི་ཕྱིར་འདི་ནི་མི་རིགས་སོ། །གལ་ཏེ་མིག་ཕྲད་ནས་འཛིན་ན་མིག་ལ་ཧ་ཅང་ཉེ་བ་མིག་སྨན་དང་ཐུར་མ་སོགས་དང་། ཆེས་རིང་བའི་གཟུགས་དེ་དག་ཀྱང་གསལ་བར་ཅི་སྟེ་འཛིན་པ་མིན་ཏེ། ཕྲད་པར་མཚུངས་པའི་ཕྱིར་རོ། །འདི་ནི་སྲིད་པའང་མ་ཡིན་པས་དེའི་ཕྱིར་མི་རིགས་སོ། །གཞན་ཡང་གལ་ཏེ་མིག་ཕྱི་ནས་གཟུགས་མཐོང་ན། ཅི་སྟེ་གཟུགས་མཐོང་ནས་འགྲོའམ་འོན་ཏེ་མ་མཐོང་བར་འགྲོ། གལ་ཏེ་གཟུགས་མཐོང་ནས་དེའི་ཡུལ་དུ་མིག་འགྲོ་བར་རྟོག་ན། གཟུགས་ལྟ་བའི་ཕྱིར་མིག་ཡུལ་གྱི་དྲུང་དུ་སོང་བས་ཡོན་ཏན་འགའ་ཡང་མེད་དེ། མ་སོང་བའི་སྔ་ནས་ཡུལ་དེ་འདི་ན་གནས་པ་ཉིད་ཀྱིས་མཐོང་ཟིན་པའི་ཕྱིར་རོ། །ཅི་སྟེ་མ་མཐོང་བར་འགྲོ་ན། བལྟ་བར་འདོད་པའི་ཡུལ་ངེས་པར་མཐོང་ཞེས་བྱ་བ་བརྫུན་པར་འགྱུར་ཏེ། ལོང་བ་ལྟར་བལྟ་བྱར་འདོད་པའི་ཡུལ་མ་མཐོང་བའི་ཕྱིར་རོ། །ཅི་སྟེ་ཉེས་པ་དེ་སྤོང་བར་འདོད་པས་མིག་གིས་ཡུལ་གྱི་དྲུང་དུ་མ་སོང་བར་འཛིན་པར་འདོད་ན། འདི་ན་གནས་པའི་མིག་ཁོ་ནས་ཐག་ཉེ་རིང་དང་བསྒྲིབས་མ་བསྒྲིབ་ཀྱི་འགྲོ་བ་ཐམས་ཅད་མཐོང་བར་འགྱུར་ཏེ། མིག་གང་ལ་ཡུལ་གྱི་དྲུང་དུ་འགྲོ་བ་ཡོད་པ་མིན་པ་མ་ཕྲད་པར་འཛིན་པ་དེ་ལ་ཡུལ་ཐག་རིང་བ་མེད་ཅིང་བསྒྲིབས་པའང་མེད་པའི་ཕྱིར་ཏེ། ཐམས་ཅད་མ་ཕྲད་པར་མཚུངས་པའི་ཕྱིར་རོ། །འོ་ན་མིག་དང་ཡིད་དང་རྣ་བ་ནི་ཡུལ་དང་མ་ཕྲད་ཅེས་ལུང་ལས་གསུངས་པ་ཅི་ཞེ་ན། དེ་ནི་ཕྲད་པ་འགོག་པ་ཡིན་གྱི་མ་ཕྲད་པ་བསྒྲུབ་པ་མ་ཡིན་ཏེ། ཇི་སྐད་བཤད་པའི་རིགས་པས་གནོད་པའི་ཕྱིར་དང་། རིགས་པ་དང་འགལ་བའང་དེ་བཞིན་གཤེགས་པས་མི་གསུངས་པའི་ཕྱིར་རོ། །གཞན་ཡང་གང་གི་ཚེ་མིག་ལྟ་བའི་རང་བཞིན་ཡིན་པ་དེའི་ཚེ་ཐམས་ཅད་དུ་རང་བཞིན་མི་ཉམས་པའི་ཕྱིར་རང་གི་བདག་ཉིད་ལ་ཡང་ལྟ་བར་འགྱུར་ཏེ། འདི་ལྟར་འཇིག་རྟེན་ན་དངོས་པོ་ཀུན་གྱི་རང་བཞིན་དང་པོར་བདག་ལ་སྣང་བར་འགྱུར་ཏེ། དཔེར་ན་མེ་ཏོག་ཙམ་པ་ཀ་དང་ཨུཏྤལ་ལ་སོགས་པའི་དྲི་བསུང་དང་པོར་རང་གི་རྟེན་ལ་དམིགས་ནས། ཕྱིས་དེ་དང་ཕྲད་པ་ལས་ཏིལ་ལ་སོགས་པ་ལའང་མཐོང་བ་བཞིན་དུ། དེའི་ཕྱིར་མིག་ལྟ་བའི་རང་བཞིན་ཡིན་ན་མིག་ནི་མིག་རང་ཉིད་ཀྱིས་འཛིན་པར་རྒྱུ་མཚན་གང་གིས་ན་འགྱུར་བ་མ་ཡིན། མིག་ནི་རང་གིས་རང་ལ་ལྟ་བའང་མ་ཡིན་པས་གཞན་ལ་ལྟ་བར་ཡང་མ་གྲུབ་བོ། །མདོ་སྡེ་པ་གང་དག་མིག་འབའ་ཞིག་ལ་ལྟ་བའི་ནུས་པ་མེད་དེ། མིག་དང་གཟུགས་དང་རྣམ་པར་ཤེས་པ་གསུམ་ཚོགས་ནས་གཟུགས་མཐོང་བར་འགྱུར་རོ་སྙམ་དུ་སེམས་པ་དེ་ལ་སྙིང་པོ་མེད་དེ། འདི་ལྟར་མིག་ལ་ནི་གཟུགས་འཛིན་པའི་རྣམ་ཤེས་མེད་དེ་བེམས་པོའི་རང་བཞིན་ཡིན་པའི་ཕྱིར། རྣམ་ཤེས་ལ་ཡང་གཟུགས་ལ་ལྟ་བའི་རང་བཞིན་མེད་དེ་གཟུགས་ཅན་མ་ཡིན་པའི་ཕྱིར། ལྟ་བ་དང་རྣམ་ཤེས་གཉིས་ཀ་གཟུགས་ལ་ཡོད་པ་མ་ཡིན་ཏེ། རྟོག་པའི་རང་ཞིན་མ་ཡིན་པའི་ཕྱིར་དང་ལྟ་བ་མ་ཡིན་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟར་དབང་པོ་དང་ཡུལ་དང་རྣམ་ཤེས་རྣམས་ལ་གཟུགས་མཐོང་བའི་དོན་ཕན་ཚུན་མ་ཚང་བ་དེའི་ཕྱིར། དེ་དག་ཚོགས་པས་ཀྱང་གཟུགས་ཇི་ལྟར་མཐོང་སྟེ། གཟུགས་མཐོང་བའི་ཡན་ལག་མ་ཚང་བའི་ཕྱིར། ལོང་བ་ཚོགས་པ་བཞིན་ནོ། །གང་གི་ཚེ་དེ་ལྟར་རྣམ་པར་དཔྱད་ན་གཟུགས་ལ་ལྟ་བ་མ་གྲུབ་པ་དེའི་ཚེ་དེ་ཉིད་རིག་པ་སུ་ཞིག་གཟུགས་མཐོང་ཞེས་སྨྲ་བར་བྱེད།

གཉིས་པ་མཉན་བྱ་དགག་པ་ནི། དེ་ཉིད་རིག་པས་གཟུགས་ལྟ་བར་མི་འོས་པ་ལྟར་སྒྲ་མཉན་པའང་མི་འོས་ཏེ། གཟུགས་ལ་ལྟ་བ་བཞིན་དུ་སྒྲ་མཉན་པའང་མེད་པའི་ཕྱིར་རོ། །འདི་ལྟར་སྒྲ་ཐོས་པ་ན་མཉན་པའི་ཡུལ་དུ་ཕྱིན་པའམ་མ་ཕྱིན་པ་ཞིག་ཐོས་གྲང་། དང་པོ་ལྟར་ན་དེ་ཉན་པའི་ཡུལ་དུ་སྒྲ་འབྱིན་ཅིང་འགྲོའམ་སྒྲ་མེད་པར་ཡིན། གལ་ཏེ་ཉན་པའི་ཡུལ་དུ་སྨྲ་ཞིང་སྒྲ་འགྲོ་ན་རྒྱུ་མཚན་གང་གིས་སྒྲ་དེ་ཉིད་སྨྲ་བ་པོར་མི་འགྱུར། དེའི་ཕྱིར་སྨྲ་བ་པོ་མ་ཡིན་ཕྱིར་ལྷ་སྦྱིན་ལྟར་སྒྲར་མི་འགྱུར་རོ། །འོན་ཏེ་མི་སྨྲ་བར་ཉན་པའི་ཡུལ་དུ་འགྲོ་ནའང་གང་གིས་ན་མི་སྨྲ་བའི་སྒྲ་དེ་ལ་འདི་ནི་སྒྲའོ་སྙམ་དུ་ཤེས་པ་སྐྱེད་པར་འགྱུར་ཏེ། མི་སྨྲ་བ་སྒྲའི་རང་བཞིན་མ་ཡིན་པས་དེ་སྒྲ་ཉིད་དུ་ངེས་པར་མི་འགྱུར་རོ། །གཞན་ཡང་གལ་ཏེ་རྣ་བ་དང་ཕྲད་ནས་སྒྲ་འཛིན་ན་སྒྲའི་དང་པོ་དེ་རྣ་བས་མི་འཛིན་ཅིང་དབང་པོ་གཞན་གྱིས་ཀྱང་མི་འཛིན་པས་སྒྲའི་དབང་པོ་གང་གིས་འཛིན། དེའི་ཕྱིར་མ་བཟུང་བའི་དོན་དེ་སྒྲ་ཉིད་དུའང་མི་རིགས་སོ། །སྒྲ་ནི་འབྱུང་བ་བཞི་དང་འབྱུང་འགྱུར་བཞི་དང་སྒྲ་རང་ཉིད་དང་རྫས་དགུའི་བདག་ཉིད་ཡིན་པས་རྐྱང་པར་མི་འོང་ན་སྒྲ་ཙམ་རེང་བུ་ཇི་ལྟར་འཛིན་པར་འགྱུར་ལ། དེ་དང་ཚོགས་པ་ཐ་མི་དད་པའི་དྲི་ལ་སོགས་པའང་འཛིན་པར་འགྱུར་ཏེ། སྒྲ་བཞིན་དུ་དེ་དག་ཀྱང་རྣ་བའི་དབང་པོ་དང་ཕྲད་པའི་ཕྱིར་རོ། །གལ་ཏེ་སྒྲའི་དང་པོ་དབང་པོས་མ་བཟུང་ན་ཉེས་པ་ཅི་ཡོད་ཅེ་ན། ཇི་སྲིད་སྒྲ་རྣ་བས་མ་ཐོས་པ་དེའི་བར་དུ་སྒྲར་མི་འགྱུར་ཏེ་རྣ་བའི་ཡུལ་མ་ཡིན་པའི་ཕྱིར། དྲི་ལ་སོགས་པ་བཞིན་ནོ། །ཅི་སྟེ་ཐོས་པ་ན་སྒྲར་འགྱུར་ཞེ་ན། དེ་ལྟ་ན་དང་པོ་སྒྲའི་ངོ་བོར་མིན་པའང་མཐར་སྒྲ་ཉིད་དུ་འགྱུར་ན་དེ་ནི་མི་རིགས་ཏེ། དྲི་ལ་སོགས་པ་མཐར་སྒྲ་ཉིད་དུ་མི་འགྱུར་བ་བཞིན་ནོ། །

གཉིས་པ་ཡིད་ཀྱིས་ཡུལ་འཛིན་པ་དགག་པ་ནི། ཇི་ལྟར་དབང་པོ་རྣམས་ལ་ཡུལ་འཛིན་པའི་ནུས་པ་མེད་པ་བཞིན་དུ། ཡིད་ལའང་ཡུལ་འཛིན་པའི་ནུས་པ་མེད་དེ། འདི་ལྟར་སེམས་ཡུལ་གྱི་ཡུལ་དུ་སོང་ནས་ཡོངས་སུ་གཅོད་དམ་མ་སོང་བར་གཅོད། མ་སོང་བ་ན་སེམས་གཅིག་གིས་ཀྱང་ཡུལ་ཐམས་ཅད་ཡོངས་སུ་གཅོད་པར་འགྱུར་རོ། །སོང་ནས་ཡིན་ན་དབང་པོ་དང ལྷན་ཅིག་པ་ཡུལ་གྱི་དྲུང་དུ་འགྲོའམ་རེང་བུ་ཞིག་ཡིན་གྲང་། དེ་ལ་དབང་པོ་དང་བཅས་པ་ནི་མི་འགྲོ་སྟེ། དབང་པོ་རྣམས་ནི་རྟག་ཏུ་ལུས་ཁོ་ན་ལ་གནས་པའི་ཕྱིར་དང་། ལུས་དབང་པོ་མེད་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་རེང་བུ་ཞིག་འགྲོ་ན། མིག་ལ་སོགས་པའི་དབང་པོ་རྣམས་དང་བྲལ་བའི་སེམས་ཀྱིས་ཡུལ་གྱི་དྲུང་དུ་སོང་སྟེའང་ལྟ་བ་ལ་སོགས་པའི་བྱ་བ་ཅི་ཞིག་བྱེད་པར་འགྱུར་ཏེ། ལོང་བ་ལ་སོགས་པ་ལའང་ལྟ་བ་ལ་སོགས་པ་ཡོད་པར་ཐལ་བའི་ཕྱིར་རོ། །ཅི་སྟེ་ཡང་འདི་ཡུལ་གྱི་དྲུང་དུ་སོང་ནས་དོན་འཛིན་པར་རྟོག་ན། དེའི་ཚེ་ཡུལ་མཐའ་ཡས་པས་དོན་རྟོགས་པ་ཡང་མཐར་ཐུག་པ་མེད་པས་ཕྱིར་ལྡོག་པར་མི་འགྱུར་ལ། དེ་ལྟར་ཡིན་དང་སྲོག་བདག་འདི་ནི་རྟག་ཏུ་ཡིད་དམ་སེམས་མེད་པ་ཅི་སྟེ་འགྱུར་བ་མིན་ཏེ་སེམས་མེད་པ་ཁོ་ནར་འགྱུར་ན། སེམས་མེད་པའང་བདག་ཏུ་རིགས་པ་མ་ཡིན་ཏེ། ཀ་བ་དང་བུམ་པ་ལ་སོགས་པའང་བདག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ལྟར་རིགས་པས་རྣམ་པར་དཔྱད་ན་དབང་པོ་དང་ཡུལ་དང་རྣམ་ཤེས་རྣམས་ངོ་བོ་མེད་པས་རང་བཞིན་སྟོང་ངོ་ཞེས་བྱ་བར་གྲུབ་བོ། །གཉིས་པ་འཛིན་བྱེད་ཡུལ་ཅན་བདེན་པ་དགག་པ་ལ། འདུ་ཤེས་ཕུང་པོའི་མཚན་ཉིད་དང་། དེ་བདེན་པར་བསྒྲུབ་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་དབང་དོན་དེ་དག་རང་བཞིན་མེད་ན། དེ་དག་བྱེ་བྲག་ཏུ་རྣམ་པར་བཞག་པའི་རྒྱུ་དེ་དག་གི་ཁྱད་པར་ཡོངས་སུ་གཅོད་བྱེད་ཀྱི་འདུ་ཤེས་ཇི་ལྟར་རུང་ཞེ་ན། གལ་ཏེ་དངོས་པོ་རྣམས་རང་བཞིན་ཡོད་ན། དེ་ཡོངས་སུ་གཅོད་བྱེད་དུ་འདུ་ཤེས་རིགས་པ་ལས་དངོས་པོ་རྣམས་རང་བཞིན་མེད་པའི་ཕྱིར་དེ་ཡོངས་སུ་གཅོད་པའི་འདུ་ཤེས་ཡོད་པར་ག་ལ་འགྱུར། འོ་ན་འདུ་ཤེས་གཏན་མེད་དམ་ཞེ་ན། མེད་པ་མ་ཡིན་ཏེ། རང་བཞིན་མེད་པའི་ཚུལ་ཡོད་པའི་ཕྱིར་རོ། །འདི་ལྟར། འདི་ནི་མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེས་ནས་འགགས་པ་ན་ཡུལ་དབང་པོ་རྣམས་དང་ལྷན་ཅིག་ཏུ་འགགས་ལ། དེ་འགགས་ནས་སྔར་མཐོང་བའི་གཟུགས་ལ་སོགས་པའི་དོན་གང་ཞིག་ཕྱིས་ཡིད་ཀྱི་ཤེས་པས་འཛིན་ནོ། །ཇི་ལྟར་འགགས་ཟིན་པའི་དོན་འཛིན་ཅེ་ན། ཇི་ལྟར་སྨིག་རྒྱུ་ལ་ཆུའི་བག་ཙམ་ཡང་མེད་མོད། འོན་ཀྱང་རྒྱུ་རྐྱེན་གྱི་དབང་གིས་ཆུའི་རྣམ་པ་ཅན་གྱི་འདུ་ཤེས་འབྱུང་བ་ལྟར་འགགས་ཤིང་རང་བཞིན་མེད་པའི་དངོས་པོ་ལ་ཡང་རྣམ་པར་རྟོག་པ་ཅན་གྱི་ཤེས་པས་འདི་ནི་སྔོན་པོའོ། །སེར་པོའོ། །ཡིད་དུ་འོང་བའོ། །ཡིད་དུ་མི་འོང་བའོ། །ཞེས་བྱེ་བྲག་ཏུ་འཛིན་ཅིང་ཡོངས་སུ་གཅོད་དེ། དེ་ལྟ་བུ་དེ་ནི་གཟུགས་དང་ཚོར་བ་ལ་སོགས་པ་ཆོས་ཀུན་བྱེ་བྲག་ཏུ་རྣམ་པར་བཞག་པའི་རྒྱུ་ལ་འདུ་ཤེས་ཀྱི་ཕུང་པོ་ཞེས་བྱའོ། །ཆོས་རྣམས་ཀྱི་ངོ་བོ་དང་རབ་ཏུ་དབྱེ་བ་སོགས་ཐ་དད་དུ་རྣམ་པར་བཞག་པའང་འདུ་ཤེས་ཀྱི་དབང་གིས་ཡིན་གྱི་དངོས་པོའི་རང་གི་ངོ་བོའི་རྒྱུ་ཅན་ནི་མ་ཡིན་ཏེ། ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་པས་རང་གི་ངོ་བོ་རྣམ་པར་དབྱེ་མི་ནུས་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་ནས་རྣམ་མཁྱེན་གྱི་བར་གྱི་ཆོས་ཐམས་ཅད་རྣམ་པར་འཇོག་པའི་རྒྱུ་ནི་རྣམ་པར་རྟོག་པའི་རང་བཞིན་གྱི་འདུ་ཤེས་ཁོ་ན་ཡིན་པས་ཀུན་རྫོབ་ཀྱི་བདེན་པ་ཐམས་ཅད་རྣམ་པར་རྟོག་པས་སྒྲོ་བཏགས་པ་འབའ་ཞིག་ཏུ་ཆེས་གསལ་བ་ཡིན་ནོ། །སྒྲོ་བཏགས་པའི་གཞི་ཡུལ་དང་། སེམས་ཀྱི་སྣང་བ་སྒྱུ་མ་ལྟ་བུ་ནི་རབ་རིབ་ཅན་ལ་སྐྲ་ཤད་སྣང་བ་ལྟར་མ་རིག་པའི་དབང་གིས་བྱུང་བའི་འཁྲུལ་སྣང་འབའ་ཞིག་ཡིན་ལ། དེའི་ངོ་བོ་ནི་ནམ་མཁའ་ལྟར་མཐའ་གང་དུའང་མི་གནས་པ་ཤེས་བརྗོད་ཀྱི་ཡུལ་ལས་འདས་པའོ། །དེ་ཡང་མིག་སྨན་བསྐུས་པས་རབ་རིབ་བསལ་བ་དང་། སྐྲ་ཤད་དུ་སྣང་བ་ལྡོག་པ་ལྟར་སྟོང་པ་ཉིད་ཀྱི་མིག་སྨན་གྱིས་མ་རིག་པའི་རབ་རིབ་བསལ་བ་ན་རང་གི་ངང་གིས་འགག་སྟེ། དེའི་ཕྱིར་སངས་རྒྱས་རྣམས་ཀྱི་ཆོས་ཀྱི་སྐུ་དང་མྱ་ངན་ལས་འདས་པ་ནི་རྣམ་པ་ཐམས་ཅད་དུ་སྣང་བ་ལ་སོགས་པའི་མཚན་མ་མེད་པ་ནམ་མཁའི་རང་བཞིན་ཅན་དུ་ཤེས་པར་བྱའོ། །གང་དག་དེ་ལྟ་བུའི་དབྱིངས་ལ་མི་སྐྲག་ཅིང་དགའ་བ་སྐྱེ་ལ། ནམ་ཞིག་དེ་ལྟ་བུའི་དབྱིངས་ལ་གནས་པར་འགྱུར་སྙམ་པའི་འདུན་པ་ཡོད་པ་དེ་དག་ཐར་པ་དོན་དུ་གཉེར་བ་ཡིན་གྱི་གང་ཡང་དེ་ལྟ་བུ་ཐོས་ན་དངངས་ཤིང་སྐྲག་ལ་དེ་ལྟ་བུའི་ཐར་པ་ཐོབ་པས་ཅི་ཞིག་བྱ་ཞེས་ཟེར་ཞིང་། ཡིད་ཕྱིར་ཕྱོགས་པ་དག་ལ་ཐར་པ་འདོད་པའི་དྲི་ཙམ་ཡང་མེད་ན། ཐར་པའི་ལམ་རྒྱུད་ལ་སྐྱེ་བ་ག་ལ་ཡོད།

གཉིས་པ་ནི། གལ་ཏེ་འདུ་ཤེས་དེ་རང་བཞིན་གྱིས་ཡོད་དེ། དེ་མེད་ན་ཆོས་རྣམས་རྣམ་པར་བཞག་མི་ནུས་སོ་ཞེ་ན། འདུ་ཤེས་དེ་ཡང་རྣམ་ཤེས་དང་མཚུངས་པར་ལྡན་པའི་ཕྱིར་རྣམ་ཤེས་ལས་མ་གཏོགས་པར་མེད་ལ། རྣམ་པར་ཤེས་པའང་རང་བཞིན་གྱིས་ཡོད་པ་མ་ཡིན་ཏེ། འདི་ལྟར། ས་བོན་ཞིག་དང་མ་ཞིག་ལས། །མྱུ་གུ་འབྱུང་བ་མ་ཡིན་ཏེ། ཁྱོད་ཀྱི་སྐྱེ་བ་ཐམས་ཅད་ནི། །སྒྱུ་མ་འབྱུང་བ་ལྟ་བུར་གསུངས། །ཞེས་པ་ལྟར། མིག་དང་གཟུགས་ལ་བརྟེན་ནས་ཡིད་ཀྱི་རྣམ་ཤེས་སྐྱེ་བ་ན་འགགས་ཟིན་པའི་རྒྱུ་ལས་མི་འབྱུང་སྟེ། དངོས་པོ་མེད་པ་རྒྱུར་མི་རུང་བའི་ཕྱིར་རོ། །མ་འགགས་པ་ལས་ཀྱང་མ་ཡིན་ཏེ། རྒྱུ་དང་འབྲས་བུ་དུས་མཉམ་པ་ལ་ཕན་ཚུན་ལྟོས་པ་མེད་པར་ཐལ་བའི་ཕྱིར། དེའི་ཕྱིར་སྒྱུ་མའི་ས་བོན་ལས་མྱུ་གུ་འབྱུང་བ་བཞིན་འཁྲུལ་པའི་སྣང་བ་ཙམ་དུ་སྐྱེ་བར་འགྱུར་རོ། །གལ་ཏེ་འདི་རང་གི་ངོ་བོས་ཡོད་ན་དེའི་ཚེ་གང་ལ་རང་བཞིན་གྱིས་ཡོད་པ་ཉིད་ཡོད་པ་དེ་ནི་སྒྱུ་མ་ཞེས་བྱ་བར་མི་རིགས་ཏེ་འཇིག་རྟེན་བདེན་པའི་བུད་མེད་ལ་ནི་སྒྱུ་མ་ཞེས་མི་ཟེར་བ་བཞིན་ནོ། །རྣམ་པར་ཤེས་པ་ནི་སྒྱུ་མའི་ཚུལ་དུ་སྐྱེ་ཞིང་། མདོ་ལས་ཀྱང་སྒྱུ་མ་དང་མཚུངས་པར་བསྟན་པ་དེའི་ཕྱིར་རྣམ་པར་ཤེས་པ་ལ་རང་བཞིན་མེད་དོ། །གསུམ་པ་བདེན་མེད་ངོ་མཚར་རྒྱུ་རུ་བསྟན་པ་ནི། ཅི་ནས་ཀྱང་དབང་པོ་རྣམས་ཡུལ་འཛིན་པ་མི་སྲིད་ལ། མིག་དང་གཟུགས་ལ་བརྟེན་ནས་མིག་གི་རྣམ་པར་ཤེས་པ་སྐྱེའོ་ཞེས་པ་འདི་ནི་ངོ་མཚར་བ་ཞིག་གོ་ཞེ་ན། འདི་འབའ་ཞིག་ངོ་མཚར་གྱི་རྒྱུ་མ་ཡིན་ཏེ། འདི་ལྟར། ས་བོན་འགགས་པ་དང་མ་འགགས་པ་ལས་མྱུ་གུ་མི་འབྱུང་གི་འོན་ཀྱང་ས་བོན་ལ་བརྟེན་ནས་མྱུ་གུ་འབྱུང་བ་དང་། བྱས་ཤིང་བསགས་པའི་ལས་འགགས་ནས་ཡུན་རིང་དུ་ལོན་པ་གང་ཡང་གནས་པ་མེད་པ་ལས་ད་ལྟ་འབྲས་བུ་འབྱུང་བ་དང་། བུམ་པ་ལ་སོགས་པ་རང་གི་ཉེ་བར་ལེན་པ་ལ་རྣམ་པ་ལྔས་བཙལ་ན་མེད་ཅིང་། བརྟེན་ནས་བཏགས་པ་སྦྲང་རྩི་དང་ཆུ་ལ་སོགས་པ་འདི་དག་ཀྱང་ངོ་མཚར་མི་ཆེ་བ་ཞིག་གམ། དེའི་ཕྱིར་དེ་ལྟར་ན་གང་གི་ཚེ། ཇི་སྐད་བཤད་པའི་ཚུལ་གྱིས་མཁས་པ་རྣམས་ལ་སའི་སྟེང་ན་ངོ་མཚར་ཅན་མིན་པ་མེད་པ་འགྲོ་བ་ཐམས་ཅད་མིག་འཕྲུལ་གྱི་ཚུལ་དུ་ཡ་མཚན་གྱི་རྒྱུར་སྣང་བ་དེའི་ཚེ་དབང་པོ་བདེན་པ་མེད་པས་དོན་རྟོགས་པ་ལ་ཡ་མཚན་ཞེས་བྱ་བ་ཅི་ཞིག་ཡོད་དེ་སྲིད་ལ་མི་འོས་པ་ཅུང་ཟད་ཅིག་ཕྱོགས་འགར་གནས་པར་དམིགས་ནས་ཡ་མཚན་དུ་བྱེད་པར་འགྱུར་གྱི་ཐམས་ཅད་དུ་མཚུངས་པའི་ངོ་བོ་ནི་མ་ཡིན་ཏེ། མེའི་ཚ་བ་ཡ་མཚན་གྱི་རྒྱུ་མ་ཡིན་པའི་ཕྱིར་རོ། །གཉིས་པ་བདེན་མེད་སྒྱུ་མ་སོགས་དང་མཚུངས་པ་ནི། གང་གི་ཕྱིར་རང་གི་ངོ་བོ་མ་ངེས་པས་རྐྱེན་ཇི་ལྟ་བ་བཞིན་དུ་འགྱུར་བའི་ཕྱིར་མཁས་པ་རྣམས་ལ། ཇི་ལྟར་མེ་དང་བཅས་པའི་ཡོག་པ་མྱུར་དུ་བསྐོར་བའི་མགལ་མེའི་འཁོར་ལོ་མཐོང་བ་ཕྱིན་ཅི་ལོག་ལ་འཁོར་ལོའི་རྣམ་པར་སྣང་ཡང་དེར་ཡོད་པ་མ་ཡིན་ལ། ཏིང་ངེ་འཛིན་གྱི་སྟོབས་ཀྱིས་སྤྲུལ་པའི་བུད་མེད་དང་ཐུབ་པ་རྣམས་དེ་དང་དེར་མེད་ཀྱང་ཀུན་ནས་ཉོན་མོངས་པ་དང་བྱང་གྲོལ་གྱི་རྒྱུར་འགྱུར་བ་དང་། གཉིད་དང་མཚུངས་པར་ལྡན་པའི་ཤེས་པ་ལ་སྣང་བའི་རྨི་ལམ་གྱི་ལུས་བདེན་པར་མེད་ཀྱང་བདག་ལ་ཆགས་པ་ཕྱིན་ཅི་ལོག་གི་རྒྱུ་བྱེད་པ་དང་། སྒྱུ་མ་མཁན་གྱིས་སྒྱུ་མར་བྱས་པའི་ན་ཆུང་བདེན་པའི་ན་ཆུང་གིས་སྟོང་བཞིན་དུ་དེའི་རང་བཞིན་མི་ཤེས་པ་རྣམས་སེམས་རྨོངས་པར་བྱེད་པ་དང་། ཆུ་དང་ཟླ་བའི་རྟེན་འབྲེལ་ལས་བྱུང་བའི་ཆུ་ཟླ་བདེན་པས་སྟོང་ཡང་བྱིས་པ་རྣམས་ལ་ཟླ་བ་ཕྱིན་ཅི་ལོག་གི་རྒྱུར་འགྱུར་བ་དང་། ཡུལ་དང་དུས་ཀྱི་རྣམ་པ་འགའ་ཞིག་ལ་བརྟེན་ནས་བྱུང་བའི་ཁུག་སྣ་རྒྱང་རིང་བ་ན་གནས་པ་རྣམས་ལ་དུ་བ་བདེན་པར་སྣང་བ་དང་། རིའི་ཚང་ཚིང་དང་རི་ཁྲོད་དང་ཀླུང་གི་ཟབ་པ་རྣམས་ཀྱི་ནང་གི་བྲག་ཆས་སྐྱེ་བོ་རྣམས་ལ་སྒྲ་བདེན་པ་བའི་བློ་སྐྱེད་པ་དང་། དཔྱིད་ཀྱི་དུས་སུ་ཉི་མའི་འོད་ཟེར་རླུང་གིས་བསྐྱོད་པའི་སྨིག་རྒྱུ་ཆུས་སྟོང་ཡང་རིང་བ་ན་གནས་པ་རྣམས་ལ་ཆུའི་འདུ་ཤེས་སྐྱེད་པ་དང་། སྤྲིན་རྣམས་ཐག་རིང་པོ་ནས་རི་ལ་སོགས་པའི་རྣམ་པ་ཕྱིན་ཅི་ལོག་སྐྱེད་པར་བྱེད་པ་བཞིན་དུ་མཁས་པ་རྣམས་རྟེན་ཅིང་འབྲེལ་བར་འབྱུང་བའི་རང་བཞིན་ཇི་ལྟར་བ་བཞིན་ཤེས་པ་རྣམས་ལའང་མ་རིག་པས་འཕངས་པའི་ལས་ཀྱི་རྐྱེན་ཅན་གྱི་སྣོད་དང་བཅུད་ཀྱི་སྲིད་པ་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་བརྫུན་པ་བསླུ་བའི་ཆོས་ཅན་རང་བཞིན་གྱིས་སྟོང་པ་ཡིན་ཀྱང་བྱིས་པའི་སྐྱེ་བོ་འདྲིད་པར་སྣང་བར་འགྱུར་རོ། །དེའི་ཕྱིར་དངོས་པོའི་རང་བཞིན་ཤེས་པ་རྣམས་རྣམ་པ་ཐམས་ཅད་དུ་ཆགས་པ་ཟད་པས་གྲོལ་བར་འགྱུར་བས་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་རང་བཞིན་མེད་དོ་ཞེས་བྱ་བ་འདི་གནས་སོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། དབང་པོ་དང་དོན་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་གསུམ་པའི་འགྲེལ་པའོ།།། །།

ལེའུ་བཅུ་བཞི་པའི་རྣམ་བཤད།

བཞི་པ་མཐར་འཛིན་དགག་པ་ལ། འདུས་བྱས་རང་བཞིན་སྟོང་པར་བསྟན། དངོས་པོ་བདེན་པར་འཁྲུལ་པའི་རྒྱུ། བདེན་མེད་རིགས་པ་བསྡུས་ཏེ་བསྟན། བདེན་མེད་རྟོགས་པའི་དགོས་པ་བསྟན་པ་དང་བཞི་ཡོད་པའི། དང་པོ་ལ། མདོར་བསྟན་པ། རྒྱས་པར་བཤད་པ་གཉིས་ཀྱི། དང་པོ་ནི། འདིར་སྨྲས་པ། གལ་ཏེ་རྟེན་འབྲེལ་ཡིན་པའི་ཕྱིར་སྲིད་པ་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་རང་བཞིན་མེད་ན། གང་ཞིག་ལ་རང་བཞིན་ཡོད་པར་འགྱུར་ཞེ་ན། དངོས་པོ་འགའ་ལའང་རང་བཞིན་བརྟག་པར་མི་ནུས་ཏེ། རང་བཞིན་དང་བཅས་པའི་དངོས་པོ་རྣམ་པ་ཐམས་ཅད་དུ་མ་དམིགས་པའི་ཕྱིར་རོ། །འདི་ལྟར་དངོས་པོ་གང་ཞིག་རང་གི་ངོ་བོས་གྲུབ་པ་གཞན་འགའ་ལའང་ཅུང་ཟད་ཀྱང་རག་ལས་པར་མི་འགྱུར་ན། དེའི་ཚེ་རང་དབང་ཅན་གཞན་ལ་རག་མ་ལས་པས་དེ་རང་ཉིད་ཀྱིས་གནས་པའི་ཕྱིར་རང་བཞིན་གྱིས་ཡོད་པ་དེའི་བདག་ཉིད་དུ་འགྲུབ་པར་གྱུར་ན། རྒྱུ་རྐྱེན་ལས་མ་སྐྱེས་པའི་དངོས་པོ་གཞན་ལ་རག་མ་ལས་པས་སམ། རྒྱུ་མེད་དུ་འབྱུང་བའི་དངོས་པོ་དེ་ནི་ཡུལ་དུས་གང་ནའང་ཡོད་པ་མ་ཡིན་ནོ། །གང་གི་ཕྱིར་དེ་ལྟ་ཡིན་པ་དེའི་ཕྱིར་དངོས་པོ་འགའ་ལའང་རང་བཞིན་མེད་ལ། དེའི་ཕྱིར་མགལ་མེའི་འཁོར་ལོ་ལ་སོགས་པ་ལྟར་གནས་སོ། །

གཉིས་པ་ལ། ཚོགས་པ་མུ་བཞིར་གྲུབ་པ་དགག ཚོགས་པ་ཅན་ལ་རྫས་ཡོད་དགག གཅིག་དང་དུ་མར་གྲུབ་པ་དགག མཐའ་བཞི་འགོག་པའི་རིགས་པ་བསྒྲེ། དང་པོ་ལ། མདོར་བསྟན་པ་དང་། བརྒལ་ལན་གྱིས་གཏན་ལ་དབབ་པ་གཉིས་ཀྱི། དང་པོ་ནི། འདི་ན་བུམ་པ་ཞེས་བྱ་བ་ཚོགས་པ་འགའ་ཞིག་དངོས་པོར་ཡོད་ན། རང་གི་ཚོགས་པ་ཅན་དག་ལས་གཅིག་གམ། འོན་ཏེ་ཐ་དད། དེ་ལ་རེ་ཞིག་གཟུགས་ཉིད་བུམ་པའོ་ཞེས་བུམ་པ་གཟུགས་དང་གཅིག་མ་ཡིན་ཏེ། གང་ན་གཟུགས་ཡོད་པ་དེར་བུམ་པ་ཡོད་པར་ཐལ་བའི་ཕྱིར་དང་། སོ་བཏང་བ་ལས་སྐྱེས་པའི་ཡོན་ཏན་དམར་པོ་ལ་སོགས་པ་འབྱུང་བས་སྔོན་པོའི་གཟུགས་འཇིག་པ་ན་བུམ་པའང་འཇིག་པར་འགྱུར་བའི་ཕྱིར་རོ། །ཅི་སྟེ་ཉེས་པ་དེ་སྤོང་བར་འདོད་ནས་ལྷ་སྦྱིན་དོན་གཞན་པའི་བ་ལང་དང་ལྡན་པ་ལྟར། གཟུགས་ལས་དོན་གཞན་པའི་བུམ་པ་གཟུགས་དང་ལྡན་པར་རྟོག་ན། བུམ་པ་གཟུགས་ལས་དོན་གཞན་པའི་བུམ་པ་གཟུགས་དང་ལྡན་པ་རྟོག་ན་བུམ་པ་གཟུགས་ལས་གཞན་དུ་ཡོད་པ་མིན་ཏེ། ལྷ་སྦྱིན་བ་ལང་ལ་མི་ལྟོས་པར་ཐ་དད་པར་བཟུང་དུ་ཡོད་པ་བཞིན་དུ་གཟུགས་ལ་མ་ལྟོས་པར་བུམ་པ་ཐ་དད་པར་ཐལ་བའི་ཕྱིར་རོ། །བུམ་པ་དང་གཟུགས་གཞན་ཉིད་ཡིན་ན་འཁར་གཞོང་དང་ཞོ་ལྟར་རྟེན་དང་བརྟེན་པར་འཐད་ན་ཡང་གཞན་ཉིད་མེད་པའི་ཕྱིར་བུམ་པ་ལ་གཟུགས་བརྟེན་ནས་ཡོད་པ་མིན་ཞིང་གཟུགས་ལ་བརྟེན་ནས་བུམ་པ་ཡོད་པའང་མ་ཡིན་ནོ། །དེའི་ཕྱིར་བུམ་པ་ལ་རང་བཞིན་མེད་དོ། །

གཉིས་པ་ལ། གཞན་སྡེ་དགག རང་སྡེ་དགག་པ་གཉིས་ཀྱི། དང་པོ་ལ། མཚན་ཉིད་དགག མཚན་གཞི་དགག་པ་གཉིས། དང་པོ་ལ། སྤྱིའི་རྟེན་ཡིན་པ་དགག ཡོན་ཏན་གྱི་རྟེན་ཡིན་པ་དགག་པ་གཉིས་ཀྱི། དང་པོ་ནི། བྱེ་བྲག་པ་ན་རེ། གཟུགས་དང་བུམ་པ་གཞན་ཉིད་མེད་ཀྱང་ཡོད་པ་ཉིད་དང་བུམ་པ་གཞན་དུ་ཡོད་དེ། འདི་ལྟར་ཡོད་པ་ཉིད་ནི་སྤྱི་ཆེན་པོ་ཡིན་ལ། བུམ་པ་ནི་ཁྱད་པར་རྫས་ཡིན་ཏེ། ཡོད་པ་ཉིད་དང་འབྲེལ་བས་བུམ་པ་ཡོད་པར་ཐ་སྙད་བྱེད་དོ་ཞེས་ཟེར་ན། ཡོད་པ་ནི་རྫས་ཐམས་ཅད་ལ་རྗེས་སུ་འཇུག་པའི་མཚན་ཉིད་ཅན་ཡིན་པས་སྤྱི་ཡིན་ལ། བུམ་པ་ནི་ལྡོག་པའི་མཚན་ཉིད་ཅན་ཡིན་པས་ཁྱད་པར་རོ་ཞེས་ཡོད་པ་དང་བུམ་པ་གཉིས་མཚན་ཉིད་མི་མཐུན་པར་མཐོང་ནས་གལ་ཏེ་དངོས་པོ་སྟེ་ཡོད་པ་ལས་བུམ་པ་གཞན་ཡིན་ན། འོ་ན་མཚན་ཉིད་མི་མཐུན་པའི་ཕྱིར་དངོས་པོ་ཡང་བུམ་པ་ལས་གཞན་དུ་ཅིས་མི་འགྱུར། དེའི་ཕྱིར་མཚན་ཉིད་མི་མཐུན་པ་ཁོ་ན་ལས་གཞན་གྱི་སྒྲ་བློ་འཇུག་པས་གཞན་གྱི་སྒྲ་བློའི་རྒྱུད་གཞན་ཉིད་ཅེས་བྱ་བ་ཡོན་ཏན་དོན་གཞན་བརྟགས་པ་ལ་དགོས་པ་མེད་དོ། །གཉིས་པ་ནི། གལ་ཏེ་བུམ་པ་ནི་ཡོད་དེ། ཡོན་ཏན་གྱི་རྟེན་ཡིན་པའི་ཕྱིར། བུམ་པ་གཅིག་གཉིས་ཞེས་སོགས་ཐ་སྙད་འཇུག་པས་བུམ་པ་ཡོན་ཏན་གྱི་རྟེན་དུ་བརྗོད་པ་ཡོད་ལ། གཅིག་ཉིད་ལ་སོགས་པ་ནི་ཡོན་ཏན་གྱི་ཚིག་དོན་ཡིན་ལ། བུམ་པ་ནི་རྫས་ཡིན་ནོ་ཞེ་ན། གལ་ཏེ་ཁྱོད་ཀྱིས་ལུགས་ཀྱི་ཚིག་གི་དོན་ཐ་དད་པའི་ཕྱིར། གཅིག་གི་གྲངས་བུམ་པར་མི་འདོད་པ་ཡིན་ན། རྫས་ཀྱི་ཚིག་གི་དོན་གྱིས་གཅིག་གི་གྲངས་ལས་གཞན་དུ་གྱུར་པའི་བུམ་པའང་གཅིག་ཏུ་མི་འགྱུར་ཏེ། གཉིས་ཉིད་ལ་སོགས་པ་བཞིན་ནོ། །ཅི་སྟེ་ཡོན་ཏན་རྣམས་རྫས་ལ་བརྟེན་པས་བུམ་པ་ཁོ་ན་གཅིག་ཏུ་འགྱུར་གྱི་གཅིག་ཉིད་ནི་བུམ་པར་མི་འགྱུར་རོ་ཞེ་ན། ལྡན་པ་ཞེས་པ་འདི་འབྲེལ་བ་ཅན་གཉིས་ལ་མཚུངས་པ་ཡིན་གྱི་མི་མཚུངས་པ་ལ་མ་ཡིན་ཏེ། སྤུན་ཉིད་ནི་སྤུན་ཉིད་དང་འབྲེལ་གྱི་གང་རུང་དང་མ་ཡིན་པ་བཞིན་ནོ། །འདིར་ནི་བུམ་པ་དང་གཅིག་ཉིད་ལ་ལྡན་པ་མཚུངས་པ་མ་ཡིན་ཏེ། བུམ་པ་ཁོ་ན་གཅིག་དང་ལྡན་པ་མ་ཡིན་ཏེ་ཡོན་ཏན་ཐམས་ཅད་རྫས་ལ་བརྟེན་པའོ་ཞེས་ཁས་བླངས་པའི་ཕྱིར་རོ། །ཡང་བུམ་པ་ནི་རྫས་ཡིན་ལ། གཅིག་ཉིད་ནི་ཡོན་ཏན་ཡིན་པས་རྫས་དང་ཡོན་ཏན་གཉིས་ཀྱང་མཚུངས་པའང་མ་ཡིན་པའི་ཕྱིར། དེ་གཉིས་ལྡན་པ་ཉིད་དུ་མི་འགྱུར་ལ། ལྡན་པ་མེད་པ་དེས་ཀྱང་གཅིག་ཉིད་དང་ལྡན་པ་ལས་བུམ་པ་ཁོ་ན་གཅིག་ཏུ་འགྱུར་ཞེས་པ་དེར་མི་འགྱུར་རོ། །གཞན་ཡང་ཁྱེད་ཀྱི་ལུགས་ཀྱི་ཡོན་ཏན་རྣམས་རྫས་ལ་བརྟེན་གྱི་ཡོན་ཏན་གཞན་ལ་མི་བརྟེན་ཞེས་བྱ་བ་འདི་ཡིན་ལ། ཡོན་ཏན་ལ་ཡོན་ཏན་གཞན་བརྟེན་པ་རིགས་པ་ཡིན་ཏེ། འདི་ལྟར་གང་གི་ཚེ་རྫས་ཀྱི་ཆུ་ཞེང་གི་བདག་ཉིད་ཀྱི་དབྱིབས་ཇི་ཙམ་པ་དེ་ཙམ་དུ་གཟུགས་ཀྱི་ཆུ་ཞེང་གི་དབྱིབས་ཀྱང་ཡིན་པར་འདོད་པ་དེའི་ཚེ་ངེས་པར་ཕྲ་བ་དང་ཆེ་བའི་རྫས་དེ་ལ་གཟུགས་ཀྱང་ཕྲ་བ་དང་ཆེན་པོར་ཅི་སྟེ་འགྱུར་བ་མིན་ཏེ་འགྱུར་དགོས་ལ། དེའི་ཕྱིར་གཟུགས་ཀྱི་ཡོན་ཏན་ཡང་ཕྲ་བ་དང་ཆེན་པོའི་ཡོན་ཏན་གྱི་རྟེན་དུ་འདོད་དགོས་སོ། །ཅི་སྟེ་གཟུགས་ཀྱི་ཡོན་ཏན་ཡིན་ཞིང་ཕྲ་བ་དང་། ཆེན་པོ་ཉིད་ཀྱང་ཡོན་ཏན་ཁོ་ན་ཡིན་པས་ཡོན་ཏན་ནི་ཡོན་ཏན་གྱི་དབྱིབས་སུ་མི་འགྱུར་རོ་ཞེས་པ་འདི་ཁོ་བོ་ཅག་གི་གཞུང་ལུགས་ཡིན་ཞེ་ན། གལ་ཏེ་ཕྱི་རྒོལ་ཁྱོད་རང་གི་སྡེ་ཚན་ལས་གཞན་མིན་ན། དེ་ལ་གྲུབ་མཐའ་དང་འགལ་བས་གནོད་ནུས་པས་དེ་བཟློག་ནུས་ཕྱིར་རང་གི་གཞུང་ལུགས་དང་འགལ་བ་བསྙད་པར་བྱ་བར་འགྱུར་ན། གང་གི་ཚེ་ཕ་རོལ་པོ་ཕྱི་རྒོལ་ཡིན་པ་དེའི་ཚེ་དེ་ལ་གྲུབ་མཐའ་དང་འགལ་བ་བརྗོད་པས་ཅི་ཞིག་བྱེད་དེ། དེ་ནི་གྲུབ་མཐའ་དེ་སེལ་བ་ལ་ཞུགས་པའི་ཕྱིར་རོ། །དེ་ལ་རིགས་པ་དང་འཇིག་རྟེན་དང་འགལ་བ་བརྗོད་པར་རིགས་ཏེ། དེའི་སྒོ་ནས་དེ་བཟློག་ནུས་པའི་ཕྱིར་རོ། །དེའི་ཕྱིར་ལུང་དང་འགལ་བ་ལན་མ་ཡིན་པས་ཉེས་པ་དེ་ཉིད་ལས་མ་གཡོས་སོ། །

གཉིས་པ་མཚན་གཞི་དགག་པ་ནི། གལ་ཏེ་གཞན་ཉིད་ལ་སོགས་པ་བཀག་ཀྱང་མཚན་གཞི་བུམ་པའི་ངོ་བོ་མ་བཀག་པས་བུམ་པ་ཞེས་བྱ་བའི་དངོས་པོ་རང་གི་ངོ་བོས་ཡོད་དོ་ཞེ་ན། འདི་ལ་ཡོད་པ་ཉིད་ལ་སོགས་པ་ནི་རྗེས་སུ་འཇུག་པའི་མཚན་ཉིད་ཅན་དང་། བུམ་པ་ནི་ལྡོག་པའི་མཚན་ཉིད་ཅན་དུ་སྨྲས་པ་ན་བུམ་པ་འདི་གྲངས་དང་ཕྲ་བ་དང་ཆེན་པོ་དང་གཟུགས་ལ་སོགས་པ་ལས་ལྡོག་པ་ན་རང་བཞིན་འདི་འདྲའོ་ཞེས་བྱ་བར་བཞག་པར་མི་ནུས་སོ། །དེའི་ཕྱིར་ལྡོག་པ་ཞེས་བྱ་བའི་མཚན་ཉིད་འདིས་ཀྱང་མཚན་གཞི་བུམ་པ་གང་དུའང་གྲུབ་པ་ཡོད་པ་མ་ཡིན་པ་དེས་ན་དངོས་པོ་བུམ་པ་ཞེས་བྱ་བ་གྲངས་སོགས་ལས་ཐ་དད་པར་གྲུབ་པའི་རང་གི་ངོ་བོ་ཡོད་པ་མ་ཡིན་ནོ། །ཡང་ན་གྲངས་དང་གཟུགས་ལ་སོགས་པ་ནི་བུམ་པའི་མཚན་ཉིད་ཡིན་ལ། བུམ་པ་ནི་དེ་དག་གི་མཚོན་བྱ་ཡིན་པས་མཚན་གཞི་ཡིན་ཏེ། དེའི་ཕྱིར་གྲངས་སོགས་མཚན་ཉིད་ལས་ཀྱང་མཚན་གཞི་བུམ་པའི་ངོ་བོ་གང་དུའང་གྲུབ་པ་ཡོད་པ་མ་ཡིན་ཏེ། མ་དམིགས་པའི་ཕྱིར་རོ། །གལ་ཏེ་མཚན་གཞིའི་ངོ་བོ་རྙེད་ན་འདི་ནི་གྲངས་སོགས་ཀྱི་མཚོན་བྱ་ཡིན་ལ་གྲངས་སོགས་འདི་དག་ནི་དེའི་མཚན་ཉིད་ཡིན་ནོ་ཞེས་གྲངས་སོགས་ལས་ཐ་དད་པར་ངེས་པར་འགྱུར་ན། མཚན་གཞིའི་དངོས་པོར་མ་གྲུབ་པ་དེར་ནི་གྲངས་སོགས་ལས་ཐ་དད་པར་བུམ་པའི་དངོས་པོ་ཡོད་པ་མ་ཡིན་པའི་ཕྱིར་རོ། །

གཉིས་པ་རང་སྡེ་དགག་པ་ནི། རྒོལ་བ་གང་གི་ལུགས་ལ་བུམ་པ་གཟུགས་ལ་སོགས་པ་དང་གཅིག་ཡིན་པ་གྲུབ་པའི་མཐའ་ཡིན་པ་དེའི་ལུགས་ཀྱང་མི་རིགས་ཏེ། མཚན་ཉིད་སྣ་ཚོགས་པ་ཅན་གྱི་གཟུགས་ལ་སོགས་པ་རྫས་བརྒྱད་པོ་རྣམས་དང་སོ་སོ་བ་མིན་པར་གཅིག་ཡིན་པའི་ཕྱིར་བུམ་པ་གཅིག་མ་ཡིན་པར་མང་པོ་ཉིད་དུ་ཐལ་བར་འགྱུར་རོ། །

གལ་ཏེ་བུམ་པ་མང་པོ་ཉིད་དུ་འགྱུར་རོ་ཞེ་ན། གཟུགས་ལ་སོགས་པའི་རྫས་རེ་རེར་བུམ་པ་མཐོང་བ་མེད་པའི་ཕྱིར་ན་བུམ་པ་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ། །གལ་ཏེ་གཟུགས་ལ་སོགས་པའི་མཚན་ཉིད་དངོས་པོ་བ་རྣམས་ཕན་ཚུན་སྦྱོར་བ་ལས་བུམ་པ་གཅིག་ཏུ་འགྱུར་རོ་ཞེ་ན། ལུས་ཀྱི་དབང་པོས་གཟུང་བྱ་ཡིན་པས་ན་རེག་བྱ་ཁོ་ན་རེག་པ་དང་ལྡན་པ་ཡིན་ཏེ། དེའི་ཕྱིར་རེག་ལྡན་རེག་བྱ་དེ་གཟུགས་དྲི་ལ་སོགས་པའི་རེག་པ་དང་མི་ལྡན་པ་དང་ལྷན་ཅིག་སྦྱོར་བ་སྟེ་ཕྲད་ཅིང་རེག་པ་ཞེས་བྱ་བ་མེད་དེ། དཔེར་ན་ནམ་མཁའ་དང་བུམ་པ་བཞིན་ནོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གཟུགས་ལ་སོགས་པ་རྣམས་ཕན་ཚུན་སྦྱོར་བ་རྣམ་པ་ཀུན་ཏུ་རིགས་པ་མ་ཡིན་པས་དེ་དག་ཕན་ཚུན་ཕྲད་པའི་ཚོགས་པ་བུམ་པ་ཡིན་ནོ་ཞེས་པ་མི་རིགས་སོ། །ཅི་སྟེ་ཕན་ཚུན་རེག་པ་མེད་པར་དེ་རྣམས་ཀྱི་ཚོགས་པ་བུམ་པ་ཡིན་ནོ་ཞེ་ན། བུམ་པ་ནི་ཡན་ལག་ཅན་ཡིན་ལ་གཟུགས་ལ་སོགས་པ་ནི་ཡན་ལག་ཡིན་ནོ། །གཟུགས་ནི་བུམ་པའི་ཡན་ལག་ཡིན་པ་དེས་ན་གཟུགས་དེ་ནི་བུམ་པ་མིན་ནོ། །དྲི་ལ་སོགས་པའང་དེ་བཞིན་ནོ། །གལ་ཏེ་གཟུགས་ལ་སོགས་པ་ཡན་ལག་ཡིན་པའི་ཕྱིར་ཡན་ལག་ཅན་འགའ་ཞིག་ཡོད་པ་མ་ཡིན་ནམ། ཡན་ལག་ཅན་ལ་མ་ལྟོས་པའི་ཡན་ལག་ཡང་མི་རིགས་སོ་ཞེ་ན། གང་གི་ཕྱིར་གཟུགས་ལ་སོགས་པ་དེ་ལ་བུམ་པ་མེད་པས་ཡན་ལག་ཅན་ཞེས་བྱ་བ་འགའ་ཡང་མེད་ལ། ཡན་ལག་ཅན་མེད་པ་དེས་ན་གཟུགས་ལ་སོགས་པ་ཡན་ལག་ཀྱང་ཡོད་པ་མ་ཡིན་ནོ། །འདི་ལས་ཀྱང་གཟུགས་ལ་སོགས་པའི་ཚོགས་པ་བུམ་པ་མ་ཡིན་ཏེ། འདི་ལྟར་གཟུགས་ཀྱི་ཕུང་པོས་བསྡུས་པའི་དྲི་རོ་ལ་སོགས་པའི་གཟུགས་བུམ་པ་ལྟར་སྣམ་བུ་ལ་སོགས་པའང་ཡོད་ལ། བུམ་པ་དང་སྣམ་བུ་སོགས་ཡོད་པའི་གཟུགས་ཀུན་ལའང་གཟུགས་ཀྱི་མཚན་ཉིད་གཟུགས་སུ་རུང་བ་ཙམ་དུ་མི་མཐུན་པ་མ་ཡིན་ཏེ། ཐམས་ཅད་དུ་ངོ་བོ་མཚུངས་པའི་ཕྱིར་རོ། །དེས་ན་གཟུགས་གཅིག་ལ་བུམ་པའི་མཚན་ཉིད་ཡོད་པར་འགྱུར་ཞིང་སྣམ་བུ་ལ་སོགས་པ་དང་འབྲེལ་བའི་གཟུགས་གཞན་དག་ལ་མིན་པའི་རྒྱུ་ཅི་ཞིག་ཡོད། དེས་ན་དེ་ཡང་བུམ་པ་ཉིད་དུ་གནས་པ་ཡིན་ཏེ། བུམ་པར་གནས་པའི་གཟུགས་དང་མཚན་ཉིད་ཐ་དད་མིན་པའི་ཕྱིར་རོ། །ཇི་ལྟར་བུམ་པ་གཟུགས་ལ་སོགས་པ་བརྒྱད་པོ་དང་ཐ་མི་དད་པ་བཞིན་དུ་གཟུགས་དྲི་ལ་སོགས་པ་རྣམས་ཀྱང་ཐ་མི་དད་པར་ཐལ་བར་འགྱུར་ཏེ། བུམ་པ་གཅིག་དང་གཞན་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་དེ་ཡང་བུམ་པ་ལས་གཞན་མ་ཡིན་ཡང་གཟུགས་ལ་རོ་ལ་སོགས་པ་ཐ་དད་པར་ཡོད་པས་དེ་དག་ཐ་མི་དད་པར་ཐལ་བར་མི་འགྱུར་རོ་ཞེ་ན། དབང་པོ་ཐ་དད་པས་གཟུང་བྱ་ཡིན་པའི་ཕྱིར་རོ་སོགས་དག་ལས་གཟུགས་གཞན་ཡིན་ཞིང་བུམ་པ་ལས་གཟུགས་གཞན་མིན་ཞེས་ཁྱོད་འདོད་ན། གལ་ཏེ་གཟུགས་ལས་ཀྱང་བུམ་པ་གཞན་དུ་འགྱུར་ཏེ་གཟུགས་ལས་གཞན་པའི་རོ་ལ་སོགས་པ་དེ་རྣམས་མེད་པར་རང་གི་ངོ་བོ་བཞག་ཏུ་མེད་པའི་བུམ་པ་དེ་རོ་སོགས་དང་ཐ་མི་དད་པས་གཟུགས་ལས་གཞན་ཇི་ལྟར་མིན་ཏེ་ཡིན་དགོས་པའི་ཕྱིར་རོ། །གལ་ཏེ་གཟུགས་ལ་སོགས་པའི་ཚོགས་པ་བུམ་པར་བརྗོད་པའི་ཕྱིར་གཟུགས་ལ་སོགས་པ་མང་པོ་ཉིད་ཡིན་ཀྱང་བུམ་པ་མང་པོ་ཉིད་དུ་ཐལ་བར་མི་འགྱུར་རོ་ཞེ་ན། གཟུགས་དྲི་ལ་སོགས་པ་ཕན་ཚུན་འཕྲོད་པ་འདུས་པར་གྱུར་ཀྱང་གཟུགས་དྲི་ཉིད་དམ། དྲི་གཟུགས་ཉིད་དུ་འགྱུར་བ་མི་འཐད་དེ། ཚོགས་པ་ལ་གནས་པ་རྣམས་ཀྱིས་རང་གི་མཚན་ཉིད་མི་འདོར་བའི་ཕྱིར་རོ། །གང་གི་ཕྱིར་གཟུགས་དྲི་ལ་སོགས་པ་ཕན་ཚུན་འདུས་ཀྱང་རང་བཞིན་གཅིག་ཏུ་མི་འགྱུར་བ་དེས་ན། མཚན་ཉིད་རྣམས་དང་སོ་སོ་ནི། །མིན་ཕྱིར་བུམ་པ་གཅིག་མ་ཡིན། །ཞེས་བརྗོད་པ་དེ་བཞིན་དུ་མཚན་ཉིད་རྣམས་དང་སོ་སོ་ནི་མིན་ཕྱིར་ཚོགས་པའང་གཅིག་ཏུ་མི་རིགས་སོ། །ཚིགས་སུ་བཅད་པ་འདི་རྩ་བར་འོག་ཏུ་འབྱུང་ཡང་དོན་གྱི་འབྲེལ་གྱི་དབང་གིས་གོང་དུ་བླངས་ཏེ་བཤད་དོ། །གང་གི་ཚེ་དེ་ལྟར་གཟུགས་ལ་སོགས་པ་བུམ་པའི་ཐ་སྙད་འདོགས་པའི་རྒྱུར་མི་སྲིད་པ་དེའི་ཚེ་གཞན་ཡང་རྒྱུར་མི་རིགས་པས་བུམ་པ་ལ་ནི་ཐ་སྙད་འཇུག་པའི་རྒྱུ་ཡོད་པ་མིན་ཞིང་། རྒྱུ་མེད་པ་ལའང་རང་ཉིད་ཐ་སྙད་བཏགས་པའི་ཡུལ་འབྲས་བུར་མི་འགྱུར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་གཟུགས་སོགས་ཡན་ལག་རྣམས་ལས་གཞན་དུ་བུམ་པ་འགའ་ཡང་ཡོད་པ་མ་ཡིན་ནོ། །གལ་ཏེ་བུམ་པ་ནི་གཟུགས་ལ་སོགས་པའི་ཉེ་བར་ལེན་པ་ཅན་མ་ཡིན་གྱི། རང་གི་ཡན་ལག་གྱོ་མོ་ལ་སོགས་ལ་ལྟོས་ནས་འབྲས་བུ་ཡིན་ལ། གྱོ་མོ་རྣམས་ནི་རྒྱུ་ཡིན་ནོ་སྙམ་ན། བུམ་པ་གྱོ་མོ་ལ་སོགས་པའི་རྒྱུ་ལས་གྲུབ་པར་གྱུར་ཅིང་གྱོ་མོ་ལ་སོགས་པའི་རྒྱུ་ནི་གསེག་མ་ལ་སོགས་པའི་རྒྱུ་གཞན་ལས་འགྲུབ་པར་འགྱུར་ན། གྱོ་མོ་གང་ལ་རང་ལས་གྲུབ་པ་མེད་པ་དེ་ཡིས་འབྲས་བུ་གཞན་བུམ་པ་རང་གི་ངོ་བོས་ཇི་ལྟར་སྐྱེད་པར་བྱེད། དེའི་ཕྱིར་བུམ་པ་རང་བཞིན་གྱིས་མེད་དོ། །བུམ་པ་འགོག་པའི་ཚུལ་འདི་འབྲས་བུ་ཐམས་ཅད་འགོག་པ་ལ་སྦྱར་བར་བྱའོ། །གཉིས་པ་ཚོགས་པ་ཅན་ལ་རྫས་ཡོད་དགག་པ་ནི། ཇི་སྐད་བཤད་པའི་རིགས་པས་རྣམ་པར་དཔྱད་ན་ཇི་ལྟར་གཟུགས་མ་གཏོགས་པར་བུམ་པ་ཡོད་པ་མ་ཡིན་པ་དེ་བཞིན་དུ་ས་ཆུ་མེ་རླུང་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་མ་གཏོགས་པར་གཟུགས་དྲི་སོགས་ཀྱང་ཡོད་པ་མ་ཡིན་ཏེ། རྒྱུ་མེད་པ་ཅན་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །ཡང་ཇི་ལྟར་རླུང་སོགས་ལས་མ་གཏོགས་པའི་གཟུགས་དྲི་སོགས་མེད་པ་དེ་བཞིན་དུ་འབྱུང་བ་རྣམས་ཀྱང་ཕན་ཚུན་མ་ལྟོས་པར་རང་གི་ངོ་བོས་མ་གྲུབ་སྟེ། འདི་ལྟར་འདི་ན་མེ་ནི་སྲེག་པ་པོ་ཡིན་ལ། འབྱུང་བ་གསུམ་ནི་བསྲེག་བྱ་ཡིན་ནོ། །དེའི་འབྱུང་བ་གསུམ་གྱི་བུད་ཤིང་ཁོ་ན་མེས་བསྲེག་པ་ན་བུད་ཤིང་ཚ་བར་གྱུར་པ་ནི་མེ་ཉིད་དུ་འགྱུར་ཏེ་བསྲེག་བྱའི་བུད་ཤིང་མ་ཡིན་ནོ། །ཚ་བ་མིན་པའང་ཇི་ལྟར་བསྲེག་སྟེ། མེ་དང་མ་འབྲེལ་བའི་ཕྱིར་རོ། །དེ་གཉིས་ལས་མ་གཏོགས་པའི་བསྲེག་བྱ་གཞན་ཡང་མེད་པ་དེས་ན་མེ་ལ་མ་ལྟོས་པའི་བུད་ཤིང་ཞེས་བྱ་བ་རང་གི་ངོ་བོས་ཡོད་པ་མ་ཡིན་ན་བུད་ཤིང་མེད་པ་ན་རྒྱུ་མེད་པའི་ཕྱིར་མེ་ཡང་མེད་དོ། །

གལ་ཏེ་བུད་ཤིང་ནི་སྲ་བ་སོགས་ཀྱི་བདག་ཉིད་ཡིན་པས་ཚ་བ་མིན་ཡང་མེས་ཟིལ་གྱིས་མནན་ཏེ་ཚ་བར་གྱུར་པ་ན་བསྲེག་བྱ་ཡིན་ནོ་ཞེ་ན། དེ་ལྟ་བུ་དེ་ཡང་ཅི་སྟེ་མེར་མི་འགྱུར། ཚ་བའི་རང་བཞིན་ཡིན་པའི་ཕྱིར་རོ། །འོན་ཏེ། མེས་ཟིལ་གྱིས་མནན་དུ་ཟིལ་ཀྱང་མི་ཚ་སྟེ་ཚ་བ་མ་ཡིན་པར་འདོད་ན། འོ་ན་མེ་ལས་དངོས་པོ་གཞན་དུ་གྱུར་པ་འབྱུང་བ་གསུམ་གྱི་བདག་ཉིད་ཅན་གྱི་བུད་ཤིང་མེ་དང་འགལ་བས་དེ་ལ་མེ་ཡོད་ཅེས་བྱ་བར་མི་རུང་ངོ་། །དེའི་ཕྱིར་འབྱུང་བ་མེད་པའི་ཚ་བ་ཙམ་ཞིག་མེར་འགྱུར་ན། འབྱུང་བ་འདི་རྣམས་ནི་ཕན་ཚུན་མེད་པར་ཡོད་པ་མ་ཡིན་ཏེ། ལྷན་ཅིག་འབྱུང་གང་ཕན་ཚུན་འབྲས། །ཞེས་བཤད་པ་དང་འགལ་བའི་ཕྱིར་རོ། །

གཞན་ཡང་མེ་ལ་བུད་ཤིང་མེད་ན་རྒྱུ་མེད་པར་འགྱུར་བས་དེ་ནི་མི་རིགས་སོ། །གལ་ཏེ་མེའི་རྫས་ཀྱི་རྡུལ་ཕྲ་རབ་ལ་འབྱུང་བ་གསུམ་མེད་པས་ཤིང་མེད་པའི་མེ་ཡོད་ཅེ་ན། དེས་ན་ཤིང་མེད་པའི་མེ་ཡོད་པར་འགྱུར་ལ། དེའི་ཕྱིར་རྒྱུ་མེད་པའི་ཉེས་པ་ཐལ་བ་དེ་ཉིད་དུ་འགྱུར་རོ། །རྒྱུ་མེད་ནའང་བྱེ་བྲག་པ་བཞིན་དུ་རྟག་པའི་རྡུལ་ཕྲ་རབ་ཁས་བླངས་པར་འགྱུར་རོ། །གལ་ཏེ་རྒྱུ་མེད་པའི་ཉེས་པས་འཇིགས་ནས་མེའི་རྡུལ་འབྱུང་བ་གསུམ་གྱི་བདག་ཉིད་ཀྱི་བུད་ཤིང་ཡོད་པར་རྟོག་ན། འོ་ན་མེའི་རྡུལ་རྫས་གཅིག་གི་བདག་ཉིད་ཅན་དུ་ཡོད་དེ་ཞེས་ཁས་བླང་བར་མི་བྱའོ། །གསུམ་པ་གཅིག་དང་དུ་མར་གྲུབ་པ་དགག་པ་ནི། རྡུལ་ཕྲན་རྣམས་གཅིག་གི་བདག་ཉིད་དུ་མ་གྲུབ་པ་འབའ་ཞིག་ཏུ་མ་ཟད་ཀྱི། ཕྱི་དང་ནང་གི་དངོས་པོ་གང་དང་གང་རིགས་པས་ཡོངས་སུ་བརྟགས་པ་ན་དེ་དང་དེ་ལ་གཅིག་ཉིད་མེད་དོ། །ཇི་ལྟར་འབྱུང་བ་ཆེན་པོ་རྣམས་ཕན་ཚུན་མེད་པར་ཡོད་པ་མ་ཡིན་པ་བཞིན་དུ་རྒྱུ་མེད་དུ་ཐལ་བར་འགྱུར་བས་འབྱུང་བ་རྣམས་མེད་པར་འབྱུང་འགྱུར་རྣམས་ཀྱང་མེད་དོ། །དེ་བཞིན་དུ་སེམས་དང་སེམས་བྱུང་དང་། མཚན་ཉིད་དང་མཚན་གཞི་རྣམས་ཀྱང་ཕན་ཚུན་མེད་པར་ཡོད་པ་མ་ཡིན་ནོ། །རིགས་པ་གང་གིས་དངོས་པོ་རྣམས་ལ་གཅིག་ཀྱང་ཡོད་པ་མིན་པ་དེས་ན་དུ་མ་ཉིད་ཀྱང་མེད་དེ། དུ་མ་ནི་གཅིག་བསགས་པ་ལ་ལྟོས་པའི་ཕྱིར་རོ། །ཅི་སྟེ་སུན་འབྱིན་པ་འདི་རང་གི་སྡེ་པ་འབྱུང་བ་དང་འབྱུང་འགྱུར་སོགས་ལྷན་ཅིག་འབྱུང་བ་ཁས་བླངས་པ་རྣམས་ལ་འཐད་ཀྱི། ཕྱི་རོལ་པ་ལ་མ་ཡིན་ཏེ། དེ་དག་ནི་གང་ན་ས་ལ་སོགས་པའི་རྡུལ་ཕྲ་རབ་དེ་ལས་གཞན་པའི་དངོས་པོ་རྣམས་ལ་དེ་མེད་པ་དང་དེར་ས་རྟག་པའི་རྫས་གཅིག་ཡོད་ཅེས་འདོད་པས་སོ་ཞེ་ན། དེ་དག་གི་ལུགས་ལའང་སའི་རྡུལ་ཕྲ་རབ་ལ་རྫས་ཉིད་དང་། གཅིག་ཉིད་དང་། ཡོད་པ་ཉིད་ཅེས་བྱ་བ་གསུམ་ཡོད་ལ། ཡོན་ཏན་ལ་ཡང་ཡོན་ཏན་ཉིད་དང་། གཅིག་ཉིད་དང་། ཡོད་པ་ཉིད་ཅེས་བྱ་བ་གསུམ་ཡོདདོ། །དེའི་ཕྱིར་གང་གི་ལུགས་ལ་རྡུལ་ཕྲ་རབ་ལ་སོགས་པའི་དངོས་པོ་ཀུན་ལ་ཆོས་གསུམ་ཉིད་ཡོད་པ་དེ་ན་གཅིག་ཉིད་ཅེས་བྱ་བའི་དངོས་པོ་འགའ་ཡང་ཡོད་པ་མ་ཡིན་ནོ། །དེ་བཞིན་དུ་གྲངས་ཅན་པ་ལའང་ཐམས་ཅད་ཡོན་ཏན་གསུམ་གྱི་བདག་ཉིད་ཡིན་པའི་ཕྱིར་གཅིག་གི་དངོས་པོ་འགའ་ཡང་མེད་དོ། །བཞི་པ་མཐའ་བཞི་འགོག་པའི་རིགས་པ་བསྒྲེ་བ་ནི། འབྲས་བུ་ཡོད་པར་སྨྲ་བ་དང་མེད་པར་སྨྲ་བ་དང་། ཡོད་མེད་གཉིས་ཀ་སྨྲ་བ་དང་ཡོད་མེད་གཉིས་ཀ་མིན་ཞེས་སྨྲ་བ་དག་ལ་དགག་པ་བྱ་བའི་ཚུལ། འབྲས་བུ་ཡོད་པ་གང་འདོད་དང་། །ཞེས་སོགས་སྔར་བཤད་པ་འདི་ནི་མཁས་པ་བློ་གྲོས་བཟང་པོ་དག་གིས་རྒྱུ་འབྲས་གཅིག་དང་སོགས་པས་གཞན་ཉིད་དང་གཉིས་ཀ་ཡིན་པ་དང་གཉིས་ཀ་མིན་པར་སྨྲ་བ་དག་ལ་སུན་འབྱིན་དུ་རྟག་ཏུ་སྦྱར་བར་བྱའོ། །འདི་ལྟར་རྒྱུ་དང་འབྲས་བུ་གཅིག་ཉིད་དུ་སྨྲ་བ་ནི་འབྲས་བུ་ཡོད་པར་སྨྲ་བའི་ཕྱོགས་ཏེ་དེ་ལ་ནི། འབྲས་བུ་ཡོད་པར་གང་འདོད་པ། ཁྱིམ་གྱི་དོན་དུ་ཀ་བ་སོགས། །བརྒྱན་པའི་དོན་ཡང་མེད་པར་འགྱུར། །ཞེས་དང་། གང་ཞིག་འབྱུང་བར་བྱེད་པ་དེ། །སྔར་ཡོད་ཅེས་བྱར་མི་རིགས་སོ། །གལ་ཏེ་ཡོད་པ་སྐྱེ་གྱུར་ན། །སྐྱེས་ཟིན་པ་ཡང་འབྱུང་བར་འགྱུར། །ཞེས་སོགས་སྦྱར་བར་བྱའོ། །རྒྱུ་དང་འབྲས་བུ་གཞན་དུ་འདོད་པ་ནི་འབྲས་བུ་མེད་པར་སྨྲ་བའི་ཕྱོགས་ཏེ་དེ་ལ། འབྲས་བུ་མེད་པར་གང་འདོད་པ། ཁྱིམ་གྱི་དོན་དུ་ཀ་བ་སོགས། །བརྒྱན་པའི་དོན་ཡང་མེད་པར་འགྱུར། །ཞེས་སྦྱར་རོ། །གང་དག་བརྒྱ་བྱིན་སྔར་སྲོག་གི་བདག་ཉིད་དུ་གནས་པས་ད་ལྟར་ལུས་ལེན་པ་ན་སྔར་སྲོག་གི་བདག་ཉིད་དུ་གནས་པའི་ཕྱིར་དང་། ལྷ་སྦྱིན་གྱི་བདག་ཉིད་མེད་པ་སྐྱེ་བས་རྒྱུ་དང་འབྲས་བུ་གཅིག་པ་ཡིན་ལ། གཞན་ཡང་ཡིན་ནོ་ཞེས་འདོད་པའི་འབྲས་བུ་ཡོད་མེད་གཉིས་ཀར་དུ་འདོད་པའི་ཕྱོགས་ཏེ། དེ་ལ་འབྲས་བུ་ཡོད་པ་དང་མེད་པར་སྨྲ་བ་གཉིས་ལ་བརྗོད་པའི་སུན་འབྱིན་པ་གཉིས་ཀ་རྒོལ་བ་གཅིག་ལ་བརྗོད་པར་བྱའོ། །གཉིས་ཀ་མིན་པར་འདོད་པ་ལ། འབྲས་བུ་ཡོད་པ་དང་མེད་པ་གཉིས་ཡོད་ན། དེ་བཀག་པའི་སྒོ་ནས་གཉིས་ཀ་མ་ཡིན་ཞེས་པར་འགྱུར་ན། གང་གི་ཚེ་ཡོད་མེད་གཉིས་མ་གྲུབ་པ་དེའི་ཚེ་གང་བཀག་པས་གཉིས་ཀ་མ་ཡིན་པར་འགྱུར་ཞེས་བྱ་བའི་ཚུལ་གྱིས་སོ། །

གཉིས་པ་དངོས་པོ་བདེན་པར་འཁྲུལ་པའི་རྒྱུ་བསྟན་པ་ནི། གལ་ཏེ་དེ་ལྟར་དངོས་པོ་རྣམས་རང་བཞིན་མེད་པ་ཡིན་ན། རང་གཞན་གྱི་སྡེ་པ་དངོས་པོར་སྨྲ་བ་འདི་དག་འཐད་པ་གང་གིས་རངས་ཏེ་དངོས་པོ་ཡོད་པར་རྟོག་ཅེ་ན། དེ་ལ་འཐད་པ་འགའ་ཡང་མེད་མོད། འོན་ཀྱང་ཇི་ལྟར་མར་མེ་སྐད་ཅིག་གིས་འཇིག་པ་དག་ཇི་སྲིད་རྒྱུ་རྐྱེན་གྱི་ཚོགས་པ་ཡོད་པ་དེ་སྲིད་དུ་སྐད་ཅིག་སྔ་ཕྱིའི་རྒྱུ་འབྲས་བར་མ་ཆད་དུ་འབྱུང་བ་ལྟར། འདུ་བྱེད་སྐད་ཅིག་གིས་འཇིག་པ་རྣམས་རྒྱུ་རྐྱེན་གྱི་ཚོགས་པ་ཡོད་པ་ན་སྐད་ཅིག་སྔ་ཕྱི་བར་མ་ཆད་པར་འབྱུང་བའི་རྒྱུན་ལ། དེའི་རང་གི་ངོ་བོ་ཇི་ལྟ་བ་བཞིན་མ་འཁྲིགས་པས་བལྟ་ཉེས་པ་ན། ཕྱི་རོལ་པའི་དྲང་སྲོང་རྣམས་སྔོན་གྱི་གནས་རྗེས་སུ་དྲན་ཞིང་། འདིར་ཡང་འདུ་བྱེད་སྐད་ཅིག་གིས་འཇིག་པར་མངོན་སུམ་གྱིས་མ་མཐོང་ནས་བདག་གམ་འཇིག་རྟེན་རྟག་པ་ཡོད་དོ་སྙམ་པར་འགྱུར་བ་དེ་བཞིན་དུ་རྒྱུ་རྐྱེན་གྱི་ཚོགས་པ་དེ་དང་དེ་ལ་བརྟེན་ནས་འབྱུང་བ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་དང་། སེམས་དང་སེམས་ལས་བྱུང་བ་དང་། མཚན་ཉིད་དང་མཚན་གཞི་དང་། ཁྱིམ་དང་བུམ་པ་ལ་སོགས་པ་གཟུགས་བརྙན་དང་བྲག་ཅ་སོགས་དང་འདྲ་བ་དེ་དང་དེ་ལས་འཇིག་རྟེན་གྱི་ཕྱིན་ཅི་ལོག་ཚད་མར་བྱས་ནས་འཇིག་རྟེན་གཞུག་པའི་དོན་དུ་ཉེ་བར་བླངས་ནས་སམ་བརྟེན་ནས་རང་དང་སྤྱིའི་མཚན་ཉིད་ཙམ་ཞིག་འདོགས་པར་བྱེད་ལ། དེ་དག་ཀྱང་སྐྱེ་བ་ན་ཡང་ཚོགས་པ་ཁོ་ན་སྐྱེ་ལ། འགག་པ་ན་ཡང་ཚོགས་པ་ཁོ་ན་འགག་པ་ཡིན་མོད། །དེ་ལྟར་ན་ཡང་ཚོགས་པ་དེའི་རང་བཞིན་ཇི་ལྟ་བ་བཞིན་མ་ཤེས་ཤིང་བལྟ་ཉེས་པ་ན། རྒོལ་བ་དག་རིགས་པ་མེད་བཞིན་དུ་ཕྱིན་ཅི་ལོག་ཙམ་ལ་བརྟེན་ནས་ཕྱི་ནང་གི་དངོས་པོ་རྣམས་བདེན་པར་ཡོད་དོ་སྙམ་དུ་རྟོག་པར་འགྱུར་རོ། །

གསུམ་པ་བདེན་མེད་རིགས་པ་བསྡུས་ཏེ་བསྟན་པ་ནི། གལ་ཏེ་ཁོ་བོ་ཅག་གི་དངོས་པོ་ལྟ་བ་ཕྱིན་ཅི་ལོག་ཡིན་ན་ཁྱོད་ཀྱང་དངོས་པོ་ཁས་མི་ལེན་པ་ན་དངོས་པོ་མེད་པར་ལྟ་བར་འགྱུར་ན། དེ་ཡང་ཤིན་ཏུ་མི་རིགས་ཏེ། མཐོང་བ་དང་མ་མཐོང་བ་འགལ་བའི་ཕྱིར་རོ་ཞེ་ན། ཁོ་བོ་ཅག་དངོས་པོ་མེད་པར་སྨྲ་བ་མ་ཡིན་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བའི་ཕྱིར་རོ། །རྟེན་ཅིང་འབྲེལ་འབྱུང་གི་དོན་གང་ཞེ་ན། རང་བཞིན་མེད་པའི་དོན་དང་སྒྱུ་མ་དང་། སྨིག་རྒྱུ་དང་། གཟུགས་བརྙན་སོགས་དང་མཚུངས་པར་སྟོང་པ་ཉིད་དང་བདག་མེད་པའི་དོན་ཏེ། འདི་ལྟར། གང་རང་བཞིན་གྱིས་གྲུབ་པ་དེ་ནི་གཞན་ལ་རག་མ་ལས་པས་རྟེན་ཅིང་འབྱུང་བ་མ་ཡིན་ལ། འདུས་བྱས་ཐམས་ཅད་ནི་བརྟེན་ནས་འབྱུང་བ་ཡིན་ཏེ། དེ་ལྟར་དངོས་པོ་གང་ལ་བརྟེན་ནས་འབྱུང་བ་ཡོད་པ་དེ་ནི་རང་དབང་ཅན་དུ་མི་འགྱུར་ཏེ། རྒྱུ་རྐྱེན་ལ་རག་ལས་ཏེ་སྐྱེ་བའི་ཕྱིར་རོ། །དངོས་པོ་འདི་ཀུན་རང་དབང་མེད་པ་ཡིན་པ་སྟེ། དེས་ན་དངོས་པོ་གང་ལའང་བདག་གི་རང་བཞིན་ནི་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རྟེན་ཅིང་འབྲེལ་བར་འབྱུང་བ་རང་གི་ངོ་བོ་དང་བྲལ་བའི་དོན་སྟོང་པ་ཉིད་ཀྱི་དོན་ཡིན་གྱི་ཐམས་ཅད་དངོས་པོ་མེད་པའི་དོན་ནི་མ་ཡིན་ནོ། །དེའི་ཕྱིར་རྟེན་འབྲེལ་སྒྱུ་མ་ལྟ་བུ་ལ་སྒྲོ་འདོགས་པ་དང་སྐུར་པ་འདེབས་པའི་རྣམ་པར་ཞུགས་པའི་ཕྱིར་དངོས་པོ་དང་དངོས་པོ་མེད་པར་ལྟ་བ་ནི་ཕྱིན་ཅི་ལོག་པ་ཡིན་ལ། རྟེན་འབྲེལ་སྒྱུ་མ་ལྟ་བུར་ཁས་ལེན་པ་ལ་ནི་རྟག་ཆད་ཀྱི་ཉེས་པའི་གོ་སྐབས་མེད་དོ། །

བཞི་པ་བདེན་མེད་རྟོགས་པའི་དགོས་པ་བསྟན་པ་ནི། གང་གི་ཕྱིར་འགའ་ཡང་ངོ་བོ་ཉིད་ཀྱིས་སྐྱེས་པ་ཡོད་པ་མ་ཡིན་པ་དེ་ཉིད་ཀྱི་ཕྱིར་འབྲས་བུ་མེད་པར་ཕྱི་དང་ནང་གི་དངོས་པོ་ཀུན་ལ་འདུ་བ་ཡོད་པ་མ་ཡིན་ལ། རང་བཞིན་གྱིས་གྲུབ་པ་ནི་རྟག་པས་འབྲས་བུ་ལ་ལྟོས་པ་མེད་ལ། འབྲས་བུའི་དོན་དུ་གང་འདུས་པ་དེ་ནི་དེའི་རང་བཞིན་གཟིགས་པའི་འཕགས་པ་རྣམས་ལ་མ་འདུས་པ་སྟེ་བདེན་པར་མངོན་པར་མི་བཞེད་དེ། དེ་ཉིད་ཀྱི་ཕྱིར་སྲིད་པའི་སྐྱེ་བོའི་ས་བོན་ཉོན་མོངས་པ་ཅན་གྱི་མ་རིག་པ་དངོས་པོར་མངོན་པར་ཞེན་པའི་རྣམ་པར་ཤེས་པ་ཡིན་ལ། གཟུགས་ལ་སོགས་པའི་ཡུལ་རྣམས་ནི་དེའི་སྤྱོད་ཡུལ་ཡིན་ཞིང་། སྔར་ཇི་སྐད་བཤད་པའི་ཚུལ་གྱིས་ཡུལ་རྣམས་ལ་བདག་གི་རང་བཞིན་མེད་པར་མཐོང་ནས་སྲེད་པའི་ས་བོན་ཉོན་མོངས་ཅན་རྣམ་ཤེས་འགག་པར་འགྱུར་བ་ལས། ཉན་ཐོས་དང་། རང་སངས་རྒྱས་དང་། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་འཁོར་བ་ལས་ལྡོག་པར་རྣམ་པར་བཞག་གི །སངས་རྒྱས་ཀྱི་ཡེ་ཤེས་འབྱུང་བའི་ས་བོན་བྱང་ཆུབ་ཀྱི་སེམས་ནི་དེ་ལས་ལྡོག་སྟེ། ཐམས་ཅད་ལ་དེ་བཞིན་གཤེགས་པའི་ཡེ་ཤེས་གདོན་མི་ཟ་བར་འབྱུང་བ་ཡིན་ནོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། མཐར་འཛིན་པ་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་བཞི་པའི་འགྲེལ་པའོ།།། །།

ལེའུ་བཅོ་ལྔ་པའི་རྣམ་བཤད།

གཉིས་པ་མཚན་ཉིད་སྐྱེ་སོགས་ཀྱི་རང་བཞིན་དགག་པ་ལ། སྐྱེ་མེད་སྒྱུ་མའི་ཚུལ་དུ་བསྒྲུབ། མཚན་ཉིད་རང་བཞིན་སྟོང་པར་བསྟན། སྐྱེ་བཞིན་པ་ཡི་རང་བཞིན་བཀག བཀག་པ་དེ་ཡི་མཇུག་སྡུད་བསྟན་པ་དང་བཞིའོ། །དང་པོ་ལ་སྐྱེ་བ་དགག བཀག་པའི་འབྲས་བུ་བསྟན་པ་གཉིས་ཀྱི། དང་པོ་ལ་ལྔ་ཡོད་པའི་དང་པོ་ཡོད་མེད་ཕྱོགས་སུ་བརྟགས་ལ་དགག་པ་ནི། འདིར་སྨྲས་པ། འདུས་བྱས་རང་བཞིན་གྱིས་ཡོད་དེ། དེ་དག་གི་མཚན་ཉིད་སྐྱེ་བ་ལ་སོགས་པ་ཡོད་པའི་ཕྱིར་རོ་ཞེ་ན། གལ་ཏེ་མཚན་ཉིད་ཡོད་ན་འདུས་བྱས་ཡོད་པར་འགྱུར་ན། ཡོད་པའང་མ་ཡིན་ནོ། །ཇི་ལྟར་ཞེ་ན། འདི་ན་སྐྱེ་བ་འདི་འདུས་བྱས་སྐྱེད་པ་ན་ཡོད་པའམ་མེད་པ་ཞིག་སྐྱེད་གྲང་། དེ་ལ་རེ་ཞིག་འབྲས་བུ་མེད་པར་སྨྲ་བའི་ལྟར་ན། ས་བོན་གྱི་གནས་སྐབས་སུ་མྱུ་གུ་མེད་པས་རྒྱུ་རྐྱེན་ཚོགས་པའི་ས་བོན་གྱི་མཐའི་སྐད་ཅིག་མ་ལ་མྱུ་གུ་སྐྱེའོ། །དེའི་ཕྱིར་ས་བོན་གྱི་སྐད་ཅིག་ཐ་མར་མྱུ་གུ་མེད་པ་སྐྱེ་བར་འགྱུར་ན་དེ་ཡང་མི་རིགས་ཏེ། བོང་བུའི་རྭ་ལ་སོགས་པའང་སྐྱེ་བར་ཐལ་བའི་ཕྱིར་རོ། །དེས་ན་མེད་པ་ག་ལ་སྐྱེ་སྟེ་མེད་པ་སྐྱེ་བ་མི་སྲིད་དོ། །གལ་ཏེ་ཉེས་པ་དེས་འཇིགས་པས་འབྲས་བུ་ཡོད་པར་སྨྲ་བ་དག་ཡོད་པ་སྐྱེའོ་ཞེ་ན། ས་བོན་གྱི་སྔར་ནས་ཡོད་པའི་མྱུ་གུ་ནི་གདོད་མ་ནས་སྐྱེས་ཟིན་པར་གྱུར་པའི་ཕྱིར་སླར་ཡང་སྐྱེ་བ་མི་རིགས་ཏེ། རང་གི་ངོ་བོ་གྲུབ་ཟིན་པས་སྐྱེ་བ་བོགས་དབྱུང་དུ་མེད་པའི་ཕྱིར་རོ། །ཅི་སྟེ་ཡོད་པ་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་བས་སྐྱེ་བ་ཐུག་པ་མེད་པར་འགྱུར་ན། དེ་ཡང་མི་སྲིད་པས་དེས་ན་ཡོད་པ་ག་ལ་སྐྱེ་སྟེ་ཡོད་པ་སྐྱེ་བ་མི་སྲིད་དོ། །གཞན་ཡང་འབྲས་བུ་མྱུ་གུ་སྐྱེ་བཞིན་པ་ཡིས་ནི་རྒྱུ་ས་བོན་ཞེས་བྱ་བ་བཤིག་པ་ཡིན་ཏེ། ས་བོན་མ་འགགས་པར་མྱུ་གུ་མི་སྐྱེ་བའི་ཕྱིར་རོ། །དེས་ན་མྱུ་གུ་མེད་པ་སྐྱེ་བར་མི་འགྱུར་ཏེ། མེད་པ་ལ་ས་བོན་འཇིག་པའི་ནུས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མེད་པ་མི་སྐྱེའོ། །གྲུབ་ཟིན་པའི་མྱུ་གུ་ལ་ནི་སླར་ཡང་སྒྲུབ་བྱེད་ཡོད་པ་མ་ཡིན་པ་དེའི་ཕྱིར་ཡོད་པའང་མི་སྐྱེའོ། །སྐྱེ་བའི་དུས་མི་སྲིད་པའི་ཕྱིར་ཡང་སྐྱེ་བ་མེད་དེ། འདི་ལྟར་མྱུ་གུའི་རང་གི་ངོ་བོ་གྲུབ་པ་དེའི་ཚེ་ནི་སྐྱེ་བ་ཡོད་པ་མིན་ཏེ། གྲུབ་པའི་ངོ་བོ་ཡིན་པའི་ཕྱིར་རོ། །གྲུབ་པ་ལས་གཞན་མ་གྲུབ་པའི་ཚེ་ན། སྐྱེ་བ་ཡོད་པ་མ་ཡིན་ཏེ། མ་གྲུབ་པ་ནི་རྟེན་མེད་པས་སྐྱེ་བའི་བྱ་བ་མི་འཇུག་པའི་ཕྱིར་རོ། །ཅུང་ཟད་ཅིག་གྲུབ་པ་དེའི་ཚེ་དང་གཞན་ཅུང་ཟད་ཅིག་མ་གྲུབ་པ་གྲུབ་བཞིན་པ་དེའི་ཚེ་ཡང་གཉིས་ཀ་ལ་བརྗོད་པའི་སྐྱོན་དུ་འགྱུར་བས་མི་སྐྱེའོ། །གང་གི་ཚེ་ཕྱོགས་གསུམ་ཆར་ཡང་སྐྱེ་བ་མི་སྲིད་པ་དེའི་ཚེ་དུས་ནམ་ཞིག་ན་སྐྱེ་བ་ཡོད་པར་འགྱུར། འདིར་སྨྲས་པ་འོ་མ་ཞོའི་དངོས་པོར་འགྱུར་བས་སྐྱེ་བ་ཡིན་ནོ་ཞེ་ན། དེ་ཡང་མི་རིགས་ཏེ། རེ་ཞིག་འོ་མའི་དངོས་པོར་གནས་པའི་འོ་མ་ལ་ནི་དེའི་བདག་ཉིད་དུ་སྐྱེ་བ་མེད་དེ། འོ་མའི་བདག་ཉིད་དེར་ཡོད་པའི་ཕྱིར་རོ། །དེའི་ཕྱིར་འོ་མ་དེ་ལ་དེའི་དངོས་པོ་རུ་ཇི་ལྟར་སྐྱེ་བ་ཡོད་པ་མིན་པ་དེ་བཞིན་དུ་གཞན་ཞོའི་དངོས་པོར་ཡང་འོ་མ་དེ་ལས་སྐྱེ་བ་ཡོད་པ་མ་ཡིན་ཏེ་བརྟགས་ན་འོ་མ་ལ་ཞོའི་དངོས་པོ་མི་སྲིད་པའི་ཕྱིར་རོ། །

གཉིས་པ་ཐོག་མཐའ་བར་མར་བརྟགས་ལ་དགག་པ་ནི། འདི་ལས་ཀྱང་འདུས་བྱས་སྐྱེ་བ་མེད་དེ། འདི་ལྟར་ཐོག་མར་སྐྱེ་བ་དང་། བར་གནས་པ་དང་། ཐ་མ་འཇིག་པ་རྣམས་སྐྱེ་བའི་སྔ་རོལ་དུ་སྲིད་པ་མ་ཡིན་པས་སྐྱེ་བའི་སྔ་རོལ་ན་འདུས་བྱས་མེད་དོ། །ཅི་སྟེ་སྐྱེ་བའི་དུས་ན་སྐྱེ་བ་ཡིན་ཞིང་། གནས་པའི་དུས་ན་གནས་པ་ཡིན་ལ། འཇིག་པའི་དུས་ན་འཇིག་པའོ་སྙམ་ན། དེ་ཡང་མི་རིགས་ཏེ་འདི་ལྟར། གསུམ་པོ་འདི་དག་དུས་ཐ་དད་པ་ཁོ་ན་ཡིན་ཏེ་རེ་རེའི་དུས་ན་གཞན་གཉིས་གཉིས་མེད་པས་དེའི་ཕྱིར་གནས་པ་དང་འཇིག་པ་ལ་སོགས་པ་མཚན་ཉིད་གཉིས་གཉིས་དག་མེད་པ་རུ་ཇི་ལྟར་སྐྱེ་བ་ལ་སོགས་པ་རེ་རེ་རྩོམ་པར་འགྱུར་ཏེ། མཚན་ཉིད་འདི་དག་རེ་རེ་མེད་ན་ཡང་འདུས་བྱས་ཉིད་མེད་པའི་ཕྱིར་རོ། །གསུམ་པ་རང་གཞན་གཉིས་ལ་བརྟགས་ལ་དགག་པ་ནི། འདི་ལས་ཀྱང་འདུས་བྱས་སྐྱེ་བར་མི་འགྱུར་ཏེ། གང་གི་ཕྱིར་བུམ་པ་རང་གི་ངོ་བོས་མ་གྲུབ་སྟེ། གྱོ་མོ་ལ་ལྟོས་པའི་ཕྱིར། གྱོ་མོ་རང་གི་ངོ་བོས་མ་གྲུབ་སྟེ། གསེག་མ་ལ་ལྟོས་པའི་ཕྱིར། དེའི་ཕྱིར་གཞན་གྱི་དངོས་པོ་གྱོ་མོ་མེད་པར་བུམ་པ་བདག་གི་དངོས་པོ་འབྱུང་བ་མེད་ལ་གྱོ་མོ་ལ་རང་གི་ངོ་བོ་མེད་པས་བུམ་པ་ལ་ལྟོས་ནས་གཞན་དུའང་མི་འགྱུར་བས། དེའི་ཕྱིར་བུམ་པ་ནི་བདག་གཞན་གཉིས་ལས་འབྱུང་བ་ཡོད་པ་མ་ཡིན་ཏེ། བདག་དང་གཞན་མ་གྲུབ་པའི་ཕྱིར་རོ། །

བཞི་པ་རིམ་དང་ཅིག་ཅར་བརྟགས་ལ་དགག་པ་ལ། དངོས་དང་། སྐྱེ་བའི་སྒྲུབ་བྱེད་དགག་པ་གཉིས་ཀྱི། དང་པོ་ནི། གཞན་ཡང་སྐྱེ་བ་འདི་སྐྱེ་བ་པོའི་སྔོན་ནམ་ཕྱིས་དང་ཅིག་ཅར་རྟོག་གྲང་། དེ་ལ་སྐྱེ་བ་པོའི་སྔོན་རོལ་དུ་སྐྱེ་བ་ཡོད་ཅེས་པ་མི་རིགས་ཏེ། རྟེན་མེད་པའི་ཕྱིར་རོ། །ཕྱིས་ཀྱང་མི་རིགས་ཏེ་མ་སྐྱེས་པ་ནི་ཡོད་པ་མ་ཡིན་པའི་ཕྱིར་དང་ཕྱིས་སྐྱེ་བ་དོན་མེད་པའི་ཕྱིར་རོ། །ཅིག་ཅར་ཡོད་ཅེས་བརྗོད་པ་ཉིད་དུ་མི་ནུས་ཏེ། དེའི་ཚེ་གཉིས་ཀ་ཕན་ཚུན་ལྟོས་མེད་དུ་འགྱུར་བའི་ཕྱིར་རོ། །གང་གི་ཕྱིར་དེ་ལྟར་ཡིན་པ་དེའི་ཕྱིར་སྐྱེ་བ་དང་སྐྱེ་བ་པོ་བུམ་པ་ལ་ཅིག་ཅར་འབྱུང་བ་ཡོད་པ་མ་ཡིན་ཞིང་ཅིག་ཅར་སྐྱེ་བ་ཡོད་པ་མ་ཡིན་པ་དེའི་ཚེ་བུམ་པ་ལ་སྐྱེའོ་ཞེས་བརྗོད་པ་མི་རིགས་པར་འགྱུར་རོ། །གཉིས་པ་ནི། འདི་སྨྲས་པ། བུམ་པ་སྐྱེ་བ་ཡོད་དེ་འདི་ལ་འགག་པའི་མཚན་ཉིད་ཅན་རྙིང་པ་ཡོད་པའི་ཕྱིར་རོ་ཞེ་ན། དེ་ཡང་མི་རིགས་ཏེ། གལ་ཏེ་རྙིང་པ་ཞེས་བྱ་བ་ཡོད་ན་སྔར་སྐྱེས་པའམ་ཕྱིས་སྐྱེས་པ་ཞིག་ལ་ཡོད་གྲང་། དེ་ལ་སྔར་སྐྱེས་པའི་བུམ་པའི་དངོས་པོ་ནི་རྙིང་པ་མི་འགྱུར་ཏེ། སྔར་སྐྱེས་པ་དེའི་ཕྱིར་དེ་ལ་གསར་པ་ཞེས་བསྙད་པའི་ཕྱིར་རོ། །ཕྱིས་ནས་ཀུན་ཏུ་སྐྱེས་པའང་རྙིང་པར་མི་འགྱུར་ཏེ། ཕྱིས་སྐྱེས་པའི་གནས་སྐབས་ལ་ཡང་དེ་གསར་པ་ཡིན་པའི་ཕྱིར། དེའི་ཕྱིར་རྙིང་པ་མེད་པས་དེས་མཚོན་པའི་སྐྱེ་བ་མི་སྲིད་དོ། །

ལྔ་པ་དུས་གསུམ་ལ་བརྟགས་པ་དགག་པ་ནི། འདི་ལས་ཀྱང་སྐྱེ་བ་མེད་དེ། དུས་གསུམ་དུ་སྐྱེ་བ་མེད་པའི་ཕྱིར་རོ། །འདི་ལྟར་ད་ལྟ་བའི་དངོས་པོ་ནི་ད་ལྟ་བ་དེ་ཉིད་ལས་འབྱུང་བ་མ་ཡིན་ཏེ། རྒྱུ་དང་འབྲས་བུ་ཅིག་ཅར་མེད་པའི་ཕྱིར་རོ། །མ་འོངས་པ་ལས་ཀྱང་འབྱུང་བ་མེད་དེ། དེ་ནི་ཡོད་པ་མ་ཡིན་པའི་ཕྱིར་རོ། །འདས་པ་ལས་ཀྱང་འབྱུང་བ་ཡོད་པ་མ་ཡིན་ཏེ། དེ་ནི་འགགས་ནས་མེད་པའི་ཕྱིར་རོ། །དེའི་ཕྱིར་རང་བཞིན་གྱིས་སྐྱེ་བ་མེད་དོ། །གཉིས་པ་སྐྱེ་བ་བཀག་པའི་འབྲས་བུ་བསྟན་པ་ནི། གཞན་ཡང་དངོས་པོ་རྣམས་ལ་རང་བཞིན་ཡོད་ན་རང་བཞིན་ལ་ལྡོག་པ་མེད་པས་མ་བྱུང་བ་ལས་འབྱུང་བ་མེད་པའི་ཕྱིར་སྐྱེ་བ་ག་ཤེད་ནས་འོང་དགོས་ཤིང་། བྱུང་ནས་མེད་པ་མེད་པའི་ཕྱིར་འགག་པ་ན་ཡང་ག་ཤེད་དུ་འགྲོ་དགོས་ན། འདི་ལས་མི་སྲིད་དེ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་མིག་ནི་སྐྱེ་བ་གང་ནས་ཀྱང་འོང་བ་མ་ཡིན། འགག་པ་ན་གར་ཡང་འགྲོ་བ་མ་ཡིན་ནོ་ཞེས་གསུངས་སོ། །དེའི་ཕྱིར་དེ་ལྟར་ན་དོན་གང་ཞིག་སྐྱེས་པ་ལ་ནི་མ་འོངས་པ་ནས་ད་ལྟ་བར་འོང་བ་དང་། འགག་པ་ལ་ནི་ད་ལྟ་བ་ནས་འདས་པར་འགྲོ་བ་མེད་པ་དེའི་ཕྱིར་རང་བཞིན་མེད་དོ། །རང་བཞིན་མེད་པ་དེ་ལྟ་ཡིན་པ་ན་ཇི་ལྟ་བུར་ཕྱི་ནང་གི་སྲིད་པ་སྒྱུ་མ་དང་འདྲ་བ་མ་ཡིན་ཞེས་སློབ་དཔོན་གྱིས་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་རྣམ་པར་དཔྱོད་པའི་འབྲས་བུ་གསུངས་པའོ། །དེའི་ཕྱིར་འཕགས་པ་རྣམས་ནི་སྒྱུ་མ་ལྟ་བུའི་སྲིད་པ་སྙིང་པོ་མེད་པར་གཟིགས་པ་ན་སྙིང་པོ་མེད་པའི་འཁོར་བ་ལ་ཆགས་པ་ཐམས་ཅད་ཡོངས་སུ་ཟད་པས་རྣམ་པར་གྲོལ་བར་འགྱུར་བས་འདི་ལ་མི་རིགས་པ་ཅི་ཡང་མེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་སྐུར་བ་མ་བཏབ་པས་འཇིག་རྟེན་གྱི་རྣམ་གཞག་ཐམས་ཅད་མི་འཇིག་ལ། ཡང་དག་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུད་པས་ཐར་པ་འགྲུབ་པའི་ཕྱིར་རོ། །གཉིས་པ་མཚན་ཉིད་རང་བཞིན་སྟོང་པར་བསྟན་པ་ལ་བཞི་ཡོད་པའི། དང་པོ་རིམ་དང་ཅིག་ཅར་བརྟགས་ལ་དགག་པ་ནི། འདུས་བྱས་ཀྱི་མཚན་ཉིད་སྐྱེ་བ་དང་གནས་པ་དང་འཇིག་པ་འདི་རྣམས་ཕན་ཚུན་འགལ་བའི་ཕྱིར་དུས་ཅིག་ཅར་འབྱུང་བ་ཡོད་པ་མིན་ཞིག་སྔ་ཕྱི་རིམ་གྱིས་འབྱུང་བ་ཡང་ཡོད་པ་མ་ཡིན་ཏེ། གཉིས་གཉིས་དག་མེད་པ་རེ་རེ་འབྱུང་བ་མེད་པའི་ཕྱིར་རོ། །རིམ་དང་ཅིག་ཅར་མ་གཏོགས་པ་གྲུབ་པའི་རྒྱུ་མེད་པའི་ཕྱིར་དུས་ནམ་ཞིག་འབྱུང་བར་ཡོད་པར་འགྱུར་ཞེས་སྨོས་སོ། །གཉིས་པ་མཚན་ཉིད་ཐུག་མེད་དུ་ཐལ་བ་དགག་པ་ནི། སྐྱེ་བ་ལ་སོགས་པའི་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་འདུ་བྱེད་ཀྱི་ཕུང་པོའི་ཁོངས་སུ་གཏོགས་པའི་ཕྱིར་འདུས་བྱས་སུ་ཁས་བླངས་ལ། དེའི་ཕྱིར་དེ་དག་ལ་སླར་ཡང་སྐྱེ་བ་ལ་སོགས་པ་འདུས་བྱས་ཀྱི་མཚན་ཉིད་ཐམས་ཅད་འབྱུང་བར་འགྱུར་བས། སྐྱེ་བ་ལ་སྐྱེ་བ་གཞན་ཡོད་པར་འགྱུར་ཞིང་། སྐྱེ་བ་ལ་སྐྱེ་བ་གཞན་ཡོད་པའི་ཚུལ་དེ་ལས་འཇིག་པ་སྐྱེ་བ་འདྲ་བར་འཇིག་པ་ལ་ཡང་འཇིག་པ་གཞན་ཡོད་ཅིང་། གནས་པ་ཡང་འཇིག་པ་དང་འདྲ་བར་གནས་པ་ལ་ཡང་གནས་པ་གཞན་ཡོད་པར་འགྱུར་ལ། དེ་དག་ཀྱང་འདུས་བྱས་ཡིན་པས་མཚན་ཉིད་གཞན་དགོས་ལ། དེ་དག་ལ་ཡང་གཞན་དེ་དག་ལ་གཞན་ཞེས་པས་ཐུག་པ་མེད་པར་འགྱུར་ཞིང་། ཐུག་པ་མེད་ན་ཡང་དངོས་པོ་ཐམས་ཅད་མི་འགྲུབ་པས་འདུས་བྱས་ཀྱི་མཚན་ཉིད་རྣམས་རང་བཞིན་གྱིས་མེད་དོ། །གསུམ་པ་གཅིག་དང་ཐ་དད་བརྟགས་ལ་དགག་པ་ནི། མཚན་ཉིད་འདི་རྣམས་མཚན་གཞི་ལས་ཐ་དད་པ་ཞིག་གམ་ཐ་མི་དད་པ་ཞིག་ཡིན་གྲང་། དེ་ལ་རེ་ཞིག་མཚན་ཉིད་ལས་མཚན་གཞི་གཞན་ཡིན་ནོ་ཞེ་ན། འོ་ན་ཇི་ལྟར་ཚ་བ་དང་གྲང་བ་དང་བདེ་བ་དང་སྡུག་བསྔལ་དག་གཞན་ཉིད་ཀྱིས་གཅིག་ལ་གཅིག་མེད་པ་ལྟར་མཚན་གཞི་འདུས་བྱས་ནི་མི་རྟག་པ་ཉིད་གང་ལས་ཡིན་ཏེ། མི་རྟག་པ་མེད་པར་འབྱུང་བར་འགྱུར་ན་དེ་ཡང་མི་རིགས་ཏེ་འདུས་བྱས་ནི་མི་རྟག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་ཉེས་པ་དེ་སྤོང་བར་འདོད་པས་མཚན་ཉིད་དང་མཚན་གཞི་གཅིག་ཏུ་ཁས་ལེན་ན། དེའི་ཚེ་མཚན་ཉིད་གསུམ་དང་མཚན་གཞི་སྟེ་བཞི་ཆར་ཡང་ཡོད་པའི་ངོ་བོ་གསལ་བར་ཡོད་པ་མ་ཡིན་པས་མེད་པར་འགྱུར་ཏེ། མཚན་གཞི་དང་གཅིག་ཡིན་པའི་ཕྱིར། མཚན་ཉིད་མཚན་ཉིད་དུ་མི་འགྱུར་ལ། མཚན་ཉིད་དང་གཅིག་ཡིན་པའི་ཕྱིར་མཚན་གཞི་ཡང་མཚན་གཞིར་མི་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་བཞི་ཆར་མེད་པའམ་ཡང་ན་ངོ་བོ་མེད་པས་དེ་ཉིད་དང་གཞན་དུ་ཁས་བླང་བར་མི་བྱའོ། །

བཞི་པ་དངོས་པོ་ཡོད་མེད་བརྟགས་ལ་དགག་པ་ནི། སྐྱེ་བ་ལ་སོགས་པ་ནི་ཡོད་དེ། དེ་དག་གི་རྒྱུ་ཡོད་པའི་ཕྱིར་རོ། །འདི་ན་མྱུ་གུ་ལ་སོགས་པ་རྣམས་རྒྱུ་རྐྱེན་གྱི་ཚོགས་པ་དེ་དང་དེ་ལ་བརྟེན་ནས་འབྱུང་བ་ལ་མཁས་པ་རྣམས་སྐྱེ་བ་ཞེས་ཐ་སྙད་བྱེད་པའི་ཕྱིར་རོ་ཞེ་ན། གལ་ཏེ་འགའ་ཞིག་ལས་འགའ་ཞིག་སྐྱེ་བ་ཡོད་ན་སྐྱེ་བ་ལ་སོགས་པ་དག་ཏུ་འགྱུར་ན། སྲིད་པའང་མ་ཡིན་ཏེ། འདི་ལྟར་མྱུ་གུའི་ངོ་བོ་དངོས་པོར་གྲུབ་ཟིན་པ་ནི་ས་བོན་དངོས་པོར་གྲུབ་ཟིན་པ་ལས་མི་སྐྱེ་སྟེ། རྣམ་པར་མ་འགྱུར་བའི་ས་བོན་མྱུ་གུ་སྐྱེད་བྱེད་དུ་མེད་པའི་ཕྱིར་དང་། མྱུ་གུ་གྲུབ་ཟིན་པ་ཡང་སླར་སྐྱེ་བ་མི་རིགས་པའི་ཕྱིར་རོ། །འབྲས་བུ་དངོས་པོར་གྱུར་པ་རྒྱུ་དངོས་པོ་མེད་པ་ལས་མི་སྐྱེ་སྟེ། དངོས་པོ་མེད་པ་ལ་འབྲས་བུ་སྐྱེད་པའི་ནུས་པ་མེད་པའི་ཕྱིར་དང་། སྐྱེས་ཟིན་པ་སླར་ཡང་སྐྱེ་བ་མེད་པའི་ཕྱིར་རོ། །འབྲས་བུ་དངོས་པོ་མེད་པ་རྒྱུ་དངོས་པོ་མེད་པ་ལས་ཀྱང་མི་སྐྱེ་སྟེ། དངོས་པོ་མེད་པ་ལ་ནུས་པ་མེད་པའི་ཕྱིར་དང་དངོས་པོ་མེད་པ་མོ་གཤམ་གྱི་བུ་ལྟར་སྐྱེ་བ་མེད་པའི་ཕྱིར་རོ། །འབྲས་བུ་དངོས་པོ་མེད་པར་རྒྱུ་དངོས་པོར་གྲུབ་ཟིན་ལས་ཀྱང་མི་སྐྱེ་སྟེ། བཤད་ཟིན་པའི་ཉེས་པ་ཐོག་ཏུ་འབབ་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བ་མི་སྲིད་པས་རྒྱུ་རྐྱེན་གྱི་ཚོགས་པ་དོན་མེད་དོ། །འདི་ལས་ཀྱང་མཚན་ཉིད་ཡོད་པ་མ་ཡིན་ཏེ། སྐྱེ་བ་དང་འཇིག་པ་དག་མི་རིགས་པའི་ཕྱིར་རོ། །འདིར་སྐྱེ་བ་དང་འཇིག་པ་དག་དངོས་པོའི་རང་བཞིན་ནམ། དངོས་པོ་མེད་པའི་རང་བཞིན་ལ་རྟོག་གྲང་། དེ་ལ་རེ་ཞིག་དངོས་པོ་རང་གི་ངོ་བོ་གྲུབ་ཟིན་པ་ནི་སླར་ཡང་དངོས་པོ་སྟེ་སྐྱེ་བར་མི་འགྱུར་ཏེ། ཡོད་པ་སྐྱེ་བ་དོན་མེད་པའི་ཕྱིར་རོ། །དངོས་མེད་ཡོད་པ་མ་ཡིན་པ་ནི་དངོས་པོ་སྟེ་སྐྱེ་བར་མི་འགྱུར་ཏེ། མོ་གཤམ་གྱི་བུ་ཡང་སྐྱེ་བར་ཐལ་བས་སོ། །དངོས་པོ་དང་དངོས་པོ་མེད་པ་སྐྱེ་བ་མི་སྲིད་པའི་ཕྱིར་སྐྱེ་བ་མེད་དོ། །དེ་བཞིན་དུ་འཇིག་པའང་མེད་དེ། འདི་ལྟར་དངོས་པོ་མེད་པ་ནི་འཇིག་ཅིང་དངོས་པོ་མེད་པར་མི་འགྱུར་ཏེ། ཡོད་པ་མ་ཡིན་པ་ལ་ནི་མོ་གཤམ་གྱི་བུ་ལྟར་འཇིག་པ་མེད་པའི་ཕྱིར་རོ། །དངོས་པོ་ལ་ཡང་དངོས་པོ་མེད་པར་མི་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །

གསུམ་པ་སྐྱེ་བཞིན་པའི་རང་བཞིན་དགག་པ་ལ། དགག་པ་དངོས། དོན་བསྡུ་བ་གཉིས་ཀྱི། དང་པོ་ལ་བཞི་ཡོད་པའི། དང་པོ་ཕྱེད་སྐྱེས་སྐྱེ་བཞིན་ཡིན་པ་དགག་པ་ལ། ངོ་བོ་དགག སྒྲུབ་བྱེད་དགག་པ་གཉིས་ཀྱི། དང་པོ་ནི། འདིར་སྨྲས་པ། དངོས་པོ་དང་དངོས་པོ་མེད་པ་དག་ནི་མི་སྐྱེ་ཡང་སྐྱེ་བཞིན་པའི་དོན་སྐྱེའོ་ཞེ་ན། སྐྱེ་བཞིན་པ་ཞེས་བྱ་བ་ནི་ཕྱེད་སྐྱེས་ཕྱེད་མ་སྐྱེས་པ་ལ་བརྗོད་ན། དེའི་ཕྱིར་སྐྱེ་བཞིན་པ་ཡོད་པ་མ་ཡིན་ཏེ། སྐྱེས་པ་དང་མ་སྐྱེས་པ་ལ་རྗེས་སུ་ཞུགས་པ་ལས་གཞན་རྣམ་པ་གསུམ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་མེད་པ་ཉིད་ཀྱི་སྐྱེ་བཞིན་པ་ནི་སྐྱེ་བར་མི་འགྱུར་རོ། །ཅི་སྟེ་སྐྱེས་པ་དང་མ་སྐྱེས་པ་དག་ལ་སྐྱེ་བཞིན་པར་རྟོག་ན། དེ་ལྟར་ཡིན་ན་དུས་གསུམ་པོ་ཐམས་ཅད་སྐྱེ་བཞིན་པ་ཡིན་པར་ཐལ་བར་འགྱུར་ཏེ། སྐྱེས་པ་དང་མ་སྐྱེས་པ་སྐྱེ་བཞིན་ཡིན་པའི་ཕྱིར་དང་། དུས་གསུམ་པོ་ཡང་དེ་གཉིས་ཀྱི་ཁོངས་སུ་གཏོགས་པའི་ཕྱིར་ཏེ། འདས་ད་ལྟར་བ་གཉིས་ནི་སྐྱེ་བའི་བྱ་བ་ཐོབ་ཟིན་པས་སྐྱེས་པ་ཡིན་ལ། མ་འོངས་པ་ནི་མ་སྐྱེས་པ་ཡིན་པས་སོ། །གཞན་ཡང་སྐྱེ་བཞིན་པ་འདི་རྟོག་ན། སྐྱེ་བཞིན་པའི་བདག་ཏུ་བྱ་བ་ཡིན་ནམ། སྐྱེ་བཞིན་པའི་བདག་ཏུ་བྱ་བ་མ་ཡིན་པ་ཞིག་ལ་རྟོག་གྲང་། གཉིས་ཀ་ལྟར་ཡང་མི་རིགས་ཏེ། སྐྱེ་བཞིན་པའི་བདག་ཉིད་དུ་བྱ་བ་ནི་དེའི་བདག་ཉིད་དུ་རྣམ་པར་གནས་པའི་ཕྱིར་སླར་སྐྱེ་བཞིན་པར་བྱ་བར་མི་འགྱུར་ལ། སྐྱེ་བཞིན་པའི་བདག་ཉིད་དུ་མི་བྱ་བ་ཡང་སྐྱེ་བཞིན་པར་མི་འགྱུར་ཏེ། ཕན་ཚུན་འགལ་བའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བཞིན་པ་མེད་དོ། །གཉིས་པ་ནི། གལ་ཏེ་སྐྱེ་བཞིན་པ་ཡོད་དེ། འདས་མ་འོངས་པའི་བར་ན་གནས་པའི་ཕྱིར། གལ་ཏེ་མེད་ན་ཅི་ལ་ལྟོས་ནས་འདས་མ་འོངས་སུ་འགྱུར། དེ་ཡོད་ན་དེར་མ་ཕྱིན་པ་མ་འོངས་པ་ཡིན་ལ། དེ་ལས་ཐལ་ཟིན་པ་འདས་པ་ཡིན་ནོ་ཞེ་ན། རྒོལ་བ་གང་གི་ལུགས་ལ་འདས་མ་འོངས་གཉིས་པོ་བར་མེད་པར་སྲིད་པ་ཡོད་པ་མ་ཡིན་པ་དེ་ལ་སྐྱེ་བཞིན་པ་མེད་དེ། གང་གི་ཕྱིར་སྐྱེ་བཞིན་པ་དེ་ལའང་བར་གཞན་ཡོད་ཅིང་དེ་ལའང་བར་གཞན་ཡོད་པ་སོགས་ཐུག་མེད་དུ་འགྱུར་བའི་ཕྱིར་རོ། །འདི་ལྟར་ཇི་ལྟར་སྐྱེ་བཞིན་པ་འདས་མ་འོངས་ཀྱི་བར་ན་གནས་པ་དེ་བཞིན་དུ་སྐྱེས་པ་དང་མ་སྐྱེས་པའི་རང་བཞིན་གྱི་སྐྱེ་བཞིན་པ་དེ་ལའང་གང་ལ་ལྟོས་ནས་སྐྱེས་པ་དང་མ་སྐྱེས་པ་འཇོག་པ་བར་གཞན་ཡོད་དགོས་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཐམས་ཅད་དུ་སྐྱེས་པ་དང་མ་སྐྱེས་པའི་བར་དུ་སྐྱེ་བཞིན་པ་གཞན་རྟོག་པ་ཐུག་པ་མེད་པར་ཐལ་བའི་ཕྱིར་རོ། །

གཉིས་པ་དེ་ལས་གཞན་པའི་སྐྱེ་བཞིན་པ་དགག་པ་ནི། གལ་ཏེ་ཇི་སྐད་བཤད་པའི་སྐྱོན་དུ་འགྱུར་བས་ཕྱེད་སྐྱེས་པ་སྐྱེ་བཞིན་པ་མ་ཡིན་གྱི། འོ་ན་ཅི་ཞེ་ན། གང་གི་ཕྱིར། སྐྱེ་བཞིན་པ་གང་ཞིག་འགགས་པས་སྐྱེས་པའི་དངོས་པོ་སྐྱེ་བར་འགྱུར་བ་སྐྱེས་པའི་སྔར་གྱི་གནས་སྐབས་ཀྱི་དོན་གང་ཡིན་པ་དེ་སྐྱེ་བཞིན་པ་ཞེས་བྱའོ། །དེའི་ཕྱིར་ན་སྐྱེ་བཞིན་ཕྱེད་སྐྱེས་པ་ལས་གཞན་ཡང་ཡོད་དོ་ཞེ་ན། གལ་ཏེ་སྐྱེ་བཞིན་པ་འདི་ལས་དངོས་པོ་འདི་སྐྱེའོ་ཞེས་བྱེ་བྲག་ཏུ་བསྟན་ནུས་ན་དེའི་ཚེ་སྐྱེ་བཞིན་པ་ལས་སྐྱེས་པའི་དངོས་པོ་ལས་སྐྱེ་བཞིན་པ་རྗེས་སུ་དཔོག་ནུས་ན། གང་གི་ཚེ་དངོས་པོ་སྐྱེས་པ་དེའི་ཚེ་སྐྱེ་བཞིན་པ་འགགས་པས་སྲིད་པ་མེད་ལ་སྲིད་པ་མེད་པས་ཀྱང་གང་གི་སྒོ་ནས་སྐྱེ་བཞིན་པ་རྗེས་སུ་དཔོག་པ་སྐྱེ་བཞིན་པ་ལས་བྱུང་བའི་སྐྱེས་པ་ཞེས་མ་གྲུབ་བོ། །གསུམ་པ་སྐྱེས་པ་སྐྱེ་བཞིན་ཡིན་པ་དགག་པ་ནི། ཅི་སྟེ་སྐྱེས་པ་སྐྱེ་བཞིན་པ་ཡིན་ནོ་ཞེ་ན། གང་གི་སྐྱེས་པ་སྐྱེ་བཞིན་པ་ཡིན་པ་དེའི་ཚེ་ཅིའི་ཕྱིར་སྐྱེ་བཞིན་པ་སྐྱེ་བར་འགྱུར་ཏེ། སྐྱེས་ཟིན་པ་ཡང་སྐྱེ་བ་མི་རུང་བའི་ཕྱིར་རོ། །བཞི་པ་མ་སྐྱེས་པ་སྐྱེ་བཞིན་ཡིན་པ་དགག་པ་ལ། དངོས་དང་སྐྱོན་སྤོང་དགག་པ་གཉིས་ཀྱི་དང་པོ་ནི། གང་སྐྱེ་བཞིན་པ་ནི་མ་སྐྱེས་པ་ཁོ་ན་ཡིན་ཡང་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཕྱིར་སྐྱེ་བ་ཞེས་བརྗོད་ལ། དེའི་ཕྱིར་སྐྱེས་པ་སྐྱེ་བཞིན་པ་ཡིན། འདི་སྐྱེ་བ་དོན་མེད་པའང་མ་ཡིན་ནོ་ཞེས་གྲགས་ཏེ། མ་སྐྱེས་པ་ལ་སྐྱེས་པ་ཞེས་བརྗོད་པ་དེའི་ཚེ་སྐྱེས་པའང་མ་སྐྱེས་པར་འགྱུར་བས་དེ་ལྟ་ན་སྐྱེས་པ་དང་མ་སྐྱེས་པ་དག་ལ་ཁྱད་པར་མེད་པའི་ཕྱིར། སྐྱེས་པའི་གནས་སྐབས་སུ་ཆུ་འཆུ་བ་ལ་སོགས་པའི་དོན་བྱེད་པའི་བུམ་པའང་མ་སྐྱེས་ཤིང་མེད་པར་ཅིག་མི་རྟོག འདི་ནི་སྲིད་པའང་མ་ཡིན་པས་དེའི་ཕྱིར་མི་རིགས་སོ། །གཉིས་པ་ནི། ཅི་སྟེ་སྐྱེ་བཞིན་པ་ནི་མ་སྐྱེས་པ་དང་ཁྱད་པར་མེད་པ་མ་ཡིན་ཏེ། སྐྱེ་བཞིན་པ་ནི་སྐྱེ་བའི་བྱ་བ་དང་འབྲེལ་བའི་དངོས་པོ་ཡིན་ནོ་ཞེ་ན། སྐྱེ་བཞིན་པ་ནི་སྐྱེ་བའི་བྱ་བ་ལས་མ་རྫོགས་པ་ཡིན་ཀྱང་སྐྱེ་བའི་བྱ་བ་དང་འབྲེལ་པས་མ་སྐྱེས་པ་ལས་ཕྱི་རོལ་དུ་གྱུར་པ་ཡིན་ནོ་ཞེས་ཁྱོད་ཀྱིས་རྣམ་པར་བཞག་མོད། དེ་ལྟ་ནའང་སྐྱེ་བཞིན་པ་དེ་སྐྱེ་བའི་བྱ་བ་དང་འབྲེལ་པས་མ་སྐྱེས་པ་ལས་ཕྱི་རོལ་དུ་གྱུར་པ་དེ་བཞིན་དུ་སྐྱེས་པ་ལས་ཕྱི་རོལ་དུ་གྱུར་པ་ཉིད་དེ། གང་གི་ཕྱིར་སྐྱེ་བ་མ་རྫོགས་པའི་ངོ་བོ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་སྐྱེ་བཞིན་པ་སྐྱེ་ན། མ་སྐྱེས་པ་སྐྱེ་ཞེས་བྱ་བར་འགྱུར་རོ། །དེར་མ་ཟད་འདི་ལས་ཀྱང་མ་སྐྱེས་པ་སྐྱེ་བར་འགྱུར་ཏེ། ད་ལྟ་སྐྱེ་བཞིན་པ་ཞེས་བསྙད་པ་དེ་སྐྱེ་བཞིན་པ་སྔར་མ་བྱུང་ཡང་ཕྱིས་སྐྱེ་བའི་བྱ་བ་དང་འབྲེལ་པ་ནས་སྐྱེ་བཞིན་པ་ཡོད་པ་ཡིན་པར་གྲག་སྟེ་རྒྱུ་མཚན་དེས་ཀྱང་མ་སྐྱེས་པ་ཁོ་ན་སྐྱེའོ་ཞེས་བྱ་བར་འགྱུར་ཏེ། སྔར་སྐྱེ་བཞིན་པ་མ་ཡིན་པ་ཕྱིས་སྐྱེ་བའི་བྱ་བ་དང་འབྲེལ་བས་དེར་འགྱུར་བའི་ཕྱིར་རོ། །མ་སྐྱེས་པ་སྐྱེ་མོད་ཉེས་པ་ཅི་ཡོད་ཅེ་ན། མ་སྐྱེས་པ་ནི་མ་བྱུང་བ་ཞེས་བྱ་བ་བདག་གི་དངོས་པོ་མ་ཐོབ་པ་ཡིན་ལ། དེ་ལ་ནི་སྐྱེ་བའི་བྱ་བ་མི་འཇུག་པས་སྐྱེ་བ་མ་ཡིན་ནོ། །གཉིས་པ་དོན་བསྡུ་བ་ནི། སྐྱེ་བའི་བྱ་བ་རྫོགས་པ་ལ་ནི་དངོས་པོ་ཡོད་པ་ཞེས་བྱ་བར་འགྱུར་ལ། མ་བྱས་ཤིང་མ་རྫོགས་པ་ལ་ནི་མེད་ཅེས་བརྗོད་པ་ཡིན་ནོ། །འདི་གཉིས་ཕན་ཚུན་སྤངས་ཏེ་འགལ་བས་ཕུང་པོ་གསུམ་པ་མེད་ལ། དེའི་ཕྱིར་གང་གི་ཚེ་རྫོགས་པ་དང་མ་རྫོགས་པ་ལས་མ་གཏོགས་པའི་སྐྱེ་བཞིན་པ་ཞེས་བྱ་བ་མེད་པ་དེའི་ཚེ་དོན་གང་ཞིག་སྐྱེ་བཞིན་པ་དེར་བརྗོད། དེས་ན་དེའི་རང་གི་ངོ་བོ་ངེས་པར་མི་ཟིན་པའི་ཕྱིར་ཡོད་པ་མ་ཡིན་ནོ། །

བཞི་པ་བཀག་པའི་མཇུག་བསྡུ་བ་ནི། གང་གི་ཚེ་དེ་ལྟར་རྣམ་པར་དཔྱད་པ་ན་རྒྱུ་ལས་མ་གཏོགས་པའི་འབྲས་བུ་ཡོད་པ་མ་ཡིན་པས་རྒྱུ་འབྲས་རང་བཞིན་མེད་པ་དེའི་ཚེ་རྟེན་མེད་པས་འབྲས་བུ་སྐྱེ་བའི་འཇུག་པ་དང་རྒྱུ་འཇིག་པའི་ལྡོག་པ་འཐད་པ་ཉིད་དུ་མི་འགྱུར་རོ། །ཇི་སྐད་དུ། བཅོམ་ལྡན་འདས་ཀྱིས། སེམས་ཅན་མི་དང་ཤེད་སྐྱེས་ཀྱང་རུང་སྟེ། །འདིར་སྐྱེས་ཤི་བ་འགའ་ཡང་སྐྱེ་མི་འགྱུར། །ཆོས་ཀུན་རང་བཞིན་མཁའ་འདྲ་སྟོང་པ་སྟེ། །མུ་སྟེགས་ཅན་གྱིས་ཤེས་པར་ནུས་མ་ཡིན། །ཞེས་རྒྱ་ཆེར་གསུངས་པ་ལྟར་རོ། །དེའི་ཕྱིར་དེ་ལྟར་རྣམ་པར་དཔྱད་ན། དངོས་པོ་རྣམས་ཀྱི་རང་བཞིན་འགྲུབ་པར་མི་འགྱུར་བས་སོ་སོ་ནས་དངོས་པོ་རྣམས་ལ་སྒྱུ་མ་ལྟ་བུ་དེ་ཉིད་ལྷག་མར་ལུས་པ་ཡིན་ནོ། །འདི་དཔེའི་སྒོ་ནས་གསལ་བར་བསྟན་ན། དཔེར་ན་སྒྱུ་མ་མཁན་གྱིས་སྔགས་དང་སྨན་ལ་སོགས་པ་ལས་རྟ་གླང་སོགས་བདེན་པ་བར་ཐ་སྙད་འདོགས་ཤིང་དེའི་ཡུལ་ཅན་གྱི་རྗེས་སུ་ཆགས་པ་དང་ཁོང་ཁྲོ་བ་སྐྱེ་བ་ན། ཇི་སྲིད་སྒྱུ་མ་མ་ཞིག་གི་བར་དུ་དེ་དག་ལ་དོན་བྱེད་པར་འགྱུར་རོ། །སྒྱུ་མ་མཁན་གྱིས་སྣ་ཚོགས་པ་དེ་དག་དམིགས་ཀྱང་དེའི་རང་བཞིན་ཤེས་པའི་ཕྱིར་འཇིག་རྟེན་པ་ལྟར་དེ་ལ་མངོན་པར་ཞེན་པ་ཅི་ཡང་མེད་དོ། །སྒྱུ་མའི་སྔགས་ཀྱིས་མ་བསླད་པའི་སྐྱེས་བུས་ནི་སྒྱུ་མའང་མི་དམིགས་ན་དེ་ལ་མངོན་པར་ཞེན་ནས་ཐ་སྙད་འདོགས་པ་ལྟ་ཅི་སྨོས། དེ་བཞིན་དུ་དངོས་པོར་མངོན་པར་ཞེན་པའི་མ་རིག་པའི་སྔགས་ཀྱིས་བསླད་པའི་བྱིས་པ་རྣམས་ལ་ཕྱི་དང་ནང་གི་དངོས་པོ་རྣམས་སྒྱུ་མ་བཞིན་དུ་སྣང་བ་ན་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་རིགས་པ་མེད་བཞིན་དུ་བདེན་པར་མངོན་པར་ཞེན་ཅིང་ཐ་སྙད་འདོགས་པར་བྱེད་ལ། ཇི་སྲིད་ཡང་དག་པའི་ཡེ་ཤེས་མ་སྐྱེས་ཀྱི་བར་དུ་དེ་དག་ལ་ཇི་ལྟར་རང་གིས་མངོན་པར་ཞེན་པ་ལྟར་གྱི་དོན་བྱེད་ཅིང་མི་བསླུ་སྟེ། དཔེར་ན་སྒྱུ་མའི་སྔགས་ཀྱིས་བསླད་པའི་འཇིག་རྟེན་པ་བཞིན་ནོ། །ཉོན་མོངས་ཅན་མ་ཡིན་པའི་མ་རིག་པ་སྤངས་པའི་འཕགས་པ་རྣམས་ལ་རྗེས་ཐོབ་ཏུ་སྒྱུ་མ་ལྟ་བུའི་སྣང་བ་ཙམ་ཡོད་ཀྱང་ཡང་དག་པའི་ཡེ་ཤེས་ཀྱིས་དངོས་པོར་མངོན་པར་ཞེན་པའི་དྲི་མ་བསལ་བས་བདེན་པར་མངོན་པར་ཞེན་པ་ཅུང་ཟད་ཀྱང་མེད་དེ། དཔེར་ན་སྒྱུ་མ་མཁན་བཞིན་ནོ། །མ་རིག་པ་མ་ལུས་པའི་བག་ཆགས་དྲུངས་ནས་ཕྱུང་བ་རྣམ་པ་ཐམས་ཅད་དུ་ཆོས་ཀྱི་སྐུ་ལ་བཞུགས་པའི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ལ་ནི་སྣང་བའི་མཚན་མ་ཙམ་ཡང་མེད་ན་དེ་ལ་བདེན་པར་མངོན་པར་ཞེན་པ་ལྟ་ཅི་སྨོས། དཔེར་ན་སྒྱུ་མའི་སྔགས་ཀྱིས་མ་བསླད་པའི་མིག་དག་པའི་སྐྱེས་བུ་བཞིན་ནོ། །ཇི་ལྟར་སྒྱུ་མ་མཁན་དང་མིག་དག་པའི་སྐྱེས་བུས་སྔགས་ཀྱིས་བསླད་པའི་མིག་ཅན་དག་ལ་དེ་དག་དང རྗེས་སུ་མཐུན་པར་སྒྱུ་མའི་ཐ་སྙད་འདོགས་པར་བྱེད་པ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་ཀུན་རྫོབ་བདེན་པ་སྣ་ཚོགས་གསུངས་པ་ཡང་འཇིག་རྟེན་གཞུག་པའི་ཐབས་ཡིན་གྱི་དེ་དག་ལ་ཀུན་རྫོབ་བདེན་པ་མངའ་བ་མ་ཡིན་ནོ། །ཡང་ཇི་ལྟར་སྒྱུ་མ་མཁན་གྱིས་སྒྱུ་མས་བསླུས་པའི་འཇིག་རྟེན་གྱི་མངོན་པར་ཞེན་པ་བཟློག་པའི་ཕྱིར། འཐད་པ་དུ་མས་འཇིག་རྟེན་གྱི་སྐྱེས་པ་དང་བུད་མེད་ལ་སོགས་པ་བདེན་པར་འཛིན་པ་བཀག་པ་ན་དེ་དག་ལ་བདེན་པར་ཞེན་པ་ལོག་ཀྱང་ཇི་སྲིད་སྒྱུ་མ་མ་ཞིག་གི་བར་དུ་སྒྱུ་མའི་སྣང་བ་མི་ལྡོག་པ་དེ་བཞིན་དུ། འཕགས་པ་རྣམས་ཀྱིས་རིགས་པའི་འཐད་པ་དུ་མས་བྱིས་པ་རྣམས་ལ་དངོས་པོ་བདེན་པའི་རང་བཞིན་བཀག་པ་ན་ཡང་དངོས་པོར་མངོན་པར་ཞེན་པའི་འཆིང་བ་ལྷོད་པ་ཙམ་དུ་འགྱུར་གྱི། ཇི་སྲིད་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པའི་ས་བོན་དྲུངས་ནས་མ་ཕྱུང་བ་དེ་སྲིད་དུ་རྟེན་འབྲེལ་སྒྱུ་མ་ལྟ་བུའི་སྣང་བ་མི་ལྡོག་གོ །དེའི་ཕྱིར་དབུ་མ་པས་རིགས་པའི་ཚོགས་དུ་མས་འཆིང་བའི་རྒྱུར་གྱུར་པའི་དངོས་པོར་མངོན་པར་ཞེན་པ་ཉིད་འགོག་གི རྟེན་འབྲེལ་སྒྱུ་མ་ལྟ་བུ་ནི་མི་འགོག་སྟེ། དགག་མི་ནུས་པའི་ཕྱིར་དང་། བཀག་ན་ཡང་རྟེན་འབྲེལ་ལ་སྐུར་པ་བཏབ་པའི་ཉེས་པར་འགྱུར་བའི་ཕྱིར་རོ། །རྟེན་འབྲེལ་སྒྱུ་མ་ལྟ་བུའི་སྣང་བ་འདི་ཡང་ཇི་སྲིད་སྣང་བ་མེད་པའི་གོ་འཕང་ཐོབ་ཀྱི་བར་དུ་འཇིག་རྟེན་པ་དག་ལ་དགག་ཏུ་མེད་ཅིང་མི་བསླུ་བར་གནས་པ་དེའི་ཕྱིར་དེ་དག་གི་ངོར་བྱས་ནས་དབུ་མ་པས་ཀྱང་མི་འགོག་ཅིང་ཁས་ལེན་པ་ཡིན་གྱི། རང་ལུགས་འཐད་པའི་ཕྱོགས་སུ་ཁས་ལེན་པའམ་གྲུབ་པ་ནི་མ་ཡིན་ཏེ། རབ་རིབ་ཅན་གྱིས་ཟླ་གཉིས་སོགས་དམིགས་པ་ལྟར་མ་རིག་པའི་འཁྲུལ་སྣང་ཙམ་ཡིན་གྱི། ཚད་མ་གང་གིས་ཀྱང་མ་གྲུབ་པའི་ཕྱིར་རོ། །དེའི་ཕྱིར་དབུ་མ་པ་ལ་རང་ལུགས་ཀྱི་ཕྱོགས་གང་ཡང་མེད་དོ་ཞེས་བྱ་བ་འདི་རྣམ་པ་ཐམས་ཅད་དུ་མི་གཡོ་བར་གནས་སོ། །གལ་ཏེ་འདི་ཐམས་ཅད་སྒྱུ་མ་ལྟ་བུ་ཡིན་ན། སྒྱུ་མ་ནི་བཅིངས་པའམ་གྲོལ་བ་མེད་པས་འདིར་ཡང་བཅིངས་པ་དང་གྲོལ་བ་ཅུང་ཟད་ཀྱང་ཁས་མི་ལེན་ནམ། དེ་ལྟ་ན་རྩོམ་པ་ཐམས་ཅད་དོན་མེད་པར་འགྱུར་རོ་ཞེ་ན། བཅིངས་པ་དང་གྲོལ་བ་ཡང་སྒྱུ་མའི་ཚུལ་དུ་བཞེད་དེ། འདི་ལྟར། རང་སེམས་བདེན་མེད་སྒྱུ་མའི་སྐྱེས་བུ་འདིས། །སྲིད་གསུམ་བདེན་མེད་དྲི་ཟའི་གྲོང་ཁྱེར་འགྲིམ། །ཡུལ་སྣང་བདེན་མེད་སྨིག་རྒྱུའི་ཆུ་རྗེས་སྙེག །བདེན་མེད་ཚུལ་འདི་འཁོར་བའི་ངང་ཚུལ་ཡིན། །སྒྱུ་མའི་སྐྱེས་བུས་སྒྱུ་མའི་དེ་ཉིད་སྒོམ། །སྒོམ་བྱུང་མིག་གིས་ནམ་མཁའི་མེ་ཏོག་མཐོང་། །ནམ་མཁའི་མདུད་པ་ནམ་མཁའི་དབྱིངས་སུ་གྲོལ། །གྲོལ་མེད་ཚུལ་འདི་གྲོལ་བའི་ངང་ཚུལ་ཡིན། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། འདུས་བྱས་ཀྱི་དོན་དགག་པ་བསྒོམ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅོ་ལྔ་པའི་འགྲེལ་པའོ།།། །།

ལེའུ་བཅུ་དྲུག་པའི་རྣམ་བཤད།

གཉིས་པ་རབ་བྱེད་བཅོ་ལྔའི་དགོས་པ་བསྟན་པ་ནི། བསྟན་བཅོས་ཀྱི་དགོས་པ་ནི། གདུལ་བྱ་འཁོར་བ་ལ་ཆགས་པ་སྤངས་ནས་མྱ་ངན་ལས་འདས་པ་ལ་གཞུག་པའི་ཆེད་དུ་ཡིན་ལ། སྟོང་པ་ཉིད་ཀྱི་དོན་ཇི་ལྟ་བ་བཞིན་དུ་ངེས་པར་མ་བྱས་པར་ནི་འགས་ཀྱང་འཁོར་བ་ལ་ཆགས་པ་སྤངས་ནས་མྱ་ངན་ལས་འདས་པ་ལ་དགའ་བ་སྐྱེད་མི་ནུས་སོ། །ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་དེ་ཡང་འགྲོ་བ་བདག་དང་བདག་གི་བ་ལ་མངོན་པར་ཞེན་པའི་ཞགས་པས་༼བཅིངས་པའི་༽དབང་དུ་བྱས་པ། ཐོས་པ་དང་མི་ལྡན་པ་རྣམས་ཧ་ཅང་སྐྲག་པར་བྱེད་པ་ཡིན་པས་མཁས་པ་མི་སྙན་པ་གླེང་བ་ལ་མཁས་པའི་སྐྱེས་བུས་རྒྱལ་པོ་ལ་བཙུན་མོ་འཕངས་པ་ཤི་བ་བརྡ་སྤྲོད་པའི་ཚུལ་དུ་རིམ་གྱིས་རིགས་པ་འགའ་ཞིག་གིས་གཞུག་པར་བྱའོ། །དེ་ལ་བདག་དང་བདག་གི་བར་འཛིན་པའི་ཕྱིན་ཅི་ལོག་པ་ཅན་གྱི་འཇིག་རྟེན་གྱིས་ནི་མི་རྟག་པ་ལ་སོགས་པའི་རང་བཞིན་ཅན་གྱི་དངོས་པོ་ལ་སྟོང་པ་ཉིད་དུ་ལྟ་བའི་གེགས་སུ་གྱུར་པ་རྟག་པ་སོགས་ཕྱིན་ཅི་ལོག་བཞིར་ངེས་པར་བྱས་ནས་འགྲོ་བ་སྟོང་པ་མ་ཡིན་པ་ཁོ་ན་རྟོགས་ཏེ། དེའི་ཕྱིར་སྟོང་པ་ཉིད་མ་ཡིན་པར་ལྟ་བ་དགག་པའི་ཕྱིར་རབ་ཏུ་བྱེད་པ་དང་པོ་བཞི་བརྩམས་སོ། །དེ་ལྟར་ཕྱིན་ཅི་ལོག་བཞི་བསལ་ནས་འདུས་བྱས་མི་རྟག་པ་ལ་སོགས་པར་ངེས་པ་ན་མི་རྟག་ཅིང་སྡུག་བསྔལ་བ་སོགས་ཀྱི་རང་བཞིན་ཅན་གྱི་འཁོར་བར་བྱིང་བའི་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་དབང་གིས་དེ་དག་སྒྲོལ་བར་འདོད་པའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ན། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་དགོས་པས་དེའི་ཕྱིར་བྱང་ཆུབ་སེམས་དཔའི་སྤྱོད་པ་བསྟན་པའི་ཆེད་དུ་རབ་ཏུ་བྱེད་པ་ལྔ་པའོ། །ཉོན་མོངས་པ་ནི་བྱང་སེམས་ཀྱི་སྤྱོད་པའི་བར་དུ་གཅོད་པ་ཡིན་པས་དེ་སེལ་བའི་ཐབས་བསྟན་པའི་ཆེད་དུ་དྲུག་པའོ། །གདུལ་བྱ་མྱང་འདས་ལ་འགོད་པ་ལ་འཁོར་བ་སྤང་དགོས་ཤིང་། དེ་ཡང་རྒྱུ་ལས་སྤངས་པའི་སྒོ་ནས་སྤང་བར་བྱ་བ་ཡིན་པས་དེའི་ཕྱིར་ལས་སྤང་བའི་ཐབས་བསྟན་པའི་ཆེད་དུ་བདུན་པའོ། །གདུལ་བྱ་ཟབ་མོའི་སྣོད་དུ་རུང་བར་བྱ་བའི་ཆེད་དུ་སློབ་མའི་རྒྱུད་སྦྱོང་བའི་ཚུལ་བསྟན་པ་ནི་བརྒྱད་པའོ། །དེ་ལྟར་རྒྱུད་ཡོངས་སུ་དག་པ་ནི་ཟབ་མོའི་སྣོད་དུ་རུང་བའི་ཕྱིར་ཡང་དག་པའི་ཡེ་ཤེས་བསྐྱེད་པའི་ཐབས་སུ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་གཏན་ལ་དབབ་པར་བཞེད་ནས་རབ་ཏུ་བྱེད་པ་ལྷག་མ་རྣམས་བརྩམས་སོ། །དེའི་ཕྱིར་དེ་ལྟར་དངོས་པོའི་རང་བཞིན་དང་བྲལ་བ་ཡིན་ཡང་རྟག་པར་འཛིན་པ་ལ་སོགས་པ་རྒྱུ་འགའ་ཞིག་གིས་དངོས་པོ་རང་བཞིན་གྱིས་སྟོང་པའང་སྟོང་པ་མ་ཡིན་པ་ལྟ་བུར་སྣང་བ་དེ་དག་གི་ཕྱིན་ཅི་ལོག་གི་རྒྱུ་དེ་ནི་རབ་ཏུ་བྱེད་པ་བཅོ་ལྔ་པོ་ཐམས་ཅད་ཀྱིས་སོ་སོར་འགོག་པར་བྱེད་དོ། །གསུམ་པ་རྒོལ་ངན་གྱི་རྩོད་པ་ལྷག་མ་སྤང་བ་ལ། སྟོང་ཉིད་འགོག་བྱེད་རིགས་པ་དགག མཐར་ལྷུང་ཕྱོགས་ལ་ཞེན་པ་དགག ཡོད་མེད་རིགས་པ་མཚུངས་པ་བསྟན། མེད་པ་ཕྱོགས་སུ་འགྱུར་བ་དགག སྟོང་ཉིད་སྒྲུབ་པའི་དཔེ་རྟགས་དགག སྟོང་ཉིད་བསྟན་པའི་དགོས་པ་བཤད། ཡོད་མེད་འཛིན་པ་ལོག་པར་བསྟན། ཕྱོགས་བྲལ་རིགས་པས་དགག་མི་ནུས། དང་པོ་ལ། གཞན་ཕྱོགས་སུན་འབྱིན་མི་ནུས། རང་ཕྱོགས་སྒྲུབ་མི་ནུས། རིགས་པ་གཞན་དགག་པ་དང་གསུམ་གྱི། དང་པོ་ནི། གལ་ཏེ་དགོས་པ་དེ་ལྟ་བུའི་དོན་དུ་རབ་ཏུ་བྱེད་པ་བརྩམས་ན། དེ་ཉིད་ཀྱིས་ཆོས་ཐམས་ཅད་སྟོང་པ་མ་ཡིན་པར་གྲུབ་སྟེ། འདི་ལྟར་གང་གི་ཚེ་རབ་ཏུ་བྱེད་པའི་སྨྲ་བ་པོ་ཁྱོད་ཡོད་ཅིང་། བརྗོད་པར་བྱ་བ་རབ་བྱེད་བཅོ་ལྔས་བསྟན་པའི་དོན་དང་། འང་གི་སྒྲས་ཁྱོད་ཀྱི་ཚིག་སྟོང་པ་ཉིད་ཀྱི་དོན་སྟོན་བྱེད་ཀྱང་ཡོད་པ་དེའི་ཚེ་ཐམས་ཅད་གྲུབ་པས་སྟོང་པ་ཉིད་ཅེས་བྱ་བར་མི་རུང་ངོ་ཞེ་ན། དེ་ནི་མི་རིགས་ཏེ་འདི་ལྟར། ཁོ་བོ་ཅག་ལྟར་ན་ཚིག་དང་བརྗོད་པར་བྱ་བ་ལ་བརྟེན་ནས་སྨྲ་བ་པོར་འདོགས་ཀྱི། མི་སྨྲ་བར་མ་ཡིན་ལ། དེ་བཞིན་དུ་ཚིག་དང་བརྗོད་བྱ་གཉིས་ཀྱང་གཞན་གཉིས་གཉིས་ལ་བརྟེན་ནས་འདོགས་ཏེ། དེའི་ཕྱིར་གང་ཞིག་བརྟེན་ནས་ཀུན་འབྱུང་བ་དེ་ནི་རང་བཞིན་གྱིས་ཡོད་པ་མ་ཡིན་པས་སྨྲ་བ་པོ་དང་བརྗོད་བྱ་དང་། ཚིག་གསུམ་ལའང་རང་བཞིན་ཡོད་པ་མ་ཡིན་ནོ། །དེའི་ཕྱིར་རང་བཞིན་གྱིས་སྟོང་པ་ཉིད་གྲུབ་པས་སྐྱོན་མེད་དོ། །

གལ་ཏེ་འདི་ཐམས་ཅད་སྟོང་པ་ཡིན་ན་དེའི་ཚེ་དབང་པོ་དང་དོན་ཐམས་ཅད་མེད་པར་འགྲོ་བ་བོང་བུའི་རྭ་དང་འདྲ་བར་འགྱུར་རོ་ཞེ་ན། གལ་ཏེ་སྟོང་པའི་ཉེས་པ་ཇི་སྐད་བཤད་པ་ཡིས་སྟོང་པ་མ་ཡིན་པར་འགྲུབ་པར་འགྱུར་ན། གལ་ཏེ་འགྲོ་བ་སྟོང་པ་མ་ཡིན་ན་དེའི་ཚེ་རང་བཞིན་ལ་ལྡོག་པ་མེད་པས་རྟག་ཏུ་གནས་པའི་ཕྱིར་རྟག་པ་དང་མ་སྐྱེས་པ་དང་མ་འགགས་པར་འགྱུར་རོ། །དེའི་ཕྱིར་མི་སྟོང་པའི་ཉེས་པ་ཇི་སྐད་བསྟན་པས་ཀྱང་སྟོང་པ་ཉིད་ཇི་སྟེ་འགྲུབ་པར་འགྱུར་བ་མ་ཡིན་ནོ། །

གཉིས་པ་ལ་གཉིས། སྐྱོན་སྤོང་དང་དགག་པ་གཉིས་ཀྱི་དང་པོ་ནི། སྟོང་པ་ཉིད་དུ་སྨྲ་བ་བསལ་བ་ཙམ་གྱིས་དངོས་པོ་སྨྲ་བ་རང་གི་ཕྱོགས་འགྲུབ་པ་མ་ཡིན་ནོ། །དེའི་ཕྱིར་ཕྱོགས་གཞན་ཁས་བླངས་པའི་རྒོལ་བས་ནི། གཞན་གྱི་ཕྱོགས་ནི་སུན་འབྱིན་གྱིས་བཟློག་པ་དང་། རང་གི་ཕྱོགས་ནི་སྒྲུབ་བྱེད་བཀོད་པས་བསྒྲུབ་པ་གཉིས་བྱ་བ་ཞིག་ན། ཁྱོད་ནི་སྟོང་པ་ཉིད་དུ་སྨྲ་བ་སེལ་བ་ཙམ་ལ་ཞུགས་པའི་ཕྱིར། གལ་ཏེ་གཞན་ཕྱོགས་ལ་སུན་འབྱིན་པར་བྱེད་པའི་ཕྱོགས་གཅིག་ལ་དགའ་ན། རང་ཕྱོགས་སྒྲུབ་པར་བྱེད་པ་ལའང་ཅིས་དགའ་བ་མིན། རང་ཕྱོགས་བསྒྲུབ་པའི་ཕྱིར་འཐད་པ་ཅུང་ཟད་ཅིག་བརྗོད་དགོས་ན། སྟོང་པ་ཉིད་དུ་སྨྲ་བ་ཐམས་ཅད་བསྒྲུབ་བྱ་དང་མཚུངས་པའི་ཕྱིར་ཕྱོགས་བསྒྲུབ་པར་ནུས་པ་མ་ཡིན་ནོ། །དེས་ན་ཕྱོགས་བསྒྲུབ་པའི་ནུས་པ་དང་བྲལ་བས་ཕྱོགས་ཡོངས་སུ་འཛིན་པ་ཐོངས་ཤིག གཉིས་པ་ནི། གལ་ཏེ་སྟོང་པ་ཉིད་དུ་སྨྲ་བའི་ཕྱོགས་འདི་ཡོངས་སུ་བརྟགས་པ་ན་མི་རིགས་པས་ཡོད་པ་མིན་ལ། མེད་པ་གང་ཡིན་པ་དེ་ཡང་འཐད་པའི་ཕྱོགས་སུ་མི་འགྱུར་བས་དེའི་ཕྱིར་གཞན་མེད་པས་ཁོ་བོ་ཅག་གི་ཕྱོགས་གྲུབ་བོ་ཞེ་ན། ཇི་ལྟར་ཁོ་བོ་ཅག་གི་ཕྱོགས་ཡོངས་སུ་བརྟགས་པ་ན་མེད་པ་དེས་ན་སྟེ་དེ་བཞིན་དུ་རྒོལ་བ་རྣམས་ཀྱི་གཅིག་ཉིད་དང་སོགས་པས་གཞན་ཉིད་དང་བརྗོད་དུ་མེད་པ་ལ་སོགས་པ་གསུམ་པོ་ཀུན་ཀྱང་རྣམ་པར་དཔྱད་ན་ཡོད་པ་མ་ཡིན་པས་ཕྱོགས་མ་ཡིན་པར་འགྱུར་རོ། །དེའི་ཕྱིར་ཡོངས་སུ་བརྟགས་ན་ཕྱོགས་ཐམས་ཅད་ཡོད་པ་མ་ཡིན་པས་ཕྱོགས་ཡོངས་སུ་འཛིན་པ་ཐོངས་ཤིག གསུམ་པ་ལ། བུམ་པ་མངོན་སུམ་ཡིན་པ་དགག སྟོང་པས་ཟླ་བོ་འགྲུབ་པ་དགག་པ་གཉིས་ཀྱི། དང་པོ་ནི། གལ་ཏེ་ཁྱོད་ཀྱིས་སྟོང་པ་ཉིད་ཀྱིས་གཅིག་ཉིད་ལ་སོགས་པའི་ཕྱོགས་མི་རིགས་པར་བརྗོད་ན་ནི་མི་འཐད་དེ། གང་དུ་བུམ་པ་མངོན་སུམ་གྱིས་དམིགས་པ་དེར། དེ་སྟོང་པ་ཉིད་དུ་བསྒྲུབ་པའི་གཏན་ཚིགས་དོན་མེད་པར་འགྱུར་ཏེ། མངོན་སུམ་གྱི་གཏན་ཚིགས་ཀྱི་དོན་གྱིས་བསལ་བའི་ཕྱིར་རོ་ཞེ་ན། སྔར་བུམ་པ་མངོན་སུམ་ཡིན་པ་བསལ་ཟིན་པའི་ཕྱིར་ཁོ་བོ་ཅག་ལ་གནོད་བྱེད་མ་ཡིན་ནོ། །གལ་ཏེ་བུམ་པ་མངོན་སུམ་ཡིན་པ་ཁྱོད་ཀྱིས་བསལ་གྱིས་ཁོ་བོ་ཅག་གིས་མ་བསལ་ཏེ། དེའི་ཕྱིར་ཁོ་བོ་ཅག་ལ་བུམ་པ་མངོན་སུམ་ཡིན་པས་སྟོང་པ་ཉིད་དུ་མི་རིགས་སོ་ཞེ་ན། འདི་ན་དེ་སྟོང་པ་ཉིད་རིགས་པར་སྨྲ་བ་ནི་གཞུང་ལུགས་གཞན་ལས་བྱུང་བའི་གཏན་ཚིགས་ཁས་ལེན་པ་ཡོད་པ་མིན་ཏེ། གཞན་གྱི་གཞུང་ལུགས་དེ་ཉིད་མི་རིགས་པར་བསྟན་པར་འདོད་པའི་ཕྱིར་རོ། །འོ་ན་གཞུང་ལུགས་ཀྱི་གཏན་ཚིགས་གང་དུ་རུང་ཞེ་ན། གཞན་དུ་ཡོད་ཅེས་སྨོས་ཏེ། གང་དུ་རྒོལ་བ་རྣམས་ལ་ལྟ་བ་མཚུངས་པར་ཡོད་པ་དེར་གཉིས་ཀས་ཀྱང་དོན་དེ་ཁས་བླངས་པས་གཞུང་ལུགས་ཚད་མ་ཁོ་ན་ཡིན་གྱི། རིགས་པ་སྨྲ་བ་ན་ནི་འཐད་པ་དང་བཅས་པའི་དོན་ཁོ་ན་ཡོངས་སུ་འཛིན་དགོས་སོ། །གཉིས་པ་ནི། གལ་ཏེ་སྟོང་པ་ཉིད་སྨྲ་བ་ཁྱོད་ཀྱིས་སྟོང་པ་ཉིད་ཀྱི་དངོས་པོ་སྨྲས་ལ་སྟོང་པ་མ་ཡིན་པ་ལ་མ་ལྟོས་པའི་སྟོང་པའང་ཡོད་པ་མ་ཡིན་པས་དངོས་པོ་ཐམས་ཅད་རང་བཞིན་དང་བཅས་པར་གྲུབ་བོ་ཞེ་ན། གལ་ཏེ་སྟོང་པ་ཞེས་བྱ་བ་རང་གི་ངོ་བོས་གྲུབ་པ་ཅུང་ཟད་ཅིག་ཡོད་ན་དངོས་པོ་རྣམས་རང་བཞིན་དང་བཅས་པར་འགྱུར་ན། དེ་ནི་ཡོད་པ་མ་ཡིན་ཏེ། འདི་ལྟར་གལ་ཏེ་སྟོང་པ་ཉིད་མིན་པ་ཅུང་ཟད་ཅིག་ཡོད་ན་དེའི་གཉེན་པོ་སྟོང་པའང་ཡོད་པར་འགྱུར་ན། ཐམས་ཅད་བརྟེན་ནས་འབྱུང་བ་ཡིན་པའི་ཕྱིར་སྟོང་པ་མིན་པ་མེད་པ་དེའི་ཚེ་གཉེན་པོ་སྟོང་པ་ཉིད་གང་ལས་འབྱུང་བར་འགྱུར་ཏེ། ཅིག་ཤོས་དགག་བྱ་མེད་པར་ཇི་ལྟར་བུར་ན་དེ་འགོག་བྱེད་ཀྱི་གཉེན་པོ་འབྱུང་བར་འགྱུར་ཏེ་མི་འགྱུར་བའི་ཕྱིར་རོ། །དཔེར་ན་ཡོད་པ་མ་ཡིན་པ་ཁྱི་སྤྲེའུའི་གཉེན་པོ་མ་ཡིན་པ་བཞིན་ནོ། །

གཉིས་པ་མཐར་ལྷུང་ཕྱོགས་ལ་ཞེན་པ་དགག་པ་ལ། དགག་པ་དངོས། སྐྱོན་སྤོང་དགག་པ་གཉིས། དང་པོ་ལ། ཕྱོགས་མེད་ཕྱོགས་སུ་འགྱུར་བ་དགག དངོས་པོ་ཡོད་པའི་སྒྲུབ་བྱེད་དགག གཉིས་མེད་ཀུན་ལ་མཚུངས་པར་བསྟན་དང་གསུམ་གྱི། དང་པོ་ནི། གལ་ཏེ་སྟོང་པ་ཉིད་ཅུང་ཟད་ཀྱང་མེད་པས་སྟོང་པ་ཉིད་ཀྱི་ཕྱོགས་སུ་མི་འགྱུར་མོད། དེ་ལྟར་ནའང་ཕྱོགས་མེད་པ་ཉིད་ཕྱོགས་སུ་འགྱུར་ལ། མི་མཐུན་ཕྱོགས་ལ་མ་ལྟོས་པའི་ཕྱོགས་མེད་པས་མི་མཐུན་ཕྱོགས་སུའང་འགྱུར་རོ་ཞེ་ན། གལ་ཏེ་ཁོ་བོ་ཅག་ལ་ཕྱོགས་ཅུང་ཟད་ཡོད་པ་ཉིད་དུ་གྱུར་ན་ཕྱོགས་མེད་པ་ཉིད་ཕྱོགས་ཀྱི་ངོ་བོར་འགྱུར་ན། ཕྱོགས་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ཏེ། མི་མཐུན་ཕྱོགས་མེད་པའི་ཕྱིར། མི་མཐུན་ཕྱོགས་མེད་པའང་རྒོལ་བ་ཐམས་ཅད་ཀྱི་ཕྱོགས་བསལ་ཟིན་པས་བསྟན་པ་ཡིན་ནོ། །གང་གི་ཚེ་དེ་ལྟར་ཕྱོགས་མེད་པ་ཉིད་ཕྱོགས་སུ་མ་གྲུབ་པ་མེད་པ་ན། གང་ཞིག་དེ་ལ་ལྟོས་པའི་མི་མཐུན་ཕྱོགས་སུ་འགྱུར། དེའི་ཕྱིར་ཕྱོགས་དང་མི་མཐུན་ཕྱོགས་གང་ཡང་མེད་པས་ཕྱོགས་འཛིན་པ་ཐོངས་ཤིག གཉིས་པ་ནི། དངོས་པོ་རྣམས་རང་བཞིན་གྱིས་ཡོད་དེ། དེའི་ཁྱད་པར་དམིགས་པ་ཡོད་པའི་ཕྱིར། འདི་ལྟར། གལ་ཏེ་དངོས་པོ་ཡོད་མིན་ན། །མེ་ནི་ཚ་བར་ཇི་ལྟར་འགྱུར། །དེའི་ཕྱིར་དངོས་པོའི་ཁྱད་པར་དམིགས་པས་དངོས་པོ་རང་བཞིན་གྱིས་ཡོད་དོ་ཞེ་ན། ཚ་བ་མེ་ཉིད་དུ་འགྱུར་ཏེ། །ཚ་བ་མིན་པ་ཇི་ལྟར་བསྲེག ། དེས་ན་བུད་ཤིང་ཞེས་བྱ་བ། །ཡོད་མིན་དེས་ན་མེ་ཡོད་མིན། །ཞེས་ཚ་བའི་རང་བཞིན་གྱི་མེ་ཡང་ཡོད་མིན་ཞེས་གོང་དུ་བཟློག་པར་བྱས་ཟིན་ཏོ། །དེའི་ཕྱིར་ཁྱད་པར་མེད་པས་དངོས་པོ་རྣམས་ཀྱི་རང་གི་ངོ་བོ་མེད་དོ། །གཞན་ཡང་གལ་ཏེ་མེའི་དངོས་པོ་མཐོང་ནས་མེ་དངོས་པོ་མེད་པ་བཟློག་པར་འགྱུར་ན། བརྟེན་ནས་འབྱུང་བ་སོགས་ཀྱི་འཐད་པས་དངོས་པོའི་དངོས་པོ་མེད་པར་མཐོང་ནས་དངོས་པོའང་བཟློག་པར་ཅིས་མི་འགྱུར། དེ་ལྟར་ན། ཡོད་དང་མེད་དང་ཡོད་མེད་དང་། །ཡོད་མེད་མིན་ཞེས་བྱ་བའི་ཚུལ། །འདི་ནི་མཁས་པས་གཅིག་ཉིད་སོགས། །དག་ལ་རྟག་ཏུ་སྦྱར་བར་བྱ། །ཞེས་པའི་ཚུལ་གྱིས་རྣམ་པར་དཔྱད་ན་ཕྱོགས་ནི་བཞི་ཆར་ལ་ཡང་ཉེས་པ་སྤངས་པ་གང་ཞིག་མཐོང་སྟེ། དེ་ལྟར་ཕྱོགས་བཞི་ཆར་སྐྱོན་མཐོང་བའི་ཕྱིར་ཕྱོགས་ཡོངས་སུ་འཛིན་པ་མི་རིགས་སོ། །འདི་ལས་ཀྱང་ཕྱོགས་འཛིན་པ་མི་རིགས་ཏེ། རྡུལ་ལའང་ཆ་ཤས་ཡོད་མེད་ཅེས། །དཔྱད་པ་དེར་ཡང་འཇུག་པར་འགྱུར། །ཞེས་པའི་ཚུལ་འདིས་རྣམ་པར་དཔྱད་ན་ཤིན་ཏུ་ཞིབ་པའི་དངོས་པོ་རྡུལ་ཕྲན་ལ་ཡང་བདེན་པར་ཡོད་པའི་དངོས་པོ་གང་དུ་མེད་པ་དེར་རྡུལ་ཕྲན་ཇི་ལྟར་འབྱུང་ཞིང་སྐྱེ་སྟེ་སྐྱེ་བ་མེད་པ་ཁོ་ནའོ། །སྣང་བ་མེད་པའི་སྤྱོད་ཡུལ་མངའ་བ་དངོས་པོའི་དེ་ཁོ་ན་ཉིད་ཕྱིན་ཅི་མ་ལོག་པ་ཐུགས་སུ་ཆུད་པའི་ཉི་མའི་འོད་ཟེར་གྱིས་མ་རིག་པའི་མུན་པ་འཐུག་པོ་བསལ་ཏེ། མངོན་པར་རྫོགས་པར་སངས་རྒྱས་པའི་སངས་རྒྱས་རྣམས་ལ་དེ་དག་གི་ཡེ་ཤེས་ལ་ལྟོས་ནས་མེད་པ་ཉིད་ཀྱང་མ་འབྲེལ་ཏེ། དངོས་པོ་འགའ་ཡང་མ་དམིགས་པས་ཡོད་པ་ལྟར་མེད་པ་ཉིད་ཀྱང་མ་གཟིགས་པ་དེ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི། གལ་ཏེ་འདུས་བྱས་དང་འདུས་མ་བྱས་ཀུན་ལ་དངོས་པོ་དང་དངོས་པོ་མེད་པ་གཉིས་སུ་ཡོད་པ་མིན་ཏེ། འདི་ལྟར་རེ་ཞིག་དངོས་པོ་རྟག་པ་རྒྱུ་རྐྱེན་གྱིས་འདུས་མ་བྱས་པ་ལ་ནི་ཡོད་པའམ་མེད་པར་རྟོག་པས་བརྟག་མི་ནུས་ཏེ། བརྟག་པ་འཇུག་པའི་རྟེན་རྟག་པ་ཉིད་མེད་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ལ་བརྟེན་ནས་བྱུང་བའི་དངོས་པོ་འདུས་བྱས་ལ་ཡང་རང་བཞིན་མེད་པས་ཡོད་པའམ་མེད་པར་བརྟག་པར་མི་ནུས་སོ། །རྣམ་པར་དཔྱད་བཞིན་པའི་དོན་འདུས་བྱས་དང་འདུས་མ་བྱས་ལས་གཞན་པའི་དངོས་པོའང་ཡོད། འགའ་ལའང་དངོས་པོ་དང་དངོས་པོ་མེད་པའི་རང་བཞིན་ཅུང་ཟད་ཀྱང་ཡོད་པ་མིན་པ་མ་ཡིན་པ་དེའི་ཕྱིར་རིགས་པས་ཐོབ་ལ་དྲང་ཞིང་གསལ་བའི་ལམ་འདི་རྒོལ་བ་དག་གིས་ཅི་སྟེ་ཁས་མི་ལེན། རིགས་པ་དང་ལྡན་པའི་ཕྱིར་རྒོལ་བ་དག་གིས་རང་རང་གི་བློས་བརྟག་པའི་གཉིས་སུ་སྨྲ་བ་དོར་ནས་གཉིས་སུ་མེད་པའི་ཕྱོགས་འདི་སྨྲ་བར་རིགས་སོ། །ཅི་སྟེ་འཐད་པ་འགའ་ཞིག་གིས་དོན་འདི་མི་འགྲུབ་པ་སྲིད་ན། འོ་ན་གང་གིས་ཁོ་བོ་ཅག་ཡིད་ཆེས་པར་འགྱུར་བའི་འཐད་པ་དེ་བརྗོད་པར་གྱིས་ཤིག འོན་ཏེ་ཇི་སྐད་བཤད་པའི་དོན་དང་འགལ་བའི་འཐད་པ་ཅུང་ཟད་ཀྱང་བརྗོད་པར་མི་ནུས་ན། དེའི་ཚེ་གལ་ཏེ་ཁོ་བོ་ཅག་གིས་བཤད་པའི་འཐད་པ་ཁོ་ནས་ཁྱོད་ལའང་མཐའ་གཉིས་སྤངས་པའི་ཚུལ་དེ་རིགས་ན་ཅིའི་ཕྱིར་ཁོ་བོ་ཅག་གཉིས་སུ་མེད་པར་སྨྲ་བ་ལ་རྩོད་པ་གཞན་བྱེད། གང་གི་ཕྱིར་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་ཀུན་ལ་གཉིས་སུ་མེད་པ་འདི་དབྱེར་མེད་པ་དེ་ཉིད་ཀྱི་ཕྱིར། ཕྱི་དང་ནང་གི་དངོས་པོ་ཀུན་གྱི་རང་བཞིན་བྱས་པ་ཅན་དུ་ཐལ་བར་འགྱུར་བས་རྒྱུ་རྐྱེན་ལས་མ་སྐྱེས་པའི་ཕྱིར་དངོས་པོ་མེད་པ་ཁོ་ན་རང་བཞིན་ཡིན་ལ་དེ་ཡང་ཐ་དད་དུ་རྣམ་པར་དབྱེ་བ་མི་རིགས་ཏེ། དཔེར་ན་བུམ་པ་དང་འཁར་གཞོང་ལ་སོགས་པ་སྣོད་ཐ་དད་ཀྱང་གཟུགས་མེད་པ་ཙམ་གྱི་ནམ་མཁའི་ངོ་བོ་ལ་ཐ་དད་མེད་པ་དེ་བཞིན་དུ་རྫས་རྣམས་ཀུན་ལ་རང་བཞིན་གང་མཐོང་བ་སྐྱེ་བ་མེད་པའི་ངོ་བོ་དེ་ནི་ཐ་དད་དུ་རྣམ་པར་དབྱེ་བར་མི་འགྱུར་རོ། །དེ་ཉིད་ཀྱི་ཕྱིར། དངོས་པོ་གཅིག་གི་ལྟ་བོ་གང་། །དེ་ནི་ཀུན་གྱི་ལྟ་བོར་བཤད། །གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་པ་ཉིད། །ཅེས་སྔར་བཤད་དོ། །གཉིས་པ་སྐྱོན་སྤོང་དགག་པ་ནི། རྟོག་པ་སྔོན་དུ་བཏང་བ་དག་གིས་ཇི་སྐད་བཤད་པའི་རིགས་པས་ཐོབ་པའི་དོན་འདི་ཁས་བླངས་བར་བྱ་བའམ། ཡང་ན་བརྒལ་ཞིང་བརྟག་པས་ལན་གདབ་པར་བྱའོ། །ཅི་སྟེ་གང་ལ་ཅུང་ཟད་ཅིག་སྲིད་པ་དེ་ལ་ལན་གདབ་པར་རིགས་ཀྱི། གང་གི་ལྟར་ན་ཐམས་ཅད་དངོས་པོ་མེད་པ་དེ་ལ་བརྗོད་པར་བྱ་བ་དང་། ཚིག་སོགས་རྣམ་པ་ཐམས་ཅད་དུ་མེད་པས་ཇི་ལྟར་ལན་གདབ་པར་བྱ། དེའི་ཕྱིར་དེ་ལ་ལན་མ་སྨྲས་པ་ཉིད་དོ་སྙམ་ན། གལ་ཏེ་དེ་ལྟར་ཐམས་ཅད་མེད་པའི་ཕྱིར་གཞན་དབུ་མ་པའི་ཕྱོགས་ལ་ལན་བརྗོད་བྱ་བ་མིན་ན། ཁྱོད་ཀྱིས་འཐད་པ་འགའ་ཞིག་གིས་རང་ཉིད་ཀྱི་ཕྱོགས་དབུ་མ་པའི་སྟོང་པ་ཉིད་ཀྱི་གཏན་ཚིགས་ཀྱིས་བཟློག་པ་ཅི་སྟེ་མི་སྒྲུབ། མ་གྲུབ་པ་ནི་ཁས་བླངས་པ་རིགས་པའང་མ་ཡིན་ནོ། །གལ་ཏེ་ཡང་རང་ལུགས་སྒྲུབ་བྱེད་ཀྱི་གཏན་ཚིགས་རྙེད་པར་དཀའ་ལ། གཞན་ལུགས་སུན་འབྱིན་པར་བྱེད་པའི་གཏན་ཚིགས་སླ་ཞེས་འཇིག་རྟེན་ན་བརྗོད་ཅིང་གྲགས་སོ་ཞེ་ན། དེ་ལྟ་ན་སུན་འབྱིན་པར་བྱེད་པའི་གཏན་ཚིགས་རྙེད་སླ་བ་དེ་ཁྱོད་ལའང་ཡོད་པས་ཁྱོད་ཀྱིས་གཞན་དབུ་མ་པའི་ཕྱོགས་ལ་སྐྱོན་བརྗོད་པ་ཉིད་དུ་ཅིའི་ཕྱིར་མི་ནུས། དེའི་ཕྱིར་ཁྱོད་ཀྱིས་གཞན་གྱི་ཕྱོགས་ལ་སྐྱོན་བརྗོད་པར་མི་ནུས་པས་སུན་འབྱིན་པར་བྱེད་པའི་གཏན་ཚིགས་རྙེད་མི་སླའོ། །

གསུམ་པ་ཡོད་མེད་རིགས་པ་མཚུངས་པར་བསྟན་པ་ནི། ཅི་སྟེ་རིགས་པ་མེད་བཞིན་དུ་ཁྱོད་ཀྱིས་ཡོད་ཅེས་བྱ་བའི་ཚིག་ཙམ་ཞིག་གིས་གལ་ཏེ་དེ་ཁོ་ན་ཉིད་དུ་དངོས་པོ་ཡོད་པར་གྱུར་ན། ཁོ་བོས་རང་བཞིན་མེད་ཅེས་བྱ་བའི་ཚིག་ཙམ་ཞིག་གིས་རང་བཞིན་མེད་པ་ཉིད་ནི་ཅིས་མི་འགྱུར། དེའི་ཕྱིར་ཡུ་བུ་གཉིས་ཀ་གཉིས་སུ་སྨྲ་བ་བསལ་ནས་གཉིས་སུ་མེད་པའི་གཞུང་བཙུགས་པར་འགྱུར་རོ། །གལ་ཏེ་དོན་དམ་པར་དངོས་པོ་མེད་ན་དེའི་ཚེ་མེད་པ་ལ་ཡོད་དོ་ཞེས་པའི་མིང་དུ་མི་འགྱུར་ཏེ། མོ་གཤམ་གྱི་བུ་ལ་ཡོད་དོ་ཞེས་པའི་མིང་མི་རུང་བའི་ཕྱིར་རང་བཞིན་གྱིས་ཡོད་དོ་ཞེ་ན། གང་གི་ཕྱིར་ཡོད་ཅིང་བདོག་གོ་ཞེས་མིང་བཏགས་པ་དེའི་ཕྱིར་དངོས་པོ་རྣམས་མེད་པར་མི་འགྱུར་ན་དེ་ཡང་མི་རུང་སྟེ། གང་གི་ཕྱིར་ཡོད་དོ་ཞེས་མིང་ཞེས་བྱས་པ་དེའི་ཕྱིར་དངོས་པོ་རྣམས་ཡོད་པར་མི་འགྱུར་ཏེ། མིང་རྣམས་ནི་མིང་ཅན་གྱི་རང་གི་ངོ་བོའི་རྗེས་སུ་བྱེད་པ་མ་ཡིན་ཏེ། དེ་རྣམས་ཀྱི་སྔ་རོལ་དང་ཕྱིས་འདོད་པས་བྱེད་པའི་ཕྱིར་རོ། །དཔེར་ན་མིག་ལེགས་པ་ལ་ཞར་བ་ཞེས་དང་། ཚེ་ཐུང་བ་ལ་ཚེ་རིང་བ་ཞེས་པ་ལ་སོགས་པ་བཞིན། གལ་ཏེ་སྒྲས་དོན་གྱི་རང་གི་ངོ་བོ་ལ་རེག་པ་ཁོ་བོ་ཅག་ཀྱང་མི་འདོད་ཀྱི། འོན་ཀྱང་དོན་གྱི་ངོ་བོ་ལ་མ་རེག་པའི་སྒྲས་ཇི་ལྟར་བརྗོད་པའི་དོན་འཇིག་རྟེན་ན་གྲགས་པ་རྣམས་དོན་དམ་པར་ཡོད་པ་ཡིན་ནོ་ཞེ་ན། གལ་ཏེ་དངོས་པོ་ཐམས་ཅད་རང་བཞིན་གྱིས་ཡོད་ཅིང་། དེ་དག་གི་རང་གི་ངོ་བོ་ལ་མི་རིག་པའི་སྒྲ་རྣམས་ཀྱིས་འཇིག་རྟེན་པ་བརྗོད་པས་འཇིག་རྟེན་པ་ལ་ཡོད་པ་ཡིན་ན། དངོས་པོ་གང་དེ་ཁོ་ན་ཉིད་དུ་བདེན་པར་ཡོད་པ་དེ་ནི་དོན་དམ་པ་ཁོ་ནར་འགྱུར་གྱི། འཇིག་རྟེན་པར་ཇི་ལྟར་འགྱུར་ཏེ་མི་འགྱུར་བ་ཁོ་ནའོ། །བཞི་པ་མེད་པ་ཕྱོགས་སུ་འགྱུར་བ་དགག་པ་ནི། གལ་ཏེ་ཁྱོད་ཀྱིས་དངོས་པོ་དང་དངོས་པོ་མེད་པ་གཉིས་ཀ་བཀག་མོད། དེ་ལྟ་ན་ཡང་དངོས་པོ་བསལ་བའི་ཕྱིར་ཁྱོད་ལ་དངོས་པོ་རྣམས་མེད་པར་འགྱུར་རོ་ཞེ་ན། གལ་ཏེ་དངོས་པོ་ཀུན་བཀག་ནས་མེད་པའི་ཕྱིར་དངོས་པོ་མེད་པའི་ཕྱོགས་ཉིད་དུ་འགྱུར་བ་དེ་ལྟར་ཡིན་ན་དབུ་མ་པའི་ཕྱོགས་རྣམས་ཀུན་དངོས་པོ་མེད་པར་མི་རིགས་ཏེ་འདི་ལྟར། གང་གི་ཚེ་ཇི་སྐད་བཤད་པའི་ཚུལ་གྱིས་དངོས་པོ་ཉིད་མི་སྲིད་པ་དེའི་ཚེ་དགག་བྱ་དངོས་པོ་མེད་པའི་ཕྱིར། དེ་བཀག་པའི་དངོས་པོ་མེད་པ་སྲིད་པ་ཡོད་པར་མི་འགྱུར་རོ། །དེ་ཡང་ཅིའི་ཕྱིར་ཞེ་ན། དངོས་པོ་འཇིག་པ་གཞན་དུ་འགྱུར་བ་ལ་དངོས་པོ་མེད་པ་ཞེས་འཇིག་རྟེན་ན་བརྗོད་ལ། དེའི་ཚེ་ལྟོས་ས་དངོས་པོ་མེད་པར་ལྟོས་ཆོས་དངོས་མེད་གང་ལས་འགྲུབ་པར་འགྱུར། དེའི་ཕྱིར་དངོས་པོ་དང་དངོས་པོ་མེད་པ་ཕན་ཚུན་ལྟོས་པས་རང་གི་ངོ་བོས་འགྲུབ་པ་མ་ཡིན་ནོ། །ལྔ་པ་སྟོང་ཉིད་སྒྲུབ་པའི་དཔེ་རྟགས་དགག་པ་ནི། གལ་ཏེ་རྒྱུ་མེད་པར་དོན་འགའ་ཡང་གྲུབ་པ་མེད་པས་ཁྱོད་ཀྱིས་གདོན་མི་ཟ་བར་སྟོང་ཉིད་སྒྲུབ་པའི་གཏན་ཚིགས་བསྟན་དགོས་ལ་སྟོང་ཉིད་གཏན་ཚིགས་ལས་གྲུབ་པར་འགྱུར་བ་དེའི་ཕྱིར་ཐམས་ཅད་སྟོང་པར་མི་འགྱུར་ཏེ། གཏན་ཚིགས་ལྟར་གཞན་ཡང་ཡོད་པའི་ཕྱིར་རོ་ཞེ་ན། སྟོང་ཉིད་སྒྲུབ་པར་བྱེད་པ་ལ་སྐྱེད་བྱེད་ཀྱི་རྒྱུའམ་འོན་ཏེ་ཤེས་བྱེད་ཀྱི་རྒྱུ་ཡོད་ཅེས་སྨྲ། དང་པོ་ལྟར་ན་སྟོང་ཉིད་བྱས་པར་འགྱུར་བས་དེའི་ཕྱིར་སྒྱུ་མ་ལྟར་བསླུ་བར་འགྱུར་ན། སྟོང་པ་ཉིད་ནི་ཡེ་མཚུངས་པའི་ངོ་བོ་ཡིན་པས་བསླུ་བའང་མ་ཡིན་ནོ། །དེའི་ཕྱིར་སྐྱེད་བྱེད་ཀྱི་རྒྱུ་མ་ཡིན་ནོ། །ཅི་སྟེ་ཤེས་བྱེད་ཀྱི་རྒྱུ་ལ་བསམས་ནས་སྟོང་ཉིད་སྒྲུབ་བྱེད་ཀྱི་རྒྱུ་ཡོད་ཅེས་སྨྲ་ན། གཏན་ཚིགས་ནི་དམ་བཅའ་བསྒྲུབ་པའི་ཕྱིར་བརྗོད་པ་ཡིན་ན། གལ་ཏེ་དམ་བཅའ་ལས་གཏན་ཚིགས་གཞན་ཡིན་ན་ཕྱོགས་ཀྱི་ཆོས་མ་ཡིན་པའི་ཕྱིར་དམ་བཅའ་གོ་བྱེད་མ་ཡིན་ནོ། །དམ་བཅའ་ལས་གཏན་ཚིགས་གཞན་མ་ཡིན་ན། དམ་བཅའི་རང་གི་ངོ་བོ་བཞིན་དུ་འདི་གཏན་ཚིགས་མ་ཡིན་པས་དེས་ན་སྟོང་ཉིད་སྒྲུབ་བྱེད་ཀྱི་གཏན་ཚིགས་མེད་པ་དེའི་ཕྱིར་དངོས་པོ་རང་བཞིན་མེད་པར་གྲུབ་བོ། །གལ་ཏེ་གཏན་ཚིགས་མེད་ཀྱང་གང་གི་ཕྱིར་སྟོང་པ་ཉིད་ཀྱི་དཔེ་ཡོད་པ་དེས་ན། དཔེ་དང་འདྲ་བར་དངོས་པོ་གཞན་ཡང་ཡོད་པས་ཐམས་ཅད་སྟོང་པར་མི་འགྱུར་ཞེ་ན། དཔེ་དེ་ཡང་རྟོག་ན་གཏན་ཚིགས་ཀྱི་དོན་དང་འབྲེལ་བ་ཞིག་གམ། འོན་ཏེ་མ་འབྲེལ་བ་ཞིག་ལ་རྟོག་གྲང་། དང་པོ་ལྟར་ན་གཏན་ཚིགས་ཀྱི་སུན་འབྱིན་པ་ཉིད་ཀྱིས་བསལ་ཏོ། །གལ་ཏེ་གཏན་ཚིགས་ཀྱི་དོན་དང་མ་འབྲེལ་བའི་དཔེ་ཙམ་ལས་དོན་གྲུབ་པར་སེམས་ན་དེའི་ཚེ་ཇི་ལྟར་བྱ་རོག་གི་ནག་པ་དེ་བཞིན་དུ་བདག་ཀྱང་ནག་ཅེས་བརྗོད་པར་ནུས་པར་འགྱུར་ན། འདི་ཡང་སྲིད་པ་མ་ཡིན་པས་དཔེ་མི་རིགས་ཏེ། དགོས་པ་མེད་པའི་ཕྱིར་རོ། །དྲུག་པ་སྟོང་ཉིད་བསྟན་པའི་དགོས་པ་བཤད་པ་ནི། གལ་ཏེ་གཏན་ཚིགས་ཀྱང་མེད་ལ་དཔེ་ཡང་མེད་ཅིང་དངོས་པོ་ཐམས་ཅད་ཀྱང་མེད་ན། ཁྱོད་ཀྱི་བསྟན་བཅོས་བྱེད་པའི་ཚེགས་འདི་དོན་གང་སྒྲུབ་པའི་ཕྱིར་ཡིན་ཞེ་ན། བསྟན་བཅོས་འདིར་སྟོང་པ་ཉིད་ཉེ་བར་སྒྲུབ་པ་ནི་དེ་ཁོ་ན་ཉིད་ལྟ་བའི་ཕྱིར་ཡིན་ལ། དེ་ཁོ་ན་ཉིད་ཀྱང་རང་བཞིན་དང་ངོ་བོ་ཉིད་ཡིན་ནོ། །གལ་ཏེ་རང་བཞིན་གྱིས་དངོས་པོ་བདེན་པར་ཡོད་ན། གྲོལ་བ་དོན་གཉེར་ལ་དེ་མཐོང་བ་མཛེས་ཀྱི་སྟོང་པ་ཉིད་མཐོང་བ་ལ་ཡོན་ཏན་ཅི་ཞིག་ཡོད། ཡོན་ཏན་མེད་པར་མ་ཟད་སྐུར་པ་འདེབས་པ་ལ་ཞུགས་པའི་ཕྱིར་སྐྱོན་དུ་འགྱུར་རོ། །གང་གི་ཚེ་དངོས་པོ་རང་བཞིན་མེད་པ་ལ་འཇིག་རྟེན་པ་རྣམས་རང་བཞིན་དང་བཅས་པར་ཞེན་ནས། དེའི་རྒྱུ་ཅན་གྱི་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བར་འཇུག་པ་དེའི་ཚེ་དངོས་པོ་རང་བཞིན་མེད་པ་རྣམས་རང་བཞིན་མེད་པར་གསལ་བར་བྱེད་པའི་བསྟན་བཅོས་འདིས་སྒྲོ་སྐུར་ཐམས་ཅད་སྤངས་ནས་རང་བཞིན་མེད་པ་ཉིད་སྟོན་ཅིང་། འཇིག་རྟེན་ཡང་དངོས་པོ་རང་བཞིན་མེད་པར་རྟོགས་ནས་གཟུགས་བརྙན་དང་སྤྲུལ་པ་ལ་སོགས་པ་ལྟར་དངོས་པོ་ལ་མི་ཞེན་པས་ན། མངོན་པར་ཞེན་པའི་རྒྱུ་ཅན་གྱི་ལས་དང་ཉོན་མོངས་པ་ཐམས་ཅད་ཟད་ནས་འདོད་ཆགས་ལ་སོགས་པའི་འཆིང་བ་ཐམས་ཅད་ལས་ངེས་པར་གྲོལ་བར་འགྱུར་རོ། །དེའི་ཕྱིར་བསྟན་བཅོས་འདིས་དངོས་པོ་རྣམས་རང་བཞིན་མེད་པ་ཙམ་ཞིག་སྟོན་གྱི་ཡང་འདིར་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུ་ལ་བསྙོན་པ་ནི་མ་ཡིན་ནོ། །

འོ་ན་རིགས་པའི་རྣམ་པ་མང་པོ་འདིས་ཅི་ཞིག་འགོག་ཅེ་ན། ཡང་དག་པར་མ་ཡིན་པར་སྒྲོ་འདོགས་པའི་རྟོག་པས་དངོས་པོ་རང་བཞིན་དང་བཅས་པར་མཐོང་བ་ལས་བྱིས་པ་རྣམས་འཁོར་བར་འཆིང་བར་འགྱུར་ཏེ། དེའི་ཕྱིར་འཁོར་བའི་སྡུག་བསྔལ་གྱི་རྒྱུ་མངོན་པར་ཞེན་པ་དེ་ནི་བསྟན་བཅོས་འདི་རུ་རིགས་པའི་ཚོགས་དུ་མས་དགག་པར་བྱ་བ་ཡིན་ནོ། །དེ་ལྟར་ན་རང་བཞིན་གྱིས་སྟོང་པའི་རྟེན་ཅིང་འབྲེལ་བར་འབྱུང་བ་སྒྱུ་མ་ལྟ་བུ་འདི་ནི་མདོར་བསྡུ་ན་སངས་རྒྱས་ཀྱི་གསུང་གི་དོན་ཡིན་ནོ་ཞེས་སློབ་དཔོན་གྱིས་བསྟན་བཅོས་འདིས་རྣམ་པར་བཤད་པ་ཡིན་ནོ། །བདུན་པ་ཡོད་མེད་འཛིན་པ་འཁྲུལ་པར་བསྟན་པ་ནི། རང་གི་སྡེ་པ་རྣམ་རིག་པ་ལ་སོགས་པ་གང་དག་གསུང་རབ་ཀྱི་དོན་ཇི་ལྟ་བ་བཞིན་དུ་མ་རྟོགས་པས་རྣམ་ཤེས་ལ་སོགས་པ་ཁ་ཅིག་ཡོད་ལ། ཕྱི་རོལ་བུམ་པ་ལ་སོགས་པ་ཁ་ཅིག་མེད་ཅེས་བྱ་བ་ནི་དེ་ཁོ་ཉིད་དོན་དམ་པའང་མ་ཡིན་ལ་འཇིག་རྟེན་ཀུན་རྫོབ་ཀྱང་མ་ཡིན་ཏེ། གང་གི་ཚེ་འཇིག་རྟེན་པའི་དངོས་པོ་བཤད་པར་འདོད་པ་དེའི་ཚེ་འཇིག་རྟེན་གྱི་རྟོགས་པ་ཚད་མར་བྱས་ནས་ཕུང་པོ་ལྔ་ཆར་ཡང་ཁས་བླང་བར་བྱ་ལ། གང་གི་ཚེ་འཇིག་རྟེན་ལས་འདས་པའི་དེ་ཁོ་ན་ཉིད་བཤད་པར་འདོད་པ་དེའི་ཚེ་འཕགས་པའི་ཡེ་ཤེས་ལ་ལྟོས་ནས་ཕུང་པོ་ལྔ་ཆར་ཡང་རང་བཞིན་གྱིས་སྟོང་པར་བཤད་པར་བྱ་བ་ཡིན་པའི་ཕྱིར། གང་གི་ཕྱིར་དེ་ལྟར་ཡིན་པ་དེས་ན་རྣམ་ཤེས་འདི་ཡོད་ཅིང་ཕྱི་རོལ་འདི་མེད་ཅེས་བརྗོད་པར་ཉིད་དུ་མི་ནུས་ཏེ། ཀུན་རྫོབ་ཏུ་སེམས་དང་སེམས་ལས་བྱུང་བ་ལྟར་བུམ་པ་ལ་སོགས་པ་ཕྱི་རོལ་ཡང་ཡོད་དེ། འཇིག་རྟེན་མཐའ་དག་ལ་གྲགས་པའི་ཕྱིར། དོན་དམ་པར་བུམ་པ་ལ་སོགས་པ་རྣམ་པར་དཔྱད་ན་མ་གྲུབ་པ་བཞིན་དུ་སེམས་དང་སེམས་བྱུང་རྣམས་ཀྱང་མེད་པར་འགྱུར་ཏེ། རིགས་པ་དང་བྲལ་བའི་ཕྱིར་རོ། །བརྒྱད་པ་ཕྱོགས་བྲལ་རིགས་པས་དགག་མི་ནུས་པར་བསྟན་པ་ནི། དེ་ལྟར་རིགས་པའི་ཚོགས་དུ་མས་དངོས་པོར་སྨྲ་བ་བསལ་བས་སྟོང་པ་ཉིད་དུ་སྨྲ་བ་ལ་སུན་འབྱིན་བརྗོད་མ་ནུས་པ་ན། འདི་སྐད་ཅེས་ད་ལྟ་ཁོ་བོས་ཁྱོད་ལ་ལན་གདབ་མི་ནུས་མོད། དེ་ལྟ་ན་ཡང་གང་དག་ཁྱོད་ལ་ལན་འདེབས་པར་འགྱུར་བ་དེ་བཞིན་གཤེགས་པའི་བསྟན་པ་ལ་མངོན་པར་བརྩོན་པ་དག་འབྱུང་བར་འགྱུར་རོ་ཞེ་ན། གལ་ཏེ་ཕྱོགས་ཡོངས་སུ་འཛིན་པ་ཡོད་ན་དེ་རྣམ་པ་གཞན་དུ་བསྒྲུབས་པ་ལས་དུས་ཆེས་རིང་པོ་ཞིག་ན་སུན་འབྱིན་ནུས་པ་སྲིད་ཀྱང་། གང་ལ་ཡོད་པ་དང་མེད་པ་དང་ཡོད་མེད་གཉིས་ཀ་ཡིན་ཞེས་པའི་ཕྱོགས་གསུམ་རྣམ་པ་ཐམས་ཅད་དུ་ཡོད་པ་མ་ཡིན་པ་དེ་ལ་ཡུན་ཆེས་རིང་མོ་ནའང་ཀླན་ཀ་བརྗོད་པར་ནུས་པ་མ་ཡིན་ཏེ། དཔེར་ན་ནམ་མཁའ་ལ་རི་མོ་འབྲི་བ་དང་། ལྕག་གིས་གཞུས་པས་གཟིར་བར་བྱེད་མི་ནུས་པ་བཞིན་ནོ། །རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པ་ལས། སློབ་དཔོན་དང་སློབ་མ་གཏན་ལ་དབབ་པ་བསྟན་པ་ཞེས་བྱ་བ་སྟེ་རབ་ཏུ་བྱེད་པ་བཅུ་དྲུག་པའི་འགྲེལ་པའོ།།། །།

འཕགས་པའི་གཞུང་མཆོག་ལེགས་བཤད་རིན་ཆེན་གཏེར། །གང་དག་མཐུ་ཡིས་གངས་རིའི་ཁྲོད་འདིར་གསལ། །ཟླ་བ་ལྟར་གྲགས་ཟླ་བའི་མཚན་ཅན་དང་། །ཉི་མ་ལྟར་གྲགས་ཉི་མའི་མིང་ཅན་རྒྱལ། །ཟབ་མོའི་བཅུད་འཛིན་གཞུང་བཟང་ཀུ་མུ་ཏ། །དཔལ་ལྡན་ཟླ་བའི་ཟེར་གྱིས་རྣམ་ཕྱེ་བ། །ཡང་དག་བཤད་པའི་སྲད་བུ་ལ་བརྒྱུས་ཏེ། །སྐལ་བཟང་བློ་ཡི་མགུལ་རྒྱན་འདི་བྱས་སོ། །འདིར་བཤད་དགེ་བ་རབ་དཀར་དྲི་མེད་དེས། །མཐར་འཛིན་ཚང་ཚིང་སྟུག་པོས་དཀྲིགས་གྱུར་པའི། །སྲིད་པའི་འབྲོག་དགོན་འཁྱམས་པའི་འགྲོ་བ་རྣམས། །མཐའ་བྲལ་དབུ་མའི་ལམ་དུ་འཇུག་པར་ཤོག །ཇི་སྲིད་ནམ་མཁའ་ཞིག་པ་མ་གྱུར་བར། །དེ་སྲིད་གཞུང་བཟང་འདི་ཡང་གནས་གྱུར་ཏེ། །སྲིད་ཞིའི་རྒུད་པ་མ་ལུས་སེལ་བ་དང་། །ཕན་བདེའི་འབྱོར་པ་ཕྱོགས་བཅུར་རྒྱས་བྱེད་ཤོག །སློབ་དཔོན་འཕགས་པ་ལྷའི་ཞལ་སྔ་ནས་མཛད་པ་བྱང་ཆུབ་སེམས་དཔའི་རྣལ་འབྱོར་སྤྱོད་པ་བཞི་བརྒྱ་པའི་འགྲེལ་པ་ཚིག་དོན་ཙམ་གསལ་བར་བྱེད་པ་འདི་ནི་ཟབ་མོ་ལ་མོས་ཤིང་བློ་ཞན་པའི་སྐྱེ་བོ་དག་ལེགས་པར་བཤད་པ་རིན་པོ་ཆེའི་འབྱུང་གནས་གཞུང་མཆོག་འདི་ལ་བདེ་བླག་ཏུ་འཇུག་པར་བྱ་བའི་ཆེད་དུ་དགེ་སློང་གཞོན་ནུ་བློ་གྲོས་ཀྱིས་སྦྱར་བ་དགེ་ལེགས་སུ་གྱུར་ཅིག །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བའི་རྩ་བ་གང་ཐོབ་པ། །དེས་ནི་སྐྱེ་བོ་ཐམས་ཅད་ཀྱིས། །བདེ་གཤེགས་ཤེས་རབ་ཐོབ་པར་ཤོག །འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག ། བྱང་ཕྱོགས་སྐྱོང་བའི་སྐྱོབ་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པ། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་གྱུར་ཅིག །སྤྲུལ་པའི་གདུང་བརྒྱུད་རྒྱུན་ཆད་མེད་པ་དང་། །ཀུན་ཀྱང་ཕྲིན་ལས་ནམ་མཁའ་མཉམ་པར་ཤོག །དགེའོ།།། །།