cover

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ།

གླེགས་བམ། ཏ༽

རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས།

Nitartha international
རྗེ་རེད་མདའ་བ་གཞོན་ནུ་བློ་གྲོས་ཀྱི་གསུང་འབུམ་འདི་ OCR བྱེད་སའི་གཞི་དེ་མེས་པོའི་ཤུལ་བཞག་ནས་ཡིན་པས་ལས་མི་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ། སྟོད་ཆ།

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་བཞུགས་སོ། །

དམ་པའི་ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ། ཕྱོགས་བཅུའི་རྒྱལ་བ་སྲས་དང་སློབ་མར་བཅས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །གང་གི་ཞབས་པད་ལྷ་དབང་ཚངས་པ་དང་། །གཙུག་ན་ཟླ་བ་གླང་པོའི་གདོང་ལྡན་སོགས། །འཇིག་རྟེན་དྲེགས་ལྡན་གཙུག་གིས་གུས་བསྟེན་པ། །བཅོམ་ལྡན་ལྷ་ཡི་ལྷ་ལ་ཕྱག་འཚལ་ལོ། །ཤེས་རབ་ཆེན་པོས་སྲིད་པའི་ཕ་རོལ་སོན། །སྙིང་རྗེའི་སྟོབས་ཀྱིས་ཞི་བའི་མཐའ་ལས་བརྒལ། །སྲིད་དང་ཞི་བའི་དགྲ་ལས་རྣམ་རྒྱལ་བ། །མི་ཕམ་རྒྱལ་བའི་སྲས་ཀྱིས་བདག་སྐྱོངས་ཤིག ། སྙིགས་མའི་དུས་ན་རྒྱལ་བའི་ཕྲིན་ལས་ཀྱིས། །འཛམ་བུའི་གླིང་འདིར་གསུང་རབ་མ་མོའི་ཚོགས། །མངོན་པའི་སྡེ་སྣོད་གང་གིས་རྣམ་ཕྱེ་བ། །ཐོགས་མེད་ཅེས་གྲགས་འཇིག་རྟེན་གསུམ་ན་རྒྱལ། །བྱང་ཆུབ་ཐུགས་ཀྱི་རྩ་བ་རབ་བརྟན་ཞིང་། །རྩེ་མོ་ལྷག་བསམ་འབྲས་བུའི་ཁུར་གྱིས་བརྗིད། །གཞན་ཕན་ལོ་འདབ་རྒྱས་པའི་བསིལ་གྲིབ་ཀྱིས། །ཉོན་མོངས་གདུང་སེལ་ཆོས་རྗེའི་ཞབས་ལ་འདུད། །ཐུབ་པའི་བསྟན་པ་ལུང་དང་རྟོགས་པའི་ཆོས། །བཙོ་མའི་གསེར་ལྟར་བཟང་ལ་འཕན་མེད་པ། །བརྩེ་བས་སྟོན་དང་བརྩོན་པས་སྒྲུབ་བྱེད་པའི། །དམ་པའི་ཚོགས་རྣམས་ལུས་ཅན་གཙུག་ན་རྒྱལ། །སྔོན་རབས་མཁས་པས་ཡང་ཡང་མ་དཔྱད་པའི། །ཤེས་བྱའི་ཚུལ་དེ་བདག་བློའི་སྤྱོད་ཡུལ་མིན། །མཁའ་ལྡིང་དབང་པོ་རྣམས་ཀྱིས་མ་བགྲོད་པའི། །བྱ་ལམ་གང་དེར་འདབ་ཆགས་སུ་ཡིས་ཕྱིན། །དེ་ལྟ་ན་ཡང་གཞན་གྱིས་བསྐུལ་བ་དང་། །རང་ཉིད་ལེགས་བཤད་གོམས་པ་འཕེལ་ཕྱིར་དང་། །བདག་བས་བློ་གྲོས་དམན་པ་གཞན་འགའ་ལའང་། །ཕན་པར་འདོད་པས་མངོན་པའི་ཆོས་འདི་དབྱེ། །

འདིར་སྡོམ་ནི། དུ་དང་ཞེས་སོགས་ནས། རྟོགས་ནས་བཏུས་པའི་ཕྱིར་རོ། །ཀུན་ལས་བཏུས་པའི་ཕྱིར་རོ། །ཡང་དག་པར་མཐོ་བའི་གནས་ཡིན་པའི་ཕྱིར་རོ། །ཞེས་པའི་བར་མཐའ་དག་ནི། གང་འཆད་པར་འགྱུར་བའི་བསྟན་འཆོས་ཡིན་ནོ། །དེ་ལ། གང་དག་འདི་སྐད་ཅེས། བརྗོད་བྱ་སོགས་དང་བྲལ་བའི་བསྟན་བཅོས་ལ་ནི། བྱ་རོག་སོ་རྟོག་ལ་སོགས་པའི་བསྟན་བཅོས་ལྟར། དེ་ལ་དཔྱོད་ལྡན་འགའ་ཡང་། ཉན་པ་སོགས་ལ་ཡང་གུས་པར་མི་བྱེད་ན། མཁས་པ་སུ་ཞིག་རྩོམ་པ་ལ་འབད་པ་བྱེད་པ་ལྟ་སྨོས་ཀྱང་ཅི་དགོས། དེའི་ཕྱིར་ཐོག་མར་བསྟན་བཅོས་ཀྱི་འབྲེལ་པ་དང་། བརྗོད་པར་བྱ་བ་དང་། དགོས་པ་དང། དགོས་པའི་དགོས་པ་རྣམས་བརྗོད་པར་བྱ་དགོས་སོ། །ཞེས་སྨྲ་ན། བརྗོད་པར་བྱ་སྟེ། འདི་ལྟར། དེ་བཞིན་གཤེགས་པས་གདུལ་བྱ་རྣམས་སྲིད་པ་དང་། ཞི་བའི་རྒུད་པ་མཐའ་དག་ལས་བསྒྲལ་ནས། ཉིད་ཀྱིས་བརྙེས་པའི་ཐར་པ་བླ་ན་མེད་པ་མི་གནས་པའི་མྱ་ངན་འདས་པའི་གོ་འཕང་ལ་འགོད་པར་བཞེད་ནས། ཁམས་དང་། བསམ་པ་དང་། བག་ལ་ཉལ་ཇི་ལྟ་བར་ཆོས་ཀྱི་རྣམ་གྲངས་ཇི་སྙེད་ཅིག་གསུངས་པ་དེ་ཐམས་ཅད། འདུལ་བ་དང་། མངོན་པ་དང་མདོ་སྡེའི་སྡེ་སྣོད་རིན་པོ་ཆེ་གསུམ་དུ་འགྱུར་ཏེ།

ཇི་སྐད་དུ། རྒྱལ་བ་སྟོན་པ་དེ་ཡིས་བསྟན་པ་ནི། །མདོ་དང་ཆོས་མངོན་ཡིན་གསུང་འདུལ་བ་ནི། །སྟོན་དང་བསྟན་པ་ཉིད་ཡིན་དེ་ཡི་ཕྱིར། །ཞེས་གང་གསུངས་པ་ལྟར་རོ། །སྡེ་སྣོད་གསུམས་པོ་དེ་དག་ལས། འདུལ་བ་ནི་ཉེ་བའི་ཉོན་མོངས་མཐའ་གཉིས་ཀྱི་གཉེན་པོར་བསྟན་པ་བཞི་དང་རྣམ་འབྱེད་ལ་སོགས་པ་ལུང་སྡེ་བཞི་གཞུང་འབུམ་སྡེ་གཅིག་ཏུ་གྲགས་པ་འདི་ཉིད་ཐེག་པ་ཆེ་ཆུང་གཉིས་ཀའི་འདུལ་བའི་སྡེ་སྣོད་ཐུན་མོང་བ་ཡིན་གྱི་འདི་ལས་ལོགས་ན་ཐེག་ཆེན་གྱི་འདུལ་བ་གཞན་གང་ཡང་མེད་དོ། །

མདོ་སྡེ་ནི་ཉེ་བའི་ཉོན་མོངས་པ་ཐེ་ཚོམ་གྱི་གཉེན་པོར་བསྟན་པས་གདུལ་བྱའི་ཐེ་ཚོམ་མཐའ་ཡས་པས་དེ་གཅད་པའི་ཆེད་དུ་གསུངས་པའི་ཆོས་ཀྱི་རྣམ་གྲངས་ཀྱང་མཐའ་ཡས་པས་གཞུང་གི་ཚད་འདི་ཙམ་ཞེས་གྲངས་སུ་བཅད་པ་མེད་ཞིང་། ཐེག་པ་ཆེ་ཆུང་གི་སྡེ་སྣོད་ཀྱང་ཐ་དད་པར་ཡོད་དེ་རྒྱས་པར་འོག་ནས་འཆད་དོ། །མངོན་པ་ནི་རང་ལྟ་མཆོག་འཛིན་གྱི་གཉེན་པོར་བསྟན་ཅིང་། འདི་ལ་བྱེ་བྲག་སྨྲ་བ་དག་ན་རེ་འདུལ་བ་དང་མདོ་སྡེ་ལྟར་མངོན་པའི་སྡེ་སྣོད་ལོགས་པར་གསུངས་པ་མེད་ཀྱི་འོན་ཀྱང་གདུལ་བྱའི་དབང་གིས་མདོ་སྡེ་དུ་མར་ཆོས་རྣམས་ཀྱི་མཚན་ཉིད་ལས་བརྩམས་ཏེ་སིལ་བུར་གསུངས་པ་རྣམས་འཕགས་པ་ཀ་ཏ་ཡ་ན་ལ་སོགས་པ་རྣམས་ཀྱིས་ཕྱོགས་གཅིག་ཏུ་བསྡོམས་ནས་བསྟན་བཅོས་ཡེ་ཤེས་ལ་འཇུག་པ་ལ་སོགས་པ་མངོན་པ་སྡེ་བདུན་བསྡུས་པ་ཡིན་པས། འདི་དག་ཁོ་ན་མངོན་པའི་སྡེ་སྣོད་ཡིན་ཏེ། གཞན་དུ་ན་འདི་དག་ལས་གཞན་པའི་མངོན་པའི་སྡེ་སྣོད་མ་དམིགས་པས་དེ་བཞིན་གཤེགས་པའི་བཀའ་ལ་སྡེ་སྣོད་གསུམ་མ་ཚང་བར་འགྱུར་ཞེས་ཟེར་རོ། །

མདོ་སྡེ་པ་དག་ཡེ་ཤེས་ལ་འཇུག་པ་སོགས་ནི་མདོ་མ་ཡིན་ཏེ་མདོ་དང་འགལ་བ་དུ་མ་ཡོད་པའི་ཕྱིར་རོ། །བཀའ་ལ་མངོན་པའི་སྡེ་སྣོད་མ་ཚང་བའི་ཉེས་པ་ཡང་མེད་དེ། མདོ་སྡེ་དང་འདུལ་བའི་སྐབས་གང་དུ་ཆོས་རྣམས་ཀྱི་མཚན་ཉིད་སྟོན་པ་དེ་དག་མངོན་པ་ཡིན་པས། དེ་བས་ན་མདོ་ཉིད་ཚད་མར་བྱའི་བསྟན་བཅོས་ནི་མ་ཡིན་ནོ་ཞེས་ཟེར་རོ། །ཐེག་པ་ཆེན་པོ་པ་ལྟར་ན་མངོན་པའི་སྡེ་སྣོད་ནི་གཉིས་ཏེ། འདི་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་སོ། །

དེ་ལ་དང་པོ་ནི་ཆིག་རྒྱུད་དུ་འགྲེལ་ཆགས་སུ་གསུངས་པ་ནི་མེད་ཀྱི་འོན་ཀྱང་མདོ་སྡེ་དུ་མ་རྣམས་སུ་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ལས་བརྩམས་ཏེ། ཐོར་བུ་ཐོར་བུ་གསུངས་པ་གང་ཡིན་པ་སྟེ། དེ་ནི་རིགས་ཅན་གསུམ་ཀའི་དབང་དུ་བྱས་ནས་གསུངས་པས་ཐེག་པ་ཆེ་ཆུང་གཉིས་ཀའི་མངོན་པའི་སྡེ་སྣོད་ཡིན་ལ། དེའི་ཕྱིར་འདི་ཉིད་དུ་ཡང་། གཏན་ལ་ཕབ་པར་བསྟན་པའི་སྡེ་ནི་གཉིས་ཀའི་ཆོས་མངོན་པའི་སྡེ་སྣོད་དོ་ཅེས་གསུངས་པ་ཡིན་ནོ། །

གཉིས་པ་ནི། བཅོམ་ལྡན་འདས་ཀྱིས་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་རྣམས་ཁོ་ན་ལ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཐོབ་པ་དང་རྗེས་སུ་མཐུན་པ་ཤེས་བྱའི་གནས་ལ་སོགས་པ་དོན་བཅུ་ལས་བརྩམས་ནས་ཐེག་པ་ཆེན་པོ་ཆོས་མངོན་པའི་མདོ་ཞེས་བྱ་བ་སྟོང་ཕྲག་བརྒྱ་པ་ཞིག་བཀའ་བསྩལ་ཏེ། དེ་ནི་ཤེས་བྱ་ཕྲ་མོ་དང་རྒྱ་ཆེན་པོའི་དོན་སྟོན་པའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམས་ཀྱི་སྡེ་སྣོད་ཡིན་གྱི་ཉན་ཐོས་ལ་སོགས་པ་རྣམས་ཀྱི་མ་ཡིན་པས་དེའི་ཕྱིར་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་མངོན་པའི་སྡེ་སྣོད་ཡིན་ནོ། །

དེ་ཡང་སངས་རྒྱས་མྱ་ངན་ལས་འདས་པའི་འོག་ཏུ་སྤྱིར་ཐེག་པ་ཆེན་པོའི་བསྟན་པ་འཛམ་བུའི་གླིང་འདིར་རེ་ཞིག་ནུབ་ཅིང་། བྱེ་བྲག་ཏུ་ཐེག་པ་ཆེན་པོའི་ཆོས་མངོན་པ་ལ་དགྲ་ལན་གསུམ་དར་དེ་འཛམ་བུའི་གླིང་འདིར་ཡོང་ཡེ་ཐམས་ཅད་དུ་ནུབ་པར་གྱུར་ཏོ་ཅེས་གྲག་གོ །དེ་ནས་འཇམ་དཔལ་རྩ་བའི་རྒྱུད་དུ། ཐོགས་མེད་ཅེས་བྱའི་དགེ་སློང་ནི། །བསྟན་བཅོས་དེ་ནི་དོན་ལ་མཁས། །མདོ་སྡེ་དྲང་དོན་ངེས་པའི་དོན། །རྣམ་པ་མང་པོ་རབ་ཏུ་འབྱེད། །འཇིག་རྟེན་རིག་པ་སྟོན་བདག་ཉིད། །གཞུང་འབྱེད་ངང་ཚུལ་ཅན་དུ་འགྱུར། །དེ་ཡི་རིག་པ་གྲུབ་པ་ནི། །ས་ལའི་ཕོ་ཉ་མོ་ཞེས་བརྗོད། །དེ་ཡི་སྔགས་ཀྱི་མཐུ་ཡིས་ནི། །བློ་ནི་བཟང་པོ་སྐྱེ་བར་འགྱུར། །བསྟན་པ་ཡུན་རིང་གནས་བྱའི་ཕྱིར། །མདོ་ཡི་དེ་ཉིད་དོན་བསྡུད་བྱེད། །ལོ་ནི་བརྒྱ་དང་ལྔ་བཅུར་འཚོ། །དེ་ལུས་ཞིག་ནས་ལྷ་ཡུལ་འགྲོ། །འཁོར་བ་རྣམས་སུ་འཁོར་བ་ན། །ཡུན་རིང་བདེ་བ་རྗེས་མྱོང་ནས། །བདག་ཉིད་ཆེན་པོ་མཐར་གྱིས་ཏེ། །བྱང་ཆུབ་ཆེན་པོ་ཐོབ་པར་འགྱུར། །ཞེས་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་འཕགས་པ་ཐོགས་མེད་ཀྱིས། རྒྱལ་བའི་རྒྱལ་ཚབ་ལ་ཐེག་པ་ཆེན་པོའི་ཆོས་ཀྱི་རྣམ་གྲངས་དུ་མ་དང་། མངོན་པའི་མདོ་སྟོང་ཕྲག་བརྒྱ་པ་ཡང་གསན་ནས་སྤྱིར་ཐེག་ཆེན་གྱི་དགོངས་འགྲེལ་གྱི་བསྟན་བཅོས་དུ་མ་མཛད་ཅིང་། ཁྱད་པར་དུ། ཐེག་པ་ཆེན་པོ་ཆོས་མངོན་པའི་དགོངས་འགྲེལ། ཤེས་བྱའི་གནས་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་གནས་བཅུ་མདོར་བསྡུས་ནས་སྟོན་པ་ཐེག་པ་ཆེན་པོ་བསྡུས་པ་དང་། བྱེ་བྲག་ཏུ་སྨྲ་བ་ལ་སོགས་པ་ཐུན་མོང་གི་མངོན་པའི་སྡེ་སྣོད་ཀྱི་དོན་མི་ཤེས་བཞིན་དུ་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་གཏན་ལ་འབེབས་པ་དག་གི་མངོན་པའི་ང་རྒྱལ་གཞོམ་པ་དང་། རྗེས་འཇུག་གི་གདུལ་བྱ་རྣམས་རྗེས་སུ་གཟུང་བར་བཞེད་ནས། ཐུན་མོང་གི་ཆོས་མངོན་པའི་དགོངས་འགྲེལ་ཐེག་པ་གསུམ་ཀའི་རྣམ་བཞག་ཐུན་མོང་དུ་རྒྱས་པར་གཏན་ལ་འབེབས་པས་ས་སྡེ་ལྔ། དེའི་ནང་ནས། རིགས་ཅན་གསུམ་ཀའི་བསླབ་བྱ་དང་། ཤེས་བྱ་ཐུན་མོང་བ་རྣམས་རྗོད་བྱེད་ཉུང་ངུས་གསལ་བར་སྟོན་པར་བྱེད་པའི་བསྟན་བཅོས་ཆོས་མངོན་པ་ཀུན་ལས་བཏུས་པ་འདི་མཛད་དོ་ཞེས་བྱ་བ་ནི་རེ་ཞིག་བསྟན་བཅོས་ཀྱི་འབྲེལ་ཡིན་ནོ། །

བརྗོད་པར་བྱ་བ་ནི་རྒྱས་པར་བསྟན་བཅོས་མཐའ་དག་གིས་འཆད་པར་འགྱུར་ཞིང་མདོར་བསྡུ་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་གསུམ་ཡིན་ཏེ། འགྲེལ་པར། ཅིའི་ཕྱིར་བསྟན་བཅོས་འདི་བརྩམས་ཞེ་ན། །ཕུང་པོ་ལ་སོགས་པ་ལས་བརྩམས་ཏེ། །ཞེས་བཤད་དོ། །དགོས་པ་ནི་འདི་ལས་བརྗོད་བྱ་ཆོས་གསུམ་པོ་དེའི་མཚན་ཉིད་དང་རབ་དབྱེ་ལ་སོགས་པ་བསམ་པར་བྱ་བའི་གནས་རྒྱ་ཆེན་པོ་རྣམས་བདེ་བླག་ཏུ་རྟོགས་ཤིང་ཁོང་དུ་ཆུད་པ་སྟེ། ཡང་དེ་ཉིད་ལས། དུ་དང་ཅིའི་ཕྱིར་ལ་སོགས་པ་བསམ་པའི་གནས་རྣམས་ལ་མཁས་པར་བྱ་བའི་ཕྱིར་ཞེས་བཤད་དོ། །དེ་ལྟར་བསམ་བྱའི་གནས་རྣམས་ལ་མཁས་པར་བྱས་པ་དེས། ཐོས་བསམ་གྱིས་གཏན་ལ་ཕབ་པའི་དོན་དེ་ཉིད་སྒོམ་བྱུང་གིས་རྩེ་གཅིག་པའི་ཚུལ་གྱིས་ཉམས་སུ་བླངས་པས་རང་དོན་རྟོགས་པའི་ཆོས་དང་འབྲེལ་པ་ཞི་ལྷག་ཟུང་འབྲེལ་གྱི་ཡིད་ལ་བྱེད་པ་ཐོས་པ་དང་། གཞན་དོན་ལུང་གི་ཆོས་དང་འབྲེལ་པ་ཚོགས་ཀྱི་ནང་དུ་མཁས་པ་ལ་གྲགས་པའི་ཤེས་བྱའི་གནས་རྣམས་འབེལ་བའི་གཏམ་གྱིས་གཏན་ལ་འབེབས་པ་ལ་ཕས་ཀྱི་རྒོལ་བས་མི་བརྫི་ཞིང་མི་འཇིགས་པ་ཐོབ་པ་ཞེས་བྱ་བ་འདི་ནི་དགོས་པའི་ཡང་དགོས་པ་ཡིན་ནོ། །

དེ་ལྟར་ཡང་འགྲེལ་པར། འདི་ལྟར་མཁས་པ་འདིས་ནི་ཕན་ཡོན་རྣམ་པ་གཉིས་འཐོབ་སྟེ། ཡིད་ལ་བྱེད་པའི་ཕན་ཡོན་དང་། འབྲེལ་བའི་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ནོ། །དེ་ལ་ཡིད་ལ་བྱེད་པའི་ཕན་ཡོན་ནི་ཞི་གནས་ཀྱི་རྗེས་སུ་མཐུན་པ་དང་། ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པར་རིག་པར་བྱའོ། །ཞི་གནས་ཀྱི་རྗེས་སུ་མཐུན་པ་ནི་གནས་འདི་དག་ལ་མཁས་པར་བྱས་པ་ཐེ་ཚོམ་མེད་པས་ཇི་ལྟར་རང་གི་དམིགས་པ་ལ་རྩེ་གཅིག་པའི་ཚུལ་གྱིས་བདེ་བར་སེམས་མཉམ་པར་འཇོག་པའི་ཕྱིར་ཞི་གནས་ཀྱི་རྗེས་སུ་མཐུན་པ་ཡིན་ནོ། །ལྷག་མཐོང་འཕེལ་བའི་རྗེས་སུ་མཐུན་པ་ནི་རྣམ་པ་མང་པོར་ཤེས་བྱ་ཡོངས་སུ་བརྟགས་པས་ཤེས་རབ་ཁྱད་ཞུགས་པར་འགྲོ་བའི་ཕྱིར་རོ། །འབྲེལ་བའི་གཏམ་གཏན་ལ་འབེབས་པའི་ཕན་ཡོན་ནི་གནས་འདི་དག་ལ་མཁས་པར་བྱས་པ་དྲི་བ་ཐམས་ཅད་ལུང་སྟོན་པའི་མཐུ་དང་ལྡན་པས་མི་འཇིགས་པ་ཐོབ་པར་ལྟའོ། །ཞེས་བཤད་པ་ཡིན་ནོ། །

དེ་ལྟར་ན་བསྟན་བཅོས་དང་། དགོས་པ་དང་། དགོས་པའི་དགོས་པ་རྣམས་སྔ་མ་སྔ་མ་མེད་པར་ཕྱི་མ་ཕྱི་མ་རྣམས་མི་འབྱུང་བ་ཞེས་བྱ་བ་ནི་འབྲེལ་པར་གནས་སོ། །དེའི་ཕྱིར་རྣམ་བཤད་རིགས་པར། མདོ་དོན་ཆེ་བ་ཉིད་ཐོས་ནས། །ཉན་པ་དང་ནི་འཛིན་པ་ལ། །ཉན་པ་པོ་དེ་གུས་བྱེད་པས། །ཐོག་མར་དགོས་པ་བརྗོད་པར་བྱ། །ཞེས་པའི་རྗེས་སུ་འབྲངས་ནས་གཞན་བསྟན་བཅོས་ལ་འཇུག་པའི་ཡན་ལག་ཏུ་ཐོག་མར་དགོས་པ་ལ་སོགས་པ་བསྙད་པ་ཡིན་ནོ། །མངོན་པར་འདོད་པའི་དགོས་པ་དེ་ལྟ་བུ་དང་ལྡན་པ་ཡང་བསྟན་བཅོས་ཀྱི་དོན་མདོར་བསྡུས་ཏེ་བསྟན་པ་ལས་བདེ་བླག་ཏུ་འགྲུབ་པ་ཡིན་ཏེ། དེ་ཉིད་ལས། དགོས་པའི་དོན་ནི་བསྡུས་དོན་ལས་ཞེས་བཤད་པ་ཡིན་ནོ། །དེའི་ཕྱིར་འཆད་པ་པོ་རྣམས་ཀྱིས་བསྡུས་དོན་གྱི་གོ་རིམ་ལྟར་ཡན་ལག་གི་དོན་རྣམས་མ་འཛིངས་པ་ཉིད་ཀྱིས་བཤད་པར་བྱ་བ་སླ་བ་ཉིད་དང་། ཉན་པ་པོ་རྣམས་ཀྱིས་བསྟན་བཅོས་ཀྱི་དོན་མ་ལུས་པ་ཚིག་ཉུང་ངུས་བདེ་བླག་ཏུ་བཟུང་སླ་བར་གཟིགས་ནས། སྡོམ་ནི། དུ་དང་ཞེས་པ་ནས་ཀུན་ལས་བསྡུས་པའི་སྤྱི་སྡོམ་ཡིན། ཞེས་པའི་བར་ཚིག་ལེའུར་བྱས་པ་དག་གིས་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་གསུངས་པ་ཡིན་ནོ། །

དེ་ལ་སྡོམ་ནི་ཞེས་བྱ་ནི་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གི་དོན་གྱི་གཙོ་བོ་རྣམས་མདོར་བསྡུས་པ་ནི་ཚིགས་སུ་བཅད་པ་གཉིས་པོ་འདི་དག་ཡིན་ཞེས་པའི་དོན་ནོ། །དུ་དང་ཞེས་པ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་ངོ་བོ་དབྱེ་བ་དང་། ཅིའི་ཕྱིར་ཞེས་པ་ཆོས་གསུམ་གྱི་གྲངས་ངེས་པའི་རྒྱུ་མཚན་དང་། དེ་གསུམ་ལས་ཟག་བཅས་དམིགས་ཀྱི་བསལ་ནས་སྟོན་པ་ཉེར་ལེན་དང་། གསུམ་པོ་སོ་སོའི་རང་བཞིན་མཚོན་པར་བྱེད་པའི་མཚན་ཉིད་དང་། མཚན་ཉིད་དེ་ལྟར་གྱི་མཚན་གཞི་བྱེ་བྲག་ཏུ་གཏན་ལ་འབེབས་པར་བྱེད་པ་གསུམ་པོ་དེའི་རྣམ་བཞག་དང་། དེ་ལྟར་རྣམ་པར་བཞག་པའི་ཆོས་གསུམ་པོ་དབྱེ་བ་སོགས་ཀྱི་སྐབས་སུ་གོ་རིམ་དེ་ལྟར་སྟོན་པའི་རྒྱུ་གོ་རིམ་དང་། གོ་རིམ་དེ་ལྟར་བསྟན་པའི་ཆོས་གསུམ་སོ་སོའི་མིང་དོན་གཏན་ལ་འབེབས་པ་སྒྲ་དོན་དང་། མདོ་ལས། གཟུགས་སོགས་ལྔ་ལྦུ་བ་ལྡོས་པ་སོགས་འཇིག་རྟེན་ན་རང་བཞིན་མེད་པར་གྲགས་པའི་དཔེ་ལྔ་དང་མཚུངས་པར་བསྟན་པའི་དགོངས་པ་གཏན་ལ་འབེབས་པ་དཔེ་དང་། བདག་མེད་རྟོགས་པའི་ཤེས་རབ་སྐྱེད་པའི་ཆེད་དུ་བ་ཆོས་གསུམ་གྱི་རྣམ་པའི་རབ་དབྱེ་དང་། བསྡུས་ལ་སོགས་པ་རྣམ་པ་བཞིའོ། །

དེ་དག་ཀྱང་གང་ཞེ་ན། སེམས་ཀྱི་དམིགས་པ་མངོན་པར་བསྡུས་ནས་རྩེ་གཅིག་པའི་ཏིང་ངེ་འཛིན་བསྐྱེད་པའི་ཆེད་དུ་བ་ཆོས་གསུམ་གཅིག་གིས་གཅིག་བསྡུས་པའི་ཚུལ་དང་། བདག་མེད་པའི་སེམས་ཙམ་ལ་ཚོར་སོགས་འཐད་པར་རྟོགས་པའི་ཆེད་དུ་བ་ཆོས་གསུམ་གྲོགས་དང་གྲོགས་ཅན་དུ་འགྱུར་བའི་ཚུལ་མཚུངས་ལྡན་དང་། འཇིག་རྟེན་གྱི་འབྱོར་རྒུད་ལ་ཆགས་པ་སྤོང་བའི་ཆེད་དུ་བ་ཆོས་གསུམ་འཕེལ་འགྲིབ་གྱི་མཚན་ཉིད་ཤེས་པར་བྱེད་པ་ལྡན་པ་དང་། ཤེས་པར་བྱ་བའི་དངོས་པོ་ཕུང་པོ་ཁམས་དང་སྐྱེ་མཆེད་གསུམ་པོ་དེ་ཉིད་ཤེས་པར་བྱ་བའི་དོན། སྤྱད་བྱ་མངོན་རྟོགས་ཀྱི་དམིགས་ཡུལ། སྤྱོད་པའི་རང་བཞིན་མངོན་རྟོགས་ཀྱི་རྒྱུ་ཚོགས། སྤྱད་པའི་འབྲས་བུ་རང་བཞིན་གྱི་དོན་ཏེ། གསུམ་གྱི་སྒོ་ནས་བྱེ་བྲག་ཏུ་གཏན་ལ་འབེབས་པ་རྣམ་པར་ངེས་པའོ། །

དེ་ཡང་བཞིར་དབྱེ་སྟེ། དམིགས་ཡུལ་བདེན་པ་བཞི་མཚན་གཞིའི་རབ་དབྱེ་དང་། མཚན་ཉིད་ཀྱི་རྣམ་པའི་སྒོ་ནས་གཏན་ལ་འབེབས་པ་བདེན་པ་རྣམ་ངེས་དང་། དམིགས་བྱེད་མངོན་རྟོགས་ཀྱི་སྐྱེ་ཚུལ་ལ་གསུང་རབ་ཀྱི་ཆོས། དེ་གང་གི་ཡུལ་ཡིན་པ་ཆོས་ལ་དམིགས་པའི་རབ་དབྱེ། ཆོས་ལ་སྤྱོད་པའི་རབ་དབྱེ། སྤྱད་པ་མངོན་རྟོགས་ཀྱི་སྐྱེ་ཚུལ། ཆོས་ལ་བརྩོན་པ་རྣལ་འབྱོར་གྱི་ས། ཆོས་ལ་མཁས་པ་གནས་ཀྱི་ཁྱད་པར། ཤིན་ཏུ་རྒྱས་པའི་སྡེ་སྣོད་ཁྱད་པར་དུ་གཏན་ལ་དབབ་པ་དང་། བརྒྱད་ཀྱིས་གཏན་ལ་འབེབས་པ་ཆོས་རྣམ་ངེས་དང་། རང་དོན་རྟོགས་པའི་ཆོས་ཐོབ་ཚུལ་ལ། ཐོབ་བྱེད་གང་ཟག །ཐོབ་བྱ་མངོན་རྟོགས། ཐོབ་འབྲས་ཡོན་ཏན་གྱི་དབྱེ་བ་དང་གསུམ་གྱི་སྒོ་ནས་གཏན་ལ་འབེབས་པ་ཐོབ་པ་རྣམ་ངེས་དང་། གཞན་དོན་ལུང་གི་ཆོས་དང་འབྲེལ་པ་ཤེས་བྱའི་གནས་རྣམས་ངག་སྐྱོན་མེད་ཀྱིས་གཏན་ལ་འབེབས་ཚུལ་ལ་དོན་གྱི་བཤད་བྱ། རྣམ་བཤད་ཀྱི་བཤད་ཚུལ། ཕྱེ་ནས་བསྟན་པས་ཞིབ་ཏུ་བཤད་ཚུལ། བསྡུ་བས་དགོས་ཆེད་ཀྱི་དབང་གིས་བསྡུ་ཚུལ། སྨྲ་བས་རྩོད་ཚུལ། ལྡེམ་དགོངས་ཀྱི་བརྗོད་པ་ཟབ་མོ་བཤད་ཚུལ་དང་བཅས་པས་གཏན་ལ་འབེབས་པ་འབྲེལ་བའི་གཏམ་རྣམ་པར་ངེས་པ་སྟེ། དེ་ལྟར་ན་ཆོས་བཅུ་དྲུག་པོ་འདི་ནི་ཆོས་མངོན་པ་ཀུན་ལས་བཏུས་པའི་བརྗོད་བྱ་རྗོད་བྱེད་ཀྱི་སྤྱི་སྟེ་བསྡུས་པའི་སྡོམ་ཡིན་ནོ། །ཡང་ན་བསྟན་བཅོས་འདིའི་བསྡུས་དོན་ནི་རྣམ་པ་གཉིས་སུ་བལྟ་བར་བྱ་སྟེ། འདི་ལྟར། བརྗོད་བྱ་དོན་གྱི་རང་བཞིན་ངེས་པར་འབྱེད་པ་དང་། རྗོད་བྱེད་ཚིག་གི་རང་བཞིན་ངེས་པར་འབྱེད་པའོ། །དང་པོ་ནི་ཀུན་ལས་བཏུས་པ་དང་པོ་བཞི་ཡིན་ཏེ། འདི་དག་གིས་གསུང་རབ་ཀྱི་བརྗོད་བྱའི་གཙོ་བོ་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཕྱོགས་མ་ལུས་པ་གཏན་ལ་འབེབས་པའི་ཕྱིར་རོ། །

གཉིས་པ་ནི་འབྲེལ་གཏམ་རྣམ་པར་ངེས་པ་ཡིན་ཏེ། དེས་ནི་སློབ་མ་རྗེས་སུ་གཟུང་བའི་ཡན་ལག་མདོ་དང་བསྟན་བཅོས་ཀྱི་ཆོས་བཤད་པའི་ཚུལ། རྒོལ་བ་ཚར་གཅད་པའི་ཡན་ལག །རྒོལ་ཕྱིར་རྒོལ། རྩོད་པའི་ཚུལ། དྲང་དོན་གྱི་དགོངས་པ་རྟོགས་པའི་ཡན་ལག་ལྡེམ་དགོངས་ཀྱི་བརྗོད་པ་ཟབ་མོ་བཤད་ཐབས་རྣམས་གཏན་ལ་འབེབས་པའི་ཕྱིར་རོ། །བརྗོད་བྱ་དོན་གྱི་རང་བཞིན་ངེས་བྱེད་དེ་ལ་ཡང་ཆོས་གསུམ་སྤྱིར་གཏན་ལ་འབེབས་པ་དང་། རྟོགས་དཀའ་བྱེ་བྲག་ཏུ་གཏན་ལ་འབེབས་པ་གཉིས་ཡིན་པ་ལས། དང་པོ་ནི་མཚན་ཉིད་ཀུན་ལས་བཏུས་པ་སྟེ་དེས་ནི་ཤེས་བྱའི་དངོས་པོ་ཕུང་ཁམས་སྐྱེ་མཆེད་གསུམ། ཤེས་བྱའི་དོན་དུ་དང་ཅིའི་ཕྱིར་ལ་སོགས་པ་ཆོས་བཅུ་གཉིས་ཀྱི་སྒོ་ནས་གཏན་ལ་འབེབས་པའི་ཕྱིར་རོ། །

གཉིས་པ་ནི་བདེན་པ་རྣམ་ངེས་དང་། ཆོས་དང་། ཐོབ་པ་རྣམ་པར་ངེས་པ་གསུམ་ཡིན་ཏེ། དེ་དག་གིས་གོ་རིམ་བཞིན་དུ་ཆོས་གསུམ་པོ་དེ་ཉིད་སྤྱད་བྱ་མངོན་རྟོགས་ཀྱི་དམིགས་ཡུལ། སྤྱོད་པའི་ངོ་བོ་མངོན་རྟོགས་ཀྱི་རྒྱུ་ཚོགས། སྤྱད་པའི་འབྲས་བུ་རྣམས་སུ་བསྡུས་ནས་གཏན་ལ་འབེབས་པའི་ཕྱིར་རོ། །ཅིའི་ཕྱིར་བརྗོད་བྱ་རྗོད་བྱེད་གཉིས་གཏན་ལ་འབེབས་པའི་དབང་དུ་བྱས་ནས་བསྟན་བཅོས་བརྩམས་ཞེ་ན། སོ་སོ་ཡང་དག་པར་རིག་པ་བཞིའི་རྟོག་པ་བསྐྱེད་པར་བྱ་བའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན། ཀུན་ནས་ཉོན་མོངས་དང་། རྣམ་བྱང་གི་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད་པ་ལས་ནི་དོན་སོ་སོ་ཡང་དག་པར་རིག་པ་སྐྱེ་བར་འགྱུར་ལ། དེ་དག་གི་ངོ་བོའི་དབྱེ་བ་དང་། རྣམ་པའི་རབ་དབྱེ་རྒྱ་ཆེན་པོ་ཁོང་དུ་ཆུད་པ་ལས་ནི་སྤོབས་པ་སོ་སོ་ཡང་དག་པར་རིག་པ་སྐྱེ་བར་འགྱུར་བའི་ཕྱིར། བརྗོད་བྱའི་དོན་བསྟན་བཅོས་སུ་གཏན་ལ་དབབ་པ་བྱས་སོ། །ཆོས་རྣམས་ཀྱི་མིང་གི་རྣམ་གྲངས་དུ་མ་ཤེས་པ་ལས་ནི་ཆོས་སོ་སོ་སོ་ཡང་དག་པར་རིག་པ་སྐྱེ་བར་འགྱུར་ལ། མིང་གི་རྣམ་གྲངས་དེ་དག་ཀྱང་ཡུལ་སོ་སོའི་བརྡའ་དང་མཐུན་པར་ཁོང་དུ་ཆུད་པར་ལས་ནི་ངེས་པའི་ཚིག་སོ་སོ་ཡང་དག་པར་རིག་པ་སྐྱེ་བའི་ཕྱིར་བརྗོད་བྱེད་ཀྱི་ཚིག་བསྟན་བཅོས་སུ་གཏན་ལ་དབབ་པ་བྱས་སོ། །ཡང་ན་ལམ་སྒྲུབ་པ་པོའི་གང་ཟག་གི་ཆ་རྐྱེན་གྱི་དབང་དུ་བྱས་ན་བསྟན་བཅོས་ཀྱི་ལུས་གསུམ་དུ་འགྱུར་ཏེ། འདི་ལྟར། གཏན་ལ་དབབ་བྱའི་ཡུལ་དང་། ཉམས་སུ་བླངས་བྱའི་ལམ་དང་ཉམས་ལེན་བྱས་པའི་འབྲས་བུའོ། །དང་པོ་ལ་ཡང་ཐོས་བསམ་གྱིས་སྒྲོ་འདོགས་གཅད་པའི་ཡུལ་དང་། སྒོམ་བྱུང་གིས་ཉམས་སུ་བླང་བྱའི་ཡུལ་གཉིས་ཡིན་ལ། དང་པོ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཏེ། དེ་དག་ལ་བྱིས་པ་རྣམས་གཙང་བདེ་རྟག་བདག་སོགས་སུ་སྒྲོ་འདོགས་པས་དེ་དག་ཐོས་བསམ་གྱིས་མི་རྟག་པ་དང་བདག་མེད་སོགས་སུ་གཏན་ལ་དབབ་པར་བྱ་བ་ཡིན་པའི་ཕྱིར་རོ། །

གཉིས་པ་ནི་འཕགས་པའི་བདེན་པ་གཅིག་སྟེ། རྣལ་འབྱོར་པས་དེ་དག་མི་རྟག་པ་ལ་སོགས་པ་རྣམ་པ་བཅུ་དྲུག་གི་སྒོ་ནས་ཉམས་སུ་བླངས་པ་ལས་ཉོན་མོངས་པའི་དྲི་མ་མཐའ་དག་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་དང་པོ་ནི་མཚན་ཉིད་ཀུན་ལས་བཏུས་པས་གཏན་ལ་འབེབས་ཤིང་། གཉིས་པ་ནི་བདེན་པ་རྣམ་པར་ངེས་པས་གཏན་ལ་འབེབས་སོ། །ལམ་ནི་ཆོས་རྣམ་པར་ངེས་པ་སྟེ། དེས་ཐོས་བསམ་བསྒོམ་གསུམ་བྱ་ཡུལ་གསུང་རབས་ཡན་ལག་བཅུ་གཉིས་སྡེ་སྣོད་གསུམ་དུ་བསྡུས་ཚུལ་དང་། དེ་ལ་ཐོས་བསམ་སྒོམ་གསུམ་གྱིས་སྤྱད་པས་མངོན་རྟོགས་སྐྱེ་ཚུལ་ཕན་ཡོན་དང་བཅས་པ་སྟོན་པའི་ཕྱིར་རོ། །འབྲས་བུ་ནི་ཐོབ་པ་དང་། འབྲེལ་གཏམ་རྣམ་ངེས་ཏེ། རྒྱུ་མཚན་སྔར་བསྟན་པ་ཉིད་དོ། །དེ་ལྟར་རྣམ་པར་བཞག་པའི་བསྟན་བཅོས་ཀྱི་ལུས་དེ་ཡང་རྣམ་པ་གཉིས་ཏེ། སྒྲ་དང་། དོན་ཏེ། དང་པོ་ནི་དུ་དང་ཞེས་པ་ལ་སོགས་པ་ཚིག་ལེའུར་བྱས་པ་གཉིས་ཡིན་ཏེ། དེ་དག་གིས་འཆད་པར་འགྱུར་བའི་བསྟན་བཅོས་མཐའ་དག་གི་ཚིག་ཇི་ལྟར་གཙོ་བོ་རྣམས་བསྡུས་པའི་ཕྱིར་རོ། །གཉིས་པ་ནི་དུ་སོགས་ཀྱིས་བསྟན་པའི་དབྱེ་བ་ལ་སོགས་པ་ཆོས་བཅུ་དྲུག་ཡིན་ཏེ། བསྟན་བཅོས་ཀྱི་བརྗོད་པར་བྱ་བ་མ་ལུས་པ་དེ་དག་གིས་བསྡུས་པའི་ཕྱིར་རོ། །

ཀུན་ལས་བཏུས་པ་དང་པོ་མཚན་ཉིད་ཀུན་ལས་བཏུས་པ།

དེ་ལྟར་མདོར་བསྡུས་ཏེ་བསྟན་བཅོས་ཀྱི་ལུས་རྣམ་པར་བཞག་པ་དེ་ཉིད། ཡན་ལག་རེ་རེ་ནས་རྒྱས་པར་འཆད་པ་ལ་གཉིས། མིང་ལྡན་གྱི་བསྟན་བཅོས་དངོས་དང་། བསྟན་བཅོས་ཀྱི་མིང་དོན་བཤད་པའོ། །དང་པོ་ལ་ཡང་ཆོས་གསུམ་སྤྱིར་བཤད། རྟོགས་དཀའ་བྱེ་བྲག་ཏུ་གཏན་ལ་དབབ་པ་གཉིས་སོ། །དང་པོ་ལ་དོན་བཅུ་གཉིས། ཕུང་ཁམས་སྐྱེ་མཆེད་ཀྱི་ངོ་བོའི་དབྱེ་བ་དང་། གྲངས་ངེས་པའི་རྒྱུ་དང་། ཟག་བཅས་ཉེར་ལེན་དུ་བསྟན་པ་དང་། ཆོས་གསུམ་གྱི་མཚན་ཉིད་དང་། སོ་སོའི་རྣམ་བཞག་དང་། གོ་རིམ་དང་། མིང་དོན་དང་། དཔེ་དང་། རྣམ་པའི་རབ་དབྱེ་དང་། བསྡུས་པ་དང་། མཚུངས་ལྡན་དང་། ལྡན་པའོ། །དང་པོ་ལ་གཉིས་ལས། དྲི་བ་ནི་གལ་ཏེ་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་བརྗོད་བྱར་བྱས་པའི་བསྟན་བཅོས་རྩོམ་ན་ཕུང་པོ་རྣམས་ནི་གྲངས་དུ་ཞིག་ཡོད། དེ་བཞིན་དུ་ཁམས་དང་སྐྱེ་མཆེད་རྣམས་ལ་ཡང་དུ་ཞེ་ན། འདིར་ཕུང་ཁམས་སྐྱེ་མཆེད་ཀྱི་མིང་ཙམ་ཡང་བསྟན་བཅོས་སུ་སྔར་མ་སྨོས་ན་དེ་དག་གི་གྲངས་ཀྱི་དབྱེ་བ་གློ་བུར་དུ་འདྲི་བ་ཇི་ལྟར་རིགས། ཁྱད་གཞི་མེད་པར་ཁྱད་པར་གྱི་ཆོས་ལ་སྤྱོད་པ་ནི་འགའ་ཡང་མེད་དོ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འཆད་པ་པོ་རྣམས་ཀྱིས་བསྟན་བཅོས་ཀྱི་ལུས་འཆད་པའི་ཐོག་མར་འཇུག་པའི་ཡན་ལག་ཏུ་བརྗོད་བྱ་དང་དགོས་པ་ལ་སོགས་པ་འཆད་པ་ནི་གཞུང་ལུགས་པ་སྤྱིའི་ཚུལ་ཡིན་ལ། འདིར་ཡང་འཆད་པ་པོ་དག་གིས་སྔར་བསྟན་བཅོས་ཀྱི་དགོས་སོགས་འཆད་པ་ན་བསྟན་བཅོས་ཀྱི་བརྗོད་བྱ་ཕུང་པོ་ཁམས་དང་སྐྱེ་མཆེད་ཡིན་ནོ་ཞེས་བསྙད་པའི་དབང་དུ་བྱས་ནས་དྲི་བ་བརྩམས་པས་སྐྱོན་མེད་དོ། །དེ་ལྟ་ན་ཡང་འཆད་པའི་ཚེ་འབྲེལ་ཡང་རྩོམ་པ་ན་འབྲེལ་པ་མེད་པར་འགྱུར། ཞེ་ན། འཆད་པའི་ཚེ་འབྲེལ་པས་ཆོག་མོད། བསྟན་བཅོས་ཀྱི་ལུས་རྩོམ་པའི་ཐོག་མར་ཡང་དེའི་འབྲེལ་པ་གཞན་ཞིག་ངེས་པར་བརྩམ་དགོས་ན་ཐུག་པ་མེད་པ་དང་། བསྟན་བཅོས་ཀུན་ལ་མདོ་ལྟར་དུ་གླེང་གཞི་རེ་ཙམ་དགོས་པར་ཧ་ཅང་ཐལ་བར་འགྱུར་རོ། །

གཉིས་པ་ལན་ལ་གསུམ་ལས། དང་པོ་ཕུང་པོའི་གྲངས་ལ། དབྱེ་གཞི་ནི་ཕུང་པོ་རྣམས་ནིའོ། །ནི་ཞེས་པ་འོག་མ་གཉིས་ལས་དམིགས་ཀྱིས་དགར་བ་སྟེ། ཆོས་གསུམ་གྱི་གྲངས་ངེས་སྟོན་པའི་སྐབས་འདིར་ཕུང་པོ་ཁོ་ནའི་གྲངས་ལྔར་ངེས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ནི་མ་ཡིན་ནོ་ཞེས་པའོ། །ནི་འོག་མ་གཉིས་ལ་ཡང་དེ་བཞིན་དུ་སྦྱར་རོ། །དབྱེ་བའི་གྲངས་ནི་ལྔ་སྟེ་ཞེས་པའོ། །ཕྱེ་བའི་ངོ་བོ་ནི། གཟུགས་ཀྱི་ཕུང་པོ་དང་། ཞེས་པ་ནས་རྣམ་པར་ཤེས་པའི་ཕུང་པོའོ་ཞེས་པའི་བར་རོ། །དེ་ལ་གཞིག་ཅིང་གཞོམ་དུ་རུང་བས་ན་གཟུགས་སྟེ་དེའི་མཚན་ཉིད་ཅན་གང་ཅི་ཡང་རུང་བ་ཐམས་ཅད་ཕྱོགས་གཅིག་ཏུ་བློས་སྤུངས་པའམ་དེ་ཉིད་ཀུན་ནས་ཉོན་མོངས་པའི་ཁུར་ཁྱེར་བའི་ཕྱིར་རམ། སྡུག་བསྔལ་ཤིན་ཏུ་རྒྱས་པའི་མཚན་ཉིད་ཀྱི་ཕྱིར་ན་དེའི་ཕུང་པོའོ། །ཉམས་སུ་མྱོང་བས་ན་ཚོར་བ། འདུས་ཏེ་ཤེས་པའི་མཚན་མར་འཛིན་པས་ན་འདུ་ཤེས། སེམས་མངོན་པར་འདུ་བྱེད་པས་ན་འདུ་བྱེད། ཡུལ་སོ་སོར་རྣམ་པར་རིག་པས་ན་རྣམ་པར་ཤེས་པ་ཏེ། དེའི་མཚན་ཉིད་ཅན་གང་ཅི་ཡང་རུང་བ་ཀུན་བློས་ཕྱོགས་གཅིག་ཏུ་སྤུངས་པས་ན་དེའི་ཕུང་པོའོ། །ཅིས་སྟེ་གཟུགས་ཀྱང་ཡིན་ལ་ཕུང་པོ་ཡང་ཡིན་པས་གཟུགས་ཀྱི་ཕུང་པོ་ཞེས་བྱའམ། གཟུགས་དང་འབྲེལ་བའི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོ་ཅེས་བྱ། དང་པོ་ལྟར་ན་ཕུང་པོ་བཏགས་ཡོད་གཟུགས་དང་གཞི་མཐུན་དུ་མི་རིགས་ལ། གཉིས་པ་ལྟར་ན་ཡང་ཕུང་པོ་བརྟགས་ཡོད་གཟུགས་ལས་དོན་གཞན་དུ་མེད་པས་འབྲེལ་པའི་སྒྲ་སྦྱོར་བ་མི་རིགས་སོ་ཅེ་ན། གཉིས་ཀ་ལྟར་ཡང་མི་རུང་བ་མེད་དེ། ཕུང་པོའི་དོན་ཀུན་ནས་ཉོན་མོངས་པའི་ཁུར་ཁྱེར་བ་དང་། སྡུག་བསྔལ་ཤིན་ཏུ་རྒྱས་པ་ལ་བྱེད་ན། དང་པོ་ལྟར་ཡིན་ལ། སྤུངས་པའི་དོན་ཅན་དུ་བྱེད་ན། ཕྱི་མར་འགྱུར་བའི་ཕྱིར་རོ། །

གཉིས་པ་ཁམས་ཀྱི་གྲངས་ལ་དབྱེ་གཞི་ནི། ཁམས་རྣམས་ནིའོ། །དབྱེ་གྲངས་ནི་བཅོ་བརྒྱད་དོ། །ཕྱེ་བའི་ངོ་བོ་ནི། མིག་གི་ཁམས་དང་ཅེས་པ་ནས་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་སོ། །ཅེས་པའི་བར་རོ། །དེ་ལ་གཟུགས་འཛིན་པའི་འདས་ད་ལྟར་གྱི་ཉེར་སྤྱོད་གནས་ཀྱི་སྒོ་ནས་འཛིན་པས་སམ་མིག་མངོན་གྱུར་གྱི་རྒྱུ་བྱེད་པས་ན་མིག་གི་ཁམས་སོ། །དེ་ལྟ་བུའི་ཉེར་སྤྱོད་དམིགས་པའི་སྒོ་ནས་འཛིན་པའམ། གཟུགས་འགྲུབ་པའི་རྒྱུ་བྱེད་པས་ན་གཟུགས་ཀྱི་ཁམས་སོ། །གཟུགས་འཛིན་གྱི་ཉེར་སྤྱོད་ཀྱི་རང་གི་མཚན་ཉིད་འཛིན་པའམ། དེ་མངོན་འགྱུར་འགྲུབ་པའི་རྒྱུ་ཡིན་པས་ན་མིག་གི་རྣམ་པར་ཤེས་པའི་ཁམས་ཏེ། དེ་ལྟར་ལྷག་མ་དག་ལ་ཡང་ཅི་རིགས་པར་སྦྱར་བར་བྱས་ཏེ་གོ་སླའོ། །འདིར་ཉེར་སྤྱོད་འཛིན་པ་ཁམས་ཀྱི་དོན་དུ་བྱས་ན་མིག་ཀྱང་ཡིན་ལ་མིག་གི་ཁམས་ཀྱང་ཡིན་པས་ན་མིག་གི་ཁམས་ཞེས་སོགས་གཞི་མཐུན་དུ་སྦྱར་ལ། ཁམས་ཀྱི་སྒྲ་རྒྱུའི་དོན་ཅན་དུ་བྱས་ན་མིག་དང་འབྲེལ་པའི་ཁམས་ནི་མིག་གི་ཁམས་སོ་ཅེས་སོགས་འབྲེལ་པའི་སྒྲར་སྦྱར་རོ། །

གསུམ་པ་སྐྱེ་མཆེད་ཀྱི་གྲངས་ལ་དབྱེ་གཞི་ནི་སྐྱེ་མཆེད་རྣམས་ནིའོ། །དབྱེ་གྲངས་བཅུ་གཉིས་སོ། །ཕྱེ་བའི་ངོ་བོ་ནི་མིག་གི་སྐྱེ་མཆེད་དང་། ཅེས་པ་ནས་ཆོས་ཀྱི་སྐྱེ་མཆེད་དོ་ཅེས་པའི་བར་རོ། །མ་འོངས་པའི་མིག་ཤེས་གནས་ཀྱི་སྒོ་ནས་སྐྱེ་བའི་སྒོ་བྱེད་པའམ་མིག་མངོན་འགྱུར་གྱི་རྒྱུ་བྱེད་པས་ན་མིག་གི་སྐྱེ་མཆེད། དེ་འདྲའི་ཉེར་སྤྱོད་དམིགས་པའི་སྒོ་ནས་སྐྱེ་བའི་སྒོ་འབྱེད་སམས་གཟུགས་མངོན་གྱུར་འགྲུབ་པའི་རྒྱུ་བྱེད་པས་ན་གཟུགས་ཀྱི་སྐྱེ་མཆེད་དེ། དེ་ལྟར་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱོར། །འདིར་ཡང་ཚིག་སྦྱར་བའི་ཚུལ་སྔ་མ་ལྟར་ཤེས་པར་བྱའོ། འདིར་ཆོས་གསུམ་གྱི་མཚན་ཉིད་ཀྱི་སྔར་དེ་དག་གི་དབྱེ་བ་སྨོས་པ་ནི། དེ་དག་ལ་མཚན་ཉིད་ཐུན་མོང་བ་རེ་རྗེས་སུ་འཇུག་པ་མེད་པས་དབྱེ་བ་མ་བྱས་པར་མཚན་ཉིད་བརྗོད་པར་མི་ནུས་པའི་ཕྱིར་རོ། །དེ་བས་ན་དབྱེ་བ་སྔར་སྨོས་པ་ནི་ཆོས་གསུམ་གྱི་མཚན་ཉིད་བདེ་བླག་ཏུ་རྟོགས་པའི་དགོས་པ་ཅན་ཡིན་ནོ། །

གཉིས་པ་གྲངས་ངེས་པའི་རྒྱུ་ལ་གསུམ་ལས། དང་པོ་ཕུང་པོའི་གྲངས་ངེས་ལ་དྲི་བ་ནི། དགོས་པ་དང་རྒྱུ་མཚན་ཅིའི་ཕྱིར་ཕུང་པོ་རྣམ་ལྔ་ཁོ་ནར་གྲངས་ངེས་གཟུགས་ཅན་དང་གཟུགས་ཅན་མ་ཡིན་པའི་ཕུང་པོ་གཉིས་སུ་ཡང་བསྡུར་རུང་ལ་རྒྱས་པར་བྱེད་ན་མང་པོར་དབྱེར་རུང་བས་སོ་ཞེ་ན། ལན་ལ། སྤྱིར་དེ་བཞིན་གཤེགས་པས་གདུལ་བྱ་རྣམས་ལ་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་གསུངས་པ་ནི་གོ་རིམ་བཞིན་དུ་གཅིག་པུ་དང་རྒྱུ་དང་ཟ་བ་པོའི་བདག་ཏུ་འཛིན་པའི་གཉེན་པོར་གསུངས་པ་ཡིན་ཏེ། ཇི་སྐད་དུ་འགྲེལ་པར། ཅིའི་ཕྱིར་ཕུང་པོ་ལ་སོགས་པ་བཤད་ཅེ་ན། བདག་ཏུ་འཛིན་པ་རྣམ་པ་གསུམ་གྱི་གཉེན་པོར་གོ་རིམ་བཞིན་ནོ། །བདག་ཏུ་འཛིན་པ་རྣམ་པ་གསུམ་ནི་གཅིག་པུར་འཛིན་པ་དང་། ཟ་བ་པོར་འཛིན་པ་དང་། བྱེད་པ་པོར་འཛིན་པའོ་ཞེས་བཤད་དོ། །གཅིག་པུར་འཛིན་པ་སྔོན་དུ་འགྲོ་བའི་བདག་ཏུ་འཛིན་པ་དེ་ཡང་ཕྱི་རོལ་ཚེར་མ་སོགས་འདོན་པའི་ཚུལ་གྱིས་སྤོང་བར་ནུས་པ་མ་ཡིན་གྱི་འོན་ཀྱང་ནང་བློའི་སྐྱོན་རྣམས་སྤོང་བར་བྱེད་པ་ན་བློ་དེའི་བཟུང་བྱའི་ཡུལ་སུན་ཕྱུང་པའི་སྒོ་ནས་སྤོང་བར་བྱེད་པ་ཡིན་ཏེ། །དོན་ལ་གནས་པའམ་སྒྲོ་བཏགས་པའི་ཡུལ་གང་ཡང་མེད་པར་དེ་འཛིན་གྱི་བློ་འཇུག་པ་མི་རུང་བའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་འགྲེལ་ལས། ཡོན་ཏན་སྐྱོན་དང་རྗེས་འབྲེལ་བའི། །འདོད་དང་སྡང་སོགས་སྤོང་བ་ནི། །དེ་དག་ཡུལ་ལ་མ་མཐོང་བས། །ཡིན་གྱི་ཕྱི་ཚུལ་དག་གིས་མིན། །ཞེས་དང་། འདི་ཡུལ་སུན་ཕྱུང་མེད་པར་ནི། །དེ་སྤོང་བར་ནི་ནུས་མ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །དེ་བས་ཡུལ་བདག་བཀག་པའི་སྒོ་ནས་ཡུལ་ཅན་བདག་ཏུ་འཛིན་པ་དགག་དགོས་ལ། བདག་བཀག་པ་ན་ཡང་འདི་སྙམ་དུ་ཉ་ཕྱིས་ལ་དངུལ་དང་། ཐག་ཁྲ་ལ་སྦྲུལ་དུ་འཛིན་པ་ལ་སོགས་འཇིག་རྟེན་ན་འཁྲུལ་པ་སྐྱེ་བ་གང་ཇི་སྙེད་པ་ཀུན་ནི་བདེན་རྫུན་ཕན་ཚུན་ཆོས་མཐུན་པར་མཐོང་བ་ལས་སྐྱེ་བར་མཐོང་གི་འགའ་ཡང་གཞི་མེད་པ་ལ་འཁྲུལ་པ་མ་མཐོང་བས་བདག་མེད་ན་བདག་ཏུ་ལྟ་བ་ནི་གཞི་གང་ལ་བྱུང་སྙམ་དུ་དགོས་པ་ལ་བདག་ཏུ་འཁྲུལ་པའི་གཞི་བསྟན་དགོས་ལ་དེ་ཡང་གཟུགས་ལ་སོགས་པའི་ཕུང་པོ་ལྔ་ཁོ་ན་ཡིན་ཏེ། ཇི་སྐད་དུ། དགེ་སྦྱོང་ངམ་བྲམ་ཟེ་གང་ལ་ལ་བདག་གམ་བདག་གིར་ཡང་དག་པར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ཁོ་ན་ལའོ། །ཞེས་གསུངས་པའི་ཕྱིར་རོ། །

དེ་བས་ན་བདག་ཏུ་འཛིན་པ་ཟློག་པའི་དོན་དུ་བདག་ཏུ་འཁྲུལ་པའི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཕུང་པོ་ལྔ་ཁོ་ནར་བསྟན་ནོ། །དེ་ལ་ལུས་ཡོངས་སུ་བཟུང་བ་དང་བཅས་པ་ནི་བདག་གི་གཞི་ཡིན་ཏེ། ལུས་མིག་ལ་སོགས་པ་དབང་པོ་ལྔས་ཡོངས་སུ་བཟུང་བ་གཟུགས་ལ་སོགས་པའི་དོན་ལྔ་ལ་ལོངས་སྤྱོད་པ་ན་ལྟ་བ་པོ་དང་ཉན་པོ་ལ་སོགས་པའི་བདག་ཏུ་ཞེན་པ་སྐྱེ་བའི་ཕྱིར་རོ། །དེ་ལྟ་བུའི་བདག་འཛིན་གྱི་འཁྲུལ་གཞི་བརྗོད་ཅིང་གསལ་བར་བྱ་བའི་ཆེད་དུ་གཟུགས་ཀྱི་ཕུང་པོ་བསྟན་ནོ། །གཟུགས་མཐོང་བ་དང་སྒྲ་ཐོས་པ་སོགས་དབང་པོ་ལྔ་ཡུལ་ལ་ཞུགས་པ་ཙམ་དུ་ཤེས་པ་ན། དེ་ལྟ་བུའི་བདག་ཏུ་འཛིན་པ་ལྡོག་སྟེ། མིག་ལ་སོགས་པའི་དབང་པོ་རྣམས་ནི་བདག་དང་ཆོས་མི་མཐུན་པའི་ཕྱིར་རོ། །འདིས་དགེ་སྡིག་གི་འབྲས་བུ་ལ་ལོངས་སྤྱོད་པ་ན་ལོངས་སྤྱོད་ཏེ་ཚོར་བ་བདེ་སྡུག་བཏང་སྙོམས་ཡིན་ལ་དེ་དག་ཀྱང་བདག་གི་གཞི་ཡིན་ཏེ། དེ་དག་གིས་དགེ་སྡིག་གི་རྣམ་སྨིན་ལ་ལོངས་སྤྱོད་པ་ན་རྣམ་སྨིན་མྱོང་བ་པོའི་བདག་ཏུ་འཁྲུལ་པ་སྐྱེ་བའི་ཕྱིར་རོ། །

དེ་ལྟ་བུའི་བདག་འཛིན་གྱི་འཁྲུལ་གཞི་བསྟན་པའི་ཕྱིར་དུ་ཚོར་བའི་ཕུང་པོ་བརྗོད་དོ། །དགེ་སྡིག་གི་རྣམ་སྨིན་བདེ་སྡུག་མྱོང་བ་པོ་ཚོར་བ་བདེ་སྡུག་བཏང་སྙོམས་རྣམས་ཡིན་པར་ཤེས་པ་ན་དེ་ལྟ་བུའི་བདག་ཏུ་འཛིན་པ་ལྡོག་སྟེ། ཚོར་བ་བདེ་སོགས་རྣམས་བདག་དང་ཆོས་མི་མཐུན་པའི་ཕྱིར་རོ། །འདིས་ཐ་སྙད་འདོགས་པར་བྱེད་པས་ན་ཐ་སྙད་ཏེ་འདུ་ཤེས་ཡིན་ལ། དེ་ཡང་བདག་གི་གཞི་ཡིན་ཏེ། འདུ་ཤེས་ཀྱིས་མཐོང་ཐོས་རྣམ་པར་ཤེས་པའི་དོན་རྣམས་ལ་ཐ་སྙད་འདོགས་པ་ན། དེ་ལྟ་བུའི་ཐ་སྙད་འདོགས་པ་པོའི་བདག་ཏུ་འཁྲུལ་པ་སྐྱེ་བའི་ཕྱིར་རོ། །དེ་ལྟ་བུའི་བདག་འཛིན་གྱི་འཁྲུལ་གཞི་བསྟན་པའི་ཕྱིར་དུ་འདུ་ཤེས་ཀྱི་ཕུང་པོ་བརྗོད་དོ། །མཐོང་ཐོས་སོགས་ཀྱི་དོན་ལ་ཐ་སྙད་འདོགས་པ་འདུ་ཤེས་སུ་ཤེས་པ་ན་དེ་ལྟ་བུའི་བདག་ཏུ་འཛིན་པ་ལྡོག་སྟེ། འདུ་ཤེས་དང་བདག་ཆོས་མི་མཐུན་པའི་ཕྱིར་རོ། །ཆོས་དང་ཆོས་མ་ཡིན་པ་ལ་སེམས་མངོན་པར་འདུ་བྱེད་པའི་སེམས་པ་ལ་སོགས་པའི་འདུ་བྱེད་རྣམས་ནི་བདག་གི་གཞི་ཡིན་ཏེ། དེ་དག་གིས་སེམས་དད་སོགས་ཆོས་དང་ཆགས་སོགས་ཆོས་མ་ཡིན་པ་ལ་བསྐུལ་ཅིང་མངོན་པར་འདུ་བྱེད་པ་ན་ཆོས་དང་ཆོས་མ་ཡིན་པའི་ལས་སོགས་པ་པོའི་བདག་ཏུ་འཁྲུལ་པ་སྐྱེ་བའི་ཕྱིར་རོ། །

དེ་ལྟ་བུའི་བདག་འཛིན་གྱི་འཁྲུལ་གཞི་བསྟན་པའི་ཕྱིར་འདུ་བྱེད་ཀྱི་ཕུང་པོ་བརྗོད་དོ། །སེམས་ཆོས་དང་ཆོས་མ་ཡིན་པའི་ཡུལ་ལ་མངོན་པར་འདུ་བྱེད་པ་པོ་སེམས་པ་ལ་སོགས་པ་འདུ་བྱེད་རྣམས་ཡིན་པར་ཤེས་པ་ན་དེ་ལྟ་བུའི་བདག་ཏུ་འཛིན་པ་ལྡོག་སྟེ། སེམས་དཔའ་སོགས་བདག་དང་ཆོས་མི་མཐུན་པའི་ཕྱིར་རོ། །གལ་ཏེ་མཐོང་ཐོས་སོགས་དང་ཐ་སྙད་འདོགས་པ་སོགས་གཟུགས་སོགས་ཀྱི་ཕུང་པོ་རྣམས་ཡིན་གྱི་བདག་མ་ཡིན་དུ་ཆུག་ཀྱང་གང་ལ་རྟེན་ནས་མིག་སོགས་དབང་པོ་རྣམས་ཡུལ་ལ་ལོངས་སྤྱོད་པ་དང་འདུ་ཤེས་ཀྱི་ཐ་སྙད་འདོགས་པ་སོགས་བྱེད་པའི་རྟེན་དེ་ཉིད་བདག་ཡིན་ནོ་སྙམ་དུ་དོགས་པ་ལ། སྔར་བཤད་པའི་བདག་གི་གཞི་དེ་དག་གི་གནས་རྣམས་བརྟེན་བརྟན་པའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་བརྗོད་དོ། །

དེ་ཡང་མིག་ལ་སོགས་པའི་དབང་པོའི་སྒོ་ནས་གཟུགས་སོགས་ཡུལ་ལ་འཇུག་པ་དང་འདུ་ཤེས་ཀྱི་སྒོ་ནས་མཐོང་ཐོས་སོགས་ཀྱི་དོན་ལ་ཐ་སྙད་འདོགས་པར་བྱེད་པ་པོ་ནི་ཡིད་ཤེས་སོགས་ཀྱི་རྣམ་པར་ཤེས་པ་རྣམས་ཡིན་པར་ཤེས་པ་ན་དེ་ལྟ་བུའི་བདག་ཏུ་འཛིན་པ་ལྡོག་སྟེ། །རྣམ་ཤེས་རྣམས་བདག་དང་ཆོས་མི་མཐུན་པའི་ཕྱིར་རོ། །ཅི་སྟེ་བདག་ཏུ་འཛིན་པ་ལ་ཇི་སྐད་བཤད་པའི་མཚན་ཉིད་ཅན་ལྔ་པོ་ཁོ་ནར་ངེས་ན་དེ་དག་བཟློག་པའི་དོན་དུ། འཁྲུལ་གཞི་ཕུང་པོ་ལྔ་ཁོ་ནར་ངེས་པར་རིགས་ཀྱང་བདག་ལྟ་ནི་དེ་ཙམ་དུ་ངེས་པ་མ་ཡིན་ཏེ། ཇི་སྐད་དུ་དབུ་མ་འཇུག་པར། ཟ་པོ་རྟག་དངོས་བྱེད་པོ་མིན་པའི་བདག །ཡོན་ཏན་བྱ་མེད་མུ་སྟེགས་རྣམས་ཀྱི་བརྟགས། །ཅེས་དང་། དབུ་མ་དེ་ཁོ་ན་ཉིད་བསྡུས་པར་ཡང་། བྱེ་བྲག་པས་རྟེན་དང་ཀུན་འཇུག་ཟ་བྱེད་པོ། །ཞེས་དང་། གསང་བ་པས། ས་དང་མེ་ཆུ་ལ་སོགས་པ། །དེ་ཤེས་རྟག་པའི་འཇུག་པ་ནི། །དེ་བདག་ཅན་གྱི་བདག་ཉིད་དོ། །ཞེས་དང་། རིག་བྱེད་མཐའ་པས། ཤེས་པ་ནུས་ལྡན་འཇིག་པ་མེད། །དེ་བཞིན་སྲོག་ཀྱང་བདག་འདིར་འདུ། །ནམ་མཁའ་ལ་ནི་ཐ་དད་མེད། །དེ་བཞིན་བདག་ཀྱང་ངེས་པ་ཡིན། །ཅེས་དང་། སྤྱོད་པ་པས། གཞན་བདག་བདག་ནི་ལྡོག་པ་དང་། །རྗེས་འགྲོའི་བདག་ཉིད་ཅན་གྱིས་ན། །སེམས་པའི་ངོ་བོ་ཉིད་དུ་འདོད། །ཅེས་པ་དང་། རྒྱལ་བ་པས། རྒྱལ་དཔོག་པ་བཞིན་རྒྱལ་བ་པས། །རྫས་དང་རྣམ་གྲངས་ངོ་བོ་ཡིས། །སྐྱེས་བུ་སེམས་དཔའི་བདག་ཉིད་འདོད། །

ཅེས་བཤད་པ་ལྟར། ཕྱི་རོལ་པ་རྣམས་ལ་བདག་གི་མཚན་ཉིད་མི་འདྲ་བ་དུ་མ་ཡོད་ཅིང་། དེ་དང་མཐུན་པའི་བདག་ཏུ་འཛིན་པ་ཡང་དུ་མ་ཡོད་པའི་ཕྱིར་དང་། ལུང་ལས་ཀྱང་། འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུ་ཅེས་གསུངས་པའི་ཕྱིར་རོ་ཞེ་ན། ཉེས་པ་འདི་མེད་དེ། འདི་ལྟར་བདག་ཏུ་ལྟ་བ་མི་འདྲ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ནི་བདག་བེམས་པོའི་རང་བཞིན་དུ་འདོད་པ་དང་། ཤེས་པའི་རང་བཞིན་དུ་འདོད་པ་གཉིས་སུ་ངེས་ལ། དེ་ལ་གང་དག་བདག་བེམས་པོར་འདོད་པ་དེ་ཐམས་ཅད་ནི་སྔར་བཤད་པ་ལྟར་མིག་ལ་སོགས་པའི་དབང་པོ་རྣམས་ཡུལ་ལ་ལོངས་སྤྱོད་པའི་འཁྲུལ་གཞི་བྱས་པ་ལས་བྱུང་བས། དེ་དག་ཀུན་གཟུགས་ཀྱི་ཕུང་པོ་བསྟན་པ་ལས་ལྡོག་པར་འགྱུར་ལ། གང་དག་བདག་ཤེས་པར་འདོད་པ་དེ་དག་ཀུན། ཚོར་བ་ལ་སོགས་པ་གཞི་སོ་སོ་རྣམས་ཀྱིས་དགེ་སྡིག་གི་རྣམ་སྨིན་ལ་ལོངས་སྤྱོད་པ་ལ་སོགས་པ་སྔར་བཤད་པའི་བྱ་བ་དེ་དང་དེ་བྱེད་པར་མཐོང་བ་ལས་འཇུག་པ་ཡིན་པས། དེ་དག་ཀུན་མིང་གཞིའི་ཕུང་པོ་བསྟན་པས་བཟློག་པར་འགྱུར་བའི་ཕྱིར་རོ། །

དེ་ཉིད་སློབ་དཔོན་བློ་གྲོས་བརྟན་པས་ཀྱང་། གྲངས་ཅན་སོགས་བདག་ཤེས་པར་འདོད་པ་རྣམས་མིང་བཞིའི་ཕུང་པོ་ལ་བདག་ཏུ་ལྟ་ཞིང་གཟུགས་ཕུང་ལ་བདག་གིར་ལྟ་ལ། བྱེ་བྲག་པ་སོགས་བདག་བེམས་པོར་འདོད་པ་རྣམས་གཟུགས་ཕུང་ལ་བདག་ཏུ་ལྟ་ཤིང་གཞན་བཞི་ལ་བདག་གི་བར་ལྟ་བར་བཤད་དོ། །འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུར་བཤད་པས་ཀྱང་གནོད་པ་མེད་དེ། །དེ་དག་ལ་བདག་ཏུ་ལྟ་བ་ལྔ་དང་། བདག་གིར་ལྟ་བ་བཅོ་ལྔར་འདི་ཉིད་དུ་འཆད་པར་འགྱུར་བའི་ཕྱིར་དང་། བདག་ལྟ་ལྔ་ཡང་ཕུང་པོ་ལྔའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །དེ་ལྟར་ཕུང་པོ་ལྔ་བསྟན་པས་འཇིག་ལྟའི་མཐའ་ཉི་ཤུའི་བདག་ཏུ་ལྟ་བ་ལྔ་པོ་ལྡོག་ཅིང་། དེ་དག་ལོག་པས་ཀྱང་བདག་གིར་ལྟ་བ་རྣམས་རང་གི་ངང་གིས་ལྡོག་པར་འགྱུར་ཏེ། བདག་མེད་ན་དེ་ལ་ལྟོས་པའི་བདག་གི་བར་ཐ་སྙད་གདགས་སུ་མེད་པའི་ཕྱིར་རོ། །དེའི་ཕྱིར་འདིར་བདག་གི་གཞི་རྣམ་པ་ལྔ་ཅེས་གསུངས་ཀྱི་བདག་དང་བདག་གི་གཞི་ཅེས་མ་གསུངས་སོ། །

གཟུགས་ལ་སོགས་པ་བདག་གི་བའི་གཞི་མ་ཡིན་པ་མ་ཡིན་ཏེ། །གཟུགས་བདག་གི་ཡིན་པ་སོགས་སུ་འཛིན་པའི་ཕྱིར་རོ། །གང་དག་བདག་དང་བདག་གིར་འཛིན་པའི་གཞི་རྣམ་པ་ལྔ་བརྗོད་པའི་ཕྱིར་ཅེས་འཆད་པ་དེ་དག་ནི་རིགས་པ་མ་ཡིན་ཏེ། གཟུགས་སོགས་བདག་གི་བའི་གཞིར་བསྟན་པ་ལ་དགོས་པ་མེད་ཀྱི་ཕྱིར་རོ། །ཅི་སྟེ་དེ་དག་ལ་བདག་གི་བར་འཛིན་པ་བཟློག་པའི་དོན་དུའོ་ཅེ་ན། མ་ཡིན་ཏེ། དེ་དག་བདག་གི་གཞིར་བསྟན་པས་བདག་ལྟ་མ་ལུས་པ་ལྡོག་ཅིང་དེ་ལོག་ན་བདག་གིར་ལྟ་བ་མ་ལུས་པ་ངང་གིས་ལྡོག་པར་འགྱུར་རོ་ཞེས་སྔར་བཤད་ཟིན་པའི་ཕྱིར་རོ། །ཅི་སྟེ་བདག་ཏུ་ལྟ་བ་མི་ལྡོག་ན་གཟུགས་སོགས་བདག་གི་བའི་གཞིར་བསྟན་ཀྱང་དེ་དག་ལ་བདག་གི་བར་འཛིན་པ་མི་ལྡོག་སྟེ། བདག་ཏུ་འཛིན་པ་ཡོད་ན་བདག་གི་བར་འཛིན་པའི་བློ་རང་གི་ངང་གིས་སྐྱེ་བའི་ཕྱིར་རོ། །དེ་སྐད་དུ་ཡང་རྣམ་འགྲེལ་ལས་ངེས་པར་བདག་ལ་ཆགས་པ་ནི། །དམིགས་པ་ནང་གི་ཡན་ལག་ལ། །ངོ་བོ་ཉིད་ཀྱིས་རྗེས་ཆགས་འགྱུར། །ཅེས་གང་གསུངས་པ་ཡིན་ནོ། །

གཞན་ཡང་བདག་གི་བའི་བློའི་གཟུང་བྱ་གཟུགས་སོགས་ལས་གཞན་དུ་སྒྲོ་འདོགས་ས་ཡོད་ན་དེ་བཟློག་པའི་དོན་དུ་དེ་དག་བདག་གི་བའི་གཞིར་སྟོན་པར་རིགས་ན་ཡང་། གང་དག་བདག་གི་བར་འཛིན་པ་དེ་དག་ནི་གཟུགས་འདི་ངའི་འོ་ཅེས་སོགས་གཟུགས་སོགས་ཁོ་ན་བདག་གི་བར་འཛིན་པར་བྱེད་ཀྱི་དེ་དག་ལས་གཞན་དུ་འཛིན་པར་མ་མཐོང་བའི་ཕྱིར་རོ། །ཅི་སྟེ་དེ་ལྟ་ན་གཟུགས་སོགས་ལ་བདག་ཏུ་འཛིན་པ་བཟློག་པའི་དོན་དུ་ཡང་དེ་དག་བསྟན་མི་དགོས་པར་མཚུངས་སོ་ཅེ་ན། དེ་ནི་མཚུངས་པ་མ་ཡིན་ཏེ། འདི་ལྟར་གཟུགས་བདག་གི་བར་འཛིན་པ་ན་གཟུགས་འདི་ངའི་འོ་ཅེས་འཛིན་པ་ལྟར་གཟུགས་ལ་བདག་ཏུ་འཛིན་པ་ན་གཟུགས་འདི་ང་ཡིན་ནོ་སྙམ་དུ་འཛིན་པར་བྱེད་ན་དེའི་ཚེ་གཟུགས་བདག་ཏུ་འཛིན་པ་འདིའི་དམིགས་པའི་གཞི་གཟུགས་ཡིན་ནོ་ཅེས་བསྟན་པ་ལ་དགོས་པ་མེད་པ་ཁོ་ན་ཡིན་ཏེ། །དེ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །འོན་ཀྱང་གཟུགས་འདི་བདག་མ་ཡིན་ནོ་ཅེས་བསྟན་པར་བྱ་བ་ཡིན་ནོ། །དེ་ལྟ་ན་ཡང་གཟུགས་ལ་བདག་ཏུ་འཛིན་པའི་ཚེ་གཟུགས་འདི་ང་ཡིན་ནོ་སྙམ་དུ་འཛིན་པ་ནི་འགའ་ཡང་མེད་ཀྱི་འོན་ཀྱང་མིག་ལ་སོགས་པས་གཟུགས་སོགས་ཡུལ་དུ་བྱེད་པ་ན་ངས་གཟུགས་མཐོང་ངོ་སྒྲ་ཐོས་སོ་སྙམ་དུ་འཛིན་པར་བྱེད་པ་ཡིན་ལ། དེའི་ཚེ་གཟུགས་སྒྲ་སོགས་མཐོང་བ་དང་ཐོས་པ་འདི་ནི་བདག་མ་ཡིན་གྱི་གཟུགས་ཀྱི་ཕུང་པོའི་ནང་ཚན་མིག་ལ་སོགས་པའི་དབང་པོ་རྣམས་ཡིན་ནོ་ཅེས་བསྟན་པར་བྱ་བ་ཁོ་ན་ཡིན་ནོ། །

གཉིས་པ་ཁམས་ཀྱི་གྲངས་ངེས་ལ་དྲི་བ་ནི། ཅིའི་ཕྱིར་ཁམས་བཅོ་བརྒྱད་ཁོ་ན་ཞེས་བྱ་སྟེ་བསྡུ་ན་ཡུལ་དང་དབང་པོ་དང་རྣམ་པར་ཤེས་པའི་ཁམས་གསུམ་དུ་ཡང་འགྱུར་ལ་མིག་དང་རྣ་བ་སོགས་ལ་གཉིས་གཉིས་སུ་ཕྱེ་ན་མང་པོར་ཡང་འགྱུར་བས་སོ་ཞེ་ན། གཟུགས་སོགས་ཡུལ་དྲུག་ལ་ཉེ་བར་ལོངས་སྤྱོད་པའི་རྣམ་པར་ཤེས་པ་དྲུག་གནས་ཀྱི་སྒོ་ནས་འཛིན་པ་ལ་ལུས་མིག་ལ་སོགས་པའི་དབང་པོ་དྲུག་པས་མང་མི་དགོས་ལ་ཉུངས་ན་མི་ནུས་པས་དབང་པོའི་ཁམས་དྲུག་ཏུ་ངེས་ལ་ཉེར་སྤྱོད་དེ་དག་དམིགས་པའི་སྒོ་ནས་འཛིན་པ་ལ་ཡོངས་སུ་བཟུང་བ་ཡུལ་དྲུག་པས་མང་མི་དགོས་ཤིང་ཉུང་ན་མི་ནུས་པས་ཡུལ་གྱི་ཁམས་དྲུག་ཏུ་ངེས་ལ། ཉེར་སྤྱོད་དེ་དག་གི་རང་གི་མཚན་ཉིད་འཛིན་པ་ལ་རྣམ་པར་ཤེས་པའི་ཁམས་དྲུག་ཏུ་ངེས་པས་ཁམས་བཅོ་བརྒྱད་དུ་ངེས་སོ། །འདས་པ་ནི་བཟུང་ཟིན་པ་དང་། ད་ལྟར་བ་ནི་འཛིན་བཞིན་པ་ཡིན་པའི་ཕྱིར་འདས་པ་དང་ད་ལྟར་གྱི་ཞེས་སྨོས་ཀྱི་མ་འོངས་པ་ནི་འཛིན་པའི་ངེས་པ་མེད་པས་མ་སྨོས་སོ། །ཉེ་བར་སྤྱོད་པ་ནི་འདིར་འཇུག་པའི་རྣམ་པར་ཤེས་པ་དྲུག་ཡིན་ཏེ་གཟུགས་སོགས་ཡུལ་དྲུག་གི་ལོངས་སྤྱོད་ལ་ཉེ་བར་སྤྱོད་པའི་ཕྱིར་རོ། །ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་མ་ཡིན་ཏེ། དེ་དག་ཡུལ་ལ་ལོངས་སྤྱོད་བྱེད་མ་ཡིན་པའི་ཕྱིར་རོ། །ཅི་སྟེ་དེ་དག་གིས་ཀྱང་གཟུགས་སོགས་ཡུལ་རྣམས་ལ་ཉེ་བར་སྤྱོད་ན་མིག་ལ་སོགས་པའི་དབང་པོ་རྣམས་དོན་མེད་པར་ཐལ་བའི་ཕྱིར་དང་། འདུ་ཤེས་མེད་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་རྣམས་ཀྱང་ཡུལ་ལ་ལོངས་སྤྱོད་པར་ཐལ་བའི་ཕྱིར་རོ། །དབུས་མཐར། གཅིག་ནི་ཀུན་གཞི་རྐྱེན་གྱི་རྣམ་པར་ཤེས། །གཉིས་པ་ཚོགས་དྲུག་ཉེ་བར་སྤྱོད་པ་ཅན། །ཉེ་བར་ཚོར་བ་སྤྱོད་དང་ཡོངས་འདུ་ཤེས་གཅོད་དང་། །དེའི་འཇུག་བྱེད་སེམས་ལས་བྱུང་བདག་གཞན་རྣམས། །ཅེས་ཚོར་བ་ལ་ཉེ་བར་སྤྱོད་པར་བཤད་པ་མ་ཡིན་ནམ་འདིར་རྣམ་ཤེས་ལ་འཆད་པ་ཅི་ཞེ་ན། སྤྱིར་ཉེ་བར་སྤྱད་བྱ་ལ་སྐྱེ་བའི་ལོངས་སྤྱོད་དང་ཡུལ་གྱི་ལོངས་སྤྱོད་གཉིས་ཡིན་ལ། དེ་ཡང་དང་པོ་ནི་དགེ་སྡིག་གི་རྣམ་སྨིན་སེམས་གདུང་བར་མ་རྣམས་ཡིན་ལ།

གཉིས་པ་ནི་གཟུགས་ཡིད་དུ་འོང་མི་འོང་བར་མའོ། །ཉེ་བར་སྤྱོད་བྱེད་ཀྱང་རྣམ་པ་གཉིས་ཏེ་རྣམ་སྨིན་ལ་ཉེ་བར་སྤྱོད་པ་དང་། ཡུལ་ལ་ཉེ་བར་སྤྱོད་པའོ། །དང་པོའི་དབང་དུ་བྱས་ན་ཚོར་བ་ཉིད་ཉེ་བར་སྤྱོད་པ་ཡིན་ལ། གཉིས་པའི་དབང་དུ་བྱས་ན་རྣམ་ཤེས་ཁོ་ན་ཉེར་སྤྱོད་ཡིན་པས་སྐྱོན་མེད་ལ། ཡང་ན་ཚོར་བ་བདེ་སྡུག་ནི་གསལ་པོར་ཉམས་སུ་མྱོང་བས་ཉེར་སྤྱོད་ཡིན་ལ་དེ་དག་དང་མཚུངས་པར་ལྡན་པའི་རྣམ་ཤེས་དྲུག་ལ་ཡང་གྲོགས་ཀྱི་མིང་གིས་ཉེ་བར་བཏགས་པ་ལ་འགལ་བ་མེད་དོ། །ཉེར་སྤྱོད་འཛིན་པ་ཁམས་ཀྱི་དོན་དུ་འཇོག་པ་ཡང་། བྱེ་བྲག་པ་ལ་སོགས་པ་རྣམས་བདག་རྟག་པའི་དོན་ལ་འདུ་འབྲེལ་གྲུབ་པའི་རྣམ་ཤེས་རྣམས་ཀྱིས་གཟུགས་ལ་སོགས་ཡུལ་རྣམས་ལ་ཉེ་བར་ལོངས་སྤྱོད་པ་འཐད་པ་ཡིན་ན། །སངས་རྒྱས་པ་གང་དག་བདག་མེད་པར་ཕུང་པོ་ཆོས་ཙམ་དུ་སྨྲ་བ་རྣམས་ཀྱི་ལུགས་ལ་རྣམ་པར་ཤེས་པ་འདི་རྣམས་རྟེན་གང་ལ་གནས་ནས་ཡུལ་ལ་ཉེ་བར་སྤྱོད་སྙམ་དུ་དོགས་པ་བསལ་བའི་ཆེད་ཡིན་ནོ། །

གསུམ་པ་སྐྱེ་མཆེད་ཀྱི་གྲངས་ལ་དྲི་བ་ནི། ཅིའི་ཕྱིར་སྐྱེ་མཆེད་རྣམས་བཅུ་གཉིས་ཁོ་ན་ཞེས་བྱ་སྟེ་ཕྱི་དང་ནང་གི་སྐྱེ་མཆེད་གཉིས་སུ་ཡང་འགྱུར་ལ་མང་པོར་ཡང་དབྱེར་རུང་བས་སོ། །ཞེ་ན། མ་འོངས་པའི་ཉེ་བར་སྤྱོད་པ་རྣམ་ཤེས་དྲུག་གི་གནས་བྱས་པའི་སྒོ་ནས་སྐྱེ་བའི་སྒོ་བྱེད་པ་ལུས་མིག་ལ་སོགས་པའི་དབང་པོ་དྲུག་ལས་མང་མི་དགོས་ཤིང་ཉུངས་ན་མི་ནུས་ལ་ཉེར་སྤྱོད་དེ་དག་གི་དམིགས་པ་བྱས་པའི་སྒོ་ནས་དེ་དག་སྐྱེ་བའི་སྒོ་འབྱེད་པ་ལ་ཡོངས་སུ་བཟུང་བ་གཟུགས་སོགས་ཡུལ་དྲུག་ལས་མང་མི་དགོས་ཤིང་ཉུངས་ན་མི་ནུས་པས་ཕྱི་དང་ནང་གི་སྐྱེ་མཆེད་བཅུ་གཉིས་སུ་ངེས་པ་ཡིན་ནོ། །འདས་ད་ལྟར་གྱི་ཉེར་སྤྱོད་རྣམས་ནི་སྐྱེས་ཟིན་པས་སྐྱེ་བའི་སྒོ་མི་དགོས་པར་དགོངས་ནས་མ་འོངས་པའི་ཅེས་སྨོས་ལ། རྣམ་ཤེས་དྲུག་པོ་རྣམས་ཀྱིས་ཉེར་སྤྱོད་སྐྱེ་བའི་སྒོ་འབྱེད་པའི་ཆ་རྣམས་ནི་ཡིད་ཀྱི་སྐྱེ་མཆེད་དུ་འདུས་ལ། སེམས་ལས་བྱུང་བ་རྣམས་དང་ལྡན་མིན་འདུ་བྱེད་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་བཅས་པ་རྣམས་ཀྱི་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པའི་ཆ་རྣམས་ཆོས་ཀྱི་སྐྱེ་མཆེད་ཀྱི་ནང་དུ་འདུས་པས་དེའི་ཕྱིར་ལུས་དང་ཡོངས་སུ་བཟུང་བ་གཉིས་ཉིད་ཅེས་ངེས་པར་བཟུང་བ་བྱས་སོ། །

ཤེས་རིག་ཏུ་འདྲ་བ་ལ་རྣམ་ཤེས་བཞིན་དུ་སེམས་ལས་བྱུང་བ་རྣམས་ཀྱང་ཅིའི་ཕྱིར་ཡིད་ཀྱི་སྐྱེ་མཆེད་དུ་མི་བཞག་ཅེ་ན། དེ་དག་ནི་སེམས་ལས་སྐད་ཅིག་རེ་རེ་བཞིན་འབྱུང་གི་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུན་མེད་པས་མི་བརྟན་པའི་ཕྱིར། རྣམ་ཤེས་གཞན་གྱི་གནས་སྦྱིན་པའི་ནུས་པ་མེད་ལ། རྣམ་ཤེས་གཞན་གྱིས་གནས་སྦྱིན་པར་བྱེད་པ་ལ་ཡིད་ཀྱི་སྐྱེ་མཆེད་དུ་བཞག་པའི་ཕྱིར་རོ། །གལ་ཏེ་རྣམ་ཤེས་འདི་རྣམས་རྐྱེན་བཞི་ལས་སྐྱེ་བར་འདྲ་བ་ལ་བདག་རྐྱེན་དང་དམིགས་རྐྱེན་གྱི་སྐྱེ་མཆེད་འཇོག་ལ་རྒྱུ་དང་དེ་མ་ཐག་རྐྱེན་གྱི་སྐྱེ་མཆེད་མི་འཇོག་པ་ཅི་ཞེ་ན། རྣམ་ཤེས་འདི་རྣམས་ཀྱི་གནས་དང་དམིགས་པ་སོ་སོར་ངེས་པའི་ཕྱིར་བདག་རྐྱེན་དབང་པོ་དང་དམིགས་རྐྱེན་ཡུལ་གྱི་སྐྱེ་མཆེད་བཞག་ལ། འདི་དག་གི་གནས་དང་དམིགས་པ་ངེས་པ་ལྟར་དུ་རྒྱུའི་རྐྱེན་དང་དེ་མ་ཐག་པའི་རྐྱེན་སོ་སོར་ངེས་པ་མེད་དེ། འདི་དག་ཀུན་རྒྱུའི་རྐྱེན་ཀུན་གཞི་གཅིག་ལས་སྐྱེ་བའི་ཕྱིར་དང་། དེ་མ་ཐག་རྐྱེན་རང་གི་སྔ་ལོགས་ཀྱི་ཤེས་པ་རིགས་མཐུན་པ་ལས་སྐྱེ་བས་སོ་སོར་ངེས་ཀྱང་དེ་རྣམས་ནི་ཡིད་ཀྱི་སྐྱེ་མཆེད་ཅེས་གཅིག་ཏུ་བསྡུས་ནས་བསྟན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་ཤེས་རྣམས་ཀྱི་རྒྱུ་རྐྱེན་དང་དེ་མ་ཐག་རྐྱེན་གྱི་སྐྱེ་མཆེད་དང་ཁམས་རྣམས་མ་བཞག་གོ །ཅི་སྟེ་ཀུན་གཞི་དང་ཉོན་ཡིད་དང་སེམས་ལས་བྱུང་བ་རྣམས་སྐྱེ་བའི་སྒོ་བྱེད་པའི་ཆ་ནས་ཀྱང་ཅིའི་ཕྱིར་སྐྱེ་མཆེད་དུ་མ་བཞག །གང་གིས་ན་ཉེ་བར་སྤྱོད་པ་རྣམ་པ་དྲུག་སྐྱེ་བའི་སྒོ་བྱེད་པའི་ཕྱིར་རོ་ཅེས་རྣམ་ཤེས་དྲུག་གི་སྐྱེ་སྒོ་བྱེད་པའི་ཆ་ནས་སྐྱེ་མཆེད་དུ་བཞག་ཅེ་ན། བདག་མེད་ན་གཟུགས་སོགས་ཡུལ་དྲུག་ལ་ཉེ་བར་སྤྱོད་པ་འདི་ཅི་ཞིག་སྙམ་པའི་དགོས་པ་སྐྱེ་བར་འགྱུར་ལ། དེ་བསལ་བའི་ཕྱིར་རྣམ་ཤེས་དྲུག་གི་སྒོ་བྱེད་པའི་ཆ་ནས་སྐྱེ་མཆེད་དུ་བཞག་སྟེ། འདི་ལྟར་སྔར་བཤད་པའི་ཚུལ་གྱིས་རྣམ་ཤེས་དྲུག་ཁོ་ན་ཉེར་སྤྱོད་དུ་འཐད་ལ། དེ་ཡང་དབང་པོ་དྲུག་གིས་གནས་དང་། ཡུལ་དྲུག་གིས་དམིགས་པ་བྱས་པའི་སྒོ་ནས་ཡུལ་ལ་ཉེ་བར་སྤྱོད་པའི་རྣམ་ཤེས་སྐྱེ་བ་ཙམ་དུ་ཤེས་པ་ན་ཡུལ་ལ་ཉེ་བར་སྤྱོད་པའི་བདག་མེད་པར་རྟོགས་པར་འགྱུར་བའི་ཕྱིར་རོ། །སྐྱེ་བའི་སྒོ་ཅེས་པ་ཡང་རྣམ་ཤེས་སྐྱེ་བའི་ཐབས་སུ་གྱུར་པ་ཙམ་ལ་བྱ་བའི་རྒྱུའི་དོན་ཅན་ནི་མ་ཡིན་ཏེ། ཆོས་ཁམས་ཀྱི་ཕྱོགས་གཅིག་ནམ་མཁའ་ལ་སོགས་པས་འབྲས་བུ་ལ་ཕན་པ་ཉེ་བ་སྦྱོར་བ་མི་འཐད་པའི་ཕྱིར་རོ། །དེ་དག་ཀྱང་རང་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་སྐྱེ་བའི་ཐབས་ཙམ་དུ་འགྱུར་ཏེ། དཔེར་ན་སྐྱེས་བུ་རྒན་པོ་ས་གཞི་ལ་གནས་ཤིང་འཁར་བ་ལ་རྟེན་ནས་ལྡང་བར་རྩོམ་པ་ལྟར་རྣམ་པར་ཤེས་པ་རྣམས་རང་གི་དབང་པོ་ལ་གནས་ཤིང་དམིགས་པ་ལ་རྟེན་ནས་སྐྱེ་བར་འགྱུར་བའི་ཕྱིར་རོ། །

གསུམ་པ་ཆོས་གསུམ་ཉེར་ལེན་ཅན་དུ་བསྟན་པ་ལ་གཉིས་ལས། དང་པོ་ཕུང་པོ་ཉེར་ལེན་ཅན་དུ་བཞག་པ་ལ་དྲི་བ་ནི། མདོ་ལས། དགེ་སློང་དག་བྱེད་ལ་ཕུང་པོ་རྣམས་དང་ཉེ་བར་ལེན་པའི་ཕུང་པོ་རྣམས་བསྟན་པར་བྱའོ་ཞེས་གསུངས་ན་ཅིའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱ་ཞེ་ན། ལན་ནི། འོག་ནས་འཆད་པའི་ཉེ་བར་ལེན་པ་དག་དང་ལྡན་པ། དེའི་ཕྱིར་ཟག་བཅས་ཀྱི་གཟུགས་ལ་སོགས་པ་རྣམས་ལ་ཉེ་བར་ལེན་པའི་ཕུང་པོ་ཞེས་བྱ་ཏེ། བ་ལང་དང་ལྡན་པའི་ཤིང་རྟ་ལ་བ་ལང་གི་ཤིང་རྟ་ཞེས་པ་བཞིན་ནོ། །ལྡན་པའི་ཚུལ་ཡང་ཉེར་ལེན་གྱི་བདག་ཉིད་དང་ཉེར་ལེན་གྱི་རྒྱུ་ལས་བྱུང་བ་སོགས་སྒོ་དྲུག་དང་འབྲེལ་པ་ལ་བྱ་སྟེ། ཟག་པའི་རྒྱུ་ལས་བྱུང་བ་སོགས་ལ་ཟག་པ་དང་། བཅས་པ་ཞེས་བརྗོད་པ་བཞིན་ནོ། །གང་ཡེ་ཤེས་བཤེས་གཉེན་ཡང་ཉེར་ལེན་དམིགས་བྱེད་དང་མཚུངས་ལྡན་དུ་ལྡན་པ་ལ་ལྡན་པའི་དོན་དུ་འཆད་པ་ནི་རིགས་པར་མ་མཐོང་སྟེ། དེ་ལྟ་ན་འདིར་ཟག་པ་དང་བཅས་པ་གང་ཟག་པ་དམིགས་བྱེད་དང་མཚུངས་ལྡན་དུ་ལྡན་ཙམ་གྱིས་འཇོག་པར་ཐལ་བའི་ཕྱིར་རོ། །

ཉེ་བར་ལེན་པ་ནི་བྱེ་བྲག་སྨྲ་བ་སོགས་ཉོན་མོངས་སྤྱི་ལ་འདོད་ཅིང་། ཉེར་ལེན་ཕུང་པོ་ཅེས་པ་ཡང་རྩྭ་དང་སོག་མའི་མེ་ཅེས་པ་ལྟར་ནང་གི་ཕུང་པོ་རྣམས་ནི་ཉེར་ལེན་ལས་བྱུང་བས་དང་། རྒྱལ་པོའི་མི་ཅེས་པ་ལྟར་ཕྱིའི་སྣོད་རྣམས་ནི་ཉེར་ལེན་ལ་རག་ལས་བསམ། ཡང་ན་གཉིས་ཀ་ཡང་མེ་ཏོག་དང་འབྲུའི་ཤིང་ཅེས་པ་ལྟར་ཉེར་ལེན་སྐྱེད་པས་ན་ཉེར་ལེན་གྱི་ཕུང་པོ་ཞེས་བྱའོ་ཞེས་འདོད་ཀྱང་གཞུང་འདིར་ཐོབ་འདོད་ཀྱི་འདུན་པ་དང་མི་འབྲལ་བར་འདོད་པའི་འདོད་ཆགས་གཉིས་ལ་ཉེ་བར་ལེན་པ་ཞེས་བྱའོ། །ཅིའི་ཕྱིར་དེ་གཉིས་ལ་ཉེ་བར་ལེན་པ་ཞེས་བྱ་ཞེ་ན། སྡུག་བསྔལ་གྱི་ཕུང་པོ་ལ་མངོན་པར་འདོད་ཅིང་དང་དུ་ལེན་པ་ནི་ཉེ་བར་ལེན་པའི་དོན་ཡིན་ལ་དེ་ཡང་འདུན་པ་དང་འདོད་ཆགས་གཉིས་ལ་ཡོད་པ་ཡིན་ཏེ། འདི་ལྟར་འདུན་པས་ནི། མ་འོངས་པ་སྐྱེ་བ་ཕྱི་མའི་ཕུང་པོ་ལ་ཐོབ་པར་འདོད་པའི་འདུན་པ་སྐྱེད་པའི་སྒོ་ནས་དེ་མངོན་པར་འགྲུབ་པར་བྱེད་པའི་ཕྱིར་དང་། འདོད་ཆགས་ཀྱིས་ད་ལྟར་བ་ཚེ་འདིའི་ཕུང་པོ་ལ་ལྷག་པར་ཆགས་པའི་སྒོ་ནས་དེ་ཡོངས་སུ་མི་གཏོང་བའི་ཕྱིར་རོ། །ཅི་སྟེ། འདས་པའི་ཕུང་པོ་ལ་ལྟས་པའི་སྲེད་པ་ཡང་ཡོད་པ་མ་ཡིན་ནམ་ཇི་ལྟར་ན་མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་ལ་ཆགས་པ་ཁོ་ན་ཉེ་བར་ལེན་པར་མཛད་ཅེ་ན། ལྟས་པའི་སྲེད་པ་གང་ཡིན་པ་དེས་ནི་འདས་པའི་ཕུང་པོ་ལ་ཆགས་པ་ཙམ་དུ་ཟད་ཀྱི་དེ་ཉེ་བར་ལེན་པ་ནི་མ་ཡིན་ཏེ་འདས་པ་ནི་འགགས་པས་སུས་ཀྱང་དང་དུ་བླང་བར་མི་ནུས་པའི་ཕྱིར་དང་། དེ་ཐོབ་པའི་ཆེད་དུ་འགའ་ཡང་འབད་པ་མི་བྱེད་པའི་ཕྱིར་རོ། །མ་འོངས་པ་དང་ད་ལྟར་གྱི་ཕུང་པོ་དེ་དག་ནི་དེ་ལྟ་མ་ཡིན་ཏེ། །ཚེ་འདི་དང་ཕྱི་མའི་ཕུང་པོ་བདེ་བའི་དོན་དུ་ཀུན་ཀྱང་བླང་དོར་ལ་འཇུག་ལྡོག་བྱེད་པར་དམིགས་པའི་ཕྱིར་རོ། །དེའི་ཕྱིར་ད་ལྟར་བ་དང་མ་འོངས་པའི་ཕུང་པོ་ལ་ཆགས་པ་དག་གིས་ནི་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་ལེན་པར་བྱེད་ལ་འདས་པ་མ་སྲེད་པས་ནི་མ་ཡིན་ནོ། །ཅི་སྟེ་མ་རིག་པ་ལ་སོགས་པའི་ཉོན་མོངས་གཞན་རྣམས་དང་བསོད་ནམས་ལ་སོགས་པའི་ལས་རྣམས་ཀྱང་སྡུག་བསྔལ་གྱི་རྒྱུར་གསུངས་པ་མ་ཡིན་ནམ་སྲེད་པའི་མཚན་ཉིད་ཅན་གྱི་འདུན་པ་དང་འདོད་ཆགས་ཁོ་ན་ལ་སྡུག་བསྔལ་འགྲུབ་བྱེད་ཀྱི་ཉེར་ལེན་དུ་འཆད་པ་ཅི་ཞེ་ན། སྡུག་བསྔལ་གྱི་ཕུང་པོ་འགྲུབ་པར་བྱེད་པ་ལ་ལས་དང་ཉོན་མོངས་གཞན་དག་ལས་སྲེད་པ་གཙོ་ཆེ་བའི་ཕྱིར་རོ། །དེ་ལྟར་ཡང་མདོ་ལས། སྡུག་བསྔལ་ཀུན་འབྱུང་བ་འཕགས་པའི་བདེན་པ་གང་ཞེ་ན། སྲེད་པ་ཡང་འབྱུང་བ་ཅན་དགའ་བའི་འདོད་ཆགས་དང་ལྡན་པ་དེ་དང་དེ་ལ་མངོན་པར་དགའ་བའི་ངང་ཚུལ་ཅན་ཞེས་པ་དང་། རྣམ་འགྲེལ་ལས་མི་ཤེས་སྲིད་པའི་རྒྱུ་ཡིན་ཡང་། །མ་བརྗོད་སྲེད་པ་ཉིད་བཤད་པ། །རྒྱུན་ནི་འཕེན་པར་བྱེད་ཕྱིར་དང་། །དེ་མ་ཐག་ཕྱིར་ལས་ཀྱང་མིན། །ཞེས་གསུངས་པའི་ཕྱིར་རོ། །

དེའི་དོན་ཡང་འདི་ལྟར། སྤྱིར་ལས་དང་ཉོན་མོངས་པ་གཉིས་ཀ་སྡུག་བསྔལ་གྱི་རྒྱུ་ཡིན་ཡང་ཉོན་མོངས་ཉིད་གཙོ་བོ་ཡིན་ཏེ། ཉོན་མོངས་ཡོད་ན་སྔར་བསགས་ཟིན་པའི་ལས་ཀྱིས་ཀྱང་སྐྱེ་བ་འགྲུབ་པར་བྱེད་ཅིང་སྐྱེ་བ་འཕེན་བྱེད་ཀྱི་ལས་གསར་པ་ཡང་སོག་པར་འགྱུར་བའི་ཕྱིར་དང་། ཉོན་མོངས་མེད་ན་བསགས་ཟིན་གྱི་ལས་ཀྱིས་ཀྱང་རླན་དང་བྲལ་བའི་ས་བོན་བཞིན་དུ་སྐྱེ་བ་སྐྱེད་མི་ནུས་ལ། སྐྱེ་བ་འཕེན་བྱེད་ཀྱི་ལས་གསར་པ་ཡང་སོག་པར་མི་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་རྣམ་འགྲེལ་ལས། ལས་དང་ལུས་དག་གནས་ན་ཡང་། །གཅིག་མེད་ཕྱིར་ན་རྒྱུ་གསུམ་ཅན། །སྐྱེ་བ་སྲིད་པ་མ་ཡིན་ཏེ། །ས་བོན་མེད་པར་མྱུ་གུ་བཞིན། །ཞེས་དང་། ལས་ལས་ཉེས་པ་མ་ཡིན་ཏེ། །སྐྱོན་ལྡན་བྱེད་ཡིན་བཟློག་ལས་མིན། །ཞེས་གང་གསུངས་པ་ཡིན་ནོ། །ཉོན་མོངས་གཞན་རྣམས་ལས་ཀྱང་སྲེད་པ་ཉིད་གཙོ་བ་ཡིན་ཏེ། ལ་སོགས་པ་དང་། སྐྱེ་བ་ལེན་པ་རྒྱུའི་གཙོ་བོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ལས་སོག་པར་བྱེད་པ་ལ་སྲེད་པ་གཙོ་བོ་ཞེ་ན། དེ་ཡང་འདི་ལྟར་སྐྱེ་བ་འཕེན་བྱེད་ཀྱི་ལས་ནི་རྣམ་པ་གསུམ་སྟེ། བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་སོ། །དེ་རྣམས་ཀྱི་རང་བཞིན་ཅི་འདྲ་བ་ནི་འོག་ནས་འཆད་པར་འགྱུར་རོ། །དེ་ལ་བསོད་ནམས་མ་ཡིན་པས་ནི་ངན་འགྲོ་རྣམས་འཕེན་ལ། བསོད་ནམས་དང་མི་གཡོ་བའི་ལས་རྣམས་ཀྱིས་གོ་རིམ་བཞིན་དུ་འདོད་པའི་ལྷ་མི་དང་། ཁམས་གོང་མ་གཉིས་ཀྱི་སྐྱེ་བ་འཕེན་པར་བྱེད་པས། སྐྱེ་འགྲོ་ཡང་དེ་ཙམ་དུ་ཟད་པའི་ཕྱིར། འཕེན་བྱེད་ཀྱི་ལས་ཀྱང་གསུམ་པོ་དེ་ཉིད་དུ་ངེས་པ་ཡིན་ནོ། །

ལས་གསུམ་པོ་དེ་དག་ཀྱང་སྲེད་པའི་དབང་གིས་སོག་པར་བྱེད་དེ། །འདི་ལྟར་མ་རིག་པས་བདག་ཏུ་རྨོངས་པར་བྱས་པ་ལས་བདག་བདེ་བར་འདོད་པའི་སྲེད་པ་ངང་གིས་སྐྱེ་ལ་དེའི་ཚེ་བདག་ཚེ་འདིའི་བདེ་བ་ལ་སྲེད་པའི་དབང་གིས་བསོད་ནམས་མ་ཡིན་པའི་ལས་སོག་པར་བྱེད་ཅིང་། ཕྱི་མའི་འདོད་ཡོན་གྱི་བདེ་བ་ལ་སྲེད་པའི་དབང་གིས་བསོད་ནམས་དང་། སྙོམས་འཇུག་གི་བདེ་བ་ལ་སྲེད་པའི་དབང་གིས་མི་གཡོ་བའི་ལས་སོག་པར་བྱེད་པའི་ཕྱིར་རོ། །ཅི་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་ལ་སོག་པ་ལ་མ་རིག་པ་གཙོ་བོ་མ་ཡིན་ནམ་ཇི་ལྟར་སྲེད་པ་ཉིད་གཙོ་ཞེ་ན། མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་དང་པོའི་རྒྱུ་ཡིན་པས་དེ་སྐད་ཅེས་བཤད་དེ། ཇི་སྐད་དུ། འགྲེལ་པ་དོན་གསལ། བཅོམ་ལྡན་འདས་མ་ལ་རབ་ཏུ་དང་བ་ནི་ལེགས་པ་ཐམས་ཅད་ཐོབ་པའི་རྒྱུའི་གཙོ་བོ་ཡིན་ནོ་ཞེས་བཤད་པ་ལྟ་བུའོ། །དེ་བས་ན་མ་རིག་པ་ནི་སྲེད་པ་ལྟར་ལས་རྣམས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་ནི་མ་ཡིན་ཏེ། འདོད་པའི་སས་བསྡུས་ཀྱི་མ་རིག་པ་གཅིག་གིས་ཀྱང་ལས་གསུམ་ཀའི་རྒྱུ་བྱེད་པའི་ཕྱིར་རོ། །མ་རིག་པ་ལྟར་ས་གཅིག་གི་སྲེད་པས་ནི་ལས་གསུམ་ཀའི་རྒྱུ་བྱེད་པ་མི་སྲིད་དེ། འདོད་པའི་སྲེད་པས་ནི་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཁོ་ནའི་རྒྱུ་བྱེད་ལ། ཁམས་གོང་གི་སས་བསྡུས་པ་སྲིད་པའི་སྲེད་པས་མི་གཡོ་བའི་ལས་ཁོ་ནའི་རྒྱུ་བྱེད་པའི་ཕྱིར་རོ། །འདོད་པའི་སྲེད་པ་ལ་ཡང་གང་ཞིག་གི་ཚེ་འདིར་འདོད་པའི་བདེ་བ་ལ་སྲེད་པས་ནི་བསོད་ནམས་མ་ཡིན་པའི་ལས་ཁོ་ན་སོག་པར་བྱེད་ལ། ཕྱི་མར་འདོད་པའི་བདེ་བ་ལ་སྲེད་པས་བསོད་ནམས་ཀྱི་ལས་ཁོ་ན་སོག་པར་བྱེད་དོ། །དེ་བས་ན་སྲེད་པ་ནི་མ་རིག་པ་ལ་ལྟོས་ནས་ལས་ཀྱི་ཐུན་མོང་མ་ཡིན་པའི་རྒྱུ་བྱེད་པས་གཙོ་བ་ཡིན་ལ། ཞེ་སྡང་ལ་སོགས་པ་ཉོན་མོངས་གཞན་དག་རྒྱུར་མེད་པར་ཡང་ལས་གང་ཡང་རུང་བ་སོག་པ་སྲིད་ལ། སྲེད་པ་རྒྱུར་མེད་པར་ལས་གང་ཡང་སོག་པ་མི་སྲིད་པས་ཉོན་མོངས་གཞན་ལ་ལྟོས་ནས་སྲེད་པ་ལས་ཀུན་གྱི་ཐུན་མོང་བའི་རྒྱུ་ཡིན་པས་དེ་དག་ལས་གཙོ་བ་ཡིན་ནོ། །དེའི་ཕྱིར་ཐོག་མར་ལས་སོག་པའི་ཚེ་ན་ཡང་སྲེད་པ་གཙོ་བོ་ཞེས་བཤད་དོ། །

ཅིའི་ཕྱིར་སྐྱེ་བ་ལེན་པ་ལ་སྲེད་པ་གཙོ་བ་ཡིན་ཞེ་ན། མ་ལ་སོགས་པའི་སྐྱེ་གནས་རྣམས་ལ་བདེ་བར་བཟུང་ནས་དེ་ཐོབ་པར་འདོད་པའི་སྲེད་པའི་དབང་གིས་སྐྱེས་གནས་དེ་དང་དེར་ཉིང་འཚམས་སྦྱོར་བ་ཡིན་ཏེ། འདི་ལྟར་འགའ་ཡར་ཟས་གོས་ལ་སོགས་པའི་ཡོ་བྱད་རྣམས་ལའང་ཐོབ་འདོད་མེད་པར་རང་དབང་དུ་དེ་དག་ལེན་པ་མེད་པའི་ཕྱིར་དང་། སེམས་ཅན་རྣམས་ཀྱང་དབང་ཕྱུག་ལ་སོགས་པས་རང་དབང་མེད་པར་མངལ་སོགས་སུ་འཁྲིད་པ་ནི་མ་ཡིན་གྱི་འོན་ཀྱང་རང་དགར་མངལ་སོགས་སྐྱེ་གནས་རྣམས་བླངས་པར་རིགས་པས་གྲུབ་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་འགྲེལ་ལས། བདག་ལ་ཆགས་པ་དང་ལྡན་པས། །སེམས་ཅན་གཞན་གྱིས་བཀྲི་མིན་པར། །བདེ་སྡུག་དོར་ཐོབ་འདོད་པ་ཡིས། །དམན་པའི་གནས་ནི་ཡོངས་སུ་ལེན། །ཞེས་གང་གསུངས་པ་ཡིན་ནོ། །

གཞན་ཡང་གང་ཟག་གང་ལ་འཆི་འཕོ་བའི་ཚེ་འདོད་པའི་སྲེད་པ་ཡོད་པ་ནི་གདོན་མི་ཟ་བར་འདོད་པར་ཉིང་འཚམས་སྦྱོར་བར་བྱེད་ལ་འདོད་པའི་སའི་མ་རིག་པ་དང་ལས་ཡོད་པ་ལ་ནི་ངེས་པ་མེད་དོ། །དཔེར་ན་འདོད་པའི་རྟེན་ཅན་གྱི་ཕྱིར་མི་འོང་ལ་དེའི་ས་པའི་མ་རིག་པ་དང་ལས་ཡོད་ཀྱང་འདོད་པར་མི་སྐྱེ་བ་བཞིན་ནོ། །ཕྱིར་མི་འོང་དེ་ལ་འདོད་པའི་ས་པའི་མ་རིག་པ་མེད་པ་ཡང་མ་ཡིན་ཏེ། སུམ་ཅུ་པར། གང་དུ་སྐྱེས་པ་དེའི་འོ། །ཞེས་གསུངས་པས་དེའི་རྒྱུད་ཀྱི་ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པ་ནི་འདོད་པའི་ས་པ་ཡིན་པའི་ཕྱིར་རོ། །དེ་ལ་འདོད་པའི་ལས་མེད་པ་ཡང་མ་ཡིན་ཏེ། འདོད་པར་སྐྱེས་ནས་མྱོང་འགྱུར་དང་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་མེད་ཀྱང་། འཐོང་ཆོས་ལ་མྱོང་འགྱུར་དང་མྱོང་བར་མ་ངེས་པའི་ལས་དུ་མ་ཡོད་པའི་ཕྱིར་རོ། །དེ་བཞིན་དུ་འཆི་བའི་ཚེ་ཁམས་གོང་ལ་དམིགས་པའི་སྲིད་པའི་སྲེད་པ་མངོན་གྱུར་དང་ལྡན་པ་དེས་ནི་དེ་དག་ཏུ་ཉིང་འཚམས་སྦྱོར་ལ་དེ་དག་གི་མ་རིག་པ་དང་ལས་ཡོད་པ་ལ་ངེས་པ་མེད་དེ། གོང་མ་གཉིས་ཀྱི་བྱིས་པ་ཕྱི་མ་ལ་འདོད་པར་སྐྱེ་ངེས་ལྟ་བུ་དང་། དེ་དག་གི་རྟེན་ཅན་གྱི་ཕྱིར་མི་འོང་ལྟ་བུའོ། །གཞན་ཡང་དཔེར་ན་ཐགས་ཀྱི་རྒྱུ་སྣལ་མ་གཅིག་ལ་ཡང་སྤུན་མི་འདྲ་བའི་བྱེ་བྲག་གིས་འབྲས་བུ་སྣམ་བུ་མི་འདྲ་བ་དུ་མ་འབྱུང་བ་ལྟར་ལས་གཅིག་ཀྱང་སྐྱེ་གནས་མི་འདྲ་བ་དང་མ་འོངས་པའི་ཕུང་པོ་མི་འདྲ་བ་དེ་དང་དེ་ལ་སྲེད་པའི་སྲེད་པ་དུ་མས་གསོས་བཏབ་པར་བྱས་པ་ལས་རྣམ་སྨིན་གྱི་སྐྱེ་བ་མི་འདྲ་དུ་མ་འབྱུང་སྟེ། དཔེར་ན་དྲེའུར་སྐྱེ་བའི་བར་སྲིད་བོང་བུའི་སྐྱེ་གནས་ལ་ཆགས་པའི་དབང་གིས་དེར་ཉིང་འཚམས་སྦྱོར་བ་བཞིན་ནོ། །དེའི་ཕྱིར་སྐྱེ་བ་ལེན་པ་ལ་ཡང་སྲེད་པ་གཙོ་བོ་ཞེས་བཤད་དོ། །དེ་བཞིན་དུ་སྲེད་པ་གཙོ་བོ་ཡིན་པའི་རྒྱུ་མཚན་རྒྱས་པར་གཞུང་འདི་ཉིད་དུ་ཡང་འཆད་པར་འགྱུར་རོ། །སྤྲོས་པས་ཆོག་གོ །

གཉིས་པ་ཁམས་དང་སྐྱེ་མཆེད་དེ་དང་འདྲ་བར་བསྟན་པ་ལ་དྲི་བ་ནི། ཅིའི་ཕྱིར་ཞེས་པའོ། །ལན་ནི་དྲི་བ་དེ་ལ་ལན་ཕུང་པོ་ཉེར་ལེན་ཅན་དུ་བསྟན་པ་བཞིན་དུ་བཤད་པར་བྱ་སྟེ། འདི་ལྟར་ཉེ་བར་ལེན་པ་དང་ལྡན་པ་དེའི་ཕྱིར་ཉེ་བར་ལེན་པའི་ཁམས་རྣམས་དང་སྐྱེ་མཆེད་རྣམས་ཞེས་བྱའོ། །ཞེས་དང་། ལྡན་ཚུལ་དང་ཉེར་ལེན་གྱི་ངོ་བོ་ནི་སྔར་བཞིན་དུ་བཤད་དོ། །ཉེ་བར་ལེན་པ་ལྡན་པའི་ཆོས་གསུམ་གྱི་རང་བཞིན་དངོས་སུ་བསྟན་པ་ན་དེ་ལས་བཟློག་པ་ནི་ཉེར་ལེན་མེད་པའི་ཆོས་གསུམ་ཡིན་པ་བདེ་བླག་ཏུ་རྟོགས་པར་འགྱུར་བས། དེ་དག་སྟོན་པའི་གཞུང་རྩོམ་པ་ལ་འབད་པ་མ་མཛད་དོ། །དེ་བས་ན་གཞུང་འདིར་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ལ་དབྱེ་བ་གསུམ་བསྟན་ཏེ་འདི་ལྟར་དུ་དང་ཞེས་པས་ཆོས་གསུམ་སོ་སོའི་རང་བཞིན་བདེ་བླག་ཏུ་རྟོགས་པའི་ཆེད་དུ་དེ་དག་གི་ངོ་བོའི་དབྱེ་བ་བསྟན་ལ། ཉེར་ལེན་ཞེས་པས་ཆོས་གསུམ་སོ་སོའི་རང་བཞིན་རྟོགས་པའི་འོག་ཏུ་དེ་དག་ལ་བླང་དོར་ཚུལ་བཞིན་དུ་བྱ་བའི་ཕྱིར་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཕྱོགས་གཉིས་ཀྱི་དབྱེ་བ་བསྟན་པ་ཡིན་ཏེ། ཉེར་ལེན་དང་ལྡན་པའི་ཆོས་གསུམ་གྱིས་ནི་སྤང་བྱ་ཀུན་ནས་ཉོན་མོངས་ཀྱི་ཕྱོགས་མ་ལུས་པ་བསྡུས་ལ། གཅིག་ཤོས་ཀྱིས་ནི་བླང་བྱ་རྣམ་པར་བྱང་བའི་ཕྱོགས་མ་ལུས་པ་བསྡུས་པའི་ཕྱིར་རོ། །དབྱེ་ཞེས་པས་ཤེས་རབ་སྐྱེ་བའི་ཆེད་དུ་རྣམ་པའི་རབ་དབྱེ་རྒྱ་ཆེན་པོ་བསྟན་པ་ཡིན་ནོ། །

བཞི་པ་ཆོས་གསུམ་སོ་སོའི་མཚན་ཉིད་ལ་གསུམ་ལས་དང་པོ་ཕུང་པོའི་མཚན་ཉིད་ལ་ལྔ་ལས་གཟུགས་ཕུང་གི་མཚན་ཉིད་ལ་དྲི་བ་ནི། སྔར་གཟུགས་ཀྱི་ཕུང་པོ་ཞེས་པའི་མིང་ཙམ་སྨོས་པ་དེའི་རང་བཞིན་ཅི་ཡིན་པ་མི་ཤེས་ཏེ་གཟུགས་ཀྱི་ཕུང་པོའི་མཚན་ཉིད་ཅི་ཞེ་ན་ཅེས་འདྲི་བ་སྟེ་གཞན་རྣམས་ལ་ཡང་དེ་བཞིན་དུ་སྦྱར་རོ། །ལན་ནི། མཛོད་འགྲེལ་དུ་དྲངས། མདོར་དགེ་སློང་དག་གཟུགས་ནི་གཟུགས་སུ་ཡོད་ཅིང་གཟུགས་སུ་རུང་བས་དེའི་ཕྱིར་གཟུགས་ཉེ་བར་ལེན་པའི་ཕུང་པོ་རྣམས་ཞེས་བྱའོ། །ཞེས་གཟུགས་སུ་རུང་བ་གཟུགས་ཀྱི་དོན་དུ་བཤད་པ་ལ། གཟུགས་སུ་རུང་བའི་དོན་སློབ་དཔོན་དབྱིག་གཉེན་གནོད་པ་བྱར་རུང་བ་ཡིན་ལ་དེ་ཡང་ཚོར་བ་སྡུག་བསྔལ་སྐྱེད་པ་མ་ཡིན་གྱི། གཟུགས་ཅན་གཞན་དང་ཕྲད་པས་འགྱུར་བ་སྐྱེད་དུ་རུང་བ་ཡིན་ལ། བསམ་གཏན་དང་པོ་གསུམ་གྱི་སྣོད་ནི་དེའི་ས་པའི་མེ་ཆུ་སོགས་ཀྱིས་འཇིག་ལ་སེམས་ཅན་གྱི་གཟུགས་ལ་ཡང་དེའི་ས་པའི་མེ་དང་མཐུ་ཁྱད་པར་ཅན་གྱི་གནོད་ལ་བསམ་གཏན་བཞི་པའི་སྣོད་བཅུད་ཀྱི་གཟུགས་དང་བར་དོའི་གཟུགས་ལ་དངོས་སུ་གནོད་པ་བྱར་མེད་ཀྱང་དེའི་རིགས་ཅན་ཡིན་པས་མ་ཁྱབ་པའི་སྐྱོན་མེད་དོ་ཞེས་བཞེད་ཀྱང་། འདིར་ནི་རྣམ་པར་བསྟན་ལ་དབབ་པ་བསྡུ་བར། དེ་ལ་གཟུགས་ཀྱི་སྤྱིའི་མཚན་ཉིད་འདི་ལྟ་སྟེ། ལག་པ་དང་བོང་བ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་རེག་པར་བྱར་རུང་བ་གང་ཡིན་པའི་སྤྱིའི་མཚན་ཉིད་དེ་ནི་ཐམས་ཅད་དུ་འགྲོ་བ་མ་ཡིན་ཏེ། འདོད་པ་ན་སྤྱོད་པའི་ལྷ་རྣམས་མ་གཏོགས་པ་དེ་ལས་གཞན་པའི་འདོད་པའི་ཁམས་ན་ནི་ཐམས་ཅད་དུ་འགྲོ་བ་ཡིན་ནོ། །འདོད་པ་ན་སྤྱོད་པའི་ལྷ་རྣམས་ཀྱི་གཟུགས་གང་ཡིན་པ་དེ་ནི་ལག་པ་དང་དབྱུག་པ་དང་མཚོན་ཆའི་འདུས་ཏེ་རེག་པ་དག་གིས་རེག་ན་གནོད་པར་ནི་འགྱུར་མོད་ཀྱི། གྲང་བ་དང་ཚ་བ་དང་བཀྲེས་པ་དང་སྐོམ་པ་ལ་སོགས་པའི་འདུས་ཏེ་རེག་པས་ནི་མ་ཡིན་ཏེ། དེ་དག་གི་བཟའ་བ་དང་བཏུང་བ་ལ་སོགས་པ་ཡོ་བྱད་ཐམས་ཅད་ནི་འདུན་པ་སྐྱེད་པ་ཙམ་གྱིས་ལེགས་པར་འགྲུབ་པར་འགྱུར་བས་དེའི་ཕྱིར་དེ་དག་ལ་བཀྲེས་པ་དང་སྐོམ་པ་དག་འབྱུང་ཡང་གནོད་པར་མི་འགྱུར་རོ། །

གཟུགས་ན་སྤྱོད་པའི་གཟུགས་ནི་ལག་པ་དང་དབྱུག་པ་དང་མཚོན་ཆའི་འདུས་ཏེ་རེག་པ་དག་གིས་ཀྱང་རེག་ན་ཡང་གནོད་པར་མི་འགྱུར་ལ། དེ་ལས་གཞན་པའི་འདུས་ཏེ་རེག་པ་དག་གིས་ཀྱང་གནོད་པར་མི་འགྱུར་རོ་ཅེས་གསུངས་པས་གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་གཟུགས་སུ་ཡོད་པ་སྟེ་གཟུགས་སུ་རུང་བ་གང་ཡིན་པ་ནི་གཟུགས་ཀྱི་མཚན་ཉིད་ཏེ་རང་བཞིན་ཅན་ཡིན་ནོ། །དེ་བས་ན་གཟུགས་སུ་རུང་བ་གཟུགས་ཀྱི་མཚན་ཉིད་དུ་འདོད་པ་ཆོས་མངོན་པ་ཀུན་མཐུན་ཡང་། གཟུགས་རུང་གི་དོན་ཁ་ཅིག་ཐོགས་བཅས་དང་གཞན་དག་རེག་པས་གཟུགས་སུ་རུང་བ་ཁོ་ན་ལ་འདོད་པས་དེའི་ཕྱིར་གཟུགས་སུ་ཡོད་པ་རྣམ་པ་གཉིས་ཀྱིས་ཅེས་སྨོས་སོ། །སྤྱིར་མཚན་ཉིད་ཀྱི་སྒྲ་ནི་བྱ་བྱེད་དང་འབྲེལ་པས་བྱེད་པ་དང་ལས་སུ་བྱ་བ་གཉིས་ཀ་ལ་འཇུག་ཏེ། ཇི་སྐད་དུ་གང་གིས་མཚོན་ཏེ་མཚན་ཉིད་དུ་ཤེས་ཅེས་དང་། ངོ་བོ་ཉིད་གང་མཚོན་ཏེ་ཡང་ཞེས་གསུངས་པ་ལྟར་རོ། །འདི་ལྟར་བྱེད་པ་ལ་སྦྱར་བ་འདིས་མཚོན་པར་བྱེད་པས་ན་མཚན་ཉིད་ཅེས་བྱ་སྟེ་འཚེད་པར་བྱེད་པའི་སྐྱེས་བུ་ལ་འཚེད་པ་ཞེས་བྱ་བ་ལྟ་བུའོ། །

གཉིས་པ་ལས་ལ་སྦྱར་བ་ནི་འདི་མཚོན་པར་བྱ་བས་ན་མཚན་ཉིད་ཅེས་བྱ་སྟེ་འཚེད་པར་བྱ་བ་འབྲས་ཆན་ལ་འཚེད་པ་ཞེས་བྱ་བ་ལྟ་བུའོ། །དང་པོ་བྱེད་པའི་རང་བཞིན་གྱི་མཚན་ཉིད་ནི་རྟོགས་པ་སྐྱེད་པའི་ཡན་ལག་ཡིན་པས་བྱེད་པ་ཞེས་བྱ་ལ། གཉིས་པ་ལས་སུ་བྱ་བའི་རང་བཞིན་གྱི་མཚན་ཉིད་ནི་སྔ་མས་རྟོགས་པར་བྱ་བ་ཁོ་ན་ཡིན་པས་ལས་ཡིན་ནོ། །ཡང་དང་པོ་ལ་རང་གི་ཐུན་མོང་མ་ཡིན་པའི་ངོ་བོ་མཚོན་པར་བྱེད་པ་རང་གི་མཚན་ཉིད་དང་། ཆོས་གཞན་དང་ཐུན་མོང་དུ་མཚོན་པར་བྱེད་པར་སྤྱིའི་མཚན་ཉིད་གཉིས་ཡིན་ལ་དང་པོ་ལ་མ་ཁྱབ་པ་དང་ཁྱབ་ཆེས་པ་དང་མི་སྲིད་པའི་སྐྱོན་གསུམ་སྤང་དགོས་ལ་ཕྱི་མ་ལ་ཁྱབ་ཆེས་པ་སྐྱོན་དུ་མི་རྩིའོ། །

དང་པོ་ལ་ཡང་། ཆོས་དེའི་རང་བཞིན་མ་རྟོགས་པ་རྟོགས་པའི་ཡན་ལག་ཏུ་དོན་ལ་མ་ཁྱབ་ཁྱབ་ཆེས་སོགས་སེལ་བ་རིགས་མི་མཐུན་སེལ་བའི་མཚན་ཉིད་དང་། ཆོས་དེ་ལ་ཐེ་ཚོམ་དང་ཕྱིན་ཅི་ལོག་ཏུ་རྟོགས་པའི་གཉེན་པོར་བློ་ངོར་མ་ཁྱབ་སོགས་སེལ་བར་བྱེད་པ་ལོག་རྟོག་སེལ་བའི་མཚན་ཉིད་གཉིས་ཡིན་ལ། དང་པོ་ལ་ཚིག་གང་ལྟར་སྦྱོར་ཀྱང་དོན་གཙོ་ཆེ་ལ། ཕྱི་མ་ལ་དོན་མ་ལོགས་པ་ཙམ་དུ་མ་ཟད་ཀྱི་ལོག་རྟོག་དང་ཐེ་ཚོམ་གཅོད་ནུས་ཀྱི་ཚིག་གི་ཟུར་ཐོན་པ་གཙོ་བ་ཡིན་ནོ། །

ལས་ཀྱི་རང་བཞིན་གྱི་མཚན་ཉིད་དང་། མཚོན་བྱ་དང་། མཚན་གཞི་རྣམས་དོན་གཅིག་གོ་འདིར་ལས་དང་། བྱེད་པ་གཉིས་ལས་ཕྱི་མ་ཡིན་ལ། དེ་ལ་ཡང་རང་དང་སྤྱིའི་མཚན་ཉིད་ཅི་རིགས་པ་ཡོད་ལ། རིགས་མི་མཐུན་དང་། ལོག་རྟོགས་སེལ་བའི་ནི་དང་པོ་ཤས་ཆེའོ། །

གཟུགས་རུང་གཉིས་ནི། གཟུགས་ཅན་ནང་ཕྲད་པས་སྔར་ལས་མི་འདྲ་བའི་འགྱུར་བ་སྐྱེད་དུ་རུང་བ་རེག་པས་གཟུགས་སུ་རུང་བ་དང་། ཕྲད་པས་འགྱུར་བ་སྐྱེད་དུ་མེད་ཀྱང་ཐོགས་བཅས་ཀྱི་གཟུགས་གཞན་དང་འདྲ་བར་ཡུལ་གོག་པར་བློས་དཔྱད་དུ་རུང་བ་ཡུལ་དཔྱད་པས་གཟུགས་སུ་ཡོད་པའོ། །གཉིས་པོ་འདི་ལས་གང་ཡང་རུང་བ་དང་ལྡན་པས་ཀྱང་གཟུགས་སུ་འགྱུར་ལ། གང་ཡང་རུང་བ་གཉིས་མ་ཚང་ན་ཡང་གཟུགས་སུ་མི་འགྱུར་ཏེ། མཚན་ཉིད་མེད་པའི་ཕྱིར་རོ། །བསྟན་མེད་ཐོགས་མེད་ཀྱི་གཟུགས་རྣམས་ལ་ཀུན་བཏགས་པ་དང་དབང་འབྱོར་པ་དང་མངོན་པར་སྐབས་ཡོད་དག་ནི་ཡུལ་དཔྱད་པས་གཟུགས་སུ་རུང་བ་ཡིན་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་རྡུལ་ཕྲན་ནི་ཉེ་བར་བཏགས་ནས་གཟུགས་སུ་བརྗོད་པ་ཡིན་པས་སམ། ཡང་ན་དེ་དག་གི་རྟེན་འབྱུང་བ་རྣམས་གཟུགས་སུ་རུང་བས་དེ་དག་ཀྱང་གཟུགས་སུ་རུང་བར་བརྗོད་དོ། །

དེ་དག་རྒྱས་པར་བཤད་པ་ལ་རེག་པས་དང་། ཡུལ་དཔྱད་པས་གཟུགས་རུང་རྒྱས་པར་བཤད་པ་གཉིས་ལས། དང་པོའི་ནི་མདོར་ཅིས་གཟུགས་སུ་རུང་ཞེ་ན་ལག་པས་འདུས་ཏེ་རེག་པས་རེག་ན་གཟུགས་སུ་རུང་བ་དང་ཞེས་སོགས་བཅུ་གསུམ་གསུངས་པ་འདིར་ཡང་བཀོད་པ་ཡིན་ལ། མདོར་བསྡུས་ན་སེམས་ཅན་དུ་བགྲང་བ་དང་སེམས་ཅན་མ་ཡིན་པར་བགྲང་བའི་གཟུགས་གཉིས་སུ་ཡང་འདུས་ལ་ཕྱེ་ན་མཆེ་བ་དང་རྐང་པའི་འདུས་ཏེ་རེག་པ་སོགས་དུ་མར་ཡང་འགྱུར་བས་དེ་ཙམ་དུ་དངོས་པོ་ལ་ངེས་པ་མ་ཡིན་ནོ། །ལག་པ་དང་། བཀྲེས་སྐོམ་དང་། སྦྲང་བུ་དང་། ཤ་སྦྲང་དང་། སྡིག་སྦྲུལ་རྣམས་ནི་སེམས་ཅན་དུ་བགྲང་བའི་གཟུགས་ཡིན་ལ་གཞན་རྣམས་ནི་སེམས་ཅན་མ་ཡིན་པ་སྟེ། དེ་རྣམས་ཀྱིས་འདུས་ཏེ་རེག་པས་རེག་པ་ན་སྔར་ལས་མི་འདྲ་བའི་འགྱུར་བ་སྐྱེད་པས་གཟུགས་སུ་རུང་བ་སྟེ། དཔེར་ན་ལག་པས་རེག་པས་མེ་ཏོག་གི་ཁ་དོག་ཉམས་པ་ལྟ་བུ་དང་། བཀྲེས་བསྐོམ་གྱིས་གདུངས་པས་ལུས་ཉམས་ཆུང་ཞིང་རིད་པར་གྱུར་པ་ལྟ་བུའོ། །

གཉིས་པ་ནི། མངོན་དུ་གྱུར་པའི་ཡུལ་གང་ལ་སྔོ་སེར་དཀར་དམར་ལ་སོགས་པའི་གཟུགས་འདི་དང་འདིའོ། །རིང་ཐུང་ལ་སོགས་པ་དབྱིབས་འདི་ལྟ་བུ་དང་འདི་ལྟ་བུའོ་ཞེས་བརྟག་ཅིང་དཔྱད་དུ་རུང་བའོ། །ཡུལ་ཅན་གང་གིས་ཞེ་ན། མི་སྡུག་པ་དང་རྣམ་ཐར་སོགས་ལ་མཉམ་པར་བཞག་པའི་ཡིད་ཀུན་ཏུ་རྟོག་པ་དང་མཚུངས་པར་ལྡན་པའི། ཐ་སྙད་དུ་ཞེན་ཡུལ་ལ་མ་འཁྲུལ་བའི་མཉམ་པར་མ་བཞག་པའི་ཡིད་ཀུན་རྟོག་དང་མཚུངས་ལྡན་རྣམས་ཀྱིས་སོ། །ཇི་ལྟར་ཞེ་ན་ཁ་དོག་དང་དབྱིབས་འདི་དང་འདིའོ་འདི་ལྟ་བུ་དང་འདི་ལྟ་བུའོ་ཞེས་བཀྲ་བར་འཛིན་ཅིང་སྤྱོད་པའོ། །རྨི་ལམ་དང་སྒྱུ་མའི་གཟུགས་སོགས་ཀྱང་འཁྲུལ་པའི་ཤེས་པས་ཁ་དོག་དབྱིབས་སོགས་ཀྱི་རྣམ་པར་གཅོད་ཀྱང་ཐ་སྙད་པའི་ཤེས་པས་དེ་ལྟར་འཛིན་པ་མེད་པས་གཟུགས་སུ་ཐལ་བར་མི་འགྱུར་རོ། །ཀུན་བཏགས་པ་དང་དབང་འབྱོར་པའི་གཟུགས་ཀྱང་ཡུལ་དཔྱད་པས་གཟུགས་རུང་དུ་བསྟན་པའི་ཕྱིར་མཉམ་པར་བཞག་པའི་ཅེས་སྨོས་སོ། །

གཉིས་པ་ཚོར་ཕུང་གི་མཚན་ཉིད་ལ་དྲི་བ་ཚོར་བའི་ཅེས་སོ། །ལན་ནི། ཚོར་བ་ནི་ཉམས་སུ་མྱོང་བའི་མཚན་ཉིད་ཅན་ཡིན་ནོ། །འདིར་མྱོང་བའི་དོན་ཅི་ཡུལ་ལམ་འོན་ཏེ་རང་མྱོང་བ་ལ་བརྗོད་གཉིས་ཀ་ལྟར་ཡང་སེམས་དང་སེམས་ལས་བྱུང་བ་ཀུན་ཚོར་བར་འགྱུར་ཞིང་། དེ་གཉིས་ལས་གཞན་དུ་ཡང་མི་འཐད་དེ་ཤེས་རིག་གི་མྱོང་བྱ་རང་ངམ་ཡུལ་ལས་གཞན་མེད་པའི་ཕྱིར་རོ་ཞེ་ན། བྱེ་བྲག་སྨྲ་བ་རྣམས་རེག་པའི་གཟུགས་བརྙན་མྱོང་བ་ལ་འདོད་ཀྱང་། འདིར་མྱོང་བའི་ངོ་བོ་གང་གིས་ཟག་བཅས་ཀྱི་ལས་དགེ་བ་དང་མི་དགེ་བའི་འབྲས་བུ་རྣམ་པར་སྨིན་པ་སིམ་པ་དང་གདུང་བ་དང་གཉིས་མིན་ཅི་རིགས་པ་སོ་སོར་ཏེ་མ་འདྲེས་པར་མྱོང་བ་ལ་མྱོང་བའི་དོན་དུ་འདོད་དོ། །མྱོང་བྱ་རྣམ་སྨིན་སིམ་གདུང་བར་མའི་རང་བཞིན་དེ་དག་མྱོང་བྱེད་ཚོར་བ་ལས་དོན་གཞན་པའི་དོན་གཞན་མ་ཡིན། དང་པོ་ལྟར་ན་ཚོར་བ་དང་དམིགས་པ་མཚུངས་པའི་ཤེས་རིག་གཞན་གྱིས་ཀྱང་ཅི་ཕྱིར་མི་མྱོང་གང་གིས་ན་ཚོར་བ་ཁོ་ན་དེ་མྱོང་བར་འཇོག་གཉིས་པ་ལྟར་ན་ཡང་རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་མི་རིགས་སོ་སྙམ་ན། གཞན་གྱི་བདེ་སྡུག་ལ་དམིགས་པའི་རྣལ་འབྱོར་པས་ཀྱང་གཞན་རྒྱུད་ཀྱི་སིམ་གདུང་ཉམས་སུ་མྱོང་བར་ཐལ་བའི་ཕྱིར་ཕྱོགས་སྔ་མ་ནི་མི་འདོད་དོ། །དེ་བས་ན་མྱོང་བྱེད་རང་ཉིད་སིམ་གདུང་གི་ངོ་བོར་སྐྱེས་པ་ལ་དེ་དང་དེ་མྱོང་བའི་ངོ་བོ་གང་གིས་ཅེས་སྨོས་སོ། །རྣམ་འགྲེལ་ལས་ཀྱང་། དོན་དང་འདྲ་དང་འདྲ་བ་དམིགས་པ་སྟེ། །རང་ཉིད་གསལ་བ་བདག་མྱོང་ཡིན། །ཅེས་གསུངས་སོ། །དེ་བས་ན་སེམས་དང་སེམས་ལས་བྱུང་བ་གཞན་རྣམས་ནི་མྱོང་བ་མ་ཡིན་ཏེ་སིམ་པ་དང་གདུང་བའི་ངོ་བོར་མ་སྐྱེས་པའི་ཕྱིར་དང་། སིམ་གདུང་སོགས་ཀྱི་རྣམ་པར་སྐྱེས་པ་ལ་མྱོང་བར་འདོད་པའི་ཕྱིར་རོ། །ཅི་སྟེ་ཡུལ་གྱི་སྟོབས་ལས་ཀྱང་བདེ་སྡུག་གི་ཚོར་བ་འགའ་ཞིག་སྐྱེས་པ་མ་ཡིན་ནམ་ཇི་ལྟར་ན་ལས་ཀྱི་རྣམ་སྨིན་མྱོང་བ་ཚོར་བར་བརྗོད་ཅེ་ན། བདེན་མོད་ཀྱི་འོན་ཀྱང་ཚོར་བ་ནི་རྣམ་སྨིན་མྱོང་བ་གཙོ་ཆེ་བསམ། ཡང་ན་ཡུལ་ལམ་རེག་པ་སོགས་མྱོང་བ་ཚོར་བར་དོགས་པ་བསལ་བའི་ཕྱིར་རྣམ་པར་སྨིན་པ་མྱོང་བ་ཅེས་སྨོས་སོ། །སིམ་གདུང་སོགས་མྱོང་བྱེད་གཅིག་གིས་མྱོང་བར་དོགས་པ་བསལ་བའི་ཕྱིར་སོ་སོར་ཅེས་སྨོས་སོ། །

གསུམ་པ་འདུ་ཤེས་ཕུང་པོའི་མཚན་ཉིད་ལ་དྲི་བ་ནི་འདུ་ཤེས་ཅེས་པའོ། །ལན་ནི། ཡུལ་དབང་རྣམ་ཤེས་གསུམ་རྒྱུ་དང་འབྲས་བུར་འདུས་ཏེ་ཡུལ་གྱི་ཐ་སྙད་ཀྱི་མཚན་མ་ཤེས་པར་བྱེད་ཡོངས་སུ་གཅོད་པར་བྱེད་པའི་མཚན་ཉིད་ཅན་ནི་འདུ་ཤེས་ཡིན་ནོ། །མཚན་མ་ནི་གང་རྒྱུ་མཚན་དུ་བྱས་ནས་ཆོས་དང་གང་ཟག་གི་ཐ་སྙད་སྣ་ཚོགས་སྦྱོར་བའི་རྒྱུར་གྱུར་པས་ཏེ། དཔེར་ན་འཇིམ་པའི་རྣམ་འགྱུར་འགའ་ལ་ལྟོ་བ་ལྡིར་བ་ལ་སོགས་པའི་མཚན་མ་མཐོང་ནས་བུམ་པའི་ཐ་སྙད་སྦྱོར་བ་དང་། སྲོག་ཆགས་ཀྱི་ཁྱད་པར་འགའ་ལ་གཉའ་བར་ཤ་འཕུངས་པ་དང་། མགྲིན་པར་པགས་པ་འཕྱང་བ་ལ་སོགས་པའི་མཚན་མ་མཐོང་ནས་བ་ལང་ཞེས་པའི་ཐ་སྣད་འདོགས་པ་བཞིན་ནོ། །ཅི་སྟེ་ལྟོ་འདིར་བ་དང་། ནག་པོ་ལ་སོགས་པའི་མཚན་མ་དེ་དག་ནི་བུམ་པ་དང་། བ་ལང་གི་ཁ་དོག་འཛིན་པའི་མིག་གི་རྣམ་པར་ཤེས་པས་ཡོངས་སུ་གཅོད་པ་མ་ཡིན་ནམ་འདུ་ཤེས་ཀྱིས་ཇི་ལྟར་འཛིན་ཅེ་ན། མ་ཡིན་ཏེ་ལྟོ་ལྡིར་བ་ལ་སོགས་པའི་མཚན་མ་རྣམས་ནི་དོན་གྱི་ཁྱད་པར་ཡིན་ལ་རྣམ་པར་ཤེས་པ་རྣམས་ནི་དོན་གྱི་ངོ་བོ་ཙམ་ཡོངས་སུ་གཅོད་པར་བྱེད་ཀྱི་ཁྱད་པར་ནི་མ་ཡིན་ཏེ། སེམས་ལས་བྱུང་བ་རྣམས་དང་། ཁྱད་པར་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །འདི་དག་གི་རྒྱུ་མཚན་རྒྱས་པར་འོག་ཏུ་དཔྱད་པར་བྱའོ། །

མདོར་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་འདི་རྣམས་ལ་གཞན་དང་མི་འདྲ་བའི་ཐུན་མོང་མ་ཡིན་པའི་ཁྱད་པར་རེ་ཡོད་དེ། གཞན་དུ་ན་ཀུན་ཀྱང་རོ་གཅིག་པས་སྤུ་རིས་སོ་སོར་མི་ཕྱེད་པར་ཐལ་བའི་ཕྱིར་རོ། །ཐུན་མོང་མ་ཡིན་པའི་རང་རང་གི་ཁྱད་པར་དེ་ཉིད་ལ་མཚན་མ་ཞེས་བྱ་སྟེ། དེ་རྒྱུ་མཚན་དུ་བྱས་ནས་གཞན་ལས་བྱེ་བྲག་ཏུ་འབྱེད་པར་བྱེད་པའི་ཐ་སྙད་ཐུན་མོང་མ་ཡིན་པ་འདོགས་པའི་ཕྱིར་རོ། །མཚན་མ་དེ་ཡང་ཤེས་རིགས་གིས་ཡོངས་སུ་མ་གཅད་པར་དེའི་རྒྱུ་ཅན་གྱི་ཐ་སྙད་སྦྱོར་བར་མི་འཐད་ལ། ཐ་སྙད་ལས་ཀྱང་དེའི་རྒྱུ་ཅན་མཚན་མ་ཡོངས་སུ་གཅོད་བྱེད་ཀྱི་ཤེས་རིག་ཡོད་པར་གྲུབ་ལ། ཤེས་རིག་དེ་ལ་ཡང་འདུ་ཤེས་ཞེས་ཐ་སྙད་དུ་བྱེད་པ་ཡིན་ནོ། །

ཅི་སྟེ་ཚོར་བ་དང་འདུ་ཤེས་གཉིས་ཀ་ཡང་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་ལས་སྐྱེས་པར་འདྲ་ན་ཅིའི་ཕྱིར་འདུ་ཤེས་ཀྱི་མཚན་ཉིད་སྟོན་པ་ན་འདུས་ཏེ་ཅེས་སྨོས་ལ་ཚོར་བ་ལ་མ་ཡིན་ཅེ་ན། འདུ་ཤེས་ནི་མཚན་མ་འཛིན་པས་རབ་ཏུ་ཕྱེ་བ་ཡིན་ལ་མཚན་མ་ཡང་ཡུལ་གྱི་ཆོས་ཡིན་ལ་དེ་ཤེས་པ་ཡང་ཡུལ་དག་རྣམ་ཤེས་གསུམ་འདུས་པ་ལ་ལྟོས་པས་འདུས་ཏེ་ཅེས་སྨོས་ལ། ཚོར་བ་ནི་རྣམ་སྨིན་མྱོང་བས་རབ་ཏུ་ཕྱེ་བ་ཡིན་ལ་མྱོང་བྱ་རྣམ་སྨིན་དེ་ཡང་མྱོང་བྱེད་རང་གི་ངོ་བོ་ཡིན་པས་འཛིན་པའི་ཆོས་ཡིན་གྱི་ཡུལ་གྱི་ཆོས་མ་ཡིན་པས་དེ་སྐད་མ་སྨོས་སོ། །དེ་བྱེད་ལས་ཀྱི་སྒོ་ནས་རྒྱས་པར་བཤད་པ། ཐ་སྙད་འདོགས་པར་བྱེད་ཅེས་དྲང་ངོ་། །ཇི་ལྟ་བུའི་ཅེ་ན། ལྷ་མི་ཅེས་སོགས་གང་ཟག་གི་དང་། མིག་སྣ་ཅེས་སོགས་ཆོས་ཀྱིའོ། །ལས་སུ་བྱ་བ་གང་ལ་ཅེ་ན། མིག་གིས་མཐོང་བ་དང་། རྣ་བས་ཐོས་པ་དང་མ་མཐོང་མ་ཐོས་ཀྱང་རིག་པས་དཔྱད་ནས་བསམ་བྱུང་གིས་འདི་དང་འདིའོ་ཅེས་བྱེ་བྲག་ཕྱེད་པ་དང་། སྒོམ་བྱུང་གིས་སོ་སོར་རང་རིག་པའི་ཚུལ་གྱིས་རྣམ་པར་ཤེས་པའི་དོན་རྣམས་ལའོ། །བྱེད་པ་གང་གིས་ཅེ་ན། ཡུལ་གྱི་མཚན་མ་ཡོངས་སུ་གཅོད་ཅིང་། འཛིན་པར་བྱེད་པ་དབང་ཤེས་དང་ཡིད་ཤེས་རྟོག་མེད་འཁོར་གྱི་འདུ་ཤེས་དང་། མཚན་མ་དེ་ཉིད་འདིའོ་ཞེས་ངེས་པའི་སྒོ་ནས་བཀྲ་བར་འཛིན་པར་བྱེད་པ་ཡིད་ཤེས་རྟོག་བཅས་ཀྱི་འཁོར་གྱི་འདུ་ཤེས་རྣམས་ཀྱིས་སོ། །

ཅི་སྟེ་རྣམ་པར་མ་རྟགས་རྣམ་པར་མ་དཔྱད་པར་ཚིག་ཏུ་མི་སྨྲའོ་ཞེས་འབྱུང་བ་མ་ཡིན་ནམ། ཇི་ལྟར་ན་དབང་ཤེས་རྟོག་མེད་ཀྱི་འཁོར་གྱིས་ཐ་སྙད་འདོགས་པར་བྱེད་ཅེ་ན། ཡིད་ཀྱི་ཤེས་པ་འཁོར་དང་བཅས་པ་གཟུགས་སྒྲ་ལ་སོགས་པའི་དབང་པོའི་ཤེས་པའི་ཡུལ་རྣམས་ལ་འཇུག་པ་ནི། དེ་དག་གི་རང་གི་མཚན་ཉིད་འཛིན་པའི་དབང་པོའི་ཤེས་པ་མངོན་དུ་འགྲོ་བ་ལ་ལྟོས་པ་ཡིན་ཏེ། གཞན་དུ་ན་དབང་ཤེས་ལ་ལྟོས་པ་མེད་པར་ཡིད་ཤེས་ཁོ་ནས་གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་རྟོགས་པའི་ཕྱིར། དེ་དག་འཛིན་པ་ལ་དབང་པོའི་ཤེས་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེ་བས་ན་དབང་ཤེས་འཁོར་གྱི་འདུ་ཤེས་ཀྱིས་ཡུལ་གྱི་མཚན་མ་ཡོངས་སུ་གཅད་ནས་དེའི་རྗེས་སུ་ཡིད་ཤེས་འཁོར་གྱིས་འདིའོ་ཞེས་བཀྲ་བར་བཟུང་ནས་ཐ་སྙད་འདོགས་པར་བྱེད་པས་ཉེས་པ་མེད་དོ། །དེ་བས་ན་མཐོང་ཐོས་སོགས་དབང་ཤེས་ཀྱི་དོན་རྣམས་ལ་ཐ་སྙད་འདོགས་པ་ལ་དབང་ཤེས་ཀྱི་འཁོར་གྱི་འདུ་ཤེས་གཙོ་བ་ཡིན་ཏེ། དེ་ཉིད་ཐ་སྙད་དེའི་དང་པོའི་རྒྱུ་ཡིན་པའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་པའི་དོན་རྣམས་ལ་ཡིད་ཤེས་འཁོར་གྱི་འདུ་ཤེས་ཁོ་ནས་ཐ་སྙད་འདོགས་པར་བྱེད་དོ། །ཅི་སྟེ་ཐ་སྙད་ཀྱི་ཡུལ་ནི་འཐའ་ཡས་ན་ཅིའི་ཕྱིར་མཐོང་ཐོས་ལ་སོགས་པའི་དོན་བཞི་པོ་འདི་ཙམ་ཞིག་ཐ་སྙད་ཀྱི་ཡུལ་དུ་བསྟན་ཅེ་ན། བདེན་མོད་འོན་ཀྱང་འདིར་ཐ་སྙད་ཀུན་གྱི་ཡུལ་བསྟན་པ་མ་ཡིན་གྱི་ཐ་སྙད་རྣམས་ཀྱི་ནང་ནས་གཙོ་བོར་ཐར་པ་འདོད་པ་རྣམས་ཀྱི་སྤང་བླང་བྱ་བའི་ཡང་དག་པ་དང་ལོག་པའི་ཐ་སྙད་རྣམས་ཀྱི་གཞི་ནི་འདི་ཙམ་ཞིག་ཏུ་ཟད་པས་དེའི་ཕྱིར་བཞི་པོ་འདི་དག་བསྟན་ནོ། །

དེ་ལ་བླང་བར་བྱ་བ་ཡང་དག་པའི་ཐ་སྙད་ནི། བརྒྱད་དེ་མཐོང་ཐོས་ལ་སོགས་པའི་ཡུལ་གཅིག་ཇི་ལྟ་བ་བཞིན་རྟོགས་ནས་དེ་བཞིན་དུ་བརྗོད་པ་བསྒྲུབ་པའི་ཐ་སྙད་བཞི་དང་། ཇི་བཞིན་མ་རྟོགས་པ་ལ་དེ་ལྟར་བརྗོད་པ་ལ་ད་ལྟར་བརྗོད་པ་དགག་པའི་ཐ་སྙད་བཞིའོ། །དོར་བར་བྱ་བ་ལོག་པའི་ཐ་སྙད་ཀྱང་བརྒྱད་དེ། སྔ་མ་ལས་བཟློག་པ་དགག་པའི་ཐ་སྙད་བཞི་དང་། ཕྱི་མ་ལས་ཟློག་པ་སྒྲུབ་པའི་ཐ་སྙད་བཞིའོ། །དོན་ཇི་ལྟ་བ་བཞིན་སྟོན་པར་བྱེད་པའི་ཡང་དག་པའི་ཐ་སྙད་གཞན་ཡང་ཡོད་པ་མ་ཡིན་ནམ་ཇི་ལྟར་ན་བརྒྱད་པོ་ཁོ་ན་ཡང་དག་པའི་ཐ་སྙད་དུ་བརྗོད་ཅེ་ན། བརྒྱད་པོ་འདི་དག་ཡང་དག་པའི་ཐ་སྙད་གཞན་ལས་ཕན་ཡོན་ཆེ་བས་མཆོག་ཏུ་གྱུར་པའི་ཕྱིར་གཙོ་བོ་ཡིན་ཏེ། དང་པོ་བཞི་ནི་གཞན་རྗེས་སུ་འཛིན་པའི་ཡན་ལག་ཡིན་ལ་ཕྱི་མ་བཞི་ནི་རང་རྗེས་སུ་བསྲུང་པའི་ཡན་ལག་ཡིན་པའི་ཕྱིར་རོ། །དེ་ཡང་འདི་ལྟར། ལྷ་ཡི་མིག་དང་རྣ་བའི་མངོན་པར་ཤེས་པས་གོ་རིམ་བཞིན་དུ་སེམས་ཅན་རྣམས་ཀྱི་འཆི་འཕོ་དང་སྐྱེ་བའི་གཟུགས་དང་བདེ་འགྲོ་ངན་འགྲོའི་གཟུགས་མིའི་དབང་པོའི་ཡུལ་ལས་འདས་པ་མཐོང་བ་དང་། སྒྲ་ཤིན་ཏུ་ཕྲ་བ་རྣམས་ཐོས་ནས་དེ་ལྟར་དུ་གཞན་ལ་བསྟན་པ་ལས་ཕ་རོལ་པོ་ལ་ཡང་དག་པའི་ལྟ་བ་བསྐྱེད་པའི་ཕྱིར་དང་། ལས་འབྲས་དང་བདེན་བཞི་ལ་སོགས་པ་རིགས་པས་བརྟགས་ཤིང་དཔྱད་ནས་བྱེ་བྲག་ཕྱེད་པའི་དོན་རྣམས་དང་། སྒོམ་བྱུང་གི་སོ་སོ་རང་རིག་ཅིང་རྣམ་པར་ཤེས་པའི་དོན་རྣམས་གཞན་ལ་བསྟན་པ་ན་ཡང་སྔ་མ་ལྟར་འགྱུར་བའི་ཕྱིར་རོ། །ཇི་ལྟར་ན་ཕྱི་མ་བཞི་རང་རྗེས་སུ་བསྲུང་པའི་ཡན་ལག་ཡིན་ཅེ་ན། གཞན་གྱིས་མཐོང་ཐོས་སོགས་བཞི་ལ་བརྩམས་ནས་དྲིས་པ་ན་མ་མཐོང་བཞིན་དུ་མཐོང་ཞེས་སོགས་བརྗོད་ན་མི་ཆོས་བླ་མའི་རྫུན་སྨྲས་པས་ཉམས་པ་ཆེན་པོ་ཐོབ་པའི་ཕྱིར་དང་། ཐ་སྙད་ཕྱི་མ་བཞི་པོ་འདི་དག་དང་ལྡན་པ་ལས་ཉེས་དམིགས་དེ་མི་འབྱུང་བའི་ཕྱིར་རོ། །

དོན་ཇི་ལྟ་བ་བཞིན་མ་ཡིན་པའི་ལོག་པའི་ཐ་སྙད་གཞན་ཡོད་ན་ཡང་བརྒྱད་པོ་འདི་ཙམ་ཞིག་ལོག་པའི་ཐ་སྙད་དུ་བསྟན་པ་ནི་སྔ་མ་བཞིན་གཞན་དོན་ཉམས་པའི་རྒྱུ་ཡིན་ཞིང་། ཕྱི་མ་བཞི་རང་གི་དོན་ལས་ཉམས་པའི་རྒྱུ་ཡིན་པས་ཉེས་དམིགས་ཆེ་བའི་ཕྱིར་རོ། །དབང་པོའི་ཡུལ་དུ་འདྲ་བ་ལ་མཐོང་ཐོས་གཉིས་སྨོས་ལ་སྣ་ལྕེ་ལུས་གསུམ་གྱི་ཡུལ་མི་སྨོས་པ་ཅི་ཞེ་ན། ཐ་མལ་པའི་དབང་པོའི་ཡུལ་ལས་འདས་པའི་མཐོང་ཐོས་ཀྱི་དོན་འགའ་ཞིག་ཀྱང་རྣལ་འབྱོར་པའི་ལྷའི་མིག་དང་རྣ་བའི་ཡུལ་དུ་འགྱུར་བས་དེ་དག་ཡུལ་དུ་བྱས་པའི་ཡང་དག་པ་དང་ལོག་པའི་ཐ་སྙད་དག་ནི་སྔར་བཤད་པ་ལྟར་ཕན་ཡོན་དང་ཉེས་དམིགས་ཆེ་བའི་ཕྱིར་མཐོང་ཐོས་གཉིས་ཐ་སྙད་ཀྱི་ཡུལ་དུ་སྨོས་ལ། དབང་པོ་ཐ་མ་གསུམ་གྱིས་ཡུལ་རྣམས་ནི་རང་རང་གི་དབང་པོས་ཕྲད་ནས་བཟུང་བར་བྱ་བ་ཡིན་པས་རྣལ་འབྱོར་པ་དང་ཐ་མལ་པ་དག་ལ་ཡང་རྟོགས་པ་དང་མ་རྟོགས་པའི་བྱེ་བྲག་མེད་པའི་ཕྱིར་དེ་དག་གི་ཡུལ་གྱི་ཡང་དག་པ་དང་ལོག་པའི་ཐ་སྙད་གཉིས་ཀ་ཡང་ཕན་ཡོན་དང་ཉེས་དམིགས་ཆུང་བའི་ཕྱིར་ཐ་སྙད་ཀྱི་ཡུལ་དུ་མ་སྨོས་སོ། །མདོར། རྟོགས་པ་ཞེས་གསུངས་པའི་དོན། བྱེ་བྲག་སྨྲ་བ་དག་དྲི་རོ་རེག་བྱ་གསུམ་ནི་ལུང་མ་བསྟན་ཡིན་པས་སྟོབས་ཆུང་བའི་ཕྱིར་རྟོགས་པ་ཞེས་གཅིག་ཏུ་བྱས་སོ་ཟེར་བ་བསལ་བའི་ཕྱིར། འདིར་རྟོགས་པའི་དོན་བྱེ་བྲག་ཕྱེད་པ་ཞེས་སྨོས་ཏེ། སྣ་ལྕེ་ལུས་གསུམ་གྱི་ཤེས་པ་ལ་བྱེ་བྲག་ཕྱེད་པའི་ཕྱིར་རོ། །

དེ་ལྟར་ན་ཡང་དག་པ་དང་ལོག་པའི་ཐ་སྙད་དེ་དག་གི་ཡུལ་ནི་གཉིས་སུ་འགྱུར་ཏེ་དབང་པོའི་ཤེས་པ་དང་ཡིད་ཀྱི་ཤེས་པའི་ཡུལ་ལོ། །དང་པོ་ནི། དང་པོ་གཉིས་ཡིན་ལ། གཉིས་པ་ལ་ཡང་ཐོས་བསམ་གྱི་ཤེས་པ་དང་། སྒོམ་བྱུང་གི་ཤེས་པའི་ཡུལ་གཉིས་ཡིན་ལ་དེ་དག་ཀྱང་གོ་རིམ་བཞིན་དུ་བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་གཉིས་ཡིན་ནོ། །ཡིད་ཤེས་ཀྱི་ཡུལ་རྣམས་ལས་ཐོས་བསམ་སྒོམ་གསུམ་གྱིས་ཤེས་པའི་ཡུལ་འབའ་ཞིག་ཐ་སྙད་ཀྱི་ཡུལ་དུ་སྨོས་པ་ནི། ཡང་དག་པའི་ཐོས་བསམ་སྒོམ་གསུམ་གྱི་ཤེས་པ་འདི་དག་དང་ལྡན་པ་དང་མི་ལྡན་པ་ལས་སྐྱེས་བུར་ཁྱད་པར་ཅན་དང་གཅིག་ཤོས་སུ་རྣམ་པར་འཇོག་པའི་ཕྱིར་དེ་དག་གི་ཡུལ་ཅན་གྱི་ཡང་དག་པ་དང་ལོག་པའི་ཐ་སྙད་དག་ཀྱང་ཕན་ཡོན་དང་ཉེས་དམིགས་ཆེ་བའི་ཕྱིར་རོ། །

བཞི་པ་འདུ་བྱེད་ཀྱི་ཕུང་པོའི་མཚན་ཉིད་ལ་དྲི་བ་ནི་འདུ་བྱེ་རྣམས་ཀྱི་ཞེས་སོ། །རྣམས་ཞེས་པ་འདི་ལ་ཆེས་མང་པོ་ཡོད་པར་སྟོན་པའོ། །ལན་མདོར་བསྟན་པ་མངོན་པར་འདུ་བྱེད་པའི་མཚན་ཉིད་ཅན་ནོ། །བྱ་བ་གང་ཞིག་ཡུལ་གང་ལ་བྱེད་པ་གང་གིས། ཚུལ་ཇི་ལྟར་འདུ་བྱེད་ཅེ་ན། རྒྱས་པར་བཤད་པ་འཇུག་པར་བྱེད་ཅེས་དྲང་ངོ་། །ཡུལ་ནི་དད་སོགས་དགེ་བ་དང་ཆགས་སོགས་མི་དགེ་བ་དང་། གཉིས་མིན་ལུང་མ་བསྟན་དང་། བདེ་སྡུག་སོགས་གནས་སྐབས་སྣ་ཚོགས་རྣམས་ལའོ། །ལས་སུ་བྱ་བ་ཡུལ་དེ་དག་གི་ངོ་བོ་ཙམ་རིག་པའི་སེམས་སོ། །བྱེད་པ་ནི་སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་སེམས་པའི་ངོ་བོ་གང་གིས་སོ། །སེམས་ལས་གཞན་པའི་འདུ་བྱེད་ཀྱང་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་སེམས་མངོན་པར་འདུ་བྱེད་པ་ཁོ་ན་འདུ་བྱེད་དུ་བཞག་ཅེ་ན། དེ་ནི་དགོས་པ་གཉིས་ཀྱི་ཕྱིར་རྣམ་པར་བཞག་སྟེ། འདི་ལྟར། དགེ་མི་དགེ་སོགས་ཀྱི་ལས་ལ་འཇུག་པ་པོའི། བདག་ཡོད་པར་དོགས་པ་བསལ་བའི་ཕྱིར་དང་ཀུན་ནས་ཉོན་མོངས་དང་། རྣམ་བྱང་གི་ཆོས་ཀུན་ལས། སེམས་ཉིད་གཙོ་བོར་བསྟན་པའི་ཕྱིར་རོ། །

སེམས་འབྱུང་གཞན་རྣམས་ཀྱིས་ཀྱང་། སེམས་མངོན་པར་འདུ་བྱེད་ཀྱང་། སེམས་པ་ཉིད་དེར་བཞག་པ་ནི། གཙོ་ཆེ་བའི་ཕྱིར་སྟེ། སེམས་ཡུལ་ལ་གཡོ་བར་བྱེད་པ་ནི་སེམས་པའི་ཐུན་མོང་མ་ཡིན་པའི་བྱ་བ་ཡིན་པའི་ཕྱིར་དང་། སེམས་ཡུལ་གཡོ་བ་ཉིད་སེམས་ཉིད་མངོན་པར་འདུ་བྱེད་པའི་དོན་ཡིན་པའི་ཕྱིར་རོ། །སེམས་བྱུང་གཞན་རྣམས་ཀྱི་ནི་སེམས་ཡུལ་ལ་གཡོ་བར་བྱེད་པ་མ་ཡིན་སྟེ། དེ་ལས་གཞན་པའི་རང་རང་གི་ཐུན་མོང་མ་ཡིན་པའི་བྱ་བ་དམིགས་པའི་ཕྱིར་དང་། སེམས་པ་སེམས་བྱུང་གཞན་རྣམས་ལས་བྱ་བའི་སྒོ་ནས་ཐ་དད་དུ་དབྱེ་མི་ནུས་པ་ཐལ་བའི་ཕྱིར་རོ། །སེམས་ཡུལ་ལ་གཡོ་བར་བྱེད་པ་ལ་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་སོགས་ཀྱང་གཙོ་བོ་མ་ཡིན་ནམ་ཇི་ལྟར་སེམས་པ་ཉིད་གཙོ་བོ་ཡིན་ཞེ་ན། དཔེར་ན་ཁབ་ལེན་ཡོད་ན་དེ་དང་ཡུལ་རུང་བར་གནས་པའི་ལྕགས་རྣམས་རང་དབང་མེད་པར་གཡོ་བ་ལྟར་སེམས་པ་ཡོད་ན། དེ་དང་མཚུངས་ལྡན་གྱི་སེམས་ཀྱང་གདོན་མི་ཟ་བར་ཡུལ་ལ་གཡོ་ཞིང་མངོན་དུ་ཕྱོགས་པར་འགྱུར་གྱི། ཡུལ་དབང་ཡིད་བྱེད་སོགས་ཉེ་བ་ཙམ་གྱིས་སེམས་ཡུལ་ལ་གཡོ་བ་ཡང་མ་ཡིན་ཏེ། སྐབས་འགར་དེ་དག་དམིགས་ཀྱང་སེམས་མི་སྐྱེ་བ་མཐོང་བའི་ཕྱིར་རོ། །གཞན་ཡང་ཡུལ་དབང་སོགས་ནི་སེམས་མ་སྐྱེས་པ་སྐྱེད་པར་བྱེད་པའི་ཐབས་ཙམ་ཡིན་པས་སེམས་མ་འོངས་པ་ལ་བྱ་བ་བྱེད་པ་ཡིན་ལ་མངོན་པར་འདུ་བྱེད་པ་ནི་སེམས་སྐྱེས་ཟིན་ཡུལ་ལ་ཕྱོགས་པར་བྱེད་པ་ཡིན་པས། ད་ལྟར་བའི་སེམས་ལ་བྱ་བ་བྱེད་པ་ཡིན་པའི་ཕྱིར་ཡང་ཡུལ་དབང་སོགས་སེམས་མངོན་པར་འདུ་བྱེད་པར་རུང་བ་མ་ཡིན་ནོ། །

ཅི་སྟེ་སེམས་ཡུལ་ལ་གཡོ་བར་བྱེད་པ་སེམས་མངོན་པར་འདུ་བྱེད་པའི་དོན་ཡིན་ལ་དེ་ཡང་སེམས་པ་ཁོ་ནའི་བྱ་བ་ཡིན་ན་སེམས་བྱུང་གཞན་རྣམས་ལ་མཚན་ཉིད་དེ་མེད་པའི་ཕྱིར་འདུ་བྱེད་མ་ཡིན་པར་འགྱུར་ཅེ་ན། ཉེས་པ་མེད་དེ་སེམས་བྱུང་གཞན་རྣམས་ཀྱིས་ཀྱང་རང་དབང་དུ་སེམས་ཡུལ་ལ་གཡོ་བར་མི་བྱེད་ཀྱང་སེམས་པའི་གྲོགས་བྱས་པའི་སྒོ་ནས་བྱ་བ་དེ་བྱེད་པའི་ཕྱིར་རོ། །ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ལ་སེམས་མངོན་པར་འདུ་བྱེད་པའི་མཚན་ཉིད་དང་མི་ལྡན་ཡང་འདུ་བྱེད་ཀྱི་ཕུང་པོར་བཞག་པ་ནི། མཚུངས་པར་ལྡན་པའི་འདུ་བྱེད་རྣམས་དང་ཆོས་དང་ཆོས་མ་ཡིན་པ་མངོན་པར་འདུ་བྱེད་པ་པོའི་ཀུན་ནས་ཉོན་མོངས་དང་རྣམས་པར་བྱང་བ་པོའི་བདག་ཏུ་འཁྲུལ་བའི་གཞིར་གཅིག་པའི་ཕྱིར་རོ། །དེ་ཡང་དད་སོགས་ཀྱིས་སེམས་རྣམ་པར་བྱང་བ་དང་ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པར་བྱས་པའི་གནས་སྐབས་ལ་བདག་ཀུན་ནས་ཉོན་མོངས་སོ་རྣམ་པར་བྱང་ངོ་ཞེས་སྒྲོ་འདོགས་ཤིང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་གནས་སྐབས་དེ་དག་ཏུ་འདུས་པའི་ཕྱིར་རོ། །

ལྔ་པ་རྣམ་ཤེས་ཕུང་པོའི་མཚན་ཉིད་ལ་དྲི་བ་ནི། རྣམ་པར་ཤེས་པའི་ཅེས་པའོ། །ལན་ནི་ཡུལ་རྣམ་པར་ཤེས་པར་བྱེད་པའི་མཚན་ཉིད་ཅན་ནོ། །དེ་རྒྱས་པར་བཤད་པ། མིག་ལ་བསྟེན་པའི་རྣམ་ཤེས་གང་གིས་གཟུགས་རྣམས་རྣམ་པར་ཤེས་པར་བྱེད་ཅེས་པ་ནི་ཡིད་ལ་བརྟེན་པ་གང་གིས་ཆོས་རྣམས་ཀྱང་རྣམ་པར་ཤེས་པར་བྱེད་ཅེས་སྦྱར་རོ། །ཀྱང་གི་སྒྲ་ནི། ཕན་ཚུན་བསྡུ་བ་སྟེ། གཟུགས་རྣམ་པར་ཤེས་པ་ཁོ་ན་རྣམ་ཤེས་མ་ཡིན་གྱི་སྒྲ་ལ་སོགས་རྣམ་པར་ཤེས་པ་ཡང་ངོ་ཅེས་པའོ། །ཅི་སྟེ་སེམས་ལས་བྱུང་བའི་ཆོས་རྣམས་ཀྱིས་ཀྱང་གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་རྣམ་པར་ཤེས་པ་མ་ཡིན་ནམ་ཇི་ལྟར་ན་དེ་དག་ཀྱང་རྣམ་པར་ཤེས་པར་མི་འགྱུར་ཅེ་ན། རྒལ་བ་འདི་ལ་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཁྱད་པར་མ་བསྟན་པར་ལན་གདབ་དཀའ་བའི་ཕྱིར། རེ་ཞིག་དེ་དག་གི་ཁྱད་པར་བརྗོད་པར་བྱའི་དཔྱོད་ལྡན་དག་ཉོན་ཅིག །ཇི་སྐད་དུ་དབུས་མཐར། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང་། །ཞེས་དོན་ཙམ་མཐོང་བ་སེམས་དང་དོན་གྱི་ཁྱད་པར་མཐོང་བ་སེམས་ལས་བྱུང་བར་བཤད་པ་ལ། སྔ་རབས་པ་དག་གཉིས་ཀས་ཀྱང་གཉིས་ཀ་མ་རིག་ན་དམིགས་རྣམ་མཚུངས་པ་ཉམས་ཤིང་རིག་ན་སེམས་སེམས་བྱུང་གི་ཁྱད་པར་དབྱེ་བར་དཀའ་འོ་ཞེས་རྩོད་པ་བཀོད་ནས། གཉིས་ཀས་གཉིས་ཀ་རིགས་ཀྱང་སེམས་ཀྱིས་དོན་གྱི་ངོ་བོ་རང་སྟོབས་ཀྱིས་རིག་ལ་ཁྱད་པར་གཞན་སྟོབས་ཀྱིས་རིག་ཅིང་སེམས་བྱུང་གི་དེ་ལས་བཟློག་པས་སྐྱོན་མེད་དོ་ཞེས་སོགས་སྤྲོས་པ་དང་བཅས་ནས་འཆད་དོ། །འདིར་ནི་སེམས་ཀྱིས་དོན་གྱི་ངོ་བོ་ཙམ་རིག་གི་ཁྱད་པར་མི་རིག་ཅིང་སེམས་བྱུང་གིས་ཁྱད་པར་ཙམ་རིག་གི་ངོ་བོ་མི་རིག་པས་དེ་དག་ཁྱད་མེད་དུ་མི་འབྱུང་ཞིང་། དེ་ལྟ་ན་ཡང་དམིགས་པ་མི་འཚུངས་པར་མི་འགྱུར་ཏེ། དམིགས་པ་ཅིག་ལ་ཤེས་རིག་སོ་སོའི་རྣམ་པ་མི་འདྲ་བ་དུ་མ་ཡོངས་སུ་གཅོད་པར་དམིགས་ཏེ། དཔེར་ན་སྐྱེས་བུ་གཅིག་གི་གཟུགས་ལ་དགྲ་གཉེན་གཉིས་ཀྱི་ཤེས་པས་སྡུག་པ་དང་མི་སྡུག་པ་སོ་སོར་ཡོངས་སུ་གཅོད་པ་བཞིན་ནོ། །དེ་ལྟར་ཡང་བསྡུ་བར། ཅིའི་ཕྱིར་རྣམ་པ་དང་བཅས་པ་དག་ཅེས་བྱ་ཞེ་ན། སྨྲས་པ་དམིགས་པ་བཞི་ལ་རྣམ་པ་དུ་མར་འཇུག་པའི་ཕྱིར་རོ། ཅེས་གསུངས་སོ། དེ་བས་ན་སེམས་དང་སེམས་ལས་བྱུང་བ་རྣམས་ངོ་བོ་དང་ཁྱད་པར་གྱི་རྣམ་པ་འཚུངས་པ་ནི་མ་ཡིན་ཏེ་ཤེས་རིག་འདི་དག་གི་རྟོག་པ་ཁྱད་པར་མེད་པར་ཐལ་བའི་ཕྱིར་ཏེ། ཤེས་རིག་རྣམས་ཀྱི་རྟོགས་པ་མི་འདྲ་བའི་ཁྱད་པར་ནི་བཟུང་བའི་རྣམ་པ་ཐ་དད་པ་ཁོ་ནས་འབྱེད་པར་བྱེད་པའི་ཕྱིར་རོ། །དེ་ལྟར་ཡང་རྣམ་འགྲེལ་ལས། ཡུལ་རྣམས་ཅན་ནི་ཐ་དད་པས། །བློའི་རྟོག་པ་ཐ་དད་ཕྱིར། །ཞེས་གསུངས་པ་ཡིན་ནོ། །

དེ་ལྟར་ན་བྱེ་བཤད་དུ། གནས་དང་དམིགས་པ་དང་རྣམ་པ་དང་དུས་དང་རྫས་མཚུངས་པ་ཉིད་རྣམ་པ་ལྔས་སེམས་ཀྱི་རྗེས་སུ་འབྲང་བའི་ཕྱིར་མཚུངས་པར་ལྡན་པས་མཚུངས་པར་ལྡན་པ་རྣམས་ཞེས་བྱའོ། །ཅེས་བཤད་པ་མ་ཡིན་ནམ་ཅེ་ན། དེ་ནི་འཛིན་སྟངས་ཀྱི་སྤྱི་མཚུངས་པ་ཙམ་ལ་བསམས་པ་ཡིན་གྱི། དེ་དག་ངོ་བོ་དང་ཁྱད་པར་འཛིན་པའི་འཛིན་སྟངས་ཀྱི་བྱེ་བྲག་ཐ་དད་པ་ཁོ་ནར་བཞེད་པ་ཡིན་ཏེ། སློབ་དཔོན་དེ་ཉིད་ཀྱིས་དབུས་མཐའི་འགྲེལ་བཤད་དུ། དེ་དག་ཀྱང་གནས་དང་དམིགས་པ་དང་དུས་དང་རྫས་མཚུངས་པ་ཡིན་གྱི་རྣམ་པར་ཤེས་པ་དང་ཁྱད་པར་མེད་པར་ཐལ་བའི་ཕྱིར་རྣམ་པ་མཚུངས་པས་ནི་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །

རྣམ་རིག་ཙམ་དུ་སྨྲ་བ་ལ་ཡང་དག་པར་ན་བཟུང་བའི་རྣམ་པ་ལས་མ་གཏོགས་པའི་དམིགས་པ་མེད་ཅིང་སེམས་དང་སེམས་བྱུང་རྣམས་བཟུང་རྣམ་ཡང་མི་འདྲ་ན་ཇི་ལྟར་ན་དེ་དག་དམིགས་པ་མཚུངས་པར་འགྱུར་ཅེ་ན། ཡང་དག་པར་ཤེས་པའི་དམིགས་པ་རྡུལ་ཙམ་ཡང་ཁས་མི་ལེན་ན་སེམས་སེམས་བྱུང་དམིགས་པ་མཚུངས་པར་ཁས་ལེན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ལྟ་ན་ཡང་ཀུན་རྫོབ་ཏུ་ཤེས་པ་ལས་ཕྱི་རོལ་ཏུ་ཆད་པ་ལྟ་བུ་གཅིག་པུར་སྣང་བ་གང་ཡིན་པ་འདི་ཉིད་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་དམིགས་པར་འཇོག་ཅིང་། རྣམ་པ་ནི་འདིར་མདོ་སྡེ་པ་ལྟར་ཡུལ་གྱི་རྣམ་པ་ལ་མི་བྱེད་དེ། ཤེས་པ་ལ་སྣང་བ་ལས་མ་གཏོགས་པའི་ཡུལ་གྱི་རྣམ་པ་མེད་ཅིང་། དེ་ལས་མ་གཏོགས་པའི་ཡུལ་དང་དམིགས་པ་མེད་པའི་ཕྱིར་རོ། །དེ་བས་ན་ཤེས་པའི་འཛིན་སྟངས་ལ་རྣམ་པར་བྱེད་ཅིང་། ཤེས་པའི་འཛིན་སྟངས་མི་འདྲ་བ་ལ་གཟུང་བའི་རྣམ་པ་ཐ་དད་པ་ཞེས་བྱའོ། །བཟུང་རྣམ་ནི་བཟུང་བྱའི་ཡུལ་དུ་སྣང་བ་འདི་མ་ཡིན་ནམ་ཇི་ལྟར་ཤེས་པའི་འཛིན་སྟངས་སུ་འཐད་ཅེ་ན། བཟུང་བའི་སྒྲ་ནི་ལས་དང་བྱ་བ་གཉིས་ཀ་ལ་འཇུག་པས་བཟུང་བར་བྱ་བས་ན་བཟུང་རྣམ་ཅེས་ལས་ལ་སྦྱར་ན་དེ་ལྟར་ཡིན་ཡང་། འདིར་བཟུང་བའི་ངོ་བོ་ནི་བཟུང་རྣམ་ཅེས་བྱ་བ་ལ་སྦྱར་བས་སྐྱོན་མེད་དོ། །

དེ་ལ་དོན་གྱི་ངོ་བོ་ནི་གང་ཁྱད་པར་གང་ཞེ་ན། གཞན་དག་ཆོས་ཅན་ནམ་རྟེན་ལ་ངོ་བོ་དང་ཆོས་སམ་རྟེན་པ་ལ་ཁྱད་པར་དུ་འདོད་ཀྱང་། དེ་ནི་འཐད་པ་མ་ཡིན་ཏེ། ཁྱད་པར་དང་ཁྱད་པར་ཅན་ནམ་ཆོས་དང་ཆོས་ཅན་དག་ནི་དབང་པོའི་ཤེས་པ་འཁོར་དང་བཅས་པའི་ཡུལ་དུ་རུང་བ་མ་ཡིན་སྟེ། སྐྱེས་བུའི་འདོད་པ་ཙམ་གྱིས་བཞག་པས་དོན་ལ་མ་གྲུབ་པའི་ཕྱིར་རོ། །དེ་སྐད་དུ་ཡང་། རྣམ་འགྲེལ་ལས། ཁྱད་པར་དང་ནི་ཁྱད་པར་ཅན། །བརྗོད་པར་འདོད་པས་གཞན་དབང་ཕྱིར། །ཞེས་དང་། ཚད་མ་ཀུན་ལས་བཏུས་པར་ཡང་། དུ་མའི་ངོ་བོའི་ཆོས་ཅན་ནི། །དབང་པོ་ལས་རྟོགས་སྲིད་མ་ཡིན། །ཞེས་གསུངས་པ་ཡིན་ནོ། །དེ་བས་ན་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་རྣམས་ནི་དོན་གྱོ་ངོ་བོ་ཡིན་ལ། རྫས་ཀྱི་རང་གི་མཚན་ཉིད་རྣམས་ནི་ཁྱད་པར་ཡིན་ཞེས་བྱ་བར་རྟོགས་སོ། །

དེ་ལ་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ་ཀུན་གཟུགས་ཀྱི་སྐྱེ་མཆེད་ཅེས་བྱ་བའི་སྐྱེ་མཆེད་ཀྱི་རང་མཚན་གཅིག་ཡིན་ལ། དེ་བཞིན་དུ་སྒྲ་དང་དྲི་དང་རོ་དང་རེག་བྱ་ཇི་སྙེད་པ་ཀུན་དེ་དང་དེའི་སྐྱེ་མཆེད་ཀྱི་རང་མཚན་རེ་རེ་ཁོ་ན་ཡིན་ནོ། །གཟུགས་ཀྱི་ནང་མཚན་སྔོན་པོ་དང་སེར་པོ་ལ་སོགས་པ་དང་། དེ་ཡང་ཡིད་དུ་འོང་བ་དང་མི་འོང་བ་སོགས་དང་། སྒྲའི་ཁྱད་པར་ཆུ་དང་སྒྲ་དང་རླུང་སྒྲ་ལ་སོགས་པ་དེང་དེ་ཡང་སྙན་པ་དང་མི་སྙན་པ་ལ་སོགས་པ་རྣམས་ནི་རྫས་ཀྱི་རང་གི་མཚན་ཉིད་ཅེས་བྱའོ། །བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་དོན་གྱི་ངོ་བོ་དང་ཁྱད་པར་དེ་དག་ཀྱང་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱིས་རིག་གོ་ཞེས་བྱ་བའི་དོན་ཡང་ངོ་བོ་དང་ཁྱད་པར་ཡོངས་སུ་གཅོད་པ་ཡིན་ལ། ཡོངས་སུ་གཅོད་པའི་དོན་ཡང་དེ་དག་དེའི་ལྡོག་པ་ལ་ངེས་པ་འདྲེན་པ་ལ་བྱའི། ངོ་བོ་དང་ཁྱད་པར་གྱི་རྫས་ཀྱི་ངོ་བོ་རིག་པ་ཙམ་ལ་ནི་མི་བྱ་སྟེ། དེ་ལྟ་ན་ཡུལ་གཅིག་གི་དོན་གྱི་ངོ་བོ་དང་ཁྱད་པར་གྱི་རྫས་དབྱེར་མེད་པའི་ཕྱིར། གཉིས་ཀས་ཀྱང་གཉིས་ཀ་རིག་པས་སེམས་ཀྱིས་ནི་ངོ་བོ་ཙམ་རིག་ལ་སེམས་ལས་བྱུང་བ་རྣམས་ཀྱིས་ནི་ཁྱད་པར་རིག་གོ་ཞེས་བྱ་བའི་དབྱེ་བ་མི་འཐད་པར་འགྱུར་རོ། །རང་སྟོབས་དང་གཞན་སྟོབས་ཀྱིས་རིག་པས་སྐྱོན་མེད་ཅེས་སྨྲ་བར་ནུས་པ་མ་ཡིན་ཏེ། དབུས་མཐའི་འགྲེལ་པར། དོན་ཙམ་མཐོང་བ་ནི་རྣམ་པར་ཤེས་པའོ་ཞེས་དང་། དེའི་འགྲེལ་བཤད་དུ། ཙམ་ཞེས་བྱ་བ་ནི་ཁྱད་པར་དགག་པའི་དོན་ཏེ་བྱེ་བྲག་མི་འཛིན་གྱི་དངོས་པོའི་ངོ་བོ་ཙམ་དམིགས་སོ་ཞེས་བྱ་བའི་ཐ་ཚིག་གོ་ཞེས་གསུངས་པས། སེམས་ཀྱིས་དོན་གྱི་ཁྱད་པར་རིག་པ་བཀག་པའི་ཕྱིར་རོ། །གཞན་ཡང་སྨན་དང་སྦྱར་བའི་བཏུང་བས་ནད་ཞི་བ་སྨན་དང་འགྲོགས་པའི་སྟོབས་ཀྱིས་ཡིན་ཞིང་སྨན་གྱིས་ནད་ཞི་བ་རང་སྟོབས་ཡིན་ཀྱང་། གཉིས་ཀས་ཀྱང་ནད་ཞི་བར་བྱེད་པ་ལ་ཁྱད་པར་མེད་པའི་ཕྱིར་སྨན་དང་སྦྱར་བའི་བཏུང་བ་ལ་ནད་ཞི་བའི་ནུས་པ་མེད་ལ་སྨན་ལ་ཡོད་ཞེས་བརྗོད་མི་ནུས་པ་ལྟར། རང་སྟོབས་གཞན་སྟོབས་གང་ཡིན་ཡང་བླ་སྟེ་གཉིས་ཀས་ཀྱང་ངོ་བོ་དང་ཁྱད་པར་གཉིས་ཀ་རིག་པའི་ཕྱིར། དེ་ལ་དོན་མཐོང་རྣམ་པར་ཤེས། །དེའི་ཁྱད་པར་སེམས་ལས་བྱུང་། །ཞེས་པའི་དབྱེ་བ་འདི་མི་འཐད་པའི་ཉེས་པ་སོ་ན་འདུག་གོ ། ཡུལ་དེ་ལ་ངེས་པ་དྲངས་པ་དང་མ་དྲངས་པ་ལས་ཡུལ་དེ་མཐོང་བ་དང་མ་མཐོང་བར་ཡང་འཇིག་རྟེན་དང་བསྟན་བཅོས་གཉིས་ཀ་ལ་གྲགས་ཏེ། འཇིག་རྟེན་ན་ཡང་ཡིད་ཡུལ་གཞན་ལ་ཡེངས་པའི་གནས་སྐབས་སུ་གཟུགས་དང་སྒྲ་ལ་སོགས་པ་མངོན་སུམ་གྱིས་ཉམས་སུ་མྱོང་བའི་དོན་འགའ་ཞིག་ཀྱང་ཁོ་བོས་མ་མཐོང་མ་ཐོས་ཞེས་བརྗོད་པ་མཐོང་ཞིང་། བསྟན་བཅོས་ལས་ཀྱང་། དེ་མ་མཐོང་བར་དེ་མི་མཐོང་། །ཞེས་གཞན་དབང་བྱིས་པའི་བློའི་ཡུལ་མིན་ཅིང་འཕགས་པའི་རྗེས་ཐོབ་ཀྱི་ཡུལ་ཡིན་པ་དང་། ཀུན་རྟགས་བྱིས་པའི་བློའི་ཡུལ་དུ་བཞག་པ་སོགས་ཀྱང་དེ་དང་དེ་ལ་ངེས་པ་འདྲེན་ནུས་པ་དང་མི་ནུས་པ་ཁོ་ནས་ཡིན་ནོ། །

དེ་ལྟ་ན་ཡང་རྣམ་ཤེས་ཀྱིས་ནི་ཇི་སྐད་བཤད་པའི་སྐྱེ་མཆེད་ཀྱི་རང་མཚན་ཉིད་ལ་ངེས་པ་འདྲེན་ལ་རྫས་ཀྱི་རང་གི་མཚན་ཉིད་ལ་མ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་ཞེ་ན། ལུང་རིགས་ལས་ཏེ། དེ་ལ་རེ་ཞིག་ལུང་ནི། སློབ་དཔོན་དབྱིག་གཉེན་གྱིས། གང་ཡང་སྐྱེ་མཆེད་ཀྱི་རང་གི་མཚན་ཉིད་ལ་ནི་སོ་སོ་རང་གི་མཚན་ཉིད་ཀྱི་ཡུལ་ཅན་ཡིན་གྱི་རྫས་ཀྱི་རང་གི་མཚན་ཉིད་ལ་མ་ཡིན་ནོ་ཞེས། དབང་ཤེས་རྣམས་སྐྱེ་མཆེད་ཀྱི་རང་མཚན་གྱི་ཡུལ་ཅན་དུ་བཤད་ཀྱི་རྫས་ཀྱི་རང་མཚན་གྱི་ཡུལ་མ་ཡིན་པར་བཤད་པའི་ཕྱིར་རོ། །རིག་པ་ཡང་ཡོད་དེ། མིག་གི་རྣམ་པར་ཤེས་པ་ནི་སྔོན་པོ་དང་སེར་པོ་ལྟ་བུ་རྫས་ཀྱི་རང་མཚན་རེ་རེ་བའི་ཡུལ་ཅན་མ་ཡིན་ཏེ། སྔོ་སེར་སོགས་ཁ་དོག་གི་རྫས་མི་འདྲ་བ་དུ་མ་ཅིག་ཅར་ཉེ་བ་ན་ཀུན་ཐུན་མོང་དུ་འཛིན་པའི་ཕྱིར་རོ། །ཅི་སྟེ་འདི་སྔོ་སེར་སོགས་རྫས་སོ་སོར་ངེས་པ་རྣམས་ཀྱི་ཡུལ་ཅན་དུ་ངེས་ན་ཀུན་ཐུན་མོང་དུ་འཛིན་པ་དེ་རིགས་པ་མ་ཡིན་ཏེ། དཔེར་ན་དབང་པོ་ལྔ་པོ་ཡུལ་སོ་སོར་ངེས་པའི་ཡུན་ཡིན་པས། གཅིག་གི་ཡུལ་ཅིག་གིས་མི་འཛིན་པ་བཞིན་ནོ། །དེ་བས་ན་སྔོན་པོ་དང་སེར་པོ་ལ་སོགས་རྫས་རེ་རེ་བ་རྣམས་ནི་མིག་གིས་རྣམ་པར་ཤེས་པའི་ངེས་པའི་ཡུལ་མ་ཡིན་ཏེ། དེ་དག་ཡུལ་དུ་མེད་པར་ཡང་གཟུགས་ཀྱི་སྐྱེ་མཆེད་གཞན་ལས་དེ་འབྱུང་བའི་ཕྱིར་རོ། །ཅི་སྟེ་སྔོ་སེར་ལ་སོགས་པའི་རྫས་རེ་རེ་བ་དེ་དག་མེད་ཀྱང་མིག་ཤེས་གཞན་འབྱུང་ཡང་དེ་དག་ཉིད་འཛིན་པའི་མིག་ཤེས་ནི་དེ་དག་མེད་པར་མི་འབྱུང་བས་མིག་གི་རྣམ་པར་ཤེས་པ་ཅི་ཙམ་གྱི་ཡུལ་མ་ཡིན་ཡང་བྱེ་བྲག་གི་ཡུལ་དུ་ངེས་སོ་ཞེ་ན། སེར་པོ་འཛིན་པའི་མིག་གི་རྣམ་ཤེས་གང་ཡིན་པ་དེ་ཡང་སེར་པོ་ཁོ་ནའི་ཡུལ་ཅན་དུ་ངེས་པ་མ་ཡིན་ཏེ། རྐྱེན་ཡོད་ན་སྔོན་པོ་ལ་སོགས་པ་གཞན་ཡང་འཛིན་པའི་ཕྱིར་རོ། །དེ་བས་ན་སྔོ་སེར་ལ་སོགས་པའི་རྫས་རེ་རེ་བ་རྣམས་ནི་མིག་གི་རྣམ་པར་ཤེས་པའི་ངེས་པའི་ཡུལ་མ་ཡིན་གྱི་འོན་ཀྱང་གང་ཞིག་ཡུལ་དུ་མེད་ན་མིག་གི་རྣམ་པར་ཤེས་པ་བསྟན་མི་འབྱུང་བ་དེ་ནེ་དེའི་ངེས་པའི་ཡུལ་ཡིན་ཏེ།

དེ་ཡང་གང་ཞེ་ན། སྔོ་སེར་སོགས་རྫས་ཀུན་ལ་ཁྱབ་པའི་གཟུགས་ཀྱི་སྐྱེ་མཆེད་གང་ཡིན་པའོ། །གཟུགས་ཀྱི་སྐྱེ་མཆེད་འགའ་ཡང་ཡུལ་དུ་མེད་པར་ནི་མིག་གི་ཤེས་པ་འགའ་ཡང་སྐྱེ་བར་མ་དམིགས་སོ། །དེ་བས་དེ་ནི་དེ་ཁོ་ནའི་ཡུལ་ཅན་ཡིན་ནོ། །ཅི་སྟེ་སྔོ་སེར་སོགས་ལས་མ་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་ཡོད་ན་གཟུགས་ཀྱི་སྤྱི་རྫས་གྲུབ་ཁས་བླངས་པར་འགྱུར་ལ། མེད་ན་སྔོ་སེར་སོགས་ཀྱི་རྫས་ཉིད་མིག་ཤེས་ཀྱི་ཡུལ་ཡིན་པས། དཔྱད་པ་རྣམས་དོན་མེད་དོ་ཅེ་ན། སྔོ་སེར་སོགས་ལས་མ་གཏོགས་པའི་གཟུགས་ཀྱི་སྐྱེ་མཆེད་མིག་ཤེས་ཀྱི་གཟུང་བྱའི་ཡུལ་དུ་ཡོད་པར་ཁས་བླངས་ན་ཉེས་པ་སྔ་མ་ཁོ་ནར་འགྱུར་ཡང་དེ་ནི་མི་འདོད་ཀྱི། འོན་ཀྱང་མིག་གི་རྣམ་པར་ཤེས་པའི་ཡུལ་ནི་གཉིས་ཏེ། གཟུང་བར་བྱ་བ་དང་། ཞེན་པར་བྱ་བའི་ཡོངས་སུ་བཅད་པར་བྱ་བའི་ཡུལ་ལོ། །

དང་པོ་ནི་སྔོ་སེར་ལ་སོགས་པའི་རྫས་རྣམས་ཡིན་ཏེ། དེ་དག་ལས་མ་གཏོགས་པའི་མིག་ཤེས་ཀྱི་བཟུང་བྱ་མ་དམིགས་པའི་ཕྱིར་རོ། །དེ་དག་ཡོངས་སུ་བཅད་པར་བྱ་བའི་ཡུལ་ནི་མ་ཡིན་ཏེ། འདི་ལྟར་མིག་ཤེས་ཀྱི་སྔོན་པོ་མཐོང་བ་ན་འདི་གཟུགས་སོ་སྙམ་དུ་ངེས་པ་དང་། སྔོན་པོ་སྙམ་དུ་ངེས་པ་གཉིས་སྐྱེ་བ་ན། དང་པོ་ནི་མིག་ཤེས་ཀྱི་ནུས་པ་ཡིན་ཏེ། ཁྱད་པར་མ་ཕྱེ་བར་གཟུགས་ཙམ་དུ་ཡོངས་སུ་གཅོད་པའི་ཕྱིར། གཉིས་པ་ནི་སེམས་ལས་བྱུང་བ་རྣམས་ཀྱི་ནུས་པ་ཡིན་ཏེ། གཟུགས་ཀྱི་ཁྱད་པར་ཡོངས་སུ་གཅོད་པར་བྱེད་པའི་ཕྱིར་རོ། །དེ་བས་ན་མིག་ཤེས་ཀྱི་ཡོངས་སུ་གཅད་པར་བྱ་བའི་ཡུལ་ནི་སྔོ་སེར་སོགས་རྫས་ཀུན་གྱི་སྟེང་ན་ཡོད་པའི་གཟུགས་ཀྱི་སྐྱེ་མཆེད་ཀྱི་ལྡོག་པ་ཡིན་ཏེ། དེས་དེ་ལ་ངེས་པ་འདྲེན་ཅིང་ཡོངས་སུ་གཅོད་པའི་ཕྱིར་རོ། །དེ་ཉིད་གཟུགས་ཀྱི་དོན་གྱི་ངོ་བོ་ཞེས་ཀྱང་བྱ་ཏེ། གཟུགས་སྔོའམ་སེར། ཡིད་དུ་འོང་འམ་མི་འོང་ཞེས་སོགས་ཁྱད་པར་དཔྱད་པའི་གཞི་ཡིན་པའི་ཕྱིར་རོ། །

དེ་བས་ན་མིག་གི་རྣམ་པར་ཤེས་པ་དང་དེའི་འཁོར་གྱི་སེམས་བྱུང་རྣམས་ཀྱི་བཟུང་བྱའི་ཡུལ་ནི་སྔོ་སེར་སོགས་རྫས་ཀྱི་རང་མཚན་རྣམས་ཡིན་ལ། ཡོངས་སུ་བཅད་པར་བྱ་བའི་ཡུལ་ནི་རྫས་ཀྱི་རང་མཚན་དང་། སྐྱེ་མཆེད་ཀྱི་རང་མཚན་ནམ། དོན་གྱི་ངོ་བོ་དང་ཁྱད་པར་རྣམས་ཡིན་ནོ་ཞེས་ཁོང་དུ་ཆུད་པར་བྱའོ། །

གང་ཡང་མིག་གི་རྣམ་པར་ཤེས་པས་ནི་གཟུགས་ཀྱི་ངོ་བོ་ཡོངས་སུ་བཅོད་ལ་མིག་ཤེས་འཁོར་གྱི་ཚོར་བ་ལ་སོགས་པ་སེམས་བྱུང་རྣམས་ཀྱིས་གཟུགས་ཀྱི་ངོ་བོ་ཡོངས་སུ་གཅོད་པར་མི་ནུས་ཞེས་བྱ་བ་འདི་གང་ལས་ཞེ་ན། རིགས་པ་ལས་ཏེ། མིག་ལ། རྟེན་པའི་རྣམ་པར་ཤེས་པ་དེས་ནི་གཟུགས་ཀྱི་ངོ་བོ་ཡོངས་སུ་དཔྱོད་པར་ནུས་པ་ཡིན་ཏེ། གཟུགས་འཛིན་པའི་ཤེས་རིག་ཀུན་གྱི་ནང་ན་གཙོ་བོར་གྱུར་པའི་ཕྱིར་ཏེ་ཤེས་རིག་གཞན་རྣམས་ནི་དེ་ལ་བརྟེན་ནས་གཟུགས་འཛིན་པ་ཡིན་པའི་ཕྱིར་རོ། །དེའི་འཁོར་གྱི་ཚོར་བ་ལ་སོགས་པ་སེམས་བྱུང་གིས་ནི་གཟུགས་ཀྱི་ཁྱད་པར་ཙམ་ཡོངས་སུ་གཅོད་ནུས་ཀྱི་ངོ་བོ་ནི་མ་ཡིན་ཏེ། གཟུགས་འཛིན་པའི་རྣམ་ཤེས་ལ་བརྟེན་ནས་བྱུང་བས་དེའི་འཁོར་དུ་གྱུར་པས་ཕལ་པ་ཡིན་པའི་ཕྱིར་རོ། །

དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ནི་རྣམ་སྨིན་གྱི་སྟོབས་ཀྱིས་དེའི་རྒྱལ་སྲིད་ལ་ལོངས་སྤྱོད་བྱེད་དུ་སྐྱེས་པས་རྒྱལ་སྲིད་ཀྱི་ལོངས་སྤྱོད་ཀྱི་གཙོ་བོ་དག་ལ་ལོངས་སྤྱོད་ཅིང་། དེའི་འཁོར་བློན་པོ་ལ་སོགས་པ་དག་ནི་དེའི་སྟོབས་ཀྱིས་རྒྱལ་སྲིད་ལ་ལོངས་སྤྱོད་ཀྱང་། ལོངས་སྤྱོད་ཀྱི་ཁྱད་པར་དག་ལས་ལོངས་སྤྱོད་ཀྱི་གཙོ་བོ་རྣམས་ལ་ནི་མ་ཡིན་པ་ལྟ་བུའོ། །མིག་ལ་རྟེན་པའི་སེམས་དང་སེམས་ལས་བྱུང་བའི་ཁྱད་པར་ཇི་སྐད་བཤད་པ་ལས་དཔགས་ནས་དབང་པོ་ལྷག་མ་བཞི་ལ་རྟེན་པའི་སེམས་དང་སེམས་བྱུང་རྣམས་ཀྱི་ཁྱད་པར་ཡང་རྟོགས་པར་བྱའོ། །ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་ཀྱང་རང་ཡུལ་གྱི་དོན་གྱི་ངོ་བོ་ཙམ་ཡོངས་སུ་བཅོད་པར་བྱེད་པ་ཡིན་ཏེ། དབང་པོའི་རྣམ་པར་ཤེས་པ་རྣམས་དང་རྣམ་པར་ཤེས་པར་ཁྱད་པར་མེད་པའི་ཕྱིར་ཞེས་རང་གཞན་ཁྱད་མེད་ཀྱི་རྟགས་ལས་རྗེས་སུ་དཔག་གོ །ཀུན་གཞི་དང་ཉོན་ཡིད་ཀྱི་མཚན་གཞི་ནི་ལུང་ལ་རྟེན་ནས་འོག་ཏུ་སྒྲུབ་པར་བྱེད་དོ། །དེ་ལྟར་ན་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་ཁྱད་པར་ནི་བློ་གྲོས་ཀུ་ཤའི་རྩེ་མོ་ལྟར་རྣོ་ཤིང་ཕྲ་བའི་མཁས་པ་དག་ཁོ་ནའི་སྤྱོད་ཡུལ་ཡིན་ཏེ། ཁོ་བོས་ཇི་སྐད་བཤད་པ་ལྟ་བུའི་རིགས་པ་ཕྲ་ཞིང་ཕྲ་བ་དག་གི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བ་ཡིན་པའི་ཕྱིར་རོ། །བློ་གྲོས་ཀྱི་འཇུག་པ་རྩིང་པོ་དག་གི་ནི་རྣམ་པ་ཀུན་ཏུ་སྤྱོད་ཡུལ་མ་ཡིན་ཏེ། མཛོད་འགྲེལ་དུ། སེམས་དང་སེམས་ལས་བྱུང་བ་དག་གི་བྱེ་བྲག་ནི་ཕྲ་བས་དེ་ནི་རེ་ཞིག་རྒྱུན་རྣམས་ལ་ཡང་དཔྱད་པར་དཀའ་ན་སྐད་ཅིག་མ་དག་ལ་ལྟ་སྨོས་ཅི་དགོས། ཞེས་སོགས་གསུངས་པ་ལྟ་བུའོ། །

གཉིས་པ་ཁམས་ཀྱི་མཚན་ཉིད་ལ་དབང་པོ་ཡུལ་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དང་གསུམ་ལས། དང་པོ་ལ་ནི་དྲི་བ་ནི་མིག་གི་ཁམས་ཞེས་སོ། །ལན་ནི་འདི་དང་པོ་ཉེར་སྤྱོད་འཛིན་པ་ཁམས་ཀྱི་དོན་དུ་བསྟན་པ་ནི། འདས་པའི་མིག་གང་གིས་གཟུགས་རྣམས་མཐོང་བར་གྱུར་པ་དང་། ད་ལྟར་གྱི་མིག་གིས་གཟུགས་རྣམས་མཐོང་བ་གང་ཡིན་པ་དེ་དག་ནི་མིག་གི་རྣམ་པར་ཤེས་པའི་ཉེར་སྤྱོད་གནས་ཀྱི་སྒོ་ནས་གཟུང་ཟིན་པ་དང་། འཛིན་བཞིན་པ་ཡིན་པའི་ཕྱིར་མིག་གི་ཁམས་ཞེས་བྱའོ། །དེ་གཉིས་ནི་མིག་ཀྱང་ཡིན་ལ་དེའི་ཁམས་ཀྱང་ཡིན་པས་མིག་གི་ཁམས་ཞེས་གཞི་མཐུན་དུ་སྦྱར་རོ། །མིག་མ་འོངས་པ་ནི་ཉེར་སྤྱོད་འཛིན་པར་མ་ངེས་པའི་ཕྱིར་མ་སྨོས་སོ། །ས་བོན་ལ་ཁམས་ཀྱི་དོན་དུ་བསྟན་པ་ནི། མིག་དེའི་ས་བོན་བསགས་པ་གང་ལས་མ་འོངས་པ་ན་མིག་འགྲུབ་པར་འགྱུར་བ་ད་ལྟ་ནུས་པའི་ངོ་བོར་གནས་པ་དང་། རྣམ་པར་སྨིན་པ་ཀུན་གཞི་རྣམ་པར་ཤེས་པ་གང་ལས་ད་ལྟར་མིག་གྲུབ་ཟིན་པ་གང་ཡིན་པ་དེ་དག་ལ་ཡང་མིག་གི་ཁམས་ཞེས་བྱ་སྟེ། མིག་མངོན་གྱུར་བ་འབྲས་བུར་འཛིན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ལ་མིག་དང་འབྲེལ་བའི་ཁམས་ལ་མིག་གི་ཁམས་ཞེས་བྱའོ། །

ལྷག་མ་ལྔ་ལ་སྦྱར་བ་ནི། མིག་གི་ཁམས་ཀྱི་མཚན་ཉིད་ལ་མངོན་གྱུར་ལ་འདས་པ་དང་ད་ལྟར་བ་གཉིས་དང་། ས་བོན་ལ་འགྲུབ་འགྱུར་དང་གྲུབ་ཟིན་གྱི་ས་བོན་གཉིས་བཤད་པ་ཇི་ལྟ་བ་བཞིན་དུ་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་ཀྱི་བར་ལ་ཡང་དེ་བཞིན་དུ་ལྟ་བར་བྱ་སྟེ་འདི་ལྟར་ཡིད་གང་གིས་ཆོས་རྣམས་ཤེས་པར་གྱུར་པ་དང་ཤེས་པ་དང་། དེའི་ས་བོན་བསགས་པ་དང་། ཡང་རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡིད་ཀྱི་ཁམས་ཀྱི་མཚན་ཉིད་དོ། །ཞེས་པའི་བར་རོ། །ཡུལ་གྱི་ཁམས་ཀྱི་མཚན་ཉིད་ལ་ཡང་སྔ་མ་ལྟར་གཉིས་ལས་དང་པོ་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་ནི། འདས་པའི་གཟུགས་གང་དག་མིག་གིས་མཐོང་བར་གྱུར་པ་དང་། ད་ལྟར་གྱི་གཟུགས་གང་མིག་གིས་མཐོང་བ་རྣམས་ནི་མིག་གི་རྣམ་པར་ཤེས་པའི་ཉེར་སྤྱོད་དམིགས་པའི་སྒོ་ནས་འཛིན་བཞིན་པ་དང་བཟུང་ཟིན་པ་ཡིན་པའི་ཕྱིར་རམ་གཟུགས་དེ་ལ་མིག་གི་ཁམས་དབང་བྱེད་པ་གང་ཡིན་པ་ཉིད་ཀྱི་གཟུགས་ཀྱི་ཁམས་ཞེས་བྱའོ། །ཅིའི་ཕྱིར་དེ་ལ་མིག་གི་ཁམས་དབང་བྱེད་ཅེ་ན། གདུགས་ཕུབ་པ་ན་གྲིབ་མ་འབྱུང་བ་ལྟར་ནང་དུ་དབང་པོ་རྣམས་གྲུབ་ན། དེའི་དབང་གིས་ཕྱི་རོལ་ཏུ་ཡུལ་རྣམས་རང་དབང་དུ་འབྱུང་བས་དེའི་ཕྱིར་མིག་ནི་གཟུགས་ལ་དབང་བྱེད་ཅེས་བྱའོ། །ཅིའི་ཕྱིར་དབང་པོའི་དབང་གིས་ཡུལ་གྲུབ་པ་ཡིན་ཞེ་ན། ཡོངས་དཔྱད་པར་བྱ་བའི་ཡུལ་མེད་ན། སྤྱོད་བྱེད་ཀྱི་དབང་པོ་གྲུབ་པ་དོན་མེད་པའི་ཕྱིར། ལས་ཀྱི་སྟོབས་ཀྱིས་དབང་པོའི་དབང་གིས་ཡུལ་འགྲུབ་པ་ཡིན་ནོ། །ལྷག་མ་ལྔ་ལ་སྦྱར་བ་ནི་གཟུགས་ཀྱི་ཁམས་ཀྱི་མཚན་ཉིད་ཡུན་གྱི་སྒོ་ནས་བསྟན་པ་ཇི་ལྟ་བ་བཞིན་དུ། ཆོས་ཀྱི་ཁམས་ཀྱི་མཚན་ཉིད་ཀྱི་བར་ཀྱང་དེ་བཞིན་དུ་ལྟ་བར་བྱ་སྟེ་འདི་ལྟར། ཆོས་གང་ཡིད་ཀྱིས་ཤེས་པར་གྱུར་པ་དང་། ཤེས་པ་རྣམས་དང་། དེ་ལ་ཡིད་ཀྱི་ཁམས་དབང་བྱེད་པ་གང་ཡིན་པའོ། །ཞེས་པའི་བར་རོ། །

འདིར་ཡུལ་གྱི་ཁམས་སྟོན་པ་ན་ས་བོན་ལ་སྨོས་པ་ནི། ཁ་ཡེ་ཤེས་བཤེས་གཉེན་གཅིག་ཐོག་མཐའ་གཉིས་སུ་བཤད་པས་ཤུགས་ལ་གོ་བར་དགོངས་ནས་མ་གསུངས་པ་ཡིན་གྱི་ཡུལ་གྱི་ས་བོན་མི་བཞེད་པ་ནི་མ་ཡིན་ཏེ། ཀུན་གཞིའི་རྣམ་ཤེས་ནི་ས་བོན་ཐམས་ཅད་པ་ཡིན་པའི་ཕྱིར་ཞེས་ཟེར་རོ། །གཞན་དག་ན་རེ། ཡུལ་ནི་དབང་པོའི་དབང་གིས་འགྲུབ་པར་གསུངས་པས་དབང་པོའི་ས་བོན་ལས་གུད་ན་ཡུལ་གྱི་ས་བོན་མེད་པས་དེའི་ཕྱིར་མ་སྨོས་སོ་ཞེས་ཟེར་རོ། །རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ལ་ཡང་གཉིས་ལས། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ནི། ཉེར་སྤྱོད་རང་གི་མཚན་ཉིད་འཛིན་པས་ཁམས་སུ་བསྟན་པ་ནི་རྟེན་གྱི་སྒོ་ནས་མཚོན་པ་རྟེན་མིག་དང་ཡུལ་གྱི་སྒོ་ནས་དམིགས་པ་གཟུགས་དང་། རང་གི་ངོ་བོ་གཟུགས་སུ་སྣང་བའི་རྣམ་པར་རིག་པ་གང་ཡིན་པ་དེ་ནི། མིག་གི་རྣམ་ཤེས་ཀྱི་ཉེར་སྤྱོད་རང་གི་མཚན་ཉིད་འཛིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །མིག་ཤེས་འཁོར་གྱི་ཚོར་བ་སོགས་ཀྱིས་མ་ངེས་པ་མ་ཡིན་ནམ་ཞེ་ན་མ་ཡིན་ཏེ། དེ་དག་གི་རྟེན་ཡང་མིག་མ་ཡིན་ལ། དམིགས་པ་ཡང་གཟུགས་སུ་རེས་པ་མ་ཡིན་ཏེ། མིག་དང་གཟུགས་དམིགས་པ་དང་རྟེན་དུ་མེད་པར་དེ་དག་གི་རིགས་ཅན་དུ་མི་སྐྱེ་བའི་ཕྱིར་རོ། །

དེ་ལྟར་ན་དེ་དག་མིག་གི་རྣམ་ཤེས་དང་རྟེན་དང་དམིགས་པ་མི་འཚུངས་པར་འགྱུར་རོ་ཞེ་ན་དཔེར་ན་རྗེ་བོ་གང་ན་གནས་པའི་གྲོང་ན་དེའི་བྲན་ཡང་གནས་པ་ལ་བྲན་དང་རྗེ་བོ་གྲོང་མཚུངས་ཞེས་པའི་ཐ་སྙད་བྱེད་ཀྱང་། གྲོང་དེ་ནི་རྗེ་བོའི་ཡིན་གྱི་བྲན་གྱི་མ་ཡིན་པ་ལྟར། རྣམ་ཤེས་གང་ལ་གནས་པའི་རྟེན་དེ་ཉིད་ལ་དེའི་འཁོར་གྱི་སེམས་བྱུང་ཀྱང་བརྟེན། དེ་དག་རྟེན་མཚུངས་ཞེས་སོགས་ཐ་སྙད་དུ་བྱས་ཀྱང་། རྟེན་དང་དམིགས་པ་དེ་དག་ནི་རྣམ་པར་ཤེས་པ་དེ་ཉིད་ཀྱི་ཡིན་གྱི། སེམས་ལས་བྱུང་བ་དག་གི་ནི་མ་ཡིན་ཏེ། སེམས་ལས་བྱུང་བ་རྣམས་ལ་རང་དབང་བའི་རྟེན་དང་དམིགས་པ་མེད་པའི་ཕྱིར་ཏེ། དེ་དག་ནི་རྐྱེན་གྱི་དབང་གིས་རེ་རེ་ཡང་རྟེན་སྣ་ཚོགས་ལ་རྟེན་ཅིང་དམིགས་པ་སྣ་ཚོགས་པ་ལ་དམིགས་པས་རྟེན་དང་དམིགས་པ་སོ་སོར་ངེས་པ་མེད་པའི་ཕྱིར་རོ། །དེ་བས་ན་མིག་དང་གཟུགས་ནི་མིག་གི་རྣམ་པར་ཤེས་པ་ཉིད་ཀྱི་རྟེན་དང་དམིགས་པ་ཡིན་གྱི། གཞན་གྱི་མ་ཡིན་པས་མཚན་ཉིད་འདི་ནི་འཁྲུལ་པ་མེད་པ་ཡིན་ནོ། །ཁམས་ཀྱི་སྒྲ་ས་བོན་གྱི་དོན་ཅན་དུ་བསྟན་པ་ནི་མིག་གི་རྣམ་པར་ཤེས་པ་དེའི་ས་བོན་ཀུན་གཞི་ལ་བསགས་པ་གང་ལས་ཕྱི་མ་ལ་མིག་གི་རྣམ་ཤེས་འགྲུབ་པར་འགྱུར་བ་ད་ལྟ་ནུས་པའི་ངོ་བོར་གནས་པ་གང་ཡིན་པ་དང་རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ལ་ད་ལྟ་མིག་གི་རྣམ་པར་ཤེས་པ་གྲུབ་ཟིན་པ་གང་ཡིན་པ་དེ་དག་གཉིས་ཀ་ཡང་མིག་གི་རྣམ་ཤེས་ཀྱི་ཉེར་སྤྱོད་འབྲས་བུའི་སྒོ་ནས་འཛིན་པ་ཡིན་པའི་ཕྱིར་མིག་གི་རྣམ་པར་ཤེས་པའི་ཁམས་ཞེས་བྱའོ། །ལྷག་མ་ལྔ་ལ་སྦྱར་བ་ནི། མིག་གི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་ལ་རང་གི་ངོ་བོ་དང་། ས་བོན་གྱི་སྒོ་ནས་སྟན་པ་ཇི་ལྟ་བ་དེ་བཞིན་དུ། ཡིད་ཀྱི་རྣམ་པར་ཤེས་པའི་བར་ལ། ཡང་དེ་བཞིན་དུ་སྦྱར་ཏེ། འདི་ལྟར་རྟེན་ཡིད་དང་དམིགས་པ་ཆོས་ཀྱིས་ཆོས་སུ་སྣང་བའི་རྣམ་པར་རིག་པ་གང་ཡིན་པ་དང་། དེའི་ས་བོན་བསགས་པ་དང་། རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་མཚན་ཉིད་དོ་ཞེས་པའི་བར་རོ། །

གསུམ་པ་སྐྱེ་མཆེད་ཀྱི་མཚན་ཉིད་ནི་ཁམས་ཇི་ལྟ་བ་བཞིན་དུ་ལྟ་བར་བྱའི་གཞན་དུ་མ་ཡིན་ཏེ། མིག་གི་ཁམས་ལ་སོགས་པ་དེ་དག་ཉིད་ཉེར་སྤྱོད་སྐྱེ་བའི་སྒོ་བྱེད་པའི་ཆ་ནས་མིག་གི་སྐྱེ་མཆེད་ལ་སོགས་པར་བཞག་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་ཏེ། འདི་ལྟར་མིག་གང་གིས་གཟུགས་རྣམས་མཐོང་བར་གྱུར་པ་དང་། མཐོང་བ་དང་དེའི་ས་བོན་བསགས་པ་དང་རྣམས་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པར་བཤད་པ་གང་ཡིན་པ་དེ་ནི་མིག་གི་སྐྱེ་མཆེད་ཀྱི་མཚན་ཉིད་དོ་ཞེས་སོགས་སྦྱར་རོ། །འགྲེལ་པར་མིག་གང་གིས་གཟུགས་རྣམས་མཐོང་བར་གྱུར་དང་ཞེས་འཆད་པ་ལྟར་ན། ཁམས་དང་སྐྱེ་མཆེད་མཚན་གཞི་འགལ་བར་འགྱུར་ན། དེ་ཡང་འཐད་པར་མ་མཐོང་ངོ་། །དེ་ལྟར་ཆོས་གསུམ་སོ་སོའི་ངོ་བོ་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་དེ་དག་གི་མཚན་ཉིད་བསྟན་ནས་དེའི་འོག་ཏུ་མཚན་ཉིད་དེ་དང་ལྡན་པའི་མཚན་གཞི་དབྱེ་བ་དང་ཕྱེ་བ་སོ་སོའི་ངོ་བོ་བྱེ་བྲག་ཏུ་རྟོགས་པའི་ཕྱིར་དེ་དག་གི་རྣམ་པར་བཞག་པ་འཆད་དོ། །དེ་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་དབྱེ་བས་རྣམ་པ་གསུམ་ཡིན་ལ། དེ་དག་གི་དང་པོ་ཕུང་པོ་ལྔའི་རྣམས་བཞག་ལ་རེ་ཞིག་གཟུགས་ཀྱི་ཕུང་པོ་བསྟན་ལ་དབབ་པའི་ཕྱིར་གཟུགས་ཀྱི་ཕུང་པོའི་རྣམ་པར་བཞག་པ་གང་ཞེ་ན་ཞེས་བྱ་བ་ལ་སོགས་པ་སྨོས་སོ། །དེ་ལ་རྣམ་པར་སྤྱོད་པ་ལ་ཞུགས་པ་ཁ་ཅིག་འདི་སྐད་དུ་ས་བཅུ་པའི་མདོ་ལས། ཀྱེ་རྒྱལ་བའི་སྲས་དག་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་དང་། དོན་ལང་གཤེགས་ལྟར་ཡོད་མ་ཡིན་སེམས་ཙམ་སྟེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །ཞེས་གསུངས་པའི་ཕྱིར་དང་། འདི་ཉིད་དུ་ཡང་། གཟུགས་ལ་རྫས་སུ་ཡོངས་སུ་གྲུབ་པ་མེད་པར་འཇུག་པར་བྱ་བའི་ཕྱིར་རོ་ཞེས་འཆད་པར་འགྱུར་བ་མ་ཡིན་ནམ། ཇི་ལྟར་ན་གཟུགས་ལ་སོགས་པ་ཕྱིའི་དོན་རྣམ་པར་བཞག་པ་ལ་འབད་པར་བྱེད་སྙམ་དུ་དོགས་ན། དཔྱོད་པ་དང་ལྡན་པ་དག་ལ་དེ་ལྟ་བུའི་རྣམ་པར་རྟོག་པ་སྐྱེ་བ་ནི་བདེན་མོད་ཀྱི་འོན་ཀྱང་བདེ་བར་གཤེགས་པའི་མདོ་ལས། གཟུགས་སོགས་ཇི་ལྟར་གསུངས་པའི་ཚུལ་དང་། དེ་ཉིད་རྗེས་འཇུག་གི་གདུལ་བྱ་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་ཚུལ་ལ་སོགས་པའི་རྣམ་པར་དབྱེ་བ་བསྟན་ན་དེ་དང་དེ་འདྲ་བའི་དགོས་པ་གཞན་དག་ཀྱང་རང་གི་ངང་གིས་ལྡོག་པར་འགྱུར་བས་དེའི་ཕྱིར་སྤྱིའི་རྣམ་པར་བཞག་པ་ཅུང་ཟད་བརྗོད་པར་བྱའོ། །

དེ་ལ་བཅོམ་ལྡན་འདས་ཀྱིས་ཆོས་མངོན་པ་ལ་སོགས་པའི་མདོ་དག་ལས་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་དང་། མིག་ལ་སོགས་པ་ནང་གི་སྐྱེ་མཆེད་གཟུགས་ལ་སོགས་པ་ཕྱིའི་སྐྱེ་མཆེད་ཀྱི་རྣམ་བཞག་མཛད་པ་གང་ཡིན་པ་དེ་ཉིད། བྱེ་བྲག་སྨྲ་བ་དང་། མདོ་སྡེ་པ་དག་ནི་ངེས་པའི་དོན་དུ་གཟུང་ནས་གཟུགས་སོགས་ཕྱིའི་དོན་རྣམས་རྫས་སུ་གྲུབ་པའི་རྣམ་བཞག་བྱེད་དོ། །དེ་ཡང་འདི་ལྟར་གཟུགས་ནི་རྡུལ་ཕྲན་དང་དེ་བསགས་པ་གཉིས་ཡིན་ལ། དེ་ལ་རྡུལ་ཕྲན་ནི་གཟུགས་སོགས་ཀྱི་ཆུང་བའི་མཐར་ཐུག་པ་ཡིན་པས་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་དང་བྲལ་བ་ཡིན་ཏེ་གཞན་དུ་ན་དེ་ལ་ཡང་ཆ་གཞན་དང་གཞན་དུ་དབྱེ་བར་ནུས་པའི་ཕྱིར་རྡུལ་ཕྲན་མ་ཡིན་པར་འགྱུརརོ། །དེ་ཡང་གཟུགས་ཅན་བློས་མཐར་ཕྱེ་ནས་བཞག་པ་སྒྲོ་བཏགས་པའི་ངོ་བོ་ནི་མ་ཡིན་གྱི་དོན་ལ་གནས་པ་རྫས་སུ་གྲུབ་པའི་རང་བཞིན་ཡིན་ཏེ། ཅི་སྟེ་རྡུལ་ཕྲན་རྫས་སུ་མ་གྲུབ་ན་དེས་རྩམས་པའི་གཟུགས་སྒྲ་ལ་སོགས་པའི་དོན་རྣམས་ཀྱང་བྱེ་བྲག་པས་ཀུན་བརྟགས་པའི་ཡན་ལག་ཅན་གྱི་རྫས་བཞིན་དུ་སྒྲོ་བཏགས་པའི་རང་བཞིན་ཅན་ཡིན་པར་འགྱུར་ལ་དེ་ལྟ་ན་མིག་ལ་སོགས་པ་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱང་ཀུན་རྫོབ་པའི་ཡུལ་ཅན་ཉིད་ཀྱིས་རྣམ་པར་རྟོགས་པ་དང་བཅས་པར་ཧ་ཅང་ཐལ་ཆེས་པར་འགྱུར་རོ་སྙམ་དུ་བསམ་པ་ཡིན་ནོ། །

ཅི་སྟེ་ཆ་དང་དབྱིབས་མེད་པའི་རྡུལ་ཕྲ་རབ་དེ་ལས་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་དང་བཅས་པའི་རི་བོ་ལ་སོགས་པ་ཇི་ལྟར་འབྱུང་ཞེ་ན་འདི་ལ་བྱེ་བྲག་པ་དག་ཆ་མེད་པའི་འབྱུང་བ་བཞིའི་རྡུལ་ཕྲ་རབ་བཏགས་པ་ལས་དེ་དག་ཕན་ཚུན་ཕྲད་པའི་ལྡན་པ་ཞེས་པ་ཡོན་ཏན་དོན་གཞན་སྐྱེ་ལ། དེ་ལས་ཀྱང་མཐོང་ཐོགས་སོགས་དང་ལྡན་པའི་རགས་པ་ཡན་ལག་ཅན་གྱི་རྫས་སྐྱེ་བར་འདོད་དོ། །གངས་ཅན་གྱི་རྟོག་གེ་པ་ཕལ་ཆེ་བ་དག་ཀྱང་དེ་དང་རྗེས་སུ་མཐུན་པར་སྨྲ་ཏེ། རྡུལ་ཕྲན་ལས་མ་གཏོགས་པའི་གཟུགས་སྒྲ་ལ་སོགས་པ་དབང་ཤེས་ཀྱི་སྤྱོད་ཡུལ་དུ་གྱུར་པ་རགས་པ་རང་མཚན་ཁས་ལེན་པའི་ཕྱིར་རོ། །ཕྱོགས་འདི་ལ་བྱེ་བྲག་ཏུ་སྨྲ་བ་དག་དབུས་ཀྱི་རྡུལ་ཕྲ་རབ་ལ་ཕྱོགས་དྲུག་གི་རྡུལ་གྱིས་བསྐོར་བ་ན། དེ་དག་ཕན་ཚུན་གཅིག་ལ་གཅིག་མ་རེག་པར་གནས་པ་ཡིན་ཏེ། གཞན་དུ་ན་རྡུལ་ཕྲ་རབ་ལ་ཆ་མེད་པའི་ཕྱིར་ཆ་གཅིག་གིས་རེག་པ་ན་བདག་ཉིད་ཀུན་གྱིས་རེག་པས་རྡུལ་དང་པོ་དང་གཉིས་པ་གོ་ས་གཅིག་ཏུ་འདྲེས་པའི་ཕྱིར་རྡུལ་ཅི་ཙམ་ལྷན་ཅིག་ཏུ་འདུས་ཀྱང་རྡུལ་ཕྲན་དང་པོ་ལས་གོ་ས་དང་བོང་ཚད་གོང་ནས་གོང་དུ་རྒྱས་པར་མི་འགྱུར་བར་ཐལ་བའི་ཕྱིར་རོ། །ཡང་ན་ནི་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་དང་བཅས་པར་འགྱུར་ཏེ། དབུས་རྡུལ་གྱི་ཕྱོགས་ཀྱི་ཆ་གང་ལ་ཤར་རྡུལ་གྱིས་རེག་པ་དེ་ལ་ཕྱོགས་གཞན་ན་གནས་པའི་རྡུལ་ཕྲན་གཞན་རྣམས་ཀྱིས་མ་རེག་ལ་ཤར་རྡུལ་བཞིན་དུ་ཕྱོགས་གཞན་གྱི་རྡུལ་རྣམས་ཀྱིས་ཀྱང་དབུས་རྡུལ་གྱི་ཕྱོགས་ཀྱི་ཆ་གཞན་དང་གཞན་ལ་རེག་པའི་ཕྱིར་རོ། །དེའི་ཕྱིར་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པ་ཡིན་ལ་འཛིན་པར་བྱེད་པའི་རླུང་གིས་གཟུང་བས་ཕན་ཚུན་མི་འགྱེས་པ་ཡིན་ནོ། །

དེ་སྐད་དུ་ཡང་ཕྱི་རོལ་དོན་གྲུབ་ཏུ། །ཐ་དད་ཕྱོགས་ནས་མང་པོ་དག ། འགའ་ལ་ཀུན་ནས་བསྐོར་ཙམ་དུ། །བརྗོད་པར་ཟད་ཀྱི་རྡུལ་དེ་ནི། །ཆ་ཤས་བཅས་པའི་བདག་ཉིད་མིན། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟ་བུའི་རྡུལ་ཕྲ་རབ་བསྐོར་བ་བར་དང་བཅས་པ་དེ་ཉིད་ལ་འདུས་པའི་བསགས་པ་ཞེས་ཀྱང་བྱ་ལ། དེ་དག་ཅི་རིགས་པར་གནས་དང་དམིགས་པའི་སྒོ་ནས་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱི་རྒྱུ་བྱེད་པའི་ཕྱིར། གཟུགས་ཅན་གྱི་སྐྱེ་མཆེད་བཅུ་ཞེས་ཀྱང་བྱའོ། །དེ་ཉིད་ཀྱི་ཕྱིར་མདོ་ལས་ཀྱང་། རྣམ་པར་ཤེས་པའི་ཚོགས་ལྔ་ནི་བསགས་པ་ལ་དམིགས་པའོ། །ཞེས་དང་། སྐྱེ་མཆེད་བཅུ་ནི་རྡུལ་ཕྲ་རབ་བསགས་པའོ་ཞེས་གསུངས་སོ་སྙམ་དུ་སེམས་སོ། །བསགས་པའི་རང་བཞིན་གྱི་གཟུགས་ལ་སོགས་པའི་སྐྱེ་མཆེད་དེ་དག་ཀྱང་རྡུལ་ཕྲན་རིགས་མཐུན་རུང་བའི་ཡུལ་དུ་ཕན་ཚུན་ཕྲད་པ་ཙམ་ཡིན་པས་རྡུལ་ཕྲན་ལས་མ་གཏོགས་པའི་རགས་པ་ཞེས་བྱ་བའི་ངོ་བོར་མ་གྲུབ་ལ། རང་འཛིན་ཤེས་པ་བསྐྱེད་པ་ལ་སོགས་པའི་བྱ་བ་བྱེད་པའི་ཕྱིར། རྫས་སུ་མ་གྲུབ་པ་ཡང་མ་ཡིན་ནོ། །ཕྱི་རོལ་དོན་གྲུབ་ལས་ཀྱང་། རྡུལ་ཕྲན་གང་རྣམས་ཕྲད་གྱུར་ཅིང་། །རིགས་མཐུན་བྱ་བ་གཅིག་བྱེད་པ། །དེ་ཚེ་འདུས་པ་ཞེས་བརྗོད་ན། །དེ་ནི་རྫས་མེད་ག་ལ་ཞིག །ཞེས་བཤད་པ་ཡིན་ནོ། །གཡག་རྔ་བཞིན་དུ་མ་འདྲེས་པ་སིལ་བུར་གནས་པའི་གཟུགས་ལ་སོགས་པ་དེ་ཉིད་དབང་པོའི་ཤེས་པས་ཇི་ལྟ་བ་བཞིན་དུ་འཛིན་པར་བྱེད་པས་དབང་པོའི་ཤེས་པས་ནི་རྡུལ་ཕྲ་རབ་འཛིན་པར་བྱེད་པ་ཡིན་ལ། རྗེས་ཀྱི་ངེས་པས་ནི་དབང་ཤེས་ཀྱི་གཟུང་བ་ལྟར་རྣམ་དབྱེ་ངེས་པར་མི་ནུས་པའི་ཕྱིར་གཟུགས་སྒྲའོ་ཞེས་སོགས་སྐྱེ་མཆེད་ཀྱི་ངོ་བོར་ཡོངས་སུ་གཅོད་པར་བྱེད་དོ། །དེའི་ཕྱིར་ཕྱི་རོལ་དོན་གྲུབ་ལས་ཀྱང་། རྣམ་པར་རྟོག་པའི་ཤེས་པ་ཡིས། །དེ་གཅིག་ཉིད་དུ་ངེས་བྱེད་པ། །དེ་ཕྱིར་རང་གི་མཚན་ཉིད་ཀྱིས། །རྣམ་པར་ཤེས་ལ་རྡུལ་ཕྲན་རྣམས། །མི་སྣང་ཞེས་ནི་སྨྲ་བ་གང་། །དེ་དག་ཐམས་ཅད་སྒྲུབ་མ་ཡིན། །ཞེས་བཤད་པ་ཡིན་ནོ། །ཅི་སྟེ་བསགས་པའི་གནས་སྐབས་ན་ཡང་རྡུལ་ཕྲ་རབ་ཀྱི་རང་བཞིན་ལས་མ་འདས་ན་རྡུལ་ཕྲན་བཞིན་དུ་དེའི་ཚེ་ཡང་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་མེད་པར་འགྱུར་རོ། །ཞེ་ན། མ་ཡིན་ཏེ། བསགས་པའི་ཚེ་ན་ཁ་དོག་ལས་དོན་གཞན་པའི་རིང་ཐུང་ལ་སོགས་པའི་དབྱིབས་རྫས་གཞན་སྐྱེ་བའི་ཕྱིར། ཤར་ལ་སོགས་པའི་ཕྱོགས་རྫས་གཞན་མེ་ཀྱང་ཁ་དོག་གི་རྡུལ་ལ་སོགས་པ་ཉེ་བར་བཀོད་པའི་ཁྱད་པར་ལ་ཤར་ལ་སོགས་པའི་ཕྱོགས་དེ་དང་དེར་བློས་ཉེ་བར་འདོགས་པའི་ཕྱིར་ཞེས་སོགས་སོ། །

མདོ་སྡེ་པ་དག་ནི་རྡུལ་ཕྲན་རྣམས་ཡུལ་རུང་བར་ཚོགས་པ་ན་སྔར་བཤད་པའི་ཉེས་པར་འགྱུར་བའི་ཕྱིར་ཕན་ཚུན་རེག་པ་ཡང་མ་ཡིན་ལ་བར་དང་བཅས་པ་ཡང་མ་ཡིན་ཏེ། རྡུལ་གཞན་འཇུག་པའི་གོ་རྙེད་པས་བུམ་པ་ལ་སོགས་པས་ཆུ་ལ་སོགས་པ་མི་ཐུབ་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་རྡུལ་གཞན་འཇུག་པའི་གོ་མི་རྙེད་པའི་ཕྱིར་བར་མེད་ལ། དེ་དག་ཀུན་གྱི་རེག་ན་གོང་ནས་གོང་དུ་རྒྱས་པར་མི་འགྱུར་ཞིང་། ཕྱོགས་གཅིག་གིས་རེག་ན་རྡུལ་ཕྲན་ཆ་དང་བཅས་པར་འགྱུར་བས། དེའི་ཕྱིར་རྡུལ་རྣམས་ནི་མ་རེགས་ཀྱང་བར་མེད་པ་ཡུལ་འདབ་འབྱར་དུ་གནས་པ་ཞེས་བྱའོ། །བསགས་པའི་གནས་སྐབས་ན་ཡང་རྡུལ་ཕྲ་རབ་ཀྱི་ངོ་བོ་ལས་འཕོས་པ་མེད་ཀྱང་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་དང་ལྡན་པའི་ཐ་སྙད་འཇུག་པ་ནི། ཁ་དོག་ནི་རྡུལ་བཀོད་པའི་ཁྱད་པར་ལ་ཤར་ལ་སོགས་པའི་ཕྱོགས་དང་རིང་ཐུང་ལ་སོགས་པའི་དབྱིབས་སུ་རྣམ་པར་རྟོག་པས་སྒྲོ་བཏགས་ནས་དེ་དང་དེའི་ཐ་སྙད་ཉེ་བར་འདོགས་པ་ཙམ་དུ་ཟད་ཀྱི་དེ་དག་རྫས་སུ་གྲུབ་པ་ནི་མེད་དོ། །ཅིའི་ཕྱིར་ཕྱོགས་དང་དབྱིབས་དག་རྫས་སུ་མ་གྲུབ་ཅེ་ན། ཅི་སྟེ་དེ་དག་རྫས་སུ་གྲུབ་ན་རྡུལ་ཕྲན་རེ་རེ་བ་དག་ལ་གྲུབ་པའམ། འོན་ཏེ་དེ་དག་ཏུ་མ་འདུས་པ་ལ་གྲུབ། ཕྱོགས་དང་པོ་ནི། རིགས་པ་མ་ཡིན་ཏེ། གང་རྫས་གཅིག་གི་དངོས་པོ་ཡིན་པ་དེ་ལ་ནི་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་དང་ལྡན་པ་འཐད་པ་མ་ཡིན་ཏེ། དཔེར་ན་ཤེས་པ་སྐད་ཅིག་མ་གཅིག་བཞིན་རྡུལ་ཕྲ་རབ་རེ་རེ་བ་དག་ཀྱང་རྫས་གཅིག་གི་རང་བཞིན་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་འགལ་བ་དམིགས་པའོ། །གཞན་ཡང་རྡུལ་ཕྲན་རྣམས་ཕྱོགས་ལ་སོགས་པའི་ཆ་དང་ལྡན་ན་རྡུལ་ཕྲན་གྱི་ངོ་བོར་མི་རུང་ངོ་ཞེས་ཀྱང་བཤད་ཟིན་ཏེ། ཕྱོགས་གཉིས་པ་ཡང་ཡང་དག་པ་མ་ཡིན་ཏེ། བསགས་པའི་གནས་སྐབས་ན་ཡང་སྔར་གྱི་ཆ་མེད་པའི་རྡུལ་ཕྲ་རབ་ཀྱི་ངོ་བོ་ལས་འཕོས་པ་མེད་པའི་ཕྱིར་རོ། །

དེ་ལྟར་ན་རེ་རེ་བ་དབང་ཤེས་ཀྱི་མི་འཛིན་པ་བཞིན་དུ་ཚོགས་ཀྱང་དབང་ཤེས་ཀྱི་མི་འཛིན་པར་འགྱུར་རོ་ཞེ་ན། དེ་ནི་མ་ཡིན་ཏེ། སྔར་ཟླ་མེད་པའི་ཚེ་རང་འཛིན་ཤེས་པ་སྐྱེད་པར་མི་ནུས་པའི་རྡུལ་ཕྲ་རབ་གཅིག་ཀྱང་ཕྱིས་རྐྱེན་ཇི་ལྟ་བ་བཞིན་དུ་རང་དང་རིགས་མཐུན་པའི་རྡུལ་དུ་མ་དང་ཡུལ་རུང་བ་གཅིག་ཏུ་ཕན་ཚུན་འདབ་འབྱར་དུ་ཕྲད་པ་ན་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་དང་། རང་དང་ལྷན་ཅིག་པའི་རྡུལ་གྱི་སྐད་ཅིག་སྔ་མའི་རྐྱེན་ལས་རང་འཛིན་ཤེས་པ་བསྐྱེད་པའི་ནུས་ལྡན་དུ་སྐྱེད་པས་བསགས་པའི་ཚེ་ན་ནི་རྡུལ་ཕྲན་རྣམས་དབང་ཤེས་ཀྱིས་འཛིན་པར་བྱེད་ལ། ཟླ་མེད་པའི་ཚེ་ན་མ་ཡིན་ནོ་ཞེས་བྱ་བ་འགལ་བ་ཅི་ཡོད། ཅི་སྟེ་ཟླ་མེད་པའི་ཚེ་རྡུལ་རྣམས་ཕྱོགས་དང་དབྱིབས་སོགས་ཀྱི་ཆ་དང་མི་ལྡན་ཡང་། རིགས་མཐུན་པའི་ཟླ་དང་བཅས་པའི་ཚེ་རང་གི་རིགས་འདྲ་སྔ་མའི་ཉེར་ལེན་དང་ལྷན་ཅིག་པའི་རྐྱེན་ལས་ཕྱོགས་དང་དབྱིབས་སོགས་ཀྱི་ཆ་དང་ལྡན་པར་སྐྱེ་བ་ཡང་ཅི་འགལ་ཞེ་ན། དེ་ནི་མཚུངས་པ་མ་ཡིན་ཏེ། འདི་ལྟར་རྡུལ་ཕྲན་རྣམས་ཟླ་མེད་པར་གནས་པའི་ཚེ་ཡང་རང་དང་རིགས་མཐུན་པའི་རྐྱེན་དང་ཕྲད་ན་རང་འཛིན་ཤེས་པ་སྐྱེད་རུང་གི་ངོ་བོར་གནས་པས་གང་གི་ཚེ་རྐྱེན་དེ་ལྟ་བུ་དང་ཕྲད་པ་དེའི་ཚེ་རང་འཛིན་ཤེས་པ་སྐྱེད་པའི་ནུས་ལྡན་དུ་སྐྱེ་བ་ཡིན་ལ། རྡུལ་ཕྲན་རྣམས་ནི་ཟླ་མེད་པ་དང་ཟླ་དང་བཅས་པའི་གནས་སྐབས་ཐམས་ཅད་དུ་ཡང་རྐྱེན་གང་དང་ཕྲད་ཀྱང་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་དང་ལྡན་པར་སྐྱེ་བ་ནི་རིགས་པ་མ་ཡིན་ཏེ། འདི་ལྟར་གང་ཞིག་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་དང་ལྡན་པ་དེ་ནི་གཟུགས་ཀྱི་ཆུང་བའི་མཐར་ཐུག་པ་མ་ཡིན་ལ། གང་གཟུགས་ཀྱི་ཆུང་མཐའ་མ་ཡིན་པ་དེ་ཡང་རྡུལ་ཕྲན་དུ་མི་རིགས་པས། ཅི་སྟེ་རྡུལ་ཕྲན་རྣམས་བསགས་པའི་གནས་སྐབས་ན་ཕྱོགས་ལ་སོགས་པའི་ཆ་དང་ལྡན་པར་སྐྱེ་ན་རྡུལ་ཕྲན་གྱི་ངོ་བོར་འགྱུར་རོ། །དེ་ཡང་རིགས་པ་མ་ཡིན་ཏེ། ཆོས་འགའ་ཡང་གནས་སྐབས་གང་དུ་ཡང་རང་གི་རང་བཞིན་འདོར་བར་མི་བྱེད་དེ། རང་བཞིན་རྐྱེན་གྱིས་བསྒྱུར་བར་མི་ནུས་པའི་ཕྱིར་རོ། །

ཅི་སྟེ་རྡུལ་ཕྲ་རབ་རང་གི་ངོ་བོ་ཕྱོགས་ལ་སོགས་པའི་ཆ་དང་ལྡན་པར་མི་སྐྱེ་ཡང་དེ་དག་གི་རྒྱུ་བྱས་པ་ལས་ཕྱོགས་སོགས་དང་ལྡན་པའི་གཟུགས་ཅན་གཞན་སྐྱེའོ་ཞེ་ན། འདི་ལ་དཔྱད་པར་བྱ་སྟེ་ཕྱོགས་སོགས་ཀྱི་ཆ་དང་ལྡན་པའི་གཟུགས་ཅན་དེ་ཡང་རགས་པ་གཅིག་ཡིན་ནམ་འོན་ཏེ། རྡུལ་ཕྲ་རབ་དུ་མའི་རང་བཞིན་ཡིན། དང་པོ་ལྟར་ན། གང་ཞིག་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་དང་ལྡན་པ་དེ་ནི་བཞི་མ་ཡིན་ཏེ། དཔེར་ན་ཁང་བཟང་དང་བྱ་དུ་མ་མཚར་དུ་མངར་བའི་ཕྲེང་བ་བཞིན་མངོན་པར་འདོད་པའི་གཟུགས་ཅན་ཡང་ཕྱོགས་དང་དབྱིབས་ལ་སོགས་པའི་ཆ་དང་ལྡན་པར་ཁས་བླངས་སོ་ཞེས་བྱ་ནི་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་བའོ། །ཕྱོགས་གཉིས་པ་ལྟར་ན་ཡང་། རྡུལ་རེ་རེ་བ་དང་དུ་མ་ཚོགས་པའི་གནས་སྐབས་ཀུན་ཕྱོགས་དང་དབྱིབས་ལ་སོགས་ཀྱི་ཆ་དང་མི་ལྡན་ནོ་ཞེས་སྔར་བཤད་ཟིན་ཏོ། །

གལ་ཏེ་རིང་ཐུང་སོགས་ཀྱི་དབྱིབས་ཉེ་བར་བཏགས་པ་ཡིན་ན་སྔོ་སེར་སོགས་ཁ་དོག་རྣམས་ཀྱང་ཀུན་བརྟགས་པར་འགྱུར་ཏེ། བསགས་པའི་གནས་སྐབས་ཁོ་ན་ལ་ཁ་དོག་གི་བློ་འབྱུང་གི་རྡུལ་ཕྲ་རབ་ལ་ནི་མ་ཡིན་ནོ་ཞེ་ན། དེ་ནི་མ་ཡིན་ཏེ། སྔོ་སེར་ལ་སོགས་ཁ་དོག་གི་རྡུལ་དག་ནི་ཟླ་མེད་པའི་ཚེ་ན་ཤེས་པ་སྐྱེད་པའི་ནུས་པ་མེད་པས་སྔོ་སེར་སོགས་ཀྱི་བློ་མི་འབྱུང་བ་ཙམ་དུ་ཟད་ཀྱི། དེའི་ཚེ་ཡང་སྔོ་སེར་སོགས་དེ་དང་དེའི་རང་བཞིན་དུ་མེད་པ་ནི་མ་ཡིན་ཏེ། གཞན་དུ་ན་དེ་དག་རིགས་མཐུན་པའི་རྡུལ་གཞན་དང་ལྷན་ཅིག་ཕྲད་པ་ན་ཡང་སྔོ་སེར་སོགས་ཁ་དོག་གི་རང་བཞིན་དུ་ཇི་ལྟར་འབྱུང་བར་འགྱུར། ཁ་དོག་དང་ལྡན་པའི་ཡན་ལག་ཅན་དོན་གཞན་སྐྱེ་བ་ནི་མེད་དོ་ཞེས་བཤད་ཟིན་ཏོ། །

སྔོ་སེར་སོགས་ཁ་དོག་གི་རྡུལ་དོན་ལ་གྲུབ་པ་ལྟར་རིང་ཐུང་སོགས་དབྱིབས་ཀྱི་རྡུལ་དོན་ལ་གྲུབ་པ་ནི་མེད་དེ། འདི་ལྟར་སྔོན་པོ་ལ་སོགས་པའི་རྡུལ་གྱིས་རྩམས་པའི་ཁ་དོག་གང་ཡིན་པ་དེ་ལ་ནི་ཁ་དོག་གཞན་དང་གཞན་ཇི་སྙེད་གཅིག་མཐོང་ཡང་དེ་ལ་ཁ་དོག་གི་བློ་འདོར་བ་ནམ་ཡང་མི་སྲིད་པ་བཞིན་དུ། རིང་པོའི་རྡུལ་གྱིས་རྩམ་པར་འདོད་པའི་རིང་པོ་འགའ་ཞིག་དེ་ལས་གཞན་པའི་རིང་པོ་འགའ་ཞིག་དང་ཕྲད་པ་ན་ཡང་རིང་པོའི་བློ་མི་འདོར་བར་རིགས་ན། དེ་ལྟར་ཡང་མ་ཡིན་ཏེ། བྱ་བརྒྱ་མཚར་དུ་མངར་བའི་ཕྲེང་བ་རིང་པོ་དེ་ཉིད་བྱའི་ཕྲེང་བ་ཐུང་ངུ་ལ་ལྟོས་ནས་རིང་པོའི་བློ་སྐྱེ་ཡང་བྱ་སྟོང་ལ་སོགས་པའི་ཕྲེང་བ་མཐོང་བ་ན་ཐུང་ངུའི་བློ་སྐྱེ་བའི་ཕྱིར་རོ། །དེ་བཞིན་དུ་ཤར་ལ་སོགས་པའི་ཕྱོགས་དག་ལ་ཡང་རྡུལ་ཕྲན་གྱིས་རྩམས་པའི་རང་བཞིན་མེད་པར་ཤེས་པར་བྱ་སྟེ། གཟུགས་ཅན་གྱི་དངོས་པོ་གཅིག་ལ་ཡང་ཡུལ་འགའ་ཞིག་ཏུ་ཤར་གྱི་བློ་སྐྱེ་ལ་ཡུལ་གཞན་དུ་ནི་དེ་ལ་ནུབ་ལ་སོགས་པའི་ཕྱོགས་གཞན་གྱི་བློ་སྐྱེ་བར་མཐོང་བའི་ཕྱིར་རོ། །དེ་ལྟར་ན་ཕྱོགས་དང་དབྱིབས་ལ་སོགས་པ་ནི་བློས་ཉེ་བར་བརྟགས་པ་ཙམ་ཡིན་གྱི། དོན་ལ་མེད་དོ་ཞེས་བྱ་བ་འདི་ལེགས་པར་གྲུབ་པ་ཡིན་ནོ། །ཡང་ན་རྡུལ་ཕྲན་གྱི་རང་བཞིན་དུ་གྱུར་པའི་གཟུགས་དེ་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གཉིས་ཡིན་ལ་དེ་ལ་བྱེ་བྲག་ཏུ་སྨྲ་བ་དག་ནི་ས་ལ་སོགས་པའི་འབྱུང་བ་བཞི་པོ་དག་ནི་ཕན་ཚུན་ལྷན་ཅིག་འབྱུང་བའི་རྒྱུ་འབྲས་ཡིན་པས་འབྲལ་མི་ཤེས་སུ་གནས་པའི་ཕྱིར་གོང་བུ་གང་ལ་ས་ལ་སོགས་པའི་འབྱུང་བ་གང་མངོན་སུམ་དུ་དམིགས་པ་དེ་ལ་དེ་ལས་གཞན་པའི་འབྱུང་བ་དག་ཀྱང་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡོད་དེ། ཆུ་ལ་ཡང་ཤིང་འདེགས་པ་དང་པད་མ་རྒྱས་པ་ལ་སོགས་པ་འབྱུང་བ་གཞན་གྱི་ལས་དམིགས་ཤིང་། མེ་ལ་ཡང་མེ་ལྕེ་འདུས་པ་དང་འདེགས་པ་དང་གཡོ་བ་ལ་སོགས་པ་ཆུ་དང་ས་ལ་སོགས་པའི་ལས་དམིགས་པའི་ཕྱིར་རོ། །དེའི་ཕྱིར་འདོད་པའི་ཁམས་ན་དབང་པོ་མེད་པའི་གོང་བུ་གང་ལ་སྒྲ་མེད་པ་དེ་ལ་ནི་འབྱུང་བ་བཞི་དང་འབྱུང་འགྱུར་བཞིའི་རྫས་དབྱེར་མེད་དུ་ཡོད་ལ། གང་ལ་ལུས་ཀྱི་དབང་པོ་དང་དབང་པོ་གཞན་དང་ལྡན་པ་དེ་དག་ལ་ནི་དེ་དང་དེའི་རྫས་བསྣན་པས་རྫས་དགུའམ་བཅུ་ཡིན་ལ། གང་ཞིག་སྒྲ་དང་བཅས་པ་དེ་ལ་ནི་དེའི་རྫས་ཀྱང་བསྣན་པར་བྱའོ་ཞེས་ཟེར་རོ། །

ཇི་སྐད་དུ་མཛོད་ལས། འདོད་ན་དབང་པོ་མེད་པ་དང་། །སྒྲ་མེད་ཕྲ་རབ་རྡུལ་རྫས་བརྒྱད། །ལུས་དབང་ལྡན་ལ་རྫས་དགུ་སྟེ། །དབང་པོ་གཞན་ལྡན་རྫས་བཅུར་འདོད། །ཅེས་བཤད་པ་ཡིན་ནོ། །མདོ་སྡེ་པ་དག་ནི་འབྱུང་བ་གང་ཞིག་གང་ལ་དམིགས་པ་དེ་ལ་དེ་ཉིད་རང་གི་མཚན་ཉིད་ཀྱིས་མེད་ཀྱི་དེ་ལས་གཞན་པའི་འབྱུང་བ་དག་ནི་ནུས་པའི་ཚུལ་གྱིས་གནས་ཀྱི་རང་གི་མཚན་ཉིད་ཀྱིས་མ་ཡིན་ཏེ། མདོ་ལས་ཤིང་གི་ཕུང་པོ་འདི་ལ་ཁམས་རྣམ་པར་སྣ་ཚོགས་ཡོད་ཅེས་གསུངས་པའི་ཕྱིར་ཞེས་འདོད་དེ། ཡང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་ལ་ཁྱད་པར་ནི་ཅི་ཞིག་དམིགས་གང་གིས་ན་ས་ལ་སོགས་པ་དག་ལ་ནི་འབྱུང་བ་ཞེས་བྱ་ལ། གཟུགས་ལ་སོགས་པ་དག་ལ་ནི་འབྱུང་བ་ལས་གྱུར་པ་ཞེས་བརྗོད་ཅེ་ན། གང་ཞིག་གཟུགས་ཅན་གྱི་འབྲས་བུའི་ཀུན་གྱི་བྱུང་ཁུངས་སུ་གྱུར་པ་དེ་ལ་ནི་འབྱུང་བ་ཞེས་བརྗོད་དོ། །དཔེར་ན་གསེར་ལ་སོགས་པའི་འབྱུང་ཁུངས་བཞིན་ནོ། །

གང་ཞིག་སྐྱེ་བ་དང་གནས་པ་དང་རྣམ་པར་འགྱུར་བ་ཐམས་ཅད་འབྱུང་བ་ལ་རྣམ་པ་ཀུན་དུ་རག་ལས་པ་དེ་དག་ནི་འབྱུང་བ་ལས་གྱུར་པ་ཞེས་བརྗོད་དོ། །དེའི་ཕྱིར་ས་ལ་སོགས་པ་བཞི་ལ་ནི་འབྱུང་བ་ཞེས་བྱ་སྟེ། དེ་དག་ནི་འབྲས་བུའི་གཟུགས་ཀུན་གྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་རོ། །དེ་ཡང་ཅི་ཞེ་ན། རྟེན་པ་དང་སྡུད་པ་དང་སྨིན་པ་དང་བསྐྱོད་པའི་བྱ་བ་བཞི་ལས་གང་ཡང་རུང་བ་དང་མི་ལྡན་པར་ས་བོན་ལས་མྱུ་གུ་དང་དེ་ལས་སྡོང་བུ་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་ལ་སོགས་པ་འབྱུང་བ་མི་འཐད་པའི་ཕྱིར་དང་། རྟེན་པ་ལ་སོགས་པ་ཡང་ས་ལ་སོགས་པ་ལ་མི་འཁྲུལ་བའི་བྱ་བ་ཡིན་པའི་ཕྱིར་རོ། །གཟུགས་སྒྲ་ལ་སོགས་པ་དག་ནི་སྐྱེ་བ་དང་གནས་པ་དང་ཉམས་པ་དང་འཕེལ་བ་ལ་སོགས་པ་ས་ལ་སོགས་པའི་འབྱུང་བ་དག་ལ་རྟེན་པའི་ཕྱིར་འབྱུང་བ་ལས་གྱུར་པ་ཞེས་བྱའོ། །ཅི་སྟེ་ས་ལ་སོགས་པའི་འབྱུང་བ་རྣམས་ཀྱང་རང་དང་ཚོགས་པ་གཅིག་པའི་འབྱུང་བ་གཞན་མེད་ན་མི་འབྱུང་ཞིང་དེ་དག་འགྱུར་ན་ཡང་རྣམ་པར་འགྱུར་བའི་ཕྱིར་རྣམ་པ་ཐམས་ཅད་དུ་འབྱུང་བ་ལ་རྟེན་པ་མ་ཡིན་ནམ་ཇི་ལྟར་ན་འབྱུང་བ་ལས་གྱུར་པ་མ་ཡིན་ཞེ་ན། དེ་ནི་མ་ཡིན་ཏེ་འདི་ལྟར་གཟུགས་ལ་སོགས་པ་འབྲས་བུའི་གཟུགས་རྣམས་ཐོག་མར་སྐྱེ་བ་ན་ཡང་འབྱུང་བ་གཞན་གྱི་རྒྱུ་ལ་ལྟོས་ཤིང་བར་དུ་ཉམས་པ་དང་འཕེལ་བ་ཡང་རང་ལས་གཞན་པའི་འབྱུང་བ་ཉམས་པ་དང་འཕེལ་བ་ལ་ལྟོས་པ་ལྟར་འབྱུང་བ་དག་ནི་རང་ལས་དོན་གཞན་པའི་འབྱུང་བ་གཞན་ཉམས་པ་དང་འཕེལ་བ་ལ་ལྟོས་པ་མ་ཡིན་ཏེ། གཞན་དུ་ན་འབྱུང་བའི་རིགས་མི་འདྲ་བ་ཐུག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །

དེ་བས་ན་ས་ལ་སོགས་པའི་འབྱུང་བ་རྣམས་ནི་རང་རང་གི་རིགས་འདྲ་སྔ་མ་ཙམ་གྱི་རྒྱུ་ལས་འབྱུང་གི་འབྱུང་བ་བཞི་རྒྱུར་བྱས་པ་ལས་བྱུང་བ་མ་ཡིན་ནོ། །གཟུགས་སྒྲ་ལ་སོགས་པ་འབྲས་བུའི་གཟུགས་རྣམས་རིགས་འདྲ་སྔར་མེད་གསར་དུ་སྐྱེ་བ་ནི་འབྱུང་བ་བཞི་ཡིས་སྐལ་མཉམ་གྱི་རྒྱུ་བྱས་པ་ལས་སྐྱེ་བ་ཡིན་ལ་གྲུབ་ཟིན་རྒྱུན་གནས་པ་དག་གི་སྐལ་མཉམ་གྱི་རྒྱུ་ནི་རིགས་འདྲ་སྔ་མ་ཡིན་ལ་འབྱུང་བ་རྣམས་ནི་ཉམས་པ་དང་འཕེལ་བའི་རྟེན་ཙམ་དུ་ཟད་དོ། །དེའི་ཕྱིར་མདོ་ལས་ཀྱང་། གཟུགས་གང་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་གསུངས་སོ་སྙམ་དུ་སེམས་སོ། །གལ་ཏེ་འབྱུང་འགྱུར་གྱི་གཟུགས་རྣམས་ཀྱི་ཉེ་བར་ལེན་པའི་རྒྱུ་འབྱུང་བ་ཙམ་དུ་ཟད་ན་སེམས་ཅན་རྣམས་ཀྱི་མིག་ལ་སོགས་པའི་དབང་པོ་རྣམས་བཟང་པོ་དང་ངན་པའི་རང་བཞིན་དུ་སྐྱེ་བ་མི་འཐད་པར་འགྱུར་ཏེ། ཀུན་ཀྱང་འབྱུང་བ་བཞིའི་ཉེ་བར་ལེན་པ་ལས་བྱུང་བར་མཚུངས་པའི་ཕྱིར་བཟང་ངན་དུ་སྐྱེད་པའི་རྒྱུའི་ཁྱད་པར་མེད་པའི་ཕྱིར་རོ། །མ་ངེས་པ་མིན་ཏེ། འབྲས་བུའི་ཁྱད་པར་ཐ་དད་པ་ནི་རྒྱུའི་ཁྱད་པར་ཐ་དད་པ་ལས་ཡིན་པའི་ཕྱིར་རོ། །དེ་བས་ན་བདེ་འགྲོ་དང་ངན་འགྲོའི་སྐྱེ་བ་ཁྱད་པར་མེད་པར་འགྱུར་ཏེ། དེ་དག་གི་མིག་ལ་སོགས་པའི་སྐྱེ་མཆེད་ལ་བཟང་ངན་མེད་པའི་ཕྱིར་རོ་ཞེ་ན། དཔེར་ན་རྒྱུ་སྲིན་བལ་གྱི་དོག་པ་ལ་བཟང་ངན་གྱི་ཁྱད་པར་མེད་ཀྱང་ཐགས་དང་སྤུན་མི་འདྲ་བའི་ཁྱད་པར་ལས་འབྲས་བུ་རས་ཡུག་བཟང་པོ་དང་ངན་པར་འགྱུར་བ་བཞིན་དུ། རྒྱུ་འབྱུང་བ་མཚུངས་ཀྱང་བདག་པོའི་རྐྱེན་བསོད་ནམས་དང་བསོད་ནམས་མ་ཡིན་པའི་ལས་ཀྱི་དབང་གིས་བདེ་འགྲོ་དང་ངན་འགྲོའི་དབང་པོ་བཟང་ངན་ཐ་དད་པར་འགྱུར་བ་ཡིན་ཏེ། ཇི་སྐད་དུ། རྣམ་འགྲེལ་ལས། ལས་རྣམས་བདག་པོ་མ་ཡིན་ན། །དེར་ཡང་རྩད་པ་མཚུངས་པ་ཡིན། །ཞེས་གང་གསུངས་པ་ལྟར་རོ། །

བདེ་འགྲོ་དང་ངན་འགྲོའི་མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་ཉེར་ལེན་འབྱུང་བ་མཚུངས་པའི་ཕྱིར་གཟུགས་ཅན་དུ་རིགས་གཅིག་པས་རིགས་ཐ་དད་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཉེར་ལེན་གྱི་རྒྱུ་མི་འདྲ་བ་ལས་ནི་རིགས་ཐ་དད་པར་འགྱུར་ལ། རིགས་གཅིག་ཀྱང་ལྷན་ཅིག་བྱེད་རྐྱེན་གྱི་ཁྱད་པར་ལས་ནི་བཟང་ངན་དུ་འགྱུར་རོ། །ཞེས་པར་ཤེས་པར་བྱའོ། །ངོ་བོ་ཉིད་མེད་པར་སྨྲ་བ་དང་རྣམ་རིག་ཙམ་དུ་སྨྲ་བ་དེ་དག་ནི། དེ་བཞིན་གཤེགས་པས་གཟུགས་སོགས་དོན་གྱི་རྣམས་བཞག་མཛད་པ་ནི། དགོས་པའི་དབང་གིས་གསུངས་པའི་ཕྱིར་དྲང་བའི་དོན་ཡིན་གྱི་ངེས་པའི་དོན་མ་ཡིན་པར་བཞེད་དེ། ཇི་སྐད་རིགས་པ་དྲུག་ཅུ་པ་ལས། དགོས་པའི་དབང་གིས་རྒྱལ་བ་རྣམས། །ང་དང་ངའི་ཞེས་གསུངས་པ་ལྟར། །ཕུང་པོའི་ཁམས་དང་སྐྱེ་མཆེད་རྣམས། །དེ་བཞིན་དགོས་པའི་དབང་གིས་གསུངས། །ཞེས་དང་ཉི་ཤུ་པར་ཡང་། གཟུགས་སོགས་སྐྱེ་མཆེད་ཡོད་པར་ནི། །དེ་ཡིས་འདུལ་བའི་སྐྱེ་བོ་ལ། །དགོངས་པའི་དབང་གིས་གསུངས་པ་སྟེ། །བརྫུས་ཏེ་འབྱུང་བའི་སེམས་ཅན་བཞིན། ཞེས་དང་། རྣམ་འགྲེལ་ལས། དེས་དེ་ཉིད་དོན་བཏང་སྙོམས་ཅན། །གླང་ཆེན་གཟིགས་སྟངས་ཉིད་མཛད་ནས། །འཇིག་རྟེན་ཐུགས་ནི་འབའ་ཞིག་གིས། །ཕྱི་རོལ་སྤྱོད་ལ་འཇུག་པར་མཛད། །ཅེས་གསུངས་པའི་ཕྱིར་རོ། །གཟུགས་སོགས་དོན་རྣམས་དགོས་པའི་དབང་གིས་གསུངས་ཀྱི་ཡང་དག་པར་མ་ཡིན་ཞེས་བྱ་བ་འདི་གང་ལས་ཤེས་ཞེ་ན། རིགས་པ་དང་ལུང་ལས་ཏེ་འདི་ལྟར་དབུ་མ་པ་དག་ནི། རིགས་པ་དྲུག་ཅུ་པ་ལས་འབྱུང་བ་ཆེ་བ་ལ་སོགས་བཤད་པ། རྣམ་པར་ཤེས་སུ་ཡང་དག་འདུ། །དེ་ཤེས་པས་ནི་འབྲལ་འགྱུར་བ། །ལོག་པར་རྣམ་རྟགས་མ་ཡིན་ནམ། །ཞེས་སོགས་ཀྱི་རིགས་པ་དང་། ཡང་དེ་ཉིད་ལས། མྱ་ངན་འདས་པ་བདེན་གཅིག་སོ། །རྒྱལ་བ་རྣམས་ཀྱིས་གང་གསུངས་པ། །དེ་ཚེ་ལྷག་མ་ལོག་མིན་ཞེས། །མཁས་པ་སུ་ཞིག་རྟོག་མི་བྱེད། །ཅེས་པའི་ལུང་ལས། གཟུགས་སོགས་དོན་རྣམས་ཡང་དག་པར་གྲུབ་པ་འགོག་པར་བྱེད་དོ། །

རྣམ་རིག་པ་རྣམས་ཀྱང་། ཉི་ཤུ་པ་ལས། དྲུག་གི་གཅིག་ཅར་སྦྱར་བ་ན། ། ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུ་འང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་སོགས་ཀྱི་རིགས་པ་དང་། ས་བཅུ་པའི་མདོ་ལས་ཀྱེ་རྒྱལ་བའི་སྲས་རྣམས་ཁམས་གསུམ་པོ་འདི་དག་ནི་སེམས་ཙམ་མོ་ཞེས་པ་དང་། ལང་གཤེགས་ལས། དོན་ཡོད་མ་ཡིན་སེམས་ཉིད་དེ། །ཕྱི་རོལ་དོན་མཐོང་ལོག་པ་ཡིན། །བག་ཆགས་ཀྱིས་ནི་དཀྲུག་པའི་སེམས། །དོན་དུ་སྣང་བ་རབ་ཏུ་སྐྱེ། །ཞེས་སོགས་ལུང་གིས་དོན་ཡང་དག་པར་གྲུབ་པ་འགོག་པར་བྱེད་དོ། །ཡང་དག་པར་མ་གྲུབ་པའི་གཟུགས་སོགས་ཀྱི་རྣམ་བཞག་མཛད་པ་གང་ཡིན་པས་ནི་གདུལ་བྱ་རྣམས་དེ་ཁོ་ན་ཉིད་ཀྱི་བདུད་རྩི་ལ་རིམ་གྱིས་དྲང་བའི་ཕྱིར་ཡིན་ཏེ། གཞན་དུ་ན་ཐོག་མར་ཆོས་ཀྱི་དེ་ཁོ་ན་ཉིད་བསྟན་ན་བདེ་བར་གཤེགས་པའི་བསྟན་པ་ལ་གཡང་སར་འདུ་ཤེས་པས་སྤོང་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཐོག་མར་འཇིག་རྟེན་ལ་གྲགས་པའི་གཟུགས་སོགས་ཀྱི་དོན་རྣམས་ཇི་ལྟར་སྣང་བ་ལྟར་རྣམ་པར་བཞག་པ་མཛད་ཅིང་། དེའི་འོག་ཏུ་དེ་དག་སྐྱེ་བ་དང་འཇིག་པའི་ཚུལ་ཡང་སྟོན་པར་མཛད་དོ། །དེ་ལྟར་བསྟན་པས་གང་གི་ཚེ་དཀའ་བ་བརྒྱ་ཕྲག་དུ་མས་སྒྲུབ་པར་བྱ་བའི་སྲིད་པའི་ལུས་དང་ལོངས་སྤྱོད་ལ་སོགས་པ་ཟག་པ་དང་བཅས་པའི་འདུ་བྱེད་རྣམས་ལ་སྤུ་གྲིའི་སོ་ལ་ཆགས་པའི་སྦྲང་རྩི་ལྟར་གནོག་ཆུང་ཞིང་ཉེས་དམིགས་ཆེ་བར་མཐོང་བ་དེའི་ཚེ། ཡང་དག་པའི་སྣོད་དུ་རུང་བས་སྟོང་པ་ཉིད་ཀྱི་ཆོས་ཀྱི་ཚུལ་སྟོན་པར་མཛད་དོ། །དེ་སྐད་དུ་ཡང་། རིགས་པ་བཅུ་པར།དེ་ཉིད་ཚོལ་ལ་ཐོག་མར་ནི། །ཐམས་ཅད་ཡོད་ཅེས་བརྗོད་པར་བྱ། །དོན་རྣམས་ཤེས་ཤིང་ཆགས་མེད་གང་། །ཕྱིས་ནི་རྣམ་པར་དབེན་པའོ། །ཞེས་དང་། འཕགས་པ་ལྷས་ཀྱང་། གང་ཞིག་གང་གང་ལ་དགའ་བ། །དེའི་སྔོན་དུ་དེ་དཔྱད་བྱ། །ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །

དེ་ལྟར་ན་དབུ་མ་པ་དག་ནི་ཁ་ཅིག་འཇིག་རྟེན་ན་ཇི་ལྟར་གྲགས་པ་དང་རྗེས་སུ་མཐུན་པར་དོན་རྣམ་པར་འཇོག་པར་བྱེད་ལ་དེ་དག་དང་གཞུང་འདིའི་གཟུགས་ཀྱིས་རྣམ་བཞག་ནི་མི་མཐུན་ང་མེད་དོ་ཞེས་བྱ་བར་སེམས་སོ། །ཁ་རང་རྒྱུད་པ་ཅིག་ནི་མདོ་སྡེ་པ་ལ་སོགས་པའི་གྲུབ་མཐའ་སྨྲ་བ་དག་དང་མཐུན་པར་སྨྲ་བར་བྱེད་དོ། །རྣམ་རིག་པ་དག་ལ་ཡང་ཕྱོགས་གཉིས་མཐོང་སྟེ། འདི་ལྟར་རིགས་པའི་དབང་ཕྱུག་རྣམ་པ་གཉིས་ནི་རང་དང་གཞན་གྱི་སྡེ་པ་དོན་དུ་སྨྲ་བ་དག་རྣམ་པར་རིག་པ་ཙམ་གྱི་ཚུལ་ལ་རིམ་གྱིས་གཞུག་པར་བཞེད་ནས་གཞུང་གི་ཆ་འགར་དོན་བདེན་པར་གྲུབ་པའི་རྣམ་བཞག་མཛད་ཅིང་། དེ་ཡང་མདོ་སྡེ་པ་དག་དང་རྗེས་སུ་མཐུན་པ་ཡིན་ཏེ། དཔལ་ལྡན་ཆོས་ཀྱི་གྲགས་པས། གལ་ཏེ་ཕྱི་རོལ་སྤྱོད་ལ་འཇུག་པ་ན། །ཁོ་བོ་མདོ་སྡེའི་སྐས་ལ་རྣམ་པར་བརྟེན། །ཅེས་གསུངས་པར་མཁས་པ་དག་ལ་གྲགས་སོ། །

དེ་ལྟར་མདོ་སྡེ་པའི་ལུགས་དང་མཐུན་པར་དོན་དང་དེ་འཛིན་པའི་ཤེས་པའི་རྣམ་པར་བཞག་པ་བསྟན་པས། གཞན་དག་གིས་བདག་དང་གཙོ་བོ་དང་ཡན་ལག་ཅན་ལ་སོགས་པ་ཀུན་བརྟགས་པའི་དོན་རྣམས་མེད་ཀྱི། འོན་ཀྱང་དོན་རྣམས་ཀྱང་རྡུལ་ཕྲ་རབ་བསགས་པའི་ངོ་བོ་དང་བློ་དག་ཀྱང་ཡུལ་གྱི་རྣམ་པ་དང་བཅས་པར་ཁོང་དུ་ཆུད་པ་དེའི་ཚེ། ཆོས་ཀྱི་བདག་མེད་པ་བསྟན་པར་བཞེད་ནས། ཇི་ལྟ་ཇི་ལྟར་དོན་བསམ་པ། །དེ་ལྟ་དེ་ལྟར་རྣམ་བྲལ་ཞེས། །མཁས་པ་རྣམས་ཀྱིས་གང་གསུངས་པ། །དེ་ནི་དངོས་སྟོབས་འོངས་པ་ཡིན། །ཞེས་དང་། གང་གིས་དངོས་པོ་རྣམ་དཔྱད་ན། །དེ་ཉིད་དུ་ན་དེ་དངོས་མེད། །གང་གི་ཕྱིར་ན་དེ་དག་ལ། །གཅིག་དང་དུ་མའི་རང་བཞིན་མེད། །ཅེས་པ་ལ་སོགས་པས་ཕྱིའི་དོན་དང་བཟུང་འཛིན་དག་ཡང་དག་པར་གྲུབ་པ་འགོག་པར་མཛད་དོ། །དེ་ལྟར་ན་གཟུགས་ལ་སོགས་པའི་དོན་དང་བཟུང་བ་དང་འཛིན་པ་རྣམས་མཁས་པ་ནས་བྱིས་པའི་བར་དུ་སྙོན་མི་ནུས་པར་གྲགས་པ་ལ་ཇི་ལྟར་བཀུར་པ་གདབ་སྙམ་པ་ལ། ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པའི་ཕྱིར། མ་རིག་པས་བསླད་པ་རྣམས་ལ་བཟུང་འཛིན་སོགས་ཇི་ལྟར་སྣང་བ་ལ་རྟེན་ནས་བཟུང་འཛིན་སོགས་ཀྱི་རྣམ་བཞག་མཛད་པ་ནི། ཇི་སྐད་དུ། རིག་བྱ་རིག་བྱེད་རྣམ་པ་མེད། །སྐྲ་སོགས་ཤེས་པའི་ཐ་དད་བཞིན། །གང་ཚེ་བཟུང་འཛིན་རྣམ་ཕྱེ་བས། །མཚན་ཉིད་རྣམས་པར་བསླད་པ་ཅན། །ཇི་ལྟར་འཁྲུལ་པས་མཐོང་གྱུར་པ། །དེ་ལྟར་འདི་རྣམས་བཞག་བྱས་པ། །དེ་ཚེ་བཟུང་དང་འཛིན་པ་ཡི། །མཚན་ཉིད་ལ་ནི་བརྩད་བྱ་མིན། །ཞེས་དང་། བཟུང་དང་འཛིན་པ་རིག་པ་དག །ཡོད་པ་མིན་ཡང་གཞལ་བྱ་དང་། །འཇལ་བྱེད་འབྲས་བུར་གནས་པ་འདི། །ཇི་ལྟར་རྗེས་སུ་སྣང་བཞིན་བྱས། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་དཔལ་ལྡན་ཆོས་ཀྱི་གྲགས་པ་ནི་དོན་གྱི་ཚུལ་རྣམ་པ་གཉིས་འཇོག་པར་མཛད་དོ། །དེ་ལ་གཅིག་ནི་དོན་རྫས་གྲུབ་པའི་ལུགས་ལ་རྟེན་ནས་སོ། །

གཉིས་པ་ནི་གཟུགས་སོགས་དོན་རྣམས་རྫས་སུ་མེད་པར་ཐ་སྙད་ཙམ་དུ་ཁས་ལེན་པའི་ཕྱོགས་ལ་རྟེན་ནས་སོ། །དང་པོ་ནི་གཞན་གཞུག་པའི་ཐབས་ཙམ་དུ་ཁས་བླངས་པའི་རྣམ་བཞག་ཡིན་གྱི་རང་ལ་འཐད་པའི་ཕྱོགས་མ་ཡིན་ལ། གཉིས་པ་ནི་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པའི་ཕྱིར་བསྟན་པ་ཡིན་པས་རང་གི་འཐད་པའི་ཕྱོགས་ཡིན་ནོ། །གཞན་དུ་ན་རྣམ་བཞག་དེ་དག་འགལ་བའི་ཕྱིར་རང་གི་གཞུང་རྣམས་སུ་འགལ་བ་ཁས་ལེན་དགོས་པར་འགྱུར་རོ། །འཕགས་པ་ཐོགས་མེད་ནི་གཞན་གྱི་དོར་ཡང་ཕྱིའི་དོན་རྫས་སུ་གྲུབ་པར་རྣམ་པར་མི་འཇོག་གི་འོན་ཀྱང་མ་རིག་པའི་རྗེས་སུ་འགྲོ་བའི་བྱིས་པ་དག་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་སོགས་སྣང་ཞིང་གྲགས་པ་ལ་རྟེན་ནས་ཀུན་རྫོབ་ཀྱི་བདེན་པ་རྣམ་པར་བཞག་པའི་ཕྱིར། གཞུང་འདི་དང་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པར་གཟུགས་ཀྱི་ཕུང་པོའི་རྣམ་པར་བཞག་པ་རྒྱས་པར་མཛད་དོ། །དེ་བོད་ཕལ་ཆེ་བ་ནས་བུ་སྟོན་ཡན་ཆད་ལ་ཁ་ཅིག །དོན་གསང་རྣམ་པར་བཤད་པར་རྣལ་འབྱོར་སྤྱོད་པའི་ས་ནི་ཉན་ཐོས་ལ་སོགས་པ་ཐུན་མོང་དང་ཐུན་མོངས་མ་ཡིན་པའི་དབང་དུ་བྱས་ནས་བཤད་ལ། ཅེས་པའི་དོན་དུ་བསམས་ནས་གཞུང་འདིའི་གཟུགས་ཀྱི་ཕུང་པོ་ལ་སོགས་པའི་རྣམ་པར་བཞག་པ་ཕལ་ཆེར་བ་དག་མདོ་སྡེ་པའི་ལུགས་རྣམ་པར་བཞག་པ་ཡིན་ནོ་ཞེས་ཟེར་བ་ནི་འཐད་པར་མ་མཐོང་སྟེ། གཞུང་འདི་དང་རྣལ་འབྱོར་སྤྱོད་པའི་སར་གཟུགས་རྫས་སུ་གྲུབ་པ་བཀག་ཅིང་གཟུགས་སྒྲ་སོགས་ཀྱི་དོན་རྣམས་རྡུལ་ཕྲན་གྱིས་བརྩམས་པ་ཡང་བཀག་ལ། རྡུལ་ཕྲ་རབ་བློས་བཀོད་པ་ཙམ་ལས་རྫས་སུ་མེད་པ་དང་། རིང་ཐུང་ལ་སོགས་པའི་དབྱིབས་མིག་ཤེས་ཀྱི་ཡུལ་ཡིན་པ་དང་རྣམ་པར་ཤེས་པའི་ཚོགས་བརྒྱད་དུ་རྣམ་པར་བཞག་པ་གང་ཡིན་པ་དང་། མདོ་སྡེ་པ་གང་དག་རྡུལ་ཕྲ་རབ་དང་དེས་བསགས་པའི་གཟུགས་སོགས་རྫས་སུ་གྲུབ་པ་དང་། དབྱིབས་དག་ནི་བློས་ཀུན་བརྟགས་པ་ཙམ་ཡིན་པས་དབང་པོའི་སྤྱོད་ཡུལ་མ་ཡིན་ལ་རྣམ་པར་ཤེས་པ་ཡང་ཚོགས་དྲུག་ཁོ་ནར་རྣམ་པར་འཇོག་པ་གང་ཡིན་པ་དེ་དག་རྣམ་བཞག་མཐུན་པའི་གོ་སྐབས་ག་ལ་ཡོད། དོན་གསང་དུ་བཤད་པ་ནི་རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་རིགས་ཅན་གསུམ་ཀའི་ལམ་སྟོན་པ་དག་ནི་ཉན་ཐོས་ལ་སོགས་པ་དང་ཐེག་པ་ཐུན་མོང་པའི་གཞུང་ཡིན་ལ་ཐེག་པ་ཆེན་པོ་སྡུས་པ་ནི་བྱང་སེམས་ཁོ་ནའི་ལམ་སྟོན་པའི་ཕྱིར་ཐེག་པ་ཆེན་པོའི་གཞུང་ཐུན་མོང་མ་ཡིན་པ་ཡིན་ནོ་ཞེས་བསྟན་པ་ཡིན་ནོ། །དེའི་ཕྱིར་ཐེག་པ་དང་གྲུབ་མཐའ་མ་ཕྱེད་པར་དེ་སྐད་སྨྲས་པས་ནི་ཁོ་བོ་ཅག་ལ་ཐེག་པ་ཆེན་པོ་མངོན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུའི་དགོངས་དོན་ཕྱིན་ཅི་མ་ལོག་པ་འཆད་པའི་བློ་གྲོས་ཀྱི་ནུས་པ་ཡོད་རེ་ཀན་ཅེས་རང་གི་མཚང་གསལ་བར་སྒྲོག་པའི་མནའ་བོར་བ་ཡིན་ནོ། །

དེ་ལྟར་ན་རྣམ་རིག་ཏུ་སྨྲ་བ་དག་གི་ཕྱོགས་ལ་གཟུགས་རྣམ་པ་གསུམ་སྟེ། ཀུན་བརྟགས་པའི་གཟུགས་རྣམ་པར་བཏགས་པའི་གཟུགས་ཡོངས་སུ་གྲུབ་པའི་གཟུགས་སོ། །དང་པོ་ནི་བྱིས་པ་རྣམས་ཀྱི་བློ་ལ་གཟུགས་ཅན་དུ་སྣང་བ་དང་སྣང་བ་ལྟར་བློས་གཟུགས་གཟུགས་ཅན་དུ་ཀུན་བརྟགས་གང་ཡིན་པའོ། །གཉིས་པ་ནི་དེ་ལྟར་སྣང་བའི་བློ་ཡང་དག་པ་མ་ཡིན་པའི་ཀུན་དུ་རྟོགས་པས་སྡུས་པ་དག་པ་འཇིག་རྟེན་པའི་ཡུལ་ལོ། །གསུམ་པ་ནི་རྣམས་བརྟགས་ཀྱི་གཟུགས་ཀུན་བརྟགས་ཀྱིས་སྟོང་པའི་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཡུལ་ལོ། །དེའི་ཕྱིར་གཞུང་འདི་དང་རྣལ་འབྱོར་སྤྱོད་པའི་པར་གཟུགས་ཀྱི་ཕུང་པོ་རྣམ་པར་བཞག་པ་གང་ཡིན་པ་ནི་ཀུན་བརྟགས་པའི་གཟུགས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །དེ་ལ་ཀུན་བརྟགས་པའི་གཟུགས་དེ་ནི་རྡུལ་ཕྲ་རབ་དང་། རགས་པ་གཉིས་ཡིན་ལ། དང་པོ་ནི་གཟུགས་ཅན་རགས་པར་སྣང་བ་རྣམས་བློས་རྣམ་པར་ཕྱེ་ནས་ཆུང་བའི་མཐར་ཐུག་པར་བཞག་པ་ཙམ་ཡིན་གྱི་རྫས་སུ་གྲུབ་པ་ནི་མེད་དོ། །ཇི་སྐད་དུ་རྣལ་འབྱོར་སྤྱོད་པའི་སར། རྡུལ་ཕྲ་རབ་བློས་ཚད་ཀྱི་མཐའ་ཡོངས་སུ་བཅད་པ་ལས་འདོགས་པར་ཟད་དོ། །ཅེས་དང་། གཏན་ལ་དབབ་པར་སྡུ་བར་ཡང་། རྡུལ་ཕྲ་རབ་ཀྱི་ངོ་བོ་ནི་ཤེས་རབ་ཀྱིས་ཡོངས་སུ་བཅད་དེ་རྣམ་པར་བཞག་པའི་ཕྱིར་རོ། །ཞེས་གསུངས་པ་ལྟ་བུའོ། །རྡུལ་ཕྲ་རབ་དེ་ཡང་རྣམ་པ་གཉིས། གཅིག་ནི་རགས་པ་བློས་ཕྱེ་ནས་རྣམ་པར་བཞག་པ་ཡིན་ལ། གཉིས་པ་ནི་རྫས་ཀྱི་རྡུལ་ཕྲ་རབ་ཅེས་བྱའོ། །དང་པོའི་དབང་དུ་བྱས་ནས་གཏན་ལ་དབབ་པ་བསྡུ་བར། གཟུགས་འབྲི་བའི་མཐའ་བློས་ཡོངས་སུ་བཅད་པ་ལས་རྡུལ་ཕྲ་རབ་རྣམ་པར་བཞག་པར་ཟད་ཀྱི། ལུས་གཟུགས་ལས་ནི་མ་ཡིན་ཏེ། དེའི་ཕྱིར་རྡུལ་ཕྲ་རབ་སྐྱེ་བར་ཡང་མི་འགྱུར་འགག་པར་ཡང་མི་འགྱུར་ལ། རྡུལ་ཕྲ་རབ་བསག་པ་གཟུགས་འདུས་པ་ཡང་མ་ཡིན་ནོ། ཞེས་བཤད་པ་ཡིན་ནོ། །

གཉིས་པའི་དབང་དུ་བྱས་ན་ཡང་དེ་ཉིད་ལས། དེ་ལ་རྣམ་པར་དབྱེ་བ་རྣམ་པར་བཞག་པ་ལས་ནི་མིག་ལ་སོགས་པ་དབང་པོའི་རྡུལ་ཕྲ་རབ་རྣམ་པ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་གྱི་རྡུལ་ཕྲ་རབ་རྣམ་པ་ལྔ་དང་། ས་ལ་སོགས་པ་འབྱུང་བ་བཞིའི་རྡུལ་ཕྲ་རབ་རྣམ་པ་བཞི་དང་། ཆོས་ཀྱི་སྐྱེ་མཆེད་པར་གཏོགས་པའི་གཟུགས་རྫས་སུ་ཡོད་པའི་རྡུལ་ཕྲ་རབ་གཅིག་གོ །ཅེས་བཤད་དོ། །ཡང་དེ་ཉིད་ལས། དང་པོའི་དབང་དུ་བྱས་ནས་རྡུལ་ཕྲ་རབ་རྫས་སུ་ཡོད་པར་སེམས་པ་ལ་ཉེས་དམིགས་རྣམ་པ་ལྔ་དང་། རྡུལ་ཕྲ་རབ་བཏགས་པ་ཙམ་དུ་རྣམ་པར་བཞག་པ་ལ་ཕན་ཡོན་རྣམ་པ་ལྔ་ཡང་བཤད་དེ། འདི་ལྟར། གཟུགས་འདུས་པ་ལ་རྡུལ་ཕྲ་རབ་རང་གི་མཚན་ཉིད་ཀྱི་གནས་པར་སེམས་པ་དང་། རྡུལ་ཕྲ་རབ་སྐྱེ་བ་དང་འགག་པར་སེམས་པ་དང་། རྡུལ་ཕྲ་རབ་གཞན་དང་ཕྲད་པ་དང་འབྲལ་བར་སེམས་པ་དང་། གཟུགས་འདུས་པ་རྣམས་རྡུལ་ཕྲ་རབ་བསགས་པའི་གནས་སྐབས་ཙམ་དུ་སེམས་པ་དང་། རྡུལ་ཕྲ་རབ་ཚོགས་ནས་རགས་པ་རྫས་གཞན་བསྐྱེད་པར་སེམས་པ་དང་རྣམ་པ་ལྔ་ནི་རྡུལ་ཕྲ་རབ་ལ་སེམས་དཔའ་ཚུལ་བཞིན་མ་ཡིན་པ་ཡིན་ནོ། །གཟུགས་འདུས་པ་རྡུལ་ཕྲ་རབ་ཀྱི་ངོ་བོར་ཤེས་རབ་ཀྱིས་ཡོངས་སུ་བཅད་པ་ན་རིལ་པོ་གཅིག་ཏུ་འཛིན་པའི་འདུ་ཤེས་སྤོང་བ་དང་། དེའི་རྒྱུ་ཅན་གྱི་འཇིག་ཚོགས་ལ་ལྟ་བ་སྤོང་བ་དང་། ངའོ་སྙམ་པའི་ང་རྒྱལ་སྤོང་བ་དང་། དེ་དག་ལ་རྟེན་པའི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམ་པར་གནོན་པ་དང་། བཟུང་བ་དང་འཛིན་པའི་མཚན་མ་མྱུར་དུ་རྣམ་པར་འཇིག་པར་འགྱུར་བ་ནི་རགས་པ་བློས་མཐར་རྣམ་པར་ཕྱེ་ནས་རྡུལ་ཕྲ་རབ་རྣམ་པར་བཞག་པའི་ཕན་ཡོན་ཡིན་ནོ། །

དེ་ལ་རྡུལ་ཕྲ་རབ་དང་པོ་ནི་བཏགས་པར་ཡོད་པ་ཙམ་ཡིན་ལ་ཡང་དག་པར་སྐྱེ་བ་དང་འགག་པར་ཡང་མི་འགྱུར་ལ། རྫས་ཀྱི་རྡུལ་ཕྲ་རབ་རྣམས་ནི་ཕལ་ཆེར་གཞན་ལ་མ་ལྟོས་པར་དབང་པོའི་ཡུལ་དུ་འགྱུར་བའི་ཕྱིར་རྫས་སུ་ཡོད་པ་ཡང་ཡིན་ནོ། །དང་པོ་ནི་ཆ་ཤས་མེད་པ་ཡང་ཡིན་ལ། གཉིས་པ་ནི་ཆ་དང་བཅས་པ་ཡང་ཡིན་ནོ། །གཟུགས་འདུས་པ་རྣམས་ནི་རྡུལ་ཕྲ་རབ་དང་པོ་བསགས་པའི་རང་བཞིན་མ་ཡིན་གྱི་ས་ལ་སོགས་པ་རྫས་ཀྱི་རྡུལ་ཕྲ་རབ་འདུས་པའི་རང་བཞིན་དུ་རིག་པར་བྱའོ། །དེའི་ཕྱིར་རྡུལ་ཕྲ་རབ་དང་པོ་ནི་བློས་རྣམ་པར་བཀོད་པ་ཙམ་དུ་ཟད་པས། ཡུལ་དང་ཕྱོགས་ན་མི་གནས་པའི་ཕྱིར་ཕྱི་དང་ནང་གི་གཟུགས་འདུས་པ་དག་ལ་མི་དམིགས་ཤིང་རྫས་ཀྱི་རྡུལ་ཕྲ་རབ་རྣམས་ནི་གཟུགས་འདུས་པ་དག་ལ་གནས་སོ་ཞེས་བྱ་བར་ཁོང་དུ་ཆུད་དོ། །དེ་ལྟར་ན་རྡུལ་ཕྲ་རབ་དང་པོ་ནི་ཡིད་ཀྱི་ཤེས་པ་ཁོ་ནའི་སྤྱོད་ཡུལ་དུ་རྣམ་པར་བཞག་ལ། རྫས་ཀྱི་རྡུལ་ཕྲ་རབ་རྣམས་ནི་ཁ་ཅིག་ཡིད་ཀྱི་ཤེས་པ་ཁོ་ནའི་སྤྱོད་ཡུལ་ཡིན་ལ། གཞན་ནི་དབང་པོའི་ཤེས་པས་ཀྱང་སྤྱོད་ཡུལ་དུ་འགྱུར་ཏེ། འདི་ལྟར། མིག་ལ་སོགས་པ་དབང་པོ་ལྔ་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྫས་སུ་ཡོད་པའི་རྡུལ་ཕྲ་རབ་གང་ཡིན་པ་དང་། གཟུགས་སོགས་ཡུལ་ལྔའི་རྡུལ་ཕྲ་རབ་གང་ཡིན་པ་དེ་གོ་རིམ་བཞིན་ནོ། །འདིར་མིག་གི་རྡུལ་ཕྲ་རབ་དང་། གཟུགས་ཀྱི་རྡུལ་ཕྲ་རབ་ཅེས་སོགས་འབྱུང་ན་ཅི་མིག་ནི་མིག་གི་རྡུལ་ཕྲ་རབ་བསགས་པའི་རང་བཞིན་དང་། དེ་བཞིན་དུ་གཟུགས་ཀྱང་གཟུགས་ཀྱི་རྡུལ་ཕྲ་རབ་བསགས་པའི་རང་བཞིན་ཡིན་ནམ། དེ་ལས་ཅིར་འགྱུར། ཕྱི་རོལ་གྱི་དོན་རྫས་སུ་གྲུབ་པར་སྨྲ་བ་དག་དང་ཁྱད་པར་མེད་པར་ཅི་སྟེ་མི་འགྱུར་ཞེ་ན། གལ་ཏེ་མིག་ལ་སོགས་པའི་རྡུལ་ཕྲ་རབ་རྫས་གྲུབ་ཀྱིས་རྩམས་པའི་མིག་ལ་སོགས་པའི་གཟུགས་འདུས་པ་གཞན་དང་གཞན་ཁས་ལེན་ན། ཉེས་པ་དེ་འགྱུར་དུ་ཟིན་ཀྱང་། དེ་ལྟར་ཁས་མི་ལེན་པའི་ཕྱིར་ཉེས་པ་མེད་དོ། །

ཅིའི་ཕྱིར་ཞེ་ན། འདིར་ནི་མིག་གི་དབང་པོའི་རྫས་གང་ཡིན་པ་དེ་ཉིད་ལ་མིག་གི་དབང་པོའི་རྡུལ་ཕྲ་རབ་ཅེས་བྱ་ལ། དེ་བཞིན་དུ་གཟུགས་ཀྱི་རྫས་གང་ཡིན་པ་དེ་ལ་གཟུགས་ཀྱི་རྡུལ་ཕྲ་རབ་ཅེས་བྱའི་དོན་སྨྲ་བ་དག་གི་ལྟར་དེ་དང་དེའི་རྡུལ་ཕྲ་རབ་རྣམས་ཀྱིས་གཟུགས་ལ་སོགས་པའི་དོན་དེ་དང་དེ་བརྩམས་པར་ཁས་མི་ལེན་པའི་ཕྱིར་རོ། །གལ་ཏེ་མིག་ལ་སོགས་པ་རགས་པ་རྣམས་ལ་རྡུལ་ཕྲ་རབ་ཅེས་ཇི་ལྟར་བྱ་ཞེ་ན། ཕྱི་དང་ནང་གི་གཟུགས་འདུས་པ་དག་མིག་དང་གཟུགས་ལ་སོགས་པ་རྫས་ཀྱི་རྡུལ་ཕྲ་རབ་འདུས་པའི་རང་བཞིན་ཡིན་ལ། དེའི་ཕྱིར་མིག་ལ་སོགས་པ་ནི། འདུས་པ་རྣམས་ལ་ལྟོས་ནས་རྡུལ་ཕྲ་རབ་དང་། ཡན་ལག་ཅེས་བྱའོ། །ཀུན་བརྟགས་པའི་གཟུགས་རགས་པ་ཅེས་བྱ་བ་གང་ཡིན་པ་དེ་ཡང་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམ་པར་གཉིས་ཡིན་ལ། འབྱུང་བ་ནི་ས་ལ་སོགས་པ་བཞི་ཡིན་ལ། འབྱུང་བ་ལས་གྱུར་པ་ནི་མིག་ལ་སོགས་པ་དབང་པོ་ལྔ་དང་། གཟུགས་ལ་སོགས་པ་ཡུལ་ལྔ་དང་། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྣམས་ཏེ་རྒྱལ་པར་ནི་གཞུང་དུ་འཆད་པར་འགྱུར་རོ། །

ཅིའི་ཕྱིར་ས་ལ་སོགས་པ་དག་ལ་འབྱུང་བ་ཞེས་བྱ་ན། འབྲས་བུའི་གཟུགས་རྣམས་ཀྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་རོ། །ཅིའི་ཕྱིར་འབྲས་བུའི་གཟུགས་རྣམས་ཀྱི་འབྱུང་ཁུངས་སུ་གྱུར་པ་ཡིན་ཞེ་ན། རྒྱུ་རྣམ་པ་ལྔ་བྱེད་པའི་ཕྱིར་ཏེ་འདི་ལྟར་སྐྱེད་པ་དང་རྟེན་པ་དང་། གནས་པ་དང་། བརྟེན་པ་དང་། འཕེལ་བའི་རྒྱུ་བྱེད་པའི་ཕྱིར་རོ། །ཕྱི་དང་ནང་གི་གཟུགས་དག་ནི་རང་རང་གི་ས་བོན་གྱི་རྒྱུ་ལས་བྱུང་བ་མ་ཡིན་ནམ་ཇི་ལྟར་ན་འབྱུང་བ་དག་ལས་སྐྱེ་བར་འགྱུར་ཞེ་ན། བདེན་མེད་འོན་ཀྱང་ཇི་སྲིད་དུ་འབྱུང་བ་རྣམས་རང་གི་ས་བོན་ལས་མ་སྐྱེས་པ་དེ་སྲིད་དུ་འབྱུང་བ་ལས་གྱུར་པ་རྣམས་ཀྱང་རང་གི་ས་བོན་ལས་མི་སྐྱེ་ལ། གང་གི་ཚེ་འབྱུང་བ་རྣམས་རང་གི་ས་བོན་ལས་སྐྱེས་པ་ན་འབྱུང་བ་ལས་གྱུར་པ་རྣམས་ཀྱང་རང་གི་ས་བོན་ལས་སྐྱེ་བར་འགྱུར་བས། དེའི་ཕྱིར་འབྱུང་བ་རྣམས་ལས་འབྱུང་བ་ལས་གྱུར་པ་རྣམས་སྐྱེའོ་ཞེས་བརྗོད་དོ། །འབྱུང་བ་རྣམས་ཀྱིས་ཇི་ཙམ་ནོན་པ་དེ་ཙམ་འབྱུང་གྱུར་རྣམས་ཀྱིས་ནོན་གྱི། འབྱུང་བ་རྣམས་བསལ་ནས་འབྱུང་གྱུར་ལ་ལོགས་སུ་ཡུལ་གནོན་པའི་མཐུ་མེད་པའི་ཕྱིར་འབྱུང་བ་རྣམས་ནི་འབྱུང་འགྱུར་གྱི་རྟེན་ཡིན་ནོ། །འབྱུང་བ་རྣམས་ལ་ཕན་པ་དང་གནོད་པས་དེ་ལ་བརྟེན་པའི་འབྱུང་འགྱུར་ལ་ཕན་གནོད་དུ་འགྱུར་བའི་ཕྱིར་འབྱུང་བ་རྣམས་གནས་པའི་རྒྱུ་ཡིན་ནོ། །འབྱུང་བ་རྣམས་མ་ཞིག་པར་དེ་ལ་རྟེན་པའི་འབྱུང་འགྱུར་རྣམས་མི་འཇིག་པའི་ཕྱིར་འབྱུང་བ་རྣམས་ནི་སྟོན་པའི་རྒྱུ་ཡིན་ནོ། །

གཉིད་དང་ཟས་དང་ཚངས་སྤྱོད་དང་། ཏིང་ངེ་འཛིན་ལ་སོགས་པས་འབྱུང་བ་རྣམས་རྒྱས་པར་བྱས་པ་ན། དེ་ལ་རྟེན་པའི་འབྱུང་འགྱུར་རྣམས་འཕེལ་བར་འགྱུར་བའི་ཕྱིར་འབྱུང་བ་རྣམས་ནི་འཕེལ་བའི་རྒྱུ་ཡིན་ནོ། །དེ་ལྟར་ན་འབྱུང་བ་རྣམས་ཀྱིས་འབྱུང་འགྱུར་དག་ལ་བྱ་བ་རྣམ་པ་ལྔ་བྱེད་པའི་ཕྱིར་འབྱུང་བ་རྣམས་ལ་ནི་རྒྱུའི་གཟུགས་ཞེས་བྱ་ལ། འབྱུང་འགྱུར་རྣམས་ལ་ནི་འབྲས་བུའི་གཟུགས་ཞེས་བྱ་ཞིང་། འབྲས་བུའི་གཟུགས་རྣམས་ནི་འབྱུང་བ་རྣམས་རྒྱུར་བྱས་པ་ལས་བྱུང་བ་ཞེས་བརྗོད་དོ། །འདུས་པ་གཅིག་ལ་ཡོད་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ནི་རང་རང་གི་མཚན་ཉིད་སོ་སོ་མ་འདྲེས་པར་གནས་པ་ཡིན་ཏེ། དབང་པོ་སོ་སོས་རྣམ་པ་ཐ་དད་པར་དམིགས་པའི་ཕྱིར་རོ། །ཡུལ་གོ་ས་ཐ་མི་དད་པ་གཅིག་ཏུ་འདྲེས་པར་གནས་པ་ཡིན་ཏེ། དཔེར་ན་རྫས་སྣ་ཚོགས་པ་འཆིག་ལ་བཏགས་པ་ཆུ་དང་སྦྱར་བ་འདྲེས་པར་གནས་པ་ལྟ་བུའོ། །དེ་ལྟར་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་ནི་རང་དང་ཚོགས་པ་གཅིག་པ་རྣམས་ཡུལ་གོ་ས་གཅིག་ཏུ་གནས་པའི་ཕྱིར་ཕན་ཚུན་གཅིག་ལ་གཅིག་ཐོགས་པ་མེད་པར་གནས་པ་ཡིན་ལ། རང་ཡོད་པར་ཚོགས་པ་གཞན་གྱི་འབྱུང་བ་དང་འབྱུང་འགྱུར་གཞན་སྐྱེ་བའི་གོ་མི་འབྱེད་པའི་ཕྱིར་ཚོགས་པ་གཞན་ལ་ལྟོས་ནས་ཐོགས་པ་དང་བཅས་པ་ཡིན་ནོ། །

ཅིའི་ཕྱིར་འདུས་པ་གཅིག་ལ་ཡོད་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་གོ་ས་གཅིག་ན་གནས་པ་ཡིན་ཏེ། ཐོག་བཅས་རྣམས་ནི་ཡུལ་གོ་ས་གཅིག་ན་གནས་པར་འགལ་བའི་ཕྱིར་རོ། །ཞེ་ན་སྨྲས་པ། གལ་ཏེ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་དོན་དམ་པར་གྲུབ་ན་ནི་ཐོག་པ་དང་བཅས་པའི་དངོས་པོ་གཉིས་གོ་ས་གཅིག་ཏུ་གནས་པ་ཤིན་དུ་ཡང་འགལ་བས། དེའི་ཕྱིར་འདུས་པ་གཅིག་ལ་ཡོད་པའི་འབྱུང་བ་དང་། འབྱུང་བ་ལས་གྱུར་པ་རྣམས་ཀྱང་། དཔེར་ན། ནས་དང་འབྲས་དང་སྲན་མ་ལ་སོགས་པ་འབྲུ་སྣ་ཚོགས་སྤུངས་པའི་ཕུང་པོ་བཞིན་དུ་ཡུལ་གོ་ས་ཐ་དད་པ་ཁོ་ན་ན་གནས་པར་རིགས་ཀྱང་། འདིར་ནི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་སྔར་བཤད་པའི་ཚུལ་དུ་མ་རིག་པའི་རྗེས་སུ་འགྲོ་བའི་བློ་འཁྲུལ་པ་ལ་ཇི་ལྟར་སྣང་བ་ལྟར་རྣམ་པར་བཞག་གི་ཡང་དག་པར་མ་ཡིན་ལ། བློ་འཁྲུལ་པ་ལས་ཡང་ཐོགས་པ་དང་བཅས་པའི་དངོས་པོ་དག་ཡུལ་གོ་ས་གཅིག་ཏུ་སྣང་བ་མི་འགལ་ཏེ་དཔེར་ན་རྨི་ལམ་གྱི་ཤེས་པ་འཁྲུལ་པ་ལ་ཁང་མིག་ཤིན་ཏུ་ཆུང་བར་གླང་པོ་ཆེ་དུ་མའི་ཁྱུ་འཁྲིགས་པ་རྨི་བ་ལྟ་བུའོ། །ཡང་དག་པར་ན་གླང་པོ་ཆེ་གཅིག་ཀྱང་ཁང་མིག་གཅིག་ཏུ་ཤོང་བའི་གོ་སྐབས་མེད་ན་མང་པོ་ལྟ་ཅི་སྨོས། དེའི་ཕྱིར་འདུས་པ་གཅིག་ལ་ཡོད་པའི་ས་ལ་སོགས་པའི་འབྱུང་བ་རྣམས་དང་གཟུགས་ལ་སོགས་པའི་འབྱུང་འགྱུར་དག་ནི་ཡུལ་གཅིག་ན་གནས་པ་ཡིན་ཏེ། འདུས་པ་དེའི་ས་ལ་སོགས་པའི་འབྱུང་བའི་རེག་བྱ་ལུས་ཀྱི་དབང་པོས་གང་དུ་དམིགས་པའི་ཡུལ་རེར་གཟུགས་ལ་སོགས་པའི་འབྱུང་འགྱུར་རྣམས་ཀྱང་དབང་པོ་གཞན་གྱིས་དམིགས་པའི་ཕྱིར་རོ། འདུས་པ་གཅིག་ལ་ཡོད་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཡུལ་དང་ཕྱོགས་ཐ་མི་དད་པར་གནས་པ་དེའི་ཕྱིར། དེ་དག་ལ་ཐ་མི་དད་པའི་མཚུངས་པར་ལྡན་པ་དང་། འདྲེས་པར་གྱུར་པའི་མཚུངས་པར་ལྡན་པ་ཞེས་ཀྱང་བྱའོ། །

རྣམ་པར་གཏན་ལ་དབབ་པ་བསྡུ་བར་ཡང་། མེ་ཏོག་དང་འབྲས་བུ་ལ་སོགས་པའི་འདུས་པ་རྣམས་ནི་དབང་པོ་ཐམས་ཅད་ཀྱིས་ལོངས་སྤྱད་པར་བྱ་བ་ཐུན་མོང་བ་ཡིན་ལ། དེའི་ཕྱིར་འདུས་པ་དེ་དག་གི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་རྡུལ་རྣམས་ནི་གོ་ས་ཐ་མི་དད་པར་ལས་ཀྱི་དབང་གིས་འགྲུབ་པར་གསུངས་ཏེ། ཇི་སྐད་དུ། དེ་ལ་ཅིའི་ཕྱིར་ན་ཐོག་པ་དང་བཅས་པའི་ཆོས་རྣམས་ཕྱོགས་གཅིག་ན་ཐ་མི་དད་པར་གནས་པ་དང་། ཐོགས་པ་མེད་པ་ཉིད་དུ་འགྱུར་ཞེ་ན། དེ་མངོན་པར་འགྲུབ་པའི་ནི་འཇུག་པ་དང་མཐུན་པའི་ཕྱིར་རོ། །དེ་དང་མཐུན་པར་ལས་ཀྱི་དབང་ལས་དེ་ལྟར་མངོན་པར་འགྲུབ་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གཟུགས་འདུས་པ་ཐམས་ཅད་ནི། དབང་པོ་ཐམས་ཅད་ཀྱི་ཡོངས་སུ་ལོངས་སྤྱོད་པ་ཐུན་མོང་བ་ཡིན་པའི་ཕྱིར། ཞེས་བཤད་པ་ཡིན་ནོ། །འདུས་པ་གང་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་གང་ཞིག་རང་རང་གི་དབང་པོས་དམིགས་པ་དེ་ནི་དེ་ལ་རང་གི་མཚན་ཉིད་ཀྱི་སྒོ་ནས་ཡོད་པ་ཡིན་ལ། གང་ལ་གང་མ་དམིགས་པ་དེ་ནི་དེ་ལ་ཁམས་ཀྱི་ཚུལ་དུ་ཡོད་པ་སྲིད་ཀྱང་རང་གི་མཚན་ཉིད་ཀྱིས་ཡོད་པ་ནི་མ་ཡིན་ཏེ། ཡོད་པའི་ཐ་སྙད་རྣམས་ནི་དམིགས་པ་སྔོན་དུ་འགྲོ་བ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རང་གི་མཚན་ཉིད་ཀྱི་དབང་དུ་བྱས་ནས་འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དེ། དཔེར་ན་རྡོ་བ་དང་ཆུ་རླུང་ལ་སོགས་པའོ། །གཉིས་ལས་གྱུར་པ་ཡང་ཡོད་དེ། ཤིང་ལྗོན་པ་ལྟ་བུའོ། །གསུམ་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་རླུང་གིས་བསྐྱོད་པ་ལྟ་བུའོ། །འབྱུང་བ་བཞི་ཅར་ལས་གྱུར་པ་ཡང་ཡོད་དེ། དེ་ཉིད་འབར་བ་དང་བཅས་པ་ལྟ་བུའོ། །དེ་བཞིན་དུ་འབྱུང་བ་ལས་གྱུར་པ་རྣམས་ལ་ཡང་ཇི་ལྟར་སྲིད་པ་བཞིན་དུ་ཤེས་པར་བྱའོ། །ཁམས་ཀྱི་ཚུལ་དུ་ནི་འདུས་པ་ཐམས་ཅད་ལ་འབྱུང་བ་དང་འབྱུང་བ་ལས་གྱུར་པ་ཐམས་ཅད་ཡོད་པར་ཤེས་པར་བྱ་སྟེ། འདུས་པ་གཅིག་ལ་ཡང་རྣལ་འབྱོར་པ་སེམས་ལ་དབང་ཐོབ་པ་དག་གིས་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་ཀྱི་རྣམ་པ་གང་དང་གང་དུ་མོས་པ་དེ་དང་དེར་འགྱུར་བའི་ཕྱིར་དང་། གཞན་དུ་ན་རྒྱུ་མེད་པ་ལས་འབྲས་བུ་འབྱུང་བ་མི་འཐད་པའི་ཕྱིར་རོ། །དེ་ལྟ་ན་ཐམས་ཅད་ལས་ཐམས་ཅད་ཅིའི་ཕྱིར་མི་འབྱུང་ཞེ་ན། མ་ཡིན་ཏེ། ལྷན་གཅིག་བྱེད་པའི་རྐྱེན་ཉེ་བར་མི་གནས་པའི་ཕྱིར་རོ། །

རྒྱུ་ཁ་ཡར་བ་ལས་སྐྱེ་བའི་འབྲས་བུ་ནི་འགའ་ཡང་ཡོད་པ་མ་ཡིན་ཏེ། འབྲས་བུ་རྣམས་ནི་རྒྱུ་དང་རྐྱེན་ཚོགས་པ་ལས་འབྱུང་བའི་ཕྱིར་རོ། །གཞན་དུ་ན་སྒྲོམ་ནང་གི་ས་བོན་ཙམ་ལས་མྱུ་གུ་དང་སྡོང་བུ་དང་འབྲས་བུ་ལ་སོགས་པ་འབྱུང་བའི་ཕྱིར་དེ་དག་གི་དོན་དུ་ཞིང་རྨོ་བ་དང་ཆུ་ལུད་པ་ལ་སོགས་པའི་རྐྱེན་རྣམས་ལ་འབད་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །ལྕགས་ཀྱི་གོང་དུ་ཇི་སྲིད་དུ་གསེར་འགྱུར་གྱི་རྩི་དང་མ་ཕྲད་པ་དེ་སྲིད་དུ་གསེར་དུ་མི་འགྱུར་ལ་གང་གི་ཚེ་གསེར་འགྱུར་གྱི་རྩི་དང་ཕྲད་པ་དེའི་ཚེ་གསེར་དུ་འགྱུར་བར་དམིགས་པས། དེའི་ཕྱིར་ལྕགས་ལ་གསེར་གྱི་ཁམས་ཡོད་པ་དང་། དེ་ཡང་ལྷན་གཅིག་བྱེད་པའི་རྐྱེན་ལ་ལྟོས་པ་ཉིད་དུ་མངོན་པ་ཡིན་ཏེ། གཞན་དུ་ན་ལྕགས་ནི་གསེར་འགྱུར་གྱི་རྩི་དང་ཕྲད་ཀྱང་གསེར་དུ་མི་འགྱུར་བའམ། ཡང་ན་ནི་མ་ཕྲད་ཀྱང་གསེར་དུ་འགྱུར་བར་ཐལ་བའི་ཕྱིར་རོ། །ཕྱི་རོལ་གྱི་གཟུགས་འདུས་པ་དག་ལ་མིག་ལ་སོགས་པ་དབང་པོའི་ས་བོན་མེད་དོ་ཞེས་བྱ་བ་ནི་འདིར་དམིགས་ཀྱིས་བསལ་བ་ཡིན་ཏེ། གཞན་དུ་ན་སེམས་ཅན་སྔོན་མེད་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །རྣལ་འབྱོར་པ་དག་གིས་ཕྱི་རོལ་གྱི་གཟུགས་འགའ་ཞིག་ཀྱང་རྟ་དང་གླང་པོ་ལ་སོགས་པའི་སེམས་ཅན་གྱི་རྣམ་པ་དེ་དང་དེར་སྤྲུལ་པར་ནུས་པ་མ་ཡིན་ནམ་ཞེ་ན་དེ་ནི་རྟ་གླང་ལ་སོགས་པའི་རྣམ་པར་སྤྲུལ་པ་ཙམ་དུ་ཟད་ཀྱི་དངོས་སུ་ནི་མ་ཡིན་ཏེ། སྒྱུ་མའི་རྟ་གླང་ལ་སོགས་པ་བཞིན་དུ་རྣམ་པར་ཤེས་པས་མ་ཟིན་པའི་ཕྱིར་རོ། །རྣལ་འབྱོར་པ་རང་གི་ལུས་སེམས་ཅན་གྱི་རྣམ་པ་གཞན་དུ་སྒྱུར་བའི་སྤྲུལ་པ་ནི་སེམས་ཅན་ཡིན་ཡང་དེའི་དབང་པོ་རྣམས་ནི་རང་གི་དབང་པོ་སྔ་མའི་ས་བོན་ལས་བྱུང་བ་ཡིན་པས་རྒྱུ་མེད་པར་བྱུང་བའམ། ཕྱིའི་ས་བོན་ལས་བྱུང་བ་མ་ཡིན་ནོ། །གང་ཡང་འཚེའུ་ལ་སོགས་པར་རྟ་རྔ་ལ་སོགས་ལྷུང་བ་ལས་སེམས་ཅན་འབྱུང་བ་གང་ཡིན་པའི་དབང་པོ་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པའི་ཐུན་མོང་མ་ཡིན་པའི་ས་བོན་ཡོངས་སུ་སྨིན་པ་ལས་འབྱུང་བར་ཤེས་པར་བྱའོ། །

ད་ནི་འདི་དཔྱད་པར་བྱ་སྟེ། འབྱུང་བ་དང་འབྱུང་བ་ལས་གྱུར་པ་འདི་དག་རྫས་སུ་ཡོད་པའམ། འོན་ཏེ་བཏགས་པར་ཡོད་པ་ཡིན། དེ་ལས་ཅིར་འགྱུར། དང་པོ་ལྟར་ན་རྣམ་པར་རིག་པ་ཙམ་དུ་སྨྲ་བའི་རྣམ་བཞག་དང་ཅི་སྟེ་འགལ་བར་མི་འགྱུར། གཉིས་པ་ལྟར་ན་ཡང་འབྱུང་བ་དང་འབྱུང་གྱུར་རྣམས་དབང་པོའི་ཤེས་པའི་ཡུལ་དུ་མི་འགྱུར་ཏེ། ཀུན་རྫོབ་པའི་ཡུལ་ཅན་ཉིད་ཀྱི་རྟོག་པ་དང་བཅས་པར་ཐལ་བའི་ཕྱིར་རོ་ཞེ་ན་སྨྲས་པ་རིགས་པས་དཔྱད་བཟོད་པ་ལ་རྫས་ཡོད་དང་། མི་བཟོད་པ་བཏགས་ཡོད་དུ་བྱེད་པ་ལྟར་ན། འབྱུང་བ་དང་འབྱུང་གྱུར་དག་ནི་བཏགས་པར་ཡོད་པ་ཁོ་ན་ཡིན་གྱི་རྫས་སུ་ཡོད་པ་ནི་མ་ཡིན་ཏེ། དྲུག་གི་གཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲན་ཙམ་དུ་འགྱུར། །ཞེས་པ་ལ་སོགས་པའི་དོན་འགོག་པའི་རིགས་པའི་སྟོབས་མི་བཟོད་པའི་ཕྱིར་རོ། །རང་གི་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་བརྗོད་པ་དང་དེ་ལས་གཞན་པ་ལ་མི་ལྟོས་པ་ལ་རྫས་ཡོད་དང་། ལྟོས་པ་ལ་བཏགས་པར་འཇོག་པ་ལྟར་ན། འབྱུང་བ་དང་འབྱུང་བ་ལས་གྱུར་པ་དག་ལས་ཁ་ཅིག་ནི་རྫས་སུ་ཡོད་པ་ཡིན་ལ། ཁ་ཅིག་ནི་བཏགས་པར་ཡོད་ཅེས་བཤད་པར་བྱའོ། །དེ་ཡང་འདི་ལྟར་འབྱུང་འགྱུར་གྱི་རེག་བྱ་འཇམ་པ་ཉིད་ལ་སོགས་པ་ནི་ས་ལ་སོགས་པའི་འབྱུང་བ་ཆེན་པོ་རྣམས་འཕེལ་བ་དང་འགྲིབ་པའི་ཆ་དེ་དང་དེ་ལ་འདོགས་པས་བཏགས་པར་ཡོད་པ་ཡིན་ཏེ། དེ་དང་དེའི་གདགས་བཞི་འབྱུང་བ་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ་གྱུར་པ། དེ་དག་རང་གི་དབང་པོས་སྤྱོད་ཡུལ་དུ་མི་འགྱུར་བའི་ཕྱིར་རོ། །

རིང་པོ་དང་ཐུང་ངུ་ལ་སོགས་པའི་དབྱིབས་དང་། རྣམ་པར་རིག་བྱེད་ཀྱི་གཟུགས་དག་ཀྱང་ཁ་དོག་གི་ཁྱད་པར་ཕྱོགས་གཅིག་ཏུ་མངར་བ་ལ་སོགས་པ་ལ་འདོགས་པས་བཏགས་པར་ཡོད་པ་ཡིན་ཏེ། རང་གི་གདགས་གཞི་མིག་གི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་པར་རིང་པོ་ལ་སོགས་པ་མཐོང་ངོ་སྙམ་པའི་བློ་མི་འབྱུང་བའི་ཕྱིར་རོ། །ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ལ་ཡང་རྫས་སུ་ཡོད་པ་དང་། བཏགས་པར་ཡོད་པ་གཉིས་ཡིན་ཏེ། འདི་ལྟར་ཀུན་བརྟགས་པ་དང་། དབང་འབྱོར་པ་དག་ནི། ཀེང་རུས་ལ་སོགས་པ་མི་སྡུག་པའི་ཏིང་ངེ་འཛིན་དང་། རྣམ་པར་ཐར་པ་ལ་བསམ་གཏན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་འགྱུར་བ་བརྗོད་པ་སོགས་ལ་མི་ལྟོས་པར་གསལ་པོར་འཛིན་པའི་ཕྱིར་རྫས་སུ་ཡོད་པ་ཁོ་ན་ཡིན་ལ། སྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དང་། ཡང་དག་པར་བླངས་པ་ལས་བྱུང་བ་རྣམས་ནི་གཟུགས་སུ་ཉེ་བར་བརྟགས་པ་ཙམ་ཡིན་པའི་ཕྱིར། བཏགས་པར་ཡོད་པ་ཁོ་ན་ཡིན་ནོ། །གང་བྱེ་བཤད་ལས་ཡང་སྡུས་པ་ལས་གྱུར་པ་དང་། མངོན་པར་སྐབས་ཡོད་པ་དག་ནི་ཁ་དོག་གི་བདག་ཉིད་ཡིན་པའི་ཕྱིར་དེར་འདུས་སོ་ཞེས་ཆེན་པོ་དག་གིས་བཤད་པ་གང་ཡིན་པ་དེ་ཡང་འཐད་པར་མ་མཐོང་སྟེ། རྡུལ་ཕྲ་རབ་དག་ནི་བློས་ཀུན་བཏགས་ནས་བཞག་པ་ཙམ་ཡིན་པས་ཁ་དོག་གི་བདག་ཉིད་དུ་འགལ་བའི་ཕྱིར་རོ། །

མིག་ལ་སོགས་པའི་དབང་པོ་དག་ནི་གཟུགས་སོགས་གཞན་དུ་མྱོང་བས་གྲུབ་པ་ནི་མ་ཡིན་ན་དེ་དག་རྫས་སུ་གྲུབ་པ་ཞེས་གང་ལས་ཤེས་ཞེ་ན། རྗེས་སུ་དཔག་པ་ལས་ཏེ། གལ་ཏེ་མིག་ལ་སོགས་པའི་དབང་པོ་དག་ཀུན་བརྟགས་པ་ཙམ་ཡིན་གྱི་རྫས་སུ་མེད་ན་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྟེན་སོ་སོར་ངེས་པ་མེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་དུ་གཟུགས་ལ་སོགས་པའི་ཡུལ་སོ་སོར་ངེས་པར་མི་འགྱུར་ཞིང་། སྐྱེ་བའི་གནས་ཀྱང་སོ་སོར་ངེས་པ་མེད་པར་འགྱུར་ན། དེ་ལྟར་ཡང་མ་ཡིན་ཏེ། མིག་ལ་སོགས་པའི་དབང་པོའི་རྣམ་པར་ཤེས་པ་རྣམས་ནི་སྐྱེ་བའི་གནས་དང་དམིགས་པའི་ཡུལ་སོ་སོར་ངེས་པ་ནི་མིག་གི་དབང་པོ་ལ་སོགས་པ་ལྷན་ཅིག་འབྱུང་བའི་གནས་རྣམས་སོ་སོར་ངེས་པའི་རྒྱུ་མཚན་ཁོ་ན་ལས་ཡིན་ཏེ། རྒྱུ་མཚན་གཞན་མ་དམིགས་པའི་ཕྱིར་རོ། དེ་ཡང་འདི་ལྟར། རྒྱུ་དང་དེ་མ་ཐག་པའི་རྐྱེན་སོ་སོར་ངེས་པ་ལས་ཀྱང་མ་ཡིན་ཏེ། དབང་ཤེས་རྣམས་ནི་རྒྱུའི་རྐྱེན་ཀུན་བཞིའི་ས་བོན་གཅིག་ལས་ཀྱང་རྐྱེན་ཇི་ལྟ་བ་བཞིན་དུ་ཅིག་ཅར་འབྱུང་བས་སོ་སོར་ངེས་པ་མེད་པའི་ཕྱིར་རོ། །གཟུགས་སྒྲ་ལ་སོགས་པ་ཕྱིའི་ཡུལ་སོ་སོར་ངེས་པའི་ཕྱིར་རོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ་དེ་ལྟ་ན་ཡང་མིག་གི་རྣམ་པར་ཤེས་པས་ནི་གཟུགས་ཁོ་ན་འཛིན་ལ། ཉན་ཤེས་ཀྱིས་ནི་སྒྲ་ཁོ་ན་འཛིན་ནོ་ཞེས་བྱ་བའི་ངེས་པ་འདིར་མི་འགྱུར་ཏེ། དེ་དག་ལ་ནང་གི་བྱེད་རྒྱུའི་ཁྱད་པར་ཅུང་ཟད་ཀྱང་མེད་པའི་ཕྱིར་དང་། དེ་མ་ཐག་པའི་རྐྱེན་སོ་སོར་ངེས་ཀྱང་། དབང་ཤེས་བཞིན་དུ་ཐལ་བ་མཚུངས་པའི་ཕྱིར་རོ། །དེ་ལྟར་ན་དབང་པོའི་རྣམ་པར་ཤེས་པ་རྣམས་ནི་ལྷན་ཅིག་འབྱུང་བའི་གནས་མི་འདྲ་བ་ཐ་དད་པ་ལས་ཡུལ་སོ་སོར་ངེས་པ་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་ན་ཞར་ལ་འོངས་པས་ཆོག་གོ །

ད་ནི་དཀྱུས་མ་ཉིད་བཤད་པར་བྱའོ། །དེ་ལ་ཡང་མདོར་བསྟན་པ་དང་རྒྱས་པར་བཤད་པ་གཉིས་ལས། དང་པོ་ནི། གཟུགས་གང་ཡིན་པ་གཟུགས་རུང་རྣམ་པ་གཉིས་ཀྱི་མཚན་ཉིད་ཅན་ཅི་ཡང་རུང་བ་དེ་ཐམས་ཅད་ནི། མདོར་སྡུ་ན་རྒྱུའི་གཟུགས་འབྱུང་བ་ཆེན་པོ་བཞི་དག་དང་། འབྲས་བུའི་གཟུགས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ལས་འབྱུང་བ་གཉིས་ཡིན་ནོ། །ཅིའི་ཕྱིར་འབྱུང་བ་ཆེན་པོ་ཞེས་བྱ་ཞེ་ན། འབྲས་བུའི་གཟུགས་སྣ་ཚོགས་འགྲུབ་པ་ན་དེ་དང་དེའི་རྣམ་པར་འབྱུང་བས་སམ། ཡང་ན་ཐོག་མ་མེད་པ་ནས་ལས་ཀྱི་དབང་གིས་ནམ་ཡང་མ་བྱུང་མ་མྱོང་བའི་ཕྱིར་འབྱུང་བ་ཞེས་བྱ་ལ། འབྲས་བུའི་གཟུགས་ཀུན་གྱི་རྟེན་བྱེད་པས་ལྟོས་ཆེ་བའི་ཕྱིར་རམ། འདུས་པ་ཀུན་ལ་ས་ལ་སོགས་པའི་འབྱུང་བ་གང་རུང་གིས་ཁྱབ་པས་གནས་པ་ཐ་གྲུ་ཆེ་བའི་ཕྱིར་ཆེན་པོ་ཞེས་བྱའོ། །ཡང་ན་འབྲས་བུའི་གཟུགས་ཀུན་གྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར་འབྱུང་བ་ཡིན་ལ། གཟུགས་འདུས་པ་ཀུན་ལ་ཁྱབ་པའི་ཕྱིར་ཆེན་པོ་ཡིན་ནོ། །འབྲས་བུའི་གཟུགས་སྐྱེད་པའི་བྱ་བ་བྱེད་པ་ལ་བཞི་པོ་འདི་ལས་མང་མི་དགོས་ཤིང་། ཉུངས་ན་མི་ནུས་པའི་ཕྱིར་བཞི་ཁོ་ན་ཡིན་ནོ། །ཅིའི་ཕྱིར་ཞེ་ན། རྟེན་པ་དང་། བསྡུད་པ་དང་། སྨིན་པ་དང་། བསྐྱོད་པའི་བྱ་བ་བཞི་པོ་འདི་ཙམ་གྱིས་འབྲས་བུའི་གཟུགས་རྣམས་མངོན་པར་འགྲུབ་པའི་བྱ་བ་ཡོངས་སུ་རྫོགས་པ་ཡིན་ལ། བཞི་པོ་དེ་དག་ཀྱང་ས་ལ་སོགས་པའི་ཐུན་མོང་མ་ཡིན་པའི་བྱ་བ་ཡིན་པའི་ཕྱིར་རོ། །འབྱུང་བ་རྣམས་ཀྱིས་འབྱུང་འགྱུར་དག་ལ་སྐྱེད་པ་དང་། རྟེན་པ་ལ་སོགས་པ་བྱ་བ་རྣམ་པ་ལྔ་བྱེད་པའི་འབྲས་བུ་ནི་གཟུགས་སྟོན་པ་ན་འབྱུང་བ་ཆེན་པོ་གཅིག་དག་རྒྱུར་བྱས་པ་ཞེས་གསུངས་ཏེ། རྒྱུ་རྣམ་པ་ལྔ་ནི་བཤད་ཟིན་པ་ཉིད་དོ། །

རྒྱས་པར་བཤད་པ་ལ་གཉིས་ལས། རྒྱུའི་གཟུགས་བཤད་པ་ནི། སྔར་འབྱུང་བ་ཆེན་པོ་བཞི་དག་ཞེས་མིང་ཙམ་ཞིག་སྨོས་པ་གང་ཡིན་པ་དེའི་དོན་ཅི་ཡིན་པ་མི་ཤེས་པས་འབྱུང་བ་ཆེན་པོ་བཞི་དག་གང་ཞེ་ན་ཞེས་དྲིས་སོ། །ལན་ནི་རང་གི་མཚན་ཉིད་དང་རྒྱུར་བྱས་པའི་གཟུགས་འཛིན་པའི་ཕྱིར་ས་ལ་སོགས་པ་ཉིད་ཁམས་སོ། །འབྱུང་བ་ནང་ཕན་ཚུན་དང་མིག་གི་ཁམས་ལ་སོགས་པ་ལས་དབྱེ་བའི་ཕྱིར་ས་ལ་སོགས་པའི་སྒྲ་སྨོས་ལ། འཇིག་རྟེན་ན་གྲགས་པའི་ས་ལ་སོགས་པ་ལས་བྱེ་བྲག་ཏུ་བྱ་བའི་ཕྱིར་ཁམས་སྨོས་ཏེ། འདི་ལྟར་ས་ལ་སོགས་པ་དག་ནི་འཇིག་རྟེན་དང་བསྟན་བཅོས་ལ་གྲགས་པའི་བྱེ་བྲག་གི་གཉིས་སུ་འགྱུར་ཏེ། དེ་ལ་འཇིག་རྟེན་པ་ལ་གྲགས་པའི་ས་ལ་སོགས་པ་ནི་ཁམས་མ་ཡིན་ཏེ། དེ་དག་ནི་ས་དཀར་པོ་ཆུ་སྔོན་པོ་ཞེས་པ་ལ་སོགས་པ་ཁ་དོག་དང་དབྱིབས་ཀྱི་བདག་ཉིད་དུ་ཐ་སྙད་འདོགས་པའི་ཕྱིར་རོ། །བསྟན་བཅོས་ལས་གྲགས་པ་དག་ལ་ནི་སྲ་བ་ཉིད་ལ་སོགས་པ་ཡོད་པའི་ཕྱིར་ཡང་དག་པ་ན་ཁམས་ཉིད་དུ་འཐད་པ་ཡིན་ནོ། །

ཡང་ན་ཁམས་ཀྱི་སྒྲ་ནི་རྒྱུའི་དོན་ཅན་ཡིན་ལ། ས་ལ་སོགས་པའི་འབྱུང་བ་རྣམས་ཀྱང་། འབྲས་བུའི་གཟུགས་ཀྱི་འབྱུང་ཁུངས་སུ་གྱུར་པའི་ཕྱིར། དེ་དག་ལ་རྒྱུའི་དོན་ཅན་གྱི་ཁམས་ཀྱི་སྒྲ་སྦྱར་ལ། མིག་ལ་སོགས་པ་འབྲས་བུའི་གཟུགས་རྣམས་ནི་དེ་ལྟ་མ་ཡིན་པས་སྐབས་འདིར་ཁམས་ཀྱི་སྒྲ་མ་བྱས་སོ་ཞེས་བྱ་བ་ཡང་། བཤད་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །སའི་ཁམས་ལ་སོགས་པ་དེ་དག་ཀྱང་གང་ཞེ་ན། གོ་རིམ་བཞིན་དུ། ལུས་ཀྱི་རྣམ་པར་ཤེས་པ་ལ་སྲ་བ་དང་། གཤེར་བ་དང་། ཚ་བ་དང་། ཡང་ཤིང་གཡོ་བ་ཉིད་དུ་སྣང་བ་གང་ཡིན་པའོ། །དེ་ལ་སྲ་བ་དང་། མཁྲང་བ་དང་། འཐས་པ་རྣམས་ནི་དོན་གཅིག་གོ །འདུ་བར་བྱེད་པ་བདག་ཉིད་ནི་བརླན་པ་དང་གཤེར་བ་ཡིན་ནོ། །སྲེག་པར་བྱེད་པ་ནི་ཚ་བའོ། རླུང་གི་ཁམས་སྟོན་པ་ན་ཡང་ཤིང་གཡོ་བ་ཞེས་པའི་སྒྲ་གཉིས་སྨོས་པ་ནི། རས་བལ་གྱི་འདབ་མ་ལ་སོགས་པ་འབྲས་བུའི་གཟུགས་འགའ་ཞིག་ལ་ཡང་འདེགས་སླ་བའི་མཚན་ཉིད་ཅན་གྱི་ཡང་བ་ཡོད་ལ། དེའི་ཕྱིར་དེ་དག་ཀྱང་རླུང་གི་ཁམས་སུ་ཐལ་བར་འགྱུར་བ་མི་རུང་བས། གཟུགས་ཅན་གྱི་དངོས་པོའི་རྒྱུན་ཡུལ་གཞན་དུ་འབྱུང་ཞིང་བསྐྱོད་པར་བྱེད་པའི་མཚན་ཉིད་ཅན་གྱི་གཡོ་བ་སྨོས་ལ། གཡོ་བ་ནི་ལས་ཡིན་གྱི། ངོ་བོ་མིན་པས་ངོ་བོ་མ་བསྟན་པའི་ཉེས་པར་འགྱུར་དུ་དོགས་པས་ཡང་བ་སྨོས་ཏེ། དེ་ལྟར་ན་གཡོ་བའི་བྱ་བ་དང་ལྡན་པའི་ཡང་བ་ནི་རླུང་གི་ཁམས་ཉིད་དོ་ཞེས་བྱ་བའི་དོན་ཏོ། །

གཉིས་པ་འབྲས་གཟུགས་བཤད་པ་ལ་ཡང་གཉིས་ལས། མདོར་བསྟན་པ་ནི། རྒྱུར་བྱས་པའི་གཟུགས་ཞེས་གང་སྨོས་པ་དེ་ཉིད་ལ་རྣམ་པ་ནི་དུ་ཞིག་ངོ་བོ་ནི་ཅི་འདྲ་ཞེ་ན་མིག་གི་དབང་པོ་དང་། ཞེས་པ་ལ་སོགས་སྨོས་སོ། །དེ་ལ་རེག་བྱའི་ཕྱོགས་གཅིག་ཅེས་པ་ནི་འབྱུང་འགྱུར་གྱི་རེག་བྱ་བཟུང་བའི་དོན་ཏེ། དེའི་སྐབས་ཡིན་པའི་ཕྱིར་དང་། འབྱུང་བའི་རེག་བྱ་རྣམས་ཀྱང་སྔར་བཤད་ཟིན་པའི་ཕྱིར་རོ། །གཟུགས་གང་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་ཙམ་ལས་སེམས་དང་སེམས་བྱུང་གཞན་གང་ལ་ཡང་བྱ་བ་ཅུང་ཟད་ཀྱང་མི་བྱེད་པ་དེ་ནི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཞེས་བྱའི། ཡིད་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའི་གཟུགས་ནི་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་སོ་ཞེས་ནི་མི་བྱ་སྟེ། མིག་གི་དབང་པོ་ལ་སོགས་པ་དག་ལ་ཡང་ཐལ་བར་འགྱུར་བའི་ཕྱིར་རོ། །

དེ་ཉིད་རྒྱས་པར་བཤད་པ་ལ་དང་བའི་གཟུགས། དང་བའི་བཟུང་བའི་གཟུགས། ཡིད་ཀྱི་ཡུལ་གྱི་གཟུགས་བཤད་པ་གསུམ་ལས། དང་པོ་ནི། མིག་གི་དབང་པོ་ལ་སོགས་པ་དེ་དག་ཀྱང་གང་ཞེ་ན། ཞེས་པ་དྲི་བའོ། །འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་མིག་གི་རྣམ་པར་ཤེས་པའི་རྟེན་གཟུགས་དང་བའོ། །ཞེས་པ་ལ་སོགས་པ་སྨོས་ཏེ། དབང་པོ་འདི་དག་ནི་རེ་རེ་ཞིང་ཡང་རྒྱུ་དང་འབྲས་བུ་དང་རང་རང་གི་ངོ་བོ་ཉིད་གསུམ་གསུམ་གྱི་སྒོ་ནས་བསྟན་ནོ། །དེ་ལ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་པས་ནི་རྒྱུའི་སྒོ་ནས་འབྲས་བུའི་གཟུགས་སུ་མཚོན་པར་བྱེད་དེ། འདི་ལྟར་གཞན་སྡེ་གང་དག་དབང་པོ་རྣམས་རྒྱུ་མེད་པར་བྱུང་བའམ། གཙོ་བོ་དང་དབང་ཕྱུག་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་བྱུང་བར་སེམས་པ་གང་ཡིན་པ་དང་། རང་སངས་རྒྱས་ལྷ་སྡེ་གང་དག་དབང་པོ་རྣམས་འབྱུང་བ་ཙམ་དུ་སྨྲ་བ་དེ་དག་བསལ་བའི་ཕྱིར་རོ། །མིག་གི་རྣམ་པར་ཤེས་པའི་རྟེན་ཅེས་པ་ནི་རང་གི་ཐུན་མོང་མ་ཡིན་པའི་བདག་འབྲས་ཀྱི་སྒོ་ནས་དབང་པོ་གཞན་ལས་བྱེ་བྲག་ཏུ་འབྱེད་པར་བྱེད་དེ། དབང་པོ་གཞན་ལ་མིག་གི་རྣམ་པར་ཤེས་པའི་རྟེན་བྱེད་པའི་མཐུ་མེད་པའི་ཕྱིར་རོ། །གཟུགས་དང་བའོ་ཞེས་པ་ནི་དབང་བའི་རང་གི་ངོ་བོ་མཚོན་པར་བྱེད་པ་ཡིན་ནོ། །དེ་ལ་འདིར་དང་བའི་དོན་ནི་དཔེར་ན་གཟུགས་ལ་རྟེན་ནས་དེ་ལྟར་སྣང་བའི་གཟུགས་བརྙན་ཆུ་དང་མེ་ལོང་ལ་འཆར་བ་ན་དེ་དང་དེ་ལ་དང་བའི་ཐ་སྙད་འདོགས་པ་ལྟར་གཟུགས་སྒྲ་སོགས་ཡུལ་རྣམས་ལ་རྟེན་ནས་དེ་དང་དེར་སྣང་བའི་དབང་པོའི་རྣམ་པར་ཤེས་པ་མིག་ལ་སོགས་པ་དབང་པོའི་སྒོ་དེ་དང་དེར་འབྱུང་བའི་ཕྱིར་དེ་དག་ལ་དང་བ་ཞེས་བྱའོ། །རྣ་བ་ལ་སོགས་པའི་དབང་པོ་གཞན་རྣམས་ལ་ཡང་ཇི་ལྟར་མཐུན་མཐུན་དུ་སྦྱར་ནས་བཤད་པར་བྱ་སྟེ་གོ་སླ་བར་ཟད་དོ། །

མིག་ལ་སོགས་པའི་དབང་པོ་གཞན་བཞི་ནི་རང་གི་རྟེན་རིས་སུ་ཆད་པས་རང་གི་རྟེན་གང་ན་གནས་པའི་ཡུལ་དེ་ཉིད་ན་གནས་ཀྱི་ལུས་ཀུན་ལ་ཁྱབ་པ་མ་ཡིན་ལ། ལུས་ཀྱི་དབང་པོ་ནི་རྐང་འཐེབ་ནས་སྤྱི་བོའི་བར་གྱི་ཚོར་བ་འབྱུང་བའི་གནས་སུ་གྱུར་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་ཀུན་ལ་ཁྱབ་པ་ཡིན་ནོ། །འདིར་རྣམ་པར་རིག་པ་ཙམ་གྱི་ཕྱོགས་ལ་མིག་ལ་སོགས་པའི་དབང་པོ་རྣམས་དང་གཟུགས་ལ་སོགས་པའི་ཡུལ་རྣམས་ནི་ཀུན་བརྟགས་པ་དང་གཞན་གྱི་དབང་གི་བྱེ་བྲག་གིས་རྣམ་པ་གཉིས་སུ་འགྱུར་རོ། །དེ་ལ་འདི་དང་རྣལ་འབྱོར་སྤྱོད་པའི་སར་དབང་པོ་རྣམས་གཟུགས་ཅན་དང་བར་བཤད་པ་ནི་ཀུན་བརྟགས་པའི་དབང་དུ་བྱས་པ་ཡིན་ལ། དེ་ཡང་འཇིག་རྟེན་གཞུག་པའི་ཐབས་སུ་འཇིག་རྟེན་གྱི་ཐ་སྙད་ཙམ་གྱི་རྗེས་སུ་འབྲངས་ནས་བསྟན་པ་ཡིན་ལ། དེ་དག་ཀྱང་ཡང་དག་པར་ན་མ་གྲུབ་པར་བསྟན་པ་ན་འཁྲུལ་པ་གཞི་མེད་མི་རུང་བའི་ཕྱིར་དེ་དག་གི་འཁྲུལ་གཞི་བསྟན་པའི་ཕྱིར་དུ། གཞན་དབང་ཡང་དག་པ་མ་ཡིན་པའི་ཀུན་རྟོགས་གི་རང་བཞིན་རྣམ་པར་བརྟགས་པའི་མིག་ལ་སོགས་པའི་དབང་པོ་རྣམས་སྟོན་པར་མཛད་དོ། །དེ་ཡང་ཀུན་གཞི་རྣམ་ཤེས་རྣམ་པར་བཞག་ན་ནི་ཀུན་གཞིའི་རྣམ་ཤེས་ཀྱི་བཟུང་བྱ་ཉིད་ལ་འཇོག་ཏེ། འདི་ལྟར་ཀུན་གཞི་ལ་ཡོད་པའི་ཐུན་མོང་མ་ཡིན་པའི་ས་བོན་ཡོངས་སུ་སྨིན་པ་ལས་བྱུང་བ་རང་དང་གཞན་གྱི་རྒྱུད་ལ་མིག་ལ་སོགས་པའི་དབང་པོ་ལྔར་སྣང་བ་གང་ཡིན་པ་ཉིད་ལ་དབང་པོར་འཇོག་པའི་ཕྱིར་རོ། །ཀུན་བཞིའི་རྣམ་པར་ཤེས་པ་རྣམ་པར་མ་བཞག་ན་ནི་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་རྣམས་གཟུགས་སྒྲ་ལ་སོགས་པ་རང་གི་ཐུན་མོང་མ་ཡིན་པའི་ཡུལ་རྣམས་འཛིན་ནུས་སུ་བསྐྱེད་པར་བྱེད་པའི་རང་གི་དེ་མ་ཐག་རྐྱེན་ཤེས་པ་སྔ་མའི་ནུས་པའི་ཁྱད་པར་ཉིད་ལ་མིག་ལ་སོགས་པའི་དབང་པོར་ཐ་སྙད་འདོགས་པར་བྱེད་དེ། ཇི་སྐད་དུ། ཉི་ཤུ་པར། རང་གི་ས་བོན་གང་ལས་སུ། །རྣམ་རིག་སྣང་བ་གང་བྱུང་བ་། །དེ་དང་དེའི་སྐྱེ་མཆེད་ནི། །རྣམ་པ་གཉིས་སུ་ཐུབ་པས་གསུངས། །ཞེས་དང་། དམིགས་པ་བརྟག་པར་ཡང་། ལྷན་ཅིག་བྱེད་དབང་ནུས་པ་ཡི། །ངོ་བོ་གང་ཡིན་དབང་པོའང་ཡིན། །དེ་ཡང་རྣམ་རིག་ལ་མི་འགལ། །ཞེས་གང་གསུངས་པ་ཡིན་ནོ། །

གཉིས་པ་དང་བས་བཟུང་བའི་གཟུགས་བཤད་པ་ནི། གཟུགས་ནས་རེག་བྱའི་བར་དུ་གོང་དུ་སྨོས་པ་དེ་དག་ལ་རྣམ་པ་ནི་དུ་ཞིག་ངོ་བོ་ནི་ཅི་འདྲ་ཞེ་ན། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་མིག་གི་དབང་པོའི་སྤྱོད་ཡུལ་གྱི་དོན་གང་ཡིན་པ་སྟེ་ཞེས་པ་ལ་སོགས་པ་མཚན་ཉིད་དང་དབྱེ་བ་གཉིས་གཉིས་ཀྱི་སྒོ་ནས་སྟོན་པར་བྱེད་པའོ། །འདི་དག་གི་མཚན་ཉིད་རྒྱུ་དང་ཡུལ་ཅན་དང་། རང་གི་ངོ་བོ་གསུམ་གསུམ་གྱིས་བསྟན་པར་རིག་པར་བྱའོ། །དེ་ལ་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་པས་ནི་སྔར་བཤད་པ་ལྟར་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བར་སེམས་པ་ལ་སོགས་པ་རང་གཞན་གྱི་སྡེ་པ་དག་གི་ལོག་རྟོག་རྣམས་བསལ་ནས། འབྲས་བུའི་གཟུགས་སུ་མཚོན་པར་བྱེད་པ་ཡིན་ནོ། །མིག་གི་དབང་པོའི་སྤྱོད་ཡུལ་ཞེས་པས་དབང་པོ་ལྔའི་ནང་ནས་མིག་ཁོ་ནའི་སྤྱོད་ཡུལ་ཡིན་གྱི་གཞན་རྣམས་ཀྱི་མ་ཡིན་ཞེས་སྒྲ་ལ་སོགས་པའི་དོན་གཞན་རྣམས་ལས་ཁྱད་པར་དུ་བྱས་པ་ཡིན་ནོ། །དོན་ཞེས་པས་ནི་རང་གི་ངོ་བོ་སྟོན་པའོ། །དེ་བཞིན་དུ་གཞན་རྣམས་ལ་ཡང་སྦྱར་ཏེ་བཤད་པར་བྱའོ། །འབྱུང་བ་གཅིག་ལས་གྱུར་པའི་འདུས་པ་ཡང་ཡོད་དེ་བཞིན་དུ་གཉིས་ལས་གྱུར་པའི་འདུས་པ་ཡང་ཡོད་ཅེས་སོགས་སྔར་བཤད་པ་མ་ཡིན་ནམ། ཇི་ལྟར་ན་མིག་ལ་སོགས་པ་རྣམས་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ལས་བྱུང་བ་ཞེས་བྱ་ཞེ་ན། བདེན་མོད་ཀྱི་འོན་ཀྱང་འདུས་པ་ཀུན་ལ་འབྱུང་བ་བཞི་ཀ་ཚང་བའི་ངེས་པ་མེད་པའི་ཕྱིར་འབྱུང་བ་གཅིག་ལས་གྱུར་པ་ཡང་ཡོད་ཅེས་བཤད་ལ། མིག་སོགས་འབྲས་བུའི་གཟུགས་རྣམས་རྣམ་པ་ཀུན་ཏུ་ས་ལ་སོགས་པའི་འབྱུང་བ་བཞི་གང་ཡང་རུང་བ་ལ་བརྟེན་ནས་འབྱུང་ལ། རེས་འགའ་འབྱུང་བ་བཞི་ཀ་རྒྱུར་བྱས་པ་ལས་འབྱུང་བ་ཡང་སྲིད་པའི་ཕྱིར་འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པ་ཞེས་བཤད་དེ། ཇི་སྐད་གཟུགས་གང་ཡིན་པ་ཅི་ཡང་རུང་སྟེ། དེ་དག་ཐམས་ཅད་འབྱུང་བ་ཆེན་པོ་བཞི་དག་དང་། འབྱུང་བ་ཆེན་པོ་བཞི་དག་རྒྱུར་བྱས་པའོ། །ཞེས་གསུངས་པ་ལ་དགོངས་པ་ཅི་ཞེ་ན། སྲིད་པ་ལ་དགོངས་ནས་གསུངས་སོ། །ཕྱོགས་གཅིག་གི་དང་པོ་ལ་རྟེན་པའི་དོན་ནི་རྒྱུར་བྱས་པའི་དོན་ཏོ། །ཞེས་འཆད་པར་འགྱུར་བའི་ཕྱིར་རོ། །

རེ་ཤིག་གཟུགས་ཀྱི་དབྱེ་བ་ལ་རྒྱས་པར་དབྱེ་བ་དང་། མདོར་བསྡུས་པ་གཉིས་ལས། དང་པོ་ནི་སྔོན་པོ་དང་ཞེས་པ་ལ་སོགས་པ་ཉི་ཤུ་རྩ་ལྔ་གསུངས་སོ། །འདི་དག་ཀྱང་ངོ་བོ་ཉིད་དང་། གནས་དང་། བྱེད་པའི་མཚན་ཉིད་དང་། གསུམ་གྱིས་རྣམ་པར་བཞག་གོ །དེ་ལ་ངོ་བོ་ཉིད་ཀྱིས་ནི་སྔོན་པོ་ལ་སོགས་ཁ་དོག་བཞི་བཞག་སྟེ། དེའི་ངོ་བོ་ཉིད་ཡིན་པའི་ཕྱིར་རོ། གནས་ལས་ནི་རིང་པོ་ལ་སོགས་པའི་དབྱིབས་བརྒྱད་རྣམ་པར་བཞག་སྟེ། དེ་དག་ནི་ཁ་དོག་དེ་ལྟ་དེ་ལྟར་གནས་པ་ལ་འདོགས་པའི་ཕྱིར་ཏེ། འདི་ལྟར་ཁ་དོག་གི་འདུས་པ་མང་པོ་ཕྱོགས་གཅིག་ཏུ་མངར་བ་ལ་ནི་རིང་བའི་བློ་འབྱུང་། དེ་ཉུང་ངུ་ལ་ནི་ཐུང་ངུའི་བློ་འབྱུང་། ཐམས་ཅད་ནས་མཉམ་པར་སྣང་བ་ལ་ནི་ལྷམ་པའི་བློ་འབྱུང་། ཁོར་ཡུག་ཏུ་མཉམས་པ་ལ་ནི་ཟླུམ་པོའི་བློ་འབྱུང་། དབུས་ན་འདུས་པ་མང་བ་ལ་ནི་མཐོན་པོའི་བློ་འབྱུང་། དེར་ཉུང་བར་སྣང་བ་ལ་ནི་དམའ་བའི་བློ་འབྱུང་། ཕྱོགས་གཅིག་པའི་སྒོར་སྣང་བ་ལ་ནི་ཕྱག་འཚལ་བ་མཐོ་དམན་མེད་པའི་བློ་འབྱུང་། ཕྱོགས་སྣ་ཚོགས་ཀྱི་སྒོར་སྣང་བ་ལ་ནི་ཕྱག་འཚལ་བ་མ་ཡིན་པ་མཐོ་དམན་ཅན་གྱི་བློ་འབྱུང་བའི་ཕྱིར་རོ། །བྱེད་པའི་མཚན་ཉིད་ལས་ནི། རྣམ་པར་རིག་བྱེད་དོ། །དེ་ནི་ལུས་གཡོ་བའི་བདག་ཉིད་ཡིན་པའི་ཕྱིར་རོ། །གྲིབ་མ་དང་ཉི་མ་ལ་སོགས་པ་དག་ནི་ལྗང་ཁུ་ལ་སོགས་པ་བཞིན་དུ་ཁ་དོག་གི་བྱེ་བྲག་ཡིན་པས་སྔོན་པོ་ལ་སོགས་པའི་ནང་དུ་འདུས་ཀྱང་ཐག་རིང་བ་ནས་མཐོང་ཡང་ཉེ་བ་ན་མི་སྣང་བས་གཟུགས་མ་ཡིན་པར་དོགས་པ་བསལ་བའི་ཕྱིར་ལོགས་སུ་དབྱེ་བ་བྱས་སོ། །

དེ་ལྟར་ན་གཟུགས་ཀྱི་སྐྱེ་མཆེད་འདི་ནི་ཁ་དོག་དང་དབྱིབས་དང་། རྣམ་པར་རིག་བྱེད་དང་གསུམ་དུ་འགྱུར་རོ། །ཡང་ན་མཚན་ཉིད་ཀྱིས་ནི་སྔོན་པོ་ལ་སོགས་པ་བཞི་བཞག །གདག་གཞིའི་གནས་ཀྱི་བྱེ་བྲག་ལས་ནི་རིང་ཐུང་ལ་སོགས་པ་དབྱིབས་བརྒྱད་བཞག །དུས་དང་དབང་པོའི་ཁྱད་པར་ལས་ཕན་པ་དང་། གནོད་པར་འགྱུར་བའི་བྱེ་བྲག་ལས་རྡུལ་ཕྲ་མོ་ནས། ཁུག་སྣའི་བར་བཅུ་བཞག ། བྱེད་པའི་རྟེན་དང་བྱེད་པའི་མཚན་ཉིད་དང་། བརྒྱན་ལས་ནི་ཐ་མ་གསུམ་གོ་རིམ་བཞིན་དུ་བཞག་གོ །དེ་ལ་སྔོན་པོ་ལ་སོགས་བཞིའི་ངོ་བོ་ནི་རྟོགས་པར་སླ་ལ། རེ་རེ་ལ་ཡང་མེ་ཏོག་གི་སྔོན་པོ་དང་། རས་ཀྱི་སྔོན་པོ་ལྟར་ལྷན་སྐྱེས་དང་། སྦྱར་བྱུང་གཉིས་གཉིས་སུ་རིག་པར་བྱའོ། །རྡུལ་ཕྲ་མོ་ནི་ཉི་ཟེར་ལ་སྣང་བའི་རྡུལ་ལོ། །རགས་པ་ནི་རི་བོ་ལ་སོགས་པའོ། །སྣང་བ་ནི་ཟླ་བ་སྐར་མ་མེ། སྨན་ནོར་བུ་ལ་སོགས་པའི་འོད་དོ། །གཞན་རྣམས་ནི་བརྡའ་འཕྲོད་པར་ཟད་དོ། །མངོན་པར་སྐབས་ཡོད་པ་ནི་དེ་ལས་གཞན་པ་བཟློག་བྱེད་ཀྱི་རིག་བྱ་དང་བྲལ་བའི་ཕྱོགས་མིག་ལ་བར་སྣང་སྐྱའོ་སེང་སེང་པོར་སྣང་བ་གང་ཡིན་པའོ། །རྣམ་པར་རིག་བྱེད་ནི་རྐྱང་བ་དང་སྐུམ་པ་ལ་སོགས་པ་ལུས་ཀྱི་བྱ་བ་ལ་དམིགས་པའི་སེམས་ལས་སྐྱེས་པ་ལུས་ཀྱིས་འབྱུང་བ་ཆེན་པོ་རྣམས་ལ་རྟེན་པའི་ལུས་ཀྱི་དབྱིབས་ཏེ་འདིས་རང་ཀུན་ནས་སློང་བའི་སེམས་གཞན་ལ་རིག་པར་བྱེད་པས་རྣམ་པར་རིག་བྱེད་དོ། །

ཇི་ལྟར་རྣམ་པར་རིག་པར་བྱེད་ཅེ་ན། སྐྱེས་བུ་འདི་ནི་འགྲོའོ་སྙམ་པའི་བློ་སྐྱེས་པ་ཡིན་ཏེ། འགྲོ་བའི་ལུས་ཀྱི་བྱ་བ་དང་ལྡན་པའི་ཕྱིར་ཞེས་པ་འདི་ནི་འབྲས་བུའི་རྟགས་འཁྲུལ་པ་མེད་པ་ཅན་ཡིན་ཏེ། འདི་ལྟར་འགྲོ་འོ་སྙམ་པའི་བློས་ལུས་ཀྱི་རྒྱུན་ཡུལ་གཞན་དུ་གཡོ་བར་བྱེད་པའི་རླུང་གཡོ་བར་བྱེད་ལ། རླུང་དེས་ལུས་ཀྱི་རྒྱུན་ཡུལ་གཞན་དུ་འགྲོ་བར་བྱེད་པའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས། བསམ་པ་ནང་ན་ཡོད་པ་ནི། །ཕྱི་རོལ་ཏུ་ནི་ཉེ་བར་དམིགས། །སྐད་མདོག་དབང་པོའི་རྣམ་པ་དག །རྣམ་པར་སྦ་བར་མི་ནུས་སོ། །ཞེས་དང་། ལས་སྒྲུབ་པའི་རིགས་པར་ཡང་། ཕྱི་རོལ་བསྐྱོད་པའི་འགྱུར་བ་དག་གིས་ནི། །སྐྱེས་བུའི་སྙིང་ལ་གནས་པའི་བསམ་པ་སྟོན། །མཚོ་ན་གནས་པའི་ཉ་ནི་རབ་གབ་ཀྱང་། །ཆུའི་རླབས་ཀྱི་འགྱུར་བ་རྣམས་ཀྱིས་སྟོན། །ཞེས་གང་གསུངས་པ་ཡིན་ནོ། །

དེ་བས་ན་འདིར་རྣམ་པར་རིག་བྱེད་ཅེས་པ་རང་གི་སྡེ་པ་ཁ་ཅིག་འདོད་པ་ལྟར་གྱི་རྣམ་སྨིན་གྱི་ལུས་ལས་རྫས་གཞན་པའི་ལུས་ཀྱི་དབྱིབས་གཅིག་པུ་དེ་འདྲ་བ་ནི་ཁས་མི་ལེན་གྱི་འོན་ཀྱང་རྣམ་སྨིན་གྱི་ལུས་བརྐྱང་བ་དང་སྐུམ་པ་ལ་སོགས་དེ་དང་དེའི་གནས་སྐབས་ཀྱི་ཁ་དོག་གི་ཆ་ལ་བཏགས་པའི་ལུས་ཀྱི་དབྱིབས་བཏགས་ཡོད། རང་ཀུན་སློང་གི་སེམས་རིག་པར་བྱེད་པ་ཞིག་ཡིན་ནོ། །ནམ་མཁའ་ཁ་དོག་གཅིག་པ་ནི་སྟེང་ན་སྔོན་པོར་སྣང་བ་གང་ཡིན་པས་ཏེ། དེ་ནི་སྔོན་པོ་ལས་ཁ་དོག་གི་རྣམ་པ་གཞན་དུ་མི་འབྱུང་བའི་ཕྱིར་རམ། ཡང་ན་ཁ་དོག་གི་རྫས་ཡན་གར་བར་གནས་པའི་ཕྱིར་ནམ་མཁའ་ཁ་དོག་གཅིག་པ་ཞེས་བྱའོ། །སྔོན་པོ་ལ་སོགས་པ་ནི་རྫས་སུ་ཡོད་པའི་ཕྱིར་མིག་གི་ཡུལ་དུ་རིགས་ན། དབྱིབས་དང་རྣམ་པར་རིག་བྱེད་དག་ནི་བཏགས་པར་ཡོད་པའི་ཕྱིར་ཇི་ལྟར་ན་མིག་གི་ཡུལ་དུ་འགྱུར་ཞེ་ན་ཡང་དག་པར་ན་དབྱིབས་ལ་སོགས་པ་བཞིན་དུ་སྔོན་པོ་ལ་སོགས་པའི་ཁ་དོག་ཀྱང་མིག་གིས་ཡུལ་མ་ཡིན་ཏེ། རྡུལ་ཕྲ་རབ་མ་གྲུབ་པས། ཕྱི་རོལ་གྱི་དོན་དབང་པོའི་ཤེས་པའི་ཡུལ་མ་ཡིན་པའི་ཕྱིར་རོ། །

ཐ་སྙད་དུ་ནི་སྔོན་པོ་ལ་སོགས་པའི་ཁ་དོག་དང་རིང་པོ་ལ་སོགས་པའི་དབྱིབས་རྣམས་མིག་ཤེས་ཀྱི་ཡུལ་དུ་ཁྱད་པར་མེད་དེ། འདི་ལྟར་རིང་པོ་དང་ཐུང་ངུ་ལ་སོགས་པའི་དབྱིབས་ཀྱི་ཁྱད་པར་དུ་བྱས་པའི་གཟུགས་ཁོ་ན་མིག་གི་མཐོང་གི་དབྱིབས་ཀྱི་ཁྱད་པར་དང་བྲལ་བའི་གཟུགས་གཅིག་པུའམ། ཁ་དོག་དང་བྲལ་བའི་དབྱིབས་གཅིག་པུ་ནི་ནམ་ཡང་མིག་གི་མཐོང་བ་མེད་དོ། །དེ་བཞིན་དུ་ཆེ་གེ་མོའི་ལག་པ་བརྐྱང་བ་དང་སྐུམ་པ་མཐོང་ངོ་ཆེ་གེ་མོ་ཡུལ་གཞན་དུ་འགྲོ་བ་མཐོང་ངོ་ཞེས་འཇིག་རྟེན་ཐ་སྙད་དུ་བྱེད་པའི་ཕྱིར་རྣམ་པར་རིག་བྱེད་དག་ཀྱང་མིག་གི་ཡུལ་དུ་འཇིག་རྟེན་ན་གྲགས་པ་ཡིན་ནོ། །དེ་བས་ན་འཇིག་རྟེན་ན་ཇི་ལྟར་གྲགས་པ་ལྟར་རྣམ་པར་བཞག་པའི་ཕྱིར་ཉེས་པ་མེད་དོ། །སྔར་བཤད་པའི་གཟུགས་ཀྱི་དབྱེ་བ་དེ་ཡང་། མདོར་བསྡུ་ན་བཞིར་འགྱུར་ཏེ་འདི་ལྟར་ཁ་དོག་བཟང་པོ་དང་། ཁ་དོག་ངན་པོ་དང་། དེ་གཉིས་ཀའི་བར་མར་གནས་པ་དང་། ཁ་དོག་དང་འདྲ་བའོ། །དེ་དག་ནི་གོ་རིམ་བཞིན་དུ་ལྷ་དང་ངན་སོང་དང་མི་དང་། སྲིད་པ་བར་མའི་གཟུགས་དག་གམ། ཡང་ན་ཡིད་དུ་འོང་བ། མི་འོང་བ། དེ་གཉིས་ཀ་མིན་པ་དང་། སྤྲིན་དུ་བ་ཁུག་རྣ་ལ་སོགས་པ་དག་གོ །སྒྲའི་དབྱེ་བ་ལ་དབང་པོ་ལ་ཕན་གནོད་ཀྱི་སྒོ་ནས་དབྱེ་ན། ཡིད་དུ་འོང་བ་ལ་སོགས་པ་གསུམ་སྟེ་གོ་སླའོ། །

རྒྱུའི་སྒོ་ནས་དབྱེ་བ་ནི། ཟིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། ཟིན་པ་མ་ཡིན་པའི་འབྱུང་བ་ཆེན་པོའི་རྒྱུ་ལས་བྱུང་བ་དང་། དེ་གཉིས་ཀ་ཡིན་པ་དང་། ཞེས་པ་སྟེ། དེ་དག་ནི་གོ་རིམ་བཞིན་དུ། ལག་པ་དང་ངག་གི་སྒྲ་ལྟ་བུ་དང་། ཆུ་དང་རླུང་གི་སྒྲ་ལྟ་བུ་དང་། ལག་པ་རྫ་རྔ་ཕྲད་པའི་སྒྲ་ལྟ་བུའོ། །བསྟན་པས་རབ་ཏུ་དབྱེ་བ་ནི། འཇིག་རྟེན་གྱི་གྲགས་པ་དང་། གྲུབ་པས་བསྟན་པ་དང་། ཀུན་བརྟགས་པ་དང་། ཞེས་ཏེ། གོ་རིམ་བཞིན་དུ་འཇིག་རྟེན་གྱི་ཐ་སྙད་ཀྱིས་བསྡུས་པའི་སྒྲ་དང་། འཕགས་པ་རྣམས་ཀྱིས་ཆོས་ཀྱི་དེ་ཁོ་ན་ཉིད་སྟོན་པའི་སྒྲ་དང་། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་དག་གིས་རང་གིས་ཀུན་བརྟགས་པ་བདག་དང་གཙོ་བོ་ལ་སོགས་པ་སྟོན་པའི་སྒྲའོ། །ཐ་སྙད་ཀྱི་རབ་ཏུ་དབྱེ་བ་ནི། འཕགས་པས་ཐ་སྙད་བཏགས་པ་དང་། འཕགས་པ་མ་ཡིན་པས་ཐ་སྙད་བཏགས་པའོ། །ཞེས་ཏེ། གོ་རིམ་བཞིན་དུ། མཐོང་བ་དང་། ཐོས་པ་དང་། བྱེ་བྲག་ཕྱེད་པ་དང་། རྣམ་པར་ཤེས་པའི་དོན་རྣམས་ལ་ཇི་ལྟ་བ་བཞིན་དུ་བརྗོད་པ་དང་། ཇི་ལྟ་བ་བཞིན་མ་ཡིན་པར་བརྗོད་པའོ། །

དྲི་ལ་ཡང་ངོ་བོ་འམ་ཕན་གནོད་ཀྱི་སྒོ་ནས་དབྱེ་ན། དྲི་ཞིམ་པ་དང་། དྲི་ང་བ་དང་དྲི་མཉམ་པ་ཞེས་ཏེ་གོ་རིམ་བཞིན་དུ་སྣའི་དབང་པོ་ལ་ཕན་པ་དང་། གནོད་པ་དང་། དེ་གཉིས་ཀ་མི་བྱེད་པའི་དྲིའོ། །རྒྱུའི་སྒོ་ནས་སམ་སྐྱེ་ཚུལ་གྱི་སྒོ་ནས་དབྱེ་ན། ལྷན་ཅིག་སྐྱེས་པ་དང་། སྦྱར་བ་ལས་བྱུང་བ་དང་། གྱུར་པ་ལས་བྱུང་བའོ། །ཞེས་ཏེ། གོ་རིམ་བཞིན་དུ། ཙན་དན་དང་གུར་གུམ་ལ་སོགས་པ་དྲི་དང་། བདུག་སྤོས་རི་ལུ་ལ་སོགས་པའི་དྲི་དང་། ཨ་སྨྲ་སྨིན་པ་སོགས་ཀྱི་དྲི་རྣམས་སོ། །

རོ་ལ་མཚན་ཉིད་ཀྱི་སྒོ་ནས་དབྱེ་བ་ནི་ཁ་བ་དང་། སྐྱུར་བ་དང་། ཚ་བ་དང་། སྐ་བ་དང་། ལན་ཚ་དང་། མངར་བའོ། །ཞེས་ཏེ། གོ་རིམ་བཞིན་དུ། ཏིག་ཏ་དང་། སྐྱུ་རུ་ར་དང་། པི་པི་ལིང་དང་། ཨ་རུ་ར་དང་། ལན་ཚ་དང་། ཤིང་མངར་གྱི་རོ་ལྟ་བུའོ། །དྲུག་པོ་འདི་དག་ནི་རོའི་རྩ་བའི་དབྱེ་བ་ཡིན་ལ་འདི་དག་ལྷན་ཅིག་སྦྱར་བའི་རོའི་དབྱེ་བ་ནི་མཐའ་ཡས་སོ། །ཕན་གནོད་ཀྱི་སྒོ་ནས་ཡིད་དུ་འོང་བ་ལ་སོགས་པ་གསུམ་དང་། སྐྱེ་ཚུལ་གྱི་སྒོ་ནས་ལྷན་གཅིག་སྐྱེས་པ་ལ་སོགས་གསུམ་སྟེ་གོ་སླ་བར་ཟད་དོ། །

རེག་བྱའི་དབྱེ་བ་ལ་ཀུན་ཏུ་གནབས་པས་བཞག་པ་ནི། འཇམ་པ་ཉིད་དང་། རྩུབ་པ་ཉིད་དེ། དེ་དག་ནི་གོ་རིམ་བཞིན་དུ། མི་རྩུབ་ཅིང་། མཉེན་ལ། སྤྲད་བཟོད་པ་དང་། དེ་ལས་བཟློག་པ་ཡིན་ནོ། །ཀུན་ཏུ་གཞལ་བས་བཞག་པ་ནི། ཡང་བ་ཉིད་དང་། ལྕི་བ་ཉིད་དེ། གོ་རིམ་བཞིན་དུ་འདེགས་སླ་ཤིང་སྲང་མགོ་མཐོ་བར་བྱེད་པ་དང་། དེ་ལས་ཟློག་པ་ཡིན་ནོ། །རེག་པས་བཞག་པ་ནི། གཉེན་པ་ཉིད་དེ། དེ་ནི་གླ་ཡེལ་གྱི་རེག་བྱ་ལྟར་ནེམ་ནེམ་པོར་གྱུར་པ་ཡིན་ནོ། །ཀུན་ཏུ་བརྩིར་བས་བཞག་པ་ནི། ལྷོད་པ་དང་། ལྷོད་པ་མ་ཡིན་པ་ཉིད་དེ། དེ་དག་ནི་བྱ་རྒོད་ཀྱི་འབོལ་ལྟར་གནན་བཟོད་པ་དང་། ཕ་བོང་ལྟར་གནན་མི་བཟོད་པའི་རེག་བྱའོ། །

འདུས་པས་བཞག་པ་ནི། གྲང་བ་དང་འགྲེད་པ་སྟེ། དེ་དག་ནི་ཆུ་དང་རླུང་འདུས་པ་དང་། ཆུ་དང་ས་འདུས་པའི་རེག་བྱའོ། །ཁམས་སྙོམས་པ་ལས་ནི། ངལ་སོས་པ་དང་། ཉམས་ཡོད་པ་དང་། སྦུངས་ཆེ་བ་རྣམས་ཏེ། དེ་དག་ནི། ངལ་དུབ་ཀྱིས་འབྱུང་བ་མི་ཉམས་པ་མེད་པའི་རེག་བྱ་དང་འབྱུང་བ་རྣམས་ཆ་མཉམ་སྟེ་སྟོབས་འཕེལ་བའི་གནས་སྐབས་ཀྱི་རེག་བྱ་དང་། མི་འཇིགས་ཤིང་བག་ཚ་བ་མེད་པའི་གནས་སྐབས་ཀྱི་ལུས་ཀྱི་རེག་བྱ་རྣམས་ཡིན་ནོ། །ཚིམ་པ་ནི་ཁམས་སྙོམས་པའམ་མ་སྙོམས་པའི་དབང་གིས་ཟས་སྐོམ་མི་འདོད་པར་བྱེད་པའི་རེག་བྱའོ། །བཀྲེས་པ་ལ་སོགས་པ་ལྷག་མ་རྣམས་ནི་ཁམས་མ་སྙོམས་ཁོ་ན་ལས་བཞག་སྟེ།དེ་ལ་བཀྲེས་པ་ནི་རླུང་གི་ཁམས་ཤས་ཆེ་བའི་རེག་བྱའི་ཁྱད་པར་ཏེ། གང་གིས་བཀྲེས་པ་ཞེས་པའི་མིང་ཅན་གྱི་ཟས་དོན་དུ་གཉེར་བའི་འདོད་པ་སྐྱེད་པར་བྱེད་པའོ། །སྐོམ་པ་ནི་མེའི་ཁམས་ཤས་ཆེ་བའི་རེག་བྱའི་ཁྱད་པར་དེ། གང་གིས་སྐོམ་པ་ཞེས་པའི་མིང་ཅན་བཏུང་བ་དོན་དུ་གཉེར་བའི་འདུན་པ་སྐྱེད་པར་བྱེད་པའོ། །དེ་བས་བཀྲེས་པ་དང་སྐོམ་པའི་རྒྱུར་གྱུར་པའི་རེག་བྱའི་ཁྱད་པར་ལ་འབྲས་བུ་བཀྲེས་སྐོམ་གྱི་མིང་གིས་བཏགས་པ་ཡིན་ནོ། །

ཉམ་ཆུང་བ་ནི་ཟས་ལ་སོགས་པ་ལུས་ཀྱི་འབྱུང་བ་རྣམས་རྒྱས་པར་བྱེད་པའི་རྒྱུ་མ་ཚང་བའི་མཐུས་ལུས་ཀྱི་སྟོབས་བྲི་བའི་གནས་སྐབས་ཀྱི་རེག་བྱའོ། །བརྒྱལ་བ་ནི་རེག་པའི་ཁྱད་པར་གང་ཞིག་ལུས་ཀྱི་རྣམ་པར་ཤེས་པས་བཟུང་བ་ན་དེའི་མཐུས་ཡིད་ཀྱི་རྣམ་ཤེས་ལ་སོགས་པའི་འཇུག་ཤེས་རྣམས་རེ་ཞིག་ནུབ་པར་འགྱུར་བ་སྟེ། དཔེར་ན་སྟོབས་དང་ལྡན་པས་སྲོག་ཆགས་ཀྱི་གནད་དུ་སྣུན་པ་ལས་བརྒྱལ་བར་འགྱུར་བ་བཞིན་ནོ། །དེས་ན་འདི་ནི་བརྒྱལ་བར་བྱེད་པའི་རེག་བྱའི་ཁྱད་པར་ལ་བརྒྱལ་བ་ཞེས་མིང་དུ་བྱའི་བརྒྱལ་བའི་གནས་སྐབས་ན་ཡོད་པའི་རེག་བྱ་ཞེས་མི་བྱ་སྟེ། གནས་སྐབས་དེ་ན་དབང་ཤེས་མ་ལུས་པ་འགགས་ན་བརྒྱལ་བ་ཞེས་བྱའི་རེག་བྱ་དེ་ཤེས་པ་གང་གིས་འཛིན། ཤེས་པས་མ་དམིགས་པར་དོན་དེ་ཡོད་དོ། །ཞེས་ཐ་སྙད་གདགས་པར་ནུས་པ་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་བཤད་པ་སྔ་མ་ཉིད་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །དེ་ལྟར་བྱས་ན་རྣམ་འགྲེལ་ལས་འདིས་ནི་འདུས་པ་ལ་སོགས་པའི། །དྲན་པ་ཉམས་སོགས་བཤད་པ་ཡིན། །ནང་དོན་ཁྱད་པར་ལས་སྐྱེས་པའི། །བློས་ནི་འགྱུར་བར་བྱེད་ཕྱིར་རོ། །ཞེས་གསུངས་པ་དང་ཡང་ལེགས་པར་འགྲིག་པ་ཡིན་ནོ། །གཡའ་བ་ནི་ཁྲག་ལ་གནོད་པས་འབྱུང་བ་མི་ཉམས་པའི་གནས་སྐབས་ཀྱི་རེག་བྱའོ། །ན་བ་ནི་ནད་གསུམ་ཆ་མི་མཉམ་པའི་གནས་སྐབས་ཀྱི་རེག་བྱའོ། །རྒ་བ་ནི་ན་ཚོད་ཡོངས་སུ་འགྱུར་ཏེ་སྡུག་པའི་གནས་སྐབས་ཀྱི་རེག་བྱའོ། །འཆི་བ་ནི་གནད་གཅོད་པའི་གནས་སྐབས་ཀྱི་རེག་བྱའོ། །ངལ་བ་ནི་འགྲོ་འོང་ལ་སོགས་པའི་རྩོལ་བས་ལུས་ཀྱི་འབྱུང་བ་མི་མཉམ་པར་བྱས་པའི་གནས་སྐབས་ཀྱི་རེག་བྱ་ཡིན་ནོ། །

འབྱུང་གྱུར་གྱི་རེག་བྱ་འདི་དག་ཀྱང་འབྱུང་བ་ཆེན་པོ་རྣམས་ཀྱི་ཆ་ལ་འདོགས་པར་ཟད་ཀྱི་གཟུགས་སྒྲ་ལ་སོགས་པ་བཞིན་དུ་ལོགས་སུ་རྫས་སུ་གྲུབ་པ་ནི་མེད་དེ། དེ་ལྟར་ཡང་རྣམ་པར་གཏན་ལ་དབབ་པ་སྡུ་བར། འཇམ་པ་ཉིད་ལ་སོགས་པ་མདངས་བཟང་པའི་མཐར་ཐུག་པའི་རེག་བྱའི་སྐྱེ་མཆེད་དུ་གང་བསྟན་ནི་རྒྱུར་བྱས་པའི་གཟུགས་ཡིན་པའི་ཕྱིར། དེ་ནི་འབྱུང་བ་ཆེན་པོ་དེ་དག་ཉིད་ལ་རྣམ་པར་བཞག་ཅིང་དེ་དག་ཉིད་གཏགས་པར་རིག་པར་བྱའོ། །ཅེས་གསུངས་ཤིང་། འབྱུང་བ་ཆེན་པོའི་ཆ་གང་ལ་གང་གདགས་པའི་ཚུལ་ཡང་། དེ་ཉིད་ལས། དེ་ལ་འབྱུང་བ་ཆེན་པོ་དང་བ་ཉིད་ལ་རྟེན་ནས་ནི་འཇམ་པ་ཉིད་གདགས་སོ། །འདུས་འཁྲེགས་ཉིད་ལ་རྟེན་ནས་ནི་ལྕི་བ་ཉིད་དོ། །དང་བ་མ་ཡིན་པ་ཉིད་དང་། འདུས་འཁྲེགས་མ་ཡིན་པ་ལ་རྟེན་ནས་ནི། བརྩུབ་པ་ཉིད་དང་། ཡང་བ་ཉིད་དོ། །

མཉེན་ཞིང་སྙི་བ་ཉིད་ལ་རྟེན་ནས་ནི་ནེམ་ནེམ་པོ་ཉིད་དོ། །ཆུ་དང་རླུང་འདྲེས་པ་ལས་བྱུང་བ་ཉིད་ལ་རྟེན་ནས་ནི་གྲང་བ་ཉིད་དོ། །ཉེ་བར་སྟོན་པ་མ་ཚང་བའི་མི་མཉམ་པ་ཉིད་ལ་རྟེན་ནས་ནི་བཀྲེས་པ་དང་སྐོམ་པའོ། །ཉམས་ཆུང་བ་ཡང་དེ་བཞིན་ནོ། །དེ་ཚང་བས་མི་མཉམ་པ་མེད་པ་ལ་རྟེན་ནས་ནི་ཉམས་སྟོབས་དང་ཚིམ་པའོ། །ལེགས་པར་མ་ཞུ་བས་འཁྲུགས་པའི་མི་མཉམ་པ་ལ་རྟེན་ནས་ནི་ནད་དོ། །ན་ཚོད་འགྱུར་བའི་མི་མཉམ་པ་ལ་རྟེན་ནས་ནི་རྒ་བའོ། །སྲོག་གི་དབང་པོ་འགྱུར་བའི་མི་མཉམ་པ་ལ་རྟེན་ནས་འཆི་བའོ། །ཁྲག་ལ་ཀུན་ཏུ་གནོད་པའི་མི་མཉམ་པ་ལ་རྟེན་ནས་ནི་གཡའ་བའོ། །ཉེས་པར་ཟོས་པའི་མི་མཉམ་པ་ལ་རྟེན་ནས་ནི་བརྒྱལ་བའོ། །ས་དང་ཆུ་འདྲེས་པ་ལ་རྟེན་ནས་ནི་འགྲེད་པའོ། འགྲོ་བ་དང་འོང་བ་དང་ཙལ་བ་དང་འབད་པའི་མི་མཉམ་པ་ལ་རྟེན་པ་ནི་ངལ་བའོ། །དེ་དང་བྲལ་པའི་མཉམ་པ་ལས་རྟེན་ནས་ནི་ངལ་སོས་པའོ། །དྲི་མ་ལ་སོགས་པ་བསལ་ཞིང་ཡོངས་སུ་ཞུམ་པ་དང་བྲལ་བ་ལ་རྟེན་ནས་ནི་མདངས་བཟང་བ་གདགས་ཏེ། དེ་དག་བསྡུས་ན་འབྱུང་བ་ཆེན་པོ་རྣམས་ཀྱི་གནས་སྐབས་དྲུག་ཁོ་ནར་འགྱུར་ཏེ། འདི་ལྟ་སྟེ་དང་བ་ཉིད་དང་དང་བ་མ་ཡིན་པ་ཉིད་ལྷན་ཅིག་པ་དང་། འདུས་འཁྲེགས་ཉིད་དང་འདུས་འཁྲེགས་མ་ཡིན་པ་ཉིད་ལྷན་ཅིག་པ་དང་། སྙི་བ་ཉིད་དང་། འདྲེས་པ་ཉིད་དང་། མི་མཉམ་པ་དང་མཉམ་པའོ། །དེ་ལྟར་གནས་དྲུག་པོ་དེ་དག་ཡོད་ན་བརྒྱད་དུ་འགྱུར་ལ། བརྒྱད་ཡོད་ན་ཡང་དྲུག་ཏུ་འགྱུར་རོ། །ཅེས་གསུངས་པ་ཡིན་ནོ། །

ལུས་ཀྱི་དབང་པོས་རེག་པར་བྱ་བས་ན་རེག་བྱ་ཞེས་བརྗོད་ན་གང་གིས་གང་ལ་རེག་པ་དེས་ཀྱང་དེ་ལ་རེག་པའི་ཕྱིར་ལུས་ཀྱི་དབང་པོ་ཉིད་ཀྱང་རེག་བྱར་ཐལ་ལོ། །ཞེ་ན། ཡང་དག་པར་ན་གང་གིས་ཅི་ལ་ཡང་རེག་པ་མེད་དོ། །བདག་ཉིད་ཀུན་གྱིས་རེག་ན་གོང་བུ་རྡུལ་ཕྲ་རབ་ཀྱི་ཚད་ཙམ་དུ་འགྱུར་ལ། ཕྱོགས་གཅིག་གི་རེག་ན་རྡུལ་ཕྲ་རབ་ཆ་དང་བཅས་པར་གྱུར་པ་རྡུལ་ཕྲ་རབ་ཉམས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་ཡུལ་དང་དབང་པོ་བར་མ་ཆད་པར་སྐྱེ་བ་ན་གང་ལ་རྟེན་ནས་རྣམ་པར་ཤེས་པས་ཡུལ་དམིགས་པ་དེས་ཡུལ་ལ་རེག་ཅེས་གདགས་ཀྱི། དེ་དག་གི་གནས་དབང་པོ་རྣམས་ལ་ནི་མ་ཡིན་ནོ། །དེའི་ཕྱིར་ལུས་ཀྱི་དབང་པོས་འབྱུང་བ་རྣམས་ལ་རེག་གོ་ཞེས་གདགས་ཀྱི། དེ་དག་ལ་གནས་པའི་གཟུགས་ལ་སོགས་པ་ནི་མ་ཡིན་ཏེ། ལུས་ཀྱི་དབང་པོ་ལ་རྟེན་ནས་དེ་དམིགས་པའི་རྣམ་པར་ཤེས་པ་མི་སྐྱེ་བའི་ཕྱིར་རོ། །ལུས་ཀྱིས་མེ་ཏོག་ལ་རེག་པ་ན་དེའི་ཁ་དོག་ཉམས་པར་འགྱུར་བ་ནི་ལུས་ཀྱི་འབྱུང་བ་རྣམས་ཀྱིས་དེའི་གནས་ཀྱི་འབྱུང་བ་ལ་གནོད་པ་བྱས་པས་ཡིན་གྱི་ཁ་དོག་ཉིད་ལ་རེག་པ་ནི་མ་ཡིན་ནོ། །

ཡིད་ཀྱི་ཡུལ་གྱི་གཟུགས་བཤད་པ་ནི། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་གང་ཞེ་ན།དེ་ནི་རྣམ་པ་ལྔར་ལྟ་སྟེ་ཞེས་སོགས་གསུངས་ཏེ།དེ་ལ་བསྡུས་པ་ལས་གྱུར་པ་ནི་རྡུལ་ཕྲ་རབ་སྟེ། ཅིའི་ཕྱིར་དེ་ལ་བསྡུས་པ་ལས་གྱུར་པ་ཞེས་བྱ་ཞེ་ན། སྡུས་པ་ནི་གཟུགས་འདུས་པ་རྣམས་ཡིན་ལ་དེ་དག་བློས་མཐར་རྣམ་པར་ཕྱེ་ནས་རྡུལ་ཕྲ་རབ་རྣམ་པར་འཇོག་ལ། དེའི་ཕྱིར་བསྡུས་པ་ལས་འགྱུར་བ་ཞེས་བྱའོ། །

ཅིའི་ཕྱིར་འབྱུང་བ་ལས་གྱུར་པའི་ཡིན་ཞེ་ན། འབྱུང་བ་ཡོད་ན་གཟུགས་སུ་གདགས་པ་ཡོད་ལ། གཟུགས་སུ་གདགས་པ་ཡོད་ན་ཡང་རྡུལ་ཕྲ་རབ་ཏུ་གདགས་པ་ཡང་འབྱུང་ལ། དེའི་ཕྱིར་རྡུལ་ཕྲ་རབ་ཀྱི་ཐ་སྙད་འདི་ནི་འབྱུང་བ་ཁོ་ན་ལ་རྟེན་ནས་འབྱུང་བས་དེའི་ཕྱིར་འབྱུང་ལས་གྱུར་པ་ཞེས་བྱའི། གཟུགས་ལ་སོགས་པ་བཞིན་དུ་འབྱུང་བ་རྣམས་ཀྱིས་ཕན་པ་ཉེ་བར་སྦྱོར་བའི་ཕྱིར་ནི་མ་ཡིན་ནོ། །འབྱུང་གྱུར་དུ་འཇོག་པའི་ཚུལ་འདི་ནི་མངོན་པར་སྐབས་ཡོད་པ་དང་ཡང་དག་པར་བླང་བ་ལས་བྱུང་བ་དག་ལ་ཡང་འདི་ཁོ་ན་བཞིན་དུ་ལྟ་བར་བྱའོ། །མངོན་པར་སྐབས་ཡོད་པ་ནི་དེ་ལས་གཞན་པ་བཟློག་བྱེད་ཀྱི་རེག་བྱ་དང་བྲལ་བའོ། །སྔ་མ་ནི་སྣང་བའི་ཁྱད་པར་དུ་བྱས་པས་མིག་ཤེས་ཀྱི་ཡུལ་ཡིན་ལ། འདི་ནི་སྣང་བ་མེད་པས་ཡིད་ཤེས་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ། །

ཡང་དག་པར་བླངས་པ་ལས་བྱུང་བ་ནི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སོ། །རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་འདི་ཅི་ཞེ་ན། འདི་ལ་བྱེ་བྲག་ཏུ་སྨྲ་བ་དག །གཡེངས་དང་སེམས་མེད་པའི་ཡང་། དགེ་དང་མི་དགེ་རྗེས་འབྲེལ་གང་། འབྱུང་བ་ཆེ་རྣམས་རྒྱུར་བྱས་པ། དེ་ནི་རྣམ་རིག་བྱེད་མིན་བརྗོད། ཅེས་བཤད་པས། དུས་ནི་སེམས་གཡེངས་པ་དང་མ་གཡེངས་པ་དང་། སེམས་ཡོད་པ་དང་། མེད་པའི་གནས་སྐབས་ཀུན་ཏུ་རྒྱུན་དུ་འབྱུང་བའོ། །ངོ་བོ་ནི་དགེ་བའམ་མི་དགེ་བ་གང་རུང་དུ་གནས་ཀྱི་འདི་ལ་ལུང་དུ་མ་བསྟན་པ་ནི་མེད་དེ། འདི་ཀུན་ནས་སློང་བའི་རྒྱུ་ནི་ཏིང་ངེ་འཛིན་དང་ལུས་ངག་གི་རྣམ་པར་རིག་བྱེད་སྟོབས་ལྡན་ཁོ་ན་ཡིན་པའི་ཕྱིར་རོ། །སྙམ་དུ་བསམས་སོ། །སྐལ་མཉམ་གྱི་རྒྱུ་ནི་འབྱུང་བ་ཆེན་པོ་བཞི་རྒྱུར་བྱས་པ་ལས་བྱུང་བའོ། །དེ་ཡང་གཟུགས་ཅན་ཡིན་པའི་ཕྱིར་ལུས་ངག་ཡིད་ལས་ཡིན་གྱི་ཡིད་ཀྱི་ལས་ནི་མ་ཡིན་ལ་བསྟན་དུ་མེད་ཅིང་ཐོགས་པ་མེད་ལ། རང་ཀུན་ནས་སློང་པའི་སེམས་རིག་པར་མི་བྱེད་པས་དེའི་ཕྱིར་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱའོ། །དེ་ལྟ་བུའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་དེ་ཡང་རྣམ་པ་གསུམ་ཏེ། འདོད་པར་གཏོགས་པ་དང་། གཟུགས་སུ་གཏོགས་པ་དང་། ཟག་པ་མེད་པའོ། །གཟུགས་མེད་པར་གཏོགས་པ་ནི་མེད་དེ་དེ་ནི་ལུས་ངག་གི་ལས་མེད་པའི་ཕྱིར་རོ། །

འདོད་པར་གཏོགས་པ་དེ་ཡང་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། བར་མའོ། །སྡོམ་པ་ནི་སྤོང་བ་བདུན་གྱི་རང་བཞིན་འཆལ་ཚུལ་གྱི་རྒྱུན་འགོག་པར་བྱེད་པའི་གཟུགས་ཆུ་ལོན་ལྟ་བུའོ། །སྡོམ་པ་མ་ཡིན་པ་ནི་སྡོམ་པའི་མི་མཐུན་ཕྱོགས་སུ་གྱུར་པ་འཆལ་པའི་ཚུལ་ཁྲིམས་ཀྱི་རང་བཞིན་སྡོམ་པ་དང་ལྡན་པའི་རྒྱུད་ལ་བསྟན་མི་འབྱུང་བའོ། །བར་མ་ནི་སྡོམ་པ་དང་ལྡན་པ་དང་། སྡོམ་མིན་ཅན་ལའང་འབྱུང་བའི་རྣམ་པར་རིག་བྱེད་མ་ཡིན་པའོ། །འདི་དག་ནི་ལུས་ངག་གི་རྣམ་པར་རིག་བྱེད་ཀྱི་རྒྱུ་ལས་བྱུང་བ་ཁོ་ན་ཡིན་ནོ། །གཟུགས་སུ་གཏོགས་པ་ནི་བསམ་གཏན་གྱི་སྡོམ་པ་ཡིན་ལ་དེ་ནི་ཟག་བཅས་ཀྱི་བསམ་གཏན་བསྒོམས་པས་འཐོབ་པ་ཡིན་ནོ། །ཟག་མེད་ནི་ཟག་པ་མེད་པའི་སྡོམ་པ་ཡིན་ལ། དེ་ཡང་བསམ་གཏན་པ་དྲུག་ཟག་མེད་བསྒོམས་པས་ཐོབ་པ་ཡིན་ནོ། །རྒྱས་པར་ནི་འོག་ཏུ་འཆད་པའི་ཕྱིར་མ་སྤྲོས་སོ། །དེ་ལ་བྱེ་བྲག་ཏུ་སྨྲ་བ་རྣམས་ཀྱིས་ཀུན་རྟོགས་པའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་རྫས་སུ་གྲུབ་པ་དེ་ལྟ་བུ་ནི་ཚད་མ་གསུམ་གྱིས་མ་གྲུབ་པའི་ཕྱིར་འདིར་ཁས་མི་ལེན་གྱི་འོན་ཀྱང་ལུས་ངག་གི་ལས་དགེ་བ་དང་མི་དགེ་བར་གྱུར་པ་གང་ཡིན་པ་དེ་ནི་བསྟན་དུ་མེད་ཅིང་ཐོགས་པ་མེད་པ་ཡང་ཡིན་པས་གཞན་གྱི་མངོན་སུམ་གྱི་ཡུལ་དུ་མ་གྱུར་པའི་ཕྱིར་གཞན་ལ་རང་ཀུན་སློང་གི་སེམས་རིག་པར་མི་བྱེད་ལ། འདི་དག་ནི་ཐ་སྙད་འཇུག་པ་གཟུགས་ཁོ་ན་ལ་རག་ལས་པས་རྡུལ་ཕྲན་བཞིན་དུ་གཟུགས་ཅན་དང་འབྱུང་འགྱུར་དུ་བཞག་ལ། དེའི་ཕྱིར་འདི་ལ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཞེས་བྱའོ། །

ལུས་ངག་གི་ལས་དགེ་བ་དང་མི་དགེ་བར་གྱུར་པ་དེ་ཉིད་གཟུགས་ཀྱི་རང་བཞིན་ཡིན་ནམ་འོན་ཏེ་མ་ཡིན། དེ་ལས་ཅི་འགྱུར། དང་པོ་ལྟར་ན་བྱེ་བྲག་ཏུ་སྨྲ་བའི་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་ཁས་བླངས་པ་ལ་སྲང་དུ་ཅི་ཡོད། གཉིས་པ་ལྟར་ན་ཡང་། གཟུགས་ཅན་མ་ཡིན་པ་ལ་དེར་བསྟན་པ་ལ་ཡང་ཡོན་ཏན་ཅི་ཞིག་ཡོད་ཅེ་ན། སྨྲས་པ་གཟུགས་ཅན་མཚན་ཉིད་པ་ནི་མ་ཡིན་ཏེ། འདི་དག་ནི་དགེ་བ་དང་མི་དགེ་བའི་རང་བཞིན་ཡིན་ལ། གཟུགས་དགེ་བ་དང་མི་དགེ་བར་འདོད་པ་ཡང་ཤཱཀྱའི་སྲས་པོ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན། གཟུགས་ཀྱིས་འདི་རྣམ་པར་འཇོག་པས་དེའི་ཕྱིར་གཟུགས་ཅན་ཡིན་ནོ། །

དེའི་ཕྱིར་རྣམ་པ་བཤད་པའི་རིགས་པ་ལས་ཀྱང་གཟུགས་ཀྱི་དོན་རྣམ་པ་གསུམ་དུ་གསུངས་ཏེ། ཇི་སྐད་དུ། འདི་ལྟར་གཟུགས་ཀྱི་དོན་ནི་རྣམ་པ་གསུམ། ཡུལ་རྟག་ཏུ་རུང་བའི་དོན་དང་། ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་བསྐྱེད་པར་གཟུགས་སུ་རུང་བའི་དོན་དང་། གཟུགས་ཀྱིས་དེ་དག་གདགས་པ་གཟུགས་སུ་རུང་བའི་དོན་ཡིན་ཏེ། འདི་ལྟར་བསྟན་དུ་ཡོད་པའི་གཟུགས་འདི་ནའོ་ཕའི་ནའོ་ཞེས་ཡུལ་བརྟག་ཏུ་རུང་བའི་ཕྱིར་གཟུགས་ཡིན་པ་དང་། ཐོགས་པ་དང་བཅས་པའི་གཟུགས་ལག་པ་ལ་སོགས་པའི་འདུས་ཏེ་རེག་པ་དག་གིས་འགྱུར་བ་བསྐྱེད་པ་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་པ་དང་། བསྟན་དུ་མེད་ཅིང་ཐོགས་པ་མེད་པའི་གཟུགས་ལུས་དང་ངག་གི་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བྱ་བ་གཟུགས་ཀྱིས་དེ་གདགས་པས་གཟུགས་སུ་རུང་བའི་ཕྱིར་གཟུགས་ཡིན་ནོ། །འདི་ལྟར་དེ་ནི་ལུས་དང་ངག་གཉིས་མེད་ན་གདགས་སུ་མེད་པ་ཡིན་ཏེ། གཟུགས་མེད་པ་ན་དེ་གདགས་པ་མེད་པའི་ཕྱིར་རོ། །ཅེས་བཤད་པ་ཡིན་ནོ། །འོ་ན་གཟུགས་མ་ཡིན་ན་འདིའི་རང་བཞིན་ཅི་ཡིན་ཅེ་ན། སྲོག་གཅོད་དང་དེ་སྤོང་བ་ལ་སོགས་པ་ལུས་དང་ངག་གི་རྣམ་པར་རིག་བྱེད་སྟོབས་ལྡན་ཀུན་ནས་སློང་བར་བྱེད་པའི་སེམས་བྱུང་སེམས་པའི་རང་བཞིན་ཡིན་ནོ། །

ཅིའི་ཕྱིར་འདི་ལུས་དང་ངག་གི་ལས་ཡིན་ཅེ་ན། འདིས་ལུས་དང་ངག་གི་རྣམ་པར་རིག་བྱེད་འཇུག་པར་བྱེད་པ་དེའི་ཕྱིར་ལུས་དང་ངག་གི་ལས་ཞེས་བྱ་སྟེ། དཔེར་ན་སེམས་མངོན་པར་འདུ་བྱེད་པ་ལ་ཡིད་ཀྱི་ལས་ཞེས་པ་བཞིན་ནོ། །ཅིའི་ཕྱིར་དེ་ལྟ་བུའི་སེམས་པ་ལ་སྲོག་གཅོད་པ་དང་། མ་བྱིན་པར་ལེན་པ་ཞེས་བྱ་ཞེ་ན། འདིས་གཞན་གྱི་སྲོག་འགོག་པར་བྱེད་ཅིང་མ་བྱིན་པར་ལེན་པར་བྱེད་པས་དེའི་ཕྱིར་དེ་སྐད་ཅེས་བྱའོ། །ཇི་ལྟར་ཞེ་ན། འདིས་སྐྱེད་པའི་ལུས་དང་ངག་གི་རྣམ་པར་རིག་བྱེད་དག་གིས་བྱ་བ་དེ་དང་དེ་བྱེད་པའི་ཕྱིར་དེས་བྱས་ཞེས་བརྗོད་དོ། །དཔེར་ན་ཆོམ་རྐུན་པས་བཏང་བའི་མེས་སྲེགས་པ་ལ་ཆོམ་རྐུན་གྱིས་གྲོང་བསྲེགས་ཞེས་པ་བཞིན་ནོ། །དེ་ལྟ་བུའི་སེམས་པ་དེ་ཡང་རྣམ་པ་གསུམ། འགྲོ་བ་དང་། ངེས་པ་དང་། གཡོ་བའི་སེམས་པའོ། །

དང་པོ་གཉིས་ཀྱི་ནི་བསམས་ལ། ཕྱི་མས་ནི་ཡུལ་ངག་གི་རྣམ་པར་རིག་བྱེད་ལ་འཇུག་པར་བྱེད་པའི་ཕྱིར། དང་པོ་གཉིས་ནི་རྒྱུའི་དུས་ཀྱི་ཀུན་སློང་དང་། སེམས་དཔའི་ལས་ཞེས་ཀྱང་བྱ་ལ། ཕྱི་མ་ནི་དེའི་དུས་ཀྱི་ཀུན་སློང་དང་། བསམས་པའི་ལས་ཞེས་བྱའོ། །གང་ལ་ལུས་དང་ངག་གི་རྣམ་པར་རིག་བྱེད་འཇུག་པ་མེད་པ་དེ་ལ་ནི་ཇི་སྐད་བཤད་པའི་སེམས་པ་དེ་དག་གདགས་སུ་མེད་དེ་གཟུགས་མེད་པའི་ཁམས་བཞིན་ནོ། །དེ་བས་ན་སེམས་པ་དེ་དག་རྣམ་པར་འཇོག་པ་ནི་ལུས་དང་ངག་གི་རྣམ་པར་རིག་བྱེད་དག་ལ་ལྟོས་ལ། ལུས་ངག་གི་རིག་བྱེད་དེ་དག་ཀྱང་འབྱུང་བ་ཆེན་པོ་ལ་ལྟོས་པས་མཐར་དེ་རྣམ་པར་འཇོག་པ་འབྱུང་བ་ལ་ལྟོས་པའི་ཕྱིར་འབྱུང་བ་ཆེན་པོ་རྒྱུ་བྱས་པ་ཞེས་བརྗོད་དོ། །དེ་ལྟར་ན་ལུས་དང་ངག་གི་ལས་ནི་རྣམ་པར་རིག་བྱེད་དང་རྣམ་པར་རིག་བྱེད་མ་པ་གཉིས་ཡིན་ལ། རྣམ་པ་རིག་བྱེད་དག་ནི་གཟུགས་ཅན་ཡིན་པའི་ཕྱིར་དགེ་བའམ་མི་དགེ་བར་འགྱུར་ཏེ། ཁ་དོག་ལ་སོགས་པ་སྐྱེ་མཆེད་གཟུགས་ཅན་དག་དགེ་བའམ་མི་དགེ་བར་འགྱུར་བ་འདོད་པ་ཡང་ཤཱཀྱའི་སྲས་མ་ཡིན་ཞེས།ལས་སྒྲུབ་པའི་རིགས་པ་ལས་བཤད་པའི་ཕྱིར་རོ། །དེ་བས་ན་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ཁོ་ན་དགེ་བའམ་མི་དགེ་བར་གྱུར་པའི་ལུས་ངག་གི་ལས་ཡིན་ནོ། །

དེ་ལྟར་ན་འདིར་ཡང་དག་པར་བླངས་པ་ལས་བྱུང་བ་ཞེས་པས་དངོས་སུ་སོ་སོར་ཐར་པའི་སྡོམ་པས་བསྡུས་པའི་རྣམ་པར་རིག་བྱེད་མ་ཡིན་པ་བསྟན་ནས། དེས་མཚོན་སྟེ།བསམ་གཏན་དང་ཟག་པ་མེད་པའི་སྡོམ་པ་དང་། སྡོམ་པ་མ་ཡིན་པ་དང་། བར་མའི་རྣམ་པར་རིག་བྱེད་མ་ཡིན་པ་དག་ཀྱང་བསྟན་པར་ཤེས་པར་བྱའོ། །ཀུན་བརྟགས་པ་ནི་མི་སྡུག་པ་སྒོམ་པའི་ཡིད་ལ་རྣམ་པར་སྔོས་པ་ལ་སོགས་པའམ། ཀེང་རུས་ཀྱི་རྣམ་པར་གསལ་བར་སྣང་བ་གང་ཡིན་པའོ། །དབང་འབྱོར་པ་ནི་ཟད་པར་ལ་སོགས་པ་འཇིག་རྟེན་པའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་དུ་སྣང་བའི་ས་ཆུ་ལ་སོགས་པའི་གཟུགས་བརྙན་གང་ཡིན་པའོ། །ཅིའི་ཕྱིར་འདི་དག་ལ་འབྱུང་བ་རྒྱུར་བྱས་པ་ཞེས་བྱ་ཞེ་ན། མི་སྡུག་པ་དང་ཟད་པར་ལ་སོགས་པའི་ཏིང་ངེ་འཛིན་དེ་དག་ནི་གཟུགས་ཅན་གྱི་དངོས་པོ་དམིགས་ཡུལ་དུ་བྱས་པ་ལས་བྱུང་བ་ཡིན་ལ། གཟུགས་ཅན་དེ་དག་ཀྱང་འབྱུང་བ་རྣམས་ལ་རྟེན་པས། ཐར་འབྱུང་བ་ཆེན་པོ་དག་ལ་རྟེན་ནས་བྱུང་བའི་ཕྱིར་འབྲས་བུའི་གཟུགས་ཞེས་བྱའོ། །དངོས་སུ་ནི་ཏིང་ངེ་འཛིན་ལ་རྟེན་པ་ཡིན་གྱི། འབྱུང་བ་རྣམས་ལ་ནི་མ་ཡིན་ཏེ། གཏན་ལ་དབབ་པ་བསྡུ་བར། ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སྙོམས་པར་འཇུག་པའི་འབྲས་བུ་གང་ཡིན་པ་དེ་ཡང་སྙོམས་པར་འཇུག་པ་ལ་རྟེན་པ་ཁོ་ན་ཡིན་པར་རིག་པར་བྱའོ། །འབྱུང་བ་ཆེན་པོ་ལ་རྟེན་པ་ནི་མ་ཡིན་ཏེ། དེ་དང་རིགས་མཐུན་པའི་གཟུགས་བརྙན་ལ་དམིགས་པའི་ཏིང་ངེ་འཛིན་ལས་གྲུབ་པའི་ཕྱིར་འབྱུང་བ་ཆེན་པོ་རྣམས་རྒྱུར་བྱས་པ་ཞེས་བྱའི་དེ་ལ་རྟེན་ཏེ་སྐྱེས་པ་ནི་མ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །ཏིང་ངེ་འཛིན་ནི་ཡང་འཇིག་རྟེན་པ་ཁོ་ན་ལ་རྟེན་པ་ཡིན་གྱི་འཇིག་རྟེན་ལས་འདས་པ་དག་ལ་ནི་མ་ཡིན་ཏེ། དེ་རྣམས་སྤྲོས་པ་མེད་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །

ཡང་དེ་ཉིད་ལས། འཇིག་རྟེན་པའི་ཏིང་ངེ་འཛིན་ཟག་པ་དང་བཅས་པ་དང་། ཟག་པ་མེད་པ་ལ་རྟེན་ནས་སྐྱེ་བ་ཡིན་གྱི་འཇིག་རྟེན་ལས་འདས་པ་ལ་ནི་མ་ཡིན་ཏེ། དེ་ནི་སྤྲོས་པ་མེད་པའི་རྣམ་པ་དང་བཅས་པའི་ཏིང་ངེ་འཛིན་འཇིག་རྟེན་གྱི་རྒྱུ་ལས་བྱུང་བ་ཡིན་པའི་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །འདི་དག་ནི་ཁ་དོག་གི་གཟུགས་ཡན་གར་བ་ཁོ་ན་ཡིན་གྱི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་གཟུགས་གཞན་ནི་འདི་དག་ལ་མེད་དེ། ཇི་སྐད་དུ། དེ་ཉིད་ལས། དེ་ལ་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་སྙོམས་པར་འཇུག་པའི་འབྲས་བུ་ལ་ནི་ཁ་དོག་ཙམ་ཁོ་ན་ཡོད་པར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་ལས་གཞན་པ་དྲི་ལ་སོགས་པ་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་འདི་དག་ལ་དང་པོ་གསུམ་ནི་བཏགས་པར་ཡོད་པ་ཡིན་ལ། ཕྱི་མ་གཉིས་ནི་རྫས་སུ་ཡོད་པ་ཡིན་ཏེ། བརྗོད་པ་སོགས་ལ་མི་ལྟོས་པར། ཏིང་ངེ་འཛིན་གྱི་ཡུལ་དུ་འགྱུར་བའི་ཕྱིར་རོ། །དེ་ལྟར་ཡང་ཆོས་ཀྱི་སྐྱེ་མཆེད་དུ་གཏོགས་པའི་གཟུགས་ནི་རྣམ་པ་གཉིས་ཏེ་རྫས་སུ་ཡོད་པ་དང་། བཏགས་པའི་ཡོད་པའོ། །མཐུ་ལས་བྱུང་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་སྤྲུལ་པ་ལྟ་བུ་དེའི་འབྲས་བུ་དང་དེའི་ཡུལ་དང་དེ་མཚུངས་པར་ལྡན་པའི་རྣམ་པར་ཤེས་པའི་ཡུལ་གང་ཡིན་པ་དེ་ནི་རྫས་སུ་ཡོད་པ་ཡིན་ནོ། །སྡོམ་པ་དང་སྡོམ་པ་མ་ཡིན་པར་གཏོགས་པ་ནི་བཏགས་པའི་ཡོད་པ་ཡིན་ནོ། །ཞེས་བཤད་པ་ཡིན་ནོ། །

དེའི་ཕྱིར་སྔ་མ་གསུམ་ནི་གཟུགས་སུ་ཉེ་བར་བཏགས་པ་ཙམ་ཡིན་ལ། ཕྱི་མ་གཉིས་ནི་གཟུགས་མཚན་ཉིད་པ་ཡིན་ཏེ། མཉམ་པར་བཞག་པའི་ཡིད་ཀྱིས་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་འདི་དང་འདིའོ་ཞེས་གཟུགས་ཅན་དུ་བརྟག་ཏུ་རུང་པའི་ཕྱིར་དང་མཉམ་པར་བཞག་པའམ་མ་བཞག་པའི་ཡིད་ཀྱིས་ཁ་དོག་དང་དབྱིབས་ཀྱི་ཁྱད་པར་དེ་དང་དེར་བརྟག་དུ་རུང་བ་ཡང་ཡུལ་དཔྱད་པའི་གཟུགས་རུང་གི་མཚན་ཉིད་ཡིན་པའི་ཕྱིར་རོ། །དེ་ལྟ་ན་བྱེ་བཤད་དུ་ཀུན་བརྟགས་པ་དང་། དབང་འབྱོར་པ་གཉིས་སྣང་མཁན་གྱི་ཤེས་པ་ལས་གུད་ན་མེད་པའི་ཕྱིར་གཟུགས་ཅན་གྱི་དབྱེ་བར་མ་བཤད་དོ། །ཞེས་གསུངས་པ་ཡང་དབྱིག་གཉེན་གྱི་དགོངས་པ་ཡིན་སྲིད་ཀྱང་འཕགས་པ་འདིའི་གཞུང་རྣམས་དང་ཤིན་ཏུ་ཡང་འགལ་བ་ཡིན་ནོ། །དེའི་ཕྱིར་བྱེ་བཤད་ལ་བརྟེན་ནས་འདི་དག་གཟུགས་མཚན་ཉིད་པ་མ་ཡིན་ནོ་ཞེས་སྨྲ་བ་ནི་གཞུང་དོན་ལེགས་པར་མི་ཤེས་པ་ཡིན་ནོ། །དེས་གཟུགས་ཀྱི་ཕུང་པོའི་རྣམ་པར་བཞག་པ་བཤད་ཟིན་ཏོ། །

དེའི་འོག་ཏུ་ཚོར་བའི་ཕུང་པོ་གཏན་ལ་འབེབས་པར་བཞེད་ནས་ཚོར་བའི་ཕུང་པོའི་རྣམ་པར་བཞག་པ་གང་ཞེ་ན་ཞེས་དྲིས་པའོ། །དེ་ལ་ཚོར་བའི་ཕུང་པོ་ངོ་བོ་ཉིད་དང་། གནས་སྡོམ་པ་དང་། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བས་རྣམ་པར་བཞག་གོ །དེ་ལ་ངོ་བོ་ཉིད་ལས་བཞག་པ་ནི་རྟེན་གྱི་སྒོ་ནས་དབྱེ་ན། ཚོར་བའི་ཚོགས་དྲུག་སྟེ། འདི་ལྟར་བདག་རྐྱེན། མིག་གི་རྟེན་ཅན་གྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་དང་། དེ་བཞིན་དུ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་དང་། ཡིད་ཀྱི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་རྣམས་སོ། །

ངོ་བོའི་སྒོ་ནས་དེ་དག་རེ་རེ་ལ་ཡང་གསུམ་གསུམ་སྟེ་འདི་ལྟར་ཚོར་བ་གང་སྐྱེས་ན་འབྲལ་བར་མི་འདོད་ཅིང་འགགས་ནས་ཕྲད་འདོད་ཀྱི་བློ་ངང་གི་འབྱུང་བ་བདེ་བ་དང་། ཚོར་བ་གང་སྐྱེས་ན་འབྲལ་བར་འདོད་ཅིང་འགགས་ནས་ཕྲད་པར་མི་འདོད་པ་སྡུག་བསྔལ་དང་ཚོར་བ་གང་ལ་དེ་གཉིས་ཀ་མི་འབྱུང་བ་ནི་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པའི་ཚོར་བ་བཏང་སྙོམས་ཞེས་བྱའོ། །མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་ཚོར་བ་ལྟ་བུ་གཅིག་ལ་ཡང་བདེ་སོགས་གསུམ་ག་འབྱུང་བར་བསྟན་པའི་ཕྱིར་ཚིག་རེ་རེ་ལ་ཡང་རུང་ཞེས་སྨོས་པ་ཡིན་ནོ། །

གནས་སྡོམ་པ་ལ་གཟུགས་ཅན་གྱི་གནས་སྡོམ་པ་ནི། བདེ་བ་ལུས་ཀྱི་ཡང་རུང་ཞེས་པ་ལ་སོགས་པའོ། །གཟུགས་མེད་པའི་གནས་སྡོམ་པ་ནི། བདེ་བ་སེམས་ཀྱིས་ཡང་རུང་ཞེས་པ་ལ་སོགས་པ་སྟེ་སྔར་བཤད་པའི་ཚོར་བ་བདེ་སྡུག་བཏང་སྙོམས་གསུམ་པོ་དེ་དག་རེ་རེ་ལ་ཡང་གནས་ལུས་ཅན་མ་ཡིན་པའི་བྱེ་བྲག་ལས་ལུས་ཀྱི་ཚོར་བ་དང་སེམས་ཀྱི་ཚོར་བ་གཉིས་གཉིས་ཡོད་ཅེས་པའོ། །ཀུན་ནས་ཉོན་མོངས་དང་རྣམ་བྱང་གིས་རྣམ་པར་བཞག་པ་ལ་ཡང་གཉིས་ལས། རེ་ཞིག་འཇིག་ཚོགས་ལ་ཆགས་བྲལ་གྱི་སྤང་བྱ་དང་གཉེན་པོའི་དབང་དུ་བྱས་པ་ནི། བདེ་བ་ཟང་ཟིང་དང་བཅས་པ་ཡང་རུང་། ཞེས་པ་ནས། སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཟང་ཟིང་མེད་པ་ཡང་རུང་ཞེས་པའི་བར་ཏེ། ཚོར་བ་བདེ་སོགས་དེ་དག་རེ་རེ་ལ་ཡང་བདག་ཏུ་འཛིན་པས་བཅིངས་པ་འདས་ལམ་གྱིས་གཞོམ་པར་བྱ་བ་ཟང་ཟིང་དང་བཅས་པ་དང་། བདག་འཛིན་དང་བྲལ་བ་ཟང་ཟིང་མེད་པ་གཉིས་གཉིས་ཡོད་དོ་ཞེས་པའི་དོན་ནོ། །

འཛིན་པའི་ཆགས་བྲལ་གྱི་དབང་དུ་བྱས་པ་ནི། བདེ་བ་ཞེན་པ་རྟེན་པ་ཡང་རུང་ཅེས་པ་ནས་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་ཞེན་པ་རྟེན་པ་ཡང་རུང་ཞེས་པའི་བར་ཏེ། བདེ་སོགས་རེ་རེ་ལ་ཡང་འདོད་པའི་ཡོན་ཏན་ལ་སྲེད་པས་བཅིངས་པ་ཞེན་པ་རྟེན་པ་དང་། དེ་ལྟ་བུའི་སྲེད་པ་དང་བྲལ་བ་མངོན་པར་འབྱུང་བ་བརྟེན་པའི་ཚོར་བ་གཉིས་གཉིས་ཡོད་ཅེས་པའོ། །ལུས་དང་སེམས་ལ་རྟེན་པ་ནི་ཚོར་བ་འབའ་ཞིག་ཏུ་མ་ཟད་སེམས་ལས་བྱུང་བ་གཞན་དག་ཀྱང་ཡོད་པ་མ་ཡིན་ནམ་ཅིའི་ཕྱིར་ཚོར་བ་འབའ་ཞིག་ལུས་དང་སེམས་ཀྱི་ཚོར་བ་གཉིས་སུ་འབྱེད་ཅེ་ན། བདེན་མོད་ཀྱི་འོན་ཀྱང་ཚོར་བ་རྣམས་ཀྱིས་རང་གི་གནས་ལ་ཕན་པ་དང་གནོད་པར་འགྱུར་བ་དེ་ལྟར་ནི་སེམས་དང་སེམས་བྱུང་གཞན་གྱིས་ཕན་གནོད་དུ་འགྱུར་བ་མེད་དོ། །

དེ་ཕྱིར་ཚོར་བ་གང་གིས་རང་གི་གནས་དབང་པོ་དང་བཅས་པའི་ལུས་ལ་ཕན་གནོད་དུ་འགྱུར་བ་དེ་ནི་ལུས་ཀྱི་ཚོར་བ་ཞེས་བྱ་ལ། སེམས་ལ་ཕན་གནོད་དུ་འགྱུར་བ་དེ་ནི་སེམས་ཀྱི་ཚོར་བ་ཞེས་བཞག་གོ །དེ་ལྟར་ན་བཏང་སྙོམས་ཅིའི་ཕྱིར་ལུས་དང་སེམས་ཀྱི་ཚོར་བ་འགྱུར་ཏེ་དེས་དེ་དག་ལ་ཕན་པ་དང་གནོད་པ་གང་ཡང་མི་བྱེད་པའི་ཕྱིར་རོ་ཞེ་ན། དེ་ནི་དེ་ལྟ་བུའི་རིགས་ཅན་ཡིན་པའི་ཕྱིར་དེར་བཞག་གོ ། ཚོར་བ་ལས་གཞན་པའི་སེམས་དང་སེམས་འབྱུང་རྣམས་ལ་ཡང་ཟང་ཟིང་དང་བཅས་པ་དང་ཟང་ཟིང་མེད་པ་དང་། ཞེན་པ་རྟེན་པ་དང་། མངོན་པར་འབྱུང་བ་རྟེན་པ་གཉིས་གཉིས་ཡོད་པ་མ་ཡིན་ནམ་ཅིའི་ཚོར་བ་འབའ་ཞིག་ལ་དེ་དག་ཏུ་འབྱེད་ཅེ་ན། འདི་ལ་སྨྲས་པ་སེམས་དང་སེམས་ལས་བྱུང་བ་གཞན་དག་ལ་ཟང་ཟིང་དང་བཅས་པ་དང་། དེ་མེད་པ་ལ་སོགས་པ་མེད་པ་ནི་མ་ཡིན་ཏེ། རབ་དབྱེའི་ཐད་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་ཀུན་དེ་དག་གཉིས་གཉིས་སུ་འབྱེད་པའི་ཕྱིར་རོ། །

འོན་ཀྱང་འདིར་ནི་སེམས་སེམས་བྱུང་རྣམས་ཀྱི་ནང་ནས་ཟང་ཟིང་དང་བཅས་པ་དང་ཞེན་པ་རྟེན་པར་འཇོག་པའི་ཆོས་ཀྱི་རྒྱུའི་གཙོ་བོ་ཚོར་བ་ཡིན་པས། དེའི་ཕྱིར་ཚོར་བ་གང་ཟང་ཟིང་དང་བཅས་པ་དང་། ཞེན་རྟེན་དུ་འཇོག་པའི་ཆོས་ཀྱི་རྒྱུ་བྱེད་པ་དེ་དག་ལ་ནི་ཟང་ཟིང་དང་བཅས་པ་དང་། ཞེན་པ་རྟེན་པའི་ཚོར་བ་ཞེས་བྱ་ལ། གང་དེ་དག་གི་རྒྱུ་མི་བྱེད་པའི་ཚོར་བ་ལ་ཟང་ཟིང་མེད་པ་དང་། མངོན་པར་འབྱུང་བ་རྟེན་པའི་ཚོར་བ་ཞེས་བཞག་པ་ཡིན་ནོ། །

ཟང་ཟིང་དང་བཅས་པ་དང་། ཞེན་པ་རྟེན་པར་འཇོག་པའི་ཆོས་ནི་གང་ཡིན། ཅི་ལྟར་ན་ཚོར་བ་ཆོས་དེའི་རྒྱུའི་གཙོ་བོ་ཡིན་ཞེ་ན། སྨྲས་པ། གང་ཞིག་ཉེ་བར་ལེན་པའི་ཕུང་པོ་ལ་འདུན་ཅིང་ཆགས་པའི་མཚན་ཉིད་ཅན་གྱི་སྲེད་པ་ནི་ཟང་ཟིང་དང་བཅས་པར་འཇོག་པའི་ཆོས་ཡིན་ཏེ་གང་ཞིག་དེ་དང་རྗེས་སུ་འབྲེལ་པ་དེ་ནི་ཟང་ཟིང་དང་བཅས་པ་ཞེས་བརྗོད་པའི་ཕྱིར་རོ། །གང་ཡང་འདོད་པའི་ཡོན་ཏན་ལ་འདུན་ཅིང་ཆགས་པའི་རང་བཞིན་ཅན་གྱི་སྲེད་པ་ནི་ཞེན་པ་རྟེན་པར་འཇོག་པའི་ཆོས་ཡིན་ཏེ། གང་ཞིག་སྲེད་པ་དེ་དང་ལྡན་པ་དེ་ནི་ཞེན་པ་རྟེན་པ་ཞེས་བརྗོད་པའི་ཕྱིར་རོ། །སྲེད་པ་དེ་དག་ནི་དངོས་སུ་ཚོར་བ་ལས་བྱུང་བ་ཡིན་ཏེ། མ་རིག་པ་དང་བཅས་པའི་ཚོར་བའི་རྐྱེན་གྱིས་སྲེད་པ་ཞེས་འབྱུང་བའི་ཕྱིར་རོ། །བདེ་བ་ལུས་ཀྱི་ཞེས་པ་ལ་སོགས་འཆད་པ་ནི། ལུས་ཀྱི་ཚོར་བ་ཞེས་བརྗོད་པ་དེ་དག་གི་རང་བཞིན་གང་ཞེ་ན་དབང་པོའི་རྣམ་པར་ཤེས་པའི་ཚོགས་ལྔ་དང་མཚུངས་པར་ལྡན་པའི་ཚོར་བ་རྣམས་ཏེ། དེ་དག་གིས་ནི་རང་གི་གནས་དབང་པོ་དང་བཅས་པའི་ལུས་ལ་ཕན་པ་དང་གནོད་པར་འགྱུར་བས་དེའི་ཕྱིར་ལུས་ཀྱི་ཚོར་བ་ཞེས་བྱའོ། །

རྣ་བ་ལས་སོགས་པ་དབང་པོ་གཞན་བཞི་ལ་ཡང་ལུས་ཞེས་བརྗོད་དམ་གང་གིས་ན་དེ་དག་གི་ཚོར་བ་ལ་ལུས་ཀྱི་ཞེས་བྱ་ཞེ་ན། མིག་ལས་སོགས་པའི་དབང་པོ་གཞན་རྣམས་ཀྱང་ལུས་ཀྱི་དབང་པོ་དང་ཐ་དད་དུ་མི་འཇུག་པའི་ཕྱིར་དང་། ཐོགས་པ་དང་བཅས་པ་དང་། བསགས་པའི་ཕྱིར་དེ་དག་ལ་ཡང་ལུས་ཀྱི་སྒྲས་བརྗོད་ལ། དེའི་ཕྱིར་དེ་དག་ལ་བརྟེན་པའི་ཚོར་བ་རྣམས་ལ་ཡང་ལུས་ཀྱི་ཞེས་བརྗོད་དོ། །སེམས་ཀྱི་ཚོར་བ་གང་ཞེ་ན། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་རྣམས་ཏེ། དེ་དག་གིས་ནི་སེམས་ཉིད་ལ་ཕན་པ་དང་གནོད་པར་འགྱུར་བས་དེའི་ཕྱིར་སེམས་ཀྱི་ཚོར་བ་ཞེས་བྱའོ། །

ཟང་ཟིང་དང་བཅས་པའི་ཚོར་བ་གང་ཞེ་ན་ལུས་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་འདུན་ཅིང་ཆགས་པའི་མཚན་ཉིད་ཅན་གྱི་སྲེད་པ་དང་མཚུངས་པར་ལྡན་པའི་དོན་ནི་སྲེད་པ་དེས་བཅིངས་ཤིང་བདག་གིར་བྱས་པ་ཡིན་ལ། དེའི་ཕྱིར་སྲེད་པ་དེ་ལྟ་བུ་དང་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་ཟང་ཟིང་དང་བཅས་པའི་ཚོར་བ་ཞེས་བྱ་སྟེ། ཟང་ཟིང་དུ་བྱེད་པའི་ཆོས་ཕུང་པོ་ལ་འདུན་ཅིང་ཆགས་པའི་མཚན་ཉིད་ཅན་གྱི་སྲེད་པ་འཕེལ་བའི་རྒྱུ་བྱེད་པའི་ཕྱིར་རོ། །

ཟང་ཟིང་མེད་པའི་ཚོར་བ་ནི། ཇི་སྐད་བཤད་པའི་སྲེད་པ་དེ་ཉིད་སྤངས་པའི་སྒོ་ནས་སྲེད་པ་དེ་དང་མི་ལྡན་པའི་ཚོར་བ་གང་ཡིན་པ་དེ་ཉིད་ལ་བྱ་སྟེ། ཟང་ཟིང་དུ་བྱེད་པའི་ཆོས་སྲེད་པ་འཕེལ་བར་མི་བྱེད་པའི་ཕྱིར་རོ། །འདིར་མཚུངས་པར་ལྡན་པའི་དོན་དམིགས་རྣམ་སོགས་མཚུངས་པ་ལ་ནི་མི་བྱ་སྟེ། སྲེད་པ་ནི་འདོད་ཆགས་ཡིན་པས་བདེ་བ་དང་མཚུངས་པར་ལྡན་ཡང་སྡུག་བསྔལ་དང་མཚུངས་པར་ལྡན་པ་འགལ་བའི་ཕྱིར་དང་སྲེད་པ་དེ་མ་སྤངས་པའི་ཟག་བཅས་ཀྱི་ཚོར་བ་ཀུན་ལ་མ་ཁྱབ་དེ་དག་ཟང་ཟིང་མེད་པའི་ཚོར་བར་ཐལ་བའི་ཕྱིར་རོ། །དེ་བས་ན་མཚུངས་པར་ལྡན་པའི་དོན་ནི་སྲེད་པ་དེ་མ་སྤངས་པས་དེས་བཅིངས་པ་ལ་བྱའོ། །ཚུལ་འདི་ནི་ཞེན་པའི་རྟེན་ལ་ཡང་ལྟ་བར་བྱའོ། །

ཞེན་པ་རྟེན་པའི་ཚོར་བ་གང་ཞེ་ན། གཟུགས་སྒྲ་ལ་སོགས་པའི་ཡུལ་ནི་བྱིས་པ་དག་གིས་ཡང་དང་ཡང་དུ་འདོད་ཅིང་གོམས་པར་བྱ་བས་ན་འདོད་པའི་ཡོན་ཏན་ཞེས་བྱ་ལ། དེ་དག་ལ་འདུན་ཅིང་ཆགས་པའི་མཚན་ཉིད་ཅན་གྱི་སྲེད་པ་དང་མཚུངས་པར་ལྡན་པའི་ཚོར་བ་སྟེ། ཞེན་རྟེན་དུ་བྱེད་པའི་ཆོས་འདོད་ཡོན་ལྔ་ལ་སྲེད་པ་འཕེལ་བར་བྱེད་པའི་ཕྱིར་རོ། །

མངོན་པར་བྱུང་བ་རྟེན་པའི་ཚོར་བ་ནི། བཤད་མ་ཐག་པའི་སྲེད་པ་དེ་ལ་འདོད་ཆགས་དང་བྲལ་བའི་སྒོ་ནས་སྲེད་པ་དེ་དང་མི་ལྡན་པའི་ཚོར་བ་དེ། ཞེན་རྟེན་དུ་བྱེད་པའི་ཆོས་སྲེད་པ་དེ་འཕེལ་བར་མི་བྱེད་པའི་ཕྱིར་རོ། །འདིར་སྨྲས་པ་ཟང་ཟིང་དང་བཅས་པའི་ཚོར་བ་གང་ཡིན་པ་དེ་ཉིད། ཟག་པ་དང་བཅས་པའི་ཚོར་བ་ཡང་དེ་ཡིན་ནམ་ཞེ་ན། ཚིག་སྔ་མ་དང་སྦྱར་རོ། །ཟག་པ་དང་བཅས་པ་གང་ཡིན་པ་ཟང་ཟིང་དང་བཅས་པ་ཡང་དེ་ཡིན་ནམ་ཞེ་ན། མ་ངེས་ཏེ་ཕུང་པོ་ལྷག་མ་དང་བཅས་པའི་གནས་སྐབས་ཀྱི་ཟག་པ་དང་བཅས་པའི་ཚོར་བ་ཡིན་པ་དེ་དག་ཟང་ཟིང་མེད་པའི་ཚོར་བ་ཞེས་བྱ་སྟེ། ཟང་ཟིང་འཕེལ་བར་མི་བྱེད་པའི་ཕྱིར། ཟང་ཟིང་མེད་པའི་ཚོར་བ་གང་ཡིན་པ་དེ་ཉིད་ཟག་པ་མེད་པའི་ཚོར་བ་ཡང་དེ་ཡིན་ནམ་ཞེ་ན། ཚིག་སྔ་མ་དང་སྦྱོར་ཟང་ཟིང་མེད་པའི་ཚོར་བ་ཡིན་ལ་ཟག་པ་མེད་པ་མ་ཡིན་པ་ཡོད་དེ། དགྲ་བཅོམ་པའི་ཟག་པ་དང་བཅས་པའི་ཚོར་བ་རྣམས་སོ། །ཞེན་པ་རྟེན་པའི་ཚོར་བ་གང་ཡིན་པ་དེ་ཉིད་ཟག་པ་དང་བཅས་པའི་ཚོར་བ་ཡང་དེ་ཡིན་ནམ་ཞེ་ན། ཚིག་སྔ་མ་དང་སྦྱར་རོ། །ཟག་པ་དང་བཅས་པ་ཡིན་ལ། ཞེན་རྟེན་མ་ཡིན་པ་ཡང་ཡོད་དེ། འདོད་པ་ལ་འདོད་ཆགས་དང་བྲལ་བའི་ཟག་པ་དང་བཅས་པའི་ཚོར་བ་རྣམས་སོ། །

མངོན་པར་འབྱུང་བ་རྟེན་པའི་ཚོར་བ་གང་ཡིན་པ་དེ་ཉིད་ཟག་པ་མེད་པའི་ཚོར་བ་ཡང་དེ་ཡིན་ནམ་ཞེ་ན། ཚིག་ཕྱི་མ་དང་སྦྱར་རོ། །མངོན་འབྱུང་རྟེན་པ་ཡིན་ལ་ཟག་པ་མེད་པ་མ་ཡིན་པ་ཡང་ཡོད་དེ། འདོད་པ་ལ་འདོད་ཆགས་དང་བྲལ་བ་རྣམས་ཀྱི་ཟག་པ་དང་བཅས་པའི་ཚོར་བ་རྣམས་སོ། །ཟང་ཟིང་དང་བཅས་པའི་ཚོར་བ་གང་ཡིན་པ་དེ་ཉིད་ཞེན་པ་རྟེན་པའི་ཚོར་བ་ཡང་དེ་ཡིན་ནམ་ཞེ་ན། ཚིག་ཕྱི་མ་དང་སྦྱར་རོ། །ཟང་ཟིང་དང་བཅས་པ་ཡིན་ལ་ཞེན་པ་རྟེན་པ་ཡང་ཡོད་དེ། དེ་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱི་ཟག་པ་དང་བཅས་པའི་ཚོར་བ་རྣམས་སོ། །དེ་གཉིས་ཀ་མ་ཡིན་པ་ཡང་ཡོད་དེ། ཟག་པ་མེད་པའི་ཚོར་བ་རྣམས་སོ། །

ཟང་ཟིང་མེད་པའི་ཚོར་བ་གང་ཡིན་པ་དེ་ཉིད་མངོན་པར་འབྱུང་བ་རྟེན་པ་ཡང་དེ་ཡིན་ནམ་ཞེ་ན། ཚིག་སྔ་མ་ལ་སྦྱར་རོ། །

མངོན་འབྱུང་རྟེན་པ་ཡིན་ལ་ཟང་ཟིང་མེད་པ་མ་ཡིན་པ་ཡོད་དེ། འདོད་པ་ལ་འདོད་ཆགས་དང་བྲལ་བའི་སོ་སོ་སྐྱེ་བོའི་ཚོར་བ་དང་། སློབ་པ་ཆགས་བྲལ་རྣམས་ཀྱི་ཟག་པ་དང་བཅས་པའི་ཚོར་བ་རྣམས་སོ། །གཉིས་ཀ་མ་ཡིན་པ་ཡང་ཡོད་དེ། འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཟག་པ་དང་བཅས་པའི་ཚོར་བ་རྣམས་སོ། །ཚོར་བའི་འོག་ཏུ་འདུ་ཤེས་ཀྱི་ཕུང་པོ་གཏན་ལ་འབེབས་པར་བཞེད་པས་འདུ་ཤེས་ཀྱི་ཕུང་པོའི་རྣམ་པར་བཞག་པ་གང་ཞེ་ན་ཞེས་གསུངས་སོ། །དེ་ལ་འདུ་ཤེས་ནི་གནས་དང་དམིགས་པའི་སྒོ་ནས་རྣམ་པར་བཞག་གོ །རེ་ཞིག་གནས་ཀྱི་སྒོ་ནས་དབྱེ་ན་འདུ་ཤེས་ཀྱི་ཚོགས་དྲུག་སྟེ། འདི་ལྟར་བདག་རྐྱེན་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་འདུ་ཤེས་ནས་ཡིད་ཀྱི་འདུ་ཤེས་རེག་པ་ལས་བྱུང་བའི་འདུ་ཤེས་ཀྱི་བར་ཏེ་གོ་སླ་བར་ཟད་དོ། །དམིགས་པས་རྣམ་པར་བཞག་པ་ནི། གང་གིས་མཚན་མ་དང་བཅས་པ་ཡང་ཡང་དག་པར་ཤེས་ཤིང་། ཞེས་པ་ནས། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱང་ཡང་དག་པར་ཤེས་པའོ། །ཞེས་པའི་བར་ཏེ། བཤད་བྱའོ། །

དེ་ཉིད་འཆད་པ་ནི། མཚན་མ་དང་བཅས་པའི་འདུ་ཤེས་ཞེས་གང་བརྗོད་པ་དེའི་རང་བཞིན་གང་ཞེ་ན། འདིར་མཚན་མ་ནི་གསུམ། ཐ་སྙད་ཀྱི་མཚན་མ་དང་། སྤྲོས་པའི་མཚན་མ་དང་། དམིགས་རྣམས་གསལ་བའི་མཚན་མའོ། །མཚན་མ་དང་པོས་མཚན་མ་དང་བཅས་པའི་འདུ་ཤེས་ནི་མིང་དོན་གྱི་འབྲེལ་པའི་ཐ་སྙད་ལ་མི་མཁས་པའི་འདུ་ཤེས་མ་གཏོགས་པ་གང་དེ་ལས་གཞན་པ་མིང་དོན་གྱི་འབྲེལ་པའི་ཐ་སྙད་ལ་མཁས་པ་རྣམས་ཀྱི་འདུ་ཤེས་ཏེ། མིང་གི་སྒོ་ནས་དོན་ལ་བཀྲ་བར་འཛིན་པའི་ཕྱིར་རོ། །

གཉིས་པས་མཚན་མ་དང་བཅས་པ་ནི་གཟུགས་སོགས་སྤྲོས་པའི་མཚན་མ་མེད་པ་ཆོས་ཀྱི་དབྱིངས་ལ་སྙོམས་པར་ཞུགས་པའི་འདུ་ཤེས་མ་གཏོགས་པ་གང་དེ་ལས་གཞན་པའི་འདུ་ཤེས་ཏེ། དེ་དག་གིས་ནི་གཟུགས་སོགས་འདུས་བྱས་ཀྱི་མཚན་མ་ཡོངས་སུ་གཅོད་པའི་ཕྱིར་རོ། །གསུམ་པས་མཚན་མ་དང་བཅས་པའི་འདུ་ཤེས་ནི་སྲིད་པའི་རྩེ་མོ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་མ་གཏོགས་པ་གང་དེ་ལས་གཞན་པའི་འདུ་ཤེས་རྣམས་ཏེ། དམིགས་པ་དང་རྣམ་པ་གསལ་བར་ཡོངས་སུ་གཅོད་པའི་ཕྱིར་རོ། །མཚན་མ་གསུམ་པོ་དེ་དག་དང་བྲལ་བའི་མཚན་མ་མེད་པའི་འདུ་ཤེས་ཀྱང་གསུམ་ཡིན་ནོ། །

དེ་ལ་ཐ་སྙད་ཀྱི་མཚན་མ་མེད་པའི་འདུ་ཤེས་ནི། འདུ་ཤེས་གང་ཐ་སྙད་ཀྱི་མཚན་མ་དང་བཅས་པའི་འདུ་ཤེས་མ་གཏོགས་པ་མིང་དོན་གྱི་འབྲེལ་པའི་ཐ་སྙད་ལ་མི་མཁས་པའི་བྱིས་པ་ལ་སོགས་པའི་འདུ་ཤེས་ཏེ། དེ་དག་གིས་གཟུགས་སོགས་ཀྱི་དོན་མཐོང་བ་ན་དོན་གྱི་བློ་འབྱུང་ཡང་འདི་གཟུགས་སོ་ཞེས་པ་ལ་སོགས་པ་མིང་གི་སྒོ་ནས་དོན་བཀྲ་བར་བྱེད་མི་ནུས་པའི་ཕྱིར་རོ། །སྤྲོས་པའི་མཚན་མ་མེད་པའི་འདུ་ཤེས་ནི། འདུ་ཤེས་གང་སྤྲོས་པའི་མཚན་བཅས་ཀྱི་འདུ་ཤེས་སུ་མ་གཏོགས་པ་ཆོས་ཀྱི་དབྱིངས་ལ་སྙོམས་པར་ཞུགས་པའི་འདུ་ཤེས་ཏེ། དེ་ནི་སྤྲོས་པ་ཐམས་ཅད་དང་བྲལ་བའི་འགོག་པ་ལ་དམིགས་པའི་སྤྲོས་པའི་མཚན་མ་ཡོངས་སུ་གཅོད་པའི་མེད་པའི་ཕྱིར་རོ། །དམིགས་རྣམས་གསལ་བའི་མཚན་མ་མེད་པའི་འདུ་ཤེས་ནི་འདུ་ཤེས་གང་དམིགས་རྣམ་གསལ་བའི་མཚན་མ་དང་བཅས་པའི་འདུ་ཤེས་སུ་མ་གཏོགས་པ་སྲིད་རྩེ་ལ་སྙོམས་པར་ཞུགས་པའི་འདུ་ཤེས་རྣམས་ཏེ། དེ་དག་གིས་དམིགས་རྣམ་གསལ་བར་ཡོངས་སུ་སྤྱོད་པར་མི་ནུས་པའི་ཕྱིར་རོ། །

དེ་ལྟར་ན་མཚན་མ་མེད་པའི་འདུ་ཤེས་འདི་དག་ཀྱང་མཚན་མ་གཏན་ཡོངས་སུ་མི་གཅོད་པ་ནི་མ་ཡིན་ཏེ། འདུ་ཤེས་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེ་བས་ན་མཚན་མ་ཅུང་ཟད་ཞན་པ་ལ་མཚན་མ་མེད་པ་ཞེས་བྱ་སྟེ། བུ་མོ་ལྟོ་མེད་མ་ཅེས་པ་བཞིན་ནོ། །ཆུང་ངུའི་འདུ་ཤེས་ནི་འདུ་ཤེས་གང་གིས་འདོད་པའི་ཁམས་ཡོངས་སུ་ཤེས་པ་སྟེ། འདོད་པ་ནི་ཉོན་མོངས་པ་མང་བ་དང་ཚེ་ཐུང་བ་ལས་སོགས་པས་ངན་པའི་ཕྱིར་རོ། །རྒྱ་ཆེན་པོའི་འདུ་ཤེས་ནི་འདུ་ཤེས་གང་གིས་གཟུགས་ཀྱི་ཁམས་ཤེས་པས་ཏེ། འདོད་པ་ལ་ལྟོས་ཏེ་ཚེ་རིང་བ་དང་། ཉོན་མོངས་པ་ཤས་ཆུང་བ་ལ་སོགས་པས་མཆོག་ཏུ་གྱུར་པའི་ཕྱིར་རོ། །ཚད་མེད་པའི་འདུ་ཤེས་ནི་འདུ་ཤེས་གང་གིས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་། རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ཤེས་པ་སྟེ། དམིགས་རྣམ་མཐའ་ཡས་སོ་ཞེས་ཡོངས་སུ་གཅོད་པའི་ཕྱིར་རོ། །

ཅི་ཡང་མེད་པའི་འདུ་ཤེས་ནི་འདུ་ཤེས་གང་གིས་ཅི་ཡང་མེད་པའི་སྐྱེ་མཆེད་ཤེས་པས་སྟེ། བཟུང་བྱ་ཅི་ཡང་མེད་དོ་ཞེས་ཡོངས་སུ་གཅོད་པའི་ཕྱིར་རོ། །འདོད་པའི་ཁམས་སོགས་ལ་དམིགས་པ་འདི་ཡང་རང་སའི་འདུ་ཤེས་ཀྱི་དབང་དུ་བྱས་པར་རིག་པར་བྱའོ། །འདུ་ཤེས་ལས་གཞན་པའི་སེམས་དང་སེམས་བྱུང་དག་ལ་ཡང་། ཇི་སྐད་བཤད་པའི་མཚན་མ་དང་བཅས་པ་དང་མཚན་མ་མེད་པ་དང་འདོད་པའི་ཁམས་ལ་སོགས་པའི་མཚན་མ་ནི་འདུ་ཤེས་ཁོ་ནས་ཤེས་པ་ཡིན་ཏེ། འདུ་ཤེས་མཚན་མ་ཡོངས་སུ་གཅོད་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། དེའི་ཕྱིར་འདུ་ཤེས་ཁོ་ན་ལ་མཚན་མ་དང་བཅས་པ་ལ་སོགས་པ་དེ་དང་དེར་དབྱེ་བ་ཡིན་གྱི་གཞན་ལ་ནི་མ་ཡིན་ནོ། །འདུ་ཤེས་ཀྱི་ཕུང་པོའི་འོག་ཏུ་འདུ་བྱེད་ཀྱི་ཕུང་པོ་རྣམ་པར་གཏན་ལ་དབབ་པར་དགོངས་ནས་འདུ་བྱེད་ཀྱི་ཕུང་པོའི་རྣམ་པར་བཞག་པ་གང་ཞེ་ན་ཞེས་དྲིས་སོ། །

འདི་མདོར་བསྟན་པ་དང་། རྒྱས་པར་བཤད་པ་གཉིས་ལས། རེ་ཞིག་མདོར་བསྟན་པ་ནི་སེམས་པའི་ཚོགས་དྲུག་ཏེ་འདི་ལྟར་མིག་གི་འདུས་ཏེ་རེག་པ་ལས་བྱུང་བའི་སེམས་པ་དང་། ཞེས་པ་ལ་སོགས་པ་སྨོས་སོ། །ཚོར་བ་དང་འདུ་ཤེས་མ་གཏོགས་པའི་སེམས་ལས་བྱུང་བ་ཐམས་ཅད་དང་། ལྡན་མ་ཡིན་པའི་འདུ་བྱེད་རྣམས་ཀྱང་འདུ་བྱེད་རྣམས་ཀྱི་ཕུང་པོ་མ་ཡིན་ནམ་གང་གིས་ན་འདུ་བྱེད་ཀྱི་ཕུང་པོ་སྟོན་པ་ན་སེམས་པ་ཉིད་གཙོ་བ་སྨོས་པ་ཅི་ཞེ་ན། གཞན་དག་ལས་སེམས་པ་གཙོ་བོ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། འདི་ཉིད་འདུ་བྱེད་གཞན་གྱི་སྔོན་དུ་འགྲོ་བའི་ཕྱིར་ཏེ། འདི་ལྟར་སེམས་པ་གང་གིས་དད་པ་ལ་སོགས་པ་དགེ་བའི་ཕྱིར་ཡང་སེམས་ཡུལ་ལ་མངོན་པར་འདུ་བྱེད་ཅིང་སེམས་པར་བྱེད། འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་རྣམས་ཀྱི་ཕྱིར་ཡང་སེམས་ཡུལ་ལ་གཡོ་ཞིང་སེམས་པར་བྱེད། གནས་སྐབས་ཀྱི་བྱེ་བྲག་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ལ་ཡང་སེམས་གཡོ་བར་བྱེད་སེམས་པར་བྱེད་པའི་ཕྱིར་རོ། །

ཚུལ་དེ་ལྟ་ན་གང་གིས་སེམས་ཡུལ་ལ་མངོན་པར་འདུ་བྱེད་པ་སེམས་པ་འདི་དང་། གང་གི་དོན་དུ་སེམས་མངོན་པར་འདུ་བྱེད་པ་ཚོར་བ་དང་འདུ་ཤེས་མ་གཏོགས་པ་དེ་ལས་གཞན་པའི་དགེ་བ་དང་ཀུན་ནས་ཉོན་མོངས་པའི་སེམས་ལས་བྱུང་བའི་ཆོས་རྣམས་དང་། སེམས་མངོན་པར་འདུ་བྱེད་པའི་གནས་སྐབས་ཀྱི་བྱེ་བྲག་གང་ཡིན་པ་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱིས་བསྡུས་པའི་ཆོས་རྣམས་ནི་འདུ་བྱེད་ཀྱི་ཕུང་པོ་ཞེས་བྱའོ། །ཅིའི་ཕྱིར་ཚོར་བ་དང་འདུ་ཤེས་འདུ་བྱེད་ཀྱི་ཕུང་པོར་མ་གཏོགས་ཞེ་ན། ཕུང་པོ་ལེགས་པར་སྨོས་པའི་ཕྱིར་རོ། །ཅིའི་ཕྱིར་ཕུང་པོ་ལ་སོགས་པར་བཞག་ཅེ་ན། ཚོར་བ་ནི་ལས་འབྲས་ཀྱི་རྣམ་སྨིན་མྱོང་བ་པོ་ཡིན་པ་དང་། འདུ་ཤེས་ནི་མཐོང་ཐོས་སོགས་ཀྱི་དོན་ལ་ཐ་སྙད་འདོགས་པ་པོ་ཡིན་པས་བདག་ཏུ་འཛིན་པའི་གཞི་ཡིན་པའི་ཕྱིར་རོ། །

རྒྱས་པར་བཤད་པ་ལ་མཚུངས་པར་ལྡན་པའི་འདུ་བྱེད་དང་། མི་ལྡན་པའི་འདུ་བྱེད་བཤད་པ་གཉིས་ལས། དང་པོ་ལ་ཡང་མིང་གི་སྒོ་ནས་མདོར་བསྟན་པ་ནི། འདུ་བྱེད་ཀྱི་ཕུང་པོར་གཏོགས་པའི་སེམས་ལས་བྱུང་བ་དེ་དག་ཀྱང་གང་ཞེ་ན་སེམས་པ་ནས་དཔྱོད་པའི་མཐར་ཐུག་པས་ཏེ། འདི་དག་ནི་སུམ་བཅུ་པར། ཀུན་དུ་འགྲོ་དང་བྱེ་བྲག་ངེས། །སེམས་ལས་བྱུང་བའི་དགེ་བ་དང་། །དེ་བཞིན་ཉོན་མོངས་ཉེ་ཉོན་མོངས། །ཞེས་གསུངས་པ་ལྟར། སྡེ་ཚན་དྲུག་ཏུ་འགྱུར་ཏེ། འདི་ལྟར་ཀུན་དུ་འགྲོ་བ་དང་། ཡུལ་སོ་སོར་ངེས་པ་དང་། དགེ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་དང་། གཞན་དུ་ཡང་འགྱུར་བའོ། །དེ་ལ་སེམས་པ་དང་ཡིད་ལ་བྱེད་པ་དང་། རེག་པ་དང་། འདུ་ཤེས་དང་། ཚོར་བ་རྣམས་ནི་ཀུན་དུ་འགྲོ་བ་ཞེས་བྱ་སྟེ། འདི་དག་ནི་སེམས་ཀུན་དང་མཚུངས་པར་ལྡན་པའི་ཕྱིར་ཏེ། འདི་ལྟར་ལྔ་པོ་འདི་ལས་གང་ཡང་རུང་བ་གཅིག་མེད་ན་ཡང་སེམས་ཀྱི་ཡུལ་འཛིན་པའི་བྱ་བ་མི་རྫོགས་པའི་ཕྱིར་དང་། ཡུལ་མི་འཛིན་པ་ཡང་སེམས་སུ་མི་རུང་པའི་ཕྱིར་རོ། །དེ་ཡང་འདི་ལྟར་སེམས་པ་མེད་ན། སེམས་ཡུལ་ལ་གཡོ་བར་ཡང་མི་འགྱུར་ན་དེས་ཡུལ་འཛིན་པ་ལྟ་ཅི་སྨོས། དེའི་ཕྱིར་སེམས་པ་ནི་ཀུན་དུ་འགྲོ་བ་ཉིད་དོ། །

ཡིད་ལ་བྱེད་པ་མེད་པར་སེམས་རང་གི་དམིགས་པ་ངེས་པ་ལ་འཇུག་པར་མི་འགྱུར་ཏེ། དམིགས་པ་ངེས་པ་ལ་སེམས་བཏོད་པར་བྱེད་པ་ནི་ཡིད་ལ་བྱེད་པའི་ལས་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཡིད་ལ་བྱེད་པ་ནི་ཀུན་དུ་འགྲོ་བ་ཉིད་དོ། །རེག་པ་མེད་ན་ཡུལ་དབང་རྣམ་ཤེས་གསུམ་འདུས་པ་མེད་པར་འགྱུར་ཏེ། གསུམ་འདུས་པ་ཡང་རེག་པ་ལ་འཁྲུལ་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་རེག་པ་ཡང་ཀུན་དུ་འགྲོ་བ་ཉིད་དོ། །ཚོར་བ་མེད་ན་མྱོང་བ་མེད་ལ་མྱོང་བ་མེད་ན་ཡང་ཡུལ་རིག་པའི་ཐ་སྙད་མི་འཇུག་ལ་ཡུལ་མི་རིགས་པ་ཡང་སེམས་སུ་མི་རུང་བས་དེའི་ཕྱིར། ཚོར་བ་ཡང་ཀུན་དུ་འགྲོ་བ་ཉིད་དོ། །འདུ་ཤེས་མེད་ན་ཡུལ་གྱི་ཐུན་མོངས་མ་ཡིན་པའི་མཚན་མ་མི་ཤེས་ལ་དེ་མ་ཤེས་པར་ཡང་ཡུལ་འདི་ལྟ་བུ་ཞིག་རིག་གོ་ཞེས་བརྗོད་པར་མི་ནུས་པས་དེའི་ཕྱིར་འདུ་ཤེས་ནི་ཀུན་དུ་འགྲོ་བ་ཉིད་དོ། །འདུན་པ་དང་། དྲན་པ་དང་། མོས་པ་དང་། ཏིང་ངེ་འཛིན་དང་། ཤེས་རབ་རྣམས་ལ་ནི་ཡུལ་སོ་སོར་ངེས་པ་ཞེས་བྱ་སྟེ། འདི་དག་ནི་ཡུལ་བྱེ་བྲག་ཅན་ཁོ་ན་ལ་འཇུག་གི་ཀུན་ལ་མི་འཇུག་པའི་ཕྱིར་རོ། །འདི་ལྟར་འདུན་པ་ནི་འདོད་བྱའི་དངོས་པོ་ཁོ་ན་ལ་འཇུག་པས་དེའི་ཕྱིར་ངེས་པ་ཡིན་ནོ། །དྲན་པ་ནི། སྔར་ཉམས་སུ་མྱོང་བ་ཁོ་ན་ལ་འཇུག་པས་དེའི་ཕྱིར་ཡུལ་ལ་ངེས་པ་ཡིན་ནོ། །

མོས་པ་ནི་སྒྲོ་འདོགས་ཆོད་ཅིང་ངེས་པའི་དངོས་པོ་ཁོ་ན་ལ་འཇུག་པས་དེའི་ཕྱིར་ཡུལ་ངེས་པ་ཡིན་ནོ། །དད་པ་དང་། ངོ་ཚ་ཤེས་པ་ནས་རྣམ་པར་མི་འཚེ་བའི་བར་བཅུ་གཅིག་ནི་དགེ་བ་ཡིན་ཏེ། རང་བཞིན་གྱིས་ཁ་ན་མ་ཐོ་བ་མེད་ཅིང་རྣམ་པར་བྱ་བའི་ངོ་བོ་ཡིན་ཕྱིར་རོ། །ཡང་ན་མ་དད་པ་ལ་སོགས་པའི་གཉེན་པོར་གྱུར་པ་དང་དགེ་བའི་རྩ་བ་དང་མཚུངས་པར་ལྡན་པའི་ཕྱིར་ཞེས་ཀྱང་འཆད་དོ། །འདོད་ཆགས་ནས་ལྟ་བའི་བར་དྲུག་ནི་ཉོན་མོངས་པ་ཞེས་བྱ་སྟེ། སེམས་ཉོན་མོངས་པར་བྱེད་པའི་ཕྱིར། ཁྲོ་བ་ནས་རྣམ་པར་གཡེང་བའི་བར་ཉི་ཤུ་ནི་ཉེ་བའི་ཉོན་མོངས་པ་ཞེས་བྱ་སྟེ། སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ཕྱིར་རོ། འདིར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་ལ་བྱེ་བྲག་ཅི་ཞིག་ཡོད་ཅེ་ན། ཉོན་མོངས་པ་དག་ནི་རེ་རེས་ཀྱང་སྒོ་དུ་མ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཡིན་ལ། ཉེ་བའི་ཉོན་མོངས་རྣམས་ནི་རྣམ་པ་གང་རུང་རེ་རེའི་སྒོ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཡིན་གྱི། སྒོ་དུ་མ་ནས་ནི་མ་ཡིན་པའོ། །

དེ་ཡང་འདི་ལྟར་ཉོན་མོངས་པ་དག་ནི་ཞེ་སྡང་ལྟ་བུ་གཅིག་གིས་ཡང་ཁྲོ་བ་དང་། ཁོན་དུ་འཛིན་པ་ལ་སོགས་པ་སྒོ་དུ་མ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་ཡིན་ལ། འདོད་ཆགས་ཀྱིས་ཀྱང་སེར་སྣ་དང་རྒྱགས་པ་ལ་སོགས་པ་སྒོ་དུ་མ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་ལ། ཉེ་བའི་ཉོན་མོངས་པ་རྣམས་ནི་ཁྲོ་བ་ལྟ་བུས་ཀྱང་རྣམ་པ་དེ་ཉིད་ཀྱི་སྒོ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་ཀྱི་རྣམ་པ་གཞན་གྱིས་མ་ཡིན་ལ་དེ་བཞིན་དུ་ཉེ་བའི་ཉོན་མོངས་གཞན་རྣམས་ཀྱང་རྣམ་པ་རེ་རེའི་སྒོ་ནས་སེམས་ཉེ་བར་ཉོན་མོངས་པར་བྱེད་པ་འབའ་ཞིག་ཡིན་ནོ། །དེ་ལྟར་ན་ཉོན་མོངས་པ་རྣམས་ནི་རང་རང་གི་ཆ་ལ་བཏགས་པའི་ཉེའི་ཉོན་མོངས་པ་རྣམས་ཀྱིས་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་གནས་སྐབས་ཀུན་ལ་ཁྱབ་པའི་ཕྱིར་སྤྱི་ཡིན་ལ། ཉེ་བའི་ཉོན་མོངས་པ་རྣམས་ནི་རང་རང་གི་གནས་སྐབས་ལས་གཞན་ལ་རྗེས་སུ་མི་འགྲོ་བའི་ཕྱིར་བྱེ་བྲག་ཡིན་ནོ། །གཉིད་ལ་སོགས་པ་བཞི་ནི་གྲོགས་ཀྱི་དབང་གིས་དགེ་མི་དགེ་ལུང་མ་བསྟན་གསུམ་ཀར་དུ་འགྱུར་བའི་ཕྱིར་གཞན་འགྱུར་ཞེས་བྱའོ། །དེ་ལྟར་ན་སེམས་ལས་བྱུང་བ་རྣམས་ནི་མདོར་བསྡུས་ན་ལྔ་བཅུ་རྩ་གཅིག་པོ་འདི་ཉིད་དུ་འགྱུར་རོ། །

མདོ་དང་བསྟན་བཅོས་གཞན་ལས་བསྟན་པའི་སེམས་བྱུང་གི་ཁྱད་པར་གཞན་རྣམས་ཀྱང་མིང་མི་འདྲ་བ་ཙམ་ལས་མཚན་ཉིད་ལ་དཔྱད་ན་འདི་དག་ཏུ་མ་འདུས་པ་མེད་དོ། །ཞེས་བྱ་བར་དགོངས་ནས་ལྔ་བཅུ་རྩ་གཅིག་པོ་འདི་ཙམ་ཞིག་བསྟན་བཅོས་སུ་གཏན་ལ་འབེབས་པར་མཛད་དོ། །འདི་དག་རྣམས་ལ་མཚུངས་པར་ལྡན་པའི་འདུ་བྱེད་ཞེས་བྱ་ན་ཅིའི་ཕྱིར་མཚུངས་པར་ལྡན་པ་ཞེས་བྱ་ཞེ་ན་སེམས་དང་རྣམ་པ་ལྔས་མཚུངས་པར་ལྡན་པའི་ཕྱིར་རོ། །རྣམ་པ་ལྔ་གང་ཞེ་ན། རྟེན་དང་། དམིགས་པ་དང་། རྣམ་པ་དང་། དུས་དང་རྫས་མཚུངས་པའོ། །སེམས་གང་ལ་རྟེན་པའི་དབང་པོ་དེ་ཉིད་ལ་དེའི་འཁོར་གྱི་སེམས་བྱུང་རྣམས་ཀྱང་རྟེན་པས་དེའི་ཕྱིར་རྟེན་མཚུངས་པ་ཞེས་བྱའོ། །སེམས་ཡུལ་གང་ལ་དམིགས་པ་དེ་ཉིད་ལ། དེའི་འཁོར་སེམས་ལས་བྱུང་བ་ཡང་དམིགས་པས་དེའི་ཕྱི་དམིགས་པ་མཚུངས་པ་ཞེས་བྱའོ། །སེམས་ཀྱི་རྣམ་པ་ཅི་འདྲ་བ་སེམས་ལས་བྱུང་བ་རྣམས་ཀྱི་རྣམ་པ་ཡང་དེ་འདྲ་བ་ཡིན་པས། དེའི་ཕྱིར་རྣམ་པ་མཚུངས་པ་ཞེས་བྱའོ། །སེམས་དང་དེའི་སེམས་ལས་བྱུང་བ་དག་སྐྱེ་བ་དང་གནས་པ་དང་འགག་པའི་ངང་གཅིག་ཡིན་པས་དུས་མཚུངས་པ་ཞེས་བྱའོ། །

སེམས་གཅིག་གིས་འཁོར་དུ་སེམས་བྱུང་རྣམས་ཀྱང་རིགས་མཐུན་གཅིག་སྐྱེ་ཡི་མང་པོ་མ་ཡིན་པས་དེའི་ཕྱིར་རྫས་མཚུངས་ཞེས་བྱས་སོ། དེ་ལྟར་ན་སེམས་ཀྱང་སེམས་ལས་བྱུང་བ་རྣམས་དང་ཇི་སྐད་བཤད་པའི་རྣམ་པ་ལྔ་པོ་དག་གི་མཚུངས་པ་ལྡན་པ་མ་ཡིན་ནམ་གང་གིས་ན་སེམས་ལས་བྱུང་བ་རྣམས་སེམས་དང་རྣམ་པ་ལྔས་མཚུངས་པར་ལྡན་པས་སེམས་ཀྱི་རྗེས་སུ་འབྲང་བ་ཞེས་བྱ་ལ་སེམས་ནི་སེམས་ལས་བྱུང་བ་དག་གི་རྗེས་སུ་འབྲང་བ་ཞེས་མི་བརྗོད་ཞེ་ན། སྨྲས་པ། སེམས་རྣམས་ནི་རྟེན་སོ་སོར་ངེས་པ་ཡོད་པ་ཡིན་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པ་ནི་མིག་གི་དབང་པོ་ལ་རྟེན་ལ། དེ་བཞིན་དུ་ཡིད་ཀྱི་ཤེས་པ་ནི་ཡིད་དབང་ལ་རྟེན་པའི་བར་རོ། །དེ་ལྟར་དུ་སེམས་ལས་བྱུང་བ་རྣམས་ལ་ནི་སོ་སོར་ངེས་པ་མེད་དེ་སེམས་ལས་བྱུང་བ་གཅིག་ཀྱང་རྐྱེན་གྱི་དབང་གིས་དབང་པོ་ཀུན་ལ་རྟེན་པའི་ཕྱིར་རོ། །དེ་ལྟར་ན་རྣམ་པར་ཤེས་པ་རྣམས་ནི་རྟེན་སོ་སོར་ངེས་པའི་ཕྱིར་རང་གི་ཐུན་མོངས་མ་ཡིན་པའི་རྟེན་ལ་རྟེན་པས་རང་དབང་བའི་རྟེན་ཡོད་ལ། སེམས་ལས་བྱུང་བ་རྣམས་ནི། དེ་ལྟ་མ་ཡིན་པས་རང་དབང་བའི་རྟེན་མེད་ལ། དེའི་ཕྱིར་སེམས་རྣམས་ནི་རང་གི་གནས་ལ་བརྟེན་པ་ཡིན་གྱི། སེམས་ལས་བྱུང་བའི་གནས་ལ་རྟེན་པ་མ་ཡིན་པས་རྟེན་གྱི་སྒོ་ནས་སེམས་ལས་བྱུང་བའི་རྗེས་སུ་འབྲང་བ་མ་ཡིན་ལ། སེམས་བྱུང་རྣམས་ནི་རང་གང་གི་འཁོར་དུ་སྐྱེས་པའི་སེམས་དེའི་གནས་ལ་རྟེན་པ་ཡིན་པས་དེའི་ཕྱིར་རྟེན་མཚུངས་པའི་སྒོ་ནས་ཀྱང་སེམས་ཀྱི་རྗེས་སུ་འབྲང་བ་ཞེས་བྱའོ། །དེ་བཞིན་དུ་རྣམ་པར་ཤེས་པ་རྣམས་ནི་དམིགས་པ་སོ་སོར་ངེས་པའི་ཕྱིར་རང་དབང་བའི་ཡུལ་ལ་དམིགས་པ་ཡིན་གྱི་སེམས་ལས་བྱུང་བ་དག་གི་ཡུལ་དམིགས་པ་མ་ཡིན་ལ་སེམས་ལས་བྱུང་བ་དག་ལ་ནི་དམིགས་པ་སོ་སོར་ངེས་པ་མེད་པས་རང་དབང་བའི་ཡུལ་མེད་ལ་དེའི་ཕྱིར་སེམས་གང་ལ་དམིགས་པའི་ཡུལ་དེ་ཉིད་ལ་དམིགས་པས་དམིགས་པ་མཚུངས་པའི་སྒོ་ནས་ཀྱང་སེམས་ཀྱི་རྗེས་འབྲང་བ་ཡིན་ནོ། །

རྣམ་པར་ཤེས་པ་རྣམས་ནི་དམིགས་པ་སོ་སོར་ངེས་པས་དེའི་ཕྱིར་རྣམ་པ་ཡང་སོ་སོར་ངེས་པ་ཡིན་ལ། སེམས་ལས་བྱུང་བ་དག་ལ་ནི་དམིགས་པ་མ་ངེས་པས་རྣམ་པ་ཡང་མཐའ་གཅིག་ཏུ་ངེས་པ་མེད་ལ། དེའི་ཕྱིར་སེམས་ཀྱི་རྣམ་པའི་རྗེས་སུ་འབྲང་བ་ཡིན་གྱི་སེམས་ནི་སེམས་ལས་བྱུང་བའི་རྣམ་པའི་རྗེས་སུ་འབྲང་བ་མ་ཡིན་ནོ། །རྣམ་པ་མཚུངས་པའི་དབང་དུ་བྱས་ནས་དེ་སྐད་བཤད་ཀྱི་གཞན་དུ་ན་སེམས་ལས་བྱུང་བ་རྣམས་སེམས་ཀྱི་རྣམ་པའི་རྗེས་སུ་མི་འབྲང་བར་བཤད་ཀྱང་ཉེས་པ་མེད་དེ། རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པར་སེམས་དང་སེམས་ལས་བྱུང་བ་རྣམས་དམིགས་པ་གཅིག་ལ་རྣམ་པ་མི་འདྲ་བ་དུ་མ་ཡོངས་སུ་གཅོད་པར་ཡང་བཤད་པའི་ཕྱིར་རོ། །རྣམ་པར་ཤེས་པ་རྣམས་ནི་རྒྱུད་གཅིག་ལ་རིགས་མཐུན་རེ་རེ་ཁོ་ན་སྐྱེ་བས་རྫས་ངེས་པ་ཡིན་གྱི། སེམས་ལས་བྱུང་བ་དག་ནི་མ་ཡིན་ཏེ། རྣམ་པར་ཤེས་པ་རིགས་མི་མཐུན་དུ་མ་ཅིག་ཅར་སྐྱེ་བ་ན་དེ་དག་གི་འཁོར་དུ་ཚོར་བ་ལ་སོགས་པའི་སེམས་བྱུང་དུ་མ་ཡང་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་སེམས་ལས་བྱུང་བ་དག་ནི་དུས་དང་རྫས་ངེས་པས་ཀྱང་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་ནོ། །དེ་ལྟར་ན་སེམས་ལས་བྱུང་བ་རྣམས་ནི་རྟེན་མཚུངས་པ་ལ་སོགས་པ་རྣམ་པ་ལྔའི་སྒོ་ནས་སེམས་ཀྱི་རྗེས་སུ་འབྲང་བ་ཡིན་གྱི་སེམས་རྣམས་ནི་སེམས་ལས་བྱུང་བ་དག་གི་རྗེས་སུ་འབྲང་བ་མ་ཡིན། ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །

ད་ནི་སེམས་ལས་བྱུང་བ་འདི་དག་རྣམ་ཤེས་གང་གི་འཁོར་དུ་གང་འབྱུང་བ་དེ་དཔྱད་པར་བྱའོ། །དེ་ལ་རྣམ་པར་ཤེས་པའི་ཚོགས་བརྒྱད་ལ་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་སེམས་ལས་བྱུང་བ་དུ་ཞིག་འབྱུང་བ་ནི་དེ་དག་ཉིད་གཏན་ལ་འབེབས་པའི་ཐད་དུ་འཆད་པར་འགྱུར་རོ། །དེ་བས་ན་རྣམ་ཤེས་དྲུག་གི་འཁོར་དུ་གང་འབྱུང་བ་དེ་དཔྱད་དོ། །དེ་ལ་རྣམ་པར་ཤེས་པའི་ཚོགས་ལྔའི་འཁོར་དུ་འབྱུང་བའི་སེམས་ལས་བྱུང་བ་ནི་གཉིས་ཏེ། མཐུན་པར་རྟོགས་པའི་མཚུངས་པར་ལྡན་པ་དང་། ལྷན་ཅིག་འབྱུང་བའི་མཚུངས་པར་ལྡན་པའོ། །དེ་ལ་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱི་མཐུན་པར་རྟོགས་པའི་མཚུངས་པར་ལྡན་པའི་སེམས་ལས་བྱུང་བ་རྣམས་ནི་སེམས་པ་ལ་སོགས་པའི་ཀུན་དུ་འགྲོ་བ་ལྔ་ཁོ་ན་ཡིན་གྱི་གཞན་ནི་མ་ཡིན་ནོ། །ཞེས་བྱ་བ་འདི་ཁོ་བོས་ལུང་དང་རིགས་པ་ལས་རྟོགས་པ་ཡིན་ནོ། །

དེ་ལ་རེ་ཞིག་ལུང་ནི་རྣལ་འབྱོར་སྤྱོད་པའི་སར་དབང་ཤེས་ལྔའི་གྲོགས་སྟོན་པ་ན། གྲོགས་གང་ཞེ་ན། དེ་དང་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་སེམས་ལས་བྱུང་བའི་ཆོས་རྣམས་ཏེ། འདི་ལྟ་སྟེ། ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་པའོ། །ཞེས་བཤད་པའི་ཕྱིར་རོ། རིགས་པ་ནི་འདི་ལྟར་དབང་པོའི་རྣམ་པར་ཤེས་པ་རྣམས་ནི་ངོ་བོ་ཉིད་ཀྱིས་རྣམ་པར་མི་རྟོགས་པ་ཡིན་ལ། ཡུལ་ངེས་པ་དང་། དགེ་བ་དང་། ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་ལ་སོགས་པའི་སེམས་ལས་བྱུང་བ་ལྷག་མ་རྣམས་ནི་ཕལ་ཆེར་རྟོག་ཅིང་འཇལ་ལ། ངེས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཇི་ལྟར་ན་རྟོག་ཅིང་འཇལ་བ་ལ་སོགས་པའི་རྣམ་པ་ཅན་ཡིན་ཞེ་ན། དེ་ནི་རང་རང་གི་མཚན་ཉིད་ལ་ཚུལ་བཞིན་དུ་དཔྱད་པ་ལས་ཤེས་པར་འགྱུར་ཏེ། རེ་རེ་ནས་དཔྱད་ན་མངས་པར་འགྱུར་བའི་ཕྱིར་མི་སྤྲོ་ལ། ཆེ་ལོང་ཙམ་བསྟན་ན། འདོད་བྱའི་དངོས་པོར་རྟོགས་པ་མེད་པར་ནི་དེ་ལ་དྲན་པ་མེད་དོ། །འདིའོ་ཞེས་མཐའ་གཅིག་ཏུ་ངེས་པ་མེད་པར་ཡང་མོས་པ་མེད་དོ། །སྔར་མྱོང་བའི་དོན་ལ་རྟོག་པ་མེད་པར་ཡང་དེ་ཉིད་ཀྱི་བརྗོད་པའི་དྲན་པ་མེད་དོ། །སྐྱོན་དང་ཡོན་ཏན་སོ་སོར་རྣམ་པར་འབྱེད་པ་མེད་པར་ཡང་སྐྱོན་དང་ལྡན་པའི་ཡོན་ཏན་དང་ལྡན་པར་བརྟག་པར་བྱ་བའི་དངོས་པ་ལ་དམིགས་པའི་ཏིང་ངེ་འཛིན་དང་ཤེས་རབ་མེད་དོ། །དེའི་ཕྱིར་ཡུལ་སོ་སོར་ངེས་པ་དག་ནི་རྟོག་ཅིང་འཇལ་བའི་རྣམ་པ་ཅན་ཡིན་ནོ་ཞེས་བྱ་བར་ངེས་སོ། །

དད་པ་ལ་སོགས་པའི་དགེ་བ་དག་ཀྱང་ངེས་པའི་རྣམ་པ་ཅན་ཡིན་ཏེ། མ་དད་པ་ལ་སོགས་པ་ལོག་པའི་ཤེས་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །ཅི་སྟེ་དད་པ་ལ་སོགས་པ་འདི་དག་གིས་མ་དད་པ་ལ་སོགས་པའི་འཛིན་སྟངས་ཀྱིས་ལོག་ཕྱོགས་མཐའ་གཅིག་ཏུ་ངེས་པ་མ་ཡིན་ན་འདི་དག་དང་དེ་དག་འཛིན་སྟངས་འགལ་བ་མེད་པའི་ཕྱིར་རྒྱུད་གཅིག་ལ་ལྷན་ཅིག་ཏུ་སྐྱེ་བ་ལ་འགལ་བ་ཅི་ཞིག་ཡོད། མ་དད་པ་ལ་སོགས་པའི་ཉོན་མོངས་ཅན་དེ་དག་དང་ལྷན་ཅིག་ཏུ་སྐྱེ་ན་ཡང་དད་པ་ལ་སོགས་པ་དེ་དག་ལ་ཇི་ལྟར་ན་དགེ་བ་ཞེས་གདགས། དེའི་ཕྱིར་དད་པ་ལ་སོགས་པའི་དགེ་བ་དག་ཀྱང་ངེས་པའི་རྣམ་པ་ཅན་ཡིན་ནོ། །

འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་ཀྱང་རང་གི་གཉེན་པོའི་འཛིན་སྟངས་ཀྱི་ལོག་ཕྱོགས་ལ་རྟོག་ཅིང་འཇལ་ལ་ངེས་པའི་རྣམ་པ་ཅན་མ་ཡིན་ན་ཇི་ལྟར་རང་གི་གཉེན་པོ་སྐྱེ་བ་ལ་གེགས་བྱེད་པར་འགྱུར།གཞན་ཡང་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ནི་ཡུལ་དང་ལྟ་བ་དང་བདེན་པའི་རྣམ་པ་ཅི་རིགས་པ་ལ་ཕྱིན་ཅི་ལོག་ཏུ་ཞུགས་པའི་ཕྱིར་ཡང་། དེ་དག་ནི་རྟོག་ཅིང་འཇལ་བའི་རྣམ་པ་ཅན་ཡིན་ནོ། །དེ་ལྟ་ན་རྣམ་པར་ཤེས་པའི་ཚོགས་ལྔ་པོ་མཚུངས་ལྡན་གྱི་དགེ་བ་དང་མི་དགེ་བར་ཇི་ལྟར་འགྱུར་ཏེ། དགེ་བ་དང་མི་དགེ་བའི་སེམས་ལས་བྱུང་བ་དག་དང་མཚུངས་པར་མི་ལྡན་པའི་ཕྱིར་རོ་ཞེ་ན། སྨྲས་པ་དབང་པོའི་རྣམ་པར་ཤེས་པ་རྣམས་དགེ་བ་དང་ཉོན་མོངས་ཅན་དུ་འགྱུར་བ་ནི་མཐུན་པར་རྟོགས་པའི་མཚུངས་ལྡན་གྱི་དབང་གིས་འགྱུར་བ་མ་ཡིན་གྱི་ལྷན་ཅིག་འབྱུང་བའི་མཚུངས་པར་ལྡན་པའི་དབང་གིས་འགྱུར་བ ཡིན་ནོ། །དེ་ལ་མཐུན་པ་རྟོགས་པའི་མཚུངས་པར་ལྡན་པ་ནི་ཇི་སྐད་བཤད་པའི་མཚུངས་ལྡན་རྣམས་ལྔས་སེམས་དང་མཚུངས་པར་ལྡན་པ་ཡིན་ནོ། །

ལྷན་ཅིག་འབྱུང་བའི་མཚུངས་པར་ལྡན་པར་ནི་སྤྱིར་རྒྱུད་གཅིག་གི་ཕུང་པོ་ཁམས་དང་སྐྱེ་མཆེད་སྐྱེ་བ་དང་འགག་པ་དང་གནས་པའི་ངང་གཅིག་པ་རྣམས་ཡིན་ཡང་། སེམས་དང་སེམས་ལས་བྱུང་བའི་དབང་དུ་བྱས་ན། རྒྱུད་གཅིག་གིས་སེམས་དང་སེམས་ལས་བྱུང་བ་དམིགས་པ་གཅིག་ལ་དུས་གཅིག་ཏུ་འཇུག་པ་རྣམས་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་རྣམས་དགེ་བ་དང་ཉོན་མོངས་ཅན་དུ་བྱེད་པའི་སེམས་ལས་བྱུང་བ་དེ་དག་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་འབྱུང་ངོ་། །ཡིད་ཀྱི་རྣམ་པར་ཤེས་པ་དེ་ཡང་ཚོལ་བ་དང་། ངེས་པའི་རྣམ་པ་ཅན་གཉིས་ཡིན་ལ། དང་པོ་ནི་འདི་ཅི་ཞེས་ཚོལ་བའི་རྣམ་པར་ཞུགས་པ་ཡིན་ལ། གཉིས་པ་ནི་འདིའོ་ཞེས་ངེས་པའི་རྣམ་པར་ཞུགས་པ་ཡིན་ནོ། །དགེ་བ་དང་ཉོན་མོངས་ཅན་གྱི་སེམས་ལས་བྱུང་བ་དག་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་པའི་འཁོར་དུ་འབྱུང་བ་ཡིན་ནོ། །དགེ་བ་དང་ཉོན་མོངས་ཅན་གཉིས་ནི། རྣམ་པར་རྟོག་པ་དང་། སྔོན་གྱི་འཕེན་པའི་རྒྱུ་གཉིས་ལས་འབྱུང་སྟེ། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྒྱུ་གཉིས་ཀས་དགེ་བ་དང་མི་དགེ་བར་འགྱུར་ལ། རྣམ་པར་ཤེས་པའི་ཚོགས་ལྔར་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཕེན་པའི་དབང་ཁོ་ནས་འགྱུར་བ་ཡིན་གྱི་རྣམ་པར་རྟོག་པས་ནི་མ་ཡིན་ཏེ་དེ་ལ་རྣམ་པར་རྟོག་པ་མེད་པའི་ཕྱིར་རོ། །

དེ་ལྟར་ཡང་རྣལ་འབྱོར་སྤྱོད་པའི་སར། དེ་ལ་ཉོན་མོངས་པ་ཅན་དང་། དགེ་བའི་ཆོས་གཉིས་ནི་རྒྱུ་གཉིས་པོ་རྣམ་པར་རྟོག་པ་དང་སྔོན་གྱི་འཕེན་པས་འབྱུང་བར་འགྱུར་ཏེ། དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ནི་རྒྱུ་གཉིས་ཀས་འབྱུང་ངོ་། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་ནི་སྔོན་གྱི་འཕེན་པ་ཁོ་ནས་འབྱུང་ངོ་། །ཉོན་མོངས་པ་ཅན་དང་། དགེ་བའི་ཡིད་ཀྱི་རྣམ་པར་ཤེས་པའི་འཕེན་པས་དེ་མ་ཐག་ཏུ་མིག་ལ་སོགས་པའི་རྣམ་པར་ཤེས་པ་ལ་ཉོན་མོངས་པ་ཅན་དང་། དགེ་བའི་ཆོས་འབྱུང་བར་འགྱུར་གྱི་རྣམ་པར་རྟོག་པས་ནི་མ་ཡིན་ཏེ། དེ་དག་ནི་རྣམ་པར་མི་རྟོག་པའི་ཕྱིར་རོ། །དེ་ཉིད་ཀྱི་ཕྱིར་མིག་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་ཡིད་ཀྱི་རྣམ་པར་ཤེས་པའི་པའི་རྗེས་སུ་འཇུག་པ་ཞེས་བྱའོ། །ཞེས་བཤད་པ་ཡིན་ནོ། །

ཇི་ལྟར་ན་དབང་པོའི་རྣམ་པར་ཤེས་པ་རྣམས་ཡིད་ཀྱི་རྣམ་པར་ཤེས་པའི་འཕེན་པས་དགེ་བའི་ཉོན་མོངས་ཅན་དུ་འགྱུར་རོ་ཞེ་ན། དེ་ལ་ཐོག་མར་མིག་གི་རྣམ་པར་ཤེས་པས་གཟུགས་མཐོང་ངོ་། །དེའི་འོག་ཏུ་འདི་ཅི་ཞིག་ཚོལ་བའི་རྣམ་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དང་པོ་སྐྱེ་བའོ། །དེའི་འོག་ཏུ་གཟུགས་སྡུག་པའི་ཞེའམ་མི་སྡུག་པའི་ཞེས་ངེས་པའི་རྣམ་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་སུ་སྐྱེའོ། །དེའི་ཚེ་ཡུལ་དེ་ཉིད་སྡུག་པའི་རྣམ་པ་ཅན་དུ་ངེས་ན་ནི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་པ་འདོད་ཆགས་ལ་སོགས་དང་མཚུངས་པར་ལྡན་ནོ། །འོན་ཏེ་མི་སྡུག་པའི་རང་བཞིན་ཅན་དུ་ངེས་ན་ནི་ཞེ་སྡང་ལ་སོགས་པ་དང་མཚུངས་པར་ལྡན་པར་སྐྱེའོ། །མཁན་པོའམ་སློབ་དཔོན་ནམ་གཞན་ཡང་དེ་དང་ཡོན་ཏན་མཚུངས་པའི་བཤེས་གཉེན་དག་གི་གཞན་གྱི་མདངས་མཐོང་བའི་སྐད་ཀྱི་མདངས་ཐོས་པའི་ཚེ་རྣམ་པར་བྱང་བ་དང་རྗེས་སུ་མཐུན་པའི་རྣམ་པར་ངེས་པ་ན་ཡིད་ཀྱི་རྣམ་པར་ཤེས་པ་དད་པ་ལ་སོགས་པའི་དགེ་བ་རྣམས་དང་མཚུངས་པར་ལྡན་པར་སྐྱེའོ། །དེའི་ཚེ་དགེ་བའི་ཉོན་མོངས་ཅན་དུ་སྐྱེས་པའི་ཡིད་ཀྱི་རྣམ་ཤེས་ངེས་པ་དེའི་དབང་གིས་དེ་འདྲེན་པར་བྱེད་པའི་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱང་དགེ་བ་དང་ཉོན་མོངས་ཅན་ཞེས་བྱ་ལ། དེའི་དུས་ཀྱི་ཡིད་ཤེས་འཁོར་གྱི་དད་པ་ལ་སོགས་པ་དགེ་བ་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དག་དང་དབང་པོའི་རྣམ་པར་ཤེས་པ་དེ་དག་ནི་ལྷན་ཅིག་འབྱུང་བའི་མཚུངས་པར་ལྡན་པ་ཡིན་ནོ། །

དེ་ལྟ་བུའི་དགེ་བའམ་ཉོན་མོངས་ཅན་གྱི་སེམས་ལས་བྱུང་བ་དེ་དག་གིས་རང་དང་མཚུངས་པར་ལྡན་པའི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ་ཉོན་མོངས་པ་ཅན་དུ་བྱེད་པ་ནི་རིགས་ན། དབང་པོའི་ཤེས་པ་ནི་ཅི་ལྟར་ན། དེ་དང་དེར་བྱེད་པ་ཡིན་ཞེ་ན། གང་གི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ་ཉོན་མོངས་པ་ཅན་དུ་གྱུར་བ་ན་དེ་དང་ལྷན་ཅིག་ཡུལ་གཅིག་ལ་འཇུག་པའི་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱང་དེའི་གཞན་དབང་དུ་གྱུར་པའི་ཕྱིར་རམ་ཡང་ན་དགེ་བའམ་ཉོན་མོངས་ཅན་དུ་གྱུར་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་དག་ཀྱང་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱིས་དེ་དག་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡུལ་ཡོངས་སུ་བཅད་པའི་མཐུ་ལས་བྱུང་བས་དེའི་ཕྱིར་དབང་པོའི་རྣམ་པར་ཤེས་པ་རྣམས་ལ་ཡང་དགེ་བ་དང་ཉོན་མོངས་ཅན་ཞེས་བྱའོ། །དེའི་ཕྱིར་དབང་པོའི་རྣམ་པར་ཤེས་པ་ནི་དགེ་བ་དང་ཉོན་མོངས་ཅན་དང་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་དང་གསུམ་དུ་འགྱུར་ལ། དེ་དག་གི་འཁོར་དུ་ལྷན་ཅིག་འབྱུང་བའི་མཚུངས་ལྡན་གྱི་དབང་དུ་བྱས་ན་སེམས་ལས་བྱུང་བ་དུ་ཞིག་གང་གིས་འཁོར་དུ་འབྱུང་བ་ན། མ་སྒྲིབ་ལུང་མ་བསྟན་གྱི་འཁོར་དུ་ཡུལ་ངེས་པ་དག་ལ་འདུན་པ་དྲན་པ་དང་མོས་པ་རྣམས་འབྱུང་བ་སྲིད་དོ། །

ཡིད་དུ་འོང་བའི་གཟུགས་མཐོང་ནས་དེ་དོན་དུ་གཉེར་བའི་འདུན་པ་དང་སྔར་མཐོང་བའི་གཟུགས་དང་རིགས་མཐུན་པ་འགའ་ཞིག་མཐོང་ནས་སྔར་གྱི་དེ་འདིའོ་ཞེས་དྲན་པ་དང་། སྔར་སྒྲོ་འདོགས་ཆོད་པའི་གཟུགས་འགའ་ཞིག་མཐོང་བ་ན་སླར་ཡང་དེ་ལྟར་ངེས་པའི་མོས་པ་རྣམས་སྐྱེ་བའི་ཕྱིར་རོ། །གཟུགས་སོགས་ཀྱི་ཡུལ་རྣམས་ཀྱི་རང་བཞིན་སོ་སོར་འབྱེད་པའི་ཤེས་རབ་ཀྱང་སྐྱེ་སྲིད་ལ་ཏིང་ངེ་འཛིན་བསམ་གཏན་གྱི་སྡུས་པ་ནི་ཁ་ནང་དུ་ལྟས་པའི་ཕྱིར་དང་། དབང་ཤེས་ལྔ་ནི། ངོ་བོ་ཉིད་གཡེང་བ་ཡིན་པའི་ཕྱིར་མི་འབྱུང་ངོ་། །འདོད་པའི་རྩེ་གཅིག་པ་ཙམ་འབྱུང་བ་ཡང་སྲིད་ལ། གཞན་འགྱུར་དག་ལས་རྟོག་དཔྱོད་དང་། འགྱོད་པ་རྣམས་འབྱུང་སྲིད་ལ། གཉིད་ནི་ཁ་ནང་དུ་ལྟས་ཏེ་འཇུག་པས་ཕྱིའི་ཡུལ་རྣམས་ལ་མི་དམིགས་པའི་ཕྱིར་མི་འབྱུང་ངོ་། །

དགེ་བ་དང་ཉོན་མོངས་ཅན་རྣམས་ནི་རྣམ་པ་ཐམས་ཅད་དུ་མི་འབྱུང་བར་ཤེས་པར་བྱའོ། །མ་སྒྲིབ་ལ་ལུང་མ་བསྟན་གྱི་འཁོར་དུ་འབྱུང་བ་དེ་དག་ནི་དགེ་བ་དང་ཉོན་མོངས་ཅན་གྱི་འཁོར་དུ་ཡང་འབྱུང་བར་ཤེས་པར་བྱའོ། །དབང་པོའི་ཤེས་པ་དགེ་བའི་འཁོར་དུ་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་མ་གཏོགས་པ་གཞན་རྣམས་འབྱུང་བ་སྲིད་དོ། །དེ་རྣམས་ནི་གཟུགས་སོགས་ཡུལ་རྣམས་ལ་དམིགས་པ་སྲིད་པའི་ཕྱིར་རོ། །ཅིའི་ཕྱིར་ཤིན་ཏུ་སྦྱངས་པ་དང་བཏང་སྙོམས་གཉིས་མི་འབྱུང་ཞེ་ན། དེ་དག་ནི་ཏིང་ངེ་འཛིན་གྱི་སྒྲུབ་པས་ཁ་ནང་དུ་བལྟས་ཏེ་འཇུག་པ་ཡིན་པའི་ཕྱིར་གཟུགས་སོགས་ཕྱི་རོལ་གྱི་ཡུལ་ལ་དམིགས་པ་མ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་དབང་པོའི་རྣམ་པར་ཤེས་པ་དག་གི་འཁོར་དུ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དྲུག་ལས་ལྟ་བ་དང་ང་རྒྱལ་དང་ཐེ་ཚོམ་རྣམས་ནི་རྣམ་པ་ཀུན་ཏུ་མི་འབྱུང་སྟེ། དེ་དག་ནི་གཟུགས་སོགས་ཡུལ་རྣམས་ལ་མི་དམིགས་པས་དབང་པོའི་ཤེས་པའི་རྗེས་སུ་མི་འབྲང་བའི་ཕྱིར་རོ། །

དེ་ཡང་འདི་ལྟར་འཇིག་ཚོགས་ལ་ལྟ་བ་དང་། མཐར་འཛིན་པར་ལྟ་བ་དང་། ང་རྒྱལ་རྣམས་ནི་བདག་ལ་དམིགས་པས་ཁ་ནང་དུ་བལྟས་པའི་ཕྱིར་དང་། ལྟ་བ་མཆོག་ཏུ་འཛིན་པ་ནི་ལྟ་བ་དེ་དག་ལ་དམིགས་པའི་ཕྱིར་དང་། ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་འཛིན་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་བདག་འདག་པ་འགྲོལ་བར་འཛིན་པ་ཉིད་ཀྱིས་དག་བྱེད་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་། དག་བྱ་བདག་ལ་དམིགས་པའི་ཕྱིར་དང་། ལོག་ལྟ་དང་། ཐེ་ཚོམ་དང་། དབང་པོའི་ཡུལ་དུ་མི་རུང་བའི་བདེན་པ་དང་ལས་འབྲས་དང་། དཀོན་མཆོག་སོགས་ལ་དམིགས་པའི་ཕྱིར་རོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཞན་གསུམ་ནི་གཟུགས་སོགས་ཡུལ་ལ་ལོགས་པར་ཞུགས་པས་དེ་དག་ནི་འཁོར་དུ་འབྱུང་ལ་གཞན་བདེན་པ་ལ་ལོག་པར་ཞུགས་པ་མཐོང་སྤང་གི་ཆ་རྣམས་ནི་གཏན་མི་འབྱུང་བར་ཤེས་པར་བྱའོ། །ཉེ་བའི་ཉོན་མོངས་པ་དག་ལ་ཡང་ཡུལ་ལ་ལོགས་པར་ཞུགས་པའི་དུག་གསུམ་གྱི་ཆ་ལ་བཏགས་པ་རྣམས་འབྱུང་ལ་གཞན་རྣམས་མི་འབྱུང་བར་ཤེས་པར་བྱའོ། །ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་ཡང་གཉིས་ཏེ་ངེས་པ་དང་མ་ངེས་པའོ། །དང་པོ་ཀུན་འགྲོ་ལྔ་སྟེ། དེ་དག་ནི་དུས་ཀུན་ཏུ་འབྱུང་བའི་ཕྱིར་རོ། །

གཉིས་པ་ནི་ལྷག་མ་རྣམས་ཏེ། རེས་འགའ་འབྱུང་བའི་ཕྱིར་རོ། །ཡིད་ཀྱི་རྣམ་པར་ཤེས་པ་ཡང་དབང་ཤེས་ལྟར་གསུམ་སྟེ། འདི་ལྟར། མ་སྒྲིབས་ལུང་མ་བསྟན་གྱི་འཁོར་དུ་ནི་ཀུན་འགྲོ་ལྔ་དང་། ཡུལ་ངེས་ལྔ་དང་། གཞན་འགྱུར་རྣམས་འབྱུང་བར་འགྱུར་རོ། །དགེ་བའི་འཁོར་དུ་ནི་དད་པ་ལ་སོགས་པ་དགེ་བ་རྣམས་འབྱུང་ངོ་། །ཉོན་མོངས་པ་ཅན་གྱི་འཁོར་དུ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་འབྱུང་བར་འགྱུར་རོ། །དེ་ལྟར་ཡང་རྣལ་འབྱོར་སྤྱོད་པའི་ས་ལས་ཡིད་ཀྱི་རྣམ་པར་ཤེས་པའི་གྲོགས་ཀྱི་དབང་དུ་བྱས་ནས། ཇི་སྐད་དུ། གྲོགས་གང་ཞེ་ན། འདི་ལྟ་སྟེ། ཡིད་ལ་བྱེད་པ་དང་། རེག་པ་དང་། ཞེས་པ་ནས་། རྟོག་པ་དང་། སྤྱོད་པ་དང་། དེ་ལྟ་བུའི་ཆ་དང་མཐུན་པ་སེམས་ལས་བྱུང་བའི་ཆོས་ལྷན་ཅིག་འབྱུང་ཞིང་མཚུངས་པར་ལྡན་པ་རྣམས་ནི་གྲོགས་ཞེས་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་ཀྱང་མཐུན་པར་རྟོགས་པའི་མཚུངས་ལྡན་གྱི་དབང་དུ་བྱས་པ་ཡིན་གྱི་ལྷན་ཅིག་འབྱུང་བ་ཙམ་གྱིས་ནི་མ་ཡིན་ནོ། །དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་ནི་ཅི་རིགས་པར་སེམས་ལས་བྱུང་བའི་ཆོས་རྣམས་ཀུན་འབྱུང་ངོ་ཞེས་བསྟན་པ་ཡིན་ནོ། །སེམས་ལས་བྱུང་བ་དེ་དག་ཀྱང་ས་གང་ན་དུ་ཞིག་ཡོད་ཅེ་ན། འདོད་པ་ཁམས་ན་ནི་ཀུན་ཏུ་འབྱུང་བའི་ཚུལ་གྱིས་ཐམས་ཅད་ཡོད་ལ་སས་སྡུས་པའི་ཚུལ་གྱིས་ནི་ཏིང་ངེ་འཛིན་དང་ཤིན་ཏུ་སྦྱངས་པ་མཚན་ཉིད་པ་མེད་དམ་སྙམ་ཏེ་དཔྱད་པར་བྱའོ། །གཞན་རྣམས་སས་བསྡུས་པའི་ཚུལ་གྱིས་ཀྱང་ཡོད་པ་ཡིན་ནོ། །

བསམ་གཏན་དང་པོ་ཡན་ཆད་ན་ཞེ་སྡང་དང་དེའི་ཆ་ལ་བཏགས་པའི་ཉེ་བའི་ཉོན་མོངས་པ་ཁྲོ་བ་ལ་སོགས་པ་རྣམས་ནི་ཀུན་དུ་འབྱུང་བའི་ཚུལ་གྱིས་ཀྱང་མེད་དེ། ཀུན་ནས་མནར་སེམས་པའི་ངང་ཚུལ་ཅན་མ་ཡིན་པའི་ཕྱིར་ཏེ། རྒྱུད་ཞི་གནས་ཀྱིས་བརླན་པའི་ཕྱིར་རོ། །ངོ་ཚ་མེད་པ་དང་། ཁྲེལ་མེད་པ་ཡང་མེད་དེ། མི་དགེ་བ་མེད་པའི་ཕྱིར་རོ། །ཉེས་པ་མི་བྱེད་པས་དེ་བྱས་པའི་འཆབ་པ་ཡང་མེད་ལ། ཡོ་བྱད་ཡོངས་སུ་བཟུང་པ་མེད་པས་སེར་སྣ་ཡང་མེད་དོ། །ཏིང་ངེ་འཛིན་དང་ཤིན་ཏུ་འགལ་བའི་ཕྱིར་འགྱོད་པ་དང་གཉིད་དག་ཀྱང་མེད་དོ། །ཡང་ན་ཡིད་མི་བདེ་བ་མེད་པའི་ཕྱིར་འགྱོད་པ་མེད་ལ། ཁམ་ཟས་དང་། ལུས་སྙ་བ་ལ་སོགས་པ་གཉིད་ཀྱི་རྒྱུ་མེད་པའི་ཕྱིར་གཉིད་མེད་དོ། །བསམ་གཏན་དང་པོ་ན་འཁོར་གྱི་ཀུན་ཏུ་འཛིན་པ་ཡོད་པའི་ཕྱིར་དེ་འདྲིད་པའི་གཡོ་དང་རྒྱུ་ཡོད་ལ། གཉིས་པ་ཡན་འཆད་ན་མེད་དོ་ཞེས་ཟེར་རོ། །ཁམས་གོང་གི་དཔྱད་པ་འདི་སློབ་དཔོན་འདིས་ཞིབ་ཏུ་བཤད་པ་མེད་པས་འཛོད་ཀྱི་བཤད་པ་ལྟར་དུ་གནས་སོ་གསུང་། གཉིས་པ་ཡན་ཆོད་ན་རྟོག་པ་དང་དཔྱོད་པ་ལས་སྡུས་པའི་ཚུལ་གྱིས་མེད་ཀྱི་ཀུན་དུ་འབྱུང་བའི་ཚུལ་གྱིས་མེད་པ་ནི་མ་ཡིན་ཏེ། ངག་སྨྲ་བརྗོད་ལ་སོགས་པ་ཡོད་པའི་ཕྱིར་རོ། །

སེམས་ལས་བྱུང་བ་འདི་དག་ལ་རྫས་སུ་ཡོད་པ་ནི་དུ་ཞིག་བཏགས་པའི་ཡོད་པ་ནི་དུ་ཞིག་ཡོད་ཅེ་ན། ཀུན་འགྲོ་ལྔ་པོ་དག་ནི་རྫས་སུ་ཡོད་པ་ཁོ་ན་ཡིན་ཏེ། འདི་དག་གི་རང་བཞིན་ནི་སེམས་ལས་བྱུང་བ་གཞན་དང་མ་འདྲེས་པར་རང་དབང་དུ་གནས་པའི་ཕྱིར་རོ། །ཡུལ་ངེས་པ་ལྔ་ཡང་རྫས་སུ་ཡོད་པ་ཡིན་ནོ། །དད་པ་ལ་སོགས་པའི་དགེ་བ་རྣམས་ཀྱང་བག་ཡོད་པ་དང་བཏང་སྙོམས་དང་། རྣམ་པར་མི་འཚེ་གཏི་མུག་མེད་པ་རྣམས་བཏགས་པར་ཡོད་པ་ཡིན་ལ། ལྷག་མ་རྣམས་ནི་རྫས་སུ་ཡོད་པ་ཡིན་ནོ། །ཉོན་མོངས་པ་དག་ལས་ལྟ་བ་ནི་ཤེས་རབ་ཀྱི་ཆ་ཡིན་པས་བཏགས་པར་ཡོད་པ་ཁོ་ན་ཡིན་ལ། གཞན་རྣམས་ནི་རྫས་སུ་ཡོད་པ་ཁོ་ན་ཡིན་ནོ། །ཉེ་བའི་ཉོན་མོངས་པ་དག་ནི་ཉོན་མོངས་པ་རྣམས་ཀྱི་ཆར་གཏོགས་པའི་ཕྱིར་བཏགས་པར་ཡོད་པ་ཁོ་ན་ཡིན་ལ། གཞན་དུ་འགྱུར་བ་རྣམས་ཀྱང་སེམས་པ་དང་ཤེས་རབ་ཀྱི་ཆ་ཡིན་པས་བཏགས་པར་ཡོད་པ་ཡིན་ནོ། །

ད་ནི་སེམས་ལས་བྱུང་བ་རྣམས་ཀྱི་སོ་སོའི་མཚན་ཉིད་བཤད་པར་བྱའོ། །དེ་ལ་སྡེ་ཚན་དྲུག་གི་དང་པོ། ཀུན་ཏུ་འགྲོ་བ་གསུམ་བསྟན་པར་བཞེད་ནས་སེམས་པ་གང་ཞེ་ན་ཞེས་གསུངས་ཏེ། འདི་དག་རེ་རེ་ཡང་མཚན་ཉིད་དང་བྱེད་ལས་གཉིས་གཉིས་ཀྱིས་ཤེས་པར་བྱའོ། །སེམས་མངོན་པར་འདུ་བྱེད་པ་ནི། ཁབ་ལེན་གྱི་དབང་གིས་ལྕགས་གཡོ་བ་ལྟར་གང་གི་དབང་གིས་དམིགས་པ་ལ་སེམས་གཡོ་བར་བྱེད་པ་སྟེ། ཇི་སྐད་དུ། སྐད་ཅིག་གཞན་དུ་མི་གནས་ཤིང་། །བྱེ་མེད་ཡིད་ཀྱང་གང་གིས་ན། །བྱེད་དང་བཅས་ལྟར་སྣང་བྱེད་པ། །སེམས་པ་དེ་ནི་ཡིད་ཀྱི་ལས། །ཞེས་གསུངས་པ་ལྟ་བུའོ། །ཡིད་ཀྱི་ལས་ཞེས་པ་ནི་སེམས་ལས་བྱུང་བ་གཞན་རྣམས་ཀྱིས་ཀྱང་སེམས་མངོན་པར་འདུ་བྱེད་པས་དེའི་ཕྱིར་གཞན་ལས་རྣམ་པར་དབྱེ་བའི་དོན་དུ་སྨོས་ཏེ། རྣམ་ཤེས་ཀུན་ཏུ་གཡོ་བ་ལྟར་བྱེད་པའི་ཆོས་གང་ཡིན་པ་དེ་ནི་སེམས་པ་ཡིན་གྱི། གཞན་ནི་མ་ཡིན་ནོ། །ཞེས་ཤེས་པར་བྱ་བའི་ཕྱིར་རོ། །བྱེད་ལས་ནི་དགེ་བ་སོགས་གསུམ་ལ་སེམས་འཇུག་པར་བྱེད་པའི་ལས་ཅན་ཏེ་སེམས་པའི་དབང་གིས་སེམས་ཡུལ་དེ་དང་དེ་ལ་གཡོ་བར་བྱེད་པའི་ཕྱིར་རོ། །

ཡིད་ལ་བྱེད་པའི་ངོ་བོ་ནི། སེམས་ཀྱི་འཇུག་པ་སྟེ་གང་གིས་དམིགས་པ་ལ་སེམས་མངོན་དུ་ཕྱོགས་པར་བྱེད་པའོ། །བྱེད་ལས་ནི་དམིགས་པ་ལ་སེམས་འཛིན་པའི་ལས་ཅན་ཏེ། དམིགས་པ་དེ་ཉིད་ལ་སེམས་ཀྱི་རྒྱུན་ཡང་དང་ཡང་དུ་གཏོད་པར་བྱེད་ཅེས་པའི་ཐ་ཚིག་གོ །བྱེད་ལས་འདི་ནི་མདོ་ལས་ཡིད་ལ་བྱེད་པ་ཐོབ་པ་ནི་ཏིང་ངེ་འཛིན་ཐོབ་པའོ། །ཞེས་གསུངས་པ་དཔེར་བརྗོད་པ་ཡིན་ལ། དེའི་ཕྱིར་ཡིད་ལ་བྱེད་པ་ཁྱད་པར་ཅན་ཏིང་ངེ་འཛིན་དང་མཚུངས་ལྡན་གྱི་བྱེད་ལས་ཀྱི་དབང་དུ་བྱས་པ་ཡིན་གྱི་ཀུན་གྱི་ནི་མ་ཡིན་ཏེ། ཡིད་ལ་བྱེད་པ་གཞན་རྣམས་ཀྱིས་ནི་སྐད་ཅིག་རེ་རེ་ཞིང་སེམས་དམིགས་པ་ལ་གཏོད་པར་བྱེད་པ་ཙམ་ཡིན་པའི་ཕྱིར་རོ། །

རེག་པའི་ངོ་བོ་ནི་ཡུལ་དང་དབང་པོ་དང་རྣམ་ཤེས་རྒྱུ་དང་འབྲས་བུའི་དངོས་པོར་འདུས་པ་ན། གང་གིས་དབང་པོའི་འགྱུར་བ་དང་འདྲ་བའི་བདེ་སོགས་མྱོང་བར་འགྱུར་བ་དང་རྗེས་སུ་མཐུན་པའི་ཡུལ་གྱི་རྣམ་པ་ཡོངས་སུ་གཅོད་པ་གང་ཡིན་པའོ། །དབང་པོའི་འགྱུར་པ་ནི་བདེ་བ་དང་སྡུག་བསྔལ་ལ་སོགས་པ་སྐྱེ་བ་དང་རྗེས་སུ་མཐུན་པའི་དབང་པོའི་བྱེ་བྲག་གོ །འདིའི་ལས་ནི་ཚོར་བ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ཏེ། ཡུལ་དབང་རྣམ་ཤེས་གསུམ་འདུས་ཏེ་ཡིད་དུ་འོང་བ་དང་མི་འོང་བ་དང་། བར་མར་གནས་པའི་ཡུལ་གསུམ་ཡོངས་སུ་བཅད་པ་ལས་སིམ་གདུང་བར་མའི་རྣམ་པ་ཅན་གྱི་མྱོང་བ་གསུམ་ངང་གིས་སྐྱེ་བའི་ཕྱིར་རོ། །དེ་སྐད་དུ་ཡང་མདོ་ལས། བདེ་བ་མྱོང་བར་འགྱུར་བའི་རེག་པ་ལ་བརྟེན་ནས་བདེ་བའི་ཚོར་བ་འབྱུང་ཞེས་གསུངས་པ་ཡིན་ནོ། །ཡུལ་སོ་སོར་ངེས་པ་རྣམས་འཆད་པ་སྐབས་སུ་བབ་པས་དེའི་ཕྱིར་འདུན་པ་གང་ཞེ་ན། ཞེས་སྨོས་སོ། །

དེ་ལ་འདུན་པའི་ངོ་བོ་ནི་གང་གིས་ལྟ་བ་དང་ཉན་པ་ལ་སོགས་པ་འདོད་པའི་དངོས་པོ་ལ་ལྟ་བ་ལ་སོགས་པ་དེ་དང་དེ་དང་ལྡན་པར་བྱེད་འདོད་ཅིང་དོན་དུ་གཉེར་བ་གང་ཡིན་པའོ། །གདོད་པའི་དངོས་པོ་ལ་ཅེས་མི་འདོད་པ་དང་བར་མ་ལ་འདུན་པ་མེད་པར་བསྟན་པས་འདུན་པ་ཡུལ་ངེས་པར་བསྟན་པ་ཡིན་ནོ། །འདིའི་ལས་བརྩོན་འགྲུས་རྩོམ་པའི་རྟེན་བྱེད་པས་ཏེ། གང་ལ་འདུན་པ་ཡོད་པ་དེ་ཉིད་སྦྱོར་བ་ལ་བརྩོན་པའི་ཕྱིར་རོ། །

མོས་པའི་ངོ་བོ་ནི། རིགས་པ་དང་ཡིད་ཆེས་པའི་ལུང་ལས་མི་རྟག་པ་དང་སྡུག་བསྔལ་བ་ལ་སོགས་པར་ངེས་ཤིང་ཐེ་ཚོམ་མེད་པའི་དངོས་པོ་ལ་ཇི་ལྟར་ངེས་པ་བཞིན་དུ་འདི་ནི་དེ་བཞིན་ཡིན་གྱི་གཞན་དུ་མ་ཡིན་ནོ། །ཞེས་པའི་རྣམ་པ་དེ་ཉིད་ཀྱིས་སེམས་འཇོག་པར་བྱེད་པ་གང་ཡིན་པའོ། །འདི་ནི་མི་འཕྲོག་པ་ཉིད་ཀྱི་ལས་ཅན་ཏེ། མོས་པ་ཅེས་སུ་བྱེད་པ་ནི་ཕས་ཀྱི་རྒོལ་བ་རྣམས་ཀྱི་རང་གི་གྲུབ་པའི་མཐའ་ལས་མི་འཕྲོགས་ཤིང་རྣམ་པ་གཞན་དུ་བཀྲི་བར་མི་ནུས་པའི་ཕྱིར་རོ། །ངེས་པའི་དངོས་པོ་ལ་ཞེས་པས་ཡུལ་ངེས་པར་བསྟན་པ་ཡིན་ཏེ། མ་ངེས་པ་དང་ཐེ་ཚོམ་ཟ་བ་ལ་དེ་མེད་པའི་ཕྱིར་རོ། །

དྲན་པའི་ངོ་བོ་ནི། འདྲེས་པས་ཏེ་སྔར་ཉམས་སུ་མྱོང་པའི་དངོས་པོ་ལ་དམིགས་ནས་རྣམ་པ་སེམས་ཀྱི་བརྗེད་པ་མེད་པ་སྟེ། སྔར་བཟུང་བའི་དངོས་པོ་དེ་ཉིད་རྣམ་པ་ཡང་དང་ཡང་དུ་ཡིད་ལ་སེམས་པར་བྱེད་པ་གང་ཡིན་པའོ། །འདིར་འདྲིས་པའི་དངོས་པོ་ཞེས་པ་ཡུལ་ངེས་པར་བསྟན་ཏེ། མ་འདྲིས་པ་ལ་དེ་མེད་པའི་ཕྱིར་རོ། །སྔར་མྱོང་བའི་དངོས་པོ་ཡང་དང་ཡང་ཡིད་ལ་མངོན་པར་བརྗོད་ཅིང་སེམས་པར་བྱེད་པ་འདི་ཡོད་ན་དམིགས་པ་གཞན་དང་གཞན་ལ་སེམས་རྣམ་པར་གཡེང་བའི་གོ་སྐབས་མེད་པས་དེའི་ཕྱིར་འདི་ནི་རྣམ་པར་གཡེང་བ་མེད་པའི་ལས་ཅན་ཡིན་ནོ། །ཏིང་ངེ་འཛིན་གྱི་ངོ་བོ་ནི་ཡོན་ཏན་དང་ལྡན་པའི་སྐྱོན་དང་ལྡན་པར་བརྟག་པར་བྱ་བའི་དངོས་པོ་ལ་དམིགས་ནས་རྣམ་པ་དེ་ཉིད་ལ་སེམས་ཀྱི་རྒྱུན་འཇོག་པའི་སྒོ་ནས་རྩེ་གཅིག་ཏུ་བྱེད་པ་གང་ཡིན་པའོ། །དེ་ལ་བརྟགས་པར་བྱ་བའི་དངོས་པོ་ནི་བདེན་པ་བཞི་ལ་སོགས་པ་རྟོགས་པ་སྔོན་དུ་གཏོང་པ་དག་གི་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་ཐབས་སུ་བརྟག་པར་བྱ་བ་གང་ཡིན་པ་དེ། དེ་ཡང་འགོག་པ་དང་ལམ་གྱི་བདེན་པ་དག་ནི་ཞི་བ་ལ་སོགས་པ་དང་། ངེས་པར་འབྱིན་པ་ལ་སོགས་པའི་རྣམ་པར་བརྟགས་པའི་སྒོ་ནས་ཡོན་ཏན་དང་ལྡན་པ་ཡིན་ལ། སྡུག་བསྔལ་དང་ཀུན་འབྱུང་དག་ནི་མི་རྟག་པ་ལ་སོགས་པ་དང་། རྒྱུ་ཀུན་འབྱུང་ལ་སོགས་པའི་རྣམ་པས་སྐྱོན་དང་ལྡན་པར་བརྟག་པར་བྱ་བ་ཡིན་ནོ། །དེ་བཞིན་དུ་ས་གོང་མ་རྣམས་ནི་ཞི་བ་དང་འོག་མ་རྣམས་ནི་རགས་པའི་རྣམ་པ་ཅན་དང་། ལས་དགེ་བ་དག་ནི་བླང་བར་བྱ་བ་དང་། མི་དགེ་བ་རྣམས་དོར་བར་བྱ་བ་ལ་སོགས་པ་ཅི་རིགས་པར་ཤེས་པར་བྱའོ། །སེམས་མཉམ་པར་བཞག་ན་ཡང་དག་པར་ཇི་ལྟ་བ་བཞིན་དུ་ཡོངས་སུ་ཤེས་པའི་ཕྱིར་འདི་ནི་ཤེས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཤེས་རབ་ཀྱི་ངོ་བོ་ནི། བརྟག་པར་བྱ་བའི་དངོས་པོ་དེ་ཉིད་ལ་དམིགས་ནས་རྣམ་པ་རང་དང་སྤྱིའི་མཚན་ཉིད་ལྟ་བུར་བློ་ངོར་སྣང་བའི་ཆོས་རྣམས་ཡང་དག་པའམ། ལོག་པར་སོ་སོར་མ་འདྲེས་པར་རྣམ་པར་འབྱེད་ཅིང་རྟོག་པར་བྱེད་པ་གང་ཡིན་པའོ། །

དེ་ཡང་རིགས་པས་བསྐྱེད་པ་དང་། རིགས་མ་ཡིན་པས་བསྐྱེད་པ་དང་། དེ་དག་ལས་གཞན་པ་དང་རྣམ་པ་གསུམ་མོ། །དེ་ལ་ཡིད་ཆེས་པའི་ལུང་དང་། རྗེས་སུ་དཔག་པ་དང་། མངོན་སུམ་ཏེ་རྣམ་པ་དེ་གསུམ་གྱིས་བསྐྱེད་པ་གང་ཡིན་པ་ནི་རིགས་པས་བསྐྱེད་པའི་ཤེས་རབ་ཅེས་བྱའོ། །དེ་ཡང་ཐོས་པ་དང་བསམ་པ་དང་། སྒོམ་པ་ལས་བྱུང་བ་རྣམ་གསུམ་ཡིན་ལ། དེ་དག་ཀྱང་གོ་རིམ་བཞིན་དུ། ཡིད་ཆེས་པའི་ལུང་ཐོབ་པ་ལས་བྱུང་བ་དང་། རང་ཉིད་ཀྱི་རིགས་པས་བརྟགས་ཤིང་དཔྱད་པ་ལས་བྱུང་བ་དང་། ཡང་དག་པའི་ཏིང་ངེ་འཛིན་བསྒོམས་པའི་སྟོབས་ལས་བྱུང་བའི་ཤེས་རབ་རྣམས་ཡིན་ནོ། །

རིགས་པ་མ་ཡིན་པས་སྐྱེད་པ་ཡིན་པ་ནི། ཡིད་ཆེས་པ་མ་ཡིན་པ་དང་། རྗེས་སུ་དཔག་པ་ལྟར་སྣང་བ་དང་། ལོག་པར་བསམས་པའི་ཏིང་ངེ་འཛིན་ལས་བྱུང་བ་གང་ཡིན་པ་རྣམས་ཏེ། དེ་དག་ཀྱང་གོ་རིམ་བཞིན་དུ་ཕྱི་རོལ་པ་རྣམས་ཀྱི་ཐོས་པ་དང་བསམས་པ་ལས་བྱུང་བའི་ཤེས་རབ་གང་ཡིན་པ་དང་། དེ་དག་གི་རྟོག་གེ་ངན་པས་སྐྱེད་པའི་ཤེས་རབ་དང་། བསམ་གཏན་བསྒོམས་པའི་མཐུས་བདག་དང་འཇིག་རྟེན་རྟག་མི་རྟག་སོགས་སུ་འབྱེད་པར་བྱེད་པའི་ཤེས་རབ་རྣམས་ཡིན་ནོ། །

དེ་གཉིས་ཀ་མ་ཡིན་པ་ནི་སྐྱེ་བས་ཐོབ་པ་དང་། འཇིག་རྟེན་གྱི་ལུགས་ཤེས་པའི་ཤེས་རབ་གང་ཡིན་པའོ། །འདི་ནི་སོམ་ཉི་ཟློག་པའི་ལས་ཅན་ཡིན་ཏེ། ཤེས་རབ་ཀྱིས་ཆོས་རབ་ཏུ་རྣམ་པར་ཕྱེ་ནས་མཐའ་གཅིག་ཏུ་ངེས་པའི་ཕྱིར་རོ། །བརྟག་པར་བྱ་བའི་དངོས་པོ་ལ་ཞེས་པས། ཏིང་ངེ་འཛིན་དང་ཤེས་རབ་གཉིས་ཀ་ཡུལ་ངེས་པར་བསྟན་པ་ཡིན་ཏེ། བརྟག་བྱ་མ་ཡིན་པའི་དངོས་པོ་ལ་འདི་དག་འཇུག་པ་མེད་པའི་ཕྱིར་རོ། །ཡུལ་ངེས་པའི་འོག་ཏུ་དགེ་བ་རྣམས་འཆད་དགོས་པས་དེའི་ཕྱིར་དད་པ་གང་ཞེ་ན་ཞེས་སྨོས་སོ། །དེ་ཡང་རྣམ་པར་གཏན་ལ་དབབ་པ་སྡུ་བར། ཆོས་དེ་དག་ཇི་ལྟར་ཕན་ཚུན་མཚུངས་པར་ལྡན་པར་ལྟ་བར་བྱ་ཞེ་ན། སྨྲས་པ་ངེས་པའི་དུས་ན་ནི་དད་པ་དང་མཚུངས་པར་ལྡན་ནོ། །ཀུན་ནས་ཉོན་མོངས་པ་ལས་ལྡོག་པའི་དུས་ན་ནི་བདག་དང་གཞན་ལ་རྟེན་ནས་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་དང་ངོ་། །དགེ་བའི་ཕྱོགས་ཀྱི་ལས་ལ་འཇུག་པའི་དུས་ན་ནི་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པ་དང་། བརྩོན་འགྲུས་དང་ངོ་། །འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་དུས་ན་ནི་ཤིན་ཏུ་སྦྱངས་པ་དང་ངོ་། །འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་དུས་ན་ནི་བག་ཡོད་པ་དང་། བཏང་སྙོམས་དང་ངོ་། །སེམས་ཅན་ལ་ཕན་འདོགས་པའི་དུས་ན་ནི་རྣམ་པར་མི་འཚེ་བ་དང་། དེ་ནི་སྙིང་རྗེས་བསྡུས་པ་ཡིན་པའི་ཕྱིར་རོ། །ཞེས་པའི་རྗེས་སུ་འབྲངས་ནས་འདི་དག་སྡེ་དག་སྡེ་ཚན་དྲུག་ཏུ་སྡུས་ནས་བསྟན་པར་བྱའོ། །

དེ་ལ་རེ་ཞིག་ངེས་པའི་དུས་སུ་མཚུངས་པར་ལྡན་པ་དད་པ་ལ་རྣམ་པ་གསུམ་ཏེ། ཡོད་པ་ཡོན་ཏན་ཅན་ནམ་ཡོན་ཏན་ཅན་མ་ཡིན་པ་ལ་མངོན་པར་ཡིད་ཆེས་པའི་རྣམ་པ་དང་། ཡོད་པ་ཡོན་ཏན་ཅན་ལ་དང་བའི་རྣམ་པ་དང་། ཡོད་པ་ཡོན་ཏན་ཅན་བསྐྱེད་པའམ། ཐོབ་པར་ནུས་པ་ལ་འདོད་པའི་རྣམ་པ་ཅན་གྱི་དད་པ་རྣམས་སོ། །དེ་ལ་ཡོད་པ་རྣམས་ལ་ཡིད་ཆེས་པའི་དད་པ་གང་ཞེ་ན། བསོད་ནམས་ལ་སོགས་དགེ་བ་རྣམས་ཀྱི་འབྲས་བུ་ནི་འདོད་པའོ། །མི་དགེ་བ་རྣམས་ཀྱི་འབྲས་བུ་ནི་མི་འདོད་པའི་ཞེས་མངོན་པར་ཡིད་ཆེས་པ་དང་། སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱའོ་ཞེས་མངོན་པར་ཡིད་ཆེས་པ་གང་ཡིན་པའོ། །

ཡོན་ཏན་ཅན་ལ་དང་བའི་དད་པ་གང་ཞེ་ན། སངས་རྒྱས་དང་། ཆོས་དང་དགེ་འདུན་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་སྒོ་ནས་དེ་དག་ལ་སྤུ་ཟིང་ཞེས་བྱེད་པ་དང་། མིག་ནས་མཆི་མ་འབྱུང་བ་ལ་སོགས་པས་མཚོན་པའི་དང་བ་གང་ཡིན་པས་ཏེ། འདི་ནི། ནོར་བུ་ཆུ་དྭངས་བྱེད་ཀྱིས་ཆུའི་རྙོག་མ་སེལ་བ་ལྟར། འདིས་རང་གང་ལ་མཚུངས་པར་ལྡན་པའི་སེམས་དེ་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པའི་རྙོག་པ་སེལ་བར་བྱེད་པའི་སྒོ་ནས་སེམས་དང་བར་བྱེད་པའི་ཕྱིར་དང་བའི་དད་པ་ཞེས་བྱའོ། །

ནུས་པ་རྣམས་ལ་འདོད་པའི་དད་པ་ནི་སྡུག་བསྔལ་མ་ལུས་པ་འགགས་པའི་མཚན་ཉིད་ཅན་གྱི་འགོག་པ་ཐོབ་པར་འདོད་པ་དང་། དེའི་རྒྱུ་ལམ་མ་ལུས་པ་བསྐྱེད་པར་ནུས་སོ་སྙམ་དུ་འདོད་པ་གང་ཡིན་པའོ། །དེ་ལྟར་ན་འདོད་པའི་རྣམ་པ་ཡིན་པའི་ཕྱིར་སྲེད་པའི་འདུན་པ་གང་རུང་དུ་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ་སྲེད་པ་ནི་ཕྱིན་ཅི་ལོག་གི་ཀུན་ནས་སླང་བས་ཉོན་མོངས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡུལ་ལ་དམིགས་པ་ཡིན་ལ་དད་པ་རྣམ་པར་བྱང་བ་བསྐྱེད་པ་དང་རྗེས་སུ་མཐུན་པའི་ཡུལ་ལ་དམིགས་པ་ཡིན་པས་མཚུངས་པ་མ་ཡིན་ལ། འདུན་པ་ནི་དད་པ་ནི་སྔོན་དུ་འགྲོ་བ་ཡིན་པས་འདུན་པར་ཡང་མི་འགྱུར་རོ། །འདི་ནི་འདུན་པའི་རྟེན་བྱེད་པའི་ལས་ཅན་ཡིན་ཏེ། གང་ལ་དད་པ་དེ་ཉིད་ལ་དོན་དུ་གཉེར་བར་བྱེད་པའི་ཕྱིར་རོ། །

ཀུན་ནས་ཉོན་མོངས་པ་ལས་ལྡོག་པའི་དུས་སུ་མཚུངས་པར་ལྡན་པའི་ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་གཉིས་ལ་རེ་ཞིག་ངོ་ཚ་ཤེས་པ་ནི། བདག་གམ་ཆོས་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བ་ལུས་ངག་གི་ཉེས་པར་སྤྱོད་པས་འཛེམ་ཞིང་བག་འཁུམས་པར་འཇིགས་པར་ལྟ་བ་གང་ཡིན་པའོ། །དེ་ལ་བདག་རྒྱུ་མཚན་དུ་བྱས་པ་ནི་རིགས་དང་ཤེས་རྒྱ་དང་ཚུལ་ཁྲིམས་ལ་སོགས་པ་ཡོན་ཏན་གྱི་རྣམ་པ་འདི་ལྟ་བུ་དག་དང་ལྡན་པའི་བདག་ལྟ་བུས་སྡིག་པའི་རྣམ་པ་འདི་ལྟ་བུ་བྱ་བར་ག་ལ་རིགས་སྙམ་པའོ། །

ཆོས་རྒྱུ་མཚན་དུ་བྱས་པ་ནི་རྣམ་པར་སྨིན་པ་མི་འདོད་པ་འབྱུང་བ་དང་གཞན་ལ་གནོད་པ་བྱེད་པར་ཞུགས་པ་ནི་ཆོས་ལས་ཀྱང་སྨད་དོ། །སྙམ་པས་ཁ་ན་མ་ཐོ་བས་འཇིགས་པར་ལྟ་བ་གང་ཡིན་པའོ། །

ཁྲེལ་ཡོད་པ་ནི། ལུས་ངག་གི་བྱ་བ་ངན་པ་འདི་ལྟ་བུའི་ནི་འཇིག་རྟེན་ན་ཡང་སྨད་དོ། །དེའི་ཕྱིར་བདག་གི་འདི་ལྟ་བུ་བྱས་པར་ལ་ལས་རིག་ན་སྨོད་པར་འགྱུར་རོ་ཞེས་གཞན་རྒྱུ་མཚན་དུ་བྱས་ནས་ཁ་ན་མ་ཐོ་བས་འཛེམ་ཞིང་འཇིགས་པར་ལྟ་བ་གང་ཡིན་པའོ། །འདི་དག་གཉིས་ཀས་ཀྱང་། ཉེས་པར་སྤྱོད་པའི་རྐྱེན་ཉེ་བར་གནས་པ་དེ་ལས་ལྡོག་པར་བྱེད་པས་ཉེས་པར་སྤྱོད་པ་སྡོམ་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

དགེ་བ་ལ་འཇུག་པའི་དུས་སུ་མཚུངས་པར་ལྡན་པའི་མ་ཆགས་པ་ལ་སོགས་པ་བཞི་ལས། མ་ཆགས་པ་ནི་སྲིད་པའི་ལུས་དང་དེ་ལ་ཉེ་བར་འཁོ་བའི་ཡོ་བྱད་ཟས་གོས་ལ་སོགས་པ་རྣམས་ལ་ཆགས་པའི་གཉེན་པོར་གྱུར་པ་ནི་ཆགས་པ་མེད་པ་སྟེ། དེ་དག་ལ་ཡིད་འབྱུང་ཞིང་དང་དུ་མི་ལེན་པ་གང་ཡིན་པའོ། །ཆགས་པས་ཉེས་སྤྱོད་ཀྱི་རྒྱུ་བྱེད་ལ་འདིས་དེའི་གཉེན་པོ་བྱེད་པས་དེའི་ཕྱིར་འདི་ནི་ཉེས་པར་སྤྱོད་པ་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །འོག་མ་གཉིས་ལ་ཡང་དེ་བཞིན་དུ་སྦྱར་རོ། །

ཞེ་སྡང་མེད་པ་ནི། དགྲ་ལ་སོགས་པ་ཡིད་དུ་མི་འོང་བའི་སེམས་ཅན་དང་། རང་རྒྱུད་ཀྱི་ཚོར་བ་སྡུག་བསྔལ་དང་། དུག་མཚོན་ལ་སོགས་པ་གང་ལས་སྡུག་བསྔལ་འབྱུང་བའི་གནས་སུ་གྱུར་པའི་ཆོས་རྣམས་ལ་ཀུན་ནས་མནར་སེམས་པ་མེད་པ་བྱམས་པའི་བདག་ཉིད་གང་ཡིན་པའོ། །

གཏི་མུག་མེད་པ་ནི་གཏི་མུག་གི་གཉེན་པོར་གྱུར་པས་དེ་ཡང་དག་པ་ཕྱིན་ཅི་མ་ལོག་པར་རྟོགས་པའོ། །དེ་ཡང་ཤེས་པ་དང་སོ་སོར་བརྟགས་པའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ལ། ཤེས་པ་ནི་རྣམ་པར་སྨིན་པ་ལས་བྱུང་བ་དང་། ལུང་ལས་བྱུང་བ་དང་བསམས་པ་ལས་བྱུང་བ་དང་རྟོགས་པ་ལས་བྱུང་བའི་ཤེས་རབ་ཀྱི་བྱེ་བྲག་གིས་རྣམ་པ་བཞི་སྟེ། དེ་དག་ཀྱང་གོ་རིམ་བཞིན་དུ། སྐྱེ་བས་ཐོབ་པ་དང་། ཐོས་པས་ལས་འབྱུང་བ་དང་། བསམ་པ་ལས་བྱུང་བ་དང་། སྒོམ་པ་ལས་བྱུང་བའི་ཤེས་རབ་རྣམས་ཡིན་ནོ། །སོ་སོར་བརྟགས་པ་ནི་ཤེས་རབ་བརྟན་པ་དང་བཅས་པ་ཉིད་དོ། །བརྟན་པ་ཞེས་པ་ནི་ཤེས་རབ་དང་། བརྩོན་འགྲུས་དང་། ཏིང་ངེ་འཛིན་རྣམས་ཡིན་ལ། དེ་ལ་ཤེས་རབ་ཀྱིས་རྫས་གཉིས་མཚུངས་པར་ལྡན་པ་མི་སྲིད་པས་དེའི་ཕྱིར་ཏིང་ངེ་འཛིན་དང་བརྩོན་འགྲུས་དང་མཚུངས་པར་ལྡན་པའི་ཤེས་རབ་ལ་འདིར་སོ་སོར་བརྟགས་པ་ཞེས་བྱའོ། །བརྩོན་འགྲུས་ནི་དགེ་བ་སྒྲུབ་པ་ལ་སེམས་མངོན་པར་སྤྲོ་བ་ལེ་ལོའི་གཉེན་པོར་གྱུར་པའོ། །དགེ་བ་ཇི་ལྟ་བུ་ལ་སེམས་སྤྲོ་བ་ཡིན་ཞེ་ན། ཐོག་མར་དགེ་བ་སྒྲུབ་པར་འདོད་པའི་མཚན་ཉིད་ཅན་གྱི་གོ་ཆ་དང་དེའི་འོག་ཏུ་ཇི་ལྟར་གོ་ཆ་གྱོན་པ་ལྟར་དགེ་བ་བསྒྲུབ་པ་ལ་ཞུགས་པའི་སྦྱོར་བ་དང་། སྒྲུབ་བྱ་རྒྱ་ཆེན་པོ་ལ་སེམས་མི་ཞུམ་ཞིང་མི་འགོང་བ་དང་། མི་མཐུན་ཕྱོགས་ཀྱི་གནོད་པས་སྐྱེ་སྟེ་སྦྱོར་བ་ལས་མི་ལྡོག་པ་དང་། དགེ་བ་ཅུང་ཟད་ཀྱིས་ཆོག་པར་མི་འཛིན་པ་རྣམས་ལའོ། །ཡུལ་དེ་དག་ལ་མངོན་པར་སྤྲོ་བ་གང་ཡིན་པ་དེ་དག་ཀྱང་། གོ་རིམ་བཞིན་དུ། གོ་ཆ་དང་། སྦྱོར་བ་དང་། མི་འགོང་བ་དང་། མི་ལྡོག་པ་དང་། ཆོག་པར་མི་འཛིན་པའི་བརྩོན་འགྲུས་རྣམས་ཡིན་ནོ། །འདི་དག་ནི་དགེ་བའི་ཆོས་རྣམས་ལ་མཐུ་དང་ལྡན་པ། བརྩོན་འགྲུས་དང་ལྡན་པ། སྤྲོ་བ་དང་ལྡན་པ་དང་། བརྟུལ་བ་བརྟན་པ་བརྩོན་པ་མི་འདོར་བ་ཞེས་པའི་མདོའི་ཚིག་རྣམས་ཀྱི་རྗེས་སུ་འབྲངས་ཏེ་བཤད་པའོ། །འདི་དང་རྗེས་སུ་མཐུན་པར་མདོ་སྡེའི་རྒྱན་ལས་ཀྱང་ཐོག་མར་གོ་ཆའི་བརྩོན་འགྲུས་དེ་ནས་ནི། ཚུལ་བཞིན་རབ་ཞུགས་སྦྱོར་བའི་བརྩོན་འགྲུས་ཏེ། །མ་ཞུམ་མི་འཁྲུག་ཆོག་མི་ཤེས། །བརྩོན་འགྲུས། ཞེས་གང་གསུངས་པ་ཡིན་ནོ། །བརྩོན་འགྲུས་ནི་བྱ་བ་ལ་མངོན་པར་སྤྲོ་བའོ་ཞེས་པ་ཙམ་སྨོས་ན་མི་དགེ་བའི་བྱ་བ་ལ་མངོན་པར་སྤྲོ་བ་ཡང་བརྩོན་འགྲུས་སུ་ཐལ་བར་གྱུར་ན་མི་རུང་བས་དེའི་ཕྱིར་གོ་ཆ་ལ་སོགས་པའི་ཡུལ་ལ་སེམས་སྤྲོ་བ་ཞེས་ཁྱད་པར་དུ་བྱས་པ་ཡིན་ནོ། །མི་དགེ་བ་ལ་སྤྲོ་བ་ནི་སྨད་པར་བྱ་བ་ཉིད་ཀྱིས་ལེ་ལོ་ཉིད་ཡིན་གྱི་དགེ་བ་མ་ཡིན་ནོ། །ཉོན་མོངས་ཅན་རྣམས་ནི་ཤིན་ཏུ་གོམས་པའི་ཕྱིར་སྤྲོ་བར་བྱ་ཅི་དགོས་ཞེ་ན། ཕལ་ཆེར་ནི་དེ་ལྟར་ཡིན་མོད་ཀྱི་སྤྲོ་བ་ལ་ལྟོས་པ་ཡང་ཅུང་ཟད་ཡོད་པ་ཡིན་ནོ། །ཡོངས་སུ་རྫོགས་པར་བྱེད་པ་ནི་དངོས་གཞི་ལ་འཇུག་པ་ལྟ་བུའོ། །ཡོངས་སུ་སྒྲུབ་པ་ནི་དེ་ཉིད་ལེགས་པར་སྦྱངས་བ་བྱས་པ་ཉིད་དོ། །

འཇིག་རྟེན་པའི་འདོད་ཆགས་དང་བྲལ་བའི་དུས་སུ་མཚུངས་པར་ལྡན་པའི་ཤིན་ཏུ་སྦྱངས་པ་ནི། ལུས་ཀྱི་གནས་ངན་ལེན་ལུས་ལས་སུ་མི་རུང་བ་དང་། སེམས་ཀྱི་གནས་ངན་ལེན་ནི། གང་གིས་སེམས་ཏིང་ངེ་འཛིན་ལ་སོགས་པའི་དགེ་བའི་དམིགས་པ་ལ་བཀོལ་དུ་མི་རུང་བར་བྱེད་པའི་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་རྣམས་རྒྱུན་གཅོད་པའི་རྒྱུར་གྱུར་པ་གང་ཡིན་པའོ། །དེ་དག་ཀྱང་གང་ཞེ་ན། ལུས་དང་སེམས་ལས་སུ་རུང་བ་ཉིད་དོ། །དེ་ལ་ལུས་ལས་སུ་རུང་བ་ནི་ལུས་ཀྱི་བྱ་བ་ལྡང་བ་ཡང་བ་ལ་སོགས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་བཀོལ་དུ་རུང་བའོ། །

སེམས་ལས་སུ་རུང་བ་ནི། སེམས་ཇི་ལྟར་འདོད་པའི་དགེ་བའི་དམིགས་པ་ལ་བཀོལ་དུ་རུང་བའོ། །དེ་དག་ལ་གོ་རིམ་བཞིན་དུ། ལུས་ཤིན་ཏུ་སྦྱངས་པ་དང་། སེམས་ཤིན་ཏུ་སྦྱངས་པ་ཞེས་ཀྱང་བྱའོ། །ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ལུས་དང་སེམས་ལས་སུ་རུང་པ་ཉིད་ནི། ལུས་དང་སེམས་ཉིད་མ་ཡིན་ནམ་དེ་དག་ཇི་ལྟར་ན་སེམས་ལས་བྱུང་བར་འགྱུར་ཞེ་ན། ཤིན་ཏུ་སྦྱངས་པ་ནི་འདིས་ལུས་དང་སེམས་ལས་སུ་རུང་བར་བྱེད་པས་དེའི་ཕྱིར་དང་ལུས་དང་སེམས་ལས་སུ་རུང་བ་ཉིད་ཅེས་བྱའི། ལུས་དང་སེམས་ལས་སུ་རུང་བའི་རང་བཞིན་ནི་མ་ཡིན་ནོ། །དེའི་ཕྱིར་གང་དང་ལྡན་ན་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ལུས་སེམས་ལས་སུ་རུང་བ་འབྱུང་བའི་སེམས་ལས་བྱུང་བ་གང་ཡིན་པ་དེ་ལ་ནི་འདིར་ཤིན་ཏུ་སྦྱངས་པ་ཞེས་བསྟན་པ་ཡིན་ནོ། །འདིས་སེམས་དམིགས་པ་ལ་ཇི་ལྟར་འདོད་པ་བཞིན་དུ་བཀོལ་དུ་རུང་བར་བྱེད་པས་དེའི་ཕྱིར་འདི་ནི་ཉོན་མོངས་པ་ལ་སོགས་པའི་སྒྲིབ་པ་ཐམས་ཅད་སེལ་བའི་ལས་ཅན་ཡིན་ནོ། །

འཇིག་རྟེན་ལས་འདས་པའི་འདོད་ཆགས་དང་བྲལ་བའི་དུས་སུ་མཚུངས་པར་ལྡན་པའི་བག་ཡོད་དང་བཏང་སྙོམས་གཉིས་ལས། བག་ཡོད་པ་ནི་མ་ཆགས་པ་ནས་བརྩོན་འགྲུས་དང་བཅས་པ་ལ་གནས་ནས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དགེ་བའི་ཆོས་རྣམས་ཡང་དང་ཡང་མངོན་དུ་བྱེད་པའི་སྒོ་ནས་སྒོམ་པ་དང་ཟག་པ་དང་བཅས་པའི་ཆོས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དང་དེ་དག་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡུལ་རྣམས་ལ་སེམས་བསྲུང་ཤིང་བག་ཡངས་སུ་མི་གཏོང་བ་གང་ཡིན་པའོ། །དེས་ན་བརྩོན་འགྲུས་དང་བཅས་པའི་མ་ཆགས་པ་ལ་སོགས་པས་མི་དགེ་བ་སྤོང་ཞིང་དེའི་གཉེན་པོ་བསྒོམ་པར་བྱེད་པས་དེའི་ཕྱིར་དེ་དག་ལ་བག་ཡོད་པ་ཞེས་གདགས་སོ། །འཇིག་རྟེན་པའི་ཕུན་སུམ་ཚོགས་པ་ལུས་དང་ལོངས་སྤྱོད་ཁྱད་པར་ཅན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་བྱང་ཆུབ་རྣམ་པ་གསུམ་ལ་སོགས་པ་ནི་བརྩོན་འགྲུས་དང་བཅས་པའི་མ་ཆགས་པ་ལ་སོགས་པས་སྒྲུབ་ཅིང་ཡོངས་སུ་རྫོགས་པར་བྱེད་པས་དེའི་ཕྱིར་བག་ཡོད་པ་ནི། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པ་དང་། ཡོངས་སུ་སྒྲུབ་པའི་ལས་ཅན་ཡིན་ནོ། །བཏང་སྙོམས་ནི་གང་གིས་ཐོག་མར་སེམས་བྱིང་རྒོད་ཀྱིས་མི་མཉམ་པ་མེད་པར་བྱེད་པས་སེམས་མཉམ་ཉིད་དུ་བྱེད་པ་གང་ཡིན་པ་དང་། བར་དུ་མངོན་པར་འདུ་བྱེད་པ་མེད་པར་དམིགས་པ་ལ་རང་གི་ངང་གིས་འཇུག་པར་བྱེད་པའི་སྒོ་ནས་སེམས་རྣལ་དུ་འདུག་པ་ཉིད་དུ་བྱེད་པ་གང་ཡིན་པ་དང་། ཐ་མར་བྱིང་རྒོད་ཀྱི་གཉེན་པོ་ལ་རྩོལ་བ་མི་དགོས་པས་སེམས་ལྷུན་གྱིས་གྲུབ་པ་ཉིད་དུ་གནས་པར་བྱེད་པ་གང་ཡིན་པའོ། །དེ་ལ་སེམས་རྣལ་དུ་འདུག་པའི་དུས་ན་ནི་སྒོམས་ནས་རིང་པོ་མ་ལོན་པའི་ཕྱིར་བྱིང་བ་དང་རྒོད་པ་འབྱུང་གི་དགོས་པ་དང་ལྡན་པ་ཡིན་ལ། སེམས་ལྷུན་གྱིས་གྲུབ་པ་ཉིད་དུ་གནས་པ་ན་ནི། སྒོམ་པ་ཁྱད་ཞུགས་པས་མི་མཐུན་ཕྱོགས་ཐག་རིང་དུ་གྱུར་པའི་ཕྱིར་བྱིང་རྒོད་བྱུང་གི་དོགས་པ་མེད་ལ་དེའི་ཕྱིར་དེ་དག་གི་གཉེན་པོ་ལ་རྩོལ་བ་མི་དགོས་པ་ཡིན་ནོ། །སེམས་མཉམ་པ་ཉིད་ལ་སོགས་པ་ནི་སེམས་བཏང་སྙོམས་སུ་གནས་པའི་དོན་ཡིན་ལ། སེམས་ལས་བྱུང་བ་གང་གིས་སེམས་བཏང་སྙོམས་སུ་བྱེད་པ་གང་ཡིན་པ་དེ་ལ་བཏང་སྙོམས་ཞེས་བྱའོ། །སེམས་ཇི་སྐད་བཤད་པའི་བཏང་སྙོམས་ལ་གནས་པ་ན་ཆགས་སོགས་ཀུན་ནས་ཉོན་མོངས་པ་སྐྱེ་བའི་གོ་སྐབས་མེད་པས་དེའི་ཕྱིར་བཏང་སྙོམས་ནི་ཀུན་ནས་ཉོན་མོངས་པའི་གོ་སྐབས་མི་འབྱེད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །སེམས་ཅན་ལ་ཕན་འདོགས་པའི་དུས་སུ་མཚུངས་པར་ལྡན་པའི་རྣམ་པར་མི་འཚེ་བ་ནི་ཕ་རོལ་སྡུག་བསྔལ་བའི་ཁྱད་པར་མཐོང་ན་མི་བཟོད་པར་གྱུར་པ་སྙིང་རྗེ་བའི་སེམས་ཉིད་དོ། །དེ་ཡང་ཞེ་སྡང་མེད་པའི་ཆར་གཏོགས་པ་དེ་ཉིད་ཀྱིས་བཏགས་པར་ཡོད་པ་ཡིན་གྱི་རྫས་སུ་ནི་མ་ཡིན་ནོ། །དེ་དང་ལྡན་ན་གསོད་པ་དང་འཆིང་བ་ལ་སོགས་པས་ཐོ་མི་འཚམས་ཞིང་གཞན་ལ་གནོད་པ་མི་བྱེད་པ་དེའི་ཕྱིར་འདི་ནི་ཐོ་མི་འཚམ་པའི་ལས་ཅན་ཡིན་ནོ། །དགེ་བ་རྣམས་ཀྱི་འོག་ཏུ་ཉོན་མོངས་པ་རྣམས་སྐབས་སུ་བབ་པས་དེའི་ཕྱིར། འདོད་ཆགས་གང་ཞེ་ན་ཞེས་སྨོས་སོ། །

དེ་ཡང་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཉོན་མོངས་པ་རྣམས་ཀྱི་གནས་དུ་ཡོད་ཅེ་ན། སྨྲས་པ། དྲུག་སྟེ། མ་རིག་པ་དང་བཅས་ཤིང་ཡིད་དུ་འོང་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་མ་རིག་པ་དང་བཅས་ཤིང་ཡིད་དུ་མི་འོང་ལ་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་ཀུན་ནས་ཉོན་མོངས་པ་ཅན་གྱི་ཡུལ་དང་མ་རིག་པ་དང་བཅས་ཤིང་རང་གི་ཉེ་བར་ལེན་པའི་ཕུང་པོ་རྣམས་དང་སེམས་ཅན་དམན་པ་དང་མཚུངས་པ་དང་ཁྱད་པར་དུ་འཕགས་པ་རྣམས་དང་ཐོབ་པར་བྱ་བ་མ་ཐོབ་པ་ལ་ཕྱིན་ཅི་ལོག་དང་ཡོན་ཏན་ལ་ཕྱིན་ལོག་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་། མ་རིག་པ་དང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང་བཅས་ཤིང་དམ་པ་མ་ཡིན་པའི་ཆོས་ཉན་པ་དང་ལེ་ལོའོ། །

དེ་ལ་དང་པོ་ནི་ཕྲད་པར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །གཉིས་པ་ནི་འབྲལ་བར་མངོན་པར་དགའ་བ་ཉིད་ཀྱི་ཕྱིར་རོ། །གསུམ་པ་ནི་ཡུལ་ལ་ཕྱིན་ཅི་ལོག་པ་ཉིད་ཀྱི་ཕྱིར་རོ། །བཞི་པ་ནི་འགྲན་ཅིང་མངོན་པའི་ང་རྒྱལ་བྱེད་པ་ཉིད་ཀྱི་ཕྱིར་རོ། །ལྔ་པ་ནི་ལོག་པའི་ཆོས་ལ་མངོན་པར་ཞེན་ཅིང་སྒྲུབ་པའི་ཕྱིར་རོ། །དྲུག་པ་ནི་སྒྲུབ་པ་དང་ལྡོག་པར་མི་བྱེད་པའི་ཕྱིར་གནས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ལྟར་གནས་དྲུག་ལས་བྱུང་བའི་ཉོན་མོངས་པ་ཡང་དྲུག་གོ །

དེ་ལ་གནས་དང་པོ་ཕྲད་པར་མངོན་པར་དགའ་བ་ཉིད་ལས་བྱུང་བའི་འདོད་ཆགས་ནི་ཁམས་གསུམ་པའི་ལུས་དང་ལོངས་སྤྱོད་ལ་རྗེས་སུ་ཆགས་ཤིང་ཞེན་པས་འབྲལ་དཀའ་བར་གྱུར་པ་གང་ཡིན་པ་སྟེ། ཇི་ལྟར་འབྲུ་མར་ལ་སོགས་པ་སྣུམ་རྣམས་རས་ལ་སོགས་པའི་གནས་ལ་ཞུགས་པ་ནི་འབད་ཀྱང་དབྱུང་བར་དཀའ་བ་ལྟར་འདོད་ཆགས་ཀྱང་རང་གི་དམིགས་པ་ལ་ཞུགས་ཤིང་འཆེད་པ་ནི་འབད་པ་ཆེན་པོས་ཀྱང་དམིགས་པ་དེ་དང་འབྲལ་དཀའ་བས་དེའི་ཕྱིར་རྗེས་སུ་ཆགས་པ་ཞེས་སྨོས་སོ། །སྡུག་བསྔལ་ཉིད་གསུམ་དང་ལྡན་པས་ཁམས་གསུམ་གྱི་ཕུང་པོ་རྣམས་ནི་སྡུག་བསྔལ་ཡིན་ལ། སྡུག་བསྔལ་དེ་ཡང་འདོད་པ་དང་གཟུགས་དང་གཟུགས་མེད་པའི་སྲེད་པའི་དབང་གིས་འགྲུབ་པས་དེའི་ཕྱིར་འདོད་ཆགས་ནི་སྡུག་བསྔལ་བསྐྱེད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

གཉིས་པ་འབྲལ་བར་མངོན་པར་དགའ་བ་ཉིད་ལས་བྱུང་བའི་ཞེ་སྡང་ནི། ཡིད་དུ་མི་འོང་པའི་སེམས་ཅན་དང་སྡུག་བསྔལ་དང་། གང་ལས་སྡུག་བསྔལ་འབྱུང་བའི་གནས་ཀྱི་ཆོས་རྣམས་ལ་ཀུན་ནས་མནར་སེམས་ཤིང་གནོད་པ་བྱ་བར་སེམས་པ་གང་ཡིན་པའོ། །ཀུན་ནས་མནར་སེམས་པ་ཡོད་ན་གདོན་མི་ཟ་བར་ཡིད་མི་བདེ་འབྱུང་བས་སེམས་གདུང་བར་འགྱུར། སེམས་ཀྱི་རྗེས་སུ་འགྱུར་བའི་ཕྱིར་ལུས་ལ་ཡང་གདུང་བས་དེའི་ཕྱིར་བདེ་བ་ལ་རེག་པར་མི་གནས་པ་དང་། ཁོང་ཁྲོ་བ་དང་ལྡན་པ་ནི་ཉེས་པར་སྤྱོད་པ་གང་དང་ཡང་མི་རིང་བས་དེའི་ཕྱིར་ཉེས་པར་སྤྱོད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

གསུམ་པ་ཡུལ་ལ་ཕྱིན་ཅི་ལོག་པ་ཉིད་ལས་བྱུང་བའི་མ་རིག་པ་ནི་ཁམས་གསུམ་པ་རྣམས་ཀྱི་ལས་དང་འབྲས་བུ་དང་བདེན་པ་དང་དཀོན་མཆོག་ལ་སོགས་པ་མི་ཤེས་ཤིང་མི་རྟོགས་པ་གང་ཡིན་པའོ་དེ་ལ་འདིར་མ་རིག་པ་ཞེས་བྱ་བ་འདི་ཅི་རིག་པ་མེད་པ་ཙམ་ཡིན་ནམ། འོན་ཏེ་རིགས་པ་དང་གཞན་པ་ཙམ་ཡིན་ཞེ་ན། རིགས་པ་མེད་པ་ཙམ་ནི་མ་ཡིན་ཏེ། མ་རིག་དངོས་པོ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཉིས་པ་ཡང་མ་ཡིན་ཏེ། གཟུགས་ལ་སོགས་པ་ཡང་མ་རིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་མ་རིག་པ་ནི་རིག་པ་ཡེ་ཤེས་ཀྱི་འགལ་ཟླར་གྱུར་པ་ཡིན་ནོ། །

དེ་ཡང་ཉོན་མོངས་པ་ཅན་དང་ཉོན་མོངས་པ་ཅན་མ་ཡིན་པའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ལ། དང་པོ་ནི་ཐར་པ་ཐོབ་པ་ལ་གེགས་བྱེད་པ་ཡིན་ནོ། །གཉིས་པ་ནི་ཐམས་ཅད་མཁྱེན་པ་ལ་གེགས་བྱེད་པ་ཡིན་ནོ། །དང་པོ་ནི་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །གཉིས་པ་ནི་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །དང་པོ་ནི་གང་ཟག་གི་བདག་མེད་པ་རྟོགས་པས་སྤོང་བར་འགྱུར་རོ། །གཉིས་པ་ནི་ཆོས་ཀྱི་བདག་མེད་རྟོགས་པས་སྤོང་བར་འགྱུར་རོ། །དང་པོ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་དག་གི་སྒྲིབ་པ་མིན་ཏེ། འདིས་དེ་དག་གི་མངོན་པར་འདོད་པའི་དོན་མྱ་ངན་ལས་འདས་པ་ལ་སྒྲིབ་པར་བྱེད་པའི་ཕྱིར་རོ། །གཉིས་པ་ནི་ཐེག་པ་ཆེན་པོ་པ་དག་གི་སྒྲིབ་པ་ཡིན་ཏེ། འདིས་དེ་དག་གི་མངོན་པར་འདོད་པའི་དོན་ཐམས་ཅད་མཁྱེན་པ་ལ་གེགས་བྱེད་པའི་ཕྱིར་རོ། །དེ་ལ་གང་ཅི་ཡང་རུང་བཟུང་བ་དང་འཛིན་པ་ལ་སོགས་པའི་ཆོས་སུ་མངོན་པར་ཞེས་པ་ཇི་སྙེད་པ་དེ་དག་ནི་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་ཞེས་བྱའོ། །

ཅིའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པ་ཤེས་བྱ་ཞེ་ན། ཉོན་མོངས་པ་མ་ལུས་པར་སྤངས་པའི་དགྲ་བཅོམ་པ་སོགས་ལ་ཡང་འདི་ཡོད་པའི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པ་ཞེས་བྱ་ཞེ་ན། ཆོས་ཀྱི་གནས་ལུགས་མཐོང་བ་ལ་སྒྲིབ་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་མ་རིག་པའི་རང་བཞིན་ལ་ནི་ཆེན་པོ་དག་གི་བཞེད་པ་གཉིས་སུ་གྱུར་ཏེ་འདི་ལྟར། དཔལ་ལྡན་ཟླ་བ་གྲགས་པ་དང་། ཆོས་ཀྱི་གྲགས་པ་རྣམས་ནི་མདོ་སྡེ་ས་བཅུ་པ་དང་། ཟླ་བ་སྒྲོན་མའི་མདོ་ལ་སོགས་པའི་རྗེས་སུ་འབྲངས་ནས་ཕུང་པོ་ལ་བདག་དང་བདག་གིར་འཛིན་པའི་མཚན་ཉིད་ཅན་གྱི་འཇིག་ཚོགས་ལ་ལྟ་བ་ཉིད་ཉོན་མོངས་པ་ཅན་གྱི་མ་རིག་པར་བཞེད་པ་ཡིན་ཏེ། ཇི་སྐད་དུ་དབུ་མ་ལ་འཇུག་པར། ཉོན་མོངས་སྐྱོན་རྣམས་མ་ལུས་འཇིག་ཚོགས་ལ། །ལྟ་ལས་བྱུང་བར་བློའི་མཐོང་གྱུར་ན། །བདག་ནི་འདི་ཡི་ཡུལ་དུ་རྟོགས་བྱས་ནས། །རྣལ་འབྱོར་པ་ཡི་བདག་ནི་འགོག་པར་བྱེད། །ཞེས་གསུངས་ཤིང་། རྣམ་འགྲེལ་ལས་ཀྱང་། ཉེས་པ་རྣམ་པ་ཐམས་ཅད་དག །འཇིགས་ཚོགས་ལྟ་ལས་བྱུང་བ་ཡིན། །དེ་མ་རིག་དེ་དེ་ལ་ཆགས། །དེ་ལས་ཞེ་སྡང་ལ་སོགས་འབྱུང་། །དེ་ཉིད་ཀྱིས་ན་ཉེས་རྣམས་ཀྱི། །རྒྱུ་ནི་གཏི་མུག་ཡིན་པར་གསུངས། །ཞེས་དང་། ཉེས་ཀུན་དེའི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །ཞེས་པ་ལ་སོགས་པ་སྒྲུབ་བྱེད་དང་བཅས་ནས་འཆད་པ་ཡིན་ནོ། །ཐེག་པ་ཆེ་ཆུང་གི་ཆོས་མངོན་པ་དག་ནི་འཇིག་ལྟ་ཤེས་རབ་ཡིན་པས་སོ་སོར་རྟོག་ཅིང་འཇལ་བའི་རྣམ་པ་ཅན་ཡིན་ལ་དེའི་ཕྱིར་དམིགས་རྣམ་གསལ་བའི་རང་བཞིན་ཡིན་ལ་མ་རིག་པ་ནི་རྟོག་པ་མི་གསལ་བའི་ངོ་བོ་ཡིན་པས་དེ་དག་ནི་སེམས་ལས་བྱུང་བ་ཐ་དད་ཡིན་གྱི་གཅིག་མ་ཡིན་ནོ། །ཞེས་བཞེད་པ་ཡིན་ནོ། །གཞུང་འདིར་ནི་དེ་དག་དང་མཐུན་པར་རྣམ་པར་བཞག་པ་ཡིན་ནོ། །ཉོན་མོངས་པ་ཅན་གྱི་མ་རིག་པ་དེ་ཡང་ལས་འབྲས་ལ་རྨོངས་པ་དང་། དེ་ཁོ་ནའི་དོན་ལ་རྨོངས་པའི་བྱེ་བྲག་གིས་གཉིས་སོ། །དང་པོ་ནི་ལས་འབྲས་ཀྱི་འབྲེལ་པ་མི་ཤེས་པ་གང་ཡིན་པའོ། །གཉིས་པ་ནི་བདེན་པ་བཞིའི་ཆོས་ཀྱི་དེ་ཁོ་ཉིད་མི་ཤེས་པ་གང་ཡིན་པའོ། །དང་པོས་ནི་མངོན་པར་མཐོ་བའི་གོ་འཕང་ལ་སྒྲིབ་པར་བྱེད་དེ། གཉིས་པས་ནི་ངེས་པར་ལེགས་པའི་གོ་འཕང་ལ་སྒྲིབ་པར་བྱེད་དོ། །ཡང་ན་མ་འདྲེས་པའི་མ་རིག་པ་དང་། འདྲེས་པའི་མ་རིག་པ་གཉིས་ཡིན་ནོ། །རྨོངས་པར་གྱུར་ན་གནས་ལུགས་ལ་ཕྱིན་ཅི་ལོག་ཏུ་སྒྲོ་འདོགས་པ་དང་འཐའ་གཉིས་སུ་རྟོག་པ་རྣམས་འབྱུང་ཤིང་། འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་རྣམས་ཀྱང་གནས་ལུགས་མི་ཤེས་པ་ལས་བྱུང་བས་དེའི་ཕྱིར་མ་རིག་པ་ནི། ཕུང་པོ་ལ་སོགས་པའི་ཆོས་རྣམས་ལ་ལོག་པར་ངེས་པ་དང་། ཐེ་ཚོམ་དང་། ཀུན་ནས་ཉོན་མོངས་པ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

བཞི་པ་འགྲན་ཅིང་མངོན་པའི་ང་རྒྱལ་བྱེད་པ་ལས་འབྱུང་བའི་ང་རྒྱལ་ནི་འཇིག་ཚོགས་ལ་ལྟ་བའི་བདག་པོའི་རྐྱེན་ལ་རྟེན་ནས་བདག་རིགས་དང་ཤེས་བྱ་དང་དབང་ཕྱུག་ལ་སོགས་པ་ཆོས་ཀྱི་སྒོ་ནས་སེམས་ཁེངས་ཤིང་འཐོན་པོའི་རྣམ་པར་བྱེད་པ་གང་ཡིན་པ་སྟེ། དེ་ནི་སེམས་ཁེངས་པའི་ངོ་བོར་བྱེ་བྲག་མེད་ཀྱང་སེམས་ཁེངས་པའི་རྒྱུའི་བྱེ་བྲག་ལས་ང་རྒྱལ་རྣམ་པ་བདུན་དུ་འགྱུར་རོ། །འདིས་ནི་བླ་མ་དང་བླ་མ་དང་འདྲ་བའི་ཡོན་ཏན་ཅན་རྣམས་ལ་འགྱིང་ཞིང་ལུས་དང་ངག་གི་སྲིད་ཞུ་མི་བྱེད་པས་མི་གུས་པ་དང་། དེའི་དབང་གིས་གཞན་ཁྱད་དུ་གསོད་པ་ལ་སོགས་པ་ལུས་ངག་གི་ཉེས་སྤྱོད་ལ་འཇུག་པས་དེའི་ཕྱིར་ཡང་སྲིད་པར་སྡུག་བསྔལ་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །དེ་ལྟར་ཡང་སྤྱོད་འཇུག་ལས། ངན་འགྲོར་ང་རྒྱལ་གྱིས་འཁྲིད་ཅིང་། །མིའི་དགའ་སྟོན་བཅོམ་པ་དང་། །གཞན་གྱི་ཟན་ཟའི་བྲན་དང་ནི། །གླེན་དང་མི་སྡུག་ཅན་དུ་འགྱུར། །ཅེས་གང་གསུངས་པ་ཡིན་ནོ། །

དྲུག་པ་སྒྲུབ་པ་དང་ལྡོག་པར་མི་བྱེད་པའི་ཐེ་ཚོམ་ནི་བདེན་པ་དང་ལས་འབྲས་དང་དཀོན་མཆོག་རྣམས་ལ་ཡོད་མེད་དང་ཡིན་མིན་སོགས་ཀྱི་རྣམ་པར་ཡིད་གཉིས་ཟ་བ་གང་ཡིན་པའོ། །ཐེ་ཚོམ་འདི་ལ་ཡང་ཉོན་མོངས་པ་དང་། ཉོན་མོངས་ཅན་མ་ཡིན་པའི་བྱེ་བྲག་གིས་རྣམ་པར་གཉིས་ཡོད་ལ། ཉོན་མོངས་པ་ཅན་མ་ཡིན་པ་ཡང་བྱ་བའི་རྣམ་པ་གང་ཡང་རུང་བ་ལ་ཡིད་གཉིས་སུ་གྱུར་པ་དཔེར་ན་ཕྱོགས་འདི་ན་ལྷ་ཡོད་དམ་མེད་སྙམ་པ་ལྟ་བུ་ཏེ་དེ་དག་ནི་ཤེས་བྱའི་སྒྲིབ་པས་བསྡུས་པ་ཡིན་པས་ཉོན་མོངས་པ་ཞེས་མི་བྱའོ། །ཉོན་མོངས་པ་ཅན་ནི་ཇི་སྐད་བཤད་པའི་མཚན་ཉིད་ཅན་ཏེ། དེས་ནི་མཐོ་རིས་དང་ཐར་པའི་གེགས་བྱེད་པ་ཉིད་ཀྱིས་ཉེས་པ་ཆེ་བའི་ཕྱིར་ཉོན་མོངས་པ་ཅན་ཡིན་ནོ། །དེ་ཡང་ལས་འབྲས་དང་དཀོན་མཆོག་ལ་ཐེ་ཚོམ་ཟ་བས་ནི་མཐོ་རིས་ཀྱི་གེགས་སུ་འགྱུར་ལ། བདེན་པའི་རྣམ་པ་དག་ལ་ཐེ་ཚོམ་ཟ་བ་ནི་ཐར་པའི་གེགས་སུ་འགྱུར་བ་ཡིན་ནོ། །ལས་འབྲས་དང་བདེན་སོགས་ལ་ཐེ་ཚོམ་ཟ་ན་མཐོ་རིས་དང་ཐར་པའི་དོན་དུ་དེ་དག་ལ་བླང་དོར་དང་ཚུལ་བཞིན་ཡིད་ལ་བྱེད་པ་སོགས་ལ་མི་འཇུག་པས། དེའི་ཕྱིར་ཐེ་ཚོམ་ནི་མཐོ་རིས་དང་ཐར་པའི་ཐབས་སུ་གྱུར་པའི་དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

ལྔ་པ་ལོག་པའི་ཆོས་ལ་མངོན་པར་ཞེན་ཅིང་སྒྲུབ་པའི་རྒྱུ་ཅན་གྱི་ལྟ་བ་ལ་ཡང་ལྟ་བའི་ངོ་བོ་བཤད་པ་དང་། ཁྱད་པར་བཤད་པ་གཉིས་ལས། དང་པོ་ལ། ལྟ་བ་འདི་དག་ཀྱང་། ཤེས་རབ་ཉོན་མོངས་ཅན་དུ་བྱེ་བྲག་མེད་ཀྱང་དམིགས་པ་དང་རྣམ་པའི་བྱེ་བྲག་གིས་ཐ་དད་པར་བསྟན་པའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ལ་སོགས་པ་ལྔར་ཕྱེ་བ་ཡིན་ནོ། །དེ་ལ་འཇིག་ཚོགས་ལ་ལྟ་བ་ནི། མདོ་ལས་དགེ་སྦྱོང་དང་བྲམ་ཟེ་གང་ལ་ལ་དག་བདག་དང་བདག་གིར་རྗེས་སུ་ལྟ་བ་དེ་དག་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་འདི་དག་ལའོ། །ཞེས་གསུངས་པ་ལྟར། དམིགས་པ་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དམིགས་ནས་རྣམ་པ་ལོངས་སྤྱོད་པ་པོར་འཛིན་པའི་སྒོ་ནས་བདག་དང་ལོངས་སྤྱད་བྱར་འཛིན་པའི་སྒོ་ནས་བདག་གི་བར་ཡང་དག་པར་རྗེས་སུ་ལྟ་བ་གང་ཡིན་པའོ། །དེ་ཡང་རང་གི་ཕུང་པོ་ལ་བདག་ཏུ་ལྟ་བ་ན་བུ་དང་ཆུང་མ་ལ་སོགས་གཞན་གྱི་ཕུང་པོ་ལ་ནི་བདག་གི་བར་འཛིན་པར་བྱེད་དོ། །གང་གི་ཚེ་རང་གི་ཕུང་པོའི་ཕྱོགས་གཅིག་ལ་བདག་ཏུ་ལྟ་བ་དེའི་ཚེ་ན་དེ་ལས་གཞན་པ་རྣམས་ལ་ནི་བདག་གི་ལྟ་བར་བྱེད་དེ། དཔེར་ན་གྲངས་ཅན་ལ་སོགས་པ་བདག་ཤེས་པར་འདོད་པ་དག་གིས་སེམས་དང་སེམས་ལས་བྱུང་བས་བསྡུས་པའི་ཕུང་པོ་རྣམས་ལ་བདག་ཏུ་ལྟ་བ་ན་མིག་ལ་སོགས་པ་གཟུགས་ཀྱི་ཕུང་པོ་རྣམས་ལ་ནི་བདག་གི་བར་ལྟ་བར་བྱེད་ལ། བྱེ་བྲག་པ་ལ་སོགས་པ་བདག་བེམས་པོར་འདོད་པ་དག་གིས་མིག་ལ་སོགས་པ་གཟུགས་ཀྱི་ཕུང་པོ་ལ་བདག་ཏུ་སྒྲོ་འདོགས་པ་དེའི་ཚེ་ནི་མིང་གཞིའི་ཕུང་པོ་ལ་བདག་གི་བར་འཛིན་པར་བྱེད་དོ། །ཡང་དག་པར་རྗེས་སུ་ལྟ་བ་དེའི་མིང་གི་རྣམ་གྲངས་ནི་བཟོད་པ་དང་། ཞེས་པ་ལ་སོགས་པས་ཏེ། དེ་ལ་མོས་ཤིང་མི་སྐྲག་པའི་ཕྱིར་བཟོད་པའོ། །དོན་དུ་གཉེར་བས་ན་འདོད་པའོ། །རབ་ཏུ་རྣམ་པར་འབྱེད་པས་བློ་གྲོས་སོ། །ངེས་པ་ཐོབ་པས་རྟོག་པའོ། །ཡོན་ཏན་དུ་འཛིན་པས་ལྟ་བའོ། །ཡང་ན་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མས་བཤད་དོ། །

ཅིའི་ཕྱིར་འཇིག་ཚོགས་ལ་ལྟ་བ་ཞེས་བྱ་ཞེ་ན། འདིའི་དམིགས་ཡུལ་ཉེ་བར་ལེན་པའི་ཕུང་པོ་ལྔ་ནི་སོ་སོ་རང་གི་ངང་གིས་འཇིག་ཅིང་ཆ་ཤས་དུ་མ་བསགས་པའི་རང་བཞིན་ཡིན་པས་འཇིག་ཚོགས་ཞེས་བྱ་ལ། འཇིག་ཅིང་ཚོགས་པའི་ངང་ཅན་གྱི་ཡུལ་ལ་དམིགས་ནས་འཇིག་ཚོགས་མ་ཡིན་པའི་རྣམ་པར་ལྟ་བས་དེའི་ཕྱིར་འཇིག་ཚོགས་ལྟ་བ་ཞེས་བྱའོ། །འཇིག་ཚོགས་ལ་ལྟ་བ་ཞེས་པའི་མིང་ཉིད་ཀྱིས་འདིའི་ཡུལ་བདག་མ་ཡིན་པར་བསྟན་པ་ཡིན་ནོ། བདག་ནི་རྟག་པ་དང་གཅིག་པུའི་རང་བཞིན་ཅན་དུ་བདག་ཏུ་སྨྲ་བ་རྣམས་ཁས་ལེན་པའི་ཕྱིར་རོ། །

འཇིག་ཚོགས་ལ་ལྟ་བ་དེ་ཡང་། ལྷན་ཅིག་སྐྱེས་པ་དང་། ཀུན་བརྟགས་པའི་བྱེ་བྲག་གིས་རྣམ་པ་གཉིས་ཡིན་ནོ། །དང་པོ་ནི་ཐོག་མ་མེད་པ་ནས་གོམས་པའི་སྟོབས་ཀྱིས་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དག་ལ་ཡང་བདག་བདེ་བར་གྱུར་ཅིག་སྡུག་བསྔལ་བར་མ་གྱུར་ཅིག་སྙམ་པའི་བློ་རང་གི་ངང་གིས་རྗེས་སུ་འབྲེལ་བར་འབྱུང་བ་གང་ཡིན་པའོ། །དེ་ལྟར་ཡང་རྣམ་འགྲེལ་ལས། བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པས་ན། །ངའོ་སྙམ་པའི་བློ་གང་སྟེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ཡིན་ནོ། །

ཀུན་བརྟགས་པ་ནི་བཤེས་གཉེན་ངན་པས་བསྟན་པའི་གྲུབ་པའི་མཐའ་ལ་ཐོས་བསམ་བྱས་པའི་སྟོབས་ཀྱིས་ཕུང་པོ་དང་གཅིག་གམ་ཐ་དད་པའི་བདག་ཡོད་པར་བཟུང་ནས་དེ་ཡང་བརྟགས་པའི་ཆད་པའམ་ཡོན་ཏན་དང་ལྡན་པའམ། ཡོན་ཏན་མེད་པ་ལ་སོགས་པའི་ངོ་བོར་སྒྲོ་བཏགས་པ་གང་ཡིན་པའོ། །སྔ་མ་ནི་ཐོག་མ་མེད་པ་ནས་གོམས་པའི་སྟོབས་ཀྱིས་སེམས་ཅན་ཀུན་ལ་རྗེས་སུ་ཞུགས་པས་དེའི་ཕྱིར་ལྷན་ཅིག་སྐྱེས་པ་ཞེས་བྱ་ལ། ཕྱི་མ་ནི་རྐྱེན་གྱི་སྟོབས་ཀྱིས་འགའ་ཞིག་ལ་བློ་བུར་དུ་འབྱུང་བས་དེའི་ཕྱིར་ཀུན་ནས་བཏགས་ཞེས་བྱའོ། །དེ་ལ་འཇིག་ལྟ་ལྷན་སྐྱེས་ཀྱི་ཡུལ་ནི་སེམས་ཅན་དང་གང་ཟག་དང་སྐྱེས་བུ་ཞེས་པ་རྣམས་ཡིན་པས་ཀུན་རྫོབ་ཏུ་ཡོད་པ་ཡིན་ལ། གཞན་དུ་ན་གང་ཟག་དང་སེམས་ཅན་ལ་སོགས་པའི་ཐ་སྙད་མི་འཐད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཟག་དང་སེམས་ཅན་ཞེས་བྱ་བ་འདི་ཅི་ཞེ་ན། འདི་དག་ནི་ཐོག་མ་མེད་པ་ནས་མ་རིག་པའི་རབ་རིབ་ཀྱིས་བསླད་པའི་འཇིག་རྟེན་པ་དག་གི་ཐ་སྙད་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བ་ཡིན་གྱི་རིགས་པའི་རྗེས་སུ་འབྲང་ནས་འདིའོ་ཞེས་སུ་ཞིག་གི་བསྟན་པར་ནུས། དེའི་ཕྱིར་གང་དག་ཕུང་པོའི་རྒྱུན་གང་ཟག་ཡིན་ཞེས་སྨྲ་བ་དང་། གཞན་དག་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུན་དུ་སྨྲ་བ་ལ་སོགས་པ་ནི་བདེ་བར་གཤེགས་པའི་བསྟན་པའི་སྙིང་པོ་བདག་མེད་པའི་དོན་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ཏེ། འདི་ལྟར་དེ་དག་གིས་ནི་ཀུན་གཞི་དང་ཕུང་པོ་ལྔ་པོ་ཉིད་བདག་ཏུ་ཁས་བླངས་པ་ཡིན་ཏེ། བདག་དང་གང་ཟག་དང་སེམས་ཅན་དང་སྐྱེས་བུ་ལ་སོགས་པ་ནི་རྣམ་གྲངས་ཡིན་པའི་ཕྱིར་རོ། །

དེ་ལྟར་ན་ཉན་ཐོས་འཕགས་པ་དག་གིས་བདག་མེད་པ་མངོན་སུམ་དུ་མཐོང་ངོ་ཞེས་པ་མི་འཐད་པར་འགྱུར་ཏེ། དེ་དག་གིས་ཕུང་པོའམ་ཀུན་གཞི་རང་བཞིན་མེད་པར་མཐོང་བ་ནི་མེད་པའི་ཕྱིར་རོ། །བདག་ཏུ་འཛིན་པ་ཡང་སྒྲོ་བཏགས་པའི་སྤྱོད་ཡུལ་ཅན་མ་ཡིན་པར་རྫས་ཀྱི་སྤྱོད་ཡུལ་ཅན་དུ་འགྱུར་རོ། །དེ་བཞིན་གཤེགས་པས་ཕུང་པོ་རྣམས་ལ་བདག་སེལ་བ་ཡང་མི་འཐད་པར་འགྱུར་རོ། །གང་ཟག་ཀུན་རྫོབ་ཏུ་ཡོད་དོ་ཞེས་ཁྱོད་ཀྱིས་ཀྱང་སྨྲས་པ་མ་ཡིན་ནམ། དེ་ལྟ་ན་ཕུང་པོ་དང་། གཅིག་གམ་ཐ་དད་གང་དུ་གནས་ཀྱང་རུང་སྟེ། ཕུང་པོ་བདག་ཏུ་སྨྲ་བའམ། ཡང་ན་ནི། བདག་ཏུ་སྨྲ་བ་དག་གི་རྗེས་སུ་འབྲངས་པར་འགྱུར་རོ་ཞེ་ན། ཁོ་བོས་ནི་གང་ཟག་ཀུན་རྫོབ་ཏུ་ཡོད་དོ་ཞེས་སྨྲས་ཀྱི་དེ་ཕུང་པོ་དང་རྫས་གཅིག་གམ། གཞན་དུ་ཡོད་དོ་ཞེས་ནི་མ་སྨྲས་སོ། །དེ་ཅིའི་ཕྱིར་ཞེ་ན། རྫས་གཅིག་དང་ཐ་དད་སྨྲས་ན་ནི་གང་ཟག་ཀུན་རྫོབ་པ་ཡིན་ནོ། །ཞེས་སྨྲས་པ་ནི་ཚིག་ཙམ་དུ་འགྱུར་གྱི། གཞན་དུ་ན་གང་ཟག་རྫས་སུ་ཡོད་པ་ཁོ་ནར་ཁས་བླངས་པར་འགྱུར་བ་ཡིན་ནོ། །དེ་ལྟ་ན་ཡང་བརྗོད་དུ་མེད་པའི་གང་ཟག་ཏུ་སྨྲ་བ་དག་གི་རྗེས་སུ་འབྲངས་པ་མ་ཡིན་ནམ་ཞེ་ན། ཅི་སྟེ་གང་ཟག་རྫས་སུ་ཡོད་པར་ཁས་བླངས་ཤིང་དེ་ཡང་ཕུང་པོ་དང་དེ་ཉིད་དང་གཞན་དུ་མ་གྲུབ་པར་སྨྲས་ན་ནི་བདེན་པ་ཞིག་ན་ཁོ་བོ་ནི་གང་ཟག་ཅེས་བྱའི་རྫས་ཅུང་ཟད་ཀྱང་ཁས་མི་ལེན་ན། གང་ཟག་རྫས་སུ་སྨྲ་བ་དེ་དག་དང་མཚུངས་པའི་གོ་སྐབས་ག་ལ་ཡོད། ཀུན་རྫོབ་ཏུ་ཡོད་པ་ནི་བློས་ཡོད་པར་སྒྲོ་བཏགས་པ་ཙམ་ཡིན་གྱི་དོན་ལ་མི་གནས་པས་རིགས་པས་དཔྱད་ན་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་པ་ཡིན་ཏེ། འདི་ལྟར་ཤིང་རྟ་ནི་ཀུན་རྫོབ་ཏུ་མེད་པ་མ་ཡིན་ཏེ། ཤིང་རྟ་འདྲེན་པར་བྱེད་དོ། །ཞེས་པ་ལ་སོགས་པའི་ཐ་སྙད་མཐོང་བའི་ཕྱིར་དང་། ཀུན་རྫོབ་ཏུ་ཡོད་པའི་དོན་ཡང་འཇིག་རྟེན་གྱི་ཐ་སྙད་ལ་གྲགས་པ་ཙམ་ལས་གཞན་མེད་པའི་ཕྱིར་རོ། །ཤིང་རྟ་དེ་ཡང་རང་གི་ཡན་ལག་གཟེར་བུ་དང་འཁོར་ལོ་དང་སྲོག་ཤིང་སོགས་དང་གཅིག་པ་ཡང་མ་ཡིན་ཏེ། ཡན་ལག་དེ་དག་སོ་སོར་གནས་པ་ལ་ཤིང་རྟའི་བློ་མི་འཇུག་པའི་ཕྱིར་རོ། །ཐ་དད་པ་ཡང་མ་ཡིན་ཏེ། ཡན་ལག་དེ་རྣམས་སོ་སོར་བསལ་བ་ན་ཤིང་རྟ་གཞན་མ་དམིགས་པའི་ཕྱིར་རོ། །ཡན་ལག་དེ་དག་ལྷན་ཅིག་ཏུ་ཚོགས་པའི་གནས་སྐབས་ན་ཡང་ཤིང་རྟ་རྫས་གཞན་སྐྱེ་བ་མ་ཡིན་ཏེ། དེའི་ཚེ་ཡང་ཡན་ལག་དག་ལས་གཞན་པའི་ཤིང་རྟ་མ་དམིགས་པའི་ཕྱིར་རོ། །

འོན་ཀྱང་ཡན་ལག་དེ་དག་ལྷན་གཅིག་ཏུ་ཚོགས་པ་ན་གཅིག་དང་ཐ་དད་གང་དུ་ཡང་མ་བརྟགས་པར་ཤིང་རྟའོ་སྙམ་པའི་བློ་སྐྱེ་བ་ན། དེའི་རྗེས་སུ་འབྲངས་ནས་ཤིང་རྟ་ཤིང་རྟ་ཞེས་པའི་ཐ་སྙད་རྗེས་སུ་འདོགས་པ་ཡིན་ནོ། །ཤིང་རྟ་བཞིན་དུ་གང་ཟག་ཀྱང་དཔྱད་ན་ཕུང་པོ་ལས་གཅིག་དང་ཐ་དད་གང་དུ་ཡང་གྲུབ་པ་མེད་ལ་འོན་ཀྱང་ཐོག་མ་མེད་པ་ནས་གོམས་པའི་སྟོབས་ཀྱིས་ཕུང་པོ་ལ་ངའོ་སྙམ་པའི་བློ་ངང་གི་སྐྱེ་བ་ན་བློ་དེའི་རྗེས་སུ་འབྲངས་ནས་གང་ཟག་དང་སེམས་ཅན་ལ་སོགས་པའི་ཐ་སྙད་འདོགས་པར་བྱེད་པ་ཡིན་ནོ། །དེ་བས་ན་གང་ཟག་དང་སེམས་ཅན་དང་ཤིང་རྟ་ལ་སོགས་པ་རྣམས་འཇིག་རྟེན་གྱི་ཐ་སྙད་ཀུན་རྫོབ་པ་རྣམས་ཀྱི་རྗེས་སུ་འབྲངས་ནས་རྟོགས་པར་བྱ་བ་ཡིན་གྱི་རིགས་པའི་རྗེས་སུ་འབྲངས་ནས་འདི་ཞེས་བསྟན་དུ་མེད་པ་ཁོ་ན་ཡིན་ནོ། །

འཇིག་ལྟ་ཀུན་བརྟགས་ཀྱི་ཡུལ་ནི་བྱེ་བྲག་པ་ལ་སོགས་པའི་ཀུན་བརྟགས་པའི་བདག་རྟག་པ་དང་གཅིག་པུ་ལ་སོགས་པའི་ཁྱད་པར་དུ་བྱས་པ་ཡིན་ལ། དེ་དག་ནི་ཀུན་རྫོབ་ཏུ་ཡང་མ་གྲུབ་པ་ཁོ་ན་ཡིན་ནོ། །བདག་ཏུ་ལྟ་བ་ལ་བརྟེན་ནས་ལྟ་བའི་རྣམ་པ་ཐམས་ཅད་འབྱུང་བས་དེའི་ཕྱིར་འཇིག་ལྟ་ནི་ལྟ་བ་ཐམས་ཅད་ཀྱི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །མཐར་འཛིན་པའི་ལྟ་བ་ནི། དམིགས་ཡུལ་ཉེ་བར་ལེན་པའི་ཕུང་པོ་དག་ལ་དམིགས་ནས་རྣམ་པ་འཇིག་ལྟས་ཞེན་པའི་བདག་དེ་ཉིད་མི་འགྱུར་བ་ཉིད་ཀྱིས་རྟག་པའམ་རིས་མཐུན་བཏང་ནས་སླར་ཉིང་འཚམས་མི་སྦྱོར་བ་ཉིད་ཀྱིས་ཆད་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་ལ་སོགས་པ་གང་ཡིན་པའོ། །རྟག་ཆད་སྤངས་པ་དབུ་མའི་ལམ་གྱིས་འཁོར་བ་ལས་ངེས་པར་འབྱུང་བ་ཡིན་ལ། འདི་ནི་དབུ་མའི་ལམ་དང་འགལ་བས་དེའི་ཕྱིར་འདི་ནི་དབུ་མའི་ལམ་གྱིས་ངེས་པར་འབྱུང་བའི་བར་དུ་གཅོད་པའི་ལས་ཅན་ཡིན་ནོ། །ལྟ་བ་མཆོག་ཏུ་འཛིན་པ་ནི་བཤད་མ་ཐག་པའི་ལྟ་བ་དང་ལྟ་བ་དེ་དག་གང་ལ་རྟེན་པའི་ཕུང་པོ་ལྔ་པོ་དག་ལ་མཆོག་དང་གཙོ་བོ་ལ་སོགས་པར་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་ལ་སོགས་པ་གང་ཡིན་པའོ། །དེ་ལ་ཕུལ་དུ་བྱུང་བས་ན་མཆོག་དང་། དེ་ལས་ལྷག་པ་གཞན་མེད་པས་གཙོ་བོ་དང་། གཞན་ལས་ཁྱད་ཞུགས་པས་ན་ཁྱད་པར་དུ་འཕགས་པ་དང་། འདི་དང་མཚུང་པ་གཞན་མེད་པས་དམ་པའོ། །ཡང་ན་འདི་དག་དོན་མཚུངས་ཀྱང་གཅིག་གིས་གཅིག་བཤད་པའི་ཕྱིར་སྨོས་སོ། །ལྟ་བ་དེ་དག་ལ་ནི་མཆོག་ལ་སོགས་པར་འཛིན་པར་རིགས་ན་དེའི་གནས་ཕུང་པོ་ལ་ཇི་ལྟར་འཛིན་ཞེ་ན། ལྟ་བ་ལ་ཡང་དག་པའི་ལྟ་བར་ཞེན་པ་ཡོད་ན། ལྟ་བ་དེ་གང་ལ་ལྡན་པའི་ཕུང་པོ་ལ་ལྟ་བ་རྣམ་པར་དག་པ་ལྡན་པའི་སྒོ་ནས་གང་ཟག་མཆོག་དང་དམ་པ་སོགས་སུ་འཛིན་པར་བྱེད་པའི་ཕྱིར་རོ། །དེ་ནི་ལྟ་བ་མཆོག་ཏུ་གཟུང་བའི་དབང་གིས་བྱུང་བས་དེའི་ཕྱིར་ལྟ་བ་མཆོག་ཏུ་འཛིན་པ་ཡིན་ནོ། །འདིས་བདག་ལྟ་ལ་མཆོག་སོགས་སུ་ཞེན་པས་དེའི་ཕྱིར་ལྟ་བ་ངན་པ་ལ་མངོན་པར་ཞེན་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་ནི། ལྟ་ངན་པ་སྔོན་དུ་འགྲོ་བ་ཅན་གྱི་ཚུལ་ཁྲིམས་དང་བརྟུལ་ཞུགས་དང་དེ་དག་གང་ལ་ལྡན་པའི་གནས་ཉེ་བར་ལེན་པའི་ཕུང་པོ་ལྔ་པོ་དག་ལ་དམིགས་ནས་རྣམ་པ་ཚུལ་ཁྲིམས་དང་བརྟུལ་ཞུགས་འདིས་སྡིག་པའི་དྲི་མ་འདག་པར་བྱེད་དོ། །ཉོན་མོངས་པའི་འཆིང་བ་ལས་གྲོལ་བར་བྱེད་དོ། །འཁོར་བ་ལས་ངེས་པར་འབྱིན་པར་བྱེད་དོ་ཞེས་ཡང་དག་པར་རྗེས་སུ་ལྟ་བའི་བཟོད་པ་ལ་སོགས་པ་གང་ཡིན་པའོ། །དེ་ལ་ཚུལ་ཁྲིམས་ནི་འཆལ་པའི་ཚུལ་ཁྲིམས་སྤོང་བའི་རང་བཞིན་ནོ། །བརྟུལ་ཞུགས་ནི་རང་རང་གི་ལུས་ངག་གི་འཇུག་པ་ངེས་པར་བྱེད་པའི་རྟགས་དེ། དཔེར་ན་ཤཱཀྱའི་སྲས་པོ་དག་གི་ནི་ངུར་སྨྲིག་གི་རྒྱལ་མཚན་འཆང་བ་དང་། དེ་ལ་སོགས་པ་དགེ་སྤྱོང་གི་ཡོ་བྱད་འཛིན་པའོ། །ཀུན་ཏུ་རྒྱུ་དག་གི་ནི་རིལ་བ་དང་ཚངས་སྐུད་དང་། མུན་ཛ་དང་། གཡང་གཞི་ལ་སོགས་པ་འཆང་བ་གང་ཡིན་པའོ། །ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་ནི་འདག་འགྲོལ་ལ་སོགས་པར་འཛིན་པར་རིགས་ན་ཕུང་པོ་ལ་ཇི་ལྟར་སྙམ་ན། ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སྡིག་པ་འདག་པར་བྱེད་པ་སོགས་ཀྱི་ཐར་ལམ་ཡང་དག་པར་ཞེན་པ་ན། དེ་གང་ལ་ལྡན་པའི་ཕུང་པོ་ལ་ཡང་དེས་འདག་པར་བྱ་བ་དང་། གྲོལ་བར་བྱ་བ་སོགས་ཀྱི་བདག་ཏུ་མངོན་པར་ཞེན་པའི་ཕྱིར་རོ། །ལྟ་ངན་དང་རྗེས་སུ་འབྲེལ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ཀྱིས་ཇི་ཙམ་འབད་ཀྱང་མངོན་པར་མཐོ་བའི་གོ་འཕང་ཙམ་ཐོབ་པ་སྲིད་ཀྱི་འདག་འགྲོལ་སོགས་བྱེད་པའི་སྒོ་ནས་ངེས་པར་ལེགས་པ་མི་སྲིད་དེ། དེས་འཁོར་བའི་རྒྱུ་བདག་ཏུ་འཛིན་པ་ལ་མི་གནོད་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་ཐར་པའི་དོན་དུ་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་འབད་ཀྱང་མངོན་པར་འདོད་པའི་འབྲས་བུ་མི་འབྱིན་པས་ངལ་བ་འབྲས་བུ་མེད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

ཚུལ་ཁྲིམས་དང་བརྟུལ་ཞུགས་དེ་དག་གིས་ཀྱང་མཐོ་རིས་ཀྱི་འབྲས་བུ་འབྱིན་ན་ཇི་ལྟར་དེ་དག་ལ་ངལ་བ་བྱས་པ་འབྲས་བུ་མེད་པ་ཡིན་ཞེ་ན། མཐོ་རིས་ཙམ་གྱི་དོན་དུ་ནི་ཚུལ་ཁྲིམས་དང་བརྟུལ་ཞུགས་འདི་དག་འབད་པས་སྒྲུབ་པ་མ་ཡིན་ཏེ། གལ་ཏེ་འདི་དག་གི་འབྲས་བུ་མཐོ་རིས་ཙམ་དུ་ཟད་ན་ནི་སུ་ཞིག་ཐོབ་ཟིན་པའི་མཐོ་རིས་ཀྱི་བདེ་བ་དང་འགལ་བའི་ཚུལ་ཁྲིམས་དང་བརྟུལ་ཞུགས་ལ་སོགས་པའི་དཀའ་ཐུབ་དྲག་པོ་ལ་འཇུག་པར་བྱེད། དེའི་ཕྱིར་ཐར་པའི་དོན་དུ་ཚུལ་ཁྲིམས་བརྟུལ་ཞུགས་ལ་འབད་པ་བྱེད་པ་ཡིན་ན་བྱེ་མ་ལ་མར་བཞིན་དུ་འདི་དག་ལ་ཇི་ཙམ་འབད་ཀྱང་ཐར་པ་མི་ཐོབ་པས། དེའི་ཕྱིར་འདི་ནི་ངལ་བ་བྱས་པས་འབྲས་བུ་མེད་པ་ཡིན་ནོ། །

ལོག་པར་ལྟ་བ་ནི་ཡུལ་ཕྱིན་ཅི་ལོག་པར་རྣམ་པར་རྟོག་པའི་བཟོད་པ་ལ་སོགས་པ་གང་ཡིན་པའོ། །ལོག་པར་རྣམ་པར་རྟོག་པ་དེ་ཡང་ཇི་ལྟ་བུ་ཞེ་ན་རྒྱུའམ་འབྲས་བུའམ་བྱེད་པ་ལ་སྐུར་པ་འདེབས་པ་དང་། ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ། །དེ་ཡང་འདི་ལྟར་སྦྱིན་པ་མེད་དོ། །མཆོད་སྦྱིན་མེད་དོ། །སྦྱིན་སྲེག་མེད་དོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པ་མེད་དོ། ཞེས་བྱ་བ་འདི་དང་འདི་ལྟ་བུ་རྗེས་སུ་མཐུན་པ་གང་ཡིན་པ་རྣམས་ནི་རྒྱུ་ལ་སྐུར་པ་འདེབས་པ་ཡིན་ནོ། །ལེགས་པར་སྤྱད་པ་དང་ཉེས་པར་སྤྱད་པའི་འབྲས་བུ་རྣམ་པར་སྨིན་པ་མེད་དོ། །ཞེས་པ་ལ་སོགས་པ་ནི་འབྲས་བུ་ལ་སྐུར་པ་འདེབས་པ་ཡིན་ནོ། །འཇིག་རྟེན་འདི་མེད་དོ། །ཕ་རོལ་མེད་དོ། །ཕ་མེད་དོ། །མ་མེད་དོ། །སེམས་ཅན་རྫུས་ཏེ་འབྱུང་བ་མེད་དོ། །ཞེས་པ་ནི་བྱེད་པ་ལ་སྐུར་པ་འདེབས་པ་ཡིན་ཏེ། འཇིག་རྟེན་གཞན་དུ་འགྲོ་བ་དང་། འོང་བའི་བྱེད་པ་དང་། ས་བོན་འདེབས་པའི་བྱེད་པ་དང་། ཉིང་འཚམས་སྦྱོར་བའི་བྱེད་པ་ལ་སྐུར་པ་འདེབས་པའི་ཕྱིར་རོ། །

འདི་དག་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སྐུར་པ་བཏབ་པ་ཡིན་ནོ། །འཇིག་རྟེན་ན་དགྲ་བཅོམ་པ་མེད་དོ། །རྒྱུན་དུ་ཞུགས་པ་ལ་སོགས་པ་མེད་དོ། །ཞེས་པ་ནི་ཡོད་པའི་དངོས་པོ་འཇིག་པར་བྱེད་པའོ། །འདི་ནི་རྣམ་བྱང་གི་རྟེན་འབྲེལ་ལ་སྐུར་པ་འདེབས་པ་ཡིན་ནོ། །ལྟ་བ་སྔ་མ་རྣམས་ཀྱང་ཤེས་བྱ་ལ་ཕྱིན་ཅི་ལོག་ཏུ་རྟོག་པར་བྱེད་པའི་ཕྱིར་ལོག་ལྟ་ཡིན་ཀྱང་། རྒྱུ་འབྲས་སོགས་ལ་སྐུར་པ་འདེབས་པའི་ལྟ་བ་འདི་ནི་ཆེས་ཤིན་ཏུ་ཡང་ལོག་པར་ཞུགས་པས་ཉེས་པ་ཆེ་བའི་ཕྱིར། ལོག་པར་ལྟ་བ་ཞེས་བྱ་སྟེ། དཔེར་ན་མར་ཀུན་དྲི་ང་བ་ཡིན་ཀྱང་ཆེས་དྲི་ང་བ་ལ་མར་དྲི་ང་ཞེས་བརྗོད་པ་བཞིན། འདི་དང་ལྡན་ན་སྔར་བསགས་པའི་དགེ་བ་རྣམས་ཀྱི་རྣམ་སྨིན་ཐག་སྲིང་ཞིང་མ་འོངས་པ་རྣམས་ཀྱི་ས་བོན་དྲུངས་འབྱིན་པའི་ཕྱིར་དང་། མི་དགེ་བའི་རྩ་བ་དུག་གསུམ་གྱི་ས་བོན་གསོས་རྟས་པར་བྱེད་པའི་ཕྱིར་དང་། མི་དགེ་བ་སྤྱད་ཀྱང་ཉེས་པ་མེད་ལ། དགེ་བ་སྤྱད་ཀྱང་འབྲས་བུ་མེད་སྙམ་དུ་སེམས་པར་འགྱུར་བའི་ཕྱིར། དགེ་བའི་རྩ་བ་གཅོད་པ་ལ་སོགས་པའི་ལས་ཅན་ཡིན་ནོ། །དགེ་བའི་རྩ་བ་གཅོད་པ་ཞེས་བྱ་བ་འདི་ཅི་ཞེ་ན། སྔར་བསགས་པའི་དགེ་བ་རྣམས་ཀྱི་རྣམ་པར་སྨིན་པ་ལ་ཐག་སྲིང་བར་བྱེད་པ་དང་། མ་འོངས་པའི་དགེ་བ་དག་ལས་སྐྱེ་བས་ཐོབ་པ་རྣམས་ནི་ས་བོན་གྱི་ཚུལ་དུ་ཡང་མི་ལྡན་པར་བྱེད་ལ། སྦྱོར་བ་ལས་བྱུང་བ་རྣམས་ནི་དབང་དུ་མི་ལྡན་པར་བྱེད་པ་ཡིན་ནོ། །ཅིའི་ཕྱིར་སྔར་གྱི་དགེ་བ་རྣམས་ཀྱི་རྣམ་སྨིན་ཐག་སྲིང་པར་བྱེད་པ་ཡིན་ཞེ་ན། ལྟ་བ་འདི་དང་ལྡན་པའི་གང་ཟག་ནི་དགེ་བ་ཅུང་ཟད་ཀྱང་མི་སྤྱོད་ཅིང་མི་དགེ་བ་རྣམས་ལ་འཛེམ་མེད་དུ་སྤྱོད་པས་དེའི་ཕྱིར་སྐལ་པ་མི་ཉུང་བ་ཞིག་ཏུ་ངན་སོང་གི་སྡུག་བསྔལ་ལུ་གུ་རྒྱུད་དུ་མྱོང་བར་འགྱུར་བའི་ཕྱིར་རོ། །

སྔར་གྱི་དགེ་བའི་རྣམ་སྨིན་ལོག་ལྟས་དྲུངས་འབྱིན་པ་ནི་མ་ཡིན་ཏེ། སྔར་ལས་དེ་ཉིད་སོག་པའི་དུས་ཉིད་ན་དེའི་རྣམ་སྨིན་འཕངས་ཟིན་པའི་ཕྱིར་དང་། ལས་དེས་སྒོས་པའི་བག་ཆགས་ཀྱང་ལོག་ལྟ་སྐྱེས་པའི་ཚེ་ན་ནུས་པ་ཆུང་ངུ་གྱུར་པ་ཙམ་མ་གཏོགས་པ་གཏན་མེད་པ་མ་ཡིན་ཏེ་ཡང་དག་པའི་ལྟ་བས་གསོས་བཏབ་ན་སླར་ཡང་རང་གི་འབྲས་བུ་འབྱིན་པའི་ཕྱིར་རོ། །དེ་ལྟ་ན། སྐལ་པ་སྟོང་དུ་བསགས་པ་ཡི། །སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་དག་ཀུན། །ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་སོགས་བཤད་པ་མ་ཡིན་ནམ་ཞེ་ན། དེ་ཡང་ཡུལ་ཁྱད་པར་ཅན་ལ་ཁྲོ་བའི་ལས་སྟོབས་ལྡན་གྱིས་སྔར་གྱི་དགེ་བའི་ལས་རྣམས་ཟིལ་གྱིས་མནན་ནས་རྣམ་སྨིན་ཐག་སྲིངས་པ་ཙམ་ལ་དགོངས་པ་ཡིན་གྱི་ས་བོན་གཏན་ནས་དྲུངས་འབྱིན་པ་ནི་མ་ཡིན་ཏེ། དགེ་བའི་ལས་རྣམས་ནི་མི་དགེ་བའི་ལས་དག་ལས་རང་བཞིན་གྱིས་སྟོབས་དང་ལྡན་པའི་ཕྱིར་རོ། །

དཔེར་ན་མུན་པ་ནི་ཇི་ཙམ་དུ་སྟོབས་དང་ལྡན་ཡང་སྒྲོན་མེའི་འོད་ཟིལ་གྱིས་གནོན་པ་ཙམ་སྲིད་ཡང་མེད་པར་བྱེད་མི་ནུས་པ་བཞིན་ནོ། །མི་དགེ་བའི་ལས་ཀྱིས་དགེ་བའི་རྣམ་སྨིན་དྲུངས་འབྱིན་པ་ལྟ་ཞོག །དགེ་བ་རྣམས་ཀྱིས་ཀྱང་འཇིག་རྟེན་པའི་དགེ་བ་རྣམས་ཀྱིས་ནི་མི་དགེ་བའི་ལས་སྔར་བྱས་ཤིང་བསགས་པ་རྣམས་ཀྱི་རྣམ་པར་སྨིན་པ་དྲུངས་འབྱིན་པར་ནུས་པ་མ་ཡིན་ཏེ། འཇིག་རྟེན་པའི་དགེ་བ་དག་ལ་སྟོབས་ཆེ་བ་ནི་བསམ་གཏན་དང་གཟུགས་མེད་པའི་སྙོམས་འཇུག་ཡིན་ལ། དེ་དག་གིས་ཀྱང་མི་དགེ་བའི་ལས་བྱས་ཤིང་བསགས་པ་རྣམས་ཀྱི་རྣམ་པར་སྨིན་པ་ཐག་སྲིང་བ་ཙམ་མ་གཏོགས་པ་རྣམ་སྨིན་དྲུངས་འབྱིན་པ་ནི་མ་ཡིན་ཏེ། གལ་ཏེ་ཡིན་ན་ནི་ཁམས་གོང་མར་སྐྱེས་པའི་སོ་སོ་སྐྱེ་བོ་དག་གནས་དེ་དག་ནས་ཤི་འཕོས་མ་ཐག་ངན་སོང་དུ་སྐྱེ་བ་མི་སྲིད་པར་འགྱུར་ཏེ། སྔར་སྐྱེ་བ་གཞན་དུ་བསགས་པའི་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་སྙོམས་འཇུག་གིས་དྲུངས་ཕྱུང་བའི་ཕྱིར་དང་། སྐྱེ་བ་དེ་ལ་ངན་སོང་དུ་སྐྱེ་འགྱུར་གྱི་ལས་གསར་པ་བསགས་པ་མེད་པའི་ཕྱིར་རོ། །

ལས་སྒྲིབ་ཀྱི་གཉེན་པོར་གསུངས་པའི་གཟུངས་སྔགས་སྡིག་པ་བཤགས་པ་ལ་སོགས་པས་ལས་སྒྲིབ་མཛད་པར་གསུངས་པ་མ་ཡིན་ནམ་ཞེ་ན། དེ་དག་གིས་ཀྱང་ལས་སྒྲིབ་ཀྱི་ས་བོན་ནུས་པ་མཐུ་ཆུང་བར་བྱེད་པ་ཙམ་དང་། དེའི་སྒོ་ནས་རྣམ་སྨིན་ཐག་སྲིང་བར་བྱེད་པ་ཙམ་ལ་དགོངས་པ་ཡིན་གྱི་ས་བོན་དྲུངས་འབྱིན་པ་ནི་མ་ཡིན་ཏེ། གང་གིས་རྣམ་པར་སྨིན་པ་སྐལ་པ་ཆེན་པོ་དུ་མར་ཞི་བའི་བདེ་བ་ལ་གནས་པའི་སྐྱེ་བ་འཕེན་པར་བྱེད་པའི་བསམ་གཏན་དང་། གཟུགས་མེད་པའི་སྙོམས་པར་འཇུག་པ་དག་ལ་ཡང་སྔར་བཤད་པའི་རིག་པས། ལས་སྒྲིབ་ཀྱི་རྣམ་སྨིན་དྲུངས་འབྱིན་པའི་ནུས་པ་མེད་ན། འདོད་པར་གཏོགས་པའི་དགེ་བ་ལུས་ངག་གི་ལས་སྔགས་བཟླས་པ་དང་སྡིག་པ་བཤགས་པ་དང་། ཕྱག་འཚལ་ཞིང་སྐོར་བ་བྱེད་པ་སོགས་ལ་དེ་ལྟ་བུའི་ནུས་པ་ལྟ་ཡོད་རེ་སྐན། དེ་ལྟར་ན་དགེ་བ་དང་མི་དགེ་བའི་ལས་སྟོབས་ལྡན་དག་གིས་ཕན་ཚུན་གཅིག་གིས་གཅིག་གི་ནུས་པ་འཇོམས་ཤིང་རྣམ་སྨིན་ཐག་སྲིང་བ་ལ་དགོངས་ནས་གདུལ་བྱ་རྣམས་དགེ་བ་དང་མི་དགེ་བའི་ལས་སྟོབས་ལྡན་དེ་དག་ལ་འཇུག་པ་དང་ལྡོག་པར་བཞེད་ནས་ཐུབ་པས་བྱང་ཆུབ་སེམས་དཔའ་ལ་ཁྲོས་ན་སྐལ་པ་སྟོང་གི་དགེ་བ་དྲུངས་འབྱིན་པ་དང་། གཟུངས་སྔགས་ཁྱད་པར་ཅན་ཟླས་ན་སྒྲིབ་པ་འདག་པ་ལ་སོགས་པ་གསུངས་པ་ཡིན་ལ་ཇི་སྲིད་འཇིག་རྟེན་ལས་འདས་པའི་ལམ་མ་ཐོབ་ཀྱི་བར་དུ་དགེ་བའམ་མི་དགེ་བའི་ལས་བྱས་ཤིང་བསགས་པ་རྣམས་ཀྱི་རྣམ་པར་སྨིན་པ་ཆུད་མི་ཟ་བ་ལ་དགོངས་ནས། ལས་བྱས་ཤིང་བསགས་པ་རྣམས་ཀྱི་རྣམ་པར་སྨིན་པ་མི་མྱོང་བ་མ་ཡིན་པར་ང་སྨྲའོ་ཞེས་དང་། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་སོགས་གསུངས་པ་ཡིན་ནོ། །

འདས་པའི་དགེ་བ་རང་གི་ངོ་བོ་ཡང་ལོག་ལྟས་འཇོམས་པ་མ་ཡིན་ཏེ། འདས་པ་ནི་སྐྱེས་ཟིན་པའི་ཕྱིར་དང་། སྐྱེས་པ་ཡང་གཉེན་པོས་འཇོམས་པར་ནུས་པ་མ་ཡིན་ཏེ། དངོས་པོ་སྐད་ཅིག་མ་ལ་བྱ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་འགྲེལ་ལས་ཀྱང་། སྐྱེ་འདོད་ཉེས་པ་བཅོམ་པའི་ཕྱིར། །གང་ཡང་སྐྱོན་རྣམས་འགོག་བྱེད་པ། །དེས་སྐྱེད་ལས་ལ་ནུས་འགྱུར་གྱི། །ཇི་ལྟར་བྱས་པ་ཉམས་པར་འགྱུར། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟར་ན་ལོག་པར་ལྟ་བས་དགེ་བའི་རྩ་བ་འདས་པ་རྣམས་ཀྱི་རང་གི་ངོ་བོ་ཡང་འཇོམས་པ་མ་ཡིན་ལ། རྣམ་སྨིན་ཡང་འཇོམས་པ་མ་ཡིན་གྱི་འོན་ཀྱང་ནུས་པ་མཐུ་ཆུང་བ་དང་རྣམ་སྨིན་ཐག་སྲིང་པར་བྱེད་དོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་མ་འོངས་པའི་དགེ་བའི་རྩ་བ་སྐྱེ་བས་ཐོབ་པ་རྣམས་ནི་ས་བོན་དུ་མི་ལྡན་པར་བྱེད་པ་ཡིན་ལ། སྦྱོར་བ་ལས་བྱུང་བ་རྣམས་ནི་དབང་དུ་མི་ལྡན་པར་བྱེད་པ་ཡིན་ཞེ་ན། སྨྲས་པ། ལོག་ལྟ་དང་མི་ལྡན་པའི་སྐྱེས་བུ་རྣམས་ལ་ནི་དགེ་བའི་རྩ་བ་སྐྱེས་ཐོབ་མ་འོངས་པ་རྣམས་ནི་ཀུན་ཏུ་མ་རྩལ་བར་རང་གི་ངང་གིས་འབྱུང་རུང་དུ་གནས་པ་ཡིན་ལ། སྦྱོར་བ་ལས་བྱུང་བའི་དགེ་བ་མ་འོངས་པ་རྣམས་རྐྱེན་གྱིས་ཀུན་ཏུ་རྩལ་ན་འབྱུང་རུང་དུ་གནས་པ་ཡིན་ནོ་དེའི་ཕྱིར་སྐྱེས་བུ་དེ་དག་ལ་དགེ་བའི་རྩ་བ་དེ་དག་གོ་རིམ་བཞིན་དུ་ས་བོན་དང་ལྡན་པ་དང་། དབང་དང་ལྡན་པ་ཞེས་བརྗོད་དོ། །

གང་གི་ཚེ་སྐྱེས་བུའི་རྒྱུད་ལ་ཇི་སྐད་བཤད་པའི་ལོག་ལྟ་སྐྱེས་པ་དེའི་ཚེ། ཇི་སྲིད་ལྟ་བ་དེ་ཉིད་ཀྱི་འདུ་བྱེད་ཀྱི་ནུས་པ་རྒྱུད་ལ་མ་ཉམས་ཀྱི་བར་དུ་སྐྱེ་བས་ཐོབ་པ་དང་སྦྱོར་བ་ལས་བྱུང་བའི་དགེ་བའི་རྩ་བ་དེ་དག་རྒྱུད་དེ་ལ་འབྱུང་རུང་ཙམ་དུ་ཡང་མེད་དེ་ལྟ་བའི་རྣམ་པ་དེ་དང་ལྡན་པའི་གང་ཟག་དེ་ནི་དགེ་བའི་ཕྱོགས་རྣམས་དང་ཤིན་ཏུ་ཞེ་འདྲས་པའི་རྣམ་པ་ཅན་ཡིན་པའི་ཕྱིར་དེའི་ཕྱིར་སྐྱེས་བུ་དེ་ལ་དགེ་བའི་རྩ་བ་དེ་དག་ས་བོན་དུ་ཡང་མི་ལྡན་ལ། དབང་དུ་ཡང་མི་ལྡན་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟར་ན་ཁོ་བོས་ནི་ལོག་ལྟས་དགེ་བའི་རྩ་བ་གཅོད་པའི་དོན་དེ་ལྟར་དུ་ཁོང་དུ་ཆུད་དོ། །

དེ་ལྟར་ལྟ་བ་རྣམས་ཀྱི་ངོ་བོ་བསྟན་ནས། དེ་དག་ལ་རྟེན་པའི་ཁྱད་པར་དཔྱད་པ་ནི་ལྟ་བ་ལྔ་པོ་འདི་དག་ལས་མེད་པ་ཡོད་པར་སྒྲོ་འདོགས་པའི་ལྟ་བ་ནི་དུ་ཞིག །ཡོད་པ་འཇིག་པའི་སྐུར་པ་འདེབས་པའི་ལྟ་བ་ནི་དུ་ཞིག་ཡོད་ཅེ་ན། དང་པོ་བཞི་ནི་སྒྲོ་འདོགས་པའི་ལྟ་བ་ཡིན་ཏེ། དང་པོ་གཉིས་ཀྱིས་གོ་རིམ་བཞིན་དུ་ཤེས་བྱ་ཉེར་ལེན་གྱི་ཕུང་པོ་ལྔ་ལ་བདག་དང་བདག་གི་བའི་ངོ་བོ་ཉིད། དེ་ཉིད་རྟག་པའམ་ཆད་པའི་ཁྱད་པར་དུ་སྒྲོ་འདོགས་པའི་ཕྱིར་རོ། །ཕྱི་མ་གཉིས་ཀྱིས་ནི་གོ་རིམ་བཞིན་དུ་ལྟ་བ་དམན་པ་ལ་མཆོག་ལ་སོགས་པ་དང་། ལྟ་བ་ངན་པ་སྔོན་དུ་འགྲོ་བ་ཅན་གྱི་ཚུལ་ཁྲིམས་དང་། བརྟུལ་ཞུགས་ལ་འདག་པ་དང་གྲོལ་བྱེད་སོགས་སུ་སྒྲོ་འདོགས་པར་བྱེད་པའི་ཕྱིར་རོ། །གཅིག་ལོག་པར་ལྟ་བ་ནི་ཕལ་ཆེར་སྐུར་བ་འདེབས་པའི་ལྟ་བ་ཡིན་ཏེ། རྒྱུ་འབྲས་སོགས་མེད་པར་རྟོག་པའི་རྣམ་པ་ཅན་ཡིན་པའི་ཕྱིར་རོ། །ཕལ་ཆེར་ཞེས་པ་ནི་དབང་ཕྱུག་འགྲོ་བའི་བྱེད་པ་པོར་འཛིན་པ་ལ་སོགས་སྒྲོ་འདོགས་པའི་རྣམ་པ་ཅན་གྱི་ལོག་ལྟ་ཡང་ཡོད་པས་སྐུར་འདེབས་ཁོ་ནར་མ་ངེས་པར་བསྟན་པའི་ཕྱིར་རོ། །

འདིར་ལྟ་བ་ནི་ལྔ་ཁོ་ནར་བསྟན་ན། མདོ་སྡེ་དག་ལས་འབྱུང་བའི་སྔོན་གྱི་མཐར་རྟོག་པའི་ལྟ་བ་གང་ཡིན་པ་དང་། ཕྱི་མའི་མཐར་རྟོག་པའི་ལྟ་བ་གང་ཡིན་པ་དེ་དག་ལྟ་བ་ལྔ་པོ་རྣམ་པ་དུ་ཞིག་ལས་བྱུང་བར་རིག་པར་བྱ་ཞེ་ན། དེ་ལ་སྔོན་གྱི་མཐར་རྟོག་པའི་ལྟ་བ་ནི་བཅོ་བརྒྱད་ཏེ། འདི་ལྟར། རྟག་པར་སྨྲ་བ་རྣམས་ཀྱི་བཞི་དང་། ཁ་ཅིག་རྟག་པར་སྨྲ་བ་རྣམས་ཀྱི་བཞི་དང་། རྒྱུ་མེད་པར་སྨྲ་བ་རྣམས་ཀྱི་གཉིས་དང་། མཐའ་དང་ལྡན་མི་ལྡན་དུ་སྨྲ་བ་རྣམས་ཀྱི་བཞི་དང་། ལྷ་མི་སྤོང་བར་སྨྲ་བ་རྣམས་ཀྱི་བཞི་རྣམས་ཡིན་ནོ། །དེ་ལ་རྟག་པར་སྨྲ་བ་རྣམས་ཀྱི་བཞི་ནི་ཕྱི་རོལ་པའི་བསམ་གཏན་པ་འགའ་ཞིག་གིས་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཀྱིས་བར་གྱི་སྐལ་པ་ཉི་ཤུ་དང་། བཞི་བཅུ་དང་། བརྒྱད་ཅུ་དྲན་པ་དང་། ལྷའི་མིག་གི་མངོན་ཤེས་ཀྱིས་སེམས་ཅན་ཁ་དོག་བཟང་པོ་དང་ངན་པ་ཤི་བ་རྣམས་དེ་དང་དེ་ཉིད་དུ་སྐྱེ་བར་མཐོང་ནས་བདག་དང་འཇིག་རྟེན་མཐོང་བ་ལྟར་རྟག་གོ་ཞེས་སྨྲ་བའོ། །

ཁ་ཅིག་རྟག་པར་སྨྲ་བ་རྣམས་ཀྱི་བཞི་ནི། ཚངས་ཆེན་གྱི་འཁོར་འགའ་ཞིག་ཤི་ནས་མིར་སྐྱེས་ནས་དབེན་པར་བསམ་གཏན་སྒྲུབས་ཏེ་མངོན་ཤེས་བསྐྱེད་དེ་ལྟས་པས་ཚངས་པ་ཆེན་པོ་མ་ཤི་བར་མཐོང་ནས་ཚངས་པ་ཆེན་པོ་རྟག་ལ། ལྷ་གཞན་རྣམས་མི་རྟག་ཅེས་པ་དང་། ཚངས་པ་ཆེན་པོས་འབྱུང་བ་ཆེན་པོ་རྣམས་མི་རྟག་ཅིང་། སེམས་མི་འགག་པར་མཐོང་ནས་འབྱུང་བ་རྣམས་མི་རྟག་ལ་སེམས་རྟག་ཅེས་དང་། འདོད་ལྷ་རྩེ་བས་རབ་ཏུ་བསླུས་པ་ཞིག་རྩེད་མོས། དྲན་ཤེས་བཞིན་ཉམས་ཏེ་ཤི་བ་མིར་སྐྱེས་ཏེ། མངོན་ཤེས་སྐྱེད་དེ་ལྟས་པས་རང་གི་སྔར་གྱི་ཟླ་བོ་རྣམས་མ་ཤི་བར་མཐོང་ནས་ལྷ་རྩེ་བས་བསླུས་པ་རྣམས་མི་རྟག་ལ། གཞན་རྟག་ཅེས་པ་དང་། ལྷ་གྲོགས་ལ་ཡིད་འཁྲུག་པ་ཁ་ཅིག་དེའི་སྟོབས་ཀྱིས་ཤི་སྟེ། མིར་སྐྱེས་ནས་སྔ་མ་ལྟར་མངོན་ཤེས་སྐྱེད་དེ་ལྟས་པས་གཞན་རྣམས་མ་ཤི་བར་མཐོང་ནས་ལྷ་ཡིད་འཁྲུག་པ་དག་ནི་མི་རྟག་ལ་གཞན་རྣམས་རྟག་གོ །ཞེས་ལྟ་བའོ། །

རྒྱུ་མེད་པར་སྨྲ་བ་གཉིས་ཀྱི་བསམ་གཏན་ལ་བརྟེན་ནས་རྒྱུ་མེད་པས་སྨྲ་བ་ནི་གཟུགས་མེད་ནས་ཤི་འཕོས་པའི་སེམས་ཅན་འགའ་ཞིག་འདོད་གཟུགས་སུ་སྐྱེས་པ་ན། མངོན་ཤེས་དང་ལྡན་པའི་དྲངས་སྲོང་འགའ་ཞིག་གི་དེའི་རྒྱུ་སྔ་མ་གང་ཡིན་ལྟས་པས་མ་མཐོང་ནས་ལུས་དང་སེམས་སོགས་བློ་བུར་དུ་འབྱུང་བར་ལྟ་བ་དང་། རྟོག་གེ་ལ་རྟེན་ནས་རྒྱུ་མེད་པར་སྨྲ་བ་ནི་ཆར་པ་དང་རླུང་སོགས་བློ་བུར་དུ་འབྱུང་ཞིང་ཤིང་རྣམས་ལ་ཡང་རེས་འགའ་མེ་ཏོག་དང་འབྲས་བུ་བློ་བུར་དུ་འབྱུང་ཞིང་རེས་འགའ་མི་འབྱུང་བར་མཐོང་ནས་བདག་དང་འཇིག་རྟེན་རྒྱུ་མེད་པར་སྨྲ་བའོ། །

མཐའ་དང་ལྡན་མི་ལྡན་དུ་སྨྲ་བ་རྣམས་ཀྱི་བཞི་ནི། ཕྱི་རོལ་པའི་དྲང་སྲོང་མངོན་ཤེས་དང་ལྡན་པ་འགའ་ཞིག་འཇིག་རྟེན་གྱི་མཐའ་མ་ཆད་པར་གྱུར་རམ་འོན་ཏེ་ཆད་པར་འགྱུར་སྙམ་དུ་ཡང་དག་པར་ཚོལ་བར་འདོད་པ་ན་གང་གི་ཚེ་འཇིག་པའི་བསྐལ་པ་དྲན་པ་དེའི་ཚེ་ནི་མཐའ་ཡོད་པའི་འདུ་ཤེས་འབྱུང་ངོ་། །གང་གི་ཚེ་འཆགས་པའི་བསྐལ་པ་དྲན་པའི་ཚེ་མཐའ་མེད་པའི་འདུ་ཤེས་འབྱུང་ངོ་། །ཡང་དེ་དག་ཡུལ་རྒྱ་ཆེ་བའི་མཐའ་ཡང་དག་པར་ཚོལ་བར་འདོད་པ་ན་གང་གི་ཚེ་འོག་ཏུ་མནར་མེད་པ་ཡན་ཆད་ལས་མ་མཐོང་ཞིང་། སྟེང་དུ་བསམ་གཏན་བཞི་པ་མན་ཆད་ལས་མ་མཐོང་ལ། ཐད་ཀར་ཐམས་ཅད་དུ་ཕ་རོལ་མ་མཐོང་བ་དེའི་ཚེ་འོག་དང་སྟེང་དུ་ནི་མཐའ་ཡོད་པའི་འདུ་ཤེས་འབྱུང་ལ་ཐད་ཀར་ནི་མཐའ་མེད་པའི་འདུ་ཤེས་འབྱུང་ངོ་། །དེ་ལས་སྔ་མ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ལ་རྟེན་ནས་དུས་ཀྱི་མཐའ་ལ་རྟོག་པ་ཡིན་ནོ། །ཕྱི་མ་ནི་ལྷའི་མིག་གི་མངོན་ཤེས་ལ་རྟེན་ནས་ཡུལ་གྱི་མཐའ་ལ་རྟོག་པ་ཡིན་ནོ། །ཕྱི་མ་དེ་དང་མི་མཐུན་པའི་ཕྱོགས་ཀྱང་ཡི་གེའི་ཁྱད་པར་ལ་མངོན་པར་ཞེན་ལ་དོན་གྱི་ཁྱད་པར་ལ་ནི་མ་ཡིན་ཏེ་མཐའ་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་པའི་འདུ་ཤེས་འབྱུང་བ་ཡིན་ནོ། །དེ་དག་ནི་ཅི་རིགས་པར་འདས་པ་དང་ད་ལྟར་གྱི་ཡུལ་ལ་རྟོག་པའི་ཕྱིར། སྔོན་གྱི་མཐའ་ལ་རྟོག་པ་ཞེས་བྱ་སྟེ། འདས་པ་དང་ད་ལྟར་བ་དག་ནི་བྱུང་ཟིན་པའི་ཕྱིར་སྔོན་གྱི་མཐའ་ཡིན་པས་སོ། །དེ་དག་མདོར་བསྡུས་པའི་སྡོམ་ནི། རྟག་པ་ཁ་ཅིག་རྒྱུ་མེད་དང་། །འཐའ་ལྡན་དེ་བཞིན་ལྷ་མི་སྤོང་། །ཞེས་པའོ། །

ལྷ་མི་སྤོང་བར་སྨྲ་བ་རྣམས་ཀྱི་བཞི་ནི། བློ་མ་བྱང་བ་དང་། རྟོགས་པ་མངོན་པའི་ང་རྒྱལ་ཅན་དང་། བློ་བྱང་བ་རྣམ་པར་མ་ངེས་པ་དང་། ཤེས་པ་ཞན་ཅིང་ཀུན་ཏུ་རྨོངས་པ་བཞི་ལ། མངོན་པར་མཐོ་བའི་ལམ་དགེ་བ་དང་། མི་དགེ་བ་དང་། ངེས་པར་ལེགས་པའི་ལམ་སྡུག་བསྔལ་དང་ཀུན་འབྱུང་དང་། འགོག་པ་དང་། ལམ་རྣམས་ལ་བརྩམས་ཏེ་དྲི་བ་དྲིས་པ་ན། བདག་ནི་ལྷ་མི་སྤོང་བ་ཡིན་ནོ་སྙམ་དུ་དམ་བཅས་ནས། གང་དུ་འཆི་བ་མེད་པ་རྣམ་པར་དག་པའི་ལྷ་རྣམས་ཀྱི་གོ་འཕང་ཐོབ་པའི་རྒྱུ་ལས་བརྩམས་ཏེ་དྲི་བ་དྲིས་པ་སྤང་བར་བྱ་བ་མ་ཡིན་པ་དེར། དྲི་བ་དྲིས་པ་རྣམས་ལ་ཚིག་གཞན་དང་གཞན་དུ་རླུང་ལ་སྐུར་བ་དང་། ཕྱིར་རྒོལ་དང་མཐུན་པའི་ཚུལ་གྱིས་སྤོང་བར་བྱེད་དོ། །དེ་ལ་རྒོལ་བ་དང་པོ་ནི་རྫུན་སྨྲ་བ་དང་མི་ཤེས་པ་ཡོད་པས་འཇིགས་ཤིང་འཛེམ་པའི་ཕྱིར་མི་ཤེས་སོ། །ཞེས་གསལ་པོར་ལན་འདེབས་པར་མི་བྱེད་དོ། །

གཉིས་པ་ནི་རང་གི་རྟོགས་པ་ལ་འཇིགས་པ་ཡོད་དེ། རྒལ་ཞིང་བརྟག་པའི་འཇིགས་པ་དང་། རྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བས་ཀྱང་འཇིགས་ཤིང་འཛེམ་པའི་ཕྱིར། བདག་ནི་རྟོགས་པའི་མངོན་པའི་ང་རྒྱལ་ཅན་ནོ། །ཞེས་གསལ་པོར་ལན་འདེབས་པར་མི་བྱེད་དོ། །

གསུམ་པ་ནི་རྒལ་ཞིང་བརྟག་པ་དང་རྫུན་དུ་སྨྲ་བ་དང་། ལོག་པར་ལྟ་བས་འཇིགས་ཤིང་འཛེམ་པའི་ཕྱིར། བདག་ནི་ངེས་པ་མ་ཡིན་ནོ་ཞེས་གསལ་པོར་ལན་འདེབས་པར་མི་བྱེད་དོ། །ཞེས་གསལ་པོར་མི་བྱེད་པར། གཞན་ཁོ་ན་ལ་ཀུན་དྲིས་ནས་དེ་དང་མཐུན་པར་བྱེད་པས་ཚིག་གིས་སྤོང་བར་བྱེད་པ་ཡིན་ནོ། །དེ་དག་ནི་འདི་སྙམ་དུ་ཕྱིར་རྒོལ་བ་རྣམས་འོངས་ན་དེར་གཡོས་སྒྲུབ་པར་བྱའོ་སྙམ་དུ་སེམས་པ་འདི་ནི་འདིར་ལྟ་བར་གྱུར་པ་ཡིན་པར་རིག་པར་བྱའོ། །ཕྱི་མའི་མཐའ་ལ་རྟོག་པའི་ལྟ་བ་ནི་བཞི་བཅུ་རྩ་བཞི་སྟེ། འདི་ལྟར། འདུ་ཤེས་ཡོད་པར་སྨྲ་བ་རྣམས་ཀྱི་བཅུ་དྲུག་དང་། མེད་པར་སྨྲ་བ་རྣམས་ཀྱི་བརྒྱད་དང་། གཉིས་མིན་དུ་སྨྲ་བ་རྣམས་ཀྱི་བརྒྱད་དང་། ཆད་པར་སྨྲ་བ་རྣམས་ཀྱི་བདུན་དང་། ཚེ་འདི་ཉིད་ལ་གྲོལ་བར་སྨྲ་བ་རྣམས་ཀྱི་ལྔ་རྣམས་ཡིན་ནོ། །

དེ་ལ་འདུ་ཤེས་ཡོད་པར་སྨྲ་བ་རྣམས་ཀྱི་ལྟ་བ་བཅུ་དྲུག་ནི། བདག་གཟུགས་དང་ལྡན་འདུ་ཤེས་ཅན། མི་ལྡན་འདུ་ཤེས་ཅན། གཉིས་ཡིན་འདུ་ཤེས་ཅན། གཉིས་ཀ་མིན་འདུ་ཤེས་ཅན། བཞི་དང་། བདག་མཐའ་དང་ལྡན་པ་དང་མི་ལྡན་པ་དང་གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པ་འདུ་ཤེས་ཅན་ཏེ་བཞི་དང་། བདག་བདེ་བ་ཡིན་པ་དང་། སྡུག་བསྔལ་བ་ཡིན་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མ་ཡིན་པའི་འདུ་ཤེས་ཅན་བཞི་དང་། བདག་གཅིག་པུ་ཡིན་པ་དང་། ཐ་དད་པ་དང་། ཆུང་ངུ་ཡིན་པ་དང་། ཚད་མེད་པ་ཡིན་པའི་འདུ་ཤེས་ཅན་དུ་ལྟ་བ་རྣམས་ཡིན་ནོ། །

འདུ་ཤེས་མེད་པར་སྨྲ་བ་རྣམས་ཀྱི་ལྟ་བ་བརྒྱད་ནི། བདག་གཟུགས་ཅན་ཡིན་འདུ་ཤེས་མེད་ཅེས་པ་ནས། བདག་མཐའ་དང་ལྡན་མི་ལྡན་གཉིས་ཀ་མིན་འདུ་ཤེས་མེད་ཅེས་པའི་བར་བརྒྱད་རྣམས་ཡིན་ནོ། །

གཉིས་ཀ་མིན་པར་སྨྲ་བར་རྣམས་ཀྱི་བརྒྱད་ནི། སྔ་མ་བརྒྱད་པོ་དེ་ཉིད་ལ་འདུ་ཤེས་ཡོད་པ་ཡང་མ་ཡིན་མེད་པ་ཡང་མ་ཡིན་ཞེས་སྦྱར་བ་བརྒྱད་རྣམས་ཡིན་ནོ། །

ཆད་པར་སྨྲ་བ་རྣམས་ཀྱི་བདུན་ནི་འདོད་པའི་མི་དང་ལྷ་དང་གཟུགས་ཁམས་པ་དང་། གཟུགས་མེད་སྐྱེ་མཆེད་རིས་བཞི་སྟེ་བདུན་རྣམས། མ་ཤི་བར་དུ་ནད་དང་བཅས་འབྲས་དང་བཅས། ཟུག་རྔུ་དང་བཅས་པ་ཡིན་ལ། ཤི་ནས་ཡེ་མེད་དུ་སྨྲ་བའོ། །

ཚེ་འདི་ཉིད་ལ་གྲོལ་བར་སྨྲ་བ་རྣམས་ཀྱི་ལྔ་ནི། འདོད་པའི་ཡོན་ཏན་ལ་འཛེམ་མེད་དུ་སྤྱོད་པས་གྲོལ་བ་དང་། བསམ་གཏན་བཞི་ཐོབ་པས་གྲོལ་བར་ལྟ་བ་རྣམས་ཡིན་ནོ། །འདི་དག་ནི་ཕལ་ཆེར། མ་འོངས་པའི་ཆ་ལ་གཏོགས་པས་དེའི་ཕྱིར་ཕྱི་མའི་མཐར་རྟོག་པའི་ལྟ་བ་ཡིན་ནོ། །དེ་དག་མདོར་བསྡུས་པའི་སྡོམ་ནི། འདུ་ཤེས་ཡོད་སྨྲའི་བཅུ་དྲུག་དང་། །མེད་དང་གཉིས་མིན་བརྒྱད་བརྒྱད་དང་། །ཆད་པར་སྨྲ་བ་རྣམས་ཀྱི་བདུན། །ཚེ་འདི་ཉིད་ལ་གྲོལ་ལྟའི་ལྔ། ཞེས་སོ། །འདི་དག་ལྔ་པོ་གང་དུ་འདུས་པ་ནི་རང་གི་ངོ་བོའི་དབང་དུ་བྱས་ན་མཐར་འཛིན་པ་དང་ལོག་ལྟ་གཉིས་ལས་ཕྱུང་སྟེ་རྣམ་པར་བཞག་གོ །རྒྱུ་འབྲས་ངོ་བོ་མ་ལུས་པའི་དབང་དུ་བྱས་ན་ལྟ་བ་ལྔ་པོ་ཐམས་ཅད་ལས་རྣམ་པར་བཞག་སྟེ། འཇིགས་ཚོགས་ལ་ལྟ་བ་ནི་དེ་དག་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་དང་། མཆོག་འཛིན་གཉིས་ནི་དེ་དག་གི་འབྲས་བུ་ཡིན་པའི་ཕྱིར་རོ། །

དྲི་བ་ལུང་དུ་མ་བསྟན་པའི་དངོས་པོ་རྣམས་ལ་ལྟ་བ་བཅུ་བཞི་གསུངས་པ་གང་ཡིན་པ་དེ་དག་ལྟ་བ་ལྔ་པོ་གང་ལ་བྱུང་བར་རིག་པར་བྱ་ཞེ་ན། མཚན་ཉིད་ལས་རྩམས་ན་མཐར་ལྟ་དང་ལོག་ལྟ་གཉིས་ལས་ཕྱུང་སྟེ་རྣམ་པར་བཞག་ལ། འཁོར་དང་བཅས་པའི་དབང་དུ་བྱས་ན་ལྔ་པོ་ཐམས་ཅད་ལས་ཕྱུང་སྟེ་རྣམ་པར་བཞག་པར་རིག་པར་བྱའོ། །ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་པོ་དེ་དག་ཀྱང་གང་ཞེ་ན། དབུ་མ་རྩ་བར། འདས་ཕན་ཆད་དང་མཐའ་སོགས་དང་། །རྟག་ལ་སོགས་པར་ལྟ་བ་དག །མྱ་ངན་འདས་དང་ཕྱི་མཐའ་དང་། །སྔོན་གྱི་མཐའ་ལ་རྟེན་པ་ཡིན། །ཞེས་གསུངས་པ་ལྟར། དེ་ལ་སྔོན་གྱི་མཐའ་ལ་རྟེན་པ་བཞི་ནི་བདག་དང་འཇིག་རྟེན་རྟག་མི་རྟག་གཉིས་ཀ་ཡིན་གཉིས་ཀ་མིན་ཞེས་པ་རྣམས་སོ། །ཕྱི་མའི་མཐའ་ལ་རྟེན་པ་རྣམས་ནི་བདག་དང་འཇིག་རྟེན་མཐའ་དང་ལྡན་པ་དང་། མི་ལྡན་པ་དང་། གཉིས་ཀ་ཡིན་པ་དང་། གཉིས་ཀ་མིན་པ་རྣམས་ཡིན་ནོ། །མྱང་འདས་ལ་རྟེན་པ་རྣམས་ཀྱི་བཞི་ནི་དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་ངོ་མི་འབྱུང་ངོ་། །གཉིས་ཀ་ཡིན་ནོ། །གཉིས་ཀ་མ་ཡིན་ནོ། །ཞེས་པ་རྣམས་ཡིན་ནོ། །ལུས་གང་ཡིན་པ་དེ་ཉིད་སྲོག་ཀྱང་དེ་ཡིན་ནོ། །ཞེས་པ་དང་། །ལུས་ཀྱང་གཞན་ལ་སྲོག་ཀྱང་གཞན་ཡིན་ནོ། །དེ་གཉིས་ནི་ལུས་སྲོག་ལ་རྟེན་པའོ། །ཅིའི་ཕྱིར་འདི་དག་ལ་ལུང་དུ་མི་སྟོན་པའི་ལྟ་བ་ཞེས་བྱ་ཞེ་ན། འགའ་ཞིག་གིས་འདི་དག་དེ་བཞིན་གཤེགས་པ་ལ་ཞུས་པ་ན་བདག་ལ་བརྩམས་ཏེ་འདྲི་བར་མཁྱེན་ནས་མཐའ་དང་ལྡན་པའམ་མི་ལྡན་པ་སོགས་སུ་ལུང་བསྟན་ན་ཁྱད་གཞི་མེད་པའི་ཁྱད་པར་གྱི་ཆོས་ལ་དཔྱོད་པ་མི་འཐད་པར་དགོངས་ཤིང་ཁྱད་གཞི་བཀག་ན་དོན་དུ་མི་འགྱུར་བར་དགོངས་ནས་ཅང་མི་གསུང་བས་དེའི་ཕྱིར་ལུང་དུ་མི་སྟོན་པ་ཞེས་བྱ་སྟེ། རིན་པོ་ཆེའི་ཕྲེང་བ་ལས། འཇིག་རྟེན་མཐའ་དང་ལྡན་ནམ་ཞེས། །ཞུས་ན་རྒྱལ་བ་མི་གསུང་བཞུགས། །གང་ཕྱིར་དེ་ལྟར་ཟབ་པའི་ཆོས། །སྣོད་མིན་འགྲོ་ལ་མི་གསུང་བ། །དེ་ཉིད་ཕྱིར་ན་མཁས་རྣམས་ཀྱིས། །ཀུན་མཁྱེན་ཐམས་ཅད་མཁྱེན་པར་ཤེས། །ཞེས་གང་གསུངས་པ་ཡིན་ནོ། །

ད་ནི་འདི་དཔྱད་པར་བྱ་སྟེ། འདི་ལྟར། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་དང་། ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་ལ་བྱེ་བྲག་གི་ཐ་དད་དུ་བྱ་བ་ནི་ཅི་ཞིག་ཡོད། གང་གིས་ན་ཐ་དད་པར་བསྟན་ཅེ་ན། དེ་ལ་སྔོན་དེ་བཞིན་གཤེགས་པས་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་མ་སྐོར་བའི་སྔོན་རོལ་ན། ཆོས་འདི་ལས་ཕྱི་རོལ་ཏུ་གྱུར་པ་རྣམས་ཀྱི་རྟག་པ་དང་ཆད་པའི་མཐར་ལྟ་བའི་རྣམ་གྲངས་ཇི་སྙེད་གཅིག་ཡོད་པ་དེ་ཐམས་ཅད་ནི་སྔར་བཤད་པའི་ལྟ་བར་གྱུར་པ་དྲུག་ཆུ་རྩ་གཉིས་པོ་དེ་ཙམ་དུ་ཟད་པའི་ཕྱིར། མདོར་ན་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་རྣམ་པར་བཞག་པ་ཡིན་ལ། གང་གི་ཚེ་དེ་བཞིན་གཤེགས་པས་ཆོས་ཀྱི་འཁོར་ལོ་བསྐོར་བ་དེའི་ཚེ་ཕྱི་རོལ་པའི་དྲང་སྲོང་འགའ་ཞིག་གིས་བཅོམ་ལྡན་འདས་ལ། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀྱི་དོན་རྣམས་མཐའ་བཅུ་བཞིར་བཅད་ནས་ཞུས་པ་ནི། ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞི་ཡིན་ནོ། །དེ་ལྟར་ན་ལྟ་བ་རྣམས་རྒྱས་པར་ཕྱེ་ན་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་སུ་འགྱུར་ལ། དེ་དག་མདོར་བསྡུས་ན་ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞིར་འགྱུར་རོ། །ཤིན་ཏུ་བསྡུས་ན་རྟག་པར་ལྟ་བ་དང་། ཆད་པར་ལྟ་བ་གཉིས་སམ། མཐར་འཛིན་པར་ལྟ་བ་དང་། ལོག་པར་ལྟ་བ་གཉིས་སུ་འདུས་སོ། །

ཇི་ལྟ་བའི་རྣམ་པ་ཐམས་ཅད་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་སུ་དངོས་པོ་ལ་ངེས་སམ་ཞེ་ན། མ་ཡིན་ཏེ། ཆོས་ཀྱི་འཁོར་ལོ་མ་བསྐོར་བའི་སྔོན་རོལ་ན། འཕགས་པའི་ཡུལ་གྱི་དགེ་སྦྱོང་དང་བྲམ་ཟེ་རྣམས་ལ་གྲགས་ཤིང་། མཆོག་ཏུ་འཛིན་པའི་ལྟ་བའི་རྣམ་པ་ཇི་སྙེད་པ་ཐམས་ཅད་དྲུག་ཅུ་རྩ་གཉིས་པོ་འདི་ཙམ་དུ་ཟད་པའི་ཕྱིར། ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཞེས་མདོ་ལས་གསུངས་པར་ཟད་ཀྱི། ཡུལ་གཞན་དང་དུས་གཞན་དུ་འབྱུང་བའི་ལྟ་བའི་རྣམ་པ་དག་ནི་མཐའ་ཡས་པའི་ཕྱིར་དེ་རྣམས་ཀྱི་རྣམ་གྲངས་སངས་རྒྱས་ལས་གཞན་གྱིས་བརྗོད་པར་མི་ནུས་སོ། །དེ་བཞིན་དུ་ལུང་དུ་མ་བསྟན་པའི་ལྟ་བ་ཡང་བཅུ་བཞི་པོ་འདི་ཙམ་དུ་ཟད་པ་ནི་མ་ཡིན་གྱི་འོན་ཀྱང་དེ་བཞིན་གཤེགས་པ་ལ་འགའ་ཞིག་གིས་དྲིས་པ་ལ། མཐའ་གཅིག་ཏུ་ལུང་དུ་མ་བསྟན་པ་བཅུ་བཞི་པོ་འདི་ཙམ་དུ་ཟད་པའི་ཕྱིར་ལུང་དུ་མ་བསྟན་པའི་ལྟ་བ་བཅུ་བཞིར་མདོ་ལས་གསུངས་པ་ཡིན་ནོ། །བཅུ་བཞི་པོ་འདི་ཙམ་དུ་དངོས་པོ་ལ་ངེས་པ་ནི་མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་གཞན་དང་གཞན་དུ་ཡང་ལུང་བསྟན་པར་བྱ་བ་མ་ཡིན་པའི་ལྟ་བའི་རྣམ་པ་གཞན་དང་གཞན་མི་འབྱུང་བ་ནི་མ་ཡིན་ནོ། །

ལྟ་བ་ངན་པ་གང་ཇི་སྙེད་པ་ཐམས་ཅད་རྟག་པར་ལྟ་བའམ། ཆད་པར་ལྟ་བ་གཉིས་སུ་ནི་དངོས་པོ་ལ་ངེས་པ་ཡིན་ཏེ། རྟག་པའམ་ཆད་པའི་མཐའ་ལ་མི་རྟེན་པའི་ལྟ་བ་གང་ཇི་སྙེད་པ་ཐམས་ཅད་ནི་ཡང་དག་པའི་ལྟ་བ་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པ་བཅུ་བཞི་པོ་འདི་དག་གི་སྒོ་ནས་དེ་བཞིན་གཤེགས་པ་ལ་དྲི་བར་རྩོམ་མོ་ཞེ་ན། དེ་ལ་རྟོག་པ་སྔོན་དུ་བཏང་བ་དག་གིས་དྲི་བར་བྱ་བའི་ཆོས་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའོ་རྣམ་པར་བྱང་བའི་ཕྱོགས་ལ་རྟེན་ནས་ནི། མྱ་ངན་ལས་འདས་པ་ལ་རྟེན་པ་བཞི་དྲིས་སོ། །ཅིག་ཤོས་ཀྱི་ཕྱོགས་ལ་རྟེན་ནས་ནི་ལྷག་མ་རྣམས་དྲིས་སོ། །ཀུན་ནས་ཉོན་མོངས་པའི་ཕྱོགས་དེ་ཡང་ནང་བདག་གིས་དངོས་པོ་དང་ཕྱི་སྣོད་ཀྱི་འཇིག་རྟེན་གཉིས་སུ་ཟད་པས་དེའི་ཕྱིར་བདག་དང་འཇིག་རྟེན་གཉིས་ལ་རྩམ་ནས་དྲིས་སོ། །དེ་དག་གི་ཐོག་མའི་མཐའ་ཤེས་པར་འདོད་ནས་བདག་དང་འཇིག་རྟེན་རྟག་གམ་མི་རྟག་ཞེས་བྱ་བ་ལ་སོགས་པ་བཞི་དྲིས་སོ། །ཐ་མའི་མཐའ་ཤེས་པར་འདོད་ནས་མཐའ་དང་ལྡན་མི་ལྡན་སོགས་བཞི་དྲིས་སོ། །ཕྱིའི་འཇིག་རྟེན་གྱི་ད་ལྟར་གྱི་རང་གི་མཚན་ཉིད་ནི་མངོན་སུམ་གྱིས་དམིགས་པས་རྟོགས་སླ་བའི་ཕྱིར། དེའི་ད་ལྟར་གྱི་རང་གི་ངོ་བོ་ལ་བརྩམས་ནས་དྲི་བ་མ་བཀོད་ལ། ནང་བདག་གི་དངོས་པོའི་རང་བཞིན་ནི་རྟོགས་པར་དཀའ་བས་ཁ་ཅིག་ནི་ལུས་འདི་ཉིད་བདག་གི་དངོས་པོར་སེམས། ཁ་ཅིག་ནི་ལུས་ལས་གཞན་དུ་སེམས་པ་ཡོད་པས། དེའི་ཕྱིར། དེའི་ད་ལྟར་གྱི་རང་གི་ངོ་བོར་ཤེས་པར་འདོད་ནས། ལུས་གང་ཡིན་པ་སྲོག་ཀྱང་དེ་ཡིན་ནམ། ཞེས་པ་གཉིས་དྲིས་སོ། །དེའི་ཕྱིར་རྣམ་པ་བཅུ་བཞི་པོ་འདི་དག་གི་སྒོ་ནས་དེ་བཞིན་གཤེགས་པ་ལ་དྲིས་པ་ཡིན་ནོ། །

དེ་ལ་བདག་དང་འཇིག་རྟེན་རྟག་གམ་ཞེས་བྱ་བ་ནི་འདི་དག་གདོད་མ་ནས་ངོ་བོ་ཉིད་ཀྱིས་གྲུབ་པ་ཐོག་མ་མེད་པ་ཞིག་ཏུ་སེར་སྐྱའི་གཞུང་གི་རྗེས་སུ་འབྲང་བའི་དྲང་སྲོང་རྣམས་འདོད་པ་དེ་ལྟར་དུ་ཡིན་ནམ་ཞེས་པའོ། །མི་རྟག་ཞེས་བྱ་བ་ནི་དེ་དག་རྒྱུ་རྐྱེན་ལ་མི་ལྟོས་པར་གློ་བུར་བ་ཐོག་མ་དང་ལྡན་པ་ཞིག་ཏུ། འཇིག་རྟེན་རྒྱང་འཕེན་པ་དག་འདོད་པས་དེ་ལྟར་ཡིན་ནམ་ཞེས་པའོ། །གཉིས་ཀ་ཡིན་ཞེས་པ་ནི། རང་བཞིན་ཐོག་མ་མེད་པ་ནས་ངོ་བོ་ཉིད་ཀྱིས་རྟག་ཀྱང་། ལྷ་མི་ལ་སོགས་པའི་གནས་སྐབས་ལས་དང་དུས་ལ་སོགས་པའི་རྒྱུ་རྐྱེན་ལས་གསར་དུ་འབྱུང་བས་མི་རྟག་པ་ཡང་ཡིན་ནོ་ཞེས་དྲང་སྲོང་རྒྱལ་བ་པའི་རྗེས་སུ་འབྲང་བ་ཁ་ཅིག་སྨྲ་བས་དེ་ལྟར་དུ་གནས་སམ་ཞེས་པའོ། །གཉིས་ཀ་མ་ཡིན་ཞེས་བྱ་བ་ནི་གསུམ་པའི་དོན་དེ་ཉིད། མཐའ་གཞན་དགག་པའི་ཕྱིར་ཚིག་བཟློག་པ་ཙམ་ཡིན་ནོ། །མཐའ་དང་ལྡན་ཞེས་པ་ནི། དེ་དག་ཕྱི་མའི་མཐར་རྒྱུན་ཆད་པར་འགྱུར་རམ་ཞེས་པའོ། །མི་ལྡན་ཞེས་པ་ནི་དེ་ལས་བཟློག་པ་སྟེ། དེ་གཉིས་ཀ་ཡིན་པ་དང་མ་ཡིན་པ་ནི། སྔ་མ་ལས་དཔགས་པས་གོ་སླའོ། །

དེ་བཞིན་གཤེགས་པ་གྲོངས་ཕན་ཆད་འབྱུང་མི་འབྱུང་ཞེས་སོགས་གྲོལ་བའི་བདག་ལ་བརྩམས་ནས་འདྲི་བ་སྟེ། དེ་ཡང་ཕྱི་མའི་མཐའ་ལ་སྤྱོད་པ་ཡིན་ནོ། །དེའི་སྔོན་གྱི་མཐའ་ལ་མི་དཔྱོད་པ་ནི། འཁོར་བའི་བདག་གི་སྔོན་གྱི་མཐའ་ལ་དཔྱད་པ་ཉིད་ཀྱིས་གྲོལ་བའི་བདག་གི་སྔོན་གྱི་མཐའ་དེ་ཡང་དཔྱད་པར་འགྱུར་བའི་ཕྱིར་རོ། །དེ་ལྟ་ན་དེའི་ཕྱི་མའི་མཐའ་ཡང་དཔྱད་པ་དོན་མེད་དེ། སྔ་མ་ལ་དཔྱད་པས་ཆོག་པའི་ཕྱིར་ཞེ་ན་མ་ཡིན་ཏེ། གང་དག་འཁོར་བའི་ཚེ་བདག་ཕྱི་མའི་མཐར་འཇུག་ཀྱང་། གང་གི་ཚེ་གྲོལ་བ་ཐོབ་པ་དེའི་ཚེ། ཕྱི་མའི་མཐར་འཇུག་པར་མི་འདོད་པ་ཡོད་ཅིང་། གཞན་དག་གྲོལ་བ་ཐོབ་ནས་ཀྱང་། ཕྱི་མའི་མཐར་འཇུག་པར་འདོད་པས་དེའི་ཕྱིར། དེའི་ཕྱི་མའི་མཐའ་ལ་སྤྱོད་པར་བྱེད་དོ། །ལུས་སྲོག་ལ་རྟེན་པ་ནི་གོ་སླ་སྟེ། སྲོག་ནི་བདག་གི་རྣམ་གྲངས་ཡིན་ནོ། །གཞན་དག་ན་རེ། དང་པོ་རྣམས་གྲངས་ཅན་དང་། གཉིས་པ་རྣམས་རྒྱང་འཕེན་དང་། གསུམ་པ་རྣམས་གཅེར་བུ་བ་དང་བཞི་པ་རྣམས་གནས་མ་བུ་པའི་ལྟ་བ་ཡིན་ནོ། །ཞེས་ཟེར་ཡང་། འཐད་པར་མ་མཐོང་སྟེ། མུ་གསུམ་པ་དང་བཞི་པ་རྣམས་ནི། ཡི་གེ་ཙམ་ཐ་དད་པར་ཟད་ཀྱི་དོན་ལ་ཐ་དད་མེད་པར་རྣལ་འབྱོར་སྤྱོད་པའི་ས་ལས་གསུངས་པའི་ཕྱིར་ཉན་ཐོས་གནས་མ་བུ་པ་དང་། རྒྱལ་བ་པ་ལྟ་བ་མཚུངས་པར་ཐལ་བ་དང་། མུ་ཐ་མ་གཉིས་ཀ་ཡང་གང་ཟག་དེ་གཉིས་ཀའི་ལྟ་བར་འགྱུར་བ་དང་། བཅུ་བཞི་པོ་འདི་ཐམས་ཅད་ཕྱི་རོལ་པའི་དྲང་སྲོང་གིས་རང་གི་ལྟ་བ་ལ་རྩམས་ནས་དྲིས་པ་མ་ཡིན་པར་ཐལ་བའི་ཕྱིར་རོ། །

ཡང་ལྟ་བར་གྱུར་པ་དྲུག་ཅུ་རྩ་གཉིས་ཀྱི་ནང་གི་འཇིག་རྟེན་མཐའ་ཡོད་མེད་དུ་དཔྱོད་པ་དང་། ལུང་དུ་མ་བསྟན་པའི་མཐའ་ཡོད་མེད་དུ་དཔྱོད་པ་ལ་ཁྱད་པར་ཅི་ཞིག་ཡོད་ཅེ་ན། དེ་ལ་སྔ་མ་ནི་བསམ་གཏན་པ་འབའ་ཞིག་གིས་རང་གིས་ཐོབ་པའི་མངོན་པར་ཤེས་པ་ལ་རྟེན་ནས་ཕྱི་སྣོད་ཀྱི་འཇིག་རྟེན་གྱི་སྔོན་གྱི་མཐའི་དུས་དང་། ཡུལ་གྱི་མཐའ་ལ་དཔྱོད་པ་ཡིན་ལ། ཕྱི་མ་ནི་རྟོག་གེ་པ་འབའ་ཞིག་གིས་བདག་དང་འཇིག་རྟེན་གཉིས་ཀའི་ཕྱི་མའི་དུས་ཀྱི་མཐའ་གཞན་གྱི་སྒྲ་ལ་རྟེན་ནས་སྤྱོད་པར་འདོད་པ་ཙམ་ཡིན་ནོ། །

གཞན་ཡང་སྔ་མ་རྣམས་ནི་སྒོམ་བྱུང་ལ་རྟེན་པ་ངེས་པའི་རྣམ་པ་ཅན་ཡིན་ལ། ཕྱི་མ་རྣམས་ནི་ཐོས་བསམ་ལ་རྟེན་པ་མ་ངེས་པའི་རྣམ་པ་ཅན་ཡིན་ནོ། །དེ་ལྟ་བུའི་ལྟ་བའི་རྣམ་པ་གང་ཇི་སྙེད་པ་ཐམས་ཅད་སྤང་བའི་ཕྱིར་དུ་དེ་བཞིན་གཤེགས་པས་རྟག་པ་དང་ཆད་པའི་མཐའ་རྣམ་པར་སྤངས་པ། རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོ་ལ་རྩམས་ཏེ། ཆོས་ཀྱི་འཁོར་ལོ་བསྐོར་བར་མཛད་དེ། ཇི་སྐད་དུ་དབུ་མ་རྩ་བར། གང་གིས་ཐུགས་རྗེས་ཉེར་བཟུང་ནས། །ལྟ་བ་ཐམས་ཅད་སྤང་བའི་ཕྱིར། །དམ་པའི་ཆོས་ནི་སྟོན་མཛད་པའི། །གོའུ་ཏམ་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས་པ་ལྟར་རོ། །བཅོམ་ལྡན་འདས་ཀྱིས་ཉེས་པ་གང་གཟིགས་ནས། མདོ་ལས། གཟུགས་སོགས་རྣམ་ཤེས་ཀྱི་བར་བདག་གོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །གཟུགས་སོགས་ལ་བདག་དང་བདག་ལ་གཟུགས་སོགས་དང་། གཟུགས་སོགས་ལས་གཞན་ན་བདག་གོ་ཞེས་དང་གཟུགས་སོགས་མེད་པ་བདག་གོ་ཞེས་ཡང་དག་པར་རྗེས་སུ་མི་མཐོང་ངོ་། །ཞེས་དགག་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་རྣམ་པ་ལྔས་བདག་གསལ་བར་མཛད་ཅེ་ན། གཟུགས་སོགས་བདག་ཏུ་འཛིན་པ་ལ་སོགས་ལ་འཇིག་ཚོགས་ལ་ལྟ་བས་ཡོངས་སུ་འཛིན་པའི་ཉེས་པ་ལྔ་གཟིགས་ནས་ཕུང་པོ་སོགས་ལ་བདག་གསལ་བར་མཛད་དོ། །

ཉེས་པ་ལྔ་པོ་དེ་དག་ཀྱང་གང་ཞེ་ན། མཚན་ཉིད་དང་མི་མཐུན་པའི་ཉེས་པ་དང་། ཞེས་པ་ལ་སོགས་པའོ། །དེ་ལ་ཅི་སྟེ་བདག་ཡོད་ན་ཕུང་པོ་དང་བཅས་པའམ། འོན་ཏེ་ཕུང་པོ་མེད་པའི་རང་བཞིན་ཡིན། དང་པོ་ལྟར་ན། བདག་དེ་ཕུང་པོའི་ངོ་བོ་ཡོད་དམ་འོན་ཏེ་ཕུང་པོ་ལས་གཞན་དུ་ཡོད་། ཕྱོགས་དང་པོ་མི་རིགས་ཏེ་བདག་དང་ཕུང་པོ་མཚན་ཉིད་མི་མཐུན་པའི་ཕྱིར་རོ། །

དེ་ཡང་འདི་ལྟར། བདག་ནི་རྟག་པ་དང་གཅིག་པུའི་རང་བཞིན་དུ་བདག་ཏུ་སྨྲ་བ་རྣམས་ཁས་འཆེས་ལ། ཕུང་པོ་ནི་མི་རྟག་པ་དང་དུ་མའི་རང་བཞིན་དུ་ཚད་མས་དམིགས་པའི་ཕྱིར་དང་། མཚན་ཉིད་མི་མཐུན་པ་དག་ཀྱང་ངོ་བོ་གཅིག་པ་འགལ་བའི་ཕྱིར་རོ། །ཅི་སྟེ་ཕྱོགས་གཉིས་པ་ལྟར་ན་ཡང་། ཕུང་པོ་ལ་བདག་རྟེན་པའི་ཚུལ་དུ་གནས་སམ། འོན་ཏེ་བདག་ལ་ཕུང་པོ་རྟེན་པའི་ཚུལ་དུ་གནས། དང་པོ་ལྟར་ན། བདག་ནི་མི་རྟག་པར་འགྱུར་ཏེ། ཕུང་པོ་མི་རྟག་པ་ལ་རྟེན་པའི་ཕྱིར། རྟེན་མི་རྟག་ན་དེ་ལ་བརྟེན་པ་དག་ཀྱང་མི་རྟག་པར་མཐོང་སྟེ། དཔེར་ན་མཁར་གཞོང་གཡོ་བ་ན་ཆུ་གཡོ་བ་དང་། རྩིག་པ་ཞིག་པ་ན་དེ་ལ་རྟེན་པའི་རི་མོ་དག་ཀྱང་འཇིག་པ་བཞིན་ནོ། །ཅི་སྟེ་ཕུང་པོ་རྣམས་ནི་བདག་གིས་དབང་བསྒྱུར་བྱ་ཡིན་པས་བདག་ལ་རྟེན་གྱི་བདག་ནི་དེ་དག་ལ་རྟེན་པ་མ་ཡིན་ནོ་ཞེ་ན། དེ་ལྟ་ན་ཡང་། བདག་ནི་ཕུང་པོ་ལ་འདོད་དགུར་དབང་བསྒྱུར་བར་བྱེད་པའི་རང་དབང་ཅན་མ་ཡིན་པར་འགྱུར་ཏེ། བདག་མི་འདོད་བཞིན་དུ་ཡང་ཕུང་པོ་གནས་སྐབས་གཞན་དུ་འགྱུར་བ་དང་། འཇིག་པ་ལ་སོགས་པར་འགྱུར་བའི་ཕྱིར། གང་ཞིག་གང་ལ་དབང་བསྒྱུར་བ་དེ་ནི་དེ་ལྟར་འདོད་པའི་རྗེས་སུ་བྱེད་པ་ཡིན་ཏེ། དཔེར་ན་གར་མཁན་གྱི་ལུས་དང་སྤྲེ་འཛིན་དག་གི་སྤྲེའུ་ལ་བྱ་བ་བཞིན་ནོ། །

ཕུང་པོ་རྣམས་ནི་བདག་གི་འདོད་པའི་རྗེས་སུ་བྱེད་པ་མ་ཡིན་ཏེ། དེའི་ཕྱིར་བདག་ནི་ཕུང་པོ་ལ་དབང་བསྒྱུར་བྱེད་མ་ཡིན་ནོ། །ཅི་སྟེ་བདག་ཕུང་པོ་མེད་པའི་རང་བཞིན་ཡིན་ན། དེ་ལྟ་ན་བདག་ཅེས་བྱ་བ་འདི་མིང་ཙམ་དུ་འགྱུར་གྱི་ལུས་སམ་རང་བཞིན་ཅུང་ཟད་ཀྱང་མེད་པར་འགྱུར་ཏེ། ཕུང་པོ་དང་མི་ལྡན་པ་ལ་ནི་རང་བཞིན་དུ་གྱུར་པའི་ལུས་ཅུང་ཟད་ཀྱང་མ་དམིགས་ཏེ། མོ་གཤམ་གྱི་བུ་བཞིན་ནོ། །གཞན་ཡང་ཇི་སྲིད་དུ་བདག་ཕུང་པོའི་འཆིང་བྱེད་དང་བཅས་པ་དེ་སྲིད་དུ་འཁོར་བ་ཡིན་ལ་གང་གི་ཚེ་ཕུང་པོའི་འཆིང་བྱེད་ལས་གྲོལ་བ། དེའི་ཚེ་བདག་ཐར་པ་ཡིན་པར་བདག་ཏུ་སྨྲ་བ་རྣམས་ཁས་ལེན་པར་བྱེད་པས། དེའི་ཕྱིར་བདག་ནི་སྒྲིབ་མི་དགོས་པར་ཐལ་བར་འགྱུར་ཏེ། འཁོར་བར་འཆིང་བྱེད་ཀྱི་ཕུང་པོ་དང་གདོད་མ་ནས་བྲལ་བའི་ཕྱིར་རོ། །གང་ཡང་ཉེ་བར་ལེན་པའི་ཕུང་པོ་ལྔ་ལ་དམིགས་ནས། འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུ་འབྱུང་བར་གསུངས་པ་དེ་ལ་བདག་ཏུ་ལྟ་བ་ནི་དུ་ཞིག་ཡོད་བདག་གིར་ལྟ་བ་ནི་དུ་ཞིག་ཡོད་ཅེ་ན། མཐའ་ཉི་ཤུ་ནི་གཟུགས་བདག་ཡིན་པར་ལྟ་བ་ནས་རྣམ་པར་ཤེས་པ་ལ་བདག་གནས་སོ་ཞེས་པའི་བར་རོ། །

དེ་ལ་གཟུགས་བདག་ཡིན་པར་ལྟ་བ་ནས་རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བའི་བར་ལྔ་ནི་བདག་ཏུ་ལྟ་བ་ཡིན་ནོ། །ལྷག་མ་བཅོ་ལྔ་ནི་བདག་གིར་ལྟ་བ་ཡིན་ནོ། །ཅིའི་ཕྱིར་བཅོ་ལྔ་ནི་བདག་གིར་ལྟ་བ་ཡིན་ཞེ་ན། བདག་གཟུགས་དང་ལྡན་པ་ནས། རྣམ་པར་ཤེས་པ་དང་ལྡན་པའི་བར་ནི་བདག་གི་བར་ལྟ་བ་ཡིན་ཏེ། དཔེར་ན་སྐྱེས་བུ་དང་རྒྱན་བཞིན་དུ་ཕུང་པོ་ལྔ་པོ་དེ་བདག་ལ་ཁྱད་ཆོས་སུ་འབྲེལ་བར་འཛིན་པའི་ཕྱིར་རོ། །གཟུགས་བདག་གི་ཡིན་པ་ནས། རྣམ་པར་ཤེས་པ་བདག་གི་ཡིན་པའི་བར་ལྔ་ཡང་། བདག་གིར་བར་ལྟ་བ་ཡིན་ཏེ། དཔེར་ན་སྐྱེས་བུ་དང་དེའི་ནོར་བཞིན་དུ། ཕུང་པོ་ལྔ་ནི་བདག་གི་དབང་བསྒྱུར་བྱར་འཛིན་པའི་ཕྱིར་རོ། །གཟུགས་ལ་བདག་གནས་པ་ནས་རྣམ་པར་ཤེས་པ་ལ་བདག་གནས་པའི་བར་ལྔ་ཡང་བདག་གིར་ལྟ་བ་ཡིན་ཏེ། དཔེར་ན་འོ་མ་ལ་མར་གྱི་སྙིང་པོ་རྗེས་སུ་ཞུགས་པའམ་རི་སུལ་ན་སེང་གེ་གནས་པ་བཞིན་དུ། བདག་དེ་ནི་ལུས་ཀྱི་ཡན་ལག་རྣམས་དང་གོ་ས་ཐ་དད་དུ་མི་འཇུག་པར་དེ་དག་ལ་ཁྱབ་པའི་སྒོ་ནས་རྗེས་སུ་ཞུགས་པར་འཛིན་པའི་ཕྱིར་རོ། །

ཅིའི་ཕྱིར་འཇིག་ཚོགས་ལ་ལྟ་བའི་མཐའ་ཉི་ཤུར་བཤད་ཅེ་ན། བདག་ཏུ་ལྟ་བ་གང་ཇི་སྙེད་ཅིག་ཡོད་པ་དེ་ཐམས་ཅད་ནི་ཉི་ཤུ་པོ་འདི་ཙམ་དུ་ཟད་པའི་ཕྱིར་རོ། །ཅིའི་ཕྱིར་ཞེ་ན། གང་ཇི་སྙེད་བདག་ཏུ་ལྟ་བ་དེ་དག་ནི་ཕུང་པོ་འདི་དག་ལ་ཡིན་ལ། དེ་ལ་ཁ་ཅིག་ནི་བདག་ཕུང་པོ་དང་གཅིག་ཏུ་སྒྲོ་འདོགས་པར་བྱེད་ལ། ཁ་ཅིག་ནི་བདག་ཕུང་པོ་ལས་གཞན་དུ་སྒྲོ་འདོགས་པར་བྱེད་དོ། །གང་ཞིག་གཅིག་ཏུ་སྒྲོ་འདོགས་པ་དེ་དག་ནི་གཟུགས་བདག་ཡིན་པར་ལྟ་བ་ནས་རྣམ་པར་ཤེས་པ་བདག་ཡིན་པར་ལྟ་བའི་བར་ལྔ་པོ་འདི་ཙམ་དུ་ཟད་པ་ཡིན་ཏེ། བདག་ཏུ་སྒྲོ་འདོགས་པའི་གཞི་གཞན་མ་དམིགས་པའི་ཕྱིར་རོ། །གང་ཞིག་བདག་དོན་གཞན་དུ་སྒྲོ་འདོགས་པ་དེ་དག་ཡང་། བདག་ལ་ཕུང་པོ་རྟེན་པའམ། ཕུང་པོ་ལ་བདག་རྟེན་པ་གཉིས་སུ་གནས་ཏེ། རྣམ་པ་གཞན་མི་འཐད་པའི་ཕྱིར་ཏེ། ཕུང་པོ་དང་མི་ལྡན་པའི་བདག་སུ་ཡང་ཁས་མི་ལེན་པའི་ཕྱིར་རོ། །སྔར་ལུས་མེད་པའི་ཉེས་པ་དང་། ཞེས་པ་ནི་མཐའ་འགོག་པ་ཙམ་ཡིན་གྱི་དེ་ལྟ་བུ་ཁས་ལེན་པ་ཡོད་ནས་དེ་སྐད་བཤད་པ་ནི་མ་ཡིན་ནོ། །

བདག་ལ་ཕུང་པོ་བརྟེན་པར་འདོད་པ་དེ་ཡང་། ཕུང་པོ་བདག་གི་ཁྱད་ཆོས་སུ་ལྡན་པར་འཛིན་པ་དང་། ཕུང་པོ་བདག་གི་དབང་བསྒྱུར་བྱར་འཛིན་པ་གཉིས་ཡིན་ལ། དང་པོ་ནི་བདག་གཟུགས་དང་ལྡན་པ་ནས་རྣམ་པར་ཤེས་པ་དང་ལྡན་པའི་བར་དུ་ལྔ་པོ་འདི་ཙམ་དུ་ཟད་ལ་ཕྱི་མ་ཡང་གཟུགས་བདག་གི་ཡིན་པ་ནས་རྣམ་པར་ཤེས་པ་བདག་གི་ཡིན་པའི་བར་ལྔ་པོ་འདི་ཙམ་དུ་ཟད་པའི་ཕྱིར་རོ། །འཇིག་ཚོགས་ལ་ལྟ་བ་ཞེས་བརྗོད་པ་གང་ཡིན་པ་དེ་ཉིད་ཕུང་པོ་ལ་བདག་ཡོད་མེད་རིགས་པས་དཔྱད་ནས་འཇུག་པའི་གཞི་ཅན་ཞེས་བྱའམ། འོན་ཏེ་མ་དཔྱད་པའི་གཞི་ཅན་ཞེས་བྱ། དེ་ལས་ཅིར་འགྱུར་དང་པོ་ལྟར་ན་འཇིག་ལྟས་ཕུང་པོ་བདག་ཏུ་འཛིན་པ་མི་རིགས་ཏེ་རིགས་པས་དཔྱད་ན་ཕུང་པོ་ལ་བདག་མེད་པའི་ཕྱིར། གཉིས་པ་ལྟར་ན་ཡང་ལྟ་བ་རྣམས་དམིགས་པ་ལ་རྟོག་ཅིང་སྤྱོད་པའི་རྣམ་པ་ཅན་ཡིན་པ་མི་འཐད་དོ་ཞེ་ན། འཇིག་ལྟ་ནི་ཕུང་པོའི་གནས་ལུགས་ལ་ཚུལ་བཞིན་དུ་མི་དཔྱོད་པར་ངའོ་སྙམ་དུ་འཛིན་པའི་ཕྱིར། མ་དཔྱད་པའི་གཞི་ཅན་ཞེས་བརྗོད་པར་བྱའོ། །དཔེར་ན་ཐག་པ་སྡོགས་པའི་ཆུན་པོ་ལ་དཔྱད་ན་སྦྲུལ་གྱི་བློ་འཇུག་པའི་གོ་སྐབས་མེད་ཀྱང་། མ་དཔྱད་པར་འདི་སྦྲུལ་ལོ་སྙམ་པའི་བློ་སྐྱེ་བ་བཞིན་ནོ། །དེ་ལྟར་ན་ཉོན་མོངས་པར་རྣམས་བཤད་ཟིན་ཏོ། །

ད་ནི་ཉེ་བའི་ཉོན་མོངས་པ་རྣམས་བཤད་པར་བྱ་སྟེ། དེ་ཡང་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཉེ་བའི་ཉོན་མོངས་པ་རྣམས་ཀྱི་གནས་གང་ཞེ་ན། དེ་ནི་རྣམ་པ་དགུར་ལྟ་བར་བྱ་སྟེ། འདི་ལྟར་ཕན་ཚུན་ལྷན་ཅིག་གནས་པ་དང་། གཅིག་ལ་གཅིག་གླེང་བ་དང་། རྙེད་པ་དང་བསྐུར་ཏི་དང་། འཚོ་བ་ཉམས་པ་དང་། བླ་མ་ལ་མི་འདུད་པ་དང་མི་བཟོད་པ་དང་། ལྷག་པའི་ཚུལ་ཁྲིམས་ཉམས་པ་དང་། ལྷག་པའི་སེམས་ཉམས་པ་དང་། ལྷག་པའི་ཤེས་རབ་ཉམས་པའོ། །དེ་ལ་ཡང་དང་པོ་དང་། གཉིས་པ་ནི་གནས་དང་པོ་ལས་སྐྱེ་བར་རིག་པར་བྱའོ། །གསུམ་པ་དང་བཞི་པ་ནི་གནས་གཉིས་པ་ལས་སོ། །ལྔ་པ་དང་དྲུག་པ་ནི་གནས་གསུམ་པ་ལས་སོ། །བདུན་པ་དང་བརྒྱད་པ་ནི་གནས་བཞི་པ་ལས་སོ། །དགུ་པ་ནི་གནས་ལྔ་པ་ལས་སོ། །བཅུ་པ་ནི་གནས་དྲུག་པ་ལས་སོ། །བཅུ་གཅིག་པ་དང་བཅུ་གཉིས་པ་ནི་གནས་བདུན་པ་ལས་སོ། །གཞན་བཅུ་གཉིས་ནི་གནས་ཐ་མ་གཉིས་ལས་སྐྱེ་བར་འགྱུར་རོ། །

དེ་ལ་ལྷག་པའི་སེམས་དང་། ལྷག་པའི་ཤེས་རབ་ནི་སྒོ་གསུམ་གྱི་ཉམས་པར་འགྱུར་ཏེ། ཞི་གནས་ཀྱི་མཚན་མ་ཉམས་པའི་སྒོ་དང་། རབ་ཏུ་འཛིན་པའི་མཚན་མ་ཉམས་པའི་སྒོ་དང་། བཏང་སྙོམས་ཀྱི་མཚན་མ་ཉམས་པའི་སྒོ་ནས་སོ། །དེ་ལ་དང་པོས་ནི་རྨུགས་པ་དང་། གཉིད་བསྐྱེད་དོ། །གཉིས་པས་ནི་རྒོད་པ་དང་། འགྱོད་པའོ། །གནས་གསུམ་པས་ནི་མ་དད་པ་ལོག་པར་རྟོགས་པ་དང་། དཔྱོད་པའི་མཐར་ཐུག་པ་རྣམས་བསྐྱེད་དོ། །ཞེས་གསུངས་པ་ལྟར། དགུ་ལས། དང་པོ་ལྷན་ཅིག་གནས་པའི་གཞི་ཅན་གྱི་ཁྲོ་བ་དང་། ཁོན་དུ་འཛིན་པ་གཉིས་ལས། ཁྲོ་བ་ནི་འཕྲལ་དུ་གནོད་པ་བྱེད་པའི་རྒྱུ་སེམས་ཅན་དང་སེམས་ཅན་མ་ཡིན་པ་ད་ལྟར་ཉེ་བར་གནས་པ་ན་དེ་ལ་དམིགས་ནས་རྣམ་པ་སེམས་ཀྱི་ཀུན་ནས་མནར་སེམས་ཤིང་གནོད་པ་བྱ་བར་སེམས་པ་སྟེ། དེ་ཡང་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་ཀྱིས་བཏགས་པར་ཡོད་པ་ཡིན་ནོ། །འདི་ནི་བརྡོག་པའམ་བསོད་པའི་བསམ་པས་མཚོན་ཆ་ལེན་པ་དང་། བཅིང་པ་ལྔས་འཆིང་བ་ལ་སོགས་པ་མདོར་ན་འཕྲལ་དུ་གནོད་པ་ཤོམ་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །འཁོན་དུ་འཛིན་པ་ནི་ཁྲོས་པ་དེའི་འོག་ཏུ་འདིས་བདག་ལ་གནོད་པའི་བྱེ་བྲག་འདི་ལྟ་བུ་ཞིག་བྱའོ་ཞེས་ཤར་གཉེར་བའི་བསམ་པའི་མདུད་པར་འཛིན་པ་རྒྱུན་དུ་མི་གཏོང་བ་སྟེ་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་ཀྱིས་ཁྲོ་བ་བཞིན་དུ་བཏགས་པའི་ཡོད་པ་ཡིན་ནོ། །འདི་ནི་གནོད་པ་ལ་ཇི་མི་སྙམ་པར་མི་བྱེད་ཀྱི་ནམ་ཞིག་ན་གནོད་ལན་བྱེད་པར་འདོད་པའི་ཕྱིར་མི་བཟོད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །འདི་ནི་ཁྲོ་བ་སྔོན་དུ་འགྲོ་བ་ཡིན་པས་དེ་ལས་ཐ་དད་ལ། འཚིག་པ་ནི་འདི་སྔོན་དུ་འགྲོ་བ་ཅན་ཡིན་པས་དེ་ལས་ཐ་དད་པ་ཡིན་ནོ། །

གཅིག་ལ་གཅིག་གླེང་བའི་གཞི་ཅན་གྱི་འཆབ་པ་དང་། འཚིག་པ་གཉིས་ལས། འཆབ་པ་ནི། གྲོགས་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱིས་འདུན་པ་དང་། ཞེ་སྡང་དང་། འཇིགས་པ་ལ་སོགས་པས་མ་ཡིན་པར་དེ་ལ་ཕན་པར་འདོད་པས་ཚེ་དང་ལྡན་པ་ལ་ལྟུང་བ་འདི་ལྟ་བུ་ཞིག་བྱུང་གིས་དེ་སླར་ཆོས་བཞིན་དུ་གྱིས་ཤིག་ཅེས་ལེགས་པར་བསྐུལ་བ་ལ་ལྟུང་བའི་ཉེས་དམིགས་ལ་རྨོངས་པའི་གཏི་མུག་གི་ཆར་གཏོགས་པ་ཉིད་ཀྱིས་དེ་ལྟ་བུ་བྱས་པ་མི་དྲན་ནོ་ཞེས་ལྟུང་བའི་ཁ་ན་མ་ཐོ་བ་མཁྱུད་ཅིང་སྦེད་པར་བྱེད་པ་གང་ཡིན་པའོ། །ལྟུང་བ་བཅབས་ན་འགྱོད་པར་འགྱུར་བ་འདི་ནི་ཆོས་ཉིད་ཡིན་ལ། འགྱོད་པ་ཡང་ཡིད་མི་བདེ་བ་དང་། མཚུངས་པར་ལྡན་པའི་ཉིད་ཀྱིས་བདེ་བ་ལ་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

འཚིག་པ་ནི། ཁྲོ་བ་དང་འཁོན་དུ་འཛིན་པ་མངོན་དུ་འགྲོ་ཞིང་སོང་བ་ན། གང་ལ་ཁྲོས་པ་དང་ཁོན་དུ་འཛིན་པ་ཡོད་པའི་གྲོགས་ཚངས་པ་མཚུངས་པར་སྤྱོད་པ་གཞན་གྱིས་སྔ་མ་ལྟར་ལྟུང་བ་གླེང་བ་སོགས་བྱས་པ་ན་ཁོང་ཁྲོ་བའི་ཆར་གཏོགས་པ་ཉིད་ཀྱིས་དེ་ཉིད་ལ་སེམས་ཀྱི་ཀུན་ནས་མནར་སེམས་པས་ཚིག་རྩུབ་པོས་སླར་གླེང་བ་པོའི་ཡིད་སུན་འབྱིན་པར་བྱེད་པ་གང་ཡིན་པའོ། །འདིས་ནི་གཞན་གྱི་ཞེ་གཅོད་པའི་ཚིག་རྩུབ་པོ་ཀུན་ནས་བརླང་ཞིང་། དེ་ཡང་ངོར་ལྡང་ཞེས་བརྗོད་པ་ཤུགས་དྲག་པ་སྐྱེད་པའི་རྟེན་བྱེད་པའི་ལས་ཅན་དང་། གཞན་གྱིས་ལྟུང་བ་ལས་བསྐུལ་བ་ན་ཁ་ཅིག་ནི་རྨོངས་པས་ལྟུང་བ་སྦེད་པར་བྱེད་ལ། གཞན་དག་ནི་ཀུན་ནས་མནར་སེམས་པས་སླར་རྒོལ་བར་འགྱུར་བས་དེའི་ཕྱིར་འདི་གཉིས་ནི་ལྟུང་བ་གླེང་བའི་གཞི་ཅན་ཞེས་བྱའོ། །བསོད་ནམས་མ་ཡིན་པ་ངག་གི་ཉེས་སྤྱོད་འཕེལ་བ་དང་དེ་དང་ལྡན་པའི་གང་ཟག་འགྲོགས་པར་དཀའ་བའི་ཕྱིར། གྲོགས་དང་ལྷན་གཅིག་ཏུ་སྤྱོད་པའི་བདེ་བ་ལ་རེག་པར་རེག་པར་མི་གནས་པའི་ལས་ཅན་ཡིན་ནོ། །

རྙེད་པ་དང་བཀུར་སྟིའི་གཞི་ཅན་གྱི་ཕྲག་དོག་དང་སེར་སྣ་གཉིས་ལས། ཕྲག་དོག་ནི་རྙེད་པ་ཡོན་འབུལ་བ་དང་བཀུར་སྟི་གདན་འདིངས་པ་སོགས་ལ་ཆགས་པས་ཀུན་ནས་བླང་སྟེ། གཞན་གྱི་ལོངས་སྤྱོད་འཁོར་དང་ཐོས་པ་ལ་སོགས་པའི་ཕུན་སུམ་ཚོགས་པའི་ཁྱད་པར་ལ་མི་བཟོད་པར་གྱུར་པ་རང་གི་སེམས་ཁོང་ནས་འཁྲུགས་པར་བྱེད་པ་གང་ཡིན་པ་དེ་དེ་ཡང་ཞེ་སྡང་གི་ཆར་གཏོགས་པ་ཡིན་པས་གཏགས་པར་ཡོད་པ་ཡིན་ནོ། །དེ་ནི་ཡིད་མི་བདེ་བ་དང་མཚུངས་ལྡན་ཡིན་པས་ཡིད་མི་བདེ་བ་དང་། དེའི་སྟོབས་ཀྱིས་བདེ་བ་ལ་རེག་པར་མི་གནས་པའི་ལས་ཅན་ཡིན་ནོ། །

སེར་སྣ་ནི་རྙེད་པ་དང་བཀུར་སྟི་ལ་ཆགས་པའི་དབང་གིས་ཟས་དང་གོས་ལ་སོགས་པ་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལ་དམིགས་ནས་རྣམ་པ་སེམས་ཀྱིས་ཀུན་ཏུ་འཛིན་ཅིང་གཏོང་བ་དང་མི་མཐུན་པར་བྱེད་པ་སྟེ། འདོད་ཆགས་ཀྱི་ཆར་གཏོགས་པས་བཏགས་པར་ཡོད་པ་ཡིན་ནོ། །འདིས་ཡོ་བྱད་མི་མཁོ་བ་རྣམས་ཀྱང་སོག་པའི་ཕྱིར་ཡོ་བྱད་མ་སྙུངས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །རྙེད་པ་དང་བཀུར་སྟི་ལ་དོན་དུ་གཉེར་བ་ཡོད་པ་དག་ལ་ནི་གཉིས་པོ་འདི་དག་གདོན་མི་ཟ་བར་འབྱུང་སྟེ། འདི་ལྟར། གཞན་གྱི་རྙེད་བཀུར་ཐོབ་པའི་སྡུག་བསྔལ་མི་བཟོད་པ་དང་། རང་གི་ཐོབ་ཟིན་པའི་རྙེད་པ་ལ་ལྷག་པར་ཆགས་པ་གང་ཡིན་པའོ། །དེའི་ཕྱིར་གཉིས་པོ་འདི་དག་ནི་རྙེད་བཀུར་གྱི་གཞི་ཅན་ཞེས་བྱའོ། །

འཚོ་བ་ཉམས་པའི་གཞི་ཅན་གྱི་སྒྱུ་དང་། གཡོ་གཉིས་ལ། སྒྱུ་ནི་རྙེད་པ་དང་བཀུར་སྟི་ལ་ལྷག་པར་ཆགས་པས་ཀུན་ནས་བསླང་ནས་གཞན་སླུ་བའི་བསམ་པས་ཚུལ་ཁྲིམས་དང་ཏིང་ངེ་འཛིན་ལ་སོགས་པའི་ཡོན་ཏན་ཡོད་པ་མ་ཡིན་པ་ལ་ཡོད་པ་ལྟར་བཅོས་ནས་ཡོན་ཏན་མ་ཡིན་པ་ལུས་ངག་གི་ཀུན་ཏུ་སྤྱོད་པ་བཅོས་མ་ཉེ་བར་སྟོན་པར་བྱེད་པ་གང་ཡིན་པའོ། །དེ་ཡང་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པ་ཡིན་ཏེ། རྙེད་བཀུར་ལ་ཆགས་པ་དང་ལོག་འཚོའི་ཉེས་དམིགས་ལ་མ་རྨོངས་ན། འགའ་ཡང་ལུས་ངག་ཚུལ་འཆོས་པར་མི་བྱེད་པའི་ཕྱིར་རོ། །འདིས་ནི་ལུས་ངག་ཚུལ་འཆོས་པས་རྙེད་པའི་མལ་ཆ་ལ་སོགས་པས་ཉེ་བར་འཚེ་བར་བྱེད་པས་དེའི་ཕྱིར་ལོག་པས་འཚེ་བའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

གཡོ་ནི། རྙེད་བཀུར་ལ་ཆགས་པའི་དབང་གིས། རང་ལ་བྱུང་བའི་ལྟུང་བའི་ཉེས་པ་གཞན་གྱིས་གླེང་པ་ན། དེ་བཅབ་པའི་ཕྱིར་གཞན་མགོ་རྨོངས་པར་བྱེད་པའི་ཐབས་གཏམ་གཞན་དང་གཞན་དུ་བསྒྱུར་བ་ལ་སོགས་པས་ཉེས་པ་ཡང་དག་པར་སྦྱོང་བར་བྱེད་པ་སྟེ། འདི་ཡང་འདོད་ཆགས་དང་གཏི་མུག་གི་ཆར་གཏོགས་པ་ཡིན་ཏེ་རྙེད་བཀུར་ཉམས་ཀྱི་དོགས་པ་དང་། ལྟུང་བའི་ཉེས་དམིགས་ལ་མ་རྨོངས་པ་ན་དེ་ལྟར་གཡོ་མི་བྱེད་པའི་ཕྱིར་རོ། །

འཆབ་པ་ནི་ཉེས་པ་གསལ་པོར་མཁྱུད་པ་ཡིན་ལ། འདི་ནི་མཁྱུད་པའི་ཐབས་གཞན་འཛིན་པ་ཡིན་པས་ཐ་དད་དོ། །ཡང་དག་པའི་གདམ་ངག་ནི་རྙེད་ན་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་བ་ཡིན་ལ། བདག་གི་ཚུལ་མི་སྟོན་པ་ནི་དེ་ལྟ་བུ་བསྟན་པའི་སྣོད་མ་ཡིན་པས་དེའི་ཕྱིར། ཡང་དག་པའི་གདམ་ངག་རྙེད་པའི་བར་དུ་གཅོད་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

བླ་མ་ལ་མི་འདུད་པའི་གཞི་ཅན་གྱི་རྒྱགས་པ་ནི་ལུས་ལ་ནད་མེད་པ་དང་ལང་ཚོ་དར་ལ་བབ་པ་དང་ཁམས་སྙོམས་པ་ལ་སོགས་པ་ཚེ་རིང་བའི་མཚན་མ་དང་། གཞན་ཡང་གཟུགས་དང་སྟོབས་དང་དབང་ཕྱུག་དང་བློ་དང་། ཡིད་གཞུང་པ་ལ་སོགས་པ་ཟག་པ་དང་བཅས་པའི་ཕུན་སུམ་ཚོགས་པ་གང་ཡང་རུང་བ་དག་མཐོང་ནས་སེམས་རབ་ཏུ་གཡོ་བར་བྱེད་པའི་དགའ་བ་དང་ཡིད་བདེ་བ་དག་དང་མཚུངས་པར་ལྡན་པའི་སྲེད་པ་སྟེ། འདོད་ཆགས་ཀྱི་ཆར་གཏོགས་པ་ཡིན་ནོ། །དགའ་བ་དང་། མི་དགེ་བ་ནི་དོན་གཅིག་ཡིན་ཡང་མཆོག་ཏུ་སེམས་དགའ་བར་བྱེད་པའི་ཡིད་བདེ་ཁྱད་པར་བ་བཟུང་བའི་དོན་དུ་དགའ་བ་དང་ཡིད་བདེ་བ་ཞེས་གཉིས་ཀ་སྨོས་པ་ཡིན་ནོ། །དགའ་བ་དང་ཡིད་བདེ་བ་ནི་ཚོར་བ་ཡིན་པའི་ཕྱིར་འདོད་ཆགས་ཀྱི་ཆར་གཏོགས་པ་མི་རིགས་པས། དེའི་ཕྱིར་དེ་དག་དང་མཚུངས་པར་ལྡན་པའི་སྲེད་པ་ཉིད་གསུང་པ་ཡིན་ནོ། །འདི་དང་ལྡན་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་ཞིང་ཐག་མི་རིང་བའི་ཕྱིར་འདི་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་འབྱུང་བའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

མི་བཟོད་པའི་གཞི་ཅན་གྱི་རྣམ་པར་འཚེ་བ་ནི་རང་གིས་འཚེ་བར་བྱེད་པས་སྙིང་བརྩེ་བ་མེད་པ་དང་། གཞན་འཚེར་འཇུག་པས་སྙིང་རྗེ་བ་མེད་པ་དང་། འཚེ་བ་མཐོང་བ་དགའ་བ་སྐྱེ་བས་རྩེ་བ་མེད་པ་ཞེས་སམ། ཡང་ན་འདི་དག་དོན་གཅིག་པས་སྔ་མ་སྔ་མ་ཕྱི་མ་ཕྱི་མས་བཤད་དོ། །འདིས་ནི་སེམས་ཅན་རྣམས་ལ། བསད་པ་དང་། བཅིང་བ་དང་། སྲེག་པ་དང་སྡིག་པ་ལ་སོགས་པ་གནོད་པ་སྣ་ཚོགས་ཀྱི་འཚེ་བར་བྱེད་པས་དེའི་ཕྱིར་རྣམ་པར་འཐོ་འཚམས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

ལྷག་པའི་ཚུལ་ཁྲིམས་ཀྱི་བསླབ་པ་ཉམས་པའི་རྒྱུ། ངོ་ཚ་མེད་ཁྲེལ་མེད་པ་གཉིས་ལས། ངོ་ཚ་མེད་པ་ནི། ལས་དེ་བདག་གི་བྱ་བའི་ཆ་མ་ཡིན་པར་ཤེས་ཀྱང་ཁ་ན་མ་ཐོ་བ་དེས་བདག་ལ་མི་འཛེམ་པས་ཏེ་ངོ་ཚ་ཤེས་པའི་མི་མཐུན་ཕྱོགས་སུ་གྱུར་པའོ། །

ཁྲེལ་མེད་པ་ནི། ལས་དེ་བྱས་ན་འཇིག་རྟེན་དུ་གྲགས་པ་མ་ཡིན་པ་འབྱུང་བར་ཤེས་ཀྱང་ཁ་ན་མ་ཐོ་བས་གཞན་ལ་ཁྲེལ་ལྟས་མི་བྱེད་ཅིང་མི་འཛེམ་པ་གང་ཡིན་པ་ཏེ། ཁྲེལ་ཡོད་པའི་མི་མཐུན་ཕྱོགས་སུ་གྱུར་པའོ། །འདི་གཉིས་བྱ་བ་ངན་པ་ཐམས་ཅད་ཀྱི་རྒྱུར་གྱུར་པའི་དུག་གསུམ་གྱི་རྣམ་པ་ཇི་ལྟར་སྲིད་པ་ལ་གདགས་སོ། །འདོད་ཆགས་དང་ཞེ་སྡང་གཉིས་ཅིག་ཅར་འབྱུང་བ་མི་སྲིད་པའི་ཕྱིར་རོ། །འདི་དག་དང་ལྡན་པ་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀུན་ཏུ་སྤྱོད་པར་འགྱུར་བས་དེའི་ཕྱིར། འདི་གཉིས་ནི་དེ་དག་ཀུན་གྱི་གྲོགས་བྱེད་པའི་ལས་ཅན་ཡིན་ནོ། །

ལྷག་པའི་སེམས་དང་ལྷག་པའི་ཤེས་རབ་ཀྱི་བསླབ་པ་ཉམས་པའི་གཞི་ལ་ཡང་གསུམ་ཏེ། ཞི་གནས་ཀྱི་མཚན་མ་ཉམས་པའི་སྒོ་དང་། རབ་ཏུ་འཛིན་པའི་མཚན་མ་ཉམས་པའི་སྒོ་དང་། བཏང་སྙོམས་ཀྱི་མཚན་མ་ཉམས་པའི་སྒོའོ། །དང་པོ་ནི་རྨུགས་པ་དང་གཉིད་གཉིས་སོ། །གཉིས་པ་ནི་རྒོད་པ་དང་འགྱོད་པའོ། །གསུམ་པ་ནི་མ་དད་པ་ནས་སྤྱོད་པ་ལ་ཐུག་གི་བར་ལྷག་མ་རྣམས་སོ། །དེ་དག་གོ་རིམ་བཞིན་དུ་བཤད་ན་རྨུགས་པ་ནི་དམིགས་པ་ལ་རྟོགས་པ་མི་གསལ་བ་གང་གིས་སེམས་གློང་གློང་པོར་འགྱུར་ཏེ་དགེ་བའི་ལས་ལ་བཀོལ་དུ་མི་རུང་བར་བྱེད་པ་གང་ཡིན་པས་ཏེ། དེ་ཡང་གཏི་མུག་གི་ཆར་གཏོགས་པ་ཉིད་ཀྱིས་བཏགས་པར་ཡོད་པ་ཡིན་ནོ། །འདི་ནི་ཉོན་མོངས་པ་དང་ཉེ་བའི་མོངས་པ་ཀུན་དང་མི་མཐུན་པ་མེད་པ་དེའི་ཕྱིར་དེ་དག་ཀུན་གྱི་གྲོགས་བྱེད་པའི་ལས་ཅན་ཡིན་ནོ། །

རྒོད་པ་ནི་སེམས་སྡུག་པའི་ཡུལ་ལ་གཡེངས་པར་བྱེད་པའི་སྒོ་ནས་རྣམ་པར་མ་ཞི་བར་བྱེད་པས་ཏེ། དེ་ཡང་། སྡུག་པའི་མཚན་མ་སྔོན་རྒོད་རྒོད་པ་དང་། རྩེ་རྩེ་བ་སོགས་པ་རྗེས་སུ་དྲན་པའི་སྒོ་ནས་དེ་དག་གི་རྗེས་སུ་འཇུག་པའི་འདོད་ཆགས་ཀྱི་ཆར་གཏོགས་པ་ཡིན་ནོ། །འདིས་སེམས་སྡུག་པའི་ཡུལ་ལ་འཕྲོ་བར་བྱེད་པའི་ཕྱིར་ཞི་གནས་ཀྱི་བར་དུ་གཅོད་པའི་ལས་ཅན་ཡིན་ནོ། །མ་དད་པ་ནི། དགེ་བའི་ཆོས་ལས་འབྲས་དང་། དཀོན་མཆོག་དང་། འགོག་ལམ་སོགས་ལ་གོ་རིམ་བཞིན་སེམས་ཀྱི་ཡིད་མི་ཆེས་པ་དང་། མ་དད་པ་དང་། མི་འདོད་པས་ཏེ། དད་པ་གསུམ་གྱི་མི་མཐུན་ཕྱོགས་སུ་གྱུར་པའོ། །

འདི་ཡང་ལས་འབྲས་སོགས་ལ་རྨོངས་པའི་གཏི་མུག་གི་ཆར་གཏོགས་པ་ཉིད་ཀྱིས་བཏགས་པར་ཡོད་པ་ཡིན་ནོ། །

མ་དད་པ་ན་མི་འདུན་ཅིང་མི་འདུན་པ་ལ་ཡང་སྤྲོ་བ་མེད་པས་ལེ་ལོའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ལེ་ལོ་ནི་ཉལ་བ་དང་སྙེས་པ་དང་འཕྲོས་པའི་བདེ་བ་ལ་ཆགས་པ་ལ་རྟེན་ནས་དགེ་བའི་ཆོས་རྣམས་སྒྲུབ་པ་ལ་སེམས་མི་སྤྲོ་བར་བྱེད་པ་བརྩོན་འགྲུས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་དེ། དེ་ཡང་གཏི་མུག་གི་ཆར་གཏོགས་པ་ཡིན་ནོ། །འདི་དང་ལྡན་ན་དགེ་བའི་ཕྱོགས་ལ་མི་སྦྱོར་བས་དེའི་ཕྱིར་དགེ་བའི་ཕྱོགས་རྣམས་ལ་མི་འཇུག་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

བག་མེད་པ་ནི་གཉེན་པོ་ཟག་བཅས་དང་ཟག་པ་མེད་པའི་དགེ་བའི་ཆོས་རྣམས་མི་སྒོམ་ཞིང་སྤང་བྱ་གང་ལ་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཟག་པ་དང་བཅས་པའི་ཆོས་རྣམས་ལ་སེམས་མི་བསྲུང་ཞིང་བག་ཡངས་སུ་གཏོང་བར་བྱེད་པ་གང་ཡིན་པའོ། །དེ་ཡང་འདོད་ཆགས་ལ་སོགས་པ་མི་དགེ་བའི་རྩ་བར་གྱུར་པའི་དུག་གསུམ་ལེ་ལོ་དང་བཅས་པས་མི་དགེ་བ་འཕེལ་ཤིང་དགེ་བ་འགྲིབ་པར་བྱེད་པའི་ཆ་ལ་གདགས་སོ། །འདིས་ནི་མི་དགེ་བའི་ཆོས་མ་སྐྱེས་པ་བསྐྱེད་པ་དང་སྐྱེས་པ་འཕེལ་བ་དང་། དགེ་བའི་ཆོས་མ་སྐྱེས་པ་མི་བསྐྱེད་ཅིང་སྐྱེས་པ་ཉམས་པར་བྱེད་པས་དེའི་ཕྱིར། མི་དགེ་བ་འཕེལ་བ་དང་། དགེ་བ་འགྲིབ་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

བརྗེད་ངས་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་མཚུངས་པར་ལྡན་པའི་དྲན་པ་སྟེ། འདིས་ཉོན་མོངས་པ་ཅན་གྱི་ཡུལ་ཡང་དང་ཡང་དུ་ཡིད་ལ་བརྗོད་པའི་སྒོ་ནས་དགེ་བའི་དམིགས་པ་ལ་སེམས་མི་གསལ་བར་བྱེད་པས་དེའི་ཕྱིར་དགེ་བའི་དམིགས་པ་ལ་སེམས་གཡེང་བའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཤེས་བཞིན་མ་ཡིན་པ་ནི། ཉོན་མོངས་པ་གཏི་མུག་སོགས་དང་མཚུངས་པར་ལྡན་པའི་ཤེས་རབ་ཏེ། དེས་ལུས་དང་ངག་དང་སེམས་ཀྱི་སྤྱོད་པ་འཇུག་པ་དང་། ལྡོག་པ་སོགས་ལ་མི་ཤེས་བཞིན་དུ་འཇུག་པ་སྟེ། བྱ་བ་དང་བྱ་བ་མ་ཡིན་པ་མི་ཤེས་པས་ལྟུང་བའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

རྣམ་པར་གཡེང་བ་ནི་གང་གིས་སེམས་དགེ་བའི་དམིགས་པ་ལས་ཕྱི་རོལ་ཉོན་མོངས་པའི་ཡུལ་ལ་འཕྲོ་བར་བྱེད་པ་གང་ཡིན་པ་ཏེ། དེ་ཡང་འདོད་ཆགས་ལ་སོགས་པ་གསུམ་གྱིས་སེམས་དགེ་བའི་དམིགས་པ་ལ་གཡེང་བར་བྱེད་པའི་ཆ་ལ་གདགས་སོ། །

རྣམ་པར་གཡེང་བ་དེ་ཡང་ངོ་བོ་ཉིད་ཀྱིས་གཡེང་བ་ལ་སོགས་པ་དྲུག་ཡིན་ལ། དེ་ལ་ངོ་བོ་ཉིད་ཀྱིས་གཡེང་བ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་རྣམས་ཏེ་རང་བཞིན་གྱིས་ཁ་ཕྱི་རོལ་ཏུ་ལྟས་པ་ཉིད་ཀྱིས་ནང་དུ་དམིགས་པ་ལ་མཉམ་པར་འཇོག་མི་ནུས་པའི་ཕྱིར་རོ། །

ཕྱི་རོལ་ཏུ་གཡེང་བ་ནི་ཐོས་པ་ལ་སོགས་པའི་དགེ་བ་ལ་ཞུགས་པའི་སེམས་དམིགས་པ་དེ་དག་ལས་ཕྱི་རོལ་ཏུ་གཟུགས་སྒྲ་ལ་སོགས་པའི་འདོད་པའི་ཡོན་ཏན་ལྔ་ལ་རྣམ་པར་འཕྲོ་ཞིང་ཕྱོགས་པར་བྱེད་པ་གང་ཡིན་པའོ། །

ནང་གི་གཡེང་བ་ནི་བསམ་གཏན་གྱི་དགེ་བ་ལ་ཞུགས་པ་ན་སེམས་ནང་དུ་རྨུགས་ཤིང་བྱིང་བ་དང་ཕྱི་རོལ་ཏུ་རྒོད་ཅིང་གཡེང་བ་དང་། ཇི་ལྟར་ཐོབ་པའི་བསམ་གཏན་གྱི་བདེ་བ་ལ་རོ་མྱང་བ་ལ་སོགས་པ་གང་གིས་དགེ་བ་དེ་ཉིད་རྣམ་པར་དག་པར་འཐར་མི་ཕྱིན་པར་བྱེད་པ་གང་ཡིན་པའོ། །

མཚན་མའི་གཡེང་བ་ནི་གཞན་བདག་ཉིད་ལ་ཡོན་ཏན་དང་ལྡན་པ་སོགས་སུ་ཡིད་ཆེས་པར་གྱུར་ན་ཅི་མ་རུང་སྙམ་པའི་བསམ་པ་སྔོན་དུ་བཏང་སྟེ། ལུས་ངག་གི་དགེ་བ་ལ་སྦྱོར་བ་ཏེ། དེ་དང་ལྡན་ན་ཁད་ཀྱིས་དགེ་བ་ལ་ཉམས་པར་འགྱུར་བའི་ཕྱིར་དེ་ཡང་གཡེང་བ་ཡིན་ནོ། །

གནས་ངན་ལེན་གྱི་གཡེང་བ་ནི། ངར་འཛིན་པ་ལ་སོགས་པ་གནས་ངན་ལེན་རྒྱུད་ལ་མ་སྤངས་པ་ལ་རྟེན་ནས་བསམ་གཏན་གྱི་དགེ་བ་ལ་ཞུགས་པའི་ཚོར་བ་བདེ་བ་ཇི་ལྟར་བྱུང་བ་ལ་བདག་གི་རྣམ་པར་ང་ཞེས་སམ། བདག་གི་བའི་རྣམ་པར་ངའི་ཞེའམ་ཁེངས་པའི་རྣམ་པར་ངའོ་སྙམ་དུ་ཐོག་མར་དེ་ལྟར་འཛིན་པ་དང་། དེའི་འོག་ཏུ་དེ་དང་རྒྱུད་འདྲེས་པ་དང་ཡང་དང་ཡང་དུ་བཀྲ་བར་བྱེད་པས་མཚན་མར་འཛིན་པ་གང་ཡིན་པས་ཏེ། དེས་ཀྱང་དགེ་བའི་ཕྱོགས་རྣམ་པར་མ་དག་པར་བྱེད་པས་རྣམ་གཡེང་ཡིན་ནོ། །

ཡིད་ལ་བྱེད་པའི་གཡེང་བ་ནི་སྔར་ཐོབ་ཟིན་པའི་བསམ་གཏན་ལས་ལངས་ནས་མ་ཐོབ་པའི་སྙོམས་པར་འཇུག་པ་གཞན་ལ་སྙོམས་པར་འཇུག་པ་དང་། སྔར་ཞུགས་ཟིན་པའི་རང་གི་ཐེག་པ་དོར་ནས་ཐེག་པ་གཞན་ལ་འཇུག་པ་ལ་སོགས་པ་མདོར་ན་རྣམ་པ་གཞན་དང་གཞན་ཡིད་ལ་བྱེད་པའི་དབང་གིས་རང་གི་གནས་པ་ལས་སེམས་རྣམ་པར་འཕྲོ་བར་བྱེད་པ་གང་ཡིན་པའོ། །

དེ་ལ་ངོ་བོ་ཉིད་ཀྱིས་དང་། མཚན་མ་དང་། ཡིད་ལ་བྱེད་པའི་གཡེང་བ་རྣམས་ནི་ཉེ་བའི་ཉོན་མོངས་པ་མ་ཡིན་མོད་འོན་ཀྱང་མདོ་ལས་སྤྱིར་རྣམ་གཡེང་ཙམ་དུ་གསུངས་པས་དེའི་ཕྱིར་དབྱེ་བར་བཀོད་པ་ཙམ་ཡིན་ནོ། །རྣམ་པར་གཡེང་བ་ནི་ཏིང་ངེ་འཛིན་གྱི་མི་མཐུན་ཕྱོགས་ཡིན་ལ། ཏིང་ངེ་འཛིན་དང་བྲལ་བ་ལ་འདོད་ཆགས་དང་བྲལ་བ་མེད་པས་དེའི་ཕྱིར་འདོད་ཆགས་དང་བྲལ་བའི་བར་དུ་གཅོད་པའི་ལས་ཡིན་ནོ། །

གཉིད་ནི་གཉིད་ཀྱི་རྒྱུ་ཉམ་ཆུང་བ་དང་། ངལ་བ་དང་། ལུས་ལྕི་བ་དང་། མུན་པའི་མཚན་མ་ཡིད་ལ་བྱེད་པ་ལ་སོགས་པ་ལ་རྟེན་ནས། བརྟན་པ་མ་ཡིན་པའི་སེམས་འཇུག་པའི་རྣམ་པར་ཤེས་པ་དྲུག་མིག་ལ་སོགས་པ་དབང་པོའི་སྒོ་ནས་མི་འཇུག་པར་ནང་དུ་སྡུད་པར་བྱེད་པ་གང་ཡིན་པའོ། །དེ་ཡང་ཉོན་མོངས་ཅན་དག་ནི་གཏི་མུག་གི་ཆར་གཏོགས་པ་ཡིན་ལ། དགེ་བ་དང་ལུང་མ་བསྟན་དག་ནི་སེམས་པའི་ཤེས་རབ་ཅི་རིགས་པ་ལ་གདགས་སོ། །དེ་ཡང་འཕེན་པའི་བྱེ་བྲག་གིས་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གསུམ་དུ་ཡང་འགྱུར་ལ། འཇིག་རྟེན་གྱི་ཐ་སྙད་ཀྱི་དབང་གིས་དུས་དང་དུས་མ་ཡིན་པ་གང་ཡིན་པ་གཉིས་སུ་ཡང་འགྱུར་ལ། དབང་པོ་ལ་ཕན་པ་དང་གནོད་པའི་བྱེ་བྲག་གིས་རིགས་པ་དང་མི་རིགས་པ་གཉིས་སུ་ཡང་འགྱུར་རོ། །དེ་ལ་དུས་ནི། ནམ་གྱི་གུང་ཐུན་ནོ། །དུས་མ་ཡིན་པ་ནི་དེ་ལས་གཞན་པའོ། །རིགས་པ་ནི་དུས་དང་དུས་མ་ཡིན་ན་ཡང་ནད་ལ་ཕན་པའམ་དབང་པོ་ལས་སུ་རུང་བར་བྱ་བའི་ཕྱིར་རོ། །དེ་ལས་གཞན་པ་ནི་རིགས་པ་མ་ཡིན་པའོ། །གཉིད་ལ་ཧ་ཅང་སྲེད་པ་ནི་དགེ་བའི་ཕྱོགས་ཐམས་ཅད་ལས་ཉམས་པར་འགྱུར་བས་དེའི་ཕྱིར་དེ་བྱ་བ་ཤོར་བའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །ཡང་ན་འདི་ནི་ཉོན་མོངས་ཅན་དང་ལུང་མ་སྟན་གྱི་བྱེད་ལས་ཡིན་གྱི་དགེ་བས་ནི་མ་ཡིན་ཏེ་རྣལ་འབྱོར་སྤྱོད་པའི་སར། དགེ་སློང་དགེ་བའི་ཕྱོགས་ལ་བརྩོན་པའི་དུས་འདའ་བའི་འབྲས་བུ་ཡོད་པར་འགྱུར་བའི་ཆོས་ནི་དུས་སུ་རན་པར་གཉིད་ལོག་པའོ་ཞེས་གསུངས་པའི་ཕྱིར་རོ། །

འགྱོད་པ་ནི་ལས་དེ་བྱེད་པར་འདོད་པའི་བསམ་པ་སྔོན་དུ་བཏང་བའམ། རང་གིས་དེ་ལྟར་མ་བསམས་ཀྱང་གཞན་གྱིས་ནན་གྱིས་བྱེད་དུ་བཅུག་པའམ་ཉོན་མོངས་པ་དང་ཚོར་བའི་ཟིལ་གྱིས་ནོན་ཏེ། བྱ་བ་དགེ་བའམ་བྱ་བ་མ་ཡིན་པ་མི་དགེ་བའི་ལས་བྱས་པ་གང་ཡིན་པ་ལ་དམིགས་ནས་རྣམ་པ་བདག་གི་བྱ་བ་ངན་པ་དེ་ལྟ་བུ་མ་བྱས་ཀྱང་ཅི་མ་རུང་སྙམ་པའི་སྒོ་ནས་སེམས་ཀྱི་ཡིད་ལ་ལྕགས་པ་ནི་མི་དགའ་ཞིང་ཡིད་མི་བདེ་བ་ཡིན་ལ། དེ་ལྟ་བུའི་ཡིད་མི་བདེ་དང་མཚུངས་པར་ལྡན་པའི་སེམས་ལས་བྱུང་བའོ། །དེ་ལ་ཉོན་མོངས་ཅན་ནི་གཏི་མུག་གི་ཆར་གཏོགས་ལ་དགེ་བ་དང་ལུང་མ་བསྟན་ནི་སེམས་དཔའ་དང་ཤེས་རབ་ཀྱི་ཆ་ལ་གདགས་སོ། །བྱ་བ་ངན་པ་ནི་འགྱོད་པ་ཡིན་ལ། དེ་ལ་དམིགས་ཏེ་སེམས་མི་དགའ་བ་ལ་ཡུལ་གྱི་སྒོ་ནས་འགྱོད་པ་ཞེས་བྱའོ། །དགེ་བ་ནི་བྱ་བ་ངན་པ་མ་ཡིན་པ་མ་ཡིན་ནམ། ཇི་ལྟར་ན་དེ་ལ་དམིགས་པ་འགྱོད་པ་ཡིན་ཞེ་ན། དེ་ཡང་གང་ཞིག་དེ་བྱས་པ་ལ་མི་དགའ་བ་ནི། དེའི་ངོ་ན་བྱ་བ་ངན་པ་ཡིན་ཏེ། གཞན་དུ་དེ་བྱས་པ་ལ་མི་དགའ་བར་ཇི་ལྟར་འགྱུར། དགེ་བ་མ་བྱས་པ་དང་མི་དགེ་བ་བྱས་པ་ལ་འགྱོད་པ་ནི་དགེ་བའོ། །དེ་ལས་ཟློག་པ་ནི་མི་དགེ་བའོ། །བཟོ་དང་སྤྱོད་ལམ་ལ་སོགས་པའི་བྱ་བ་ཕལ་པ་འགའ་ཞིག་བྱས་པ་དང་མ་བྱས་པ་ལ་འགྱོད་པ་ནི་ལུང་དུ་མ་བསྟན་པ་ཡིན་ནོ། །ལས་དེ་ཉིད་བྱེད་བཞིན་པའི་གནས་སྐབས་ན་དུས་ཡིན་ཏེ་བཅོས་སུ་ཡོད་པའི་ཕྱིར་རོ། །ལས་དེ་ཉིད་ཀྱི་བྱ་བ་ཡོངས་སུ་རྫོགས་ནས་ནི་དུས་མ་ཡིན་ཏེ། བཅོས་སུ་མེད་པའི་ཕྱིར་རོ། །འོ་ན་ལྟུང་བ་བྱས་པའི་རྗེས་སུ་ཡང་ཆོས་བཞིན་དུ་བྱས་ན་ཕྱིར་བཅོས་སུ་ཡོད་པ་མ་ཡིན་ནམ་ཞེ་ན། དེ་ནི་ཉེས་པ་ལས་ལྡང་བ་ཙམ་ཡིན་གྱི་བྱས་ཟིན་ལས་དེ་ཉིད་སླར་ལྡོག་པ་ནི་མ་ཡིན་ནོ། །གནས་ལ་འགྱོད་པ་ནི་རིགས་པ་ཡིན་ནོ། །གནས་མ་ཡིན་པ་ལ་འགྱོད་པ་ནི་མི་རིགས་པ་ཡིན་ནོ། །སེམས་གནས་པའི་བར་དུ་གཅོད་པའི་ལས་ཅན་ཞེས་པ་ཉོན་མོངས་ཅན་གྱི་དབང་དུ་བྱས་པ་ཡིན་ནོ། །ཞེས་འགྲེལ་པས་འཆད་པ་ནི་རིགས་པར་མ་མཐོང་སྟེ། འདི་ནི་དགེའམ་ཉོན་མོངས་པ་ཅན་གང་ཡིན་ཡང་རུང་གི་འདི་དང་ལྡན་པ་དག་ནི་སེམས་དམིགས་པ་ལ་ཅུང་ཟད་གཏད་པར་མི་ནུས་ཏེ། ཡིད་མི་བདེ་བའི་དབང་གིས་སེམས་ཀུན་ཏུ་གཡོ་ཞིང་ཡེང་ཡེང་པོར་འགྱུར་བའི་ཕྱིར་རོ། །དཔེར་ན་མ་སྐྱེས་དགྲས་འཚམས་མེད་པའི་ལས་བྱས་པས་འགྱོད་པར་གྱུར་པ་ན་ཇི་སྲིད་འགྱོད་པ་དེ་མ་བསལ་གྱི་བར་དུ་སེམས་རྣལ་དུ་མ་གནས་པ་བཞིན་ནོ། །དེའི་ཕྱིར་འདི་ནི་ཀུན་གྱི་བྱེད་ལས་ཡིན་པར་རིགས་སོ། །

རྟོག་པའི་ངོ་བོ་ནི་ངག་ཀུན་ནས་སློང་བར་བྱེད་པའི་སེམས་པའམ་ཤེས་རབ་ལ་བརྟེན་ནས་གང་ཟག་དང་ཆོས་ཀྱི་ངོ་བོའི་ཁྱད་པར་ལ་དམིགས་ནས་རྣམ་པ་འདི་ཅི་ཞེས་ཀུན་ཏུ་ཚོལ་བར་བྱེད་པས་ཏེ། འདིས་ངག་ཀུན་ནས་སློང་བར་བྱེད་པས་ན་ཡིད་ཀྱི་བརྗོད་པ་ཡིན་ལ། དེ་ནི་རགས་པའི་རྣམ་པ་ཅན་ཡིན་པས་སེམས་རྩིང་བ་ཞེས་བྱའོ། །

སྤྱོད་པའི་ལུས་ཀྱང་སྔར་བཤད་པའི་སེམས་དཔའ་དང་ཤེས་རབ་ཡིན་ལ། དམིགས་པ་ནི་རྟོག་པས་རྩལ་བའི་གང་ཟག་ཆོས་ཀྱི་ངོ་བོ་དང་ཁྱད་པར་དེ་ཉིད་ལ། རྣམ་པ་ནི་འདི་ནི་འདིའོ་ཞེས་ངེས་པའི་རྣམ་པས་སོ་སོར་རྟོག་ཅིང་འཇལ་བའི་རྣམ་པ་ཅན་གྱི་ཡིད་ཀྱི་བརྗོད་པ་གང་ཡིན་པ་ཏེ། དེ་ནི། རྟོག་པ་ལ་ལྟོས་ནས་ཕྲ་བའི་རྣམ་པ་ཅན་ཡིན་པའི་ཕྱིར་སེམས་ཞིབ་པ་ཞེས་བྱའོ། །

འདི་དག་དང་ལྡན་པའི་སེམས་དག་ལ་གོ་རིམ་བཞིན་དུ། སེམས་རྩིང་བ་དང་། ཞིབ་པ་ཞེས་བྱའི་འདི་དག་གི་ངོ་བོ་སེམས་རྩིང་ཞིབ་ཀྱི་རང་བཞིན་ནི་མ་ཡིན་ཏེ། དེ་དག་སེམས་བྱུང་མ་ཡིན་པར་ཐལ་བའི་ཕྱིར་རོ། །དེའི་ཕྱིར་བྱེ་བཤད་དུ་ཡང་། བར་འགའ་སེམས་དང་སེམས་པ་ལ། རྟོག་པར་གདགས་ལ་ཞེས་བཤད་པ་ཡང་མི་འཐད་དེ། རྟོག་དཔྱོད་གཉིས་ཀྱི་ལུས་ནི་སེམས་པ་དང་ཤེས་རབ་གཉིས་སུ་གཞུང་རྣམས་ལས་བཤད་པའི་ཕྱིར་ཏེ། ཇི་སྐད་དུ་རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། རྟོག་པ་དང་དཔྱོད་པའི་ལུས་གང་ཞེ་ན། རྟོག་པ་དང་དཔྱོད་པ་རྣམས་དམིགས་པ་ལ་མངོན་པར་མི་རྟོག་པ་ནི་སེམས་པའི་ལུས་ཡིན་ལ། རྟོག་པ་དང་དཔྱོད་པ་རྣམས་དམིགས་པ་ལ་མངོན་པར་རྟོག་པ་ནི་ཤེས་པའི་ལུས་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །རྟོག་པ་དང་དཔྱོད་པ་འདི་གཉིས་ནི་རྣམ་པ་འགལ་བའི་ཕྱིར་སེམས་གཅིག་གི་འཁོར་དུ་ལྷན་ཅིག་ཏུ་འབྱུང་བ་ནི་མེད་ཀྱི་འོན་ཀྱང་ཐོག་མར་ནི་ཚོལ་བའི་རྣམ་པ་ཅན་གྱི་རྟོག་པ་སྐྱེ་ལ་དེའི་འོག་ཏུ་ངེས་པའི་རྣམ་པ་ཅན་གྱི་དཔྱོད་པ་སྐྱེ་བ་ཡིན་ནོ། །དེའི་ཕྱིར་དཔྱོད་པ་ནི་རྟོག་པ་སྔོན་དུ་འགྲོ་བ་ཅན་ཡིན་ནོ། །དེ་ལ་ཡིད་ཀྱི་རྣམ་པར་ཤེས་པ་གང་ཞིག་རྟོག་པ་དང་མཚུངས་པར་ལྡན་པ་དེ་ལ་ནི་ཚོལ་བ་པ་ཞེས་བྱ་ལ། གང་ཞིག་དཔྱོད་པ་དང་མཚུངས་པར་ལྡན་པ་དེ་ལ་ནི་ངེས་པ་ཞེས་བྱའོ། །

གང་ཡང་རྟོག་པ་དག་ལ་གྲགས་པའི་རྟོག་པ་ནི། ཤེས་གང་གང་ལ་སྒྲ་དོན་འཛིན། །དེ་ནི་དེ་ལ་རྟོག་པ་ཡིན། །ཞེས་པ་ལྟར་སྒྲ་དོན་འདྲེས་པར་འཛིན་པའི་མཚན་ཉིད་ཅན་དུ་བཤད་པ་ཡིན་ལ། དེ་ནི་འདིར་བཤད་པའི་རྟོག་དཔྱོད་གཉིས་ཀ་དང་གཞན་ཡང་ང་རྒྱལ་ལ་སོགས་པ་རྟོག་ཅིང་འཇལ་བའི་རྣམ་པ་ཅན་ཀུན་ལ་ཁྱབ་པ་ཡིན་ནོ། །འདིར་བཤད་པའི་རྟོག་དཔྱོད་ཀྱི་ངེས་པ་ནི་འདི་ཡིན་ཏེ། གང་རྟོག་པ་དང་དཔྱོད་པ་ཡིན་པ་དེ་རྣམ་པར་རྟོག་པ་ཡང་དེ་ཡིན་ནམ་ཞེ་ན། ཚིག་སྔ་མ་དང་སྦྱར་རོ། །རྣམ་པར་རྟོག་པ་ཡིན་ལ། རྟོག་པ་དང་དཔྱོད་པ་མ་ཡིན་པ་ཡོད་དོ། །དེ་གཉིས་ལས་གཞན་པའི་ཁམས་གསུམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སོ། །དེ་དག་གཉིས་ཀ་མ་ཡིན་པའང་ཡོད་དོ། །འཇིག་རྟེན་ལས་འདས་པའི་ཡེ་ཤེས་རྣམས་ཡིན་ནོ། །རྟོག་དཔྱོད་འདི་དག་གི་དམིགས་པ་ནི་མིང་དང་ཚིག་དང་ཡི་གེའི་ཚོགས་རྣམས་དང་། དེ་དག་གི་བརྗོད་པར་བྱ་བའི་དོན་རྣམས་ཡིན་ནོ། །

དེ་དག་གི་དབྱེ་བ་ནི་བདུན་ཏེ། འདི་ལྟར་མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། རང་གི་ངང་གིས་འཇུག་པ་དང་། ཚོལ་བ་པ་དང་། སོ་སོར་རྟོག་པ་དང་། ཉོན་མོངས་ཅན་དང་། ཉོན་མོངས་ཅན་མ་ཡིན་པའི་རྣམ་པར་རྟོག་པའོ། །དང་པོ་ནི་འདས་པའི་དོན་ལ་རྟོག་པ་དང་། ཐ་སྙད་ལ་མཁས་པའི་རྣམ་པར་རྟོག་གོ །གཉིས་པ་ནི་མ་འོངས་པ་དང་། ཐ་སྙད་ལ་མི་མཁས་པའི་རྟོག་པའོ། །གསུམ་པ་ནི་ད་ལྟར་བའི་ཡུལ་ལ་རྟོག་པའོ། །བཞི་པ་ནི་ཆོས་རྣམས་ཀྱི་ངོ་བོ་དང་ཁྱད་པར་ལ་ཚོལ་ཞིང་དཔྱོད་པའི་རྣམ་པ་ཅན་ནོ། །ལྔ་པ་ནི་དེ་ཉིད་ལ་སོ་སོར་རྟོག་ཅིང་དཔྱོད་པའི་རྣམ་པ་ཅན་ནོ། དྲུག་པ་ནི་ཉོན་མོངས་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་མཚུངས་པར་ལྡན་པའི་རྟོག་པ་རྣམས་སོ། །བདུན་པ་ནི་དད་པ་ལ་སོགས་པའི་དགེ་བའི་ཆོས་རྣམས་དང་མཚུངས་པར་ལྡན་པ་དང་མ་སྒྲིབས་ལ་ལུང་མ་བསྟན་རྣམས་དང་མཚུངས་པ་ལྡན་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །རྟོག་པ་དང་དཔྱོད་པའི་བྱེད་པའི་ལས་ནི་གང་ཞིག་ཡིད་བདེ་བ་དང་མཚུངས་པར་ལྡན་པས་དེས་ནི་བདེ་བ་ལ་རེག་པར་གནས་པའི་རྟེན་བྱེད་ལ། ཡིད་མི་བདེ་བ་དང་མཚུངས་པར་ལྡན་པ་དེས་ནི་བདེ་བ་ལ་རེག་པར་མི་གནས་པའི་རྟེན་བྱེད་པའི་ལས་ཅན་ཡིན་ནོ། །

དགེ་བ་དང་ཉོན་མོངས་ཅན་གྱི་བྱེད་ལས་གཞན་ཡང་སྟོན་པར་བྱེད་པ་ནི་ཡང་དད་པ་ལ་སོགས་དགེ་བའི་ཆོས་རྣམས་ཀྱི་ལས་ནི་སྔར་བསྟན་པ་དེ་ཙམ་དུ་མ་ཟད་ཀྱི་རང་གི་མི་མཐུན་པའི་ཕྱོགས་མ་དད་པ་ལ་སོགས་པ་སྤོང་བར་བྱེད་པའི་ལས་ཅན་ཡང་ཡིན། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ལས་ནི་རང་གི་གཉེན་པོ་ལ་ཆགས་པ་དང་བྱམས་པ་ལ་སོགས་པ་སྐྱེ་བའི་བར་དུ་གཅོད་པའི་ལས་ཅན་ཡིན་ནོ། །སེམས་དང་མཚུངས་པར་ལྡན་པའི་འདུ་བྱེད་ཀྱི་ཕུང་པོ་རྣམས་རྒྱས་པར་བཤད་ཟིན་ཏོ། །

ད་ནི་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་ལུས་པས་དེ་བཤད་པར་བཞེད་ནས། སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་གང་ཞེ་ན་ཞེས་དྲིས་པའོ། །ཆོས་གང་གཟུགས་དང་སེམས་དང་སེམས་ལས་བྱུང་བའི་གནས་སྐབས་ལ་བཏགས་པ་གནས་སྐབས་ཅན་ལས་ཡང་དག་པར་དེ་ཉིད་དང་གཞན་གང་དུ་ཡང་བརྗོད་དུ་མེད་པས་རིགས་པའི་རྗེས་སུ་འབྲངས་ནས་འདི་ཞེས་བསྟན་མི་ནུས་ལ་ཐ་སྙད་ཀྱི་རྗེས་སུ་འབྲངས་ཏེ་རྟོགས་པར་བྱ་བ་གང་ཡིན་པ་ནི་ལྡན་པ་མ་ཡིན་པའི་འདུ་བྱེད་ཅེས་བྱའོ། །འདི་ནི་ཡང་དག་པར་རྫས་སུ་ཡོད་པ་ཡང་མ་ཡིན་ཏེ། སེམས་དང་སེམས་ལ་བྱུང་བ་བཞིན་དུ་རང་རིག་པས་ཀྱང་མ་གྲུབ་ལ། གཟུགས་སྒྲ་ལ་སོགས་པ་བཞིན་དུ་དབང་པོས་ཀྱང་མ་དམིགས་ཀྱི། མིག་ལ་སོགས་པའི་དབང་པོ་བཞིན་དུ་འབྲས་བུའི་སྒོ་ནས་ཀྱང་རྗེས་སུ་དཔག་པར་མི་ནུས་པའི་ཕྱིར་རོ། །ཅི་སྟེ་གཟུགས་དང་སེམས་དང་སེམས་ལས་བྱུང་བ་དག་ལས་གཞན་དུ་མེད་ཀྱི་འོན་ཀྱང་གང་ཞིག་གཟུགས་ཀྱི་གནས་སྐབས་ཡིན་པ་དེ་ནི་གཟུགས་ཡིན། སེམས་དང་སེམས་ལས་བྱུང་བའི་གནས་སྐབས་གང་ཡིན་པ་དེ་དག་ཀྱང་དེ་དང་དེ་ཡིན་ནོ། །གནས་སྐབས་དང་གནས་སྐབས་ཅན་གཅིག་ཏུ་རྟོག་པ་འདི་ནི་བཟང་པོ་མ་ཡིན་ཏེ། གནས་སྐབས་ཅན་དུ་མ་ལ་བཏགས་པའི་གནས་སྐབས་ཀྱང་དུ་མར་ཐལ་བའི་གནས་སྐབས་ཅན་གཅིག་ལ་བཏགས་པའི་གནས་སྐབས་ཀྱང་གཅིག་ཏུ་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་ཡང་འདི་ལྟར་བྱ་རྒྱ་ཚར་དུ་དངར་བ་ན་བྱའི་ཕྲེང་བ་གཅིག་ཞེས་ཐ་སྙད་འདོགས་པ་ཡིན་ལ། གང་གི་ཚེ་གནས་སྐབས་དང་གནས་སྐབས་ཅན་ཅིག་ཡིན་པ་དེའི་ཚེ། དེ་ལ་གནས་སྐབས་ཅན་དུ་མ་ཡོད་པ་ལྟར་གནས་སྐབས་བྱའི་ཕྲེང་བ་ཡང་དུ་མ་ཡོད་པར་འགྱུར་ལ། བྱ་རེ་རེ་བ་དག་ལ་ཡང་ཕྲེང་བའི་བློ་འཇུག་པར་འགྱུར་ཏེ་དེ་དག་རེ་རེ་ཡང་གནས་སྐབས་ཕྲེང་བ་དང་གཅིག་ཡིན་པའི་ཕྱིར་རོ། །

གཞན་ཡང་རིལ་བུ་གཅིག་ཉིད་གཅིག་གི་ཤོད་མིག་ཏུ་བཞག་པ་ན་གཅིག་ཞེས་པའི་གྲངས་སུ་འགྲོ་ལ། དེ་བཞིན་དུ། བཅུ་དང་། བརྒྱ་དང་། སྟོང་ལ་སོགས་པའི་ཤོད་མིག་ཏུ་བཞག་པ་ན་ཡང་གྲངས་དེ་དང་དེའི་བློ་འབྱུང་བ་ཡིན་ལ། གང་གི་ཚེ་གནས་སྐབས་དང་གནས་སྐབས་ཅན་གཅིག་པ་དེའི་ཚེ་གནས་སྐབས་ཅན་རིལ་བུ་གཅིག་ཡིན་པ་ལྟར་གནས་སྐབས་གཅིག་དང་། བཅུ་ལ་སོགས་པའི་གྲངས་ཀྱང་གཅིག་ཉིད་དུ་ཧ་ཅང་ཐལ་ཆེས་པ་ཡིན་ནོ། །དེ་ལྟར་ན་ཕྲེང་བ་དང་གྲངས་ལ་སོགས་པ་གནས་སྐབས་ལ་བཏགས་པའི་ཆོས་འདི་དག་གནས་སྐབས་ཅན་ལས་གཅིག་མ་ཡིན་ནོ། །ཞེས་པ་འདི་ལེགས་པར་གྲུབ་པ་ཡིན་ནོ། །འདི་དག་རང་གི་གནས་སྐབས་ཅན་ལས་ཡང་དག་པར་ན་ཐ་སྙད་དུ་ཡང་མེད་དེ། འདི་ལྟར་རིལ་བུ་དེ་ཉིད་ཅིག་གི་ཤོད་མིག་ཏུ་བཞག་ཏེ། གཅིག་ཅེས་པའི་གྲངས་སུ་འགྲོ་བ་དེའི་ཚེ་གཅིག་ཅེས་པའི་གྲངས་དོན་གཞན་རིལ་བུ་ལ་ཁྱད་པར་གྱི་ཆོས་སུ་ལྡན་པ་ཡིན་ན། དེ་ལྟ་ན་གཅིག་དང་ལྡན་པའི་རིལ་བུ་བརྗོད་པར་འགྱུར་གྱི་རིལ་བུ་གཅིག་གོ་ཅེས་བརྗོད་པར་མི་འགྱུར་ཏེ། དབྱུག་པ་བྱེད་ཆོས་སུ་ལྡན་པའི་སྐྱེས་བུ་ལ་ནི་སྐྱེས་བུ་དབྱུག་པ་ཅན་ཞེས་བརྗོད་པར་བྱེད་ཀྱི་སྐྱེས་བུ་དབྱུག་པ་ཅེས་བརྗོད་པ་མཐོང་བ་མེད་དོ། །གཞན་ཡང་གྲངས་དང་ཕྲེང་བ་ལ་སོགས་པ་དག་ནི་རང་གི་གནས་སྐབས་ཅན་དག་ལས་ཐ་དད་པར་མངོན་སུམ་གྱིས་མ་མཐོང་ཞིང་ནུས་པ་འགའ་ཞིག་ལས་རྗེས་སུ་དཔག་པར་ནུས་པ་ཡང་མ་ཡིན་ནོ། །

དེ་ལྟར་ན་འདི་དག་ནི་རང་གི་གནས་སྐབས་ཅན་དག་ལས་ཡང་དག་པར་ན་གཅིག་དང་ཐ་དད་པ་གང་དུ་ཡང་མ་གྲུབ་མོད། འོན་ཀྱང་ཐ་སྙད་ཀྱི་རྗེས་སུ་འབྲང་བ་དག་གིས་ནི་གྲངས་ལ་སོགས་པའི་ཐ་སྙད་འདོགས་པར་བྱེད་ཅིང་། དེ་དག་ཀྱང་ཡོད་པར་ཐ་སྙད་བྱེད་པས་དེའི་ཕྱིར་ཀུན་རྫོབ་ཏུ་ཡོད་པའི་བཏགས་པར་ཡོད་པ་ཞེས་བྱའོ། །ཅི་སྟེ་བཏགས་པར་ཡོད་པ་ཙམ་ཞིག་ཡིན་གྱི་ཡང་དག་པར་མེད་ན་སོ་སོར་བཏགས་པའི་འགོག་པ་ལ་སོགས་པ་བཞིན་དུ་འདུས་མ་བྱས་པར་ཇི་ལྟར་མི་འགྱུར་གང་གིས་མི་ལྡན་པའི་འདུ་བྱེད་རྣམས་ཕུང་པོར་བཞག་ཅེ་ན། ཡང་དག་པར་ན་རྒྱུ་དང་རྐྱེན་ལས་མ་སྐྱེས་པ་ཁོ་ན་ཡིན་ཀྱང་ཐོབ་པ་དང་གྲངས་དང་ཡུལ་དང་ཕྱོགས་དང་དུས་ལ་སོགས་པ་ལྡན་པ་མ་ཡིན་པར་བཞག་པའི་ཆོས་འདི་དག་ནི་གཟུགས་སམ་སེམས་ལས་བྱུང་བའི་རང་བཞིན་གྱི་འདུས་བྱས་ཁོ་ན་ལ་གདགས་ཀྱི་འདུས་མ་བྱས་དག་ལ་ནི་མ་ཡིན་པས་དེའི་ཕྱིར་མི་ལྡན་པའི་འདུ་བྱེད་ནི་འདུས་བྱས་སུ་བཞག་གི་འདུས་མ་བྱས་སུ་ནི་མ་ཡིན་ནོ། །དེ་ལྟར་ན་ཐོབ་པ་དང་འདུ་ཤེས་མེད་པའི་སྙོམས་འཇུག་དང་ཞེས་པ་ནས། ཡུལ་དང་། གྲངས་དང་། ཚོགས་པ་དང་། ཞེས་པའི་བར་གྱི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཆོས་འདི་རྣམས་ནི་གནས་སྐབས་ལ་གདགས་པའི་ཕྱིར། ཐམས་ཅད་ཀྱང་བཏགས་པའི་ཡོད་པར་རིག་པར་བྱའོ། །དེ་ལ་དགེ་བ་ལ་སོགས་པའི་འཕེལ་བ་དང་འགྲིབ་པའི་གནས་སྐབས་ལ་ནི་ཐོབ་པ་གདགས་སོ། །

སེམས་དང་སེམས་ལས་བྱུང་བ་རེ་ཞིག་མི་འབྱུང་བའི་གནས་སྐབས་ལ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་རྣམས་གདགས་སོ། །རིགས་མཐུན་གནས་པའི་གནས་སྐབས་ལ་ནི། སྲོག་གི་དབང་པོ་གདགས་སོ། །འདྲ་བའི་གནས་སྐབས་ལ་ནི་རིགས་མཐུན་པ་གདགས་སོ། །མཚན་ཉིད་ཀྱི་གནས་སྐབས་ལ་ནི་སྐྱེ་བ་ནས་མི་རྟག་པའི་བར་བཞི་པོ་གདགས་སོ། །ཐ་སྙད་ཀྱི་གནས་སྐབས་ལ་ནི་མིང་གི་ཚོགས་ལ་སོགས་པ་གསུམ་པོ་གདགས་སོ། །མ་རྙེད་པའི་གནས་སྐབས་ལ་ནི་སོ་སོ་སྐྱེ་བོ་གདགས་སོ། །རྒྱུ་དང་འབྲས་བུའི་གནས་སྐབས་ལ་ནི་འཇུག་པ་ནས་ཚོགས་པའི་བར་དགུ་པོ་རྣམས་གདགས་སོ། །དེ་ལ་ཐོབ་པ་ནས་སོ་སོ་སྐྱེ་བོའི་བར་ནི་སེམས་ཅན་དུ་བགྲངས་པའི་འདུས་བྱས་ཁོ་ན་ལ་གདགས་སོ། །ལྷག་མ་རྣམས་ནི་འདུས་བྱས་སྤྱི་ལ་གདགས་པར་བྱ་བ་ཡིན་ནོ། །འདི་རྣམས་ནི་རེ་རེ་ཞིང་གནས་དང་། ངོ་བོ་ཉིད་དང་། བཏགས་པས་བཤད་པར་རིག་པར་བྱའོ། །

དེ་ལ་ཐོབ་པའི་གནས་ནི་དད་པ་ལ་སོགས་པ་དགེ་བ་དང་། ཆགས་སོགས་མི་དགེ་བ་དང་བཟོ་དང་སྤྱོད་ལམ་སོགས་ལུང་དུ་མ་བསྟན་པའི་ཆོས་རྒྱུད་ཀྱི་བསྡུས་པ་རྣམས་ཡིན་ཏེ། ཕྱི་རོལ་གྱི་ས་རྡོ་ལ་སོགས་པ་ལ་ནི་ཐོབ་པ་དང་ལྡན་པ་ལ་སོགས་པ་མི་རུང་བའི་ཕྱིར་རོ། །སྐྱེ་བོ་ཀུན་གྱི་ཐུན་མོང་བ་ཡིན་པས་འདི་ནི་འདི་ལ་ལྡན་ནོ་ཞེས་པའི་ངེས་པ་མི་འཐད་པའི་ཕྱིར་རོ། །སོ་སོར་བརྟགས་པ་དང་། བརྟགས་པ་མ་ཡིན་པའི་འགོག་པ་ནི་རང་གི་ངོ་བོ་སེམས་ཅན་དུ་བགྲང་བ་མ་ཡིན་ཡང་འདི་རྣམ་པར་བཞག་པ་ནི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ཁོ་ན་སྔོན་དུ་འགྲོ་བ་ཅན་ཡིན་པས་འདི་ལ་ཡང་ཐོབ་པ་སོགས་ཀྱི་ཐ་སྙད་འཐད་པ་ཡིན་ནོ། །ངོ་བོ་ནི་ཆོས་དེ་དག་འཕེལ་བ་མངོན་དུ་གྱུར་པ་དང་འགྲིབ་པ་མངོན་དུ་མ་གྱུར་ཀྱང་སྐྱེ་བས་ཐོག་པ་རྣམས་ཀུན་ཏུ་མ་རྩལ་བར་འབྱུང་རུང་དང་། སྦྱོར་བ་ལས་བྱུང་བ་རྣམས་རྐྱེན་གྱིས་རྩལ་ན་འབྱུང་རུང་ནུས་པའི་ངོ་བོར་གནས་པ་ལ་གདགས་པ་ནི་ཐོབ་པ་དང་རྙེད་པ་དང་ལྡན་པ་ཞེས་གདགས་སོ། །

དེ་ལ་ཐོབ་པ་ནི་སྤྱིའི་སྒྲ་ཡིན་ལ། སྔོན་མ་ཐོབ་པ་ཐོག་མ་ཉིད་དུ་ཐོབ་པ་ནི་རྙེད་པ་ཡིན་ལ། རྙེད་པ་རྣམས་སྐད་ཅིག་གཉིས་པ་སོགས་སུ་ཡང་དག་པར་རྗེས་སུ་འགྲོ་བ་ནི་ལྡན་པའོ། །ཡང་ན་གསུམ་ཀ་ཡང་དོན་གཅིག་ལ་རྣམ་གྲངས་ཀྱི་སྒྲར་སྦྱར་རོ། །ཐོབ་པ་དེ་ཡང་ས་བོན་དང་དབང་དང་། མངོན་གྱུར་དུ་ལྡན་པ་དང་། གསུམ་དུ་དབྱེའོ། །ཐོབ་པ་དེ་ཡང་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ནི་མ་ཡིན་ཏེ། རྣམ་པར་གཏན་ལ་དབབ་པར་བསྡུས་པར། གལ་ཏེ་ཐོབ་པ་རྫས་སུ་ཡོད་པར་གྱུར་ན། དེ་འདུ་བྱེད་རྣམས་ཀྱི་འབྱུང་བའི་རྒྱུའམ། ཡང་ན་ཆོས་དང་མི་འབྲལ་བར་འགྱུར་བའི་རྒྱུར་འགྱུར་གྲང་ན་གལ་ཏེ་འདུ་བྱེད་རྣམས་ཀྱི་འབྱུང་བའི་རྒྱུར་གྱུར་ན་ནི། དེས་ཇི་སྲིད་དུ་ཆོས་དེ་ཐོབ་པར་མ་གྱུར་པའི་སྔ་རོལ་ན། དེ་འབྱུང་བའི་རྒྱུ་ཐོབ་པ་ཡང་མེད་པས། ནམ་ཡང་འབྱུང་བར་མི་འགྱུར་ཏེ། དེ་ལྟར་ན་དེ་གཏན་མི་ཐོབ་པ་ཉིད་དུ་འགྱུར་རོ། །གལ་ཏེ་ཆོས་དང་མི་འབྲལ་བའི་རྒྱུར་འགྱུར་ན་ནི། དེས་ན་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཐམས་ཅད་ཀྱི་ཐོབ་པ་མགོ་མཉམ་དུ་ཡོད་པས། མི་མཐུན་པ་དེ་དག་ཀྱང་མགོ་མཉམ་དུ་ཀུན་འབྱུང་བར་འགྱུར་ཏེ། དེ་ལྟ་བས་ན་གཉིས་ཀ་ཡང་མི་རུང་ངོ་། །ཞེས་གང་གསུངས་པ་ཡིན་ནོ། །འདུ་ཤེས་མེད་པའི་སྙོམས་འཇུག་ནི་ས་དང་། ཡིད་ལ་བྱེད་པ་དང་། གནས་དང་། ངོ་བོ་ཉིད་དང་། བཏགས་པས་རིག་པར་བྱའོ། །དེ་ལ་ས་ནི། དགེ་རྒྱས་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་ལ་དེའི་སྟེང་མ་བསམ་གཏན་བཞི་པའི་འདོད་ཆགས་དང་མ་བྲལ་བས་བཞི་པའི་སར་གཏོགས་པ་ཡིན་ནོ། །

ཡིད་ལ་བྱེད་པ་ནི། འདུ་ཤེས་མེད་པའི་སེམས་ཅན་ལ་བརྟག་པ་དང་། བདེ་བ་བླ་ན་མེད་པའི་ཐར་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་ལ་དེ་ཐོབ་བྱེད་ཀྱི་ཐར་པའི་ལམ་དུ་བསམས་ནས་འདི་ལ་སྙོམས་པར་འཇུག་པས་དེའི་ཕྱིར་འཁོར་བ་ལ་ངེས་པར་འབྱུང་བའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཞེས་སྨོས་སོ། །གནས་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་འཇུག་པའི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པ་རྣམས་ཏེ། གང་གི་ཕྱིར་འདི་དག་ནི་སེམས་མེད་པའི་གནས་སྐབས་ཐམས་ཅད་དུ་མི་འབྱུང་ཞིང་། སེམས་དང་བཅས་པའི་གནས་སྐབས་ན་ཡང་རེས་འགའ་མི་འབྱུང་བས་དེའི་ཕྱིར་དེ་དག་ནི་བརྟན་པ་མ་ཡིན་པ་སེམས་དང་སེམས་ལས་བྱུང་བ་ཞེས་བྱའོ། །ངོ་བོ་ནི་དེ་རྣམས་འགོག་པ་སྟེ། སྙོམས་པར་འཇུག་པར་བྱེད་པའི་སེམས་ཀྱིས་སེམས་དང་སེམས་ལས་བྱུང་བ་བརྟན་པ་མ་ཡིན་པ་རྣམས་རེ་ཞིག་སྐྱེ་བ་དང་མི་མཐུན་པར་བྱས་པའི་སྙོམས་པར་འཇུག་པའི་ལུས་ཀྱི་གནས་སྐབས་གང་ཡིན་པའོ། །

གདགས་པ་ནི་དེ་ཉིད་ལ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ཞེས་ཐ་སྙད་དུ་གདགས་སོ། །འདི་ཡང་བཏགས་པའི་ཡོད་པ་ཡིན་གྱི་རྫས་སུ་ནི་མ་ཡིན་ཏེ། དེ་ལྟར། གང་གིས་ཚོགས་དྲུག་འགོག་པར་བྱེད་པའི་ཏིང་ངེ་འཛིན་ཡང་འདུ་ཤེས་མེད་པའི་སྙོམས་འཇུག་ཅེས་བྱ་བར་མི་རིགས་ཏེ། འདུ་ཤེས་རགས་པ་དང་བཅས་པའི་ཕྱིར་རོ། །གང་དུ་ཚོགས་དྲུག་འཁོར་དང་བཅས་པ་འགོག་པ་བཞི་སྙོམས་པར་འཇུག་པ་པོའི་ལུས་ཀྱང་དེ་ཡིན་པར་མི་རིགས་ཏེ། ལུས་ནི་རྣམ་སྨིན་གྱི་སྡུས་པས་ལུང་དུ་མ་བསྟན་པ་ཡིན་ལ་སྙོམས་འཇུག་དགེ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་ཡིན་པར་མི་རིགས་སོ། །རྣམ་པ་དེ་དག་ལས་གཞན་པ་ཡང་སྙོམས་པར་འཇུག་པ་པོ་ལ་རྫས་སུ་ཡོད་པར་མ་དམིགས་སོ། །

ཅི་སྟེ་ཚོགས་དྲུག་མི་སྐྱེ་བ་ཙམ་དེ་ཉིད་འདུ་ཤེས་མེད་པའི་སྙོམས་འཇུག་ཅེས་པའི་རྫས་ཡིན་ཏེ། འདིས་མ་འོངས་པའི་ཚོགས་དྲུག་སྐྱེ་བ་ལ་གེགས་བྱེད་པའི་ཕྱིར། དཔེར་ན་ཆུ་ལོན་བཞིན་ནོ་ཞེ་ན། དེའི་འབྲས་བུ་དང་ངོ་བོ་གང་ཡང་ཚད་མས་མ་དམིགས་ན་འདི་ཡོད་ཞེས་གང་ལས་ཁོང་དུ་ཆུད་པར་བྱ། ཅི་སྟེ་དེ་མེད་པ་ཡིན་ན། གནས་སྐབས་དེ་ན་འཇུག་པའི་རྣམ་པར་ཤེས་པ་སྐྱེ་བར་རིགས་པ་ལས་མི་སྐྱེ་བའི་ཕྱིར་དེ་དག་སྐྱེ་བ་ལ་གེགས་བྱེད་པ་ཡོད་པ་ཡིན་ནོ། །ཞེ་ན་འཇུག་པའི་རྣམ་ཤེས་མི་སྐྱེ་བ་དེ་ཉིད་རྫས་སུ་ཡོད་པར་སྒྲུབ་པར་བྱ་བ་ཡིན་ན་ཇི་ལྟར་ན་དེ་ཉིད་ཀྱིས་དེ་ཉིད་འགྲུབ་པར་འགྱུར་ཏེ། སྒྲུབ་བྱ་དང་སྒྲུབ་བྱེད་མཚུངས་པའི་ཕྱིར་རོ། །གཞན་ཡང་འཇུག་ཤེས་མི་སྐྱེ་བ་ཙམ་ནི་དེ་དག་སྐྱེ་བའི་གེགས་བྱེད་པའང་མ་ཡིན་གྱི། འོན་ཀྱང་སྙོམས་པར་འཇུག་པར་བྱེད་པའི་སེམས་ཀྱིས་རེ་ཞིག་འཇུག་ཤེས་སྐྱེ་བ་དང་མི་མཐུན་པར་སྐྱེད་པའི་སྙོམས་པར་འཇུག་པ་པོའི་ལུས་དེ་ཉིད་འཇུག་ཤེས་སྐྱེ་བ་ལ་གེགས་བྱེད་པ་ཡིན་ནོ། །དེ་ལྟར་ན་འདུ་ཤེས་མེད་པའི་སྙོམས་འཇུག་ནི་རྫས་སུ་མེད་པ་ཡིན་ལ། གང་ཟག་འདི་ནི་འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་གནས་སོ་ཞེའམ། སྙོམས་པར་འཇུག་པ་དེ་ཐོབ་པ་ཡིན་ནོ། །ཞེས་པའི་ཐ་སྙད་ཡོད་པས་བཏགས་པ་ཙམ་དུ་ཡང་མེད་པ་ནི་མ་ཡིན་ནོ། །

ཚུལ་འདི་འགོག་པའི་སྙོམས་པར་འཇུག་པ་དང་། འདུ་ཤེས་མེད་པ་ཡང་རིག་པར་བྱའོ། །འདུ་ཤེས་མེད་པའི་སྙོམས་འཇུག་ཅེས་པ་འདི་ལ་གང་ཟག་གང་གི་ཁམས་གང་དུ་སེམས་ཀྱི་རྣམ་པ་ཇི་ལྟ་བུ་སྙོམས་པར་འཇུག་པར་བྱེད་ཅེ་ན་གང་ཟག་ནི་སོ་སོ་སྐྱེ་བོ་ལོག་པས་ཚངས་པར་སྤྱོད་པ་ཚོལ་བ་ལ་ཞུགས་པ་ཡིན་ཏེ། ཐར་པ་དང་ཐར་པའི་ཐབས་ཕྱིན་ཅི་ལོག་ལ་ཞུགས་པ་ཡིན་པའི་ཕྱིར་རོ། །ཇི་སྐད་སྡུ་བ་ལས། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལ་ནི་སློབ་པ་ཡང་སྙོམས་པར་མི་འཇུག་ལ། མི་སློབ་པ་ཡང་མི་འཇུག་གོ །ཅིའི་ཕྱིར་ཞེ་ན། དེ་ལ་ནི་ཤེས་རབ་ཀྱིས་སྤྱོད་པ་མེད་ལ་དེའི་གོང་ན་ཆེས་ཞི་བའི་གནས་པ་ཡོད་པའི་ཕྱིར་ཏེ། སྐྱེ་བ་དེ་ནི་དགེ་བའི་ཆོས་མ་ཐོབ་པ་རྣམས་ཐོབ་པར་བྱ་བ་ལ་སླུ་བའི་གནས་ཡིན་ནོ་ཞེས་བཤད་པ་ཡིན་ནོ། །ཁམས་ནི་དང་པོར་འདོད་ཁམས་ཀྱི་ལྷའམ་མིའི་རྟེན་ལ་སྐྱེད་པར་བྱེད་ལ། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་རྣམ་པར་སྨིན་པ་ཉམས་སུ་མྱོང་བར་འགྱུར་རོ། །ཇི་སྐད་རྣམ་པར་གཏན་ལ་དབབ་པ་བསྡུ་བར། གང་ཟག་ལ་ནི་སོ་སོ་སྐྱེ་བོའི་རྒྱུད་དུ་གཏོགས་པའོ། །སྐྱེ་བ་ལས་ནི་དང་པོ་འདིར་སྐྱེད་ཅིང་། དེའི་འོག་ཏུ་གཟུགས་ཀྱི་ཁམས་སུ་བསམ་གཏན་བཞི་པ་ལ་འབྲས་བུ་ལས་མྱོང་བར་འགྱུར་རོ། །ཞེས་བཤད་པ་ཡིན་ནོ། །རྣམ་པ་ནི་བསམ་གཏན་བཞི་པའི་སེམས་ལ་རྟེན་ནས་འདུ་ཤེས་ནི་ནད་དང་འབྲས་དང་ཟུག་རྔུའོ། །འདུ་ཤེས་མེད་པ་ནི་ཞི་བ་གྱ་ནོམ་པ་ཞེས་འདུ་ཤེས་སུན་འབྱིན་པའི་རྣམ་པ་ཅན་ཡིན་ནོ། །

འགོག་པའི་སྙོམས་པར་འཇུག་པ་ཡང་ས་དང་། ཡིད་ལ་བྱེད་པ་དང་། གནས་དང་། ངོ་བོ་དང་། གདགས་པ་ལྔས་བསྟན་ཏེ། དེ་ལ་ས་ནི། ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པའི་ཞེས་པས་སྲིད་རྩེའི་ས་པ་དང་། དེ་ཡང་འཇིག་རྟེན་ལས་འདས་པའི་ཤེས་རབ་དང་ལྡན་པར་བསྟན་པ་ཡིན་ཏེ། སྲིད་རྩེའི་སེམས་མ་ཐོབ་པ་ལ་ཅི་ཡང་ལས་འདོད་ཆགས་དང་བྲལ་བ་མེད་ཅིང་། འཇིག་རྟེན་ལས་འདས་པའི་ལམ་མ་ཐོབ་པ་ལ་སྲིད་རྩེ་ལས་གྱེན་དུ་བསྐྱོད་པ་མེད་པའི་ཕྱིར་རོ། །འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་ནི་སྲིད་རྩེ་ལས་གྱེན་དུ་བསྐྱོད་པ་ཡིན་ཏེ། དེས་སྲིད་རྩེའི་མཐོང་སྤང་སྒོམ་སྤང་ཅི་རིགས་པ་བཅོམ་པའི་ཕྱིར་རོ། །སྲིད་པའི་རྩེ་མོ་ལ་གྱེན་དུ་བསྐྱོད་ཅེས་པ་ཙམ་ཞིག་སྨོས་ཀྱི་དེ་ལ་འདོད་ཆགས་དང་མ་བྲལ་བ་ཞེའམ། བྲལ་བ་ཞེས་མི་སྨོས་པ་ནི་དགྲ་བཅོམ་འགའ་ཞིག་ཀྱང་འདི་ལ་སྙོམས་པར་འཇུག་པས་དེའི་ཕྱིར་དེ་ལ་འདོད་ཆགས་དང་བྲལ་ཞེས་མ་སྨོས་ལ། ཕྱིར་མི་འོང་སྲིད་རྩེ་ལས་འདོད་ཆགས་མ་བྲལ་བ་འགའ་ཞིག་ཀྱང་སྙོམས་པར་འཇུག་པས། དེའི་ཕྱིར་འདོད་ཆགས་དང་བྲལ་བ་ཞེས་ཀྱང་མ་སྨོས་སོ། །སྲིད་རྩེའི་སེམས་ཐོབ་པའི་སོ་སོ་སྐྱེ་བོ་འགའ་ཞིག་ཅི་ཡང་མེད་པ་ལས་འདོད་ཆགས་དང་བྲལ་ཡང་འདི་ལ་སྙོམས་པར་འཇུག་མི་ནུས་པས། དེའི་ཕྱིར་སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་སྨོས་ལ། འཕགས་པ་འགའ་ཞིག་སྲིད་རྩེ་ལས་གྱེན་དུ་བསྐྱོད་ཀྱང་འདི་ལ་སྙོམས་པར་འཇུག་མི་ནུས་པས་དེའི་ཕྱིར་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་བ་ཞེས་སྨོས་པ་ཡིན་ནོ། །དེ་ལྟར་ན་ཅི་ཡང་མེད་པའི་སྐྱེ་མཆེད་ཀྱི་འདོད་ཆགས་དང་བྲལ་ལ། སྲིད་པའི་རྩེ་མོ་ལས་གྱེན་དུ་བསྐྱོད་པ་ཞེས་པའི་ཚིག་འདི་གཉིས་ཀྱི་ནི་གོ་རིམ་བཞིན་དུ་འགོག་པ་ལ་སྙོམས་པར་འཇུག་པའི་གང་ཟག་ལ་ཞི་གནས་ཁྱད་པར་ཅན་དང་ལྷག་མཐོང་ཁྱད་པར་ཅན་གཉིས་དང་ལྡན་དགོས་པར་བསྟན་པ་ཡིན་ནོ། །དེ་ལ་ཞི་གནས་ཁྱད་པར་ཅན་ནི་སྲིད་པའི་རྩེ་མོའི་སེམས་ཡིན་ཏེ། འཇིག་རྟེན་པའི་གནས་པ་ཐམས་ཅད་ཀྱི་མཆོག་ཡིན་པའི་ཕྱིར་རོ། །ལྷག་མཐོང་ཁྱད་པར་ཅན་ནི་འཇིག་རྟེན་ལས་འདས་པའི་ཤེས་རབ་ཏེ། ཁམས་གསུམ་གྱི་ཉོན་མོངས་པ་ཐམས་ཅད་སྤོང་བར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་འགོག་པ་ལ་སྙོམས་པར་འཇུག་པ་ལ་ཞི་གནས་ཁྱད་པར་ཅན་སྲིད་རྩེའི་སེམས་ལ་རྟེན་ཅེ་ན། དེ་ལས་གཞན་པའི་སེམས་རྣམས་ནི་ཚོར་བ་དང་འདུ་ཤེས་ཀྱི་རྒྱུ་བ་ཆེས་གསལ་བའི་ཕྱིར་དེ་དག་འགོག་པ་དང་མི་མཐུན་པ་ཡིན་ལ་སྲིད་རྩེ་ནི་འདུ་ཤེས་ཀྱི་རྒྱུ་བ་མི་གསལ་བའི་ཕྱིར་དེ་དག་འགོག་པ་དང་རྗེས་སུ་མཐུན་ཅིང་སླ་བའི་ཕྱིར་རོ། །ཅིའི་ཕྱིར་ལྷག་མཐོང་ཁྱད་པར་ཅན་འཇིག་རྟེན་ལས་འདས་པའི་ཤེས་རབ་ལ་རྟེན་དགོས་ཞེ་ན། བདག་མེད་རྟོགས་པའི་ཤེས་རབ་དང་མི་ལྡན་ན། བདག་ཆད་ཀྱི་དོགས་པའི་འཇིགས་པ་དང་བཅས་པས་ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པ་དགག་པར་མི་ནུས་ལ། དེ་མ་བཀག་པར་འདུ་ཤེས་དང་ཚོར་བ་རགས་པ་མ་ལུས་པ་བཀག་པའི་འཕགས་པའི་གནས་པ་མཆོག་ཏུ་མི་འགྱུར་བའི་ཕྱིར་རོ། །

དེ་ལྟར་ན། མདོ་ལས། འགོག་པ་ལ་སྙོམས་པར་འཇུག་པས་ནི་ཆོས་གཉིས་བཅེས་སུ་བྱ་སྟེ། གཉིས་གང་ཞེ་ན་ཞི་གནས་དང་། ལྷག་མཐོང་ངོ་ཞེས་གསུངས་པའི་རྗེས་སུ་འབྲངས་ནས་ཚིག་གཉིས་པོ་འདི་སྨོས་པ་ཡིན་ནོ། །ཡིད་ལ་བྱེད་པ་ནི་འཕགས་པ་རྣམས་འདུ་ཤེས་དང་ཚོར་བ་རགས་པས་ཡོངས་སུ་སྐྱེ་བར་གྱུར་པ་ན། འདུ་ཤེས་དང་ཚོར་བ་རགས་པ་མ་ལུས་པ་བཀག་པའི་གནས་པ་མཆོག་ལ་གནས་པར་བྱའོ་སྙམ་པས་འདི་ལ་སྙོམས་པར་འཇུག་གི་འཁོར་བ་ལས་ངེས་པར་འབྱུང་བའི་འདུ་ཤེས་ཀྱིས་ནི་མ་ཡིན་ཏེ། འདི་ལ་ནི། སྲིད་པའི་རྩེ་མོའི་སེམས་ལ་བརྟེན་ནས་སྙོམས་པར་འཇུག་ལ། སྲིད་རྩེ་ཡང་འཇིག་རྟེན་པ་ཡིན་པས་སྲིད་པ་ལས་ངེས་པར་འབྱུང་མི་ནུས་པའི་ཕྱིར་དང་། འཕགས་པ་རྣམས་ལ་འདུ་ཤེས་ཕྱིན་ཅི་ལོག་མི་མངའ་བའི་ཕྱིར་རོ། །དེའི་ཕྱིར་ཞི་བར་གནས་པའི་འདུ་ཤེས་སྔོན་དུ་བཏང་བའི་ཡིད་ལ་བྱེད་པས་ཞེས་སྨོས་སོ། །འདི་ཡང་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་དབང་དུ་བྱས་པ་ཡིན་གྱི། བྱང་ཆུབ་སེམས་དཔའ་རྣམས་ནི་གཞན་དོན་དུ་ཏིང་ངེ་འཛིན་གྱི་རྩལ་སྦྱང་བར་བྱ་བའི་ཕྱིར་དང་། སྦྱངས་ཟིན་པའི་ཏིང་ངེ་འཛིན་གྱི་རྩལ་གཞན་ལ་བསྟན་པ་སོགས་ཀྱི་དོན་དུ་སྙོམས་པར་འཇུག་ལ། སངས་རྒྱས་ནི་སྔོན་གྱི་སྨོན་ལམ་གྱི་འཕེན་པའི་དབང་གི་འགོག་པ་ལ་ཞུགས་པ་དང་བཞེངས་པ་ལ་སོགས་པ་གདུལ་བྱ་རྣམས་ལ་སྣང་བ་ཙམ་ཡིན་ནོ། །གནས་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་ཚོགས་དྲུག་འཁོར་དང་བཅས་པ་རྣམས་ཏེ། དེ་དག་ནི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་རྣམས་སུ་གོ་རིམ་བཞིན་དུ་དྲུག་དང་བཞི་དང་། གཅིག་རྣམས་འགོག་པ་ཡིན་ནོ། །

ཀུན་གཞིའི་རྣམ་པར་ཤེས་པ་ནི་མི་སློབ་པའི་ས་དང་ཕྱིར་མི་ལྡོག་པའི་ས་མ་ཐོབ་བར་དུ་སྐད་ཅིག་ཀྱང་རྒྱུན་མི་འཆད་པར་འབྱུང་ཞིང་། ཉོན་མོངས་པ་ཅན་གྱི་ཡིད་ཀྱང་། ས་གཉིས་པོ་དེ་དང་། འགོག་པ་དང་། འཇིག་རྟེན་ལས་འདས་པའི་ལམ་ལ་སྙོམས་པར་ཞུགས་པ་མ་གཏོགས་ཟག་བཅས་སྤྱོད་པ་ཐམས་ཅད་དུ་འབྱུང་བས་དེའི་ཕྱིར་འདི་གཉིས་ལ་བརྟན་པ་ཞེས་བྱ་ལ། བརྟན་པ་དེ་དག་ལས་ཀྱང་ཁ་ཅིག་ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པ་རྣམས་སོ། །མི་སློབ་པ་སོགས་སྙོམས་པར་འཇུག་པ་ལ་ནི་ཉོན་མོངས་ཡིད་ཀྱང་མེད་དོ། །ངོ་བོ་ནི་ཚོགས་བདུན་འཁོར་དང་བཅས་པ་འགོག་པ་གང་ཡིན་པ་སྟེ། སྙོམས་པར་འཇུག་པར་བྱེད་པའི་སེམས་ཀྱིས་ཚོགས་བདུན་འཁོར་དང་བཅས་པ་སྐྱེ་བ་དང་མི་མཐུན་པར་བྱས་པའི་སྙོམས་པར་འཇུག་པ་པོའི་ལུས་ཀྱི་གནས་སྐབས་གང་ཡིན་པ་དེ་ཉིད་ལ་གདགས་པ་ནི། འགོག་པའི་སྙོམས་པར་འཇུག་པ་ཞེས་གདགས་ཀྱི་རྫས་སུ་ནི་མེད་དོ། །

བྱེ་བཤད་དུ་སྙོམས་པར་འཇུག་པའི་སེམས་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་ལ་ས་བོན་ཉམས་པར་བྱས་པའི་གནས་སྐབས་ལ་གདགས་པར་བཤད་པ་ལྟར་ན། གདགས་གཞིའི་ཀུན་གཞི་རྣམ་པར་ཤེས་པ་མ་རྟོགས་པ་ན། དེ་ལ་གདགས་པའི་འགོག་པའི་སྙོམས་པར་འཇུག་པ་ཡང་མི་རྟོགས་པས་དགེ་སློང་འདི་ནི་འགོག་པ་ལ་སྙོམས་པར་ཞུགས་པ་ཡིན་ནོ་ཞེས་སོགས་ཀྱི་ཐ་སྙད་རྣམ་པ་ཀུན་ཏུ་མི་འཐད་པར་འགྱུར་རོ། །འདི་ལ་ཡང་གང་ཟག་གིས་ཁམས་གང་དུ་རྣམ་པ་ཇི་འདྲ་བས་སྙོམས་པར་འཇུག་པར་བྱེད་ཅེ་ན། གང་ཟག་ནི་གཏན་ལ་དབབ་པ་བསྡུ་བར། དེ་ལ་སློབ་པ་ཕྱིར་མི་འོང་བ་ལུས་ཀྱིས་མངོན་སུམ་དུ་བྱེད་པ་དང་མི་སློབ་པ་གཉིས་གའི་ཆ་ལས་རྣམ་པར་གྲོལ་བ་ཡང་སྙོམས་པར་འཇུག་གོ །ཞེས་གསུངས་པ་ལྟར་དང་། བྱང་ཆུབ་སེམས་དཔའ་འཕགས་པ་དག་ཀྱང་སྙོམས་པར་འཇུག་གོ །ཁམས་ཡང་དེ་ཉིད་ལས། སྐྱེ་བ་ལས་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་མ་བཞག་ན་ནི་དང་པོ་འདིར་བསྐྱེད་ཅིང་གཟུགས་ཀྱི་ཁམས་སུ་མངོན་དུ་བྱེད་ཏེ། མངོན་དུ་བྱེད་པ་དེ་ནི་གཟུགས་ལ་རག་ལས་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་བཞག་ན་ནི་མངོན་དུ་བྱེད་པ་ཐམས་ཅད་དུ་འགྲོ་བར་ལྟ་བར་བྱའོ། །ཞེས་མ་སྐྱེས་པ་སྐྱེ་བའི་རྟེན་འདོད་པ་དང་། སྐྱེས་ཟིན་གནས་པའི་རྟེན་ཁམས་གསུམ་ག་ཡིན་པར་བཤད་ཅིང་། འདི་ཉིད་དུ་གཟུགས་མེད་དུ་འདི་མངོན་དུ་མི་བྱེད་པར་གསུངས་སོ། །

དེ་དག་ནི་ཀུན་གཞི་རྣམ་པར་བཞག་པ་དང་མ་བཞག་པའི་དབང་དུ་བྱས་པས་མི་འགལ་ལོ་ཞེས་པ་ནི་འགྲིག་པར་མ་མཐོང་སྟེ། འདིར་གཟུགས་མེད་དུ་འདི་མངོན་དུ་མི་བྱེད་པའི་སྒྲུབ་བྱེད། ཞི་བའི་རྣམ་པར་ཐར་པའི་རྣམ་པར་སྨིན་པས་གནས་པ་རྣམས་ནི་དེ་ལ་འབད་པའི་རྩོམ་པ་མི་བྱེད་པའི་ཕྱིར་རོ། །ཞེས་གསུངས་ཀྱི་གཟུགས་མེད་པའི་ཕྱིར་རོ་ཞེས་མ་གསུངས་ལ། བསྡུ་བའི་དགོངས་པ་ཀུན་གཞི་མེད་ན་འདི་མངོན་དུ་བྱེད་པ་གཟུགས་ཁོ་ན་ལ་རག་ལས་ཤིང་། གཟུགས་མེད་ན་གཟུགས་མེད་པའི་ཕྱིར་སྙམ་པ་ཡིན་ནོ། །དེ་བས་ན་ཀུན་གཞི་རྣམ་པར་བཞག་པ་ལའང་གཟུགས་མེད་དུ་འདི་མངོན་དུ་བྱེད་པ་དང་། མི་བྱེད་པའི་བཤད་པའི་རྣམ་གྲངས་གཉིས་མཛད་པར་མངོན་པ་ཡིན་ནོ། །རྣམ་པ་ནི་ཚོར་བ་དང་འདུ་ཤེས་རྣམས་ནད་དང་འབྲས་དང་ཟུག་རྔུའི་རྣམ་པར་བྱས་ནས་འགོག་པ་ཡིན་ནོ། །

དེ་ལ་འདིར་ཁ་ཅིག་མདོ་ལས་བྱང་ཆུབ་སེམས་དཔའ་འགོག་པའི་ཏིང་ངེ་འཛིན་འདི་ལ་རྟེན་ནས་ཚོར་བ་གསུམ་དང་འདུ་ཤེས་གསུམ་རྒྱུན་གཅོད་པར་བྱེད་དོ། །ཞེས་གསུངས་པས་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ལུགས་ཀྱིས་འགོག་པའི་སྙོམས་པར་འཇུག་པ་ནི་འཇིག་རྟེན་ལས་འདས་པའི་ཏིང་ངེ་འཛིན་རྣམ་པར་མི་རྟོག་པའི་རང་བཞིན་ཡིན་ལ། དེ་སེམས་མེད་པ་དང་ལྡན་མིན་འདུ་བྱེད་སོགས་སུ་བཤད་པ་ནི་ཉན་ཐོས་སྡེ་པ་དག་གི་ལུགས་ཡིན་ཞེས་ལོག་པའི་སྒྲུབ་བྱེད་དུ་མ་དང་བཅས་ཏེ་སྨྲ་བར་བྱེད་དོ། །འདི་ལ་སྨྲ་བར་བྱ་སྟེ། འགོག་པའི་སྙོམས་པར་འཇུག་པ་ལྡན་མིན་འདུ་བྱེད་དུ་བཤད་པ་སྡེ་པ་དག་གི་ལུགས་སོ་ཞེས་པ་འདི་ཅི་སྡེ་པ་དེ་དག་གི་འདོད་པ་འདི་འཐད་པ་དང་ལྡན་པ་ཞིག་གམ་འོན་ཏེ་འཐད་པ་མེད་བཞིན་དུ་བློས་སྒྲོ་བཏགས་པ་ཞིག་ཡིན། ཕྱོགས་དང་པོ་ལྟར་ན་འགོག་པའི་སྙོམས་འཇུག་མི་ལྡན་པའི་འདུ་བྱེད་ཡིན་ནོ། །ཞེས་པ་འདི་ཐེག་པ་ཆེན་པོ་པའི་སློབ་དཔོན་ཐོགས་མེད་སྐུ་མཆེད་ལ་སོགས་པ་དག་ཀྱང་ཅིའི་ཕྱིར་མི་བཞེད་སློབ་དཔོན་དེ་དག་ཀྱང་དེ་ལྟར་བཞེད་ན་ཐེག་པ་ཆེན་པོའི་ལུགས་ལ་འགོག་པའི་སྙོམས་འཇུག་ཏིང་ངེ་འཛིན་ཡིན་ལ་ལྡན་མིན་དུ་འདོད་པ་སྡེ་པའི་ལུགས་སོ་ཞེས་པ་འདི་དཔྱོད་པ་དང་ལྡན་པ་ཁྱེད་ཀྱིས་གང་ནས་རྙེད། གལ་ཏེ་འཐད་པ་དང་ལྡན་ཡང་སྡེ་པ་དེ་དག་གི་འདོད་པ་ནི་སློབ་དཔོན་དེ་དག་གི་བཞེད་པ་མ་ཡིན་ནོ་ཞེ་ན། གཞན་གྱི་འདོད་པ་ནི་རིགས་པ་དང་ལྡན་ཡང་ཁོ་བོ་ཅག་ཁས་མི་ལེན་ནོ་ཞེས་པ་འདི་ནི་གང་ཟག་ལ་སྡང་བར་བྱས་པ་ཡིན་པས། རིགས་པ་སྨྲ་བ་དག་གི་ཚུལ་མ་ཡིན་ནོ། །

ཕྱོགས་གཉིས་པ་ལྟར་ན་ཇི་ལྟར་སྡེ་པ་དག་གིས་ཀུན་ནས་བཏགས་པ་རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་དང་། ཐོབ་པ་དང་འདས་པ་དང་མ་འོངས་པ་རྫས་སུ་གྲུབ་པར་འདོད་པ་ལ་དགག་པ་མཛད་པ་བཞིན་དུ་འདི་ལ་ཡང་ལུང་རིགས་པའི་སྒོ་ནས་འགོག་པར་རིགས་ན་ཅིའི་ཕྱིར་མ་མཛད། ཅིས་སྟེ་འགོག་པའི་སྙོམས་འཇུག་ལྡན་མིན་ཡིན་པ་ལ་ལུང་རིགས་ཀྱི་སྒོ་ནས་དགག་པ་བྱས་པའི་ཐེག་པ་ཆེན་པོའི་གཞུང་ལུགས་ཡོད་ན་གཟིགས་རྒྱ་དང་ལྡན་པ་ཁྱེད་ཀྱིས་སྟོན་ཅིག །ཁོ་བོས་ནི་བྱམས་པ་ཐོག་མེད་དབྱིག་གཉེན་དང་བཅས་པའི་གཞུང་ལ་འདི་བཀག་པ་ཅུང་ཟད་ཀྱང་མ་མཐོང་ངོ་། །ཀླུ་སྒྲུབ་ཡབ་སྲས་རྗེས་འབྲང་དང་བཅས་པའི་གཞུང་རྣམས་ན་ཡང་། འདི་ལ་བྱེ་བྲག་ཏུ་དགག་པ་བྱས་པ་ཡང་མ་མཐོང་ངོ་། །

ཅི་སྟེ། མངོན་པར་རྟོགས་པའི་རྒྱན་ལས་འགོག་པ་བཅས་པའི་སྙོམས་འཇུག་དགུར། ཞེས་སོགས་ཐོད་རྒལ་གྱི་ཏིང་ངེ་འཛིན་དུ་གསུངས་པ་མ་ཡིན་ནམ། ཞེ་ན། དེ་ལྟ་ན། འདོད་པར་རྟོགས་པའི་རྣམ་པར་ཤེས། །མཉམ་བཞག་མིན་པའི་མཚམས་བཟུང་ནས། །ཞེས་གསུངས་པའི་ཕྱིར་འདོད་སེམས་ཀྱང་སྙོམས་འཇུག་ཏུ་འདོད་པར་གྱིས་ཤིག །ཅི་སྟེ་དེ་ནི་སྙོམས་པར་འཇུག་པ་པོ་འཕོ་བ་ལ་དེར་བཏགས་པ་ཙམ་མོ། །ཞེ་ན། དེ་ལྟར་ན་ཡང་འགོག་པ་ཡང་སྙོམས་པར་འཇུག་པའི་འབྲས་བུ་ཡིན་པས་སམ། ཡང་ན་དེ་ལ་གནས་པ་པོའི་ལུས་ཀྱི་འབྱུང་བ་ཆ་སྙོམས་པར་གནས་པ་ཙམ་ལ་སྙོམས་པར་འཇུག་པ་ཞེས་བྱའི་དམིགས་རྣམ་འཛིན་པའི་སྙོམས་འཇུག་མ་ཡིན་ཞེས་བཤད་པ་ལ་ཉེས་པ་ཅི་ཞིག་ཡོད། ཡང་བྱང་ཆུབ་ཕྱོགས་མཐུན་ཚད་མེད་དང་། ཞེས་པར་ཟག་མེད་ཀྱི་ཡེ་ཤེས་ཀྱི་སྡེ་ཚན་དུ་བཤད་པའི་ཕྱིར་རོ་སྙམ་ན་ཡང་། རིགས་པ་མ་ཡིན་ཏེ། དེ་ནི་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱི་མཐུ་ལས་བྱུང་བའི་ཡོན་ཏན་ཡིན་པས་དེའི་ཕྱིར་དེ་དག་གི་ནང་དུ་བཤད་པ་ཙམ་ཡིན་ནོ། །ཅི་སྟེ་འགོག་སྙོམས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཡིན་ན། གཞུང་འདི་ཉིད་དུ། སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ནི། ཡིད་ལ་བྱེད་པ་མེད་པས་མ་ཡིན། ཡང་དག་པར་འདས་པ་མ་ཡིན། རྣམ་པར་ཞི་བས་མ་ཡིན། ངོ་བོ་ཉིད་ཀྱིས་མ་ཡིན། དམིགས་པ་ལ་མངོན་པར་འདུ་བྱེད་པས་མ་ཡིན་པར་ལྟ་སྟེ། འོན་ཀྱང་དམིགས་པ་མངོན་པར་འདུ་བྱེད་པ་མེད་པར་ལྟའོ། །ཞེས་དང་དེའི་འགྲེལ་པར། ཇི་སྟེ་རྣམ་པར་ཞི་བས་དེ་སྐད་ཅེས་བྱ་ན། དེས་ན་འདུ་ཤེས་དང་ཚོར་བ་འགོག་པའི་ཉོམས་པར་འཇུག་པ་ཡང་རྣམ་པར་མི་རྟོག་པ་ཉིད་དུ་འགྱུར་ཏེ། དེར་སེམས་དང་སེམས་ལས་བྱུང་བའི་རྣམ་པར་རྟོག་པ་རྣམ་པར་ཞི་བའི་ཕྱིར་རོ། །དེའི་ཕྱིར་ཤེས་པ་མེད་པར་འགྱུར་རོ་ཞེས་བཤད་ཅིང་། དེ་དག་དང་མཐུན་པར་ཐེག་བསྡུས་རྩ་འགྲེལ་རྣམས་སུ་ཡང་འགོག་སྙོམས་མི་རྟོག་ཡེ་ཤེས་ཡིན་པ་འགོག་པ་ཡང་ཅི་ཞིག་ཡིན་ཅིང་། དེ་བས་ན་འདི་ནི་རང་གི་གཟུ་ལུམས་འབའ་ཞིག་ཡིན་གྱི་ལུང་དང་རིགས་པའི་ཤེས་བྱེད་ཅུང་ཟད་ཀྱང་མེད་དོ། །

གཞན་ཡང་འདི་མི་རྟོག་པའི་ཏིང་ངེ་འཛིན་ཡིན་ན་འདི་ལ་གནས་པའི་ཚེ་ཡིད་ཀྱི་ཤེས་པ་ཁས་ལེན་དགོས་པ་དེ་ལྟ་ན་སུམ་ཅུ་པར་ཡིད་ཀྱི་རྣམ་ཤེས་འབྱུང་བ་ནི། རྟག་ཏུ་འདུ་ཤེས་མེད་པ་དང་། །སྙོམས་པར་འཇུག་པ་རྣམས་གཉིས་དང་། །སེམས་མེད་གཉིད་དང་བརྒྱལ་མ་གཏོགས། །ཞེས་འགོག་པ་དང་། འདུ་ཤེས་མེད་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ་བ་དང་། སེམས་མེད་པའི་གཉིད་དང་། བརྒྱལ་བ་སྟེ་སྐབས་ལྔ་པོ་འདི་དག་ཏུ་ཡིད་ཀྱི་རྣམ་ཤེས་མི་འབྱུང་བར་གསུངས་པ་དང་ཅིའི་ཕྱིར་མི་འགལ། ལུགས་ངན་པ་འདི་ནི་འཕགས་པའི་ཡུལ་དུ་ཡང་བྱེ་བྲག་ཏུ་སྨྲ་བའི་བཙུན་པ་དབྱིག་བཤེས་ཞེས་བྱ་བ་འདོད་པ་བྱུང་མོད་ཀྱི་དེ་ནི་སློབ་དཔོན་ཐོགས་མེད་ཀྱིས་ཐེག་པ་ཆེན་པོ་བསྡུས་པར་བཀག་ཅིང་། དེ་དང་རྗེས་སུ་མཐུན་པར། སློབ་དཔོན་དབྱིག་གཉེན་གྱིས་ལས་བསྒྲུབ་པའི་རིགས་པར་རྒྱས་པར་དགག་པ་མཛད་དེ། ཇི་སྐད་དུ། དེ་ཉིད་ལས་ཁ་ཅིག་ནི་སེམས་དང་བཅས་པའི་གནས་སྐབས་སུ་འདོད་དེ་དཔེར་ན་བཙུན་པ་དབྱིག་བཤེས་ཀྱིས་ཡོངས་སུ་དྲི་བ་ལས། གང་གི་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་སེམས་མེད་པ་ཡིན་པ་དེ་ལ་སྐྱོན་དེ་ཡོད་ཀྱི་ཁོ་བོའི་ལྟར་ན་འགོག་པའི་སྙོམ་པར་འཇུག་པ་སེམས་དང་བཅས་པ་ཉིད་ཞེས་སྨྲ་བ་ལྟ་བུའོ། །

འདིར་མདོའི་ཁུངས་ཀྱང་འགོག་པ་ལ་སྙོམས་པར་ཞུགས་པའི་ལུས་ཀྱི་འདུ་བྱེད་དག་མ་འགགས་པ་ནས། དབང་པོ་དག་མ་འགྱུར་བ་ཡིན་ཞིང་རྣམ་པར་ཤེས་པ་ལུས་དང་མ་བྲལ་བ་ཡིན་ནོ། །ཞེས་བྱ་བ་ཁྱེར་ཏེ་འོང་བར་བྱེད་དོ། དེ་དག་དེའི་ཚེ་རྣམ་པར་ཤེས་པ་གང་ཡིན་པར་འདོད་། ཁ་ཅིག་ན་རེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་ནོ། །ཞེས་ཟེར་རོ། །འོ་ན་བཅོམ་ལྡན་འདས་ཀྱི་ཡིད་དང་། ཆོས་ལ་རྟེན་ནས་ཡིད་ཀྱི་རྣམ་ཤེས་དང་། གསུམ་ཡང་དག་པར་འདུས་པའི་རེག་པ་དང་། ལྷན་ཅིག་སྐྱེས་པའི་ཚོར་བ་དང་། འདུ་ཤེས་དང་། སེམས་པ་སྐྱེའོ་ཞེས་མ་གསུངས་སམ་ཇི་ལྟར་ན་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་ཀྱང་གསུམ་ཡང་དག་པར་འདུས་པ་མ་ཡིན། གསུམ་ཡང་དག་པར་འདུས་ན་ཡང་རེག་པ་ཇི་ལྟར་མེད། རེག་པ་ཡོད་ན་ཡང་གང་གིས་ན་འདུ་ཤེས་དང་ཚོར་བ་འགོག་པ་ཞེས་བྱ་བ་ཚོར་བ་དང་འདུ་ཤེས་མེད་པ་ཡིན་ཞེས་བྱ། ཞེས་པ་ལ་སོགས་པས། དེའི་ཚེ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པའི་རང་བཞིན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཡོད་པ་ལ་དགག་པ་རྒྱས་པར་མཛད་ནས། འཇུག་བསྡུ་བ་ནི། དེ་བས་ན་རྟོག་གེ་པ་ཁྱེད་རྣམས་ཀྱི་ལུང་གི་དོན་ཇི་ལྟ་བ་བཞིན་མ་རྟོགས་པས་འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་གནས་སྐབས་ན་ཡིད་ཀྱི་རྣམ་པར་ཤེས་པའི་སེམས་དང་བཅས་པར་རྟོག་པ་ནི་གཟུ་ལུམས་སུ་སེམས་པ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །

དེ་བས་ན་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཀུན་གཞིའི་རྣམ་ཤེས་འབའ་ཞིག་གི་སེམས་དང་བཅས་པ་ཡིན་གྱི་སེམས་གཞན་ནི་མེད་དེ། ཇི་སྐད་དུ་ཡང་དེ་ཉིད་ལས། འོ་ན་སེམས་དང་བཅས་པར་ཇི་ལྟར་འདོད་པར་བྱ་ཞེ་ན། ཇི་ལྟར་མདོ་སྡེ་པ་ཁ་ཅིག་འདོད་པ་དེ་ལྟར་རོ། །མདོ་སྡེ་པ་ཁ་ཅིག་ཇི་ལྟར་འདོད་ཅེ་ན། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཉིང་འཚམས་སྦྱོར་བ་ནས་བཟུང་སྟེ་སྐྱེ་བ་དེ་དང་དེར་བར་ཆད་མེད་པར་རྣམ་པར་སྨིན་པའི་རྒྱུ་ཐ་དད་པས་ཐ་དད་པར་གྱུར་པ་མྱ་ངན་ལས་འདས་པ་ལ་ཐུག་གི་བར་དུ་རྒྱུན་གྱིས་འཇུག་པ་དེ་དེའི་ཚེ་མི་འཆད་དེ། དེ་བས་ན་གནས་སྐབས་དེ་སེམས་དང་བཅས་པ་ཞེས་བྱའོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་གཞན་དག་ནི་མི་འཇུག་སྟེ། འགོག་པའི་སྙོམས་པར་འཇུག་པ་ལ་སོགས་པའི་འཇུག་པའི་སེམས་ཀྱིས་དབང་གིས་དུས་རེ་ཞིག་རྣམ་པར་ཤེས་པ་དེ་དག་གི་ས་བོན་ཉམས་པའི་ཕྱིར་དེས་ན་སེམས་མེད་པ་ཞེས་བྱའོ། །སེམས་ནི་རྣམ་པ་གཉིས་ཏེ། དེ་ལ་གཅིག་ནི་དེའི་ས་བོན་བསགས་པ་ཡིན་ནོ། །

གཉིས་པ་ནི་དེའི་དམིགས་པ་དང་རྣམ་པ་དང་བྱེ་བྲག་ཐ་དད་པ་དག་གིས་སྣ་ཚོགས་པ་ཡིན་ནོ། །སེམས་གཉིས་པ་མ་ཚང་བའི་ཕྱིར་སེམས་མེད་པ་ཡིན་ཏེ། དཔེར་ན་ཁྲི་རྐང་གཅིག་པ་ལ་རྐང་པ་གཞན་མ་ཚང་བའི་ཕྱིར་རྐང་པ་མེད་པ་ཞེས་བྱ་བ་ལྟ་བུའོ། །ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་འགོག་པའི་སྙོམས་པར་འཇུག་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སོགས་པར་འདོད་པ་ནི་ཤིང་རྟ་ཆེན་པོ་དག་གི་ལུགས་ལས་ཕྱི་རོལ་ཏུ་གྱུར་པ་ཡིན་ནོ། །འདུ་ཤེས་མེད་པ་པ་ནི་འདུ་ཤེས་མེད་པའི་སྙོམས་འཇུག་གི་དབང་གིས་བསམ་གཏན་བཞི་པའི་གནས་གཞན་གསུམ་པ་འབྲས་བུ་ཆེ་བའི་ནང་ཚན་དུ་གྱུར། སེམས་ཅན་འདུ་ཤེས་མེད་པའི་ལྷ་རྣམས་ཀྱི་ནང་དུ་སྐྱེས་པར་གྱུར་པ་ན་སེམས་དང་སེམས་ལས་བྱུང་བའི་ཆོས་བརྟན་པ་མ་ཡིན་པ་ཚོགས་དྲུག་འཁོར་དང་བཅས་པ་འགོག་པ་སྟེ་རང་གི་ངང་གིས་འགགས་ཏེ། ཇི་སྲིད་རྣམ་སྨིན་གྱི་འཕེན་པ་མ་རྫོགས་ཀྱི་བར་དུ་འཇུག་ཤེས་སྐྱེ་བ་དང་མི་མཐུན་པར་གྱུར་པའི་ལུས་ཀྱི་གནས་སྐབས་ལ་འདུ་ཤེས་མེད་པ་པ་ཞེས་འདོགས་ཀྱི་འདི་ཡང་རྫས་སུ་གྲུབ་པ་ནི་མེད་དོ། །

འདི་ལ་སྐྱེས་མ་ཐག་ཏུ་འདུ་ཤེས་ཅུང་ཟད་སྐྱེ་ལ་དེ་ནས་རང་གི་ངང་གིས་འགགས་ཏེ་མཐར་དེ་ནས་འཆི་བ་སླར་ཀུན་གཞི་ལས་འཇུག་ཤེས་སྐྱེ་ཞིང་། དེའི་ཚེ་ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེ་བས་ལྷ་ཚེ་རིང་པོ་ཞེས་པའི་མི་ཁོམས་པའི་གནས་ཡིན་ནོ་ཞེས་ཟེར་རོ། །དེ་ནི་མི་རིགས་ཏེ། དགྲ་བཅོམ་པ་ལམ་ཆུང་བ་སྐྱེ་བ་དེའི་སྔ་མ་ལ་འདུ་ཤེས་མེད་པ་པར་སྐྱེས་པར་ལུང་ལས་གསུངས་ཤིང་། འཆི་འཕོ་ཁར་ཐར་པ་ལ་སྐུར་འདེབས་ཀྱི་ལོག་ལྟ་སྐྱེས་ན་དགེ་རྩ་ཆད་པས་ཕྱི་མ་ལ་ངན་སོང་དུ་འགྲོ་བར་ངེས་པའི་ཕྱིར་རོ། །དེས་ན་དེར་སྐྱེས་པ་ནི་སྐལ་པ་ཆེན་པོ་དུ་མ་ཞིག་ཏུ་ཚོགས་དྲུག་གི་འདུ་ཤེས་འགགས་པས་དགེ་བ་བསྒྲུབ་པའི་གོ་སྐབས་མེད་ཅིང་། གང་གི་ཚེ་འདུ་ཤེས་སྐྱེས་པ་དེའི་ཚེ་གནས་དེ་ནས་འཆི་འཕོ་ལ། དེའི་ཕྱིར་རྟེན་དེ་ལ་དགེ་བ་སྒྲུབ་པའི་གོ་སྐབས་མེད་པའི་ཕྱིར་མི་ཁོམ་པའི་གནས་ཡིན་ནོ། སྲོག་གི་དབང་པོ་ནི་ལྷ་དང་མི་ལ་སོགས་པའི་འགྲོ་བ་རིས་མཐུན་པར་ཚེ་གཅིག་གི་ཕུང་པོའི་རྒྱུན་སྔོན་བསགས་པའི་བསོད་ནམས་དང་བསོད་ནམས་མ་ཡིན་པ་ལ་སོགས་པའི་ལས་ཀྱི་ལོ་བརྒྱའམ་སྟོང་ལ་སོགས་པ་ཇི་ཙམ་དུ་འཇུག་ཅིང་གནས་པར་འཕངས་པའི་དབང་གིས་དེ་ཙམ་དུ་གནས་པའི་དུས་ངེས་པ་ལ་ཚེ་ཞེས་གདགས་ཀྱི་རྫས་སུ་ཡོད་པ་ནི་མ་ཡིན་ནོ། །ཚེ་དང་སྲོག་དང་སྲོག་གི་དབང་པོ་རྣམས་རྣམ་གྲངས་ཡིན་ནོ། །

རིས་མཐུན་པ་ནི་ལྷ་དང་མི་ལ་སོགས་པའི་སེམས་ཅན་གྱི་རིགས་དེ་དང་དེར་སེམས་ཅན་གྱི་ཁམས་མཚུངས་པ་དང་། འགྲོ་བ་མཚུངས་པ་དང་། སྐྱེ་གནས་མཚུངས་པ་དེ་དང་དེ་དག་གི་རིགས་དང་ན་ཚོད་དང་བོང་ཚོད་ལ་སོགས་པའི་ལུས་ཏེ་ཕུང་པོའི་ཡན་ལག་དེ་དང་འདྲ་བ་ལ་རིས་མཐུན་པ་ཞེས་གདགས་སོ། །སྐྱེ་བ་ནི་རིས་མཐུན་པར་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པའི་འདུ་བྱེད་རྣམས་ཀྱི་རྒྱུན་མ་བྱུང་བ་ལས་བྱུང་བ་ལ་སྐྱེ་བ་ཞེས་གདགས་ཀྱི་རྫས་གཞན་ཡང་མེད་ལ་གཅིག་པ་ཉིད་ཀྱང་མ་ཡིན་ནོ། །རྒ་བ་ནི་རིགས་མཐུན་པ་སྐྱེས་ནས་མ་ཤིའི་བར་གྱིས་འདུ་བྱེད་རྣམས་ཀྱི་རྒྱུན་སྔ་མ་ལས་ཕྱི་མ་གནས་སྐབས་གཞན་དང་གཞན་དུ་མི་འདྲ་བར་གྱུར་པ་གང་ཡིན་པ་སྟེ། འདི་ལྟར་ནུར་ནུར་པོ་ལས་མེར་མེར་པོ་ལ་སོགས་པར་གྱུར་པ་དང་། དེ་བཞིན་བྱིས་པ་ནས་གཞོན་ནུ། དེ་ལ་ལང་ཚོ་ལ་སོགས་པ་མཐར་རྒས་པའི་བར་དུ་འགྱུར་བ་གང་ཡིན་པའོ། །དེ་ཉིད་ལ་རྒ་བ་ཞེས་གདགས་ཀྱི་རྫས་གཞན་མེད་དོ། །གནས་པ་ནི་རིས་མཐུན་པར་འདུ་བྱེད་རྣམས་ཀྱི་རྒྱུན་སྐྱེས་ནས་མ་ཤིའི་བར་དུ་མི་འཇིགས་ཅིང་རྒྱུན་ཆགས་སུ་འཇུག་པ་གང་ཡིན་པ་ལ་གནས་པ་ཞེས་གདགས་སོ། །

མི་རྟག་པ་ནི་རིས་མཐུན་པར་ཚེ་གཅིག་གི་ཕུང་པོས་སྡུས་པའི་འདུ་བྱེད་རྣམས་ཀྱི་རྒྱུན་འཇིགས་ཅིང་ཆད་པ་གང་ཡིན་པ་ལ་མི་རྟག་པ་ཉིད་ཅེས་གདགས་ཀྱི་སྐད་ཅིག་རེ་རེ་ལ་ཡང་མ་ཡིན་ལ། དོན་གཞན་དུ་གྱུར་པ་ཡང་མེད་པར་བརྟན་ཏེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ལ་ཡང་སྐྱེ་བ་དང་རྒ་བ་དང་མི་རྟག་པ་ལ་སོགས་པ་ཡོད་མ་ཡིན་ནམ། ཇི་ལྟར་ན་རིས་མཐུན་པའི་འདུ་བྱེད་སེམས་ཅན་གྱི་རྒྱུད་ཀྱིས་བསྡུས་པ་ཁོ་ན་ལ་སྐྱེ་བ་སོགས་བཤད་ཅེ་ན། བཅོམ་ལྡན་འདས་ཀྱིས་འདུས་བྱས་ཀྱི་མཚན་ཉིད། སྐྱེ་བ་དང་། རྒ་བ་དང་། མི་རྟག་པ་དང་གནས་པ་གང་གསུངས་པ་དེ་དག་ནི་སེམས་ཅན་དུ་བགྲང་བའི་འདུ་བྱེད་ཀྱི་དབང་དུ་མཛད་པ་ཡིན་གྱི། ཕྱི་རོལ་གྱི་ནི་མ་ཡིན་པར་བསྟན་པའི་ཕྱིར་རོ། །གཉིས་ཀ་ལ་ཡང་སྐྱེ་བ་སོགས་ཡོད་པར་མཚུངས་པ་ན། ཅིའི་ཕྱིར་བཅོམ་ལྡན་འདས་ཀྱིས་ཟིན་པའི་འདུ་བྱེད་ཁོ་ནའི་དབང་དུ་མཛད་ནས་དེ་སྐད་གསུངས་ཞེ་ན། ཕྱི་རོལ་གྱི་གཟུགས་རྣམས་ནི་འཇིག་པ་དང་ཆགས་པས་རབ་ཏུ་ཕྱེ་བ་ཡིན་ལ། ནང་གི་འདུ་བྱེད་རྣམས་ནི་སྐྱེ་བ་དང་རྒ་བ་སོགས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །

དེ་ཡང་འདི་ལྟར་འཇིག་རྟེན་ན་ཕྱི་རོལ་གྱི་གཟུགས་རྣམས་འཇིག་པ་དང་། སྐྱེ་བ་ལ་ནི། འཇིག་པ་དང་ཆགས་པའི་སྒྲར་གྲགས་པས་བཅོམ་ལྡན་འདས་ཀྱིས་ཀྱང་དེ་དག་དང་མཐུན་པར་དེ་སྐད་བཤད་ཀྱི་སྐྱེ་བ་ལ་སོགས་པའི་སྒྲར་མ་བསྟན་ལ། ནང་གི་འདུ་བྱེད་རྣམས་ནི་སྐྱེས་སོ་རྒས་སོ། །གནས་སོ། །ཞིག་གོ་ཞེས་སྐྱེ་བ་དང་རྒ་བ་ལ་སོགས་པར་གྲགས་པས། བཅོམ་ལྡན་འདས་ཀྱིས་ཀྱང་འཇིག་རྟེན་དང་མཐུན་པ་དེ་དག་གི་འབྱུང་བ་ལ་སོགས་པ་སྐྱེ་བ་ལ་སོགས་པའི་སྒྲས་གསུངས་པ་ཡིན་ནོ། །དེ་ལྟར་ན་བྱེ་བྲག་སྨྲ་བ་རྣམས་སྐྱེ་བ་ལ་སོགས་པ་འདི་དག་འདུ་བྱེད་སྤྱིའི་མཚན་ཉིད་དང་། དེ་དག་ཀྱང་སྐད་གཅིག་རེ་རེ་ལ་ཚང་བ་དང་། མཚན་གཞི་ལས་རྫས་གཞན་དུ་ཡོད་པར་རྟོག་པ་དེ་དག་བསལ་བའི་ཕྱིར། འདིར་གོ་རིམ་བཞིན་དུ། རིས་མཐུན་པར་ཞེས་དང་། འདུ་བྱེད་རྣམས་ཀྱི་རྒྱུན་ཞེས་པ་དང་གདགས་སོ། །ཞེས་པའི་ཚིག་གསུམ་གསུམ་སྨོས་པ་ཡིན་ནོ། །མིང་གི་ཚོགས་ནི་ཕྱི་དང་ནང་གི་ཆོས་རྣམས་ཀྱི་ཁྱད་པར་ཆོས་དང་མ་འབྲེལ་བའི་རང་གི་ངོ་བོ་ཉིད་ཙམ་གསལ་བར་བྱེད་པའི་ཚིག་བླ་དགས་དཔེར་ན་མིག་སྣ་གཟུགས་ཅེས་པ་ལྟ་བུ་ལ་མིང་གི་ཚོགས་ཞེས་གདགས་སོ་ཚིག་གི་ཚོགས་ནི་ཆོས་རྣམས་ཀྱི་ངོ་བོ་ཉིད་དོ་རྟག་མི་རྟག །བདེ་མི་བདེ་ལ་སོགས་པའི་ཁྱད་པར་གྱི་ཆོས་དང་འབྲེལ་བར་གསལ་བར་བྱེད་པའི་ཚིག་བླ་དགས་སོ། །དཔེར་ན་འདུས་བྱས་ཐམས་ཅད་མི་རྟག་ཆོས་ཐམས་ཅད་བདག་མེད་དོ། །ཞེས་པ་ལྟ་བུ་ལ་ཚིག་གི་ཚོགས་ཞེས་གདགས་སོ། །ཡི་གེའི་ཚོགས་ནི་གང་ཚོགས་པ་ལས་མིང་དང་ཚིག་དེ་གཉིས་ཀ་འབྱུང་བའི་གནས་ཀ་ལ་སོགས་གསལ་བྱེད་པ་རྣམས་དང་། ཨ་ཨི་ལ་སོགས་པ་དབྱངས་ཀྱི་ཡི་གེ་རྣམས་ལ་ཡི་གེའི་ཚོགས་ཞེས་གདགས་པར་བྱའོ། །འདིའི་ངེས་པའི་ཚིག་ནི་གསུམ་སྟེ་རང་བཞིན་དང་ལས་དང་། དགོས་པ་དང་། རྗེས་སུ་མཐུན་པའི་ངེས་ཚིག་གོ །དང་པོ་ནི་འདིས་མིང་ཚིག་དེ་གཉིས་ཀ་གསལ་བར་བྱེད་པའི་ཕྱིར་ཡི་གེ་ཞེས་བྱའོ། །ཅིའི་ཕྱིར་དེ་དག་གསལ་བར་བྱེད་ཅེ་ན། ཡི་གེ་འདུས་པའི་གནས་སྐབས་གང་གིས་ཆོས་རྣམས་ཀྱི་ངོ་བོ་དང་ཁྱད་པར་གསལ་བར་བྱེད་པའི་བརྗོད་པ་དེ་དང་དེ་ལ་མིང་དང་ཚིག་ཏུ་གདགས་པའི་ཕྱིར་རོ། །

གཉིས་པ་ནི། བརྗོད་པར་བྱེད་པ་ཡང་ཡི་གེ་དེ་ཡིན་ཏེ། ངོ་བོ་དང་ཁྱད་པར་གྱི་དོན་རྣམས་འདིས་ཡང་དག་པར་བརྗོད་པའི་ཕྱིར་ཏེ་ཆོས་རྣམས་ཀྱི་ངོ་བོ་དང་ཁྱད་པར་གསལ་བར་བྱེད་པའི་མིང་དང་ཚིག་དེ་དག་ཡི་གེ་དུ་མ་འདུས་པའི་གནས་སྐབས་ཡིན་པའི་ཕྱིར་རོ། །

གསུམ་པ་ནི། དབྱངས་དང་གསལ་བྱེད་ཀྱི་བསྡུས་པའི་ཡི་གེ་འདི་རྣམས་རང་རང་བརྗོད་པའི་གདངས་མ་རྟོགས་པ། མིང་གི་རྣམ་གྲངས་སུ་གཏོགས་པས་གཞན་དུ་གོ་བར་མི་འགྱུར་བར་བྱེད་པའི་ཕྱིར་ཏེ། འདི་ལྟར་ཡི་གེ་ཨ་གང་ཡིན་པ་དེ་ནི་ཨ་ཞེས་བརྗོད་པའི་སྒྲའི་གདངས་གཅིག་པོ་འདི་མ་གཏོགས་ཨ་ཞེས་པའི་ཡི་གེ་འདི་གོ་བར་འགྱུར་བའི་མིང་གི་རྣམ་གྲངས་གཞན་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །ཅི་སྟེ་དབྱངས་རྣམས་ཀྱི་དང་པོ་ཞེས་བརྗོད་པས་གོ་བར་འགྱུར་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། དེས་ནི་བརྗོད་པའི་རིམ་པ་ཙམ་ཞིག་གོ་བར་འགྱུར་གྱི་ཨ་ཞེས་པའི་སྒྲའི་གདངས་གོ་བར་མི་འགྱུར་ལ། ཡི་གེ་ཡང་གདངས་ཀྱི་སྐབས་ལ་འདོགས་པའི་ཕྱིར་རོ། །ཐམས་ཅད་ནི་ངོ་བོ་ཉིད་དང་ཁྱད་པར་དང་། དེ་གཉིས་ཀ་ཐ་སྙད་ཙམ་དུ་ཟད་ལ། དེ་དག་ཐམས་ཅད་ནི་གསུམ་པོ་འདི་དག་གིས་རྗེས་སུ་ཐ་སྙད་བཏགས་པ་ཡིན་པས་དེའི་ཕྱིར་མིང་དང་ཚིག་ཡི་གེའི་ཚོགས་རྣམས་རྣམ་པར་བཞག་གོ །

མིང་གི་ཚོགས་ལ་སོགས་པ་འདི་དག་ནི་རྟོགས་པར་དཀའ་བས་དེའི་ཕྱིར་ཅུང་ཟད་དཔྱད་པར་བྱའོ། །དེ་ལ་རིགས་པའི་གཞུང་ལུགས་དང་། མངོན་པའི་གཞུང་ལུགས་དག་གི་དགོངས་པ་མི་འདྲ་བ་གཉིས་རྟོགས་ཏེ་འདི་ལྟར་རིག་པའི་དབང་ཕྱུག་ནི་ཡི་གེ་ཚོགས་ནི་སྒྲ་རང་མཚན་གྱི་ངོ་བོར་བཞེད་ཅིང་། མིང་དང་ཚིག་གི་ཚོགས་གཉིས་རྟོག་པས་བརྟགས་པའི་སྒྲའི་སྤྱི་ཡང་དག་པར་ན་ནང་ཤེས་པ་དང་ཕྱིའི་དོན་གང་དུ་ཡང་མ་གྲུབ་པས་དངོས་པོར་མེད་ཅིང་། དེའི་ཕྱིར་གཟུགས་ལ་སོགས་པའི་ཕུང་པོ་ལྔ་གང་དུ་ཡང་མ་འདུས་པར་བཞེད་དོ། །དེ་ལྟར་ཡང་རྣམ་འགྲེལ་ལས། ཡི་གེ་ཀུན་སློང་ཤེས་པ་ལས། །སྐྱེ་ལ་ཤེས་པའི་སྒྲ་སྐྱེའོ། །དེའི་ཁྱད་པར་ཅན་དེ་ནི། །རྣ་བས་ངེས་པར་འགྱུར་བ་ཡིན། །ཤེས་དེས་སྐྱེད་པའི་ཤེས་པ་ཅན། །དེ་ཐོས་མྱུར་མིན་ཐོས་པ་ཅན། །ཞེས་སོགས་དང་། ཡི་གེའང་ཅིག་ཅར་ཐོས་པར་འགྱུར། །ཞེས་དང་། རིང་སོགས་འཛིན་པར་མི་འགྱུར་ཏེ། །ཞེས་པ་ལ་སོགས་པས་ཡི་གེ་ཉན་ཤེས་ཀྱི་ཡུལ་དུ་བསྟན་པའི་ཕྱིར་རོ། །

ཡང་དེ་ཉིད་ལས། ཚིག་སོགས་ཀུན་བརྟགས་དངོས་མེད་ལ། །དངོས་པོ་ཡི་ནི་འབྲེལ་བ་ནི། །ཇི་ལྟ་བུར་ནི་འཇུག་པར་འགྱུར། །ཞེས་སོགས་ཀྱི་མིང་ཚིག་གཉིས་སྒྲོ་བཏགས་སུ་བསྟན་པའི་ཕྱིར་རོ། །དེ་ལ་ཡི་གེ་ནི་གནས་དང་རྩོལ་བ་དང་ཀུན་སློང་གཅིག་ལས་སྐྱེས་པའི་དགྲའི་གདངས་སྐད་ཅིག་མ་དུ་མའི་རང་བཞིན་ཅན་ཡིན་ཏེ། ཡི་གེ་ཐུང་ངུ་གཅིག་ཡང་སྐྱེས་བུའི་མིག་འབྱེད་པའམ་འཛུམ་པའི་ཡུན་ཙམ་གྱིས་འགྲུབ་དགོས་ལ་དེ་ལ་ཡང་སྐད་ཅིག་མ་དུ་མ་འདས་པའི་ཕྱིར་རོ། །ཇི་སྐད་དུ། ཡི་གེ་བདག་ཉིད་ཀུན་མཐའ་ཡང་། །མིག་འཛུམ་ཚད་དུ་གནས་པ་ཡིན། །དེ་ཡང་རིམ་གྱིས་རྡུལ་ཕྲན་ནི། །དུ་མ་དག་དང་འབྲེལ་བས་རྫོགས། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་ཡི་གེ་ཐུང་ངུ་གཅིག་ཀྱང་ཉན་ཤེས་ཀྱིས་རིམ་གྱིས་འཛིན་གྱིས་ཅིག་ཅར་ནི་མ་ཡིན་ཏེ། ཇི་སྐད་དུ། བློ་ཡང་སྐད་ཅིག་དེའི་ཕྱིར། །ཡི་གེ་རིམ་གྱིས་རྟོགས་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །དེ་ལྟ་ན་ཡི་གེའི་སྐད་ཅིག་རེ་རེ་བ་དག་ནི་ཡི་གེ་མ་ཡིན་ལ་དེ་དག་སྔ་ཕྱི་དུ་མ་ལྷན་ཅིག་ཏུ་ཚོགས་པ་ཡང་མི་སྲིད་པས་དེའི་ཕྱིར་ཡི་གེ་ནི་སྒྲོ་བཏགས་པ་ཙམ་ཡིན་གྱི་རྫས་སུ་མེད་དོ་ཞེས་ཁ་ཅིག་སྨྲ་བར་བྱེད་དོ། །ཅི་ཡི་གེའི་སྐད་ཅིག་རེ་རེ་བ་དག་ཡི་གེ་མ་ཡིན་ནོ་ཞེས་བྱ་བ་འདི་གང་ལས་རྟོགས། ཅི་སྟེ། ཡི་གེ་ཐུང་ངུ་གཅིག་མིག་འཛུམ་པའི་ཚད་ཀྱི་འགྲུབ་བོ་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་ནི་ཡི་གེ་ཐུང་ངུ་གཅིག་ལ་ཡང་སྐད་ཅིག་དུ་མ་ཡོད་ཅེས་བསྟན་པ་ཡིན་གྱི། སྐད་ཅིག་རེ་རེ་བ་དག་ཡི་གེ་མ་ཡིན་ཞེས་བསྟན་པ་ནི་མ་ཡིན་ཏེ། དཔེར་ན་སྒྲ་ཆུང་ངུ་གཅིག་ལ་ཡང་སྒྲའི་རྡུལ་ཕྲ་རབ་དུ་མ་ཡོད་ཅེས་པས། སྒྲའི་རྡུལ་ཕྲན་རེ་རེ་བ་རྣམས་སྒྲ་མ་ཡིན་པར་མི་འགྱུར་བ་བཞིན་ནོ། །དེ་བས་ན་ཨ་ཅེས་པ་ལྟ་བུའི་ཡི་གེ་ཐུང་ངུ་གཅིག་ཀུན་ནས་སློང་བའི་རྟོག་པས་ཀྱང་། རང་གི་འབྲས་བུ་ཨ་ཞེས་པས་སྒྲའི་གདངས་སྐད་ཅིག་སྔ་ཕྱི་དུ་མ་དང་ལྡན་པ་གཅིག་བསྐྱེད་པ་དངོས་པོའི་སྟོབས་ཡིན་པས་དེའི་ཕྱིར་ཡི་གེ་ཐུང་ངུ་རེ་རེ་ལ་ཡང་སྐད་ཅིག་ཏུ་མ་ཡོད་པར་བསྟན་ཅིང་ཉན་ཤེས་ཀྱིས་ཀྱང་རིམ་གྱིས་ཐོབ་པར་བསྟན་གྱི། ཅི་སྟེ་སྨྲ་བ་པོ་རྣམས་ཀྱིས་སྐད་ཅིག་མ་ཕྱི་མ་དག་དང་མ་འབྲེལ་བའི་ཡི་གེ་ཨ་ཞེས་པའི་གདངས་སྐད་ཅིག་མ་སྔ་མ་ཙམ་ཞིག་བརྗོད་པར་ནུས་ན་དེ་ཡང་ཡི་གེ་ཨ་མ་ཡིན་པ་ནི་མ་ཡིན་ཏེ། ཨ་གང་ལས་བྱུང་བའི་གནས་དང་། བྱེད་པ་དང་རྩོལ་བ་དང་བརྗོད་འདོད་སོགས་རྒྱུ་རྐྱེན་མཚུངས་པ་ལས་བྱུང་བའི་ཕྱིར་དང་། འབྲས་བུ་དག་གི་འདྲ་བ་དང་མི་འདྲ་བ་དག་ནི་རྒྱུ་རྐྱེན་འདྲ་བ་དང་མི་འདྲ་བ་དག་གིས་བྱས་པའི་ཕྱིར་རོ། །གཞན་དུ་ན་འགའ་ཡང་འདྲ་བའམ་མི་འདྲ་བར་མི་འགྱུར་ཏེ། དེ་ལྟར་འགྱུར་བའི་རྒྱུ་རྐྱེན་གྱི་ཁྱད་པར་མེད་པའི་ཕྱིར་རོ། །ཨའི་གདངས་སྐད་ཅིག་དང་པོ་དེ་ཨའི་གནས་དང་བྱེད་པ་སོགས་ལས་མ་བྱུང་ན་སྐད་ཅིག་གཞན་རྣམས་ཀྱང་མ་བྱུང་བས་དེའི་ཕྱིར་ཨའི་གནས་དང་བྱེད་པ་སོགས་ལས་བྱུང་བའི་སྒྲའི་གདངས་ཅུང་ཟད་ཀྱང་མེད་པའམ་ཡང་ན་རིགས་བྱེད་པ་དག་གི་རྗེས་སུ་འབྲངས་ནས་ཨ་ཞེས་བྱ་བ་ལ་སོགས་ཡི་གེ་རྣམས་རྒྱུ་དང་རྐྱེན་ལས་མ་སྐྱེས་པ་རྟག་པ་རང་བྱུང་གི་ངོ་བོ་ཁས་ལེན་པར་དགོས་པར་འགྱུར་རོ། །ཅི་སྟེ་སྐད་ཅིག་རེ་རེ་བ་དག་མ་ཡིན་པའི་ཡི་གེ་ཨ་དེའི་གནས་དང་བྱེད་པ་སོགས་ལས་འབྱུང་སྟེ། སྐད་ཅིག་རེ་རེ་བ་དག་ནི་ཨ་མ་ཡིན་པའི་ཕྱིར་རོ་སྙམ་ན། དེ་ལྟ་བུའི་ཨ་དེ་སྐད་ཅིག་མ་གཅིག་ཡིན་ནམ་འོན་ཏེ་དུ་མ་ཡིན་ཕྱོགས་དང་པོ་ལྟར་ན་ཨ་རིང་པོ་དང་ཐུང་ངུའི་ཐ་སྙད་མི་འཐད་པར་འགྱུར་ཏེ། སྐད་ཅིག་མ་གཅིག་ལ་ནི་རིང་པོ་དང་ཐུང་ངུ་ལ་སོགས་པའི་ཐ་སྙད་བྱ་བར་མི་ནུས་པའི་ཕྱིར་རོ། །

ཕྱོགས་གཉིས་པ་ནི་ཁོ་བོས་རྣམ་པར་བཞག་པའི་ཕྱོགས་ཡིན་པས་དེ་ཁས་ལེན་ན་རྩོད་པ་མེད་དོ། །ཅི་སྟེ་སྐད་ཅིག་གཅིག་དང་དུ་མའི་བདག་ཉིད་གང་དུ་ཡང་མི་འདོད་ན་ནི་ཡི་གེ་རྣམས་རྟག་པའམ་ཡང་ན་དངོས་པོ་མེད་པར་ཁས་ལེན་དགོས་པར་འགྱུར་རོ། དེའི་ཕྱིར་ཡི་གེ་ནི་སྒྲའི་བདག་ཉིད་ཡིན་ནོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །ཅིའི་ཕྱིར་མིང་དང་ཚིག་གི་ཚོགས་ནི་སྒྲོ་བཏགས་པའི་རང་བཞིན་ཅན་ཡིན་ཅེ་ན། གང་གི་ཚེ་ཡི་གེ་དུ་མ་རྣམས་ཉན་ཤེས་ཀྱི་ཐོས་པ་དེའི་ཚེ་རྗེས་སུ་སྐྱེས་པའི་རྟོགས་པས་ཉན་ཤེས་ཀྱིས་རིམ་གྱི་ཐོས་པའི་ཡི་གེ་དེ་རྣམས་ཉིད་ལ་མིག་དང་གཟུགས་ལ་སོགས་པའི་དོན་གྱི་ངོ་བོ་ཙམ། གསལ་བྱེད་དང་། དེ་དག་ཀྱང་རྟག་མི་རྟག་ལ་སོགས་པའི་ཁྱད་པར་དང་འབྲེལ་བར་གསལ་བྱེད་དུ་སྒྲོ་འདོགས་པར་བྱེད་ལ། ཡི་གེའི་ཁྱད་པར་གང་ལ་རྟོག་པས་མིག་དང་གཟུགས་ལ་སོགས་པ་དོན་གྱི་ངོ་བོ་ཙམ་གསལ་བྱེད་དུ་སྒྲོ་བཏགས་པ་དེ་ནི་མིང་ཡིན་ལ། ཡི་གེ་གང་དོན་གྱི་ཁྱད་པར་གསལ་བྱེད་དུ་སྒྲོ་བཏགས་པ་དེ་ནི་ཚིག་ཡིན་ནོ། །དེ་ལྟ་ན་ཡི་གེ་ཉིད་མིང་ཚིག་ཏུ་འགྱུར་བ་མ་ཡིན་ནམ་ཞེ་ན། ཡི་གེ་རྣམས་ནི་མིང་ཚིག་ཏུ་སྒྲོ་བཏགས་པར་བྱ་བའི་གཞི་ཙམ་ཡིན་གྱི་མིང་དང་ཚིག་གི་རང་བཞིན་མ་ཡིན་ཏེ། ཡི་གེ་རྣམས་ཀྱིས་དོན་གྱི་ངོ་བོ་དེ་དང་ཁྱད་པར་བརྗོད་ཅིང་གསལ་བར་བྱེད་མི་ནུས་པའི་ཕྱིར་རོ། །འདི་ལྟར་གང་ཞིག་གང་ལ་བརྡའི་འབྲེལ་པ་མ་བྱས་པ་དེས་ནི་དོན་དེ་གསལ་བར་བྱེད་པ་མ་ཡིན་ཏེ་ནག་ནོག་སོགས་དང་ལྡན་པ་ལ། རྟའི་བརྡའ་མ་བྱས་པ་བཞིན་དུ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་ཀྱང་དོན་གྱི་ངོ་བོ་དང་ཁྱད་པར་དག་ལ་བརྡའ་བྱས་པ་མ་ཡིན་ནོ། །དེ་ཡང་འདི་ལྟར་དོན་འདིའི་མིང་འདི་ཞེས་བརྡའ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བ་གང་ཡིན་པ་དེ་ནི། དོན་འགའ་ལ་ཡང་བརྡའ་བྱ་བར་ནུས་པ་མ་ཡིན་ཏེ། དཔེར་ན་ལེགས་སྦྱར་ལ་གྲགས་པའི་མིང་གི་ཁྱད་པར་རྣམས་གངས་ཅན་པ་རྣམས་ཀྱི་བརྡའ་འབྲེལ་བྱེད་པའི་རྟོག་པ་ལ་མི་སྣང་བ་བཞིན་ནོ། །དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་ནི་ཉན་ཤེས་ཀྱི་ཡུལ་ཡིན་པའི་ཕྱིར། བརྡའ་འབྲེལ་བྱེད་པའི་རྟོག་པ་ལ་སྣང་བ་མ་ཡིན་ནོ། །དེ་བས་ན་མིང་དང་ཚིག་ནི་ངོ་བོ་དང་། ཁྱད་པར་གསལ་བར་བྱེད་པའི་ཉིད་ཀྱི་དེ་དང་དེ་ལ་རྟོག་པས་བརྡའ་འབྲེལ་བྱས་པ་ཡིན་ལ། དེའི་ཕྱིར་རྟོག་པས་བཟུང་བྱར་གྱུར་པའི་སྒྲའི་སྤྱི་ཡིན་ནོ། །ཡང་དག་པར་ན་དེ་དག་ནི་ཕྱི་དང་ནང་གི་དངོས་པོ་གང་དུ་ཡང་མ་གྲུབ་པ་ཡིན་ཏེ། ཕྱི་ནང་གི་དངོས་པོ་རྣམས་ནི་རང་རང་གི་ངོ་བོ་མ་འདྲེས་པར་གནས་པ་ཉིད་ཀྱིས་རྟོག་པས་བཟུང་བར་བྱ་བ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་མིང་དང་ཚིག་གིས་ཚོགས་རྣམས་ནི་སྒྲོ་བཏགས་པའི་རང་བཞིན་ཡིན་གྱི་ཡང་དག་པར་ན་གྲུབ་པ་མེད་དོ་ཞེས་པ་འདི་གྲུབ་པ་ཡིན་ནོ། །

དེ་ལྟར་ན་ཡི་གེ་རེ་རེ་བ་དག་ནི་མིང་ཚིག་གི་སྒྲོ་བཏགས་པའི་གཞིར་ཡང་མི་རུང་བས་རྟོག་པས་ཀྱང་དོན་བརྗོད་བྱེད་དུ་ཞེན་པ་མེད་ལ། དེའི་ཕྱིར་ཡི་གེ་དོན་མེད་ཅན་འགྱུར་ཞིང་། ཞེས་ཡི་གེས་དོན་མི་སྟོན་པར་བསྟན་ལ། ཡི་གེ་དུ་མ་ཉན་ཤེས་ཀྱི་འབྲེལ་ཆགས་སུ་ཐོས་པ་ལ་དོན་གྱི་ངོ་བོ་དང་ཁྱད་པར་གསལ་བྱེད་དུ་རྟོག་པས་སྒྲོ་འདོགས་པར་བྱེད་པས། དེའི་ཕྱིར་ངག་ནི་ཡི་གེ་ལས་ཐ་དད་ཡོད་པ་མིན་ཏེ་མ་དམིགས་ཕྱིར། ཞེས་པ་ཡི་གེ་ལས་མ་གཏོགས་པའི་དོན་སྟོན་པར་བྱེད་པའི་ངག་ཀྱང་མེད་པར་གསུངས་པ་ཡིན་ནོ། །དེ་ལ་ཡི་གེ་རྣམས་ནི་དོན་གྱི་ཆོས་ཡིན་པས་རང་གི་རྒྱུ་ཀུན་སློང་རིམ་ཅན་ལས་རིམ་ཅན་དུ་སྐྱེ་ལ་རང་ཇི་ལྟར་སྐྱེ་བའི་རིམ་པ་ལྟར་རང་གི་ཡུལ་ཅན་གྱིས་ཀྱང་འཛིན་པ་ཡིན་ལ། མིང་ཚིག་དག་ནི། དོན་ལ་མེད་པས་རྒྱུ་རྐྱེན་ལས་སྐྱེ་བའི་རིམ་པ་མེད་ཀྱི། འོན་ཀྱང་བློའི་སྤྲུལ་པའི་ཆོས་ཡིན་པས་རྟོག་པས་དུས་ཅིག་ཅར་དུ་གཅིག་གི་ངོ་བོར་འཛིན་པར་བྱེད་པ་ཡིན་ནོ། །མིང་ཚིག་རྒྱུ་དང་རྐྱེན་ལས་མི་སྐྱེ་ན་ཡི་གེ་ལས་མིང་དང་། དེ་ལས་ཚིག་འབྱུང་ངོ་ཞེས་པ་ཇི་ལྟར་འཐད་ཅེ་ན། དེའི་དོན་ནི་འདི་ཡིན་ཏེ། ཡི་གེའི་ཁྱད་པར་འགའ་ཞིག་འབྲེལ་ཆགས་སུ་ཐོས་པ་ལ་དོན་གྱི་ངོ་བོ་འགའ་ཞིག་གསལ་བྱེད་ཀྱི་མིང་དུ་སྒྲོ་འདོགས་པར་བྱེད་པ་དེའི་ཕྱིར། ཡི་གེ་འདུས་པ་ལས་མིང་འབྱུང་ངོ་ཞེས་བྱ་ལ། ངོ་བོ་གསལ་བྱེད་དུ་སྒྲོ་གདགས་སུ་རུང་བའི་ཡི་གེའི་ཁྱད་པར་དེ་འདྲ་བ་དུ་མ་ཞིག་འབྲེལ་ཆགས་སུ་ཐོས་པ་ན་དོན་གྱི་ཁྱད་པར་གསལ་བྱེད་ཀྱི་ཚིག་ཏུ་སྒྲོ་འདོགས་པས། དེའི་ཕྱིར་མིང་འདུས་པ་ལས་ཚིག་འབྱུང་ཞེས་བརྗོད་པ་ཡིན་ནོ། །

དེ་ལྟར་ན་རིགས་པའི་གཞུང་ལས་འབྱུང་བའི་ཚོགས་གསུམ་རྣམ་པར་བཞག་པ་ནི་དེ་ལྟ་བུ་ཡིན་ནོ། །མངོན་པའི་གཞུང་ལས་འབྱུང་བའི་ཚོགས་གསུམ་རྣམ་པར་བཞག་པའི་ཚུལ་སྟོན་པར་བྱ་སྟེ། དེ་ལ་བྱེ་བྲག་ཏུ་སྨྲ་བའི་མངོན་པ་བ་དག་ནི། ཡི་གེ་ལ་སོགས་པའི་ཚོགས་གསུམ་པོ་འདི་དག་ནི་གཟུགས་དང་། སེམས་དང་སེམས་ལས་བྱུང་བ་དག་ལས་རྫས་གཞན་པའི་ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་ཕུང་པོར་འདོད་དེ། དེ་ལ་ཡི་གེ་ནི། ཨ་ཞེས་བརྗོད་པའི་སྒྲའི་གདངས་རྣམས་ཉན་ཤེས་ཀྱིས་ཐོས་པ་ནི་དེའི་རྗེས་སུ་ཨ་བྱུང་ངོ་སྙམ་པའི་རྟོག་པ་སྐྱེ་ལ། དེ་ལྟ་བུའི་རྟོག་པས་གཟུང་བྱར་གྱུར་པ་ན་ཤེས་པ་ཡང་མ་ཡིན་ལ། ཕྱི་རོལ་གྱིས་དོན་ཡང་མ་ཡིན་ཅིང་། སྒྲོ་བཏགས་པའི་རང་བཞིན་ཡང་མ་ཡིན་པ་ཞིག་ལ་ཨ་ཞེས་པའི་ཡི་གེར་འདོད་ལ། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་གཞན་རྣམས་ཀྱང་དེ་འདྲ་བ་ཁོ་ནར་འདོད་པ་ཡིན་ནོ། །

མིང་ནི་བཤད་མ་ཐག་པའི་མཚན་ཉིད་ཅན་གྱི་ཡི་གེའི་ཁྱད་པར་འགའ་ཞིག་ལྷན་ཅིག་ཏུ་འདུས་པ་ན། དོན་གྱི་ངོ་བོ་ཙམ་གསལ་བར་བྱེད་པ་མིག་གཟུགས་ཞེས་པ་ལ་སོགས་པའི་མིང་གི་བློ་འབྱུང་ལ། བློ་དེའི་བཟུང་བྱར་གྱུར་པ་ཕྱི་དང་ནང་གང་དུ་ཡང་མ་གྲུབ་ལ། རྫས་སུ་གྲུབ་པ་ཞིག་ལ། མིང་གི་ཚོགས་ཞེས་བྱ་བ་ཡིན་ནོ། ཚིག་ནི། བཤད་མ་ཐག་པའི་མིང་གི་ཁྱད་པར་དུ་མ་ལྷན་ཅིག་ཏུ་འདུས་པ་ན་རྟག་མི་རྟག་ལ་སོགས་པའི་དོན་གྱི་ཁྱད་པར་གསལ་བར་བྱེད་པའི་ཚིག་གི་བློ་སྐྱེ་ལ། བློ་དེའི་བཟུང་བྱར་གྱུར་པའི་དོན་གང་རྫས་སུ་གྲུབ་ཅིང་། ཕྱི་དང་ནང་གི་དོན་དུ་མ་གྲུབ་པ་ནི་ཚིག་གི་ཚོགས་ཞེས་བྱའོ། །དེ་ལྟར་ན་བརྗོད་པའི་སྒྲ་ལས་ཡི་གེ་སྐྱེ་ལ། ཡི་གེ་ལས་མིང་དང་མིང་ལས་ཚིག་སྐྱེ་བ་ནི་རིམ་པ་ཡིན་ནོ། །

ཐེག་པ་ཆེ་ཆུང་གི་མདོ་སྡེའི་རྗེས་སུ་འབྲང་བའི་མངོན་པ་བ་དག་ནི། ཚོགས་གསུམ་པོ་འདི་དག གཟུགས་དང་སེམས་དང་སེམས་ལས་བྱུང་བ་གསུམ་གྱི་རང་བཞིན་མ་ཡིན་པའི་མི་ལྡན་པའི་འདུ་བྱེད་དུ་བཞེད་མོད་ཀྱི་བྱེ་བྲག་ཏུ་སྨྲ་བ་དག་གི་ལྟར། རྫས་སུ་གྲུབ་པ་ཡང་མི་འདོད་ལ། རྟོག་གེ་པ་དག་གི་ལྟར་སྒྲ་རང་མཚན་ནམ་སྒྲོ་བཏགས་དངོས་པོར་མེད་པའི་རང་བཞིན་དུ་ཡང་མི་འདོད་དེ། འོ་ན་ཅི་ཞེ་ན། ངག་གི་རྣམ་པར་རིག་བྱེད་ཀྱིས་གནས་སྐབས་ལ་བཏགས་པ་ཡང་དག་པར་གདགས་གཞི་ལས་དེ་ཉིད་དང་གཞན་གང་དུ་ཡང་མ་གྲུབ་ཅིང་། ཐ་སྙད་དུ་གདགས་གཞི་ལས་མཚན་ཉིད་ཐ་དད་པར་བློས་བཟུང་དུ་རུང་བ་གང་ཡིན་པའོ། །དེ་ལ་ཡི་གེ་ནི། ཨ་ཞེས་པའི་སྒྲའི་གདངས་རྣམས་ཉན་ཤེས་ཀྱི་རིམ་གྱིས་ཐོས་པ་ན། དེའི་རྗེས་སུ་རྟོག་པས་ཨའོ་སྙམ་དུ་འཛིན་པར་བྱེད་ལ། འདི་ཡི་གེ་ཨའོ་སྙམ་པའི་རྟོག་པས་བཟུང་བྱ་གང་ཡིན་པ་དེ་ནི་ཉན་ཤེས་ཀྱིས་ཐོས་པའི་སྒྲའི་གདངས་རྣམས་ནི་མ་ཡིན་ཏེ་རྟོག་པ་དེ་སྐྱེས་པའི་ཚེ་དེ་དག་འགགས་པའི་ཕྱིར་རོ། །རྟོག་པ་དེ་ཉིད་ཀྱང་མ་ཡིན་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་རོ། །དེ་དག་ལས་གཞན་པའི་ཆོས་རྫས་སུ་གྲུབ་པ་འགའ་ཞིག་ཀྱང་མ་ཡིན་ཏེ། དེ་ལྟ་བུ་ཡོད་པའི་འབྲས་བུའམ་ངོ་བོ་གང་ཡང་ཚད་མས་མ་དམིགས་པའི་ཕྱིར་རོ། དེའི་ཕྱིར་འདི་ཡི་གེ་ཨའོ་སྙམ་པའི་རྟོག་པས་བཟུང་བྱ་དེ་ཉིད་རྫས་སུ་ཡོད་པ་མ་ཡིན་ལ། བློ་དེའི་རྗེས་སུ་འབྲངས་ནས་དེ་ཉིད་ལ་ཡི་གེ་ཨ་ཞེས་འཇིག་རྟེན་ན་ཐ་སྙད་རྗེས་སུ་འདོགས་པའི་ཕྱིར་བརྟགས་པ་ཙམ་དུ་མེད་པ་ཡང་མ་ཡིན་ནོ། །དེ་བས་ན་ཨ་ཞེས་པའི་སྒྲའི་གདངས་དེ་རྣམས་ལ་རྟོག་པས་ཡི་གེ་ཨའོ། །སྙམ་དུ་སྒྲོ་འདོགས་པས་དེའི་ཕྱིར་འདིའི་གདགས་གཞི་ནི་སྒྲའི་གདངས་དེ་ཉིད་ཡིན་ནོ། །ཨའི་རང་བཞིན་ཅི་འདྲ་བ་དེ་འདྲ་བའི་ཚུལ་དུ་དབྱངས་དང་གསལ་བྱེད་ཀྱི་ཡི་གེ་གཞན་རྣམས་ཀྱང་དེ་བཞིན་དུ་རིག་པར་བྱའོ། །མིང་དང་ཚིག་གི་ཚོགས་རྣམས་ནི་སྔར་རིགས་པ་སྨྲ་བ་དག་གི་ལུགས་རྣམ་པར་བཞག་པ་ཅི་འདྲ་བ་དེ་འདྲ་བར་འདི་དག་ཀྱང་བཞེད་པ་ཡིན་ལ། རིགས་པ་སྨྲ་བ་དག་ནི་རྫས་སུ་མ་གྲུབ་ན་འདུས་བྱས་དང་དངོས་པོར་མི་རུང་བས་མིང་ཚིག་དག་གི་སྒྲོ་བཏགས་པའི་རང་བཞིན་ཡིན་པས། འདུས་བྱས་སམ་དངོས་པོར་མི་རུང་ལ་དེ་ཕྱིར་འདུ་བྱེད་ཕུང་པོར་མི་བཞེད་ལ། མངོན་པ་བ་དག་ནི་འདི་དག་བཏགས་པས་ཡོད་པ་ཡིན་ཡང་འདུས་བྱས་ལ་གདགས་པས་འདུ་བྱེད་ཕུང་པོར་འཇོག་པ་མི་འགལ་བར་བཞེད་དེ་འདི་ཙམ་ནི་ཁྱད་པར་ཡིན་ནོ། །

གཞན་ཡང་རྣམ་པར་གཏན་ལ་དབབ་པ་བསྡུས་པ་ལས་ཤེས་བྱ་བརྗོད་པར་བྱ་བའི་དངོས་པོ་ལ་ཐམས་ཅད་ནས་བསྡུས་པ་ནི་ཡི་གེའོ། །འབྲིང་ནི་མིང་ངོ་། །རྒྱས་པ་ནི་ཚིག་གོ །ཡི་གེ་ཙམ་ལ་རྟེན་པས་ནི་སྒྲ་ཙམ་སོ་སོར་རིག་པར་འགྱུར་གྱི་དོན་ནི་འགའ་ཡང་སོ་སོར་རིག་པར་མི་འགྱུར་རོ། །མིང་ལ་རྟེན་པས་ནི་ཆོས་དེ་དང་དེ་དག་གི་ངོ་བོ་ཉིད་སོ་སོར་རིག་པ་དང་། སྒྲ་ཡང་སོ་སོར་རིག་པར་འགྱུར་གྱི། ཆོས་མང་པོ་རབ་ཏུ་རྣམ་པར་འབྱེད་པ་སོ་སོར་རིག་པར་མི་འགྱུར་རོ། །ཚིག་གི་ཚོགས་ལ་རྟེན་པས་ནི་ཐམས་ཅད་སོ་སོར་རིག་པར་བྱའོ་ཞེས་བྱའི་ཚུལ་ཡང་རིག་པར་བྱའོ། །དེ་ལྟར་ན་གཞུང་འདིར་ཚོགས་གསུམ་ལྡན་མིན་འདུ་བྱེད་དུ་རྣམ་པར་བཞག་པའི་ཚུལ་ནི་དེ་ལྟར་ལྟའོ། །ཚོགས་གསུམ་རྣམ་པར་བཞག་པ་འདི་ལ་རྟེན་ནས་བསྟན་བཅོས་ཀྱི་རང་བཞིན་བདེ་བླག་ཏུ་ཡང་ཁོང་དུ་ཆུད་པར་འགྱུར་ཏེ། གནས་སྐབས་དང་མཐར་ཐུག་གི་བླང་དོར་གྱི་དོན་སྟོན་པ་ནི་བསྟན་བཅོས་ཡིན་ལ། དེ་ཡང་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ཚོགས་གསུམ་ལ་བརྟེན་ནས་རྣམ་པར་འཇོག་པའི་ཕྱིར་རོ། །

དེ་ལ་སོགས་སྔ་མའི་ཚུལ་ལ་བརྟེན་ནས་ཅུང་ཟད་རྣམ་པར་བཞག་ན། སྐྱེས་བུའི་འཇུག་ལྡོག་གི་དོན་གསལ་བར་བྱེད་པ་ན་བསྟན་བཅོས་ཡིན་ལ། དེ་ལ་ཡང་གསལ་བྱེད་ཀྱི་རང་བཞིན་དང་། དེའི་རྟེན་དུ་གྱུར་པ་གཉིས་ཡིན་ལ། དང་པོ་ལ་ཡང་ངོ་བོ་ཙམ་གསལ་བར་བྱེད་པ་མིང་གི་ཚོགས་དང་། ཁྱད་པར་གསལ་བར་བྱེད་པ་ཚིག་གི་ཚོགས་གཉིས་ཡིན་ནོ། །དེ་དག་གི་རྟེན་དུ་གྱུར་པ་ནི་ཡི་གེའི་ཚོགས་ཏེ། ཡི་གེ་ལ་རྟེན་ནས་མིང་ཚིག་དག་ཉེ་བར་འདོགས་པའི་ཕྱིར་རོ། །གསལ་བྱེད་དངོས་ནི་མ་ཡིན་ཏེ། ཡི་གེ་རྣམས་ནི་དོན་སྟོན་བྱེད་མ་ཡིན་ནོ། །ཞེས་ལུང་དང་རིགས་པས་སྒྲུབས་ཟིན་པའི་ཕྱིར་རོ། །

དེ་ལ་བསྟན་བཅོས་རྩོམ་པ་པོའི་བརྗོད་འདོད་དང་། ལྕེ་རྐན་ལ་སོགས་པའི་རྩོལ་བ་དག་ལས་ཡི་གེའི་ཚོགས་རྣམས་སྨྲ་བ་པོའི་ཀུན་སློང་གི་རིམ་པ་ཇི་ལྟ་བ་བཞིན་དུ་སྐྱེ་བ་ན་དེ་ཉིད་ཉན་པ་པོའི་ཉན་ཤེས་ཀྱི་རིམ་གྱིས་ཐོས་པ་ལ་མངོན་པར་འདོད་པའི་དོན་གྱི་ངོ་བོ་དང་ཁྱད་པར་གསལ་བར་བྱེད་པའི་མིང་དང་ཚིག་ཏུ་སྒྲོ་འདོགས་པར་བྱེད་ལ། དེ་ལྟར་སྒྲོ་བཏགས་པའི་མིང་དང་ཚིག་གི་ཚོགས་དེ་དག་ལས་ཀྱང་བསྟན་བཅོས་རྩོམ་པ་པོའི་མངོན་པར་འདོད་པའི་དོན་རྣམས་ཉན་པ་པོ་རྣམས་ཀྱིས་ཇི་ལྟ་བ་བཞིན་དུ་རྟོགས་པར་འགྱུར་བས་དེའི་ཕྱིར་ཉན་པ་པོ་རྣམས་ཀྱི་རྟོག་པ་ལ་སྣང་བའི་སྒྲ་སྤྱིའི་མཚན་ཉིད་ཅན་གྱི་མིང་དང་ཚིག་གི་ཚོགས་རྣམས་ནི་བསྟན་བཅོས་དངོས་ཡིན་ནོ། །རྩོམ་པ་པོའི་བརྗོད་འདོད་ལ་སྣང་བའི་མིང་ཚིག་དག་ནི་བསྟན་བཅོས་ཀྱི་རྒྱུ་ཡིན་གྱི་བསྟན་བཅོས་དངོས་ནི་མིན་ཏེ་གཞན་ལ་བསྟན་བཅོས་ཀྱི་དོན་གསལ་བར་མི་བྱེད་པའི་ཕྱིར་ཏེ། འཆད་པ་པོའི་བློ་དང་འབྲེལ་བས་གཞན་གྱི་རྟོག་པ་ལ་མི་སྣང་བའི་ཕྱིར་རོ། །རང་ཉིད་ལ་ནི་གསལ་བར་བྱེད་མི་དགོས་ཏེ། དོན་དེ་དག་སྔར་ནས་རྟོགས་ཟིན་པས་དོན་མེད་པའི་ཕྱིར་རོ། །ཡི་གེའི་ཚོགས་དེ་དག་ཀྱང་བསྟན་བཅོས་དངོས་མ་ཡིན་ཏེ། དེ་དག་གིས་འཇུག་ལྡོག་གི་དོན་མི་སྟོན་པའི་ཕྱིར་རོ་ཞེས་བཤད་ཟིན་ཏོ། །

དེ་ལྟ་ན་ཉན་པ་པོའི་བློ་དང་འབྲེལ་བའི་མིང་ཚིག་དག་རྩོམ་པ་པོས་ཇི་ལྟར་བྱས་པ་ཡིན་ཅེ་ན། རྩོམ་པ་པོས་བརྩམས་པའི་ཡི་གེའི་ཚོགས་ཉན་ཤེས་ཀྱིས་ཐོས་པའི་མཐུ་ལས་ཉན་པ་པོའི་སྒྲ་སྤྱི་དེ་དག་ཀྱང་བྱུང་བས་དེའི་ཕྱིར་དེ་དག་ཀྱང་རྩོམ་པ་པོས་བྱས་ཞེས་བརྗོད་དེ། དཔེར་ན་གཞན་གྱིས་བསྣུན་པའི་མཐུ་ལས་སྡུག་བསྔལ་སྐྱེས་པ་ན་སྡུག་བསྔལ་འདི་གཞན་གྱིས་བྱས་ཞེས་བརྗོད་པ་བཞིན་ནོ། །དེ་ལྟ་ན་ཡང་བསྟན་བཅོས་བྱེད་པ་པོ་རང་ལ་ཐོས་པའི་ཉན་པ་པོའི་རྒྱུད་དང་འབྲེལ་པའི་མིང་ཚིག་ཙམ་ཁོ་ན་བསྟན་བཅོས་ཡིན་པར་འགྱུར་གྱི་འཆད་པ་པོ་རྒྱུད་པ་ལས་ཐོས་པའི་མིང་ཚིག་རྣམས་ནི་བསྟན་བཅོས་མ་ཡིན་པར་འགྱུར་ཏེ། དེ་དག་བསྟན་བཅོས་བྱེད་པ་པོའི་ཡི་གེའི་ཚོགས་ཐོས་པའི་མཐུ་ལས་མ་བྱུང་བའི་ཕྱིར་རོ། །དེ་ལྟ་ན་བསྟན་བཅོས་ཀྱིས་ནི་རྩོམ་པ་པོ་རང་གི་དངོས་ཀྱི་གདུལ་བྱའི་དོན་ཙམ་ཞིག་བྱེད་པར་འགྱུར་གྱི་ཕྱིས་འཇུག་གི་གདུལ་བྱ་རྣམས་ཀྱིས་ནི་མ་ཡིན་པས་དེ་བཞིན་གཤེགས་པའི་བཀའ་བསྡུ་བ་བྱས་པ་དང་། བསྟན་བཅོས་བརྩམས་པ་གླེགས་བམ་དུ་བཀོད་པ་སོགས་དོན་མེད་པར་འགྱུར་རོ་ཞེ་ན། ཉེས་པ་འདི་ནི་མེད་དེ་འདི་ལྟར། འཆད་པ་པོ་གཉིས་པས་བསྟན་བཅོས་འཆད་པར་བྱེད་པའི་ཡི་གེའི་ཚོགས་དེ་དག་ཀྱང་འཆད་པ་པོ་གཉིས་པས་བྱས་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན་འཆད་པ་པོ་དང་པོ་བསྟན་བཅོས་རྩོམ་པ་པོ་ཉིད་ཀྱིས་བྱས་པ་ཡིན་ཏེ། དེ་ལས་ཡི་གེའི་ཚོགས་དེ་རྣམས་ཇི་ལྟར་ཡོད་པ་དེ་ལྟར་དུ་ཐོས་པས་རྗེས་སུ་དྲན་པ་ལས་ཡི་གེའི་ཚོགས་དེ་རྣམས་གོ་རིམ་མ་འཆོལ་བར་འཆད་པ་པོ་གཉིས་པས་འཆད་པར་ནུས་པ་ཡིན་གྱི། གཞན་དུ་ན་ཡི་གེའི་ཚོགས་དེ་རྣམས་བསྟན་བཅོས་བྱེད་པ་པོས་ཇི་ལྟར་བསྒྲིགས་པའི་གོ་རིམ་དེ་ལྟར་དུ་འཆད་པར་མི་ནུས་པའི་ཕྱིར་རོ། །

ཇི་སྐད་དུ་རྣམ་འགྲེལ་ལས། སྤེལ་བ་ཡིས་ནི་གཞུང་གཞན་ཡང་། །མན་ངག་ལས་གཞན་གཞན་དག་གིས། །འདོན་པ་གང་མཐོང་ཞེས་གསུངས་པ་ལྟར་རོ། །དེ་བས་ན་བསྟན་བཅོས་རྩོམ་པ་རྣམས་ཀྱིས་ནི་ཡི་གེའི་གོ་རིམ་གྱི་ཁྱད་པར་གསར་དུ་སྡེབ་པར་བྱེད་པ་ཡིན་གྱི་ཡི་གེའི་ངོ་བོ་གསར་དུ་རྩོམ་པ་ནི་མ་ཡིན་ཏེ། ཡི་གེ་རྣམས་ནི་བསྟན་བཅོས་རྩོམ་པ་པོའི་སྔ་རོལ་ཐོག་མ་མེད་པ་ནས་ཡོད་པའི་ཕྱིར་རོ། །

དེ་ཡང་ཡི་གེ་རྣམས་ཀྱིས་རྫས་ཀྱི་ངོ་བོ་གདོད་མ་ནས་མི་འགྱུར་བར་ཡོད་པ་ནི་མ་ཡིན་ཏེ། ལྕེ་རྐན་ལ་སོགས་པའི་རྩོལ་བ་དོན་མེད་པར་ཐལ་བའི་ཕྱིར་རོ། །རིགས་ཙམ་ཞིག་གདོད་མ་ནས་མེད་པ་ཡང་མ་ཡིན་ཏེ། གལ་ཏེ་ཡི་གེ་རྣམས་ཀྱི་བྱེད་པ་པོ་ཞིག་ཡོད་ན་ནི་དེའི་སྔར་ཡི་གེ་རྣམས་མེད་པར་འགྱུར་ལ་དེ་ལྟ་ན་བརྗོད་པའི་ཐ་སྙད་ཆད་པར་ཐལ་བར་འགྱུར་བའི་ཕྱིར། དེ་བས་ན་བརྗོད་པའི་ཐ་སྙད་ཐོག་མ་མེད་པའི་ཕྱིར་ཡི་གེ་ལ་ཐོག་མ་མེད་པ་ཡིན་ནོ། །ཕྱི་རོལ་པ་དག་སྒྲའི་ཚངས་པ་མ་བྱས་པ་དང་རྟག་པར་འདོད་པའི་འཁྲུལ་གཞི་ཡང་འདི་ཡིན་ནོ། །

གང་གི་ཕྱིར་བསྟན་བཅོས་བྱེད་པ་པོ་དག་གིས། ཡི་གེའི་གོ་རིམ་གསར་དུ་སྡེབ་པར་བྱེད་པ་ཡིན་པ་དེའི་ཕྱིར་ཡི་གེ་རྣམས་རྩོམ་པ་པོས་ཇི་ལྟར་སྡེབས་པ་ལྟར་གྱི་གོ་རིམ་མ་འཆོལ་བར་འདོན་པ་ནི་རྩོམ་པ་པོ་དེ་ཉིད་ལ་རག་ལས་པ་ཡིན་ལ། གང་གི་ཚེ་སྐྱེས་བུ་གཞན་རྣམས་ཀྱིས་ཀྱང་ཡི་གེ་རྣམས་རྩོམ་པ་པོས་ཇི་ལྟར་བསྡེབས་པ་ལྟར་གྱི་གོ་རིམ་མ་འཆོལ་བར་འདོན་པ་ན། ཆེ་གེ་མོས་བརྩམས་པའི་བསྟན་བཅོས་འདོན་ནོ་ཞེས་པའི་ཐ་སྙད་ཐོབ་པ་ཡིན་ནོ། །དེ་བཞིན་དུ་ཐ་མལ་པ་དག་གིས་གླེགས་བམ་ལ་བདེ་བར་གཤེགས་པའི་བཀའ་ཀློག་པ་ན་ཡི་གེའི་གོ་རིམ་དེ་ལྟར་དུ་ཀློག་པ་ནི་སྔོན་སངས་རྒྱས་ཀྱིས་གསུངས་པའི་ཡི་གེའི་གོ་རིམ་དང་ཁྱད་པར་མེད་པས་སངས་རྒྱས་ཀྱི་བཀའ་ཀློག་ཞེས་པའི་ཐ་སྙད་འཐོབ་ལ། ཡི་གེའི་གོ་རིམ་དེ་ཉིད་སངས་རྒྱས་ཀྱིས་སྡེབས་པས་དེ་ལ་སངས་རྒྱས་ཀྱི་བཀའ་ཞེས་པའི་ཐ་སྙད་ཀྱང་ཐོབ་པ་ཡིན་ནོ། །

དེ་ལྟར་ན་སྐྱེས་བུའི་འཇུག་ལྡོག་གི་དོན་གསལ་བྱེད་ཀྱི་བསྟན་བཅོས་དངོས་ནི། ཉན་པ་པོའི་བློ་དང་འབྲེལ་བའི་མིང་ཚིག་རྣམས་ཡིན་ལ་དེ་དག་གི་སྒྲོ་གདགས་པའི་གཞི་ནི་བསྟན་བཅོས་བྱེད་པ་པོས་བསྡེབས་པའི་ཡི་གེའི་ཚོགས་གོ་རིམ་ཁྱད་པར་ཅན་དང་ལྡན་པ་རྣམས་ཡིན་ནོ། །ཞེས་བྱ་བ་འདི་བསྟན་བཅོས་ཀྱི་རང་བཞིན་རྣམ་པར་བཞག་པ་ཁ་ན་མ་ཐོ་བ་མེད་པ་ཡིན་ནོ། །སོ་སོ་སྐྱེ་བོ་ནི། འཕགས་པའི་ཆོས་ཟག་པ་མེད་པའི་ལམ་མ་ཐོབ་པའི་སེམས་ཅན་གྱི་རྒྱུད་ལ་གདགས་སོ། །འཇུག་པ་ནི་སྐད་ཅིག་མ་གཅིག་གམ། རྒྱུད་ཆད་པ་ལ་མི་གདགས་ཀྱི། འོན་ཀྱང་རྒྱུ་དང་འབྲས་བུ་སྐད་ཅིག་ཀྱང་རྒྱུན་མི་འཆད་པར་འཇུག་པ་ལ་གདགས་སོ། །སོ་སོར་ངེས་པ་ནི་རྣམ་སྨིན་འདོད་པ་རྣམས་ཀྱི་རྒྱུ་ནི་ལེགས་པར་སྤྱད་པའོ། །མི་འདོད་པ་རྣམས་ཀྱི་ནི་ཉེས་སྤྱོད་ཞེས་པ་ལ་སོགས་པ་རྒྱུ་དང་འབྲས་བུ་སོ་སོ་ཐ་དད་པ་ལ་གདགས་སོ། །འབྱོར་འབྲེལ་ནི་སྦྱིན་པས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལྟ་བུ་རྒྱུ་དང་རྗེས་མཐུན་པར་འབྲས་བུ་འབྱུང་བ་ལ་གདགས་སོ། །འགྱོགས་པ་ནི་རྒྱུ་དང་འབྲས་བུ་བར་མ་ཆད་པར་མྱུར་བར་འབྱུང་བ་ལ་གདགས་སོ། །གོ་རིམ་ནི་རྒྱུ་དང་འབྲས་བུ་ཅིག་ཅར་དུ་འབྱུང་བ་ལ་མ་ཡིན་གྱི་རེ་རེ་ནས་འབྱུང་བ་ལ་གདགས་སོ། །དུས་ནི་རྒྱུ་དང་འབྲས་བུ་རྒྱུན་དུ་འབྱུང་བ་ན་བྱུང་ལ་འགགས་པ་རྣམས་ལ་ནི་འདས་པ་ཞེས་དང་། རྒྱུ་ཡོད་ལ་མ་བྱུང་བ་ལ་ནི་མ་འོངས་པ་ཞེས་དང་། བྱུང་བ་ལ་མ་འགགས་པ་རྣམས་ལ་ནི་ད་ལྟར་བའི་དུས་ཞེས་གདགས་སོ། །ཡུལ་ནི་ཤར་ལ་སོགས་པ་ཕྱོགས་བཅུ་ཐམས་ཅད་ན་གཟུགས་ཅན་གྱི་རྒྱུ་དང་འབྲས་བུ་ཡོད་པ་ལས་གདགས་སོ། །གཟུགས་མེད་པ་དག་ལ་ནི་མ་ཡིན་ཏེ། དེ་དག་གིས་ཕྱོགས་ལ་ཁྱབ་པར་བྱེད་མི་ནུས་པའི་ཕྱིར་རོ། །གྲངས་ནི་འདུ་བྱེད་རྣམས་སོ་སོ་ཐ་དད་པ་ལ་གདགས་ཀྱིས་ཐ་དད་པ་གཅིག་གི་བདག་ཉིད་ལ་ནི་གཉིས་ཞེས་བྱ་བ་ལ་སོགས་པའི་གྲངས་མི་འཐད་པའི་ཕྱིར་རོ། །ཚོགས་པ་ནི་རྒྱུ་དང་འབྲས་བུའི་རྐྱེན་རྣམས་འདུས་ཤིང་མ་ཚང་བ་མེད་པ་ལ་ཚོགས་པ་ཞེས་གདགས་སོ། །དེ་ལྟར་ན་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་འདི་རྣམས་ནི་ཆོས་རྣམས་ཀྱིས་གནས་སྐབས་ཀྱིས་ཁྱད་པར་ལ་གདགས་པས་བཏགས་པར་ཡོད་པར་རིག་པར་བྱའོ། །འདུ་བྱེད་ཀྱི་ཕུང་པོ་བཤད་ཟིན་ཏོ།། །།

དེའི་འོག་ཏུ་རྣམ་པར་ཤེས་པའི་ཕུང་པོ་གཏན་ལ་དབབ་པར་བཞེད་ནས། རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་བཞག་པ་གང་ཞེ་ན། ཞེས་སྨོས་སོ། །དེ་ལ་རྣམ་གྲངས་ཀྱི་མདོར་བསྟན་པ་དང་། དེ་ཉིད་རྒྱས་པར་བཤད་པ་གཉིས་ལས། རེ་ཞིག་རྣམ་གྲངས་བསྟན་པའི་ཕྱིར། སེམས་དང་ཡིད་གང་ཡིན་པ་རྣམ་པར་ཤེས་པ་ཡང་དེ་ཡིན་ནོ། །ཞེས་སྨོས་ཏེ། རྣམ་པར་ཤེས་པ་དེ་ནི་དམིགས་པ་སོ་སོར་རྣམ་པར་རིག་པས་ན་རྣམ་ཤེས་ཞེས་བྱ་ལ། སྣ་ཚོགས་ཀྱི་ཕྱིར་སེམས་ཞེས་བྱ་ལ། དེ་མ་ཐག་པའི་སེམས་ཀྱིས་རྟེན་བྱེད་པའི་ཕྱིར་ཡིད་ཅེས་ཀྱང་བྱའོ། །དེ་ནི་ཀུན་གཞི་དང་ཉོན་མོངས་པ་ཅན་གྱིས་ཡིད་རྣམ་པར་མ་བཞག་པའི་དབང་དུ་བྱས་ནས་འཇུག་པའི་རྣམ་ཤེས་དྲུག་གིས་རིགས་ལ་བསམས་ནས་དེ་དག་གི་རྣམ་གྲངས་སུ་བཤད་པ་ཡིན་གྱི་ཡང་དག་པར་དེ་དག་ནི་སེམས་དང་ཡིད་མ་ཡིན་ཏེ། དེ་དག་གི་སྒྲའི་དོན་མེད་པའི་ཕྱིར་ཏེ་འདི་ལྟར། སྣ་ཚོགས་པའམ། བསགས་པའི་དོན་གྱིས་སེམས་ཞེས་བྱ་ལ། རྟག་ཏུ་ངར་རློམ་སེམས་པས་ན་ཡིད་ཞེས་བྱ་བ་ཡིན་ན། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་སྐད་ཅིག་རེ་རེ་ལ་དམིགས་པ་སོ་སོར་ངེས་པ་གཅིག་ལ་དམིགས་པའི་ཕྱིར་སྣ་ཚོགས་ཞེས་མི་བྱ་ལ། དབང་ཤེས་ལྔ་ལ་ངར་སེམས་པ་མེད་ཅིང་ཡིད་ཀྱིས་ཤེས་པ་ཡང་རྟག་ཏུ་ངར་འཛིན་པར་མི་བྱེད་པས་དེའི་ཕྱིར་དེ་དག་ལ་ཡིད་ཅེས་ཀྱང་མི་བྱའོ། །དེའི་ཕྱིར་ཡང་དག་པར་ན་སེམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ཡིན་ཏེ། དེ་ནི་འདུ་བྱེད་ཐམས་ཅད་ཀྱི་བག་ཆགས་སྒོ་བའི་གཞིར་གྱུར་པས་སྣ་ཚོགས་པའམ་དུ་མ་བསགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །ཡིད་ནི་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ན་ཡིན་ཏེ། དེ་ནི་དུས་རྟག་ཏུ་ངར་རློམ་སེམས་པའི་བདག་ཉིད་ཡིན་པའི་ཕྱིར་རོ། །

རྣམ་གྲངས་དེ་ཉིད་རྒྱས་པར་བཤད་པ་ལ་རེ་ཞིག་སེམས་བཤད་པ་ནི་སེམས་ཞེས་སྨོས་པ་གང་ཡིན་པ་དེ་ནི། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཉིད་ལ་བྱའོ། །དེའི་འཐད་པ་ནི། དེ་ནི་ཟག་པ་དང་བཅས་པའི་ཆོས་དེ་དག་གིས་བག་ཆགས་བསགས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་ཀུན་གཞི་དེ་ཉིད་ལ་ཕུང་པོ་ཁམས་དང་སྐྱེ་མཆེད། དགེ་མི་དགེ་ལུང་མ་བསྟན་དུ་འགྱུར་བ་རྣམས་ཀྱིས་རང་དང་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པའི་ནུས་པའི་ངོ་བོར་གྱུར་པའི་བག་ཆགས་ཀྱིས་ཡང་དང་ཡང་དུ་ཡོངས་སུ་བསྒོས་ཤིང་གསོས་པའི་ཕྱིར་རོ། །ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་སྨོས་པ་གང་ཡིན་པ་འདི་ནི་རྣམ་གྲངས་དང་། རང་གི་མཚན་ཉིད་དང་། སྒྲུབ་བྱེད་ཀྱི་ལུང་རིགས་དང་། རབ་ཏུ་དབྱེ་བ་དང་། རྣམ་པ་བཞིས་རིག་པར་བྱའོ། །

རྣམ་གྲངས་ཀྱང་རྣམ་པ་གསུམ་ཏེ། འདི་ལྟར་ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པ་ལ་གྲགས་པ་དང་། ཉན་ཐོས་ཀྱིས་ཐེག་པ་ཁོ་ན་ལ་གྲགས་པ་དང་། གཉིས་ཀ་ལ་གྲགས་པའོ། །དང་པོ་ལ་ཐེག་པ་ཆེན་པོའི་མདོ་སྡེ་དག་ལས་སེམས་དང་། ཀུན་གཞིའི་རྣམ་པར་ཤེས་པ་དང་། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་། ལེན་པའི་རྣམ་པར་ཤེས་པ་དང་། ཤེས་བྱའི་གནས་ཞེས་གྲགས་པ་རྣམས་རྣམ་གྲངས་ཡིན་ནོ། །ཅིའི་ཕྱིར་ཀུན་གཞིའི་རྣམ་ཤེས་ཉིད་ལ་སེམས་ཞེས་བྱ་ཞེ་ན། བཅོམ་ལྡན་འདས་ཀྱིས་སེམས་དང་ཡིད་དང་རྣམ་པར་ཤེས་པ་ཞེས་གསུངས་པ་ན། ཡིད་ནི་ཉོན་མོངས་པ་ཅན་གྱིས་ཡིད་དང་། རྣམ་པར་ཤེས་པ་ནི་འཇུག་པའི་རྣམ་ཤེས་དྲུག་ལ་བྱ་བར་རིགས་ན་ཀུན་གཞིའི་ལས་གཞན་པའི་སེམས་ཞེས་པའི་ལུས་གསུམ་པ་མ་དམིགས་པའི་ཕྱིར་དང་། །ཀུན་གཞིའི་ནི། བག་ཆགས་བསགས་པའི་རང་བཞིན་ཡིན་པས་སེམས་ཉིད་དུ་རིགས་པའི་ཕྱིར་རོ། །ཅིའི་ཕྱིར། ཀུན་གཞིའི་རྣམ་ཤེས་ཞེས་བྱ་ཞེ་ན། སྐྱེ་བ་ཅན་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་འབྲས་བུའི་དངོས་པོར་དེ་སྦྱོར་བའམ་དེ་ཡང་རྒྱུའི་དངོས་པོར་དེ་དག་ཏུ་སྦྱོར་བའི་ཕྱིར་ཀུན་གཞིའི་རྣམ་ཤེས་ཞེས་བྱའོ། །

ཡང་ན་སེམས་ཅན་ཐམས་ཅད་ཀྱིས་ཉོན་ཡིད་དང་མཚུངས་ལྡན་གྱི་འཇིག་ལྟས་འདི་ལ་དུས་རྟག་ཏུ་བདག་ཏུ་འཛིན་ཅིང་སྦྱོར་བས་དེའི་ཕྱིར་ཀུན་གཞིའི་རྣམ་ཤེས་ཞེས་བྱའོ། །དང་པོ་ནི་ཀུན་གཞིའི་ས་བོན་གྱི་ཆའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ནི་ཀུན་གཞི་ས་བོན་གྱི་ཆའི་རྒྱུ་ལས་བྱུང་བའི་ཕྱིར་དང་། དེ་ཡང་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ཡིན་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཆོས་རྣམས་ནི་དེ་ལ་འབྲས་བུའི་དངོས་པོའམ། དེ་ཡང་དེ་དག་གི་རྒྱུའི་དངོས་པོར་ཡང་སྦྱོར་བ་མ་ཡིན་ཏེ། མི་མཐུན་པའི་ཕྱོགས་དང་གཉེན་པོ་ཡིན་པའི་ཕྱིར་རོ། །

གཉིས་པ་ནི་རྣམ་སྨིན་གྱི་ཆའི་དབང་དུ་བྱས་ནས་བཤད་པ་ཡིན་ཏེ། དེ་ནི་དུས་རྟག་ཏུ་རྒྱུན་མི་འཆད་པས་བདག་དང་ཆོས་མཐུན་པའི་ཕྱིར་རོ། །དེའི་དབང་གིས་ཉོན་མོངས་པ་ཅན་གྱི་ཡིད་བདག་གི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར་རོ། །སེམས་ཅན་རྣམས་ཀྱིས་བདག་ཏུ་སྦྱོར་བས་ཀུན་གཞི་ཡིན་ན་ཉེ་བར་ལེན་པའི་ཕུང་པོ་ལྔ་ཡང་ཅིའི་ཕྱིར་མི་འགྱུར་ཅེ་ན། དེ་དག་ལ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ལྟས་དུས་རེས་འགའ་བདག་ཏུ་སྦྱོར་བར་ཟད་ཀྱི་དུས་རྟག་པར་ནི་མ་ཡིན་ཏེ། ཡིད་ཀྱིས་ཤེས་པ་ནི་རེས་འགའ་རྒྱུན་འཆད་པའི་ཕྱིར་རོ། །འདི་ལ་ནི་ཉོན་ཡིད་དང་མཚུངས་ལྡན་གྱི་འཇིགས་ལྟས་གནས་སྐབས་གསུམ་མ་གཏོགས་པ་ཐམས་ཅད་དུ་བདག་གི་དངོས་པོར་སྦྱོར་བའི་ཕྱིར་འདྲ་བ་མ་ཡིན་ནོ། །ཅིའི་ཕྱིར་རྣམ་པར་སྨིན་པའི་རྣམ་ཤེས་ཞེས་བྱ་ཞེ་ན། འདི་ནི་སྔོན་བསགས་པའི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་ངོ་བོར་གྱུར་པའི་ཕྱིར་ཏེ། འདི་ལྟར་སྐྱེས་ནས་མ་ཤི་བར་དུ་རྒྱུན་མ་འཆད་པར་མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོར་གནས་པ་ཞིག་རྣམ་པར་སྨིན་པར་རིགས་ན་དེ་ཡང་ཀུན་གཞི་ལས་གཞན་ལ་མི་འཐད་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་སྨིན་པ་ལ་སྐྱེས་ནས་མ་ཤིའི་བར་དུ་རྒྱུན་མི་འཆད་པ་ཞིག་དགོས་ཞེ་ན་ཅི་སྟེ་འཇུག་པའི་རྣམ་པར་ཤེས་པ་དག་བཞིན་དུ་རེས་འགའ་བར་ཆད་ཅིང་སླར་ཡང་འབྱུང་ན་དེ་ནི་ཚེ་འདིའི་རྐྱེན་ལས་བྱུང་བ་ཡིན་གྱི་སྔོན་གྱི་ལས་ཀྱི་འཕེན་པས་འཕངས་པ་ནི་མ་ཡིན་ཏེ། ལས་ཀྱིས་འཕངས་པ་དག་ནི་ཇི་སྲིད་ལས་དེའི་འཕངས་པའི་ཤུགས་མ་རྫོགས་ཀྱི་བར་དུ་ངང་གིས་འཇུག་པར་རིགས་ཏེ། དཔེར་ན་མདའ་འཕངས་པ་ཇི་སྲིད་ཤུགས་མ་ཟད་ཀྱི་བར་དུ་ས་ལ་མི་ལྟུང་པ་བཞིན་ནོ། །རྣམ་པར་སྨིན་པ་ནི་ཆད་ནས་སླར་ཡང་འཚམས་སྦྱོར་བ་ཡང་མ་ཡིན་ཏེ། འཕེན་བྱེད་ཀྱི་ཤུགས་མ་ཟད་ན་རྒྱུན་མི་འཆད་ཅིང་ཟད་ན་ཤུགས་ཟད་པའི་མདའ་བཞིན་དུ་སླར་འབྱུང་བའི་མཐུ་མེད་པའི་ཕྱིར་རོ། །ཅི་སྟེ་ལས་མི་འདྲ་བ་གཞན་གྱི་རྣམ་པར་སྨིན་པ་གཞན་མཚམས་སྦྱོར་རོ་ཞེ་ན། དེ་ལྟ་ན་སྐྱེ་བ་རྗེས་པ་ཡིན་གྱི་སྐྱེ་བ་གཅིག་ལ་རྣམ་སྨིན་མི་འདྲ་བ་དུ་མ་སྨིན་ནོ་ཞེས་བྱ་བ་ནི་མ་ཡིན་ནོ། །དེའི་ཕྱིར་རྣམ་པར་སྨིན་པ་ནི་སྐྱེས་ནས་མ་ཤིའི་བར་དུ་རྒྱུན་མི་འཆད་པར་རིགས་པ་ཡིན་ནོ། །

ཅིའི་ཕྱིར་རྣམ་པར་སྨིན་པ་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ཅེ་ན། ཅི་སྟེ་སྔོན་བྱས་པའི་ལས་དགེ་བའམ་མི་དགེ་བའི་ལས་ཀྱི་རྣམ་པར་སྨིན་པ་ཡང་དགེ་བའམ་ཉོན་མོངས་པ་ཅན་དུ་འགྱུར་ན། དགེ་བའི་རྣམ་པར་སྨིན་པ་ལ་གནས་པ་ནི་སྐྱེས་ནས་མ་ཤིའི་བར་ལ་རྒྱུད་དགེ་བའི་ངང་ལས་གནས་པའི་ཕྱིར་ཆགས་སོགས་ཀུན་ནས་ཉོན་མོངས་པ་སྐྱེ་བའི་གོ་སྐབས་མི་རྙེད་ལ་དེའི་ཕྱིར་དེ་དག་ལྡོག་པའི་དོན་དུ་གཉེན་པོ་ལ་འབད་མི་དགོས་ཤིང་། དགེ་བ་རྣམས་ནི་རང་གི་ངང་གིས་འབྱུང་བས་དེ་དག་སྒྲུབ་པ་ལ་ཡང་འབད་མི་དགོས་པར་འགྱུར་རོ། །དེ་བཞིན་དུ་མི་དགེ་བའི་རྣམ་པར་སྨིན་པ་ལ་གནས་པ་རྣམས་ལ་ཡང་ཇི་སྲིད་མཚོའི་བར་མི་དགེ་བ་རྣམ་སྨིན་གྱི་ངོ་བོར་རང་གི་ངང་གི་གནས་པའི་ཕྱིར་གཉེན་པོ་འཇུག་པའི་གོ་སྐབས་མེད་ཅིང་ཀུན་ནས་ཉོན་མོངས་པ་རྣམས་སྤོང་བའི་ཐབས་མེད་དོ། །དེ་ལྟར་ན་འགྲོ་བ་རྣམས་ཕྱོགས་གཉིས་ལ་མཐའ་གཅིག་ཏུ་གནས་པར་འགྱུར་ཏེ་འདི་ལྟར་ཁ་ཅིག་ནི་དགེ་བ་ཁོ་ན་ལའོ། །གཞན་དག་ནི་མི་དགེ་བ་ཁོ་ན་ལའོ། །དེ་ལ་གང་ཞིག་དགེ་བ་ཁོ་ན་ལ་གནས་པ་དེ་དག་ལ་མི་དགེ་བ་སྤང་མི་དགོས་ཤིང་དགེ་བ་སྒྲུབ་མི་དགོས་སོ། །གང་དག་མི་དགེ་བ་ལ་མཐའ་གཅིག་ཏུ་གནས་པ་དེ་དག་ལ་ནི་དགེ་བ་སྒྲུབ་མི་ནུས་ཤིང་། མི་དགེ་བ་སྤང་མི་ནུས་པར་འགྱུར་རོ། །

དེའི་ཕྱིར་རྣམ་པ་ཀུན་ཏུ་བླང་དོར་ལ་འཇུག་པ་དོན་མེད་པ་ཉིད་དུ་འགྱུར་རོ། །ཐེག་བསྡུས་ལས་ཀྱང་རྣམ་པར་སྨིན་པ་ཡང་དགེ་བའམ་མི་དགེ་བར་འགྱུར་ན་ཀུན་ནས་ཉོན་མོངས་པ་ལྡོག་པར་མི་འགྱུར་རོ་ཞེས་གསུངས་པ་ཡིན་ནོ། །དེ་ལྟར་ན་རྣམ་པར་སྨིན་པ་ནི་མ་སྒྲིབས་ལ་ལུང་མ་བསྟན་ཁོ་ནར་འཐད་པ་ཡིན་ནོ། །ཅིའི་ཕྱིར་ལེན་པའི་རྣམ་པར་ཤེས་པ་ཞེས་བྱ་ཞེ་ན། འདིས་ལུས་མ་ཐོབ་པ་ཐོབ་པར་བྱེད་པ་དང་། ཐོབ་ཟིན་གྱི་ལུས་གནས་པར་བྱས་པའི་ཕྱིར་རོ། །ཅིའི་ཕྱིར་ལུས་མ་ཐོབ་པ་ཐོབ་པར་བྱེད་ཅེ་ན། འདིས་བར་དོའི་སྲིད་པ་ནས་སྐྱེ་བའི་སྲིད་པར་ཉིང་འཚམས་སྦྱོར་བ་སྦྲེལ་བའི་ཕྱིར་རོ། །ཅིའི་ཕྱིར་ཐོབ་ཟིན་གནས་པར་བྱེད་ཅེ་ན། སྐྱེས་ནས་མ་ཤིའི་བར་དུ་དབང་པོ་གཟུགས་ཅན་རྣམས་ཀུན་གཞིས་ཉེ་བར་བཟུང་བའི་མཐུས་མ་ཞིག་པར་འཇུག་པར་འགྱུར་བའི་ཕྱིར་ཅིའི་ཕྱིར་ཤེས་བྱའི་གནས་ཞེས་བྱ་ཞེ་ན། ཤེས་བྱའི་མཚན་ཉིད་ངོ་བོ་ཉིད་རྣམ་པ་གསུམ་གྱི་གནས་སུ་གྱུར་པའི་ཕྱིར་ཏེ། མཚན་ཉིད་གསུམ་པོ་བདེ་བླག་ཏུ་རྟོགས་པ་འདི་ཁོང་དུ་ཆུད་པ་ལ་ལྟོས་པའི་ཕྱིར་རོ། །འདི་ལ་ལུང་ཡང་ཡོད་དེ། དགོངས་པ་ངེས་པར་འགྲེལ་པ་ལས། །ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ས་བོན་ཐམས་ཅད་ཆུ་བོའི་རྒྱུན་བཞིན་བབ། །བདག་ཏུ་རྟོག་པར་གྱུར་ན་མི་རུང་ཞེས། །འདི་ནི་བྱིས་པ་རྣམས་ལ་ངས་མ་བསྟན། །ཞེས་གསུངས་པ་ལྟ་བུའོ། །དེ་ལ་ལེན་པའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་འབྲས་བུའི་རང་བཞིན་རྣམ་སྨིན་དང་། རྒྱུའི་ངོ་བོ་ས་བོན་གྱི་ཆ་གཉིས་ཡིན་ལ། དང་པོ་ནི་ཟབ་པ་ཡིན་ཏེ། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་རྟིང་དཔག་པར་མི་ནུས་པའི་ཕྱིར་རོ། །

གཉིས་པ་ནི་ཕྲ་བ་ཡིན་ཏེ་རྫས་སུ་མེད་པས་དེ་ཉིད་དང་གཞན་དུ་བརྗོད་པར་མི་ནུས་པར་བརྟགས་པར་དཀའ་བའི་ཕྱིར་རོ། །རྣམ་པ་གཅིག་ཏུ་ན་ཐོས་བསམ་ལས་བྱུང་བ་དང་། སྐྱེ་བས་ཐོབ་པའི་ཤེས་རབ་ཀྱི་མངོན་སུམ་དུ་བྱ་བར་མི་ནུས་པའི་ཕྱིར་ཟབ་པ་ཡིན་ལ། འཇིག་རྟེན་པའི་སྒོམ་བྱུང་གིས་ཀྱང་མངོན་སུམ་དུ་མི་བྱེད་པའི་ཕྱིར་ཕྲ་བ་ཡིན་ནོ། །ཡང་ན་ཉན་རང་དང་བྱིས་པ་རྣམས་ཀྱི་ཤེས་རབ་ཀྱིས་ཤེས་པར་དཀའ་བའི་ཕྱིར་ཟབ་ལ་བྱང་ཆུབ་སེམས་པ་མོས་སྤྱོད་པ་རྣམས་ཀྱི་ཤེས་པས་ཀྱང་ཤེས་པར་མི་ནུས་པའི་ཕྱིར་ཕྲ་བ་ཡིན་ནོ། །དེ་ལྟར་ཟབ་ཅིང་ཕྲ་བའི་ལེན་པའི་རྣམ་པར་ཤེས་པ་དེ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་ས་བོན་ཐམས་ཅད་དང་ལྡན་པ་ཡིན་ནོ། །དེ་ཡང་དཔེར་ན་ཆུའི་རྒྱུན་རང་གི་ངང་གིས་འབབ་པ་ན་རླུང་གི་རྐྱེན་ལས་བྱུང་བའི་རླབས་ཇི་སྙེད་པ་དེ་དག་དང་ལྷན་ཅིག་འགྲོགས་པ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་ཆུ་བོའི་རྒྱུན་ལྟར་སྐད་ཅིག་ཀྱང་རྒྱུན་མ་ཆད་པར་འབྱུང་བ་དེ་ཉིད། ཆུའི་རླབས་ལྟ་བུའི་འཇུག་པའི་རྣམ་པར་ཤེས་པ་རྣམས་དང་ལྷན་ཅིག་ཏུ་འཇུག་པས་དེའི་ཕྱིར་ཆུ་བོའི་རྒྱུན་བཞིན་འབབ་ཅེས་སྨོས་སོ། །

འདི་ནི་བྱིས་པ་ཉན་ཐོས་དང་རང་སངས་རྒྱས་ཀྱི་རིགས་ཅན་རྣམས་ལ་རང་གི་མཚན་ཉིད་ཇི་ལྟ་བ་བཞིན་དུ་སྨོས་པའི་སྒོ་ནས་མ་བསྟན་ཏེ། དེ་དག་ལ་འདི་བསྟན་མི་དགོས་ཤིང་། བསྟན་ན་ཉེས་དམིགས་སུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་བསྟན་མི་དགོས་ཞེ་ན། འདི་ནི་ཤེས་བྱ་ཕྲ་མོས་བསྡུས་པའི་ཕྱིར་དང་། དེ་དག་ཀྱང་ཤེས་བྱ་རྒྱ་ཆེན་ཤེས་པ་ལྷུར་མི་ལེན་པའི་ཕྱིར་རོ། །བསྟན་ན་ཉེས་དམིགས་སུ་ཡང་འགྱུར་ཏེ། ལུས་ལེན་པ་དང་རྒྱུན་གྱིས་འཇུག་པ་ལ་སོགས་པ་ཉིད་ཀྱིས་བདག་དང་ཆོས་མཐུན་པའི་ཕྱིར། བདག་ཡོད་དོ་སྙམ་དུ་བསམས་ནས་རང་གི་མངོན་པར་འདོད་པའི་འབྲས་བུ་རྣམ་པར་གྲོལ་བ་ཐོབ་པ་ལས་རིང་དུ་འགྱུར་བའི་ཕྱིར་རོ། །ཅིའི་ཕྱིར་ཉན་ཐོས་ཀྱི་ཐེག་པར་སེམས་དེ་ཀུན་གཞིའི་རྣམ་པར་ཤེས་པའམ། ལེན་པའི་རྣམ་པར་ཤེས་པ་ཞེས་མ་བསྟན་ཅེ་ན། དེ་ནི་ཤེས་བྱ་ཕྲ་མོས་བསྡུས་པའི་ཕྱིར་ཏེ། འདི་ལྟར་ཤེས་བྱ་ནི་རྣམ་པ་གཉིས་ཏེ། རགས་པ་དང་ཕྲ་བའོ་དེ་ལ་ཕྲ་མོ་ནི་སྤྱིའི་མཚན་ཉིད་ཀྱི་སྒོ་ནས་ཆོས་ལ་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱི་སྒོ་ནས་ཤེས་པར་དཀའ་བ་ཉིད་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའོ། །

རགས་པ་ནི་སྤྱིའི་མཚན་ཉིད་སྒོ་ནས། གང་ཟག་ལ་བདག་མེད་པ་དང་། རང་གི་མཚན་ཉིད་ཀྱི་སྒོ་ནས་གཟུགས་ལ་སོགས་པའོ། །དེ་ལ་ཉན་ཐོས་རྣམས་ནི་སྤྱིའི་མཚན་ཉིད་དང་། རང་གི་མཚན་ཉིད་རགས་པ་ཁོ་ན་ལ་ཐོས་པ་དང་། བསམ་པས་གོམས་པར་བྱས་པས་གོ་རིམ་བཞིན་དུ། འཕགས་པའི་མཉམ་བཞག་དང་དེའི་རྗེས་ལ་ཐོབ་པའི་ཡེ་ཤེས་ཀྱིས་མངོན་སུམ་དུ་བྱ་བར་ནུས་པས། དེའི་ཕྱིར་དེ་དག་ལ་ཤེས་བྱ་རགས་པ་ཁོ་ན་བསྟན་གྱི་ཕྲ་བ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཞེ་ན་དེ་དག་ནི་ཤེས་བྱ་ཤེས་པ་ལ་གཙོ་བོར་ཞུགས་པ་མ་ཡིན་གྱི། མྱ་ངན་ལས་འདས་པ་མངོན་དུ་བྱ་བ་ལ་གཙོ་བོར་ཞུགས་པའི་ཕྱིར་དང་། བློ་མི་གསལ་བས་ཤེས་བྱ་ཕྲ་མོ་རྟོགས་པར་མི་ནུས་གྱི་རགས་པ་ཙམ་ཤེས་པར་ནུས་ལ་དེ་ཙམ་གྱིས་ཀྱང་རང་གི་རྣམ་པར་གྲོལ་བ་འགྲུབ་པའི་ཕྱིར་རོ། །བྱང་ཆུབ་སེམས་དཔའ་རྣམས་ནི་ཤེས་བྱ་ཐམས་ཅད་ཤེས་པར་བྱ་བ་ལ་ཞུགས་པ་ཡིན་ལ། གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པ་མེད་པར་ཡང་འདི་ཤེས་བྱའི་གནས་སུ་གྱུར་པ་ཉིད་ཀྱིས་ཤེས་བྱའི་མཚན་ཉིད་ངོ་བོ་ཉིད་གསུམ་ལ་སོགས་པ་བདེ་བླག་ཏུ་ཁོང་དུ་ཆུད་པར་མི་འགྱུར་ལ། དེ་དག་ཐོས་བསམ་གྱིས་ཁོང་དུ་ཆུད་ཅིང་སྒོམ་བྱུང་གིས་གོམས་པར་མ་བྱས་པར་ཡང་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཐོབ་པར་སླ་བ་མ་ཡིན་པས་དེའི་ཕྱིར་དེ་དག་ཁོ་ན་ལ་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པ་ཡིན་ནོ། །ཐེག་པ་ཆེན་པོ་ལ་གྲགས་པའི་རྣམ་གྲངས་བཤད་ཟིན་ཏོ།། །།

ཉན་ཐོས་ཀྱི་ཐེག་པར་གྲགས་པའི་རྣམ་གྲངས་བསྟན་པར་བྱ་སྟེ། འདི་ལྟར་གཅིག་ལ་འཕྲོས་པའི་ལུང་དེ་བཞིན་གཤེགས་པ་འབྱུང་བའི་ཕན་ཡོན་རྣམ་པ་བཞིའི་མདོ་ལས། སྐྱེ་དགུ་ཀུན་གཞི་ལ་ཀུན་དུ་དགའ་བ། ཀུན་གཞི་ལ་དགའ་བ། ཀུན་གཞི་ལ་ཡང་དག་པར་འབྱུང་བ། ཀུན་གཞི་ལ་མངོན་པར་དགའ་བ་ཅན་དག་ལ། ཀུན་གཞི་ཡང་བའི་ཕྱིར་ཆོས་བསྟན་ན་ཉན་འདོད་ལ་རྣ་བ་གཏོད་དེ། ཀུན་ཤེས་པར་བྱེད་པར་སེམས་ཉེ་བར་འཇོག་ཅིང་། ཆོས་ཀྱི་རྗེས་སུ་མཐུན་པའི་ཆོས་སྒྲུབ་ཏེ། དེ་བཞིན་གཤེགས་པ་འཇིག་རྟེན་དུ་བྱུང་ན་ངོ་མཚར་རྨད་དུ་བྱུང་བའི་ཆོས་འདི་ཡང་འཇིག་རྟེན་དུ་འབྱུང་ངོ་། །ཞེས་ཇི་སྐད་གསུངས་པ་ལྟ་བུ་སྟེ། རྣམ་གྲངས་འདིས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པ་བསྟན་པ་ཡིན་ཏེ། དེ་ལས་གཞན་སྐྱེ་དགུ་ཐམས་ཅད་དགའ་ཞིང་ཉེ་བར་སྦྱོར་བའི་གཞི་མེད་པའི་ཕྱིར་རོ། །དགེ་འདུན་ཕལ་ཆེན་པའི་ལུང་ལས་ཀྱང་རྩ་བའི་རྣམ་པར་ཤེས་པ་ཞེས་འབྱུང་སྟེེ། རྣམ་གྲངས་དེས་ཀྱང་དེ་བསྟན་པ་ཡིན་ཏེ། འདི་ལས་འཇུག་པའི་རྣམ་ཤེས་རྣམས་རྐྱེན་ཇི་ལྟ་བ་བཞིན་དུ་འབྱུང་བས་ཤིང་ལྗོན་པའི་རྩ་བ་ལྟར་རྩ་བའི་རྣམ་ཤེས་སུ་འཐད་པའི་ཕྱིར་རོ། །

ས་སྟོན་སྡེ་པའི་ལུང་ལས་ཀྱང་། འཁོར་བ་ཇི་སྲིད་པའི་ཕུང་པོ་ཞེས་འབྱུང་སྟེ། རྣམ་གྲངས་དེས་ཀྱང་དེ་བསྟན་པ་ཡིན་ཏེ། ལ་ལར་གཟུགས་དང་སེམས་རྒྱུན་ཆད་པར་སྣང་ཡང་ཀུན་གཞིའི་རྣམ་ཤེས་རྒྱུན་མི་འཆད་པས་དེ་ཉིད་འཁོར་བ་ཇི་སྲིད་པའི་ཕུང་པོར་འཐད་པའི་ཕྱིར་རོ། །འཕགས་པ་གནས་བརྟན་པ་རྣམས་ཀྱི་ལུང་ལས་ཀྱང་། སྲིད་པའི་ཡན་ལག་ལྟ་བ་དང་། །ཤེས་པ་དང་ནི་གཏོད་པ་དང་། །གཡོ་བ་དང་ནི་རྟོགས་པ་དང་། །བདུན་པ་འཇུག་པར་བྱེད་པ་ཡིན། །ཞེས་འབྱུང་སྟེ། དེ་ལ་སྲིད་པའི་ཡན་ལག་ནི། ཀུན་གཞི་ལས་གཞན་དུ་མི་འཐད་དེ། དེ་ལས་གཞན་པ་དག་གིས་ལུས་ལེན་པ་སོགས་བྱེད་པར་མི་ནུས་པའི་ཕྱིར་རོ། །ལྟ་བ་ལ་སོགས་པའི་ས་ནི་འཇུག་པའི་རྣམ་པར་ཤེས་པ་དྲུག་དང་ཅི་རིགས་པར་སྦྱར་རོ། །ཐེག་པ་ཆེ་ཆུང་གཉིས་ཀ་ལ་གྲགས་པ་ནི། འཁོར་འདས་ཀུན་གྱི་གཞི་བྱེད་པས་ཀུན་གཞི་ཞེས་བྱ་བ་ཡིན་ནོ། །

རང་གི་མཚན་ཉིད་རྣམ་པར་བཞག་པ་ལ། དངོས་དང་ཞར་ལ་འོངས་པ་གཉིས་ལས། དང་པོ་ནི། ཐེག་པ་ཆེན་པོ་བསྡུས་པ་ལས། འདིའི་མཚན་ཉིད་རྣམ་པར་བཞག་པ་ཇི་ལྟར་བལྟ་ཞེ་ན། དེ་ནི་མདོར་བསྡུས་ན་རྣམ་པ་གསུམ་སྟེ། རང་གི་མཚན་ཉིད་རྣམ་པར་བཞག་པ་དང་། རྒྱུ་ཉིད་དུ་རྣམ་པར་བཞག་པ་དང་། འབྲས་བུ་ཉིད་དུ་རྣམ་པར་བཞག་པའོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པའི་རང་གི་མཚན་ཉིད་ནི་གང་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱིས་བག་ཆགས་ལ་རྟེན་ནས་ས་བོན་ཡོངས་སུ་འཛིན་པ་དང་ལྡན་པས་དེ་སྐྱེ་བའི་རྒྱུ་མཚན་ཉིད་དོ། །དེ་ལ་རྒྱུ་ཉིད་ཀྱི་མཚན་ཉིད་ནི་དེ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་དེ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་རྒྱུ་ཉིད་དུ་དུས་ཐམས་ཅད་དུ་ཉེ་བར་ལེན་པ་ཡིན་ནོ། །དེ་ལ་འབྲས་བུ་ཉིད་དུ་རྣམ་པར་བཞག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་ཉིད་ཀྱི་ཐོག་མ་མེད་པའི་དུས་ཀྱི་བག་ཆགས་ལ་རྟེན་ནས་བྱུང་བའོ། །ཞེས་གསུངས་པ་ལ་དང་པོ་ནི། ས་བོན་དང་རྣམ་སྨིན་གྱི་ཆ་གཉིས་སུ་མ་ཕྱེ་བར་ཀུན་གཞི་སྤྱིའི་རང་བཞིན་རྣམ་པར་བཞག་པ་ཡིན་ནོ། །གཉིས་པ་ནི་ས་བོན་གྱི་ཆའི་མཚན་ཉིད་དོ། །གསུམ་པས་ནི་རྣམ་སྨིན་གྱི་ཆའི་མཚན་ཉིད་རྣམ་པར་བཞག་པ་ཡིན་ནོ། །དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་འདིའི་རྒྱུ་ནི་ཅི་ངོ་བོ་གང་། དམིགས་པ་དང་རྣམ་པ་ནི་ཅི་འདྲ་ཞེ་ན། ཀུན་གཞི་ནི་གཉིས་ཏེ། རྣམ་པར་སྨིན་པའི་རང་བཞིན་དང་། ས་བོན་གྱི་རང་བཞིན་ནོ། །རྣམ་པར་སྨིན་པའི་རང་བཞིན་གྱི་ཀུན་གཞིའི་རྒྱུ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་ཡིན་ནོ། །

བག་ཆགས་དེ་ཡང་རྣམ་པ་གསུམ་ཏེ། མངོན་པར་བརྗོད་པའི་བག་ཆགས་དང་། སྲིད་པ་ཡན་ལག་གི་བག་ཆགས་དང་། བདག་ཏུ་ལྟ་བའི་བག་ཆགས་སོ། །དེ་ལ་བག་ཆགས་དང་པོ་ནི་འདིའི་རྒྱུའི་རྐྱེན་ཡིན་ཏེ། ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་མངོན་པར་འགྲུབ་པའི་རྒྱུ་ཡིན་པའི་ཕྱིར་རོ། །གཉིས་པ་ནི་བདག་པོའི་རྐྱེན་ཡིན་ཏེ། ཀུན་གཞི་དེ་བདེ་འགྲོ་འམ་ངན་འགྲོར་འགྱུར་བའི་རྒྱུ་ཡིན་པའི་ཕྱིར་རོ། །གསུམ་པ་ཡང་བདག་པོའི་རྐྱེན་ཡིན་ཏེ། དེ་ཉིད་བདག་གཞན་དུ་འབྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །ས་བོན་གྱི་རང་བཞིན་གྱི་ཀུན་གཞིའི་རྒྱུ་ནི། ཀུན་ནས་ཉོན་མོངས་པའི་ཆོས་དགེ་བ་དང་ཉོན་མོངས་ཅན་དང་། མ་བསྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཡིན་ཏེ། རྣམ་སྨིན་གྱི་རང་བཞིན་དང་། འདི་རྣམས་རྒྱུད་གཅིག་ལ་སྐྱེ་འགག་ལྷན་ཅིག་ཏུ་བྱས་པ་ལས་འདི་འབྱུང་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་ཐེག་བསྡུས་ལས་ཀྱང་། ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞི་རྣམ་པར་ཤེས་པའི་རྒྱུ་རྐྱེན་དུ་རྣམ་པར་བཞག་སྟེ། རྒྱུའི་རྐྱེན་གཞན་མི་དམིགས་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །

དེ་ལ་རྣམ་པར་སྨིན་པའི་རང་བཞིན་གྱི་ཀུན་གཞིའི་ངོ་བོ་ནི་ཤེས་རིག་གི་རང་བཞིན་ཡིན་པས་དམིགས་པ་དང་རྣམ་པ་དང་ལྡན་པ། ལུས་ལེན་པ་དང་གནས་པའི་བྱ་བ་བྱེད་པ་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་བག་ཆགས་སྒོ་བའི་རྟེན་དུ་གྱུར་པ་དགེ་བའམ་ཉོན་མོངས་པ་ཅན་གྱི་སེམས་ལས་བྱུང་བ་གཞན་རྣམས་དང་མཚུངས་པར་མི་ལྡན་པས། མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཤིན་དུ་མི་གསལ་བའི་དམིགས་རྣམ་ཅན་ཡིན་པས་ཚོར་བ་བཏང་སྙོམ་ཁོ་ན་ཅན། ད་ལྟར་གྱི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་བདག་པོའི་རྐྱེན་དུ་གྱུར་པ། རྟེན་ཁོག་པ་ཐམས་ཅད་ལ་ཁྱབ་པ་ཡིན་ནོ། །ས་བོན་གྱི་རང་བཞིན་གྱི་ཀུན་གཞི་ནི་ནུས་པ་ཙམ་གྱི་ངོ་བོར་གནས་ཀྱི་ཤེས་རིག་གི་རྫས་སུ་མ་གྲུབ་པས་དམིགས་པ་དང་རྣམ་པ་མེད་པ་རྣམ་སྨིན་གྱི་ཆ་ལས་རྫས་དེ་ཉིད་དང་གཞན་དུ་བརྗོད་པར་བྱ་བ་མ་ཡིན་པ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་བྱེད་པའི་རང་བཞིན་ཅན་ཡིན་ནོ། །

དེ་བས་ན་འདི་གཉིས་ཀྱི་རྫས་སོ་སོར་དམིགས་སུ་མེད་ཀྱང་། མཚན་ཉིད་ཤིན་དུ་ཐ་དད་པ་ཁོ་ན་ཡིན་པས་དེའི་ཕྱིར་སྔ་རབས་པ་དག་གིས་འདི་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་པར་བཤད་པ་གང་ཡིན་པ་དེ་དག་ནི་ལེགས་པར་བཤད་པ་མ་ཡིན་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་དང་པོ་ནི། འདི་བྱིས་པ་རྣམས་ཀྱི་བདག་ཏུ་སྦྱོར་བའི་གཞི་ཡིན་པའི་ཕྱིར་ཀུན་གཞི་ཡང་ཡིན་ལ། དམིགས་རྣམ་འཛིན་པས་རྣམ་པར་ཤེས་པ་ཡང་ཡིན་ལ། ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པའི་ངོ་བོར་གྱུར་པའི་ཕྱིར་རྣམ་པར་སྨིན་པ་ཡང་ཡིན་ནོ། །དེའི་ཕྱིར་དེ་ལ་ནི་ཀུན་གཞི་ཞེས་ཀྱང་བྱ། ཀུན་གཞིའི་རྣམ་ཤེས་དང་རྣམ་པར་སྨིན་པའི་རྣམ་ཤེས་ཞེས་ཀྱང་བྱའོ། །ཕྱི་མ་ནི། འདིར་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་འབྲས་བུའི་དངོས་པོའམ། འདི་ཡང་། དེ་དག་ལ་རྒྱུའི་དངོས་པོར་སྦྱོར་ཞིང་འདུ་བས་ཀུན་གཞི་ཉིད་ཡིན་གྱི་ཤེས་རིག་མ་ཡིན་པས་ཀུན་བཞིའི་རྣམ་ཤེས་དང་། རྣམ་པར་སྨིན་པའི་རྣམ་ཤེས་ནི་མ་ཡིན་ནོ། །ཡང་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་རྣམ་པར་སྨིན་པའི་རྣམ་ཤེས་ཀྱང་དེ་ཡིན་ནམ་ཞེ་ན། ཚིག་སྔ་མ་དང་སྦྱར་ཏེ། སོ་སོ་སྐྱེ་བོ་དང་ཐེག་དམན་སློབ་པ་དང་། ས་བདུན་པ་མན་ཆད་ཀྱི་རྣམ་པར་སྨིན་པའི་རྣམ་ཤེས་རྣམས་ཁོ་ན་ཀུན་གཞིའི་རྣམ་ཤེས་ཡིན་པའི་ཕྱིར་རོ། །

རྣམ་པར་སྨིན་པའི་རྣམ་ཤེས་ཡིན་ལ་ཀུན་གཞིའི་རྣམ་ཤེས་མ་ཡིན་པ་ཡོད་དེ། ཕུང་པོ་ལྷག་མ་དང་བཅས་པའི་གནས་སྐབས་དང་། ས་བརྒྱད་པ་ནས་རྡོ་རྗེ་ལྟ་བུའི་བར་གྱི་རྣམ་པར་སྨིན་པའི་རྣམ་ཤེས་ནི་ཀུན་གཞི་མ་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ས་བོན་མ་ལུས་པ་བཅོམ་པས་དེ་དག་གི་རྒྱུ་མི་བྱེད་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་ཡིད་སྤངས་པས་བདག་ཏུ་སྦྱོར་བའི་གཞི་མི་བྱེད་པའི་ཕྱིར་རོ། །དེ་དག་ལ་ཡང་རྣམ་པར་སྨིན་པའི་རྣམ་ཤེས་ཙམ་ཞིག་ཡོད་དེ། ཉན་ཐོས་དང་རང་སངས་རྒྱས་ནི་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མ་ཐོབ་བར་དུ་རྒྱུན་མི་འཆད་པའི་ཕྱིར་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡང་ཇི་སྲིད་ཤེས་སྒྲིབ་ཀྱི་ས་བོན་མ་ལུས་པ་མ་སྤངས་པ་དེ་སྲིད་དུ་མེ་ལོང་ལྟ་བུའི་ཡེ་ཤེས་གནས་གྱུར་པ་མི་ཐོབ་པའི་ཕྱིར་རོ། །

རྣམ་པར་སྨིན་པའི་རང་བཞིན་གྱི་ཀུན་གཞིའི་རྣམ་པར་ཤེས་པའི་དམིགས་པ་དེ་ཡང་གཟུགས་ཅན་གྱི་ཁམས་ན་ནི་གཉིས་ལ་འཇུག་སྟེ། འདི་ལྟར་ན་ལེན་པའི་རྣམ་པར་རིག་པ་དང་། ཕྱི་སྣོད་ཀྱི་རྣམ་པར་རིག་པའོ། །དང་པོ་ལ་ཡང་ཀུན་བརྟགས་ལ་ཞེན་པའི་བག་ཆགས་དང་། གནས་དང་བཅས་པའི་དབང་པོ་གཟུགས་ཅན་གཉིས་ཡིན་ལ། དེ་ལ་དང་པོ་ནི་འདིས་དབང་པོ་དང་བཅས་པའི་གཟུགས་ལེན་པར་བྱེད་པས། ལེན་པ་ཞེས་བྱ་ལ། གཉིས་པ་ནི་བླང་བར་བྱ་བ་ཡིན་པས་ལེན་པ་ཡིན་ནོ། །སྣོད་ཀྱི་རྣམ་རིག་ནི། རི་ཁང་ཁྱིམ་ལ་སོགས་པ་ཕྱི་རོལ་ན་དབང་པོས་མ་བསྡུས་པར་སྣང་བ་གང་ཡིན་པ་འདི་དག་ཡིན་ནོ། །

ཅིའི་ཕྱིར་གསུམ་པོ་འདི་དག་ཀུན་གཞིའི་དམིགས་པ་ཡིན་ཞེ་ན། འདི་ལྟར་ཀུན་བརྟགས་པའི་ངོ་བོ་ལ་མངོན་པར་ཞེན་པའི་བག་ཆགས་ཀྱི་རྒྱུའི་རྐྱེན་བྱས་པ་ལས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རང་དང་གཞན་གྱི་རྒྱུད་དུ་གཏོགས་པའི་མིག་ལ་སོགས་པའི་དབང་པོར་སྣང་བ་དང་། རི་ཁང་ཁྱིམ་ལ་སོགས་པ་ཕྱི་རོལ་སྣོད་ཀྱི་རྣམ་པར་སྣང་བ་སྐྱེ་བའི་ཕྱིར་རོ། །དེ་བས་ན་ཀུན་བརྟགས་པ་ལ་ཞེན་པའི་སྤྲོས་པའི་བག་ཆགས་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དོན་དང་སེམས་ཅན་དུ་སྣང་བའི་དམིགས་པ་དང་ལྡན་པར་སྐྱེད་བྱེད་ཡིན་པས་དེའི་ཕྱིར་དེའི་དམིགས་པར་བཞག་སྟེ། དཔེར་ན་མདོ་སྡེ་པ་དག་གཟུགས་སྒྲ་ལ་སོགས་པའི་དོན་རྣམས་དབང་པོའི་ཤེས་པ་ལ་དངོས་སུ་མི་སྣང་ཡང་དེ་དག་གིས་ཤེས་པ་བཟུང་བའི་རྣམ་ལྡན་དུ་བསྐྱེད་པར་བྱེད་པས་དེའི་དམིགས་པར་འཇོག་པ་བཞིན་ནོ། །དབང་པོ་གཟུགས་ཅན་རྟེན་དང་བཅས་པ་དང་། ཕྱི་རོལ་གྱི་སྣོད་རྣམས་ནི། རྣམ་པར་སྨིན་པའི་རྣམ་ཤེས་ཀྱིས་བཟུང་བར་བྱ་བ་ཡིན་པས་དེའི་ཕྱིར་དམིགས་པ་ཡིན་ནོ། །མིང་གཞིའི་ཕུང་པོ་གཞན་རྣམས་ནི་ཀུན་གཞིའི་བཟུང་ཆ་མ་ཡིན་ལ། དེའི་ཕྱིར་དེ་དག་དེའི་དམིགས་པར་མི་བཞག་གོ །

གཟུགས་མེད་པའི་ཁམས་ན་ནི་ཀུན་བརྟགས་པའི་བག་ཆགས་ཁོ་ན་དམིགས་པ་ཡིན་ཏེ། འདི་ལྟར་ཀུན་བརྟགས་པའི་བག་ཆགས་ཀྱི་རྒྱུའི་རྐྱེན་དང་ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་སྙོམས་འཇུག་གིས་སྒྲུབས་པའི་མི་གཡོ་བའི་ལས་ཀྱི་བདག་པོའི་རྐྱེན་ལས་གཟུགས་མེད་བཞིར་སྐྱེས་པའི་རྣམ་པར་སྨིན་པའི་རྣམ་ཤེས་རྣམས། དང་པོ་གཉིས་སུ་ནི་བཟུང་བྱ་ཚད་མེད་པའི་དམིགས་པ་ཅན་དང་། ཕྱི་མ་གཉིས་སུ་བཟུང་བྱ་ཆ་ཕྲ་བ་དང་ཤིན་ཏུ་ཆ་ཕྲ་བའི་དམིགས་པ་ཅན་དུ་སྐྱེ་བའི་ཕྱིར་རོ། །ཅིའི་ཕྱིར་འདི་དག་ལ་ཡང་ནང་གི་དབང་པོ་དག་དང་། ཕྱི་རོལ་གྱི་སྣོད་དག་མི་སྣང་ཞེ་ན། ཅི་སྟེ་འདི་དག་ཀྱང་མིག་གཟུགས་ཅེས་པ་ལ་སོགས་ཕྱི་དང་ནང་གི་གཟུགས་ཅན་གྱི་དངོས་པོ་མངོན་པར་བརྗོད་པའི་སྤྲོས་པའི་བག་ཆགས་ཀྱི་རྒྱུའི་རྐྱེན་ལས་བྱུང་ན། དེའི་ཚེ་འདི་དག་ལ་ཡང་ཕྱི་དང་ནང་གི་གཟུགས་རྣམས་སྣང་བར་འགྱུར་ཞིང་། གཟུགས་མེད་པའི་ཁམས་སུ་ཡང་མི་འགྱུར་ཏེ། ཀུན་གཞི་ལ་ཕྱི་ནང་གི་གཟུགས་སུ་སྣང་བ་ཡོད་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་པའི་རྣམ་པར་སྨིན་པའི་རྣམ་ཤེས་འདི་དག་ནི་གཟུགས་ཅན་གྱི་མངོན་པར་བརྗོད་པའི་བག་ཆགས་ལས་བྱུང་བ་མ་ཡིན་གྱི་འོན་ཀྱང་ནམ་མཁའ་ལ་སོགས་པ་གཟུགས་ཅན་མ་ཡིན་པའི་མངོན་པར་བརྗོད་པའི་བག་ཆགས་ཀྱི་རྒྱུའི་རྐྱེན་དང་སྔོན་ནམ་མཁའ་མཐའ་ཡས་སོ་ཞེས་བྱ་བ་ལ་སོགས་པའི་གཟུགས་ཅན་མ་ཡིན་པ་ལ་དམིགས་པའི་སྙོམས་འཇུག་གི་བདག་པོའི་རྐྱེན་ལས་གཟུགས་ཅན་མ་ཡིན་པ་ཁོ་ནའི་དམིགས་པ་ཅན་དུ་སྐྱེ་བ་ཡིན་ནོ། །གང་གི་ཚེ་གཟུགས་མེད་པ་ནས་གཟུགས་ཅན་གྱི་ཁམས་སུ་འཆི་འཕོ་བ་དེའི་ཚེ་རྣམ་པར་སྨིན་པའི་རྣམ་ཤེས་དེ་ཉིད་ལ་ནུས་པའི་ངོ་བོར་ཡོད་པའི་གཟུགས་ཅན་གྱི་སྤྲོས་པའི་བག་ཆགས་ཀྱིས་ནུས་པ་ཡོངས་སུ་བརྡས་ཏེ་དེའི་རྒྱུའི་རྐྱེན་ལས་ཕྱི་དང་ནང་གི་གཟུགས་སུ་སྣང་བའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གཞན་འཚམས་སྦྱོར་བ་ཡིན་ནོ། །

དམིགས་པ་དེ་དག་ལ་རྣམ་པ་ཇི་ལྟ་བུས་འཇུག་ཅེ་ན། ཇི་སྲིད་འཚོའི་བར་དུ་ཤིན་ཏུ་མི་གསལ་བ་རྒྱུན་མི་འཆད་པར་རོ་གཅིག་པ་ཉིད་དུ་འཇུག་པ་ཡིན་ནོ། །ཅིའི་ཕྱིར་ཤིན་ཏུ་མི་གསལ་ཞེ་ན། ཇི་ལྟར་མིག་གི་རྣམ་པར་ཤེས་པ་གཟུགས་ལ་དམིགས་པ་སོགས་མྱོང་བའི་སྟོབས་ཀྱི་ངེས་པ་བཞིན་དུ། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་འདིས་ནི། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ནང་གི་ལེན་པ་དང་། ཕྱིའི་སྣོད་དག་ལ་དམིགས་སོ་ཞེས་བྱ་བ་འདི་ནི་མྱོང་སྟོབས་ཀྱིས་ཡོངས་སུ་བཅད་པར་མི་ནུས་ཀྱི། གཞན་དུ་ན་འདིའི་དམིགས་པ་ནི་འདི་དག་ལས་གཞན་དུ་ཐད་པ་མ་ཡིན་ནོ། །ཞེས་ལུང་དང་རིགས་པས་རྣམ་པར་བཞག་པ་ཙམ་དུ་ཟད་པའི་ཕྱིར་རོ། །ཅིའི་ཕྱིར་རོ་གཅིག་པ་ཉིད་དུ་འཇུག་ཅེ་ན། སྐྱེ་གནས་སུ་ཉིང་འཚམས་སྦྱོར་བའི་སྐད་གཅིག་དང་པོ་དེ་ཉིད་ཀྱི་དམིགས་པ་དང་རྣམ་པ་ཅི་འདྲ་བ་དེ་འདྲ་བ་ཁོ་ནར་ཇི་སྲིད་འཚོའི་བར་དུ་འཇུག་པར་འགྱུར་གྱི་དེ་ལས་དམིགས་པ་དང་རྣམ་པར་གཞན་དུ་སྐད་ཅིག་ཀྱང་མི་འགྱུར་བས་དེའི་ཕྱིར་དམིགས་པ་དང་རྣམ་པ་རོ་གཅིག་ཏུ་འཇུག་པ་ཞེས་བྱའོ། །དེའི་ཕྱིར་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཞེས་ཀྱང་བྱའོ། །

ཡང་ན་འདིའི་དམིགས་པ་རིས་སུ་མ་ཆད་པ་ཡིན་ཏེ་སྐད་ཅིག་རེ་རེ་ཞིང་ཕྱི་ནང་གི་དོན་ཀུན་ལ་རྟག་ཏུ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་འདི་ནི་དམིགས་པ་དང་རྣམ་པ་ཡོངས་སུ་མ་ཆད་པ་ཞེས་བྱའོ། །འདིའི་དམིགས་པ་དང་རྣམ་པའི་འཇུག་ཚུལ་རྒྱས་པར་ནི་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་གསུངས་ཏེ་ཇི་སྐད་དུ། དེ་ལ་དམིགས་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། མདོར་བསྡུ་ན། ཀུན་གཞིའི་རྣམ་པར་ཤེས་པ་ནི་དམིགས་པ་རྣམ་པ་གཉིས་ཀྱིས་འཇུག་ཏེ། ནང་གི་ལེན་པ་རྣམ་པར་རིག་པ་དང་། ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པའོ། །དེ་ལ་ནང་གི་ལེན་པ་ནི་ཀུན་བརྟགས་པའི་ངོ་བོ་ཉིད་ལ་མངོན་པར་ཞེན་པའི་བག་ཆགས་དང་། རྟེན་དང་བཅས་པའི་དབང་པོའི་གཟུགས་སོ། །དེ་ཡང་གཟུགས་ཅན་གྱི་ཁམས་ནའོ། །གཟུགས་ཅན་མ་ཡིན་པ་ན་ནི་བག་ཆགས་ལེན་པ་ཁོ་ནར་ཟད་དོ། །དེ་ལ་ཕྱི་རོལ་གྱི་སྣོད་རྣམ་པ་ཡོངས་སུ་མ་ཆད་པ་རྣམ་པར་རིག་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་ལེན་པའི་དམིགས་པ་གང་ཡིན་པ་དེ་ཉིད་ལ་རྟེན་ནས་རྟག་ཏུ་རྒྱུན་མི་འཆད་པར་འཇིག་རྟེན་དང་སྣོད་ཀྱི་རྒྱུན་རྣམ་པར་རིག་པ་སྟེ། འདི་ལྟར་དཔེར་ན་མར་མེ་འབར་བ་ནི་སྙིང་པོ་དང་སྣུམ་གྱི་རྒྱུས་ནི་ནང་དུ་འཇུག་པར་འགྱུར་ལ། ཕྱི་རོལ་དུ་ནི་འོད་འབྱུང་བར་བྱེད་པ་བཞིན་དུ། ནང་གི་ལེན་པའི་དམིགས་པ་དང་ཕྱི་རོལ་གྱི་དམིགས་པ་འདི་ལ་ཡང་ཀུན་གཞིའི་རྣམ་པར་ཤེས་པའི་ཚུལ་འདི་དང་འདྲ་བར་བལྟ་བར་བྱའོ། །

དམིགས་པ་དེ་ནི་འཇིག་རྟེན་གྱི་མཁས་པ་དག་གིས་ཀྱང་ཡོངས་སུ་དཔྱད་པར་དཀའ་བའི་ཕྱིར་ཕྲ་བ་ཡིན་ནོ། །དམིགས་པ་དེ་ནི་རྟག་ཏུ་ཡོད་པ་ཡིན་ཏེ། ལན་འགའ་གཞན་དུ་འགྱུར་བ་མ་ཡིན་ནོ། །འོན་ཀྱང་དང་པོའི་སྐད་ཅིག་ལ་རྟེན་ནས་ཇི་སྲིད་མཚོའི་བར་དུ་རྣམ་པར་རིག་པ་རོ་གཅིག་པར་འཇུག་པར་འགྱུར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ནི་དམིགས་པ་ལ་སྐད་ཅིག་པ་ཡིན་པར་ལྟ་བར་བྱ་སྟེ། སྐད་ཅིག་པའི་རྒྱུན་གྱི་རྒྱུན་གྱིས་འཇུག་པ་ཡིན་གྱི། གཅིག་པ་ཉིད་ནི་མ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡང་འདོད་པའི་ཁམས་ན་ནི་ཆུང་ངུའི་དམིགས་པ་ཅན་དུ་བརྗོད་པར་བྱའོ། །གཟུགས་ཀྱི་ཁམས་ན་ནི་རྒྱུ་ཆེན་པོར་གྱུར་པའི་དམིགས་པ་ཅན་དུ་བརྗོད་པར་བྱའོ། །གཟུགས་མེད་པའི་ཁམས་ནམ་མཁའ་མཐའ་ཡས་སྐྱེ་མཆེད་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ན་ནི་རྒྱུ་ཚད་མེད་པའི་དམིགས་པ་ཅན་ནོ། །ཅི་ཡང་མེད་པའི་སྐྱེ་མཆེད་ན་ནི་རྒྱུ་ཕྲ་བའི་དམིགས་པ་ཅན་ནོ། །འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་ན་ནི་རྒྱུ་ཤིན་ཏུ་ཕྲ་བའི་དམིགས་པ་ཅན་དུ་ལྟ་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །དེ་དག་གི་དོན་མདོར་བསྡུས་པ་ནི་སུམ་བཅུ་པ་ལས་ཀྱང་། དེ་ནི་ལེན་པ་དག་དང་གནས། །རྣམ་པར་རིག་པ་མི་རིག་པ། །ཞེས་གང་གསུངས་པ་ཡིན་ནོ། །མཚན་ཉིད་ཀྱི་ངོ་བོ་རྣམ་པར་བཞག་པ་བཤད་ཟིན་ཏོ། །

དེའི་འོག་ཏུ་ཞར་ལ་འོངས་པ་དཔྱད་པར་བྱ་སྟེ། རེ་ཞིག་ཀུན་གཞིའི་རྣམ་པར་ཤེས་པ་འཇུག་པ་དང་ལྡོག་པའི་ཚུལ་ནི། བསྡུ་བ་ལས་ཇི་སྐད་དུ། ཀུན་གཞིའི་རྣམ་པར་ཤེས་པ་འཇུག་པ་ནི་རྣམ་པ་བཞིས་རྣམ་པར་བཞག་ལ། ལྡོག་པ་ནི་རྣམ་པ་གཅིག་གི་རྣམ་པར་བཞག་པར་རིག་པར་བྱ་སྟེ། འདི་ལྟ་སྟེ། དམིགས་པས་འཇུག་པ་རྣམ་པར་བཞག་པ་དང་། མཚུངས་པར་ལྡན་པས་འཇུག་པ་རྣམ་པར་བཞག་པ་དང་། གཅིག་གི་རྐྱེན་ཉིད་གཅིག་ཡིན་པས་འཇུག་པ་རྣམ་པར་བཞག་པ་དང་། ལྷན་གཅིག་དངོས་པོས་འཇུག་པ་རྣམ་པར་བཞག་སྟེ། རྣམ་པ་བཞི་པོ་དེ་དག་གིས་ནི་འཇུག་པ་རྣམ་པར་བཞག་ལ། རྣམ་པ་གཅིག་ནི་ཀུན་ནས་ཉོན་མོངས་པ་ལྡོག་པ་རྣམ་པར་བཞག་པས་རིག་པར་བྱའོ། །ཞེས་གསུངས་པ་ལྟར་བཤད་པར་བྱའོ། །དེ་ལ་དམིགས་པས་འཇུག་པའི་ཚུལ་ནི་བཤད་ཟིན་ཏོ། །

མཚུངས་པར་ལྡན་པས་འཇུག་པ་ནི། དེ་ཉིད་ལས། དེ་ལ་མཚུངས་པར་ལྡན་པས་འཇུག་པ་རྣམ་པར་བཞག་པ་གང་ཞེ་ན། འདི་ལ་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་ནི། སེམས་དང་མཚུངས་པར་ལྡན་པ་ཀུན་འགྲོ་ལྔ་པོ་ཡིད་ལ་བྱེད་པ་དང་། རེག་པ་དང་། ཚོར་བ་དང་། འདུ་ཤེས་དང་། སེམས་དཔའ་རྣམས་དང་མཚུངས་པར་ལྡན་ནོ། །ཆོས་དེ་དག་ཀྱང་རྣམ་པར་སྨིན་པས་བསྡུས་པ་དང་། འཇིག་རྟེན་གྱི་མཁས་པ་རྣམས་ཀྱིས་རྟོགས་པར་དཀའ་བའི་ཕྱིར་ཕྲ་བ་དང་། གཏན་དུ་དམིགས་པ་དག་གཅིག་ལ་མཚུངས་པར་འཇུག་པ་ཡིན་ནོ། །སེམས་ལས་བྱུང་བ་དེ་དག་ལས་ཀུན་གཞིའི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་ཚོར་བ་གང་ཡིན་པ་དེ་ནི་གཅིག་ཏུ་སྡུག་བསྔལ་ཡང་མ་ཡིན་བདེ་བ་ཡང་མ་ཡིན་པ་དང་། ལུང་དུ་མ་བསྟན་པ་ཡིན་ནོ། །དེ་ཉིད་ཀྱིས་དེ་ལས་གཞན་པའི་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་རྣམ་པར་བཤད་པ་ཡིན་ནོ། །ཞེས་གསུངས་ཤིང་དེ་ཉིད་ཀྱི་དོན་བསྡུས་པ་སུམ་བཅུ་པ་ལས་ཀྱང་། རྟག་ཏུ་རེག་དང་ཡིད་བྱེད་དང་། །རེག་དང་འདུ་བྱེད་སེམས་པར་ལྡན། །དེ་ལ་ཚོར་བ་བཏང་སྙོམས་ཏེ། །དེ་ནི་མ་སྒྲིབས་ལུང་མ་བསྟན། །ཞེས་གང་གསུངས་པ་ཡིན་ནོ། །

ཡུལ་ངེས་པ་ལྔ་ནི། དམིགས་པ་རིས་སུ་ཆད་པ་ལ་དམིགས་པའི་ཕྱིར་འདི་དང་མཚུངས་པར་མི་ལྡན་ལ། འདི་མཐའ་གཅིག་ཏུ་རྣམ་སྨིན་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར། དགེ་བ་དང་ཉོན་མོངས་ཅན་གྱི་སེམས་ལས་བྱུང་བ་གཞན་རྣམས་དང་མཚུངས་པར་མི་ལྡན་ནོ། །གཅིག་གི་རྐྱེན་ཉིད་ཡིན་པའི་འཇུག་པ་རྣམ་པར་བཞག་པ་ཡང་། དེ་ཉིད་ལས་དེ་ལ་ཀུན་གཞི་རྣམ་པར་ཤེས་པ་ནི་ས་བོན་དང་ལྡན་པ་ཡིན་ནོ། །དེ་ལ་རྟེན་བྱེད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པས་ཟིན་པའི་དབང་པོ་གཟུགས་ཅན་རྣམས་ལ་བརྟེན་ནས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་འབྱུང་བར་འགྱུར་གྱི་མ་ཟིན་པ་དག་ལ་ནི་མ་ཡིན་ནོ། །རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་གི་རྟེན་མིག་ལ་སོགས་པ་དང་འདྲ་བར། ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འབྱུང་བར་འགྱུར་ལ། མེད་ན་མ་ཡིན་ནོ། །དེ་ལ་འཇུག་པའི་རྣམ་པར་ཤེས་པ་ནི་རྣམ་པ་གཉིས་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའི་རྐྱེན་གྱི་བྱ་བ་བྱེད་དེ། ཚེ་འདི་ལ་ས་བོན་ཡོངས་སུ་དྷས་པར་བྱེད་པ་དང་། ཕྱི་མ་ལ་དེ་མཐོང་བར་འགྲུབ་པའི་ས་བོན་ཡོངས་སུ་འཛིན་པ་སྐྱེད་པར་བྱེད་པའོ། །དེ་ལ་ཚེ་འདི་ལ་ས་བོན་ཡོངས་སུ་དྷས་པར་བྱེད་པ་ནི། ཇི་ལྟ་ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་པ་འཇུག་པའི་རྣམ་པར་ཤེས་པ་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་འབྱུང་བར་འགྱུར་བ་དེ་ལྟ་དེ་ལྟར་རང་གི་བརྟེན་ལ་དེ་དང་ལྷན་ཅིག་སྐྱེ་བ་དང་འགག་པས་བག་ཆགས་བསྒོ་བར་བྱེད་དོ། །རྒྱུ་དེ་དང་རྐྱེན་དེས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཕྱིར་ཞིང་ཕྱིར་ཞིང་དགེ་བ་ལ་སོགས་པའི་དངོས་པོ་ཤིན་ཏུ་འདྲིས་པ་དང་ཤིན་ཏུ་སྦྱངས་པ་དང་། ཤིན་ཏུ་འོད་གསལ་བ་དག་ཏུ་འགྱུར་རོ། །དེའི་བག་ཆགས་ཀྱི་རིགས་གཞན་ནི་ཕྱི་མ་ལ་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རྣམ་པར་སྨིན་པ་ཡོངས་སུ་འཛིན་པའི་ཕྱིར་འཇུག་པར་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །

དེ་ལ་དོན་ནི་འདི་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་རྣམ་སྨིན་གྱི་ངོ་བོར་གྱུར་པ་གང་ཡིན་པ་དེ་ནི། འཇུག་པའི་རྣམ་པར་ཤེས་པ་ཚོགས་བདུན་གྱི་བདག་པོའི་རྐྱེན་ཡིན་ཏེ། འདི་ལྟར། དེས་ཡོངས་སུ་བཟུང་བའི་མིག་ལ་སོགས་པའི་དབང་པོ་ལྔ་ལས་རྣམ་པར་ཤེས་པའི་ཚོགས་ལྔ་པོ་འགྱུར་བའི་ཕྱིར་དང་། དེའི་དབང་གིས་ཉོན་མོངས་པ་ཅན་གྱི་ཡིད་བདག་གི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར་དང་། དེ་ཉིད་ཀྱིས་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་དེ་ཉིད་ལ་རྟེན་པ་ཡིན་པའི་ཕྱིར་རོ། །ཀུན་གཞིའི་ས་བོན་གྱི་རང་བཞིན་གང་ཡིན་པ་དེ་ནི། དེ་དག་གི་རྒྱུའི་རྐྱེན་ཡིན་ཏེ། ཚོགས་བདུན་པོ་རྣམས་ནི་རང་རང་གི་མངོན་པར་བརྗོད་པའི་བག་ཆགས་ཀྱི་རྒྱུ་ལས་འབྱུང་པའི་ཕྱིར་རོ། །

འཇུག་པའི་རྣམ་ཤེས་རྣམས་ཀྱང་རྣམ་སྨིན་གྱི་རང་བཞིན་གྱི་བདག་པོའི་རྐྱེན་ཏེ། དེ་རྣམས་ཀྱིས་དེ་ལ་ས་བོན་ཡོངས་སུ་བསྒོ་བར་བྱེད་པའི་ཕྱིར་རོ། །ས་བོན་གྱི་རང་བཞིན་གྱི་ནི་རྒྱུའི་རྐྱེན་ཡིན་པ་ཏེ། དེ་རྣམས་ཀྱིས་ས་བོན་བསྒོ་བར་བྱེད་པའི་ཕྱིར་རོ། །དེ་བས་ན་ཀུན་གཞི་དང་འཇུག་ཤེས་དག་ནི་ཕན་ཚུན་གཅིག་གི་རྐྱེན་གྱིས་གཅིག་འཇུག་པ་ཡིན་ནོ་ཞེས་པ་ཡིན་ནོ། །དེ་ལ་ལྷན་ཅིག་དངོས་པོས་འཇུག་པ་ནི། འཇུག་པའི་རྣམ་པར་ཤེས་པ་དང་། ལྷན་ཅིག་པའི་དངོས་པོ་དང་། ཚོར་བ་དང་ལྷན་ཅིག་པའི་དངོས་པོ་དང་། དགེ་བ་ལ་སོགས་པ་དང་། ལྷན་ཅིག་པའི་དངོས་པོས་ཀྱང་རིག་པར་བྱའོ། །དེ་ལ་དང་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ནི་རེས་འགའ་འཇུག་པའི་རྣམ་པར་ཤེས་པ་གཅིག་ཁོ་ན་དང་ལྷན་ཅིག་ཏུ་འཇུག་སྟེ། འདི་ལྟ་སྟེ་ཡིད་དང་ངོ་། །འདི་ལྟར་ངར་འཛིན་པ་དང་། ངའོ་སྙམ་པའི་ང་རྒྱལ་དང་། རློམ་སེམས་པའི་རྣམ་པ་ཅན་གྱི་ཡིད་གང་ཡིན་པ་དེ་ནི། སེམས་ཡོད་པ་དང་། སེམས་མེད་པའི་གནས་སྐབས་དག་ན་ཡང་དུས་རྟག་ཏུ་ཀུན་གཞིའི་རྣམ་པར་ཤེས་པ་དང་ལྷན་ཅིག་འབྱུང་ཞིང་འཇུག་ཏེ། དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལ་ངའོ་སྙམ་པ་དང་། བདག་གོ་སྙམ་དུ་དམིགས་ཤིང་རློམ་པའི་རྣམ་པ་ཅན་ཡིན་ནོ། །རེས་འགའ་ནི་ཡིད་དང་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་དང་ལྷན་ཅིག་འབྱུང་ཞིང་འཇུག་གོ ། རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལས་གང་ཡང་རུང་བ་གཅིག་དང་གསུམ་མོ། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དག་ལ་གཉིས་དང་ལྷན་ཅིག་འབྱུང་བ་དང་བཞི་དང་ངོ་། །རེས་འགའ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་པོ་དང་ལྷན་ཅིག་འབྱུང་བ་དང་། བདུན་གྱི་བར་དག་དང་ལྷན་ཅིག་འབྱུང་ཞིང་འཇུག་གོ །ཞེས་གསུངས་པ་ཡིན་ནོ། །

ཚོར་བ་གང་དང་ལྷན་ཅིག་འཇུག་པ་ནི། ཡང་དེ་ཉིད་ལས། ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡང་རེས་འགའ་བདེ་བ་དང་། སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་རྣམས་དང་། འདྲེས་མར་འཇུག་སྟེ། འཇུག་པའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཚོར་བ་གང་ཡིན་པ་དག་དེ་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །དེ་ལ་མི་རྣམས་དང་། འདོད་པ་ན་སྤྱོད་པའི་ལྷ་རྣམས་དང་། དུད་འགྲོ་དང་། ཡི་དྭགས་ཁ་ཅིག་གི་ནང་ན་ནི་ལྷན་ཅིག་སྐྱེས་པའི་ཚོར་བ་བདེ་བ་ཡང་མ་ཡིན། སྡུག་བསྔལ་ཡང་མ་ཡིན་པ་དེ་དང་། འཇུག་པའི་རྣམ་པར་ཤེས་པའི་ཚོགས་ཀྱིས་ཚོར་བ་བདེ་བའམ་སྡུག་བསྔལ་བའམ། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ། དེ་དག་གི་རྒྱུན་འདྲེས་མར་ལྷན་ཅིག་ཏུ་འབྱུང་ཞིང་འཇུག་གོ །སེམས་ཅན་དམྱལ་བ་དག་ན་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བ་ཟིལ་གྱིས་མནན་ཏེ། སྡུག་བསྔལ་གྱི་རྒྱུན་འབའ་ཞིག་མ་འདྲེས་པ་དེ་ཉིད་དང་ལྷན་ཅིག་འབྱུང་ཞིང་འཇུག་གོ །དེ་ཡང་ཟིལ་གྱིས་མནན་པའི་ཕྱིར་རྟོགས་པར་དཀའ་བ་ཡིན་པར་ལྟའོ། །སེམས་ཅན་དམྱལ་བ་དག་ན་སྡུག་བསྔལ་དང་ཇི་ལྟ་བ་དེ་བཞིན་དུ་བསམ་གཏན་གསུམ་གྱི་ས་པའི་ལྷ་རྣམས་ལ་ནི་བདེ་བ་དང་ངོ་། །བསམ་གཏན་བཞི་པ་ཡན་ཆད་སྲིད་པའི་རྩེ་མོའི་བར་དག་ལ་ནི་སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པ་དང་ངོ་། །ཞེས་གསུངས་པ་ཡིན་ནོ། །ཆོས་གང་དང་ལྷན་ཅིག་འཇུག་པའི་ཚུལ་ཡང་། དེ་ཉིད་ལས། ཀུན་གཞིའི་རྣམ་པར་ཤེས་པ་རེས་འགའ་ནི་འཇུག་པའི་རྣམ་པར་ཤེས་པར་གཏོགས་པའི་སེམས་ལས་བྱུང་བའི་ཆོས་དགེ་བ་དང་། མི་དགེ་བ་དང་། ལུང་དུ་མ་བསྟན་པ་རྣམས་དང་། ལྷན་ཅིག་འབྱུང་ཞིང་འཇུག་སྟེ། །ཞེས་གསུངས་པ་ལྟར་དེ་དག་ཀྱང་། ཀུན་གཞི་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་ལྷན་ཅིག་འཇུག་པ་མཚུངས་པར་ལྡན་པ་ནི་མ་ཡིན་ནོ། །འཇུག་པ་རྣམ་པར་བཞག་པ་བཤད་ཟིན་ཏོ། །

ད་ནི་ཀུན་ནས་ཉོན་མོངས་པ་ལྡོག་པའི་ཚུལ་བརྗོད་པར་བྱའོ། །དེ་ལ་ཇི་སྲིད་དུ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་མ་ལུས་པ་མ་སྤངས་པ་དེ་སྲིད་དུ་ཀུན་གཞིའི་རྣམ་པར་ཤེས་པ་མི་ལྡོག་སྟེ་ཀུན་གཞི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་ཀྱི་རྩ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ཡང་ཇི་སྐད་དུ། ཀུན་གཞིའི་རྣམ་པར་ཤེས་པ་ནི་མདོར་ན་ཀུན་ནས་ཉོན་མོངས་པ་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །འདི་ལྟར་དེ་ནི་སེམས་ཅན་གྱི་འཇིག་རྟེན་འགྲུབ་པའི་རྩ་བ་ཡིན་ཏེ། དབང་པོ་རྟེན་དང་བཅས་པ་རྣམས་དང་། འཇུག་པའི་རྣམ་པར་ཤེས་པ་རྣམས་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་འགྲུབ་པའི་རྩ་བ་ཡང་ཡིན་ཏེ། སྣོད་ཀྱི་འཇིག་རྟེན་བསྐྱེད་པར་བྱེད་པ་ཡིན་པའི་ཕྱིར་རོ། །ཞེས་པ་ལ་སོགས་པ་གསུངས་པ་ཡིན་ནོ། །ཇི་ཙམ་གྱིས་ན་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་མ་ལུས་པ་སྤངས་པར་བརྗོད་པར་བྱ་ཞེ་ན། གང་གི་ཚེ་གནས་གྱུར་པ་དེའི་ཚེ་ཀུན་ནས་ཉོན་པའི་ཆོས་རྣམས་མ་ལུས་པར་སྤངས་པ་དང་ཀུན་བཞིའི་རྣམ་པར་ཤེས་པ་ཡང་སྤངས་བར་བརྗོད་པར་བྱའོ། །གནས་གྱུར་པ་ཞེས་བྱ་འདི་ཅི་ཞེ་ན། གང་གི་ཚེ་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པའི་རྣམ་པ་མ་ལུས་པར་སྤངས་པ་དེའི་ཚེ་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་གང་ཀུན་ནས་ཉོན་མོངས་པའི་ས་བོན་གྱི་རྟེན་མི་བྱེད་པར་གྱུར་པ་དེ་ཉིད་ལ་ཀུན་གཞིའི་རྣམ་ཤེས་གནས་གྱུར་པ་ཞེས་བྱའོ། །དེ་ཡང་ཉན་ཐོས་དང་རང་སངས་རྒྱས་དག་ལ་ནི་གང་གི་ཚེ་ཟད་པ་དང་མི་སྐྱེ་བ་ཤེས་པ་སྐྱེས་པ་དེའི་ཚེ་ཐོབ་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ས་བརྒྱད་པའི་ཡེ་ཤེས་བརྙེས་པ་ན་ཐོབ་པ་ཡིན་ནོ། །དེའི་ཕྱིར་གང་ཟག་དེ་དག་གི་ཀུན་གཞིའམ་རྣམ་པར་ཤེས་པ་ཡང་དེ་དང་དེའི་གནས་སྐབས་ན་ལྡོག་པར་ཤེས་པར་བྱའོ། །

གལ་ཏེ་ཉན་ཐོས་དང་རང་སངས་རྒྱས་དག་ལ་ཡང་ཀུན་གཞི་རྣམ་ཤེས་གནས་གྱུར་པ་ཡོད་ན། ཇི་ལྟར་མེ་ལོང་ལྟ་བུའི་ཡེ་ཤེས་སུ་མི་བརྗོད་ཅེ་ན། དེ་དག་གི་དེ་ཡང་ཉོན་མོངས་པའི་སྒྲིབ་པ་ཙམ་སྤངས་པའི་གནས་གྱུར་པ་ཡིན་གྱི། སྒྲིབ་པ་མ་ལུས་པ་སྤངས་པས་རབ་ཏུ་ཕྱེ་བ་ནི་མ་ཡིན་ཏེ། ཤེས་བྱའི་སྒྲིབ་པའི་ས་བོན་དང་ལྡན་པའི་ཕྱིར་རོ། །དེའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་དེ་དག་གིས་རྣམ་པར་སྨིན་པའི་ཤེས་པ་དེ་ནི་ཡེ་ཤེས་ཞེས་བྱ་བའི་གྲངས་སུ་མི་འགྲོ་སྟེ་ཉོན་མོངས་པ་ཅན་མ་ཡིན་པའི་མ་རིག་པ་དང་ལྡན་པའི་ཕྱིར་རོ། །དེ་བཞིན་དུ་ས་བརྒྱད་པ་ཡན་ཆད་ཀྱི་རྣམ་པར་སྨིན་པའི་རྣམ་ཤེས་ལ་ཡང་ཤེས་སྒྲིབ་ཕྲ་མོའི་ས་བོན་ཡོད་པའི་ཕྱིར་ཡེ་ཤེས་སུ་མི་བརྗོད་དེ། གང་གི་ཚེ་རྣམ་པར་སྨིན་པའི་རྣམ་ཤེས་དེ་ཉིད་ཉོན་མོངས་པའི་སྒྲིབ་པའི་རྣམ་རྟོག་སྐྱེད་པའི་ནུས་པ་ཐམས་ཅད་དང་བྲལ་བ་ན་རང་གི་རང་བཞིན་གདོད་མ་ནས་རྣམ་པར་དག་ཅིང་འོད་གསལ་བ་རྒྱུ་དང་རྐྱེན་གྱི་གསར་དུ་སྒྲུབ་པ་མ་ཡིན་པ་དེ་ཉིད་སྒྲིབ་བྱེད་བསལ་བའི་མར་མེ་བཞིན་དུ་མངོན་དུ་འགྱུར་ལ་དེའི་ཚེ་དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱ་བའི་ཐ་སྙད་ཐོབ་པ་ཡིན་ནོ། །ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་རྒྱུན་ཆད་པར་འགྱུར་ཏེ། ཀུན་གཞི་ཕྱི་མ་འཚམས་སྦྱོར་བའི་ལྷན་གཅིག་བྱེད་པའི་རྐྱེན་སྲེད་པ་དང་བྲལ་བའི་ཕྱིར་རོ། །དག་ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་མ་རིག་བག་ཆགས་ཀྱི་རྐྱེན་ལས་བྱུང་བ་ཤེས་སྒྲིབ་ཕྲ་མོའི་ངོ་བོར་གྱུར་པའི་རྣམ་པར་རྟོག་པས་ཟག་པ་མེད་པའི་ལས་ཀྱི་ས་བོན་བསོས་ཏེ། རྣམ་པར་སྨིན་པའི་རྣམ་ཤེས་གཞན་འཚམས་སྦྱོར་བར་བྱེད་ལ། དེ་ཉིད་ལ་བསམ་གྱིས་མི་ཁྱབ་པ་སྒྱུར་བའི་འཆི་འཕོ་དང་སྐྱེ་བ་ཞེས་ཀྱང་བྱའོ། །

ཇི་ལྟར་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་སྨིན་པའི་རྣམ་ཤེས་དེ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་རྒྱུན་ཆད་པ་ལྟར། དག་པ་སའི་རྣམ་པར་སྨིན་པའི་རྣམ་ཤེས་དེ་ཡང་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་མཇུག་ཐོགས་སུ་རྒྱུན་ཆད་པར་ཅི་སྟེ་མི་འགྱུར་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་རྣམ་པར་སྨིན་པའི་རྣམ་ཤེས་དེ་ནི་སྐྱེ་བ་སྔ་མའི་ལས་ཀྱི་འཕེན་པའི་དབང་གིས་འཇུག་པ་ཡིན་ལ། དེའི་ཕྱིར་དེ་ནི་ཇི་སྲིད་འཚོའི་བར་དུ་གནས་པར་འགྱུར་གྱི་གང་གི་ཚེ་དེ་དག་ཚེའི་དུས་བྱེད་པ་དེའི་ཚེ་རྒྱུན་འཆད་པར་འགྱུར་ལ། གཞན་འཚམས་སྦྱོར་བའི་ལས་ཀྱང་མ་བསགས་པའི་ཕྱིར་རྒྱུན་འཆད་པར་རིགས་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བསྐལ་པ་དཔག་ཏུ་མེད་པར་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པ་གང་ཡིན་པ་དེ་ནི་འཁོར་བ་ཇི་སྲིད་མ་སྟོངས་ཀྱི་བར་དུ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རང་གི་ངང་གི་འཇུག་པར་བྱ་བའི་དོན་དུ་ཡིན་ལ། དེའི་ཕྱིར་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་རྣམས་ནི་འཁོར་བ་ཇི་སྲིད་དུ་འཇུག་པར་རིགས་ཏེ། དེ་ལྟར་འཇུག་པའི་རྒྱུ་ཚོགས་གཉིས་རྒྱ་ཆེན་པོ་སྔོན་དུ་སོང་བའི་ཕྱིར་དང་། འགལ་རྐྱེན་ཉོན་མོངས་པ་རྣམ་པར་རྟོག་པའི་འཚེ་བ་མ་ལུས་པ་སྤངས་པའི་ཕྱིར་རོ། །འགལ་རྐྱེན་མེད་ཅིང་མཐུན་རྐྱེན་ཚང་བའི་འབྲས་བུ་ཡང་རང་གི་རྒྱུའི་ནུས་པ་ཇི་སྲིད་མ་གཏུགས་ཀྱི་བར་དུ་འཇུག་པར་མཐོང་སྟེ། དཔེར་ན་བུད་ཤིང་སྐམ་པོ་མར་གྱིས་འབྲན་པ་ལ་མེ་བཞིན་ནོ། །མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་ནི་འཁོར་བ་ཇི་སྲིད་དུ་རང་གི་ངང་གིས་འཇུག་པ་ནི་རིགས་པ་ན། དེ་ལྟ་ན་ཡང་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་རྒྱུན་ཆད་པར་ཇི་ལྟར་མི་འགྱུར་ཞེ་ན། མ་ཡིན་ཏེ། མེ་ལོང་ལྟ་བུའི་ཡེ་ཤེས་ནི་རྣམ་པར་སྨིན་པའི་རྣམ་ཤེས་ཀྱི་རིག་རྒྱུན་ཡིན་པའི་ཕྱིར་རོ། །གཞན་དུ་ན་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སྐལ་མཉམ་གྱི་རྒྱུ་མེད་པས། འདི་རྒྱུ་མེད་པར་འགྱུར་ལ། དེ་ལྟ་ན། འདི་ནི་རི་བོང་གི་རྭ་ལྟར་གཏན་མེད་པའམ། ཡང་ན་གང་ན་ཡང་མེད་པ་མ་ཡིན་པར་འགྱུར་རོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པའི་མ་བཅོས་པའི་རང་གི་རང་བཞིན་གང་ཡིན་པ་དང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ལ་ཁྱད་པར་ཅུང་ཟད་ཀྱང་མེད་དེ། གཉིས་ཀ་ཡང་རྣམ་པར་དག་ཅིང་འོད་གསལ་བའི་རང་བཞིན་ཅན་དུ་མཚུངས་པའི་ཕྱིར་རོ། །གཞན་དུ་ན་ཀུན་གཞིའི་རྣམ་པར་ཤེས་པ་དྲི་མ་དང་བྲལ་ཏེ་གནས་གྱུར་པ་མེ་ལོང་ལྟ་བུའི་ཡེ་ཤེས་སུ་ཇི་ལྟར་འགྱུར་ཏེ། སོལ་བ་རྐྱེན་གྱིས་ཇི་ཙམ་སྦྱངས་ཀྱང་དུང་དུ་འགྱུར་བ་ནི་མ་ཡིན་ནོ། །

གང་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ནི་དྲི་མའི་རང་བཞིན་ཡིན་པས་དེའི་ངོ་བོ་ནམ་ཡང་ཡེ་ཤེས་སུ་འགྱུར་བ་ནི་མ་ཡིན་གྱི་འོན་ཀྱང་དེ་ལམ་གྱིས་སྤངས་པ་ན་མེ་ལོང་ལྟ་བུའི་ཡེ་ཤེས་གཞན་ཞིག་གསར་དུ་སྐྱེ་བ་ཡིན་ནོ། །ཞེས་སྨྲ་བར་བྱེད་དེ། དེ་དག་གི་ལྟར་ན། མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམས་ནི་སྐལ་མཉམ་གྱི་རྒྱུ་མེད་པའི་ཕྱིར་རྒྱུ་མེད་གློ་བུར་བར་འགྱུར་ཞིང་། ཀུན་གཞི་ལ་སོགས་པའི་རྣམ་པར་ཤེས་པ་རྣམས་ནི་འདོད་ཆགས་ལས་སོག་པ་བཞིན་དུ་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་ཡིན་པའི་ཕྱིར། གློ་བུར་བའི་རྐྱེན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པ་མ་ཡིན་པར་འགྱུར་ཞིང་། དེ་ཉིད་ཀྱི་ཕྱིར་རང་བཞིན་གྱི་འོད་གསལ་བ་ཡང་མ་ཡིན་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། མདོ་ལས། སེམས་ནི་རང་བཞིན་འོད་གསལ་ཏེ། །རྙོག་པར་བྱེད་པ་ཡིད་ཡིན་ནོ། །ཞེས་དང་། སེམས་འདི་ནི་ཡུན་རིང་པོ་ནས་འདོད་ཆགས་ཀྱི་ཀུན་ནས་ཉོན་མོངས་པ་ཅན་དུ་གྱུར་ཞེས་དང་། སེམས་ནི་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་འོད་གསལ་བའོ། །ཞེས་པ་ལ་སོགས་པ་གསུངས་པའི་ཕྱིར་རོ། །

ཅི་སྟེ་སེམས་ཀྱི་ཆོས་ཉིད་རང་བཞིན་གྱི་འོད་གསལ་ལ་དགོངས་པ་ཡིན་ནོ་ཞེ་ན་ཉོན་མོངས་པ་རྣམས་ཀྱི་ཆོས་ཉིད་རང་བཞིན་གྱི་འོད་གསལ་བ་མ་ཡིན་ནམ། གང་གིས་ན་སེམས་ཀྱི་རང་བཞིན་འོད་གསལ་ཞེས་སེམས་ཁོ་ན་ངེས་པར་བཟུང་། གཞན་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་། སེམས་རྣམས་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་མཚུངས་ན་གང་གིས་ན་འདོད་ཆགས་ལ་སོགས་པ་ངེས་པར་བཟུང་ནས་དེ་དག་གིས་ཉོན་མོངས་པ་ཅན་དུ་བྱས་སོ་ཞེས་བརྗོད་པར་བྱེད། །དེ་བས་ན་སེམས་རྣམས་རང་གི་རིགས་འདྲ་སྔ་མའི་རྒྱུ་དང་རྐྱེན་ལས་རང་བཞིན་གྱིས་འོད་གསལ་བའི་ངོ་བོར་སྐྱེ་བ་ཡིན་ལ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་རང་རྒྱུ་ལས་ཀུན་ནས་ཉོན་མོངས་པ་ཅན་དུ་སྐྱེ་བ་ཡིན་པས། དེའི་ཕྱིར་དེ་དག་ནི་དྲི་མའི་རང་བཞིན་ཅན་ཡིན་པས། གཉེན་པོས་ཀྱང་འདི་དག་གི་རིགས་འདྲ་རྒྱུན་གཅོད་པར་བྱེད་ཅིང་། སེམས་རྣམས་ནི་ཉོན་མོངས་པ་གཞན་དང་འགྲོགས་པའི་སྟོབས་ཀྱིས་དྲི་མ་ཅན་དུ་གྱུར་པ་ཡིན་གྱི་རང་གི་ངོ་བོ་མ་ཡིན་པས། ལམ་གྱིས་ཀྱང་གནས་གྱུར་པར་བྱེད་ཀྱི་རིགས་འདྲ་རྒྱུན་གཅོད་པར་བྱེད་པ་ནི་མ་ཡིན་ནོ། །དེ་ལྟར་བྱས་ན་སྔར་དྲངས་པའི་མདོ་སྡེ་དག་གི་དོན་ལ་ལེགས་པར་འབྱོར་པར་འགྱུར་གྱི། གཞན་དུ་མ་ཡིན་ནོ། །དེ་བས་ན་སེམས་ཅན་གྱི་གནས་སྐབས་རྣམས་ཀྱི་རྣམ་པར་ཤེས་པ་བརྒྱད་ཀྱི་མ་བཅོས་པའི་རང་བཞིན་གང་ཡིན་པ་དང་དེ་དག་གནས་གྱུར་པའི་སངས་རྒྱས་ཀྱི་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་རྣམས་འོད་གསལ་ཞིང་རྣམ་པར་དག་པའི་རང་བཞིན་ཅན་དུ་མཚུངས་པའི་ཕྱིར། དེ་ཙམ་ལ་དགོངས་ནས་སེམས་ཅན་རྣམས་ལ་སངས་རྒྱས་ཀྱི་སྟོབས་སོགས་ཡོན་ཏན་དང་། ཡེ་ཤེས་རྣམས་གདོད་མ་ནས་རྗེས་སུ་ཞུགས་སོ་ཞེས་སྟོང་གསུམ་དར་ཡུག་ཆེན་མོའི་དཔེ་དང་བཅས་ཏེ་གསུངས་པ་ཡིན་གྱི། གང་དག་སྟོབས་སོགས་ཀྱི་ཡོན་ཏན་རྟག་པའི་རང་བཞིན་ཅན་དངོས་སུ་ཡོད་པར་སྨྲ་བ་དང་། གཞན་དག་དེ་དག་གི་ཆོས་ཉིད་ཡོད་པ་ལ་དགོངས་སོ་ཞེས་འཆད་པ་གཉིས་ཀ་ཡང་། ཡང་དག་པ་མ་ཡིན་པར་རྟོགས་སོ། །

དེ་ལྟར་ན་སེམས་ཀྱི་རང་བཞིན་ནི་འདུས་མ་བྱས་པ་ཡིན་པས་མདོ་ལས་འདུས་མ་བྱས་པའི་ཡོན་ཏན་ཞེས་གསུངས་པ་དང་། ཇི་ལྟར་འགྲིག་ཅེ་ན། དཔེར་ན་མེ་ནི་ཚ་བའི་རང་བཞིན་དུ་རྒྱུ་ལས་སྐྱེས་པ་ལ་མེའི་ཚ་བ་ནི་སུས་ཀྱང་མ་བྱས་ཞེས་འཇིག་རྟེན་ན་བརྗོད་པ་ལྟར། སེམས་རྣམས་ཀྱང་རྣམ་པར་དག་ཅིང་འོད་གསལ་བའི་རང་བཞིན་ཅན་དུ་རྐྱེན་གྱིས་མ་བསྒྱུར་བར་སྐྱེ་བས་དེའི་ཕྱིར་དེ་ཙམ་ལ་བསམ་ནས་འདུས་མ་བྱས་པ་ཞེས་གསུངས་ལ། སེམས་གང་ཅི་ཡང་རུང་བ་དེ་དག་གི་ངོ་བོ་འོད་གསལ་བ་ལས་གཞན་གང་དུ་ཡང་རྐྱེན་གྱིས་སྒྱུར་བར་མི་ནུས་པའི་ཕྱིར། དེ་དག་གི་རང་བཞིན་འོད་གསལ་དེ་ནི་རྟག་པ་ཞེས་ཀྱང་བྱ་སྟེ། དཔེར་ན་མེ་ནི་རྟག་ཏུ་ཚ་བའི་རང་བཞིན་ཡིན་ནོ་ཞེས་པ་བཞིན་ནོ། །ཅི་སྟེ་འདོད་ཆགས་ལ་སོགས་པའི་རྐྱེན་གྱིས་སེམས་རྣམས་དྲི་མ་ཅན་དུ་སྐྱེ་བ་མ་ཡིན་ནམ། ཇི་ལྟར་ན། དེ་དག་གི་རང་བཞིན་རྐྱེན་གྱིས་བསྒྱུར་དུ་མི་རུང་ཞེས་བརྗོད་ཅེ་ན། དཔེར་ན་གསེར་ལ་དྲི་མ་རྗེས་སུ་ཞུགས་པ་ན་གསེར་གྱི་རང་བཞིན་དོར་ནས་དྲི་མའི་ངོ་བོར་སྐྱེས་པ་ནི་མ་ཡིན་ཏེ། སྲེག་པ་ལ་སོགས་པའི་ཐབས་ཀྱིས་དྲི་མ་ལས་གསེར་ཐ་དད་དུ་དབྱེ་བར་མི་ནུས་པར་ཐལ་བའི་ཕྱིར་རོ། །འོན་ཀྱང་དྲི་མ་དང་བཅས་པའི་ཚེ་གསེར་གྱི་རང་བཞིན་རྣམ་པར་དག་ཅིང་འོད་གསལ་བ་མི་མངོན་པས་གསེར་དྲི་མ་ཅན་ཞེས་བརྗོད་ཀྱི་གསེར་བཟང་པོ་ཞེས་ནི་མི་བརྗོད་ལ་གང་གི་ཚེ་སྲེགས་པ་ལ་སོགས་པའི་ཐབས་ཀྱིས་དྲི་མ་ལེགས་པར་སྦྱངས་ཏེ་རང་བཞིན་རྣམ་པར་དག་ཅིང་འོད་གསལ་བ་འབའ་ཞིག་ལུས་ཏེ། དེ་ཙམ་ཞིག་མངོན་དུ་གྱུར་པ་ན་གསེར་བཟང་པོ་ཞེས་འཇིག་རྟེན་ན་བསྔགས་པ་བརྗོད་མོད་ཀྱི་དྲི་མ་ཅན་དང་རྣམ་པར་དག་པའི་གནས་སྐབས་གཉིས་ཀ་ཡང་དག་ཅིང་འོད་གསལ་བའི་རང་བཞིན་ཅན་དུ་མཚུངས་པ་ཡིན་ནོ། །དེ་བཞིན་དུ་སེམས་འདི་ཡང་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་འགྲོགས་པའི་ཚེ་ཡང་རང་གི་རང་བཞིན་དོར་ནས་དེ་དག་གི་ངོ་བོར་སྐྱེས་པ་ནི་མེད་མོད་ཀྱི། འོན་ཀྱང་རང་གི་རང་བཞིན་ནི་ཉོན་མོངས་པ་དག་གི་ཟིལ་གྱིས་མནན་པས་མི་མངོན་ལ་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་དག་གི་རང་བཞིན་ནི་གསེར་གྱི་དྲི་མ་བཞིན་དུ་ཆེས་གསལ་བར་འགྱུར་ལ། དེའི་ཚེ་སེམས་དེ་ལ་ཡང་ཉོན་མོངས་པ་ཅན་དང་། དྲི་མ་ཅན་ལ་སོགས་པའི་ཐ་སྙད་བྱེད་ལ། གང་གི་ཚེ་ལམ་གྱིས་ཉོན་མོངས་པ་དང་རྣམ་པར་རྟོགས་པ་རྣམས་གསེར་གྱི་དྲི་མ་ལྟར་ལེགས་པར་སྦྱངས་ཏེ། སེམས་རང་གི་རང་བཞིན་རྣམ་པར་དག་ཅིང་འོད་གསལ་བ་ཙམ་ཞིག་མངོན་དུ་གྱུར་པ་ན། སེམས་དེ་ལ་མེ་ལོང་ཡེ་ཤེས་སོགས་ཐ་སྙད་འདོགས་ཀྱང་སྔར་གྱི་རང་བཞིན་དང་ཁྱད་པར་ཅུང་ཟད་ཀྱང་ཡོད་པ་མ་ཡིན་ནོ། །

ཡང་རྣམ་པར་དག་ཅིང་འོད་གསལ་བ་ཤེས་པ་འདིའི་དོན་ཅི་ཞེ་ན། རང་གི་ངོ་བོ་ཉིད་ཀྱིས་དྲི་མའི་རང་བཞིན་དུ་མ་སྐྱེས་པ་སྟེ། དཔེར་ན་ཆུ་རང་བཞིན་གྱི་རྣམ་པར་དག་པ་བཞིན་ནོ། །སེམས་ཡང་ངོ་བོ་ཉིད་ཀྱིས་རྣམ་པར་དག་པའི་རང་བཞིན་དུ་སྐྱེས་མོད་ཀྱི་རྐྱེན་གྱི་དབང་གིས་དྲི་མ་ཅན་དུ་གྱུར་པ་ཡིན་ནོ། །རྐྱེན་མེད་ན་རང་གི་གནས་ལུགས་གསལ་བར་བྱེད་པའི་ཕྱིར་འོད་གསལ་བ་ཞེས་བྱ་ཏེ། དཔེར་ན་སྒྲོན་མེའི་འོད་བཞིན་ནོ། །སེམས་རྣམས་ཀྱང་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའི་རྐྱེན་གྱིས་གཙང་བདེ་རྟག་བདག་སོགས་ཕྱིན་ཅི་ལོག་ཏུ་གོལ་བ་ཡིན་གྱི་རྐྱེན་དེ་དང་བྲལ་ན་ནི་རང་གི་གནས་ལུགས་གཉིས་མེད་ཀྱི་དེ་ཁོ་ན་ཉིད་ནི་རང་ཉིད་ཀྱིས་གསལ་བར་སྟོན་པར་འགྱུར་བ་ཡིན་ནོ། །དེའི་ཕྱིར་སེམས་ནི་རང་བཞིན་གྱིས་དག་ཅིང་འོད་གསལ་བ་ཞེས་བྱའོ། །དེ་ལྟར་སེམས་རང་བཞིན་གྱིས་འོད་གསལ་ཞིང་རྣམ་པར་དག་པའི་དོན་ཤེས་ན། ངེས་པའི་དོན་གྱི་མདོ་སྡེ་དང་། དེ་དག་གི་མན་ངག་ཟབ་མོ་རྣམས་ཀྱི་དགོངས་པ་རྣམས་བདེ་བླག་ཏུ་རྟོགས་ཤིང་། ཆུ་ཁམས་གསེར་དང་ནམ་མཁའ་རྣམས། །དག་པ་བཞིན་དུ་དག་པར་འདོད། །ཅེས་སོགས་གནས་གྱུར་སྟོན་པའི་གཞུང་རྣམས་ཀྱི་དོན་ཡང་ཕྱིན་ཅི་མ་ལོག་པར་རྟོགས་པར་འགྱུར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་འཇུག་པ་དང་ལྡོག་པའི་ཚུལ་རྣམ་པར་བཞག་པ་བཤད་ཟིན་ཏོ། །

ད་ནི་འདི་དཔྱད་སྟེ་གང་ཀུན་གཞིའི་རྣམ་པར་ཤེས་པ་དང་ལྡན་པ་དེ་ནི་འཇུག་པའི་རྣམ་པར་ཤེས་པ་དང་ལྡན་ལ། གང་འཇུག་པའི་རྣམ་པར་ཤེས་པ་དང་ལྡན་པ་དེ་ཡང་། ཀུན་གཞིའི་རྣམ་པར་ཤེས་པ་དང་ལྡན་པ་ཡིན་ནམ་ཞེ་ན། མུ་བཞི་སྟེ། ཀུན་གཞིའི་རྣམ་པར་ཤེས་པ་དང་ལྡན་ལ། འཇུག་པའི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི། གཉིད་ལོག་པ་སེམས་མེད་པ་དང་། བརྒྱལ་བར་གྱུར་པ་སེམས་མེད་པ་དང་། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་དང་། འགོག་པའི་སྙོམས་པར་འཇུག་པ་ལ་སྙོམས་པར་ཞུགས་པ་དང་། འདུ་ཤེས་མེད་པའི་སེམས་ཅན་རྣམས་ཀྱི་ནང་དུ་སྐྱེས་པའོ། །འཇུག་པའི་རྣམ་པར་ཤེས་པ་དང་ལྡན་ལ། ཀུན་བཞིའི་རྣམ་པར་ཤེས་པ་དང་མི་ལྡན་པ་ནི། སེམས་ཡོད་པའི་གནས་སྐབས་ན། དགྲ་བཅོམ་པ་དང་རང་སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པའོ། །གཉིས་ཀ་དང་ལྡན་པ་ནི་སེམས་ཡོད་པའི་གནས་སྐབས་དེ་ལས་གཞན་པ་དག་ནའོ། །གཉིས་ཀ་དང་མི་ལྡན་པ་ནི། དགྲ་བཅོམ་པ་དང་། རང་སངས་རྒྱས་དང་། ཕྱིར་མི་ལྡོག་པའི་བྱང་ཆུབ་སེམས་དཔའ་དང་། དེ་བཞིན་གཤེགས་པ་འགོག་པ་ལ་སྙོམས་པར་ཞུགས་པ་དང་། ཕུང་པོ་ལྷག་མ་མེད་པའི་མྱ་ངན་འདས་པའི་དབྱིངས་ནའོ། །ཞེས་གཏན་ལ་དབབ་པ་བསྡུ་བ་ལས་གང་གསུངས་པ་ལྟར་རོ། །

ས་བོན་ཡོངས་སུ་འཛིན་པ་དང་ལྡན་པ་ཀུན་གཞིའོ་ཞེས་བརྗོད་ན། ས་བོན་ལ་བག་ཆགས་ཞེས་བྱ་བ་འདིའི་རང་བཞིན་ཅི་ཞེ་ན། འདི་ནི། གང་གིས་སྒོ་བར་བྱེད་པ་དང་། གང་ལ་སྒོ་བར་བྱ་བ་དང་། ཚུལ་ཇི་ལྟར་སྒོ་བ་དང་། སྒོས་པའི་རང་བཞིན་གང་ཡིན་པ་དག་གིས་ཤེས་པར་བྱའོ། །བར་བྱེད་པ་ནི་སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ཡིན་གྱི་ཕྱི་རོལ་གྱི་གཟུགས་ལ་སོགས་པ་ནི་མ་ཡིན་ཏེ། དེ་དག་གི་སྒོ་བར་བྱ་བ་དང་འབྲེལ་པ་མེད་པའི་ཕྱིར་རོ། །སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་ཡིན་གྱི་མིག་ལ་སོགས་པ་དག་ནི་མ་ཡིན་ཏེ། དེ་དག་གི་དམིགས་པ་དང་རྣམ་པ་མི་འཛིན་པས་བླུན་པ་ཉིད་ཀྱི་ཕྱིར་རོ། །གང་ལས་མིག་ལ་སོགས་པའི་དབང་པོ་རྣམས་འབྱུང་བའི་ས་བོན་དེ་དག་གང་གིས་འཇོག་པར་བྱེད་ཅེ་ན། དེ་ནི་མིག་རྣ་ཞེས་སོགས་མངོན་པར་བརྗོད་པའི་རྗེས་སུ་འབྲང་བའི་ཡིད་ཀྱིས་རྣམ་པར་ཤེས་པས་འཇོག་པར་བྱེད་དེ། དེས་གཞག་པའི་མངོན་པར་བརྗོད་པའི་བག་ཆགས་ལས་བྱུང་བའི་ཕྱིར་རོ། །

དམིགས་རྣམ་མི་འཛིན་ན་བག་ཆགས་སྒོ་བར་མི་བྱེད་དོ་ཞེས་པ་འདི་གང་ལས་ཤེས་ཞེ་ན། རིག་པ་ལས་ཏེ། འདི་ལྟར་སེམས་དང་སེམས་ལས་བྱུང་བ་དམིགས་རྣམ་འཛིན་པ་དག་ལ་ཡང་དམིགས་རྣམ་མི་གསལ་བ་ཅན་འགའ་ཞིག་ལ་བག་ཆགས་འཇོག་པའི་ནུས་པ་མེད་པར་མཐོང་ཏེ། གང་གི་ཚེ་ཡིད་རྣམ་པར་གཡེངས་པ་དང་། དམིགས་པ་ནང་དུ་གཏད་པ་ལ་སོགས་པའི་གནས་སྐབས་ན་མིག་གིས་གཟུགས་མཐོང་བ་དང་རྣ་བས་སྒྲ་ཐོས་པ་ལ་སོགས་པའི་དབང་ཤེས་སྐྱེས་ཀྱང་དེའི་ཚེ་གཟུགས་སམ་སྒྲའི་རྣམ་པ་འདི་དང་འདི་ལྟ་མཐོང་ངོ་ཐོས་ཞེས་པའི་དྲན་པ་སྐྱེ་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ལ་ནི་རང་དྲན་པའི་བག་ཆགས་བསྐྱེད་པའི་ནུས་པ་མེད་པར་དེ་ཉིད་ཀྱིས་ཤེས་པ་ཡིན་ནོ། །གང་གི་ཚེ་ཡིད་གཏད་དེ་གཟུགས་མཐོང་བའམ་སྒྲ་ཐོས་པ་དེའི་ཚེ་དུས་ཕྱིས་ཇི་ལྟར་བ་བཞིན་དུ་རང་དྲན་པའི་ཤེས་པ་སྐྱེ་བར་མཐོང་ལ། དེའི་ཕྱིར་སྔར་གྱི་དབང་ཤེས་དེ་དག་ལ་རང་དྲན་པའི་ཤེས་པ་བསྐྱེད་པའི་བག་ཆགས་སྒོ་བའི་ནུས་པ་ཡོད་པར་ཤེས་པ་ཡིན་ནོ། །

དེ་ལྟར་ན་དམིགས་རྣམ་མི་གསལ་བ་དག་ལ་ཡང་བག་ཆགས་འཇོག་པའི་ནུས་པ་མེད་ན་དམིགས་རྣམ་གཏན་མི་འཛིན་པ་དག་ལ་བག་ཆགས་འཇོག་པའི་ནུས་པ་ཡོད་པ་ལྟ་ཅི་སྨོས། གཞན་ཡང་གཉིད་དང་། གདོན་གྱིས་བརླམས་པ་དང་། སྨྱོས་པ་ལ་སོགས་པའི་གནས་སྐབས་ཀྱི་སེམས་དགེ་བའམ་མི་དགེ་བ་སྐྱེས་པ་གང་ཡིན་པ་དེ་དག་ཀྱང་དམིགས་རྣམ་མི་གསལ་བའི་ཕྱིར་བག་ཆགས་བསྒོ་བར་བྱེད་པ་མ་ཡིན་ཏེ། ཅི་སྟེ་བག་ཆགས་སོག་པར་བྱེད་པ་ཡིན་ན་བྱས་ཤིང་བསགས་པ་ཞེས་བྱ་བའི་ལས་ཀྱི་གྲངས་སུ་འགྲོ་བར་འགྱུར་ན་འདི་དག་ནི་བྱས་ལ་མ་བསགས་པའི་ལས་སུ་གཏོགས་པ་ཡིན་པའི་ཕྱིར་རོ། །ཀུན་གཞི་ནི་དམིགས་རྣམ་མི་གསལ་བའི་ཕྱིར་དང་། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་སྒོ་བར་མི་རུང་ལ། དེ་དང་མཚུངས་ལྡན་གྱི་སེམས་ལས་བྱུང་བ་དག་གིས་ཀྱང་སྒོ་བར་མི་བྱེད་དེ། དེ་དག་ཀྱང་ཀུན་གཞི་བཞིན་དུ་དམིགས་རྣམ་ཤིན་ཏུ་མི་གསལ་བའི་ཕྱིར་རོ། །དེ་ལྟར་ན་དམིགས་པ་དང་རྣམ་པ་གསལ་པོ་ཅན་གྱི་ཚོགས་བདུན་འཁོར་བཅས་ཁོ་ནས་བག་ཆགས་སྒོ་བར་བྱེད་ཀྱི་གཞན་གྱི་ནི་མ་ཡིན་ནོ་ཞེས་བྱ་འདི་གྲུབ་པ་ཡིན་ནོ། །ཅི་ཙམ་གྱིས་ན་དམིགས་པ་དང་རྣམ་པར་གསལ་བར་བརྗོད་པར་བྱ་ཞེ་ན། ཉོན་མོངས་པ་ཅན་གྱི་ཡིད་ནི་རྟག་ཏུ་ངར་རློམ་སེམས་པའི་རྣམ་པ་ཅན་ཡིན་པས་དམིགས་པ་དང་རྣམ་པ་བཀྲ་བར་འཛིན་པ་ཅན་ཡིན་ལ། དེའི་ཕྱིར་དེ་དག་འཁོར་དང་བཅས་པས་ནི་རྟག་ཏུ་བདག་ཏུ་ལྟ་བའི་བག་ཆགས་སྒོ་བར་བྱེད་པ་ཡིན་ནོ། །

ཡིད་ཀྱི་རྣམ་པར་ཤེས་པ་ལ་ཡང་། གཉིད་དང་གདོན་གྱིས་བརླམས་པ་ལ་སོགས་པ་རྐྱེན་གྱིས་དཀྲུགས་ཏེ་རང་བཞིན་དུ་མི་གནས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་དམིགས་པ་དང་རྣམ་པར་མི་གསལ་བ་ཞེས་བྱ་ལ། དེ་ནི་དགེ་མི་དགེའི་རང་བཞིན་གང་དུ་སྐྱེས་ཀྱང་བག་ཆགས་སྒོ་བར་བྱེད་པ་མ་ཡིན་ནོ། །གང་གི་ཚེ་རྐྱེན་གྱིས་མ་དཀྲུགས་ཤིང་རང་བཞིན་དུ་གནས་པ་དེའི་ཚེ་དམིགས་རྣམས་གསལ་བ་ཞེས་བརྗོད་ལ། དེའི་ཚེ་དགེ་བའམ་མི་དགེ་བར་སྐྱེས་པ་དག་གིས་ནི་ལས་ཀྱི་བག་ཆགས་སྒོ་བར་བྱེད་ལ། ལུང་དུ་མ་བསྟན་པ་དག་གིས་མངོན་པར་བརྗོད་པའི་བག་ཆགས་འཇོག་པར་བྱེད་དོ། །དབང་པོའི་རྣམ་པར་ཤེས་པ་རྣམས་ལ་གང་ཡིད་ཀྱི་རྣམ་པར་ཤེས་པ་རང་བཞིན་དུ་གནས་པར་བཤད་པ་གང་ཡིན་པ་དེ་དང་། དམིགས་པ་གཅིག་ལ་ལྷན་ཅིག་ཏུ་འཇུག་པ་གང་ཡིན་པ་དེ་དག་ནི་དམིགས་པ་དང་རྣམ་པ་གསལ་པོ་ཅན་ཞེས་བྱ་ལ། དེ་དག་དགེ་བའམ་མི་དགེ་བར་སྐྱེས་པ་དག་གི་ལས་ཀྱི་བག་ཆགས་སྒོ་བར་བྱེད་ལ། ལུང་དུ་མ་བསྟན་པར་གྱུར་པ་དག་གིས་ཀྱང་རྒྱུ་མཐུན་གྱི་བག་ཆགས་སྒོ་བར་བྱེད་དོ། །དབང་ཤེས་གང་རྐྱེན་གྱིས་དཀྲུགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་མི་གསལ་བ་དག་དང་དམིགས་པ་གཅིག་ལ་ལྷན་ཅིག་ཏུ་འཇུག་པ་དག་དང་། ཡིད་རང་བཞིན་དུ་གནས་ཀྱང་། ཡུལ་གཞན་ལ་རྣམ་པར་གཡེངས་པ་ལ་སོགས་པའི་གནས་སྐབས་ཀྱི་དབང་ཤེས་རྣམས་ནི། དམིགས་རྣམ་མི་གསལ་བ་ཞེས་བྱ་ལ། དེ་དག་ནི་དགེ་མི་དགེ་ལུང་མ་བསྟན་གང་དུ་སྐྱེས་ཀྱང་བག་ཆགས་སྒོ་བར་བྱེད་པ་མ་ཡིན་ནོ། །གང་གིས་བག་ཆགས་སྒོ་བར་བྱེད་པའི་རང་བཞིན་ནི་དེ་འདྲ་བ་ཡིན་ནོ། །

གང་ལ་བསྒོ་བར་བྱ་བའི་གཞི་ཇི་ལྟ་བུ་ཞེ་ན། དེ་ཡང་སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ཁོ་ན་ལ་ཡིན་གྱི་ཕྱི་རོལ་གྱི་དོན་ལ་ནི་མ་ཡིན་ཏེ། དེ་དག་ནི་སྒོ་བྱེད་དང་འབྲེལ་པ་མེད་པའི་ཕྱིར་དང་། གང་ལ་བག་ཆགས་སྒོས་པ་དེ་ཉིད་ལ་འབྲས་བུ་ཡང་རྣམ་པར་སྨིན་པར་འགྱུར་ན། ཕྱི་རོལ་གྱི་ཁམས་ལ་ནི་ལས་ཀྱི་འབྲས་བུ་སྨིན་པར་རིགས་པ་མ་ཡིན་ཏེ་མདོ་ལས། ལས་བྱས་ཤིང་བསགས་པ་རྣམས་ཀྱི་རྣམ་པར་སྨིན་པ་ནི་ཕྱི་རོལ་གྱི་སའི་ཁམས་ལ་མ་ཡིན་ཞེས་པ་ནས། ཟིན་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་སྨིན་པར་འགྱུར་རོ། །ཞེས་གསུངས་པའི་ཕྱིར་རོ། །སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ལས་ཡང་མིག་ལ་སོགས་པ་ནི་བག་ཆགས་སྒོ་བའི་གཞིར་རུང་བ་མ་ཡིན་ཏེ། དེ་དག་ནི་འཁོར་བར་འཁོར་བ་ན་སྐྱེ་བ་ཀུན་དུ་རྒྱུན་བརྟན་པ་མ་ཡིན་པའི་ཕྱིར་ཏེ། གཟུགས་མེད་པར་སྐྱེས་པ་ན་རྒྱུན་འཆད་པའི་ཕྱིར་རོ། །བར་སྐབས་སུ་རྒྱུད་རྒྱུན་ཆད་ཅིང་མི་རྟག་པ་དག་ཀྱང་ལས་ཀྱི་བག་ཆགས་སྒོ་བའི་གཞིར་རུང་པ་མ་ཡིན་ཏེ། འདི་ལྟར་གང་ལ་སྒོས་པའི་གཞི་རྒྱུན་ཆད་པ་ནི་དེ་ལ་བགོས་པའི་བག་ཆགས་ཀྱང་མེད་པར་འགྱུར་ལ། དེ་ལྟ་ན་རྒྱུ་མེད་པའི་ཕྱིར་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པ་རྣམས་ཀྱང་ཆུད་ཟོས་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། མདོ་ལས། ལུས་ཅན་རྣམས་ཀྱི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིང་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་གསུངས་པའི་ཕྱིར་རོ། །རིགས་པ་ཡང་ཡོད་དེ། ཕྱི་རོལ་དུ་ཡང་ཏིལ་ལ་སོགས་པ་རྒྱུད་རྒྱུན་ཆགས་པར་འཇུག་པ་དག་ལ། མེ་ཏོག་ལ་སོགས་པའི་དྲི་བསྒོ་བར་མཐོང་གི་སྒྲ་ལྟར་རྒྱུན་མེད་པའམ། རླུང་ལྟར་ཤིན་ཏུ་གཡོ་བ་དག་ལ་ནི་མེ་ཏོག་གི་དྲི་བསྒོ་བར་མ་མཐོང་པའི་ཕྱིར་རོ། །དེ་བས་ན་བག་ཆགས་སྒོ་བའི་གཞི་ནི་འཁོར་བའི་སྐྱེ་བ་ཀུན་དུ་རྒྱུད་རྒྱུན་ཆགས་པར་འཇུག་པ་ཞིག་དགོས་པ་ཡིན་ནོ། །དེ་ལྟར་རྒྱུད་རྒྱུན་ཆགས་པར་འཇུག་པ་དེ་ལ་དམིགས་པ་དང་རྣམ་པ་རིས་སུ་མ་ཆད་ཅིང་མི་གསལ་བའི་རང་བཞིན་ཅན་ཞིག་དགོས་ཏེ། དེ་ལྟ་བུ་ནི་སྒོ་བྱེད་དགེ་མི་དགེ་ལུང་མ་བསྟན་གང་གི་ཡང་ནུས་པ་འཇུག་ཏུ་རུང་བ་ཡིན་པའི་ཕྱིར་ཏེ། རང་གི་ངོ་བོ་ཤིན་ཏུ་སྟོབས་ཆུང་བའི་ཕྱིར་རོ། །དམིགས་པ་རྣམ་པ་རིས་སུ་ཆད་ཅིང་གསལ་པོ་ཅན་རྣམས་ལ་ནི་བག་ཆགས་སྒོ་བར་རུང་བ་མ་ཡིན་ཏེ། རང་གི་ངོ་བོ་སྟོབས་དང་ལྡན་པས་གཞན་གྱི་ནུས་པ་འཇུག་པའི་གོ་མི་རྙེད་པའི་ཕྱིར་རོ། །

ཕྱི་རོལ་ན་ཡང་གླ་རྩི་དང་སྒོག་སྐྱ་ལ་སོགས་པ་དྲི་ཆེས་སྟོབས་དང་ལྡན་པ་དག་ནི་མེ་ཏོག་ལ་སོགས་པ་རྫས་གཞན་གྱི་དྲི་འཛིན་པར་མི་བྱེད་ལ། ཏིལ་ལ་སོགས་པ་དྲི་མཉམ་ཞིང་སྟོབས་ཞན་པ་དག་གིས་ནི་མེ་ཏོག་གི་དྲི་འཛིན་པ་མཐོང་བ་ཡིན་ནོ། །དེ་བས་ན་ཚོགས་བདུན་དམིགས་རྣམ་རིས་སུ་ཆད་ཅིང་གསལ་བ་དག་ལ་ནི་སྒོ་བར་བྱེད་ནུས་པ་མ་ཡིན་ནོ། །དེ་ལྟར་རྒྱུད་རྒྱུན་ཆགས་ཤིང་དམིགས་རྣམ་རིས་སུ་མ་ཆད་པ་ཡིན་ཡང་གྲངས་ཅན་གྱི་བདག་ཏུ་ལྟ་བུ་རྟགས་པ་དག་ནི་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་ལ་གང་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པ་དེ་དག་ལ་ནི། སྒོ་བྱེད་ཀྱི་ནུས་པ་འཇུག་ཏུ་མི་རུང་བའི་ཕྱིར་སྒོ་བའི་གཞི་མ་ཡིན་གྱི། གཞན་དུ་ན་སྒོ་བྱེད་དག་གི་ཁྱད་པར་སྐྱེད་དུ་རུང་ཞིང་ནུས་པ་འཇུག་རུང་བ་ཞིག་དགོས་པ་ཡིན་ནོ། །དེ་ཡང་སྒོ་བྱེད་དག་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་འབྲེལ་པ་ཞིག་དགོས་ཏེ། རྒྱུད་གཞན་དུ་གཏོགས་པའམ། སྒོ་བྱེད་དང་སྔ་ཕྱིར་གྱུར་པ་དག་ནི། སྒོ་བྱེད་དང་། འབྲེལ་པ་མེད་པས་བསྒོ་བའི་གཞིར་རུང་བ་མ་ཡིན་ནོ། །

དེ་ལྟར་ན་སྐྱེ་བ་ཀུན་དུ་རྒྱུད་རྒྱུན་ཆགས་པར་འཇུག་པ་དང་དེ་ཡང་དམིགས་རྣམ་རིས་སུ་མ་ཆད་ཅིང་མི་གསལ་བ་དང་མི་རྟག་པ་ཉིད་ཀྱིས་སྒོ་བྱེད་ཀྱི་ནུས་པ་འཇུག་ཏུ་རུང་བ་དང་། སྒོ་བྱེད་དང་རྒྱུད་གཅིག་ལ་དུས་གཅིག་ཏུ་འབྲེལ་པ་ཞེས་བྱ་བའི་མཚན་ཉིད་དང་ལྡན་པ་ནི་ཀུན་གཞིའི་རྣམ་ཤེས་ལས་གཞན་ལ་ཡོད་པ་མ་ཡིན་པས་དེའི་ཕྱིར་ཀུན་གཞིའི་རྣམ་ཤེས་ཁོ་ན་བག་ཆགས་སྒོ་བའི་གཞི་ཡིན་ནོ་ཞེས་པ་འདི་གྲུབ་པ་ཡིན་ནོ། །དོན་དེ་དག་ཀྱང་ཐེག་བསྡུས་ལས། །བརྟན་ལུང་མ་བསྟན་སྒོ་བྱ་བ། །སྒོ་བར་བྱེད་དང་འབྲེལ་པ་ལས། །སྒོ་བྱེད་དེ་ལས་གཞན་དུ་མིན། །འདི་ནི་བག་ཆགས་མཚན་ཉིད་དོ། །ཅེས་གསུངས་པས་བསྟན་པ་ཡིན་ནོ། །

དེ་ལ་ལུང་མ་བསྟན་ཞེས་པ་དགེ་མི་དགེར་ལུང་དུ་མ་བསྟན་པ་ལ་འགྲེལ་པ་དག་གིས་འཆད་པ་ནི་རིགས་པར་མ་མཐོང་སྟེ། དེ་ལྟ་ན་ཉོན་མོངས་པ་ཅན་གྱི་ཡིད་ཀྱང་བག་ཆགས་སྒོ་བའི་གཞིར་ཐལ་བར་འགྱུར་ཏེ། བསྟན་ལུང་མ་བསྟན་ཞེས་པའི་ཚིགས་སུ་བཅས་པའི་དོན་ཚང་བའི་ཕྱིར་རོ། །ཅི་སྟེ་དེ་ནི་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་གྱུར་པ་ལ་སོགས་པའི་ཆོས་རྒྱུན་ཆད་པའི་ཕྱིར་རོ་ཞེ་ན། དེ་ཙམ་གྱིས་མི་བརྟན་པ་མ་ཡིན་ཏེ། ཇི་སྐད་དུ་སེམས་དང་སེམས་ལས་བྱུང་པའི་ཆོས་བརྟན་པ་དེ་དག་ལས་ཀྱང་ཁ་ཅིག །ཅེས་དེ་ཡང་བརྟན་པར་གསུངས་པའི་ཕྱིར་རོ། །དེ་བས་ན་ལུང་དུ་མ་བསྟན་པའི་དོན་ནི་ཁོ་བོས་བཤད་པ་ལྟར་དམིགས་རྣམ་རིས་སུ་མ་ཆད་ཅིང་མི་གསལ་བའི་དོན་ཅན་དུ་འཐད་པ་ཡིན་ནོ། །ཇི་སྐད་བཤད་པའི་མཚན་ཉིད་དག་ནི་ཀུན་གཞིའི་འཁོར་གྱི་སེམས་བྱུང་དག་ལ་ལྡན་པའི་ཕྱིར་བག་ཆགས་སྒོ་བའི་གཞིར་འགྱུར་རོ་ཞེ་ན། མ་ཡིན་ཏེ། སེམས་ལས་བྱུང་བ་དག་ནི་སྐད་ཅིག་རེ་རེ་ཞིང་སེམས་ལ་རྟེན་ནས་འབྱུང་བས་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་འབྱུང་བའི་རྒྱུད་རྒྱུན་ཆགས་པ་མེད་པས་བརྟན་པ་མ་ཡིན་ནོ། །

ཡང་ན་གང་ཞིག་རྟེན་དུ་རུང་བ་དེ་ཁོ་ན་སྒོ་བར་བྱ་བའི་གཞི་ཡིན་ཏེ་གཞན་དུ་བག་ཆགས་ཀྱི་རྟེན་དུ་ཡང་མི་རུང་བའི་ཕྱིར་རོ། །སེམས་ལས་བྱུང་བ་དག་ནི་གཞན་ལ་བརྟེན་པ་ཁོ་ན་ཡིན་གྱི་གཞན་ལ་མ་བརྟེན་པར་རང་གནས་པའི་མཐུ་མེད་པས། དེའི་ཕྱིར་བག་ཆགས་སྒོ་བར་བྱེད་པའི་རྟེན་དུ་རུང་བ་མ་ཡིན་ནོ། །གང་དག་རྣམ་པར་ཤེས་པའི་ཚོགས་དྲུག་ཁོ་ན་སྒོ་བར་བྱ་བའི་གཞི་ཡིན་ནོ་ཞེས་རང་གི་སྡེ་པ་ཁ་ཅིག་སྨྲ་བ་དེ་དག་བྱེ་བྲག་ཏུ་དགག་པར་བཞེད་ནས། ཐེག་བསྡུས་ལས། དྲུག་པོ་དག་ལ་འབྲེལ་མེད་དེ། །ཐ་དད་གསུམ་དང་འགལ་བའི་ཕྱིར། །རིགས་ལ་བྱ་ན་གཞན་དུ་ཐལ། །སྐད་ཅིག་ལྷན་ཅིག་མི་གནས་ཕྱིར། །ཞེས་གསུངས་ཏེ། དེ་ལ་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ཕན་ཚུན་གཅིག་གིས་གཅིག་ལ་སྒོ་བར་བྱེད་དམ། འོན་ཏེ་དེ་དག་སྐད་ཅིག་སྔ་མས་ཕྱི་མ་དག་ལ་སྒོ་བར་བྱེད། ཅེས་བརྟགས། ཕྱོགས་དང་པོ་ལྟར་ན་ཡང་མི་རིགས་ཏེ། འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་ནི་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ། །དཔེར་ན་རྒྱུད་ཐ་དད་པའི་ཤེས་པ་བཞིན་ནོ། །ཅིའི་ཕྱིར་འབྲེལ་པ་མེད་ཅེ་ན། །ཐ་དད་གསུམ་དང་འགལ་བའི་ཕྱིར། །ཞེས་སྨོས་ཏེ། གང་དག་ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་ཐ་དད་པ་ཁོ་ན་ལས་སྐྱེས་པ་དེ་དག་ནི་ཕན་ཚུན་འབྲེལ་པ་མེད་པ་ཁོ་ན་ཡིན་ཏེ། དཔེར་ན་རྒྱུད་ཐ་དད་པའི་དབང་ཤེས་བཞིན་སྐྱེས་བུ་གཅིག་གི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་ཡུལ་དང་། དབང་པོ་དང་ཡིད་ལ་བྱེད་པ་སོ་སོ་ཐ་དད་པ་ལས་སྐྱེས་པ་ཡིན་ནོ། །ཞེས་པའོ། །འབྲེལ་པ་མེད་ཀྱང་སྒོ་བྱ་སྒོ་བྱེད་དུ་འགྱུར་བ་ཅི་འགལ་ཞེ་ན། མི་རུང་སྟེ། འདི་ལྟར་གང་ཞིག་གང་ལ་འབྲེལ་པ་མེད་པ་དེས་ནི་དེ་ལ་ཕན་པ་ཉེ་བར་སྦྱོར་བ་མ་ཡིན་ཏེ། དཔེར་ན་འབིགས་བྱེད་དང་གངས་ཅན་བཞིན། སྐྱེས་བུ་གཅིག་གི་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱང་འབྲེལ་པ་མེད་པ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མ་དམིགས་པའོ། །ཕན་པ་ཉེ་བར་སྦྱོར་བ་མེད་པར་ཡང་བག་ཆགས་སྒོ་བར་བྱ་བ་དང་སྒོ་བར་བྱེད་པར་ཡང་རིགས་པ་མ་ཡིན་ཏེ། ཐམས་ཅད་ཀྱང་སྒོ་བར་བྱེད་པ་དང་། སྒོ་བར་བྱ་བའི་གཞིར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་དྲུག་པོ་དག་གིས་ཕན་ཚུན་མི་སྒོའི་འོན་ཀྱང་མིག་གི་རྣམ་པར་ཤེས་པ་སྐད་ཅིག་སྔ་མ་གང་ཡིན་པ་དེས་ནི་རང་གི་རིགས་འདྲ་ཕྱི་མ་ལ་སྒོ་བར་བྱེད་དོ་ཞེ་ན། སྐད་ཅིག་ལྷན་ཅིག་གི་མི་གནས་ཕྱིར། །ཞེས་སྨོས་ཏེ། གང་གི་ཚེ་སྔ་མ་སྐྱེས་པ་དེའི་ཚེ་ཕྱི་མ་མ་སྐྱེས་ལ། གང་གི་ཚེ་ཕྱི་མ་སྐྱེས་པ་དེའི་ཚེ་སྔ་མ་འགགས་པས་དེ་དག་སྐྱེ་འགག་ལྷན་ཅིག་མ་བྱས་པའི་ཕྱིར་སྒོ་བར་བྱ་བ་དང་སྒོ་བར་བྱེད་པར་རུང་བ་མ་ཡིན་ནོ། །

ཅི་སྟེ་སྐྱེ་འགག་ལྷན་ཅིག་མ་བྱས་ཀྱང་སྔ་ཕྱི་དག་རིགས་གཅིག་པའི་ཕྱིར་ཉེས་པ་མེད་དོ་ཞེ་ན། རིགས་ལ་བྱས་ན་གཞན་དུ་ཐལ། ཞེས་སྨོས་ཏེ། དེ་ལྟ་ན་ལྷ་སྦྱིན་གྱི་མིག་ཤེས་ཀྱིས་ཀྱང་མཆོད་སྦྱིན་གྱི་མིག་ཤེས་ལ་བག་ཆགས་སྒོ་བར་འགྱུར་ཏེ། རིགས་གཅིག་པའི་ཕྱིར་རོ། །འགྲེལ་དོན་སང་དུ་པར་དབང་པོ་གཟུགས་ཅན་སྐད་ཅིག་སྔ་ཕྱི་དག་ཀྱང་རིགས་གཅིག་པའི་ཕྱིར་སྒོ་བྱ་སྒོ་བྱེད་དུ་འགྱུར་ལ། དེ་ལྟ་ན་སེམས་རྒྱུད་ཁོ་ན་སྒོ་བར་བྱ་བའི་གཞིར་འདོད་པ་ཉམས་སོ་ཞེས་དང་། དགྲ་བཅོམ་པའི་སེམས་ལ་ཡང་མི་དགེ་བའི་བག་ཆགས་འཇོག་པར་འགྱུར་ཏེ། ཤེས་པར་ཡང་རིགས་གཅིག་པའི་ཕྱིར་རོ། །ཞེས་འཆད་དོ། །

རིགས་པའི་དབང་ཕྱུག་ནི་ཤེས་པ་སྔ་མས་ཤེས་པ་ཕྱི་མ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་བསྐྱེད་པའི་ནུས་ལྡན་དུ་བསྐྱེད་པ་ཉིད་ལ་སྔ་མས་ཕྱི་མ་ལ་བག་ཆགས་བཞག་པ་ཞེས་པའི་ཐ་སྙད་ཐོབ་ལ། དེའི་ཕྱིར་སྒོ་བྱ་སྒོ་བྱེད་ནི་རྒྱུ་འབྲས་ཡིན་པའི་ཕྱིར་སྔ་ཕྱི་ཁོ་ནར་རིགས་ཀྱི་དུས་མཉམ་པ་ནི་མ་ཡིན་ཏེ། རྒྱུ་མ་སྐྱེས་པ་ན་རྫས་སུ་མེད་པས་འབྲས་བུ་ལ་ཕན་པ་ཉེ་བར་སྦྱོར་བའི་ནུས་པ་མེད་པའི་ཕྱིར་དང་སྐྱེས་པ་ན་རྒྱུ་བཞིན་དུ་འབྲས་བུ་ཡང་གྲུབ་ཟིན་པས་རྒྱུའི་བྱ་བ་མེད་པའི་ཕྱིར་རོ། །དེ་བས་ན་དུས་མཉམ་པའི་རྒྱུས་ནི་རང་ཉིད་གྲུབ་པ་དང་མ་གྲུབ་པའི་དུས་གང་གི་ཚེ་ཡང་འབྲས་བུ་ལ་ཕན་པ་ཉེ་བར་མི་སྦྱོར་བའི་ཕྱིར་འཐད་པ་མ་ཡིན་ནོ། །ཞེས་བྱ་བར་བཞེད་པ་ཡིན་ཏེ། ཇི་སྐད་དུ་རྣམ་འགྲེལ་ལས། མེད་པ་སྔར་ནུས་མེད་ཕྱིར་དང་། །ཕྱིས་ཀྱང་ཉེ་བར་མི་སྦྱོར་ཕྱིར། །རྒྱུ་རྣམས་ཐམས་ཅད་སྔར་ཡོད་ཡིན། །ཞེས་གསུངས་པ་ཡིན་ནོ། །སྒོ་བར་བྱ་བའི་གཞི་ཡང་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ཀུན་གཞི་ནི་ཞལ་གྱིས་མི་བཞེས་པར་མངོན་ཏེ། དེ་ལྟ་བུའི་རྣམ་ཤེས་ནི་ཚད་མ་གཉིས་གང་གིས་ཀྱང་མ་གྲུབ་པའི་ཕྱིར་རོ། །དེ་ལ་རེ་ཞིག་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་ནི་ཡོད་པ་མ་ཡིན་ཏེ། འདིའི་རང་བཞིན་དང་འབྲས་བུ་གང་ཡང་སྣང་དུ་མི་རུང་བའི་ཕྱིར་རོ། །རེ་ཞིག་རང་གི་རང་བཞིན་གང་ཡིན་པ་དེ་ནི་སྒྲུབ་པར་བྱ་བ་དང་མཚུངས་པའི་ཕྱིར་སྒྲུབ་བྱེད་དུ་རིགས་པ་མ་ཡིན་ནོ། །འདིའི་འབྲས་བུ་འགའ་ཡང་ཡོད་པ་མ་ཡིན་ནོ། །

འདི་ནི་ཤིན་ཏུ་ལྐོག་ཏུ་གྱུར་པ་ཉིད་ཀྱིས་གཞི་གང་དུ་ཡང་སྣང་དུ་རུང་བ་མ་ཡིན་ལ། དེའི་ཕྱིར་འདིའི་ནུས་པ་ཡོད་པ་དང་། མེད་པའི་རྗེས་སུ་འཇུག་པ་དང་། ལྡོག་པའི་འབྲས་བུ་འགའ་ཡང་ཚད་མས་གྲུབ་པ་མེད་པའི་ཕྱིར་རོ། །ཕན་འདོགས་པའི་ནུས་པ་མ་མཐོང་བཞིན་དུ་ཡང་འདི་དག་ཀུན་གཞིས་བྱས་སོ་ཞེས་སྨྲ་ན་ནི། ཕྱི་དང་ནང་གི་འདུ་བྱེད་འདི་ཀུན་ཡང་དབང་ཕྱུག་གམ་གཙོ་བོས་བྱས་ཤེས་སྨྲ་བ་ཡང་དགག་ཏུ་ཅི་ཞིག་ཡོད་དེ། །གཉིས་ཀ་ལ་ཡང་སྒྲུབ་བྱེད་མེད་པར་མཚུངས་པའི་ཕྱིར་རོ། །གཞན་ཡང་ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ནི་འཁོར་བ་ཇི་སྲིད་དུ་རྒྱུན་འཇུག་པར་ཁས་ལེན་པ་ཡིན་ན། དེ་ལྟ་ན་འཇུག་པའི་རྣམ་པར་ཤེས་པ་ལ་སོགས་པའི་འབྲས་བུ་ཐམས་ཅད་དུས་གཅིག་ཅར་སྐྱེ་བ་དང་། ནམ་ཡང་མེད་པ་ཡིན་པར་འགྱུར་ཏེ། དེ་དག་གི་རྒྱུ་རྟག་ཏུ་ཉེ་བར་ཡོད་པའི་ཕྱིར་རོ། །

ཅི་སྟེ་རྒྱུ་ས་བོན་ཡོད་ཀྱང་ལྷན་ཅིག་བྱེད་པའི་རྐྱེན་ཉེ་བར་མི་གནས་པའི་ཕྱིར་རྟག་ཏུ་སྐྱེ་བ་མ་ཡིན་ནོ་ཞེ་ན། ལྷན་ཅིག་བྱེད་པའི་རྐྱེན་དེ་ཡང་ཀུན་གཞི་ལས་གཞན་པའི་རྒྱུ་ལས་འབྱུང་བར་ཁས་ལེན་ན་ནི། ཀུན་གཞི་ས་བོན་ཐམས་ཅད་པ་ཡིན་པར་འགལ་ཞིང་། ཕྱི་ནང་གི་འདུ་བྱེད་ཐམས་ཅད་ཀུན་གཞིའི་ས་བོན་ལས་འབྱུང་ངོ་ཞེས་པའི་གྲུབ་པའི་མཐའ་ལ་ཡང་གནོད་པར་འགྱུར་རོ། །ཅི་སྟེ་ཡང་ཀུན་གཞིའི་རྒྱུ་ལས་འབྱུང་ན་ནི་ལྷན་ཅིག་བྱེད་རྐྱེན་དུ་འདོད་པ་ཡང་ཅིའི་ཕྱིར་རྟག་ཏུ་སྐྱེ་བར་མི་འགྱུར་ཏེ། རྒྱུ་རྟག་ཏུ་ཉེ་བར་ཡོད་པའི་ཕྱིར། དེ་ལ་ཡང་ལྷན་ཅིག་བྱེད་རྐྱེན་གཉིས་པ་ཉེ་བར་མི་གནས་པའི་ཕྱིར་ཞེས་པ་ལས་གཞན་པའི་ལན་ཅི་ཞིག་ཡོད། དེ་ལ་ཡང་རྟག་པ་སྔ་མ་ཁོ་ན་འཇུག་པའི་ཕྱིར་ལན་ཡང་དག་པ་མ་ཡིན་ནོ། །དེ་བས་ན་འབྱུང་གཞི་ཉིད་རྒྱུ་དང་རྐྱེན་ཐམས་ཅད་ཀྱི་རྩ་བ་ཡིན་ལ། དེ་ཡང་ནམ་དུ་ཡང་རྒྱུན་མི་འཆད་པའི་ཕྱིར་ཕྱི་ནང་གི་འབྲས་བུ་ཀུན་ནས་ནམ་དུ་ཡང་རྒྱུན་མི་འཆད་པར་ཐལ་བ་སོ་ན་འདུག་པ་ཡིན་ནོ། །

ཅི་སྟེ་ས་བོན་ཐམས་ཅད་པའི་ཀུན་གཞི་ཁས་ལེན་པ་ལ་ཉེས་པ་མེད་ན། ནུས་པ་ཐམས་ཅད་དང་ལྡན་པའི་གཙོ་བོ་འདི་དག་ཀུན་གྱི་རྒྱུར་སྨྲ་བའི་གྲངས་ཅན་ལ་ཡང་མི་རིགས་པ་ཅི་ཞིག་ཡོད་དེ། དེ་དག་ཚུལ་མཚུངས་པའི་ཕྱིར་རོ། །ཅི་སྟེ་གཙོ་བོ་ནི་རྟག་པ་ཡིན་ལ་ཀུན་གཞི་ནི་མི་རྟག་པའི་ཕྱིར་མཚུངས་པ་མ་ཡིན་ནོ་སྙམ་ན། ཀུན་གཞི་མི་རྟག་ཞེས་བྱ་བ་འདི་ཡང་ཚིག་ཙམ་དུ་ཟད་ཀྱི་སྒྲུབ་པར་བྱེད་པའི་རིག་པ་ཅུང་ཟད་ཀྱང་མེད་དེ། ཀུན་གཞི་རང་ཉིད་ཀྱི་སྒྲུབ་བྱེད་ལྟར་མ་གྲུབ་པའི་ཕྱིར་རོ། །དེ་ལྟར་ན་ཀུན་གཞི་མེད་པར་ཁས་བླངས་ཤིང་དེ་ཡང་མི་རྟག་པའི་སྒྲུབ་བྱེད་ཡང་དག་པའི་ཕྱིར་རྟག་པར་དོན་གྱིས་ཁས་བླངས་པ་ཡིན་ནོ། །དེའི་ཕྱིར་ཀུན་གཞི་མི་རྟག་ལ་གཙོ་བོ་རྟག་ཅེས་པའི་ཁྱད་པར་ཡང་མི་རིགས་པ་ཡིན་ནོ། །དེ་བས་ན་འདི་ལ་སྒྲུབ་པར་བྱེད་པའི་རྗེས་སུ་དཔག་པ་ཡོད་པ་མ་ཡིན་ནོ། །ཅི་སྟེ། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཞེས་དང་། ལེན་པའི་རྣམ་པར་ཤེས་པ་ཟབ་ཅིང་ཕྲ། །ཞེས་པ་ལ་སོགས་པའི་ལུང་འདིའི་སྒྲུབ་བྱེད་ཡིན་ནོ་སྙམ་ན་ཡང་། འདི་ནི་ལུང་གི་དོན་དུ་ཡང་རིགས་པ་མ་ཡིན་ཏེ། སྒྲུབ་བྱེད་མེད་ཅིང་ཇི་སྐད་བཤད་པའི་གནོད་བྱེད་དང་བཅས་པའི་ཕྱིར་རོ། །སྒྲུབ་བྱེད་མེད་ཅིང་གནོད་བྱེད་དང་བཅས་པའི་དོན་སྟོན་པ་ཡང་ཐམས་ཅད་མཁྱེན་པའི་གསུང་དུ་རིག་པ་མ་ཡིན་ཏེ། སྨྲ་བ་པོ་ཐམས་ཅད་མཁྱེན་པ་མ་ཡིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །

དེ་བས་ན་ལུང་ནི་གནོད་པ་མེད་པའི་དོན་ཅན་དུ་བཤད་པར་རིགས་སོ། །ཀུན་གཞི་ཁས་ལེན་པ་དག་ཀྱང་དེ་མངོན་སུམ་ཡུལ་དུ་ཁས་མི་ལེན་པ་དེའི་ཕྱིར་དེ་སྒྲུབ་པ་ལ་འབད་པ་བྱེད་མི་དགོས་སོ། །དེ་ལྟར་ན་རིགས་པའི་ཚུལ་དེ་ལྟ་བུ་དང་གཞན་ཡང་གཟིགས་ནས་རིགས་པའི་དབང་ཕྱུག་རྣམ་པ་གཉིས་དང་། དཔལ་ལྡན་ཟླ་བ་གྲགས་པ་ལ་སོགས་པ་ཆེན་པོ་འགའ་ཞིག་ཀུན་གཞི་མི་བཞེད་པར་མངོན་ཏེ། དབུ་མ་ལ་འཇུག་པར། ཀུན་གཞི་ཡོད་ཅིང་གང་ཟག་ཉིད་ཡོད་ལ། །ཕུང་པོ་འདི་དག་འབའ་ཞིག་ཉིད་ཡོད་ཅེས་དང་། གསུངས་པ་དེ་ནི་དེ་ལྟར་ཆེས་ཟབ་དོན། །རིག་པར་མི་འགྱུར་གང་ཡིན་དེ་ལའོ། །ཞེས་དང་། དེའི་འགྲེལ་པར་ཡང་། དབང་ཕྱུག་རྟག་ལ། ཀུན་གཞི་མི་རྟག་ཞེས་བྱ་བ་འདི་ནི་ཁྱད་པར་རོ། །ཞེས་པ་ལ་སོགས་པས་དགག་པ་མཛད་པ་ཡིན་ནོ། །རིགས་པའི་དབང་ཕྱུག་གི་རིགས་པའི་འགྲོས་ལ་བརྟགས་ན་མི་བཞེད་པར་མངོན་པ་ཙམ་མ་གཏོགས་དེ་དག་གི་གཞུང་རྣམས་སུ་ཀུན་གཞི་ལ་དགག་པ་མཛད་པ་ཡང་མེད་ལ་སྒྲུབ་པ་ཡང་མེད་དོ། །གང་ཡང་རྣམ་འགྲེལ་ལས། གཅིག་ཅར་རིགས་མི་མཐུན་སྐྱེ་ཡང་། །ཤིན་ཏུ་གསལ་བའི་སེམས་གཅིག་གིས། །ནུས་པ་ཉམས་པར་བྱས་པའི་ཕྱིར། །ཀུན་གཞི་ལས་གཞན་འབྱུང་བ་མིན། །ཞེས་གསུངས་པ་ཡང་། ཀུན་གཞི་འཇུག་ཤེས་ཀྱི་རྒྱུར་ཁས་ལེན་པའི་ཕྱོགས་ལ་གཞན་གྱིས་བཀོད་པའི་ཉེས་པ་མེད་ཅེས་ཟུར་ན་གནས་པའི་རྒོལ་བས་གཟུ་བོར་གནས་པའི་ལན་མཛད་པ་ཡིན་གྱི་རང་གི་ཕྱོགས་སུ་བྱེད་པ་ནི་མ་ཡིན་ཏེ་ཀུན་གཞིའི་སྒྲུབ་བྱེད་ཅུང་ཟད་ཀྱང་མ་བཀོད་པའི་ཕྱིར་དང་། སྐབས་གཞན་དུ་འཇུག་ཤེས་ཀྱི་རྒྱུ་ཡུལ་དབང་ཡིད་ལ་བྱེད་པ་གསུམ་དུ་ངེས་པར་གསུངས་པའི་ཕྱིར་རོ། །འོ་ན་སློབ་དཔོན་འདི་དག་བག་ཆགས་བསྒོ་བའི་གཞི་ཇི་ལྟ་བུ་ཞིག་བཞེད་པ་ཡིན་ཞེ་ན། དབང་པོའི་རྣམ་པར་ཤེས་པ་ནི་སྐད་ཅིག་སྔ་མ་རྣམས་ཀྱིས་སྐད་ཅིག་ཕྱི་མ་རྣམས་ལ་རང་གི་རིགས་འདྲ་གཞན་སྐྱེད་པའི་རྒྱུ་མཐུན་གྱི་བག་ཆགས་ཙམ་བསྒོ་བར་བྱེད་ཀྱི། མཐའ་གཅིག་ཏུ་རྣམ་པར་མི་རྟོག་པའི་ཕྱི་འདི་དག་གིས་དགེ་བའམ་མི་དགེ་བའི་ལ་སོགས་པ་མི་འདོད་ལ། དེའི་ཕྱིར་འདི་དག་ལས་ཀྱི་བག་ཆགས་སྒོ་བྱེད་ནི་མ་ཡིན་ནོ། །

ཡིད་ཀྱི་རྣམ་པར་ཤེས་པ་ནི་དགེ་མི་དགེའི་རང་བཞིན་དུ་སྐྱེ་བས་དེའི་ཕྱིར་དེ་དག་སྔ་མས་ཕྱི་མ་ལ་ལས་ཀྱི་བག་ཆགས་ཀྱང་འཇོག་པར་བྱེད་ལ། དེ་ཉིད་ངར་འཛིན་པ་དང་། མངོན་པར་བརྗོད་པའི་རྣམ་པ་ཅན་དུ་སྐྱེ་བའི་ཕྱིར་བདག་ཏུ་འཛིན་པའི་བག་ཆགས་དང་། མངོན་པར་བརྗོད་པའི་བག་ཆགས་ཀྱང་འཇོག་པར་བྱེད་པ་ཡིན་ནོ། །དེ་ལྟ་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི། སེམས་མེད་པའི་གནས་སྐབས་ལྔ་ན་རྒྱུན་ཆད་པའི་ཕྱིར་ལས་ཀྱི་བག་ཆགས་དག་ཀྱང་རྒྱུན་ཆད་པས་ལས་བྱས་པ་ཆུད་ཟོས་པའི་ཉེས་པར་ཇི་ལྟར་མི་འགྱུར་ཞེ་ན། ཉེས་པ་འདི་མེད་དེ། སྔར་གཉིད་ལོག་ཁ་དང་བརྒྱལ་ཁ་ལ་སོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་དེ་ལས་ཕྱིས་སད་མ་ཐག་པའི་ཡིད་ཀྱི་རྣམ་པར་ཤེས་པ་རྣམས་སླར་ཡང་ལས་ཀྱི་བག་ཆགས་དང་ལྡན་པར་སྐྱེ་བའི་ཕྱིར་རོ། །འགགས་ནས་རིང་དུ་ལོན་པའི་རྒྱུ་ལས་འབྲས་བུ་ཇི་ལྟར་འབྱུང་ཞེ་ན། ཅིའི་ཕྱིར་རྒྱུར་མི་རུང་། རྗས་སུ་མེད་པའི་ཕྱིར་རོ་ཞེ་ན། དེ་ནི་རྒྱུ་འགག་མ་ཐག་པ་ལ་ཡང་མཚུངས་པ་ཡིན་ནོ། །

དེ་ནི་འབྲས་བུ་སྐྱེས་པའི་ཚེ་རྫས་སུ་མེད་ཀྱང་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་ཚེ་ཡོད་པས་མཚུངས་པ་མ་ཡིན་ནོ་ཞེ་ན། དེ་ནི་སྔ་མ་ལ་ཡང་མཚུངས་པ་ཡིན་ཏེ། འདི་ལྟར། བརྒྱལ་ཁའི་ཡིད་ཀྱིས་རྣམ་པར་ཤེས་པ་རང་ཉིད་སྐྱེས་པའི་དུས་དེ་ཉིད་ཕྱིས་ཀྱིས་ཡིད་ཀྱི་ཤེས་པ་དེ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་ཡིན་ཏེ། བརྒྱལ་བར་བྱེད་པའི་འགལ་རྐྱེན་ཉེ་བར་མི་གནས་ན་སྔ་མ་དེ་སྐྱེ་བར་འགྱུར་བའི་ཕྱིར་རོ། །དཔེར་ན་རྒྱུ་འགགས་མ་ཐག་འབྲས་བུ་སྐྱེ་བ་ལ་རྒྱུ་འགག་པ་ལ་མངོན་དུ་ཕྱོགས་པའི་དུས་དེ་ཉིད་འབྲས་བུ་སྐྱེ་བ་ལ་མངོན་དུ་ཕྱོགས་པའི་དུས་སུ་ཐ་སྙད་འདོགས་པ་བཞིན་ནོ། །དེ་བས་ན་རྒྱལ་ཁའི་ཡིད་ཀྱི་ཤེས་པ་དེས་ནི་རང་གི་རིགས་འདྲ་ཕྱི་མ་མཚམས་སྦྱོར་བར་ནུས་པ་ཡིན་ཏེ། ལོག་སྲེད་དང་མ་བྲལ་བའི་ཡིད་ཀྱིས་ཤེས་པ་ཡིན་པའི་ཕྱིར་དཔེར་ན་ཐ་མལ་པ་འཆི་ཁའི་ཡིད་ཀྱི་ཤེས་པ་བཞིན་ནོ། །དེ་ལྟ་ན་ཡང་དེ་མ་ཐག་འཚམས་མི་སྦྱོར་བ་ནི་རེ་ཞིག་ཡིད་ཤེས་སྐྱེ་བའི་གེགས་སུ་གྱུར་པའི་བརྒྱལ་བའི་གནས་སྐབས་ཀྱི་ལུས་འགྱུར་བའི་ཁྱད་པར་ཉེ་བའི་རྒྱུ་མཚན་གྱིས་ཡིན་གྱི། གང་གི་ཚེ་ལུས་ཀྱི་འགྱུར་བའི་ཁྱད་པར་དེ་ལྟ་བུ་དང་བྲལ་བ་དེའི་ཚེ་ཡིད་ཀྱི་རྣམ་ཤེས་ཕྱི་མ་འཚམས་སྦྱོར་བ་ཡིན་ནོ། །དེ་བས་ན་ལས་ཀྱི་འབྲས་བུ་ཆུད་ཟོས་པ་ལ་སོགས་པའི་ཉེས་པ་མེད་པར་བཞེད་པ་ཡིན་ནོ། །གང་ལ་སྒོ་བར་བྱ་བའི་གཞི་བཤད་ཟིན་ཏོ། །

ད་ནི་བསྒོ་གཞི་ལ་སྒོ་བྱེད་དག་གིས་ཚུལ་ཇི་ལྟར་བསྒོ་བ་བརྗོད་པར་བྱའོ། །དེ་ལ་སྒོ་བྱེད་དེ་དག་དང་བསྒོ་བའི་གཞི་རྒྱུད་གཅིག་ལ་ལྷན་ཅིག་སྐྱེ་འགག་བྱས་པའི་སྒོ་ནས་བསྒོ་གཞི་ལ་སྒོ་བྱེད་རང་ཉིད་འགགས་ཀྱང་དུས་ཕྱིས་རང་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བའི་ནུས་པ་བཞག་པ་ཉིད་བག་ཆགས་བགོས་པའི་དོན་ཡིན་ཏེ་དཔེར་ན། ཏིལ་དང་མེ་ཏོག་ལྷན་ཅིག་ཏུ་བཞག་པ་ན་མེ་ཏོག་འགགས་ཀྱང་ཏིལ་ལ་མེ་ཏོག་གི་དྲི་འབྱུང་བར་དམིགས་ལ་དེའི་ཕྱིར་མེ་ཏོག་གིས་ཏིལ་ལ་དྲི་དེ་ལྟ་བུ་འབྱུང་བའི་ནུས་པ་བཞག་པར་མངོན་པ་བཞིན་ནོ། །བག་ཆགས་བསྒོ་བའི་ཚུལ་འདི་ལ་སློབ་དཔོན་སྔ་མ་དག་གི་ལུགས་གསུམ་སྟེ། འདི་ལྟར། ཁ་ཅིག་ན་རེ་བག་ཆགས་ནི་སྒོ་བྱེད་ལ་མི་ལྟོས་པར་ཀུན་གཞི་ལ་གདོད་མ་ནས་ཆོས་ཉིད་ཀྱིས་གནས་ལ། སྒོ་བྱེད་དག་གིས་ནི་དེ་ཉིད་གསོས་ཤིང་ནུས་པ་བརྟས་པར་བྱེད་པ་ཙམ་དུ་ཟད་དོ་ཞེས་ཟེར་རོ། །གཞན་དག་ན་རེ་བག་ཆགས་ནི་སྔོན་མེད་པ་གསར་དུ་སྐྱེད་པར་བྱ་བ་ཁོ་ན་ཡིན་གྱི་ཆོས་ཉིད་ཀྱིས་གནས་པ་ནི་མ་ཡིན་ཏེ། ཏིལ་ལ་སོགས་པ་ལ་ཡང་མེ་ཏོག་ལ་སོགས་པས་དྲི་གསར་དུ་སྒོ་བར་མཐོང་གི་ཆོས་ཉིད་ཀྱི་གནས་པ་མ་མཐོང་བའི་ཕྱིར་རོ་ཞེས་ཟེར་རོ། །གཞན་དག་ན་རེ་བག་ཆགས་ཁ་ཅིག་ནི་ཆོས་ཉིད་ཀྱིས་གནས་པ་ཡོངས་སུ་གསོ་བར་བྱ་བ་ཡིན་ལ། གཞན་དག་ནི་སྒོ་བྱེད་ཀྱི་གསར་དུ་སྐྱེད་པར་བྱ་བ་ཡང་ཡིན་ནོ། །དེ་ལ་བསྐྱེད་པའི་བག་ཆགས་རྣམས་ནི་ཆོས་ཉིད་ཀྱི་གནས་པའི་བག་ཆགས་རྣམས་ཀྱི་བདག་པོའི་རྐྱེན་ཡིན་ལ། གཉིས་ཀ་ཡང་འབྲས་བུ་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ནོ་ཞེས་བྱ་བར་སེམས་སོ། །

དེ་ལ་ཕྱོགས་དང་པོ་ལ་ཁ་ཅིག་འདི་སྐད་གླེང་བར་བྱེད་དེ། ཅི་སྟེ་འདོད་ཆགས་ལ་སོགས་པ་སྒོ་བར་བྱེད་པ་དག་གིས་ཆོས་ཉིད་ཀྱིས་གནས་པའི་བག་ཆགས་གསོ་བ་ཙམ་ཡིན་གྱི་བསྐྱེད་པར་མི་བྱེད་ན། དེ་ལྟ་ན་དེ་དག་ནི་ཀུན་གཞིའི་རྣམ་ཤེས་ཀྱི་རྒྱུའི་རྐྱེན་དུ་མི་འགྱུར་ལ། དེ་ལྟ་ན་ཡང་ཐེག་བསྡུས་ལས། ཇི་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པ་དེ་ལྟར། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱང་ཀུན་གཞིའི་རྣམ་པར་ཤེས་པའི་རྒྱུའི་རྐྱེན་དུ་རྣམ་པར་བཞག་སྟེ། ཞེས་གསུངས་པ་དང་འགལ་བའི་ཕྱིར་རོ། །ཞེས་ཟེར་རོ། །དེ་ནི་མ་ཡིན་ཏེ། རིགས་མཐུན་པའི་བག་ཆགས་ཡོངས་སུ་གསོ་བར་བྱེད་པའི་ཕྱིར་རྒྱུའི་རྐྱེན་ཡིན་ལ་རིགས་མི་མཐུན་པའི་བག་ཆགས་གསོ་བར་བྱེད་པ་ནི་བདག་པོའི་རྐྱེན་ཡིན་ནོ། །ཏིལ་ལ་སོགས་པ་ལ་མེ་ཏོག་གི་དྲི་ཆོས་ཉིད་ཀྱི་གནས་པར་མ་མཐོང་བའི་ཕྱིར་རོ་ཞེས་པའང་། མ་ཡིན་ཏེ། སྒོག་སྐྱ་དང་རྡོ་བ་ལ་སོགས་པ་མེ་ཏོག་དང་འཕྲད་ཀྱང་དྲི་མི་འཛིན་པས་དེ་དག་ལ་ཆོས་ཉིད་ཀྱིས་དྲི་འཛིན་པའི་ནུས་པ་མེད་པ་ཡིན་ལ་ཏིལ་ལ་ནི་དྲི་ཆོས་ཉིད་ཀྱིས་གནས་པར་ཤེས་ཏེ། གཞན་དུ་མེ་ཏོག་དང་འཕྲད་ཀྱང་སྒོག་སྐྱ་ལ་སོགས་པ་བཞིན་དུ་དྲི་གཏན་མི་འཛིན་པར་ཐལ་བའི་ཕྱིར་རོ། །ཞེས་ལན་འདེབས་པར་བྱེད་དོ། །ཕྱོགས་གཉིས་པ་ལ་ཡང་འདི་སྐད་གླེང་བར་བྱེད་དོ། །ཅི་སྟེ་བག་ཆགས་ཆོས་ཉིད་ཀྱིས་མི་གནས་པར་གསར་དུ་སྒོ་བར་བྱེད་ན། ཀུན་གཞིའི་རྣམ་པར་ཤེས་པ་ཡང་ཀུན་གཞི་གཞན་དང་འཕྲད་ནས་བག་ཆགས་གསར་དུ་སྒོས་པ་མེད་པའི་ཕྱིར་དང་། འཕགས་པའི་ལམ་ཡང་། སྦྱོར་ལམ་མན་ཆད་དུ་སྐྱེ་བ་མ་མྱོང་བས་དེའི་བག་ཆགས་གསར་དུ་དགོས་པ་མེད་པའི་ཕྱིར། ཀུན་གཞིའི་རྣམ་པར་ཤེས་པ་དང་འཕགས་པའི་ལམ་དང་པོ་རྒྱུ་མེད་པར་ཐལ་བའི་ཕྱིར་རོ། །

བག་ཆགས་ཆོས་ཉིད་ཀྱིས་གནས་པ་ལ་ནི་ཆོས་ཉིད་ཀྱིས་གནས་པའི་ཀུན་གཞིའི་ས་བོན་དང་ཟག་མེད་ཀྱིས་ས་བོན་ལས་ཀུན་གཞི་དང་། འཕགས་པའི་ལམ་དང་པོ་རྣམས་སྐྱེ་བས་ཉེས་པ་མེད་དོ་ཞེས་རྒོལ་བར་བྱེད་དོ། །དེ་ལ་བག་ཆགས་གསར་དུ་སྒོ་བར་ཁས་ལེན་པ་དག་ན་རེ་ཉེས་པ་འདི་མེད་ཏེ། ནང་གི་སྐྱེ་མཆེད་ལ་དམིགས་པའི་ཡིད་ཀྱི་རྣམ་པར་ཤེས་པས་ཀུན་གཞི་ལ་ཡང་དམིགས་པས་དེའི་བགོས་པའི་བག་ཆགས་ལས་ཀུན་གཞི་འབྱུང་བའི་ཕྱིར་དང་། འཕགས་པའི་ལམ་གྱི་རིགས་ཀྱང་ཟག་མེད་མ་ཡིན་གྱི་རྒྱུད་གང་ལ་སྒྲིབ་པ་གཉིས་ཀྱི་ས་བོན་སྤང་རུང་དུ་ཡོད་པ་ནི་བྱང་ཆུབ་སེམས་དཔའི་རིགས་ཡིན་ལ། གང་ལ་ཉོན་མོངས་པའི་སྒྲིབ་པ་ཙམ་སྤང་དུ་རུང་བ་དེ་ནི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཡིན་ཅིང་། གང་ལ་སྒྲིབ་པ་གཉིས་ཀའི་ས་བོན་སྤང་དུ་མི་རུང་བ་དེ་ནི་རིགས་མེད་པ་ཡིན་ལ། འཕགས་པའི་ལམ་དང་པོ་ལ་ནི་རྒྱུའི་རྐྱེན་མེད་པ་ཡིན་ནོ། །རྐྱེན་བཞི་ལས་སེམས་དང་སེམས་བྱུང་རྣམས་སྐྱེའོ་ཞེས་པ་ཡང་སྲིད་པ་ལ་དགོངས་ཀྱི་ངེས་པ་ནི་མ་ཡིན་ནོ། །དེའི་ཕྱིར་ཇི་སྐད་བཤད་པའི་སྐྱོན་མེད་དོ་ཞེས་ལན་འདེབས་པར་བྱེད་དོ། །

དེ་ལ་ཡང་གཞན་དག་ན་རེ། ཀུན་གཞི་ལ་གནས་པའི་ཡིད་ཀྱི་རྣམ་པར་ཤེས་པས་དེའི་བག་ཆགས་སྒོ་བར་བྱེད་དོ་ཞེས་པ་མི་རིགས་ཏེ། དེ་ལྟ་ན། གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ལ་དམིགས་པའི་ཡིད་ཀྱི་ཤེས་པས་ཀྱང་རང་ལ་དེ་དག་གི་བག་ཆགས་སྒོ་བར་འགྱུར་ལ། དེ་ལྟ་ན་རང་ལ་གཞན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་སྐྱེ་བས་སེམས་ཅན་རྣམས་རྒྱུད་གཅིག་ཏུ་ཐལ་བའི་ཕྱིར་རོ། །འཕགས་པའི་ལམ་གྱི་རིགས་ཀྱང་སྒྲིབ་པ་སྲབ་པ་ཙམ་ཡིན་ལ། འཕགས་པའི་ལམ་དང་པོ་ལ་རྒྱུའི་རྐྱེན་མེད་དོ་ཞེས་ཟེར་བ་ཡང་རིགས་པ་མ་ཡིན་ནོ། །རང་བཞིན་དུ་གནས་པའི་རིགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་རོ་ཞེས་འབྱུང་བའི་ཕྱིར་དང་། སྡེ་པ་ཐམས་ཅད་སེམས་དང་སེམས་ལས་བྱུང་བ་ཀུན་རྐྱེན་བཞི་ལས་སྐྱེ་བར་ཁས་ལེན་པའི་ཕྱིར་རོ། །རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་འབྱུང་བ་ནི་སྒྲིབ་པ་སྲབ་པ་ཉིད་ཀྱིས་ཟག་པ་མེད་པའི་ས་བོན་ཡོད་པ་ཉིད་དུ་བསྟབ་པ་ཡིན་ནོ་ཞེས་པའི་དགོངས་པ་རྟག་པར་ནུས་སོ་ཞེས་ཟེར་རོ། །དེ་ལ་དོན་གསང་རྣམ་པར་བཤད་པ་ནི་བག་ཆགས་ཆོས་ཉིད་ཀྱིས་གནས་པ་ཉིད་འཐད་པའི་ཕྱོགས་སུ་སྒྲུབ་པར་བྱེད་མོད། འོན་ཀྱང་ཁོ་བོས་ནི་བག་ཆགས་ཆོས་ཉིད་ཀྱི་གནས་སམ། གསར་དུ་སྐྱེ་ཞེས་དཔྱོད་པ་ཉིད་གནས་མ་ཡིན་པ་ལ་དཔྱོད་པ་བྱེད་པར་རྟོགས་སོ། །

གལ་ཏེ་བག་ཆགས་ཞེས་བྱ་བའི་ཆོས་བྱེ་བྲག་སྨྲ་བ་ལ་སོགས་པས་འདོད་པའི་ཐོབ་པ་ལྟ་བུ་རྫས་སུ་གྲུབ་པ་ཞིག་ཡོད་ན་དེའི་ཚེ་དེ་ནི་གདོད་མ་ནས་ཡོད་དམ། འོན་ཏེ་རྒྱུས་གསར་དུ་སྒྲུབ་པ་ཡིན་ཞེས་དཔྱོད་པར་རིགས་ཏེ། རྣམ་པ་གཞན་དུ་ན་རྫས་སུ་གྲུབ་པར་མི་འཐད་པའི་ཕྱིར་རོ། །འདི་ནི་བག་ཆགས་ཞེས་པ་རྫས་སུ་གྲུབ་པར་མི་འདོད་ཀྱི་འོན་ཀྱང་འདིར་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་བསྐྱེད་པའི་ནུས་པ་ཉིད་ལ་བག་ཆགས་ཞེས་ཉེ་བར་བཏགས་པ་ཙམ་དུ་ཟད་ལ། ནུས་པ་དེ་ཡང་ཀུན་གཞི་ལས་གཅིག་དང་ཐ་དད་གང་དུ་ཡང་བརྟགས་པར་མི་ནུས་པ་ལྟར་གདོད་མ་ནས་ཆོས་ཉིད་ཀྱིས་གནས་སམ་འོན་ཏེ་རྐྱེན་གྱིས་གསར་དུ་སྒྲུབ་ཅེས་བཏགས་པར་ཡང་ནུས་པ་མ་ཡིན་ནོ། །འོན་ཀྱང་ཀུན་གཞི་འདི་ཉིད་གདོད་མ་ནས་ནུས་ལྡན་དུ་གནས་སམ་འོན་ཏེ་རྐྱེན་གྱིས་གསར་དུ་ནུས་པ་དང་ལྡན་པར་སྒྲུབ་པ་ཡིན་ཞེས་བྱ་བ་འདི་ཙམ་ཞིག་ནི་དཔྱད་པར་རིགས་པ་ཡིན་ནོ། །

དེ་ལྟར་དཔྱད་པ་ན་ཀུན་གཞིའི་རྣམ་པར་ཤེས་པ་འདི་ནི་གདོད་མ་ནས་ཀུན་ནས་ཉོན་མོངས་ཀྱི་ཆོས་ཐམས་ཅད་སྐྱེས་པའི་ནུས་ལྡན་དུ་གནས་སོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །གདོད་མ་ནས་དེ་ལྟར་གནས་སོ་ཞེས་པའི་དོན་འདི་ཅི་ཞེ་ན། རང་གི་རྒྱུ་ལས་ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་ཀྱི་རྒྱུར་རུང་བའི་ངོ་བོར་སྐྱེའོ་ཞེས་པ་ཡིན་གྱི། གྲངས་ཅན་གྱི་གཙོ་བོ་ལྟར་སུས་ཀྱང་མ་བྱས་པར་གདོད་མ་ནས་དེ་ལྟར་ཡོད་དོ་ཞེས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་རང་གི་རྒྱུ་ལས་དེ་ལྟར་དུ་སྐྱེས་ཞེ་ན། ཅི་སྟེ་འདི་ཀུན་ནས་ཉོན་མོངས་པའི་ཆོས་འགའ་ཞིག་གི་རྒྱུར་མི་རུང་བའི་རང་བཞིན་དུ་རྒྱུས་སྐྱེད་པ་ཡིན་ན་ནི། དེའི་ཚེ་འདི་རྐྱེན་དང་ཕྲད་ཀྱང་ཆོས་དེ་དག་གི་རྒྱུར་མི་རུང་སྟེ། ཆོས་དེ་དག་མི་བསྐྱེད་པ་ནི་འདིའི་རང་བཞིན་ཡིན་པའི་ཕྱིར་ཏེ། རང་གི་རྒྱུ་ལས་དེ་ལྟར་དུ་སྐྱེས་པའི་ཕྱིར་རོ། །དངོས་པོ་རྣམས་ཀྱི་རང་བཞིན་ནི་རྐྱེན་གྱིས་བསྒྱུར་བར་ནུས་པ་མ་ཡིན་ཏེ། ཆོས་རྣམས་ཀྱི་ཆོས་ཉིད་ནི་སུས་ཀྱང་དཀྲུག་པར་མི་ནུས་པའི་ཕྱིར་རོ། །

ཅི་སྟེ་འདི་ཀུན་ནས་ཉོན་མོངས་པའི་ཆོས་འགའ་ཞིག་གི་རྒྱུར་མི་རུང་ན་ཡང་། དེའི་ཕྱིར་འདི་ནི་ཆོས་ཐམས་ཅད་ཀྱི་ས་བོན་དང་ལྡན་པ་ཡིན་ནོ་ཞེས་པ་འདི་མི་འཐད་པ་ཡིན་ནོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་ཐམས་ཅད་བསྐྱེད་པའི་ནུས་ལྡན་དུ་ཆོས་ཉིད་ཀྱིས་གནས་སོ་ཞེས་བྱ་བ་འདི་གྲུབ་པ་ཡིན་ནོ། །དེ་ལྟ་ན་འདི་ནི་སྒོ་བྱེད་ལ་མ་ལྟོས་པར་ཆོས་ཉིད་ཀྱིས་ནུས་ལྡན་དུ་སྐྱེས་པའི་ཕྱིར་སྒོ་བྱེད་དག་གིས་ནུས་ལྡན་དུ་སྐྱེད་པ་མ་ཡིན་པར་འགྱུར་ལ། དེ་ལྟར་ན་སྒོ་བྱེད་མ་ཡིན་པར་འགྱུར་ཏེ། ཁྱད་པར་ཅུང་ཟད་ཀྱང་མ་བྱས་པའི་ཕྱིར་ཞེ་ན། ཉེས་པ་འདི་ཡོད་པ་མ་ཡིན་ཏེ། དཔེར་ན་ནས་ཀྱི་ས་བོན་དྲུང་པོ་ནི་རང་གི་རྒྱུ་ལས་མྱུ་གུ་སྐྱེད་རུང་གི་རང་བཞིན་དུ་མ་སྐྱེས་ན་དེའི་ཚེ་ཆུ་ལུད་ལ་སོགས་པའི་རྐྱེན་དང་ཕྲད་ཀྱང་མྱུ་གུ་སྐྱེད་པའི་ནུས་ལྡན་དུ་མི་འགྱུར་ཏེ་སོལ་བ་བཞིན། དེའི་ཕྱིར་ས་བོན་ནི་གདོད་མ་ནས་མྱུ་གུ་སྐྱེད་རུང་དུ་གནས་ཀྱང་ཆུ་ལུད་ལ་སོགས་པའི་རྐྱེན་གྱིས་མྱུ་གུ་བསྐྱེད་པ་ལ་ནུས་པ་མཐུ་དང་ལྡན་པར་བྱེད་པ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་རང་ཉིད་གདོད་མ་ནས་འབྲས་བུ་བསྐྱེད་པའི་ནུས་ལྡན་དུ་ཡོད་ཀྱང་། སྒོ་བྱེད་དག་གིས་འབྲས་བུ་དེ་ཉིད་བསྐྱེད་པ་ལ་ནུས་པ་ཕུལ་དུ་བྱུང་བ་དང་ལྡན་པར་བསྐྱེད་པར་བྱེད་པའི་ཕྱིར་རོ། །

དེ་ལྟར་ན་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་། དད་པ་ལ་སོགས་པའི་དགེ་བ་དག་གིས་ཀུན་གཞིའི་རྣམ་པར་ཤེས་པ་གདོད་མ་ནས་འདོད་པའི་མི་འདོད་པའི་འབྲས་བུ་འབྱིན་རུང་དུ་གནས་པ་དེ་ཉིད་སླར་ཡང་འབྲས་བུ་དེ་དག་བསྐྱེད་པ་ལ་མཐུ་ཕུལ་དུ་བྱུང་བ་དང་ལྡན་པར་བསྐྱེད་པའི་ཕྱིར་དེ་དག་གིས་ཀུན་གཞི་ལ་དགེ་བའམ་མི་དགེ་བའི་བག་ཆགས་སྒོས་སོ་ཞེས་ཐ་སྙད་འདོགས་པར་བྱེད་པ་ཡིན་ནོ། །དེ་ཙམ་ལ་བསམས་ནས་བག་ཆགས་ཆོས་ཉིད་ཀྱིས་གནས་པ་སྒོ་བྱེད་དག་གི་བསྒོ་བར་ཟད་དོ་ཞེས་སྨྲ་ན་ཉེས་པ་མེད་ལ་མཐུ་ཕུལ་དུ་བྱུང་བ་དང་ལྡན་པ་སྔར་མེད་གསར་དུ་བསྐྱེད་པར་བྱེད་པ་ལ་བསམས་ནས་གསར་དུ་སྒོ་བར་བྱེད་ཞེས་སྨྲ་ན་ཡང་ཉེས་པ་ཆེར་མེད་མོད་འོན་ཀྱང་སྔར་གྱི་སློབ་དཔོན་དེ་དག་གི་བསམ་པ་ནི་བག་ཆགས་ཞེས་པའི་ཆོས་གཞན་ཞིག་གདོད་མ་ནས་གནས་པའམ། གསར་དུ་སྐྱེ་བར་དཔྱོད་པར་མངོན་པས་དེ་ནི་རྣམ་པ་ཐམས་ཅད་དུ་འཐད་པར་མ་མཐོང་ངོ་། །ཚུལ་ཇི་ལྟར་བསྒོ་བའི་རྣམ་པར་བཞག་པ་བཤད་ཟིན་ཏོ། །

ད་ནི་བསྒོས་པའི་རང་བཞིན་གང་ཡིན་པ་དེ་ཉིད་དཔྱད་པར་བྱ་སྟེ། དེ་ལ་ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་བསྒོ་བར་བྱ་བའི་གཞི་དང་། སྒོ་བྱེད་དག་རྒྱུད་གཅིག་ལ་ལྷན་ཅིག་འབྱུང་བ་དང་འགག་པ་ལ་བརྟེན་ནས་སྒོ་བར་བྱེད་པ་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་དུ་རུང་བའི་ནུས་པ་སྒོ་བར་བྱ་བའི་གཞི་ལས། དེ་ཉིད་དང་གཞན་གང་དུ་ཡང་བརྗོད་པར་བྱ་བ་མ་ཡིན་པ་དེ་ནི་བག་ཆགས་ཞེས་ཀྱང་བྱ། ས་བོན་ཞེས་ཀྱང་བྱ། ནུས་པ་ཞེས་ཀྱང་བྱའོ། །དེ་སྐད་དུ་ཡང་། ཐེག་བསྡུས་ལས། བག་ཆགས་ཞེས་བྱ་འདི་ཅི་ཞིག །བག་ཆགས་ཞེས་བརྗོད་པ་འདིའི་བརྗོད་པར་བྱ་བ་ནི་ཅི་ཞེ་ན། ཆོས་དེ་དང་ལྷན་ཅིག་འབྱུང་བ་དང་། འགག་པ་ལ་བརྟེན་ནས། དེ་འབྱུང་བའི་རྒྱུ་མཚན་ཉིད་གང་ཡིན་པ་དེ་ནི་བརྗོད་པར་བྱ་བ་སྟེ། དཔེར་ན་ཏིལ་དག་ལ་མེ་ཏོག་གིས་བསྒོས་པ་ཏིལ་དང་མེ་ཏོག་ལྷན་ཅིག་འབྱུང་ཞིང་འགགས་ཀྱང་ཏིལ་རྣམས་དེའི་དྲི་གཞན་འབྱུང་བའི་རྒྱུ་མཚན་ཉིད་དུ་འབྱུང་བ་དང་། འདོད་ཆགས་ལ་སོགས་པ་ལ་སྤྱོད་པ་རྣམས་ཀྱི་འདོད་ཆགས་ལ་སོགས་པའི་བག་ཆགས་འདོད་ཆགས་ལ་སོགས་པ་དང་། ལྷན་ཅིག་ཏུ་འབྱུང་ཞིང་འགགས་ཀྱང་སེམས་ནི་དེའི་རྒྱུ་མཚན་ཉིད་དུ་འབྱུང་བ་དང་། མང་དུ་ཐོས་པ་རྣམས་ཀྱི་མང་དུ་ཐོས་པའི་བག་ཆགས་ཀྱང་ཐོས་པ་དེ་ཡིད་ལ་བྱེད་པ་དང་ལྷན་གཅིག་འབྱུང་ཞིང་འགགས་ཀྱང་སེམས་ནི་དེ་བརྗོད་པའི་རྒྱུ་མཚན་ཉིད་དུ་འབྱུང་སྟེ། བག་ཆགས་དེས་ཡོངས་སུ་ཟིན་པས་ཆོས་འཛིན་པ་ཞེས་བྱ་བ་ལྟར་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཡང་ཚུལ་དེ་བཞིན་དུ་ལྟ་བར་བྱའོ། །ཞེས་གསུངས་པ་ཡིན་ནོ། །

དེ་ལ་བརྗོད་པར་བྱ་བ་སྟེ་ཞེས་པ་ཡན་ཆད་ནི་དོན་ནོ། །དཔེར་ན་ཞེས་པ་ལ་སོགས་པས་ནི་དཔེ་རྣམ་པ་གཉིས་པོ་འཇིག་རྟེན་ན་གྲགས་པ་དང་། བསྟན་བཅོས་ལ་གྲགས་པ་དག་སྟོན་པར་བྱེད་དོ། །དེ་ལ་མེ་ཏོག་དང་ཏིལ་གྱི་དཔེས་ནི་འཇིག་རྟེན་ན་གྲགས་པའོ། །འདོད་ཆགས་ལ་སོགས་པས་ནི་བསྟན་བཅོས་ལ་གྲགས་པ་སྟེ། དེ་ཡང་དང་པོ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་རྗེས་སུ་མཐུན་པའོ། །མང་དུ་ཐོས་པ་རྣམས་ཀྱི་ཞེས་བྱ་བ་ལ་སོགས་པ་རྣམ་པར་བྱང་བ་དང་རྗེས་སུ་མཐུན་པའི་དཔེ་ཡིན་ནོ། །བག་ཆགས་དེས་ཡོངས་སུ་ཟིན་པས་ཞེས་པ་ལ་སོགས་པས་ནི་དཔེ་དོན་ཆོས་མཐུན་པ་སྦྱར་ཏེ་མཇུག་བསྡུད་པའོ། །བག་ཆགས་དང་ཀུན་གཞི་དེ་ཉིད་གཅིག་དང་ཐ་དད་པ་དཔྱད་པ་ཡང་དེ་ཉིད་ལས་གསུངས་པ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཀུན་ནས་ཉོན་མོངས་པའི་ཆོས་ཀྱི་ས་བོན་དེ་དག་ཅི་སོ་སོ་ཐ་དད་དམ། འོན་ཏེ་ཐ་དད་པ་མ་ཡིན་པར་གནས་ཞེ་ན། དེ་ལ་གནས་པ་དེ་དག་དང་རྫས་སུ་ཐ་དད་པ་ཡང་མ་ཡིན། །ཐ་མི་དད་པ་ཡང་མ་ཡིན་མོད་ཀྱི། གང་དེ་འབྱུང་བའི་མཐུའི་ཁྱད་པར་ཅན་ཀུན་གཞིའི་རྣམ་པར་ཤེས་པ་དེ་དེ་བཞིན་དུ་འབྱུང་བ་ལ་ས་བོན་ཐམས་ཅད་པ་ཞེས་བྱའོ། །དེ་ལ་དོན་ནི་འདི་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ས་བོན་གང་ཡིན་པ་དེ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ལས་རྫས་གཞན་དུ་ཡོད་པ་ནི་མ་ཡིན་ཏེ། དེ་དག་གཟུགས་ཅན་ཡིན་པར་མི་རིགས་པས་སེམས་དང་སེམས་ལས་བྱུང་བའི་རང་བཞིན་ཡིན་པར་འགྱུར་ལ། དེ་ལྟ་ན་སེམས་ཅན་རྣམས་ཀྱི་སེམས་ཀྱི་རྒྱུད་དུ་མར་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་སེམས་ལས་བྱུང་བ་དུ་མ་ཅིག་ཅར་འབྱུང་ཡང་རྒྱུད་དུ་མར་མི་འགྱུར་བ་ལྟར་རོ་ཞེ་ན། མ་ཡིན་ཏེ། སེམས་ལས་བྱུང་བ་རྣམས་གོ་རིམ་གཅིག་ལ་བརྟེན་ནས་འབྱུང་བའི་ཕྱིར་རོ། །ཅི་སྟེ་རྒྱུད་གཅིག་ལ་འཇུག་པའི་རྣམ་པར་ཤེས་པ་དུ་མ་ཅིག་ཅར་འབྱུང་ཡང་རྒྱུད་དུ་མར་མི་འགྱུར་བ་བཞིན་ནོ་ཞེ་ན། མ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀུན་གཞིའི་རྣམ་ཤེས་གཅིག་ལ་རག་ལས་ཏེ། །འཇུག་ལ་བག་ཆགས་རྣམས་ནི་ཀུན་གཞི་ལས་རྫས་ཐ་དད་ཡིན་ན་དེ་ལ་མ་རག་པར་རང་དབང་དུ་འབྱུང་བའི་ཕྱིར་རྒྱུད་དུ་མ་ཉིད་དུ་ཐལ་བ་སོ་ན་འདུག་པ་ཡིན་ནོ། །

དེ་དག་ཀུན་གཞིའི་རྣམ་པར་ཤེས་པ་དང་རྗས་གཅིག་པ་ཡང་མ་ཡིན་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་བག་ཆགས་ཡོངས་སུ་སྨིན་པ་མཐར་ཐུག་པའི་ངོ་བོ་ཡིན་པས་སླར་རྣམ་པར་སྨིན་པ་གཞན་འབྱིན་པའི་ནུས་པ་མེད་པ་ལྟར། ལས་ཀྱི་བག་ཆགས་དག་ལ་ཡང་རྣམ་སྨིན་འབྱིན་པའི་ནུས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་དང་ཀུན་གཞི་ལྟར་དུ་བག་ཆགས་རྣམས་ཀྱང་སྐྱེ་བ་སྔ་མའི་ལས་ཀྱི་འཕེན་པ་ལས་བྱུང་པའི་རྣམ་པར་སྨིན་པར་འགྱུར་གྱི་ཚེ་འདིའི་སྒོ་བྱེད་ཀྱི་རྐྱེན་ལ་མི་ལྟོས་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གང་ཡང་དོན་གསང་རྣམ་པར་བཤད་པ་ལས། །གལ་ཏེ་གཅིག་ཡིན་ན། ཀུན་གཞི་ལྟར་བག་ཆགས་དག་ཀྱང་མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་ཞེས་ཁོ་ནར་འགྱུར་ལ། དེ་ལྟ་ན་མ་སྒྲིབས་ལུང་མ་བསྟན་གྱི་ས་བོན་ལས་དགེ་བ་དང་མི་དགེ་བ་ལ་སོགས་པའི་ཆོས་འབྱུང་བ་མི་རིགས་པས་དེའི་ཕྱིར་གཅིག་ཉིད་ཀྱང་མ་ཡིན་ནོ་ཞེས་འཆད་པ་ནི་རིགས་པར་མ་མཐོང་སྟེ། བག་ཆགས་མ་སྒྲིབས་ལུང་མ་བསྟན་ལས་དགེ་མི་དགེའི་ཆོས་སྣ་ཚོགས་འབྱུང་བ་མི་འགལ་བར་གཞུང་ཉིད་ལས་ཚིག་གུའི་རྩི་ཡིས་དཔེས་བསྟན་པའི་ཕྱིར་རོ། །དེ་ལྟ་ན་རྫས་གཅིག་དང་ཐ་དད་པའི་ཕྱོགས་གཉིས་ཀ་ལ་ཡང་རིགས་པས་གནོད་པའི་ཕྱིར་མི་འཐད་ལ། མཚན་ཉིད་ནི་ཐ་དད་པར་རིགས་པས་བརྟག་པར་ནུས་པའི་ཕྱིར་ཐ་དད་པ་ཁོ་ན་ཡིན་ནོ། །ཀུན་གཞི་ལ་ཡོད་པའི་བག་ཆགས་རྣམས་ཤ་མོའི་སུལ་ལྟར་སོ་སོ་ཐ་དད་པ་ཁོ་ནར་གནས་སམ། ཆུ་དང་འོ་མ་འདྲེས་པ་ལྟར་རོ་གཅིག་ཏུ་གནས། དེ་ལས་ཅིར་འགྱུར། ཕྱོགས་དང་པོ་ལྟར་ན་ཀུན་གཞི་དང་བག་ཆགས་ཐ་དད་པའི་ཕྱོགས་ལ་བརྗོད་པའི་ཉེས་པ་སོ་ན་འདུག་པ་ཡིན་ནོ། །

གཉིས་པ་ལྟར་ན་ཡང་དེ་དག་གི་འབྲས་བུ་མི་འདྲ་བ་སྣ་ཚོགས་པ་སོ་སོར་འབྱིན་པ་མི་འཐད་དོ་ཞེ་ན། འདི་ལ་སྨྲ་བར་བྱ་སྟེ། ཅི་རྫས་ལ་བསམས་ཏེ་རྒོལ་ལམ། འོན་ཏེ་མཚན་ཉིད་ལ་བསམས་ཏེ་དེ་སྐད་ཅེས་རྒོལ། ཕྱོགས་དང་པོ་ལྟར་ན་བག་ཆགས་སྣ་ཚོགས་པ་དེ་དག་རྫས་སོ་སོར་གནས་པ་ཡང་མ་ཡིན། གཅིག་ཏུ་འདྲེས་པ་ཡང་མ་ཡིན་ཏེ། དེ་དག་རྫས་སུ་མ་གྲུབ་པའི་ཕྱིར་རོ། །ཕྱོགས་གཉིས་པ་ལྟར་ན་འདི་དག་མཚན་ཉིད་གཅིག་ཏུ་རྣམ་པར་བཞག་ནུས་པ་མ་ཡིན་ཏེ། འདི་དག་སྒོ་བར་བྱེད་པའི་རྒྱུ་ཡང་གཅིག་གིས་བཞག་པ་དང་རྣམ་པར་སྨིན་པ་ལ་སོགས་པའི་འབྲས་བུ་ཡང་གཅིག་ཁོ་ན་འབྱིན་པར་ཐལ་བའི་ཕྱིར་དང་། འདོད་ཆགས་ལ་སོགས་པའི་མི་དགེ་བ་དང་། དད་པ་ལ་སོགས་པ་དགེ་བ་དག་གིས་བཞག་པའི་བག་ཆགས་གཅིག་ཡིན་ན། དེ་དག་གི་རྣམ་པར་སྨིན་པ་ཡང་གཅིག་འབྱིན་པའི་ཕྱིར་དགེ་སྡིག་ལ་བླང་དོར་རྩོམ་པ་དོན་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེ་བས་ན་དགེ་བ་དང་མི་དགེ་བས་བཞག་པའི་བག་ཆགས་རྣམས་ནི་མཚན་ཉིད་སོ་སོར་ཐ་དད་པ་ཁོ་ན་ཡིན་ཏེ། སྒོ་བར་བྱེད་པའི་རྒྱུ་ཐ་དད་པས་བཞག་པ་ཡིན་པའི་ཕྱིར་དང་། རྣམ་པར་སྨིན་པའི་འབྲས་བུ་འདོད་པ་དང་མི་འདོད་པ་སོ་སོར་འབྱིན་པའི་ཕྱིར་རོ། །དེ་བས་ན་འབྲས་བུ་དགེ་མི་དགེ་འདོད་མི་འདོད་ལ་སོགས་པ་སྣ་ཚོགས་པ་དམིགས་པའི་ཕྱིར་ན། འདི་དག་བསྐྱེད་པའི་ས་བོན་མཚན་ཉིད་མི་འདྲ་བ་དུ་མ་ཀུན་གཞི་ལ་ཡོད་པར་རྗེས་སུ་དཔོག་པ་ཡིན་ནོ། །འབྲས་བུ་སྣ་ཚོགས་པ་འདི་རྣམས་རྒྱུ་མེད་པར་འབྱུང་བ་མི་འཐད་པའི་ཕྱིར་དང་། འདི་དག་གང་ལས་འབྱུང་བའི་ནུས་པ་དེ་ཉིད་ལ་བག་ཆགས་ཞེས་ཐ་སྙད་བྱེད་པའི་ཕྱིར་རོ། །

ཇི་སྐད་དུ། རྣམ་འགྲེལ་ལས། འབྲས་བུ་སྣ་ཚོགས་མཐོང་བའི་ཕྱིར། །ལས་རྣམས་ནུས་པ་ཐ་དད་དུ་རྗེས་དཔག་གོ །ཅེས་གང་གསུངས་པ་ལྟར་རོ། །འོ་ན་འཇོག་བྱེད་དགེ་བ་དང་མི་དགེ་བས་བཞག་པའི་བག་ཆགས་ཀྱང་དགེ་བའམ་མི་དགེ་བའི་རང་བཞིན་དུ་གནས་པ་ཡིན་ནམ་ཞེ་ན། འདི་ལ་བོད་ཀྱི་སློབ་དཔོན་ཁ་ཅིག་དགེ་བ་དང་མི་དགེ་བའི་བག་ཆགས་ནི། གོ་རིམ་བཞིན་དུ་འདོད་པ་དང་མི་འདོད་པའི་རྣམ་སྨིན་འབྱིན་བྱེད་ཡིན་པའི་ཕྱིར་དང་། རྗེས་སུ་འབྲེལ་པའི་དགེ་བ་དང་། མི་དགེ་བ་ཡིན་པའི་ཕྱིར། དགེ་བ་དང་མི་དགེ་བ་ཡིན་ནོ་ཞེས་སྨྲ་བར་བྱེད་དོ། །དེ་ནི་འཐད་པ་མ་ཡིན་ནོ། །ལུང་དང་རིགས་པས་གནོད་པའི་ཕྱིར་རོ། །

དེ་ལ་རེ་ཞིག་རིགས་པ་ནི་འདི་ཡིན་ཏེ། དགེ་བས་གཞག་པའི་བག་ཆགས་གང་ཡིན་པ་དེ་ནི་དགེ་བ་མ་ཡིན་ནོ། །མི་དགེ་བའི་གཉེན་པོ་མི་བྱེད་པའི་ཕྱིར། དཔེར་ན་ཉོན་མོངས་པ་ཅན་གྱི་ཡིད་བཞིན་ནོ། །མི་དགེ་བས་གཞག་པའི་བག་ཆགས་གང་ཡིན་པ་དེ་ཡང་མི་དགེ་བ་མ་ཡིན་ནོ། དགེ་བ་སྐྱེ་བའི་གྲོགས་མི་བྱེད་པའི་ཕྱིར། དཔེར་ན་རྣམ་པར་སྨིན་པའི་རྣམ་ཤེས་བཞིན་ནོ། །གཏན་ཚིགས་འདི་དག་མ་གྲུབ་པ་མ་ཡིན་ནོ། །འདི་ལྟར། གང་ཞིག་གང་དང་རྒྱུན་གཅིག་ལ་ལྷན་ཅིག་ཏུ་འཇུག་པ་དེ་ནི་དེ་དང་འགལ་བའམ། དེའི་གཉེན་པོ་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་ཏེ། རྣམ་པར་སྨིན་པའི་རྣམ་ཤེས་དང་། ཉོན་མོངས་པ་ཅན་གྱི་ཡིད་བཞིན་ནོ། །དགེ་བ་དང་མི་དགེ་བའི་བག་ཆགས་དག་ཀྱང་དགེ་བ་དང་མི་དགེ་བའི་ཆོས་དག་དང་། རྒྱུད་གཅིག་ལ་ལྷན་ཅིག་ཏུ་འཇུག་པ་ཡིན་ནོ་ཞེས་པ་ནི་འགལ་བའི་ཁྱབ་བྱ་དམིགས་པའོ། །མ་ངེས་པ་ཡང་མ་ཡིན་ནོ། །འདི་ལྟར་གང་ཞིག་དགེ་བའི་ཆོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་མ་ཡིན་པ་དེ་ནི་མི་དགེ་བའི་ཆོས་ཞེས་མཐའ་གཅིག་ཏུ་རྣམ་པར་འཇོག་པར་རིགས་པ་མ་ཡིན་ལ། གང་ཡང་མི་དགེ་བའི་ཆོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་མ་ཡིན་པ་དེ་ཡང་དགེ་བ་ཞེས་མཐའ་གཅིག་ཏུ་རྣམ་པར་འཇོག་པར་རིགས་པ་མ་ཡིན་ཏེ། དཔེར་ན་ལུང་དུ་མ་བསྟན་པའི་ཆོས་རྣམས་བཞིན་ནོ། །མི་དགེ་བ་དང་དགེ་བས་བཞག་པའི་བག་ཆགས་དག་ཀྱང་གོ་རིམ་བཞིན་དུ་དགེ་བ་དང་མི་དགེ་བའི་ཆོས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་མ་ཡིན་ནོ། །ཞེས་བྱ་བ་ནི་ཁྱབ་པར་བྱེད་པ་མ་དམིགས་པའོ། །དེ་བས་ན་དགེ་མི་དགེ་སྣ་ཚོགས་ཀྱིས་བསྒོས་པའི་བག་ཆགས་སྣ་ཚོགས་པ་དེ་དག་མ་སྒྲིབས་ལ་ལུང་མ་བསྟན་གྱི་ངོ་བོར་མཐའ་གཅིག་ཏུ་གནས་སོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །

དེ་ལྟ་ན་དེ་དག་ལས་དགེ་མི་དགེ་ལ་སོགས་པའི་འབྲས་བུ་སྣ་ཚོགས་ཇི་ལྟར་འབྱུང་ཅེ་ན། འདི་ན་སློབ་དཔོན་ཉིད་ཀྱིས་དཔེའི་སྒོ་ནས་གསལ་པོར་བསྟན་པ་ཡིན་ཏེ། འདི་ལྟར་ཐེག་བསྡུས་ལས། བག་ཆགས་ཐ་དད་མ་ཡིན་ཞིང་སྣ་ཚོགས་མ་ཡིན་པ་ཆོས་ཐ་དད་པ་སྣ་ཚོགས་པ་དག་གི་རྒྱུར་ཇི་ལྟར་རུང་ཞེ་ན། དཔེར་ན་ཚིག་གུའི་རྩི་སྣ་ཚོགས་ཀྱིས་བསྒྱུར་བའི་རས་སྣ་ཚོགས་སུ་མི་སྣང་བ་གང་གི་ཚེ་ཚོན་གྱི་སྣོད་དུ་བཅུག་པ་དེའི་ཚེ། རས་ལ་ཚོན་རྣམས་ཀྱི་དབྱེ་བ་ཐ་དད་པ་རྣམ་པ་སྣ་ཚོགས་དུ་མ་སྟོན་པ་དེ་བཞིན་དུ། ཀུན་གཞིའི་རྣམ་པར་ཤེས་པ་བག་ཆགས་ཀྱི་དུས་སྣ་ཚོགས་མ་ཡིན་ཡང་། འབྲས་བུ་མངོན་པར་འགྲུབ་པའི་ཚོན་གྱིས་སྣོད་དུ་མཐོང་པར་ཕྱོགས་པ་ན། ཆོས་སྣ་ཚོགས་ཚད་མེད་པ་དག་སྟོན་ཏེ། འདི་ནི་ཐེག་པ་ཆེན་པོ་ལ་ཕྲ་བ་མཆོག་ཏུ་ཟབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བའོ། །ཞེས་གང་གསུངས་པ་ཡིན་ནོ། །འདིས་ནི་ཕྱོགས་སྔ་མ་ལ་གནོད་པར་བྱེད་པའི་ལུང་ཡང་དྲངས་པ་ཡིན་ནོ། །ཅིའི་ཕྱིར་དཔེ་ཙམ་ཞིག་བསྟན་གྱི་སྒྲུབ་པར་བྱེད་པའི་རིགས་པ་མ་བསྟན་ཅེ་ན། བག་ཆགས་སྣ་ཚོགས་མ་ཡིན་པ་ཡང་རིགས་པས་སྒྲུབས་ཟིན་པའི་ཕྱིར་དང་། །ཆོས་ཐ་དད་པ་སྣ་ཚོགས་པ་རྣམས་ཀྱང་དེ་ལས་བྱུང་ངོ་ཞེས་བརྗོད་པ་ན་རྒྱུ་ཐ་དད་པ་མ་ཡིན་པ་ལས་འབྲས་བུ་སྣ་ཚོགས་འབྱུང་བ་འགལ་ལོ་སྙམ་དུ་དོགས་པ་ལ། དཔེ་མཐོང་བ་ན་དོགས་པ་དེ་ལྡོག་པར་འགྱུར་བས་དེའི་ཕྱིར་དཔེ་ཉིད་སྒྲུབ་བྱེད་ཡིན་ནོ། །ཇི་སྐད་བཤད་པའི་ས་བོན་དེ་ཡང་རྣམ་པ་དུ་ཞིག་ཡོད་ཅེ་ན། གསུངས་པ། ཕྱི་དང་ནང་དང་མི་གསལ་བ། །གཉིད་དང་ཀུན་རྫོབ་ཉིད་དང་ནི། །དམ་པའི་དོན་དེ་དེ་དག་ཀུན། །ས་བོན་རྣམ་པ་དྲུག་ཏུ་འདོད། །ཅེས་ཏེ། ས་བོན་དེ་ནི་ཕྱིའི་ས་བོན་དང་ནང་གི་ས་བོན་གཉིས་སུ་དབྱེའོ། །

དེ་ལ་ཕྱིའི་ས་བོན་ནི་ཨུད་པ་ལའི་རྩ་བ་དང་ནས་ཀྱི་ས་བོན་ལ་སོགས་པའོ། །ནང་གི་ས་བོན་ནི་ཀུན་གཞི་ལ་ཡོད་པའི་བག་ཆགས་སོ། །དེ་དག་ཉིད་མི་གསལ་བ་གཉིས་དང་། ཀུན་རྫོབ་དང་དོན་དམ་པ་གཉིས་ཏེ་བཞིར་ཕྱེ་བས་རྣམ་པ་དྲུག་ཏུ་འགྱུར་རོ། །དེ་ལ་མི་གསལ་བ་གཉིས་ནི། ཀུན་ནས་ཉོན་མོངས་དང་རྣམ་བྱང་དུ་མི་གསལ་བའམ། དགེ་བ་དང་མི་དགེ་བར་མི་གསལ་བའོ། །ཀུན་རྫོབ་ནི་ཕྱིའི་ས་བོན་ཏེ། དེ་དག་ནི་ཐ་སྙད་ཙམ་དུ་མྱུ་གུ་ལ་སོགས་པའི་ས་བོན་དུ་གྲགས་པ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ཏེ། ཀུན་གཞིའི་བག་ཆགས་ཁོ་ན་ལས་མྱུ་གུ་ལ་སོགས་པ་འབྱུང་བའི་ཕྱིར་རོ། །དོན་དམ་པ་ནི་ནང་གི་ས་བོན་ཡིན་ཏེ། དེ་ཉིད་ཆོས་རྣམས་ཀུན་གྱི་རྒྱུའི་རྐྱེན་དུ་རིགས་པས་འགྲུབ་པའི་ཕྱིར་རོ། །ཡང་དེ་དག་ནི་གོ་རིམ་བཞིན་དུ་ཐ་སྙད་པའི་ཤེས་པའི་ཡུལ་ཡིན་པའི་ཕྱིར་དང་། བརྟག་བཟོད་པའི་ཕྱིར་ཞེས་འཆད་དོ། །ཕྱི་དང་ནང་གི་ས་བོན་དེ་དག་གི་ཁྱད་པར་གཞན་དཔྱད་པ་ནི། སྐད་ཅིག་མ་དང་ལྷན་ཅིག་འབྱུང་། །དེ་ནི་རྒྱུན་ཆགས་འབྱུང་བར་འདོད། །ངེས་དང་རྐྱེན་ལ་ལྟོས་པ་དང་། །རང་གི་འབྲས་བུ་བསྒྲུབས་པའོ། །ཞེས་གསུངས་ཏེ། དེ་ལ་ཕྱི་དང་ནང་གི་ས་བོན་དེ་དག་ནི་སྐད་ཅིག་མ་ཡིན་ཏེ། རྐྱེན་ལ་ལྟོས་ནས་འབྲས་བུ་རིམ་བཞིན་བསྐྱེད་པའི་ཕྱིར་རོ། །གཞན་དུ་ན་འབྲས་བུ་འབྱིན་པ་རྐྱེན་ལ་མི་ལྟོས་པར་འགྱུར་ཏེ། རྟག་པ་ལ་རྐྱེན་གྱིས་ཁྱད་པར་སྐྱེད་དུ་མེད་པའི་ཕྱིར་རོ། །དེའི་ཕྱིར་འབྲས་བུ་རྣམས་ཅིག་ཅར་བསྐྱེད་པའི་ཡང་ན་རིམ་གྱིས་ཀྱང་མི་བསྐྱེད་པར་འགྱུར་རོ། །

དེ་ཡང་རང་གི་འབྲས་བུ་དང་ལྷན་ཅིག་ཁོ་ནར་འབྱུང་གི་སྔ་བའམ་ཕྱི་བར་ནི་མ་ཡིན་ཏེ། འདི་ལྟར། འབྲས་བུ་ད་ལྟར་བ་ཡིན་ན་རྒྱུ་འདས་པ་ནི་འགགས་ནས་མེད་པའི་ཕྱིར་ནམ་མཁའི་མེ་ཏོག་ལྟར་རྒྱུར་རུང་བ་མ་ཡིན་ལ། རྒྱུ་ད་ལྟར་བ་ཡིན་ན་འབྲས་བུ་མ་འོངས་པ་ནི་དངོས་པོར་མེད་པའི་ཕྱིར་དེ་ལ་རྒྱུའི་བྱ་བ་མེད་པས་འབྲས་བུ་ཡིན་པར་མི་འཐད་པའི་ཕྱིར་རོ། །འདི་ལ་འགྲེལ་བྱེད་ཁ་ཅིག་དུས་མི་མཉམ་པ་ཁོ་ན་རྒྱུ་འབྲས་སུ་འགྱུར་གྱི་དུས་མཉམ་པ་ནི་མ་ཡིན་ནོ་ཞེས་ཟེར་རོ། །དོན་གསང་རྣམ་པར་བཤད་པ་ལས་ཀུན་རྫོབ་ཏུ་རྒྱུ་འབྲས་དུས་མཉམ་པ་ཡང་ཡོད་དེ། །མར་མེ་དང་འོད་ལྟ་བུའོ། །མི་མཉམ་པ་ཡང་ཡོད་དེ། ས་བོན་དང་མྱུ་གུ་ལྟ་བུའོ། །ཞེས་འཆད་ཀྱང་། སློབ་དཔོན་གྱི་དགོངས་པ་ནི་དུས་མཉམ་ཉིད་ཡིན་པར་མངོན་ཏེ། ཇི་སྐད་དུ། ཀུན་གཞིའི་རྣམ་པར་ཤེས་པ་དང་ཀུན་ནས་ཉོན་མོངས་པའི་ཆོས་དེ་དག་དུས་མཉམ་དུ་གཅིག་གི་རྒྱུ་ཉིད་དུ་གཅིག་འགྱུར་བར་ཇི་ལྟར་ལྟ་ཞེས། དཔེར་ན་མར་མེའི་མེ་ལྕེ་འབྱུང་བ་དང་སྙིང་པོ་ཚིག་པ་ཕན་ཚུན་དུས་མཉམ་པ་དང་། མདུང་ཁྱིམ་ཡང་དུས་མཉམ་དུ་གཅིག་ལ་གཅིག་བརྟེན་ནས་མི་འགྱེལ་བ་དེ་བཞིན་དུ། འདིར་ཡང་གཅིག་གི་རྒྱུ་ཉིད་དུ་འགྱུར་བར་ལྟའོ། །ཞེས་དང་། ལྷན་ཅིག་འབྱུང་ཅེས་དང་། སྐད་ཅིག་ལྷན་ཅིག་ཉིད་ཕྱིར། །ཞེས་བྱ་བ་ལ་སོགས་པ་གསུངས་པའི་ཕྱིར་རོ། །

རྒྱུ་འབྲས་དུས་མི་མཉམ་པ་བཞེད་ན་ནི་བསྒོ་བྱ་སྒོ་བྱེད་ཡང་དུས་མཉམ་པ་ཁོ་ནར་བསྒྲུབ་པ་མི་རིགས་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བ་དེ་ཡང་སྐད་ཅིག་མ་གཅིག་གམ་གཉིས་ལ་སོགས་པར་འབྱུང་བ་ནི་མ་ཡིན་གྱི་སྐྱེད་བྱའི་འབྲས་བུ་ཇི་སྲིད་གནས་ཀྱི་བར་དུ་རྒྱུན་ཆགས་སུ་འབྱུང་བ་ཡིན་ནོ། །འདི་ཅིས་མངོན་ཞེ་ན། འབྲས་ས་ལུ་ལ་སོགས་པའི་མྱུ་གུ་དང་སྡོང་བུ་དང་སྦུ་གུ་ལ་སོགས་པ་འཆོས་པའི་གནས་སྐབས་ན་ཡང་ཅི་སྟེ་རང་གི་ས་བོན་གྱི་རྒྱུན་མེད་ན་དེའི་ཚེ་འདི་ནི་དེ་ཁོ་ནའི་གནས་སྐབས་ལ་གནས་པར་འགྱུར་གྱི་རང་གི་ཁྱད་པར་གོང་ནས་གོང་དུ་འཕེལ་བར་མི་འགྱུར་ཏེ་རང་གི་ས་བོན་གྱི་རྒྱུན་མེད་པའི་ཕྱིར། དཔེར་ན། སྦྱང་ནང་གི་འབྲས་བཞིན་ནོ། །གལ་ཏེ་རང་གི་རིགས་འདྲ་སྔ་མའི་རྐྱེན་ལས་འཕེལ་བར་འགྱུར་བའི་ཕྱིར་སྐྱོན་མེད་དོ་ཞེ་ན། དེ་ནི་སྔ་ཕྱི་རྒྱུ་འབྲས་སུ་མི་རུང་ངོ་ཞེས་བཤད་ཟིན་ཏེ། དེ་ལྟ་ན་མྱུ་གུའི་གནས་སྐབས་ན་ས་བོན་མ་མཐོང་བའི་ཕྱིར་ཇི་ལྟར་རུང་ཞེ་ན། ས་བོན་གྱི་རྒྱུན་གྱིས་ནུས་པའི་ངོ་བོ་ཡིན་པས། མྱུ་གུ་ལས་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ནོ། །དེའི་ཕྱིར་ས་བོན་ནི་མངོན་སུམ་གྱི་ཡུལ་མ་ཡིན་གྱི། འོན་ཀྱང་སྔར་བཤད་པའི་རིགས་པ་ལས་དཔགས་ནས་མྱུ་གུ་ལ་སོགས་པའི་ཚེ་ཡང་ས་བོན་གྱི་རྒྱུན་ཡོད་པར་རྣམ་པར་འཇོག་པ་ཡིན་ནོ། །དེ་ལ་ཕྱིའི་ས་བོན་རྣམས་ནི་འགལ་རྐྱེན་དང་མ་ཕྲད་ན་ཇི་སྲིད་རང་གི་འབྲས་བུ་ཡོངས་སུ་སྨིན་པ་མཐར་ཐུག་གི་བར་དུ་རྒྱུན་འཇུག་ལ་གང་གི་ཚེ་འབྲས་བུ་སྨིན་པ་མཐར་ཐུག་པ་དེའི་ཚེ་ས་བོན་གྱི་རྒྱུན་ཡང་ལྡོག་པ་ཡིན་ནོ། །ཅི་སྟེ་འགལ་རྐྱེན་དང་འཕྲད་ན་ནི་ནམ་ཕྲད་པ་དེའི་ཚེ་ས་བོན་གྱི་རྒྱུན་ལྡོག་ལ་གང་གི་ཚེ་ས་བོན་གྱི་རྒྱུན་ལོག་པ་དེའི་ཚེ་འབྲས་བུ་ཡང་གནས་སྐབས་དེ་ཉིད་ལ་གནས་པའམ་འགྲིབ་པར་འགྱུར་གྱི་གོང་ནས་གོང་དུ་འཕེལ་བ་དང་ཡངས་པ་ལ་སོགས་པར་འགྱུར་བ་ནི་མ་ཡིན་ནོ། །ནང་གི་ས་བོན་རྣམས་ལ་སྲིད་པ་ཡན་ལག་གི་བག་ཆགས་དག་ནི་ཇི་སྲིད་རང་གི་རྣམ་པར་སྨིན་པའི་འབྲས་བུ་མཐར་ཐུག་པར་མ་གྱུར་གྱི་བར་དུ་འཇུག་གོ །བདག་ཏུ་ལྟ་བའི་བག་ཆགས་ནི་གཉེན་པོ་མ་སྐྱེས་ཀྱི་བར་དུ་འཇུག་གོ །

དེ་ལ་ཡང་མཐོང་སྤང་གིས་བསྡུས་པའི་རྣམ་པ་ནི་མཐོང་ལམ་སྐྱེས་པ་ན་ལྡོག་ལ། སྒོམ་སྤང་རྣམས་ནི་རྡོ་རྗེ་ལྟ་བུའི་ཏིང་འཛིན་ནམ། ས་བརྒྱད་པའི་ཡེ་ཤེས་སྐྱེས་པ་ན་ལྡོག་གོ །མངོན་པར་བརྗོད་པའི་བག་ཆགས་རྣམས་ནི་ཉན་ཐོས་དང་རང་སངས་རྒྱས་དག་ལ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ལྡན་ལ། བྱང་ཆུབ་སེམས་དཔའ་རྣམས་ལ་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་རྗེས་ལ་ལྡོག་གོ །དེ་ལྟར་ན་ཕྱི་དང་ནང་གི་ས་བོན་དག་ནི་རྒྱུན་ཆགས་སུ་འབྱུང་བ་ཡིན་ནོ། །རྒྱུན་ཆགས་སུ་འབྱུང་ཡང་ཐམས་ཅད་ལས་འབྱུང་བ་ནི་མ་ཡིན་ཏེ། ས་བོན་འདི་དག་འབྲས་བུ་ཁྱད་པར་བ་བསྐྱེད་བྱེད་དུ་ནུས་པ་སོ་སོར་ངེས་པའི་ཕྱིར་རོ། །

ངེས་ཀྱང་དུས་ཐམས་ཅད་དུ་འབྲས་བུ་འབྱུང་བ་ཡང་མ་ཡིན་ཏེ། འབྲས་བུ་བསྐྱེད་པ་ལྷན་གཅིག་བྱེད་པའི་རྐྱེན་ལ་ལྟོས་པའི་ཕྱིར་དང་། རྐྱེན་དེ་ཡང་རེས་འགའ་ཉེ་བར་མི་དམིགས་པའི་ཕྱིར་རོ། །ས་བོན་དེ་ཡང་རྒྱུ་མེད་པའམ་མི་མཐུན་པའི་རྒྱུ་ལས་བྱུང་བ་ནི་མ་ཡིན་ཏེ། ནང་གི་ས་བོན་རྣམས་ནི་རིགས་བསྐྱེད་པའི་ཀུན་ནས་ཉོན་མོངས་ཀྱི་ཆོས་རྣམས་ཀྱིས་བསྒྲུབས་པའི་ཕྱིར་དང་། ཕྱིའི་ས་བོན་རྣམས་ཀྱང་རང་གི་བསྐྱེད་པའི་འབྲས་བུ་ལས་འབྱུང་བ་མ་ཡིན་ཏེ་དཔེར་ན་ནས་ཀྱི་ས་བོན་ལས་བྱུང་བའི་ནས་དེ་ཉིད་སླར་ཡང་ནས་གཞན་གྱིས་ས་བོན་དུ་འགྱུར་བས་ས་བོན་ཐོག་མ་མེད་པ་ཡིན་ནོ། །

ས་བོན་དེ་དག་གིས་འབྲས་བུ་ལ་བྱ་བ་བྱེད་པའི་ཚུལ་བསྟན་པ་ནི། ཇི་སྐད་དུ། ཕྱི་དང་ནང་གི་ས་བོན་དེ། །སྐྱེད་པ་དང་ནི་འཕེན་པར་འདོད། །མ་བཏབ་ཤི་བ་འཕེན་པའི་ཕྱིར། །མདའ་ནི་བར་དུ་མི་ལྟུང་བཞིན། །ཞེས་གསུངས་ཏེ། དེ་ལ་ཕྱི་དང་ནང་གི་ས་བོན་འདི་དག་ནི། །རང་གི་འབྲས་བུ་འགའ་ཞིག་ལ་ནི་སྐྱེད་པའི་བྱ་བ་བྱེད་ལ། འགའ་ཞིག་ལ་ནི་འཕེན་པའི་བྱ་བ་བྱེད་དོ། །སྐྱེད་པ་དང་འཕེན་པ་ཞེས་བྱ་བ་འདིའི་དོན་ཅི་ཞེ་ན། རྒྱུ་དེའི་ནུས་པ་ཉེ་བར་ཡོད་ན་སྐྱེ་ལ་མེད་ན་མི་སྐྱེ་བ་དེ་ནི་རྒྱུ་དེས་སྐྱེད་པ་ཞེས་བྱ་ལ། རྒྱུ་དེའི་ནུས་པ་ཉེ་བར་མི་གནས་ཀྱང་རྒྱུ་དེ་སྔོན་དུ་སོང་བའི་དབང་གིས་འབྲས་བུ་དེ་རེ་ཞིག་གནས་པ་ནི་དེས་འཕངས་པ་ཞེས་བྱའོ། །དེ་ལ་གང་ཞིག་ལ་བསྐྱེད་པའི་བྱ་བ་བྱེད་ལ། གང་ཞིག་ལ་འཕེན་པའི་བྱ་བ་བྱེད་ཅེ་ན། ཕྱིའི་ས་བོན་དག་གིས་ནི། མྱུ་གུ་སྔོན་པོ་ནས་བཟུང་སྟེ། འབྲས་བུ་སྨིན་པ་མཐར་ཐུག་པའི་བར་ནི་བསྐྱེད་པར་བྱེད་པ་ཡིན་ཏེ། ས་བོན་གྱི་རྒྱུན་རྗེས་སུ་འབྲེལ་བ་མེད་ན། །མྱུ་གུ་ལ་སོགས་པ་ནས་འབྲས་བུ་ཡོངས་སུ་སྨིན་པའི་བར་དུ་གོང་ནས་གོང་དུ་འཕེལ་བར་མི་འགྱུར་བའི་ཕྱིར་རོ། །ཞེས་བཤད་ཟིན་ཏོ། །

སྦྱང་ན་གནས་པ་ལ་སོགས་པ་མ་བཏབ་པའི་ས་བོན་དག་གི་རྒྱུན་རྗེས་སུ་འབྲེལ་བ་ནི་འཕེན་པར་བྱེད་པ་ཡིན་ཏེ། ཅི་སྟེ་དེ་དག་ས་བོན་གྱི་འཕེན་པའི་དབང་གིས་གནས་པ་མ་ཡིན་ན་དེ་དག་གནས་པའི་རྒྱུ་མེད་པའི་ཕྱིར་དེ་མ་ཐག་འཇིག་པར་འགྱུར་ཏེ། དཔེར་ན་སྙིང་པོ་ཟད་པའི་མར་མེ་ནི་རང་གི་ངང་གིས་འཇིག་པ་བཞིན། དེ་དག་ནི་རང་གི་རིགས་འདྲ་སྔ་མས་སྐྱེད་པའི་སྟོབས་ཀྱིས་གནས་སོ་ཞེ་ན་མ་ཡིན་ཏེ། སྔ་ཕྱི་དག་རྒྱུ་འབྲས་སུ་མི་རུང་ངོ་ཞེས་བཤད་ཟིན་པའི་ཕྱིར་རོ། །དེ་བས་ན་དེ་དག་ལ་བསྐྱེད་པར་བྱེད་པའི་རྒྱུ་ནི་མེད་དེ་སྔར་གྱི་ས་བོན་གྱི་རྒྱུན་ལོག་པའི་ཕྱིར་དང་རང་གི་རིགས་འདྲ་སྔ་མ་རྣམས་རྒྱུར་མི་རུང་བའི་ཕྱིར་རོ། །སྔར་གྱི་ས་བོན་གྱི་རྒྱུ་ལས་རང་ཉིད་གྲུབ་ཟིན་པའི་ཕྱིར་སྐྱེད་བྱེད་གཞན་དགོས་པ་ཡང་མ་ཡིན་ནོ། །དེའི་ཕྱིར་དེ་དག་ནི་སྔར་གྱི་ས་བོན་གྱི་འཕེན་པའི་དབང་ཁོ་ནས་གནས་པ་ཡིན་ཏེ། དཔེར་ན་འདོམ་བཀང་པའི་འཕེན་པའི་དབང་གིས། མདའ་བགྲོད་བྱ་ཇི་སྲིད་མ་སླེབ་ཀྱི་བར་དུ་ས་ལ་མི་ལྟུང་བར་ནམ་མཁའ་ལས་འགྲོ་བ་བཞིན་ནོ། །དེ་ལ་འདོམ་བཀང་བ་ནི་མདའ་ནམ་མཁའ་ལ་འགྲོ་བའི་སྐྱེད་པར་བྱེད་པ་མ་ཡིན་ཏེ། དེའི་ཚེ་འདོམ་བཀང་བ་མེད་པའི་ཕྱིར་དང་། མེད་པ་ཡང་མོ་ཤམ་གྱི་བུ་ལྟར་རྒྱུར་མི་རུང་བའི་ཕྱིར་རོ། །འདོམ་བཀང་བ་མངོན་དུ་སོང་བ་མེད་པར་ཡང་མདའ་ནམ་མཁའ་ལ་འགྲོ་བ་མ་ཡིན་ཏེ། མདའ་འཕེན་པ་ལ་འདོམ་འགེངས་པ་དོན་མེད་པར་ཐལ་བའི་ཕྱིར་རོ། །དེ་བས་ན་མདའ་ནམ་མཁའ་ལ་འགྲོ་བ་ནི་འདོམ་བཀང་བའི་འཕེན་པའི་དབང་ཁོ་ནས་ཡིན་ནོ་ཞེས་བྱ་བར་རྟོགས་པ་ཡིན་ནོ། །

ཅི་སྟེ་སྦྱང་ནང་གི་ས་བོན་དེ་དག་ས་བོན་སྔ་མའི་འཕེན་པ་ཙམ་གྱི་གནས་པ་ཡིན་གྱི། དེའི་ཚེ་དེ་དག་ལས་ས་བོན་སྔ་མའི་རྒྱུན་རྗེས་སུ་འབྲེལ་བ་མེད་དོ། །ཞེས་བྱ་བ་འདི་གང་ལས་ཤེས་ཞེ་ན། ཅི་སྟེ་དེ་དག་ལ་ས་བོན་སྔ་མའི་རྒྱུན་རྗེས་སུ་འབྲེལ་བ་ཡོད་ན་དེའི་ཚེ་དེ་དག་ཀྱང་སྔར་མྱུ་གུ་དང་སྡོང་བུ་ལ་སོགས་པའི་གནས་སྐབས་བཞིན་དུ་རང་གི་རིགས་འདྲ་སྔ་མ་ལས་ཕྱི་མ་གོང་ནས་གོང་དུ་ཁྱད་པར་དུ་འགྱུར་བར་རིགས་ཏེ། དེ་ལྟར་འགྱུར་བའི་རྒྱུ་ས་བོན་གྱི་རྒྱུན་རྗེས་སུ་འབྲེལ་བར་ཡོད་པའི་ཕྱིར་རོ། །ས་བོན་ནི་རང་གི་འབྲས་བུ་ཡོངས་སུ་སྨིན་པ་མཐར་ཐུག་གི་བར་དུ་འབྲས་བུ་རྣམས་གོང་ནས་གོང་དུ་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །སྦྱང་ནང་གི་ས་བོན་དག་ནི་དེ་ལྟར་ཁྱད་པར་དུ་འགྲོ་བ་ཡང་མ་མཐོང་ན་དེ་དག་ལ་ས་བོན་གྱི་རྒྱུན་རྗེས་སུ་འབྲེལ་ལོ་ཞེས་ཇི་ལྟར་རྗེས་སུ་དཔག་པར་བྱ། དེའི་ཕྱིར་དེ་དག་ལ་ས་བོན་གྱི་རྒྱུན་རྗེས་སུ་འབྲེལ་བ་མེད་པར་ཁོང་དུ་ཆུད་པ་ཡིན་ནོ། །ནང་གི་ས་བོན་ཀུན་གཞི་ལ་ཡོད་པའི་སྲིད་པ་ཡན་ལག་གི་བག་ཆགས་ཀྱི་དབང་གིས། མིང་དང་གཟུགས་ནས་རྒ་ཤི་ལ་ཐུག་གི་བར་སྐྱེད་པར་བྱེད་པ་མ་ཡིན་ལ་ཤི་བའི་འོག་ཏུ་རྣམ་པར་བསྔོས་པ་དང་རྣམ་པར་བམ་པ་ལ་སོགས་པ་ནས་རུས་པ་ཐི་བའི་མདོག་ལྟར་གྱུར་གྱི་བར་དུ་རྒྱུན་རྗེས་སུ་འཇུག་པ་ནི་འཕེན་པར་བྱེད་པ་ཡིན་ཏེ། རྒྱུ་མཚན་དང་། དཔེ་ནི་སྔ་མ་ཁོ་ན་ལྟར་བཤད་པར་བྱའོ། །

ཤི་བའི་འོག་ཏུ་ཡང་རང་བཞིན་དུ་གནས་པ་ལས་རྣམ་པར་སྔོས་པ་དང་། དེ་ལས་རྣམ་པར་བམ་པ་ལ་སོགས་པ་སྔ་མ་ལས་ཕྱི་མ་མི་འདྲ་བར་འགྱུར་བར་དམིགས་ན་ཅི་སྔ་མའི་ས་བོན་རྗེས་སུ་འབྲེལ་བ་མ་ཡིན་ནམ་ཞེ་ན། མ་ཡིན་ཏེ། ལས་ཀྱི་བག་ཆགས་དག་ནི་སེམས་ཀྱིས་ཟིན་པའི་ཕུང་པོའི་འགྱུར་བ་ཁོ་ན་སྐྱེད་བྱེད་ཡིན་གྱི་སེམས་ཀྱིས་མ་ཟིན་པ་དག་ལ་ནི་མ་ཡིན་ཏེ། དེ་དག་དེ་ལ་མེད་པའི་ཕྱིར་རོ། །རྣམ་པར་སྔོས་པ་ལ་སོགས་པ་ནི་སེམས་ཀྱིས་མ་ཟིན་པའི་འགྱུར་བ་ཡིན་པའི་ཕྱིར་དེ་དག་ལ་ལས་ཀྱི་བག་ཆགས་རྗེས་སུ་འབྲེལ་ལོ་ཞེས་བྱ་བ་ནི་རིགས་པ་མ་ཡིན་ནོ། །འོན་ཀྱང་དེ་དག་ནི་ཕྱི་རོལ་གྱི་རླུང་དང་ཉི་མ་ལ་སོགས་པའི་རྐྱེན་གྱིས་དེ་དང་དེར་འགྱུར་བ་ཡིན་ནོ། །གཞུང་འདི་དག་གི་དོན་ལ། དོན་གསང་རྣམ་པར་བཤད་པ་ལས། ཕྱིའི་ས་བོན་ནི་མྱུ་གུའི་དངོས་སུ་བསྐྱེད་པར་བྱེད་པ་ཡིན་ནོ། །སྡོང་བུ་ལ་སོགས་པ་རྒྱུད་པ་སྦྱང་ན་འདུག་པའི་བར་གྱི་ནི་འཕེན་པར་བྱེད་པ་ཡིན་ནོ། །ནང་གི་ས་བོན་ཀུན་གཞིའི་རྣམ་པར་ཤེས་པ་ཡང་མིང་དང་གཟུགས་ཀྱི་ནི་མངོན་སུམ་དུ་སྐྱེད་པར་བྱེད་པ་ཡིན་ནོ། །བརྒྱུད་པའི་རྒ་ཤིའི་བར་གྱི་ནི་འཕེན་པར་བྱེད་པ་ཡིན་ནོ། །

རེ་ཞིག་བསྐྱེད་པར་བྱེད་པ་ནི་ཡིན་ལ་རག་ན་འཕེན་པར་བྱེད་པ་གོ་ཇི་ལྟར་ཡིན་ཞེ་ན། མ་བཏབ་ཤི་བ་འཕེན་པའི་ཕྱིར་ཞེས་སྦྲེལ་ལོ། །གལ་ཏེ་ས་བོན་མ་བཏབ་པ་དང་ཤི་བའི་རོ་རྒྱུ་ཁོ་ནས་འཇུག་གི་འཕེན་པར་བྱེད་པའི་དབང་གིས་ནི་མ་ཡིན་ནོ་ཞེ་ན། རང་གིས་ངང་གིས་མཐར་འཇིག་བཞིན། །ཞེས་འདོད་པར་བྱེད་དོ། །བཤད་སྦྱང་དུ་ཡང་གཞན་རྣམས་འདྲ་ཞིང་། མདའ་ནི་བར་དུ་མི་ལྟུང་ཞིང་ཞེས་འདོན་པར་བྱེད་དོ། །དེ་དག་གི་བཤད་པ་དེ་ནི་རིགས་པར་མ་མཐོང་སྟེ། ཕྱི་ནང་གི་ས་བོན་དེ་དག་གིས་ཕྱིའི་སྡོང་བུ་ལ་སོགས་པ་དང་ནང་གི་སྐྱེ་མཆེད་དྲུག་ནས་རྒ་ཤིའི་ལ་ཐུག་གི་བར་རྣམས་འཕེན་པར་བྱེད་པ་ཡིན་གྱི་བསྐྱེད་པར་བྱེད་པ་མ་ཡིན་ན། དེའི་ཚེ་གནས་སྐབས་དེ་དག་ན་ས་བོན་གྱི་རྒྱུན་རྗེས་སུ་འབྲེལ་བར་མི་འགྱུར་ལ། དེའི་ཕྱིར་དེ་དག་ནི་སྔ་མ་ལས་ཕྱི་མ་ཁྱད་པར་དུ་འགྱུར་བ་མི་རིགས་ཏེ། དཔེར་ན་མ་བཏབ་པའི་ས་བོན་དང་ཤི་བའི་རོ་ལ་སོགས་པ་བཞིན་ནོ། །གཞན་ཡང་མ་བཏབ་ཤི་བ་འཕེན་པའི་ཕྱིར་ཞེས་གསུངས་པས་ཀྱང་སྡོང་བུ་ལ་སོགས་པ་དང་རྒ་ཤི་ལ་ཐུག་གི་བར་ནི་སྐྱེད་པ་ཡིན་པར་དོན་གྱིས་གྲུབ་པ་ཡིན་ནོ། །དེ་བས་ན་འགྲེལ་པ་བྱེད་པ་དག་གིས་སློབ་དཔོན་གྱི་རྒྱུ་འབྲས་དུས་མཉམ་པའི་དགོངས་པ་མ་ལོན་པར། གཞུང་འདི་དག་ཀྱང་ལོག་པར་བཤད་པར་རྟོགས་སོ། །

དེ་ལྟར་ཕྱི་དང་ནང་གི་ས་བོན་རྣམས་མཚུངས་པར་བསྟན་ནས། ཕྱི་རོལ་ཇི་ལྟ་བ་བཞིན་དུ་ནང་གི་ས་བོན་རྣམས་དེ་ལྟར་མ་ཡིན་པར་གསུངས་པ། ཕྱི་རོལ་ས་བོན་མ་བཏབ་པའམ། །ནང་གི་འདོད་པ་མ་ཡིན་ཏེ། ཐོས་སོགས་བག་ཆགས་མེད་པར་ནི། །དེ་འབྲས་སྐྱེ་བ་མི་རིགས་ཕྱིར། །བྱས་དང་མ་བྱས་འཇིག་དང་ཕྲད། །ཉེས་པར་འགྱུར་ཕྱིར་འགལ་ཕྱིར་རོ། །ནང་གི་ཕྱི་རོལ་རྐྱེན་ཡིན་ཏེ། །འདི་ལྟར་དེ་ནི་བག་ཆགས་རྟེན། །ཞེས་བྱ་བ་ཡིན་ཏེ་དེ་ལ་ཕྱིའི་ས་བོན་འགའ་ཞིག་ནི་མ་བཏབ་པ་ལས་ཀྱང་འབྲས་བུ་སྨིན་པར་མཐོང་སྟེ་འདི་ལྟར། སོལ་བ་དང་། བ་ལང་གི་ལྕི་བ་དང་། ལུག་གི་བལ་ལ་སོགས་པ་ལས་གོ་རིམ་བཞིན་དུ་ཏིལ་དང་ཨུད་པ་ལའི་རྩ་བ་དང་། རྩྭ་དུར་པ་ལ་སོགས་པ་སྐྱེ་བར་མཐོང་མོད་ཀྱི་འོན་ཀྱང་དེ་དག་ལ་རིལ་བ་ལ་སོགས་པ་བཏབ་པ་ནི་མ་ཡིན་ནོ། །ཡང་འབྲས་ས་ལུའི་ས་བོན་ལ་སོགས་པ་འགའ་ཞིག་ནི་བཏབ་ཀྱང་འབྲས་བུ་མི་སྨིན་པར་མཐོང་བ་ཡིན་ནོ། །ཇི་ལྟར་ཕྱི་རོལ་གྱི་ས་བོན་ངེས་པ་མེད་པ་དེ་ལྟར་ནང་གི་ས་བོན་འདོད་པ་ནི་མ་ཡིན་ནོ། །

ནང་གི་ས་བོན་ནི་མ་བཏབ་པར་འབྲས་བུ་འབྱིན་པ་མ་ཡིན་ཏེ། ཐོས་པ་ལ་སོགས་པའི་བག་ཆགས་སྒོས་པ་མེད་པར་ནི་དེའི་འབྲས་བུ་མང་དུ་ཐོས་པ་དང་། མངོན་པར་ཤེས་པ་ལ་སོགས་པ་སྐྱེ་བ་མ་མཐོང་བའི་ཕྱིར་རོ། །ཅི་སྟེ་ཕྱིའི་ས་བོན་ལྟར་ན་ནང་གི་ས་བོན་རྣམས་ཀྱང་འགའ་ཞིག་མ་བཏབ་ཀྱང་འབྲས་བུ་འབྱིན་ལ། འགའ་ཞིག་བཏབ་ཀྱང་མི་འབྱིན་པ་ཡིན་ན་ནི། དེའི་ཚེ་ལས་བྱས་པ་ཆུད་ཟོས་ཤིང་མ་བྱས་པ་དང་ཕྲད་པར་འགྱུར་བའི་ཕྱིར། དགེ་སྡིག་ལ་བླང་དོར་རྩོམ་པ་དོན་མེད་པ་ཡིན་ལ་དེ་ལྟ་ན་རང་གི་གྲུབ་པའི་མཐའ་དང་འགལ་བ་ཡིན་ནོ། །གལ་ཏེ་ཀུན་གཞི་ལ་ཡོད་པའི་ནང་གི་ས་བོན་ལས་གཞན་པའི་ཕྱིའི་ས་བོན་འགའ་ཞིག་ཀྱང་ཡོད་ན། དེའི་ཕྱིར་ཀུན་གཞི་ཉིད་ས་བོན་ཐམས་ཅད་པ་ཡིན་པར་འགལ་ལོ་ཞེ་ན། མ་ཡིན་ཏེ། ཕྱིའི་ས་བོན་དེ་དག་གི་འབྲས་བུ་ལ་ལོངས་སྤྱོད་པ་པོའི་སེམས་ཅན་རྣམས་ཀྱི་ཀུན་གཞི་ལ་ཡོད་པའི་ནང་གི་ས་བོན་ཡོངས་སུ་འགྱུར་བའི་ཁྱད་པར་ལས་ཕྱི་རོལ་དུ་འབྲས་དང་ནས་ལ་སོགས་པའི་ས་བོན་དུ་སྣང་བ་འབྱུང་བའི་ཕྱིར་ཕྱིའི་ས་བོན་དག་ནི་ནང་གི་ས་བོན་གྱིས་རྐྱེན་ལས་བྱུང་བ་ཡིན་པས་གཞན་མ་ཡིན་ནོ། །ས་བོན་རྣམས་ཀྱི་རང་བཞིན་ཇི་ལྟར་ཡིན་པ་བཤད་ཟིན་ཏོ། །

ཇི་སྐད་བཤད་པའི་ས་བོན་ཐམས་ཅད་དང་ལྡན་པའི་ཀུན་གཞིའི་རྣམ་པར་ཤེས་པའི་རང་བཞིན་ཁོང་དུ་མ་ཆུད་པ་ལས་ནི་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་དག་གི་གཙོ་བོ་དང་། དབང་ཕྱུག་ལ་སོགས་པའི་བྱེད་པ་པོར་སེམས་པའི་ལྟ་བ་ངན་པ་ཀུན་འབྱུང་བ་ཡིན་ལ། འདི་ལྟར་ཁོང་དུ་ཆུད་པ་ལས་ནི་ལྟ་བ་དེ་དག་ལྡོག་ཅིང་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་མོའི་དེ་ཁོ་ན་ཉིད་རྟོགས་པར་འགྱུར་བ་ཡིན་ནོ། །དེ་ལྟར་ཡང་ཇི་སྐད་དུ། མདོར་བསྡུ་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ནི་འདི་གཉིས་ཏེ། ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་དང་། སྡུག་པ་དང་། མི་སྡུག་པ་རྣམ་པར་འབྱེད་པ་ཅན་ནོ། །དེ་ལ་གང་ཀུན་གཞིའི་རྣམ་པར་ཤེས་པ་ལ་བརྟེན་ནས་ཆོས་རྣམས་འབྱུང་བ་དེ་ནི་ངོ་བོ་ཉིད་རྣམ་པར་འབྱེད་པ་ཅན་ཏེ། ངོ་བོ་ཉིད་སྣ་ཚོགས་རྣམ་པར་འབྱེད་པའི་རྐྱེན་གྱི་དངོས་པོར་གྱུར་པའི་ཕྱིར་རོ། །

རྟེན་ཅིང་འབྲེལ་པར་འབྱུང་བ་ཡན་ལག་བཅུ་གཉིས་གང་ཡིན་པ་དེ་ནི་སྡུག་པ་དང་མི་སྡུག་པ་རྣམ་པར་འབྱེད་པ་ཅན་ཏེ། བདེ་འགྲོ་དང་ངན་འགྲོ་དག་ཏུ་སྡུག་པ་དང་མི་སྡུག་པའི་ལུས་རྣམ་པར་དབྱེ་བ་སྣ་ཚོགས་ཀྱི་རྐྱེན་གྱི་དངོས་པོར་འགྱུར་བའི་ཕྱིར་རོ། །

དེ་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་དང་པོ་ཀུན་གཞིའི་རྣམ་པར་ཤེས་པ་རྨོངས་པ་དག །ཁ་ཅིག་ནི་རང་བཞིན་གྱི་རྒྱུ་ལས་བྱུང་བར་རྟོག །ཁ་ཅིག་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག །ཁ་ཅིག་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག །ཁ་ཅིག་ནི་དབང་ཕྱུག་གི་བྱས་པའི་རྒྱུ་ལས་བྱུང་བ་ཉིད་དུ་རྟོག ཁ་ཅིག་ནི་རྒྱུ་མེད་པ་དང་རྐྱེན་མེད་པ་ཉིད་དུ་རྟོག་གོ །རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་པ་ལ་རྨོངས་པ་དག་ནི་བདག་ལ་བྱེད་པ་པོ་དང་ཟ་བ་པོར་རྟོག་སྟེ། དཔེར་ན་མི་དམུས་ལོང་མང་ཞིག་ཡོད་ལ་དེ་དག་ཀྱང་གླང་པོ་ཆེ་མ་མཐོང་བ་ཤ་སྟག་སྟེ། དེ་དག་ལ་ལ་ཞིག་གིས་གླང་པོ་ཆེ་བསྟན་ལ། དེ་དག་ལས་ཁ་ཅིག་གིས་ནི་གླང་པོ་ཆེའི་སྣ་ལ་རེག །ཁ་ཅིག་གིས་ནི་མཆེ་བ་ལ་རེག །ཁ་ཅིག་གིས་ནི་རྣ་བ་ལ་རེག །ཁ་ཅིག་གིས་ནི་རྐང་ལ་རེག །ཁ་ཅིག་གིས་ནི་མཇུག་མ་ལ་རེག །ཁ་ཅིག་གིས་ནི་སྒལ་ཚིགས་ལ་རེག་ནས། །དེ་དག་ལ་གླང་པོ་ཆེ་ཅི་འདྲ་ཞེས་དྲིས་པ་དང་། ཁ་ཅིག་ན་རེ་གཤོལ་མདའ་ལྟ་བུ་ཞིག་གོ །ཞེས་ཟེར། ཁ་ཅིག་ན་རེ་གཏུན་ཤིང་ལྟ་བུ་ཞིག་ཞེས་ཟེར། །ཁ་ཅིག་ན་རེ་ཞིབ་མ་ལྟ་བུ་ཞིག་གོ་ཞེས་ཟེར། ཁ་ཅིག་ན་རེ་གཏུན་གྱི་གཞི་ལྟ་བུ་ཞིག་གོ ། ཞེས་ཟེར། ཁ་ཅིག་ན་རེ་ཕྱགས་མ་ལྟ་བུ་ཞིག་གོ་ཞེས་ཟེར། ཁ་ཅིག་ན་རེ་ཕ་བོང་ལྟ་བུ་ཞིག་གོ་ཞེས་ཟེར་བ་དེ་བཞིན་དུ་འདི་ལ་རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་པོ་འདི་མི་ཤེས་པ་མ་རིགས་པས་དམུས་ལོང་བཞིན་དུ་གྱུར་པ། གླང་པོ་ཆེ་ལྟ་བུའི་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་དང་། རྒྱུ་དང་འབྲས་བུ་མི་ཤེས་པ་དག་ཀྱང་། ཁ་ཅིག་ནི་རང་བཞིན་ཉིད་དུ་སེམས། ཁ་ཅིག་ནི་སྔོན་བྱས་པའི་རྒྱུ་ལས་བྱུང་བར་སེམས། ཁ་ཅིག་ནི་དབང་ཕྱུག་ཡོད་པར་སེམས། ཁ་ཅིག་གི་ནི་བདག་ཡོད་པར་སེམས། ཁ་ཅིག་ནི་རྒྱུ་མེད་པ་ལས་བྱུང་བར་སེམས། ཁ་ཅིག་ནི་བྱེད་པ་པོར་སེམས། ཁ་ཅིག་ནི་ཟ་བ་པོར་སེམས་སོ། །མདོར་བསྡུ་ན་ཀུན་གཞིའི་རྣམ་པར་ཤེས་པའི་ངོ་བོ་ཉིད་ནི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་སྟེ། དེས་ཁམས་གསུམ་པའི་ལུས་ཐམས་ཅད་དང་། འགྲོ་བ་ཐམས་ཅད་བསྡུས་སོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་ཚངས་པ་ཆེན་པོའི་རང་བཞིན་ཇི་ལྟར་ཡིན་པར་རྣམ་པར་བཞག་པ་བཤད་ཟིན་ཏོ། །

ད་ནི་དེའི་སྒྲུབ་བྱེད་བརྗོད་པར་བྱའོ། །ཇི་སྐད་བཤད་པའི་རྣམ་གྲངས་དང་། མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཞེས་བྱ་བ་འཇུག་པའི་རྣམ་པར་ཤེས་པ་དག་ལས་དོན་གཞན་དུ་གྱུར་པ་དེ་ལྟ་བུ་ཡོད་པར་ཅིས་མངོན་ཞེ་ན། ལུང་དང་རིགས་པ་ལས་སོ། །དེ་ལ་རེ་ཞིག་ལུང་ནི་འདི་ཡིན་ཏེ། འདི་ལྟར། ཐེག་པ་ཆེན་པོ་ཆོས་མངོན་པའི་མདོ་ལས། ཐོག་མ་མེད་པའི་དུས་ཀྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་དང་། ཡང་དེ་ཉིད་ལ། ཆོས་ཀུན་ས་བོན་ཐམས་ཅད་པའི། །རྣམ་པར་ཤེས་པ་ཀུན་གཞིས་སྟེ། །དེ་བས་ཀུན་གཞིའི་རྣམ་ཤེས་དེ། །དམ་པ་རྣམས་ལ་ངས་བཤད་དོ། །ཞེས་གསུངས་པ་ཡིན་ནོ་དེ་ལ་ཚིགས་སུ་བཅད་པ་དང་པོའི་དོན་ནི་འདི་ཡིན་ཏེ། ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཞེས་བྱ་བ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ས་བོན་དང་། རྣམ་པར་བྱང་བའི་ཕྱོགས་ཀྱི་ས་བོན་གཉིས་ཉེ་བར་བཟུང་བ་ཡིན་ནོ། །

དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་ས་བོན་གང་ཡིན་པ་དེ་ནི། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀུན་གྱི་རྒྱུའི་རྐྱེན་ཡིན་ལ། དེའི་ཕྱིར་དེ་ཡོད་པས་ནི་འགྲོ་བ་ལྔའི་འཁོར་བར་སྐྱེ་བ་དང་འཆི་བའི་སྡུག་བསྔལ་ཐོབ་པར་འགྱུར་བ་ཡིན་ནོ། །འདི་ནི་སྐབས་ཀྱི་སྒྲུབ་པར་བྱ་བའི་ཁུངས་ཡིན་ཏེ། ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀུན་གྱི་གནས་སུ་གྱུར་ཅིང་གང་ལས་འགྲོ་བ་ཀུན་འབྱུང་བར་གྱུར་པའི་དབྱིངས་ནི། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་དུ་མི་འཐད་པའི་ཕྱིར་རོ། །རྣམ་པར་བྱང་བའི་ཕྱོགས་ཀྱི་ས་བོན་གང་ཡིན་པ་དེ་ནི་རྣམ་བྱང་གི་ཆོས་རྣམས་ཀུན་གྱི་གནས་སམ་རྒྱུའི་རྐྱེན་ཡིན་ཏེ། དེ་ཡོད་པ་ན་མཐར་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་ཏེ། དེ་ཉིད་ཐོས་པ་དང་བསམ་པ་དང་བསྒོམ་པ་ལ་སོགས་པའི་རིམ་གྱིས་རྟས་པར་བྱས་པ་ལས་མཐོང་བའི་ལམ་ལ་སོགས་པ་ཟག་པ་མེད་པའི་ཡེ་ཤེས་སྐྱེ་བར་འགྱུར་བའི་ཕྱིར་རོ། །དོན་གྱི་དབང་འདི་ཉིད་ཉེ་བར་བཟུང་ནས། རྒྱུད་བླ་མའི་འགྲེལ་པར་ཡང་། ཚིགས་སུ་བཅད་པ་འདི་ཉིད་དེ་བཞིན་གཤེགས་པའི་སྙིང་པོའི་ཁུངས་སུ་དྲངས་པ་ཡིན་ནོ། །ཡང་ན་ནི་ཐོག་མ་མེད་པའི་དུས་ཀྱི་དབྱིངས་ཞེས་པས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཉེ་བར་བཟུང་བ་ཡིན་ཏེ། དེའི་རྒྱུན་ཐོག་མ་མེད་པའི་ཕྱིར་དང་། དབྱིངས་ནི་རྒྱུའི་དོན་ཅན་ཡིན་ལ་འདི་ཡང་ཟག་པ་དང་བཅས་པའི་ཆོས་ཀུན་གྱི་རྒྱུ་ཡིན་པའི་ཕྱིར་རོ། །

འདི་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་ས་བོན་ཐམས་ཅད་པ་ཡིན་ལ། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་བྱང་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ས་བོན་ཡང་འདི་ལ་བརྟེན་པས་དེའི་ཕྱིར་འདི་ནི། ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །ཞེས་སྨོས་ཏེ། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་ཆོས་ཐམས་ཅད་འདི་ལ་བརྟེན་ནས་འབྱུང་ངོ་ཞེས་པའི་དོན་ཏེ། །ཅིའི་ཕྱིར་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་རྣམས་འདི་ལ་རྟེན་ཞེ་ན། གལ་ཏེ་འདི་མེད་ན་ནི་ཉོན་མོངས་པ་དང་ལས་དང་སྐྱེ་བའི་ཀུན་ནས་ཉོན་མོངས་པ་གསུམ་མི་རུང་ལ། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་གཉིས་ཀྱང་མི་རུང་སྟེ། དེ་དག་གི་ས་བོན་གྱི་རྟེན་གཞན་མེད་པའི་ཕྱིར་རོ། །དེའི་ཕྱིར་འདི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་ཆོས་ཀུན་གྱི་རྟེན་ཡིན་ནོ། །དོན་གྱི་དབང་དེ་ཉིད་ཉེ་བར་བཟུང་ནས། དེ་ཡོད་པས་ན་འགྲོ་ཀུན་དང་། །མྱ་ངན་འདས་པའང་ཐོབ་པར་འགྱུར། །ཞེས་གསུངས་པ་ཡིན་ནོ། །དེ་ལ་ལུང་དང་པོས་ནི་ཀུན་གཞིའི་རྣམ་པར་ཤེས་པའི་དོན་བསྟན་པ་ཡིན་ལ། གཉིས་པས་ནི་མིང་དོན་གཉིས་ཀ་བསྟན་པ་ཡིན་ནོ། །

དམ་པ་རྣམས་ལ་ངས་བཤད་དོ་ཞེས་བྱ་བ་ནི་རྣམ་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ཡེ་ཤེས་ཐོབ་པ་ལ་རྗེས་སུ་ཞུགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་བསྟན་ཏེ། དེ་དག་ཀྱང་ཤེས་བྱ་ཤེས་པ་ལ་ལྷག་པར་ཞུགས་པའི་ཕྱིར་དང་འདི་མ་གཏོགས་པར་ཡང་ཤེས་བྱ་ཐམས་ཅད་ཤེས་པར་སླ་བ་མ་ཡིན་པའི་ཕྱིར་རོ། །གཞན་རྣམས་ནི་གོ་བར་ཟད་དོ། །དེ་དག་ནི་རེ་ཞིག་ལུང་ཡིན་ནོ། །རིགས་པ་དང་བྲལ་བའི་ལུང་ལ་རེ་ཞིག་དད་པའི་རྗེས་སུ་འབྲང་བ་རྣམས་ཀྱང་ཡིད་ཆེས་པར་མི་འགྱུར་ན། ཆོས་ཀྱི་རྗེས་སུ་འབྲང་བ་དག་ལྟ་ཅི་སྨོས་སོ། །

དེ་བས་ན་དེའི་འོག་ཏུ་རིགས་པ་ཅུང་ཟད་བརྗོད་པར་བྱའོ། །དེ་ལ་རིགས་པ་ནི་གཉིས་ཏེ་བསྟན་བཅོས་ལ་གྲགས་པ་དང་། བསྟན་བཅོས་དང་འཇིག་རྟེན་ལ་གྲགས་པའི་རིགས་པའོ། །རིགས་པ་དང་པོའི་དབང་དུ་བྱས་ནས། ཐེག་པ་ཆེན་པོ་བསྡུས་པ་ལས། དེ་ལྟར་རྣམ་པར་བཞག་པའི་ཀུན་གཞིའི་རྣམ་པར་ཤེས་པ་མེད་པར་འདི་ལྟར་ཀུན་ནས་ཉོན་མོངས་པ་རྣམ་པར་བྱང་བ་མི་རུང་སྟེ། ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་དང་ཚེའི་ཀུན་ནས་ཉོན་མོངས་པ་ཡང་མི་རུང་ངོ་། །འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ཡང་མི་རུང་ངོ་། །ཞེས་གསུངས་པ་ལྟར། ཀུན་ནས་ཉོན་མོངས་པ་མི་འཐད་པ་དང་། རྣམ་པར་བྱང་བ་མི་འཐད་པ་གཉིས་ཀྱིས་རིགས་པར་བྱའོ། །

ཀུན་ནས་ཉོན་མོངས་པ་མི་འཐད་པ་ཡང་། ཚོགས་དྲུག་ཆགས་སོགས་ཉོན་མོངས་ཀྱི་བག་ཆགས་ཀྱི་རྟེན་དུ་མི་རུང་བ་དང་། འདུ་ཤེས་མེད་པ་ནས་ཤི་འཕོས་མ་ཐག་གི་ཉོན་མོངས་དང་པོ་ལ་ས་བོན་མེད་པར་འགྱུར་བ་དང་། འཇིག་རྟེན་ལས་འདས་པའི་ལམ་ལ་ལངས་མ་ཐག་པའི་འཇིག་རྟེན་པའི་སེམས་ལ་ས་བོན་མེད་པར་ཐལ་བ་གསུམ་གྱིས་རིག་པར་བྱའོ། །དེ་ལ་དང་པོ་ནི། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཇུག་པའི་རྣམ་པར་ཤེས་པ་དྲུག་ནི་ཆགས་སོགས་ཉོན་མོངས་པ་རྣམས་ཀྱི་ས་བོན་གྱི་རྟེན་དུ་མི་རུང་བས་དེ་དག་གཏན་མི་སྐྱེ་བར་འགྱུར་ཏེ་རྒྱུ་མེད་པའི་ཕྱིར་རོ། །ཅིའི་ཕྱིར་འཇུག་ཤེས་རྣམས་ཆགས་སོགས་ཀྱི་བག་ཆགས་ཀྱི་རྟེན་དུ་མི་རུང་ཞེ་ན། དེ་རེ་ཞིག་མིག་གི་རྣམ་པར་ཤེས་པ་ནི་ཆགས་སོགས་ས་བོན་གྱི་རྟེན་དུ་མི་རུང་ཏེ། འདི་ལྟར། འདོད་ཆགས་ལ་སོགས་པས་རང་དང་ལྷན་ཅིག་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་ལ་རང་གི་ས་བོན་སྒོ་འམ། འོན་ཏེ་རང་ཉིད་ལ་སྒོ་བར་བྱེད་དམ། ཡང་ན་དེ་དག་དང་ལྷན་ཅིག་སྐྱེས་པའི་མིག་གིས་རྣམ་པར་ཤེས་པ་དེས་ཆགས་སོགས་ལ་དེ་དག་གི་ས་བོན་སྒོ་བར་བྱེད་དམ་འོན་ཏེ་དེས་འཇུག་ཤེས་གཞན་རྣམས་ལ་ཆགས་སོགས་ཀྱི་ས་བོན་སྒོ་བར་བྱེད་དམ། འོན་ཏེ། མིག་ཤེས་རང་གི་རིགས་འདྲ་ཕྱི་མ་ལ་དེ་དག་གི་ས་བོན་སྒོ་བར་བྱེད་ཅེས་རྟག་པར་བྱ་སྟེ། རྣམ་པ་གཞན་མི་སྲིད་པའི་ཕྱིར་རོ། །

དེ་ལ་ཕྱོགས་དང་པོ་ལྟར་ན། ཆགས་སོགས་དང་ལྷན་ཅིག་སྐྱེས་པའི་མིག་གི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་འདོད་ཆགས་ལ་སོགས་པ་ཕྱི་མ་སྐྱེ་བའི་ས་བོན་གྱི་གནས་སུ་རིགས་པ་མ་ཡིན་ཏེ། འདོད་ཆགས་ལ་སོགས་པ་ཕྱི་མ་རྣམས་ཀྱི་དུས་ན་འདས་པས་དངོས་པོར་མེད་པའི་ཕྱིར་རོ། །ཆགས་སོགས་ཕྱི་མ་རྣམས་སྐྱེ་བའི་གནས་མ་ཡིན་ན་ཡང་དེ་ལ་ཆགས་སོགས་ཀྱི་ས་བོན་ཡོད་པར་མི་རུང་སྟེ། ས་བོན་གྱི་རྗེས་སུ་མཐུན་པའི་འབྲས་བུ་ཕྱི་མ་སྐྱེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །

ཕྱོགས་གཉིས་པ་ཡང་མི་རིགས་ཏེ། འདོད་ཆགས་ལ་སོགས་པ་ནི་སེམས་ལས་བྱུང་བ་ཉིད་ཀྱིས་སྐད་ཅིག་རེ་རེ་ཤིང་སེམས་ལ་བརྟེན་ནས་འབྱུང་བས་མི་རྟག་པ་ཡིན་ལ་མི་བརྟན་པ་ཉིད་ཀྱང་བག་ཆགས་ཀྱི་རྟེན་མ་ཡིན་ཏེ། གློག་དང་སྒྲ་སོགས་པ་བཞིན་ནོ། །རྒྱུ་མཚན་དེ་ཉིད་ཀྱི་ཕྱིར་ཆགས་སོགས་དང་ལྷན་ཅིག་པའི་མིག་གི་རྣམ་པར་ཤེས་པས་འདོད་ཆགས་ལ་སོགས་པ་ལ་དེ་དག་གི་བག་ཆགས་སྒོ་བར་བྱེད་དོ། །ཞེས་པའི་ཕྱོགས་ཀྱང་རིགས་པ་མ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་གཅིག་སྐྱེས་པའི་མིག་གི་རྣམ་པར་ཤེས་པས་རྣ་བ་ལ་སོགས་པ་འཇུག་པའི་རྣམ་པར་ཤེས་པ་གཞན་རྣམས་ལ་ཆགས་སོགས་ཀྱི་བག་ཆགས་སྒོ་བར་བྱེད་དོ་ཞེས་བྱ་བའི་ཕྱོགས་ཀྱང་རིགས་པ་མ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་ལྷན་ཅིག་སྐྱེ་བ་དང་འགག་པ་མ་ཡིན་པའི་ཕྱིར་ཏེ། ཡུལ་དང་དབང་པོ་དང་ཡིད་ལ་བྱེད་པ་རྣམས་ཐ་དད་པ་ཉིད་ཀྱིས་ཕན་ཚུན་འབྲེལ་པ་མེད་པའི་ཕྱིར་རོ་ཞེས་བཤད་ཟིན་པ་ཡིན་ནོ། །འདོད་ཆགས་ལ་སོགས་པ་དང་ལྷན་ཅིག་པའི་མིག་གི་རྣམ་པར་ཤེས་པ་དེ་ཉིད་ཀྱིས་རང་གི་རིགས་འདྲ་ཕྱི་མ་ལ་ཡང་དེ་དག་གི་བག་ཆགས་སྒོ་བར་བྱེད་དོ་ཞེས་པའི་ཕྱོགས་ཡང་རིགས་པ་མ་ཡིན་ཏེ། དེ་དང་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པའི་ཕྱིར་རོ། །དེ་ལྟར་ན་མིག་གི་རྣམ་པར་ཤེས་པ་ལ་ནི་ཆགས་སོགས་ཀྱི་བག་ཆགས་སྒོ་བར་བྱེད་དོ་ཞེས་བྱ་བར་རིགས་པ་མ་ཡིན་ནོ། །མིག་གི་རྣམ་པར་ཤེས་པ་ཇི་ལྟར་བར་འཇུག་པའི་རྣམ་པར་ཤེས་པ་གཞན་རྣམས་ལ་ཡང་འདོད་ཆགས་ལ་སོགས་པའི་བག་ཆགས་ཀྱི་རྟེན་མ་ཡིན་པ་ཡང་རིགས་པ་སྔ་མ་དེ་ཉིད་ཀྱིས་ཤེས་པར་བྱའོ། །

གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འདུ་ཤེས་མེད་པ་ནས་ཤི་འཕོས་ཏེ། འདོད་པར་སྐྱེ་བའི་རྣམ་པར་ཤེས་པ་ཉོན་མོངས་པ་ཅན་སྐྱེ་སྲིད་དུ་ཉིང་འཚམས་སྦྱོར་བའི་ཚེ་འབྱུང་བ་གང་ཡིན་པ་དེ་ཡང་རང་གི་ས་བོན་མེད་པར་སྐྱེ་བར་འགྱུར་ཏེ། སྔར་གྱི་འདོད་པའི་ཉོན་མོངས་པའི་ས་བོན་གང་ཡིན་པ་དེ་ནི་གནས་དང་བཅས་པ་འགགས་ནས་མེད་པའི་ཕྱིར་དང་། རང་གི་རིགས་འདྲ་སྔ་མ་བར་སྲིད་ཀྱི་སེམས་དགེ་བའམ་མ་སྒྲིབས་ལུང་མ་བསྟན་གང་ཡིན་པ་དེ་དག་ནི་ཉོན་མོངས་པ་དང་ལྷན་ཅིག་སྐྱེ་འགག་མ་བྱས་པས་དེ་དག་ལ་དེའི་ས་བོན་ཡོད་པར་མི་རིགས་པའི་ཕྱིར་རོ། །དེ་བས་ན་གང་ལས་དེ་ལྟ་བུའི་ཉོན་མོངས་ཅན་དུ་སྐྱེ་བའི་རྒྱུ་ཉོན་མོངས་པ་དེ་དག་གི་ས་བོན་གྱི་རྟེན་གྱི་ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་དུ་འཐད་པ་མ་ཡིན་ནོ། །ཡང་གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཕགས་པའི་ལམ་ལས་ལངས་པའི་རྗེས་ལ་སྐྱེས་པའི་སེམས་ཉོན་མོངས་པ་ཅན་ཐོག་མར་སྐྱེ་བ་གང་ཡིན་པ་དེ་ས་བོན་མེད་པ་ལས་སྐྱེ་བར་འགྱུར་ཏེ། འདི་ལྟར་འཕགས་པའི་ལམ་མངོན་དུ་གྱུར་པ་ན་དེའི་ལས་གཞན་པའི་འཇུག་པའི་རྣམ་པར་ཤེས་པ་འཇིག་རྟེན་པ་རྣམས་ནི་འགགས་པས་ཉོན་མོངས་པའི་ས་བོན་གྱི་རྟེན་དུ་མི་རུང་ལ་འཕགས་ལམ་དེ་ཉིད་ནི་ཉོན་མོངས་པའི་ས་བོན་གྱི་གནས་སུ་རིགས་པ་མ་ཡིན་ཏེ། ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་དང་། ཉོན་མོངས་པའི་གཉེན་པོར་གྱུར་པའི་ཕྱིར་རོ། །དེ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མཐོང་ལམ་སྐྱེས་པ་ན་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་ཀྱི་ས་བོན་རྒྱུན་ཆད་པས་དེའི་འོག་ཏུ་དགྲ་བཅོམ་པ་བཞིན་དུ་ཉོན་མོངས་པ་རྣམས་གཏན་མི་སྐྱེ་བར་འགྱུར་ལ་དེ་ལྟ་ན་མཐོང་བའི་ལམ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་སྒོམ་པའི་ལམ་དོན་མེད་པ་ཡིན་ནོ། །ཅི་སྟེ། ས་བོན་མེད་པར་ཉོན་མོངས་རྣམས་འབྱུང་ན་དགྲ་བཅོམ་པ་དག་ལའང་ཉོན་མོངས་སྐྱེ་བར་ཧ་ཅང་ཐལ་ཆེས་པ་ཡིན་ནོ། །དེ་བས་ན་འཕགས་ལམ་མངོན་དུ་གྱུར་ཀྱང་གང་ལས་ཉོན་མོངས་པ་ཕྱི་མ་རྣམས་འབྱུང་བའི་ས་བོན་གྱི་གནས་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་ཡིན་ནོ། །ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་མི་རུང་བ་བཤད་ཟིན་ཏོ། །

ལས་ཀྱི་ཀུན་ནས་ཉོན་མོངས་པ་མི་རུང་བར་བཤད་པར་བྱ་སྟེ། དེ་ཡང་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མི་རུང་བ་དང་། ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་བ་གཉིས་ཀྱིས་རིག་པར་བྱའོ། །དེ་ལ་དང་པོ་ནི་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་མི་རུང་སྟེ། འདི་ལྟར་རྣམ་པར་ཤེས་པ་གང་ལ་བསོད་ནམས་དང་བསོད་ནམས་མ་ཡིན་པ་དང་། མི་གཡོ་བའི་ལས་རྣམས་ཀྱི་རང་དང་རྗེས་སུ་མཐུན་པའི་བག་ཆགས་བསྒོས་པ་གང་ཡིན་པ་དེ་ཉིད་ལ། འདུ་བྱེད་ཀྱི་རྐྱེན་གྱི་རྣམ་པར་ཤེས་པ་ཞེས་བྱ་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ནི་འདུ་བྱེད་ཀྱི་བག་ཆགས་སྒོ་བའི་གཞིར་རུང་བ་མ་ཡིན་ནོ་ཞེས་ལན་དུ་མ་བཤད་ཟིན་ཏོ། །

དེ་བས་ན་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་ཀྱིས་བག་ཆགས་སྒོ་བའི་གཞིར་གྱུར་པའི་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པ་ཡིན་ནོ། །གཞན་དུ་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་བྱ་བ་རིགས་པ་མ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལེན་པའི་རྐྱེན་གྱིས་སྲིད་པ་ཡང་རུང་བ་མ་ཡིན་ཏེ། འདི་ལྟར་འདུ་བྱེད་དག་གིས་སྒོས་པའི་བག་ཆགས་གང་ཡིན་པ་དེ་ཉིད་ལེན་པས་གསོས་བཏབ་སྟེ། ཡང་སྲིད་པར་སྐྱེ་བ་ལ་མངོན་པར་ཕྱོགས་པ་གང་ཡིན་པ་དེ་ཉིད་ལ་སྲིད་པ་ཞེས་བརྗོད་ན། སྔར་བཤད་པའི་རིགས་པས་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། འདུ་བྱེད་ཀྱིས་སྒོས་པའི་བག་ཆགས་ཀྱང་མེད་པའི་ཕྱིར་དང་། དེ་ཉིད་ལེན་པའི་རྐྱེན་གྱིས་ཡང་སྲིད་སྐྱེད་པ་ལ་མངོན་པར་ཕྱོགས་པའི་མཚན་ཉིད་ཅན་གྱི་སྲིད་པ་ཡོད་པར་ལྟ་ག་ལ་འགྱུར། དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་བ་ཡིན་ནོ། །དེ་ལྟར་ན་རིགས་པ་དེ་གཉིས་ཀྱིས་ནི་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཕེན་བྱེད་ཀྱི་ལས་དང་མངོན་པར་འགྲུབ་བྱེད་ཀྱི་ལས་གཉིས་མི་རུང་བར་བསྟན་པའི་སྒོ་ནས་ལས་ཀྱི་ཀུན་ནས་ཉོན་མོངས་པ་མི་རུང་བར་བསྟན་པ་ཡིན་ནོ། །

ད་ནི་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ཚེའི་ཀུན་ནས་ཉོན་མོངས་པ་མི་འཐད་པ་བརྗོད་པར་བྱ་སྟེ། དེ་ཡང་སྐྱེ་བ་ལེན་པ་མི་རུང་བ་དང་། འཆི་འཕོ་བ་མི་རུང་བ་གཉིས་ཀྱིས་རིག་པར་བྱའོ། །དང་པོ་ཡང་མཉམ་པར་མ་བཞག་པའི་སར་ཉིང་འཚམས་སྦྱོར་བ་མི་རུང་བ་དང་། མཉམ་པར་བཞག་པའི་སར་ཉིང་མཚམས་སྦྱོར་བ་མི་རུང་བ་དང་། གཟུགས་མེད་ཁམས་ལ་ཁྱད་པར་དཔྱད་པ་དང་གསུམ་གྱིས་རིག་པར་བྱའོ། །དང་པོ་ནི་ཡང་ཉིང་འཚམས་སྦྱོར་བ་མི་རུང་བ་དང་། སྦྱར་ཟིན་གྱི་དབང་པོ་རྣམས་གནས་པར་མི་རུང་བ་དང་། རྣམ་པར་ཤེས་པ་ཡང་མི་གཞུག་ཕན་ཚུན་རྟེན་པར་མི་རུང་བ་དང་། རྣམ་པར་ཤེས་པའི་ཟས་མི་རུང་བ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་རེ་ཞིག་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་མཉམ་པར་མ་བཞག་པའི་སར་མའི་མངལ་དུ་ཉིང་འཚམས་སྦྱོར་བར་མི་རིགས་ཏེ། འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱིས་ཉིང་འཚམས་སྦྱོར་བར་མི་ནུས་པའི་ཕྱིར་དང་རྣམ་པར་ཤེས་པ་གཞན་ཡང་ཁ་མི་ལེན་པའི་ཕྱིར་རོ། །

གལ་ཏེ་འཇུག་ཤེས་རྣམས་ལས། དབང་པོའི་རྣམ་པར་ཤེས་པ་དག་གིས་ཉིང་འཚམས་སྦྱོར་བ་སྦྲེལ་བར་མི་ནུས་མོད། ཡིད་ཀྱི་རྣམ་པར་ཤེས་པས་ཉིང་མཚམས་སྦྱོར་བ་སྦྲེལ་བ་ཡིན་ཏེ། འདི་ལྟར། འདོད་པར་མངལ་དུ་སྐྱེ་བར་འགྱུར་བའི་ཡིད་ཀྱི་རྣམ་པར་ཤེས་པ་བར་མ་དོའི་སྲིད་པ་ན་གནས་པའི་ཚེ། ཕ་མ་གང་ཡང་རུང་བ་ལ་ཆགས་པ་དང་ཁོང་ཁྲོ་བའི་རྣམ་པ་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་ཅན་དེ་ཉིད་ཀྱིས་སྐྱེ་གནས་སུ་ཉིང་འཚམས་སྦྱོར་བ་སྦྲེལ་བར་བྱེད་ལ། ཡིད་ཀྱི་རྣམ་པར་ཤེས་པ་ཉོན་མོངས་ཅན་དེ་ཉིད་ནི་བར་མ་དོའི་སྲིད་པ་དང་ལྷན་ཅིག་ཏུ་འགག་ལ། དེའི་རིགས་རྒྱུན་སྐད་ཅིག་གཉིས་པ་ནི་མའི་མངལ་དུ་ཕ་མའི་ཁུ་ཁྲག་འདྲེས་པའི་རང་བཞིན་གྱི་ནུར་ནུར་པོ་དང་། ལྷན་ཅིག་ཏུ་བརྒྱལ་བར་འགྱུར་ལ། དེ་ནི་རྣམ་པར་སྨིན་པའི་བདག་ཉིད་ཡིན་ནོ་ཞེས་ཀུན་གཞི་ཁས་མི་ལེན་པའི་སྡེ་པ་དག་སྨྲ་བར་བྱེད་དོ། །

དེ་ལ་སྨྲ་བར་བྱ་སྟེ། གལ་ཏེ་རྣམ་པར་ཤེས་པ་བརྒྱལ་བ་དེ་རྣམ་པར་སྨིན་པའི་རང་བཞིན་ཡིན་ན། དེའི་ཚེ་དེ་ནི་ཇི་སྲིད་འཚོའི་བར་དུ་རྒྱུན་མ་ཆད་པར་འཇུག་དགོས་ཏེ། གཞན་དུ་ན་རྣམ་པར་སྨིན་པ་ཆད་ཅིང་མཚམས་སྦྱོར་བའི་ཕྱིར་སྐྱེ་བ་གཅིག་ལ་ཡང་། ཡང་དང་ཡང་དུ་འཆི་འཕོ་བ་དང་། སྐྱེ་བ་ལེན་པར་ཐལ་བའི་ཕྱིར་རོ། །དེ་ལྟ་ན་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བའི་རང་བཞིན་ཅན་ནི་དུས་རྟག་ཏུ་ཡོད་པའི་ཕྱིར་གང་གི་ཚེ་མངལ་དུ་ཡིད་ཆེས་པ་དང་། རྗེས་སུ་ཆགས་པའི་ཁོང་ཁྲོ་བའི་རྣམ་པར་ཅན་གྱི་ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ་མི་དགེ་བ་སྐྱེས་པ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་དུས་ཅིག་ཅར་དུ་འཇུག་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། སེམས་གཉིས་ལྷན་ཅིག་ཏུ་འབྱུང་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ་ཞེས་གསུངས་པའི་མདོ་དང་འགལ་བའི་ཕྱིར་དང་། ཁས་མི་ལེན་པའི་ཕྱིར་རོ། །ཅི་སྟེ་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་གང་ཡིན་པ་དེ་དང་། དགེ་བའམ་མི་དགེ་བའི་རང་བཞིན་ཅན་གྱི་ཡིད་ཀྱི་ཤེས་པ་དེ་དག་རང་བཞིན་གཅིག་ཡིན་ནོ། །ཞེས་ཀྱང་སྨྲ་བར་ནུས་པ་མ་ཡིན་ཏེ། དམིགས་རྣམ་ཡོངས་སུ་མ་ཆད་པ་དང་ཆད་པའི་རང་བཞིན་ཐ་དད་པ་ཉིད་ཡིན་པའི་ཕྱིར་རོ། །གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་མའི་མངལ་དུ་བརྒྱལ་བ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་པར་ཡང་མི་རིགས་ཏེ། དུས་རྟག་ཏུ་སྲིད་པ་བར་མའི་ཐ་མའི་སེམས་ཉོན་མོངས་པ་ཅན་གྱིས་འཕངས་པའི་ཕྱིར་དཔེར་ན་ལུས་ཀྱི་དབང་པོ་བཞིན། དམིགས་རྣམ་ཡོངས་སུ་མ་ཆད་པའི་རང་བཞིན་ཅན་ཡིན་པས་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་གང་ཡིན་པ་དེ་ལ་མི་དམིགས་པའི་ཕྱིར་རོ། །

གཞན་ཡང་ཡིད་ཀྱི་རྣམ་པར་ཤེས་པ་འདོད་པར་མའི་མངལ་དུ་བརྒྱལ་བ་གང་ཡིན་པ་དེ་ཡིད་ཀྱི་རྣམ་པར་ཤེས་པ་ཡིན་དུ་ཆུག་ན་ཡང་། ཅི་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་དེ་ས་བོན་ཐམས་ཅད་པ་ཡིན་ནམ། འོན་ཏེ་དེ་ལ་བརྟེན་ནས་ཞུགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་པ་ས་བོན་ཐམས་ཅད་པ་ཡིན། དང་པོ་ལྟར་ན། དེ་ཉིད་རྣམ་པར་སྨིན་པ་ཡང་ཡིན་ལ། ས་བོན་ཐམས་ཅད་པ་ཡང་ཡིན་པས་ཁོ་བོ་ཅག་འདོད་པའི་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཁྱེད་ཡིད་ཀྱི་རྣམ་པར་ཤེས་པ་བརྒྱལ་བ་ཞེས་མིང་དུ་འདོགས་པར་ཟད་པས་ཁོ་བོ་ཅག་མིང་ལ་རྩད་པས་ཅི་ཞིག་བྱ། ཅི་སྟེ་དེ་ལ་བརྟེན་ནས་འབྱུང་བའི་ཡིད་ཀྱི་རྣམ་པར་ཤེས་པ་གཉིས་པ་ས་བོན་ཐམས་ཅད་པའོ་ཞེ་ན། གང་ལས་དེ་ཉིད་འབྱུང་བའི་གནས་ཀྱི་དངོས་པོ་དེ་ཡང་ས་བོན་ཐམས་ཅད་པ་མ་ཡིན་ན། དེ་ལ་བརྟེན་ནས་ས་བོན་ཐམས་ཅད་པ་ཡིན་ལྟ་ཞོག །དེའི་ཕྱིར་མའི་མངལ་དུ་བརྒྱལ་བའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་མ་ཡིན་གྱི། རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་ཞེས་བྱ་བར་གྲུབ་པ་ཡིན་ནོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ཉིང་འཚམས་སྦྱར་ཟིན་པའི་དབང་པོ་རྣམས་འདུལ་བ་ལ་སོགས་པའི་སྒོ་ནས་ཇི་སྲིད་འཚོའི་བར་དུ་གནས་པར་མི་རིགས་ཏེ། དེ་དག་ཡོངས་སུ་འཛིན་པར་བྱེད་པའི་རྣམ་ཤེས་མེད་པའི་ཕྱིར་རོ། །

དཔེར་ན་ཤི་བའི་ལུས་བཞིན། དེ་ལ་རེ་ཞིག་དབང་པོའི་རྣམ་པར་ཤེས་པ་རྣམས་ནི་ལུས་འཛིན་བྱེད་དུ་མི་རུང་སྟེ། འདི་ལྟར་དེ་དག་གིས། ལུས་ལ་དམིགས་པའི་སྒོ་ནས་སམ། རྟེན་པའི་སྒོ་ནས་འཛིན་གྲང་། དང་པོ་མི་རུང་སྟེ། ཕྱི་རོལ་གྱི་གཟུགས་ལ་སོགས་པ་ཡང་སེམས་ཀྱིས་ཟིན་པ་ཉིད་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །

གཉིས་པ་ལྟར་ན་ཡང་དབང་པོ་རྣམས་འབའ་ཞིག་སེམས་ཀྱིས་ཟིན་པར་འགྱུར་གྱི་དབང་པོ་དང་ལྷན་ཅིག་འཇུག་པ་འབྱུང་བ་དང་འབྱུང་འགྱུར་གཞན་རྣམས་ནི་སེམས་ཀྱིས་མ་ཟིན་པ་ཁོ་ནར་འགྱུར་ཏེ་དབང་ཤེས་ཀྱི་རྟེན་མི་བྱེད་པའི་ཕྱིར་རོ། །དབང་པོ་ལ་ཡང་རྟེན་མཚུངས་གྱི་དབང་པོ་རྣམས་ཁོ་ན་ཟིན་པར་འགྱུར་གྱི་དེ་མཚུངས་ཀྱི་དབང་པོ་རྣམས་ཟིན་པ་མ་ཡིན་པར་འགྱུར་རོ། །གཞན་ཡང་དབང་པོའི་རྣམ་པར་ཤེས་པ་རྣམས་ནི་གནས་ཐ་དད་པ་ལ་འབྱུང་བའི་ཕྱིར། རང་གང་ལས་བྱུང་བའི་གནས། དེ་ཟིན་དུ་ཆུགས་ཡང་། ལུས་ཀྱི་ཆ་གཞན་རྣམས་མ་ཟིན་པས་རྡུལ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །དེ་བས་ན་དེ་དག་གི་ལུས་འཛིན་པར་བྱེད་པར་རུང་བ་མ་ཡིན་ནོ། །ཡིད་ཀྱིས་རྣམ་པར་ཤེས་པ་ཡང་མ་ཡིན་ཏེ། འདི་ལྟར་རྟེན་གྱི་སྒོ་ནས་སམ། དམིགས་པའི་སྒོ་ནས་ཞེས་བྱ་བ་ཡིན་ན། དམིགས་པའི་སྒོ་ནས་ཀྱང་མ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །རྟེན་གྱི་སྒོ་ནས་ཀྱང་མ་ཡིན་ཏེ། དེ་ནི་ལུས་ལ་མི་རྟེན་པའི་ཕྱིར་རོ། །ཅི་སྟེ་འདིས་ལུས་ལ་བདག་དང་བདག་གི་བར་བཟུང་པའི་ཕྱིར་ཡིན་ནོ་ཞེ་ན། དེ་ལྟ་ན་སེམས་མེད་པའི་གནས་སྐབས་ལྔ་ན་ལུས་འཛིན་བྱེད་མེད་པའི་ཕྱིར་ཤི་བའམ་རུལ་བ་ལ་སོགས་པར་འགྱུར་ལ། སེམས་དང་བཅས་པའི་གནས་སྐབས་ན་ཡང་རེས་འགའ་མ་ཟིན་པར་འགྱུར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་དགེ་བའམ། མ་སྒྲིབས་ལ་ལུང་མ་བསྟན་དུ་སྐྱེས་པའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པས་ལུས་ལ་བདག་དང་བདག་གི་བར་འཛིན་པ་མེད་པའི་ཕྱིར་རོ། །

དེ་བས་ན་ཇི་སྲིད་འཚོའི་བར་དུ་དབང་པོ་དང་བཅས་པའི་ལུས་འཛིན་པར་བྱེད་པའི་ཤེས་པ་འཇུག་བའི་རྣམ་ཤེས་དག་ལས་གཞན་པ་ཞིག་ཡོད་པར་གྲུབ་ལ་དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་མ་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་དབང་པོ་དང་བཅས་པའི་ལུས་ཐམས་ཅད་ལ་ཁྱབ་པའི་ཕྱིར་དང་། དེ་ཡང་ཇི་སྲིད་འཚོའི་བར་དུ་ནམ་ཡང་རྒྱུན་མི་འཆད་པའི་ཕྱིར་ལུས་འཛིན་བྱེད་དུ་འཐད་པ་ཡིན་ནོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། མདོ་ལས། རྣམ་པར་ཤེས་པ་དང་མིང་དང་གཟུགས་མདུང་ཁྱིམ་ལྟར་གཅིག་ལ་གཅིག་རྟེན་པའི་ཚུལ་གྱིས་འདུག་པར་གསུངས་པ་གང་ཡིན་པ་དེ་ཡང་མི་རུང་སྟེ། ཀུན་གཞི་ལས་གཞན་པའི་མིང་གཟུགས་ཀྱི་རྟེན་དུ་རུང་བའི་རྣམ་པར་ཤེས་པ་གཞན་མེད་པའི་ཕྱིར་རོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་ལས་གཞན་འཇུག་པའི་རྣམ་པར་ཤེས་པ་རྣམས་ཀྱི་ནི་ཁམས་གསུམ་པའི་སེམས་ཅན་འབྱུང་པོ་རྣམས་གནས་པར་བྱེད་པའི་རྣམ་པར་ཤེས་པའི་ཟས་སུ་ཡང་རུང་བ་མ་ཡིན་ཏེ། འདི་ལྟར། དབང་པོའི་རྣམ་པར་ཤེས་པ་རྣམས་ནི་གཟུགས་མེད་པའི་ཁམས་ན་མེད་པའི་ཕྱིར་དང་། ཡིད་ཀྱི་རྣམ་པར་ཤེས་པ་ཡང་སེམས་མེད་པའི་གནས་སྐབས་ལྔ་ན་རྒྱུན་ཆད་པས་རྣམ་པར་ཤེས་པའི་ཟས་སུ་མི་རུང་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་ནི་ཁམས་ཐམས་ཅད་དང་དུས་ཐམས་ཅད་དུ་གནས་པའི་ཕྱིར་ཁམས་གསུམ་པའི་སེམས་ཅན་འབྱུང་པོ་རྣམས་གནས་པར་བྱེད་པའི་ཟས་སུ་རིགས་པ་ཡིན་ནོ། །མཉམ་པར་མ་བཞག་པའི་སར་ཉིང་འཚམས་སྦྱོར་བ་སྦྲེལ་བ་མི་རུང་བ་བཤད་ཟིན་ཏོ། །

གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འདི་ནས་ཤི་འཕོས་ནས་མཉམ་པར་བཞག་པའི་སར་སྐྱེ་བ་ལེན་པའི་ཉིང་འཚམས་སྦྱོར་བ་སྦྲེལ་བར་བྱེད་པ་མི་འཐད་དེ། མཉམ་པར་བཞག་པའི་སར་ཉིང་འཚམས་སྦྱོར་བ་སྦྲེལ་བ་ནི་དེའི་ས་པའི་ཡིད་ཀྱི་རྣམ་པར་ཤེས་པ་མཉམ་པར་མ་བཞག་པ་ཉོན་མོངས་ཅན་གྱི་བྱེད་པ་ཡིན་ན། ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་དེ་ལྟ་བུའི་རྣམ་པར་ཤེས་པ་སྐྱེ་བའི་རྒྱུར་གྱུར་པའི་ས་བོན་མེད་པའི་ཕྱིར་རོ། །འདི་ལྟར་སྔར་གྱི་སྐྱེ་བའི་གནས་སྐབས་ཀྱི་མཉམ་པར་བཞག་པའི་ས་པའི་ཉོན་མོངས་པ་རྣམས་ཀྱི་བག་ཆགས་ནི་འདོད་པའི་སྐྱེ་བས་བར་ཆོད་པས་འགགས་ནས་མེད་པའི་ཕྱིར་དང་། འདོད་པའི་སེམས་ལ་ཡང་གོང་མའི་ཉོན་མོངས་དག་གི་བག་ཆགས་བགོས་པ་མེད་པའི་ཕྱིར་དང་། རང་གི་སྔ་ལོགས་ཀྱི་སྲིད་པ་བར་མའི་སེམས་དགེ་བའམ་མ་སྒྲིབས་ལ་ལུང་མ་བསྟན་དག་ལ་ཡང་མཉམ་པར་བཞག་པའི་ས་པའི་ཉོན་མོངས་པ་རྣམས་ཀྱི་བག་ཆགས་མེད་དོ། །དེ་དག་དང་ས་གོང་མའི་ཉོན་མོངས་པ་རྣམས་སྐྱེ་འགག་ལྷན་ཅིག་མ་བྱས་པའི་ཕྱིར་རོ། །མཉམ་པར་བཞག་པའི་སར་ཉིང་འཚམས་སྦྱོར་བ་སྦྲེལ་བར་བྱེད་པ་ལ་ས་དེ་པའི་ཉོན་མོངས་པ་ཅན་གྱི་སེམས་དགོས་ཏེ། ས་འོག་མའི་ཉོན་མོངས་པ་ས་གོང་མའི་སྐྱེ་བ་མངོན་པར་མི་འགྲུབ་པའི་ཕྱིར་དང་། འོག་ས་ལས་འདོད་ཆགས་དང་མ་བྲལ་བར་གོང་སར་མི་སྐྱེ་ལ། ས་དེ་ལས་འདོད་ཆགས་དང་བྲལ་བ་དག་ཀྱང་ས་དེའི་ཉོན་མོངས་པ་ཀུན་དུ་སྤྱོད་པ་མི་འཐད་པའི་ཕྱིར་རོ། །དེ་བས་ན་གང་གི་ཚེ་བསམ་གཏན་དང་པོར་སྐྱེ་བ་དེའི་ཚེ་ནི་དེའི་ས་པའི་ཉོན་མོངས་པ་ཅན་གྱི་སེམས་ཀྱིས་ཉིང་འཚམས་སྦྱོར་བ་སྦྲེལ་བར་བྱེད་ལ་སྲིད་པའི་རྩེ་མོར་སྐྱེས་པ་ན་ཡང་དེའི་ས་པའི་ཉོན་མོངས་པས་སྦྲེལ་བར་བྱེད་ཅེས་སོགས་ཤེས་པར་བྱའོ། །མཉམ་པར་བཞག་པའི་སར་ཉིང་འཚམས་སྦྱོར་བ་སྦྲེལ་བ་མི་འཐད་པ་བཤད་ཟིན་ཏོ། །

གཟུགས་མེད་པའི་ཁམས་ལ་ཁྱད་པར་དུ་དཔྱད་པ་ནི། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། གཟུགས་མེད་བཞིར་སྐྱེས་པའི་སེམས་ཅན་རྣམས་ཀྱི་རྒྱུད་ལ་དགེ་བ་དང་ཉོན་མོངས་ཅན་གྱི་སེམས་ཅན་སྐྱེས་པ་གང་ཡིན་པ་དེ་དག་རྒྱུ་མེད་པར་སྐྱེ་བར་འགྱུར་ཏེ། འདི་ལྟར། གང་གི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་དད་སོགས་དགེ་བ་དང་མཚུངས་ལྡན་དུ་འབྱུང་བ་དེའི་ཚེ་ཡིད་ཀྱི་ཤེས་པ་རང་ཉིད་དང་སོགས་དེ་དག་གི་ས་བོན་ཅན་དུ་རིགས་པ་མ་ཡིན་ཏེ། དེ་ལ་རང་དང་ལྷན་ཅིག་པའི་དད་སོགས་སྐྱེ་བར་འགྱུར་བའི་ས་བོན་འཇོག་པར་བྱེད་པའི་དད་སོགས་གཞན་དང་ལྷན་ཅིག་སྐྱེ་འགག་བྱས་པ་མེད་པའི་ཕྱིར་དང་། གཞན་དག་རྒྱུ་འབྲས་དུས་མཉམ་པ་ཡང་མི་འདོད་པའི་ཕྱིར་རོ། །རང་གི་སྔ་ལོགས་ཀྱི་ཡིད་ཀྱི་ཤེས་པ་ཉོན་མོངས་པ་ཅན་ནམ་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་གང་ཡིན་པ་དེ་དག་ལ་དད་སོགས་ཀྱི་ས་བོན་ཡོད་དོ་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། དེ་དག་དང་དད་སོགས་ལྷན་ཅིག་སྐྱེ་བ་དང་འགག་པ་མེད་པས་དེ་དག་ལ་དད་སོགས་ཀྱི་བག་ཆགས་སྒོས་པ་མེད་པའི་ཕྱིར་རོ། །ཅི་སྟེ་དེ་དག་དད་སོགས་དང་ལྷན་ཅིག་སྐྱེ་འགག་བྱས་ན་ཡང་དགེ་བར་འགྱུར་གྱི་ཉོན་མོངས་ཅན་དང་ལུང་མ་བསྟན་དུ་མི་འགྱུར་ལ། དེ་ལྟར་ན་ཡང་སྒྲུབ་པར་བྱ་བ་དང་མཚུངས་པ་ཡིན་ནོ། །སྔར་འདོད་པ་དང་གཟུགས་ཀྱི་ཁམས་སུ་སྐྱེས་པའི་དགེ་བ་གང་ཡིན་པ་དེ་དག་གི་བག་ཆགས་ནི་རིགས་མི་མཐུན་པའི་སེམས་དུ་མས་བར་དུ་ཆོད་པའི་ཕྱིར་དེ་དག་ལས་སྐྱེ་བའོ་ཞེས་བརྗོད་པར་ཡང་ནུས་པ་མ་ཡིན་ནོ། །དེའི་ཚེ་རྣམ་པར་ཤེས་པ་གཞན་ཡང་མེད་དོ། །

དབང་པོའི་ཤེས་པ་ནི་མེད་ལ། ཡིད་ཀྱི་རྣམ་པར་ཤེས་པ་ནི་དད་སོགས་དང་མཚུངས་ལྡན་དུ་སྐྱེས་ལ། ཀུན་གཞིའི་རྣམ་པར་ཤེས་པ་ཁས་མི་ལེན་པའི་ཕྱིར་རོ། །དེ་བས་ན་གཟུགས་མེད་པ་དག་ཏུ་སྐྱེས་པའི་སེམས་ཅན་གྱི་ཡིད་ཀྱི་ཤེས་པ་དགེ་བར་སྐྱེས་པ་དེ་དག་རྒྱུ་མེད་དུ་འགྱུར་ལ། དེ་ལྟ་ན་དགེ་བའི་རྩ་བ་ཆད་པ་དག་ལ་ཡང་དད་སོགས་ཀྱི་དགེ་བ་སྐྱེ་བར་ཧ་ཅང་ཐལ་ཆེས་པ་ཡིན་ནོ། །དེ་བཞིན་དུ་ཇི་སྐད་བཤད་པའི་རིགས་པ་དེ་དག་གིས་གཟུགས་མེད་པ་རྣམས་སུ་སྐྱེས་པ་རྣམས་ཀྱི་སེམས་ཉོན་མོངས་ཅན་དུ་སྐྱེས་པ་རྣམས་རྒྱུ་མེད་པར་སྐྱེ་བར་འགྱུར་ལ། དེ་ལྟར་ན། དགྲ་བཅོམ་པ་དག་ལ་ཡང་ཉོན་མོངས་པ་སྐྱེ་བར་ཧ་ཅང་ཐལ་ཆེས་པ་ཡིན་ནོ། །ཡང་དེ་ཉིད་དུ་སྐྱེས་པའི་འཕགས་པ་ཕྱིར་མི་འོང་དག་གིས་འཇིག་རྟེན་ལས་འདས་པའི་སེམས་མངོན་སུམ་དུ་བྱས་པ་ན་དེའི་འགྲོ་བ་ལྡོག་པར་འགྱུར་ཏེ། །ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འགྲོ་བར་ཐ་སྙད་གདགས་པའི་གཞིར་རུང་བའི་སེམས་གཞན་མེད་པའི་ཕྱིར་རོ། །འཕགས་པའི་ལམ་དེ་ཉིད་ལ་འགྲོ་བ་ཞེས་ཐ་སྙད་གདགས་སུ་རུང་བ་མ་ཡིན་ཏེ། །དེ་ནི་འགྲོ་བའི་གཉེན་པོ་ཡིན་པའི་ཕྱིར་རོ། །འགྲོ་བ་ལྡོག་པར་ཡང་རིགས་པ་མ་ཡིན་ཏེ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་མྱ་ངན་འདས་པར་ཐལ་བའི་ཕྱིར་རོ། །དེ་བཞིན་དུ་སྲིད་པའི་རྩེ་མོ་སྐྱེས་པའི་ཕྱིར་མི་འོང་བ་ཅི་ཡང་མེད་པའི་སེམས་ཅན་ལ་བརྟེན་ནས་འཇིག་རྟེན་ལས་འདས་པའི་ལམ་མངོན་སུམ་དུ་བྱས་པ་ན་དེ་དག་གཉིས་ཀའི་འགྲོ་བ་ལྡོག་པར་འགྱུར་ཏེ་དེ་དག་གཉིས་ཀའི་ཟག་པ་དང་བཅས་པའི་སེམས་མ་ལུས་པ་འགགས་པའི་ཕྱིར་རོ། །སྐྱེ་བ་ལེན་པ་མི་འཐད་པ་བཤད་ཟིན་ཏོ། །

ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ལེགས་པར་བྱེད་པ་དང་ཉེས་པར་བྱེད་པ་དག་འཆི་འཕོ་བའི་ཚེ་གོ་རིམ་བཞིན་དུ་ཐོག་མ་ཉིད་རྐང་པའི་མཐིལ་དང་སྤྱི་བོ་ནས་དྲོད་རིམ་གྱིས་འདོར་བར་བྱེད་པ་དེ་མི་རུང་བར་འགྱུར་ཏེ། དེ་ལྟར་བྱེད་པའི་རྣམ་པར་ཤེས་པ་གཞན་མེད་པའི་ཕྱིར་རོ། །དེ་ལྟར་དྲོད་རིམ་གྱིས་འདོར་བ་གང་ཡིན་པ་དེ་ཡང་རྣམ་པར་ཤེས་པས་ཟིན་པ་དང་། མ་ཟིན་པ་ལས་ཡིན་ཏེ། སེམས་ཀྱིས་མ་ཟིན་པ་དག་ལ་དེ་ལྟར་འགྱུར་བ་མ་མཐོང་བའི་ཕྱིར་རོ། །དེ་ལ་རེ་ཞིག་ལུས་ཀྱི་རྣམ་པར་ཤེས་པས་ནི་རུང་བ་མ་ཡིན་ཏེ། གསོན་པའི་གནས་སྐབས་ན་ཡང་ལུས་ཀྱི་ཡན་ལག་གང་ལ་ལུས་ཀྱི་རྣམ་པར་ཤེས་པ་སྐྱེས་པ་དེ་ཉིད་སེམས་ཀྱིས་ཟིན་ཀྱང་ཡན་ལག་གཞན་དག་མ་ཟིན་པས་དྲོད་ཡལ་བ་དང་དབང་པོ་འགག་པ་སོགས་སུ་ཐལ་བའི་ཕྱིར་རོ། །རྒྱུ་མཚན་དེ་ཉིད་ཀྱིས་ན་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་གཞན་བཞི་ལ་ཡང་རུང་བ་མ་ཡིན་ཏེ། རྟེན་རིས་སུ་ཆད་པ་ལ་གནས་པ་ཉིད་ཀྱི་ལུས་ཀྱིས་ཆ་ཤས་ཀུན་ལ་ཁྱབ་པ་མ་ཡིན་པའི་ཕྱིར་རོ། །གལ་ཏེ་ལུས་ཀྱི་དབང་པོ་ཡན་ལག་ཀུན་ལ་ཁྱབ་པས་དེ་ཉིད་སྟོད་དམ་སྨད་ནས་རིམ་གྱིས་འདོར་བ་ཡིན་ནོ། །ཞེ་ན། དེ་ལྟར་ཡིན་མོད་འདི་ཉིད་དཔྱད་པར་བྱ་བ་ཡིན་ཏེ། རྣམ་པར་ཤེས་པས་དོར་བས་ལུས་ཀྱི་དབང་པོ་དེ་ལྟར་འགག་པ་ཡིན་ནམ་འོན་ཏེ་མ་དོར་ཡང་། དེ་ལྟར་འགྱུར་བ་ཡིན་ཞེས་བྱས་པ་ཡིན་ནོ། །དང་པོ་ལྟར་ན་རྣམ་པར་ཤེས་པ་གང་ཞིག་གིས་དོར་བས་ལུས་ཀྱི་དབང་པོ་སྟོད་དམ་སྨད་ནས་བསྡུ་བར་འགྱུར་བའི་རྣམ་པར་ཤེས་པ་དེ་ཉིད་འཇུག་པའི་རྣམ་པར་ཤེས་པའམ། དེ་ལས་གཞན་ཞེས་དཔྱད་པར་བྱ་བ་ཡིན་ལ། འཇུག་པའི་རྣམ་པར་ཤེས་པ་ནི་དེ་ལྟར་མི་རུང་བར་སྤྱོད་པའི་སྐབས་ཡིན་ནོ། །ཅི་སྟེ་རྣམ་པར་ཤེས་པས་མ་དོར་བར་ཡང་ལུས་ཀྱི་དབང་པོ་འགག་པར་འགྱུར་བ་ནི་མི་རིགས་ཏེ། ལུས་ཀྱི་དབང་པོ་འགགས་ན་རྣམ་པར་ཤེས་པས་མ་དོར་བར་མི་རིགས་པའི་ཕྱིར་རོ། །ཅི་སྟེ་ཡིད་ཀྱི་རྣམ་པར་ཤེས་པས་དྲོད་འདོར་བར་བྱེད་དོ་ཞེ་ན། དེ་ཡང་རིགས་པ་མ་ཡིན་ཏེ། དེ་ནི་ལུས་ལ་མི་བརྟེན་པའི་ཕྱིར་དང་ལུས་ཀྱང་དེ་ལ་མི་བརྟེན་པའི་ཕྱིར་རོ། །གལ་ཏེ་དེའི་ལུས་ཀྱི་ཆ་གང་ཞིག་བདག་ཏུ་བཟུང་བ་དེ་ནི་དྲོད་དང་བཅས་པ་ཡིན་ལ། གང་དེ་ལྟར་མ་བཟུང་བ་དེ་ནི་དྲོད་འདོར་བ་ཡིན་ནོ། །ཞེ་ན། དེ་ལྟ་ན་གསོན་པའི་གནས་སྐབས་འགའ་ཞིག་ན་ཡང་དྲོད་འདོར་བར་འགྱུར་ཏེ། དེས་དུས་ཐམས་ཅད་དུ་ལུས་ལ་བདག་དང་བདག་གི་བར་འཛིན་ནོ་ཞེས་བཤད་ཟིན་ཏོ། །

ཅི་སྟེ་དེ་ཡོད་པ་ཙམ་གྱིས་དྲོད་འདོར་བར་མི་བྱེད་ན་ནི་ཇི་སྲིད་སྲོག་ཐ་མ་ལ་འགགས་ཀྱི་བར་དུ་ཡིད་ཀྱི་ཤེས་པ་ཡོད་པའི་ཕྱིར། དྲོད་ཀྱང་མི་འདོར་བར་གྱུར་ན་དེ་ཡང་རིགས་པ་མ་ཡིན་ཏེ། དེའི་སྔར་དྲོད་ཡལ་བར་མཐོང་བའི་ཕྱིར་རོ། །ལས་ཀྱི་འཕེན་པ་རིམ་གྱིས་ཟད་པས་དྲོད་རིམ་གྱིས་འདོར་བ་ཡིན་ནོ། །ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། འདི་ལྟར་ལས་ཀྱི་འཕེན་པ་ཟད་པའི་དབང་གིས་ལུས་འཛིན་བྱེད་ཀྱི་རྣམ་པར་ཤེས་པས་ལུས་རིམ་གྱིས་དོར་བ་ལས་དྲོད་རིམ་གྱིས་འདོར་བ་ཡིན་ནམ། འོན་ཏེ་རྒྱུ་མཚན་གཞན་འགའ་ཞིག་ལས་ཡིན་ཞེས་དཔྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་དེ་ཇི་ལྟར་རུང་ཞེ་ན། དེ་ལ་དབང་པོ་ཐམས་ཅད་བརྟེན་ཏོ། །དེའི་ཕྱིར་དབང་པོའི་ཕྱོགས་གང་དང་གང་ཞིག་ལས་ཀྱི་འཕེན་པ་ཡོངས་སུ་ཟད་པས་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་སྐྱེ་བ་དང་མི་མཐུན་པར་གྱུར་པའི་ཕྱོགས་དེ་དང་། དེའི་དབང་པོ་འགགས་པར་གྱུར་པས་དྲོད་ཡལ་བ་ཉིད་ཡིན་ནོ། །རིམ་པ་འདིས་དབང་པོ་མ་ལུས་པ་ཡོངས་སུ་བོར་བས་ལུས་རིལ་དྲོད་ཡལ་བའི་བར་དུ་འགྱུར་བས་དེ་ལྟར་རུང་སྟེ། འདི་ནི་རེ་ཞིག་ཕྱི་རོལ་གྱི་དོན་ཁས་བླངས་པའི་ཕྱོགས་ལ་ཡིན་ནོ། །

ཤེས་བྱ་ནང་གི་ཡིན་པར་ལྟ་བ་ལ་ནི་གང་གི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ལུས་མཐའ་དག་ཏུ་སྣང་བར་སྐྱེ་བས་དེའི་ཚེ་ལུས་ཐམས་ཅད་ཟིན་པ་ཡིན་ལ། གང་ཚེ་ལུས་ཀྱི་ཕྱོགས་ལ་ལ་ནི་བདག་ཏུ་སྣང་། ལ་ལ་ནི་ཕྱི་རོལ་དུ་སྣང་བ་དེའི་ཚེ་ནི་གང་ཞིག་བདག་ཏུ་སྣང་བ་དེ་ནི་ཟིན་པ་ཡིན་ལ། གང་ཕྱི་རོལ་གྱི་རྣམ་པ་ཅན་དེ་ནི་མ་ཟིན་པའི་ཕྱིར་དྲོད་ཡལ་བ་ཡིན་ནོ། །ཞེས་དོན་གསང་རྣམ་པར་བཤད་པ་ལས་འབྱུང་བ་ཡིན་ནོ། །དེ་ཡང་རིགས་པར་མ་མཐོང་སྟེ། འདི་ལྟར། ལུས་ཀྱི་ཆ་གང་ལ་དྲོད་ཡལ་བ་དེ་ནི་ཀུན་གཞི་ལ་ཕྱི་རོལ་དུ་གྱུར་པ་ལས་ཡིན་ན་གང་གི་ཚེ་ལུས་མཐའ་དག་ལ་དྲོད་ཡལ་བ་དེའི་ཚེ་ཀུན་གཞི་རྣམ་པར་ཤེས་པ་ལུས་མཐའ་དག་ཕྱི་རོལ་དུ་སྣང་དགོས་པར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ། ཚེ་འདིའི་ཀུན་གཞིའི་རྣམ་པར་ཤེས་པ་ཡང་ལུས་ཀྱི་དབང་པོ་དང་ལྷན་ཅིག་འགགས་ནས་མེད་པའི་ཕྱིར་རོ། །སྐྱེ་བ་གཞན་དང་གང་ཟག་གཞན་གྱིས་ཀུན་གཞིའི་རྣམ་པར་ཤེས་པ་ནི་ད་ལྟར་གྱི་ལུས་འདི་འཛིན་པར་བྱེད་པར་དང་། འདོར་བར་བྱེད་པ་མ་ཡིན་ནོ། །དེ་བས་ན་དོན་འདི་ཁོ་བོས་ནི་རྣམ་པ་གཞན་དུ་རྟོགས་ཏེ། འདི་ལྟར་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་འདི་དག་ནི་རང་གང་གིས་ཡོངས་སུ་ཟིན་པའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དེ་ཉིད་ཀྱི་རང་བཞིན་ཡིན་ཏེ། འདི་དག་འཕེན་པར་བྱེད་པ་དང་མངོན་པར་འགྲུབ་པར་བྱེད་པའི་ལས་དང་ཉོན་མོངས་གཅིག་ལས་སྐྱེས་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་དང་ལུས་ཀྱི་དབང་པོ་ལ་སོགས་པ་དག །གྲུབ་པ་དང་བདེ་བ་གཅིག་པའི་ཕྱིར། དེ་འགག་པ་ན་དེ་དག་ཀྱང་འགག་པ་ཡིན་ནོ། །དེ་ལ་ལུས་འཛིན་པར་བྱེད་པའི་རྣམ་པར་སྨིན་པའི་རྣམ་ཤེས་ཁ་ཅིག་ནི་སྐྱེ་བ་ན་ཡང་ཅིག་ཅར་སྐྱེ་ཞིང་སྔོན་གྱི་འཕེན་པ་ཟད་པ་ན་ཡང་ཅིག་ཅར་འགག་སྟེ། འདི་ལྟར་སྟེ་རྫུས་ཏེ་སྐྱེས་པའི་སེམས་ཅན་དག་གི་རྣམ་པར་སྨིན་པ་བཞིན་དེའི་ཕྱིར་རྫུས་སྐྱེས་དག་གི་དབང་པོ་རྣམས་ནི་སྐྱེ་བ་ན་ཡང་ཅིག་ཅར་འགག་གོ་ཞེས་གྲགས་སོ། །རྣམ་པར་སྨིན་པའི་རྣམ་ཤེས་ཁ་ཅིག་ནི་སྐྱེ་བ་ན་ཡང་རང་གི་ཆ་ཤས་རིམ་གྱིས་རྫོགས་པར་བྱེད་ལ། ལས་ཀྱི་འཕེན་པ་ཟད་དེ་འགགས་པ་ན་ཡང་རིམ་གྱིས་འགགས་པ་ཡིན་ཏེ། འདི་ལྟར་མངལ་དང་སྒོང་དང་དྲོད་གཤེར་ལས་སྐྱེས་པ་དག་གི་རྣམ་པར་སྨིན་པ་བཞིན་ནོ། །དེའི་ཕྱིར་དེ་དག་གི་དབང་པོ་རྣམས་ནི་རིམ་གྱིས་རྫོགས་ཤིང་རིམ་གྱིས་འགག་པ་ཡིན་ནོ། །

དེ་ལ་ཇི་སྲིད་ལས་ཀྱི་འཕེན་པ་མ་ཟད་ཀྱི་བར་དུ་རྣམ་པར་སྨིན་པའི་རྣམ་ཤེས་རང་ཉིད་ལུས་ཀྱི་དབང་པོའི་རྣམ་པར་ཡོངས་སུ་གྱུར་པ་དེ་ཉིད། རྐང་མཐིལ་ནས་སྤྱི་བོའི་བར་ལ་རྗེས་སུ་ཞུགས་པས་ལུས་ཀྱི་ཆ་ཤས་ཐམས་ཅད་དྲོད་དང་བཅས་ཤིང་སེམས་ཀྱིས་ཟིན་པ་ཞེས་བྱ་བ། གང་གིས་ཚེ་ལེགས་པར་བྱེད་པ་དང་ཉེས་པར་བྱེད་པ་དག་གི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ལུས་ཀྱི་དབང་པོའི་རྣམ་པར་ཡོངས་སུ་གྱུར་པ་གང་ཡིན་པ་དེ་ཉིད། ལས་ཀྱི་འཕེན་པ་ཟད་པའི་དུས་ན། ཐོག་མར་སྤྱི་བོ་འམ་རྐང་པའི་མཐིལ་ནས་འགག་པར་འགྱུར་བ་དེའི་ཚེ་གནས་དེ་དང་དེ་ནས་ལུས་ཀྱི་དབང་པོ་འགག་ཅེས་པའི་ཐ་སྙད་འདོགས་ལ། ལུས་ཀྱི་དབང་པོ་འགགས་པ་ཉིད་ཀྱིས་དྲོད་ཡལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ལུས་དང་མིག་ལ་སོགས་པའི་དབང་པོ་གཟུགས་ཅན་རྣམས་ཀྱི་རྣམ་པར་ཡོངས་སུ་གྱུར་པའི་རྣམ་པར་སྨིན་པའི་རྣམ་ཤེས་དེ་མཐའ་དག་རིམ་གྱིས་འགག་པ་ན་དབང་པོ་མཐའ་དག་འགགས་པ་ཞེས་པ་དང་། ཤི་བ་ཞེས་བྱ་བའི་ཐ་སྙད་འདོགས་པ་ཡིན་ནོ། །གལ་ཏེ་དབང་པོ་རྣམས་རྣམ་པར་སྨིན་པའི་རྣམ་ཤེས་ཡོངས་སུ་གྱུར་པ་ཡིན་པས། དེ་འགགས་པ་ན་དེ་དག་ཀྱང་འགག་ན་ཕྱི་རོལ་གྱི་སྣོད་ཀྱང་དེ་ཡོངས་སུ་གྱུར་པ་ཡིན་པས་དེ་འགག་པ་ན་དབང་པོ་རྣམས་བཞིན་དུ་འགག་པར་རིགས་སོ་ཞེ་ན། དེ་ནི་མ་ཡིན་ཏེ། དཔེར་ན་ཁང་མིག་ཏུ་ཏིལ་མར་དང་། ཡུངས་ཀར་ལ་སོགས་པ་སྣུམ་དང་སྙིང་པོ་ཐ་དད་པའི་སྒྲུབས་པའི་མར་མེ་དུ་མ་ཞིག་ཡོད་ན། ཕྱི་རོལ་དུ་འོད་གསལ་གཅིག་ཁོ་ན་འབྱུང་གི། འདི་ནི་ཏིལ་མར་གྱི་སྒྲོན་མེའི་འོད་དོ། །འདི་ནི་ཡུངས་མར་གྱི་སྒྲོན་མེའི་འོད་དོ་ཞེས་ཐ་དད་དུ་དབྱེ་བར་མི་ནུས་ལ་གང་གི་ཚེ་ཏིལ་མར་ལ་སོགས་པའི་རྒྱུ་དེ་དང་དེ་ཟད་པ་ན་དེ་ལ་བརྟེན་ནས་བྱུང་བའི་སྒྲོན་མེ་དེ་དང་དེ་འགག་མོད་ཀྱི་འོན་ཀྱང་ཕྱི་རོལ་དུ་འོད་འགག་པ་ནི་མེད་དོ། །གང་གི་ཚེ་རྒྱུ་མཐའ་དག་ཟད་ནས་སྒྲོན་མེ་མཐའ་དག་འགག་པ་དེའི་ཚེ་ཕྱི་རོལ་དུ་འོད་ཀྱང་མཐའ་དག་འགག་པར་འགྱུར་བ་ཡིན་ནོ། །

དེ་བཞིན་དུ་ལས་དང་ཉོན་མོངས་ཐ་དད་དུ་མས་སྒྲུབ་པའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་ཡང་ཉིད་ལུས་ཅན་གྱི་ངོ་བོར་སྣང་བ་མར་མེ་ལྟ་བུ་དུ་མ་ཞིག་ཡོད་པ་ན། ཕྱི་རོལ་དུ་འོད་ལྟ་བུའི་སྣོད་ཀྱི་འཇིག་རྟེན་གཅིག་འབྱུང་བ་ཡིན་ནོ། །དེ་ལ་སྣུམ་དང་སྙིང་པོ་ཟད་པའི་མར་ལས་དང་ཉོན་མོངས་པའི་འཕེན་པ་དེ་དང་དེ་ཟད་པ་ན་དེ་དག་གི་རྒྱུ་ལས་བྱུང་བའི་མར་མེ་ལྟ་བུའི་རྣམ་པར་སྨིན་པའི་རྣམ་པར་ཤེས་པ་འགག་མོད་ཀྱི། ཕྱི་རོལ་གྱི་སྣོད་འགག་པ་ནི་མ་ཡིན་ཏེ། དེ་ཁོ་ནའི་དབང་གི་བྱུང་བ་མ་ཡིན་པའི་ཕྱིར། གལ་ཏེ་དེ་ལྟ་བུའི་རྣམ་པར་སྨིན་པའི་རྣམ་ཤེས་མཐའ་དག་འགགས་ན་ནི། སྣོད་ཀྱང་འགག་པར་འགྱུར་ཏེ། མར་མེ་མཐའ་དག་འགགས་ན་འོད་ཀྱང་འགགས་པ་བཞིན་ནོ། །དེའི་ཕྱིར་སེམས་ཅན་གྱི་འཇིག་རྟེན་ཞིག་པ་ན་སྣོད་ཀྱི་འཇིག་རྟེན་ཡང་འཇིག་པར་འགྱུར་བ་ཡིན་ནོ། །

དེ་བས་ན་སྒྲོན་མ་ལྟ་བུའི་རྣམ་པར་སྨིན་པའི་རྣམ་ཤེས་དང་སྒྲོན་མེའི་གཟུགས་དང་རེག་བྱ་ལ་སོགས་པ་ལྟ་བུ་ནི་ལུས་ལ་སོགས་པའི་དབང་པོ་གཟུགས་ཅན་རྣམས་ཡིན་ལ། འོད་ལྟ་བུ་ནི་ཕྱི་རོལ་གྱི་སྣོད་རྣམས་ཡིན་པས། དེ་དག་མཚུངས་པ་མ་ཡིན་ནོ། །དེ་ལྟར་ན་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་མི་རུང་བ་བཤད་ཟིན་ཏོ། །ད་ནི་རྣམ་པར་བྱང་བ་མི་རུང་བ་བརྗོད་པར་བྱ་སྟེ། དེ་ལ་རེ་ཞིག་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཇིག་རྟེན་པའི་རྣམ་པར་བྱང་བ་མི་རུང་སྟེ། །འདོད་པ་ལ་སོགས་པ་ལ་འདོད་ཆགས་དང་བྲལ་བ་མི་འཐད་པའི་ཕྱིར་རོ། །དེ་ཡང་འདི་ལྟར། འདོད་པ་ལས་འདོད་ཆགས་དང་མ་བྲལ་བས་གཟུགས་ན་སྤྱོད་པའི་སེམས་མི་ཐོབ་པས། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་དགེ་བའི་སེམས་ཀྱིས་འདོད་པའི་འདོད་ཆགས་དང་བྲལ་བར་བྱ་བའི་ཕྱིར་རྩོམ་པ་ན། འདོད་པ་ན་སྤྱོད་པའི་སྦྱོར་བ་ལས་བྱུང་བའི་སེམས་དེ་ཡང་། གཟུགས་ན་སྤྱོད་པའི་སེམས་དང་ལྷན་ཅིག་འབྱུང་བ་དང་འགག་པ་མེད་པའི་ཕྱིར། དེས་བསྒོས་པ་མེད་པས་དེའི་ས་བོན་ཅན་དུ་མི་རུང་ལ། གཟུགས་ན་སྤྱོད་པའི་སེམས་འདས་པ་ཚེ་རབས་དུ་མའི་སེམས་རིགས་མི་མཐུན་པ་དུ་མས་བར་དུ་ཆོད་པ་དེ་ཡང་འདས་ནས་མེད་པའི་ཕྱིར་ད་ལྟར་གྱི་མཉམ་པར་བཞག་པའི་སེམས་ཀྱི་ས་བོན་དུ་མི་རུང་ངོ་། །དེའི་ཕྱིར་འདོད་པ་ལས་འདོད་ཆགས་དང་བྲལ་བར་འདོད་པའི་སྐྱེས་བུ་ལ་མཉམ་པར་བཞག་པའི་སེམས་ཀྱི་ས་བོན་མེད་པའི་ཕྱིར་དེ་སྐྱེ་བར་མི་རིགས་ལ་མཉམ་པར་བཞག་པའི་སེམས་མ་སྐྱེས་པར་འདོད་པ་ལས་འདོད་ཆགས་དང་བྲལ་བར་རུང་བ་མ་ཡིན་ནོ། །དེ་བཞིན་དུ་འདོད་ཆགས་དང་བྲལ་བ་ཉིད་ཀྱི་ས་ཐམས་ཅད་ལ་ཅི་རིགས་སུ་སྦྱར་བར་བྱའོ། །

ཀུན་གཞིའི་རྣམ་ཤེས་ཁས་ལེན་པ་ལ་ནི་འདས་པའི་ཚེ་རབས་སུ་མཉམ་པར་བཞག་པའི་སེམས་ཀྱི་ཀུན་གཞི་ལ་སྒོས་པའི་ས་བོན་འདོད་པའི་སྦྱོར་བ་ལས་བྱུང་བའི་དགེ་བས་གསོས་བཏབ་པ་ལས་མཉམ་པར་བཞག་པའི་སེམས་སྐྱེ་བས་ཆགས་བྲལ་གྱི་རིམ་པ་རྣམས་འཐད་པ་ཡིན་ནོ། །

ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་ཡང་མི་རུང་སྟེ། ཇི་སྐད་དུ། གཞན་གྱི་སྒྲ་ལ་རྟེན་པ་དང་སོ་སོ་རང་རང་གི་ཚུལ་བཞིན་ཡིད་ལ་བྱེད་པ་དེའི་རྒྱུས་ཡང་དག་པའི་ལྟ་བ་འབྱུང་ངོ་། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་གང་ཡིན་པ་དེ་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་ནི་མི་རུང་བའི་ཕྱིར་རོ། །དེ་ལ་གཞན་གྱི་སྒྲ་ལས་ཚུལ་བཞིན་ཡིད་ལ་བྱེད་པ་འགྱུར་ཞེས་པ་ནི། སངས་རྒྱས་ཉན་ཐོས་ལ་སོགས་པ་ལས་ཆོས་ཐོས་ཏེ། དོན་ཚུལ་བཞིན་དུ་ཉམས་སུ་བླངས་པ་ལས་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་རང་བཞིན་གྱི་སྦྱོར་བའི་ལམ་རྣམས་འབྱུང་ཞེས་པའོ། །དེའི་རྒྱུ་ལ་ཡང་དག་པའི་ལྟ་བ་འབྱུང་ཞེས་པ་ནི། དེ་ལ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཟག་མེད་དང་། སོ་སོ་སྐྱེ་བོ་ཞེས་པའི་ཀུན་གཞི་མེད་པ་ལ་རིམ་པ་ཇི་ལྟར་མི་རུང་ཞེ་ན། ཡང་དག་པའི་ལྟ་བའི་མིང་ཅན་ཟག་མེད་སྐད་ཅིག་དང་པོ་དེའི་བདག་པོ་དང་རྒྱུའི་རྐྱེན་གཉིས་ཀ་མི་རུང་བའི་ཕྱིར་རོ། །

དེ་ལ་སྡེ་པ་དག་ནི་སྦྱོར་ལམ་ཆོས་མཆོག་གང་ཡིན་པ་དེ་ཉིད་དེའི་བདག་པོའི་རྐྱེན་དུ་སྨྲ་ན། དེ་ཡང་རུང་བ་མ་ཡིན་ཏེ། དེ་ཉིད་སྐྱེ་བའི་རྒྱུ་མེད་པའི་ཕྱིར་རོ། །ཅི་སྟེ་གཞན་གྱི་སྒྲ་ལས་ཡིད་ལ་བྱེད་པས་བཞག་པའི་ཐོས་པའི་བག་ཆགས་ལས་བྱུང་ཞེ་ན། གཞན་གྱི་སྒྲ་ལས་དེའི་དོན་སེམས་པའི་ཡིད་ལ་བྱེད་པ་དེས་ཆོས་ཐོས་པའི་རྣ་བའི་རྣམ་པར་ཤེས་པའམ། འོན་ཏེ་ཡིད་ཀྱི་རྣམ་པར་ཤེས་པའམ། དེ་གཉིས་ཀ་ལ་ཐོས་པའི་བག་ཆགས་སྒོ་གྲང་། དེ་ལ་རེ་ཞིག་ཆོས་དེ་དག་གི་དོན་ལ་སོ་སོར་རྟོག་ཅིང་ཡིད་ལ་བྱེད་པ་ན་ཡང་རྣ་བའི་རྣམ་པར་ཤེས་པ་ནི་རེ་ཞིག་མི་འབྱུང་བས་དེའི་ཕྱིར་རྣ་བའི་རྣམ་པར་ཤེས་པ་ལ་བག་ཆགས་བསྒོས་སོ། །ཞེས་བྱ་བར་མི་རིགས་སོ། །ཡིད་ཀྱི་རྣམ་པར་ཤེས་པ་ལ་སྒོས་སུ་ཆུག་ན་ཡང་། གང་གི་ཚེ་ཡང་དག་པའི་ལྟ་བ་དངོས་སུ་འདྲེན་པར་བྱེད་པའི་སྦྱོར་ལམ་ཆོས་ཀྱི་མཆོག་འབྱུང་བ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཐོས་པའི་བག་ཆགས་བསྒོས་པ་གང་ཡིན་པ་དེ་ནི་བག་ཆགས་དང་བཅས་ཏེ་འགགས་ནས་མེད་ན་ཇི་ལྟར་དེའི་ས་བོན་ལས་ཆོས་ཀྱི་མཆོག་འབྱུང་། དེའི་ཕྱིར་ཡང་དག་པའི་ལྟ་བ་ལ་བདག་པོའི་རྐྱེན་མེད་པ་ཡིན་ནོ། །རྒྱུའི་རྐྱེན་ཡང་མེད་པ་ཡིན་ཏེ། འདི་ལྟར་སྦྱོར་བའི་ལམ་ཆོས་མཆོག་གང་ཡིན་པ་དེ་ཉིད་འཇིག་རྟེན་ལས་འདས་པའི་ལམ་དང་ལྷན་ཅིག་སྐྱེ་འགག་མ་བྱས་པའི་ཕྱིར་དང་གཞན་གྱི་སྒྲ་ལས་ཡིད་ལ་བྱེད་པ་དང་ཡང་ལྷན་གཅིག་སྐྱེ་འགག་མ་བྱས་པའི་ཕྱིར་ཐོས་པའི་བག་ཆགས་ཀྱང་དེ་ལ་མེད་པས་དེའི་ས་བོན་ལས་ནི་ཡང་དག་པའི་ལྟ་བ་སྐྱེ་བར་མི་རིགས་ལ། དེའི་ས་བོན་གྱི་རྟེན་གཞན་ཡང་མེད་པའི་ཕྱིར་རོ། །བདག་པོ་དང་རྒྱུའི་རྐྱེན་མེད་པར་ཡང་ཡང་དག་པའི་ལྟ་བ་སྐྱེ་བར་མི་རིགས་ལ། ཡང་དག་པའི་ལྟ་བ་མེད་པར་ཡང་རྣམ་པར་དག་པར་འགྱུར་བ་རིགས་པ་མ་ཡིན་ནོ། །ཀུན་གཞི་ཁས་ལེན་པ་ལྟར་ན་ཡང་དག་པའི་ལྟ་བ་དེ་ཉིད་ས་བོན་གང་ལས་འབྱུང་། ཀུན་གཞིའི་རྣམ་པར་ཤེས་པ་ནི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར། དེ་དག་གཉེན་པོའི་རྒྱུར་རིགས་པ་མ་ཡིན་ནོ། །

འཇིག་རྟེན་ལས་འདས་པའི་སེམས་ནི་མ་སྐྱེས་པ་ཉིད་ཀྱིས་དེས་ཀུན་གཞི་ལ་རང་དང་རྗེས་སུ་མཐུན་པའི་འབྲས་བུ་བསྐྱེད་པའི་བག་ཆགས་བཞག་པ་ཡང་མེད་པའི་ཕྱིར་རོ་ཞེ་ན་འདི་ལ་བརྗོད་པར་བྱ་སྟེ། དེ་ལ་འཕགས་པའི་ལམ་གྱི་རིགས་ཀྱི་རྣམ་པ་གཉིས་ཏེ། དམིགས་པའི་རྐྱེན་དུ་གྱུར་པ་དང་། རྒྱུའི་རྐྱེན་དུ་གྱུར་པའོ། །དང་པོ་ནི་ཆོས་ཀྱི་དབྱིངས་རང་བཞིན་གྱིས་རྣམ་པར་དག་པ་སྟེ། འདི་ལ་བདག་མེད་རྣམ་པ་གཉིས་གང་རུང་གི་རྣམ་པས་དམིགས་ཏེ་བསྒོམ་པས་ཐེག་པ་གསུམ་གྱི་འཕགས་པའི་ལམ་རྣམས་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འདི་ཉིད་དུ་ཡང་། ཅིའི་ཕྱིར་ཆོས་དབྱིངས་ཞེས་བྱ་ཞེ་ན། ཉན་ཐོས་དང་རང་སངས་རྒྱས་ཀྱི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་རོ། །ཞེས་གསུངས་པ་ཡིན་ནོ། །འདི་ཉིད་སྒྲིབ་པ་ཐམས་ཅད་དང་བྲལ་བ་ནི། དེ་བཞིན་གཤེགས་པ་རྣམས་ཀྱི་ཆོས་ཀྱི་སྐུ་ཞེས་བྱ་བའི་གྲངས་སུ་འགྲོ་ལ། དེ་བཞིན་གཤེགས་པའི་སྙིང་པོ་ཅན་དུ་གསུངས་པ་ཡིན་ཏེ། མདོ་སྡེའི་རྒྱན་ལས་དེ་བཞིན་ཉིད་ནི་ཐམས་ཅད་ལ། །ཁྱད་པར་མེད་ཀྱང་དག་གྱུར་པ། །དེ་བཞིན་གཤེགས་ཉིད་དེའི་ཕྱིར། །འགྲོ་ཀུན་དེའི་སྙིང་པོ་ཅན། །ཅེས་དང་རྒྱུད་བླ་མ་ལས་ཀྱང་། རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་ཀུན། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གང་གསུངས་པ་ལྟར་ཡིན་ནོ། །དེ་ཉིད་ལ་རང་བཞིན་དུ་གནས་པའི་རིགས་ཞེས་ཀྱང་བྱ་སྟེ་ཇི་སྐད་བཤད་པའི་ཚུལ་གྱིས་འཕགས་པའི་ཆོས་རྣམས་ཀྱི་རྒྱུ་ཡིན་པའི་ཕྱིར་དང་། རྐྱེན་གྱིས་སྒྲུབས་པ་མ་ཡིན་པར་གདོད་མ་ནས་གནས་པའི་ཕྱིར་རོ། །རྒྱུའི་རྐྱེན་དུ་གྱུར་པ་ནི་ཀུན་གཞི་ལ་ཡོད་པའི་ཟག་པ་མེད་པའི་ས་བོན་ཆོས་ཉིད་ཀྱིས་གནས་པ་གང་ཡིན་པ་སྟེ། དེ་ཉིད་ཐོས་པའི་བག་ཆགས་ཞེས་ཀྱང་བྱ། སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་ཀྱང་བྱ། རྒྱས་པར་འགྱུར་བའི་རིགས་ཞེས་ཀྱང་བྱའོ། །

ཅིའི་ཕྱིར་ཐོས་པའི་བག་ཆགས་ཞེས་བྱ་ཞེ་ན། ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རྟོགས་པའི་རྒྱུ་མཐུན་པ་ལུང་གི་ཆོས་ཐོས་པའི་རྐྱེན་གྱིས་གསོ་བར་བྱ་བ་ཡིན་པའི་ཕྱིར་ཐོས་པའི་བག་ཆགས་ཞེས་བྱ་སྟེ། དཔེར་ན་ཀུན་གཞི་དེ་ཉིད་གདོད་མ་ནས་འདོད་པའམ་མི་འདོད་པའི་འབྲས་བུ་འབྱིན་རུང་དུ་གནས་པ་དགེ་བའམ་མི་དགེ་བའི་རྐྱེན་གྱིས་ནུས་པ་མཐུ་ཅན་དུ་བྱས་པ་ལ་དགེ་འམ་མི་དགེ་བའི་བག་ཆགས་ཞེས་བརྗོད་པ་བཞིན་ནོ། །འདི་ཐོས་པའི་རྐྱེན་གྱིས་གསར་དུ་སྒྲུབ་པར་བྱ་བ་ནི་མ་ཡིན་ཏེ་ཉན་ཐོས་ཞི་བ་བགྲོད་པ་གཅིག་པུ་བ་དག་གིས་དེ་བཞིན་གཤེགས་པ་ལ་ཐེག་པ་ཆེན་པོའི་ཆོས་ཐོས་པ་ལས་ཀྱང་དེ་དག་གི་རྒྱུད་ལ། ཐེག་པ་ཆེན་པོའི་ཐོས་པའི་བག་ཆགས་འཇོག་པར་འགྱུར་ལ། དེ་ལྟ་ན་དེ་དག་ལ་ཐེག་པ་ཆེན་པོའི་རྒྱས་འགྱུར་གྱི་རིགས་ཡོད་པའི་ཕྱིར་དང་། ཞི་བ་བགྲོད་པ་གཅིག་པུ་པར་མི་རིགས་སོ། །དེའི་ཕྱིར་མདོ་ལས་ཀྱང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་རིགས་དེ་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཆོས་ཉིད་ཀྱིས་ཐོབ་པ་ཐོག་མ་མེད་པ་ནས་རྒྱུད་དེ་འོངས་པ་ཞེས་གསུངས་པ་ཡིན་ནོ། །ཅིའི་ཕྱིར་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱ་ཞེ་ན། འདིས་གང་ལ་སེམས་ཅན་ཞེས་ཐ་སྙད་དུ་གདགས་པའི་གཞི་ནང་གི་སྐྱེ་མཆེད་དྲུག་པོ་འདི་དག་ཕན་ཚུན་ཁྱད་པར་དུ་འབྱེད་པར་བྱེད་པའི་ཁྱད་པར་གྱི་ཆོས་ཡིན་པས་དེའི་ཕྱིར་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བྱའོ། །ཇི་ལྟར་ཁྱད་པར་དུ་འབྱེད་པར་བྱེད་ཅེ་ན། དེ་ལ་གང་ཞིག་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཐོས་པས་རྟས་པར་འགྱུར་བའི་ཐོས་པའི་བག་ཆགས་གང་ཡིན་པ་དེ་ནི་ཐེག་པ་ཆེན་པོའི་རིགས་ཞེས་བརྗོད་ལ། དེ་གང་ཡོད་པའི་དོན་ཡིན་འདྲ་ལ་དམིགས་པའི་ནང་གི་སྐྱེ་མཆེད་དྲུག་པོ་དག་ལ་ཐེག་པ་ཆེན་པོའི་སངས་རྒྱས་ཀྱི་རིགས་ཅན་ཞེས་བརྗོད་པར་བྱེད་ཀྱི་ཉན་ཐོས་ཀྱི་རིགས་ཅན་ནམ་རང་སངས་རྒྱས་ཀྱི་རིགས་ཅན་ཞེས་ནི་བརྗོད་པ་མ་ཡིན་ནོ། །གང་ཞིག་མྱ་ངན་འདས་པའི་ཕན་ཡོན་དང་འཁོར་བའི་ཉེས་དམིགས་ལ་སོགས་རང་ཉིད་གཅིག་པུ་གྲོལ་བའི་ཐབས་སྟོན་པའི་ཆོས་ཐོས་པའི་རྐྱེན་གྱིས་རྒྱས་པར་འགྱུར་བ་གང་ཡིན་པའི་ཐོས་པའི་བག་ཆགས་དེ་ནི་ཐེག་པ་དམན་པའི་རིགས་ཞེས་བྱ་ལ་དེ་ཉིད་ནང་གི་སྐྱེ་མཆེད་གང་ལ་དམིགས་པ་དེ་དག་ལ་ནི་ཉན་ཐོས་སམ་རང་སངས་རྒྱས་ཀྱི་ཐེག་པ་འམ་དེ་དག་གི་རིགས་ཅན་ཞེས་བརྗོད་པར་བྱེད་དོ། །ཅིའི་ཕྱིར་རྒྱས་འགྱུར་ཞེས་བྱ་ཞེ་ན། འདི་ཉིད་རྐྱེན་གྱིས་བསོས་བཏབ་པ་ལས་ཆུང་ངུ་ལས་འབྲིང་དང་། འབྲིང་ལས་ཆེན་པོར་འཕེལ་བར་འགྱུར་བའི་ཕྱིར་རོ། །ཇི་སྐད་དུ། དེ་ལ་བག་ཆགས་ཆུང་ངུ་ལ་བརྟེན་ནས་བག་ཆགས་འབྲིང་པོར་འགྱུར་རོ། །བག་ཆགས་འབྲིང་པོ་ལ་བརྟེན་ནས་བག་ཆགས་ཆེན་པོར་འགྱུར་ཏེ། ཐོས་པ་དང་བསམ་པ་དང་སྒོམ་པ་ལན་མང་དུ་བྱ་བ་དང་ལྡན་པའི་ཕྱིར་རོ། །ཞེས་གང་གསུངས་པ་ལྟ་བུའོ། །ཡང་སྐྱེ་མཆེད་དྲུག་གི་ཁྱད་པར་ཟག་པ་མེད་པའི་ས་བོན་འདི་ཉིད། ཐོག་མ་མེད་པ་ནས་རང་བཞིན་གྱི་གནས་པ་དང་། རྐྱེན་གྱི་ཡང་དག་པར་བླངས་པ་གཉིས་སུ་ཡང་འགྱུར་ཏེ། དེ་ལ་དང་པོ་ནི་ཐོས་པའི་རྐྱེན་གྱིས་གསོས་མ་བཏབ་པའི་གནས་སྐབས་ན་ཆོས་ཉིད་ཀྱིས་གནས་པའི་ཟག་པ་མེད་པའི་ས་བོན་གང་ཡིན་པའོ། །

གཉིས་པ་ནི་དེ་ཉིད་ཐོས་པའི་རྐྱེན་གྱིས་བསོ་བཏབ་སྟེ། འཕེལ་བར་གྱུར་པའི་གནས་སྐབས་གང་ཡིན་པའོ། །ཁ་ཅིག་དེ་དག་ལ་གོ་རིམ་བཞིན་དུ་རང་བཞིན་དུ་གནས་པ་དང་། རྒྱས་འགྱུར་གྱི་རིགས་ཞེས་འཆད་པར་འགྱུར་རོ། །དེ་ནི་དཔྱད་པར་བྱ་སྟེ། འདི་ལྟར་སྔ་མ་ཡང་དེ་བཞིན་ཉིད་བཞིན་དུ་རྐྱེན་གྱིས་བཅོས་སུ་མི་རུང་བ་ནི་མ་ཡིན་ཏེ། ཐོས་པ་ལ་སོགས་པའི་རྐྱེན་གྱིས་གསོས་པ་ལས་གོང་ནས་གོང་དུ་འཕེལ་སྟེ་མཐར་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དངོས་སུ་འབྱིན་པའི་མཐུ་དང་ལྡན་པའི་ཕྱིར་རོ། །དེ་བས་ན་འདི་ཡང་ཕྱི་མ་ལྟར་རྐྱེན་གྱིས་རྒྱས་པར་འགྱུར་བ་ཡིན་ན་ཇི་ལྟར་ན་རྒྱས་པར་འགྱུར་བ་ཞེས་མི་བརྗོད། ཅི་སྟེ་འདི་རྐྱེན་གྱིས་འཕེལ་བར་མི་རུང་བ་ཞིག་ཡིན་ན། དེའི་ཚེ་འདི་འཕགས་པའི་ལམ་གྱི་རིགས་སུ་ཇི་ལྟར་འགྱུར་ཏེ། འདིས་འཕགས་པའི་ལམ་ལ་ཁྱད་པར་ཅུང་ཟད་ཀྱང་མི་བསྐྱེད་པའི་ཕྱིར་རོ། །དེ་བཞིན་ཉིད་ནི་དམིགས་པའི་སྒོ་ནས་འཕགས་པའི་ལམ་གྱི་རྒྱུར་འགྱུར་ན་འདི་ནི་དེ་ལྟར་ཡང་མ་ཡིན་ནོ། །ཅི་སྟེ་འདི་རྐྱེན་གྱིས་གསོས་པ་ལ་མི་ལྟོས་པར་འཕགས་པའི་ལམ་གྱི་རྒྱུའི་རྐྱེན་དུ་འགྱུར་ན། དེའི་ཚེ་ཐོས་པ་སོགས་སྔོན་དུ་སོང་བ་མེད་པར་ཡང་འཕགས་ལམ་སྐྱེ་བར་འགྱུར་བས་རིགས་གཉིས་པ་ཡང་དོན་མེད་པ་ཡིན་ནོ། །ཅི་སྟེ་རྐྱེན་གྱིས་ཁྱད་པར་དུ་འགྱུར་ཡང་རྒྱས་འགྱུར་ཞེས་མི་བརྗོད་ན་ནི། དེའི་ཚེ་གཉིས་པ་ལ་ཡང་རྒྱས་འགྱུར་གྱི་རིགས་ཞེས་བརྗོད་པའི་རྒྱུ་ལྷག་པོ་གཞན་ཅི་ཡོད། གལ་ཏེ་སྔ་མ་ནི་ཆོས་ཉིད་ཀྱིས་གནས་པ་ཡིན་ལ་ཕྱི་མ་ནི་རྐྱེན་གྱིས་གསར་དུ་སྒྲུབས་པ་ཡིན་པའི་ཕྱིར་རོ་ཞེ་ན། དེ་ཉིད་ཀྱི་ཕྱིར་དེ་དག་ལ་གོ་རིམ་བཞིན་དུ་སྔ་མ་ལ་རང་བཞིན་དུ་གནས་པ་དང་། ཕྱི་མ་ལ་རྐྱེན་གྱིས་ཡང་དག་པར་བླངས་པ་ཞེས་ཁོ་བོས་ཀྱང་མ་བརྗོད་དམ། ཁོ་བོ་ནི་སྔ་མ་རང་བཞིན་དུ་གནས་པ་ཡིན་པ་དང་ཕྱི་མ་ཡང་རྒྱས་འགྱུར་ཡིན་པ་འགོག་པ་ནི་མ་ཡིན་གྱི། སྔ་མ་རྒྱས་འགྱུར་མིན་པར་སྨྲ་བ་འགོག་པ་ཡིན་ནོ། །དེ་བས་ན་སྔ་མ་ནི་ཐོག་མ་མེད་པ་ནས་ཆོས་ཉིད་གྱིས་གནས་པའི་ཕྱིར་རང་བཞིན་དུ་གནས་པ་ཡང་ཡིན་ལ། རྐྱེན་གྱིས་གསོས་ཏེ། གོང་ནས་གོང་དུ་འཕེལ་བར་འགྱུར་བ་ཡང་ཡིན་པའི་ཕྱིར་རྒྱས་འགྱུར་ཀྱང་ཡིན་ནོ། །དེ་ལྟར་ན་ཐོས་པའི་བག་ཆགས་ཟག་པ་མེད་པའི་ས་བོན་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བརྗོད་པ་གང་ཡིན་པ་དེ་ཉིད་ལས་ཁ་ཅིག་ནི་ཐེག་པ་ཆེན་པོའི་ལམ་གྱི་རྒྱུའི་རྐྱེན་དུ་རང་བཞིན་གྱིས་ངེས་པ་ཡང་ཡོད། ཁ་ཅིག་ནི་ཉན་ཐོས་ཀྱི་ལམ་དང་། ཁ་ཅིག་ནི་རང་རྒྱལ་གྱི་ལམ་གྱི་རྒྱུའི་རྐྱེན་དུ་རང་བཞིན་གྱིས་ངེས་པ་ཡང་ཡོད། ཁ་ཅིག་ནི་རྐྱེན་དབང་གིས་ལམ་གསུམ་ཀའི་རྒྱུར་རུང་བ་ཡང་ཡོད། དེ་ལ་དང་པོ་གསུམ་ནི་ཐེག་པ་གསུམ་གྱི་ངེས་པའི་རིགས་ཡིན་ནོ། །དེའི་ཕྱིར་དེ་དག་ལ་གནས་པ་ནི་རྐྱེན་གྱིས་དབང་གིས་ཐེག་པ་གཞན་དུ་སྒྱུར་བར་མི་ནུས་སོ། །ཕྱི་མ་ནི་མ་ངེས་པའི་རིགས་ཡིན་ནོ། །དེའི་ཕྱིར་དེ་ལ་གནས་པའི་ཐེག་པ་ཆེན་པོ་འམ། ཉན་ཐོས་སམ་རང་རྒྱལ་གྱི་ཐེག་པ་དག་ནི་རྐྱེན་གྱི་དབང་གིས་ཐེག་པ་གཞན་དུ་སྒྱུར་བར་ཡང་ནུས་པ་ཡིན་ནོ། །དེ་ལ་དང་པོ་ངེས་པའི་རིགས་ལ་གནས་པའི་བྱང་ཆུབ་སེམས་དཔའ་གང་ཡིན་པ་དེ་ནི། དབང་པོ་རྣོན་པོ་ཞེས་བྱའོ། །

གཉིས་པ་མ་ངེས་པའི་རིགས་ལ་གནས་པ་གང་ཡིན་པ་དེ་ནི་དབང་པོ་འབྲིང་པོ་ཞེས་བྱའོ། །ཉན་རང་གི་ཐོས་པ་ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་དག་ནི་དབང་པོ་རྟུལ་པོ་ཞེས་བྱའོ། །ངེས་པའི་རིགས་ལ་གནས་པའི་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་དག་ནི་ཞི་བ་བགྲོད་པ་གཅིག་པུ་པ་ཞེས་བྱའོ། །

ཉིས་པ་མ་ངེས་པའི་རིགས་ལ་གནས་པ་དག་ལ་ནི་བྱང་ཆུབ་ཏུ་ཡོངས་སུ་སྒྱུར་བ་ཞེས་བྱའོ། །དེ་ལ་ཞི་བ་བགྲོད་པ་གཅིག་པུ་པ་དག་ནི་གདོན་མི་ཟ་བར་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བས་བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་མི་རུང་བ་ཡིན་ནོ། །དེའི་ཕྱིར་མདོ་ལས། ཉན་ཐོས་ཞི་བ་བགྲོད་པ་ཕྱོགས་གཅིག་ལ་ཞུགས་པ་ལ་ནི་སངས་རྒྱས་ཐམས་ཅད་བརྩོན་པ་དང་ལྡན་པར་གྱུར་ཀྱང་བྱང་ཆུབ་ཀྱི་སྙིང་པོ་ལ་བཞག་པར་མི་ནུས་ཞེས་གསུངས་པ་ཡིན་ནོ། །

རང་རྒྱལ་གྱི་ཐེག་པ་བྱང་ཆུབ་ཏུ་ཡོངས་སུ་སྒྱུར་བ་གང་ཡིན་པ་དེ་ནི་ཇི་སྲིད་སྲིད་པ་ཐ་མ་པར་མ་གྱུར་པ་དེ་སྲིད་དུ་ཐེག་པ་ཆེན་པོ་དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་ན་བླ་ན་མེད་པ་ཡང་དག་རྫོགས་པའི་བྱང་ཆུབ་ཏུ་སེམས་སྐྱེད་པར་འགྱུར་བ་ཡིན་ནོ། །གང་གི་ཚེ་སྲིད་པ་ཐ་མ་པར་གྱུར་པ་དེའི་ཚེ་ནི་ཐེག་པ་ཆེན་པོ་ལ་འཇུག་པ་མི་སྲིད་པ་ཡིན་ཏེ། སྨོན་ལམ་གྱི་དབང་གིས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱིས་དབེན་པའི་ཞིང་དུ་སྐྱེ་བ་ཉིད་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་ཕྲད་པ་མི་སྲིད་པའི་ཕྱིར་རོ། །དེའི་ཕྱིར་རང་རྒྱལ་སྲིད་པ་ཐ་མ་པ་གང་ཡིན་པ་དེ་དག་ནི་ཞི་བ་བགྲོད་པ་གཅིག་པུ་པ་ཞེས་བྱ་སྟེ། ཇི་སྐད་དུ། རང་རྒྱལ་གྱི་ས་ལས། དེ་ཐམས་ཅད་ནི་ཉོན་མོངས་པ་ཞི་བར་བྱེད་པའི་བགྲོད་པ་གཅིག་པུ་པར་རིགས་པར་བྱའོ་ཞེས་གསུངས་པ་ཡིན་ནོ། །ཉན་ཐོས་བྱང་ཆུབ་ཏུ་ཡོངས་སུ་བསྒྱུར་བ་ནི་ཇི་སྲིད་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་མངོན་སུམ་དུ་མ་བྱས་པ་དེ་སྲིད་དུ་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་དང་ཕྲད་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དུ་རུང་བ་ཡིན་ལ། གང་གི་ཚེ་ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདས་པ་དེའི་ཚེ་ནི་སེམས་བསྐྱེད་པའི་མཐུ་མེད་ཏེ། ཆོས་ཀྱི་དབྱིངས་ཤིན་དུ་རྣམ་པར་དག་པ་འབའ་ཞིག་ཏུ་ཟད་པའི་ཕྱིར་རོ། །དེའི་ཕྱིར་དགྲ་བཅོམ་པ་རྣམས་ཕུང་པོ་ལྷག་མ་དང་བཅས་པའི་ཚེ་ཐེག་པ་ཆེན་པོ་ལ་འཇུག་ཏུ་རུང་ལ། ལྷག་མ་མེད་པའི་མྱ་ངན་འདས་པའི་ཚེ་མིང་རུང་བའི་ཚུལ་རྒྱས་པར་རྣམ་པར་གཏན་ལ་དབབ་པར་བསྡུ་བ་ལས་གསུངས་སོ། །དེ་ལྟར་ན་དམིགས་པའི་རྐྱེན་དུ་གྱུར་པའི་རིགས་དེ་བཞིན་ཉིད་དེ་ཀུན་ལ་རྗེས་སུ་ཞུགས་པའི་ཕྱིར་ཀུན་ཀྱང་སངས་རྒྱས་ཀྱི་རིགས་ཅན་དུ་གསུངས་པ་མི་འགལ་ལ་རྒྱུའི་རྐྱེན་དུ་གྱུར་པའི་རིགས་སྐྱེ་མཆེད་དྲུག་གི་ཁྱད་པར་ཞེས་བརྗོད་པ་གང་ཡིན་པ་དེ་ཉིད་ཇི་སྐད་བཤད་པའི་ཚུལ་གྱིས་སོ་སོར་ངེས་པ་དང་མ་ངེས་པ་ཡང་ཡོད་པས། དེའི་ཕྱིར་ཐེག་པ་གསུམ་གྱིས་རིགས་ཐ་དད་པ་དང་། མ་ངེས་པའི་རིགས་ཅན་དང་། འགའ་ཞིག་ལ་རིགས་དེ་མེད་པ་ལ་སོགས་པའི་རྣམ་པར་བཞག་པ་དགོངས་པ་ངེས་པར་འགྲེལ་པའི་མདོ་དང་། མདོ་སྡེ་རྒྱན་ལ་སོགས་པར་གསུངས་པ་ཡིན་ནོ། །

མངོན་པར་རྟོགས་པའི་རྒྱན་ལས་ཀྱང་། ཆོས་ཀྱི་དབྱིངས་ལ་དབྱེར་མེད་ཕྱིར། །རིགས་ནི་ཐ་དད་རུང་བ་ཡིན། །རྟེན་པའི་ཆོས་ཀྱི་བྱེ་བྲག་གིས། །དེའི་དབྱེ་བས་ཡོངས་སུ་བརྗོད། །ཅེས་གསུངས་པ་དེ་ཡང་། ཚིགས་སུ་བཅད་པ་ཕྱེད་སྔ་མས་དམིགས་རྐྱེན་གྱི་རིགས་ཀྱི་དབང་དུ་བྱས་ནས་རིགས་དབྱེ་བ་མེད་པར་བསྟན་ལ། ཕྱེད་ཕྱི་མས་རྒྱུའི་རྐྱེན་དུ་གྱུར་པ་ཟག་པ་མེད་པའི་ས་བོན་གྱི་དབང་དུ་བྱས་ནས་ཐེག་པ་གསུམ་གྱི་རིགས་ཐ་དད་པར་དབྱེ་བར་གསུངས་པ་ཡིན་གྱི། འཕགས་པ་དང་སེང་གེ་བཟང་པོའི་བཤད་པ་ནི་དོན་ཇི་ལྟ་བ་བཞིན་མ་ཡིན་པར་རྟོགས་སོ། །ཅིའི་ཕྱིར་རིགས་གཉིས་པའི་སྒོ་ནས་ཐེག་པ་གསུམ་གྱི་རིགས་ཐ་དད་པར་འཇོག །དང་པོའི་སྒོ་ནས་མ་ཡིན་ནོ་ཞེ་ན། དེ་བཞིན་ཉིད་ལ་དབྱེ་བ་མེད་པས་ཐེག་པ་གསུམ་དུ་དབྱེ་བར་མི་ནུས་པའི་ཕྱིར་དང་། རིགས་གཉིས་པ་མེད་ན་དེ་བཞིན་ཉིད་ཡོད་ཀྱང་འཕགས་པའི་ལམ་མི་སྐྱེ་བའི་ཕྱིར་རིགས་དང་པོ་ནི་གཙོ་བོ་མ་ཡིན་ལ། རིགས་གཉིས་པ་ཁོ་ན་གཙོ་བོ་ཡིན་ཏེ། ཟག་མེད་ཀྱི་ས་བོན་དེ་ཉིད་སྔར་ཇི་སྐད་བཤད་པའི་ཚུལ་གྱིས་རང་བཞིན་གྱིས་སོ་སོར་ངེས་པ་ཡོད་པས་དེའི་སྒོ་ནས་ཐེག་པ་གསུམ་དུ་དབྱེ་བར་ནུས་པའི་ཕྱིར་དང་། དེ་དག་གང་གི་རྒྱུད་ལ་ཡོད་པ་དེ་དག་གདོན་མི་ཟ་བར་རང་དང་རྗེས་སུ་མཐུན་པའི་ཐེག་པ་གསུམ་གྱི་ལམ་ཡང་གང་རུང་བ་བསྐྱེད་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གཞན་དག་ཏུ་རིགས་ཀྱི་དབྱེ་བ་དང་ངོ་བོ་གཏན་ལ་འབེབས་པ་ལ་སོགས་པའི་གནས་སྐབས་སུ་རིགས་གཉིས་པ་འདི་ཉིད་ཀྱི་དབང་དུ་བྱས་པ་གཙོ་ཆེའི་དང་པོ་ནི་མ་ཡིན་ནོ། །

གང་ཡང་མངོན་པར་རྟོགས་པའི་རྒྱན་ལས། རྟོགས་པ་ཡི་ནི་ཆོས་དྲུག་དང་། །ཞེས་པ་ནས། ཡེ་ཤེས་སྩོལ་བ་མི་མངའ་བར། །འཇུག་པའི་རྟེན་ལ་རིགས་ཞེས་བྱ། །ཞེས་གསུངས་པ་གང་ཡིན་པ་དེ་ཡང་ཟག་པ་མེད་པའི་ས་བོན་ཁོ་ནའི་དབང་དུ་མཛད་ནས་གསུངས་པ་ཡིན་གྱི། དེ་བཞིན་ཉིད་ཀྱི་དབང་དུ་བྱས་པ་ནི་མ་ཡིན་ཏེ། འདི་ལྟར་དེ་བཞིན་ཉིད་ཀྱིས་སྒྲུབ་པ་དེ་དག་གི་དམིགས་པ་བྱེད་པའི་ཕྱིར་རྟེན་ཡིན་ནོ་ཞེས་བརྗོད་པར་ཡང་མི་ནུས་ཏེ། ཉན་ཐོས་དང་རང་རྒྱལ་ལ་སོགས་པའི་དབྱིངས་ཀྱང་སྒྲུབ་པ་དེ་དག་གི་རྟེན་དུ་ཧ་ཅང་ཐལ་ཆེས་པའི་ཕྱིར་རོ། །རྒྱུ་རྐྱེན་བྱེད་པའི་ཕྱིར་ཞེས་ཀྱང་བརྗོད་པར་ནུས་པ་མ་ཡིན་ཏེ། དེ་བཞིན་ཉིད་ནི་རྐྱེན་གྱིས་ཁྱད་པར་དུ་བྱར་མེད་པས་གལ་ཏེ་དེ་ལས་འབྲས་བུ་འབྱུང་ན་ནམ་ཡང་མེད་པ་མ་ཡིན་པར་འགྱུར་བ་དང་། ཐམས་ཅད་ལ་ཁྱབ་པ་ཉིད་ཀྱིས་ཀུན་ལ་འབྲས་བུ་དེ་དམིགས་པར་ཐལ་བའི་ཕྱིར་རོ། །དེ་མ་ཐག་པའམ་བདག་པོའི་རྐྱེན་བྱེད་པའི་ཕྱིར་རོ་ཞེས་ཀྱང་སྨྲ་བར་ནུས་པ་མ་ཡིན་ཏེ། དེ་ལྟ་ན་དབང་པོ་དང་རྣམ་ཤེས་སྔ་མ་ལ་སོགས་པ་གཞན་གྱིས་མ་ངེས་པར་རིགས་དེ་བཞིན་ཉིད་ཁོ་ནར་ངེས་པར་འདོད་པ་དང་འགལ་བ་དང་། དེ་བཞིན་ཉིད་ཤེས་རིག་གམ་དབང་པོ་ལ་སོགས་པ་མ་ཡིན་པས་སྒྲུབ་པའི་དེ་མ་ཐག་པ་དང་བདག་པོའི་རྐྱེན་དུ་འགལ་བའི་ཕྱིར་རོ། །རྐྱེན་བཞི་པོ་གང་གི་སྒོ་ནས་ཀྱང་སྒྲུབ་པའི་རྟེན་དུ་མི་རུང་ན་ཇི་ལྟར། དེ་ལ་སྒྲུབ་པའི་རྟེན་ཞེས་བརྗོད་པར་བྱ། དེ་བས་ན་ཟག་པ་མེད་པའི་ས་བོན་ལས་གཞན་པ་དེ་དག་གི་རྒྱུའི་རྐྱེན་མ་བྱས་པའི་ཕྱིར་རོ། །དེ་ལྟར་ན་འཕགས་པའི་ལམ་གྱི་རིགས་སྤྱིའི་རྣམ་པར་བཞག་པ་བཤད་ཟིན་ཏོ། །

ད་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཁས་ལེན་པ་ལ་འཕགས་ལམ་དང་པོའི་རྒྱུའི་རྐྱེན་གང་ཡིན་ཞེས་འདྲི་བ་དེ་ཉིད་ཀྱིས་ལན་བརྗོད་པར་བྱ་སྟེ། དེ་ལ་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཐོག་མ་མེད་པ་ནས་རྗེས་སུ་ཞུགས་པའི་ཟག་པ་མེད་པའི་ས་བོན་ཆོས་ཉིད་ཀྱིས་གནས་པ་དེ་ཉིད་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་རྒྱུ་མཐུན་པའི་ཆོས་ཐོས་པའི་རྐྱེན་གྱིས་གསོས་ཏེ་གོང་ནས་གོང་དུ་འཕེལ་བར་གྱུར་པས་ཟག་མེད་ཀྱི་ལམ་བསྐྱེད་པ་ལ་ནུས་པ་མཐུ་དང་ལྡན་པར་གྱུར་པའི་ཟག་པ་མེད་པའི་ས་བོན་གང་ཡིན་པ་དེ་ཉིད་ཀྱི་རྒྱུའི་རྐྱེན་དང་སྦྱོར་བའི་ལམ་ཆོས་ཀྱི་མཆོག་གི་བདག་པོའི་རྐྱེན་ལས་ཟག་པ་མེད་པའི་ལམ་དང་པོ་སྡུག་བསྔལ་ལ་ཆོས་ཤེས་པའི་བཟོད་པ་སྐྱེ་བར་འགྱུར་བ་ཡིན་ནོ། །དེ་ལྟར་ན་ནུས་པ་མཐུ་ཅན་དུ་གྱུར་པའི་ཟག་པ་མེད་པའི་ས་བོན་དེས་ཟག་མེད་སྐད་ཅིག་དང་པོ་ནི་བསྐྱེད་པར་བྱེད་ལ་ལམ་ལ་རྗེས་ཤེས་ཀྱི་བར་གྱི་སྐད་ཅིག་མ་རྣམས་ནི་འཕེན་པར་བྱེད་པ་ཡིན་ཏེ། དཔེར་ན་མདའ་འཕངས་པ་ནམ་མཁའ་ནས་མི་ལྟུང་བ་བཞིན་ནོ། །དེའི་འོག་ཏུ་སྒོམ་ལམ་ལ་སོགས་པ་འཕགས་ལམ་གྱི་ཕྱི་མ་རྣམས་ནི་འཕགས་པའི་ལམ་སྔ་མ་སྔ་མས་ཀུན་གཞི་ལ་བགོས་པའི་ཟག་པ་མེད་པའི་ས་བོན་དག་ལས་འབྱུང་ངོ་། །ཞེས་ཁོང་དུ་ཆུད་པར་བྱའོ། །ཟག་པ་མེད་པའི་ས་བོན་གང་ཡིན་པ་དེ་ཉིད་འཇིག་རྟེན་པའི་སེམས་ཀྱིས་སྒོས་པ་མ་ཡིན་ནམ་ཇི་ལྟར་ན། དེ་ཟག་པ་མེད་པའི་ལམ་གྱི་སྐལ་མཉམ་གྱི་རྒྱུར་འགྱུར་ཞེ་ན། དེའི་སྒོ་བར་བྱེད་པ་ཐོས་པ་ཡིད་ལ་བྱེད་པའི་སེམས་དེ་ནི་འཇིག་རྟེན་དང་ཟག་པ་དང་བཅས་པ་ཡིན་ཡང་འཇིག་རྟེན་ལས་འདས་པའི་ཡེ་ཤེས་དག་དང་སྐལ་པ་མཉམ་པ་ཡིན་ཏེ། འདི་ཡང་ཆོས་ཀྱི་དབྱིངས་ལ་དམིགས་ཤིང་དེའི་རྣམ་པ་མོས་པ་ཡིད་བྱེད་ཀྱི་ཚུལ་གྱིས་ཡིད་ལ་བྱེད་པ་ཡིན་པའི་ཕྱིར་རོ། །

དེ་ཡང་འདི་ལྟར་དེ་བཞིན་གཤེགས་པ་རྣམས་ནི་ཆོས་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་ཐུགས་སུ་ཆུད་ནས་དེ་གཞན་གྱིས་རྟོགས་པར་བྱ་བའི་ཕྱིར་ཆོས་སྟོན་པས་སངས་རྒྱས་ཀྱི་གསུང་ནི་ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུ་མཐུན་པའི་འབྲས་བུ་ཡིན་ནོ། །དེའི་ཕྱིར་དེ་བཞིན་གཤེགས་པའི་གསུང་གི་རྗེས་སུ་འབྲངས་ནས་དེའི་དོན་ལས་ཚུལ་བཞིན་དུ་སྤྱོད་པའི་བློ་གང་ཡིན་པ་དེ་ཡང་ཆོས་ཀྱི་དབྱིངས་རྟོགས་པའི་ཡེ་ཤེས་དང་དམིགས་པ་དང་རྣམ་པ་མཚུངས་པ་ཡིན་ཏེ། དཔེར་ན་གྲོང་ཁྱེར་ཆེན་པོ་འགའ་ཞིག་གི་ཁྱད་པར་ལེགས་པར་མངོན་སུམ་དུ་བྱས་ཏེ་ཁོང་དུ་ཆུད་པར་བྱས་པའི་སྐྱེས་བུ་བློ་གསལ་བ་གཅིག་གིས་གྲོང་ཁྱེར་དེ་སྔར་མ་མཐོང་པའི་སྐྱེས་བུ་འགའ་ཞིག་ལ་དེའི་རྣམ་པ་ལེགས་པར་སྨྲས་པ་ན་དེས་ཇི་ལྟར་རྟོགས་པ་དེ་ཁོ་ན་ལྟར་དུ་དེ་དག་གི་བློ་ལ་ཡང་གྲོང་ཁྱེར་དེའི་རྣམ་པ་འཆར་བ་བཞིན་ནོ། །དེ་བས་ན་ཐོས་པ་ཡིད་ལ་བྱེད་པའི་སེམས་གང་ཡིན་པ་དེ་ནི་ཟག་པ་མེད་པའི་སེམས་དང་། དམིགས་རྣམ་མཚུངས་པ་ཡིན་ལ། དེའི་ཕྱིར་དེས་བཞག་པའི་བག་ཆགས་གང་ཡིན་པ་དེ་ཡང་ཟག་པ་མེད་པའི་ཡེ་ཤེས་ཀྱི་སྐལ་བ་མཉམ་པའི་རྒྱུར་འགྱུར་བ་ཡིན་ནོ། །

ཟག་པ་མེད་པའི་ས་བོན་འདི་ཀུན་གཞིའི་རྣམ་པར་ཤེས་པ་ལ་ཆོས་ཉིད་གྱིས་གནས་ཞེས་བྱ་བ་འདི་གང་ལས་ཞེ་ན། རིགས་པ་ལས་ཏེ། འདི་ལྟར་ཟག་པ་མེད་པའི་ས་བོན་ཞེས་བྱ་བ་ནི། གཞན་ཅུང་ཟད་ཀྱང་མེད་ཀྱི་དེ་བཞིན་ཉིད་ཀྱི་རྣམ་པ་ཅན་གྱི་བློ་བསྐྱེད་པའི་ནུས་པ་ལ་བྱའོ། །ནུས་པ་དེ་ཉིད་ཀུན་གཞི་ལ་ཆོས་ཉིད་ཀྱིས་གནས་ཞེས་པ་ཡང་རིགས་ལྡན་གྱི་སྐྱེས་བུའི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་རང་གི་རྒྱུ་ལས་དེ་བཞིན་ཉིད་ལ་དམིགས་པའི་བློ་བསྐྱེད་པའི་ནུས་ལྡན་དུ་སྐྱེས་པ་ཞེས་བྱ་བ་ཡིན་ནོ། །འདི་ནི་རིགས་པས་འགྲུབ་པ་ཡིན་ཏེ། འདི་ལྟར་གལ་ཏེ་རིགས་ལྡན་གྱི་སྐྱེས་བུའི་ཀུན་གཞིའི་རྣམ་པར་ཤེས་པ་འདི་རང་གི་རྒྱུ་ལས་དེ་བཞིན་ཉིད་ལ་དམིགས་པའི་བློ་སྐྱེད་པའི་ནུས་པ་དང་ལྡན་པར་མ་སྐྱེས་ན་དེའི་ཚེ་འདི་ཐོས་པ་ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་དང་ཕྲད་ཀྱང་བློ་དེའི་ནུས་ལྡན་དུ་སྐྱེ་བར་མི་རིགས་ཏེ། རང་གི་རྒྱུ་ལས་བློ་དེ་སྐྱེད་པའི་ནུས་པ་མེད་པའི་རང་བཞིན་དུ་སྐྱེས་པའི་ཕྱིར། །དཔེར་ན་རིགས་ཆད་ཀྱི་ཀུན་གཞིའི་བཞིན། དེ་ལྟར་ན་འདི་རིགས་ཆད་པ་ཞེས་བྱ་བར་འགྱུར་གྱི་རིགས་དང་ལྡན་པ་མ་ཡིན་ནོ། །གང་གི་ཚེ་ཐོས་པ་ཡིད་ལ་བྱེད་པ་ལ་སོགས་པའི་རྐྱེན་དང་ཕྲད་པས་དེ་བཞིན་ཉིད་ལ་དམིགས་པའི་བློ་བསྐྱེད་པའི་ནུས་ལྡན་དུ་འགྱུར་བ་དེའི་ཚེ། འདི་སྔར་ནས་བློ་དེ་སྐྱེད་རུང་གི་ནུས་པ་དང་ལྡན་པར་ཤེས་པ་ཡིན་ཏེ། དཔེར་ན་ཆུ་ལུད་སོགས་ཀྱི་རྐྱེན་དང་ཕྲད་པས་ས་བོན་ལས་མྱུ་གུ་འབྱུང་བར་རྟོགས་པ་ན་དེ་ཉིད་སྔར་ནས་མྱུ་གུའི་རྒྱུར་གནས་པར་ཤེས་པ་བཞིན་ནོ། །

དེ་བས་ན་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་གདོད་མ་ནས་དེ་བཞིན་ཉིད་ལ་དམིགས་པའི་བློ་སྐྱེད་རུང་གི་ངོ་བོར་གནས་པ་གང་གི་ཚེ་ཐོས་པའི་རྐྱེན་དང་ཕྲད་པས་ནུས་པ་ཕུལ་དུ་བྱུང་བ་དང་ལྡན་པར་སྐྱེས་པ་དེའི་ཚེ་ཐོས་པའི་བག་ཆགས་སྒོས་པ་ཞེས་བྱ་བའི་ཐ་སྙད་འཐོབ་པ་ཡིན་ནོ། །རིགས་ཆད་ཀྱི་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་གདོད་མ་ནས་དེ་བཞིན་ཉིད་ལ་དམིགས་པའི་བློ་སྐྱེད་དུ་མི་རུང་བའི་ངོ་བོར་གནས་པ་ཉིད་ཀྱིས། གང་གི་ཚེ་ཐོས་པའི་རྐྱེན་དང་ཕྲད་པས་དེའི་ཚེ་བློ་དེ་སྐྱེད་པའི་ནུས་པ་དང་ལྡན་པར་མི་སྐྱེ་བས་དེའི་ཕྱིར་དེ་ནི་རིགས་ཆད་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །ཐོས་པའི་བག་ཆགས་ཞེས་བྱ་བ་གང་ཡིན་པ་དེ་ཉིད་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོ་ཉིད་ཡིན་ནམ་འོན་ཏེ་མ་ཡིན། ཕྱོགས་དང་པོ་ལྟར་ན་ཀུན་བཞིའི་རྣམ་པར་ཤེས་པའི་གཉེན་པོའི་ས་བོན་དུ་ཇི་ལྟར་རུང་། རང་ཉིད་ཀྱིས་རང་ལ་གནོད་པར་བྱེད་པའི་གཉེན་པོ་བསྐྱེད་པ་ནི་འགའ་ཡང་མཐོང་བ་མེད་དོ། །

གཉིས་པ་ལྟར་ན་ཡང་དེ་ཉིད་ཀུན་གཞི་ལ་གནས་སོ་ཞེས་བྱ་བ་འདི་ཇི་ལྟར་ཡིན་ཞེ་ན། ཕྱོགས་དང་པོ་ནི་ཁས་མི་ལེན་ཏེ། འདི་ནི་འཇིག་རྟེན་ལས་འདས་པའི་ལམ་གྱི་རྒྱུ་ཡིན་པ་ཉིད་ཀྱིས་ཀུན་གཞིའི་རྣམ་པར་ཤེས་པའི་གཉེན་པོ་ཕྱོགས་ཀྱིས་བསྡུས་པའི་ཕྱིར་རོ། །གཉེན་པོའི་ཕྱོགས་གང་ཡིན་པ་དེ་ཡང་མི་མཐུན་པའི་ཕྱོགས་ཀྱི་རང་བཞིན་ཡིན་ནོ་ཞེས་བརྗོད་པར་ནུས་པ་མ་ཡིན་ནོ། །དེ་ལྟ་ན་ཡང་། འདི་ནི་ཀུན་གཞི་རྣམ་པར་ཤེས་པ་ལ་གནས་སོ་ཞེས་བྱ་བར་མི་འགལ་ཏེ། དཔེར་ན་ཆུ་དང་འོ་མ་རང་བཞིན་གཅིག་མ་ཡིན་ཡང་སྣོད་གཅིག་ཏུ་འདྲེས་ཏེ་གནས་པ་བཞིན་ནོ། །གལ་ཏེ་འདི་དག་ཆུ་དང་འོ་མ་ལྟར་འདྲེས་ཏེ་གནས་པ་ཡིན་ན་དེའི་ཚེ་འཇིག་རྟེན་ལས་འདས་པའི་ལམ་སྐྱེས་པའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ནི་འགྲིབ་ལ། ཟག་པ་མེད་པའི་ས་བོན་ནི་འཕེལ་བར་འགྱུར་རོ། །ཞེས་པ་འདི་ཇི་ལྟར་རུང་ཞེ་ན། འདི་ནི་ཆོས་ཉིད་ཡིན་ཏེ། དཔེར་ན་ངང་པས་ཆུ་ལས་འོ་མ་གང་ཡིན་པ་དག་ནི་འཐུང་བར་བྱེད་ཀྱི་ཆུ་ནི་མ་ཡིན་པ་དང་། འཇིག་རྟེན་པའི་ལམ་གྱིས་འདོད་པ་ལས་འདོད་ཆགས་དང་བྲལ་བ་དེའི་ཚེ་ཀུན་གཞིའི་རྣམ་པར་ཤེས་པ་ལ་འདྲེས་ཏེ་གནས་པའི་མཉམ་པར་མ་བཞག་པ་དང་མཉམ་པར་བཞག་པའི་ས་པའི་ས་བོན་དག་གོ་རིམ་བཞིན་དུ་ཉམས་པ་དང་འཕེལ་བར་འགྱུར་བ་ལྟར་འདིར་ཡང་ཚུལ་དེ་ཁོ་ན་ལྟར་ཡིན་པས་ཉེས་པ་མེད་དོ། །འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་མི་རུང་བ་བཤད་ཟིན་ཏོ། །

དེ་དག་ཐམས་ཅད་ནི་ལྡན་པའི་རིགས་པ་ཡིན་ནོ། །འདི་ལ་བྲལ་བའི་རིགས་པ་ཡང་ཡོད་དེ། ཇི་སྐད་དུ། བྱང་ཆུབ་སེམས་པ་བཟང་པོའི་སེམས། །རྣམ་པར་ཤེས་པ་ལྔ་པར་ཡང་། །དེ་ལས་གཞན་པ་གསལ་བ་ལ། །སེམས་ནི་ཇི་ལྟར་འགྱུར་བར་བྱེད། །གཉེན་པོ་གྱུར་པ་ཡིན་ཞེས་བྱར། །སྤངས་པ་མིན་ཕྱིར་མི་རུང་ངོ་། །དེ་ནི་སྤངས་པ་ཡིན་ན་ཡང་། །རྒྱུ་འབྲས་ཐ་དད་མེད་པར་འགྱུར། །གལ་ཏེ་ས་བོན་བྲལ་བའམ། །དངོས་པོར་མེད་པར་འགྱུར་འདོད་ན། །དེ་མེད་པས་ན་གཉིས་མེད་དེ། །འགྱུར་བར་རུང་པ་མ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན་འཇིག་རྟེན་ལས་འདས་པའི་ལམ་གྱིས་སེམས་ཀྱི་རྒྱུན་གནས་འགྱུར་བར་བྱེད་དོ་ཞེས་བྱ་བ་འདི་མི་རུང་ངོ་། །ཇི་ལྟར་མི་རུང་ཞེ་ན། འདི་ལྟར་གང་གི་ཚེ་འཇིག་རྟེན་ལས་འདས་པའི་ལམ་སྐྱེས་པ་དེའི་ཚེ་དབང་པོའི་རྣམ་པར་ཤེས་པ་རྣམས་ནི་ཡོད་པ་མ་ཡིན་ཏེ། དེ་དག་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གཡེང་བའི་རང་བཞིན་ཡིན་པས་ཏིང་ངེ་འཛིན་དང་ཤིན་ཏུ་འགལ་བའི་ཕྱིར་རོ། །སེམས་གང་ལ་ཉོན་མོངས་པའི་གནས་ངན་ལེན་སྤངས་པས་གནས་གྱུར་པ་ཞེས་བརྗོད་པའི་སེམས། དེ་དག་ལས་གཞན་པ་ཡང་བྱང་ཆུབ་སེམས་དཔའ་འཇིག་རྟེན་ལས་འདས་པའི་ལམ་ལ་མཉམ་པར་བཞག་པའི་ཚེ་མ་དམིགས་ན་སེམས་གང་ཞིག་གནས་གྱུར་པ་ཡིན།

ཅི་སྟེ་གཉེན་པོ་འཇིག་རྟེན་ལས་འདས་པའི་ལམ་དེ་ཉིད་གནས་གྱུར་པ་ཡིན་ནོ་ཞེ་ན། སྔར་ཉོན་མོངས་པའི་གནས་ངན་ལེན་དང་བཅས་པ་དེ་ཉིད་ལམ་གྱིས་གནས་ངན་ལེན་གྱི་ས་བོན་མེད་པར་བྱས་པ་ལ་གནས་གྱུར་པ་ཞེས་བརྗོད་པ་མ་ཡིན་ནམ། གཉེན་པོ་ནི་ངོ་བོ་ཉིད་ཀྱིས་རྣམ་པར་གྲོལ་བའི་ཕྱིར་འདི་ལ་སྤང་བྱའི་གནས་ངན་ལེན་མེད་ལ། དེའི་ཕྱིར་གནས་ངན་ལེན་སྤངས་པ་མ་ཡིན་ན་ཇི་ལྟར་གནས་གྱུར་པ་ཞེས་བརྗོད། ཅི་སྟེ་འདི་གནས་ངན་ལེན་སྤངས་པ་ཡིན་ན་ཡང་། རྒྱུ་དང་འབྲས་བུ་ཐ་དད་མེད་པར་འགྱུར་ཏེ། གཉེན་པོ་དེ་ཉིད་གནས་ངན་ལེན་སྤངས་པའི་རྒྱུ་ཡང་ཡིན་ལ། སྤངས་པའི་རང་བཞིན་ཡང་ཡིན་པའི་ཕྱིར་རོ། །རྒྱུ་དང་འབྲས་བུ་ཐ་དད་མེད་པ་ནི་འགའ་ཡང་མཐོང་བ་མེད་དེ། རང་ཉིད་ལ་རང་གིས་བྱེད་པ་འཇུག་པ་འགལ་བའི་ཕྱིར་རོ། །གལ་ཏེ་འཇིག་རྟེན་ལས་འདས་པའི་ལམ་ལ་མཉམ་པར་བཞག་པ་ནི་དེའི་ཚེ་ཀུན་ནས་ཉོན་མོངས་པའི་ས་བོན་དང་བྲལ་བའམ། ས་བོན་དེ་དག་དངོས་པོ་མེད་པར་གྱུར་པ་ཉིད་གནས་གྱུར་པ་ཡིན་ནོ་སྙམ་ན། དེ་ཡང་རིགས་པ་མ་ཡིན་ཏེ། གལ་ཏེ་དེའི་ཚེ་ཀུན་ནས་ཉོན་མོངས་པའི་ས་བོན་ཡོད་ན་དེ་དང་བྲལ་བའམ། དེ་དངོས་པོ་མེད་པར་གྱུར་བར་རིགས་ན་ཡང་། གང་གི་ཚེ་གཉེན་པོ་མངོན་དུ་གྱུར་པ་དེའི་ཚེ་ས་བོན་གྱི་གནས་མེད་པས་ས་བོན་ཡང་མེད་ལ་དེའི་ཕྱིར་ས་བོན་དང་བྲལ་བའམ། ས་བོན་དངོས་པོ་མེད་པར་འགྱུར་རོ་ཞེས་བྱ་བ་རིགས་པ་མ་ཡིན་ཏེ། དགག་བྱ་མེད་པ་ལ་དགག་པའི་ཐ་སྙད་འཇུག་པ་མི་རིགས་པའི་ཕྱིར། དཔེར་ན་བོང་བུའི་རྭ་གཅད་དུ་མེད་པ་བཞིན་ནོ། །དེ་དག་གིས་བསྟན་བཅོས་ལ་གྲགས་པའི་རིགས་པ་བཤད་ཟིན་ཏོ། །

བསྟན་བཅོས་དང་འཇིག་རྟེན་གཉིས་ཀ་ལ་གྲགས་པའི་རིགས་པའི་དབང་དུ་བྱས་ནས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ལེན་པ་དང་པོ་གསལ་བ་དང་། །ས་བོན་ལས་དང་ལུས་ཚོར་དང་། །སེམས་མེད་རྟག་པར་འཇུག་པ་དང་། དེ་བཞིན་འཆི་འཕོ་མི་རུང་འགྱུར། །ཞེས་གསུངས་ཏེ། དེ་ལ་འདིའི་མདོར་བསྡུས་པའི་དོན་ནི་འདི་ཡིན་ཏེ། གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། ལུས་ལེན་པ་མི་སྲིད་པ་དང་། གསལ་བར་འཇུག་པ་མི་སྲིད་པ་དང་། དང་པོར་འཇུག་པ་མི་སྲིད་པ་དང་། ས་བོན་མི་སྲིད་པ་དང་། ལས་མི་སྲིད་པ་དང་། ལུས་ཀྱི་ཚོར་བ་མི་སྲིད་པ་དང་། སེམས་མེད་པའི་སྙོམས་པར་འཇུག་པ་མི་སྲིད་པ་དང་། རྣམ་པར་ཤེས་པ་འཆི་འཕོ་བ་མི་སྲིད་པ་ལ་སོགས་པའི་ཉེས་པར་འགྱུར་ན་དེ་ཡང་མི་རུང་བས་དེའི་ཕྱིར་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་པར་ཁོང་དུ་ཆུད་པར་བྱའོ། །དེ་ལ་ལུས་ལེན་པ་མི་རུང་བ་དང་། ས་བོན་མི་རུང་བ་དང་། འཆི་འཕོ་བ་མི་རུང་བ་གསུམ་ནི་སྔར་རྒྱས་པར་བཤད་ཟིན་པའི་ཕྱིར་ཡང་མི་སྤྲོའོ། །

གལ་ཏེ་ཀུན་གཞིའི་རྣམ་པར་ཤེས་པ་ཡོད་ན་དེའི་ཕྱིར་རེས་འགའ་འཇུག་ཤེས་དག་ཀྱང་འབྱུང་བས་སེམས་གཉིས་ཅིག་ཅར་འབྱུང་བར་འགྱུར་རོ་ཞེ་ན། དེ་ནི་ཉེས་པ་མེད་པ་ལ་ཉེས་པར་སེམས་ཏེ། གང་གིས་ཚེ་ཡུལ་ལྔ་ཅིག་ཅར་ཉེ་བར་ཡོད་ཅིང་དབང་པོ་ལྔ་ཡང་མ་ཉམས་པར་ཡོད་ལ་ཡིད་ལ་བྱེད་པ་ཡང་ཡུལ་ཀུན་ལ་མཚུངས་པར་གནས་པ་དེའི་ཚེ། སེམས་གཉིས་གཅིག་ཅར་མི་འབྱུང་ན། གང་ཡང་རུང་བ་གཅིག་དང་པོར་སྐྱེ་བར་རིགས་ན། དེ་ཡང་མ་ཡིན་ཏེ། ཐམས་ཅད་ཀྱི་ཡུལ་དང་དབང་པོ་དང་། ཡིད་ལ་བྱེད་པ་རྣམས་ནུས་པ་མཐུ་ཅན་དུ་ཉེ་བར་གནས་པ་ལ་བྱེ་བྲག་མེད་པའི་ཕྱིར་དང་། རྒྱུ་ཅིག་ཅར་ཉེ་བ་ལ་འབྲས་བུ་རིམ་གྱིས་འབྱུང་བ་མི་འཐད་པའི་ཕྱིར་རོ། །གལ་ཏེ་རྣམ་པར་ཤེས་པ་གཉིས་ཅིག་ཅར་མི་འབྱུང་ན། ཡུལ་གསལ་བར་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་མི་སྲིད་པར་འགྱུར་ཏེ་འདི་ལྟར། ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ནི་བཞི་སྟེ། དུས་གསུམ་དང་། འདུས་མ་བྱས་སོ། །དེ་ལ་འདས་པ་དང་། མ་འོངས་པ་དང་། འདུས་མ་བྱས་ལ་ཉེ་བར་རྟོགས་པའི་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཡུལ་དངོས་པོར་མེད་པའི་ཕྱིར་གསལ་བར་འཛིན་པ་རུང་བ་མ་ཡིན་ནོ། །དུ་བ་ལ་སོགས་པའི་རྟགས་ལ་རྟེན་ནས་ད་ལྟར་གྱི་ཡུལ་ལ་རྟོག་པ་གང་ཡིན་པ་དེ་ཡང་ཡུལ་ལྐོག་ཏུ་གྱུར་པ་ཡིན་པའི་ཕྱིར་རོ། །གལ་ཏེ་དབང་པོའི་རྣམ་པར་ཤེས་པ་རྣམས་དང་ཡུལ་གཅིག་ལ་ལྷན་ཅིག་ཏུ་འཇུག་པའི་ཡིད་ཀྱི་ཤེས་པ་འགའ་ཞིག་ཡོད་ན་དེའི་ཚེ་མངོན་དུ་གྱུར་པའི་ཡུལ་ལ་ཉེ་བར་སྤྱོད་པ་ཉིད་ཀྱིས་གསལ་བར་འཛིན་པ་རིགས་ན། སེམས་གཉིས་ཅིག་ཅར་མི་འབྱུང་ན། དབང་པོའི་ཤེས་པ་དང་ལྷན་ཅིག་འབྱུང་བའི་ཡིད་ཀྱི་ཤེས་པ་མི་སྲིད་པས་དེའི་ཕྱིར་ཡུལ་གསལ་བར་འཛིན་པའི་ཡིད་ཀྱི་རྣམ་པར་ཤེས་པ་མི་རུང་བ་ཡིན་ནོ། །

གཞན་ཡང་རྣམ་ཤེས་དུ་མ་ཅིག་ཅར་མི་འབྱུང་ན་ལས་བཞིའི་རྣམ་པར་རིགས་པ་ཅིག་ཅར་འབྱུང་བ་མི་སྲིད་པར་འགྱུར་རོ། །དེ་ལ་ལས་ནི་བཞི་སྟེ། སྣོད་ཀྱི་རྣམ་པར་རིག་པ་དང་། གནས་ཀྱི་རྣམ་པར་རིག་པ་དང་། བདག་གོ་སྙམ་པའི་རྣམ་པར་རིག་པ་དང་། ཡུལ་གྱི་རྣམ་པར་རིག་པའོ། །དང་པོ་ནི་རི་ཁང་ཁྱིམ་སོགས་སུ་སྣང་བའོ། །

གཉིས་པ་ནི་མིག་ལ་སོགས་པ་དབང་པོ་གཟུགས་ཅན་སྣང་བ་སྟེ། དེ་དག་ནི་ཀུན་གཞིའི་རྣམ་པར་ཤེས་པའོ། །གསུམ་པ་ནི་ཉོན་མོངས་པ་ཅན་གྱི་ཡིན་ནོ། །བཞི་པ་ནི་དབང་པོའི་རྣམ་པར་ཤེས་པའོ། །རྣམ་པར་རིག་པ་བཞི་པོ་འདི་དག་ནི་སྐད་ཅིག་མ་གཅིག་ལ་ཅིག་ཅར་འབྱུང་བར་དམིགས་ཏེ་འདི་ལྟར་རྣམ་རིག་བཞི་པོ་འདི་དག་ལས་གང་ཡང་རུང་བ་གཅིག་མེད་ན་ཡང་ལུས་ཅན་གྱི་བྱ་བ་འགྲོ་བ་དང་འཆག་པ་ལ་སོགས་པ་འགྲུབ་མི་སྲིད་པའི་ཕྱིར་རོ། །གལ་ཏེ་སྣོད་ཀྱི་རྣམ་པར་རིག་པ་མེད་ན་གང་ལ་འགྲོ་བའི་ལམ་དང་སྲང་ལ་སོགས་པར་སྣང་བ་མེད་པར་འགྱུར་རོ། །གནས་ཀྱི་རྣམ་པར་རིག་པ་མེད་ན་གང་གིས་འགྲོ་བའི་རྐང་པ་འདེགས་པ་དང་འཇོག་པ་ལ་སོགས་པའི་སྣང་བ་མེད་པར་འགྱུར་རོ། །ངའོ་སྙམ་པའི་རྣམ་རིག་མེད་ན། འགྲོ་བ་པོ་གང་ཡིན་པ་དེའི་སྣང་བ་མེད་པར་འགྱུར་རོ། །ཡུལ་གྱི་རྣམ་པར་རིག་པ་མེད་ན། འགྲོ་བའི་བྱ་བ་གང་ཡིན་པ་དེ་ཉིད་ཀྱི་རྣམ་པར་རིག་པ་མེད་པར་འགྱུར་རོ། །རྣམ་པར་རིག་པ་བཞི་པོ་འདི་དག་ལས་གང་ཡང་རུང་བ་གཅིག་མེད་ན་ཡང་འགྲོ་བའི་བྱ་བ་རྫོགས་པ་མ་ཡིན་ཏེ། འགྲོ་བ་པོར་སྣང་བ་མེད་ན་བྱེད་པ་པོ་མེད་པའི་ཕྱིར་འགྲོ་བའི་བྱ་བ་རྫོགས་པར་མི་རུང་ངོ་། །

དེ་བཞིན་དུ་གང་ལ་འགྲོ་བའི་ལས་དང་། གང་གིས་འགྲོ་བའི་བྱེད་པ་དང་། འགྲོ་བའི་ངོ་བོ་གང་ཡིན་པའི་བྱ་བ་རྣམས་ཀྱི་སྣང་བ་མེད་པར་ཡང་དེ་དང་དེ་རྣམས་ཡོད་པ་མ་ཡིན་པས་དེའི་ཕྱིར་འགྲོ་བའི་བྱ་བ་རྫོགས་པར་མི་འཐད་དོ། །ལས་འདི་དག་ཤིན་ཏུ་ཐ་དད་པའི་ཕྱིར་རྣམ་པར་ཤེས་པ་གཅིག་གི་སྐད་ཅིག་ལ་སྣང་བར་ཡང་རུང་བ་མ་ཡིན་ནོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། ཡིད་ཀྱི་རྣམ་པར་ཤེས་པ་ཚུལ་བཞིན་ནམ། ཚུལ་བཞིན་མ་ཡིན་པ་ལ་སོགས་པ་ཡུལ་གཞན་ལ་རྣམ་པར་རྟོག་པའི་ཚེ་ལུས་ཀྱི་ཚོར་བ་བདེ་བ་འམ་སྡུག་བསྔལ་ལ་སོགས་པ་རྣམ་པ་སྣ་ཚོགས་མི་འབྱུང་བར་འགྱུར་ཏེ། ཡིད་ཀྱི་རྣམ་པར་ཤེས་པ་ཡུལ་གཞན་ལ་རྣམ་པར་གཡེངས་པའི་ཕྱིར་དང་། ཚོར་བ་དེ་དག་འབྱུང་བའི་གནས་སུ་གྱུར་པའི་ཤེས་པ་གཞན་མེད་པའི་ཕྱིར་རོ། །འདོད་པར་རིགས་པ་ཡང་མ་ཡིན་ཏེ། མཛེ་ཅན་ལ་སོགས་པ་དག་ལ་ཡིད་ཡུལ་གཞན་ལ་རྣམ་པར་གཡེངས་པའི་གནས་སྐབས་ན་ཡང་ལུས་ཀྱི་ཚོར་བ་རྣམ་པ་སྣ་ཚོགས་འབྱུང་བར་དམིགས་པའི་ཕྱིར་རོ། །གཞན་ཡང་ཀུན་གཞིའི་རྣམ་པར་ཤེས་པ་མེད་ན། སེམས་མེད་པའི་སྙོམས་པར་འཇུག་པ་ཡང་མི་རུང་སྟེ། །འདི་ལྟར་འདུ་ཤེས་མེད་པའམ། འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་རྣམ་པར་ཤེས་པ་ལུས་དང་བྲལ་བ་ཁོ་ནར་འགྱུར་ཏེ། འཇུག་པའི་རྣམ་པར་ཤེས་པ་མེད་པའི་ཕྱིར་དང་། དེ་ལས་གཞན་པའི་རྣམ་པར་ཤེས་པ་ཁས་མི་ལེན་པའི་ཕྱིར། དེའི་ཚེ་རྣམ་པར་ཤེས་པ་དང་བྲལ་བ་ནི་ཤི་བ་ཁོ་ནར་འགྱུར་ན། དེ་ཡང་རིགས་པ་མ་ཡིན་ཏེ་བཅོམ་ལྡན་འདས་ཀྱིས་ཇི་སྐད་དུ། དེའི་རྣམ་པར་ཤེས་པ་ནི་ལུས་དང་བྲལ་བ་མ་ཡིན་ནོ་ཞེས་གསུངས་པའི་ཕྱིར་རོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་སྒྲུབ་པར་བྱེད་པའི་ལུང་དང་རིགས་པ་བཤད་ཟིན་ཏོ། །

ད་ནི་དེའི་རབ་ཏུ་དབྱེ་བ་བརྗོད་པར་བྱ་སྟེ། །དེ་ཡང་མདོར་རྣམ་པ་གསུམ་དུ་དབྱེ་བ་དང་བཞིར་དབྱེ་བའོ། །དང་པོ་ནི་བག་ཆགས་གསུམ་གྱི་བྱེ་བྲག་གི་རྣམ་པ་གསུམ་སྟེ། འདི་ལྟར། མངོན་པར་བརྗོད་པའི་བག་ཆགས་དང་། །སྲིད་པ་ཡན་ལག་གི་བག་ཆགས་དང་། །བདག་ཏུ་ལྟ་བའི་བག་ཆགས་སོ། །དང་པོ་ནི་སྤྲོས་པའི་བག་ཆགས་ཞེས་ཀྱང་བྱ་སྟེ། གང་ལས་ཆོས་དང་གང་ཟག་གི་ཐ་སྙད་དང་མངོན་པར་བརྗོད་པ་སྣ་ཚོགས་འབྱུང་བའི་ས་བོན་ནོ། །

གཉིས་པ་ནི་ལས་ཀྱི་བག་ཆགས་ཞེས་ཀྱང་བྱ་སྟེ། གང་ལས་བདེ་འགྲོ་དང་ངན་འགྲོའི་སྐྱེ་བ་རྣམ་པ་སྣ་ཚོགས་འབྱུང་བ་གང་ཡིན་པའོ། །གསུམ་པ་ནི་གང་ལས་ང་དང་ངར་འཛིན་པ་འབྱུང་བའི་ས་བོན་ནོ། །

རྣམ་པ་བཞིར་དབྱེ་བ་ནི། འཕེན་པས་རབ་ཏུ་དབྱེ་བ་དང་། རྣམ་པར་སྨིན་པས་རབ་ཏུ་དབྱེ་བ་དང་། རྒྱུ་ཉིད་ཀྱིས་རབ་ཏུ་དབྱེ་བ་དང་། མཚན་ཉིད་ཀྱིས་རབ་ཏུ་དབྱེ་བའོ། །དང་པོ་ནི་རྣམ་པར་སྨིན་པའི་བག་ཆགས་གསར་དུ་སྒོས་པ་སྟེ། དེ་མེད་དུ་ཟིན་ན་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་དང་ལེན་པའི་རྐྱེན་གྱིས་སྲིད་པ་མི་རུང་སྟེ། རྒྱུ་མཚན་སྔར་ལས་ཀྱི་ཀུན་ནས་ཉོན་མོངས་མི་རུང་བར་བཤད་པ་བཞིན་ནོ། །གཉིས་པ་ནི་སྲིད་པའི་རྐྱེན་གྱིས་སྐྱེ་གནས་སུ་ཉིང་མཚམས་སྦྱར་ཟིན་པའི་རྣམ་པར་སྨིན་པ་གང་ཡིན་པ་སྟེ། དེ་མེད་དུ་ཟིན་ན་ས་བོན་མེད་པས་ཡང་འབྱུང་བའི་ཆོས་རྣམས་སྐྱེ་བར་མི་རུང་ངོ་། །གསུམ་པ་ནི་དེ་ཉིད་ལ་ཡིད་ཀྱིས་བདག་ཏུ་འཛིན་པའི་རྒྱུ་ཉིད་དོ། །དེ་མེད་དུ་ཟིན་ན་ཡིད་ཀྱི་བདག་ཏུ་འཛིན་པའི་དམིགས་པ་མི་རུང་ངོ་། །མཚན་ཉིད་ཀྱིས་རབ་ཏུ་དབྱེ་བ་ནི་ཐུན་མོང་གི་མཚན་ཉིད་དང་ཐུན་མོང་མ་ཡིན་པའི་མཚན་ཉིད་དང་། ཚོར་བ་མེད་པར་འབྱུང་བའི་མཚན་ཉིད་དང་། ཚོར་བ་དང་བཅས་པར་འབྱུང་བའི་མཚན་ཉིད་དོ། །དང་པོ་ནི་སྣོད་ཀྱི་འཇིག་རྟེན་གྱིས་ས་བོན་གང་ཡིན་པ་དེ། དེ་ནི་སྐྱེ་བོ་ཀུན་གྱིས་ཐུན་མོང་དུ་ལོངས་སྤྱོད་པའི་ཕྱིར་རོ། །

གཉིས་པ་ནང་གི་སྐྱེ་མཆེད་རྣམས་ཀྱི་ས་བོན་ཏེ། དེ་ནི་སོ་སོ་རང་གི་རྒྱུད་ཀྱིས་བསྡུས་པས་གཞན་དང་ཐུན་མོང་བ་མ་ཡིན་པའི་ཕྱིར་རོ། །སྣོད་ཀྱི་འཇིག་རྟེན་ནི་སེམས་ཀྱིས་མ་ཟིན་པས་དེ་གང་ལས་འབྱུང་བའི་ས་བོན་ཚོར་བ་མེད་པར་འབྱུང་བའི་ས་བོན་ཡིན་ནོ། །ནང་གི་སྐྱེ་མཆེད་རྣམས་ནི་སེམས་ཀྱིས་ཟིན་པ་ཉིད་ཀྱིས། དེ་དག་གི་ས་བོན་ནི་ཚོར་བ་དང་བཅས་པར་འབྱུང་བའི་ས་བོན་ཡིན་ནོ། །དེ་ལ་ཐུན་མོང་མ་ཡིན་པའི་ས་བོན་གང་ཡིན་པ་ནི་གཉེན་པོ་འཇིག་རྟེན་ལས་འདས་པའི་ལམ་སྐྱེས་པ་ན་ལྡོག་པར་འགྱུར་རོ། །ཐུན་མོང་གི་ས་བོན་གང་ཡིན་པ་དེ་ནི་སྤོང་བ་མ་ཡིན་ཏེ། གཞན་གྱི་རྣམ་པར་རྟོག་པས་ཡོངས་སུ་ཟིན་པས་སྤངས་པར་མི་ནུས་པའི་ཕྱིར། དེའི་ཕྱིར་དེ་ནི་གཉེན་པོས་སྤང་བར་དཀའ་ཞིང་། ཡོངས་སུ་ཤེས་པར་བྱ་བ་དཀའ་བ་ཡིན་ནོ། །འོན་ཀྱང་སེམས་ལ་དབང་ཐོབ་པའི་རྣལ་འབྱོར་པ་དག་ལ་ཕྱི་རོལ་སྣོད་ཀྱི་སྣང་བ་མ་འགགས་ཀྱང་། དེ་དག་ལ་མཐོང་བ་རྣམ་པར་དག་པར་འགྱུར་ཏེ། ཕྱི་རོལ་གྱི་སྣོད་རྣམས་སེམས་ལ་དབང་ཐོབ་པ་རྣམས་ཀྱིས་གསེར་དངུལ་དང་། ནམ་མཁའ་ལ་སོགས་པ་ཇི་ལྟར་མོས་པ་བྱས་པ་དེ་ལྟར་དུ་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་དག་བྱིས་པའི་སྐྱེ་བོ་རྣམས་ལ་ཚེར་མ་དང་སྡོང་དུམ་ལ་སོགས་པར་སྣང་བ་གང་ཡིན་པའི་སྣོད་འདི་དག །སངས་རྒྱས་རྣམས་ལ་བེ་ཌཱུརྱའི་ས་གཞི་ལ་གསེར་གྱི་མིག་མངས་རིས་སུ་བྲིས་པ་ལ་སོགས་པ་དག་པའི་ཞིང་ཁམས་ཁོ་ནར་སྣང་བ་ཡིན་ནོ། །དོན་དེ་དག་ཚིགས་སུ་གཅད་དེ་གསུངས་པ། ཐུན་མོང་འཆིང་བ་སྤང་དཀའ་དང་། །ཡོངས་སུ་ཤེས་བྱ་དཀའ་བར་འདོད། །ཕྱི་རོལ་མཚན་མ་ཆེན་པོ་ལས། །རྣལ་འབྱོར་སྤྱོད་པའི་ཐ་སྙད་སེམས། །དེ་ན་འགགས་པར་མ་གྱུར་ཀྱང་། །དག་པ་རྣམས་ཀྱི་མཐོང་བ་དག །སངས་རྒྱས་གཟིགས་པ་རྣམ་དག་ཕྱིར། །སངས་རྒྱས་ཞིང་ནི་རྣམ་པར་དག །ཅེས་པ་ཡིན་ནོ་དེ་ལྟར་ན་ཉནཐོས་དང་རང་སངས་རྒྱས་དག་གིས་ནི། ཟད་པར་གྱི་ཏིང་ངེ་འཛིན་ཐོབ་པས་མཐོང་བ་རྣམ་པར་དག་པ་ཙམ་དུ་འགྱུར་གྱི་ཤེས་བྱའི་སྒྲིབ་པ་མ་སྤངས་པའི་ཕྱིར་ཞིང་རྣམ་པར་དག་པར་འགྱུར་བ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ས་བརྒྱད་པ་ནས་ཐུན་མོང་གི་ས་བོན་ལ་དབང་འབྱོར་པ་ཐོབ་པས་སྲིད་ཀྱི་འཇིག་རྟེན་རང་ཇི་ལྟར་འདོད་པ་ལྟར་གྱི་ཞིང་དུ་སྒྱུར་བར་ནུས་པའི་ཕྱིར། ཞིང་དག་པ་ལ་དབང་ཐོབ་པ་ཡིན་ནོ། །ཐུན་མོང་དང་ཐུན་མོང་མ་ཡིན་པའི་ས་བོན་འདི་དག་མེད་ན། སྣོད་ཀྱི་འཇིག་རྟེན་དང་། སེམས་ཅན་གྱི་འཇིག་རྟེན་གྱི་བྱེ་བྲག་མི་རུང་ངོ་། །ཡང་གནས་ངན་ལེན་གྱི་མཚན་ཉིད་དང་། ཤིན་ཏུ་སྦྱངས་པའི་མཚན་ཉིད་དོ། །དང་པོ་ནི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་ཀྱིས་ས་བོན་ནོ། །གཉིས་པ་ནི་དགེ་བ་ཟག་བཅས་རྣམས་ཀྱི་ས་བོན་ཡིན་ནོ། །ཡང་དཔྱད་ཟིན་པ་དང་། དཔྱད་མ་ཟིན་པའི་མཚན་ཉིད་དོ། །དང་པོ་དགེ་བ་བ་དང་མི་དགེ་བའི་བག་ཆགས་རྣམ་པར་སྨིན་པར་སྨིན་ཕྱུང་ཟིན་པ་རྣམས་ཏེ། དེ་མེད་ན་དགེ་བའམ་མི་དགེ་བའི་ལས་གཅིག་གི་རྣམ་པར་སྨིན་པ་ཡང་མཐར་གཏུགས་པར་མི་འགྱུར་རོ། །

གཉིས་པ་ནི་མངོན་པར་བརྗོད་པའི་བག་ཆགས་ཏེ། དེའི་འབྲས་བུ་ནི་དཔྱད་ཟིན་པ་འཐད་པ་མ་ཡིན་ཏེ། མངོན་པར་བརྗོད་པའི་བག་ཆགས་ལས་ནི་མངོན་པར་བརྗོད་པ་གཞན་སྐྱེ་ལ་དེས་ཀྱང་ཕྱི་མ་ལ་མངོན་པར་བརྗོད་པ་གཞན་འབྱུང་བའི་བག་ཆགས་འཇོག་པར་བྱེད་པས་ཕྱི་མ་མཐའ་ཐུག་པ་མེད་པའི་ཕྱིར་རོ། །སེམས་བཤད་ཟིན་ཏོ། །

ད་ནི་ཡིད་བཤད་པར་བྱའོ། །དེ་ལ་ཡིད་ནི་གཉིས་ཏེ། ངར་སེམས་པའི་ཡིད་དང་། དེ་མ་ཐག་པའི་རྐྱེན་བྱེད་པའི་ཡིད་དོ། །དང་པོའི་དབང་དུ་བྱས་ནས། ཡིད་གང་ཞེ་ན་ཞེས་སྨོས་ཏེ། འདི་ནི་ངེས་པའི་ཚིག་དང་། དམིགས་པ་དང་། གྲོགས་དང་། འབྱུང་བའི་དུས་དང་། སྒྲུབ་བྱེད་ཀྱི་རིགས་པ་རྣམས་ཀྱིས་ཤེས་པར་བྱའོ། །དེ་ལ་ངེས་པའི་ཚིག་ནི་ཤེས་པ་གང་དུས་རྟག་ཏུ་ངར་རློམ་སེམས་པའི་བདག་ཉིད་ཅན་ཡིན་པས་དེའི་ཕྱིར་ཡིད་ཅེས་བྱའོ། །དམིགས་པ་གང་ལ་དམིགས་ནས་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པ་རྣམ་སྨིན་གྱི་རང་བཞིན་གང་ཡིན་པ་དེ་ལ་དམིགས་ནས་སོ། །ཇི་ལྟར་ན་འདིས་དེ་ལ་དམིགས་ཞེ་ན། ཀུན་གཞིའི་རྣམ་པར་ཤེས་པའི་དབང་གིས་འདི་དག་གིས་རྣམ་པར་སྐྱེ་བའི་ཕྱིར་ཏེ། བདག་ལ་དམིགས་པ་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །ཅིའི་ཕྱིར་ཀུན་གཞིའི་དབང་ཁོ་ནས་འདི་བདག་གི་རྣམ་པར་སྐྱེ་བ་ཡིན་ཞེ་ན། ཀུན་གཞིའི་ཉིད་ཀྱིས་ལུས་ལེན་པ་དང་གནས་པ་ལ་སོགས་པ་བྱེད་པ་ཉིད་ཀྱིས་བདག་དང་ཆོས་མཐུན་པའི་ཕྱིར་རམ་ཡང་ན་འཇུག་པའི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པ་ནི་འདིའི་དམིགས་པར་རིགས་པ་མ་ཡིན་ཏེ། དེ་དག་རྣམས་ནི་རེས་འགའ་རྒྱུད་ཆད་པའི་ཕྱིར་དང་། འདི་ནི་རྟག་ཏུ་འབྱུང་བས་དམིགས་པ་རྒྱུན་ཆད་པ་མི་རུང་བའི་ཕྱིར་རོ། །མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་འདིའི་དམིགས་པར་རུང་བ་མ་ཡིན་ཏེ། གཟུགས་མེད་པའི་ཁམས་ན་འདིའི་དམིགས་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཕྱི་རོལ་དག་ལ་ནི་འགའ་ཡང་བདག་དང་བདག་གིར་འཛིན་པ་མེད་པའི་ཕྱིར། འདིའི་དམིགས་པར་རུང་བ་མ་ཡིན་ནོ། །ཅི་སྟེ་སེམས་དང་བཅས་པའི་གནས་སྐབས་ན་འཇུག་པའི་རྣམ་པར་ཤེས་པ་རྣམས་ལ་དམིགས་ལ། སེམས་མེད་པའི་ཚེ་དབང་པོ་གཟུགས་ཅན་དག་ལ་དམིགས་སོ་ཞེ་ན། དེ་ལྟ་ན་འདི་དམིགས་པ་ལ་རེས་འཇོག་ཏུ་དམིགས་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་བཞིན་དུ་རྒྱུན་མི་བརྟན་པ་ཁོ་ནར་འགྱུར་བས་དེ་ཡང་རུང་བ་མ་ཡིན་ནོ། །དེ་ལྟར་ན་འདིའི་དམིགས་པར་འཐད་པ་གཞན་མེད་པས་དེའི་ཕྱིར་ཀུན་གཞི་ཉིད་འདིའི་དམིགས་པར་བཞག་པ་ཡིན་ནོ། །འདིའི་གྲོགས་ནི་ཐུན་མོང་དང་ཐུན་མོང་མ་ཡིན་པ་གཉིས་ལས། དང་པོ་ནི་ཚོར་བ་ལ་སོགས་པ་ཀུན་དུ་འགྲོ་བ་ལྔ་ཡིན་ནོ། །

གཉིས་པ་ནི་སྒྲིབས་ལ་ལུང་དུ་མ་བསྟན་པའི་ཉོན་མོངས་པ་བཞི་པོ་དག་དང་མཚུངས་པར་ལྡན་ནོ། །དེ་དག་ཀྱང་གང་ཞེ་ན། ཀུན་གཞི་ལ་བདག་ཏུ་ལྟ་བར་བྱེད་པའི་འཇིག་ཚོགས་ལ་ལྟ་བ་དང་། དེས་བཟུང་བའི་བདག་ལ་མི་འབྲལ་བར་འདོད་པའི་རྗེས་སུ་ཆགས་པ་དང་། ངའོ་སྙམ་དུ་བདག །དེས་སེམས་ཁེངས་པའི་ང་རྒྱལ་དང་། གང་གིས་བདག་ཏུ་རྨོངས་པར་བྱེད་པའི་མ་རིག་པ་རྣམས་ཡིན་ནོ། །ཅིའི་ཕྱིར་ཉོན་མོངས་པ་བཞི་པོ་འདི་དག་ལྡན་ཞེ་ན། གལ་ཏེ་འདི་ལ་བདག་ཏུ་ལྟ་བ་མེད་ན་ངར་སེམས་པ་མེད་པས་དེའི་ཕྱིར་འདི་ལ་ཡིད་ཀྱི་སྒྲ་འཇུག་པ་མི་འཐད་དོ། །དེས་ན་འདི་ལ་བདག་ཏུ་ལྟ་བ་གྲོགས་སུ་ཡོད་པ་ཡིན་ནོ། །བདག་ཏུ་རྨོངས་པ་མེད་པར་ཡོངས་སུ་ཡང་བདག་ཏུ་ལྟ་བ་མེད་པའི་ཕྱིར་འདི་ལ་མ་རིག་པ་ཡོད་པ་ཡིན་ནོ། །བདག་ཏུ་འཛིན་པ་ཡོད་ན་བདག་ལ་ཆགས་པ་གདོན་མི་ཟ་བར་རྗེས་སུ་འབྲེལ་པ་ཡིན་ཏེ། དགྲ་བཅོམ་པ་ལ་སོགས་པ་གང་ལ་བདག་ཏུ་ཆགས་པ་མེད་པ་དེ་དག་ལ་བདག་ཏུ་འཛིན་པ་ཡང་མེད་ལ། བདག་ཅག་ལྟ་བུ་གང་བདག་ཏུ་འཛིན་པ་དམིགས་པ། དེ་དག་ལ་བདག་ཏུ་ཆགས་པ་ཡང་མཐོང་བའི་ཕྱིར་རོ། །ཇི་སྐད་དུ། ང་ཞེས་མཐོང་བ་མེད་པར་ནི། །འགའ་ཡང་བདག་ལ་ཆགས་མ་ཡིན། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱིར་བདག་ལ་ཆགས་པ་ཡང་ཡོད་པ་ཉིད་དོ། །བདག་ཏུ་ལྟ་བ་ཡོད་ན་ངའོ་སྙམ་པ་སྐྱེ་བ་ཆོས་ཉིད་ཡིན་ཏེ་ངའོ་སྙམ་པའི་བློ་མེད་པར་འགའ་ལ་ཡང་བདག་ཏུ་ལྟ་བ་མ་མཐོང་བའི་ཕྱིར་རོ། །དེའི་ཕྱིར་ང་རྒྱལ་ཡང་ཡོད་པ་ཉིད་དོ། །རིགས་པའི་དབང་ཕྱུག་ནི། བདག་ཏུ་ལྟ་བ་དང་། ངའོ་སྙམ་པ་དང་། བདག་ཏུ་རྨོངས་པ་རྣམས་དོན་གཅིག་ཅིང་། དེ་དག་ལས་བདག་ལ་ཆགས་པ་སྐྱེ་བར་བཞེད་དོ། །ཇི་སྐད་དུ། ཉེས་ཀུན་དེའི་རྩ་བ་ཅན། །དེ་ཡང་འཇིག་ཚོགས་ལྟ་བ་ཡིན། །དེ་མ་རིག་དེར་དེ་ལ་ཆགས། །ཞེས་དང་། བདེ་བར་གྱུར་པའམ་སྡུག་བསྔལ་བར། །མ་གྱུར་ཅིག་ཅེས་འདོད་པ་ན། །ངའོ་སྙམ་པའི་བློ་གང་དེ། །སེམས་ཅན་ལ་ལྟ་ལྷན་ཅིག་སྐྱེས། །ཞེས་གསུངས་པ་ཡིན་ནོ། །

དེ་ལྟར་ན་ཐུན་མོང་བ་ལྔ་དང་ཐུན་མོང་མ་ཡིན་པའི་གྲོགས་བཞི་སྟེ། འདིའི་སེམས་ལས་བྱུང་བ་དགུ་ཁོ་ནར་ངེས་པ་ཡིན་ནོ། །ཡུལ་ངེས་པ་ལྔ་ནི་མི་འབྱུང་སྟེ་འདི་ལྟར་འདུན་པ་ནི་གསུམ་སྟེ། དོན་དུ་གཉེར་བ་དང་། ཕྲད་པར་འདོད་པ་དང་། མི་འབྲལ་བར་འདོད་པའོ། །དེ་ལ་དང་པོ་ནི་མ་ཡིན་ཏེ། དེ་ནི་ཡུལ་རིང་བ་ལ་དམིགས་པ་ཡིན། ཡིད་ནི་ཉེ་བ་ལ་དམིགས་པའི་ཕྱིར་རོ། །མ་བྲལ་བའི་རྣམ་པར་སྣང་བའི་ཕྱིར་ཕྲད་པར་འདོད་པའི་འདུན་པ་དང་ཡང་མ་ཡིན་ལ། མི་འབྲལ་བར་འདོད་པའི་འདུན་པ་དང་ཡང་མ་ཡིན་ཏེ། དེ་ནི་བྲལ་བར་དོགས་པ་དང་བཅས་པ་ཡིན་ལ་ཡིད་ལ་དེ་མེད་པའི་ཕྱིར་རོ། །མོས་པ་ཡང་མི་འབྱུང་སྟེ། ངེས་པའི་བདག་ཉིད་མོས་པ་ནི་ཐེ་ཚོམ་ཆད་པ་སྔོན་དུ་སོང་བ་ཡིན་ན། ཡིད་ནི་རྟག་ཏུ་ངོ་བོ་གཅིག་ཏུ་འཇུག་པ་ཉིད་ཀྱིས་ཐེ་ཚོམ་མི་སྲིད་པའི་ཕྱིར་རོ། །དྲན་པ་ཡང་མ་ཡིན་ཏེ། དེ་ནི་སྔར་མྱོང་བའི་ཡུལ་ལ་དམིགས་པ་ཡིན་ལ། ཡིད་ནི་སྔོན་མེད་པའི་རྫས་ལ་དམིགས་པའི་ཕྱིར་རོ། །ཏིང་ངེ་འཛིན་ཡང་མ་ཡིན་ཏེ། གང་ལ་སྔར་སེམས་རྣམ་པར་གཡེངས་པ་ལས། ཕྱིས་དམིགས་པ་གཅིག་ལ་སེམས་ཀྱི་སེམས་མཉམ་པར་འཇོག་པ་དེ་ལ་ཏིང་ངེ་འཛིན་ཡོད་ན། ཡིད་ནི་དེ་ལྟར་མ་ཡིན་ཏེ། དམིགས་པ་ལ་རེས་འཇོག་མེད་པར་རྟག་ཏུ་ངོ་བོ་གཅིག་ཏུ་འཇུག་པའི་ཕྱིར་རོ། །བདག་ཏུ་ལྟ་བ་ལས་གཞན་པའི་ཤེས་རབ་ཀྱང་མེད་དེ། ཤེས་རབ་ཀྱི་རྫས་གཉིས་མཚུངས་པར་མི་ལྡན་པའི་ཕྱིར་རོ། །ཉོན་མོངས་པ་དག་ལས་ཐེ་ཚོམ་དང་ལོག་ལྟ་གཉིས་ནི་ཀུན་བརྟག་པ་ཡིན་ལ། ཡིད་ནི་ལྷན་ཅིག་སྐྱེས་པ་ཡིན་པའི་ཕྱིར་མེད་དོ། །ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ནི་འདོད་པའི་ཁམས་ན་མི་དགེ་བ་ཁོ་ན་ཡིན་ལ་ཡིད་ནི་ཁམས་གསུམ་ཀ་ན་ཡང་སྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་པས་དེའི་ཕྱིར། །དེ་དག་དང་མི་ལྡན་ནོ། །གཉིད་དང་འགྱོད་པ་ནི་ཁམས་གོང་མ་དག་ན་མེད་པའི་ཕྱིར་མི་ལྡན་ལ། རྟོག་དཔྱོད་ངག་ཀུན་ནས་སློང་བར་བྱེད་པ་ཉིད་ཀྱིས་ཁ་ཕྱིར་རོལ་དུ་མངོན་པར་ཕྱོགས་པ་ཡིན་ལ། ཡིད་ནི་ཁ་ནང་དུ་ལྟས་པ་ཡིན་པས་དེའི་ཕྱིར་མི་ལྡན་ནོ། །ཇི་སྐད་དུ་བཤད་པའི་མཚན་ཉིད་ཅན་གྱི་ཡིད་དེ་ཡང་། གནས་སྐབས་གསུམ་མ་གཏོགས་པར་སྦྱིན་པ་གཏོང་བ་ལ་སོགས་པ་དགེ་བ་དང་སྲོག་གཅོད་པ་ལ་སོགས་པའི་མི་དགེ་བ་དང་། བཟོད་དང་སྤྱོད་ལམ་ལ་སོགས་པ་ལུང་དུ་མ་བསྟན་པའི་གནས་སྐབས་ཐམས་ཅད་དུ་རྗེས་སུ་འགྲོ་བ་ཡིན་ཏེ། གནས་སྐབས་དེ་དག་ཏུ་འདི་ལྡོག་པའི་རྒྱུ་མེད་པའི་ཕྱིར་རོ། །

འོ་ན་འདི་གནས་གང་དུ་ལྡོག་ཅེ་ན། གསུམ་དུ་ལྡོག་ཏེ། འདི་ལྟར་འཇིག་རྟེན་ལས་འདས་པའི་ལམ་མངོན་དུ་གྱུར་བཞིན་པའི་གནས་སྐབས་ན་མི་འབྱུང་སྟེ། དེ་ནི་བདག་ཏུ་ལྟ་བའི་གཉེན་པོ་ཉིད་ཀྱིས་བདག་ལྟ་དང་ལྷན་ཅིག་འཇུག་པ་འགལ་བའི་ཕྱིར་རོ། །འགོག་པའི་སྙོམས་པར་འཇུག་པ་ལ་ཞུགས་པའི་གནས་སྐབས་ན་ཡང་། མེ་དེ། འགོག་པའི་སྙོམས་པར་འཇུག་པ་ནི་ཉོན་ཡིད་བཀག་པས་འདུ་ཤེས་མེད་པའི་སྙོམས་འཇུག་ལས་ཁྱད་པར་འཕགས་པ་ཡིན་པའི་ཕྱིར་རོ། །དེ་དག་ནི་གནས་སྐབས་ལྡོག་པའི་དུས་ཏེ། འཕགས་ལམ་དང་སྙོམས་འཇུག་ལས་ལངས་མ་ཐག་དུ་སླར་ཡང་ཀུན་གཞི་ལ་ཡོད་པའི་བདག་ཏུ་ལྟ་བའི་ས་བོན་ལས་འབྱུང་བའི་ཕྱིར་རོ། །མི་སློབ་པའི་ས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འཇུག་ཐོགས་དང་། ཐེག་པ་ཆེན་པོ་ལ་ས་བརྒྱད་པ་ཐོབ་ནས་མི་འབྱུང་སྟེ། གནས་སྐབས་དེ་དག་ཏུ་ཉོན་མོངས་པའི་ས་བོན་མ་ལུས་པ་སྤངས་པའི་ཕྱིར་རོ། །འདི་ནི་མཐར་ཐུག་ལྡོག་པའི་དུས་ཡིན་ནོ། །གལ་ཏེ་འཕགས་པའི་ལམ་ལ་སྙོམས་པར་ཞུགས་པའི་ཚེ་ཡིད་མེད་ན་ལྷན་ཅིག་འབྱུང་བའི་གནས་མེད་པའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་ཟག་མེད་ཀྱང་མི་འབྱུང་བར་འགྱུར་ཞེ་ན། འདི་ལ་སྔོན་གྱི་སློབ་དཔོན་ཁ་ཅིག་ན་རེ། གང་གི་ཚེ་འཕགས་པའི་ལམ་ལ་སྙོམས་པར་ཞུགས་པ་དེའི་ཚེ་ཡིད་རང་ཉིད་ཀྱི་རྫས་ལྡོག་པ་ནི་མ་ཡིན་གྱི་འོན་ཀྱང་ཡིད་དང་མཚུངས་པར་ལྡན་པའི་ཉོན་མོངས་པ་བཞི་པོ་རྣམས་ལྡོག་པ་ཡིན་ནོ། །དེའི་ཕྱིར་ཡིད་ཟག་པ་མེད་པ་ཡོད་པས་ཉེས་པ་མེད་དོ་ཞེས་ཟེར་རོ། །

གཞན་དག་ན་རེ་ཡིད་དེ་ལ་ནི་ནུས་པ་གཉིས་ཏེ། འདི་ལྟར། གང་ཟག་ཏུ་སྒྲོ་འདོགས་པ་དང་། ཆོས་སུ་སྒྲོ་འདོགས་པ་བསྐྱེད་པའི་ནུས་པའོ། །གང་གི་ཚེ་འཕགས་པ་ཉན་ཐོས་དང་རང་སངས་རྒྱས་དག་ལམ་ལ་སྙོམས་པར་ཞུགས་པ་དེའི་ཚེ་གང་ཟག་གི་བདག་མེད་པ་མཐོང་བས་སྒྲོ་འདོགས་པ་དང་ལྡོག་གི་གཉིས་པ་ནི་མ་ཡིན་ཏེ། ཆོས་ལ་བདག་མེད་པ་མ་གཏོགས་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ལ་ནི་ཟག་པ་དང་བཅས་པའི་ཡིད་ཡོད་ལ་ཡིད་དེ་ནི་ཉོན་མོངས་པ་དག་དང་མཚུངས་པར་མི་ལྡན་པའི་ཕྱིར་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་གྱི། སྒྲིབས་པ་ནི་མ་ཡིན་ནོ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་བདག་མེད་པ་གཉིས་ཀ་མཐོང་བས་སྒྲོ་འདོགས་ཐམས་ཅད་ལྡོག་པའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་ནོ་ཞེས་ཟེར་རོ། །ཕྱོགས་གཉིས་པ་འདི་ནི་ལེགས་པར་བཤད་པ་ཡིན་ཏེ། འདི་ལྟར། གལ་ཏེ་འཕགས་པའི་ལམ་མངོན་དུ་བྱས་པ་དང་མི་སློབ་པ་དང་། དག་པའི་ས་རྣམས་སུ་ཡིད་ཀྱིས་རྫས་ལྡོག་ན། ལྷན་ཅིག་འབྱུང་བའི་གནས་མེད་པས་གནས་སྐབས་དེ་དག་ཏུ་ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་དང་བཅས་པའམ། ཟག་པ་མེད་པ་གང་ཡང་སྐྱེ་བར་མི་འགྱུར་བ་དང་། ལྔ་པོ་རྣམས་དང་འདྲ་བ་མེད་པའི་ཉེས་པ་རང་ཉིད་ལ་ཡང་འཇུག་པ་དང་། ས་བརྒྱད་པ་ཡན་ཆད་ན་ཡིད་ཀྱི་རྫས་མེད་ན། ཡིད་དེ་ཉིད་རྡོ་རྗེ་ལྟ་བུའི་མཇུག་ཐོགས་སུ་མཉམ་པ་ཉིད་ཀྱི་ཡེ་ཤེས་སུ་གནས་གྱུར་པ་མི་རུང་བའི་ཕྱིར་རོ། །ཕྱོགས་དང་པོ་ལྟར་ན་གནས་སྐབས་དེ་གང་དུ་ཡིད་ཟག་པ་མེད་པ་ཁས་ལེན་ན་ཡང་ཉན་ཐོས་དང་རང་སངས་རྒྱས་དག་ལ་ཡང་ཡིད་གནས་མ་ལུས་པ་གྱུར་པ་ཡོད་པར་ཐལ་བར་འགྱུར་རོ། །

དེའི་ཕྱིར་ཕྱོགས་གཉིས་པ་ཁོ་ན་བཟང་བ་ཡིན་ནོ། །དེ་ལྟར་ན་ཀུན་གཞིའི་རྣམ་པར་ཤེས་པ་དང་རྣམ་པར་སྨིན་པའི་རྣམ་ཤེས་དང་། མེ་ལོང་ཡེ་ཤེས་ཀྱི་ཚུལ་ཇི་ལྟ་བ་དེ་བཞིན་དུ། ཉོན་མོངས་པ་ཅན་གྱི་ཡིད་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་དག་ལ་ཡང་དེ་བཞིན་དུ་ལྟ་བར་བྱའོ། །དེ་ལ་ཡིད་དེ་ཉིད་ཇི་སྲིད་ཉོན་མོངས་པ་བཞི་པོ་དེ་དག་དང་མཚུངས་པར་ལྡན་པ་དེ་སྲིད་དུ་ཡིད་ཀྱང་ཡིན་ལ་ཉོན་མོངས་པ་ཅན་ཡང་ཡིན་ནོ། །གང་གི་ཉོན་མོངས་པ་བཞི་པོ་དེ་དག་དང་མཚུངས་པར་མི་ལྡན་པ་དེའི་ཚེ་ཡིད་ཀྱི་རྣམ་པར་ཤེས་པ་ཟག་པ་དང་བཅས་པའམ། ཟག་པ་མེད་པ་དག་གིས་ལྷན་ཅིག་འབྱུང་བའི་གནས་བྱེད་པའི་ཕྱིར་ཡིད་ཡིན་གྱི་ཉོན་མོངས་ཅན་མ་ཡིན་ནོ། །མཚུངས་ལྡན་གྱི་ཉོན་མོངས་པ་བཞི་པོ་དེ་ནམ་ལོག་པ་ན་ཉོན་མོངས་པ་ཅན་གྱི་ཡིད་ལྡོག་གོ་ཞེས་པའི་ཐ་སྙད་ཐོབ་པ་ཡིན་ནོ། །གང་གི་ཚེ་ཡིད་དེ་ཉིད་ཉེས་པའི་རྣམ་པ་མཐའ་དག་དང་བྲལ་བ་དེའི་ཚེ་ཡིད་གནས་གྱུར་པ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་ཐ་སྙད་ཐོབ་པ་ཡིན་ནོ། །དེ་ལ་བྱིས་པ་རྣམས་ཀྱི་ནི་ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ། །ཉན་རང་གི་རིགས་ཅན་སློབ་པ་དག་གི་ལམ་ལ་མཉམ་པར་མ་བཞག་པའི་ཚེ་ན་ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ། །མཉམ་པར་བཞག་པའི་ཚེ་ན་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་པའི་ཕྱིར་ཉོན་མོངས་ཅན་མ་ཡིན་གྱི་ཡིད་ཁོ་ན་ཡིན་ནོ། །མི་སློབ་པའི་གནས་སྐབས་ན་ཡང་སྔ་མ་དང་འདྲ་བར་ཡིད་ཁོ་ན་ཡིན་ལ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ནི་རྒྱུན་འཆད་པར་འགྱུར་བ་ཡིན་ནོ། །

བྱང་ཆུབ་སེམས་དཔའ་རྣམས་འཕགས་པའི་ལམ་ལ་མཉམ་པར་བཞག་པའི་ཚེ་ན་ནི་གནས་གྱུར་པ་ཟག་པ་མེད་པའི་ཡིད་ཡིན་ནོ། །གང་གི་ཚེ་ལམ་ལས་ལངས་པ་དེའི་ཚེ་ས་བདུན་པ་མན་ཆད་དུ་ནི་ཉོན་མོངས་པ་བཞི་དང་མཚུངས་ལྡན་དུ་སྐྱེ་བས་ཉོན་མོངས་པ་ཅན་ཁོ་ན་ཡིན་ནོ། །ས་བརྒྱད་པ་ཡན་ཆད་དུ་ནི་ཉོན་མོངས་པ་བཞི་དང་མཚུངས་ལྡན་དུ་མི་འབྱུང་བའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་མོད། ཆོས་སུ་རྨོངས་ཤིང་སྒྲོ་འདོགས་པ་ཕྲ་མོ་དག་དང་ལྷན་ཅིག་ཏུ་འཇུག་པའི་ཕྱིར་གཅིག་ཏུ་དགེ་བའམ་ཟག་པ་མེད་པ་ཡང་མ་ཡིན་པས་མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་ཡིད་ཅེས་བྱའོ། །རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་འཇུག་ཐོགས་སུ་ནི། གང་ཟག་དང་ཆོས་སུ་སྒྲོ་འདོགས་པའི་མཚན་མ་མཐའ་དག་དང་བྲལ་བས་ཉེས་པ་མེད་ཅིང་། རང་གི་རང་བཞིན་རྣམ་པར་དག་ཅིང་འོད་གསལ་བ་འབའ་ཞིག་མངོན་དུ་གྱུར་པ་ན་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱ་ལ། དེ་ནི་འཁོར་བ་ཇི་སྲིད་དུ་རྒྱུན་རྗེས་སུ་འབྲེལ་པར་རང་གི་ངང་གིས་འཇུག་པ་ཡིན་ནོ། །

དེ་ལྟར་ན་ཉན་ཐོས་དང་རང་སངས་རྒྱས་དང་ཕྱིར་མི་ལྡོག་པའི་ས་ལ་གནས་པ་རྣམས་ཀྱི་ཡིད་ནི་རྣམ་པར་ཤེས་པ་ཆོས་སུ་སྒྲོ་འདོགས་པའི་རྣམ་པར་སྐྱེ་བའི་ལྷན་ཅིག་འབྱུང་བའི་གནས་བྱེད་པའི་ཕྱིར་གནས་གྱུར་པ་མ་ཡིན་ལ་དེའི་ཕྱིར་མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི་མིང་མི་འཐོབ་བོ། །ཉོན་མོངས་པ་ཅན་གྱི་ཡིད་འདི་གཏན་ལ་འབེབས་པའི་གཞུང་མདོར་བསྡུས་པ་ནི་འདི་ཡིན་ཏེ། ཇི་སྐད་དུ་སུམ་བཅུ་པ་ལས། དེ་ལྷག་གནས་ཏེ་རབ་འབྱུང་ཞིང་། །དེ་ལ་དམིགས་པ་ཡིད་ཅེས་བྱ། །རྣམ་ཤེས་ངར་སེམས་བདག་ཉིད་ཅན། །སྒྲིབས་ལ་ལུང་དུ་མ་བསྟན་པའི། །ཉོན་མོངས་བཞི་དང་རྟག་ཏུ་འགྲོགས། །བདག་དུ་ལྟ་དང་བདག་ཏུ་རྨོངས། །བདག་རྒྱལ་བདག་ཆགས་འདུ་ཤེས་པ། །གང་དུ་སྐྱེས་པ་དེའི་འོ་གཞན། །རེག་སོགས་ཀྱང་དེ་དགྲ་བཅོམ་མེད། །འགོག་པའི་སྙོམས་པར་འཇུག་ལ་མེད། །འཇིག་རྟེན་འདས་པའི་ལམ་ན་མེད། །འདི་ནི་གྱུར་པ་གཉིས་པའོ། །ཞེས་གསུངས་པ་ཡིན་ནོ། །

ད་ནི་སྒྲུབ་བྱེད་བརྗོད་པར་བྱ་སྟེ། ཇི་སྐད་བཤད་པའི་མཚན་ཉིད་ཅན་གྱི་ཡིད་དེ་ཡོད་པར་ཅིས་མངོན་ཞེ་ན། ལུང་དང་རིགས་པ་ལས་སོ། །དེ་ལ་རེ་ཞིག་ལུང་ནི་ལུང་ཕྲན་ཚེགས་ལས། ཉོན་མོངས་ཅན་ཡིད་རྟག་ཏུ་ནི། །ཉོན་མོངས་ལྷན་ཅིག་སྐྱེ་ཞིང་འབྱུང་། །དེ་ནི་ཉོན་མོངས་པ་རྣམས་ལས། །མ་གྲོལ་གྲོལ་བར་མི་འགྱུར་རོ། །ཞེས་དང་། མདོ་གཞན་ལས་ཀྱང་། སེམས་ནི་ཀུན་གཞིའི་རྣམ་པར་ཤེས། །རྣམ་ཤེས་ངར་སེམས་ཡིད་ཡིན་ནོ། །གང་ཞིག་ཡུལ་ལ་འཛིན་བྱེད་པ། །དེ་ནི་རྣམ་པར་ཤེས་ཞེས་བྱ། །ཞེས་དང་། སེམས་དང་ཡིད་རྣམ་པར་ཤེས་པ་ཞེས་གསུངས་པ་ཡིན་ནོ། །རིགས་པའི་དབང་དུ་མཛད་ནས་ཐེག་བསྡུས་ལས། །མ་འདྲེས་པའི་མ་རིག་དང་། །ལྔ་པོ་དག་དང་འདྲ་བ་དང་། །ངེས་ཚིག་མེད་པའི་སྐྱོན་དུ་འགྱུར། །སྙོམས་པར་འཇུག་པའི་བྱེ་བྲག་དང་། །འདུ་ཤེས་མེད་པའི་སྐྱེ་བའི་རྒྱུན། །ངར་འཛིན་མེད་པའི་སྐྱོན་དུ་འགྱུར། །ངར་འཛིན་པ་དང་ལྡན་པ་ནི། །རྣམ་པ་ཀུན་དུ་མི་འཐད་དོ། །ཉོན་མོངས་ཅན་དུ་ཡིད་མེད་ན། །གཉིས་མེད་གསུམ་པོ་འགལ་བར་འགྱུར། །དེ་མེད་ན་ནི་ངར་འཛིན་པ། །ཀུན་ན་ཡོད་པ་མི་འགྱུར་རོ། །ཞེས་གསུངས་པ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། གལ་ཏེ་ཉོན་མོངས་ཅན་གྱི་ཡིད་མེད་ན་མ་འདྲེས་པའི་མ་རིག་པ་མེད་པར་འགྱུར་ཏེ། དེའི་རྟེན་མེད་པའི་ཕྱིར་རོ། །དེ་མེད་ན་ཡང་འགྲོ་བ་ཀུན་གྱི་དེ་ཁོ་ན་ཉིད་འབད་པ་མེད་པར་མཐོང་བར་འགྱུར་ཏེ། དེ་མཐོང་བའི་གེགས་མ་རིག་པ་དང་བྲལ་བའི་ཕྱིར་རོ། །མ་འདྲེས་པའི་མ་རིག་པ་ཞེས་བྱ་བ་འདིའི་རང་བཞིན་ཅི་ཞེ་ན། འདི་ལ་སྡེ་པ་ནི་ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པ་བདེན་པ་མཐོང་བའི་གནས་སུ་གྱུར་པ་མཐོང་བས་སྤང་བར་བྱ་བ་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་གཞན་དང་མཚུངས་པར་མི་ལྡན་པས་མ་འདྲེས་པའམ་འབའ་ཞིག་པ་ཞེས་བྱའོ། །ཞེས་ཟེར་རོ། །ཐེག་པ་ཆེན་པོ་པ་ལྟར་ན་གཉིས་ཏེ། གཅིག་ནི་ཡིད་ཀྱི་རྣམ་པར་ཤེས་པའི་འཁོར་དུ་འབྱུང་བའི་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་དང་མཚུངས་ལྡན་དུ་འབྱུང་བའི་མ་རིག་པའོ། །དེས་ནི་རེས་འགའ་འབྱུང་གི་དུས་ཀུན་དུ་འབྱུང་བ་ནི་མ་ཡིན་ནོ། །

གཉིས་པ་ནི་དུས་ཐམས་ཅད་དུ་འབྱུང་བ་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པ་སྟེ། འདི་ནི་སྐབས་ཀྱི་སྒྲུབ་པར་བྱ་བ་ཡིན་ནོ། །འདི་ཉིད་ཀྱིས་དབང་དུ་བྱས་ནས། ཐེག་བསྡུས་ལས། ཡང་དག་དོན་ལ་ལྟ་བ་ཡི། །སེམས་ཀྱི་གེགས་སུ་རྟག་གྱུར་དང་། །དུས་རྣམས་ཀུན་དུ་འབྱུང་བ་དེ། །མ་འདྲེས་པ་ཡི་མ་རིག་འདོད། །ཅེས་གང་གསུངས་པ་ཡིན་ནོ། །དེ་ལ་བཤད་སྦྱར་དུ་དེ་ནི་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ན་ལ་རྟེན་པའི་ཕྱིར་རྟེན་མ་འདྲེས་པ་ཡིན་ཏེ། སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཞིན་ནོ། །ཞེས་ཟེར་རོ། །དོན་གསང་རྣམ་པར་བཤད་པ་ལས་འདིའི་དབང་གིས་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་གཞན་དག་འབྱུང་བས་རྫས་རང་དབང་ཅན་ཡིན་པའི་ཕྱིར་ནུས་པ་མ་འདྲེས་པ་ཡིན་ནོ་ཞེས་འཆད་དོ། །ཅིའི་ཕྱིར་འདི་ཉོན་མོངས་པ་ཅན་གྱི་ཡིད་ཁོ་ན་ལ་རྟེན་ཞེ་ན། དེ་ལ་རེ་ཞིག་ཡིད་ཀྱི་རྣམ་པར་ཤེས་པ་ནི་དེའི་རྟེན་དུ་རུང་བ་མ་ཡིན་ཏེ། དེ་ནི་རེས་འགའ་རྒྱུན་འཆད་པའི་ཕྱིར་དང་། འདི་ནི་ཇི་སྲིད་བདེན་པ་མ་མཐོང་བ་དེ་སྲིད་དུ་དུས་རྟག་ཏུ་འབྱུང་བའི་ཕྱིར་རོ། །གཞན་ཡང་འདི་ནི་དུས་རྟག་ཏུ་འབྱུང་བའི་ཕྱིར་ཡིད་ཀྱི་རྣམ་པར་ཤེས་པ་འདི་དང་མཚུངས་པར་ལྡན་ན་རྟག་ཏུ་ཉོན་མོངས་ཅན་ཁོ་ནར་འགྱུར་གྱི་དགེ་བའམ་ལུང་མ་བསྟན་དུ་མི་འགྱུར་རོ། །རྒྱུ་མཚན་དེ་དག་གི་ཕྱིར་ན་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱང་འདིའི་རྟེན་དུ་རུང་བ་མ་ཡིན་ནོ། །

ཀུན་གཞིའི་རྣམ་པར་ཤེས་པ་ཡང་རྣམ་སྨིན་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་པས་འདིའི་རྟེན་དུ་རུང་བ་མ་ཡིན་ནོ། །དེའི་ཕྱིར་གང་ལ་མ་འདྲེས་པའི་མ་རིག་པ་རྟེན་པའི་ཤེས་པ་དེ་ནི་ཉོན་མོངས་ཅན་གྱི་ཡིད་ཅེས་བྱ་བའི་རྣམ་པར་ཤེས་པ་གཞན་ཡིན་ནོ། །གཞན་ཡང་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་དབང་པོའི་རྣམ་པར་ཤེས་པ་ལྔ་པོ་རྣམས་དང་འདྲ་བ་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འདི་ལྟར་དབང་པོའི་རྣམ་པར་ཤེས་པ་རྣམས་ཀྱི་ལྷན་ཅིག་འབྱུང་བའི་གནས་ནི་རང་དང་དུས་མཉམ་པའི་དབང་པོ་རྣམས་ཡིན་ལ། དེ་མ་ཐག་པའི་རྟེན་ནི་འདས་མ་ཐག་པའི་ཡིད་ཡིན་ནོ། །ཡིད་ཀྱི་རྣམ་པར་ཤེས་པའི་རྟེན་ནི་འདས་པ་ཁོ་ན་ཡིན་གྱི་ལྷན་ཅིག་འབྱུང་བའི་གནས་མེད་པ་ནི་རིགས་པ་མ་ཡིན་ཏེ། རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ། །ཇི་ལྟར་གནོད་ཅེ་ན་གང་འཇུག་པའི་རྣམ་པར་ཤེས་པ་ཡིན་པ་དེ་ནི་ལྷན་ཅིག་འབྱུང་བའི་གནས་དང་བཅས་པ་ཡིན་ཏེ། དཔེར་ན་དབང་པོའི་རྣམ་པར་ཤེས་པ་བཞིན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་འཇུག་པའི་རྣམ་པར་ཤེས་པ་ཡིན་ནོ་ཞེས་བྱ་བ་འདི་འབྲས་བུའི་གཏན་ཚིགས་ཡིན་ནོ། །མིག་ལ་སོགས་པ་དག་ནི་འདིའི་ལྷན་ཅིག་འབྱུང་བའི་གནས་སུ་རིགས་པ་མ་ཡིན་ཏེ། དེ་དག་འགྱུར་རྗེས་སུ་ཡིད་ཀྱི་རྣམ་པར་ཤེས་པ་འགྱུར་བ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྣམ་འགྲེལ་ལས། དབང་རྣམས་རེ་རེ་ལ་གནོད་ན། །ཡིད་བློ་ལ་གནོད་ཡོད་མ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །གནས་བརྟན་པ་དག་སྙིང་བུ་ག་གཅིག་ནས་དགུའི་བར་ལ་རྟེན་ཅེས་པའང་རིགས་པ་མིན་ཏེ་རྗེས་སུ་དཔག་པས་གནོད་པའི་ཕྱིར་རོ། །འདི་ལྟར་ཡིད་ཀྱི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་གཟུགས་ཅན་ལ་བརྟེན་པ་མ་ཡིན་ཏེ། དཔེར་ན་གཟུགས་མེད་པའི་ཡིད་ཀྱི་རྣམ་པར་ཤེས་པ་བཞིན། སྙིང་བུ་ག་ཅན་ལ་རྟེན་པར་འདོད་པའི་ཤེས་པ་གང་ཡིན་པ་དེ་ཡང་ཡིད་ཀྱི་ཤེས་པ་ཡིན་ནོ་ཞེས་བྱ་བ་ནི་འགལ་བའི་ཁྱབ་བྱ་དམིགས་པའོ། །

ཀུན་གཞིའི་རྣམ་པར་ཤེས་པ་ཡང་འདིའི་ལྷན་ཅིག་འབྱུང་བའི་གནས་སུ་རིགས་པ་མ་ཡིན་ཏེ། འཇུག་ཤེས་དྲུག་ཀའི་རྒྱུ་ཐུན་མོང་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཡིད་ཀྱི་རྣམ་པར་ཤེས་པ་ནི་ཐུན་མོང་མ་ཡིན་པའི་ལྷན་ཅིག་འབྱུང་བའི་རྟེན་དང་བཅས་པ་ཡིན་ཏེ། འཇུག་པའི་རྣམ་པར་ཤེས་པ་ཡིན་པའི་ཕྱིར་མིག་ཤེས་བཞིན་ནོ། །གཞན་ཡང་དུས་རྟག་ཏུ་ངར་རློམ་སེམས་པའི་དོན་གྱིས་ཡིད་ཅེས་བྱ་བ་ཡིན་ན། དེ་ལྟ་བུའི་ངེས་ཚིག་མེད་པའི་སྐྱོན་དུ་ཡང་འགྱུར་ཏེ། འཇུག་པའི་རྣམ་པར་ཤེས་པ་དག་ནི་རེས་འགའ་རྒྱུན་འཆད་པའི་ཕྱིར་དང་། འགའ་ཞིག་ལ་ངར་རློམ་པ་མེད་པའི་ཕྱིར་རོ། །གཞན་ཡང་འདུ་ཤེས་མེད་པའི་སྙོམས་འཇུག་དང་། འགོག་པའི་སྙོམས་འཇུག་དག་ལ་ཞི་བ་དང་མ་ཞི་བའི་བྱེ་བྲག་མེད་པར་འགྱུར་ཏེ། གཉིས་ཀ་ཡང་ཚོགས་དྲུག་བཀག་པ་ཙམ་དུ་མཚུངས་པའི་ཕྱིར་དང་། ཉོན་མོངས་པ་ཅན་གྱི་ཡིད་བཀག་པ་དང་། མ་བཀག་པའི་བྱེ་བྲག་མེད་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོད་ན་དེའི་ཕྱིར་འཕགས་པ་རྣམས་ཀྱི་ནི་དེ་འགོག་པར་ནུས་པས་འགོག་པའི་སྙོམས་པར་འཇུག་པ་ནི་དེ་བཀག་པས་ཆེས་ཞི་བ་ཡིན་ལ། སོ་སོ་སྐྱེ་བོ་དག་གིས་ཉོན་མོངས་པ་ཅན་གྱི་ཡིད་དགག་པར་མི་ནུས་པས་དེའི་ཕྱིར་འདུ་ཤེས་མེད་པའི་སྙོམས་འཇུག་ནི་དེ་དང་ལྡན་པས་མ་ཞི་བ་ཡིན་ནོ། །དེའི་ཕྱིར་དེ་དག་ལ་ནི་འཕགས་པ་དང་འཕགས་པ་མ་ཡིན་པའི་གནས་པའི་ཁྱད་པར་ཡོད་པ་ཡིན་ནོ། །

གཞན་ཡང་ཉོན་མོངས་པ་ཅན་གྱི་ཡིད་མེད་ན། དེའི་ཕྱིར་འདུ་ཤེས་མེད་པ་སར་སྐྱེས་པའི་རྒྱུན་ལ་ངར་འཛིན་མེད་པར་འགྱུར་ཏེ། འཇུག་པའི་རྣམ་ཤེས་དྲུག་པོ་འགག་པའི་ཕྱིར་དང་། ངར་འཛིན་གྱི་རྟེན་དུ་གྱུར་པའི་ཤེས་པ་གཞན་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟར་ན་འདི་ནི་འཕགས་པ་རྣམས་ཀྱིས་སྤོང་བར་མི་རིགས་སྟེ། འགོག་པའི་སྙོམས་འཇུག་ལྟར་ཆེས་ཞི་བའི་གནས་པས་གནས་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོད་ན་འདིའི་ཚོགས་དྲུག་འགགས་ཀྱང་ཡིད་ཡོད་པས་ངར་འཛིན་དང་ལྡན་པའི་ཤེས་པ་གཞན་ཡང་ཁས་མི་ལེན་པའི་ཕྱིར་རོ། །དེ་ལྟར་ན་དེ་ནི་འཕགས་པ་རྣམས་ཀྱི་སྤོང་བར་མི་རིགས་ཏེ། འགོག་པའི་སྙོམས་འཇུག་ལྟར་ཆེས་ཞི་བའི་གནས་པས་གནས་པའི་ཕྱིར་རོ། །ཉོན་མོངས་པ་ཅན་གྱི་ཡིད་ཡོད་ན་དེའི་ཚེ་འཇུག་ཤེས་དྲུག་འགགས་ཀྱང་ཡིད་ཡོད་པས་ངར་འཛིན་དང་ལྡན་བཞིན་དུ་ཡང་རིང་མོ་ཞིག་ཏུ་གནས་པའི་ཕྱིར་མི་ཁོམ་པའི་གནས་སུ་གཟིགས་ནས་སྤོང་བ་ཡིན་ནོ། །གཞན་ཡང་ཉོན་མོངས་པ་ཅན་གྱི་ཡིད་མེད་ན་སོ་སོ་སྐྱེ་བོ་རྣམས་ཀྱི་དགེ་བ་དང་མི་དགེ་བ་ལུང་དུ་མ་བསྟན་པའི་སེམས་རྣམས་ལ་ངར་འཛིན་པ་ཀུན་དུ་འབྱུང་བ་མི་འཐད་དེ། གནས་སྐབས་ཐམས་ཅད་དུ་ངར་འཛིན་རྗེས་སུ་འབྲེལ་བའི་སེམས་གཞན་མེད་པའི་ཕྱིར་རོ། །འདོད་པར་རིགས་པ་ཡང་མ་ཡིན་ཏེ། ང་སྦྱིན་པ་གཏོང་། སྲོག་གཅོད་རི་མོ་འདྲིའོ་ཞེས་པ་ལ་སོགས་པ་གནས་སྐབས་དེ་དག་ཏུ་ངར་འཛིན་འབྱུང་བར་དམིགས་པའི་ཕྱིར་རོ། །

གཞན་ཡང་སྦྱིན་པ་གཏོང་བ་ལ་སོགས་པའི་ཚེ་ངར་འཛིན་མེད་ན་རྗེས་སུ་དཔག་པས་ཀྱང་གནོད་དེ་འདི་ལྟར། གང་ཞིག་ངར་འཛིན་པས་བཅིངས་པའི་དགེ་བའི་ལས་ལས་སྲིད་པའི་འབྲས་བུ་འབྱུང་བ་ནི་མི་རིགས་ཏེ། དཔེར་ན་དགྲ་བཅོམ་པའི་དགེ་བ་བཞིན། བྱིས་པ་རྣམས་ཀྱི་སྦྱིན་པ་ལ་སོགས་པའི་དགེ་བ་རྣམས་ཀྱང་ངར་འཛིན་པས་བཅིངས་པ་མ་ཡིན་ནོ། །ཞེས་པ་ཁྱབ་བྱེད་མ་དམིགས་པའོ། །ཅི་སྟེ་ངར་འཛིན་དགེ་བ་དང་དུས་མཉམ་དུ་མེད་ཀྱང་ངས་སྦྱིན་པ་བཏང་བར་བྱའོ། །ངས་སྦྱིན་པ་བཏང་ངོ་ཞེས་སྔ་མ་དང་ཕྱི་མར་ངར་འཛིན་རྗེས་སུ་འབྲེལ་བའི་ཕྱིར། དེས་བཅིངས་པ་ཡིན་ནོ་ཞེ་ན། དེ་ལྟ་ན་འཕགས་པ་སློབ་པ་རྣམས་ཀྱིས་འཇིག་རྟེན་ལས་འདས་པའི་ལམ་ལ་མཉམ་པར་བཞག་པ་གང་ཡིན་པ་དེ་ཡང་ངར་འཛིན་པས་བཅིངས་པར་འགྱུར་ཏེ། དེ་དག་ལ་ཡང་ངས་མཉམ་པར་བཞག་གོ །མཉམ་པར་བཞག་པར་བྱའོ་སྙམ་པ་རྗེས་སུ་འབྲེལ་བའི་ཕྱིར་རོ། །དེ་ལྟར་ན་ཇི་སྐད་བཤད་པའི་ཉེས་པ་དག་ཏུ་ཐལ་བར་འགྱུར་བའི་ཕྱིར་ཉོན་མོངས་པ་ཅན་གྱི་ཡིད་ནི་མི་འདོད་བཞིན་དུ་ཡང་ཁས་བླངས་པར་བྱ་དགོས་སོ། །ངར་སེམས་པའི་བདག་ཉིད་ཀྱི་ཡིད་བཤད་ཟིན་ཏོ། །

དེ་མ་ཐག་པའི་གནས་སུ་གྱུར་པའི་ཡིད་ནི་གང་ཡང་འཇུག་པའི་རྣམ་པར་ཤེས་པ་དྲུག་པོ་དག་འགགས་མ་ཐག་པའི་གནས་སྐབས་ན་རྣམ་པར་ཤེས་པ་དེ་དག་ཉིད་རྣམ་ཤེས་ཕྱི་མ་སྐྱེ་བའི་གོ་ཕྱེ་བའི་སྒོ་ནས་དེ་དག་གི་དེ་མ་ཐག་པའི་རྐྱེན་བྱེད་པའི་ཡིད་ཅེས་བྱའོ། །འདི་ལ་ཀུན་གཞི་དང་ཉོན་མོངས་པ་ཅན་གྱི་ཡིད་ནི་འཇུག་པའི་རྣམ་པར་ཤེས་པ་དག་གི་དེ་མ་ཐག་པའི་གནས་མ་ཡིན་ཏེ། འདི་གཉིས་ནི་དུས་ཐམས་ཅད་དུ་འབྱུང་བས་དེ་དག་འགགས་སྟོབས་ཀྱིས་ཤེས་པ་གཞན་སྐྱེ་བའི་གོ་འབྱེད་པ་མ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་ཤེས་པ་དྲུག་པོ་དག་ཅེས་སྨོས་སོ། །དེ་དག་ཀྱང་མ་སྐྱེས་པའི་གནས་སྐབས་ན་ནི་དེ་མ་ཐག་པའི་གནས་མ་ཡིན་ཏེ། རང་གི་ངོ་བོ་མ་སྐྱེས་པས་ཤེས་པ་གཞན་གོ་མ་བཀག་པའི་ཕྱིར། ནམ་མཁའ་བཞིན། སྐྱེས་ལ་མ་འགག་པའི་གནས་ན་ཡང་མ་ཡིན་ཏེ། རང་མ་འགགས་ན་ཤེས་པ་གཞན་སྐྱེ་བའི་གོ་མི་རྙེད་པའི་ཕྱིར་རོ། །གང་གི་ཚེ་རང་ཉིད་འགགས་པ་དེའི་ཚེ་ཤེས་པ་ཕྱི་མ་སྐྱེ་བའི་གོ་ཕྱེ་བའི་ཕྱིར། དེའི་དེ་མ་ཐག་པའི་གནས་སུ་འགྱུར་ལ། དེ་བས་ན་འགགས་མ་ཐག་པ་ཞེས་སྨོས་སོ། །དེ་ཡང་ཤེས་པ་རིགས་མཐུན་གཞན་གྱིས་བར་མ་ཆོད་པ་ལ་བྱའོ། །སྐད་ཅིག་གཞན་གྱིས་མ་ཆོད་པ་ནི་མ་ཡིན་ཏེ། འགོག་པ་ལ་སྙོམས་པར་ཞུགས་པ་སོགས་ཀྱི་གནས་སྐབས་ན་སྙོམས་པར་འཇུག་ཁའི་སེམས་འགགས་ནས་ཡུན་རིང་དུ་ལོན་པ་ཡང་ལངས་མ་ཐག་པའི་སེམས་ཀྱི་དེ་མ་ཐག་པའི་གནས་སུ་འགྱུར་བའི་ཕྱིར་རོ། །ཤེས་པ་གཞན་གྱིས་བར་ཆོད་པ་ནི་མ་ཡིན་ཏེ། ཤེས་པ་གང་གིས་བར་ཆོད་པའི་ཤེས་པ་དེ་ཉིད་ཀྱིས་ཤེས་པ་ཕྱི་མ་སྐྱེ་བ་ལ་གོ་འབྱེད་པའི་ཕྱིར་རོ། །དེའི་ཕྱིར་འགགས་མ་ཐག་ཞེས་སྨོས་སོ། །དྲུག་པོ་འགགས་མ་ཐག་པའི་གནས་སྐབས་ཀྱི་དབང་པོ་ལ་སོགས་པ་གཞན་བསལ་བའི་ཕྱིར་རྣམ་པར་ཤེས་པ་ཞེས་སྨོས་སོ། །

འཇུག་པའི་རྣམ་པར་ཤེས་པ་རྣམས་རང་གི་མཇུག་ཐོགས་སུ་འབྱུང་བའི་རྣམ་པར་ཤེས་པ་དང་རིགས་མཐུན་པའི་དེ་མ་ཐག་པའི་གནས་སུ་འགྱུར་བས་དེའི་ཕྱིར་རྣམ་པར་ཤེས་པ་དྲུག་པོ་དག་ཅེས་སྨོས་སོ། །དེ་ལ་སྡེ་པ་གང་དག་རྣམ་ཤེས་དུ་མ་གཅིག་ཅར་མི་སྐྱེ་བར་འདོད་པ་དེ་དག་གི་ལྟར་ན་གང་གི་ཚེ་རྣམ་པར་ཤེས་པ་གཅིག་མ་འགག་པར་གནས་པ་དེའི་ཚེ་རིགས་མཐུན་པའམ། མི་མཐུན་པའི་ཤེས་པ་གཞན་སྐྱེ་བའི་གོ་སྐབས་མི་རྙེད་པའི་ཕྱིར་མིག་གི་རྣམ་པར་ཤེས་པ་ལྟ་བུ་གཅིག་འགགས་པའི་རྗེས་སུ་ཡིད་ཀྱི་རྣམ་པར་ཤེས་པ་ལྟ་བུའི་ཤེས་པ་རིགས་མི་མཐུན་གཅིག་སྐྱེ་བ་ན་སྔ་མ་མིག་གི་རྣམ་པར་ཤེས་པ་འགགས་པའི་སྟོབས་ཀྱི་ཕྱི་མ་སྐྱེ་བའི་གོ་རྙེད་པས་དེའི་ཕྱིར་རྣམ་པར་ཤེས་པ་འགགས་མ་ཐག་པ་རེ་རེ་ཡང་འཇུག་པའི་རྣམ་པར་ཤེས་པ་དྲུག་ཀའི་དེ་མ་ཐག་པའི་གནས་སུ་འགྱུར་བ་ཡིན་ལ། དེ་དག་གི་ལྟར་ན་རྣམ་པར་ཤེས་པ་དྲུག་པོ་འགགས་མ་ཐག་གང་ཡིན་པ་དེ་ནི་དྲུག་པ་ཡིད་ཀྱི་རྣམ་ཤེས་ཀྱིས་རྣམ་པར་ཤེས་པའི་གནས་ཡིན་པའི་ཕྱིར་ཡིད་ཅེས་བྱ་ཏེ། ཇི་སྐད་དུ། དྲུག་པའི་རྟེན་ནི་རབ་སྒྲུབ་ཕྱིར། །ཁམས་ནི་བཅོ་བརྒྱད་དག་ཏུ་འདོད། །ཅེས་དང་། དྲུག་པོ་འགགས་མ་ཐག་པ་ཡིད། །རྣམ་ཤེས་གང་ཡིན་དེ་ཡིད་དོ། །ཅེས་འབྱུང་བ་ཡིན་ནོ། །གང་དག་རྣམ་པར་ཤེས་པ་དུ་མ་ཅིག་ཅར་འབྱུང་བར་འདོད་པ་དེ་དག་གི་ལྟར་ན་ནི་མིག་གི་རྣམ་པར་ཤེས་པ་འགགས་མ་ཐག་གང་ཡིན་པ་དེ་ནི་ཡིད་ཀྱི་རྣམ་པར་ཤེས་པ་ལ་སོགས་པ་ཤེས་པ་རིགས་མི་མཐུན་པ་གཞན་སྐྱེ་བའི་གོ་འབྱེད་པ་མ་ཡིན་ཏེ། གང་གི་ཚེ་མིག་གི་རྣམ་པར་ཤེས་པ་སྐྱེས་ལ་མ་འགགས་པར་ཡོད་པ་དེའི་ཚེ་ཤེས་པ་རིགས་མི་མཐུན་པའི་ཤེས་པ་གཞན་སྐྱེ་བ་ལ་འགལ་བ་མེད་པས་དེ་དག་སྐྱེ་བའི་གོ་མི་འགགས་པའི་ཕྱིར་རོ། །གལ་ཏེ་དེས་དེ་དག་སྐྱེ་བ་ལ་གེགས་མ་བྱས་པ་ཙམ་གྱིས་གོ་ཕྱེ་བར་འདོད་ན། དེའི་ཕྱིར་ཐམས་ཅད་ལ་ཐམས་ཅད་ཀྱིས་གོ་ཕྱེ་བས་ཐམས་ཅད་ཀྱི་དེ་མ་ཐག་པའི་རྐྱེན་དུ་ཧ་ཅང་ཐལ་ཆེས་པར་འགྱུར་ཏེ། དཔེར་ན་བྱེ་བྲག་ཏུ་སྨྲ་བའི་བྱེད་རྒྱུ་བཞིན་ནོ། །དེ་བས་ན་མིག་གིས་རྣམ་པར་ཤེས་པ་ལ་སོགས་པ་འགགས་མ་ཐག་པ་ནི་རང་དང་རིགས་མི་མཐུན་པའི་ཤེས་པའི་དེ་མ་ཐག་པའི་རྐྱེན་མ་ཡིན་པས། དྲུག་པོ་འགགས་མ་ཐག་པའི་རྣམ་པར་ཤེས་པ་ནི་དྲུག་པ་ཡིད་ཀྱི་ཤེས་པའི་རྟེན་བྱེད་པའི་ཕྱིར་ཡིད་དུ་འཇོག་པ་མ་ཡིན་གྱི། འོན་ཀྱང་རང་དང་རིགས་མཐུན་པའི་ཤེས་པ་ཕྱི་མའི་དེ་མ་ཐག་པའི་གནས་སུ་གྱུར་པས་དེའི་ཕྱིར་ཡིད་ཅེས་བྱའོ། །

ཅིའི་ཕྱིར་རིགས་མཐུན་པའི་ཤེས་པ་ཕྱི་མའི་རྟེན་དུ་འགྱུར་ཞེ་ན། ཤེས་པ་དུ་མ་གཅིག་ཅར་སྐྱེ་བར་འདོད་པ་དག་གིས་ལུགས་ལ་ཡང་། རིགས་མཐུན་པའི་ཤེས་པ་གཉིས་ཅིག་ཅར་སྐྱེ་བ་གང་ཡིན་པ་དེ་ནི་གནས་མེད་ཅིང་གོ་སྐབས་མེད་དོ། །དེའི་ཕྱིར་མིག་གི་རྣམ་པར་ཤེས་པ་སྐྱེས་ལ་མ་འགགས་པ་དེ་སྲིད་དུ་རྒྱུད་དེ་ལ་མིག་གི་རྣམ་པར་ཤེས་པ་གཞན་གཉིས་པ་སྐྱེ་བའི་གནས་མེད་དོ། །གང་གི་ཚེ་མིག་གི་རྣམ་པར་ཤེས་པ་སྔ་མ་འགགས་པའི་རྗེས་སུ་མིག་གི་རྣམ་པར་ཤེས་པ་གཉིས་པ་སྐྱེས་པ་དེའི་ཚེ་སྔ་མ་འགགས་པའི་སྟོབས་ཀྱིས་ཕྱི་མ་སྐྱེ་བའི་གོ་སྐབས་རྙེད་པ་ཡིན་པས། དེའི་ཕྱིར་སྔ་མ་ནི་ཕྱི་མའི་དེ་མ་ཐག་པའི་གནས་ཡིན་ནོ། །དེའི་ཕྱིར་ཤེས་པ་གཅིག་གིས་རིགས་མི་མཐུན་པའི་ཤེས་པ་དུ་མའི་དེ་མ་ཐག་པའི་རྐྱེན་བྱེད་པ་མི་སྲིད་ལ། རིགས་མཐུན་པ་ཡང་རེ་རེ་ཁོ་ནའི་རྐྱེན་དུ་འགྱུར་གྱི་དུ་མ་ནི་མ་ཡིན་ཏེ། རིགས་མཐུན་པའི་ཤེས་པ་དུ་མ་ཅིག་ཅར་མི་སྐྱེ་བའི་ཕྱིར་རོ། །

དེའི་ཕྱིར་རྣམ་འགྲེལ་ལས། དེ་རྣམས་རིགས་མཐུན་པ་ཉིད་ལས། །ནུས་པ་ངེས་པར་འགྱུར་བ་ཡིན། །ཞེས་གསུངས་པ་ཡིན་ནོ། །གང་ཡང་ཕུང་པོ་ལྔ་པ་བྱེ་བྲག་ཏུ་བཤད་པ་ལས། མིག་ལ་སོགས་པའི་རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་འགགས་མ་ཐག་པའི་རྣམ་པར་ཤེས་པ་ལ་ཡིད་ཅེས་བརྗོད་པ་གང་ཡིན་པ་དེ་ནི་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པའི་གནས་བསྒྲུབ་པའི་ཕྱིར་ཡིན་གྱི། ཞེས་གསུངས་པ་གང་ཡིན་པ་དེ་ཡང་། སྡེ་པ་དག་གི་ལུགས་ལ་ཡིན་གྱི་ཤེས་པ་དུ་མ་གཅིག་ཅར་སྐྱེ་བར་འདོད་པའི་ཕྱོགས་ལ་མི་འགྲིག་པར་སྣང་ངོ་། །སུམ་ཅུ་པའི་འགྲེལ་པར་ཡང་། ཀུན་གཞིའི་རྣམ་པར་ཤེས་པའི་དེ་མ་ཐག་པའི་རྐྱེན་ལས་འཇུག་པའི་རྣམ་པར་ཤེས་པ་འབྱུང་བ་དང་། དེ་མ་ཐག་པའི་རྐྱེན་གཅིག་གིས་ཀྱང་ཤེས་པ་དུ་མ་སྐྱེད་དོ། ཞེས་གསུངས་པ་ཡང་། དེ་མ་ཐག་རྐྱེན་གྱི་དོན་ལ་རྣམ་པར་མ་བརྟགས་པར་ཟད་དོ་ཡིད་བཤད་ཟིན་ཏོ། །དེའི་འོག་དུ་རྣམ་པར་ཤེས་པ་བཤད་པ་སྐབས་སུ་བབས་པས་དེའི་ཕྱིར་རྣམ་པར་ཤེས་པ་གང་ཞེ་ན་ཞེས་སྨོས་སོ། །

དྲི་བ་དེའི་ལན་མདོར་བསྟན་པ་ནི། རྣམ་པར་ཤེས་པའི་ཚོགས་དྲུག་སྟེ། འདི་ལྟར། མིག་གི་རྣམ་པར་ཤེས་པ་ལ་སོགས་པའོ། །ཡུལ་དང་དབང་པོ་གཉིས་ཀ་ལས་སྐྱེ་བའི་རྣམ་པར་ཤེས་པ་དེ་ཉིད་ལ་མིག་གི་རྣམ་པར་ཤེས་ཞེས་པ་ལ་སོགས་པ་དབང་པོའི་སྒོ་ནས་ཐ་སྙད་འདོགས་ཀྱིས། གཟུགས་ཤེས་པ་ཞེས་པ་ལ་སོགས་པ་ཡུལ་གྱི་སྒོ་ནས་ཐ་སྙད་མི་བྱེད་པ་ཅི་ཞེ་ན། མིག་ལ་སོགས་པའི་དབང་པོ་རྣམས་ནི་དེ་དག་ལ་རྟེན་པའི་རྣམ་པར་ཤེས་པ་དེ་དང་དེའི་ཐུན་མོང་མ་ཡིན་པའི་རྟེན་ཡིན་པས་དེའི་ཕྱིར་དབང་པོ་དེ་དག་གི་སྒོ་ནས་ཐ་སྙད་བཏགས་ན་ཤེས་པ་དེ་དང་དེ་འཁྲུལ་མེད་དུ་གོ་བར་འགྱུར་ཏེ། །དཔེར་ན་རྔའི་སྒྲ་ཞེས་པ་དང་། ནས་ཀྱི་མྱུ་གུ་ཞེས་པ་ལྟ་བུའོ། །གཟུགས་ལ་སོགས་པའི་ཡུལ་རྣམས་ནི་དབང་པོ་ལྟར་ཐུན་མོངས་མ་ཡིན་པ་མ་ཡིན་ཏེ་གཟུགས་ལ་སོགས་པ་རྣམས་ནི་ཡིད་ཀྱི་ཤེས་པའི་ཀྱང་ཡུལ་ཡིན་ལ། ཡུལ་གཅིག་ཀྱང་གང་ཟག་དུ་མའི་དབང་པོའི་ཤེས་པ་དུ་མས་ཐུན་མོང་དུ་ལོངས་སྤྱོད་པའི་ཕྱིར་རོ། །དེའི་ཕྱིར་གཟུགས་ཤེས་པ་ཞེས་པ་ལ་སོགས་པ་ཡུལ་གྱི་སྒོ་ནས་ཐ་སྙད་སྦྱར་ན་ཡིད་ཀྱི་རྣམ་པར་ཤེས་པ་ཡང་གཟུགས་ཤེས་པ་ལ་སོགས་པར་དོགས་པར་འགྱུར་བས་དེའི་ཕྱིར་མངོན་པར་འདོད་པའི་ཤེས་པ་དེ་ཡང་འཁྲུལ་པ་མེད་པར་གོ་བར་མི་འགྱུར་བས་ཡིན་ནོ། །དེའི་ཕྱིར་རྣམ་འགྲེལ་ལས། གོ་བར་བྱེད་པ་ཉིད་མཐོང་ནས། །ཐ་སྙད་ངེས་པར་སྦྱར་བ་ཡིན། །དབང་པོའི་ཐ་སྙད་ལ་དེ་ཡོད། །ཅེས་གསུངས་ཤིང་། ཚད་མས་ཀུན་ལས་བཏུས་པ་ལས་ཀྱང་། ཐུན་མོང་མ་ཡིན་རྒྱུའི་ཕྱིར། །དེའི་ཐ་སྙད་དབང་པོས་བྱས། །ཞེས་གང་གསུངས་པ་ཡིན་ནོ། །འགྲེལ་པར་དབང་པོ་རྣམས་ལ་ཚིག་རྣམ་པར་སྦྱར་བ་རྣམ་པ་ལྔ་འཐད་པའི་ཕྱིར་དང་། །ཡུལ་རྣམས་ལ་ཚིག་སྦྱར་བ་མི་འཐད་པའི་ཕྱིར་རོ། །ཞེས་འཆད་པར་བྱེད་མོད། །ཚིགས་རྣམས་ནི་སྨྲ་བ་པོའི་འདོད་པ་ཙམ་གྱི་རྗེས་སུ་བྱེད་པ་ཡིན་གྱི་དངོས་པོའི་དབང་ནི་མ་ཡིན་ནོ། །དེའི་ཕྱིར་ཚིག་སྦྱར་བ་རྣམས་ཡུལ་ལ་ཡང་མི་འཐད་པའི་རྒྱུ་མཚན་མེད་པས་རིགས་པར་མ་མཐོང་ངོ་། །ཅི་མིག་གིས་གཟུགས་མཐོང་ངམ། འོན་ཏེ་རྣམ་པར་ཤེས་པས་མཐོང་ཅེ་ན། འདི་ལ་བྱེ་བྲག་དུ་སྨྲ་བ་རྣམས་རྟེན་བཅས་ཀྱི་དབང་པོ་ཁོ་ནས་མཐོང་གི་རྣམ་པར་ཤེས་པས་ནི་མ་ཡིན་ནོ་ཞེས་ཟེར་རོ། །

མདོ་སྡེ་པ་ཁ་ཅིག་རྣམ་པར་ཤེས་པ་ཁོ་ནས་མཐོང་གི་དབང་པོ་བེམས་པོ་ཡིན་པའི་ཕྱིར་མཐོང་བ་མ་ཡིན་ནོ་ཞེས་ཟེར་རོ། །འདིས་ནི་ཡང་དག་པར་ན་ཆོས་ཐམས་ཅད་བྱེད་པ་མེད་པའི་ཕྱིར་གཅིག་གིས་ཀྱང་མི་མཐོང་ལ། ཅིག་ཤོས་ཀྱིས་ཀྱང་མི་མཐོང་མོད་ཀྱི། །འོན་ཀྱང་ཐ་སྙད་དུ་དེ་གཉིས་ཀ་ཚོགས་པ་ལ་མཐོང་བར་གདགས་སོ། །དེ་ལ་ཡང་རྣམ་པ་དྲུག་གིས་གཟུགས་མཐོང་བ་ལ་མིག་གཙོ་བ་ཡིན་ཏེ། འདི་ལྟར་འབྱུང་བའི་རྒྱུའི་ཕྱིར་ནི་མིག་ལས་དེ་འབྱུང་བའི་ཕྱིར་རོ། །དེའི་གནས་ཀྱི་ཕྱིར་ནི་མཐོང་བའི་རྟེན་མིག་ཡིན་པའི་ཕྱིར་རོ། །དེ་མི་གཡོ་བར་འཇུག་པའི་ཕྱིར་ནི་མིག་གི་རྟག་ཏུ་རིགས་གཅིག་པའི་ཕྱིར་རོ། །རང་དབང་དུ་འཇུག་པའི་ཕྱིར་ནི་སྐད་གཅིག་རེ་རེ་ལ་འབྱུང་བ་རྐྱེན་གྱི་ཚོགས་པ་ལ་མི་ལྟོས་པའི་ཕྱིར་རོ། །མཛེས་པར་འཇུག་པའི་ཕྱིར་ནི་དེས་གནས་མཛེས་པར་བྱེད་པའི་ཕྱིར་རོ། །ལུང་གི་ཕྱིར་ནི་མིག་གི་གཟུགས་རྣམས་མཐོང་ངོ་ཞེས་གསུངས་པའི་ཕྱིར་ཏེ། ཇི་སྐད་བཤད་པ་དེ་ཐམས་ཅད་ནི་རྣམ་པར་ཤེས་པ་ལ་མི་སྲིད་པའི་ཕྱིར་རོ། །

ཡང་རྣམ་པར་ཤེས་པ་དྲུག་པོ་དག་ལ་དུ་ཞིག་ནི་རྣམ་པར་རྟོག་པ་དང་བཅས་པ་ཡིན་དུ་ཞིག་ནི་རྣམ་པར་རྟོག་པ་མེད་པ་ཡིན་ཞེ་ན། རྣམ་པར་རྟོག་པ་གསུམ་གྱིས་ཡིད་ཀྱི་རྣམ་པར་ཤེས་པ་གཅིག་པུ་རྣམ་པར་རྟོག་པ་དང་བཅས་པ་ཡིན་ཏེ། འདི་ལྟར་རང་བཞིན་གྱིས་རྣམ་པར་རྟོག་པ་དང་། རྗེས་སུ་དྲན་པའི་རྣམ་པར་རྟོག་པ་དང་། མངོན་པར་འདུ་བྱེད་པའི་རྣམ་པར་རྟོག་པའོ། །དང་པོ་ནི་ད་ལྟར་གྱི་འདུ་བྱེད་མྱོང་བ་ན། རང་གི་མཚན་ཉིད་ལ་རྣམ་པར་རྟོག་པའོ། །གཉིས་པ་ནི་སྔོན་མྱོང་བའི་འདུ་བྱེད་ལ་རྣམ་པར་རྟོག་པའོ། །གསུམ་པ་ནི་དུས་གསུམ་གྱི་ལྐོག་ཏུ་གྱུར་པ་རྣམས་ལ་རྣམ་པར་རྟོག་པའོ། །ཡང་རྣམ་པར་རྟོག་པ་བདུན་ཏེ། དམིགས་པ་ལ་རང་གི་ངང་གིས་འཇུག་པའི་རྣམ་པར་རྟོག་པ་དང་། མཚན་མ་དང་བཅས་པ་དང་། མཚན་མ་མེད་པ་དང་། ཀུན་ཏུ་ཚོལ་བར་བྱེད་པ་དང་། སོ་སོར་རྟོག་པ་དང་། ཉོན་མོངས་པ་ཅན་དང་། ཉོན་མོངས་པ་ཅན་མ་ཡིན་པའི་རྣམ་པར་རྟོག་པའོ། །དང་པོ་ནི་རྣམ་པར་ཤེས་པའི་ཚོགས་ལྔ་སྟེ། དམིགས་པ་ལ་བཀྲ་བར་མ་བཟུང་བར། རང་གི་ཡུལ་ཇི་ལྟ་བ་བཞིན་དུ་རང་གི་ངང་གིས་འཇུག་པའི་ཕྱིར་རོ། །གཉིས་པ་ནི་རང་བཞིན་དང་། རྗེས་སུ་དྲན་པའི་རྣམ་པར་རྟོགས་པ་སྟེ། དེ་དག་གིས་ནི་འདས་པ་དང་ད་ལྟར་གྱི་ཡུལ་ལ་བཀྲ་བར་འཛིན་པའི་ཕྱིར་རོ། །གསུམ་པ་ནི་མ་འོངས་པས་ཡུལ་འདི་ལ་བྱེད་པའི་རྣམ་པར་རྟོག་པ་གང་ཡིན་པའོ། །ལྷག་མ་རྣམས་ནི་མངོན་པར་སྤྱོད་པའི་རྣམ་པར་རྟོག་པའི་ངོ་བོ་ཉིད་དུ་རིག་པར་བྱ་སྟེ། འདིས་རེས་འགའ་ནི་མངོན་པར་རྟོག་ཅིང་ཀུན་དུ་ཚོལ་ལོ། །རེས་འགའ་ནི་སོ་སོར་རྟོག་གོ །རེས་འགའ་ནི་ཉོན་མོངས་པ་ཅན་དུ་འགྱུར་རོ། །རེས་འགའ་ནི་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་རོ། །རྣམ་པར་ཤེས་པའི་ཚོགས་དྲུག་པོ་དག་སྤྱིར་བཤད་ནས་རེ་རེ་ནས་བསྟན་པའི་ཕྱིར། མིག་གི་རྣམ་པར་ཤེས་པ་གང་ཞེ་ན་ཞེས་སྨོས་སོ། །འདི་དག་རེ་རེ་ཡང་རྟེན་དང་དམིགས་པ་དང་རང་གི་ངོ་བོ་ཉིད་གསུམ་གྱིས་རིགས་པར་བྱའོ། །དེ་ཡང་མིག་ལ་རྟེན་ཅིང་ཞེས་པས་ནི་མིག་གི་རྣམ་པར་ཤེས་པ་རང་གི་རྟེན་གྱི་སྒོ་ནས་མཚོན་པར་བྱེད་པའོ། །གཟུགས་ལ་དམིགས་ནས་ཞེས་པས་ཡུལ་གྱི་སྒོ་ནས་སོ། །སོ་སོར་རྣམ་པར་རིགས་སོ་ཞེས་པས་ནི་ངོ་བོ་ཉིད་སྟོན་པར་བྱེད་པའོ། །གཞན་རྣམས་ལ་ཡང་དེ་བཞིན་སྦྱར་བར་བྱ་སྟེ་གོ་སླ་བར་ཟད་དོ། །རྣམ་པར་ཤེས་པ་བཤད་ཟིན་ཏེ། དེ་ཐམས་ཅད་ཀྱི་ནི་ཕུང་པོ་ལྔ་ལེགས་པར་གཏན་ལ་ཕབ་པའི་སྒོ་ནས་རྣམ་པར་བཞག་པ་བཤད་ཟིན་ཏོ། །

ད་ནི་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པར་བཞག་པ་སྐབས་སུ་བབ་པས་དེ་དག་བཤད་པར་བྱའོ། །དེ་ལ་རེ་ཞིག་ཁམས་རྣམས་ཀྱི་རང་བཞིན་གཏན་ལ་དབབ་པར་བཞེད་ནས། ཁམས་རྣམས་ཀྱི་རྣམ་པར་བཞག་པ་གང་ཞེ་ན། ཞེས་སྨོས་སོ། །དེ་ལ་སྔར་གཟུགས་ལ་སོགས་པའི་ཕུང་པོ་ལྔར་གཏན་ལ་ཕབ་པའི་ཆོས་དེ་དག་ཉིད་ཁམས་སུ་རྣམ་པར་འཇོག་པར་བྱེད་ལ། ཁམས་སུ་རྣམ་པར་བཞག་པ་གང་ཡིན་པ་དེ་དག་ཉིད་སྐྱེ་མཆེད་དུ་རྣམ་པར་འཇོག་པར་བྱེད་ཀྱི། ཕུང་པོ་ལས་མ་གཏོགས་པའི་ཁམས་དང་ཁམས་ལས་མ་གཏོགས་པའི་སྐྱེ་མཆེད་རྣམས་གཞན་དུ་ནི་མེད་དོ། །དེའི་ཕྱིར་ཕུང་པོ་ལས་དམིགས་ཀྱིས་བཏོན་ནས་ཁམས་རྣམ་པར་བཞག་གོ ། ཁམས་ལས་དམིགས་ཀྱི་བཏོན་ནས་སྐྱེ་མཆེད་རྣམ་པར་བཞག་གོ །དེ་ལ་གཟུགས་ཀྱི་ཕུང་པོ་རྣམ་པར་བཞག་པའི་ཆོས་གང་ཡིན་པ་དེ་དག་ནི། གཟུགས་ཅན་གྱི་ཁམས་བཅུར་འགྱུར་ཏེ་འདི་ལྟར་མིག་གི་ཁམས་ལ་སོགས་པའོ། །དེར་མ་ཟད་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ཏེ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་རྣམ་པ་ལྔ་གང་ཡིན་པའོ། །ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོར་རྣམ་པར་བཞག་པ་གང་ཡིན་པ་དེ་དག་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་དུ་འགྱུར་རོ། །རྣམ་པར་ཤེས་པའི་ཕུང་པོ་རྣམ་པར་བཞག་པ་གང་ཡིན་པའི་ཆོས་དེ་རྣམས་ནི་རྣམ་པར་ཤེས་པའི་ཁམས་བདུན་དུ་འགྱུར་ཏེ། འདི་ལྟར་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པའོ། །དེ་ལ་ཉོན་མོངས་པ་ཅན་དང་དྲུག་པོ་འགགས་མ་ཐག་པའི་ཡིད་དག་ནི་ཡིད་ཀྱི་ཁམས་ཡིན་ནོ། །རྣམ་པར་ཤེས་པ་ཞེས་བཤད་པ་གང་ཡིན་པ་དེ་ནི་མིག་གི་རྣམ་པར་ཤེས་པའི་ཁམས་ལ་སོགས་པ་དྲུག་ཡིན་ནོ། །སེམས་ཞེས་བཤད་པའི་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་ཁམས་བདུན་ཀའི་རང་བཞིན་ཡིན་ཏེ། ས་བོན་དང་རྣམ་པར་སྨིན་པ་གཉིས་ཀས་ཀྱང་རྣམ་པར་ཤེས་པ་བདུན་པོ་དག་གི་རྒྱུ་དང་བདག་པོའི་རྐྱེན་བྱེད་པའི་ཕྱིར་དང་། ཁམས་ཀྱི་སྒྲ་ཡང་རྒྱུའི་དོན་ཅན་དུ་འཆད་པའི་ཕྱིར་རོ། །དེའི་ཕྱིར་དེའི་ས་བོན་བསགས་པ་དང་། རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་གང་ཡིན་པ་ཞེས་སྔར་བཤད་པ་ཡིན་ནོ། །ཕུང་པོར་རྣམ་པར་བཞག་པའི་ཆོས་ཐམས་ཅད་ནི་ཁམས་ཀྱི་བསྡུས་ན་ཁམས་སུ་རྣམ་པར་བཞག་པའི་ཆོས་རྣམས་ཀྱང་ཕུང་པོས་བསྡུས་སམ་ཞེ་ན། མ་ཡིན་ནོ། །དེ་ལྟ་ན། ཁམས་རྣམས་ཀྱི་ནང་ནས་ཕུང་པོ་རྣམས་ཀྱིས་ཆོས་ཅི་ཞིག་མ་བསྡུས་ཞེ་ན། ཆོས་ཀྱི་ཁམས་ལ་ཡོད་པའི་འདུས་མ་བྱས་ཏེ། དེ་ལ་ནི་ཕུང་པོའི་དོན་མེད་པའི་ཕྱིར་རོ། །

འདི་ལྟར་གཟུགས་ལ་སོགས་པ་ནི་འདས་པ་དང་མ་འོངས་པ་ལ་སོགས་པའི་རྣམ་པ་དག་གིས་གཅིག་དུ་བསྡུས་ནས་སྤུངས་པའི་ཕྱིར་རམ། ཁུར་ཁྱེར་བ་ལ་སོགས་པའི་དོན་གྱིས་ཕུང་པོ་ཡིན་ལ། འདུས་མ་བྱས་དག་ནི་བརྟན་དུ་ཡོད་པ་མ་ཡིན་པས་དེ་དག་རུང་བ་མ་ཡིན་པའི་ཕྱིར་རོ། །འདུས་མ་བྱས་དེའི་རང་བཞིན་ནི་ཅི་ཞིག་རྣམ་པ་ནི་དུ་ཞེ་ན་རྒྱུ་དང་རྐྱེན་ལས་མ་བྱུང་ཞིང་རྣམ་པར་བཅད་པ་ཙམ་ངོ་བོར་ཤེས་པར་བྱ་བ་གང་ཡིན་པ་དེ་ནི་འདུས་མ་བྱས་ཀྱི་རང་བཞིན་ཡིན་ནོ། །དེ་ཡང་འདུས་མ་བྱས་ཀྱི་དངོས་པོ་བརྒྱད་དེ། འདི་ལྟར། ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་ལ་སོགས་པའོ། །དེ་ལ། དགེ་བའི་དེ་བཞིན་ཉིད་ཀྱི་རང་བཞིན་ནི། གང་ཟག་དང་ཆོས་ཀྱི་བདག་མེད་པ་རྣམ་པ་གཉིས་ཡིན་ཏེ། དེའི་རྣམ་གྲངས་ནི་སྟོང་པ་ཉིད་ལ་སོགས་པའོ། །

རྣམ་གྲངས་དེ་དག་གི་དོན་ནི། བདག་མེད་པ་དེ་ཉིད་སྔར་གྱི་གནས་སྐབས་ལས་རྐྱེན་གྱི་དབང་གིས་རྣམ་པ་གཞན་དུ་མི་འགྱུར་བའི་ཕྱིར་དེ་བཞིན་ཉིད་ཅེས་བྱའོ། །དེ་ལ་དམིགས་ནས་ཚུལ་བཞིན་དུ་སྒོམས་པས་འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པའི་ཆོས་རྣམས་མི་རྒྱུ་ཞིང་སྟོངས་པར་བྱེད་པས་དེའི་ཕྱིར་སྟོངས་པ་ཉིད་ཅེས་བྱའོ། །གཟུགས་ནས་བྱང་ཆུབ་ཀྱི་བར་གྱི་སྤྲོས་པའི་མཚན་མ་ཐམས་ཅད་ཉེ་བར་ཞི་བས་དེའི་ཕྱིར་མཚན་མ་མེད་པ་ཞེས་བྱའོ། །གང་ཟག་དང་ཆོས་ཀྱི་རྣམ་པར་ཕྱིན་ཅི་ལོག་མེད་པའི་དམིགས་པ་ཡིན་པའི་ཕྱིར་ཡང་དག་པའི་མཐའ་ཞེས་བྱའོ། །འཕགས་པ་རྣམས་ཀྱི་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་རྣམ་པ་ཐམས་ཅད་དུ་མི་སླུ་བའི་ཕྱིར་དམ་པ་ཡིན་ལ། ཡེ་ཤེས་དམ་པ་དེའི་སྤྱོད་ཡུལ་ཡིན་པས་དེའི་ཕྱིར་དོན་དམ་པ་ཞེས་བྱའོ། །

འདི་ལ་གང་ཟག་གི་བདག་མེད་པའི་རྣམ་པ་བསྒོམས་པ་ལས་ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱིས་རྟོག་ཤིང་ཐོབ་པར་བྱ་བའི་འཕགས་པའི་ཆོས་རྣམས་འབྱུང་ཞིང་། ཆོས་ཀྱི་བདག་མེད་པའི་རྣམ་པར་བསྒོམས་པ་ལས་ནི་སངས་རྒྱས་ཀྱི་ཆོས་རྣམས་འབྱུང་བས་ཉན་ཐོས་ལ་སོགས་པའི་ཆོས་ཐམས་ཅད་ཀྱི་རྒྱུ་ཡིན་ལ་དེའི་ཕྱིར་ཆོས་ཀྱི་དབྱིངས་ཞེས་བྱའོ། །དོན་དེ་དག་དབུས་དང་མཐའ་རྣམ་པར་འབྱེད་པའི་ཚིགས་ལེའུར་བྱས་པ་ལ་སོགས་པ་སྟོང་པ་ཉིད་ནི་མདོར་བསྡུས་ན། དེ་བཞིན་ཉིད་དང་ཡང་དག་མཐའ། །མཚན་མ་མེད་དང་དོན་དམ་དང་། །ཆོས་ཀྱི་དབྱིངས་རྣམས་རྣམ་གྲངས་སོ། །གཞན་ཡིན་ཕྱིན་ཅི་ལོག་མ་ཡིན། །དེ་འགགས་འཕགས་པའི་སྤྱོད་ཡུལ་དང་། འཕགས་པའི་ཆོས་ཀྱི་རྒྱུའི་ཕྱིར། །རྣམ་གྲངས་དོན་དེ་གོ་རིམ་བཞིན། །ཞེས་སོ། །ཆོས་དགེ་བ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་དང་རྣམ་གྲངས་དང་རྣམ་གྲངས་ཀྱི་དོན་ཇི་ལྟ་བ་དེ་བཞིན་དུ་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་དེ་བཞིན་ཉིད་ཀྱི་ངོ་བོ་དང་རྣམ་གྲངས་དང་། རྣམ་གྲངས་ཀྱི་དོན་རྣམས་ཀྱང་དེ་ཁོ་ན་བཞིན་དུ་ལྟ་བར་བྱའོ། །དེ་བཞིན་ཉིད་གསུམ་ནི། ཆོས་ཅན་ཐ་དད་པ་ཙམ་མ་གཏོགས་པ་ངོ་བོ་དབྱེར་མེད་པའི་ཕྱིར། དེ་དག་གི་ངོ་བོ་དང་རྣམ་གྲངས་ལ་སོགས་པ་ནི་གཅིག་ཁོ་ན་ཡིན་ནོ། །

ནམ་མཁའི་ངོ་བོ་ནི་ཐོག་བཅས་ཀྱི་གཟུགས་མེད་ཅིང་བཀག་པ་ཙམ་གྱིས་ཆོས་ཡིད་ཀྱི་རྣམ་པར་ཤེས་པའི་སྤྱོད་ཡུལ་དུ་གྱུར་པའོ། །ངེས་པའི་ཚིག་ནི་ལུས་ཅན་གྱི་བྱེད་པ་སྐྱེད་པ་དང་འགྲོ་བ་ལ་སོགས་པ་ཐམས་ཅད་ཀྱི་གོ་འབྱེད་པའི་ཕྱིར་ནམ་མཁའ་ཞེས་བྱའོ། །

དངོས་པོར་མེད་པ་ལ་གཞན་ལ་གོ་འབྱེད་པའི་མཐུ་མེད་པ་མ་ཡིན་ནམ་ཞེ་ན། ཡུལ་དེར་གང་ཡོད་ན་གཟུགས་ཅན་གཞན་འབྱུང་བའི་གོ་རྙེད་ཅིང་གང་མ་དམིགས་ན་དེ་ལྟ་བུའི་གོ་མི་རྙེད་པ་ཙམ་ལ་གོ་ཕྱེ་བ་ཞེས་ཐ་སྙད་དུ་བྱས་པ་ཡིན་ལ་དེ་ལྟ་བུ་ཡང་ནམ་མཁའ་ལ་ཡོད་པ་ཡིན་ཏེ། ནམ་མཁའ་ནི་ཐོག་བཅས་ཀྱི་གཟུགས་བཀག་པས་རབ་ཏུ་ཕྱེ་བ་ཡིན་ལ་གང་ན་ཐོགས་བཅས་ཀྱི་དངོས་པོ་མེད་པ་དེ་ན་གཟུགས་ཅན་འབྱུང་བའི་གོ་རྙེད་ལ་དེ་མེད་ན་ནི་མ་ཡིན་ཏེ། ཐོགས་པ་དང་བཅས་པའི་དངོས་པོས་ཡུལ་དེར་གོ་བཀག་པའི་ཕྱིར་རོ། །དེ་ལྟར་ན་ནམ་མཁའ་ནི་གོ་ཕྱེ་བའི་རང་བཞིན་ཡིན་པས་དེའི་ཕྱིར་གོ་འབྱེད་པ་ཞེས་བྱའི་གོ་འབྱེད་པའི་བྱ་བ་དང་ལྡན་པ་ནི་མ་ཡིན་ནོ། །

དེའི་ཕྱིར་ནམ་མཁའ་ནི་འབྲས་བུའི་གཟུགས་རྣམས་སྐྱེ་བའི་གོ་ཕྱེ་བ་ཙམ་ཡིན་གྱི་དེ་ལ་ཁྱད་པར་གཞན་སྐྱེད་པའི་ནུས་པ་མེད་པས་འབྱུང་བར་འགྱུར་བ་ཡང་མ་ཡིན་ནོ། །ཤེས་རབ་ཀྱིས་བདེན་པ་ལ་སོ་སོར་བརྟགས་པའི་སྟོབས་ཀྱིས་ཐོབ་པ་མ་ཡིན་གྱི་རྒྱུ་རྐྱེན་མ་ཚང་བས་ཐོབ་པའི་འགོག་པ་ནི་དགག་བྱ་གང་རྒྱུ་རྐྱེན་འགའ་ཞིག་མ་ཚང་བའི་སྟོབས་ཀྱིས་འགོག་ལ། ས་བོན་གཉེན་པོས་མ་བཅོམ་པས་གཏན་བྲལ་བར་མ་ཡིན་པའོ། །དཔེར་ན་ཡིད་ཨུད་པ་ལའི་གཟུགས་ལ་ཆགས་བཞིན་པའི་དུས་ན་གཟུགས་གཞན་དང་སྒྲ་ལ་སོགས་པའི་ཡུལ་གཞན་རྣམས་ཉེ་བར་ཡོད་ཀྱང་དེ་དག་ལ་དམིགས་པའི་དབང་པོའི་ཤེས་པ་རྣམས་ལ་དུས་དེ་ཉིད་ཀྱི་ཚེ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པས་མི་སྐྱེ་བ་ལྟ་བུའོ། །ཅིའི་ཕྱིར་དེའི་ཚེ་དབང་པོའི་ཤེས་པ་དེ་དག་གིས་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་ཅེ་ན། གལ་ཏེ་ཡིད་ལ་བྱེད་པ་ཉེ་བར་ཡོད་ན་དེའི་ཚེ་ཨུད་པ་ལས་གཞན་པའི་གཟུགས་རྣམས་དང་། སྒྲ་ལ་སོགས་པའི་ཡུལ་ཉེ་བར་གནས་པ་རྣམས་ལ་ཡང་དམིགས་པའི་དབང་པོའི་ཤེས་པ་གཞན་རྣམས་ཀྱང་སྐྱེ་བར་འགྱུར་ཏེ། ཡིད་བྱེད་ལས་གཞན་པའི་རྒྱུ་རྣམས་མ་ཚང་བ་མེད་པར་ཡོད་པའི་ཕྱིར། དེ་ལྟ་ན་ཡང་དེའི་ཚེ་དེ་དག་ལ་ཡིད་བྱེད་མ་ཚང་བས་མི་སྐྱེ་བ་ཡིན་ལ། མ་སྐྱེས་པ་ཙམ་ལ་འགོག་པ་ཐོབ་ཞེས་པའི་ཐ་སྙད་བྱེད་པ་ཡིན་ནོ། །འོན་ཀྱང་ས་བོན་སྤོང་བྱེད་ཀྱི་གཉེན་པོ་མ་སྐྱེས་པས་དེའི་ཕྱིར་གཏན་ནས་འབྲལ་བ་ནི་མ་ཡིན་ནོ། །

རྒྱུ་རྐྱེན་ཐམས་ཅད་མ་ཚང་ནས་མི་སྐྱེ་བ་གང་ཡིན་པ་ནི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་མ་ཡིན་ཏེ། རི་བོང་གི་རྭ་ལ་སོགས་པ་གཏན་མེད་པ་རྣམས་ཀྱིས་ཀྱང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པར་ཐལ་བའི་ཕྱིར་དང་། དགག་བྱ་མ་དམིགས་པ་ལ་འགོག་པ་ཐོབ་པ་མི་རིགས་པའི་ཕྱིར་རོ། །དེ་བས་ན་རང་གི་རྒྱུ་རྐྱེན་འགའ་ཞིག་ཚང་འགའ་ཞིག་མ་ཚང་བའི་ཆོས་རྣམས་ཀྱི་འགོག་པ་དེ་ཐོབ་པ་ཡིན་ནོ། །དེ་ཡང་མ་འོངས་པ་རྣམས་ཀྱིས་ཡིན་གྱི་འདས་པ་དང་ད་ལྟར་བ་རྣམས་ཀྱིས་ནི་མ་ཡིན་ཏེ་སྐྱེས་ཟིན་པའི་ཕྱིར་རོ། །སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ཡིན་གྱི་མ་གཏོགས་པ་རྣམས་ལ་ནི་མ་ཡིན་ནོ། །དེ་ཡང་རང་གི་རྒྱུད་དུ་གཏོགས་པ་ཁོ་ན་ལ་ཡིན་གྱི་གཞན་གྱི་རྒྱུད་དུ་གཏོགས་པ་ལ་ནི་མ་ཡིན་ནོ། །ཆོས་གང་ལ་སོ་སོར་བརྟགས་པའམ་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ཐོབ་པ་དེ་དག་གཉིས་ཀ་ཡང་གཏན་མི་སྐྱེ་བའི་ཆོས་ཅན་དུ་མཚུངས་ཀྱང་གཉེན་པོས་ས་བོན་བཅོམ་པ་དང་མ་བཅོམ་པའི་བྱེ་བྲག་གིས་བྲལ་བ་དང་བྲལ་བ་མ་ཡིན་པའི་ཁྱད་པར་ཡོད་དོ། །བདེན་པ་ལ་སོ་སོར་བརྟགས་པའི་ཤེས་རབ་བར་ཆད་མེད་ལམ་གྱིས་ཐོབ་པར་བྱ་བའི་འགོག་པ་ནི། དགག་བྱ་གང་གཉེན་པོ་སྐྱེས་པའི་སྟོབས་ཀྱིས་འགོག་ལ་ས་བོན་བཅོམ་པས་གཏན་བྲལ་བའོ། །འདི་ཡང་སེམས་ཅན་གྱི་རྒྱུད་དུ་གཏོགས་པ་ཁོ་ན་ལ་ཡིན་གྱི་མ་གཏོགས་པ་རྣམས་ལ་མ་ཡིན་ལ། མ་འོངས་པ་ཁོ་ན་ལ་ཡིན་གྱི་འདས་པ་དང་ད་ལྟར་བ་མ་ཡིན་ནོ། །ཟག་པ་དང་བཅས་པ་ལ་ཡིན་གྱི་ཟག་པ་མེད་པ་ལ་མ་ཡིན་ནོ། །

ཉོན་མོངས་པ་ཅན་ཁོ་ན་ལ་ཡིན་གྱི་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་དང་དགེ་བ་རྣམས་ལ་ནི་མ་ཡིན་ཏེ། དེ་དག་ནི་འདུན་པའི་འདོད་ཆགས་དང་བྲལ་བ་ཙམ་གྱིས་སྤངས་པར་འཇོག་ལ། དེ་དག་སྤངས་པའི་རྒྱུད་ལ་ཡང་ས་བོན་མ་བཅོམ་པས་སླར་ཡང་ཀུན་དུ་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་འཇིག་རྟེན་ལས་འདས་པའི་ལམ་གྱིས་ཉོན་མོངས་པའི་ས་བོན་བཅོམ་པ་ཁོ་ན་ལ་སོ་སོར་བརྟགས་པའི་འགོག་པ་ཞེས་བྱའི་འཇིག་རྟེན་པའི་ལམ་གྱིས་བྲལ་བ་ལ་ནི་མ་ཡིན་ཏེ། ས་བོན་འཇོམས་པའི་མཐུ་མེད་པའི་ཕྱིར་རོ། །འོན་ཀྱང་དེ་དག་ཀྱང་བརྡའི་འགོག་པ་འམ་རྣམ་གྲངས་པའི་འགོག་པ་ཙམ་ནི་ཡིན་ནོ། །ཆོས་གང་ཡིན་པའི་སོ་སོར་བརྟགས་པའི་འགོག་པ་ཐོབ་པ་དེས་བརྟགས་པ་མ་ཡིན་པའི་འགོག་པ་ཡང་ཐོབ་པ་ཡིན་ནམ། གང་བརྟགས་མིན་ཐོབ་པ་དེས་ཀྱང་བརྟགས་པའི་འགོག་པ་ཐོབ་པ་ཡིན་ཞེ་ན། ཆོས་གང་བརྟགས་པའི་འགོག་པ་ཐོབ་ལ། བརྟགས་མིན་མི་ཐོབ་པ་ཡང་ཡོད་དེ། འདི་ལྟར་མཐོང་བའི་ལམ་སྐྱེས་པ་ན་དགེ་བའི་རྩ་བ་གཅོད་པའི་ལོག་ལྟ་དང་། ངན་སོང་བའི་ཕུང་པོ་དང་ཁམས་དང་། སྐྱེ་མཆེད་མ་གཏོགས་པའི་མཐོང་བས་སྤངས་པར་བྱ་བའི་ཉོན་མོངས་མ་འོངས་པ་རྣམས་ཏེ། ཇི་སྲིད་མཐོང་ལམ་མ་སྐྱེས་པ་དེ་སྲིད་དུ་དེ་དག་མི་སྐྱེ་བའི་ཆོས་ཅན་དུ་བྱེད་པར་མི་ནུས་པས་བརྟགས་མིན་མི་ཐོབ་ལ་མཐོང་ལམ་གྱིས་ས་བོན་བཅོམ་པའི་ཕྱིར་རོ། །བརྟགས་མིན་གྱི་འགོག་པ་འཐོབ་ཀྱི་བརྟགས་འགོག་མ་ཡིན་པ་ཡང་ཡོད་ཏེ། གང་གི་ཚེ་མི་ལྕོགས་པ་མེད་པ་ལ་བརྟེན་ནས་མཐོང་བའི་ལམ་སྐྱེས་པ་དེའི་ཚེ་བསམ་གཏན་གྱི་ས་གཞན་ལ་བརྟེན་པའི་མཐོང་བའི་ལམ་མ་འོངས་པ་རྣམས་ཀྱི་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་འཐོབ་ཀྱི་བརྟགས་པའི་འགོག་པ་ནི་མ་ཡིན་ཏེ། ཟག་མེད་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་བརྟགས་མིན་ཐོབ་ཅེ་ན། ཇི་སྲིད་མི་ལྕོགས་པ་མེད་པ་ལ་བརྟེན་པའི་ལམ་དེ་མ་སྐྱེས་པ་དེ་སྲིད་དུ་བསམ་གཏན་གྱི་ས་གཞན་ལ་བརྟེན་པའི་མཐོང་ལམ་མ་འོངས་པ་རྣམས་ཀྱང་གང་ཟག་དེ་ལ་སྐྱེ་རུང་དུ་ཡོད་པ་ཡིན་ལ། གང་གི་ཚེ་དེ་སྐྱེས་པ་དེའི་ཚེ་དེ་དག་རྣམས་རྒྱུད་དེ་ལ་གཏན་མི་སྐྱེ་སྟེ་གང་ཟག་གཅིག་ལ་མཐོང་ལམ་ལན་གཉིས་སྐྱེ་བ་མི་སྲིད་པའི་ཕྱིར་རོ། །དེ་བས་ན་དེ་དག་གིས་དེའི་ཚེ་བརྟགས་མིན་ཐོབ་པ་ཡིན་ནོ། །

འགོག་པ་གཉིས་ཀ་ཐོབ་པ་ཡང་ཡོད་དེ། འདི་ལྟར་གང་གི་ཚེ་སྦྱོར་བའི་ལམ་རྩེ་མོ་དང་བཟོད་པ་སྐྱེས་པ་དེའི་དགེ་བའི་རྩ་བ་གཅོད་པའི་ལོག་ལྟ་དང་། ངན་སོང་བའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་གོ་རིམ་བཞིན་རྟགས་མིན་གྱི་འགོག་པ་ཐོབ་ལ། གང་གི་ཚེ་མཐོང་བའི་ལམ་སྐྱེས་པ་དེའི་ཚེ་དེ་དག་གཉིས་ཀའི་ས་བོན་བཅོམ་པས་བརྟགས་པའི་འགོག་པ་འཐོབ་པ་ཡིན་ནོ། །དེ་ལ་རྩེ་མོའི་ཡེ་ཤེས་སྐྱེས་པ་ན་དགེ་བའི་རྩ་བ་གཅོད་པའི་ལོག་ལྟའི་ས་བོན་མ་སྤངས་ཀྱང་རྒྱུད་དེ་ལ་གཏན་མི་སྐྱེ་བའི་ཆོས་ཅན་དུ་གྱུར་པས་བརྟགས་མིན་གྱི་འགོག་པ་ཐོབ་པ་ཡིན་ལ། ཚུལ་དེ་ནི་བཟོད་པ་སྐྱེས་པའི་ཚེ་ངན་སོང་བའི་ཕུང་པོའི་བརྟགས་མིན་ཐོབ་པ་ལ་ཡང་ལྟ་བར་བྱའོ། །འགོག་པ་གཉིས་ཀ་མི་ཐོབ་པ་ཡང་ཡོད་ཏེ། འདས་པ་དང་ད་ལྟར་བ་རྣམས་དང་ཟག་མེད་མ་འོངས་པ་སྐྱེ་བའི་ཆོས་ཅན་རྣམས་སོ། །བྱེ་བྲག་ཏུ་སྨྲ་བ་དག་ནི་འགོག་པ་འདི་གཉིས་ཀ་དག་ཀྱང་རྟག་པའི་རྫས་སུ་འདོད་ཅིང་ཁྱད་པར་དུ་སོ་སོར་བརྟགས་པའི་འགོག་པ་ནི་སྤང་བྱ་ཇི་སྙེད་ཡོད་པ་དེ་སྙེད་གྱི་གྲངས་དང་མཉམ་པའི་བྲལ་བའི་རྫས་སོ་སོ་དུ་མའི་རང་བཞིན་དུ་འདོད་ཏེ། ཇི་སྐད་དུ། སོ་སོར་བརྟགས་པའི་འགོག་པ་གང་། །བྲལ་བའོ་སོ་སོ་སོ་སོ་ཡིན། །སྐྱེ་ལ་གཏན་དུ་གེགས་བྱེད་པ། །འགོག་གཞན་སོ་སོར་བརྟགས་མིན་པའི། །ཞེས་བཤད་པ་ཡིན་ནོ། །ཡང་དེ་དག་ནི་དུས་གསུམ་གྱི་ཟག་པ་དང་བཅས་པའི་ངོ་བོས་ཐམས་ཅད་ཀྱིས་སོ་སོར་བརྟགས་པའི་འགོག་པ་ཐོབ་ལ། ཟག་མེད་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་བརྟགས་མིན་ཁོ་ན་ཐོབ་ལ། ཟག་མེད་འདས་ད་ལྟར་དང་། མ་འོངས་པ་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་ནི་འགོག་པ་གཉིས་ཀ་མི་ཐོབ། ཟག་པ་དང་བཅས་པ་མ་འོངས་པ་མི་སྐྱེ་བའི་ཆོས་ཅན་རྣམས་ཀྱིས་གཉིས་ཀ་ཐོབ་ལ་ཟག་བཅས་འདས་པ་དང་ད་ལྟ་བ་མ་འོངས་པ་སྐྱེ་བའི་ཆོས་ཅན་རྣམས་ཀྱིས། སོ་སོར་བརྟགས་པའི་འགོག་པ་ཁོ་ན་ཐོབ་པར་འདོད་པ་ཡིན་ནོ། །

མི་གཡོ་བ་ནི། དགེ་རྒྱས་བསམ་གཏན་གསུམ་པའི་འདོད་ཆགས་དང་བྲལ་ལ་དེའི་གོང་མ་བཞི་པའི་འདོད་ཆགས་དང་མ་བྲལ་བའི་གནས་སྐབས་ན་བདེ་བ་དང་སྡུག་བསྔལ་གྱི་ཚོར་བ་མ་ལུས་པ་འགོག་པའོ། །འདུ་ཤེས་དང་ཚོར་བ་འགོག་པ་ནི། ཅི་ཡང་མེད་པའི་ཞེས་པ་ལ་སོགས་པ་ནི་སྔར་ལྟར་བཤད་ཏེ། མདོར་ན་འགོག་པ་ལ་སྙོམས་པར་ཞུགས་པའི་ཚེ་ཚོགས་བདུན་འཁོར་དང་བཅས་པ་འགགས་པའི་མེད་དགག་ཉིད་འདིར་འདུས་མ་བྱས་སུ་བཟུང་བར་བྱའོ། །ཅིའི་ཕྱིར་འདི་དག་འདུས་མ་བྱས་སུ་བཞག་ཅེ་ན། སྤང་བྱ་ནི་གཉིས་ཏེ། ཉོན་མོངས་པ་དང་། དེའི་གནས་སུ་གྱུར་པའི་ཚོར་བའོ། །ཚོར་བ་དེ་ཡང་རྣམ་པ་གཉིས་ཏེ། འགྱུར་བ་བྱེད་པ་དང་། འགྱུར་བ་མི་བྱེད་པའོ། །དེ་དག་ནི་གོ་རིམ་བཞིན་དུ་བདེ་བ་དང་སྡུག་བསྔལ་དང་། སྡུག་བསྔལ་ཡང་མ་ཡིན། བདེ་བ་ཡང་མ་ཡིན་པའི་ཚོར་བའོ། །དེ་ལ་ཉོན་མོངས་པ་སྤོངས་བས་ནི་སོ་སོར་བརྟགས་པའི་འགོག་པ་རྣམ་པར་བཞག་གོ ། ཚོར་བ་རྣམ་པ་གཉིས་སྤོང་བས་ནི་གོ་རིམ་བཞིན་དུ་མི་གཡོ་བ་དང་། འདུ་ཤེས་དང་ཚོར་བ་འགོག་པ་རྣམ་པར་བཞག་གོ །དེ་ལ་ཉོན་མོངས་པ་སྤོང་བ་ནི། དེའི་ཕྱོགས་དང་མཐུན་པའི་གནས་ངན་ལེན་དང་། བྲལ་བའི་ཕྱིར་གནས་གྱུར་པའོ། །

ཚོར་བ་སྤོང་བ་ནི་དེའི་གཉེན་པོར་གྱུར་པ་སྙོམས་འཇུག་གི་སྒྲིབ་པ་དང་བྲལ་བའི་ཕྱིར་གནས་གྱུར་པའོ། །དེའི་ཕྱིར་བསམ་གཏན་དང་པོ་ན་སྡུག་བསྔལ་གྱི་ཚོར་བ་འགགས་ཀྱང་འགྱུར་བ་བྱེད་པའི་ཚོར་བ་མ་ལུས་པ་མ་འགགས་པས་དེའི་ཕྱིར་གནས་གྱུར་པར་མི་རུང་ལ། དེའི་ཕྱིར་འདུས་མ་བྱས་སུ་མ་བཞག་གོ །དེ་ལྟར་ན་ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ཅན་རྣམ་པ་ལྔ་ལ་སོགས་པ་རྣམ་པ་བཅུ་དྲུག་གི་བདག་ཉིད་ནི་ཆོས་ཀྱི་ཁམས་ཡིན་ནོ། །དེ་ལྟར་ཁམས་ཀྱི་རྣམ་བཞག་བཤད་ནས་དེའི་འོག་དུ་སྐྱེ་མཆེད་ཀྱི་རྣམ་བཞག་འཆད་པར་བཞེད་ནས་སྐྱེ་མཆེད་རྣམས་ཀྱི་རྣམ་པར་བཞག་པ་གང་ཞེ་ན་ཞེས་པ་ལས་གསུངས་ཏེ། དེ་དག་ནི་གོ་སླ་བར་ཟད་དོ། །

རྒྱས་པར་བཤད་པ་དེ་དག་གི་དོན་མདོར་བསྡུས་ཏེ། བསྟན་པར་བཞེད་ནས་གང་གི་ཕྱིར་ཕུང་པོ་ལས་དམིགས་ཀྱི་སྟོན་ནས་ཁམས་རྣམ་པར་བཞག་ལ་ཁམས་ལས་དམིགས་ཀྱིས་བཏོན་ནས་སྐྱེ་མཆེད་རྣམ་པར་འཇོག་པ་དེ་ཉིད་ཀྱི་ཕྱིར་ཕུང་པོ་ལ་སོགས་པ་རྣམས་ནི་ཆོས་གསུམ་དུ་འགྱུར་ཏེ་ཞེས་གསུངས་སོ། །དེ་ལ་གཟུགས་ཀྱི་ཕུང་པོ་ནི་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་བཅུ་བསྡུས་སོ། །ཆོས་ཀྱི་ཁམས་ཀྱི་ནི་ཚོར་བ་དང་། འདུ་ཤེས་དང་འདུ་བྱེད་ཀྱི་ཕུང་པོ་རྣམས་དང་ཆོས་ཀྱི་སྐྱེ་མཆེད་རྣམས་བསྡུས་སོ། །ཡིད་ཀྱི་སྐྱེ་མཆེད་ཀྱིས་ནི་རྣམ་པར་ཤེས་པའི་ཁམས་བདུན་བསྡུས་པས་དེའི་ཕྱིར་གསུམ་པོ་དེ་ཙམ་དུ་སྔར་རྣམ་པར་བཞག་པའི་ཆོས་ཐམས་ཅད་འདུ་བར་འགྱུར་རོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱིས་རྣམ་པར་བཞག་པ་རྒྱས་པར་བཤད་ནས་དེའི་འོག་དུ་ཞར་ལ་བྱུང་བ་ཅུང་ཟད་དཔྱད་པར་བྱའོ། །

དེ་ཡང་དབང་པོ་དང་ཁམས་ལ་མུ་བཞི་དཔྱད་པ་དང་། ཡུལ་དབང་རྟེན་གསུམ་གྱིས་ས་མཚུངས་དཔྱད་པ་དང་རྣམ་པ་གཉིས་ཀྱིས་ཤེས་པར་བྱའོ། །དང་པོའི་དབང་དུ་བྱས་ནས་མིག་ཅེས་ཀྱང་བྱ་ཞེས་པ་ལ་སོགས་པ་གསུངས་པ་ཡིན་ཏེ། དེ་ལ་དགྲ་བཅོམ་པ་ཐ་མ་ལ་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བར་འགྱུར་བའི་མིག་གང་ཡིན་པ་དེ་ནི་མིག་གི་ཁམས་མ་ཡིན་ཏེ། མིག་གཞན་གྱི་རྒྱུ་མི་བྱེད་པའི་ཕྱིར་རོ། །ཁམས་ཀྱི་དོན་ནི་འདིར་རྒྱུའི་དོན་དུ་བྱས་པ་ཡིན་ཏེ། གཞན་དུ་ན་དེ་ཡང་མིག་གི་རྣམ་པར་ཤེས་པའི་ཉེར་སྤྱོད་གནས་ཀྱི་སྒོ་ནས་འཛིན་པར་བྱེད་པའི་ཁམས་ནི་ཡིན་ནོ། །ཡང་ན་འདི་ལྟར་བཤད་དེ་དགྲ་བཅོམ་པ་རྣམས་ཕུང་པོ་ལྷག་མ་མེད་པའི་དབྱིངས་སུ་ཡོངས་སུ་མྱ་ངན་ལས་འདའ་བ་དེའི་ཚེ་ཐོག་མར་འཇིག་རྟེན་ལས་འདས་པའི་ལམ་ལ་སྙོམས་པར་འཇུག་གོ །དེའི་འོག་དུ་འགོག་པ་ལ་སྙོམས་པར་འཇུག་གོ །དེ་ནས་རིམ་གྱིས་ཚེའི་འདུ་བྱེད་བཏང་སྟེ་རྣམ་པར་སྨིན་པའི་རྣམ་ཤེས་ཀྱང་འགགས་ཏེ། ཆོས་ཀྱི་དབྱིངས་རྣམ་པར་དག་པ་འབའ་ཞིག་རང་བཞིན་དུ་འགྱུར་རོ་ཞེས་བཤད་པས། གང་གི་ཚེ་འཕགས་པའི་ལམ་ལ་སྙོམས་པར་འཇུག་པ་ནས་བཟུང་ནས་ཇི་སྲིད་ཚེའི་འདུ་བྱེད་མ་བཏང་གི་བར་གྱི་མིག་གི་དབང་པོའི་ནི་འདིར་བཟུང་བར་བྱ་བ་ཡིན་ལ། དེ་ནི་མིག་གི་རྣམ་པར་ཤེས་པའི་ཉེར་སྤྱོད་གནས་ཀྱི་སྒོ་ནས་ཀྱང་འཛིན་པར་བྱེད་པ་མ་ཡིན་པའི་ཕྱིར་མིག་གི་ཁམས་མ་ཡིན་ནོ། །སྒོ་ངའི་ནང་ན་འདུག་པ་ལ་སོགས་པ་ནས་གཟུགས་མེད་པར་སྐྱེས་པའི་མིག་རྒྱུ་ནི་གང་ལས་མི་འགྲུབ་པར་འགྱུར་བའི་ས་བོན་ཀུན་གཞི་ལ་ཡོད་པ་གང་ཡིན་པའོ། །དེ་ནི་གཟུགས་དང་བའི་རང་བཞིན་མ་ཡིན་པའི་ཕྱིར་མིག་མ་ཡིན་ལ། མིག་གཞན་གྱི་རྒྱུ་བྱེད་པའི་ཕྱིར་མིག་གི་ཁམས་ཡིན་ནོ། །དགྲ་བཅོམ་པ་ཐ་མ་དང་སྒོ་ངའི་ནང་ན་འདུག་པ་ལ་སོགས་པ་དེ་མ་ཡིན་པའི་གནས་སྐབས་གཞན་མིག་ཐོབ་པ་མ་ཉམས་པ་དག་ནི་གཉིས་ཀ་ཡིན་ནོ། །ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པ་ནི་འདུས་བྱས་ཀྱི་འཇུག་པ་ཐམས་ཅད་ཉེ་བར་ཞི་བའི་ཕྱིར་དང་། གཟུགས་མེད་པར་སྐྱེས་པའི་འཕགས་པ་ནི་སླར་འདོད་པ་དང་། གཟུགས་སུ་སྐྱེ་བ་མི་སྲིད་པས་དེའི་ཕྱིར་མིག་དང་མིག་གི་ཁམས་གཉིས་ཀ་མེད་པ་ཡིན་ནོ། །མིག་དང་མིག་གི་ཁམས་ལ་མུ་བཞི་དཔྱད་པ་དེ་བཞིན་དུ་རྣ་བ་ལ་སོགས་པ་རྣམས་ལ་ཚུལ་དེ་བཞིན་ཏེ། དེ་ཡང་གཞན་རྣམས་ལ་སྔ་མ་ཁོ་ན་ལྟར་ཡིན་ལ། ལུས་དང་ལུས་ཀྱི་ཁམས་ལ། ཅི་རིགས་སུ་སྦྱར་ཏེ། འདི་ལྟར། སྒོ་ངའི་ནང་ན་འདུག་པ་ལ་སོགས་པ་ནི་ལུས་ཀྱི་དབང་པོ་དངོས་ལྡན་པས་དེའི་ཕྱིར་གཟུགས་མེད་པའི་ཁམས་སུ་སྐྱེ་བའི་ལུས་ཀྱི་རྒྱུ་ཁོ་ན་ལུས་ཀྱི་ཁམས་ཡིན་ལ་ལུས་མ་ཡིན་པའི་མུར་སྦྱར་བའོ། །

འགོག་པ་ལ་སྙོམས་པར་ཞུགས་པའི་ཡིད་ཀྱི་ཁམས་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ཏེ། སྙོམས་འཇུག་ལས་ལངས་པ་ན་དེ་ལས་ཡིད་འབྱུང་བའི་ཕྱིར་རོ། །དེས་སེམས་དཔའ་འམ་དེ་མ་ཐག་པའི་རྟེན་མི་བྱེད་པས་ཡིད་དངོས་མ་ཡིན་ནོ། །དེ་མ་ཡིན་པ་ནི་དགྲ་བཅོམ་པ་དང་འགོག་པ་ལ་སྙོམས་པར་ཞུགས་པ་བོར་བ་རྣམས་སོ། །ཡུལ་དང་དབང་པོ་རྟེན་གསུམ་གྱིས་ས་མཚུངས་དཔྱད་པར་བཞེད་ནས། གང་དུ་བྱུང་ཞིང་སྐྱེས་པར་གྱུར་པ་ཞེས་སོགས་གསུངས་ཏེ། མིག་གིས་གཟུགས་མཐོང་བ་ན་རྟེན་དབང་པོ་ཡུལ་གསུམ་ཀ་ས་མཚུངས་སམ་ཞེ་ན། མཚུངས་པ་ཡང་ཡོད། མི་མཚུངས་པར་ཡང་ཡོད་དོ། །དང་པོའི་དབང་དུ་བྱས་ན་དེའི་ས་པའི་མིག་གིས་ཞེས་གསུངས་ཏེ། དེ་ཡང་འདི་ལྟར་རྟེན་འདོད་པའི་ཁམས་སུ་དང་པོར་བྱུང་ཞིང་རྒྱུན་གྱིས་སྐྱེས་པར་གྱུར་པ་ཞིག་འདོད་པ་ན་དཔྱོད་པའི་མིག་གིས་དེའི་ས་པའི་གཟུགས་ལ་ལྟ་ན་གསུམ་ཀ་ས་མཚུངས་པ་ཡིན་ནོ། །དེ་བཞིན་དུ་རྟེན་བསམ་གཏན་དང་པོ་ལ་སོགས་པ་དག་གིས་རང་གི་ས་པའི་མིག་གིས་རང་གི་ས་པའི་གཟུགས་ལ་ལྟ་ན་ཡང་ཐམས་ཅད་ས་མཚུངས་པ་ཡིན་ནོ། །མི་མཚུངས་པའི་དབང་དུ་བྱས་ནས་གཞན་གྱི་ས་པས་ཞེས་གསུངས་ཏེ། དེ་ཡང་འདི་ལྟར་རྟེན་འདོད་པ་ན་དཔྱོད་པས་གཟུགས་ན་སྤྱོད་པའི་བསམ་གཏན་དང་པོ་དང་གཉིས་པ་སོགས་ཀྱི་མིག་གིས་ས་བོན་འོག་མ་རྣམས་ཀྱི་གཟུགས་མཐོང་བ་ན་རྟེན་དང་མཚུངས་ཤིང་དབང་པོ་དང་མི་ཚུངས་པ་ཡིན་ནོ། །དེ་ལ་ཡང་གང་གི་ཚེ་བསམ་གཏན་བཞི་པའི་མིག་གིས་དེ་པའི་གཟུགས་ལ་ཡུལ་དབང་གཉིས་མཚུངས་པ་ཡིན་ནོ། །དེས་བསམ་གཏན་དང་པོ་གསུམ་ལ་ལྟ་ན་གསུམ་ཀ་མཚུངས་པ་མ་ཡིན་ནོ། །དེས་འདོད་པའི་གཟུགས་ལ་ལྟ་བ་ན་ཡུལ་དང་རྟེན་ས་མཚུངས་པ་ཡིན་ནོ། །

ས་འོག་མ་རྣམས་ཀྱིས་མིག་ནི་རགས་ལ་གོང་མ་རྣམས་ཀྱི་གཟུགས་ནི་ཕྲ་བའི་ཕྱིར་འོག་མའི་མིག་གི་གོང་མའི་གཟུགས་མཐོང་བ་མི་སྲིད་པ་ཡིན་ནོ། །དེ་ལ་ཟློག་པའི་ཕྱིར་གོང་མ་རྣམས་ཀྱི་མིག་གིས་ནི་འོག་མའི་གཟུགས་རྣམས་མཐོང་བ་ཡིན་ནོ། །མིག་གིས་གཟུགས་རྣམས་མཐོང་ཞིང་ལྟ་བ་ཇི་ལྟ་བ་དེ་བཞིན་རྣ་བས་ཡང་སྒྲ་ལ་ཡང་དེ་བཞིན་ལྟ་བར་བྱའོ། །ས་འོག་མའི་མིག་ནི་དམན་པའི་ཕྱིར་དང་། སྤངས་པའི་ཕྱིར་དང་། དགོས་པ་མེད་པའི་ཕྱིར་དང་། གོང་མའི་རྟེན་ལ་བསྐྱེད་པ་སྲིད་པ་མ་ཡིན་ནོ། །གོང་མའི་མིག་ནི་མཆོག་དུ་གྱུར་པའི་ཕྱིར་དང་། ས་དེ་པའི་ཏིང་ངེ་འཛིན་ཐོབ་པ་དག་གིས་སྒྲུབ་པ་ནུས་པའི་ཕྱིར་འོག་མའི་རྟེན་ལ་སྐྱེད་པར་བྱེད་པ་ཡིན་ནོ། །གོང་མའི་མིག་ནི་མཆོག་དུ་གྱུར་པའི་ཕྱིར་དང་། ས་དེ་པའི་ཏིང་ངེ་འཛིན་ཐོབ་པ་དག་གིས་སྒྲུབ་པ་ནུས་པའི་ཕྱིར་འོག་མའི་རྟེན་ལ་སྐྱེད་པར་བྱེད་པ་ཡིན་ནོ། །རྣ་བ་ལ་ཡང་ཚུལ་དེ་ལྟ་བར་བྱའོ། །མིག་གི་གཟུགས་མཐོང་བ་ལ་རྟེན་དང་དབང་པོ་དང་ཡུལ་གྱི་ས་མཚུངས་རྩི་བའི་ཚུལ་དེ་བཞིན་དུ་རྣ་བས་སྒྲ་ཐོས་པ་ལ་ཡང་ལྟ་བར་བྱའོ། །རྟེན་འདོད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ་རྣམས་ཀྱི་མིག་གིས་གཟུགས་མཐོང་བ་དང་རྣ་བས་སྒྲ་ཐོས་པ་ལ་ས་མཚུངས་རྩི་བའི་ཚུལ་ཇི་ལྟ་བ་བཞིན་དུ་རྟེན་གཟུགས་ཀྱི་ཁམས་སུ་བྱུང་ཞིང་སྐྱེས་པར་རྣམས་ཀྱི་མིག་དང་རྣ་བས་གཟུགས་དང་སྒྲ་ཐོས་པ་དང་མཐོང་པའི་ས་མཚུངས་ཀྱང་དེ་བཞིན་དུ་ལྟ་བར་བྱའོ། །རྟེན་འདོད་པ་ན་དཔྱོད་པའི་སྣ་ལྕེ་ལུས་གསུམ་གྱིས་ནི་དེའི་ས་པའི་དྲི་རོ་རེག་བྱ་དག་ཁོ་ན་ལ་ལོངས་སྤྱོད་གྱི་གཞན་གྱི་ས་པ་ལ་མ་ཡིན་ཏེ། འདི་དག་ཡུལ་དང་ཕྲད་ནས་འཛིན་པའི་ཕྱིར། རྟེན་གཟུགས་ན་སྤྱོད་པའི་ལུས་ཀྱིས་ཀྱང་དེའི་ས་པའི་རེག་བྱ་ཁོ་ན་ལ་རེག་གི་གཞན་ལ་མ་ཡིན་ཏེ་རྒྱུ་མཚུངས་སྔ་མ་ལྟར་རོ། །

གཟུགས་ཀྱི་ཁམས་དེ་ན་དྲི་དང་རེག་ན་རང་བཞིན་གྱིས་མེད་དེ། དེ་གཉིས་ཁམས་ཟས་ཀྱི་རང་བཞིན་ཡིན་པའི་ཕྱིར་དང་། དེར་སྐྱེས་པ་རྣམས་ཀྱང་ཁམས་ཀྱི་ཟས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་རོ། །ཡུལ་དྲི་རོ་གཉིས་མེད་པ་དེའི་ཕྱིར་ཡུལ་ཅན་སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་གཉིས་ཀྱང་མེད་དོ། །དགོས་པ་མེད་པའི་ཕྱིར་དབང་པོ་གཉིས་ཀྱང་མེད་པ་མ་ཡིན་ནམ། ཞེ་ན། མ་ཡིན་ཏེ་རྟེན་མཛེས་པར་བྱེད་པ་ལ་ཉེ་བར་འཁོ་བའི་ཕྱིར་དང་། སྲེད་པའི་དབང་གིས་འགྲུབ་པའི་ཕྱིར་རོ། །རྟེན་མཛེས་པའི་བྱ་བ་ནི་དབང་རྟེན་གྱིས་ཀྱང་འགྲུབ་པའི་ཕྱིར་དང་། ཡུལ་ལ་སྲེད་པ་དང་བཅས་པ་དག་ནི་དབང་པོ་ལ་ཡང་སྲེད་པར་འགྱུར་གྱི་གང་ཡུལ་རྣམས་ལ་འདོད་ཆགས་དང་བྲལ་བ་དེ་ནི་དབང་པོ་རྣམས་ལ་སྲེད་པ་མ་ཡིན་ཏེ། དགོས་པ་མེད་པའི་ཕྱིར་རོ། །དེའི་ཕྱིར་སྲེད་པའི་དབང་གིས་འགྲུབ་བོ་ཞེས་པའང་འཐད་པ་མ་ཡིན་ནོ་ཞེ་ན། དབང་པོ་རྣམས་ལ་ནི་སྒོ་གཉིས་ཀྱིས་སྲེད་པར་འགྱུར་ཏེ། ཡུལ་ལ་རྗེས་སུ་ཆགས་པ་དང་། ལུས་ལ་རྗེས་སུ་ཆགས་པའི་སྒོ་ནས་སོ། །གང་ཞིག་འདོད་པ་རྣམས་ལ་འདོད་ཆགས་དང་མ་བྲལ་བ་དེ་ནི་རྣམ་པ་གཉིས་ཀའི་སྒོ་ནས་དབང་པོ་རྣམས་ལ་སྲེད་པར་བྱེད་དོ། །གང་ཡང་འདོད་པ་རྣམས་ལ་འདོད་ཆགས་དང་བྲལ་ཞིང་གཟུགས་ལ་འདོད་ཆགས་དང་མ་བྲལ་བ་རྣམས་ནི་ལུས་ལ་རྗེས་སུ་ཆགས་པའི་སྒོ་ནས་དབང་པོ་རྣམས་ལ་སྲེད་པ་དང་བཅས་པ་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་རྣམས་ལས་མ་གཏོགས་པའི་རྗེས་སུ་ཆགས་པར་བྱ་བའི་ལུས་ལ་དམིགས་པའི་ཕྱིར་དང་། ལུས་ལ་ཆགས་པ་དང་མ་བྲལ་ན་ཡང་གཟུགས་ལ་ཆགས་པ་དང་མ་བྲལ་བར་འགལ་བའི་ཕྱིར་རོ། །དེའི་ཕྱིར་གཟུགས་མེད་པར་སྐྱེས་པའི་སེམས་ཅན་རྣམས་ནི་དབང་པོ་དང་བཅས་པའི་ལུས་ལ་འདོད་ཆགས་དང་བྲལ་བའི་ཕྱིར་དབང་པོ་རྣམས་མེད་པ་ཡིན་ལ། གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ནི་ལུས་ལ་རྗེས་སུ་ཆགས་པའི་སྒོ་ནས་དབང་པོ་རྣམས་ལ་སྲེད་པ་དང་བཅས་པས་དེའི་ཕྱིར། དེ་དག་ལ་དབང་པོ་རྣམས་ཚང་བར་ཡོད་ཅིང་དེ་ཡང་སྲེད་པའི་དབང་གིས་གྲུབ་པ་ཡིན་ནོ། །ཞེས་བྱ་བ་འདི་རིགས་པ་ཡིན་ནོ། །རྟེན་མཛེས་པར་ཡང་དབང་རྟེན་ཙམ་གྱིས་ནུས་པའི་ཕྱིར་རོ་ཞེས་པ་ཡང་མ་ཡིན་ཏེ། ཇི་ལྟར་དབང་པོ་དང་བཅས་པའི་དབང་རྟེན་གྱིས་རྟེན་མཛེས་པར་བྱེད་པ་ལྟར། དབང་པོ་མེད་པའི་དབང་རྟེན་གྱིས་ནི་མ་ཡིན་ཏེ། ཤི་བ་དང་མ་ཤི་བ་དག་ལ་རྟེན་མཛེས་པ་དང་མི་མཛེས་པའི་ཁྱད་པར་མེད་པར་ཐལ་བའི་ཕྱིར་རོ། །

དེ་བས་ན་གང་ཞིག་ལུས་ལ་རྗེས་སུ་ཆགས་པ་དང་ལྡན་པ་དེ་ནི་ལུས་མཛེས་པ་ལ་ལྷག་པར་ཡང་རྗེས་སུ་ཆགས་པ་ཡིན་ལ། དེའི་ཕྱིར་གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ལ་ལུས་མཛེས་པར་བྱ་བའི་ཕྱིར་ཡང་སྣ་ལྕེའི་དབང་པོ་རྣམས་འགྲུབ་བོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །རྟེན་འདོད་པའི་ཁམས་སུ་བྱུང་ཞིང་སྐྱེས་པར་གྱུར་པ་དག་གིས་དེའི་ས་པའི་ཡིད་ཀྱིས་རང་གི་ས་པ་རྣམས་དངོས་སུ་ཤེས་ཞིང་ཁམས་གོང་མ་གཉིས་དང་ཟག་པ་མེད་པའི་ཆོས་རྣམས་ཐོས་བསམ་གྱི་སྒོ་ནས་ཤེས་པས་དེའི་ཕྱིར། ཁམས་གསུམ་པ་ན་སྤྱོད་པ་རྣམས་དང་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །འདོད་པའི་ཁམས་སུ་སྐྱེས་པར་གྱུར་པ་ཇི་ལྟ་བ་དེ་བཞིན་དུ། རྟེན་གཟུགས་ཀྱི་ཁམས་སུ་སྐྱེས་པ་རྣམས་ཀྱིས་དེའི་ས་པའི་ཡིད་ཀྱིས། རང་གི་ས་པའི་ཆོས་རྣམས་མཉམ་པར་བཞག་པ་དང་མ་བཞག་པའི་སྒོ་ནས་དངོས་སུ་ཤེས་ཞིང་གོང་མ་དང་འོག་མ་དང་། ཟག་པ་མེད་པའི་ཆོས་རྣམས་ཐོས་བྱུང་གི་སྒོ་ནས་ཤེས་ཀྱི་བསམ་བྱུང་གིས་ནི་མ་ཡིན་ཏེ། དེར་སྐྱེས་པ་རྣམས་ཐོས་པའི་དོན་ལ་དཔྱོད་པ་ལ་ཞུགས་མ་ཐག་གོམས་པའི་དབང་གིས་ཏིང་ངེ་འཛིན་ལ་རང་གི་ངང་གིས་སྙོམས་པར་འཇུག་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་ཁམས་གསུམ་དང་ཟག་མེད་ཀྱི་ཆོས་རྣམས་ཤེས་པས་དེ་བཞིན་ནོ་ཞེས་སོ། །གཟུགས་མེད་པར་སྐྱེས་པའི་བྱིས་པ་རྣམས་ཀྱིས་ནི་རང་གི་ས་པ་ཁོ་ན་ཤེས་ཀྱི་གོང་འོག་དང་ཟག་མེད་ནི་མ་ཡིན་ཏེ། དེ་ན་ཐོས་བསམ་མེད་པའི་ཕྱིར་རོ། །དེར་སྐྱེས་པའི་འཕགས་པ་རྣམས་ཀྱིས་ནི་དེའི་ས་པའི་ཡིད་ཀྱིས་ཟག་པ་མེད་པའི་ཆོས་རྣམས་ཀྱང་རྗེས་སུ་ཐོབ་ཏུ་དྲན་པའི་རྣམ་པས་ཤེས་སོ། །དེའི་ཕྱིར་རང་གི་ས་པ་རྣམས་དང་ཟག་པ་མེད་པའི་ཆོས་རྣམས་ཀྱང་ཤེས་སོ། །ཞེས་སྨོས་སོ། །

འགྲེལ་པར་ཕྱི་རོལ་གྱི་སོ་སོ་སྐྱེ་བོ་རྣམས་ཀྱིས་ནི་རང་གི་ས་པ་རྣམས་ཉིད་རྣམ་པར་ཤེས་ཀྱི་ཆོས་འདི་པ་རྣམས་ནི་ལ་ལ་སྔོན་ཐོས་པས་ཡོངས་སུ་བསྒོས་པའི་དབང་གིས་ས་གོང་མ་ས་ལ་ཡང་དམིགས་ཏེ་བསྐྱེད་པའི་ཕྱིར་རོ། །ཞེས་བཤད་དོ། །ཟག་པ་མེད་པའི་ཡེ་ཤེས་ཀྱིས་ནི་རྗེས་ཐོབ་ཏུ་ཁམས་གསུམ་ན་སྤྱོད་པའི་ཆོས་རྣམས་སྒྱུ་མ་ལ་སོགས་པའི་ཚུལ་དུ་ཤེས་ཏེ། ཇི་སྐད་དུ་རྒྱན་ལས། དེས་ནི་ཁམས་གསུམ་འདུས་བྱས་རྣམས། །ཡང་དག་མ་ཡིན་ཀུན་རྟོག་པར། །ཡེ་ཤེས་ཤིན་ཏུ་རྣམ་དག་པ། །གཉིས་སུ་མེད་པའི་དོན་གྱིས་མཐོང་། །ཞེས་གསུངས་པ་ལྟར་རོ། །ཟག་པ་མེད་པའི་ཆོས་རྣམས་ནི་མཉམ་བཞག་དུ་སོ་སོར་རིག་པའི་ཚུལ་གྱིས་ཀྱང་ཤེས་ལ་རྗེས་ཐོབ་དག་པ་འཇིག་རྟེན་པའི་ཡེ་ཤེས་ཀྱིས་ཀྱང་ཤེས་སོ། །དེ་ལྟར་ན་དབང་པོ་གཟུགས་ཅན་ལྟར་ཡིད་ནི་ངེས་པ་མ་ཡིན་ཏེ། འོག་མའི་ཡིད་ཀྱིས་ཀྱང་གོང་མའི་ཆོས་རྣམས་ཤེས་ལ་གོང་མའི་རྟེན་ལ་ཡང་འོག་མའི་ཡིད་འབྱུང་བའི་ཕྱིར་རོ། །ཆོས་གསུམ་གྱི་རྣམ་པར་བཞག་པ་ཞར་ལ་འོངས་པ་དང་བཅས་ཏེ་རྒྱས་པར་བཤད་ཟིན་ཏོ། །

ད་ནི་དེ་དག་གི་གོ་རིམ་གྱི་རྒྱུ་མཚན་བསྟན་པར་བྱ་སྟེ་དེ་ཡང་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་ཀྱི་གོ་རིམ་རྣམ་པར་བཞག་པ་གསུམ་ལས། རེ་ཞིག་ཕུང་པོའི་གོ་རིམ་གྱི་དབང་དུ་བྱས་ནས་རྒྱུ་མཚན་ཅིའི་ཕྱིར་ཕུང་པོ་རྣམས་ཀྱི་གོ་རིམ་དེ་ལྟར་དུ་བླགས་ཏེ་བསྟན་ཞེ་ན། ཞེས་སྨོས་ཏེ། འདི་ཡང་རྣམ་ཤེས་གནས་པའི་གོ་རིམ་དང་རྟེན་དང་བརྟེན་པའི་གོ་རིམ་དང་། ཉོན་མོངས་དང་རྣམ་བྱང་གི་གོ་རིམ་གསུམ་གྱིས་ཤེས་པར་བྱའོ། །དང་པོ་ནི། རྣམ་པར་ཤེས་པའི་གནས་ཉིད་ཀྱི་ཕྱིར་ཕུང་པོ་རྣམས་གོ་རིམ་བཞིན་དུ་བླགས་ཏེ། གང་ལ་རྣམ་པར་ཤེས་པའི་གཟུགས་ལ་སོགས་པ་བཞི་པོ་ཇི་ལྟར་རགས་པའི་རིམ་པས་དང་པོར་བསྟན་ལ། གནས་པ་པོ་རྣམ་པར་ཤེས་པ་ནི་དེའི་འོག་དུ་བསྟན་ནོ། །

གཉིས་པ་ནི་གཟུགས་ལ་སོགས་པ་སྔ་མ་སྔ་མ་ནི་ཚོར་བ་ལ་སོགས་པ་ཕྱི་མ་ཕྱི་མ་རྣམས་ཀྱིས་རྟེན་ཡིན་པའི་ཕྱིར་ཡང་དེ། འདི་ལྟར་གཟུགས་ནི་ཚོར་བའི་རྟེན་ཡིན་ཏེ། བདེ་སོགས་སྐྱེ་བ་དང་རྗེས་སུ་མཐུན་པའི་ཡུལ་དང་དབང་པའི་གཟུགས་ཇི་ལྟ་བ་བཞིན་དུ་སིམ་གདུང་སོགས་མྱོང་བའི་ཚོར་བ་བདེ་སོགས་རྣམས་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཚོར་བ་ནི་འདུ་ཤེས་ཀྱི་རྟེན་ཡིན་ཏེ། ཇི་ལྟར་ཚོར་བས་སིམ་གདུང་སོགས་ཀྱི་རྣམ་པར་ཉམས་སུ་མྱོང་བར་བྱེད་པ་དེ་བཞིན་དུ་འདི་ནི་བདེ་བའི་གནས་སོ། །འདི་ནི་སྡུག་བསྔལ་གྱི་གནས་ཞེས་སོགས་སུ་ཐ་སྙད་འདོགས་པའི་ཕྱིར་རོ། །འདུ་ཤེས་ནི་འདུ་བྱེད་ཀྱི་རྟེན་ཡིན་ཏེ། ཇི་ལྟར་འདུ་ཤེས་ཀྱིས་བདེ་སོགས་འབྱུང་བའི་གནས་སུ་ཡོངས་སུ་བཅད་ཅིང་འདུ་ཤེས་བྱེད་པ་དེ་བཞིན་དུ་དེ་དང་དེ་ཐོབ་པ་དང་སྤང་བའི་དོན་དུ་སེམས་མངོན་པར་འདུ་བྱེད་ཅིང་གཡོ་བར་བྱེད་པའི་ཕྱིར་རོ། །སེམས་དཔའ་ཡང་རྣམ་པར་ཤེས་པའི་རྟེན་ཡིན་ཏེ། ཇི་ལྟར་སེམས་པས་སེམས་མངོན་པར་འདུ་བྱས་པ་དེ་ཁོ་ན་བཞིན་དུ་རྣམ་པར་ཤེས་པ་འཇུག་པར་བྱེད་པའི་ཕྱིར་ཏེ། འདི་ལྟར་སེམས་པས་སེམས་མངོན་པར་འདུ་བྱས་པའི་ཡུལ་དང་འགྲོ་བ་དེ་དང་དེར་རྣམ་པར་ཤེས་པ་ཉེ་བར་འགྲོ་བའི་ཕྱིར་རོ། །

གསུམ་པ་ནི་ཡང་ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། དད་སོགས་ཀྱིས་རྣམ་པར་བྱང་བར་འགྱུར་བའི་རིམ་པ་ལ་ལྟོས་ནས་གོ་རིམ་བཞིན་དུ་བླགས་ཏེ། འདི་ལྟར་གཞི་གང་དུ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་ནི་དབང་པོ་དང་བཅས་པའི་ལུས་ཏེ། དེའི་ཕྱིར་གཟུགས་ཀྱི་ཕུང་པོ་དང་པོར་བསྟན་ཏེ། བྱེད་པ་གང་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དབང་དུ་བྱས་ནས་ཚོར་བ་ལ་སོགས་པ་གསུམ་དེའི་འོག་དུ་བསྟན་ཏེ། མྱོང་བ་ཟང་ཟིང་དང་བཅས་པ་འམ། ཟང་ཟིང་མེད་པ་དང་། ཚུལ་བཞིན་དང་། ཚུལ་བཞིན་མ་ཡིན་པར་མཚན་མར་འཛིན་པ་དང་། མངོན་པར་འདུ་བྱེད་པ་དག་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་པའི་ཕྱིར་རོ། །གང་ཞིག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་རང་བཞིན་རྣམ་པར་ཤེས་པ་དེ། །སེམས་གནས་ངན་ལེན་དང་བཅས་པ་འམ། གནས་ངན་ལེན་མེད་པར་འབྱུང་བའི་ཕྱིར་རོ། །དེའི་ཕྱིར་རྣམ་པར་ཤེས་པའི་ཕུང་པོ་ཕྱིས་བསྟན་ནོ། །ཕུང་པོ་ལྔ་པོ་གོ་རིམ་དེ་ལྟར་དུ་བསྟན་པའི་རྒྱུ་མཚན་ནི་དེ་ལྟར་ལྟའོ། །

ཁམས་ཀྱི་གོ་རིམ་བསྟན་པར་བཞེད་ནས་ཅིའི་ཕྱིར་ཁམས་རྣམས་ཞེས་སོགས་སྨོས་ཏེ། ཁམས་རྣམས་ནི་འཇིག་རྟེན་གྱི་ཐ་སྙད་དང་རྗེས་སུ་མཐུན་པར་གོ་རིམ་དུ་བླགས་སོ། །འདི་ལྟར་འཇིག་རྟེན་ན་ཐོག་མ་ནས་ཕན་ཚུན་དུ་མིག་གིས་གཟུགས་རྣམས་ལ་ལྟ་བར་བྱེད་པས་དེའི་ཕྱིར་མིག་གིས་ཁམས་དང་པོར་བསྟན་ནོ། །ཕན་ཚུན་གཟུགས་ལ་ལྟ་བ་ལ་རྟེན་ནས་ཁམས་བདེ་བའམ་ཞེས་སོགས་ཀུན་དུ་སྨྲ་བར་བྱེད་ལ། སྨྲ་བའི་སྒྲ་ཉན་པ་ལ་ཡང་རྣ་བའི་དབང་པོ་འཇུག་པས་དེའི་འོག་དུ་རྣ་བའི་ཁམས་བསྟན་ཏེ། ཁམས་བདེའི་བྱ་བ་ཟིན་པ་དེའི་འོག་དུ་ལུས་དང་ཡན་ལག་བཀྲུ་བའི་ཁྲུས་དང་དྲི་བཟང་ཀྱིས་བྱུགས་པ་དང་དྲི་ཞིམ་པོའི་མེ་ཏོག་གི་ཕྲེང་བ་སོགས་ལ་སྣའི་དབང་པོས་ལོངས་སྤྱོད་པར་བྱེད་པས་དེའི་འོག་དུ་སྣའི་ཁམས་བསྟན་ཏེ། ལྟ་བ་ལ་སོགས་པའི་བྱ་བ་འཇུག་པའི་གནས་སྐབས་ཐམས་ཅད་དུ་རྣམ་པར་རྟོག་པ་ཅན་ཡིད་ཀྱི་ཁམས་ཡིན་པས་དེའི་འོག་དུ་ཡིད་ཀྱི་ཁམས་བསྟན་ནོ། །ནང་གི་ཁམས་རྣམས་ཀྱི་གོ་རིམ་རྒྱུ་མཚན་དུ་བྱས་ནས་གཟུགས་སོགས་ཕྱིའི་ཁམས་རྣམས་ཀྱི་གོ་རིམ་དེ་ལྟར་དུ་བླགས་ཏེ། དབང་པོའི་དབང་གིས་ཡུལ་འགྲུབ་པའི་ཕྱིར་རོ། །དབང་པོ་དང་ཡུལ་གྱི་ཁམས་རྣམས་ཀྱི་རྒྱུ་ལས་རྣམ་པར་ཤེས་པའི་ཁམས་རྣམས་འབྱུང་བས་དེའི་ཕྱིར་དེའི་འོག་དུ་རྣམ་པར་ཤེས་པའི་ཁམས་གོ་རིམ་བཞིན་དུ་བསྟན་པ་ཡིན་ནོ། །ཁམས་རྣམས་ཀྱི་གོ་རིམ་འཇིག་རྟེན་གྱི་ཐ་སྙད་དང་རྗེས་སུ་མཐུན་པར་བསྟན་པ་ཇི་བཞིན་དུ་སྐྱེ་མཆེད་རྣམས་ཀྱི་གོ་རིམ་ཀྱང་འཇིག་རྟེན་གྱི་ཐ་སྙད་དང་མཐུན་པར་བསྟན་པར་ཤེས་པར་བྱའོ། །གོ་རིམ་གྱི་དོན་བསྟན་ཟིན་ཏོ། །

ད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་སྒྲའི་དོན་བསྟན་པར་བྱའོ། །རེ་ཞིག་ཕུང་པོའི་དོན་བསྟན་པར་བཞེད་ནས་ཕུང་པོ་ཞེས་པའི་སྒྲའི་དོན་གང་ཞེ་ན་ཞེས་སྨོས་ཏེ། འདི་ལ་ཡང་གསུམ་ལས་ཕུང་པོའི་སྒྲ་སྤུངས་པའི་དོན་དུ་བསྟན་པ་ནི། གཟུགས་གང་ཡིན་པ་གཟུགས་ཀྱི་མཚན་ཉིད་ཅན་ཅི་ཡང་རུང་བ་འདི་ལྟ་སྟེ་དུས་ཀྱི་བྱེ་བྲག་གིས་འདས་པ་ལ་སོགས་པ་གསུམ་དང་། རྒྱུད་ཀྱི་བྱེ་བྲག་གིས་ནང་གི་དང་ཕྱིའི་སྟེ་གོ་རིམ་བཞིན་དུ་རང་རྒྱུད་དུ་གཏོགས་པ་དང་། དེ་ལས་གཞན་པའི་གཟུགས་སོ། །རྣམ་པའི་བྱེ་བྲག་གིས་རགས་པ་དང་ཕྲ་བ་སྟེ། གོ་རིམ་བཞིན་དུ། ཐོགས་པ་དང་བཅས་པ་དང་ཐོགས་པ་མེད་པའོ། །འགྲོ་བའི་བྱེ་བྲག་གིས་ནི་ངན་པ་དང་གྱ་ནོམ་པ་སྟེ་གོ་རིམ་བཞིན་དུ་ངན་འགྲོ་དང་བདེ་འགྲོའི་གཟུགས་སོ། །ཡུལ་གྱི་བྱེ་བྲག་གིས་ནི་རྒྱང་རིང་བ་དང་ཐག་ཉེ་བས་སྟེ་དེ་ཐམས་ཅད་གཟུགས་ཞེས་པ་གཅིག་ཏུ་བསྡུས་ཏེ། ཕྱོགས་གཅིག་ཏུ་བློས་སྤུངས་པའི་ཕྱིར་གཟུགས་ཀྱི་ཕུང་པོ་ཞེས་བྱ་སྟེ། འཇིག་རྟེན་ན་ནོར་དུ་མ་ཕྱོགས་གཅིག་ཏུ་སྤུངས་པ་ལ། ནོར་གྱི་ཕུང་པོ་ཞེས་བརྗོད་པ་བཞིན་ནོ། །རྣམ་པར་ཤེས་པའི་ཕུང་པོའི་བར་དུ་ཡང་དེ་བཞིན་དུ་ལྟ་བར་བྱ་བ་ཏེ་དེ་དག་གི་རགས་པ་དང་ཕྲ་བའི་གོ་རིམ་བཞིན་དུ་དབང་པོ་གཟུགས་ཅན་ལ་རྟེན་པ་དང་། ཡིད་ལ་བརྟེན་པའི་ཚོར་བ་ལ་སོགས་པ་གཟུང་ངོ་། །ཡང་ན་སྲེད་པ་བཅུ་གཅིག་གི་དམིགས་པའི་དབང་དུ་བྱས་ནས་གཟུགས་ལ་སོགས་པ་རྣམས་ཀྱི་འདས་པ་ལ་སོགས་པ་རྣམ་པར་རིག་པར་བྱའོ། །དེ་ཡང་འདི་ལྟར་ལྟས་པའི་སྲེད་པ་དང་། མངོན་པར་དགའ་བའི་སྲེད་པ་དང་། ལྷག་པར་ཆགས་པའི་སྲེད་པ་དང་། བདག་ལ་སྲེད་པ་དང་། ཡུལ་ལ་སྲེད་པ་དང་། འདོད་པ་ལ་སྲེད་པ་དང་། སྙོམས་པར་འཇུག་པ་ལ་སྲེད་པ་དང་། ཉེས་པར་སྤྱོད་པའི་སྡུག་བསྔལ་ལ་སྲེད་པ་དང་། ལེགས་པར་སྤྱད་པའི་དགེ་བ་ལ་སྲེད་པ་དང་། རིང་བ་ལས་སྲེད་པ་དང་། ཉེ་བ་ལ་སྲེད་པ་སྟེ། སྲེད་པ་འདི་དག་གི་དམིགས་པར་གོ་རིམ་བཞིན་དུ་འདས་པ་ལ་སོགས་པ་སྦྱར་བར་བྱའོ། །ཡང་རྣམ་གྲངས་གཞན་དུ་ན། བྱུང་བ་དང་། མ་བྱུང་བའི་བྱེ་བྲག་དང་། འཛིན་པ་དང་། བཟུང་བའི་བྱེ་བྲག་དང་། ཕྱི་རོལ་དུ་ལྟས་པ་དང་ནང་དུ་ལྟས་པའི་བྱེ་བྲག་དང་། ཉོན་མོངས་པ་ཅན་དང་། མ་ཡིན་པའི་བྱེ་བྲག་དང་། རིང་བ་དང་ཉེ་བའི་བྱེ་བྲག་དང་། འདས་པ་ལ་སོགས་པ་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱའོ། །དེ་ལ་བྱུང་བ་ནི་འདས་པ་དང་། ད་ལྟར་གྱིའོ། །མ་བྱུང་བ་ནི་མ་འོངས་པའོ། །འཛིན་པ་ནི་ནང་གིའོ། །བཟུང་པ་ནི་ཕྱིའོ། །ཕྱི་རོལ་དུ་བལྟས་པ་ནི་མཉམ་པར་མ་བཞག་པའི་ས་པའོ། །ནང་དུ་བལྟས་པ་ནི་མཉམ་པར་བཞག་པའི་ས་པའོ། །ལྷག་མ་རྣམས་ནི་གོ་སླ་བར་ཟད་དོ། །

གཉིས་པ་ཕུང་པོའི་སྒྲ་ཆེན་པོའི་དོན་དུ་བསྟན་པ་ནི་ཡང་གཟུགས་ལ་སོགས་པ་འདི་དག་ལས་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་གོང་ནས་གོང་དུ་ཤིན་ཏུ་འཕེལ་ཞིང་རྒྱས་པར་འགྱུར་བའི་ཕྱིར་དེ་དག་ལ་ཕུང་པོ་ཞེས་བྱ་སྟེ། ཇི་སྐད་དུ། མདོ་ལས་སྡུག་བསྔལ་གྱི་ཕུང་པོ་ཆེན་པོ་འདི་འབའ་ཞིག་འབྱུང་བར་འགྱུར་རོ་ཞེས་གསུངས་པ་ན་ཕུང་པོའི་སྒྲ་ཆེན་པོའི་དོན་ལ་སྦྱར་བ་ལྟ་བུའོ། །འཇིག་རྟེན་ན་ཡང་ཡལ་ག་དང་ལོ་འདབ་ཤིན་ཏུ་རྒྱས་པའི་ཤིང་ལྗོན་པ་དག་ལ་ཤིང་གི་ཕུང་པོ་ཆེན་པོ་ཞེས་གྲགས་པ་ལྟ་བུའོ། །གསུམ་པ་ཕུང་པོ་སྒྲ་ཕྲག་པའི་དོན་ཅན་དུ་བསྟན་པ་ནི་ཡང་གཟུགས་ལ་སོགས་པ་འདི་དག་ནི་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་གྱི་ཁུར་ཁྱེར་བའི་ཕྱིར། ཀན་དྷ་ཞེས་བྱ་སྟེ། འཇིག་རྟེན་ན་ཡང་། ལུས་ཀྱི་ཕྱོགས་གང་གིས་ཁུར་ཁྱེར་བར་བྱེད་པ་དེ་ལ། ཕྲག་པ་ཞེས་བརྗོད་པ་བཞིན་ནོ། །

གཉིས་པ་ཁམས་ཀྱི་དོན་བསྟན་པར་བཞེད་ནས། ཁམས་ཞེས་པའི་སྒྲའི་དོན་ཅི་ཞེ་ན། ཞེས་སྨོས་ཏེ། དེ་ལ་ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་ལ་ཁམས་ཀྱི་སྒྲ་སྦྱར་བ་ཡང་ཡོད་དེ། ཇི་སྐད་དུ་ཐོག་མ་མེད་པའི་དུས་ཀྱི་ཁམས། །ཞེས་པས་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་ཐམས་ཅད་པ་བསྟན་པ་ལྟ་བུའོ། །ཡང་ཁམས་ཀྱི་སྒྲ་རང་གི་མཚན་ཉིད་འཛིན་པའི་དོན་དུ་ཡང་འགྱུར་ཏེ། རྣམ་པར་ཤེས་པའི་ཁམས་དྲུག་ནི་ཉེར་སྤྱོད་ཀྱི་རང་གི་མཚན་ཉིད་འཛིན་པའི་ཕྱིར་ཁམས་ཡིན་པ་ལྟ་བུའོ། །རྒྱུ་དང་འབྲས་བུའི་དངོས་པོ་འཛིན་པའི་དོན་དུ་ཡང་འགྱུར་ཏེ། ཡུལ་དང་དབང་པོའི་ཁམས་རྣམས་སོ། །ཡང་ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པའི་དོན་ཡང་ཡིན་ཏེ། འདིར་བཤད་པའི་ཁམས་བཅོ་བརྒྱད་ཀྱིས་དོན་གཞན་ལས་བསྟན་པའི་ཁམས་ལ་སོགས་པ་ནི་ཇི་ལྟར་མཐུན་མཐུན་དུ་བསྡུས་པའི་ཕྱིར་རོ། །སྐྱེ་མཆེད་ཀྱི་དོན་ནི་གནས་དང་དམིགས་པའི་སྒོ་ནས་རྣམ་པར་ཤེས་པ་རྣམས་སྐྱེ་ཞིང་མཆེད་པའི་སྒོར་གྱུར་པའི་དོན་གྱིས་ན་སྐྱེ་མཆེད་ཅེས་བྱའོ། །ཡང་ཆོས་ཐམས་ཅད་ཀྱི་ས་བོན་གྱི་དོན་དང་། ཆོས་ཀྱི་རྣམ་པ་ཐམས་ཅད་བསྡུས་ནས་འཛིན་པའི་དོན་དུ་ཡང་འགྱུར་རོ། །ཞེས་འགྲེལ་པ་ལས་འཆད་དོ། །

ད་ནི་ཕུང་པོ་རྣམས་བདག་མེད་པར་མཚོན་བྱེད་ཀྱི་དཔེའི་དོན་འཆད་པ་ལ་རེ་ཞིག་མདོ་དགོད་པ་ནི། མདོ་ལས། དཔེར་ན་མིག་དང་ལྡན་པའི་སྐྱེས་བུས་ཆུའོ་འགའ་འགའ་དབུ་བ་བརྡོས་པ་བཞིན་དུ་མཐོང་བ་ན་དེས་དེ་ལ་ཚུལ་བཞིན་དུ་བརྟགས་པ་ན་མེད་པ་དང་གསོབ་དང་གསོག་དང་། སྙིང་པོ་མེད་པར་སྣང་བ་དེ་བཞིན་དུ་འཕགས་པ་ཉན་ཐོས་ཀྱིས་གཟུགས་ལ་ཚུལ་བཞིན་དུ་བརྟགས་པ་ན། དེ་མེད་པར་སྣང་ཞིང་སྙིང་པོ་མེད་པའི་བར་དུ་སྣང་ངོ་། །དེ་བཞིན་དུ་ཆུའི་ཆུ་བུར་བཀོད་ནས་ཚོར་བ་སོགས་ལ་བཤད་ཏེ། དེ་དག་གི་དོན་བསྡུས་པ་ནི་གཟུགས་ནི་དབུ་བ་བརྡོས་པ་ལྟ་བུའོ་ཞེས་པ་ལ་སོགས་པ་ཡིན་ནོ། །མདོའི་དོན་བཤད་པ་ནི་རྒྱུ་མཚན་ཅིའི་ཕྱིར། གཟུགས་དབུ་བ་བརྡོས་པ་ཞེས་པ་ལ་སོགས་པར་རིགས་པར་བྱ་ཞེ་ན་ཇི་ལྟར་དབུ་བ་བརྡོས་པ་ལ་སོགས་པ་ལ་ཚུལ་བཞིན་དུ་བརྟགས་པ་ན་མེད་པ་དང་གསོབ་དང་། གསོག་དང་སྙིང་པོ་མེད་པར་སྣང་བ་ལྟར། གཟུགས་ལ་སོགས་པ་དག་ལ་ཡང་ཤེས་རབ་ཀྱིས་ཚུལ་བཞིན་དུ་བརྟགས་པ་ན་སེམས་ཅན་བདག་མེད་ཀྱིས་མེད་པར་སྣང་བ་དང་། རུལ་བ་དང་ཉོན་མོངས་པ་ཇི་ལྟར་རིགས་པར་གཙང་བ་མེད་པ་ཉིད་ཀྱིས་གསོབ་ཏུ་སྣང་བ་དང་། མྱང་བར་བྱ་བའི་རོ་བོར་བ་ཆུང་བ་ཉིད་ཀྱིས་གསོག་དུ་སྣང་བ་དང་། རང་གི་ངོ་བོ་ཉིད་ཀྱིས་མི་བརྟན་ཅིང་རྟག་པའི་རྫས་ཀྱི་རྟེན་དང་བྲལ་བའི་ཕྱིར་སྙིང་པོ་མེད་པར་སྣང་བ་ཡིན་ནོ། །

དེ་ལྟར་ན་དབུ་བ་བརྡོས་པ་ལས་སོག་པའི་དཔེ་རེ་རེས་ཀྱང་ཕུང་པོ་ལྔ་ཀ་ཡང་བདག་མེད་པ་ལ་སོགས་པར་བསྟན་པ་ཡིན་ཏེ། དེ་ལྟར་ན་གཞུང་འདི་ལྟར་དུ་གདོན་པར་བྱ་སྟེ། གཟུགས་ནི་དབུ་བ་བརྡོས་པ་ལྟར་བདག་མེད་པ་ཉིད་དང་། མི་བརྟན་ཞིང་སྙིང་པོ་མེད་པའི་ཕྱིར་རོ། །དེ་བཞིན་དུ་དེས་ལྷག་མ་རྣམས་ལ་ཡང་སྦྱར་ཞིང་། ཚོར་བ་ལ་སོགས་པ་བཞི་ལ་ཡང་དེ་བཞིན་དུ་སྦྱར་ཏེ་བཤད་པར་བྱའོ། །ཡང་ན་གཟུགས་ནི་དབུ་བ་བརྡོས་པ་ལྟར་གཙང་བ་མེད་པ་ཉིད་དོ། །ཆུའི་ཆུ་བུར་ལྟར་བདེ་བའི་རོ་བྲོ་བ་ཆུང་བ་ཉིད་དོ། །ཉི་ཟེར་རླུང་གིས་བསྐྱོད་པའི་དམིགས་རྒྱུ་ལྟར་མི་བརྟན་པ་ཉིད་དོ། །ཆུ་ཤིང་ལྟར་སྙིང་པོ་མེད་པ་ཉིད་དོ། །སྒྱུ་མ་ལྟར་སེམས་ཅན་རྣམས་བདག་མེད་པ་ཉིད་དོ། །ཞེས་སྦྱར་ཞིང་། དེ་བཞིན་དུ་ཚོར་བ་ལ་སོགས་པ་གཞན་བཞི་ལ་ཡང་སྦྱར་རོ། །རྣམ་པ་གཅིག་ཏུ་ན། གཟུགས་ནི་དབུ་བ་རྡོས་པ་ལྟར་བཅིང་བ་མེད་པ་ཉིད་དོ། །ཚོར་བ་ནི་ཆུའི་ཆུ་བུར་ལྟར་རོ་བྲོ་བོ་ཆུང་བ་ཉིད་དོ། །འདུ་ཤེས་ནི་སྨིག་རྒྱུ་ལྟར་མི་བརྟན་པ་ཉིད་དོ། །འདུ་བྱེད་རྣམས་ནི་ཆུ་ཤིང་ལྟར་སྙིང་པོ་མེད་པ་ཉིད་དོ། །རྣམ་པར་ཤེས་པ་ནི་སྒྱུ་མ་ལྟར་བདག་མེད་པ་ཉིད་དོ་ཞེས་བཤད་པར་བྱའོ། །དེ་ལ་བཤད་པ་དང་པོ་ལྟར་དཔེ་རེ་རེ་ཡང་། ཕུང་པོ་ལྔ་ཀ་ལ་ཕྱིན་ཅི་ལོག་བཞི་ཀ་སེལ་བྱེད་དུ་འགྱུར་བ་ཡིན་ནོ། །

གཉིས་པ་ལྟར་ན་དེས་རེ་རེ་ཡང་ཕུང་པོ་ལྔ་ཀ་ལ་ཕྱིན་ཅི་ལོག་གི་རྣམ་པ་རེ་རེ་སེལ་བྱེད་དུ་འགྱུར་བ་ཡིན་ནོ། །གསུམ་པ་ལྟར་ན་དེས་རེ་རེ་ཕུང་པོ་རེ་རེ་ལ་ཕྱིན་ཅི་ལོག་གི་རྣམ་པ་ཡང་རེ་རེ་ཁོ་ན་སེལ་བྱེད་དུ་འགྱུར་བ་ཡིན་ནོ། །ཆོས་ཡང་དག་པར་སྡུད་པའི་མདོ་ལ་སོགས་པར་ཁམས་རྣམས་སྦྲུལ་གདུག་པ་ལྟ་བུ་དང་སྐྱེ་མཆེད་རྣམས་གྲོང་སྟོང་པ་ལྟ་བུར་སོ་སོར་རྟོག་ཅིང་སྒྲུབ་ཅེས་ཆོས་གཉིས་པོ་ལ་ཡང་དཔེ་བཀའ་སྩལ་ཏོ། །དེ་ལྟར་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་མཚན་ཉིད་ལ་སོགས་པ་རྒྱས་པར་བསྟན་ནས་སླར་ཡང་གདུལ་བྱ་རྣམས་ལ་ཤེས་རབ་སྐྱེད་པའི་ཕྱིར་དུ་དེ་དག་གི་རབ་དབྱེ་རྒྱ་ཆེན་པོ་བསྟན་པར་བཞེད་ནས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ཀྱི་རྣམ་པའི་རབ་ཏུ་དབྱེ་བ་གང་ཞེ་ན་ཞེས་དྲི་བར་མཛད་དོ། །འདི་ལ་བཞི་ཏེ། རྫས་ཡོད་སོགས་དྲུག་ཅུར་དབྱེ་བ་དང་། ཀུན་བརྟགས་སོགས་གསུམ་དུ་དབྱེ་བ་དང་། མཚན་ཉིད་སོགས་བཞིར་དབྱེ་བ་དང་། ཕྱི་ལྟས་སོགས་དྲུག་ཏུ་དབྱེ་བའོ། །དང་པོ་ལ་ཡང་སྡོམ་གྱིས་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པ་དང་། དེ་དང་ཚུལ་མཐུན་པའི་དབྱེ་བ་དཔག་ཏུ་མེད་པར་བསྟན་པ་དང་གསུམ་གྱིས་ཤེས་པར་བྱའོ། །

དང་པོ་ནི། རབ་དབྱེ་རྒྱ་ཆེན་པོ་འཆད་པར་གྱུར་པ་དེ་དག་གི་དོན་དང་ཚིག་གི་སྣ་ཕྱོགས་གཅིག་དུ་སྡོམ་ན་དུ་ཞིག་ཡོད་ཅེ་ན། ཤེས་པར་བྱ་བའི་དངོས་པོ་རྫས་ཡོད་སོགས་ནས་རྐྱེན་ལ་སོགས་པའི་བར་རྣམས་ཡིན་ལ། དེ་དག་རེ་རེ་ཡང་ཤེས་པར་བྱ་བའི་དོན་མཚན་ཉིད་དམ་རང་བཞིན་ཇི་ལྟར་རྣམ་པ་དུ་ཞིག་དགོས་པ་ཅིའི་ཕྱིར་ཞེས་པ་གསུམ་གསུམ་གྱིས་གཏན་ལ་འབེབས་པ་ཡིན་ནོ། །

གཉིས་པ་དེ་དག་རྒྱས་པར་བཤད་པ་ལ་བདུན་ཏེ། འདི་ལྟར། རྫས་ཡོད་སོགས་བཞི་དང་། ཤེས་བྱ་སོགས་གསུམ་དང་། གཟུགས་ཅན་སོགས་དྲུག་དང་། ཟག་བཅས་སོགས་བཅུ་གཉིས་དང་། བྱུང་སོགས་བརྒྱ་དང་། འདས་སོགས་བཅུ་དྲུག་དང་། རྐྱེན་སོགས་བཅུ་གཅིག་དུ་དབྱེ་བའོ། །དང་པོ་ནི་ཤེས་པར་བྱ་བའི་དངོས་པོ་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ཤེས་པར་བྱ་བའི་དོན་མཚན་ཉིད་ཇི་ལྟར། དངོས་པོའི་རྐང་གྲངས་དུ་ཞིག་དགོས་པ་ཅིའི་ཕྱིར་རྫས་སུ་ཡོད་པར་བརྟག་ཅེས་ཏེ། དང་པོ་གཉིས་ཀྱིས་ནི་མཚན་ཉིད་དང་། དབྱེ་བ་ལ་རྨོངས་པ་སྤོང་ལ། གསུམ་པས་ནི་བདག་དུ་སྒྲོ་འདོགས་པ་སྤོང་བར་བྱེད་དེ། ཚུལ་འདི་ནི་ཐམས་ཅད་ལ་ལྟ་བར་བྱའོ། །

དེ་ལ་རྫས་ཡོད་ཀྱི་མཚན་ཉིད་ནི་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་བརྗོད་པ་སྒྲ་ལ་ཡང་མི་ལྟོས་ཤིང་དེ་ལས་གཞན་པའི་ཆོས་འགའ་ཞིག་གི་རང་བཞིན་བློའི་ཡུལ་དུ་འཆར་བ་ལ་ཡང་ལྟོས་པ་མེད་པར་ཆོས་དེའི་རང་གི་ངོ་བོ་དབང་པོའི་ཤེས་པའམ། ཡིད་ཀྱི་ཤེས་པའི་ཡུལ་དུ་རང་དབང་དུ་འཆར་བ་གང་ཡིན་པ་དེ་ནི་འདིར་རྫས་ཡོད་ཅེས་བྱ་སྟེ། ཆོས་དེ་ནི་གཞན་ལ་མི་ལྟོས་པར་རང་སྐྱ་ཐུབ་པ་ཡིན་པའི་ཕྱིར་རོ། །ཡང་ཡིད་ཀྱི་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་བརྗོད་པ་མིང་ལ་མི་ལྟོས་ཤིང་མིང་བཀྲ་བར་མི་འཛིན་པར་དོན་གང་ཡིན་པ་འཛིན་པའོ། །དེ་ཡང་ཡིད་ཀྱི་དབང་པོ་སྦྱོར་བྱུང་སངས་རྒྱས་དང་བྱང་ཆུབ་སེམས་པའི་ཡེ་ཤེས་ཀྱི་སྤྱོད་ཡུལ་ཆོས་རྣམས་ཀྱི་བརྗོད་དུ་མེད་པའི་ཆོས་ཉིད་དོ། །ཅེས་དང་། སྡེ་པའི་གྲུབ་མཐའི་དབང་དུ་བྱས་པའི་རྫས་ཡོད་ནི་གང་གཟུང་བྱ་དེ་ལས་གཞན་པ་མི་ལྟོས་པར་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་གཟུགས་ལ་མི་ལྟོས་པར་སྒྲ་ལ་སྒྲའི་བློས་འབྱུང་བ་ལྟ་བུ་སྟེ། ཇི་ལྟར་བུམ་པ་ལ་སོགས་པ་ལ་གཟུགས་སོགས་རང་རང་གི་དབང་པོས་ཡུལ་བར་མ་ཆོད་པར་དམིགས་ནས་ཡིད་ཀྱི་ཤེས་པས་བརྟགས་ཏེ་བུམ་སོགས་ཀྱི་བློ་འབྱུང་བ་ལྟ་བུ་མ་ཡིན་པའོ། །ཞེས་དང་། མཚན་ཉིད་གཉིས་པོ་འདི་ལས་དང་པོ་ནི་དོན་དམ་པའི་རྫས་སུ་ཡོད་པའི་མཚན་ཉིད་དེ། ཕྱི་མ་ནི་མི་ལྟོས་པའི་རྫས་ཡོད་དོ་ཞེས་ཡེ་ཤེས་བཤེས་གཉེན་འཆད་དོ། །

དེས་ནི་ཚོར་བ་དང་འདུ་ཤེས་དང་རྣམ་པར་ཤེས་པའི་ཕུང་པོ་དང་། དབྱིབས་དང་། རྣམ་པར་རིག་བྱེད་མ་ཡིན་པ་དང་བསྡུས་པ་ལས་གྱུར་པ་དང་། མངོན་སྐབས་ཡོད་པ་མ་གཏོགས་པའི་གཟུགས་ཀྱི་ཕུང་པོ་དང་། ལྡན་མིན་དང་། སེམས་བྱུང་བཏགས་ཡོད་རྣམས་མ་གཏོགས་པའི་འདུ་བྱེད་ཀྱི་ཕུང་པོ་རྣམས་རྫས་སུ་ཡོད་པ་ཡིན་ལ། དེ་དག་གི་རང་བཞིན་དུ་གྱུར་པའི་ཁམས་དང་སྐྱེ་མཆེད་དེ་དང་དེ་ཡང་རྫས་སུ་ཡོད་པས་དེའི་ཕྱིར་རིགས་པ་བསམས་ནས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་རྫས་སུ་ཡོད་པའོ་ཞེས་སྨོས་ཀྱི་རྫས་ལ་ནི་མ་ཡིན་ནོ། །དེ་ལྟར་རྫས་ཡོད་ཀྱི་མཚན་ཉིད་དང་དངོས་པོའི་རྐང་གྲངས་རྣམ་པར་དཔྱད་པའི་དགོས་པ་ནི། མཚན་ཉིད་དེ་ལྟ་བུ་དང་ལྡན་པའི་རྫས་སུ་ཡོད་པའི་དངོས་པོ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས་ཙམ་དུ་ཤེས་པ་ན་གང་དག་ཕུང་པོ་སོགས་ལ་མ་གཏོགས་བདག་རྫས་སུ་ཡོད་པར་མངོན་པར་ཞེན་པ་དེ་དག་སྤོང་བར་འགྱུར་བས་དེའི་ཕྱིར་རྫས་སུ་གྲུབ་པའི་མཚན་ཉིད་སོགས་བརྟག་ཅིང་དཔྱད་པར་བྱ་བ་ཡིན་ནོ། །བཏགས་པར་ཡོད་པའི་མཚན་ཉིད་ནི། ཆོས་གང་དབང་པོའི་སྤྱོད་ཡུལ་དུ་འགྱུར་བ་བརྗོད་པ་མིང་གི་ཐ་སྙད་བཀྲ་བར་འཛིན་པ་ལ་ལྟོས་པ་དང་བཅས་པ་དང་། དེ་ལས་གཞན་པའི་ཆོས་ཀྱི་རང་བཞིན་བློའི་ཡུལ་དུ་འཆར་བ་ལ་ལྟོས་པ་དང་བཅས་པ་གང་ཡིན་པ་དེ་ནི་བཏགས་པར་ཡོད་པ་ཡིན་ཏེ། དེ་དག་ནི་རྫས་གཞན་ལ་ལྟོས་པ་དང་བཅས་པས་རང་གི་རྒྱུད་ལོགས་སུ་གྲུབ་པ་མེད་པའི་ཕྱིར་རོ། །དེ་ལ་དབྱིབས་རྣམས་ནི་བརྗོད་པ་ལ་ལྟོས་པ་མ་ཡིན་ཏེ་དབང་པོའི་སྤྱོད་ཡུལ་མིན་པའི་ཕྱིར་རོ། །དེ་ལས་གཞན་པ་ལ་ལྟོས་པ་དང་བཅས་པ་ཁོ་ན་ཡིན་ཏེ། ཁ་དོག་རྡུལ་རྣམས་མ་བཟུང་བར་དབྱིབས་ཀྱི་བློ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་གང་ཞིག་རང་གི་རྒྱུད་ལོགས་སུ་གྲུབ་པ་དེ་ནི་རྫས་སུ་ཡོད་པ་ཡིན་ལ། དེ་ལྟར་མ་ཡིན་པར་གཞན་ལ་ལྟོས་པ་དང་བཅས་པ་ནི་བཏགས་པར་ཡོད་པ་ཡིན་ནོ། །དངོས་པོ་ནི་བརྗོད་པ་དང་དེ་ལས་གཞན་པ་ལ་ལྟོས་པ་དང་བཅས་པ་ཆོས་གཟུགས་ཀྱི་ཕུང་པོས་བསྡུས་པ་ཡང་ཡོད། དེ་བཞིན་དུ་ཕུང་པོ་ཁམས་དང་སྐྱེ་མཆེད་གཞན་གྱིས་བསྡུས་པ་ཡང་ཡོད་པས་དེའི་ཕྱིར་ཐམས་ཅད་ཀྱང་བཏགས་པས་ཡོད་པའོ། །

དགོས་པ་ནི་ཕུང་པོ་ལས་མ་གཏོགས་པའི་བདག་བཏགས་པ་ཙམ་དུ་ཡང་ཡོད་པར་མངོན་པར་ཞེན་པ་སྤོང་སྟེ། བཏགས་ཡོད་ཀྱི་མཚན་ཉིད་དང་ལྡན་པའི་དངོས་པོ་ནི་ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས་ཙམ་དུ་ཤེས་པའི་ཕྱིར་རོ། །ཀུན་རྫོབ་དང་དོན་དམ་པའི་རྣམ་བཞག་ལ། སྡེ་པ་དག་ནི། མཛོད་ལས། གང་ལ་བཅོམ་དང་བློའི་གཞན། །བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་གཞན་ནོ། །ཞེས་བཤད་པ་ལྟར། གཟུགས་དང་ཚོར་བ་ལ་སོགས་པ་ལྟ་བུ་གཞན་ལ་མ་ལྟོས་པར་རང་དབང་དུ་བློའི་ཡུལ་དུ་འཆར་བ་གང་ཡིན་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ལ་བུམ་པ་དང་ཆུ་ཀླུང་དང་ཤིང་རྟ་དང་གྲོང་ཁྱེར་ལ་སོགས་པ་ལྟ་བུ་ནི་ཚོགས་པ་གཞན་ལ་མ་ལྟོས་པར་རང་དབང་དུ་བློ་ལ་མི་འཆར་བའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་ཁོ་ན་ཡིན་ནོ་ཞེས་བྱ་བར་འདོད་དོ། །དེ་ལ་བྱེ་བྲག་དུ་སྨྲ་བ་རྣམས་ཀྱིས་དོན་དམ་པར་ཡོད་པར་འདོད་པའི་ཆོས་འགའ་ཞིག་མདོ་སྡེ་པ་གང་དག་བཏགས་པར་ཡོད་པ་ཙམ་དུ་འདོད་པས། དངོས་པོའི་རྐང་གྲངས་ལ་མི་མཐུན་པ་ཙམ་དུ་ཟད་ཀྱི་མཚན་ཉིད་ལ་མི་མཐུན་པ་མེད་དོ། དེ་ལྟར་ན་དོན་དམ་དང་། རྫས་ཡོད་ཏེ། ཀུན་རྫོབ་དང་བཏགས་ཡོད་དོན་གཅིག་པར་འདོད་པ་ཡིན་ནོ། །དེའི་ཕྱིར་འདིར་བཤད་པའི་རྫས་ཡོད་དང་། བཏགས་ཡོད་ཀྱི་མཚན་ཉིད་དེ་དག་ནི་སྡེ་པ་རྣམས་ཀྱི་བདེན་གཉིས་ཀྱི་མཚན་ཉིད་དང་མཐུན་པ་ཡིན་ནོ། །རིགས་པའི་དབང་ཕྱུག་ནི། གང་ཞིག་རིགས་པས་དཔྱད་བཟོད་པ་དེ་ནི་རྫས་སུ་ཡོད་པ་དང་། དོན་དམ་པར་ཡོད་པར་བཞེད་ལ། དེ་ལས་ཟློག་པ་ནི། ཀུན་རྫོབ་ཏུ་ཡོད་པ་དང་བཏགས་པར་ཡོད་པར་བཞེད་དེ། ཇི་སྐད་དུ་རྣམ་འགྲེལ་ལས། དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྗོབ་ཡོད་པའོ། །ཞེས་བཤད་པ་ཡིན་ནོ། །དབུ་མ་པ་རྣམས་ནི་བྱིས་པའི་བློའི་ཡུལ་གང་ཡིན་པ་ནི་ཀུན་རྫོབ་དང་། འཕགས་པའི་ཡེ་ཤེས་ཀྱིས་ཡུལ་གང་ཡིན་པ་ནི་དོན་དམ་དུ་རྣམ་པར་འཇོག་སྟེ། ཇི་སྐད་དུ། འཇུག་པ་ལས། དངོས་ཀུན་ཡང་དག་རྫུན་པ་མཐོང་བ་ཡི། དངོས་རྙེད་ངོ་བོ་གཉིས་ནི་འཛིན་པར་འགྱུར། །ཡང་དག་མཐོང་ཡུལ་གང་ཡིན་དོན་དམ་སྟེ། །མཐོང་བ་རྫུན་པ་ཀུན་རྫོབ་བདེན་པར་འདོད། །ཅེས་གསུངས་པ་ཡིན་ནོ། །ཚུལ་འདི་བདེ་བླག་ཏུ་རྟོགས་པར་འདོད་ན་ཁོ་བོས་ཡི་གེ་ལོགས་སུ་བཀོད་པ་ཡོད་པས་དེ་ཉིད་དུ་ལྟ་བར་བྱའོ། །

འདིར་ནི་གང་ལ་དམིགས་ནས་འདོད་ཆགས་ལ་སོགས་པ་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བའི་དམིགས་པ་གང་ཡིན་པ་དེ་ནི་ཀུན་རྫོབ་ཅེས་བྱ་སྟེ། དེ་དག་གིས་གནས་ལུགས་མཐོང་པ་ལ་སྒྲིབ་པའི་ཕྱིར་རོ། །དེ་ལྟར་ན་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་འདོད་ཆགས་ལ་སོགས་པའི་དམིགས་པར་འགྱུར་བས་དེའི་ཕྱིར་ཀུན་རྫོབ་ཏུ་ཡོད་པ་ཡིན་ནོ། །གང་ལས་ཀུན་ནས་ཉོན་མོངས་པ་རྣམས་འཕེལ་བར་འགྱུར་བའི་དམིགས་པ་ཕུང་པོ་ལ་སོགས་པ་ཆོས་ཙམ་དུ་ཤེས་པ་ན་བདག་ཆགས་སོགས་ཀུན་ནས་ཉོན་མོངས་པ་འཕེལ་བར་འགྱུར་བའི་རྒྱུར་མངོན་པར་ཞེན་པ་སྤོང་བ་ཡིན་ནོ། །གང་ལ་དམིགས་ཏེ་སྒོམ་པས་ཀུན་ནས་ཉོན་མོངས་པ་རྣམས་རྣམ་པར་དག་པར་འགྱུར་བའི་དམིགས་པ་དེ་ནི་དོན་དམ་པར་ཡོད་པ་ཡིན་ཏེ། འཕགས་པའི་ཡེ་ཤེས་དམ་པའི་སྤྱོད་ཡུལ་ཡིན་པའི་ཕྱིར་རོ། །དེ་ལྟར་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་བདག་མེད་པ་གཉིས་ཀྱི་རྣམ་པར། ཡང་ན་དེ་དག་ཀུན་བདེན་པ་བཞིར་བསྡུས་ཏེ་མི་རྟག་པ་ལ་སོགས་པ་བཅུ་དྲུག་གི་རྣམ་པར་དམིགས་ཏེ་བསྒོམས་པས་ཀུན་ནས་ཉོན་མོངས་པ་རྣམས་རྣམ་པར་དག་པར་འགྱུར་བས་དེའི་ཕྱིར་ཐམས་ཅད་ཀྱང་དོན་དམ་པར་ཡོད་པ་ཡིན་ནོ། །འགྲེལ་པར་ཆོས་ཐམས་ཅད་དེ་བཞིན་ཉིད་ལས། གཞན་མ་ཡིན་པའི་ཕྱིར་རོ་ཞེས་འཆད་དོ། །རྣམ་པར་དག་པར་འགྱུར་བའི་དམིགས་པ་ཆོས་ཙམ་དུ་ཤེས་པས་བདག་རྣམ་པར་དག་པའི་རྒྱུར་མངོན་པར་ཞེན་པ་སྤོང་བ་ཡིན་ནོ། །དེ་ལྟ་ན་ཀུན་རྫོབ་དང་དོན་དམ་པ་ཞེས་བྱ་བར་རང་རྒྱུད་དུ་སོ་སོར་གྲུབ་པ་ནི་མེད་ཀྱི་འོན་ཀྱང་། ཕུང་པོ་དང་ཁམས་དང་སྐྱེ་མཆེད་དུ་གཏོགས་པའི་ཆོས་འདི་རྣམས་ལ་བྱིས་པ་རྣམས་ཀྱིས་གཙང་བ་དང་བདེ་བ་ལ་སོགས་ཀུན་ནས་ཉོན་མོངས་པ་འཕེལ་བ་དང་རྗེས་སུ་མཐུན་པའི་ཕྱིན་ཅི་ལོག་གི་རྣམ་པར་སྒྲོ་བཏགས་པ་ན་དེ་ཐམས་ཅད་ཀྱང་གནས་ལུགས་ལ་སྒྲིབ་བྱེད་དུ་གྱུར་པའི་ཀུན་རྫོབ་ཏུ་རྣམ་པར་འཇོག་གོ །གང་གི་ཚེ་ཕུང་པོ་ལ་སོགས་པ་དེ་དག་མི་རྟག་པ་ལ་སོགས་པའམ། གཟུང་དང་འཛིན་པ་གཉིས་ཀྱི་སྟོང་པར་ཡོངས་སུ་གཅོད་པ་དེའི་ཚེ་དེ་དག་ཐམས་ཅད་ཀྱང་རྣམ་པར་དག་པ་དང་རྗེས་སུ་མཐུན་ཞིང་ཡེ་ཤེས་དམ་པའི་སྤྱོད་ཡུལ་དུ་གྱུར་པས་དོན་དམ་པར་རྣམ་པར་འཇོག་གོ །དེའི་ཕྱིར་རྟག་བདེ་བདག་ལ་སོགས་པ་ཕྱིན་ཅི་ལོག་གི་རྣམ་པས་ཁྱད་པར་དུ་བྱས་པའི་ཕུང་པོ་ལ་སོགས་པ་རྣམས་ནི་ཀུན་ནས་ཉོན་མོངས་པ་འཕེལ་བ་དང་རྗེས་སུ་མཐུན་པ་དང་། གནས་ལུགས་ལ་མ་ཞུགས་པས་ཀུན་རྫོབ་ཡིན་ལ། མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་རྣམ་པས་ཁྱད་པར་དུ་བྱས་པའི་ཕུང་པོ་ལ་སོགས་པ་ནི་ཀུན་ནས་ཉོན་མོངས་པ་རྣམ་པར་དག་པ་དང་རྗེས་སུ་མཐུན་པ་དང་། གནས་ལུགས་ལ་རྗེས་སུ་ཞུགས་པའི་ཕྱིར་དོན་དམ་པ་ཡིན་ནོ། །ཞེས་བྱ་བ་ནི་གཞུང་གི་དོན་ལ་ཞུགས་པར་སྣང་ངོ་། །

འདིར་རྫས་སུ་ཡོད་པ་གང་ཡིན་པ་དེ་དོན་དམ་པར་ཡོད་དམ། དོན་དམ་པར་ཡོད་པ་གང་ཡིན་པ་དེ་ཡང་རྫས་སུ་ཡོད་པ་ཡིན་ནམ། ཞེ་ན། རྫས་སུ་ཡོད་པ་ཡིན་ལ་དོན་དམ་པར་ཡོད་པ་མ་ཡིན་པ་ཡོད་དེ། གཟུགས་སྒྲ་ལ་སོགས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་རྫས་ཡོད། གཙང་བདེ་ལ་སོགས་པ་ཕྱིན་ཅི་ལོག་གི་རྣམ་པས་ཁྱད་པར་དུ་བྱས་པ་རྣམས་སོ། །དོན་དམ་པ་ཡིན་ལ་རྫས་ཡོད་མ་ཡིན་མ་ཡིན་པ་ཡང་ཡོད་དེ། མི་རྟག་པ་ལ་སོགས་པ་བདེན་པའི་རྣམ་པ་རྣམས་དང་། དེ་བཞིན་ཉིད་རྣམ་པ་གསུམ་ལ་སོགས་པའོ། །གཉིས་ཀ་ཡིན་པ་ཡང་ཡོད་དེ། མི་རྟག་པ་ལ་སོགས་པ་ཕྱིན་ཅི་མ་ལོག་པའི་རྣམ་པས་ཁྱད་པར་དུ་བྱས་པའི་གཟུགས་ལ་སོགས་པ་རྫས་ཡོད་རྣམས་སོ། །གཉིས་ཀ་མ་ཡིན་པའང་ཡོད་དེ་ནམ་མཁའ་དང་སོ་སོར་བརྟགས་པ་མ་ཡིན་པའི་འགོག་པ་ལ་སོགས་པའོ། །ཡང་བཏགས་པར་ཡོད་པ་གང་ཡིན་པ་དེ་ཀུན་རྫོབ་ཏུ་ཡོད་པ་ཡང་ཡིན་ནམ་ཞེ་ན། བཏགས་པར་ཡོད་ལ་ཀུན་རྫོབ་ཏུ་ཡོད་པ་མ་ཡིན་པ་ཡང་ཡོད་དེ། སྔར་གྱི་མུ་གསུམ་པ་གང་ཡིན་པའོ། །ཡང་རྫས་ཡོད་གང་ཡིན་པ་དེ་ཉིད་ཀུན་རྫོབ་ཏུ་ཡོད་དམ་ཞེ་ན་ཡང་མུ་བཞི་སྟེ། དང་པོའི་མུ་གསུམ་པ་གང་ཡིན་པ་དེ་ནི་འདིར་མུ་གསུམ་པར་འགྱུར་རོ། །དང་པོའི་མུ་གཉིས་པ་གང་ཡིན་པ་ནི་འདིར་མུ་བཞི་པར་འགྱུར་རོ། །ཡང་བཏགས་ཡོད་གང་ཡིན་པ། དེ་དོན་དམ་ཡིན་ནམ་ཞེ་ན་ཡང་མུ་བཞི་སྟེ། དང་པོའི་བཞི་པ་ནི་འདིར་དང་པོ་ཡིན་ནོ། །དང་པོའི་གསུམ་པ་ནི་འདིར་གཉིས་ཡིན་ནོ། །དང་པོའི་གཉིས་པ་ནི་འདིར་གསུམ་པ་ཡིན་ནོ། །དང་པའི་དང་པོ་འདིར་བཞི་པ་ཡིན་ནོ། །

ད་ནི་ཤེས་བྱ་ལ་སོགས་པ་གསུམ་གྱི་རང་བཞིན་བཤད་པ་སྟེ། དེ་ལ་ཡང་རེ་ཞིག་ཤེས་བྱའི་དབང་དུ་བྱས་ནས་ཇི་ལྟར་ཤེས་པར་བྱ་བ་ཡིན་ཞེས་སོགས་གསུངས་ཏེ། དེ་ལ་ཡང་གཞི་ལྔའི་རང་བཞིན་དང་། ཤེས་བྱེད་ཀྱི་དབྱེ་བས་བཤད་པ་གཉིས་ལས། དང་པོ་ནི། ཐར་པ་འདོད་པ་རྣམས་ཀྱིས་ཤེས་པར་བྱ་བའི་ཆོས་ནི་རྣམ་པ་ལྔ་སྟེ། འདི་ལྟར་གཟུགས་ལ་སོགས་པའོ། །ཅིའི་ཕྱིར་འདི་དག་ཐམས་ཅད་ཤེས་པར་བྱ་བའི་ཡིན་ཞེ་ན། གཞི་གང་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དབང་དུ་བྱས་ནས་གཟུགས་ནི་ཤེས་པར་བྱ་བ་ཡིན་ཏེ། གང་ན་དམིགས་པ་ལ་སོགས་པ་དབང་པོ་དང་བཅས་པའི་ལུས་དམིགས་པ་ན་འགའ་ཞིག་ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་པ་དང་། དད་སོགས་ཀྱིས་དམིགས་པར་བྱ་བར་དམིགས་པའི་ཕྱིར་རོ། །དངོས་པོ་གང་ཞིག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དབང་དུ་བྱས་ནས་སེམས་ཉིད་ཤེས་པར་བྱ་བ་ཡིན་ཏེ། སེམས་རངབཞིན་གྱིས་རྣམ་པར་དག་པ་དེ་ཉིད་གང་གི་ཚེ་ཆགས་སོགས་དང་འགྲོགས་པ་དེའི་ཚེ་ཀུན་ནས་ཉོན་མོངས་སོ་ཅེས་པ་དང་དད་སོགས་དང་འགྲོགས་པ་དེའི་ཚེ་རྣམ་པར་བྱང་ངོ་ཞེས་པའི་ཐ་སྙད་འདོགས་ཀྱི་སེམས་ལས་མ་གཏོགས་པའི་ཀུན་ནས་ཉོན་མོངས་པ་འམ། རྣམ་པར་བྱང་བར་འགྱུར་བའི་ཆོས་གཞན་འགའ་ཡང་མེད་པའི་ཕྱིར་རོ། །བྱེད་པ་གང་གིས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བ་དེའི་དབང་དུ་བྱས་ནས་སེམས་ལས་བྱུང་བའི་ཆོས་རྣམས་ཤེས་པར་བྱ་བ་ཡིན་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་དང་ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་དང་། དེ་དག་སྐྱེ་བ་དང་རྗེས་སུ་མཐུན་པའི་རེག་པ་ཚོར་བ་འདུ་ཤེས་སེམས་པ་ལ་སོགས་པ་རྣམས་ཀྱིས་ནི་སེམས་ཀུན་ནས་ཉོན་མོངས་པར་བྱེད་ལ། དད་པ་ལ་སོགས་པ་དགེ་བའི་ཆོས་རྣམས་དང་། དེ་དག་སྐྱེ་བ་དང་རྗེས་སུ་མཐུན་པའི་རེག་པ་ལ་སོགས་པ་གཞན་རྣམས་ཀྱིས་ནི་སེམས་རྣམ་པར་བྱང་བར་བྱེད་པའི་ཕྱིར་རོ། །

དེ་དག་གསུམ་པོ་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་གང་ཡིན་པའི་དབང་དུ་བྱས་ནས་སེམས་དང་ལྡན་པ་མ་ཡིན་པའི་འདུ་བྱེད་རྣམས་ཤེས་པར་བྱ་བ་ཡིན་ཏེ། གསུམ་པོ་དེ་དག་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་གནས་སྐབས་ནི་དེ་ཙམ་དུ་ཟད་པའི་ཕྱིར་རོ། །རྣམ་པར་བྱང་བའི་ངོ་བོ་གང་ཡིན་པ་དེའི་དབང་དུ་བྱས་ནས་འདུས་མ་བྱས་ཤེས་པར་བྱ་བ་ཡིན་ཏེ། དེ་ལ་གང་དུ་རྣམ་པར་བྱང་བ་དེ་བཞིན་ཉིད་དང་། གང་གིས་རྣམ་པར་བྱང་བར་བྱེད་པ་མི་གཡོ་བ་དང། འདུ་ཤེས་དང་ཚོར་བ་དང་འགོག་པ། རྣམ་པར་བྱང་བ་གང་ཡིན་པ་སོ་སོར་བརྟགས་པའི་འགོག་པའོ། །དེའི་ཕྱིར་ལྔ་པོ་ཐམས་ཅད་ཀྱང་ཤེས་པར་བྱ་བ་དག་ཁོ་ན་ཡིན་ནོ། །དེ་ལ་གཟུགས་ནི་གཟུགས་ཀྱི་ཕུང་པོ་སྟེ། ཞེས་པ་ལ་སོགས་པས་ལྔ་པོ་དེ་དག་གིས་སྔར་བཤད་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཐམས་ཅད་བསྡུས་ནས་སྟོན་པར་བྱེད་དེ། དེ་ཡང་གོ་སླ་བའི་ཕྱིར་རྣམ་པར་མ་ཕྱེའོ། །

གཉིས་པ་དེ་དག་ཤེས་བྱེད་ཀྱི་སྒོ་ནས་བཤད་པ་ནི། ཡང་གཟུགས་ལ་སོགས་པ་ཤེས་པར་བྱ་བའི་ཆོས་དེ་རྣམས་ནི། མོས་པ་ཤེས་པའི་སྤྱོད་ཡུལ་གྱི་ཕྱིར་ཡང་ཤེས་པར་བྱ་བ་ཡིན་ནོ་ཞེས་སོགས་སྦྱར་རོ། །དེ་ལ་མོས་པ་ཤེས་པ་ནི་ཐོས་པ་ལས་བྱུང་བའི་ཤེས་རབ་ཏེ། དེ་ནི་གཞན་གྱིས་བསྟན་པ་ལ་མོས་ཤིང་ཡིད་ཆེས་པ་ཙམ་ལས་འབྱུང་བའི་ཕྱིར་རོ། །རིགས་པའི་ཤེས་པ་ནི་བསམ་པ་ལས་བྱུང་བའི་ཤེས་རབ་ཏེ་དེ་ནི་རིགས་པས་བརྟགས་ཤིང་དཔྱད་པ་ལས་འབྱུང་བའི་ཕྱིར་རོ། །རྣམ་པར་འཕྲོ་བ་མེད་པ་ཤེས་པ་ནི། འཇིག་རྟེན་པའི་སྒོམ་པ་ལས་བྱུང་བའི་ཤེས་རབ་ཏེ། སེམས་དམིགས་པ་ལ་ཕྱི་རོལ་དུ་མི་འཕྲོ་བར་རྩེ་གཅིག་ཏུ་གཏད་པ་ལས་བྱུང་བའི་ཕྱིར་རོ། །གཞན་གྱིས་བདག་ཉིད་ཤེས་པ་ནི་གཞན་སེམས་ཤེས་པ་སྟེ། གཞན་གྱི་བདག་ཉིད་ཀྱི་སེམས་ཡུལ་ཡིན་པའི་ཕྱིར་རོ། །འོག་མ་ཤེས་པ་ནི་ཆོས་ཤེས་པ་སྟེ། བདེན་པ་རྣམས་མངོན་པར་རྟོགས་པའི་ཐོག་མར་འབྱུང་བའི་ཕྱིར་རོ། །སོ་སོ་རང་གི་ཤེས་པ་ནི་དོན་དམ་པ་ཤེས་པ་སྟེ། དེ་ནི་གཞན་ལ་ཚིག་གིས་བརྗོད་དུ་མེད་པའི་དོན་བརྟགས་པ་ཉིད་ཀྱིས་རྣལ་འབྱོར་པ་སོ་སོ་རང་གི་རིག་པར་བྱ་བ་ཡིན་པའི་ཕྱིར་རོ། །གོང་མ་ཤེས་པ་ནི་རྗེས་སུ་རྟོགས་པའི་ཤེས་པ་སྟེ། ཆོས་ཤེས་པ་དེའི་འོག་ཏུ་འབྱུང་བའི་ཕྱིར་རོ། །རྣམ་པར་སུན་འབྱིན་པ་ཤེས་པ་ནི་སྡུག་བསྔལ་ཤེས་པ་ཏེ་སྐྱེ་བ་ལ་སོགས་པའི་སྡུག་བསྔལ་རྣམས་ཀྱི་ཁམས་གསུམ་པ་རྣམས་ཀྱི་ཡིད་སུན་འབྱིན་པའམ་ཡང་ན་དེ་དག་ཐར་པ་འདོད་པ་རྣམས་ཀྱི་སུན་དབྱུང་བར་བྱ་བའི་ཕྱིར་རོ། །ཀུན་ནས་མི་ལྡང་བ་ཤེས་པ་ནི་ཀུན་འབྱུང་ཤེས་པ་སྟེ། ཀུན་འབྱུང་སྤང་བར་བྱའོ་ཞེས་རྩོལ་བ་ལས་དེ་འབྱུང་བའི་ཕྱིར་རོ། །མི་སྐྱེ་བ་ཤེས་པ་ནི་འགོག་པ་ཤེས་པ་སྟེ། དེ་ནི་སྡུག་བསྔལ་མི་སྐྱེ་བའི་རང་བཞིན་འགོག་པ་ལ་དམིགས་པའི་ཕྱིར་རོ། །ཤེས་པ་ཤེས་པ་ནི་ལམ་ཤེས་པ་སྟེ། དེ་ནི་ཡེ་ཤེས་ཀྱི་ངོ་བོ་ལམ་ལ་དམིགས་པའི་ཕྱིར་རོ། །མཐར་ཐུག་པ་ཤེས་པ་ནི་ཟད་པ་དང་མི་སྐྱེ་བ་ཤེས་པ་སྟེ། ལམ་གྱི་བྱ་བ་མཐར་ཕྱིན་པ་ན་དེ་དག་འབྱུང་བའི་ཕྱིར་རོ། །

དོན་ཆེན་པོ་ཤེས་པ་ནི་ཐེག་པ་ཆེན་པོ་ཤེས་པ་སྟེ། རང་དང་གཞན་གྱི་དོན་ཕུན་སུམ་ཚོགས་པའི་བདག་ཉིད་ལ་དམིགས་པའི་ཕྱིར་རོ། །ཤེས་པ་བཅུ་གསུམ་པོ་དེ་དག་ཀྱང་། རྒྱུ་ཐོས་བསམ་སྒོམ་པ་གསུམ་གྱི་བྱེ་བྲག་ལས་ནི་མོས་པ་ཤེས་པ་ལ་སོགས་པ་གསུམ་རྣམ་པར་བཞག་གོ །ཡུལ་དོན་དམ་དང་། ཀུན་རྗོབ་ཀྱི་བྱེ་བྲག་ལ་ནི། སོ་སོ་རང་གི་ཤེས་པ་དང་གཞན་གྱི་བདག་ཉིད་ཤེས་པ་གཉིས་རྣམ་པར་བཞག་གོ ། སྐྱེ་བའི་དུས་ཀྱི་བྱེ་བྲག་ལས་འོག་མ་ཤེས་པ་དང་། གོང་མ་ཤེས་པ་རྣམ་པར་བཞག་གོ །ཡུལ་གྱི་རྣམ་པའི་བྱེ་བྲག་ལས་ནི་རྣམ་པར་སུན་འབྱིན་པ་ཤེས་པ་ལ་སོགས་པ་བཞི་རྣམ་པར་བཞག་གོ །རང་གི་དོན་དང་། གཞན་གྱི་དོན་ལ་དམིགས་པའི་བྱེ་བྲག་ལས་ནི་མཐར་ཐུག་པ་དང་། དོན་ཆེན་པོ་ཤེས་པ་གཉིས་རྣམ་པར་བཞག་གོ ། ཡང་ཤེས་པར་བྱ་བའི་ཆོས་ནི་ལྔ་སྟེ། བཏགས་པ་དང་དོན་དམ་པ་དང་། བྱ་བའི་མཐའ་དང་། གཞན་སེམས་དང་། རྣམ་པ་ཐམས་ཅད་དོ། །དེ་དག་གོ་རིམ་བཞིན་དུ་ཤེས་པ་ནི། ཀུན་རྫོབ་ཤེས་པ་དང་། དོན་དམ་ཤེས་པ་དང་། ཟད་པ་དང་མི་སྐྱེ་བ་ཤེས་པ་དང་། གཞན་གྱི་སེམས་ཤེས་པ་དང་། སྟོབས་བཅུ་ཤེས་པའོ། །དེ་ལ་ཀུན་རྫོབ་ཤེས་པ་ནི་གཉིས་ཏེ་བསྟན་བཅོས་ཤེས་པ་དང་། འཇིག་རྟེན་གྱི་ཐ་སྙད་ཤེས་པའོ། །དང་པོས་ནི་དགེ་བ་དང་། མི་དགེ་བ་དང་། ཁ་ན་མ་ཐོ་བ་དང་བཅས་པ་དང་། དེ་མེད་པ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་སོགས་པ་ཤེས་ནས། དེ་ལ་ཁ་ཅིག་ནི་སྤོང་བར་བྱེད། ཁ་ཅིག་ནི་སོ་སོར་བརྟེན་པར་བྱེད་དོ། །

གཉིས་པས་ནི་འཇིག་རྟེན་གྱི་ལུགས་ཤེས་ནས་འཇིག་རྟེན་གྱི་སྤྱོད་པས་རྒྱུ་ཇི་ལྟ་བ་དང་། རྐྱེན་ཇི་ལྟ་བ་བཞིན་དུ་སྒྲུབ་པར་བྱེད་དོ། །ཀུན་རྫོབ་ཤེས་པ་དང་པོ་ལ་འདིར་མོས་པ་ཤེས་པ་སོགས་ས་གསུམ་དུ་ཕྱེའོ། །དོན་དམ་པ་ཤེས་པས་ནི་བདེན་པ་བཞི་དང་དེ་བཞིན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་ཤེས་ནས། མཐོང་བ་དང་སྒོམ་པས་སྤང་བར་བྱ་བའི་ཆོས་རྣམས་སྤོང་བ་མངོན་སུམ་དུ་བྱེད་དོ། །དོན་དམ་ཤེས་པ་དེ་ཉིད་འདིར་སོ་སོ་རང་གིས་ཤེས་པ་ལ་སོགས་པ་བདུན་དུ་ཕྱེའོ། །ཟད་པ་དང་མི་སྐྱེ་བ་ཤེས་པས་ནི་བྱ་བའི་མཐའ་ཡོངས་སུ་ཤེས་ནས། ངེས་པ་དང་ཐེ་ཚོམ་མེད་པ་དང་། རང་གི་སྤངས་པ་ལ་མངོན་པའི་ང་རྒྱལ་མེད་དོ། །གཞན་གྱི་སེམས་ཤེས་པས་ནི་ཕ་རོལ་གྱི་སེམས་དགེ་བ་དང་མི་དགེ་བ་ལ་སོགས་པ་ཤེས་ནས་གཞན་གྱི་ཁམས་དང་བག་ལ་ཉལ་ཇི་ལྟ་བ་བཞིན་ཤེས་སོ། །སྟོབས་བཅུ་ཤེས་པས་ནི་ཤེས་བྱའི་རྣམ་པ་ཐམས་ཅད་ཤེས་པར་བྱེད་ཅིང་། དེ་ཤེས་ནས་ཀྱང་། གཞན་ལ་གདམས་པ་དང་རྗེས་སུ་བསྟན་པ་ཐམས་ཅད་འཇུག་པར་བྱེད། སེམས་ཅན་རྣམས་ཀྱི་སོམ་ཉི་ཐམས་ཅད་གཅོད་པར་བྱེད། །མཐོ་རིས་དང་བདེ་འགྲོའི་འབྲས་བུ་ལ་འགོད་པར་བྱེད་དོ། །དེ་ནི་འདིར་དོན་ཆེན་པོ་ཤེས་པའི་མིང་གིས་བསྟན་ཏོ། །

ཤེས་པ་དེ་དག་གི་དགོས་པ་ནི་གཉིས་ཏེ་རང་ལ་ཕན་པ་སྒྲུབ་པ་དང་གཞན་ལ་ཕན་པ་སྒྲུབ་པའོ། །དེ་ལ་ཀུན་རྫོབ་ཤེས་པ་སྤོང་བ་དང་རྗེས་སུ་མཐུན་པ་བསྟན་བཅོས་ཤེས་པ་གང་ཡིན་པ་དེ་དག་དང་། དོན་དམ་ཤེས་པ་སྤོང་བ་མངོན་དུ་བྱེད་པ་མངོན་པར་ཤེས་པ་ཆོས་ཤེས་པ་ལ་སོགས་པ་དང་། སྤངས་པ་ལ་བྱ་བའི་མཐའ་ཤེས་པ་ཟད་མི་སྐྱེ། ཤེས་པ་གང་ཡིན་པ་དག་ནི་རང་གི་དོན་སྒྲུབ་པའི་དགོས་པ་ཅན་ཡིན་ནོ། །གཞན་གྱི་ཁམས་དང་བག་ལ་ཉལ་ཤེས་པའི་གཞན་སེམས་ཤེས་པ་དང་། ཤེས་བྱའི་རྣམ་པ་ཐམས་ཅད་ཤེས་པའི་སྟོབས་བཅུ་ཤེས་པ་གཉིས་ནི། གཞན་གྱི་དོན་བསྒྲུབ་པའི་དགོས་པ་ཅན་ཡིན་ནོ། །དེ་དག་གིས་ཤེས་པ་བཅུ་གསུམ་པོ་འདིའི་གྲངས་ངེས་པ་ཡང་བསྟན་པ་ཡིན་ནོ། །མདོར་བསྡུས་ན་ཤེས་པ་འདི་ཐམས་ཅད་ནི་ཀུན་རྫོབ་ཤེས་པ་དང་། དོན་དམ་ཤེས་པ་གཉིས་སུ་འགྱུར་ཏེ། འདི་ལྟར་མོས་པ་ཤེས་པ་ལ་སོགས་པ་གསུམ་དང་། གཞན་གྱི་བདག་ཉིད་ཤེས་པ་དང་། དོན་ཆེན་པོའམ། སྟོབས་བཅུ་ཤེས་པ་ནི་ཀུན་རྫོབ་ཤེས་པ་ཁོ་ན་ཡིན་ནོ། །སོ་སོ་རང་གི་ཤེས་པ་ལ་སོགས་པ་བདུན་ནི་དོན་དམ་ཤེས་པ་ཁོ་ན་ཡིན་ནོ། །མཐར་ཐུག་པ་ཤེས་པའམ། ཟད་མི་སྐྱེ་ཤེས་པ་ནི་བྱ་བའི་མཐའ་ལ་ཡོངས་སུ་གཅོད་པར་མི་བྱེད་པའི་ཚེ་འཇིག་རྟེན་ལས་འདས་པ་དང་། དོན་དམ་ཤེས་པ་ཡང་ཡིན་ལ། གང་གི་ཚེ་བདག་གི་ཟག་པ་རྣམས་ཟད་དོ། །ཕྱི་མ་ལ་སྡུག་བསྔལ་རྣམས་མི་འགྲུབ་བོ་སྙམ་དུ་བྱ་བའི་མཐའ་ལ་ཡོངས་སུ་གཅོད་པ་དེའི་ཚེ་ཀུན་རྫོབ་ཤེས་པ་དང་འཇིག་རྟེན་པ་ཡང་ཡིན་ནོ། །གཉིས་ཀ་ཡང་ཟག་པ་མེད་པ་ཁོ་ན་ཡིན་ནོ། །ཀུན་རྫོབ་ཤེས་པ་རྣམས་ནི་འཇིག་རྟེན་པ་ཁོ་ན་ཡིན་ལ། དེ་དག་མི་སློབ་པའི་རྒྱུད་ལ་ཡོད་པ་རྣམས་ནི་ཟག་པ་མེད་པ་ཡིན་ནོ། །སློབ་པ་དང་བྱིས་པའི་རྒྱུད་ལ་ཡོད་པ་རྣམས་ནི་ཟག་པ་དང་བཅས་པ་ཡང་ཡིན་ནོ། །དོན་ཆེན་པོ་ཤེས་པ་ནི་འཇིག་རྟེན་པ་དང་། ཟག་པ་མེད་པ་ཁོ་ན་ཡིན་ནོ། །

དོན་དམ་པ་ཤེས་པ་རྣམས་ནི་འཇིག་རྟེན་ལས་འདས་པ་དང་། ཟག་པ་མེད་པ་ཁོ་ན་ཡིན་ནོ། །དེ་ལ་ཀུན་རྫོབ་ཤེས་པའི་རང་བཞིན་གང་དོན་དམ་ཤེས་པའི་ངོ་བོ་ནི་གང་ཞེ་ན། གཉིས་ཀ་ཡང་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཏུ་མཚུངས་ཀྱང་གང་ཞིག་ཡུལ་ཀུན་རྫོབ་པ་ལ་འཇུག་པ་དང་བདེན་པའི་རྣམ་པ་ལ་འཇུག་ཀྱང་ཡུལ་ལ་སོ་སོར་རྟོགས་པར་བྱེད་འཇལ་བར་བྱེད། འདིའོ་ཞེས་རྣམ་པར་འཇོག་པར་བྱེད་པ་དེ་ནི་ཀུན་རྫོབ་ཤེས་པ་ཞེས་བྱའོ། །གང་ཞིག་བདེན་པའི་རྣམ་པ་མངོན་སུམ་དུ་རྟོགས་ཤིང་རྟོག་པ་དང་འཇལ་བ་སོགས་མི་བྱེད་པ་དེ་ནི་དོན་དམ་ཤེས་པ་ཞེས་བྱའོ། །གང་ཤེས་པར་བྱ་བའི་ཆོས་ནི་གཟུགས་སོགས་ཆོས་ཙམ་ཡིན་ལ། གང་གིས་ཤེས་པར་བྱེད་པ་པོ་ཡང་མོས་པ་ཤེས་པ་ལ་སོགས་ཤེས་པ་བཅུ་གསུམ་པོ་དེ་ཙམ་དུ་ཤེས་པ་ན། བདག་ཐོས་བསམ་གྱི་སྒོ་ནས་ཤེས་པ་པོ་དང་། སྒོམ་བྱུང་གི་སྒོ་ནས་མཐོང་བ་པོར་མངོན་པར་ཞེན་པ་སྤོང་ངོ་། །

གཉིས་པ་རྣམ་པར་ཤེས་པར་བྱ་བ་ནི་རྣམ་པར་མི་རྟོག་པ་ལ་སོགས་པ་ནི། དེ་ལ་རྣམ་པར་མི་རྟོག་པ་ནི་སྒོ་ལྔའི་རྣམ་པར་ཤེས་པ་རྣམས་ཏེ། དམིགས་པ་ལ་རྣམ་པར་མི་རྟོག་པའི་ཕྱིར་རོ། །རྣམ་པར་རྟོག་པ་ནི་ཡིད་ཀྱིས་རྣམ་པར་ཤེས་པ་སྟེ་དམིགས་པ་ལ་རྣམ་པར་རྟོག་པའི་ཕྱིར། རྒྱུ་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། ཆོས་ཐམས་ཅད་ཀྱི་ས་བོན་ཡིན་པའི་ཕྱིར་རོ། །འཇུག་པ་ནི་དེ་ལས་གཞན་པའི་རྣམ་ཤེས་ཉོན་མོངས་པ་ཅན་གྱི་ཡིད་ལ་སོགས་པའོ། །རྒྱུ་མཚན་ནི་དབང་པོ་དང་དོན་རྣམས་སོ། །རྒྱུ་མཚན་ལས་བྱུང་བ་ནི་རྣམ་པར་ཤེས་པའི་ཚོགས་དྲུག་རྣམས་སོ། །མི་མཐུན་པ་དང་། གཉེན་པོ་ནི་སེམས་འདོད་ཆགས་དང་བཅས་པ་འདོད་ཆགས་དང་བྲལ་བ་ལ་སོགས་པའོ། །ཤིན་ཏུ་རྟོགས་པར་དཀའ་བ་ཕྲ་བའི་རྣམ་པར་རིག་པ་བདུན་གྱིས་ཀྱང་རྣམ་པར་ཤེས་པར་བྱ་བར་ལྟ་སྟེ། མདོར་ན་རྣམ་པར་མི་རྟོག་པ་ལ་སོགས་པ་དེ་དག་གི་སྤྱོད་ཡུལ་གང་ཡིན་པ་ནི་རྣམ་པར་ཤེས་པ་ཡིན་ནོ་ཞེས་པའི་དོན་ཏོ། །ཕྲ་བའི་རབ་ཏུ་དབྱེ་བ་བདུན་ནི་འདི་ལྟར། མི་རིག་སྣ་ཚོགས་ལྷན་ཅིག་འབྱུང་། །གཉེན་པོ་བག་ཆགས་འཚམས་སྦྱོར་གྲོལ། །ཞེས་པ་སྟེ། དེ་ལ་མི་རིག་པའི་རྣམ་པར་རིག་པ་ཕྲ་བ་ནི། སྣོད་ཀྱི་རྣམ་པར་རིག་པ་སྟེ། དེ་ནི་དུས་ཐམས་ཅད་དུ་རྣམ་པ་ཡོངས་སུ་མ་ཆད་པར་འབྱུང་བས་ཡོངས་སུ་ཆད་པར་དཀའ་བའི་ཕྱིར་རོ། །སྣ་ཚོགས་པའི་རྣམ་པར་རིག་པ་ཕྲ་བ་ནི་ཤེས་པ་གཅིག་ལ་དཀར་དམར་སྣ་ཚོགས་པ་སྣང་བའི་རྣམ་པ་དེ་གཅིག་ཡིན་ན་སྣ་ཚོགས་པར་འགལ་ལ། སྣ་ཚོགས་ཡིན་ན་ཤེས་པ་གཅིག་གི་ཆར་འགལ་བས་ཡོངས་སུ་བཅད་པར་དཀའ་བའོ། །ལྷན་ཅིག་འབྱུང་བའི་རྣམ་པར་རིག་པ་ཕྲ་བ་ནི་རྒྱུད་གཅིག་ལ་དུས་གཅིག་ཏུ་འཇུག་པའི་འཇུག་ཤེས་རྣམས་ཡུལ་ལ་སོ་སོར་འཇུག་པ་གང་ཡིན་པ་ཡང་ཡོངས་སུ་གཅད་པར་དཀའ་བའོ། །མི་མཐུན་པ་དང་གཉེན་པོའི་རིག་པ་ཕྲ་བ་ནི། ཐོག་མ་མེད་པ་ནས་འདོད་ཆགས་ལ་སོགས་པའི་འཆིང་བ་དང་ལྡན་པའི་སེམས་དེ། གཉེན་པོ་སྐྱེས་པའི་ཚེ་ཡུད་གྱིས་གྲོལ་བ་གང་ཡིན་པ་དེ་ཡང་། ཡོངས་སུ་བཅད་པར་དཀའ་བ་ཡིན་ནོ། །བག་ཆགས་ཀྱི་རྣམ་པར་རིག་པ་ཕྲ་བ་ནི། ཀུན་གཞི་ལ་ཡོད་པའི་འཇོག་བྱེད་དགེ་མི་དགེ་སྣ་ཚོགས་ཀྱིས་བཞག་པའི་ལས་ཀྱི་བག་ཆགས་རྣམས་ཐ་དད་དུ་མེད་བཞིན་དུ་རང་གིས་འབྲས་བུ་ཐ་དད་རིམ་གྱིས་འབྱིན་པ་གང་ཡིན་པ་ཡང་ཡོངས་སུ་བཅད་པར་དཀའ་བ་ཡིན་ནོ། །

ཉིང་འཚམས་སྦྱོར་བའི་རྣམ་པར་རིག་པ་ཕྲ་བ་ནི། འགྲོ་བ་དུ་མ་འགྲུབ་འགྱུར་གྱི་ལས་ཀྱི་བག་ཆགས་རྒྱུད་ལ་མཚུངས་པར་ཡོད་པ་ལ་གང་གི་ཚེ་འཆི་བའི་དུས་བྱེད་པ་དེའི་ཚེ་ལས་གང་རུང་གཅིག་གི་བག་ཆགས་ཡོངས་སུ་སྨིན་ནས་འགྲོ་བ་གང་ཡང་རུང་བ་གཅིག་ཏུ་ཐོག་མར་ཉིང་འཚམས་སྦྱོར་བ་གང་ཡིན་པ་འདི་ཡང་ཡོངས་སུ་གཅད་པར་དཀའ་བ་ཡིན་ནོ། །གྲོལ་བའི་རྣམ་པར་རིག་པ་ཕྲ་བ་ནི། དགྲ་བཅོམ་པའི་སེམས་མཆོག་ཏུ་སྤྲོས་པ་མེད་པའི་ཆོས་ཉིད་ཐོབ་པ་ཐོག་མ་མེད་པ་ནས་འཁོར་བར་འདྲིས་པའི་ཟག་པ་དང་བཅས་སྤྱོད་པ་ཐམས་ཅད་ལས་ཤིན་ཏུ་འདས་ཏེ། རྣམ་པ་འདིས་འཇུག་པ་ནི་ཡོངས་སུ་གཅད་པར་དཀའ་བ་ཡིན་ནོ། །རྣམ་པར་ཤེས་པ་བརྒྱད་ཀྱི་བཟུང་བྱ་གང་ཡིན་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་རྣམ་པར་ཤེས་པར་བྱ་བ་དག་ཡིན་ནོ། །དེ་ལྟར་ན་ཤེས་རབ་ཀྱིས་ཡོངས་སུ་གཅད་པར་བྱ་བ་རྣམས་ནི་ཤེས་པར་བྱ་བ་ཡིན་ལ་རྣམ་པར་ཤེས་པས་བཟུང་པར་བྱ་བ་ནི་རྣམ་པར་ཤེས་པར་བྱ་བ་ཡིན་ནོ་ཞེས་པ་ནི་ཁྱད་པར་རོ། །གང་གིས་རྣམ་པར་ཤེས་པར་བྱེད་པ་པོ་དབང་པོའི་རྣམ་པར་ཤེས་པ་ལ་སོགས་པ་རྣམ་ཤེས་རྣམས་ཡིན་པར་ཤེས་པ་ན་བདག་མཐོང་བ་པོ་དང་ཐོས་པ་པོ་ལ་སོགས་པ་ཡུལ་རྣམ་པར་ཤེས་པར་བྱེད་པ་པོར་མངོན་པར་ཞེན་པ་སྤོང་བ་ཡིན་ནོ། །

གསུམ་པ་མངོན་པར་ཤེས་པར་བྱ་བ་ནི། མངོན་པར་ཤེས་པ་དྲུག་གི་སྤྱོད་ཡུལ་གང་ཡིན་པའོ། །དེ་ཡང་། ནམ་མཁའ་ལ་སོགས་བགྲོད་བྱའི་ཡུལ་ཀུན་ཏུ་འགྲོ་བ་ཤེས་པ་རྫུ་འཕྲུལ་གྱིས་མངོན་པར་ཤེས་པ་དང་། འགྲོ་བ་སྣ་ཚོགས་ཀྱི་སྒྲ་ཕྲ་རགས་ཐམས་ཅད་རྗེས་སུ་ཐོས་པ་ལྷའི་རྣ་བའི་མངོན་པར་ཤེས་པ་དང་། ཕ་རོལ་གྱི་སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་ལ་སོགས་པའི་སེམས་ཀྱི་སྤྱོད་ཡུལ་ལ་འཇུག་པ་ཤེས་པ་གཞན་གྱིས་སེམས་ཤེས་པའི་མངོན་ཤེས་དང་། རང་དང་གཞན་གྱི་འདས་པའི་ཚེ་རབ་གཅིག་ནས་གཅིག་ཏུ་རྒྱུད་དེ། འོང་བ། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་དང་རང་དང་གཞན་གྱི་མ་འོངས་པའི་སྐྱེ་བར་འགྲོ་བ་ཤེས་པ་འཆི་འཕོ་དང་སྐྱེ་བ་ཤེས་པའམ། ལྷའི་མིག་གི་མངོན་པར་ཤེས་པ་དང་། ཁམས་གསུམ་ལས་གང་གིས་ངེས་པར་འབྱུང་བར་བྱེད་པའི་ཐབས་དང་། ངེས་པར་འབྱུང་བ་གང་ཡིན་པ་རྣམས་ཇི་ལྟ་བ་བཞིན་དུ་ཤེས་པ་ཟག་པ་ཟད་པའི་མངོན་པར་ཤེས་པ་རྣམས་ཀྱི་ཡུལ་ཡིན་པའི་ཕྱིར་མངོན་པར་ཤེས་པར་བྱ་བར་ལྟའོ། །

དེ་ལ་རྫུ་འཕྲུལ་གྱི་ཡུལ་ནི་གང་དེ་ཤེས་པའི་མངོན་པར་ཤེས་པའི་རང་བཞིན་ཇི་ལྟ་བུ་ཞེ་ན། གཅིག་དུ་འགྱུར་ཞིང་། མང་པོར་འགྱུར་བ་དང་། ཡོད་པ་མི་མངོན་པ་དང་། མེད་པ་སྤྲུལ་པར་བྱེད་པ་ལ་སོགས་པ་ནི་རྫུ་འཕྲུལ་གྱི་ཡུལ་ཡིན་ནོ། །ཡུལ་དེ་དག་ཇི་ལྟ་བ་བཞིན་དུ་སྟོན་པར་བྱེད་པའི་མཐུ་དང་ལྡན་པའི་ཤེས་རབ་སྒོམས་པའི་འབྲས་བུ་གང་ཡིན་པ་དེ་ནི་རྫུ་འཕྲུལ་གྱི་ཡུལ་ཤེས་པའི་མངོན་ཤེས་ཞེས་བྱའོ། །དེ་ལ་རྫུ་འཕྲུལ་འདི་ནི་སྐྱེ་བས་ཐོབ་པ་ཡང་ཡོད། བསོད་ནམས་ཀྱི་ལས་ལས་སྐྱེས་པ་ཡང་ཡོད། །སྔགས་དང་སྨན་ལ་སོགས་པའི་མཐུ་ལས་བྱུང་བ་ཡང་ཡོད། ཏིང་ངེ་འཛིན་གྱི་མཐུ་ལས་བྱུང་བའང་ཡོད། དང་པོ་ནི་འདོད་པ་དང་གཟུགས་ཀྱི་ལྷ་རྣམས་ཀྱི་རྫུ་འཕྲུལ་དང་། ཡི་དགས་དང་། ཤ་ཟ་དག་གི་ལྟ་བུའོ། །གཉིས་པ་ནི་རྒྱལ་པོ་ར་མ་ཎའི་ལྟ་བུའོ། །གསུམ་པ་ནི་སྔགས་ཀྱི་མཐུའི་མཁའ་ལ་འགྲོ་བ་དང་། སྨན་འགའ་ཞིག་བཟུང་བས་ནམ་མཁའ་ལ་འགྲོ་བ་དང་མི་སྣང་བར་འགྱུར་བ་ལྟ་བུའོ། །བཞི་པ་ནི་རྣལ་འབྱོར་པ་རྣམས་ཀྱིས་མཐུ་གང་ཡིན་པ་སྟེ་དེ་ནི་མངོན་པར་ཤེས་པ་ཞེས་བྱ་བའི་གྲངས་སུ་འགྲོའོ། །

ལྷའི་རྣ་བ་ནི་གང་ལྷའི་རྣ་བའི་མངོན་པར་ཤེས་པ་ནི་གང་ཞེ་ན། ཏིང་འཛིན་བསྒོམས་པའི་སྟོབས་ལས་བྱུང་བ་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་ཅན་དང་། གང་ཞིག་ཟིན་པ་དང་མ་ཟིན་པའི་སྒྲ་ཕྲ་རགས་ཀུན་རྫོབ་རྗེས་སུ་ཐོས་པ་ནི་ལྷའི་རྣ་བ་ཞེས་བྱའོ། །དེ་ལ་བརྟེན་པའི་དབང་པོའི་རྣམ་པར་ཤེས་པའི་འཁོར་དུ་བྱུང་བའི་ཤེས་རབ་ནི་ལྷའི་རྣ་བའི་མངོན་པར་ཤེས་པ་ཞེས་བྱའོ། །ལྷའི་རྣ་བ་ཡང་སྐྱེ་བས་ཐོབ་པ་དང་། ལས་ལས་སྐྱེས་པ་དང་། སྒོམ་པ་ལས་བྱུང་བའོ། །དང་པོ་ནི་གཟུགས་ན་སྤྱོད་པའི་ལྷ་རྣམས་ཀྱིའོ། །གཉིས་པ་ནི་འཁོར་ལོས་བསྒྱུར་བ་དང་། སྲིད་པ་ཐ་མ་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལྟ་བུའོ། །གསུམ་པ་ནི། རྣལ་འབྱོར་པ་རྣམས་ཀྱི་མཐུ་མངོན་པར་ཤེས་པར་བགྲང་བའོ། །གཞན་གྱི་སེམས་ཀྱི་རྣམ་གྲངས་ནི་གང་། དེ་ཤེས་པའི་མངོན་ཤེས་ནི་ཇི་ལྟ་བུ་ཞེ་ན། ཕ་རོལ་གྱི་སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བ་སོགས་ནི་སེམས་ཀྱི་རྣམ་གྲངས་ཞེས་བྱའོ། །དེ་ལ་དམིགས་པའི་ཤེས་རབ་མཐུ་དང་ལྡན་པ་སྒོམས་པའི་འབྲས་བུ་གང་ཡིན་པ་ནི་གཞན་གྱིས་སེམས་ཤེས་པའི་མངོན་ཤེས་ཞེས་བྱའོ། །གཞན་གྱི་སེམས་ཤེས་པ་དེ་ཡང་སྐྱེ་བས་ཐོབ་པ་དང་། ལས་ལས་སྐྱེས་པ་དང་། རྟོག་གེ་པ་རྣམས་ཀྱི་དང་། སྔགས་ལས་སྐྱེས་པ་དང་། སྒོམ་པ་ལས་བྱུང་བ་རྣམས་ཡོད། དང་པོ་ནི་ལྷ་ལ་སོགས་པ་ཁ་ཅིག་གིའོ། །

གཉིས་པ་ནི་ཡི་དྭགས་དང་ཤ་ཟ་ལ་སོགས་པ་ཁ་ཅིག་གིའོ། །གསུམ་པ་ནི་ལུས་ངག་གི་རྣམ་པར་རིགས་བྱེད་ལས་གཞན་གྱི་སེམས་ཀྱི་རྣམ་འགྱུར་ཤེས་པའོ། །བཞི་པ་ནི་གསང་སྔགས་འགའ་ཞིག་གི་མཐུ་ལས་ཤེས་པའོ། །ལྔ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་སྟེ། མངོན་པར་ཤེས་པར་བགྲང་པའོ། །སྔོན་གྱི་གནས་ནི་གང་། དེ་རྗེས་སུ་དྲན་པའི་མངོན་ཤེས་ནི་གང་ཞེ་ན་རང་དང་གཞན་གྱི་འདས་པའི་ཚེ་རབས་རྣམས་ཀྱི་ལུས་ཀྱི་རྣམ་གྲངས་དུ་མ་ནི་སྔོན་གྱི་གནས། ཞེས་བྱའོ། །སྔོན་གྱི་གནས་དེ་ཉིད་དཔེར་ན་སད་པའི་ཚེ་རྨི་ལམ་དྲན་པ་ལྟར། སྔོན་ཇི་ལྟར་ཉམས་སུ་མྱོང་བ་ལྟར་རྗེས་སུ་དྲན་པ་དང་མཚུངས་པར་ལྡན་པའི་ཤེས་རབ་སྒོམ་པའི་མཐུ་ལས་བྱུང་བ་ནི་སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས་ཞེས་བྱའོ། །

སྔོན་གྱི་གནས་དྲན་པ་འདི་ལ་ཡང་། སྐྱེ་བས་ཐོས་པ་དང་། ལས་ལས་སྐྱེས་པ་དང་། སྒོམ་པ་ལས་བྱུང་བའོ། །དང་པོ་འདོད་པའི་ལྷ་དང་དམྱལ་བ་པ་རྣམས་ཀྱིའོ། །གཉིས་པ་ནི་མི་རང་བཞིན་གྱིས་ཚེ་རབས་དྲན་པ་ལྟ་བུའོ། །གསུམ་པ་ནི་རྣལ་འབྱོར་པ་རྣམས་ཀྱི་མངོན་ཤེས་སུ་བགྲང་བའོ། །འཆི་འཕོ་དང་སྐྱེ་བ་ནི་གང་། དེ་མཐོང་བའི་ལྷའི་མིག་ནི་གང་། དེ་ལ་རྟེན་པའི་འཆི་འཕོ་དང་སྐྱེ་བ་ཤེས་པའམ། ལྷའི་མིག་གི་མངོན་ཤེས་ནི་ཇི་ལྟ་བུ་ཞེ་ན། སེམས་ཅན་གྱི་རིས་ཁ་དོག་བཟང་པོ་དང་། ངན་པ་དེ་དང་དེ་ནས་ཤི་འཕོས་ནས་མ་འོངས་པའི་སྐྱེ་བ་དེ་དང་དེར་ཉིང་འཚམས་སྦྱོར་བ་ནི་འཆི་འཕོ་བ་དང་སྐྱེ་བ་ཞེས་བྱའོ། །བསམ་གཏན་བསྒོམས་པའི་མཐུ་ལས་བྱུང་ཞིང་མཉམ་པར་བཞག་པའི་སས་བསྡུས་པའི་གཟུགས་དང་བ་གང་ཞིག །འཆི་འཕོ་དང་སྐྱེ་བ་དེ་ལྟ་བུ་མཐོང་བའམ། ཡང་ན་སྐལ་བ་དང་མ་སྐལ་བའི་གཟུགས་ཕྲ་རགས་ཐམས་ཅད་མཐོང་བ་གང་ཡིན་པ་ནི་ལྷའི་མིག་ཅེས་བྱའོ། །དེ་ལ་བརྟེན་པའི་དབང་པོའི་ཤེས་པ་དང་མཚུངས་པར་ལྡན་པའི་ཤེས་རབ་གང་ཡིན་པ་ནི། འཆི་འཕོ་དང་སྐྱེ་བ་ཤེས་པའི་མངོན་ཤེས་དང་། ལྷའི་མིག་གི་མངོན་ཤེས་ཞེས་བྱའོ། །ལྷའི་མིག་འདི་ཡང་། སྐྱེ་བས་ཐོབ་པ་དང་། ལས་ལས་སྐྱེས་པ་དང་། སྒོམ་པ་ལས་བྱུང་བ་གསུམ་ཡིན་ལ། དེ་དག་ནི་ལྷའི་རྣ་བ་ལ་བཤད་པ་ལྟར་ཤེས་པར་བྱའོ། །དང་པོ་གཉིས་ཀྱི་ནི་བར་མ་དོའི་གཟུགས་མི་མཐོང་ལ། དེའི་ཕྱིར་འཆི་འཕོ་བ་དང་སྐྱེ་བ་མི་ཤེས་སོ། །

ཟག་པ་ཟད་པ་ནི་གང་། དེ་ཤེས་པའི་མངོན་ཤེས་ནི་ཇི་ལྟ་བུ་ཞེ་ན། ཀུན་ཏུ་སྦྱོར་བ་མ་ལུས་པ་ཡོངས་སུ་གཏུགས་པ་ནི་ཟག་པ་ཟད་པ་ཞེས་བྱའོ། །འཇིག་རྟེན་པའི་ཟད་པ་དང་མི་སྐྱེ་བ་ཤེས་པ་གང་གིས་དེ་ཡོངས་སུ་གཅོད་ཅིང་ཤེས་པ་ནི་ཟག་པ་ཟད་པའི་མངོན་པར་ཤེས་པ་ཞེས་བྱའོ། །དྲུག་པོ་འདི་དག་ཐམས་ཅད་ཀྱང་ཀུན་རྫོབ་ཤེས་པའི་རང་བཞིན་ཡིན་པའི་ཕྱིར་འཇིག་རྟེན་པ་ཁོ་ན་ཡིན་ནོ། །དང་པོ་ལྔ་བྱིས་པ་དང་། སློབ་པའི་རྒྱུད་ལ་ཡོད་པ་རྣམས་ནི་ཟག་པ་དང་བཅས་པ་ཡིན་ནོ། །མི་སློབ་པའི་རྒྱུད་ལ་ཡོད་པ་རྣམས་ནི་ཟག་པ་མེད་པ་ཁོ་ན་ཡིན་ནོ། །དྲུག་པ་ནི་མི་སློབ་པའི་རྒྱུད་ལ་འབྱུང་བའི་ཡོན་ཏན་ཡིན་པའི་ཕྱིར་ཟག་པ་མེད་པ་ཁོ་ན་ཡིན་ནོ། །དེ་ལ་དང་པོ་གསུམ་ནི་མངོན་པར་ཤེས་པ་ཁོ་ན་ཡིན་གྱི་རིག་པ་ནི་མ་ཡིན་ནོ། །ཕྱི་མ་གསུམ་ནི་མངོན་པར་ཤེས་པ་ཡང་ཡིན་ལ། རིགས་པ་ཡང་ཡིན་ཏེ། དུས་གསུམ་ལ་རྨོངས་པའི་གཉེན་པོ་བྱེད་པའི་ཕྱིར་རོ། །དེ་དག་དང་ལྡན་པའི་རྣལ་འབྱོར་པའི་དུས་ལ་བབ་ན། དེ་ཉེ་བར་སྟོན་པའམ། གནས་པའམ། གཞན་གྱི་དོན་ཀུན་ཏུ་སྤྱད་པའམ། དེ་ལ་དྲི་བ་དྲིས་པའི་ལན་གདབ་པས་མངོན་པར་ཤེས་པར་ཞེས་བྱའོ། །དེ་ལ་དང་པོས་ནི་རྫུ་འཕྲུལ་གྱི་རྣམ་པ་དུ་མ་བསྟན་ནས་གཞན་མ་དད་པ་དད་པར་བྱེད། དད་པ་རྣམས་གུས་པ་དང་རི་མོ་ཆེར་བསྐྱེད་པར་བྱེད་དོ། །གཉིས་པས་གཞན་གྱི་ངག་གི་སྤྱོད་པ་དགེ་བ་དང་མི་དགེ་བ་ཤེས་ཏེ། དེ་ལ་བསྐུལ་བར་བྱེད་རངས་པར་བྱེད་དོ། །གསུམ་པས་གཞན་གྱི་སེམས་ཀྱི་རྒྱུ་བ་དགེ་བ་དང་། མི་དགེ་བ་ཀུན་ཤེས་པར་བྱས་ནས་ལེགས་པར་འདོམས་པར་བྱེད་དོ། །ཐ་མ་གསུམ་གྱིས་ནི་གོ་རིམ་བཞིན་དུ་རྟག་པའི་མཐའ་དང་ཆད་པའི་མཐའ་སྤངས་ནས། ཟག་པ་ཟད་པ་ལ་མངོན་པའི་ང་རྒྱལ་མེད་པར་དབུ་མའི་ལམ་ལེགས་པར་སྟོན་ཅིང་། འདོམས་པར་བྱེད་དོ། །མངོན་པར་ཤེས་པ་འདི་རྣམས་གང་ལ་བརྟེན་ནས་སྒྲུབ་ཅེ་ན། དང་པོ་ལྔ་ནི་བསམ་གཏན་བཞིའི་དངོས་གཞིའི་སེམས་ཁོ་ན་ལ་བརྟེན་པ་ཡིན་ལ། གཞན་པ་མ་ཡིན་ཏེ། ཉེར་བསྡོགས་རྣམས་ནི་ཞི་གནས་ཤས་ཆུང་བའི་ཕྱིར་དང་། གཟུགས་མེད་པ་རྣམས་ནི་ལྷག་མཐོང་ཤས་ཆུང་བའི་ཕྱིར་ཡོན་ཏན་ཁྱད་པར་ཅན་སྒྲུབ་པའི་རྟེན་དུ་རུང་བ་མ་ཡིན་ནོ། །

ཐ་མ་ནི་བསམ་གཏན་ས་དྲུག་དང་། གཟུགས་མེད་དང་པོ་གསུམ་ལ་བརྟེན་ཏེ། དེ་དག་ལ་བརྟེན་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ་པ་སྲིད་པའི་ཕྱིར་རོ། །ལུས་ཀྱི་རྟེན་ནི་དང་པོ་ལྔ་ནི་གླིང་གསུམ་གྱི་མི་དང་འདོད་པའི་ལྷ་རྣམས་ཀྱི་སྒྲུབ་བོ། །ཐ་མ་ནི་ཁམས་གསུམ་ཀའི་རྟེན་ལ་སྒྲུབ་བོ། །ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་ཀྱང་མངོན་པར་ཤེས་པ་ཐ་མ་གསུམ་གྱི་ཡུལ་ཡིན་པའི་ཕྱིར། །མངོན་པར་ཤེས་པར་བྱ་བ་དག་ཡིན་ནོ། །དེ་དག་དང་ལྡན་པའི་རྣལ་འབྱོར་པ་ནི་མཐུ་དང་ལྡན་པ་ཞེས་བྱ་སྟེ། མདོ་སྡེ་རྒྱན་ལས། སྐྱེ་དང་ངག་སེམས་དགེ་དང་མི་དགེས་སྐྱེད། །དེའི་གནས་དང་འབྱུང་བ་མངོན་སུམ་གང་། །ཤེས་པ་ཀུན་དུ་རབ་ཏུ་དབྱེ་བྱས་ལ། །ཐོགས་མེད་བསྟན་པ་ཐོབ་པའི་མཐུ་ཡིན་ནོ། །ཞེས་གསུངས་པ་ལྟར་རོ། །དེའི་ཕྱི་མཐུ་མངོན་པར་ཤེས་པ་དང་བཅས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཆོས་ཙམ་དུ་ཤེས་པ་ན་བདག་ལ་མཐུ་མངོན་པར་ཤེས་པས་ཤེས་བྱ་ལམ་དེ་དང་བཅས་པར་མངོན་པར་ཞེན་པ་སྤང་ངོ་། །གཟུགས་ཅན་སོགས་དྲུག་ཏུ་དབྱེ་བ་ལས། གཟུགས་ཅན་དངོས་ཀྱི་དབྱེ་བ་དང་། དངོས་བཏགས་ཐུན་མོང་གི་དབྱེ་བ་གཉིས་ལས། གོ་རིམ་བཞིན་དུ་དང་པོ་གཉིས་དང་། ལྷག་མ་རྣམས་སོ། །ཕྱི་རོལ་དུ་བལྟས་པ་སོགས་ནི་ཟིན་པའི་གཟུགས་ཅན་གྱི་དབྱེ་བའོ། །གཞན་རྣམས་ནི་ཟིན་མ་ཟིན་གཉིས་ཀ་ཐུན་མོང་བའོ། །མཉམ་པར་བཞག་པ་དང་མ་བཞག་པའི་བྱེ་བྲག་ལས་ནི་ཕྱི་ལྟས་དང་ནང་ལྟས་གཉིས་རྣམ་པར་བཞག་གོ །ཕྱི་མའི་མཐའ་མི་མངོན་པ་ལས་ནི་ཡུན་རིང་བ་རྣམ་པར་བཞག་གོ །དེ་མངོན་པ་ལས་དུས་ཡོངས་སུ་ཆད་པ་དང་། དེའི་དུས་རྣམ་པར་བཞག་སྟེ། དེ་དག་ཀྱང་སྐྱེ་བ་གཞན་དང་འབྲེལ་བ་དང་། མ་འབྲེལ་བའི་བྱེ་བྲག་ལས་གོ་རིམ་བཞིན་ནོ། །གཞན་ལ་གཟུགས་ཅན་ལྟར་སྣང་བ་ལས་ནི་ངེས་པར་སྟོན་པའོ། །དགའ་བའི་ཀུན་འབྱུང་བ་དང་། རྗེས་སུ་འབྲེལ་པ་དག་ནི་གཟུགས་འབྲས་བུ་ཡོད་པའི་ཕྱིར་གཟུགས་ཅན་དུ་རྣམ་པར་བཞག་ལ་འབྲེལ་བ་ནི་རྟེན་དུ་ཡོད་པ་དང་། རྟོག་པ་དང་གོ་བར་བྱེད་པ་ནི་ཡུལ་དུ་ཡོད་པ་དང་། གནོད་པར་བྱ་བ་ནི་གཟུགས་ཀྱི་ངེས་ཚིག་འཇུག་པའི་ཕྱིར་གཟུགས་ཅན་དུ་རྣམ་པར་བཞག་གི །གཟུགས་མཚན་ཉིད་པ་མ་ཡིན་ནོ། །ལྷག་མ་རྣམས་ནི་གཟུགས་མཚན་ཉིད་པ་ཡིན་ནོ། །དེ་ལ་གཟུགས་དེའི་བདག་ཉིད་ཡིན་པའི་ཕྱིར། གཟུགས་ཅན་ཡིན་གྱི་གཟུགས་གཞན་དང་ལྡན་པས་གཟུགས་ཅན་མ་ཡིན་པ། དཔེར་ན་མེ་ཚ་བ་ཅན་ཆུ་གཤེར་བ་ཅན་ཞེས་པ་ལྟ་བུའོ། །

འབྱུང་བ་རྟེན་དུ་གྱུར་པ་ནི་གཟུགས་གཞན་དང་ལྡན་པའི་ཕྱིར་ཡང་གཟུགས་ཅན་ཞེས་བྱ་སྟེ། དཔེར་ན་སྐྱེས་བུ་དོ་ཤལ་དང་ལྡན་པ་ཞེས་པ་ལྟ་བུའོ། །དེ་བས་ན་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ནི་རང་ཉིད་གཟུགས་ཀྱི་བདག་ཉིད་ཡིན་པའི་ཕྱིར་ཡང་གཟུགས་ཅན་ཡིན་ལ། གཟུགས་གཞན་དང་ལྡན་པའི་ཕྱིར་ཡང་གཟུགས་ཅན་ཡིན་ཏེ། རྒྱུར་བྱས་པའི་གཟུགས་རྣམས་ནི་འབྱུང་བའི་གཟུགས་དང་ལྡན་པའི་ཕྱིར་དང་། འབྱུང་བ་རྣམས་ཀྱང་ཕན་ཚུན་ལྡན་པའི་ཕྱིར་རོ། །གཟུགས་ཅན་དངོས་ཀྱི་དབྱེ་བ་ནི། དེ་ཙམ་དུ་ཟད་མོད། འདི་མན་ཆད་ནི་གདུལ་བྱའི་ཤེས་རབ་བསྐྱེད་པའི་ཕྱིར་རྣམ་པའི་རབ་དབྱེ་ཙམ་དུ་བྱས་པའོ། །འདོད་པ་དང་གཟུགས་ན་སྤྱོད་པ་དག་ནི་གཟུགས་ལ་མངོན་པར་དགའ་བའི་ཀུན་འབྱུང་བ་ཅན་ཡིན་པའི་ཕྱིར་གཟུགས་ཅན་ཡིན་ནོ། །དགའ་བའི་ཀུན་འབྱུང་བ་ནི་གཟུགས་ལ་ཆགས་པའི་སྲེད་པ་སྟེ། དེ་ལས་གཟུགས་མངོན་པར་འགྲུབ་པའི་ཕྱིར་རོ། །ཁང་བཟངས་ལ་སོགས་པ་རྣམས་ནི་ཤར་ལ་སོགས་པའི་ཕྱོགས་ཀྱི་ཆ་ཤས་དང་བཅས་པའི་ཕྱིར་དང་། ཡུལ་གོ་ས་རྣམས་སུ་ལུས་རྒྱས་པར་ཁྱབ་པའི་ཕྱིར་དང་ཡུལ་ཆེ་གེ་ན་འདུག་གོ་ཞེས་ཉེ་བར་བསྟན་དུ་རུང་བའི་ཕྱིར་དང་། ཡུལ་ལམ་ཕྱོགས་འགའ་ཞིག་དུ་བློས་སྤྱོད་ཡུལ་དུ་འགྱུར་བའི་ཕྱིར་དང་། སྐྱེས་བུ་གཉིས་ལ་སོགས་པས་ཐུན་མོང་དུ་སྤྱད་ཡུལ་དུ་མཚུངས་པར་འགྱུར་བའི་ཕྱིར་ཡང་གཟུགས་ཅན་དུ་ལྟའོ། །གཟུགས་ཅན་མ་ཡིན་པ་རྣམས་ནི་རང་གིས་མྱོང་བ་ལྟར་གཞན་གྱིས་ཤེས་པར་མི་ནུས་པའི་ཕྱིར་གཉིས་ཀྱི་སྤྱོད་ཡུལ་དུ་འགྱུར་བ་མ་ཡིན་ནོ། །དབང་པོའི་རྣམ་པར་ཤེས་པ་རྣམས་ནི་དབང་པོ་གཟུགས་ཅན་རྟེན་དུ་འབྲེལ་པའི་ཕྱིར་དང་། གཟུགས་མེད་པའི་སོ་སོ་སྐྱེ་བོ་རྣམས་ལ་ཡང་གཟུགས་ཀྱི་ས་བོན་རྗེས་སུ་འབྲེལ་བའི་ཕྱིར་གཟུགས་ཅན་དུ་ལྟའོ། །རྟོག་པ་རྣམས་ནི་གཟུགས་ཀྱི་དམིགས་པ་ལ་རབ་ཏུ་རྟོག་པའི་ཕྱིར་དང་། ཕུང་པོ་ལྔ་ཀ་ཡང་། ལག་པ་ལ་སོགས་པས་ཀུན་དུ་རེག་པ་དང་། མྱ་ངན་ལ་སོགས་པས་ཇི་ལྟར་རིག་པར་གནོད་པར་བྱར་རུང་བ་ཡིན་པའི་ཕྱིར་དང་། གཟུགས་ཀྱི་མཚན་ཉིད་སོགས་སྟོན་པར་བྱེད་པའི་ངག་ལ་སོགས་པ་ནི་དེ་གོ་བར་བྱེད་པའི་ཕྱིར་གཟུགས་ཅན་དུ་ལྟ་བའོ། །

རགས་པ་རྣམས་ནི་རྫས་ཀྱི་རྡུལ་ཕྲ་རབ་བསགས་པར་རྣམ་པར་བཞག་པའི་ཕྱིར་ཡང་གཟུགས་ཅན་ཡིན་ནོ། །ཕྱི་རོལ་དུ་ལྟས་པ་ནི་འདོད་པ་ན་སྤྱོད་པའི་གཟུགས་ཏེ། འདོད་པའི་ཡོན་ཏན་ལ་སྲེད་པ་ལས་བྱུང་བའི་ཕྱིར་རོ། །ནང་དུ་ལྟས་པ་ནི་གཟུགས་ན་སྤྱོད་པ་རྣམས་ཀྱི་གཟུགས་ཏེ་སྙོམས་འཇུག་ལ་སྲེད་པ་ལས་བྱུང་བའི་ཕྱིར་རོ། །རྒྱུན་རིང་བ་བྱིས་པ་རྣམས་ཀྱི་གཟུགས་ཏེ། སྔོན་དང་ཕྱི་མའི་མཐའ་ངེས་པར་མི་ཟིན་པའི་ཕྱིར་རོ། །དུས་ཡོངས་སུ་ཆད་པ་ནི་སློབ་པ་རྣམས་ཀྱི་གཟུགས་ཏེ། ཕྱི་མའི་མཐའ་ངེས་པར་ཟིན་པའི་ཕྱིར་རོ། །དེའི་དུས་ནི་དགྲ་བཅོམ་པ་རྣམས་ཀྱི་གཟུགས་ཏེ། ཚེ་དེ་པ་ཙམ་ཞིག་ལུས་པའི་ཕྱིར་རོ། །ངེས་པར་སྟོན་པ་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་ཐོབ་པ་རྣམས་ཀྱི་སྟེ། གཞན་སྣང་དུ་སྟོན་པ་ཙམ་དུ་ཟད་ཀྱི་ཇི་ལྟར་བསྟན་པ་དེ་ཁོ་ན་བཞིན་དུ་དོན་ལ་མ་གྲུབ་པའི་ཕྱིར་རོ། །དངོས་བཏགས་མ་ཕྱེ་བར་ཐམས་ཅད་ཀྱང་གཟུགས་ཅན་ཡིན་ལ། ཕྱེ་ན་ཅི་རིགས་སུ་སྦྱར་ཏེ། གཟུགས་ཀྱི་ཕུང་པོ་དང་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་བཅུ་དང་། ཆོས་ཀྱི་ཁམས་དང་། སྐྱེ་མཆེད་ཀྱི་ཕྱོགས་གཅིག་གཟུགས་ཅན་ཡིན་ནོ། །གཟུགས་ཅན་ཆོས་ཙམ་དུ་ཤེས་པས་བདག་ལ་དེར་མངོན་པར་ཞེན་པ་སྤང་ངོ་། །གཟུགས་ཅན་མ་ཡིན་པ་ནི་གཟུགས་ཅན་ལས་བཟློག་པ་སྟེ། དེ་ཡང་། ཁ་ཅིག་ནི་དོན་བཟློག །ཁ་ཅིག་གཉིས་ཀ་བཟློག་ཏེ་བཤད་དོ། །དེ་ལ་གཟུགས་དེའི་བདག་ཉིད་མ་ཡིན་པ་ནི་འབྱུང་བ་དང་འབྱུང་འགྱུར་མ་གཏོགས་པ་ཐམས་ཅད་དོ། །འབྱུང་བ་རྟེན་དུ་མ་གྱུར་པ་ནི་འབྱུང་འགྱུར་གྱི་གཟུགས་མ་གཏོགས་པ་རྣམས་སོ། །གཟུགས་ལ་མངོན་པར་དགའ་བའི་ཀུན་འབྱུང་བ་མ་ཡིན་པ་ནི། གཟུགས་མེད་ཁམས་རྣམས་སོ། །

ཕྱོགས་དང་བཅས་པ་མ་ཡིན་པ་ནས་སྤྱོད་ཡུལ་དུ་འགྱུར་བ་ཡིན་པ་ནི། གཟུགས་ཅན་མ་ཡིན་པ་ཐམས་ཅད་དོ། །གཟུགས་དང་འབྲེལ་བ་མ་ཡིན་པ་ནི་ཡིད་ཀྱི་ཤེས་པ་དང་ཀུན་གཞི་ལ་སོགས་པ་དབང་ཤེས་འཁོར་བཅས་མ་གཏོགས་པའོ། །གཟུགས་ཀྱི་ས་བོན་རྗེས་སུ་མ་འབྲེལ་བ་ནི་གཟུགས་མེད་པར་སྐྱེས་པའི་འཕགས་པའོ། །རབ་ཏུ་རྟོག་པ་དང་། གོ་བར་བྱེད་པ་མ་ཡིན་པ་ནི་གཟུགས་ཀྱི་ཡུལ་ཅན་གྱི་སྒྲ་དང་རྟོག་པ་བོར་བ་རྣམས་སོ། །འདི་དག་ཚིག་མི་ལྡོག་པར་དོན་བཟློག་ཏེ། འཆད་པ་ནི་མི་འཐད་ཏེ། འདིར་གཟུགས་ཅན་མ་ཡིན་པ་ནི་སྔར་གྱི་གཟུགས་ཅན་བཀག་པའི་སྒོ་ནས་ཤེས་པར་བྱེད་ཀྱི་གཟུགས་ཅན་མ་ཡིན་པའི་ཆོས་གཞན་འབྲེལ་བར་སྒྲུབ་པ་མ་ཡིན་པའི་ཕྱིར་རོ། །གནོད་པར་བྱ་བ་མ་ཡིན་པ་ནི་རེག་པའི་གཟུགས་རུང་མ་གཏོགས་པ་ཐམས་ཅད་དོ། །བསགས་པ་རྣམ་པར་བཞག་པ་མ་ཡིན་པ་ནི་རགས་པ་མ་གཏོགས་པ་རྣམས་སོ། །ཕྱི་རོལ་དུ་ལྟས་པ་ལ་སོགས་པ་ནི་ཚིག་དེ་ཉིད་གཟུགས་ཅན་མ་ཡིན་པའི་ཕུང་པོ་སོགས་ལ་སྦྱར་སྟེ་ཇི་ལྟར་རིགས་པར་བཤད་པར་བྱའོ། །དངོས་བཏགས་མ་ཕྱེ་ན་ཐམས་ཅད་ཀྱང་གཟུགས་ཅན་མ་ཡིན་པ་དག་གོ ། ཕྱེ་ན་ཅི་རིགས་སུ་སྦྱར་ཏེ་གོ་སླའོ། །གཟུགས་ཅན་མ་ཡིན་པ་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤང་ངོ་། །བསྟན་དུ་ཡོད་པ་དངོས་ནི་མིག་གི་སྤྱོད་ཡུལ་དུ་གྱུར་པའི་དོན་སྟེ། དེ་ནི་འདི་ནའོ་ཞེས་སོགས་ཡུལ་གོ་སར་བློས་དཔྱད་དེ་བསྟན་དུ་རུང་བའི་ཕྱིར་རོ། །ལྷག་མ་དངོས་བཏགས་མ་ཕྱེ་བའི་རབ་ཏུ་དབྱེ་བ་ནི་གཟུགས་ཅན་ལྟར་ཤེས་པར་བྱའོ། །

དེ་ལ་བསྟན་ཡོད་ཀྱི་བདག་ཉིད་ནི་གཟུགས་ཀྱི་སྐྱེ་མཆེད་དོ། །བསྟན་ཡོད་རྟེན་དུ་གྱུར་པ་ནི་མིག་ཤེས་མཚུངས་ལྡན་དང་བཅས་པའོ། །བསྟན་ཡོད་ལ་དགའ་བའི་ཀུན་འབྱུང་བ་ཅན་ནི་ཁམས་འོག་མ་གཉིས་ཀའོ། །ཕྱོགས་དང་བཅས་པ་ལ་སོགས་པ་ནི་བསྟན་ཡོད་དངོས་ཡིན་ནོ། །འབྲེལ་པ་ནི་མིག་གི་རྣམ་ཤེས་རྣམས་སོ། །གཞན་རྣམས་ནི་གཟུགས་ཅན་ལྟར་བཤད་དོ། །དངོས་བཏགས་ཕྱེ་ན་ཅི་རིགས་སུ་སྦྱར་ཏེ། གཟུགས་ཀྱི་སྐྱེ་མཆེད་ཁོ་ན་བསྟན་ཡོད་ཡིན་ནོ། །བསྟན་ཡོད་ཆོས་ཙམ་དུ་ཤེས་པ་ན་བདག་མིག་གི་ཡུལ་དུ་གྱུར་པའི་བསྟན་ཡོད་དུ་མངོན་པར་ཞེན་པ་སྤང་ངོ་། །བསྟན་ཡོད་དངོས་མིག་གི་ཡུལ་ལས། ལོག་པ་ནི་བསྟན་མེད་དངོས་ཡིན་ལ། ལྷག་མ་དངོས་བཏགས་མ་ཕྱེ་བའི་རྣམ་པའི་རབ་ཏུ་དབྱེ་བ་ཡང་སྔ་མ་ལྟར་ཤེས་པར་བྱའོ། །དེ་ལ་བསྟན་མེད་ཀྱི་བདག་ཉིད་ནི། གཟུགས་ཀྱི་སྐྱེ་མཆེད་བོར་བ་རྣམས་སོ། །བསྟན་ཡོད་རྟེན་དུ་ཡོད་པ་མ་ཡིན་པ་མིག་ཤེས་མཚུངས་ལྡན་དང་བཅས་པ་བོར་བ་རྣམས་སོ། །ལྷག་མ་རྣམས་ནི་གཟུགས་ཅན་མ་ཡིན་པ་ལྟར་བཤད་པར་བྱའོ། །དངོས་བཏགས་ཕྱེ་ན་ཅི་རིགས་སུ་སྦྱར་ཏེ་གཟུགས་ཀྱི་སྐྱེ་མཆེད་མ་གཏོགས་པ་ཐམས་ཅད་བསྟན་མེད་དངོས་ཡིན་ནོ། །མིག་གི་ཡུལ་མ་ཡིན་པའི་བསྟན་མེད་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །ཐོགས་བཅས་ལ་གསུམ་གྱིས་དང་པོ་དངོས་བཏགས་མ་ཕྱེ་བར་བསྟན་པ་ནི། བསྟན་ཡོད་དངོས་བཏགས་མ་ཕྱེ་བ་གང་ཡིན་པ་དེ་དག་ནི་དངོས་བཏགས་མ་ཕྱེ་བའི་ཐོགས་པ་དང་བཅས་པ་ཡང་དེ་ཡིན་ནོ། །མཚན་ཉིད་པ་ཚུལ་གཞན་གྱིས་བསྟན་པ་ནི་ཡང་རིགས་ལ་སོགས་པ་རྣམ་པ་གསུམ་གྱིས་ཐོགས་བཅས་མཚན་ཉིད་པར་ལྟ་སྟེ། དེ་ལ་གང་ཕན་ཚུན་སྒྲིབ་པར་བྱེད་པ་རྩིག་པ་དང་། སྒྲིབ་པར་བྱ་བ་འོད་ལ་སོགས་པ་ནི། རིགས་ཀྱི་ཐོགས་པ་དང་བཅས་པ་ཡིན་ཏེ། ངོ་བོ་ཉིད་ཀྱིས་ཐོགས་པ་དང་བཅས་པར་སྐྱེས་པའི་ཕྱིར་རོ། །རྡུལ་ཕྲ་རབ་ལས་གོང་མ་རགས་པ་རྣམས་ནི་རྒྱས་པའི་ཐོགས་པ་དང་བཅས་པ་ཡིན་ཏེ། རང་གི་ལུས་གོ་ས་ཁྱབ་པར་རྒྱས་པ་ལས་གཞན་གྱི་གོ་འགེགས་པའི་ཕྱིར་རོ། །རྡུལ་ཕྲ་རབ་ནི་གོ་ས་ནོན་པའི་མཐུ་མེད་པའི་ཕྱིར་ཐོག་མེད་ཡིན་ནོ། །

ཟིན་པའི་ལུས་གང་ཏིང་ངེ་འཛིན་གྱི་དབང་གིས་མ་བསྒྱུར་བའི་གཟུགས་ནི་ཡོངས་སུ་སྦྱང་བ་མ་བྱས་པའི་ཐོགས་པ་དང་བཅས་པ་ཡིན་ཏེ། ཏིང་ངེ་འཛིན་གྱིས་ཡོངས་སུ་སྦྱང་བ་བྱས་པའི་རྣལ་འབྱོར་པ་རྣམས་ཀྱི་ལུས་ནི་ར་བ་དང་རྩིག་པ་ལ་སོགས་ལ་ཐོག་པ་མེད་པར་འཇུག་པའི་ཕྱིར་རོ། །དཔེར་ན་སེམས་མཉམ་པའི་ལྷ་བཞིན་ཏེ། ལྷ་སེམས་མཉམ་པ་མི་འགྱུར་བ་དེ་རྣམས་ཀྱིས་ཇི་ལྟར་སྨྱུང་བུའི་རྩེ་མོས་ཕུག་པའི་ཁྱོན་ཙམ་གྱི་ཕྱོགས་སུ་དེ་རྣམས་འཁོད་ཀྱང་གཅིག་ལ་གཅིག་ཐོགས་པ་མེད་ཅེས་བསྡུ་བར་བཤད་པ་ལྟར་རོ། །སྔ་མ་ཚུལ་གཞན་གྱིས་བཤད་པ་ནི་ཡང་རབ་ཏུ་འཁྲུག་ཅིང་ཁོང་ཁྲོ་སྐྱེ་བའི་གཞིའི་གནས་སུ་གྱུར་པའི་ཕྱིར་ཡང་ཐོགས་པ་དང་བཅས་པར་ལྟ་སྟེ། པྲ་ཏི་གྷ་ཞེས་པ་ཁོང་ཁྲོ་དང་ཐོགས་པ་གཉིས་ག་ལ་འཇུག་པའོ་ཞེས་སོ། །ཐོགས་བཅས་ཀྱི་དོན་འདིས་ཐམས་ཅད་ཀྱང་ཐོགས་པ་དང་བཅས་པ་དག་གོ །ཡང་ན་ཅི་རིགས་སུ་སྦྱར་ཏེ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་ལ་གཏོགས་པའི་གཟུགས་ཅན་གྱི་ཁམས་དང་སྐྱེ་མཆེད་ཁོ་ན་ཐོགས་པ་དང་བཅས་པར་ལྟའོ། །ཐོགས་བཅས་ཆོས་ཙམ་དུ་ཤེས་པ་ན་བདག་ལ་ཐམས་ཅད་དུ་སོང་བ་མ་ཡིན་པ་ཐོགས་པ་དང་བཅས་པར་མངོན་པར་ཞེན་པ་སྤང་ངོ་། །ཇི་སྐད་བཤད་པའི་ཐོགས་པ་དང་བཅས་པ་ལས་ཟློག་པ་ནི་ཐོགས་པ་མེད་པར་རྣམ་པར་བཞག་གོ ། དེ་ལ་གང་གི་ཚེ་བསྟན་ཡོད་ཐོགས་བཅས་སུ་བྱེད་པ་དེའི་ཚེ་བསྟན་མེད་རྣམས་ཐོགས་མེད་དུ་བྱེད་པ་ལ་སོགས་པར་ཤེས་པར་བྱའོ། །དངོས་བཏགས་མ་ཕྱེ་ན་ཐམས་ཅད་ཀྱང་ཡིན་ལ་ཕྱེ་ན། ཅི་རིགས་སུ་སྦྱར་ཏེ། ཆོས་ཀྱི་སྐྱེ་མཆེད་པའི་གཟུགས་དང་། མིང་གཞིའི་ཕུང་པོ་དང་འདུས་མ་བྱས་ཀྱིས་བསྡུས་པ་རྣམས་ཁོ་ན་ཐོགས་མེད་ཡིན་ནོ། །ཐོགས་མེད་ཆོས་ཙམ་དུ་ཤེས་པ་ན་བདག་ལ་ཐམས་ཅད་དུ་སོང་བའི་ཐོགས་མེད་དུ་མངོན་པར་ཞེན་པ་སྤོང་ངོ་། །

ཟག་བཅས་སོགས་བཅུ་གཉིས་སུ་དབྱེ་བ་ལ། རེ་ཞིག་ཟག་པ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཏེ། འདི་དག་ནི་སྐྱེ་མཆེད་དྲུག་གི་རྨའི་སྒོ་ནས་ཡུལ་རྣམས་ལ་འཕྲོ་ཞིང་འཇག་པའི་ཕྱིར་ཟག་པ་ཞེས་བྱའོ། །དེ་ལྟ་བུའི་ཟག་པ་དེ་དང་བཅས་པར་ནི་སྒོ་དྲུག་གིས་འཇོག་སྟེ། འདི་ལྟར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ནི་ཟག་པ་དེའི་བདག་ཉིད་ཡིན་པའི་ཕྱིར་ཟག་པ་དང་བཅས་པར་འཇོག་གི་ཟག་པ་དོན་གཞན་དང་འབྲེལ་བའི་ཕྱིར་ནི་མ་ཡིན་ནོ། །དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བ་རྣམས་དེ་དག་ནི་གནས་དབང་པོ་གཟུགས་ཅན་རྣམས་ནི། ཟག་པ་དེ་དག་དང་འབྲེལ་བའི་ཕྱིར་དང་། བྱིས་པ་རྣམས་ཀྱི་དགེ་བ་རྣམས་ནི་མ་རིག་པ་དང་། བདག་ཏུ་ལྟ་བའི་དབང་གིས་ཡང་སྲིད་འགྲུབ་པར་བྱེད་པས་ཟག་པ་རྣམས་ཀྱིས་བཅིངས་པའི་ཕྱིར་དང་། ས་གོང་མའི་བྱིས་པ་རྣམས་ལ་ཡང་འོག་མའི་ཟག་པའི་ས་བོན་རྗེས་སུ་འབྲེལ་པའི་ཕྱིར་དང་། གང་ཞིག་སྲིད་པ་ལ་རྒྱབ་ཀྱིས་ཕྱོགས་པ་མ་ཡིན་པ་དེ་དག་ནི་ཟག་པ་འཕེལ་བ་དང་རྗེས་སུ་མཐུན་པའི་ཕྱིར་དང་། དགྲ་བཅོམ་པ་རྣམས་ཀྱི་རྣམ་པར་སྨིན་པའི་ཕུང་པོ་རྣམས་ནི་སྔོན་གྱི་ཟག་པའི་རྒྱུ་ལས་བྱུང་བའི་ཕྱིར་ཟག་པ་དང་བཅས་པར་ལྟའོ། །དེ་ལ་ངེས་པར་འབྱེད་པའི་ཆ་དང་མཐུན་པ་རྣམས་ནི་ཟག་པའི་གནས་ངན་ལེན་དང་ལྡན་དུ་ཟིན་ཀྱང་སྲིད་པ་ལ་རྒྱབ་ཀྱིས་ལྟས་པ་ཉིད་ཀྱིས་ཟག་པའི་གཉེན་པོ་ཡིན་པའི་ཕྱིར་ཟག་པ་འཕེལ་བ་དང་རྗེས་སུ་མཐུན་པ་མ་ཡིན་ནོ། །

ཁམས་དང་སྐྱེ་མཆེད་དང་པོ་བཅོ་ལྔ་དང་། བཅུ་དང་། ཁམས་དང་སྐྱེ་མཆེད་ཐ་མ་གསུམ་དང་། གཉིས་ཀྱི་ཕྱོགས་གཅིག་ལམ་གྱི་བདེན་པ་འཁོར་དང་བཅས་པ་དང་། འདུས་མ་བྱས་མ་གཏོགས་པ་རྣམས་ནི་བཤད་མ་ཐག་པའི་སྒོ་དྲུག་པོ་གང་ཡང་རུང་བའི་སྒོ་ནས་ཟག་པ་དང་འབྲེལ་བའི་ཕྱིར་ཟག་པ་དང་བཅས་པར་ལྟའོ། །ཟག་པ་དང་བཅས་པ་ཆོས་ཙམ་དུ་ཤེས་པ་ནི་བདག་དེར་ཞེན་པ་སྤང་ངོ་། །ཇི་སྐད་བཤད་པའི་ཟག་པ་དང་བཅས་པའི་འཇོག་བྱེད་སྒོ་དྲུག་པོ་དང་འབྲེལ་བ་ལས་བཟློག་པ་ནི་ཟག་པ་མེད་པ་ཡིན་ནོ། །དེ་ལ་བཟློག་པའི་དོན་ཟག་མེད་དེའི་བདག་ཉིད་དང་ཞེས་སོགས་འཆད་པ་ནི་བཟློག་པའི་དོན་མ་ཡིན་ནོ། །ཞེས་སྔར་གཟུགས་ཅན་མ་ཡིན་པ་འཆད་པ་ན་ཉོན་མོངས་པ་རྣམས་མ་གཏོགས་པ་ཐམས་ཅད་དོ། །ཟག་པ་དང་མ་འབྲེལ་བ་ནི་ཟག་པའི་གནས་དང་མཚུངས་ལྡན་དུ་གྱུར་པ་མ་ཡིན་པ་ཐམས་ཅད་དོ། །ཟག་པས་མ་བཅིངས་པ་ནི་དགྲ་བཅོམ་པ་རྣམས་ཀྱི་ལུས་ངག་གི་ལས་རྣམས་སོ། །ཟག་པའི་ས་བོན་རྗེས་སུ་མ་འབྲེལ་བ་ཡང་དགྲ་བཅོམ་པ་རྣམས་ཀྱི་སྐྱེ་མཆེད་རྣམས་སོ། །ཟག་པ་འཕེལ་བ་དང་རྗེས་སུ་མཐུན་པ་མ་ཡིན་པ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པ་སྲིད་པ་ལ་རྒྱབ་ཀྱིས་ལྟས་པའི་དངོས་པོ་རྣམས་སོ། །ཟག་པའི་རྒྱུ་ལས་བྱུང་བ་མ་ཡིན་པ་ནི་ཚུལ་ཁྲིམས་དང་ཏིང་ངེ་འཛིན་གྱི་ཕུང་པོ་ལ་སོགས་པ་རྣམས་སོ། །དེ་ལྟར་ན་ཟག་པའི་སྒོ་དྲུག་པོ་འདི་དག་གང་རུང་རེ་རེ་དང་མ་འབྲེལ་བ་ཡང་རྣམ་གྲངས་པའི་ཟག་མེད་ཡིན་མོད་རྣམ་པ་ཐམས་ཅད་དུ་ཟག་པ་མེད་པ་ནི་མ་ཡིན་ནོ། །གང་ལ་ཟག་པའི་སྒོ་དྲུག་པོ་ཐམས་ཅད་དང་བྲལ་བ་དེ་ནི་རྣམ་པ་ཐམས་ཅད་དུ་ཟག་པ་མེད་པ་ཁོ་ན་ཡིན་ནོ། །ཉེ་བར་ལེན་པ་མེད་པའི་ཕུང་པོ་ལྔ་ནི་ཟག་པ་མེད་པའི་གཟུགས་ཀྱི་ཕུང་པོ་ལ་སོགས་པ་སྟེ། དེ་དག་ཀྱང་ཟག་མེད་ཀྱི་སྡོམ་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་དང་ཅི་རིགས་པར་སྦྱར་རོ། །

ཁམས་དང་སྐྱེ་མཆེད་ཐ་མ་གསུམ་དང་གཉིས་ཀྱིས་ཕྱོགས་ནི་ལམ་གྱི་བདེན་པ་འདུས་མ་བྱས་སོ། །ཟག་པ་དང་བྲལ་བ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤང་ངོ་། །གང་ལ་བརྟེན་ནས་རལ་གྲི་ལ་སོགས་པའི་མཚོན་ཆ་ལེན་པ་དང་། ལུས་དང་ལོངས་སྤྱོད་ལ་ཆད་པས་གཅོད་པ་དང་། ལུས་ངག་ཕན་ཚུན་འཐབ་ཅིང་རྩོད་པ་དང་། སྐྱོན་བརྗོད་པས་མཚང་འབྲུ་བ་དང་། རྩོད་པ་དེ་མི་བཟོད་པ་དང་། ཞལ་ཆེའི་གྲར་ཤགས་འགྱེད་པ་ལ་སོགས་པ་འཐབ་པའི་དངོས་པོ་གང་ལས་བྱུང་བའི་འདོད་ཆགས་ལ་སོགས་པ་ནི་འཐབ་པའི་རྒྱུ་ཡིན་པའི་ཕྱིར་འཐབ་པ་ཞེས་བྱ་ལ་དེ་དག་གང་ལ་དེའི་བདག་ཉིད་ལ་སོགས་པ་སྒོ་དྲུག་གི་སྒོ་ནས་འབྲེལ་པ་གང་ཡིན་པ་དེ་དག་ནི་འཐབ་པ་དང་བཅས་པར་ལྟའོ། །འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་རྣམས་ཟག་པ་ཡང་ཡིན་ལ་འཐབ་པ་ཡང་ཡིན་པ་དེའི་ཕྱིར་ཟག་པ་དང་བཅས་པ་ལ་དངོས་པོའི་རྐང་གྲངས་ཇི་སྙེད་ཡོད་པར་འཐབ་པ་དང་བཅས་པ་ལ་ཡང་དེ་སྙེད་དོ། །ཁམས་གོང་མ་གཉིས་ཀྱི་ཉོན་མོངས་པ་རྣམས་ནི་ཏིང་ངེ་འཛིན་གྱི་རྩེ་ཅིལ་བའི་ཕྱིར་འཐབ་པའི་རྒྱུ་མི་བྱེད་མོད་འོན་ཀྱང་འཐབ་པའི་རྒྱུར་གྱུར་པ། འདོད་པའི་ཉོན་མོངས་པའི་ས་བོན་རྗེས་སུ་འབྲེལ་པས་དེའི་ཕྱིར། འཐབ་པ་དང་བཅས་པར་ལྟའོ། །དེ་ལྟར་ན་འཐབ་པའི་བདག་ཉིད་ནི་འདོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་སོ། །

དེ་དང་འབྲེལ་བ་དེ་དག་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །དེས་བཅིངས་པ་ཡང་འདོད་པ་ན་སྤྱོད་པའི་དགེ་བ་རྣམས་དང་དེའི་རྗེས་སུ་འབྲེལ་བ་ནི་ཁམས་གོང་མ་གཉིས་ཀྱི་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་དོ། །དེ་འཕེལ་བ་དང་རྗེས་སུ་མཐུན་པ་ནི་འདོད་པའི་ཆོས་ཐམས་ཅད་དོ། །དེའི་རྒྱུ་ལས་བྱུང་བ་ནི་འདོད་པའི་རྣམ་པར་སྨིན་པས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །འཐབ་པ་དང་བཅས་པ་ཆོས་ཙམ་དུ་ཤེས་པས། བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །འཐབ་པ་མེད་པ་ཇི་སྐད་དུ་བཤད་པའི་འཐབ་བཅས་ལས་ཟློག་སྟེ། འཐབ་པ་དང་སྒོ་དྲུག་གིས་མ་འབྲེལ་བ་ནི་འཐབ་པ་མེད་པ་ཡིན་ནོ། །དེ་ལ་འཐབ་པའི་བདག་ཉིད་མ་ཡིན་པ་ནི། འདོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མ་གཏོགས་པ་རྣམས་སོ། །དེ་དང་མ་འབྲེལ་བ་ནི་དེ་དག་དང་མཚུངས་པར་མི་ལྡན་པ་རྣམས་སོ། །དེས་བཅིངས་པ་མ་ཡིན་པ་ཡང་ཁམས་གོང་གི་དགེ་བ་དང་ཟག་མེད་ཀྱི་དགེ་བ་རྣམས་སོ། །དེ་འཕེལ་བ་དང་རྗེས་སུ་མཐུན་པ་མ་ཡིན་པ་ཡང་གོང་མ་ཐམས་ཅད་དང་ཟག་མེད་རྣམས་སོ། །འཐབ་པའི་རྒྱུ་ལས་མ་བྱུང་བ་ཡང་དེ་རྣམས་ཡིན་ནོ། །དེའི་ས་བོན་རྗེས་སུ་མ་འབྲེལ་བ་ནི་དགྲ་བཅོམ་པའི་ཕུང་པོ་རྣམས་སོ། །ཟག་མེད་ཀྱི་དངོས་པོ་ཇི་སྙེད་པར་འཐབ་པ་མེད་པའི་དངོས་པོ་ཡང་དེ་རྙེད་ཡིན་ནོ། །འདི་ནི་ཟག་པ་དང་འཐབ་པ་གཉིས་ཀ་དང་སྒོ་དྲུག་གང་གིས་ཀྱང་མ་འབྲེལ་བའི་དབང་དུ་བྱས་པའོ། །ཟང་ཟིང་དང་བཅས་པ་ནི་གང་ལ་བརྟེན་ནས་ཡང་སྲིད་པའི་ལུས་ཉེར་ལེན་གྱི་ཕུང་པོ་ལྔ་ལ་ཆགས་པར་འགྱུར་བའི་འདོད་ཆགས་ལ་སོགས་པ་གསུམ་པོ་དེ་ནི་ཟང་ཟིང་ཞེས་བྱ་ལ་གང་ལ་དེ་དག་དེའི་བདག་ཉིད་ལ་སོགས་པ་སྒོ་དྲུག་གིས་འབྲེལ་བ་ནི་ཟང་ཟིང་དང་བཅས་པ་ཞེས་བྱའོ། །དེའི་བདག་ཉིད་ལ་སོགས་པ་ནི་ཟག་པ་དང་བཅས་པ་ཇི་ལྟ་བ་བཞིན་བཤད་དོ། །

ཞེ་སྡང་ནི་མི་འདོད་པའི་རྣམ་པ་ཅན་མ་ཡིན་ནམ་ཇི་ལྟར་ན་དེས་ཆགས་པར་ཞེ་ན། རྣམ་པར་བྱང་བའི་ཆོས་ལ་ཞེ་སྡང་བས་སྲིད་པ་ལ་ལྷག་པར་ཆགས་པར་བྱེད་པའི་ཕྱིར་རོ། །ཟང་ཟིང་མེད་པ་ནི་ཟང་ཟིང་དང་བཅས་པ་ལས་ཟློག་སྟེ། དེ་དག་དང་སྒོ་དྲུག་གང་གིས་ཀྱང་མ་འབྲེལ་བ་ནི་ཟང་ཟིང་མེད་པ་ཡིན་ནོ། །གཞན་ནི་གོ་སླའོ། །ཞེན་པ་བརྟེན་པ་ནི་གང་ལ་བརྟེན་ནས་གཟུགས་སྒྲ་ལ་སོགས་པ་འདོད་པའི་ཡོན་ཏན་ལྔ་ལ་ལྷག་པར་ཆགས་པར་འགྱུར་བའི་འདོད་ཆགས་ལ་སོགས་པ་ནི་ཞེན་པ་བརྟེན་པ་ཡིན་ལ། གང་ལ་དེ་དག་དེའི་བདག་ཉིད་ལ་སོགས་པ་སྒོ་དྲུག་གིས་འབྲེལ་བ་དེ་ནི་ཞེན་པ་བརྟེན་པའོ། །ཞེ་སྡང་ཅི་འདྲ་བས་དེ་ལ་ཆགས་ཞེ་ན། མངོན་པར་འབྱུང་བ་ལ་ཞེ་སྡང་བས་སོ། །དེའི་བདག་ཉིད་ལ་སོགས་པ་ནི་འཐབ་བཅས་ལྟར་བཤད་དོ། །ཞེན་བརྟེན་དང་། འཐབ་པ་གཉིས་ཀ་ཡང་དངོས་ནི་འདོད་པའི་དུག་གསུམ་ཡིན་པས་དེའི་ཕྱིར་ཟང་ཟིང་དང་བཅས་པ་ཇི་སྙེད་པར་ཞེན་པ་བརྟེན་པའང་དེ་རྙེད་དོ། །འདོད་པའི་ཡོན་ཏན་ལྔ་ལ་ཆགས་པ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤང་ངོ་། །མངོན་པར་འབྱུང་བ་བརྟེན་པ་ནི་ཞེན་པ་བརྟེན་པ་ལས་ལོག་པ་ནི་འདོད་ཡོན་ལ་ཆགས་པའི་རྒྱུ་དུག་གསུམ་དང་སྒོ་དྲུག་གིས་མ་འབྲེལ་བ་སྟེ་དེ་ནི་མངོན་པར་འབྱུང་བ་བརྟེན་པ་ཡིན་ནོ། །ཞེན་བརྟེན་དེའི་བདག་ཉིད་མ་ཡིན་པ་ལ་སོགས་པ་ནི་འཐབ་པ་མེད་པ་ལྟར་བཤད་དོ། །དེ་ལ་འདོད་ཡོན་ལ་ཞེན་པ་དངོས་དང་ལྡན་པའི་ཞེན་བརྟེན་ནི་འདོད་པ་ན་སྤྱོད་པའི་ཆོས་ཐམས་ཅད་ཡིན་ལ། ཞེན་པའི་ས་བོན་དང་། ལྡན་པའི་ཞེན་བརྟེན་ནི་ཁམས་གོང་མ་གཉིས་ཀ་ཡང་ཡིན་ནོ། །ཞེན་པ་མངོན་གྱུར་དང་བྲལ་བའི་མངོན་པར་འབྱུང་བ་བརྟེན་པ་ནི་ཁམས་གོང་མ་གཉིས་ཀ་ཡིན་ལ། ཞེན་པའི་ས་བོན་དང་བྲལ་བའི་མངོན་འབྱུང་བརྟེན་པ་ནི་ཟག་མེད་རྣམས་ཁོ་ན་ཡིན་ནོ། །ཚུལ་འདི་ནི་འཐབ་བཅས་དང་འཐབ་པ་མེད་པ་ལ་ཡང་ལྟ་བར་བྱའོ། །ཞེན་པའི་ས་བོན་དང་བྲལ་བའི་མངོན་པར་འབྱུང་བ་བརྟེན་པའི་དབང་དུ་བྱས་ནས་ཟང་ཟིང་མེད་པ་ཇི་སྙེད་པ་ཞེས་སྨོས་སོ། །ཞེན་པ་དང་བྲལ་བ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་ཞེན་པ་སྤོང་ངོ་། །འདུས་བྱས་ནི་གང་ལ་ཐོག་མར་སྔར་མེད་གསར་དུ་འབྱུང་བའི་སྐྱེ་བ་དང་། ཐ་མར་རྒྱུན་འགག་པའི་འཇིག་པ་དང་། བར་དུ་རྒྱུན་རྗེས་སུ་འབྲེལ་བར་འཇུག་པའི་གནས་པ་དང་། གནས་སྐབས་སྔ་མ་ལས་ཕྱི་མ་མི་འདྲ་བར་གཞན་དུ་འགྱུར་བའི་སྣང་བ་གང་ཡིན་པ་དེ་ནི་རྒྱུ་དང་རྐྱེན་ལ་རགས་ལས་པའི་ཕྱིར་འདུས་བྱས་ཞེས་བྱའོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་མ་བྱས་བོར་བ་རྣམས་སོ། །རྒྱུ་རྐྱེན་ལ་རག་ལས་པའི་མི་རྟག་པ་འདུས་བྱས་ཆོས་ཙམ་དུ་ཤེས་ན་བདག་དེར་ཞེན་པ་སྤོང་ངོ་། །

དེ་ལ་བྱེ་བྲག་ཏུ་སྨྲ་བ་དག་ནི་དངོས་པོ་སྐད་ཅིག་རེ་རེ་ལ་ཡང་མཚན་ཉིད་བཞི་ཀ་ཚང་བར་ཡོད་དེ་གཞན་དུ་ན་འདུས་མ་བྱས་ཡིན་པར་ཐལ་བའི་ཕྱིར་རོ། །དེ་ལ་སྐྱེ་བ་ལ་སོགས་པའི་མཚན་ཉིད་བཞི་ནི་མཚན་གཞི་ལས་རྫས་ཐ་དད་པ་ཡིན་ཏེ། གཞན་དུ་ན་རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང་། མཚན་གཞི་ལ་བྱ་བ་མི་བྱེད་པ་ཡང་མཚན་ཉིད་དུ་འགལ་བའི་ཕྱིར་རོ། །སྐྱེ་བ་ལ་སོགས་པ་དག་ལ་ཡང་སྐྱེ་བ་དང་འཇིག་པ་ལ་སོགས་པ་མེད་ན་འདུས་བྱས་མ་ཡིན་པར་ཐལ་བའི་ཕྱིར་སྐྱེ་བའི་སྐྱེ་བ་ལ་སོགས་པ་རྗེས་སུ་མཐུན་པའི་མཚན་ཉིད་ཡང་ཡོད་པ་ཡིན་ནོ། །དེ་དག་ལ་ནི་སྐྱེ་བ་ལ་སོགས་པ་མཚན་ཉིད་བཞི་པ་རྟོག་པ་དོན་མེད་པ་ཡིན་ཏེ། རྩ་བའི་སྐྱེ་བ་ལ་སོགས་པའི་མཚན་ཉིད་རྣམས་ཀྱིས་དེ་དག་འདུས་བྱས་སུ་མཚོན་པའི་ཕྱིར་རོ། །དེ་ལ་རྩ་བའི་སྐྱེ་བ་གང་ཡིན་པ་དེས་ནི་རང་ཉིད་མ་གཏོགས་པའི་རྩ་བ་དང་རྗེས་སུ་མཐུན་པའི་མཚན་ཉིད་རྣམས་དང་མཚན་གཞི་འདུས་བྱས་རྣམས་མ་འོངས་པ་ནས་ད་ལྟ་བར་འདྲེན་པའི་བྱ་བ་བྱེད་ལ་སྐྱེ་བའི་སྐྱེ་བས་སྐྱེ་བ་ཉིད་མ་འོངས་པ་ནས་ད་ལྟར་བར་འདྲེན་པར་བྱེད་དོ། །དེ་བཞིན་དུ་རྩ་བའི་མི་རྟག་པས་རང་ལས་མ་གཏོགས་པའི་ཆོས་བརྒྱད་ད་ལྟར་བ་ནས་འདས་པར་འཇུག་པར་བྱེད་ལ་མི་རྟག་པའི་མི་རྟག་པས། དེ་ཉིད་རྩ་བའི་གནས་སྐབས་ནས་འདས་པའི་གནས་སྐབས་སུ་འཇུག་པར་བྱེད་དོ། །རྩ་བའི་གནས་པས་ནི་ཆོས་བརྒྱད་ད་ལྟ་བའི་དངོས་པོ་གནས་པར་བྱེད་ལ། དེ་ནི་གནས་པའི་གནས་པས་གནས་པར་བྱེད་དོ། །རྩ་བའི་རྒ་བས་ཆོས་བརྒྱད་གནས་པར་བྱེད་ལ། དེ་ནི་རྒ་བའི་རྒ་བས་རྙིངས་པར་བྱེད་དོ་ཞེས་འདོད་དོ། །ཇི་སྐད་དུ་དེ་དག་སྐྱེ་བའི་སྐྱེ་བ་སོགས། །དེ་ཆོས་བརྒྱད་དང་གཅིག་ལ་འཇུག །ཅེས་བཤད་པ་ཡིན་ནོ། །འདིར་ནི་མཚན་ཉིད་འདི་དག་རྒྱུན་ལ་རྩི་བ་ཡིན་གྱི་སྐད་ཅིག་ལ་མ་ཡིན་ཏེ་སྐད་ཅིག་མ་ལ་གནས་པ་དང་གཞན་དུ་འགྱུར་བ་མི་འཐད་པའི་ཕྱིར་རོ། །གཞན་ཡང་སྐྱེ་བ་ལ་སོགས་པ་འདི་དག་ནི་འཇིག་རྟེན་ན་ཇི་ལྟར་གྲགས་པ་རྣམས་འདུས་བྱས་ཀྱི་མཚན་ཉིད་དུ་བཅོམ་ལྡན་འདས་ཀྱིས་གསུངས་པ་ཡིན་ལ། འཇིག་རྟེན་ན་སྐད་ཅིག་མའི་སྐྱེ་བ་དང་འཇིག་པ་དག་མ་གྲགས་པའི་ཕྱིར་དང་། མ་གྲགས་པའི་མཚན་ཉིད་ལས་ཀྱང་འདུས་བྱས་ཀྱི་རང་བཞིན་འཇིག་རྟེན་དག་གིས་རྟོགས་པ་མི་འཐད་པའི་ཕྱིར་རོ། །དེ་བས་ན། སྔོན་མེད་ལས་བྱུང་སྐྱེ་བ་སྟེ། །རྒྱུན་གནས་དེ་ཆད་འཇིག་པ་ཡིན། །རྒྱུན་ནི་སྔ་ཕྱིའི་བྱེ་བྲག་ནི། །གནས་སྐབས་གཞན་གཞན་འགྱུར་ཞེས་བྱ། །ཞེས་གསུངས་པ་ལྟར་རྒྱུན་ལ་འཐད་པ་ཡིན་ནོ། །

མཚན་གཞིའི་དངོས་པོ་ལས་ཡང་དག་པར་ན་རྫས་གཅིག་དང་ཐ་དད་གང་དུ་ཡང་མ་གྲུབ་སྟེ། འདི་ལྟར། གལ་ཏེ་དངོས་པོ་ལས་མི་རྟག་པ་རྫས་ཐ་དད་ཡིན་ན་དངོས་པོ་འཇིག་པ་མེད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །གཅིག་ཡིན་ན་གནས་པའི་གནས་སྐབས་ན་ཡང་རྒྱུན་འཇིག་པར་ཐལ་བར་འགྱུར་བའི་ཕྱིར་རོ། ། གལ་ཏེ་སྐྱེ་བ་དངོས་པོ་ལས་ཐ་དད་ཡིན་ན་དངོས་པོ་མ་སྐྱེས་པའི་ཕྱོགས་འདུས་མ་བྱས་སུ་ཐལ་བར་འགྱུར་རོ། །གཅིག་ཡིན་ན་དངོས་པོ་ལ་འཇིག་པ་མེད་པར་འགྱུར་ཏེ། སྐྱེ་བ་དང་འཇིག་པ་རྣམ་པ་འགལ་བའི་ཕྱིར་རོ། །དེ་བཞིན་དུ་རྒ་བ་ལ་སོགས་པ་ལ་ཡང་སྦྱར་རོ། །དེའི་ཕྱིར་འདུས་བྱས་ཀྱི་མཚན་ཉིད་འདི་དག་ནི་ཉེ་བར་བཏགས་པ་ཙམ་དུ་ཟད་དོ། །འདུས་མ་བྱས་ནི་གོ་སླ་བར་ཟད་དོ། །ཉེ་བར་ལེན་པ་མེད་པའི་ཕུང་པོ་རྣམས་བཅོམ་ལྡན་འདས་ཀྱི་འདུས་མ་བྱས་སུ་གསུངས་པ་ཡང་ཡོད་ལ། འདིར་བཤད་པའི་འདུས་བྱས་ཀྱི་མཚན་ཉིད་ཀྱང་ལྡན་པས་དེའི་ཕྱིར་ཉེ་བར་ལེན་པའི་ཕུང་པོ་མ་ཡིན་པ་རྣམས་ཞེས་དྲིས་པའོ། །དེ་ནི་མཐའ་གཅིག་ཏུ་འདུས་བྱས་ཞེས་ཀྱང་མི་བྱ་སྟེ། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་ཕྱིར་རོ། །དེ་ནི་རྒྱུ་དང་རྐྱེན་གྱིས་གཏན་འདུས་མ་བྱས་པ་ཡང་མ་ཡིན་ཏེ། དབང་ཐོབ་པའི་རྣལ་འབྱོར་པ་རང་གིས་ཇི་ལྟར་འདོད་པ་བཞིན་དུ་བྱེད་པས་རེས་འགའ་ནི་སྐྱེ་བ་ལ་མངོན་དུ་ཕྱོགས་པར་བྱེད། རེས་འགའ་རྒྱབ་ཀྱིས་ལྟས་པའི་དངོས་པོ་འཇིག་པ་ལ་མངོན་པར་ཕྱོགས་པར་བྱེད་པའི་ཕྱིར་རོ། །

དེ་བས་ན་འདིར་ཉེ་བར་ལེན་པའི་མ་ཡིན་པའི་ཕུང་པོ་ནི་དབང་ཐོབ་བྱང་ཆུབ་སེམས་དཔའ་རྣམས་དང་ཉན་ཐོས་དང་དགྲ་བཅོམ་པ་རང་སངས་རྒྱས་རྣམས་ཀྱི་ཡིད་ཀྱི་རང་བཞིན་གྱི་ལུས་ལ་བྱ་བར་མངོན་ནོ། །དེ་ལྟར་ན། བཅོམ་ལྡན་འདས་ཀྱིས་འདུས་བྱས་དང་འདུས་མ་བྱས་ཞེས་བྱ་བ་འདི་ནི་གཉིས་པོ་ཞེས་འདི་དག་ལ་ཕུང་པོ་གསུམ་པ་མེད་པར་གསུངས་པ་དེ་ཇི་ལྟ་བུ་ཞེ་ན། འདོད་པ་བཞིན་དུ་བྱེད་པའི་དོན་གང་གིས་འདུས་བྱས་སུ་གྱུར་པའི་དོན་དེས། དེ་ལ་ལྟོས་པའི་འདུས་མ་བྱས་རྒྱུ་རྐྱེན་ལ་གཏན་མ་རག་པ་མ་ཡིན་ལ། ལས་དང་ཉོན་མོངས་པས་མངོན་པར་འདུས་མ་བྱས་པའི་དོན་གང་གིས་འདུས་མ་བྱས་སུ་གྱུར་པའི་དོན་དེས་དེ་ལ་ལྟོས་པའི་འདུས་བྱས་ལས་ཉོན་གྱིས་སྐྱེད་པར་འགྱུར་བ་མ་ཡིན་ནོ། །དེ་ལྟར་ན་འདུས་བྱས་དང་འདུས་མ་བྱས་དག་ལ་ཕུང་པོ་གསུམ་པ་མེད་དོ་ཞེས་པའི་ཚུལ་འདི་ལྟར་ལྟ་བར་བྱའོ། །གང་ཟག་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ནི་གོ་རིམ་བཞིན་དུ་འཕགས་པ་དང་སོ་སོ་སྐྱེ་བོ་རྣམས་ལ་བྱའི་འདི་ནི་ཆོས་འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་མཚན་ཉིད་སྟོན་ནོ། །

དེ་ལ་འཇིག་རྟེན་པ་ནི་ཁམས་གསུམ་པར་གཏོགས་པ་གང་ཟག་དང་ཆོས་སུ་སྣང་བའི་སེམས་ལས་བྱུང་བ་དང་། དེ་དག་སྐྱེ་བ་དང་རྗེས་སུ་མཐུན་པའི་དབང་པོ་ཡུལ་རྣམས་དང་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་ཁམས་གསུམ་པ་དེར་སྣང་བ་བཟུང་བ་དང་འཛིན་པ་གཉིས་ཀྱི་རྣམ་པ་ཅན་གང་ཡིན་པ་དེ་དག་ནི་འཇིག་རྟེན་པ་ཡིན་ནོ། །དེའི་ཕྱིར་མངོན་པར་ཤེས་དྲུག་དང་། རྣམ་པར་ཐར་པ་བརྒྱད་དང་། འགོག་པ་མ་གཏོགས་པའི་མཐར་གྱིས་གནས་པའི་སྙོམས་འཇུག་རྣམས་དང་། ཟད་པར་བཅུ་དང་། ཟིལ་གྱིས་ནོན་པའི་སྐྱེ་མཆེད་བརྒྱད་དང་ཉོན་མོངས་པ་མེད་པ་དང་། སྨོན་ནས་ཤེས་པ་དང་། སོ་སོ་ཡང་དག་པར་རིགས་པ་བཞི་དང་། སྟོབས་བཅུ་མི་འཇིགས་པ་བཞི་སངས་རྒྱས་ཀྱི་ཆོས་མ་འདྲེས་པ་རྣམས་ནི། འཇིག་རྟེན་ལས་འདས་པའི་ལམ་གྱི་རྗེས་ཐོབ་གཉིས་ཀྱི་རྣམ་པར་སྣང་བ་ཅན་ཡིན་པའི་ཕྱིར་ཀུན་རྫོབ་ཤེས་པ་འཇིག་རྟེན་པའི་ངོ་བོར་རྣམ་པར་གཏན་ལ་དབབ་པ་བསྡུ་བ་སོགས་ལས་བཤད་དོ། །ཕུང་པོ་རྣམས་དང་ཁམས་ཐ་མ་གསུམ་དང་སྐྱེ་མཆེད་ཐ་མ་གཉིས་ཀྱི་ཕྱོགས་གཅིག་ནི་འཇིག་རྟེན་ལས་འདས་པའི་ལམ་དང་འདུས་མ་བྱས་བོར་བ་རྣམས་སོ། །འཁོར་བར་ཡང་ཡང་འདྲིས་པའི་རང་བཞིན་གྱི་ཆོས་འཇིག་རྟེན་པ་ནི་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །འཇིག་རྟེན་ལས་འདས་པ་ནི་ཁམས་གསུམ་པར་སྣང་བ་གང་ཟག་དང་ཆོས་ཀྱི་རྣམ་པ་ཅན་གྱི་གཉེན་པོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ནི་འཇིག་རྟེན་ལས་འདས་པ་ཡིན་ཏེ། འཁོར་བར་ནམ་ཡང་མ་འདྲིས་པའི་རང་བཞིན་ཡིན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པ་དེ་ཡང་གཉིས་ཏེ། ཉན་ཐོས་དང་རང་སངས་རྒྱས་རྣམས་ཀྱི་ནི་རྟག་སོགས་ཕྱིན་ཅི་ལོག་བཞིའི་གཉེན་པོ་ཡིན་པའི་ཕྱིར་ཕྱིན་ཅི་ལོག་ཏུ་རྣམ་པར་མི་རྟོག་པ་ཡིན་ལ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་གཟུགས་ལ་སོགས་པའི་སྤྲོས་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་སྤྲོས་པ་མེད་པའི་རྣམ་པར་མི་རྟོག་པ་ཡིན་ནོ། །

ཡང་རྣམ་གྲངས་སུ་ན་འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་དེ་བཞིན་ཉིད་ལ་སོགས་པའི་རྣམ་པར་སྣང་བ་ཡང་འཇིག་རྟེན་ལས་འདས་པ་ཡིན་ཏེ་གཅིག་ཏུ་འཁོར་བར་མ་འདྲིས་པའི་ཕྱིར་དང་། འཇིག་རྟེན་ལས་འདས་པའི་ཡེ་ཤེས་ལ་བརྟེན་ནས་བྱུང་བའི་ཕྱིར་རོ། །ཕུང་པོ་ལ་སོགས་པའི་ཕྱོགས་གཅིག་ནི་འཇིག་རྟེན་ལས་འདས་པའི་ལམ་གྱིས་བསྡུས་པའོ། །ཁམས་གསུམ་དང་མ་འདྲེས་པའི་མཚན་ཉིད་ཅན་གྱི་འཇིག་རྟེན་ལས་འདས་པ་ཆོས་ཙམ་དུ་ཤེས་པ་ན་བདག་ཁམས་གསུམ་དང་མ་འདྲེས་པའི་འབའ་ཞིག་པར་མངོན་པར་ཞེན་པ་སྤོང་ངོ་། །འབའ་ཞིག་པ་ནི་མ་འདྲེས་པའམ་རྣམ་པར་དག་པའི་དོན་ནོ། །བྱུང་སོགས་བརྒྱད་དུ་དབྱེ་བ་ལ། རེ་ཞིག་བྱུང་བ་ནི་འདས་པ་དང་ད་ལྟར་བ་གཉིས་ཡིན་ཏེ། དེ་དག་ནི་རྒྱུ་རྐྱེན་ལས་སྐྱེས་ཟིན་པའི་ཕྱིར་རོ། །ཕྱོགས་གཅིག་ནི་མ་འོངས་པ་དང་འདུས་མ་བྱས་བོར་བའོ། །རྒྱུ་ལས་སྐྱེས་པའི་ཐེར་ཟུགས་མ་ཡིན་པ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །

ཡང་བྱུང་བའི་རྣམ་པར་རབ་ཏུ་དབྱེ་བ་ཉི་ཤུ་རྩ་བཞི་སྟེ། འདི་ལྟར། དང་པོ་བྱུང་བ་ནི་སྐྱེ་བས་སུ་ཉིང་འཚམས་སྦྱོར་བའི་དུས་ན་བྱུང་བ་གང་ཡིན་པའོ། །རྒྱུན་གྱིས་བྱུང་བ་ནི་དེ་ཕྱིན་ཆད་མ་ཤིའི་བར་ལ་བྱུང་བའོ། །རྒྱས་པ་ལས་བྱུང་བ་ནི་གཉིད་དང་ཟས་དང་། ཚངས་པར་སྤྱོད་པ་དང་སྙོམས་པར་འཇུག་པ་སྟེ། གང་གིས་ལུས་ཀྱི་འབྱུང་བ་རྣམས་རྒྱས་པར་བྱེད་པའི་རྒྱུ་བཞི་ལས་བྱུང་བའོ། །རྟེན་བྱུང་བ་ནི་ནང་གི་དབང་པོ་རྣམས་སོ། །འགྱུར་བར་བྱུང་བ་ནི་བདེ་བ་ལ་སོགས་པའི་ཚོར་བ་འབྱུང་བ་ན། དེ་དང་རྗེས་སུ་མཐུན་པར་དབང་པོ་རྣམས་འགྱུར་བའོ། །ཡོངས་སུ་སྨིན་པར་བྱུང་བ་ནི་རྒས་པའི་གནས་སྐབས་གང་ཡིན་པའོ། །ཉམས་པར་བྱུང་བ་ནི་བདེ་འགྲོ་ནས་ཤི་འཕོས་ཏེ་ངན་འགྲོར་སྐྱེས་པའོ། །ཁྱད་པར་དུ་བྱུང་བ་ནི་དེ་ལས་ཟློག་པའོ། །

འོད་གསལ་བར་བྱུང་བ་ནི། ལྷ་རྩེ་བས་རབ་ཏུ་བསླུས་པ་དང་། ཡིད་སུན་འབྱིན་པ་དང་། འཕྲུལ་དགའ་བ་རྣམས་དང་། གཞན་འཕྲུལ་དབང་བྱེད་པ་རྣམས་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཏེ། གོ་རིམ་བཞིན་དུ། དགའ་བ་མང་བ་དང་། ལོངས་སྤྱོད་དང་། ཏིང་ངེ་འཛིན་གྱི་གནས་པ་ལ་རང་གིས་དབང་བསྐུར་བའི་ཕྱིར་རོ། །འོད་གསལ་བ་མ་ཡིན་པར་བྱུང་བ་ནི་དེ་མ་ཡིན་པ་རྣམས་སོ། །ཀུན་དུ་འགྲོ་བ་བྱུང་བ་ནི་བགྲོད་པའི་གནས་སྐབས་སུ་བྱུང་བའོ། །ས་བོན་དང་བཅས་པར་བྱུང་བ་ནི་དགྲ་བཅོམ་པའི་ཕུང་པོ་ཐ་མ་མ་གཏོགས་པ་རྣམས་སོ། །ས་བོན་མ་ཡིན་པར་བྱུང་བ་ནི་དགྲ་བཅོམ་པའི་ཕུང་པོ་ཐ་མའོ། །གཟུགས་བརྙན་དང་། དབང་འབྱོར་པ་དང་། ངེས་པར་བསྟན་པའི་ཕྱིར་བྱུང་བ་རྣམས་ནི་གོ་རིམ་བཞིན་དུ། ཀེང་རུས་ལ་སོགས་པ་ཤེས་བྱའི་དངོས་པོ་དང་མཐུན་པའི་གཟུགས་བརྙན་དང་། རྣམ་པར་ཐར་པ་བསམ་གཏན་པའི་སྤྱོད་ཡུལ་གྱི་གཟུགས་དང་། དེ་བཞིན་གཤེགས་པའི་གཟུགས་རྣམས་སོ། །

གཅིག་ནས་གཅིག་ཏུ་བྱུང་བ་ནི་ཚེ་རབ་བརྒྱུད་དེ་བྱུང་བའོ། །སྐད་ཅིག་ཞིག་ནས་བྱུང་བ་ནི་འདུ་བྱེད་རྣམས་སྐད་ཅིག་རེ་རེ་ཞིང་འབྱུང་བའོ། །ཕྲད་པ་དང་། བྲལ་བའི་འབྱུང་བ་ནི་སྡུག་པ་དང་། མི་སྡུག་པ་དང་། ཕྲད་པ་དང་བྲལ་བ་འམ། སེམས་འདོད་ཆགས་དང་བཅས་པ་དང་། འདོད་ཆགས་དང་བྲལ་བའི་གནས་སྐབས་གང་ཡིན་པའོ། །འཇིགས་པ་དང་ཆགས་པའི་བྱུང་བ་ནི་སྣོད་ཀྱི་འཇིག་རྟེན་ཆགས་པའི་གནས་སྐབས་གང་ཡིན་པའོ། །འཆི་འཕོ་བ་དང་སྐྱེ་བས་བྱུང་བ་ནི་སེམས་ནི་འཇིག་རྟེན་འཆི་བ་དང་སྐྱེ་བའི་གནས་སྐབས་གང་ཡིན་པའོ། །གནས་སྐབས་གཞན་དུ་བྱུང་བ་ནི་མེར་མེར་པོ་ལ་སོགས་པའི་གནས་སྐབས་རྣམས་དང་། ནད་ལ་སོགས་པའི་གནས་སྐབས་སུ་བྱུང་བ་གང་ཡིན་པའོ། །སྔོན་གྱི་དུས་ན་བྱུང་བ་ནི་སྔོན་དུས་ཀྱི་སྲིད་པའོ། །འཆི་བའི་དུས་ན་བྱུང་བ་ནི་འཆི་བའི་སྲིད་པའོ། །བར་དུ་བྱུང་བ་ནི་བར་མ་དོའི་སྲིད་པའོ། །ཉིང་འཚམས་སྦྱོར་བའི་དུས་ན་བྱུང་བ་ནི་སྐྱེ་བའི་སྲིད་པའོ། །དང་པོར་བྱུང་བ་དང་བཟློས་ཞེ་ན་མ་ཡིན་ཏེ། ཚེ་འདིའི་སྐྱེ་སྲིད་གྱི་དབང་དུ་བྱས་ནས་དང་པོར་བྱུང་བར་བཤད་ལ། མ་འོངས་པ་ཚེ་ཕྱི་མའི་སྐྱེ་སྲིད་གྱི་དབང་དུ་བྱས་ནས་འདི་བཤད་པ་ཡིན་པའི་ཕྱིར་རོ། །མ་བྱུང་བ་རྒྱུ་རྐྱེན་གྱིས་མ་སྐྱེད་པ་ཆོས་ཙམ་དུ་ཤེས་པ་ན་བདག་རྒྱུ་རྐྱེན་ལ་མི་ལྟོས་པའི་ཐེར་ཟུག་ཏུ་མངོན་པར་ཞེན་པ་སྤོང་ངོ་། །གཞན་རྣམས་ནི་གོ་བར་ཟད་དོ། །འཛིན་པ་ནི་དབང་པོ་གཟུགས་ཅན་རྣམས་དང་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཏེ། རང་གི་སྤྱོད་ཡུལ་ལ་ལོངས་སྤྱོད་པའི་ཕྱིར་རོ། །ཕུང་པོ་གསུམ་ནི་ཚོར་བ་དང་། འདུ་ཤེས་དང་རྣམ་པར་ཤེས་པའོ། །གཟུགས་དང་འདུ་བྱེད་ཀྱི་ཕྱོགས་གཅིག་ནི་དབང་པོ་གཟུགས་ཅན་རྣམས་དང་། མཚུངས་པར་ལྡན་པའི་འདུ་བྱེད་རྣམས་གོ་རིམ་བཞིན་ནོ། །

ཁམས་བཅུ་གཉིས་ནི་དབང་པོ་ལྔ་དང་རྣམ་པར་ཤེས་པའི་ཁམས་བདུན་ནོ། །སྐྱེ་མཆེད་དྲུག་ནི་ནང་གི་སྐྱེ་མཆེད་རྣམས་སོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་ནི་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཡུལ་ལ་ལོངས་སྤྱོད་པའི་འཛིན་པ་ཆོས་ཙམ་དུ་ཤེས་པ་ན། བདག་ཡུལ་རྣམས་ལ་ལོངས་སྤྱོད་པར་བྱེད་པའི་ཟ་བ་པོར་མངོན་པར་ཞེན་པ་སྤོང་ངོ་། །

ཡང་འཛིན་པའི་རབ་ཏུ་དབྱེ་བ་ནི། ཡུལ་དང་མ་ཕྲད་པར་འཛིན་པ་ནི་མིག་དང་རྣ་བ་དང་ཡིད་རྣམས་ཡིན་ཏེ། ཡིད་ནི་གཟུགས་ཅན་མ་ཡིན་པའི་ཕྱིར་དང་། མིག་དང་རྣ་བས་ནི་རྒྱང་རིང་པོའི་གཟུགས་སྒྲ་རྣམས་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དབང་པོ་འདི་གསུམ་ནི་རྣལ་འབྱོར་པ་རྣམས་ཀྱིས་མངོན་པར་ཤེས་པ་སྒྲུབ་ཏུ་རུང་བ་ཡིན་ནོ། །ཡུལ་དང་ཕྲད་ནས་འཛིན་པ་ནི་སྣ་དང་ལྕེ་དང་ལུས་རྣམས་ཡིན་ནོ། །འདི་དག་ནི་རང་གི་ཡུལ་དང་དབང་པོ་བར་མ་ཆོད་པར་དམིགས་པ་དེའི་ཚེ་དེ་དག་གི་རྣམ་པར་ཤེས་པ་སྐྱེ་བར་དམིགས་ཀྱི་ཡུལ་དབང་བར་ཆོད་པའི་ཚེ་དེ་དག་གི་རྣམ་པར་ཤེས་པ་སྐྱེ་བ་མ་དམིགས་པའི་ཕྱིར་རོ། །དེའི་ཕྱིར་དབང་པོ་དེ་དག་ལ་ནི་མངོན་པར་ཤེས་པ་སྒྲུབ་པར་མི་ནུས་པ་ཡིན་ནོ། །ཡང་དབང་པོའི་རྣམ་པར་ཤེས་པ་ལྔ་མཚུངས་ལྡན་དང་བཅས་པ་ནི་ཡུལ་ད་ལྟར་བ་ཁོ་ན་འཛིན་པར་བྱེད་པ་ཡིན་ཏེ། འདས་པ་དང་མ་འོངས་པ་ནི་དངོས་པོར་མེད་པའི་ཕྱིར་དང་དེ་དག་ནི་ཡུལ་དངོས་པོར་ཡོད་པའི་སྟོབས་ལས་སྐྱེ་བའི་ཕྱིར་རོ། །ད་ལྟར་བ་དེ་ཡང་ཡུལ་སོ་སོར་ངེས་པ་ལྟོས་པར་འཛིན་པ་ཡིན་ཏེ། མིག་གི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པས་ནི་གཟུགས་ཁོ་ན་འཛིན་གྱི་ཡུལ་གཞན་མི་འཛིན་པའི་ཕྱིར་རོ། །

ཡིད་ཀྱི་རྣམ་པར་ཤེས་པ་འཁོར་དང་བཅས་པས་ནི་རང་དང་སྤྱིའི་མཚན་ཉིད་ཐམས་ཅད་དང་། འདས་པ་དང་མ་འོངས་པ་དང་ལྟར་གྱི་དུས་ཐམས་ཅད་དང་གཟུགས་སྒྲ་ལ་སོགས་པ་ཡུལ་ཐམས་ཅད་འཛིན་པ་ཡིན་ནོ། །བཟུང་བ་དང་འཛིན་པའི་མཚན་ཉིད་མ་གྲུབ་པ་མ་ཡིན་ནམ་ཞེ་ན། ཡང་དག་པར་ཆོས་ཐམས་ཅད་ལ་བྱེད་པ་མེད་པའི་ཕྱིར་འཛིན་པ་མེད་པ་ཡིན་ཡང་། ཐ་སྙད་དུ་ཡུལ་དང་དབང་པོ་ལ་སོགས་པའི་རྐྱེན་ཚོགས་པ་ལས་གཟུགས་སྒྲ་ལ་སོགས་པར་སྣང་བའི་རྣམ་པར་ཤེས་པ་འབྱུང་བའི་ཕྱིར་དེ་ཙམ་ལ་ཉེ་བར་བཏགས་ནས་འཛིན་པར་སྨྲ་བ་ཡིན་ནོ། །བཟུང་བ་ནི་འཛིན་པར་བཤད་པ་གང་ཡིན་པ་དེ་ཐམས་ཅད་ནི་བཟུང་བ་ཡང་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་རྣམས་ཀྱང་ཡིད་ཀྱི་རྣམ་པར་ཤེས་པའི་ཡུལ་ཡིན་པའི་ཕྱིར་རོ། །བཟུང་བ་ཡིན་ལ་འཛིན་པ་མ་ཡིན་པ་ནི་འཛིན་པའི་སྤྱོད་ཡུལ་གྱི་དོན་གཟུགས་སྒྲ་ལ་སོགས་པ་དང་། མི་ལྡན་པའི་འདུ་བྱེད་དང་། འདུས་མ་བྱས་ལ་སོགས་པ་ཐམས་ཅད་དོ། །འཛིན་པ་རྣམས་ཀྱི་བཟུང་བྱ་རྣམས་ཆོས་ཙམ་དུ་ཤེས་པ་ན་བདག་འཛིན་པའི་ཡུལ་དུ་མངོན་པར་ཞེན་པ་སྤང་ངོ་། །ཕྱི་རོལ་དུ་བལྟས་པ་ནི་སངས་རྒྱས་ཀྱི་བསྟན་པ་ལ་ལུང་གི་ཆོས་དགེ་བའི་བཤེས་གཉེན་ལས་ཐོས་པ་ལས་བྱུང་བ་དང་། ཐོས་པའི་དོན་རིགས་པས་བརྟགས་ཤིང་དཔྱད་དེ། བསམས་པ་ལས་བྱུང་བ་དང་། ཐོས་བསམ་དེའི་རྗེས་སུ་མཐུན་པར་ཚུལ་བཞིན་དུ་སྒོམས་པའི་སྒོ་ནས་རྟོགས་པའི་ཆོས་སྒྲུབ་པས་བསྡུས་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ནི་འདོད་པ་ན་སྤྱོད་པ་ཡིན་ཡང་ཕྱི་རོལ་དུ་བལྟས་པ་མ་ཡིན་ཏེ། ཆོས་ཀྱི་དབྱིངས་རྟོགས་པའི་རྒྱུ་མཐུན་པ་ཉིད་ཀྱིས་མྱ་ངན་ལས་འདས་པ་ལ་དམིགས་པའི་ཕྱིར་རོ། །དེ་ལས་མ་གཏོགས་པའི་འདོད་པ་དང་རབ་ཏུ་ལྡན་པའི་ཆོས་རྣམས་ནི་ཕྱི་རོལ་དུ་བལྟས་པ་ཡིན་ཏེ། འདོད་པའི་ཡོན་ཏན་ལྔ་ལ་སྲེད་པ་འཕེལ་བ་དང་། རྗེས་སུ་མཐུན་པའི་ཕྱིར་རོ། །

ཁམས་བཞི་ནི་སྣ་དང་ལྕེའི་རྣམ་པར་ཤེས་པའི་ཁམས་དང་དྲི་དང་རོའི་ཁམས་རྣམས་སོ། །སྐྱེ་མཆེད་གཉིས་ནི་དྲི་རོའི་སྐྱེ་མཆེད་གཉིས་སོ། །དེ་ལས་གཞན་པ་དག་གི་ཕྱོགས་གཅིག་ནི་སངས་རྒྱས་ཀྱི་བསྟན་པ་ལ་ཐོས་སོགས་བྱས་པས་བསྡུས་པ་མ་གཏོགས་པའི་འདོད་པ་དང་རབ་ཏུ་ལྡན་པས་བསྡུས་པ་རྣམས་སོ། །འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་ཕྱི་རོལ་དུ་བལྟས་པ་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤང་ངོ་། །ནང་དུ་བལྟས་པ་ནི་ཕྱི་རོལ་དུ་བལྟས་པ་ལས་བཟློག་པ་སངས་རྒྱས་ཀྱི་བསྟན་པ་ལས་ཐོས་བསམ་སྒོམ་གསུམ་བྱས་པ་དང་། མཉམ་པར་བཞག་པའི་སས་བསྡུས་པ་རྣམས་ནི་ནང་དུ་བལྟས་པ་ཡིན་ཏེ། མྱ་ངན་ལས་འདས་པ་དང་སྙོམས་འཇུག་ལ་དམིགས་པའི་ཕྱིར་རོ། །དེ་ལས་གཞན་པའི་ཕྱོགས་གཅིག་ནི་བཤད་མ་ཐག་པས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་སོ། །འདོད་པ་ལས་འདོད་ཆགས་དང་བྲལ་བའི་ནང་ལྟས་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤང་ངོ་། །ཉོན་མོངས་པ་ཅན་ནི་མི་དགེ་བ་དང་། སྒྲིབས་ལ་ལུང་མ་བསྟན་པའི་ཆོས་རྣམས་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཀུན་སློང་གི་རྒྱུའམ། མཚུངས་ལྡན་གྱི་གྲོགས་སམ་རང་གི་ངོ་བོ་གང་རུང་དུ་ལྡན་པའི་ཕྱིར་ཉོན་མོངས་པ་ཅན་ཞེས་བྱའོ། །དེ་ལ་སྒྲིབས་ལ་ལུང་དུ་མ་བསྟན་པ་ནི་དམིགས་གསལ་གསུམ་མ་གཏོགས་པ་དུས་ཐམས་ཅད་དུ་ཀུན་དུ་འགྲོ་བའི་ཡིད་ཉོན་མོངས་པ་ཅན་གྱི་ཡིད་དང་དེ་དང་མཚུངས་པར་ལྡན་པའི་བདག་ཏུ་ལྟ་བ་ལ་སོགས་པའི་ཉོན་མོངས་པ་བཞི་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ལྟ་དང་མཐར་ལྟ་ལྷན་ཅིག་སྐྱེས་པ་དང་། གཟུགས་དང་གཟུགས་མེད་པར་སྐྱེས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་མཚུངས་ལྡན་དང་བཅས་པ་རྣམས་སོ། །

དེ་དག་ནི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་དག་གིས་རྙོག་རྙོག་པོར་བྱས་པའི་ཕྱིར་སྒྲིབས་པ་ཡིན་ལ་རྣམ་སྨིན་འབྱིན་པར་ལུང་བསྟན་དུ་མེད་པའི་ཕྱིར་ལུང་མ་བསྟན་ཡང་ཡིན་ནོ། །དེ་ལ་ཉོན་མོངས་པ་ཅན་གྱི་ཡིད་ནི་དགེ་བ་དང་ལྷན་ཅིག་ཏུ་རྒྱུད་གཅིག་ལ་འཇུག་པའི་ཕྱིར་ལུང་དུ་མ་བསྟན་པ་ཡིན་ལ། ཡིད་ཤེས་འཁོར་གྱི་འཇིག་ལྟ་དང་མཐར་ལྟ་དག་ནི་འདོད་པ་ལ་འདོད་ཆགས་དང་བྲལ་བ་དག་གི་རྒྱུད་ལ་ཡང་ཀུན་ཏུ་འབྱུང་བའི་ཕྱིར་དང་ཁ་ནང་དུ་བལྟས་པས་ཉེས་སྤྱོད་ཀུན་ནས་སློང་མི་ནུས་པའི་ཕྱིར་ཡང་མི་དགེ་བ་ཡིན་ནོ། །ཁམས་གོང་གི་ཉོན་མོངས་པ་རྣམས་ནི་ཏིང་ངེ་འཛིན་གྱིས་རྩེ་ཅིལ་བས་ཉེས་སྤྱོད་ཀུན་ནས་སློང་བར་མི་ནུས་པའི་ཕྱིར་མི་དགེ་བ་མ་ཡིན་ནོ། །ཁམས་བཅུ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང་། གཟུགས་སྒྲ་ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་བཞི་ནི་ཡིད་དང་ཆོས་དང་གཟུགས་སྒྲའི་སྐྱེ་མཆེད་རྣམས་སོ། །དེ་རྣམས་ཀྱི་ཕྱོགས་གཅིག་ནི་མི་དགེ་བ་དང་སྒྲིབས་ལ་ལུང་མ་བསྟན་གྱིས་བསྡུས་པ་རྣམས་སོ། །ཉོན་མོངས་པ་ཅན་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །ཉོན་མོངས་པ་ཅན་མ་ཡིན་པ་ནི་དགེ་བ་དང་མ་སྒྲིབས་ལ་ལུང་མ་བསྟན་ཉོན་མོངས་པ་ཅན་མ་ཡིན་ཏེ། ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀུན་སློང་གི་རྒྱུ་དང་མཚུངས་ལྡན་གྲོགས་དང་། རང་གི་ངོ་བོ་གང་དུ་ཡང་མི་ལྡན་པའི་ཕྱིར་རོ། གཞན་དུ་ན་དགེ་བའམ་མ་སྒྲིབས་ལ་ལུང་དུ་མ་བསྟན་པར་འགལ་བའི་ཕྱིར་རོ། །

ཁམས་དང་སྐྱེ་མཆེད་བརྒྱད་ནི་དབང་པོ་ལྔ་དང་། དྲི་རོ་རེག་བྱ་རྣམས་སོ། །ལྷག་མ་རྣམས་ཀྱི་ཕྱོགས་གཅིག་ནི་མི་དགེ་བ་དང་སྒྲིབས་ལ་ལུང་དུ་མ་བསྟན་པ་བོར་བ་རྣམས་སོ། །མིག་ལ་སོགས་པའི་དབང་པོ་རྣམས་ལས་འདོད་ཆགས་ལ་སོགས་པའི་ཉོན་མོངས་སྐྱེ་བའི་ཕྱིར་ཉོན་མོངས་པ་ཅན་དུ་འགྱུར་ཏེ། གཞན་དུ་ན་ལུས་ངག་གི་མི་དགེ་བ་ལ་སོགས་པ་ཉོན་མོངས་པ་རྒྱུར་ལྡན་པ་རྣམས་ཀྱང་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་རོ་ཞེ་ན། མཚུངས་པ་མིན་ཏེ། དཔེར་ན་དུག་གིས་སྡུག་བསྔལ་བསྐྱེད་པའི་ནུས་པ་ནི་རང་གི་ངོ་བོ་དང་དུག་དང་འགྲོགས་པའི་ཟས་དང་། དུག་གིས་བསྐྱེད་པའི་མེ་ཏོག་དང་འབྲས་བུ་ལ་སོགས་པ་གསུམ་ལ་དམིགས་ཀྱིས་གང་ལ་དུག་སྐྱེ་བའི་ས་གཞི་ལ་ནི་གཞན་ལ་སྡུག་བསྔལ་བསྐྱེད་པའི་ནུས་པ་མ་དམིགས་པ་ལྟར། ཉོན་མོངས་པ་རྣམས་ཀྱི་ནུས་པ་རང་དང་གཞན་ལ་གནོད་པ་ལ་སོགས་པ་ཡང་རང་གི་ངོ་བོ་དང་། མཚུངས་ལྡན་གྱི་གྲོགས་དང་ཀུན་ནས་སློང་བའི་འབྲས་བུ་གསུམ་ལས་བྱུང་བ་ཡིན་གྱི། རང་གང་ལས་འབྱུང་བའི་དབང་པོ་སོགས་ལ་ནི་མ་ཡིན་ཏེ། རྒྱུའི་ནུས་པ་འབྲས་བུ་ལ་འཕོ་བར་རིགས་པ་ཡིན་གྱི་འབྲས་བུའི་ནུས་པ་རྒྱུ་ལ་འཕོ་བ་མི་རིགས་པའི་ཕྱིར་རོ། །དེ་བས་ན་འཆི་བ་དང་སྡུག་བསྔལ་བསྐྱེད་པ་ལ་སོགས་དུག་གི་ནུས་པ་གང་ལ་ཡོད་པ་དེ་ལ་དུག་ཅན་ཞེས་ཟེར་བ་ལྟར། ཉོན་མོངས་པ་རྣམས་ཀྱིས་ནུས་པ་གང་ལ་དམིགས་པ་དེ་ལ། ཉོན་མོངས་པ་ཅན་ཞེས་འཇོག་པ་ཡིན་ནོ། །དེ་ལྟར་ན་སྒྲིབས་ལ་ལུང་དུ་མ་བསྟན་པའི་ཉོན་མོངས་དང་ཉེ་བའི་ཉོན་མོངས་རྣམས་ལ་ཉེས་སྤྱོད་སྐྱེས་པ་ལ་སོགས་པའི་ཉོན་མོངས་པའི་ནུས་པ་མེད་པའི་ཕྱིར་ཉོན་མོངས་པ་ཅན་མ་ཡིན་པར་འགྱུར་རོ་ཞེ་ན། མ་ཡིན་ཏེ། དེ་དག་ལ་ནི་ཉེས་སྤྱོད་ཀུན་སློང་བའི་ནུས་པ་མེད་ཀྱང་སེམས་ཉེ་བར་ཉོན་མོངས་པར་བྱེད་པའི་ནུས་པ་ཡོད་པ་ཡིན་ཏེ། གཞན་དུ་ན་ཉོན་མོངས་པའི་རང་བཞིན་དོར་བར་འགྱུར་བའི་ཕྱིར་རོ། །དཔེར་ན་སྔགས་དང་སྨན་གྱིས་བསད་པའི་དུག་ལ་འཆི་བའི་ནུས་པ་མེད་ཀྱང་རང་གི་རང་བཞིན་གང་ཡིན་པ་དེ་མི་འདོར་བ་བཞིན་ནོ། །ཉོན་མོངས་ཅན་མ་ཡིན་པ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་ཞེན་པ་སྤོང་ངོ་། །

འདས་སོགས་བཅུ་དྲུག་ཏུ་དབྱེ་བ་ལ་དྲུག་སྟེ། འདས་སོགས་དུས་གསུམ་དང་། དེ་དག་སོགས་ཆོས་གསུམ་དང་། འདོད་པ་སོགས་ཁམས་གསུམ་དང། སློབ་པ་སོགས་ཆོས་གསུམ་དང་། མཐོང་སྤང་སོགས་སྤང་བྱ་ཡིན་མིན་གསུམ་དང་། རྟེན་ཅིང་འབྲེལ་པར་འབྱུང་བའོ། །དང་པོ་ལ་དུས་གསུམ་དངོས་དང་། དུས་གསུམ་དང་མྱང་འདས་བརྗོད་དུ་ཡོད་མེད་ཀྱི་ཁྱད་པར་གཉིས་ལས། དང་པོ་འདས་པ་ནི་རྒྱུ་ལས་རང་གི་ངོ་བོ་ཐོབ་པས་བྱུང་ལ། སླར་ཡང་དེ་ཉིད་འགགས་པ་ནི་འདས་པ་ཡིན་ནོ། །དང་པོས་མ་འོངས་པ་དང་འདུས་མ་བྱས་སེལ་ལ་གཉིས་པས་ད་ལྟར་བ་སེལ་ལོ། །རྒྱུས་འབྲས་བུ་བསྐྱེད་ཟིན་པའི་ཕྱིར་དང་། འབྲས་བུའི་རང་གི་ངོ་བོ་ཐོབ་ནས་ཞིག་པའི་ཕྱིར། རྒྱུ་དང་འབྲས་བུ་སྤྱད་ཟིན་པའོ། །ད་ལྟར་གྱི་ཆགས་སོགས་དང་དད་སོགས་ལྟར་སེམས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱེད་པའི་མཐུ་མེད་པའི་ཕྱིར། འདས་པའི་ཆགས་སོགས་དང་དད་སོགས་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་པའི་དུས་ལས་ཡང་དག་པར་འདས་པ་ཡིན་ནོ་རྒྱུ་ཡོངས་སུ་བཟུང་ནས་ཞིག་པ་ནི་བག་ཆགས་བཞག་ནས་ཞིག་པའི་ཕྱིར་རོ། །འབྲས་བུ་དང་རང་གི་མཚན་ཉིད་ཡོད་དང་མེད་པ་ནི། ད་ལྟར་ཀྱི་དུས་ན་དེས་བསྐྱེད་པའི་བག་ཆགས་ཡོད་པ་དང་། འཇོག་བྱེད་རང་ཉིད་མེད་པའི་ཕྱིར་རོ། །དྲན་པའི་ཀུན་དུ་རྟོག་པའི་མཚན་མ། སྔར་མྱོང་བའི་རྗེས་འབྲང་བའི་དྲན་པའི་དམིགས་པ་ཙམ་དུ་ཡོད་པའི་ཕྱིར་རོ། །བལྟས་པའི་ཀུན་ནས་ཉོན་མོངས་པའི་མཚན་མ་ནི། འདས་པའི་དུས་ཀྱི་ཡུལ་སྡུག་པ་འམ་མི་སྡུག་པ་འགའ་ཞིག་དྲན་པ་ལས་རྗེས་སུ་ཆགས་པ་འམ་ཁོང་ཁྲོ་བ་སྐྱེ་བར་འགྱུར་བའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི། ད་ལྟར་བ་དང་མ་འོངས་པ་དང་། འདུས་མ་བྱས་བོར་བ་རྣམས་སོ། །འདས་པ་རྫས་སུ་མེད་ཅིང་ད་ལྟར་གྱི་གནས་སྐབས་སུ་མི་འཇུག་པར་ཤེས་པ་ན། འདས་པ་ཚེ་རབས་སྔ་མའི་བདག་འགའ་ཞིག་ད་ལྟར་གྱི་གནས་སྐབས་སུ་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤོང་ངོ་། མ་འོང་པ་ནི་སྐྱེད་པར་བྱེད་པའི་རྒྱུ་ཡོད་ཀྱང་། རང་གི་ངོ་བོ་མ་ཐོབ་པས་མ་བྱུང་བ་སྟེ། རྒྱུ་ཡོད་ཅེས་པས་འདུས་མ་བྱས་སེལ་ལ། མ་བྱུང་བས་འདས་པ་དང་ད་ལྟར་བ་སེལ་ལོ། །རང་གི་མཚན་ཉིད་མ་ཐོབ་པ་ནི། རང་གི་ངོ་བོ་མ་སྐྱེས་པའི་ཕྱིར་རོ། །

རྒྱུ་དང་འབྲས་བུ་སྤྱད་པ་ནི། དེའི་ས་བོན་གྱི་བྱ་བ་མ་བྱས་པ་དང་། དེ་ཡང་མ་སྐྱེས་པའི་ཕྱིར་རོ། །ད་ལྟར་གྱི་ཆགས་སོགས་དང་དད་སོགས་ལྟར་སེམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བར་བྱེད་པའི་དངོས་པོ་ཉེ་བར་མི་གནས་པ་དང་། བཏང་སྙོམས་ཀྱི་རྣམ་པར་བྱང་བའི་མཚན་མ་ནི། སྡུག་པ་འམ་མི་སྡུག་པའི་མཚན་མ་མ་བཟུང་བར་བཏང་སྙོམས་སུ་བཞག་པ་ལས། དེ་ལ་དམིགས་པའི་ཀུན་ནས་ཉོན་མོངས་པ་མི་སྐྱེ་བའི་ཕྱིར་རོ། །མངོན་པར་དགའ་བ་དང་། དེ་མེད་པས་གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་མཚན་མ་ནི། མ་འོངས་པའི་དུས་སུ་འབྱུང་བའི་ཀུན་ནས་ཉོན་མོངས་པ་དང་། རྗེས་སུ་མཐུན་པའི་ཆོས་འགའ་ཞིག་གིས་མཚན་མ་བཟུང་བ་ལས། རྗེས་སུ་ཆགས་པའི་ཁོང་ཁྲོ་བར་འགྱུར་བ་དང་། རྣམ་པར་བྱང་བ་དང་རྗེས་སུ་མཐུན་པའི་ཆོས་འགའ་ཞིག་ནི་མཚན་མ་བཟུང་བ་ལས་མངོན་པར་ཡིད་ཆེས་པ་འམ། དད་པ་ལ་སོགས་པ་སྐྱེ་བར་འགྱུར་བའི་ཕྱིར་རོ། །རྒྱུ་དང་རང་གི་མཚན་ཉིད་ཡོད་པ་དང་མེད་པ་ནི་གོ་རིམ་བཞིན་དུ་འབྲས་བུ་སྐྱེད་པའི་ནུས་ལྡན་དུ་ཡོད་པ་དང་། རང་གི་རྒྱུ་ལས་མ་གྲུབ་པའི་ཕྱིར་རོ། །

མ་འོངས་པ་རྫས་སུ་མེད་པར་ཤེས་པ་ན་མ་འོངས་པའི་གནས་སྐབས་ཀྱི་བདག་ནི་ད་ལྟར་བའི་གནས་སྐབས་སུ་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤོང་ངོ་། །ད་ལྟར་བྱུང་བ་ནི་རང་གི་ངོ་བོ་རྒྱུ་ལས་བྱུང་ཞིང་མ་འགག་པའི་མཚན་ཉིད་དང་། རྒྱུས་འབྲས་བུ་ཕྱུང་ཟིན་པས་སྤྱད་པ་དང་། འབྲས་བུའི་རང་གི་ངོ་བོ་མ་ཞིག་པས་མ་དཔྱད་པ་དང་། ད་ལྟར་བའི་ཆགས་སོགས་དང་། དད་སོགས་ཀྱི་སེམས་ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བར་བྱེད་པའི་དངོས་པོ་ཉེ་བར་གནས་པ་དང་། འདས་པ་དང་མ་འོངས་པ་རབ་ཏུ་བཞག་པའི་རྒྱུ་ནི། ད་ལྟར་བའི་གནས་སྐབས་ཐོབ་ཟིན་པ་ནི་འདས་པ་དང་། མ་ཐོབ་ཅིང་ཐོབ་རུང་དུ་ཡོད་པ་མ་འོངས་པ་ཡིན་པའི་ཕྱིར་རོ། །བྱེད་པ་པོར་གནས་པ་ནི་ད་ལྟར་གྱི་གནས་སྐབས་ཀྱི་མིག་དང་གཟུགས་ལ་སོགས་པས་ནི་རང་རང་གི་བྱ་བ་བྱེད་པའི་ནུས་པ་ཡོད་པའི་ཕྱིར་རོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་འདས་པ་དང་མ་འོངས་པ་དང་འདུས་མ་བྱས་བོར་བ་རྣམས་སོ། །

ད་ལྟར་བ་རྒྱུ་ལས་རང་གི་ངོ་བོ་ཐོབ་པའི་སྐད་ཅིག་མ་ཙམ་དུ་ཤེས་པ་ན་བདག་ད་ལྟར་བ་དེ་ཉིད་མ་འོངས་པའི་སྐྱེ་བར་འཇུག་པར་བྱེད་པར་མངོན་པར་ཞེན་པ་སྤང་ངོ་། །དུས་གསུམ་པོ་འདི་ལ་ཕྱི་ནང་གི་གྲུབ་མཐའ་སྨྲ་བ་ཁ་ཅིག་ད་ལྟར་བ་བཞིན་དུ། འདས་པ་དང་མ་འོངས་པ་དག་ཀྱང་རྫས་སུ་ཡོད་དེ། །གཞན་དུ་ན་འདས་པ་དང་མ་འོངས་པ་ལ་བློ་མི་འཇུག་པར་ཐལ་བར་འགྱུར་བ་དང་། འདས་པའི་ལས་ཀྱི་འབྲས་བུ་མི་འབྱིན་པར་ཐལ་བར་འགྱུར་བའི་ཕྱིར་རོ། །ཞེས་བྱ་བ་ལ་སོགས་པ་ལུང་དང་རིགས་པའི་སྒོ་ནས་འདས་པ་དང་མ་འོངས་པ་རྫས་སུ་གྲུབ་པར་བྱེད་དོ། །འདི་ལ་སྨྲ་བར་བྱ་སྟེ། ཕྱི་རོལ་པ་གང་དག་དངོས་པོ་རྣམས་རྟག་པར་འདོད་པ་དག་གི་ལུགས་ལ་མི་རིགས་པ་མེད་ཀྱང་། གང་དག་འདུས་བྱས་མི་རྟག་པར་འདོད་བཞིན་དུ་འདས་པ་དང་མ་འོངས་པ་རྫས་སུ་ཡོད་པར་སྨྲ་བ་ནི་ཤིན་ཏུ་ཡང་མི་རིགས་ཏེ། དངོས་པོ་རྣམས་མི་རྟག་ཅེས་བྱ་བ་ནི་སྐྱེ་བ་དང་འཇིག་པས་རབ་ཏུ་ཕྱེ་བ་ཡིན་ལ། ལུགས་དེ་ལ་སྐྱེ་བ་དང་འཇིག་པ་མི་རུང་བའི་ཕྱིར་རོ། །འདི་ལྟར་མ་འོངས་པ་རྫས་སུ་ཡོད་པ་ཞིག་ཡིན་ན། དེ་རྒྱུ་དང་རྐྱེན་ལས་སྐྱེས་པར་མི་རིགས་ཏེ། རྫས་སུ་ཡོད་པ་ལ་རྒྱུ་རྐྱེན་གྱི་བྱ་བ་མེད་པའི་ཕྱིར་རོ། །གལ་ཏེ་རྒྱུ་རྐྱེན་དག་གིས་མ་འོངས་པའི་གནས་སྐབས་ནས་ད་ལྟ་བར་འདྲེན་པར་བྱེད་དོ་ཞེས་བྱ་བའི་དོན་འདི་ཅི་རྫས་གསར་དུ་སྒྲུབ་པའམ། དངོས་པོ་མངོན་པར་གསལ་བར་བྱེད་པ་ཡིན། དང་པོ་ལྟར་ན་མ་འོངས་པའི་རྫས་ད་ལྟར་གྱི་དུས་སུ་དྲངས་སོ་ཞེས་བྱ་བར་མི་རུང་སྟེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པོ་དེའི་རྫས་ནི་དག་པར་དུ་བྱུང་བ་ཡིན་གྱི་མ་འོངས་པའི་རྫས་ད་ལྟར་གྱི་དུས་སུ་དྲངས་སོ་ཞེས་བྱ་བར་མི་རུང་སྟེ། རྒྱུ་དང་རྐྱེན་གྱིས་བསྐྱེད་པའི་དངོས་པོ་དེའི་རྫས་ནི་གསར་དུ་བྱུང་བ་ཡིན་གྱི་མ་འོངས་པའི་གནས་སྐབས་ན་མེད་པའི་ཕྱིར་རོ། །གཉིས་པ་ལྟར་ན་མངོན་པར་གསལ་བ་དེ་ཉིད་རྫས་དང་གཅིག་གམ་འོན་ཏེ་ཐ་དད་པ་ཡིན། དང་པོ་ལྟར་ན། མ་འོངས་པའི་གནས་སྐབས་ན་རྫས་བཞིན་དུ་མངོན་པར་གསལ་བ་ཡིན་པར་འགྱུར་བ་འམ། ཡང་ན་མངོན་པར་གསལ་བ་བཞིན་རྫས་ཀྱང་རྒྱུ། རྐྱེན་གྱིས་གསར་དུ་སྒྲུབས་པར་འགྱུར་གྱི་མ་འོངས་པའི་གནས་སྐབས་ནས་འོངས་ཞེས་བྱ་བར་མི་རུང་ངོ་། །

གཉིས་པ་ལྟར་ན། རྒྱུ་རྐྱེན་གྱིས་མ་འོངས་པའི་རྫས་ད་ལྟར་བའི་ངོ་བོར་མངོན་པར་གསལ་བར་བྱ་བར་མི་འགྱུར་ཏེ། རྒྱུ་རྐྱེན་གྱིས་མངོན་པར་གསལ་བར་བྱས་པ་དེ་ནི་རྫས་ལས་གཞན་ཡིན་པའི་ཕྱིར་དང་། གཞན་མངོན་པར་གསལ་བས་ནི། གཞན་མངོན་པར་གསལ་བར་བྱས་པར་མི་རུང་བ་ཡིན་ཏེ། ཧ་ཅང་ཐལ་བར་འགྱུར་བའི་ཕྱིར་རོ། །ཅི་སྟེ་མངོན་པར་གསལ་བ་ནི་རྫས་དེ་ཉིད་དང་། གཞན་དུ་བརྗོད་དུ་མེད་དོ། །ཞེས་བྱ་བར་ཡང་རུང་བ་མ་ཡིན་ཏེ། མངོན་པར་གསལ་བ་ལས་གཞན་པའི་རྫས་འདི་ཆོས་མ་མཐོང་བའི་ཕྱིར། རྫས་ཀྱི་ཆོས་རྣམས་ལ་ཡང་དེ་ཉིད་དང་གཞན་གྱི་རྣམ་པ་ལས་མི་འདའ་བའི་ཕྱིར་རོ། །

གཞན་ཡང་མ་འོངས་པ་དང་ད་ལྟར་བ་དག་ལ་རང་གི་མཚན་ཉིད་ཐ་དད་པ་ཡོད་དམ་མེད། ཅི་སྟེ་རང་གི་མཚན་ཉིད་ཐ་དད་པ་མེད་ན་ནི། ད་ལྟར་བ་ཡང་མ་འོངས་པ་བཞིན་དུ་མ་སྐྱེས་པའམ། མ་འོངས་པ་རྣམས་ཀྱང་ད་ལྟར་བ་བཞིན་དུ་མངོན་པར་གསལ་བར་འགྱུར་རོ། །ཅི་སྟེ་ཐ་དད་པ་ཡོད་ན་མ་འོངས་པའི་གནས་སྐབས་ཀྱི་རྫས་དང་། རང་གི་མཚན་ཉིད་དག་གཅིག་ཡིན་ན་ནི་ད་ལྟར་བའི་གནས་སྐབས་ན་མ་འོངས་པའི་རྫས་མངོན་པར་གསལ་བཞིན་དུ་མ་འོངས་པའི་རང་གི་མཚན་ཉིད་ཀྱང་མངོན་པར་གསལ་བར་འགྱུར་ལ། དེ་ལྟར་ན་རྫས་གཅིག་ལ་དུས་གཉིས་ཀྱི་རང་གི་མཚན་ཉིད་ཅིག་ཅར་དུ་མངོན་པར་གསལ་བར་བྱས་པར་འགྱུར་ན་དེ་ཡང་རིགས་པ་མ་ཡིན་ནོ། །གལ་ཏེ་རྫས་དང་རང་གི་མཚན་ཉིད་ཐ་དད་པ་ཡིན་ན་རང་གི་མཚན་ཉིད་ཅེས་བྱ་བར་མི་རུང་སྟེ། བ་ལང་དང་རྟ་བཞིན་ནོ། །དེའི་ཕྱིར་མ་འོངས་པ་རྫས་སུ་ཡོད་ན་དངོས་པོ་རྣམས་རྒྱུ་དང་རྐྱེན་ལས་གསར་དུ་སྐྱེའོ་ཞེས་བྱ་བ་འདི་རུང་བ་མ་ཡིན་ནོ། །འདས་པ་རྫས་སུ་ཡོད་ན་འཇིག་པ་རུང་བ་མ་ཡིན་ཏེ། གལ་ཏེ་ད་ལྟར་གྱི་དངོས་པོའི་རྫས་མ་ཞིག་པར་གནས་ན་དེའི་ཚེ་འདས་པ་རྫས་སུ་ཡོད་པ་ཞེས་བྱ་བ་འདི་རིགས་པར་འགྱུར་གྱི། གལ་ཏེ་ད་ལྟར་བའི་རྫས་ཞིག་ནས་རྗེས་སུ་འགྲོ་བ་མེད་ན། དེའི་ཚེ་འདས་པ་ཞེས་བྱ་བའི་རྫས་གང་ནས་འབྱུང་བར་འགྱུར་ཏེ། འདས་པ་ནི་ད་ལྟར་བ་སྔོན་དུ་འགྲོ་བ་ཅན་གྱི་ཡིན་པའི་ཕྱིར་རོ། །ཅི་སྟེ་ད་ལྟར་བའི་དངོས་པོ་འཇིག་པ་ཡིན་གྱི་རྫས་མ་ཡིན་ནོ་ཞེས་ན། རྫས་དང་དངོས་པོ་གཅིག་ཡིན་ན། དངོས་པོ་བཞིན་དུ་རྫས་ཀྱང་འཇིག་པའམ། ཡང་ན་རྫས་བཞིན་དངོས་པོ་ཡང་འཇིག་པར་མི་འགྱུར་རོ། །ཅི་སྟེ་དེ་དག་ཐ་དད་པ་ཡིན་ན། ད་ལྟར་བ་རྣམས་ལ་རྫས་དང་དངོས་པོའི་ངོ་བོ་ཐ་དད་པ་གཉིས་དམིགས་པར་རིགས་ན། དེ་ཡང་མ་དམིགས་པའི་ཕྱིར་རུང་བ་མ་ཡིན་ནོ། །ཅི་སྟེ་བྱ་བ་ཞིག་པ་ཡིན་གྱི་རྫས་མ་ཡིན་ནོ་ཞེས་བྱ་འམ། ད་ལྟར་གྱི་རང་གི་མཚན་ཉིད་ཞིག་པ་ཡིན་གྱི་རྫས་མ་ཡིན་ནོ་ཞེས་བྱ་བ་ལ་ཡང་བརྟག་པ་དང་། ལན་སྔ་མ་ཁོ་ན་ཡིན་ནོ། །དེའི་ཕྱིར་འདས་པ་རྫས་སུ་ཡོད་ན་འཇིག་པ་རུང་བ་མ་ཡིན་ནོ། །

གཞན་ཡང་ཐོགས་བཅས་ཀྱི་དངོས་པོ་འདས་པ་དང་མ་འོངས་པ་དག་ཡུལ་གོ་ས་གཞན་པར་གནས་སམ་འོན་ཏེ་མི་གནས། དང་པོ་ལྟར་ན། ད་ལྟར་གྱི་གངས་ཅན་གྱི་ཡུལ་དུ་འདས་པ་དང་མ་འོངས་པའི་གངས་ཅན་གནས་ན། ཡུལ་གོ་ས་གཅིག་ན་ཐོགས་བཅས་དུ་མ་གནས་པར་འགལ་ལ་མི་གནས་ན། དེ་དག་གནས་པའི་ཡུལ་གཞན་བསྟན་དགོས་ན། དེ་ཡང་ནུས་པ་མ་ཡིན་ནོ། །གཞན་ཡང་འདས་པ་དང་མ་འོངས་པ་ཡུལ་ན་གནས་ན་ཐོག་མ་མེད་པ་ནས་བརྒྱུད་དེ་འོངས་པའི་ཐོགས་བཅས་ཀྱི་དངོས་པོ་གཅིག་གིས་ཀྱང་ནམ་མཁའི་ཁམས་མ་ལུས་པ་ཁྱབ་པས་གཟུགས་ཅན་གཞན་ལ་གོ་སྐབས་མི་རྙེད་པར་འགྱུར་རོ། །ཅི་སྟེ་འདས་མ་འོངས་ཡུལ་ན་མི་གནས་ན། རི་ཁང་ཁྱིམ་ལ་སོགས་པ་ཐོགས་བཅས་ཀྱི་དངོས་པོ་འདི་རྣམས་ཀྱི་རང་གི་མཚན་ཉིད་འདས་པ་དང་མ་འོངས་པའི་གནས་སྐབས་ན་མེད་པའི་ཕྱིར། འདི་དག་གི་རྫས་འདས་པ་དང་། མ་འོངས་པ་ན་ཡོད་པར་རིགས་པ་མ་ཡིན་ནོ། །

གལ་ཏེ་དེ་དག་གིས་ཐོགས་པ་དང་བཅས་པའི་དངོས་པོ་དེ་ཉིད་འདས་པ་དང་མ་འོངས་པའི་གནས་སྐབས་ན་མེད་ཀྱང་རྫས་ཡོད་དོ་ཞེ་ན། དེ་དག་གི་རང་གི་ངོ་བོ་ཡུལ་དང་ཐ་གྲུ་རྣམས་སུ་རྒྱས་པ་ལས། གཞན་པའི་དེ་དག་གི་རྫས་ཅུང་ཟད་ཀྱང་མ་དམིགས་པའི་ཕྱིར་དེ་ཡང་རུང་བ་མ་ཡིན་ནོ། །དེའི་ཕྱིར་འདས་པ་དང་མ་འོངས་པ་རྫས་སུ་ཡོད་དོ་ཞེས་བྱ་དེ་རུང་བ་མ་ཡིན་ནོ། །འདས་པའི་ལས་ཀྱིས་འབྲས་བུ་འབྱིན་པའི་ཕྱིར་ཞེས་པ་ཡང་ཤེས་བྱེད་དུ་རིགས་པ་མ་ཡིན་ཏེ། འདས་པའི་ལས་དེ་ཉིད་ལས་ད་ལྟར་གྱི་འབྲས་བུ་འབྱུང་བ་ནི་མ་ཡིན་གྱི། འོན་ཀྱང་གང་གི་ཚེ་ལས་དེ་ཉིད་རང་གི་མཚན་ཉིད་དུ་གྲུབ་པ་དེའི་ཚེ་སེམས་རྒྱུད་ལ་རང་གིས་བགོས་པའི་བག་ཆགས་ཀྱི་རྒྱུན་རྗེས་སུ་འབྲེལ་བ་དེ་ཉིད་ལ་འདས་པའི་ལས་ཀྱི་འབྲས་བུ་ཞེས་བརྗོད་པ་ཙམ་ཡིན་པའི་ཕྱིར་རོ། །དེ་ལ་དགོངས་ནས་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ཡོད་དོ། །ཞེས་གསུངས་པ་ཡིན་ནོ། །འདས་པ་དང་མ་འོངས་པའི་བློ་འཇུག་པའི་ཕྱིར་རོ། །ཞེས་བྱ་བ་ཡང་སྒྲུབ་བྱེད་ཡང་དག་པ་མ་ཡིན་ཏེ། རྨི་ལམ་དང་གཟུགས་བརྙན་ལ་སོགས་པ་དངོས་པོར་མ་གྲུབ་པ་དག་ལ་ཡང་དེ་དེའི་བློ་འཇུག་པར་མཐོང་བའི་ཕྱིར་རོ། །

གང་ཡང་མདོ་ལས་འདས་པའི་གཟུགས་མེད་དོ། །ད་ལྟར་བའི་གཟུགས་ཡོད་དོ། །མ་འོངས་པའི་གཟུགས་ཡོད་དོ་ཞེས་བྱ་བ་ལ་སོགས་པ་གསུངས་པ་གང་ཡིན་པ་དེ་དག་ཀྱང་། འབྲས་བུ་ལ་དགོངས་ནས་འདས་པ་ཡོད་དོ། །ཞེས་གསུངས་ལ། རང་གི་མཚན་ཉིད་ལ་དགོངས་ནས་ད་ལྟར་བ་ཡོད་དོ་ཞེས་གསུངས་ཤིང་། རྒྱུ་ཙམ་ཡོད་པ་ལ་དགོངས་ནས་མ་འོངས་པ་ཡོད་པར་གསུངས་པ་ཡིན་ཏེ། གཞན་དུ་ཇི་སྐད་བཤད་པའི་རིགས་པས་གནོད་པའི་ཕྱིར་དང་། རིགས་པས་གནོད་པ་ཡང་ཐམས་ཅད་མཁྱེན་པས་མི་གསུང་བའི་ཕྱིར་རོ། །དེ་ལྟར་ན་འདས་པ་དང་། མ་འོངས་པ་ནི་བཏགས་པ་ཙམ་དུ་ཡོད་ལ། ད་ལྟར་བ་ནི་རྫས་སུ་ཡོད་པ་ཡིན་ནོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །

གཉིས་པ་དུས་གསུམ་དང་མྱང་འདས་བརྗོད་བྱ་ཡིན་མིན་གྱི་ཁྱད་པར་ནི། ཅིའི་ཕྱིར་བཅོམ་འདས་ཀྱིས་འདས་པ་སོགས་གསུམ་ཉིད་གཏམ་གྱི་གཞིར་བཞག་གི་མྱ་ངན་ལས་འདས་པ་ནི་མ་ཡིན་ཞེ་ན། འདས་པ་ལ་སོགས་པ་དུས་གསུམ་གྱིས་བསྡུས་པའི་ཆོས་རྣམས་ནི་གཏམ་གྱིས་བརྗོད་པར་བྱ་བའི་གཞི་ཡིན་ཏེ། དེ་དག་ནི་རྣམ་པར་རྟོག་པའི་ཡུལ་དུ་འགྱུར་བའི་ཕྱིར་དང་བརྗོད་པ་རྣམས་ཀྱང་རྣམ་པར་རྟོག་པའི་རྗེས་སུ་འབྲང་བའི་ཕྱིར་རོ། །མྱ་ངན་འདས་པ་ནི་གཏམ་གྱིས་བརྗོད་པར་བྱ་བ་མ་ཡིན་ཏེ་དེ་ནི་རྣལ་འབྱོར་པ་སོ་སོ་རང་གིས་རིག་པར་བྱ་བ་ཁོ་ན་ཡིན་གྱི། རང་གིས་མྱོང་བ་ལྟར་ཚིག་གི་ལམ་ནས་བཞན་ལ་བརྗོད་དུ་མེད་པའི་ཕྱིར་ཏེ། དེ་ནི་རྣལ་འབྱོར་པས་མཉམ་བཞག་ཏུ་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་ཉམས་སུ་མྱོང་བ་ལྟར་རྗེས་ཐོབ་ཏུ་ངག་ཀུན་ནས་སློང་བའི་རྟོག་པ་ལ་རྣམ་པ་མི་འཆར་བའི་ཕྱིར་རོ། །དེའི་རྒྱུ་མཚན་ཡང་མྱ་ངན་ལས་འདས་པ་ནི་སྤྲོས་པ་ཐམས་ཅད་ཉེ་བར་ཞི་བ་ཡིན་ལ་རྣམ་པར་རྟོག་པ་རྣམས་ནི་སྤྲོས་པ་དང་བཅས་པའི་རྣམ་པར་སྐྱེ་བའི་ཕྱིར་རོ། །དངོས་པོ་རང་མཚན་པ་རྣམས་ཀྱང་རྟོག་པ་ལ་མི་སྣང་བ་ཡིན་ནམ་ཅིའི་ཕྱིར་མྱ་ངན་ལས་འདས་པ་ཁོ་ན་བརྗོད་དུ་མེད་པ་ཡིན་ཅེ་ན། དེ་དག་ནི་རྣམ་པར་རྟོག་པ་ལ་དངོས་སུ་མི་སྣང་ཡང་མངོན་སུམ་གྱིས་ཇི་ལྟར་ཉམས་སུ་མྱོང་བ་ལྟར། མྱོང་བའི་རྗེས་སུ་འབྲང་བའི་རྟོག་པ་ལ་རྣམ་པར་འཆར་བའི་ཕྱིར་སྒྲས་བརྗོད་པར་ནུས་པ་ཡིན་ནོ། །གཞན་ཡང་མྱ་ངན་ལས་འདས་པ་ནི་བྱུང་བ་འདས་པ་དང་འབྱུང་བ་མ་འོངས་པ་དང་ལྟར་གྱི་ཐ་སྙད་མཐོང་བ་དང་ཐོས་པ་དང་བྱེ་བྲག་ཕྱེད་པ་ལ་སོགས་པའི་གནས་མ་ཡིན་པའི་ཕྱིར་རོ། །

འདིར་མྱ་ངན་ལས་འདས་པ་ནི་རང་བཞིན་གྱིས་མྱ་ངན་ལས་འདས་པ་དེ་བཞིན་ཉིད་ཡིན་གྱི་ཕུང་པོ་དང་བཅས་པ་འམ་ཕུང་པོ་མེད་པའི་མྱ་ངན་ལས་འདས་པ་ནི་མ་ཡིན་ཏེ། གཉིས་པ་དགེ་སོགས་ཆོས་གསུམ་ལ་དངོས་པོ་དང་། དེར་བསྟན་པས་དགེ་སོགས་བཞག་པའི་ཚུལ་དང་གཉིས་ལས། རེ་ཞིག་དོན་གསུམ་གྱིས་བསྟན་པ་ནི། དེ་ལ་ངོ་བོ་ཉིད་དང་། འབྲེལ་པ་དང་། སློང་བ་གསུམ་ནི་དངོས་པོའི་དབྱེ་བ་ཡིན་ཏེ། དགེ་བ་མཚན་ཉིད་པ་ཀུན་འདི་ཙམ་དུ་ཟད་པའི་ཕྱིར་རོ། །ལྷག་མ་རྣམས་ནི་གདུལ་བྱའི་ཤེས་རབ་བསྐྱེད་པའི་ཕྱིར་དངོས་བཏགས་ཐུན་མོང་གི་རྣམ་པའི་རབ་ཏུ་དབྱེ་བ་ཙམ་དུ་ཟད་དོ། །ཁམས་བཅུ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང་། གཟུགས་སྒྲ་ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་བཞི་ནི་ཡིད་དང་ཆོས་དང་གཟུགས་སྒྲའི་སྐྱེ་མཆེད་དོ། །དེ་རྣམས་ལ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པ་གསུམ་གསུམ་སྲིད་པས་མི་དགེ་བ་དང་ལུང་མ་བསྟན་བོར་བ་རྣམས་སོ། །འབྲས་བུ་འདོད་པ་སྟེར་བྱེད་ཀྱི་དགེ་བ་ཆོས་ཙམ་དུ་ཤེས་པ་ན་བདག་ཆོས་དགེ་བ་དང་ལྡན་པར་མངོན་པར་ཞེན་པ་སྤང་ངོ་། །

གཉིས་པ་མཚན་ཉིད་རྒྱས་པར་བཤད་པ་ནི། དད་པ་ནས་རྣམ་པར་མི་འཚེ་བའི་བར་གྱི་སེམས་ལས་བྱུང་བའི་ཆོས་བཅུ་གཅིག་སྔར་བཤད་པའི་མཚན་ཉིད་ཅན་དེ་དག་ནི་ངོ་བོ་ཉིད་ཀྱིས་དགེ་བ་ཡིན་ཏེ། སྨན་བཟང་པོ་ལྟར་རང་བཞིན་གྱིས་རྣམ་པར་བྱང་བའི་ངོ་བོ་ཉིད་དུ་སྐྱེས་པའི་ཕྱིར་རོ། །དེ་དག་དང་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི་འབྲེལ་བའི་དགེ་བ་ཡིན་ཏེ། སྨན་བཟང་པོ་དང་སྦྱར་བའི་བཏུང་བ་ལྟར་གྲོགས་སྟོབས་ཀྱིས་རྣམ་པར་དཀར་བའི་རང་བཞིན་དུ་སྐྱེས་པའི་ཕྱིར་རོ། །ངོ་བོ་ཉིད་དང་འབྲེལ་བའི་དགེ་བ་དེ་ཉིད་ཀྱི་སྒོས་པའི་བག་ཆགས་གང་ཡིན་པ་དེ་ནི་རྗེས་སུ་འབྲེལ་བའི་དགེ་བ་ཞེས་བྱ་སྟེ། སྨན་གྱི་ས་བོན་ལྟར་རྣམ་པར་དཀར་བའི་ཆོས་ནུས་པའི་ངོ་བོར་ལྡན་པའི་ཕྱིར་རོ། །འདི་ནི་དགེ་བར་བཏགས་པ་ཙམ་ཡིན་གྱི་མཚན་ཉིད་པ་མ་ཡིན་ཏེ་རྒྱུ་མཚན་སྔར་ཀུན་གཞིའི་ས་བོན་བསྟན་ལ་འབེབས་པའི་ཐད་དུ་བཤད་ཟིན་ཏོ། །

དད་སོགས་མཚུངས་ལྡན་དང་བཅས་པ་དེས་ཀུན་ནས་སློང་བའི་ལུས་དང་ངག་གི་ལས་རྣམ་པར་རིགས་བྱེད་དང་རིགས་བྱེད་མ་ཡིན་པ་རྣམས་ནི་ཀུན་ནས་སློང་བའི་དགེ་བ་ཡིན་ཏེ། སྨན་གྱི་ཤིང་ལྗོན་པའི་མེ་ཏོག་དང་འབྲས་བུ་ལྟར། ཀུན་སློང་གི་སྟོབས་ལས་རྣམ་པར་དཀར་བའི་ངོ་བོ་ཉིད་དུ་སྐྱེས་པའི་ཕྱིར་རོ། །དེ་བཞིན་ཉིད་ནི་དོན་དམ་པའི་དགེ་བ་ཡིན་ཏེ། འཕགས་པ་ཕྱིན་ཅི་མ་ལོག་པའི་ཡེ་ཤེས་སྤྱན་ལྡན་རྣམས་ཀྱི་འདི་ཁ་ན་མ་ཐོ་བ་མེད་པ་དང་རྣམ་པར་དཀར་བའི་ངོ་བོ་ཉིད་དུ་གཟིགས་པའི་ཕྱིར་རོ། །འདི་ཡང་ནད་མེད་པ་ལ་བདེ་བར་ཐ་སྙད་འདོགས་པ་ལྟར། མི་དགེ་བ་མེད་པ་ཙམ་ལ་དགེ་བ་ཞེས་ཐ་སྙད་དུ་བྱས་པ་ཡིན་གྱི་འདིས་འབྲས་བུ་འདོད་པ་འབྱིན་པར་བྱེད་པའི་ཕྱིར་ནི་མ་ཡིན་ཏེ། འདི་ནི་ཀུན་ལ་ཁྱད་པར་མེད་པར་ཡོད་པའི་ཕྱིར་དང་། ནམ་ཡང་མེད་པ་མ་ཡིན་པའི་ཕྱིར་འགྲོ་བ་ཀུན་རྟག་ཏུ་བདེ་བ་ལ་ལོངས་སྤྱོད་པར་ཐལ་བར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་གང་དག་དེ་བཞིན་ཉིད་བྱང་ཆུབ་ཀྱི་རྒྱུར་བསྔོ་བར་བྱ་བའི་དགེ་བ་ཡིན་ནོ་ཞེས་སྨྲ་བ་དེ་དག་ནི་རིགས་པ་དང་མི་རིགས་པའི་སྤྱོད་པ་མེད་པར་བབ་ཅོལ་དུ་སྨྲ་བ་ཡིན་ཏེ། ལུང་རིགས་དང་འགལ་བའི་དོན་ཁས་ལེན་པའི་ཕྱིར་རོ། །དེ་ནི་སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ་ལས་རྒྱས་པར་བཀག་ཟིན་པའི་ཕྱིར་ཡང་འདིར་མི་སྤྲོ་སྟེ། ཤི་ཟིན་པ་ལ་སླར་ཡང་མཚོན་སྣུན་པས་ཅི་ཞིག་བྱ། དེ་བས་ན་དེ་བཞིན་ཉིད་ནི་དད་པ་ལ་སོགས་པ་དང་། ཁ་ན་མ་ཐོ་བ་མེད་པར་མཚུངས་པའི་ཕྱིར་དགེ་བ་ཞེས་ཉེ་བར་བཏགས་པ་ཡིན་གྱི་དངོས་སུ་ནི་མ་ཡིན་ནོ། །མྱ་ངན་ལས་འདས་པ་ནི་དགེ་བ་ལ་སོགས་པ་ཐ་སྙད་ཐམས་ཅད་ཀྱི་ཡུལ་ལས་འདས་པ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །

སྐྱེ་བས་ཐོབ་པའི་དགེ་བ་ནི། དད་སོགས་དགེ་བའི་ཆོས་འདི་དག་སྔོན་གྱི་སྐྱེ་བ་ལ་ལྷག་པར་གོམས་པར་བྱས་པ་ལ་རྟེན་ནས་ཚེ་འདིར་དགེ་བ་དེའི་ངོ་བོ་སྟེ་དེ་དང་རྗེས་སུ་མཐུན་པའི་རྣམ་པར་སྨིན་པ་དགེ་བ་བསྒྲུབ་པའི་རྟེན་དུ་རུང་བའི་ལུས་མངོན་པར་གྲུབ་ལ། དེའི་སྟོབས་ཀྱིས་དད་སོགས་དེ་དག་ཉིད་ལ་རང་བཞིན་ནམ་རང་གི་ངང་གིས་བྱེད་པར་འདོད་པ་ཀུན་ཏུ་གནས་པ་ཡིན་གྱི། སྐྱེས་བུ་དམ་པ་བརྟེན་པ་ལ་སོགས་པ་སོ་སོར་བརྟགས་པའི་སྟོབས་ཀྱིས་མ་ཡིན་པའོ། །རྣམ་སྨིན་གྱི་ལུས་དེ་བཟུང་བའི་སྟོབས་ཀྱིས་འབྱུང་བ་ཡིན་གྱི་འབད་བརྩོལ་གྱིས་སྒྲུབས་པ་མ་ཡིན་པའི་དོན་ནོ། །སྦྱོར་བ་ལས་བྱུང་བ་ནི་སྐྱེས་བུ་དམ་པ་དགེ་བའི་བཤེས་གཉེན་ལ་བརྟེན་པ་དང་། དམ་པའི་ཆོས་གསུང་རབ་དགོངས་འགྲེལ་དང་བཅས་པ་ཉན་པ་དང་། ཤེས་བྱའི་གནས་ལུགས་མི་རྟག་པ་ལ་སོགས་པ་ལ་ཚུལ་བཞིན་ཡིད་ལ་བྱེད་པ་དང་། ཆོས་མྱ་ངན་ལས་འདས་པའི་རྗེས་སུ་མཐུན་པའི་ཆོས་སྒྲུབ་པ་སྒོམ་པས་བྱུང་བའམ་བསླབ་པ་གསུམ་ལ་བརྟེན་ནས་དད་པ་ལ་སོགས་པ་སྒོམ་པ་ཡང་ཡང་བསྐྱེད་པའོ། །འདུན་དུ་བྱས་པའི་དགེ་བ་ནི་དེ་བཞིན་གཤེགས་པ་སྤྲུལ་པའི་སྐུའམ་མཆོད་རྟེན་བརྒྱད་སོགས་སམ། གཟུགས་སུ་བྱས་པ་ལུགས་མའམ། ལྡེ་སྐུ་ལ་སོགས་པའམ། རས་བྲིས་ལ་སོགས་པ་ལ་སྐུ་གཟུགས་རི་མོར་བྲིས་པའམ་ཆོས་ཀྱི་གསུང་རབ་དང་ཆོས་ཀྱི་གཞི་གླེགས་བམ་སོགས་མདུན་དུ་བྱས་ནས། མེ་ཏོག་ལ་སོགས་པ་མཆོད་པའི་ལས་བྱེད་པའོ། །

ཕན་འདོགས་པའི་དགེ་བ་ནི། གང་ཡང་བསྡུ་བའི་དངོས་པོ་བཞི་པོ་སྦྱིན་པ་དང་། སྙན་པར་སྨྲ་བ་དང་། དོན་སྤྱོད་པ་དང་། དོན་མཐུན་པ་རྣམས་ཀྱིས་སེམས་ཅན་ལ་ཕན་འདོགས་པའོ། །དེ་ལ་སྦྱིན་པ་ནི་ཟས་འདོད་པ་རྣམས་ལ་ཟས་དང་། སྐོམ་འདོད་པ་རྣམས་ལ་སྐོམ་སྟེར་བ་ལ་སོགས་པ་ཟང་ཟིང་གི་དངོས་པོ་སྦྱིན་པའོ། སྙན་པར་སྨྲ་བ་ནི་ཕ་རོལ་དུ་ཕྱིན་པ་དྲུག་གི་གཏམ་བརྗོད་པའོ། །དོན་སྤྱོད་པས་ནི་ཕ་རོལ་དུ་ཕྱིན་པ་དྲུག་གམ་དེ་དང་རྗེས་སུ་མཐུན་པའི་ཆོས་ཉམས་སུ་ལེན་དུ་འཇུག་པའོ། །དོན་མཐུན་པ་ནི་རང་ཉིད་ཉམས་སུ་ལེན་པའོ། །དང་པོས་ནི་འཁོར་དུ་སྡུད་པར་བྱེད་དོ། །གཉིས་པས་ནི་འདོམས་པར་བྱེད་དོ། །གསུམ་པས་ནི་གདམས་པའི་དོན་རྗེས་སུ་སྒྲུབ་པ་ལ་འཇུག་པར་བྱེད་དོ། །བཞི་པ་ནི། འདོམས་པ་པོ་ལ་ཡིད་ཆེས་པར་བྱེད་དོ། །ཇི་སྐད་དུ། སྦྱིན་མཚུངས་དེ་སྟོན་ལེན་འཇུག་དང་། སྙན་པར་སྨྲ་དང་དོན་སྤྱོད་དང་། བདག་ཉིད་རྗེས་སུ་འཇུག་རྣམས་ནི། །དོན་མཐུན་ཉིད་དུ་འདོད་པ་ཡིན། །ཞེས་གསུངས་པ་ལྟར་རོ། །འབྲས་བུ་འདོད་པ་ཡོངས་སུ་འཛིན་པའི་དགེ་བ་ནི། སྦྱིན་པའི་ཚུལ་ཁྲིམས་ལས་བྱུང་བའི་བསོད་ནམས་བྱ་བའི་དངོས་པོ། མཐོ་རིས་ལྷ་དང་མིའི་སྐྱེ་བ། འཕེན་པའི་སྒོ་ནས་ཡོངས་འཛིན་པ་དང་ལོངས་སྤྱོད་དང་ལྡན་པའི་ཕྱུག་པོ་དང་། རྒྱལ་རིགས་དང་བྲམ་ཟེའི་རིགས་ལ་སོགས་པ་རིགས་མཐོན་པོར་སྐྱེ་བ་ཡོངས་སུ་རྫོགས་པར་བྱེད་པས་འཛིན་པ་དང་རྣམ་པར་བྱང་བ་མྱ་ངན་ལས་འདས་པ་དང་རྗེས་སུ་མཐུན་པ་ཡོངས་སུ་འཛིན་པར་བྱེད་པའོ། །མདོར་ན་མངོན་པར་མཐོ་བ་དང་ངེས་པར་ལེགས་པའི་འབྲས་བུ་འཛིན་པ་ཞེས་བྱ་བའི་དོན་ནོ། །སྤང་བྱའི་གཉེན་པོ་བྱེད་པའི་དགེ་བ་ནི་རྣམ་པར་སུན་འབྱིན་པ་ལ་སོགས་པ་སྟེ། དེ་ལ་རྣམ་པར་སུན་འབྱིན་པའི་གཉེན་པོ་ནི། ཟག་པ་དང་བཅས་པའི་འདུས་བྱས་རྣམས་ལ་ཉེས་དམིགས་སུ་ལྟ་བ་སྟེ། དེས་ནད་དང་འབྲས་ལ་སོགས་པའི་རྣམ་པས་ཉེ་བར་ལེན་པའི་ཕུང་པོ་རྣམས་སུན་འབྱིན་པའི་ཕྱིར་རོ། །

སྤོང་བའི་གཉེན་པོ་ནི་སྦྱོང་བ་དང་བར་ཆད་མེད་པའི་ལམ་སྟེ། དེ་དག་གིས་ཉོན་མོངས་པ་སྤོང་བའི་ཕྱིར་རོ། །གཞིའི་གཉེན་པོ་ནི་རྣམ་པར་གྲོལ་བའི་ལམ་སྟེ། དེ་སྤངས་པའི་ཐོབ་པ་ཀུན་ཏུ་འཛིན་པའི་ཕྱིར་རོ། །ཐག་སྲིང་བའི་གཉེན་པོ་ནི། ཁྱད་པར་གྱི་ལམ་སྟེ། དེས་སྔར་སྤངས་པའི་ཉོན་མོངས་པ་རྣམས་ཐག་སྲིང་བའི་ཕྱིར་རོ། །རྣམ་པར་གནོན་པའི་གཉེན་པོ་ནི་འཇིག་རྟེན་པའི་ལམ་སྟེ། དེས་སྤང་བྱའི་ཉོན་མོངས་པ་རྣམས་མཐུ་ཉམས་པ་ཙམ་བྱེད་ཀྱི་ས་བོན་དྲུངས་འབྱིན་པར་མི་ནུས་པའི་ཕྱིར་རོ། །བྲལ་བའི་གཉེན་པོ་ནི་འཇིག་རྟེན་ལས་འདས་པའི་ལམ་ཏེ། དེས་སྤང་བྱའི་ས་བོན་དྲུངས་འབྱིན་པའི་ཕྱིར་རོ། །ཉོན་མོངས་པའི་སྒྲིབ་པའི་གཉེན་པོ་ནི་གང་ཟག་གི་བདག་མེད་རྟོགས་པའི་ལམ་སྟེ། དེས་ཉོན་མོངས་པའི་སྒྲིབ་པ་ཐམས་ཅད་ཀྱི་རྩ་བ་ཉོན་མོངས་པ་ཅན་གྱི་རིགས་པ་སྤོང་བར་ནུས་པའི་ཕྱིར་རོ། །ཤེས་བྱའི་སྒྲིབ་པའི་གཉེན་པོ་ནི་ཆོས་ཀྱི་བདག་མེད་པ་རྟོགས་པའི་ལམ་སྟེ། དེས་ནི་ཤེས་བྱའི་སྒྲིབ་པའི་རྩ་བ་བཟུང་བ་དང་། འཛིན་པར་མངོན་པར་ཞེན་པ་སྤོང་བའི་ཕྱིར་རོ། །སྤང་བྱ་ཉེ་བར་ཞི་བའི་དགེ་བ་ནི་འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་མཐའ་དག་སྤོང་བ་སྟེ་དེ་ཡང་ཉོན་མོངས་པའི་གནས་ཀྱི་ཚོར་བ་མ་ལུས་པ་བཀག་པ་དང་། ཉོན་མོངས་པའི་རང་གི་ངོ་བོ་བཀག་པ་གཉིས་ལས། དང་པོ་ནི། འདུ་ཤེས་དང་ཚོར་བ་འགོག་པའི་སྙོམས་འཇུག་གོ །

གཉིས་པ་ལ་ཐེག་པ་དམན་པ་དང་། ཐེག་པ་ཆེན་པོའི་མྱ་ངན་ལས་འདས་པ་གཉིས་ལས། དང་པོ་ལ་ཡང་སྡུག་བསྔལ་གྱི་ཕུང་པོ་ཉེ་བར་མ་ཞི་བ་དང་། ཞི་བའི་བྱེ་བྲག་གིས་གཉིས་ཡིན་ལ། དང་པོ་ནི། ཕུང་པོ་ལྷག་མ་དང་བཅས་པའི་མྱ་ངན་ལས་འདས་པ་སྟེ། དེ་ནི་ཉོན་མོངས་པ་མ་ལུས་པར་སྤངས་པའི་ཕྱིར་ཤིང་རྟ་ལའི་མགོ་བོ་གཅད་པ་ལྟར་ཡང་སྲིད་པའི་སྡུག་བསྔལ་གྱི་ལོ་འདབ་རྒྱས་པར་མི་འགྱུར་བས། མྱ་ངན་ལས་འདས་པ་ཞེས་བྱ་ལ། སྔོན་གྱི་ལས་དང་ཉོན་མོངས་པས་འཕངས་པའི་སྡུག་བསྔལ་གྱི་མེ་རབ་ཏུ་མ་ཞི་བས་ཕུང་པོའི་ལྷག་མ་དང་བཅས་པ་ཞེས་བྱའོ། །གཉིས་པ་ནི། ཕུང་པོ་ལྷག་མ་མེད་པའི་མྱ་ངན་ལས་འདས་པའི་དབྱིངས་སྟེ། དེ་ནི་བུད་ཤིང་ཟད་པའི་མེ་བཞིན་དུ་ཟག་པ་དང་བཅས་པའི་ཕུང་པོ་མ་ལུས་པ་འགགས་ཏེ། འདུས་བྱས་ཀྱི་འཇུག་པ་ཉེ་བར་ཞི་བའི་ཕྱིར་ཕུང་པོའི་ལྷག་མ་མ་ལུས་པ་ཤེས་པར་བྱའོ། །དེ་དག་གི་རང་བཞིན་བྱེ་བྲག་ཏུ་སྨྲ་བ་དག་ནི་རྟག་པའི་རྫས་སུ་གྲུབ་པར་འདོད་དོ། །མདོ་སྡེ་པ་དག་ནི་སྤང་བྱ་ཟད་པའི་མེད་དགག་ཏུ་འདོད་དོ། །རྣལ་འབྱོར་སྤྱོད་པའི་གཞུང་འདིར་ནི་དེ་བཞིན་ཉིད་རྣམ་པར་དག་པའི་རང་བཞིན་དུ་འདོད་དེ། དང་པོ་ནི་ཉོན་མོངས་པའི་ཀུན་འབྱུང་སྤངས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །གཉིས་པ་ནི་ཟག་བཅས་ཀྱི་ཕུང་པོ་མ་ལུས་པ་འགགས་པས་རབ་ཏུ་ཕྱེ་བ་ཡིན་ནོ། །

གཉིས་པ་ཐེག་པ་ཆེན་པོའི་མྱ་ངན་ལས་འདས་པ་ནི་སྲིད་པ་དང་ཞི་བའི་མཐའ་གཉིས་ལ་མི་གནས་པའི་མྱ་ངན་ལས་འདས་པ་སྟེ། དེ་ཡང་གང་ཞེ་ན། དེ་བཞིན་གཤེགས་པ་རྣམས་ཀྱིས་ཆོས་ཀྱི་སྐུ་ཞེས་བརྗོད་པ་གང་ཡིན་པའོ། །འདི་ནི་བདག་མེད་པ་རྣམ་པ་གཉིས་རྟོག་པའི་ཤེས་རབ་ཀྱིས་ཆགས་པའི་མཐའ་མ་ལུས་པ་བཅད་པའི་ཕྱིར་བྱིས་པའི་སྐྱེ་བོ་ལྟར་འཁོར་བའི་མཐའ་ལ་གནས་པ་ཡང་མ་ཡིན་ལ། སྙིང་རྗེའི་སྟོབས་ཀྱིས་གཟུགས་སྐུ་རྣམ་པ་གཉིས་གྲུབ་ནས་འཁོར་བ་ཇི་སྲིད་པར་སེམས་ཅན་གྱི་དོན་བསྒྲུབ་པའི་ཕྱིར་ཉན་ཐོས་དང་རང་སངས་རྒྱས་ལྟར་ཞི་བ་མྱ་ངན་ལས་འདས་པའི་མཐའ་ལ་ཕྱོགས་གཅིག་ཏུ་བརྟེན་པ་ཡང་མ་ཡིན་པས་དེའི་ཕྱིར་མི་གནས་པའི་མྱ་ངན་ལས་འདས་པ་ཞེས་བྱའོ། །རྒྱུ་མཐུན་པའི་དགེ་བ་ནི་ཉེ་བར་ཞི་བ་མྱ་ངན་ལས་འདས་པ་དེ་ཐོབ་པའི་གང་ཟག་གིས་ཉེར་ཞི་དེའི་དབང་གིས་བྱུང་བའི་ཡོན་ཏན་ཁྱད་པར་ཅན་མངོན་པར་ཤེས་པ་ལྔ་དང་། སྨོན་ནས་ཤེས་པ་ལ་སོགས་པ་དང་། སྟོབས་དང་མི་འཇིགས་པ་ལ་སོགས་པ་འཇིག་རྟེན་པ་རྣམས་དང་། འཇིག་རྟེན་ལས་འདས་པ་མེ་ལོང་ལྟ་བུའི་ཡེ་ཤེས་ལ་སོགས་པ་དང་ཉན་ཐོས་དང་རང་སངས་རྒྱས་ལ་སོགས་པ་དང་། ཐུན་མོང་པ་མངོན་པར་ཤེས་པ་དང་ཟད་པར་ཟིལ་གནོན་ལ་སོགས་པ་རྣམས་དང་། དེ་དག་དང་ཐུན་མོང་མ་ཡིན་པ་སྟོབས་ལ་སོགས་པ་རྣམས་ཏེ། དེ་དག་ནི་རྒྱུ་བསམ་གཏན་གྱི་དགེ་བས་སྒྲུབས་ཤིང་རང་གི་ངོ་བོ་ཡང་དགེ་བའི་རང་བཞིན་ཅན་ཡིན་པས་དེའི་ཕྱིར་རྒྱུ་མཐུན་པའི་དགེ་བ་ཞེས་བྱའོ། །

མི་དགེ་བ་ལ་དོན་གསུམ་གྱིས་བཤད་པ་དང་། སོ་སོའི་མཚན་ཉིད་རྒྱས་པར་བཤད་པ་གཉིས་ལས་དང་པོ་ནི། ངོ་བོ་ཉིད་ལ་སོགས་པ་སྟེ། དེ་ལ་ཡང་ངོ་བོ་ཉིད་དང་འབྲེལ་བ་དང་སློང་བ་རྣམས་ནི་དངོས་པོ་དབྱེ་བའོ། །ལྷག་མ་རྣམས་ནི་རྣམ་པའི་དབྱེ་བའོ། །ཁམས་བཅུ་དང་སྐྱེ་མཆེད་བཞི་ནི་དགེ་བ་ལྟར་རོ། །དེ་དག་གི་ཕྱོགས་གཅིག་ནི་དགེ་བ་དང་ལུང་མ་བསྟན་བོར་བའོ། །ཆོས་མ་ཡིན་པ་རྣམ་སྨིན་མི་འདོད་པ་འབྱིན་བྱེད་ཆོས་ཙམ་དུ་ཤེས་པ་ན། བདག་ཆོས་མ་ཡིན་པ་འབྲས་བུ་མི་འདོད་པ་འབྱིན་པ་དང་ལྡན་པར་མངོན་པར་ཞེན་པ་སྤང་ངོ་། །སོ་སོའི་མཚན་ཉིད་བཤད་པ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་མ་རིག་པ་ལ་སོགས་པ་བཞི་དང་། ཡིད་ཀྱི་རྣམ་པར་ཤེས་པ་དང་མཚུངས་པར་ལྡན་པའི་འཇིག་ཚོགས་ལ་ལྟ་བ་ལྷན་ཅིག་སྐྱེས་པ་དང་དེའི་རྗེས་སུ་འབྲང་བའི་མཐར་འཛིན་པར་ལྟ་བ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་མ་གཏོགས་པར་དེ་ལས་གཞན་པའི་འདོད་པ་ན་སྤྱོད་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ལུས་ངག་གི་ཉེས་སྤྱོད་ཀུན་ནས་སློང་བར་བྱེད་པ་གང་ཡིན་པ་རྣམས་ནི་དྲག་པའི་ནག་པ་འམ། དུག་ལྟར་དུ་རང་བཞིན་ཁ་ན་མ་ཐོ་བའི་ངོ་བོར་སྐྱེས་པའི་ཕྱིར་ངོ་བོ་ཉིད་ཀྱིས་མི་དགེ་བ་ཞེས་བྱའོ། །འབྲེལ་བའི་མི་དགེ་བ་ལ་སོགས་པ་གསུམ་ནི་གོ་སླ་བར་ཟད་དོ། །དེ་ལ། ལུས་དང་ངག་གི་ལས་ནི་རྣམ་པར་རིག་བྱེད་དང་རིགས་བྱེད་མ་ཡིན་པ་གཉིས་ཡིན་ལ། དེ་ཡང་སྔར་བཤད་པའི་མཚན་ཉིད་ཅན་གྱི་རྣམ་པར་རིག་བྱེད་མ་ཡིན་པ་ཉིད་འབྲེལ་བའི་དགེ་བ་དང་མི་དགེ་བ་མཚན་ཉིད་པ་ཡིན་གྱི་རྣམ་པར་རིག་བྱེད་དག་ནི་མ་ཡིན་ཏེ། གཟུགས་སྒྲ་ལ་སོགས་པའི་བེམས་པོ་དགེ་བ་འམ་མི་དགེ་བར་འདོད་པ་ཤྭཀྱའི་སྲས་པོ་མ་ཡིན་ནོ་ཞེས་སྔར་བཤད་ཟིན་ཏོ། །

ལུས་ངག་གི་རྣམ་པར་རིག་བྱེད་དག་གི་མཚོན་པར་བྱ་བའི་སེམས་དཔའ་དགེ་བའམ་མི་དགེ་བར་གྱུར་པ་རྣམ་པར་རིག་བྱེད་མ་ཡིན་པ་ཞེས་བརྗོད་པ་གང་ཡིན་པ་དེ་ལ་གདུལ་བྱ་རྣམས་འཇུག་པ་དང་ལྡོག་པར་བྱ་བའི་ཕྱིར་དེའི་འབྲས་བུ་ལུས་དང་ངག་གི་རྣམ་པར་རིག་བྱེད་དེ་དག་ལ་ཡང་དགེ་བ་དང་མི་དགེ་བར་ཉེ་བར་བཏགས་ནས་བརྗོད་དོ་ཞེས་པ་ལས་སྒྲུབ་པའི་རིགས་པ་ལས་བཤད་དོ། །དོན་དམ་པའི་མི་དགེ་བ་ནི་འཁོར་བས་བསྡུས་པའི་ཟག་པ་དང་བཅས་པའི་དངོས་པོ་ཐམས་ཅད་དེ། འདི་དག་ནི་འཕགས་པ་རྣམས་ཀྱི་གཟིགས་ངོ་ན་མཐའ་གཅིག་ཏུ་ཁ་ན་མ་ཐོ་བ་དང་བཅས་པའི་རང་བཞིན་དུ་གཟིགས་པའི་ཕྱིར་རོ། །འདི་ཡང་དོན་དམ་པའི་དགེ་བ་དང་འདུ་བྱེད་ཀྱི་སྡུག་བསྔལ་ལྟར་འཕགས་པ་རྣམས་ཀྱིས་གཟིགས་པ་དང་མཐུན་པར་རྣམ་པར་བཞག་པ་ཙམ་ཡིན་གྱི། ཐ་སྙད་དུ་མི་དགེ་བ་མཚན་ཉིད་པར་རྣམ་པར་བཞག་པར་བྱ་བ་ནི་མ་ཡིན་ཏེ། འཁོར་བར་བཏགས་པ་ལ་དགེ་བ་དང་བདེ་བ་ཅུང་ཟད་ཀྱང་མེད་པར་ཐལ་བའི་ཕྱིར་རོ། །

སྐྱེ་བས་ཐོབ་པའི་མི་དགེ་བ་ནི་མི་དགེ་བ་ཆོས་མ་ཡིན་པ་དེ་དག་སྔོན་གོམས་པར་བྱས་པའི་སྟོབས་ཀྱིས་ཚེ་འདིར་དེའི་ངོ་བོའི་རྣམ་པར་སྨིན་པ་མི་དགེ་བ་ཀུན་ཏུ་སྤྱོད་པའི་ལུས་མངོན་པར་གྲུབ་སྟེ། གྲུབ་པ་དེས་མི་དགེ་བ་དེ་དག་ཉིད་ལ་རང་གི་ངང་གིས་སོ་སོར་མ་བརྟགས་པར་བྱེད་པར་འདོད་པས་ཀུན་ཏུ་གནས་པ་སྟེ། དཔེར་ན་ཅན་གཟན་རྣམས་ཀྱི་སེམས་གདུག་པ་ལྟ་བུའོ། །སྦྱོར་བ་ལས་བྱུང་བའི་མི་དགེ་བ་ནི་ཕྱིའི་རྐྱེན་སྐྱེས་བུ་དམ་པ་མ་ཡིན་པ་མི་དགེ་བའི་བཤེས་གཉེན་སོགས་ལ་བརྟེན་པ་དང་། དམ་པའི་ཆོས་མ་ཡིན་པ་འཚེ་བ་ཆོས་སུ་སྟོན་པ་ལ་སོགས་པ་ཉན་པ་དང་། ནང་གི་རྐྱེན་ཕྱུགས་རྣམས་ནི་ལོངས་སྤྱོད་ཀྱི་ཆེད་དུ་སྐྱེ་དགུའི་བདག་པོས་སྤྲུལ་བའོ་ཞེས་པ་ལ་སོགས་པ་གནས་ལུགས་དང་མི་མཐུན་པར་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པ་ལ་བརྟེན་ནས། ལུས་ཀྱིས་ཉེས་པར་སྤྱད་པ་སྲོག་གཅོད་པ་ལ་སོགས་པ་དང་། ངག་དང་ཡིད་ཀྱིས་ཉེས་པར་སྤྱད་པ་རྫུན་དུ་སྨྲ་བ་དང་། གནོད་སེམས་ལ་སོགས་པ་ཀུན་ཏུ་སྤྱོད་པའོ། །

མདུན་དུ་བྱས་པའི་མི་དགེ་བ་གང་ཞེ་ན། ལྷའི་རིགས་གང་ཡང་རུང་བ་དབང་ཕྱུག་དང་ཙཎ་ཌི་ཀ་ལ་སོགས་པ་སྐྱབས་གནས་སུ་བརྟེན་པ་མདུན་དུ་བྱས་ནས་དེ་དག་མཆོད་པའི་ཕྱིར་ཕྱུགས་གསོད་པ་ལ་སོགས་པ་འཚེ་བ་སྔོན་དུ་བཏང་པའམ། དེ་ལས་མཆོག་དང་བསོད་ནམས་འདོད་པ་དང་། དེ་དག་གི་ཆེད་དུ་ཟས་མི་ཟ་བ་ལ་སོགས་ཉོན་མོངས་པར་བྱེད་པའི་ལྟ་བ་ངན་པ་སྔོན་དུ་བཏང་ནས་དབང་ཕྱུག་ལ་སོགས་པའི་ལྷ་རྟེན་གསར་དུ་བྱེད་པ་དང་། སྔར་ནས་གནས་གང་དུ་དབང་ཕྱུག་ལ་སོགས་པའི་ལྷ་རྟེན་བཙུགས་ཟིན་པའི་གནས་དེར་སྐྱེ་བོ་ཕལ་པོ་ཆེ་བསོད་ནམས་མ་ཡིན་པ་ཕྱུགས་གསོད་པ་ལ་སོགས་པ་ལ་སྦྱོར་བའི་སྒོ་ནས། ལྷ་མཆོད་པའི་ལས་ལ་སྦྱོར་བར་བྱེད་པའོ། །གནོད་པ་བྱེད་པའི་མི་དགེ་བ་ནི་ཡུལ་སེམས་ཅན་རྣམས་ལ་ལུས་ཀྱིས་བརྡེག་པ་དང་ངག་གིས་བཤེ་བ་དང་། ཡིད་ཀྱིས་གནོད་སེམས་ལ་སོགས་པའི་སྒོ་ནས་ལོག་པར་རྣམ་པར་འཚེ་བར་བྱེད་པའོ། །

འབྲས་བུ་མི་འདོད་པ་ཡོངས་སུ་འཛིན་པའི་མི་དགེ་བ་ནི་ལུས་ལ་སོགས་པ་སྒོ་གསུམ་གྱིས་ཉེས་པར་སྤྱོད་པ་སྤྱད་པ་ལས་ངན་འགྲོ་རྣམས་སུ་རྣམ་པར་སྨིན་པའི་འབྲས་བུ་མི་འདོད་པ་འཕེན་པར་བྱེད་ཅིང་དེར་ཚེ་རིང་བ་དང་ལུས་ཆེ་བ་ལ་སོགས་ཡོངས་སུ་རྫོགས་པར་བྱེད་ལ་བདེ་འགྲོ་རྣམས་སུ་འབྲས་བུ་མི་འདོད་པ་ཚེ་ཐུང་བ་དང་ནད་མང་བ་དང་། དབུལ་བ་ལ་སོགས་པ་ཡོངས་སུ་རྫོགས་པར་བྱེད་ཀྱི་འཕེན་པར་མི་བྱེད་དེ། བདེ་འགྲོ་རྣམས་ཀྱི་སྐྱེ་བ་ནི་དགེ་བ་ཁོ་ནས་འཕངས་པའི་ཕྱིར་རོ། །དེ་ལ་འཕེན་པ་ནི་གང་རྫོགས་པར་བྱེད་པ་ནི་གང་ཞེ་ན། གང་གིས་རྣམ་པར་སྨིན་པའི་ངོ་བོ་ཙམ་འགྲུབ་པར་བྱེད་པའི་རྒྱུ་ནི་འདིར་འཕེན་པར་བྱེད་པའི་ལས་ཞེས་བྱའོ། །གང་གིས་བཟང་བ་དང་ངན་པ་ལ་སོགས་པའི་རྣམ་སྨིན་གྱི་ཁྱད་པར་འགྲུབ་པར་བྱེད་པ་ནི་ཡོངས་སུ་རྫོགས་པར་བྱེད་པའི་ལས་ཞེས་བྱའོ། །

ཡང་རྣམ་སྨིན་གྱི་ངོ་བོ་ནི་གང་ཁྱད་པར་ནི་གང་ཞེ་ན། རྣམ་པར་སྨིན་པའི་ཀུན་གཞི་དང་དེ་ཡོངས་སུ་གྱུར་པའི་དབང་པོ་དང་བཅས་པའི་ལུས་ནི་རྣམ་སྨིན་གྱི་ངོ་བོ་ཡིན་ནོ། །དེ་དག་ཡུན་རིང་དུ་གནས་པ་དང་། མི་གནས་པ་དང་། སྡུག་བསྔལ་གྱི་ཚོར་བས་གནོད་པ་དང་། བཅས་པ་དང་། གནོད་པ་མེད་པ་དང་། མིག་སྔར་མཛེས་པ་དང་། མི་མཛེས་པ་དང་། ལོངས་སྤྱོད་ཀྱི་ཕོངས་པ་དང་། མ་ཕོངས་པ་ལ་སོགས་པ་ནི་ཁྱད་པར་ཡིན་ནོ། །རྒྱས་པར་ནི་འོག་ནས་བཤད་པར་བྱའོ། །མི་མཐུན་ཕྱོགས་ཀྱི་མི་དགེ་བ་བ་ནི། འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་གཉེན་པོ་སྐྱེ་བ་ལ་གེགས་བྱེད་པས་དེའི་མི་མཐུན་ཕྱོགས་སུ་གྱུར་པའི་ཆོས་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་ཐམས་ཅད་དེ། འདི་ནི་ཉོན་མོངས་པ་ཅན་ཐམས་ཅད་ཡིན་པས་མི་དགེ་བ་མཚན་ཉིད་པ་དང་། བཏགས་པ་བ་ཅི་རིགས་པར་ཤེས་པར་བྱའོ། །བར་དུ་གཅོད་པའི་དགེ་བ་ནི་ཟག་པ་དང་བཅས་པ་དང་ཟག་པ་མེད་པའི་དགེ་བའི་ཆོས་སྒྲུབ་པའི་བར་དུ་གཅོད་པའི་ཆོས་རྒྱུན་དུ་ཚོགས་ཀྱི་ནང་དུ་འདུ་འཛི་སྲེ་བ་ལ་སོགས་པ་གང་ཡིན་པའོ། །འདི་ཡང་མི་དགེ་བ་དངོས་བཏགས་ཅི་རིགས་པ་ཡོད་དོ། །

ལུང་དུ་མ་བསྟན་པ་ལ་དོན་གསུམ་གྱིས་བསྟན་པ་དང་། སོ་སོའི་མཚན་ཉིད་བཤད་པ་གཉིས་ལས། དང་པོ་ནི། ངོ་བོ་ཉིད་ལ་སོགས་པ་སྟེ་རྣམ་སྨིན་འབྱིན་པར་ལུང་དུ་མ་བསྟན་པའམ། དགེ་བ་དང་མི་དགེ་བར་ལུང་དུ་མ་བསྟན་པའི་ཕྱིར་ལུང་མ་བསྟན་ནོ། །ཁམས་དང་སྐྱེ་མཆེད་བརྒྱད་ནི་དབང་པོ་གཟུགས་ཅན་ལྔ་དང་། དྲི་རོ་རེག་བྱའི་ཁམས་དང་སྐྱེ་མཆེད་དེ། དེ་དག་ནི་མཐའ་གཅིག་ཏུ་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །ཕུང་པོ་ལ་སོགས་པའི་ཕྱོགས་གཅིག་ནི། དེ་རྣམས་ལ་དགེ་སོགས་གསུམ་ག་སྲིད་པས་དགེ་བ་དང་མི་དགེ་བ་བོར་བ་རྣམས་སོ། །རྣམ་པར་སྨིན་པ་འདོད་པའམ་མི་འདོད་པ་འབྱིན་པའི་ནུས་པ་མེད་པའི་ཆོས་ལུང་མ་བསྟན་ཕུང་པོ་ལ་སོགས་པ་ཆོས་ཙམ་དུ་ཤེས་པས་བདག་ཆོས་རྣམ་སྨིན་འདོད་པ་འབྱིན་པ་དང་ཆོས་མ་ཡིན་པ་མི་འདོད་པ་འབྱིན་པ་གཉིས་པ་ཀ་དང་བྲལ་བའི་ལུང་མ་བསྟན་དུ་མངོན་པར་ཞེན་པ་སྤང་བའི་ཕྱིར་རོ། །མཚན་ཉིད་སོ་སོར་བཤད་པ་ལ་ངོ་བོ་ཉིད་ཀྱི་ལུང་དུ་མ་བསྟན་པ་ནི་ཁམས་དང་སྐྱེ་མཆེད་གཟུགས་ཅན་བརྒྱད་ལ་སོགས་པ་སྟེ། དེ་ཡང་མིག་ལ་སོགས་པའི་དབང་པོ་ལྔ་ནི་རྣམ་པར་སྨིན་པས་བསྡུས་པའི་ཕྱིར་དང་། དྲི་རོ་རེག་བྱ་གསུམ་པོ་དེ་དག་ལ་དམིགས་པའི་དགེ་བའམ་ཉོན་མོངས་ཅན་གྱི་སེམས་དཔའ་མི་འཇུག་པའི་ཕྱིར་བརྒྱད་པོ་དེ་དག་ནི་རང་བཞིན་གྱིས་མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་ངོ་བོ་ཡིན་ནོ། །

མཚུངས་པར་ལྡན་པ་དང་བཅས་པའི་ཉོན་མོངས་པ་ཅན་གྱི་ཡིད་ནི། ཁམས་དང་ས་དང་དུས་ཐམས་ཅད་དུ། དགེ་བ་འམ་མི་དགེ་བར་མི་འགྱུར་པའི་ཕྱིར་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ནོ། །སྲོག་གི་དབང་པོ་ནི་རྣམ་སྨིན་གྱིས་བསྡུས་པ་ཡིན་ལ། རིས་མཐུན་པ་དང་མིང་གི་ཚོགས་ལ་སོགས་པ་རྣམས་ནི་རྟོག་པས་སྒྲོ་བཏགས་པའི་རང་བཞིན་ཡིན་པའི་ཕྱིར་རང་བཞིན་གྱིས་མ་སྒྲིབས་ལ་ལུང་མ་བསྟན་པ་ཡིན་ནོ། །འབྲེལ་པས་ལུང་དུ་མ་བསྟན་པ་ནི་སྡང་བས་མཚོན་པའི་མི་དགེ་བ་ཡང་མ་ཡིན། དང་བས་མཚོན་པའི་དགེ་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པའི་མིང་ཚིག་ལ་སོགས་པ་དེ་དག་ཉིད་ཀྱིས་རྣམ་པའི་ཡོངས་སུ་ཟིན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །རྗེས་སུ་འབྲེལ་བ་ནི་བཤད་མ་ཐག་པའི་སེམས་དང་སེམས་ལས་བྱུང་བ་དེ་དག་ཉིད་ཀྱིས་ཡོངས་སུ་སྒོས་པའི་མངོན་པར་བརྗོད་པའི་བག་ཆགས་སོ། །སློང་བ་ནི་སྡང་བ་དང་། དང་བའི་སེམས་གཉིས་ཀ་སྤངས་པའི་མིང་སོགས་དེ་དག་གིས་ཡོངས་སུ་ཟིན་པའི་སེམས་དང་སེམས་བྱུང་དེ་རྣམས་ཀྱིས་ཀུན་ནས་སློང་བ་ལུས་དང་ངག་གི་ལས་སོ། །དོན་དམ་པར་ལུང་དུ་མ་བསྟན་པ་ནི་ནམ་མཁའ་དང་། སོ་སོར་བརྟག་པ་མ་ཡིན་པའི་འགོགས་པ་སྟེ། དེ་དག་ནི་རྣམ་གྲངས་གང་གིས་ཀྱང་དགེ་བ་འམ་མི་དགེ་བར་བཞག་པར་མི་ནུས་པའི་ཕྱིར་རོ། །ངོ་བོ་ཉིད་ཀྱིས་ལུང་དུ་མ་བསྟན་པ་དག་ནི་དེ་ལྟར་ཐལ་བར་མི་འགྱུར་ཏེ། དེ་དག་དོན་དམ་པའི་མི་དགེ་བ་ལ་སོགས་པར་བཞག་པར་ནུས་པའི་ཕྱིར་རོ། །སྐྱེ་བས་ཐོབ་པ་ནི་མི་དགེ་བ་དང་དགེ་བ་ཟག་བཅས་རྣམས་ཀྱིས་རྣམ་པར་སྨིན་པ་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། རིས་མཐུན་བཟུང་བའི་སྟོབས་ཀྱིས་ཐོབ་པའི་ཕྱིར་སྐྱེས་ཐོབ་ཅེས་བྱའོ། །

སྦྱོར་བ་ལས་བྱུང་བ་ནི་འདོད་ཆགས་ལ་སོགས་པ་ཉོན་མོངས་པ་ཅན་ཡང་མ་ཡིན་དད་པ་ལ་སོགས་པ་དགེ་བ་ཡང་མ་ཡིན་པའི་སེམས་སུ་གྱུར་པའི་སྤྱོད་ལམ་འཆགས་པ་ལ་སོགས་པ་དང་། གསེར་མགར་ལ་སོགས་པ་བཟོའི་གནས་རྣམས་སོ། །འདུན་དུ་བྱས་པ་ནི། འཇིག་རྟེན་པའི་ལྷའི་རིས་གང་ཡང་རུང་བ་ཡུལ་ལྷའམ་ཤིང་གི་ལྷ་ལ་སོགས་པ་གནས་སྐབས་འཇིགས་པ་སྐྱོབ་པའི་དོན་དུ་རྟེན་པ་འདུན་དུ་བྱས་ནས། ཇི་སྐད་བཤད་པའི་འཚེ་བ་འམ། ལྟ་བ་ངན་པ་རྣམ་པར་སྤངས་ཏེ། འཇིག་རྟེན་པའི་ལྷ་དེ་དག་གི་རྟེན་སྔར་མེད་གསར་དུ་འཛུགས་པར་བྱེད་པ་འམ། གནས་གང་དུ་སྔར་ནས་དེ་ལྟ་བུའི་ལྷའི་རྟེན་ཡོད་ས་དེར་སྐྱེ་བོ་ཕལ་པོ་ཆེ་བསོད་ནམས་དགེ་བ་ཡང་མི་བསྐྱེད་ལ། བསོད་ནམས་མ་ཡིན་པ་མི་དགེ་བའི་སེམས་ཀྱང་མི་སྐྱེ་བར་འཇིགས་པ་སྐྱོབ་པ་ལ་སོགས་པའི་དོན་དུ་དེ་ལྟ་བུ་ལྷའི་རྟེན་ལ་མཆོད་པ་བྱེད་པ་དང་། སླར་ཡང་། ལྷ་རྟེན་གཞན་འཛུགས་པར་བྱེད་པའོ། །

ཕན་འདོགས་པའི་ལུང་དུ་མ་བསྟན་པ་ནི། ཚེ་རབས་ཀྱི་བྲན་དང་། དུས་ངེས་པའི་ལས་བྱས་ནས་གླ་རྔན་ལེན་པའི་གླ་མི་དང་། ཉིན་རེ་ཙམ་ལས་བྱེད་པ་རྣམས་དང་། རང་གི་བུ་དང་ཆུང་མ་རྣམས་ལ་སྡང་བ་མི་དགེ་བའི་སེམས་སུ་གྱུར་པ་ཡང་མ་ཡིན། དང་བ་དགེ་བའི་སེམས་སུ་གྱུར་པ་མ་ཡིན་པས། ཟས་གོས་ལ་སོགས་སྦྱིན་པ་སྦྱིན་པའོ། །

ཉེ་བར་སྤྱད་པའི་ལུང་དུ་མ་བསྟན་པ་ནི། ཟས་གོས་སོགས་ལ་ལོངས་སྤྱོད་སྟེ་དགེ་བ་ལ་འབད་སྙམ་པ་སོ་སོར་བརྟགས་པ་ཡང་མ་ཡིན་ལ། སྲོག་གཅོད་པ་ལ་སོགས་པ་བྱ་སྙམ་པ་ཉོན་མོངས་པ་ཅན་ཡང་མ་ཡིན་པའི་སེམས་ཀྱིས་ཟས་གོས་རྣམས་ལ་ལོངས་སྤྱོད་པའོ། །ཡོངས་སུ་འཛིན་པའི་ལུང་དུ་མ་བསྟན་པ་ནི་གསེར་མགར་ལ་སོགས་པ་བཟོའི་གནས་གང་ཡང་རུང་བ་ལ་སྔོན་གོམས་པར་བྱས་པའི་སྟོབས་ཀྱིས་མ་འོངས་པ་ན་བཟོའི་གནས་དེའི་ངོ་བོའི་ལུས་ཡོངས་སུ་འཛིན་པར་བྱེད་པ་སྟེ། དེ་ལྟ་བུའི་ལུས་གཟུང་བ་དེས། ཚེགས་མེད་པར་མྱུར་བ་མྱུར་བར་བཟོའི་གནས་དེ་དག་ལ་བསླབ་པས་རབ་ཀྱི་མཐར་ཕྱིན་པར་འགྱུར་བའོ། །

གཉེན་པོའི་ལུང་དུ་མ་བསྟན་པ་ནི། དགེ་བའམ་མི་དགེ་བ་སྒྲུབ་པའི་ཕྱིར་སྨན་བསྟེན་པར་བྱའོ་སྙམ་པ་ལྟ་བུ་སོ་སོར་མ་བརྟག་པར་ནད་ཀྱི་གཉེན་པོར་སྨན་བསྟེན་པའོ། །ཉེ་བར་ཞི་བའི་ལུང་དུ་མ་བསྟན་པ་ནི། གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་པ་རྣམས་ཏེ། དེ་དག་ནི་ཞི་གནས་དང་རབ་ཏུ་ལྡན་པས་ཉེས་སྤྱོད་ཀུན་ནས་སློང་བའི་ནུས་པ་ཉེ་བར་ཞི་བའི་ཕྱིར་རོ། །རྒྱུ་མཐུན་པས་ལུང་དུ་མ་བསྟན་པ་ནི་སྒོམས་པ་ལས་བྱུང་བའི་སྤྲུལ་སེམས་དང་ལྷན་ཅིག་སྐྱེས་པའི་སྤྲུལ་པའི་ལུས་ཏེ། དེ་ནི་རྒྱུ་ལུང་མ་བསྟན་གྱིས་སྐྱེད་ཅིང་རང་གི་ངོ་བོ་ཡང་ལུང་མ་བསྟན་ཡིན་པས་སོ། །སྐྱེས་ཐོབ་དང་ལས་ལས་སྐྱེས་པ་ལ་སོགས་པའི་སྤྲུལ་པ་དགེ་བ་དང་མི་དགེ་བ་ཅི་རིགས་སུ་འགྱུར་བར་རིག་པར་བྱའོ། །

ད་ནི་བསྟན་པས་ཀྱང་དགེ་བ་ལ་སོགས་པར་བཞག་པ་ནི། སྔ་མར་མ་ཟད་ཡང་གཞན་ལ་དགེ་བ་སོགས་ཀྱི་རྣམ་པར་བསྟན་པས་ཀྱང་དགེ་བ་ལ་སོགས་པར་ལྟའོ། །དེ་དག་ཀྱང་གང་ཞེ་ན་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་དམ་པའི་ཕ་རོལ་དུ་སོན་པ་རྣམས་ཀྱིས། སེམས་ཅན་གནོད་སེམས་ཅན་རྣམས་ལ་ཕན་གདགས་པའི་ཕྱིར། །ཆོམ་རྐུན་པ་ལ་སོགས་པ་སྤྲུལ་ནས་དེ་དག་གི་རྐང་པ་དང་ལག་པ་དང་མགོ་བོ་ལ་སོགས་པ་གཅོད་པ་ཀུན་ཏུ་སྟོན་པ་དང་སེམས་ཅན་སེར་སྣ་ཅན་རྣམས་ལ་ཕན་གདགས་པའི་ཕྱིར་སྤྲུལ་པའི་སློངས་མོ་དག་ལ་སྤྲུལ་པའི་མགོ་དང་རྐང་ལག་ལ་སོགས་པ་སྦྱིན་པར་སྟོང་བ་ཀུན་ཏུ་སྟོན་པ་དང་། གཞན་ཡང་དྲི་ཟའི་རྒྱལ་པོ་གདུལ་བའི་ཕྱིར་དྲི་ཟར་སྤྲུལ་པ་ལ་སོགས་པ་ཀུན་ཏུ་བསྟན་པ་སྟེ། དེ་ལྟར་ཀུན་ཏུ་བསྟན་པ་དེ་ནི་སྤྲུལ་པ་དེ་དག་ཇི་ལྟར་བསྟན་པ། དེ་བཞིན་དུ་ཡོངས་སུ་གྲུབ་པ་ནི་གང་ཡང་མེད་ཏེ། བསམ་གྱིས་མི་ཁྱབ་པའི་རྣམ་པར་ཐར་པ་ཙམ་ཡིན་གྱི་རང་རྒྱུད་དུ་གྲུབ་པ་མེད་པའི་ཕྱིར་རོ། །

འདོད་པ་སོགས་ཁམས་གསུམ་ལ་དངོས་དང་། ཆགས་བྲལ་གྱི་དབྱེ་བ་གཉིས་ལས། དང་པོ་ལ། འདོད་པ་དང་རབ་ཏུ་ལྡན་པའི་འདོད་ཁམས་པ་ནི། འདོད་པ་རྣམས་ལ་འདོད་ཆགས་དང་གཏན་མ་བྲལ་བའི་དགེ་བ་ཟག་པ་དང་བཅས་པ་རྣམས་དང་། མི་དགེ་བ་དང་ལུང་དུ་མ་བསྟན་པ་ཐམས་ཅད་ནི་འདོད་པའི་ཡོན་ཏན་རྣམས་ལ་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པའི་ཕྱིར་འདོད་པ་དང་ལྡན་པ་ཁོ་ན་ཡིན་ཏེ། བསམ་གཏན་དང་པོའི་ཉེར་བསྡོགས་དང་པོ་དང་གཉིས་པ་ལ་སོགས་པས་ཡང་འདོད་པ་རྣམས་ལས་འདོད་ཆགས་མ་ལུས་པར་བྲལ་བ་མ་ཡིན་ཡང་འདོད་པ་དང་རབ་ཏུ་ལྡན་པ་མ་ཡིན་ཏེ། དེ་དག་གིས་ཀྱང་སྤོང་བ་ལ་དགའ་བའི་མི་མཐུན་ཕྱོགས་སྤངས་པས་ཕྱོགས་ལས་ཆགས་པ་དང་བྲལ་བ་ཡིན་པའི་ཕྱིར་རོ། །འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་སྐྱེས་བུའི་རྒྱུད་དང་འབྲེལ་པ་འདོད་ལྡན་ཡིན་ཡང་ཕྱི་རོལ་གྱི་སྣོད་རྣམས་མ་ཡིན་ནོ་ཞེ་ན། དེ་ནི་འདོད་པ་ལ་འདོད་ཆགས་དང་མ་བྲལ་བའི་སེམས་ཅན་རྣམས་ཀྱིས་ལས་ཀྱི་དབང་གིས་གྲུབ་པའི་ཕྱིར་སྐྱོན་མེད་དོ། །ཅི་སྟེ་སྣོད་སེམས་ཅན་ཐམས་ཅད་ཀྱི་ལས་ཀྱིས་གྲུབ་པ་མ་ཡིན་ནམ་ཞེ་ན། ཁམས་གོང་གིས་བྱིས་པ་རྣམས་ལ་ཡང་འདོད་པར་སྐྱེ་འགྱུར་གྱི་ལས་ཡོད་པའི་ཕྱིར་རོ། །

ཁམས་གཞི་ནི་སྣ་ལྕེའི་རྣམ་ཤེས་དྲི་རོ་རྣམས་སོ། །སྐྱེ་མཆེད་གཉིས་ནི་དྲི་རོ་གཉིས་སོ། །དེ་དག་རྣམས་ནི་ཁམས་ཀྱི་ཟས་དང་འབྲེལ་པའི་ཕྱིར་འདོད་ཁམས་པ་ཁོ་ན་ཡིན་ལ། དེ་ལས་གཞན་པའི་ཕུང་པོ་ལ་སོགས་པའི་ཕྱོགས་གཅིག་ནི་ཁམས་གོང་མ་གཉིས་དང་ཟག་མེད་བོར་བ་རྣམས་སོ། །འདོད་ཡོན་ལ་སྲེད་པ་དང་ལྡན་པ་ཆོས་ཙམ་དུ་ཤེས་པ་ན། བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །གཟུགས་དང་རབ་ཏུ་ལྡན་པའི་གཟུགས་ཁམས་ནི་འདོད་པ་རྣམས་ལས་ཕྱོགས་གཅིག་ལ་འདོད་ཆགས་དང་བྲལ་བ་ནས་བཟུང་སྟེ། གཟུགས་ལ་འདོད་ཆགས་དང་མ་བྲལ་བ་ནམ་མཁའི་ཉེར་བསྡོགས་ཙམ་ཡང་མ་ཐོབ་པའི་དགེ་བ་ཟག་པ་དང་བཅས་པ་དང་ལུང་དུ་མ་བསྟན་པ་རྣམས་ནི། ཕྱིའི་འདོད་ཡོན་ལ་སྲེད་པ་དང་བྲལ་ཡང་ནང་དབང་པོ་དང་བཅས་པའི་ལུས་ལ་སྲེད་པ་དང་མ་བྲལ་བའི་ཕྱིར་གཟུགས་དང་རབ་ཏུ་ལྡན་པ་ཞེས་བྱའོ། །དེ་ལས་གཞན་པའི་ཕུང་པོ་ལ་སོགས་པའི་ཕྱོགས་གཅིག་ནི། འདོད་པ་དང་གཟུགས་མེད་པ་དང་། ཟག་མེད་བོར་བ་རྣམས་སོ། །འདོད་པ་ལ་འདོད་ཆགས་དང་བྲལ་བ་ཙམ་གྱིས་རབ་ཏུ་ཕྱེ་བའི་གཟུགས་དང་རབ་ཏུ་ལྡན་པ་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །གཟུགས་མེད་པ་དང་རབ་ཏུ་ལྡན་པའི་གཟུགས་མེད་ཁམས་ནི་གཟུགས་ལ་འདོད་ཆགས་དང་བྲལ་བ་ནམ་མཁའི་ཉེར་བསྡོགས་ནས་བཟུང་སྟེ། གཟུགས་མེད་པ་ལ་འདོད་ཆགས་དང་བྲལ་བའི་དགེ་བ་ཟག་པར་བཅས་པ་དང་ལུང་དུ་མ་བསྟན་པ་རྣམས་ནི། ནང་མིང་། བཞིའི་ཕུང་པོ་ཙམ་ལ་སྲེད་པ་དང་བཅས་པའི་ཕྱིར་གཟུགས་མེད་པ་དང་རབ་ཏུ་ལྡན་པར་ལྟའོ། །ཕུང་པོ་བཞི་ནི་གཟུགས་ཀྱི་ཕུང་པོ་བོར་བའོ། །ཁམས་ཐ་མ་གསུམ་དང་སྐྱེ་མཆེད་ཐ་མ་གཉིས་ཀྱི་ཕྱོགས་གཅིག་ནི་ཁམས་འོག་མ་གཉིས་དང་ཟག་མེད་བོར་བ་རྣམས་སོ། །གཟུགས་ལས་འདོད་ཆགས་དང་བྲལ་བའི་གཟུགས་མེད་པའི་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤང་ངོ་། །

གཉིས་པ་ཆགས་བྲལ་གྱི་དབྱེ་བ་ལས། ལྔར་དབྱེ་བ་དང་། བཅུར་དབྱེ་བ་གཉིས་ལས། དང་པོ་ནི། འདོད་ཆགས་དང་བྲལ་བ་ཉིད་ཀྱང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕྱོགས་གཅིག་དང་མཐའ་དག་ལས་འདོད་ཆགས་དང་བྲལ་བ་ནི། སའི་དབང་དུ་བྱས་ནས་གང་གི་ཉོན་མོངས་པའི་རྣམ་པ་གཅིག་སྤངས་པ་ནས་བཟུང་སྟེ། རྣམ་པ་བརྒྱད་པའི་བར་དུ་སྤངས་པ་གང་ཡིན་པ་དང་། འཇིག་ཚོགས་ལ་ཆགས་བྲལ་གྱི་དབང་དུ་བྱས་ན། སློབ་པ་རྣམས་ཀྱི་སྤངས་པ་གང་ཡིན་པ་དེ་དག་ནི་ཕྱོགས་གཅིག་ལས་འདོད་ཆགས་དང་བྲལ་བ་ཞེས་བྱ་སྟེ། སྤང་བྱ་ལྷག་མ་དང་བཅས་པའི་ཆགས་བྲལ་ཡིན་པའི་ཕྱིར་རོ། །སའི་དབང་དུ་བྱས་ནས། ས་གང་གིས་ཉོན་མོངས་པའི་རྣམ་པ་དགུ་པ་སྤངས་པ་དང་། འཇིགས་ཚོགས་ལ་ཆགས་བྲལ་གྱི་དབང་དུ་བྱས་ན་མི་སློབ་པ་རྣམས་ཀྱི་སྤངས་པ་གང་ཡིན་པ་ནི་མཐའ་དག་ལས་འདོད་ཆགས་དང་བྲལ་ཞེས་བྱ་སྟེ། སྤང་བྱ་ལྷག་མ་མེད་པར་སྤངས་པའི་ཕྱིར་རོ། །རྟོགས་པའི་འདོད་ཆགས་དང་བྲལ་བ་ནི་མཐོང་ལམ་གྱིས་མཐོང་བས་སྤངས་བར་བྱས་བ་རྣམས་སྤངས་པ་སྟེ། ཆོས་ཉིད་སྔར་མ་རྟོགས་གསར་དུ་རྟོགས་པས་སྤང་བྱ་ལས་འདོད་ཆགས་དང་བྲལ་བ་ཡིན་པའི་ཕྱིར་རོ། །གནོན་པའི་འདོད་ཆགས་དང་བྲལ་བ་ནི་འཇིག་རྟེན་པའི་ལམ་གྱིས་འདོད་ཆགས་དང་བྲལ་བ་སྟེ། དེས་ནི་སྤང་བྱའི་ཉོན་མོངས་རེ་ཞིག་ཀུན་དུ་མི་འབྱུང་བ་ཙམ་བྱེད་ཀྱི། ས་བོན་དྲུངས་མི་འབྱིན་པའི་ཕྱིར་རོ། །ལེགས་པར་གཏོན་པའི་འདོད་ཆགས་དང་བྲལ་བ་ནི། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤངས་པ་གང་ཡིན་པ་སྟེ། དེས་ནི་སྤང་བྱའི་ས་བོན་དྲུང་འབྱིན་པའི་ཕྱིར་རོ། །

གཉིས་པ་བཅུར་དབྱེ་བ་ནི་རང་བཞིན་གྱི་འདོད་ཆགས་དང་བྲལ་བ་ནི། གང་སྐྱེས་ན་འབྲལ་བར་འདོད་པ་ངང་གི་སྐྱེ་བའི་ཚོར་བ་སྡུག་བསྔལ་དང་ཚོར་བ་དེ་གང་ལས་འབྱུང་བའི་གནས་ཀྱི་ཆོས་ཡུལ་མི་སྡུག་པ་ལ་སོགས་པ་རྣམས་ལ་མི་འཕྲོད་པར་འཛིན་ཅིང་དང་དུ་མི་ལེན་པ་གང་ཡིན་པ་སྟེ། དེ་ནི་གཉེན་པོ་ཀུན་ཏུ་བརྟེན་པའི་སྟོབས་ཀྱིས་བྱུང་བ་མ་ཡིན་གྱི་རང་གི་ངང་གིས་སྐྱེ་བ་ཡིན་པའི་ཕྱིར་རོ། །གནོད་པས་འདོད་ཆགས་དང་བྲལ་བ་ནི། གཉིས་ཀྱིས་གཉིས་སྤྲད་དེ། འཁྲིག་པ་ལ་ཞུགས་པས་འཁྲིག་པའི་འདོད་ཆགས་ཀྱི་གདུང་བ་དང་རེ་ཞིག་བྲལ་ནས་འཁྲིག་པ་ལ་མི་འཕྲོད་པར་འཛིན་པ་སྟེ། དེ་ནི་དབང་པོ་དང་བཅས་པའི་ལུས་ལ་གནོད་པར་གྱུར་པས་དེའི་སྟོབས་ཀྱིས་རེ་ཞིག་དེ་ལ་མི་འཕྲོད་པར་འཛིན་པ་སྐྱེ་བའི་ཕྱིར་རོ། །ཉེ་བར་རྟེན་པས་འདོད་ཆགས་དང་བྲལ་བ་ནི། ཟས་འདྲངས་པར་ཟོས་པས་ཟས་ཞིམ་པོ་ལ་ཡང་རེ་ཞིག་མི་འཕྲོད་པར་འཛིན་པ་སྟེ། དེ་ནི་ཉེ་བར་བརྟེན་པའི་རྒྱུས་དབང་པོ་རྣམས་རྒྱས་པར་བྱས་པ་ལས་བྱུང་བའི་ཕྱིར་རོ། །ཕུལ་དུ་བྱུང་བས་འདོད་ཆགས་དང་བྲལ་བ་ནི་ཐབས་ཤིན་ཏུ་ཆེན་པོ་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པ་ཐོབ་པ་ན་ཐབས་དམའ་བ་འཁར་གྱི་རྒྱལ་པོ་ལ་སོགས་པ་ལ་མི་འཕྲོད་པར་འཛིན་པའོ། །རྨོངས་པས་འདོད་ཆགས་དང་བྲལ་བ་ནི་བྱིས་པ་རྣམས་ཀྱིས་འདུས་བྱས་ཀྱིས་འཇུག་པ་ཉེ་བར་ཞི་བའི་མྱ་ངན་ལས་འདས་པ་ལ་མི་འཕྲོད་པར་འཛིན་པ་སྟེ། དེ་ལ་ཞི་བ་ཉིད་དུ་མི་ཤེས་པ་དང་། འཇིག་ཚོགས་ལ་མངོན་པར་ཞེན་པས་འཁོར་བ་སྡུག་བསྔལ་དུ་མི་ཤེས་བའི་ཕྱིར་རོ། །གཉེན་པོས་འདོད་ཆགས་དང་བྲལ་བ་ནི་གཉེན་པོ་འགའ་ཞིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་ལམ་གྱི་རང་གི་སྤང་བྱའི་ཉོན་མོངས་པ་སོགས་སྤོང་བ་གང་ཡིན་པའོ། །

ཡོངས་སུ་ཤེས་པས་འདོད་ཆགས་དང་བྲལ་བ་ནི། མཐོང་བའི་ལམ་ཐོབ་པ་ན་ཁམས་གསུམ་པ་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་དུ་ཡོངས་སུ་ཤེས་པས་གང་དེ་དག་ལ་ཡིད་འབྱུང་ཞིང་། མི་འཕྲོད་པར་འཛིན་པའོ། །སྤོང་བས་འདོད་ཆགས་དང་བྲལ་བ་ནི། འདོད་པ་ལ་སོགས་པ་ཁམས་གསུམ་གྱི་ས་དང་སར་ཉོན་མོངས་པ་རབ་ཏུ་སྤངས་པ་གང་ཡིན་པའི་དེ་ས་དང་དེ་ལ་གང་མི་འཕྲོད་པར་འཛིན་པའོ། །གོང་མ་དང་བཅས་པའི་འདོད་ཆགས་དང་བྲལ་བ་ནི། འཇིག་རྟེན་པ་དང་། ཉན་རང་རྣམས་ཀྱི་འདོད་ཆགས་དང་བྲལ་བ་གང་ཡིན་པ་སྟེ། དེའི་གོང་ན་ཆགས་བྲལ་གཞན་ཡོད་པའི་ཕྱིར་རོ། །གོང་ན་མེད་པའི་འདོད་ཆགས་དང་བྲལ་བ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་འདོད་ཆགས་དང་བྲལ་བ་གང་ཡིན་པ་སྟེ། དེ་ནི་སེམས་ཅན་ཐམས་ཅད་ལ་འཕྲལ་དང་ཡུན་དུ་ཕན་པ་དང་བདེ་བའི་གནས་སུ་གྱུར་པའི་ཕྱིར་དེ་ལས་ཁྱད་པར་དུ་འཕགས་པའི་ཆགས་བྲལ་གཞན་མེད་པ་ཡིན་ནོ། །སྐབས་འདིར་ཆགས་བྲལ་ནི་མི་འཕྲོད་པར་འཛིན་པ་ཙམ་ཡིན་ནོ། །

སློབ་པ་སོགས་ཆོས་གསུམ་གྱི་དབྱེ་བ་ལ། དང་པོ་སློབ་པ་ནི་ཐར་པའི་ཆ་དང་མཐུན་པ་ནས་བཟུང་སྟེ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་ཐར་པ་མྱ་ངན་ལས་འདས་པ་ཐོབ་པའི་ཆེད་དུ་རྩོན་པའི་དགེ་བ་གང་ཡིན་པ་དེ་ནི་སློབ་པ་ཡིན་ཏེ། དེ་གང་གི་རྒྱུད་ལ་ཡོད་པའི་གང་ཟག་དེ་ནི་ཐར་པའི་ལམ་ལ་སློབ་པ་ཡིན་པའི་ཕྱིར་རོ། །ཁམས་བཅུ་ནི་རྣམ་པར་ཤེས་པའི་ཁམས་བདུན་དང་གཟུགས་སྒྲ་ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་བཞི་ནི་གཟུགས་སྒྲ་དང་ཡིད་དང་ཆོས་ཀྱི་སྐྱེ་མཆེད་དོ། །དེ་དག་གི་ཕྱོགས་གཅིག་ནི་ཐར་པ་ལ་བརྩོན་པའི་དགེ་བས་བསྡུས་པ་རྣམས་སོ། །གང་གིས་ཐར་པ་ལ་བརྩོན་པའི་ཆོས་ཕུང་པོ་ལ་སོགས་པ་ཆོས་ཙམ་དུ་ཤེས་པ་ན་བདག་ཐར་པ་ལ་རྩོན་པར་མངོན་པར་ཞེན་པ་སྤོང་ངོ་། །མི་སློབ་པ་ནི་ལྷག་པ་སེམས་དང་། ཚུལ་ཁྲིམས་དང་ཤེས་རབ་ཀྱི་སློབ་པ་གསུམ་གྱི་བྱ་བ་མཐར་ཕྱིན་པའི་དགེ་བ་ཟད་པ་དང་མི་སྐྱེ་བ་ཤེས་པ་ལ་སོགས་པ་མི་སློབ་པ་ཡིན་ཏེ། དེ་དང་ལྡན་ན་མི་སློབ་པ་ཞེས་པའི་གྲངས་སུ་འགྲོ་བའི་ཕྱིར་རོ། །ཁམས་དང་སྐྱེ་མཆེད་བཅུ་ནི་སློབ་པ་ལྟར་རོ། །དེའི་ཕྱོགས་གཅིག་ནི་སློབ་པ་མཐར་ཕྱིན་པས་བསྡུས་པའི་དགེ་བའོ། །འཁོར་བ་ལས་གྲོལ་བའི་མི་སློབ་པ་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །སློབ་པ་ཡང་མ་ཡིན་པ་མི་སློབ་པ་ཡང་མ་ཡིན་པ་ནི། སོ་སོ་སྐྱེ་བོ་རྒྱུད་ཀྱི་དགེ་བ་ལ་སོགས་པ་གསུམ་དང་། སློབ་པའི་རྒྱུད་ཀྱི་ཉོན་མོངས་ཅན་སྒོམ་སྤང་གིས་བསྡུས་པ་དང་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་དང་། མི་སློབ་པའི་རྒྱུད་ཀྱི་མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས་རྣམས་དང་འདུས་མ་བྱས་རྣམས་ནི་གཉིས་ཀ་མ་ཡིན་ཏེ། དེ་དག་ནི་ཐར་པའི་ལམ་མ་ཡིན་པའི་ཕྱིར་རོ། །ཁམས་དང་སྐྱེ་མཆེད་བརྒྱད་ནི་དབང་པོ་ལྔ་དང་དྲི་རོ་རེག་བྱ་རྣམས་སོ། །དེ་ལས་གཞན་པའི་ཕྱོགས་གཅིག་ནི་སྔ་མ་གཉིས་བོར་བའོ། །གྲོལ་བའམ་གྲོལ་བར་འགྱུར་བ་གཉིས་ཀ་མ་ཡིན་པ་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །

མཐོང་སྤངས་སོགས་སྤང་བྱ་ཡིན་མིན་གསུམ་དུ་དབྱེ་བ་ལ། དང་པོ་མཐོང་བས་སྤང་བར་བྱ་བ་ལ་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་ཏེ། དེ་ལ་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ནི། ཉོན་མོངས་པ་ཅན་གྱི་ལྟ་བ་ཀུན་བརྟགས་པ་བཤེས་གཉེན་ངན་པས་ཆོས་ལོག་བསྟན་པའི་མཐུ་ལས་བྱུང་བ་། ཕུང་པོ་ལས་གཞན་པའི་བདག་ཡོད་པ་རྟོག་པའི་འཇིག་ཚོགས་ལ་ལྟ་བ་དང་། དེ་ཉིད་རྟག་པའམ་ཆད་པར་འཛིན་པའི་ལྟ་བ་དང་། བདེན་པ་བཞི་ལ་ཡིད་གཉིས་ཟ་བའི་ཐེ་ཚོམ་དང་། ལྟ་བ་དང་ཐེ་ཚོམ་དེ་དག་གང་ལས་བྱུང་བའི་གནས་ས་བོན་དང་གང་དང་འགྲོགས་པའི་གནས་མཚུངས་པར་ལྡན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་གཞན་རྣམས་དང་། ལྟ་བ་དེ་དག་ལ་ལོག་པར་ཞུགས་པའི་ཉོན་མོངས་པ་ནི་དེ་དག་ལ་མཆོག་དང་གཙོ་བོ་སོགས་སུ་འཛིན་པའི་ལྟ་བ་མཆོག་ཏུ་འཛིན་པ་དང་། དེ་དག་དང་རྗེས་སུ་འབྲང་བ་ཚུལ་ཁྲིམས་སོགས་ལ་དག་གྲོལ་སོགས་སུ་འཛིན་པའི་ཚུལ་ཁྲིམས་དང་བརྟུལ་ཞུགས་མཆོག་ཏུ་འཛིན་པ་དང་། བདེན་པ་བཞི་ལ་སྐུར་པ་འདེབས་པ་དང་། ཐར་པ་དང་ཐར་པའི་ལམ་གཞན་དུ་སྒྲོ་འདོགས་པར་བྱེད་པའི་ལོག་ལྟ་དང་ལྟ་བ་སྔ་མ་དེ་དག་ལ་རྗེས་སུ་ཆགས་པ་དང་། དེ་དག་དང་མི་མཐུན་པ་ལ་ཁོང་ཁྲོ་བ་དང་། དེ་རྣམས་དང་རྗེས་སུ་མཐུན་པའི་ཁྲོ་བ་ལ་སོགས་པ་ཉེ་བའི་ཉོན་མོངས་པ་རྣམས་དང་། དེ་དག་མཚུངས་པར་ལྡན་པའི་མ་རིག་པ་རྣམས་སོ། །ལས་ཀྱི་ཀུན་ནས་ཉོན་མོངས་པ་ནི་གང་ཡང་ལྟ་བ་དེ་དག་མཚུངས་ལྡན་དང་བཅས་པས་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་རྣམས་སོ། །

སྐྱེ་བའི་ཀུན་ནས་ཉོན་མོངས་པ་ནི་ངན་སོང་པའི་རྣམ་པར་སྨིན་པས་བསྡུས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་སོ། །འདི་རྣམས་བདེན་པའི་ཆོས་ཉིད་མཐོང་བ་ཙམ་གྱིས་སྤོང་སྟེ། ཐམས་ཅད་ཀྱང་བདེན་པའི་རྣམ་པ་ལ་རྨོངས་པའི་རྩ་ཅན་བ་ཡིན་པའི་ཕྱིར་དང་། འགའ་ཞིག་བདག་ལྟ་ཀུན་བརྟགས་ཀྱི་རྩ་བ་ཅན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ཡིན་ནོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་སྒོམ་སྤངས་དང་ཟག་མེད་བོར་བའོ། །གང་ལ་ཇི་སྐད་བཤད་པའི་མཐོང་བས་སྤང་བར་བྱ་བ་དེ་དག་རྣམ་པར་དག་པ་དེ་བདེན་པའི་གནས་ལུགས་མཐོང་བའི་ལྟ་བ་ཕུན་ཚོགས་དང་ལྡན་པ་ཡིན་ལ་དེ་ཡང་ཕུང་པོ་མི་རྟག་པ་ཆོས་ཙམ་ལ་རིགས་པ་ཡིན་གྱི། བདག་རྟག་པ་ནི་སྔར་སྤངས་བྱ་དང་ལྡན་པ་ཕྱིས་བདེན་པ་མཐོང་ནས་སྤང་བྱ་དང་བྲལ་བར་མི་འཐད་པའི་ཕྱིར་རོ། །དེའི་ཕྱིར་བདག་བདེན་པའི་གནས་ལུགས་རྟོགས་པས་མཐོང་བའམ་ལྟ་བ་ཕུན་སུམ་ཚོགས་པར་མངོན་པར་ཞེན་པ་སྤོང་ངོ་། །

སྒོམ་པས་སྤང་བར་བྱ་བ་ནི་མཐོང་ལམ་ཐོབ་པ་ཡན་ཆད་ཀྱི་རྒྱུད་ལ་ཡང་འབྱུང་བའི་ཟག་པ་དང་བཅས་པའི་ཆོས་རྣམས་ཐམས་ཅད་དེ་དེ་དག་ནི་མཐོང་བས་སྤང་བར་བྱ་བ་ལས་བཟློག་པ་སྟེ། བདེན་པ་མཐོང་བ་ཙམ་གྱིས་སྤོང་བ་མ་ཡིན་གྱི་མཐོང་ཟིན་གོམས་པར་བྱས་པས་སྤོང་བ་ཡིན་པའི་ཕྱིར་སྒོམ་པས་སྤང་པར་བྱ་བ་ཡིན་ནོ། །འདི་ལ་ཡང་ཀུན་ནས་ཉོན་མོངས་པ་རྣམ་པ་གསུམ་སྟེ་དེ་ལ་ལྷན་ཅིག་སྐྱེས་པའི་འཇིག་ལྟ་དང་མཐར་འཛིན་པར་ལྟ་བ་དང་ཡུལ་ལ་ལོག་པར་ཞུགས་པའི་འདོད་ཆགས་དང་ཁོང་ཁྲོ་དང་། སེམས་ཅན་ལ་ལོག་པར་ཞུགས་པའི་ང་རྒྱལ་དང་། དེ་དག་དང་རྗེས་སུ་མཐུན་པའི་ཉེ་བའི་ཉོན་མོངས་པ་རྣམས་དང་། ཐམས་ཅད་དང་མཚུངས་པར་ལྡན་པའི་མ་རིག་པ་དང་བཅས་པ་རྣམས་ནི་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །དེ་དག་གིས་དངོས་དང་བརྒྱུད་པ་ཅི་རིགས་པར་ཀུན་ནས་བསླང་བའི་ལུས་དང་ངག་གི་ལས་རྣམས་ནི་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །བདེ་འགྲོའི་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་ནི་སྐྱེ་བའི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །དེ་ལ་མཐོང་བས་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་པ་དང་པོ་གཉིས་ནི་ཉོན་མོངས་ཅན་ཁོ་ན་ཡིན་ལ། དེ་ཡང་དང་པོ་ནི་གཟུགས་དང་གཟུགས་མེད་ན་སྤྱོད་པ་རྣམས་ཀྱི་དང་གཉིས་པ་ཡང་གཟུགས་ན་སྤྱོད་པ་རྣམས་ཀྱི་ནི་སྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ལ། གཉིས་ཀ་ཡང་འདོད་པ་ན་སྤྱོད་པ་རྣམས་ཀྱི་ནི་མི་དགེ་བ་ཁོ་ན་ཡིན་ནོ། །ཀུན་ནས་ཉོན་མོངས་པ་གསུམ་པ་ནི་རྣམ་པར་སྨིན་པའི་ངོ་བོ་ཡིན་པའི་ཕྱིར་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །འདི་དག་ལ་དགེ་བར་གཏོགས་པ་ནི་ཅུང་ཟད་ཀྱང་མེད་དོ། །ཀུན་ནས་ཉོན་མོངས་པ་དང་པོ་ནི་ཁམས་གསུམ་ཀས་བསྡུས་སོ། །

གཉིས་པ་ནི། ཁམས་འོག་མ་གཉིས་ཀྱིས་བསྡུས་སོ། །ཐ་མ་ནི་འདོད་པ་ཁོ་ནར་སྦྱར་རོ། །སྒོམ་པས་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་པ་དང་པོ་ནི། གོང་མར་གཏོགས་པ་རྣམས་དང་། འདོད་པའི་ལྟ་བ་ལྷན་སྐྱེས་མཚུངས་ལྡན་དང་བཅས་པ་རྣམས་ནི། སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ། འདོད་པར་གཏོགས་པ་གཞན་རྣམས་ནི་མི་དགེ་བ་ཡིན་ནོ། །ཀུན་ནས་ཉོན་མོངས་པ་གཉིས་པ་ལ་ནི་དགེ་བ་ལ་སོགས་པ་གསུམ་ཀ་ཡོད་ལ་ཐ་མ་ནི་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཁོ་ན་ཡིན་ནོ། །དང་པོ་དང་ཐ་མ་ནི་ཁམས་གསུམ་ཀས་བསྡུས་སོ། །བར་མ་ཁམས་འོག་མ་གཉིས་ཀྱིས་བསྡུས་སོ། །མཐོང་བའི་སྤང་བར་བྱ་བ་རྣམས་ནི་སྤངས་ཕྱིན་ཆད་རྒྱུད་ལ་ཀུན་ཏུ་མི་འབྱུང་ངོ་། །སྒོམ་པས་སྤང་བར་བྱ་བའི་ཀུན་ནས་ཉོན་མོངས་ཅན་རྣམས་ནི་སྤངས་ཕྱིན་ཆད་སླར་མི་འབྱུང་ངོ་། །དགེ་བ་དང་མ་སྒྲིབས་ལ་ལུང་མ་བསྟན་དག་ནི་སླར་ཡང་ཀུན་དུ་འབྱུང་མོད་འོན་ཀྱང་དེ་དག་ལས་སྲེད་པ་མི་འཕེལ་བའི་ཕྱིར་སྤངས་པ་ཞེས་བྱའོ། །དེ་ཙམ་ནི་སྤང་བྱ་གཉིས་ཀྱི་ཁྱད་པར་མདོར་བསྡུས་པ་སྟེ་རྒྱས་པར་ནི་འོག་ཏུ་བཤད་པར་བྱའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་མཐོང་སྤངས་དང་ཟག་མེད་བོར་བ་རྣམས་སོ། །བསྒོམ་པ་ཕུན་སུམ་ཚོགས་པའི་སྒོ་ནས་ཇི་སྐད་བཤད་པའི་བསྒོམ་པས་སྤང་བར་བྱ་བ་རྣམས་སྤོང་ལ། དེ་ཡང་ཕུང་པོ་མི་རྟག་པ་ཆོས་ཙམ་ལ་འཐད་ཀྱི་བདག་རྟག་པ་ལ་མི་རུང་བས་དེའི་ཕྱིར་བདག་སྒོམ་པ་ཕུན་སུམ་ཚོགས་པར་མངོན་པར་ཞེན་པ་སྤོང་ངོ་། །སྤང་བྱ་མ་ཡིན་པ་ནི། ཟག་པ་མེད་པའི་ཆོས་རྣམས་ཡིན་ཏེ། རྣམ་པ་ཐམས་ཅད་དུ་ཉེས་པ་མེད་པས་གཉེན་པོས་གཞོམ་པར་བྱ་བ་མ་ཡིན་པའི་ཕྱིར་རོ། །ངེས་པར་འབྱེད་པའི་ཆ་དང་མཐུན་པ་ནི་རྗེས་སུ་མཐུན་པའི་ཟག་མེད་ཡིན་ཡང་སྤང་བྱ་མ་ཡིན་པའི་ཟག་མེད་ཀྱི་ཁོང་སུ་གཏོགས་པ་མ་ཡིན་ཏེ། ཟག་པའི་གནས་ངན་ལེན་གྱི་རྗེས་སུ་འབྲེལ་པས་སྒོམ་པས་སྤང་བར་བྱ་བ་ཡིན་པའི་ཕྱིར་རོ། །དེ་ཡང་ཇི་ལྟར་ཞེ་ན་གང་གི་ཚེ་ངེས་པར་འབྱེད་པའི་ཆ་དང་མཐུན་པའི་དགེ་བ་སྒོམ་པ་དེའི་ཚེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ཡོད་པས་དགེ་བ་དེ་ཡང་བདག་ཏུ་འཛིན་པས་བཅིངས་པའི་ཕྱིར་ཟག་པ་དང་བཅས་པ་ཡིན་ནོ། །གཞུང་རྣམས་སུ་ཁམས་བཅུ་དང་སྐྱེ་མཆེད་བཞི་ཞེས་འདོན་ཞིང་འཆད་པ་ནི་ནོར་བར་མངོན་སྟེ། སྔར་གྱི་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་དངོས་པོའི་རྐང་གྲངས་དང་འགལ་བའི་ཕྱིར་དང་། རྣམ་པར་ཤེས་པའི་ཁམས་ལྔ་ལ་ཟག་མེད་མི་སྲིད་དེ། དེ་དག་ནི་རང་བཞིན་གྱིས་ཁ་ཕྱི་རོལ་དུ་བལྟས་པའི་རང་བཞིན་ཅན་ཡིན་པས་ལམ་བརྟེན་པ་མི་སྲིད་པའི་ཕྱིར་རོ། །འགྲེལ་པར་མི་སློབ་པའི་ལུས་ངག་གིས་ལས་ཟག་མེད་ཡིན་པས་ལུས་གཟུགས་སྒྲའི་ཁམས་ཟག་མེད་ཡོད་ཞེས་ཟེར་བ་ཡང་དཔྱད་པར་བྱ་སྟེ། ལུས་ཀྱི་ལས་གཟུགས་ཀྱི་ཁམས་སུ་འགྱུར་བ་ནི་ལུས་ཀྱིས་རྣམ་པར་རིག་བྱེད་ལས་གཞན་མ་ཡིན་ལ། དེ་ཡང་རྣམ་སྨིན་གྱི་ལུས་ཀྱིས་ཆ་ལ་རྟགས་པའི་དབྱིབས་ཡིན་པས། ཡང་དག་པར་ན་མ་སྒྲིབས་ལུང་མ་བསྟན་དང་། ཟག་པ་དང་བཅས་པར་འཐད་ཀྱི་དགེ་བ་འམ་ཟག་མེད་དུ་མི་འཐད་པའི་ཕྱིར་རོ། །སྔར་གཟུགས་སྒྲའི་ཁམས་དགེ་བ་དང་མི་དགེ་བར་བཞག་པ་ནི་དགོས་པའི་དབང་གིས་ཉེ་བར་བརྟགས་པ་ཙམ་ཡིན་ཞེས་བཤད་ཟིན་ཏོ། །

དེ་བས་གཞུང་ཁ་ཅིག་ཏུ་ཕུང་པོ་རྣམས་དང་ཁམས་གསུམ་དང་སྐྱེ་མཆེད་གཉིས་ཀྱིས་ཕྱོགས་གཅིག་ཅེས་འདོན་པས་དེ་ལྟར་ན་ཁམས་དང་སྐྱེ་མཆེད་ཐ་མ་གསུམ་དང་གཉིས་ཀྱིས་ཕྱོགས་ནི་ལམ་གྱི་བདེན་པ་དང་འདུས་མ་བྱས་ཀྱི་བསྡུས་པ་རྣམས་སོ། །ཕུང་པོ་རྣམས་ཀྱི་ཕྱོགས་ནི་ལམ་དང་ལམ་གྱིས་རྗེས་ལས་ཐོབ་པས་བསྡུས་པ་རྣམས་སོ། །ཇི་སྐད་དུ་དཔེ་མེད་པར་བསྟོད་པ་ལས། ཉེས་པ་ཉམས་སྨད་རྩད་ནས་བརྟོན། །ཡོན་ཏན་སྤེལ་ན་རྣམ་པར་སྦྱངས། །གཞུང་ལུགས་བཟང་པོ་དེས་ན་ཁྱོད། །གྲུབ་མཆོག་ལྷག་པར་བརྙེས་པ་ལགས། །ཅེས་པ་ལྟར་སྤང་བྱའི་ཉེས་པ་མེད་ཅིང་ཡོན་ཏན་རྣམས་དང་ལྡན་པའི་ཟག་མེད་ཆོས་ཙམ་དུ་ཤེས་པ་ན་བདག་དེ་ལྟ་བུའི་གྲུབ་པ་ཟག་མེད་དུ་མངོན་པར་ཞེན་པ་སྤོང་ངོ་། །

རྟེན་འབྲེལ་ལ་དོན་གསུམ་གྱི་མདོར་བསྟན་པ་དང་། དེ་རྒྱས་པར་བཤད་པ་གཉིས་ལས། །དང་པོ་ནི། ཇི་ལྟར་ན་རྟེན་ཅིང་འབྲེལ་པར་འབྱུང་བ་ཡིན་ཞེས་པ་ལ་སོགས་པའོ། །དེ་ཡང་ཤེས་པར་བྱ་བའི་དངོས་པོ་རྟེན་ཅིང་འབྲེལ་པར་འབྱུང་བ་དེ་ཉིད། ཤེས་པར་བྱ་བའི་དོན། མཚན་ཉིད་ལ་སོགས་པ་བཅུའི་སྒོ་ནས་ཡོངས་སུ་ཤེས་པར་བྱེད་པ་ཡིན་ནོ། །དེ་ལ་རྟེན་འབྲེལ་གྱི་རང་བཞིན་ཤེས་པར་བྱེད་པའི་མཚན་ཉིད་དང་མཚན་ཉིད་དེ་དང་ལྡན་པའི་མཚན་གཞིའི་ཡན་ལག་རྣམ་པར་དབྱེ་བ་དང་། ཕྱེ་བའི་ཡན་ལག་དེ་རྣམས་རྒྱུ་འབྲས་ཀྱིས་ཡན་ལག་བཞིར་མདོར་བསྡུ་བ་དང་། །ཡན་ལག་དེ་རྣམས་སྔ་མ་སྔ་མ་ཕྱི་མ་ཕྱི་མའི་རྐྱེན་དུ་རྣམ་པར་བཞག་པ་དང་། ཡན་ལག་སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་བྱ་བ་བྱེད་ཚུལ་གྱི་ལས་རྣམ་པར་བཞག་པ་དང་། ཡན་ལག་དེ་རྣམས་ཀུན་ནས་ཉོན་མོངས་པ་རྣམ་པར་གསུམ་དུ་བསྡུ་བ་དང་། རྟེན་འབྲེལ་གྱི་སྒྲའི་དོན་དང་དོན་དེ་ཉིད་རྟོགས་པར་དཀའ་བའི་ཕྱིར་ཟབ་པ་དང་། ཕྱི་ནང་གི་རྟེན་འབྲེལ་ཀུན་གྱི་ཐུན་མོང་གི་རབ་ཏུ་དབྱེ་བ་དང་། ནང་གི་རྟེན་འབྲེལ་སྤང་བའི་ཕྱིར་དུ་དེ་དག་ལུགས་དང་མཐུན་པ་དང་། ལུགས་དང་མི་མཐུན་པར་སྒོམ་པའི་ཚུལ་བསྟན་པས་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བ་རྣམས་པར་བཞག་པར་ལྟའོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་འདུས་མ་བྱས་མ་གཏོགས་པ་སྟེ། དེ་ནི་རྒྱུ་དང་རྐྱེན་ལ་རག་མ་ལས་པས་རྟེན་ཅིང་འབྲེལ་པར་འབྱུངབ་མ་ཡིན་ནོ། །སྐྱེ་བ་ཐམས་ཅད་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་སོགས་ཀྱི་རྟེན་འབྲེལ་དུ་ཤེས་པ་ན་བདག་ཏུ་གདགས་པའི་གཞི་ནང་གི་དངོས་པོ་རྣམས་དང་། ཆོས་ཕྱིའི་དོན་རྣམས་རྒྱང་འཕེན་པ་ལྟར་རྒྱུ་མེད་པར་སེམས་པ་དང་། གྲངས་ཅན་ལ་སོགས་པ་ལྟར། དབང་ཕྱུག་དང་གཙོ་བོ་སོགས་མི་མཐུན་པའི་རྒྱུ་ལས་བྱུང་བར་མངོན་པར་ཞེན་སྤོང་བར་བྱེད་དེ། རྟེན་ཅིང་འབྲེལ་བར་འབྱུང་བ་ནི་ལྟ་བ་ངན་པ་ཐམས་ཅད་ཀྱི་གཉེན་པོ་ཡིན་པའི་ཕྱིར་རོ། །

དེ་དག་རྒྱས་པར་བཤད་པ་ལ་བཅུ་ལས་རེ་ཞིག་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཀྱི་དབང་དུ་བྱས་ནས་བཅོམ་ལྡན་འདས་ཀྱིས་བྱེ་བྲག་རྣམ་པར་འབྱེད་པའི་མདོ་ལས་འདི་ཡོད་པས་འདི་འབྱུང་། འདི་སྐྱེས་པས་འདི་སྐྱེས་ཏེ། འདི་ལྟ་སྟེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་པ་གང་གསུངས་པ་དེ་ལ་འདི་ཡོད་ན་འདི་འབྱུང་ཞེས་པའི་དོན། ཕྱི་དང་ནང་གི་འབྲས་བུ་རྣམས་གཡོ་བ་མེད་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྒྱུ་དང་རྐྱེན་ཉེ་བར་ཡོད་པ་ཙམ་ལས་འབྲས་བུ་འབྱུང་གི་རྒྱུ་རྐྱེན་ལ་འབྲས་བུ་འདི་འདྲ་བ་ཞིག་སྐྱེད་པར་བྱའོ་ཞེས་བློ་སྔོན་དུ་གཏོང་བའི་གཡོ་བ་མེད་པའི་ཕྱིར་རོ། །འདིས་ནི་དབང་ཕྱུག་དང་ཚངས་པ་ལ་སོགས་པ་སེམས་དང་ལྡན་པའི་བྱེད་པ་པོ་ཁས་ལེན་པ་བསལ་བ་ཡིན་ནོ། །འདི་སྐྱེས་པའི་ཕྱིར་འདི་སྐྱེ་ཞེས་པའི་དོན། འབྲས་བུ་རྣམས་མི་རྟག་པའི་རྐྱེན་ལས་བྱུང་བའི་ཕྱིར་ཏེ། རྒྱུའི་རང་གི་ངོ་བོ་རྐྱེན་ལས་མ་གྲུབ་པ་ལ་འབྲས་བུ་འགའ་ཡང་འབྱུང་བ་མ་ཡིན་ཏེ། དེ་ནི་ནམ་མཁའ་ལ་སོགས་པ་བཞིན་དུ་རང་གི་ངོ་བོ་མ་གྲུབ་པའི་ཕྱིར་དང་། ཅི་སྟེ་གྲུབ་ན་ཡང་དེ་ལྟ་བུ་ལ་རྐྱེན་གྱིས་ཁྱད་པར་བྱར་མེད་པའི་ཕྱིར་འབྲས་བུ་ཐམས་ཅད་ཅིག་ཅར་སྐྱེ་བའམ། ནམ་ཡང་མི་སྐྱེ་བར་ཐལ་བར་འགྱུར་བའི་ཕྱིར་རོ། །འདིས་ནི་གཙོ་བོ་ལ་སོགས་པ་བློའི་གཡོ་བ་མེད་ཀྱང་རྟག་པ་བྱེད་པ་པོར་སྨྲ་བ་བསལ་བ་ཡིན་ནོ། །འདི་ལྟ་སྟེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་པ་ལ་སོགས་པའི་དོན་ནི། གཡོ་བ་མེད་ཅིང་མི་རྟག་ཀྱང་རྐྱེན་གང་ཡང་རུང་བ་ལས་འབྲས་བུ་ཐམས་ཅད་འབྱུང་བ་མ་ཡིན་གྱི་མ་རིག་པ་ལས་འདུ་བྱེད་ལྟར་རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པ་ལ་ནུས་པ་དང་ལྡན་པའི་རྐྱེན་ལས་དེ་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བའི་ཕྱིར་རོ། །འདིས་ནི་ས་སོགས་འབྱུང་བ་རྣམས་ལ་སེམས་སྐྱེ་བ་སྨྲ་བ་ལ་སོགས་པ་སེལ་བར་བྱེད་དོ། །མདོར་བསྡུས་ན་ཁྱད་པར་གསུམ་དང་ལྡན་པའི་རྐྱེན་ལས་བྱུང་བ་ནི་རྟེན་ཅིང་འབྲེལ་བར་འབྱུང་བའི་མཚན་ཉིད་ཡིན་ནོ། །ཁྱད་པར་གསུམ་གང་ཞེ་ན། གཡོ་བ་མེད་པ་ལ་སོགས་པའོ། །དེ་ལ་དང་པོས་ནི་སྔོན་གྱི་མཐའ་ལ་རྨོངས་པ་སེལ་སྟེ། ཕྱི་ནང་གི་འབྲས་བུ་འདི་དག་སྔོན་དབང་ཕྱུག་པ་ལ་སོགས་པ་བྱེད་པ་པོ་འགའ་ཞིག་གིས་བློ་སྔོན་དུ་བཏང་སྟེ་བྱས་སམ་སྙམ་པའི་དོགས་པ་བཟློག་པར་བྱེད་པའི་ཕྱིར་རོ། །

གཉིས་པས་ནི་ད་ལྟར་གྱི་རང་གི་ངོ་བོ་ལ་རྨོངས་པ་སེལ་ཏེ། གཙོ་བོ་ལ་སོགས་པ་རྟག་པའི་རྒྱུ་ལས་བྱུང་བས་རང་གི་ངོ་བོ་ཡང་སྐད་ཅིག་གིས་སྐྱེ་འགག་མི་བྱེད་པའི་རྟག་པར་སྒྲོ་འདོགས་པ་ལྡོག་པའི་ཕྱིར་ཏེ། རྒྱུ་རྐྱེན་མི་རྟག་པ་ལས་སྐྱེས་པའི་འབྲས་བུ་རྟག་པའི་གོ་སྐབས་མེད་པའི་ཕྱིར་རོ། །

གསུམ་པས་ནི་ཕྱི་མའི་མཐའ་ལ་རྨོངས་པ་སེལ་ཏེ། ཕྱུགས་ཀྱི་མཆོད་སྦྱིན་ལ་སོགས་པ་མི་མཐུན་པའི་རྒྱུ་ལས་མ་འོངས་པ་ན། མཐོ་རིས་ཀྱི་བདེ་བ་ལ་སོགས་པ་མི་མཐུན་པའི་འབྲས་བུ་འབྱུང་བར་སྨྲ་བ་སེལ་བའི་ཕྱིར་ཏེ། རྒྱུ་དང་རྗེས་སུ་མཐུན་པར་འབྲས་བུ་འབྱུང་གི །མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་འབྱུང་བའི་ཕྱིར་རོ། །དེ་ལྟར་ན་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པ་རྣམས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཁས་མི་ལེན་ཏེ། བྱེད་པ་པོ་དང་རྟག་པའི་རྒྱུ་ཁས་ལེན་པའི་ཕྱིར་དང་ཁ་ཅིག་རྒྱུ་མེད་དུ་སྨྲ་བའི་ཕྱིར་རོ། །ཆོས་འདི་པ་ཐམས་ཅད་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་སྨྲ་བ་ཤ་སྟག་ཡིན་ཏེ། གཞན་དུ་ན་ཆོས་འདི་ལས་ཕྱི་རོལ་དུ་གྱུར་པར་ཐལ་བའི་ཕྱིར་ཏེ། དེ་བཞིན་གཤེགས་པའི་གསུང་གི་གཅེས་པ་ཟབ་མོ་ཁས་མི་ལེན་པའི་ཕྱིར་རོ། །ཇི་སྐད་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི། །གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ། །ཞེས་གང་གསུངས་པ་ལྟར་རོ། །

དེ་ལྟ་ན་ཡང་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱིས་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ཕྱིན་ཅི་མ་ལོག་པར་རྟོགས་པ་ནི་མ་ཡིན་ཏེ། འདི་ལྟར་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་གཉིས་ཏེ། ངོ་བོ་ཉིད་རྣམ་པར་འབྱེད་པའི་རྟེན་འབྲེལ་དང་། སྡུག་པ་དང་མི་སྡུག་པའི་འགྲོ་བ་རྣམ་པར་འབྱེད་པའི་རྟེན་འབྲེལ་ལོ། །དང་པོ་ནི་ཕྱི་དང་ནང་གི་དངོས་པོ་ཀུན་རྒྱུ་དང་རྐྱེན་གང་ལས་ཇི་ལྟར་འབྱུང་བའི་ཚུལ་ལོ། །གཉིས་པ་ནི་ནང་གི་སྐྱེ་མཆེད་དྲུག་གི་དངོས་པོ་འདི་རྒྱུ་དང་རྐྱེན་གང་ལས་འགྲོ་བ་ལྔ་པོ་འཁོར་བར་ཚུལ་ཇི་ལྟར་འཇུག་པའོ། །དེ་ལ་ཕྱི་རོལ་པ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ལ་རྨོངས་པས་རྒྱུ་མེད་པ་དང་མི་མཐུན་པ་རྒྱུར་སྨྲ་བར་བྱེད་ལ། གཉིས་པ་ལ་རྨོངས་པས་ཟ་བ་པོ་ལ་སོགས་པའི་བདག་ཏུ་རྟོག་པར་བྱེད་དོ། །བྱེ་བྲག་དུ་སྨྲ་བ་དང་མདོ་སྡེ་པ་དག་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ལ་རྨོངས་པ་ཡིན་ཏེ། ཕྱི་རོལ་རྣམས་རྡུལ་ཕྲན་གྱིས་བྱས་པ་དང་ནང་གི་སྐྱེ་མཆེད་རྣམས་ཀྱང་སྔོན་གྱི་ལས་ཀྱི་རྒྱུ་ལས་བྱུང་བ་ལ་སོགས་ཁས་ལེན་པའི་ཕྱིར་རོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་ཡན་ལག་བཅུ་གཉིས་ཀྱི་འཇུག་པ་ཁས་ལེན་པའི་ཕྱིར་རོ། །རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་པ་ལ་རྨོངས་པ་མ་ཡིན་མོད། འོན་ཀྱང་བྱེ་བྲག་དུ་སྨྲ་བ་རྣམས་ནི་ཡན་ལག་བཅུ་གཉིས་པོ་ཐམས་ཅད་ཀྱང་ཚེ་གསུམ་གྱི་ཕུང་པོ་ལྔ་ཀའི་གནས་སྐབས་ལ་འཇོག་པ་སོགས་ལོག་པར་རྟོགས་པ་ཡང་ཡོད་པས་རྣམ་པ་ཐམས་ཅད་དུ་ཕྱིན་ཅི་མ་ལོག་པར་རྟོགས་པ་ཡང་མ་ཡིན་ནོ། །དེ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ཤེས་པས་ནི་ཤེས་བྱའི་སྒྲིབ་པ་སྤོང་བར་བྱེད་དོ། །

གཉིས་པའི་རང་བཞིན་ཁོངས་སུ་ཆུད་པ་ལས་ནི་ཉོན་མོངས་པའི་སྒྲིབ་པ་སྤོང་བར་བྱེད་པ་ཡིན་ཏེ་རྟེན་ཅིང་འབྲེལ་བར་འབྱུང་བ་རྣམ་པ་གཉིས་པོ་དེ་ནི་གོ་རིམ་བཞིན་དུ་ཆོས་དང་གང་ཟག་གི་བདག་མེད་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་འདིར་ཉན་ཐོས་དང་རང་སངས་རྒྱས་ཀྱི་ཐེག་པ་པ་དག་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་པ་ལྷུར་ལེན་པར་བྱེད་ལ། ཐེག་པ་ཆེན་པོ་པ་དག་ནི་དང་པོ་ཉིད་ལྷུར་ལེན་པར་བྱེད་དོ། །དེ་ལ་ཐེག་པ་ཆེན་པོ་པ་ནི་གཉིས་ཏེ། རྣམ་པར་རིག་པ་ཙམ་དུ་སྨྲ་བ་དང་། ངོ་བོ་ཉིད་མེད་པར་སྨྲ་བའོ། །རྣམ་རིག་ཙམ་དུ་སྨྲ་བ་དག་གི་རྟེན་ཅིང་འབྲེལ་བར་འབྱུང་བ་དང་པོ་ས་བོན་ཐམས་ཅད་པའི་རྣམ་པར་སྨིན་པའི་རྣམ་ཤེས་ལས་ཆོས་རྣམས་ཐམས་ཅད་འབྱུང་བའི་ཚུལ་ནི་སྔར་རྒྱས་པར་བཤད་ཟིན་ཏོ། །

རྟེན་ཅིང་འབྲེལ་བར་འབྱུང་བ་གཉིས་པ་མ་རིག་པ་ལ་སོགས་པ་ཡན་ལག་བཅུ་གཉིས་ཀྱི་འཇུག་པ་ནི་གཞུང་ཉིད་དུ་རྒྱས་པར་འཆད་པར་འགྱུར་རོ། །དེ་གཉིས་ཀའི་ཐུན་མོང་གི་མཚན་ཉིད་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་སོགས་ཀྱང་བཤད་ཟིན་ཏོ། །ངོ་བོ་ཉིད་མེད་པར་སྨྲ་བ་དག་གི་ལྟར་ན་ནི་རྣམ་རིག་ཙམ་དུ་སྨྲ་བ་དག་ཀྱང་རྟེན་ཅིང་འབྲེལ་པར་འབྱུང་བའི་དོན་ལ་ཕྱིན་ཅི་ལོག་ཏུ་ཞུགས་པ་ཡིན་ཏེ། ཇི་ལྟར་སྣང་བའི་རྒྱུ་དང་རྐྱེན་ཀུན་རྫོབ་པ་བོར་ནས་ཤིན་ཏུ་མི་སྣང་བ་ཀུན་གཞི་རྣམ་ཤེས་ཀྱི་རྒྱུ་ལས་འབྱུང་བར་ཁས་ལེན་པའི་ཕྱིར་རོ། །དེ་དག་གི་ལྟར་ན་རྟེན་ཅིང་འབྲེལ་བར་འབྱུང་བའི་དོན་ནི་བདག་དང་གཞན་དང་། གཉིས་ཀ་དང་རྒྱུ་མེད་པ་ལས་སྐྱེ་བ་རྣམ་པར་སྤངས་ནས་སྒྱུ་མའི་མེ་ལས་དྲུག་དུ་བ་འབྱུང་བ་ལྟར་རྣམ་པར་རྟོག་པའི་ཚངས་པས་སྤྲུལ་པའི་རྒྱུ་འབྲས་ནི་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་ཐ་སྙད་དུ་འདོགས་པར་བྱེད་དེ་ཇི་སྐད་དུ། དབུ་མ་སྟོད་པར། སྡུག་བསྔལ་རང་གིས་བྱས་པ་དང་། །གཞན་གྱིས་བྱས་དང་གཉིས་ཀས་བྱས། །རྒྱུ་མེད་རྟོག་གེ་པ་ཡིས་བརྟགས། །ཁྱོད་ཀྱིས་རྟེན་ནས་འབྱུང་བར་གསུངས། །ཅེས་གསུངས་པ་ལྟར་རོ། །ཤིན་དུ་ཟབ་པའི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་ནི་སྣོད་དུ་རུང་ཞིང་དོན་དུ་གཉེར་བ་རྣམས་ལ་ཁོ་བོས་ལོགས་སུ་བསྟན་པར་བྱའི། འདིར་ནི་སྐབས་མ་ཡིན་པའི་ཕྱིར་མི་སྤྲོའོ། །རྣམ་པར་རིག་པ་ཙམ་དུ་སྨྲ་བ་དག་གི་ལྟར་ན། ངོ་བོ་ཉིད་མེད་པར་སྨྲ་བ་རྣམས་ཀྱི་རྟེན་འབྲེལ་གྱི་ཚུལ་དེ་ཡང་དག་པ་མ་ཡིན་ཏེ། འབྲས་བུ་རྣམས་རང་ལས་དོན་གཞན་པའི་རྒྱུ་དང་རྐྱེན་ལས་སྐྱེ་བ་ལ་སྐུར་པ་གདབ་པའི་ཕྱིར་རོ་སྙམ་དུ་སེམས་པར་བྱེད་དོ། །

གཉིས་པ་ཡན་ལག་རྣམ་པར་དབྱེ་བ་ནི། ཡན་ལག་བཅུ་གཉིས་རྣམས་ཏེ་ཞེས་པ་ལ་སོགས་པའོ། །དེ་ལ་མ་རིག་པ་ནི། གང་གི་དབང་གི་སེམས་ཅན་རྣམས་འཁོར་བའི་ཉེས་དམིགས་དང་མྱ་ངན་ལས་འདས་པའི་ཕན་ཡོན་ལ་རྨོངས་པ་རིག་པ་ཡེ་ཤེས་ཀྱི་མི་མཐུན་ཕྱོགས་སུ་གྱུར་པ་ཞིག་ཡིན་ནོ། །དེ་ཡང་མཐོང་བས་སྤང་བར་བྱ་བའམ་འོན་ཏེ་སྒོམ་པས་སྤང་བར་བྱ་བ་གང་ཡིན་ཞེ་ན། འདི་ལ་དོན་གསང་རྣམ་པར་བཤད་པ་ལས། འདི་ནི་ཡང་སྲིད་པར་འཕེན་བྱེད་ཡིན་པའི་ཕྱིར་དང་། རྟེན་འབྲེལ་གྱི་མདོ་འགྲེལ་ལས། བདེན་པ་མཐོང་ལ་འཕེན་པ་མེད་ཅེས་གསུངས་པའི་ཕྱིར། མཐོང་བས་སྤངས་པར་བྱ་བའི་མ་རིག་པ་ཡིན་ནོ་ཞེས་བཤད་ཀྱང་ལེགས་པར་མ་མཐོང་སྟེ། འདི་ལྟར་འདོད་པ་ན་སྤྱོད་པའི་མཐོང་བས་སྤང་བར་བྱ་བའི་ཉོན་མོངས་པ་ཐམས་ཅད་ནི་མི་དགེ་བ་ཁོ་ན་ཡིན་ལ། དེའི་ཕྱིར་འདོད་པར་བསགས་པའི་བསོད་ནམས་དང་མི་གཡོ་བའི་འདུ་བྱེད་དེ་དག་མི་དགེ་བ་ཡིན་པར་འགྱུར་ཏེ་འདོད་པའི་མཐོང་སྤང་མ་རིག་པའི་རྐྱེན་ལས་བྱུང་བའི་ཕྱིར། བསོད་ནམས་མ་ཡིན་པའི་ལས་བཞིན་ནོ། །དེ་བས་ན་སྐབས་འདིའི་མ་རིག་པ་ནི་འདུ་བྱེད་ཐམས་ཅད་ཀྱི་སྤྱིའི་རྐྱེན་ཡིན་པའི་ཕྱིར། སྒོམ་པས་སྤང་བར་བྱ་བ་ཡིན་ནོ། །དེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་དུ་འབྱུང་བའི་མ་རིག་པ་མ་འདྲེས་པ་ཞེས་བཤད་པ་དེ་ཡིན་གྱི་ཡིད་ཀྱི་ཤེས་པའི་འཁོར་དུ་སྐྱེས་པ་རྣམས་ནི་མ་ཡིན་ཏེ། དེ་ནི་བསོད་རྣམས་དང་མི་གཡོ་བའི་འདུ་བྱེད་དག་ལ་རྗེས་སུ་མི་འབྲང་བའི་ཕྱིར་རོ། །

ཅི་སྟེ་ཉོན་མོངས་པ་ཅན་གྱི་ཡིད་འཁོར་དང་བཅས་པ་ནི། ཁ་ནང་དུ་བལྟས་པའི་ཕྱིར་དགེ་བའམ་མི་དགེ་བའི་ལས་ཀུན་ནས་སློང་བར་བྱེད་མི་ནུས་པ་མ་ཡིན་ནམ་ཇི་ལྟར་འདུ་བྱེད་ཀྱི་རྐྱེན་དུ་འགྱུར་ཞེ་ན། ཀུན་སློང་ནི་རྣམ་པ་གཉིས་ཏེ། རྒྱུའི་དུས་ཀྱི་ཀུན་སློང་དང་། དེའི་དུས་ཀྱི་ཀུན་སློང་ངོ་། །དང་པོ་ནི་བརྒྱུད་པའི་རྐྱེན་ཡིན་ནོ། །གཉིས་པ་ནི་དངོས་ཀྱི་རྐྱེན་ཡིན་ནོ། །མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་བྱ་བ་འདིར་ནི། རྒྱུའི་དུས་ཀྱི་ཀུན་སློང་གི་དབང་དུ་བྱས་པ་ཡིན་གྱི་དེའི་དུས་ཀྱི་ཀུན་སློང་མ་ཡིན་ཏེ། གཞན་དུ་ན་བསོད་ནམས་དང་མི་གཡོ་བའི་ལས་ཀྱང་ཉོན་མོངས་ཅན་ཁོ་ནར་འགྱུར་ཏེ། མ་རིག་པ་དེའི་དུས་ཀྱི་ཀུན་སློང་དུ་ལྡན་པའི་ཕྱིར་བསོད་ནམས་མ་ཡིན་པའི་ལས་བཞིན་ནོ། །དེ་བས་ན་འདུ་བྱེད་རྣམ་པ་གསུམ་ཀ་ཡང་རྒྱུའི་དུས་ཀྱི་ཀུན་སློང་མ་རིག་པས་ཀུན་ནས་བསླང་བར་མཚུངས་པའི་ཕྱིར་ཐམས་ཅད་ཀྱང་ཡང་སྲིད་པའི་སྐྱེ་བ་འཕེན་བྱེད་དུ་འགྱུར་བ་ཡིན་ལ་དེའི་དུས་ཀྱི་ཀུན་སློང་དགེ་བ་དང་མི་དགེ་བའི་རྩ་བ་སོ་སོ་ལས་བྱུང་བའི་ཕྱིར་རྣམ་སྨིན་འདོད་པ་དང་མི་འདོད་པ་འབྱིན་པའི་ལས་དགེ་སྡིག་སོ་སོར་འགྱུར་བ་ཡིན་ནོ། །དེ་ཡང་བསོད་ནམས་མ་ཡིན་པའི་ལས་ཀྱི་དེའི་དུས་ཀྱི་ཀུན་སློང་ནི་མི་དགེ་བའི་རྩ་བ་གསུམ་གང་རུང་ཡིན་ལ། གཞན་གཉིས་ཀྱི་དེའི་དུས་ཀྱི་ཀུན་སློང་ནི་མ་ཆགས་པ་ལ་སོགས་པའི་དགེ་བའི་རྩ་བ་གསུམ་ཀ་ཡིན་ནོ། །

ཉོན་མོངས་པ་ཅན་གྱི་ཡིད་ཀྱི་འཁོར་གྱི་མ་རིག་པ་རྒྱུའི་དུས་ཀྱི་ཀུན་སློང་དུ་ཡང་ཇི་ལྟར་རུང་ཞེ་ན། མ་རིག་པ་དེའི་དབང་གིས་བདག་ཏུ་ལྟ་བ་དང་བདག་ལ་ཆགས་པ་འབྱུང་ལ། གང་ཞིག་བདག་ལ་ཆགས་པ་དང་བཅས་པ་དེ་ནི། བདག་ཚེ་འདིར་བདེ་བའི་ཆེད་དུ་སྲོག་གཅོད་པ་ལ་སོགས་པ་བསོད་ནམས་མ་ཡིན་པའི་ལས་ལ་འཇུག་པར་བྱེད་ལ། བདག་ཚེ་ཕྱི་མར་བདེ་བར་འདོད་པས་ནི་བསོད་ནམས་དང་མི་གཡོ་བའི་ལས་ལ་འཇུག་པར་བྱེད་དོ། །དེ་ལྟར་ན་འདུ་བྱེད་དེ་དག་གང་ལས་འབྱུང་བའི་གཞི་ནི་མ་རིག་པ་དེ་ཉིད་ཡིན་པའི་ཕྱིར། མ་རིག་པ་དེ་ནི་དེ་དག་གི་རྒྱུའི་དུས་ཀྱི་ཀུན་སློང་དུ་རིགས་པ་ཡིན་ནོ། །འོ་ན་མ་རིག་པ་ནི་སྒོམ་སྤང་ཡིན་པའི་ཕྱིར། བདེན་པ་མཐོང་བ་འགའ་ཞིག་ལ་ཡང་ཡོད་པའི་ཕྱིར། འཕགས་པ་རྣམས་ཀྱིས་ཀྱང་ཡང་སྲིད་འཕེན་བྱེད་ཀྱི་ལས་སོགས་པར་འགྱུར་རོ་ཞེ་ན། ཉེས་པ་འདི་ཡོད་པ་མ་ཡིན་ཏེ། ཇི་སྲིད་བདེན་པ་མངོན་སུམ་དུ་མ་མཐོང་བ་དེ་སྲིད་དུ་ནི། བྱིས་པ་རྣམས་ལ་བདག་མེད་ལ་མོས་པ་ཙམ་ཡོད་ཀྱང་དེ་ནི་ཤིན་ཏུ་སྟོབས་ཆུང་བའི་ཕྱིར་དང་། བདག་ཏུ་ལྟ་བ་ནི་ཐོག་མ་མེད་པ་ནས་གོམས་ཤུགས་ཆེ་བའི་ཕྱིར། ཡང་སྲིད་འཕེན་བྱེད་ཀྱི་ལས་སོགས་པར་བྱེད་པ་ཡིན་ལ། གང་གི་ཚེ་བདེན་པ་མངོན་སུམ་དུ་མཐོང་བ་དེའི་ཚེ། བདག་མེད་རྟོགས་པའི་ཤེས་རབ་ནི་ཆེས་སྟོབས་དང་ལྡན་པའི་ཕྱིར། རྗེས་ཐོབ་ཏུ་རི་མོ་མཁན་རང་གིས་བྲིས་པའི་གཟུགས་བརྙན་ལ་གནོད་སྦྱིན་དུ་འཁྲུལ་བ་ལྟར། བདག་ལྟ་ཅུང་ཟད་སྐྱེ་ཡང་དེ་མ་ཐག་ལྡོག་པས་སྟོབས་ཆུང་བའི་ཕྱིར་ཡང་སྲིད་པ་འཕེན་པའི་ནུས་པ་མེད་པའི་ཕྱིར་རོ། །

གཞན་ཡང་འདི་ཉིད་དུ་མ་རིག་པ་ནི་རྣམ་པ་གཉིས་ཏེ། ལས་འབྲས་ལ་རྨོངས་པ་དང་དེ་ཁོ་ནའི་དོན་ལ་རྨོངས་པའོ། །དང་པོས་ནི་བསོད་ནམས་མ་ཡིན་པའི་ལས་སོགས་པར་བྱེད་དོ། །གཉིས་པས་ནི་བསོད་ནམས་དང་མི་གཡོ་བའི་ལས་སོགས་པར་བཤད་པ་ཇི་ལྟར་ཞེ་ན། དང་པོ་ནི་དེའི་དུས་ཀྱི་ཀུན་སློང་གི་དབང་དུ་བྱས་པ་ཡིན་ལ། གཉིས་པ་ནི་རྒྱུའི་དུས་ཀྱི་ཀུན་སློང་གི་དབང་དུ་བྱས་པའི་ཕྱིར་ཉེས་པ་མེད་དོ། །གང་ཡང་རྣལ་འབྱོར་སྤྱོད་པའི་སར། །རྒྱུན་དུ་ཞུགས་པས་ཡན་ལག་ཏུ། །སྤངས་པར་བརྗོད་པར་བྱ་ཞེ་ན། །ཐམས་ཅད་ཀྱི་ཕྱོགས་གཅིག་སྟེ་གང་ཡང་རིལ་པོར་སྤངས་པ་ནི་མ་ཡིན་ནོ། །ཞེས་གསུངས་པའང་ངན་སོང་པའི་འགྲོ་བས་བསྡུས་པ་རྣམས་སྤངས་པ་དང་། བདེ་འགྲོ་བའི་འགྲོ་བས་བསྡུས་པ་རྣམས་མ་སྤངས་པ་ལ་དགོངས་པ་ཡིན་གྱི་མ་རིག་པ་ལ་སྤང་བྱ་གཉིས་ཡོད་པར་སྟོན་པ་ནི་མ་ཡིན་ནོ། །གཞན་ཡང་མཐོང་བས་སྤང་བར་བྱ་བའི་མ་རིག་པ་ནི་ཆོས་ལོག་ཉན་པ་ལ་སོགས་པ་བློ་བུར་བའི་རྐྱེན་གྱིས་བསྒོས་པའི་ཀུན་བརྟགས་ཡིན་པའི་ཕྱིར་བྱ་དང་རི་དྭགས་དང་གྲུབ་མཐས་བློ་མ་བསྒྱུར་བའི་བྱིས་པ་རྣམས་ལ་དེ་མངོན་གྱུར་དུ་འབྱུང་བ་མེད་པའི་ཕྱིར་དེ་དག་གིས་ཡང་སྲིད་འཕེན་བྱེད་ཀྱི་ལས་མི་སོགས་པར་ཐལ་བའི་ཕྱིར་ན་འདིར་རྟེན་འབྲེལ་གྱི་ཡན་ལག་གི་མ་རིག་པ་ནི་མཐོང་བས་སྤངས་པར་བྱ་བ་མ་ཡིན་གྱི་བསྒོམ་པས་སྤང་བར་བྱ་བ་ཡིན་ལ་དེ་ཡང་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པའི་མ་འདྲེས་པའི་མ་རིག་པ་ཡིན་ནོ་ཞེས་བྱ་བར་འཐད་པ་ཡིན་ནོ། །འདུ་བྱེད་ནི་སེམས་པ་དང་བསམས་པའི་རང་བཞིན་གྱི་ལས་བསོད་ནམས་ལ་སོགས་པ་གསུམ་དང་དགེ་བ་དང་མི་དགེ་བའི་ལས་ཀྱི་ལམ་བཅུ་རྣམས་ཡིན་ནོ། །

རྣམ་པར་ཤེས་པ་ནི་འདུ་བྱེད་དེ་དག་གི་ལས་ཀྱི་བག་ཆགས་འཛིན་པར་བྱེད་པའི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེ་ཡང་རྒྱུའི་དུས་ཀྱི་རྣམ་ཤེས་དང་། འབྲས་བུའི་དུས་ཀྱི་རྣམ་ཤེས་གཉིས་ལས་དང་པོ་ནི། གང་གིས་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་ཀྱི་བག་ཆགས་འཛིན་པར་བྱེད་པ་སྟེ། དེ་ནི་འདུ་བྱེད་ཀྱི་རྐྱེན་གྱིས་རྣམ་པར་ཤེས་པ་ཞེས་པའི་རྣམ་ཤེས་ཡིན་ནོ། །གཉིས་པ་ནི་གང་གིས་དབང་གིས་མིང་གཟུགས་རྣམས་མའི་མངལ་དུ་འཕེལ་བར་བྱེད་པ་སྟེ། དེ་ནི་རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས་ཅེས་པའི་རྣམ་ཤེས་ཡིན་ནོ། །མིང་དང་གཟུགས་ནི་ནུར་ནུར་པོ་སོགས་དང་ལྷན་ཅིག་པའི་མིང་གཞིའི་ཕུང་པོ་དང་དབང་པོ་དང་བཅས་པའི་ལུས་སོ། །སྐྱེ་མཆེད་དྲུག་ནི་དེ་འཕེལ་ཏེ། མིག་གི་རྣམ་པར་ཤེས་པ་ལ་སོགས་པ་སྐྱེ་བའི་སྒོར་གྱུར་པའི་མིག་ལ་སོགས་པའི་དབང་པོ་རྣམས་སོ། །རེག་པ་དང་། ཚོར་བ་ནི་བཤད་ཟིན་ཏོ། །

སྲེད་པ་ནི་ཚོར་བ་བདེ་སྡུག་རྣམས་ལ་བླང་དོར་དུ་འདོད་ཆགས་པ་སྟེ། དེ་ཡང་འདོད་པའི་སྲེད་པ་དང་། སྲིད་པའི་སྲེད་པ་དང་། འཇིག་པའི་སྲེད་པའོ། །དང་པོ་ནི་འདོད་པ་ན་སྤྱོད་པ་རྣམས་ཀྱི་འདོད་ཆགས་གང་ཡིན་པ་སྟེ། འདོད་པའི་ཡོན་ཏན་ལ་ལྷག་པར་ཆགས་པའི་ཕྱིར་རོ། །གཉིས་པ་ནི་ཁམས་གོང་མ་གཉིས་ཀྱི་འདོད་ཆགས་གང་ཡིན་པ་སྟེ། དེ་དག་ནི་སྲིད་པ་ནང་ཉེར་ལེན་གྱི་ཕུང་པོ་ཙམ་ལ་ཆགས་པ་ཡིན་པའི་ཕྱིར་རོ། །གསུམ་པ་ནི་ཁམས་གསུམ་གྱི་ཕུང་པོ་རྒྱུན་འཆད་པར་འདོད་པ་གང་ཡིན་པའོ། །ཡང་ན་བདེ་བ་ཐོབ་པར་འདོད་པ་ནི་འདོད་པའི་སྲེད་པ་ཡིན་ལ། སྡུག་བསྔལ་འདོར་བར་འདོད་པ་ནི་འཇིག་པའི་སྲེད་པ་ཡིན་ནོ། །ཕུང་པོ་ལ་སོགས་པ་ཟག་བཅས་ཀྱི་དངོས་པོ་ལ་སྤྱི་རིལ་དུ་སྲེད་པ་ནི་སྲིད་པའི་སྲེད་པ་ཡིན་ནོ་ཞེས་བྱ་བར་རིགས་པའི་དབང་ཕྱུག་བཞེད་པ་ཡིན་ནོ། །

ལེན་པ་ནི། མ་འོངས་པ་ལ་ཐོབ་པར་འདུན་པ་དང་། ད་ལྟར་བ་དང་མི་འབྲལ་བར་འདོད་པའི་བདག་ཉིད་ཀྱི་འདུན་པ་དང་འདོད་ཆགས་གཉིས་ཡིན་ལ། དེ་དག་ནི་ཡུལ་གྱི་བྱེ་བྲག་གིས་ལྟ་བའི་ཉེ་བར་ལེན་པ་ལ་སོགས་པ་བཞིར་འགྱུར་རོ། །སྲེད་པ་དང་བྱེ་བྲག་ཅི་ཞིག་ཡོད་ཞེ་ན། གཉིས་ཀ་འདོད་ཆགས་ཀྱི་ངོ་བོར་མཚུངས་མོད་ཀྱི་འོན་ཀྱང་སྲེད་པ་ནི་ཤས་ཆུང་ངུར་ཆགས་པ་ཡིན་ལ་ཉེ་བར་ལེན་པ་ཤས་ཆེར་ཆགས་པ་ཡིན་ནོ། །ཡང་སྲེད་པ་ནི་ད་ལྟར་གྱི་གནས་སྐབས་ཀྱི་ཡུལ་དང་ཕུང་པོ་སོགས་ལ་ཆགས་པ་ཡིན་ལ་ཉེ་བར་ལེན་པའི་ནི་འཆི་བའི་གནས་སྐབས་སུ་ཕུང་པོ་ཁོ་ན་ལ་ལྷག་པར་ཆགས་པའི་འདོད་ཆགས་ཡིན་ནོ། །དང་པོ་ནི་ལྟ་བའི་ཉེ་བར་ལེན་པ་ལ་སོགས་པ་ཉེ་བར་ལེན་པ་ཙམ་དང་སྲེད་པའི་ཁྱད་པར་ཡིན་ནོ། །གཉིས་པ་ནི་རྟེན་འབྲེལ་གྱི་ཡན་ལག་ཏུ་བགྲང་བའི་ཉེར་ལེན་དང་སྲེད་པའི་ཁྱད་པར་ཡིན་ནོ། །

སྲིད་པ་ནི། སྔར་གྱི་འདུ་བྱེད་ཀྱི་བག་ཆགས་སྒོས་པའི་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཉིད་ནི་འཆི་བའི་གནས་སྐབས་སུ་འབྱུང་བའི་མ་འོངས་པའི་ཕུང་པོ་ལ་ཆགས་པའི་མཚན་ཉིད་ཅན་གྱི་ཉེ་བར་ལེན་པས་གསོས་བཏབ་ཏེ། ཡང་སྲིད་པར་སྐྱེ་བ་ལ་མངོན་པར་ཕྱོགས་པར་གྱུར་པའི་གནས་སྐབས་ཀྱི་ལས་ཀྱི་བག་ཆགས་ནུས་པ་མཐུ་དང་ལྡན་པ་དེ་ཉིད་སྐྱེ་བའི་རྐྱེན་དུ་འགྱུར་བའི་སྲིད་པ་ཡིན་ལ་རྣམ་ཤེས་དེ་ནི་མིང་གཟུགས་ཀྱི་རྐྱེན་དུ་འགྱུར་བའི་རྣམ་ཤེས་ཡིན། འོན་ཀྱང་དེ་དག་དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པ་ཡིན་ནོ། །སྐྱེ་བ་ནི་དེ་ལྟ་བུའི་རྣམ་ཤེས་མངལ་དུ་ཞུགས་ཏེ། མིག་ལ་སོགས་པའི་དབང་པོ་རྣམས་རིམ་གྱིས་དོད་པའི་གནས་སྐབས་གང་ཡིན་པ་སྟེ། སྔར་བཤད་ཟིན་པ་ཉིད་དོ། །རྒ་བ་དང་འཆི་བ་ནི་ན་ཚོད་འགྱུར་བ་དང་སྲོག་འགྱུར་བའི་གནས་སྐབས་ཏེ། དེ་དག་ཀྱང་སྔར་བཤད་ཟིན་ཏོ། །རྒ་ཤི་དག་ཡན་ལག་གཅིག་ཏུ་བྱས་པ་ནི་མ་རྒས་པར་ཚེའི་འཕེན་པ་རྫོགས་ནས་འཆི་བ་ཡོད་པའི་ཕྱིར་རོ། །ཡན་ལག་འདི་དག་ལས་ཁམས་གང་ན་དུ་ཞིག་ཡོད་ཅེ་ན། འདོད་པའི་ཁམས་ན་ཐམས་ཅད་ཡོད་དེ། ཁམས་གོང་གཉིས་ན་ཐམས་ཅད་ཀྱི་ཕྱོགས་རེ་ཡོད་དེ། དེ་དག་ན་ཡང་འདུ་བྱེད་རྙིངས་པའི་མཚན་མ་ཅན་གྱི་རྒ་བ་ཡོད་པའི་ཕྱིར་རོ། །

ཅིའི་ཕྱིར་མ་རིག་པ་ཡན་ལག་དང་པོར་བསྟན་ཞེ་ན། མ་རིག་པ་ལས་ཉོན་མོངས་རྣམས་འབྱུང་ཞིང་ཉོན་མོངས་པ་ལས་ཀྱང་ལས་འབྱུང་ལ། ལས་ལས་སྐྱེ་བ་འབྱུང་བས་དེའི་ཕྱིར་མ་རིག་པ་ནི་སྲིད་པར་སྐྱེ་བ་ཐམས་ཅད་ཀྱི་རྩ་བ་ཡིན་པས་དེ་བས་ན་ཡན་ལག་དང་པོར་བསྟན་པ་ཡིན་ནོ། །ཅི་སྟེ་མ་རིག་པ་སྐྱེད་པར་བྱེད་པའི་རྒྱུ་གཞན་ཡོད་ན་དེའི་ཚེ་ཡན་ལག་དང་པོར་མི་རིག་ལ། དེ་ལ་རྒྱུ་མེད་ན་འཁོར་བ་ཐོགས་མ་ཅན་དང་། རྒྱུ་མེད་དུ་སྨྲ་བའི་ཕྱོགས་ཁས་བླངས་པས་རྟེན་ཅིང་འབྲེལ་པར་འབྱུང་བ་སྨྲ་བ་མ་ཡིན་པར་འགྱུར་རོ་ཞེ་ན། ཅི་སྟེ་གང་གི་དབང་གིས་མ་རིག་པ་ཀུན་ནས་ཉོན་མོངས་ཅན་དུ་འབྱུང་བར་འགྱུར་བའི་མ་རིག་པའི་རྒྱུ་གཞན། རྒྱུ་མེད་པར་འབྱུང་བར་སྨྲ་ན་ནི་ཇི་སྐད་བཤད་པའི་ཉེས་པ་ཁོ་ནར་འགྱུར་བ་བདེན་ན་ཡང་། འདིར་ནི་དེ་ལྟར་འབྱུང་བ་མ་ཡིན་ཏེ་མ་རིག་པ་ནི་ཐོག་མ་མེད་པ་ནས་རྒྱུད་ཏེ་འོངས་པའི་མ་རིག་པའི་བག་ཆགས་ཀྱི་དབང་གིས་འབྱུང་བས་འདི་རྒྱུ་མེད་པར་བྱུང་བ་ཡང་མ་ཡིན་ལ་དེ་ལས་གཞན་པའི་རྒྱུ་ལས་བྱུང་བ་ཡང་མ་ཡིན་ནོ། །དེ་ལྟ་ན་འདུ་བྱེད་ལ་སོགས་པ་རྣམས་ཀྱང་རང་རང་གི་ས་བོན་གྱི་རྒྱུ་ལས་འབྱུང་བའི་ཕྱིར། མ་རིག་པ་ལ་སོགས་པའི་རྐྱེན་གཞན་རྟོག་པ་དོན་མེད་དོ་ཞེ་ན། མ་ཡིན་ཏེ་འདི་ལྟར་ཡན་ལག་བཅུ་གཉིས་པོ་འདི་ནི་སྐྱེད་པར་བྱེད་པའི་རྒྱུ་ཙམ་དཔྱོད་པར་བྱེད་པ་མ་ཡིན་གྱི་འོ་ན་ཅི་ཞེ་ན། ཀུན་ནས་ཉོན་མོངས་པར་བྱེད་པའི་རྒྱུ་སྤྱོད་པར་བྱེད་པའི་སྐབས་ཡིན་པའི་ཕྱིར། གཞན་དུ་ན་བཅོམ་ལྡན་འདས་ཀྱིས་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཅེས་མ་རིག་པ་ཁོ་ན་དེའི་རྐྱེན་གྱིས་གསུངས་པ་ཅི་ལྟར་རིག་པར་འགྱུར་ཏེ། དབང་པོ་དང་ཡུལ་དང་ཡིད་ལ་བྱེད་པ་ལ་སོགས་པ་རྐྱེན་གཞན་ཡང་ཡོད་པའི་ཕྱིར་རོ། །

དེ་བས་ན་བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་ཀུན་ནས་ཉོན་མོངས་པར་བྱེད་པའི་རྐྱེན་ནི་མ་རིག་པ་ལས་གཞན་མེད་དེ། དེའི་ཕྱིར་མ་རིག་པ་འདུ་བྱེད་ཀྱི་རྐྱེན་དུ་གཞན་ལ་མ་རིག་པ་ནི་རང་གི་བག་ཆགས་ལས་གཞན་པའི་ཀུན་ནས་ཉོན་མོངས་པའི་ངོ་བོར་སྐྱེད་བྱེད་གཞན་ཅུང་ཟད་ཀྱང་མེད་ཀྱི་འོན་ཀྱང་རང་གི་བག་ཆགས་ཁོ་ན་ལས་ཀུན་ནས་ཉོན་མོངས་པའི་ངོ་བོར་སྐྱེས་པ་ཡིན་ནོ། །ཅི་སྟེ་འདི་ཀུན་ནས་ཉོན་མོངས་པར་བྱེད་པའི་རྐྱེན་གཞན་ཞིག་ཡོད་ན་དེའི་ཚེ། འདི་ནི་བློ་བུར་གྱི་རྐྱེན་གྱིས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་ཤིང་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པའི་ངོ་བོར་མ་སྐྱེས་པའི་ཕྱིར། ཉོན་མོངས་པ་མ་ཡིན་པར་འགྱུར་རོ། །ཅི་སྟེ་རྟག་བདེ་ལ་སོགས་པ་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་མ་རིག་པའི་རྐྱེན་དུ་མདོ་ལས་གསུངས་པ་མ་ཡིན་ནམ་ཞེ་ན། དེ་དག་ནི་མ་རིག་པ་འཕེལ་བའི་རྐྱེན་ཙམ་ཡིན་མོད་ཀྱི་ཀུན་ནས་ཉོན་མོངས་པར་བྱེད་པའི་རྐྱེན་ནི་མ་ཡིན་ནོ། །དེ་དག་ཀྱང་མ་རིག་པས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱས་པ་ཡིན་གྱི་རང་བཞིན་གྱིས་ཀུན་ནས་ཉོན་མོངས་པ་མ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་མ་རིག་པ་ནི་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་པོ་ཀུན་ནས་ཉོན་མོང་པ་ཅན་དུ་སྐྱེད་པར་བྱེད་པའི་ཐོག་མའི་རྒྱུ་ཡིན་པའི་ཕྱིར་ཡན་ལག་དང་པོར་བསྟན་པ་ཡིན་ནོ། །

ཅིའི་ཕྱིར་རྒ་ཤི་ཡན་ལག་ཕྱི་མར་བསྟན་ཞེ་ན། ཉོན་མོངས་པ་དང་ལས་ཀྱི་ཀུན་ནས་ཉོན་མོངས་པ་གཉིས་ཀྱི་འབྲས་བུ་ནི་དེ་ཙམ་དུ་མཐར་ཐུག་པའི་ཕྱིར་ཏེ། དཔེར་ན་ཕྱིའི་ས་བོན་དག་གི་ནུས་པ་ཇི་སྲིད་མ་ཟད་པ་དེ་སྲིད་དུ་མྱུ་གུ་ལས་སྡོང་བུ་དེ་ལས་མེ་ཏོག་དང་འབྲས་བུ་ལ་སོགས་པ་གོང་ནས་གོང་དུ་འཕེལ་ཏེ་མཐར་འབྲས་བུ་ཡོངས་སུ་སྨིན་པའི་མཐར་ཐུག་པར་འགྱུར་ལ་གང་གི་ཚེ་འབྲས་བུ་སྨིན་པ་མཐར་ཐུག་པ་དེའི་ཚེ་ནི་ས་བོན་གྱི་ནུས་པ་ཡོངས་སུ་གཏུགས་པའི་ཕྱིར་འབྲས་བུའི་གནས་སྐབས་གཞན་སྐྱེ་བར་མི་འགྱུར་བ་ལྟར་ཇི་སྲིད་སྔོན་གྱི་ལས་ཀྱི་བག་ཆགས་ཀྱི་ནུས་པ་མ་ཟད་པ་དེ་སྲིད་དུ་རྒ་ཤིའི་ཡན་ལག་ལ་མཐར་ཐུག་པར་མི་འགྱུར་ཞིང་། གང་གི་ཚེ་རྒ་ཤི་ལ་མཐར་ཐུག་པ་དེའི་ཚེ་རྣམ་པར་སྨིན་པ་དེ་འཕེན་པར་བྱེད་པའི་ལས་ཀྱི་ནུས་པ་ཡོངས་སུ་གཏུགས་པའི་ཕྱིར་འབྲས་བུ་གཞན་སྐྱེད་པའི་ནུས་མཐུ་མེད་དོ་དེའི་ཕྱིར་རྒ་ཤི་ཡན་ལག་ཕྱི་མར་བཞག་པ་ཡིན་ནོ། །དེ་ལྟ་ན་ཡང་ལམ་མ་སྒོམས་པར་འབད་མེད་དུ་གྲོལ་བར་ཐལ་བའི་ཉེས་པ་ཡོད་པ་མ་ཡིན་ཏེ། ལས་ཀྱི་བག་ཆགས་གཞན་དང་གཞན་སྲེད་པའི་རྐྱེན་གྱིས་གསོས་ཏེ། རྣམ་པར་སྨིན་པ་གཞན་དང་གཞན་འཚམས་སྦྱོར་བའི་ཕྱིར་རོ། །

ཡན་ལག་བཅུ་གཉིས་པོ་འདི་དག་དུས་ཇི་སྲིད་གཅིག་ལ་རྫོགས་པར་འགྱུར་ཞེ་ན། ཚེ་གསུམ་ལ་རྫོགས་པར་འགྱུར་གྱི་མང་བའམ་ཉུང་བར་མ་ཡིན་ཏེ། འདི་ལྟར་མ་རིག་པ་དང་འདུ་བྱེད་དང་རྣམ་པར་ཤེས་པ་རྣམས་ནི་སྔོན་གྱི་སྐྱེ་བ་ལ་ཡོངས་སུ་རྫོགས་སྟེ། དེ་དག་ནི་སྐྱེ་བ་འཕེན་བྱེད་ཡིན་པའི་ཕྱིར་དང་ལས་བསགས་མ་ཐག་དེའི་སྐྱེ་བ་འགྲུབ་པ་མི་སྲིད་པའི་ཕྱིར་རོ། །མིང་གཟུགས་ནས་ཚོར་བའི་བར་ནི་ཚེ་བར་པ་ལ་རྫོགས་ཏེ། དེ་དག་ནི་རྣམ་པར་སྨིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །སྲེད་པ་དང་ལེན་པ་དང་སྲིད་པ་གསུམ་ཡང་ཚེ་དེ་ལ་རྫོགས་སྟེ། རྣམ་པར་སྨིན་པའི་རྐྱེན་ཅན་ཡིན་པའི་ཕྱིར་རོ། །སྐྱེ་བ་དང་རྒ་ཤི་ནི་ཚེ་ཕྱི་མ་ལ་རྫོགས་ཏེ་ཚེ་འདིའི་ཐ་མ་སྲིད་པ་ཡིན་ལ་དེའི་རྐྱེན་ལས་སྐྱེ་བ་འགྲུབ་པའི་ཕྱིར་དང་སྐྱེ་བའི་རྐྱེན་ལས་ཀྱང་རྒ་ཤི་འབྱུང་བའི་ཕྱིར་རོ། །དེ་ལ་སྐྱེ་བ་དང་པོ་གཉིས་ནི་བར་མ་ཆད་དུ་འབྱུང་བའི་ངེས་པ་མེད་སྟེ། ད་ལྟར་གྱི་མིང་གཟུགས་འདི་དག་སྐལ་པ་བརྒྱའི་སྔོན་རོལ་གྱི་མ་རིག་པ་དང་འདུ་བྱེད་ཀྱིས་འཕངས་པ་སྲིད་པའི་ཕྱིར་རོ། །ཅི་སྟེ་སྐྱེས་ནས་མྱོང་འགྱུར་གྱི་ལས་ཀྱི་རྣམ་སྨིན་ཡིན་ན་དེའི་ཚེ་ཚེ་དང་པོ་གཉིས་བར་མ་ཆད་དུ་འབྱུང་བ་ཡང་སྲིད་དོ། །ཚེ་ཐ་མ་གཉིས་ནི་བར་མ་ཆད་ཁོ་ནར་འབྱུང་བ་ཡིན་ཏེ། དེ་ཡང་ཚེ་ཕྱི་མའི་སྐྱེ་བ་དང་རྒ་ཤི་གང་ཡིན་པ་དེ་དག་ཚེ་འདིའི་སྲིད་པའི་རྐྱེན་ལས་བྱུང་བའི་ཕྱིར་རོ། །དེ་བས་ན་ཚེ་འདིའི་སྐྱེ་བ་དང་རྒ་ཤི་རྣམས་ནི་ཚེ་འདིའི་མིང་གཟུགས་སོགས་དང་རྟེན་འབྲེལ་ཚར་གཅིག་པ་མ་ཡིན་ཏེ། འདིའི་སྲེད་ལེན་སྲིད་པ་རྣམས་ཀྱི་རྐྱེན་ལས་བྱུང་བ་མ་ཡིན་པའི་ཕྱིར་རོ། །འོ་ན་ཅི་ཞེ་ན་སྐྱེ་བ་སྔ་མའི་མིང་གཟུགས་རྣམས་དང་རྟེན་འབྲེལ་ཚར་གཅིག་པ་ཡིན་ཏེ། དེ་དག་གི་སྲེད་ལེན་སྲིད་པའི་རྐྱེན་ལས། ཚེ་འདིའི་སྐྱེ་བ་དང་རྒ་ཤི་བྱུང་བའི་ཕྱིར་རོ། །

དེ་བས་ན་ཚེ་འདིར་ཡང་བྱིས་པ་རྣམས་ལ་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་བཅུ་གཉིས་ཚང་བར་ཡོད་མོད། དེ་དག་ཐམས་ཅད་ནི་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་གསུམ་ཀའི་རྟེན་འབྲེལ་གྱི་ཡན་ལག་ཚོགས་པ་ཡིན་ཏེ། དེ་ལ་སྐྱེ་བ་དང་རྒ་ཤི་ནི་སྔོན་གྱི་རྟེན་འབྲེལ་ཡིན་ནོ། །འདིར་བསགས་པའི་མ་རིག་པ་དང་འདུ་བྱེད་དང་རྣམ་ཤེས་རྣམས་ནི་ཕྱི་མའི་མཐའི་རྟེན་འབྲེལ་ཡིན་ཏེ་མ་འོངས་པའི་སྐྱེ་བ་འགའ་ཞིག་འཕེན་པར་བྱེད་པའི་ཕྱིར་རོ། །མིང་གཟུགས་ནས་སྲིད་པའི་བར་ནི་ཚེ་འདིའི་རྟེན་འབྲེལ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་ཚེ་འདིར་ཡོད་པའི་ཡན་ལག་བཅུ་གཉིས་པོ་འདི་དག་ནི་སྔོན་དང་ཕྱི་མའི་མཐའ་ལ་རྨོངས་པ་བཟློག་པར་བྱེད་པ་ཡང་ཡིན་ཏེ། འདི་ལྟར། མིང་གཟུགས་ནས་ཚོར་བའི་བར་དང་སྐྱེ་བ་དང་རྒ་ཤི་དག་ནི། གོ་རིམ་བཞིན་དུ་སྔོན་གྱི་མཐའི་འཕངས་པའི་འབྲས་བུ་དང་། མངོན་པར་གྲུབ་པའི་འབྲས་བུ་ཡིན་པའི་ཕྱིར་དེ་དག་ལས་སྔོན་གྱི་མཐའི་སྐྱེ་བ་ཡོད་པར་རྗེས་སུ་དཔོག་ལ། མ་རིག་པ་ལ་སོགས་པ་གསུམ་དང་། སྲེད་པ་ལ་སོགས་པ་གསུམ་ནི་གོ་རིམ་བཞིན་དུ་ཕྱི་མའི་མཐའི་སྐྱེ་བ་འགའ་ཞིག་འཕེན་པར་བྱེད་པ་དང་། མངོན་པར་འགྲུབ་པར་བྱེད་པའི་རྒྱུ་ཡིན་པས་དེ་དག་ལས་ཕྱི་མའི་མཐའི་སྐྱེ་བ་ཡོད་པར་རྗེས་སུ་དཔོག་གོ །

ཇི་ལྟར་ན་ཚེ་འདིར་ཡོད་པའི་ཡན་ལག་བཅུ་གཉིས་པོ་དག་ལ་སྔོན་དང་ཕྱི་མའི་མཐའི་རྒྱུ་དང་འབྲས་བུ་ཇི་ལྟར་རྣམ་པར་བཞག་པ་ལྟར། སྔོན་དང་ཕྱི་མའི་མཐའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་དག་ལ་ཡང་དེ་ཁོ་ན་ལྟར་རྩི་བར་བྱ་སྟེ་དེ་ལྟར་ན་འགལ་མེའི་འཁོར་ལོ་ལྟར་སྲིད་པའི་ཡན་ལག་བཅུ་གཉིས་པོ་ཐོག་མ་དང་ཐ་མ་མེད་པར་འཁོར་བའི་ཚུལ་ལེགས་པར་ཁོང་དུ་ཆུད་པར་འགྱུར་ཏེ། ཇི་སྐད་དུ། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། །གསུམ་པོ་རྣམས་ལས་གཉིས་འབྱུང་སྟེ། །གཉིས་ལས་བདུན་འབྱུང་བདུན་ལས་ཀྱང་། །གསུམ་འབྱུང་སྲིད་པའི་འཁོར་ལོ་དེ། །ཉིད་ནི་ཡང་དང་ཡང་དུ་འཁོར། །ཞེས་གསུངས་པ་ལྟར་རོ། །

ཡང་ཡན་ལག་བཅུ་གཉིས་པོ་འདི་དག་ཁམས་དང་མཚུངས་པ་ཡིན་ནམ་ཞེ་ན། ཐམས་ཅད་ས་མཚུངས་པ་ཡང་ཡོད་དེ། གང་གི་ཚེ་འདོད་པ་ནས་ཤི་འཕོས་ནས་འདོད་པར་སྐྱེ་བ་དེའི་ཚེའོ། །མི་མཚུངས་པ་ཡང་ཡོད་དེ། ཁམས་དང་ས་གཞན་ནས་ཤི་འཕོས་ནས་གཞན་དུ་སྐྱེ་བ་དེའི་ཚེ་ནའོ་དེ་ལ་འདུ་བྱེད་དང་མིང་གཟུགས་དང་སྐྱེ་མཆེད་དྲུག་ནས་སྲེད་པའི་བར་གང་ཡིན་པ་དེ་དག་ནི་སྐྱེ་བའི་ས་པ་ཁོ་ནར་རྟོགས་པའི་ཕྱིར་ས་མཚུངས་པ་ཡིན་ཏེ། ས་གཞན་གྱི་འདུ་བྱེད་ཀྱིས་ས་གཞན་གྱི་རྣམ་སྨིན་མི་འགྲུབ་པའི་ཕྱིར་རོ། །ས་གཞན་གྱི་ཚོར་བ་ལ་ས་གཞན་གྱི་སྲེད་པ་མི་འཕེལ་བའི་ཕྱིར་རོ། །མ་རིག་པ་དང་རྣམ་པར་ཤེས་པ་གང་ཡིན་པ་དེ་ནི་གང་དུ་ལས་དེ་སོགས་པར་བྱེད་པའི་ས་དེ་ཁོ་ནར་གཏོགས་ཏེ། རྣམ་པར་ཤེས་པ་ནི་གང་དུ་ལས་སོགས་པའི་རྟེན་དེའི་རྣམ་པར་སྨིན་པ་ཀུན་གཞིའི་རྣམ་ཤེས་ཡིན་པའི་ཕྱིར་དང་། མ་རིག་པ་ཡང་ཉོན་མོངས་པ་ཅན་གྱི་ཡིད་དང་མཚུངས་པར་ལྡན་པ་ཡིན་ལ། དེ་ཡང་གང་དུ་སྐྱེས་པ་དེའི་ས་པ་ཡིན་པའི་ཕྱིར་རོ། །ལེན་པ་དང་སྲིད་པའི་སྐྱེ་བ་དང་རྒ་ཤི་གར་གཏོགས་པ་དེའི་ས་པར་གཏོགས་ཏེ་དེ་དག་མངོན་པར་འགྲུབ་པར་བྱེད་པའི་ཉེ་བའི་རྒྱུ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་གང་གི་ཚེ་འདོད་པར་མི་གཡོ་བའི་ལས་བསགས་ཏེ་དེ་ནས་ཤི་འཕོས་ནས་བསམ་གཏན་དང་པོར་སྐྱེ་ལ་དེ་ནས་ཤི་འཕོས་ནས་བསམ་གཏན་གཉིས་པར་སྐྱེ་བར་འགྱུར་བ་དེའི་ཚེ་མ་རིག་པ་དང་རྣམ་པར་ཤེས་པ་ནི་འདོད་པའི་ས་པ་ཡིན་ནོ། །འདུ་བྱེད་དང་མིང་གཟུགས་ནས་སྲེད་པའི་བར་ནི། བསམ་གཏན་དང་པོའི་ས་པ་ཡིན་ནོ། །ལྷག་མ་རྣམས་ནི་བསམ་གཏན་གཉིས་པའི་ས་པ་ཡིན་ནོ། །

ཅིའི་ཕྱིར་སྲེད་པ་བསམ་གཏན་དང་པོའི་ས་པ་ཡིན་ཞེ་ན། བསམ་གཏན་དང་པོའི་ཚོར་བ་ལ་རྗེས་སུ་ཆགས་པའི་འདོད་ཆགས་ཡིན་པའི་ཕྱིར་དང་ས་གཞན་གྱི་ཚོར་བ་ལས་ས་གཞན་གྱི་སྲེད་པ་འཕེལ་བ་མི་རིགས་པའི་ཕྱིར་རོ། །ཅིའི་ཕྱིར་ལེན་པ་དང་སྲིད་པ་བསམ་གཏན་གཉིས་པའི་ས་པ་ཡིན་ཞེ་ན། སྲིད་པ་ནི་བསམ་གཏན་གཉིས་པའི་མི་གཡོ་བའི་ལས་ནུས་པ་མཐུ་ཅན་དུ་གྱུར་པའི་ངོ་བོ་ཡིན་པའི་ཕྱིར་དང་། ལེན་པ་ནི་བསམ་གཉིས་པའི་ཕུང་པོ་ཐོབ་པར། འདོད་པའི་སྲེད་པ་ཡིན་པའི་ཕྱིར་རོ། །དེ་ལྟ་ན་བསམ་གཏན་དང་པོའི་སྲེད་པ་བསམ་གཏན་གཉིས་པའི་ལེན་པའི་རྐྱེན་དུ་ཅི་ལྟར་འགྱུར་ཅེ་ན། གང་གི་ཚེ་བསམ་གཏན་དང་པོ་ནས་འཆི་འཕོ་བ་དེའི་ཚེ་བསམ་གཏན་དང་པོའི་ས་པའི་ཉོན་མོངས་པ་ཅན་གྱི་ཡིད་ཡོད་ལ་དེའི་འཁོར་གྱིས་བདག་ལ་ཆགས་པའི་དབང་གིས་གཉིས་པའི་ཕུང་པོ་ལ་སྲེད་པའི་ལེན་པ་སྐྱེ་བའི་ཕྱིར་ཉེས་པ་མེད་དོ། །དེ་བས་ན་ལེན་པའི་རྐྱེན་དུ་གྱུར་པའི་སྲེད་པ་གང་ཡིན་པ་ནི། འཆི་བའི་ས་པར་གཏོགས་པ་ཡིན་པས་དོན་བསང་རྣམ་པར་བཤད་པ་ལས་སྐྱེ་བའི་ས་པ་གང་ཡིན་པ་མངོན་པར་འགྲུབ་པར་བྱེད་པའི་ཉོན་མོངས་པ་ཡང་ངེས་པར་དེའི་ས་པའོ་ཞེས་བཤད་པ་གང་ཡིན་པ་དེ་མི་འཐད་པ་མིན་ནོ། །ཚུལ་འདིས་གོང་མ་ནས་འོག་མར་སྐྱེ་བ་དང་། འོག་མ་ནས་གོང་མར་སྐྱེ་བ་དང་། རང་ས་ནས་རང་སར་སྐྱེ་བ་རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །དེ་ལ་ངེས་པ་ནི་འདི་ཡིན་ཏེ་འདོད་པར་སྐྱེ་བའི་ལས་ནི་འདོད་པ་ཁོ་ནར་སོགས་པར་བྱེད་དོ། །ཁམས་གོང་མར་གཉིས་སུ་སྐྱེ་བའི་ལས་ནི་རང་གི་འོག་ས་གང་ཡང་རུང་བ་དག་ཏུ་སོགས་པར་བྱེད་ཀྱི་གོང་མ་འམ་རང་སར་མ་ཡིན་ཏེ། གོང་མ་རྣམས་ནི་འོག་མར་འདོད་ཆགས་དང་བྲལ་བའི་ཕྱིར་དང་རང་ས་ལ་ཡང་ཞི་རགས་ཀྱི་རྣམ་པར་བསྒོམ་པ་མེད་པའི་ཕྱིར་རོ། །རང་ས་ནས་ཤི་འཕོས་ནས་རང་སར་སྐྱེ་བ་གང་ཡིན་པ་དེ་ཡང་སྔོན་འོག་མར་བསགས་པའི་ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡོད་པའི་རྒྱུ་མཚན་ལས་ཡིན་གྱི་ས་དེར་གསར་དུ་བསྒྲུབས་པ་ནི་མ་ཡིན་ནོ། །ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་བྱ་ཞེ་ན། མྱུར་དུ་འཇིག་པ་དང་ལྡན་པར་སྐྱེ་བའི་ཕྱིར་རམ། རྒྱུ་དང་རྐྱེན་ཕན་ཚུན་ཕྲད་པ་ལ་ལྟོས་ནས་འབྱུང་བས་དེའི་ཕྱིར། རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་བྱའོ། །

གསུམ་པ་ཡན་ལག་མདོར་བསྡུ་བ་ནི། ཇི་སྐད་བཤད་པའི་ཡན་ལག་བཅུ་གཉིས་པོ་འདི་རྣམས་མདོར་བསྡུ་ན་ཡན་ལག་བཞིར་འགྱུར་ཏེ་འདི་ལྟར། རྒྱུའི་དུས་ན་གང་གིས་འཕེན་པའི་ཡན་ལག་དང་། གང་འཕངས་པའི་ཡན་ལག་གཉིས་དང་། འབྲས་བུའི་དུས་ན་གང་གིས་མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་དང་། གང་མངོན་པར་གྲུབ་པའི་ཡན་ལག་གོ །དེ་ལ་འཕེན་པར་བྱེད་པའི་ཡན་ལག་ནི་མ་རིག་པ་ལ་སོགས་པ་གསུམ་སྟེ། མ་རིག་པ་ལ་བརྟེན་ནས་འདུ་བྱེད་ཀྱིས་རྣམ་པར་ཤེས་པ་ལ་མིང་གཟུགས་སྐྱེ་ངེས་ཀྱི་བག་ཆགས་སྒོས་པའི་ཚུལ་གྱིས་འཕེན་པར་བྱེད་དོ། །འཕངས་པའི་ཡན་ལག་ནི། མིང་གཟུགས་ནས་ཚོར་བའི་བར་ཏེ། འདི་རྣམས་ནི་འཕེན་བྱེད་འདུ་བྱེད་ཀྱི་ལས་དེའི་རྣམ་པར་སྨིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །འདི་རྣམས་འགྲུབ་འགྱུར་གྱི་ས་བོན་ཀུན་གཞི་ལ་གང་གིས་བཏབ་པ་ནི་འཕངས་པའི་དོན་ཡིན་ནོ། །

མངོན་པར་འགྲུབ་པར་བྱེད་པའི་ཡན་ལག་ནི་སྲེད་པ་ལ་སོགས་པ་གསུམ་སྟེ། སྲེད་པ་ལ་བརྟེན་ནས། ཉེ་བར་ལེན་པས་ལས་ཀྱི་བག་ཆགས་ཡང་སྲིད་སྐྱེད་པ་ལ་མངོན་པར་ཕྱོགས་པས་སྲིད་པར་བྱས་པའི་ཚུལ་གྱིས་མངོན་པར་འགྲུབ་པར་བྱེད་དོ། །མངོན་པར་གྲུབ་པའི་ཡན་ལག་ནི། སྐྱེ་བ་དང་རྒ་ཤི་སྟེ། ཇི་ལྟར་འཕངས་པའི་མིང་གཟུགས་མངོན་པར་གྲུབ་པའི་གནས་སྐབས་ནི་འདི་ཙམ་དུ་ཟད་པའི་ཕྱིར་ཏེ། འདི་ལྟར་ཐོག་མར་མིང་དང་གཟུགས་སོགས་ཀྱི་རང་གི་ངོ་བོ་འགྲུབ་པ་ནི་སྐྱེ་བ་ཡིན་ལ། གྲུབ་ནས་གནས་སྐབས་མི་འདྲ་བར་གྱུར་པ་ནི་རྒ་བ་དང་། མཐར་རྒྱུན་ཆད་པ་ནི་འཆི་བ་ཡིན་པའི་ཕྱིར་རོ། །དེ་ལ་འཕེན་བྱེད་ཀྱི་ཡན་ལག་དང་། འཕངས་པའི་ཡན་ལག་དག་ནི། རྒྱུ་ལ་སོགས་པའི་གནས་སྐབས་ཀྱི་རྒྱུ་འབྲས་ཡིན་ནོ། །མངོན་པར་འགྲུབ་བྱེད་དང་། མངོན་པར་གྲུབ་པའི་ཡན་ལག་རྣམས་ནི་འབྲས་བུ་ཡོངས་སུ་སྨིན་པའི་གནས་སྐབས་ཀྱི་རྒྱུ་འབྲས་ཡིན་ནོ། །

དེ་ལྟར་ན་རྒྱུ་འབྲས་ཚར་གཉིས་སུ་ངེས་པ་ཡིན་ནོ། །ཅིའི་ཕྱིར་སྲེད་ལེན་སོགས་འཕེན་བྱེད་ཀྱི་ཡན་ལག་མ་ཡིན་ཞེ་ན། ལས་སོགས་པའི་དུས་ན་མ་སྐྱེས་པའི་ཕྱིར་རོ། །ཅིའི་ཕྱིར་སྐྱེ་བ་དང་རྒ་ཤི་འཕངས་པའི་ཡན་ལག་མ་ཡིན་ཞེ་ན་དེ་དག་ནི་མིང་གཟུགས་སོགས་ཀྱི་གནས་སྐབས་ཙམ་ཡིན་པས་དེ་དག་ལ་སོགས་སུ་སྐྱེ་བ་དང་རྒ་ཤིའི་ས་བོན་མེད་པའི་ཕྱིར་རོ། །ཅིའི་ཕྱིར་མ་རིག་པ་སོགས་མངོན་པར་འགྲུབ་བྱེད་ཀྱི་ཡན་ལག་མ་ཡིན་ཞེ་ན། འབྲས་བུ་མངོན་པར་འགྲུབ་པའི་དུས་ན་དེ་དག་འགགས་ནས་ཉེ་བར་མི་གནས་པའི་ཕྱིར་རོ། །ཅིའི་ཕྱིར་མིང་གཟུགས་སོགས་མངོན་པར་འགྲུབ་པའི་འབྲས་བུ་མ་ཡིན་ཞེ་ན། མིང་གཟུགས་སོགས་མངོན་པར་གསལ་བའི་གནས་སྐབས་ཀྱི་ཉེས་དམིགས་གང་ཡིན་པ་དེ་ཉིད་ལ་མངོན་པར་གྲུབ་པའི་འབྲས་བུ་ཞེས་འདོགས་པ་ཡིན་ལ། མིང་གཟུགས་སོགས་ནི་གང་ལ་ཉེས་དམིགས་དེ་དང་ལྡན་པའི་གཞི་ཡིན་པའི་ཕྱིར་རོ། །དེ་དག་ཀྱང་རྟེན་འབྲེལ་གྱི་མདོ་འབྲེལ་ལས། གང་གིས་འཕེན་དང་ཇི་ལྟར་གང་། །དེ་གྲུབ་བྱེད་པ་དེ་ལ་ཡང་། །ཉེས་དམིགས་གང་ཡིན་དེ་དག་རྣམས། །ཡན་ལག་བཅུ་གཉིས་རྣམས་ཀྱིས་བསྟན། །ཞེས་གསུངས་པ་ལྟར་རོ། །

བཞི་པ་ཡན་ལག་རྐྱེན་དུ་རྣམ་པར་བཞག་པ་ནི། རྣལ་འབྱོར་སྤྱོད་པའི་སར། རྐྱེན་དུ་ཞིག་གིས་མ་རིག་པ་འདུ་བྱེད་རྣམས་ཀྱི་རྐྱེན་དུ་འགྱུར་ཞེ་ན། གཟུགས་ཅན་རྣམས་ལ་ནི་བདག་པོའི་རྐྱེན་གྱིས་རྐྱེན་དུ་འགྱུར་རོ། །གཟུགས་ཅན་མ་ཡིན་པ་རྣམས་ལ་ནི། དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་གསུམ་པོ་ཁོ་ནས་རྐྱེན་དུ་འགྱུར་རོ། །ཡན་ལག་ལྷག་མ་རྣམས་ལ་ནི་ཅི་རིགས་པར་རྐྱེན་དུ་འགྱུར་བར་ལྟ་བར་བྱ་སྟེ། གཟུགས་ཅན་རྣམས་ནི། གཟུགས་ཅན་རྣམས་ལ་བདག་པོའི་རྐྱེན་གཅིག་གིས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ལ་ནི་དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་དང་གཉིས་ཀྱིས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ནི། གཟུགས་ཅན་རྣམས་ལ་གཅིག་པུ་ཁོ་ནས་སོ། །གཟུགས་ཅན་མ་ཡིན་པ་རྣམས་ནི། གཟུགས་ཅན་མ་ཡིན་པ་རྣམས་ལ་དེ་མ་ཐག་པ་དང་། དམིགས་པ་དང་། བདག་པོའི་རྐྱེན་དང་གསུམ་གྱིས་སོ། །ཅིའི་ཕྱིར་ཡན་ལག་འདི་རྣམས་རྒྱུའི་རྐྱེན་གྱིས་རྐྱེན་དུ་མི་འགྱུར་ཞེ་ན། རྒྱུའི་རྐྱེན་ནི་རང་གི་ས་བོན་གྱིས་ཕྱེ་བའི་ཕྱིར་རོ། །གལ་ཏེ་རྒྱུའི་རྐྱེན་གྱིས་རྐྱེན་དུ་མི་འགྱུར་ན། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྒྱུ་དང་འབྲས་བུའི་ཚུལ་དུ་བསྟན་ཞེ་ན། བདག་པོའི་རྐྱེན་གྱིས་བསྡུས་པ་འདྲེན་པའི་རྒྱུ་དང་། འཕེན་པའི་རྒྱུ་དང་། མངོན་པར་འགྲུབ་པའི་རྒྱུའི་དབང་དུ་བྱས་པའི་ཕྱིར་རོ། །

ཞེས་གསུངས་ཤིང་ཐེག་པ་ཆེན་པོ་བསྡུས་པར། རྟེན་ཅིང་འབྲེལ་པར་འབྱུང་བ་གཉིས་པ་ལ་ཅིའི་རྐྱེན་ཞེས་བརྗོད་པར་བྱ་ཞེ་ན། བདག་པོའི་རྐྱེན་ཏེ། ཞེས་གསུངས་ལ། འདིར་ནི། ཡན་ལག་སྔ་མ་རྣམས་ཀྱིས་ཕྱི་མ་ལ་ཅི་རིགས་པར་རྐྱེན་བཞི་བྱེད་པར་གསུངས་ཏེ། འདི་ལྟར། མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ཏེ། མ་རིག་པའི་བག་ཆགས་སྒོས་པའི་སེམས་རྒྱུད་ལས་བྱུང་བའི་འདུ་བྱེད་རྣམས་ཀྱིས་ཡང་སྲིད་པ་མངོན་པར་འདུ་བྱེད་པའི་ཕྱིར་རོ། །དེ་མ་ཐག་པའི་རྐྱེན་བྱེད་དེ། མ་རིག་པའི་ཤུགས་ཀྱི་འདུ་བྱེད་ཕྱི་མ་རྣམས་རྒྱུན་ཆགས་སུ་འབྱུང་བའི་ཕྱིར་རོ། །དམིགས་པའི་རྐྱེན་བྱེད་དེ། རྨོངས་པའི་དུས་སུ་མཆོག་ལ་སོགས་པ་ཚུལ་བཞིན་མ་ཡིན་པར་ཡིད་ལ་བྱེད་པས་དམིགས་པའི་ཕྱིར་རོ། །བདག་པོའི་རྐྱེན་བྱེད་ཏེ། དེའི་དབང་གིས་དེ་དང་ལྷན་ཅིག་འབྱུང་བའི་སེམས་དང་སེམས་ལས་བྱུང་བ་རྣམས་དམིགས་པ་ལ་ཕྱིན་ཅི་ལོག་ཏུ་དམིགས་པའི་ཕྱིར་རོ། །དེ་ཡང་འདུ་བྱེད་གཟུགས་ཅན་མ་ཡིན་པའི་དབང་དུ་བྱས་པ་ཡིན་གྱི་གཟུགས་ཅན་རྣམས་ལ་དམིགས་པ་དང་དེ་མ་ཐག་པའི་རྐྱེན་མ་གཏོགས་པ་ཅི་རིགས་པར་སྦྱར་ཤིང་། ཡན་ལག་ལྷག་མ་རྣམས་ལ་ཡང་ཅི་རིགས་པར་སྦྱར་བར་བྱའོ། །རྣལ་འབྱོར་སྤྱོད་པའི་ས་ལ་སོགས་པ་གཞུང་གསུམ་པོ་འདི་དག་དུ་རྐྱེན་གྱི་རྣམ་པར་བཞག་པའི་ཚུལ་མི་འདྲ་བ་དེ་དག་ཅི་ལྟར་ཡིན་ཞེ་ན། འགལ་བ་མེད་ཏེ། ཡན་ལག་སྔ་མ་རྣམས་ཕྱི་མའི་བདག་པོའི་རྐྱེན་དུ་ངེས་པའི་དབང་དུ་བྱས་ནས་ཐེག་བསྡུས་སུ་བདག་པོའི་རྐྱེན་ཁོ་ནར་བཤད་ལ། རྐྱེན་གཞན་གྱི་བྱ་བ་ཡང་བྱེད་པ་སྲིད་པའི་དབང་དུ་བྱས་ནས་འདི་དང་རྣལ་འབྱོར་སྤྱོད་པའི་སར་རྐྱེན་གསུམ་དང་བཞིར་བཞག་པ་ཡིན་ལ། དེ་ཡང་དོན་དམ་པའི་རྒྱུ་རྐྱེན་ཀུན་གཞིའི་ས་བོན་ཁོ་ན་ཡིན་པས་དེ་ལ་བསམས་ནས་རྣལ་འབྱོར་སྤྱོད་པའི་སར་རྒྱུའི་རྐྱེན་མི་བྱེད་པར་གསུངས་ཤིང་། ཐ་སྙད་པའི་རྒྱུ་རྐྱེན་ནི་བྱེད་རྒྱུ་འགའ་ཞིག་ལ་ཡང་རུང་བས་དེ་ཙམ་ལ་བསམས་ནས་འདིར་རྒྱུའི་རྐྱེན་དུ་རྣམ་པར་བཞག་པ་ཡིན་གྱི་འདིའི་རྒྱུ་རྐྱེན་ནི། ཡང་དག་པའི་རྒྱུའི་རྐྱེན་མ་ཡིན་ནོ། །

ལྔ་པ་ཡན་ལག་རྣམས་ཀྱི་བྱེད་ལས་རྣམ་པར་བཞག་པ་ནི། མ་རིག་པ་ནི་སྲིད་པ་ལ་སེམས་ཅན་རྣམས་རྨོངས་པར་བྱེད་པ་ཡིན་ཏེ། དེས་སྒྲིབས་པ་རྣམས་ཀྱིས་སྔོན་གྱི་མཐའ་དང་ཕྱི་མའི་མཐའ་དང་བར་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་མི་ཤེས་པའི་ཕྱིར་རོ། །དེ་ཡང་འདིར་ལྟར། བདག་འདས་པའི་དུས་ན་བྱུང་བ་ཞིག་གམ་འོན་ཏེ་མ་བྱུང་སྙམ་པ་ལ་སོགས་པར་ཐེ་ཚོམ་དུ་འགྱུར་བའི་ཕྱིར་རོ། །འདུ་བྱེད་རྣམས་ཀུན་ནས་ཉོན་མོངས་པར་བྱེད་པའི་རྐྱེན་ཡང་ཡིན་ཏེ། དེའི་དབང་གིས་ཡང་སྲིད་འགྲུབ་བྱེད་ཀྱི་ལས་སོགས་པར་བྱེད་པའི་ཕྱིར་རོ། །ཅིའི་ཕྱིར་བསོད་ནམས་དང་མི་གཡོ་བའི་ལས་ནི་ཤེས་རབ་ཀྱིས་སོ་སོར་བརྟགས་ཏེ་བསྒྲུབས་པ་མ་ཡིན་ནམ་ཅི་ལྟར་ན་མ་རིག་པ་ལས་བྱུང་ཞེ་ན། དེའི་དུས་ཀྱི་ཀུན་སློང་གཏི་མུག་མེད་པ་ལ་སོགས་པ་དགེ་བའི་རྩ་བ་དང་ལྡན་ཡང་རྒྱུའི་དུས་ཀྱི་ཀུན་སློང་དེ་ཁོ་ནའི་དོན་ལ་རྨོངས་པའི་མ་རིག་པའི་དབང་གིས་ཡང་སྲིད་འབྱིན་པར་བྱེད་པ་ཡིན་པའི་ཕྱིར་རོ། །འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་ཀ་ལས་ཀྱི་གཞི་གསུངས་ན་ཅིའི་ཕྱིར་གཏི་མུག་ཁོ་ན་ལས་ཀྱི་གཞིར་བཞག་ཅེ་ན། འདོད་ཆགས་དང་ཞེ་སྡང་ནི་བསོད་ནམས་མ་ཡིན་པའི་ལས་ཁོ་ནའི་གཞི་ཡིན་ལ། མ་རིག་པ་ནི་ལས་གསུམ་ཀའི་གཞི་ཡིན་པས་དེའི་ཕྱིར་མ་རིག་པ་ཉིད་ལས་ཐམས་ཅད་ཀྱི་གཞི་ཡིན་ནོ། །རྟེན་འབྲེལ་གྱི་མདོ་འགྲེལ་ལས་ཀྱང་། འདུ་བྱེད་རྣམས་ཀྱི་རྐྱེན་ཉིད་དུ། མ་རིག་བསྟན་པ་རྣམ་གཉིས་ཏེ། །ཉོན་མོངས་གཞན་ལྡན་སྤྱིའི་རྐྱེན། །དེ་མེད་པ་ནི་གཙོ་བོའི་རྐྱེན། །ཞེས་གང་གསུངས་པ་ཡིན་ནོ། །འདུ་བྱེད་རྣམས་ནི་འགྲོ་བ་རྣམས་སུ་སེམས་ཅན་དག་རིས་སོ་སོར་རྣམ་པར་འབྱེད་པར་བྱེད་དེ། ལས་སོ་སོའི་དབང་གིས་བདེ་འགྲོ་དང་ངན་འགྲོ་ལ་སོགས་པ་སྣ་ཚོགས་པ་འགྲུབ་པའི་ཕྱིར། རྣམ་པར་ཤེས་པའི་བག་ཆགས་ཀྱི་རྐྱེན་ཡང་ཡིན་ཏེ། མིང་དང་གཟུགས་སོགས་འགྲུབ་འགྱུར་གྱི་ས་བོན་གོས་པར་བྱེད་པའི་ཕྱིར་རོ། །རྣམ་པར་ཤེས་པ་ནི་མིང་གཟུགས་ཀྱི་རྐྱེན་ལས་བྱུང་བ་ཡང་ཡིན་ན་ཅིའི་ཕྱིར་འདུ་བྱེད་ཁོ་ན་དེའི་རྐྱེན་དུ་བརྗོད་ཅེ་ན། བསོད་ནམས་ལ་སོགས་པའི་འདུ་བྱེད་རྣམས་ཀྱིས་རྣམ་པར་ཤེས་པ་ཀུན་ནས་ཉོན་མོངས་པ་ཅན་དུ་བྱེད་པ་དང་། ཡང་སྲིད་པར་འཕེན་པར་བྱེད་པ་དང་། མངོན་པར་འགྲུབ་པར་བྱེད་པ་ཡིན་ལ། མིང་གཟུགས་ནི་རྟེན་པ་དང་། དམིགས་པའི་ཚུལ་གྱིས་བསྐྱེད་པའི་རྐྱེན་ཙམ་དུ་ཟད་པའི་ཕྱིར་དེ་ལྟ་མ་ཡིན་ནོ། །

རྣམ་པར་ཤེས་པ་ནི་སེམས་ཅན་གྱི་ཡང་སྲིད་པ་འགྲུབ་པའི་ལས་ཀྱི་བག་ཆགས་ཀྱི་འཆིང་བ་འཛིན་པར་བྱེད་པ་ཡིན་ཏེ། འདུ་བྱེད་རྣམས་ཀྱིས་སྒོས་པའི་བག་ཆགས་འཛིན་པར་བྱེད་པའི་ཕྱིར་རོ། །མིང་དང་གཟུགས་ཀྱི་རྐྱེན་ཡང་ཡིན་ཏེ། དེ་མའི་མངལ་དུ་ཞུགས་པ་ལས་མིང་གཟུགས་འཕེལ་བར་འགྱུར་བའི་ཕྱིར་རོ། །མིང་དང་གཟུགས་ནི་འབྱུང་བ་ཆེན་པོ་རྣམས་དང་། རེག་པ་རྒྱུར་བྱས་པ་ཡིན་ན་ཅིའི་ཕྱིར་རྣམ་པར་ཤེས་པ་ཁོ་ན་དེའི་རྐྱེན་དུ་བསྟན་ཞེ་ན། རྣམ་པར་ཤེས་པ་ནི་དེ་གསར་དུ་སྐྱེད་པར་བྱེད་པའི་རྒྱུ་ཡིན་ལ། འབྱུང་བ་རྣམས་དང་རེག་པ་ནི་སྐྱེས་ཟིན་དང་། སྐྱེ་བའི་ཚེ་གནས་པའི་རྒྱུ་འབའ་ཞིག་ཡིན་པའི་ཕྱིར་རོ། །ཅིའི་ཕྱིར་རྣམ་པར་ཤེས་པ་མིང་གཟུགས་གསར་དུ་སྐྱེད་བྱེད་ཡིན་ཞེ་ན། བར་སྲིད་ནས་སྐྱེ་བའི་སྲིད་པ་ཉིད་འཚམས་སྦྱོར་བ་འབྲེལ་བར་བྱེད་པ་ནི་ཀུན་གཞིའི་རྣམ་པར་ཤེས་པ་ཡིན་ལ། དེའི་དབང་གིས་མའི་མངལ་དུ་མིང་གཟུགས་སྔར་མེད་གསར་དུ་འགྲུབ་པའི་ཕྱིར་རོ། །ཁམས་དྲུག་ལ་རྟེན་ནས་མའི་མངལ་དུ་འཆགས་པ་ཡིན་ན་ཅིའི་ཕྱིར་རྣམ་པར་ཤེས་པའི་ལས་ཁོ་ན་བརྗོད་ཅེ་ན། རྣམ་པར་ཤེས་པའི་ཁམས་ཡོད་ན་མའི་མངལ་དུ་ཁུ་བ་དང་ཁྲག་གི་འབྱུང་བ་ཆེན་པོ་དང་། མངལ་གྱི་སྦུབས་མ་ཚང་བ་མེད་པས་རྣམ་པར་ཤེས་པའི་ཁམས་གཙོ་བོར་ངེས་པ་དང་། སྐྱེ་གནས་དང་སྲིད་པ་ཐམས་ཅད་དུ་སྐྱེ་བའི་སྐབས་ཡིན་པའི་ཕྱིར་རོ། །

མིང་དང་གཟུགས་ནི། སེམས་ཅན་རྣམས་ལུས་ལེན་དུ་འཇུག་པར་བྱེད་པ་ཡིན་ཏེ། དེ་གྲུབ་ན་སེམས་ཅན་རྣམས་རིས་མཐུན་གཞན་ལ་བརྟེན་པར་འགྱུར་བའི་ཕྱིར་རོ། །སྐྱེ་མཆེད་དྲུག་གི་རྐྱེན་ཡང་ཡིན་ཏེ་དེ་དག་འཕེལ་བ་ལ་བརྟེན་ནས་མིག་ལ་སོགས་པའི་སྐྱེ་མཆེད་རྣམས་འབྱུང་བའི་ཕྱིར་རོ། །སྐྱེ་མཆེད་དྲུག་ནི་ཁ་ཟས་ཀྱི་རྐྱེན་ལས་ཀྱང་བྱུང་བ་ཡིན་ན། ཅིའི་ཕྱིར་མིང་གཟུགས་ཁོ་ན་དེའི་རྐྱེན་དུ་བརྗོད་ཅེ་ན། མིང་གཟུགས་ནི་དེ་སྐྱེད་པའི་རྒྱུ་ཡིན་ལ། ཁ་ཟས་ནི་སྐྱེས་ཟིན་གནས་པ་དང་རྟེན་པའི་རྒྱུ་ཙམ་དུ་ཟད་པའི་ཕྱིར་རོ། །སྐྱེ་མཆེད་དྲུག་ནི་སེམས་ཅན་རྣམས་ལུས་རྫོགས་པར་ལེན་དུ་འཇུག་པར་བྱེད་པ་ཡིན་ཏེ། དེ་དག་གྲུབ་ན་དབང་པོ་གཞན་མ་ཚང་བ་མེད་པའི་ཕྱིར་རོ། །རེག་པའི་རྐྱེན་ཡང་ཡིན་ཏེ། དེ་དག་ཡོད་ན་གདོན་མི་ཟ་བར་རེག་པ་འབྱུང་བའི་ཕྱིར་རོ། །རེག་པ་ནི་གསུམ་འདུས་པའི་རྐྱེན་ལས་བྱུང་བ་ཡིན་ན། ཅིའི་ཕྱིར་སྐྱེ་མཆེད་དྲུག་ཁོ་ན་དེའི་རྐྱེན་དུ་བརྗོད་ཅེ་ན། སྐྱེ་མཆེད་དྲུག་ཡོད་ན་དེ་ལས་གཞན་པ་གཉིས་ཚང་བར་འགྱུར་བས། དེ་གཙོ་བོ་ཡིན་པའི་ཕྱིར་དང་། དེས་གཞན་གཉིས་པོ་བསྡུས་པའི་ཕྱིར་རོ། །རེག་པ་ནི་ཡུལ་གྱི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པར་བྱེད་པ་ཡིན་ཏེ། དེའི་སྒོ་ནས་བདེ་བ་མྱོང་བར་འགྱུར་བ་སོགས་ཡུལ་རྣམས་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་རོ། །ཚོར་བའི་རྐྱེན་ཡང་ཡིན་ཏེ། རེག་པས་བདེ་སོགས་མྱོང་བར་འགྱུར་བའི་ཡུལ་ཡོངས་སུ་བཅད་པ་ན་བདེ་སོགས་མྱོང་བའི་ཚོར་བ་གདོན་མི་ཟ་བར་སྐྱེ་བའི་ཕྱིར་རོ། །ཚོར་བ་ནི་རང་དང་གཞན་གྱི་རྩལ་བ་དང་དུས་ཚིགས་འགྱུར་བ་དང་སྔོན་གྱི་ལས་ཀྱིས་དྲངས་པ་སོགས་ལས་ཀྱང་འབྱུང་བར་དམིགས་ན། ཅིའི་ཕྱིར་རེག་པའི་རྐྱེན་ཅན་དུ་བརྗོད་ཅེ་ན། རེག་པ་ནི་ཀུན་ནས་ཉེ་བའི་རྒྱུ་ཡིན་པ་དང་། རྐྱེན་གཞན་རྣམས་འདྲེན་པ་ཡང་རེག་པ་ཡིན་པ་དང་། རེག་པ་ཡོད་ན་ཚོར་བ་འབྱུང་ལ་རེག་པ་མེད་ན་མི་འབྱུང་བའི་ཕྱིར་རོ། །ཚོར་བ་ནི་སྐྱེ་བའི་ལོངས་སྤྱོད་ལ་སེམས་ཅན་རྣམས་འཛུད་པར་བྱེད་པ་ཡིན་ཏེ། དེ་ལ་རྟེན་ནས་བསོད་ནམས་ལ་སོགས་པའི་ལས་ཀྱི་རྣམ་པར་སྨིན་པ་ལ་ལོངས་སྤྱོད་པར་བྱེད་པའི་ཕྱིར་རོ། །སྲེག་པའི་རྐྱེན་ཡང་ཡིན་ཏེ། དེ་དང་ཕྲད་པར་འདོད་པ་དང་འབྲལ་བར་འདོད་པ་ལ་སོགས་པའི་སྒོ་ནས་སྲེད་པ་འབྱུང་བའི་ཕྱིར་རོ། །

སྲེད་པ་ནི་མ་རིག་པ་དང་། དེ་དང་མཐུན་པའི་ཡུལ་གྱི་རྐྱེན་ལས་ཀྱང་འབྱུང་བར་གསུངས་ན་ཅིའི་ཕྱིར་ཚོར་བ་རྐྱེན་ཁོ་ནར་བརྗོད་ཅེ་ན། ཚོར་བའི་དབང་གིས་ཡུལ་དང་ཕྲད་ཅིང་མི་འབྲལ་བར་འདོད་པ་འབྱུང་བ་དང་། དེ་དང་འཐུན་པའི་ཡུལ་ལ་ཡང་གཏི་མུག་འབའ་ཞིག་གི་དབང་གིས། ཚོར་བ་དེ་དག་འབྱུང་བ་དང་། ནུབ་པར་འགྱུར་བ་དང་སྡུག་བསྔལ་གྱི་རང་བཞིན་ལ་སོགས་པར་ཡང་དག་པ་ཇི་ལྟ་བ་བཞིན་དུ་མ་ཤེས་པས་དེ་ལས་སེམས་བཟློག་པར་མི་བྱེད་པའི་ཕྱིར་རོ། །སྲེད་པ་ནི་སེམས་ཅན་རྣམས་ཀྱི་མ་འོངས་པའི་སྐྱེ་བ་འདྲེན་པར་བྱེད་པ་ཡིན་ཏེ། དེས་ཚེ་གཞན་གྱི་སྐྱེ་བ་རྒྱུན་མི་འཆད་པའི་ཕྱིར་རོ། །ལེན་པའི་རྐྱེན་ཡང་ཡིན་ཏེ། རོ་མྱང་བར་འདོད་པའི་སྒོ་ནས་འདོད་པ་ལ་སོགས་པའི་ཡུལ་རྣམས་ལ་འདུན་ཅིང་ཆགས་པ་སྐྱེ་བའི་ཕྱིར་རོ། །ལེན་པའི་བག་ལ་ཉལ་མ་སྤངས་པ་དང་། དེ་དང་མཐུན་པའི་ཆོས་རྣམས་ལས་ཀྱང་ལེན་པ་འབྱུང་བ་ཡིན་ན་ཅིའི་ཕྱིར། སྲེད་པ་ཁོ་ན་རྐྱེན་ཡིན་ཞེ་ན། འདོད་པར་སྐྱེ་གནས་ཚོལ་བར་བྱེད་པ་ན་བག་ལ་ཉལ་ཡང་སད་པར་བྱེད་ལ། དེ་དང་མཐུན་པའི་ཆོས་རྣམས་ཀྱང་འདྲེན་པར་བྱེད་པའི་ཕྱིར་རོ། །ལེན་པ་ནི་ཡང་སྲིད་པ་ལེན་པའི་ཕྱིར་སེམས་ཅན་རྣམས་ཀྱི་རྣམ་པར་ཤེས་པ་ཡང་སྲིད་ཉེ་བར་ལེན་པའི་ནུས་པ་དང་བཅས་པར་བྱེད་པ་ཡིན་ཏེ། ལས་ཀྱི་བག་ཆགས་ཅན་གྱི་རྣམ་པར་ཤེས་པ་དེ་ཉིད་དམྱལ་བ་ལ་སོགས་པའི་འགྲོ་བ་བྱེ་བྲག་ཅན་དུ་ཉིང་འཚམས་སྦྱོར་བར་བྱེད་པའི་བག་ཆགས་ངེས་པར་བྱེད་པའི་ཕྱིར་རོ། །སྲིད་པའི་རྐྱེན་ཡང་ཡིན་ཏེ། དེས་གསོས་བཏབ་པའི་ལས་ཀྱི་བག་ཆགས་དེ་ཉིད་སྐྱེ་བ་སྐྱེད་པ་ལ་མངོན་དུ་ཕྱོགས་པའི་སྲིད་པ་ཡིན་པའི་ཕྱིར་རོ། །སྲིད་པ་ནི་མ་རིག་པའི་རྐྱེན་ལས་ཀྱང་འབྱུང་ན་ཅིའི་ཕྱིར་ལེན་པ་ཁོ་ན་རྐྱེན་ཡིན་ཞེ་ན། ལེན་པའི་སྟོབས་ཀྱིས་ལས་ཀྱི་བག་ཆགས་དེ་ཉིད་ལ་སྐྱེ་བའི་གནས་དེ་དང་དེར་རྣམ་པར་ཤེས་པ་དང་མིང་གཟུགས་རྣམས་འདྲེན་པའི་མཐུ་ཡོད་པའི་ཕྱིར་རོ། །སྲིད་པ་ནི་ཡང་སྲིད་པར་སེམས་ཅན་རྣམས་སྐྱེ་བ་ལ་མངོན་པར་ཕྱོགས་པར་བྱེད་དོ། །དེ་མ་ཐག་ཏུ་འགྲོ་བ་གཞན་འདྲེན་པའི་ཕྱིར་རོ། །སྐྱེ་བའི་རྐྱེན་ཡང་ཡིན་ཏེ། དེ་ལས་རིས་མཐུན་གཞན་འབྱུང་བའི་ཕྱིར་རོ། །སྐྱེ་བ་ནི་ཁུ་ཆུ་དང་ཁྲག་ལ་སོགས་པའི་རྐྱེན་གྱིས་ཀྱང་འབྱུང་ན། ཅིའི་ཕྱིར་སྲིད་པ་རྐྱེན་ཁོ་ནར་བསྟན་ཅེ་ན། སྲིད་པ་ཡོད་ན་དེ་ལས་གཞན་པའི་སྐྱེ་བའི་རྐྱེན་རྣམས་ཚང་བར་ཡོད་པར་འགྱུར་བས་དེ་ཉིད་རྐྱེན་གྱི་གཙོ་བོ་ཡིན་པའི་ཕྱིར་རོ། །སྐྱེ་བ་ནི་མིང་གཟུགས་ནས་ཚོར་བའི་བར་རྣམས་རིམ་གྱིས་སེམས་ཅན་རྣམས་ཀྱི་རྒྱུད་ལ་མངོན་པར་འགྲུབ་པར་བྱེད་པ་ཡིན་ཏེ། དེ་རྣམས་རིམ་གྱིས་འགྲུབ་པའི་གནས་སྐབས་དེ་ཉིད་ལ་སྐྱེ་བ་ཞེས་ཐ་སྙད་དུ་བྱེད་པ་ཡིན་པའི་ཕྱིར་རོ། །རྒ་ཤིའི་རྐྱེན་ཡང་ཡིན་ཏེ། དེ་ཉིད་གནས་སྐབས་གཞན་དུ་འགྱུར་བ་དང་འཇིག་པའི་ཕྱིར་རོ། །རྒ་ཤི་ནི་དུས་དང་ཡ་ང་བ་མ་སྤངས་པ་དང་། ཕ་རོལ་གྱི་གནོད་པ་སོགས་ལས་ཀྱང་འབྱུང་བར་དམིགས་ན། ཅིའི་ཕྱིར་སྐྱེ་བ་ཁོ་ན་རྐྱེན་དུ་བརྗོད་ཅེ་ན། རྐྱེན་དེ་དག་གི་རྩ་བ་ཡང་སྐྱེ་བ་ཡིན་ལ་རྐྱེན་དེ་དག་མེད་དུ་ཟིན་ཀྱང་རྒ་ཤི་སྐྱེ་བ་ལས་འབྱུང་བའི་ཕྱིར་རོ། །རྒ་ཤི་ནི་ཡང་དང་ཡང་ན་ཚོད་འགྱུར་བ་དང་། སྲོག་འགྱུར་བ་ལ་སེམས་ཅན་སྦྱོར་བར་བྱེད་དེ། དར་ལ་བབ་པ་སོགས་དང་། ཚེ་རྣམ་པར་འཇིག་པའི་རང་བཞིན་ཡིན་པའི་ཕྱིར་རོ། །

དྲུག་པ་ཡན་ལག་རྣམས་ཀུན་ནས་ཉོན་མོངས་པ་གསུམ་བསྡུ་བ་ནི། མ་རིག་པ་དང་སྲེད་པ་དང་། ལེན་པ་རྣམས་ནི། སེམས་རབ་ཏུ་མ་ཞི་བར་བྱེད་པ་དང་རང་དང་གཞན་གདུང་བར་བྱེད་པའི་ཕྱིར་ཉོན་མོངས་པའི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །འདུ་བྱེད་དང་རྣམ་པར་ཤེས་པ་དང་སྲེད་པ་གསུམ་ནི་ལས་ཀྱི་ངོ་བོ་དང་བག་ཆགས་ཅི་རིགས་པ་ཡིན་པ་དང་། འཕྲལ་དུ་ལུས་སེམས་གདུང་བར་བྱེད་པ་དང་མ་འོངས་པ་ན་རྣམ་སྨིན་འབྱིན་པར་བྱེད་པའི་ཕྱིར་ལས་ཀྱི་ཀུན་ནས་ཉོན་མོངས་པ་ཡིན་ནོ། །འདུ་བྱེད་ལས་ཀྱི་ངོ་བོ་དང་སྲིད་པ་ལས་ཀྱི་བག་ཆགས་ཁྱད་པར་བ་ཡིན་པས་ལས་སུ་འཐད་ཀྱང་རྣམ་པར་ཤེས་པ་ལས་སུ་ཅི་ལྟར་འགྱུར་ཞེ་ན། ལས་ཀྱི་བག་ཆགས་ཅན་གྱི་རྣམ་པར་ཤེས་པ་འདིར་རྟེན་འབྲེལ་གྱི་ཡན་ལག་ཡིན་ལ་དེ་ཡང་ལས་ཀྱིས་རབ་ཏུ་ཕྱེ་བའི་ཕྱིར་རོ། །ལྷག་མ་རྣམས་ནི་ཀུན་ནས་ཉོན་མོངས་པ་དང་པོ་གཉིས་ཀྱི་རྣམ་པར་སྨིན་པའི་ངོ་བོ་ཡིན་པས། དེའི་ཕྱིར་ཚེའི་ཀུན་ནས་ཉོན་མོངས་པ་ཞེས་བྱའོ། །འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། དང་པོ་བརྒྱད་པ་དགུ་ཉོན་མོངས། །གཉིས་པ་བཅུ་པ་ལས་ཡིན་ཏེ། །ལྷག་མ་བདུན་པོ་ནི་སྡུག་བསྔལ་ལོ། །ཞེས་ཀྱང་གསུངས་སོ། །དེ་དག་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཆ་གསུམ་པ་ཞེས་ཀྱང་བྱ། ལམ་གསུམ་པ་ཞེས་ཀྱང་བྱའོ། །

བདུན་པ་རྟེན་འབྲེལ་གྱི་སྒྲ་དོན་ལ། ཕྱི་ནང་གི་འབྲས་བུ་འདི་རྣམས་ནི་རྟེན་ཅིང་འབྲེལ་པར་འབྱུང་བ་ཞེས་པའི་སྒྲའི་བརྗོད་པར་བྱ་བའི་དོན་ཡིན་ཏེ། དབང་ཕྱུག་ལ་སོགས་པའི་བྱེད་པ་པོ་མེད་པར་གཡོ་བ་མེད་པའི་རྐྱེན་ཙམ་ལས་བྱུང་བའི་ཕྱིར་རོ། །དེ་བཞིན་དུ། རྒྱུ་མེད་དུ་བྱུང་བ་མ་ཡིན་པར་མ་རིག་པ་ལ་སོགས་པ་རྗེས་སུ་མཐུན་པའི་རྒྱུ་དང་རྐྱེན་དུ་བཅས་པ་ལས་བྱུང་བའི་ཕྱིར་རོ། །རང་ཉིད་སེམས་ཅན་ནམ་བདག་གི་ངོ་བོར་མེད་པའི་ཕྱིར་རོ། །རྐྱེན་གཞན་གྱི་དབང་དུ་གྱུར་པ་ཁོ་ན་ཡིན་གྱི་རང་དབང་ཅན་མ་ཡིན་པའི་ཕྱིར་རོ། །རང་སྐྱེད་པར་བྱེད་པའི་རྐྱེན་རྣམས་ལ་འདི་སྐྱེད་པར་བྱའོ་སྙམ་པའི་བློའི་གཡོ་བ་མེད་པའི་ཕྱིར་རོ། །ཐེར་ཟུག་ཏུ་མི་གནས་པར་མཐར་མི་རྟག་ཅིང་འཇིག་པའི་ཕྱིར་རོ། །སྐྱེས་པའི་དུས་ལས་ཕ་རོལ་དུ་མི་གནས་པས་སྐད་ཅིག་མ་ཡིན་པའི་ཕྱིར་རོ། །རྒྱུའི་སྐད་ཅིག་འགག་པ་དང་དུས་མཉམ་དུ་འབྲས་བུའི་སྐད་ཅིག་འབྱུང་བ་རྒྱུ་དང་འབྲས་བུའི་རྒྱུད་རྒྱུན་མི་འཆད་པའི་ཕྱིར་རོ། །ཐམས་ཅད་ལས་ཐམས་ཅད་མི་འབྱུང་གི །རྒྱུ་དང་འབྲས་བུ་རྗེས་སུ་མཐུན་པར་འབྱུང་བའི་ཕྱིར་རོ། །རྒྱུ་གཅིག་དང་དུ་མ་ལས་འབྲས་བུའི་རྣམ་པ་གཅིག་དང་དུ་མ་འབྱུང་བས་རྒྱུ་དང་འབྲས་བུ་སྣ་ཚོགས་པའི་ཕྱིར་རོ། །མི་མཐུན་པའི་རྒྱུ་ལས་མི་མཐུན་པའི་འབྲས་བུ་མི་འབྱུང་བས་རྒྱུ་དང་འབྲས་བུ་སོ་སོར་ངེས་པའི་ཕྱིར་རོ། །

བརྒྱད་པ་དོན་དེ་དག་གིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཟབ་པར་བསྟན་པ་ནི། ཕྱི་དང་ནང་གི་རྟེན་ཅིང་འབྲེལ་པར་འབྱུང་བ་འདི་དག་ནི་རྒྱུས་ཟབ་པ་ཡིན་ཏེ། བྱེད་པ་པོ་མེད་པ་དང་། རྒྱུ་དང་བཅས་པའི་དོན་གཉིས་ཀྱིས་རྒྱུ་མེད་པ་དང་། མི་མཐུན་པའི་རྒྱུ་ལས་བྱུང་བ་སྤངས་པའི་ཕྱིར་རོ། །རང་གི་མཚན་ཉིད་ཀྱིས་ཟབ་པ་ཡིན་ཏེ། སེམས་ཅན་མེད་པའི་དོན་གྱིས་བདག་མེད་པ་ཡིན་པའི་ཕྱིར་རོ། །སྐྱེ་བས་ཟབ་པ་ཡིན་ཏེ། གཞན་གྱི་དབང་དང་། གཡོ་བ་མེད་པའི་དོན་གཉིས་ཀྱིས། རྐྱེན་རྣམས་ལས་འབྲས་བུ་འབྱུང་ཡང་དེ་དག་གིས་མ་བྱས་པའི་ཕྱིར་རོ། །གནས་པས་ཟབ་པ་ཡིན་ཏེ། མི་རྟག་པ་དང་། སྐད་ཅིག་མའི་དོན་གཉིས་ཀྱིས་གནས་པ་མེད་བཞིན་དུ་གནས་པ་ལྟར་སྣང་བའི་ཕྱིར་རོ། །འབྱུང་བས་ཟབ་པ་ཡིན་ཏེ། དོན་ལྷག་མ་བཞིས། རྒྱུ་ལས་འབྲས་བུ་འབྱུང་བའི་ཚུལ་ཤིན་དུ་རྟོགས་པར་དཀའ་བའི་ཕྱིར་རོ། །ཡང་རྟེན་ཅིང་འབྲེལ་བར་འབྱུང་བ་ནི་རྣམ་པ་གཞན་གྱི་སྒོ་ནས་ཀྱང་ཟབ་པར་ལྟ་སྟེ། འདི་ལྟར་རང་གི་ངོ་བོ་སྐད་ཅིག་ཀྱང་མི་གནས་ལ། རྒྱུན་གནས་པར་ཡང་དམིགས་པའི་ཕྱིར་རོ། །བློ་སྔོན་དུ་གཏོང་བའི་གཡོ་བ་མེད་པའི་རྐྱེན་ལས་བྱུང་བ་ཡང་ཡིན་ལ། རྗེས་སུ་མཐུན་པའི་འབྲས་བུ་སྐྱེད་པའི་ནུས་པ་དང་ལྡན་པའི་རྐྱེན་ལས་རྒྱུ་དང་རྗེས་སུ་མཐུན་པའི་འབྲས་བུ་འབྱུང་བར་ཡང་དམིགས་པའི་ཕྱིར་དང་། དོན་དམ་པར་སེམས་ཅན་ནམ་བདག་མེད་པ་ཡང་ཡིན་ལ་ཐ་སྙད་དུ་སེམས་ཅན་དུ་གདགས་པ་ཡང་དམིགས་པའི་ཕྱིར་དང་། ལས་བྱེད་པ་པོ་འགའ་ཡང་མེད་ལ། བྱས་པའི་ལས་རྣམས་ཀྱི་རྣམ་པར་སྨིན་པའི་འབྲས་བུ་ཆུད་མི་ཟ་ཞིང་སོ་སོར་མྱོང་བར་ཡང་དམིགས་པའི་ཕྱིར་དང་། མཐའ་བཞི་དང་བྲལ་བའི་རྒྱུ་རྐྱེན་ལས་སྐྱེ་བ་དེའི་ཕྱིར་ཟབ་པར་ལྟའོ། །

ཅིའི་ཕྱིར་མཐའ་བཞི་དང་བྲལ་བ་ཡིན་ཞེ་ན། རྟེན་འབྲེལ་རྣམས་བདག་གིས་བྱས་པ་མ་ཡིན་ཏེ། རང་ཉིད་རང་ལ་བྱེད་པ་འགལ་བའི་ཕྱིར་དང་། རང་ལས་སྐྱེ་ན་ནམ་ཡང་མི་སྐྱེ་བར་མི་འགྱུར་ཏེ། རྒྱུ་དང་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར་རོ། །གཞན་ལས་སྐྱེ་བ་མ་ཡིན་ཏེ། རིགས་མི་མཐུན་པ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་དང་། རིགས་མཐུན་པའི་རྒྱུ་རྐྱེན་རྣམས་ནི་གཞན་དུ་མི་འཐད་པའི་ཕྱིར་རོ། །རིགས་མི་མཐུན་པའི་རྒྱུ་ལས་འབྲས་བུ་འབྱུང་ན་ཆུ་ཤེལ་ལས་ཀྱང་མེ་འབྱུང་བར་ཧ་ཅང་ཐལ་བའི་ཕྱིར་རོ། །གཉིས་ཀ་ལས་ཀྱང་མ་ཡིན་ཏེ། ཉེས་པ་གཉིས་ཀར་དུ་ཐལ་བར་འགྱུར་བའི་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཏེ། ཡུལ་དང་དུས་དང་གནས་སྐབས་ཐམས་ཅད་དུ་སྐྱེ་བར་འགྱུར་བའམ། ཡང་ན་ལན་ཅིག་ཀྱང་མི་སྐྱེ་བར་ཐལ་བའི་ཕྱིར་རོ། །རང་གི་བྱེད་པ་དང་གཞན་གྱི་བྱེད་པ་མ་ཡིན་ཞེས་པ། རྒྱུའི་ངོ་བོ་ནས་སྤྱད་པ་ཡིན་ལ། བདག་ལས་མ་ཡིན། གཞན་ལས་མ་ཡིན་ཞེས་པ་འབྲས་བུའི་ངོ་བོ་ནས་སྤྱད་པ་ཡིན་པས་དོན་ཁྱད་པར་མེད་དོ། །གཉིས་ཀས་བྱེད་པ་མ་ཡིན། རྒྱུ་མེད་པས་བྱེད་པ་མ་ཡིན་ཞེས་ཀྱང་ཁོང་ནས་དབྱུང་ངོ་། །འགྲེལ་པར་བདག་གིས་མ་བྱས་ཏེ། གང་གིས་བྱེད་པ་དེ་མ་སྐྱེས་ནས་མེད་པའི་ཕྱིར་རོ། །གཞན་གྱིས་བྱས་པ་མ་ཡིན་ཏེ། རྐྱེན་རྣམས་བྱེད་པ་པོ་མ་ཡིན་པའི་ཕྱིར་རོ། །གཉིས་ཀས་ཀྱང་མ་བྱས་ཏེ། རྒྱུ་དེ་གཉིས་ཀྱི་ཕྱིར་རོ། །རང་གི་བྱེད་པ་དང་གཞན་གྱི་བྱེད་པ་དང་། རྒྱུ་མེད་པ་ལས་བྱུང་བ་མ་ཡིན་ཏེ་རྐྱེན་རྣམས་ཀྱིས་འབྲས་བུ་བསྐྱེད་པར་ནུས་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་བདག་གི་མ་བྱས་ཏེ་རྐྱེན་ལ་ལྟོས་པའི་ཕྱིར་རོ། །གཞན་གྱིས་མ་བྱས་ཏེ་རྐྱེན་ཡོད་ཀྱང་ས་བོན་མེད་ན་མི་འབྱུང་བའི་ཕྱིར་རོ། །གཉིས་ཀས་མ་བྱས་ཏེ། དེ་གཉིས་ཀ་གཡོ་བ་མེད་པའི་ཕྱིར་རོ། །རྒྱུ་མེད་པ་ལས་བྱུང་བ་ཡང་མ་ཡིན་ཏེ་ས་བོན་དང་རྐྱེན་གཉིས་ཀ་ལ་ནུས་པ་ཡོད་པའི་ཕྱིར་རོ། །གཞན་ཡང་། རང་གི་ས་བོན་ལས་སྟེ་གཞན་ལས་མིན། །དེ་ལ་ལྟོས་ཕྱིར་བདག་གིས་བྱས་མ་ཡིན། །དེ་ནི་ནུས་པ་རྒྱུ་མེད་འབྱུང་མ་ཡིན། །གཡོ་བ་མེད་ཕྱིར་གཉིས་ཀྱིས་མ་བྱས་ལ། །ཞེས་འཆད་དོ། །

དགུ་པ་རྟེན་འབྲེལ་དེའི་རྣམ་པའི་རབ་ཏུ་དབྱེ་བ་ནི། རྣམ་པར་ཤེས་པ་འབྱུང་བས་རབ་ཏུ་དབྱེ་བ་ནི། མིག་དང་གཟུགས་ལ་རྟེན་ནས་མིག་གི་རྣམ་པར་ཤེས་པ་འབྱུང་ཞེས་པ་ལ་སོགས་པའོ། །འཆི་འཕོ་དང་སྐྱེ་བའི་རབ་ཏུ་དབྱེ་བ་ནི་སེམས་ཅན་གྱི་འཇིག་རྟེན་གྱི་དབང་དུ་བྱས་པ་ཏེ། མ་རིག་པའི་རྐྱེན་གྱིས་འདུ་བྱེད་ཞེས་པ་ལ་སོགས་པའོ། །ཕྱིའི་ལོ་ཏོག་འབྱུང་བའི་རབ་ཏུ་དབྱེ་བ་ནི་ས་བོན་ལ་བརྟེན་ནས་མྱུ་གུ་དང་། དེ་ལས་སྡོང་བུ་དང་། དེ་བཞིན་དུ་སྦུ་གུ་དང་། འདབ་མ་དང་། མེ་ཏོག་དང་འབྲས་བུ་ལ་སོགས་སྔ་མ་ལས་ཕྱི་མ་འབྱུང་བའོ། །འཇིག་པ་དང་ཆགས་པའི་རྟེན་འབྲེལ་གྱི་རབ་ཏུ་དབྱེ་བ་ནི་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ལ་བརྟེན་ནས་ས་ཆེན་པོ་སོགས་འབྱུང་བ་དང་འཇིག་པའོ། །ཟས་ཀྱིས་བརྟན་པའི་རྟེན་འབྲེལ་གྱི་རབ་ཏུ་དབྱེ་བ་ནི་ཟས་བཞི་ལ་བརྟེན་ནས་སེམས་ཅན་རྣམས་ཁམས་གསུམ་དུ་གནས་པའོ། །འདོད་པ་དང་མི་འདོད་པའི་འགྲོ་བ་འབྱེད་པའི་རྟེན་འབྲེལ་གྱི་རབ་ཏུ་དབྱེ་བ་ནི། ལེགས་པར་སྤྱོད་པ་དང་ཉེས་པར་སྤྱད་པ་ལ་བརྟེན་ནས་བདེ་འགྲོ་དང་ངན་འགྲོར་སྐྱེ་བའོ། །རྣམ་པར་དག་པའི་རྟེན་འབྲེལ་གྱི་རབ་ཏུ་དབྱེ་བ་ནི། ཐར་པའི་ཆ་དང་མཐུན་པ་ལ་བརྟེན་ནས་ངེས་པར་འབྱེད་པའི་ཆ་དང་མཐུན་པ་འབྱུང་བ་སོགས་ལམ་སྔ་མ་ལ་བརྟེན་ནས་ཕྱི་མ་འབྱུང་བ་སོགས་གཞན་གྱི་སྒྲ་ལས་ཚུལ་བཞིན་ཡིད་ལ་བྱེད་པ་དང་། དེ་ལས་ཡང་དག་པའི་ལྟ་བ་དང་། དེ་ལས་ཟག་པ་ཟད་པ་འབྱུང་བ་ལ་སོགས་སོ། །མཐུ་སྟོབས་ཀྱི་རབ་དབྱེ་བ་ནི། བསམ་གཏན་ལ་བརྟེན་ནས་མངོན་པར་ཤེས་པ་ལ་སོགས་པའི་ཡོན་ཏན་ཁྱད་པར་ཅན་རྣམས་འབྱུང་བའོ། །དེ་ལྟར་ན་ཐ་མ་གཉིས་ནི་རྣམ་བྱང་གི་རྟེན་འབྲེལ་གྱི་རབ་ཏུ་དབྱེ་བའོ། །ལྷག་མ་རྣམས་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་རྟེན་འབྲེལ་ལོ། །དེ་ལ་ཡང་ཕྱིའི་ལོ་ཏོག་འབྱུང་བ་དང་། འཇིག་པ་དང་ཆགས་པའི་རབ་ཏུ་དབྱེ་བ་ནི་སྣོད་ཀྱི་དབང་དུ་བྱས་པའོ། །ལྷག་མ་རྣམས་ནང་སེམས་ཅན་གྱི་དབང་དུ་བྱས་པའོ། །དེ་ལྟར་ན་ཚུལ་འདིས་རྟེན་ཅིང་འབྲེལ་པར་འབྱུང་བའི་རབ་ཏུ་དབྱེ་བ་རྒྱ་ཆེར་རྟོགས་པར་བྱའོ། །

བཅུ་པ་རྟེན་ཅིང་འབྲེལ་པར་འབྱུང་བའི་བསྒོམ་ཚུལ་ནི། སྤང་བྱ་འཁོར་བར་འཇུག་པའི་རིམ་པ་བདེ་བླག་ཏུ་རྟོགས་པའི་ཆེད་དུ་ཡན་ལག་བཅུ་གཉིས་སྐྱེ་རིམ་དང་རྗེས་སུ་མཐུན་པར་བསྒོམས་པ་ཀུན་ནས་ཉོན་མོངས་པ་ལུགས་མཐུན་དང་ལུགས་མི་མཐུན་དུ་བསྒོམ་པ་དང་བླང་བྱ་འཁོར་བ་ལྡོག་པའི་ཚུལ་བདེ་བླག་ཏུ་རྟོགས་པའི་ཆེད་དུ། ཡན་ལག་བཅུ་གཉིས་འགག་པའི་རིམ་པ་དང་རྗེས་སུ་མཐུན་པར་བསྒོམ་པ་རྣམ་པར་བྱང་བ་ལུགས་མཐུན་དང་། ལུགས་མི་མཐུན་དུ་བསྒོམ་པ་གཉིས་ཀྱིས་རྟེན་ཅིང་འབྲེལ་པར་འབྱུང་བ་ཚུལ་བཞིན་དུ་བསྒོམ་པར་བྱ་བ་ཡིན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པ་ལུགས་དང་མཐུན་པ་ནི་འདི་ཡིན་ཏེ་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས་ཞེས་བྱ་བ་ནས་སྐྱེ་བའི་རྐྱེན་གྱིས་རྒ་ཤི་ཞེས་པའི་བར་སྟེ། ཐོག་མར་སྐྱེ་བའི་རིམ་པ་ལྟར་མ་འཆོལ་བར་བསྟན་པའི་ཕྱིར་རོ། །ལུགས་དང་མི་མཐུན་པར་བསྒོམ་པ་ནི་འདི་ཡིན་ཏེ། རྒ་ཤི་གང་ལས་བྱུང་སྐྱེ་བ་ལས་སོ། །ཞེས་པ་ནས། འདུ་བྱེད་གང་ལས་བྱུང་མ་རིག་པ་ལས་སོ་ཞེས་པའི་བར་ཏེ། ཐ་མར་འབྱུང་བ་གང་ཡིན་པ་ནི་ཐོག་མར་དཔྱད་ལ་ཐོག་མར་འབྱུང་བ་གང་ཡིན་པ་དེ་ཐ་མར་དཔྱད་པའི་ཕྱིར་རོ། །ཅིའི་ཕྱིར་ཀུན་ནས་ཉོན་མོངས་པ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་གཉིས་བསྒོམ་པར་བྱེད་ཅེ་ན། ཀུན་འབྱུང་བ་དང་སྡུག་བསྔལ་གྱི་བདེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ནི། ཀུན་འབྱུང་བ་དང་སྡུག་བསྔལ་གྱི་བདེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། འདི་ལྟར་ཀུན་ནས་ཉོན་མོངས་པ་ཐམས་ཅད་ནི། སྡུག་བསྔལ་དང་ཀུན་འབྱུང་གི་བདེན་པ་གཉིས་ཀྱིས་བསྡུས་པ་ཡིན་ལ། དེ་ལ་ཀུན་འབྱུང་གི་བདེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། ཀུན་ནས་ཉོན་མོངས་པ་ལུགས་དང་མཐུན་པར་བསྒོམ་པ་བསྟན་ཏེ། མ་རིག་པ་དང་འདུ་བྱེད་ནི་ལས་དང་ཉོན་མོངས་པའི་རང་བཞིན་ཡིན་པའི་ཕྱིར་དང་། དེ་གཉིས་ཡན་ལག་གཞན་རྣམས་ཀྱི་ཐོག་མའི་རྒྱུར་བསྟན་པའི་ཕྱིར་རོ། །སྡུག་བསྔལ་གྱི་བདེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ནི། ཀུན་ནས་ཉོན་མོངས་པ་ལུགས་དང་མི་མཐུན་པར་སྒོམ་པའི་ཚུལ་བསྟན་ཏེ། སྐྱེ་བ་དང་རྒ་ཤི་ནི་ལས་དང་ཉོན་མོངས་པའི་འབྲས་བུ་ཡོངས་སུ་སྨིན་པ་མཐར་ཐུག་པ་ཡིན་པས་སྡུག་བསྔལ་གྱི་བདེན་པས་རབ་ཏུ་ཕྱེ་བའི་ཕྱིར་རོ། །

རྣལ་འབྱོར་སྤྱོད་པའི་ས་ལས་ཀྱང་། ཅིའི་ཕྱིར་རྟེན་ཅིང་འབྲེལ་པར་འབྱུང་བ་རྒ་ཤི་ནས་བཟུང་ནས། ལུགས་ལས་བཟློག་པའི་གོ་རིམ་དུ་བསྟན་ཅེ་ན། བདེན་པའི་ཚུལ་གྱི་དབང་དུ་བྱས་པ་ཡིན་ཏེ། འདི་ལྟར་སྐྱེ་བ་དང་རྒ་ཤི་ནི། སྡུག་བསྔལ་གྱི་བདེན་པས་རབ་ཏུ་ཕྱེ་བ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །དེའི་དོན་དུ་བསམས་ནས། འགྲེལ་པ་ལས་རྒ་ཤི་དང་། རྒ་ཤི་ཀུན་འབྱུང་བ་དང་རྒ་ཤི་འགོག་པ་དང་། རྒ་ཤི་འགོག་པར་འགྲོ་བའི་ལམ་ཞེས་བྱ་བ་ནི། བདེན་པ་རྣམ་པར་བཞག་པའི་དབང་དུ་བྱས་ཏེ། ལུགས་དང་མི་མཐུན་པ་བསྟན་པར་རིག་པར་བྱའོ་ཞེས་འཆད་ཀྱང་། འཐད་པར་མ་མཐོང་ངོ་། །རྣམ་པར་བྱང་བ་ལུགས་དང་མཐུན་པ་ནི་འདི་ཡིན་ཏེ། མ་རིག་པ་འགགས་པས་འདུ་བྱེད་རྣམས་འགག་ཞེས་པ་ནས། སྐྱེ་བ་འགགས་པས་རྒ་ཤི་འགགས་ཞེས་པའི་བར་རོ། །ལུགས་དང་མི་མཐུན་པ་ནི་འདི་ཡིན་ཏེ། གང་མེད་ན་རྒ་ཤི་མི་འབྱུང་། གང་འགགས་པས་རྒ་ཤི་འགག །སྐྱེ་བ་མེད་ན་རྒ་ཤི་མི་འབྱུང་། སྐྱེ་བ་འགགས་པས་རྒ་ཤི་འགག་ཅེས་པ་ནས། མ་རིག་པ་མེད་ན་འདུ་བྱེད་མི་འབྱུང་། མ་རིག་པ་འགགས་པས་འདུ་བྱེད་འགག་ཅེས་པའི་བར་རོ། །

ཅིའི་ཕྱིར་རྣམ་པར་བྱང་བ་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པ་གཉིས་བསྟན་ཞེ་ན། འགོག་པ་དང་ལམ་གྱི་བདེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་ཏེ། འདི་ལྟར་རྣམ་པར་བྱང་བའི་ཆོས་མ་ལུས་པ་ནི་འགོག་པ་དང་ལམ་གྱི་བདེན་པ་གཉིས་ཀྱི་བསྡུས་ལ། དེ་ཡང་ལམ་གྱི་བདེན་པའི་ཚུལ་ཁོང་དུ་ཆུདཔར་བྱ་བའི་ཕྱིར་རྣམ་པར་བྱང་བ་ལུགས་དང་མཐུན་པ་བསྟན་པ་ཡིན་ཏེ། རིམ་པ་འདིས་མ་རིག་པ་འགགས་པས་འདུ་བྱེད་ལ་སོགས་པའི་ཡན་ལག་ལྷག་མ་རྣམས་མ་ལུས་པར་འགགས་པར་བསྟན་ལ། མ་རིག་པ་འགོག་བྱེད་ཀྱི་གཉེན་པོ་ཡང་རིག་པ་ཡེ་ཤེས་ལམ་བདེན་གྱི་ངོ་བོ་ཡིན་པའི་ཕྱིར་རོ། །འགོག་པའི་བདེན་པའི་ཚུལ་ཁོང་དུ་ཆུད་པར་བྱ་བའི་ཕྱིར་རྣམ་པར་བྱང་བ་ལུགས་དང་མི་མཐུན་པ་རྣམ་པར་བཞག་པ་བསྟན་ཏེ། རྒ་ཤི་སྡུག་བསྔལ་གྱི་བདེན་པ་འགགས་པའི་རང་བཞིན་ལ་དཔྱོད་པར་བྱེད་པའི་ཕྱིར་དང་། འགོག་པ་ཡང་སྡུག་བསྔལ་འགགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །ཡང་ན་དང་པོ་ནི་མ་རིག་པ་ལ་སོགས་པ་རྒྱུ་འགོག་པའི་ཐབས་ལ་རྟོག་པར་བྱེད་པ་ཡིན་ལ་གཉིས་པ་ནི་རྒ་ཤི་ལ་སོགས་པ་འབྲས་བུ་འགགས་པའི་ངོ་བོ་ལ་དཔྱོད་པར་བྱེད་པའི་ཕྱིར་ལམ་དང་འགོག་པ་ལ་དཔྱོད་པར་བྱེད་པ་ཡིན་ནོ་ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །

བདུན་པ་རྐྱེན་སོགས་བཅུ་གཅིག་དུ་བསྟན་པའི་དང་པོ་ལ་དོན་གསུམ་གྱིས་བསྟན་པ་ནི། རྣམ་པར་བསྟན་ལ་དབབ་པ་བསྡུ་བ་ལས། དེ་ལ་འདུ་བྱེད་རྣམས་ཀྱི་རྒྱུ་ནི་གང་། རྐྱེན་ནི་གང་ཞེ་ན་བཅོམ་ལྡན་འདས་ཀྱིས་འདུ་བྱེད་རྣམས་འབྱུང་བའི་རྐྱེན་ནི། བཞི་པོ་འདི་དག་ཡིན་པར་གསུངས་ཏེ། རྒྱུའི་རྐྱེན་དང་། མཚུངས་པ་དེ་མ་ཐག་པའི་རྐྱེན་དང་། དམིགས་པའི་རྐྱེན་དང་། བདག་པོའི་རྐྱེན་ནོ། །དེ་ལ་རྒྱུའི་རྐྱེན་ནི་རྒྱུ་ཡང་ཡིན་རྐྱེན་ཡང་ཡིན་ནོ། །དེ་ལ་གཞན་པའི་རྐྱེན་གསུམ་པོ་དག་ནི་རྐྱེན་ཁོ་ན་ཡིན་གྱི་རྒྱུ་ནི་མ་ཡིན་ནོ། །ཞེས་གསུངས་པ་ལྟར། རྒྱུའི་རྐྱེན་ལ་སོགས་པ་བཞིའོ། །ཐམས་ཅད་ཀྱང་རྐྱེན་ཡིན་ཏེ། འདུས་མ་བྱས་ཀྱང་རྟོག་པ་འགའ་ཞིག་གི་དམིགས་པའི་རྐྱེན་དུ་འགྱུར་བའི་ཕྱིར་རོ། །འདུ་བྱེད་རྣམས་འབྱུང་བའི་རྒྱུ་དང་རྐྱེན་ཆོས་ཙམ་དུ་ཤེས་པ་ན། འདུ་བྱེད་ཀྱི་ཆོས་རྣམས། བདག་གི་རྒྱུ་ལས་བྱུང་བར་མངོན་པར་ཞེན་པ་སྤོང་ངོ་། །དེ་ལ་རྒྱུའི་དོན་ནི་གང་རྐྱེན་གྱི་དོན་ནི་གང་ཞེ་ན། འབྲས་བུ་སྐྱེད་པར་བྱེད་པ་ནི་རྒྱུ་ཡིན་ལ། འབྲས་བུ་སྐྱེ་བའི་ཐབས་སུ་གྱུར་པ་ནི་རྐྱེན་ཡིན་ནོ། །དང་པོ་ནི་ཐུན་མོང་མ་ཡིན་པའི་རྒྱུ་ཡིན་པས་འབྲས་བུའི་ཉེ་བར་ལེན་པ་ཡིན་ལ་གཉིས་པ་ནི་རིགས་མི་མཐུན་པའི་འབྲས་བུ་དུ་མའི་ཐུན་མོང་གི་རྐྱེན་དུ་འགྱུར་བས་དེ་ནི་ལྷན་ཅིག་བྱེད་པའི་རྐྱེན་ཡིན་ནོ། །

དེའི་ཕྱིར་རྒྱུའི་རྐྱེན་ནི་འབྲས་བུ་སྐྱེད་པར་བྱེད་པ་ཡིན་ལ། ཉེ་བར་ལེན་པ་ཡང་ཡིན་ནོ། །ལྷག་མ་གསུམ་ནི་འབྲས་བུ་སྐྱེ་བའི་ཐབས་ཙམ་ཡིན་ལ། ལྷན་ཅིག་བྱེད་པའི་རྐྱེན་ཀྱང་ཡིན་ནོ། །སྐྱེད་པར་བྱེད་པ་ནི་རྒྱུའི་རྐྱེན་ནོ་ཞེས་བཤད་པ་དེ་ལ། སྐྱེད་པར་བྱེད་པ་ནི་གཉིས་ཏེ། ཐ་སྙད་པ་དང་ཡང་དག་པའོ། །དང་པོ་ནི་རྒྱུ་དྲུག་ཏེ། འདི་ལྟར། བྱེད་རྒྱུ་དང་། ལྷན་ཅིག་འབྱུང་བའི་རྒྱུ་དང་། མཚུངས་ལྡན་གྱི་རྒྱུ་དང་། སྐལ་མཉམ་གྱི་རྒྱུ་དང་། ཀུན་དུ་འགྲོ་བའི་རྒྱུ་དང་། རྣམ་པར་སྨིན་པའི་རྒྱུ་རྣམས་སོ། །དེ་ལ་རྒྱུ་དང་པོས་ནི་འབྲས་བུ་ད་ལྟར་བ་དང་། མ་འོངས་པ་གཉིས་ཀ་ལ་བྱ་བ་བྱེད་དོ། །ལྷན་ཅིག་འབྱུང་བ་དང་། མཚུངས་པར་ལྡན་པའི་རྒྱུ་གཉིས་ཀྱིས་ནི་ད་ལྟར་བ་ཁོ་ན་ལ་བྱ་བ་བྱེད་དོ། །ལྷག་མ་གསུམ་གྱིས་ནི། མ་འོངས་པ་ཁོ་ན་ལ་བྱ་བ་བྱེད་དོ། །འདི་རྣམས་ནི་ཐ་སྙད་ཙམ་དུ་སྐྱེད་པར་བྱེད་པ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ཏེ། འབྲས་བུ་རྣམས་ནི་རང་གི་ས་བོན་གང་ཡིན་པ་ལས་སྐྱེ་བར་རིགས་པའི་ཕྱིར་ཏེ། གཞན་དུ་ན། རིགས་མི་མཐུན་པ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་རོ། །དེ་བས་ན་རྒྱུ་དྲུག་པོ་འདི་དག་ཀྱང་ཡང་དག་པར་འབྲས་བུ་སྐྱེ་བའི་ཐབས་ཙམ་ཡིན་པའི་ཕྱིར། རྐྱེན་ལྷག་མ་གསུམ་གྱི་ནང་དུ་ཅི་རིགས་པར་འདུ་བ་ཡིན་ནོ། །

དེ་ལ་བྱེད་རྒྱུ་ནི། རྐྱེན་གསུམ་ཀས་བསྡུས་སོ། །ལྷན་ཅིག་འབྱུང་བ་དང་མཚུངས་ལྡན་རྣམ་སྨིན་གྱི་རྒྱུ་ནི། བདག་པོའི་རྐྱེན་གྱིས་བསྡུས་སོ། །ལྷག་མ་གཉིས་ནི། བདག་པོ་དང་དེ་མ་ཐག་པའི་རྐྱེན་གཉིས་ཀྱིས་བསྡུས་སོ། །

ཡང་དག་པར་འབྲས་བུ་སྐྱེད་པར་བྱེད་པའི་རྒྱུ་ཡང་རྣམ་པ་གཉིས་ཏེ། ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་མ་བཞག་པ་དང་། རྣམ་པར་བཞག་པའི་དབང་དུ་བྱས་པའོ། །དང་པོའི་དབང་དུ་བྱས་ནས་རྣམ་པར་གཏན་ལ་དབབ་པ་བསྡུ་བར། དེ་ལ་རྒྱུའི་རྐྱེན་གང་ཞེ་ན། དབང་པོ་གཟུགས་ཅན་རྟེན་དང་བཅས་པ་གང་ཡིན་པ་དང་། རྣམ་པར་ཤེས་པ་གང་ཡིན་པ་འདི་གཉིས་ནི་མདོར་ན་ས་བོན་ཐམས་ཅད་པ་ཞེས་བྱའོ། །དབང་པོ་གཟུགས་ཅན་དང་ལྡན་པ་དེ་ནི་དབང་པོའི་གཟུགས་ཅན་དེ་དག་དང་། དེ་ལས་གཞན་པའི་ཆོས་གཟུགས་ཅན་རྣམས་ཀྱི་ས་བོན་ཡང་ཡིན་ནོ། །སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ཁོ་ནའི་ས་བོན་ཡང་ཡིན་ནོ། །རྣམ་པར་ཤེས་པ་དང་ལྡན་པ་ནི་རྣམ་པར་ཤེས་པ་རྣམ་པ་ཐམས་ཅད་པ་དེའི་ས་བོན་ཡང་ཡིན་ལ། དེ་ལས་གཞན་པའི་ཆོས་གཟུགས་ཅན་མ་ཡིན་པ་རྣམས་དང་། དབང་པོ་གཟུགས་ཅན་རྣམས་ཀྱི་ས་བོན་ཡང་ཡིན་ནོ། །འབྱུང་བ་ཆེན་པོ་མ་གཏོགས་པ། དེ་ལས་གཞན་པའི་ཆོས་གཟུགས་ཅན་རྣམས་ནི་རང་གི་ས་བོན་དང་ལྡན་པའི་ངོ་བོ་ཉིད་ཁོ་ན་ཡིན་པར་རིག་པར་བྱའོ། །འབྱུང་བ་ཆེན་པོའི་གཟུགས་ནི་ས་བོན་གཉིས་དང་ལྡན་པ་ཡིན་ཏེ། འབྱུང་བ་ཆེན་པོའི་ས་བོན་དང་། རྒྱུར་བྱས་པའི་གཟུགས་ཀྱི་ས་བོན་དང་ངོ་། །དེ་ལྟར་ན་ཇི་སྐད་ཡོངས་སུ་སྒྲགས་པའི་ཆོས་རྣམས་ལ་དེ་ལྟར་ས་བོན་གྱི་རྒྱུ་དང་ལྡན་པ་ཅི་རིགས་པ་རྣམ་པར་བཞག་པ་གང་ཡིན་པ་དེ་ནི་རྒྱུའི་རྐྱེན་ཞེས་བྱའོ། །ཞེས་གང་གསུངས་པ་ལྟར་ཏེ། མདོར་བསྡུས་ན། དབང་པོ་གཟུགས་ཅན་རྣམས་ལ་ཡང་སེམས་ཀྱི་ས་བོན་ཡོད་ལ། སེམས་ལ་ཡང་དབང་པོ་གཟུགས་ཅན་གྱི་ས་བོན་ཡོད་ལ་ས་བོན་དེ་ཡང་ས་བོན་དང་ལྡན་པའི་གཞི་དེ་དང་དེ་ལས་དེ་ཉིད་དང་གཞན་གང་དུ་ཡང་བརྗོད་དུ་མེད་པའི་ཕྱིར་ན། རིགས་མི་མཐུན་པ་རྒྱུ་འབྲས་སུ་ཐལ་བའི་སྐྱོན་ཡང་མེད་དོ། །དེ་ལྟ་བུའི་ས་བོན་ནི་གཟུགས་དང་སེམས་དང་། སེམས་ལས་བྱུང་བ་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ནོ། །ཚུལ་དེ་ཡང་ཀུན་གཞི་རྣམ་པར་མ་བཞག་པའི་དབང་དུ་བྱས་པ་ཡིན་ཏེ། ཇི་སྐད་དུ། ས་བོན་རྣམ་པར་བཞག་པའི་ཚུལ་འདི་ནི་ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་མ་བཞག་པ་ལ་རིག་པར་བྱའོ། །ཞེས་གསུངས་པ་ཡིན་ནོ། །

ཀུན་གཞིའི་རྣམ་པར་ཤེས་པ་རྣམ་པར་བཞག་ན་ནི། དེ་ཉིད་ཆོས་ཀུན་གྱི་རྒྱུའི་རྐྱེན་ཡིན་ཏེ། ཡང་གསུངས་པ། རྣམ་པར་བཞག་ན་ནི་དེ་ལ་ཆོས་ཐམས་ཅད་ཀྱི་ས་བོན་ཡོད་པར་རིག་པར་བྱ་སྟེ། ཞེས་པ་ལྟར་རོ། །ཚུལ་འདི་ནི་གཞུང་དུ་འཆད་དོ། །ཅིའི་ཕྱིར་རྐྱེན་ལྷག་མ་གསུམ་འབྲས་བུ་བསྐྱེད་པའི་ཐབས་ཙམ་ཡིན་ཞེ་ན། ས་བོན་གྱིས་རང་གི་འབྲས་བུ་སྐྱེད་པར་བྱེད་པའི་གྲོགས་ཙམ་ཡིན་པའི་ཕྱིར་རོ། །བསྐྱེད་པར་བྱེད་པ་ནི་མ་ཡིན་ཏེ། རིགས་མི་མཐུན་པ་རྒྱུ་འབྲས་སུ་མི་རུང་བའི་ཕྱིར་རོ། །རྐྱེན་བཞི་པོ་དེ་དག་ལས་འབྲས་བུ་གང་ཞིག་རྐྱེན་དུ་ཞིག་ལས་འབྱུང་ཞེ་ན། སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་ནི་རྐྱེན་བཞི་ལས་འབྱུང་ཏེ། འདི་ལྟར། དེ་དག་ནི་ཡུལ་རིག་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་དམིགས་པའི་རྐྱེན་ལས་སྐྱེ་བ་ཡིན་ནོ། །རིགས་མཐུན་གཉིས་རྒྱུད་གཅིག་ལ་གཅིག་ཆར་སྐྱེ་བའི་གོ་སྐབ་མེད་པའི་ཕྱིར། མཚུངས་པ་དེ་མ་ཐག་པའི་རྐྱེན་ལས་འབྱུང་བ་ཡིན་ནོ། །རང་དང་ལྷན་ཅིག་པའི་དབང་པོ་ལ་བརྟེན་པའི་ཕྱིར་བདག་པོའི་རྐྱེན་ལས་འབྱུང་བ་ཡིན་ནོ། །ཐམས་ཅད་ལས་ཐམས་ཅད་སྐྱེ་བར་འགྱུར་བའི་ཕྱིར་རང་གི་རྒྱུའི་རྐྱེན་ལས་སྐྱེ་བ་ཡིན་ནོ། །གཟུགས་ཅན་རྣམས་ནི་རྒྱུ་དང་། བདག་པོའི་རྐྱེན་གཉིས་ལས་སྐྱེ་བ་ཡིན་ལ། མི་ལྡན་པའི་འདུ་བྱེད་རྣམས་ལ་ནི་རྒྱུའི་རྐྱེན་ལོགས་པ་མེད་ཀྱི་འོན་ཀྱང་བདག་པོའི་རྐྱེན་ཙམ་ལས་སྐྱེ་བ་ཡིན་ནོ། །དེ་ལྟར་རྐྱེན་བཞི་པོ་སྤྱིར་རྣམ་པར་བཞག་ནས། དེ་དག་སོ་སོའི་ངོ་བོ་རྒྱས་པར་བཤད་པ་ལ་བཞི་ལས་དང་པོ་རྒྱུའི་རྐྱེན་ལ། གཉིས་ལས་ཡང་དག་པའི་རྒྱུ་རྐྱེན་དང་། ཐ་སྙད་པའི་རྒྱུ་རྐྱེན་གཉིས་ལས་དང་པོའི་དབང་དུ་བྱས་ནས། ཀུན་གཞིའི་རྣམ་པར་ཤེས་པ་དང་། དགེ་བའི་བག་ཆགས་སོ་ཞེས་སྨོས་ཏེ། གོ་རིམ་བཞིན་དུ་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ཡིན་ནོ། །ཀུན་གཞིའི་རྣམ་པར་ཤེས་པ་གཉིས་ཏེ། རྣམ་པར་སྨིན་པ་དང་། མངོན་པར་འདུ་བྱེད་པ་ལས་བྱུང་བའོ། །དེ་ལ་རྣམ་པར་སྨིན་པ་ནི་སྐྱེ་བས་ཐོས་པའི་ཆོས་རྣམས་ཀྱི་རྒྱུའི་རྐྱེན་ནོ། །

མངོན་པར་འདུ་བྱེད་པ་ལས་བྱུང་བའི་ཀུན་གཞིའི་རྣམ་པར་ཤེས་པ་ནི་ཚེ་འདིའི་འཇུག་པའི་རྣམ་པར་ཤེས་པ་དང་མཉམ་དུ་འབྱུང་བའི་བག་ཆགས་སྒོས་པར་རིག་པར་བྱའོ། །ཞེས་འགྲེལ་པ་ལས་འཆད་ཀྱང་། རྣམ་པར་སྨིན་པའི་རང་བཞིན་ནི་ལས་ཀྱི་བག་ཆགས་ཡོངས་སུ་སྨིན་པ་མཐར་ཐུག་པའི་རང་བཞིན་ཡིན་པས་ཆོས་གཞན་གང་གི་ཡང་རྒྱུའི་རྐྱེན་མི་བྱེད་ཀྱི་འོན་ཀྱང་སྐྱེ་བས་ཐོབ་པ་དང་སྦྱོར་བ་ལས་བྱུང་བའི་ཆོས་ཐམས་ཅད་ཀྱི་བདག་པོའི་རྐྱེན་ཙམ་བྱེད་དོ། །ས་བོན་གྱི་ཆ་གང་ཡིན་པ་ནི་ཐམས་ཅད་ཀྱི་རྒྱུའི་རྐྱེན་ཡིན་ནོ་ཞེས་རྒྱས་པར་བཤད་ཟིན་ཏོ། །

དགེ་བའི་བག་ཆགས་ནི་སྐྱེ་མཆེད་དྲུག་གི་ཁྱད་པར་ཟག་པ་མེད་པའི་ས་བོན་ཏེ། དེ་ནི་ཟག་པ་མེད་པའི་ཆོས་རྣམས་ཀྱི་རྒྱུར་ཇི་ལྟར་གྱུར་པའི་ཚུལ་རྒྱས་པར་སྔར་བཤད་ཟིན་ཏོ། །ཐ་སྙད་པའི་རྒྱུ་རྐྱེན་གྱི་དབང་དུ་བྱས་ནས། ཡང་ངོ་བོ་ཉིད། ཅེས་པ་ལ་སོགས་པ་སྨོས་ཏེ། ངོ་བོ་ཉིད་ནི་རྒྱུའོ། །རབ་ཏུ་དབྱེ་བ་ནི་དེའི་རྣམ་པའི་རབ་དུ་དབྱེ་བའོ། །གྲོགས་ནི་ལྷན་ཅིག་འབྱུང་བའི་རྒྱུའོ། །ཡང་དག་པར་རྟོགས་པ་ནི། མཚུངས་ལྡན་གྱི་རྒྱུའོ། །རྒྱས་པ་ནི་སྐལ་མཉམ་གྱི་རྒྱུའོ། །བར་དུ་སྤྱོད་པ་ནི་ཀུན་འགྲོའི་རྒྱུའོ། །ཡོངས་སུ་འཛིན་པ་ནི་རྣམ་སྨིན་གྱི་རྒྱུའོ། །དེ་དག་རེ་རེ་ཞིང་རྒྱས་པར་བཤད་པ་ནི། ངོ་བོ་ཉིད་ནི་བྱེད་རྒྱུ་སྟེ། དེ་ནི་རྒྱུའི་ངོ་བོ་ཉིད་དམ། རང་བཞིན་ཡིན་པའི་ཕྱིར་རོ། །དེའི་ཕྱིར་རྒྱུ་ལྷག་མ་རྣམས་ཀྱང་བྱེད་རྒྱུའི་རང་བཞིན་ཡིན་ཡང་། དེ་དག་ཏུ་མ་འདུས་པའི་བྱེད་རྒྱུ་རྣམས་ལོགས་སུ་རྣམ་པར་བཞག་པའི་ཕྱིར་བྱེད་རྒྱུ་ལོགས་སུ་བསྟན་པ་ཡིན་ནོ། །བྱེད་རྒྱུའི་དེའི་རབ་ཏུ་དབྱེ་བ་ནི། འབྱུང་གནས་རྟེན་གསལ་འགྱུར་འབྲལ་སྒྱུར། །ཡིད་ཆེས་ཡིད་ཆེས་བྱེད་དང་འཐོབ། །ཐ་སྙད་ལྟོས་དང་འཕེན་པ་འགྲུབ། །ཡོངས་འཛིན་ཆུད་བྱེད་སོ་སོར་ངེས། །ལྷན་ཅིག་བྱེད་དང་མི་མཐུན་མཐུན། །བྱེད་རྒྱུ་ཉི་ཤུ་ཉེ་བར་མཚོན། །ཞེས་པ་སྡོམ་གྱི་ཚིགས་སུ་བཅད་པའོ། །དེ་ལ་རྣམ་པར་ཤེས་པ་ཚོགས་དྲུག་གི་རྒྱུ་རྐྱེན་གྱི་ཚོགས་པ་ཡུལ་དབང་ཡིད་བྱེད་ལ་སོགས་པ་རྣམས་ནི། འབྱུང་བའི་བྱེད་རྒྱུ་ཡིན་ཏེ། འབྲས་བུ་རྣམ་ཤེས་ལ་བྱུང་བ་འབྱུང་བར་བྱེད་པའི་ཕྱིར་རོ། །དཔེར་ན་ཞེས་བྱ་བ་ནི་ཕྱོགས་འདིས་ནི་འབྲས་བུ་མ་བྱུང་བ་འབྱུང་བར་བྱེད་པའི་རྒྱུ་རྐྱེན་གང་ཡིན་པ་དེ་དག་ནི་འབྱུང་བའི་བྱེད་རྒྱུར་མངོན་པར་བརྟག་པར་བྱའོ་ཞེས་པའི་དོན་ནོ། །ཟས་བཞི་ནི། སེམས་ཅན་འབྱུང་པོ་འགྲོ་བ་ལྔར་ཉིང་འཚམས་སྦྱར་ཟིན་པ་དང་། འབྱུང་པོ་ཚོལ་བ་བར་མ་དོའི་སྲིད་པར་གནས་པ་ཐམས་ཅད་ཀྱི་གནས་པའི་བྱེད་རྒྱུ་ཡིན་ཏེ། དེ་རྣམས་སྐྱེས་ཟིན་པའི་རྒྱུད་རྒྱུན་མི་འཆད་པར་བྱེད་པའི་ཕྱིར་རོ། །ས་ཆེན་པོ་ནི་རྒྱུ་བ་དང་མི་རྒྱུ་བའི་སེམས་ཅན་རྣམས་ཀྱི་རྟེན་པའི་བྱེད་རྒྱུ་ཡིན་ཏེ། དེ་རྣམས་འཐུར་དུ་ལྟུང་བའི་གེགས་བྱེད་པའི་ཕྱིར་རོ། །སྒྲོན་མེ་ནི། མུན་ཁུང་གི་གཟུགས་རྣམས་ཀྱི་གསལ་བའི་བྱེད་རྒྱུ་ཡིན་ཏེ། རང་འཛིན་ཤེས་པའི་ཡུལ་དུ་གསལ་བར་བྱེད་པའི་ཕྱིར་རོ། །མེ་ནི་བུད་ཤིང་གི་འགྱུར་བའི་བྱེད་རྒྱུ་ཡིན་ཏེ། བུད་ཤིང་གི་རིགས་རྒྱུན་སོལ་བ་ལ་སོགས་པ་རྣམས་པ་གཞན་དུ་འགྱུར་བར་བྱེད་པའི་ཕྱིར་རོ། །

ཟོར་བ་ནི་རྔ་བར་བྱ་བ་རྩྭ་དང་སོག་མ་ལ་སོགས་པའི་འབྲལ་བའི་བྱེད་རྒྱུ་ཡིན་ཏེ། དེ་རྣམས་འབྲེལ་པ་གཉིས་སུ་གཅོད་པར་བྱེད་པའི་ཕྱིར་རོ། གསེར་མགར་ལ་སོགས་པ་བཟོའི་གནས་ལ་མཁས་པ་རྣམས་ནི། གསེར་དངུལ་ལ་སོགས་པའི་སྒྱུར་བའི་བྱེད་རྒྱུ་ཡིན་ཏེ། གསེར་སྦྲམ་ལ་སོགས་གདུ་བུ་དང་མགུལ་བརྒྱན་ལ་སོགས་པ་ཆ་ཤས་གཞན་དང་གཞན་དུ་སྒྱུར་བར་བྱེད་པའི་ཕྱིར་རོ། །དུ་བ་ནི་ལྐོག་ཏུ་གྱུར་པའི་མེའི་ཡིད་ཆེས་པའི་བྱེད་རྒྱུ་ཡིན་ཏེ། དེ་ལས་ལྐོག་གྱུར་གྱི་མེ་རྗེས་སུ་དཔོག་པར་བྱེད་པའི་ཕྱིར་རོ། །དམ་བཅའ་དང་གཏན་ཚིགས་དང་། དཔེ་རྣམས་ནི། རྒོལ་བའི་འདོད་ཡུལ་དུ་བྱས་པའི་བསྒྲུབ་བྱ་སྒྲུབ་པའི་ཡིད་ཆེས་པར་བྱེད་པའི་བྱེད་རྒྱུ་ཡིན་ཏེ། དེ་རྣམས་ལ་བརྟེན་ནས་སྒྲུབ་བྱ་ཡང་དག་པར་ངེས་པར་བྱེད་པའི་ཕྱིར་རོ། །སྔ་མ་ནི་དོན་ཡིན་ལ། ཕྱི་མ་ནི་སྒྲུབ་ངག་གི་དབང་དུ་བྱས་པ་ཡིན་ནོ། །འཕགས་པའི་ལམ་ནི་མྱ་ངན་ལས་འདས་པའི་འཐོབ་པའི་བྱེད་རྒྱུ་ཡིན་ཏེ། དེས་དེ་ཐོབ་པར་བྱེད་པའི་ཕྱིར་རོ། །ལྟོ་ལྡིར་བ་ལ་སོགས་པ་དོན་རྣམས་ཀྱི་ཐུན་མོང་མ་ཡིན་པའི་མཚན་མ་མཐོང་ཞིང་ཡོངས་སུ་གཅོད་པར་བྱེད་པའི་འདུ་ཤེས་དང་། དེའི་རྗེས་སུ་འབྲང་བའི་བུམ་པ་ཞེས་པ་ལ་སོགས་པའི་མིང་རྣམས་ནི། དོན་རྣམས་ལ་མིང་འདི་ཞེས་ཐ་སྙད་འདོགས་པའི་བྱེད་རྒྱུ་ཡིན་ཏེ། དེ་དག་ལ་བརྟེན་ནས་མིང་གི་ཐ་སྙད་རྗེས་སུ་འདོགས་པའི་ཕྱིར་རོ། །བཀྲེས་པ་ནི། ཁ་ཟས་ཀྱི་ལྟོས་པའི་བྱེད་རྒྱུ་ཡིན་ཏེ། བཀྲེས་པ་ལ་ལྟོས་ནས་ཟས་དོན་དུ་གཉེར་བ་འབྱུང་བའི་ཕྱིར་རོ། །མ་རིག་པ་ནི་རྒ་ཤིའི་འཕེན་བྱེད་ཀྱི་རྒྱུ་ཡིན་ནོ། །དེའི་རྒྱང་རིང་པོའི་རྐྱེན་ཡིན་པའི་ཕྱིར་ཏེ། དེའི་རྒྱུ་ལས་བྱུང་བ་གནས་སྐབས་གཅིག་ནས་གཅིག་དུ་རྒྱུད་དེ་འབྱུང་བ་འཕེན་པར་བྱེད་པའི་ཕྱིར་རོ། །མ་རིག་པ་ནི་འདུ་བྱེད་རྣམས་ཀྱི་མངོན་པར་འགྲུབ་པའི་བྱེད་རྒྱུ་ཡིན་ཏེ། དེ་མ་ཐག་དུ་འབྱུང་བའི་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །ཞིང་དང་ཆུ་ལུད་ལ་སོགས་པ་ས་བོན་དེ་ལས་གཞན་པའི་རྐྱེན་རྣམས་ནི་ལོ་ཏོག་གི་ཡོངས་སུ་འཛིན་པའི་བྱེད་རྒྱུ་ཡིན་ཏེ། དེ་རྣམས་ཀྱིས་ས་བོན་དེ། འབྲས་བུ་ལོ་ཏོག་འབྱུང་བ་ལ་མཐུ་དང་ལྡན་པར་བྱས་པའི་ཕྱིར་རོ། །རྒྱལ་པོ་སོགས་ལ་ལུས་ངག་གི་སྲིད་ཞུ་བྱེད་པ་ལ་སོགས་པའི་སྒོ་ནས་ལེགས་པར་བརྟེན་པ་གང་ཡིན་པ་དེ་ནི་རྒྱལ་པོའི་ནང་མི་དང་འཁོར་དུ་ཆུད་པར་བྱེད་པའི་རྒྱུ་ཡིན་ཏེ། རྒྱལ་པོ་མཉེས་པར་བྱེད་པའི་མཐུན་པའི་རྐྱེན་ཡིན་པའི་ཕྱིར་རོ། །

འགྲོ་བ་ལྔ་པོ་དག་གི་རིས་མཐུན་སོ་སོར་བསྐྱེད་པར་བྱེད་པའི་རྐྱེན་ལས་སོ་སོ་ཐ་དད་པ་རྣམས་ནི། འགྲོ་བ་ལྔ་པོ་རང་བཞིན་སོ་སོར་ངེས་པར་བྱེད་པའི་བྱེད་རྒྱུ་ཡིན་ཏེ། དེ་རྣམས་རིས་སོ་སོར་བསྐྱེད་པར་བྱེད་པའི་བདག་པོའི་རྐྱེན་སྣ་ཚོགས་པ་ཡིན་པའི་ཕྱིར་རོ། །མིག་གི་དབང་པོ་མ་ཉམས་པ་དང་ཡུལ་གཟུགས་སྣང་བ་དང་། ཡིད་ལ་བྱེད་པ་ཡང་ཉེ་བར་གནས་པ་གང་ཡིན་པ་དེ་ནི་མིག་གི་རྣམ་པར་ཤེས་པ་བསྐྱེད་པ་ལ་ལྷན་ཅིག་བྱེད་པའི་བྱེད་རྒྱུ་ཡིན་ཏེ་དེའི་རྐྱེན་མ་ལུས་པ་ཚོགས་པས་རང་གི་འབྲས་བུ་འགྲུབ་པར་བྱེད་པ་རྐྱེན་གཞན་ལ་མི་ལྟོས་པའི་ཕྱིར་རོ། །སེར་བ་ལ་སོགས་པ་ནི་ལོ་ཏོག་གི་མི་མཐུན་པའི་བྱེད་རྒྱུ་ཡིན་ཏེ། དེ་འཕེལ་བའི་བར་ཆད་བྱེད་པའི་ཕྱིར་རོ། །བར་ཆད་བྱེད་པའི་སེར་བ་ལ་སོགས་པ་དེ་དག་མེད་པར་གནས་པ་ནི། ལོ་ཏོག་གི་མི་མཐུན་པ་མ་ཡིན་པའི་བྱེད་རྒྱུ་ཡིན་ཏེ། ལོ་ཏོག་འཕེལ་བ་ལ་བར་ཆད་མི་བྱེད་པའི་ཕྱིར་རོ། །ས་ལ་སོགས་པའི་འབྱུང་བ་རྣམས་ནི་རང་དང་ལྷན་ཅིག་པའི་འབྱུང་གྱུར་གྱི་གཟུགས་རྣམས་དང་། ཚོགས་པ་གཅིག་པའི་འབྱུང་བ་ནང་ཕན་ཚུན་གྱིས་ཀྱང་གྲོགས་སམ་ལྷན་ཅིག་འབྱུང་བའི་རྒྱུ་ཡིན་ཏེ། རང་དང་ལྷན་ཅིག་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པའི་ཆོས་གང་རང་དང་ལྷན་ཅིག་པའི་ས་ལ་སོགས་པའི་འབྱུང་བ་གཞན་གྲོགས་སུ་ཡོད་ན་འབྱུང་གི་དེ་དག་ལས་གང་ཡང་རུང་བ་གཅིག་གྲོགས་སུ་མེད་ན་ཡང་མི་འབྱུང་བ་ཡིན་པའི་ཕྱིར་རོ། །དེ་ལ་འབྱུང་བ་རྣམས་ཁོ་ན་རང་དང་ལྷན་ཅིག་པའི་འབྱུང་བ་དང་འབྱུང་བ་ལས་གྱུར་པ་རྣམས་ཀྱི་ལྷན་ཅིག་འབྱུང་བའི་རྒྱུར་འགྱུར་བ་ཡིན་གྱི། འབྱུང་བ་ལས་གྱུར་པའི་གཟུགས་རྣམས་ནི་མ་ཡིན་ཏེ། འབྱུང་གྱུར་གྱི་གཟུགས་རྣམས་ས་གཞན་དུ་འཕོས་ཀྱང་འབྱུང་བ་རྣམས་དམིགས་པའི་ཕྱིར་རོ། །འབྱུང་བ་དང་འབྱུང་འགྱུར་ནི་དཔེར་བརྗོད་པ་ཙམ་དུ་ཟད་ཀྱི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱང་གང་ཡང་རུང་བ་གཅིག་མེད་ན་ཡང་མི་འབྱུང་བ་ཡིན་པར་རིག་པར་བྱའོ། །དེ་ལྟར་ན་ལྷན་ཅིག་འབྱུང་བའི་རྒྱུར་འདུས་པས། མཚུངས་ལྡན་གྱི་རྒྱུ་ལོགས་སུ་སྨོས་པ་དོན་མེད་དོ་ཞེ་ན། ཉེས་པ་མེད་དེ། དམིགས་པ་རྟོགས་པ་ལ་ཕན་ཚུན་ས་ཉེ་བར་སྦྱོར་བས་བྱེད་པ་ལྷག་པོ་ཡོད་པའི་ཕྱིར་རོ། །

རྟེན་དང་དམིགས་པ་སོགས་མཚུངས་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ནི། མཐུན་པར་རྟོགས་པའམ། མཚུངས་པར་ལྡན་པའི་རྒྱུ་ཡིན་ཏེ། སེམས་དང་སེམས་ལས་བྱུང་བའི་ཆོས་གང་དག་གྲོགས་སུ་ཡོད་ན། གྲོགས་དང་གྲོགས་ཅན་གཉིས་ཀས་དམིགས་པ་མཐུན་པར་རྟོགས་ལ། གང་ཡང་རུང་བ་གཅིག་མེད་ན་ཡང་རྟོགས་པ་མ་ཡིན་པའི་ཕྱིར་རོ། །སྔོན་གོམས་པར་བྱས་པའི་དད་པ་ལ་སོགས་པའི་དགེ་བ་རྣམས་དང་། འདོད་ཆགས་ལ་སོགས་པའི་མི་དགེ་བ་རྣམས་དང་། བཟོ་དང་སྤྱོད་ལམ་ལ་སོགས་པའི་ལུང་དུ་མ་བསྟན་པའི་ཆོས་གང་ཡིན་པ་དེ་རྣམས་ནི། དེ་དག་སྒོམས་པའི་སྟོབས་ཀྱིས་ཕྱི་མའི་མཐར་དགེ་བ་ལ་སོགས་པའི་ཆོས་རྣམས་གོང་ནས་གོང་དུ་རྒྱས་པ་དང་། དེའི་འོག་ཏུ་མཆོག་དུ་རྒྱས་པར་འབྱུང་བ་གང་ཡིན་པ་དེ་དག་གི་རྒྱས་པའམ་སྐལ་མཉམ་གྱི་རྒྱུ་ཡིན་ཏེ། དགེ་སོགས་སུ་ཆོས་མཐུན་པའི་འབྲས་བུ་གོང་ནས་གོང་དུ་འཕེལ་བར་བྱེད་པའི་རྒྱུ་ཡིན་པའི་ཕྱིར་རོ། །སྔོན་གོམས་པར་བྱས་པའི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ནི། དེ་རྣམས་གོམས་པར་བྱས་པའི་སྟོབས་ཀྱིས། ཕྱི་མའི་མཐར་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་གཞན་གོང་ནས་གོང་དུ་འཕེལ་ཞིང་རྒྱས་པ་དེ་རྣམས་ཀྱི། བར་དུ་གཅོད་པའམ། ཀུན་དུ་འགྲོ་བའི་རྒྱུ་ཡིན་ཏེ། གང་ཡང་མྱ་ངན་ལས་འདས་པའི་རྒྱུད་ཐག་སྲིང་བར་བྱེད་པའི་རང་གི་འབྲས་བུ་ཉོན་མོངས་ཅན་གྱི་རྒྱུན་རྒྱས་པར་བསྟན་པར་བྱེད་པའི་ཕྱིར་རོ། །འདི་ནི་ཐར་པ་ཐོབ་པའི་བར་དུ་གཅོད་པའི་འབྲས་བུ་འཕེལ་བར་བྱེད་པས་ཉེས་དམིགས་ཆེ་བའི་ཕྱིར་རྒྱས་པའི་རྒྱུ་ལས་ལོགས་སུ་རྣམ་པ་བཞག་གོ །མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པའི་ཆོས་རྣམས་ནི། ཡོངས་སུ་འཛིན་པའམ། རྣམ་པར་སྨིན་པའི་རྒྱུ་ཡིན་ཏེ། ཕྱི་མ་བདེ་འགྲོ་འམ། ངན་འགྲོའི་རྣམ་སྨིན་གྱི་ལུས་ཡོངས་སུ་འཛིན་པར་བྱེད་པའི་ཕྱིར་རོ། །དགེ་བ་ཟག་པ་དང་བཅས་པ་སྨོས་པ་ནི། ཟག་མེད་རྣམས་ནི་སྐྱེ་བ་དང་མི་མཐུན་པའི་ཕྱིར་དང་། སྲེད་པའི་རླན་དང་བྲལ་བའི་ཕྱིར། རླན་དང་བྲལ་བའི་ས་བོན་དྲུང་པོ་བཞིན་དུ་རྣམ་པར་སྨིན་པ་མི་འབྱིན་པ་ཡིན་ལ། ལུང་དུ་མ་བསྟན་པ་ནི་ས་བོན་རུལ་བ་བཞིན་དུ་རང་བཞིན་གྱིས་མཐུ་ཆུང་བའི་ཕྱིར་རྣམ་སྨིན་འབྱིན་པའི་མཐུ་མེད་པ་ཡིན་ནོ། །རྒྱུ་དྲུག་པོ་དེ་དག་ལས་སྐྱེས་པའི་འབྲས་བུ་ཡང་ལྔ་སྟེ། བྲལ་བའི་འབྲས་བུ་དང་། རྒྱུ་མཐུན་པའི་འབྲས་བུ་དང་། སྐྱེས་བུ་བྱེད་པའི་འབྲས་བུ་དང་། བདག་པོའི་འབྲས་བུ་དང་། རྣམ་པར་སྨིན་པའི་འབྲས་བུའོ། །དེ་ལ་བྲལ་བའི་འབྲས་བུ་གང་ཞེ་ན། འཇིག་རྟེན་ལས་འདས་པའི་ལམ་གྱིས་སྤང་བྱའི་ས་བོན་བཅོམ་པའི་སྤངས་པ་སོ་སོར་བརྟགས་པའི་འགོག་པས་བསྡུས་པ་གང་ཡིན་པའོ། །དེ་ནི་འཐོབ་པར་བྱེད་པའི་བྱེད་རྒྱུའི་འབྲས་བུ་ཡིན་གྱི་རྒྱུ་གཞན་གྱི་ནི་མ་ཡིན་ནོ། །

བྱེད་རྒྱུ་དེས་ཀྱང་སྤངས་པ་དེ་ཐོབ་པར་བྱས་པའི་ཕྱིར་དེའི་རྒྱུ་ཡིན་གྱི་ཁྱད་པར་གཞན་གྱི་བསྐྱེད་པའི་ཕྱིར་ནི་མ་ཡིན་ཏེ། དངོས་པོར་མེད་པའི་ཕྱིར་རོ། །རྒྱུ་མཐུན་པའི་འབྲས་བུ་གང་ཞེ་ན། རྒྱུ་དང་རིགས་མཐུན་པའི་འབྲས་བུ་གང་ཡིན་པའོ། །དེ་ནི་སྐལ་མཉམ་དང་ཀུན་འགྲོའི་རྒྱུ་ལས་སྐྱེའི་གཞན་རྣམས་ལས་མ་ཡིན་ནོ། །སྐྱེས་བུ་བྱེད་པའི་འབྲས་བུ་གང་ཞེ་ན། རྒྱུའི་རྩལ་གྱིས་དྲངས་པའི་འབྲས་བུ་གང་ཡིན་པའོ། །དེ་ནི་བྱེད་རྒྱུས་རབ་ཏུ་ཕྱེ་བ་ཡིན་ནོ། །བདག་པོའི་འབྲས་བུ་གང་ཞེ་ན། རྒྱུ་གང་གིས་དབང་སྒྱུར་བར་བྱ་བའི་འབྲས་བུའོ། །དེ་ནི་བདག་པོའི་རྐྱེན་གྱིས་རབ་ཏུ་ཕྱེ་བ་ཡིན་ནོ། །རྣམ་པར་སྨིན་པའི་འབྲས་བུ་གང་ཞེ་ན། རྒྱུ་དགེ་མི་དགེ་དང་རིགས་མི་འདྲ་བར་མ་སྒྲིབས་ལུང་མ་བསྟན་གྱི་ངོ་བོར་ཡོངས་སུ་གྱུར་པ་སེམས་ཅན་དུ་བགྲང་བའོ། །དེ་ནི་རྣམ་པར་སྨིན་པའི་རྒྱུས་རབ་ཏུ་ཕྱེ་བ་ཡིན་ནོ། །དེ་ལ་བྲལ་བའི་འབྲས་བུ་ནི་དུས་ཀྱིས་མ་བསྡུས་སོ། །སྐྱེས་བུ་བྱེད་པ་དང་། བདག་པོའི་འབྲས་བུ་ནི་རྒྱུ་དང་དུས་མཉམ་པ་ད་ལྟར་བ་ཡང་ཡོད། མི་མཉམ་པ་མ་འོངས་པ་ཡང་ཡོད་དོ། །རྒྱུ་མཐུན་དང་། རྣམ་པར་སྨིན་པའི་འབྲས་བུ་ནི་རྒྱུ་ལས་དུས་ཕྱིས་འབྱུང་བ་ཁོ་ན་ཡིན་ནོ། །ཐ་སྙད་པ་དང་ཡང་དག་པའི་རྒྱུའི་རྐྱེན་མ་ལུས་པ་བཤད་ཟིན་ཏོ། །

ད་ནི་དེ་མ་ཐག་པའི་རྐྱེན་བཤད་པར་བྱ་སྟེ། དེ་ལ་སེམས་སྔ་མ་རྣམས་ནི། རང་དང་རིགས་མཐུན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་མ་འོངས་པ་འབྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་ལྟའོ། །འབྲས་བུ་གང་གི་ཞེ་ན། རང་གི་འཇུག་ཐོགས་སུ་འབྱུང་བཞིན་པའི་སེམས་དང་སེམས་ལས་བྱུང་བ་གཞན་རྣམས་ཀྱིའོ། །རང་གི་མཇུག་ཐོགས་སུ་འབྱུང་བ་ཐམས་ཅད་ཀྱི་མ་ཡིན་གྱི་དེ་མ་ཐག་དུ་འབྱུང་བའོ། །སེམས་དང་སེམས་ལས་བྱུང་བའི་ཆོས་ཐམས་ཅད་དེ་མ་ཐག་པའི་རྐྱེན་དུ་འགྱུར་རམ་ཞེ་ན། འགའ་ཞིག་རྒྱུན་མ་འཆད་པར་འབྱུང་བར་འགྱུར་བ་གང་ཡིན་པ་དེ་དག་མཚུངས་པ་དེ་མ་ཐག་པའི་རྐྱེན་དུ་འགྱུར་གྱི་གང་ཡང་དགྲ་བཅོམ་པ་ཐ་མའི་སེམས་ལྟ་བུ་ཕྱི་ལོགས་སུ་རྒྱུད་ཆད་པར་འགྱུར་བ་དེ་དག་ནི་མ་ཡིན་ནོ། །དེ་མ་ཐག་པ་ཞེས་པ་ཡང་སྐད་ཅིག་གཞན་གྱིས་བར་ཆད་པ་མེད་པ་ནི་མ་ཡིན་གྱི་འོན་ཀྱང་། རིགས་མཐུན་པའི་སེམས་གཞན་གྱི་བར་ཆད་མེད་པ་ཡིན་ཏེ། དཔེར་ན་སྐྱེད་མོའི་ཚལ་ལ་སོགས་པ་གཞན་གྱིས་བར་ཆོད་ཀྱང་ཁང་པ་རིགས་མཐུན་གཞན་གྱིས་མ་ཆོད་པ་ལ་བསམས་ནས་ལྷས་སྦྱིན་གྱི་ཁང་པའི་དེ་མ་ཐག་པ་ན་མཆོད་སྦྱིན་གྱི་ཁང་པ་ཡོད་ཅེས་སྨྲ་བ་ལྟ་བུའོ། །གཞན་དུ་སྙོམས་པར་འཇུག་པའི་སེམས་ནི་སེམས་མེད་པའི་སྙོམ་འཇུག་ལས་ལངས་མ་ཐག་པའི་སེམས་ཀྱིས་དེ་མ་ཐག་པའི་རྐྱེན་དུ་མི་འགྱུར་བར་རིགས་ན་དེ་ཡང་མ་ཡིན་ཏེ། དེ་ལས་གཞན་པའི་དེ་མ་ཐག་པའི་རྐྱེན་མ་དམིགས་པའི་ཕྱིར་རོ། །ཅིའི་ཕྱིར་འགགས་ནས་རིང་དུ་ལོན་པའི་སེམས་སྔ་མ་ནི་སེམས་ཕྱི་མའི་རྐྱེན་དུ་འགྱུར་ཞེ་ན། སྔ་མ་འགགས་པའི་སྟོབས་ཀྱིས་ཕྱི་མ་སྐྱེ་བའི་གོ་རྙེད་པའི་ཕྱིར་སྔ་མ་འགགས་པ་ཡང་ཕྱི་མའི་རྐྱེན་དུ་འགྱུར་བ་ཡིན་གྱི་གཞན་དུ་ན། སྔ་མ་མ་འགགས་པར་ཕྱི་མ་སྐྱེ་བའི་གོ་མི་རྙེད་དེ། ཤེས་པ་རིགས་མཐུན་དུ་མ་རྒྱུད་གཅིག་ལ་གཅིག་ཅར་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར་རོ། །

འདི་ནི་སྔར་རྒྱས་པར་བཤད་ཟིན་པའི་ཕྱིར་ཡང་མི་སྤྲོའོ། །འོ་ན་དགེ་བ་ལ་སོགས་པའི་ཆོས་དང་འདོད་པ་ལ་སོགས་པའི་ཁམས་དང་ས་མཐུན་པ་རྣམས་ཁོ་ན་རྐྱེན་དང་རྐྱེན་ཅན་དུ་འགྱུར་རམ་ཞེ་ན། མ་ཡིན་ཏེ། མཐུན་པ་དང་མི་མཐུན་པ་ཅི་རིགས་པའི་དེ་མ་ཐག་པའི་རྐྱེན་དུ་འགྱུར་ཏེ། འདི་ལྟར། དགེ་བའི་སེམས་ནི། རང་དང་མཐུན་པ་དགེ་བ་རྣམས་དང་། མི་མཐུན་པ་མི་དགེ་བ་དང་ལུང་དུ་མ་བསྟན་པ་རྣམས་ཀྱི་ཡང་དེ་མ་ཐག་པའི་རྐྱེན་དུ་འགྱུར་རོ། །དེ་བཞིན་དུ་མི་དགེ་བ་དང་ལུང་དུ་མ་བསྟན་པ་ཡང་། རང་དང་གཞན་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་འགྱུར་བར་ལྟ་བར་བྱའོ། །དེ་བཞིན་དུ་འདོད་པ་ན་སྤྱོད་པ་རྣམས་ནི་འདོད་པ་ན་སྤྱོད་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དང་། ཟག་པ་མེད་པའི་སེམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་འགྱུར་རོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱང་། ཁམས་གསུམ་ཀ་དང་། ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དེ་མ་ཐག་པའི་རྐྱེན་དུ་འགྱུར་རོ། །ཟག་པ་མེད་པའི་སེམས་དང་སེམས་བྱུང་རྣམས་ཀྱང་ཁམས་གསུམ་དང་ཟག་པ་མེད་པའི་སེམས་དང་སེམས་ལས་བྱུང་བའི་དེ་མ་ཐག་པའི་རྐྱེན་དུ་འགྱུར་རོ། །དེ་ནི་རགས་པའི་རྣམ་པར་བཞག་པ་ཙམ་མོ། །ཞིབ་མོར་དཔྱད་པ་ནི་འདི་ཡིན་ཏེ་འདི་ལྟར། མདོར་སྡུས་ན་སེམས་དང་སེམས་ལས་བྱུང་བའི་ཆོས་འདི་རྣམས་ནི་གཞིར་འགྱུར་ཏེ། ཁམས་གསུམ་ན་སྤྱོད་པ་དང་། ཟག་པ་མེད་པའོ། །

དེ་ལ་འདོད་པའི་ཁམས་ན་ནི་གསུམ་སྟེ། དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའོ། །གཟུགས་དང་གཟུགས་མེད་པའི་ཁམས་ན་ནི། མི་དགེ་བ་བོར་བ་གཉིས་སོ། །ཁམས་གསུམ་གྱི་དགེ་བ་རྣམས་ནི་སྐྱེ་བས་ཐོབ་པ་དང་སྦྱོར་བ་ལས་བྱུང་བ་གཉིས་གཉིས་སོ། །ལུང་དུ་མ་བསྟན་རྣམས་ཀྱང་། སྒྲིབས་པ་དང་མ་སྒྲིབ་པ་གཉིས་གཉིས་སོ། །མ་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡང་འདོད་པ་ན། བཟོ་གནས་པ་དང་། སྤྱོད་ལམ་པ་དང་། སྤྲུལ་པ་དང་། རྣམ་སྨིན་ལས་སྐྱེས་པ་བཞི་ཡིན་ནོ། །གཟུགས་ཀྱི་ཁམས་ན། བཟོ་མ་གཏོགས་གཞན་གསུམ་མོ། །གཟུགས་མེད་པ་ན་རྣམ་སྨིན་ལས་སྐྱེས་པ་གཅིག་པུའོ། །ཟག་པ་མེད་པ་ཡང་གཉིས་ཏེ། སློབ་པ་དང་མི་སློབ་པའོ། །དེ་ལྟར་ན་འདོད་པ་ན་སྤྱོད་པ་ནི་བདུན་ནོ། །གཟུགས་ན་སྤྱོད་པ་ནི་དྲུག་གོ །གཟུགས་མེད་པ་ན་སྤྱོད་པ་ནི་བཞིའོ། །ཟག་པ་མེད་པ་གཉིས་ཏེ། ཆོས་བཅུ་དགུ་པོ་འདི་དག་གང་གིས་འཇུག་ཐོགས་སུ་གང་འབྱུང་ཞེ་ན། དེ་ལ་འདོད་པ་ན་སྤྱོད་པའི་དགེ་བ་སྦྱོར་བ་ལས་བྱུང་བའི་འཇུག་ཐོགས་སུ་ནི་སྤྲུལ་སེམས་མ་གཏོགས་པ་རང་སའི་ཆོས་དྲུག་པོ་འབྱུང་བར་རིགས་པར་བྱ་སྟེ། སྤྲུལ་པའི་སེམས་ནི་རྣམ་པ་ཐམས་ཅད་དུ་དག་པའི་བསམ་གཏན་ཁོ་ནའི་འཇུག་ཐོགས་སུ་འབྱུང་བའི་ཕྱིར་འདོད་པའི་སེམས་ལས་སྐྱེ་བ་མ་ཡིན་ནོ། །སྐྱེས་ཐོབ་དང་ལས་ལས་སྐྱེས་པ་སོགས་ཀྱི་སྤྲུལ་སེམས་ནི་རྣམ་སྨིན་ལས་སྐྱེས་པ་ལ་སོགས་པར་འདུ་བའི་ཕྱིར་ཉེས་པ་མེད་དོ། །གཟུགས་དང་གཟུགས་མེད་པའི་དགེ་བ་སྦྱོར་བྱུང་དང་སློབ་པ་ཟག་མེད་ཀྱང་འབྱུང་སྟེ། གང་གི་ཚེ་འདིར་ཟག་པ་དང་བཅས་པ་དང་། ཟག་པ་མེད་པའི་ཏིང་ངེ་འཛིན་ལ་སྙོམས་པར་འཇུག་པ་དེའི་ཚེ་ནའོ། །གཟུགས་དང་གཟུགས་མེད་པ་ན་སྤྱོད་པའི་ཉོན་མོངས་ཅན་ཡང་འབྱུང་སྟེ། གང་གི་ཚེ། འདི་ནས་ཤི་འཕོས་ནས་དེ་དག་དུ་ཉིང་འཚམས་སྦྱོར་བ་དེའི་ཚེ་ནའོ། །མི་སློབ་པ་ཟག་མེད་འཇིག་རྟེན་ལས་འདས་པའི་རང་བཞིན་ནི་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཁོ་ནའི་མཇུག་ཐོགས་སུ་འབྱུང་བའི་ཕྱིར་འདོད་པའི་སེམས་ལས་མི་འབྱུང་ལ། འཇིག་རྟེན་པ་ཀུན་རྫོབ་ཤེས་པའི་རང་བཞིན་ནི་འབྱུང་བ་ཡང་སྲིད་དོ། །

སྤྲུལ་སེམས་མ་གཏོགས་པ་འདོད་པའི་གཞན་དྲུག་གི་མཇུག་ཐོགས་སུ་ཡང་སྤྲུལ་སེམས་མ་གཏོགས་པ་རང་སའི་ཆོས་དྲུག་པོ་འབྱུང་ཞིང་། དགེ་བ་སྐྱེས་ཐོབ་དང་། རྣམ་སྨིན་སྐྱེས་ཀྱི་འཇུག་དུ་གོང་མ་གཉིས་ཀྱི་ཉོན་མོངས་པ་འབྱུང་སྲིད་ཏེ། འཆི་འཕོ་བའི་ཚེ་ནའོ། །སྤྲུལ་པའི་སེམས་ཀྱི་འཇུག་ཐོགས་སུ་ནི་རང་དང་། སྤྲུལ་སེམས་དང་། གཟུགས་ཀྱི་དགེ་བ་སྦྱོར་བྱུང་འབའ་ཞིག་འབྱུང་སྟེ། སྤྲུལ་པ་དག་ནི་བསམ་གཏན་ལ་མཉམ་པར་བཞག་ནས་སྐྱེད་ཅིང་། བསམ་གཏན་ལ་མཉམ་པར་བཞག་ནས་སླར་བསྡུད་པའི་ཕྱིར་རོ། །གཟུགས་ཀྱི་དགེ་བ་སྦྱོར་བྱུང་གི་མཇུག་ཐོགས་སུ་ནི་རང་སའི་ཆོས་དྲུག་དང་། འདོད་པའི་དགེ་བ་སྦྱོར་བྱུང་དང་། སྤྲུལ་པའི་སེམས་རྣམས་འབྱུང་སྟེ། གང་གི་ཚེ་འདིར་གཟུགས་ཀྱི་སྙོམས་འཇུག་ལས་ལྡང་བའི་ཚེ་ནའོ། །གཟུགས་མེད་ཀྱིས་དགེ་བ་སྦྱོར་བྱུང་དང་། སློབ་པ་ཟག་མེད་ཀྱང་འབྱུང་སྟེ། དེའི་མཇུག་ཐོགས་སུ་དེ་དང་དེ་ལ་སྙོམས་པར་འཇུག་པའི་ཚེ་ནའོ། །འདོད་པ་དང་གཟུགས་མེད་པའི་ཉོན་མོངས་ཅན་ཡང་འབྱུང་བ་སྲིད་དེ། གང་གི་ཚེ་གཟུགས་ནས་ཤི་འཕོས་ནས་ཁམས་གོང་འོག་དག་དུ་ཉིང་འཚམས་སྦྱོར་བ་དེའི་ཚེ་ནའོ། །དགེ་བ་སྐྱེས་ཐོབ་དང་རྣམས་སྨིན་སྐྱེས་ཀྱི་མཇུག་ཐོགས་སུ་རང་སའི་ཆོས་ལྔ་འབྱུང་སྟེ་སྤྲུལ་སེམས་མ་གཏོགས་སོ། །གོང་འོག་གཉིས་ཀྱི་ཉོན་མོངས་ཅན་ཡང་འབྱུང་སྟེ། དེ་དང་དེར་འཆི་བའི་ཚེ་ནའོ། །ཉོན་མོངས་ཅན་ལས་ནི་སྤྲུལ་སེམས་མ་གཏོགས་པ་རང་སའི་ཆོས་ལྔ་འབྱུང་ཞིང་། གོང་འོག་གི་ཉོན་མོངས་ཅན་ཡང་འབྱུང་སྟེ། འཆི་འཕོ་བའི་ཚེ་ནའོ། །འདོད་པའི་དགེ་བ་སྦྱོར་བྱུང་ཡང་སྲིད་དེ། ཉོན་མོངས་ཅན་གྱི་བསམ་གཏན་ལས་ལྡང་བའི་ཚེ་ནའོ། །སྤྲུལ་པའི་སེམས་ནི་འདོད་པའི་སྤྲུལ་སེམས་ལྟར་རང་དང་དགེ་བ་སྦྱོར་བྱུང་ཁོ་ནའི་རྐྱེན་དུ་འགྱུར་རོ། །སྤྱོད་ལམ་ལས་ནི་སྤྲུལ་སེམས་མ་གཏོགས་པ་རང་སའི་ཆོས་ལྔ་ཁོ་ནའོ། །

གཟུགས་མེད་པའི་དགེ་བ་སྦྱོར་བྱུང་ལས་ནི་རང་སའི་ཆོས་བཞི་དང་། ཐོད་རྒལ་དུ་སྙོམས་པར་འཇུག་པའི་ཚེ་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཡང་ངོ་། །དེར་འཕགས་པའི་ལམ་ལ་སྙོམས་པར་འཇུག་པའི་ཚེ། སློབ་པ་ཟག་མེད་ཀྱང་ངོ་། །དེ་ནས་འོག་མ་གཉིས་སུ་འཆི་འཕོ་བའི་ཚེ་འདོད་པ་དང་གཟུགས་ཀྱི་ཉོན་མོངས་ཅན་ཡང་ངོ་། །དེའི་ཚེ་གཞན་གསུམ་གྱི་མཇུག་ཐོགས་སུ་ཡང་དེ་དག་འབྱུང་བར་རིག་པར་བྱའོ། །དགེ་བ་སྐྱེས་ཐོབ་དང་རྣམ་སྨིན་སྐྱེས་ལས་རང་སའི་ཆོས་བཞིའོ། །ཉོན་མོངས་ཅན་ལས་རང་སའི་ཆོས་བཞི་དང་། ཉོན་མོངས་ཅན་གྱི་སྙོམ་འཇུག་ལས་ལྡང་བའི་ཚེ་འདོད་པ་དང་གཟུགས་ཀྱི་དགེ་བ་སྦྱོར་བྱུང་ཡང་ངོ་། །སློབ་པ་ཟག་མེད་ལས་ནི་རང་དང་། ཁམས་གསུམ་གསུམ་གྱི་དགེ་བ་སྦྱོར་བྱུང་དང་། མི་སློབ་པ་ཟག་མེད་རྣམས་སོ། །མི་སློབ་པ་ཟག་མེད་ལས་ནི་རང་དང་། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་རྣམས་ཏེ། དེ་ལས་ལྡང་བའི་ཚེ་ནའོ། །ཚུལ་འདིས་ས་དགུ་པོ་རྣམས་ལ་ཡང་རྒྱས་པར་རྩི་བར་བྱ་སྟེ། སྤོབས་པ་སོ་སོ་ཡང་དག་པར་རིག་པ་འཕེལ་བར་བྱ་བའི་ཕྱིར་རོ། །

སེམས་དེ་རྣམས་ཕན་ཚུན་གཅིག་གིས་མཇུག་ཐོགས་སུ་གཅིག་འབྱུང་བ་གང་ཡིན་པ་དེ་ནི་སྟོབས་བཅུས་འབྱུང་བ་ཡིན་ཏེ། འདི་ལྟར་འདྲིས་པའི་སྟོབས་དང་། འདུན་པའི་སྟོབས་དང་། སྦྱོར་བའི་སྟོབས་དང་། སྙོམས་འཇུག་གི་སྟོབས་དང་། འཕེན་པའི་སྟོབས་དང་། རྒྱུའི་སྟོབས་དང་། ཡུལ་གྱི་སྟོབས་དང་། དྲན་པའི་སྟོབས་དང་། ཡིད་ལ་བྱེད་པའི་སྟོབས་དང་། ཉིང་མཚམས་སྦྱོར་བའི་སྟོབས་ཀྱིས་སོ། །དེ་ལ་འདྲིས་པའི་སྟོབས་ནི་རྣམ་པ་གསུམ་སྟེ། ཆུང་ངུ་དང་། འབྲིང་དང་། ཆེན་པོ་གསུམ་མོ། །སྙོམས་པར་འཇུག་པ་དང་། གནས་པ་དང་། ལྡང་བའི་རྒྱུ་རྣམས་མི་མངོན་པའི་ཕྱིར་ཆུང་ངུའོ། །སྔོན་ལེགས་པར་མ་འདྲིས་པའི་ཕྱིར་འབྲིང་ངོ་། །ལེགས་པར་འདྲིས་པའི་ཕྱིར་ཆེན་པའོ། །དེ་ལ་འདྲིས་པ་ཆུང་ངུའི་སྟོབས་ཀྱིས་བསམ་གཏན་དང་གཟུགས་མེད་པ་རྣམས་ལ་མཐར་གྱིས་སྙོམས་པར་འཇུག་པར་རིག་པར་བྱའོ། །འབྲིང་གིས་ནི་གཅིག་གིས་བར་དུ་ཆོད་པའི་ཚུལ་གྱིས་ཐོད་རྒལ་དུ་སྙོམས་པར་འཇུག་པར་རིག་པར་བྱའོ། །

ཆེན་པོས་ནི་ཇི་ལྟར་འདོད་པའམ། ཐམས་ཅད་ལ་ཐོད་རྒལ་དུ་ཞུགས་ནས་ལུགས་དང་མཐུན་པ་དང་ལུགས་དང་མི་མཐུན་པར་སྙོམ་པར་འཇུག་པར་རིག་པར་བྱའོ། །འདུན་པའི་སྟོབས་ཀྱིས་ནི་བསམ་གཏན་གཉིས་པ་ཐོབ་པ་བསམ་གཏན་དང་པོ་ལ་སྙོམ་པར་ཞུགས་ནས། འདོད་ན་གཉིས་པའི་ས་ལས་ལྡང་བའི་སེམས་མངོན་པར་འདུ་བྱེད་ལ། གཞན་དུ་འདོད་ན་ཡང་། འདོད་པ་ན་སྤྱོད་པའི་དགེ་འམ། མ་སྒྲིབས་ལ་ལུང་དུ་མ་བསྟན་པ་མངོན་དུ་བྱེད་དོ། །དེ་བཞིན་དུ་གཞན་ལ་ཡང་རྒྱ་ཆེར་སྦྱར་རོ། །སྦྱོར་བའི་སྟོབས་ཀྱིས་ནི་འདོད་པ་སྤྱོད་པའི་དགེ་བའི་འཇུག་ཐོགས་སུ། ཐོག་མ་ཁོ་ནར་གཟུགས་ན་སྤྱོད་པའི་སེམས་འབྱུང་ངོ་། །མི་ལྕོགས་པ་མེད་པའི་དགེ་བའི་མཇུག་ཐོགས་སུ་དངོས་གཞིའོ། །དེའི་མཇུག་ཐོགས་སུ་བསམ་གཏན་གཉིས་པའི་ཉེར་བསྟོགས་སོ་ཞེས་བྱ་བ་ལ་སོགས་པ་རྒྱས་པར་སྲིད་པའི་རྩེ་མོའི་བར་དུ་རིག་པར་བྱའོ། །སྙོམས་པར་འཇུག་པའི་སྟོབས་ཀྱིས་ནི། རེས་དག་པ་བ་ལ་སྙོམས་པར་འཇུག་པའི་སེམས་ལས་རེས་འགའ་ནི་དག་པ་བ་ཉིད་སྐྱེའོ། །རེས་འགའ་ནི་ཉོན་མོངས་ཅན་ནོ། །འཕེན་པའི་སྟོབས་ཀྱིས་ནི། ཏིང་ངེ་འཛིན་ལས་ལངས་ནས་རྒྱུ་བ་ན་ཇི་སྲིད་དེ་དང་མི་མཐུན་པའི་ཉོན་མོངས་པ་ཀུན་དུ་འབྱུང་བས་ཡོངས་སུ་ཉམས་པར་མ་གྱུར་པ་དེ་སྲིད་དུ་མཉམ་པར་བཞག་པའི་སེམས་དང་། མཉམ་པར་བཞག་པའི་སེམས་སྐད་ཅིག་འདྲེས་མར་རྗེས་སུ་འཇུག་པའོ། །དེ་དང་མི་མཐུན་པའི་ཉོན་མོངས་པ་ནི་རྒྱུ་ལ་སོགས་པ་སྟོབས་བཞིས་ཀུན་དུ་འབྱུང་བར་རིག་པར་བྱའོ། །

དེ་ལ་རྒྱུའི་སྟོབས་ཀྱིས་ནི་གལ་ཏེ་གདོན་མི་ཟ་བར་ཡོངས་སུ་ཉམས་པར་འགྱུར་བའི་ལས་ཀྱི་སྒྲིབ་པ་སྔོན་བསགས་པའོ། །ཡུལ་གྱི་སྟོབས་ཀྱིས་ནི་གལ་ཏེ། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་སྐྱེ་བ་དང་མཐུན་པའི་སྡུག་པ་ལ་སོགས་པའི་མཚན་མ་ཤས་ཆེ་བའི་ཡུལ་སྣང་བར་གྱུར་པའོ། །དྲན་པའི་སྟོབས་ཀྱིས་ནི་དྲན་པའི་ཀུན་དུ་རྟོག་པ་དག་གིས། འདས་པའི་ཡུལ་ལ་འཕྲོ་བར་བྱེད་པའོ། །ཡིད་ལ་བྱེད་པའི་སྟོབས་ཀྱིས་ནི། གལ་ཏེ་སྤྱོད་པ་ཡིད་ལ་བྱེད་པས་སྡུག་པའི་མཚན་མ་གང་ཡང་རུང་བ་ཡིད་ལ་བྱེད་པའོ། །ཉིང་མཚམས་སྦྱོར་བའི་སྟོབས་ཀྱིས་ནི་འཆི་བའི་སེམས་རྣམ་པ་དགུ་ལ་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པའི་ཁམས་གསུམ་དུ་སོ་སོར་འདོད་པ་དང་གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་དག་གོ །དེ་ལ་འདོད་པ་ནས་ཤི་འཕོས་ནས་འདོད་པར་ཉིང་མཚམས་སྦྱོར་བར་འགྱུར་བའི་འཆི་སེམས་འདོད་པའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པར་རིག་པར་བྱའོ། །འདོད་པ་ནས་གཟུགས་དང་གཟུགས་མེད་ཁམས་སུ་ཉིང་མཚམས་སྦྱོར་བའི་འཆི་སེམས་ཡང་། དེ་དང་དེའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པར་རིག་པར་བྱའོ། །དེ་བཞིན་དུ་གཟུགས་ནས་ཤི་འཕོས་ནས་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་འཆི་སེམས་གསུམ་དང་། གཟུགས་མེད་ནས་ཤི་འཕོས་ནས་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་འཆི་སེམས་གསུམ་ལ་ཡང་དེ་བཞིན་སྦྱར་བར་བྱའོ། །

འཆི་བའི་སེམས་དེ་ནི་ཤིན་ཏུ་མི་གསལ་བའི་ཕྱིར་སྒྲིབས་ལ་ལུང་དུ་མ་བསྟན་པ་ཡིན་ལ། སོ་སོ་སྐྱེ་བོ་རྣམས་ནི་དེའི་སྟོབས་ཀྱིས་བར་མ་དོའི་སྲིད་པར་ཉིང་མཚམས་སྦྱོར་རོ། །འཕགས་པ་འདོད་ཆགས་དང་མ་བྲལ་བ་རྣམས་ལ་ནི་ཇི་སྲིད་དུ་སེམས་མི་གསལ་བར་མ་གྱུར་པ་དེ་སྲིད་དུ་ཀུན་དུ་འབྱུང་ཞིང་། དེ་ཡོངས་སུ་ཤེས་ནས་གཉེན་པོས་ཚར་གཅོད་དོ། །འདོད་ཆགས་དང་བྲལ་བ་རྣམས་ལ་ནི་མ་སྤངས་སུ་ཟིན་ཀྱང་། གཉེན་པོ་སྟོབས་ཆེ་བས་ཀུན་དུ་མི་འབྱུང་ཞིང་། བག་ལ་ཉལ་གྱི་སྟོབས་ཀྱིས་ཉིང་མཚམས་སྦྱོར། བར་མ་དོའི་སྲིད་པར་ཉིང་མཚམས་སྦྱོར་བའི་སྐད་ཅིག་མ་ནི་རྟག་ཏུ་མ་སྒྲིབས་ལ་ལུང་མ་བསྟན་ཉིད་དེ། རྣམ་སྨིན་ཡིན་པའི་ཕྱིར་རོ། །དེའི་འོག་ཏུ་ནི་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་རིགས་སུ་སྦྱར་བྱའོ། །བར་མ་དོའི་སྲིད་པའི་འཆི་བའི་སེམས་རྟག་ཏུ་ཉོན་མོངས་ཅན་ཉིད་དེ། འཆི་བའི་སྲིད་པ་བཞིན་ནོ། །སྐྱེ་བའི་ཉིང་མཚམས་སྦྱོར་བའི་སྲིད་པ་ནི་རྟག་ཏུ་མ་སྒྲིབས་ལ་ལུང་དུ་མ་བསྟན་པར་རིག་པར་བྱའོ། །བྱང་ཆུབ་སེམས་པ་སྨོན་ལམ་གྱི་སྟོབས་ཀྱིས་སྐྱེ་བ་རྣམས་ཀྱི་འཆི་བའི་སེམས་ལ་སོགས་པ་ནི་རྟག་དུ་དགེ་བ་ཡིན་པར་རིག་པར་བྱའོ། །ཞེས་པ་ནི། འགྲེལ་པའི་བཤད་པའོ། །འཆི་བའི་སེམས་ནི་ཀུན་གཞིའི་རྣམ་ཤེས་ཡིན་པའི་ཕྱིར་རྟག་ཏུ་མ་སྒྲིབས་ལ་ལུང་མ་བསྟན་ཁོ་ན་ཡིན་པས་འགྲེལ་པའི་བཤད་པ་ལ་འཐད་པ་མེད་དོ། །

འཆི་འཕོ་ཁའི་ཡིད་ཀྱི་རྣམ་ཤེས་ནི་རྟག་ཏུ་ཉོན་མོངས་ཅན་ཡིན་ལ་དེ་ཡང་། གང་དུ་སྐྱེ་འགྱུར་གྱི་ས་པའི་ལུས་ལ་སྲེད་པ་དང་མཚུངས་པར་ལྡན་པས་དེའི་ས་པར་གཏོགས་པ་ཡིན་ལ། དེ་ལྟ་བུའི་སྲེད་པ་དེ་ཡང་རྟེན་ཅིང་འབྲེལ་པར་འབྱུང་བའི་ཡན་ལག་ལེན་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ། །དེ་དང་མཚུངས་པར་ལྡན་པའི་སེམས་ཉོན་མོངས་ཅན་དེ་ནི་ཁམས་གསུམ་ནས་ཁམས་གསུམ་དུ་ཉིང་མཚམས་སྦྱོར་བའི་བྱེ་བྲག་གིས་རྣམ་པ་དགུར་འགྱུར་རོ་ཞེས་བྱ་བ་འདི་འཐད་པ་ཡིན་ནོ། །དེ་མ་ཐག་པའི་རྐྱེན་བཤད་ཟིན་ཏོ། །

དེའི་འོག་ཏུ་དམིགས་པའི་རྐྱེན་བཤད་པར་བཞེད་ནས་དམིགས་པས་ཇི་ལྟ་བུ་ཞེ་ན་ཞེས་སྨོས་ཏེ་དེ་ལ་ཡུལ་ཡོངས་སུ་ཆད་པའི་དམིགས་པ་ནི་རྣམ་པར་ཤེས་པའི་ཚོགས་ལྔའི་དམིགས་པ་གང་ཡིན་པ་སྟེ། དེ་རྣམས་རང་རང་གི་ཡུལ་སོ་སོར་ངེས་པའི་ཕྱིར་རོ། །ཡུལ་ཡོངས་སུ་མ་ཆད་པའི་དམིགས་པ་ནི་ཡིད་ཀྱི་རྣམ་པར་ཤེས་པའི་དམིགས་པ་སྟེ། ཆོས་ཐམས་ཅད་དེའི་དམིགས་པ་ཡིན་པའི་ཕྱིར་རོ། །ཡུལ་ལ་བཀྲ་བར་འཛིན་པ་མེད་པའི་དམིགས་པ་ནི་བརྡ་ལ་མ་བྱང་བའི་ཡིད་ཀྱིས་རྣམ་པར་ཤེས་པའི་དམིགས་པ་སྟེ། མིང་ལས་དོན་ལ་འདིའི་ཞེས་བཀྲ་བར་བྱེད་མི་ནུས་པའི་ཕྱིར་རོ། །ཡུལ་ལ་བཀྲ་བར་འཛིན་པ་ནི་དེ་ལས་བཟློག་པའོ། །དངོས་པོ་དང་བཅས་པའི་ཡུལ་གྱི་དམིགས་པ་ནི་ལྟ་བ་དང་ང་རྒྱལ་དང་དེ་དང་མཚུངས་པར་ལྡན་པའི་ཆོས་རྣམས་མ་གཏོགས་པ་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་ཀྱི་དམིགས་པ་གང་ཡིན་པའོ། །དངོས་པོ་མེད་པའི་ཡུལ་གྱི་དམིགས་པ་ནི་ལྟ་བ་དང་ང་རྒྱལ་མཚུངས་ལྡན་དང་བཅས་པ་རྣམས་ཀྱི་དམིགས་པ་སྟེ། དེ་རྣམས་བདག་ལ་དམིགས་པས་བདག་གཞི་མེད་པའི་ཕྱིར་རོ། །

དངོས་པོའི་དམིགས་པ་ནི་ཟག་པ་མེད་པ་ལ་དམིགས་པ་དང་། སྐལ་བ་མི་མཉམ་པའི་ཁམས་དང་ས་ལ་དམིགས་པ་དང་། མ་འོངས་པའི་དམིགས་པ་གཞི་གཏན་ལ་མ་ཕེབས་པ་ལ་དམིགས་པ་རྣམས་མ་གཏོགས་པ་དེ་ལས་གཞན་པ་རྣམས་ཀྱི་དམིགས་པའོ། །ཀུན་བརྟགས་པའི་དམིགས་པ་ནི་གང་ལ་གཏོགས་པ་རྣམས་ཀྱི་དམིགས་པ་སྟེ། དེ་དག་ནི་རང་གི་ཀུན་བརྟགས་པ་ཙམ་ལ་དམིགས་པའི་ཕྱིར་རོ། །ཕྱིན་ཅི་ལོག་གི་དམིགས་པ་ནི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །ཕྱིན་ཅི་མ་ལོག་པའི་དམིགས་པ་ནི། མི་རྟག་པ་ལ་སོགས་པའི་རྣམ་པ་ཅན་གྱི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པ་གང་ཡིན་པའོ། །ཐོགས་པ་དང་བཅས་པའི་དམིགས་པ་ནི། ཤེས་བྱའི་སྒྲིབ་པ་མ་སྤངས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་དམིགས་པའོ། །ཐོག་པ་མེད་པའི་དམིགས་པ་ནི། ཤེས་བྱའི་སྒྲིབ་པ་སྤངས་པ་རྣམས་ཀྱི་སེམས་དང་སེམས་ལས་བྱུང་བའི་དམིགས་པའོ། །དེ་ལ་ཟག་མེད་ལ་དམིགས་པ་སོགས། དམིགས་པའི་རྐྱེན་རྣམ་པར་གཏན་ལ་དབབ་པ་ནི་འདི་ཡིན་ཏེ། འདི་ལྟར་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་རྣམ་པར་བཞག་པ་དང་། ཡོངས་སུ་ཤེས་པ་དང་། སྤངས་པས་ཀྱང་དམིགས་པ་རྣམ་པར་རིག་པར་བྱའོ། །མཚན་ཉིད་ཀྱིས་ཇི་ལྟ་བུ་ཞེ་ན། དོན་གང་དེར་སྣང་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་འབྱུང་བའི་རྒྱུར་གྱུར་ཅིང་། དེ་དག་བྱུང་ནས་ཀྱང་དོན་དེ་ལ་མངོན་པར་ཞེན་པ་དང་། ཐ་སྙད་འདོགས་པ་དང་། སོ་སོ་རང་གི་རིག་པར་འགྱུར་བ་ནི་དམིགས་པའི་མཚན་ཉིད་དོ། །

རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། སྡོམ་ནི། མེད་ཡོད་དམིགས་མེད་དམིགས་དང་བཅས། །ཡང་དག་ཚུལ་བཞིན་གཉིས་བཟློག་གཞན། །འདྲ་དང་མི་མཐུན་སྣ་ཚོགས་གཅིག །འབྲལ་སྡུས་མཐར་ཕྱིན་ཕྲ་ཉོན་མོངས། །མདོ་སྡེའི་ཚིག་དོན་ཆུང་ངུ་ཆེ། །མཚན་མ་མཚན་མེད་དེ་གཉིས་ནས། །དབང་སྒྱུར་སྐད་ཅིག་རྗེས་སུ་འབྲང་། །དམིགས་པ་ཉི་ཤུ་རྩ་དགུར་དབྱེ། །ཞེས་པའོ་དེ་ལ་མེད་པའི་དམིགས་པ་ནི་འདི་ལྟ་སྟེ་སེམས་དང་སེམས་ལས་བྱུང་བའི་ཆོས་ཕྱིན་ཅི་ལོག་དང་འདས་པ་དང་། མ་འོངས་པ་དང་། རྨི་ལམ་དང་གཟུགས་བརྙན་དང་། སྒྱུ་མ་ལ་སོགས་པའི་དམིགས་པའོ། །ཡོད་པའི་དམིགས་པ་ནི་དེ་ལས་གཞན་པའི་དམིགས་པའོ། །དམིགས་པ་མེད་པའི་དམིགས་པ་ནི་གཟུགས་དང་། སེམས་དང་ལྡན་པ་མ་ཡིན་པ་དང་། འདུས་མ་བྱས་སོ། །དམིགས་པ་དང་བཅས་པའི་དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་སོ། །ཡང་དག་པ་ཉིད་ཀྱི་དམིགས་པ་ནི་དགེ་བའོ། །ལོག་པ་ཉིད་ཀྱི་དམིགས་པ་ནི་ཉོན་མོངས་ཅན་ནོ། །

དེ་གཉིས་ཀ་མ་ཡིན་པ་ནི། མ་སྒྲིབས་ལ་ལུང་དུ་མ་བསྟན་པའོ། །ཚུལ་བཞིན་གྱི་དམིགས་པ་ནི། སེམས་དང་སེམས་ལས་བྱུང་བ་དགེ་བ་རྣམས་ཀྱི་དམིགས་པའོ། །ཚུལ་བཞིན་མ་ཡིན་པའི་དམིགས་པ་ནི་ཉོན་མོངས་ཅན་རྣམས་ཀྱི་དམིགས་པའོ། །དེ་གཉིས་ཀ་མ་ཡིན་པའི་དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་མ་སྒྲིབས་ལ་ལུང་དུ་མ་བསྟན་པ་རྣམས་ཀྱི་དམིགས་པའོ། །འདྲ་བ་རྣམས་ཀྱི་དམིགས་པ་ནི་དགེ་བ་སོགས་ཀྱི། དགེ་བ་ལ་སོགས་པ་དང་། རང་གི་ས་པ་རྣམས་ཀྱི་རང་གི་ས་པ་དང་། ཟག་པ་དང་བཅས་པས་ཟག་པ་དང་བཅས་པ་དང་། ཟག་པ་མེད་པས་ཟག་པ་མེད་པ་རྣམས་སོ། །མི་མཐུན་པའི་དམིགས་པ་ནི་དགེ་བ་ལ་སོགས་པ་རྣམས་ཀྱི་མི་དགེ་བ་ལ་སོགས་པ་རྣམས་དང་། རང་གི་ས་པས་གཞན་གྱི་ས་པ་ལ་དམིགས་པ་སོགས་སོ། །སྣ་ཚོགས་པའི་དམིགས་པ་ནི་སེམས་དང་སེམས་ལས་བྱུང་བའི་ཆོས་རྟོགས་དང་བཅས། སྤྱོད་པ་དང་བཅས་པ་རྣམས་ཀྱི་དམིགས་པའོ། །གཅིག་པུའི་དམིགས་པ་ནི། མི་རྟོག་ཅིང་མི་སྤྱོད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །འབྲལ་བའི་དམིགས་པ་ནི་འདུ་ཤེས་མེད་ས་པ་ལ་སྦྱོར་བའི་སེམས་དང་སེམས་ལས་བྱུང་བའི་ཆོས་རྣམས་དང་། ནམ་མཁའ་དང་རྣམ་ཤེས་མཐའ་ཡས་སྐྱེ་མཆེད་ལ་དམིགས་པ་རྣམས་ཀྱི་དམིགས་པའོ། །སྡུས་པ་ཕྲ་བའི་དམིགས་པ་ནི། ཅི་ཡང་མེད་པའི་སྐྱེ་མཆེད་རྣམས་ཀྱི་དམིགས་པའོ། །མཐར་ཕྱིན་པའི་དམིགས་པ་ནི། འདུ་ཤེས་མེད་འདུ་ཤེས་མེད་མིན་སྐྱེ་མཆེད་པ་རྣམས་ཀྱི་དམིགས་པའོ། །ཉོན་མོངས་པའི་དམིགས་པ་ནི། དེས་དམིགས་པའི་ཕྱིར་དམིགས་པ་ཞེས་བྱའོ། །མདོ་སྡེའི་ཚིག་ལ་ཡོད་པའི་ཆོས་ཀྱི་དམིགས་པ་ནི། གཙུག་ལག་རྣམས་ཀྱི་མིང་ཚིགས་ཡི་གེའི་ཚོགས་རྣམས་སོ། །དོན་གྱི་དམིགས་པ་ནི་དེ་ལ་བརྟེན་པའི་བརྗོད་བྱའི་དོན་གང་ཡིན་པའོ། །ཆུང་ངུའི་དམིགས་པ་ནི། ཉན་ཐོས་ཀྱི་ཐེག་པའོ། །རྒྱ་ཆེན་པོའི་དམིགས་པ་ནི། ཐེག་པ་ཆེན་པོའོ། །མཚན་མའི་དམིགས་པ་ནི། ཞི་གནས་དང་རབ་ཏུ་འཛིན་པ་དང་། བཏང་སྙོམས་ཀྱི་མཚན་མའོ། །མཚན་མ་མེད་པའི་དམིགས་པ་ནི། མྱ་ངན་ལས་འདས་པ་དང་། སྲིད་པའི་རྩེ་མོའོ། །དེ་ཁོ་ནའི་དམིགས་པ་ནི། དེ་བཞིན་ཉིད་དང་། བདེན་པའི་རྣམ་པ་བཅུ་དྲུག་པོ་དེ་དག་གི་དམིགས་པའོ། །གནས་པར་བྱ་བའི་དམིགས་པ་ནི་འགོག་པའི་སྙོམས་པར་འཇུག་པ་ལ་སྦྱོར་བའི་སེམས་དང་སེམས་ལས་བྱུང་བ་རྣམས་ཀྱི་དམིགས་པའོ། །དབང་བསྒྱུར་བའི་དམིགས་པ་ནི། རྣམ་པར་ཐར་པ་ལ་སོགས་པ་རྣམ་པ་ཐམས་ཅད་མཁྱེན་པ་ལ་ཐུག་གི་བར་གྱི་ཡོན་ཏན་ཁྱད་པར་ཅན་རྣམས་ཀྱི་དམིགས་པའོ། །སྐད་ཅིག་པའི་དམིགས་པ་ནི་མི་སློབ་པ་རྣམས་ཀྱི་ཚེ་དེ་ཉིད་དོ། །རྗེས་སུ་འབྲང་བའི་དམིགས་པ་ནི། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམིགས་པའོ། །

རྣམ་པར་བཞག་པས་ཇི་ལྟ་བུ་ཞེ་ན། ཇི་སྐད་བཤད་པའི་དམིགས་པའི་རྐྱེན་དེ་རྣམས་ནི་ཐ་སྙད་ཙམ་དུ་རྣམ་པར་བཞག་པ་ཡིན་གྱི་ཡང་དག་པར་ནི་མ་ཡིན་ཏེ། དམིགས་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཅིའི་ཕྱིར་དམིགས་པ་ཡོངས་སུ་མ་གྲུབ་ཅེ་ན། རྣམ་པ་བཞིས་དམིགས་པ་ཡོངས་སུ་མ་གྲུབ་པར་ལྟ་བར་བྱ་སྟེ། འདི་ལྟར་རྣམ་པར་ཤེས་པ་མི་མཐུན་པའི་རྒྱུ་བྱེད་པ་དང་། དམིགས་པ་མེད་པའི་རྣམ་པར་ཤེས་པ་དམིགས་པ་དང་། འབད་པ་མེད་པར་ཕྱིན་ཅི་མ་ལོག་པར་འགྱུར་བ་དང་། ཤེས་པ་གསུམ་གྱིས་རྗེས་སུ་མཐུན་པར་འགྱུར་བའི་ཕྱིར། དེ་ལ་རེ་ཞིག་རྣམ་པར་ཤེས་པའི་མི་མཐུན་པའི་རྒྱུ་བྱེད་པ་ནི་འདི་ཡིན་ཏེ། ཇི་སྐད་དུ། ཡི་དྭགས་དུད་འགྲོ་མི་རྣམས་དང་། །ལྷ་རྣམས་ཇི་ལྟར་རིགས་རིགས་སུ། །དངོས་གཅིག་ཡིད་ལ་ཐ་དད་ཕྱིར། །དོན་མ་གྲུབ་པར་འདོད་པ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །

དོན་ནི་འདི་ཡིན་ཏེ། ཆུ་ཀླུང་ལ་སོགས་པ་ཕྱི་རོལ་གྱི་དོན་དུ་མངོན་པར་འདོད་པ་འདི་རྣམས་ནི་ཇི་ལྟར་སྣང་བ་ལྟར་གྱི་དོན་དུ་མ་གྲུབ་ཏེ། ཡི་དྭགས་དང་དུད་འགྲོ་དང་མི་དང་། ལྷའི་འགྲོ་བ་རྣམས་ལ་དོན་དེ་ཉིད། རང་གི་ལས་དང་འཚམ་པར་ཁ་ཅིག་ལ་ནི་རྣག་ཁྲག་ལ་སོགས་པར་སྣང་བའི་ཕྱིར་དང་། སེམས་ཅན་དེ་དག་གི་རྣམ་པར་ཤེས་པ་དེ་དག་ཀྱང་འདི་ནི་མ་འཁྲུལ་ལ་གཞན་རྣམས་ནི་འཁྲུལ་པའོ་ཞེས་ཀྱང་རྣམ་པར་བཞག་པར་ནུས་པ་མ་ཡིན་ཏེ། ཐམས་ཅད་ཀྱང་ཐ་སྙད་དུ་རང་གི་ཇི་ལྟར་སྣང་བ་ལྟར་གྱི་དོན་ལ་སླུ་བ་མེད་པའི་ཕྱིར་རོ། །དེ་བས་ན་ཆུ་ཀླུང་ལ་སོགས་པ་དོན་དུ་མངོན་པར་འདོད་པ་རྣམས་ནི་སེམས་ཀྱི་སྣང་བ་ཙམ་ཡིན་གྱི་སེམས་ལས་མ་གཏོགས་པར་ལོགས་ན་གྲུབ་པ་མེད་དོ་ཞེས་བྱ་བ་ཡིན་ནོ། །

དམིགས་པ་མེད་ན་དེར་སྣང་བའི་ཤེས་པ་འབྱུང་བ་མི་རིགས་སོ་ཞེ་ན། དམིགས་པ་མེད་པར་ཡང་ཤེས་པ་སྐྱེ་བ་དམིགས་སོ་ཞེས་པ་ནི་འདི་ཡིན་ཏེ། ཇི་སྐད་དུ། འདས་སོགས་དེ་བཞིན་རྨི་ལམ་དང་། །གཟུགས་ཅན་རྣམ་པ་གཉིས་པོ་ཡང་། །མེད་ཕྱིར་དམིགས་པ་མེད་པའི་ཕྱིར། །དེ་ནི་དམིགས་པར་རུང་བ་ཡིན། །ཞེས་གང་གསུངས་པ་ཡིན་ནོ། །གཟུགས་ཅན་རྣམ་པ་གཉིས་ནི་ཕྱི་རོལ་དུ་ཆུ་ཟླ་ལ་སོགས་པ་དང་། ནང་དུ་རྣལ་འབྱོར་པའི་ཡིད་ལ་ཀེང་རུས་ལ་སོགས་པར་སྣང་བ་གང་ཡིན་པའོ། །གཞན་ནི་གོ་བར་ཟད་དོ། །ཅི་སྟེ་དོན་རྣམས་ཇི་ལྟར་སྣང་བ་ལྟར་དུ་ཡང་དག་པར་གྲུབ་ན་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མཐོང་བའི་ཕྱིར། འབད་པ་མེད་པར་གྲོལ་བའམ། ཡང་ན་ཅི་ཙམ་དུ་འབད་ཀྱང་བཟུང་འཛིན་ལས་གྲོལ་བ་ཐོབ་པར་མི་འགྱུར་ཏེ། གཉིས་སུ་སྣང་བ་ཕྱིན་ཅི་མ་ལོག་པ་ཡིན་པའི་ཕྱིར་དང་། གཉིས་མེད་རྟོག་པ་ཕྱིན་ཅི་ལོག་དུ་འགྱུར་བའི་ཕྱིར་ཞེས་སྟོན་པ་ནི། དོན་ནི་དོན་དུ་གྲུབ་གྱུར་ན། །མི་རྟོག་ཡེ་ཤེས་མེད་པར་འགྱུར། །དེ་མེད་པས་ན་སངས་རྒྱས་ཉིད། །ཐོབ་པ་འཐད་པ་མ་ཡིན་ནོ། །ཞེས་གང་གསུངས་པ་ཡིན་ནོ། །

གཞན་ཡང་ཤེས་པ་རྣམ་པ་གསུམ་གྱི་རྗེས་སུ་མཐུན་པའི་ཕྱིར། དོན་མ་གྲུབ་པ་ཡིན་ཏེ། ཤེས་པ་རྣམ་པ་གསུམ་ནི། དབང་གི་ཤེས་པ་དང་། ལྷག་མཐོང་གི་ཤེས་པ་དང་། རྣམ་པར་མི་རྟོག་པའི་ཤེས་པའོ། །དང་པོའི་དབང་དུ་བྱས་ནས། ཇི་སྐད་དུ། བྱང་ཆུབ་སེམས་དཔའ་དབང་ཐོབ་དང་། །རྣལ་འབྱོར་པ་ལ་ཇི་ལྟར་ཡང་། །མོས་པའི་དབང་གིས་ས་ལ་སོགས། །དངོས་པོ་དེ་ལྟར་དམིགས་པར་འགྱུར། །ཞེས་གསུངས་ཏེ། ས་ལ་སོགས་པ་དོན་དུ་མངོན་པར་འདོད་པ་རྣམས་ནི་དབང་ཐོབ་པའི་རྣལ་འབྱོར་པ་དང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་གསེར་དང་ནམ་མཁའ་ལ་སོགས་པ་ཇི་ལྟར་མོས་པ་དེ་ལྟར་དུ་འགྱུར་བའི་ཕྱིར་ས་ལ་སོགས་པ་དེ་ཁོ་ན་ཉིད་དུ་མ་གྲུབ་ཞེས་བྱ་བའི་དོན་ཏོ། །གཉིས་པའི་དབང་དུ་བྱས་ནས། ཇི་སྐད་དུ། འདི་ལ་རྣམ་པར་འབྱེད་གྲུབ་པ། །བློ་ལྡན་ཞི་བ་ཐོབ་པ་ཡི། །ཆོས་ཀུན་ཡིད་ལ་བྱེད་པ་ལ། །དེ་ལྟར་དོན་ནི་མི་སྣང་ཕྱིར། །ཞེས་གང་གསུངས་པ་ཡིན་ཏེ་འདི་ལྟར། རྒྱལ་སྲས་ཞི་གནས་དང་ལྷག་མཐོང་ལ་འདྲིས་པ་རྣམས་ཀྱི་ཕྱི་ནང་གི་ཆོས་ཐམས་ཅད་ཡིད་ཀྱི་བརྗོད་པ་ཙམ་དུ་ཡིད་ལ་བྱེད་པ་ན་དེ་ཁོ་ན་ལྟར་སྣང་གི །དོན་ཅུང་ཟད་ཀྱང་མི་སྣང་བའི་ཕྱིར་རོ། །གསུམ་པའི་དབང་དུ་བྱས་ན། ཇི་སྐད་དུ། མི་རྟོག་ཡེ་ཤེས་རྒྱུ་བ་ལ། །དོན་ཀུན་སྣང་བ་མེད་ཕྱིར་ཡང་། །དོན་མེད་ཁོང་དུ་ཆུད་པར་བྱ། །དེ་མེད་པས་ན་རྣམ་རིག་མེད། །ཅེས་གང་གསུངས་པ་ཡིན་ནོ། །དེ་ལ་དོན་ནི་འདི་ཡིན་ཏེ། གལ་ཏེ་དོན་ཡང་དག་པར་གྲུབ་ན་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་སྣང་བར་འགྱུར་ཏེ། དེ་ནི་ཡང་དག་པ་ཇི་ལྟ་བའི་ཡུལ་ཅན་ཡིན་པའི་ཕྱིར་རོ། །རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་ཡང་དོན་སྣང་བ་མ་ཡིན་ཏེ། དེ་ནི་གཉིས་མེད་རྟོགས་པས་རབ་ཏུ་ཕྱེ་བ་ཡིན་པའི་ཕྱིར་རོ། །དེ་ལྟར་ན་དོན་མ་གྲུབ་པ་ཡིན་ལ། དེའི་ཕྱིར་དེ་ལ་ལྟོས་པའི་འཛིན་པ་ཡང་ཡང་དག་པར་མ་གྲུབ་པ་ཡིན་ནོ། །ཞེས་བྱ་བར་ཁོང་དུ་ཆུད་པར་བྱའོ། །ཚིགས་སུ་བཅད་པ་འདི་དག་ནི་ཐེག་པ་ཆེན་པོ་བསྡུས་པ་ལས་འབྱུང་བ་ཡིན་ནོ། །ཡོངས་སུ་ཤེས་པས་ཇི་ལྟ་བུ་ཞེ་ན། མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་རྣམ་པར་བཞག་པ་རྣམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པའི་ཕྱིར་རོ། །སྤོང་བས་ཇི་ལྟ་བུ་ཞེ་ན། ཉན་ཐོས་དང་། ཐེག་པ་ཆེན་པོའི་གནས་གྱུར་པ་སྟེ། དེ་ལ་ཉན་ཐོས་ཀྱི་གནས་གྱུར་པ་ནི་ཕུང་པོ་དང་། ཁམས་དང་། སྐྱེ་མཆེད་རྣམས་ཀྱི་དམིགས་པའི་འཆིང་བ་ལས་རྣམ་པར་ཐར་གྱི། དབང་འབྱོར་པ་ནི་མ་ཡིན་ནོ། །ཐེག་པ་ཆེན་པོའི་གནས་གྱུར་པ་ནི། དམིགས་པའི་འཆིང་བ་ལས་རྣམ་པར་ཐར་པ་དང་། དམིགས་པ་ལ་ཇི་ལྟར་འདོད་པ་ལྟར་དབང་འབྱོར་པ་གཉིས་ཀར་དུ་འགྱུར་རོ། །དམིགས་པའི་རྐྱེན་བཤད་ཟིན་ཏོ། །

དེའི་འོག་དུ་བདག་པོའི་རྐྱེན་བཤད་པར་བཞེས་ནས་བདག་པོས་ཇི་ལྟ་བུ་ཞེ་ན་ཞེས་སྨོས་སོ། །དེ་ལ་རྟེན་ལ་དབང་བྱེད་པ་ནི། རླུང་གི་དཀྱིལ་འཁོར་ལ་སོགས་པ་ནི་ཆུའི་དཀྱིལ་འཁོར་ལ་སོགས་པའི་རྟེན་ལ་དབང་བྱེད་པས་བདག་པོའི་རྐྱེན་ནོ། །དེ་བཞིན་དུ་སྣོད་ཀྱི་འཇིག་རྟེན་ནི་སེམས་ཅན་རྣམས་ཀྱིའོ། །འབྱུང་བ་རྣམས་ནི་འབྱུང་བ་ལས་གྱུར་པ་རྣམས་ཀྱིའོ། །དབང་པོ་རྣམས་ནི་རྣམ་པར་ཤེས་པ་རྣམས་ཀྱིའོ། །ཞེས་བྱ་བ་ལ་སོགས་པ་ཅི་རིགས་པར་ཤེས་པར་བྱའོ། །འཕེན་པ་ལ་དབང་བྱེད་པ་ནི་སེམས་ཅན་རྣམས་ཀྱི་ཐུན་མོང་གི་ལས་ཀྱིས་སྣོད་ཀྱི་འཇིག་རྟེན་འཕེན་པ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཡིན་ནོ། །དེ་བཞིན་དུ་ཟག་པ་དང་བཅས་པའི་ལས་ཀྱིས་རྣམ་པར་སྨིན་པ་འཕེན་པ་ལ་དབང་བྱེད་དོ་ཞེས་བྱ་བ་ལ་སོགས་པ་ཅི་རིགས་སུ་སྦྱར་རོ། །ལྷན་ཅིག་འབྱུང་བ་ལ་དབང་བྱེད་པ་ནི། སེམས་ནི་སེམས་ལས་བྱུང་བ་རྣམས་ཀྱི་ལྷན་ཅིག་འབྱུང་བ་ལ་དབང་བྱེད་པས་བདག་པོའི་རྐྱེན་ཏེ། དེ་བཞིན་དུ་ཡིད་ལ་བྱེད་པ་ནི་སེམས་ཀྱིའོ། །རེག་པ་ནི་ཚོར་བའི་འོ་ཞེས་བྱ་བ་ལ་སོགས་པའོ། །ཡུལ་ལ་དབང་བྱེད་པ་ནི། མིག་ལ་སོགས་པ་དབང་པོ་དྲུག་སྟེ། དབང་པོའི་དབང་གིས་ཡུལ་འགྲུབ་པའི་ཕྱིར་རོ། །སྐྱེ་བར་དབང་བྱེད་པ་ནི་ཕོ་དང་མོའི་དབང་པོ་སྟེ། དེ་དག་གི་དབང་གིས་མངལ་དུ་སྐྱེ་བ་འགྲུབ་པའི་ཕྱིར་རོ། །གནས་པར་དབང་བྱེད་པ་ནི་སྲོག་གི་དབང་པོ་སྟེ། དེའི་དབང་གིས་རིས་མཐུན་གནས་པར་བྱེད་པའི་ཕྱིར་རོ། །འབྲས་བུ་ཉེ་བར་སྤྱོད་པ་ལ་དབང་བྱེད་པ་ནི་ཚོར་བའི་དབང་པོ་ལྔ་སྟེ། དེ་རྣམས་ཀྱི་དབང་གིས། དགེ་སྡིག་གི་རྣམ་པར་སྨིན་པ་སིམ་གདུང་སོགས་ལ་ལོངས་སྤྱོད་པའི་ཕྱིར་རོ། །འཇིག་རྟེན་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ནི། དད་པ་ལ་སོགས་པ་ལྔ་སྟེ། དེ་དག་གི་དབང་གིས་འདོད་པ་ལ་སོགས་པའི་ས་དང་ས་ལས་འདོད་ཆགས་དང་བྲལ་བར་འགྱུར་བའི་ཕྱིར་རོ། །

འཇིག་རྟེན་ལས་འདས་པའི་རྣམ་པར་དག་པ་ལ་དབང་བྱེད་པ་ནི་མི་ཤེས་པ་ཀུན་ཤེས་པ་ལ་སོགས་པ་གསུམ་སྟེ། དེ་རྣམས་ཀྱི་དབང་གིས་མཐོང་བ་དང་སྒོམ་པས་སྤང་བར་བྱ་བ་མ་ལུས་པ་སྤངས་ནས་རྣམ་པར་གྲོལ་བའི་བདེ་བ་ལ་ལོངས་སྤྱོད་པའི་ཕྱིར་རོ། །རྐྱེན་བཞི་རྒྱས་པར་བཤད་ཟིན་ཏོ། །

གཉིས་པ་རྟེན་མཚུངས་པ་དང་དེ་དང་མཚུངས་པའི་རང་བཞིན་བསྟན་པ་ནི། དེ་ལ་རྟེན་པ་དང་མཚུངས་པའི་དོན་ནི་འདི་ཡིན་ཏེ། མིག་ལ་སོགས་པའི་དབང་པོ་ང་ཞིག །རང་གི་རྣམ་པར་ཤེས་པ་དང་མ་བྲལ་ཞིང་། རྣམ་ཤེས་དེ་དང་འདྲ་བར། རང་གི་ཡུལ་ལ་ལོངས་སྤྱོད་བྱེད་དུ་རྒྱུན་དུ་འབྱུང་བ་གང་ཡིན་པ་དེ་ནི། རང་ལ་རྟེན་པའི་རྣམ་པར་ཤེས་པ་དང་། ཡུལ་ལ་ལོངས་སྤྱོད་པར་འདྲ་བའི་ཕྱིར་རྟེན་པ་དང་མཚུངས་པ་ཞེས་བྱའོ། །དེ་དང་མཚུངས་པ་ནི། གཉིད་དང་བརྒྱལ་བ་ལ་སོགས་པའི་མིག་ལ་སོགས་པའི་དབང་པོ་གང་ཞིག །རང་ལ་རྟེན་པའི་རྣམ་པར་ཤེས་པ་དང་བྲལ་ཞིང་། རྟེན་མཚུངས་ཀྱི་དབང་པོ་རང་དང་འདྲ་བའི་རིགས་རྒྱུན་རྒྱུན་མ་ཆད་པར་འབྱུང་བ་གང་ཡིན་པ་དེ་ནི། རྟེན་པ་རྣམ་ཤེས་དང་འདྲ་བ་མེད་ཀྱང་། རྟེན་མཚུངས་ཀྱི་དབང་པོ་རང་དང་དབང་པོའི་མཚན་ཉིད་ཅན་དུ་འདྲ་བའི་ཕྱིར་དེ་དང་མཚུངས་པ་ཞེས་བྱའོ། །ཅིའི་ཕྱིར་དབང་པོ་རྣམས་ཁོ་ན་ལ་རྟེན་མཚུངས་དང་དེ་མཚུངས་བཞག་གི་ཡུལ་རྣམས་ལ་མ་ཡིན་ཞེ་ན། གང་ལ་རྟེན་པ་རྣམ་པར་ཤེས་པ་རྣམས་དང་འདྲ་བ་ཡོད་པ་དེ་ལ་ནི་རྟེན་མཚུངས་ཡོད་ལ། གང་ལ་རྟེན་མཚུངས་ཡོད་པ་དེ་དེ་ལ་དེ་མཚུངས་ཡོད་པ་ཡིན་ན་གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་ནི་རྟེན་པ་རྣམ་ཤེས་དང་འདྲ་བ་ཡོད་པ་མ་ཡིན་ཏེ། ཡུལ་ལ་ལོངས་སྤྱོད་པའི་མཐུ་མེད་པའི་ཕྱིར་རོ། །དེའི་ཕྱིར་རྟེན་མཚུངས་མེད་ལ། རྟེན་མཚུངས་མེད་ན་དེ་དང་མཚུངས་པ་ཡང་ཡོད་པ་མ་ཡིན་ཏེ། དེ་ནི་དེ་ལ་ལྟོས་བཞག་པའི་ཕྱིར་རོ། །གལ་ཏེ་དབང་པོ་རྣམས་ཀྱི་བྱ་བ་ནི་རང་གི་རྣམ་པར་ཤེས་པའི་རྟེན་བྱེད་པ་ཡིན་ལ། དེ་བས་ན་གང་ཞིག་རང་གིས་བྱ་བ་བྱེད་པའི་དབང་པོ་དེ་ནི་རྟེན་མཚུངས་ཀྱི་དབང་པོ་ཞེས་བྱ་ལ། གང་མི་བྱེད་པ་དེ་ནི་བྱ་བ་བྱེད་པ་དེ་དང་མཚན་ཉིད་འདྲ་བའི་ཕྱིར་དེ་དང་མཚུངས་པའི་དབང་པོ་ཞེས་བྱའོ། །དེ་བཞིན་དུ་ཡུལ་རྣམས་ཀྱི་བྱ་བ་ཡང་རང་གི་རྣམ་ཤེས་ཀྱི་དམིགས་པ་བྱེད་པ་ཡིན་ལ། དེའི་ཕྱིར་ཡུལ་གང་ཞིག་རང་གི་བྱ་བ་བྱེད་པ་དེ་ནི་རྟེན་མཚུངས་ཡིན་ལ་མི་བྱེད་པ་དེ་ནི་དེ་དང་མཚུངས་པ་ཞེས་བྱའོ་ཞེ་ན། དེ་ནི་མི་རིགས་ཏེ་རྟེན་པ་མཚུངས་པ་ཞེས་པའི་སྒྲའི་དོན་མེད་པའི་ཕྱིར་དང་། གཞན་ཡང་དབང་པོ་རྣམས་ནི་གཞན་གྱི་རྣམ་པར་ཤེས་པ་སྐྱེད་པའི་བྱ་བ་མི་བྱེད་པའི་ཕྱིར། རང་གི་བྱ་བ་བྱེད་པ་དང་མི་བྱེད་པའི་སྒོ་ནས་རྟེན་མཚུངས་དང་དེ་མཚུངས་སུ་འཇོག་པ་རིགས་སུ་ཆུག་ན་ཡང་། གཟུགས་སྒྲ་ལ་སོགས་པའི་ཡུལ་རྣམས་ལ་ནི་ངེས་པ་འདི་ཡོད་པ་མ་ཡིན་ཏེ། ཡུལ་རྣམས་ནི་སྐྱེས་བུ་ཐམས་ཅད་ཀྱི་རྣམ་པར་ཤེས་པས་ཐུན་མོང་དུ་ལོངས་སྤྱད་པར་བྱ་བ་ཡིན་པའི་ཕྱིར་རོ། །གང་གི་ཚེ་གཟུགས་འགའ་ཞིག་གིས་ལྷས་སྦྱིན་གྱི་མིག་གི་རྣམ་པར་ཤེས་པའི་དམིགས་པ་བྱེད་པ་དེའི་ཚེ་ཡང་མཆོད་སྦྱིན་ལ་སོགས་པ་སྐྱེས་བུ་གཞན་གྱིས་མིག་གི་རྣམ་པར་ཤེས་པའི་དམིགས་པ་མི་བྱེད་པའི་ཕྱིར་རྟེན་མཚུངས་ཞེས་བྱ་བར་མི་རིགས་ཏེ། རང་གི་བྱ་བ་རྫོགས་པར་མི་བྱེད་པའི་ཕྱིར་རོ། །ཡུལ་གཅིག་གིས་མིག་ལྡན་གྱི་སྐྱེས་བུ་ཀུན་གྱི་རྣམ་པར་ཤེས་པ་སྐྱེད་པའི་བྱ་བ་བྱེད་པ་ནི་ནམ་ཡང་སྲིད་པ་མ་ཡིན་ནོ། །དེ་བས་ན་རྟེན་མཚུངས་མི་སྲིད་ལ། དེ་དང་མཚུངས་པ་ཡང་སྲིད་པ་མ་ཡིན་ཏེ། དབང་པོ་ལས་འདས་པའི་དོན་མཐོང་བའི་རྣལ་འབྱོར་པ་རྣམས་ཀྱི་རྣམ་པར་ཤེས་པའི་དམིགས་པ་མི་བྱེད་པའི་ཡུལ་ཡང་ཅུང་ཟད་ཀྱང་མེད་པའི་ཕྱིར་རོ། །

གལ་ཏེ་རྣམ་པར་ཤེས་པ་འགའ་ཞིག་གི་དམིགས་པའི་བྱ་བ་བྱེད་པ་དང་མི་བྱེད་པ་ལས་རྟེན་མཚུངས་དང་དེ་མཚུངས་སུ་འགྱུར་ན། འོ་ན་ནི་གང་གི་ཚེ་སྐྱེས་བུ་འགའི་རྣམ་ཤེས་ཀྱི་དམིགས་པའི་བྱ་བ་བྱེད་པ་དེའི་ཚེ། འགའ་ཞིག་གི་རྣམ་པར་ཤེས་པ་དེ་ལ་མ་དམིགས་པས། རྟེན་མཚུངས་སུ་གྱུར་པའི་གནས་སྐབས་དེ་ཉིད་དེ་མཚུངས་སུ་གྱུར་པའི་ཕྱིར། དེ་དག་གི་མཚན་ཉིད་འཆོལ་བ་ཁོ་ནར་འགྱུར་གྱི། འདི་ནི་རྟེན་པ་མཚུངས་པའོ། །འདི་ནི་དེ་དང་མཚུངས་པའོ། །ཞེས་མཐའ་གཅིག་ཏུ་རྣམ་པར་བཞག་ཏུ་མེད་པ་ཁོ་ནར་འགྱུར་བ་ཡིན་ནོ། །དེ་ལྟ་ན་དབང་པོ་ལ་ཡང་རྟེན་མཚུངས་དང་དེ་མཚུངས་བཞག་དུ་མེད་པར་འགྱུར་ཏེ། འདི་ལྟར། ལྷས་སྦྱིན་གྱི་དབང་པོས་རང་གི་རྣམ་ཤེས་སྐྱེད་པ་དེའི་ཚེ་སྐྱེས་བུ་གཞན་གྱི་རྣམ་པར་ཤེས་པ་མི་བསྐྱེད་པའི་ཕྱིར་རོ་ཞེ་ན། རང་གི་བྱ་བ་བྱེད་པའི་ཕྱི་རྟེན་མཚུངས་ཡིན་ནོ་ཞེས་ཁོ་བོས་མ་སྨྲས་མོད་ཀྱི། སྨྲས་སུ་ཟིན་ཀྱང་མཚུངས་པ་མ་ཡིན་ཏེ། འདི་ལྟར་དབང་པོ་རྣམས་ནི་སྐྱེས་བུ་རྣམས་ཀྱི་རང་རང་གི་ཐུན་མོང་མ་ཡིན་པའི་ལས་ལས་བྱུང་བས་དེའི་ཕྱིར་རང་རྒྱུད་ཀྱི་རྣམ་པར་ཤེས་པ་ཁོ་ན་ལ་བྱ་བ་བྱེད་ཀྱི་གཞན་རྒྱུད་གྱི་རྣམ་པར་ཤེས་པའི་རྟེན་གྱི་བྱ་བ་བྱེད་པ་ནི་མ་ཡིན་ནོ། །དེ་བས་ན་གང་གི་ཚེ་རང་རྒྱུད་ཀྱི་རྣམ་པར་ཤེས་པ་སྐྱེད་པ་དེའི་ཚེ་རང་གི་བྱ་བ་མ་ལུས་པ་ཡོངས་སུ་རྫོགས་པའི་ཕྱིར། །རྟེན་པ་མཚུངས་པ་ཞེས་བྱ་བར་འགྱུར་གྱི། གཞན་གྱི་རྣམ་པར་ཤེས་པ་མ་སྐྱེས་པས་བྱ་བ་མ་རྫོགས་པ་མ་ཡིན་ཏེ། གཞན་གྱི་རྣམ་ཤེས་སྐྱེད་པ་རང་གི་བྱ་བ་མ་ཡིན་པའི་ཕྱིར་རོ། །གང་གི་ཚེ་རང་རྒྱུད་ཀྱི་རྣམ་པར་ཤེས་པ་མི་སྐྱེད་པ་དེའི་ཚེ་རང་གི་བྱ་བ་གང་ཡང་མི་བྱེད་པས་དེའི་ཕྱིར་དེ་དང་མཚུངས་པ་ཞེས་བྱ་བར་རུང་བ་ཡིན་ནོ། །ཡུལ་རྣམས་ནི་ཕྱི་རོལ་སྣོད་ཀྱིས་བསྡུས་པས་སེམས་ཅན་ཐམས་ཅད་ཀྱི་ཐུན་མོང་གི་ལས་ལས་བྱུང་བའི་ཕྱིར་ཀུན་གྱིས་ཐུན་མོང་དུ་ལོངས་སྤྱད་བྱ་ཡིན་ལ་དེའི་ཕྱིར་སྐྱེས་བུ་གཅིག་གི་རྣམ་པར་ཤེས་པའི་དམིགས་པ་མ་བྱས་ན་ཡང་རང་གི་བྱ་བ་རྫོགས་པ་མ་ཡིན་ཏེ། སྐྱེས་བུ་ཀུན་གྱི་རྣམ་པར་ཤེས་པའི་དམིགས་པ་བྱེད་པ་ནི་རང་གི་བྱ་བ་ཡིན་པའི་ཕྱིར་རོ། །

དེ་ལྟར་ན་རྟེན་མཚུངས་པ་དང་དེ་དང་མཚུངས་པའི་དོན་འཇོག་ཚུལ་སྔ་ཕྱི་གཉིས་ཀ་ལྟར་ཡང་ཡུལ་རྣམས་ལ་རྟེན་མཚུངས་དང་དེ་མཚུངས་རིགས་པ་མ་ཡིན་ནོ། །དེའི་ཕྱིར་དབང་པོ་འབའ་ཞིག་ལ་དེ་དག་སྤྱད་པར་མཛད་པ་ཡིན་ནོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ནི་དབང་པོ་ལྔའོ་ཁམས་དང་སྐྱེ་མཆེད་ལྔ་ཡང་དེ་ཉིད་དོ། །ཡུལ་འཛིན་པའི་རྣམ་ཤེས་དང་ལྡན་པ་དང་མི་ལྡན་པའི་རྟེན་མཚུངས་དང་། དེ་མཚུངས་ཆོས་ཙམ་དུ་ཤེས་པ་ན་བདག་རྣམ་པར་ཤེས་པ་དང་ལྡན་པ་དང་མི་ལྡན་པའི་རྟེན་མཚུངས་དང་དེ་མཚུངས་སུ་མངོན་པར་ཞེན་པ་སྤོང་ངོ་། །ཟིན་པ་ནི། གཟུགས་གང་ལས་བདེ་སོགས་ཀྱི་ཚོར་བ་འབྱུང་བའི་གཟུགས་ནི་སེམས་ཀྱིས་ཟིན་པ་ཡིན་ནོ། །དེ་ལས་ཟློག་པ་ནི་མ་ཟིན་པའོ། །གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ནི་གནས་དང་བཅས་པའི་དབང་པོ་གཟུགས་ཅན་ནོ། །ཁམས་དང་སྐྱེ་མཆེད་ལྔ་ནི་དབང་པོ་ལྔའོ། །བཞིའི་ཕྱོགས་ནི། དབང་པོ་དང་ཚོགས་པ་ཐ་མི་དད་པའི་གཟུགས་དྲི་རོ་རེག་བྱ་རྣམས་སོ། །ཚོར་བ་བདེ་སྡུག་སྐྱེ་བའི་རྟེན་ཆོས་ཙམ་དུ་ཤེས་པ་ན་བདག་ལུས་ལ་དབང་བསྒྱུར་བ་ཚོར་བ་བདེ་སྡུག་སོགས་སྐྱེ་བའི་རྟེན་དུ་མངོན་པར་ཞེན་པ་སྤོང་ངོ་། །

ད་ནི་དབང་པོ་ཉི་ཤུ་རྩ་གཉིས་བཤད་པར་བྱ་སྟེ། དེ་ལ་ཡུལ་འཛིན་པར་དབང་བྱེད་པ་ནི་མིག་ལ་སོགས་པའི་དབང་པོ་དྲུག་སྟེ། དེ་དག་གི་དབང་གིས་གཟུགས་ལ་སོགས་པ་ཡུལ་རྣམས་ལ་དམིགས་པར་བྱེད་པའི་སེམས་དང་སེམས་ལས་བྱུང་བ་རྣམས་འབྱུང་བའི་ཕྱིར་རོ། །ཅི་སྟེ་རྣམ་པར་ཤེས་པ་མེད་ན་དབང་པོ་ཡོད་ན་ཡང་ཡུལ་ལ་ལོངས་སྤྱོད་པའི་མཐུ་མེད་དེ། གཉིད་དང་བརྒྱལ་བ་སོགས་ཀྱི་དབང་པོ་བཞིན། རྣམ་པར་ཤེས་པ་ཡོད་ན། དབང་པོས་ཡུལ་ལ་ལོངས་སྤྱོད་པ་ཡིན་ཏེ། སད་པའི་གནས་སྐབས་ཀྱི་དབང་པོ་བཞིན། དེ་བས་ན་ཡུལ་འཛིན་པ་ལ་དབང་བྱེད་པ་ནི་རྣམ་པར་ཤེས་པ་ཡིན་གྱི་དབང་པོ་མ་ཡིན་ནོ་ཞེ་ན། མ་ཡིན་ཏེ། དབང་པོ་རྣམས་ནི་རང་གི་རྒྱུ་ལས་ངོ་བོ་ཉིད་ཀྱི་ཡུལ་ལ་ལོངས་སྤྱོད་བྱེད་དུ་སྐྱེས་པ་ཡིན་པས་རྣམ་པར་ཤེས་པའི་དབང་གིས་ཡུལ་འཛིན་པར་བྱེད་པ་མ་ཡིན་ལ། རྣམ་པར་ཤེས་པ་ནི། དབང་པོ་ལ་རྟེན་པའི་དབང་གིས་ཡུལ་ལ་ལོངས་སྤྱོད་པར་བྱེད་པ་ཡིན་པའི་ཕྱིར་རོ། །དེའི་ཕྱིར་དབང་པོ་ཉིད་ཡུལ་ལ་ལོངས་སྤྱོད་པ་ལ་དབང་བྱེད་པ་ཡིན་ནོ། །རིགས་ཀྱི་རྒྱུད་ལ་དབང་བྱེད་པ་ནི། ཕོ་དང་མོའི་དབང་པོ་སྟེ། དེ་གཉིས་ལས་བུ་དང་ཚ་བོ་ལ་སོགས་པའི་རིགས་རྒྱུད་འབྱུང་བའི་ཕྱིར་རོ། །ལྷག་མ་རྣམས་ནི་བདག་པོའི་རྐྱེན་ཇི་ལྟ་བ་བཞིན་དུ་བཤད་པར་བྱ་སྟེ། གོ་སླ་བར་ཟད་དོ། །དབང་པོ་རྣམས་རྣམ་པར་གཏན་ལ་དབབ་པ་ཇི་ལྟ་བུ་ཞེ་ན། དེ་ནི་དོན་དང་རྣམ་པར་བཞག་པ་དང་། རབ་ཏུ་དབྱེ་བ་དང་རྣམ་པ་གསུམ་གྱིས་རིག་པར་བྱའོ། །དེ་ལ་དབང་པོའི་དོན་གང་ཞེ་ན། དབང་བྱེད་པའི་དོན་ནི་དབང་པོའི་དོན་ཏོ། །ཅི་ཞིག་ཡོངས་སུ་བསྟན་པའི་དོན་དུ་དབང་པོ་རྣམ་པར་བཞག་ཅེ་ན་ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་གཞི་དེ་དང་དེ་ལ། ཆོས་དེ་དང་དེ་གཙོ་བོར་ཡོངས་སུ་བསྟན་པའི་དོན་དུའོ། །

དབང་པོ་ཉི་ཤུ་རྩ་གཉིས་པོ་འདི་དག་གི་རྣམ་པར་བཞག་པ་ཇི་ལྟ་བུ་ཞེ་ན། དེ་ནི་གྲངས་ངེས་པ་རྣམ་པར་བཞག་པ་དང་། བྱེད་ལས་སོགས་རྣམ་པར་བཞག་པ་གཉིས་ཀྱིས་རིག་པར་བྱའོ། །དེ་ལ་དང་པོ་ནི། དབང་བསྒྱུར་བར་བྱ་བའི་ཆོས་ནི་གཉིས་ཏེ། ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པ་དང་། རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའོ། །དེ་ལ་དང་པོ་ལ་དབང་བྱེད་པ་གང་ཡིན་པ་དེ་ནི་ཀུན་ནས་ཉོན་མོངས་པའི་ཕྱོགས་དང་མཐུན་པའི་དབང་པོའོ། །གཉིས་པ་ལ་དབང་བྱེད་པ་གང་ཡིན་པ་དེ་ནི་རྣམ་པར་བྱང་བའི་ཕྱོགས་དང་མཐུན་པའི་དབང་པོའོ། །དེ་དག་ཀྱང་མིག་ལ་སོགས་པ་དབང་པོ་བཅུ་བཞི་དང་། དད་པ་ལ་སོགས་པ་དབང་པོ་བརྒྱད་རྣམས་གོ་རིམས་བཞིན་ནོ། །དེ་ལ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དབང་པོ་བཅུ་བཞི་ཅི་ལྟར་རྣམ་པར་བཞག་ཅེ་ན། ཟ་བ་པོ་སེམས་ཅན་གྱི་དངོས་པོ་ཡོངས་སུ་བསྟན་པ་ལ་དབང་བྱེད་པའི་དོན་གྱིས་མིག་ལ་སོགས་པའི་དབང་པོ་དྲུག་རྣམ་པར་བཞག་སྟེ། ནང་གི་སྐྱེ་མཆེད་དྲུག་པོ་འདི་ཉིད་ལ། སེམས་ཅན་གྱི་དངོས་པོར་ཐ་སྙད་འདོགས་པའི་ཕྱིར། སེམས་ཅན་གྱི་དངོས་པོ་མ་སྐྱེས་པ་སྐྱེ་བ་ལ་དབང་བྱེད་པའི་དོན་གྱིས་ཕོ་དང་མོའི་དབང་པོ་རྣམ་པར་བཞག་པ་སྟེ། དེ་གཉིས་ཀྱི་དབང་གིས་མངལ་དུ་སྐྱེ་བ་ལེན་པའི་ཕྱིར་རོ། །སེམས་ཅན་གྱི་དངོས་པོ་སྐྱེས་པའི་རྒྱུན་གནས་པར་བྱེད་པ་དང་། རྒྱུན་གནས་པ་འཆི་འཕོ་བར་བྱེད་པ་ལ་དབང་བྱེད་པའི་དོན་གྱིས་སྲོག་གི་དབང་པོ་རྣམ་པར་བཞག་སྟེ། དེ་ཡོད་པ་དང་མེད་པ་ལས་འཚོ་བ་དང་འཆི་བའི་ཐ་སྙད་འདོགས་པའི་ཕྱིར་རོ། །དེ་རྣམས་ནི་ཟ་བ་པོ་སེམས་ཅན་གྱི་དངོས་པོའི་དབང་དུ་བྱས་སྟེ་རྣམ་པར་བཞག་པ་ཡིན་ནོ། །ཟ་བྱ་ཡུལ་ལོངས་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས་ཚོར་བའི་དབང་པོ་རྣམ་པར་བཞག་གོ །ཅིའི་ཕྱིར་རྣམ་པར་བྱང་བའི་ཕྱོགས་ཀྱི་དབང་པོ་བརྒྱད་རྣམ་པར་བཞག་ཅེ་ན། རྣམ་པར་བྱང་བའི་རྟེན་མངོན་མཐོའི་ཐབས་ཀྱི་དབང་དུ་བྱས་ནས་དད་པ་ལ་སོགས་པའི་དབང་པོ་ལྔ་རྣམ་པར་བཞག་གོ །རྣམ་བྱང་གི་རང་བཞིན་ངེས་ལེགས་ལ་དབང་བྱེད་པའི་དོན་གྱིས། མི་ཤེས་པ་ཀུན་ཤེས་པ་ལ་སོགས་པའི་དབང་པོ་གསུམ་རྣམ་པར་བཞག་གོ །

རྣམ་གྲངས་གཞན་དུ་ན། ཁྱིམ་པའི་ཕྱོགས་ལ་སྤྱོད་པ་དང་། རབ་ཏུ་བྱུང་བའི་ཕྱོགས་ལ་སྤྱོད་པ་གཉིས་ཀྱི་དབང་དུ་བྱས་ནས། གོ་རིམ་བཞིན་དུ་ཀུན་ནས་ཉོན་མོངས་པའི་ཕྱོགས་ཀྱི་དབང་པོ་བཅུ་བཞི་དང་། རྣམ་པར་བྱང་བའི་དབང་པོ་བརྒྱད་རྣམ་པར་བཞག་གོ །དང་པོ་ལ་ཡང་མིང་ནི་འདི་ཞེས་བྱ་ཞེས་པའི་དབང་དུ་བྱས་ནས་མིག་ལ་སོགས་པའི་དབང་པོ་དྲུག་རྣམ་པར་བཞག་སྟེ། དེ་དག་ཉིད་ལ་ལྷས་སྦྱིན་དང་མཆོད་སྦྱིན་ཞེས་པ་ལ་སོགས་པའི་ཐ་སྙད་འདོགས་པའི་ཕྱིར་རོ། །རིགས་ནི་འདི་ཞེས་བྱ་རུས་ནི་འདི་ཞེས་བྱ་ཞེས་པའི་དབང་དུ་བྱས་ནས། ཕོ་དང་མོའི་དབང་པོ་རྣམ་པར་བཞག་སྟེ། དེ་དག་གི་དབང་གིས་རིགས་དང་རུས་ཀྱི་ཐ་སྙད་འབྱུང་བའི་ཕྱིར་རོ། །ཁ་ཟས་ནི་འདི་ལྟ་བུ་ཞིག་ཟ་བདེ་བ་དང་སྡུག་བསྔལ་ནི་འདི་ལྟ་བུ་ཞིག་མྱོང་ཞེས་པའི་དབང་དུ་བྱས་ནས་ཚོར་བའི་དབང་པོ་ལྔ་རྣམ་པར་བཞག་གོ །ཚེ་རིང་ཐུང་གི་ཁྱད་པར་ནི་འདི་ཙམ་ཞིག་ཡུན་ནི་འདི་སྲིད་གཅིག་གནས། ཚེ་ནི་འདི་ཙམ་ཞིག་ཐུབ་ཅེས་པའི་དབང་དུ་བྱས་ནས། སྲོག་གི་དབང་པོ་རྣམ་པར་བཞག་སྟེ། དེའི་དབང་གི་ཚེ་རིང་ཐུང་དང་ཡུན་རིང་ཐུང་སོགས་ཀྱི་ཐ་སྙད་འབྱུང་བའི་ཕྱིར་རོ། །གཉིས་པ་ནི་རབ་ཏུ་བྱུང་བའི་ཕྱོགས་ཀྱི་དབང་དུ་བྱས་ནས། དད་པ་ནི་འདི་ལྟ་བུ་ཞིག་དང་ལྡན་བརྩོན་འགྲུས་ནི་འདི་ལྟ་བུ་ཞིག་དང་ལྡན་ཞེས་པ་ནས། ཤེས་རབ་ནི་འདི་ལྟ་བུ་ཞིག་དང་ལྡན་ཞེས་པའི་བར་དང་འདི་ལྟར་ནི་ཞུགས་པའོ། །འདི་ལྟར་ནི་འབྲས་བུ་ལ་གནས་པའོ་ཞེས་པའི་བར་གྱི་དབང་དུ་བྱས་ནས། དད་པ་ལ་སོགས་པ་བརྒྱད་རྣམ་པར་བཞག་གོ །ཡང་ན་རྣམ་པར་བྱང་བ་ནི་གཉིས་ཏེ། འཇིག་རྟེན་པ་དང་། འཇིག་རྟེན་ལས་འདས་པའི་རྣམ་པར་བྱང་བ་གཉིས་ལས། དང་པོའི་དབང་དུ་བྱས་ནས་དད་པ་ལ་སོགས་པ་ལྔ་རྣམ་པར་བཞག་གོ །གཉིས་པའི་དབང་དུ་བྱས་ནས། ཐ་མ་གསུམ་རྣམ་པར་བཞག་གོ །རྣམ་གྲངས་གཞན་ཡང་། རྣལ་འབྱོར་པ་རྣམས་ཀྱི་དབང་པོའི་སྒོ་སྡོམ་པ་ལ་དབང་བྱེད་པའི་དོན་གྱིས། མིག་ལ་སོགས་པ་དྲུག་རྣམ་པར་བཞག་གོ །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པའི་དོན་དུ་རབ་ཏུ་འབྱུང་བའི་སྐལ་བ་དང་ལྡན་པ་ལ་དབང་བྱེད་པའི་དོན་གྱིས་ཕོ་དང་མོའི་དབང་པོ་རྣམ་པར་བཞག་གོ །དགེ་བའི་ཕྱོགས་འཕེལ་བ་ལ་དབང་བྱེད་པའི་དོན་གྱིས། སྲོག་གི་དབང་པོ་རྣམ་པར་བཞག་གོ །ཤེས་བཞིན་དུ་སྤྱོད་པ་ལ་དབང་བྱེད་པའི་དོན་གྱིས། ཚོར་བའི་དབང་པོ་ལྔ་རྣམ་པར་བཞག་གོ །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ལ་སྦྱོར་བའི་ལམ་ལ་དབང་བྱེད་པའི་དོན་གྱིས། དད་པ་ལ་སོགས་པ་ལྔ་རྣམ་པར་བཞག་གོ །དགེ་སྦྱོང་གི་ཚུལ་གྱི་འབྲས་བུ་ཐོབ་པ་ལ་དབང་བྱེད་པའི་དོན་གྱིས། ཐ་མ་གསུམ་རྣམ་པར་བཞག་གོ །

གཉིས་པ་བྱེད་ལས་སོགས་རྣམ་པར་བཞག་པ་ལ། བར་གྱི་སྡོམ་ནི། ལས་དང་རྫས་དང་གཟུགས་སོགས་དང་། །དགེ་བ་སོགས་དང་རྣམ་སྨིན་དང་། །ཁམས་དང་ས་དང་ཐོབ་པ་དང་། །འཆི་འཕོ་སྐྱེ་བ་ཁོ་ན་ཡིན། །དབང་པོ་རྣམས་ཀྱི་བྱེད་ལས་ནི། གཞུང་དུ་བཤད་པ་ཉིད་ཡིན་ནོ། །དབང་པོ་འདི་རྣམས་ལ། དུ་ནི་རྫས་སུ་ཡོད་པ་ཡིན། དུ་ནི་བདགས་པར་ཡོད་པ་ཡིན་ཞེ་ན། བཅུ་དྲུག་ནི་རྫས་སུ་ཡོད་པ་ཡིན་ནོ། །ལྷག་མ་ནི་བཏགས་པར་ཡོད་པ་ཡིན་ནོ། །དུ་ཞིག་གཟུགས་ཀྱིས་བསྡུས་པ་ཡིན་ཞེ་ན། མིག་ལ་སོགས་པ་ལྔ་དང་ཕོ་མོའི་དབང་པོ་གཉིས་ཏེ་བདུན་ནོ། །དུ་ཞིག་སེམས་ཀྱིས་བསྡུས་པ་ཡིན་ཞེ་ན་ཡིད་དང་། ཐ་མ་གསུམ་གྱི་ཕྱོགས་གཅིག་གོ ། དུ་ཞིག་སེམས་ལས་བྱུང་བས་བསྡུས་ཞེ་ན། ཚོར་བ་ལྔ་དང་། དད་སོགས་ལྔ་ཏེ་བཅུ་དང་། ཐ་མ་གསུམ་གྱི་ཕྱོགས་སོ། །དུ་ཞིག་སེམས་དང་ལྡན་པ་མ་ཡིན་པ་ཡིན་ཞེ་ན། སྲོག་གི་དབང་པོའོ། །དུ་ཞིག་འདུས་བྱས་ཡིན་ཞེ་ན། ཐམས་ཅད་སྟེ་དབང་པོ་ལ་འདུས་མ་བྱས་མེད་དོ། །ཕོ་དང་མོའི་དབང་པོ་གང་གི་ཆ་ཡིན་ཞེ་ན། ལུས་ཀྱི་དབང་པོའི་ཆ་ཡིན་ནོ། །

ཐ་མ་གསུམ་གང་གི་ཆ་ཡིན་ཞེ་ན། ཡིད་དང་དད་པ་ལ་སོགས་པ་ལྔ་དང་། ཡིད་བདེ་དང་བདེ་བ་དང་། བཏང་སྙོམས་སོ། །དབང་པོ་དགུ་པོ་དེ་དག་གང་གི་ཚེ། ངེས་པར་འབྱེད་པའི་ཆ་དང་འཐུན་པ་ནས་མཐོང་བའི་ལམ། སྐད་ཅིག་བཅོ་ལྔ་ལ་གནས་པའི་བར་ནི་མི་ཤེས་པ་ཀུན་ཤེས་པ་ཞེས་བྱ་ལ། མཐོང་ལམ་སྐད་ཅིག་བཅུ་དྲུག་པ་ནས་ཉེ་བར་བཟུང་སྟེ། རྡོ་རྗེ་ལྟ་བུའི་བར་ནི། ཀུན་ཤེས་པའི་དབང་པོ་ཞེས་བྱ་ལ། ཕུང་པོ་ལྷག་མ་དང་བཅས་པའི་གནས་སྐབས་སུ་ནི། ཀུན་ཤེས་བསྲུང་པའི་དབང་པོ་ཞེས་བྱའོ། །དུ་ཞིག་ནི་དགེ་བ་ཡིན་ཞེ་ན། ཐ་མ་བརྒྱད་དང་། ཡིད་དང་། སྡུག་བསྔལ་མ་གཏོགས་པའི་ཚོར་བ་བཞིའི་ཕྱོགས་སོ། །མི་དགེ་བ་ཡང་། ལྔ་པོ་དེའི་ཕྱོགས་གཅིག་གོ །དུ་ཞིག་ནི་ཟག་པ་མེད་པ་ཡིན་ཞེ་ན། ཐ་མ་གསུམ་དང་། ཡིད་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་མ་གཏོགས་པའི་ཚོར་བ་གསུམ་དང་། དད་སོགས་ལྔའི་ཕྱོགས་གཅིག་གོ །དུ་ནི་ཟག་པ་དང་བཅས་པའི་ཡིན་ཞེ་ན། གཟུགས་ཅན་བདུན་དང་སྲོག་གི་དབང་པོ་དང་། སྡུག་བསྔལ་དང་ཡིད་མི་བདེ་རངས་པོ་དང་། ཐ་མ་གསུམ་མ་གཏོགས་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ །དུ་ཞིག་ནི་ལུང་དུ་མ་བསྟན་པ་ཡིན་ཞེ་ན། གཟུགས་ཅན་བདུན་དང་སྲོག་གི་དབང་པོ་སྟེ་བརྒྱད་པོ་རྣམས་ལུང་དུ་མ་བསྟན་པ་ཡིན་ཞིང་། ཐ་མ་བརྒྱད་དང་ཡིད་མི་བདེ་མ་གཏོགས་པ་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་ཀྱང་ཡིན་ནོ། །དུ་ཞིག་རྣམ་པར་སྨིན་པ་དང་བཅས་པ་ཡིན་ཞེ་ན། ཡིད་མི་བདེ་རངས་པོ་དང་། དད་པ་སོག་ལྔ་དང་། ཡིད་དང་ཚོར་བ་བཞི་ཕྱོགས་གཅིག་རྣམས་སོ། །དུ་ཞིག་རྣམ་པར་སྨིན་པ་མེད་པ་ཡིན་ཞེ་ན། ལུང་མ་བསྟན་རྣམས་དང་ཐ་མ་གསུམ་མོ། །དུ་ཞིག་རྣམ་པར་སྨིན་པ་ཡིན་ཞེ་ན། སྲོག་གི་དབང་པོ་རངས་པོ་དང་། གཟུགས་ཅན་བདུན་དང་། ཡིད་དང་བཏང་སྙོམས་ཀྱི་དབང་པོའི་ཕྱོགས་རྣམས་སོ། །ལྷག་མ་རྣམས་ནི་རྣམ་པར་སྨིན་པ་མ་ཡིན་ནོ། །

དུ་ཞིག་འདོད་པ་དང་ལྡན་པ་ཡིན་ཞེ་ན། སྣ་ལྕེ་དང་། ཕོ་མོའི་དབང་པོ་སྟེ་བཞི་དང་། ཐ་མ་གསུམ་མ་གཏོགས་པ་ལྷག་མ་རྣམས་ཀྱི་ཕྱོགས་གཅིག་གོ །དུ་ཞིག་གཟུགས་དང་ལྡན་པ་ཡིན་ཞེ་ན། བཅོ་ལྔའི་ཕྱོགས་གཅིག་སྟེ། ཐ་མ་གསུམ་དང་། འདོད་པ་དང་ལྡན་པ་བཞི་བོར་བའོ། །གཟུགས་མེད་པ་དང་ལྡན་པ་དུ་ཞེ་ན། དད་སོགས་ལྔ་དང་། སྲོག་ཡིད་བཏང་སྙོམས་གསུམ་གྱི་ཕྱོགས་སོ། །ཁམས་དང་མི་ལྡན་པ་ནི། ཟག་མེད་རྣམས་སོ། །མི་ལྕོགས་པ་མེད་པའི་ས་པ་དུ་ཞིག་ཡོད་ཅེ་ན། བཅུ་གཅིག་སྟེ། ཐ་མ་བརྒྱད་དང་། ཡིད་དང་། ཡིད་མི་བདེ། བཏང་སྙོམས་ཀྱི་དབང་པོ་རྣམས་སོ། །བསམ་གཏན་དང་པོ་དང་གཉིས་པ་ན་དུ་ཞིག་དམིགས་ཞེ་ན། བཅོ་བརྒྱད་དེ་ཕོ་མོའི་དབང་པོ་སྡུག་བསྔལ་དང་ཡིད་མི་བདེ་བོར་བ་རྣམས་སོ། །ཡིད་བདེ་བོར་བའི་བཅུ་བདུན་ནི་བསམ་གཏན་གསུམ་པའི་ས་པའོ། །བདེ་བ་བོར་བའི་བཅུ་དྲུག་ནི་བཞི་པའི་ས་པའོ། །ཐ་མ་བརྒྱད་དང་། སྲོག་ཡིད་བཏང་སྙོམས་རྣམས་ནི་གཟུགས་མེད་དང་པོ་གསུམ་གྱི་ས་པའོ། །ཐ་མ་གསུམ་བོར་བ་བརྒྱད་ནི་སྲིད་རྩེའི་ས་པའོ། །རྟེན་འདོད་ཁམས་པ་དབང་པོ་དུ་དང་ལྡན་ཞེ་ན། སྲིད་པ་ལས་ཐམས་ཅད་དང་ངོ་། །དམྱལ་བར་སྐྱེས་པ་ནི། གཟུགས་ཅན་ལྔ་དང་། སྲོག་ཡིད་བཏང་སྙོམས་རྣམས་ནི་ཀུན་དུ་འབྱུང་བའི་ཚུལ་གྱིས་ངེས་པར་ལྡན་ལ། ཐ་མ་གསུམ་མ་གཏོགས་པའི་ལྷག་མ་རྣམས་ནི་ལྡན་པ་ཡང་ཡོད་མི་ལྡན་པ་ཡོད། ཐ་མ་གསུམ་ནི་ཀུན་དུ་འབྱུང་བ་ལས་མི་ལྡན་ལ་ས་བོན་གྱི་ཚུལ་གྱིས་ལྡན་པ་ཡང་ཡོད་མི་ལྡན་པ་ཡང་ཡོད་ཏེ། ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་དང་། མི་འདའ་བའི་ཆོས་ཅན་རྣམས་སོ། །

སེམས་ཅན་དམྱལ་བར་སྐྱེས་པ་ཇི་ལྟ་བ་བཞིན་དུ་གཅིག་ཏུ་སྡུག་བསྔལ་བའི་དུད་འགྲོ་དང་། ཡི་དྭགས་རྣམས་ལ་ཡང་དེ་བཞིན་དུ་ལྟ་བར་བྱའོ། །མིར་སྐྱེས་པ་རྣམས་ཀྱང་སྲིད་པ་ལས་ཐམས་ཅད་དང་ངོ་། །མིར་སྐྱེས་པ་ཇི་ལྟ་བ་བཞིན་དུ་ལྷར་སྐྱེས་པ་རྣམས་ཀྱང་དེ་བཞིན་ནོ། །དབང་པོ་མ་ཚང་བ་རྣམས་ནི། མིག་ལ་སོགས་པ་ལྔ་པོ་གང་རུང་མ་གཏོགས་པ་སྲིད་པ་ལས་ཐམས་ཅད་དང་ངོ་། །དབང་པོ་ཚང་བ་རྣམས་ནི་སྲིད་པ་ལས་ཐམས་ཅད་དང་ངོ་། །ཟ་མ་ནི་ཕོ་མོའི་དབང་པོ་དང་། ཐ་མ་གསུམ་མ་གཏོགས་པ་སྲིད་པ་ལས་ཐམས་ཅད་དང་ངོ་། །སྐྱེས་པ་དང་བུད་མེད་ཕོ་མོའི་དབང་པོ་གང་རུང་མ་གཏོགས་པ་སྲིད་པ་ལས་ཐམས་ཅད་དང་ངོ། མཚན་གཉིས་པ་ནི་སྲིད་པ་ལས་བཅུ་དགུ་དང་ལྡན་ཏེ། ཐ་མ་གསུམ་བོར་བའོ། །དགེ་བའི་རྩ་བ་ཆད་པ་ནི་བརྒྱད་མ་གཏོགས་པ་སྲིད་པ་ལས་གཞན་རྣམས་དང་ལྡན་ནོ། །དགེ་བའི་རྩ་བ་མ་ཆད་པ་ནི་སྲིད་པ་ལས་ཐམས་ཅད་དང་ངོ་། །སོ་སོ་སྐྱེ་བོ་རྣམས་ནི་ཐ་མ་གསུམ་མ་གཏོགས་པ་སྲིད་པ་ལས་བཅུ་དགུ་དང་ངོ་། །བདེན་པ་མཐོང་བ་སྲིད་པ་ལས་ཐམས་ཅད་དང་ངོ་། །སློབ་པ་ནི་ཐ་མ་མ་གཏོགས་པའི་སྲིད་པ་ལས་ཉི་ཤུ་རྩ་གཅིག་དང་ངོ་། །མི་སློབ་པ་ནི་ཡིད་མི་བདེ་དང་། ཟག་མེད་དང་པོ་གཉིས་མ་གཏོགས་པ་བཅུ་དགུ་དང་ངོ་། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་གནས་པ་ཟག་མེད་དང་པོ་དང་ཐ་མ་གཉིས་བོར་བ་ཉི་ཤུ་དང་ལྡན་ནོ། །རྒྱུན་དུ་ཞུགས་པ་ཇི་ལྟ་བ་བཞིན་དུ་ཕྱིར་འོང་བའི་འབྲས་བུ་ལ་ཞུགས་པ་དང་། ཕྱིར་འོང་བ་དང་ཕྱིར་མི་འོང་བའི་འབྲས་བུ་ལ་ཞུགས་པ་ཡང་དེ་བཞིན་ནོ། །རྒྱུན་དུ་ཞུགས་པའི་འབྲས་བུ་ལ་ཞུགས་པ་ནི། ཟག་མེད་ཐ་མ་གཉིས་བོར་བ་སྲིད་པ་ལས་ཉི་ཤུ་དང་ངོ་། །ཕྱིར་མི་འོང་བའི་འབྲས་བུ་ལ་གནས་པ་ཟག་མེད་ཐོག་མཐའ་གཉིས་དང་། ཡིད་མི་བདེ་བོར་བ་བཅུ་དགུ་རྣམས་དང་ངོ་། །དགྲ་བཅོམ་པའི་འབྲས་བུ་ལ་ཞུགས་པ་ཡང་དེ་བཞིན་ནོ། །དགྲ་བཅོམ་པའི་འབྲས་བུ་ལ་གནས་པ་ཟག་མེད་དང་པོ་གཉིས་དང་། ཡིད་མི་བདེ་བོར་བ་བཅུ་དགུ་དང་ལྡན་སྲིད་དོ། །འདོད་པའི་ཁམས་ནས་ཤི་འཕོས་ནས་འདོད་པའི་ཁམས་སུ་སྐྱེ་བ་ལ་དབང་པོ་དུ་དག་ནི་སྤོང་བར་བྱེད་ཅིང་དུ་དག་ནི་ཐོབ་པར་བྱེད་ཅེ་ན། ཐ་མ་བརྒྱད་མ་གཏོགས་པ་རྣམས་ནི་དམན་པ་སྤངས་ནས་ཁྱད་པར་བ་ཐོབ་པ་ཡང་ཡོད། དམན་པ་སྤངས་ནས་དམན་པ་གཞན་ཐོབ་པ་ཡང་ཡོད། ཁྱད་པར་བ་སྤངས་ནས་དམན་པ་ཐོབ་པ་ཡང་ཡོད། །ཁྱད་པར་བ་སྤངས་ནས་ཁྱད་པར་གཞན་ཐོབ་པར་བྱེད་ལ། དད་པ་ལ་སོགས་པའི་དགེ་བ་ནི། སྔོན་གྱི་དམན་པ་སྤངས་ནས། ཁྱད་པར་དུ་འཕགས་པ་གཞན་ཐོབ་པར་བྱེད་ཀྱི་དམན་པ་ཐོབ་པ་ནི་མེད་དེ། སྔོན་གྱི་དད་སོགས་རྣམས་ནི་ཕྱི་མའི་དད་སོགས་གོང་ནས་གོང་དུ་འཕེལ་བའི་རྒྱུ་ཡིན་པའི་ཕྱིར་རོ། །ཐ་མ་གསུམ་ནི་སྐྱེ་བ་དང་མི་མཐུན་པ་ཡིན་ནོ། །འདོད་པ་ནས་ཤི་འཕོས་ནས་གཟུགས་ཀྱི་ཁམས་སུ་སྐྱེ་བ་ན་དབང་པོ་དུ་དག་ནི་སྤང་ཞིང་། དུ་དག་འཐོབ་ཞེ་ན་འོག་མའི་དབང་པོ་ཐམས་ཅད་ནི་སྤོང་བར་བྱེད་ལ་གོང་མའི་དབང་པོ་ཐམས་ཅད་ནི་སྲིད་པ་ལས་ཐོབ་པར་ལྟའོ། །དེ་བཞིན་དུ་འདོད་པ་ནས་ཤི་འཕོས་ནས་གཟུགས་མེད་པར་སྐྱེ་བ་དང་། གཟུགས་ནས་ཤི་འཕོས་ནས། གཟུགས་མེད་པར་སྐྱེ་བ་རྣམས་ལ་ཡང་དེ་བཞིན་དུ་ལྟ་བར་བྱའོ། །རབ་ཏུ་དབྱེ་བས་ཇི་ལྟ་བུ་ཞེ་ན། རྒྱས་པར་ཕྱེ་ན་དབང་པོ་ཉི་ཤུ་རྩ་གཉིས་ཡིན་ལ། མདོར་བསྡུ་ན། ཀུན་ནས་ཉོན་མོངས་པ་དང་། རྣམ་པར་བྱང་བའི་དབང་པོ་གཉིས་སུ་ཡང་འགྱུར་རོ། །དབང་པོ་རྣམས་རྣམ་པར་གཏན་ལ་དབབ་པ་མདོར་བསྡུས་པ་བཤད་ཟིན་ཏོ། །

གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ནི་མིག་ལ་སོགས་པའི་དབང་པོ་ལྔ་དང་ཕོ་མོའི་དབང་པོ་རྣམས་སོ། །འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་ནི། སྲོག་དང་། དད་པ་ལ་སོགས་པ་ལྔ་རྣམས་སོ། །ཁམས་བཅུ་གཉིས་ནི་དབང་པོ་ལྔ་དང་། རྣམ་པར་ཤེས་པའི་ཁམས་བདུན་རྣམས་སོ། །སྐྱེ་མཆེད་དྲུག་ནི་ནང་གི་སྐྱེ་མཆེད་རྣམས་སོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་གཅིག་ནི། སྲོག་གི་དབང་པོ་དང་། བདེ་བ་ལ་སོགས་པ་རྣམས་དང་དད་པ་ལ་སོགས་པ་ལྔའོ། །ཀུན་ནས་ཉོན་མོངས་དང་རྣམ་བྱང་གི་ཆོས་རྣམས་ལ་དབང་བྱེད་པའམ། དབང་པོ་ཆོས་ཙམ་དུ་མངོན་པར་ཤེས་པ་ན། བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །

སྡུག་བསྔལ་གྱི་ཚོར་བ་རང་གི་མཚན་ཉིད་ནི། རང་གི་མཚན་ཉིད་ཀྱིས་སྡུག་བསྔལ་གྱི་སྡུག་བསྔལ་ཡིན་ལ། སྡུག་བསྔལ་མྱོང་བར་འགྱུར་བའི་ཆོས་དབང་པོ་དང་དོན་རྣམས་དང་། དེ་དང་མཚུངས་པར་ལྡན་པ་རྣམས་ནི་སྡུག་བསྔལ་མྱོང་བར་བྱེད་པའི་ཕྱིར་སྡུག་བསྔལ་གྱི་སྡུག་བསྔལ་དུ་ལྟའོ། །ཐམས་ཅད་ཀྱི་ཕྱོགས་གཅིག་ནི་སྡུག་བསྔལ་གྱི་ཚོར་བ་གནས་དང་བཅས་པའོ། །སྡུག་བསྔལ་གྱི་སྡུག་བསྔལ་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །བདེ་བ་མྱོང་བའི་ཚོར་བ་དང་། དེ་མྱོང་བ་དང་རྗེས་སུ་མཐུན་པའི་ཆོས་རང་མཚན་པ་དབང་པོ་དང་དོན་རྣམས་འགྱུར་ན་ཆགས་ཅན་རྣམས་ལ་སླར་ཡིད་མི་བདེ་སྐྱེ་བའི་ཕྱིར་དང་། བདེ་བ་དང་བདེ་བ་མྱོང་བར་འགྱུར་བ་དེ་ལ་ཡང་ཆགས་པས་སེམས་སྔར་གྱི་གནས་སྐབས་ལས་མི་འདྲ་བར་འགྱུར་བའི་ཕྱིར། འགྱུར་བའི་སྡུག་བསྔལ་ཡིན་ནོ་ཐམས་ཅད་ཀྱི་ཕྱོགས་གཅིག་བདེ་བ་དང་བདེ་བ་མྱོང་བར་འགྱུར་བའི་ཆོས་རྣམས་སོ། །འགྱུར་བའི་སྡུག་བསྔལ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །སྡུག་བསྔལ་དང་བདེ་བ་གཉིས་ཀ་མ་ཡིན་པའི་ཚོར་བ་བཏང་སྙོམས་དང་། དེ་མྱོང་བར་འགྱུར་བའི་ཆོས་དང་། སྡུག་བསྔལ་དང་། འགྱུར་བའི་སྡུག་བསྔལ་དེ་གཉིས་ཀའི་གནས་ངན་ལེན་ཡོངས་སུ་འཛིན་པ་དང་། སྡུག་བསྔལ་དེ་གཉིས་ཀ་ལས་མ་ཐར་བས་རེས་ནི་བདེ་བའི་གནས་སྐབས་ལ་བསྟེན། རེས་སྡུག་བསྔལ་གྱི་གནས་སྐབས་ལ་བསྟེན་ཏེ། རྟག་ཏུ་ཁོར་མོར། བཏང་སྙོམས་འབའ་ཞིག་གི་གནས་སྐབས་ལ་གནས་པ་ནི་མ་ཡིན་ནོ། །དེ་ལྟ་བས་ན་མི་རྟག་པས་རྗེས་སུ་བཅིངས་པས་གྲུབ་པ་དང་བདེ་བ་མ་ཡིན་པའི་ཕྱིར་ཟག་པ་དང་བཅས་པའི་ཚོར་བ་བཏང་སྙོམས་གཞི་དང་བཅས་པ་རྣམས་འདུ་བྱེད་ཀྱི་སྡུག་བསྔལ་ཉིད་དུ་རིག་པར་བྱའོ། །ཕུང་པོ་རྣམས་དང་། ཁམས་དང་སྐྱེ་མཆེད་ཐ་མ་གསུམ་དང་གཉིས་ཀྱི་ཕྱོགས་ནི་ཟག་མེད་མ་གཏོགས་པ་རྣམས་སོ། །འདུ་བྱེད་ཀྱི་སྡུག་བསྔལ་ཚོར་བ་བཏང་སྙོམས་གནས་དང་བཅས་པ་ཆོས་ཙམ་དུ་ཤེས་པས་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །རྣམ་སྨིན་དང་བཅས་པ་ལ་དངོས་ནི་མི་དགེ་བ་དང་དགེ་བ་ཟག་པ་དང་བཅས་པ་ནི། ཡང་སྲིད་པ་འཕེན་པར་བྱེད་པའི་རྣམ་སྨིན་གྱི་ས་བོན་འཇོག་པར་བྱེད་པས་རྣམ་པར་སྨིན་པ་དང་བཅས་པར་ལྟའོ། །རྣམ་པར་ཤེས་པའི་ཁམས་བདུན་དང་། གཟུགས་སྒྲ་ཆོས་ཀྱི་ཁམས་ཏེ་ཁམས་བཅུ་དང་། གཟུགས་སྒྲ་ཆོས་དང་ཡིད་ཀྱི་སྐྱེ་མཆེད་རྣམས་ཏེ་སྐྱེ་མཆེད་བཞིའི་ཕྱོགས་གཅིག་ནི་མི་དགེ་བ་དགེ་བ་ཟག་བཅས་ཀྱིས་བསྡུས་པ་རྣམས་སོ། །ཡང་སྲིད་པའི་ཕུང་པོའི་བག་ཆགས་འཇོག་པར་བྱེད་པ་དང་། ཡང་སྲིད་པར་ཉིང་མཚམས་སྦྱོར་བར་བྱེད་པའི་རྣམ་སྨིན་དང་བཅས་པ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །

གཉིས་པ་ལྡན་ཆོས་ནི། རྣམ་པར་སྨིན་པ་དངོས་ནི། ཀུན་གཞིའི་རྣམ་པར་ཤེས་པ་མཚུངས་ལྡན་དང་བཅས་པ་སྟེ། དེ་དག་ནི་སྔོན་གྱི་ལས་ཡོངས་སུ་སྨིན་པའི་རང་བཞིན་ཡིན་པའི་ཕྱིར་རོ། །དེ་ལས་གཞན་པ་མིག་ལ་སོགས་པ་དང་། བདེ་བ་དང་སྡུག་བསྔལ་ལ་སོགས་པ་ནི། རྣམ་པར་སྨིན་པ་ལས་བྱུང་བའི་ཕྱིར་རྣམ་པར་སྨིན་པ་ཞེས་པའི་མིང་ཐོབ་བོ། །ཟས་ནི་བཞི་སྟེ། ཁམས་ཀྱི་ཟས་དང་། རེག་པའི་ཟས་དང་། སེམས་པའི་ཟས་དང་། རྣམ་པར་ཤེས་པའི་ཟས་སོ། །དེ་ལ་ཁམ་གྱི་ཟས་ནི་རགས་པ་ཡིན་ལ་དེ་ཡང་འདོད་པའི་ཁམས་ན་འགྲོ་བ་ལྔ་ཆར་ལ་ཡོད་ལ། ཉི་ཚེ་བའི་སེམས་ཅན་དམྱལ་བ་ཁ་ཅིག་ལ་ཡང་ཡོད་ལ། སེམས་ཅན་དམྱལ་བ་ཆེན་པོ་ན་མེད་དོ། །གཞན་དག་ན་རེ་དེ་དག་ན་ཡང་ལྕགས་ཀྱི་ཐོ་ལུམ་འབར་བ་དང་། ཟངས་ཁུ་ལ་སོགས་པས་བཀྲེས་པ་ཉེ་བར་འཇོམས་པའི་ཕྱིར་ཟས་སུ་ཉེ་བར་བཏགས་པ་ཡོད་དོ་ཞེས་ཟེར་རོ། །ཟས་ཀྱི་དོན་ནི་དབང་པོ་རྣམས་ཚིམ་པར་བྱེད་པ་ཡིན་པའི་ཕྱིར་དེ་ནི་མི་རིགས་སོ་སྙམ་དུ་སེམས་སོ། །ཟས་ལྷག་མ་རྣམས་ནི་ཁམས་གསུམ་ཅར་ན་ཡང་དམིགས་སོ། །གང་གི་ཚེ་འདུ་བྱེད་རྣམས་ནི་རྒྱུ་བདུན་གྱིས་གནས་པར་འགྱུར་ཏེ། འདི་ལྟར་རེ་ཞིག་དང་པོ་ཁོ་ནར་སྐྱེ་བ་ནི་འདུ་བྱེད་རྣམས་གནས་པའི་རྒྱུ་ཡིན་ཏེ། འདུ་བྱེད་སྐྱེས་པ་རྣམས་གནས་ཀྱི་མ་སྐྱེས་པ་ནི་མི་གནས་པའི་ཕྱིར་རོ། །སྲོག་གི་དབང་པོ་དང་ཟས་ཀྱང་ཡིན་ནོ། །སེམས་ལ་དབང་བ་རྣམས་ཀྱི་རྫུ་འཕྲུལ་ཡང་ཡིན་ཏེ། དེ་དག་ནི་ཚེའི་འདུ་བྱེད་སྲིངས་ནས་བསྐལ་པའི་བསྐལ་པ་བས་ལྷག་པར་གནས་པའི་ཕྱིར་རོ། །རྒྱུ་དང་རྐྱེན་ཚོགས་པ་ཡང་ཡིན་ཏེ། ཇི་སྲིད་དུ་རྒྱུ་དང་རྐྱེན་མ་བྲལ་བ་དེ་སྲིད་དུ་དགེ་བ་དང་མི་དགེ་བ་དང་། ལུང་དུ་མ་བསྟན་པའི་ཆོས་རྣམས་ཀྱི་གནས་པའི་རྒྱུན་རྒྱུན་མི་འཆད་པའི་ཕྱིར་རོ། །

སྔོན་གྱི་ལས་ཀྱི་འཕེན་པ་ཡང་དགེ་བ་དང་མི་དགེ་བ་དང་ལུང་དུ་མ་བསྟན་པའི་ཆོས་ཀྱིས་སྒྲུབས་པའི་འདུ་བྱེད་རྣམས་གནས་པའི་རྒྱུ་ཡིན་ཏེ་འདི་ལྟར་ཕྱི་རོལ་གྱི་དངོས་པོ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་ལས་ཀྱིས་བསྐྱེད་པ་རྣམས་ཀྱིའོ། །བར་དུ་གཅོད་པ་མེད་པ་ཡང་འདུ་བྱེད་རྣམས་གནས་པའི་རྒྱུ་བདུན་པ་ཡིན་ཏེ། འདུ་བྱེད་རང་གི་རྒྱུ་ལས་བྱུང་ཞིང་རྒྱུ་རྐྱེན་གྱི་ནུས་པ་གཏུགས་པ་མེད་པ་དེ་དག་ནི། འགལ་རྐྱེན་གྱི་གེགས་དང་མ་ཕྲད་ན་རྒྱུན་གནས་པར་འགྱུར་གྱི། གཞན་དུ་ན་འཇིག་པར་འགྱུར་བའི་ཕྱིར་རོ། །དེ་ལྟར་འདུ་བྱེད་རྣམས་གནས་པའི་རྒྱུ་བདུན་ཡོད་པ་ཡིན་ན། ཅིའི་ཕྱིར། བཅོམ་ལྡན་འདས་ཀྱིས་ཟས་རྣམས་ཁོ་ན་སེམས་ཅན་རྣམས་གནས་པའི་རྒྱུར་གསུངས་ཞེ་ན། འདུ་བྱེད་རྣམས་སྐྱེ་བ་ལ་སོགས་པ་གཞན་རྣམས་ཀྱིས་ཀྱང་གནས་པར་བྱེད་པ་ཡིན་མོད་ཀྱི་འོན་ཀྱང་། ཟས་བཞི་པོ་དེ་དག་ནི་སྒོ་མང་པོ་སྣ་ཚོགས་པ་དག་གིས་འདུ་བྱེད་རྣམས་གནས་པར་བྱེད་པའི་ཕྱིར་དང་། གཞན་ཡང་ཟས་ལས་གྱུར་པའི་གནས་པ་འདི་ནི་བྱིས་པ་གཞོན་ནུ་ཡན་ཆད་ཀྱིས་ཀྱང་བཟུང་སླ་བ་དང་། འཇུག་སླ་བ་དང་། རྟོགས་པར་སླ་བ་ཡིན་གྱི། གཞན་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང་། གཞན་ཡང་ཟས་རྣམས་ཀྱིས་དབང་པོ་དང་། འབྱུང་བ་ཆེན་པོ་རྣམས་མ་འཕེལ་བ་འཕེལ་བར་བྱེད་པ་དང་། ནད་ཀྱིས་ཐེབས་པ་རྣམས་ཀྱང་ནད་མེད་པར་བྱེད་པ་ཡིན་གྱི། གཞན་དག་ནི་དེ་ལྟ་མ་ཡིན་པའི་ཕྱིར་དང་། གཞན་ཡང་སེམས་ཅན་ཚེ་རིང་པོ་དག་ཀྱང་ཟས་མ་རྙེད་ན་དུས་མ་ཡིན་པར་འཆི་བར་འགྱུར་བའི་ཕྱིར་དང་། འདི་ལྟར་སེམས་ཅན་རྣམས་ཟས་བཞིས་གནས་སོ། །

ཞེས་བྱ་བའི་ལམ་འདི་དྲན་པ་ཉེ་བར་བཞག་པ་སོགས་སྒོམ་པ་ལ་འཇུག་སླ་བ་ཡིན་པའི་ཕྱིར། དེ་ལྟ་བས་ན་རྒྱུ་ལྔ་པོ་དེ་དག་གིས་སེམས་ཅན་རྣམས་ཟས་ཀྱིས་གནས་པ་ཁོ་ནར་གསུངས་པ་ཡིན་ནོ། །དེ་ལ་ཁམ་གྱི་ཟས་ནི་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་གྱི་རང་བཞིན་དུ་གྱུར་པ་གང་གི་ཚེ་འཇུ་བ་དེའི་ཚེ། དབང་པོ་རྟེན་དང་བཅས་པ་འཕེལ་ཞིང་རྒྱས་པར་འགྱུར་བ་དེའི་ཕྱིར། འཇུ་བས་ཀྱང་འཇུ་བ་ལས་གྱུར་པ་ཞེས་བྱའོ། །ཅིའི་ཕྱིར་ཁམ་གྱི་ཟས་སྐྱེ་མཆེད་གསུམ་གྱིས་བསྡུས་ཞེ་ན། འདི་ལྟར་དྲི་རོ་རེག་བྱ་རྣམས་ལེགས་པར་ཞུ་བས་ནི་དབང་པོ་རྟེན་དང་བཅས་པ་འཕེལ་བར་བྱེད་ལ། མི་མཐུན་པར་ཞུ་བས་ནི་འགྲིབ་པར་བྱེད་ཀྱི། གཟུགས་ལ་སོགས་པ་ནི་འཕེལ་བའི་ཕྱིར་ཡང་འཇུ་བར་མི་འགྱུར་འགྲིབ་པའི་ཕྱིར་ཡང་འཇུ་བར་མི་འགྱུར་བས། དེའི་ཕྱིར་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་པོ་ཁོ་ན་ཁམ་གྱི་ཟས་ཡིན་ནོ། །དེ་ལ་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་པོ་རྣམས་ནི། སྣ་ལྕེ་ལུས་ཀྱི་དབང་པོ་རྣམས་ཀྱིས་ཁམ་ཁམ་དུ་བཙད་ལོངས་སྤྱོད་པའི་ཕྱིར་ཁམ་ཡང་ཡིན་ལ། ལོངས་སྤྱད་པ་དེའི་འོག་ཏུ་འཇུ་བའི་ཚེ། དབང་པོ་གཟུགས་ཅན་རྟེན་དང་བཅས་པ་འཕེལ་བ་དང་རྒྱས་པར་བྱེད་པའི་ཕྱིར་ཟས་ཞེས་བྱའོ། །དེ་ལ་ཁམ་གྱི་ཟས་རྣམས་ནི་འཇུ་བའི་ཚེ་ཁོ་ན་ཟས་སུ་བརྗོད་པར་བྱའི། ལོངས་སྤྱོད་པའི་ཚེ་ན་ནི་མ་ཡིན་ཏེ་གང་གི་ཚེ་ལོངས་སྤྱོད་པའི་ཚེ་ན་དེ་དག་གི་དབང་པོ་འཕེལ་བའི་བྱ་བ་མི་བྱེད་ཀྱི། འཇུ་བའི་ཚེ་ཁོ་ན་བྱ་བ་དེ་བྱེད་པའི་ཕྱིར་རོ། །

ཁམ་གང་ཞིག་ཟ་བའི་ཚེ་ཡིད་དུ་འོང་བས་དབང་པོ་རྣམས་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་ཁམ་ཟས་ཀྱི་སྒོ་ནས་དབང་པོ་རྣམས་ཚིམ་པར་བྱེད་པ་མ་ཡིན་གྱི། དེའི་ཚེ་ཡུལ་ཡིད་དུ་འོང་བ་ཡོངས་སུ་གཅོད་པར་བྱེད་པའི་རེག་པའི་ཟས་ཀྱི་སྒོ་ནས་ཟ་བ་པོའི་དབང་པོ་རྣམས་ཚིམ་པར་བྱེད་པ་ཡིན་ནོ། །དེ་ཡང་ཅི་ལྟར་ཤེས་ཞེ་ན། ཅི་སྟེ་ལོངས་སྤྱོད་པའི་ཚེ། ཁམ་གྱི་ཟས་ཀྱི་བྱ་བ་བྱེད་ན། འོ་ན་ནི་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཁམ་གྱི་ཟས་སུ་འགྱུར་ཏེ། འདི་ལྟར་གང་གི་ཚེ། དྲི་རོ་རེག་བྱའི་སྐྱེ་མཆེད་རྣམས་རང་རང་གི་དབང་པོས་ལོངས་སྤྱོད་པ་དེའི་ཚེ་ཡིད་དུ་འོང་བའི་སྒོ་ནས་བཟའ་བ་པོའི་དབང་པོ་ཚིམ་པར་བྱེད་པ་ལྟར། ཁམ་གྱི་ཟས་བཟང་པོའི་གཟུགས་མཐོང་བ་ན་ཡང་། དབང་པོ་ཚིམ་པའི་བྱ་བ་བྱེད་པའི་ཕྱིར་རོ། །ཅི་སྟེ་ཁམ་ཟས་ལ་འདོད་ཆགས་དང་མ་བྲལ་བ་དག་གིས་ཁམ་ཟས་ཀྱི་གཟུགས་མཐོང་བའི་ཚེ་དབང་པོ་རྣམས་ཚིམ་པ་ནི་རེག་བྱའི་ཟས་ཡིན་གྱི། ཁམ་གྱི་ཟས་ནི་མ་ཡིན་ཏེ། ཁམ་ཟས་ལ་འདོད་ཆགས་དང་བྲལ་བ་དག་གིས་ཟས་ཀྱི་གཟུགས་མཐོང་ཡང་དབང་པོ་ཚིམ་པར་མི་བྱེད་པའི་ཕྱིར་དང་། གང་གི་ཚེ་ཁམ་གྱི་ཟས་ལོངས་སྤྱོད་པ་དེའི་ཚེ་ཁམ་ཟས་ཀྱི་གཟུགས་ནི་རང་གི་དབང་པོའི་སྤྱོད་ཡུལ་ལས་འདས་པས་དེ་ལ་ཕན་མི་འདོགས་པའི་ཕྱིར་ཡང་ཁམ་གྱི་ཟས་མ་ཡིན་ནོ་ཞེས་གཞན་དག་ཟེར་རོ། །

འདི་ལ་བརྗོད་པར་བྱ་སྟེ། ཁམ་ཟས་ཀྱི་གཟུགས་མཐོང་བའི་ཚེ་འདོད་ཆགས་དང་མ་བྲལ་བ་དག་གི་དབང་པོ་ཚིམ་པར་བྱེད་ལ། འདོད་ཆགས་དང་བྲལ་བ་དག་གི་དབང་པོ་ཚིམ་པར་མི་བྱེད་དོ་ཞེས་སྨྲ་བ་འདི་ལ་རྒྱུ་ཅི་ཞིག་ཡོད། ཅི་སྟེ་འདོད་ཆགས་དང་མ་བྲལ་བ་དག་གིས་ཁམ་ཟས་ཀྱི་གཟུགས་མཐོང་བའི་ཚེ། དེ་ལ་སྲེད་པའི་སྒོ་ནས་དེ་ཉིད་ཡིད་དུ་འོང་བའི་རྣམ་པར་ཡོངས་སུ་གཅོད་པར་བྱེད་ལ། འདོད་ཆགས་དང་བྲལ་བ་དག་གིས་མཐོང་བ་ན་དེ་ལ་སྲེད་པ་དང་བྲལ་བས་ཡིད་དུ་འོང་བའི་རྣམ་པར་ཡོངས་སུ་གཅོད་པ་མེད་ལ། དེའི་ཕྱིར་དེ་དག་གི་དབང་པོ་ཚིམ་པ་དང་ཚིམ་པ་མིན་པའི་ཁྱད་པར་ཡོད་སྙམ་དུ་སེམས་ན། དེ་ལྟར་ན་དྲི་རོ་རེག་བྱའི་སྐྱེ་མཆེད་གསུམ་ཡང་། རང་གི་དབང་པོས་ལོངས་སྤྱོད་པའི་ཚེ་ཟ་བ་པོའི་དབང་པོ་ཚིམ་པར་བྱེད་པ་གང་ཡིན་པ་དེ་ནི་རེག་པའི་ཟས་ཡིན་གྱི་ཁམ་གྱི་ཟས་མ་ཡིན་ནོ་ཞེས་བྱ་བར་འགྱུར་ཏེ། དེ་དག་ཀྱང་ཁམ་ཟས་ལ་འདོད་ཆགས་དང་མ་བྲལ་བ་རྣམས་ཀྱིས་རང་གི་དབང་པོས་ལོངས་སྤྱོད་པའི་ཚེ། ཡིད་དུ་འོང་བའི་རྣམ་པར་ཡོངས་སུ་གཅོད་པར་བྱེད་ཀྱི་ཁམ་ཟས་ལ་འདོད་ཆགས་དང་བྲལ་བ་དག་གིས་དེ་ལྟར་ཡོངས་སུ་མི་གཅོད་པའི་ཕྱིར་རོ། །

གལ་ལྟེ་འདོད་ཆགས་དང་བྲལ་བ་དག་གིས་དྲི་རོ་རེག་བྱའི་སྐྱེ་མཆེད་དག་ལ་སྲེད་པའི་སྒོ་ནས་ཡིད་དུ་འོང་བའི་རྣམ་པར་ཡོངས་སུ་མི་གཅོད་ཀྱང་། ཡུལ་གྱི་སྟོབས་ཀྱིས། བདེ་བ་མྱོང་འགྱུར་གྱི་རེག་པ་སྐྱེ་ལ། དེ་ལས་བདེ་བའི་ཚོར་བ་སྐྱེ་ལ། ཚོར་བ་བདེ་བའི་སྟོབས་ཀྱིས་དབང་པོ་རྣམས་ཚིམ་པར་བྱེད་པར་འགྱུར་རོ་ཞེ་ན། དེ་ལྟ་ན་འདོད་ཆགས་དང་བྲལ་བ་དག་གིས་ཁམ་ཟས་ཀྱི་གཟུགས་མཐོང་བའི་ཚེ་ཡུལ་གྱི་སྟོབས་ཀྱིས་བདེ་བ་མྱོང་འགྱུར་གྱི་རེག་པ་སྐྱེ་བའི་ཕྱིར་དེ་ཡང་ཁམ་གྱི་ཟས་ཡིན་པར་འགྱུར་རོ། །དེ་ལྟར་ན་ལོངས་སྤྱོད་པའི་ཚེ་ཁམ་གྱི་ཟས་ཀྱི་བྱ་བ་བྱེད་ན་གཟུགས་ཀྱི་སྐྱེ་མཆེད་ཀྱང་ཁམ་གྱི་ཟས་ཡིན་པ་ལྡོག་པར་མི་ནུས་པའི་ཕྱིར། འཇུ་བའི་ཚེ་ཁོ་ན་ཁམ་གྱི་ཟས་ཡིན་ནོ་ཞེས་བྱ་བར་གནས་སོ། །དེ་བས་ན་ཁམ་གང་བཟའ་བའི་ཚེ་ཡིད་དུ་འོང་བས་དབང་པོ་རྣམས་ཚིམ་པར་བྱེད་པ་དེ་ནི་རེག་པའི་གཟུགས་ཀྱི་སྒོ་ནས་ཡིན་གྱི་ཁམ་གྱི་ཟས་ནི་མ་ཡིན་ལ། དེ་ཉིད་ཟོས་པའི་འོག་ཏུའཇུ་བ་ན་དབང་པོ་རྟེན་དང་བཅས་པ་ལ་ཕན་པ་ཉེ་བར་སྦྱོར་ན། ཞུ་བའི་ཚེ་ཁམ་གྱི་ཟས་ཡིན་པར་བརྗོད་པར་བྱའོ། །ཅི་སྟེ་འཇུ་བའི་ཚེ་དབང་པོ་ལ་ཕན་པ་མེད་ན་ནི་དེའི་ཚེ་ཟས་མ་ཡིན་ནོ། །ཡང་ཁམ་གང་ཞིག་ཟ་བའི་ཚེ་ཡིད་དུ་མི་འོང་བས་ཟ་བ་པོའི་དབང་པོ་ཚིམ་པར་མི་བྱེད་པ་དེ་ནི་དེའི་ཚེ་ཟས་གང་ཡང་མ་ཡིན་ལ། འཇུ་བའི་ཚེ་དབང་པོ་རྟེན་དང་བཅས་པ་འཕེལ་བར་འགྱུར་ན་འཇུ་བའི་ཚེ་ཁམ་གྱི་ཟས་ཡིན་ལ། འཇུ་བའི་ཚེ་ཡང་དབང་པོ་ལ་ཕན་འདོགས་པར་མི་བྱེད་པ་དེ་ནི་དེའི་ཚེ་ཡང་ཟས་མ་ཡིན་ནོ། །དེའི་ཕྱིར་ཁམ་གང་ཞིག་ལོངས་སྤྱོད་པའི་ཚེ་རེག་པའི་ཟས་ཀྱི་དམིགས་པའི་བྱ་བ་བྱེད་ལ་འཇུ་བའི་ཚེ་ཁམ་གྱི་ཟས་སུ་འགྱུར་བ་ཡང་ཡོད། དེ་ལས་བཟློག་པ་ཡང་ཡོད། གཉིས་ཀ་ཡིན་པ་ཡང་ཡོད། གཉིས་ཀ་མ་ཡིན་པ་ཡང་ཡོད་དོ། །ཁམ་གང་ཡིན་པ་ཟས་ཀྱང་དེ་ཡིན་ནམ། ཟས་གང་ཡིན་པ་ཁམ་ཡང་དེ་ཡིན་ནམ་ཞེ་ན། མུ་བཞིར་བརྗོད་པར་བྱ་སྟེ། དེ་ལ་ཁམ་ཡིན་ལ་ཟས་མ་ཡིན་པ་ནི། དྲི་རོ་རེག་བྱའི་སྐྱེ་མཆེད་གང་འཇུ་བའི་ཚེ་དབང་པོ་དང་རྟེན་འབྱུང་བ་ཆེན་པོ་རྣམས་ལ་ཕན་འདོགས་པ་མ་ཡིན་པའོ། །ཟས་ཡིན་ལ་ཁམ་མ་ཡིན་པ་ཡང་ཡོད་དོ། རེག་པ་དང་ཡིད་ལ་སེམས་པ་དང་། རྣམ་པར་ཤེས་པ་གང་། དབང་པོ་རྟེན་དང་བཅས་པ་འཕེལ་བ་བྱེད་པ་རྣམས་སོ། །གཉིས་ཀ་ཡིན་པ་ཡང་ཡོད་དེ། ཁམ་གང་ཞིག་འཇུ་བའི་ཚེ། དབང་པོ་རྟེན་དང་བཅས་པ་འཕེལ་བར་བྱེད་པ་གང་ཡིན་པའོ། །གཉིས་ཀ་མ་ཡིན་པ་ཡང་ཡོད་དེ། རེག་པ་དང་། སེམས་པ་དང་། རྣམ་པར་ཤེས་པ་གང་དབང་པོ་རྟེན་དང་བཅས་པ་འཕེལ་བར་མི་བྱེད་པ་གང་ཡིན་པའོ། །དེ་ལ་ཁམ་གྱི་ཟས་ནི་རགས་པ་ཡང་ཡོད་ཕྲ་བ་ཡང་ཡོད་དེ། འདི་ལྟར་འདོད་པའི་ལྷ་རྣམས་དང་། མེར་མེར་པོ་ལ་སོགས་པའི་གནས་སྐབས་གང་ཡིན་པའི་ཁམ་གྱི་ཟས་གང་ཡིན་པ་དེ་ནི་ཕྲ་བ་ཡིན་ནོ། ཟས་དེ་དག་ནི་ལུས་ལ་ཐིམ་པའི་སྒོ་ནས་དབང་པོ་རྟེན་དང་བཅས་པ་ལ་ཕན་འདོགས་པར་བྱེད་ཀྱི་ཕྱི་ས་དང་རྒྱུ་མཐུན་ལ་སོགས་པ་མི་འབྱུང་བའི་ཕྱིར་རོ། །

དེ་ལས་གཞན་པའི་ཟས་ནི་རགས་པ་ཡིན་ནོ། །འཇུ་བའི་ཚེ་ན་དྭངས་མ་རྣམས་ཀྱིས་དབང་པོ་རྟེན་དང་བཅས་པ་འཕེལ་བར་བྱེད་པའི་ཕྱིར་དང་། བརྩིགས་མ་རྣམས་ཕྱི་ས་དང་རྒྱུ་མཐུན་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་སྲིད་པ་བར་མ་དོ་ལ་སོགས་པ་རྣམས་ཀྱི་ཁམས་ཀྱི་ཟས་གང་ཡིན་པ་དེ་དག་ཀྱང་ཕྲ་བ་ཡིན་ནོ། །རེག་པའི་ཟས་ནི་ཡིད་དུ་འོང་བའི་ཡུལ་ཡོངས་སུ་གཅོད་པར་བྱེད་པའི་རེག་པས་དབང་པོ་དང་བཅས་པའི་ལུས་ལ་ཕན་འདོགས་པའི་ཕྱིར་ཡུལ་གྱིས་ཀྱང་ལས་གྱུར་པ་ཞེས་བྱའོ། །རེག་པ་གང་ཡིན་པ་ཟས་ཀྱང་དེ་ཡིན་ནམ། ཟས་གང་ཡིན་པ་རེག་པ་ཡང་དེ་ཡིན་ནམ་ཞེ་ན། དེ་ཡང་མུ་བཞིར་འགྱུར་ཏེ། དེ་ལ་རེག་པ་ཡིན་ལ་ཟས་མ་ཡིན་པ་ནི་སྡུག་བསྔལ་དང་། ཡིད་མི་བདེ་མྱོང་བར་འགྱུར་བའི་རེག་པ་གང་ཡིན་པ་སྟེ། དེས་ནི་དབང་པོ་རྟེན་དང་བཅས་པ་ལ་ཕན་མི་འདོགས་པའི་ཕྱིར་རོ། །ཟས་ཡིན་ལ་རེག་པ་མ་ཡིན་པ་ཡང་ཡོད་དེ། ཁམ་གྱི་ཟས་ལ་སོགས་པ་གཞན་རྣམས་སོ། །གཉིས་ཀ་ཡིན་པ་ཡང་ཡོད་དེ། ཁམས་དང་སེམས་ལ་སོགས་པ་དབང་པོ་རྟེན་དང་བཅས་པ་ལ་ཕན་མི་འདོགས་པ་གང་ཡིན་པའོ། །སེམས་དཔའ་དང་རྣམ་པར་ཤེས་པའི་ཟས་ལ་ཡང་མུ་བཞི་ཅི་རིགས་པར་སྦྱར་བར་བྱའོ། །ཡིད་ལ་སེམས་པའི་ཟས་ནི་ཡིད་དུ་འོང་བའི་ཡུལ་ལ་རྣམ་པར་ཤེས་པ་གཡོ་བར་བྱེད་པའི་སེམས་དཔའ་གང་ཡིན་པ་སྟེ། དེ་ནི་འདོད་བྱའི་དངོས་པོ་དང་འབྲེལ་བའི་རེ་བའི་དབང་གིས་དབང་པོ་རྟེན་དང་བཅས་པ་ལ་ཕན་འདོགས་པའི་ཕྱིར་རེ་བས་ཀྱང་རེ་བ་ལས་གྱུར་པའི་ཟས་ཞེས་བྱའོ། །རྣམ་པར་ཤེས་པའི་ཟས་ནི་ཀུན་གཞིའི་རྣམ་པར་ཤེས་པ་སྟེ། དེའི་དབང་གིས་ལུས་གྲུབ་ཟིན་གནས་པར་བྱེད་པའི་ཕྱིར་ཏེ། དེ་དང་བྲལ་ན་ལུས་རུལ་བ་ལ་སོགས་པར་འགྱུར་བའི་ཕྱིར་རོ། །དེའི་ཕྱིར་དེ་ནི་ལེན་པས་ཀྱང་ལེན་པ་ལས་གྱུར་པའི་ཟས་ཞེས་བྱའོ། །ཕུང་པོ་གསུམ་ནི་གཟུགས་དང་འདུ་བྱེད་དང་རྣམ་པར་ཤེས་པའོ། །ཁམས་བཅུ་གཅིག་ནི། རྣམ་པར་ཤེས་པའི་ཁམས་བདུན་དང་། དྲི་རོ་རེག་བྱ་དང་། ཆོས་ཀྱི་ཁམས་རྣམས་སོ། །སྐྱེ་མཆེད་ལྔ་ནི་དྲི་རོ་རེག་བྱ་དང་ཆོས་དང་ཡིད་ཀྱི་སྐྱེ་མཆེད་རྣམས་སོ། །དེ་རྣམས་ཀྱི་ཕྱོགས་གཅིག་ནི་ཟས་བཞིས་བསྡུས་པ་རྣམས་སོ། །གང་གིས་གནས་པར་བྱེད་པའི་ཟས་ཆོས་ཙམ་དུ་ཤེས་པ་ན་དེས་གནས་པར་བྱ་བ་ཡང་ཆོས་ཙམ་དུ་ཤེས་པས་བདག་ཟས་ཀྱི་གནས་པར་མངོན་པར་ཞེན་པ་སྤོང་ངོ་། །

ཡང་ཟས་རྣམ་པ་བཞི་པོ་དེ་དག་ནི། མདོར་བསྡུ་ན་རྣམ་པ་བཞིས་རྣམ་པར་བཞག་སྟེ། འདི་ལྟ་སྟེ། མ་དག་པའི་ལུས་གནས་པར་བྱེད་པའི་ཟས་ནི་འདོད་པ་ན་སྤྱོད་པའི་སོ་སོ་སྐྱེ་བོ་རྣམས་ཀྱི་སྟེ། འཆིང་བ་མཐའ་དག་དང་ལྡན་པའི་ཕྱིར་རོ། །དག་མ་དག་གཉིས་ཀའི་ལུས་གནས་པར་བྱེད་པའི་ཟས་ནི་སློབ་པ་དང་། གཟུགས་དང་གཟུགས་མེད་པ་ན་སྤྱོད་པ་རྣམས་ཀྱི་སྟེ། འཆིང་བའི་ལྷག་མ་ལུས་པའི་ཕྱིར་རོ། །དག་པའི་ལུས་གནས་པར་བྱེད་པ་ནི་དགྲ་བཅོམ་པ་རྣམས་ཀྱི་སྟེ་འཆིང་བ་ཐམས་ཅད་ལས་རྣམ་པར་གྲོལ་བའི་ཕྱིར་རོ། །ཟས་ཀྱི་གནས་པར་ཀུན་དུ་སྟོན་པས་ཀྱང་ཟས་སུ་ལྟ་སྟེ། དེ་ཡང་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མཐུ་ཆེན་པོ་དང་ལྡན་པ་རྣམས་ཀྱི་སྟེ། གཞན་སྣང་དུ་ཟས་ཀྱི་གནས་པར་ཀུན་དུ་སྟོན་པའི་ཕྱིར་རོ། །འདུས་བྱས་ཐམས་ཅད་དང་འདུས་མ་བྱས་ཀྱི་ཕྱོགས་གཅིག་མྱ་ངན་ལས་འདས་པ་མ་གཏོགས་པ་ནི་གོང་མ་དང་བཅས་པ་ཡིན་ནོ། །དེ་དག་ལས་མཆོག་ཏུ་གྱུར་པའི་ཆོས་གཞན་ཡོད་པའི་ཕྱིར་རོ། །ཆོས་ཀྱི་ཁམས་དང་སྐྱེ་མཆེད་ཀྱི་ཕྱོགས་ནི་མྱ་ངན་ལས་འདས་པ་བོར་བའོ། །གོང་མ་དང་བཅས་པ་གང་ཡིན་པ་དེ་ནི་དེ་ལས་གོང་དུ་ངེས་པར་འབྱུང་བར་བྱ་བ་ཡིན་པའི་ཕྱིར་རྫས་ངན་པ་ཡིན་ལ་དེ་ཡང་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་ཞེན་པ་སྤོང་ངོ་། །འདུས་མ་བྱས་ཀྱི་ཕྱོགས་གཅིག་མྱ་ངན་ལས་འདས་པ་ནི་གོང་ན་མེད་པ་ཡིན་ནོ། །དེ་ནི་དེ་བཞིན་ཉིད་རྣམ་པར་དག་པའི་རང་བཞིན་ཡིན་པས་དེ་ལས་མཆོག་ཏུ་གྱུར་པའི་ཆོས་གཞན་མེད་པའི་ཕྱིར་རོ། །གང་ཞིག་གོང་ན་མེད་པ་དེ་ནི། འབད་དེ་ངེས་པར་འབྱུང་བར་བྱ་བ་ཡིན་པས་རྫས་ཀྱི་མཆོག་ཅེས་བྱ་ལ། དེ་ཆོས་ཙམ་དུ་ཤེས་པ་ན་བདག་དེར་མངོན་པར་ཞེན་པ་སྤོང་ངོ་། །

གསུམ་པ་དབྱེ་བ་ཚད་མེད་དུ་བསྟན་པ་ནི་སྔར་བཤད་པའི་ཚུལ་དེ་ལྟར་ན། མཚན་ཉིད་དང་དངོས་པོའི་རྐང་གྲངས་དང་དགོས་པ་གསུམ་གསུམ་གྱི་སྒོ་ནས་བཤད་པའི་ཚུལ་འདིས་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་རྣམ་པའི་རབ་ཏུ་དབྱེ་བའི་ཚུལ་ཚད་མེད་དེ། སྤོབས་པ་སོ་སོ་ཡང་དག་པའི་བྱེ་བྲག་གིས་ཡུལ་མཐའ་ཡས་པའི་ཕྱིར་རོ། །གཉིས་པ་ཀུན་བརྟགས་སོགས་གསུམ་དུ་དབྱེ་བ་ནི། ཡང་རྫས་ཡོད་ལ་སོགས་པའི་དབྱེ་བ་རྣམས་མདོར་བསྡུ་ན། རྣམ་པ་གསུམ་དུ་འགྱུར་ཏེ། འདི་ལྟར། ཀུན་བརྟགས་པ་ལ་སོགས་པའོ། །གང་ཟག་ལ་བདག་མེད་པའི་ཚུལ་གྱིས་ངོ་བོ་ཉིད་གསུམ་སྟོན་པ་དེ་ལས་ཀུན་བརྟགས་པ་ནི། བདག་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་ལ་སོགས་པ་ཟ་བ་པོའི་རང་བཞིན་དུ་གང་ཀུན་དུ་རྟོག་པས་བཏགས་པ་གང་ཡིན་པའོ། །དེ་ལ་ང་རྒྱལ་བསྐྱེད་པས་ན་བདག་ཅེའམ། ཞུམ་པའི་བདག་ཉིད་ཅན་ཡིན་པས་ན་སེམས་ཅན་དང་། རིས་མཐུན་གནས་པས་སྲོག་དང་ལས་དང་ཉོན་མོངས་པའི་དབང་གིས་སྐྱེ་བས་ན། སྐྱེ་བ་དང་། ཁམ་ཟས་ཀྱི་རྒྱས་པར་བྱེད་པས་ན། གསོ་བ་པོ་དང་། ཡང་དང་ཡང་དུ་འགྲོ་བ་རྣམས་སུ་རྟེན་པས་ན་གང་ཟག་དང་། གཙོ་བོར་ཡིད་ཀྱི་ལས་ལས་བསྐྱེད་པས་ཤེད་ལས་སྐྱེས་དང་། ང་རྒྱལ་སྲུང་བར་བྱེད་པས་ན། ཤེད་བུའམ་ཤེད་བདག་ཅེས་པ་ལ་སོགས་པ་ནི་གང་ཟག་གི་མིང་གི་རྣམ་གྲངས་ཡིན་ནོ། །རྣམ་པར་བཏགས་པའམ་གཞན་གྱི་དབང་གི་ངོ་བོ་ཉིད་ནི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་སྔར་ཇི་སྐད་བཤད་པའི་མཚན་ཉིད་ཅན་དེ་དག་ཡིན་ནོ། །ཆོས་ཉིད་དམ་ཡོངས་སུ་གྲུབ་པའི་ངོ་བོ་ནི། གདགས་གཞི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་རྣམས་ལ་བདག་ལ་སོགས་པ་ཀུན་བརྟགས་པའི་དངོས་པོ་དེ་དག་གདོད་མ་ནས་མེད་ཅིང་། མི་རྟག་པ་དང་སྟོང་པ་ལ་སོགས་པ་བདག་མེད་པའི་རང་བཞིན་གྱི་ཆོས་ཙམ་དུ་ཡོད་པའོ། །ཆོས་ཀྱི་བདག་མེད་པའི་ཚུལ་གྱི་ངོ་བོ་ཉིད་གསུམ་ནི་འོག་ཏུ་འཆད་པར་འགྱུར་རོ། །

གསུམ་པ་མཚན་ཉིད་སོགས་བཞིར་དབྱེ་བ་ལ་དངོས་དང་དེ་ཤེས་པའི་ཕན་ཡོན་གཉིས་ལས་དང་པོ་ལ། མཚན་ཉིད་ཀྱི་རབ་ཏུ་དབྱེ་བ་ནི། ཕུང་པོ་ལྔ་དང་ཁམས་བཅོ་བརྒྱད། སྐྱེ་མཆེད་བཅུ་གཉིས་རྣམས་ཀྱི་སོ་སོ་རང་གི་མཚན་ཉིད་སྔར་ཇི་སྐད་བཤད་པ་རྣམས་ཏེ་གཟུགས་སུ་རུང་བའི་མཚན་ཉིད་ཅན་དང་། ཉམས་སུ་མྱོང་བའི་མཚན་ཉིད་ཅན་དང་། ཞེས་པ་ལ་སོགས་པའོ། །

རྣམ་པས་རབ་ཏུ་དབྱེ་བ་ནི། རྫས་ཡོད་དང་བཏགས་ཡོད་ལ་སོགས་པ་སྔར་རབ་ཏུ་དབྱེ་བ་རྒྱས་པར་ཇི་སྐད་བསྟན་པ་རྣམས་སོ། །ལུས་ཀྱི་རབ་ཏུ་དབྱེ་བ་ནི། སེམས་ཅན་རྣམས་ཀྱི་ལུས་ཐ་དད་ཇི་སྙེད་ཡོད་པ་དེ་སྙེད་ཀྱིས་བསྡུས་པའི་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱང་དེ་སྙེད་ཡོད་དོ། །རྒྱུན་གྱི་རབ་ཏུ་དབྱེ་བ་ནི། ཕུང་པོ་ལ་སོགས་པ་དེ་རྣམས་ཇི་སྲིད་རྒྱུན་མ་ཆད་ཀྱི་བར་དུ། སྐད་ཅིག་རེ་རེ་ཞིང་འབྱུང་བ་གང་ཡིན་པའོ། །དེ་རྣམས་ཤེས་པའི་ཕན་ཡོན་ནི། འདི་ཐམས་ཅད་ནི་ཡོངས་སུ་ཤེས་པའི་དོན་ཅན་ཡིན་ལ་ཡོངས་སུ་ཤེས་པ་ཡང་སྤོང་བའི་འབྲས་བུ་ཅན་ཡིན་ན་མཚན་ཉིད་ལ་སོགས་པའི་རབ་ཏུ་དབྱེ་བ་ལ་མཁས་པས་ཅི་ཞིག་ཡོངས་སུ་ཤེས་ཤིང་སྤོང་ཞེ་ན། ཕུང་པོ་ལ་སོགས་པའི་མཚན་ཉིད་ལ་མཁས་པས་ནི། དེ་དག་ལ་གཅིག་པུ་དང་བྱེད་པ་པོ་དང་ཟ་བ་པོའི་བདག་ཏུ་མངོན་པར་ཞེན་པའི་འཁྲུལ་གཞི་ཡོངས་སུ་ཤེས་ནས་སྤོང་བར་འགྱུར་རོ། །རྣམ་པའི་རབ་ཏུ་དབྱེ་བ་ལ་མཁས་པས་ནི། དེ་རྣམས་ལ་རིལ་པོའི་བདག་གཅིག་ཏུ་འདུ་ཤེས་ཤིང་འཛིན་པ་སྤོང་། ལུས་ཀྱི་དབྱེ་བ་ལ་རབ་ཏུ་མཁས་པས་ནི། སེམས་ཅན་རྣམས་ཀྱི་རྒྱུད་སོ་སོ་ཐ་དད་པར་རྟོགས་པས་ལས་མ་བྱས་པར་དེའི་འབྲས་བུ་དང་ཕྲད་པ་དང་། ལས་བྱས་ཀྱང་དེའི་རྣམ་སྨིན་ཆུད་ཟ་བའི་འདུ་ཤེས་ཡོངས་སུ་ཤེས་ཤིང་སྤོང་བར་འགྱུར་རོ། །རྒྱུན་གྱི་རབ་ཏུ་དབྱེ་བ་ལ་མཁས་པས་ནི་ཕུང་པོ་ལ་སོགས་པ་རྣམས་སྐད་ཅིག་རེ་རེ་ཞིང་སྐྱེ་འགག་བྱེད་པར་རྟོགས་པས་དེ་རྣམས་བརྟན་པ་ཐེར་ཟུག་ཏུ་འཛིན་པའི་འདུ་ཤེས་ཡོངས་སུ་ཤེས་ཤིང་སྤོང་ངོ་། །

བཞི་པ་ཕྱི་ལྟས་སོགས་དྲུག་ཏུ་དབྱེ་བ་ནི། ཡང་ཕུང་པོ་དང་ཞེས་པ་ལ་སོགས་པ་སྟེ། དེ་ལ་ཕལ་ཆེར་འདོད་པ་ན་སྤྱོད་པའི་ཕུང་པོ་ཁམས་དང་སྐྱེད་མཆེད་རྣམས་ནི་འདོད་པའི་ཡོན་ཏན་ལ་སྲེད་པ་འཕེལ་བ་དང་རྗེས་སུ་མཐུན་པས་ཕྱི་རོལ་ཏུ་བལྟས་པ་ཡིན་ནོ། །ཕལ་ཆེར་ཞེས་པ་ནི། ཆོས་དབྱིངས་རྟོགས་པའི་རྒྱུ་འཐུན་པའི་ཆོས་ཀྱི་རྒྱུ་ལས་བྱུང་བའི་ཐོས་པ་དང་སེམས་ཉིད་ལ་སོགས་པ་ནི་ཕྱི་རོལ་དུ་བལྟས་པར་མ་གཏོགས་པས་དེ་འདོན་པའི་ཕྱིར་རོ། །མཉམ་པར་བཞག་པའི་ས་པ་ཐམས་ཅད་ནི་སྙོམས་འཇུག་ལ་སྲེད་པ་འཕེལ་བ་དང་རྗེས་སུ་འཐུན་པས་ནང་དུ་བལྟས་པ་ཡིན་ནོ། །སོ་སོ་སྐྱེ་བོ་རྣམས་ཀྱི་ནི་ཐོག་མ་དང་ཐ་མ་ངེས་པར་མི་ཟིན་པའི་ཕྱིར་རྒྱུན་རིང་བ་ཡིན་ནོ། །སློབ་པ་རྣམས་དང་མི་སློབ་པ་རྣམས་ཀྱིས་ཀྱང་ཐ་མའི་ཕུང་པོ་ལ་སོགས་པ་མ་གཏོགས་པ་ནི། དུས་འདི་ཙམ་དང་སྐྱེ་བ་འདི་ཙམ་ཞིག་ཏུ་རྒྱུན་འཇུག་གི །དེ་ཡན་ཆད་དུ་མ་ཡིན་ཞེས་པའི་ངེས་པ་ཡོད་པས་ན། དུས་ཡོངས་སུ་ཆད་པ་ཞེས་བྱའོ། །མི་སློབ་པ་རྣམས་ཀྱི་ཐ་མའི་ཕུང་པོ་ལ་སོགས་པའི་སྐད་ཅིག་ཕྱི་ལོགས་སུ་རྒྱུན་ཆད་པའི་ཕྱིར་དེའི་དུས་ལ་ཞེས་བྱའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དབང་དམ་པའི་ཕ་རོལ་དུ་སོན་པ་རྣམས་ནི་གདུལ་བྱ་ལ་ཕུང་པོ་ལ་སོགས་པར་ཀུན་དུ་སྟོན་པ་ཙམ་ཡིན་གྱི། རང་རྒྱུད་ཀྱིས་བསྡུས་པ་མེད་པས་ཀུན་ཏུ་སྟོན་པ་ཞེས་བྱའོ། །དེ་ལྟར་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་འཕེལ་བའི་དོན་དུ་རབ་ཏུ་དབྱེ་བ་བསྟན་ནས་སེམས་དམིགས་པ་ལ་མངོན་པར་བསྡུས་ཏེ་ཞི་གནས་གྲུབ་པའི་དོན་དུ་བསྡུས་པ་བསྟན་པར་བཞེད་ནས། བསྡུས་པ་གང་ཞེ་ན་ཞེས་སོགས་གསུངས་སོ། །དེ་ཡང་དབྱེ་བ་དང་། སོ་སོའི་ངོ་བོ་དང་། དེ་ལ་མཁས་པའི་ཕན་ཡོན་གསུམ་གྱིས་རིག་པར་བྱའོ། །

དབྱེ་བ་ནི། རྣམ་པ་བཅུ་གཅིག་ཏུ་བལྟ་ཏེ། ཞེས་པ་ལ་སོགས་པའོ་སོ་སོའི་ངོ་བོ་ནི་མཚན་ཉིད་ཀྱིས་བསྡུས་པའི་ཚུལ་ནི། ཕུང་པོ་ལ་སོགས་པའི་སོ་སོ་རང་གི་མཚན་ཉིད་གཟུགས་སུ་རུང་བ་ནས་ཡིད་ཀྱི་ཤེས་པ་དམིགས་པའི་སྒོ་ནས་སྐྱེ་བའི་སྒོར་གྱུར་པའི་བར་གང་ཡིན་པ་དེ་དག་ཉིད་ཀྱིས་རང་རང་གི་མཚན་གཞི་དེ་དང་དེ་དག་བསྡུས་པའོ། །ཁམས་ཀྱིས་བསྡུས་པ་ནི། ཕུང་པོ་ལ་སོགས་པ་ཐམས་ཅད་ནི། ས་བོན་ཐམས་ཅད་པའི་ཀུན་གཞིའི་རྣམ་པར་ཤེས་པས་བསྡུས་ཏེ། དེ་ལ་དེ་རྣམས་ཀྱི་ས་བོན་ཡོད་པའི་ཕྱིར་རོ། །རིགས་ཀྱིས་བསྡུས་པ་ནི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་སྐྱེ་མཆེད་བཅུ་གཉིས་རྣམས་ནང་ཕན་ཚུན་རང་གི་མཚན་ཉིད་ཐ་དད་པ་ཡིན་ཡང་། ཕུང་པོའི་དོན་སྤུངས་པ་ལ་སོགས་པ་དབང་བཙན་པར་བྱས་ན་ཕུང་པོ་ལྔ་ཀ་ཡང་དེར་རིགས་གཅིག་པའི་ཕྱིར་དང་། ཁམས་དང་སྐྱེ་མཆེད་ཀྱི་དོན་ཉེར་སྤྱོད་འཛིན་པ་དང་། སྐྱེ་བོའི་སྒོ་བྱེད་པ་དབང་བཙན་པར་བྱས་ན་དེ་དག་ཀྱང་ཕན་ཚུན་རིགས་གཅིག་པའི་ཕྱིར་ཐམས་ཅད་ཀྱང་ནང་ཕན་ཚུན་བསྡུས་པར་བལྟའོ། །གནས་སྐབས་ཀྱིས་བསྡུས་པ་ནི། བདེ་བའི་གནས་སྐབས་ཀྱི་ཕུང་པོ་ལ་སོགས་པ་ནི་བདེ་བའི་གནས་སྐབས་དེ་དག་ཉིད་ཀྱིས་བསྡུས་པ་ཡིན་ལ། དེ་བཞིན་དུ་སྡུག་བསྔལ་དང་བཏང་སྙོམས་ཀྱི་གནས་སྐབས་ཀྱི་ཕུང་པོ་ལ་སོགས་པ་ཡང་གནས་སྐབས་དེ་དག་ཉིད་ཀྱིས་བསྡུས་པར་བལྟའོ། །གྲོགས་ཀྱིས་བསྡུས་པ་ནི་སྡུད་བྱ་གཟུགས་ཀྱི་ཕུང་པོ་འཁོར་དང་བཅས་པ་ནི་སྡུད་བྱེད། དེ་ལས་གཞན་པའི་ཕུང་པོ་གྲོགས་སུ་གྱུར་པ་ལྔ་ཀས་བསྡུས་ཏེ་དེ་བཞིན་དུ་དེ་ལས་གཞན་པའི་ཕུང་པོ་ཚོར་བ་ལ་སོགས་པ་རྣམས་ཀྱང་རང་གི་གྲོགས་ཕུང་པོ་ལྔ་པོ་ཐམས་ཅད་ཀྱིས་བསྡུས་ཞེས་བྱ་བ་ནས། ཆོས་ཀྱི་སྐྱེ་མཆེད་ཀྱང་རང་གི་གྲོགས་སུ་གྱུར་པའི་སྐྱེ་མཆེད་གཞན་རྣམས་ཀྱིས་བསྡུས་སོ་ཞེས་པའི་བར་དུ་སྦྱར་རོ། །ཕྱོགས་ཀྱིས་བསྡུས་པ་དང་དུས་ཀྱི་སྡུས་པ་ནི་གོ་སླ་བར་ཟད་དོ། །ཕྱོགས་གཅིག་གིས་བསྡུས་པ་ནི། ཕུང་པོ་ལ་སོགས་པས་བསྡུས་པའི་ཆོས་ཚུལ་ཁྲིམས་ལ་སོགས་པའི་ཕུང་པོ་དང་། འདོད་པ་ལ་སོགས་པའི་ཁམས་དང་། ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པའི་ཕུང་པོ་ལ་སོགས་པའི་མིང་ཅན་ཇི་སྙེད་པ་དེ་དག་གཟུགས་ཀྱི་ཕུང་པོ་ལ་སོགས་པ་གང་ཡང་རུང་བ་རེ་རེས་བསྡུས་པ་ནི་ཕྱོགས་གཅིག་གིས་བསྡུས་པ་ཞེས་བྱའོ། །དེ་ལ་ཚུལ་ཁྲིམས་ཀྱི་ཕུང་པོ་ནི་གཟུགས་ཀྱི་ཕུང་པོའི་ཕྱོགས་གཅིག་ལུས་ངག་གི་ལས་ཀྱིས་བསྡུས་སོ། །ཏིང་ངེ་འཛིན་དང་ཤེས་རབ་ཀྱི་ཕུང་པོ་ནི་འདུ་བྱེད་ཀྱི་ཕུང་པོའི་ཕྱོགས་གཅིག་གིས་བསྡུས་སོ། །འདོད་པ་དང་གནོད་སེམས་དང་རྣམ་པར་འཚེ་བའི་ཁམས་ནི་ཆོས་ཀྱི་ཁམས་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །ནམ་མཁའ་མཐའ་ཡས་སྐྱེ་མཆེད་ལ་སོགས་པ་ནི་ཡིད་དང་ཆོས་ཀྱི་སྐྱེ་མཆེད་ཀྱི་ཕྱོགས་གཅིག་གིས་བསྡུས་སོ། །མཐའ་དག་གིས་བསྡུས་པ་ནི་ཕུང་པོ་ལ་སོགས་པའི་བསྡུས་པའི་ཆོས་སྡུག་བསྔལ་གྱི་ཕུང་པོ་དང་། འདོད་པའི་ཁམས་དང་། འདུ་ཤེས་མེད་པའི་སྐྱེ་མཆེད་ལ་སོགས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ཀྱི་མིང་ཅན་ཇི་སྙེད་པ་དེ་དག་འདིར་བཤད་པའི་ཕུང་པོ་ལ་སོགས་པ་མ་ལུས་པས་བསྡུས་པ་རྣམས་ནི་མཐའ་དག་གིས་བསྡུས་པ་ཞེས་བྱའོ། །དེ་ལ་སྡུག་བསྔལ་གྱི་ཕུང་པོ་ནི་ཉེ་བར་ལེན་པའི་ཕུང་པོ་ལྔ་ཀས་བསྡུས་སོ། །འདོད་པའི་ཁམས་ནི་ཁམས་བཅོ་བརྒྱད་པོ་ཐམས་ཅད་ཀྱིས་བསྡུས་སོ། །འདུ་ཤེས་མེད་པའི་སྐྱེ་མཆེད་ནི་དྲིའི་སྐྱེ་མཆེད་མ་གཏོགས་པ་གཟུགས་ན་རྟོགས་པའི་སྐྱེ་མཆེད་བཅུ་པོ་ཐམས་ཅད་ཀྱིས་སྡུས་སོ། །གཅིག་གིས་གཅིག་བསྡུས་པ་ལ་གཞི་ལས་རེ་ཞིག་ཕུང་པོ་ལྔ་ཁམས་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཚུལ་ནི། གཟུགས་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཞེས་པ་ལ་སོགས་པ་སྟེ། གོ་སླ་བར་ཟད་དོ། །

གཉིས་པ་ཁམས་བཅོ་བརྒྱད་ཕུང་པོ་དང་སྐྱེ་མཆེད་ཀྱིས་བསྡུས་པའི་ཚུལ་ནི་མིག་གི་ཁམས་ཕུང་པོ་དང་སྐྱེ་མཆེད་དུ་དག་གིས་བསྡུས་ཞེས་པ་ལ་སོགས་པའོ། །གསུམ་པ་སྐྱེ་མཆེད་བཅུ་གཉིས་ཕུང་པོ་དང་ཁམས་ཀྱིས་བསྡུས་པའི་ཚུལ་ནི། མིག་གི་སྐྱེ་མཆེད་ཕུང་པོ་དང་ཁམས་དུས་བསྡུས་ཞེས་པ་ལ་སོགས་པའོ། །བཞི་པ་རྣམ་གྲངས་གཞན་ཡང་དེར་བསྡུ་བ་ནི། ཆོས་གསུམ་ཕན་ཚུན་བསྡུས་པ་དེ་བཞིན་དུ་ཕུང་པོ་ལ་སོགས་པ་འདིར་བསྟན་པ་དེ་རྣམས་ལས་མིང་གཞན་པའི་ཆོས་ཆོས་ཀྱི་ཕུང་པོའི་མིང་གིས་བསྟན་པ་དང་ཁམས་མངོན་པའི་མདོར་ཁམས་དྲུག་བཅུ་བསྟན་པ་དང་ཟད་པར་དང་། ཟིལ་གནོན་ལ་སོགས་པའི་སྐྱེ་མཆེད་ཀྱི་མིང་གིས་བཏགས་པ་གང་ཡིན་པ་རྣམས་དང་། གང་ཡང་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་མིང་གིས་དོན་གཞན་དུ་མ་བསྟན་པ་འདི་ལྟ་སྟེ། རྫས་ཡོད་བཏགས་ཡོད་ལ་སོགས་པ་ནས་གོང་བཅས་གོང་མེད་ཀྱི་བར་དེ་དག་ཐམས་ཅད་ཀྱང་། ཕུང་པོ་ལ་སོགས་པས་བསྡུས་པར་ཇི་ལྟར་མཐུན་མཐུན་དུ་སྦྱར་བར་བྱ་སྟེ། དེ་ནི་སྔར་རབ་དབྱེའི་ཐད་དུ་རྒྱས་པར་བཤད་ཟིན་ཏོ། །

དོན་དམ་པས་བསྡུས་པ་ནི་ཆོས་ཅན། ཕུང་པོ་ལ་སོགས་པ་རྣམས་ནི་ཆོས་ཉིད་དེ་བཞིན་ཉིད་ཀྱིས་བསྡུས་ཏེ། ཕུང་པོ་ལ་སོགས་པ་དེ་རྣམས་ནི་དམར་པོ་བདག་མེད་པའི་རང་བཞིན་ཅན་དེ་བཞིན་ཉིད་ལས་མི་འདའ་བའི་ཕྱིར་རོ། །ཡང་འཇིག་རྟེན་གྱི་གྲགས་པ་དང་མཐུན་པར་བསྡུས་པ་རྣམ་པ་དྲུག་ཏུ་ལྟ་ཏེ། དེ་ཡང་གང་ཞེ་ན། གཞིའི་གནས་ཀྱིས་བསྡུས་པ་ནི། དཔེར་ན་མི་རྣམས་ནི་འཛམ་བུ་གླིང་གིས་བསྡུས་པའོ། །རི་དགས་རྣམས་ནི་དགོན་པས་བསྡུས་སོ། །ཞེས་པ་ལྟར་མིག་ལ་སོགས་པས་མིག་གི་རྣམ་པར་ཤེས་པ་ལ་སོགས་པ་བསྡུས་པར་རིག་པར་བྱའོ། །འཆིང་བས་བསྡུས་པ་ནི་དཔེར་ན་ཐག་པ་ལ་སོགས་པས་ཤིང་ཁུར་ལ་སོགས་པ་བསྡུས་ཤིང་བཅིངས་པ་བཞིན་དུ་ལུས་ཀྱི་དབང་པོས་མིག་ལ་སོགས་པའི་དབང་པོ་གཞན་རྣམས་བཅིངས་པའོ། །དོན་མཐུན་པས་བསྡུས་པ་ནི་དཔེར་ན། དགོས་པ་ཐམས་ཅད་མཐུན་པའི་མི་ཡིད་བཅུགས་པ་རྣམས་ཕན་ཚུན་བརྟེན་པ་དེ་བཞིན་དུ། དམིགས་པ་གཅིག་ལ་འབྱུང་བའི་སེམས་དང་སེམས་ལས་བྱུང་བ་འཚུངས་པར་ལྡན་པ་རྣམས་ཀྱང་གཅིག་གིས་གཅིག་བསྡུས་སོ། །ཉེ་བར་འཛིན་པས་བསྡུས་པ་ནི། དཔེར་ན་རྗེ་བོས་བྲན་ལ་སོགས་པ་བདག་གིར་ཡོངས་སུ་བཟུང་བ་བཞིན་དུ། ཀུན་གཞི་རྣམ་ཤེས་ཀྱིས་ལུས་བཟུང་པའོ། །རྣམ་པར་མི་འཕྲོ་བས་བསྡུས་པ་ནི། དཔེར་ན་བུམ་པས་ཆུ་གཟུང་བ་བཞིན་དུ། ཏིང་ངེ་འཛིན་གྱིས་དེ་ལས་གཞན་པའི་སེམས་དང་སེམས་ལས་བྱུང་པ་རྣམས་དམིགས་པ་ལ་གཟུང་བ་ཡིན་ནོ། །མངོན་པར་བསྡུད་པས་བསྡུས་པ་ནི། དཔེར་ན་རྒྱ་མཚོར་ཆུ་རྣམས་བསྡུས་པ་དེ་བཞིན་དུ་གཟུགས་ཀྱི་ཕུང་པོས་མིག་ལ་སོགས་པ་བསྡུས་པའོ། །འདིར་ནི་མངོན་པར་སྡུད་པའི་བསྡུས་པའི་དབང་དུ་བྱས་ནས། སྡུས་པ་རྣམ་པ་བཅུ་གཅིག་དུ་རིག་པར་བྱའོ་ཞེས་འགྲེལ་པ་ལས་འཆད་དོ། །

གསུམ་པ་བསྡུ་བ་ལ་མཁས་པའི་ཕན་ཡོན་ནི། དམིགས་པ་ལ་སེམས་མངོན་པར་སྡུད་པའི་ཕན་ཡོན་འཐོབ་ཏེ་བསྡུས་པ་ལ་མཁས་པ་ན་ཆོས་གཅིག་གིས་ཀྱང་གཞན་རྣམས་བསྡུས་པ་ཁོང་དུ་ཆུད་པས་ཆོས་གཅིག་ལ་དམིགས་ན་ཡང་ཀུན་ལ་དམིགས་པར་འགྱུར་བའི་ཕྱིར་རོ། །ཇི་ལྟ་ཇི་ལྟར་དམིགས་པ་མངོན་པར་སྡུད་པ་དེ་ལྟ་དེ་ལྟར་ཞི་གནས་དང་ལྷག་མཐོང་གི་དགེ་བའི་རྩ་བ་གོང་ནས་གོང་དུ་མངོན་པར་འཕེལ་བར་འགྱུར་བ་ཡིན་ནོ། །དེ་ལྟར་བསྡུས་པ་བསྟན་ནས་བདག་མེད་རྟོགས་པའི་ཆེད་དུ་མཚུངས་པར་ལྡན་པ་བཤད་པར་བཞེད་ནས་མཚུངས་པར་ལྡན་པ་གང་ཞེ་ན་ཞེས་པ་ལ་སོགས་པ་གསུངས་སོ། །དེ་ཡང་དབྱེ་བ་དང་། སོ་སོའི་ངོ་བོ་དང་། དེ་ཤེས་པའི་ཕན་ཡོན་གསུམ་གྱིས་རིག་པར་བྱའོ། །དབྱེ་བ་ནི་རྣམ་པ་དྲུག་ཏུ་ལྟ་སྟེ་ཞེས་པའོ་སོ་སོའི་ངོ་བོ་ལ་ཐ་དད་པ་མེད་པས་མཚུངས་པར་ལྡན་པ་ནི། རྫས་སོགས་རྡུལ་ཕྲ་རབ་ཀྱི་ཕྱོགས་ལ་ཚོགས་པ་གཅིག་པའི་འབྱུང་བ་དང་འབྱུང་འགྱུར་ལ་སོགས་པའི་ཕྱོགས་ཅན་ཐམས་ཅད་ཡུལ་འགོག་པ་ཐ་དད་པ་མེད་པར་གཅིག་ན་གནས་པའོ། །དཔེར་ན་འཇིམ་པའི་རིལ་བུ་གཅིག་གི །འབྱུང་བ་གཞན་རྣམས་དང་འབྱུང་འགྱུར་རྣམས་དེ་ལ་ཡོད་པའི་སའི་རྡུལ་གྱི་ཤར་ན་གནས་སོ། །ཞེས་པའམ་ནུབ་ན་གནས་སོ་ཞེས་པ་ལ་སོགས་པར་བརྗོད་པར་མི་ནུས་ཏེ། ཀུན་ཀྱང་གོ་ས་གཅིག་ན་གནས་པའི་ཕྱིར་རོ། ཞེས་པའི་དོན་ཏོ། །

འདྲེས་པར་གྱུར་པའི་མཚུངས་པར་ལྡན་པ་ནི། རྡུལ་ཕྲ་རབ་ལས་གོང་མ་ཕྱོགས་ཅན་རགས་པ་རྣམས་ཕན་ཚུན་འདྲེས་པར་གྱུར་པ་སྟེ། དཔེར་ན་ཆུ་རྙོག་མ་ཅན་གྱི་ནང་དུ་ཆུ་དང་། སའི་རྡུལ་རྣམས་འདྲེས་པ་ལྟ་བུའོ། །ཕྲད་པས་མཚུངས་པར་ལྡན་པ་ནི། ཕྱོགས་ཀྱི་ཆ་དང་ལྡན་པའི་འདུས་པ་རགས་པ་རྣམས་ཕན་ཚུན་ཕྲད་པ་སྟེ་འདི་ལྟར་རྩིག་པ་ལ་འཇིམ་གོང་དང་། འཇིམ་གོང་གཞན་ཕྲད་པ་ལྟ་བུའོ། །ལྷན་ཅིག་འབྱུང་བའི་མཚུངས་པར་ལྡན་པ་ནི། ཕུང་པོ་ལ་སོགས་པ་རྒྱུད་གཅིག་ལ་ལྷན་ཅིག་ཏུ་འབྱུང་བས་འཁོད་པ་སྟེ། འདི་ལྟར་ཐོག་མ་དང་བར་དང་ཐ་མ་གསུམ་དུ་སྐྱེ་བ་ལ་སོགས་པ་གཅིག་པ་རྣམས་སོ། །བྱ་བ་སྒྲུབ་པའི་མཚུངས་པར་ལྡན་པ་ནི། དགེ་སློང་གཉིས་ལྟུང་བ་བཤགས་པ་ལ་སོགས་པ་རྩོད་པ་གང་ཡང་རུང་བ་ལ་གཅིག་གིས་བཤགས་ཡུལ་བྱས་ནས་གཅིག་གིས་བཤགས་པ་བྱེད་པ་ལྟ་བུ་ཕན་ཚུན་མཚུངས་པར་ཞུགས་པའོ། །མཐུན་པར་རྟོགས་པས་མཚུངས་པར་ལྡན་པ་ནི། སེམས་དང་སེམས་ལས་བྱུང་བའི་ཆོས་རྟེན་གཅིག་ལ་གནས་ནས་དམིགས་པ་གཅིག་དུས་གཅིག་ཏུ་མཐུན་པར་རྟོགས་པ་རྣམས་ཡིན་ནོ། །དེའི་ཁྱད་པར་དཔྱད་པ་ནི་དེ་ཡང་གཞན་གྱི་དངོས་པོ་དང་མཚུངས་པར་ལྡན་པ་ཡིན་གྱི་རང་གི་དངོས་པོ་དང་མ་ཡིན་ནོ་འདི་ལྟར་སེམས་ནི་སེམས་གཞན་དང་མཚུངས་པར་ལྡན་པ་མ་ཡིན་ཞིང་། ཚོར་བ་ཡང་ཚོར་བ་གཞན་དང་མཚུངས་པར་ལྡན་པ་མ་ཡིན་པ་ལ་སོགས་པའོ། །འདིས་སེམས་དང་སེམས་ལས་བྱུང་བ་གཉིས་པོ་རྫས་ཐ་དད་པར་བསྟན་པ་ཡིན་ནོ། །གལ་ཏེ་དེ་དག་རྫས་གཅིག་ན་ནི་རང་གི་དངོས་པོ་ཁོ་ན་དང་མཚུངས་པར་ལྡན་པར་འགྱུར་གྱི་གཞན་གྱི་དངོས་པོ་དང་མཚུངས་པར་ལྡན་ཞེས་པ་ནི་མིང་ཙམ་དུ་འགྱུར་བའི་ཕྱིར་རོ། །གཞན་ཡང་སེམས་དང་སེམས་ལས་བྱུང་བ་རྣམས་རྫས་གཅིག་ཡིན་ན་དེའི་ཕྱིར་སེམས་ལས་བྱུང་བ་རྣམས་ནི་སེམས་ཀྱི་ཆ་ལ་བཏགས་པའི་ཕྱིར། །བཏགས་པར་ཡོད་པ་ཁོ་ནར་འགྱུར་ལ། དེ་ལྟ་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལ་སོགས་ལས་སེམས་བྱུང་རྣམས་ལ་རྫས་ཡོད་དང་བཏགས་ཡོད་ཀྱི་ཁྱད་པར་འབྱེད་པ་མི་རུང་བར་འགྱུར་བ་དང་། ཡང་དེ་ཉིད་ལས་དགེ་སྦྱོང་དང་བྲམ་ཟེ་ལ་ལ་མིང་ལས་སེམས་ཙམ་ཞིག་རྫས་སུ་འདོད་ལ་སེམས་ལས་བྱུང་བ་ཡི་ཆོས་རྣམས་ནི་མི་འདོད་པ་གང་དག་ཡོད་པ་དེ་དག་ཀྱང་མི་འཐད་དོ། །དེ་ཅིའི་ཕྱིར་ཞེ་ན་དང་པོ་ཁོ་ནར་ཕུང་པོ་རྣམས་ལྔ་ཁོ་ནར་བསྟན་པ་མི་འཐད་པའི་ཕྱིར་རོ། །ཞེས་པ་ལ་སོགས་པས་ཉེས་པ་རྣམས་བཀོད་ནས་འཇུག་བསྡུད་པ། ལྔ་ཉིད་འཐད་པ་མེད་ཕྱིར་དང་། །དེའི་གནས་སྐབས་སྐྱོན་ཕྱིར་དང་། །བྱེད་རྒྱུ་བྱེ་བྲག་མེད་ཕྱིར་དང་། །ལུང་དང་འགལ་བར་འགྱུར་ཕྱིར་རོ། །ཞེས་གང་གསུངས་པ་ཡིན་ནོ། །བསྡུས་པའི་དོན་ནི་འདི་ཡིན་ནོ། །ཕུང་པོ་ལྔར་མི་འཐད་པར་འགྱུར་ཏེ། ཚོར་བ་ལ་སོགས་པའི་སེམས་ལས་བྱུང་བ་ཡི་ཕུང་པོ་རྣམས་རྣམ་པར་ཤེས་པའི་ཆ་ཡིན་པས་རྣམ་པར་ཤེས་པའི་ཕུང་པོ་དང་། གཟུགས་ཀྱི་ཕུང་པོ་གཉིས་ཁོ་ནར་འགྱུར་བའི་ཕྱིར་རོ། །དེ་ལྟར་ན་གཟུགས་ཀྱང་ཕུང་པོ་ལ་སོགས་པར་མི་འཐད་པར་འགྱུར་ཏེ། ཡང་དག་པར་ན་རྣམ་པར་ཤེས་པ་ལས་རྫས་ཐ་དད་པའི་གཟུགས་ཀྱང་མ་གྲུབ་པའི་ཕྱིར་རོ། །

ཞེ་ན། གཟུགས་ནི་ཡང་དག་པར་མ་གྲུབ་ཀྱང་ཐ་སྙད་དུ་རྣམ་པར་ཤེས་པ་ལས་ལོགས་སུ་རྫས་སུ་ཡོད་པ་ཡིན་ཏེ། བརྗོད་པ་ལ་སོགས་པ་ལ་མི་ལྟོས་པར་རང་དབང་དུ་མིག་ལ་སོགས་པ་དབང་པོ་རྣམས་ཀྱི་ཡུལ་དུ་འགྱུར་བའི་ཕྱིར་རོ། །དེ་ཕྱིར་དེ་ནི་རྣམ་པར་ཤེས་པ་ལས་ལོགས་སུ་འཇོག་པར་རིགས་པ་ཡིན་ནོ། །གལ་ཏེ་སེམས་དེ་ཉིད་གནས་སྐབས་ཀྱི་བྱེ་བྲག་ལས་ཚོར་བ་ལ་སོགས་པ་དེ་དང་དེར་འཇོག་པས་མི་འགལ་ཅེ་ན། སེམས་ཀྱི་གནས་སྐབས་དེ་དག་ལ་སེམས་ལས་མཚན་ཉིད་མི་འདྲ་བའི་ཁྱད་པར་ཡོད་དམ་མེད། དང་པོ་ལྟར་ན་སེམས་ལ་གཞན་ཁོ་ནར་འགྱུར་ཏེ། སེམས་ལས་ཐ་དད་པའི་ཡུལ་འཛིན་པའི་བྱ་བ་བྱེད་པའི་སྒོ་ནས་དེ་ལས་མཚན་ཉིད་ཐ་དད་པ་ཅན་ཡིན་པའི་ཕྱིར་ཏེ། སེམས་ལས་ཐ་དད་པའི་ཡུལ་དམིགས་པའི་བྱ་བ་མི་བྱེད་ན་སེམས་དང་མཚན་ཉིད་ཐ་དད་པའི་ཤེས་རིག་དུ་མི་རུང་སྟེ། ཤེས་རིག་རྣམས་ཀྱི་མཚན་ཉིད་མི་འདྲ་བ་ཐ་དད་པ་ནི་ཡུལ་དམིགས་པའི་བྱ་བ་ཐ་དད་པས་གཞག་པ་ཡིན་པའི་ཕྱིར་རོ། །ཅི་སྟེ་སེམས་ཀྱི་གནས་སྐབས་དེ་རྣམས་སེམས་དང་མཚན་ཉིད་ཐ་དད་པ་མེད་ན་ནི། དེའི་ཕྱིར། དེ་དག་རྣམ་ཤེས་ལས་ཕུང་པོ་ལ་སོགས་པར་མི་འཐད་པའི་ཐལ་བ་སོ་ན་གནས་པ་ཡིན་ནོ། །དོན་ཙམ་ཡོངས་སུ་གཅོད་པའི་སེམས་དེ་ཉིད་སེམས་གདུང་ལ་སོགས་པ་དོན་གྱི་ཁྱད་པར་ཡོངས་སུ་གཅོད་པར་བྱེད་པའི་གནས་སྐབས་གཞན་དུ་འགྱུར་བར་ཡང་མིང་བཏགས་ཏེ། སྐད་ཅིག་གཅིག་ལ་གང་གིས་གནས་སྐབས་གཞན་ལ་རྟེན་པར་འགྱུར་བའི་བྱེད་རྒྱུའི་ཁྱད་པར་གཞན་མ་དམིགས་པའི་ཕྱིར་རོ། །

སེམས་ཙམ་ཞིག་རྫས་སུ་ཡོད་པར་སྨྲ་བ་ནི། འདོད་ཆགས་ཀྱིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པ་དང་། ཞེ་སྡང་དང་གཏི་མུག་གིས་ཉེ་བར་ཉོན་མོངས་པ་ཅན་དུ་གྱུར་པའི་སེམས་ནི་རྣམ་པར་གྲོལ་བར་མི་འགྱུར་ཞེས་གསུངས་པའི་ལུང་དང་ཡང་འགལ་བར་འགྱུར་ཏེ། སེམས་རང་བཞིན་གྱིས་འོད་གསལ་བ་དང་། འདོད་ཆགས་ལ་སོགས་པའི་སེམས་ལས་བྱུང་བ་དག་དོན་གཞན་ཡིན་ན། འདོད་ཆགས་ལ་སོགས་པས་སེམས་ཀུན་ནས་ཉོན་མོངས་པ་ཅན་དུ་བྱེད་པར་རིགས་ཀྱི། གཞན་དུ་ན་གང་གིས་ཀུན་ནས་ཉོན་མོངས་པར་བྱེད་པའི་ཆོས་དང་། གང་ཀུན་ནས་ཉོན་མོངས་པར་འགྱུར་བའི་ཆོས་གཉིས་ཅིག་ཅར་འབྱུང་བ་མེད་ན་ཅི་ཞིག་ཅིས་འཆིང་སྟེ། རང་ཉིད་ཀྱིས་རང་འཆིང་བར་བྱེད་པའི་བྱེད་པ་འཇུག་པ་འགལ་བའི་ཕྱིར་རོ། །གཞན་ཡང་ལྷན་ཅིག་སྐྱེས་པའི་ཚོར་བ་དང་འདུ་ཤེས་དང་སེམས་དཔའ་ཞེས་དང་ཆོས་འདི་དག་ནི་འདྲེས་པ་སྟེ་མ་འདྲེས་པ་མ་ཡིན་ཞེས་གསུངས་པ་དང་ཡང་འགལ་ཏེ། ལྷན་ཅིག་སྐྱེས་པ་མེད་ན་འདྲེས་པའི་སྒྲ་མི་རུང་ཞིང་། ཐ་དད་པ་མེད་པ་ལ་ཡང་ལྷན་ཅིག་པའི་སྒྲ་མི་རིགས་པའི་ཕྱིར་རོ། །དེ་བས་ན་སེམས་དང་སེམས་ལས་བྱུང་བ་ནི་རྫས་ཐ་དད་པ་ཁོ་ནར་རིགས་སོ། །མཐུན་པར་རྟོགས་པའི་མཚུངས་པར་ལྡན་པ་དེ་ནི། དགེ་བའི་སེམས་དང་དགེ་བའི་སེམས་ལས་བྱུང་བ་ལྟ་བུ་ངོ་བོ་མཐུན་པ་གཉིས་མཚུངས་པར་ལྡན་པ་ཡིན་གྱི། དགེ་བ་ཡི་སེམས་དང་མི་དགེ་བའི་སེམས་བྱུང་སོགས་ངོ་བོ་མི་མཐུན་པ་གཉིས་མ་ཡིན་ནོ། །ད་ལྟར་བའི་སེམས་དང་ད་ལྟར་བའི་སེམས་བྱུང་ལྟ་བུ་དུས་འདྲ་བ་གཉིས་ཡིན་གྱི། འདས་པའི་སེམས་དང་མ་འོངས་པའི་སེམས་བྱུང་ལྟ་བུ་དུས་མི་འདྲ་བ་གཉིས་ནི་མ་ཡིན་ནོ། །འདོད་པ་ན་སྤྱོད་པའི་སེམས་དང་། དེའི་ས་པའི་སེམས་བྱུང་ལྟ་བུ་མཐུན་པའི་ཁམས་དང་ས་པ་གཉིས་ཡིན་གྱི། འདོད་པའི་སེམས་དང་བསམ་གཏན་དང་པོའི་སེམས་བྱུང་ལྟ་བུ་མི་མཐུན་པའི་ཁམས་དང་ས་པ་ནི་མ་ཡིན་ནོ། །མཚུངས་ལྡན་གྱི་རྣམ་པའི་དབྱེ་བ་ནི། དུས་ཐམས་ཅད་ཀུན་ཏུ་འགྲོ་བའི་མཚུངས་པར་ལྡན་པ་ནི། ཚོར་བ་ལ་སོགས་པའི་ཀུན་འགྲོ་ལྔ་དང་། རྣམ་པར་ཤེས་པ་རྣམས་ཏེ། གནས་སྐབས་ཐམས་ཅད་དུ་འདི་དག་ལས་གང་ཡང་རུང་བ་ཞིག་མེད་ན་ཡང་མེད་པའི་ཕྱིར་རོ། །ཉོན་མོངས་ཅན་གྱི་མཚུངས་ལྡན་དུས་ཐམས་ཅད་དུ་ཀུན་དུ་འགྲོ་བ་ནི་ཉོན་མོངས་པ་ཅན་གྱི་ཡིད་དང་། དེ་དང་ལྷན་ཅིག་པའི་མ་རིག་པ་ལ་སོགས་པའི་ཉོན་མོངས་པ་བཞི་རྣམས་སོ། །

དུས་རེས་འགའ་སེམས་ལ་མཚུངས་པར་ལྡན་པ་ནི། དད་པ་ལ་སོགས་པའི་དགེ་བ་རྣམས་དང་། འདོད་ཆགས་ལ་སོགས་པའི་ཉོན་མོངས་པ་དང་། ཁྲོ་བ་ལ་སོགས་པའི་ཉེ་བའི་ཉོན་མོངས་པ་རྣམས་ཏེ། སེམས་ཀུན་ནས་ཉོན་མོངས་པ་དང་རྣམ་པར་བྱང་བའི་དུས་དེ་དང་དེར་འབྱུང་བའི་ཕྱིར་རོ། །གནས་སྐབས་ཀྱི་མཚུངས་པར་ལྡན་པ་སོགས་ནི་གོ་བར་ཟད་དོ། །འདྲིས་པའི་མཚུངས་པར་ལྡན་པ་ནི། སོ་སོ་སྐྱེ་བོ་རྣམས་ཀྱི་སེམས་དང་། སེམས་ལས་བྱུང་བ་རྣམས་དང་། སློབ་པ་དང་མི་སློབ་པའི་སེམས་དང་སེམས་བྱུང་དེ་དག་ལས་ཀྱང་ཁ་ཅིག་འཇིག་རྟེན་པའི་དགེ་བ་དང་། མ་སྒྲིབས་ལ་ལུང་དུ་མ་བསྟན་པ་དང་། ཉོན་མོངས་ཅན་རྣམས་ནི་རང་གི་རིགས་ཅན་འཁོར་བ་ཐོག་མེད་ནས་ཡོད་པའི་ཕྱིར་འཁོར་བར་འདྲིས་པ་ཞེས་བྱའོ། །མ་འདྲིས་པའི་མཚུངས་པར་ལྡན་པ་ནི་འཇིག་རྟེན་ལས་འདས་པའི་སེམས་དང་སེམས་ལས་བྱུང་བ་སྐད་གཅིག་མ་དང་པོ་སྡུག་བསྔལ་ཆོས་ཤེས་པའི་བཟོད་པ་དང་། དེའི་འོག་ཏུ་བྱུང་བའི་འཇིག་རྟེན་ལས་འདས་པ་ཇི་སྙེད་པ་དང་། འཇིག་རྟེན་ལས་འདས་པའི་རྗེས་ལས་ཐོབ་པ་དེ་བཞིན་ཉིད་དུ་སྣང་བ་གང་ཡིན་པ་རྣམས་ནི། འཁོར་བར་མ་འདྲིས་པ་ཞེས་བྱ་སྟེ་འཁོར་བར་གནས་པའི་དུས་ན་དེ་དག་གི་རིགས་ཅན་རྒྱུད་ལ་འབྱུང་མ་མྱོང་བའི་ཕྱིར་རོ། །དེའི་འོག་མ་ཞེས་པ་རྣམས་ནི་སྐད་གཅིག་གཉིས་པ་མན་ཆད་འདྲིས་པ་ཡིན་ནམ་སྙམ་དུ་དོགས་པ་བསལ་བའི་ཕྱིར་རོ། །མཚུངས་པར་ལྡན་པ་ལ་མཁས་པའི་ཕན་ཡོན་ནི། བདག་དང་བྲལ་བ་ཡི་སེམས་ཙམ་ཞིག །ཚོར་བ་ལ་སོགས་པ་དང་ཆགས་སོགས་ཀུན་ནས་ཉོན་མོངས་པ་དང་། དད་སོགས་རྣམ་པར་བྱང་བའི་ཆོས་རྣམས་དང་མཚུངས་པར་ལྡན་པ་དང་། མི་ལྡན་པའི་ཚུལ་ཤེས་པར་འགྱུར་ལ། །དེ་ལྟར་ཤེས་པ་ན་ཡང་། བདག་དགེ་སྡིག་གི་རྣམ་པར་སྨིན་པ་སིམ་གདུང་སོགས་ཚོར་ཞིང་ཉམས་སུ་མྱོང་བར་བྱེད་དོ། །ཐ་སྙད་ཀྱི་མཚན་མ་འདུ་ཤེས་པར་བྱེད་དོ། །དགེ་བ་སོགས་ལ་སེམས་མངོན་པར་འདུ་ཤེས་ཞིང་སེམས་པར་བྱེད་དོ། །སྔར་མཐོང་ཐོས་ཀྱི་མྱོང་བའི་དོན་ལ་དྲན་པར་བྱེད་དོ། །ཆགས་སོགས་ཀྱིས་ཀུན་ནས་ཉོན་མོངས་ཤིང་དད་སོགས་ཀྱི་རྣམ་པར་བྱང་བར་བྱེད་དོ། །ཞེས་མངོན་པར་ཞེན་པ་སྤོང་ཞིང་བདག་མེད་པའི་ཚུལ་ལ་འཇུག་པར་འགྱུར་རོ། །

དེ་ལྟར་ན་མཚུངས་པར་ལྡན་པར་བཤད་ནས་དེའི་འོག་ཏུ་འབྱོར་རྒུད་ལ་ཆགས་སྡང་སྤོང་བའི་ཆེད་དུ་ལྡན་པ་བཤད་པར་བཞེད་ནས་ལྡན་པ་གང་ཞེ་ན། ཞེས་སོགས་གསུངས་ཏེ། དེ་ཡང་མཚན་ཉིད་དང་། རབ་ཏུ་དབྱེ་བ་དང་། ཤེས་པའི་ཕན་ཡོན་གསུམ་གྱིས་རིག་པར་བྱའོ། །དང་པོ་ལྡན་པའི་མཚན་ཉིད་ནི། སྔ་མ་ལྡན་མིན་འདུ་བྱེད་འཆད་པའི་ཐད་དུ་བསྟན་པ་ལྟར་ཆོས་རྣམས་ཀྱི་འཕེལ་འགྲིབ་ཀྱི་གནས་སྐབས་ལ་བཏགས་པར་རིག་པར་བྱའོ། །ཡང་ན་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་དེ་ལ་རྐྱེན་བསྒྲུབ་པ་ལ་དབང་བ་ནི། ཐོབ་པ་ཞེས་བདགས་ཏེ། དབང་དེ་ལ་བརྟེན་ནས་སྐྱེས་བུ་གང་ཟག་དེ་ཆོས་སྐྱེས་ནས་འགགས་པ་གང་དང་གང་མངོན་སུམ་དུ་བྱ་བར་འདོད་པ་དེ་སྐྱེད་པའི་ཕྱིར་མྱུར་བ་མྱུར་བར་ཁོ་ནར་རྐྱེན་སྒྲུབ་པར་བྱེད་དོ། །དེ་ལྟ་བས་ན་དེ་ཡང་ཐོབ་པ་ཞེས་བདགས་སོ་ཞེས་གང་གསུངས་པ་ལྟར། ཆོས་གང་ད་ལྟ་ས་བོན་དང་། མངོན་གྱུར་གང་དུ་ཡང་མི་ལྡན་ཡང་། རྐྱེན་གྱིས་སྒྲུབ་ཏུ་རུང་བར་གནས་པ་དེ་ཡང་ཐོབ་པ་ཡིན་ནོ། །དེ་ལྟར་ན་ཐོབ་པའི་ལྡན་པ་དེ་ནི་རྣམ་པ་གསུམ་དུ་འགྱུར་ཏེ། འདི་ལྟར་ས་བོན་དང་ལྡན་པ་དབང་དང་ལྡན་པ་ཀུན་དུ་འབྱུང་བ་དང་ལྡན་པའོ། །དེ་ལ་རེ་ཞིག་ཉོན་མོངས་ཅན་རྣམས་དང་རྣམ་སྨིན་སྐྱེས་ལ་སོགས་པའི་མ་སྒྲིབས་ལུང་མ་བསྟན་གྱི་ཆོས་ཁ་ཅིག་དང་། སྐྱེ་བས་ཐོབ་པའི་དགེ་བ་ལ་སོགས་པ་ཆོས་གང་ད་ལྟ་མངོན་གྱུར་དུ་མི་ལྡན་ཡང་འབད་རྩོལ་ལ་མི་ལྟོས་པར་རང་གི་ངང་གིས་འབྱུང་རུང་དུ་གནས་པ་དེ་དག་ནི་ས་བོན་དང་ལྡན་པ་ཞེས་བྱའོ། །སྦྱོར་བ་ལས་བྱུང་བའི་དགེ་བ་རྣམས་དང་། བཟོ་གནས་པ་དང་སྤྲུལ་པ་ལ་སོགས་པ་མ་སྒྲིབས་ལ་ལུང་དུ་མ་བསྟན་པའི་ཆོས། འབད་རྩོལ་གྱིས་བསྒྲུབས་པས་འབྱུང་རུང་དུ་གནས་པ་གང་ཡིན་པ་དེ་དག་ནི་དབང་དང་ལྡན་པ་ཞེས་བྱའོ། །དགེ་བ་ལ་སོགས་པའི་ཆོས་མངོན་འགྱུར་དུ་སྐྱེས་པ་རྣམས་ནི་ཀུན་དུ་འབྱུང་བ་དང་ལྡན་པ་ཞེས་བྱའོ། །

དེ་ལྟར་ན་ས་བོན་དུ་ལྡན་པའི་ཆོས་ནི་བཅུ་གཅིག་སྟེ། འདི་ལྟར་ཁམས་གསུམ་གྱི་དགེ་བ་སྐྱེས་ཐོབ་དང་ཉོན་མོངས་ཅན་དང་མ་སྒྲིབས་ལ་ལུང་མ་བསྟན་རྣམ་སྨིན་སྐྱེས་གསུམ་གསུམ་སྟེ་དགུ་དང་། འདོད་གཟུགས་ཀྱི་སྤྱོད་ལམ་པ་གཉིས་རྣམས་སོ། །དབང་དང་ལྡན་པའི་ཆོས་ནི་བདུན་ཏེ་ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་དང་། འདོད་པའི་སྤྲུལ་སེམས་དང་། བཟོ་གནས་པ་གཉིས་དང་། གཟུགས་ཀྱིས་སྤྲུལ་པའི་སེམས་དང་། ཟག་པ་མེད་པ་རྣམས་སོ། །དེ་རྣམས་བསྡོམ་པ་ནི་ཀུན་ཏུ་འབྱུང་བར་ལྡན་པའི་ཆོས་སོ། །ཆོས་དེ་རྣམས་ལྡན་པ་པོའི་ལྡན་པ་པོའི་གང་ཟག་དུ་ཞིག་ཡོད་ཅེ་ན་དྲུག་སྟེ། ཁམས་གསུམ་གྱི་སོ་སོ་སྐྱེ་བོ་གསུམ་དང་། འཕགས་པའི་གང་ཟག་གསུམ་རྣམས་སོ། །དེ་ལྟར་ཡང་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས། ཐོབ་པ་དེ་ཡང་མདོར་བསྡུ་ན། རྣམ་པ་གསུམ་དུ་རིག་པར་བྱ་སྟེ། ས་བོན་དང་ལྡན་པ་དང་དབང་དང་ལྡན་པ་དང་། ཀུན་དུ་འབྱུང་བ་དང་ལྡན་པའོ། །དེ་ལ་རེ་ཞིག་ཉོན་མོངས་པ་ཅན་དང་། ལུང་དུ་མ་བསྟན་པ་དང་། སྐྱེས་ནས་ཐོབ་པའི་དགེ་བའི་ཆོས་ལ་བཙལ་བར་ཀུན་ཏུ་འབྱུང་བ་གང་ཡིན་པ་དེ་དག་གི་ས་བོན་རེ་ཞིག་ཞི་གནས་ཀྱི་ཉམས་པས་ཀྱང་ཉམས་པར་མ་བྱས་ལ། འཕགས་པའི་ལམ་གྱིས་ཀྱང་ཡང་དག་པར་མ་བཅོམ་པ་དང་། དགེ་བ་རྣམས་ཀྱི་ཡང་འདི་ལྟ་སྟེ། དཔེར་ན་དགེ་བའི་རྩ་བ་ཀུན་དུ་གཅད་པ་རྣམས་ཀྱི་ལྟར། ལོག་པར་ལྟ་བས་ཉམས་པར་མ་བྱས་པ་གང་ཡིན་པ་དེ་ནི་ས་བོན་དང་ལྡན་པ་ཞེས་བྱ་སྟེ། འདི་ལྟར་ཇི་སྲིད་དུ་དེའི་ས་བོན་ཉམས་པར་མ་བྱས་ཤིང་ཡང་དག་པར་བཅོམ་པ་དེ་སྲིད་དུ་ཉོན་མོངས་པ་ཅན་ལ་སོགས་པའི་ཆོས་ཀུན་དུ་འབྱུང་བ་འམ། ཀུན་དུ་འབྱུང་བ་མ་ཡིན་པ་དེ་དག་དང་ལྡན་པ་ཞེས་བྱ་བའི་ཕྱིར་རོ། །དགེ་བའི་ཆོས་མངོན་པར་འདུ་བྱ་བས་བསྐྱེད་པ་རྣམས་དང་། ལུང་དུ་མ་བསྟན་པ་དེ་དག་ཁ་ཅིག་གི་འབྱུང་བའི་རྐྱེན་གྱིས་རྒྱུ་ས་བོན་ཡོངས་སུ་བརྟས་པ་ཡོངས་སུ་ཟིན་པ་ནི་དབང་དང་ལྡན་པ་ཞེས་བྱའོ། །ད་ལྟར་གྱི་ཆོས་རྣམས་མངོན་སུམ་གྱི་དངོས་པོ་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནི། ཀུན་དུ་འབྱུང་བ་དང་ལྡན་པ་ཞེས་བྱའོ། །ཞེས་གང་གསུངས་པ་ཡིན་ནོ། །

གང་ཟག་དེ་རྣམས་གང་ལ་ཆོས་གང་ཞིག་ས་བོན་ནམ་དབང་ངམ་། མངོན་གྱུར་གང་དུ་ལྡན་ཞེ་ན་འདོད་པ་ན་སྤྱོད་པའི་སོ་སོ་སྐྱེ་བོ་ནི་གཉིས་ཏེ། དགེ་བའི་རྩ་བ་ཀུན་ཏུ་ཆད་པ་དང་ཀུན་དུ་མ་ཆད་པའོ། །དགེ་བའི་རྩ་བ་མ་ཆད་པ་ལ་ཡང་གཉིས་ཏེ་ཡོངས་སུ་མྱ་ངན་ལས་འདས་བའི་ཆོས་ཅན་དང་། མི་འདའ་བའི་ཆོས་ཅན་ནོ། །དང་པོ་ལ་ནི་རང་སའི་ཆོས་གཉིས་དང་གོང་མ་གཉིས་ཀྱི་ཉོན་མོངས་ཅན་གཉིས་ཏེ། ཆོས་དྲུག་ས་བོན་དུ་ལྡན་ནོ། །གལ་ཏེ་འདོད་པ་ལས་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན། འདོད་པའི་ཉོན་མོངས་ཅན་མི་ལྡན་ལ་གཟུགས་ལ་འདོད་ཆགས་དང་བྲལ་བ་ཞིག་ཡིན་ན་ཡང་དེའི་ཉོན་མོངས་ཅན་མི་ལྡན་ཏེ། གཞན་རྣམས་ལ་ཡང་ཅི་རིགས་པར་ཤེས་པར་བྱའོ། །ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་གསུམ་དང་། འདོད་པ་དང་གཟུགས་ཀྱི་སྤྲུལ་སེམས་གཉིས་དང་། འདོད་པའི་བཟོ་གནས་དང་། སློབ་པ་ཟག་མེད་དེ་ཆོས་བདུན་དབང་དུ་ལྡན་པ་ཡིན་ནོ། །སློབ་པ་ཟག་མེ་མ་གཏོགས་པའི་སྔར་གྱི་ཆོས་བཅུ་གཉིས་མངོན་གྱུར་དུ་ལྡན་པ་སྲིད་དོ། །གལ་ཏེ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཞིག་ཡིན་ན། སློབ་པ་ཟག་མེད་དབང་དུ་མི་ལྡན་ཏེ། གཞན་རྣམས་སྔ་མ་ལྟར་རོ། །གལ་ཏེ་དགེ་བའི་རྩ་བ་ཆད་པ་ཞིག་ཡིན་ན་རང་སའི་དགེ་བ་སྐྱེས་ཐོབ་མ་གཏོགས་པ་གཞན་ལྔ་ས་བོན་དུ་ལྡན་ཏེ། དགེ་བའི་རྩ་བ་མ་ཆད་པ་ལ་ལྡན་པ་རྣམས་སོ། །རང་སའི་དགེ་བ་ལུང་མ་བསྟན་སྦྱོར་བྱུང་གཉིས་དབང་དུ་ལྡན་པ་ཡིན་ནོ། །དེ་དག་ལ་གོང་མའི་ཉོན་མོངས་ཅན་གཉིས་བོར་བ་རྣམས་མངོན་དུ་འགྱུར་བ་ཡིན་ནོ། །

གཟུགས་སུ་སྐྱེས་པའི་སོ་སོ་སྐྱེ་བོ་ལ་ནི་གོང་མ་གཉིས་ཀྱི་ཉོན་མོངས་ཅན་གཉིས་དང་། རང་སའི་ལུང་མ་བསྟན་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་གཉིས་དང་དགེ་བ་སྐྱེས་ཐོབ་དང་ཆོས་ལྔ་ས་བོན་དུ་ལྡན་ནོ། །གོང་མ་གཉིས་ཀྱི་དགེ་བ་སྦྱོར་བྱུང་དང་། འདོད་པའི་སྤྲུལ་སེམས་དང་། རང་སའི་སྤྲུལ་སེམས་རྣམས་དབང་དུ་ལྡན་ནོ། །དེ་དག་སྡོམས་པའི་ཆོས་བརྒྱད་མངོན་གྱུར་དུ་ལྡན་པ་སྲིད་དོ། །གཟུགས་མེད་པར་སྐྱེས་པ་ལ་ནི། རང་སའི་ཉོན་མོངས་ཅན་དང་། དགེ་བ་སྐྱེས་ཐོབ་དང་། ལུང་མ་བསྟན་རྣམ་སྨིན་སྐྱེས་གསུམ་པོ་ས་བོན་དུ་ལྡན་ལ་རང་སའི་དགེ་བ་སྦྱོར་བྱུང་འགའ་ཞིག་དབང་དུ་ལྡན་ལ་དེ་དག་སྡོམ་པ་མངོན་གྱུར་དུ་ལྡན་ནོ། །འདོད་པའི་འཕགས་པ་གཉིས་ཏེ་སློབ་པ་དང་མི་སློབ་པའོ་སློབ་པ་ལ་ཡང་གཉིས་ཏེ། འདོད་པ་ལས་འདོད་ཆགས་དང་མ་བྲལ་བ་དང་བྲལ་བའོ། །འདི་དག་ནི་འདོད་པའི་བྱིས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་ལ། ཇི་ལྟར་རྩིས་པ་ལྟར་བརྩི་བར་བྱ་སྟེ། འདི་དག་ལ་སློབ་པ་ཟག་མེད་མངོན་གྱུར་དུ་ལྡན་ལ། མི་སློབ་པ་ཟག་མེད་དབང་དུ་ལྡན་པ་ནི་ཁྱད་པར་རོ། །མི་སློབ་པ་ལ་འདོད་པའི་དགེ་བ་སྐྱེས་ཐོབ་དང་། རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་རྣམས་ས་བོན་དུ་ལྡན་ལ། ཁམས་གསུམ་གྱི་དགེ་བ་སྦྱོར་བྱུང་དང་མི་སློབ་པ་ཟག་མེད་དང་། ཁམས་འོག་མ་གཉིས་ཀྱི་སྤྲུལ་སེམས་དང་། འདོད་པའི་བཟོ་གནས་པ་རྣམས་དབང་དུ་ལྡན་པ་ཡིན་ནོ། །དེ་དག་སྡོམ་པ་ནི་མངོན་གྱུར་དུ་ལྡན་པ་ཡིན་ནོ། །གཟུགས་དང་གཟུགས་མེད་པའི་འཕགས་པ་ཡང་སློབ་པ་དང་། མི་སློབ་པ་གཉིས་ཡིན་ལ། དེ་དག་གི་སློབ་པ་རྣམས་ནི། དེ་དག་གི་བྱིས་པ་རྣམས་དང་འདྲ་སྟེ། སློབ་པ་ཟག་མེད་དབང་དང་མངོན་གྱུར་གཉིས་ཀར་དུ་ལྡན་ཞིང་མི་སློབ་པ་ཟག་མེད་དབང་དུ་ལྡན་པ་ནི་ཁྱད་པར་རོ། །གཟུགས་ཀྱི་མི་སློབ་པ་ལ་རང་སའི་དགེ་བ་སྐྱེས་ཐོབ་དང་། ལུང་མ་བསྟན་རྣམ་སྨིན་སྐྱེས་དང་། སྤྱོད་ལམ་པ་ས་བོན་དུ་ལྡན་ལ། གོང་མ་གཉིས་ཀྱི་དགེ་བ་སྦྱོར་བྱུང་དང་། འདོད་པ་དང་གཟུགས་ཀྱི་སྤྲུལ་སེམས་དང་། མི་སློབ་པ་ཟག་མེད་རྣམས་དབང་དུ་ལྡན་ནོ། །དེ་དག་སྡོམ་པ་མངོན་གྱུར་དུ་ལྡན་ནོ། །གཟུགས་མེད་པའི་མི་སློབ་པ་ལ། རང་སའི་དགེ་བ་སྐྱེས་ཐོབ་དང་། ལུང་མ་བསྟན་རྣམ་སྨིན་སྐྱེས་ས་བོན་དུ་ལྡན་ལ། རང་སའི་དགེ་བ་སྦྱོར་བྱུང་དང་། མི་སློབ་པ་ཟག་མེད་དབང་དུ་ལྡན་ཞིང་། དེ་དག་སྡོམ་པ་མངོན་གྱུར་དུ་ལྡན་ནོ། །

གཉིས་པ་ལ་ལྡན་པའི་རབ་དབྱེ་ནི། ས་བོན་དང་ལྡན་པ་ལ་སོགས་པ་གསུམ་མོ། །སོ་སོའི་ངོ་བོ་ལ་དངོས་དང་དམིགས་བསལ་གཉིས་ལས་དང་པོ་ལ་རེ་ཞིག་ཁམས་གསུམ་གྱི་བྱིས་པའི་ལྡན་པ་ནི་ས་བོན་དང་ལྡན་པ་གང་ཞེ་ན་ཞེས་པ་ལ་སོགས་པ་སྟེ་འདོད་པའི་ཁམས་སུ་སྐྱེས་པར་གྱུར་པའི་བྱིས་པ་ནི། ཁམས་གསུམ་གྱི་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཉོན་མོངས་པ་དང་རང་སའི་དགེ་བ་སྐྱེས་ཐོབ་རྣམས་ས་བོན་དང་ལྡན་པས་ལྡན་ནོ། །དེ་ནི་སོ་སོ་སྐྱེ་བོ་ཆགས་པ་དང་མ་བྲལ་བའི་དབང་དུ་བྱས་པར་རིག་པར་བྱའོ། །འདོད་པའི་བྱིས་པ་འདོད་པ་ལས་འདོད་ཆགས་དང་བྲལ་བ་རྣམས་དང་། གོང་མར་སྐྱེས་པའི་བྱིས་པ་རྣམས་ནི་འདོད་པ་ལ་སོགས་པ་ཁམས་འོག་མ་རྣམས་ཀྱི་ཉོན་མོངས་པ་དང་ཉེ་བའི་ཉོན་མོངས་པ་རྣམས་ཀྱི་ས་བོན་དང་མི་ལྡན་པ་ཡང་ཡིན་ལ་ལྡན་པ་ཡང་ཡིན་ཏེ་འཇིག་རྟེན་པའི་གཉེན་པོས་གནོད་པ་བྱས་པ་དང་འཇིག་རྟེན་ལས་འདས་པའི་གཉེན་པོས་བག་ལ་ཉལ་ལེགས་པར་མ་བཅོམ་པའི་ཕྱིར་གོ་རིམ་བཞིན་ནོ། །གཟུགས་སུ་སྐྱེས་པ་རྣམས་ནི། གཟུགས་དང་གཟུགས་མེད་པའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་རང་སའི་སྐྱེ་བས་ཐོབ་པའི་དགེ་བ་རྣམས་དང་ས་བོན་དང་ལྡན་པས་ལྡན་ནོ། །གཟུགས་མེད་པར་སྐྱེས་པ་རྣམས་ཀྱང་རང་སའི་ཉོན་མོངས་པ་དང་། ཉེ་བའི་ཉོན་མོངས་པ་རྣམས་དང་། སྐྱེ་བས་ཐོབ་པའི་དགེ་བ་རྣམས་དང་ས་བོན་དང་ལྡན་པས་ལྡན་པ་ཞེས་བྱའོ། །

གཉིས་པ་འཕགས་པའི་ལྡན་པ་ནི། ཁམས་གསུམ་པའི་གཉེན་པོ་འཇིག་རྟེན་ལས་འདས་པའི་ལམ་ཐོབ་པ་རྣམས་ལ་ནི། སྒོམ་པས་སྤང་བར་བྱ་བའི་ཉོན་མོངས་པའི་རྣམ་པ་ཆེན་པོའི་ཆེན་པོ་ལ་སོགས་པ་གང་དང་གང་གིས་གཉེན་པོ་རྒྱུད་ལ་བྱུང་ཞིང་སྐྱེས་པར་གྱུར་པའི་ཉོན་མོངས་པའི་རྣམ་པ་དེ་དང་དེའི་ས་བོན་ལེགས་པར་བཅོམ་པའི་ཕྱིར་ལྡན་པ་མ་ཡིན་གྱི་ཉོན་མོངས་པའི་རྣམས་པ་གང་གི་གཉེན་པོ་མ་བྱུང་བ་དེའི་ས་བོན་དང་ལྡན་པས་ལྡན་པ་ཡིན་ནོ། །དབང་དང་ལྡན་པ་ནི། སྦྱོར་བ་ལས་བྱུང་བའི་དགེ་བ་རྣམས་དང་། ལུང་དུ་མ་བསྟན་པ་དེ་དག་ལས་ཀྱང་། ཁ་ཅིག་ནི་བཟོའི་གནས་དང་སྤྲུལ་པའི་སེམས་ལ་སོགས་པ་ནི་དབང་དང་ལྡན་པས་ལྡན་པ་ཞེས་བྱའོ། །དེ་རྣམས་ནི་ས་བོན་ཡོད་དུ་ཟིན་ཀྱང་། འབད་པའི་རྐྱེན་གྱིས་ས་བོན་ཡོངས་སུ་བརྟས་པར་མ་བྱས་ན་འབད་མེད་དུ་མངོན་དུ་བྱེད་པར་མི་ནུས་པའི་ཕྱིར་རོ། །སྦྱོར་བ་ལས་བྱུང་བའི་དགེ་བ་དེ་དག་ཀྱང་གང་ཞེ་ན་འཇིག་རྟེན་པའི་བསམ་བསྟན་ཞི་རགས་ཀྱི་རྣམ་པ་ཅན་དང་། འཇིག་རྟེན་ལས་འདས་པའི་བསམ་བསྟན་བདེན་པའི་རྣམ་པ་ལ་རྣམ་པར་མི་རྟོག་པའི་རང་བཞིན་ཅན་དང་། དེ་དག་ལ་བརྟེན་པའི་ཡོན་ཏན་རྣམ་པར་ཐར་པ་བརྒྱད་དང་། དཔའ་བར་འགྲོ་བ་ལ་སོགས་པའི་ཏིང་ངེ་འཛིན་དང་། འགོག་པ་ལ་སོགས་པའི་སྙོམས་པར་འཇུག་པ་ལ་སོགས་པའོ། །ཀུན་དུ་འབྱུང་བ་དང་ལྡན་པ་ནི་གོ་སླའོ། །

གཉིས་པ་སྐྱེ་བོ་ཐ་ཤལ་གྱི་ལྡན་པ་ནི། ལོག་ལྟས་དགེ་བའི་རྩ་བ་ཆད་པའི་སྐྱེ་བོ་རྣམས་ལ་ནི། དགེ་བའི་ཆོས་རྣམས་ཀྱི་ས་བོན་དང་ལྡན་པས་ལྡན་པ་ཞེས་ཀྱང་བྱ་སྟེ། སླར་ཡང་དག་པའི་ལྟ་བ་སྐྱེས་པ་ན་མཚམས་སྦྱར་དུ་རུང་བའི་ཕྱིར་རོ། །ལྡན་པ་མ་ཡིན་པ་ཞེས་ཀྱང་བྱ་སྟེ་ལོག་ལྟས་དགེ་བའི་ས་བོན་ནུས་པ་ཉམས་པར་བྱས་པའི་ཕྱིར་རོ། །ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་འཁོར་བ་འབའ་ཞིག་འདོད་ཀྱི་ཐར་པ་དོན་དུ་མི་གཉེར་བའི་འདོད་ཆེན་པོ་རྣམས་ནི། འདོད་ཆགས་ལ་སོགས་པའི་ཀུན་ནས་ཉོན་མོངས་པ་དང་གཏན་དུ་ལྡན་པ་ཡིན་ཏེ། དེ་དག་ལ་ཀུན་ནས་ཉོན་མོངས་པའི་གཉེན་པོ་ཐར་པའི་ལམ་སྐྱེ་བའི་གོ་སྐབས་མེད་པའི་ཕྱིར་ཏེ་ཐར་པའི་རྒྱུ་ཟག་པ་མེད་པའི་ས་བོན་དང་མི་ལྡན་པའི་ཕྱིར་རོ། །དེའི་ཕྱིར་དེ་དག་ནི་གཏན་དུ་ཐར་པའི་རྒྱུ་དང་མི་ལྡན་པ་ཡིན་ནོ། །འགྲེལ་པར་ཐར་པའི་རྒྱུ་གང་ཞེ་ན། དེ་བཞིན་ཉིད་ལ་ཉོན་མོངས་པའི་གནས་ངན་ལེན་གནས་པ་ཡིན་ཏེ། རྒྱུད་གང་ལ་གཉེན་པོའི་རྗེས་སུ་མཐུན་པའི་རྐྱེན་རྙེད་ན་ལེགས་པར་འཇོམས་ནུས་པ་དེ་སྐལ་བ་དང་ལྡན་པའི་ཕྱིར་རྒྱུ་ཞེས་བྱའོ། །ལྡོག་པ་ནི་རྒྱུ་དང་མི་ལྡན་པ་ཞེས་བྱའོ་ཞེས་འཆད་དོ། །འོན་ཀྱང་ཐར་པའི་རྒྱུ་ནི་ཟག་པ་མེད་པའི་ས་བོན་པ་ཡིན་ལ། དེ་ཡང་སྔར་རྒྱས་པར་བཤད་ཟིན་ཏོ། །དགོངས་པ་ངེས་པར་འགྲེལ་བ་ལ་སོགས་པའི་མདོ་ཁ་ཅིག་དང་། འདི་དང་མདོ་སྡེ་རྒྱན་ལ་སོགས་པ་བསྟན་བཅོས་རྣམས་ལས་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་བཤད་པ་གང་ཡིན་པ་དེ་ནི་ཐེག་ཆེན་ལ་སོགས་པའི་ཆོས་ལ་ཞེ་སྡང་བའི་གང་ཟག་གང་ཡིན་པ་དེ་ནི་ཐར་པའི་ལམ་དང་། ཞེ་འགྲས་པས་དུས་ཡུན་རིང་མོ་ཞིག་དུ་མྱ་ངན་ལས་མི་འདའ་བའི་ཕྱིར་དུས་གཞན་ལ་དགོངས་ནས་གསུངས་པ་ཡིན་གྱི་དེ་དག་ཀྱང་གཏན་ཡོངས་སུ་མྱ་ངན་ལས་མི་འདའ་བ་ནི་རིགས་པ་མ་ཡིན་ནོ། །དེ་དག་གིས་ཉོན་མོངས་པ་སྤང་དུ་མི་རུང་བའི་སྒྲུབ་བྱེད་མེད་པའི་ཕྱིར་རོ། །དེའི་ཕྱིར་རྒྱུད་བླ་མའི་འགྲེལ་པར་ཡང་། ཐོག་མེད་གྱུར་ཀྱང་ཐ་མ་དང་ལྡན་པས། །རང་བཞིན་གྱིས་དག་རྟག་པའི་ཆོས་ཅན་ནི། །ཐོགས་མེད་སྦུབས་ཀྱིས་ཕྱི་སྒྲིབས་མི་མཐོང་སྟེ། །ཇི་ལྟར་གསེར་གྱི་གཟུགས་ནི་སྒྲིབས་པ་བཞིན། །ཞེས་པ་ཁུངས་སུ་མཛད་པ་ཐམས་ཅད་ཀྱང་རྣམ་པར་དག་པར་འགྱུར་དུ་རུང་བའི་རིགས་ཅན་དུ་བསྒྲུབས་པ་ཡིན་ནོ། །

ལྡན་པ་ལ་མཁས་པའི་ཕན་ཡོན་ནི། ཆོས་རྣམས་ཀྱི་འཕེལ་བ་དང་འགྲིབ་པའི་ཚུལ་ཤེས་པར་འགྱུར་ཏེ། དེ་ལྡན་པའི་ཕན་ཡོན་ཡིན་པའི་ཕྱིར་རོ། །དེ་ལྟར་ཤེས་པ་ན་འཇིག་རྟེན་པའི་ལུས་དང་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབྱོར་ཞིང་རྒྱས་པ་དང་། དེ་དག་གུད་ཅིང་འགྲིབ་པ་ལ་མཐའ་གཅིག་ཏུ་ངེས་པར་མི་འགྱུར་ཞིང་ཕུན་སུམ་ཚོགས་པ་ལ་རྗེས་སུ་ཆགས་པ་དང་། རྒུད་པ་ལ་ཁོང་ཁྲོ་བ་སྤོང་བར་འགྱུར་རོ། །ཆོས་མངོན་པ་ཀུན་ལས་བཏུས་པའི་རྒྱ་ཆེར་འགྲེལ་པ་ལེགས་པར་བཤད་པའི་རྒྱ་མཚོ་ཞེས་བྱ་བ་ལས་མཚན་ཉིད་ཀུན་ལས་བཏུས་པ་ཞེས་བྱ་བ་ཀུན་ལས་བཏུས་པ་དང་པོའི་བཤད་པའོ།། །།