cover

རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།

གླེགས་བམ། ཨེ༽

རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

སྤྲུལ་པའི་གཏེར་སྟོན་ཆེན་པོའི་མཛད་རྣམ་མདོར་བསྡུས།

༄༅། རྒྱལ་རོང་གཏེར་རྒོད་རིག་འཛིན་གསང་སྔགས་གླིང་པ་ནི། རྒྱལ་དབང་ཨོ་རྒྱན་ཆེན་པོས། མཚོ་རྒྱལ་འདི་ནས་ཤར་ཕྱོགས་རོང་ཆེན་བཞིའི༔ ཡུལ་དབུས་རི་བོ་ཁྱུང་ཆེན་མཁར་འགྱིང་འདྲའི༔ བྲག་དམར་ཙིཏྟ་གནམ་ལང་འདྲ་བའི་གཡས༔ མཚོ་རྒྱལ་ཉིད་སྤྲུལ་མེ་ཁམས་འབྲུག་སྦྲུལ་ལོ༔ རིགས་བཟང་རྩལ་ཆེ་བློ་ལྡན་ཁོག་ཡངས་པ༔ དད་ལྡན་སྨིན་གྲོལ་ལམ་ལ་འགོད་པ་འབྱུང༔ དེ་ཚེ་དེ་ཡིས་ཆོས་འདི་སྟོན་པར་འགྱུར༔ འབྲེལ་ཚད་འཆི་མེད་དངོས་གྲུབ་ངེས་པར་ཐོབ༔ ཞེས་གསུངས་པ་ལྟར་རབ་བྱུང་བཅུ་བཞི་པའི་མེ་སྦྲུལ་༼༡༨༥༧༽ལོར་རྒྱལ་རོང་ཕྱོགས་སུ་སྐུ་འཁྲུངས། རྒྱལ་རོང་གི་སའི་བྱེ་བྲག་གང་ཡིན་གསལ་པོར་མ་ཤེས་ཀྱང་། འགའ་རེས་ཁྲོ་ཆུའི་གཏེར་རྒོད་ཡང་ཟེར་གསུངས། དེས་ན་རྒྱལ་རོང་ཁྲོ་ཆུའི་ཕྱོགས་ནས་ཡིན་ནམ་སྙམ། བར་སྐབས་ཤིག་ལ་གཡུ་ཁོག་ཏུ་བྱོན་ནས་བཞུགས་པ་ཞིག་ཡིན་པར་སྣང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། མཁར་ཆུ་དཔལ་གྱི་དབང་ཕྱུག་ཟུང་དུ་འཇུག་པའི་རོལ་གར་དུ་གྲགས། རྟེན་སྔགས་འཆང་རྡོ་རྗེ་འཛིན་པར་བཞུགས། དགུང་ལོ་ཉི་ཤུ་པ་མེ་ཁྱི་ཁྲུམ་ཟླའི་ནང་ཐུགས་རྗེ་ཆེན་པོ་ཁ་སར་ཎིའི་ཆོས་སྐོར་དགོངས་གཏེར་དུ་བབས། དགུང་གྲངས་ཉེར་གཅིག་བཞེས་པ་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ལྔ་ལ། ཡུལ་དབུས་བྲག་དམར་གཡའ་མ་ལུང་གི་བྲག་རི་ཁྱུང་ཆེན་གཤོག་པ་བརྐྱངས་འདྲ་ནས། ཚེ་སྒྲུབ་དགོངས་པ་ཡོངས་འདུས་དང་། སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཆོས་སྐོར་གཏེར་ནས་བཞེས། ལོ་དེའི་ཧོར་ཟླ་དགུ་པའི་ཚེས་བཅུ་ལ་ལྷ་སའི་ལྕགས་པོ་རིའི་བྲག་རི་གླང་པོས་ཆུ་འཐུང་པ་འདྲ་བ་ནས། རྐྱེན་བཟློག་རྡོ་རྗེ་ཕ་ལམ་སོགས་ཟབ་ཆོས་འགའ་ཞིག་གཏེར་ནས་སྤྱན་དྲངས། དེ་ནས་གཡུ་ཁོག་ཏུ་ཕེབས་ནས་ཡུན་རིང་བཞུགས། རབ་བྱུང་བཅོ་ལྔ་པའི་ལྕགས་འབྲུག་ཧོར་ཟླ་དང་པོའི་ཚེས་ཉེར་ལྔ། དཔའ་བོ་མཁའ་འགྲོ་འདུ་བའི་དུས་བཟང་གི་ཉི་ཤར་འབྲུག་གི་དུས་ཚོད་དང་བསྟུན་ནས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར། བྲག་རི་སེང་ཆེན་འགྱིང་འདྲའི་ལྟོ་བ་ནས། དམ་རྫས་ཡེ་ཤེས་ཀློང་དགུའི་བཅུད་ལེན་མྱོང་གྲོལ་རིལ་བུ་ཁྱད་འཕགས་དུ་མ་དང་། རྡོ་རྗེ་ཕུར་པ་གསང་བ་སྤུ་གྲིའི་ཆོས་སྐོར་གྱི་ཤོག་སེར་བཅས། གཡུ་ཁོག་རྒྱ་སྤྲུལ་ལུང་རིག་གླིང་པའི་གཙོས་སྐལ་ལྡན་ཆོས་ཀྱི་བདག་པོ་དུ་མ་དང་། གཡུ་ཁོག་མི་དབང་བསོད་ནམས་དབང་འདུས་སོགས་ཆེ་དྲེགས་མང་པོའི་གཙོས་འདུས་པ་གྲངས་ལས་འདས་པའི་མངོན་སུམ་མིག་གི་དབང་པོའི་སྤྱོད་ཡུལ་དུ་གྱུར་བར་ཁྲོམ་གཏེར་དུ་བླངས་ཤིང་། འདུས་པའི་སྡེ་ཆེན་པོར་དམ་རྫས་རིལ་བུ་གཏེར་བྲག་ནས་སྐྱོགས་ཆུང་གིས་བཅུས་ཤིང་ཕུལ། ཕུར་པའི་ཆོས་སྐོར་རྣམས་དུས་ཕྱིས་ནག་ཟླའི་ཚེས་ཉེར་བརྒྱད་ནས་གཡུ་ཁོག་དཔོན་གྱི་བཀྲ་ཤིས་པའི་འདུན་སར་ཌཀྐིའི་ཤོག་སེར་ལས་བོད་ཡིག་ཏུ་ཕབ། རྗེ་འདི་ཉིད་ཀྱི་རིགས་སྲས་ཀཿཐོག་སི་ཏུ་ཆོས་ཀྱི་རྒྱ་མཚོ་དང་། རྒྱ་སྐོར་སྤྲུལ་སྐུ་ཀུན་བཟང་ཐེག་མཆོག་བསྟན་པའི་རྒྱལ་མཚན་རྣམ་གཉིས་ཀྱིས་ཀྱང་བསྟན་ལ་བྱ་བ་ཆེར་མཛད། དེ་མིན་རྣམ་ཐར་ཞིབ་རྒྱས་མ་ཤེས།

གཡུ་ཁོག་ཡི་དམ་རྡོ་རྗེར་འབོད་པས་བྲིས།

རྡོ་རྗེ་ཕུར་པའི་ཕྲིན་ལས་སྤྱིའི་སྔོན་འགྲོ།

དཔལ་ཆེན་རྡོ་རྗེ་ཕུར་པའི་ཕྲིན་ལས་སྤྱིའི་སྔོན་འགྲོ་ཞེས་བྱ་བ་བཞུགས༔

ཤྲཱི་བཛྲ་ཀུ་མ་ར་ཡེ༔ ཆོས་ཉིད་ཞི་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་སྙིང་རྗེའི་སྐུར་སྟོན་པ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ སྒོ་གསུམ་ཐ་མི་དད་པས་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕུར་པ་བི་ཏོ་ཏ་མའི་རྒྱུད༔ མང་པོའི་ནང་ནས་བཅུད་ཕྱུང་བ༔ དབང་པོའི་དྭངས་མ་མིག་ལྟ་བུ༔ མ་འོངས་འགྲོ་བ་སྤྱི་རྣམས་དང་༔ ཁྱད་པར་དཔལ་གྱི་དབང་ཕྱུག་དང༔ ཇོ་མོ་ཡེ་ཤེས་མཚོ་རྒྱལ་ལ༔ མཆོག་ཐུན་དངོས་གྲུབ་ཐོབ་པའི་ཕྱིར༔ ཕྲིན་ལས་གདམས་པ་བསྟན་པར་བྱ༔ ས་མ་ཡཱ༔ དང་པོ་སྐྱབས་ཡུལ་གསལ་གདབ་ནི༔ མདུན་གྱི་ནམ་མཁར་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ལ་གཞན་ཡང་རྩ་རྒྱུད་ཀྱི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་བཅས་པས་བསྐོར་བ་མཁའ་ཁྱབ་ཏུ་སད་པར་བསམ་ལ༔ གཉིས་པ་སྐྱབས་འགྲོ་ནི༔ ཧཱུྃ༔ བདེར་གཤེགས་རྒྱལ་བའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་འདུས་པའི་དཔལ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ༔ རྩེ་གཅིག་གུས་པས་སྐྱབས་སུ་མཆི༔ གསུམ་པ་སེམས་བསྐྱེད་ནི༔ ཧོ༔ རིག་པ་འཛིན་པའི་རྣལ་འབྱོར་བདག༔ ཕུར་པའི་དཀྱིལ་འཁོར་འདིར་ཞུགས་ནས༔ འགྲོ་འདུལ་རླབས་ཆེན་སྤྱོད་པ་ཡིས༔ དོན་གཉིས་སྒྲུབ་པར་སེམས་བསྐྱེད་དོ༔ བཞི་པ་ཡན་ལག་བདུན་པ་ནི༔ ཧོ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ མི་དགེ་འགལ་འཁྲུལ་ཉམས་ཆགས་བཤགས༔ གཞན་ཕན་སྤྱོད་ལ་རྗེས་ཡི་རང༔ གསང་སྔགས་ཆོས་འཁོར་བསྐོར་བར་བསྐུལ༔ འགྲོ་བའི་དོན་དུ་བཞུགས་གསོལ་འདེབས༔ དགེ་ཚོགས་སེམས་ཅན་དོན་དུ་བསྔོ༔ ལྔ་པ་བརྒྱུད་འདེབས་ནི༔ ཨོཾ་སྭ་སྟི༔ སྤྲོས་བྲལ་ཆོས་དབྱིངས་མཁའ་ཁྱབ་ཕོ་བྲང་ནས༔ གདོད་མའི་ཆོས་སྐུ་སྣང་བ་མཐའ་ཡས་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ འོག་མིན་གནས་མཆོག་རི་བོ་ཏ་ལ་ནས༔ རང་གསལ་ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ མཁའ་སྤྱོད་རྔ་ཡབ་པདྨ་འོད་གླིང་ནས༔ རིག་འཛིན་བདུད་འདུལ་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ འཁྲུལ་ཞིག་ཀ་དག་ལྟ་བའི་ཕོ་བྲང་ནས༔ མཁར་ཆེན་སྲས་པོ་དཔལ་གྱི་དབང་ཕྱུག་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ བདེ་སྟོང་ལྷན་སྐྱེས་དགའ་བཞིའི་ཕོ་བྲང་ནས༔ མི་མིན་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ རང་སྣང་རྣམ་དག་བདེ་ཆེན་ཕོ་བྲང་ནས༔ རིག་འཛིན་འགྲོ་འདུལ་གསང་སྔགས་གླིང་པ་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ ལུང་རྟོགས་ཆོས་ཀྱིས་ཕྱུག་པའི་ཕོ་བྲང་ནས༔ འབྲེལ་ཚད་དོན་ལྡན་ལུང་རིག་གླིང་པ་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ པདྨས་ལུང་ཟིན་ལས་འཕྲོ་ལས་ཀྱི་འཕྲོ་ལྡན་པའི༔ ཆོས་བདག་རྩ་བརྒྱུད་བླ་མའི་ཚོགས་རྣམས་ལ༔ གསོལ་བ་འདེབས་སོ་གསང་གསུམ་བར་ཆད་སོལ༔ བྲག་རི་སེང་ཆེན་འགྱིང་འདྲའི་གཏེར་གནས་སུ༔ ཟབ་ཆོས་གསང་བ་སྤུ་གྲིར་གསོལ་བ་འདེབས༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ གདུག་པའི་དགྲ་བགེགས་བསྒྲལ་བར་བྱིན་གྱིས་རློབས༔ དྲེགས་ཚོགས་བྲན་དུ་ཁོལ་བར་བྱིན་གྱིས་རློབས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ བསྙེན་སྒྲུབ་ཚད་དུ་འཁྱོལ་བར་བྱིན་གྱིས་རློབས༔ མཐའ་ཡས་འགྲོ་བ་གཅིག་ཀྱང་མ་ལུས་པ༔ འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས༔ ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཤར་རྒྱལ་མོ་རོང་གི་ཉེ་ཆར་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིང་འདྲའི་ལྟོ་བ་ནས་ཁྲོམ་གཏེར་དུ་སྤྱན་དྲངས་པའོ།།

སྔོན་དུ་འགྲོ་བའི་ལས་རིམ་ཉེར་མཁོ་ཕྱོགས་གཅིག་ཏུ་བསྡུས་པ།

ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ སྔོན་དུ་འགྲོ་བའི་ལས་རིམ་ཉེར་མཁོ་ཕྱོགས་གཅིག་ཏུ་བསྡུས་པ་བཞུགས༔

སྐུ་གསུམ་བླ་མའི་ཚོགས་ལ་འདུད༔ ཕྲིན་ལས་སྤྱི་ཡི་སྔོན་འགྲོ་ནི༔ ལྷར་གསལ་ཏིང་འཛིན་རྡོ་དྲིལ་དང༔ ཐོད་རྔ་རོལ་མོ་ཆུ་དང་སྤོས༔ ཕུར་པ་བྱིན་གྱིས་བརླབས་པ་དང་༔ དཀར་གསུམ་གཏོར་མ་བྱིན་བརླབས་ལ༔ གཉུག་གནས་ཕྱོགས་སྐྱོང་རྣམས་ལ་བསྔོ༔ ལན་ཆགས་གླུད་གཏོར་བགེགས་ལ་སྦྱིན༔ ཕྲིན་ལས་སྔོན་འགྲོའི་ལེའུ་འོ༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་སྐད་ཅིག་གིས་གུ་རུ་རྡོ་རྗེ་དྲག་པོ་རྩལ་སྐུ་མདོག་མཐིང་ནག་གཡས་རྡོ་རྗེ་དང་༔ གཡོན་ལྕགས་སྡིག་འཛིན་པ་ཁྲོ་གཏུམ་བཟོད་པར་དཀའ་བ་དུར་ཁྲོད་རོལ་པའི་སྐུར་གྱུར༔པར་བསམ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ མང་དུ་བཟླས་ལ་དམིགས་པ་ནི༔ རང་ཉིད་ལྷ་ཡི་ཐུགས་སྲོག་ཧཱུྃ༔ དེ་ལས་འོད་ཟེར་མཐིང་ག་ནི༔ ཚྭ་ལ་རྩུབ་པའི་རྣམ་པ་འཕྲོས༔ འཕགས་མཆོད་བྱིན་བསྡུས་སླར་འཕྲོས་པས༔ བྱང་ཆུབ་སྒྲུབ་པའི་བར་ཆད་ཀུན༔ ནག་ཕྱོགས་མ་རུངས་དྲེགས་པའི་ཚོགས༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླག༔ ཀློང་དགུའི་ཡེ་ཤེས་རྩལ་ཆེན་རྫོགས༔ གདུལ་དཀའ་འདུལ་བའི་མཐུ་དང་ལྡན༔ སྣང་སྲིད་ཆོས་སྐུའི་ཕྱག་རྒྱར་སད༔ སྒྲ་གྲགས་ཐུགས་ཀྱི་རྡོ་རྗེ་ཧཱུྃ༔ དྲན་རྟོག་རང་གྲོལ་ཕྱག་རྒྱའི་ངང་༔ རིག་པ་བཙོན་བཟུང་རྣམ་རྟོག་བཅད༔ ཐུན་མཐར་ཡེ་ཤེས་རང་ངོར་བལྟ༔ འདིས་ནི་བྱིན་རླབས་མཐུ་སྡུད་ཅིང་༔ དྲེགས་ཚོགས་དམ་ལས་འདའ་མི་ནུས༔ དཀར་ཕྱོགས་ལྷ་རྣམས་མཐུན་རྐྱེན་སྒྲུབ༔ མི་མིན་ནག་ཕྱོགས་བྲན་དུ་བཀོལ༔ སྐལ་ལྡན་བུ་རྣམས་ཉམས་སུ་ལོངས༔ ཁ་ཐཾ༔ དེ་ནས་བྱིན་རླབས་ལས་བདུན་ལས༔ དང་པོ་རྡོར་དྲིལ་བྱིན་བརླབ་ནི༔ བསངས་ཆུས་བྲན་ལ་སྤོས་ཀྱིས་བསངས༔ ཨོཾ་མ་ཧཱ་ཛྙཱ་ན་བཛྲ་རཱ་ཛ་ས་མ་ཡཱ་ཧཱུྃ༔ ཞེས་བརྗོད་པས་སྟོང་ཞིང་མི་དམིགས་པའི་ངང་ལས་རྡོ་རྗེ་རྩེ་ལྔ་པ་ཐབས་ཀྱི་རང་བཞིན་དུ་གྱུར༔ ཨོཾ་མ་ཧཱ་པྲཛྙཱ་ཛྙཱ་ན་གཎྜེ་ཧོ༔ ཞེས་བརྗོད་པས་དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་སྒྲོག་པ་ཟུང་དུ་འཇུག་པར་གྱུར་པར་བསམ་ལ༔ ཨོཾ་བཛྲ་གཎྜེ་ཨེ་ཝཾ་བཾ་ཧོ༔ དེ་ནས་ཐོད་རྔ་རོལ་མོ་རྣམས༔ སྤོས་ཆུས་བསང་སྤེལ་ལེགས་བྱས་ལ༔ ཨོཾ་མ་ཧཱ་བཛྲ་ཊཱ་མ་རུ་ཤཔྟ་ས་མ་ཡཱ་ཨཱཿཧཱུྃ༔ ཞེས་བརྗོད་པས་མཆོད་རྫས་རོལ་མོའི་བྱེ་བྲག་རྣམས་མི་དམིགས་པའི་ངང་ལས་སྔགས་ཀྱི་སྒྲ ས་བསྐུལ་ཏེ་བླ་མེད་ཆོས་ཀྱི་སྒྲ་ཆེན་པོས་སྟོང་གསུམ་ཁྱབ་པར་གྱུར་པར་བསམ་ལ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་རཏྣ་ཤཔྟ་ཨ་ལང་ཀ་ར་ས་མ་ཡེ་སྭཱ་ཧཱ༔ དེ་ནས་བསང་ཆུ་བྱིན་བརླབ་ནི༔ ཨོཾ་ཨཱ༔བཛྲ་ཛྙཱ་ན་ཀྲོ་ཏ་ཨ་མྲྀ་ཏ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་བརྗོད་པས་བསང་ཆུའི་སྣོད་པདྨ་བྷནྡྷ་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་བཅུད་ཡེ་ཤེས་ཀྱི་བདུད་རྩི་ཟག་པ་མེད་པ་འཛད་མེད་དུ་གྱུར་པའི་དབུས་སུ་པད་ཟླའི་སྟེང་དུ་བདུད་རྩི་འཁྱིལ་བ་ལྗང་ཁུ་རྒྱ་གྲམ་དང་དྲིལ་བུ་འཛིན་པའི་སྐུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཨ་མྲྀ་ཏ་ཀུནྜ་ལི་ཛྙཱ་ན་པཉྩ་ཚིནྡྷ་ཛྭ་ལ་ནི་ཧཱུྃ་ཧྲཱིཿཋ༔ དེའི་རྐྱེན་གྱིས་བསྐུལ་ནས་འོད་དུ་ཞུ༔ ཟག་མེད་བདུད་རྩིའི་རང་བཞིན་དུ་གྱུར་ནས་ཉེས་སྐྱོན་ཐམས་ཅད་སྦྱངས་པའི་ནུས་པ་དང་ལྡན་པར་གྱུར་པར་བསམ་ལ༔ དེ་ནས་སྤོས་མེ་བྱིན་བརླབ་ནི༔ བདུད་རྩིའི་ཆུས་བྲན་སྔགས་ཀྱིས་བརླབས༔ རཾ་སྥ་ར་ཎ་ཕཊ༔ ཅེས་བརྗོད་པས་སྤོས་མེ་ཡེ་ཤེས་ཀྱི་རང་བཞིན་དང༔ ཨོཾ་བཛྲ་དྷུ་པེ་ས་མ་ཡེ་ཨཱ༔ཧཱུྃ༔ ཞེས་བརྗོད་པས་སྤོས་ཚོར་སྟོང་གི་མཆོད་པ་རྒྱལ་ཀུན་དགྱེས་སྐོང་གི་རྫས་སུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཛྙཱ་ན་རཾ་ཛྭ་ལ་པཱ་ཡ་ས་མ་ཡེ་ཨཱཿཧཱུྃ༔ དེ་ནས་ཕུར་པ་སྤོས་ཆུས་བྲན༔ ཨོཾ་བཛྲ་ཛྙཱ་ན་ཀཱི་ལ་ཡ་ཧཱུྃ༔ ཞེས་བརྗོད་པས་ཕུར་པ་མི་དམིགས་པ་ཆོས་སྐུ་འགྱུར་བ་མེད་པ་རང་བཞིན་ཁྱབ་བརྡལ་དུ་གནས་པའི་སྲིད་པའི་ཕུར་པ༔ དེའི་ངང་ལས་རང་རྩལ་ཡེ་ཤེས་ཀྱི་སྔགས་བརྗོད་པས༔ གསལ་བ་རང་རིག་པ་ཡེ་ཤེས་ཀྱི་ཕུར་བུ་སྐུ་སྟོད་ཁྲོ་བོ་ཆེན་པོ་ཞི་ཁྲོ་ལོངས་སྤྱོད་རྫོགས་སྐུའི་མཐུ་སྟོབས་ཡོངས་སུ་རྫོགས་པ༔ རྒྱ་མདུད་གོང་མ་གཞི་གྲོལ་ཐིག་ལེ་ཉག་གཅིག་གི་མཚོན་བྱེད་ཡེ་གནས་ཆོས་སྐུའི་ཕོ་བྲང་༔ སྐུ་སྨད་དབལ་ཟུར་གསུམ་པ༔ཡང་སྤྲུལ་ཁྲོ་བོ་དང་ཁྲོ་མོ་སྐར་ལྟར་འཁྲུག་ཅིང་༔ སྤྲུལ་པའི་སྐུའི་སྟོབས་ནུས་རྫོགས་ཤིང་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་ནུས་ལྡན་དུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ནྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་པྲ་ཝེ་ཤ་ཡ་ཧཱུྃ་ཕཊ༔ དེ་ནས་ནང་མཆོད་བསངས་སྦྱངས་ལ༔ ཨོཾ་ཛྙཱ་ན་བྷནྡྷ་ས་མ་ཡཱ་ཨོཾ༔ ཞེས་བརྗོད་པས་སྣོད་མཚན་དང་ལྡན་པའི་ཀ་པཱ་ལ་དུམ་བུ་གཅིག་པ་ཡངས་ཤིང་རྒྱ་ཆེ་བར་གྱུར་པར་བསམ་ལ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋ༔ ཞེས་བརྗོད་པས་རྩ་བརྒྱད་ཡན་ལག་སྟོང་ལ་སྦྱར་བའི་ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་དཀར་དྭངས་འཚེར་ལ་འཁྱིལ་བ་གཅིག་ཏུ་གྱུར་པར་བསམ་ལ༔ ཨོཾ་ཛྙཱ་ན་པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱིཿསྭཱ་ཧཱ༔ དེ་ལྟར་བྱིན་གྱིས་བརླབས་བྱས་ནས༔ ཀུན་བཟང་མཆོད་པའི་སྤྲིན་དུ་འབུལ༔ ཨོཾ་ཨཱ༔ཧཱུྃ་སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཨཱཿཧཱུྃ༔ ལན་གསུམ་བརྗོད་ཅིང་མཆོད་རྫས་ཀུན༔ བྱིན་བརླབས་རྫས་ཀྱིས་སྦྱངས་སྤེལ་བསྒྱུར༔ ཅེས་བརྗོད་པས་གནས་ཡུལ་གྱི་ཞིང་ཁམས་ཐམས་ཅད་འོག་མིན་པདྨ་དྲྭ་བའི་དབྱིབས་རྒྱན་དང་བཀོད་པ་ཕུན་སུམ་ཚོགས་པར་གྱུར༔ ཐུགས་ཀ་ནས་འཕྲོས་པའི་ལྷ་མོ་རྣམས་ཀྱིས་པདྨ་བྷཉྫ་དང་རིན་པོ་ཆེ་ལ་སོགས་པའི་སྣོད་ཕུན་སུམ་ཚོགས་པའི་ནང་དུ་མཆོད་པའི་བྱེ་བྲག་གཟུགས་སྒྲ་དྲི་རོ་རེག་བྱ་ལ་སོགས་པའི་སྲིད་ཞིའི་ཁམས་ན་བདག་པོས་བཟུང་དང་མ་བཟུང་བའི་འབྱོར་ཚོགས་ཡོ་བྱད་ཐམས་ཅད་མཆོད་པའི་སྤྲིན་དུ་གྱུར་པར་བསམ་ལ༔ ཨོཾ་བཛྲ་ཨརྒྷཾ་ཨཱ༔ཧཱུྃ་ནས་ཤཔྟའི་བར་དང་། ཨོཾ་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱ༔ཧཱུྃ་ཧྲཱིཿསྭཱ་ཧཱ༔ མ་ཧཱ་རཀྟ་ཛྭ་ལ་ནི་ཨོཾ་ཨཱ༔ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨོཾ་ཁ་ཏ་ལི་བྷྲུཾ་ཛྙཱ་ན་པཉྩ་བ་ལིངྟ་ཨོཾ་ཨཱ༔ཧཱུྃ་ཧྲཱིཿསྭཱ་ཧཱ༔ ཨོཾ་ཨེ་ཝཾ་མ་ཧཱ་སུ་ཁ་བོ་དྷི་ཛྙཱ་ན་པཉྩ་སིདྡྷི་ས་མ་ཡཱ་ཨཱ༔ཧཱུྃ་སྭཱ་ཧཱ༔ དངོས་འབྱོར་ཡིད་སྤྲུལ་མཆོད་ཚོགས་འབུལ༔ རོལ་མོས་བྱིན་དབབ་བྱིན་རླབས་སྡུད༔ སྔོན་འགྲོའི་ཡན་ལག་ཟབ་མཁོའི་གནད༔ རྡོ་རྗེ་ལས་ཆས་རྣམ་བརྒྱད་དོ༔ དེ་ནས་གཞི་བགེགས་གཏོར་མ་བསྔོ༔ ཕྲིན་ལས་གཞུང་བསྲངས་བསྟོད་བཤགས་མཐར༔ བསྙེན་ཕྲེང་བྱིན་བརླབས་ཡེངས་མེད་བསྒོམ༔ ནན་བཟླས་བསྙེན་པའི་ཡན་ལག་གོ༔ ཨོཾ་ཨཱ༔ཧཱུྃ་ཧྲཱིཿ བདག་ཉིད་དཀྱིལ་འཁོར་བདག་པོ་ཡི༔ མགྲིན་པའི་ཨཱཿལས་འོད་འཕྲོས་པས༔ གསུང་གི་བྱིན་རླབས་ནུས་མཐུ་བསྡུས༔ རྡོ་རྗེའི་སྔགས་ཀྱི་རྣམ་པ་རུ༔ བསྙེན་ཕྲེང་ལ་ཐིམ་བྱིན་བརླབས་བསམ༔ ཨོཾ་རུ་ཙི་ར་མ་ཎི་པྲ་ཝརྟ་ཡ་ཧཱུྃ་ཕཊཿསྭཱ་ཧཱ༔ ཨ་ཨ་ཨ༔ ཝཀྐ་བཛྲ་ཛྙཱ་ན་ཨ་བེ་ཤ་ཡ་ཨཱ༔ ཉི་ཤུ་རྩ་གཅིག་སྔགས་ཀྱིས་བརླབས༔ དེ་ནས་ཕྱོགས་སྐྱོང་གཏོར་བསྔོ་ནི༔ རིན་ཆེན་སྣོད་དུ་གཏོར་མ་ནི༔ ཟླུམ་པོ་མཐེབ་ཀྱུ་རིལ་བུས་བརྒྱན༔ འཁོར་དུ་མཐེབ་སྐྱུ་བརྒྱད་ཀྱིས་བསྐོར༔ དཀར་གསུམ་འབྲུ་སྣས་གཏོར་འདབ་སྤྲས༔ རིན་ཆེན་གསེར་སྐྱེམས་དང་བཅས་བཤམས༔ དང་པོ་བྱིན་གྱིས་བརླབ་པ་ནི༔ རཾ་ཡཾ་ཁཾ༔གིས་བསྲེགས་གཏོར་བཀྲུས༔ ཨོཾ་སྭ་བྷ་ཝས་སྦྱངས་ལ༔ ཨོཾ་བཛྲ་དྷརྨཱ་པཱ་ལ་བྷུ་མི་པ་ཏི་ས་པཱ་རི་ཝ་ར་ས་མ་ཡཱ་ཛ༔ ཨོཾ་བྷུ་མི་པ་ཏི་ཀྵེ་ཊ་པཱ་ལ་ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཀ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཏྱ་ནུཏྤནྣ་ཏོ་ཏ་ཨོཾ་ཨཱ༔ཧཱུྃ༔ཕཊཿསྭཱ་ཧཱ༔ ལན་གསུམ་སྔགས་ཀྱི་ནུས་པས་སྤེལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་རྡོ་རྗེའི་ཆོས་སྐྱོང་དང་༔ ཚངས་པ་བརྒྱ་བྱིན་རྒྱལ་ཆེན་ཕྱོགས་སྐྱོང་བཅུ༔ དཔལ་མགོན་བདུན་ཅུ་ལྷ་བརྒྱད་ཀླུ་ཆེན་བརྒྱད༔ གཟའ་ཆེན་རྒྱུ་སྐར་ཉེར་བརྒྱད་འཇིགས་བྱེད་དགུ༔ ས་བདག་མཐུ་ཆེན་ལྷ་མོ་བསྟན་མ་དང་༔ དཀར་ཕྱོགས་སྐྱོང་བའི་དྲེགས་པ་སྡེ་བརྒྱད་ཚོགས༔ ཡུལ་འདིའི་གཉུག་གནས་གཞི་བདག་འཁོར་དང་བཅས༔ མ་ལུས་དགྱེས་པའི་ཚུལ་གྱིས་གཤེགས་སུ་གསོལ༔ རིན་ཆེན་སྣོད་དུ་གཏམས་པའི་དཀར་གསུམ་བཤོས༔ འདོད་ཡོན་ལྔ་ལྡན་ཕུན་ཚོགས་བདུད་རྩིའི་སྐྱེམས༔ འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གིས༔ གནས་འདིར་ལས་བཞིའི་ཕྲིན་ལས་སྒྲུབ་པ་ལ༔ རུ་ང་ཕྲག་དོག་གདུག་རྩུབ་མ་མཛད་པར༔ ཕྱོགས་བཞི་བསྲུང་བའི་མཚམས་ཀྱི་ཕྲིན་ལས་མཛོད༔ ཕྱི་ཡི་བར་ཆད་གཟུགས་ཅན་གཟུགས་མེད་ཀྱི༔ ཉེ་བར་འཚེ་བ་མ་ལུས་བཟློག་པ་དང་༔ ནང་གི་བར་ཆད་དངོས་གྲུབ་བཟང་པོའི་ལྟས༔ ཕྱི་རུ་མ་འཆོར་སྒྲུབ་པའི་རྟགས་མཚན་སྟོན༔ གསང་བའི་བར་ཆད་སྙིང་པོའི་ཉམས་ལེན་ལ༔ འདུ་འཛིའི་གཡང་སྒྲོལ་འབྲས་བུ་སྨིན་པར་མཛོད༔ གནས་སྐབས་བདག་གི་ཡིད་ལ་བསམ་པའི་དོན༔ འབད་མེད་འདོད་དོན་ཤུགས་ཀྱིས་འགྲུབ་པ་དང་༔ མཐར་ཐུག་གཏན་བདེ་སྒྲུབ་པའི་མཐུན་རྐྱེན་དུ༔ འགྲོ་དོན་བསྟན་པ་གདུལ་བྱ་རྒྱས་པར་སྤེལ༔ མཐོང་ཐོས་དྲན་རེག་སྣང་བ་དབང་བསྡུས་ལ༔ མི་མིན་ནག་ཕྱོགས་དྲེགས་པའི་དཔུང་ཚོགས་ཆོམས༔ བཅོལ་བའི་ལས་ཀུན་ཐོགས་མེད་འགྲུབ་པར་མཛོད༔ ཨོཾ་སརྦ་དྷརྨཱ་པཱ་ལ་བྷུ་མི་པ་ཏི་བཱ་ལིང་ཏ་ཁཱ་ཧི༔ ཞེས་བརྗོད་བཱ་ལིང་གསེར་སྐྱེམས་འབུལ༔ གཉེར་བའི་ལས་ཀུན་དེ་བཞིན་དུ༔ འགྲུབ་པར་འགྱུར་བ་གདོན་མི་ཟ༔ ཁྱད་པར་ས་ཕྱོགས་གནས་ཡུལ་ཀུན༔ རང་གི་དབང་འབྱོར་འདོད་པ་ནི༔ འདི་ཉིད་བརྩམས་པས་ངེས་པར་འགྲུབ༔ མེད་ཐབས་མེད་པའི་སྙིང་ནོར་ཆོས༔ བྱ་སླ་ཚེགས་ཆུང་དོན་གཉེར་ལྡན༔ ཆོས་སྒྲུབ་རྣལ་འབྱོར་སུ་གང་གིས༔ རྒྱུན་དུ་འདི་ཉིད་མཆོད་སྒྲུབ་ན༔ ས་ཕྱོགས་ཡུལ་ལྷ་སྐྱེ་འགྲོ་བཅས༔ དབང་འདུ་གདུལ་བྱའི་ཞིང་དུ་འགྱུར༔ གང་བརྩམས་ཕྲིན་ལས་ཐོགས་པ་མེད༔ ཐུན་མོང་དངོས་གྲུབ་ཀུན་ཐོབ་ཅིང་༔ མཆོག་སྒྲུབ་པ་ལ་བར་ཆད་མེད༔ ཁོ་བོའི་སྙིང་ནོར་བུ་ལ་སྦྱིན༔ དོན་དང་ལྡན་པས་ཉམས་སུ་ལོངས༔ ས་མ་ཡཱ༔ ཟབ་རྒྱ༔ འབྱུང་པོ་བགེགས་ལ་གཏོར་མ་བྱིན༔ བཀའ་བསྒོ་སྲུང་བའི་ཕྱི་རོལ་བསྐྲད༔ གླུད་གཏོར་ཏིང་ལོ་ཆང་བུ་དང༔ འབྲུ་སྣ་ཡོ་བྱད་སྣོད་དུ་བསགས༔ དེ་ནས་བྱིན་བརླབ་མགྲོན་དགུག་ནི༔ རཾ་ཡཾ་ཁཾ༔ ཨོཾ་སྭ་བྷ་ཝ་སོགས། འདོད་ཡོན་གཏོར་མ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ དེའི་ངང་ལས་རིན་པོ་ཆེའི་སྣོད་དུ་ཕྱི་རོལ་བ་ཚིམ་བྱེད་ཀྱི་གླུད་གཏོར་འཛད་མེད་འདོད་དགུ་བདུད་རྩིའི་རང་བཞིན་དུ་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ༔ གསུམ་མམ་བདུན་གྱིས་བྱིན་བརླབས་ནས༔ དེ་ནས་བགེགས་རིགས་མགྲོན་བསྡུ་ནི༔ ཧཱུྃ་བཛྲ་ཧཱུྃ༔ ཏྲི་ཡཾ་ཛ༔ ཨ་ཀར་ཤ་ཡ་ཛ༔ གང་དག་གསང་བའི་དཀྱིལ་འཁོར་འདིར༔ སྒྲུབ་ལ་མི་དབང་འབྱུང་པོ་བགེགས༔ འདོད་ཡོན་གླུད་གཏོར་ལེན་པའི་ཕྱིར༔ སྐད་ཅིག་གཅིག་གིས་འདིར་འདུས་ཤིག༔ ཏྲི་བཛྲ་ཨཾ་ཀུ་ཤ་ཛ༔ ལྕགས་ཀྱུའི་ཕྱག་རྒྱས་བཟུང་བྱས་ལ༔ གླུད་གཏོར་འདོད་དགུར་བསྒྱུར་ནས་སྦྱིན༔ ཧོ་དེང་གི་གནས་མཆོག་ཁྱད་པར་ཅན་འོག་མིན་པདྨ་དྲྭ་བ་གསང་བ་མཆོག་གི་ཞིང་ཁམས་འདིར༔ ཡང་གསང་བླ་ན་མེད་པ་སྒྲུབ་པ་ཆེན་པོ་འདི་ཉིད་ཀྱི་དཀྱིལ་འཁོར་ཞལ་ཕྱེ་ནས༔ ཐུན་མོང་དང་མཆོག་གི་དངོས་གྲུབ་སྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་འབྱུང་པོ་མི་མིན་གྱི་རིགས་སུ་གྱུར་པ་ནག་ཕྱོགས་ལྷ་ཀླུ་མཐུ་བོ་ཆེ་རྣམས་ལ༔ བདག་གི་བྱམས་པ་དང་སྙིང་རྗེའི་སེམས་ཀྱིས་འདོད་ཡོན་ལྔ་དང་ལྡན་པའི་གཏོར་མ་འདི་ཉིད་འབུལ་ལོ༔ སྦྱིན་ནོ༔ དགའ་ཞིང་མགུ་བའི་སེམས་ཀྱིས་ཚིམ་པར་གྱིས་ལ༔ འདིར་མ་འདུག་པར་མྱུར་བ་ཉིད་དུ་དཔག་ཚད་རྒྱང་གྲགས་སུ་མི་གནས་པར་ཕྱིར་དེངས་ཤིག༔ གང་དག་མི་འགྲོ་ཞིང་བར་དུ་གཅོད་ན༔ བདག་ཉིད་ཡི་དམ་རྡོ་རྗེ་ཁྲོས་པའི་ཏིང་ངེ་འཛིན་གྱིས་ཁྲོ་བོ་དང་ཁྲོ་མོ་མེའི་ཚྭ་ཚྭ་དང་མཚོན་ཆའི་ཚོགས་དཔག་ཏུ་མེད་པ་འཕྲོས་ནས༔ བགེགས་ཁྱེད་རང་རྣམས་ཀྱི་ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པར་འགྱུར་རོ༔ ཞེས་བརྗོད༔ ཅེས་ལྷ་ས་ལྕགས་པོ་རི་བྲག་གླང་པོས་ཆུ་འཐུང་བ་འདྲ་བ་ནས་རིག་འཛིན་གསང་སྔགས་གླིང་པས་གདན་དྲངས་པའོ།།

མཚམས་ལྷ་བསྐྱེད་པ།

༄༅། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཞེས་བརྗོད་པས་རང་ཉིད་སྐད་ཅིག་གིས་པདྨ་ཉི་ཟླ་རཱུ་ཏྲ་ཕོ་མོའི་རོ་བསྣོལ་བའི་གདན་གྱི་སྟེང་དུ་དཔལ་ཆེན་པོ་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད་པ། གཡས་ཞལ་དཀར་ལ་སྒེག་པ། གཡོན་ཞལ་དམར་ལ་དཔའ་བ། དབུས་ཞལ་མཐིང་ནག་རྔམས་ཤིང་འཇིགས་པ་སྤྱན་དགུའི་སྡང་མིག་ཁྲག་ལྟར་གཡོ་བ། རྫི་སྨིན་སྨ་ར་མེ་འོདའབར་བ། དམར་ལ་ཟླུམ་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུག་པའི་ལྗགས་འདྲིལ་ཞིང་རྐན་སྒྲ་ལྡེབ་པ། ཐོད་སྐམ་རིགས་ལྔས་དབུ་ལ་བརྒྱན་ཅིང་། ཐོད་རློན་ཕྲེང་བས་དོ་ཤལ་སྤྲས་པ། དབུ་སྐྲ་དམར་སེར་འཁྱིལ་ཞིང་འཕྱངས་པ། ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་སྟེང་འོག་ཏུ་འཛིན་པ། བར་བ་གཉིས་ན་ཕུར་བུ་དང་རལ་གྲི་བསྣམས་པ། ཐ་མ་གཉིས་ཀྱིས་ཁ་ཊྭཾ་དང་སྡིག་པ་འཛིན་པ། ཞིང་གླང་ཀོ་བས་སྟོད་གཡོགས་ཤིང་སྟག་གི་པགས་པས་ཤམ་ཐབས་དཀྲིས་པ། རུས་པའི་ཕྱག་རྒྱ་དྲུག་དང་གདུག་པའི་སྦྲུལ་རིགས་ལྔ་སོགས་དཔལ་དང་དུར་ཁྲོད་ཀྱི་ཆའ་རྣམས་རྫོགས་པཞ རང་སྣང་གི་ཡུམ་འཁོར་ལོ་རྒྱས་འདེབས་མ་དང་མཉམ་པར་སྦྱོར་ཞིང་འཇིགས་རུང་གར་དགུའི་རྣམ་རོལ་བཟོད་པར་དཀའ་བའི་གཟི་བྱིན་རྒྱས་པ། ཆེ་བཙན་འགྲན་ཟླ་དང་བྲལ་བའི་སྐུར་གསལ་བའི་སྤྱི་བོར་ཨོཾ། མགྲིན་པར་ཨཱ༔ ཐུགས་ཀར་ཧཱུྃ༔ ཐུགས་ཀའི་ཧཱུྃ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ཁྲོ་མཚོན་མེ་དཔུང་གི་ཚོགས་རྣམས་ཕྱིར་འཕྲོས་པས་གསང་བའི་དཀྱིལ་འཁོར་གཉན་པོ་སྒྲུབ་པ་ལ་བར་དུ་གཅོད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་བསྡིག་བསྐྲད་བརླག་པར་བྱེད་པའི་བདག་ཉིད་ཅན་དུ་གྱུར། ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད། ༧ བསྡུ་ན། རང་ཉིད་སྐད་ཅིག་གིས་བཛྲ་ཀུ་མ་ར་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ་རབ་ཏུ་ཁྲོས་པ། ཕྱག་གཉིས་ཕུར་བུ་བསྒྲིལ་བ། པདྨ་ཉི་ཟླ་བམ་རོའི་གདན་ལ་ཞབས་གཉིས་དོར་ཐབས་སུ་བསྒྲད་པ། དཔལ་དང་དུར་ཁྲོད་ཀྱི་ཆས་རྣམས་ཀྱིས་བརྒྱན་ཅིང་མེ་དཔུང་འབར་བའི་དབུས་ན་དྲག་ཤུལ་རྔམས་པའི་སྟབས་ཀྱིས་བཞུགས་པའི་སྐུར་གསལ་བའི་ཐུགས་ཀ་དང་སྐུའི་ཆ་ཐམས་ཅད་ནས་སྤྲོས་པའི་ཁྲོ་མཚོན་མེ་དཔུང་གི་དབལ་ཟེར་གྱིས་གནོད་བྱེད་གདོན་བགེགས་ཀྱི་ཚོགས་རྣམས་སྐད་ཅིག་ལ་ཐལ་བར་བརླག་པའི་བདག་ཉིད་ཅན་དུ་གྱུར། ཧཱུྃ་ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སོགས། ཞེས་བརྗོད། ༧ ཧཱུྃ་ཧཱུྃ་ཧཱུྃ། རང་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཁྲོ་གཏུམ་བཟོད་པར་དཀའ་བའི་གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བར་གྱུར། རྩ་སྔགས།

རྡོ་རྗེ་ཕུར་པ་གསང་བ་སྤུ་གྲིའི་ཕྲིན་ལས་བར་ཆད་ཀུན་སེལ།

དཔལ་རྡོ་རྗེ་ཕུར་པ་ཡང་ཟབ་གསང་བ་སྤུ་གྲི་ལས༔ ཕྲིན་ལས་བར་ཆད་ཀུན་སེལ་ཞེས་བྱ་བ་བཞུགས་སོ༔

རབ་འབྱམས་རྩ་བ་གསུམ་ལ་འདུད༔ ཡང་ཟབ་གསང་བ་སྤུ་གྲི་ཡི༔ ཕྲིན་ལས་ལམ་ཁྱེར་འདི་ཁོ་ན༔ ཕུར་པའི་སྒྲུབ་ཐབས་གྲངས་མང་ཡང་༔ འབྱུང་བའི་ས་བཅུད་གསེར་ཕྱུང་བའམ༔ འོ་ཞོའི་དྭངས་མ་མར་ལྟ་བུ༔ ཤིན་ཏུ་ཟབ་པའི་ཁྱད་ཆོས་ཡིན༔ དམ་ཚིག་ལྡན་པའི་རྣལ་འབྱོར་བས༔ བྱིན་ཆགས་སྤྲོ་བ་འཕེལ་བའི་གནས༔ ཡོ་བྱད་སྟ་གོན་འདུ་བྱས་ལ༔ སྟེགས་བུ་མདའ་གང་གྲུ་བཞི་པ༔ དབུས་སུ་འཁོར་ལོ་རྩིབས་བཞི་པ༔ དེའི་ཕྱིར་རྩིབས་བཅུ་མུ་ཁྱུད་དང་༔ རྟ་བབས་བཞི་པ་སྒོ་རྫོགས་སོགས༔ མཚན་ཉིད་གཞན་རྣམས་སྤྱི་དང་མཐུན༔ བསྡུ་ན་རིན་ཆེན་མཎྚལ་ལ༔ ཆོམ་བུ་ལྷ་གྲངས་བཀོད་ཀྱང་ཆོག༔ དབུས་སུ་རིན་ཆེན་སྣོད་ནང་དུ༔ སྤོད་དང་ལྡན་པའི་ཕྱེ་ཟན་ལ༔ ཟླ་གདན་སུམ་བརྩེགས་པདྨ་དང་༔ འཁོར་ལོ་རྩིབས་བརྒྱད་ལྟེ་བའི་དབུས༔ དཔལ་གྱི་གཏོར་མ་ཕྲག་མཐོ་ཞིང་༔ ལྟོ་བ་ཟླུམ་ཞིང་རྩེ་བྱུང་རྒྱལ༔ རྒྱབ་ཏུ་གྲི་རིས་གསུམ་གྱིས་མཚན༔ ཕྱོགས་བཞིར་བཤོས་བུ་རང་འདྲ་བཞི༔ དེ་རྒྱབ་དམར་གཏོར་བཅུ་ཡིས་བསྐོར༔ མཚམས་སུ་གཏོར་ཆུང་ཉི་ཤུ་དང༔ མཐེབ་ཀྱུ་ལ་སོགས་རྫས་ཀྱིས་བརྒྱན༔ གཏོར་གདུགས་ཕུར་བུ་སྐུ་ཙཀ་བཙུགས༔ གཞན་ཡང་རྩ་གསུམ་སྤྱི་ལྟར་དང་། བཀའ་གཏེར་བསྲུང་མའི་མཆོད་གཏོར་བཤམས༔ སྐུ་གསུང་ཐུགས་རྟེན་བྱིན་ཅན་བཀྲམ༔ བདེ་བའི་སྟན་ལ་བག་ཕབ་ནས༔ ཕྲིན་ལས་ཟབ་མོ་ཉམས་སུ་ལེན༔ ས་མ་ཡཱ༔ དང་པོ་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ སྲིད་པའི་ཁམས་ཀུན་ཕུར་པའི་གཞལ་མེད་ཁང་༔ གཟུགས་སྣང་ཐམས་ཅད་ཁྲོ་བོ་ཁྲོ་མོ་རྔམས༔ སྒྲ་གྲགས་ཐམས་ཅད་ཀཱི་ལི་ཀཱི་ལ་ཡ༔ དྲན་རྟོག་འཁྲུལ་འཁོར་ཁྲོ་བོ་འཆོལ་བའི་སྤྲིན༔ སྣང་སྲིད་ཡེ་དག་རྒྱལ་བའི་དཀྱིལ་འཁོར་ལ༔ བགེགས་དང་ལོག་པར་འདྲེན་པའི་མིང་མེད་ཀྱང་༔ མ་དག་གཟུང་འཛིན་རྟོག་པ་ཕྱིར་ཤར་བའི༔ བགེགས་ཅེས་མིང་དུ་གདགས་པའི་ཚོགས་རྣམས་ཀུན༔ འདོད་ཡོན་ལྔ་ལྡན་གཏོར་མ་འདི་ཁྱེར་ལ༔ གནས་འདིར་སྐད་ཅིག་ཙམ་ཡང་མ་འདུག་སོང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་འབྱུང་པོ་ཧ་ན་མ་ཐ་བཛྲ་བིགྣན་བཾ་ཧཱུྃ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད༔ གཉིས་པ་བསྲུང་འཁོར་ནི༔ ཧཱུྃ༔ ང་ནི་ཅི་དང་གང་ལས་མ་སྐྱེས་ཤིང༔ སུ་དང་གང་ལ་མི་འཇིགས་གདེངས་དང་ལྡན༔ རང་བྱུང་ཡེ་ནས་གྲུབ་པའི་ཧེ་རུ་ཀ༔ མ་དག་རྣམ་རྟོག་སྒྱུ་མའི་འཁྲུལ་འཁོར་ཀུན༔ རང་གྲོལ་ཡེ་ཤེས་ཆེན་པོར་མཚམས་བཅད་དོ༔ ཛྙཱ་ན་བཛྲ་ཀཱི་ལ་ཡ་རཀྵ་བྷྲུཾ༔ གསུམ་པ་མཆོད་རྫས་བྱིན་རླབས་ནི༔ ཧཱུྃ༔ རང་གི་གནས་གསུམ་ཨོཾ་དང་ཨཱ༔ཧཱུྃ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་ཡིས༔ མཆོད་རྫས་བདག་གནས་ཡོ་བྱད་ལ་ཕོག་པས༔ ཉེས་སྐྱོན་སྦྱངས་ནས་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱ༔ཧཱུྃ༔ སོགས་ནས། ཤཔྟ་ཨཱ༔ཧཱུྃ༔ ཨོཾ་མ་ཧཱ་པཉྩ་ཨ་མྲྀ་ཏ་ཨཱ༔ཧཱུྃ༔ མ་ཧཱ་རཀྟ་ཨཱ༔ཧཱུྃ༔ མ་ཧཱ་བཱ་ལིང་ཏ་ཨཱ༔ཧཱུྃ༔ ཨོཾ་བོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཨཱ༔ཧཱུྃ༔ བཞི་པ་བྱིན་དབབ་པ་ནི༔ ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱི་ཆོ་འཕྲུལ་རྡོ་རྗེ་གཞོན་ནུའི་ལྷ༔ སྤྲུལ་པ་འཁོར་དང་བཅས་པ་མ་ལུས་ཀྱི༔ དེང་འདིར་བདག་གནས་ཡོ་བྱད་ཐམས་ཅད་ལ༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་ཕོབ་ཅིག༔ རིག་འཛིན་རྣལ་འབྱོར་བདག་ལ་དབང་བཞི་སྐུར༔ རོ་ལྡན་ཞལ་ཟས་ཚོགས་ལ་བཅུད་ཅིག་སྩོལ༔ བཀྲག་མདངས་མར་མེ་གསལ་བའི་འོད་ཕྱུང་ལ༔ སྣང་སྲིད་ཕུར་པའི་ཞིང་དུ་བྱིན་གྱིས་རློབས༔ ཨོཾ་བཛྲ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཡ་གུ་རུ་དྷེ་ཝ་ཌཱཀྐི་ནི་ས་མ་ཡཱ་ཧྲིང་ཧྲིང་ཕེམ་ཕེམ༔ ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱ༔ སྤོས་རོལ་དབྱངས་ཀྱིས་བྱིན་དབབ་ལ༔ འདིས་ནི་འཁྲུལ་བའི་རྟོག་ཚོགས་འགག༔ ཡེ་ཤེས་སྣང་བ་མངོན་དུ་འགྱུར༔ ས་མ་ཡཱ༔ དེ་ནས་ཏིང་འཛིན་རྣམ་གསུམ་ལས༔ དེ་བཞིན་ཉིད་ཀྱི་ཏིང་འཛིན་ནི༔ ཨོཾ་ཆོས་ཀུན་སྨྲ་བསམ་བརྗོད་དུ་མེད་པ་སྟེ༔ མ་སྐྱེས་མ་འགགས་འོད་གསལ་སྤྲོས་དང་བྲལ༔ དབྱིངས་དང་ཡེ་ཤེས་གནས་ལུགས་མ་རྟོགས་པའི༔ ལམ་ལོག་འཁྲུལ་བའི་སེམས་ཅན་སྙིང་རེ་རྗེ༔ ཨོཾ་དྷརྨཱ་དྷརྟུ་སྭ་བྷ་ཝ་ཤུདྡྷོ྅་ཧཾ༔ ཀུན་སྣང་གི་ཏིང་འཛིན་ནི༔ ཨཱ༔ སྤྲོས་བྲལ་ཀློང་ལས་རང་བྱུང་འགགས་པ་མེད༔ བཙལ་བས་མི་རྙེད་ཡེ་ནས་ངང་གིས་སྣང་༔ མ་རིག་འཁྲུལ་བའི་རྣམ་པར་རྟོག་པ་སེལ༔ ཡང་དག་དོན་གྱི་རང་བྱུང་སྙིང་པོའོ༔ ཨཱ༔བཛྲ་ཛྙཱ་ན་སྭཱ་བྷ་ཝ་ཤུདྡྷོ྅་ཧཾ༔ རྒྱུ་ཡི་ཏིང་འཛིན་ནི༔ ཧཱུྃ་ཆོས་ཉིད་སྐྱེ་མེད་ཀློང་ལས་ཡེ་ཤེས་རྩལ༔ དུས་གསུམ་རྒྱལ་ཀུན་བསྐྱེད་པའི་རྒྱུའི་ཡི་གེ༔ ཧཱུྃ་ཡིག་མཐིང་ནག་མེ་རི་འབར་བ་ཞིག༔ རང་གསལ་འགགས་པ་མེད་པའི་ཀློང་དུ་ཤར༔ ཧཱུྃ་ཙིཏྟ་བཛྲ་ཛྙཱ་ན་ས་མ་ཡཱ་སྟྭཾ༔ ཧཱུྃ་རྒྱུ་ཡི་ས་བོན་ཉིད་ལས་འོད་འཕྲོས་པས༔ དུས་གསུམ་རྒྱལ་བ་སྲས་དང་བཅས་པ་མཆོད༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུས༔ རིགས་དྲུག་སེམས་ཅན་ལས་ཉོན་བག་ཆགས་སྦྱངས༔ འཁོར་འདས་བརྟན་གཡོའི་དྭངས་བཅུད་དབང་དུ་བསྡུས༔ རྒྱུད་གསུམ་དྲེགས་པའི་དཔུང་ཚོགས་ཟིལ་གྱིས་མནན༔ སྣང་སྲིད་ཐམས་ཅད་ཕུར་པའི་གཞལ་མེད་ཁང་༔ གྲུ་བཞི་སྒོ་བཞི་རྟ་བབས་བཞི་ཡིས་བརྒྱན༔ ཆོས་འཁོར་རི་དྭགས་གདུགས་ཏོག་ཉི་ཟླས་སྤྲས༔ ཕྱི་ནང་གསང་བའི་མཚན་ཉིད་ཡོངས་རྫོགས་དབུས༔ འཁོར་ལོ་རྩིབས་བཞི་པདྨ་ཉི་ཟླ་དང༔ ལོག་འདྲེན་ཤི་གསོན་སྤེལ་མར་བསྣོལ་བའི་སྟེང༔ རྒྱུ་ཡི་ཧཱུྃ་ཡིག་གདན་ལ་བབས་པར་བསྒོམས༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ དེ་ཉིད་ཡོངས་གྱུར་དཔལ་ཆེན་ཁྲོ་བོ་མཆོག༔ བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་ཞལ་མཐིང་ནག་རྔམས༔ དང་པོའི་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣོལ༔ བར་མ་གཉིས་ཀྱིས་ཕུར་བུ་རལ་གྲི་འཛིན༔ ཐ་མས་ཁ་ཊྭཾ་སྡིག་པ་མགོ་དགུ་བསྡམས༔ གཡས་ཞལ་བཞད་པ་གཡོན་ཞལ་རྔམས་ཤིང་གཤེ༔ དབུས་མཐིང་སྤྱན་དགུ་སྡང་མིག་ཁྲག་ལྟར་གཡོ༔ སྨ་ར་སྨིན་མ་ཨག་ཚོམ་མེ་སྟག་འཕྲོ༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་རྡེབ༔ ཐོད་པ་སྐམ་པོ་ལྔ་ཡིས་དབུ་བརྒྱན་ཅིང་༔ རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་སྤྲས༔ དབུ་སྐྲ་དམར་སེར་ནམ་མཁའི་དབྱིངས་ལ་འཕྲོ༔ རྡོ་རྗེའི་གཤོག་དྲུག་བར་སྣང་ཁེབ་པར་གདེངས༔ གླང་ཆེན་ཀོ་རློན་སྟག་གི་ཤམ་ཐབས་དང༔ ཞིང་ཆུང་སྐུ་རེག་སྦྲུལ་ཆུན་མགོ་ཕྲེང་བརྒྱན༔ དཔལ་དང་དུར་ཁྲོད་ཆས་ཀུན་སྐུ་ལ་རྫོགས༔ ཞབས་བཞི་དྲེགས་པ་ཕོ་མོའི་སྙིང་ཀར་བརྫིས༔ སྦྱོར་བའི་ཡུམ་མཆོག་འཁོར་ལོ་རྒྱས་འདེབས་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྒེག༔ གཡས་གཡོན་གྲི་གུག་ཐོད་ཁྲག་ཡབ་ལ་སྟོབས༔ ཐོད་སྐམ་དབུ་རྒྱན་ཐོད་རློན་མགོ་ཕྲེང་དང༔ གཟིག་གི་ཤམ་ཐབས་རུས་པའི་རྒྱན་དྲུག་གསོལ༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་ཞིང་སྦྱོར༔ འོད་གསལ་བདེ་སྟོང་དགའ་བཞིའི་ཀློང་ན་གསལ༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ༔ ལོག་འདྲེན་བདུད་བཞི་གན་རྐྱལ་བསྣོལ་བའི་སྟེང་༔ ཤར་དུ་ཐུགས་སྲས་བཛྲ་ཀཱི་ལ་ཡ༔ ལྷོ་རུ་ཡོན་ཏན་རཏྣ་ཀཱི་ལ་ཡ༔ ནུབ་ཏུ་གསུང་མཆོག་པདྨ་ཀཱི་ལ་ཡ༔ བྱང་དུ་ཕྲིན་ལས་ཀརྨ་ཀཱི་ལ་ཡ༔ བཞི་ཀ་སྐུ་མདོག་དཀར་སེར་དམར་ལྗང་ལ༔ ཕྱག་གཡས་རང་རྟགས་རིགས་ཀྱི་ཕྱག་མཚན་དང་༔ གཡོན་པས་ལས་བཞིའི་ཕུར་པ་འདྲིལ་ཞིང་འདེབས༔ དུར་ཁྲོད་ཆས་རྫོགས་ཤེས་རབ་མ་དང་འཁྲིལ༔ ཡུམ་ཀུན་གྲི་གུག་ཐོད་ཁྲག་ཡབ་ལ་སྟོབས༔ ཡབ་དང་མདོག་མཚུངས་ཕྱག་རྒྱ་ལྔ་ཡིས་བརྒྱན༔ མེ་རླུང་ཁྲོ་ཆུང་ཚྭ་ཚྭ་སྐར་ལྟར་འཁྲུགས༔ གཏུམ་དྲག་རབ་ཏུ་འཇིགས་པའི་དབུས་ན་གསལ༔ དེའི་ཕྱིར་འཁོར་ལོ་རྩིབས་བཅུ་པད་ཉིའི་དབུས༔ ཕྱོགས་སྐྱོང་ཕོ་མོ་བྱི་ཆིངས་བསྣོལ་བའི་སྟེང་༔ ཤར་དུ་ཁྲོ་ཆེན་རྣམ་པར་རྒྱལ་བ་ནི༔ གཡས་དམར་གཡོན་མཐིང་དབུས་དཀར་ཕྱག་དྲུག་པ༔ གཡས་གསུམ་རྡོ་རྗེ་ལྕགས་ཀྱུ་ཐོ་བ་དང༔ གཡོན་གསུམ་དྲི་ཤུལ་བེ་ཅོན་ཐོད་ཁྲག་འཛིན༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ མདའ་སྙེམས་མཐིང་ནག་ལྕགས་ཀྱུ་ཐོད་ཁྲག་འཛིན༔ ཤིན་ཏུ་ཁྲོ་ཆགས་སྒེག་པས་ཡབ་ལ་འཁྱུད༔ ལྷོ་རུ་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ གཡས་དཀར་གཡོན་དམར་དབུས་ཞལ་སེར་ནག་འབར༔ ཕྱག་དྲུག་གཡས་གསུམ་རིན་ཆེན་འཁོར་ལོ་མདའ༔ གཡོན་གསུམ་ཞགས་པ་ཁྲམ་ཤིང་ཐོང་གཤོལ་བསྣམས༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ དུར་ཁྲོད་བདག་མོ་མཐིང་ནག་གྲི་ཐོད་འཛིན༔ བདེ་སྟོང་ཡེ་ཤེས་རོལ་བའི་ཡབ་དང་སྦྱོར༔ ནུབ་ཏུ་རྟ་མགྲིན་པདྨ་ཧེ་རུ་ཀ༔ གཡས་དཀར་གཡོན་མཐིང་དབུས་ཞལ་དམར་ནག་རྔམས༔ གཡས་གསུམ་པདྨ་ཐོད་དབྱུག་བེ་ཅོན་དང་༔ གཡོན་གསུམ་ལྕགས་སྒྲོག་སྦྲུལ་ཞགས་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ གཏུམ་མོ་དམར་ནག་གྲི་ཐོད་འཛིན་པས་འཁྱུད༔ བྱང་ཕྱོགས་ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ གཡས་དམར་གཡོན་སྨུག་དབུས་ཞལ་ལྗང་ནག་འབར༔ གཡས་གསུམ་རྒྱ་གྲམ་ཕུར་བུ་བུམ་པ་དང༔ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ རླུང་འབྱིན་ལྗང་ནག་གྲི་གུག་ཐོད་ཁྲག་འཛིན༔ ཤིན་ཏུ་ཁྲོ་ཆགས་སྒེག་པས་ཡབ་དང་འཁྲིལ༔ ཤར་ལྷོ་ཁྲོ་ཆེན་དབྱུག་པ་སྔོན་པོ་ནི༔ གཡས་མཐིང་གཡོན་སྨུག་དབུས་ཞལ་སྔོ་ནག་རྔམས༔ གཡས་གསུམ་སྟྭ་རེ་གྲི་གུག་ལྕགས་ཀྱུ་དང༔ གཡོན་གསུམ་མེ་དཔུང་སྡིག་མཛུབ་ཐོད་ཁྲག་བསྣམས༔ རྡོ་རྗེ་སྡེར་མོ་སྔོ་ནག་གྲི་ཐོད་བསྣམས༔ ཁྲོ་ཆགས་སྒེག་པས་ཡབ་ཀྱི་སྐེད་ལ་འཁྲིལ༔ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན་པོ་ནི༔ གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་ཞིང་གཏུམ༔ གཡས་གསུམ་རྡོ་རྗེ་སྡིག་པ་ཐོ་བ་དང་༔ གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་འཛིན༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ རྡོ་རྗེ་གཏུན་ཁུང་སྔོ་སྐྱ་དྲིལ་བྷན་འཁྱུད༔ ནུབ་བྱང་ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ནི༔ གཡས་དཀར་གཡོན་དམར་དབུས་མཐིང་གཤེ་བའི་ཞལ༔ གཡས་གསུམ་རྡོ་རྗེ་ཐོ་བ་ཞགས་པ་དང༔ གཡོན་གསུམ་འཁོར་ལོ་རལ་གྲི་ཐོད་ཁྲག་བསྣམས༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ རྡོ་རྗེ་མདའ་སྙེམས་མཐིང་ནག་གྲི་ཐོད་འཛིན༔ འཛུམ་ཞིང་ཁྲོ་ལ་ཆགས་པས་ཡབ་དང་སྦྱོར༔ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ༔ གཡས་དཀར་གཡོན་ལྗང་དབུས་ཞལ་དམར་ནག་ཁྲོ༔ གཡས་གསུམ་རལ་གྲི་སྦྲུལ་ཞགས་མདའ་གཞུ་དང༔ གཡོན་གསུམ་བེ་ཅོན་རྔེའུ་ཆུང་བྷན་དྷ་འཛིན༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ གསོད་བྱེད་ལྗང་སྔོན་གྲི་ཐོད་འཛིན་པས་འཁྱུད༔ མདུན་གཡས་རྩིབས་ལ་ཁྲོ་ཆེན་ཧཱུྃ་ཀ་ར༔ གཡས་སེར་གཡོན་དམར་དབུས་ཞལ་དཀར་དམར་ཁྲོ༔ གཡས་གསུམ་ཁྱུང་དང་མི་མགོ་ལྷ་མིན་སྙིང༔ གཡོན་གསུམ་རྒྱུ་ཞགས་སྒྲོལ་གྲི་དུང་ཁྲག་འཐུང༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ སྒྲ་འབྱིན་དཀར་དམར་གྲི་ཐོད་འཛིན་དང་སྦྱོར༔ མདུན་གཡོན་རྩིབས་ལ་ཁྲོ་ཆེན་སྟོབས་པོ་ཆེ༔ གཡས་དཀར་གཡོན་དམར་དབུས་ཞལ་ཆར་སྤྲིན་མདོག༔ གཡས་གསུམ་གཏུན་ཤིང་མདུང་ཐུང་རལ་གྲི་དང༔ གཡོན་གསུམ་ཐོད་ཁྲག་རུས་སྦལ་གཏུན་ཁུང་འཛིན༔ དུར་ཁྲོད་ཆས་རྫོགས་གར་དགུའི་ཉམས་ཀྱིས་སྒེག༔ རྡོ་རྗེ་བསྐྱོད་བྱེད་ནག་མོ་གྲི་ཐོད་འཛིན༔ རབ་ཏུ་ཆགས་པས་ཡབ་དང་མཉམ་པར་སྦྱོར༔ ཡུམ་ཀུན་ཕྱག་རྒྱ་ལྔ་དང་སྦྲུལ་གྱིས་བརྒྱན༔ གཟིག་གི་ཤམ་ཐབས་ཞིང་གི་སྐུ་རེག་ཅན༔ མེ་དཔུང་དྲག་ཏུ་འཁྲུགས་པའི་ཀློང་ན་བཞུགས༔ ཁྲོ་ཆུང་མཚོན་ཆའི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཧ་ཧ་ཧཱུྃ་ཕཊ་བྷྱོ་བཟློག་འབྲུག་ལྟར་ལྡིར༔ སྙིང་རྗེ་ལས་ཁྲོས་ཞེ་སྡང་མེ་ལྟར་འབར༔ ཕྱོགས་བཅུའི་དགྲ་བགེགས་བརླག་པའི་ལས་མཛད་བསྒོམ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཁོར་ཡུག་ལ༔ ཀོ་རི་མ་བརྒྱད་སེང་ཧ་མ་བརྒྱད་དང༔ གནས་ཡུལ་ཞིང་སྐྱོང་དབང་ཕྱུག་ཉི་ཤུ་བརྒྱད༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་ཚོགས༔ ཕོ་བྲང་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ༔ ཧཱུྃ་ཀར་སྤྲུལ་པ་ཕག་གདོང་མཐིང་ནག་རྔམས༔ གཡས་པས་ལྕགས་ཀྱུ་གཡོན་པས་རྒྱུ་མ་འདྲེན༔ སྨིག་བུའི་མགོ་ཅན་བམ་གྱི་ཁོག་པ་འདྲལ༔ ཁམས་གསུམ་རྣམ་རྒྱལ་སྤྲུལ་པ་སྟག་གི་གདོང༔ གཡས་པས་མཆོག་ཕུར་གཡོན་པས་ཐོད་ཁྲག་ཐོགས༔ བྱ་རྒོད་མགོ་ཅན་དཀར་སེར་མིག་འབྲས་འབྱིན༔ གཤིན་རྗེ་གཤེད་སྤྲུལ་ཤ་གདོང་སྔོ་ནག་རྔམས༔ ཕྱག་གཉིས་ཐོད་པའི་ཅང་ཏིལ་ཏིང་ཏིང་འཁྲོལ༔ འུག་པའི་གདོང་ཅན་ནག་མོ་གློ་སྙིང་ཟ༔ རྟ་མགྲིན་སྤྲུལ་པ་བྱི་ལའི་གདོང་ཅན་སེར༔ གཡས་པས་མི་སྙིང་དཀྲུག་ཅིང་གཡོན་ཐོད་པ༔ པུ་ཤུད་གདོང་ཅན་ནག་མོ་ཐོད་ཁྲག་ཐོགས༔ བདུད་རྩི་འཁྱིལ་སྤྲུལ་སེང་གདོང་སྔོ་ནག་གཏུམ༔ གཡས་པས་རྔེའུ་ཆུང་གཡོན་པས་རྒྱུ་མ་ཟ༔ ཕ་ཝཾ་གདོང་ཅན་དཀར་མོ་བམ་ཆེན་འདྲལ༔ དབྱུག་སྔོན་སྤྲུལ་པ་གཡག་གདོང་ནག་ལ་རྔམས༔ གཡས་པས་ཁ་ཊྭཾ་གཡོན་པས་ནལ་བུ་ཟ༔ བྱ་རོག་གདོང་ཅན་དམར་སེར་རྒྱུ་མ་འཐེན༔ མི་གཡོ་མགོན་སྤྲུལ་གཟིག་གི་གདོང་པ་ཅན༔ དམར་སྐྱ་བེ་ཅོན་དང་ནི་ཐོད་ཁྲག་འཛིན༔ ཁྭ་ཏའི་གདོང་ཅན་ནག་མོ་དུང་ཁྲག་འཐུང༔ འདོད་རྒྱལ་སྤྲུལ་པ་སྤྱང་གདོང་སྔོ་ནག་རྔམས༔ ལག་གཉིས་བམ་གྱི་ཁོག་ཆེན་འདྲལ་བར་བྱེད༔ ཁྲ་གདོང་མཐིང་སྐྱ་ལྕགས་ཀྱུས་མིག་འབྲས་འབྱིན༔ ཁམས་གསུམ་རྣམ་རྒྱལ་སྤྲུལ་པ་དྲེད་ཀྱི་གདོང༔ མཐིང་ནག་མི་སྙིང་ཟ་ཞིང་ཐོག་སེར་འབེབ༔ སྲེ་མོང་མགོ་ཅན་དམར་སྐྱ་རྒྱུ་མ་ཟ༔ སྟོབས་ཆེན་སྤྲུལ་པ་དོམ་གདོང་ནག་ལ་དྲག༔ ཕྱག་གཡས་མཆོག་ཕུར་གཡོན་པས་མི་སྙིང་འཛིན༔ བྱི་བའི་གདོང་ཅན་སེར་མོ་དྲིལ་བྷན་འཁྱུད༔ ཀུན་ཀྱང་རུས་རྒྱན་གཟིག་གི་ཤམ་ཐབས་ཅན༔ དཔལ་གྱི་བཀའ་ཉན་ཅི་བཅོལ་ལས་སྒྲུབ་ཤིང༔ ཤ་ཟ་ཁྲག་འཐུང་ཕྱོགས་མཚམས་ཀུན་ཏུ་རྒྱུ༔ བར་ཁྱམས་ཕུར་སྲུང་མ་མོ་བཅུ་གཉིས་དང༔ མ་ཅིག་དཀར་མོ་ཉི་ཟླ་ཐོད་ཕྲེང་ཅན༔ བསེ་ལྕགས་དུང་གི་སྐྱེས་བུ་བཅུ་གཉིས་སོགས༔ གཞན་ཡང་བཀའ་འཁོར་དམ་ཅན་བསྲུང་མས་བསྐོར༔ ཤར་སྒོར་བྱམས་པའི་སྒོ་མ་ལྕགས་ཀྱུ་དཀར༔ པུ་ཤུད་མགོ་ཅན་གནོད་སྦྱིན་བར་ཆད་བསྲུང༔ ལྷོ་སྒོར་སྙིང་རྗེའི་སྒོ་མ་ཞགས་པ་སེར༔ སྐྱ་ཀའི་མགོ་ཅན་གཤིན་རྗེའི་བར་ཆད་བསྲུང་༔ ནུབ་སྒོར་དགའ་བའི་སྒོ་མ་ལྕགས་སྒྲོག་དམར༔ སྲིན་བྱའི་མགོ་ཅན་ཀླུ་གདོན་བར་ཆད་བསྲུང༔ བྱང་སྒོར་བཏང་སྙོམ་སྒོ་མ་དྲིལ་བུ་ལྗང༔ ཁྲ་ཡི་མགོ་ཅན་དགྲ་བགེགས་བར་ཆད་བསྲུང༔ བཞི་ཀ་དར་དཔྱང་རུས་རྒྱན་སྨད་དཀྲིས་ཅན༔ ཕྱི་ནང་བར་ཆད་བསྲུང་བའི་ལས་མཛད་བསྒོམ༔ དེ་ལྟར་གསལ་བའི་གཙོ་འཁོར་ཐམས་ཅད་ཀྱི༔ གནས་གསུམ་ཨོཾ་ཨཱ༔ཧཱུྃ་གི་འོད་ཟེར་དང༔ ཁྱད་པར་གཙོ་བོའི་ཐུགས་སྲོག་ས་བོན་ལས༔ འོད་འཕྲོས་རྩ་གསུམ་རབ་འབྱམས་ཐམས་ཅད་ཀུན༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་རྣམ་པ་རུ༔ ཇི་ལྟར་བསྐྱེད་བཞིན་བཛྲ་ས་མ་ཛ༔ ཨོཾ་བཛྲ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཡ་བཛྲ་ས་མ་ཡ་གུ་རུ་དྷེ་ཝ་ཌཀྐི་ནི་ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ ཞེས་སྔགས་དང་སྤོས་རོལ་བཅས་ཀྱིས་བྱིན་དབབ་ལ་སྤྱན་འདྲེན་ནི༔ ཧཱུྃ༔ ཆོས་དབྱིངས་བརྗོད་མེད་སྤྲོས་དང་བྲལ་བའི་ཞིང༔ རྣམ་རྟོག་འཁྲུལ་བ་ཟད་པའི་རང་རྩལ་ལས༔ མ་བསྒྲུབ་ཡེ་གྲུབ་སྲིད་པའི་དཀྱིལ་འཁོར་ལྷ༔ ཕུར་པ་རྡོ་རྗེ་གཞོན་ནུའི་ལྷ་ཡི་ཚོགས༔ སྤྲུལ་དང་འཁོར་དུ་བཅས་པ་ཐམས་ཅད་ཀུན༔ ཐུགས་རྗེའི་དབང་གིས་གནས་འདིར་གཤེགས་སུ་གསོལ༔ སྲིད་པའི་ཕུར་བུ་དམ་པ་བདག་སྒྲུབ་ཅིང༔ མཆོག་དང་ཐུན་མོང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་འཁོར་བཅས་གཤེགས་ནས་ཀྱང༔ སྒྲུབ་པའི་གཞལ་ཡས་འདི་ལ་བྱིན་ཕོབ་ཅིག༔ གསང་གསུམ་མཆོད་པའི་རྫས་རྣམས་བྱིན་གྱིས་རློབས༔ རྣལ་འབྱོར་སྒྲུབ་པ་པོ་ལ་དབང་བཞི་སྐུར༔ མཆོག་དང་ཐུན་མོང་དངོས་གྲུབ་ཆར་ལྟར་ཕོབ༔ ཨོཾ་བཛྲ་ཛྙཱ་ན་ཀཱི་ལི་ཀཱི་ལ་ཛ་ཛ༔ བཞུགས་གསོལ་ནི༔ ཧཱུྃ༔ སྣང་སྲིད་ཕུར་བར་གསལ་བའི་གཞལ་ཡས་དབུས༔ པད་ཉི་རཱུ་ཏྲ་དྲེགས་པ་བརྫིས་པའི་སྟེང༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་བཅས་རྣམས༔ དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཕྱག་འཚལ་ནི༔ ཧཱུྃ༔ ཆོས་ཉིད་ཞི་ལས་སྙིང་རྗེའི་སྐུར་བཞེངས་པ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ༔ བདག་ཅག་སྒོ་གསུམ་དད་གུས་གདུང་བའི་བློས༔ ལྟ་བ་མཇལ་བའི་ངང་ནས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ལ༔ ཕྱི་ནང་གསང་བ་ཁྱད་པར་རོ༔ དང་པོ་ནི༔ ཧཱུྃ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ བླ་མེད་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ༔ བཞེས་ནས་དངོས་གྲུབ་མ་ལུས་སྩོལ༔ བཛྲ་པུཥྤེ་སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱཧཱ༔ གཉིས་པ་ནི༔ ཧཱུྃ༔ དཔལ་ཆེན་དཀྱིལ་འཁོར་ལྷ་ཚོགས་ལ༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས༔ ཞུན་ཆེན་མར་མེ་མཁྲིས་པའི་ཆབ༔ ཤ་ཁྲག་རུས་པའི་བཟའ་བ་བཤོས༔ ཐོད་རྔ་རྐང་གླིང་རོལ་མོས་མཆོད༔ ཕྲིན་ལས་ཐོགས་མེད་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨིནྟྲ་མི་ད་གྷྲི་ཏཾ་པཉྩ་ཋ་ན་རཀྟ་མཾ་ས་བྷ་ལིང་ཏ་ཤཔྟ་པཱུ་ཛ་ཧོ༔ གསུམ་པ་ནི༔ ཧཱུྃ༔ ཐབས་དང་ཤེས་རབ་རོལ་པ་ལས༔ མཉམ་སྦྱོར་བྱང་སེམས་བདུད་རྩིར་འཁྱིལ༔ བསྐྱེད་བྱེད་རྫས་མཆོག་དམ་པ་འདིས༔ དཔལ་ཆེན་འཁོར་བཅས་ཐུགས་དམ་བསྐང༔ བདེ་སྟོང་རོལ་པའི་མཆོད་པ་བཞེས༔ དགའ་བཞིའི་ཡེ་ཤེས་དངོས་གྲུབ་སྩོལ༔ ཨོཾ་གུ་ཧྱ་སརྦ་ས་མ་ཡེ་ཨེ་ཝཾ་མ་ཧཱ་སུ་ཁ་བཾ་ཧོ༔ བཞི་པ་ནི༔ ཧཱུྃ༔ ཁྱད་པར་རྨད་དུ་བྱུང་བའི་རྫས༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ རིགས་ལྔའི་དམ་ཚིག་རྫས་ཆེན་པོ༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ གཏི་མུག་རྟོག་པ་གནས་དག་ཅིང༔ ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁ་ཧི༔ ཧཱུྃ༔ ཁམས་གསུམ་འཁོར་བ་བསྒྲལ་བའི་ཁྲག༔ གསང་བའི་དམ་ཚིག་རྫས་ཆེན་པོ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ འདོད་ཆགས་རྟོག་པ་གནས་དག་ཅིང༔ སོར་རྟོག་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ལ་ཁ་རཾ་ཁ་ཧི༔ ཧཱུྃ༔ སྣང་བའི་ཡུལ་གྱི་གཏོར་གཞོང་དུ༔ སྲིད་པའི་ཁམས་ཀུན་གཏོར་མར་སྦྱར༔ དངོས་གྲུབ་མཆོག་གི་རྫས་ཆེན་པོ༔ རྡོ་རྗེ་གཞོན་ནུའི་ཚོགས་ལ་འབུལ༔ ཞེ་སྡང་རྟོག་པ་གནས་དག་ཅིང༔ མེ་ལོང་ཡེ་ཤེས་དངོས་གྲུབ་སྩོལ༔ མ་ཧཱ་བཱ་ལིང་ཏ་ཁ་རཾ་ཁ་ཧི༔ ལྔ་པ་བསྒྲལ་མཆོད་ནི༔ ཧཱུྃ༔ ང་དང་བདག་ཏུ་འཛིན་པ་ཀུན༔ བདག་མེད་རྟོག་པའི་ཧོམ་ཁུང་དུ༔ ཤེས་རབ་རིག་པའི་རལ་གྲིས་བསྒྲལ༔ དཔལ་ཆེན་འཁོར་དང་བཅས་ལ་འབུལ༔ བཞེས་ནས་གཟུང་འཛིན་རང་གྲོལ་ཅིང༔ དགྲ་བགེགས་ཚར་གཅོད་དངོས་གྲུབ་སྩོལ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་རུ་ཏྲ་སརྦ་ཤ་ཏྲུཾ་མ་ར་ཡ་རྦད་ཁ་ཁ་ཁཱ་ཧི༔ དེ་ནས་བསྟོད་པ་ནི༔ ཧཱུྃ༔ བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ནས༔ པད་ཉི་རུ་ཏྲ་དྲེགས་པ་བརྫིས་པའི་སྟེང༔ ཐབས་ཀྱིས་ཁྲོས་པའི་དཔལ་ཆེན་ཧེ་རུ་ཀ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད༔ བདག་མེད་རྟོག་པ་སྐུ་ལྔའི་དབྱིངས་སུ་སྦྱོར༔ དུག་ལྔ་གཟུང་འཛིན་ཡེ་ཤེས་ལྔ་རུ་སྒྲོལ༔ རྗེས་སུ་ཆགས་མཛད་ཤེས་རབ་རྒྱལ་ཀུན་ཡུམ༔ འཁོར་ལོ་རྒྱས་འདེབས་མ་ལ་ཕྱག་འཚལ་བསྟོད༔ ནད་གདོན་ཞི་དང་ཚེ་དཔལ་རྒྱས་པ་དང༔ རླུང་སེམས་དབང་བསྡུད་དགྲ་བགེགས་སྒྲོལ་མཛད་པའི༔ གཉིས་མེད་ཐབས་ཤེས་རོལ་པའི་ཐུགས་ཀྱི་སྲས༔ སྲས་མཆོག་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ དྲི་ཟ་གཤིན་རྗེ་ཀླུ་དབང་གནོད་སྦྱིན་དང༔ མེ་ལྷ་སྲིན་པོ་རླུང་ལྷ་དབང་ལྡན་སྡེ༔ ལྷ་གདོན་གཉན་དང་གཟའ་སྐར་ས་བདག་སོགས༔ འཇོམས་མཛད་ཁྲོ་བོ་བཅུ་ལ་ཕྱག་འཚལ་བསྟོད༔ གཉིས་མེད་སྐུ་ལ་འཁྲིལ་བའི་གཟུངས་མཆོག་མ༔ སྟོང་དང་སྙིང་རྗེ་ཟུང་འཇུག་ཆགས་པའི་གར༔ ཆོས་ཀུན་གདོད་ནས་ཡུམ་གྱི་མཁར་སྟོན་པའི༔ ཡུམ་ཆེན་ཁྲོ་མོ་བཅུ་ལ་ཕྱག་འཚལ་བསྟོད༔ ཚོགས་བརྒྱད་ཡུལ་བརྒྱད་རྟོག་པ་གནས་དག་ཅིང༔ གཟུང་འཛིན་རྩ་བ་སོ་གཉིས་མ་སྤང་དག༔ ཁམས་ཆེན་བཅོ་བརྒྱད་རྣམ་དག་ངོ་བོ་ཉིད༔ ཀེ་སེང་མཁའ་འགྲོ་གིང་གི་ཚོགས་ལ་བསྟོད༔ ཁྲོ་བཅུའི་སྤྲུལ་པ་ཕྱོགས་སྐྱོང་བཅུ་པོ་འདུལ༔ བཀའ་ཉན་དྲག་པོའི་ལས་ཆེན་བཅུ་གཉིས་བསྒྲུབ༔ ལོག་འདྲེན་དྲེག་པའི་དཔུང་རྣམས་བརླག་མཛད་པའི༔ ཁྲ་ཐབས་ཉི་ཤུའི་ཚོགས་ལ་ཕྱག་འཚལ་བསྟོད༔ ཤར་ལྷོ་ནུབ་བྱང་གཞལ་ཡས་སྒོ་བཞི་ནས༔ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམས་ཀྱིས༔ ཞི་རྒྱས་དབང་དང་དྲག་པོའི་ལས་མཛད་པའི༔ ཕྲིན་ལས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ གཞན་ཡང་དམ་ཅན་མ་མོ་བཅུ་གཉིས་དང༔ བསེ་ལྕགས་དུང་གསུམ་ཉི་ཟླ་ཐོད་ཕྲེང་སོགས༔ ཕུར་པའི་བཀའ་ཉན་བསྲུང་མ་སྡེ་དང་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བསྙེན་པ་ནི༔ བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུར་གསལ་བའི༔ ཐུགས་ཀར་མི་ཤིགས་དྭངས་མ་འོད་ལྔའི་ཀློང༔ ཐབས་ཤེས་པད་ཟླ་ཉི་མའི་དཀྱིལ་འཁོར་དབུས༔ ཡེ་ཤེས་སེམས་དཔའ་རྡོ་རྗེ་རྩེ་དགུ་པ༔ ལྟེ་བར་ཧཱུྃ་མཐིང་སྦྲེལ་མ་མེ་འོད་འཕྲོ༔ དེའི་མཐར་རྩ་སྔགས་ཡིག་འབྲུ་བཅོ་ལྔ་པ༔ བཻཌཱུར་མདོག་ཅན་གཡོན་ཕྱོགས་དྲག་ཏུ་འཁོར༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་ནུས་མཐུ་བསྡུས༔ སེམས་ཅན་དོན་བྱས་དྲེགས་ཚོགས་ཐལ་བར་བརླགས༔ ཚུར་འདུས་སྣང་གྲགས་རིག་གསུམ་ཐམས་ཅད་ཀུན༔ རྡོ་རྗེ་གཞོན་ནུའི་སྐུ་དང་འཛབ་ཀྱི་སྒྲ༔ དྲན་རྟོག་དེ་བཞིན་ཉིད་ཀྱི་རོལ་པར་སད༔ ཧཱུྃ་ཧཱུྃ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཞེས་པ་ཆུ་བོའི་རྒྱུན་བཞིན་བཟླ༔ ཚད་ནི་བྱེ་བ་གསུམ་ཡིན་ལ༔ རྟགས་བསྙེན་དབང་པོ་དག་དང་བསྟུན༔ དུས་བསྙེན་ཟླ་བ་བཞི་རུ་བཤད༔ གང་གིས་ཉམས་སུ་སུས་བླངས་བ༔ ཕྱི་ནང་གསང་བའི་བར་ཆད་ཞི༔ བྱད་ཕུར་རྦོད་གཏོང་ཐམས་ཅད་བཟློག༔ ལོག་འདྲེན་ཕུང་སྲི་རྡུལ་དུ་བརླག༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ རྟགས་ནི་སྒྲུབ་རྫས་ཞག་ཏུ་འཁྱིལ༔ སྒྲུབ་གནས་དྲོད་ཀྱིས་ཁྱབ་པ་དང༔ རྣལ་འབྱོར་གཟི་བརྗིད་ཆེར་འབར་ཞིང༔ ཉམས་དང་རྟོགས་པ་བདེ་དྲོད་རྒྱས༔ ཐོད་ཁྲག་འཐུང་དང་ཤ་ཁྲག་ཟ༔ ཆང་དང་ཕྱག་མཚན་རྙེད་པ་དང༔ རི་ལ་མེ་གཏོང་ལ་སོགས་རྨིས༔ གཞན་ཡང་རྟགས་མཚན་བརྗོད་མི་ལོངས༔ ས་མ་ཡཱ༔ དེ་ནས་ཉེ་བར་བསྙེན་པ་ནི༔ བདག་ཉིད་དཔལ་ཆེན་ཐུགས་ཀ་ནས༔ ཧཱུྃ་ཧཱུྃ་སྦྲེལ་མ་ཕྱོགས་བཅུར་འཕྲོས༔ སྟོང་གསུམ་ཐམས་ཅད་མེ་ཡིས་གང༔ ལོག་འདྲེན་གདུག་པ་ཅན་རྣམས་ཀུན༔ སྦྲང་བུ་བཞིན་དུ་གཞོབ་ཐུལ་བསྲེགས༔ སྣང་སྲིད་ཁྲོ་བོའི་ཞིང་དུ་གྱུར༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ༔ ཚད་ནི་འབུམ་ཕྲག་གཅིག་ཡིན་ལ༔ གནོད་བྱེད་གདོན་ཚབ་ཆེ་ཆུང་དང༔ རྣལ་འབྱོར་ཉམས་ཀྱི་རྟགས་དང་སྦྱར༔ འདིས་ནི་ལོག་འདྲེན་ཕུང་སྲི་ཀུན༔ རྡུལ་དུ་བརླག་པར་ཐེ་ཚོམ་མེད༔ ཡང་ཟབ་སྙིང་གི་ཁྲག་ལྟ་བུ༔ སྐལ་ལྡན་བུ་རྣམས་ཉམས་སུ་ལོངས༔ ས་མ་ཡཱ༔ གཙོ་འཁོར་ཡོངས་རྫོགས་བསྙེན་པ་ནི༔ བདག་ཉིད་དཔལ་ཆེན་སྐུར་གསལ་བའི༔ ཐུགས་ཀ་ནས་འཕྲོས་འོད་ཟེར་གྱིས༔ སྲས་མཆོག་ཀཱི་ལ་རིགས་བཞི་དང༔ ཁྲོ་བཅུ་ཁྲ་ཐབས་ཕུར་བསྲུང་ཚོགས༔ འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ༔ ཀུན་ཀྱང་བུང་བ་ཚང་ཞིག་ལྟར༔ སྔགས་ཀྱི་འཛབ་དབྱངས་དིར་དིར་སྒྲོག༔ ཕྱི་ནང་གསང་གསུམ་བར་ཆད་ཀུན༔ མིང་མེད་རྡུལ་དུ་བརླག་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཛ་ཧཱུྃ་ཨ༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མར་དྷ་ན་ཡེ་ཧཱུྃ་ཕཊ༔ དེ་ནས་བསྲུང་བཟློག་བསད་གསུམ་ལས༔ དང་པོ་བསྲུང་བའི་ཙཀྲ་ནི༔ བདག་ཉིད་རྡོ་རྗེ་གཞོན་ནུའི་སྐུ༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་ནི༔ མེ་དཔུང་རྡོ་རྗེ་ཕུར་པ་དང༔ འཁོར་ལོ་རྒྱ་གྲམ་རལ་གྲི་སོགས༔ དཔག་ཏུ་མེད་པའི་རྣམ་པར་འཕྲོས༔ རང་གཞན་སྟེང་འོག་ཕྱོགས་མཚམས་ཀུན༔ གཞིག་མེད་རྡོ་རྗེའི་གུར་གྱིས་གཏམས༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་ཆོས་བདུན་ངོ་བོར་གྱུར༔ ཧཱུྃ་ཧཱུྃ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ བཛྲ་ཙཀྲ་རཀྵ་བསྲུངས་ཤིག༔ ཛྙཱ་ན་ཙཀྲ་རཀྵ་བསྲུངས་ཤིག༔ ཀཱི་ལ་ཡ་རཀྵ་བསྲུངས་ཤིག༔ འདི་བཞིན་བསྒོམ་པར་སུས་ནུས་ན༔ རང་དང་བསྲུང་བྱ་གང་ཡང་རུང༔ གཞན་གྱི་ནུས་པ་ལྟ་ཅི་སྨོས༔ སྲེད་མེད་བུ་ཡི་སྟོབས་ཀྱང་འཇོམས༔ ཕ་ལམ་རྡོ་རྗེ་ལྟ་བུར་འགྱུར༔ ས་མ་ཡཱ༔ གཉིས་པ་བཟློག་པའི་ཙཀྲ་ནི༔ བདག་ཉིད་རྡོ་རྗེ་གཞོན་ནུ་དང༔ ཀཱི་ལ་རིགས་བཞི་ཁྲོ་བཅུའི་ཚོགས༔ ཁྲ་ཐབས་ཀེའུ་སེང་ཕུར་བསྲུང་བཅས༔ ཀུན་ཀྱང་བཟློག་པའི་མཚོན་ཆ་འཛིན༔ རྔམས་པའི་ཞལ་རྣམས་ཕྱིར་གཟིགས་ནས༔ ཧཱུྃ་ཕཊ་བྷྱོ་བཟློག་འབྲུག་ལྟར་ལྡིར༔ གླགས་ལྟ་བདུད་ཀྱི་རིགས་རྣམས་ཀུན༔ བསྐྲད་དང་བཟློག་པའི་ལས་མཛད་གྱུར༔ ཧཱུྃ་ཧཱུྃ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ བྷྱོ་བྷྱོ་བཟློག་བཟློག༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛ༔ ཨ་ཡ་མ་པྲ་ཡ་ཤ་ན་རུ་དྲི་ས་མ་ཡ་བཟློག་བཟློག༔ བེ་ར་དུ་རུ་པྲ་ཡ་ཤ་མ་ར་ཡ་བཟློག་བཟློག༔ བྱད་ཕུར་རྦོད་གཏོང་དགྲ་བགེགས་ཕུང་སྲི་ལོག་འདྲེན་ཐམས་ཅད་བཟློག་ཅིག༔ བཛྲ་ཛྙཱ་ན་ཀི་ལ་ཡ་བྷྱོ་བཟློག༔ འདིས་ནི་བར་ཆད་རྐྱེན་རྣམས་ཀུན༔ ཆར་སྤྲིན་རླུང་གིས་གཏོར་བ་བཞིན༔ སྐད་ཅིག་གཅིག་གིས་བཟློག་པར་འགྱུར༔ རྒྱུན་དུ་བཟླས་ན་མཆོག་ཏུ་འགྱུར༔ ས་མ་ཡཱ༔ གསུམ་པ་བསད་པའི་ཙཀྲ་ནི༔ བདག་ཉིད་དཔལ་ཆེན་ཐུགས་སྲོག་ལས༔ འོད་ཟེར་མཐིང་ནག་མེ་རི་དང༔ ཧཱུྃ་ཡིག་ལྕགས་སྡིག་ཕུར་བུ་སོགས༔ སྒྲོལ་བྱེད་མཚོན་གྱི་རྣམ་པར་འཕྲོས༔ འཇིག་རྟེན་ཁམས་སུ་མི་འདོད་པའི༔ སྣ་འདྲེན་བྱེད་པ་ཐམས་ཅད་དང༔ ཁྱད་པར་རང་དང་བསྲུང་བྱ་ལ༔ གནོད་པའི་དགྲ་བགེགས་དམ་སྲི་ཀུན༔ སྲིད་པ་གསུམ་པོ་གར་གནས་ཀྱང༔ ལྕགས་ཀྱུས་བཟུང་ཞིང་ཞགས་པས་བཅིངས༔ ལྕགས་སྒྲོག་གིས་བསྡམས་དྲིལ་བུས་མྱོས༔ འཁོར་ལོའི་རྩིབས་བར་ཕྱེ་མར་འཐག༔ མིང་ཙམ་མེད་པར་བརླག་པར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨ༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་ཀྱི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེགས་རྩེགས༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མཱ་ཀརྨ་ཤྲྀ་ཀྲེམ་ཀ་ར་ཡེ༔ མ་ར་ས་ན༔ པྲ་མརྟ་ན་ཡེ་ཧཱུྃ་ཕཊ༔ འདིས་ནི་གནོད་བྱེད་བྱད་མ་ཀུན༔ གསོད་ཅིང་འཇོམས་པར་ཐེ་ཚོམ་མེད༔ གཞན་ཡང་ལས་སྦྱོར་སྔགས་འདི་བཏང༔ ཧཱུྃ་ཧཱུྃ་ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་ལ་མ་ར་ཡ་རྦད་རྦད༔ མཾ་ས་ལ་རྦད་རྦད༔ རཀྟ་ལ་རྦད་རྦད༔ ཀེཾ་ནི་རི་ཏི་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ རྩ་རླུང་ཐིག་ལེ་ལ་ཧུར་ཐུམ་ཛ༔ བསྲུང་བཟློག་བསད་པའི་སྔགས་རྣམས་ལ༔ སྟོང་ལས་མང་བར་བཟླ་མི་བྱ༔ རྟགས་ཀྱི་རིམ་པ་བསམ་ལས་འདས༔ ཤིན་ཏུ་ཟབ་པའི་ཆོས་འདི་ནི༔ གསང་ཞིང་ཉམས་སུ་ལེན་ཤེས་ཀྱིས༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

བདེན་བརྗོད་ནི།

༄༅། གནས་འོག་མིན་དག་པ་སྐུ་གསུམ་གྱི་ཞིང་ཁམས་ནས། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁར་ཆེན་དཔལ་གྱི་དབང་ཕྱུག མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། རིག་འཛིན་གསང་སྔགས་གླིང་པ། ཆོས་བདག་རྩ་བརྒྱུད་ཀྱི་བླ་མ་ལ་སོགས་རྒྱལ་བ་དགོངས་པའི་བརྒྱུད་པ༴སོགས། བསྐལ་པ་མེ་ལྟར་འབར་བའི་དུར་ཁྲོད་ཆེན་པོ་ནས། དཔལ་ཆེན་པོ་རྡོ་རྗེ་ཕུར་པ་གསང་བ་སྤུ་གྲི། ཡུམ་ཆེན་འཁོར་ལོ་རྒྱས་འདེབས། སྲས་མཆོག་ཀཱི་ལ་རིགས་བཞི། བདུད་འདུལ་ཁྲོ་བཅུ་ཡབ་ཡུམ། ཀེའུ་སེང་མ་མོ་བཅུ་དྲུག དབང་ཕྱུག་ཉི་ཤུ་རྩ་བརྒྱད། མཁའ་འགྲོ་སོ་གཉིས། གིང་ཆེན་བཅོ་བརྒྱད། ཕྲ་ཐབས་ཉི་ཤུ། སྒོ་མ་བཞི། ཕུར་སྲུང་མ་མོ་བཅུ་གཉིས། བསེ་ལྕགས་དུང་གི་སྐྱེས་བུ། གཏེར་སྲུང་དཀར་མོ་ཉི་ཟླ་ལ་སོགས་པའི་ཕུར་པ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སོགས།

ཕུར་པ་གསང་བ་སྤུ་གྲིའི་རིག་འཛིན་བྱིན་འབེབ།

ཕུར་པ་གསང་བ་སྤུ་གྲིའི་རིག་འཛིན་བྱིན་འབེབ་བཞུགས་སོ༔

གང་ཞིག་དཀྱིལ་འཁོར་འདིར་ཞུགས་ནས༔ སྒྲུབ་པ་ཉམས་སུ་ལེན་པའི་ཚེ༔ བདག་གནས་ཡོ་བྱད་ཐམས་ཅད་ལ༔ བདེ་གཤེགས་དགོངས་པའི་བྱིན་དབབ་ཚེ༔ མཆེད་ལྕམ་ཆས་བརྒྱན་རོལ་མོ་བསྒྲགས༔ མདའ་དར་གཡབ་ཅིང་དཀྱིལ་འཁོར་བསྐོར༔ སྤོས་དང་ཤ་ཆེན་གུ་གུལ་བསྲེགས༔ གདུང་བའི་དབྱངས་ཀྱིས་འདི་སྐད་དོ༔ ཧཱུྃ༔ རིག་འཛིན་པདྨ་འབྱུང་གནས་ཀྱི༔ གནས་ཡུལ་ཟངས་མདོག་དཔལ་རིའི་ཞིང་༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ནས༔ མ་རུངས་སྲིན་པོ་ཆོས་ལ་བཙུད༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ སྟག་ཚང་སེང་གེ་བསམ་འགྲུབ་དེར༔ མངའ་བདག་རྒྱལ་པོར་ཐོ་འཚམས་དུས༔ ཨ་ཙར་བྱ་རོག་གཟུགས་བརྫུས་ལ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ མཁར་ཆེན་དཔལ་གྱི་དབང་ཕྱུག་གིས༔ ཡང་རྫོང་དྲག་སྔགས་གསང་ཕུག་དེར༔ དམ་སྲི་ཏེ་ཕུར་ནག་མོ་ཉིད༔ ལྕགས་སྤྱང་སྔོན་མོར་སྤྲུལ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོདཅིག༔ གནུབས་ཆེན་ནམ་མཁའི་སྙིང་པོ་ཡིས༔ ལྷོ་བྲག་དཔལ་གྱི་ཕུག་རིང་དེར༔ སྣང་སྲིད་ལྷ་འདྲེ་གཡུལ་ལོག་ཚེ༔ སྒྲུབ་པའི་བསྙེན་ཕུར་མཁའ་ལ་གཟིར༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ལོ་ཆེན་བཻ་རོ་ཙ་ན་ཡིས༔ ཤར་ཕྱོགས་རྒྱལ་མོ་རོང་ཆེན་དུ༔ ཆོས་རྒྱལ་མདོ་བཞེར་ནག་པོ་ཡི༔ སྐུ་རིམ་རྐྱེན་བཟློག་མཛད་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཚ་རོང་གཡུ་སྒྲ་སྙིང་པོ་ཡིས༔ མདོ་ཁམས་ཨ་ཏ་རོང་ཆེན་དུ༔ ཕུང་བྱེད་དམ་སྲི་སྤུན་དགུ་ལ༔ ལས་ཀྱི་ཕུར་པས་གཟིར་བའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ ཁམས་ཀྱི་སྐལ་ལྡན་འབངས་གསུམ་གྱིས༔ རྒྱ་ནག་རི་བོ་རྩེ་ལྔ་རུ༔ རྡོ་རྗེ་ཕུར་པ་བསྒྲུབས་ནས་སུ༔ མཐའ་དམག་ཟོར་གྱིས་བཟློག་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ དམ་ཚིག་སྒྲུབ་པའི་གནས་རྣམས་སུ༔ སྔགས་འཆང་རིག་འཛིན་ཐམས་ཅད་ཀྱིས༔ རྡོ་རྗེ་ཕུར་བུ་བསྒྲུབས་ནས་སུ༔ རང་རང་དངོས་ཉམས་རྨི་ལམ་ལ༔ དངོས་གྲུབ་རྟགས་བསྟན་ཐོབ་པའི་ཚེ༔ ཇི་ལྟར་རྟགས་བསྟན་བསྙེལ་ལམ་ཅི༔ ཕུར་བུ་སྒྲུབ་པའི་གྲོགས་མཛོད་ཅིག༔ གནས་ཁང་འདི་རུ་བྱིན་ཕོབ་ལ༔ མཆོད་པའི་རྫས་ལ་བཅུད་ཅིག་སྩོལ༔ དཀྱིལ་འཁོར་འདི་ལ་བཀྲག་ཅིག་སྟོན༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མངོན་སུམ་ཡེ་ཤེས་དབབས་པའི་ལྟས༔ ལུས་འདར་དབུགས་སྔངས་བ་སྤུ་གཡོ༔ རྣམ་རྟོག་འགག་ཅིང་གཉུག་མར་གནས༔ ལྷ་ཚོགས་ཞལ་མཇལ་ལུང་སྟོན་འགྱུར༔ ས་མ་ཡཱ༔ ཞེས་རིག་འཛིན་ཆེན་པོ་འགྲོ་འདུལ་གསང་སྔགས་གླིང་པས་གནས་ལུང་དཔལ་གྱི་རི་བོ་ནས་གདན་དྲངས་པའི་ཤོག་སེར་མཁའ་འགྲོའི་བརྡ་རིས་ལས་ལྕགས་སྦྲུལ་ཧོར་ཟླ་བཞི་བའི་ཡར་ངོ་ཚེས་བཅུ་དཔའ་བོའི་དགའ་སྟོན་གྱི་ཉིན་མདོ་མང་བཤད་སྒྲུབ་གླིང་དུ་ལེགས་པར་སྦྱར་བའི་ཡི་གེ་པ་ནི་པདྨ་བསྟན་འཛིན་ནོ།།

ཕུར་པ་གསང་བ་སྤུ་གྲི་ལས༔ མདུན་དཀྱིལ་དྲག་པོའི་ཟོར་བསྐྱེད་ནི༔

ཨོཾ་སྭཱ་བྷ་ཝ༴སོགས། ཆོས་ཐམས་ཅད་མི་དམིགས་ཤིང་སྤྲོས་པ་དང་བྲལ་བའི་སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་བདག་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་མཐིང་ནག་ཁྲོ་མཚོན་མེ་དཔུང་གི་རྣམ་པར་འཕྲོས༔ མདུན་གྱི་གཏོར་ཆེན་ཟོར་རྫས་དང་བཅས་པ་ལ་ཕོག་པས་གཏོར་མའི་ངོ་བོ་རྫས་ཀྱི་རང་བཞིན་ལ༔ རྣམ་པ་ཧཱུྃ་ཧཱུྃ་ཧཱུྃ་ཞེས་བརྗོད་པས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་རྔམས་ཤིང་ཁྲོས་པས་དང་པོ་གཉིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣོལ་བ༔ བར་པ་གཉིས་ན་ཕུར་བུ་དང་རལ་གྲི་བསྣམས་པ༔ ཐ་མ་གཉིས་ན་ཁ་ཊྭཾ་དང་ལྕགས་ཀྱི་སྡིག་པ་བསྡམས་ནས་འཛིན་པ། དཔལ་གྱི་ཆས་བཅུ་དང༔ དུར་ཁྲོད་ཀྱི་ཆས་བརྒྱད་ཀྱིས་བརྒྱན་ཅིང་༔ ཧེ་རུ་ཀའི་གར་དགུ་དང་ལྡན་པ༔ རང་འོད་ཀྱི་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་གྲི་གུག་དང༔ གཡོན་ཐོད་ཁྲག་ཡབ་ལ་སྟོབས་པ༔ རུས་པའི་རྒྱན་དྲུག་དང་གཟིག་གི་ཤམ་ཐབས་མནབ་པ༔ ཡབ་ཡུམ་གཉིས་དྲག་ཤུལ་མི་བཟད་པའི་སྟོབས་དང་ལྡན་ཞིང༔ མེ་རླུང་དང་ཁྲོ་ཆུང་གི་ཚྭ་ཚྭ་དྲག་ཏུ་འཁྲུགས་པའི་དབུས་ན་བཞུགས་པའོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ༔ ཀཱི་ལ་རིགས་བཞི་ཡབ་ཡུམ༔ ཕྱོགས་བཅུར་འཇིགས་བྱེད་ཁྲོ་བཅུ་ཡབ་ཡུམ༔ གཞན་ཡང་ཀོ་རི་མ་བརྒྱད༔ སེང་ཧ་མ་བརྒྱད༔ དབང་ཕྱུག་ཉེར་བརྒྱད༔ མཁའ་འགྲོ་སོ་གཉིས༔ གིང་ཆེན་བཅོ་བརྒྱད༔ ཁྲ་ཐབས་ཉི་ཤུ༔ སྒོ་མ་བཞི༔ ཕུར་སྐྱོང་མ་མོ་བཅུ་གཉིས༔ བསེ་ལྕགས་དུང་གི་སྐྱེས་བུ་བཅུ་གཉིས༔ གཏེར་སྲུང་དཀར་མོ་ཉི་ཟླ༔ བདུད་པོ་ཐོད་པའི་ཕྲེང་ཅན་ལ་སོགས་པས་བསྐོར་བ༔ ཐམས་ཅད་ཀྱང་ཁྲོ་ཞིང་གཏུམ་པ༔ གསོད་གཅོད་ཀྱི་ལས་ལ་བརྩོན་ཞིང༔ སྤྲུལ་པ་དང་ཡང་སྤྲུལ་རྡུལ་ལྟར་དུ་འཚུབས་པ༔ ཕོ་ཉ་བཤན་པའི་དམག་ཚོགས་རྣམས་ཕྱོགས་ཀུན་ཏུ་རྒྱུག་ཅིང་གར་བརྩེ་བ༔ ཟ་བྱེད་གཅན་གཟན་མང་པོ་འགྲོལ་ཞིང་བརྩེ་བ༔ ལྷ་ཚོགས་ཀུན་ཀྱང་ཕྱག་ན་ཟོར་རྫས་སྣ་ཚོགས་ཐོགས་པ༔ དགྲ་བགེགས་ལོག་འདྲེན་རྣམས་ཆམ་ལ་དབབ་པའི་ལས་མཛད་པར་བསྒོམ༔ དེ་ལྟར་གསལ་བའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་ཨོཾ་ཨཱ༔ཧཱུྃ་དང་རང་སྲོག་ས་བོན་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་པ་སྤྱན་དྲངས༔ བཛྲ་ས་མ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ ཨརྒྷཾ༴སོགས། ཤཔྟ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ལ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཞེས་བསྟོད་ནས་བཟླས་པ་ནི༔ བདག་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་གྱི་དཀྱིལ་འཁོར་ལ་ཕོག༔ ལྷ་ཚོགས་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ༔ དེའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རྒྱལ་བ་མཆོད༔ སེམས་ཅན་གྱི་དོན་བྱས༔ ལོག་འདྲེན་དྲེགས་པའི་སྡེ་ཚོགས་ཐམས་ཅད་ཚར་བཅད༔ འོད་ཟེར་ཚུར་འདུས་པ་ལས་སྣང་སྲིད་ཐམས་ཅད་རྡོ་རྗེ་གཞོན་ནུའི་ཞིང་དང་ལྷ་སྔགས་ཡེ་ཤེས་ཀྱི་རོལ་བར་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨ༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་ཀྱི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེགས་རྩེགས༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མཱ་ཀརྨ་ཤྲྀ་ཀྲེམ་ཀ་ར་ཡེ༔ མ་ར་ས་ན༔ པྲ་མརྟ་ན་ཡེ་ཧཱུྃ་ཕཊ༔ སྔགས་བསྙེན་ནོ༔ མཆོད་བསྟོད་བྱ༔

སྨན་མཆོད།

༄༅། ཨོཾ་ཨཱ༔ཧཱུྃ། གདོད་མའི་མགོན་པོ་ཀུན་བཟང་སྣང་མཐའ་ཡས། །རྒྱལ་ཀུན་སྙིང་རྗེའི་རང་གཟུགས་པད་དཀར་འཆང་། །སྒྲུབ་སྡེ་བརྒྱད་ལ་དབང་འབྱོར་ཐོད་ཕྲེང་རྩལ། །མཁར་ཆེན་ལོ་ཙཱ་དཔལ་གྱི་དབང་ཕྱུག་ལ། །མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། དབྱངས་ཅན་སྤྲུལ་པ་རྒྱལ་ཡུམ་མཁར་ཆེན་བཟའ། །ཟབ་གཏེར་མངའ་བདག་འགྲོ་འདུལ་གསང་སྔགས་གླིང་། །ཐུགས་ཀྱི་སྲས་མཆོག་ཟབ་ཆོས་བརྒྱུད་འཛིན་པའི། །རྩ་བ་བརྒྱུད་པའི་བླ་མ་ཐམས་ཅད་ལ། ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། རྡོ་རྗེ་ཕུར་བ་གསང་བ་སྤུ་གྲི་ཆེ། །འཁོར་ལོ་རྒྱས་འདེབས་ཀཱི་ལ་རིགས་བཞི་དང་། །ཁྲོ་བཅུ་ཀེའུ་སེང་དཀར་མོ་ཉི་ཟླ་སོགས། །དཀྱིལ་འཁོར་འཁོར་ལོའི་ལྷ་ཚོགས་ཐམས་ཅད་ལ། ། མྱོང་གྲོལ་བདུད་རྩི་སྨན་གྱི་མཆོད་པ་འབུལ། སརྦ་པཉྩ་ཨ་མྲྀ་ཏ་ལ་ཁ་རཾ་ཁཱ་ཧི། ཅེས་པ་འདི་ཡང་གྱི་ན་བ་ཀར་ཆོས་པས་སོ།།

བཀའ་བསྲུང་དམ་ཅན་མ་མོ་བཅུ་གཉིས་ཀྱི་ཕྲིན་ལས་འདོད་པའི་རེ་སྐོང་།

ཕུར་པ་གསང་བ་སྤུ་གྲི་ལས༔ བཀའ་བསྲུང་དམ་ཅན་མ་མོ་བཅུ་གཉིས་ཀྱི་ཕྲིན་ལས་འདོད་པའི་རེ་སྐོང་ཞེས་བྱ་བ་བཞུགས་སོ༔

ཤྲཱི་བཛྲ་ཀུ་མ་ར་ལ་ན་མོ༔ དབང་ཐོབ་དམ་ལྡན་རྣལ་འབྱོར་པས༔ བཀའ་བསྲུང་དམ་ཅན་བཅུ་གཉིས་པོ༔ བརྟེན་ཅིང་བསྒྲུབ་ལ་བརྩོན་འདོད་ན༔ དུམ་གསུམ་བྷནྡྷའི་སྣོད་ནང་དུ༔ དམར་གཏོར་ཟུར་གསུམ་དབལ་ལྡན་པ༔ ཁྲག་གིས་བྱུགས་པ་བཅུ་གཉིས་ཀྱི༔ མཐའ་སྐོར་མཐེབ་ཀྱུ་ཤ་ཁྲག་བརྒྱན༔ ཟངས་ཀྱི་ཝ་དང་གཡུ་ཡི་ཁྱི༔ ལྕགས་ཀྱི་སྤྱང་མོ་མཆོང་གི་མི༔ གཞན་ཡང་གཅན་གཟན་སྣ་ཚོགས་བཞག༔ སྙིང་དང་ལིང་ཀ་དར་ཚོན་སྤུད༔ སྤྲོ་ཞིང་སྒྲུབ་རྟེན་འཛུག་འདོད་ན༔ སྦ་སྨྱུག་ཚིགས་པ་བཅུ་གཉིས་ལ༔ སྲོག་སྔགས་སྙིང་པོ་བྲིས་པ་དང༔ རྫས་ཀྱི་སྲོག་གཏའ་བཅིང་ནས་སུ༔ ཟངས་ལྕགས་གསེར་གསུམ་བསྲེས་པའི་ཁབ༔ རྣལ་འབྱོར་རང་སོར་བཅུ་གཉིས་ཚད༔ དེ་ལ་ལས་སྦྱོར་སྔགས་བྲིས་ཤིང༔ རྫ་ཆུ་གངས་གསུམ་འཛོམས་པའི་སར༔ བུང་ཀར་འཛིན་པ་ཨུཏྤལ་སྔོ༔ ཤུ་དག་ཙནྡན་གླ་རྩི་རྣམས༔ ཁྱོན་དུ་བསྡམས་པའི་རིལ་བུ་ནི༔ ངང་པའི་སྒོ་ང་ཙམ་ཞིག་ལ༔ སོར་གསུམ་ནང་དུ་གཟུང་བར་བྱ༔ གཞན་ལ་མི་སྟོན་གསང་བར་སྒྲུབ༔ རྒྱུན་གྱི་གཏོར་མ་དུས་སུ་བཏང༔ འགོ་ཞིང་སྡོང་གྲོགས་བྱེད་པར་འགྱུར༔ ས་མ་ཡཱ༔ རང་ཉིད་དཔལ་ཆེན་ང་རྒྱལ་གྱིས༔ སྤོས་དང་རོལ་མོས་བྱིན་དབབ་ལ༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་ཉིད་ཀྱི་སྟོང་པའི་རྩལ་ལས་ ཧཱུྃ་ཧཱུྃ་ཧཱུྃྃ༔ཞེས་མེ་འབར་བའི་རྣམ་པར་འཕྲོས༔ མཆོད་རྫས་ཀྱི་ཉེས་སྐྱོན་ཐམས་ཅད་དག་པར་སྦྱངས༔ ཨོཾ་ཨཱ༔ཧཱུྃ་ཧོ༔ ཨོཾ་ལས་ཀཱ་པ་ལ་མཚན་ཉིད་དང་ལྡན་པ་སྟོང་གསུམ་དང་མཉམ་པར་གྱུར༔ ཨཱ༔ལས་གཏོར་མ་འདོད་ཡོན་ལྔ་དང་ལྡན་པའི་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་གྱི་ལྷུན་པོར་གྱུར༔ ཧཱུྃ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་འཁྱིལ་བ་ལས་འདོད་ཡོན་གྱི་ལྷ་མོའི་སྤྲིན་འཕྲོ་བར་གྱུར༔ ཧོ་ལས་བཀའ་བསྲུང་དམ་ཅན་རྣམས་དགྱེས་པ་བསྐྱེད་དེ་ཅི་བཅོལ་བའི་ལས་སྒྲུབ་པར་གྱུར༔ བདག་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་རྣམ་པར་འཕྲོས་ཕུར་བསྲུང་དམ་ཅན་མ་མོ་བཅུ་གཉིས་གཏོར་མའི་མགྲོན་ལ་སྤྱན་དྲངས༔ བཛྲ་ས་མ་ཛ༔ བྷྱོ་ཛ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་ཉན་པ༔ ནམ་གྱི་སྲོད་ལ་དགྲ་བགེགས་འགུགས་མཛད་མ༔ ཤོ་ན་མུ་ཁ་མཐིང་ནག་རྔམས་ཤིང་གཏུམ༔ ཆིབས་སུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ཆིབས༔ ཕྱག་ན་གཡུ་ཡི་ཕུར་པ་འདྲིལ་ཞིང་འདེབས༔ ཤི་ལ་མུ་ཁ་སྔོ་ནག་གཡུ་འོད་འབར༔ ཆིབས་སུ་གཡུ་ཡི་ཁྱི་མོ་རལ་ཅན་ཆིབས༔ ཕྱག་ན་ལྕགས་ཀྱི་ཕུར་པ་འདྲིལ་ཞིང་འདེབས༔ སྲི་ལ་མུ་ཁ་སེར་སྨུག་གསེར་གྱི་མདོག༔ ཆིབས་སུ་གསེར་གྱི་འཕར་བ་ལྕེ་བརྒྱད་ཆིབས༔ ཕྱག་ན་གསེར་གྱི་ཕུར་པ་འདྲིལ་ཞིང་འདེབས༔ སྲི་ཀ་མུ་ཁ་དམར་ནག་ཟངས་ཀྱི་མདོག༔ ཆིབས་སུ་ཟངས་ཀྱི་ཝ་མོ་རྐང་གསུམ་ཆིབས༔ ཕྱག་ན་ཟངས་ཀྱི་ཕུར་པ་འདྲིལ་ཞིང་འདེབས༔ ནམ་གྱི་གུང་ལ་དགྲ་བགེགས་འཆིང་མཛད་མ༔ རི་ཏི་ནག་མོ་ཕྱག་ན་མཆོག་ཕུར་འདྲིལ༔ ཆིབས་སུ་དྲིལ་རྟ་རྐང་གསུམ་མགྱོགས་ལ་ཆིབས༔ རེ་མ་ཛ་ནི་སེར་ནག་གཏུམ་ལ་རྔམས༔ མཆོག་ཕུར་འདྲིལ་ཞིང་ཆུ་གླང་སྔོན་པོ་ཆིབས༔ རེ་མ་ཏི་དམར་ཕྱག་ན་མཆོག་ཕུར་འདྲིལ༔ ཆིབས་སུ་སྨན་ཤ་ཡུ་མོ་བརྗིད་ལ་ཆིབས༔ རེ་མ་ཛུ་ལྗང་ལག་ན་མཆོག་ཕུར་འདྲིལ༔ ཆིབས་སུ་རྩལ་ལྡན་རྔ་མོང་གྭ་པ་ཆིབས༔ རྡོ་རྗེ་ཡ་བྱིན་མཐིང་ནག་ལྕགས་ཕུར་ཐོགས༔ རེ་ལྡེའི་གོས་གསོལ་བདུད་རྟ་ནག་པོ་ཆིབས༔ རྡོ་རྗེ་དེ་བྱིན་སེར་མོ་གསེར་ཕུར་འདྲིལ༔ གཡི་ཕུར་གསོལ་ཞིང་གཟའ་རྟ་སེར་པོ་ཆིབས༔ རྡོ་རྗེ་བསེ་བྱིན་དམར་མོ་བསེ་ཕུར་འདྲིལ༔ ཆུ་དར་ལྭའུ་གསོལ་ཞིང་རྟ་དམར་ཆིབས༔ རྡོ་རྗེ་ཕག་བྱིན་ལྗང་མོ་གཡུ་ཕུར་འདྲིལ༔ དར་ནག་བེར་གསོལ་ཀླུ་རྟ་སྔོན་པོ་ཆིབས༔ གཞན་ཡང་བཀའ་འཁོར་དྲེགས་པ་སྡེ་བརྒྱད་དང༔ ཤ་ཟ་བཤན་པ་གཅན་གཟན་མང་པོས་བསྐོར༔ འོད་འཕྲོས་བསྐྱེད་པ་བཞིན་དུ་སྤྱན་དྲངས་བསྟིམས༔ ཧཱུྃ༔ གནས་ཆེན་ཉེར་བཞི་ཡུལ་ཆེན་སོ་གཉིས་དང་༔ དུར་ཁྲོད་བརྒྱད་སོགས་ཞིང་ཁམས་རབ་འབྱམས་ནས༔ ཕུར་བསྲུང་དམ་ཅན་བཅུ་གཉིས་འཁོར་དང་བཅས༔ མ་ཐོགས་མྱུར་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉན་ཀ་ར་ཨེ་ཏན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲིམ་ཀ་ར་ཡེ་ཛ་ཛ༔ བཞུགས་གསོལ་ནི༔ ཧཱུྃ༔ བསྐལ་པའི་མེ་རླུང་དྲག་ཏུ་འཁྲུགས་པའི་ཀློང༔ ཕུར་བསྲུང་དམ་ཅན་མ་མོ་བཅུ་གཉིས་པོ༔ སྤྲུལ་པ་འཁོར་དང་བཅས་པ་མ་ལུས་པ༔ རབ་ཏུ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ས་མ་ཡཱ་ཏིཥྛ་ལྷན༔ ཕྱག་འཚལ་ཞིང་མཆོད་པ་ནི༔ ཧཱུྃ༔ ཕུར་བསྲུང་དམ་ཅན་བཅུ་གཉིས་འཁོར་བཅས་ལ༔ སྒོ་གསུམ་དད་གུས་གདུང་བས་ཕྱག་འཚལ་ཞིང༔ གསང་གསུམ་དགྱེས་པའི་མཐུན་རྫས་འབུལ་བ་ནི༔ ཕྱི་ནང་གསང་གསུམ་སྨན་རཀ་གཏོར་མ་དང༔ ཁྱད་པར་བརྟེན་རྫས་ཡོ་བྱད་སྣ་ཚོགས་པ༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས་པ་དང༔ དོན་སྙིང་དབང་པོ་སྐྱེ་མཆེད་བཅུ་གཉིས་བཅས༔ ཕུར་བསྲུང་བཅུ་གཉིས་འཁོར་དང་བཅས་ལ་འབུལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ རཀྟ་མཾ་ས་ཀེཾ་ནི་རི་ཏི་བྷ་ལིང་ཏ་ཁཱ་ཧི༔ བསྟོད་ཅིང་ཕྲིན་ལས་གསོལ་བ་ནི༔ ཧཱུྃ༔ ཕུང་ཁམས་སྐྱེ་མཆེད་བཅུ་གཉིས་གནས་དག་པའི༔ ཕུར་བསྲུང་དམ་ཅན་མ་མོ་བཅུ་གཉིས་ལ༔ འགག་མེད་རྡོ་རྗེ་མི་ཤིགས་ན་དཱའི་དབྱངས༔ འཇམ་སྙན་འགུགས་དང་བཅས་ཏེ་བསྟོད་པར་བགྱི༔ མཐུན་རྫས་ལོངས་སྤྱོད་མཆོད་གཏོར་འདི་བཞེས་ལ༔ སངས་རྒྱས་བསྟན་བསྲུང་དཀོན་མཆོག་དབུ་འཕང་བསྟོད༔ རྣལ་འབྱོར་ཚེ་སྤེལ་སྒྲུབ་པའི་བར་ཆད་སོལ༔ མི་མཐུན་ཞི་ཞིང་ལེགས་ཚོགས་རྒྱས་པ་དང༔ རླུང་སེམས་དབང་བསྡུས་ལོག་འདྲེན་ཐལ་བར་རློགས༔ ཁྱད་པར་ཕུར་བ་སྒྲུབ་པའི་རྣལ་འབྱོར་པའི༔ ནམ་ཡང་བསམ་པའི་དོན་དང་གཉེར་བའི་ལས༔ དེ་ཀུན་ཐོགས་མེད་མྱུར་དུ་འགྲུབ་པར་མཛོད༔ འདིས་ནི་ཕྲིན་ལས་མ་ལུས་ཀུན༔ མྱུར་བ་ཉིད་དུ་འགྲུབ་པར་འགྱུར༔ མ་འོངས་འགྲོ་རྣམས་ཉམས་སུ་ལོངས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཤར་རྒྱལ་མོ་རོང་གི་ཉེ་ཆར་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིང་འདྲའི་ལྟོ་བ་ནས་ཁྲོམ་གཏེར་དུ་གདན་དྲངས་བའོ།།

ཕོ་ཉ་བསེ་ལྕགས་དུང་གསུམ་གྱི་ཕྲིན་ལས་དགྲ་དཔུང་བརླག་པའི་མཚོན་ཆ།

ཕུར་པ་གསང་བ་སྤུ་གྲི་ལས༔ ཕོ་ཉ་བསེ་ལྕགས་དུང་གསུམ་གྱི་ཕྲིན་ལས་དགྲ་དཔུང་བརླག་པའི་མཚོན་ཆ་ཞེས་བྱ་བ་བཞུགས༔ ཤྲཱི་བཛྲ་ཀུ་མ་ར་ཡེ༔ ཕོ་ཉ་བསེ་ལྕགས་དུང་གསུམ་པོ༔ འཁོར་ཞིང་ཕྲིན་ལས་སྒྲུབ་པའི་ཐབས༔ རྗེས་འཇུག་དོན་དུ་བསྟན་པར་བྱ༔ རིན་ཆེན་སྣ་ཚོགས་སྣོད་ནང་དུ༔ རི་རབ་བང་རིམ་བཞི་བ་བྱ༔ དབུས་སུ་རིན་ཆེན་གཏེར་བུམ་ནི༔ ཁ་ལ་ནོར་བུས་མཚན་པ་ཅན༔ ཤར་དུ་དམར་གཏོར་ཟུར་གསུམ་བཞི༔ དེ་བཞིན་ལྷོ་རུ་ནག་པོ་དང༔ བྱང་དུ་དཀར་པོ་ཟུར་གསུམ་བཞི༔ ནུབ་ཏུ་གཅན་གཟན་སྣ་ཚོགས་བཞག༔ སྙིང་དང་ལྕེ་སྤྱང་བྱ་སོགས་བརྒྱན༔ ཤ་ཁྲག་མཐེབ་ཀྱུའི་ཚོགས་ཀྱིས་བརྒྱན༔ གཞན་ཡང་རྒྱུན་གྱི་གཏོར་མ་བཤམས༔ དེ་ནས་ལྷ་ཡི་ང་རྒྱལ་གྱིས༔ བྷྱོ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡི་བཀའ་ཉན་བསེ་ཡི་མི་བོ་བཞི༔ སྲིན་པོའི་སྐྱེས་བུ་དཀར་པོ་དུང་ཕུར་འདྲིལ༔ ལེ་བརྒན་བེར་གསོལ་བཙན་རྟ་དམར་པོ་ཆིབས༔ གཤིན་རྗེའི་སྐྱེས་བུ་ནག་པོ་ལྕགས་ཕུར་འདྲིལ༔ དར་ནག་བེར་གསོལ་བདུད་རྟ་ནག་པོ་ཆིབས༔ ཡ་བདུད་སྐྱེས་བུ་དམར་པོ་ཟངས་ཕུར་འདྲིལ༔ དར་དམར་བེར་གསོལ་དྲེལ་རྟ་རྐང་གསུམ་ཆིབས༔ གནོད་སྦྱིན་སྐྱེས་བུ་སྔོན་པོ་གཡུ་ཕུར་འདྲིལ༔ སྤྲིན་དཀར་ཐུལ་བ་གསོལ་ཞིང་རྟ་སྔོན་ཆིབས༔ གསུང་གི་བཀའ་ཉན་ལྕགས་ཀྱི་སྐྱེས་བུ་བཞི༔ ཤར་བདུད་དཀར་པོ་གཡུ་སྤྱང་ཐུལ་བ་གསོལ༔ གཡས་པས་ལྕགས་ཀྱུ་གཡོན་པས་མི་སྙིང་ཟ༔ ཆིབས་སུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ཆིབས༔ ལྷོ་བདུད་སྔོན་པོ་དར་ནག་གོ་ཟུ་གསོལ༔ གཡས་པས་མི་ལག་གཡབ་ཅིང་གཡོན་ཞགས་པ༔ ཆིབས་སུ་གཡུ་ཡི་སྤྱང་མོ་མགོ་དགུ་ཆིབས༔ ནུབ་བདུད་ནག་པོ་བཙོ་དམར་ལྭའུ་གསོལ༔ གཡས་པས་སེང་ལྡིང་ཕུར་བུ་གཡོན་ཐོད་ཁྲག༔ ཆིབས་སུ་མཆོང་གི་སྤྱང་མོ་གདོང་ལྔ་ཞོན༔ བྱང་བདུད་ལྗང་གུ་དར་ནག་བེར་ཆེན་གསོལ༔ གཡས་པས་རལ་གྲི་གཡོན་པས་མཆོག་ཕུར་འདྲིལ༔ ཆིབས་སུ་དུང་སྤྱང་དཀར་མོ་རྔམས་པ་ཆིབས༔ ཐུགས་ཀྱི་བཀའ་ཉན་དུང་གི་སྐྱེས་བུ་བཞི༔ སྲིན་པོའི་གིང་ཆེན་དཀར་པོ་དུང་ཕུར་འདྲིལ༔ གཡི་ཐུལ་གསོལ་ཞིང་རིས་བཀྲ་སྟག་ལ་ཆིབས༔ གཤིན་རྗེའི་གིང་ཆེན་སྔོན་པོ་གྲི་ཕུར་འདྲིལ༔ དར་ནག་གོས་གསོལ་གདུག་པ་གཟིག་ལ་ཆིབས༔ བདུད་ཀྱི་གིང་ཆེན་དམར་པོ་ལྕགས་ཕུར་འདྲིལ༔ སྤྱང་དཀར་ཐུལ་བ་གསོལ་ཞིང་དོམ་ནག་ཆིབས༔ གནོད་སྦྱིན་གིང་ཆེན་སེར་པོ་མཆོག་ཕུར་འདྲིལ༔ དར་དམར་བེར་གསོལ་གཏུམ་རྔམས་དྲེད་མོ་ཆིབས༔ གཞན་ཡང་སྤྲུལ་འཁོར་བསམ་གྱིས་མི་ཁྱབ་པ༔ སྡེ་བརྒྱད་དྲེགས་ཚོགས་དམག་གི་གཡུལ་གྱིས་བསྐོར༔ འཁོར་བཅས་འདིར་སྤྱོན་དམ་ཚིག་སྟན་ལ་བཞུགས༔ ཤ་ཁྲག་དམར་གྱིས་བརྒྱན་པའི་གཏོར་མ་དང༔ མཐུན་པའི་དམ་རྫས་ཕུད་སྐྱེམས་འདི་བཞེས་ལ༔ རྣལ་འབྱོར་བདག་ཅག་འཁོར་དང་བཅས་པ་ཡི༔ ནད་གདོན་ཞི་ཞིང་ཚེ་དཔལ་རྒྱས་པ་དང༔ སྣང་བ་དབང་བསྡུད་ལོག་འདྲེན་ཚར་གཅོད་མཛོད༔ བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང༔ ཁྱད་པར་རྣལ་འབྱོར་བདག་ལ་དོ་བརྡོ་ཞིང༔ ཕོད་བཙུགས་བྱེད་པའི་དགྲ་དང་བགེགས་ལ་སོགས༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བཀའ་འགལ་དམ་ལོག་ཉེས་བྱས་དགྲ་བགེགས་ཀྱི༔ ཁམས་དང་སྐྱེ་མཆེད་དབང་པོ་ནང་ཁྲོལ་བཅས༔ ཆོས་སྐྱོང་ཁྱོད་ལ་བརྔན་པའི་ཟས་སུ་འབུལ༔ དགྱེས་པའི་རྐན་སྒྲ་དང་བཅས་རོལ་བར་མཛོད༔ རྡོ་རྗེ་ཕུར་བ་གསང་བ་སྤུ་གྲི་ཡི༔ ཟབ་ཆོས་ཉམས་ལེན་གང་ཟག་བཅས་པ་ཀུན༔ ཁྱོད་ལ་གཏད་དོ་གཉེར་རོ་འཚོ་རྫི་གྱིས༔ ཕྱི་ནང་གསང་བའི་འགལ་རྐྱེན་བར་ཆད་སོལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་མ་ལུས་པ༔ ཐོགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད༔ རྒྱུན་དུ་བརྟེན་ཅིང་གསོལ་མཆོད་ན༔ གང་ལ་དམིགས་པའི་ཕྲིན་ལས་ཉིད༔ ཐོགས་པ་མེད་པར་དེ་བཞིན་སྒྲུབ༔ རྣོ་མྱུར་ནུས་པ་ཐོག་དང་མཚུངས༔ ལས་འཕྲོ་ཅན་དང་འཕྲད་ནས་ཀྱང༔ སངས་རྒྱས་བསྟན་པའི་བཙས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཤར་རྒྱལ་མོ་རོང་གི་ཉེ་ཆར་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲའི་ལྟོ་བ་ནས་ཁྲོམ་ཆེན་པོའི་མཐོང་ཆོས་སུ་གདན་དྲངས་པའོ།།

གཏེར་སྲུང་དཀར་མོ་ཉི་ཟླའི་ཕྲིན་ལས་བསམ་དོན་མྱུར་འགྲུབ།

ཕུར་པ་གསང་བ་སྤུ་གྲི་ལས༔ གཏེར་སྲུང་དཀར་མོ་ཉི་ཟླའི་ཕྲིན་ལས་བསམ་དོན་མྱུར་འགྲུབ་ཞེས་བྱ་བ་བཞུགས་སོ༔

ཕྲིན་ལས་ཕུར་པའི་ལྷ་ལ་ཕྱག་འཚལ་ལོ༔ གཏེར་བསྲུང་ཉི་ཟླ་ཐོད་ཕྲེང་གི༔ ཕྲིན་ལས་བསམ་དོན་མྱུར་འགྲུབ་འདིས༔ བྱིན་རླབས་མྱུར་ཞིང་བཀའ་བཙན་ཆེ༔ ཞི་དྲག་གཉིས་སུ་ཡོད་པ་ལས༔ འདིར་ནི་དྲག་པོའི་སྒྲུབ་པ་བསྟན༔ རྡོ་རྗེ་ཕུར་པའི་རྣལ་འབྱོར་གྱིས༔ ཡང་གསང་སྤུ་གྲི་ཉམས་ལེན་དུས༔ གཏེར་བསྲུང་མཆོད་པས་མ་མཉེས་ན༔ སྲོག་ལ་ཧུར་ཐུམ་འོང་བའི་ཕྱིར༔ བསེ་འམ་རིན་ཆེན་སྣོད་ནང་དུ༔ ཟླ་གམ་སྟེང་དུ་བཤོས་བུ་ནི༔ སྟོད་ཟླུམ་སྨད་ཆ་ཟུར་གསུམ་པ༔ གྲི་རིས་གསུམ་གྱིས་མཚན་པ་ཅན༔ མདུན་དུ་བདུད་བཤོས་ནག་པོ་དང༔ གཡས་སུ་རིན་ཆེན་ཟ་མ་ཏོག༔ གཡོན་དུ་ནོར་སྐྱུགས་ནེའུ་ལེ་བཞག༔ མདུན་དུ་འབྲང་རྒྱས་ཞལ་དཀར་དང༔ རྒྱབ་ཏུ་སྨན་ལེབ་ནོར་བུས་མཚན༔ རང་འདྲའི་བཤོས་བུ་བཞི་ཡིས་བསྐོར༔ མཐེབ་ཀྱུ་ཤ་ཁྲག་སྙིང་གཟུགས་བརྒྱན༔ རྣལ་འབྱོར་ལྷ་ཡི་ཏིང་འཛིན་གྱིས༔ ཧཱུྃ༔ མདུན་དུ་ཁྲག་ཆུའི་རྦ་ཀློང་འཁྲུགས༔ དེ་དབུས་ལྕགས་ཀྱི་སྤྱང་མོ་ནི༔ སྔོ་ནག་བར་སྣང་འཕྱོ་སྟབས་ཅན༔ ཁ་གདངས་སྡང་མིག་གྱེན་ཐུར་གཏིབས༔ ཁ་ནས་མི་སྙིང་ལྗེན་པར་ཟ༔ དེ་སྟེང་བྷྱོ་ཡིག་ཡོངས་གྱུར་ལས༔ སྲིང་གཅིག་དཀར་མོ་ཉི་ཟླ་ནི༔ དཀར་དམར་ཁྲོས་ཤིང་གཏུམ་པའི་ཞལ༔ སྤྱན་གསུམ་སྡང་མིག་ཁྲག་ལྟར་གཡོ༔ སྨ་ར་སྨིན་མ་མེ་དཔུང་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཕྱག་གཡས་རི་རབ་ཀླད་ལ་བསྐོར༔ དགྲ་དང་བགེགས་ཀྱི་སྟེང་དུ་འཕེན༔ གཡོན་ན་མཆོག་གི་ཕུར་བ་འཛིན༔ འདྲིལ་ཞིང་ས་གསུམ་བསྔང་དུ་འཇུག༔ སྐུ་ལ་དར་དཔྱང་རུས་རྒྱན་དང༔ ཉི་ཟླ་སྤེལ་མར་བརྒྱུས་པ་ཡི༔ ཕྲེང་བ་ཚར་གསུམ་སྦྲུལ་གྱིས་བརྒྱན༔ གཟིག་གི་པགས་པའི་ཤམ་ཐབས་ཅན༔ ལྕགས་སྤྱང་སྟེང་ན་འགྱིངས་སྟབས་བཞུགས༔ མདུན་དུ་ཏྲི་ཡིག་མཐིང་ག་ནས༔ ཡབ་གཅིག་བདུད་ཀྱི་རྒྱལ་པོ་ནི༔ མཐིང་ནག་ཐོད་རློན་ཕྲེང་བ་ཅན༔ གཅེར་བུ་གོས་དང་རྒྱན་སྤང་བ༔ སྤྱན་གསུམ་བགྲད་ཅིང་ཨམ་གཙིགས་བསྡམས༔ ཁ་ནས་དུག་གི་རླངས་པ་འཐུལ༔ གཡས་པས་ཁྲམ་ཤིང་ནག་པོ་དང༔ གཡོན་པས་མི་སྙིང་སྤྲུགས་ཅིང་གསོལ༔ ཁྲོ་ཞིང་གར་སྟབས་ལིང་ལིང་འཕྱོ༔ ཕོ་ཉ་ལྕགས་ཀྱི་སྤྱང་མོ་དང༔ ཟངས་ཀྱི་ཝ་མོ་གཡུ་ཡི་ཁྱི༔ ཟ་བྱེད་རྔམས་པའི་མཆེ་བ་ཅན༔ ཕྱོགས་ཀུན་ཧབ་སྒྲ་ཏིར་ཏིར་རྒྱུག༔ སྐུ་སྤྲུལ་བསེ་ཡི་སྐྱེས་བུ་བཞི༔ དམར་ནག་གཡས་ན་མདུང་རེ་དང༔ གཡོན་ནས་ཐོད་ཁྲག་ཧུབ་ཧུབ་འཐུང༔ གསུང་སྤྲུལ་ལྕགས་ཀྱི་སྐྱེས་བུ་བཞི༔ སྔོ་ནག་གཡས་ན་ཐོད་དབྱུག་རེ༔ གཡོན་པས་བམ་རོ་ཁྱུར་མིད་གཏོང༔ ཐུགས་སྤྲུལ་དུང་གི་སྐྱེས་བུ་བཞི༔ དཀར་གསལ་གཡས་ན་མཆོག་ཕུར་རེ༔ གཡོན་པས་དགྲ་སྙིང་ཧབ་ཐོབ་བྱེད༔ ཀུན་ཀྱང་རང་མདོག་དང་མཚུངས་པའི༔ བཞོན་པ་མ་ངེས་ཅིར་ཡང་ཆིབས༔ གཞན་ཡང་གནོད་སྦྱིན་བདུད་མོ་བཞི༔ ཀུན་ཏུ་ཉུལ་ཞིང་གར་བརྩེ་བ༔ བཤན་པ་ཕོ་མོ་མང་པོས་བསྐོར༔ དེ་ལྟར་གསལ་བའི་ཐུགས་ཀ་ནས༔ འོད་འཕྲོས་བསྐྱེད་བཞིན་སྤྱན་དྲངས་བསྟིམས༔ ཨོཾ་བཛྲ་སཱུརྱ་ཙཎྚ་ཛྙཱ་ན་ཌཱཀྐི་ནི་ས་མ་ཡཱ་ཛ་ཛ༔ སྤྱན་འདྲེན་ནི༔ བྷྱོ༔ དད་པ་དང་ནི་དམ་ཚིག་གིས༔ རྡོ་རྗེ་གཞོན་ནུའི་གཏེར་བསྲུང་ཆེ༔ སྲིང་གཅིག་དཀར་མོ་ཉི་ཟླ་ཞེས༔ འཁོར་དང་བཅས་པ་མ་ལུས་པ༔ སྒྲུབ་པའི་གནས་མཆོག་དམ་པ་འདིར༔ ཕྲིན་ལས་མཛད་ཕྱིར་གཤེགས་སུ་གསོལ༔ ཨོཾ་སཱུརྱ་ཙཎྚ་ཛྙཱ་ན་ཌཱཀྐི་ནི་ཛཿཛ༔ བཛྲ་ཤནྟིཾ་པདྨ་ཀུཔྟ་ཧཱུྃ༔ རེ་མ་ཏི་ཀེ་ཤེ་ལ་ཛཿཛ༔ བཞུགས་གསོལ་ནི༔ ཧཱུྃ༔ རྣལ་འབྱོར་སྒྲུབ་པའི་གནས་འདི་རུ༔ དམ་ཚིག་ཅན་གྱི་སྲིང་གཅིག་མ༔ དཀར་མོ་ཉི་ཟླ་འཁོར་དང་བཅས༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ ཨ་ཏི་པཱུ་ཧོ༔ པྲ་ཏི་ཛ་ཧོ༔ མཆོད་པ་ནི༔ ཧཱུྃ༔ གཏེར་སྲུང་ཆེན་མོ་འཁོར་བཅས་ལ༔ རྣམ་ལྔ་ཕྱི་ཡི་མཆོད་པ་དང༔ སྨན་རཀ་གཏོར་གསུམ་ནང་མཆོད་རྫས༔ ཞིང་བཅུ་བསྒྲལ་བའི་ཤ་ཁྲག་རུས༔ འབྲུ་བཅུད་སྦྱར་བ་མྱོས་པའི་ཆང༔ ཁྲག་ཞག་བསྲེས་པའི་ཕུད་རྒོད་སྐྱེམས༔ ཐུགས་དམ་གཉན་པོ་བསྐང་ཕྱིར་འབུལ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ བཛྲ་པུཥྤེ༴སོགས། ཤཔྟ་རཀྟ་བཱ་ལིང་ཏ་ཁཱ་ཧི༔ གནོད་བྱེད་དགྲ་བགེགས་ཀྱི་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཁཱ་ཧི༔ བསྟོད་པ་ནི༔ བྷྱོ༔ ཡེ་ཤེས་དབྱིངས་ལས་ཀུན་བཟང་མོ༔ མཁའ་སྤྱོད་གནས་ན་ཕག་མོ་ཡུམ༔ བསྟན་པ་བསྲུང་ཕྱིར་གཟུགས་ཀྱི་སྐུ༔ གསང་བ་སྤུ་གྲིའི་གཏེར་བསྲུང་ཆེ༔ མ་ཅིག་དཀར་མོ་ཉི་ཟླ་དང༔ སྤྲུལ་པ་བཀའ་ཉན་མ་ལུས་པར༔ བསྟོད་དོ་རྣལ་འབྱོར་ཕྲིན་ལས་མཛོད༔ དམ་རྫས་མཆོད་གཏོར་འདི་བཞེས་ལ༔ སངས་རྒྱས་བསྟན་པ་བསྲུང་བ་དང༔ སེམས་ཅན་བདེ་ལ་འགོད་པར་མཛོད༔ རྣལ་འབྱོར་བར་ཆད་ཞི་བ་དང༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་སྤེལ༔ མཐོང་ཐོས་དྲན་རེག་དབང་བསྡུས་ལ༔ བར་ཆད་འབྱུང་པོ་རྡུལ་དུ་རློགས༔ ཁྱད་པར་གསང་བ་སྤུ་གྲིའི་ཆོས༔ ནུབ་མེད་ཡུན་རིང་གནས་པ་དང༔ དེ་འཛིན་རྣལ་འབྱོར་བུ་བཞིན་སྐྱོངས༔ ཉེས་མེད་བདེ་རུ་མི་སྟེར་བའི༔ ལོག་འདྲེན་དགྲ་དང་བགེགས་ཚོགས་ལ༔ ཁྱོད་ཀྱི་མཐུ་སྟོབས་རྩལ་ཕྱུངས་ལ༔ ཚེ་འཕྲོག་དབུགས་ལེན་རྣམ་ཤེས་བསྡུས༔ ཤ་ཟོས་ཁྲག་འཐུང་རུས་པ་མུར༔ གཏད་དོ་གཉེར་རོ་དགྲ་དང་བགེགས༔ མ་འགྱང་མ་བཞག་ད་ལྟ་རུ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ འདི་ནི་ཤིན་ཏུ་བཀའ་གཉན་ཞིང༔ མོ་རྒྱུད་ཡིན་པས་སྙིང་ཉེ་ལ༔ དྲེགས་པའི་ཚུལ་འཛིན་མྱུར་མགྱོགས་ཆེ༔ མ་འོངས་སྔགས་ཀྱི་རྣལ་འབྱོར་ཀུན༔ དམ་ཚིག་ཅན་གྱི་བསྲུང་མ་འདི༔ ཤ་ཁྲག་གཏོར་མ་སྐྱེམས་ཀྱིས་གསོལ༔ ཕྲིན་ལས་གང་བཅོལ་འགྲུབ་པར་འགྱུར༔ ས་མ་ཡཱ༔ གུ་ཧྱ༔ ཁ་ཐམ༔ ཅེས་རིག་འཛིན་གསང་སྔགས་གླིང་པས་གནས་ལུང་དཔལ་གྱི་རི་བོ་ནས་གདན་དྲངས་པའོ༎ དགེའོ༎

གཏེར་སྲུང་ཆེན་མོའི་བསྐུལ་བ།

ཕུར་པ་གསང་བ་སྤུ་གྲི་ལས༔ གཏེར་སྲུང་ཆེན་མོའི་བསྐུལ་བ་བཞུགས༔ ཕྲིན་ལས་ལྷ་ལ་ཕྱག་འཚལ་ལོ༔ དཀར་མོ་ཉི་ཟླའི་བསྐུལ་བ་ནི༔ དམར་གཏོར་ཆང་ཕུད་ཁྲག་སྐྱེམས་བཤམས༔ ལྷ་ཡི་ང་རྒྱལ་ཏིང་འཛིན་གྱིས༔ འགུགས་གཞུག་བྱས་ལ་རྟགས་ཐོན་དུས༔ ཡི་དམ་དགོངས་པའི་དྲག་ཤུལ་གྱིས༔ བྷྱོ༔ རྡོ་རྗེ་གཞོན་ནུའི་བཀའ་ཉན་པ༔ གཏེར་གྱི་སྲུང་མར་ཁས་བླངས་པའི༔ སྲིང་གཅིག་དཀར་མོ་ཉི་ཟླ་ནི༔ དཀར་དམར་ཁྲོ་གཏུམ་མེ་ལྟར་འབར༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ སྨ་ར་སྨིན་མ་མེ་འབར་ཞིང༔ གཡས་པས་རི་རབ་ཀླད་ལ་བསྐོར༔ གཡོན་པས་ཁྲག་གི་ཀོང་ཟོར་བསྣམས༔ གཅེར་བུ་ནུ་མ་བྷ་ག་རྒྱས༔ ཁྲག་གི་ཐིག་ལེས་ལུས་ལ་བརྒྱན༔ མཆན་ན་ནད་ཀྱི་རྐྱལ་པ་བཅུག༔ རྐང་ལག་སེན་མོ་སྤུ་གྲིས་གཏམས༔ དྲེད་མོ་ཁམ་ནག་ཞོན་ནས་རྒྱུག༔ ཁ་ནས་ངུ་འབོད་གད་རྒྱང་སྒྲོག༔ མདུན་དུ་བདུད་རྒྱལ་ཐོད་ཕྲེང་ནི༔ གཅེར་བུ་ཨམ་གཙིགས་ལག་གཉིས་ཀྱིས༔ ཐལ་རྡེབ་བྲང་རྡུང་དགྲ་ལ་རྒྱུག༔ དགྲ་བོའི་མིང་ནས་ལྷང་ལྷང་འབོད༔ གཞན་ཡང་གནོད་སྦྱིན་བདུད་མོ་བཞི༔ ཀུན་ཀྱང་གཅེར་བུ་རལ་བ་ཅན༔ ལག་ན་ཁྲག་ཟོར་གློ་སྙིང་ཐོགས༔ ནུ་མ་གཡས་པ་ཕྲག་ལ་བཀལ༔ སྦུབས་ནས་ཆུ་སེར་རྒྱུན་འབེབས་པས༔ ལྷ་ནད་སྟེང་གྲིབ་གཏོང་བར་བྱེད༔ གཡོན་པ་པུས་མོའི་སྟེང་སླེབ་ཅིང༔ ཁྲག་ཆུའི་རྒྱང་ག་མདའ་ལྟར་འཕེན༔ དགྲ་ལ་རིམས་ནད་དམར་ཡམ་གཏོང༔ ཁྲག་དང་སྣག་ཚའི་ཐིག་ལེ་བྱུགས༔ དགྲ་བོའི་ཁང་ཁྱིམ་མཐའ་བསྐོར་ཞིང༔ མིང་འབོད་སྒོ་བརྡུང་མལ་ནས་གནོན༔ ཕོ་ཉ་བསེ་ལྕགས་དུང་གསུམ་དང༔ ཆོ་འཕྲུལ་ལྟས་ངན་སྣ་དགུས་བསྐོར༔ བཀའ་ཡི་ཐ་ཚིག་དགོངས་མཛོད་ལ༔ སྐད་ཅིག་ཉིད་ལ་གཤེགས་སུ་གསོལ༔ དམ་ཉམས་དགྲ་བོ་ཆེ་གེ་མོས༔ སངས་རྒྱས་བསྟན་ལ་འཚེ་བྱུང་བས༔ བསྟན་དགྲ་སྒྲོལ་ཕྱིར་གཤེགས་སུ་གསོལ༔ སེམས་ཅན་བདེ་སྐྱིད་བཅོམ་འདུག་པས༔ སྤྱི་དགྲ་འདུལ་ཕྱིར་གཤེགས་སུ་གསོལ༔ བླ་མའི་སྐུ་ལ་དོ་བདོས་པས༔ སྐུ་དགྲ་གསོད་ཕྱིར་གཤེགས་སུ་གསོལ༔ ཁྱད་པར་རྣལ་འབྱོར་བདག་ཅག་གི༔ སྒོ་གསུམ་གང་གིས་མ་ཉེས་ཀྱང༔ བཙན་བཙུགས་ཀླང་འདེབས་གཉའ་ནོན་བྱེད༔ མི་བསད་ནོར་འཕྲོག་ཁྲིམས་ཀྱིས་མནར༔ སྐུར་འདེབས་ཡ་ག་ངན་མཚང་སྒྲོགས༔ མཐུ་གཏད་ངན་སྔགས་རྫས་སྦྱོར་བྱེད༔ དཀོན་མཆོག་གསུམ་པོ་མི་བདེན་ཟེར༔ རྣལ་འབྱོར་ང་ལ་ལྷ་མེད་ཅིང༔ ཆོས་སྐྱོང་ཁྱེད་རྣམས་བསྒྲུབ་པ་ལ༔ མཐུ་ནུས་གཏན་ནས་མེད་ཟེར་བས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབས༔ ཉེས་བྱེད་དམ་ཉམས་དགྲ་བོ་འདིས༔ སྨྲས་པ་བཞིན་དུ་མི་བདེན་པར༔ ཁྱོད་ལ་མཐུ་ནུས་ཡོད་སྲིད་ན༔ ཁྲག་སྐྱེམས་དམར་གཏོར་འདི་བཞེས་ལ༔ དོ་ནུབ་དགྲ་བོའི་སྲོག་རྩ་ཆོད༔ ལོ་ཟླར་འགྱང་ནས་ཤི་སྲིད་ཀྱང༔ དེ་དག་ཁྱོད་ཀྱི་མཐུ་ནུས་མིན༔ ཀུན་ཀྱང་མཐོང་བར་ཆོ་འཕྲུལ་སྟོན༔ ལྐོག་ནས་རྣམ་རྟོག་ཟོས་སྲིད་ཀྱང༔ ཁྱོད་མཐུ་ཡིན་པར་སུས་མི་བརྩི༔ སྟོང་ངམ་བརྒྱ་ལས་མི་ཉུང་བའི༔ མི་ཁྲོམ་འདུ་བ་ཆེན་པོའི་ནང༔ སྨྱོར་ཆུག་ཁོག་པའི་གསོབ་ཏུ་འཇུག༔ རྣལ་འབྱོར་ང་དང་ཁྱོད་གཉིས་ཀྱི༔ ནུས་མཐུ་ཡིན་ཞེས་སྐད་ཆེར་བོས༔ མིག་འབྲུལ་ལྟག་པར་སྐེ་གཅུས་ལ༔ ཁ་ཐེན་ལུས་འགུགས་སྙིང་འདོན་ཆུག༔ རང་གི་རྒྱུ་ནོར་གང་ཁྱེར་ལ༔ བདག་གི་ཁྲག་གིས་ཁ་བྱང་བྲིས༔ རྟ་དྲེལ་ནོར་ལུག་གང་ཁྱེར་ལ༔ ཕྱག་འཚལ་མི་གཏམ་བཤད་དུ་ཆུག༔ དགྲ་བོའི་མི་ནོར་རིགས་རྒྱུད་དང༔ གཉེན་འདུན་ཤག་པོ་གང་ཡང་རུང༔ མ་མོ་ཁྱོད་ཀྱི་དམག་རྒྱོབ་ལ༔ སྐྱེ་རྒྱུད་གཏན་ནས་གཅོད་པར་མཛོད༔ གཞན་ཡང་ཕྱོགས་བཞི་མཚམས་བརྒྱད་ནས༔ བདག་ལ་མཐུ་བྱེད་གཏད་འཇུག་པའི༔ བན་བོན་སྔགས་པ་གང་རུང་ལ༔ མཐུ་ནུས་ཚུར་བསྡིགས་ཕར་ལ་ཟློག༔ བྱད་མ་ལྷ་སྲུང་དང་བཅས་པ༔ ཡུད་ཙམ་མ་བཞག་རྡུལ་དུ་རློག༔ བདག་ཅག་རྣལ་འབྱོར་འཁོར་བཅས་ལ༔ གནོད་དང་གནོད་པར་རྩོམ་པ་ཀུན༔ ཆོ་འཕྲུལ་ཐོངས་ལ་སྐྲངས་སུ་ཆུག༔ དོན་སྙིང་དངོས་སུ་ཁྱེར་ལ་ཤོག༔ སྔགས་འཆང་བདག་གི་ཕྱག་ཏུ་སྤྲོད༔ དམར་གྱི་གཏོར་མ་འདི་བཞེས་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཆོ་འཕྲུལ་བཏང་བའི་སྔགས་ནི༔ ཨོཾ་སུརྱ་ཙནྟྲ་ཛྙཱ་ན་ཌཱཀྐི་ནི་ཛ་ཛ༔ དགྲ་བོའི་སྲོག་ལ་རྒྱུག་རྒྱུག༔ བཛྲ་ཤནྟིཾ་པདྨ་ཀུཔྟ་ཧཱུྃ་རེ་མ་ཏི་དགྲ་བོའི་སྲོག་ལ་ཛ་ཛ༔ ཐུམ་རི་ལི་ལི་རྦད་བྷྱོ༔ ཨོཾ་བཛྲ་ཤནྟིཾ་སུརྱ་ཙནྟྲ་རེ་མ་ཏི་རྒྱུག་སྲིང༔ མིང་ནས་བོས་རཱུ་པ་ལྷང་ལྷང་ཙེར་ཙེར༔ སྒོ་རྡུང་སྒོ་རྡུང༔ སྐྲ་འཐེན་ང་ཡི་ནོར་ཁྱེར་ལ་ཤོག༔ ཏིང་འཛིན་གསལ་ཞིང་སྔགས་བཟླས་པས༔ རང་ལ་ནང་རྟགས་བྱུང་བའི་ཚེ༔ དགྲ་ལ་ཆོ་འཕྲུལ་དངོས་སུ་འོང༔ ས་མ་ཡཱ༔ དེ་ནས་བསད་པའི་མན་ངག་ནི༔ དུག་ཤོག་ངོས་ལ་ལིང་ཀ་བྲི༔ མིང་རུས་གཟུགས་གསུམ་ཚང་བ་གནད༔ ཡི་དམ་ལྷར་སྣང་མ་བྲལ་བའི༔ བདེན་བརྗོད་འགུགས་གཞུག་རྟགས་ཐོན་བྱ༔ དང་པོ་འགུགས་པའི་སྔགས་འདིའོ༔ ཨོཾ་བཛྲ་ཤནྟིཾ་པདྨ་ཀུཔྟ་ཧཱུྃ་ཛ་ཛ༔ ཆེ་གེ་མོའི་རྣམ་པར་ཤེས་པ་ཨ་ཀརྴ་ཡ་ཛ༔ དུཿཀ་ལ་རྦད་ཛ༔ དགྲ་བོའི་སྲོག་ནྲི་ཁུག༔ དེ་ནས་རྦད་སྔགས་ནི༔ ཨོཾ་སུརྱ་ཙནྟྲ་ཐོད་ཕྲེང་ཀ་ལི་རེ་མ་ཏི་ཆེ་གེ་མོའི་སྲོག་ལ་རྦད་རྦད༔ དུཿཀ་ལ་ཨུ་ལ་ར་ཙ་ཨ་ཡ་མ་དུ་རུ་ཙ་ཤ་ན༔ སྲོག་སྙིང་ལིང་ཕྱུངས་རྦད༔ དུམ་བུར་རྦུད་ཐུམ་ཛ༔ དེ་ནས་བསད་སྔགས་ནི༔ ཨོཾ་མ་རཀྨོ་ཡཀྴ་ཀ་ལི་དགྲ་བོའི་སྲོག་ལ་རྦད་ཛ༔ རཱུ་པ་དུམ་བུ་དུམ་བུ༔ ཙིཏྟ་ལྗིབ་ལྗིབ༔ ཙཀྵུ་འབྲུལ་འབྲུལ༔ སྙིང་ཁྲག་གཏོར༔ སྲོག་ཆོད༔ དབུགས་ལོངས༔ གློ་སྙིང་ཁྲག་དམར་ཤ་ར་ར་ཁྱེར་ལ་ཤོག༔ ཅེས་པ་རྟགས་མ་བྱུང་བར་བཟླས༔ གྲུབ་པའི་རྟགས་ནི་དངོས་སུ་འཁོར༔ འགུགས་པའི་རྟགས་ནི་ལིང་ག་འགུལ༔ ཚག་སྒྲ་གྲགས་ཅིང་ཐུག་ཆོམ་འབྱུང༔ རྦད་རྟགས་ལིང་གས་རྩག་རྩག་ཟེར༔ དུག་དྲི་རུལ་དྲི་བྲོ་བར་འགྱུར༔ བསད་རྟགས་ཧོམ་ནང་ཁྲག་འབབ་ཅིང༔ གློ་སྙིང་གཏད་ཅིང་ཐོད་ཁྲག་འཐུང༔ དངོས་ཉམས་རྨི་ལམ་དག་ཏུ་འབྱུང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཤོག་སེར་ཕབ་པའི་ཡི་གེ་པ་ནི་ཐུབ་བསྟན་འཇམ་དབྱངས་དགྱེས་པས་བགྱིས་པའི་དགེ་བས་ཟབ་གཏེར་འདི་ཉིད་ཕྱོགས་ཀྱི་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག དགེའོ༎

ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ།

ཕུར་བ་གསང་བ་སྤུ་གྲི་ལས༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་བཞུགས༔ རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ གང་ཞིག་དཀྱིལ་འཁོར་འདིར་ཞུགས་ནས༔ ཚོགས་ཀྱི་འཁོར་ལོ་བསྐོར་འདོད་ན༔ ཞིང་ངམ་སྟག་གི་པགས་པའི་སྟེང༔ མཾ་ས་ལ་སོགས་བཟའ་བ་དང༔ ཨ་མྲྀ་ཏ་སོགས་བཏུང་བའི་རིགས༔ འདོད་ཡོན་ལོངས་སྤྱོད་སྐར་ལྟར་བཀྲམ༔ རྡོ་རྗེའི་རིག་མ་གར་བསྒྱུར་ཞིང༔ ཚོགས་ཀྱི་དགའ་སྟོན་སྤེལ་བར་བྱ༔ བདུད་རྩིས་བྲན་ལ་བྱིན་རླབས་ནི༔ ཧཱུྃ༔ ཡེ་ཤེས་རྡོ་རྗེའི་ཏིང་འཛིན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ མ་དག་དངོས་འཛིན་བསྲེག་གཏོར་བཀྲུས༔ མི་གཙང་དྲི་མ་དག་པར་གྱུར༔ རཾ་ཡཾ་ཁཾ༔ ལན་གསུམ༔ སླར་ཡང་དཀར་དམར་མཐིང་གསུམ་འོད༔ ཨོཾ་ཨཱ༔ཧཱུྃ་གི་རྣམ་པར་འཕྲོས༔ རོ་མཆོག་བརྒྱ་དང་ལྡན་པ་ཡི༔ ཟག་མེད་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱ༔ཧཱུྃ༔ ལན་གསུམ༔ སྤྱན་འདྲེན་ནི༔ ཧཱུྃ་ཧྲཱི༔ ཆོས་དབྱིངས་སྤྲོས་དང་བྲལ་བའི་ཕོ་བྲང་ནས༔ སྲིད་པ་ཕུར་བུ་རྡོ་རྗེ་གཞོན་ནུའི་སྐུ༔ ཡབ་ཡུམ་སྤྲུལ་པ་བཀའ་ཡི་བསྲུང་མར་བཅས༔ སྔོན་གྱི་ཞལ་བཞེས་ཐུགས་དམ་ཇི་བཞིན་དུ༔ སྣང་སྲིད་ཕུར་བར་གསལ་བའི་གཞལ་ཡས་འདིར༔ ཡེ་ཤེས་སྒྱུ་མར་རོལ་ཞིང་གཤེགས་སུ་གསོལ༔ རྡོ་རྗེའི་སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ བཟའ་བཏུང་ཚོགས་རྫས་རྣམས་ལ་བཅུད་ཅིག་སྩོལ༔ སྣང་གསལ་མར་མེ་འདི་ལ་མདང་ཅིག་ཕྱུང༔ བདག་ལ་དབང་བསྐུར་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་ཛྙཱ་ན་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡཱ་ཧྲིང་ཧྲིང་ཕེམ་ཛ༔ དེ་ནས་ཚོགས་ཕུད་རིམ་པ་གསུམ་དུ་སྤྲོས་ལ༔ ཧཱུྃ༔ ཚེ་རབས་སྐྱེ་བ་སྔོན་ནས་འབྲེལ་བའི་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལ༔ འདོད་ཡོན་ལྔ་ལྡན་གྷ་ནའི་མཆོད་པ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་མ་ཧཱ་གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བཤགས་པ་ནི༔ ཧོ༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ལ༔ བདག་ཅག་མི་ཤེས་སྒོ་གསུམ་རྨོངས་པའི་ལས༔ ཉམས་ཆགས་མང་པོའི་ཚོགས་རྣམས་ཅི་མཆིས་པ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པས་བཤགས་པར་བགྱི༔ སརྦ་ས་མ་ཡཱ་ཤུདྡྷེ་ཨཱ༔ ཡི་གེ་བརྒྱ་པ་བཟླ༔ ཚོགས་ཀྱི་བསྒྲལ་ལས་ནི༔ རྫས་ལ་འགུགས་བསྟིམ་བྱ་ཞིང༔ ཧཱུྃ༔ ང་ནི་དཔལ་ཆེན་ཆེ་མཆོག་ཀཱི་ལ་ཡ༔ ཁྲོ་གཏུམ་རྔམས་པ་མི་བཟད་འབར་བའི་སྐུ༔ ཕྱག་གཉིས་རི་རབ་ཕུར་བུ་འདྲིལ་ཞིང་འདེབས༔ དགྲ་བགེགས་བྱད་མའི་སྙིང་ཀར་ཀཱི་ལ་ཡ༔ དབང་པོ་རླུང་སེམས་དྭངས་མའི་ཐིག་ལེ་བཅས༔ གསལ་བའི་མར་མེ་རླུང་གིས་བསད་བཞིན་ཐོངས༔ རྣམ་ཤེས་དཔལ་ཆེན་ཐུགས་ཀྱི་སྲས་སུ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ནྲྀ་ཏྲི་ཤ་ཏྲུཾ་ཧུར་ཐུཾ་མ་ར་རྦད༔ ཞེས་ཕུར་བུ་གདབ་ཅིང་མཚོན་གྱིས་གཏུབ་ལ་བསྟབ་པ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་བཅས་རྣམས༔ ཞལ་གདངས་ལྗགས་རྐྱོངས་རྔམས་པའི་མཆེ་གཙིགས་ལ༔ དགྲ་བགེགས་བྱད་མ་བསྒྲལ་བའི་ཤ་ཁྲག་རུས༔ རིགས་རྒྱུད་ནོར་རྫས་ཙམ་ཡང་མ་ལུས་པར༔ ཞལ་ཏུ་བསྟབ་བོ་དྲག་ཏུ་རྔམས་ཟས་མཛོད༔ དུག་ལྔའི་སྐྱེ་རྒྱུད་བརླག་པའི་ཕྲིན་ལས་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁ་རཾ་ཁཱ་ཧི༔ ཞེས་བསྟབ་ལ་ཚོགས་རྫས་དངོས་གྲུབ་ཏུ་རོལ་བ་ནི༔ ཧོ༔ དམ་ཚིག་ཆེན་པོའི་ལོངས་སྤྱོད་རྫས༔ གཟུང་འཛིན་མཚན་མའི་སྐྱོན་དང་བྲལ༔ བྱིན་རླབས་དངོས་གྲུབ་ཡིད་བཞིན་ཟས༔ ཐུགས་རྗེས་དགོངས་ཏེ་དགྱེས་པར་རོལ༔ ཞེས་ལས་རྡོར་གྱིས་ཞུས་པའི་ལན་དུ་སློབ་དཔོན་གྱིས༔ ཧོ༔ རོ་དང་བཅུད་ལྡན་ལོངས་སྤྱོད་ལ༔ བླ་མ་དཀྱིལ་འཁོར་ལྷ་དང་བཅས༔ དགྱེས་པ་ཆེན་པོའི་ངང་ཚུལ་གྱིས༔ དངོས་གྲུབ་དབྱིག་ཏུ་རོལ་བར་བྱ༔ ཨ་ལ་ལ་ཧོ༔ དེ་ནས་ལྷག་མར་ཁ་ཆུ་བྲན་ལ༔ བཤུགས་པ་རྐང་གླིང་རོལ་མོར་བཅས༔ ཧཱུྃ༔ སྔོན་ཚེ་རིག་འཛིན་པདྨ་འབྱུང་གནས་ཀྱིས༔ དཀྱིལ་འཁོར་གྲལ་བཞག་ལྷག་མའི་ཞལ་ཆབ་བྱིན༔ དབང་རྟགས་ཅོད་པན་བཏགས་ཤིང་དམ་ཆུ་བླུད༔ ལྷག་བསྡུད་དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང༔ ཀེའུ་སེང་དམ་ཅན་བསྲུང་མའི་ཚོགས་རྣམས་ཀུན༔ ལོངས་སྤྱོད་གྷ་ནའི་ལྷག་མ་འདི་ལོངས་ལ༔ རྒྱལ་བའི་བསྟན་དང་འཇིག་རྟེན་སྐྱོང་བ་དང༔ རྣལ་འབྱོར་བདག་གི་ཕྱི་ནང་བར་ཆད་སོལ༔ འཁོར་སྲུང་རྐྱེན་བཟློག་དགྲ་སོད་ལོག་འདྲེན་ཐུལ༔ བོད་ཁམས་མཐའ་དམག་འགོང་པོའི་སོ་ཁ་སྲུང༔ བཅོལ་པའི་ཕྲིན་ལས་ཡིད་བཞིན་འགྲུབ་པར་མཛོད༔ ཅེས་ལྷག་གཏོར་གཙང་སར་གཤེགས༔ དེ་ནས་ཆད་མདོ་ནི༔ གཏོར་མ་སྨན་རཀ་གིས་བྲན་ལ་བསྐུལ་བ་སོགས་ཟུར་དུ་ཤེས༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་པའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ ཕུང་བྱེད་ལོག་འདྲེན་རུ་དྲ་བཏུལ་བའི་ཚེ༔ ཀཽ་རི་མ་བརྒྱད་སེང་ཧ་ཕྲ་མེན་བརྒྱད༔ དབང་ཕྱུག་ཉེར་བརྒྱད་དྲེགས་པ་ཆེ་དགུ་ཡིས༔ སོ་སོའི་གཟུགས་བསྟན་རང་རྟགས་སྲོག་སྙིང་ཕུལ༔ ཐ་ཚིག་གཏོར་མ་ལེན་པར་མ་ཆད་དམ༔ ཁས་བླངས་དམ་ཚིག་བསྲུང་བར་མ་ཆད་དམ༔ རྣལ་འབྱོར་བུ་བཞིན་སྐྱོང་བར་མ་ཆད་དམ༔ གདུག་པའི་དགྲ་བགེགས་སྒྲོལ་བར་མ་ཆད་དམ༔ དམ་རྫས་བཀའ་ཡི་གཏོར་མ་འདི་ལོངས་ལ༔ བདག་གི་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བར་གྱི་བསྐལ་པ་དབུས་མ་ལ༔ བསྐལ་པ་མེ་ལྟར་འབར་བའི་གཞལ་ཡས་ནས༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡིས༔ སྲིད་པའི་དྲེགས་པ་ཆེ་དགུ་དབང་བསྡུས་ནས༔ རྡོ་རྗེའི་བཀའ་དང་དམ་ལ་བཏགས་པའི་ཚེ༔ དུར་ཁྲོད་རོ་ཟ་སུམ་ཅུ་རྩ་གཉིས་དང༔ འགོང་པོ་ཐེའུ་རིང་དམ་སྲི་སྤུན་དགུ་བཅས༔ ཧེ་རུ་ཀ་ཡི་དགོངས་པས་ཟིལ་འོག་བཅུག༔ དམ་ལ་བཏག་ཅིང་སྲོག་སྙིང་གཏའ་རུ་བཟུང༔ དེ་ཚེ་ཕུར་སྲུང་དམ་ཅན་མ་ལུས་པས༔ སོ་སོའི་གཟུགས་བསྟན༴སོགས། འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་བསྐལ་པ་ཐ་མ་བོད་ཀྱི་ཡུལ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ རིག་འཛིན་མཁར་ཆེན་དཔལ་གྱི་དབང་ཕྱུག་དང༔ ཐུགས་ཀྱི་གཟུངས་མ་ཡེ་ཤེས་མཚོ་རྒྱལ་ལ༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ དབང་གིས་སྨིན་ཅིང་གདམས་པས་རྒྱུད་དཀྲོལ་ཚེ༔ ཕུར་བསྲུང་བཅུ་གཉིས་ཉི་ཟླ་ཐོད་ཕྲེང་དང༔ བསེ་ལྕགས་དུང་གི་སྐྱེས་བུ་ལ་སོགས་པའི༔ ཕུར་པའི་བཀའ་གཏེར་བསྲུང་མ་ཐམས་ཅད་ཀྱིས༔ སོ་སོའི་གཟུགས་བསྟན༴སོགས། འགྲུབ་པར་མཛོད༔ ཧཱུྃ་བྷྱོ༔ དེ་འོག་ལྔ་བརྒྱ་ཐ་མ་སྙིགས་མའི་དུས༔ བྱིན་རླབས་སྒྲུབ་གནས་གཏེར་གྱི་ཕོ་བྲང་དུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ གནས་ཡུལ་མ་སྲིང་མཁའ་འགྲོའི་ཚོགས་རྣམས་ཀྱིས༔ རིག་འཛིན་ཆོས་དབང་གསང་སྔགས་གླིང་པ་ལ༔ ལུང་བསྟན་དབུགས་དབྱུང་གཏེར་སྒོ་འབྱེད་པའི་ཚེ༔ ཕུར་བསྲུང་དམ་ཅན་དྲེགས་པ་སྡེ་བརྒྱད་ཀྱིས༔ སོ་སོའི་གཟུགས་བསྟན༴སོགས། འགྲུབ་པར་མཛོད༔ བསྟན་མ་སྐྱོང་བ་ནི༔ གཏོར་མར་བདུད་རྩི་བྲན་ལ༔ ཧཱུྃ༔ བལ་ཡུལ་ཨ་སུ་ར་ཡི་བྲག་ཕུག་ཏུ༔ རིག་འཛིན་བདུད་འདུལ་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་ལ་བཞག་པའི་གཡར་དམ་ཅན༔ སྲིད་པའི་རྟེན་འབྲེལ་བཅུ་གཉིས་བསྟན་མའི་ཚོགས༔ འདིར་གཤེགས་དམ་རྫས་བརྒྱན་པའི་གཏོར་མ་ལོངས༔ བོད་ཡུལ་མཐའ་མི་འགོང་པོའི་རྒྱུ་འགྲུལ་ཆོད༔ མུ་སྟེགས་ངན་སྦྱོར་ཅན་གྱི་ནུས་པ་ཆོམས༔ ལོག་འདྲེན་དགྲ་དང་བགེགས་ཀྱི་སྙིང་ཁྲག་འཐུང༔ རྣལ་འབྱོར་བདག་གི་གང་བཅོལ་ཕྲིན་ལས་མཛོད༔ དགོན་གནས་བསྟན་པ་འཛིན་པའི་སྡེ་ཀུན་སྐྱོངས༔ རྒྱལ་ཁམས་ཡུལ་ཕྱོགས་ཀུན་ཏུ་དགེ་ལེགས་སྩོལ༔ རྣལ་འབྱོར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བཛྲ་ཌཱཀྐི་ནི་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ གཏོར་གཞོང་ཁ་སྦུབ་ཅིང་འགུགས་གཞུགས་བྱས་ལ༔ ཧཱུྃ༔ སྣང་སྲིད་ཕུར་པའི་ཕོ་བྲང་འོག༔ ལོག་པར་འདྲེནཔ་ཐམས་ཅད་བཀུགས༔ རྡོ་རྗེ་གཞོན་ནུའི་བྲོ་བརྡུང་བས༔ ཕུང་བྱེད་དམ་སྲིའི་སྡེ་ཚོགས་ཀུན༔ སྲན་ཕུང་གཏུན་གྱིས་བཅོམ་པ་བཞིན༔ མིང་མེད་རྡུལ་དུ་བརླག་པར་འགྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨོཾ་ལཾ་ཨཱ་ལཾ་ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན་ནན༔ རྗེས་ལ་མཆོད་བསྟོད་བྱ༔ ༼༧ ཧཱུྃ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ བླ་མེད་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ ནམ་མཁའ་མཛོད་ཀྱི་འཁོར་ལོར་འབུལ༔ བཞེས་ནས་དངོས་གྲུབ་མ་ལུས་སྩོལ༔ བཛྲ་པུཥྤེ༴སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སྙིང་རྗེའི་ཀློང་ལས་དྲག་པོའི་སྐུར་བཞེངས་ཏེ༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་མཛད་པའི༔ ཕུར་པ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་སམ་ཡང་ན། ཧཱུྃ༔ ཆོས་ཉིད་ཞི་བའི་ངང་ཉིད་ལས༔ ཐབས་དང་སྙིང་རྗེའི་གཞན་དབང་གིས༔ གང་འདུལ་འབར་བའི་སྐུར་བཞེངས་པ༔ སྲིད་པ་ཕུར་བུའི་ཚོགས་ལ་བསྟོད༔༽དངོས་གྲུབ་བླང་བ་ནི༔ ཧོ༔ ཚེ་རབས་སྐྱེ་བ་སྔོན་ནས་འབྲེལ་བའི་ལྷ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བདག་བསྒྲུབ་ནས༔ བསྙེན་བསྒྲུབ་མཐར་ཕྱིན་རྟགས་དང་མཚན་མ་རྫོགས༔ ད་ནི་དངོས་གྲུབ་སྩོལ་བའི་དུས་ལ་བབས༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཆེའི༔ མཆོག་དང་ཐུན་མོང་དངོས་གྲུབ་སྣ་ཚོགས་པ༔ ད་ལྟ་ཉིད་དུ་བདག་ལ་ཆར་ལྟར་ཕོབ༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་དངོས་གྲུབ་སྩོལ༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དངོས་གྲུབ་སྩོལ༔ ཡིད་ལ་གང་བསམ་འགྲུབ་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཾ་བཾ་ཧཱུྃ་ཕཊ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཀྐ་སིདྡྷ་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ༔ སརྦ་སིདྡྷི་ཧྲཱི༔ ནོངས་བཤགས་ནི༔ ཧོ༔ ཕུར་པའི་དཀྱིལ་འཁོར་འདིར་ཞུགས་ནས༔ ཏིང་འཛིན་མ་གསལ་སྔགས་བཟླས་ཉུང༔ ཆོ་ག་ནོར་འཁྲུལ་རྫས་མ་ཚང༔ ནོངས་པའི་ཚོགས་ཀུན་མཐོལ་ལོ་བཤགས༔ ཨོཾ་ཤྲཱི་བཛྲ་ཀུ་མ་ར་ཤུདྡྷེ་ཨ༔ ཡི་གེ་བརྒྱ་པ་བཟླས༔ རྫོགས་རིམ་ནི༔ ཨཱ༔ སྣང་སྲིད་ཐམས་ཅད་སེམས་ཀྱི་རྩལ༔ སྣོད་བཅུད་འོད་ཞུ་རང་ལ་ཐིམ༔ ལྷ་སྐུ་ཐུགས་སྲོག་ནཱ་དའི་བར༔ འོད་ཡལ་འོད་གསལ་ཀློང་དུ་བཞག༔ སླར་ཡང་ཆུ་ལས་ཉ་འཕར་བཞིན༔ དྲན་རྫོགས་རྡོ་རྗེའི་ལྷ་སྐུར་ལྡང༔ བསྔོ་སྨོན་ནི༔ ན་མོ་བདག་གིས་དུས་གསུམ་ཚོགས་གཉིས་ཅི་བསགས་པ༔ མ་ལུས་མཁའ་མཉམ་འགྲོ་བའི་དོན་དུ་བསྔོ༔ མཁའ་ཁྱབ་སེམས་ཅན་གཅིག་ཀྱང་མ་ལུས་པ༔ རྡོ་རྗེ་གཞོན་ནུའི་གོ་འཕང་མྱུར་ཐོབ་ཤོག༔ བཀྲ་ཤིས་ནི༔ ཧཱུྃ༔ དགོངས་བརྡ་སྙན་བརྒྱུད་རིག་འཛིན་བླ་མ་དང༔ རྒྱུད་སྡེ་བཞི་དང་ཐེག་པ་རིམ་དགུའི་ལྷ༔ ཁྱད་པར་ཕྲིན་ལས་ཕུར་བ་ལས་ཀྱི་རིགས༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཀྲ་ཤིས་ཤོག༔ ཞི་དང་རྒྱས་པ་དབང་དང་དྲག་པོ་ཡི༔ ཕྲིན་ལས་བཞི་ཡིས་གང་འདུལ་ཐབས་དང་ལྡན༔ ཞི་ལས་མ་གཡོས་སྙིང་རྗེས་ཁྲོས་པའི་གར༔ སྲས་མཆོག་ཀཱི་ལ་རིགས་བཞིའི་བཀྲ་ཤིས་ཤོག༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་གནས་མཆོག་ནས༔ ཕྱོགས་སྐྱོང་དྲེགས་པའི་སྡེ་ཚོགས་ཐབས་ཀྱིས་འདུལ༔ མི་བཟད་རྔམས་པའི་ཁྲོ་རྒྱལ་ཡབ་དང་ཡུམ༔ ཁྲོ་བཅུ་ཡབ་ཡུམ་རྣམས་ཀྱི་བཀྲ་ཤིས་ཤོག༔ གཞན་ཡང་ཀེའུ་སེང་ཁྲ་ཐབས་སྒོ་སྐྱོང་དང་༔ ཕུར་བསྲུང་བཅུ་གཉིས་བསེ་ལྕགས་དུང་ལ་སོགས༔ རྡོ་རྗེ་གཞོན་ནུའི་བཀའ་ཉན་ལས་བྱེད་མཁན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ཨེ་མ་དཔལ་གྱི་དབང་ཕྱུག་དང༔ ཡེ་ཤེས་མཚོ་རྒྱལ་མཆེད་གཉིས་ལ༔ ཕུར་བའི་སྒྲུབ་ཐབས་གྲངས་མང་ཡང༔ དབང་པོའི་ནང་ན་སྙིང་ལྟ་བུ༔ ཡང་ཟབ་གསང་བ་སྤུ་གྲི་འདི༔ ཨོ་རྒྱན་ང་ཡི་ཐུགས་དམ་ཡིན༔ གཏད་དོ་གཉེར་རོ་བཙའ་ཤེས་ཀྱིས༔ ད་ལྟ་རང་རང་ཉམས་ལེན་གྱིས༔ རྒྱ་ཆེར་སྤེལ་བའི་གནས་མེད་ཀྱིས༔ ཤར་ཕྱོགས་རྒྱལ་མོ་རོང་གི་དབུས༔ རྡོ་རྗེ་ཕུར་བའི་སྒྲུབ་གནས་ཆེ༔ སེང་གེའི་གཡུ་རལ་འདྲ་བ་ཡི༔ གྲུ་འཛིན་རི་ཡི་ལྟོ་བར་སྦོས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ མཆེད་ལྕམ་ཁྱེད་གཉིས་ཟུང་འཇུག་གི༔ སྤྲུལ་པའི་སྐྱེས་བུ་གཅིག་གིས་འབྱིན༔ འགྲོ་དོན་རླབས་ཆེན་འབྱུང་བར་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་ཁམས་དབུས་གཙང་གསུམ་གྱི་མཁས་གྲུབ་ཉི་ཟླ་ལྟ་བུ་སུས་ཀྱང་འགྲན་ཟླ་དང་བྲལ་བའི་རྩོད་བྲལ་དུས་བབས་ཀྱི་གཏེར་སྟོན་ཆེན་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིང་འདྲའི་ལྟོ་བ་ནས་གདན་དྲངས་པའོ།།

བསྐུལ་བསྡུས།

བྷྱོ་ཛ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཡི་ཚོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་ཐམས་ཅད་ཀུན༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང་༔ ཐབས་ཀྱིས་ལོག་འདྲེན་འདུལ་ཕྱིར་སྐུར་བཞེངས་ཤིག༔ སྐུ་ཡི་རྩལ་ཕྱུངས་ནུས་པའི་སྟོབས་བསྐྱེད་ལ༔ བསྟན་པ་སྤྱི་ལ་གནོད་པའི་དམ་སྲིའི་རིགས༔ སེམས་ཅན་ཡོངས་ལ་འཚེ་བ་བསྒྲལ་བའི་ཞིང༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་དང་བགེགས༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ མངོན་སྤྱོད་དྲག་པོས་ཐལ་བ་རྡུལ་དུ་རློག༔ ཐུགས་དམ་མ་གཡེལ་ཕྲིན་ལས་ཕུར་པའི་ལྷ༔ མ་ནོར་མ་ནོར་ལོག་འདྲེན་དགྲ་དང་བགེགས༔ ཁུག་ཅིག་སྒྲོལ་ཞིག་ཕུར་པའི་བཀའ་སྲུང་རྣམས༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ཡིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གསང་སྔགས་གླིང་པས་སོ།།

བསྐང་བཤགས་དྭངས་གསལ་མེ་ལོང་།

ཕུར་པ་གསང་བ་སྤུ་གྲི་ལས༔ བསྐང་བཤགས་དྭངས་གསལ་མེ་ལོང་བཞུགས༔

རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཐུགས་དམ་བསྐང་བའི་ལས་རིམ་ནི༔ ཡིད་དང་མཐུན་པའི་དབེན་གནས་སུ༔ སྒྲུབ་པའི་དཀྱིལ་འཁོར་གཞུང་ལྟར་བྲི༔ ཕྱི་ནང་གསང་བའི་མཆོད་པའི་ཚོགས༔ བསྐང་རྫས་སྤྱན་གཟིགས་སྐར་ལྟར་བཀྲམ༔ ཁྱད་པར་ཚོགས་དང་མར་མེ་སྤོས༔ གཞུང་དུ་བཤད་པའི་བསྐང་རྫས་བཤམས༔ བཀའ་གཏེར་བསྲུང་མའི་མཆོད་ཚོགས་བཀྲམས༔ རྟེན་རྫས་ཡོ་བྱད་འདུ་བྱས་ལ༔ རྣལ་འབྱོར་བདེ་བའི་སྟན་ལ་འདུག༔ གདུང་དབྱངས་རོལ་མོ་དང་བཅས་ཏེ༔ ཧཱུྃ་ཧྲཱི༔ རྨད་བྱུང་གསང་ཆེན་རོལ་པའི་དཀྱིལ་འཁོར་འདིར༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ སྒོ་གསུམ་དད་དང་ཏིང་འཛིན་རྩེ་གཅིག་པས༔ སྲིད་པ་ཕུར་བའི་ལྷ་ཚོགས་བདག་སྒྲུབ་ན༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གིས་ནི༔ རྣལ་འབྱོར་སྒྲུབ་པ་པོ་ལ་བརྩེར་དགོངས་ནས༔ ཐུགས་དམ་བསྐང་བའི་གནས་འདིར་གཤེགས་སུ་གསོལ༔ པདྨ་ཉི་ཟླ་རུ་དྲའི་གདན་ལ་བཞུགས༔ ལྟ་བའི་རང་ཞལ་མཇལ་བས་བརྡ་ཕྱག་འཚལ༔ ཡུལ་དང་དབང་པོ་ཟུང་འཇུག་བདེ་བས་མཆོད༔ འགགས་མེད་མི་ཤིགས་ནཱ་དའི་དབྱངས་ཀྱིས་བསྟོད༔ བཛྲ་ཨརྒྷཾ༴སོགས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ མ་ཧཱ་པཉྩ་རཀྟ་བཱ་ལིང་ཏ་ཁཱ་ཧི༔ ཨེ་ཝཾ་གུ་ཧྱ་མ་ཧཱ་སུ་ཁ་པཱུ་ཛ་ཧོ༔ བསྐང་བ་དངོས་ནི༔ ཧཱུྃ་ཧྲཱི༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི༔ གསང་བ་གསུམ་གྱི་ཐུགས་དམ་བསྐང་བ་ནི༔ མེ་ཏོག་བདུག་སྤོས་མར་མེ་དྲི་ཞལ་ཟས༔ དབྱངས་བདུན་ལྡན་པའི་རོལ་མོས་ཐུགས་དམ་བསྐང༔ དབང་པོའི་མེ་ཏོག་ཚིལ་ཆེན་སྤོས་ཀྱི་སྤྲིན༔ ཚིལ་ཆེན་སྣང་གསལ་མཁྲིས་པའི་དྲི་ཆབ་དང༔ ཤ་རུས་ཞལ་ཟས་ཐོད་རྔའི་རྐང་གླིང་སོགས༔ ནང་གི་དམ་རྫས་དྲག་པོའི་མཆོད་པས་བསྐང༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ དུག་གསུམ་བསྒྲལ་བའི་རཀྟ་རྦ་ཀློང་འཁྲུགས༔ སྣང་སྲིད་རྣམ་དག་དཔལ་གྱི་གཏོར་མས་གཏམས༔ ཁྱད་པར་རྨད་དུ་བྱུང་བའི་རྫས་ཀྱིས་བསྐང༔ ཕྱི་ལྟར་སྟོང་ཉིད་སྙིང་རྗེ་ཟུང་འཇུག་དང༔ ནང་ལྟར་བདག་དང་བདག་མེད་རོ་མཉམ་པ༔ གསང་བ་ཐབས་དང་ཤེས་རབ་རོལ་བ་ཆེ༔ རྨད་བྱུང་གསང་བ་སྦྱོར་བའི་མཆོད་པས་བསྐང༔ ཕྱི་ཡུལ་མ་རྟོག་འཁྲུལ་ཞིང་བཟུང་བའི་དགྲ༔ ནང་གི་སྣང་བ་གཉིས་སུ་འཛིན་པའི་བགེགས༔ དུག་ལྔའི་རྟོག་པ་ཡེ་ཤེས་ལྔའི་དབྱིངས་སུ༔ ཐབས་དང་ཤེས་རབ་སྒྲོལ་བའི་མཆོད་པས་བསྐང༔ སྣང་སྟོང་ལྷ་སྐུའི་ཕྱག་རྒྱ་ཆུ་ཟླའི་གར༔ རིག་སྟོང་དབྱེར་མེད་མངོན་སུམ་གསལ་བ་དང༔ མཚན་མར་འཛིན་པའི་རྟོག་པ་རྣམ་པར་དག༔ རྗེས་སུ་མི་གཡོ་བརྟན་པའི་གདེངས་ཐོབ་པ༔ དྲན་རྫོགས་བསྐྱེད་རིམ་གོམས་པས་ཐུགས་དམ་བསྐང༔ སྲོག་སྔགས་བཟླས་པ་མི་ཤིགས་ནཱ་དའི་དབྱིངས༔ ཆད་ལྷག་གྲྭ་ཟུར་ཉམས་པའི་སྐྱོན་བྲལ་ཞིང༔ སྣང་ཡུལ་སྒྲ་ཀུན་སྔགས་ཀྱི་རྣམ་པར་གྲོལ༔ གཞོམ་མེད་རླུང་སྔགས་ནཱ་དའི་དབྱངས་ཀྱིས་བསྐང༔ སྣང་སྲིད་འཁོར་འདས་བསྡུས་པའི་ཆོས་རྣམས་ཀུན༔ ཆུ་ཟླ་བཞིན་དུ་རང་བཞིན་མེད་པར་སྟོང༔ མཚན་མའི་བློ་ཡིས་ཐ་གྲུ་གཞལ་དཀའ་བའི༔ ངང་དུ་གནས་པ་རྫོགས་རིམ་གཤིས་ཀྱིས་བསྐང༔ གཞི་ཡི་ངོ་བོ་མི་འགྱུར་སྤྲོས་དང་བྲལ༔ ལམ་གྱི་ངོ་བོ་རྟོགས་པའི་གདེང་རྩལ་རྫོགས༔ འབྲས་བུ་ངོ་བོ་ཆོས་ཀུན་རང་གི་སེམས༔ ཏིང་འཛིན་རྩལ་གསུམ་རྫོགས་པས་ཐུགས་དམ་བསྐང༔ ལྟ་བ་ཕྱག་རྒྱ་ཆེན་པོ་བློ་ལས་འདས༔ སྒོམ་པ་ཡེངས་མེད་སྣང་ཚད་སྒྱུ་མར་འབྱོངས༔ སྤྱོད་པ་མ་བཅོས་རྫོགས་ཆེན་སྒྱུ་མའི་གར༔ གྲུབ་པ་གསུམ་ལ་རང་དབང་འབྱོར་བས་བསྐང༔ སྣང་ལ་འཛིན་མེད་རང་བཞིན་མེད་པར་སྟོང༔ དེ་ཡང་གཅིག་ཏུ་མ་འདྲེས་ངང་གིས་སྣང༔ གཉིས་ཀ་རོ་མཉམ་བརྗོད་མེད་བསམ་གཏན་ངང༔ རོ་གཅིག་རྟོགས་པ་ཕྱག་རྒྱ་ཆེན་པོས་བསྐང༔ ཧཱུྃ་ཧྲཱི༔ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ གསལ་དག་བརྟན་གསུམ་ལྡན་པའི་ཏིང་འཛིན་གྱིས༔ སྣང་བའི་ཡུལ་ཀུན་དུར་ཁྲོད་གཞལ་མེད་ཁང༔ སྲིད་པའི་གནས་རིགས་རྡོ་རྗེ་ཕུར་པའི་ལྷར༔ གསལ་བ་སྣང་སྲིད་གཞིར་བཞེངས་ཆེན་པོས་བསྐང༔ རང་བྱུང་རིག་པ་རྡོ་རྗེ་གཞོན་ནུའི་སྐུ༔ རྩལ་ལས་བསྐྱེད་པ་འཁོར་ལོ་རྒྱས་འདེབས་ཡུམ༔ གཉིས་མེད་ཐབས་དང་ཤེས་རབ་རོལ་བ་ཆེ༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་ཐུགས་དམ་བསྐང༔ སྟོང་ཉིད་སྙིང་རྗེ་ཐབས་ཤེས་རོལ་པ་ལས༔ ཞི་རྒྱས་དབང་དང་དྲག་པོའི་ལས་མཛད་ཅིང༔ གང་འདུལ་ཐབས་ཀྱིས་ལོག་འདྲེན་གདུག་པ་འདུལ༔ སྲས་མཆོག་ཀཱི་ལ་རིགས་བཞིའི་ཐུགས་དམ་བསྐང༔ ཡུལ་དང་སྣང་བ་དབྱིངས་དང་རིག་པ་བཞིའི༔ རྩལ་ལས་ཤར་བ་ལས་བཞིའི་མངའ་བདག་ཆེ༔ རྒྱལ་ཀུན་དགྱེས་བསྐྱེད་བདེ་ཆེན་དབང་ཕྱུག་མ༔ ཀྲོ་དྷི་ཤྭ་རི་ཡུམ་བཞིའི་ཐུགས་དམ་བསྐང༔ རྣམ་ཤེས་ཚོགས་བརྒྱད་ཁམས་དང་དབང་པོ་བཅུ༔ གནས་དག་མི་དགེ་བཅུ་པོ་ཚར་གཅོད་ཅིང༔ ཕྱོགས་བཅུའི་དྲེགས་པ་རུ་ཏྲ་འཇོམས་པའི་གཤེད༔ ཁྲོ་བཅུ་ཡབ་ཡུམ་རྣམས་ཀྱི་ཐུགས་དམ་བསྐང༔ རྣམ་ཐར་བརྒྱད་ལྡན་ཡུལ་བརྒྱད་མ་སྤང་དག༔ ཀཽ་རི་མ་བརྒྱད་སེང་ཧ་ཕྲ་མེན་བརྒྱད༔ དཔལ་གྱི་བཀའ་ཉན་ཅི་བཅོལ་ལས་སྒྲུབ་པའི༔ ལས་བྱེད་མཁའ་འགྲོ་རྣམས་ཀྱི་ཐུགས་དམ་བསྐང༔ ཁམས་བརྒྱད་ཉེ་ཉོན་ཉི་ཤུ་ཉེར་བརྒྱད་དེ༔ གནས་སུ་དག་ཅིང་ཡེ་ཤེས་དབྱིངས་ཀྱི་རྩལ༔ དཀྱིལ་འཁོར་ཆེན་པོའི་མུ་རན་ཁོར་ཡུག་སྐྱོང༔ དབང་མོ་ཉི་ཤུ་རྩ་བརྒྱད་ཐུགས་དམ་བསྐང༔ གཟུང་འཛིན་རྩ་བ་ཉོན་མོངས་སོ་གཉིས་དག༔ ཡང་དག་མ་འདྲེས་བཅོ་བརྒྱད་དོན་དང་ལྡན༔ ཕྱི་ནང་བར་ཆད་བསྲུང་བའི་ལས་མཛད་པ༔ མཁའ་འགྲོ་སོ་གཉིས་གིང་གི་ཐུགས་དམ་བསྐང༔ ཁམས་ལྔ་དབང་ལྔ་ཡུལ་ལྔ་དུག་ལྔ་རྣམས༔ གནས་སུ་དག་པ་དཔལ་གྱི་སྤྲུལ་པའི་ཚོགས༔ ཕྱོགས་བཅུའི་ལོག་འདྲེན་བགེགས་རྣམས་འདུལ་མཛད་པའི༔ བཀའ་འཁོར་ཁྲ་ཐབས་ཉི་ཤུའི་ཐུགས་དམ་བསྐང༔ བྱམས་དང་སྙིང་རྗེ་དགའ་དང་བཏང་སྙོམ་བཞིའི༔ རྩལ་ལས་ཤར་ཞིང་ཕྱོགས་བཞིའི་གཞལ་ཡས་བསྲུང༔ ཞི་རྒྱས་དབང་དང་དྲག་པོའི་ལས་མཛད་པའི༔ ཕྲིན་ལས་སྒོ་མ་བཞི་ཡི་ཐུགས་དམ་བསྐང༔ མི་དགེ་བཅུ་དང་གཟུང་དང་འཛིན་པ་གཉིས༔ རྣམ་པར་དག་ཅིང་ཡེ་ཤེས་དབྱིངས་ཀྱི་རྩལ༔ བཀའ་དང་དམ་ཚིག་གཉན་པོའི་བྱ་ར་བ༔ ཕུར་བསྲུང་དམ་ཅན་བཅུ་གཉིས་ཐུགས་དམ་བསྐང༔ དུག་གསུམ་མ་སྤང་སྙིང་རྗེས་ཁྲོས་པའི་སྐུ༔ རྣམ་པར་ཐར་བ་གསུམ་དང་ཡེ་ནས་ལྡན༔ ཐབས་ཀྱིས་ལོག་པར་འདྲེན་ཀུན་ཚར་གཅོད་མཛད༔ བསེ་ལྕགས་དུང་གི་སྐྱེས་བུའི་ཐུགས་དམ་བསྐང༔ བཀའ་དང་དམ་ཚིག་གཉན་པོའི་གཉེར་ཁ་འཛིན༔ ཡིད་དང་ཆོས་ཀྱི་ཁམས་རྣམས་མཚོན་བྱེད་པའི༔ ཐབས་ཤེས་རང་བཞིན་སུརྱ་ཙནྟྲས་བརྒྱན༔ སྲིང་གཅིག་དཀར་མོ་ཉི་ཟླའི་ཐུགས་དམ་བསྐང༔ མདོར་ན་ཚེ་རབས་སྔོན་ནས་འབྲེལ་བའི་ལྷ༔ སྲིད་པའི་ཕུར་བུ་གསང་བ་སྤུ་གྲི་ཡི༔ བཀའ་འཁོར་སྤྲུལ་པ་དམ་ཅན་རྒྱ་མཚོར་བཅས༔ ལྷ་ཚོགས་བརྒྱ་དང་ཉེར་བརྒྱད་ཐུགས་དམ་བསྐང༔ བརྟན་དང་གཡོ་བའི་ཁམས་རྣམས་མ་ལུས་པ༔ གཟུང་འཛིན་འཆིང་བ་གང་གིས་མ་བསླད་པ༔ མ་བཅོས་ཡེ་གྲུབ་དཔལ་གྱི་ཕོ་བྲང་ཆེ༔ སྣང་སྲིད་གཞིར་བཞེངས་དཀྱིལ་འཁོར་ཐུགས་དམ་བསྐང༔ ཕྱི་ཡི་མཎྚལ་གླིང་བཞི་རི་རབ་དང༔ ནང་གི་མཎྚལ་ཕུང་ལྔ་དབང་པོར་བཅས༔ གསང་བའི་མཎྚལ་དབྱིངས་རིག་ཡེ་ཤེས་ཀྱི༔ གདན་གསུམ་སྲིད་པའི་ཕུར་བུའི་ཐུགས་དམ་བསྐང༔ དབྱིངས་ལས་ཕོ་བྲང་རིག་པ་ཧེ་རུ་ཀ༔ རྟོག་ཚོགས་གང་ཤར་གཙོ་དང་འཁོར་གྱི་ཚུལ༔ གྲངས་མེད་རབ་འབྱམས་རྒྱལ་བའི་སྤྲིན་ཕུང་སྤྲོ༔ དྲན་རྫོགས་རྡོ་རྗེ་གཞོན་ནུའི་ཐུགས་དམ་བསྐང༔ ཧཱུྃ་ཧྲཱིཿ གཞན་ཡང་ཐུགས་དམ་བསྐང་བའི་དམ་རྫས་ནི༔ ཐུན་མོང་ཕྱི་མཆོད་རང་བྱུང་ནང་མཆོད་དང༔ ཏན་གན་སྦྱོར་སྒྲོལ་མཆོད་པས་ཐུགས་དམ་བསྐང༔ ཕྱར་དར་གཡབ་དར་འཕན་གདུགས་སྣ་ཚོགས་དང༔ སྤྱན་གཟིགས་རྒྱན་གྱི་རིགས་བྱེད་ཐུགས་དམ་བསྐང༔ ཐོད་རྔ་རྐང་གླིང་སྣ་ཚོགས་རོལ་མོའི་སྒྲ༔ དབྱར་གྱི་རྔ་ལྟར་ལྡིར་བས་ཐུགས་དམ་བསྐང༔ སྤོས་དང་མཾ་ས་ཚིལ་ཆེན་བདུག་པའི་སྤྲིན༔ སྟོན་གྱི་སྤྲིན་ལྟར་གཡོ་བས་ཐུགས་དམ་བསྐང༔ མཁྲིས་པའི་དྲི་དང་རཀྟ་ཆུ་སེར་རྐང༔ ཞག་དང་རླངས་པ་འཁྲིགས་པས་ཐུགས་དམ་བསྐང༔ ཤ་ཡི་ལྷུ་དུམ་རུས་པའི་གྲམ་ཁྲོད་རྣམས༔ རྫ་རི་ཉིལ་བ་ལྟ་བུས་ཐུགས་དམ་བསྐང༔ མི་མགོའི་སྙིང་དང་ཕྱོགས་བཅུའི་བགེགས་བསྒྲལ་གཟུགས༔ ཕྱོགས་མཚམས་ཀློང་དུ་བརྙིལ་བས་ཐུགས་དམ་བསྐང༔ ཁྱུང་སོགས་འདབ་ཆགས་སེང་སོགས་སྡེར་ཆགས་དང༔ འགྲོལ་རྒྱུག་གཅན་གཟན་མང་པོས་ཐུགས་དམ་བསྐང༔ ལས་མཁན་གྲི་ཐོགས་འབུམ་གྱི་ཐུགས་དམ་བསྐང༔ ལིང་པ་མདའ་འཕེན་འབུམ་གྱི་ཐུགས་དམ་བསྐང༔ བཀའ་འཁོར་ལྷ་སྲིན་སྡེ་བརྒྱད་ཐུགས་དམ་བསྐང༔ མདོར་ན་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ལྷ༔ མ་ལུས་འཁོར་དང་བཅས་པའི་ཐུགས་དམ་བསྐང༔ ཐུགས་དམ་བསྐང་ལ་འགལ་འཁྲུལ་ཉམས་ཆགས་བཤགས༔ ཚངས་པར་མཛད་ནས་རྡོ་རྗེའི་སྐུ་གསུང་ཐུགས༔ ཡོན་ཏན་ཕྲིན་ལས་མཆོག་གི་དངོས་གྲུབ་སྩོལ༔ ས་མ་ཡཱ༔ འདི་ལྟར་ཉམས་སུ་སུས་བླངས་བས༔ དམ་ཚིག་ཉམས་ཆགས་ཐམས་ཅད་སྐོང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཆོས་སྐྱོང་དམ་ཅན་བསྲུང་མ་ཀུན༔ མཉེས་ནས་ཅི་བཅོལ་ལས་ཀུན་འགྲུབ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་འགྲོ་འདུལ་ཆེན་པོ་གསང་སྔགས་གླིང་པས་མདོ་སྨད་སའི་ཐིག་ལེ་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲ་ནས་གདན་དྲངས་པའོ༎

བསྟོད་བསྐུལ་མཚོན་ཆའི་འཁོར་ལོ།

ཕུར་པ་གསང་བ་སྤུ་གྲི་ལས༔ བསྟོད་བསྐུལ་མཚོན་ཆའི་འཁོར་ལོ་བཞུགས༔

བཛྲ་ཀུ་མ་ར་ཡེ༔ ཆོས་ཉིད་དབྱིངས་ལས་སྙིང་རྗེས་རབ་ཁྲོས་པའི༔ ནམ་མཁའི་རྡོ་རྗེ་འདུས་མ་བྱས་པའི་སྐུ༔ དུས་གསུམ་ཁྲོ་རྒྱལ་ཡོངས་ཀྱི་སྤྱི་གཟུགས་རྗེ༔ རྡོ་རྗེ་གཞོན་ནུའི་ཚོགས་ལ་གུས་པས་འདུད༔ རྡོ་རྗེ་ཕུར་པ་གསང་བ་སྤུ་གྲི་ཡི༔ བསྟོད་བསྐུལ་མཚོན་ཆའི་འཁོར་ལོ་ཞེས་བྱ་བ༔ དམ་ཉམས་རུ་ཏྲ་དྲེགས་པ་འདུལ་བའི་ཕྱིར༔ ཐབས་ཀྱིས་སྒྲོལ་བྱེད་དྲག་པོའི་བསྟོད་བསྐུལ་བསྟན༔ ཕྲིན་ལས་གནད་དུ་བསྣུན་ཅིག་ས་མ་ཡཱ༔ དང་པོ་ཡི་དམ་སྟོད་ལས་གཞུང་བཞིན་བསྲིང༔ བར་དུ་ཚོགས་དང་བསྐང་བས་མཉེས་པར་བྱ༔ ཐ་མ་བསྐུལ་བའི་ལས་ལ་འཇུག་པ་ནི༔ གཏོར་མ་ཤ་ཁྲག་རུས་པ་དག་གིས་བརྒྱན༔ ཟག་མེད་ཡེ་ཤེས་བདུད་རྩིར་བྱིན་བརླབས་ནས༔ དམིགས་བྱ་འགུགས་ཤིང་དབྱེར་མེད་བསྟིམས་ནས་སུ༔ རང་ཉིང་རྡོ་རྗེ་གཞོན་ནུའི་ང་རྒྱལ་གྱིས༔ ཧཱུྃ་བྷྱོ༔ ཆོས་ཉིད་སྟོང་པ་ཐབས་ཀྱི་རོལ་པ་ལས༔ ཤེས་རབ་རང་གསལ་སྙིང་རྗེའི་སྐུར་བཞེངས་པ༔ བཅོམ་ལྡན་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ སྤྲུལ་པ་བཀའ་འཁོར་ཕོ་ཉ་ཡང་སྤྲུལ་བཅས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ བསྟན་འགྲོར་འཚེ་བྱེད་ཞིང་བཅུའི་དགྲ་དང་བགེགས༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པ༔ རྡུལ་དུ་བརླགས་ཅིང་སྒྲོལ་བའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ བསྐལ་པའི་མེ་ལྟར་འབར་བའི་ཀློང་དཀྱིལ་ནས༔ ལོག་འདྲེན་རུ་ཏྲ་དྲེགས་པ་བསྣོལ་བའི་སྟེང༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་དབུས་མཐིང་ཁྲོ་ཞིང་གཏུམ༔ དང་པོའི་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣོལ༔ བར་བ་ཕུར་བུ་རལ་གྲི་གདེངས་ཤིང་ཕྱར༔ ཐ་མ་ཁ་ཊྭཾ་སྡིག་པ་མགོ་དགུ་བསྡམས༔ གཡས་ཞལ་དཀར་པོ་ཞི་ཞིང་དགོད་པ་ཡིས༔ སྟེང་ཕྱོགས་ལྷ་གདོན་མ་ལུས་འདུལ་བར་བྱེད༔ གཡོན་ཞལ་དམར་པོ་གཤེ་ཞིང་ཁྲོ་བ་ཡིས༔ འོག་ཕྱོགས་ཀླུ་གདོན་མ་ལུས་འཇོམས་པར་མཛད༔ དབུས་ཞལ་མཐིང་ནག་རྔམས་ཤིང་ཁྲོས་པ་ཡིས༔ སྲིད་པ་གསུམ་གྱི་དགྲ་བགེགས་འཇོམས་པར་བྱེད༔ སྤྱན་གསུམ་སྡང་མིག་ཁྲག་ལྟར་གཡོ་བ་ཡིས༔ དུག་གསུམ་སྐྱེ་རྒྱུད་དྲུང་ནས་འབྱིན་པར་མཛད༔ སྨ་ར་སྨིན་མ་ཨག་ཚོམ་མེ་ལྟར་འཕྲོ༔ ཁམས་གསུམ་རུ་ཏྲ་བསྲེག་ཅིང་འཇོམ་པར་བྱེད༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་རྐན་སྒྲ་རྡེབ༔ དུག་ལྔའི་དགྲ་བགེགས་གསོལ་ཞིང་རྔམས་ཟས་མཛད༔ ཐོད་པ་སྐམ་པོ་ལྔ་ཡིས་དབུ་བརྒྱན་པས༔ དུག་ལྔའི་རྟོག་པ་གཏན་ནས་བརླག་པར་བྱེད༔ རློན་པ་ཁྲག་འཛག་ལྔ་བཅུའི་དོ་ཤལ་སྤྲས༔ རྟོག་འཛིན་འཆིང་བ་ལྔ་བཅུ་བརླག་པར་མཛད༔ དབུ་སྐྲ་དམར་སེར་ནམ་མཁའི་དབྱིངས་ལ་འཕྲོ༔ སྟོང་ཉིད་རྟག་ཆད་ལྟ་བ་རྨིང་ནས་འཇོམས༔ བསྐྱོད་བྱེད་རྡོ་རྗེའི་གཤོག་དྲུག་མཁའ་ལ་གདེངས༔ ཕ་རོལ་ཕྱིན་པ་དྲུག་གི་དོན་དང་ལྡན༔ གླང་ཆེན་ཀོ་རློན་སྟག་གི་ཤམ་ཐབས་གསོལ༔ ཕྱོགས་བཅུའི་རུ་དྲ་ཕོ་མོ་གཏན་ནས་བརླག༔ ཞིང་ཆུང་སྐུ་རེག་སྦྲུལ་ཆུན་མགོ་ཕྲེང་བརྒྱན༔ སྣང་སྲིད་སྒྱུ་མར་སྟོན་ཅིང་དབྱིངས་སུ་འདྲེན༔ ཞབས་བཞི་དྲེགས་པ་ཕོ་མོའི་སྙིང་ཀར་བརྫིས༔ བདུད་བཞི་བརླག་ཅིང་སྐུ་བཞིར་འགོད་པར་བྱེད༔ ཐབས་ཀྱིས་ཁྲོས་པ་དཔལ་ཆེན་ཧེ་རུ་ཀ༔ གདོད་ནས་ཆོས་ཉིད་ཡེ་ཤེས་མངོན་གྱུར་ཀྱང༔ ཐབས་ཀྱིས་ལོག་འདྲེན་རུ་དྲ་འདུལ་བའི་ཕྱིར༔ སྙིང་རྗེའི་ཀློང་ནས་མི་བཟད་སྐུར་བཞེངས་ལ༔ ཐུགས་དམ་བསྐུལ་ལོ་དྲག་པོའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཤེས་རབ་སྙིང་རྗེ་ཆེན་པོའི་རོལ་རྩལ་ལས༔ སྦྱོར་སྒྲོལ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ མཐིང་ནག་ཞལ་གཅིག་ཕྱག་གཉིས་ཁྲོ་འཛུམ་སྒེག༔ གཏུམ་ཞིང་རྔམས་དང་ཁྲོ་ཚུལ་སྟོན་པ་ཡིས༔ འཁྲུལ་རྟོག་དགྲ་བགེགས་ལོག་འདྲེན་འཇོམས་པར་བྱེད༔ ཕྱག་གཡས་སྒྲོལ་བྱེད་གྲི་གུག་མཁའ་ལ་ཕྱར༔ ལོག་འདྲེན་རུ་དྲ་ཐམས་ཅད་སྒྲོལ་བར་མཛད༔ གཡོན་པས་ཐོད་ཁྲག་དཔལ་ཆེན་ཞལ་དུ་སྟོབ༔ དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ་བར་བྱེད༔ ཐོད་སྐམ་དབུ་བརྒྱན་ཐོད་རློན་ཕྲེང་བས་བརྒྱན༔ ཕྱོགས་བཅུའི་བྱད་མ་རྡུལ་དུ་བརླག་པར་མཛད༔ གཟིག་གི་ཤམ་ཐབས་རུས་པའི་རྒྱན་དྲུག་གསོལ༔ ཁམས་གསུམ་འཁོར་བའི་གནས་རིས་སྟོངས་པར་བྱེད༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་ཞིང་སྦྱོར༔ སྙིང་རྗེས་སྒྲོལ་ཞིང་སྟོང་ཉིད་དབྱིངས་སུ་སྦྱོར༔ མཉེས་བྱེད་བདེ་བསྐྱེད་འཁོར་ལོ་རྒྱས་འདེབས་ཡུམ༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ གཟུང་ཞིང་འཛིན་པས་བཅིངས་པའི་དགྲ་བགེགས་ཀུན༔ སྐྱེ་རྒྱུད་རྩད་ནས་གཅོད་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ༔ ཤར་དུ་ལྷ་བདུད་ཕོ་མོ་བསྣོལ་བའི་སྟེང༔ ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡཱ༔ དཀར་པོ་ཁྲོ་ཞིང་འཛུམ་མདངས་སྟོན་པ་ཡིས༔ ལྷ་བུའི་བདུད་ཀྱི་བར་ཆད་རྡུལ་དུ་བརླག༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྩེ་དགུ་བསྣམས༔ རྒྱལ་བསེན་འགོང་པོའི་ཀླད་པ་འགེམ་པར་བྱེད༔ གཡོན་པས་ཞི་བའི་ཕུར་བུ་དབལ་དྲུག་པ༔ རཱུ་དྲ་དགྲ་བགེགས་སྙིང་ལ་གཟིར་བར་བྱེད༔ དུར་ཁྲོད་ཆས་རྫོགས་རང་འོད་ཡུམ་དང་འཁྲིལ༔ སྟོང་ཉིད་དབྱིངས་སྦྱོར་ཤེས་རབ་ཀློང་དུ་སྒྲོལ༔ ཐུགས་ཀྱི་སྲས་མཆོག་བཛྲ་ཀཱི་ལ་ཡཱ༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ མི་མཐུན་གདུག་པའི་ཕྱོགས་རྣམས་ཞི་བ་དང༔ ཞེ་སྡང་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ལྷོ་རུ་ཕུང་པོའི་བདུད་ཆེན་བསྣོལ་བའི་སྟེང༔ ཡོན་ཏན་སྲས་མཆོག་རཏྣ་ཀཱི་ལ་ཡཱ༔ གཡས་པས་རིན་ཆེན་འཁོར་ལོ་རྩིབས་སྟོང་བསྣམས༔ ལོག་འདྲེན་དགྲ་བགེགས་བྱད་མ་རྡུལ་དུ་བརླག༔ གཡོན་པས་རྒྱས་པའི་ཕུར་བུ་ཟུར་བཞི་པ༔ ལོག་འདྲེན་དགྲ་བགེགས་སྙིང་ལ་དྲིལ་ཞིང་འདེབས༔ དུར་ཁྲོད་ཆས་རྫོགས་རང་འོད་ཡུམ་དང་འཁྲིལ༔ ཐབས་ཀྱིས་སྦྱོར་ཞིང་སྙིང་རྗེའི་ཀློང་དུ་སྒྲོལ༔ ཡོན་ཏན་སྲས་མཆོག་རཏྣ་ཀཱི་ལ་ཡཱ༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ ཚེ་བསོད་དཔལ་འབྱོར་ཐམས་ཅད་རྒྱས་པ་དང༔ ང་རྒྱལ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནུབ་ཕྱོགས་ཉོན་མོངས་བདུད་ཆེན་ཕོ་མོའི་སྟེང༔གསུང་གི་སྲས་མཆོག་པདྨ་ཀཱི་ལ་ཡཱ༔ སྐུ་མདོག་དམར་པོ་གཡས་པས་པདྨ་དང༔ གཡོན་པས་དབང་གི་ཕུར་པ་ཟླ་གམ་དབྱིབས༔ ལོག་འདྲེན་དགྲ་བགེགས་སྙིང་ལ་གཟིར་ཞིང་འདེབས༔ དུར་ཁྲོད་ཆས་རྫོགས་རང་འོད་ཡུམ་དང་འཁྲིལ༔ ཨེ་དབྱིངས་སྦྱོར་ཞིང་ཝཾ་གྱི་ཀློང་དུ་སྒྲོལ༔ གསུང་གི་སྲས་མཆོག་པདྨ་ཀཱི་ལ་ཡཱ༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ རླུང་སེམས་སྣང་བ་དབང་དུ་འདུ་བ་དང༔ འདོད་ཆགས་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ བྱང་ཕྱོགས་འཆི་བདག་བདུད་ཆེན་ཕོ་མོའི་སྟེང༔ ཕྲིན་ལས་སྲས་མཆོག་ཀརྨ་ཀཱི་ལ་ཡཱ༔ སྐུ་མདོག་ལྗང་ནག་གཡས་པས་རྒྱ་གྲམ་ཕྱར༔ སྲོག་བདག་བེ་ཧར་ཀླད་པ་གཞོམ་པར་བྱེད༔ གཡོན་པས་དྲག་པོའི་ཕུར་པ་ཟུར་གསུམ་པ༔ ཕྱོགས་བཅུའི་བྱད་མའི་སྙིང་ལ་བྲོ་བརྡུང་འདེབས༔ དུར་ཁྲོད་ཆས་རྫོགས་རང་འོད་ཡུམ་དང་འཁྲིལ༔ བདག་འཛིན་སྒྲོལ་ཞིང་བདག་མེད་དབྱིངས་སུ་སྦྱོར༔ ཕྲིན་ལས་སྲས་མཆོག་ཀརྨ་ཀཱི་ལ་ཡཱ༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ རྣལ་འབྱོར་བདག་ལ་འཚེ་བའི་དགྲ་བགེགས་དང༔ ཕྲག་ཏོག་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ དེའི་ཕྱིར་འཁོར་ལོ་རྩིབས་བཅུའི་པད་ཉིའི་དབུས༔ ཕྱོགས་སྐྱོང་ཕོ་མོ་བྱི་ཆིང་བསྣོལ་བའི་སྟེང༔ ཤར་དུ་ཁྲོ་ཆེན་རྣམ་པར་རྒྱལ་བ་ནི༔ ཞལ་གསུམ་ཕྱག་དྲུག་དཀར་དམར་མཐིང་ལ་རྔམས༔ གཡས་གསུམ་རྡོ་རྗེ་ལྕགས་ཀྱུ་ཐོ་བ་འཛིན༔ དྲི་ཟ་ཕོ་མོ་འགུགས་ཤིང་སྒྲོལ་བར་བྱེད༔ གཡོན་གསུམ་དྲི་ཤུལ་བེ་ཅོན་ཐོད་ཁྲག་འཛིན༔ ཞེ་སྡང་རྒྱལ་པོའི་སྡེ་ཚོགས་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་མདའ་སྙེམས་མ་དང་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མ་གཡེལ་བར༔ དྲི་ཟ་ལ་སོགས་ཤར་ཕྱོགས་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ལྷོ་རུ་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ གཡས་དཀར་གཡོན་དམར་དབུས་སེར་ཕྱག་དྲུག་པ༔ གཡས་གསུམ་རིན་ཆེན་འཁོར་ལོ་ཐབས་ཀྱི་མདའ༔ གཤིན་རྗེ་ཕོ་མོ་ཐམས་ཅད་འཁྲུགས་ཤིང་སྒྲོལ༔ གཡོན་གསུམ་ཞགས་པ་ཁྲམ་ཤིང་ཐོད་ཁྲག་བསྣམས༔ ང་རྒྱལ་དམ་སྲིའི་ཕུང་ལྔ་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་དུར་ཁྲོད་བདག་མོར་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་མ་གཡེལ་བར༔ གཤིན་རྗེ་ལ་སོགས་ལྷོ་ཕྱོགས་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནུབ་ཏུ་རྟ་མགྲིན་པདྨ་ཧེ་རུ་ཀ༔ གཡས་དཀར་གཡོན་མཐིང་དབུས་ཞལ་དམར་ནག་རྔམས༔ གཡས་གསུམ་པདྨ་ཐོད་དབྱུག་བེ་ཅོན་བསྣམས༔ ཀླུ་གདོན་ས་བདག་ཕོ་མོ་འགུགས་ཤིང་སྒྲོལ༔ གཡོན་གསུམ་ལྕགས་སྒྲོགས་སྦྲུལ་ཞགས་ཐོད་ཁྲག་འཛིན༔ འདོད་ཆགས་སྲིན་མོའི་སྡེ་ཚོགས་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་རྡོ་རྗེ་གཏུམ་མོར་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ ཀླུ་གཉན་ལ་སོགས་ནུབ་ཕྱོགས་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ བྱང་དུ་ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ནི༔ གཡས་དམར་གཡོན་སྨུག་དབུས་ཞལ་ལྗང་ནག་འབར༔ གཡས་གཡས་གསུམ་རྒྱ་གྲམ་ཕུར་བུ་བུམ་པ་བསྣམས༔ གནོད་སྦྱིན་ཕོ་མོ་འགུགས་ཤིང་སྒྲོལ་བར་བྱེད༔ གཡོན་གསུམ་དྲིལ་བུ་བྷན་དམར་རྒྱུ་ཞགས་བསྣམས༔ ཕྲག་དོག་རུ་དྲའི་སྡེ་ཚོགས་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་རླུང་འབྱིན་མ་དང་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ གནོད་སྦྱིན་ལ་སོགས་བྱང་ཕྱོགས་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཤར་ལྷོ་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ནི༔ གཡས་མཐིང་གཡོན་སྨུག་དབུས་ཞལ་སྔོ་ནག་རྔམས༔ གཡས་གསུམ་སྟྭ་རེ་གྲི་གུག་ལྕགས་ཀྱུ་བསྣམས༔ མེ་ལྷ་ཕོ་མོ་འགུགས་ཤིང་སྒྲོལ་བར་བྱེད༔ གཡོན་གསུམ་མེ་དཔུང་སྡིག་མཛུབ་ཐོད་ཁྲག་འཛིན༔ བདག་འཛིན་འགོང་པོའི་སྡེ་ཚོགས་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་རྡོ་རྗེ་སྡེར་མོར་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ མེ་ལྷ་ལ་སོགས་ཤར་ལྷོའི་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན་པོ་ནི༔ གཡས་དཀར་གཡོན་དམར་དབུས་སྨུག་ཁྲོ་ཞིང་གཏུམ༔ གཡས་གསུམ་རྡོ་རྗེ་སྡིག་པ་ཐོ་བ་བསྣམས༔ སྲིན་པོ་ཕོ་མོ་འགུགས་ཤིང་སྒྲོལ་བར་བྱེད༔ གཡོན་གསུམ་དྲིལ་བུ་བྷན་དམར་རྔེའུ་ཆུང་འཛིན༔ གཟུང་འཛིན་འཁྲུལ་བའི་སྡེ་ཚོགས་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་གཏུན་ཁུང་མ་དང་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ སྲིན་པོ་ལ་སོགས་ལྷོ་ནུབ་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནུབ་བྱང་ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པ༔ གཡས་དཀར་གཡོན་དམར་དབུས་མཐིང་གཤེ་བའི་ཞལ༔ གཡས་གསུམ་རྡོ་རྗེ་ཐོ་བ་ཞགས་པ་བསྣམས༔ རླུང་ལྷ་ཕོ་མོ་འགུགས་ཤིང་སྒྲོལ་བར་བྱེད༔ གཡོན་གསུམ་འཁོར་ལོ་རལ་གྲི་ཐོད་ཁྲག་བསྣམས༔ འཁྲུལ་རྟོག་ལྷ་འདྲེའི་སྡེ་ཚོགས་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་མདའ་སྙེམས་མ་དང་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ རླུང་ལྷ་ལ་སོགས་ནུབ་བྱང་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ བྱང་ཤར་ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ༔ གཡས་དཀར་གཡོན་ལྗང་དབུལ་ཞལ་དམར་ནག་ཁྲོ༔ གཡས་གསུམ་རལ་གྲི་སྦྲུལ་ཞགས་མདའ་གཞུ་བསྣམས༔ དབང་ལྡན་ཕོ་མོ་འགུགས་ཤིང་སྒྲོལ་བར་བྱེད༔ གཡོན་གསུམ་བེ་ཅོན་རྔེའུ་ཆུང་བྷནྡྷ་འཛིན༔ རྣམ་རྟོག་འཁྲུལ་འཛིན་སྡེ་ཚོགས་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་གསོད་བྱེད་མ་དང་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ དབང་ལྡན་ལ་སོགས་བྱང་ཤར་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ དཔལ་ཆེན་མདུན་གཡས་རྩིབས་ལ་ཧཱུྃ་ཀཱ་ར༔ གཡས་སེར་གཡོན་དམར་དབུས་ཞལ་དཀར་དམར་ཁྲོ༔ གཡས་གསུམ་ཁྱུང་དང་མི་མགོ་ལྷ་མིན་སྙིང༔ ལྷ་གདོན་གཟའ་སྐར་ཕོ་མོ་འགུགས་ཤིང་སྒྲོལ༔ གཡོན་གསུམ་རྒྱུ་ཞགས་སྒྲོལ་གྲི་དུང་ཁྲག་འཐུང༔ ཡུལ་མེད་གཉིས་འཛིན་ལྷ་འདྲེ་རྡུལ་དུ་བརླག༔ དུར་ཁྲོད་ཆས་རྫོགས་སྒྲ་འབྱིན་མ་དང་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ ལྷ་གདོན་ལ་སོགས་སྟེང་ཕྱོགས་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ དཔལ་ཆེན་མདུན་གཡོན་རྩིབས་ལ་སྟོབས་པོ་ཆེ༔ གཡས་དཀར་གཡོན་དམར་དབུས་མཐིང་ཆར་སྤྲིན་མདོག༔ གཡས་གསུམ་གཏུན་ཤིང་མདུང་ཐུང་རལ་གྲི་འཛིན༔ ས་བདག་ཕོ་མོ་འགུགས་ཤིང་སྒྲོལ་བར་བྱེད༔ གཡོན་གསུམ་ཐོད་ཁྲག་རུས་སྦལ་གཏུན་ཁུང་འཛིན༔ འཁྲུལ་རྟོག་ལོག་འདྲེན་རུ་དྲ་གཏན་ནས་བརླག༔ དུར་ཁྲོད་ཆས་རྫོགས་བསྐྱོད་བྱེད་མ་དང་འཁྲིལ༔ ཁྲོ་འཁྲུགས་གཏུམ་པ་མེ་དཔུང་ཀློང་ནས་བཞེངས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ ས་བདག་ལ་སོགས་འོག་ཕྱོགས་དགྲ་དང་བགེགས༔ མིང་མེད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཁོར་ཡུག་ལ༔ ཚོགས་བརྒྱད་དག་པ་གནས་ཀྱི་མ་མོ་བརྒྱད༔ རྣམ་ཤེས་ཡུལ་བརྒྱད་དག་པའི་སེང་ཧ་བརྒྱད༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་དང༔ གནས་ཉུལ་མ་མོ་དབང་ཕྱུག་ཉི་ཤུ་བརྒྱད༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་ཅིར་ཡང་སྟོན༔ འདོད་དགུར་བསྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ༔ ཟས་སུ་ཉམས་པའི་ཤ་དང་ཁྲག་ལ་དགྱེས༔ ལས་སུ་དགྲ་བགེགས་གསོད་དང་གཅོད་ལ་བརྩོན༔ ནམ་མཁའི་ལུས་ཅན་གར་ཡང་ཐོགས་པ་མེད༔ ཧ་ཧ་ཧཱུྃ་ཕཊ་རྒྱོབ་སོད་འབྲུག་ལྟར་ལྡིར༔ དཀྱིལ་འཁོར་མུ་རན་སྐྱོང་ཕྱིར་བཀའ་སྡོད་ཚོགས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ ཕྱོགས་བཅུའི་དགྲ་བགེགས་བྱད་མ་རྦོད་གཏོང་རྣམས༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཕོ་བྲང་སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་དུ༔ ཧཱུྃ་དཀར་སྤྲུལ་པ་ཕག་དང་སྨྲིག་བུའི་མགོ༔ རྣམ་རྒྱལ་སྤྲུལ་པ་སྟག་དང་བྱ་རྒོད་གདོང༔ གཤིན་རྗེ་གཤེད་སྤྲུལ་ཤ་བ་འུག་པའི་མགོ༔ རྟ་མགྲིན་སྤྲུལ་པ་བྱི་ལ་པུ་ཤུད་གདོང༔ བདུད་རྩི་འཁྱིལ་སྤྲུལ་སེང་གེ་ཕ་ཝཾ་མགོ༔ དབྱུག་སྔོན་སྤྲུལ་པ་གཡག་དང་བྱ་རོག་གདོང༔ མི་གཡོ་མགོན་སྤྲུལ་གཟིག་དང་ཁྭ་ཏའི་མགོ༔ འདོད་རྒྱལ་སྤྲུལ་པ་སྤྱང་ཀི་ཁྲ་ཡི་གདོང༔ ཁམས་གསུམ་རྣམ་རྒྱལ་དྲེད་དང་སྲེ་མོང་མགོ༔ སྟོབས་ཆེན་སྤྲུལ་པ་དོམ་དང་བྱི་བའི་གདོང༔ ཕྱོགས་བཅུའི་ལོག་འདྲེན་དགྲ་བགེགས་རྡུལ་དུ་བརླག༔ ཁྲོ་བཅུའི་སྤྲུལ་པ་ཁྲ་ཐབས་ཉི་ཤུའི་ཚོགས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ ཕྱོགས་བཅུའི་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཕོ་བྲང་ཆེན་པོའི་བར་ཁྱམས་ལ་གནས་པའི༔ ཕུར་བསྲུང་དམ་ཅན་མ་མོ་བཅུ་གཉིས་དང༔ སྲིང་གཅིག་དཀར་མོ་ཉི་ཟླ་གཙོ་དང་འཁོར༔ བསེ་ཡི་སྐྱེས་བུ་ལྕགས་ཀྱི་སྐྱེས་བུ་བཞི༔ དུང་གི་སྐྱེས་བུ་བཞི་སོགས་བཀའ་ཉན་འཁོར༔ སྤྲུལ་འཁོར་དྲེགས་པ་སྡེ་བརྒྱད་དམག་གིས་བསྐོར༔ ཅི་བགྱིས་བཀའ་ཉན་དཔལ་གྱི་ཕོ་ཉའི་ཚོགས༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ བསྟན་འགྲོ་ཡོངས་ལ་གནོད་པའི་དགྲ་བགེགས་དང༔ ཁྱད་པར་བདག་ལ་དོ་བརྡོ་ཕོད་བཙུགས་པའི༔ ལོག་འདྲེན་གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཕོ་བྲང་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ ཤར་དུ་པུ་ཤུད་མགོ་ཅན་ལྕགས་ཀྱུ་འཛིན༔ ལྷོ་རུ་སྐྱ་ཀའི་མགོ་ཅན་ཞགས་པ་འཛིན༔ ནུབ་ཏུ་སྲིན་བྱའི་མགོ་ཅན་ལྕགས་སྒྲོག་འཛིན༔ བྱང་དུ་ཁྲ་ཡི་མགོ་ཅན་དྲིལ་བུ་བསྣམས༔ ཚད་མེད་རྣམ་པ་བཞི་ཡི་རྩལ་ཤར་ཞིང༔ ཞི་རྒྱས་དབང་དང་དྲག་པོའི་ལས་མཛད་པའི༔ ལོག་འདྲེན་འགུག་འཆིང་སྡོམ་མྱོས་རྣམ་པ་བཞི༔ ཐུགས་དམ་གནད་ནས་བསྐུལ་ལོ་མ་གཡེལ་བར༔ བདུད་བཞི་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཡི་ཚོགས༔ གཙོ་འཁོར་སྤྲུལ་པར་བཅས་པ་ཐམས་ཅད་ཀུན༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ ཐབས་ཀྱིས་ལོག་འདྲེན་འདུལ་ཕྱིར་སྐུར་བཞེངས་ཤིག༔ སྐུ་ཡི་རྩལ་ཕྱུངས་ནུས་པའི་སྟོབས་བསྐྱེད་ལ༔ བསྟན་པ་སྤྱི་ལ་གནོད་པའི་དམ་སྲིའི་རིགས༔ སེམས་ཅན་ཡོངས་ལ་འཚེ་བ་བསྒྲལ་བའི་ཞིང༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་དང་བགེགས༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ མངོན་སྤྱོད་དྲག་པོས་ཐལ་བ་རྡུལ་དུ་རློག༔ ཐུགས་དམ་མ་གཡེལ་ཕྲིན་ལས་ཕུར་པའི་ལྷ༔ མ་ནོར་མ་ཤོར་ལོག་འདྲེན་དགྲ་དང་བགེགས༔ ཁུག་ཅིག་སྒྲོལ་ཞིག་ཕུར་པའི་བཀའ་བསྲུང་རྣམས༔ དཀྱིལ་འཁོར་ལྷ་ཚོགས་འཁོར་དང་བཅས་པ་ཡིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ ཅེས་རྦད་བསྐུལ་དྲག་ཏུ་བྱ༔ ལོག་འདྲེན་དགྲ་བགེགས་མ་ལུས་པ༔ ཐལ་བ་རྡུལ་དུ་བརླག་པར་འགྱུར༔ ལས་འཕྲོ་ཅན་དང་འཕྲད་ནས་ཀྱང༔ དགྲ་བགེགས་སྒྲོལ་བའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་ཁམས་དབུས་གཙང་གསུམ་གྱི་མཁས་གྲུབ་ཉི་ཟླ་ལྟ་བུ་སུས་ཀྱང་འགྲན་ཟླ་དང་བྲལ་བའི་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲའི་ལྟོ་བ་ནས་གདན་དྲངས་པའོ༎

ཕུར་བསྲུང་བཀའ་སྡོད་བསྐུལ་བ་སྤུ་གྲི་རླུང་གི་འཁོར་ལོ།

ཕུར་པ་གསང་བ་སྤུ་གྲི་ལས༔ ཕུར་བསྲུང་བཀའ་སྡོད་བསྐུལ་བ་སྤུ་གྲི་རླུང་གི་འཁོར་ལོ་ཞེས་བྱ་བ་བཞུགས༔

དེ་ནས་དཔལ་གྱི་བཀའ་སྡོད་ཚོགས༔ ཕུར་བསྲུང་དམ་ཅན་བསྐུལ་བ་ནི༔ ཤ་ཁྲག་གཏོར་མ་བདུད་རྩིས་བྲན༔ དམིགས་བྱ་དགུག་ཅིང་ཏིང་འཛིན་གསལ༔ གདུང་དབྱངས་དྲག་པོའི་རོལ་མོ་བཅས༔ བྷྱོ་ཛ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་ཉན་པ༔ ནམ་གྱི་སྲོད་ལ་དགྲ་བགེགས་འགུགས་མཛད་མ༔ ལྕགས་ཀྱི་སྤྱང་མོ་རྔམས་པ་མགོ་དགུ་པ༔ མགོ་དགུའི་ཁ་ལ་ལྷ་ཀླུ་སྲིན་གསུམ་ཟ༔ ཁ་ཤ་གཉེར་ཞིང་མཆེ་གཙིགས་སྡང་མིག་འཁྱུགས༔ ཤིན་ཏུ་འཇིགས་རུང་ཤར་སྟོད་ཕྱོགས་ཀུན་ཉུལ༔ ལྕགས་ཀྱི་མི་མོ་ཤྭ་ན་མུ་ཁས་ཞོན༔ གཅེར་བུ་རལ་བ་ཕུར་བུའི་ཅོད་པན་ཅན༔ ཕྱག་ན་གཡུ་ཡི་ཕུར་པ་དྲིལ་ཞིང་འདེབས༔ སྤྱང་སྐད་འདོན་ཞིང་ཤར་གྱི་དགྲ་བགེགས་སྒྲོལ༔ ཞེ་སྡང་འཇོམས་མཛད་ཆེན་མོ་སྐུར་བཞེངས་ལ༔ མ་གཡེལ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནམ་གྱི་ཐོ་རེངས་དགྲ་བོའི་བླ་འགུགས་མ༔ གསེར་གྱི་འཕར་བ་འཇིགས་པའི་ལྕེ་བརྒྱད་མ༔ གཏུམ་པ་དགྲ་སྙིང་ཟ་ཞིང་རྒྱུག་པར་བྱེད༔ ཤིན་ཏུ་འཇིགས་རུང་ལྷོ་ཡི་ཕྱོགས་ཀུན་ཉུལ༔ སྲི་ལ་མུ་ཁ་ཆེན་མོས་དེ་ལ་ཞོན༔ གཅེར་བུ་རལ་བ་ཕུར་བུའི་ཅོད་པན་ཅན༔ ཕྱག་ན་གསེར་གྱི་ཕུར་པ་དྲིལ་ཞིང་འདེབས༔ སྤུ་གྲིའི་ལྗགས་འཁྱུག་ལྷོ་ཕྱོགས་དགྲ་བགེགས་སྒྲོལ༔ ང་རྒྱལ་འཇོམས་མཛད་ཆེན་མོ་སྐུར་བཞེངས་ལ༔ མ་གཡེལ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནམ་གྱི་གུང་ལ་དགྲ་བགེགས་འཆིང་མཛད་མ༔ ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ༔ གཏུམ་ཞིང་རྔམས་པ་མི་རོ་ཟ་ཞིང་རྒྱུག༔ ཝ་སྐད་འདོན་ཞིང་སྤུ་ལས་མེ་སྟག་འཕྲོ༔ མཇུག་མ་སྤུ་གྲི་སྡེར་མོ་ལྕགས་ཀྱུས་གཏམས༔ ཤིན་ཏུ་གཏུམ་པ་ནུབ་ཀྱི་ཕྱོགས་ཀུན་ཉུལ༔ སྲི་ཀ་མུ་ཁ་ཆེན་མོས་དེ་ལ་ཞོན༔ གཅེར་བུ་རལ་བ་ཕུར་བུའི་ཅོད་པན་ཅན༔ ཕྱག་ན་ཟངས་ཀྱི་ཕུར་པ་དྲིལ་ཞིང་འདེབས༔ དྲག་ཤུལ་རབ་འཁྲུགས་ནུབ་ཀྱི་དགྲ་བགེགས་སྒྲོལ༔ འདོད་ཆགས་འཇོམས་མཛད་ཆེན་མོ་སྐུར་བཞེངས་ལ༔ མ་གཡེལ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནམ་ཕྱེད་དགྲ་བོའི་བླ་ལེན་སྲོག་འཕྲོག་མ༔ མི་བཟད་གཡུ་ཡི་ཁྱི་མོ་རལ་པ་ཅན༔ ལྷང་ལྷང་ཟུག་ཅིང་དུག་གི་མཆེ་བ་བགྲད༔ མཇུག་མ་རལ་གྲི་སྤུ་རྩེ་མེ་སྟག་འཕྲོ༔ མིག་ནས་མེ་འབར་སྣ་ནས་འཐོར་རླུང་འཚུབས༔ ཁ་ནས་ཁྲག་གི་སྐྱིན་ཐང་ཐོ་རོ་རོ༔ རྔམས་ཤིང་བརྗིད་པ་བྱང་གི་དགྲ་བགེགས་སྒྲོལ༔ ཤིར་ལ་མུ་ཁ་ཆེན་མོས་དེ་ལ་ཞོན༔ གཅེར་བུ་རལ་བ་ཕུར་བུའི་ཅོད་པན་ཅན༔ ཕྱག་ན་ལྕགས་ཀྱི་ཕུར་པ་དྲིལ་ཞིང་འདེབས༔ གཏུམ་རྔམས་ཁྲོས་འཁྲུགས་བྱང་གི་དགྲ་བགེགས་སྒྲོལ༔ ཕྲག་དོག་འཇོམས་མཛད་ཆེན་མོ་སྐུར་བཞེངས་ལ༔ མ་གཡེལ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཉིན་གུང་དགྲ་བོའི་བླ་ཚེ་འགུགས་མཛད་མ༔ སྲིད་པའི་རྒྱལ་མོ་དཔལ་ལྡན་རེ་མ་ཏི༔ སྐུ་མདོག་ནག་མོ་སྦྲུལ་ཞགས་ཕུར་བུ་འཛིན༔ དྲེལ་རྟ་རྐང་གསུམ་ཆིབས་ནས་སྟོང་གསུམ་ཉུལ༔ ཉམས་པའི་དགྲ་བགེགས་བླ་ཚེ་རྩིས་ལ་འདེབས༔ མཆན་ནས་ནད་ཀྱི་རྐྱལ་བ་ཁ་ཕྱེས་ཏེ༔ རླངས་པ་བུན་བུན་སྲིད་གསུམ་ཕུང་བར་བྱེད༔ རྐན་སྒྲ་རྡེབ་ཅིང་མི་རོ་རིལ་པོར་མིད༔ བདག་ཉིད་ཆེན་མོ་ཁྱེད་ཀྱི་དུས་ལ་བབ༔ མ་གཡེལ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནམ་ལངས་དུས་སུ་དགྲ་བགེགས་སྒྲོལ་མཛད་མ༔ ཆེ་ཞེས་དཔལ་ལྡན་ལྷ་མོ་རེ་མ་ཛ༔ སེར་ནག་ཆིབས་སུ་སྨན་ཤ་ཡུ་མོ་ཆིབས༔ གཡས་པ་གསེར་གྱི་ཟོར་བ་གཡོན་མཆོག་ཕུར༔ ཁ་རླངས་དུག་གི་ན་བུན་ཐུ་ལུ་ལུ༔ གསལ་བྱེད་ཉི་མ་ཟླ་བའི་འོད་ཀྱང་སྒྲིབ༔ སྣ་ནས་འཐོར་རླུང་འཚུབ་མ་འུ་རུ་རུ༔ ལོག་འདྲེན་དགྲ་བགེགས་ཐམས་ཅད་ཕྱག་མས་འདེབས༔ དྲག་ཏུ་འཁྲོས་ཚེ་གླིང་བཞི་རི་རབ་བཅས༔ ཀླད་ན་གཡུག་ཅིང་གནམ་ལ་བསྐོར་བར་བྱེད༔ མཆན་ན་ལྕགས་ཀྱི་སྤྱང་མོས་ཁ་གདངས་ཤིང༔ ཞིང་བཅུ་དམ་ཉམས་རྔམས་ཟས་ཟ་བར་བྱེད༔ བདག་ཉིད་ཆེན་མོ་ཁྱེད་ཀྱི་དུས་ལ་བབས༔ བསྟན་འགྲོ་སྤྱི་དང་རྣལ་འབྱོར་སྒོས་དགྲ་ཀུན༔ མ་གཡེལ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཉི་མའི་ཕྱེད་ཡོལ་དགྲ་བགེགས་འཇོམས་མཛད་པ༔ ཕུར་བསྲུང་དཔལ་ལྡན་ལྷ་མོ་རེ་མ་ཏི་མ༔ ཕྱག་གཡས་མཆོག་ཕུར་གཡོན་པས་མི་སྙིང་ཟ༔ དམར་ནག་ཆིབས་སུ་ཆུ་གླང་ནག་པོ་ཆིབས༔ རྭ་ནས་མེ་འབར་སྣ་ནས་དུ་བ་འཐུལ༔ སྤུ་རྩེ་མེ་སྟག་འཕྲོ་ཞིང་རླུང་གཤོག་ཅན༔ མཆན་ན་ལྕགས་སྤྱང་ཁྲ་ཐབས་འགྱེད་ཅིང་རྩེ༔ དགྲ་བོའི་བླ་ཚེ་རྐུ་ཞིང་འཇབ་པར་བྱེད༔ འཆིང་སྡོམ་རྒྱུ་མའི་ཞགས་པ་ན་ར་ར༔ བླ་ལེན་རྩིས་ཀྱི་རྡེའུ་སེར་ལྟར་འཐོར༔ དགྲ་བགེགས་བླ་ཚེ་སྲོག་དབུགས་ལེན་པར་བྱེད༔ བདག་ཉིད་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ རྣལ་འབྱོར་བདག་ལ་སྡང་བའི་དགྲ་བྱུང་གིས༔ མཐུ་སྟོབས་རྩལ་ཕྱུང་བསྒྲལ་བའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ དགོང་གའི་ཉི་མ་ནུབ་དང་དུས་མཉམ་ལ༔ ལོག་འདྲེན་དགྲ་བོའི་སྲོག་དབུགས་ལེན་མཛད་པ༔ ཁམས་གསུམ་བདག་མོ་དཔལ་ལྡན་རེ་མ་ཛུ༔ ཕྱག་གཡས་ཁྲམ་ཤིང་ལྕགས་ཀྱི་ཕུར་བུ་དང༔ གཡོན་ན་ཚོན་གྱི་གྲུ་གུའི་ཞགས་པ་འཕེན༔ ལྗང་ནག་ཆིབས་སུ་རྔ་མོང་གྭ་པ་ཆིབས༔ སྐྱིན་ཐང་ནད་ཀྱི་སེར་བ་ཤ་ར་ར༔ མེ་དང་རླུང་གི་ཆར་བ་ཚུབས་སེ་ཚུབ༔ མཆན་ན་སྤྲེའུས་མི་སྙན་སྐད་ངན་འབྱིན༔ དགྲ་བོའི་ཆུང་རྒྱུད་མཐའ་ནས་སྐམ་པར་བྱེད༔ བདག་ཉིད་ཆན་མོ་ཁྱོད་ཀྱི་དུས་ལ་བབ༔ བདག་ལ་གནོད་པར་བྱེད་པའི་དགྲ་དང་བགེགས༔ ཚར་གཅོད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ས་ལ་བརྟེན་བྱས་དགྲ་བགེགས་གསོད་མཛད་པ༔ རྡོ་རྗེ་ཡ་བྱིན་མཐིང་ནག་དྲག་ཤུལ་འབར༔ གཡས་པས་ལྕགས་ཀྱུ་གཡོན་པས་མི་ལག་གཡབ༔ སྐྲ་གསེབ་ཕུར་བུའི་ཆར་པ་ཤ་ར་ར༔ སྡང་མིག་སྤྱན་ལས་གློག་འོད་ཁྱུགས་སེ་ཁྱུག༔ མཚན་མའི་ཁ་ནས་གཟུགས་ངན་ཆོ་འཕྲུལ་འགྱེད༔ ཆིབས་སུ་བདུད་རྟ་ནག་པོ་འདྲོགས་ལ་ཆིབས༔ མི་བཟད་རྔམས་པ་གཟུགས་ཀྱི་སྐུར་བཞེངས་ལ༔ བསྟན་འགྲོ་སྤྱི་དང་བདག་ལ་འཚེ་བྱེད་པའི༔ ལོག་པར་འདྲེན་པའི་དམ་ཉམས་དགྲ་བོ་ལ༔ ས་བདག་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ དོ་བརྡོ་ཕོད་བཙུགས་བྱེད་པའི་དགྲ་བགེགས་ཀྱི༔ ཤ་ཁམས་ས་ལ་བསྟིམ་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ཆུ་ལ་བརྟེན་བྱས་དགྲ་བགེགས་སྒྲོལ་མཛད་པ༔ རྡོ་རྗེ་དེ་བྱིན་དྲག་མོ་སེར་ནག་རྔམས༔ གཡས་པས་རྒྱུ་ཞགས་གཡོན་པས་གྲི་ཕུར་འཛིན༔ ཆིབས་སུ་ཆུ་སྲིན་དམར་སེར་འཇིགས་ལ་ཆིབས༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤངས་ནས་དུག་དང་ནད་ཀྱི་དུད་སྤྲིན་འཁྲིགས༔ དགྲ་བགེགས་ཀླུ་ནད་གདུག་པས་མྱོས་པར་བྱེད༔ སྤྱན་ནས་སྒྲིབ་བྱེད་སྐར་འོད་ཀྱི་ལི་ལི༔ ཞིང་བཅུའི་སེམས་དང་དབང་པོ་རྨུག་པར་བྱེད༔ སྐམ་རློན་མི་མགོའི་སེར་བ་ཡེ་རེ་རེ༔ དགྲ་ལ་དྲག་ཏུ་ཁྲོས་ཤིང་ཤ་རུས་མུར༔ སེན་མོ་སྤྲུག་གསེབ་ལྕགས་ཀྱི་ཚྭ་ཚྭ་འཕྲོ༔ དགྲ་བགེགས་ལོག་འདྲེན་སྙིང་རྩ་གཟིར་བར་བྱེད༔ ས་བདག་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ བསྟན་པ་བཤིགས་པའི་དགྲ་བགེགས་ལོག་འདྲེན་གྱི༔ ཁྲག་ཁམས་ཆུ་ལ་བསྟིམ་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ མེ་ལ་བརྟེན་བྱས་དགྲ་བགེགས་སྒྲོལ་མཛད་པ༔ རྡོ་རྗེ་བསེ་བྱིན་ཆེན་མོ་དམར་ནག་རྔམས༔ གཡས་པས་སེང་ལྡིང་ཕུར་བུ་གཡོན་ལྕགས་སྒྲོག༔ ཆིབས་སུ་མེ་འབྲུག་དམར་པོ་ལ་ཆིབས་ལ༔ རྟ་གདོང་མེ་ཡི་གློག་ཞགས་ཁྱུགས་སེ་ཁྱུག༔ དུག་དང་ཁྲག་གི་ཆུ་རྒྱུན་ཤ་ར་ར༔ ས་བདག་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ བདག་ལ་འཚེ་བྱེད་དགྲ་དང་བགེགས་རྣམས་ཀྱི༔ དྲོད་ཁམས་མེ་ལ་བསྟིམས་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ རླུང་ལ་བརྟེན་བྱས་དགྲ་བགེགས་གསོད་མཛད་པ༔ རྡོ་རྗེ་ཕག་བྱིན་ལྗང་ནག་རེ་འབྱམས་ཆིབས༔ གཡས་པས་མཆོག་ཕུར་གཡོན་པས་རྒྱུ་མ་འདྲེན༔ ཁ་ནས་དུག་གི་རླངས་པ་ཐུ་ལུ་ལུ༔ ནད་མཚོན་དུག་རླངས་རྒྱུ་ཞགས་ན་ར་ར༔ མཆན་ན་འཆི་བདག་བདུད་ཀྱི་ཁྲམ་ཤིང་བཅུག༔ དགྲ་བགེགས་གཤིན་རྗེའི་ཁྲམ་ལ་འདེབས་པར་བྱེད༔ མིག་ནས་མེ་འབར་སྣ་ནས་རླུང་འཚུབས་ཤིང༔ ཁ་ནས་ལྕགས་ཀྱི་ལྕེ་སྤྱང་སྐྱུག་པར་བྱེད༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབ༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ ས་བདག་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ དོ་བརྡོ་ཕོད་བཙུགས་བྱེད་པའི་དགྲ་བགེགས་ཀྱི༔ དབུགས་ཁམས་རླུང་ལ་བསྟིམ་པའི་ཕྲིན་ལས་མཛོད༔ དེ་ནས་བསེ་ལྕགས་དུང་གསུམ་སྐྱེས་བུའི་བསྐུལ་བ་ནི༔ ཤ་ཁྲག་གཏོར་མ་བདུད་རྩི་བྲན༔ སྔགས་པས་རལ་པ་ཐོད་གདེང་བྱས༔ ཏིང་འཛིན་རྩེ་གཅིག་ང་རྒྱལ་གྱིས༔ བྷྱོ་ཛ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་ཕུར་པ་ཡི༔ སྐུ་ཡི་བཀའ་སྡོད་བསེ་ཡི་སྐྱེས་བུ་བཞི༔ ཤར་ཕྱོགས་སྲིན་པོའི་སྐྱེས་བུ་དཀར་དམར་ཁྲོ༔ ཕྱག་གཡས་དུང་གི་ཕུར་བུ་གཟིར་ཞིང་དྲིལ༔ གཡོན་པས་དགྲ་བགེགས་གློ་སྙིང་སྤྲུག་ཅིང་རྡེབ༔ སྤྱན་ནས་མེ་འབར་ཚྭ་ཚྭ་ཐོ་རོ་རོ༔ ཤངས་ནས་རླུང་ནག་འཚུབ་མ་འུ་རུ་རུ༔ དཔྲལ་བའི་དབྱིངས་ནས་ལྕེ་སྤྱང་མགོ་དགུ་འགྱེད༔ ཆིབས་སུ་འཇིགས་རུང་དམར་ནག་འཕར་བ་ཆིབས༔ ཆོ་འཕྲུལ་ལྟས་ངན་སྣ་ཚོགས་ཕོ་ཉར་འགྱེད༔ ཕུང་བྱེད་མཚོན་གྱི་ཆར་པ་སི་ལི་ལི༔ སྒྲིབ་བྱེད་མུན་པ་ནག་པོ་ཐིབས་སེ་ཐིབ༔ དབུ་སྐྲ་ཕུར་བུའི་རལ་བ་ཤིགས་སེ་ཤིག༔ སྐུ་སྟོད་མེ་འབར་སྐུ་སྨད་རླུང་ནག་འཚུབ༔ ཤར་སྟོད་བསེ་ཡི་སྐྱེས་བུའི་དུས་ལ་བབ༔ ཞིང་བཅུ་དམ་ཉམས་རུ་དྲ་དགྲ་བགེགས་ཀྱི༔ གཟུགས་ཁམས་གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུ་ནག་པོ་གཏུམ༔ ཕྱག་གཡས་ལྕགས་ཕུར་གཡོན་པས་མི་རོ་ཟ༔ སྐུ་ལས་མེ་རླུང་འཚུབས་མ་འུ་རུ་རུ༔ གསུང་ལས་དྲག་སྔགས་རང་སྒྲ་དིར་དིར་སྒྲོགས༔ ཐུགས་ལས་སྒྲོལ་གིང་སྤྲུལ་པ་ཕོ་ཉ་འཕྲོ༔ དྲག་ཤུལ་རྔམས་པའི་གཟི་འོད་ཏ་ལ་ལ༔ གཤིན་རྗེའི་ཞགས་པ་སྔོ་དམར་གྲུ་གུ་ལྡོག༔ མཆན་ན་མདུང་དམར་རུ་དར་ལྷབས་སེ་ལྷབ༔ དར་ནག་བེར་གསོལ་བདུད་རྟ་ནག་པོ་ཆིབས༔ ལྕགས་ཀྱི་རལ་ནག་སྤྲུལ་ཅིང་ཐོག་མདའ་འཕེན༔ ཤིན་ཏུ་རྔམས་ཤིང་གཏུམ་པས་དགྲ་ལ་རྒྱུག༔ དགྲ་བོའི་བླ་རྐུན་བདུད་དམག་ཉི་ལི་ལི༔ ལྷོ་སྟོད་བསེ་ཡི་སྐྱེས་བུའི་དུས་ལ་བབ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བགེགས་ཀྱི༔ ཚོར་བའི་ཕུང་པོ་གཏན་ནས་བརླག་པར་མཛོད༔ བྷྱོ་ཛ༔ ནུབ་ཕྱོགས་ཡ་བདུད་སྐྱེས་བུ་དམར་པོ་རྔམས༔ གཡས་པས་ཟངས་ཀྱི་ཕུར་བུས་དགྲ་བགེགས་གཟིར༔ གཡོན་པས་རུ་དྲའི་སྙིང་ཁྲག་ཧུར་ཧུབ་འཐུང༔ དབུ་སྐྲ་རལ་པའི་ཅོད་པན་ཕུར་བུས་བརྒྱན༔ ཕུར་བུའི་དབལ་ལས་མེ་ཆར་ཤ་ར་ར༔ མི་མགོ་རློན་པའི་ཕྲེང་བ་ཚར་གསུམ་བརྒྱན༔ གསོན་ཁྲག་དམར་པོའི་རླངས་པ་ཕྱུ་རུ་རུ༔ མཆན་ན་ཟངས་ཀྱི་ཝ་མོ་རྐང་གསུམ་འགྱེད༔ ཁ་ནས་ཁྲག་གི་སྐྱུག་པ་དམར་ལྷུད་ལྷུད༔ སྤུ་རྩེ་མེ་སྟག་ཚྭ་ཚྭ་ཐོ་རོ་རོ༔ མཇུག་མ་མཚོན་ཆའི་འཁོར་ལོ་གྱི་ལི་ལི༔ ཆིབས་སུ་གཏུམ་རྔམས་རིས་བཀྲ་སྟག་ལ་ཆིབས༔ ནུབ་སྟོད་བསེ་ཡི་སྐྱེས་བུའི་དུས་ལ་བབ༔ རྣལ་འབྱོར་བདག་ལ་འཚེ་བའི་དགྲ་བགེགས་ཀྱི༔ འདུ་ཤེས་ཕུང་པོ་གཏན་ནས་བརླག་པར་མཛོད༔ བྷྱོ་ཛ༔ བྱང་ཕྱོགས་གནོད་སྦྱིན་སྐྱེས་བུ་སྔོ་ནག་རྔམས༔ གཡས་པས་གཡུ་ཕུར་འདྲིལ་ཞིང་གཡོན་ལྕགས་ཀྱུ༔ བཙོ་དམར་ལའུ་གསོལ་ཞིང་རྟ་སྔོན་ཆིབས༔ སྨ་ར་ཁ་སྤུ་མེ་སྟག་ཡ་ལ་ལ༔ སྣ་ནས་ནད་ཀྱི་འཐོར་རླུང་ཚབ་མ་ཚུབ༔ ལྗགས་ལས་གློག་གི་ཞགས་པ་ཁྱུགས་སེ་ཁྱུག༔ ཁྲག་གི་རལ་པ་ཟངས་ཀྱི་ཕུར་བུས་བརྒྱན༔ དབལ་ཟུར་རྩེ་ལས་དུག་གི་རླངས་པ་འཕྲོ༔ མཆན་ནས་ནལ་བུ་གསོན་པོའི་རྒྱལ་མཚན་ཕྱར༔ ཁ་ནས་ངུ་འབོད་གད་རྒྱངས་ལྷངས་སེ་ལྷང༔ མགྱོགས་པའི་རྟ་རྒྱུག་ལྡིར་སྒྲ་བསྲངས་སེ་བསྲང༔ ཁྲག་ཞགས་འཁྲུགས་པའི་རྦ་ཀློང་ཡེ་རེ་རེ༔ ཕོ་ཉ་མི་ཧྲེང་གཅེར་རྒྱུག་ཤ་ར་ར༔ མདུན་ན་མུན་པ་ནག་པོ་རྨུག་ཅིང་འཐིབས༔ རྒྱབ་ན་ལས་ཀྱི་རླུང་དམར་ཚུབས་སེ་ཚུབ༔ བྱང་སྟོད་བསེ་ཡི་སྐྱེས་བུའི་དུས་ལ་བབ༔ མ་ཉེས་ཕོད་བཙུགས་དགྲ་དང་བགེགས་རྣམས་ཀྱི༔ འདུ་བྱེད་ཕུང་པོ་གཏན་ནས་བརླག་པར་མཛོད༔ བྷྱོ་ཛ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ གསུང་གི་བཀའ་ཉན་ལྕགས་ཀྱི་སྐྱེས་བུ་བཞི༔ ཤར་བདུད་དཀར་པོ་གཡུ་སྤྱང་ཐུལ་བ་གསོལ༔ གཡས་པས་ལྕགས་ཀྱུའི་རྩེ་ལ་མི་སྙིང་གཟིར༔ གཡོན་པས་ཤེལ་གྱི་ཕུར་བུ་དྲིལ་ཞིང་འདེབས༔ ཆིབས་སུ་ལྕགས་ཀྱི་སྤྱང་མོ་མགོ་དགུ་ཆིབས༔ ཁ་གདངས་མཆེ་གཙིགས་སྡང་མིག་རྐན་སྒྲ་རྡེབ༔ སྐམ་རློན་མི་མགོའི་ཐུན་ནི་ཡེ་རེ་རེ༔ མགུལ་ལ་མིག་གི་ཕྲེང་བ་ཚར་གསུམ་བརྒྱན༔ དགྲ་ལ་ཤི་མིག་གསོན་ལྟ་ཧྲི་ལི་ལི༔ དབུ་སྐྲ་རལ་བ་ལྕགས་ཀྱི་ལན་ཚར་ཅན༔ གསེབ་ནས་ཁྲག་དང་ཆུ་སེར་རྒྱུན་འབབ་པ༔ ཕོ་ཉ་མི་ནག་གཅེར་རྒྱུག་ཤ་ར་ར༔ ཆོ་འཕྲུལ་ཝ་སྤྲེལ་ལྟས་ངན་སྣ་དགུས་བསྐོར༔ ཉམས་པའི་ཤ་ལ་ཧབ་ཐོབ་ཧྲུབས་སེ་ཧྲུབ༔ ཨག་ཚོམ་རྡོ་རྗེའི་མེ་ཆར་ཐོ་རོ་རོ༔ ལོག་འདྲེན་དགྲ་བགེགས་གཟིར་ཞིང་བསྲེག་པར་བྱེད༔ དཔལ་གྱི་བཀའ་སྡོད་དགྲ་བགེགས་སྒྲོལ་བའི་གཤེད༔ ཤར་སྨད་ལྕགས་ཀྱི་སྐྱེས་བུའི་དུས་ལ་བབ༔ བསྟན་པ་བཤིགས་པའི་ལོག་འདྲེན་དགྲ་བགེགས་ཀྱི༔ ཕོ་རྒྱུད་སྐྱེ་རྒྱུད་རྩད་གཅོད་ཕྲིན་ལས་མཛོད༔ བྷྱོ་ཛ༔ ལྷོ་བདུད་སྔོན་པོ་དར་ནག་གོས་ཟུ་གསོལ༔ གཡས་པས་ལྕགས་ཀྱི་རལ་གྲི་མཁའ་ལ་ཕྱར༔ གཡོན་པས་མི་རོ་ས་གསུམ་བསྐོར་ཞིང་རྡེབ༔ ཆིབས་སུ་གཡུ་ཡི་སྤྱང་མོ་མགོ་དགུ་ཆིབས༔ ཁ་ནས་ཁྲག་་སྐྱུག་སྣ་ནས་རླུང་ནག་འཚུབ༔ མིག་ནས་མེ་འབར་སྤུ་གྲིའི་མཇུག་མ་གཡབ༔ སྤུ་རྩེ་ཁྲོ་ཆུ་ཞུན་མའི་ཚྭ་ཚྭ་འཐོར༔ ཕོ་ཉ་སྲིན་བྱས་ཤ་སྐད་ལྷང་ལྷང་སྒྲོགས༔ མཆན་ན་མདུང་དམར་རུ་མཚོན་རྔམས་པ་བཅུག༔ མེ་རླུང་འཚུབ་མ་གློག་གི་ཅོད་པན་འཕྱང༔ ཕྱོགས་བཅུའི་དམ་ཉམས་གནོད་བྱེད་བྱད་མའི་སྟེང༔ དྲག་པོའི་རྟ་རྒྱུག་རྔམས་པའི་དུག་མདའ་འཕེན༔ དཔལ་གྱི་བཀའ་སྡོད་ཕུར་སྲུང་ཁྱོད་རྣམས་ཀྱང༔ དུག་གསུམ་འཁྲུགས་པའི་ཀློང་ནས་སྐུར་བཞེངས་ལ༔ ལྷོ་སྨད་ལྕགས་ཀྱི་སྐྱེས་བུའི་དུས་ལ་བབ༔ བསྟན་དང་འགྲོ་ལ་འཚེ་བའི་དགྲ་དང་བགེགས༔ དགོས་སུ་རྣལ་འབྱོར་བདག་ལ་སྡང་བྱེད་ཀྱི༔ མོ་རྒྱུད་མངལ་ནས་སྐམ་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ ནུབ་བདུད་ནག་པོ་བཙོ་དམར་ལའུ་གསོལ༔ གཡས་པས་སེང་ལྡིང་ཕུར་བུ་དགྲ་ལ་གཟིར༔ དབལ་ཟུར་རྩེ་ལ་དུག་གི་རླངས་པ་འཕྲོ༔ གཡོན་པས་སྡོམ་བྱེད་ལྕགས་སྒྲོག་མི་མགོ་འཛིན༔ ལོག་འདྲེན་དགྲ་བགེགས་འཆིང་ཞིང་སྡོམ་པར་བྱེད༔ ཆིབས་སུ་ལྕེ་སྤྱང་གདོང་ལྔ་པ་ལ་ཞོན༔ རྔམས་ཤིང་རྒྱུག་པ་ཁ་ནས་བུ་ཆུང་ཟ༔ ཉེས་བྱེད་དགྲ་ལ་སྡང་མིག་ཧྲིག་གེར་བལྟ༔ ཉི་ཟླའི་མིག་ལ་གློག་ལྕེ་གངས་རིའི་སོ༔ སྤུ་ནི་མདའ་མདུང་མཇུག་མ་སྤུ་གྲི་འབར༔ སྣ་ཚོགས་ཐུན་གྱི་སེར་བ་ཤ་ར་ར༔ ནད་མཚོན་དུག་གི་རླངས་པ་ཐིབས་སེ་ཐིབས༔ ཕོ་ཉ་ཁྱི་ནག་ངུ་ཟུག་ལྷངས་སེ་ལྷངས༔ དབུ་སྐྲ་ཕུར་བུའི་ཅོད་པན་སི་ལི་ལི༔ མི་ལག་སྐམ་རྙིད་རློན་པའི་ལན་ཚར་ཅན༔ དཔལ་གྱི་བཀའ་སྡོད་མི་བཟད་འབར་བའི་སྐུ༔ ནུབ་སྨད་ལྕགས་ཀྱི་སྐྱེས་བུའི་དུས་ལ་བབ༔ དགྲ་ལ་མ་གཡེལ་དྲག་ཏུ་སྐུ་བསྐྱོད་ལ༔ དོ་བརྡོ་ཕོད་བཙུགས་བྱེད་པའི་དགྲ་བགེགས་ཀྱི༔ ཆུང་རྒྱུད་རྨིང་ནས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ བྱང་བདུད་ལྗང་གུ་དར་ནག་བེར་ཆེན་གསོལ༔ གཡས་པས་གནམ་ལྕགས་རལ་གྲི་མེ་འབར་ཕྱར༔ ལོག་འདྲེན་རྣམས་ཀྱི་མགོ་བོ་འགེམ་པར་བྱེད༔ གཡོན་པས་ཟངས་ཀྱི་འཕར་བ་ཁྲ་ཐབས་འགྱེད༔ དགྲ་བགེགས་སྟེང་དུ་ཟ་ངུ་ལྷངས་སེ་ལྷང༔ དབུ་སྐྲ་རལ་བ་སྦྲུལ་རིགས་ལྔ་ཡིས་བཅིང༔ གསེབ་ནས་དུག་སྦྲུལ་མང་པོ་ཉི་ལི་ལི༔ སྨ་ར་སྨིན་མ་ཨག་ཚོམ་ལྕགས་ལས་གྲུབ༔ གཞོབ་བྱེད་མེ་ཡི་ཁ་རླངས་དགྲ་ལ་གཏོང༔ ཆིབས་སུ་དུང་གི་སྤྱང་ཀི་དཀར་མོ་ཆིབས༔ ཁ་གདངས་མིག་བགྲད་མཆེ་བ་དྲག་ཏུ་གཙིགས༔ མི་བཟད་འབར་བ་ཁ་ཆུ་དུག་དུ་འཛག༔ བསྐལ་པའི་རླུང་ནག་འཚུབས་མའི་ཀློང་དུ་གསལ༔ ཕོ་ཉ་གཡག་ནག་རོ་ཁུར་རྒྱུག་ཅིང་རྩེ༔ ལོག་འདྲེན་དགྲ་བགེགས་དམྱལ་ཐག་གཅོད་པར་བྱེད༔ བླ་ཚེ་རྩིས་ལ་འདེབས་ཤིང་ཞགས་པ་འཕེན༔ བྱང་སྨད་ལྕགས་ཀྱི་སྐྱེས་བུའི་དུས་ལ་བབ༔ མི་བཟད་འབར་བ་གཟུགས་ཀྱི་སྐུར་བཞེངས་ལ༔ ལོག་པར་འདྲེན་པའི་བདུད་དང་དམ་སྲིའི་རིགས༔ ཚད་བཙུགས་གླེང་འདེབས་བྱེད་པའི་དགྲ་བགེགས་ཀྱི༔ མཐའ་རྩ་སྐྱེ་རྒྱུད་གཅོད་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ བཅོམ་ལྡན་ཁྲོ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ ཐུགས་ཀྱི་བཀའ་ཉན་དུང་གི་སྐྱེས་བུ་བཞི༔ སྲིན་པོའི་གིང་ཆེན་དཀར་པོ་རྔམས་ཤིང་བརྗིད༔ གཡས་པས་དུང་གི་ཕུར་པ་འདྲིལ་ཞིང་འདེབས༔ ས་གསུམ་ལོག་འདྲེན་འབྱུང་པོ་བརྒྱལ་དུ་འཇུག༔ གཡོན་པས་ཕུང་བྱེད་ནད་ཀྱི་རྒྱུ་ཞགས་བསྣམས༔ གཡི་དཀར་ཐུལ་བ་གསོལ་ཞིང་སྟག་ལ་ཆིབས༔ སྤྱན་ནས་མེ་ཡི་ཚྭ་ཚྭ་སྐར་ལྟར་འཁྲུགས༔ ཞལ་གདངས་ལྗགས་འདྲིལ་སོ་སྒྲ་ཐག་ཐག་རྡེབ༔ དབུ་སྐྲ་དམར་སེར་གསེབ་ན་ཁྲག་རྒྱུན་འབེབས༔ མི་མགོ་སྐམ་རློན་རྙིད་པ་སེ་རོལ་ཁུར༔ ཕུང་བྱེད་ནད་ཀྱི་རྒྱུ་ཞགས་ཤ་ར་ར༔ དཀར་དམར་ཐུན་གྱི་ཕྱེ་མ་རྦབ་ལྟར་འདྲིལ༔ སྡང་མིག་སྤྱན་ལས་གློག་འོད་ཁྱུགས་སེ་ཁྱུག༔ ཤངས་ནས་དྲག་པོའི་འཐོར་རླུང་བུ་ཡུག་འཚུབ༔ ཕོ་ཉ་བྱ་ནག་སྐད་ངན་སྒྲོགས་ཤིང་ལྡིང༔ དྲེགས་པའི་དམག་གི་དཔུང་ཚོགས་ཡེ་རེ་རེ༔ ཤར་ལྷོ་དུང་གི་སྐྱེས་བུའི་དུས་ལ་བབ༔ ལོག་པར་འདྲེན་པའི་དམ་ཉམས་དགྲ་བགེགས་ཀྱི༔ དཔའ་བའི་མི་སོད་མགྱོགས་པའི་རྟ་རྐང་ཆོག༔ རྩལ་ཕྱུང་རྒྱུས་པ་ཆིངས་ལ་རྩ་རྒྱུས་ཆོམས༔ སྐད་ཅིག་ཆུ་ཚོད་ཙམ་ཡང་མ་ལུས་པ༔ རྡུལ་ཕྲན་བཞིན་དུ་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ གཤིན་རྗེའི་གིང་ཆེན་སྔོན་པོ་གཏུམ་ཞིང་ཁྲོ༔ གཡས་པ་གྲི་ཕུར་འདྲིལ་ཞིང་གཡོན་ཐོད་ཁྲག༔ ཁ་ནས་ཀླུ་ནད་མྱོས་པའི་དུག་རླངས་འཐུལ༔ དྲག་སྔགས་དམོད་པའི་གད་རྒྱངས་དྲག་ཏུ་སྒྲོགས༔ གསལ་བྱེད་རྩིས་ཀྱི་རྡེའུ་ཐོ་རོ་རོ༔ ཁྲག་གི་རལ་བ་དམར་པོ་སྤྲུག་ཅིང་རྡེབ༔ ཆིབས་སུ་གདུག་པ་གཟིག་ལ་ཆིབས་ནས་སུ༔ གླིང་བཞི་རི་རབ་སྐད་ཅིག་ཡུད་ཀྱིས་བསྐོར༔ ཕོ་ཉ་བསེ་ཡི་འཕར་བ་མི་བཟད་དགུས༔ ངུ་ཞིང་ཟུག་པས་དགྲ་ཤ་ཧབ་ཐོབ་བྱེད༔ མི་བཟད་འབར་བ་དཔལ་གྱི་བཀའ་སྡོད་ཆེ༔ ལྷོ་ནུབ་དུང་གི་སྐྱེས་བུའི་དུས་ལ་བབ༔ གནོད་པར་བྱེད་པའི་ལོག་འདྲེན་དགྲ་བགེགས་ཀྱི༔ བདག་པོའི་མི་སོད་བསོགས་པའི་ནོར་རྫས་ཁྱེར༔ སྐད་ཅིག་དབུགས་ཀྱི་རྒྱུ་ཚོད་ཙམ་ཞིག་ལ༔ མ་འགྱང་ད་ལྟ་སྒྲོལ་བའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ བདུད་ཀྱི་གིང་ཆེན་དམར་པོ་དྲག་ཏུ་སྒྲོགས༔ གཡས་པས་ཕྱག་ན་ཟངས་ཀྱི་ཕུར་བུ་འདྲིལ༔ དགྲ་བགེགས་བྱད་མའི་སྙིང་ལ་བསྣུན་པར་བྱེད༔ གཡོན་པས་ཉམས་པའི་སྐེ་ནས་འཆིང་ཞིང་སྡོམ༔ གདུག་པ་ཅན་རྣམས་དམྱལ་ཐག་གཅོད་པར་བྱེད༔ སྐུ་ལ་སྤྲིན་དང་མེ་རླུང་དུག་རླང་འཚུབ༔ གནམ་ལྕགས་རྡོ་རྗེའི་སེར་བ་ཤ་ར་ར༔ སྤུ་གྲི་རླུང་གི་འཁོར་ལོ་གྱི་ལི་ལི༔ འབྲུབ་བྱེད་དུག་ཆུའི་ཞགས་པ་ན་ར་ར༔ སྤྲིན་དཀར་ཐུལ་བ་གསོལ་ཞིང་དོམ་ནག་ཆིབས༔ ཁ་གདངས་མིག་བགྲད་རྔམས་པའི་ང་རོ་སྒྲོགས༔ ལག་པས་དགྲ་ལ་རྙབ་ཅིང་ཟ་བར་བྱེད༔ དཔའ་བའི་རྩལ་ཕྱུང་རྔམས་པའི་གཟུགས་སྟོན་པ༔ ནུབ་བྱང་དུང་གི་སྐྱེས་བུའི་དུས་ལ་བབ༔ དོ་བརྡོ་ཕོད་བཙུགས་བྱེད་པའི་དགྲ་བགེགས་ཀྱི༔ ཚེ་འཕྲོག་དབུགས་བསྡུས་སྲོག་གི་ཐག་པ་ཆོད༔ ཤ་ཟོ་ཁྲག་འཐུང་ལྷག་མ་མེད་པར་བཞེས༔ མ་གཡེལ་བསད་ཅིང་གཞོམ་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ གནོད་སྦྱིན་གིང་ཆེན་སེར་པོ་མི་བཟད་འཇིགས༔ གཡས་པས་མཆོག་ཕུར་མཁའ་ལ་གཟིར་ཞིང་འདྲིལ༔ གཡོན་པས་དགྲ་བགེགས་གློ་སྙིང་ཁྱུར་མིད་གཏོང༔ ཞལ་ནས་མེ་ཡི་ཁ་རླངས་ལྷབས་སེ་ལྷབ༔ དབུ་སྐྲ་ཕུར་བུའི་ལན་ཚར་ཁྲོ་ལོ་ལོ༔ དུག་ལྔ་འཁྲུགས་པའི་མེ་རླུང་དམར་ནག་འཚུབས༔ ལས་བྱེད་དྲེགས་པའི་དམག་ཚོགས་ཐམས་ཅད་ཀྱིས༔ ཀྭི་བསྭོ་རུ་ལུ་རྒྱོབ་སོད་འབྲུག་ལྟར་ལྡིར༔ ཕོ་ཉ་ཆོ་འཕྲུལ་ཝ་དང་སྤྲེའུའི་ཚོགས༔ ཀུན་ཏུ་ཉུལ་ཞིང་མིག་འཕྲུལ་སྣ་ཚོགས་སྟོན༔ ཆིབས་སུ་རྔམས་པ་དྲེད་མོ་ཁམ་པ་ཆིབས༔ ཁ་ནས་མི་རོ་ཟ་ཞིང་རྒྱུག་པར་བྱེད༔ སྣ་ཚོགས་མཚོན་གྱི་འཁོར་ལོ་གྱི་ལི་ལི༔ ལས་བྱེད་མི་ནག་གཡབ་མོ་བྱེད་ཅིང་འབོད༔ བྱང་ཤར་དུང་གི་སྐྱེས་བུའི་དུས་ལ་བབ༔ མི་འདོད་སྣ་འདྲེན་བྱེད་པའི་དགྲ་བགེགས་ཀྱི༔ སྟེང་གི་ཁྱོ་བོ་འོག་གི་ཆུང་མ་དང༔ མཆན་གྱི་བུ་ཆུང་སྒོ་ནོར་ཕྱུགས་དང་བཅས༔ གཏད་དོ་གཉེར་རོ་ལྷག་མ་མ་ལུས་པར༔ མིང་མེད་གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ བྷྱོ་ཛ༔ གཞན་ཡང་བཀའ་ཉན་དྲེགས་པ་ལས་བྱེད་ཚོགས༔ དཀྱིལ་འཁོར་བསྲུང་བའི་ཀེའུ་སེང་ཕྲ་མེན་ཚོགས༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་དང༔ དབང་ཕྱུག་ཆེན་མོ་གནས་ཡུལ་ཉི་ཤུ་བརྒྱད༔ རྡོ་རྗེ་ཕུར་བའི་བཀའ་ཉན་མ་ལུས་རྣམས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ལོངས་ལ༔ ཁྲོ་འཁྲུགས་མི་བཟད་རྔམས་པའི་སྐུར་བཞེངས་ཤིག༔ ཉེས་བྱེད་དམ་ཉམས་ལོག་འདྲེན་དགྲ་བགེགས་འདི༔ ལོ་དང་ཟླ་བའི་དུས་སུ་ལྟ་ཅི་སྨོས༔ ཞག་དང་ཟ་མ་ཙམ་ཡང་བཞག་སྐབས་མེད༔ ད་ལྟ་སྐད་ཅིག་ཉི་མའི་གུང་ཐུན་ལ༔ བསྐྱེད་པའི་ཕ་སོད་གསོ་བའི་མ་ཡང་བསྡིགས༔ རྒྱུད་འཛིན་བུ་ཚ་ཉོས་པའི་ཆུང་མ་དབྱེ༔ རིགས་རྒྱུད་ཆུང་སྲི་ཁ་དམར་ལག་ཏུ་གཏོད༔ ཤ་ཁྲག་རུས་གསུམ་དཔལ་ཆེན་ཞལ་དུ་སྟོབས༔ རྗེས་ཤུལ་ལྷག་མ་ཕུར་བསྲུང་རྔམས་ཟས་མཛོད༔ ཐུགས་དམ་བསྐུལ་ལོ་ཕྲིན་ལས་ཕུར་པའི་ལྷ༔ དུས་ལ་བབ་པོ་དམ་ཅན་བསྲུང་མའི་ཚོགས༔ མ་གཡེལ་མ་འཕང་དགྲ་དང་བགེགས་ལ་ཡཱ༔ བདག་ནི་ཕུར་པ་བསྒྲུབ་པའི་རིག་འཛིན་ཏེ༔ དགྲ་དང་བགེགས་ཀྱིས་བདེ་རུ་མི་སྟེར་བས༔ དམ་ཅན་ཕུར་བསྲུང་རྣམས་ཀྱི་ར་མདའ་ལོག༔ ཐུགས་དམ་དྲག་ཏུ་བསྐུལ་ལོ་ས་མ་ཡཱ༔ ཞེས་པས་དམར་སྦྲེང་གཏོར་མ་འབུལ༔ གཡང་གཞི་བརྡབ་ཅིང་དམོད་བཅོལ་བྱ༔ འདིས་ནི་ཞག་བདུན་ཚུན་ཆད་དུ༔ གང་ལ་དམིགས་པ་ཐོགས་མེད་འགྱུར༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་སྤྲུལ་པའི་གཏེར་ཆེན་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཤར་རྒྱལ་མོ་རོང་གི་ཉེ་ཆར་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲའི་ལྟོ་བ་ནས་ཁྲོམ་གཏེར་དུ་གདན་དྲངས་པའོ༎ དགེའོ༎ དགེའོ༎ དགེའོ༎

བསད་ལས་སྒྲོལ་བྱེད་རལ་གྲི།

ཕུར་པ་གསང་བ་སྤུ་གྲི་ལས༔ བསད་ལས་སྒྲོལ་བྱེད་རལ་གྲི་ཞེས་བྱ་བ་བཞུགས༔

རྡོ་རྗེ་གཞོན་ནུའི་ལྷ་ལ་འདུད༔ ཕུར་པ་གསང་བ་སྤུ་གྲི་ཡི༔ བསད་ལས་རུ་དྲ་སྒྲོལ་བྱེད་འདི༔ གསང་སྔགས་འཛིན་པའི་རྣལ་འབྱོར་ལ༔ ཇག་ཆོམ་རྐུན་མས་འཚེ་བའམ༔ མ་ཉེས་ཁ་ཡོག་འབྱུང་བའི་ཚེ༔ བསད་པའི་ལས་རིམ་འདི་ཉིད་ལ༔ བརྩོན་པ་ཙམ་གྱིས་རྡུལ་དུ་བརླག༔ གོང་དུ་ཡི་དམ་གཞུང་བསྲངས་ཏེ༔ རྣལ་འབྱོར་མདུན་དུ་ཧོམ་ཁུང་ནི༔ དགྲ་ཡི་གཟུགས་བྱད་ཚང་བར་བྲི༔ སྲོག་སྙིང་ཛཿབཞིས་གཟིར་ནས་སུ༔ ཡན་ལག་ཛཿཧཱུྃ་བཾ་ཧོས་འཆིང༔ མཐའ་སྐོར་མིང་རུས་ནོར་རྫས་བཅས༔ ཁུག་ཅིག་ཨ་ཀརྴ་ཡ་ཛ༔ ཞེས་དང་གཙོ་བོའི་སྔགས་ཤམ་དུ༔ བསད་སྔགས་བཏང་ཞིང་དམོད་བཅོལ་བྲིས༔ ཐོག་མར་གསེར་སྐྱེམས་ཕུད་ཀྱིས་བརྔན༔ དེ་ནས་གཟུ་དཔང་གསོལ་བ་ནི༔ ཧོ༔ དགོངས་སུ་གསོལ་ལོ་སྐྱེ་མེད་ཆོས་ཀྱི་སྐུ༔ གསན་དུ་གསོལ་ལོ་རིགས་ལྔ་ལོངས་སྐུའི་ཚོགས༔ ཐུགས་རྗེས་གཟིགས་ཤིག་གང་འདུལ་སྤྲུལ་པའི་སྐུ༔ ཞིང་བཅུ་སྒྲོལ་བའི་གཟུ་དང་དཔང་པོ་མཛོད༔ ངས་ནི་མ་ཉེས་མ་ཡོ་དཀོན་མཆོག་གསུམ༔ རང་དོན་དོར་ཞིང་གཞན་དོན་དང་དུ་བླངས༔ ཚེ་གཅིག་བྱང་ཆུབ་སྒྲུབ་པར་སེམས་བསྐྱེད་ཀྱང༔ ཞིང་བཅུ་དམ་ཉམས་འདི་ཡིས་མ་སྟེར་རོ༔ ཁྱད་པར་རྡོ་རྗེ་ཕུར་པའི་སྒོར་ཞུགས་ནས༔ རྩེ་གཅིག་ཆུ་བོའི་རྒྱུན་གྱི་རྣལ་འབྱོར་ལ༔ བརྩོན་ཞིང་བསྐྱེད་རྫོགས་ཉམས་སུ་བླང་སྙམ་ཡང༔ སྡིག་ཅན་དམ་ཉམས་འདི་ཡིས་མ་སྟེར་རོ༔ མི་མེད་དབེན་པའི་བསམ་གཏན་ནགས་ཁྲོད་དུ༔ རིམ་གཉིས་ཏིང་འཛིན་ཟབ་མོ་བསྒོམ་ནས་སུ༔ བསྟན་དང་འགྲོ་བའི་ཕན་བདེ་སྤེལ་སྙམ་ཡང༔ ཉེས་བྱེད་སྡིག་ཅན་འདི་ཡིས་མ་སྟེར་རོ༔ ལོག་པར་འདྲེན་པའི་ཉེས་བྱེད་དམ་ཉམས་འདིས༔ བཙུན་པའི་ཚུལ་བཟུང་སྡོམ་པ་མི་བསྲུང་ཞིང༔ སངས་རྒྱས་བསྟན་པ་སྣ་ཚོགས་ཐབས་ཀྱིས་བཤིགས༔ ལས་དང་རྒྱུ་འབྲས་མེད་ཟེར་ཁྱད་གསོད་བྱས༔ ཤཀྱ་ཐུབ་པ་མི་བདེན་རྫུན་ཡིན་ཟེར༔ དུས་གསུམ་སངས་རྒྱས་ཐམས་ཅད་གཟུ་དང་དཔང༔ བྱང་སེམས་ཚུལ་བཟུང་གཞན་ལ་གནོད་པ་བྱེད༔ ཁ་ནས་འགྲོ་དོན་སྨོན་ཀྱང་འཇུག་གནོད་སྦྱོར༔ རྒྱལ་སྲས་བསླབ་པ་བཤད་ལ་ལོག་པར་ལྟ༔ བྱང་སེམས་འཕགས་པའི་ཚོགས་རྣམས་གཟུ་དང་དཔང༔ སྔགས་པའི་ཚུལ་འཆང་དམ་ཚིག་མི་བསྲུང་ཞིང༔ དུག་ལྔ་ལམ་ཁྱེར་མི་ཤེས་འཇོལ་ཉོག་སྤྱོད༔ ཐོ་ཅོའི་སྤྱོད་པ་གསང་སྔགས་བླ་བཙོང་བྱེད༔ པད་འབྱུང་ནང་པ་མ་ཡིན་མུ་སྟེགས་ཟེར༔ གསང་སྔགས་དཀྱིལ་འཁོར་ཐམས་ཅད་གཟུ་དང་དཔང༔ གཙོ་བོའི་ཚུལ་བཟུང་དམག་ཇག་འཁོར་དུ་བསགས༔ དངོས་སུ་འཕྲོག་ཅིང་ལྐོག་ནས་ནོར་རྫས་རྐུ༔ ཁ་མཆུ་མི་ཁ་ཉེས་མེད་ཁག་འདེབས་ཅིང༔ དོ་བརྡོ་ཕོད་བཙུགས་མཚོན་བརྡར་ཐད་ནས་ལངས༔ ནམ་མཁས་གར་ཁྱབ་སངས་རྒྱས་གཟུ་དང་དཔང༔ བླ་མའི་ཚུལ་བཟུང་ལྟ་བའི་གདེང་མེད་ཀྱང༔ དཀོན་མཆོག་དཀོར་ལ་རྔམས་ཤིང་མི་དགེ་སྤྱོད༔ གསང་སྔགས་ཟབ་ཆོས་ཉམས་སུ་མ་བླང་བར༔ དབང་བསྐུར་ཆོས་བཤད་དད་ཟས་དཀོར་ནོར་བསྡུ༔ རྒྱལ་ཁམས་མགོ་བསྐོར་བསྟན་པའི་བླ་བཙོང་བྱེད༔ བར་སྣང་གར་ཁྱབ་དམ་ཆོས་གཟུ་དང་དཔང༔ བྲན་གཡོག་ཚུལ་བཟུང་ཇག་ཆོམ་རྐུ་བ་དང༔ དབེན་པ་བརྟེན་པའི་རྣལ་འབྱོར་འཕྲོག་ཅིང་གསོད༔ སྡེ་དགོན་བརླག་དང་གཙུག་ལག་མཆོད་རྟེན་བཤིགས༔ རི་ཀླུང་རྔོན་རྒྱ་ཆོས་ཁྲིམས་རལ་བ་དང༔ བཀའ་འགལ་དམ་ལོག་དཀོན་མཆོག་རྒྱབ་རྟེན་བྱེད༔ ས་གཞིས་གར་ཁྱབ་དགེ་འདུན་གཟུ་དང་དཔང༔ ཉམས་ཆུང་ཚུལ་གནས་དམན་པའི་ས་བཟུང་སྟེ༔ སྒོ་གསུམ་གང་གིས་ཉེས་པ་མ་བྱས་ཀྱང༔ བཙན་བཙུག་གླེང་འདེབས་སྟེང་ནས་གཉའ་གནོན་བྱེད༔ མི་བསད་ནོར་འཕྲོག་སྦྲ་དང་ཁང་པ་བསྒྱེལ༔ འདི་ཡིས་མ་ཉེས་ཉེས་པ་སུ་ཡིས་བྱས༔ བླ་མ་ཡི་དམ་མཁའ་འགྲོ་གཟུ་དང་དཔང༔ རང་གིས་ཉེས་པ་གང་ཡང་མ་བྱས་ཀྱང༔ ལྟ་སྒོམ་སྤྱོད་པའི་གདེང་དང་མི་ལྡན་པས༔ སྔགས་པར་བརྫུས་ནས་རྦོད་གཏོང་མཐུ་གཏད་བྱེད༔ སྙིང་རྗེ་མེད་པའི་ཞེ་སྡང་དྲག་པོའི་སྒོས༔ ངོ་མདངས་གནག་ཅིང་སྡང་མིག་ཧུ་རེ་ལྟ༔ མིང་རུས་ངག་ཏུ་བརྗོད་ཅིང་ཁུག་ཅིག་ཟེར༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་གཟུ་དང་དཔང༔ ངས་ནི་མ་ཉེས་མ་ཡོ་གཟུ་དཔང་ལྷ༔ བདེན་རྫུན་ཤན་འབྱེད་ཡེ་ཤེས་སྤྱན་གྱིས་གཟིགས༔ ཇི་སྙེད་མཁྱེན་པའི་ཐུགས་ཀྱིས་དགོངས་མཛོད་ལ༔ ཉེས་ཞིག་མེད་ན་དྲག་ཏུ་མི་བསྐུལ་གྱིས༔ ལྷ་ཚོགས་ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ ཁྲོ་འཁྲུགས་མི་བཟད་རྔམས་པའི་སྐུར་བཞེངས་ཤིག༔ དེང་སང་བསྐལ་པ་དུས་ཀྱི་ཐ་མ་འདིར༔ ཕུར་པ་སྒྲུབ་པའི་རིག་འཛིན་བདག་ཅག་ལ༔ ཡི་དམ་ལྷ་ཡི་མགོན་དང་སྐྱབས་མེད་ན༔ གསང་སྔགས་ཐབས་ལམ་ཟབ་མོ་སུ་ཡིས་འཛིན༔ དེ་ཕྱིར་ཐུགས་རྗེ་ཆེན་པོས་དགོངས་མཛོད་ལ༔ བདག་ལ་གནོད་པའི་དམ་ཉམས་དགྲ་བོ་འདི༔ སྐད་ཅིག་མྱུར་དུ་སྒྲོལ་བའི་ཕྲིན་ལས་མཛོད༔ དེ་ནས་ཨེ་ཁང་བསྐྱེད་པ་ནི༔ ཨེ་བཛྲ་ཛྭ་ལ་རཾ་ཧཱུྃ་ཕཊ༔ ཞེས་བརྗོད་པས་མདུན་དུ་གནམ་ལྕགས་ཀྱི་ཁང་སྒྲོམ་འབར་བ་ཟུར་གསུམ་གནམ་སྒོ་དང་ལྡན་པ་དཔང་མཐོ་ཞིང་གཏིང་ཟབ་པའི་ནང་དུ་གཏི་མུག་གི་མུན་པ་འཐིབ་པ༔ འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ༔ ཁ་ལ་ཞེ་སྡང་གི་མེ་འབར་བ༔ ལས་ཀྱི་གཤིན་རྗེ་ནག་པོའི་ལྟོ་བ༔ གཟའ་བདུད་རཱ་ཧུ་ལ་ཡི་གདོང་པ༔ བཙན་རྒོད་ཡ་བ་རྐྱ་བདུན་རྒྱུག་ལམ༔ བདུད་དང་སྲིན་པོ་གཉིས་ཀྱི་ཁ་བར༔ སྣང་སྲིད་ལྷ་འདྲེ་ཡོངས་ཀྱི་ཟ་ལམ༔ ལྷ་སྲིན་སྡེ་བརྒྱད་དྲེགས་པའི་བཤན་ཁང༔ ཟ་བྱེད་ལས་ཀྱི་ཕོ་ཉ་སྣ་ཚོགས་སེང་གེ་ལྟར་རྔམས་པ༔ སྟག་ལྟར་འཕྱོ་བ༔ ཐོག་རྒོད་ལྟར་མྱུར་བ༔ ལག་ན་མཚོན་ཆ་སྣ་ཚོགས་ཐོགས་ནས་རྒྱུག་ཅིང་གར་བརྩེ་བ༔ ལས་མཁན་སྲིན་པོ་ཕོ་མོ་རྣམས་ལ་ལས་ཤ་ཟ་ཞིང་རྒྱུ་མ་འདྲེན་པ༔ ལ་ལས་ཁྲག་འཐུང་ཞིང་རུས་པ་མུར་བ༔ ཁུག་ལ་ཤོག༔ ཁྲིད་ལ་ཤོག༔ དེད་ལ་ཤོག་ཅེས་པའི་སྒྲ་འབྱིན་པ༔ འཇིགས་སུ་རུང་བ་རྡོ་རྗེ་ཅན་ཡང་གཡའ་ཞུམ་པ་གཅིག་ཏུ་གྱུར༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་མ་ར་ཡ་ཁུག་ཛ༔ དེའི་ནང་དུ་ནྲྀ་དང་ཏྲི་ལས་དགྲ་བགེགས་ཆེ་གེ་མོ་ལུས་སྐམ་ལ་རིད་པ༔ ངོ་ཞུམ་ཞིང་ངུ་བ༔ མིག་ཕུག་རྡིབ་ཅིང་འགྲམ་གཏིང་དུ་ལྷུང་བ༔ སྐེ་རེད་ཅིང་ལུས་ཉམས་ཐག་པ་སྙིང་ནས་ལྕགས་ཀྱུས་བཟུང་བ༔ སྐེ་ནས་ཞགས་པས་བཅིངས་བ༔ ཡན་ལག་ལྕགས་སྒྲོག་གིས་བསྡམས་པ་ཁ་ནས་ངུ་སྐད་འདོན་པ་སྔོ་ཞིང་ནག་ལ་ལྟོ་བ་སྒལ་ཚིགས་ལ་འབྱར་བ་ཉམས་ཐག་པའི་རྣམ་པ་ཅན་དུ་གྱུར༔ བདེན་བརྗོད་ནི༔ ན་མོ༔ རྗེ་བཙུན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ༔ སངས་རྒྱས་ཀྱི་བཀའ་བདེན་པ༔ ཆོས་ཀྱི་བཀའ་བདེན་པ་དང༔ དགེ་འདུན་གྱི་བཀའ་བདེན་པ༔ བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་བསྲུང་མ་རྣམས་ཀྱི༴སོགས། ཁྱད་པར་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ༔ སྲས་མཆོག་ཀཱི་ལ་རིགས་བཞི༔ བདུད་འདུལ་ཁྲོ་བཅུ་ཡབ་ཡུམ༔ ཀེའུ་སེང་མཁའ་འགྲོ༔ དབང་ཕྱུག་ཉེར་བརྒྱད༔ མཁའ་འགྲོ་སོ་གཉིས༔ གིང་ཆེན་བཅོ་བརྒྱད༔ ཁྲ་ཐབས་ཉི་ཤུ༔ སྒོ་མ་བཞི༔ ཕུར་བསྲུང་མ་མོ་བཅུ་གཉིས༔ བསེ་ལྕགས་དུང་གི་སྐྱེས་བུ༔ གཏེར་བསྲུང་དཀར་མོ་ཉི་ཟླ་ལ་སོགས་པའི་ཕུར་བ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྤྲུལ་པ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ༔ བདེན་པ་དེ་དག་གི་མཐུ་དང་ནུས་པ་ལ་བརྟེན་ནས༔ སངས་རྒྱས་ཀྱི་བསྟན་དགྲ༔ སེམས་ཅན་གྱི་སྤྱི་དགྲ༔ བླ་མའི་སྐུ་དགྲ༔ རྣལ་འབྱོར་བའི་སྒོས་དགྲ༔ ཁྱད་པར་དུ་བདག་ཅག་དཔོན་སློབ་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་དངོས་སུ་སྡང་བར་བྱེད་པའི་དགྲ༔ ལྐོག་ནས་གནོད་པར་བྱེད་པའི་བགེགས༔ མདོ་སྒྲུབ་དང་མཐུ་གཏད་བྱེད་པ༔ བསམ་ངན་དང་སྦྱོར་རྩུབ་འཆང་བ༔ དམག་ཇག་དང་རྐུ་འཕྲོག་ཤོམ་པ༔ བཀའ་འགལ་དང་དམ་ལོག་བྱེད་པ༔ མགོ་ལ་ཏིལ་རྡུང་བྱེད་ཅིང༔ ངོ་ལ་སྤྲེལ་ལྟར་འཛེག་པ༔ ལྐོག་ནས་འབུ་བཞིན་འབུག་ཅིང་མི་ཁའི་སྣ་འདྲེན་བྱེད་པ༔ ཟ་འདོད་དང་ཁ་མཆུ་གླེང་བ་དམ་སྲི་བདུད་རིགས་རྒྱབ་བརྟེན་སྣ་འདྲེན་དང་བཅས་པའི་བླ་སྲོག་རྣམ་པར་ཤེས་པ་ཆོས་ཀྱི་སྐྱབས་འོག༔ སྔགས་ཀྱི་གུར་ཁང༔ བོན་པོའི་གཤིན་གྲལ༔ ས་གསུམ་གང་ན་གནས་ཀྱང་རང་ལ་རང་དབང་མེད་པར་གཟུགས་ཀྱི་ལིང་ག་འདི་ལ་ཁུག་ཅིག༔ འགུགས་རྟགས་བྱུང་ནས་དེ་རྗེས་སུ༔ ལས་བཞིའི་ཕྱག་རྒྱས་གཟིར་བ་ནི༔ ཛ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ བཀའ་ཉན་འགུགས་པའི་ལས་མཛད་སྒོ་མ་ནི༔ དཀར་མོ་པུ་ཤུད་མགོ་ཅན་ལྕགས་ཀྱུ་འཛིན༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་བགེགས་ཀྱི༔ སྙིང་ནས་ཟུངས་ཤིག་ཨང་ཀུ་ཤ་ཡ་ཛ༔ ཧཱུྃ༔ དཔལ་ཆེན་ཁྲོ་རྒྱལ་རྔམས་པའི་བཀའ་ཉན་པ༔ འཆིང་བའི་ལས་མཛད་སྐྱ་ཀའི་མགོ་བརྙན་ཅན༔ ཕྱག་ན་འཆིང་བྱེད་དུག་སྦྲུལ་ཞགས་པ་བསྣམས༔ དགྲ་བགེགས་མགྲིན་པར་ཆིངས་ཤིག་པཱ་ཤ་ཧཱུྃ༔ བཾ༔ སྲིད་གསུམ་ཆེ་བཙན་ཁྲོ་རྒྱལ་ཧེ་རུ་ཀའི༔ བཀའ་ཉན་དྲག་ཏུ་སྡོམ་པའི་ལས་མཛད་མ༔ དམར་མོ་སྲིན་བྱའི་མགོ་ཅན་ལྕགས་སྒྲོག་འཛིན༔ ཡན་ལག་གཟུགས་བཞི་སྡོམས་ཤིག་སྥོ་ཊ་བཾ༔ ཧོ༔ སྲིད་པའི་ཕུར་བུ་དཔལ་ཆེན་ཆེ་མཆོག་གི༔ བཀའ་ཉན་མྱོས་ཤིང་བརྒྱལ་བའི་ལས་བྱེད་མ༔ ལྗང་མོ་ཁྲ་ཡི་མགོ་ཅན་དྲིལ་བུ་འཛིན༔ ཡིད་སེམས་མྱོས་པར་གྱིས་ཤིག་གནྜེ་ཧོ༔ ཞིང་བཅུ་ཚང་བའི་དམ་ཉམས་དགྲ་དང་བགེགས༔ སྐད་ཅིག་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ བཛྲ་ཨང་ཀུ་ཤ་ཡ་ཛ༔ རཏྣ་པཱ་ཤ་ཧཱུྃ༔ པདྨ་སྥོ་ཊ་བཾ༔ ཀརྨ་གནྜེ་ཧོ༔ དེ་ནས་ཕོ་ཉ་བསྐུལ་བ་ནི༔ དམར་གཏོར་ཤ་ཁྲག་བརྒྱན་པ་བཤམས༔ རྣལ་འབྱོར་ཏིང་འཛིན་དྲག་ཤུལ་གྱིས༔ ཛཿ དཔལ་ཆེན་ཁྲོ་མཆོག་རྡོ་རྗེ་གཞོན་ནུ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་སྲས་མཆོག་བཞི༔ སྐུ་མདོག་ཕྱག་མཚན་རང་རང་ཆ་ལུགས་རྔམས༔ སེར་ལྟར་འདྲིལ་ཞིང་གཟའ་རྒོད་ལྟར་དུ་རྒྱུ༔ ནད་མུག་མཚོན་གྱི་ཆར་བ་དྲག་ཏུ་འབེབ༔ མིང་པོ་བསེ་ལྕགས་དུང་གི་སྐྱེས་བུའི་ཚོགས༔ ཕྱག་ན་གདུག་པའི་མཚོན་ཆ་སྣ་ཚོགས་འཛིན༔ སྲིད་གསུམ་ཟས་སུ་ཟོས་ཀྱང་མ་ཚིམ་ཞིང༔ མ་འགྲང་གླལ་བའི་ཁང་སྒྲ་ལྷང་ལྷང་བྱེད༔ དགྲ་བོའི་ཡན་ལག་གཟུགས་བཞི་གཅོད་པར་བྱེད༔ གཞན་ཡང་ཀེའུ་སེང་དབང་ཕྱུག་ཉི་ཤུ་བརྒྱད༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་དང༔ གཏེར་བསྲུང་དཀར་མོ་ཉི་ཟླ་གཙོ་འཁོར་བྲན༔ ཀུན་ཀྱང་ཤ་ལ་རྔམས་ཤིང་ཁྲག་ལ་གདུང༔ དགྲ་བོའི་མི་རྒྱུད་ནོར་རྫས་ཧབ་ཐོབ་བྱེད༔ གཞན་ཡང་ཆོ་འཕྲུལ་མ་རུང་སྣ་དགུའི་ཚོགས༔ ནམ་མཁའི་གཟའ་སྐར་བས་ཀྱང་གྲངས་མང་ཞིང༔ ས་གཞིའི་རྩི་ཤིང་བས་ཀྱང་རྫོང་འཐུག་པ༔ ནམ་མཁའི་ཐོག་རྒོད་བས་ཀྱང་རྩལ་དྲག་པ༔ འཁོར་དང་བཅས་པ་བསྐུལ་ལོ་ས་མ་ཡཱ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ལྷ་དབྱེ་ནི༔ བྱ་འུག་གི་སྒྲོ་ཐོགས་ཤིང༔ ཧཱུྃ༔ གསོན་ཅིག་རྩ་གསུམ་རབ་འབྱམས་ཚོགས༔ ཉོན་ཅིག་ལྷ་དང་བསྲུང་མ་རྣམས༔ དམ་ཉམས་དགྲ་བོ་ལས་ངན་འདིས༔ སོ་ཐར་འདུལ་བའི་ཁྲིམས་ཡང་བཤིགས༔ བྱང་སེམས་བསླབ་བྱའི་རྒྱུ་ཡང་དཀྲུགས༔ གསང་སྔགས་དམ་ཚིག་ཁྱད་དུ་བསད༔ འདི་ལས་ཉེས་ཅན་སུ་མེད་ཀྱི༔ འདི་ལ་འགོ་བར་བྱེད་པའི་ལྷ༔ ཡེ་ཤེས་པ་རྣམས་ཐུགས་དམ་ཉམས༔ འཇིག་རྟེན་ལྷ་རྣམས་དམ་ཚིག་དོར༔ འདི་ཡི་མགོན་དང་སྐྱབས་མ་བྱེད༔ གལ་ཏེ་མགོན་དང་སྐྱབས་བྱེད་ན༔ ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ སྲིད་པ་གསུམ་ལ་དབང་བྱེད་ན༔ དགྲ་བགེགས་སྒྲོལ་ལ་ལྟ་ཅི་སྨོས༔ མགོན་སྐྱབས་བྱེད་པའི་ལྷ་དང་བཅས༔ ཐལ་བ་རྡུལ་ཕྲན་བཞིན་དུ་བརླག༔ འདི་ལ་འགོ་བར་བྱེད་པའི་ལྷ༔ ཡེ་ཤེས་པ་ཞིག་ག་ལ་ཡོད༔ གལ་ཏེ་ཡོད་ན་དབྱིངས་སུ་གཤེགས༔ འཇིག་རྟེན་དྲེགས་པའི་ལྷ་སྲུང་རྣམས༔ རང་རང་གནས་སུ་བདེ་བར་སོང༔ སྡང་བར་བྱེད་ན་ཕ་ཡང་རུང༔ གནོད་པར་བྱེད་ན་མ་ཡང་རུང༔ བསྟན་ལ་འཚེ་ན་ལྷ་ཡང་རུང༔ རྡོ་རྗེ་གཞོན་ནུའི་ཏིང་འཛིན་གྱིས༔ སྐད་ཅིག་རྡུལ་དུ་བརླག་པར་བྱེད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིག་ནཾ་བཾ་ཧཱུྃ་ཕཊ༔ ལོག་འདྲེན་དགྲ་བགེགས་ལྷ་དང་དབྱེ༔ བདུད་དང་སྤྲོད༔ སྲོག་ཆོད༔ དབུགས་ལོངས༔ མ་ར་ཡ་ཕྱེ་ཕྱེ་ཁྲོལ་ཁྲོལ༔ ཐལ་མོ་རྒྱབ་སྤྲད་སོགས་ཀྱིས་དབྱེ༔ ཐུན་བརྡེག་པ་ནི༔ ཧཱུྃ༔ ཡུངས་དཀར་ཁྲོ་བོ་འཆོལ་བའི་སྤྲིན༔ དཀར་ནག་རྡོ་ཕྱེ་ཁྲོ་མོ་འཕྲོ༔ ཟངས་ལྕགས་ཕྱེ་མ་ཁྲོ་ཆུང་འབར༔ ཞིང་བཅུའི་དམ་ཉམས་དགྲ་བགེགས་ཀྱི༔ སྲོག་གི་རྩ་ལ་མཱ་ར་ཡ༔ སྐྱིན་ཐང་སེར་བ་འདྲིལ་བཞིན་དུ༔ ཤ་ཁྲག་རུས་གསུམ་ཕྱེ་མར་རློགས༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཀྲོ་དྷ་ཀྲོ་དྷི་ཧེ་རུ་ཀ་མ་ར་ཡ་ཕཊ༔ ཅེས་བརྡེག་གོ༔ ཧཱུྃ༔ སྲས་མཆོག་རིགས་བཞིའི་ཀཱི་ལ་ཡ༔ སྐུ་མདོག་དཀར་སེར་དམར་ལྗང་ཁྲོ༔ ཕྱག་ན་ལས་བཞིའི་ཕུར་བུ་འདྲིལ༔ དགྲ་དང་བགེགས་ཀྱི་སྙིང་ལ་གཟིར༔ སྐམ་རློན་མི་མགོའི་ཕྲེང་བས་བརྒྱན༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབྱིབས༔ ཟུར་གསུམ་དབལ་སོ་རྣོ་ལ་གཟེངས༔ མེ་འབར་དུག་གི་རླངས་པ་འཕྲོ༔ དགྲ་བགེགས་ཡན་ལག་བཞི་ལ་གདབ༔ སྐྱེ་བ་རྣམ་བཞིའི་སྒོ་བཅད་དེ༔ ཚད་མེད་རྣམ་བཞིའི་དབྱིངས་སུ་འདྲེན༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ༔ ཞེས་སྲས་མཆོག་རིགས་བཞིའི་ཕུར་པ་ནི༔ ཡན་ལག་བཞི་ལ་གདབ་པར་བྱ༔ ཧཱུྃ་བྷྱོ༔ དཔལ་ཆེན་ཐུགས་ལས་ཧཱུྃ་བཅུ་དང༔ ཡུམ་ཆེན་ཐུགས་ལས་བྷྱོ་བཅུ་འཕྲོས༔ ཐབས་དང་ཤེས་རབ་རོལ་པ་ལས༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ གཏུམ་ཞིང་ཁྲོས་འཁྲུགས་ཁྲོ་ཆས་རྫོགས༔ ཕྱག་ན་མཚོན་ཆ་སྣ་ཚོགས་འཛིན༔ སྐུ་སྨད་གནམ་ལྕགས་ཕུར་བུའི་དབལ༔ དགྲ་བོའི་ཁམས་དང་དབང་པོ་བཅུར༔ གཟིར་ཞིང་དྲག་ཏུ་བསྡིགས་པར་བྱེད༔ སྐུ་ལ་ནད་མཚོན་དུག་རླངས་འཕྲོ༔ དུག་གསུམ་སྐྱེ་རྒྱུད་རྩད་ནས་གཅོད༔ དགྲ་དང་བགེགས་ལ་ཀཱི་ལ་ཡ༔ ཐལ་བ་རྡུལ་དུ་བརླག་པར་མཛོད༔ ཧཱུྃ་ཧཱུྃ་ཧཱུྃ༔ བྷྱོ་བྷྱོ་བྷྱོ༔ མཱ་ར་ཡ་རྦད༔ ཁྲོ་བཅུའི་ཕུར་བ་གནས་བཅུར་གདབ༔ བྷྱོ༔ བྲན་དང་བཀའ་ཉན་ཕོ་ཉའི་ཚོགས༔ ཕུར་སྐྱོང་བསྲུང་མའི་དུས་ལ་བབ༔ ཀུན་ཀྱང་མི་བཟད་རྔམས་པའི་གཟུགས༔ ཕྱག་ན་མཆོག་གི་ཕུར་པ་འདྲིལ༔ དགྲ་བོའི་ལུས་ཀུན་གཟིར་བར་བྱེད༔ དམ་ཉམས་སྙིང་ལ་ཀཱི་ལ་ཡ༔ གནོད་བྱེད་སྲོག་ལ་མཱ་ར་ཡ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མར་དྷ་ན་ཡེ་ཧཱུྃ་ཕཊ༔ དམ་ཅན་ལས་ཕུར་སྙིང་ཀར་གཟུང༔ དེ་ནས་གཙོ་ཕུར་བླངས་ལ༔ ཧཱུྃ༔ ང་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ༔ མཐིང་ནག་རྔམས་པ་ཞལ་གཅིག་ཕྱག་གཉིས་པ༔ སྲིད་གསུམ་སྒྲོལ་བྱེད་རི་རབ་ཕུར་བུ་འདྲིལ༔ དགྲ་བགེགས་བྱད་མའི་སྙིང་ལ་ཀཱི་ལ་ཡ༔ ཕོ་ཉ་སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང༔ སྣ་ཚོགས་རྣོ་དབལ་ལྡན་པའི་མཚོན་ཆ་འཛིན༔ བྱད་མ་དུམ་བུ་ཚལ་བར་བརླག་པར་བྱེད༔ ཕུར་བུའི་རྒྱ་མདུད་གོང་མ་གཞལ་མེད་ཁང༔ ཞི་བ་བཞི་བཅུ་རྩ་གཉིས་ཕོ་བྲང་གདབ༔ འཆང་ཟུང་མཚམས་ནས་འོད་ཟེར་སྣ་ལྔ་འཕྲོ༔ རྒྱུ་དྲུག་འཁོར་བར་འཁྱམས་པའི་དགྲ་བགེགས་འདྲེན༔ སྐེད་པ་རྒྱ་མདུད་མཁའ་སྤྱོད་སྤྲུལ་པའི་ཞིང༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོམ་བུ་འཁྲིགས༔ ཆང་ཟུང་མཚམས་ནས་གློ་སྟོང་ཁྱུགས་སེ་ཁྱུགས༔ བྱད་མ་རྒྱུ་དྲུག་གནས་ནས་སྤོར་བར་བྱེད༔ ཆུ་སྲིན་ཁ་ནས་འབྲུག་སྟོང་ལྡི་རི་རི༔ བྱད་མའི་བླ་ཡིད་རྣམ་ཤེས་འཁྱམས་པར་བྱེད༔ སྨད་དབལ་ཟུར་གསུམ་དུར་ཁྲོད་དྲག་པོའི་ཞིང༔ དཔལ་ཆེན་ཁྲོ་རྒྱལ་རྔམས་པའི་གཞལ་མེད་ཁང༔ ཕོ་བྲང་ཕྱི་ནང་མཚན་ཉིད་ཡོངས་སུ་རྫོགས༔ ཟ་གསོད་ཁྲོ་བོ་ཁྲོ་མོ་རྡུལ་ལྟར་འཚོགས༔ དབལ་ཟུར་རྩེ་ལས་བདུད་དམག་ཉི་ཁྲི་འགྱེད༔ ཤ་ཟ་ཁྲག་འཐུང་ངར་སྒྲ་མི་སྙན་སྒྲོག༔ བྱད་མའི་ཤ་ལ་ཧབ་ཐོབ་ཧུབས་སེ་ཧུབ༔ བར་མཚམས་སྦྲུལ་གྱི་ཆུན་པོ་ཉི་ལི་ལི༔ སྣ་ཚོགས་དུག་གི་ཁ་རླངས་གཏོང་བར་བྱེད༔ ལོག་འདྲེན་སྙིང་ལ་གཟིར་ཅིག་ཀཱི་ལ་ཡ༔ ཐབས་མཆོག་ཁྲོ་བོ་རོལ་པའི་ཏིང་འཛིན་གྱིས༔ ལན་གསུམ་གཡས་སུ་བསྐོར་ཞིང་བཏབ་པ་ཡིས༔ ཁོ་ཡི་ཚེ་བསོད་དཔལ་འབྱོར་འཕྲོ་རྣམས་བསྡུས༔ ཤེས་རབ་ཁྲོ་མོ་རོལ་པའི་ཏིང་འཛིན་གྱིས༔ ལན་གསུམ་གཡོན་དུ་བསྐོར་ཞིང་བཏབ་པ་ཡིས༔ རྣམ་ཤེས་དྭངས་མ་ལྔ་ལྡན་ཕུར་རྩེར་བླངས༔ ཐབས་ཤེས་གཉིས་མེད་རོལ་པའི་ཏིང་འཛིན་གྱིས༔ ཀླད་ལ་ལན་གསུམ་བསྐོར་ཞིང་འདྲིལ་བ་ཡིས༔ དཔལ་ཆེན་ཡབ་ཡུམ་ཐུགས་ཀྱི་སྲས་སུ་ཕཊ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀ་ཏཾ་ཀ་ཡེ་ཛ་ཡེ་བི་ཛ་ཡེ་ཨ་ཛི་ཏེ་ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མར་དྷ་ན་ཡེ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉ་ཀ་ར་ཨི་དན་དྷ་ཏུ་ཀརྨ་ཧུར་ཡ་བྷྱོ་བཟློག༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་གནོད་བྱེད་དགྲ་བགེགས་ཀྱི་སྙིང་རྩ་ལ་ཡཾ་ཡཾ༔ སྲོག་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེགས་རྩེགས༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མཱ་ཀརྨ་ཤྲྀ་ཀྲེམ་ཀ་ར་ཡེ༔ མ་ར་ས་ན༔ པྲ་མར་དྷ་ན་ཡེ་ཧཱུྃ་ཕཊ༔ ཞེས་ཚེ་ཁྲུས་ཀྱི་དགོངས་པའི་གནད་དང་ལྡན་པས་སྒོ་གསུམ་དུ་གདབ་བོ༔ དེ་ནས་སྒྲོལ་གྲི་ཐོགས་ལ༔ ཛ༔ རྣོ་དབལ་ལྡན་པའི་སྒྲོལ་གྲི་མཁའ་ལ་འཕྱར༔ ལས་བྱེད་ཕོ་ཉའི་ཚོགས་རྣམས་དགྲ་ལ་རུབ༔ ཕོ་ཉ་ཆོ་འཕྲུལ་ལྟས་ངན་རྡུལ་ལྟར་འཚུབས༔ མི་བཟད་ལས་ཀྱི་གཤིན་རྗེ་གཏུམ་ཞིང་རྔམས༔ གསོད་བྱེད་རལ་གྲི་ཁྲག་ཅན་གཅིག་ཐོགས་ནས༔ ཞིང་བཅུའི་སྐེ་ནས་བཟུང་ཞིང་དུམ་བུར་བཅད༔ ཕུར་བསྲུང་ལས་བྱེད་ཚོགས་རྣམས་ཁྲོས་ཤིང་གཏུམ༔ ཀུན་ཀྱང་དགྲ་བོའི་ཤ་རུས་རྔམས་ཟས་བྱེད༔ ཁྲོ་ཆུང་སྤྲུལ་པ་ཡང་སྤྲུལ་ཚོགས་རྣམས་ཀྱིས༔ ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་རྦད་རྦད༔ རྒྱུག་རྒྱུག༔ གཏུབ་གཏུབ༔ དུམ་བུར་རྦུད་ཐུམ་བྷྱོ༔ དེ་ནས་གཏུན་ཁུང་དུ་རྡོ་རྗེའི་ཐོ་བས་བརྡུངས་ཤིང༔ ཛ༔ ཐབས་ཀྱི་རང་བཞིན་རྡོ་རྗེའི་གཏུན་ཤིང་གིས༔ ཤེས་རབ་བདག་མེད་སྟོང་པའི་གཏུན་ཁུང་དུ༔ གཟུང་འཛིན་འཆིང་བས་བཅིངས་པའི་དགྲ་བགེགས་ཀུན༔ དུག་ལྔ་ཤ་ཁྲག་རུས་བཅས་ཕྱེ་མར་འཐག༔ གཉིས་འཛིན་རོ་གཅིག་རྟོགས་པའི་ཀློང་དུ་བསྟིམས༔ འཁྲུལ་རྟོག་ཡུམ་གྱི་བྷ་གའི་ཀློང་དུ་བསྟིམ༔ དུག་ལྔ་ཡེ་ཤེས་ལྔ་རུ་སྒྲོལ་བར་མཛོད༔ བཛྲ་ཀཱི་ལི་ཀཱི་ལ་ཡ་པདྨོ་ཨ་ཀོ་ཊ་ཁ་ཐམ༔ བསྟབ་པ་ནི༔ གཏུན་ཁུང་དུ་ལིང་རོ་བཞག་ཅིང༔ ཧཱུྃ༔ སྲིད་པ་རྡོ་རྗེ་ཕུར་བུའི་ལྷ་ཚོགས་རྣམས༔ མཐོ་དམན་གནམ་ས་ཙམ་གྱི་ཞལ་གདོངས་ལ༔ ཁྱབ་བྱེད་གློག་དམར་ལྟ་བུའི་ལྗགས་སྐྱོངས་ཤིག༔ ཀེང་རུས་རི་རབ་ལྟ་བུའི་མཆེ་བ་གཙིགས༔ ཐོགས་མེད་བར་སྣང་ཡངས་པའི་མགྲིན་པ་རུ༔ ཁམས་གསུམ་རྔམས་པའི་རྐན་སྒྲ་དང་བཅས་ཏེ༔ ལྷག་མ་རྗེས་ཤུལ་མེད་པར་ཞལ་བཞེས་ལ༔ སྲིད་གསུམ་དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ ནྲྀ་ཏྲི་ཤ་ཏྲུཾ་མ་ར་ཡ་ལོག་འདྲེན་དགྲ་བགེགས་ཀྱི་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེཾ་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སྙིང་རྗེའི་ཀློང་ལས་དྲག་པོའི་སྐུར་བཞེངས་ཏེ༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་མཛད་པའི༔ ཕུར་པ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ ཅེས་པ་འདི་བཞིན་སུས་བསྒྲུབ་པ༔ ལོག་འདྲེན་དགྲ་བགེགས་མ་ལུས་པ༔ ལོ་ཟླ་ཞག་ལ་མི་འགྱང་བར༔ མྱུར་དུ་བརླག་པའི་མཚོན་ཆའོ༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ ད་ལྟ་སྤེལ་བའི་གནས་མེད་ཀྱིས༔ ཟབ་པ་ས་ཡི་གཏེར་དུ་སྦོས༔ མ་འོངས་སྙིགས་མའི་དུས་ཀྱི་ཚེ༔ མཚོ་རྒྱལ་སྤྲུལ་པའི་སྐྱེས་བུ་ཡིས༔ གཏེར་ནས་འདོན་ཞིང་རྒྱ་ཆེར་སྤེལ༔ སྐལ་ལྡན་འགའ་ཞིག་གྲོལ་བར་འགྱུར༔ གཞན་ཡང་འགྲོ་དོན་རྒྱ་ཆེན་འབྱུང༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་སྤྲུལ་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོ་གྲུ་འཛིན་རི་ཡི་ལྟོ་བ་ནས་ཁྲོམ་གཏེར་དུ་གདན་དྲངས་ཤིང་ཤོག་སེར་ལས་ཕབ་པའི་ཡི་གེ་པ་ནི་དྷརྨ་པ་ཏི་ཀརྨ་ཝརྡྷས་བྲིས་པའི་དགེ་བས་བདུད་སྡེའི་དཔུང་ཚོགས་མིང་མེད་དུ་བརླག་ནས་ཟབ་ཆོས་འདི་ཉིད་ཀྱི་བསྟན་པ་རིན་པོ་ཆེ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ནས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་འཐོབ་པའི་རྒྱུར་གྱུར་ཅིག དགེའོ༎ དགེའོ༎ དགེའོ༎

གཏོར་ཟློག་དྲག་པོའི་འཁྲུལ་འཁོར།

ཕུར་བ་གསང་བ་སྤུ་གྲི་ལས༔ གཏོར་ཟློག་དྲག་པོའི་འཁྲུལ་འཁོར་ཞེས་བྱ་བ་བཞུགས༔ཤྲཱི་བཛྲ་ཀུ་མ་ར་ཡ༔ ཕུར་བ་གསང་བ་སྤུ་གྲི་ཡི༔ གཏོར་བཟློག་བརྩོན་པར་བྱེད་འདོད་པས༔ ས་ནག་མཎྚལ་གྲུ་བཞི་ལ༔ མ་ཏྲཾ་རུ་དྲ་བྲིས་པ་ཡི༔ སྙིང་གར་ནྲྀའམ་ཏྲི་ཡིས་མཚན༔ དེ་ཕྱིར་ཆོས་འབྱུང་བསྣོལ་མ་དང༔ པདྨ་འདབ་བཞི་ཕྱོགས་མདོག་ཅན༔ འཁོར་ལོ་རྩིབས་བཅུ་མུ་ཁྱུད་མཚན༔ རྡོ་རྗེའི་རྭ་བ་མེ་རིས་བསྐོར༔ དེ་སྟེང་ལྕགས་ཀྱི་མཉྫུའི་ཁར༔ ཟངས་ལྕགས་བསེ་སོགས་གང་རུང་སྣོད༔ དཔལ་གྱི་བཤོས་བུ་ཁྲུ་གང་བ༔ ཟུར་གསུམ་ཁྲག་གིས་བྱུགས་པ་ཡི༔ གདོང་ལ་ཁྲོ་ཞལ་དག་གིས་མཚན༔ དེ་མཐར་རང་འདྲའི་བཤོས་བུ་བཞི༔ དེ་རྒྱབ་ཁྲོ་བཅུའི་དཔལ་གཏོར་དང༔ འཁོར་གྱི་གྲངས་ཀྱི་གཏོར་མ་འམ༔ ཡང་ན་མཐེབ་ཀྱུ་སྐྱུ་གུས་བསྐོར༔ ཤ་ཁྲག་འབྲུ་སྣས་གཏོར་འདབ་སྤྲས༔ ཉ་བོ་བཅུ་དང་གཏོར་བཅུ་གཟུགས༔ རྩེ་ལ་མར་ཚོན་ཁྱུང་གིས་བརྒྱན༔ གཏོར་གདུགས་རྨ་བྱའི་ཐིག་ལེས་མཛེས༔ རྩང་དང་མཚེ་ཡུངས་རྒྱུ་ཞགས་བསྐོར༔ བྱད་ཐག་ཚོན་སྐུད་སྣ་ལྔས་བཅིངས༔ ཐུན་དང་ཟོར་རྫས་ཡོ་བྱད་བསགས༔ གཡང་གཞི་ནག་པོའི་སྟེང་དུ་བཞག༔ དནལ་ཆེན་ཁྲོ་རྒྱལ་ལྷ་ཚོགས་ལ༔ བཟློག་པའི་ཕྲིན་ལས་བཅོལ་བ་ནི༔ ཧཱུྃ༔ བཞེངས་ཤིག་ཆོས་ཉིད་དབྱིངས་ནས་སྐུར་བཞེངས་ཤིག༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ སྣང་སྲིད་ཁྲོ་རྒྱལ་ཡོངས་ཀྱི་སྤྱི་དཔལ་ཆེ༔ དུས་གསུམ་རྒྱལ་ཀུན་ཕྲིན་ལས་སྲས་གཅིག་པུ༔ ཞལ་གསུམ་ཕྱག་དྲུག་མི་བཟད་རྔམས་པའི་གཟུགས༔ ཞལ་གཡས་དཀར་པོ་བཞད་ཅིང་འཛུམ་པའི་ཞལ༔ རྒོད་པའི་སྟོབས་ཀྱིས་སྟེང་ཕྱོགས་ལྷ་གདོན་བཟློག༔ གཡོན་ཞལ་དམར་ནག་རྔམས་ཤིང་གཤེ་བ་ཡིས༔ ཁྲོས་པའི་སྟོབས་ཀྱིས་འོག་ཕྱོགས་ཀླུ་གདོན་ཟློག༔ དབུས་ཞལ་མཐིང་ནག་ཁྲོ་འཁྲུགས་གཏུམ་པའི་ཞལ༔ མི་སྡུག་སྟོབས་ཀྱིས་བྱད་མ་རྦོད་གཏོང་ཟློག༔ སྤྱན་དགུ་སྡང་མིག་ཁྲག་ལྟར་གཡོ་བར་བྱེད༔ འཁྱུག་པའི་སྟོབས་ཀྱིས་གཟའ་སྐར་ཆོ་འཕྲུལ་ཟློག༔ ཞལ་གདངས་ལྗགས་དམར་གློག་ལྟར་འཁྱུག་པ་ཡིས༔ རྔམས་པའི་སྟོབས་ཀྱིས་སྲིད་གསུམ་ལོག་འདྲེན་ཟློག༔ མཆེ་བ་དཀར་པོ་ཟུར་གསུམ་རི་ལྟར་གཙིགས༔ གཟིར་བའི་སྟོབས་ཀྱིས་དུག་གསུམ་དགྲ་བགེགས་ཟློག༔ སྨ་ར་སྨིན་མ་ཨག་ཚོམ་མེ་སྟག་འཕྲོ༔ ཚ་བའི་དབལ་གྱིས་མ་རུང་དགྲ་བགེགས་ཟློག༔ ཤངས་ནས་དྲག་པོའི་འཐོར་རླུང་འུར་སྒྲ་འབྱིན༔ རྔུབ་པའི་སྟོབས་ཀྱིས་དམ་ཉམས་བྱད་མ་ཟློག༔ དབུ་ལ་ཐོད་སྐམ་རིགས་ལྔའི་རྩེ་ཕྲན་བརྒྱན༔ བརྗིད་པའི་སྟོབས་ཀྱིས་དུག་ལྔའི་དགྲ་བགེགས་ཟློག༔ དབུ་སྐྲ་དམར་སེར་མེ་ཡི་ཚྭ་ཚྭ་འཕྲོ༔ འཇིགས་པའི་སྟོབས་ཀྱིས་ལོག་འདྲེན་དགྲ་བགེགས་ཟློག༔ དང་པོའི་ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣོལ༔ ལོག་འདྲེན་བགེགས་ཀྱི་སྲོག་སྙིང་དཀྲུག་ཅིང་རྔུབས༔ མ་མོའི་ཁྲག་ནད་སྡང་བའི་དགྲ་ལ་ཟློག༔ བར་པ་གཉིས་ཀྱིས་ཕུར་བུ་རལ་གྲི་འཛིན༔ བདག་འཛིན་འཆིང་བའི་དགྲ་བགེགས་སྒྲོལ་བར་བྱེད༔ མཚོན་གྱི་བསྐལ་པ་སྡང་བའི་དགྲ་ལ་ཟློག༔ ཐ་མས་ཁ་ཊྭཾ་སྡིག་པ་མགོ་དགུ་བསྡམས༔ དུག་གསུམ་དགྲ་བགེགས་སྒྲོལ་ཞིང་སྙིང་ཁྲག་འཐུང༔ ནད་ཀྱི་བསྐལ་པ་སྡང་བའི་དགྲ་ལ་ཟློག༔ མགོ་རློན་ལྔ་བཅུའི་དོ་ཤལ་ཕྲེང་བས་བརྒྱན༔ དགྲ་བགེགས་འབྱུང་པོའི་མགོ་བཅད་སྤེལ་མར་བརྒྱུས༔ འཁོར་འདས་གཡོ་འཁྲུགས་དམ་ཉམས་དགྲ་ལ་ཟློག༔ རྡོ་རྗེའི་གཤོག་དྲུག་བར་སྣང་ཁེབ་པར་འགེང༔ རིགས་དྲུག་འཁོར་བའི་གནས་རིས་དོང་ནས་སྤྲུགས༔ དུག་ལྔ་སེར་སྣའི་གཡོ་འཁྲུགས་དགྲ་ཟློག༔ གླང་ཆེན་ཀོ་རློན་སྟག་གི་ཤམ་ཐབས་མནབས༔ བྱོལ་སོང་གཙོ་བརྒྱད་ཟིལ་གྱིས་གནོན་པར་བྱེད༔ མཆེ་གཙིགས་གཅན་གཟན་གཡོ་འཁྲུགས་དགྲ་ལ་ཟློག༔ ཞིང་ཆུང་སྐུ་རགས་སྦྲུལ་གྱི་ཆུན་པོས་བརྒྱན༔ སྣང་སྲིད་སྒྱུ་མར་སྟོན་ཅིང་ཀླུ་དབང་བསྡུད༔ མཛེ་རིགས་བཅོ་བརྒྱད་སྡང་བའི་དགྲ་ལ་ཟློག༔ ཞབས་བཞི་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ བདུད་བཞི་གན་རྐྱལ་གནོན་ཅིང་བརྫི་བར་བྱེད༔ བདུད་སྲིན་འབྱུང་པོའི་དམག་སྣ་དགྲ་ལ་ཟློག༔ དཔའ་ཞིང་མི་སྡུག་སྒེག་པའི་ཆ་བྱད་ཅན༔ དྲག་ཤུལ་མཐུ་ཡིས་ས་གསུམ་གཡོ་བར་བྱེད༔ མི་བཟད་གཟུགས་ཀྱི་ཆོ་འཕྲུལ་དགྲ་ལ་ཟློག༔ ཞལ་ནས་ཧཱུྃ་ཕཊ་བྷྱོ་བཟློག་འབྲུག་ལྟར་ལྡིར༔ རྔམས་པའི་གར་གྱིས་བྱད་མའི་བླ་ཡིད་འཕྲོག༔ དབང་པོ་རྨུགས་ཤིང་དམྱལ་ཐག་གཅོད་པར་བྱེད༔ བྱིང་འཐིབ་རྨུག་ནད་དམ་ཉམས་དགྲ་ལ་ཟློག༔ བྷྱོ༔ ཤེས་རབ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ སྐུ་མདོག་མཐིང་ནག་རྔམས་ཤིང་ཁྲོས་པའི་ཞལ༔ སྤྱན་གསུམ་སྡང་མིག་ཕྱོགས་བཅུར་གཟིགས་པ་ཡིས༔ ཕྱོགས་སྐྱོང་ཕོ་མོ་བརྒྱལ་ཞིང་འགྱེལ་བར་བྱེད༔ ཕྱོགས་བཅུའི་ལྷ་འདྲེའི་གདུག་རྩུབ་དགྲ་ལ་ཟློག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས་པ་ཡིས༔ ས་གསུམ་བླ་འཕྲོག་དུག་གསུམ་ཟས་སུ་ཟ༔ ལྷ་ཀླུ་གཉན་གསུམ་གདུག་རྩུབ་དགྲ་ལ་ཟློག༔ ལྕགས་ཀྱི་སྨ་ར་སྨིན་མ་མེ་སྟག་འཕྲོ༔ བྱད་མའི་སྲ་བའི་རུས་ཆེན་གཞོམ་པར་བྱེད༔ གཏི་མུག་ཤི་འདྲེའི་གདུག་རྩུབ་དགྲ་ལ་ཟློག༔ ནུ་མ་འཕྱང་ཞིང་བྷ་ག་དྲག་ཏུ་བགྲད༔ དགྲ་བགེགས་བརྗིད་པའི་ཤ་ལ་རླབ་པར་བྱེད༔ ཞེ་སྡང་རྒྱལ་པོའི་གདུག་རྩུབ་དགྲ་ལ་ཟློག༔ སྡང་མིག་སྤྱན་ལས་ཁྲག་གི་རྦ་ཀློང་གཡོ༔ དམ་ཉམས་ཆུ་ཁམས་ཁྲག་གི་བཅུད་བསྡུད་བྱེད༔ འདོད་ཆགས་སྲིན་མོའི་གདུག་རྩུབ་དགྲ་ལ་ཟློག༔ ཐོད་སྐམ་དབུ་བརྒྱན་ཐོད་རློན་ཕྲེང་བས་སྤྲས༔ དུག་ལྔ་འདུ་བྱེད་ལྔ་བཅུའི་རྟོག་ཚོགས་གཞོམ༔ ཉོན་མོངས་འཁྲུལ་རྟོག་ལྷ་འདྲེའི་གདུག་རྩུབ་ཟློག༔ ཕྱག་གཡས་གྲི་གུག་རྣོན་པོ་མཁའ་ལ་ཕྱར༔ བྱད་མ་དགུག་ཅིང་ཚལ་པ་དུམ་བུར་གཏོང༔ བཅད་གཏུབ་གཤིན་རྗེའི་གདུག་རྩུབ་དགྲ་ལ་ཟློག༔ གཡོན་པས་ཐོད་པ་ཁྲག་བཀང་ཡབ་ལ་སྟོབས༔ དམར་བཀལ་ལྷོག་གཟེར་གདུག་རྩུབ་གཏོང་བར་བྱེད༔ རིམ་ཡམས་ནད་རིགས་ཐམས་ཅད་དགྲ་ལ་ཟློག༔ གཟིག་གི་ཤམ་ཐབས་རུས་པའི་རྒྱན་དྲུག་གསོལ༔ ཡེ་ཤེས་ཐུགས་རྗེས་རིགས་དྲུག་གནས་རིགས་སྟོངས༔ ཁམས་གསུམ་འཇོམས་བྱེད་དམ་ཉམས་དགྲ་ལ་ཟློག༔ ཞབས་གཉིས་ཡབ་ཀྱི་རྐེད་ལ་འཁྲིལ་ཞིང་སྦྱོར༔ སྲིད་གསུམ་འཁོར་བ་རྒྱ་ཡིས་འདེབས་པར་བྱེད༔ འཆིང་སྡོམ་ཕོ་ཉ་སྡང་བའི་དགྲ་ལ་ཟློག༔ ཤིན་ཏུ་ཁྲོ་ཞིང་ཆགས་པའི་ཉམས་འགྱུར་ལྡན༔ སོ་སོར་རྟོག་པའི་ཡེ་ཤེས་ཀློང་དུ་སྦྱོར༔ ཆགས་པའི་ཡུལ་འཇིགས་སྡང་བའི་དགྲ་ལ་ཟློག༔ བྷྱོ༔ དེ་ཡི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ༔ བདུད་བཞི་ཕོ་མོ་བསྣོལ་བའི་གདན་སྟེང་དུ༔ ཤར་དུ་ཐུགས་སྲས་བཛྲ་ཀཱི་ལ་ཡ༔ རྒྱལ་གདོན་ལ་སོགས་ཞེ་སྡང་དགྲ་དང་བགེགས༔ མེ་ལོང་ཡེ་ཤེས་ངང་དུ་བཟློག་ཏུ་གསོལ༔ ལྷོ་རུ་ཡོན་ཏན་རཏྣ་ཀཱི་ལ་ཡ༔ གཤིན་རྗེ་ལ་སོགས་ང་རྒྱལ་དགྲ་དང་བགེགས༔ མཉམ་ཉིད་ཡེ་ཤེས་ངང་དུ་བཟློག་ཏུ་གསོལ༔ ནུབ་དུ་གསུང་མཆོག་པདྨ་ཀཱི་ལ་ཡ༔ སྲིན་པོ་ལ་སོགས་འདོད་ཆགས་དགྲ་དང་བགེགས༔ སོར་རྟོག་ཡེ་ཤེས་ངང་དུ་བཟློག་ཏུ་གསོལ༔ བྱང་དུ་ཕྲིན་ལས་ཀརྨ་ཀཱི་ལ་ཡ༔ དམ་སྲི་ལ་སོགས་བྱང་ཕྱོགས་དགྲ་དང་བགེགས༔ བྱ་གྲུབ་ཡེ་ཤེས་ངང་དུ་བཟློག་ཏུ་གསོལ༔ ཛ༔ ཕྱི་རིམ་འཁོར་ལོ་རྩིབས་བཅུའི་གདན་སྟེང་དུ༔ ཕྱོགས་སྐྱོང་ཕོ་མོ་བྱི་ཆིངས་བསྣོལ་བའི་སྟེང༔ ཤར་ཕྱོགས་ཁྲོ་ཆེན་རྣམ་པར་རྒྱལ་བ་ཡིས༔ དྲི་ཟ་ལ་སོགས་ཤར་གྱི་དགྲ་བགེགས་ཟློག༔ ལྷོ་རུ་ཁྲོ་རྒྱལ་འཇམ་དཔལ་གཤིན་རྗེའི་གཤེད༔ གཤིན་རྗེ་ལ་སོགས་ལྷོ་ཡི་དགྲ་བགེགས་ཟློག༔ ནུབ་ཕྱོགས་རྟ་མགྲིན་པདྨ་ཧེ་རུ་ཀས༔ ཆུ་ལྷ་ལ་སོགས་ནུབ་ཀྱི་དགྲ་བགེགས་ཟློག༔ བྱང་དུ་ཁྲོ་ཆེན་བདུད་རྩི་འཁྱིལ་བ་ཡིས༔ གནོད་སྦྱིན་ལ་སོགས་བྱང་གི་དགྲ་བགེགས་ཟློག༔ ཤར་ལྷོ་ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡིས༔ མེ་ལྷ་ལ་སོགས་ཤར་ལྷོའི་དགྲ་བགེགས་ཟློག༔ ལྷོ་ནུབ་ཁྲོ་རྒྱལ་མི་གཡོ་མགོན་པོ་ཡིས༔ སྲིན་པོ་ལ་སོགས་ལྷོ་ནུབ་དགྲ་བགེགས་ཟློག༔ ནུབ་བྱང་ཁྲོ་རྒྱལ་གཞན་གྱིས་མི་ཐུབ་པས༔ རླུང་ལྷ་ལ་སོགས་ནུབ་བྱང་དགྲ་བགེགས་ཟློག༔ བྱང་ཤར་ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་གྱིས༔ དབང་ལྡན་ལ་སོགས་བྱང་ཤར་དགྲ་བགེགས་ཟློག༔ སྟེང་ཕྱོགས་ཁྲོ་བོ་ཧཱུྃ་ཆེན་ཀཱ་ར་ཡིས༔ ལྷ་དང་གཟའ་གདོན་སྟེང་གི་དགྲ་བགེགས་ཟློག༔ འོག་ཕྱོགས་ཁྲོ་རྒྱལ་མ་ཧཱ་བ་ལ་ཡིས༔ ས་བདག་ལ་སོགས་འོག་གི་དགྲ་བགེགས་ཟློག༔ ཛ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ཁོར་ཡུག་ལ༔ ཀཽ་རི་དཀར་མོ་ཞིང་དབྱུག་བྷནྡྷ་འཛིན༔ དབྱུག་ཏོ་ཅན་གྱི་དམག་ཚོགས་དགྲ་ལ་ཟློག༔ ཙཽ་རི་སེར་མོས་མདའ་གཞུ་འགེངས་ཤིང་འཕེན༔ མཚོན་ཆ་ཅན་གྱི་དམག་ཚོགས་དགྲ་ལ་ཟློག༔ པྲ་མོ་དམར་མོས་ཆུ་སྲིན་རྒྱལ་མཚན་འཛིན༔ ཕྱར་ཞིང་གཡབ་པའི་དམག་ཚོགས་དགྲ་ལ་ཟློག༔ བཻ་ཏ་ནག་མོས་རྡོ་རྗེ་དུང་ཁྲག་འཐུང༔ གསོར་བྱེད་ཅན་གྱི་དམག་ཚོགས་དགྲ་ལ་ཟློག༔ པུསྐ་དམར་སེར་རྒྱུ་མ་འདྲེན་ཅིང་རྩེ༔ འཇིབ་ཅིང་འཐེན་པའི་དམག་ཚོགས་དགྲ་ལ་ཟློག༔ ཀསྨ་རི་དམར་ཤེལ་གྱི་སྤུ་གྲི་ཕྱར༔ གསོད་ཅིང་བཤའ་བའི་དམག་ཚོགས་དགྲ་ལ་ཟློག༔ སྨེ་ཤ་སྨུག་ནག་རྔམ་བྱེད་གློ་སྙིང་ཟ༔ རྔམས་ཟས་བྱེད་པའི་དམག་ཚོགས་དགྲ་ལ་ཟློག༔ ཙནྡྷ་དམར་མོ་བེ་ཅོན་དུང་ཁྲག་འཐུང༔ ཕྱར་ཞིང་རྔུབ་པའི་དམག་ཚོགས་དགྲ་ལ་ཟློག༔ སེང་གདོང་སྔོན་མོ་རྒྱུ་མ་ཟ་ཞིང་འདྲེན༔ མགོ་བརྙན་ཅན་གྱི་དམག་ཚོགས་དགྲ་ལ་ཟློག༔ བྱ་ཀྲི་སྟག་གདོང་ལག་གཉིས་ཐུར་དུ་བསྣོལ༔ ཤ་ལ་གཏུམ་པའི་དམག་ཚོགས་དགྲ་ལ་ཟློག༔ སྲི་ལ་ཝ་གདོང་ཐོད་ཁྲག་ཧུབ་ཀྱིས་འཐུང༔ ཁྲག་ལ་གདུང་བའི་དམག་ཚོགས་དགྲ་ལ་ཟློག༔ ཤྭ་ན་མཐིང་ནག་སྤྱང་གདོང་བམ་ཆེན་འདྲལ༔ ཟ་ཞིང་བཤུ་བའི་དམག་ཚོགས་དགྲ་ལ་ཟློག༔ ཀྲི་ཏ་རྒོད་གདོང་དམར་སེར་རུས་པ་འཆའ༔ རུས་ལ་རྔམས་པའི་དམག་ཚོགས་དགྲ་ལ་ཟློག༔ ཀང་ཀ་དུར་བྱའི་གདོང་ཅན་མི་སྙིང་ཟ༔ ནང་ཁྲོལ་ཟ་བའི་དམག་ཚོགས་དགྲ་ལ་ཟློག༔ ཁ་ཁ་བྱ་རོག་གདོང་ཅན་མིག་ཚིལ་འབྲུ༔ དྲུང་ནས་འབྱིན་པའི་དམག་ཚོགས་དགྲ་ལ་ཟློག༔ ཧུ་ལུ་འུག་པའི་གདོང་ཅན་ཞིང་ཕྲག་གཟར༔ འཁུན་ཞིང་ཧུས་འདེབས་དམག་ཚོགས་དགྲ་ལ་ཟློག༔ ཛ༔ གཞན་ཡང་དབང་ཕྱུག་ཉི་ཤུ་རྩ་བརྒྱད་ནི༔ སྲིན་མོ་ནག་མོ་གཡག་གདོང་རྡོ་རྗེ་འཛིན༔ རྡུངས་ཤིང་འབིགས་པའི་དམག་ཚོགས་དགྲ་ལ་ཟློག༔ ཚངས་པ་སྦྲུལ་གདོང་དམར་སེར་པདྨ་འཛིན༔ དུག་གཟེར་ཅན་གྱི་དམག་ཚོགས་དགྲ་ལ་ཟློག༔ ལྷ་ཆེན་གཟིག་གདོང་དྲི་ཤུལ་རྩེ་གསུམ་འཆང༔ རྔམས་ཤིང་གཤེ་བའི་དམག་ཚོགས་དགྲ་ལ་ཟློག༔ གཏོགས་འདོད་སྲེ་གདོང་འཁོར་ལོ་རྩིབས་བཅུ་འཆང༔ ཉུལ་ཞིང་རྒྱུ་བའི་དམག་ཚོགས་དགྲ་ལ་ཟློག༔ གཞོན་ནུ་དྲེད་གདོང་ལག་གཉིས་མདུང་ཐུང་འཕེན༔ གཟིར་ཞིང་བསྣུན་པའི་དམག་ཚོགས་དགྲ་ལ་ཟློག༔ བརྒྱ་བྱིན་དོམ་གདོང་རྒྱུ་མའི་ཞགས་པ་འཛིན༔ གཏུམ་ཞིང་འཆིང་བའི་དམག་ཚོགས་དགྲ་ལ་ཟློག༔ ཞི་བ་ཆུ་སྲིན་གདོང་ཅན་བུམ་པ་འཛིན༔ ཁྱུར་མིད་གཏོང་བའི་དམག་ཚོགས་དགྲ་ལ་ཟློག༔ རྡོ་རྗེ་ཕ་ཝཾ་གདོང་ཅན་སྤུ་གྲི་འཕྱར༔ སྐེ་ནས་གཅོད་པའི་དམག་ཚོགས་དགྲ་ལ་ཟློག༔ བདུད་རྩི་སྡིག་པའི་གདོང་ཅན་པདྨ་འཛིན༔ ཁོང་ཁྲག་འཇིབ་པའི་དམག་ཚོགས་དགྲ་ལ་ཟློག༔ ཟླ་བ་དཀར་མོ་ཁྲ་གདོང་བེ་ཅོན་འཛིན༔ ཕྱར་ཞིང་བརྡུངས་བའི་དམག་ཚོགས་དགྲ་ལ་ཟློག༔ བེ་ཅོན་ཝ་གདོང་ནག་མོ་དུག་མདའ་འཕེན༔ མྱོས་ཤིང་གསོད་པའི་དམག་ཚོགས་དགྲ་ལ་ཟློག༔ སྲིན་མོ་སྟག་གདོང་ནག་མོ་གྲི་གུག་གདེངས༔ འཛིན་ཅིང་སྒྲོལ་བའི་དམག་ཚོགས་དགྲ་ལ་ཟློག༔ ཟ་བ་བྱ་རྒོད་གདོང་ཅན་ཁ་ཊྭཾ་འཛིན༔ སྒོ་གསུམ་འབིགས་པའི་དམག་ཚོགས་དགྲ་ལ་ཟློག༔ དགའ་བ་རྟ་གདོང་དམར་མོ་ལྕགས་སྒྲོག་འཛིན༔ དམ་དུ་སྡོམ་པའི་དམག་ཚོགས་དགྲ་ལ་ཟློག༔ སྟོབས་ཆེན་ཁྱུང་གདོང་སྔོན་མོ་དུག་སྦྲུལ་ཟ༔ གཞོམ་ཞིང་འཆིང་བའི་དམག་ཚོགས་དགྲ་ལ་ཟློག༔ སྲིན་མོ་ཁྱི་གདོང་སྔོན་མོ་བམ་ཆེན་འདྲལ༔ གཟིར་ཞིང་ཟ་བའི་དམག་ཚོགས་དགྲ་ལ་ཟློག༔ འདོད་པ་པུ་ཤུད་གདོང་ཅན་རྒྱུ་མ་ཟ༔ འཐེན་ཅིང་གཅོད་པའི་དམག་ཚོགས་དགྲ་ལ་ཟློག༔ ནོར་སྲུང་ཤ་གདོང་དྲིལ་བུ་ཀླད་རྐང་ཟ༔ ལྡག་ཅིང་མྱང་བའི་དམག་ཚོགས་དགྲ་ལ་ཟློག༔ རླུང་ལྷ་སྤྱང་གདོང་བ་དན་ཞིང་ཆུང་ཟ༔ ཕྱར་ཞིང་གཡབ་པའི་དམག་ཚོགས་དགྲ་ལ་ཟློག༔ མི་མོ་སྐྱིན་གདོང་གསལ་ཤིང་ཐོད་ཁྲག་འཛིན༔ གཟིར་ཞིང་རྔུབ་པའི་དམག་ཚོགས་དགྲ་ལ་ཟློག༔ ཕག་མོ་ནག་མོ་ཕག་གདོང་སྒྲོལ་གྲི་ཕྱར༔ བརྡེག་ཅིང་འདྲད་པའི་དམག་ཚོགས་དགྲ་ལ་ཟློག༔ རྡོ་རྗེ་ཁྭ་གདོང་ནག་མོ་དྲིལ་བྷན་འཁྱུད༔ འཛིན་ཅིང་འཁྲིལ་བའི་དམག་ཚོགས་དགྲ་ལ་ཟློག༔ སྣ་ཆེན་གླང་ཆེན་སྔོ་སྐྱ་བམ་ཁོག་འདྲལ༔ ནང་ཁྲོལ་ཟ་བའི་དམག་ཚོགས་དགྲ་ལ་ཟློག༔ ཆུ་ལྷ་ཆུ་སྦྲུལ་གདོང་ཅན་རོ་ལ་ཟ༔ སྤྲུགས་ཅིང་མིད་པའི་དམག་ཚོགས་དགྲ་ལ་ཟློག༔ རྡོ་རྗེ་ཁུ་བྱུག་གདོང་ཅན་ལྕགས་ཀྱུ་དཀར༔ སྙིང་ནས་འཛིན་པའི་དམག་ཚོགས་དགྲ་ལ་ཟློག༔ རཏྣ་ར་གདོང་སེར་མོ་རྒྱུ་ཞགས་སེར༔ སྐེ་ནས་འཆིང་བའི་དམག་ཚོགས་དགྲ་ལ་ཟློག༔ པདྨ་སེང་གདོང་དམར་མོས་ལྕགས་སྒྲོག་འཛིན༔ ཡན་ལག་སྡོམ་པའི་དམག་ཚོགས་དགྲ་ལ་ཟློག༔ ཀརྨ་སྦྲུལ་གདོང་ལྗང་གུ་དྲིལ་བུ་འཛིན༔ ཡིད་སེམས་མྱོས་བྱེད་དམག་ཚོགས་དགྲ་ལ་ཟློག༔ ཛ༔ གཞན་ཡང་རྡོ་རྗེ་གཞོན་ནུའི་བཀའ་འཁོར་དུ༔ གནས་ཡུལ་མཁའ་འགྲོ་སུམ་ཅུ་སོ་གཉིས་ནི༔ སྐུ་མདོག་ཕྱག་མཚན་རང་རང་ཆ་ལུགས་རྫོགས༔ སྤྲུལ་བསྒྱུར་མི་བཟད་འབར་བའི་སྐུར་བཞེངས་ལ༔ རིགས་བཞིའི་མཁའ་འགྲོའི་བསུན་མ་དགྲ་ལ་ཟློག༔ ནང་བ་ཆོས་དང་ཕྱི་པ་མུ་སྟེགས་ཀྱི༔ མཐུ་གཏད་ངན་སྔགས་བྱེད་པ་དགྲ་ལ་ཟློག༔ དགེ་ལ་འདུན་པའི་བན་སྔགས་བོན་གསུམ་གྱིས༔ མདོ་སྒྲུབ་གཏོར་ཟོར་འཕེན་པ་དགྲ་ལ་ཟློག༔ དཔའ་བོ་མཁའ་འགྲོ་དམ་ཅན་བསྲུང་མ་ཡིས༔ མདོ་སྒྲུབ་གཏོར་ཟོར་འཕེན་པ་དགྲ་ལ་ཟློག༔ དཔའ་བོ་མཁའ་འགྲོ་དམ་ཅན་བསྲུང་མ་ཡི༔ གཡོ་འཁྲུགས་ཕྲག་དོག་གདུག་རྩུབ་དགྲ་ལ་ཟློག༔ ཕོ་རྒྱུད་མགོན་པོའི་གདུག་རྩུབ་དགྲ་ལ་ཟློག༔ མོ་རྒྱུད་ལྷ་མོའི་གདུག་རྩུབ་དགྲ་ལ་ཟློག༔ གཉིས་མེད་མ་ནིང་གདུག་རྩུབ་དགྲ་ལ་ཟློག༔ དྲེགས་པ་སྡེ་བརྒྱད་གདུག་རྩུབ་དགྲ་ལ་ཟློག༔ མི་མཐུན་ལོ་ཟླ་ཀེག་དང་ཟ་མའི་ཀེག༔ འབྱུང་བའི་དགྲ་གཤེད་ཐམས་ཅད་དགྲ་ལ་ཟློག༔ སྤར་ཁ་སྨེ་བ་བླ་ཁམས་ལ་སོགས་པའི༔ ལོ་བདུད་དྲུག་ཅུའི་གདུག་རྩུབ་དགྲ་ལ་ཟློག༔ ཛ༔ བཀའ་སྡོད་རྡོ་རྗེའི་གིང་ཆེན་བཅོ་བརྒྱད་ནི༔ སྔོ་སྐྱ་མི་བཟད་འཇིགས་པའི་ཚུལ་སྟོན་ཅིང༔ ཧ་ཧ་རུ་ལུ་ཀྭི་བསྭོའི་རྔམས་སྒྲ་སྒྲོགས༔ ཤ་དང་ཁྲག་མེད་རྩ་རྒྱུས་རུས་པའི་ལུས༔ སྐམ་བྱེད་རུས་པའི་ནད་རྣམས་དགྲ་ལ་ཟློག༔ འཇིགས་ཚུལ་མི་འདྲ་རྣམ་འགྱུར་བཅོ་བརྒྱད་ལྡན༔ དགྲ་བོའི་ཁམས་ཆེན་བཅོ་བརྒྱད་རྔམས་ཟས་བྱེད༔ ཕོ་ཉ་གིང་གི་དམག་ཚོགས་དགྲ་ལ་ཟློག༔ གཡས་པ་ཐམས་ཅད་ཐོད་དབྱུག་འབར་བ་ཕྱར༔ ལོག་འདྲེན་དགྲ་བགེགས་དབྱུག་ཏོས་གཞོམ་པར་བྱེད༔ བརྡུང་བྱེད་ཅན་གྱི་ དམག་ཚོགས་དགྲ་ལ་ཟློག༔ གཡོན་པ་ཐམས་ཅད་ལྕགས་ཀྱུ་མེ་འབར་བསྣམས༔ དགྲ་བོའི་སྙིང་ནས་བཟུང་ཞིང་འཐེན་པར་བྱེད༔ འགུགས་བྱེད་གིང་གི་དམག་ཚོགས་དགྲ་ལ་ཟློག༔ ལག་པས་རྙབ་ཅིང་གར་བབ་ཟས་སུ་ཟ༔ དགྲ་བགེགས་སྐེ་ནས་བཟུང་ཞིང་འཆིང་བར་བྱེད༔ སྒྲོལ་བྱེད་གིང་ཆེན་དམག་ཚོགས་དགྲ་ལ་ཟློག༔ གནམ་ལ་འཕྱོ་ཞིང་ས་ལ་རྐང་བྲོ་བརྡུང༔ དགྲ་བགེགས་ཤ་མྱོག་རུས་མྱོག་འཐག་པར་བྱེད༔ གཏུམ་པ་གིང་ཆེན་དམག་ཚོགས་དགྲ་ལ་ཟློག༔ དགྲ་བོའི་ཁམས་ལྔ་དབང་པོ་ལྔ་དང་བཅས༔ དུག་ལྔ་བསྒྲལ་ནས་སྐུ་ལྔའི་དབྱིངས་སུ་སྦྱོར༔ སྦྱོར་བྱེད་གིང་གི་དམག་ཚོགས་དགྲ་ལ་ཟློག༔ ཛ༔ ཕོ་བྲང་ཆེན་པོའི་ཕྱོགས་མཚམས་སྟེང་འོག་ཏུ༔ དཔལ་གྱི་བཀའ་ཉན་ཁྲ་ཐབས་ཉི་ཤུའི་ཚོགས༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པའི་ཆོ་འཕྲུལ་ལས༔ སྟེང་ཕྱོགས་ཁྲ་ཐབས་ཕག་དང་སྨིག་བུའི་མགོ༔ ལྷ་གདོན་ཕོ་མོ་སྒྲོལ་ཞིང་ཟ་བར་བྱེད༔ ནམ་མཁའ་ལྷ་ཡི་བྱད་སྣ་དགྲ་ལ་ཟློག༔ འོག་ཕྱོགས་ཁྲ་ཐབས་དོམ་དང་བྱི་བའི་མགོ༔ ས་བདག་བདུད་སྲིན་ཕོ་མོ་སྒྲོལ་བར་བྱེད༔ ས་འོག་ཀླུ་ཡི་བྱད་སྣ་དགྲ་ལ་ཟློག༔ ཤར་གྱི་ཁྲ་ཐབས་སྟག་དང་བྱ་རྒོད་མགོ༔ དམ་ཉམས་དགྲ་བོའི་མིག་འབྲས་འབྱིན་པར་བྱེད༔ ཤར་ཕྱོགས་དྲི་ཟའི་ བྱད་སྣ་དགྲ་ལ་ཟློག༔ ལྷོ་ཕྱོགས་ཁྲ་ཐབས་ཤ་བ་འུག་པའི་མགོ༔ དམ་ཉམས་དགྲ་བོའི་རྒྱུ་མ་ཟ་བར་བྱེད༔ ལྷོ་ཕྱོགས་གཤིན་རྗེའི་ བྱད་སྣ་དགྲ་ལ་ཟློག༔ ནུབ་ཕྱོགས་ཁྲ་ཐབས་བྱི་ལ་པུ་ཤུད་མགོ༔ དམ་ཉམས་དགྲ་བོའི་ནང་ཁྲོལ་ཟ་བར་བྱེད༔ ནུབ་ཕྱོགས་ཀླུ་དབང་ བྱད་སྣ་དགྲ་ལ་ཟློག༔ བྱང་ཕྱོགས་ཁྲ་ཐབས་སེང་གེ་ཕ་ཝཾ་མགོ༔ དགྲ་བོའི་གློ་སྙིང་རྔམས་ཟས་ཟ་བར་བྱེད༔ བྱང་ཕྱོགས་གནོད་སྦྱིན་ བྱད་སྣ་དགྲ་ལ་ཟློག༔ ཤར་ལྷོའི་ཁྲ་ཐབས་གཡག་དང་བྱ་རོག་གདོང༔ དམ་ཉམས་དགྲ་བོའི་ཡན་ལག་གཅོད་པར་བྱེད༔ ཤར་ལྷོ་མེ་ལྷའི་ བྱད་སྣ་དགྲ་ལ་ཟློག༔ ལྷོ་ནུབ་ཁྲ་ཐབས་གཟིག་དང་ཁྭ་ཏའི་མགོ༔ དམ་ཉམས་དགྲ་བོའི་རྐང་དམར་འཇིབ་པར་བྱེད༔ ལྷོ་ནུབ་སྲིན་པོའི་ བྱད་སྣ་དགྲ་ལ་ཟློག༔ ནུབ་བྱང་ཁྲ་ཐབས་སྤྱང་ཀི་ཁྲ་ཡི་མགོ༔ དགྲ་བོའི་ལྷུ་ཆེན་བཅུ་གཉིས་སིལ་བུར་ཕྲོལ༔ ནུབ་བྱང་རླུང་ལྷའི་ བྱད་སྣ་དགྲ་ལ་ཟློག༔ བྱང་ཤར་ཁྲ་ཐབས་དྲེད་དང་སྲེ་མོང་མགོ༔ དགྲ་བགེགས་ཡན་ལག་གཟུགས་བཞིར་རོལ་བར་བྱེད༔ བྱང་ཤར་དབང་ལྡན་ བྱད་སྣ་དགྲ་ལ་ཟློག༔ ཛ༔ དཔལ་གྱི་བཀའ་ཉན་ཅི་བཅོལ་ལས་སྒྲུབ་པ༔ ནམ་གྱི་སྲོད་ལ་དགྲ་བགེགས་འགུགས་མཛད་མ༔ ལྕགས་ཀྱི་སྤྱང་མོ་རྔམས་པ་མགོ་དགུ་པ༔ ཤྭ་ན་མུ་ཁ་ཆེན་མོའི་དུས་ལ་བབ༔ འགུགས་མཛད་ཆེན་མོའི་གདུག་རྩུབ་དགྲ་ལ་ཟློག༔ ཐོ་རངས་དུས་སུ་དགྲ་བོའི་བླ་འགུགས་མ༔ གསེར་གྱི་འཕར་བ་འཇིགས་པའི་ལྕེ་བརྒྱད་མ༔ སྲི་ལ་མུ་ཁ་ཆེན་མོའི་དུས་ལ་བབ༔ འཆིང་མཛད་ཆེན་མོའི་ གདུག་རྩུབ་དགྲ་ལ་ཟློག༔ ནམ་གུང་དུས་སུ་དགྲ་བགེགས་སྒྲོལ་མཛད་པ༔ ཟངས་ཀྱི་ཝ་མོ་མགྱོགས་པའི་རྐང་གསུམ་མ༔ སྲི་ཀ་མུ་ཁ་ཆེན་མོའི་དུས་ལ་བབ༔ སྡོམ་མཛད་ཆེན་མོའི་གདུག་རྩུབ་དགྲ་ལ་ཟློག༔ ནམ་ཕྱེད་དགྲ་བོའི་བླ་ལེན་སྲོག་འཕྲོག་མ༔ མི་བཟད་གཡུ་ཡི་ཁྱི་མོ་རལ་བ་ཅན༔ ཤྲྀ་ལ་མུ་ཁ་ཆེན་མོའི་དུས་ལ་བབ༔ མྱོས་བྱེད་ཆེན་མོའི་གདུག་རྩུབ་དགྲ་ལ་ཟློག༔ ཉིན་གུང་དུས་སུ་དགྲ་བོའི་ཚེ་འཕྲོག་མ༔ རེ་ཏི་ནག་མོ་དྲེལ་རྟ་རྐང་གསུམ་ཆིབས༔ བདག་ཉིད་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ རྡོ་རྗེ་མཁའ་འགྲོའི་གདུག་རྩུབ་དགྲ་ལ་ཟློག༔ ནམ་ལང་དུས་སུ་དགྲ་བགེགས་སྒྲོལ་མཛད་པ༔ རེ་མ་མ་ཛ་སེར་སྨན་ཤ་ཡུ་མོ་ཆིབས༔ བདག་ཉིད་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ རིན་ཆེན་མཁའ་འགྲོའི་གདུག་རྩུབ་དགྲ་ལ་ཟློག༔ ཉི་མའི་ཕྱེད་ཡོལ་དགྲ་བགེགས་འཇོམས་མཛད་པ༔ རི་ཏི་ནག་མོ་ཆུ་གླང་སྨྱོན་པ་ཆིབས༔ བདག་ཉིད་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ པདྨ་མཁའ་འགྲོའི་གདུག་རྩུབ་དགྲ་ལ་ཟློག༔ ཉི་ནུབ་དུས་སུ་དགྲ་བགེགས་སྒྲོལ་མཛད་པ༔ རེ་མ་ཛུ་དམར་རྔ་མོང་གྭ་པ་ཆིབས༔ བདག་ཉིད་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ ཀརྨ་མཁའ་འགྲོའི་གདུག་རྩུབ་དགྲ་ལ་ཟློག༔ ས་ལ་བརྟེན་བྱས་དགྲ་བགེགས་སྒྲོལ་མཛད་མ༔ ཡ་བྱིན་མཐིང་ནག་ཀླུ་རྟ་སྔོན་པོ་ཆིབས༔ ས་བདག་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ ས་གཡོ་བྲག་རྙིལ་གདུག་རྩུབ་དགྲ་ལ་ཟློག༔ ཆུ་ལ་བརྟེན་བཅས་དགྲ་བགེགས་གསོད་མཛད་པ༔ དེ་བྱིན་སེར་ནག་ཆུ་སྲིན་དམར་སེར་ཆིབས༔ ས་བདག་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ ཆུ་ཆེན་གཡོ་འཁྲུགས་འཁྱག་གྲི་དགྲ་ལ་ཟློག༔ མེ་ལ་བརྟེན་བཅས་དགྲ་བགེགས་གསོད་མཛད་པ༔ བསེ་བྱིན་དམར་ནག་མེ་ཡི་འབྲུག་ལ་ཆིབས༔ ས་བདག་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ གསོན་བསྲེགས་མེ་ཡི་གཡོ་འཁྲུགས་དགྲ་ལ་ཟློག༔ རླུང་ལ་བརྟེན་བཅས་དགྲ་བགེགས་སྒྲོལ་མཛད་པ༔ ཕག་བྱིན་ལྗང་ནག་རེ་འབྱམས་ནག་པོ་ཆིབས༔ ས་བདག་ཆེན་ཆེན་མོ་ཁྱོད་ཀྱི་དུས་ལ་བབ༔ བསྐྱོད་བྱེད་འཐོར་རླུང་དྲག་པོ་དགྲ་ལ་ཟློག༔ ཛ༔ དཔལ་ཆེན་ཆེ་མཆོག་སྐུ་ཡི་བཀའ་སྡོད་ཆེ༔ ཤར་ཕྱོགས་སྲིན་པོའི་སྐྱེས་བུས་དུང་ཕུར་འདྲིལ༔ ཟ་བྱེད་སྐྱེས་བུའི་གདུག་རྩུབ་དགྲ་ལ་ཟློག༔ ལྷོ་ཕྱོགས་གཤིན་རྗེའི་སྐྱེས་བུས་གསེར་ཕུར་འདྲིལ༔ གསོད་བྱེད་སྐྱེས་བུའི་གདུག་རྩུབ་དགྲ་ལ་ཟློག༔ ནུབ་ཕྱོགས་ཡ་བདུད་སྐྱེས་བུས་ཟངས་ཕུར་འདྲིལ༔ གཏུམ་བྱེད་སྐྱེས་བུའི་གདུག་རྩུབ་དགྲ་ལ་ཟློག༔ བྱང་ཕྱོགས་གནོད་སྦྱིན་སྐྱེས་བུས་ལྕགས་ཕུར་འདྲིལ༔ བརླག་བྱེད་སྐྱེས་བུའི་གདུག་རྩུབ་དགྲ་ལ་ཟློག༔ གསུང་གི་བཀའ་ཉན་ལྕགས་ཀྱི་སྐྱེས་བུ་བཞི༔ ཤར་བདུད་དཀར་པོ་ཤེལ་གྱི་ཕུར་བུ་འདྲིལ༔ ལྷ་བུའི་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ ལྷོ་བདུད་སྔོན་པོ་ལྕགས་ཀྱི་རལ་གྲི་འཕྱར༔ ཕུང་པོའི་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ ནུབ་བདུད་ནག་པོ་སེང་ལྡིང་ཕུར་བུ་འདྲིལ༔ ཉོན་མོངས་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ བྱང་བདུད་ལྗང་གུ་གནམ་ལྕགས་རལ་གྲི་འཕྱར༔ འཆི་བདག་བདུད་ཀྱི་བར་ཆད་དགྲ་ལ་ཟློག༔ ཐུགས་ཀྱི་བཀའ་ཉན་དུང་གི་སྐྱེས་བུ་བཞི༔ ཤར་གིང་དཀར་པོ་ཤེལ་གྱི་སྤུ་གྲི་འཕྱར༔ ཟ་བྱེད་གིང་གི་གདུག་རྩུབ་དགྲ་ལ་ཟློག༔ ལྷོ་གིང་སྔོན་པོ་གྲི་ཕུར་གཟིར་ཞིང་འདྲིལ༔ གསོད་བྱེད་གིང་གི་དམག་ཚོགས་དགྲ་ལ་ཟློག༔ ནུབ་གིང་དམར་པོ་ཟངས་ཀྱི་ཕུར་བུ་འདྲིལ༔ གཟིར་མཛད་གིང་གི་གདུག་རྩུབ་དགྲ་ལ་ཟློག༔ བྱང་གིང་སེར་པོ་མཆོག་ཆེན་ཕུར་བུ་འདྲིལ༔ འཆིང་མཛད་གིང་གི་དམག་ཚོགས་དགྲ་ལ་ཟློག༔ ཛ༔ གཞན་ཡང་གཏེར་གྱི་བསྲུང་མར་ཁས་བླངས་པའི༔ བདུད་ཀྱི་ཡུམ་ཆེན་དཀར་མོ་ཉི་ཟླ་ཞེས༔ སྤྲུལ་པ་འཁོར་དང་ཡང་འཁོར་མ་ལུས་པ༔ ཁྲོ་འཁྲུགས་མི་བཟད་རྔམས་པའི་སྐུར་བཞེངས་ལ༔ མ་རུང་ལོག་པར་འདྲེན་པའི་དགྲ་དང་བགེགས༔ ཁྱོད་ཀྱི་མཐུ་སྟོབས་ནུས་པས་བཟློག་ཏུ་གསོལ༔ དབང་ཕྱུག་ཆེན་མོ་ཁམས་གསུམ་སྲོག་ལ་དབང༔ འདོད་པའི་ཁམས་ཀྱི་བྱད་མ་རྦོད་གཏོང་ཟློག༔ གཟུགས་ཁམས་གནས་པའི་བྱད་མ་རྦོད་གཏོང་ཟློག༔ གཟུགས་ཀྱི་ཁམས་ཀྱི་རྟག་ཆད་ལྟས་ངན་ཟློག༔ ཆོས་ཟོར་བོན་ཟོར་འཕེན་པ་དགྲ་ལ་ཟློག༔ སྔགས་པས་ཕུར་བུས་བྲུབ་པ་དགྲ་ལ་ཟློག༔ ས་ལ་མནན་གཏད་བྱེད་པ་དགྲ་ལ་ཟློག༔ ཆུ་ལ་ཀླུ་གཏད་བྱེད་པ་དགྲ་ལ་ཟློག༔ མེ་ལ་སྦྱིན་སྲེག་བྱེད་པ་དགྲ་ལ་ཟློག༔ རླུང་ལ་འཁོར་ལོ་བསྐོར་བ་དགྲ་ལ་ཟློག༔ མུ་སྟེགས་ངན་སྔགས་བྱེད་པ་དགྲ་ལ་ཟློག༔ ཨ་ཙ་ར་ཡི་མིག་འཕྲུལ་དགྲ་ལ་ཟློག༔ སྡེ་བརྒྱད་ཆོ་འཕྲུལ་འགྱེད་པ་དགྲ་ལ་ཟློག༔ མི་ལ་མིག་འཕྲུལ་སྟོན་པ་དགྲ་ལ་ཟློག༔ ཕྱུགས་ལ་ཐན་གཟུགས་སྐྱེས་པ་དགྲ་ལ་ཟློག༔ མ་མོའི་ནད་རྐྱལ་ཁ་ཕྱེ་དགྲ་ལ་ཟློག༔ གཤིན་རྗེའི་འཁོར་ལོ་བསྐོར་བ་དགྲ་ལ་ཟློག༔ བདུད་ཀྱི་ཁྲམ་ལ་འདེབས་པ་དགྲ་ལ་ཟློག༔ བཙན་གྱི་ཤྭ་རྡེའུ་འགྲིམ་པ་དགྲ་ལ་ཟློག༔ གཟའ་ཡི་གཟུགས་སྟོན་རྒྱུག་པ་དགྲ་ལ་ཟློག༔ ཐེའུ་རིང་རྩིས་འདེབས་བླ་རྐུན་དགྲ་ལ་ཟློག༔ འགོང་པོས་ཟ་ཁ་སྟོན་པ་དགྲ་ལ་ཟློག༔ ལྷ་ཡིས་ཐོག་དང་རྡོ་འབེབ་དགྲ་ལ་ཟློག༔ ཀླུ་ཡིས་མཛེ་ནད་གཏོང་བ་དགྲ་ལ་ཟློག༔ ཛ༔ ཕོ་བྲང་ཕྱོགས་བཞི་སྐྱོང་བའི་སྒོ་མ་བཞི༔ དཀར་མོ་པུ་ཤུད་མགོ་ཅན་ལྕགས་ཀྱུ་འཛིན༔ འགུགས་པའི་ལས་མཛད་གདུག་རྩུབ་དགྲ་ལ་ཟློག༔ སེར་མོ་སྐྱ་ཀའི་མགོ་ཅན་ཞགས་པ་འཛིན༔ འཆིང་བའི་ལས་མཛད་གདུག་རྩུབ་དགྲ་ལ་ཟློག༔ དམར་མོ་སྲིན་བྱའི་མགོ་ཅན་ལྕགས་སྒྲོག་འཛིན༔ སྡོམ་པའི་ལས་མཛད་གདུག་རྩུབ་དགྲ་ལ་ཟློག༔ ལྗང་མོ་ཁྲ་ཡི་མགོ་ཅན་དྲིལ་བུ་འཛིན༔ མྱོས་པའི་ ལས་མཛད་གདུག་རྩུབ་དགྲ་ལ་ཟློག༔ ཛ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ བཀའ་སྡོད་སྤྲུལ་པར་བཅས་པ་ཐམས་ཅད་ཀྱིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཕྱོགས་བཅུའི་བྱད་མ་རྦོད་གཏོང་མ་ལུས་པ༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛད་དུ་གསོལ༔ གཙོ་བོའི་བཀའ་ཆད་ཁྲིམས་ལ་གཏུགས་པ་ཟློག༔ བློན་པོས་གྲོས་ངན་གཡུལ་འདེབས་ཤོམ་པ་ཟློག༔ འབངས་མི་ཁ་འདུམ་ནང་དབྱེན་བྱེད་པ་ཟློག༔ ཇག་པས་རྟ་རྒྱུག་འཕྲོག་བཅོམ་གསོད་པ་ཟློག༔ རྐུན་མས་འཇབ་ཤིང་ནོར་རྫས་འཁྱེར་བ་ཟློག༔ ཉེས་མེད་ཁྲིམས་གཏུགས་ཤག་ཡུས་འདེབས་པ་ཟློག༔ མཐོ་གནོན་བྱེད་ཅིང་མི་ལ་གླེང་བ་ཟློག༔ དམའ་ཡུས་སྙོག་ཅིང་སྐུར་བ་འདེབས་པ་ཟློག༔ ངོས་ནས་མིག་ངན་ཅེ་རེ་ལྟ་བ་ཟློག༔ ལྐོག་ནས་ཉུལ་ཞིང་ཀྲོང་ངེ་ཉན་པ་ཟློག༔ ཁྲིམས་བདག་འདུན་མར་མི་ཁ་གླེང་བ་ཟློག༔ མི་ལ་ན་ཚ་གཟེར་ནད་གཏོང་བ་ཟློག༔ ཕྱུགས་ལ་གོད་ཁ་ར་བ་སྟོང་པ་ཟློག༔ ཟས་ནོར་སྟོར་བརླགས་བང་མཛོད་ཞིག་པ་ཟློག༔ བཙུན་པའི་སྡོམ་ཉམས་ཚུལ་ཁྲིམས་འཆལ་བ་ཟློག༔ སྔགས་པའི་དམ་ཉམས་གསང་རྒྱ་དཀྲལ་བ་ཟློག༔ གཟའ་ཚང་མི་མཐུན་དབྱེན་ཁས་ཕྱེ་བ་ཟློག༔ རིགས་རྒྱུད་མི་འཚོ་ཆུང་སྲིས་ཟ་བ་ཟློག༔ ནད་སྣ་རིམ་སྣ་གདོན་སྣ་ཟུག་པ་ཟློག༔ ཆགས་ཆེ་ཉམས་ང་བཀྲ་མི་ཤིས་པ་ཟློག༔ མོ་ངན་རྩིས་ངན་རྨི་ལམ་འཁྲུགས་པ་ཟློག༔ འགོ་བའི་ལྷ་སྲུང་ཕྲག་དོག་གདུག་རྩུབ་ཟློག༔ མདོར་ན་མི་འདོད་རྐྱེན་གྱི་དོགས་པ་ཀུན༔ ཁྲོ་རྒྱལ་འཁོར་བཅས་མཐུ་ནུས་སྟོབས་ཀྱིས་ཟློག༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མི་མཐུན་དགྲ་བགེགས་བཟློག་པའི་ཕྲིན་ལས་མཛོད༔ ཞེས་དམར་གཏོར་འབུལ༔ རཀྟ་སྦྲེང༔ དར་ནག་གཡབ༔ དམོད་བཅོལ་བྱ༔ སྒོ་དབྱེ་ཞིང་ཟོར་འཕེན་པར་བྱའོ༔ མི་མཐུན་དགྲ་བགེགས་མ་ལུས་པ༔ རྡུལ་དུ་བརླགས་པའི་མཚོན་ཆའོ༔ ལས་འཕྲོ་ཅན་དང་འཕྲད་ནས་ཀྱང༔ དགྲ་བགེགས་སྒྲོལ་བའི་གྲོགས་སུ་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་གསང་སྔགས་གླིང་པས་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲའི་ལྟོ་བ་ནས་ཁྲོམ་གཏེར་དུ་གདན་དྲངས་པའོ༎ དགེ་ལེགས་འཕེལ།

བཟློག་སྔགས།

༄༅། ཧཱུྃ་ཧཱུྃ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ བྷྱོ་བྷྱོ་བཟློག་བཟློག༔ ནྲྀ་ཏྲི་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛ༔ ཨ་ཡ་མ་པྲ་ཡ་ཤ་ན་རུ་དྲི་ས་མ་ཡ་བཟློག་བཟློག༔ བེ་ར་དུ་རུ་པྲ་ཡ་ཤ་མ་ར་ཡ་བཟློག་བཟློག༔ བྱད་ཕུར་རྦོད་གཏོང་དགྲ་བགེགས་ཕུང་སྲི་ལོག་འདྲེན་ཐམས་ཅད་བཟློག་ཅིག༔ བཛྲ་ཛྙཱ་ན་ཀཱི་ལ་ཡ་བྷྱོ་བཟློག༔ ༧ ཧཱུྃ་ཧཱུྃ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་དགྲ་བགེགས་ཀྱི་སྲོག་ལ་མ་ར་ཡ་རྦད་རྦད༔ མཾ་ས་ལ་རྦད་རྦད༔ རཀྟ་ལ་རྦད་རྦད༔ ཀེཾ་ནི་རི་ཏི་ལ་རྦད་རྦད༔ རུས་པ་ལ་རྦད་རྦད༔ རྩ་རླུང་ཐིག་ལེ་ལ་ཧུར་ཐུམ་ཛ༔

ཁྱུང་བཟློག་དྲག་པོའི་འཐོར་རླུང་།

ཕུར་པ་གསང་བ་སྤུ་གྲི་ལས༔ ཁྱུང་བཟློག་དྲག་པོའི་འཐོར་རླུང་ཞེས་བྱ་བ་བཞུགས༔ ཁྲོ་རྒྱལ་ཡོངས་ཀྱི་གཙུག་གི་རྒྱན༔ ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་གི༔ གཏོར་བཟློག་དྲག་པོའི་འཐོར་རླུང་བསྟན༔ ཤ་ཁྲག་གཏོར་མ་བཤམས་ནས་སུ༔ ཏིང་འཛིན་རྩེ་གཅིག་ང་རྒྱལ་གྱིས༔ བྷྱོ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་སྤྲུལ་པ་བྱ་ཁྱུང་གྷ་རུ་ཎ༔ སྐུ་མདོག་མཐིང་ནག་ཆོས་ཉིད་འགྱུར་བ་མེད༔ ཟངས་ཀྱི་རྭ་རྩེ་བསྐལ་པའི་མེ་ཆེན་འབར༔ སྤྱི་གཙུག་ཡིད་བཞིན་ནོར་བུའི་ཏོག་གིས་བརྒྱན༔ སྤྱན་གསུམ་སྡང་མིག་གཡོ་ཞིང་ཁྲག་ལྟར་འཁྲུགས༔ གནམ་ལྕགས་མཆུ་ལས་རྣོ་བའི་དབལ་དང་ལྡན༔ སྦྲུལ་རིགས་ལྔ་པོ་ཟས་སུ་ཟ་བྱེད་ཅིང༔ ལག་པས་ཀླུ་བརྒྱད་ཙིཏྟ་སྤར་གྱིས་བསྡམས༔ ཀྲིང་ཀྲིང་སྒྲ་སྒྲོགས་ཀླུ་རྣམས་སྙིང་རྩ་འདར༔ གཤོག་པ་བརྡབ་པས་གནམ་ས་སྟེང་འོག་བསྒྱུར༔ གཡུ་ཡི་མཇུག་སྦྲུལ་ཚངས་པའི་ཡུལ་ས་གནོན༔ ལྕགས་ཀྱི་སྡེར་མོས་ས་བདག་སྙིང་ལ་གཟིར༔ ཡེ་ཤེས་དབྱིངས་ནས་མི་བཟད་སྐུར་བཞེངས་ལ༔ ལོག་འདྲེན་དགྲ་བགེགས་བཟློག་ཕྱིར་གཤེགས་སུ་གསོལ༔ དུག་གསུམ་ཤ་ཁྲག་རུས་པའི་གཏོར་མ་བཞེས༔ ཐུགས་དམ་དབང་གིས་དུས་ལས་མ་གཡེལ་བར༔ ཞིང་བཅུའི་དམ་ཉམས་རུ་ཏྲ་རྡུལ་དུ་རློག༔ བྷྱོ༔ སྐུ་གསུམ་བདག་ཉིད་ཡེ་ཤེས་སྤྲུལ་པའི་ཁྱུང༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་བཅོལ་བ་ནི༔ རིག་འཛིན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སྟེང་ཕྱོགས་ལྷ་ཡི་བྱད་སྣ་བབ་པ་ཡང༔ མི་སྡུག་སྐུ་ཡི་སྟོབས་ཀྱིས་བཟློག་ཏུ་གསོལ༔ བར་སྣང་གཉན་གྱི་བྱད་སྣ་བབ་པ་ཡང༔ མི་སྙན་གསུང་གི་སྟོབས་ཀྱིས་བཟློག་ཏུ་གསོལ༔ འོག་ཕྱོགས་ཀླུ་ཡི་བྱད་སྣ་བབ་པ་ཡང༔ མི་འགྱུར་ཐུགས་ཀྱི་སྟོབས་ཀྱིས་བཟློག་ཏུ་གསོལ༔ ནང་པ་ཆོས་ཀྱི་དམོད་པའི་བྱད་སྣ་ཡང༔ བྱ་ཁྱུང་རྒྱལ་པོའི་མཐུ་དང་ནུས་པས་ཟློག༔ ཕྱི་པ་མུ་སྟེགས་དམོད་པའི་བྱད་སྣ་ཡང༔ གྷ་རུ་ཎ་ཡི་མཐུ་རྩལ་ནུས་པས་ཟློག༔ སྔགས་པས་དམོད་པའི་བྱད་མ་རྦོད་གཏོང་ཡང༔ མཁའ་ལྡིང་རྒྱལ་པོའི་མཐུ་ནུས་སྟོབས་ཀྱིས་བཟློག༔ བོན་པོས་དམོད་པའི་བྱད་མ་རྦོད་གཏོང་ཡང༔ ཡེ་ཤེས་ཁྱུང་གི་དྲག་རྩལ་མཐུ་ཡིས་བཟློག༔ མི་ནག་སྐྱེ་བོས་དམོད་པའི་བྱད་མ་ཡང༔ སྤྲུལ་པའི་ཁྱུང་ཆེན་དྲག་རྩལ་ཤུགས་ཀྱིས་བཟློག༔ རིགས་ཉམས་བུད་མེད་དམོད་པའི་བྱད་སྣ་ཡང༔ ཁྲོ་རྒྱལ་སྤྲུལ་པ་བྱ་ཁྱུང་རྒྱལ་པོས་ཟློག༔ བྷྱོ༔ གཞན་ཡང་བཟློག་ཅིང་བསྒྱུར་བའི་ཕྲིན་ལས་ནི༔ སྡེ་བརྒྱད་ཟ་ཁ་སྟོན་པ་དགྲ་ལ་ཟློག༔ འགོང་པོས་སྟོར་བརླག་བྱེད་པ་དགྲ་ལ་ཟློག༔ ཐེའུ་རིང་སྲིད་ལ་རྐུ་བ་དགྲ་ལ་ཟློག༔ དགྲ་ཁ་མདའ་ལྟར་ཟུག་པ་ དགྲ་ལ་ཟློག༔ རྐུན་ཁ་ཁྱི་བཞིན་ཉུལ་བ་དགྲ་ལ་ཟློག༔ སྐྱེ་བོའི་ཡ་ཀ་ངན་པ་དགྲ་ལ་ཟློག༔ སློབ་བུས་དམ་ལོག་བྱེད་པ་དགྲ་ལ་ཟློག༔ བྲན་གཡོག་ངོ་ལོག་བྱེད་པ་དགྲ་ལ་ཟློག༔ ཆུང་མས་སྙིང་རིང་བྱེད་པ་དགྲ་ལ་ཟློག༔ ཕ་བུ་ནང་འཁྲུགས་བྱེད་པ་དགྲ་ལ་ཟློག༔ སྤུན་ཟླ་མཛའ་མཐུན་མེད་པ་དགྲ་ལ་ཟློག༔ མ་བུས་བརྩེ་སེམས་དོར་བ་དགྲ་ལ་ཟློག༔ ཁྱིམ་མཚེས་ནང་རྐུན་བྱེད་པ་དགྲ་ལ་ཟློག༔ ཤག་རོག་མནའ་ཟན་མགོ་སྐོར་དགྲ་ལ་ཟློག༔ ནད་སྣ་རིམས་སྣ་ཟུག་པ་དགྲ་ལ་ཟློག༔ མཐུ་གཏད་ངན་སྔགས་བྱེད་པ་དགྲ་ལ་ཟློག༔ ལྷ་ནད་འཐིབ་པ་བྱེད་པ་དགྲ་ལ་ཟློག༔ གཉན་ནད་གཟིར་བ་དམ་ཉམས་དགྲ་ལ་ཟློག༔ ཀླུ་ནད་མྱོས་པ་དམ་ཉམས་དགྲ་ལ་ཟློག༔ བཙན་ནད་སྟོད་གཟེར་དམ་ཉམས་དགྲ་ལ་ཟློག༔ རྒྱུ་གཟེར་བཤལ་ནད་དམ་ཉམས་དགྲ་ལ་ཟློག༔ སིབ་དང་བས་ལྡག་དམ་ཉམས་དགྲ་ལ་ཟློག༔ དྲེག་དང་གྲུམ་བུ་དམ་ཉམས་དགྲ་ལ་ཟློག༔ རིམས་ཡམས་འབྲུམ་བུ་དམ་ཉམས་དགྲ་ལ་ཟློག༔ ཤུ་བ་རྒྱ་ཐོར་དམ་ཉམས་དགྲ་ལ་ཟློག༔ བད་ཀན་མ་ཞུའི་ནད་རྣམས་དགྲ་ལ་ཟློག༔ རླུང་དང་མཁྲིས་པའི་ནད་རྣམས་དགྲ་ལ་ཟློག༔ ཁྲག་དང་བད་ཀན་ནད་རྣམས་དགྲ་ལ་ཟློག༔ མཛེ་དང་ཕོལ་མིག་ནད་རྣམས་དགྲ་ལ་ཟློག༔ རྩ་དང་ཆུ་རྒྱུས་ནད་རྣམས་དགྲ་ལ་ཟློག༔ མིག་ནད་འགྲིབ་པ་དམ་ཉམས་དགྲ་ལ་ཟློག༔ རྣ་ནད་འོན་པ་དམ་ཉམས་དགྲ་ལ་ཟློག༔ སྣ་ནད་འཚུབ་པ་དམ་ཉམས་དགྲ་ལ་ཟློག༔ ལྕེ་ནད་ལྐུགས་པ་དམ་ཉམས་དགྲ་ལ་ཟློག༔ སེམས་ནད་སྙིང་རླུང་དམ་ཉམས་དགྲ་ལ་ཟློག༔ རྒྱུ་ནད་རུལ་བ་དམ་ཉམས་དགྲ་ལ་ཟློག༔ གློ་ནད་ལུ་བ་དམ་ཉམས་དགྲ་ལ་ཟློག༔ སྙིང་ནད་སྨྱོ་བ་དམ་ཉམས་དགྲ་ལ་ཟློག༔ མཁལ་ནད་གཟེར་བ་དམ་ཉམས་དགྲ་ལ་ཟློག༔ མཆིན་ནད་དམར་ཡམས་དམ་ཉམས་དགྲ་ལ་ཟློག༔ མདངས་འཕྲོག་ལྷ་བུའི་བདུད་ཀྱི་བཀའ་ཆད་ཟློག༔ གཟུགས་བརླག་ཕུང་པོའི་བདུད་ཀྱི་བཀའ་ཆད་ཟློག༔ ཡིད་རྨུག་ཉོན་མོངས་བདུད་ཀྱི་བཀའ་ཆད་ཟློག༔ སྲོག་གཅོད་འཆི་བདག་བདུད་ཀྱི་བཀའ་ཆད་ཟློག༔ དཔལ་ཆེན་སྤྲུལ་པ་བྱ་ཁྱུང་འཁོར་བཅས་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་་མ་འདི་བཞེས་ལ༔ བདག་ལ་གནོད་བྱེད་བྱད་མ་དགྲ་བགེགས་ཀྱི༔ ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་བཅས༔ སྣང་སྲིད་སྡེ་བརྒྱད་དྲེགས་པའི་ཁྲམ་ལ་ཐོབ༔ སྲིད་པ་གསུམ་གྱི་བྱད་སྣ་ཁྱོན་བསྡོམ་ནས༔ གནོད་བྱེད་དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ མ་གཡེལ་བྱ་ཁྱུང་རྒྱལ་པོ་འཁོར་བཅས་ཀྱིས༔ བཟློག་བསྒྱུར་བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ འདི་ཡིས་བྱད་མ་རྦོད་གཏོང་ཀུན༔ བཟློག་པར་འགྱུར་བ་ཐེ་ཚོམ་མེད༔ དཔེར་ན་མེ་ཐོག་ཆུ་བཞིན་དུ༔ བྱད་མ་རྦོད་གཏོང་ཐམས་ཅད་ཀུན༔ བཟློག་པར་འགྱུར་བ་ཐེ་ཚོམ་མེད༔ ས་མ་ཡཱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ཁ་ཐམ༔ ཅེས་འགྲོ་འདུལ་གསང་སྔགས་གླིང་པས་གྲུ་འཛིན་གནས་ལུང་དཔལ་གྱི་རི་བོ་ནས་གདན་དྲངས་པ་དགེ་ལེགས་འཕེལ།

དྲག་པོ་རྩང་གི་བསྐུལ་བཟློག

ཕུར་བ་གསང་བ་སྤུ་གྲི་ལས༔ དྲག་པོ་རྩང་གི་བསྐུལ་བཟློག་བཞུགས༔ ཧེ་རུ་ཀ་ལ་ཕྱག་འཚལ་ལོ༔ དྲག་པོ་རྩང་གི་བསྐུལ་བཟློག་འདི༔ ཡང་ཟབ་བཟློག་པའི་མདེའུ་སྟེ༔ གཏོར་མ་འགུགས་གཞུག་དྲག་ཏུ་བྱ༔ ཏིང་འཛིན་གསལ་བའི་ང་རྒྱལ་གྱིས༔ བྷྱོ༔ དང་པོ་རྩང་བྱུང་གང་ནས་བྱུང༔ རྩང་བྱུང་ལྷ་ཡི་ཡུལ་ནས་བྱུང༔ མ་ལ་ཡ་ཡི་རྩེ་མོ་རུ༔ བཅོམ་ལྡན་རྟ་ཕག་ཡབ་ཡུམ་གྱིས༔ མ་ཏྲཾ་རུ་ཏྲ་འདུལ་བའི་ཚེ༔ ཕུང་བྱེད་རུ་ཏྲའི་ཆས་རྣམས་ཀུན༔ ཡེ་ཤེས་ཆས་སུ་བྱིན་གྱིས་བརླབས༔ དེ་ཚེ་ཁོ་ཡི་རུས་རྩིབས་ལས༔ དྲག་པོའི་རྩང་ཕུར་ཟུར་གསུམ་བྱུང༔ བྷྱོ༔ བར་དུ་རྩང་བྱུང་གང་ནས་བྱུང༔ རྩང་བྱུང་གཉན་གྱི་ཡུལ་ནས་བྱུང༔ མཐུ་ཆེན་ཕྱག་ན་རྡོ་རྗེ་ཡིས༔ གཉན་རྗེ་མི་ཟན་དམར་པོ་ཉིད༔ རིགས་སྔགས་དམོད་པས་བསྒྲལ་བའི་ཚེ༔ ཁོ་ཡི་གཞུང་རུས་སྒལ་ཚིགས་ལས༔ གདུག་རྩུབ་དྲག་པོའི་རྩང་ཕུར་བྱུང༔ བྷྱོ༔ ཐ་མ་རྩང་བྱུང་གང་ནས་བྱུང༔ རྩང་བྱུང་ཀླུ་ཡི་ཡུལ་ནས་བྱུང༔ བྱ་ཁྱུང་རྒྱལ་པོ་གྷ་རུ་ཌས༔ མལ་དྲོས་ཀླུ་རིགས་བསྒྲལ་བའི་ཚེ༔ ཁོ་ཡི་པུས་མོའི་ལྷ་ང་ལས༔ གདུག་རྩུབ་དྲག་པོའི་རྩང་ཕུར་བྱུང༔ བྷྱོ༔ དེ་ནས་རྩང་བྱུང་གང་ནས་བྱུང༔ རྩང་བྱུང་ཤར་གྱི་ཕྱོགས་སུ་བྱུང༔ དཔལ་ཆེན་བཛྲ་ཧེ་རུ་ཀས༔ ལྷ་བུའི་བདུད་ཆེན་བསྒྲལ་བའི་ཚེ༔ ཁོ་ཡི་ཕྱག་མཚན་ཐོད་དབྱུག་ལས༔ གདུག་རྩུབ་དྲག་པོའི་རྩང་ཕུར་བྱུང༔ བྷྱོ༔ དེ་ནས་རྩང་བྱུང་གང་ནས་བྱུང༔ རྩང་བྱུང་ལྷོ་ཡི་ཕྱོགས་སུ་བྱུང༔ དཔལ་ཆེན་རཏྣ་ཧེ་རུ་ཀས༔ ཕུང་པོའི་བདུད་ཆེན་བསྒྲལ་བའི་ཚེ༔ ཁོ་ཡི་ལག་ངར་གཡས་པ་ལ༔ གདུག་རྩུབ་དྲག་པོའི་རྩང་ཕུར་བྱུང༔ བྷྱོ༔ དེ་ནས་རྩང་བྱུང་གང་ནས་བྱུང༔ རྩང་བྱུང་ནུབ་ཀྱི་ཕྱོགས་སུ་བྱུང༔ དཔལ་ཆེན་པདྨ་ཧེ་རུ་ཀས༔ ཉོན་མོངས་བདུད་ཆེན་བསྒྲལ་བའི་ཚེ༔ ཁོ་ཡི་དབུ་མའི་རྩ་རྒྱུས་ལས༔ གདུག་རྩུབ་དྲག་པོའི་རྩང་ཕུར་བྱུང༔ བྷྱོ༔ དེ་ནས་རྩང་བྱུང་གང་ནས་བྱུང༔ རྩང་བྱུང་བྱང་གི་ཕྱོགས་སུ་བྱུང༔ དཔལ་ཆེན་ཀརྨ་ཧེ་རུ་ཀས༔ འཆི་བདག་བདུད་ཆེན་བསྒྲལ་བའི་ཚེ༔ ཁོ་ཡི་ལག་གི་ཁྲམ་ཤིང་ལས༔ གདུག་རྩུབ་དྲག་པོའི་རྩང་ཕུར་བྱུང༔ བྷྱོ༔ དེ་ལྟར་བྱུང་ཚད་ཕྱོགས་བསྡུས་པས༔ རྩང་ཕུར་སུམ་ཅུ་སོ་བརྒྱད་བྱུང༔ མགོ་བོ་རྒྱ་མདུད་འཆང་ཟུང་དང༔ སྨད་ཆ་ཟུར་གསུམ་ཚུལ་དུ་བཞོག༔ དྲག་པོའི་གཏོར་ཟོར་ལྕགས་རི་ལ༔ དྲྭ་བ་དམར་ནག་བྲེས་ཤིང་བཙུགས༔ རྩང་ཕུར་རེ་རེའི་རྩ་རྩེ་ལས༔ ལས་བྱེད་ཕོ་ཉ་འབུམ་འབུམ་འགྱེད༔ མགོ་བོ་རྒྱ་མདུད་ནད་རླངས་འཕྲོ༔ སྐེད་པ་འཆང་ཟུང་དུག་ཆར་འབེབ༔ དབལ་རྩེ་མཚོན་གྱི་བུ་ཡུག་འཚུབས༔ བྱད་མའི་སྙིང་ལ་ཀཱི་ལ་ཡ༔ བྷྱོ༔ གདུག་པའི་རྩང་ཕུར་རེ་རེ་ལས༔ ཟ་བྱེད་ཕོ་ཉ་འབུམ་འབུམ་འགྱེད༔ གསོད་བྱེད་གཅན་གཟན་རྡུལ་ལྟར་འཚུབས༔ རྔམས་བྱེད་སྲིན་མོའི་དམག་གིས་གང༔ ཕྲ་ཐབས་ཚོགས་ནི་སེར་ལྟར་གཏིབས༔ ཕུར་སྐྱོང་བསྲུང་མ་གློག་ལྟར་འཁྱུགས༔ དབང་ཕྱུག་ཉེར་བརྒྱད་རྔམ་ཞིང་ཉུལ༔ གིང་ཆེན་བཅོ་བརྒྱད་གཟའ་ལྟར་རྒྱུ༔ མཁའ་འགྲོ་སོ་གཉིས་སྤྲིན་ལྟར་འདུ༔ སྤྲུལ་པ་ཡང་སྤྲུལ་སྟོང་གསུམ་གང༔ བྱད་མ་སྒྲོལ་བའི་དུས་ལ་བབ༔ གདུག་རྩུབ་རྩང་ཕུར་ཕོ་ཉའི་ཚོགས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ བྷྱོ༔ བསྐུལ་ཞིང་དམིགས་པ་ཙམ་གྱིས་ནི༔ རྩང་ཕུར་ཤ་ཟ་ཧབས་སེ་ཧབ༔ རྩང་ཕུར་ཁྲག་འཐུང་ལྗིབས་སེ་ལྗིབ༔ རྩང་ཕུར་རུས་འཆའ་ཕྲོམས་སེ་ཕྲོམ༔ བཀྲེས་པའི་གླལ་བ་ཁྱུགས་སེ་ཁྱུག༔ སྐོམ་པའི་མིད་སྒྲ་ཁྲོགས་སེ་ཁྲོག༔ དགྲ་བོའི་སྟེང་དུ་ཆེར་རྔམས་ནས༔ ད་འགྲོ་གང་ཡིན་འུར་སྒྲ་སྒོག༔ དུས་ལ་བབ་པོ་རྩང་ཕུར་རྣམས༔ མ་གཡེལ་དགྲ་བོ་སྒྲོལ་བར་མཛོད༔ བྷྱོ༔ སྟོབས་དང་ལྡན་པའི་རྩང་ཕུར་རྣམས༔ ད་ནི་བཟློག་པའི་དུས་ལ་བབ༔ ཟ་བྱེད་གདོན་སྣ་ཉེར་གཅིག་ཟློག༔ འཇབ་བྱེད་བླ་རྐུན་རྣམ་བཞི་ཟློག༔ སྲོག་གཅོད་གཤིན་རྗེའི་བསུན་མ་ཟློག༔ ནག་པོ་བདུད་ཀྱི་ཁྲམ་སྣ་ཟློག༔ མ་མོའི་ནད་རྐྱལ་ཁ་ཕྱེ་ཟློག༔ བཙན་གྱི་ཤྭ་ལ་འགྲིམ་པ་ཟློག༔ ཐེའུ་རིང་རྩིས་ལ་འདེབས་པ་ཟློག༔ འགོང་པོས་ཟ་ཁ་སྟོན་པ་ཟློག༔ ཀླུ་ཡིས་དུག་རླངས་འགྱེད་པ་ཟློག༔ འགྲོ་ལམ་རྩང་བཞིན་འཛུག་པ་ཟློག༔ ཟ་ལམ་དུག་གཡོས་བྱེད་པ་ཟློག༔ སྔོན་ནས་གསོད་ཟེར་འགུགས་པ་ཟློག༔ རྗེས་ནས་གཅོད་ཟེར་འདེད་པ་ཟློག༔ དམག་དང་ཇག་པས་གཡུལ་འདེབས་ཟློག༔ ཁྲམ་དང་གཡོ་སྒྱུའི་སྐོར་མགོ་ཟློག༔ རྐུས་དང་མ་ཉེས་ཁ་ཡོག་ཟློག༔ གདུལ་བྱ་སྙན་གྲགས་འགགས་པ་ཟློག༔ མེ་ལ་སྦྱིན་སྲེག་འདེབས་པ་ཟློག༔ རླུང་ལ་འཁོར་ལོ་བསྐོར་བ་ཟློག༔ ཆུ་ལ་ཀླུ་གཏད་བྱེད་པ་ཟློག༔ ས་ལ་མནན་གཏད་བྱེད་པ་ཟློག༔ ནད་སྣ་རིམས་སྣ་ཟུག་པ་ཟློག༔ ཁ་མཆུ་མི་ཁ་ཕོག་པ་ཟློག༔ སྡེ་བརྒྱད་ཐན་ལྟས་གཏོང་བ་ཟློག༔ རྣམ་རྟོག་ཆོ་འཕྲུལ་འགྱེད་པ་ཟློག༔ མི་མཐུན་ཕྱོགས་རྣམས་མ་ལུས་ཟློག༔ བྷྱོ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ༔ གདུག་པའི་རྩང་ཕུར་རེ་རེ་ལས༔ རྣལ་འབྱོར་ཏིང་ངེ་འཛིན་གྱི་འཕྲུལ༔ ཁྲ་ཐབས་ཕོ་ཉ་འབུམ་འབུམ་འཕྲོ༔ དགྲ་བགེགས་སྙིང་ལ་ཀཱི་ལ་ཡ༔ ཕྱི་ནི་རྒྱུ་མའི་ཞགས་པས་བཅིང༔ མ་མོའི་རིམས་གཟེར་དབུགས་ཀྱིས་བཀང༔ བྱད་མ་འཁོར་དང་བཅས་པ་རྣམས༔ བྱད་མ་འཁོར་དང་བཅས་པ་རྣམས༔ རིམས་ཡམས་འབྲུམ་བུ་ལ་སོགས་པས༔ གཅིག་ཀྱང་མ་ལུས་མྱོས་པར་གྱིས༔ ཚོན་སྐུད་སྣ་ལྔས་མཐའ་ནས་བསྡམས༔ བདུད་བཙན་ཀླུ་གཉན་གཤིན་རྗེ་ལྔས༔ སྟོང་གསུམ་བྱད་ཀྱི་ཐག་པ་སྟེ༔ བྱད་མ་འཆིང་ཞིང་རེངས་པར་གྱིས༔ ཆོས་འབྱུང་ཟུར་གསུམ་དྲྭ་མིག་འབར༔ ལས་ཀྱི་གཤིན་རྗེའི་བཤན་ཁང་སྟེ༔ བྱད་མ་འཆོར་མེད་གཟིར་དུ་ཆུགས༔ སྟོད་ལ་དུག་ཁྲག་དམར་པོས་བྱུག༔ གཟའ་ནད་འཐིབ་པའི་ངར་བཏགས་པས༔ བྱད་མ་གཟའ་དང་གདོང་ཐུག་སྤྲོད༔ སྨད་དབལ་རོ་སོལ་ནག་པོས་བྱུགས༔ ཀླུ་ནད་མཛེ་ཡིས་ངར་བཏགས་པས༔ བྱད་མ་ཀླུ་ཡིས་འཆོར་མེད་སྡོམས༔ མཚེ་ཡུངས་སྐེ་ཚེ་ཤིང་ཚེས་བརྒྱན༔ སྡེ་བརྒྱད་དྲེགས་པའི་མཚོན་ཆར་འབར༔ བྱད་མ་སྡེ་བརྒྱད་གཡུལ་ཟས་གྱིས༔ རྡོ་དཀར་རྡོ་ནག་ཟངས་ལྕགས་ཐུན༔ ཁྲོ་ཆུང་མེ་ཡི་ཚྭ་ཚྭ་འཕྲོས༔ བྱད་མ་དམ་ཉམས་རྡུལ་དུ་རླགས༔ དུས་ལ་བབ་པོ་རྩང་ཕུར་རྣམས༔ བྱད་མ་གཟུགས་མེད་དགྲ་བགེགས་ཀུན༔ བཟློག་ཅིང་བསྒྱུར་བའི་ཕྲིན་ལས་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོ་ནས་གདན་དྲངས་པའོ༎

ཐུན་གཏོར།

༄༅། བཟློག་པ་བྱེད་ཚར་རྗེས་སུ་ཐུན་གཏོར་ལ་རཀྟ་བྲན་ཏེ་འགུག་གཞུག་ལན་གསུམ་བྱས་མཐར་བདུད་རྩི་བྲན་ལ༔ རཾ་ཡཾ་ཁཾ༔ སྟོང་པའི་ངང་ལས་དགྲ་བགེགས་བསྒྲལ་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་གྲམ་ཁྲོད་ཆེན་པོ་བདུད་རྩིའི་རང་བཞིན་དུ་གྱུར། ཨོཾ་ཨཱ༔ཧཱུྃ། ཞེས་ལན་གསུམ་གྱིས་བྱིན་གྱིས་བརླབས་ལ། རྩ་སྔགས་མཐར། ཨེ་དཾ་བྷ་ལིང་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་དང་། བཛྲ་པུཥྤེ་དྷུཔྤེ༴སོགས་ནས། ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་སརྦ་པུ་ཙ་ས་མ་ཡཱ་ཁཱ་ཧི་ཁཱ་ཧི། ཞེས་མཆོད་ནས་རང་གཞུང་ལྟར་བསྟོད་པ་ནི། ཧཱུྃ༔ ཐུགས་ཉིད་ཞི་བའི་ངང་ལས་མ་གཡོས་ཀྱང༔ སྙིང་རྗེའི་ཀློང་ལས་དྲག་པོའི་སྐུར་བཞེངས་ཏེ༔ ཞི་རྒྱས་དབང་དྲག་རབ་འབྱམས་ལས་མཛད་པའི༔ ཕུར་པ་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས། ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་བཅས་ལ། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་ཚོགས། །ལྷུན་པོར་སྤུངས་པའི་འདོད་དགུའི་བྷ་ལིང་ཏ། །ཕྱི་ནང་ཉེར་སྤྱོད་སྨན་རཀ་བདུད་རྩིའི་ཚོགས། །འབུལ་ལོ་དགྱེས་པར་རོལ་ལ་བདག་ཅག་གི། །ནད་གདོན་ཀུན་གཞི་ཚེ་དཔལ་ལོངས་སྤྱོད་སྤེལ། །ཁམས་གསུམ་དབང་བསྡུས་དགྲ་བགེགས་བདུད་སྡེའི་དཔུང་། །ཐམས་ཅད་མིང་གི་ལྷག་མར་ཚར་ཆོད་ཅིག །ཕས་རྒོལ་བསམ་ངན་སྦྱོར་རྩུབ་བྱད་ལྟེམ་དཔུང་། །ཐམས་ཅད་རང་གཤེད་ཕོབ་ལ་མཐུ་ནུས་ཤིག །མནན་པའི་སྐབས་ཡིན་ན། ལུས་ངག་ཡིད་གསུམ་མཐུ་རྩལ་ནུས་པ་རྣམས། །ནམ་ཡང་ལྡང་མེད་མནན་པའི་ལས་མཛོད་ཅིག །ཅེས་དང་། གང་ལྟར་ཡང་། མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །འབད་མེད་ལྷུན་གྱིས་གྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྗོད་བསྐུལ་བཟློག་སྔགས་དང་བཅས་ཐུན་གཏོར་ཆེན་དུ་འབུལ། ༧ རྩང་བཟློག་ཡན་གྲུབ་ནས། དངོས་སུ་འབྱོར་དང༴སོགས། བཛྲ་པུཥྤེ༴སོགས། སྨན་རཀ་གཏོར་གསུམ་སྔགས། བསྟོད་པ། ཡིག་བརྒྱ། དངོས་གྲུབ་བླངས་རྗེས། ཧཱུྃ་ཧ་ཧེ་ཕཊ་བྷྱོ་རཾ། ཡེ་ཤེས་པ་ནམ་མཁར་བཏེགས། དམ་ཚིག་པ་བདག་ལ་བསྡུ། སླར་ཡང་གཏོར་ཆེན་དེ་ཉིད་ཁྲག་འཐུང་ཀརྨ་དྲག་པོའི་ལྷ་ཚོགས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པར་བསྐྱེད་ལ། ཐུན་གཏོར་དམག་ལྟོའི་ཚུལ་དུ་གཏོར་ཆེན་ལ་འབུལ། དེ་ནས་སྒོ་དབྱེ་སོགས་བྱ།

ཕྱི་ནང་སྒོ་དབྱེ།

ཕུར་བ་གསང་བ་སྤུ་གྲི་ལས༔ ཕྱི་ནང་སྒོ་དབྱེ་བཞུགས༔ ཛ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕོ་བྲང་ཕྱི་ཡི་སྒོ་བསྲུང་ནི༔ ཤར་ཕྱོགས་རྒྱལ་པོ་ཡུལ་འཁོར་བསྲུང༔ དྲི་ཟ་འབུམ་གྱི་ཚོགས་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གཏོར་མའི་ཟོར་ལམ་ཤར་དུ་ཕྱེས༔ ཧཱུྃ༔ ལྷོ་ཕྱོགས་རྒྱལ་པོ་འཕགས་སྐྱེས་པོ༔ གཤིན་རྗེ་འབུམ་གྱི་ཚོགས་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གཏོར་མའི་ཟོར་ལམ་ལྷོ་རུ་ཕྱེས༔ བཾ༔ ནུབ་ཕྱོགས་རྒྱལ་པོ་མིག་མི་བཟང༔ ཀླུ་དབང་འབུམ་གྱི་ཚོགས་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གཏོར་མའི་ཟོར་ལམ་ནུབ་དུ་ཕྱེས༔ ཧོ༔ བྱང་ཕྱོགས་རྒྱལ་པོ་རྣམ་ཐོས་སྲས༔ གནོད་སྦྱིན་འབུམ་གྱི་ཚོགས་དང་བཅས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ གཏོར་མའི་ཟོར་ལམ་བྱང་དུ་ཕྱེས༔ ཧཱུྃ༔ མཚམས་བཞིར་རང་རང་ཕྱོགས་སྐྱོང་བ༔ མེ་ལྷ་སྲིན་པོ་རླུང་ལྷ་དང༔ དབང་ལྡན་ལ་སོགས་དྲེགས་པའི་ཚོགས༔ ཡུལ་འདིའི་གཞི་བདག་འཁོར་བཅས་རྣམས༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཟོར་ལམ་ཕྱོགས་མཚམས་ཀུན་ཏུ་ཕྱེས༔ ཅེས་གསེར་སྐྱེམས་དང་གཏོར་མ་འབུལ༔ ནང་གི་སྒོ་དབྱེ་ནི༔ དཔལ་འབར་གྱིས་གཏོར་མའི་མདོས་ཐག་བཅད་ལ༔ ཧཱུྃ༔ ཕོ་བྲང་ཤར་གྱི་སྒོ་མ་ནི༔ པུ་ཤུད་མགོ་ཅན་ལྕགས་ཀྱུ་འཛིན༔ ཤར་ཕྱོགས་ཞི་བའི་སྒོ་ཕྱེས་ལ༔ ནད་གདོན་ཞི་བའི་ཕྲིན་ལས་མཛོད༔ ཕོ་བྲང་ལྷོ་ཡི་སྒོ་མ་ནི༔ སྐྱ་ཀའི་མགོ་ཅན་ཞགས་པ་འཛིན༔ ལྷོ་ཕྱོགས་རྒྱས་པའི་སྒོ་ཕྱེས་ལ༔ ཚེ་བསོད་དཔལ་འབྱོར་རྒྱས་པར་མཛོད༔ ཕོ་བྲང་ནུབ་ཀྱི་སྒོ་མ་ནི༔ སྲིན་བྱའི་མགོ་ཅན་ལྕགས་སྒྲོག་འཛིན༔ ནུབ་ཕྱོགས་དབང་གི་སྒོ་ཕྱེས་ལ༔ ཁམས་གསུམ་དབང་དུ་འདུ་བར་མཛོད༔ ཕོ་བྲང་བྱང་གི་སྒོ་མ་ནི༔ ཁྲ་ཡི་མགོ་ཅན་དྲིལ་བུ་འཛིན༔ བྱང་ཕྱོགས་དྲག་པོའི་སྒོ་ཕྱེས་ལ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློགས༔ སྒོ་བས་སྒོ་ཕྱེས་ཤ་ར་ར༔ འཕྲང་བས་འཕྲང་སོལ་སི་ལི་ལི༔ གཏོར་མའི་དབལ་ཟོར་ད་ལ་ལ༔ ཁྲ་ཐབས་ལས་བྱེད་ཁྱུགས་སེ་ཁྱུགས༔ དྲག་པོའི་དམག་གཡོས་དཔུངས་སེ་དཔུང༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ དེ་ནས་ཟོར་འཕེན་པ་ནི༔ སྨན་དང་རཀྟ་བདུད་རྩིས་བྲན་ཅིང་ཟོར་བསྒྲིགས་ལ༔ སྔགས་པས་ཞྭ་ནག་སོགས་ཆས་གྱོན་ལ༔ གསེར་སྐྱེམས་ཐོགས་ཏེ༔ རཾ་ཡཾ་ཁཾ༔ ཨོཾ་ཨཱ༔ཧཱུྃ༔ རྩ་རྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་བསྲུང་མར་བཅས༔ ཁྱད་པར་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ གསེར་སྐྱེམས་འདི་བཞེས་དགྲ་བགེགས་སྟེང་དུ་ཆས༔ ཕུར་བསྲུང་བཅུ་གཉིས་བསེ་ལྕགས་དུང་གསུམ་དང༔ ཁྲ་ཐབས་ཉི་ཤུ་དབང་ཕྱུག་ཉེར་བརྒྱད་བཅས༔ མཁའ་འགྲོ་སོ་གཉིས་གིང་ཆེན་བཅོ་བརྒྱད་ཚོགས༔ ཀེའུ་སེང་མཁའ་འགྲོ་དཀར་མོ་ཉི་ཟླ་རྣམས༔ གསེར་སྐྱེམས་འདི་བཞེས་ཁྲོ་འཁྲུགས་སྐུར་བཞེངས་ལ༔ དགྲ་བགེགས་བྱད་མའི་སྟེང་དུ་དམག་ལ་ཆས༔ དྲེགས་པ་སྡེ་བརྒྱད་མགུར་ལྷ་བསྟན་མ་དང༔ ཡུལ་ལྷ་གཞི་བདག་དབེན་རིའི་བསྲུང་མ་རྣམས༔ བྱད་མ་སྒྲོལ་ཕྱིར་ཟོར་གྱི་དམག་ལ་ཆས༔ བི་ན་ཡ་ག་ལ་སོགས་བགེགས་རིགས་དང༔ མི་ནད་ཕྱུགས་ནད་རིམས་ཡམ་སྣ་འདྲེན་རྣམས༔ ཐན་བདག་འགོང་པོ་སྣང་སྲིད་ལྷ་འདྲེའི་ཚོགས༔ གསེར་སྐྱེམས་འདི་བཞེས་དེ་རིང་དམག་ལ་ཆས༔ ཟོར་འདི་མ་ཡོ་མ་ནོར་དགྲ་བོའི་སྟེང༔ སྣང་སྲིད་ལྷ་འདྲེ་རྣམས་ཀྱི་སྣ་ཁྲིད་ཀྱིས༔ སྡེ་བརྒྱད་དྲེགས་པའི་དམག་གི་དཔུང་བསྐྱེད་ལ༔ ཕུར་བསྲུང་ཁྲ་ཐབས་ཚོགས་ཀྱི་གཏོར་ཟོར་འདི༔ སྤྲིན་མེད་མཁའ་ནས་གནམ་ལྕགས་ཐོག་བབས་བཞིན༔ བྱད་མ་འཁོར་དང་བཅས་པའི་སྟེང་དུ་རྒྱོབ༔ འགོ་བའི་ལྷ་ཕྲོལ་དཔུང་གི་གཉེན་འདུན་སོད༔ བསམ་པའི་སྙིང་ཕྱུངས་རྙབ་པའི་ལག་པ་ཆོད༔ ཕུང་ཁམས་རྩ་རླུང་ཐིག་ལེའི་རྒྱ་རལ་ཆུགས༔ ཆུང་མ་སྨྱོར་ཆུག་བུ་ཚ་གྲི་རུ་སོད༔ འགྲོགས་པའི་གཉེན་ཕྱེས་འོག་གི་རྟ་རྐང་ཆོག༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བསྙེན་བསྒྲུབ་ནས༔ ཕུར་བསྲུང་དམ་ཅན་བརྟེན་ཅིང་མཆོད་པ་ལ༔ འབྲས་བུ་ཡོད་མེད་དེ་རིང་ལས་འདིས་ཤེས༔ དེ་ཕྱིར་རྡོ་རྗེ་གཞོན་ནུའི་བཀའ་འཁོར་དང༔ ཕུར་སྐྱོང་དམ་ཅན་ཚོགས་རྣམས་མ་གཡེལ་བར༔ མིང་བྱང་གཟུགས་ལ་བཀོད་པའི་དགྲ་དང་བགེགས༔ དམིགས་ཤིང་ཞེ་ལ་བརྣག་པའི་བྱད་མ་འདིའི༔ ཚེ་བླ་སྲོག་དང་ཡིད་འགྱུའི་རྣམ་ཤེས་ཉིད༔ དོ་ནུབ་ཉི་མ་ནུབ་དང་དུས་མཉམ་ལ༔ ཁ་རྗེ་དབང་ཐང་བཅས་པ་རྡུལ་དུ་རློགས༔ ད་རེས་ཕུར་བསྲུང་དམ་ཅན་ཁྱེད་བསྐུལ་བས༔ ལས་འདི་ཞག་གཅིག་ཙམ་ཡང་མ་འགྱང་བར༔ འགྲོ་བ་ཀུན་གྱི་དབང་པོའི་མངོན་སུམ་དུ༔ རྟགས་དང་མཚན་མ་ཆོ་འཕྲུལ་སྣ་དགུ་ཐོངས༔ བླ་སྲོག་རྣམ་ཤེས་མར་མེ་བསད་པ་བཞིན༔ དྲག་ཤུལ་མཐུ་ཡིས་སྐད་ཅིག་ཐལ་བར་རློགས༔ ཉེས་ཞིག་མེད་ན་ངེད་ཀྱིས་མི་བསྐུལ་གྱིས༔ ཕུར་བསྲུང་དམ་ཅན་ཚོགས་ཀྱིས་ར་མདའ་ལྡོག༔ ལོ་ཟླ་ཇི་སྲིད་ཞག་ལ་མ་འགྱང་བར༔ ནམ་ཕྱེད་འབྱུང་བ་ཆུ་ཡང་གཉིད་ལོག་གིས༔ དུས་དེར་དགྲ་བོའི་བླ་ཡིད་ཁུག་ལ་སྒྲོལ༔ རྒྱུ་འབྲས་ལས་དབང་བཙན་ཞེས་སྙད་མ་འདོགས༔ སྔོན་གྱི་ལས་འཕྲོ་ཡིན་ཟེར་བཤོལ་མ་འདེབས༔ སྲོག་གི་ལན་ཆགས་ཡིན་ཟེར་ལས་མ་གཡེལ༔ ལོ་དང་ཟླ་བར་འགྱངས་བའི་དུས་མ་འདེབས༔ དོ་ནུབ་ཉི་མའི་གུང་ཐུན་འདི་ཉིད་ལ༔ བྱད་མ་དགྲ་བགེགས་སྟེང་དུ་ཟོར་ལ་ཡ༔ ཕ་མ་བུ་རྟ་སྒོ་ནོར་ཕྱུགས་དང་བཅས༔ དགུན་གྱི་སྤང་རི་མེ་ཡིས་གཞོམ་པ་བཞིན༔ འཁོར་སློབ་འབངས་བཅས་ཁ་ཕུང་རྗེས་མེད་ཐོངས༔ ཐུགས་དམ་དུས་ལ་བབ་པོ་ས་མ་ཡཱ༔ ཅེས་གསེར་སྐྱེམས་མཆོད༔ གཟུ་དཔང་ནི༔ ཧཱུྃ༔ མི་མངོན་དབྱིངས་ན་བཞུགས་པ་ཆོས་ཀྱི་སྐུ༔ གང་འདུལ་ལོངས་སྐུ་སྣ་ཚོགས་སྤྲུལ་པའི་སྐུ༔ སྐུ་གསུམ་བརྒྱུད་པའི་བླ་མ་གཟུ་དང་དཔང་༔ བཞི་བཅུ་རྩ་གཉིས་ཞི་བའི་ལྷ་ཚོགས་དང༔ ཆེ་མཆོག་ལ་སོགས་ཁྲག་འཐུང་ཁྲོ་བོའི་ཚོགས༔ རྒྱུད་སྡེ་བཞི་དང་ཐེག་པ་རིམ་དགུའི་ལྷ༔ ཁྱད་པར་ཕུར་པའི་ལྷ་ཚོགས་གཟུ་དང་དཔང༔ གནས་ཡུལ་ཞིང་སྐྱོང་མཁའ་འགྲོའི་ཚོགས་རྣམས་དང༔ ཕོ་རྒྱུད་མོ་རྒྱུད་གཉིས་མེད་མ་ནིང་རྒྱུད༔ རྒྱུད་གསུམ་དྲེགས་པ་སྡེ་བརྒྱད་ཚོགས་རྣམས་དང༔ ཁྱད་པར་ཕུར་སྐྱོང་བསྲུང་མ་གཟུ་དང་དཔང༔ ངས་ནི་མ་ཉེས་ཉམས་ཆུང་ཚུལ་བཟུང་སྟེ༔ དབེན་པའི་གནས་བརྟེན་དཀོན་མཆོག་སྐྱབས་ཚོལ་ཞིང༔ ཚེ་གཅིག་སངས་རྒྱས་བསྒྲུབ་པར་དམ་བཅས་ཀྱང༔ བྱད་མ་དགྲ་བགེགས་འདི་ཡིས་མ་སྟེར་རོ༔ ས་ལ་བྱི་ལྟར་འཛུལ་ཀྱང་དེད་ནས་བྱུང༔ གནམ་ལ་བྱ་ལྟར་འཕུར་ཡང་དེད་ནས་བྱུང༔ ཆུ་ལ་ཉ་ལྟར་འཕྱོ་ཡང་དེད་ནས་བྱུང་༔ རྣལ་འབྱོར་ང་ཡི་འཁོར་སློབ་གཡོག་དང་བཅས༔ མི་བསད་ནོར་ཕྲོག་རྐུས་དང་མ་མཆུ་བྱེད༔ བཙན་བཙུག་གླེང་འདེབས་ཉེས་མེད་ཁྲིམས་ཀྱིས་མནར༔ མཐོང་ན་སྡང་མིག་ཐོས་ན་རྣ་བ་འགེབ༔ ཡོད་ན་དགྲ་བརྒྱབ་མེད་ན་སྐྱུག་བྲོ་བལྟ༔ མཐུ་གཏད་མདོ་སྒྲུབ་རླུང་འཁོར་བསྲེག་མནན་བྱེད༔ མུ་སྟེགས་ངན་སྔགས་ཨ་ཙར་མིག་འཕྲུལ་སྟོན༔ མ་ཉེས་ཤག་འདེབས་རྔོན་རྒྱ་ཆོས་ཁྲིམས་བཤིགས༔ དམ་ཉམས་འདི་ཡིས་མ་ཉེས་གཅིག་ཀྱང་མེད༔ སངས་རྒྱས་བསྟན་པ་སྨད་ནས་བླ་བཙོང་ཞིང༔ དཔལ་ལྡན་བླ་མ་དམ་པའི་སྐུ་ལ་བརྡོ༔ རྒྱལ་ཁམས་ཡོངས་ལ་འཚེ་ཞིང་གནོད་པ་བྱེད༔ བསྒྲལ་བའི་ཞིང་བཅུ་དངོས་སུ་ཚང་བས་ན༔ ཕུར་པའི་ལྷ་ཚོགས་ཐུགས་དམ་གནད་ནས་བསྐུལ༔ མ་གཡེལ་གཏུམ་དྲག་རྔམས་པའི་སྐུར་བཞེངས་ལ༔ དེ་རིང་འཕང་བ་ཟོར་གྱི་ལས་མཐའ་འདིས༔ དགྲ་ཁམས་ཆམ་ལ་དབབ་པའི་ཕྲིན་ལས་མཛོད༔ དེ་ནས་ཟོར་བསྐུལ་ནི༔ དམར་གཏོར་བཤམས་ཏེ་རཀྟ་བྲན་ལ༔ ཧཱུྃ༔ སྔོན་ནས་བསྒྲུབ་བསྒྲུབ་བསྙེན་ཅིང་སྙིང་ནས་བརྟེན༔ བར་དུ་གྲུབ་པའི་འབྲས་བུ་དངོས་སུ་བརྙེས༔ ཐ་མ་ལས་བཞིའི་ཕྲིན་ལས་རབ་འབྱམས་བདག༔ ད་ནི་བྱད་མ་སྒྲོལ་བའི་དུས་ལ་བབ༔ བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ སྲས་མཆོག་རིགས་བཞིའི་ལྷ་ཚོགས་དབྱིངས་ནས་བཞེངས༔ ཁྲོ་བཅུ་ཡབ་ཡུམ་ཁྲ་ཐབས་ཕོ་ཉའི་ཚོགས༔ བཀའ་སྡོད་སྤྲུལ་པའི་ལྷ་ཚོགས་སྐུར་བཞེངས་ཤིག༔ ཁྱོད་ཐུགས་ཆོས་ཉིད་ཞི་ལས་མ་གཡོས་ཀྱང༔ དེ་རིང་བསྟན་འགྲོའི་སྤྱི་དགྲ་དམ་སྲིའི་རིགས༔ རྣལ་འབྱོར་བདག་ལ་སྒོས་སུ་སྡང་བྱེད་པའི༔ ལོག་འདྲེན་བྱད་མ་དགྲ་བགེགས་སྒྲོལ་བའི་ཕྱིར༔ སྐུ་ཡི་རྩལ་ཕྱུངས་གསུང་གི་ནུས་པ་བསྐྱེད༔ ཐུགས་ཀྱི་ཁྲོ་གཏུམ་མི་བཟད་དྲག་ཤུལ་ཕྱུངས༔ དོ་ནུབ་དགྲ་ལ་དྲག་པོའི་ཟོར་འཕེན་པས༔ མིང་དང་རིགས་འདྲ་རུས་སོགས་མ་ནོར་བར༔ དམིགས་པའི་ཡུལ་གྱུར་དགྲ་བོའི་སྟེང་དུ་རྒྱོབ༔ ཚ་བའི་མེ་ཟོར་དམར་པོ་ཤ་ར་ར༔ གྲང་བའི་ཆུ་ཟོར་དུག་ཁྲག་ཐོ་རོ་རོ༔ གཡབ་པའི་རླུང་ཟོར་འཚུབས་མ་ཡུགས་སེ་ཡུག༔ ཀོང་གི་ས་ཟོར་རི་ལྟར་ཉི་ལི་ལི༔ སྔགས་ཀྱི་མཚོན་ཟོར་རྣོ་དབལ་ཏ་ལ་ལ༔ འཕེན་པའི་རྡོ་ཟོར་ཐོག་ལྟར་ཡེ་རེ་རེ༔ བསད་པའི་མཚོན་ཟོར་རྣོ་ངར་ཟིངས་སེ་ཟིང༔ དྲག་པོའི་ཡུངས་ཟོར་སེར་ལྟར་རི་ལི་ལི༔ ནམ་མཁའི་སྒོང་ཟོར་ཐོག་ལྟར་རྦད་དེ་རྦད༔ རྣོ་བའི་མདའ་ཟོར་ཚ་ངར་རྦུད་དེ་རྦུད༔ ཁྲག་ཟོར་དམར་པོ་ཆར་ལྟར་སི་ལི་ལི༔ མཚེ་ཡི་ཐུན་ཟོར་རྦབ་ལྟར་ཧྲི་ལི་ལི༔ དྲེགས་པའི་གཏོར་ཟོར་གཟའ་ལྟར་ཡ་ལ་ལ༔ དཔལ་གྱི་གཏོར་ཟོར་དྲག་པོ་ཆེམས་སེ་ཆེམ༔ རྣལ་འབྱོར་ཏིང་འཛིན་དབལ་ཟོར་ཏ་ལ་ལ༔ རྩང་ཟོར་དབལ་ལྡན་མདའ་ལྟར་སྤྲིངས་སེ་སྤྲིང༔ སྣ་ཚོགས་ཐུན་གྱི་ཟོར་རྫས་ཐ་ར་ར༔ དེ་རིང་ཕུར་པའི་ལྷ་ཚོགས་དམག་ལ་ཆས༔ དགྲ་བོའི་ཁམས་ལྔ་དབང་ལྔ་རྡུལ་དུ་རློགས༔ ཀེའུ་སེང་མ་མོ་བཅུ་དྲུག་ཟོར་ལ་ཆས༔ དགྲ་བོའི་ཚོགས་བརྒྱད་ཡུལ་བརྒྱད་རྔམས་ཟས་ཀྱིས༔ གནས་ཡུལ་མཁའ་འགྲོ་སོ་གཉིས་ཟོར་ལ་ཆས༔ དགྲ་བོའི་ཤ་ཁྲག་རུས་གསུམ་དུམ་བུར་ཐོངས༔ གསོད་བྱེད་གིང་ཆེན་བཅོ་བརྒྱད་ཟོར་ལ་ཆས༔ བྱད་མའི་ཁམས་ཆེན་བཅོ་བརྒྱད་དཔའ་ཟས་རོལ༔ སྤྲུལ་པའི་ཁྲ་ཐབས་ཉི་ཤུ་ཟོར་ལ་ཆས༔ ཕྱོགས་བཅུའི་དམ་ཉམས་བྱད་མ་བརླག་པར་མཛོད༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཟོར་ལ་ཆས༔ དགྲ་བོའི་རྒལ་ཚིགས་ཉེར་བརྒྱད་ཞལ་དུ་སྟོབས༔ མཐུ་ཆེན་མ་མོ་བཅུ་གཉིས་ཟོར་ལ་ཆས༔ དགྲ་བོའི་ལྷུ་ཆེན་བཅུ་གཉིས་ཁམས་ཟས་ཀྱིས༔ བསེ་ལྕགས་དུང་གི་སྐྱེས་བུ་ཟོར་ལ་ཆས༔ བྱད་མའི་ཤ་ཁྲག་རུས་གསུམ་ཟས་སུ་ཟོ༔ གཏེར་བསྲུང་དཀར་མོ་ཉི་ཟླ་ཟོར་ལ་ཆས༔ དགྲ་བོའི་མོ་རྒྱུད་སྐྱེ་བ་མངལ་ནས་སྐོམས༔ བདུད་རྒྱལ་ཐོད་པའི་ཕྲེང་ཅན་ཟོར་ལ་ཆས༔ དགྲ་བོའི་ཕོ་རྒྱུད་སྐྱེས་པ་རྩད་ནས་ཆོད༔ སྤྲུལ་འཁོར་ལྷ་སྲིན་སྡེ་བརྒྱད་ཟོར་ལ་ཆས༔ དགྲ་བོའི་ནོར་རྫས་དྲེགས་པའི་གཡུལ་ཟས་ཀྱིས༔ གཉུག་གནས་ཡུལ་ལྷ་གཞི་བདག་ཟོར་ལ་ཆས༔ དགྲ་བོའི་ཟས་ནོར་ཐམས་ཅད་ལོངས་སྤྱོད་ཀྱིས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཟོར་ལ་ཆས༔ དགྲ་བོའི་གནས་ཁང་ལྷ་འདྲེའི་འདུ་གནས་ཀྱིས༔ དེ་རིང་དྲག་པོའི་གཏོར་ཟོར་འདི་འཕེན་པས༔ སྟེང་ཕྱོགས་མཐོ་ལ་འདུག་ཚད་ཞབས་བསྐུམས་ཤིག༔ འོག་ཕྱོགས་དམའ་ལ་གནས་ཚད་དབུ་ཐུམས་ཤིག༔ ཕྱོགས་མཚམས་བར་ན་གནས་ཚད་སྐུ་བཟུར་ལ༔ ཟོར་ལམ་མ་ཡོ་དགྲ་བོའི་སྟེང་དུ་བསྒྱུར༔ གནམ་ལྕགས་ཐོག་གིས་ས་མཁར་གཏོར་བའམ༔ རྩྭ་ཕུང་སྐམ་པོར་མེ་རི་མཆེད་པ་བཞིན༔ བྱད་མ་དགྲ་བགེགས་མི་ནོར་འཁོར་བཅས་རྣམས༔ མིང་གི་ལྷག་མ་ཙམ་ཡང་མ་ལུས་པར༔ ཐལ་བ་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད༔ ཕྲིན་ལས་དྲག་ཏུ་བསྐུལ་ལོ༔ ས་མ་ཡཱ༔ ཞེས་དར་ནག་གཡབ༔ དམར་སྦྲེང༔ དམོད་བཅོལ་དྲག་ཏུ་བྱ༔ འདིས་ནི་གང་ལ་དམིགས་པ་རྣམས་ཞག་གསུམ་ཚུན་ཐོགས་མེད་དུ་འགྱུར་རོ༔ ས་མ་ཡཱ༔ དེ་ནས་སྔགས་པས་འཆམས་སྟབས་དང་བསྟུན་ཏེ༔ མེ་ཟོར་ཐོགས་ལ༔ བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཕོ་ཉ་རྔམས་པ་གློག་ལྟར་འཁྱུགས༔ ཕྱག་ན་ཚ་བའི་མེ་ཟོར་བསྣམས༔ དམ་ཉམས་དགྲ་བོའི་སྙིང་ལ་རྒྱོབ༔ རྩ་སྔགས་ཤམ། དགྲ་བགེགས་བྱད་མ་ཛྭ་ལ་རཾ་ཟོར་ཡ་ཟོར་ཡ༔ ཆུ་ཟོར་ཐོགས་ལ། བྷྱོ༔ རྡོ་རྗེ་གཞོན་ནུའི་བཀའ་ཉན་པ༔ ཀཽ་རི་ལ་སོགས་མ་བརྒྱད་ཀྱིས༔ ཕྱག་ན་གྲང་བའི་ཆུ་ཟོར་བསྣམས༔ བྱད་མའི་སྟེང་དུ་མ་ར་ཡ༔ རྩ་སྔགས་ཤམ། ཁཾ་བྷི་ཡ་ཤུདྡྷེ་ཟོར་ཡ་ཟོར་ཡ༔ རླུང་ཟོར་ཐོགས་ལ༔ བྷྱོ༔ ཁྲོ་རྒྱལ་ཆེ་མཆོག་བཀའ་ཉན་པ༔ སེང་ཧ་ཕྲ་མེན་རྣམ་བརྒྱད་ཀྱིས༔ ཕྱག་ན་གཡབ་པའི་རླུང་ཟོར་ཐོགས༔ དགྲ་བགེགས་ལས་རླུང་རྟ་ལ་སྐྱོན༔ སྔགས་ཤམ། ཡཾ་ཡཾ་མ་ར་ཡ་རྦད༔ ཀོང་ཟོར་ཐོགས་ལ༔ བྷྱོ༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ གནས་གསུམ་མཁའ་འགྲོ་སོ་གཉིས་ཀྱིས༔ ཕྱག་ན་ཀོང་གི་ས་ཟོར་ཐོགས༔ དམ་ཉམས་དགྲ་བོའི་སྟེང་དུ་རྒྱོབ༔ རྩ་སྔགས་ཤམ། མ་ར་ཡ་རྦད་བྷྱོ༔ རྡོ་ཟོར་ཐོགས་ལ༔ བྷྱོ༔ ཕུར་བའི་བཀའ་སྡོད་ཕྲིན་ལས་བདག༔ རྡོ་རྗེའི་གིང་ཆེན་བཅོ་བརྒྱད་ཀྱིས༔ ཕྱག་ན་འཕེན་པའི་རྡོ་ཟོར་ཐོགས༔ དམ་ཉམས་དགྲ་བོའི་སྙིང་ལ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ གཏོར་ཟོར་ཐོགས་ལ༔ བྷྱོ༔ དཀྱིལ་འཁོར་ཆེན་པོའི་མུ་རན་སྐྱོང༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་ཀྱིས༔ ཕྱག་ན་སྔགས་ཀྱི་གཏོར་ཟོར་ཐོགས༔ དགྲ་བོའི་ལུས་ཀྱི་དཀྱིལ་དུ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ མཚོན་ཟོར་ཐོགས་ལ༔ བྷྱོ༔ ཁྲོ་བཅུ་ཡབ་ཡུམ་སྤྲུལ་པ་ལས༔ ལས་མཁན་ཁྲ་ཐབས་ཉི་ཤུ་ཡི༔ ཕྱག་ན་སྣ་ཚོགས་མཚོན་ཟོར་ཐོགས༔ དགྲ་བོ་འཁོར་བཅས་སྟེང་དུ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ ཡུངས་ཟོར་ཐོགས་ལ༔ བྷྱོ༔ དཔལ་གྱི་བཀའ་ཉན་ལས་བྱེད་མ༔ དམ་ཅན་མ་མོ་བཅུ་གཉིས་ཀྱིས༔ ཕྱག་ན་དྲག་པོའི་ཡུངས་ཟོར་ཐོགས༔ དགྲ་བོའི་མི་ནོར་སྟེང་དུ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ མདའ་ཟོར་ཐོགས་ལ༔ བྷྱོ༔ སྐུ་གསུང་ཐུགས་ཀྱི་བཀའ་སྡོད་ཆེ༔ བསེ་ལྕགས་དུང་གསུམ་སྐྱེས་བུའི་ཚོགས༔ ཕྱག་ན་རྣོ་བའི་མདའ་ཟོར་ཐོགས༔ དགྲ་བོའི་སྲོག་གི་རྩ་ལ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ ཁྲག་ཟོར་ཐོགས་ལ༔ བྷྱོ༔ དཔལ་ཆེན་ཕོ་ཉ་ཟོར་གྱི་བདག༔ དཀར་མོ་ཉི་ཟླ་འཁོར་བཅས་ཀྱིས༔ ཕྱག་ན་ཁྲག་ཟོར་དམར་པོ་ཐོགས༔ བྱད་མ་འཁོར་བཅས་སྟེང་དུ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ མཚེ་ཟོར་ཐོགས་ལ༔ བྷྱོ༔ རྡོ་རྗེ་གཞོན་ནུའི་ཡང་འཁོར་བྲན༔ དྲེགས་པ་སྡེ་བརྒྱད་ཐམས་ཅད་ཀྱིས༔ ཕྱག་ན་དྲག་པོའི་མཚེ་ཟོར་ཐོགས༔ དགྲ་བོའི་ཤ་ཁྲག་རུས་ལ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ རྩང་ཟོར་ཐོགས་ལ༔ བྷྱོ༔ དྲག་པོའི་འཁོར་དུ་གནས་པ་ཡི༔ སྡེ་བརྒྱད་སྣང་སྲིད་ལྷ་འདྲེ་ཡིས༔ ཕྱག་ན་གསོད་བྱེད་རྩང་ཟོར་ཐོགས༔ དགྲ་བོའི་གསང་བའི་རྩ་ལ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ སྒོང་ཟོར་ཐོགས་ལ༔ བྷྱོ༔ དཔལ་ཆེན་སྤྲུལ་པའི་ཆོ་འཕྲུལ་ལས༔ ཁྲོ་ཆུང་ཕོ་ཉ་ལས་མཁན་འཕྲོས༔ ཕྱག་ན་ནམ་མཁའི་སྒོང་ཟོར་ཐོགས༔ དགྲ་བོའི་ཀླད་པའི་དཀྱིལ་དུ་རྒྱོབ༔ སྔགས་ཤམ། མ་ར་ཡ་རྦད༔ ཁྲམ་ཟོར་ཐོགས་ལ༔ བྷྱོ༔ དཔལ་ཆེན་ཁྲོ་རྒྱལ་སྤྲུལ་པ་ལས༔ ལས་བྱེད་གཤིན་རྗེའི་ཕོ་ཉ་འཕྲོས༔ ཕྱག་ན་ཚེ་ལེན་ཁྲམ་ཟོར་ཐོགས༔ དགྲ་བགེགས་ཁྲམ་ལ་ད་ཐོབ་ཅིག༔ ཡ་མ་ར་ཙ་མ་ར་ཡ་རྦད༔ ཕུང་ཟོར་ཐོགས་ལ༔ བྷྱོ༔ ཕྲིན་ལས་ལྷ་མཆོག་ཁྲོ་རྒྱལ་གྱིས༔ སྤྲུལ་པ་རང་འདྲའི་ཁྲོ་ཆུང་འཕྲོས༔ ཕྱག་ན་བསྣུན་པའི་ཕུང་ཟོར་ཐོགས༔ བྱད་མའི་སྙིང་གི་དཀྱིལ་དུ་རྒྱོབ༔ ཀཱི་ལ་ཡ་མ་ར་ཡ་རྦད༔ དེ་ནས་གཏེར་བསྲུང་གི་ཟོར་ཐོགས་ལ༔ བྷྱོ་གསང་བ་སྤུ་གྲིའི་གཏེར་བསྲུང་ཆེ༔ དཀར་མོ་ཉི་ཟླ་འཁོར་དང་བཅས༔ དགྲ་བོའི་སྟེང་དུ་ཆེར་འཁྲོས་ནས༔ བསྲུང་མའི་དམག་ཚོགས་སྐར་ལྟར་འཁྲུགས༔ ཤ་ལ་དགྱེས་ཤིང་ཁྲག་ལ་འཐུང༔ ད་འགྲོའི་ཆས་སྒྲ་དི་རི་རི༔ ད་གསོད་གད་རྒྱངས་ལྷངས་སེ་ལྷང༔ ད་ཟ་གླལ་བ་ཁྱུགས་སེ་ཁྱུག༔ བསྒྲུབ་བརྟེན་གསོལ་བའི་གཏོར་ཟོར་འདི༔ དུག་དང་ནད་ཀྱི་རླངས་པ་འཐུལ༔ སྣ་ཚོགས་མཚོན་གྱི་ཆར་བ་འབེབ༔ ལྷ་ཡི་གནམ་རྡོ་འཕང་བ་བཞིན༔ དགྲ་བོ་བྱད་མའི་སྙིང་ལ་རྒྱོབ༔ མ་ར་ཡ་རྦད༔ དེ་ནས་བཀའ་བསྲུང་གི་ཟོར་ནི༔ བྷྱོ༔ གསང་བ་སྤུ་གྲིའི་བཀའ་བསྲུང་ཆེ༔ དམ་ཅན་མ་མོ་བཅུ་གཉིས་པོ༔ འཁོར་དང་བཅས་པ་ཆེར་འཁྲོས་ནས༔ དགྲ་བོའི་སྟེང་དུ་ཟོར་ལ་ཆས༔ སྤྲུལ་པའི་དམག་ཚོགས་ཉེ་རེ་རེ༔ བཀའ་སྡོད་སྤྲུལ་པ་ཤ་ར་ར༔ ལྕགས་སྤྱང་མང་པོ་ཉི་ལི་ལི༔ ཕྱག་ན་མཚོན་ཆ་རུབས་སེ་རུབ༔ ཕུར་བསྲུང་བསྐུལ་ལོ་དགྲ་ལ་ཆས༔ སྣ་ཚོགས་དྲག་པོའི་གཏོར་ཟོར་འདི༔ བྱད་མ་དགྲ་བོའི་སྟེང་དུ་རྒྱོབ༔ བཀྲག་མདངས་ལུས་ཀྱི་འཁྲུལ་འཁོར་ཆོམས༔ རྣམ་ཤེས་སྲོག་གི་ཐག་པ་ཆོད། །མ་གཡེལ་མ་འཕང་དགྲ་ལ་ཡ༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློགས༔ མ་ར་ཡ་རྦད༔ བསེ་ལྕགས་དུང་གསུམ་གྱི་ཟོར་ཐོགས་ལ༔ བྷྱོ༔ རྡོ་རྗེ་ཕུར་པའི་བཀའ་སྡོད་ཆེ༔ བསེ་ལྕགས་དུང་གསུམ་སྐྱེས་བུའི་ཚོགས༔ དགྲ་བོའི་སྟེང་དུ་རབ་ཁྲོས་ནས༔ སྤྲུལ་པ་ཡང་སྤྲུལ་སེར་ལྟར་འབེབ༔ སྣ་ཚོགས་མཚོན་གྱི་བུ་ཡུག་འཚུབས༔ བསྐུལ་ལོ་བྱད་མའི་སྟེང་དུ་བསྐུལ༔ དྲག་པོའི་རྫས་ཀྱི་གཏོར་ཟོར་འདི༔ མ་ནོར་དགྲ་བགེགས་སྟེང་དུ་རྒྱོབ༔ དགྲ་བོའི་ཕོ་རྒྱུད་རྩད་ནས་ཆོད༔ མོ་རྒྱུད་སྐྱེ་བ་མངལ་ནས་སྐོམ༔ ཆུང་རྒྱུད་མཐའ་རྩ་སྐྱེ་རྒྱུད་བཅས༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློག༔ མ་ར་ཡ་རྦད༔ དེ་ནས་ཟོར་ཆེན་ཐོགས་ལ༔ བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ༔ སྦྱོར་སྒྲོལ་འཁོར་ལོ་རྒྱས་འདེབས་ཡུམ༔ ཀཱི་ལ་རིགས་བཞི་ཁྲོ་བཅུའི་ཚོགས༔ ཀུན་ཀྱང་གཏུམ་རྔམས་ཆེར་འཁྲུགས་ནས༔ དམ་ཉམས་བྱད་མ་ཞེ་ལ་བརྣག༔ ཕྱག་ན་དྲག་པོའི་གཏོར་ཟོར་ཐོགས༔ ངོ་བོ་ནད་མཚོན་དུག་གསུམ་ཟོར༔ རྣམ་པ་ཁྲོ་ཆུ་ཞུན་མ་ལས༔ གྲུབ་པའི་དཔལ་གཏོར་ཟུར་གསུམ་པ༔ ཆེ་ཆུང་དབུས་ཀྱི་རི་རྒྱལ་ཙམ༔ རྣོ་དབལ་སྤུ་གྲིའི་སོ་རྩེ་འབར༔ དུག་དང་ནད་ཀྱི་རླངས་པ་འཕྲོ༔ སྣ་ཚོགས་མཚོན་ཆ་སྐར་ལྟར་འཁྲུགས༔ དྲག་པོའི་ཐུན་རྫས་ཐོ་རོ་རོ༔ མེ་རླུང་འཚུབ་མ་འུ་རུ་རུ༔ ཟོར་ལས་གློག་འོད་འཁྱུག་པ་ཡིས༔ རྡོ་རྗེ་ཅན་ཡང་འཐུམ་ནུས་བྱེད༔ ཟོར་ལས་མཚོན་གྱི་ཆར་བབས་པས༔ སྲིད་པ་གསུམ་ཡང་བརླག་པར་བྱེད༔ ཟོར་ལས་དུག་རླངས་འཕྲོ་བ་ཡིས༔ ཀླུ་རྒྱལ་མྱོས་ཤིང་བརྒྱལ་བར་བྱེད༔ ཟོར་ལས་ནད་ཞགས་འཁྱིལ་བ་ཡིས༔ ལྷ་མོ་ནག་མོ་བརྒྱལ་བར་བྱེད༔ ཟོར་ལས་མེ་དཔུང་འབར་བ་ཡིས༔ ཨགྣེ་ར་ཛ་ཡིན་ཀྱང་བསྲེག༔ ཟོར་ལས་འཐོར་རླུང་འཚུབ་པ་ཡིས༔ རླུང་ལྷ་ཡིན་ཀྱང་བསྐྱོད་པར་བྱེད༔ ཟོར་ལས་ཁྲག་ཆུའི་རྒྱུན་འབེབ་པ༔ ཁྲོ་ཆུའི་ཕ་བོང་ཡིན་ཀྱང་ཕྱག༔ ཟོར་ལས་བུ་ཡུག་འཚུབ་པ་ཡིས༔ གཟའ་རྒོད་ཡིན་ཀྱང་ཁ་འཐམ་བྱེད༔ དུག་ལྔ་འདུས་པའི་གཏོར་ཟོར་འདི༔ སྡང་བའི་དགྲ་དང་གནོད་པའི་བགེགས༔ ཁྱད་པར་ཡིད་ལ་གང་དམིགས་པའི༔ བྱད་མ་དམ་ཉམས་སྟེང་དུ་རྒྱོབ༔ གནམ་ནས་ཐོག་མདའ་ལྟུང་བ་བཞིན༔ དགྲ་བོའི་ཤ་རུས་ས་དང་བསྲེས༔ ས་ནས་བཙན་རྒྱོགས་འཕང་བ་བཞིན༔ ཡུལ་མཁར་ནོར་རྫས་གནམ་དུ་གཏོར༔ མཁའ་ནས་གཟའ་རྒོད་རྒྱུག་པ་བཞིན༔ གདོང་ཐུག་སྤྲོད་ལ་རྡུལ་དུ་རློགས༔ སྲན་ཕུང་གཏུན་གྱིས་བཅོམ་པ་བཞིན༔ ཤ་ཁྲག་རུས་གསུམ་ཕྱེ་མར་གཏོར༔ གྲལ་ལ་འཚོགས་འགྱེད་གཏོང་བ་བཞིན༔ ནོར་རྫས་ལོངས་སྤྱོད་བགོས་ལ་ཟོ༔ དོན་སྙིང་དབང་པོ་རྣམ་ལྔ་བཅས༔ རྡོ་རྗེ་གཞོན་ནུའི་ཞལ་དུ་སྟོབས༔ སྙིང་ཁྲག་ཞག་དང་བཅས་པ་རྣམས༔ འཁོར་ལོ་རྒྱས་འདེབས་ཞལ་དུ་སྟོབས༔ ཡན་ལག་གཟུགས་བཞི་ལྷུ་བཞི་རྣམས༔ སྲས་མཆོག་ཡབ་ཡུམ་ཞལ་དུ་སྟོབས༔ ཚོགས་བརྒྱད་ཁམས་དང་དབང་པོ་བཅུ༔ ཁྲོ་བཅུ་ཡབ་ཡུམ་ཞལ་དུ་སྟོབས༔ རྣམ་ཤེས་བརྒྱད་དང་ཡུལ་བརྒྱད་རྣམས༔ ཀེའུ་སེང་མཁའ་འགྲོའི་ཞལ་དུ་སྟོབས༔ རྩ་རླུང་ཐིག་ལེའི་འཁྲུལ་འཁོར་རྣམས༔ མཁའ་འགྲོ་སོ་གཉིས་ཞལ་དུ་སྟོབས༔ བྱད་མའི་ཁམས་ཆེན་བཅོ་བརྒྱད་པོ༔ གིང་ཆེན་བཅོ་བརྒྱད་ཞལ་དུ་སྟོབས༔ སྒལ་ཚིགས་ཉི་ཤུ་རྩ་བརྒྱད་པོ༔ དབང་ཕྱུག་ཉེར་བརྒྱད་ཞལ་དུ་སྟོབས༔ གཟུགས་ཀྱི་ལྷུ་ཆེན་བཅུ་གཉིས་པོ༔ མ་མོ་བཅུ་གཉིས་ཞལ་དུ་སྟོབས༔ ཤ་ནི་ལྕགས་ཀྱི་སྐྱེས་བུས་ཟོ༔ ཁྲག་ནི་བསེ་ཡི་སྐྱེས་བུས་འཐུང༔ རུས་ནི་དུང་གི་སྐྱེས་བུས་འཆོ༔ གློ་སྙིང་དཀར་མོ་ཉི་ཟླས་རོལ༔ རུས་རྩིབ་གཤིན་རྗེའི་ཁྲམ་ཤིང་གྱིས༔ རྒྱུ་མ་མ་མོའི་ཞགས་པ་གྱིས༔ མཁལ་མ་ཐེའུ་རིང་རྩིས་རྡོ་གྱིས༔ མིད་པ་བཙན་གྱི་རྒྱུ་ལམ་གྱིས༔ མཆིན་པ་བདུད་ཀྱི་ཤ་གདར་གྱིས༔ མཚེར་བ་ཀླུ་ཡི་སྲོག་ཆགས་ཀྱིས༔ རྐང་པས་འདྲེ་འབོད་གླིང་བུ་གྱིས༔ ཐོད་པ་གནོད་སྦྱིན་ཁྲག་ཕོར་གྱིས༔ སྒོ་ནོར་འགོང་པོའི་ཁ་ཟས་གྱིས༔ འོག་རྟ་བཙན་གྱི་ཆིབས་སུ་གྱིས༔ བུ་རྒྱུད་སྲི་ཡི་ཁ་ཟས་ཀྱིས༔ གཡོག་འཁོར་པེ་དཀར་ཕོ་ཉ་གྱིས༔ གཉེན་འདུན་ཤག་པོ་གང་ཡང་རུང་༔ ཉེས་ཅན་བཙོན་དུ་ཁྲིད་པ་བཞིན༔ མང་པོའི་ནང་ནས་ཁུག་ལ་ཤོག༔ ཉུང་ངུའི་ནང་ནས་གནད་དུ་བསྣུན༔ གནོད་ན་འགོ་བའི་ལྷ་ཡང་རུང་༔ སྡང་ན་ཕ་མ་སློབ་དཔོན་རུང༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ སྒྲོལ་བྱེད་དྲག་པོའི་གཏོར་ཟོར་འདི༔ དམ་ཉམས་དགྲ་བོའི་སྙིང་ལ་རྒྱོབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨ༔ མ་རཀྨོ་ཡཀྨོ་ཀ་ལ་རཱུ་པ་བྱད་མ་དགྲ་བགེགས་ཀྱི་སྲོག་རྩ་ལ་ཡཾ་ཡཾ༔ སྙིང་རྩ་ལ་ཡཾ་ཡཾ༔ སྙིང་ལ་ཕྲིལ་ཕྲིལ༔ སྲོག་ལ་ཆུམ་ཆུམ༔ ཙིཏྟ་སྲོག་ལ་དུང་དུང་༔ སྙིང་ཁྲག་ཤད་ཛ༔ ཐུམ་རི་ལི་ལི༔ སྙིང་རྩེགས་རྩེགས༔ འུར་འུར༔ ཤིག་ཤིག༔ འགུལ་འགུལ༔ མྱག་མྱག༔ སོད་སོད༔ དྷ་དྷི་མ་མཱ་ཀརྨ་ཤྲྀ་ཀྲེམ་ཀ་ར་ཡེ༔ མ་ར་ས་ན༔ པྲ་མརྟ་ན་ཡེ་དགྲ་བགེགས་བྱད་མ་གནོད་བྱེད་ཀྱི་སྲོག་སྙིང་ལ་མ་ར་ཡ་ཧཱུྃ་ཕཊ༔ ཞེས་འཕང་ལ་ཟོར་གྱི་ཕྱི་ལམ་བཅད་པ་ནི༔ སྔགས་པས་མཚོན་ཆ་ཐོགས་ཅིང་ཁ་ཕྱིར་གྱུ་ནས༔ ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ སྲིད་གསུམ་འདི་ན་ང་དབང་ཆེ༔ ཟོར་སྣ་དགྲ་བགེགས་སྟེང་དུ་བསྒྱུར༔ གདུག་རྩུབ་དྲག་པོས་ཕྱི་ལམ་ཆོད༔ དྲེགས་པ་སྡེ་བརྒྱད་ཕྱི་ལམ་ཆོད༔ སྣང་སྲིད་ལྷ་འདྲེའི་ཕྱི་ལམ་ཆོད༔ མི་འདོད་ཆོ་འཕྲུལ་ཕྱི་ལམ་ཆོད༔ རྦོད་གཏོང་བྱད་ཁའི་ཕྱི་ལམ་ཆོད༔ ཐུགས་ནས་ཧཱུྃ་གི་ཕྲེང་བ་འཕྲོས༔ ཁྲོ་ཆུང་ཕོ་ཉ་སྐར་ལྟར་འཁྲུགས༔ བྷྱོ་བཟློག་རྦད་ཀྱི་སྔགས་སྒྲ་སྒྲོག༔ མཚོན་ཆ་སྣ་ཚོགས་བྲབ་རྫས་བྱེད༔ བར་ཆད་འཇུག་པའི་གོ་སྐབས་མེད༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ མཚོན་ཆ་ལྔ་ཡི་གུར་ཁང་འཁྲིགས༔ བར་མཚམས་ལྕགས་ཀྱི་སྡིག་པས་གཏམས༔ ཁྲོ་ཆུང་མེ་ཡི་ཚྭ་ཚྭ་འཕྲོ༔ གཞིག་མེད་རྡོ་རྗེའི་གུར་དུ་གྱུར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་རཀྵ་བྷྲུཾ་ཧཱུྃ༔ ཞེས་པས་བསྲུང་བའི་འཁོར་ལོ་བགོ༔ ནང་དུ་ལོག་ནས་བསྟན་མ་མཆོད༔ རྟ་བྲོ་བརྡུང༔ ལས་ཀྱི་རྗེས་མི་མངོན་པར་མཐའ་བསྡུད་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་པའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཨོ་རྒྱན་ཆེན་པོའི་ལུང་བྱང་དུས་རྟགས་དང་མཐུན་པར་མདོ་སྨད་རྒྱལ་མོ་རོང་གི་ཉེ་ཆར་གྲུ་འཛིན་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲའི་ལྟོ་བ་ནས། རབ་བྱུང་བཅོ་ལྔ་པའི་ནང་ཚན་རྣམ་གནོན་ལྕགས་འབྲུག་ལོའི་ཧོར་ཟླ་དང་པོའི་ཉེར་ལྔ། དཔའ་བོ་མཁའ་འགྲོ་འདུ་བའི་དུས་ཆེན་བཟང་པོའི་ཉི་ཤར་འབྲུག་གི་དུས་ཚོད་དང་མཐུན་པར་ལུང་ཟིན་སྐལ་ལྡན་གྱི་ཆོས་བདག་དུ་མ་དང་། བླ་དཔོན་ཆེ་དྲེགས་མང་པོའི་གཙོས་འདུས་པ་གྲངས་ལས་འདས་པའི་དབང་པོའི་མངོན་སུམ་དུ་ཀུན་གྱི་ཡིད་ཆེ་བར་དམ་རྫས་ཡེ་ཤེས་ཀློང་དགུའི་བཅུད་ལེན་མྱོང་གྲོལ་རིལ་བུ་ཁྱད་འཕགས་དུ་མ་དང་། ཟབ་ཆོས་རྡོ་རྗེ་ཕུར་བའི་སྒྲུབ་སྐོར་བཅས་གདན་དྲངས་ཤིང་། སླར་ཡང་ལུང་ཟིན་ཆོས་ཀྱི་བདག་པོ་མཁོན་ཆེན་ཀླུ་དབང་སྲུང་གི་ཟློས་གར་མ་ཧཱ་ཙི་ནའི་རིགས་ལས་སོན་པའི་སྤྲུལ་པའི་སྐུ་ལུང་རིག་ཆོས་ཀྱི་གླིང་པ་དང་། གསང་སྔགས་སྣོད་རུང་གི་ཕྲིན་ལས་དར་རྒྱས་མིའི་དབང་པོའི་མཆེད་ཟླ་བཙུན་པ་རིག་འཛིན་དཔལ་བཟང་སོགས་དབྱི་ཁོག་དཔོན་སྡེ་ཡོངས་ཀྱིས་བསྐུལ་ངོར། ཕྱིས་ནག་པ་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་གསུམ་པར་དཔལ་ལེན་པ་མེད་པའི་ཌཱཀྐིའི་བརྡ་རིས་ཆེན་མོའི་ཤོག་སེར་ལས་དག་པར་ཕབ་པའི་ཡི་གེ་པ་ནི་སྨྱུག་འཛིན་པ་ཀརྨ་ཝརྡྷ་ཞེས་པས་བྲིས་པའི་དགེ་བས་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་། བྱེ་བྲག་ཏུ་ཟབ་ཆོས་རྡོ་རྗེ་ཕུར་བ་གསང་བ་སྤུ་གྲིའི་ཕྲིན་ལས་ཕྱོགས་དུས་དང་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ནས་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་དཱ་ཀ་ལྱཱ་ཎཱཾ་བྷ་ཝནྟུ།

སྣང་སྲིད་ལྷ་འདྲེའི་གླུད་རྫོངས།

སྣང་སྲིད་ལྷ་འདྲེའི་གླུད་རྫོངས་ནི༔ གས་ཆག་མེད་པའི་སྣོད་ནང་དུ༔ བན་བོན་བླ་མ་རྗེ་དཔོན་དང༔ ཐ་མལ་གྲྭ་སློབ་སྐྱེས་ཕོ་མོ༔ རྟ་དྲེལ་ནོར་ཕྱུགས་ལ་སོགས་པ༔ རང་དང་འདྲ་བའི་གཟུགས་བཅས་ལ༔ བཟའ་བཏུང་ནོར་རྫས་རིགས་བྱེད་ཀུན༔ གླུད་ཀྱི་ཆས་སུ་ཕང་མེད་བསགས༔ ནམ་མཁའ་མདའ་འཕང་རྒྱང་བུ་དང༔ དར་ཚོན་སྟག་གཟིག་རས་མོ་སོགས༔ རང་ལ་ཡོ་བྱད་གང་ཡོད་པ༔ མ་ལུས་གླུད་ཀྱི་རྫས་སུ་བཤམས༔ རྣལ་འབྱོར་ལྷ་ཡི་ཏིང་འཛིན་གྱིས༔ སྔགས་ཀྱི་བྱིན་གྱིས་བརླབས་བྱས་ཏེ༔ རོལ་མོ་སྙན་པའི་དབྱངས་དང་བཅས༔ ཞེས་པ་དང་པོ་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ་གིས་བསངས༔ ཨོཾ་སྭཱ་བྷ་ཝ༴སོགས་ཀྱིས་སྦྱངས༔ སྟོང་པའི་ངང་ལས་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཡོན་བདག་གི་གཟུགས་གླུད་མཛེས་ཤིང་ཡིད་དུ་འོང་བ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཡོངས་སུ་རྫོགས་པ༔ སྨྲ་མཁས་ཤིང་ཤེས་རིག་བཀྲ་བ༔ སྣང་སྲིད་ལྷ་འདྲེ་ལ་ཤག་འདེབས་པ༔ འགྲོ་མཁས་ཤིང་ལྡེམ་ལྡེམ་བྱེད་པ༔ མཛེས་པའི་རྒྱན་ཆ་སྣ་ཚོགས་དང༔ དར་དང་ཟ་འོག་སོགས་འཇམ་པའི་གོས་ཀྱིས་སྤུད་པ༔ མཁོ་དགུའི་ཡོ་བྱད་ཟས་གོས་ལོངས་སྤྱོད་རྟ་ནོར་ར་ལུག་ནམ་མཁའ་མདའ་འཕང་རྒྱང་བུ་ལ་སོགས་སྲིད་འདིར་གནས་པའི་དཀོར་ནོར་བསམ་གྱིས་མི་ཁྱབ་པ་ནམ་མཁའ་མཛོད་ཀྱི་དཔལ་ཡོན་དང་ལྡན་པར་གྱུར༔ སྔགས་དྲུག་ཕྱག་དྲུག་གིས་བྱིན་གྱིས་བརླབས་ལ༔ སྨྲེང་ནི༔ ཀྱཻ༔ སྔོན་ཚེ་བསྐལ་པའི་དང་པོ་ལ༔ ལྷ་ཡི་དབང་པོ་བརྒྱ་བྱིན་ཉིད༔ བདུད་བཞིའི་དགྲ་ཡིས་ཟིན་པ་ལ༔ སྟོན་པ་ཤཱཀྱ་ཐུབ་པ་ཡིས༔ རང་གཟུགས་གླུད་གཏོར་བསྔོས་ནས་ཀྱང༔ བརྒྱ་བྱིན་གདོན་ལས་ཐར་བར་བྱས༔ སྲིད་པ་དེ་ལ་དཔེ་བླངས་ནས༔ དེ་རིང་བདག་དང་ཡོན་བདག་གིས༔ རང་གི་གཟུགས་ལས་ཆེར་ལྷག་པའི༔ འདོད་ཡོན་ལྔ་ལྡན་གླུད་གཏོར་འདི༔ ལུས་དག་ཡིད་གསུམ་ཚབ་ཏུ་སྦྱིན༔ སྣང་སྲིད་ལྷ་འདྲེས་བཞེས་སུ་གསོལ༔ ཀྱཻ༔ འབྱུང་བ་བཞི་ལ་བརྟེན་བྱས་པའི༔ གཟུགས་ཅན་མི་ཡི་རིགས་གྱུར་ཀུན༔ སྐྱེ་ནས་འཆི་བའི་རང་བཞིན་ཏེ༔ གླུད་བཟང་འདི་ལ་སྐྱེ་འཆི་མེད༔ ཕ་ནི་གནམ་གྱི་སྨན་ཆར་དང༔ མ་ནི་ས་གཞིའི་འབྲུ་དྲུག་སྟེ༔ བུ་ནི་གླུད་བཟང་ལྷུན་གྱིས་གྲུབ༔ རྒྱུ་ལ་མ་བརྟེན་ཡིད་ཀྱི་ལུས༔ རྣལ་འབྱོར་ཏིང་འཛིན་ཆོ་འཕྲུལ་ལས༔ ཤ་ནི་དམར་པོ་བསེ་ལས་གྲུབ༔ རུས་ནི་དཀར་པོ་དུང་ལས་གྲུབ༔ ཁྲག་ནི་རང་བྱུང་མཚལ་ལས་གྲུབ༔ འགྲོ་མཁས་སྟོང་གསུམ་ཡུད་ཀྱིས་འཁོར༔ སྨྲ་མཁས་གཤིན་རྗེར་ཤག་ཡུས་འདེབས༔ བརྩེ་མཁས་སྟོང་གསུམ་སྒྱུ་མར་བསྒྱུར༔ མི་བརྒྱ་ལས་ལྷག་གླུད་བཟང་གཅིག༔ བདག་གིས་སྔགས་དང་ཕྱག་རྒྱ་ཡིས༔ བྱིན་གྱིས་བརླབས་ཤིང་དམིགས་པས་སྤྲུལ༔ སྣང་སྲིད་ལྷ་འདྲེ་ཀུན་ལ་སྦྱིན༔ བསྔོས་པ་བཞིན་དུ་ཐོབ་ནས་ཀྱང༔ སྔོན་བསད་སྲོག་གི་ལན་ཆགས་འཇལ༔ བརྡུང་བརྡུང་ན་ཚའི་ཤ་འཁོན་འཇལ༔ ཕྲོག་ཕྲོག་ནོར་རྫས་ལོངས་སྤྱོད་འཇལ༔ ཟོས་ཟོས་དཀོར་གྱི་བག་ཆགས་འཇལ༔ ཤ་འཁོན་བུ་ལོན་བྱང་གྱུར་ཅིག༔ བདག་དང་ཡོན་བདག་འཁོར་བཅས་ལ༔ སྡེ་བརྒྱད་ཟ་ཁ་སྟོན་པ་དང༔ ལྷ་འདྲེའི་གཡུལ་འཁྲུགས་བྱུང་བའམ༔ གཤིན་རྗེའི་བསུན་མ་བྱུང་བའི་ཚེ༔ འདིར་ཚོགས་ལྷ་འདྲེ་ཁྱེད་རྣམས་ཀྱིས༔ བཞེས་པ་མ་ནོར་ཤོལ་ཐོབ་ཅིག༔ བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས༔ འབུལ་ཞིང་སྦྱིན་པ་མི་ནོར་གྱིས༔ དགྲ་འདྲེ་གང་དང་འཕྲད་པའི་ཚེ༔ ངེད་ཀྱི་སྔོན་གྱི་ལན་ཆགས་ཀུན༔ འདིར་ཚོགས་ལྷ་འདྲེ་ཁྱེད་རྣམས་ལ༔ བཤགས་ཤིང་བསྔོས་པ་ཚར་ཟིན་ཞེས༔ ཀུན་ལ་མི་གསང་བསྒྲགས་པ་ཡིན༔ དེ་ཕྱིར་ནམ་ཡང་མ་ནོར་བར༔ བདག་ཅག་རྣམས་ལ་གནོད་མ་བྱེད༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམས་པ་ཀློད་ལ་མནན་པ་ཁྱོགས༔ གལ་ཏེ་དམ་ལས་འདས་པ་ན༔ ཡི་དམ་ལྷ་ཚོགས་ཐུགས་ཁྲོས་ནས༔ ཁྲོ་མཚོན་མེ་དཔུང་དམར་ནག་གིས༔ བསད་ཅིང་གཞོམ་པར་ཐེ་ཚོམ་མེད༔ དེ་ཕྱིར་དམ་ལས་མ་འདའ་བར༔ མི་བས་གླུད་བཟང་འདི་བཞེས་ལ༔ བདག་ཅག་འཁོར་དང་བཅས་པ་ལ༔ ཆགས་ཆེ་ཉམ་ང་ཐམས་ཅད་ཟློག༔ ཐན་ལྟས་ཆོ་འཕྲུལ་ཐམས་ཅད་བསྒྱུར༔ བྱད་ཕུར་རྦོད་གཏོང་རྡུལ་དུ་བརླག༔ གླུད་ཀྱི་ལམ་བསྟན་དགྲ་ལ་བསྟན༔ གཤེགས་སོ་བཞུད་དོ་ཤ་ར་ར༔ སྣང་སྲིད་ལྷ་འདྲེའི་དམག་དང་བཅས༔ གནོད་པར་བྱེད་པའི་ཡུལ་དུ་སོང༔ དགྲ་ཁམས་གཏན་ནས་སྟོང་པར་མཛོད༔ ཅེས་ལོ་བདུད་སྟེང་དུ་ཁྱེར༔ མཚམས་བཅད༔ བསྲུང་འཁོར་བསྒོམ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་དབུས་ལྕགས་པོ་རི་ནས་རིག་འཛིན་གསང་སྔགས་གླིང་པས་གདན་དྲངས་པའོ༎

ཟ་ལམ་སྡེ་ལྔའི་མཁའ་འགྲོ་ཟོར་གྱི་སྣ་འདྲེན།

ཟ་ལམ་སྡེ་ལྔའི་མཁའ་འགྲོ་ཟོར་གྱི་སྣ་འདྲེན་དགྲ་བགེགས་གཡུལ་ངོ་འཇོམས་པའི་རྡོ་རྗེའི་ཡ་ལད་བི་ཛ་ཧ་ར་ཏིསྨ། བྷྱོ་ཛ༔ ནམ་མཁའི་དབང་ཕྱུག་དཔལ་ཆེན་མོ༔ ཀུན་ཏུ་བཟང་མོ་སྤྲུལ་བསྒྱུར་མ༔ དབྱིངས་ཀྱི་རྒྱལ་མོ་ཨེ་ཀ་ཛ༔ མདོས་དང་ཟོར་ལ་སྤྱན་འདྲེན་ནོ༔ ཁྱོད་ནི་ཁམས་གསུམ་སྲོག་གི་བདག༔ མཁའ་འགྲོ་ཡོངས་ཀྱི་རྗེ་མོ་སྟེ༔ དྲེགས་པ་སྡེ་བརྒྱད་སྲིང་གཅིག་མ༔ སྲིན་མོ་ཟ་ལམ་དཔལ་ལྷ་མོ༔ དགྲ་བགེགས་བཟློག་ཕྱིར་གཤེགས་སུ་གསོལ༔ དེ་རིང་རྣལ་འབྱོར་བདག་ཅག་གིས༔ ཡི་དམ་རྩ་གསུམ་བསྙེན་བསྒྲུབས་ནས༔ དངོས་གྲུབ་རྟགས་མཚན་དེ་རིང་ཐོབ༔ དྲག་པོའི་དུས་ལ་ད་བབ་ཀྱི༔ འཕང་བ་ཟོར་གྱི་ལས་བྱེད་དོ༔ མ་སྲིང་གཙོ་མོ་ཟ་ལམ་ཁྱོད༔ རང་གཟུགས་གླུད་དང་དབྱེར་མེད་དུ༔ དམ་ཉམས་དགྲ་བོའི་ཡུལ་ཕྱོགས་སུ༔ དམར་ཆེན་གཏོར་མའི་ཟོར་སྣ་དྲོངས༔ དམིགས་པའི་ཡུལ་གྱུར་དགྲ་བགེགས་ལ༔ སྡེ་བརྒྱད་ཟ་ཁ་ཁྱོད་ཀྱིས་སྟོན༔ དྲེགས་པའི་དམག་སྣ་ད་དྲོངས་ཤིག༔ སྣང་སྲིད་ལྷ་འདྲེས་ཟ་ལམ་ཕྱེ༔ ཁྱོད་ཀྱི་འཁོར་དུ་གནས་པ་ཡི༔ ཡུམ་ཆེན་མཁའ་འགྲོ་སྡེ་ལྔ་ཡིས༔ མ་སྲིང་ཌཱཀྐིའི་དམག་བསྡུས་ལ༔ རིགས་ཀྱི་བསུན་མ་དགྲ་ལ་ཟློག༔ གཞན་ཡང་བདུད་བཙན་མ་མོ་དང་༔ གཟའ་ཀླུ་ཐེའུ་རང་རྒྱལ་པོ་སྟེ༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་རྣམས༔ གོ་གྱོན་མཚོན་ཐོགས་དམག་ལ་ཆས༔ དགྲ་བགེགས་སྟེང་དུ་ཟོར་སྣ་དྲོངས༔ དམིགས་པའི་ཕྱོགས་སུ་ལམ་ཕྱེས་ལ༔ ཀོ་ལོང་སྡོམ་པའི་འཕྲང་སོལ་ཅིག༔ ཕུང་སྲི་འགོང་པོའི་སྡེ་ཚོགས་བཅས༔ སྣང་སྲིད་ལྷ་འདྲེ་ཐམས་ཅད་ཀུན༔ དེ་རིང་ཟོར་གྱི་དམག་ལ་ཆས༔ ལམ་སྣ་དྲོངས་ལ་གཡུལ་ངོ་ཐོབ༔ དགྲ་བོའི་ནོར་རྫས་ལོངས་སྤྱོད་རྣམས༔ མ་ཟད་བར་དུ་ལོངས་སྤྱོད་གྱིས༔ སྲིད་གསུམ་བྱད་སྣ་ཁྱོན་བསྡོམས་ནས༔ དགྲ་དང་བགེགས་ཀྱི་སྟེང་དུ་བྷྱོ༔ སྲོག་གཅོད་སྲིན་མོ་ཟ་ལམ་ཁྱོད༔ གཤེགས་སོ་བཞུད་དོ་ཤ་ར་ར༔ ཟོར་ལམ་ཕྱེ་ལ་དགྲ་ཡུལ་སོང་༔ མ་མོའི་ནད་རྐྱལ་ཁ་ཕྱེས་ལ༔ དགྲ་བོའི་ཡུལ་ཁམས་སྟོངས་སུ་ཆུག༔ གཡས་ཀྱི་གཤིན་རྗེའི་ཁྲམ་ཤིང་ལ༔ དགྲ་བོའི་མི་ནོར་ཁྲམ་ལ་ཐོབ༔ གཡོན་པ་ཁྲག་གི་ཀོང་ཟོར་གྱིས༔ དམར་ཡམས་ནད་ཀྱིས་མྱོས་པར་གྱིས༔ གཤེགས་ནས་ཚུར་ལ་མ་ལྡོག་པར༔ དགྲ་ཡུལ་མ་མོའི་ཕོ་བྲང་ཐོབ༔ དྲེགས་པ་སྡེ་བརྒྱད་བཙན་རྫོང་བརྩིགས༔ སྣང་སྲིད་ལྷ་འདྲེའི་འདུ་གནས་གྱིས༔ མིང་ཙམ་མེད་པར་རྡུལ་དུ་རློགས༔ བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད༔

ཧོམ་མཆོད།

༄༅། ཧོམ་མཆོད་ཀྱི་ངག་འདོན་བསྡུས་པ་གཏེར་སྟོན་ཉིད་ཀྱིས་མཛད་པ་བཞུགས། ཧོ་དགོངས་སུ་གསོལ་ལོ། ལན་གསུམ། ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ༴སོགས། རྣམས་དང། ཁྱད་པར་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ། སྲས་མཆོག་རིགས་བཞི། བདུད་འདུལ་ཁྲོ་བཅུ། ཀེ་སེང་མཁའ་འགྲོ། དབང་ཕྱུག་ཉེར་བརྒྱད། མཁའ་འགྲོ་སོ་གཉིས། གིང་ཆེན་བཅོ་བརྒྱད། ཁྲ་ཐབས་ཉི་ཤུ། སྒོ་མ་བཞི། དམ་ཅན་མ་མོ་བཅུ་གཉིས། བསེ་ལྕགས་དུང་གི་སྐྱེས་བུ། གཏེར་སྲུང་དཀར་མོ་ཉི་ཟླ། བདུད་པོ་ཐོད་པའི་ཕྲེང་བ་ཅན་ལ་སོགས་པ་སྲིད་པ་ཕུར་བུའི་ལྷ་ཚོགས་གསན་ཅིང་དགོངས་སུ་གསོལ། དེང་འདིར་རྣལ་འབྱོར་པ་བདག་གིས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། དུས་གསུམ་རྒྱལ་བའི་གདུང་འཚོབ། བདག་གཞན་དོན་གཉིས་སྒྲུབ་པ་ལ། བར་དུ་གཅོད་པར་བྱེད་པའི་གཟུགས་ཅན་སྡང་བར་བྱེད་པའི་དགྲ། གཟུགས་མེད་གནོད་པར་བྱེད་པའི་བགེགས། འདོད་པ་ལ་བར་དུ་གཅོད་ཅིང་མི་འདོད་པའི་སྣ་འདྲེན་པར་བྱེད་པ་ཐམས་ཅད་ཀྱི་ཤ་ཁྲག་རུས་གསུམ་ཁམས་དང་དབང་པོ་སྐྱེ་མཆེད་ནང་ཁྲོལ་དང་བཅས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར་དང་བཅས་པའི་ཞལ་དུ་ཐོབ་ཅིག གནོད་བྱེད་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པའི་མ་ཧཱ་མཾ་ས་རཀྟ་ཙིཏྟ་ཀོ་རོ་ཙ་ན་བ་སུ་ཏ་ཀེང་ནི་རི་ཏི་ཁ་ཁ་ཁཱ་ཧི་ཁཱ་ཧི། སརྦ་མང་ག་ལཾ།

ཕྲིན་ལས་མེ་མཆོད་ཁྲིགས་སུ་བསྡེབ་པ་ཡེ་ཤེས་འོད་འཕྲོ།

ཕུར་པ་གསང་བ་སྤུ་གྲི་ལས༔ ཕྲིན་ལས་མེ་མཆོད་ཁྲིགས་སུ་བསྡེབ་པ་ཡེ་ཤེས་འོད་འཕྲོ་བཞུགས༔

ཤྲཱི་བཛྲ་ཀཱུ་མ་ར་ཡཱ༔ ངེས་དོན་རྡོ་རྗེ་གཞོན་ནུའི་གོ་འཕང་མཆོག༔ མངོན་དུ་བྱེད་པ་ལམ་རྐྱེན་ཕུར་བུ་བཞི༔ དབྱིངས་སུ་ཐེབ་པས་ཟུང་འཇུག་མཆོག་གྲུབ་པ༔ བརྒྱུད་གསུམ་ངོ་བོ་རིག་འཛིན་བླ་མར་འདུད༔ འདི་ན་མི་དང་མི་མིན་ལས་བྱུང་བའི༔ ལས་དང་རྐྱེན་གྱི་ཉེས་པའི་ཚང་ཚིང་ཀུན༔ ཅིག་ཆར་སྲེག་བྱེད་མེ་ཡི་ཕྲིན་ལས་འདི༔ བླ་མའི་བཀས་གནང་བཞིན་དུ་ཁྲིགས་སུ་སྡེབ༔ རྡོ་རྗེ་གཞོན་ནུའི་སྐུ་ལ་འདུད༔ སྲེག་པ་མེ་ཡི་ལས་མཐའ་ནི༔ ཕུར་བ་སྒྲུབ་པའི་རྣལ་འབྱོར་ལ༔ དགྲ་འདྲེས་འཚེ་བ་བྱེད་པའི་ཚེ༔ དྲག་པོའི་སྦྱིན་བསྲེག་འདི་ཉིད་བྱ༔ ས་མ་ཡཱ༔ དང་པོ་ས་ནག་མཎྚལ་ནི༔ མདའ་གང་དག་ལ་ཆག་ཆག་གདབ༔ རོ་སོལ་གྱིས་བྱུགས་ནག་པོར་བྱ༔ དེ་དབུས་འཁོར་ལོ་རྩིབས་བཞི་པ༔ དེ་ཕྱིར་རྩིབས་བཅུ་མུ་ཁྱུད་བསྐོར༔ དེ་མཐར་ཐོད་ར་རྡོ་རྗེ་དང༔ མེ་རི་རྣམས་ནི་ཟུར་གསུམ་བསྐོར༔ དབུས་སུ་ཡི་གེ་ཧཱུྃ་གིས་མཚན༔ གདུག་རྩུབ་ཚེར་མའི་ཤིང་དག་ལ༔ རྣལ་འབྱོར་རྩེ་ཁྲུ་གང་གི་ཚད༔ ཟུར་གསུམ་ལ་བརྩིགས་དཔང་ཁྲུ་ཕྱེད༔ ལོགས་སུ་གཞི་གཙང་སྟེང་དུ་ནི༔ འཇིག་རྟེན་འཇིག་རྟེན་འདས་པ་ཡི༔ ལས་གཏོར་རང་མདོག་གཉིས་བཤམས་མདུན༔ སྨན་རཀ་ཞི་དྲག་རྣམ་ལྔས་བསྐོར༔ གཞན་ཡང་བསྲེག་རྫས་བྱེ་བྲག་ནི༔ ཡུངས་དཀར་སོ་བ་ཁྲེ་དང་གསུམ༔ ཐོད་སྣོད་གསུམ་གྱི་ནང་དུ་གཏམས༔ ཚིལ་ཆེན་ཞུན་དང་ཤ་ཆེན་སྤོས༔ གཞན་ཡང་བསྲེག་རྫས་སྣ་ཚོགས་པ༔ འབྲུ་སྣ་དར་ཟབ་རིན་ཆེན་ཕྱེ༔ སྤྱན་གཟིགས་ཡོ་བྱད་འདུ་བྱས་ལ༔ ཡི་དམ་རྒྱས་བསྡུས་གཞུང་བསྲིངས་ཏེ༔ ཚོགས་བསྐང་བསྟབས་པའི་ལིང་རོ་ཡི༔ རས་མ་སྦྱིན་བསྲེག་ཆེད་དུ་བསྟར༔ ལྷར་སྣང་བརྟན་པོས་བཀའ་བསྒོ་ནི༔ ཧཱུྃ་ཧཱུྃ་ཞེས་བརྗོད་པས་བདག་ཉིད་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཁྲོ་གཏུམ་བཟོད་པར་དཀའ་བའི་སྐུར་གྱུར༔པར་བསམ་ལ༔ ཧཱུྃ༔ སྣང་སྲིད་ཡེ་དག་རྒྱལ་བའི་དཀྱིལ་འཁོར་འདིར༔ རབ་འབྱམས་ཕྲིན་ལས་ཆོ་རོལ་སྣ་ཚོགས་པས༔ བསྟན་འགྲོར་སྨན་པའི་ལྷག་བསམ་ཁུར་བླང་ལ༔ ལོག་པར་ལྟ་བའི་བགེགས་ཚོགས་ཕྱིར་དེངས་ཤིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ལོག་འདྲེན་འབྱུང་པོ་ཧ་ན་མ་ཐ་བཛྲ་བིག་ནན་བཾ་ཧཱུྃ་ཕཊ༔དང་ཧཱུྃ་བཞི་བཅས་བརྗོད༔ ཧཱུྃ༔ འཁོར་འདས་ཆོས་ཀུན་རང་བཞིན་གདོད་ནས་དག༔ རྣམ་པར་རྟོག་པའི་བགེགས་ཀྱི་མིང་ཡང་མེད༔ འགགས་མེད་སྒྱུ་མའི་རང་མདངས་ཁྲོ་མཚོན་མེ༔ གཞོམ་བྲལ་བསྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་རཀྵ་རཀྵ་བྷྲུཾ༔ ཞེས་པས་སྲུང་བའི་འཁོར་ལོ་བཅིངས༔ དེ་ནས་བྱིན་གྱིས་བརླབས་པ་ནི༔ མཆོད་སྲེག་ལས་གཏོར་བཅས་པ་བྲན༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང༔ སྭ་བྷ་ཝས་སྦྱངས༔ སྟོང་པའི་ངང་ལས་ཨཱཿལས་བྱུང་བའི་ཐོད་ལྕགས་སོགས་དྲག་པོར་ཤིས་པའི་སྣོད་ཕུན་སུམ་ཚོགས་པ་རྣམས་སུ་ཧཱུྃ་ནག་པོ་ལས་འཕྲོས་པའི་འོད་ཀྱིས་རྒྱལ་བའི་བྱིན་རླབས་དང་འགྲོ་བའི་སྡིག་སྒྲིབ་ནད་གདོན་དགྲ་བགེགས་ལོག་འདྲེན་དྲེགས་པའི་སྟོབས་ནུས་ཐམས་ཅད་བསྡུས་ནས་ཧཱུྃ་ལ་ཐིམ༔ ཧཱུྃ་ཞུ་བ་ལས་སྣོད་སོ་སོར་མཆོད་རྫས་སྲེག་རྫས་ལས་གཏོར་བཅས་རྣམ་པ་སོ་སོར་འོད་ལྗང་ནག་འཕྲོས་པས་དྲག་པོའི་ལས་རབ་འབྱམས་ཐོག་མེད་དུ་འགྲུབ་པའི་ནུས་པ་དང་ལྡན་པ་ངོ་བོ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིར་གྱུར༔བར་བསམ་ལ༔ ཨོཾ་ཨཱ༔ཧཱུྃ་ཧོ༔ ལན་གསུམ་གྱིས་བརླབ་བོ༔ དེ་ནས་ཐབ་ལ་མེ་སྦར་ནི༔ ཧཱུྃ༔ སྔོན་ཚེ་སྲིད་པའི་རྟེན་འབྱུང་ལས༔ འབྱུང་བ་ཤིང་ལ་རྣམ་བཞི་སྲིད༔ ཙནྡན་ཨ་ཀར་སེང་ལྡིང་དང༔ གདུག་རྩུབ་ཚེར་མ་རྣམ་པ་བཞི༔ ཐབས་ལ་མཁས་པའི་རྒྱལ་བ་ཡིས༔ ལས་བཞིའི་རྫས་སུ་བྱིན་རླབས་ཚེ༔ ཚེར་མ་སེ་བ་དྲག་ཤིང་སྟེ༔ དེང་འདིར་བདག་གིས་ལས་དཀྱིལ་བརྩེགས༔ མེ་ཡི་ལྷ་མོ་གོས་དཀར་མོ༔ བྱང་གི་ཕྱོགས་ནས་མེ་སྦོར་ལ༔ ཡུམ་ཆེན་དམ་ཚིག་སྒྲོལ་མ་ཡིས༔ ནུབ་ཀྱི་ཕྱོགས་ནས་རླུང་གཡོབ་ཅིག༔ ཞེས་བྱང་ཕྱོགས་ནས་མེ་སྦར་ལ་རླུང་གཡབ་ལྗང་གུ་ཡཾ་གིས་མཚན་པ་ཅན་གྱིས་གཡབ་བོ༔ དེ་ནས་མེ་ཐབ་བསངས་སྦྱང་བྱ༔ སྟོང་པའི་ངང་ལས་མདུན་དུ་དྲག་པོའི་མེ་ཐབ་མཚན་ཉིད་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་མེ་ལྗང་ནག་གྲུ་གསུམ་དུ་འབར་བ་གཅིག་ཏུ་གྱུར་པའི་དབུས་སུ་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་མེ་ལྷའི་རྒྱལ་པོ་ཨགྣེ་ར་ཙ་གཡས་མེ་ཧོམ་དང་གཡོན་གུནྡེ་བསྣམས་པ་དམར་གསལ་མེ་ཡི་ཕུང་པོ་ཅན་ར་སྐྱེས་ཁམ་པའི་གདན་ལ་འགྱིངས་སྟབས་ཀྱིས་བཞུགས་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཤར་ལྷོའི་མཚམས་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས༔པར་བསམ་ལ༔ ཧཱུྃ༔ སོ་སོར་རྟོག་པའི་ཡེ་ཤེས་རང་རྩལ་ལས༔ གྲུབ་པ་འཇིག་རྟེན་སྐྱོང་བའི་ཚུལ་འཛིན་པ༔ རྣལ་འབྱོར་ཕྲིན་ལས་སྒྲུབ་པའི་ཡལ་གམ་ཅན༔ དམ་ཚིག་དབང་གིས་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨགྣ་ར་ཙ་སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ ཨོཾ་ཨགྣ་དྷེ་བ་ས་མ་ཡ་ན་མོ༔ དེ་ནས་ཐུན་མོང་རྣམ་ལྔས་མཆོད༔ ཧཱུྃ༔ མེ་ལྷ་དྲང་སྲོང་འཁོར་བཅས་རྣམས༔ འདིར་བྱོན་ཕྲིན་ལས་བསྒྲུབ་པའི་ཆེད༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོའི་ཚོགས་ཀྱིས་མཆོད༔ ཨོཾ་ཨགྣ་དྷེ་བ་ཨརྒྷཾ༴སོགས། ཤཔྟ་པྲ་ཏིཙྪ་སྭཱ་ཧཱ༔ དེ་ནས་ཁྱད་པར་དམ་རྫས་འབུལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་ཧཱི༔ མ་ཧཱ་རཀྟ་ཁ་ཧཱི༔ མ་ཧཱ་བྷ་ལིང་ཏ་ཁ་ཧཱི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ གཟི་བརྗིད་འོད་འབར་མེ་ཡི་ལྷ༔ ཕྲིན་ལས་བསྒྲུབ་ཕྱིར་ཕྱག་འཚལ་བསྟོད༔ ཡི་དམ་ཕུར་པའི་ལྷ་ཚོགས་ལ༔ སྦྱིན་སྲེག་མཆོད་འབུལ་གྲོགས་མཛོད་ཅིག༔ དེ་ནས་མར་ཞུན་ལ་སོགས་པའི༔ བསྲེག་རྫས་ཐམས་ཅད་སྔགས་འདིས་འབུལ༔ མེ་ལྷའི་ཞལ་ཅུང་ཟད་གདངས་པའི་ལྗགས་རཾ་ཡིག་གི་འོད་ཀྱིས་སྲེག་རྫས་བདུད་རྩིའི་དྭངས་མར་དྲངས་ནས་གསོལ༔བར་བསམ་ལ༔ ཨོཾ་ཨགྣ་དྷེ་ཝ་གནོད་བྱེད་དགྲ་བགེགས་ཛྭ་ལ་རཾ་ཁཱ་ཧཱི༔ ཞེས་པས་མར་ཁུ་ཡཾ་ཤིང་ཞུན་མར་ཡུངས་དཀར༔ སོ་བ་ཁྲེ་ཆན་ནས་འབྲས་གྲོ་སྲན་མ་བཅས་ལན་བདུན་བདུན་འབུལ༔ བདུན་རེའི་མཚམས་སུ་འདོད་གསོལ་ནི༔ ཧོ་མེ་ལྷའི་རྒྱལ་པོ་ཁྱོད་ཀྱིས་དྲག་པོའི་སྦྱིན་སྲེག་གི་མཆོད་པ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་ལ་གནོད་པ༔ ཁྱད་པར་དུ་དཔལ་ལྡན་བླ་མ་དང་རྣལ་འབྱོར་པ་བདག་ཅག་ལ་བརྡོ་བ༔ བྱང་ཆུབ་བསྒྲུབ་པའི་མཐུན་རྐྱེན་རྣམས་འགལ་རྐྱེན་དུ་བསྒྱུར་བའི་གཟུགས་ཅན་གཟུགས་མེད་ཐམས་ཅད་ཐལ་བར་རློག་ལ་སྲིད་པ་ཕུར་བུའི་ལྷ་ཚོགས་རྣམས་ཀྱི་ཞལ་དུ་སྟོབས་པའི་ཕྲིན་ལས་མཛད་དུ་གསོལ༔ སླར་ཡང་གོང་ལྟར་བསྟོད་བྱས་ལ༔ བཛྲ་ས་མ་ཛ༔ ཏིཥྛ་ལྷན༔ ཞེས་བརྗོད་ཡེ་ཤེས་མེ་ལྷ་ནི་རང་གནས་ཤར་ལྷོའི་ཕྱོགས་སུ་བཞུགས༔ དེ་ནས་འདས་པའི་མེ་ལྷ་ལ༔ སྦྱིན་སྲེག་འབུལ་བའི་རིམ་པ་ནི༔ སླར་ཡང་མེ་ཐབ་བསང་སྦྱང་བྱ༔ སྟོང་པའི་ངང་ལས་དམ་ཚིག་གི་མེ་ལྷའི་ལྟོ་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་ཧཱུྃ་ལས་ཡེ་ཤེས་ཀྱི་གཞལ་ཡས་ཁང་སྒོ་གྲུ་རྟ་བབ་ཆོས་འཁོར་གདུགས་ཏོག་མཚན་ཉིད་ཐམས་ཅད་རྫོགས་པ་དུར་ཁྲོད་འཇིགས་པའི་རྒྱན་གྱིས་བརྒྱན་པ༔ འབར་བའི་མེའི་ཕྲེང་བ་དྲག་པོར་འཁྲིགས་པ་གཞལ་ཡས་ཁང་ཆེན་པོ་དེའི་དབུས་སུ་གྲུ་གསུམ་མཐིང་ནག་ཟླ་གམ་མུ་མྱུད་དང་བཅས་པའི་ཕྱི་རོལ་དུ་འཁོར་ལོ་རྩིབས་བཞི༔ དེའི་ཕྱིར་རྩིབས་བཅུ་ཁྱམས་སྒོ་ཁྱུད་དང་བཅས་པའི་དབུས་སུ་པད་ཟླ་ཉི་མའི་གདན་ལ་བདུད་ནག་ཕོ་མོ་ཕྱི་ཆིངས་སུ་བསྒྱེལ་བའི་སྟེང་དུ་ཧཱུྃ་མཐིང་ནག་སྤྲོ་བསྡུའི་སྦྱོར་བས་ཞུ་བ་ལས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་ཞལ་གསུམ་ཕྱག་དྲུག་རྔམས་ཤིང་ཁྲོས་པ་ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣོལ་བ༔ བར་བ་གཉིས་ན་ཕུར་བུ་དང་རལ་གྲི༔ ཐ་མ་གཉིས་ཀྱིས་ཁ་ཊྭཾ་དང་སྡིག་པ་བསྡམས་ནས་འཛིན་པ༔ ཧེ་རུ་ཀའི་གར་དགུས་སྒེག་ཅིང་དཔལ་དང་དུར་ཁྲོད་རོལ་པའི་ཆས་ཀྱིས་བརྒྱན་པ༔ རང་འོད་ཀྱི་ཡུམ་འཁོར་ལོ་རྒྱས་འདེབས་མ་མཐིང་ནག་གྲི་ཐོད་འཛིན་པས་འཁྱུད་པ་གཟིག་གི་ཤམ་ཐབས་དང་རུས་པའི་རྒྱན་གྱིས་སྤྲས་པ་ཡབ་ཡུམ་གཉིས་དྲག་ཤུལ་མི་བཟད་པའི་སྟོབས་དང་ལྡན་ཞིང་མེ་རླུང་དང་ཁྲོ་ཆུང་གི་ཚྭ་ཚྭ་དྲག་ཏུ་འཁྲུགས་པའི་དབུས་ན་བཞུགས་པའོ༔ དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ་ཀཱི་ལ་རིགས་བཞི་ཡབ་ཡུམ༔ རྩིབས་བཅུར་འཇིགས་བྱེད་ཁྲོ་བོ་བཅུ༔ གཞན་ཡང་ཁྱམས་ལ་ཀཽ་རི་མ་བརྒྱད༔ སེང་ཧ་མ་བརྒྱད༔ དབང་ཕྱུག་ཉེར་བརྒྱད༔ མཁའ་འགྲོ་སོ་གཉིས༔ གིང་ཆེན་བཅོ་བརྒྱད༔ ཁྲ་ཐབས་ཉི་ཤུ༔ སྒོ་མ་བཞི༔ ཕུར་སྐྱོང་མ་མོ་བཅུ་གཉིས༔ བསེ་ལྕགས་དུང་གི་སྐྱེས་བུ་བཅུ་གཉིས༔ གཏེར་སྲུང་དཀར་མོ་ཉི་ཟླ༔ བདུད་ཕོ་ཐོད་པའི་ཕྲེང་བ་ཅན་ལ་སོགས་པ་སྤྲུལ་བ་དང་ཡང་སྤྲུལ་མཐའ་ཡས་པ་ཉི་ཟེར་གྱི་རྡུལ་འཁྲིགས་པ་ལྟ་བུ་དེ་དག་ཐམས་ཅད་ཀྱང་སྐུ་མདོག་ནག་པོ་མི་བཟད་པའི་ཉམས་ཅན་ཕྱག་ན་རང་རྟགས་ཀྱི་མཚོན་ཆ་སྣ་ཚོགས་ཐོགས་པ་སྐུ་ལས་སྐྱེས་པའི་འོད་ཟེར་ལྗང་ནག་མེ་མཚོན་ཁྲོ་ཚོགས་ཀྱི་རྣམ་པར་སྤྲོས་པས་དྲག་པོའི་ལས་རབ་འབྱམས་ཐོགས་པ་མེད་པར་སྒྲུབ་པའི་སྐུ་ཅན་དུ་གསལ་བའོ༔ ལྷ་ཚོགས་དེ་དག་ཐམས་ཅད་ཀྱི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་གིས་མཚན་པ༔ ཐུགས་ཀའི་ཧཱུྃ་གི་འོད་ཀྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་བསམ་ལ༔ སྤྱན་འདྲེན་པ་ནི༔ ཧཱུྃ༔ ཆོས་ཉིད་གདོད་ནས་དག་པའི་མཁའ་དབྱིངས་ལས༔ འགག་མེད་སྒྱུ་འཕྲུལ་དྲྭ་བའི་ཟུང་འཇུག་གར༔ རྡོ་རྗེ་གཞོན་ནུའི་འཁོར་ལོར་ཡོངས་ཤར་བ༔ དེང་འདིར་ཐུགས་རྗེའི་འབྲེལ་བས་གཤེགས་སུ་གསོལ༔ ཨོཾ་བཛྲ་ཀུ་མ་ར་ཛྙཱ་ན་མཎྚ་ལ་ས་མ་ཡ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ ཆོས་ཀྱི་སྐུ་ལ་བཞེངས་བཞུད་མི་མངའ་ཡང༔ འཇིག་རྟེན་སྲི་ཞུའི་ཚུལ་དུ་ལེགས་དགོངས་ནས༔ ཐབས་ཤེས་པད་ཉི་དྲེགས་པ་ཁྱོ་ཤུག་སྟེང༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃ༔ རང་བཞིན་དབྱིངས་ལས་ཤར་བའི་ལྷ་ཚོགས་ལ༔ བྱ་བྱེད་རྟོག་པའི་མཚན་མ་ཀུན་བྲལ་ཡང༔ ཇི་ལྟར་ཆུ་ལ་ཆུ་བཞག་ཇི་བཞིན་དུ༔ རང་རིག་ལྟ་བ་མཇལ་བའི་བརྡས་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏིཙྪ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ སྲིད་པའི་ཕུར་བུའི་ལྷ་ཚོགས་ལ༔ དབང་པོ་རྣམ་ལྔའི་མེ་ཏོག་བཀྲ༔ ཚིལ་ཆེན་བདུག་པའི་སྤྲིན་ཕུང་གཡོ༔ ཞུན་ཆེན་གསལ་བའི་མར་མེ་མཆོ༔ མཁྲིས་པའི་དྲི་ཆབ་ལྦུ་ཕྲེང་འཁྲིགས༔ ཤ་རུས་བཟའ་བཅའ་རི་ལྟར་སྤུངས༔ རྐང་གླིང་ཐོད་རྔ་རོལ་མོའི་དབྱངས༔ ཏིང་ངེ་འཛིན་གྱིས་གསལ་བྱས་ནས༔ འབར་བ་མེ་ཡི་ལྷ་ལ་འབུལ༔ གནོད་བྱེད་དགྲ་བགེགས་བསྒྲལ་བར་མཛོད༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པུཥྤེ་དྷུཔྤེ་ཨ་ལོ་ཀེ་གྷནྡྷེ་ནཻ་ཝི་ཏྱ་ཤཔྟ་པྲ་ཏིཙྪ་ཧོ༔ ཞེས་པ་ཙམ་མམ་སྤྲོ་ན་འགྲེས་བྱང་ནས་སྐབས་ཀྱི་ཚིག་ཕྲད་ཁ་བསྒྱུར་ཏེ་རྒྱས་པར་འབུལ་ལོ༔ དེ་ནས་སྨན་རཀ་གཏོར་གསུམ་འབུལ་བ་ནི༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཚོགས༔ འཁོར་དང་བཅས་པ་ཐམས་ཅད་ལ༔ ཁྱད་པར་དམ་རྫས་བདུད་རྫི་མཆོག༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་འབུལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ༔ མ་ཆགས་ཆགས་པ་ཆེན་པོའི་ཁྲག༔ དུག་གསུམ་མངོན་དུ་གསོད་པའི་རྫས༔ རྒྱུ་དྲུག་བསྒྲལ་བའི་དམར་ཆེན་འབུལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ༔ ཕྲིན་ལས་ཕུར་པའི་ལྷ་ཚོགས་ལ༔ ཞེ་སྡང་དགྲ་བགེགས་བསྒྲལ་བ་ཡི༔ ཤ་ཁྲག་རུས་པའི་གཏོར་ཆེན་པོ༔ རོ་བརྒྱ་ལྡན་པའི་བཟའ་བ་འབུལ༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ བྷོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོ༔ དེ་ནས་སྲེག་རྫས་འབུལ་བ་ནི༔ དཀྱིལ་འཁོར་ལྷ་ཚོགས་ཀྱི་ལྗགས་རྡོ་རྗེའི་འོད་ཀྱི་སྦུ་གུས་སྲེག་རྫས་ཀྱི་རྒྱུན་དྭངས་མར་དྲངས་ནས་གསོལ་བས་མཉེས་ཏེ་དྲག་པོའི་ཕྲིན་ལས་ཐམས་ཅད་བསྒྲུབ་པར་བསམ་ལ༔ ཐོག་མར་ཡམ་ཤིང་འབུལ་བ་ནི༔ ཧཱུྃ༔ གདུག་རྩུབ་ཚེར་མ་དྲག་པོའི་ཤིང༔ ཡེ་ཤེས་མེ་ཡི་ལྷ་ལ་འབུལ༔ གནོད་བྱེད་དགྲ་བགེགས་མ་ལུས་པ༔ གཏན་ནས་བརླག་ཅིང་གཞོམ་པར་མཛོད༔ ཧཱུྃ་ཧཱུྃ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣཾ་བཾ་ཧཱུྃ་ཕཊ༔ ཨོཾ་ཛྙཱ་ན་ཨགྣ་ཡེ་དྷེ་བ་ཨ་པཱ་ན་ཧ་ནྱ༔ བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ་གནོད་པའི་དགྲ་བགེགས་མ་རུང་པ་གདུག་པའི་སེམས་དང་ལྡན་པ་ཐམས་ཅད་མ་ར་ཡ་ཕཊ༔ཛྭ་ལ་རཾ་ཁཱ་ཧི༔ བདུན། ཞུན་ཆེན་དང་མར་ཁུ་འབུལ་བ་ནི༔ ཧཱུྃ༔ ལྷ་ཚོགས་རྡོ་རྗེའི་ལྗགས་སྟེང་རཾ་གྱིས་མཚན༔ ཕྱག་མཚན་དགང་བླུགས་ཁ་རུ་ཧཱུྃ་དམར་གསལ༔ ཚིལ་ཆེན་འབྲུ་མར་རྩི་མར་ཞག་ཏུ་འཁྱིལ༔ དྲག་པོའི་ཕྲིན་ལས་བསྒྲུབ་ཕྱིར་འབུལ་གྱིས་བཞེས༔ རྩ་སྔགས་ཤམ་བཅས་གོང་ལྟར་ལན་བདུན་བརྗོད༔ དེ་ནས་ཡུངས་དཀར་འབུལ་བ་ནི༔ ཧཱུྃ༔ སྟོང་ཕྲག་བརྒྱད་ཅུའི་བགེགས་རྣམས་འཇོམས་པའི་རྫས༔ གསང་བདག་ཕྱག་ན་རྡོ་རྗེས་བྱིན་རླབས་པའི༔ ཡུངས་དཀར་རྒྱལ་པོ་རྫས་རྣམས་ཀུན་གྱི་མཆོག༔ འབུལ་ལོ་ལོག་འདྲེན་གཏན་ནས་གཞོམ་པར་མཛོད༔ རྩ་སྔགས་ཤམ་བཅས་གོང་ལྟར་རོ༔ དེ་ནས་སོ་བ་འབུལ་བ་ནི༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ལ༔ སོ་བ་ཀུན་ལས་རྣམ་རྒྱལ་འབྲུ༔ བྱིན་གྱིས་བརླབས་ཏེ་རྫས་སུ་འབུལ༔ དགྲ་བགེགས་ཐལ་བ་རྡུལ་དུ་རློགས༔ རྩ་སྔགས་ཤམ་བཅས་གོང་དང་འདྲ༔ དེ་ནས་ཁྲེ་འབུལ་བ་ནི༔ ཧཱུྃ༔ སྲིད་པའི་ཕུར་བུའི་ལྷ་ཚོགས་ལ༔ འབྲུ་མཆོག་ཀུན་གྱི་སྙིང་པོ་ཁྲེ༔ དྲག་པོས་བསྲེག་པའི་རྫས་སུ་འབུལ༔ གནོད་བྱེད་ཐམས་ཅད་གཞོམ་པར་མཛོད༔ རྩ་སྔགས་ཤམ་བཅས་སྔར་བཞིན་བརྗོད༔ དེ་ནས་འབྲུ་སྣ་ཚོགས་ཀྱི་ཆན་འབུལ་བ་ནི༔ ཧཱུྃ༔ ཕུན་སུམ་ཚོགས་པའི་འབྲུ་སྣ་ཚོགས༔ བཅུད་དང་ལྡན་པའི་ཆན་སྦྱར་བ༔ ཡེ་ཤེས་ལྷ་ཚོགས་རྣམས་ལ་འབུལ༔ ཕྲིན་ལས་སྣ་ཚོགས་འགྲུབ་པར་མཛོད༔ རྩ་སྔགས་ཤམ་བཅས་གོང་དང་འདྲ༔ དེ་ནས་ནས་འབྲས་གྲོ་སྲན་མ་རྣམས་ལན་བདུན་བདུན་དུ་སྔགས་འདིས་འབུལ་ཏེ༔ རྩ་སྔགས་ཤམ་དུ༔ གནོད་བྱེད་དགྲ་བགེགས་ཛྭ་ལ་རཾ་ཁཱ་ཧི༔ འབུལ་བའམ་གོང་ལྟར་སྔགས་ཤམ་བཅས་ཀྱིས་ཕུལ་ཀྱང་རུང་ངོ༔ དེ་ནས་ལིང་ག་འབུལ་བ་ནི༔ གོང་དུ་བསྒྲལ་བསྟབས་བྱས་པའི་ལིང་གའི་རས་མ་ཡིན་ན་དེས་ཆོག་མོད༔ འོན་ཀྱང་སྔོན་དུ་བསྒྲལ་ལས་མ་སོང་བའམ༔ ལིང་ག་གསར་བཤམས་ཡིན་ན་ལིང་གར་འགུགས་གཞུག་སྤྱི་ལྟར་བྱས་ལ༔ ཚོགས་ཀྱི་བསྒྲལ་བསྟབ་བམ་བསྒྲལ་མཆོད་ཀྱིས་ཀྱང་འཐུས་པས་སྐབས་འདིར་དེ་ལྟར་བྱའོ༔ དེ་ལྟར་གྲུབ་ནས༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ འབར་བ་མེ་ཡི་ཞལ་མངའ་བ༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་རུས༔ བསྟབ་པོ་བཞེས་ཤིག་ཁ་རཾ་ཁཱ་ཧི༔ ཧཱུྃ་ཧཱུྃ་བཛྲ་ཀཱི་ལི༴སོགས་ནས། ཕཊ༔ ལོག་འདྲེན་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ཨགྣ་ཡེ་ཛྙཱ་ན་དྷེ་ཝ་ཛྭ་ལ་རཾ་ཁཱ་ཧི༔ ཅེས་ལིང་ག་བརྒྱ་སྟོང་ལ་སོགས་ཅི་མང་སྔགས་འདིས་འབུལ་ལོ༔ དེ་ནས་སྲས་མཆོག་རིགས་བཞི་ལ་འབུལ་བ་ནི༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ལོག་འདྲེན་དགྲ་བགེགས་སོགས་སྤྱི་ལྟར་འགྲེའོ༔ དེ་ལྟར་བཞི་བཅུ་ཞེ་བཞི་ཙམ་དང༔ དེ་ལྟར་ཁྲོ་བོ་བཅུ་ལ༔ ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ནི་ལ་ཏནྚ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨརྱ་ཨ་ཙ་ལ་ཧཱུྃ༔ བྷན་དྷ་བྷན་དྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྷྲྀ་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་ར་ཚིནྡྷ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུནྚ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བྷ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ལོག་འདྲེན་དགྲ་བགེགས༴སོགས་སྔགས་རེ་རེ་བཞིན་བདུན་རེ་བྱའོ༔ བསྡུ་ན་ཧཱུྃ་བཅུས་འབུལ་ཀྱང་ཆོག་གོ༔ དེ་ནས་ཁྲ་ཐབས་རྣམས་ལ་འབུལ་བ་ནི༔ ཨོཾ་བཛྲ་ཀརྨ་ར་མ་ཀཱི་ལ་ཡ་ཧཱུྃ༔ ལོག་འདྲེན༴སོགས་སྔགས་ལན་ཉི་ཤུའོ༔ སྒོ་མ་བཞི་ལ་འབུལ་བ་ནི༔ ཛཿཧཱུྃ་བཾ་ཧོ༔ ལོག་འདྲེན༴སོགས་ལན་བཞི་འོ༔ དབང་ཕྱུག་མ་ལ་རང་སྔགས་ལན་རེས་ཕུལ༔ དེ་ནས་མཁའ་འགྲོ་སོ་གཉིས་ལ་འབུལ་བ་ནི༔ ཨོཾ་བཛྲ་ཌཱཀྐི་ནི་ཧཱུྃ༔ ལོག་འདྲེན༴སོགས་སྔགས་ལན་སོ་གཉིས་ཀྱིས་སོ༔ དེ་ནས་གིང་བཅོ་བརྒྱད་ལ་འབུལ་བ་ནི༔ ཨོཾ་བཛྲ་ཀིཾ་ཀ་ར་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ལོག་འདྲེན༴སོགས་སྔགས་ལན་བཅོ་བརྒྱད་ཀྱིས་སོ༔ དེ་ནས་མ་མོ་བཅུ་གཉིས་ལ་འབུལ་བ་ནི༔ ཨོཾ་མ་མ་པ་ཤཾ་ཀུ་རུ་མ་ཏཾ་ཉན་ཨེ་ཏན་དྷ་ཏི་མ་མ་ཀརྨ་ཤྲི་ཀྲཾ་ཀ་ར་ཧཱུྃ་ཛ༔ ལོག་འདྲེན༴སོགས་ལན་བཅུ་གཉིས་ཀྱིས་སོ༔ དེ་ནས་བསེ་ལྕགས་དུང་གསུམ་ལ་འབུལ་བ་ནི༔ ཀ་ཏཾ་ཀ་ཡེ་ཛ་ཡ་བི་ཛ་ཡེ་ཨ་ཛི་ཏ་ཨ་པ་ར་ཛི་ཏེ་མ་ར་ས་ན་པྲ་མརྡྷ་ན་ཡེ་ལོག་འདྲེན༴སོགས་ལན་བཅུ་གཉིས་སོ༔ དཀར་མོ་ཉི་ཟླ་ལ་འབུལ་བ་ནི༔ ཨོཾ་བཛྲ་ཤནྟིཾ་པདྨ་ཀུཔྟ་ཧཱུྃ༔ ལོག་འདྲེན༴སོགས་ལན་གསུམ་གྱིས་སོ༔ དེ་ནས་ཕྲུམ་འབུལ་བ་ནི༔ ཧཱུྃ༔ ཕུར་པའི་ལྷ་ཚོགས་འཁོར་བཅས་ལ༔ དགྲ་བགེགས་བསྒྲལ་བའི་གཏང་རག་ཏུ༔ དཀར་མངར་བཟའ་བཅའ་ཀུན་སྦྱར་ཕྲུམ༔ དགྱེས་པར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་ཀུ་རུ་ཀུ་རུ་ཡེ་སྭཱཧཱ༔ ཞེས་ཕུལ་ལོ༔ དེ་ནས་གཏང་རག་གི་མཆོད་བསྟོད་ནི༔ སྔར་ལྟར་ཚིགས་བཅད་རྣམ་ལྔ་འབུལ༔ བསྡུ་ན༔ ཨོཾ་བཛྲ་ཛྭ་ལ་ཀཱི་ལ་པུཥྤེ༴སོགས་ནས། ཤཔྟ་པྲ་ཏིཙྪ་ཧོ༔ས་ཕུལ་ཀྱང་རུང༔ དེ་ནས་སྨན་རཀ་འབུལ་བ་ནི༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ དེ་ནས་འདས་གཏོར་བླུགས་གཟར་དུ་འབུལ་ལ༔ ཧཱུྃ༔ སྲིད་པའི་ཕུར་བུའི་ལྷ་ཚོགས་ལ༔ དམ་རྫས་གཏོར་མ་རོ་བཅུད་ལྡན༔ འབར་བ་མེ་ཡི་ཞལ་ཧོམ་དུ༔ འབུལ་ལོ་དགྲ་བགེགས་བརླག་པར་མཛོད༔ རྩ་སྔགས་ཤམ་དུ༔ ས་པ་རི་ཝ་ར་མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ལས་ཐུགས་རྗེ་ཁྲོས་པའི་གར༔ རབ་འབྱམས་རྒྱལ་བའི་ཕྲིན་ལས་འདུས་པའི་དཔྱིད༔ རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ལྷ་ཚོགས་ལ༔ དབྱེར་མེད་སྒོ་གསུམ་མི་ཕྱེད་གུས་པས་བསྟོད༔ ཅེས་པ་ཙམ་མམ་སྤྲོ་ན་ལས་བྱང་གི་བསྟོད་པ་བྱའོ༔ དེ་ནས་བཤགས་པ་ནི༔ ཧོ༔ ཕུར་བའི་དཀྱིལ་འཁོར་འདིར་ཞུགས་ནས༔ ཏིང་འཛིན་མ་གསལ་སྔགས་བཟླས་ཉུང༔ ཆོ་ག་ནོར་འཁྲུལ་རྫས་མ་ཚང༔ ནོངས་པའི་ཚོགས་ཀུན་མཐོལ་ལོ་བཤགས༔ ཨོཾ་བཛྲ་ཀུ་མ་ར་ཤུདྡྷེ་ཨཱ༔ ཡིག་བརྒྱ་ལན་གསུམ་བརྗོད༔ བཛྲ་མུཾ༔ས་ཡེ་ཤེས་པ་དབྱིངས་སུ་གཤེགས༔ ཧཱུྃ་ཧཱུྃ་ཧཱུྃ༔གིས་དམ་ཚིག་པ་རང་གི་ཐུགས་སྲོག་ལ་བསྡུ་བར་བྱའོ༔ དེ་ནས་མེ་ལྷ་གཏང་རག་ནི༔ སླར་ཡང་འཇིག་རྟེན་མེ་ལྷ་ཉིད༔ སྔར་ལྟར་སྤྱན་འདྲེན་ཕྱག་འཚལ་བསྟོད༔ རྣམ་ལྔ་སྨན་རཀ་གཏོར་གསུམ་འབུལ༔ ཅེས་པས་མེ་གསོ་ཞིང་མེ་ལྷ་དམ་ཚིག་པ་གསལ་བཏབ་ལ༔ ཤར་ལྷོ་ནས་ཡེ་ཤེས་པ་བསྟིམ་པ་ནི༔ ཨོཾ་ཨགྣ་ར་ཙ་སརྦ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔གྱིས་དམ་ཡེ་བསྲེ་ནས་སྔར་ལྟར་འབུལ་སྔགས་ཀྱིས་ཡམས་ཤིང་མར་ཁུ་ཡུངས་དཀར་སོ་བ་ཁྲེ་ཆན་ནས་འབྲས་གྲོ་སྲན་མ་བཅས་གསུམ་གསུམ་དང༔ རྣམ་ལྔ་སྨན་རཀ་གོང་ལྟར་ཕུལ་ལ༔ དེ་ནས་གཏོར་མ་འབུལ་བ་ནི༔ ཨོཾ་ཨགྣ་ཡེ་དྷེ་ཝ་ཛྭ་ལ་ས་པ་རི་ཝ་ར་བ་ལིང་ཏ་ཁཱ་ཧི༔ མཆོད་སྦྱིན་གཏོར་མ་འདི་བཞེས་ལ༔ ཞི་དང་རྒྱས་ལ་སོགས་པ་ཡི༔ ༴སོགས་ཀྱིས་འདོད་དོན་གསོལ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ མེ་ལྷའི་རྒྱལ་པོ་དྲང་སྲོང་ཆེ༔ རབ་འབྱམས་རྒྱལ་བའི་ཕྲིན་ལས་བདག༔ ལོག་འདྲེན་བསྲེག་པའི་མཐུ་མངའ་བ༔ དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཡིག་བརྒྱས་ནོངས་པ་བཤགས༔ དེ་ནས་བསྲེག་རྫས་དངོས་གྲུབ་ཏུ་རོལ་བ་ནི༔ ཧཱུྃ༔ དངོས་གྲུབ་དམ་རྫས་དབྱིག་གི་ཟས༔ བཟའ་བཅའ་བཏུང་བའི་བྱེ་བྲག་ཀུན༔ རྣལ་འབྱོར་བདག་ཉིད་ཆེན་པོ་ཡིས༔ དངོས་གྲུབ་མཆོག་ཏུ་རོལ་བར་བྱ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོ༔ ཞེས་རོལ་ལོ༔ དེ་ནས་མེ་ལྷ་ཡེ་ཤེས་པ་གཤེགས་པ་ནི༔ ཧཱུྃ༔ དགོངས་ཤིག་འབར་བ་མེ་ཡི་ལྷ༔ དྲག་པོའི་ཕྲིན་ལས་གྲགས་ལགས་པས༔ ད་ནི་རང་གི་གནས་སུ་གཤེགས༔ སླར་ཡང་གནས་འདིར་འབྱོན་པར་མཛོད༔ བཛྲ་མུ༔ས་ཡེ་ཤེས་པ་གཤེགས༔ དམ་ཚིག་པ་འབར་བའི་རྣམ་པར་གྱུར༔པར་དམིགས་ལ་མི་དམིགས་པའི་རྒྱས་གདབ་པར་བྱའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པར་བྱའོ༔ དེ་ལྟར་ཕུར་བ་གསང་བ་སྤུ་གྲི་ཡི༔ མེ་ཡི་ཕྲིན་ལས་འོད་སྟོང་འཕྲོ་བའི་གཟི༔ ཡིད་སྲུབ་བདུད་སྡེའི་འབྱུང་བྱའི་མིག་གི་འགེབ༔ བསྟན་འགྲོར་སྨན་པའི་རིག་འཛིན་ཕྱག་ཆར་རྨད༔ འདིར་འབད་དགེ་བ་མཐའ་ཀླས་འགྲོ་བའི་ཕྱིར༔ འཆད་རྩོམ་སྤེལ་སྒོམ་བྱ་བས་ལམ་འདི་ལ༔ སྲིད་མཐའི་བར་དུ་བརྩོན་པའི་སྙིང་སྟོབས་ཀྱིས༔ ཟུང་འཇུག་ལམ་གྱི་བགྲོད་པ་མཐར་ཕྱིན་ཤོག༔ ཅེས་ཕུར་པ་གསང་བ་སྤུ་གྲིའི་སྦྱིན་སྲེག་ཡེ་ཤེས་འོད་འཕྲོ་ཞེས་བྱ་བ་འདི་ནི་༧ གཏེར་བྱོན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་བས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་བྲག་རི་སེང་ཆེན་འགྱིང་འདྲའི་གཡས་ཟུར་ནས་གདན་དྲང་པ་ལ་མདོ་མང་བཤད་སྒྲུབ་གླིང་གི་ཆོས་གྲྭར་ལྕགས་སྦྲུལ་ཧོར་ཟླ་ལྔ་པའི་ཚེས་གཅིག་ལ་དམ་པ་དེ་ཉིད་ཀྱི་འབངས་ཀྱི་ཐ་ཤལ་དུ་རློམས་པའི་སྙོམ་ལས་པ་པདྨ་བསྟན་འཛིན་གྱིས་ཁྲིགས་སུ་བསྡེབས་ཁུལ་བྱས་པ་ལ་ཉེས་འགལ་བཤགས་ཤིང་དགེ་བས་ཟབ་གཏེར་འདི་ཉིད་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་དུ་གནས་པའི་རྒྱུར་གྱུར་ཅིག སརྦ་མང་ག་ལཾ།

བསྲེག་པ་མེའི་མདེའུ་བཀའ་རྒྱ་ཅན།

ཕུར་བ་གསང་བ་སྤུ་གྲི་ལས༔ བསྲེག་པ་མེའི་མདེའུ་བཀའ་རྒྱ་ཅན་བཞུགས༔ ཕུར་བ་གསང་བ་སྤུ་གྲི་ལས༔ བསྲེག་པ་མེའི་མདེའུ་ནི༔ དགྲ་ཡིས་ཤིན་ཏུ་བརྙས་བྱེད་དམ༔ གདོན་བགེགས་ཆོ་འཕྲུལ་ཚབ་ཆེ་ན༔ དྲག་པོ་མེ་ཡི་སྦྱོར་བ་ནི༔ ཐུན་མོང་མིན་པའི་མན་ངག་བསྟན༔ འདི་ལ་གཉིས་སུ་ཡོད་པ་ལས༔ དང་པོ་རྫས་ཀྱི་སྦྱོར་བ་ནི༔ གཡག་ནག་གམ་ནི་ར་ནག་གི༔ ཚིལ་གྱི་ཞུན་ཁུ་སྐྱོགས་བུ་གང༔ དྲག་པོའི་མེ་ཡི་ཐབ་དཀྱིལ་དུ༔ སིར་སིར་དྲག་ཏུ་ཁོལ་བཅུག་ལ༔ ཛ་གད་དེ་ཡི་སུམ་ཆ་ཙམ༔ གཟར་བུའི་ནང་དུ་ལོགས་ཤིག་བཞག༔ དེའི་ནང་ཚ་དང་མུ་ཟི་ནག༔ ཧ་ཅང་མི་མང་ཉུང་ཙམ་བླུགས༔ གཉིས་པ་སྔགས་ཀྱི་སྦྱོར་བ་ནི༔ སྔགས་འདི་བརྒྱ་རྩ་གསུམ་བཟླས་ལ༔ ཨོཾ་བཛྲ་ཀཱི་ལ་ཡ་ཤ་ཏྲུཾ་ཨ་མུ་ཀ་ཧ་ལ་མ་ཐ་པ་ཙ་གརྫ་ཧཱུྃ་ཧཱུྃ་ཛྭ་ལ་ཛྭ་ལ༔ ས་ཤིག་དུ་ན་ཐུན༔ ཁཾ་རཾ་དགྲ་བགེགས་མ་རཱ་ཡ་ཕཊ༔ གོང་གི་རྫས་སྣ་གཉིས་ལ་བཏབ༔ དེ་ནས་དུག་ཤིང་གང་རུང་བ༔ ཤིན་ཏུ་རིང་པོ་གཉིས་ཀྱི་རྩེར༔ སྐྱོགས་བུ་གཟར་བུ་གཉིས་པོ་བཏགས༔ ལིང་གར་འགུགས་བསྟིམ་ཆེར་བྱས་ལ༔ ཕྱོགས་བཞིར་ཁོད་སྙོམ་ཕྱལ་གྱིས་འགྱིངས༔ དུག་ཤིང་རིང་པོའི་རྩེ་ལ་འཕྱར༔ གོང་གི་ཞུན་ཆུ་ཁོལ་བ་ཡི༔ སྟེང་དུ་མཐོ་གང་མ་རེག་ཙམ༔ སྤྱོད་ལམ་ཞིབ་པོས་བཞག་བྱས་ལ༔ ཞུན་ཁུ་ཁོལ་བའི་དཀྱིལ་ཉིད་དུ༔ དམོད་བཅོལ་བསྟབས་པ་བྱས་པའི་རྗེས༔ ཛ་གད་དྲག་ཐབས་སུ་བརྒྱབ་པས༔ ཡ་ངའི་མེ་དཔུང་འབར་ནས་ཀྱང༔ ལིང་ག་རྔུབ་ནས་ཡུད་ཙམ་བསྲེག༔ བདེན་རྫུན་ལག་ཏུ་ལོངས་དང་གསལ༔ འདི་ནི་ཤིན་ཏུ་གཉན་ཆེ་བས༔ གང་རུང་ཆེད་ལ་མི་བྱའོ༔ དགྲ་གདོན་འདུལ་བའི་རྟགས་སུ་ནི༔ མིག་གི་འབྱེད་འཛུམ་ཙམ་ཞིག་ལ༔ ཡ་མཚན་ལྟས་ཀྱིས་ལིང་ག་བསྲེགས༔ ཐལ་བ་གནམ་ལ་འཚུབ་པར་འགྱུར༔ གདོན་བགེགས་ངན་ནས་མ་ཐུལ་ན༔ ལིང་ག་གཏན་ནས་ཚིག་རྒྱུ་མེད༔ རིམ་བཞིན་མེ་ལ་བསྲེག་དགོས་སོ༔ ཧཱུྃ༔ རྡོ་རྗེ་ཁྲོས་པའི་ཁྲོ་རྒྱལ་ཀཱི་ལ་ཡ༔ སྲིད་པའི་ཕུར་བུའི་ལྷ་ཚོགས་སྐུ་བཞེངས་ཤིག༔ དམ་ཉམས་དགྲ་བགེགས་ལས་ངན་སྡིག་ཅན་འདིས༔ འདུལ་བའི་ཁྲིམས་བཤིགས་སྔགས་པའི་དམ་ཚིག་དབྲལ༔ བྱང་སེམས་སྨོན་འཇུག་བསླབ་བྱ་ཉམས་སུ་བཅུག༔ བླ་མའི་ཐུགས་དཀྲུག་བདག་ལ་དོ་བརྡོས་བྱས༔ འདི་ལས་ཆེ་བའི་ཉེས་ཞིག་བྱ་རྒྱུ་མེད༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཁྱེད་རྣམས་ཀྱིས༔ དྲག་ཤུལ་སྟོབས་ཕྱུངས་བསྒྲུབ་པ་ཆུད་མ་གསན༔ ཡེ་ཤེས་མེ་དཔུང་འབར་བའི་ཞལ་ཧོམ་དུ༔ དགྲ་བགེགས་བྱད་མ་མཐའ་རྩ་སྐྱེ་བརྒྱུད་བཅས༔ དྲག་པོའི་ཐོག་བརྒྱབ་གནམ་ས་ཁ་བརྡབ་བཞིན༔ ལྷག་མ་རྗེས་ཤུལ་ཙམ་ཡང་མེད་པར་མཛོད༔ ཧོ་དགོངས་སུ་གསོལ་ལོ༔ ལན་གསུམ༔ ཕྱོགས་བཅུར་བཞུགས་པའི་བླ་མ་ཡི་དམ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་རྣམས་དང༔ ཁྱད་པར་དུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་བཀའ་སྡོད་སྤྲུལ་པ་དང་བཅས་པ་རྣམས་ཀྱི་ཞལ་དུ་དམ་ཉམས་དགྲའམ་བགེགས་ཆེ་གེ་མོའི་སྡོང་ཟླ་རྒྱབ་བརྟེན་སྣ་འདྲེན་མི་ནོར་ལོངས་སྤྱོད་རྣམས་དང་ཤ་ཁྲག་རུས་གསུམ་རྣམ་ཤེས་དངས་མའི་ཐིག་ལེ་དང་བཅས་པ་ཐམས་ཅད་ཞལ་དུ་ཐོབ་ཅིག༔ ཞེས་པ་དང་མཉམ་དུ་རྫས་སྦྱོར་གདབ་བོ༔ རྫས་སྔགས་འཛོམ་ན་འདི་ཡིས་མི་ཐུལ་དཀོན༔ ཀུན་ལ་མི་སྟོན་གསང་རྒྱ་དམ་པར་གྱིས༔ མེ་ཡི་སྦྱོར་བ་ཟབ་པ་འདི་འདྲ་མེད༔ གསང་སྔགས་རྣལ་འབྱོར་སྐྱེས་བུས་ཉམས་ལེན་མཛོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ སྡེ་བརྒྱད་ཤིན་ཏུ་གཉན་པའམ༔ ལྷ་སྲུང་དྲག་པོ་འཁོར་བའི་ཁྱིམ༔ འདི་བྱས་ཀུན་ལ་གནོད་འགྱུར་བས༔ ཉེས་མེད་པ་རུ་བསྐུལ་མི་བྱ༔ ཡེ་ཤེས་ལྷ་སྲུང་འཁོར་བ་དང༔ བསྒྲུབ་གནས་གཙུག་ལག་ཁང་རྣམས་སུ༔ འདི་བྱས་གདོན་བགེགས་རྒྱངས་ཀྱིས་བསྐྲད༔ རྟེན་གསར་རབ་གནས་མ་ཕོག་ཅིང༔ འདྲེ་ཞུགས་པ་དང་གཉན་ས་རུ༔ འདི་བྱས་གདོན་ཀུན་ཡུལ་བུད་འགྲོ༔ ཤནྟིཾ་གརྦྷའི་མན་ངག་སྟེ༔ འདི་ལས་ཟབ་པ་ཡོད་རེ་གན༔ པདྨ་ང་ཡི་ཁྱད་ཆོས་ཡིན༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ས་སྤྱོད་གནས་ལུང་དཔལ་གྱི་རི་བོ་ནས་སྤྱན་དྲངས་པའི་ཤོག་སེར་ལས་ཕབ་པའི་ཡི་གེ་པ་ནི་ཞེ་སྡང་རྡོ་རྗེས་བགྱིས་པའི་དགེ་བས་འགལ་བྱེད་ཆམ་ལ་འབེབ་པའི་རིག་སྔགས་འཆང་བ་རྣམས་ཀྱི་ཕྱག་ཆར་འགྱུར་བར་ཤོག་ཅིག་གུ༔

དབང་ཆོག་བར་ཆད་ཀུན་སེལ།

ཕུར་བ་གསང་བ་སྤུ་གྲི་ལས༔ དབང་ཆོག་བར་ཆད་ཀུན་སེལ་བཞུགས༔

རྡོ་རྗེ་གཞོན་ནུའི་ལྷ་ལ་འདུད༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ ཕྱི་ནང་བླ་མ་སྟོང་རྩ་བརྟེན༔ ཁྱད་པར་བླ་མ་བརྒྱ་རྩ་བརྒྱད༔ སྒོས་སུ་འཕགས་པའི་རིག་འཛིན་བཅུ༔ དེའི་ནང་ཕུར་བའི་བཀའ་བབས་པའི༔ རིག་འཛིན་པྲ་བྷ་ཧསྟི་ལ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ རྒྱུད་དང་སྒྲུབ་ཐབས་མན་ངག་ཞུས༔ གསང་བ་ཡང་གསང་ཆེར་ཟབ་པ༔ ཕུར་བ་གསང་བ་སྤུ་གྲི་ཡི༔ ཉམས་ལེན་དད་ལྡན་རྣལ་འབྱོར་ལ༔ ཐོག་མར་དབང་གིས་རྒྱུད་སྨིན་ཅིང༔ དེ་ནས་ཉམས་སུ་ལེན་པར་བྱ༔ ས་མ་ཡཱ༔ དེ་ནས་དཀྱིལ་འཁོར་རིམ་པ་ནི༔ སྒྲུབ་པའི་གཞུང་ལྟར་བྲིས་པའི་སྟེང༔ ཚོམ་བུ་ལྷ་གྲངས་བཅས་པ་བཀོད༔ དབུས་སུ་སྒྲུབ་རྟེན་ཕུར་བུ་དང༔ མདུན་དུ་བུམ་པ་རྫས་ཚང་བ༔ བཀོད་ལེགས་རྒྱན་གྱིས་སྤྲས་པ་བཤམས༔ གཡས་སུ་བླ་མ་ཡབ་ཡུམ་གྱི༔ བྱང་སེམས་ཐོད་པའི་ནང་དུ་བླུགས༔ ཆང་དང་རྩ་བརྒྱད་སྟོང་སྦྱར་བཤམས༔ རྒྱབ་ཏུ་རིག་མའི་སྣང་བརྙན་བཞག༔ གཡོན་དུ་རྡོར་སེམས་མེ་ལོང་དང༔ ལྷ་ཙཀ་བརྡ་ཡིག་གླེགས་བམ་བཤམས༔ ཤར་ལྷོར་མངའ་གསོལ་ཆས་རྣམས་དང༔ ལྷོ་ནུབ་དཔའ་བོའི་ཤ་སྣ་ལྔ༔ ནུབ་བྱང་བདུད་རྩི་རྣམ་ལྔ་དང༔ བྱང་ཤར་ལྷ་གྲངས་ཙཀ་ལི་བཤམས༔ དངོས་གྲུབ་རྫས་ལ་བཟའ་བཏུང་དང༔ དྲེགས་པའི་སྲོག་དབང་དང་འབྲེལ་ན༔ གཞུང་གི་དཀྱིལ་འཁོར་མདུན་དག་ཏུ༔ ས་ནག་མཎྚལ་མདའ་གང་ལ༔ ཆང་དང་དུག་ཁྲག་གིས་བྲན་ནས༔ སྟེང་དུ་རོ་སོལ་ནག་པོས་བྱུགས༔ དེ་དབུས་ཆོས་འབྱུང་བསྣོལ་མ་བྲི༔ དེ་ཕྱིར་འཁོར་ལོ་རྩིབས་བཅུ་གཉིས༔ མུ་ཁྱུད་རིམ་པ་གསུམ་གྱིས་མཚན༔ རྡོ་རྗེའི་ར་བ་མེ་རིས་བསྐོར༔ དབུས་སུ་ཆོས་སྐྱོང་སྤྱི་གཏོར་དང༔ འཁོར་ལོའི་རྩིབས་ལ་ཕུར་བུ་རེ༔ ཉ་བོ་རེ་རེའི་སྙིང་ཀར་གཟུགས༔ མུ་ཁྱུད་བསེ་ལྕགས་དུང་གསུམ་གྱི༔ ཙ་ཀ་ལི་ཡིས་བསྐོར་བར་བྱ༔ དེ་ཕྱིར་མཚོན་ཆ་སྣ་ཚོགས་དང༔ མདའ་ཟོར་དུག་ཟོར་ཁྲག་ཟོར་དང༔ མཚེ་ཟོར་ཡུངས་ཟོར་རྡོ་ཡི་ཟོར༔ དུག་ཟོར་གཏོར་མའི་ཟོར་གྱིས་བསྐོར༔ ཤར་དུ་སྒྲོལ་གྲི་ལྷོར་ཐོད་ཁྲག༔ ནུབ་ཏུ་རྩང་ཕུར་བྱང་ཉ་བོ༔ མཚམས་ཀུན་ཐུན་གྱི་ཕྱེ་མས་གཏམས༔ ཕྱི་ནང་གསང་གསུམ་མཚན་ལྡན་པའི༔ བླ་མ་བསྙེན་བསྒྲུབ་མཐར་ཕྱིན་ཏེ༔ ཞིང་ངམ་གཅན་གཟན་ཁྲི་ལ་འདུག༔ སློབ་བུས་ཐལ་སྦྱར་པུས་བཙུགས་ཤིང༔ སྒྲུབ་ཁང་དེ་ཡི་སྒོ་དྲུང་དུ༔ མོས་གུས་གསོལ་བ་འདི་ལྟར་གདབ༔ ཨེ་མ་རིགས་དང་དཀྱིལ་འཁོར་ཀུན་གྱི་བདག༔ ཕྲིན་ལས་རིག་འཛིན་བླ་མ་དགོངས༔ སྒོ་གསུམ་སྣོད་རུང་བདག་ཅག་ལ༔ རྡོ་རྗེ་ཕུར་བའི་དབང་མཆོག་སྩོལ༔ ལན་གསུམ༔ སློབ་དཔོན་གྱིས་དྲི་བ་ནི༔ ཧོ༔ ཁྱེད་ཅག་སུ་ཡིན་རིགས་ཀྱི་བུ༔ རྡོ་རྗེ་གཞོན་ནུའི་དབང་མཆོག་ནི༔ དམ་མེད་རྣམས་ལ་སྦྱིན་མི་རུང༔ བཀའ་དང་དམ་ཚིག་བསྲུང་ནུས་སམ༔ ཞེས་དྲིས་པའི་ལན་དུ་སློབ་མས༔ ཀྱེ༔ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ ངེད་ཅག་རང་དོན་དོར་ནས་སུ༔ གཞན་ཕན་སྨོན་འཇུག་སེམས་བསྐྱེད་ཀྱིས༔ སྔགས་ཀྱི་སྡོམ་པ་ཚུལ་བཞིན་སྲུང༔ སློབ་དཔོན་གྱིས༔ ཧོ༔ དེ་ལྟར་ཡིན་ན་ཧེ་རུ་ཀའི༔ དཀྱིལ་འཁོར་འདིར་ཞུགས་སྐལ་བ་བཟང༔ ངས་ནི་རང་དོན་མཐར་ཕྱིན་ཏེ༔ ཁྱེད་ཅག་དབང་གིས་སྨིན་པར་བྱ༔ དེ་སྒོ་དྲུང་ཁྲུས་བྱས་ཤིང༔ སྒྲུབ་ཁང་ནང་མའི་སྒོ་དྲུང་འཁོད༔ སློབ་དཔོན་ཏིང་འཛིན་ང་རྒྱལ་གྱིས༔ བགེགས་ལ་བཀའ་བསྒོ་གཏོར་མ་སྦྱིན༔ ཐུན་བྲབ་གུ་གུལ་བདུག་རྗེས་སུ༔ བླ་མའི་མདུན་འཁོད་བསྲུང་འཁོར་བསྒོམ༔ མཐའ་ནས་ཡོལ་བ་བྲེས་པར་བྱ༔ ཐོག་མར་ཆོས་ཀྱི་ལོ་རྒྱུས་ནི༔ འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་རིན་པོ་ཆེ་ཚེ་འདི་ཉིད་ལ་ཅི་ནས་ཀྱང་ཐོབ་པར་བྱ༔ དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ཞུས་ནས་ཚུལ་བཞིན་དུ་ཉམས་སུ་བླང་བར་བགྱིའོ་སྙམ་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་སྔོན་དུ་བཏང་ནས་ཆོས་ཉན་པའི་ཀུན་སྤྱོད་དང་ཀུན་སློང་གི་རིམ་པ་རྣམས་སྤང་བླང་མ་འཛོལ་བའི་ངང་ནས་ལེགས་པར་གསན་འཚལ༔ གང་གསན་པར་བྱ་བའི་ཆོས་ཀྱི་རིམ་པ་ནི༔ རྒྱལ་བ་ཐབས་ལ་མཁས་ཤིང་ཐུགས་རྗེའི་བདག་ཉིད་ཅན་དེས་གདུལ་བྱ་འགྲོ་བའི་ཁམས་དབང་བསམ་པ་དང་རྗེས་སུ་མཐུན་པར་དྲང་ངེས་ཀྱི་ཆོས་སྒོ་ཇི་སྙེད་ཅི་སྙེད་ཅིག་གསུངས་པ་ལས༔ ད་ལམ་གྱི་ཆོས་དང་གང་ཟག་གི་ལོ་རྒྱུས་མདོར་བསྡུས་ཙམ་འཆད་ན༔ རྗེ་བཙུན་བརྟན་པའི་འཁོར་ལོའི་སྒྱུ་འཕྲུལ་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གི་ཐུགས་བསྐྱེད་དུས་སུ་སྨིན་ནས་སྟོན་པའི་ཞལ་སྐྱིན་ཨོ་རྒྱན་སངས་རྒྱས་གཉིས་པ་བོད་དུ་གདན་དྲངས་ཤིང་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་རྟེན་བརྟེན་པ་དང་བཅས་པ་གྲུབ་ནས་རབ་གནས་ཀྱི་མངའ་གསོལ་མཛད༔ རྒྱ་བོད་ཀྱི་པཎ་གྲུབ་ལོ་ཙ་བ་མང་པོས་མདོ་དང་སྔགས་ཀྱི་ཆོས་རྣམས་བསྒྱུར༔ ཁྱད་པར་བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་རང་བྱུང་པདྨ་རྒྱལ་པོ་དེ་ཉིད་ཀྱིས་རྒྱ་གར་གྱི་རིག་འཛིན་པྲ་བྷ་ཧསྟི་ལ༔ ཕུར་པ་བི་ཏོ་ཏ་མའི་རྒྱུད་དང་སྒྲུབ་ཐབས་དཔག་ཏུ་མེད་པ་ཞུས་པའི་ནང་ཚན༔ ཕུར་བ་གསང་བ་སྤུ་གྲི་འདི་ཉིད་ནི་རྒྱུད་ཀྱི་དགོངས་དོན་རྣམས་ཀྱི་བཅུད་ཕྱུངས་ཏེ༔ མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ་སྙིང་པོའི་བཅུད་དྲིལ་བ༔ དཔེར་ན་རྩི་ཐོག་གི་དྭངས་མ་མར་ལྟ་བུ༔ ས་ཡི་དྭངས་མ་གསེར་ལྟ་བུ༔ དབང་པོའི་དྭངས་མ་མིག་ལྟ་བུ༔ ལུས་ཀྱི་དྭངས་མ་སྙིང་ལྟ་བུ༔ གསང་བ་བས་ཀྱང་ཆེས་གསང་བའི་ཁྱད་ཆོས་འདི་ཉིད་ཀྱི་སྒོ་ནས་གུ་རུ་རིན་པོ་ཆེ་ཉིད་ཡི་དམ་གྱི་ལྷ་དང་དབྱེར་མེད་པའི་ཉམས་ལེན་མཐར་ཕྱིན་ནས༔ སླར་ཡང་མི་སྣང་བའི་རྒྱས་གདབ་པར་དགོངས་ཀྱང་གཟུངས་མ་ཡེ་ཤེས་མཚོ་རྒྱལ་དང༔ མཁར་ཆེན་དཔལ་གྱི་དབང་ཕྱུག་ལྕམ་སྲིང་གཉིས་ཀྱིས་གསེར་གྱི་མཎྚལ་ལ་གཡུ་ཡི་ཚོམ་བུ་བཀོད་དེ་ཞུས་པ༔ ཀྱཻ་མ་གུ་རུ་རིན་པོ་ཆེ༔ ཕུར་པའི་ཆོས་རྣམས་ཀུན་གྱི་བཅུད༔ གསང་བ་སྤུ་གྲིའི་སྒྲུབ་ཐབས་འདི༔ ངེད་ཅག་ལྕམ་སྲིང་རྣམ་གཉིས་ཀྱིས༔ ད་ལྟ་དངོས་གྲུབ་ཐོབ་ཕྱིར་དང༔ མ་འོངས་ལས་ཅན་འགྲོ་དོན་དུ༔ ཡང་ཟབ་མན་ངག་བསྟན་དུ་གསོལ༔ ཞེས་ཞུས་པས༔ བདག་ཉིད་ཨོ་རྒྱན་ཆེན་པོ་ཡི༔ ཡང་ཟབ་མན་ངག་དང་བཅས་པ་གནང་ཞིང༔ ལྕམ་སྲིང་ཁྱེད་གཉིས་ཀྱིས་ཆོས་འདི་གཞན་ལ་མ་སྤེལ་བར་གསང་བའི་རྒྱས་ཐོབ་ལ་རང་རང་གིས་ཉམས་ལེན་གྱིས་ཤིག༔ ཞེས་བཀའ་བསྒོས་པ་བཞིན་དཔལ་གྱི་དབང་ཕྱུག་བསྒྲགས་ཀྱི་ཡང་རྫོངས་སུ་བྱོན་ཏེ༔ སྒྲུབ་པ་ཞག་བདུན་མཛད་པའི་ནུབ་ཀྱི་ཐོ་རེངས་རི་རྩིབས་དེར་ཀིང་ཀིང་དང་ཆོམ་ཆོམ་ཟེར་བའི་སྒྲ་གཅིག་ཐོས་པས་སྤུ་ཟིང་སྐྱེ་སྟེ་མར་བལྟས་པས་ལྕགས་ཀྱི་སྤྱང་མོ་མགོ་དགུ་པ༔ ཁ་ནས་མེ་འབར་བ༔ སྣ་ནས་དུ་བ་འཐུལ་བ༔ ལྕེ་ལ་གློག་འཁྱུག་པ༔ ཁ་ནས་ཁྲག་ཏུ་སྐྱུག་པ༔ སྤུ་རྩེ་ལས་མེ་སྟག་འཕྲོ་བ་གཅིག་དཔལ་གྱི་དབང་ཕྱུག་གི་སྒྲུབ་ཁང་ལ་ཁ་གྱུ་ནས་འོང་བས་འཇིགས་པ་སྐྱེ་ཞིང་ནང་དུ་ལོག་ནས་རང་ཉིད་གསང་བ་སྤུ་གྲིའི་ལྷར་བསྒོམ་ཏེ༔ བསྙེན་ཕུར་ལག་ཏུ་ཐོགས་ནས་བསྡད་པས༔ འཚུབ་མ་ནག་པོ་ཞིག་དང་བསྡོངས་ནས་སྒོར་བྱུང་ཐག་བསྙེན་ཕུར་བསྒྲིལ་བས་ཁོ་བརྒྱལ་ཞིང་བྱི་བ་ཚོན་གང་བ་ཞིག་ཏུ་གྱུར་ཏོ༔ དེ་ནས་དཔལ་གྱི་དབང་ཕྱུག་ཏིང་ངེ་འཛིན་ལས་བཞེངས་ཏེ༔ གུ་རུ་རིན་པོ་ཆེ་བྲག་དམར་གཡའ་མ་ལུང་དུ་བཞུགས་པའི་མདུན་དུ་ཕྱིན་ཏེ༔ ལོ་རྒྱུས་ཞུས་པས་གུ་རུའི་ཞལ་ནས༔ དེ་དམ་སྲི་ཏེ་ཕུར་ནག་མོ་ཡིན་པར་འདུག་པས༔ བསད་པ་དང་མནན་པའི་ལས་ཀྱིས་འདུལ་དགོས་གསུངས་ནས་སླར་ཕུང་སྲི་མནན་པའི་ལས་ཚོགས་མཛད་ནས་ཕྱིར་དེང་ངོ༔ དེ་ལྟར་གྱི་ལོ་རྒྱུས་རྣམས་གླེང་ནས་རྗེ་ཡི་སྙན་དུ་ཐོས་པས་རྒྱལ་བློན་བཙུན་མོ་དང་བཅས་པ་གུ་རུའི་དྲུང་དུ་ལྷགས་ནས་གསེར་གཡུའི་མཎྚལ་ཕུལ་ཞིང༔ དུས་གསུམ་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་གུ་རུ་རིན་པོ་ཆེ་ཉིད་ཀྱིས་བདག་ཅག་བདག་ཅག་རྗེ་འབངས་གཞན་གྱིས་མ་ཐོས་པའི་ཟབ་ཆོས་ཞིག་དཔལ་གྱི་དབང་ཕྱུག་ལྕམ་སྲིང་གཉིས་ལ་གནང་འདུག་པས༔ བདག་ཅག་འདིར་འདུས་པ་རྣམས་ལ་བརྩེ་བར་དགོངས་ཏེ་གནང་དུ་གསོལ་ཞེས་ཞུས་པས༔ གུ་རུའི་ཞལ་ནས་ཁྲི་སྲོང་ལྡེའུ་བཙན་ཁྱོད་ཀྱིས་ཉམས་སུ་ལེན་ནུས་སམ༔ དེ་ལྟར་མི་ནུས་ན་བརྒྱུད་པ་སྤེལ་བར་མི་བྱའོ༔ ནུས་ན་ཕ་ལས་བུ་ལྷག་པ༔ གསའ་ལས་སྟག་གི་ཕྲུ་གུ་བཞིན་དུ་ཉམས་ལེན་གྱི་གདེང་ཚད་རྫོགས་པའི་དཔལ་གྱི་དབང་ཕྱུག་ལྕམ་སྲིང་གཉིས་ལས་དབང་མནོས་ཤིང༔ ཁྱོད་རང་གཅིག་པུ་ལས་གཞན་ལ་སྤེལ་བའི་གནས་མེད་དོ༔ ཞེས་གསུངས་ནས་མ་གནང་བས་རྒྱལ་པོའི་ཐུགས་དགོངས་ལ༔ དཔལ་གྱི་དབང་ཕྱུག་འབངས་ཡིན་པས་རྗེ་ཡིས་འབངས་ལ་དབང་ཞུས་ན་མི་འཐད་སྙམས་ནས༔ སེམས་ཀྱི་འཁྲུལ་འཁོར་གཞིག་པ་ལས༔ ཡང་ཅིག་ཐུགས་དགོངས་ལ༔ དེ་ལྟར་བཀའ་བབས་དང་ལྡན་པ་ཞིག་ཡིན་ན་དབང་ཞུས་ན་རུང་ངམ་སྙམས་ཤིང༔ དང་པོ་ཐོ་འཚམས་ཤིག་བྱས་ཏེ་དམིགས་ནུས་ཀྱི་གཟེར་ཡོད་མེད་བལྟ་དགོས་ཐུགས་ལ་ཤར་ཏེ༔ ཉི་ཤར་ཙ་ན་ཕོ་བྲང་ལ་གཤེགས་སོ༔ དེའི་ནུབ་ཀྱི་ཐོ་རེངས་ཁར་ཨ་ཙ་ར་མིག་འཕྲུལ་དང་ལྡན་པ་ཞིག་ཡོད་པ་དེ་ཉིད་ལ་ཁྱོད་མི་མ་ཡིན་གྱི་གཟུགས་ཤིག་བརྫུས་ལ་ཡེ་ཤེས་མཚོ་རྒྱལ་སྟག་ཚང་སེང་གེ་བསམ་གྲུབ་ཏུ་ཡོད་པའི་སྒྲུབ་ཁང་དུ་སོང་ལ༔ ཐོ་འཚམས་སྣ་ཚོགས་གྱིས་ཤིག་ཅེས་བཀའ་བསྒོས་ནས་གསེར་གྱི་པ་ཏྲ་ཞིག་བྱིན་པས་ཁོ་མཉེས་ཤིང་དེ་ལྟར་བྱེད་པར་ཁས་བླངས་ནས་ལྕགས་ཀྱི་ཕོ་རོག་ནག་པོ་འཇིགས་སུ་རུང་བ་ཟངས་ཀྱི་མཆུ་ཡོད་པ༔ སྤུ་གྲིའི་གཤོག་པ་གདེངས་བ༔ ལྕགས་ཀྱི་སྡེར་མོ་བགྲད་པ༔ ཁ་ནས་མི་སྙན་པའི་སྒྲ་སྣ་ཚོགས་སྒྲོགས་པ་ཞིག་ཏུ་སྤྲུལ་ནས་ཡེ་ཤེས་མཚོ་རྒྱལ་ཕུར་བའི་ཏིང་ངེ་འཛིན་བསྒོམ་པའི་གན་དུ་སོང་ངོ༔ ཁོས་མཚོ་རྒྱལ་གྱི་བསྙེན་ཕྲེང་ལག་ནས་འཕྲོག་ཏེ་མཁའ་ལ་འཕུར་ནས་རྒྱལ་པོ་ལ་བདེན་རྟགས་སུ་སྟོན་དགོས་སྙམས་ནས་འཕུར་ཚེ༔ ཡེ་ཤེས་མཚོ་རྒྱལ་གྱིས་ཕུར་པའི་རྩ་སྔགས་བརྗོད་ཅིང་བསྡིགས་མཛུབ་ལས་ཕུར་གཟིར་བས༔ ཁོ་སྟེང་འོག་བསྒྱུར་ཞིང་མཚོ་རྒྱལ་གྱི་སྒོ་དྲུང་དུ་ལྷུང་འོང་བས་ཆོ་འཕྲུལ་ཅི་ཡང་མ་ནུས་པ་སྔར་གྱི་ཨ་ཙ་རའི་གཟུགས་སུ་གྱུར་ཏོ༔ དེ་ནས་མཚོ་རྒྱལ་གྱིས་ལས་བཞིའི་ཕྱག་རྒྱས་འགུགས་འཆིང་སྡོམ་མྱོས་བྱས་ནས༔ ཁྱོད་སུའི་ཆོ་འཕྲུལ་ཡིན་ཞེས་དྲིས་པས་ཁོ་རྗེ་ཡིས་བཏང་བ་ཡིན་ཞེས་རང་མཚང་སྨྲས་སོ༔ དེར་ཨ་ཙ་ར་བཏང་བས་རྒྱལ་པོའི་དྲུང་དུ་ཕྱིན་ཏེ་ལོ་རྒྱུས་ཞིབ་ཏུ་ཞུས་པས༔ རྗེ་ཡི་ཐུགས་ལ་ཡིད་ཆེས་དང་ངེས་ཤེས་ཀྱི་མྱུ་གུ་འཁྲུངས་ནས༔ དེ་བཤགས་པ་བྱེད་ཅིང་༔ གུ་རུའི་བཀའ་བཞིན་ལྕམ་སྲིང་གཉིས་ཀྱི་དྲུང་དུ་ཕྱིན་ནས་དབང་ཞུ་ཐུགས་ལ་དགོངས་ཏེ་དཔལ་གྱི་དབང་ཕྱུག་མཆེད་ལྕམ་གཉིས་དབུ་རྩེ་རིམ་གསུམ་དུ་གདན་དྲངས་ནས་བཤགས་པ་བྱས་ཏེ༔ རིན་པོ་ཆེ་སྣ་ཚོགས་ཀྱི་མཎྚལ་ཕུལ་ཞིང་ཕུར་བ་གསང་བ་སྤུ་གྲིའི་དབང་ཞུས་ནས༔ སླར་རྒྱལ་པོས་ཐུགས་དམ་མཛད་དེ་བསམ་ཡས་མཆིམས་ཕུར་སྒྲུབ་པ་བྱས་པའི་ཚེ༔ གཏོར་མ་ཞག་ཏུ་འཁྱིལ་ཞིང་༔ བར་ཆད་བཟློག་པའི་ལྟས་མང་དུ་བྱུང༔ སླར་གུ་རུའི་ཞལ་ནས༔ ཁྱད་དུ་འཕགས་པའི་ཆོས་འདི་ཉིད་ད་ལྟ་ཀུན་ལ་སྤེལ་བའི་གནས་མེད་ཀྱི༔ མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ༔ གངས་ཅན་ལྗོངས་ཀྱི་ཤར་གྱི་ཕྱོགས༔ མདོ་སྨད་ས་ཡི་ཐིག་ལེ་ཆེ༔ ང་ཡིས་བྱིན་རླབས་སྒྲུབ་གནས་སུ༔ མི་སྣང་ཟབ་མོ་གཏེར་དུ་སྦོས༔ ཞེས་གསུངས་པ་བཞིན་འཕྲུལ་གྱི་ཡི་གེར་བཏབ་ནས་མཚོ་རྒྱལ་མིང་སྲིང་གཉིས་ཀྱིས་ཟག་མེད་མི་ཤིགས་པའི་རྒྱས་བཏབ་ཏེ༔ གཏེར་བསྲུང་དཀར་མོ་ཉི་ཟླ་སོགས་ཕུར་སྐྱོང་བསྲུང་མའི་ཚོགས་ལ་གཉེར་དུ་གཏད་ནས་གཏེར་དུ་སྦས་པ་དེ་ཉིད་ཨོ་རྒྱན་ཆེན་པོའི་ལུང་བྱང་དུས་རྟགས་དང་མཐུན་པར་མཁར་ཆེན་ལོ་ཙཱ་དཔལ་གྱི་དབང་ཕྱུག་ལྕམ་སྲིང་ཟུང་འཇུག་གི་སྒྱུ་འཕྲུལ་ཁམས་དབུས་གཙང་གསུམ་ཀུན་ཏུ་མཚན་ཉི་ཟླ་ལྟ་བུར་གྲགས་ཤིང༔ གུ་རུ་རིན་པོ་ཆེའི་གསང་བ་གསུམ་དང་དབྱེར་མེད་པའི་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གསང་སྔགས་གླིང་པ་ཞེས་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་དེ་ཉིད་ཀྱིས་ཤར་ཕྱོགས་རྒྱལ་མོ་རོང་གི་ཉེ་ཆར་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོའི་གཡས་ཟུར་བྲག་རི་སེང་ཆེན་འགྱིངས་འདྲའི་ལྟོ་བ་ནས་གུ་རུ་རིན་པོ་ཆེས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྔགས་པའི་སྐལ་ལྡན་ཆོས་ཀྱི་བདག་པོ་དུ་མ་དང༔ འདུས་པ་གྲངས་ལས་འདས་པའི་དབང་པོའི་མངོན་སུམ་དུ་རྟེན་འབྲེལ་གོ་མ་ལོག་པར་ངོ་མཚར་རྨད་དུ་བྱུང་བའི་ལྟས་དུ་མ་དང་བཅས་ཏེ་གདན་དྲངས་བའི་ཟབ་ཆོས་རྡོ་རྗེ་ཕུར་བ་གསང་བ་སྤུ་གྲིའི་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན་པས༔ དེ་ལ་སློབ་དཔོན་གྱི་བགྱི་འོས་དང་སློབ་མའི་བགྱི་འོས་གཉིས་སུ་ཡོད་པ་ལས༔ དང་པོ་ནི་སྔོན་དུ་གྲུབ་པར་བགྱིས་ནས༔ ད་ཁྱོད་རང་གི་ངོ་སྐལ་དུ་གྱུར་པ་ལ་ལྷ་དང་བླ་མ་དབྱེར་མེད་པའི་ངེས་ཤེས་དང་ལྡན་པའི་སྒོ་ནས་ཞིང་ཁམས་འབུལ་བར་ཞུ༔ མཎྚལ་ཕུལ་ལ༔ གསོལ་བ་གདབ་པ་ནི༔ ཧོ༔ རིགས་དང་དཀྱིལ་འཁོར་ཀུན་གྱི་བདག༔ བླ་མ་དཔལ་ཆེན་ཧེ་རུ་ཀས༔ རྡོ་རྗེ་ཕུར་པའི་དབང་བཞི་ཡིས༔ བདག་རྒྱུད་སྨིན་གྲོལ་དངོས་གྲུབ་སྩོལ༔ ལན་གསུམ༔ སྐྱབས་སེམས་སྔོན་འགྲོའི་སྐབས་ལྟར་རྗེས་ཟློས་དང་བཅས་ལན་གསུམ་བརྗོད༔ ཡན་ལག་བདུན་པ་ནི༔ ཧོ༔ སྲིད་པ་རྡོ་རྗེ་ཕུར་བའི་ལྷར༔ གཉིས་མེད་ཚུལ་གྱིས་གུས་ཕྱག་འཚལ༔ ཀུན་བཟང་མཆོད་སྤྲིན་རྒྱ་མཚོ་འབུལ༔ སྡིག་ལྟུང་འདུས་མ་བྱས་ངང་བཤགས༔ ཟག་མེད་དགེ་ལ་རྗེས་ཡི་རང༔ གདོད་མའི་ཀློང་དུ་རྟག་བཞུགས་ནས༔ དོན་དམ་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་ཚོགས་འོད་གསལ་དབྱིངས་སུ་བསྔོ༔ རང་བྱུང་ཡེ་ཤེས་སྐུ་ཐོབ་ཤོག༔ ཞེས་རྗེས་ཟློས་བྱ༔ སླར་ཡང་སྡོམ་པ་བཟུང་བ་ནི༔ ཧོ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་དགོངས༔ བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ མཐའ་ཡས་འགྲོ་བ་ཀུན་དོན་དུ༔ སོ་ཐར་བྱང་སེམས་སྔགས་སྡོམ་རྣམས༔ ངོ་བོ་གནས་འགྱུར་ཅིག་ཤར་བཟུང༔ གནད་ཀྱི་མི་འགལ་ཡོན་ཏན་འཕེལ༔ དུས་སྐབས་གང་གཙོའི་ཕྱག་ལེན་ལ༔ རྣལ་འབྱོར་བདག་གིས་འདེབས་པར་བགྱི༔ སྡོམ་བཟུང་ལན་གསུམ་རྗེས་ཟློས་བྱ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ ཞེས་མིག་དར་གཏད༔ ཨོཾ་ཨ་ཁཾ་ཝི་ར་ཧཱུྃ༔ ཞེས་མེ་ཏོག་གཏད༔ དེ་ནས་ཡེ་ཤེས་དབབ་པ་ནི༔ སྒྱུ་ལུས་ཡི་དམ་ལྷ་རུ་གསལ༔ ཞེས་གསུངས་པས་ན༔ དེ་ནས་ཡེ་ཤེས་དབབ་པའི་སླད་དུ་དམིགས་པ་འདི་བཞིན་དུ་མཛོད་ཅིག༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་དྷརྨ་དྷརྟུ་ཨཏྨ་ཀོ྅ཧཾ༔ ཕྱི་ནང་གི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་ཀྱི་དབྱིངས་ལས་ཁྱེད་རང་རྣམས་གང་དུ་གནས་པའི་གོ་སར་པདྨ་ཉི་ཟླ་རུ་ཏྲ་ཕོ་མོའི་རོ་བསྣོལ་བའི་སྟེང་དུ་རིག་པ་ཡེ་ཤེས་ཀྱི་རང་རྩལ་ཧཱུྃ་ཡིག་མཐིང་ནག་མེ་རི་འབར་བ་ཞིག་ཆད་དེ་ཡོངས་སུ་གྱུར་པ་ལས་སློབ་བུ་ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཞལ་གསུམ་ཕྱག་དྲུག་ཞབས་བཞི་འདོར་སྟབས་སུ་བགྲད་པ༔ གཡས་དཀར་གཡོན་དམར་དབུས་ཞལ་མཐིང་ནག་རྔམ་ཞིང་ཁྲོས་པ༔ སྤྱན་དགུ་སྡང་མིག་ཁྲག་ལྟར་གཡོ་བ༔ སྨ་ར་སྨིན་མ་ཨག་ཚོམ་ལས་མེ་སྟག་འཕྲོ་བ༔ ཞལ་གདངས་ཤིང་ལྗགས་འདྲིལ་བ༔ མཆེ་བ་གཙིགས་ཤིང་རྐན་སྒྲ་རྡེབ་པ༔ ཐོད་སྐམ་ལྔ་ཡིས་དབུ་རྒྱན་དང༔ ཐོད་པ་ཁྲག་འཛག་པ་ལྔ་བཅུའི་དོ་ཤལ་སྤྲས་པ༔ དབུ་སྐྲ་དམར་སེར་མེ་ཡི་ཚྭ་ཚྭ་འཕྲོ་བ༔ ཕྱག་དང་པོ་གཉིས་ཀྱིས་གྲི་གུག་དང་ཐོད་ཁྲག་ཐུགས་ཀར་བསྣོལ་བ༔ བར་མ་གཉིས་ན་ཕུར་བུ་དང་རལ་གྲི་འཛིན་པ༔ ཐ་མ་གཉིས་ཀྱིས་ཁ་ཊྭཾ་དང་སྡིག་པ་མགོ་དགུ་པ་བསྡམས་ནས་འཛིན་པའོ༔ གླང་ཆེན་གྱི་ཀོ་བ་རློན་པས་སྟོད་གཡོགས་ཤིང༔ སྟག་གི་པགས་པའི་ཤམ་ཐབས་མནབ་པ༔ ཞིང་ཆུང་གི་སྐུ་རགས་དང་སྦྲུལ་གྱི་ཆུན་པོས་བརྒྱན་པ༔ དཔལ་གྱི་ཆས་བཅུ་དང་དུར་ཁྲོད་ཀྱི་ཆས་བརྒྱད་རྫོགས་པ༔ སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་གར་ཧཱུྃ་མཐིང་ཀ་ལས་འཕྲོས་པའི་འོད་ཟེར་དང༔ དཀྱིལ་འཁོར་གྱི་བདག་པོ་བླ་མའི་ཐུགས་ཀ་ནས་འཕྲོས་པའི་འོད་ཟེར་གྱིས་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་པདྨ་འབྱུང་གནས་ལ་སོགས་བརྒྱུད་པའི་བླ་མ་རྣམས་དང༔ མདོར་ན་ཡི་དམ་རྒྱུད་སྡེ་བཞི་དང་ཐེག་པ་རིམ་དགུས་བསྡུས་པའི་དཀྱིལ་འཁོར་གྱི་ལྷ་ཚོགས༔ མ་སྲིང་མཁའ་འགྲོ་དམ་ཅན་བསྲུང་མ་དང་བཅས་པ་ཐམས་ཅད་རྡོ་རྗེ་ཕུར་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལྷར་གསལ་བ་ལ་ཐིམ་པས༔ རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་བདག་ཉིད་དུ་དབང་འབྱོར་བར་མོས་ལ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱཀྐི་ནི་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་དྷཀྐི་ནི་ས་མ་ཡ་ཧྲིཾ་ཧྲིཾ་ཕེཾ་ཛ༔ ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱ༔ སྤོས་དང་ཚིལ་ཆེན་གུ་གུལ་བསྲེག༔ གདུང་རྔ་རོལ་མོ་དབྱངས་དང་བཅས༔ ཧཱུྃ༔ ཆོས་དབྱིངས་སྤྲོས་དང་བྲལ་བའི་ཕོ་བྲང་ནས༔ སྐུ་གསུམ་རྒྱལ་བ་རབ་འབྱམས་མ་ལུས་དང༔ ཡི་དམ་མཁའ་འགྲོ་དམ་ཅན་བསྲུང་མའི་ཚོགས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་རྣམས༔ ཐུགས་རྗེའི་དབང་གིས་སྤྱན་འདྲེན་གཤེགས་སུ་གསོལ༔ ཁྱེད་ཀྱི་གསང་བ་གསུམ་གྱི་དཀྱིལ་འཁོར་ནས༔ སྲིད་པ་ཕུར་བུ་སྒྲུབ་པའི་རིག་འཛིན་ལ༔ འགྱུར་མེད་སྐུ་ཡི་བྱིན་ཆེན་དབབ་ནས་ཀྱང༔ རྡོ་རྗེ་གཞོན་ནུའི་ལྷ་རུ་བྱིན་གྱིས་རློབས༔ འགགས་མེད་གསུང་གི་བྱིན་ཆེན་དབབ་ནས་ཀྱང༔ སྒྲ་གྲགས་ཕུར་བའི་སྔགས་སུ་བྱིན་གྱིས་རློབས༔ འཁྲུལ་མེད་ཐུགས་ཀྱི་བྱིན་ཆེན་དབབ་ནས་ཀྱང༔ གདོད་མའི་ཧེ་རུ་ཀ་རུ་བྱིན་གྱིས་རློབས༔ ཡོན་ཏན་ཕྲིན་ལས་བྱིན་གྱིས་བརླབས་ནས་ཀྱང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ས་མ་ཡ་ཛ་ཛ༔ བརྟན་བཞུགས་ནི༔ སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ༔ པུཥྤེ་པྲ་ཏིཙྪ་ཧོ༔ ལྷ་ངོ་བསྟན་པ་ནི༔ འོ་འདི་ན་སྣང་བའི་ཡུལ་ཐམས་ཅད་སྲིད་པ་རྡོ་རྗེ་ཕུར་པ་མ་བསྒྲུབ་ཡེ་གྲུབ་ཀྱི་དཀྱིལ་འཁོར་ཡེ་ནས་ཡིན་པ་ལ་གཙོ་དང་འཁོར་གྱི་བྱེ་བྲག་དང་དཀྱིལ་འཁོར་གསུམ་གྱི་རྣམ་གྲངས་སོགས་ཐ་དད་དུ་མ་ངེས་ཀྱང༔ གདུལ་བྱའི་མོས་བློ་དང་མཐུན་པའི་ཕྱིར་བུམ་པ་སོགས་ཡོ་བྱད་ལྷར་གསལ་བ་ནི་ཕྱི་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཡིན་ནོ༔ སྒྱུ་ལུས་ལྷ་སྐུར་སྒོམ་པ་དང༔ སྒྲ་གྲགས་སྔགས་ཀྱི་རང་བཞིན༔ དྲན་རྟོག་རྡོ་རྗེ་གཞོན་ནུའི་ཡེ་ཤེས་ཀྱི་རོལ་བར་གསལ་བ་ནི་ནང་དོན་དམ་རང་བྱུང་གི་དཀྱིལ་འཁོར་དང་རིག་པའི་རྩལ་སྟོང་ཞིང་མ་འགག་པ་གསལ་ཞིང་ངོས་བཟུང་དང་བྲལ་བ་སྨྲ་བསམ་བརྗོད་དུ་མེད་པ་ཅིས་ཀྱང་མ་བསླད་པའི་ངོ་བོ་ནི་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་འབྲས་བུ་སྟེ་གསང་བ་རང་བཞིན་ལྷུན་གྲུབ་ཀྱི་དཀྱིལ་འཁོར༔ ཆོས་ཐམས་ཅད་ཀྱི་དབྱིངས༔ སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་སྟེ་དེ་ལྟར་ངོ་ཤེས་པར་གྱིས་ལ་ལྷ་དང་རིག་པ་དབྱེར་མི་ཕྱེད་པར་གཟུགས་དང་མེ་ལོང་གི་སྣང་ཆ་བཞིན་རང་སེམས་ཀྱི་རྩལ་ཡིན་པར་ངོས་ཟུངས་ཤིག༔ དངོས་གཞིའི་དབང་དོན་དུ་མཎྚལ་ཕུལ་ལ་གསོལ་བ་གདབ་པ་ནི༔ ཨོཾ༔ ནམ་མཁའི་རྡོ་རྗེས་རྒྱལ་བ་ལྔར༔ དབང་མཆོག་ཇི་ལྟར་སྩལ་བ་བཞིན༔ ཡེ་ཤེས་ཆེན་པོའི་བརྡ་ཡི་དབང༔ རིག་འཛིན་བདག་ལ་དེང་འདིར་སྩོལ༔ ལན་གསུམ༔ དེ་ལྟར་གསོལ་བ་གདབ་པས༔ སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་དབྱེར་མེད་པའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྣམས་རྡོ་རྗེ་ཕུར་བའི་དབང་གི་ལྷའི་དཀྱིལ་འཁོར་གྱི་རྣམ་པར་མདུན་གྱི་ནམ་མཁར་ཨོཾ་བཛྲ་ས་མ་ཛ༔ ཞེས་སྤྱན་དྲངས་ལ༔ སློབ་དཔོན་གྱི་ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་རྣམས་ཀྱིས་ཀུན་ཏུ་བཟང་པོའི་མཆོད་པའི་སྤྲིན་གྱི་ཕུང་པོ་དཔག་ཏུ་མེད་པ་ཐོགས་ཏེ་དབང་ལྷ་རྣམས་མཆོད་ཅིང་བསྟོད་པར་གྱུར་བར་བསམ་ལ༔ ཧཱུྃ༔ ནམ་མཁའ་གང་བའི་ལྷ་ཚོགས་ལ༔ རང་བྱུང་སྤྲུལ་བའི་ལྷ་མོའི་ཚོགས༔ མེ་ཏོག་བདུག་སྤོས་མར་མེ་དང༔ དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ སྨན་རཀ་གཏོར་གསུམ་ལ་སོགས་པའི༔ ཕྱི་ནང་གསང་བའི་མཆོད་པའི་སྤྲིན༔ རབ་འབྱམས་ནམ་མཁའི་མཐའ་ཀླས་འབུལ༔ མི་ཤིགས་ན་དཱའི་དབྱངས་ཀྱིས་བསྟོད༔ ཨརྒྷཾ༴སོགས། ཤཔྟ་མ་ཧཱ་པུ་ཛ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ སློབ་དཔོན་གྱིས་ཐལ་མོ་སྦྱར་ལ་གསོལ་བ་འདེབས་པ་ནི༔ རྡོ་རྗེ་ཅན་གྱི་སངས་རྒྱས་ལ༔ འགྲོ་བ་སྐྱོབས་པའི་ཆེད་དུ་དབང༔ ཡོན་ཏན་འབྱུང་ཇི་ལྟར་སྩལ༔ དེ་ལྟར་འདི་ལའང་སྩལ་དུ་གསོལ༔ མེ་ཏོག་འཐོར༔ རོལ་མོ་འཁྲོལ་ཞིང་བུམ་དབང་ནི༔ ཧཱུྃ༔ བུམ་པ་མཚན་ཉིད་ཡོངས་རྫོགས་པ༔ ཧེ་རུ་ཀ་ཡི་ཕོ་བྲང་སྟེ༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་རོ༔ ལུས་ཀྱི་སྒྲིབ་པ་དག་ནས་ཀྱང༔ རྡོ་རྗེའི་སྐུ་རུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ བུམ་པ་སྤྱི་བོར་བཞག་ཅིང་བདུད་རྩི་བླུད༔ གསང་དབང་བསྐུར་བ་ནི༔ བླ་མ་ཡབ་ཡུམ་ཀྱི་བྱང་སེམས་ཐོགས་ལ༔ ཧཱུྃ༔ མཚན་དང་ལྡན་པའི་ཀཱ་པ་ལར༔ རིགས་ལྔ་ཡབ་ལྔའི་ཕོ་བྲང་ནང༔ ཡུམ་ལྔའི་བདུད་རྩི་ཞག་ཏུ་བསྐྱིལ༔ ཐབས་ཤེས་བྱང་སེམས་དབང་བསྐུར་རོ༔ ངག་གི་སྒྲིབ་པ་དག་ནས་ཀྱང༔ ངག་གི་སྒྲིབ་པ་དག་ནས་ཀྱང༔ འགགས་མེད་གསུང་མཆོག་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཝཀྐ་ཨ་བྷི་ཥིཉྩ་ཨ༔ མགྲིན་པར་བཞག་ཅིང་བདུད་རྩི་བླུད་ལ་སྒྲུབ་ཕུར་ཐོགས༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་དཔལ༔ ཡི་དམ་རྡོ་རྗེ་གཞོན་ནུ་ཡི༔ བསྒྲུབ་པའི་ཕུར་བུའི་དབང་བསྐུར་རོ༔ གཟུང་འཛིན་རྟོག་པ་རབ་དག་ནས༔ ཕུར་བའི་ཐུགས་སུ་འགྲུབ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག་ཅིང་བསྒྲིལ་དུ་བཅུག༔ དེ་ནས་དཔལ་གྱི་ཆས་བཅུ་ཐོགས་ལ༔ ཧཱུྃ༔ མི་དགེ་བཅུ་པོ་འཇོམས་པའི་བརྡ༔ དཔལ་གྱི་ཆས་བཅུའི་དབང་བསྐུར་རོ༔ ཉོན་མོངས་བཅུ་པོ་གནས་དག་ནས༔ སྐུ་ལྔ་ཡེ་ཤེས་ལྔ་འགྲུབ་ཤོག༔ ཛྙཱ་ན་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ དཔལ་གྱི་ཆས་བཅུ་ལུས་ལ་གསོལ༔ དུར་ཁྲོད་ཆས་བརྒྱད་ཐོགས་ལ༔ ཧཱུྃ༔ རྣམ་ཐར་བརྒྱད་དང་ལྡན་པའི་བརྡ༔ དུར་ཁྲོད་ཆས་བརྒྱད་དབང་བསྐུར་རོ༔ རྟོག་ཚོགས་བརྒྱད་པོ་རབ་དག་ནས༔ དཔལ་གྱི་སྐུ་རུ་འགྲུབ་པར་ཤོག༔ བཛྲ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ ཞེས་དུར་ཁྲོད་ཆས་བརྒྱད་གསོལ༔ ཐོད་སྐམ་རིགས་ལྔའི་དབུ་རྒྱན་ཐོགས་ལ༔ ཧཱུྃ༔ དུག་ལྔའི་རྟོག་པ་འཇོམས་པའི་བརྡ༔ ཐོད་སྐམ་དབུ་རྒྱན་དབང་བསྐུར་རོ༔ དབང་ལྔའི་འཛིན་རྟོག་རབ་དག་ནས༔ ཁྲག་འཐུང་རིགས་ལྔའི་སྐུ་འགྲུབ་ཤོག༔ ཤྲི་བཛྲ་ཀུ་མ་ར་ཨ་བྷི་ཥིཉྩ་མཾ༔ ཞེས་ཐོད་སྐམ་དབུ་རྒྱན་གསོལ༔ ཐོད་རློན་ཕྲེང་བ་ཐོགས་ལ༔ ཧཱུྃ༔ འདུ་བྱེད་ལྔ་བཅུ་འཇོམས་པའི་བརྡ༔ ཐོད་རློན་ཕྲེང་བའི་དབང་བསྐུར་རོ༔ བདག་འཛིན་འཁྲུལ་བ་རབ་དག་ནས༔ ཕྲིན་ལས་དྲག་པོའི་དབང་ཐོབ་ཤོག༔ ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ ཅེས་མགོ་ཕྲེང་བསྐོན་ཞིང༔ སྦྲུལ་ཆུན་ཐོགས་ལ༔ ཧཱུྃ༔ རིགས་ལྔའི་ཀློང་ནས་འདུལ་བའི་བརྡ༔ སྦྲུལ་ཆུན་རྣམ་ལྔས་དབང་བསྐུར་རོ༔ ནད་གདོན་བར་ཆད་ཀུན་བསལ་ནས༔ རིགས་སྔགས་བདག་པོའི་དབང་ཐོབ་ཤོག༔ ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ གླང་གོས་དང་སྟག་ཤམ་བསྐོན་ལ༔ དེ་ནས་དཔལ་ཆེན་ཡབ་ཡུམ་སྐུ་ཐོགས་ལ༔ ཧཱུྃ༔ རྒྱལ་བའི་གདུང་འཚོབ་སློབ་བུ་ལ༔ རྡོ་རྗེ་གཞོན་ནུ་ཡབ་དང་ཡུམ༔ ཡི་དམ་ལྷ་ཡི་དབང་བསྐུར་བས༔ སྲིད་པའི་ཕུར་བུ་འགྲུབ་པར་ཤོག༔ རྩ་སྔགས་ཤམ༔ སརྦ་ཨ་བྷི་ཥིཉྩ་མཾ༔ སྲས་མཆོག་རིགས་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ ཞི་རྒྱས་དབང་དྲག་ལས་མཛད་པའི༔ སྲས་མཆོག་རིགས་བཞི་ཡབ་ཡུམ་གྱི༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ལས་བཞིའི་ཕྲིན་ལས་འགྲུབ་པར་ཤོག༔ བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ཨ་བྷི་ཥིཉྩ་མཾ༔ ཁྲོ་བཅུའི་སྐུ་ཐོགས་ལ༔ ཧཱུྃ༔ དུག་ལྔ་འཇོམས་མཛད་ཁྲོ་བོའི་སྐུ༔ ཁྲོ་བཅུ་ཡབ་ཡུམ་དབང་བསྐུར་རོ༔ ཕྱོགས་བཅུའི་དྲེགས་པ་ཚར་བཅད་ནས༔ ལོག་འདྲེན་འདུལ་བའི་དབང་ཐོབ་ཤོག༔ ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་ཧཱུྃ༔ ཀོ་སེང་བཅུ་དྲུག་གི་སྐུ་ཐོགས་ལ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་བཀའ་སྡོད་ཚོགས༔ གནས་ཀྱི་ཀོ་རི་མ་མོ་བརྒྱད༔ ཡུལ་གྱི་སེང་ཧ་ཕྲ་མེན་བརྒྱད༔ ལས་བྱེད་ཕོ་ཉའི་དབང་བསྐུར་རོ༔ ཕྲིན་ལས་ཐོགས་མེད་འགྲུབ་པར་ཤོག༔ ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ མཁའ་འགྲོ་སོ་གཉིས་སྐུ་ཐོགས་ལ༔ ཧཱུྃ༔ གནས་དང་ཡུལ་གྱི་དབང་ཕྱུག་ཆེ༔ མཁའ་འགྲོ་སོ་གཉིས་དབང་བསྐུར་བས༔ ཞིང་བཅུའི་བསྟན་དགྲ་ལོག་འདྲེན་ཀུན༔ ཚར་གཅོད་དྲག་པོའི་དབང་ཐོབ་ཤོག༔ སརྦ་ཌཱཀྐི་ནི་ཨ་བྷི་ཥིཉྩ་ཧཱུྃ༔ གིང་ཆེན་བཅོ་བརྒྱད་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་གྱི་བཀའ་སྡོད་ཕོ་ཉའི་ཚོགས༔ གིང་ཆེན་བཅོ་བརྒྱད་དབང་བསྐུར་བས༔ ཕྱི་ནང་གསང་བའི་བར་ཆད་ཀུན༔ བསྲུང་ཞིང་བཟློག་པའི་དབང་ཐོབ་ཤོག༔ ཀིང་ཀ་ར་ཨ་བྷི་ཥིཉྩ་ཧཱུྃ༔ དབང་ཕྱུག་ཉེར་བརྒྱད་སྐུ་ཐོགས་ལ༔ ཧཱུྃ༔ གནས་ཡུལ་ཞིང་སྐྱོང་ཌཱཀྐིའི་ཚོགས༔ དབང་ཕྱུག་ཉེར་བརྒྱད་དབང་བསྐུར་རོ༔ མི་མཐུན་བར་ཆད་རྐྱེན་རྣམས་ཀུན༔ རྡུལ་དུ་བརླག་པའི་དབང་ཐོབ་ཤོག༔ བྷྱོ་བྷྱོ་ཨ་བྷི་ཥིཉྩ་ཧཱུྃ༔ ཁྲ་ཐབས་ཉི་ཤུའི་སྐུ་ཐོགས་ལ༔ ཧཱུྃ༔ ཐབས་ཤེས་ཁྲོ་བཅུ་ཡབ་ཡུམ་སྤྲུལ༔ ཁྲ་ཐབས་ཉི་ཤུའི་དབང་བསྐུར་བས༔ སྟེང་འོག་ཕྱོགས་བཞི་མཚམས་བརྒྱད་ཀྱི༔ དགྲ་བགེགས་སྒྲོལ་བའི་དབང་ཐོབ་ཤོག༔ ཧེ་ཧེ་ཨ་བྷི་ཥིཉྩ་ཧཱུྃ༔ སྒོ་མ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ གཞལ་ཡས་སྒོ་བཞི་བསྲུང་མཛད་པའི༔ སྒོ་མ་བཞི་ཡི་དབང་བསྐུར་རོ༔ ཕྱོགས་བཞིའི་དམ་སྲི་ཀུན་བསྒྲལ་ནས༔ ཚད་མེད་བཞི་ཡི་དབང་ཐོབ་ཤོག༔ ཛ༔ཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་མཾ༔ ཁྱུང་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་སྤྲུལ་པའི་བྱ་ཁྱུང་ཆེ༔ ག་རུ་ཎ་ཡི་དབང་བསྐུར་བས༔ ཀླུ་སོགས་སྡེ་བརྒྱད་དྲེགས་པའི་དཔུང༔ གཏན་ནས་གཞོམ་ཤིང་བརླག་པ་དང༔ གང་ལ་ཐོགས་མེད་དབང་ཐོབ་ཤོག༔ གྷ་རུ་ཊ་ཨ་བྷི་ཥིཉྩ་མཾ༔ དེ་ནས་གསུང་དབང་བརྡ་ཡིག་པོ་ཏི་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ རྒྱུད་ལུང་མན་ངག་ཐམས་ཅད་ཀྱི༔ བཅུད་བསྡུས་གསང་བའི་བརྡ་ཡིག་གིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ དཔལ་ཆེན་གསུང་གི་དབང་ཐོབ་ཤོག༔ ཀཱི་ལ་ཡ་ཝཀྐ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རིག་མ་དངོས་སམ་གཟུགས་བརྙན་ཐོགས་ལ༔ ཧཱུྃ༔ རྒྱལ་ཀུན་ས་ལམ་བསྒྲོད་པའི་ལམ༔ ཤེས་རབ་རིག་མ་མཚན་ལྡན་འདི༔ གསང་བའི་གྲོགས་སུ་སྦྱིན་པ་ཡིས༔ ཤེས་རབ་ཡེ་ཤེས་དབང་ཐོབ་ནས༔ རྒྱལ་ཀུན་ཐུགས་སུ་སྨིན་པར་ཤོག༔ པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་ཧཱུྃ༔ རྡོ་རྗེ་སེམས་དཔའི་མེ་ལོང་ཤེལ་རྡོ་ཟུར་དྲུག་ཐོགས་ལ༔ ཧཱུྃ༔ དུས་གསུམ་རྒྱལ་ཀུན་དགོངས་པ་སྟེ༔ སྨྲ་བསམ་བརྗོད་མེད་དེ་བཞིན་ཉིད༔ མ་བསྒོམ་ངེས་པ་དེ་བཞིན་ཉིད༔ གདོད་མའི་གཤིས་ཀྱི་ངོ་བོ་ལ༔ སྔོན་བསུ་རྗེས་དཔྱོད་མ་བྱེད་ལྷོད༔ དཔེར་ན་ཤེལ་ལས་འཇའ་ཚོན་བཞིན༔ སྟོང་ལ་གསལ་བའི་ངོ་བོ་ནི༔ རྒྱལ་ཀུན་དགོངས་པར་ངོས་ཟུངས་ཤིག༔ ཨ་པྲཛྙཱ་ཛྙཱ་ན་ཨ་བྷི་ཥིཉྩ་མཾ༔ བུམ་དབང་ལ་སོགས་དབང་བཞིའི་ཡེ་ཤེས་ཀྱི་ངོ་བོ་ངོ་སྤྲད་ལ༔ དཔའ་བོ་ཤ་ལྔ་ཐོགས་ལ༔ ཧཱུྃ༔ སྔོན་ཚེ་བདེ་གཤེགས་རིགས་ལྔ་ཡིས༔ ཡེ་ཤེས་རྫས་སུ་བྱིན་བརླབས་པའི༔ ཤ་ལྔ་དཔའ་བོ་ཐབས་ཀྱི་རྫས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ སྟོང་ཉིད་ཆོས་སྐུ་རྟོགས་པར་ཤོག༔ ཧཱུྃ་ཧཱུྃ་ཨ་བྷི་ཥིཉྩ་མཾ༔ བདུད་རྩི་ལྔ་ཐོགས་ལ༔ ཧཱུྃ༔ སྔོན་ཚེ་དབྱིངས་ཕྱུག་ཡུམ་ལྔ་ཡིས༔ ཡེ་ཤེས་རྫས་སུ་བྱིན་བརླབས་པའི༔ བདུད་རྩི་ལྔ་ནི་ཐབས་ཀྱི་རྫས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ སྙིང་རྗེའི་རྩལ་ཆེན་རྫོགས་པར་ཤོག༔ བཾ་ཝཾ་ཨ་བྷི་ཥིཉྩ་མཾ༔ དེ་ནས་དངོས་གྲུབ་རྫས་ཀྱི་མཆོག༔ བཟའ་བཏུང་ལོངས་སྤྱོད་སྦྱིན་པ་ནི༔ ཧཱུྃ༔ དམ་རྫས་དངོས་གྲུབ་དབྱིག་གི་རྫས༔ བཟའ་དང་བཏུང་བའི་བྱེ་བྲག་རྣམས༔ རིགས་ཀྱི་བུ་ལ་སྦྱིན་པ་ཡིས༔ མཆོག་དང་ཐུན་མོང་དངོས་གྲུབ་རྣམས༔ ཅིག་ཆར་ཐོབ་པའི་དབང་ཐོབ་ཤོག༔ སརྦ་སིདྡྷི་ཕ་ལ་ཨ་བྷི་ཥིཉྩ་མཾ༔ དྲེགས་པའི་སྲོག་དབང་བསྐུར་འདོད་ན༔ སླར་ཡང་བཀའ་བསྒོ་བྱིན་དབབ་ཅིང༔ མཚོན་ཆ་སྣ་ཚོགས་མཎྚལ་ཕུལ༔ སྒོ་གསུམ་གུས་པས་འདི་ལྟར་ཞུ༔ ཀྱེ་མ་རིག་འཛིན་སློབ་དཔོན་དགོངས༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི༔ དབང་བསྐུར་ཐོབ་པ་བཀའ་དྲིན་ཆེ༔ དྲེགས་པའི་སྲོག་དབང་སྩལ་དུ་གསོལ༔ སློབ་དཔོན་གྱིས༔ ཉོན་ཅིག་སྐལ་ལྡན་རིགས་ཀྱི་བུ༔ དྲེགས་པའི་སྲོག་དབང་ཟབ་མོ་འདི༔ གསུམ་ལས་མང་བར་མི་རུང་ཞིང༔ རྒྱུན་དུ་མཆོད་ཅིང་བརྟེན་ནུས་སམ༔ ཞེས་དྲིས་པའི་ལན་དུ༔ སློབ་མས༔ རིག་འཛིན་སློབ་དཔོན་བདག་ལ་གསོན༔ ཕུར་བ་གསང་བ་སྤུ་གྲི་ཡི༔ བཀའ་གཏེར་དམ་ཅན་རྒྱ་མཚོ་ཡིས༔ འགོ་ཞིང་སྡོང་གྲོགས་བྱེད་ནུས་སམ༔ སློབ་དཔོན་གྱིས༔ ཧོ་འདི་ནི་ཤིན་ཏུ་བཀའ་གཉན་ཞིང༔ རྣལ་འབྱོར་བསྲུང་ཞིང་དགྲ་བགེགས་གསོད༔ གང་ལ་དམིགས་པའི་དགྲ་བགེགས་ནི༔ ཐོགས་མེད་གསོད་དོ་ས་མ་ཡཱ༔ སློབ་མས༔ དེ་ལྟར་ཡིན་ན་ཕུར་བསྲུང་རྣམས༔ མཆོད་བསྟོད་གསོལ་བ་ཅི་ནུས་སྒྲུབ༔ བདག་གིས་གང་ལ་བསྐུལ་བའི་ཚེ༔ ཐོགས་མེད་རྒྱུག་པའི་ཕྲིན་ལས་ཞུ༔ སློབ་དཔོན་གྱིས༔ ལེགས་སོ་ལེགས་སོ་རིགས་ཀྱི་བུ༔ བརྟེན་ཅིང་གསོལ་བ་མ་གཡེལ་དང༔ ཕྲིན་ལས་བསྲུང་མ་གཡེལ་མི་འགྱུར༔ དེ་ཕྱིར་དམ་ཚིག་མཆོག་ཏུ་བསྲུང༔ དེ་ནས་དམ་ཆུ་བླུད་པ་ནི༔ ཧཱུྃ༔ འདི་ནི་རྡོ་རྗེ་གཞོན་ནུ་ཡི༔ དམ་ཚིག་རྡོ་རྗེའི་བྱིན་རླབས་ཆུ༔ འཐུང་ཅིག་རྡོ་རྗེ་སློབ་བུ་རྣམས༔ ཉམས་ན་ལུས་སེམས་འཇིགས་པར་འགྱུར༔ བཛྲ་ཡཀྴ་ཀྲོ་ཏ་ཨུཥྡྷ་ཋ་ཋ་ཋ༔ ཞེས་མནའ་ཆུ་བླུད་ལ༔ སླར་ཡང་སྒོ་གསུམ་སྣོད་རུང་ཕྱིར༔ བུམ་པའི་དབང་མཆོག་བསྐུར་བ་ནི༔ ཧཱུྃ༔ སྒོ་གསུམ་བག་ཆགས་སྦྱང་བྱེད་པ༔ ཕུར་བ་བསྒྲུབ་པའི་བུམ་པའི་ཆུས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རང་ལུས་ལྷ་སྐུར་སྨིན་པར་ཤོག༔ ཨོཾ་སརྦ་ཏ་ཐ་ག་ཏ་ཨ་བྷི་ཥི་ག་ཏེ་ས་མ་ཡ་ཤྲི་ཡེ་ཧཱུྃ༔ དེ་ནས་ཐོག་མར་ཤྭ་ན་མཆེད་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྐུ་ཡི་མངག་པའི་ལས་སྒྲུབ་པ༔ ཤྭ་ན་མཆེད་བཞིའི་དབང་བསྐུར་བས༔ དགྲ་བགེགས་གཟུགས་ཁམས་བརླག་པར་ཤོག༔ ཤ་ན་ཤྭ་ན་སྲི་ལ་སྲི་ཀ་ཨ་བྷི་ཥིཉྩ་མཾ༔ རེ་ཏི་མཆེད་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྲིད་པའི་ཕུར་བུ་ཡི༔ གསུང་གི་མངག་པའི་ལས་སྒྲུབ་པ༔ རེ་ཏི་མཆེད་བཞིའི་དབང་བསྐུར་བས༔ དགྲ་བགེགས་ངག་ཁམས་བརླག་པར་ཤོག༔ རེ་ཏི་རེ་ཛ་རེ་ཏི་རེ་ཛུ་ཨ་བྷི་ཥིཉྩ་མཾ༔ ས་བདག་མཆེད་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་ལས་ཀྱི་ལྷ་མཆོག་གི༔ ཐུགས་ཀྱི་མངག་པའི་ལས་སྒྲུབ་པ༔ ས་བདག་མཆེད་བཞིའི་དབང་བསྐུར་བས༔ དགྲ་བགེགས་ཡིད་ཁམས་བརླག་པར་མཛོད༔ ཡ་མ་བསེ་མ་ག་ག་ཨ་བྷི་ཥིཉྩ་མཾ༔ བསེ་ཡི་སྐྱེས་བུ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་སྐུ་ཡི་བཀའ་སྡོད་ཆེ༔ དམར་ནག་བསེ་ཡི་སྐྱེས་བུ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ མངག་པའི་ཕོ་ཉར་དབང་ཐོབ་ཤོག༔ བ་ལ་ཤ་ཨ་བྷི་ཥིཉྩ་མཾ༔ ལྕགས་ཀྱི་སྐྱེས་བུ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་གསུང་གི་བཀའ་སྡོད་ཆེ༔ སྔོ་ནག་ལྕགས་ཀྱི་སྐྱེས་བུ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གསོད་པའི་ཕོ་ཉར་དབང་ཐོབ་ཤོག༔ ཙི་ཊ་ན་ཨ་བྷི་ཥིཉྩ་མཾ༔ དུང་གི་སྐྱེས་བུ་བཞིའི་སྐུ་ཐོགས་ལ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་བཀའ་སྡོད་ཆེ༔ དཀར་དམར་དུང་གི་སྐྱེས་བུ་བཞིས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ གཅོད་པའི་ཕོ་ཉར་དབང་ཐོབ་ཤོག༔ བི་ས་ན་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཆོས་སྐྱོང་སྤྱི་ཡི་གཏོར་མ་ཐོགས་ལ༔ ཧཱུྃ༔ གཏོར་སྣོད་བྷནྡྷ་འབར་བའི་སྣོད༔ གཏོར་མ་ཕུར་སྐྱོང་བསྲུང་མར་གསལ༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ འགོ་ཞིང་སྐྱོབས་པའི་དབང་ཐོབ་ཤོག༔ དྷརྨ་པ་ལ་ཨ་བྷི་ཥིཉྩ་མཾ༔ མཚོན་ཆ་སྣ་ཚོགས་ཐོགས་ལ༔ ཧཱུྃ༔ ཞིང་བཅུའི་དམ་ཉམས་བསྒྲལ་བའི་རྫས༔ སྣ་ཚོགས་མཚོན་ཆས་དབང་བསྐུར་བས༔ ལོག་འདྲེན་རུ་ཏྲ་མ་ལུས་པ༔ གཏན་ནས་བརླག་པའི་ཕྲིན་ལས་མཛོད༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ མདའ་ཟོར་དང་དུག་ཟོར་གཉིས་གཡས་གཡོན་དུ་ཐོགས་ལ༔ ཧཱུྃ༔ གཟིར་ཞིང་མྱོས་པར་བྱེད་པའི་རྫས༔ མདའ་དང་དུག་ཟོར་དབང་བསྐུར་བས༔ བྱད་མ་དགྲ་བགེགས་མ་ལུས་པ༔ གཟིར་ཞིང་མྱོས་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ ཁྲག་ཟོར་དང་མཚེ་ཟོར་ཐོགས་ལ༔ ཧཱུྃ༔ བརྒྱལ་ཞིང་གཏོར་བར་བྱེད་པའི་རྫས༔ ཁྲག་དང་གཏོར་ཟོར་དབང་བསྐུར་བས༔ བྱད་མ་དགྲ་བགེགས་མ་ལུས་པ༔ བརྒྱལ་ཞིང་གཏོར་བའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཡུངས་དཀར་དང་རྡོ་ཟོར་ཐོགས་ལ༔ ཧཱུྃ༔ འཇུག་ཅིང་བརླག་པར་བྱེད་པའི་རྫས༔ ཡུངས་དཀར་རྡོ་ཟོར་དབང་བསྐུར་བས༔ བྱད་མ་དགྲ་བགེགས་མ་ལུས་པ༔ འཇུག་ཅིང་བརླག་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཟོར་ཆེན་གཏོར་མ་ཐོགས་ལ༔ ཧཱུྃ༔ ཕུར་བ་སྒྲུབ་པའི་རིག་འཛིན་ངས༔ གཏོར་མ་རྡོ་རྗེ་གཞོན་ནུའི་ལྷར༔ གསལ་ཞིང་བསྐྱེད་པའི་དབང་བསྐུར་བས༔ སྲིད་གསུམ་བརླག་པའི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྣན་བཾ་ཧཱུྃ་ཕཊ༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སྒྲོལ་གྲི་ཐོགས་ལ༔ ཧཱུྃ༔ བཤའ་ཞིང་གཏུབ་པར་བྱེད་པའི་རྫས༔ གནམ་ལྕགས་འབར་བའི་སྒྲོལ་གྲི་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ དགྲ་བགེགས་གསོད་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཐོད་ཁྲག་ཐོགས་ལ༔ ཧཱུྃ༔ ཉོན་མོངས་འདོད་ཆགས་བསྒྲལ་བ་ཡི༔ དམར་ཆེན་རཀྟ་ཐོད་སྣོད་འཁྱིལ༔ རིག་པ་འཛིན་ལ་དབང་བསྐུར་བས༔ དགྲ་ཁྲག་རྔུབ་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་རྩང་ཕུར་ཐོགས་ལ༔ ཧཱུྃ༔ གཟུག་ཅིང་འབིག་པར་བྱེད་པའི་རྫས༔ དྲག་པོའི་རྩང་ཕུར་ཟུར་གསུམ་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ དགྲ་རུས་གཞོམ་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཉ་བོ་ཐོགས་ལ༔ ཧཱུྃ༔ དགྲ་བགེགས་འགུགས་པར་བྱེད་པའི་རྫས༔ གཟུགས་བྱད་ཚང་བའི་ཉ་བོ་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ རྡུལ་དུ་བརླགས་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སྨན་རཀ་གཏོར་གསུམ་ཐོགས་ལ༔ ཧཱུྃ༔ རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན༔ ཆགས་པ་བསྒྲལ་བའི་རཀྟ་ཆེ༔ དུག་གསུམ་བསྒྲལ་བའི་རུས་པའི་ཚོགས༔ ཕུར་བསྲུང་དགྱེས་ཕྱིར་དབང་བསྐུར་རོ༔ པཉྩ་རཀྟ་བྷ་ལིང་ཏ་ཨ་བྷི་ཥིཉྩ་མཾ༔ དེ་ནས་སྲོག་འཁོར་བརྡ་ཡིག་ཐིགས་ལ༔ ཧཱུྃ༔ ཕུར་སྐྱོང་བསྲུང་མ་ཐམས་ཅད་ཀྱི༔ སྲོག་རྩ་གཏའ་རུ་བཟུང་བའི་རྫས༔ མཁའ་འགྲོའི་བརྡ་ཡིག་སྲོག་འཁོར་འདིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ ཕུར་བསྲུང་དམ་ཅན་བསྲུང་མའི་ཚོགས༔ ལུས་དང་གྲིབ་ལྟར་འགྲོགས་པར་ཤོག༔ བཛྲ་དྷརྨ་པ་ལ་ཙིཏྟ་ཨ་བྷི་ཥིཉྩ་མཾ༔ དེ་ནས་ཐུན་རྫས་སྣ་ཚོགས་ཐོགས་ལ༔ ཧཱུྃ༔ བྲབ་དང་བསྐྲད་པར་བྱེད་པའི་རྫས༔ སྣ་ཚོགས་ཐུན་གྱི་ཕྱེ་མ་ཡིས༔ རིག་པ་འཛིན་ལ་དབང་བསྐུར་བས༔ བསྐྲད་ཅིང་བརླགས་པའི་དབང་ཐོབ་ཤོག༔ མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ དེ་ལྟར་ཕྲིན་ལས་ཕུར་པའི་དཀྱིལ་འཁོར་དུ་དབང་ཡོངས་སུ་རྫོགས་པ་ཐོབ་ཅིང༔ བཀའ་དང་དམ་ཚིག་རྣམས་མི་ཉམས་པར་བསྲུང་སྙམ་པའི་ངང་ནས་འདིའི་རྗེས་སུ་ཟློས༔ ཧོ༔ གསང་བ་སྤུ་གྲིའི་ལྷ་ཚོགས་ལ༔ གཞུང་བཞིན་གསུངས་པའི་དམ་ཚིག་རྣམས༔ མི་འདའ་ཚུལ་བཞིན་བདག་གིས་བསྲུང༔ སློབ་དཔོན་བཀའ་བཞིན་བསྒྲུབ་པར་བགྱི༔ ཞེས་གཏང་རཀ་མཎྚལ་འབུལ༔ ཚོགས་ལ་རོལ་ཞིང་མཇུག་བསྡུ་བར་བྱའོ།། ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

དབང་གི་སྐབས་ཀྱི་བརྡ་ཡིག

གཏེར་བསྲུང་དཀར་མོ་ཉི་ཟླའི་སྲོག་གཏད།

ཕུར་བ་གསང་བ་སྤུ་གྲི་ལས༔ གཏེར་བསྲུང་དཀར་མོ་ཉི་ཟླའི་སྲོག་གཏད་བཞུགས༔ ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་གྱིས༔ གཏེར་བསྲུང་དཀར་མོ་ཉི་ཟླ་ཡི༔ སྲོག་གཏད་མནོས་ནས་བྲན་བཞིན་འཁོར༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ གཏེར་བསྲུང་སྲོག་དབང་ཡི་གེར་འགོད༔ ཡི་དམ་གཞུང་བཞིན་བསྒྲུབ་ནས་སུ༔ བརྟེན་གཏོར་རྒྱན་དང་ལྡན་པ་བཤམས༔ དཀར་མོ་ཉི་ཟླ་དངོས་སུ་གསལ༔ རང་གི་བཀའ་ཉན་ཚུལ་དུ་བསྐྱེད༔ གསུམ་ལས་མང་བར་མི་རུང་ཞིང༔ སློབ་མ་ཁྲུས་བྱས་བགེགས་དང་ཕྲལ༔ བསྲུང་བས་རྒྱས་གདབ་བྱིན་དབབ་ལ༔ སློབ་དཔོན་རྡོ་རྗེ་གཞོན་ནུ་དང༔ སློབ་མ་དེ་ཡི་སྲས་སུ་བསྐྱེད༔ གཏོར་མ་གཏེར་བསྲུང་གསལ་ནས་སུ༔ བཀའ་སྡོད་ཚུལ་དུ་སྦྱིན་པར་བྱ༔ དེ་ནས་སློབ་བུས་མཎྚལ་ཕུལ༔ དད་མོས་གསོལ་བ་འདི་ལྟར་གདབ༔ བླ་མ་དཔལ་ཆེན་ཆེ་བའི་མཆོག༔ རྡོ་རྗེ་གཞོན་ནུའི་ལྷ་ཚོགས་འཁོར༔ སངས་རྒྱས་བསྟན་པ་བསྲུང་བའི་ཕྱིར༔ གཏེར་སྲུང་དྲག་མོའི་སྲོག་དབང་སྩོལ༔ སློབ་དཔོན་གྱིས༔ ཁྱེད་ཅག་བྱང་ཆུབ་སེམས་བསྐྱེད་ནས༔ གཏེར་བསྲུང་རྒྱུན་དུ་མཆོད་པ་དང༔ གསང་སྔགས་སྦྱོར་སྒྲོལ་དྲག་པོ་ཡི༔ ཕྲིན་ལས་འགྲོ་དོན་བྱེད་ནུས་ན༔ གཏེར་བསྲུང་དཀར་མོ་ཉི་ཟླ་ཡི༔ སྲོག་དབང་གནང་ཞིང་བཀའ་འདི་སྦྱིན༔ དེ་ནས་གཏོར་མ་ལྷར་གསལ་ཞིང་སྦྱིན་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ རང་ཉིད་སྐད་ཅིག་གིས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དཔའ་གཏུམ་མི་བཟད་པའི་ཉམས་དང་ལྡན་པ་ཁྲོ་ཆས་ཡོངས་སུ་རྫོགས་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རྡོ་རྗེ་ཕུར་བའི་གཏེར་གྱི་བསྲུང་མར་ཁས་བླངས་བའི་གཏེར་བསྲུང་དཀར་མོ་ཉི་ཟླ་འཁོར་དང་བཅས་པ་རང་དབང་མེད་པར་བཀུག་ནས་མདུན་གྱི་གཏོར་མ་ལ་ཐིམ་པར་གྱུར༔ ཛཿཧཱུྃ་བཾ་ཧོ༔ས་བསྟིམ་ཞིང་སླར་ཡང་གཏོར་མ་གཞུང་ལྟར་གཏེར་བསྲུང་བསྐྱེད་ནས་བསྟིམ་གཞུག་བྱའོ༔ དེ་ནས་སློབ་མ་ལྷར་གསལ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་བརྗོད་པས་བདག་ཉིད་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་མཐིང་ནག་འོད་ལྔའི་ཟེར་འཕྲོ་བ་ཞིག་ཆད་དེ་སློབ་མ་ལ་ཕོག་པས་གཉིས་འཛིན་གྱི་སྣང་བ་ཐམས་ཅད་སྟོང་པར་སྦྱངས༔ དེ་ཡོངས་སུ་གྱུར་པ་ལས༔ གནས་དག་པ་སྲིད་པའི་ཕུར་བུ་གཞལ་མེད་ཁང་ཆེན་པོར་གསལ་བའི་དབུས་སུ༔ བཅུད་དག་པ་པདྨ་དང་ཉི་ཟླ་དང་རུ་ཏྲ་ཕོ་མོ་བསྣོལ་བའི་སྟེང་དུ༔ སློང་མའི་རིག་པའི་ངོ་བོ་སྐད་ཅིག་གིས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཅིག་ཏུ་འདུས་པའི་ངོ་བོ་སྲས་མཆོག་བཛྲ་ཀཱི་ལ་ཡ་མཐིང་ནག་ཞལ་གཅིག་ཕྱག་གཉིས་རི་རབ་ཀྱི་ཕུར་བུ་འདྲིལ་བ་སྐུ་སྨད་གནམ་ལྕགས་ཀྱི་ཕུར་བ་དབལ་ཟུར་གསུམ་པ༔ དུག་སྦྲུལ་སྟོང་གི་ཆུན་པོ་བཅིང་ཞིང༔ ཁྲོ་ཆས་ཡོངས་སུ་རྫོགས་པར་གསལ་བའི་ཐུགས་ཀར་རྡོ་རྗེའི་ལྟེ་བར་ཧཱུྃ་མཐིང་ག་དེ་ལས་འཕྲོས་པའི་འོད་ཟེར་དང༔ བླ་མ་དཔལ་ཆེན་པོར་གསལ་བའི་ཐུགས་ཀའི་འོད་ཀྱིས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཕྲིན་ལས་ཕུར་བའི་དཀྱིལ་འཁོར་གྱི་རྣམ་པར་སྤྱན་དྲངས་ཏེ་སློབ་མ་ལྷར་གསལ་བ་ལ་ཐིམ་པར་བསམ༔ བཛྲ་ཀཱི་ལི་ཀཱི་ལ་ཡ་ཛྙཱ་ན་ཨ་ཝེ་ཤ་ཡ་ཨཱ༔ ཛཿཧཱུྃ་བཾ་ཧོ༔ས་དབྱེར་མེད་དུ་ཐིམ་པར་བསམ༔ དེ་ནས་གཏོར་མ་སྤྱི་བོར་བཞག་ཅིང༔ ཧཱུྃ༔ གཏོར་སྣོད་གནས་དང་ཡུལ་གྱི་ཞིང༔ གཏོར་མ་ཕུར་བའི་གཏེར་བསྲུང་ཆེ༔ དཀར་མོ་ཉི་ཟླ་འཁོར་བཅས་གསལ༔ སློབ་མ་ཕུར་བའི་སྲས་མཆོག་ལ༔ སྐུ་སྲུང་ཕོ་ཉའི་ཚུལ་དུ་གཏད༔ བསྲུང་ཤིག་དཀར་མོ་ཉི་ཟླའི་ཚོགས༔ སྐལ་ལྡན་རྡོ་རྗེའི་སློབ་བུ་འདི༔ རྡོ་རྗེའི་གོ་ཆས་རྟག་སྲུངས་ཤིག༔ ཀ་ཡ་ཨ་བྷི་ཥིཉྩ་མཾ༔ མགྲིན་པར་བཞག་ཅིང༔ ཧཱུྃ༔ ཕྲིན་ལས་ཕུར་བའི་གཏེར་བསྲུང་ཆེ༔ དཀར་མོ་ཉི་ཟླའི་ཕྲེང་བ་ཅན༔ གསུང་གི་མངག་པའི་ཕོ་ཉར་གཏད༔ སྐལ་ལྡན་རྡོ་རྗེའི་བུ་འདི་ཡིས༔ མངག་པའི་ལས་ལ་བསྐུལ་བའི་ཚེ༔ གང་ལ་ཐོག་མེད་འགྲུབ་པར་མཛོད༔ ཝཀྐ་ཨ་བྷི་ཥིཉྩ་མཾ༔ སྙིང་གར་བཞག་ལ༔ ཧཱུྃ༔ རྡོ་རྗེ་གཞོན་ནུའི་བཀའ་ཉན་པ༔ དཀར་མོ་ཉི་ཟླ་གཙོ་དང་འཁོར༔ ཐུགས་ཀྱི་རེ་སྐོང་ཕོ་ཉར་གཏད༔ ནམ་ཡང་ཡིད་ལ་གང་དྲན་པའི༔ ཕྲིན་ལས་སྒྲུབ་ཤིག་ས་མ་ཡཱ༔ ཙིཏྟ་ཨ་བྷི་ཥིཉྩ་མཾ༔ གཏོར་མ་ལག་ཏུ་གཏད་ཅིང༔ ཧཱུྃ༔ དཀར་མོ་ཉི་ཟླ་གཙོ་འཁོར་རྣམས༔ སློབ་བུ་འདི་ཡི་བསྲུང་མར་གཏད༔ བུ་འདི་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་གང་ལ་འཇུག་པའི་ཚེ༔ མཐུན་རྐྱེན་གང་དགོས་འགྲུབ་པ་དང༔ དགྲ་བགེགས་བརླག་པའི་ཕྲིན་ལས་མཛོད༔ ཤནྟིཾ་པུཥྚིཾ་ཝ་ཤཾ་མ་ར་ཡ་ཨ་བྷི་ཥིཉྩ་མཾ༔ སློབ་དཔོན་གྱིས་དམ་ཆུ་ཐོགས་ལ༔ ཧཱུྃ༔ ད་ནི་རྡོ་རྗེའི་སློབ་བུ་དང༔ གཏེར་བསྲུང་ཉི་ཟླའི་ཕྲེང་ཅན་རྣམས༔ དམ་ཚིག་སྲོག་གིས་འབྲེལ་བའི་ཕྱིར༔ རྡོ་རྗེ་བདུད་རྩིའི་ཆུ་འདི་འཐུང༔ དམ་ཚིག་སུས་བསྲུང་དངོས་གྲུབ་ཐོབ༔ ཉམས་ན་དོན་སྙིང་འགས་པར་འགྱུར༔ དེ་ཕྱིར་རྟག་ཏུ་དམ་སྲུངས་ཤིག༔ ས་མ་ཡཱ་ཨེ་ཏན་ན་ར་ཀན༔ སློབ་དཔོན་གྱིས་གཉིས་ཀ་ལ་ཕྲིན་ལས་གདམས་པ་ནི༔ ཧོ་རིག་པ་འཛིན་པའི་རྣལ་འབྱོར་ཁྱོད༔ མཆོད་བསྟོད་བརྟེན་པ་མ་གཡེལ་བར༔ རྟག་ཏུ་གཏེར་སྲུང་འདི་མཆོད་ཅིག༔ དཀར་མོ་ཉི་ཟླ་འཁོར་བཅས་ཀྱིས༔ འགོ་ཞིང་སྡོང་གྲོགས་མ་གཡེལ་བར༔ སློབ་བུ་འདི་དང་དུས་ནམ་ཡང༔ མི་འབྲལ་ལུས་དང་གྲིབ་བཞིན་མཛོད༔ ས་མ་ཡཱ༔ སླར་ཡང་གཏང་རག་མཎྚལ་ཕུལ༔ འདི་ནི་བཀའ་གཉན་ཟབ་ཆེ་བས༔ ཀུན་ལ་སྤེལ་ན་བཀའ་ཆད་འོང༔ འདི་ཡི་སྲོག་དབང་ཐོབ་ནས་སུ༔ མཆོད་གསོལ་སྙིང་ནས་བརྟེན་ནུས་ན༔ ཕྲིན་ལས་སྒྲུབ་པར་ཐེ་ཚོམ་མེད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་རིག་འཛིན་འགྲོ་འདུལ་གསང་སྔགས་གླིང་པས་གུ་རུའི་ལུང་བཞིན་གཏེར་ནས་གདན་དྲངས་ཏེ་ཤོག་སེར་ལས་ཕབ་པའི་ཡི་གེ་པ་ནི་ཆོས་དབང་ཕྲིན་ལས་དར་རྒྱས་ཀྱིས་བསྐུལ་བཞིན་བྲིས་པ་ཀུན་ནས་ཀུན་ཏུ་དགེ་བར་གྱུར་ཅིག

ཕུང་སྲི་མནན་པའི་ལས་མཐའ།

ཕུར་བ་གསང་བ་སྤུ་གྲི་ལས༔ ཕུང་སྲི་མནན་པའི་ལས་མཐའ་བཞུགས༔

རྩ་བ་གསུམ་ལ་ཕྱག་འཚལ་ལོ༔ ཕུང་སྲི་མནན་པའི་ལས་མཐའ་ནི༔ དགྲ་སྲི་ལ་སོགས་སྲི་དགུ་པོ༔ གང་ཡིན་གཟུགས་བྱད་ཚང་བར་བྲི༔ སྲོག་ཡིག་ཏྲི་དང་དེའི་མཐར་སྔགས༔ ཡ་མ་དམ་སྲིའི་རིགས་ཐམས་ཅད་ཨ་ཀརྴ་ཡ་ཛཿཛ༔ དེའི་ཕྱི་མཐར༔ སྲི་ཅན་སྤུན་དགུའི་བླ་སྲོག་རྣམ་ཤེས་ཨ་ཀརྴ་ཡ་ཛ་ཛ༔ དམིགས་བསལ་ཆེ་གེ་མོའི་སྲོག་ལ་ཧུར་ཐུམ་ཛ༔ མ་ར་ཡ་རྦད་ཐུམ་ཧཱུྃ་ཕཊ༔ ཞེས་བྲི༔ དམིགས་བསལ་ནི་དགྲ་སྲི་སྟག་མགོ་ཅན༔ ཕུང་སྲི་རྔ་མོང་མགོ་ཅན༔ ཕོ་སྲི་སྤྱང་གིའི་མགོ་ཅན༔ བྱེས་སྲི་སྲེ་མོང་མགོ་ཅན༔ གོད་སྲི་སྤྲེའུའི་མགོ་ཅན༔ མོ་སྲི་བྱི་བའི་མགོ་ཅན༔ དུར་སྲི་ཝ་ཡི་མགོ་ཅན༔ ཆུང་སྲི་སྦྲུལ་མགོ་ཅན༔ རྒབ་སྲི་རི་བོང་མགོ་ཅན༔ ཡན་ལག་ལྕགས་སྒྲོག་གིས་བསྡམས་པ༔ འོག་ཏུ་རླུང་དཀྱིལ་གཞུའི་དབྱིབས་ཅན༔ མཐའ་སྐོར་དུ་གཙོ་བོའི་སྔགས་དང་བསད་སྔགས་ཤམ༔ ཆེ་གེ་མོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུམ་ཐུམ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག༔ ལིང་ཤག༔ ལིང་ཐུམ༔ ཙ་མུན་ཏྲི་བྷྱོ༔ ཛ༔ཧཱུྃ་བཾ་ཧོ༔ དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་སྐུ་གསུང་ཐུགས་ཀྱི་བདེན་པས་ཕུང་སྲིའི་ལུས་ངག་ཡིད་གསུམ་སྟྭཾ་བྷ་ཡ་ནན༔ སྲོག་ལུས་དབང་ཐང་རླུང་རྟ་ཟ་ཁ་རྒུད་པ་ཐམས་ཅད་སྟྭཾ་བྷ་ཡ་ནན༔ མི་མཐུན་པའི་སྣ་འདྲེན་ཐམས་ཅད་སྟྭཾ་བྷ་ཡ་ནན༔ གཟུགས་ཅན་གྱི་དགྲ་སྡང་བ་ཐམས་ཅད་སྟྭཾ་བྷ་ཡ་ནན༔ གཟུགས་མེད་བགེགས་ཀྱི་སྦྱོར་ངན་ཤོམ་པ་ཐམས་ཅད་སྟྭཾ་བྷ་ཡ་ནན༔ མདོར་ན་མི་མཐུན་པའི་སྣ་འདྲེན་པ་ཐམས་ཅད་ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྟྭཾ་བྷ་ཡ་ནན༔ ཞེས་བྲིས་ལ་ཟག་རྫས་བྱུག་ཅིང་དགྲ་རོ་ལྟེབ་གདོན་ཤི་ལྟེབ་བྱའོ༔ མནན་པའི་སྣོད་ཀྱི་ཐོད་པའི་ཁྱད་པར་ནི༔ དགྲ་སྲི་སྤྱང་ཐོད༔ ཕོ་སྲི་འཕར་ཐོད༔ མོ་སྲི་ཁྱི་ཐོད༔ ཕུང་སྲི་རྔ་མོང་ཐོད་པ༔ ཆུང་སྲི་སྤྲེའུའི་ཐོད་པ༔ བྱེས་སྲི་ར་ཡི་ཐོད་པ༔ རྒབ་སྲི་རི་བོང་ཐོད་པ༔ དུར་སྲི་ཝ་ཡི་ཐོད་པ༔ གོད་སྲི་གླང་ཐོད་སོགས་གང་ཡིན་རྫས་མཐུན་གྱི་སྣོད་དུ་བཅུག་ནས་ཧོམ་ནང་དུ་བཞག༔ མཐའ་རྩང་གིས་བསྐོར་བའི་རྩེ་ལ་གཏོར་ཆུང་བཅུ་གཟུགས༔ ཐུན་ཆས་སྣ་ཚོགས་བཞག༔ རྣལ་འབྱོར་པས་ཡི་དམ་བསྙེན་བསྒྲུབ་ཚད་དུ་འཁྱོལ་ནས་ལས་ལ་འཇུག་པའི་ཐོག་མར་སྨྲེང་འདི་གྱེར༔ ཧཱུྃ༔ རྩ་བརྒྱུད་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དཔའ་བོ་མཁའ་འགྲོ་དམ་ཅན་ཚོགས་རྣམས་དང༔ ཁྱད་པར་དཔལ་ཆེན་རྡོ་རྗེ་ཕུར་པའི་ལྷ༔ བསྙེན་ཅིང་སྒྲུབ་པའི་ལྷ་ཚོགས་ཐུགས་དམ་དགོངས༔ དུས་གསུམ་རྒྱལ་བའི་བསྟན་པའི་གཞུག་གཉེར་འདིར༔ བདག་གིས་རླབས་ཆེན་བྱང་ཆུབ་སེམས་བསྐྱེད་ནས༔ བསྟན་འགྲོར་སྨན་པའི་ཕན་བདེ་སྤེལ་བ་ལ༔ ཕུང་སྲིའི་སྣ་འདྲེན་བདུད་ཀྱིས་གླགས་བལྟས་པས༔ བསྙེན་ཅིང་བསྒྲུབ་པའི་ལྷ་ཚོགས་མ་གཡེལ་བར༔ ཞི་ལས་མ་གཡོས་སྙིང་རྗེའི་སྐུར་བཞེངས་ལ༔ བསྟན་པའི་རུ་ཏྲ་སྒྲོལ་བའི་ཕྲིན་ལས་མཛོད༔ ངས་ནི་སྒོ་གསུམ་གང་གིས་མ་ཉེས་ཀྱང༔ ཕུང་སྲི་འབྱུང་པོས་ཡང་ཡང་འཚེ་བྱེད་པས༔ འདི་ལ་མངོན་སྤྱོད་ཕྲིན་ལས་མི་མཛད་པར༔ དབྱིངས་ནས་ཐུགས་རྗེ་ཆེ་ཡང་འགྲོ་དོན་ཆུང༔ དེ་ཕྱིར་ཐབས་ཀྱིས་དྲག་པོའི་སྐུར་བཞེངས་ལ༔ ད་ལྟ་སྐད་ཅིག་མིག་གི་འབྱེད་འཛུམ་ལ༔ དགྲ་བགེགས་ཕུང་སྲི་གཏན་ནས་བརླག་པར་མཛོད༔ གཟུ་དང་དཔང་བཞུགས་ཉིད་ཀྱིས་མཁྱེན་ཅིང་དགོངས༔ དམ་རྫས་བདུད་རྩིའི་གསེར་སྐྱེམས་མཆོད་པ་དང༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ གསེར་སྐྱེམས་དང་གཏོར་མ་འབུལ༔ དེ་ནས་སྔོན་བྱུང་གི་ལོ་རྒྱུས་ནི༔ ཀྱཻ༔ བསྐལ་པ་མི་སྲིད་སྲིད་པའི་དང་པོ་ལ༔ བདུད་ཀྱི་རྒྱལ་པོ་མ་ནུ་རཀྴ་དང༔ ཀླུ་ཡི་བུ་མོ་མཚོ་སྨན་ཀ་ལི་ཧེ༔ མ་འཁྲིག་ཡིད་ཀྱིས་སྦྱོར་བའི་རྟེན་འབྱུང་ལས༔ བདུད་ཀྱི་རྡེའུ་འབྲུ་བདུན་མཚོ་ནང་བོར༔ ཀླུ་མོ་འདོད་པ་རྒྱས་ཏེ་རྡེའུ་མིད༔ མངལ་དུ་ཆགས་པས་སྒོ་ང་བདུན་དུ་གྱུར༔ བཙས་དུས་བདུད་དང་ཀླུ་གཉིས་འཚོགས་པ་ལས༔ གཞན་ཡང་ཀླུ་བདུད་མིང་སྲིང་གཉིས་ཀྱང་སྐྱེས༔ ནམ་ཞིག་སྒོ་ང་ཆག་པའི་ནང་ཤེད་དུ༔ སྲི་ཅན་བདུན་དང་འཚོག་པའི་བུ་གཉིས་དར༔ སྲི་ཅན་མིང་སྲིང་དགུ་རུ་བྱུང་བ་ཡིན༔ བཙས་པའི་བུ་གཅིག་སྟག་གི་མགོ་བོ་ཅན༔ ཤར་དུ་སོང་བ་དགྲ་སྲི་དར་མ་སྟེ༔ གནས་པ་ཤར་གནས་ལྡང་བ་ནུབ་ནས་ལྡང༔ སྲིང་མོ་བྱི་བའི་མགོ་ཅན་ནུབ་ན་གནས༔ ལྡང་བ་ཤར་ལྡང་ཟ་མ་མོ་ཡི་སྲི༔ དེ་ལས་ཡིད་ཀྱིས་སྦྱོར་བའི་བུ་བདུན་ནི༔ ཕུང་སྲི་རྔ་མོང་མགོ་ཅན་ཤར་ལྷོར་གནས༔ ལྷོ་རུ་ལྡང་ཞིང་ཕུང་ཐབས་སྤྱི་ཡི་སྲི༔ རྒབ་སྲི་རི་བོང་མགོ་ཅན་བྱང་ན་གནས༔ ལྡང་བ་ལྷོ་ནུབ་ལྡང་ཞིང་ཟ་ཁ་བཀག༔ དུར་སྲི་ཝ་ཡི་མགོ་ཅན་ལྷོ་ནུབ་གནས༔ ཤར་ལྷོའི་མཚམས་སྡང་ནད་དང་དུར་སྒོ་ཕྱེ༔ ཆུང་སྲི་སྦྲུལ་གྱི་མགོ་ཅན་ནུབ་བྱང་གནས༔ བྱང་ཤར་མཚམས་ལྡང་བྱིས་པ་ཆུང་ལ་ཟ༔ ཕོ་སྲི་སྤྱང་ཀིའི་མགོ་ཅན་བྱང་ཤར་གནས༔ ལྡང་བ་སྟེང་ནས་ལྡང་ཞིང་ཕོ་ལ་ཟ༔ གོད་སྲི་སྤྲེའུའི་མགོ་ཅན་ལྷོ་རུ་གནས༔ ནུབ་བྱང་མཚམས་ལྡང་ཕྱུགས་ནད་འདྲེན་བྱེད་གཏོང༔ བྱེས་སྲི་སྲེ་མོང་མགོ་ཅན་ལམ་ལ་གནས༔ ལྡང་བ་འཕྲང་ནས་ལྡང་ཞིང་ལ་ཡོག་གཏོང༔ དེ་ཚེ་འཛམ་བུའི་གླིང་གི་འཇིག་རྟེན་འདིར༔ སྲི་ཡིས་ཕུང་ཞིང་ཁམས་གསུམ་སྟོང་ལ་ཐུག༔ རྒྱལ་ཀུན་ཡེ་ཤེས་ཀློང་དུ་བཀའ་བགྲོས་ནས༔ སྲི་འདུལ་མཁན་པོ་པདྨ་འབྱུང་གནས་ཉིད༔ མངལ་སྐྱེས་ལྷ་འདྲེས་གནོད་པས་གླགས་རྙེད་ཕྱིར༔ བརྫུས་སྐྱེས་མི་ཤིགས་རྡོ་རྗེའི་སྐུ་རུ་བཞེངས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་ཀྱིས༔ ཕུང་སྲི་སྤུན་དགུ་རང་དབང་མེད་པར་བཀུགས༔ སྔགས་དང་ཕྱག་རྒྱ་ཏིང་འཛིན་ཟིལ་འོག་བཅུག༔ རང་མཚང་དྲིས་ཤིང་དམ་ལ་བཏགས་པའི་ཚེ༔ ཕུང་སྲི་རྣམས་ལ་སློབ་དཔོན་འདི་སྐད་གསུངས༔ ཕུང་སྲི་མིང་སྲིང་དགུ་པོ་ཚུར་ཉོན་དང༔ ང་ནི་སྒྱུ་མ་མཁན་གྱི་སྐྱེས་བུ་སྟེ༔ གླུ་བྲོ་གར་ལ་རོལ་ཕྱིར་འདིར་ཤོག་ཅིག༔ བཟའ་བཏུང་ནོར་རྫས་ལོངས་སྤྱོད་འདི་རུ་ཆེ༔ ལྷ་ཡི་གཞལ་མེད་ཁང་ཆེན་འདི་ན་ཡོད༔ བརྩེ་གྲོགས་གཟུགས་མཛེས་རྒྱན་ལྡན་འཁོར་ཡང་ཡོད༔ མི་རོ་སྐམ་རློན་རྙིད་པའི་ཟས་ཀྱང་ཡོད༔ ནས་འབྲས་གྲོ་སྲན་འབྲུ་སྣའི་ཆང་ཡང་ཡོད༔ ཉིན་མོ་མིས་མ་མཐོང་བའི་གདུགས་ཁང་ཡོད༔ མཚན་མོ་ལྷ་འདྲེས་མི་མཐོང་བསིལ་ཁང་ཡོད༔ འདིར་ཤོག་འདིར་འདུས་ངེད་ཅག་མཐུན་གྲོགས་བྱེད༔ དེ་སྐད་གསུངས་བཞིན་ཏིང་འཛིན་སྤྲུལ་པ་ཡིས༔ གོང་དུ་བཤད་པའི་ཡོ་བྱད་ཚོགས་པར་བྱས༔ སྣང་སྲིད་སྒྱུ་མའི་རོལ་བར་བསྒྱུར་བ་ལས༔ སྲི་ཅན་སྤུན་དགུ་ངོ་མཚར་འདི་སྐད་ཟེར༔ ཀྱཻ༔ སྒྱུ་མའི་སྐྱེས་བུ་ཆེན་པོ་ཚུར་གསོན་དང༔ ངེད་ཅག་ཁམས་གསུམ་སྲོག་གི་བདག་པོ་ཡིན༔ ཟས་སུ་མ་ཟོས་མིག་གིས་མ་མཐོང་མེད༔ འདི་འདྲའི་ངོ་མཚར་སྣང་བ་ཡུལ་གཞན་མེད༔ ངེད་ཅག་མཐུན་སྦྱོར་ཁྱོད་ཀྱི་བཀའ་བཞིན་བྱེད༔ དེ་ཡི་ལན་ལ་སློབ་དཔོན་འདི་སྐད་གསུངས༔ ཀྱཻ༔ གྲོགས་པོ་སྲི་ཅན་སྤུན་དགུ་འདིར་ཤོག་ཅིག༔ ངེད་ཅག་ཉི་མའི་གདུགས་ཁང་ནང་དུ་འགྲོ༔ དགའ་བའི་གར་དང་སྙན་པའི་གླུ་ཡང་ལེན༔ ཤ་ཆེན་དགུ་གསུམ་ཁྲག་ཆེན་སྣ་དགུ་འཐུང༔ གསུང་མ་ཐག་ཏུ་སྲི་ཅན་ལས་དབང་གིས༔ སྒྱུ་མའི་གདུགས་ཁང་ནང་དུ་སོང་བ་དང༔ དགའ་སྟོན་ལོངས་སྤྱོད་བསམ་གྱིས་མི་ཁྱབ་བྱས༔ དེ་བཞིན་ཟླ་བའི་བསིལ་ཁང་ནང་དུ་སོང༔ དྲག་པོ་སྲོད་ཀྱི་དུས་ལ་བབ་པའི་ཚེ༔ སླ་ང་ནག་པོ་ཞིག་གིས་ཁ་སྦུབས་ནས༔ ཀྱཻ༔ གྲོགས་པོ་སྲི་ཅན་སྤུན་དགུ་ཚུར་ཉོན་དང༔ སླ་ང་འདི་འོག་སྐྱེས་བུ་ང་ཉིད་འདུག༔ ཁྱེད་ཅག་རྣམས་ཀྱིས་བྲོ་དང་གར་འཁྲོབ་ཅིག༔ དེ་སྐད་གསུངས་པས་ཕུང་སྲི་སྤུན་དགུ་ཡི༔ ནང་ནས་སྲི་ལྕམ་དྲ་མ་བྱ་བ་དེས༔ ངེད་ཅག་བྲོ་གར་མཁས་པར་མ་བྱུང་བས༔ སླ་ངའི་འོག་ཏུ་ངེད་ཅག་འཁོར་བཅས་འདུག༔ དེ་སྟེང་སྐྱེས་བུ་ཉིད་ཀྱིས་གར་མཛོད་ཅིག༔ ལར་ནི་ངོ་མཚར་ཅི་ལྡན་དགོས་པ་གང༔ དེ་ལ་སློབ་དཔོན་ཆེན་པོས་འདི་སྐད་གསུངས༔ ངེད་ཅག་ཐུན་མོང་སྲིང་ལྕམ་དྲ་མ་ལགས༔ སླ་ང་འདི་འོག་རིན་ཆེན་གཞལ་མེད་ཁང༔ བདེ་སྐྱིད་ལོངས་སྤྱོད་དགའ་ལྡན་ལྷ་དང་མཉམ༔ བརྩེ་བའི་གྲོགས་དང་མཛའ་བའི་འཁོར་ཡང་ཡོད༔ ངོ་མཚར་སྒྱུ་མ་འདི་ལས་ལྷག་པར་ཆེ༔ སྟེང་དུ་བྲོ་གར་བྱེད་པའི་དགོས་པ་ནི༔ གཞལ་མེད་ཁང་ཆེན་ཀུན་གྱིས་མཐོང་དོགས་ནས༔ སླ་ང་ཁ་སྦུབ་ཡུལ་སྣང་སྦས་པ་ཡིན༔ རྐང་བྲོ་བརྡུང་ཚེ་སྣ་ཚོགས་སྒྲ་སྙན་རིགས༔ ཚངས་དབྱངས་དྲུག་ཅུས་སྙན་འགྱུར་རྣ་བ་མྱོས༔ གཞན་ཡང་དགོས་པ་ཡིད་ལ་གང་འདོད་ཆེ༔ སླར་ཡང་སྲི་ལྕམ་དྲ་མས་ལན་བཏབ་པ༔ དེ་ན་ངེད་ཅག་ནང་དུ་འཇུག་པར་ཞུ༔ ངོ་མཚར་དེ་འདྲ་སྟོན་པ་བཀའ་དྲིན་ཆེ༔ སྒྱུ་མའི་སྐྱེས་བུ་ཀྱཻ་རུ་ཀྱཻ་རུ་ཡ༔ དེ་སྐད་ཟེར་ནས་སླ་ངའི་འོག་ཏུ་སོང༔ གཞལ་མེད་ཁང་གི་ནང་དུ་ཕྱིན་པ་དང༔ ལྕགས་ཀྱི་རྡོ་རྗེ་ཆེན་པོ་དགུ་བསྒྲིགས་ནས༔ རེ་རེ་ལ་ཡང་ལྷ་མོ་མང་པོ་ཡིས༔ མཆོད་ཅིང་བསྐོར་བ་བྱེད་པ་མཐོང་ནས་སུ༔ སྲི་ཅན་དྲ་མས་དེ་ལ་འདི་སྐད་ཟེར༔ ང་ནི་སྲི་ཅན་སྤུན་དགུའི་སྲིང་མོ་ཡིན༔ སྒྱུ་མའི་སྐྱེས་བུ་དམ་པའི་ཆུང་མ་སྟེ༔ ཁྱེད་ཅག་གྲལ་དུ་ངས་ཀྱང་མཆོད་པ་བྱེད༔ དེ་སྐད་ཟེར་ནས་གྲལ་དུ་ཞུགས་པ་དང༔ སློབ་དཔོན་ཆེན་པོ་སྐད་ཅིག་དྲན་རྫོགས་ཀྱིས༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་སྐུ་རུ་བཞེངས༔ ཐུགས་ནས་ཡཾ་བཾ་ལཾ་བྷྲུཾ་ཧཱུྃ་འཕྲོས་ནས༔ འབྱུང་ལྔ་རི་རབ་ཁོར་ཡུག་དང་བཅས་བསྐྱེད༔ སླ་ང་གནམ་ལྕགས་རི་རབ་ཆེན་པོར་བསྒྱུར༔ ནང་དུ་ཁྲག་འཐུང་འབར་བའི་དཀྱིལ་འཁོར་བསྒྲུབས༔ རྡོ་རྗེ་དགུ་ནི་ཧེ་རུ་ཀ་དགུར་བསྒྱུར༔ མཆོད་ལྷ་ཐམས་ཅད་ཁྲོ་མོ་འབར་བའི་སྤྲིན༔ མེ་ཡི་ཚྭ་ཚྭས་སྲི་ཅན་གཞོམ་ཞིང་བསྲེག༔ ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང༔ དྲིལ་བུ་ལ་སོགས་སྣ་ཚོགས་མཚོན་ཆའི་རིགས༔ ཐོགས་པའི་ལས་བྱེད་ཕོ་ཉ་འབུམ་འབུམ་འགྱེད༔ སྲི་ཅན་སྤུན་དགུ་འགུགས་འཆིང་སྡོམ་མྱོས་བྱེད༔ དེ་ནས་སློབ་དཔོན་ཆེན་པོས་འདི་སྐད་གསུངས༔ ཕུང་བྱེད་དམ་སྲི་སྤུན་དགུ་འདིར་ཉོན་ཅིག༔ ཁྱེད་ཅག་སྔོན་ཡང་དམ་ཚིག་ཉམས་པའི་སྐྱོན༔ འགྲོ་བ་ཡོངས་ལ་གནོད་པའི་བདུད་དུ་སྐྱེས༔ དེ་སྔོན་ཁྱེད་རྣམས་གཞན་གནོད་ས་བོན་ཉིད༔ ད་ལྟ་འབྲས་བུ་དུས་སུ་སྨིན་པ་ཡིན༔ རང་བྱས་རྣམ་སྨིན་རང་གིས་མ་མྱོང་ན༔ རྒྱལ་བས་བདེན་པར་གསུངས་པ་རྫུན་དུ་འགྱུར༔ ང་ནི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེ༔ ཁྲོ་བོའི་རྒྱལ་པོ་རྡོ་རྗེ་གཞོན་ནུ་སྟེ༔ ཕུང་སྲི་ཁྱེད་རྣམས་ཀུན་གྱི་གཤེད་མ་ཡིན༔ གཞན་ཡང་འགྲོ་ལ་གནོད་སྦྱོར་ཤོམ་པའི་རིགས༔ ད་ལྟ་བསད་ཅིང་མནན་པའི་དུས་ལ་བབ༔ ད་ནི་ཕུང་སྲི་སྤུན་དགུ་ཁྱེད་རང་རྣམས༔ ས་ལ་མནན་ནམ་མེར་བསྲེག་མཚོན་གྱིས་གསོད༔ གང་དགའ་གྱིས་ཤིག་ལས་ངན་སྤུན་དགུ་པོ༔ ཕུང་སྲི་འདར་ཞིང་བརྒྱལ་ནས་ངུ་བཞིན་དུ༔ སྲི་ཅན་དྲ་མའི་མཆིད་ན་འདི་སྐད་ཟེར༔ ཀྱཻ༔ སྒྱུ་མའི་སྐྱེས་བུ་རིག་འཛིན་ཆེན་པོ་ལགས༔ ངེད་ཅག་ལས་ངན་བསགས་པས་ལུས་ངན་ཐོབ༔ ཁམས་གསུམ་འགྲོ་ལ་གནོད་ཅིང་ཟ་བའི་སྲི༔ ད་ནི་རང་བྱས་རང་ལ་སྨིན་གྱུར་ན༔ གནོང་འགྱོད་ཡོད་ཀྱིས་ད་ལྟ་མཐོལ་ལོ་བཤགས༔ ངེད་ཅག་བཀའ་དང་དམ་ལ་མི་འདའ་ཡི༔ མཚོན་གྱིས་གསོད་དང་མེ་ལ་མི་བསྲེག་ཞུ༔ ས་ལ་མི་གནོན་ཉིད་ཀྱི་བཀའ་བཞིན་བྱེད༔ སློབ་དཔོན་ལྕགས་ཀྱུའི་ཕྱག་རྒྱས་བསྡམས་ནས་སུ༔ ཛཿཧཱུྃ་བརྗོད་པས་ལས་བྱེད་དགུ་བཀུགས་ནས༔ དང་པོ་དགྲ་སྲི་དར་མ་བཙོན་དུ་བཟུང༔ ལྕེ་སྤྱང་དར་མའི་ཐོད་པར་བཅུག་ནས་སུ༔ ཡན་ལག་གཞིག་ཏུ་མེད་པའི་སྒྲོགས་སུ་བཅུག༔ སྒོ་གསུམ་བསླང་དུ་མེད་པའི་རྒྱ་ཡིས་བཏབ༔ སྡེ་བརྒྱད་འདུ་རྫོང་ལབ་ཙེའི་འོག་ཏུ་མནན༔ དེ་ནས་སྲི་ཅན་དྲ་མ་བཙོན་དུ་བཟུང༔ འགུགས་འཆིང་སྡོམ་མྱོས་བྱས་ནས་ཁྱི་ཐོད་བཅུག༔ ཀླུ་ལ་གཏད་བྱས་འཁྱིལ་བ་མཚོ་ལ་མནན༔ གཞན་ཡང་ཡིད་ཀྱིས་སྦྱོར་བའི་སྲི་བདུན་པོ༔ ལྕགས་ཀྱུས་བཟུང་ཞིང་ཞགས་པས་སྐེ་ནས་བཅིངས༔ ལྕགས་སྒྲོག་གིས་བསྡམ་དྲིལ་བུས་མྱོས་པར་བྱས༔ ལས་རླུང་འོག་བཏེགས་མུན་པས་མདུན་ནས་བསུས༔ བརྡུང་གཞོམ་བྲབ་ཅིང་རྣམ་སྨིན་མྱོང་བར་མཛད༔ རང་མདུན་ཐོད་པ་བདུན་དུ་བཅུག་ནས་སུ༔ ཕོ་སྲི་མཆོད་རྟེན་ཆུང་སྲི་མལ་འོག་དང༔ ཕུང་སྲི་མཁར་རྫོང་བྱེས་སྲི་ལམ་འཕྲང་ངན༔ རྒབ་སྲི་སུམ་མདོ་དུར་སྲི་དུར་ཁྲོད་དང༔ ལས་བྱེད་དྲེགས་པའི་ཚོགས་ལ་གཉེར་གཏད་ནས༔ མི་ཤིགས་རིམ་པ་བདུན་གྱིས་རྒྱས་བཏབ་མནན༔ དེ་ཚེ་གཞན་ཡང་གནོད་བྱེད་དམ་སྲིའི་རིགས༔ ལ་ལ་མནན་ཅིང་ལ་ལ་མེ་ལ་བསྲེགས༔ ལ་ལ་རྒྱང་བསྐྲད་ལ་ལ་ཟོར་གྱིས་བསྒྲལ༔ མི་བདེའི་སྣ་འདྲེན་གཞོམ་ཞིང་བདེ་སྐྱིད་སྤེལ༔ སངས་རྒྱས་བསྟན་དར་འགྲོ་ཀུན་ཆོས་ལ་དགོད༔ དེ་རང་མི་སྲིད་ཆོས་མེད་མ་ཡིན་པར༔ སྲིད་པ་སྔོན་བྱུང་དེ་ལ་དཔེ་བླངས་ནས༔ རིག་འཛིན་སྔགས་འཆང་དབང་ཕྱུག་ཆེན་པོ་ངས༔ ཏིང་འཛིན་རྣམ་པ་གསུམ་གྱིས་གཞི་བཟུང་ཞིང་༔ ལྟ་སྒོམ་ཟུང་འཇུག་གཉིས་ཀྱི་རོ་ལ་མྱང༔ སྤྱོད་པ་མཛད་བཟང་རྒྱལ་བའི་ཕྲིན་ལས་ལྟར༔ མི་བཟད་དྲག་ཤུལ་ལས་ཆེན་བཅུ་གཉིས་ཀྱིས༔ ཕུང་སྲི་དགྲ་བགེགས་སྒྲོལ་བའི་དུས་ལ་བབས༔ ཡི་དམ་ལྷ་ཡི་ཐུགས་རྗེས་མ་གཡེལ་ལ༔ རྩ་གསུམ་བསྲུང་མ་མཐུ་རྩལ་མ་ཞན་ཅིག༔ བརྒྱུད་གསུམ་དྲེགས་པའི་དམག་གིས་དཔུང་བསྐྱེད་ལ༔ ཕུང་སྲི་མ་ལུས་མནན་པའི་ཕྲིན་ལས་མཛོད༔ སྲིད་པ་སྔོན་གྱི་དཔེ་བརྗོད་ས་མ་ཡཱ༔ དེ་ནས་གསེར་སྐྱེམས་དང་དམར་གཏོར་བཤམས་ལ༔ དཀྱིལ་འཁོར་སྤྱི་བསྐུལ་དང༔ ཕོ་ཉ་སྒོས་བསྐུལ་སོགས་ཀྱང་བྱ༔ ཁྱད་པར་མནན་པའི་གཟེར་ཁའི་མདེའུ་ནི༔ ཧཱུྃ༔ དཔལ་ཆེན་ལྷ་མཆོག་རྡོ་རྗེ་གཞོན་ནུའི་སྐུ༔ མ་ལུས་འཁོར་དང་བཅས་པ་དབྱིངས་ནས་བཞེངས༔ བདག་ཅག་དཔོན་སློབ་ཡོན་མཆོད་མི་ནོར་ལ༔ གནོད་ཅིང་འཚེ་བའི་ཕུང་སྲི་ལས་ངན་རིགས༔ ད་ལྟ་འགུགས་ཅིང་མནན་པའི་དུས་ལ་བབ༔ མ་ཉེས་གཟུ་དང་དཔང་དུ་ལྷ་ཁྱོད་བཞུགས༔ ཇི་ལྟ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས༔ དགྲ་དང་བགེགས་ཀྱི་མིང་རུས་མ་ནོར་བར༔ ཉེས་བྱས་རྣམ་སྨིན་རང་ལ་མྱོང་བར་གྱིས༔ མཐུ་སྟོབས་རྩལ་ཕྱུངས་ཕོ་ཉའི་དམག་ཚོགས་འགྱེད༔ དམ་རྫས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ མནན་གཏད་ས་ཡི་ལས་མཐའི་གྲོགས་མཛོད་ཅིག༔ དེ་ནས་ཨེ་ཁང་དང་ཉ་བོ་བསྐྱེད་པ་ནི༔ ཨེ་བྷྲུཾ་མ་ར་ཡ་ཕཊ༔ ཞེས་བརྗོད་པས་མདུན་དུ་གྲུ་གསུམ་གྱི་ཁང་སྒྲོམ་འབར་བ་ལོགས་ན་སྒོ་མེད་ཅིང་དྲག་ལ་རྩུབ་པ༔ དུག་གསུམ་འདུས་པའི་མེ་ཆུ་རླུང་གསུམ་འཁྲུགས་ཤིང་དུག་ལྔ་འཐིབ་པའི་སྡུག་བསྔལ་ཆར་བཞིན་འབེབ་པ༔ ཁ་ཁྱེར་དོགས་ཅིང་གཏིང་ཟབ་པའི་ནང་དུ་ཐོད་པ་སོ་སོའི་ནང་དུ་སྲི་གང་ཡིན་པ་དེ་ཉིད་དགྲ་སྲི་སྟག་གི་མགོ་ཅན་སོགས༔ གཟུགས་བྱད་ཚང་བ༔ ཡན་ལག་སྒྲོགས་སུ་བཅུག་པ༔ ལྕགས་ཀྱུ་སྙིང་ལ་གཟུགས་ཅིང༔ ཞགས་པས་སྐེ་ནས་འཆིང་བ༔ གཤིན་རྗེའི་ཕོ་ཉ་མང་པོ་ལག་ན་མཚོན་ཆ་ཐོགས་ནས་རྒྱུགས་ཅིང་གར་བརྩེ་བ༔ རྒྱོབ་སོད་གཏུབ་གསུམ་གྱི་ངར་སྒྲ་མི་སྙན་པར་སྒྲོགས་པ༔ ཤིན་ཏུ་འཇིགས་སུ་རུང་བ་བལྟར་མི་བཟོད་པའི་གནས་སུ་གྱུར་བར་བསམ༔ ན་མོ༔ རྩ་རྒྱུད་ཀྱི་བླ་མ་དཀོན་མཆོག་རྩ་གསུམ་ཡི་དམ་ཞི་ཁྲོ་མཁའ་འགྲོ་དམ་ཅན་བསྲུང་མ་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ གསང་སྔགས་རིགས་སྔགས་གཟུངས་སྔགས་སྙིང་པོ་ཕྱག་རྒྱ་ཏིང་ངེ་འཛིན་མ་བསྒོམ་ཡེ་གནས་ཡེ་ཤེས་ཆེན་པོ་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ ཁྱད་པར་དུ་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་བཅོམ་ལྡན་འདས་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ༔ རིགས་ཀྱི་སྲས་མཆོག༔ ཁྲོ་བཅུ་ཁྲ་ཐབས་ཀེ་སེང་དབང་ཕྱུག་སྒོ་མ་ཕུར་སྲུང་དང་བཅས་པ་རྣམས་ཀྱི་བདེན་པ་དང༔ བདེན་པ་ཆེན་པོའི་མཐུས༔ སངས་རྒྱས་ཀྱི་བསྟན་པ་དང༔ སེམས་ཅན་གྱི་བདེ་སྐྱིད་ལ་གནོད་པའི་རྣལ་འབྱོར་བདག་དང་འཚོ་སྦྱོར་ཡོན་བདག་ལ་འཚེ་བ༔ ཁྱད་པར་དུ་དགྲ་སྲི་སོགས། སྲི་གང་ཡིན་པ་དེའི་གཙོ་བྱས་གནོད་བྱེད་ཕུང་སྲིའི་རིགས་སུ་གྱུར་པ་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་གཟུགས་ལིང་ག་འདི་ལ་ཁུག་ཅིག༔ བཛྲ་ཨང་ཀུ་ཤ་ཡ་ཛ༔ བཛྲ་པ་ཤ་ཧཱུྃ༔ བཛྲ་སྥོ་ཊ་བཾ༔ བཛྲ་གནྚེ་ཧོ༔ བརྒྱ་ཕྲག་སོགས་རྟགས་མ་ཐོན་བར་དུ་འགུགས་གཞུག་བྱ༔ འབོད་པའི་རྫས་ནི་འབྲུ་ནག་གི་ཕྱེ་མ་མར་གྱིས་སྦགས་པ་དང༔ ལྕི་བ་སེར་ཁའི་དུད་པ༔ ར་ཚིལ་བཅས་བདུག་ཅིང་ལག་པ་གདུ་བུ་དང་ཕྲེང་བ་མཛེས་པས་སྤྲས་ལ༔ ཕྱོགས་ཀུན་ཏུ་གཡབ་ཅིང་འདི་སྐད་དོ༔ ཀྱཻ༔ སྲི་ཤོག་ཤོག་ཅིག་གྲོགས་པོ་དག༔ རྣལ་འབྱོར་ང་ནི་སྒྱུ་མ་མཁན༔ གླུ་གར་བརྩེ་འཇོ་དག་ལ་མཁས༔ ཁྱོད་སྙིང་ནས་དྲངས་བའི་འགུགས་པ་ནི༔ ཡང་དང་ཡང་དུ་བྱེད་པའི་དོན༔ གནོད་སྦྱོར་ཤོམ་པ་མ་ཡིན་ཏེ༔ བདག་གི་ཚེ་རབས་ཐོག་མེད་ནས༔ ཁྱེད་རྣམས་དྲིན་ཆེན་ཕ་མ་སྟེ༔ ད་རེས་དྲིན་ལན་སྦྱིན་པ་ཡིན༔ བུ་ང་ལ་ནོར་རྫས་ལོངས་སྤྱོད་མང༔ ལྷ་ཡི་གཞལ་མེད་ཁང་ཆེན་ཡོད༔ གཟུགས་མཛེས་ཡིད་འཕྲོག་བརྩེ་གྲོགས་ཡོད༔ བྲོ་འཁྲབ་སྐྱེས་པའི་མདའ་གྲལ་ཡོད༔ གླུ་ལེན་བུ་མོའི་འཕྲང་གྲལ་ཡོད༔ གསར་རྙིང་མི་རོའི་ཟས་ཀྱང་ཡོད༔ ནས་འབྲས་གྲོ་སྲན་ཆང་ཡང་ཡོད༔ ཉིན་མོ་ཉི་མའི་གདུགས་ཁང་ཡོད༔ མཚན་མོ་ཟླ་བའི་བསིལ་ཁང་ཡོད༔ དགྲ་སྲི་རལ་ཁ་བྱེད་ཀྱིན་ཤོག༔ སྲི་ལྕམ་འཛུམས་ཤིང་དགོད་ཀྱིན་ཤོག༔ ཕོ་སྲི་གླལ་བ་བྱེད་ཀྱིན་ཤོག༔ གོད་སྲི་ཐལ་མོ་བརྡེབ་ཀྱིན་ཤོག༔ ཆུང་སྲི་ལག་པ་གཡབ་ཀྱིན་ཤོག༔ དུར་སྲི་སྣོམས་ཤིང་བརྒྱལ་གྱིན་ཤོག༔ བྱེས་སྲི་འགྲོགས་ཤིང་འདུར་གྱིན་ཤོག༔ ཆུང་སྲི་སྡང་མིག་ཅེར་གྱིན་ཤོག༔ སྒབ་སྲིས་མིག་འཕྲུལ་སྟོན་གྱིན་ཤོག༔ སྲི་ཤ་ཟ་བ་ཧབས་སེ་ཧབ༔ སྲི་ཆང་འཐུང་བ་ཀྱུ་རུ་རུ༔ གཟུགས་ཀྱི་མཛེས་བྱད་ངོམ་པའི་ཡུལ༔ མེ་ལོང་གསལ་བ་ཡོད་ཀྱིས་ཤོག༔ གྲང་བ་བསལ་ཕྱིར་མེ་ཁྱིམ་ཡོད༔ ལུས་དྲོད་འབྱུང་བ་སྤེལ་དུ་ཤོག༔ ཚ་བ་བསལ་བྱེད་བསིལ་ཁང་ཡོད༔ དུང་ཁང་ནང་དུ་ཉལ་དུ་ཤོག༔ ཧ་ཧ་རི་རི་དྲ་མ་ཡ༔ དེ་ནས་ཐོག་མར་མཐུན་རྫས་ཡོས་ཁྲ་གཏོར་ལ༔ ཀྱཻ༔ སྲིད་པ་སྔོན་གྱི་དཔེ་བཞིན་དུ༔ མཐུན་རྫས་རྣམ་པ་ཀུན་གྱི་མཆོག༔ གནམ་ས་འཚོགས་པའི་སྲས་གཅིག་པུ༔ འབྲུ་དྲུག་སྨིན་པའི་ཡོས་ཁྲ་འདི༔ ངེད་ཅག་མཐུན་གྲོགས་བྱེད་ཕྱིར་འབུལ༔ ཕྲོམ་ཕྲོམ་འཆོ་ཤིག་སྲི་རིགས་རྣམས༔ ཏྲི་ལོ་ཀ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ དེ་ནས་ལག་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་ཐོགས་ལ༔ ཀྱཻ༔ སྲི་ཅན་འཁོར་བཅས་ཚུར་ཉོན་དང༔ ལྕགས་ཀྱུ་འདི་ནི་ངོ་མཚར་ཆེ༔ ཁྱོད་ཀྱི་སྙིང་ལ་གཟུགས་པ་ཡི༔ དམ་ཚིག་སྲོག་གི་འབྲེལ་བ་ཐོབ༔ དེ་རིང་ཕྱིན་ཆད་འོ་སྐོལ་གཉིས༔ སྤུན་ཟླ་མཛའ་བའི་གྲོགས་བཞིན་དུ༔ དབྱེར་མེད་བྱེད་པའི་ཐབས་ཡིན་ནོ༔ ཞགས་པ་འདི་ནི་མཛེས་པའི་རྒྱན༔ ཁྱོད་ཀྱི་སྐེ་ནས་འཆིང་བ་ཡིས༔ ཐུགས་རྗེ་ཐབས་དང་སྙིང་རྗེ་འབྲེལ༔ ཁྱོད་ཀྱི་གཟུགས་མཛེས་རྒྱན་དུ་འགྱུར༔ ཨོཾ་བཛྲ་ཨང་ཀུ་ཤ་ཡ་ཛ༔ བཛྲ་ཨ་མུ་ཁེ་པ་ཤ་ཧཱུྃ༔ ཅེས་ལྕགས་ཀྱུ་གཟུགས་ཅིང་ཚོན་སྐུད་ཀྱིས་བཅིང་ངོ༔ ལིང་ག་ཧོམ་ནང་ཐོད་པར་བཅུག་ལ༔ ཀྱཻ༔ ཧོམ་འདི་རིན་ཆེན་གཞལ་མེད་ཁང༔ ངོ་མཚར་རྒྱན་གྱི་ཕོ་བྲང་ཆེ༔ དེ་ནང་གཟུགས་ཀྱི་སྙིང་པོ་མཆོག༔ གཅན་གཟན་མགོ་བོ་མ་ཉམས་པ༔ ཡེ་ཤེས་ལྷ་ཡི་ཁང་པ་སྟེ༔ སུས་ཀྱང་མ་བཟོས་རང་བཞིན་གྲུབ༔ སྲི་ཁྱོད་མཆོད་ཅིང་བཀུར་བའི་ཕྱིར༔ གཅན་གཟན་ཐོད་པའི་ནང་དུ་བཞུགས༔ ཤ་ཟོ་ཆང་འཐུང་ཡོས་བཀྲ་འཆོ༔ བདེ་བའི་མལ་གནས་འདི་རུ་ཉོལ༔ ཏྲི་ལོ་ཀ་ལྷན༔ དེ་ནས་ཐོད་པའི་ཁ་ཆོད་དུ་དུར་རྡོ་ཟུར་གསུམ་པ་ཐོགས་ལ༔ ཀྱཻ༔ སྲོག་གི་བདག་པོ་ཕུང་སྲི་ཁྱོད༔ གཞན་གྱིས་མཐོང་ན་འཚེ་དོགས་ནས༔ དུར་རྡོ་ཟུར་གསུམ་དབལ་ལྡན་འདིས༔ གནས་སྐབས་འཕྲལ་ཙམ་མནན་པར་བྱ༔ ཅེས་དུར་རྡོས་མནན་ལ་སྟེང་དུ་སླ་ང་ནག་པོ་ཁ་སྦུབ༔ རང་ཉིད་སྐད་ཅིག་གིས་རྡོ་རྗེ་གཞོན་ནུ་བསྐྱེད་ལ༔ ཕོ་ཉ་འགྱེད་པ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔བརྗོད་པས་རང་ཉིད་སྐད་ཅིག་གིས་སྟོང་པའི་ངང་ལས་སྙིང་རྗེའི་གདངས་འགགས་མེད་དུ་ཤར་བ་དབྱིངས་རིག་ཡེ་ཤེས་ཀྱི་ངོ་བོ་་དཔལ་རྡོ་རྗེ་གཞོན་ནུ་གསལ་བའི་ཐུགས་ཀ་ནས་ཛཿཧཱུྃ་བཾ་ཧོ་འབྲུ་བཞི་དྲག་ལ་རྩུབ་པའི་རྣམ་པར་འཕྲོས༔ རྒྱལ་བ་མཆོད་ཅིང་འགྲོ་དོན་བྱས༔ ཚུར་འདུས་ཡོངས་སུ་གྱུར་པ་ལས་ཚད་མེད་བཞིའི་ལྷ་མོ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་མ་རང་རང་སོ་སོའི་ཕྱོགས་མདོག་ཅན་སྐུ་ཆེ་ལ་ཡན་ལག་རགས་པ་རང་འདྲའི་སྤྲུལ་པ་འབུམ་འབུམ་འཕྲོ་བས་སྟོང་གསུམ་ཁྱབ་པར་འཕྲོས༔ སླར་ཡང་༔ ཧཱུྃ་ཧཱུྃ་ཨོཾ་བཛྲ་ཀཱི་ལི༴སོགས། ཨ་ཡ་མ་དུ་རུ་ཙ་ཤ་ན་ཧཱུྃ་རཾ་ཕཊ༔ ཕུར་སྲུང་ལས་བྱེད་ཀྱི་ཚོགས་ཕྱག་ན་མཚོན་ཆ་སྣ་ཚོགས་ཐོགས་པ་འཕྲོས་ནས་ཕུང་སྲི་ལས་ངན་གྱི་རིགས་སུ་གྱུར་པ་ཐམས་ཅད་འགུགས་འཆིང་སྡོམ་མྱོས་བྱས་ཏེ༔ མཚོན་ཆ་སྣ་ཚོགས་ཀྱིས་བཅད་གཏུབ་བརྡུང་བརྡེགས་རྣམ་སྨིན་ཉམས་སུ་མྱོང་བའི་ལས་སྣ་ཚོགས་སྡུག་བསྔལ་གྱི་སྡུག་བསྔལ་དེ་ལས་མནར་དུ་མེད་པའི་ལས་སྣ་ཚོགས་མཛད་དེ་མདུན་གྱི་གཟུགས་བྱང་ལ་ཐིམ་པར་བསྒོམ༔ ཧཱུྃ་ཧཱུྃ་ཨོཾ་བཛྲ་ཀཱི་ལི༴སོགས། བསད་སྔགས་ཤམ༔ སྲི་གང་ཡིན་གྱི། བླ་ཤ་རེ་མ་ཏི་འགྲིམ༴སོགས། རྟགས་མ་བྱུང་བར་བཟླས་ལ༔ ཨོཾ་བཛྲ་ཨང་ཀུ་ཤ་ཡ་ཛ༔ ཕུང་སྲིའི་སྙིང་ལ་ཟུངས་ཤིག༔ ཨོཾ་བཛྲ་པ་ཤ་ཧཱུྃ༔ ཕུང་སྲིའི་སྐེ་ནས་ཆིངས་ཤིག༔ ཨོཾ་བཛྲ་སྥོ་ཊ་བཾ༔ ཕུང་སྲིའི་ཡན་ལག་སྡོམས་ཤིག༔ ཨོཾ་བཛྲ་གནྚེ་ཧོ༔ ཕུང་སྲི་མྱོས་པར་གྱིས་ཤིག༔ གུ་གུལ་བདུག་ལ༔ ཧཱུྃ༔ གུ་གུལ་གདུག་ཅིང་རྩུབ་པའི་རྫས༔ སྔགས་དང་ཕྱག་རྒྱས་ངར་བཏགས་ཏེ༔ དམ་རྫས་ཕུང་སྲིའི་སྣར་བདུག་པས༔ མཐུ་དང་རྫུ་འཕྲུལ་ཉམས་པར་ཤོག༔ ཡུངས་དཀར་གྱི་ཐུན་བརྡེགས་ལ༔ ཧཱུྃ༔ ཡུངས་དཀར་རྡོ་ཕྱེ་ཐུན་སྣ་ཚོགས༔ གསོད་ཅིང་འཐག་པར་བྱེད་པའི་རྫས༔ ཕུང་སྲི་ལས་ངན་སྙིང་ལ་རྒྱོབ༔ ཐལ་བ་རྡུལ་དུ་བརླག་གྱུར་ཅིག༔ ཕུང་སྲིའི་མཾ་ས་རཀྟ་ཀེཾ་ནི་རི་ཏི་ལ་རྦད་རྦད༔ རྩ་སྔགས་ཤམ༔ ཨོཾ་ལང་གི་བྷ་ག་ཏྲི་ན་ཏྲི་སུ་ཏྲི་དུ་ཏྲི་ཨ་ཀརྴ་ཡ་ཛ༔ གུམ་གུམ་ཆུམ་ཆུམ་ཕུང་སྲི་ཐམས་ཅད་ཨངྐུ་ཤ་ཡ་ཛ༔ ཏྲག་རཀྴ་ཡ་མ་ར་ཛ་ཀཱི་ལ་ཡ་སྲི་གང་ཡིན་གྱི་སྲོག་རྩ་ཆོད་ཅིག༔ སྙིང་རྩ་ཕྱུང་ཕྱུང༔ རྡུལ་ཙྪི་ནི་ར་ཐུན༔ དམ་སྲིའི་མཐུ་རྩལ་ནུས་མཐུ་ཐམས་ཅད་སྟྭཾ་བྷ་ཡ་ནན༔ ཨོཾ་ཨཱཿཧཱུྃ་ལཾ་ལཾ༔ དམ་སྲིའི་ཡིད་ཀྱི་འཁྲུལ་འཁོར་ནན༔ ངག་གི་མི་ཁ་སྨྲ་བརྗོད་སྟྭཾ་བྷ་ཡ་ནན༔ རུས་པ་དུམ་བུ་དུམ་བུ་ཏྲི་ཧུར་ཐུམ་ཛ༔ མ་ར་ཡ་ནན༔ ཉི་ཤུ་རྩ་བདུན་གྲངས་དང་སྦྱར༔ དེ་ནས་མུ་ཟི་ནག་པོ་བདུག༔ ཧཱུྃ༔ བསྲེགས་ཤིང་གཞོམ་པར་བྱེད་པའི་རྫས༔ གདུག་པའི་མུ་ཟི་ནག་པོ་འདི༔ འབྱུང་བ་མེ་ཡི་ངར་བཏགས་ནས༔ ཕུང་སྲིའི་གཟུགས་ཀྱི་གནད་ལ་ཕོབ༔ ཛྭ་ལ་རཾ་ཧཱུྃ་ཕཊ༔ མེ་ཆུའི་ཐུན་ཐོགས་ལ༔ ཧཱུྃ༔ རྟ་བདུན་འབར་བ་མེ་ཡི་ཐུན༔ འབྲུབ་བྱེད་དུག་ཆུ་མྱོས་པའི་རྫས༔ རྡོ་རྗེ་ཅན་གྱིས་བཟོད་དཀའ་བ༔ ལས་ངན་ཕུང་སྲིའི་སྙིང་ལ་རྒྱོབ༔ རཾ་རཾ་ཧཱུྃ་ཧཱུྃ་བཾ་ཁཾ་ལཾ་ཧཱུྃ་ཧཱུྃ༔ ཕུང་སྲིའི་སྙིང་ལ་མ་ར་ཡ་ཕཊ༔ དེ་ནས་ཉེས་པ་བསྒྲགས་པ་ནི༔ ཀྱཻ༔ སྔོན་གྱི་ལས་ངན་བསགས་པ་ཡི༔ དམ་ཉམས་ཕུང་སྲི་སྡིག་ཅན་ཁྱོད༔ ད་ནི་གསོད་པའི་དུས་ལ་བབས༔ ཁྱོད་ཀྱིས་མ་ཉེས་གཅིག་ཀྱང་མེད༔ སངས་རྒྱས་བསྟན་པ་གཉན་པོ་བཤིགས༔ སེམས་ཅན་བདེ་བཅོམ་བླ་མར་བརྡོས༔ རྣལ་འབྱོར་བདག་གི་དགྲ་རུ་ལངས༔ ཁྱོད་ནི་བསྒྲལ་བའི་ཞིང་ཡིན་ཏེ༔ དེ་སྔོན་གཞན་ལ་གནོད་པ་བྱས༔ རྒྱུ་འབྲས་ཆུད་མི་ཟ་བའི་ཕྱིར༔ ད་ནི་འབྲས་བུ་དུས་སུ་སྨིན༔ རྣམ་སྨིན་མྱོང་བའི་དུས་ལ་བབས༔ གཞན་གནོད་སྦྱོར་ངན་གཅིག་ཤོམ་ན༔ དེ་ལ་ལྔ་བརྒྱའི་འགྱུར་དང་ལྡན༔ ད་ནི་སྙིང་རྗེ་ཆེན་པོའི་ངང༔ ཁྱོད་ཀྱི་གཟུགས་ཕུང་བརླག་ནས་ཀྱང༔ གནོད་བྱེད་སྲི་ཡི་མིང་མེད་པར༔ རྣམ་ཤེས་བདེ་ཆེན་ཞིང་དུ་སྤར༔ ཁྱོད་ནི་སྐལ་བ་ཤིན་ཏུ་བཟང༔ འདི་ལས་ལས་ངན་སླར་བསགས་ན༔ བསྐལ་པ་སྟོང་དུ་ཐར་དུས་མེད༔ བདག་གིས་ཐབས་ཀྱིས་བསྒྲལ་བ་ན༔ ཁྱོད་ཀྱི་རྣམ་སྨིན་གཏན་ནས་བྱང༔ སངས་རྒྱས་སྲས་སུ་དེང་འགྱུར་རོ༔ དེ་ཕྱིར་དགའ་བ་རབ་ཏུ་སྒོམ༔ དེ་ནས་ཕུང་རེ་ཐོགས་ལ༔ ཧཱུྃ༔ སྲིད་གསུམ་ཕུང་རེ་ནག་པོ་འདི༔ དཀར་ཕྱོགས་ལྷ་ཡི་དམུ་གབ་སྟེ༔ དམ་ཉམས་ཕུང་སྲིའི་མགོ་ལ་ཁོབ༔ རི་མགོ་སྨུག་པས་གཡོག་པའམ༔ བྱ་སྒོང་འདམ་གྱིས་བཏུམ་པ་བཞིན༔ ཤིན་ཏུ་རྨུག་འཐིབ་སྒྲིབས་སུ་ཆུགས༔ ཁམས་གསུམ་འཁོར་བ་མ་སྟོང་བར༔ ཐོག་ཕུབ་ནམ་མཁའ་མི་མཐོང་ཞིང༔ ཐར་དུས་མེད་པའི་རྒྱས་ཐོབ་ཅིག༔ དེ་ནས་ཚོན་སྐུད་སྣ་ལྔས་བཅིངས་ཏེ༔ ཧཱུྃ༔ བདུད་བཙན་ཀླུ་གཉན་གཤིན་རྗེ་ལྔའི༔ སྟོང་གསུམ་བྱད་ཐག་སྣ་ལྔ་འདིས༔ གནོད་བྱེད་ལས་ངན་སྲི་ཡི་རིགས༔ ཁྲོལ་བ་མེད་པར་དམ་དུ་ཆིངས༔ བྱ་རྒོད་རྙི་ཡིས་འཆིང་བ་བཞིན༔ བཟུང་ནས་འཆོར་མེད་དམ་དུ་སྡོམ༔ ཨོཾ་བཛྲ་པ་ཤ་ལོ་ཀ་བཾ༔ མ་ར་ཡ་ཕཊ༔ དེ་ནས་སྲི་རང་རང་མནན་པའི་སར་དོང་དཔང་དུ་ཁྲུ་བདུན་པ༔ རྒྱར་ཁྲུ་ཕྱེད་པ་ཟུར་གསུམ་དུ་བྲུས་ལ༔ ཧོམ་བསྐྱེད་ལིང་ག་འགུགས་བསྟིམས་སོགས་སྔར་ལྟར་དུ་བྱས་ལ༔ ཀྱཻ༔ ཕུང་སྲི་བྱ་བའི་ལས་ངན་ཁྱོད༔ ད་ནི་མནན་པའི་དུས་ལ་བབས༔ ས་འདི་ལས་ཀྱི་གཤིན་རྗེའི་ཡུལ༔ སྲི་ཀུན་གནོན་པའི་གནས་མལ་ཡིན༔ ཁྱོད་ཀྱིས་སངས་རྒྱས་མ་ཐོབ་བར༔ ནམ་ཡང་གཏོང་བའི་དུས་མཐའ་མེད༔ ཅེས་བརྗོད་དོང་ནང་དུ་བཞག༔ སློབ་དཔོན་གྱིས་རྡོ་རྗེ་ས་ལ་བསྣུན་ཏེ༔ ཀྱཻ༔ ཉོན་ཅིག་ས་འདིར་བརྟེན་བཅས་བདག༔ གསེར་སྐྱེམས་གཏོར་མ་འདི་གསོལ་ལ༔ དེ་རིང་བདག་གི་མཐུན་རྐྱེན་མཛོད༔ རྣལ་འབྱོར་བདག་གི་མཐུན་རྐྱེན་མཛོད༔ རྣལ་འབྱོར་བདག་དང་ཡུལ་ལྷ་རྣམས༔ དམ་ཚིག་འབྲེལ་ཞིང་མཐུན་པའི་ཕྱིར༔ གནོད་བྱེད་དགྲ་བགེགས་ཕུང་སྲི་འདིའི༔ ལུས་ངག་ཡིད་གསུམ་ལོངས་སྤྱོད་བཅས༔ ཟས་སྐལ་གཏད་དོ་རྔམས་པར་ཟོ༔ ཇི་སྲིད་བསྐལ་བའི་མཐར་ཐུག་པར༔ ཁྱོད་ལ་གཏད་དོ་མ་ཤོར་ཅིག༔ དམ་ལས་འདའ་ན་བཀའ་ཆད་ཆོད༔ བརྔན་པའི་ཟས་ཀྱིས་ཚིམ་མཛོད་ལ༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ཨེ་ཀརྨ་ཡ་མ་ར་ཛ་ཛཿཧཱུྃ༔ ཞེས་བརྗོད་པས་རང་གི་མདུན་དུ་ལྕགས་བསྲེགས་ཀྱི་ས་གཞི་དོང་དུ་ཤབ་པ་དམྱལ་བའི་གནས་སུ་ཟུག་པ༔ དུག་ཆུའི་རྒྱ་མཚོ་སྔོ་མེར་དུ་འཁྱིལ་བའི་གནས་སུ་ལས་ཀྱི་གཤིན་རྗེ་ནག་པོ་འཇིགས་སུ་རུང་བ༔ རྐང་ལག་ལྕགས་ཀྱི་སྡེར་མོ་ཅན་མ་ཧེའི་སྟེང་ན་རྔམས་སྟབས་ཀྱིས་བཞུགས་ཤིང་འགལ་བྱེད་ལེན་པའི་ཕྱག་རྒྱ་བཅའ་ཞིང་ཁ་ནས་རྒྱོབ་སོད་འབྲུག་ལྟར་ལྡིར་བ༔ རང་དང་ལས་མཐུན་པའི་གཤིན་རྗེའི་ཕོ་ཉ་སྤྲུལ་པའི་དམག་གིས་བསྐོར་བ་གཅིག་ཏུ་གསལ་བའི་ཐུགས་སྲོག་ཡི་གེ་ཨ་ནག་པོ་ལས་འོད་ཟེར་འཕྲོས་པས་ས་འོག་མུན་པ་གཤིན་རྗེའི་གྲོང་ཁྱེར་དུ་དེ་འདྲ་བ་མངོན་སུམ་དུ་སྤྱན་དྲངས་ཏེ་ཐིམ་པར་གྱུར༔ ཨོཾ་ཡ་མ་རཱ་ཛ་བཛྲ་ས་མ་ཡ་ཛ༔ ཛཿཧཱུྃ་བཾ་ཧོ༔ ཧོ་དགོངས་སུ་གསོལ་ལོ༔ འཆི་བདག་གཤིན་རྗེའི་རྒྱལ་པོ་ཆེན་པོ་ཁྱོད་ལ་སངས་རྒྱས་ཀྱི་བསྟན་དགྲ༔ སེམས་ཅན་གྱི་སྤྱི་དགྲ༔ བླ་མའི་སྐུ་དགྲ༔ ཁྱད་པར་དུ་རྣལ་འབྱོར་བདག་ཅག་ཡོན་མཆོད་འཁོར་དང་བཅས་པ་རྣམས་ལ་གནོད་ཅིང་འཚེ་བར་བྱེད་པའི་སྲི་གང་ཡིན་གྱི་མིང་སྨོས་ལ། འདིའི་ཚེ་བསོད་བླ་སྲོག་རྣམ་ཤེས་དྭངས་མའི་ཐིག་ལེ་ཤ་ཁྲག་རུས་གསུམ་དང་བཅས་པ་བསྟབ་བོ༔ དགྱེས་པར་ལོངས་ཤིག༔ ཟོ་ཞིག༔ ཕོ་ཉ་སྤྲུལ་པའི་དམག་དང་བཅས་པ་རྣམས་ཀྱི་ཞལ་དུ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཁོ་འཁོར་དང་བཅས་པ་དགྱེས་ཤིང་རྐན་སྒྲ་དང་བཅས་ཏེ་རོལ་བར་བསམ༔ ལོ་ཀ་ཡ་མ་རཱ་ཛ་གཙྪ༔ རང་གནས་སུ་སོང་བར་བསམ༔ རྩ་སྔགས་ཤམ། ཛ་ལ་མ་ཧཱ་རཾ་རཾ་ཧཱུྃ་ཕཊ༔ ཞེས་པས་མེ་ཐུན་གདབ༔ རྩ་སྔགས་ཤམ། ལཾ་བཾ་ཁཾ་ཧ་ལ་ཛ་ཧུ་མ་ཧཱ་ཧཱུྃ་ཕཊ༔ ཞེས་མེ་ཆུ་བཏེགས༔ རྩ་སྔགས་སུཾ་ཀེཾ་ནི་རི་ཏི་མཎྚ་ལ་ཕཊ༔ ཀཻ་ལ་ཤ་ཧཱུྃ་ཕཊ༔ ས་ཕྱེ་བླུགས་ཤིང་སྟེང་དུ་རྡོ་དཀར་རི་བོའི་ཚུལ་ཅན་གྱིས་མནན༔ སྟེང་དུ་དུར་རྡོ་དང་གྲི་རྡོ་འམ་ཡང་ན་གཡང་ས་གད་པ་ཆད་པའི་སར་བླངས་པའི་རྡོ་ནག་པོ་གླིང་བཞི་གླིང་ཕྲན་བྲིས་པ་ཞིག་བཟུང་སྟེ་རྒྱས་གདབ་པ་ནི༔ ཧཱུྃ༔ དུས་གསུམ་རྒྱལ་བའི་བདེན་པ་ཡིས༔ ཕུང་སྲི་ལས་ངན་སྡིག་ཅན་འདི༔ རང་བྱས་རྣམ་སྨིན་མྱོང་བར་བྱས༔ དྲག་པོའི་རྡོ་ནག་བརྟན་བརྗིད་ལྡན༔ གླིང་བཞི་གླིང་ཕྲན་བརྒྱད་དང་ལྡན༔ ལྷ་ཡི་གནམ་རྡོ་འཕང་བ་བཞིན༔ ཕུང་སྲི་འཆོར་མེད་རྒྱས་ཐོབ་ཤིག༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ དམ་སྲིའི་ལུས་ངག་ཡིད་གསུམ་སྟྭཾ་བྷ་ཡ་ནན༔ ས་མ་ཡཱ༔ ཞེས་འདིས་ནི་སྲིད་གསུམ་གྱི་ཕུང་སྲི་ཐམས་ཅད་མནན་པ་དང་གཞོམ་པར་ཐེ་ཚོམ་མེད་དོ༔ བདག་འདྲ་མཁར་ཆེན་དཔལ་དབང་གིས་ཨོ་རྒྱན་ཉིད་ལ་ཞུས་པའི་ཐུགས་ཀྱི་ཡང་ཞུན་ལས་འདི་བརྩམས་པ་ཙམ་གྱིས་གཟུགས་ཅན་གཟུགས་མེད་ཀྱི་གནོད་པ་དགུན་གྱི་སྤང་རི་མེ་ཡིས་གཞོམ་པ་བཞིན་དུ་འགྱུར་རོ༔ ཀུན་ལ་མི་སྤེལ་བ་དམ་ཚིག་གོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་སྤྲུལ་པའི་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པས་མཁའ་སྤྱོད་གནས་ལུང་དཔལ་གྱི་རི་བོ་ནས་ཁྲོམ་གཏེར་དུ་གདན་དྲངས་བའོ༎

མཇུག་བྱང་།

༄༅། ཞེས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་བ་རྩོད་བྲལ་དུས་བབ་ཀྱི་གཏེར་སྟོན་ཆེན་པོ་ཁམས་དབུས་གཙང་གསུམ་གྱི་མཁས་གྲུབ་ཉི་ཟླ་ལྟ་བུར་གྲགས་པ་དེ་ཉིད་སྔོན་བྱོན་གྱི་པདྨའི་རྒྱལ་ཚབ་དུ་མ་ནས་ལུང་གིས་ཟིན་པ་དང་ཁྱད་པར་དུ་རིག་འཛིན་གྲུབ་ཐོབ་ཡོངས་ཀྱི་གཙུག་རྒྱན་ཐམས་ཅད་མཁྱེན་པ་པདྨ་འོད་གསལ་མདོ་སྔགས་གླིང་པ་དང་། གྲུབ་པའི་དབང་ཕྱུག་འགྲན་ཟླ་དང་བྲལ་བའི་གཏེར་སྟོན་ཆེན་པོ་ཨོ་རྒྱན་མཆོག་གྱུར་བདེ་ཆེན་གླིང་པ་བཅས་ཀྱི་ལུང་ནས་གསལ་བ་ད་ལྟ་མངོན་སུམ་ཚད་མ་རུ་བྱོན་ཏེ་དུས་བབ་ཀྱི་ཟབ་ཆོས་ཕུར་བ་གསང་བ་སྤུ་གྲི་འདི་ཉིད་ཁྲོམ་གཏེར་གྱི་ཚུལ་དུ་གདན་དྲངས་པ་སྟེ་འཛམ་གླིང་ཉི་ཟླ་ཤར་བ་ལྟར་དུ་ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ནས་ཁྱབ་པར་གྱུར་ཅིག། དགེའོ༎ དགེའོ༎ དགེའོ