cover

རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པའི་གསུང་འབུམ།

གླེགས་བམ། ཝཾ༽

རྒྱལ་རོང་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ།

སྔ་འགྱུར་མདོ་ཁམས་གཡུ་ཁོག་དཔེ་ཚོགས།

མཁོ་རྒུའི་ལོངས་སྤྱོད་འཛོམས་ཀྱང་མ་བསགས་ཤིང་། །འདོད་ཡོན་འཁོར་མང་ཚོགས་ཀྱང་མ་ཞེན་པར། །བསླབ་གསུམ་སྡེ་སྣོད་རིག་པའི་བང་མཛོད་དེ། །སྤོང་དང་ཀློག་པའི་སྙིང་གི་དབུས་སུ་བསྐྱིལ། །
—རྫོགས་ཆེན་དཔོན་སློབ།

ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་ལྟ་བ་རང་གྲོལ་གྱི་ལས་བྱང་བརྗོད་པ་རང་གྲོལ།

ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་སྙིང་ཐིག་ལས༔ ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་ལྟ་བ་རང་གྲོལ་གྱི་ལས་བྱང་བརྗོད་པ་རང་གྲོལ་བཞུགས་སོ༔

ཀུན་བཟང་དགོངས་པའི་དབྱིངས་ལ་ཕྱག་འཚལ་ལོ༔ སྔོན་འགྲོའི་རིམ་པ་སྔོན་སོང་ནས༔ སྣང་སྲིད་ཆོས་སྐུའི་རང་མདངས་སུ༔ བགེགས་དང་བར་ཆད་མེད་མོད་ཀྱང༔ མ་རིག་འགྲོ་བའི་འཁྲུལ་སྣང་ལས༔ བདག་མེད་བདག་བཟུང་རྣམ་རྟོག་བགེགས༔ བཟང་ངན་རོ་མཉམ་ངང་ཉིད་ནས༔ ཆོས་ཀྱི་དབྱིངས་སུ་གཅོད་པའི་ཕྱིར༔ བཀའ་བསྒོའི་རིམ་པ་འདི་ལྟར་རོ༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧཱུྃ་ཕཊ༔ རང་ཉིད་སྐད་ཅིག་གིས་འཕགས་པ་ཁ་སར་པཱ་ཎི་ཐུགས་ཆོས་དབྱིངས་རྣམ་དག་སྙིང་རྗེའི་རང་རྩལ་ལས་ལོག་འདྲེན་གདུག་པ་འདུལ་བའི་ཆེད་དུ་ཁྲོ་རྒྱལ་རྟ་མཆོག་ཧེ་རུ་ཀ་ཁྲོ་གཏུམ་མི་བཟད་པའི་སྐུར་གྱུར་བར་བསམ་ལ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཕྱོགས་བཅུར་གནས་པའི་བགེགས་དང་འབྱུང་པོ་རྣམས༔ ས་ཕྱོགས་འདི་ནི་རྟ་མགྲིན་དབང་གི་ཞིང༔ འདི་ན་གནས་པའི་མི་མིན་སྡེ་བརྒྱད་དང༔ སྒྲུབ་པའི་བར་ཆད་བགེགས་ཀྱི་རིགས་གྱུར་གང༔ སྒྲུབ་པའི་གནས་འདིར་མ་འདུག་གཞན་དུ་དེངས༔ གང་དག་མི་འགྲོ་འཚེ་ཞིང་བར་གཅོད་ན༔ ཁྲོ་མཆོག་དབང་གི་རྒྱལ་པོ་ཐུགས་ཁྲོས་ནས༔ ལུས་ངག་རྡུལ་བརླག་རྣམ་ཤེས་དབྱིངས་སུ་སྤར༔ དེ་བས་གནས་འདིར་མ་འདུག་རང་གནས་སོང༔ ཨོཾ་བཛྲ་ཀྲོ་ཏ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་ཡ་མ་དུ་རུ་ཙ་ཤ་ན་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཨོཾ་སུམ་བྷ་ནི༴སོགས་ལན་གསུམ་གྱིས་བགེགས་བསྐྲད༔ དེ་ནས་བསྲུང་འཁོར་ནི༔ ཧཱུྃ༔ ང་ནི་སྙིང་རྗེའི་བདག་ཉིད་སྤྱན་རས་གཟིགས༔ ཁ་སར་པཱ་ཎི་སྟོང་གསལ་སྐུ་རུ་གྱུར༔ ཕྱི་སྣོད་འཇིག་རྟེན་སྣང་བ་སྟོང་པའི་དབྱིངས༔ ནང་བཅུད་སེམས་ཅན་ཐུགས་རྗེ་ཆེན་པོའི་སྐུ༔ གསང་བ་ཆོས་དབྱིངས་རང་བྱུང་རྡོ་རྗེའི་གུར༔ ཡང་གསང་དམིགས་མེད་སྙིང་རྗེའི་ཕོ་བྲང་ཆེ༔ བཞོམ་མེད་རྡོ་རྗེའི་རྭ་གུར་མེ་རིས་བསྐོར༔ སྟོང་གསལ་བསམ་འདས་ཕོ་བྲང་ཡོངས་སུ་རྫོགས༔ ཨོཾ་བཛྲ་རཀྵ་ཀུ་རུ་བྷྲུཾ་ཧཱུྃ༔ དེ་ནས་མཆོད་རྫས་བྱིན་རླབས་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀུན་ཁྱབ་ནམ་མཁའི་གཞོང་པ་རུ༔ མཆོད་རྫས་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ གཟུགས་སྒྲ་དྲི་རོ་རེག་བྱ་དཔག་ཏུ་མེད༔ རྣམ་ལྔ་ཕྱི་མཆོད་སྨན་རཀ་གཏོར་མཆོད་དང༔ ཐབས་ཤེས་སྦྱོར་སྒྲོལ་གསང་བའི་མཆོད་པ་སོགས༔ དངོས་འབྱོར་ཡིད་སྤྲུལ་མཁའ་དབྱིངས་ཡོངས་ཁྱབ་པ༔ བདེ་གཤེགས་དགྱེས་པ་སྐོང་བའི་རྫས་སུ་གྱུར༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ སོགས་ནས། ཨོཾ་བཛྲ་ཤཔྟ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡཱ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྚ་ལ་ཧཱུྃ་ཧྲཱིཿཋཱ༔ ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་ག་ཎ་གུ་ཧྱ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོ༔ ཁ་སར་པཱ་ཎི་པདྨ་རིགས་ཀྱི་ལྷ༔ ཐོག་མའི་དུས་ནས་རང་སེམས་ངོ་མ་ཤེས༔ མ་རིག་རྐྱེན་གྱིས་མཐའ་མེད་འཁོར་བར་འཁྱམ༔ ད་ནི་རང་རིག་དབྱེར་མེད་ལྷ་ཁྱོད་མཇལ༔ སྔར་འདས་མ་ཤེས་ནོངས་པ་ཅི་མཆིས་པ༔ རབ་ཏུ་གནོང་ཞིང་འགྱོད་པས་མཐོལ་ལོ་བཤགས༔ སྒྲིབ་མེད་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཡིག་བརྒྱ་བཟླ༔ སརྦ་ས་མ་ཡཱ་ཤུདྡྷེ་ཨ་ཧོ༔ དེ་ནས་ཏིང་འཛིན་རྣམ་གསུམ་ལ༔ དང་པོ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ནི༔ ཧཱུྃ༔ ཐམས་ཅད་ཆོས་ཉིད་སྤྲོས་དང་བྲལ་བ་ནི༔ སྨྲ་བསམ་བརྗོད་མེད་ཆོས་དབྱིངས་སྟོང་པའི་ངང༔ མ་བཅོས་རིག་པ་རང་ཤར་ཆོས་ཀྱི་སྐུ༔ འཁོར་འདས་རོ་མཉམ་སྟོང་པའི་དབྱིངས་སུ་བརྡལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ ཐམས་ཅད་སྟོང་པའི་དབྱིངས་སུ་སྦྱོང༔ གཉིས་པ་ཀུན་སྣང་ཏིང་འཛིན་ནི༔ ཧཱུྃ༔ སྟོང་ཉིད་དེ་བཞིན་ཉིད་ཀྱི་རང་མདངས་ལས༔ ཀུན་སྣང་སྙིང་རྗེ་ཆེན་པོ་ཁྱབ་པར་འཕྲོས༔ ཐམས་ཅད་ཡེ་ནས་སངས་རྒྱས་རང་བཞིན་དུ༔ མ་རྟོགས་འཁྲུལ་བའི་སེམས་ཅན་སྙིང་རེ་རྗེ༔ ཨོཾ་བཛྲ་དྷརྨ་དྷརྟུ་སྭ་བྷཱ་ཝ་ཤུདྡྷོ྅་ཧཾ༔ སྟོང་པའི་ངང་ལས་བྱམས་པར་བསྒོམ༔ གསུམ་པ་རྒྱུ་ཡི་ཏིང་འཛིན་ནི༔ ཧཱུྃ༔ ཐམས་ཅད་རྟེན་འབྲེལ་རྒྱུ་ལས་མ་བྱུང་མེད༔ བརྗོད་མེད་ངང་ལས་རྒྱུ་ཡི་ཡི་གེ་ཧྲཱི༔ ཧྲཱིཿལས་ཨེ་འཕྲོས་སྟོང་ཉིད་ནམ་མཁའི་ཁམས༔ ཡཾ་འཕྲོས་རྒྱ་གྲམ་རླུང་དཀྱིལ་སྲ་བརྟན་འཁྲིགས༔ བཾ་འཕྲོས་འཚོ་བྱེད་ཆུ་ཡི་རྒྱ་མཚོ་འཁྱིལ༔ ལཾ་འཕྲོས་ས་གཞི་སྟོང་གསུམ་ཁྱོན་དུ་བརྡལ༔ བྷྲུཾ་འཕྲོས་ཡེ་ཤེས་རང་སྣང་གཞལ་མེད་ཁང༔ ཕོ་བྲང་ཕྱི་ནང་ཆོས་ཀུན་ཡོངས་སུ་རྫོགས༔ དེ་དབུས་པདྨ་འདབ་བརྒྱད་ཟེའུ་འབྲུའི་ཁར༔ ཉི་ཟླའི་གདན་ལ་ཧྲཱིཿདཀར་ཡོངས་གྱུར་ལས༔ འོད་ཟེར་ཡར་འཕྲོས་རྒྱལ་བའི་བྱིན་རླབས་བསྡུས༔ མར་འཕྲོས་འགྲོ་དྲུག་སོ་སོའི་ལས་ཉོན་སྦྱངས༔ ཚུར་འདུས་བདག་ཉིད་འཕགས་པ་སྤྱན་རས་གཟིགས༔ ཁ་སར་པཱ་ཎི་ཞལ་གཅིག་ཕྱག་གཉིས་པ༔ སྐུ་མདོག་དཀར་པོ་དུང་ལ་སྣུམ་བསྐུས་ལྟར༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱས་རིལ་བ་བསྣམས༔ ཕྱག་གཡོན་པད་དཀར་འདབ་བརྒྱད་ཡུ་བ་འཛིན༔ རིན་ཆེན་དབུ་རྒྱན་སྙན་ཆ་མགུལ་རྒྱན་དང༔ ཕྱག་གདུབ་ཞབས་གདུབ་དཔུང་རྒྱན་སེ་མོ་དོ༔ དོ་ཤལ་ལ་སོགས་རིན་ཆེན་རྒྱན་གྱིས་མཛེས༔ དར་ལྗང་སྟོད་གཡོག་ཆོས་གོས་ལེ་བརྒན་དང༔ རི་དྭགས་ལྤགས་པའི་ཟི་ལྡིར་མཐིང་འོད་ཅན༔ གསེར་གྱི་སྐུ་རགས་སྨད་གཡོགས་ལྗང་གུ་གསོལ༔ ཞི་འཛུམ་སྤྱན་དཀྱུས་རིང་ཞིང་ཤངས་དབྱིབས་མཐོ༔ ལོངས་སྐུའི་ཆས་རྫོགས་བཞེངས་པའི་སྟབབས་ཀྱིས་བཞུགས༔ དེ་ཕྱིར་ཤར་གྱི་འདབ་མར་སྤྱན་རས་གཟིགས༔ དཀར་གསལ་ཕྱག་གཉིས་ཤེལ་ཕྲེང་པདྨ་བསྣམས༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ ཤར་ལྷོའི་འདབ་མར་སེམས་དཔའ་བྱམས་པ་ནི༔ དཀར་པོ་ཞལ་གཅིག་ཕྱག་གཉིས་ཀླུ་ཤིང་ཐོགས༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ ལྷོ་ཡི་འདབ་མར་སེམས་དཔའ་ས་སྙིང་དཀར༔ ཕྱག་གཡས་ས་གནོན་གཡོན་པས་མྱུ་གུ་བསྣམས༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ ལྷོ་ནུབ་འདབ་མར་སྒྲིབ་པ་རྣམ་པར་སེལ༔ སྐུ་མདོག་མཐིང་སྐྱ་སྐྱབས་སྦྱིན་པུསྟི་བསྣམས༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ ནུབ་ཀྱི་འདབ་མར་ནམ་མཁའི་སྙིང་པོ་སེར༔ ཕྱག་གཡས་རལ་གྲི་གཡོན་པས་དྲིལ་བུ་བསྣམས༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ ནུབ་བྱང་འདབ་མར་ཀུན་ཏུ་བཟང་པོ་དཀར༔ ཕྱག་གཡས་སྙེ་མ་གཡོན་པས་མཉམ་བཞག་ཅན༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ བྱང་གི་འདབ་མར་སེམས་དཔའ་ཕྱག་རྡོར་མཐིང༔ ཕྱག་གཡས་རྡོ་རྗེ་གཡོན་པས་དྲིལ་བུ་བསྣམས༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ བྱང་ཤར་འདབ་མར་སེམས་དཔའ་འཇམ་དབྱངས་དམར༔ ཕྱག་གཡས་རལ་གྲི་གཡོན་པས་པུསྟི་བསྣམས༔ སེམས་དཔའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞུགས༔ དེ་ཡི་ཕྱི་རིམ་པདྨ་འདབ་བཅུ་ལ༔ མདུན་དུ་ཞི་བའི་ལས་བྱེད་སྒྲོལ་མ་དཀར༔ ཕྱག་གཡས་མཆོག་སྦྱིན་ཕྱག་རྒྱ་པུས་མོར་བརྟེན༔ ཕྱག་གཡོན་ཨུཏྤལ་དཀར་སྔོན་ཐུགས་ཀར་འཛིན༔ བཞེངས་སྟབས་དར་དང་རིན་ཆེན་དུ་མས་བརྒྱན༔ ཞི་བའི་ལས་བྱེད་ཚུལ་དུ་གསལ་བར་བསྒོམ༔ གཡས་སུ་རྒྱས་པའི་ལས་བྱེད་ནོར་རྒྱུན་མ༔ སེར་མོ་ཞལ་གཅིག་ཕྱག་གཉིས་གཡས་མཆོག་སྦྱིན༔ ཕྱག་གཡོན་འབྲས་ཀྱི་སྙེ་མ་ཐུགས་ཀར་འཛིན༔ སྣ་ཚོགས་དར་དང་རིན་ཆེན་རྒྱན་གྱིས་སྤྲས༔ སེམས་མའི་ཆས་རྫོགས་བཞེངས་པའི་སྟབས་ཀྱིས་བཞེངས༔ ཚེ་བསོད་དཔལ་འབྱོར་རྒྱས་པའི་ལས་མཛད་བསྒོམ༔ རྒྱབ་ཏུ་དབང་གི་ལས་མཛད་རིག་བྱེད་མ༔ ཞལ་གཅིག་ཕྱག་དྲུག་སྐུ་མདོག་དམར་འོད་འཕྲོ༔ དང་པོ་གཉིས་ཀྱིས་ཨུཏྤལ་ཐུགས་ཀར་འཛིན༔ བར་མས་མདའ་གཞུ་འགེང་ཞིང་འོག་མ་གཉིས༔ ཨུཏྤལ་དམར་པོ་དབང་གི་ལྕགས་ཀྱུ་བསྣམས༔ བརྐྱང་བསྐུམ་གར་སྟབས་བཞེངས་པའི་སྟབས་ཀྱིས་བཞུགས༔ ནུ་མ་འབུར་ཞིང་བྷ་ག་རབ་ཏུ་རྒྱས༔ ཞི་མ་ཁྲོ་འཛུམ་བདེ་ཉམས་མཉེན་ལྕུགས་སྒེག༔ ཐོད་སྐམ་ལྔ་དང་རྩེ་ཕྲན་དབུ་ལ་བརྒྱན༔ ཐོད་རློན་ལྔ་བཅུའི་དོ་ཤལ་ཕྲེང་བ་དང༔ དར་དཔྱང་སྟོད་གཡོག་སྟག་ཤམ་སྨད་དཀྲིས་ཅན༔ ཁམས་གསུམ་སྲིད་གསུམ་དབང་སྡུད་ལས་མཛད་ཚུལ༔ གཡོན་དུ་དྲག་པོའི་ལས་བྱེད་ལྷ་མོ་ནི༔ རྡོ་རྗེ་སྡེར་མོ་ཞལ་གཅིག་ཕྱག་གཉིས་པ༔ སྨུག་ནག་དགྲ་དཔུང་བཟློག་པའི་ཐོ་བ་དང༔ ཕྱག་གཡོན་གདོན་བགེགས་འགུག་འཆིང་ལྕགས་ཀྱུ་ཞགས༔ གླང་ཆེན་ཀོ་རློན་ཞིང་ལྤགས་སྟོད་གཡོག་གསོལ༔ སྟག་ལྤགས་ཤམ་ཐབས་ཞིང་ཆུང་སྐུ་རགས་མཛེས༔ ཐོད་སྐམ་དབུ་རྒྱན་ཐོད་རློན་དོ་ཤལ་ཅན༔ པད་ཉི་ཏི་ར་དགྲ་བགེགས་བརྫིས་པའི་སྟེང༔ བསྒྲད་པའི་སྟབས་ཅན་དྲག་པོའི་ལས་བྱེད་གསལ༔ མཚམས་ཀྱི་པད་འདབ་དྲུག་ལ་ཐུབ་པ་དྲུག༔ སྐུ་མདོག་ཕྱག་མཚན་རང་རང་ཆ་ལུགས་མཛེས༔ རིགས་དྲུག་གནས་ནས་སྤོར་བྱེད་བཞེངས་པར་གསལ༔ གཞན་ཡང་ཕྱི་ཡི་མུ་ཁྱུད་ཁོར་ཡུག་ལ༔ དཔའ་བོ་མཁའ་འགྲོ་བཀའ་སྲུང་གཏེར་བདག་སོགས༔ ཆོས་སྐྱོང་སྲུང་མ་འཁོར་ཚོགས་དཔུང་བཅས་གསལ༔ དེ་ཡི་ཕྱི་རིམ་གཞལ་ཡས་སྒོ་བཞི་རུ༔ ཤར་སྒོར་སྙིང་རྗེའི་སྒོ་མ་ལྕགས་ཀྱུ་དཀར༔ ལྷོ་སྒོར་བྱམས་པའི་སྒོ་མ་ཞགས་པ་སེར༔ ནུབ་སྒོར་དགའ་བའི་སྒོ་མ་ལྕགས་སྒྲོག་དམར༔ བྱང་སྒོར་བཏང་སྙོམ་སྒོ་མ་དྲིལ་བུ་ལྗང༔ ཕྱི་ནང་བར་ཆད་སྲུང་བའི་ལས་མཛད་གསལ༔ དེ་ལྟར་དམིགས་པ་གསལ་བར་བྱ༔ དེ་ནས་གདུང་བས་སྤྱན་འདྲེན་ནི༔ དར་དཀར་གཡབ་ཅིང་སྤོས་དུད་བཏང༔ སྙིང་ནས་གསོལ་བཏབ་བྱིན་ཆེན་དབབ༔ ས་མ་ཡཱ༔ ཨོཾ་ཨཱཿཧཱུྃ༔ གཙོ་འཁོར་ཀུན་གྱི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་རང་བཞིན་གནས་ནས་ཡེ་ཤེས་པ༔ ཇི་ལྟར་བསྐྱེད་པ་བཞིན་དུ་སྤྱན་དྲངས་གྱུར༔ ས་མ་ཡཱ༔ ཧཱུྃ་ཧྲཱིཿ བདེ་ཆེན་དག་པ་ཆོས་སྐུའི་ཞིང་ཁམས་ནས༔ རིགས་བདག་འོད་དཔག་མེད་པ་གཤེགས་སུ་གསོལ༔ རྣམ་དག་ཞིང་ཁམས་རི་བོ་ཏ་ལ་ནས༔ ལོངས་སྐུ་ཁ་སར་པཱ་ཎི་གཤེགས་སུ་གསོལ༔ འཁྲུལ་བ་རྣམ་དག་ཟངས་མདོག་དཔལ་རི་ནས༔ སྤྲུལ་སྐུ་པདྨ་འབྱུང་གནས་གཤེགས་སུ་གསོལ༔ ཚོགས་བརྒྱད་དག་པ་ཆོས་དབྱིངས་ཞིང་ཁམས་ནས༔ བྱང་ཆུབ་སེམས་དཔའ་རྣམ་བརྒྱད་གཤེགས་སུ་གསོལ༔ ཕྲིན་ལས་ཞི་རྒྱས་དབང་དྲག་དཀྱིལ་འཁོར་ནས༔ ལས་མཛད་ལྷ་མོ་རྣམ་བཞི་གཤེགས་སུ་གསོལ༔ རིགས་དྲུག་འགྲོ་འདུལ་སྤྲུལ་སྐུའི་ཞིང་ཁམས་ནས༔ འགྲོ་འདུལ་ཐུབ་པ་རྣམ་དྲུག་གཤེགས་སུ་གསོལ༔ དངོས་གྲུབ་ཆར་ལྟར་འབེབ་པའི་གནས་མཆོག་ནས༔ གནས་གསུམ་དཔའ་བོ་མཁའ་འགྲོ་གཤེགས་སུ་གསོལ༔ གང་འདུལ་ཕྲིན་ལས་མཛད་པའི་དཀྱིལ་འཁོར་ནས༔ ཆོས་སྐྱོང་བཀའ་བསྲུང་གཏེར་བདག་གཤེགས་སུ་གསོལ༔ ཚད་མེད་རྣམ་བཞིས་འགྲོ་བ་འདུལ་མཛད་པ༔ ཡེ་ཤེས་སྒོ་མ་རྣམ་བཞི་གཤེགས་སུ་གསོལ༔ སྒྲུབ་པའི་གནས་མཆོག་འདིར་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་རྣལ་འབྱོར་བདག་ལ་དབང་བཞི་སྐུར༔ སྒྲུབ་ལ་བར་གཅོད་གདོན་བགེགས་དབྱིངས་སུ་སྒྲོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་སྩོལ༔ ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ས་མ་ཡཱ་ཛཿཛ༔ བཞུགས་སུ་གསོལ་བ་ནི༔ ཧཱུྃ་ཧྲཱི༔ ཐུགས་རྗེའི་བདག་ཉིད་ཁ་སར་པཱ་ཎི་དང༔ སེམས་དཔའ་མཆེད་བརྒྱད་ལས་བཞིའི་མཁའ་འགྲོ་བཞི༔ སྤོར་བྱེད་བཀའ་གཏེར་སྲུང་མ་སྒོ་བཞིའི་ཚོགས༔ ཇི་ལྟར་བསྐྱེད་བཞིན་དབྱེར་མེད་བཞུགས་སུ་གསོལ༔ ཨོཾ་ཨཱརྱ་ལོ་ཀི་ཤྭ་ར་ས་མ་ཡཱ་ཏིཥྛ་ལྷན༔ ཕྱག་འཚལ་བ་ནི༔ ཧྲཱིཿ ཐུགས་རྗེ་ཆེན་པོ་འཕགས་པ་སྤྱན་རས་གཟིགས༔ ཁ་སར་པཱ་ཎིའི་ལྷ་ཚོགས་ཐམས་ཅད་ལ༔ ཕ་མ་འགྲོ་དྲུག་སྡུག་བསྔལ་སྦྱོང་བའི་ཕྱིར༔ ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ མཆོད་པ་འབུལ་བ་ནི༔ ཧྲཱིཿ འཕགས་པ་ཁ་སར་པཱ་ཎིའི་ལྷ་ཚོགས་ལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ་བ་ནི༔ སྣང་སྟོང་མེ་ཏོག་ཚོར་སྟོང་བདུག་སྤོས་དང༔ གསལ་སྟོང་མར་མེ་བདེ་སྟོང་དྲི་ཆབ་དང༔ མྱོང་སྟོང་ཞལ་ཟས་གྲགས་སྟོང་རོལ་མོ་འབུལ༔ བཞེས་ནས་འགྲོ་དྲུག་སྡུག་བསྔལ་སྦྱོང་དུ་གསོལ༔ ཨོཾ་བཛྲ་པུཥྤེ༴སོགས་ནས། ཤཔྟ་སརྦ་པཱུ་ཛ་ཧོ༔ ཧྲཱིཿ ཁ་སར་པཱ་ཎི་རྒྱལ་བའི་ལྷ་ཚོགས་ལ༔ བདུད་རྩི་སྨན་གྱི་མཆོད་པ་འབུལ་བ་ནི༔ གདོད་ནས་རྣམ་དག་རྩ་བརྒྱད་སྟོང་སྦྱར་སྨན༔ རིགས་ལྔའི་དམ་ཚིག་ཡེ་ཤེས་ལྔ་རྫོགས་རྫས༔ རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་དུག་ལྔ་སེལ༔ ངོ་མཚར་རྨད་བྱུང་བདུད་རྩིའི་མཆོད་པ་འབུལ༔ ཐུགས་རྗེས་བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ བཞེས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ ཞེས་མཆོད༔ ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་པས་དངོས་གྲུབ་ཀྱི་ཚུལ་དུ་མྱོང༔ ཧྲཱིཿ འཕགས་མཆོག་ཁ་སར་པཱ་ཎིའི་ལྷ་ཚོགས་ལ༔ དམ་རྫས་གཏོར་མའི་མཆོད་པ་འབུལ་བ་ནི༔ ཆོས་དབྱིངས་རྣམ་པར་དག་པའི་གཏོར་གཞོང་དུ༔ བརྗིད་ལྡན་རོ་བརྒྱ་ལྡན་པའི་གཏོར་ཆེན་བཤམས༔ འདོད་ཡོན་མཆོད་པའི་ལྷ་མོའི་ཚོགས་ཀྱིས་སྤྲས༔ ཡེ་ཤེས་རོལ་བ་གཏོར་མའི་མཆོད་པ་འབུལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧྲཱི་འཕགས་པ་ཁ་སར་པཱ་ཎིའི་ལྷ་ཚོགས་ལ༔ ཞིང་བཅུ་བསྒྲལ་བའི་རཀྟ་འབུལ་བ་ནི༔ སྟོང་གསུམ་ལྕང་ལོར་བཅས་པའི་བྷན་དྷ་རུ༔ ཁམས་གསུམ་མ་རིག་དུག་ལྔ་བསྒྲལ་བའི་ཁྲག༔ འདོད་ཡོན་ལྷ་མོ་གཱིརྟིའི་ཚོགས་ཀྱིས་སྤྲས༔ དུག་ལྔ་རོལ་བ་རཀྟའི་མཆོད་པ་འབུལ༔ ཨོཾ་མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ ཧྲཱིཿ ཁ་སར་པ་ཎིའི་ལྷ་ཚོགས་འཁོར་བཅས་ལ༔ སྣང་སྟོང་གསང་བའི་མཆོད་པ་འབུལ་བ་ནི༔ བདེ་བ་ཡབ་སྣང་སྟོང་པ་ཡུམ་སྣང་ལ༔ མ་ཆགས་ཐབས་ཀྱིས་སྦྱོར་བའི་འཕྲོ་འདུ་ལས༔ མཁའ་གསང་ལས་བབ་བདུད་རྩི་དཀར་དམར་འཁྱིལ༔ བདེ་སྟོང་རོལ་བ་བདུད་རྩིའི་གསང་མཆོད་འབུལ༔ ཨོཾ་བྷོ་དྷི་ཙིཏྟ་གུ་ཧྱ་པཱུ་ཛ་ཧོ༔ ཧྲཱིཿ ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་ཚོགས༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔ འཁོར་ལོ་ནོར་བུ་བཙུན་མོ་བློན་པོ་དང༔ གླང་པོ་རྟ་མཆོག་དམག་དཔོན་རིན་པོ་ཆེ༔ རྒྱལ་སྲིད་རིན་ཆེན་སྣ་བདུན་མཆོད་པ་འབུལ༔ ཡུངས་ཀར་བིལ་བ་དུརྦ་ལི་ཁྲི་དང༔ གི་ཝཾ་བ་ཞོ་མེ་ལོང་དུང་དཀར་ཏེ༔ བཅུད་དཔལ་བཀྲ་ཤིས་རྫས་བརྒྱད་མཆོད་པ་འབུལ༔ གཟུགས་འཆར་མེ་ལོང་སྒྲ་སྙན་པི་ཝཾ་དང༔ དྲི་ཞིམ་བདུག་སྤོས་བཅུད་ལྡན་ཞལ་ཟས་ཚོགས༔ དར་ཟབ་རེག་བྱ་བརྗོད་བྲལ་ཆོས་ཀྱི་མཛོད༔ ཡིད་སྤྲུལ་འདོད་ཡོན་ལྷ་མོའི་ཚོགས་ཀྱི་སྒྲས༔ ཀུན་བཟང་མཆོད་སྤྲིན་ཕྱི་ནང་གསང་མཆོད་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ བསྟོད་པ་བྱ་བ་ནི༔ ཧྲཱི༔ ཐུགས་རྗེ་ཆེན་པོ་འགྲོ་བ་ཡོངས་ཀྱི་མགོན༔ ཉེ་རིང་མེད་པར་སྙིང་རྗེའི་སྤྱན་གྱིས་གཟིགས༔ བྱམས་པ་ཆེན་པོས་འགྲོ་དྲུག་གནས་ནས་འདྲེན༔ ཁ་སར་པཱ་ཎིའི་སྐུ་ལ་ཕྱག་འཚལ་བསྟོད༔ སྐུ་ནི་མི་འགྱུར་འཁྲུལ་མེད་སྤྲུལ་པའི་སྐུ༔ གསུང་ནི་མི་འགགས་ལོངས་སྤྱོད་རྫོགས་པའི་གསུང༔ ཐུགས་ནི་མ་བཅོས་སྐྱེ་མེད་ཆོས་སྐུའི་ཐུགས༔ ཁ་སར་པཱ་ཎིའི་ཐུགས་ལ་ཕྱག་འཚལ་བསྟོད༔ བྱང་ཆུབ་ཐུགས་བསྐྱེད་སྨོན་ལམ་རྣམ་དག་ཅིང༔ མཐོང་ཐོས་དྲན་པས་འགྲོ་དྲུག་སྨིན་ཅིང་གྲོལ༔ དུས་གསུམ་བདེ་གཤེགས་ཐམས་ཅད་བསྐྱེད་པའི་ཡབ༔ འཕགས་པ་ཁ་སར་པཱ་ཎིར་ཕྱག་འཚལ་བསྟོད༔ འཁོར་གྱི་ཚུལ་འཛིན་སེམས་དཔའ་རྣམ་པ་བརྒྱད༔ གང་ལ་གང་འདུལ་འགྲོ་བའི་དོན་བྱེད་ཅིང༔ ཚོགས་བརྒྱད་མ་སྤངས་གནས་སུ་དག་པ་ཡི༔ བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་བསྟོད༔ ཞི་རྒྱས་དབང་དང་མངོན་སྤྱོད་ལས་མཛད་ཅིང༔ སྒྲུབ་པའི་རེ་འདོད་སྐོང་བའི་དམ་ཚིག་ཅན༔ རང་བྱུང་ལྷུན་གྲུབ་སྐྱེ་འགག་བྲལ་བའི་སྐུ༔ འདོད་སྟེར་ལྷ་མོ་བཞི་ལ་ཕྱག་འཚལ་བསྟོད༔ ཐུགས་བསྐྱེད་སྟོབས་ཀྱིས་འགྲོ་དྲུག་སྡུག་བསྔལ་སྒྲོལ༔ རིགས་དྲུག་གནས་ནས་སྤོར་བའི་ལས་མཛད་དྲུག༔ དུག་ལྔ་སེར་སྣ་དང་བཅས་གནས་སུ་དག༔ འགྲོ་འདུལ་སྤོར་བྱེད་དྲུག་ལ་ཕྱག་འཚལ་བསྟོད༔ བཀའ་ཉན་ལས་བྱེད་སངས་རྒྱས་བསྟན་པ་སྲུང༔ བར་ཆད་གདོན་བགེགས་བདུད་དཔུང་ཐལ་བར་བརླག༔ སྒྲུབ་པ་པོ་ལ་དངོས་གྲུབ་ཆར་ལྟར་འབེབ༔ བཀའ་གཏེར་ཆོས་སྐྱོང་སྲུང་མའི་ཚོགས་ལ་བསྟོད༔ ཤར་ལྷོ་ནུབ་བྱང་སྒོ་བཞིའི་གཞལ་ཡས་སུ༔ དཀར་སེར་དམར་ལྗང་རིན་ཆེན་རྒྱན་གྱིས་བརྒྱན༔ ལས་བཞི་སྒྲུབ་མཛད་རང་རྟགས་ཕྱག་རྒྱ་འཛིན༔ ཕྲིན་ལས་སྒོ་མ་བཞི་ལ་ཕྱག་འཚལ་བསྟོད༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ནས་བཤགས་པ་ནི༔ ཧྲཱིཿ ཁ་སར་པཱ་ཎི་རྒྱལ་བའི་ལྷ་ཚོགས་དགོངས༔ བདག་ཅག་མི་ཤེས་རྨོངས་པའི་དབང་གྱུར་ཏེ༔ མི་དགེ་འགལ་འཁྲུལ་ཉམས་ཆག་ཅི་མཆིས་པ༔ ཆོས་དབྱིངས་བརྗོད་བྲལ་ཀློང་དུ་བཤགས་པར་བགྱི༔ ཡིག་བརྒྱ་བཟླ༔ ༈ བསྙེན་དམིགས་ལྷན་ཐབས་ནི༔ ལྷ་རྣམས་གཙོ་འཁོར་ས་བོན་སྔགས་ཕྲེང་ནི༔ ཟླ་དཀྱིལ་སྟེང་དུ་གཡས་སུ་འཁོར་བ་ལས༔ འོད་ཟེར་རང་མདོག་སྣ་ཚོགས་ཕྱོགས་བཅུར་འཕྲོས༔ ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་རྒྱུད་བསྐུལ༔ བྱིན་རླབས་ནུས་མཐུ་འབྱུང་ལྔའི་དངས་བཅུད་ཀྱི༔ འགྲོ་དྲུག་སྒྲིབ་སྦྱོང་སྔགས་ཀྱི་རང་སྒྲ་སྒྲོག༔ སྣང་གྲགས་རིག་གསུམ་འཕགས་པའི་སྐུ་དང་ཞིང༔ དྲན་རྟོགས་ཆོས་ཉིད་ཡེ་ཤེས་རོལ་པའི་ཐུགས༔ འཁོར་བ་དོང་སྤྲུག་སྒྲིབ་སྦྱང་དཔལ་ཐོབ་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཞེས་ཅི་ནུས་བཟླ༔ གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས་འཁོར་རྣམས་བསྐུལ་ཏེ་སོ་སོའི་ལས་སྒྲུབ་པར་བསམ༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ༔ ཨོཾ་བ་སུ་དྷ་རི་ཎི་སྭཱ་ཧཱ༔ ཨོཾ་ཀུ་རུ་ཀུལླེ་ཧྲཱི༔ ཨོཾ་བཛྲ་ན་ཁི་ཧཱུྃ་ཕཊ༔ ཞེས་པ་རྣམས་ཅུང་ཟད་རེ་བཟླའོ༔ འདི་རྣམས་བསྙེན་སྒྲུབ་མན་ངག་གསལ་བའི་ཐེམ་སྐས་ནས་བྲིས་སོ༎ ཚོགས་མཆོད་ནི༔ ཞིང་ངམ་སྟག་ལྤགས་ཀྱི་སྟེང་དུ་ལོངས་སྤྱོད་རྒྱ་ཆེན་ཚོགས་ཀྱི་འཁོར་ལོ་བཤམས༔ བསང་སྦྱང་ནི༔ ཧྲཱིཿ བདག་ཉིད་ལྷ་ཡི་ཐུགས་ནས་རཾ་ཡཾ་ཁཾ༔ འཕྲོས་པས་ཚོགས་རྫས་རྣམ་རྟོག་བསྲེག་གཏོར་བཀྲུས༔ ངོ་བོ་ལོངས་སྤྱོད་རྫས་ཀྱི་རང་བཞིན་ལ༔ རྣམ་པ་ཡེ་ཤེས་མཆོད་པའི་སྤྲིན་ཕུང་འཁྲིགས༔ ལྷ་ཚོགས་དགྱེས་པ་སྐོང་བའི་རྫས་སུ་གྱུར༔ རཾ་ཡཾ་ཁཾ༔ ལན་གསུམ༔ ཧྲཱིཿ ཆོས་དབྱིངས་ཀུན་ཁྱབ་སྟོང་པའི་རང་མདངས་ལས༔ ཏིང་འཛིན་སྤྲུལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ སྦྱོང་བྱེད་སྔགས་ཀྱི་འོད་ཟེར་འཕྲོས་ནས་སུ༔ འདོད་ཡོན་ཚོགས་ཀྱི་འཁོར་ལོར་ཕོག་པ་ལས༔ ལས་ཀྱི་ཕྱག་རྒྱ་ཡབ་ལྔ་ཡུམ་ལྔར་གྱུར༔ བདེ་ཆེན་སྦྱོར་བའི་ཟག་མེད་བདུད་རྩིར་འཁྱིལ༔ ལྷ་རྣམས་དགྱེས་སྐོང་མཆོད་པའི་རྫས་སུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱ༔ མུྃ་ལཱྃ་མཱྃ་པཱྃ་ཏཱྃ༔ ས་མ་ཡ་ཧོ༔ ས་མ་ཡ་སྟྭཾ༔ པཉྩ་ཨ་མྲྀ་ཏ་ཧ་ཧོ་ཧྲཱི༔ བཛྲ་ས་མ་ཡ་ཕེཾ་ཕེཾ༔ དེ་ནས་ཚོགས་ཕུད་རྣམས་རིམ་པ་གསུམ་དུ་སྤྲོས་ལ༔ དང་པོ་འབུལ་བ་ནི༔ ཧྲཱིཿ ཁ་སར་པཱ་ཎི་པདྨ་རིགས་ཀྱི་ལྷ༔ མ་ལུས་འཁོར་དང་བཅས་པ་ཐམས་ཅད་ལ༔ ཤ་ལྔ་བདུད་རྩི་ལྔ་སྦྱར་བ་ལིཾ་ཏ༔ ཡེ་ཤེས་ལྔ་ལྡན་ག་ན་ཙཀྲ་འདི༔ གུས་པས་འབུལ་ལོ་དགྱེས་པར་བཞེས་སུ་གསོལ༔ ཨཱརྱ་ལོ་ཀེ་ཤྭ་ར་ས་པ་རི་ཝཱ་ར་མ་ཧཱ་ག་ཎ་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་བ་བཤགས་པ་ནི༔ ཧོ༔ ཁ་སར་པཱ་ཎིའི་ལྷ་ཚོགས་བདག་ལ་དགོངས༔ ཚེ་རབས་སྐྱེ་བ་སྔོན་ནས་ད་ལྟའི་བར༔ སྲུང་དཀའི་ཁས་བླངས་དམ་ཚིག་ཉམས་ཆག་རྣམས༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས་པར་བགྱི༔ ཡིག་བརྒྱ༔ སརྦ་ས་མ་ཡ་ཤུདྡྷེ་ཨ་ཧོ༔ ཐ་མ་བསྒྲལ་བ་ནི་དགུག་གཞུག་བྱས་ལ༔ ཧཱུྃ༔ སྙིང་རྗེ་ཁྲོས་པ་དབང་དྲག་ལས་ཀྱི་ལྷ༔ ཕུར་བུ་དྲིལ་འདེབ་ཁྲོ་བོའི་ཆ་བྱད་རྫོགས༔ སྤྲུལ་པ་ལས་བཞིའི་ཕོ་ཉ་གྲངས་མེད་འཕྲོས༔ དམིགས་བྱ་འགུག་འཆིང་སྡོམ་མྱོས་ལས་བྱས་ཏེ༔ སྙིང་རྗེའི་ཤུགས་ཀྱིས་བསྒྲལ་ཏེ་རྡུལ་དུ་བརླག༔ རྣམ་ཤེས་སྐྱེ་མེད་འཕགས་པའི་ཐུགས་ཀར་སྤར༔ ཕཊ་ཕཊ་ཕཊ༔ གུ་རུ་དྷེ་ཝ་ཌཱཀྐི་ནི་དྷརྨ་པ་ལ་ཨ་མུ་ཀ་མཾ་ས་རཀྟ་ཀིཾ་ནི་རི་ཏི་ཁཱ་ཧི༔ ཞེས་བསྟབ༔ དེ་ནས་བསྐང་བ་དང་ཚོགས་ལ་རོལ་བ་སྤྱི་ལྟར་བྱ། མཆན། དེ་ནས་ལྷག་མ་ནི༔ ཕུད་ལྷག་རྣམས་སྣོད་གཅིག་ཏུ་བསྡུས་ནས་ཁ་ཆུས་བྲན་ལ་བྱིན་གྱིས་བརླབ༔ ཧཱུྃ༔ སྔོན་ཚེ་སློབ་དཔོན་པདྨ་འབྱུང་གནས་ཀྱིས༔ དམ་བཏགས་ཕོ་ཉ་ལྷག་ལ་དབང་བ་རྣམས༔ འདིར་གཤེགས་སྔོན་གྱི་བཀའ་བཞིན་ལྷག་མ་ལོངས༔ རིག་འཛིན་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ སློབ་དཔོན་སྤྱན་སྔར་ཇི་ལྟར་ཁས་བླངས་བཞིན༔ བཅོལ་པའི་ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ སརྦ་ཨུཥྩི་ཊ་བ་ལིཾ་ཏ་ཁཱ་ཧི༔ ཞེས་ལྷག་མ་གཙང་སར་གཤེགས༔ དེ་ནས་བཀའི་ཆད་ཐོ་ནི༔ སྨན་རཀ་སྦྲེང་འགུག་གཞུག་བྱས་ལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་བསྐལ་པ་འདི་ཡི་དང་པོ་ལ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ཀྱིས༔ གསང་སྔགས་ཟབ་མོ་བོད་དུ་སྤྱན་དྲངས་དུས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་ཐམས་ཅད་དང༔ ཆོས་སྐྱོང་སྲུང་མ་མ་ལུས་ཐམས་ཅད་ཀྱིས༔ རང་རང་གཟུགས་བསྟན་དམ་བཅའ་བྱས་པའི་དུས༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཕྱི་ནང་བར་ཆད་བཟློག་པར་མ་ཆད་དམ༔ ཕྲིན་ལས་གང་བཅོལ་སྒྲུབ་པར་མ་ཆད་དམ༔ ཆད་མདོའི་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་གྱི་བཀའ་དང་དམ་ལ་མ་འདའ་བར༔ གཏོར་མ་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ སྔོན་ཚེ་བསྐལ་པ་འདི་ཡི་བར་མ་ལ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང༔ སློབ་མ་སྒྲ་བསྒྱུར་ལོ་ཙཱ་བརྒྱ་རྩ་ཡིས༔ བོད་ཡུལ་ཆོས་མེད་མུན་གླིང་ལྟ་བུ་རུ༔ གསང་སྔགས་བསྟན་པའི་སྒྲོན་མེ་སྦར་བའི་ཚེ༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་ཐམས་ཅད་དང༔ བོད་ཀྱི་ལྷ་སྲིན་དྲེགས་པ་ཐམས་ཅད་ཀྱིས༔ རང་རང་གཟུགས་བསྟན་དམ་བཅའ་བྱས་པའི་དུས༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཕྱི་ནང་བར་ཆད་བཟློག་པར་མ་ཆད་དམ༔ ཕྲིན་ལས་གང་བཅོལ་སྒྲུབ་པར་མ་ཆད་དམ༔ ཆད་མདོའི་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་གྱི་བཀའ་དང་དམ་ལ་མ་འདའ་བར༔ གཏོར་མ་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད༔ ཧཱུྃ་ཧྲཱི༔ དེ་འོག་དུས་སྙིགས་ལྔ་བརྒྱའི་ཐ་མ་ལ༔ སློབ་དཔོན་རིག་འཛིན་པདྨ་འབྱུང་གནས་དང༔ ཤེས་རབ་ཡུམ་ཆེན་མཁའ་འགྲོ་མཚོ་རྒྱལ་གྱིས༔ ཁ་སར་པཱ་ཎིའི་དཀྱིལ་འཁོར་ཞལ་ཕྱེས་ནས༔ སྨྱོན་སྟོན་གསང་སྔགས་གླིང་པར་གནང་བའི་ཚེ༔ ཡེ་ཤེས་མཁའ་འགྲོ་དམ་ཚིག་མཁའ་འགྲོ་དང༔ དབང་ཕྱུག་ཉེར་བརྒྱད་བསྟན་མ་བཅུ་གཉིས་དང༔ གཏེར་བདག་ཡུལ་ལྷ་དྲེགས་པ་ཕོ་མོ་ཡིས༔ རང་རང་གཟུགས་བསྟན་དམ་བཅའ་བྱས་པའི་དུས༔ རྣལ་འབྱོར་སྐུ་ཚེ་བསྲིང་བར་མ་ཆད་དམ༔ ཕྱི་ནང་བར་ཆད་བཟློག་པར་མ་ཆད་དམ༔ ཕྲིན་ལས་གང་བཅོལ་སྒྲུབ་པར་མ་ཆད་དམ༔ ཆད་མདོའི་གཏོར་མ་ལེན་པར་མ་ཆད་དམ༔ སྔོན་གྱི་བཀའ་དང་དམ་ལ་མ་འདའ་བར༔ གཏོར་འདི་བཞེས་བཅོལ་པའི་ཕྲིན་ལས་མཛོད༔ བཛྲ་རཏྣ་པདྨ་ཀརྨ་ཌཱཀྐི་དྷརྨ་པཱ་ལ་ལོ་ཀ་པཱ་ལ་བ་ལིཾ་ཏ་ཁཱ་ཧི༔ གཟླཞཏྲགོུཡལ༔ རྒྱ་རྒྱ་རྒྱ༔ བརྟན་མ་སྐྱོང་བ་ནི༔ གཏོར་མ་བྱིན་གྱིས་བརླབས་ལ་སྨན་རཀ་བྲན༔ ཧཱུྃ་ཧྲཱི༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི༔ སྤྱན་སྔར་བོད་ཁམས་སྐྱོང་བར་ཁས་བླངས་པའི༔ བརྟན་མ་བཅུ་གཉིས་དཔོན་གཡོག་འཁོར་དང་བཅས༔ འདིར་བྱོན་དམ་རྫས་བཀའ་ཡི་གཏོར་མ་བཞེས༔ མཆོག་གསུམ་བསྟན་སྲུང་སེམས་ཅན་བདེ་སྐྱིད་སྤེལ༔ རྣལ་འབྱོར་ཚེ་སྲིང་ཕྱི་ནང་བར་ཆད་བཟློག༔ དམ་བཅས་ཇི་བཞིན་བཅོལ་པའི་ཕྲིན་ལས་མཛོད༔ མ་མ་ཁ་ཁ་ལ་ལ་ལེ་ལེ་ཏཾ་ཏཾ་ཏེ་ཏེ་བ་ལིཾ་ཏ་ཁཱ་ཧི༔ བྲོ་བརྡུང་བ་ནི༔ གཏོར་གཞོང་ཁ་སྦུབ་དགུག་གཞུག་བྱས་ལ༔ ཧཱུྃ༔ སྟོང་གསུམ་སྲིད་པའི་འཇིག་རྟེན་ན༔ ཞིང་བཅུའི་དགྲ་བགེགས་བསྒྲལ་བའི་སྟེང༔ བར་ཆད་དམ་སྲི་འདུལ་བའི་ལྷ༔ དབང་ཆེན་རྟ་མགྲིན་ཁྲོས་པའི་རྒྱལ༔ རྟ་སྐད་རྔམ་སྒྲ་ཙི་རི་རི༔ དཔའ་བོ་མཁའ་འགྲོ་ཐིབས་སེ་ཐིབས༔ རོལ་པའི་རྟ་བྲོ་ཆེམས་སེ་ཆེམ༔ བདུད་དང་བར་ཆད་དམ་སྲི་སོགས༔ ཐལ་བའི་རྡུལ་ཕྲན་བཞིན་དུ་རློག༔ ནམ་ཡང་ལྡང་བ་མེད་པར་གྱུར༔ བདག་འཛིན་མ་རིག་རྣམ་ཤེས་ཏེ༔ བདག་མེད་ཡུམ་གྱི་མཁའ་རུ་བསྟིམས༔ ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨོཾ་ལཾ་ཨཱཿལཾ་ཧཱུྃ་ལཾ་ཕཊ་ལཾ་སུཾ་ལཾ་སྟྭཾ་བྷ་ཡ་ནན་ནན༔ དེ་ནས་མཆོད་བསྟོད་དང་དངོས་གྲུབ་བླངས་ཏེ་ནོངས་བཤགས་ནི༔ ཧོ༔ དགོངས་ཤིག་དཀྱིལ་འཁོར་ལྷ་ཚོགས་རྣམས༔ བདག་ཅག་མི་ཤེས་ནོངས་པ་གང༔ ལྟ་སྒོམ་སྤྱོད་གསུམ་འགལ་འཁྲུལ་དང༔ བསྐྱེད་རིམ་མ་གསལ་སྔགས་ལྷག་ཆད༔ ཆོ་གའི་གོ་རིམ་ནོར་བ་དང༔ མཆོད་རྫས་མ་འབྱོར་མ་རྙེད་སོགས༔ ལེ་ལོ་ཕྱི་བཤོལ་དབང་གྱུར་པའི༔ ནོངས་པ་གང་བགྱིས་བཟོད་པར་གསོལ༔ ཡིག་བརྒྱ་ལན་གསུམ༔ བསྡུ་རིམ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ བདག་གི་ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས༔ ཕྱི་སྣོད་གཞལ་ཡས་ནང་བཅུད་ལྷ་ལ་ཐིམ༔ གཞལ་ཡས་འཁོར་ལ་འཁོར་རྣམས་གཙོ་ལ་ཐིམ༔ རང་ལུས་ལྷ་སྐུ་འོད་ཞུ་ཐུགས་སྲོག་ཧྲཱི༔ དེ་ཡང་དམིགས་མེད་ཆོས་སྐུའི་གཤིས་སུ་ཨ༔ ཞེས་དར་ཅིག་མཉམ་པར་བཞག༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ ཨོཾ་མ་ཎི་པདྨེ་ཧཱུྃ༔ སླར་ཡང་རང་ཉིད་སྐད་ཅིག་གིས༔ ཁ་སར་པ་ཎིའི་སྐུར་གསལ་བའི༔ གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན༔ མི་ཤིགས་རྡོ་རྗེའི་སྐུ་རུ་གྱུར༔ ཨོཾ་ཨཱཿཧཱུྃ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བཛྲ་ཀཱ་ཡ་ཝཱཀྐ་ཙིཏྟ་རཀྵ་ཧཱུྃ༔ རྒྱུན་གྱི་སྤྱོད་ལམ་ནི༔ ཧཱུྃ༔ སྣང་སྟོང་དབྱེར་མེད་བདེ་ཆེན་རྩལ་ཤར་ལྷ༔ འཕགས་མཆོག་གསང་གསུམ་སྐུ་གསུང་ཐུགས་ཀྱི་ངང༔ ཀུན་ཁྱབ་ཐུགས་རྗེས་འགྲོ་བའི་དཔལ་དུ་ཤར༔ གང་འདུལ་ཐབས་ཀྱིས་འགྲོ་བའི་དོན་བྱའོ༔ དགེ་བ་བསྔོ་བ་ནི༔ འདིས་མཚོན་དུས་གསུམ་ཀུན་ཏུ་བསགས་པ་ཡི༔ རྣམ་དཀར་ཟག་བཅས་ཟག་མེད་དགེ་བའི་མཐུས༔ རྒྱུད་ལྔའི་འཁོར་བར་འཁྱམ་པའི་འགྲོ་བ་ཀུན༔ འཕགས་པའི་རྒྱལ་པོའི་གོ་འཕང་ཐོབ་པར་ཤོག༔ གཞན་ཡང་སྨོན་ལམ་རྒྱ་ཆེར་གདབ༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ ཆོས་སྐུའི་བཀྲ་ཤིས་བརྗོད་མེད་མཐའ་དབུས་བྲལ༔ རིགས་བདག་འོད་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ལོངས་སྐུའི་བཀྲ་ཤིས་འགག་མེད་རིག་པའི་གཤིས༔ འཕགས་པ་ཁ་སར་པཱ་ཎིའི་བཀྲ་ཤིས་ཤོག༔ སྤྲུལ་སྐུའི་བཀྲ་ཤིས་ཀུན་ཁྱབ་འཁྲུལ་བ་བྲལ༔ ཨོ་རྒྱན་སློབ་དཔོན་པདྨའི་བཀྲ་ཤིས་ཤོག༔ ཡི་དམ་བཀྲ་ཤིས་དབང་དྲག་ཁྲོས་པའི་ལྷ༔ རྟ་མགྲིན་པདྨ་དབང་ཆེན་བཀྲ་ཤིས་ཤོག༔ མཁའ་འགྲོའི་བཀྲ་ཤིས་བདེ་སྟོང་རོལ་པའི་གར༔ མ་ཅིག་ཡེ་ཤེས་མཚོ་རྒྱལ་བཀྲ་ཤིས་ཤོག༔ ཆོས་སྐྱོང་བཀྲ་ཤིས་མཐུ་རྩལ་ཐོགས་པ་མེད༔ བསྟན་བསྲུང་དམ་ཅན་རྒྱ་མཚོའི་བཀྲ་ཤིས་ཤོག༔ ཅེས་དང་གཞན་ཡང་བཀྲ་ཤིས་མང་དུ་བརྗོད་ཅིང་དགེ་མཚན་སྤེལ༔ ཨེ་མ༔ རྒྱལ་དབང་པདྨའི་ཐུགས་ཀྱི་བཅུད༔ འཕགས་པའི་སྒྲུབ་ཐབས་ཟབ་མོ་འདི༔ མ་འོངས་རྗེས་འཇུག་དོན་ཆེད་དུ༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ མཚོ་རྒྱལ་སྤྲུལ་པ་དང་འཕྲད་ནས༔ འབྲེལ་ཚད་པོ་ཊ་ལ་རུ་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ གཏེར་རྒྱ༔ ཁ་ཐཾ༔ ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་ལྟ་བ་རང་གྲོལ་འདི་ཉིད་དུས་མཐའི་གཏེར་སྟོན་འགྲོ་འདུལ་གསང་སྔགས་གླིང་པས་མེ་ཕོ་བྱི་བའི་ལོའི་ཁྲུམ་སྟོད་ཟླ་བའི་དཀར་ཕྱོགས་ཀྱི་གྲལ་ཚེས་བཟང་པོར་རྟེན་འབྲེལ་ཕུན་སུམ་ཚོགས་པའི་མཚམས་སྦྱར་ལ་བརྟེན་ནས་དགོངས་པ་མཐའ་དབུས་བྲལ་བའི་གསང་མཛོད་ནས་སྤྱན་དྲངས་ཏེ་མེ་མོ་གླང་གི་ལོའི་དབོ་ཟླའི་ཚེས་བཅུ་གསུམ་གྱི་ཉིན་རྫོགས་པར་བྱས་ནས་བུ་དཔེར་ཕབ་པས་ཟབ་གསང་རྡོ་རྗེ་ཐེག་པའི་བསྟན་པ་རིན་ཆེན་སྤྱི་དང་བྱེ་བྲག་ཟབ་ཆོས་འདི་ཉིད་ཀྱི་འགྲོ་དོན་མཐར་ཕྱིན་ཅིང་མཐའ་ཡས་པའི་འགྲོ་བ་མ་ལུས་པ་འཕགས་མཆོག་ཕྱག་ན་པདྨོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག། སརྦ་སིདྡྷི་རསྟུ། དགེའོ༎

ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་དང་འབྲེལ་བའི་བྱིན་རླབས་དབང་ཆོག

༄༅། ཨོཾ་སྭ་སྟི། ཐུགས་རྗེ་ཆེན་པོའི་བདག་ཉིད་རྒྱལ་བ་ཀུན། །གཅིག་བསྡུས་བླ་མ་ཁ་སར་པཱ་ཎི་དང་། །བརྗོད་པ་རང་གྲོལ་ཡིག་དྲུག་གསང་སྔགས་ཆེར། །གུས་པས་བཏུད་ནས་འཕགས་པའི་སྨིན་བྱེད་དབྱེ། །དེ་ལ་འདིར་རིག་འཛིན་གསང་སྔགས་གླིང་པའི་དགོངས་གཏེར་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་བརྗོད་པ་རང་གྲོལ་དང་འབྲེལ་བར་བྱིན་རླབས་དབང་བསྐུར་བགྱིད་པ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་བཤམ་པ་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། བྱིན་རླབས་དབང་གི་ཆོ་གའོ།། དང་པོ་ནི། སྟེགས་ཀྱི་ཁར་དཀྱིལ་འཁོར་གཞལ་ཡས་ཁང་སྤྱི་ལྟར་གྱི་དབུས་སུ་ལྷ་གནས་པདྨ་འདབ་བརྒྱད། དེའི་ཕྱིར་འདབ་བཅུ་ཅན་གྱི་དབུས་སུ་མཉྫིའི་ཁར་བུམ་པ་ཆས་ལྡན་དང་། ལྷ་གྲངས་ཉེར་གསུམ་གྱི་སྐུ་ཙཀ ཅི་བདེ་བར་ཐོད་ཆང་། རིག་ཙཀ ཤེལ་རྡོའམ་མེ་ལོང་། དབང་གཏོར། སྣ་བདུན་རྟགས་བརྒྱད་ཀྱི་ཙཀ་ལི་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་མེ་ཏོག་མིག་རས་ལས་བུམ་ནས་བཟེད་ཊ་དྲིལ་བཅས་འདུ་བྱའོ།། གཉིས་པ་ནི། ལས་བྱང་གི་བདག་མདུན་དབྱེར་མེད་དམ་ཐ་དད་གང་མོས་དང་། བུམ་པ་སྤྱི་ལྟར་བསྒྲུབས་ཏེ་བདག་འཇུག་གང་རུང་དང་ཛཾ་བྷ་ལ་དང་བརྟན་མ་བཅུ་གཉིས་སོགས་ལ་དམིགས་པས་བཀའ་གཏེར་སྲུང་གི་གཏོར་འབུལ་ཚོགས་འཁོར་བཅས་བྱའོ།། གསུམ་པ་ནི། སློབ་མ་རྣམས་ལ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ། མེ་ཏོག་བཀྲམ། ཀུན་སློང་བཅོས་པ་དང་ཆོས་བཤད་ཅི་རིགས་བྱས་མཐར། སྔོན་རྒྱལ་བ་རྡོ་རྗེ་འཆང་ཆེན་པོས་སྤྱན་རས་གཟིགས་ཀྱི་རྒྱུད་དྲི་མ་མེད་པ་ཞེས་བྱ་བ་གསུངས་ཤིང་ཀུན་དགའ་བོ་ལ་གཏད་པ། ཨོ་རྒྱན་ཆེན་པོས་དེ་ཉིད་ལ་ཞུས་ཏེ། དེ་དང་མཐུན་པའི་སྒྲུབ་ཐབས་མཛད་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་གཏད་དེ་ཟབ་མོ་དགོངས་པའི་གཏེར་དུ་སྩལ་པ་ཉིད་ཕྱིས་དུས་ལ་བབ་པ་ན། མཐུ་སྟོབས་ཀྱི་མངའ་བདག་མཁར་ཆེན་དཔལ་གྱི་དབང་ཕྱུག་གི་རྣམ་རོལ་སྤྲུལ་པའི་གཏེར་ཆེན་རིག་འཛིན་གསང་སྔགས་གླིང་པ་འགྲོ་འདུལ་ཐུགས་ཀྱི་རྡོ་རྗེས་དགུང་གྲངས་ཉི་ཤུ་བཞེས་པ་རབ་བྱུང་བཅོ་ལྔ་པའི་མེ་བྱི་ཁྲུམས་སྟོད་ཟླ་བར་ཟབ་མོའི་དགོངས་གཏེར་དུ་བབས་པ་ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བའི་ཡང་ཏིག་ཏུ་གྲགས་པ་ལས་བྱུང་བའི་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་སྒྲུབ་ཐབས་བརྗོད་པ་རང་གྲོལ་གྱི་བྱིན་རླབས་དབང་བསྐུར་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ༴སོགས། རྒྱས་བསྡུས་ཅི་རིགས་པས་མཚམས་སྦྱར་ཏེ་མཎྚལ་འབུལ་དུ་འཇུག་གོ། དེ་ནས་མཚམས་སྦྱོར་སྤྱི་ལྟར་བྱས་ཏེ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་སྭཱ་ཧཱ། ཞེས་པས་མིག་རས་དང་། ཨོཾ་ཨ་ཁཾ་བི་ར་ཧཱུྃ། ཞེས་པས་མེ་ཏོག་གཏད་དོ།། དེ་ནས་གསོལ་བ་གདབ་པ་འདིའི་རྗེས་ཟློས་མཛོད། ཨེ་མ་རྒྱལ་ཀུན་སྤྱི་གཟུགས་ཆེ༔ རིག་འཛིན་གདུང་འཚོབ་བླ་མ་ལགས༔ ཁ་སར་པཱ་ཎིའི་དཀྱིལ་འཁོར་དུ༔ བདག་ཅག་སྐལ་ལྡན་གཞུག་ཏུ་གསོལ༔ ལན་གསུམ། ཞེས་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་ལན་དུ་གནང་བ་སྦྱིན་པ་ནི་འདི་ལ་གསན་འཚལ། ཧོ༔ བསྐལ་པར་ཚོགས་བསགས་ལས་འཕྲོ་ལྡན་པ་ཡི༔ རྡོ་རྗེའི་སློབ་མ་ཆེ་རྣམས་ཚུར་གསོན་དང༔ འཕགས་མཆོག་ཁ་སར་པཱ་ཎིའི་དཀྱིལ་འཁོར་དུ༔ བདག་གིས་ཁྱོད་གཞུག་སྤྲོ་བའི་སེམས་བསྐྱེད་འཚལ༔ གཏེར་གཞུང་དུ་མིག་རས་མེ་ཏོག་སྦྱིན་པ་འདིར་ཡོད་པ་ལྟར་བྱས་ཀྱང་ཆོག དེ་ནས་སྐྱབས་སེམས་ཚོགས་བསགས་ཀྱི་དམིགས་པ་སྤྱི་ལྟར་གསལ་བཏབ་ནས་ལས་བྱང་གི་སྐྱབས་སེམས་ཡན་ལག་བདུན་པ་རྣམས་དང་། སྤྲོ་ན་རྒྱུན་བཤགས་སྤྱི་འགྲོས་བཅས་ལན་གསུམ་རེ་བྱ། ཡེ་ཤེས་དབབ་པ་ནི། ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་ལུས་གནད་སྐྱིལ་ཀྲུང་ཞེས་པ་ནས་བསང་སྦྱང་སྤྱི་ལྟར་བྱ་བ་ནས། སྟོང་པའི་ངང་ལས་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿཡིག་དཀར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་འཕགས་པ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་ཁ་སར་པཱ་ཎི་སྐུ་མདོག་དཀར་གསལ། ཕྱག་གཡས་མཆོག་སྦྱིན་གྱི་ཕྱག་རྒྱས་རིལ་བ་སྤྱི་བླུགས་དང་། གཡོན་པདྨ་དཀར་པོའི་ཡུ་བ་ཐུགས་ཀར་འཛིན་པ། ཞབས་མཉམས་པའི་སྟབས་ཀྱིས་བཞེངས་པ། རི་དྭགས་ཀྲྀཥྞའི་ལྤགས་པས་ནུ་མ་བཀབ་པ། དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་ཟླ་བ་ལ་ཧྲཱིཿདཀར་པོ། དེ་རྣམས་ལས་འོད་ཟེར་འཕྲོས་པས་འཕགས་པ་སྤྱན་རས་གཟིགས་སོགས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མར་བཅས་པ་ཐམས་ཅད་འཕགས་པ་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་རྣམ་པར་བྱོན་པ་དང་། དཀྱིལ་འཁོར་བའི་ཐུགས་ཀ་ནས་ཀྱང་རང་འདྲ་དཔག་ཏུ་མེད་པ་ཆར་སྤྲིན་གཏིབས་པ་ལྟར་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རློབས་པའི་མོས་པ་བརྟན་པོ་མཛོད་ཅིག ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་ལས་བྱང་གི་སྤྱན་འདྲེན་ནམ་བབ་དྲུག་གི་མཐར། ཨོཾ་མ་ཎི་པདྨེ་ཧཱུྃ། ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཟླ། དེ་ལྟར་ཡེ་ཤེས་ཕབ་པ་དེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཏེ་བརྟན་པར་བྱས་པའི་མོས་པ་མཛོད། ཏིཥྛ་བཛྲ། མཚམས་སྦྱོར་སྤྱི་ལྟར་བྱས་ཏེ། ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་པས་མེ་ཏོག་འབུལ། ཨོཾ་པྲ་ཏི་གྲྀ་ཧ་ཎ་ཨི་མཱཾ་ས་ཏྭ་མ་ཧཱ་བ་ལ། ཞེས་མེ་ཏོག་ཕྲེང་བས་དབང་བསྐུར། ཨོཾ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས་མིག་དབྱེས་ནས། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན༔ ཚེ་རབས་ཐོག་མ་མེད་པ་ནས༔ མ་རྟོགས་འཁྲུལ་བས་འཁོར་བར་འཁྱམ༔ དེ་རིང་ཕྱིན་ཆད་བུ་ཁྱོད་ཀྱི༔ མ་རིག་ལིང་ཏོག་ངས་བསལ་བས༔ རང་སྣང་ལྷ་རུ་ཤེས་པར་གྱིས༔ ལྟོས་ཤིག་དཀྱིལ་འཁོར་ལྷ་ལ་ལྟོས༔ ཉམས་ཆགས་བསྐང་ཤིང་སྡིག་སྒྲིབ་འདག༔ རིག་འཛིན་རྒྱལ་བའི་སྲས་སུ་སྐྱེ༔ གསང་བ་གསུམ་གྱི་དངོས་གྲུབ་ཐོབ༔ དཀྱིལ་འཁོར་འདི་ཉིད་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎི་འཁོར་ཉེ་སྲས་བརྒྱད་དང་སྒྲོལ་མ་ནོར་རྒྱུན་མ། ཀུ་རུ་ཀུལླེ། རྡོ་རྗེ་སྡེར་མོ། སྤོར་བྱེད་ཐུབ་པ་ཆེན་པོ་དྲུག སྒོ་མ་བཞི་སྟེ་ལྷ་ཉེར་གསུམ་པའི་དཀྱིལ་འཁོར་ཆེན་པོ་རྟེན་བརྟེན་པ་དང་བཅས་པ་མངོན་སུམ་དུ་མཐོང་བའིམོས་པ་མཛོད་ལ་དགའ་སྤྲོ་རྒྱ་ཆེར་བསྐྱེད་འཚལ། དེ་རྣམས་ནི་དཀྱིལ་འཁོར་དུ་འཇུག་པའི་རིམ་པའོ།། དབང་དངོས་གཞིའི་དོན་དུ་མཎྚལ་ཕུལ། དེ་ནས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱཻ་ཧོ༔ སྨིན་བྱེད་མཛོད་འཛིན་སློབ་དཔོན་དགོངས༔ བདག་སོགས་སྣོད་ལྡན་སློབ་མ་ལ༔ ཁ་སར་པཱ་ཎིའི་ལྷ་ཚོགས་ཀྱི༔ བུམ་པའི་དབང་མཆོག་བསྐུར་དུ་གསོལ༔ བླ་མ་རྡོ་རྗེ་འཛིན་པ་དགོངས༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ འཕགས་པ་ཁ་སར་པཱ་ཎི་ཡི༔ ལྷ་དབང་ལུས་ལ་བསྐུར་དུ་གསོལ༔ ཞེས་ཞུས་པའི་ལན་དུ་གནང་བ་སྦྱིན་པ་ནི་འདི་ལ་སྙན་གཏོད་མཛོད། ཧཱུྃ༔ སྐལ་བ་རབ་ལྡན་སློབ་མ་རྣམས༔ སྤྱན་རས་གཟིགས་ཀྱི་དཀྱིལ་འཁོར་དུ༔ དམ་ཚིག་ཡང་དག་བསྲུང་ནུས་ན༔ དབང་མཆོག་ཡོངས་རྫོགས་སྦྱིན་པར་བྱ༔ དེ་ནས་སྤྲོ་ན་དབང་ལྷ་སྤྱན་འདྲེན་པ་དེ་ལ་མཆོད་བསྟོད་གསོལ་འདེབས་དང་དབང་བསྐུར་བའི་དམིགས་པ་གསལ་གདབ་པ་རྣམས་སྤྱི་ལྟར་བྱས་ནས། བུམ་པ་ཐོགས་ཏེ། ཨེ་མ་ཧོ༔ ངོ་མཚར་རྨད་དུ་བྱུང་ལེགས་པ༔ ཕྱི་ནི་བུམ་པའི་དབྱིབས་ལྡན་པ༔ ནང་ནི་ཡེ་ཤེས་གཞལ་ཡས་ཁང༔ ཁ་སར་པཱ་ཎིའི་ལྷ་ཚོགས་བཞུགས༔ སྐལ་ལྡན་ཁྱེད་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཞེས་བུམ་ཆུ་འཐོར་བ་དང་འཐུང་དུ་གཞུག༔ དེ་ནས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལས་རང་འདྲ་གཉིས་པ་རེ་ཆད་ནས་ཁྱེད་རང་གི་སྤྱི་བོ་ནས་ཐིམ་པས་བྱིན་གྱིས་བརླབ་པའི་མོས་པ་མཛོད། ཅེས་བརྗོད་ལ་སྐུ་ཙཀ་རྣམས་རིམ་བཞིན་ཐོགས་ཏེ། ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཁ་སར་པཱ་ཎིའི་དབང་བསྐུར་བས༔ རྟག་ཏུ་འགྲོ་བའི་དོན་བྱེད་ཅིང༔ འཁོར་བ་དོང་སྤྲུག་དབང་ཐོབ་ཤོག༔ ཨོཾ་ཨཱཿཧཱུྃ་ཧྲཱིཿཨོཾ་མ་ཎི་པདྨེ་ཧཱུྃ༔ ཀཱ་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སེམས་དཔའ་མཆེད་བརྒྱད་དབང་བསྐུར་བས༔ རྣམ་པར་ཤེས་པ་ཚོགས་བརྒྱད་ཀྱི༔ རྟོག་པ་མ་སྤང་གནས་དག་ཤོག༔ བཛྲ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒྲོལ་མ་དཀར་མོའི་དབང་བསྐུར་བས༔ ནད་གདོན་སྒྲིབ་གཉིས་བར་ཆད་དང་༔ འཇིགས་བརྒྱད་ཞི་བའི་དབང་ཐོབ་ཤོག༔ ཤནྟིཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ནོར་རྒྱུན་ལྷ་མོའི་དབང་བསྐུར་བས༔ ཡིད་ལ་གང་འདོད་ཕུན་སུམ་ཚོགས༔ འབྱོར་དྲུག་རྒྱས་པའི་དབང་ཐོབ་ཤོག༔ པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ ཀུ་རུ་ཀུལླེའི་དབང་བསྐུར་བས༔ མོས་པ་རྣམ་བཞིས་རྒྱུད་བསྐུལ་ནས༔ ཁམས་གསུམ་དབང་བསྡུད་དབང་ཐོབ་ཤོག༔ ཝ་ཤཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྡོ་རྗེ་སྡེར་མོའི་དབང་བསྐུར་བས༔ དྲག་ཤུལ་ལས་ཆེན་བཅུ་གཉིས་ཀྱིས༔ དགྲ་བགེགས་ཚར་གཅོད་དབང་ཐོབ་ཤོག༔ མཱ་ར་ཡ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྤོར་བྱེད་དྲུག་གི་དབང་བསྐུར་བས༔ རིགས་དྲུག་སྐྱེ་སྒོ་བཅད་ནས་སུ༔ དག་པའི་ཞིང་དུ་སྐྱེ་བར་ཤོག༔ བཛྲ་ཨ་པྲ་ཏི་ཥ་ཊ་ཨ་བྷི་ཥིཉྩ་མཱཾ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ སྒོ་མ་བཞི་ཡི་དབང་བསྐུར་བས༔ ཚད་མེད་རྣམ་པ་བཞིའི་སྒོ་ནས༔ འགྲོ་དོན་འབད་མེད་འབྱུང་བར་ཤོག༔ ཛཿཧཱུྃ་བཾ་ཧོ་ཨ་བྷི་ཥིཉྩ་མཱཾ༔ གཉིས་པ་གསང་དབང་ནི༔ ཧཱུྃ༔ མཚན་ལྡན་རང་བྱུང་རྡོ་རྗེའི་ཀ་པཱ་ལར༔ བདེ་སྟོང་རོལ་བ་བདུད་རྩིའི་བཅུད་ཀྱིས་གཏམས༔ བདེ་ཆེན་ཡེ་ཤེས་གསང་བའི་དབང་བསྐུར་བས༔ འགག་མེད་རང་བྱུང་གསུང་གི་དབང་ཐོབ་ཤོག༔ ཝཱཀྐ་ཨ་བྷི་ཥིཉྩ་མཱཾ༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་ནི༔ ཧཱུྃ༔ འདི་ནི་བདེ་གཤེགས་རྒྱལ་བ་ཐམས་ཅད་ཀྱི༔ བདེ་ཆེན་མཆོག་གི་དངོས་གྲུབ་ཐོབ་པའི་ལམ༔ མཚན་ལྡན་ཤེས་རབ་ཡུམ་གྱི་དབང་བསྐུར་བས༔ བདེ་སྟོང་སྤྲོས་བྲལ་ཐུགས་ཀྱི་དབང་ཐོབ་ཤོག༔ ཙིཏྟ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ བཞི་པ་ཚིག་དབང་ནི༔ ཧཱུྃ༔ དཔེ་མེད་མཐའ་བྲལ་ནམ་མཁའ་ལྟ་བུ་ལ༔ བརྗོད་མེད་དྭངས་མའི་རིག་པ་ཡི་གེ་ཧཱུྃ༔ རྒྱལ་ཀུན་འདུས་པའི་ཐུགས་ཀྱི་ངོ་བོ་སྟེ༔ ཐམས་ཅད་ཀུན་འདུས་མཆོག་གི་དབང་ཐོབ་ཤོག༔ ཨོཾ་དྷརྨ་དྷ་ཏུ་ཛྙཱ་ན་ཨ་བྷི་ཥིཉྩ་མཱཾ༔ གཏོར་མའི་དབང་ནི༔ ཧཱུྃ༔ ཀུན་ཁྱབ་ཆོས་དབྱིངས་རིན་ཆེན་གཏོར་གཞོང་དུ༔ འགག་མེད་ཡེ་ཤེས་རོལ་བའི་གཏོར་ཆེན་བཤམས༔ རིག་རྩལ་ཤར་གྲོལ་མ་བཅོས་རྒྱན་གྱིས་སྤྲས༔ འཕགས་མཆོག་ཁ་སར་པཱ་ཎིའི་ལྷ་ཚོགས་ཀྱི༔ རྟེན་བྱེད་རྫས་མཆོག་གཏོར་མའི་དབང་བསྐུར་རོ༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ བ་ལིཾ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩ་མཱཾ༔ བཀྲ་ཤིས་རྫས་བརྒྱད་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ བཀྲ་ཤིས་རྫས་བརྒྱད་དབང་བསྐུར་བས༔ དེང་བཟུང་ཚེ་རབས་ཐམས་ཅད་དུ༔ ཆོས་དང་བཀྲ་ཤིས་འཕེལ་བར་ཤོག༔ སརྦ་མཾ་ག་ལ་ཨ་བྷི་ཥིཉྩ་མཱཾ༔ རིན་ཆེན་སྣ་བདུན་དབང་ནི༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་རྣམས་ལ༔ རྒྱལ་སྲིད་སྣ་བདུན་དབང་བསྐུར་བས༔ བདེ་སྐྱིད་ཕུན་སུམ་ཚོགས་པ་དང༔ འཛད་མེད་གཏེར་ལ་ལོངས་སྤྱོད་ཤོག༔ སརྦ་པུཥྚིཾ་ཀུ་རུ་ཨ་བྷི་ཥིཉྩ་མཱཾ༔ དེ་ནས་ཚིག་དོན་རྗེས་སུ་དྲན་པས་འདིའི་རྗེས་ཟློས་མཛོད། དཀོན་མཆོག་གསུམ་དང་སློབ་དཔོན་དགོངས༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བདག་ནི་ཁྱེད་ཀྱི་བྲན་བགྱིའོ༔ སྐྱབས་མགོན་དམ་པ་མཛད་དུ་གསོལ༔ དེ་ནས་སློབ་དཔོན་གྱིས༔ ཨེ་མ་རྡོ་རྗེ་སློབ་མ་རྣམས༔ དེ་ལྟར་ཡིན་ན་ཚུར་གསོན་དང༔ མཆོག་གསུམ་སྐྱབས་འོག་བདག་གཟུང་ན༔ དམ་ལ་མི་འདའ་གནས་པར་གྱིས༔ བཛྲ་ས་མ་ཡཱ༔ ཞེས་བརྗོད། མཇུག་ཏུ་དམ་ཚིག་ཁས་ལེན་མཎྚལ་ཡོན་འབུལ་རྣམས་སྤྱི་ལྟར་དང་། སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་ལས་བྱང་བཞིན་བྱའོ༎ འདི་ལ་མགོ་མཇུག་ཏུ་ཡིག་ཆུང་མང་པོ་དང་ལྷ་དབང་མཚམས་སྦྱོར་ཚིག་ལྷུག་ཡོད་པ་བཅས་བསྡུས་ཏེ་བཀོད་པའོ༎ ཚོགས་ཤུལ་ནོར་བསྟན་གྱིས། མཆན། ཐུ༵བ་བསྟ༵ན་རིན་ཆེན་འབྱུང་གནས་ལས་འོང་བའི། །ལེ༵གས་བཤ༵ད་ཕྲིན་ཆོག་བཟ༵ང་པོ༵འི་ནོ༵ར་བུ༵་འདིར། །རྒྱལ་བསྟ༵ན་འཛི༵ན་སྐྱོང་སྤེལགབའི་འོད་འཕྲོ་བཞིན། །གཞ༵ན་ཕ༵ན་འདོད་རྒུ་མཐ༵འ་ཡ༵ས་ཆར་འབེབ་ཤོག ། ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་ལེའུ་ཚན་ནོ༎

ཚེ་སྒྲུབ་འཆི་མེད་དགོངས་པ་ཡོངས་འདུས།

ཚེ་སྒྲུབ་འཆི་མེད་དགོངས་པ་ཡོངས་འདུས་བཞུགས་སོ༔ ན་མོ་ཨ་ཡུརྫྙཱ་ན་ཡེ༔ འཆི་མེད་རྡོ་རྗེའི་སྐུ་བརྙེས་པ༔ ཚེ་བདག་འགྲོ་བའི་མགོན་པོ་ལ༔ འདུད་དོ་སྲ་བརྟན་རྡོ་རྗེའི་སྲོག༔ ཚེ་མཐའ་ཡས་ལྟར་བྱིན་གྱིས་རློབས༔ འགྲོ་བའི་མགོན་པོ་ཚེ་དཔག་མེད༔ འཆི་མེད་རིགས་བརྒྱའི་འཁོར་ལོས་སྒྱུར༔ བདེ་གཤེགས་ཚེ་ལྷ་རིགས་ལྔ་ལ༔ མི་ཕྱེད་གུས་པས་ཕྱག་འཚལ་ནས༔ འཆི་མེད་སྒྲུབ་ཐབས་ཉམས་ལེན་བཀོད༔ ས་མ་ཡཱ༔ གང་ཞིག་འཆི་མེད་སྲོག་སྒྲུབ་ན༔ ཡིད་དང་མཐུན་པའི་དབེན་གནས་སུ༔ སྟེགས་བུ་མདའ་གང་ཟླུམ་པོ་ལ༔ སྤོས་ཆུ་སྨན་སྣས་ཆག་ཆག་གདབ༔ དབུས་སུ་པདྨ་འདབ་བཞི་ལ༔ ལྟེ་བར་ཧྲཱིཿཡིག་དམར་པོས་མཚན༔ དེའི་ཕྱིར་འདབ་བརྒྱད་མུ་ཁྱུད་དང༔ རྟ་བབ་སྒོ་རྫོགས་པད་རྡོར་དང༔ མེ་རི་རྭ་བས་ཡོངས་སུ་བསྐོར༔ དབུས་སུ་རིན་ཆེན་སྣོད་གཙང་ནང༔ ཟླ་གདན་སུམ་བརྩེགས་པདྨ་དང༔ རིན་ཆེན་ཟུར་བརྒྱད་བུམ་པས་མཚན༔ ནོར་བུས་ཁ་བརྒྱན་མཐའ་སྐོར་དུ༔ རིགས་ལྔའི་བཤོས་བུ་རིལ་བུས་བསྐོར༔ ཚེ་ཆང་གཡས་ལ་ཚེ་རིལ་གཡོན༔ ཚེ་མདའ་རྒྱབ་ལ་ཚེ་བུམ་མདུན༔ སྨན་རཀ་བྷ་ལིང་རྣམ་ལྔ་བཤམས༔ རང་ཉིད་བདེ་བའི་སྟན་ལ་འདུག༔ སྔོན་དུ་འགྲོ་བ་ཡན་ལག་བདུན༔ དངོས་གཞི་དང་ནི་རྗེས་དང་གསུམ༔ དེ་ལ་དང་པོ་སྐྱབས་འགྲོ་ནི༔ ན་མོ༔ བདག་དང་མཁའ་ཁྱབ་འགྲོ་བ་མ་ལུས་ཀུན༔ འཆི་མེད་མགོན་པོ་ཚེ་ལྷ་རིགས་ལྔ་ལ༔ སྐྱེ་འཆི་མེད་པའི་རྡོ་རྗེའི་སྲོག་འགྲུབ་ཕྱིར༔ སྒོ་གསུམ་གུས་པ་ཆེན་པོས་སྐྱབས་སུ་མཆི༔ གཉིས་པ་སེམས་བསྐྱེད་ནི༔ ཧོ༔ མ་རིག་མུན་པའི་སྨག་ལ་འཁྱམ་པ་ཡི༔ སྡུག་བསྔལ་གནས་ལ་དགའ་བའི་ཚལ་ལྟར་དུ༔ ལས་ཀྱིས་ཆགས་པའི་མར་གྱུར་སེམས་ཅན་ཀུན༔ འཆི་མེད་རིག་འཛིན་འགྲུབ་པར་སེམས་བསྐྱེད་དོ༔ གསུམ་པ་ཚོགས་གསོག་ཡན་ལག་ནི༔ ཧྲཱིཿ འཆི་མེད་ལྷ་ཚོགས་སྤྱན་འདྲེན་གཤེགས༔ པདྨ་ཉི་ཟླའི་གདན་ལ་བཞུགས༔ ཕྱི་ནང་གསང་གསུམ་མཆོད་པ་འབུལ༔ སྡིག་སྒྲིབ་ཉེས་ལྟུང་མཐོལ་ལོ་བཤགས༔ འཆི་མེད་གྲུབ་ལ་རྗེས་ཡི་རང༔ གསང་སྔགས་ཆོས་འཁོར་བསྐོར་བར་བསྐུལ༔ དགེ་རྩ་བྱང་ཆུབ་རྒྱུ་རུ་བསྔོ༔ དེ་ནས་དངོས་གཞིའི་ལས་བྱང་ལ༔ དང་པོ་བགེགས་ཚོགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་འཆི་མེད་ཚེ་མཐའ་ཡས༔ སྐྱེ་འཆི་འགག་སྒྲིབ་ཡེ་ནས་བྲལ༔ སྣང་སྲིད་སྟོང་གསལ་ཆོས་ཀྱི་དབྱིངས༔ བགེགས་ཞེས་བྱ་བའི་མིང་ཡང་མེད༔ མ་རིག་རྣམ་རྟོག་མཚམས་ཆོད་ཅིག༔ ཧཱུྃ་བཞིའི་སྔགས་ཀྱིས་གཟིར་ཞིང་བསྐྲད༔ གཉིས་པ་བསྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ ཕྱི་སྣོད་མི་དམིགས་ཆོས་དབྱིངས་དག་པའི་ཞིང༔ ནང་བཅུད་སྐྱེ་འགྲོ་ཚེ་མཐའ་ཡས་པའི་སྐུ༔ གསང་བ་རང་བྱུང་མི་ཤིགས་རྡོ་རྗེའི་གུར༔ གཞོམ་མེད་བསྲུང་བའི་འཁོར་ལོ་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཛྙཱ་ན་ཙཀྲ་རཀྵ་བྷྲུཾ༔ གསུམ་པ་བྱིན་ཆེན་འབེབ་པ་ནི༔ ཧཱུྃ༔ ཁྱབ་བདལ་སྐྱེ་མེད་ཆོས་སྐུའི་ཡེ་ཤེས་ལས༔ ལྷུན་གྲུབ་འགག་པ་མེད་པའི་ཆོ་འཕྲུལ་སྤྲོ༔ འཆི་མེད་ཚེ་ལྷ་རིགས་ལྔའི་ལྷ་ཚོགས་ཀྱིས༔ གསང་བའི་བྱིན་ཕོབ་ཡེ་ཤེས་དབང་མཆོག་བསྐུར༔ ཨོཾ་ཨཱཿཧཱུྃ་གུ་རུ་ཨཱ་ཡུརྫྙཱ་ན་ཙཀྲ་མཎྚ་ལ་ས་མ་ཡཱ་ཧྲཱིཾ་ཧྲཱིཾ་ཕེཾ་ཕེཾ་ཛཿཨཱ་བེ་ཤ་ཡ་ཨཱཿ བཞི་པ་མཆོད་རྫས་བྱིན་རློབ་ནི༔ རཾ་ཡཾ་ཁཾ༔ སྣང་སྲིད་དག་པ་རབ་འབྱམས་འོད་གསལ་ཞིང༔ རིག་པ་རང་ངོར་གྲོལ་བའི་མཆོད་སྤྲིན་གྱིས༔ ཀུན་ཏུ་བཟང་པོའི་སྨོན་ལམ་མཐར་འགྲན་པའི༔ བདེ་གཤེགས་དགྱེས་པ་སྐོང་བའི་རྫས་སུ་གྱུར༔ ཧྲཱིཿབཛྲ་ཨཱ་ཡུརྫྙཱ་ན་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ སརྦ་པཱུ་ཛ་མེ་གྷ་ས་མ་ཡེ་ཧཱུྃ༔ ལྔ་པ་ལྷ་ཉིད་སྒོམ་པ་ལ༔ དང་པོ་ཏིང་འཛིན་རྣམ་གསུམ་ནི༔ ཧྲཱིཿ མཁའ་ཁྱབ་ཆོས་ཀུན་དེ་བཞིན་མཉམ་པ་ཉིད༔ ཚད་མེད་སྙིང་རྗེའི་རང་མདངས་ཀུན་ཏུ་སྣང༔ རྒྱུ་ཡི་ཏིང་འཛིན་ཧྲཱིཿཡིག་དམར་གསལ་འཚེར༔ ནམ་མཁའི་དབྱིངས་སུ་འཇའ་ཚོན་ལྟ་བུར་ཤར༔ ཨོཾ་བཛྲ་དྷརྨ་ཛྙཱ་ན་ཙིཏྟ་ཧཱུྃ༔ ཧྲཱིཿ རྒྱུ་ཡི་ཡི་གེ་ཉིད་ལས་འོད་འཕྲོས་པས༔ རྒྱལ་བ་མཆོད་ཅིང་བྱིན་རླབས་དངོས་གྲུབ་བསྡུས༔ འགྲོ་དྲུག་སྒྲིབ་སྦྱོང་འོད་ཟེར་ཚུར་འདུས་པར༔ སྣང་བ་སྣོད་ཀྱི་འཇིག་རྟེན་གཞལ་ཡས་སུ༔ དཀྱིལ་འཁོར་ཕྱི་ནང་མཚན་ཉིད་ཡོངས་སུ་རྫོགས༔ བཅུད་ཀྱི་སེམས་ཅན་འཆི་མེད་ལྷའི་རང་བཞིན༔ རྒྱུ་ཡི་ས་བོན་འོད་ཞུ་སྐད་ཅིག་གིས༔ པདྨ་འདབ་བཞིའི་ལྟེ་བར་ཉི་ཟླའི་སྟེང༔ འཆི་མེད་བདེ་གཤེགས་ཚེ་མཐའ་ཡས་པའི་སྐུ༔ དམར་གསལ་པདྨ་རཱ་གའི་ལྷུན་པོ་ལ༔ ཉི་འོད་འབུམ་གྱིས་འཁྱུད་བཞིན་གཟི་མདངས་འབར༔ ཕྱག་གཉིས་མཉམ་བཞག་འཆི་མེད་ཚེ་བུམ་འཛིན༔ སྐྱིལ་ཀྲུང་པང་དུ་ལྷ་མོ་ཙཎྜ་ལི༔ ཕྱག་གཡས་མདའ་དར་གཡོན་པས་ཚེ་བུམ་བསྣམས༔ བདེ་སྟོང་ཉམས་རྒྱས་འོད་ཀྱི་ཚུལ་དུ་འཁྱུད༔ གཉིས་ཀ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་སྤྲས༔ དེ་ཡི་ཕྱི་རིམ་པདྨ་འདབ་བཞི་ཡི༔ དབུས་མདུན་རྣམ་སྣང་ཚེ་ལྷ་སྐུ་མདོག་མཐིང༔ ཕྱག་གཡས་ཚེ་མདའ་གཡོན་པས་ཀ་པཱ་ལ༔ འཆི་མེད་བཅུད་ཀྱི་རིལ་བུས་བཀང་བ་བསྣམས༔ རང་འོད་ཡུམ་མཆོག་དབྱིངས་ཕྱུག་མ་དང་འཁྲིལ༔ ཤར་དུ་རྡོར་སེམས་ཚེ་ལྷ་སྐུ་མདོག་དཀར༔ ཕྱག་གཡས་རྡོ་རྗེ་ཚེ་མདའ་གཡོན་བུམ་པ༔ རང་འོད་བདེ་སྟེར་སྤྱན་མ་ཡུམ་དང་འཁྲིལ༔ ལྷོ་རུ་རིན་འབྱུང་ཚེ་ལྷ་སྐུ་མདོག་སེར༔ ཕྱག་གཡས་རིན་ཆེན་ཚེ་མདའ་གཡོན་ཐོད་ཆང༔ རང་འོད་ཡུམ་མཆོག་མཱ་མ་ཀི་དང་འཁྲིལ༔ ནུབ་ཏུ་སྣང་མཐའ་ཚེ་ལྷ་སྐུ་མདོག་དམར༔ ཕྱག་གཡས་པདྨ་གཡོན་པས་ཚེ་མདའ་བསྣམས༔ རང་འོད་ཡུམ་མཆོག་གོས་དཀར་མོ་དང་འཁྲིལ༔ བྱང་དུ་དོན་གྲུབ་ཚེ་ལྷ་སྐུ་མདོག་ལྗང༔ ཕྱག་གཡས་རྒྱ་གྲམ་གཡོན་པས་ཟ་མ་ཏོག༔ འཆི་མེད་བདུད་རྩི་བཅུད་ཀྱི་རིལ་བུས་བཀང༔ རང་འོད་བདེ་སྟེར་དམ་ཚིག་སྒྲོལ་མས་འཁྲིལ༔ ཡུམ་རྣམས་གཡས་གཡོན་ཚེ་མདའ་བཅུད་བུམ་བསྣམས༔ རིགས་ལྔ་ཀུན་ཀྱང་ལོངས་སྤྱོད་རྫོགས་སྐུའི་ཆས༔ འགྲོ་ཀུན་དུས་མིན་འཆི་བའི་འཇིགས་ལས་སྐྱོབ༔ དེ་ཡི་ཕྱི་རིམ་འདབ་བརྒྱད་གདན་གྱི་སྟེང༔ ཤར་དུ་རྡོ་རྗེའི་ལྷ་མོ་མགྱོགས་མ་ནི༔ དཀར་མོ་ཕྱག་གཉིས་ཆུ་ཡི་བཅུད་བུམ་བསྣམས༔ ལྷོ་རུ་རིན་ཆེན་ལྷ་མོ་མགྱོགས་མ་ནི༔ སེར་མོ་ཕྱག་གཉིས་ས་བཅུད་ཟ་མ་ཏོག༔ ནུབ་ཏུ་པདྨའི་ལྷ་མོ་མགྱོགས་མ་ནི༔ དམར་མོ་ཕྱག་གཉིས་མེ་བཅུད་ཨཱ་ལོ་ཀེ༔ བྱང་དུ་ལས་ཀྱི་ལྷ་མོ་མགྱོགས་མ་ནི༔ ལྗང་མོ་ཕྱག་གཉིས་བཅུད་བསྡུས་རླུང་ཞགས་བསྣམས༔ ཤར་ལྷོར་འཆི་མེད་དཔའ་བོ་ཀིང་ཀ་ར༔ ཕྱག་གཉིས་རྔ་ཡབ་རྡོ་རྗེ་མདའ་དར་བསྣམས༔ དར་དཀར་སྟོད་གཡོག་སྟག་ལྤགས་ཤམ་ཐབས་གསོལ༔ ཤར་ལྷོའི་མཚམས་ཀྱི་ཚེ་བཅུད་མ་ལུས་སྡུད༔ ལྷོ་ནུབ་མི་འགྱུར་དཔའ་བོ་གསང་བདག་རྩལ༔ སེར་ནག་ཕྱག་གཉིས་ཚེ་མདའ་ནོར་བུ་འཛིན༔ དར་སེར་སྟོད་གཡོག་སྟག་ལྤགས་ཤམ་ཐབས་མཛེས༔ ལྷོ་ནུབ་མཚམས་ཀྱི་ཚེ་བཅུད་མ་ལུས་སྡུད༔ ནུབ་བྱང་མི་ཤིགས་དཔའ་བོ་ཧ་ཡ་གྲཱི༔ ཕྱག་གཡས་ཚེ་མདའ་གཡོན་པས་ཞགས་པ་བསྣམས༔ དར་དམར་སྟོད་གཡོག་སྟག་ལྤགས་ཤམ་ཐབས་མནབས༔ ནུབ་བྱང་མཚམས་ཀྱི་ཚེ་བཅུད་མ་ལུས་སྡུད༔ བྱང་ཤར་རིག་འཛིན་དཔའ་བོ་ཐོད་ཕྲེང་རྩལ༔ ཕྱག་གཉིས་ལྕགས་ཀྱུ་འབྱུང་བཞིའི་བབཅུད་བུམ་བསྣམས༔ དར་ལྗང་སྟོད་གཡོག་སྟག་ལྤགས་ཤམ་ཐབས་སྤྲས༔ བྱང་ཤར་མཚམས་ཀྱི་ཚེ་བཅུད་མ་ལུས་སྡུད༔ ཕྱི་རོལ་མུ་ཁྱུད་བཀའ་གཏེར་ཆོས་སྐྱོང་ཚོགས༔ འཆི་མེད་བཀའ་ཉན་དཀྱིལ་འཁོར་མུ་རན་སྐྱོང༔ སྒོ་བཞིར་སྒོ་མ་ལྕགས་ཀྱུ་ཞགས་པ་དང༔ ལྕགས་སྒྲོག་དྲིལ་བུ་རྡོ་རྗེ་ལྷ་མོ་བཞི༔ ཀུན་ཀྱང་རྒྱན་རྫོགས་ལས་བཞིའི་ཕྲིན་ལས་སྒྲུབ༔ ཇི་ལྟར་ཉི་མ་དང་ནི་འོད་ཟེར་བཞིན༔ སྐྱེ་མེད་རང་བྱུང་གདོད་མའི་རྩལ་ཤར་བའི༔ འཆི་མེད་དགོངས་པ་འདུས་པའི་ལྷ་ཚོགས་ཀྱི༔ རང་སྲོག་ས་བོན་སྔགས་དང་གནས་གསུམ་དུ༔ འབྲུ་གསུམ་གསལ་བའི་འོད་ཀྱིས་སྤྱན་དྲངས་གྱུར༔ དྲུག་པ་སྤྱན་འདྲེན་པ་ནི༔ ཧྲཱིཿ པདྨོ་བདེ་ཆེན་དབང་གི་ཞིང་ཁམས་ན༔ འགྲོ་བ་ཀུན་ལ་གཟིགས་པའི་ཐུགས་རྗེ་ཅན༔ འཆི་མེད་མགོན་པོ་བཅོམ་ལྡན་ཚེ་དཔག་མེད༔ ཚེ་ལྷ་རྒྱལ་བ་རིགས་ལྔ་འཁོར་དང་བཅས༔ དུས་ལ་མི་འདའ་ཐུགས་རྗེའི་དབང་གིས་ནི༔ སེམས་ཅན་དོན་ལ་དགོངས་ཏེ་གཤེགས་སུ་གསོལ༔ དུས་མིན་འཆི་བའི་འཇིགས་ལས་སྐྱོབས་པ་དང༔ འཆི་མེད་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ སརྦ་མཎྚལ་ས་མ་ཡཱ་ཛ་ཛ༔ བདུན་པ་བཞུགས་སུ་གསོལ་བ་ནི༔ ཧྲཱིཿ འཆི་མེད་མགོན་པོ་བཅོམ་ལྡན་ཚེ་དཔག་མེད༔ ཚེ་ལྷ་རིགས་ལྔ་མགྱོགས་མ་དཔའ་བོ་གིང༔ སྒོ་སྐྱོང་ལྷ་མོ་བཀའ་གཏེར་སྲུང་མར་བཅས༔ མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ས་མ་ཡཱ་ཏིཥྛ་ལྷན༔ བརྒྱད་པ་བརྡ་ཕྱག་འཚལ་བ་ནི༔ ཧྲཱིཿ ཆོས་དབྱིངས་ཀློང་ནས་སྤྲུལ་པའི་ལྷ༔ འཆི་མེད་དགོངས་པ་འདུས་པའི་ལྷར༔ བདག་ཅག་མོས་གུས་རྩེ་གཅིག་པས༔ རང་ངོ་ཤེས་པའི་བརྡ་ཕྱག་འཚལ༔ ཨ་ཏི་པཱུ་ཧོ༔ པྲ་ཏཱིཙྪ་ཧོ༔ དགུ་པ་མཆོད་པ་འབུལ་བ་ལ༔ ཕྱི་ནང་གསང་བའི་དང་པོ་ནི༔ ཧྲཱི༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ རིགས་ལྔ་འཆི་མེད་དཀྱིལ་འཁོར་ལ༔ བླ་མེད་མཆོད་པ་འབུལ་བ་ནི༔ མེ་ཏོག་བདུག་སྤོས་སྣང་གསལ་དང༔ དྲི་ཆབ་ཞལ་ཟས་རོལ་མོའི་ཚོགས༔ ཐུན་མོང་ཕྱི་ཡི་མཆོད་པ་འབུལ༔ བཞེས་ནས་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་པུཥྤེ༴སོགས་ནས། ཤཔྟ་པཱུ་ཛ་ཧོ༔ གཉིས་པ་ནི༔ ཧྲཱིཿ འཆི་མེད་དགོངས་པ་འདུས་པའི་ལྷ་ཚོགས་ལ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་ཨ་མྲྀ་ཏ༔ དུག་ལྔ་ཡེ་ཤེས་ལྔ་བསྒྲལ་རཀྟ་དང༔ སྣོད་བཅུད་རྣམ་པར་དག་པའི་བྷ་ལིང་ཏ༔ བླ་ན་མེད་པ་ནང་གི་མཆོད་པ་འབུལ༔ བཞེས་ནས་འཆི་མེད་རིག་འཛིན་འགྲུབ་པར་མཛོད༔ མ་ཧཱ་པཉྩ་རཀྟ་བྷ་ལིང་ཏ་ཁཱ་ཧི༔ གསུམ་པ་ནི༔ ཧྲཱིཿ ལྷར་སྣང་བརྟན་པོའི་ཏིང་འཛིན་གྱི༔ སྙིང་རྗེ་ཐབས་ཀྱི་རྡོ་རྗེ་ཡིས༔ སྟོང་ཉིད་ཡུམ་གྱི་མཁར་སྦྱོར་བའི་༔ བདེ་སྟོང་བདུད་རྩིའི་གསང་མཆོད་འདི༔ འཆི་མེད་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་རྡོ་རྗེའི་སྲོག་འགྲུབ་མཛོད༔ ཛྙཱ་ན་བྷོ་དྷི་ཙིཏྟ་པཉྩ་གུ་ཧྱ་པཱུ་ཛ་ཧོ༔ བཅུ་པ་བསྟོད་པ་ནི༔ ཧྲཱིཿ རང་བྱུང་ལྷུན་གྲུབ་སྐྱེ་འཆི་གཉིས་མི་མངའ༔ འགྲོ་བའི་འཆི་བདག་འཇོམས་མཛད་བཅོམ་ལྡན་འདས༔ འོད་དང་མཚན་དཔེ་སྟོང་འབར་རྡོ་རྗེའི་སྐུ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ དུག་ལྔ་མ་སྤང་ཡེ་ནས་རྣམ་པར་དག༔ ཡེ་ཤེས་ལྔ་ཡི་ཐུགས་རྗེའི་རྩལ་ཤར་ལས༔ ཚེ་བདག་བཅོམ་ལྡན་བདེ་གཤེགས་འཆི་མེད་ལྷ༔ རིགས་ལྔ་ལོངས་སྤྱོད་རྫོགས་ལ་ཕྱག་འཚལ་བསྟོད༔ འབྱུང་བཞིའི་ཁམས་ནས་བཅུད་ཀྱི་སྙིང་པོ་སྡུད༔ འགྲོ་ཀུན་དུས་མིན་འཆི་སྐྱོབ་བླ་ཚེ་གསོ༔ འཆི་མེད་ཚེ་མཐའ་ཡས་པའི་བཀའ་ཉན་པ༔ ལྷ་མོ་མགྱོགས་མ་བཞི་ལ་ཕྱག་འཚལ་བསྟོད༔ རྒྱལ་བའི་བྱིན་རླབས་ཕྱི་ནང་གསང་བའི་བཅུད༔ ཐམས་ཅད་སྡུད་ཅིང་སྒྲུབ་མཆོག་ཚེ་སྲོག་སྲིང༔ འཆི་བདག་བདུད་ཀྱི་སྡེ་ཚོགས་འཇོམ་མཛད་པའི༔ རིགས་བཞིའི་དཔའ་བོའི་ཚོགས་ལ་ཕྱག་འཚལ་བསྟོད༔ བཀའ་ཉན་ལས་བྱེད་སངས་རྒྱས་བསྟན་པ་སྲུང༔ སྒྲུབ་མཆོག་བུ་བཞིན་སྐྱོང་བའི་ཐ་ཚིག་ཅན༔ ཚེ་གེག་འཕྲང་སྒྲོལ་འཆི་མེད་དངོས་གྲུབ་སྟེར༔ བཀའ་གཏེར་དམ་ཅན་སྲུང་མའི་ཚོགས་ལ་བསྟོད༔ ཤར་ལྷོ་ནུབ་བྱང་གཞལ་ཡས་སྒོ་བཞི་ན༔ ཕྲིན་ལས་ཞི་རྒྱས་དབང་དང་དྲག་པོ་ཡིས༔ གང་འདུལ་ལས་མཛད་མི་ཤིགས་ཚེ་ཡི་ལྷ༔ སྒོ་མ་བཞི་སོགས་ཡོངས་རྫོགས་ལྷ་ལ་བསྟོད༔ བཅུ་གཅིག་པ་བསྙེན་པ་ནི༔ རང་ཉིད་ཚེ་དཔག་མེད་མགོན་ཐུགས་ཀ་རུ༔ མི་ཤིགས་རྡོ་རྗེའི་ལྟེ་བར་ཧྲཱིཿདམར་ཤར༔ རྩ་སྔགས་རང་སྒྲ་དང་བཅས་གཡས་སུ་འཁོར༔ དེ་ལས་འོད་འཕྲོས་བདེ་གཤེགས་རྒྱལ་བ་མཆོད༔ བྱིན་རླབས་ནུས་མཐུ་འཆི་མེད་ཚེ་བཅུད་བསྡུས༔ རིགས་དྲུག་སེམས་ཅན་རྣམས་ཀྱི་སྒྲིབ་པ་སྦྱངས༔ གཏན་བདེ་འཆི་མེད་ལྷ་ཡི་གོ་འཕང་བཀོད༔ ཕྱི་ནང་སྣོད་བཅུད་ཀུན་གྱི་ཚེ་བཅུད་བསྡུས༔ ཚུར་འདུས་བདག་ཐིམ་རྡོ་རྗེའི་སྲོག་གྲུབ་གྱུར༔ ཨོཾ་ཨ་པ་ར་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛ༔ པུཎྱཻ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲཱུྃ༔ གཙོ་འཁོར་ཡོངས་རྫོགས་ཆིག་དྲིལ་གྱི༔ ཉེ་བར་བསྙེན་དམིགས་འདི་བཞིན་བྱ༔ གཙོ་བོའི་ཐུགས་སྲོག་སྔགས་ལས་འོད་འཕྲོས་པས༔ འཆི་མེད་ཚེ་ལྷ་རྒྱལ་བ་རིགས་ལྔ་སོགས༔ མ་ལུས་འཁོར་དང་བཅས་པའི་ཐུགས་རྒྱུད་བསྐུལ༔ རང་སྲོག་སྔགས་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་དོན་བྱས་སྣོད་བཅུད་དྭངས་མ་བསྡུས༔ བདག་དང་སྒྲུབ་པའི་རྫས་ལ་སིབ་སིབ་ཐིམ༔ འཆི་མེད་རིག་འཛིན་མྱུར་དུ་གྲུབ་པར་གྱུར༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཨཱ་ཡུརྫྙཱ་ན་སརྦ་མཎྚ་ལ་ཚེ་བྷྲུཾ་ནྲྀ་ཛཿསརྦ་སིདྡྷི་ཧྲཱི༔ ཨེ་མ་སྙིགས་མ་ལྔ་བདོའི་དུས༔ དུས་མིན་འཆི་བའི་བར་ཆད་མང༔ དེ་ལས་སྐྱོབས་ཕྱིར་ཟབ་པའི་གདམས༔ འཆི་མེད་མགོན་པོའི་སྒྲུབ་ཐབས་འདི༔ པདྨ་བདག་གི་སྙིང་གི་ཁྲག༔ ད་ལྟ་སྤེལ་བའི་གནས་མེད་ཀྱི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གདམས༔ བྲག་དམར་གཡའ་མ་ལུང་གི་གནས༔ བྱ་ཁྱུང་གཤོག་བརྒྱང་འདྲ་བའི་གནས༔ རྫུ་འཕྲུལ་བཀོད་པའི་རྒྱས་ཐོབ་ལ༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ ང་སྤྲུལ་ལས་འཕྲོ་ཅན་དང་འཕྲད༔ འཆི་མེད་སྒྲུབ་ཐབས་འདི་སྤེལ་ཞིང༔ དུས་མིན་འཆི་བའི་འཇིགས་ལས་སྐྱོབས༔ བསྟན་དང་འགྲོ་དོན་རྒྱ་ཆེར་འབྱུང༔ གང་ཞིག་འཆི་བདག་ཁར་ཚུད་ཀྱང༔ འདི་བསྒྲུབ་ལོ་ལྔའི་ཚེ་སྲིང་འགྱུར༔ བཀའ་གཏེར་སྲུང་མས་རྒྱ་སྡོམས་ཤིག༔ དམ་མེད་ལག་ཏུ་ཤོར་ར་རེ༔ འདས་ན་བཀའ་ཡི་ཆད་པས་ཆོད༔ བསྐོས་པའི་ལས་ཀྱི་གཉེར་ལོངས་ཤིག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

བསྙེན་སྒྲུབ་ལས་སྦྱོར་གུད་དུ་སྦས་པ།

ཚེ་སྒྲུབ་འཆི་མེད་དགོངས་འདུས་ལས༔ བསྙེན་སྒྲུབ་ལས་སྦྱོར་གུད་དུ་སྦས་པ་བཞུགས༔ ན་མོ་ཨཱ་ཡུརྫྙཱ་ན་ཡེ༔ འཆི་མེད་རྡོ་རྗེའི་སྐུ་བརྙེས་པ༔ དུས་མིན་འཆི་བའི་འཇིགས་ལས་སྐྱོབས༔ མགོན་པོ་ཚེ་དཔག་མེད་པ་དང༔ ཚེ་ལྷ་རྒྱལ་བ་རིགས་ལྔར་འདུད༔ འདི་ཡི་བསྙེན་སྒྲུབ་ལས་སྦྱོར་ནི༔ ཡིད་མཐུན་གནས་སུ་དཀྱིལ་འཁོར་བྲི༔ མཆོད་པ་སྤྱན་གཟིགས་གཞུང་ལྟར་བཀོད༔ དང་པོ་སྒྲུབ་པའི་ལས་གཞུང་བསྲང༔ རྡོ་རྗེ་སྲོག་སྒྲུབ་ཟབ་པའི་གནད༔ བསྙེན་སྒྲུབ་ལས་སྦྱོར་ཉམས་སུ་ལེན༔ ས་མ་ཡཱ༔ རང་ཉིད་ཚེ་དཔག་མེད་པར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རྒྱལ་བ་སྲས་དང་སློབ་མར་བཅས་པ་མཆོད༔ ཐུགས་རྒྱུད་བསྐུལ༔ བྱིན་རླབས་དངོས་གྲུབ་ཚེ་བཅུད་འབྱུང་བཞིའི་དྭངས་མ་ཐམས་ཅད་བསྡུས་ནས་རང་ཉིད་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་སྤྱི་བོ་ནས་སིབ་སིབ་ཐིམ༔ རང་གི་བླ་ཚེ་ཉམས་པ་གསོས༔ ཆད་པ་མཐུད༔ ཡར་བ་བཀུག༔ འཆི་མེད་རྡོ་རྗེ་ཚེའི་རིག་འཛིན་སྐད་ཅིག་ཉིད་ལ་ཐོབ་པར་གྱུར་བར་བསམ༔ རྩ་སྔགས་ནི༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་ཧྲཱིཿསྭཱ་ཧཱ༔ བསྙེན་པ་ནི༔ ཨོཾ་བཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཚེ་བྷྲུཾཿཡུ་བྷྲུཾཿཡུ་ཚེ་བྷྲུཾ༔ གསང་བའི་ཉེ་བསྙེན་ནི༔ ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛཿཔུཎྱཻ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲུཾ༔ ཉེ་བསྙེན་ནི༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟི་ཡེ་སྭཱ་ཧཱ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཨཱ་ཡུརྫྙཱ་ན་སརྦ་མཎྚ་ལ་ཚེ་བྷྲུཾ་ནྲྀ་ཛཿསརྦ་སིདྡྷི་ཧྲཱི༔ རྩ་བའི་བསྙེན་པ་འབུམ་བཅུ་གཅིག༔ བསྙེན་པ་ཁྲི་ཕྲག་གསུམ་ཡིན་ཏེ༔ གསང་བའི་ཉེ་བསྙེན་སྟོང་ཕྲག་བདུན༔ ཉེ་བར་བསྙེན་པ་སྟོང་ཕྲག་གསུམ༔ རྟགས་ནི་བུམ་ཆུ་ཁོལ་བ་དང༔ དྲི་བཟང་འཐུལ་དང་རྫས་འོད་ཆགས༔ དེ་ནི་དངོས་ཉམས་ཚད་ཡིན་ཏེ༔ ཉི་ཟླ་འཆར་དང་ཆུ་ཆེན་དང༔ རིལ་བུ་བདུད་རྩི་བཟའ་བཏུང་ལ༔ ལོངས་སྤྱོད་རྨི་ལམ་རྟགས་སུ་བཤད༔ འདི་ཉིད་ཉམས་ལེན་གང་ཟག་གིས༔ བསྙེན་བསྒྲུབ་འདི་བཞིན་བརྩོན་ནུས་ན༔ ཚེ་ཟད་ཡིན་ཀྱང་སྲོག་མཐུད་ངེས༔ འཆི་མེད་རྡོ་རྗེ་ཚེ་འདིར་འགྲུབ༔ ས་མ་ཡཱ༔ དེ་ནས་གཙོ་འཁོར་ཡོངས་རྫོགས་ཀྱི༔ ཆིག་དྲིལ་ཚེ་ཡི་བསྙེན་དམིགས་ནི༔ རང་ཉིད་ཚེ་དཔག་མེད་མགོན་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཚེ་ལྷ་རྒྱལ་བ་རིགས་ལྔ་དང་ལྷ་མོ་མགྱོགས་མ་དཔའ་བོ་སྒོ་སྐྱོང་སྲུང་མ་དང་བཅས་པའི་ཐུགས་རྒྱུད་བསྐུལ༔ རང་རང་གི་ཐུགས་སྲོག་ས་བོན་ལས་འོད་ཟེར་འཕྲོས༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ལ་མཆོད་པ་ཕུལ༔ དེ་རྣམས་ཀྱི་ཐུགས་རྗེ་དང་བྱིན་རླབས་ཚེའི་དངོས་གྲུབ་མ་ལུས་པ་བསྡུས༔ འཆི་བདག་སོགས་བདུད་བཞི་དྲེག་པའི་སྡེ་ཚོགས་ཐམས་ཅད་ཚར་བཅད༔ ཅི་བསྒོ་བའི་བཀའ་ཉན༔ སེམས་ཅན་གྱི་དོན་བྱས༔ འོད་ཟེར་ཚུར་འདུས་རང་དང་སྒྲུབ་རྫས་ལ་ཐིམ་པས་འཆི་བ་མེད་པ་རྡོ་རྗེའི་སྲོག་གྲུབ་པར་གྱུར་བར་བསྐུལ༔ ཨོཾ་ཨ་མཱ་ར་ཎི་ཛཱི་ཝནྟེ་ཡེ་ཧྲཱིཿ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཨཱ་ཡུརྫྙཱ་ན་སརྦ་མཎྚ་ལ་ཚེ་བྷྲུཾ་ནྲྀ་ཛཿསརྦ་སིདྡྷི་ཧྲཱི༔ གཙོ་འཁོར་ཡོངས་རྫོགས་ཆིག་དྲིལ་སྔགས༔ ཁྲི་བཟླས་འཆི་མེད་དངོས་གྲུབ་ཐོབ༔ རྟགས་ནི་ཚེ་རིལ་འཕུར་བ་དང༔ ཚེ་ཆང་མདོག་འགྱུར་བུམ་ཆུ་ཁོལ༔ དེ་སོགས་དངོས་དང་རྨི་ལམ་ལ༔ ཆུ་ཀླུང་བརྒལ་དང་འཕྲང་ལ་ཐར༔ ཞགས་པ་ཐོགས་དང་ཕྲེང་བ་འདྲེན༔ རྨི་ལམ་རྟགས་སུ་བཤད་པ་ཡིན༔ ཕན་ཡོན་བསམ་འདས་བརྗོད་མི་ལང༔ ཚེ་འདིར་དུས་མིན་འཆི་བ་སྐྱོབ༔ རྡོ་རྗེའི་སྲོག་ལ་དབང་འབྱོར་ཞིང༔ ཕྱི་མར་བདེ་ཆེན་དག་ཞིང་བསྒྲོད༔ ས་མ་ཡཱ༔ བུམ་བཟླས་སྐབས་ཀྱི་ལྷན་ཐབས་ནི༔ ན་མོ་ཨཱ་ཡུརྫྙཱ་ན་ཧྲཱིཿ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ པུཎྱཻ་སིདྡྷི་ཚེ་བྷྲུཾ༔ ཞེས་དང་ཚེ་གཟུངས་ཨོཾ་གསུམ་མའང་ཅུང་ཟད་བཟླ་བར་གསུངས་སོ།། དེ་ནས་ཐུན་མཐར་ལྷག་ཆད་ཁ་སྐོང༔ ཚེ་མདའ་གཡབ་ལ་ཚེ་འགུག་ནི༔ ཧྲཱིཿ པདྨོ་བདེ་བ་ཅན་གྱི་ཞིང་ཁམས་ནས༔ འཆི་མེད་ཚེ་ལྷ་རིགས་བརྒྱའི་འཁོར་ལོས་སྒྱུར༔ བཅོམ་ལྡན་འཆི་མེད་མགོན་པོ་ཚེ་དཔག་མེད༔ སྨོན་ལམ་སྟོབས་དང་ཐུགས་རྗེས་དེང་དགོངས་ལ༔ བདག་དང་བསྲུང་བྱར་གྱུར་པའི་འགྲོ་བ་ལ༔ མི་འགྱུར་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛཿཔུཎྱཻ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲུཾ༔ ཞེས་པའི་རྩ་སྔགས་བཟླས༔ ཧྲཱིཿ དབུས་མདུན་རྣམ་པར་སྣང་མཛད་ཚེ་དཔག་མེད༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔ གཏི་མུག་ལས་ཀྱི་ནད་གདོན་རྐྱེན་སོལ་ལ༔ ཆོས་དབྱིངས་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་བཟླས༔ ཧྲཱིཿ ཤར་ཕྱོགས་རྡོ་རྗེ་སེམས་དཔའ་ཚེ་དཔག་མེད༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔ ཞེ་སྡང་ལས་ཀྱི་ནད་གདོན་རྐྱེན་སོལ་ལ༔ མེ་ལོང་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་བཟླས༔ ཧྲཱིཿ ལྷོ་ཕྱོགས་རིན་ཆེན་འབྱུང་ལྡན་ཚེ་དཔག་མེད༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔ ང་རྒྱལ་ལས་ཀྱི་ནད་གདོན་རྐྱེན་སོལ་ལ༔ མཉམ་ཉིད་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་བཟླས༔ ཧྲཱིཿ ནུབ་ཕྱོགས་སྣང་བ་མཐའ་ཡས་ཚེ་དཔག་མེད༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔ འདོད་ཆགས་ལས་ཀྱི་ནད་གདོན་རྐྱེན་སོལ་ལ༔ སོར་རྟོག་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་བཟླས༔ ཧྲཱིཿ བྱང་ཕྱོགས་དོན་ཡོད་གྲུབ་པ་ཚེ་དཔག་མེད༔ ཐུགས་དམ་བསྐུལ་ལོ་འགྲོ་བའི་དོན་ལ་དགོངས༔ ཕྲག་ཏོག་ལས་ཀྱི་ནད་གདོན་རྐྱེན་སོལ་ལ༔ བྱ་གྲུབ་ཡེ་ཤེས་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་བཟླས༔ ཧྲཱིཿ ཤར་ཕྱོགས་ཚེ་ཡི་ལྷ་མོ་མགྱོགས་མ་དཀར༔ ཆུ་ཡི་ཁམས་ནས་ཚེ་ཡི་བཅུད་བསྡུས་ལ༔ བདག་དང་བསྲུང་བྱའི་ཁྲག་གི་ཁམས་ལ་བསྟིམས༔ བླ་ཚེ་ཉམས་གསོས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཧྲཱིཿ ལྷོ་ཕྱོགས་ཚེ་ཡི་ལྷ་མོ་མགྱོགས་མ་སེར༔ ས་ཡི་ཁམས་ནས་ཚེ་ཡི་བཅུད་བསྡུས་ལ༔ རྣལ་འབྱོར་བདག་གི་ཤ་ཡི་ཁམས་ལ་བསྟིམས༔ བླ་ཚེ་ཉམས་གསོས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཧྲཱིཿ ནུབ་ཕྱོགས་ཚེ་ཡི་ལྷ་མོ་མགྱོགས་མ་དམར༔ མེ་ཡི་ཁམས་ནས་ཚེ་བཅུད་བཅུད་བསྡུས་ལ༔ རྣལ་འབྱོར་བདག་གི་དྲོད་ཀྱི་ཁམས་ལ་བསྟིམས༔ བླ་ཚེ་ཉམས་གསོས་རྡོ་རྗེའི་ཚེ་མཆོག་སྩོལ༔ ཧྲཱིཿ བྱང་ཕྱོགས་ཚེ་ཡི་ལྷ་མོ་མགྱོགས་མ་ལྗང༔ རླུང་གི་ཁམས་ནས་ཚེ་ཡི་བཅུད་བསྡུས་ལ༔ རྣལ་འབྱོར་བདག་གི་དབུགས་ཀྱི་ཁམས་ལ་བསྟིམས༔ བླ་ཚེ་ཉམས་གསོས་རྡོ་རྗེའི་ཚེ་མཆོག་སྩོལ༔ རྩ་སྔགས་བཟླ༔ ཧྲཱིཿ ཤར་ལྷོ་འཆི་མེད་དཔའ་བོ་ཀིང་ཀ་ར༔ ཤར་ལྷོ་མཚམས་ནས་ཚེ་བཅུད་མ་ལུས་སྡུད༔ དྲི་ཟ་དང་ནི་མེ་ལྷའི་འཆི་བདག་ཆོམ༔ རྡོ་རྗེ་རིགས་ཀྱི་ཚེ་མཆོག་འདིར་ཁུག་ཅིག༔ ཧྲཱིཿ ལྷོ་ནུབ་མི་ཤིག་དཔའ་བོ་ཧ་ཡ་གྲཱི༔ ལྷོ་ནུབ་མཚམས་ནས་ཚེ་བཅུད་མ་ལུས་སྡུད༔ གཤིན་རྗེ་དང་ནི་སྲིན་པོའི་འཆི་བདག་ཆོམ༔ རིན་ཆེན་རིགས་ཀྱི་ཚེ་མཆོག་འདིར་ཁུག་ཅིག༔ ཧྲཱིཿ ནུབ་བྱང་མི་འགྱུར་དཔའ་བོ་གསང་བདག་རྩལ༔ ནུབ་བྱང་མཚམས་ནས་ཚེ་བཅུད་མ་ལུས་སྡུད༔ ཀླུ་དབང་དང་ནི་རླུང་ལྷའི་འཆི་བདག་ཆོམ༔ པདྨ་རིགས་ཀྱི་ཚེ་མཆོག་འདིར་ཁུག་ཅིག༔ ཧྲཱིཿ བྱང་ཤར་རིག་འཛིན་དཔའ་བོ་ཐོད་ཕྲེང་རྩལ༔ བྱང་ཤར་མཚམས་ནས་ཚེ་བཅུད་མ་ལུས་སྡུད༔ གནོད་སྦྱིན་དང་ནི་དབང་ལྡན་འཆི་བདག་ཆོམ༔ ལས་ཀྱི་རིགས་ཀྱི་ཚེ་མཆོག་འདིར་ཁུག་ཅིག༔ རྩ་སྔགས་བཟླ༔ ཧྲཱིཿ འཆི་མེད་བཀའ་ཉན་དམ་ཅན་བསྲུང་མའི་ཚོགས༔ ཕྲིན་ལས་མངའ་བདག་ལྷ་མོ་སྒོ་མ་བཞི༔ ལས་བཞིའི་མངའ་བདག་རྣམ་བཞིའི་སྐུར་བཞེངས་ལ༔ འབྱུང་བཞིའི་ཁམས་ནས་ཚེ་ཡི་བཅུད་ཁུག་ཅིག༔ རྩ་སྔགས་བཟླ༔ ཧྲཱིཿ འཆི་མེད་དགོངས་པ་འདུས་པའི་ལྷ་ཚོགས་ཀྱིས༔ འགྱུར་མེད་སྐུ་ཡི་ཚེ་མཆོག་ལུས་ལ་སྩོལ༔ གཟི་བརྗིད་གཞན་སྣང་ཟིལ་གྱིས་གནོན་པར་མཛོད༔ འགག་མེད་གསུང་གི་ཚེ་མཆོག་ངག་ལ་སྩོལ༔ ཚངས་པའི་དབྱངས་ཀྱིས་སྒྲ་རིགས་ཟིལ་གནོན་མཛོད༔ འཁྲུལ་མེད་ཐུགས་ཀྱི་ཚེ་མཆོག་སེམས་ལ་སྩོལ༔ བདེ་གཤེགས་སྙིང་པོས་ཁྱབ་ཀུན་དབང་འདུས་མཛོད༔ ཡོན་ཏན་ཕྲིན་ལས་ཚེ་མཆོག་མ་ལུས་སྩོལ༔ འགྲོ་ཀུན་རེ་སྐོང་སྙན་གྲགས་གདུལ་བྱ་སྤེལ༔ བདག་ཅག་འཆི་མེད་སྒྲུབ་པའི་རིག་འཛིན་ལ༔ དུས་མིན་འཆི་བདག་གཡུལ་ལས་རྒྱལ་བ་དང༔ མི་ཤིག་རྡོ་རྗེ་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་ཀྱི་མཐར༔ ཨོཾ་ཨཱཿཧཱུྃ་སྭཱ་ཧྲཱིཿཔུཎྱཻ་ཛྙཱ་ན་ཚེ་བྷྲུཾ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨཱ་ཡུརྫྙཱ་ན་སིདྡྷི་ཧྲཱིཿ འདིས་ནི་ཚེ་བཅུད་མ་ལུས་འགུག༔ འཆི་བདག་ལག་ཏུ་བླ་ཤོར་ཀྱང༔ ངེས་པར་འགུག་པར་ཐེ་ཚོམ་མེད༔ བདེན་རྫུན་རྣོ་མྱུར་ལག་ཏུ་ལོངས༔ ས་མ་ཡཱ༔ ཁ་ཐཾ༔ དགའ་སྟོན་ཚོགས་ཀྱི་འཁོར་ལོ་ནི༔ བཟའ་བཏུང་ཡོ་བྱད་ཚོགས་སུ་བཤམས༔ དང་པོ་བྱིན་གྱིས་རློབ་པ་ནི༔ རཾ་ཡཾ་ཁཾ༔ རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ སྣོད་བཅུད་ཟག་མེད་ཚོགས་སུ་བསྒྱུར༔ བདེ་གཤེགས་དགྱེས་པ་སྐོང་བའི་རྫས༔ འདོད་ཡོན་ནམ་མཁའ་གང་བར་སྤེལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ གཉིས་པ་སྤྱན་འདྲེན་པ་ནི༔ ཧྲཱིཿ ནུབ་ཕྱོགས་བདེ་ཆེན་དག་པའི་ཞིང༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཆི་མེད་ཚེ་ལྷ་རིགས་ལྔའི་ཚོགས༔ མགྱོགས་མ་དཔའ་བོ་སྒོ་སྐྱོང་བཅས༔ འཁོར་བཅས་ཚོགས་ལ་སྤྱན་འདྲེན་གཤེགས༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ ཆོགས་མཆོད་འདི་ལ་བཅུད་ཅིག་སྩོལ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ས་མ་ཡཱ་ཛ་ཛ༔ དང་པོ་ཚོགས་ཕུད་འབུལ་བ་ནི༔ ཧྲཱིཿ འཆི་མེད་མགོན་པོ་ཚེ་དཔག་མེད༔ ཚེ་ལྷ་རིགས་ལྔ་མགྱོགས་མ་བཞི༔ དཔའ་བོ་སྒོ་མ་སྲུང་མའི་ཚོགས༔ ཟག་མེད་བདུད་རྩིའི་ཚོགས་མཆོད་འབུལ༔ ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ གཉིས་པ་བཤགས་པ་ནི༔ ཧོཿ བསྐལ་པ་སྔོན་ནས་ད་ལྟའི་བར༔ སྡིག་སྒྲིབ་ཉེས་ལྟུང་ནོངས་པ་གང༔ འཆི་མེད་དཀྱིལ་འཁོར་ལྷ་ཚོགས་ལ༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ ཨོཾ་བཛྲ་ས་མ་ཡཱ་ཤུདྡྷེ་ཨཱཿ གསུམ་པ་བསྒྲལ་བ་ནི༔ ཧཱུྃ༔ མ་རིག་བདག་འཛིན་རུ་ཏྲ་ཀུན༔ མཚན་མའི་རྫས་ལ་ཁུག་ཅིག་ཛཿ རྣམ་ཤེས་ཆོས་ཉིད་ཀློང་དུ་དྲོངས༔ ཤ་ཁྲག་ཚོགས་ཀྱི་མཆོད་པ་འབུལ༔ རུ་ཏྲ་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད༔ དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི༔ དེ་ནས་དགའ་སྟོན་ཚོགས་ལ་སྤྱོད༔ བཞི་པ་ལྷག་མ་བསྔོ་བ་ནི༔ ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱིཿ འཆི་མེད་དགོངས་འདུས་དཀྱིལ་འཁོར་གྱི༔ བཀའ་ཉན་ལྷག་ལ་དབང་བ་རྣམས༔ དམ་རྫས་ཕ་འབབ་འདི་བཞེས་ལ༔ ཕྲིན་ལས་ཐོགས་མེད་མྱུར་འགྲུབ་མཛོད༔ སརྦ་ལོ་ཀ་བ་ལིཾ་ཏ་ཁཱ་ཧི༔ ལྔ་པ་ཐུགས་དམ་བསྐུལ་བ་ནི༔ ཧཱུྃ་ཧྲཱི༔ དགོངས་ཤིག་བཅོམ་ལྡན་ཚེ་དཔག་མེད༔ འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་དེང་འདིར་དགོངས༔ འཆི་བདག་བདུད་བཞིའི་གཡུལ་ངོ་བཟློག༔ བརྟན་གཡོའི་དྭངས་བཅུད་མ་ལུས་སྡུས༔ རྡོ་རྗེའི་སྲོག་གི་ཀ་བ་ཚུགས༔ ཐོག་མའི་དུས་ཀྱི་སྨོན་ལམ་དགོངས༔ ཞལ་བཞེས་བཞིན་དུ་ཕྲིན་ལས་མཛོད༔ དྲུག་པ་ཆད་མདོ་ནི༔ ཧྲཱིཿ བསྐལ་པ་ཐོག་མཐའ་བར་གྱི་དུས༔ བླ་མ་ཆོས་ལོངས་སྤྲུལ་པའི་སྐུས༔ གང་འདུལ་ཐབས་ཀྱིས་དམ་བཞག་པའི༔ ཆོས་སྐྱོང་དམ་ཅན་དྲེགས་ཚོགས་ཀུན༔ ཁས་བླངས་དམ་ལ་མ་འདའ་བར༔ ཆད་མདོའི་གཏོར་མ་འདི་བཞེས་ལ༔ བསྟན་པ་སྲུང་ལ་དགྲ་བགེགས་སྒྲོལ༔ བཅོལ་པའི་ལས་ཀུན་འགྲུབ་པར་མཛོད༔ བདུན་པ་བརྟན་མ་ནི༔ ཧྲཱི༔ བོད་ཁམས་སྐྱོང་བའི་ཐ་ཚིག་ཅན༔ བརྟན་མ་བཅུ་གཉིས་དཔོན་དང་གཡོག༔ འདིར་གཤེགས་རྒྱན་གྱི་གཏོར་མ་བཞེས༔ བསྟན་དང་བསྟན་འཛིན་སྲུང་བ་དང༔ མཐའ་དམག་དུས་འཁྲུགས་འཚེ་བ་བཟློག༔ བཅོལ་པའི་ཕྲིན་ལས་གྲུབ་པར་མཛོད༔ མ་མ་དྷཱཀྐི་ནཱི་ཧྲིཾ་ཧྲིཾ་བ་ལིཾ་ཏ་ཁཱ་ཧི༔ བརྒྱད་པ་རྟ་བྲོ་ནི༔ ཧཱུྃ༔ རང་བྱུང་རྡོ་རྗེའི་རི་རབ་འོག༔ འཁྲུལ་རྟོག་དགྲ་བགེགས་དཔུང་བཅས་མནན༔ བྱང་ཆུབ་སེམས་ཀྱི་རྒྱས་བཏབ་པས༔ ནམ་ཡང་ལྡང་བ་མེད་པར་གྱུར༔ སརྦ་ཤ་ཏྲུཾ་མ་རཱ་ཡ་ནན༔ དགུ་པ་དངོས་གྲུབ་གསོལ་བ་ནི༔ ཧོ༔ དགོངས་ཤིག་བཅོམ་ལྡན་ཚེ་དཔག་མེད༔ འཆི་མེད་ལྷ་ཚོགས་འཁོར་བཅས་ཀྱི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ འགག་པ་མེད་པ་རྡོ་རྗེའི་གསུང༔ འཁྲུལ་བ་མེད་པ་རྡོ་རྗེའི་ཐུགས༔ གསང་གསུམ་དབྱེར་མེད་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཅིང༔ ཉམས་མེད་ལང་ཚོ་རྒྱས་པ་དང༔ འཛད་མེད་ཡིད་བཞིན་ལོངས་སྤྱོད་ཅིང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱིཿབཛྲ་ཛྙཱ་ན་ཨཱ་ཡུ་ཥེ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ སརྦ་སིདྡྷི་ཕ་ལ་ཚེ་བྷྲུཾ་ནྲྀ་ཛཿཀཱ་ཡ་ཝཱཀྐ་ཙིཏྟ་ཨ་ལ་ལ་སིདྡྷི་ཕ་ལ་ཧྲཱི༔ བཅུ་པ་མཐའ་གཉིས་བསལ་བ་ནི༔ ཨཱ༔ སྣང་བའི་ཆོས་ཀུན་རང་བྱུང་ཡེ་ཤེས་རྩལ༔ རིག་སྟོང་ཟུང་འཇུག་སྤྲོས་བྲལ་ཀློང་དུ་ཐིམ༔ སླར་ཡང་འགག་མེད་སྒྱུ་མའི་རང་རྩལ་ལས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར༔ ཧྲཱིཿབྷྲུཾ་ཀཱ་ཡ་ཝཱཀྐ་ཙིཏྟ་བཛྲ་ཧཱུྃ༔ བཅུ་གཅིག་པ་བསྔོ་སྨོན་ནི༔ འདིས་མཚོན་དུས་གསུམ་རྣམ་དཀར་དགེ་བའི་ལས༔ མ་ལུས་མཁའ་མཉམ་འགྲོ་བའི་དོན་དུ་བསྔོ༔ སྐུ་དང་ཡེ་ཤེས་ཟུང་འཇུག་མངོན་གྱུར་ནས༔ འཆི་མེད་མགོན་པོའི་གོ་འཕང་མྱུར་ཐོབ་ཤོག༔ བཅུ་གཉིས་པ་ཤིས་བརྗོད་ནི༔ ཧྲཱིཿ འགྲོ་བའི་འཆི་བདག་འཇོམས་མཛད་བཅོམ་ལྡན་འདས༔ འོད་དང་གཟི་བརྗིད་མཚན་དཔེ་སྟོང་འབར་བ༔ སྐྱེ་འཆི་འཇིགས་བྲལ་འགགས་མེད་ལོངས་སྤྱོད་རྫོགས༔ མགོན་པོ་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག༔ ཉོན་མོངས་དུག་ལྔ་མ་སྤང་ཀ་ནས་དག༔ ཡེ་ཤེས་ལྔ་ཡི་སྒྱུ་འཕྲུལ་རོལ་པར་ཤར༔ ལོངས་སྤྱོད་རྫོགས་སྐུ་གང་འདུལ་ཕྲིན་ལས་མངའ༔ ཚེ་ལྷ་རྒྱལ་བ་རིགས་ལྔའི་བཀྲ་ཤིས་ཤོག༔ ཕྱོགས་ཀྱི་མགྱོགས་མ་མཚམས་ཀྱི་དཔའ་བོ་གིང༔ འཆི་མེད་བཀའ་ཉན་གཏེར་བདག་ཆོས་སྐྱོང་ཚོགས༔ ཚད་མེད་བཞི་ལྡན་ཕྲིན་ལས་སྒོ་མ་བཞི༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ཡི་བཀྲ་ཤིས་ཤོག༔ སྔོན་འགྲོ་དངོས་གཞི་རྗེས་དང་གསུམ༔ འཆི་མེད་རིག་འཛིན་སྒྲུབ་པའི་ཐབས༔ ཕྱི་རབས་རྗེས་འཇུག་དོན་དུ་བཀོད༔ བྱིན་ཆེ་ཟབ་ལ་དངོས་གྲུབ་མྱུར༔ ཚིག་ཉུང་དོན་ཟབ་ཉམས་ལེན་བདེ༔ སྐལ་བ་ལྡན་པའི་གང་ཟག་གིས༔ ཉམས་བླངས་མཆོག་ཐུན་ཟུང་འཇུག་ཐོབ༔ དུས་མིན་འཆི་བའི་འཇིག་ལས་ཐར༔ གནས་སྐབས་ནད་གདོན་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་འཕེལ༔ རླུང་སེམས་སྣང་བ་དབང་དུ་འདུ༔ ལོག་འདྲེན་འཆི་བདག་དཔུང་ཚོགས་འཇོམས༔ མཐར་ཐུག་ཚེ་མཐའ་ཡས་པ་ཡི༔ གོ་འཕང་གཏན་བདེའི་མྱུར་ལམ་རྙེད༔ དེ་ཕྱིར་གཅེས་པའི་སྙིང་ལ་ཆོངས༔ ས་མ་ཡཱ༔ གུ་ཧྱ༔ ཁ་ཐཾ༔ ཁོ་བོ་འགྲོ་འདུལ་གསང་སྔགས་གླིང་པས་བྲག་དམར་གཡའ་མ་ལུང་གི་སྒྲུབ་གནས་བྱ་ཁྱུང་གཤོག་བརྒྱང་འདྲ་བའི་བྲག་ནས། རང་ལོ་ཉེར་གཅིག་པ་རབ་བྱུང་བཅོ་ལྔ་པའི་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ལ་གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་སྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པའི་ཐུགས་རྗེ་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས་རྟེན་འབྲེལ་ཕུན་སུམ་ཚོགས་པར་ཟབ་མོའི་གཏེར་ནས་སྤྱན་དྲངས་ཤིང་ཕྱིས་ས་མོ་ཡོས་ཀྱི་ཧོར་ཟླ་གཉིས་པའི་དགའ་བ་དང་པོར་ཤོག་སེར་ལས་ཞལ་བཤུས་པའི་ཡི་གེ་པ་ནི་གསེར་བ་བླ་མ་ཨོ་རྒྱན་ལྷུན་གྲུབ་ཀྱིས་བགྱིས་པས་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག དགེའོ༎ དགེའོ༎ དགེའོ༎

ཚེ་སྒྲུབ་འཆི་མེད་དགོངས་འདུས་དང་འབྲེལ་བའི་ཚེ་དབང་།

༄༅། ཨོཾ་སྭ་སྟི། འཆི༵་མེ༵ད་དངོས་གྲུབ་མཆོག་སྩོལ་ལྷག་པའི་ལྷ། །རབ་འབྱམས་རྩ་གསུམ་དགོ༵ངས་པ་དབྱིངས་གཅིག་ཏུ། །ཡོངས་འདུ༵ས་བླ་མ་ཚེ་དཔག་མེད་པ་ལ། །གུས་པས་བཏུད་ནས་དེ་ཡི་དབང་ཆོག་དགོད། །དེ་ལ་འདིར་ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་ཚེ་སྒྲུབ་འཆི་མེད་དགོངས་འདུས་དང་འབྲེལ་བར་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམ་བཀོད་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། བྱིན་རླབས་དབང་གི་ཆོ་གའོ།། དང་པོ་ནི། སྟེགས་ཀྱི་ཁར་དཀྱིལ་འཁོར་སྒོ་རྫོགས་སོགས་སྤྱི་ལྟར་ལ་དབུས་སུ་ལྷ་གནས་ཁྱམས་དང་བཅས་པའི་པདྨ་འདབ་བཞིའི་ཕྱིར་འདབ་བརྒྱད་ཅན་གྱི་ལྟེ་བ་འདབ་མ་སྒོ་རྣམས་སུ་ལྷ་མཚན་ཅི་རིགས་བྲིས་པ་བཀྲམ་པའི་དབུས་སུ་མཉྫིའི་ཁར་ཚེ་གཏོར་གདན་ཟླུམ་སུམ་བརྩེགས་སྟེང་རིན་ཆེན་ཟུར་བརྒྱད། དེ་སྟེང་བུམ་པ་ནོར་བུས་བརྒྱན་པ་རིལ་བུས་བསྐོར་བ་དང་། ལྷ་གྲངས་བཅུ་བདུན་གྱི་སྐུ་ཙཀ དེའི་མདུན་དུ་བུམ་པ། གཡས་སུ་ཚེ་ཆང་། གཡོན་དུ་ཚེ་རིལ། རྒྱབ་ཏུ་ཚེ་མདའ་བཅས་ཀྱི་མཐར་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་ལས་བུམ་མེ་ཏོག་ཊ་མ་རུ་རྡོར་དྲིལ་སོགས་ཉེར་མཁོ་ཐམས་ཅད་ཚགས་སུ་ཚུད་པར་གྲབ་བྱའོ།། གཉིས་པ་ནི། ལས་བྱང་གིས་བདག་མདུན་དབྱེར་མེད་དམ་ཐ་དད་གང་མོས་དང་། བུམ་པ་ཕྱི་བུམ་དབྱིབས་ལ་ནང་གཞལ་ཡས་ཁང་ཅན་དང་། ལས་བུམ་རྟ་མགྲིན་གྱིས་སྤྱི་ལྟར་བསྒྲུབས་ནས་ཚེ་འགུགས། མཆོད་བསྟོད་བུམ་ལྷ་འོད་ཞུ་ཏིང་ངེ་འཛིན་གྱི་དབང་ལེན་པ་སློབ་མའི་དོན་དུ་གནང་བ་གསོལ་བ། བཀའ་སྲུང་གཟའ་མཆོག་ཆེན་པོ་སོགས་ལ་དམིགས་པས་བཀའ་གཏེར་སྲུང་གི་གཏོར་འབུལ་ཚོགས་འཁོར་བཅས་བྱའོ།། གསུམ་པ་ལ། སྐབས་སུ་ཉེར་མཁོའི་མཚམས་སྦྱོར་གསར་དུ་བཀོད་པ་དང་། གཏེར་གཞུང་གི་དབང་ཆོག་དངོས་སོ། དང་པོ་ནི། སློབ་མ་རྣམས་ལ་སྒོ་དྲུང་དུ་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་སྒོམ། མེ་ཏོག་བཀྲམ་ནས་ཀུན་སློང་བཅོས་པ་དང་། ཆོས་བཤད་ཚེ་སྒྲུབ་དང་འབྲེལ་བའི་ལོ་རྒྱུས་སོགས་ཅི་རིགས་བརྗོད་མཐར། དེ་ལ་འདིར་འཆི་མེད་དགོངས་པ་འདུས་པའི་དཀྱིལ་འཁོར་དུ་མངོན་པར་དབང་བསྐུར་བ་ལ༔ ཐོག་མར་ལོ་རྒྱུས་བརྗོད་པ་གཙོ་ཆེ་སྟེ༔ དེའང་འཇིག་རྟེན་གྱི་ཁམས་འདིར་དལ་འབྱོར་གྱི་ལུས་རྟེན་ཕུན་སུམ་ཚོགས་པ་ཞིག་ཐོབ་ནས་དེ་ལ་སྙིང་པོ་ལེན་པའི་ཐབས་ནི་དམ་པའི་ཆོས་སྒྲུབ་པ་ཡིན་ལ༔ དེའི་མཐུན་རྐྱེན་གྱི་མཆོག་ནི་ཚེ་རིང་བ་ཁོ་ན་ཡིན་པས༔ མཚོ་རྒྱལ་མ་འོངས་པའི་དུས་སུ་སེམས་ཅན་ལས་ངན་པའི་རྐྱེན་གྱིས༔ སྲོག་གཅོད་གཙོ་བོར་བྱས་པའི་མི་དགེ་བའི་ལས་སྣ་ཚོགས་ལ་སྤྱོད་ནས༔ དེའི་འབྲས་བུས་ནད་མང་ཞིང་ཚེ་ཐུང་བ་ཡིན་ལ༔ དེ་ལ་ཕན་པའི་ཐབས་ནི༔ སྔོན་བདག་གིས་བྲག་ཕུག་མཱ་ར་ཏི་ཀར་འཆི་མེད་མགོན་པོ་ཚེ་དཔག་ཏུ་མེད་པ་བསྒྲུབ་པས་མངོན་སུམ་དུ་ཞལ་བསྟན་ནས་ཆོས་ཉིད་ཀྱི་རང་ངོ་གྲོལ་ཞིང་སྐྱེ་འཆི་གཉིས་ལ་རང་དབང་ཐོབ༔ དེའི་དུས་སུ་འཆི་མེད་དགོངས་པ་འདུས་པའི་དཀྱིལ་འཁོར་གྱི་ཞལ་ཕྱེ་ནས༔ ཆོས་རྒྱལ་པྲཛྙཱ་ཀིརྟི་དང་བློན་པོ་ཀྲིཥྞ་འཛིན་པའིགཙོས་ལས་ཅན་འདུས་པ་བདུན་ལ་སྨིན་གྲོལ་གྱི་དངོས་གྲུབ་ཅིག་ཆར་དུ་བསྩལ་བས༔ དེ་ཐམས་ཅད་ཀྱི་ཚེ་མཐར་ཕྱིན་པས་ཆོས་རྒྱལ་ཆེན་པོ་དེ་ཉིད་ལོ་བརྒྱ་དང་དགུ་བཅུར་བཞུགས༔ ཀྲིཥྞ་འཛིན་པ་ལོ་བརྒྱ་དང་ཉེར་གཉིས་སུ་བཞུགས༔ གཞན་རྣམས་ཀྱང་ལོ་བརྒྱ་ཐུབ་པ་ཤ་སྟག་ཏེ། དེ་ཡང་རྒས་པའི་སྡུག་བསྔལ་དང་བྲལ་ཞིང་། ཐོག་མར་དབང་ཞུ་དུས་ཀྱི་ན་ཚོད་དུ་བཞུགས་ཏེ་ཚེའི་དངོས་གྲུབ་ཐོབ་པ་ཡིན། དེ་ནས་བཟུང་གཅེས་པའི་བུ་ལའང་མ་བསྟན་ཅིང་ཙིཏྟ་ལ་མི་ཤིགས་པར་རྒྱས་བཏབ་ནས་སྦས་པ༔ ཚེ་ལ་དབང་བ་ཐམས་ཅད་ཀྱི་དགོངས་པའི་བཅུད་འདུས་པ༔ ཚེ་སྲོག་ལ་ཕན་ཆེ་བའི་ཟབ་ཆོས་འདི་ཉིད་མ་འོངས་འགྲོ་བ་རྣམས་ཀྱི་དོན་དུ་མཚོ་རྒྱལ་ཁྱོད་ཀྱིས་གསང་བའི་བརྡ་རིས་སུ་ཐོབ་ལ་གཏེར་དུ་སྦོས་ཤིག༔ མ་འོངས་པ་ན་ང་སྤྲུལ་ལས་འཕྲོ་ལྡན་པ་ཞིག་གིས་འདོན་ནོ༔ མཚོ་རྒྱལ་འདི་ནས་ཤར་ཕྱོགས་རོང་ཆེན་བཞིའི༔ ཡུལ་དབུས་རི་བོ་ཁྱུང་ཆེན་མཁར་འགྱིང་འདྲའི༔ བྲག་དམར་ཙིཏྟ་གནམ་ལང་འདྲ་བའི་གཡས༔ མཚོ་རྒྱལ་ཉིད་སྤྲུལ་མེ་ཁམས་འབྲུག་སྦྲུལ་ལོ༔ རིགས་བཟང་རྩལ་ཆེ་བློ་ལྡན་ཁོག་ཡངས་པ༔ དད་ལྡན་སྨིན་གྲོལ་ལམ་ལ་འགོད་པ་འབྱུང༔ དེ་ཚེ་དེ་ཡིས་ཆོས་འདི་སྟོན་པར་འགྱུར༔ འབྲེལ་ཚད་འཆི་མེད་དངོས་གྲུབ་ངེས་པར་ཐོབ༔ དུས་དེར་བུ་ཁྱོད་ཆོས་འདི་སྤེལ་མཁས་གྱིས༔ ས་མ་ཡཱ༔ ཞེས་གསུངས་པ་བཞིན་མཚོ་རྒྱལ་གྱིས་མཁའ་འགྲོའི་བརྡ་རིས་སུ་བཏབ་ཏེ༔ མ་འོངས་པ་ན་ལས་འཕྲོ་ཅན་དང་འཕྲད་པར་ཤོག་ཅིག་ཅེས་སྨོན་ལམ་གྱིས་མཚམས་སྦྱར་མི་ཤིགས་རྡོ་རྗེའི་བཀོད་པས་གཏེར་དུ་སྦས་པ༔ འདི་ཡན་གཏེར་གཞུང་ཡིན། མཆན། འདི་ཉིད་ཀྱི་ཆེ་བརྗོད་དང་ཕན་ཡོན་ནི་གཞུང་ལས། འཆི་མེད་མགོན་པོའི་སྒྲུབ་ཐབས་འདི༔ པདྨ་བདག་གི་སྙིང་གི་ཁྲག༔ གང་ཞིག་འཆི་བདག་ཁར་ཚུད་ཀྱང༔ འདི་བསྒྲུབ་ལོ་ལྔའི་ཚེ་སྲིང་འགྱུར༔ ཞེས་དང་། བྱིན་རླབས་ཟབ་ལ་དངོས་གྲུབ་མྱུར༔ ཚིག་ཉུང་དོན་ཟབ་ཉམས་ལེན་བདེ༔ སྐལ་བ་ལྡན་པའི་གང་ཟག་གིས༔ ཉམས་བླངས་མཆོག་ཐུན་དངོས་གྲུབ་ཐོབ༔ དུས་མིན་འཆི་བའི་འཇིགས་ལས་ཐར༔ གནས་སྐབས་ནད་གདོན་བར་ཆད་ཞི༔ ཚེ་བསོད་དཔལ་འབྱོར་སྙན་གྲགས་འཕེལ༔ རླུང་སེམས་སྣང་བ་དབང་དུ་འདུ༔ ལོག་འདྲེན་འཆི་བདག་དཔུང་ཚོགས་འཇོམས༔ མཐར་ཐུག་ཚེ་མཐའ་ཡས་པ་ཡི༔ གོ་འཕང་གཏན་བདེའི་མྱུར་ལམ་རྙེད༔ དེ་ཕྱིར་གཅེས་པའི་སྙིང་ལ་ཆོངས༔ ཞེས་དང་། བསྙེན་སྒྲུབ་ལས་སྦྱོར་གུད་དུ་སྦས་པ་ལས། འདི་ཉིད་ཉམས་ལེན་གང་ཟག་གིས༔ བསྙེན་བསྒྲུབ་འདི་བཞིན་བརྩོན་ནུས་ན༔ ཚེ་ཟད་ཡིན་ཀྱང་སྲོག་མཐུད་ངེས༔ འཆི་མེད་རྡོ་རྗེ་ཚེ་འདིར་འགྲུབ༔ ཕན་ཡོན་བསམ་འདས་བརྗོད་མི་ལང༔ ཚེ་འདིར་དུས་མིན་འཆི་བ་སྐྱོབ༔ རྡོ་རྗེའི་སྲོག་ལ་དབང་འབྱོར་ཞིང༔ ཕྱི་མར་བདེ་ཆེན་དག་ཞིང་བསྒྲོད༔ འདིས་ནི་ཚེ་བཅུད་མ་ལུས་འགུག༔ འཆི་བདག་ལག་ཏུ་བླ་ཤོར་ཀྱང༔ ངེས་པར་འགུག་པར་ཐེ་ཚོམ་མེད༔ བདེན་རྫུན་རྣོ་མྱུར་ལག་ཏུ་ལོངས༔ ཞེས་དང་། བུམ་སྒྲུབ་ལས། ནད་གདོན་བར་ཆད་མ་ལུས་ཞི༔ འཆི་བདག་བདུད་ཀྱི་དཔུང་ཚོགས་འཇོམས༔ འཆི་མེད་ཚེ་ཡི་རིག་འཛིན་འགྲུབ༔ གང་ཞིག་ཚེ་ཟད་དུས་ཐིམ་ཡང༔ འདི་ཡིས་ངེས་པར་སྲིང་བར་ནུས༔ སྡིག་ལྟུང་ཕུང་པོ་ངེས་པར་འདག༔ འཆི་སྲིད་ཆོས་སྐུའི་རྒྱལ་ས་ཟིན༔ ཞེས་སོགས་ཡང་ནས་ཡང་དུ་བསྔགས་པའི་ཚེ་སྒྲུབ་ཟབ་མོ་འདི་ཉིད། ལོ་ཙཱ་བ་ཆེན་པོ་མཁར་ཆུ་དཔལ་གྱི་དབང་ཕྱུག་གི་སྤྲུལ་པའི་རྣམ་རོལ་ཨོ་རྒྱན་གསང་སྔགས་གླིང་པས་དགུང་ལོ་ཉེར་གཅིག་བཞེས་པ་རབ་བྱུང་བཅོ་ལྔ་པའི་མེ་གླང་ཧོར་ཟླ་དྲུག་པའི་ཉེར་ལྔའི་ཉིན་བྲག་དམར་གཡའ་མ་ལུང་གི་བྲག་བྱ་ཁྱུང་གཤོག་བརྒྱང་འདྲ་བ་ནས་ཟབ་གཏེར་དུ་བཞེས་པ་དང་འབྲེལ་བར་བྱིན་རླབས་དབང་བསྐུར་བགྱི་བ་ལ་སློབ་དཔོན་གྱི་བྱ་བ༴སོགས་རྒྱས་བསྡུས་ཅི་རིགས་བརྗོད་པས་མཚམས་སྦྱར་ནས་མཎྚལ་ཕུལ་དུ་བཅུག་ཏེ་གསོལ་འདེབས་ལ་འཇུག་གོ།། གཉིས་པ་ནི། ཚེ་སྒྲུབ་འཆི་མེད་དགོངས་འདུས་ལས༔ དབང་ཆོག་སྨིན་གྲོལ་ལམ་བཟང་བཞུགས༔ ན་མོ་ཨཱ་ཡུརྫྙཱ་ན་ཡེ༔ གདོད་མའི་མགོན་པོ་ཚེ་མཐའ་ཡས༔ ལོངས་སྤྱོད་རྫོགས་སྐུ་རྒྱལ་བ་ལྔར༔ སྒོ་གསུམ་གུས་པས་བཏུད་བྱས་ནས༔ སྨིན་བྱེད་དབང་ལ་འཇུག་པར་བྱ༔ ས་མ་ཡཱ༔ མཚན་ཉིད་དང་ལྡན་སློབ་དཔོན་གྱིས༔ མ་སྨིན་སྨིན་བྱེད་དབང་བསྐུར་ན༔ དང་པོ་སྒྲུབ་པའི་གཞུང་བསྲང་ཞིང༔ བསྙེན་སྒྲུབ་དབང་དང་དངོས་གྲུབ་བླངས༔ དེ་ནས་སྐལ་ལྡན་སློབ་བུ་རྣམས༔ ཁྲུས་དང་བགེགས་བསྐྲད་སྲུང་འཁོར་སྒོམ༔ སློབ་བུས་ཐལ་སྦྱར་པུས་བཙུགས་ཅིང༔ གདུང་བའི་དབྱངས་ཀྱིས་འདི་སྐད་ཞུ༔ ཨེ་མ་བླ་མ་རྡོ་རྗེ་འཛིན༔ འཆི་མེད་དགོངས་འདུས་དཀྱིལ་འཁོར་དུ༔ མི་འཆི་ཚེ་ཡི་དངོས་གྲུབ་ཞུ༔ སྐྱབས་མགོན་དམ་པས་སྩལ་དུ་གསོལ༔ ཞེས་ཞུས༔ སློབ་དཔོན་གྱིས༔ ཧོ༔ བུ་ཁྱོད་ཚུར་ཤོག་སྐལ་བ་བཟང༔ ངས་ནི་རང་དོན་མཐར་ཕྱིན་ནས༔ སྐྱེ་འཆི་གཉིས་ལ་རང་དབང་ཐོབ༔ གཞན་དོན་ཕྲིན་ལས་དུས་བབ་ཕྱིར༔ དེ་རིང་ཁྱོད་ལ་སྨིན་གྲོལ་ལམ༔ ཚེ་ཡི་དབང་མཆོག་སྦྱིན་པར་བྱ༔ ཞེས་གྲལ་དུ་འཁོད་ཐལ་མོ་མེ་ཏོག་དང་བཅས་ཏེ་གནས་པ་ལ༔ ཐོག་མར་ལོ་རྒྱུས་བརྗོད་པ་ནི༔ དེ་ལ་འདིར་ཞེས་པ་ནས། གཏེར་དུ་སྦས་པ༔ གུ་ཧྱེ་ཨུ་ཊ་ཤ་ཡ་ཁ་ཐིམ་ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ དེ་ལྟར་ལོ་རྒྱུས་སྔོན་སོང་ནས༔ སློབ་བུས་སྒོ་གསུམ་མཎྚལ་ཕུལ༔ མོས་གུས་དྲག་པོས་འདི་སྐད་དུ༔ བླ་མ་མགོན་པོ་ཚེ་དཔག་མེད༔ བདེར་གཤེགས་རྒྱལ་བ་རིགས་ལྔའི་ལྷར༔ སྐྱབས་མཆི་བདག་སོགས་སྐལ་ལྡན་ལ༔ འཆི་མེད་དབང་མཆོག་དུས་འདིར་སྩོལ༔ ལན་གསུམ༔ སློབ་དཔོན་གྱིས་ལན་དུ་གནང་བ་སྦྱིན་པ་ནི༔ ཧོ༔ ཁྱེད་ཅག་དཀྱིལ་འཁོར་འདིར་ཞུགས་ནས༔ འཆི་མེད་སྒྲུབ་པའི་རིག་འཛིན་ལ༔ ཚེ་ཡི་དབང་བསྐུར་སྩལ་ལགས་ཀྱིས༔ སྒོ་གསུམ་ལྷར་གསལ་གུས་པ་བསྐྱེད༔ ཅེས་བརྗོད༔ སྐལ་ལྡན་ལྷ་ཡི་སྐུར་གསལ་ལ༔ ཡེ་ཤེས་དབབ་ཅིང་བརྟན་བཞུགས་བྱ༔ ཞེས་གསུངས་པའི་ལྷན་ཐབས་ནི། སྐྱབས་སེམས་ཚོགས་གསོགས་ཀྱི་དམིགས་པ་སྤྱི་ལྟར་བརྡ་སྤྲད་ལ་ལས་བྱང་གི་སྐྱབས་སེམས་དང་ཚོགས་གསོགས་སྤྱི་ལྟར་བྱ། དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་ལུས་གནད་སྐྱིལ་ཀྲུང་དྲང་པོར་བསྲང༔ ངག་གནད་རླུང་རང་བབ་ཏུ་བཞག སེམས་གནད་ཡིད་གཞན་དུ་མ་ཡེངས་པར་དམིགས་པ་འདི་བཞིན་དུ་མཛོད། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས། ཁྱེད་རང་གི་རྣམ་སྨིན་གདོས་བཅས་ཀྱིས་མཚོན་པའི་མ་དག་པའི་དངོས་པོ་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། ཨོཾ་སྭ་བྷཱ་ཝ༴སོགས། སྟོང་པའི་ངང་ལས་པདྨ་དང་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་བཅོམ་ལྡན་འདས་མགོན་པོ་ཚེ་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་མཉམ་བཞག་གི་ཕྱག་རྒྱའི་སྟེང་ན་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་འཛིན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་པང་དུ་ཡུམ་ཙཎྚ་ལཱི་མདའ་དར་དང་བུམ་པ་འཛིན་པ། གཉིས་ཀའང་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། ཐུགས་དབུས་སུ་རྡོ་རྗེའི་ལྟེ་བར་ཟླ་བ་ལ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་སོགས་ཞིང་རབ་འབྱམས་ནས། བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པ་སོགས་སངས་རྒྱས་བྱང་སེམས་རྩ་གསུམ་སྲུང་མར་བཅས་པ་ཐམས་ཅད་བཅོམ་ལྡན་འདས་ཚེ་དཔག་ཏུ་མེད་པའི་རྣམ་པར་ཆར་བབས་པ་བཞིན་བྱོན་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་རློབས་པའི་མོས་པ་བརྟན་པོ་མཛོད་ཅིག ཅེས་བརྗོད་ལ་སྤོས་རོལ་དང་བཅས་པས། སྤྲོ་ན་བབ་དྲུག་གམ་ལས་བྱང་གི་སྤྱན་འདྲེན་གང་རུང་འོག་གི་སྔགས་བཅས་དང་། བསྡུ་ན་རྩ་སྔགས། ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛཿཔུཎྱཻ་ཛྙཱ་ན་ཨཱ་ཡུ་ཥེ་ཧཱུྃ་བྷྲུཾ༔ ཞེས་པ་ལ། ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བཏགས་པ་བཟླས་ཏེ་སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཏེ། ཨོཾ་ཏིཥྛ་བཛྲ། ཞེས་པས་བརྟན་པར་བྱ། དེ་ནས་ཚེ་འགུག་པའི་དམིགས་པ་སྤྱི་ལྟར་བརྡ་སྤྲད་པ་ལས་བྱང་ལྟར་ཚེ་འགུགས་བྱ་སྟེ་དེ་ཡན་ལྷན་ཐབས་སོ།། སྔར་གྱི་གཏེར་གཞུང་གི་འཕྲོར། མེ་ཏོག་འབུལ་བ་ནི༔ ཧོ༔ རང་ངོ་མ་ཤེས་འཁོར་བར་འཁྱམ༔ རང་བྱུང་ཡེ་ཤེས་ལྷ་ཚོགས་ལ༔ དད་པའི་མེ་ཏོག་འདི་འབུལ་བ༔ འབྲེལ་ཐོབ་ལྷ་ལ་འབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཧོ༔ ཞེས་འབུལ༔ ལྷ་ངོ་སྟོན་པ་ནི༔ གསོན་ཅིག་བུ་ཁྱོད་མ་ཡེངས་འཚལ༔ འདི་ནི་མཚན་མའི་དཀྱིལ་འཁོར་ནི༔ བརྟན་བྱེད་རྫས་ཀྱི་རང་བཞིན་ལ༔ ངོ་བོ་གདོད་མའི་རང་རིག་ཏེ༔ དེ་ཉིད་ལྷ་རུ་ཤེས་པར་གྱིས༔ གཞན་དུ་མ་གྲུབ་ས་མ་ཡཱ༔ དེ་ནས་དབང་དངོས་ལ༔ ཐོག་མར་བུམ་པའི་དབང་བཞི་ཡི༔ དང་པོ་བུམ་དབང་ནི༔ ཨོཾ༔ བུམ་པ་རིན་ཆེན་གཞལ་ཡས་ཁང༔ འཆི་མེད་དགོངས་འདུས་ལྷ་ཚོགས་ཀྱི༔ འགྱུར་མེད་སྐུ་ཡི་དབང་བསྐུར་བས༔ ལུས་དང་རྩ་ཡི་སྒྲིབ་དག་ཅིང༔ བུམ་པའི་དབང་མཆོག་ཐོབ་པར་ཤོག༔ ཨོཾ་ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཨོཾ༔ སྤྱི་བོར་རེག་ལ་བུམ་དབང་གི་ངོ་བོ་ངོ་སྤྲད༔ གཉིས་པ་བུམ་པའི་གསང་དབང་ནི༔ ཨཱཿ ཡེ་ཤེས་འོད་ལྔའི་བུམ་པ་འདིས༔ ཚེ་དཔག་མེད་པའི་ལྷ་ཚོགས་ཀྱི༔ འགགས་མེད་གསུང་གི་དབང་བསྐུར་བས༔ ངག་དང་རླུང་གི་ལས་སྒྲིབ་དག༔ གསང་བའི་དབང་མཆོག་ཐོབ་པར་ཤོག༔ ཨཱཿཝཱཀྐ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་རེག་ཅིང་གསང་དབང་གི་ངོ་བོ་ངོ་སྤྲོད༔ གསུམ་པ་བུམ་པའི་ཤེར་དབང་ནི༔ ཧཱུྃ༔ ཆོས་ཉིད་རྣམ་དག་བུམ་པ་འདིས༔ ཚེ་མཐའ་ཡས་པའི་ལྷ་ཚོགས་ཀྱི༔ འཁྲུལ་མེད་ཐུགས་ཀྱི་དབང་བསྐུར་བས༔ ཡིད་དང་ཐིག་ལེའི་སྒྲིབ་དག་ཅིང༔ ཟུང་འཇུག་ཤེར་དབང་ཐོབ་པར་ཤོག༔ ཧཱུྃ་ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་ཀར་བཞག་ཅིང་ཤེར་དབང་གི་ངོ་བོ་ངོ་སྤྲོད༔ བཞི་པ་བུམ་པའི་ཚིག་དབང་ནི༔ ཧྲཱིཿ བུམ་པ་ཆོས་ཉིད་སྤྲོས་དང་བྲལ༔ བུམ་ནི་སྙིང་པོ་འོད་ཀྱི་བུམ༔ པ་ནི་ཆོས་དབྱིངས་མ་འགགས་པ༔ ཕྱི་ནང་གཉིས་སུ་དམིགས་མེད་དེ༔ རང་བྱུང་གདོད་མའི་ངོ་བོ་ལ༔ མཉམ་བཞག་བསམ་བརྗོད་སྨྲར་མེད་འདི༔ སངས་རྒྱས་ཀུན་གྱི་དགོངས་པ་སྟེ༔ ཆོས་ཉིད་དོན་ལ་གནས་པར་གྱིས༔ ཨ་ཨ་ཨ་དྷརྨ་ཛྙཱ་ན་ཨ་བྷི་ཥིཉྩ་ཧྲཱིཿ དེ་ནས་ཚེ་བུམ་ཐོགས་ལ༔ ཧྲཱི༔ བུམ་པ་འདི་ནི་གཞལ་ཡས་ཁང༔ ཚེ་དཔག་མེད་པའི་ལྷ་ཚོགས་བཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ འཆི་བདག་བདུད་བཞིའི་གཡུལ་ལས་རྒྱལ༔ མི་ཤིགས་རྡོ་རྗེའི་སྲོག་འགྲུབ་ཅིང༔ མགོན་པོ་ཉིད་ལྟར་འགྱུར་བར་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཚེ་བྷྲུཾ་ནྲྀ་ཛཿཨ་བྷི་ཥིཉྩ་ཧྲཱིཿ ཚེ་དཔག་མེད་པའི་སྐུ་ཐོགས་ལ༔ ཧྲཱིཿ སྐལ་བ་ལྡན་པའི་བུ་ཁྱོད་ལ༔ སྐྱེ་འཆི་འཇིགས་བྲལ་རྡོ་རྗེའི་སྐུ༔ ཚེ་དཔག་མེད་པའི་དབང་བསྐུར་བས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་ཤོག༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་སིདྡྷི་ཨ་བྷི་ཥིཉྩ་ཧྲཱིཿ ཚེ་ལྷ་རིགས་ལྔའི་སྐུ་ཐོགས་ལ༔ ཧྲཱི༔ དུག་ལྔ་མ་སྤང་གནས་དག་ཅིང༔ ཡེ་ཤེས་འོད་ལྔའི་མདངས་ཤར་བའི༔ ཚེ་ལྷ་རིགས་ལྔ་ཡབ་ཡུམ་གྱི༔ དབང་བསྐུར་འཆི་མེད་སྲོག་འགྲུབ་ཤོག༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿཨ་བྷི་ཥིཉྩ་ཧྲཱིཿ མགྱོགས་མ་དཔའ་བོ་སྒོ་བ་རྣམས་ཀྱི་སྐུ་ཐོགས་ལ༔ ཧྲཱི༔ འབྱུང་བཞིའི་ཁམས་ནས་བླ་ཚེ་འགུག་མཛད་མ༔ མགྱོགས་མ་རྣམ་བཞི་བདུད་འཇོམས་དཔའ་བོ་བཞི༔ སྒོ་མ་དམ་ཅན་འཆི་མེད་ལྷ་ཡི་ཚོགས༔ ཡེ་ཤེས་ཀློང་དུ་ངོ་བོ་རོ་གཅིག་ཕྱིར༔ ལྷུན་རྫོགས་ཐིག་ལེ་ཉག་གཅིག་དབང་བསྐུར་བས༔ དུས་མིན་འཆི་བདག་བདུད་ལས་རྒྱལ་བ་དང༔ འབྱུང་བཞིའི་བླ་ཚེ་ཉམས་པ་རང་སོར་ཚུད༔ གས་སྦྱོར་ཉམས་གསོས་ཆད་མཐུད་རལ་བ་དྲུབ༔ འཆི་མེད་རིག་འཛིན་མྱུར་དུ་ཐོབ་པར་ཤོག༔ ཨོཾ་པུཎྱཻ་ཛྙཱ་ན་སརྦ་ས་མ་ཡཱ་སིདྡྷི་ཨ་བྷི་ཥིཉྩ་ཚེ་བྷྲུཾ༔ དེ་ནས་ཚེ་འགུགས་བཅུད་བསྡུ་ཞིང༔ ཚེ་ཆང་ལ་བརྟེན་གསང་དབང་ལ༔ དང་པོ་གསང་བའི་བུམ་དབང་ནི༔ ཧྲཱི༔ མཚན་དང་ལྡན་པའི་ཀ་པཱ་ལར༔ སྣང་སྟོང་ཐབས་ཤེས་མཉམ་སྦྱོར་བའི༔ དཀར་དམར་བྱང་སེམས་བདུད་རྩི་བསྐྱིལ༔ བུ་ཡི་སྤྱི་བོར་བཞག་པ་ཡིས༔ དགའ་བའི་ཡེ་ཤེས་རྒྱུད་ལ་སྨིན༔ གསང་དབང་མི་འགྱུར་བུམ་པའི་དབང༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཝཱཀྐ་བཛྲ་ཀ་ཡ་སིདྡྷི་ཨོཾ༔ ཚེ་ཆང་སྤྱི་བོར་བཞག༔ གཉིས་པ་གསང་བའི་གསང་དབང་ནི༔ ཧྲཱིཿ འགག་མེད་རང་བྱུང་ཀ་པཱ་ལར༔ གསལ་སྟོང་མཉམ་སྦྱོར་བདུད་རྩི་འཁྱིལ༔ བུ་ཡི་མགྲིན་པར་བཞག་པ་ཡིས༔ མཆོག་དགའི་ཡེ་ཤེས་རྒྱུད་སྨིན་ཏེ༔ འགག་མེད་རང་བྱུང་གསང་བའི་དབང༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ ཛྙཱ་ན་བཛྲ་ཝཱཀྐ་ཨ་བྷི་ཥིཉྩ་ཨཱཿ མགྲིན་པར་བཞག༔ གསུམ་པ་གསང་བའི་ཤེར་དབང་ནི༔ ཧྲཱིཿ སྙིང་རྗེ་ཐབས་ཀྱི་རྡོ་རྗེ་ཡིས༔ སྟོང་ཉིད་ཤེས་རབ་མཁར་སྦྱོར་བའི༔ བྱང་སེམས་བདུད་རྩིའི་དབང་བསྐུར་བས༔ ཁྱད་དགའི་ཡེ་ཤེས་རྒྱུད་སྨིན་ཏེ༔ གསང་བའི་ཤེས་རབ་དབང་ཐོབ་ཤོག༔ པྲཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག༔ བཞི་པ་གསང་བའི་ཚིག་དབང་ནི༔ ཧྲཱིཿ བྷནྡྷ་ཡེ་ཤེས་དབྱིངས་ཀྱིམཁའ༔ འགག་མེད་གསལ་བའི་བདུད་རྩི་བསྐྱིལ༔ རང་བྱུང་དབྱིངས་རིག་དབྱེར་མེད་དོན༔ ལྷན་སྐྱེས་ཡེ་ཤེས་རྒྱུད་ལ་སྨིན༔ མ་ཡེངས་ངོ་བོའི་གནད་སྐྱོང་འཚལ༔ ཨ་པྲཛྙཱ་ཛྙཱ་ན་དྷརྨ་ཨ་བྷི་ཥིཉྩ་ཧྲཱི༔ ལྟེ་བར་བཞག༔ དེ་ནས་གསང་རྫས་ཚེའི་དངོས་གྲུབ་ཏུ་རོལ་ཕྱིར་སྦྱིན་པ་ནི༔ ཧྲཱིཿ འཆི་མེད་བདུད་རྩི་ཀ་པཱ་ལར༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ བྱིན་གྱིས་བརླབས་པའི་ཚེ་ཆང་འདི༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ ཚེ་མཆོག་ཆུ་བོའི་རྒྱུན་བཞིན་དུ༔ ཡུན་རིང་བརྟན་པའི་དབང་ཐོབ་ཤོག༔ ཨོཾ་ཨཱ་ཡུརྫྙཱ་ན་པཉྩ་སིདྡྷི་ཨ་བྷི་ཥིཉྩ་ཚེ་བྷྲུྃ་ནྲྀ་ཛ༔ དེ་ནས་ཚེ་རིལ་ལ་བརྟེན་ནས༔ ཤེས་རབ་ཡེ་ཤེས་དབང་བཞི་ལས༔ དང་པོ་ཤེས་རབ་ཡེ་ཤེས་ཀྱི་བུམ་དབང་ནི༔ ཧྲཱིཿ འབྱུང་བཞིའི་བཅུད་སྒྲོམ་ཟ་མ་ཏོག༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ སྐུ་ཡི་བྱིན་རླབས་འབྲལ་མེད་པའི༔ དབྱིངས་རིག་མཉམ་པར་སྦྱོར་བ་ལ༔ ཡེ་ཤེས་སྙིང་པོའི་རིལ་བུས་བཀང༔ སྐྱེ་མེད་དབྱིངས་ཀྱི་ངོ་བོ་ལ༔ རིག་པ་སོ་མའི་རིག་མ་འཕྲོ༔ རྒྱལ་ཀུན་ཟུང་འཇུག་སྐུ་ཡི་དབང༔ སྤྱི་བོའི་གཙུག་ཏུ་བསྐུར་བར་བྱ༔ ཤེས་རབ་བུམ་པའི་དབང་ཐོབ་ཤོག༔ ཨོཾ་པྲཛྙཱ་ཛྙཱ་ན་ཀ་ཡ་ཨ་བྷི་ཥིཉྩ་ཨོཾ༔ རིལ་བུ་སྤྱི་བོར་བཞག༔ གཉིས་པ་ཤེས་རབ་ཡེ་ཤེས་ཀྱི་གསང་དབང་ནི༔ ཧྲཱིཿ ཡེ་ཤེས་ལྔ་ཡི་བཅུད་སྒྲོམ་དུ༔ འགག་མེད་རང་བྱུང་རིལ་བུས་བཀང༔ གསལ་ལ་སྟོང་པའི་རིག་མ་འཕྲོ༔ རྒྱལ་ཀུན་གསུང་གི་དབང་མཆོག་འདི༔ མགྲིན་པའི་གནས་སུ་བསྐུར་བར་བྱ༔ ཤེས་རབ་གསང་བའི་དབང་ཐོབ་ཤོག༔ ཨཱཿཔྲཛྙཱ་ཛྙཱ་ན་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ མགྲིན་པར་བཞག༔ གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དངོས་དབང་ནི༔ ཧྲཱིཿ ཟ་མ་ཏོག་འདི་ཡུམ་གྱི་མཁའ༔ བཅོམ་ལྡན་ཚེ་དཔག་མེད་པ་ཡི༔ གསང་གསུམ་བྱིན་རླབས་རིལ་བུས་བཀང༔ རིལ་ནི་སེམས་ཉིད་ངོ་བོ་ལ༔ བུ་ནི་སྣ་ཚོགས་རིག་མ་འཕྲོ༔ སངས་རྒྱས་ཀུན་འདུས་ཐུགས་ཀྱི་དབང༔ སྙིང་གའི་གནས་སུ་བསྐུར་བར་བྱ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཧཱུྃ་པྲཛྙཱ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག༔ བཞི་པ་ཤེས་རབ་ཡེ་ཤེས་ཀྱི་ཚིག་དབང་ནི༔ ཧྲཱིཿ སྤྲོས་བྲལ་ཤེས་རབ་ཡེ་ཤེས་ཆེ༔ སྔོན་བྱོན་སངས་རྒྱས་ཐམས་ཅད་ཀྱི༔ བདེ་ཆེན་དངོས་གྲུབ་མྱུར་ལམ་སྟེ༔ བརྟན་བྱེད་རྫས་ཀྱི་རིལ་བུ་འདི༔ ངོ་བོ་སྟོང་པ་བདག་མེད་དབྱིངས༔ རྣམ་པ་མ་འདྲེས་སོ་སོར་གསལ༔ ཡེ་ཤེས་སྙིང་པོའི་ཆོ་འཕྲུལ་འཕྲོ༔ ཇི་ལྟར་ཉི་མའི་དཀྱིལ་འཁོར་ནི༔ གློ་བུར་སྤྲིན་ལས་གྲོལ་བ་བཞིན༔ འདི་ནི་མཆོག་གི་དངོས་གྲུབ་ལམ༔ ཡེ་ཤེས་སྙིང་པོ་རྗེན་པར་མཐོང༔ དངོས་འཛིན་སྤྲོས་པའི་ཡུལ་ལས་འདས༔ ཐོས་བསམ་ཤེས་རབ་ཕ་རོལ་ཕྱིན༔ མ་སྐྱེས་མ་འགག་ཅིར་སྣང་གསུམ༔ དབྱེར་མེད་རིག་པའི་ངོ་བོ་ལ༔ མ་བཅོས་ལྷུག་པར་བཞག་པ་ཉིད༔ རྒྱལ་ཀུན་དགོངས་པར་ངོས་ཟུངས་ཤིག༔ ཧཱུྃ་ཧཱུྃ་ཧཱུྃ་པྲཛྙཱ་ཛྙཱ་ན་དྷརྨ་དྷརྟུ་ཨཏྨ་ཀོ྅་ཧཾ༔ ཨ་བྷི་ཥིཉྩ་ཧཱུྃ༔ ལྟེ་བར་བཞག༔ རིལ་བུ་ཚེའི་དངོས་གྲུབ་ཏུ་རོལ་ཕྱིར་སྦྱིན་པ་ནི༔ ཧྲཱིཿ སྐྱེ་བ་མེད་པའི་བྷནྡྷའི་ནང་༔ འཆི་མེད་ཚེ་ཡི་རིལ་བུས་བཀང༔ སྐལ་ལྡན་བུ་ལ་སྦྱིན་པ་ཡིས༔ འཆི་བ་མེད་པའི་ཚེ་ཐོབ་ཅིང༔ ཉམས་པ་མེད་པའི་ལང་ཚོ་རྒྱས༔ འཛད་པ་མེད་པའི་ནོར་གྱིས་ཕྱུག༔ ཚེ་དཔག་མེད་དང་དབྱེར་མེད་ཤོག༔ ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛ༔ ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ སརྦ་ས་མ་ཡཱ་ཨ་བྷི་ཥིཉྩ་ཧྲཱིཿ དེ་ནས་ཚེ་མདའ་ལ་བརྟེན་ནས༔ ཚིག་གི་དབང་བཞི་བསྐུར་བ་ལ༔ སློབ་བུས་མཎྚལ་ཕུལ་བྱས་ནས༔ མོས་གུས་དྲག་པོས་འདི་ལྟར་ཞུ༔ ཧོ༔ བླ་མ་མགོན་པོ་ཚེ་དཔག་མེད༔ འཆི་མེད་དབང་སྩལ་བཀའ་དྲིན་ཆེ༔ ད་ནི་ཆོས་ཀུན་ཁོང་ཆུད་པ༔ ཡེ་ཤེས་ཆེན་པོ་དོན་གྱི་དབང༔ བརྩེ་བས་གནང་སྟེ་སྨིན་པར་མཛོད༔ སློབ་དཔོན་གྱིས་ལན་སྦྱིན་པ་ནི༔ ཁྱེད་ཅག་འཆི་མེད་སྲོག་སྒྲུབ་ཅིང༔ ཡེ་ཤེས་སྙིང་པོའི་དོན་ཚོལ་ཏེ༔ དེ་ཉིད་ཁོ་ནར་ཉམས་ལེན་ན༔ རེ་བ་ཡོངས་སུ་བསྐང་བར་བྱ༔ ལྷར་སྣང་བརྟན་པོའི་ང་རྒྱལ་གྱིས༔ ཡེ་ཤེས་དབབ་ཅིང་བརྟན་པར་བཞུགས༔ ཐོག་མར་ཚེ་འགུག་བཅུད་བསྡུ་ཞིང༔ ཚེ་མདའ་ལག་ཏུ་ཐོགས་བྱས་ནས༔ དང་པོ་ཚིག་གི་བུམ་དབང་ནི༔ ཧྲཱིཿ མདའ་འདི་སངས་རྒྱས་ཐམས་ཅད་ཀྱི༔ སྐུ་ཡི་བྱིན་གྱིས་བརླབས་པ་སྟེ༔ ཆོས་ཉིད་སྟོང་པ་ཉིད་ཀྱི་དོན༔ མདའ་ཡི་སྟོང་ཁ་ཟླ་གམ་ནི༔ རང་གསལ་འགག་པ་མེད་པའི་དོན༔ མདའ་སྒྲོས་ཡེ་ཤེས་ལྔ་ནི་མཚོན༔ ཐུགས་རྗེ་ཅིར་ཡང་སྤྲུལ་པའི་ཕྱིར༔ མདེའུ་སྲ་བརྟན་རང་འོད་འཕྲོ༔ སྐུ་ཡི་བྱིན་བརླབས་་ཚེ་མདའ་འདི༔ སྤྱི་བོའི་གཙུག་ཏུ་བཞག་པ་ཡིས༔ བུམ་དབང་ཐོབ་ནས་ལུས་སྒྲིབ་དག༔ མགོན་པོའི་སྐུ་དང་དབྱེར་མེད་ཤོག༔ དྷརྨ་ཛྙཱ་ན་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ གཉིས་པ་ཚིག་གི་གསང་དབང་ནི༔ ཧྲཱིཿ མདའ་འདི་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གི་བྱིན་གྱིས་བརླབས་པ་སྟེ༔ སྐྱེ་མེད་རང་བྱུང་ངོ་བོའི་དོན༔ མདའ་འདི་སྤྲོས་པའི་ཡུལ་ལས་འདས༔ འགགས་མེད་ཡེ་ཤེས་འོད་ལྔའི་མཚོན༔ སྣ་ཚོགས་དར་སྣ་ལྔ་ཡིས་བརྒྱན༔ ཀློང་ལས་ཅིར་ཡང་སྣང་བའི་ཕྱིར༔ མེ་ལོང་གཟུགས་བརྙན་སྣ་ཚོགས་བཀྲ༔ གསུང་གི་བྱིན་བརླབས་ལྷ་མདའ་འདི༔ མགྲིན་པའི་གནས་སུ་བཞག་པ་ཡིས༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ བཅོམ་ལྡན་གསུང་དང་དབྱེར་མེད་ཤོག༔ དྷརྨ་ཛྙཱ་ན་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ གསུམ་པ་ཚིག་གི་ཤེར་དབང་ནི༔ ཧྲཱིཿ མདའ་འདི་སངས་རྒྱས་ཐམས་ཅད་ཀྱི༔ ཐུགས་ཀྱི་བྱིན་གྱིས་བརླབས་པ་སྟེ༔ སྙིང་རྗེ་ཆེན་པོ་ཐབས་ཀྱིས་མཚོན༔ མདེའུ་ཡར་རྩེ་མཁར་བསྣུན་ཅིང༔ མདའ་ནི་སྟོང་ཉིད་ཡུམ་གྱི་དོན༔ ཐབས་ཤེས་ཟུང་དུ་འཇུག་པ་སྟེ༔ སྣང་སྟོང་ཡབ་ཡུམ་གཉིས་སུ་མེད༔ ཐུགས་ཀྱིས་བྱིན་བརླབས་ལྷ་མདའ་འདི༔ སྙིང་གའི་གནས་སུ་བཞག་པ་ཡིས༔ ཤེར་དབང་ཐོབ་ནས་ཡིད་སྒྲིབ་དག༔ མགོན་པོའི་ཐུགས་དང་དབྱེར་མེད་ཤོག༔ དྷརྨ་ཛྙཱ་ན་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ སྙིང་གར་བཞག༔ བཞི་པ་ཚིག་དབང་དངོས་ནི༔ ཧྲཱིཿ དབྱིངས་ཀྱི་ངོ་བོ་མདའ་ཡི་སྟོང་གིས་མཚོན༔ རང་བཞིན་གསལ་བ་མེ་ལོང་དར་སྣ་ལྔ༔ ཀློང་ལས་ཅིར་ཡང་སྤྲུལ་བསྒྱུར་གང་འདུལ་གྱིས༔ མ་རྟོགས་སེམས་ཅན་རབ་ཏུ་འདྲེན་པ་མཚོན༔ མདེའུའི་མར་རྩེ་རྣོ་བའི་ངར་དང་ལྡན༔ སྐྱེ་འཆི་འགག་སྒྲིབ་གང་ལ་ཐོགས་མེད་ཕྱིར༔ ཤེས་རབ་ལ་བརྟེན་རྡོ་རྗེའི་འཕུར་རྩལ་ཅན༔ གདམས་ངག་ཆོས་དང་དོན་གྱི་ངོ་བོ་གཉིས༔ ཟུང་འཇུག་རྟོགས་ན་དེ་བཞིན་ལམ་བསྒྲོད་འགྱུར༔ མ་ཡེངས་མ་ཡེངས་ངོ་བོའི་གཤིས་ལ་ལྟོས༔ བལྟ་བྱ་ལྟ་བྱེད་གཉིས་སུ་འདུག་གམ་ལྟོས༔ མི་དམིགས་སྟོང་པ་ཉིད་དུ་གནས་པ་ན༔ དེ་ཡི་ངང་ནས་གསལ་བའི་ཆ་ལ་ལྟོས༔ གང་ཤར་གཉིས་སུ་མ་འཛིན་རང་ངོར་ཀློད༔ སྤང་བླང་སྔོན་བསུ་རྗེས་གཅོད་མ་བཅོས་པར༔ ཅེར་གྱིས་བལྟས་པའི་དྲན་མེད་ཐོ་ལེ་བ༔ དེ་ཀ་ཤེས་ན་རྒྱལ་བའི་དགོངས་པ་སྟེ༔ གཞན་དུ་བཙལ་བའི་མིག་གིས་གཞན་མཐོངཡང༔ མིག་གིས་མིག་ཉིད་མཐོང་བར་མི་འགྱུར་བཞིན༔ སེམས་ཀྱིས་སེམས་ཚོལ་ཡང་དག་དོན་མི་མཐོང༔ ཐམས་ཅད་རང་བྱུང་ངོ་བོར་ཐག་ཆོད་ལ༔ ཤར་གྲོལ་མཉམ་པ་ཉིད་ཀྱི་གནད་སྐྱོང་འཚལ༔ དུས་གསུམ་རྒྱལ་ཀུན་དགོངས་པ་ངོ་སྤྲོད་པའི༔ མཚོན་བྱེད་རྫས་ཀྱི་རང་བཞིན་ལྷ་མདའ་འདི༔ སངས་རྒྱས་ཀུན་གྱི་གསང་གསུམ་ཐུགས་རྗེ་ཡི༔ བྱིན་གྱིས་བརླབས་པའི་ཡེ་ཤེས་ཐབས་ཀྱི་མདའ༔ གནས་ལྔར་བཞག་ཅིང་སྙིང་གར་དྲིལ་བ་ཡིས༔ སྐྱེ་མེད་ཆོས་སྐུ་ཀུན་བཟང་དགོངས་པ་ཉིད༔ བཙན་ཐབས་རྒྱུད་སྨིན་མ་བསྒོམ་སངས་རྒྱས་འགྲུབ༔ དོན་དམ་ངོ་བོ་ཉིད་སྐུ་ལྷུན་གྲུབ་ཤོག༔ དྷརྨ་ཛྙཱ་ན་ས་མ་ཡཱ་ཨ་ཨ་ཨ༔ ཞེས་པའི་དོན་ལ་མཉམ་བཞག་ཅིང༔ མ་བཅོས་རྫོགས་པ་ཆེན་པོའི་ངང༔ བཅོས་བསླད་མེད་པར་ལྷུག་པར་ཞོག༔ དེ་ནས་ཚེ་རྒྱས་གདབ་པ་ནི༔ ཧྲཱིཿ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ བྱིན་རླབས་ནུས་མཐུ་ཚེ་ཡི་བཅུད༔ སྣོད་བཅུད་དྭངས་མ་མ་ལུས་ཀུན༔ ཐུགས་རྗེའི་འོད་ཀྱིས་བསྡུས་ནས་ནི༔ སྤྱི་བོའི་གཙུག་ཏུ་བསྟིམས་པ་ཡིས༔ ལུས་ཀྱི་རྟེན་དང་སྲོག་གི་ཟུངས༔ མི་འགྱུར་བརྟན་པར་བཞུགས་ནས་ཀྱང༔ འཆི་བདག་བདུད་བཞིའི་གཡུལ་ལས་རྒྱལ༔ ཚེ་མཐའ་ཡས་དང་མཉམ་པར་ཤོག༔ ཨོཾ་ཨཱ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛ་པུཎྱཻ་ཛྙཱ་ན་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཛྙཱ་ན་བཛྲ་རཀྵ་ཀུ་རུ་བྷྲུཾ༔ དེ་ནས་ཚེ་གཏོར་གྱི་དབང་བསྐུར་བའི་ལྷན་ཐབས། བུམ་སྒྲུབ་ཀྱི་མཇུག་ནས་བྱུང་བ་ནི། ཚེ་གཏོར་ཐོགས་ལ༔ ཧྲཱིཿ བཅོམ་ལྡན་འཆི་མེད་མགོན་པོའི་ལྷ་ཚོགས་ཀྱི༔ འགྱུར་མེད་སྐུ་ཡི་དབང་མཆོག་ལུས་ལ་སྩོལ༔ འགགས་མེད་གསུང་གི་དབང་མཆོག་ངག་ལ་སྩོལ༔ འཁྲུལ་མེད་ཐུགས་ཀྱི་དབང་མཆོག་ཡིད་ལ་སྩོལ༔ ཡོན་ཏན་ཕྲིན་ལས་དབང་མཆོག་ཅིག་ཆར་སྩོལ༔ ཐུན་མོང་མཆོག་གི་དངོས་གྲུབ་མ་ལུས་དང༔ འཆི་བ་མེད་པ་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་ཧྲཱི༔ བཛྲ་ཛྙཱ་ན་ཨ་ཡུ་ཥེ་ཨོཾ་ཧཱུྃ་ཏྲཱྃ་ཧྲཱིཿཨཱཿ མཱུྃ་ལཱྃ་མཱྃ་པྃ་ཏཱྃཿ ཀཱ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཕ་ལ་ཧོ༔ ཞེས་གནས་གསུམ་དུ་བཞག མཐའ་རྟེན་བཀྲ་ཤིས་རྫས་རྟགས་སོགས༔ དགེ་ལེགས་ཆོ་ག་གང་འོས་དང༔ བསྔོ་སྨོན་ཤིས་བརྗོད་ཅི་རིགས་བྱ༔ ས་མ་ཡཱ༔ ཨེ་མ་འཆི་མེད་པདྨ་ངས༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ ཚེ་སྒྲུབ་འཆི་མེད་དགོངས་འདུས་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གཏད༔ མ་སྤེལ་མཁའ་འགྲོའི་བརྡར་ཐོབ་ལ༔ བྲག་དམར་གཡའ་མ་ལུང་གི་གནས༔ བྱ་ཁྱུང་གཤོག་བརྒྱང་འདྲ་བའི་བྲག༔ རྫུ་འཕྲུལ་བཀོད་པའི་རྒྱས་ཐོབ་ལ༔ ནུས་མཐུ་གྲུབ་པའི་སྨོན་ལམ་གྱིས༔ ནམ་ཞིག་སྙིགས་མ་ལྔ་བདོའི་དུས༔ ང་སྤྲུལ་ལས་ཅན་ཞིག་གིས་འདོན༔ དེ་ཚེ་རིག་འཛིན་དེ་ཉིད་ཀྱིས༔ མདོ་བྱང་ལྟར་དུ་སྤེལ་མཁས་ཀྱིས༔ འགྲོ་ཀུན་དུས་མིན་འཆི་བ་སྐྱོབ༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཙིཏྟ་ལ་གུ་ཧྱ༔ ཁྠཾ༔ དུས་མཐའི་གཏེར་སྟོན་རིག་འཛིན་གསང་སྔགས་གླིང་པས་བྲག་དམར་གཡའ་མ་ལུང་གི་སྒྲུབ་གནས་བྱ་ཁྱུང་གཤོག་བརྒྱང་འདྲ་བའི་བྲག་ནས་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ལ་སྤྱན་དྲངས་ཤིང་ཕྱིས་ས་ཡོས་ལོ་ཧོར་ཟླ་གཉིས་པའི་ཚེས་བཅུ་ལ་གཏེར་འབྱིན་ཡོངས་ཀྱི་འཁོར་ལོས་བསྒྱུར་བ་པདྨ་འོད་གསལ་མདོ་སྔགས་གླིང་པའི་བཀའ་བཞིན་བསྒྲུབ་པའི་བྱིན་རླབས་ཀྱི་མཐུ་ལ་བརྟེན་ནས་བརྡ་ཡིག་རིམ་བཀྲོལ་བཞིན་དག་པར་ཕབ་པའི་ཡི་གེ་པ་ནི་གསེར་བ་བླ་མ་ཨོ་རྒྱན་ལྷུན་གྲུབ་ཀྱིས་བགྱིས་པས་འགྲོ་ཀུན་འཆི་མེད་མགོན་པོའི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག དབང་གི་མཇུག་ཏུ་ཤིས་བརྗོད་དམ་ཚིག་ཁས་ལེན་མཎྚལ་ཡོན་འབུལ་རྣམས་སྤྱི་ལྟར་དང་། སྒྲུབ་ཐབས་ཀྱི་རྗེས་ཆོག་རྣམས་ལས་བྱང་ལྟར་བྱའོ༎ ཐུ༵བ་བསྟ༵ན་རིན་ཆེན་འབྱུང་གནས་ལས་འོང་བའི། །ལེ༵གས་བཤ༵ད་ཕྲིན་ཆོག་བཟ༵ང་པོ༵འི་ནོ༵ར་བུ༵་འདིར། །རྒྱལ་བསྟ༵ན་འཛི༵ན་སྐྱོང་སྤེལ་བའི་འོད་འཕྲོ་བཞིན། །གཞ༵ན་ཕ༵ན་འདོད་རྒུ་མཐ༵འ་ཡ༵ས་ཆར་འབེབ་ཤོག ། རིག་འཛིན་ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་ཐུགས་རྗེ་ཆེན་པོ་ཁ་སར་པཱ་ཎིའི་ལེའུ་ཚན་ནོ༎

གུ་རུ་ཚེ་མཐའ་ཡས་པའི་འཆི་མེད་རྒྱུན་གྱི་ཕྲིན་ལས།

གུ་རུ་ཚེ་མཐའ་ཡས་པའི་འཆི་མེད་རྒྱུན་གྱི་ཕྲིན་ལས་བཞུགས་སོ༔ འཆི་མེད་རྡོ་རྗེའི་སྐུ་བརྙེས་པ༔ བཅོམ་ལྡན་གུ་རུ་ཚེ་མཐའ་ཡས༔ མཁའ་འགྲོ་རྒྱ་མཚོའི་འཁོར་བཅས་ལ༔ མི་ཕྱེད་དད་པས་ཕྱག་འཚལ་ལོ༔ གང་ཞིག་རྡོ་རྗེའི་ཚེ་བསྒྲུབ་ན༔ ཡིད་འོང་དབེན་པའི་གནས་རྣམས་སུ༔ ཕྱི་ནང་མཆོད་པ་ཅི་འབྱོར་བཤམས༔ བདེ་བའི་སྟན་ལ་བག་ཕབ་ནས༔ ཚོགས་ཞིང་གསལ་བཏབ་སྐྱབས་སེམས་དང༔ ཡན་ལག་བདུན་པ་སྔོན་སོང་ནས༔ རྒྱུན་གྱི་ཕྲིན་ལས་འདི་ལ་འཇུག༔ ས་མ་ཡཱ༔ སྐབས་འདིར་ལྷན་ཐབས་སུ་ཚེ་སྒྲུབ་འཆི་མེད་དགོངས་འདུས་ཀྱི་སྐྱབས་འགྲོ་སེམས་བསྐྱེད་ཡན་ལག་བདུན་པ་རྣམས་དང་སྤྲོ་ན་བགེགས་བསྐྲད་སྲུང་འཁོར་བྱིན་ཕབ་མཆོད་པ་བྱིན་རླབས་ཏེ་སྔོན་འགྲོའི་ཆོས་བདུན་པོ་བྱའོ།། མཆན། ཨཱཿ ཐམས་ཅད་འོད་གསལ་སྤྲོས་བྲལ་དབྱིངས༔ ཀུན་སྣང་སྙིང་རྗེའི་རོལ་རྩལ་ལས༔ རྒྱུ་ཡི་ཡི་གེ་ཧཱུྃ་དཀར་པོ༔ མཁའ་ལ་འཇའ་ཚོན་བཞིན་དུ་ཤར༔ དེ་ལས་འོད་འཕྲོས་འཕགས་པ་མཆོད༔ སེམས་ཅན་དོན་བྱས་ལོག་འདྲེན་བསྒྲལ༔ ཚུར་འདུས་དྭངས་མ་རང་རིག་ནི༔ བཅོམ་ལྡན་གུ་རུ་ཚེ་མཐའ་ཡས༔ དཀར་དམར་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་གསོར༔ གཡོན་པས་མཉམ་བཞག་ཚེ་བུམ་བསྣམས༔ དབུ་ལ་ཐེག་དགུའི་པཎ་ཞུ་གསོལ༔ སྣ་ཚོགས་མཛེས་པའི་ན་བཟས་ཀླུབ༔ ཞབས་གཉིས་ཕྱེད་སྐྱིལ་རོལ་སྟབས་ཀྱིས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ གཡས་སུ་དབྱིངས་ཕྱུག་མནྡ་ར༔ དཀར་གསལ་བཅུ་དྲུག་ན་ཚོད་ཅན༔ རྡོ་རྗེ་མདའ་དར་ཚེ་བུམ་བསྣམས༔ དར་དཔྱངས་སྨད་དཀྲིས་མེ་ཏོག་བརྒྱན༔ བདེ་ཆེན་ཡེ་ཤེས་གཟི་བྱིན་འབར༔ གཡོན་དུ་ཡེ་ཤེས་མཚོ་རྒྱལ་མ༔ དམར་གསལ་ཞི་འཛུམ་ལང་ཚོ་ལྡན༔ ཕྱག་གཡས་དཀོན་མཆོག་གསུམ་མཚོན་རྒྱ༔ མཐེབ་སྲིན་རྩེ་སྦྱར་བའི་སོར་མོ་གཞན་གསུམ་ཐུགས་ཀར་བརྐྱང་བའོ༎ མཆན། གཡོན་པས་བྷནྡྷ་ཚེ་བཅུད་བཀང༔ རིན་ཆེན་མེ་ཏོག་རྒྱན་གྱིས་སྤྲས༔ ཤ་བ་རི་དམར་ན་བཟའ་གསོལ༔ བདེ་སྟོང་ཡེ་ཤེས་རབ་རྒྱས་ཤིང༔ རོལ་བ་ཆེན་པོའི་ཀློང་དུ་གསལ༔ གཞན་ཡང་དཔའ་བོ་རིགས་བཞི་དང༔ མཁའ་འགྲོ་སྡེ་བཞི་གིང་གི་ཚོགས༔ ཆོས་སྐྱོང་དམ་ཅན་ལས་བྱེད་བཅས༔ ཉི་མ་ལས་ནི་འོད་ཟེར་བཞིན༔ ཡེ་ཤེས་ཆེན་པོའི་རང་མདངས་ལས༔ གསལ་ལ་མ་འདྲེས་ཡེ་ནས་གསལ༔ དེ་ལྟར་བསྒོམས་པའི་གནས་གསུམ་དུ༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ ནུབ་ཕྱོགས་པདྨོས་ཁེང་པའི་ཞིང༔ རྔ་ཡབ་ཟངས་མདོག་དཔལ་རི་སོགས༔ རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ གུ་རུ་ཚེ་མཐའ་ཡས་པ་ལ༔ རྩ་གསུམ་རབ་འབྱམས་ཀུན་གྱིས་བསྐོར༔ དམ་ཚིག་དབང་གིས་སྤྱན་དྲངས་བསྟིམ༔ སྤྱན་འདྲེན་བཞུགས་ཕྱག་མཆོད་པ་དང༔ བསྟོད་ཅིང་གསང་གསུམ་དངོས་གྲུབ་བླངས༔ བསྙེན་དང་རྗེས་ཀྱི་ལས་རིམ་མོ༔ ཧྲཱིཿ གུ་རུ་ཚེ་མཐའ་ཡས་པའི་ཚོགས༔ ཐུགས་དམ་ཞལ་བཞེས་དེང་དགོངས་ལ༔ སྒྲུབ་པའི་གནས་འདིར་སྤྱན་འདྲེན་གྱིས༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ བདག་གི་ལུས་ངག་ཡིད་གསུམ་པོ༔ རྡོ་རྗེ་གསུམ་དུ་བྱིན་གྱིས་རློབས༔ འཆི་བ་མེད་པའི་ཚེ་ཐོབ་ཅིང༔ ཡིད་འཕྲོག་གཞོན་མཛེས་ལང་ཚོ་དང༔ བགྲེས་རྒུད་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨཱ་ཡུརྫྙཱ་ན་ས་མ་ཡཱ་ཛཿཛ༔ ཧྲཱིཿ འཆི་མེད་གུ་རུ་ཚེ་མཐའ་ཡས༔ བདག་དང་དབྱེར་མེད་བརྟན་པར་བཞུགས༔ རབ་གུས་གདུང་བས་ཕྱག་འཚལ་ལོ༔ ཕྱི་ནང་གསང་བ་ཡང་གསང་རྫས༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་འབུལ༔ རང་བྱུང་མངོན་གྱུར་རིག་པའི་ལྷ༔ གུ་རུ་ཚེ་མཐའ་ཡས་པ་ཡི༔ ལྷ་ཚོགས་འཁོར་དང་བཅས་རྣམས་ལ༔ འཁྲུལ་བ་བྲལ་བའི་ངང་ནས་བསྟོད༔ འགྱུར་བ་མེད་པ་རྡོ་རྗེའི་སྐུ༔ འགག་མེད་གསུང་དང་འཁྲུལ་མེད་ཐུགས༔ ཡོན་ཏན་ཕྲིན་ལས་རྨད་བྱུང་གཏེར༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ འཆི་མེད་ཚེ་དང་འཛད་མེད་ནོར༔ ཉམས་མེད་ལང་ཚོ་བགྲེས་རྒུད་མེད༔ སྒོ་གསུམ་རྟག་པའི་རྡོ་རྗེ་རུ༔ མངོན་དུ་གྱུར་པའི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་གུ་རུ་ཨ་ཡུརྫྙཱ་ན་ཀཱ་ཡ་ཝཱཀྐ་ཙིཏྟ་སརྦ་སིདྡྷི་ཧཱུྃ༔ ཐུགས་ཀའི་པད་ཟླ་ཉི་སྟེང་ཧྲཱི༔ སྔགས་ཀྱིས་བསྐོར་ལས་འོད་འཕྲོས་པས༔ དོན་གཉིས་བྱས་ནས་འཆི་བདག་བཅོམ༔ བརྟན་གཡོའི་དྭངས་མའི་ཚེ་བཅུད་བསྡུས༔ འོད་དང་ཟེར་གྱི་རྣམ་པ་རུ༔ རང་གི་སྒོ་གསུམ་ལ་ཐིམ་པས༔ འཆི་མེད་རྡོ་རྗེའི་སྐུ་རུ་གྱུར༔ སྣང་བ་ལྷ་ལ་གྲགས་པ་སྔགས༔ དྲན་རྟོག་ཡེ་ཤེས་ཆེན་པོའི་ངང༔ ཀློང་དགུའི་དགོངས་པའི་རྩལ་རྫོགས་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུར་སིདྡྷི་བྷྲུྃ༔ ཞེས་པ་བུམ་ཅན་རླུང་དང་སྦྱར༔ ཆུ་བོའི་རྒྱུན་བཞིན་ཤུབ་བུར་བཟླས༔ མི་མཐུན་ནད་གདོན་བར་ཆད་ཞི༔ འཆི་མེད་རྟག་པའི་རྡོ་རྗེར་འགྱུར༔ ཚད་ནི་བྱེ་བ་བདུན་ཡིན་ནོ༔ རྟགས་ནི་ཉམས་དང་རྨི་ལམ་ལ༔ བདུད་རྩི་བཏུང་དང་རིལ་བུ་བཟའ༔ ཕྲེང་བ་འདྲེན་སོགས་དངོས་གྲུབ་རྟགས༔ འབད་པ་མེད་པ་ལྷུན་གྲུབ་འབྱུང༔ ས་མ་ཡཱ༔ ཐུན་མཐར་ཚེ་འགུག་པ་ནི༔ ཧྲཱི༔ དཀོན་མཆོག་རྩ་གསུམ་རབ་འབྱམས་དང༔ གུ་རུ་ཚེ་མཐའ་ཡས་པའི་ཚོགས༔ ཐུགས་དམ་བསྐུལ་ལོ་དེང་འདིར་དགོངས༔ འབྱུང་བཞིའི་ཁམས་ནས་ཚེ་བཅུད་ཁུག༔ ཤ་ཁྲག་དྲོད་དབུགས་ཉམས་པ་གསོས༔ སྒོ་གསུམ་འཆི་མེད་རྡོ་རྗེ་རུ༔ བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨ་ཡུརྫྙཱ་ན་སིདྡྷི་ཚེ་བྷྲུཾ་ཧྲཱིཾ་ཧྲཱིཾ་ཛཿཛཿཔུཥྚིཾ་ཀུ་རུ་ཨོཾ༔ ཞེས་རྒྱས་གདབ་པར་བྱའོ༔ དེ་ནས་ནང་ལྟར་རྡོ་རྗེའི་གྲོང༔ གདན་གསུམ་ལུས་དཀྱིལ་ཚོགས་མཆོད་ནི༔ བསྲེགས་གཏོར་བཀྲུས་ནས་བྱིན་གྱིས་བརླབ༔ རཾ་ཡཾ་ཁཾ༔ སྦྱོང་བྱེད་སྔགས་ཀྱིས་བསྲེག་གཏོར་བཀྲུས༔ སྐུ་གསུང་ཐུགས་ཀྱི་ས་བོན་ལས༔ འོད་འཕྲོས་ཕྱི་ནང་གསང་བ་གསུམ༔ ལོངས་སྤྱོད་རྒྱན་གྱི་འཁོར་ལོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ སྤྱན་འདྲེན་ནི༔ ཧཱུྃ༔ འོག་མིན་ཕྱོགས་བཅུའི་ཞིང་ཁམས་དང༔ ཁྱད་པར་རྔ་ཡབ་དཔལ་རི་ནས༔ གུ་རུ་ཚེ་མཐའ་ཡས་པ་ལ༔ རབ་འབྱམས་དཔའ་བོ་མཁའ་འགྲོ་དང༔ རྡོ་རྗེའི་ཆོས་སྐྱོང་རྒྱ་མཚོས་བསྐོར༔ ཚོགས་ཀྱི་འདུ་བར་སྤྱན་འདྲེན་གྱིས༔ བརྩེ་བས་དགོངས་ཏེ་གཤེགས་སུ་གསོལ༔ གདན་གསུམ་རྡོ་རྗེའི་མཎྚ་ལར༔ སྐུ་གསུང་ཐུགས་ཀྱི་བྱིན་གྱིས་རློབས༔ ཕྱི་ནང་སྣོད་བཅུད་ཚོགས་ཀྱི་རྒྱན༔ ལོངས་སྤྱོད་ཆེན་པོར་བརླབ་ནས་ཀྱང༔ མཆོད་དང་སྦྱིན་ཡུལ་མགྲོན་མཉེས་པའི༔ ག་ན་ཙཀྲ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་ཨ་ཡུ་ཥེ་ག་ན་ཙཀྲ་མཎྚ་ལ་ས་མ་ཡཱ་ཛ༔ དེ་ནས་ཐོག་མཐའ་བར་གསུམ་ལས༔ དང་པོ་ཚོགས་མཆོད་ནི༔ ཧོ༔ གདན་གསུམ་ཚང་བའི་དཀྱིལ་འཁོར་ཆེ༔ འཁོར་ལོ་ལྔ་ལྡན་སྤྱི་བོ་རུ༔ རིག་འཛིན་བླ་མ་ཚེ་མཐའ་ཡས༔ ཡི་དམ་མཁའ་འགྲོ་ཆོས་སྐྱོང་བཅས༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ རིག་འཛིན་བླ་མའི་སྐུ་འགྲུབ་ཤོག༔ མགྲིན་པ་སྙིང་ག་ལྟེ་བ་དང༔ གསང་བའི་གནས་བཅས་འཁོར་ལོ་ལྔ༔ བཞུགས་པའི་ཡི་དམ་ཌཱཀྐི་དང༔ ཆོས་སྐྱོང་དཔའ་བོ་མ་སྲིང་འགྲོ༔ རྡོ་རྗེ་གདན་གསུམ་འཁོར་ལོའི་ཚོགས༔ ལུས་པ་མེད་པ་ཡོངས་རྫོགས་མཆོད༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཛྙཱ་ན་བཛྲ་མཎྚ་ལ་ག་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ བར་བ་བཤགས་པ་ནི༔ ཧོ༔ གདན་གསུམ་ཚང་བའི་མཎྚ་ལ༔ རྩ་གསུམ་འདུས་པའི་དཀྱིལ་འཁོར་ཉིད༔ ཡེ་ནས་ཡིན་པར་མ་ཤེས་པས༔ འཁྲུལ་བའི་ལས་ཀུན་མཐོལ་ཞིང་བཤགས༔ བཛྲ་གུ་རུ་ས་ཏྭ་ས་མ་ཡཱ་ཤུདྡྷེ་ཨཱ༔ སྤྲོ་ན་ཡིག་བརྒྱའང་བརྗོད༔ ཐ་མ་བསྒྲལ་བ་ནི༔ ཧྲཱི༔ རང་རིག་སེམས་ཀྱི་དཀྱིལ་འཁོར་དུ༔ གདོས་བཅས་དགྲ་བགེགས་དབེན་མོད་ཀྱང༔ དངོས་མེད་གཟུང་འཛིན་འཁྲུལ་བའི་གདོན༔ རྡོ་རྗེའི་ཏིང་འཛིན་མཐུ་ཡིས་ཁུག༔ ཚོགས་མཐའི་མཚན་མའི་རྫས་ལ་བསྟིམ༔ ཡེ་ཤེས་ཆེན་པོའི་མཚོན་གྱིས་སྒྲོལ༔ མ་རིག་རིག་པའི་ཀློང་དུ་སྤོར༔ རྩ་གསུམ་དགྱེས་པའི་ཞལ་དུ་བསྟབ༔ རུ་ཏྲ་སརྦ་ཤ་ཏྲུཾ་མཾ་ས་རཀྟ་ཀེཾ་ནི་རི་ཏི་ཛྙཱ་ན་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ལྷག་མ་བསྔོ་བ་ནི༔ ཧྲཱིཿ འཆི་མེད་རིག་འཛིན་དཀྱིལ་འཁོར་དུ༔ ཚེ་མཐའ་ཡས་པའི་བཀའ་ཉན་པ༔ རྡོ་རྗེའི་ཐ་ཚིག་ལ་གནས་པའི༔ ཕོ་རྒྱུད་མོ་རྒྱུད་མ་ནིང་རྒྱུད༔ དྲེག་པ་སྡེ་བརྒྱད་དཀར་ཕྱོགས་སྐྱོང༔ བརྟན་མ་བཅུ་གཉིས་གིང་ལིང་ཀ༔ དབང་ཕྱུག་ཉེར་བརྒྱད་ལ་སོགས་པ༔ དམ་ལ་གནས་ཀུན་ལྷག་གཏོར་བཞེས༔ བྱང་ཆུབ་སྒྲུབ་པའི་བར་ཆད་སྲུངས༔ མི་མཐུན་བྱད་ཕུར་རྦོད་གཏོང་བཟློག༔ ཞིང་བཅུ་དམ་ཉམས་རྡུལ་དུ་རློབས༔ སརྦ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི༔ ཚོགས་ཀྱི་སྨོན་ལམ་ནི༔ ཧོ༔ རྡོ་རྗེ་ལུས་ཀྱི་དཀྱིལ་འཁོར་དུ༔ ཚོགས་ཀྱི་འཁོར་ལོ་བསྐོར་བ་ཡིས༔ འདིར་འདུས་རིག་འཛིན་མཆེད་ལྕམ་ཀུན༔ ཚོམ་བུ་གཅིག་ཏུ་ལྷུན་གྲུབ་ཤོག༔ བཛྲ་ཛྙཱ་ན་ཨེ་མ་ཧོ༔ ཨེ་མ་ཧོ༔ ཨེ་མ་ཧོ༔ བཛྲ་པདྨ་མཎྚ་ལ་ཧཱུྃ༔ ཨོཾ་དྷརྨ་ཛྙཱ་ན་ཨཏྨ་ཀོ྅ཧཾ༔ ཆོས་ཀུན་རོ་མཉམ་པའི་ངང་སྐྱོང་བ་ནི༔ ཨཿ ཆོས་ཀུན་བདག་མེད་ཡེ་ནས་སྟོང༔ སྟོང་པའི་ཀློང་དུ་ཡེ་ནས་གསལ༔ གསལ་བའི་ངོ་བོ་ཅིར་ཡང་སྣང༔ སྣང་བའི་ཡུལ་ལ་འཛིན་པ་བྲལ༔ ཡོད་པ་མ་ཡིན་མེད་མ་ཡིན༔ སྟོན་དུ་མེད་པ་རྒྱལ་ཀུན་གྱི༔ ཡེ་ཤེས་དགོངས་པ་ཀློང་དུ་བརྡལ༔ ཨ་ཨ་ཨ༔ སྐལ་ལྡན་གྲོལ་བའི་ལམ་ཁྲིད་པའི༔ སྙིང་པོའི་བཅུད་མཆོག་གདམས་པ་ནི༔ བརྟན་པ་སྣོད་ཀྱི་འཇིག་རྟེན་དུ༔ གཡོ་བ་བཅུད་དུ་ཆགས་རྣམས་ཀུན༔ གུ་རུ་ཚེ་མཐའ་ཡས་པའི་སྐུ༔ རྡོ་རྗེ་སྐུ་ཡི་ངོ་བོ་ཉིད༔ ཡེ་ནས་གྲུབ་པ་དེ་བཞིན་བསྒོམ༔ འབྲས་བུ་སྤྲུལ་སྐུ་ཐོབ་པར་འགྱུར༔ སྒྲ་རུ་གྲགས་པ་ཇི་སྙེད་ཀུན༔ གུ་རུ་ཚེ་མཐའ་ཡས་པའི་གསུང༔ རྡོ་རྗེ་གསུང་གི་ངོ་བོ་རུ༔ གདོད་ནས་གྲུབ་པ་དེ་བཞིན་གསལ༔ འབྲས་བུ་ལོངས་སྐུ་ཐོབ་པར་འགྱུར༔ དྲན་རིག་རྟོག་པའི་ཆོ་འཕྲུལ་ཀུན༔ གུ་རུ་ཚེ་མཐའ་ཡས་པའི་ཐུགས༔ རྡོ་རྗེ་ཐུགས་ཀྱི་ངོ་བོ་རུ༔ གདོད་ནས་གྲུབ་པ་དེ་བཞིན་གསལ༔ འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར༔ མི་བསམ་མི་སྒོམ་ཡེངས་མེད་གནས༔ ཡེ་ནས་ཚེ་མཐའ་ཡས་པའི་གཤིས༔ དེ་བཞིན་ཉིད་ཀྱི་ངོ་བོ་རུ༔ ཡེ་སངས་རྒྱས་པ་གདོད་མའི་དོན༔ མངོན་གྱུར་འབྲས་བུའི་ངོ་བོ་ཉིད༔ རང་བཞིན་མངོན་དུ་གྱུར་པའོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཚམས་འདིར་དབང་ཡོད་པ་ཟུར་དུ་བྲིས། ཐུན་མཐར་རྗེས་ཀྱི་རིམ་པ་ནི༔ གཏང་རག་མཆོད་བསྟོད་དངོས་གྲུབ་བླངས༔ བསྔོ་སྨོན་མཐའ་སྡུད་ཤིས་པ་བརྗོད༔ ལས་རིམ་ལྔ་རུ་བསྟན་པའོ༔ ཧོ༔ དུས་གསུམ་ཚོགས་གཉིས་བསགས་པའི་འབྲས་བུ་གང༔ རང་བྱུང་རྣམ་མཁྱེན་གདོད་མའི་རྒྱུ་རུ་བསྔོ༔ མཁའ་མཉམ་ཡིད་ཅན་འགྲོ་བ་མ་ལུས་ཀུན༔ ཚེ་མཐའ་ཡས་དང་མཉམ་པའི་མཐུ་ཐོབ་ཤོག༔ ཨཱཿ སྤྲོས་བྲལ་ཡེ་ཤེས་ཆེན་པོའི་རང་མདངས་ལྷ༔ རིག་སྟོང་མཉམ་པ་ཉིད་ཀྱི་ཀློང་དུ་བསྡུ༔ སླར་ཡང་མ་འགགས་སྒྱུ་མའི་རོལ་རྩལ་ལས༔ སྣང་གྲགས་རིག་གསུམ་ལྷ་སྔགས་ཆོས་སྐུར་ཤར༔ ཨ་ཨ་ཨ་ཛྙཱ་ན་ཙིཏྟ་བཛྲ་ཧཱུྃ༔ ཧྲཱིཿ འགྱུར་མེད་རྡོ་རྗེའི་སྐུ་ལ་བགྲེས་རྒུད་མེད༔ འགག་མེད་རྡོ་རྗེའི་གསུང་ལ་ཉེས་སྐྱོན་མེད༔ འཁྲུལ་མེད་རྡོ་རྗེའི་ཐུགས་ལ་གསལ་འགྲིབ་བྲལ༔ རྟག་པའི་རྡོ་རྗེ་གསུམ་གྱི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ བཀའ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ ཁ་ཐཾ༔ གུ་ཧྱ༔ འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་བསམ་ཡས་མཚོ་མོ་མགུལ་ནས་དུས་ཕུན་སུམ་ཚོགས་པར་སྤྱན་དྲངས་ཤིང་གསང་རྒྱས་བསྡམས་ཏེ་སྙིང་ལ་གབ་པ་ལ། གསེར་བ་ཆོས་དབང་བླ་མ་ཨོ་རྒྱན་ལྷུན་གྲུབ་ཀྱིས་ལན་མང་དུ་བསྐུལ་ངོར་ས་ཡོས་ཧོར་ཟླ་བདུན་པའི་ཚེས་གསུམ་ལ་ཤོག་སེར་ལས་ཞལ་བཤུས་པའི་མཐུ་ལ་བརྟེན་ནས་འགྲོ་ཀུན་གུ་རུ་ཚེ་མཐའ་ཡས་པའི་གོ་འཕང་ལ་འགོད་པའི་རྒྱུར་གྱུར་ཅིག འདིའི་ཡི་གེ་པའང་བསྐུལ་བ་པོའོ༎ དགེའོ༎

གུ་རུ་ཚེ་མཐའ་ཡས་པ་དང་འབྲེལ་བའི་བྱིན་རླབས་ཚེ་དབང་།

༄༅། ཨོཾ་སྭ་སྟི། རྒྱལ་ཀུན་འདུས་པའི་ཞལ་སྐྱིན་གུ༵་རུ༵་རྗེ། །གང་དང་དབྱེར་མེད་བླ་མ་ཚེ༵་དཔག་མེད། །ཚེ་དང་ཡེ་ཤེས་འོད་སྣང་མཐ༵འ་ཡ༵ས་པ༵། །དེ་ལ་གུས་པས་བཏུད་ནས་ཚེ་དབང་བྲི། །དེ་ལ་འདིར་ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོན་གུ་རུ་ཚེ་མཐའ་ཡས་པ་དང་འབྲེལ་བར་བྱིན་རླབས་ཚེ་དབང་བསྐུར་བ་ལ་གསུམ་སྟེ། སྦྱོར་བ་ཡོ་བྱད་ཀྱི་བཤམས་བཀོད་དང་། དངོས་གཞི་སྒྲུབ་པའི་ཐབས་དང་། བྱིན་རླབས་ཚེ་དབང་གི་རིམ་པའོ།། དང་པོ་ནི། སྟེགས་ཀྱི་ཁར་པདྨ་འདབ་བརྒྱད་དམ་ཚོམ་བུ་གསུམ་བཀོད་པའི་སྟེང་དུ་སྟེང་དུ་མཉྫིའི་ཁར་བུམ་པ་དང་གུ་རུའི་སྐུ་འབག དེའི་མདུན་དུ་ཚེ་འབྲང་བུམ་གཟུགས། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་མདའ་དར་བཅས་ཀྱི་མཐའ་ཕྱི་ནང་གི་མཆོད་པས་བསྐོར་བ་དང་། གཞན་ཡང་ལས་བུམ་འཐོར་ནས་ཌ་མ་རུ་རྡོར་དྲིལ་སོགས་ཉེར་མཁོ་རྣམས་ཚོགས་པར་བྱའོ༎ གཉིས་པ་ནི། ལས་བྱང་གིས་བདག་མདུན་དབྱེར་མེད་ཐ་དད་གང་རུང་དང་། བུམ་པ་གཉིས་སྤྱི་ལྟར་བསྒྲུབས་ཏེ་ཚེ་འགུགས་མཆོད་བསྟོད་བུམ་ལྷ་འོད་ཞུ་ཏིང་ངེ་འཛིན་གྱི་དབང་ལེན་པ་བཀའ་གཏེར་སྲུང་གི་གཏོར་འབུལ་ཚོགས་འཁོར་བཅས་བྱའོ༎ གསུམ་པ་ནི། སློབ་མ་རྣམས་ཁྲུས་བྱས་བགེགས་བསྐྲད་སྲུང་འཁོར་བསྒོམ་མེ་ཏོག་བཀྲམ་ནས་ཀུན་སློང་བཅོས་པ་དང་ཆོས་བཤད་ཅི་རིགས་བྱས་མཐར། འདིར་ལོ་ཙཱ་བ་ཆེན་པོ་མཁར་ཆུ་དཔལ་གྱི་དབང་ཕྱུག་གི་སྤྲུལ་པའི་རྣམ་པར་རོལ་པ་རིག་འཛིན་ཨོ་རྒྱན་གསང་སྔགས་གླིང་པས་དགུང་ལོ་ཉེར་གཅིག་བཞེས་པ་རབ་བྱུང་བཅོ་ལྔ་པའི་མེ་གླང་ལོར་དཔལ་གྱི་བསམ་ཡས་ཀྱི་མཚོ་མོ་མགུལ་ནས་སྤྱན་དྲངས་པའི་བླ་མའི་ཚེ་སྒྲུབ་གུ་རུ་ཚེ་མཐའ་ཡས་པའི་བྱིན་རླབས་ཚེ་དབང་ཟབ་མོ་བགྱི་བ་ལ་སློབ་དཔོན་གྱི་བྱ་བ་སོགས་རྒྱས་བསྡུས་ཅི་རིགས་པས་མཚམས་སྦྱར་ཏེ་མཎྚལ་འབུལ་དུ་འཇུག་གོ༎ དེ་ནས་གསོལ་བ་འདེབས་པ་ནི། ཀུན་མཁྱེན་ཡེ་ཤེས་ཕུང་པོ་ཅན། །སྲིད་པའི་འཁོར་ལོ་རྣམ་སྦྱོང་བ། །དེ་རིང་བཤད་པའི་རིན་ཆེན་གཏེར། །གཙོ་བོས་བདག་ལ་བཀའ་དྲིན་སྩོལ། །ལན་གསུམ། སྐྱབས་སེམས་ཚོགས་བསགས་ཀྱི་དམིགས་པ་སྤྱི་ལྟར་གསལ་བཏབ་ལ་རྒྱུན་བཤགས་གང་རུང་ཞིག་ལན་གསུམ་བྱའོ༎ དེ་ནས་ཡེ་ཤེས་དབབ་པའི་སླད་དུ་ཁྱེད་རང་ལུས་གནད་སྐྱིལ་ཀྲུང་ཞེས་པ་ནས་བསང་སྦྱང་ཡན་སྤྱི་ལྟར་བྱ། སྟོང་པའི་ངང་ལས་པདྨ་ཉི་ཟླའི་སྟེང་དུ་ཁྱེད་རང་གི་རྣམ་པར་ཤེས་པའི་ངོ་བོ་ཧྲཱིཿདཀར་དམར། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་འཆི་མེད་རིག་འཛིན་མཚོ་སྐྱེས་བླ་མ་གུ་རུ་ཚེ་མཐའ་ཡས་པ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ། ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ཐུགས་ཀར་འཛིན་ཅིང་། གཡོན་མཉམ་གཞག་གིས་ཐོད་པའི་དབུས་སུ་འཆི་མེད་ཚེའི་བདུད་རྩིས་གང་བའི་པདྨ་རཱ་གའི་བུམ་པ་དཔག་བསམ་ཤིང་གིས་ཁ་བརྒྱན་པ་བསྣམས་པ། མཆན་ཁུང་གཡོན་ན་ཁ་ཊྭཱཾ་འཆང་བ། སྐུ་ལ་གསང་གོས་ཕོད་ཀ་ཆོས་གོས་ཟ་བེར་དང་། དབུ་ལ་མཉེན་ཞུ་གསོལ་བ། རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ་རྣམས་དང་། བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྩ་གསུམ་ཆོས་སྐྱོང་ཐམས་ཅད་གུ་རུ་ཚེ་མཐའ་ཡས་པའི་རྣམ་པར་ཆར་སྤྲིན་གཏིབ་པ་ལྟར་བྱོན་པ་དང་། དཀྱིལ་འཁོར་གྱི་ལྷའི་ཐུགས་ཀ་ནས་ཀྱང་རང་འདྲ་དཔག་ཏུ་མེད་པ་བྱུང་སྟེ་ཁྱེད་རང་ལ་སིབ་སིབ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་ཤིང་བདེ་བ་ཆེན་པོའི་ཡེ་ཤེས་བཟོད་མེད་དུ་འབར་བའི་མོས་པ་བརྟན་པོར་མཛོད་ཅིག ཅེས་བརྗོད་ལ་སྤོས་རོལ་དང་བཅས་ཏེ་བབ་དྲུག་གམ་ལས་བྱང་གི་སྤྱན་འདྲེན་གང་རུང་གི་མཐར། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཨཱ་ཡུ་སིདྡྷི་ཚེ་བྷྲུཾ༔ ཛྙཱ་ན་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་མང་དུ་བཟླས་མཐར། སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཞག་ཏེ། ཏིཥྛ་བཛྲ། ཞེས་བརྗོད་པས་བརྟན་པར་བྱའོ།། དེ་ནས་ཚེ་འགུག་པའི་དམིགས་པ་སྤྱི་ལྟར་གསལ་བཏབ་ལ། མདའ་དར་གཡོབ་ཅིང་། ཧྲཱིཿ དཀོན་མཆོག་རྩ་གསུམ་རབ་འབྱམས་དང༔ ཞེས་སོགས་སྒྲུབ་ཐབས་ལྟར་དང་། བྱང་གཏེར་ལྕགས་སྡོང་མ་ལྟར་གྱི་ཚེ་འགུགས་ཀྱང་བྱའོ༎ གཞུང་གི་དབང་ཆོག་ནི། གུ་རུ་ཚེ་མཐའ་ཡས་པར་འདུད༔ སྐལ་ལྡན་སློབ་མ་རྗེས་འཛིན་ཅིང༔ མན་ངག་དོན་གྱི་དབང་བསྐུར་ནི༔ སློབ་བུས་ཕྱག་འཚལ་མཎྚལ་ཕུལ༔ ལན་གསུམ་གསོལ་གདབ་སྐྱབས་སེམས་དང༔ སྡོམ་བཟུང་སྒྱུ་ལུས་ལྷར་གསལ་ཞིང༔ ཡེ་ཤེས་དབབ་ཅིང་དབྱེར་མེད་བསྟིམ༔ སླར་ཡང་དངོས་གཞིའི་གསོལ་འདེབས་ནི༔ ཨོཾ༔ རང་བྱུང་རྡོ་རྗེ་ཡེ་ཤེས་སྐུ༔ གུ་རུ་ཚེ་མཐའ་ཡས་པ་ཡི༔ གསང་བ་དོན་གྱི་དཀྱིལ་འཁོར་དུ༔ བྱིན་རླབས་དབང་བསྐུར་སྩལ་དུ་གསོལ༔ བྲིས་སྐུ་ལྷར་གསལ་སྤྱི་བོར་བཞག༔ བརྡ་དོན་ངོ་སྤྲད་དབང་བསྐུར་བྱ༔ ཧྲཱིཿ རབ་འབྱམས་དུས་གསུམ་རྒྱལ་ཀུན་མཁྱེན་བརྩེ་ཡི༔ མཐུ་སྟོབས་གཅིག་བསྡུས་གུ་རུ་ཚེ་མཐའ་ཡས༔ རྡོ་རྗེ་སློབ་མའི་ལུས་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་རིག་འཛིན་འགྲུབ་པར་ཤོག༔ བཛྲ་གུ་རུ་ཨཱ་ཡུ་ཥེ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་གུ་རུའི་སྐུ་འབག་དང་ཚེ་འབྲང་སྤྱི་བོར་བཞག་གོ །མཆན། བྲིས་སྐུ་མགྲིན་པར་བཞག་ཅིང་གསུང་དབང་བསྐུར༔ ཨཱཿ བརྟན་གཡོའི་སྒྲ་སྐད་རྡོ་རྗེའི་སྔགས་ཀྱི་སྒྲ༔ གྲགས་སྟོང་བརྗོད་བྲལ་ཚེ་མཐའ་ཡས་པའི་གསུང༔ རྡོ་རྗེ་སློབ་མའི་གསུང་ལ་དབང་བསྐུར་བས༔ འགག་མེད་གསུང་གི་རིག་འཛིན་འགྲུབ་པར་ཤོག༔ བཛྲ་གུ་རུ་ཨཱ་ཡུ་ཥེ༔ ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ ཞེས་སྐུ་འབག་དང་བུམ་པ་མགྲིན་པར་བཞག་ཅིང་བུམ་ཆུ་བླུད་པར་བྱའོ༎ བྲིས་སྐུ་སྙིང་ཀར་བཞག་ཅིང་ཐུགས་དབང་བསྐུར༔ ཧཱུྃ༔ རྒྱལ་ཀུན་དགོངས་པ་བདེ་སྟོང་སྙིང་པོ་ཆེ༔ རང་ཤར་རང་གྲོལ་ཚེ་མཐའ་ཡས་པའི་ཐུགས༔ རྡོ་རྗེ་སློབ་མའི་ཡིད་ལ་དབང་བསྐུར་བས༔ འཁྲུལ་མེད་ཐུགས་ཀྱི་རིག་འཛིན་འགྲུབ་པར་ཤོག༔ བཛྲ་གུ་རུ་ཨཱ་ཡུ་ཥེ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྐུ་འབག་ཐུགས་ཀར་བཞག་ཅིང་ཚེ་རིལ་སྦྱིན་པར་བྱའོ།། བྲིས་སྐུ་ལྟེ་བར་ཡོན་ཏན་དབང་མཆོག་བསྐུར༔ སྭ༔ ཡིད་ལ་གང་འདོད་བསམ་པ་དེ་བཞིན་འབྱུང༔ གུ་རུ་ཚེ་མཐའ་ཡས་པའི་ཡོན་ཏན་ཏེ༔ རྡོ་རྗེ་སློབ་མའི་ལྟེ་བར་དབང་བསྐུར་བས༔ རྨད་བྱུང་ཡོན་ཏན་རིག་འཛིན་འགྲུབ་པར་ཤོག༔ བཛྲ་གུ་རུ་ཨཱ་ཡུ་ཥེ༔ སརྦ་གུ་ཎ་ཨ་བྷི་ཥིཉྩ་སྭ༔ ཞེས་སྐུ་འབག་ལྟེ་བར་བཞག་ཅིང་ཚེ་ཆང་བླུད་པར་བྱའོ༎ བྲིས་སྐུ་ཕྲིན་ལས་དབང་མཆོག་གསང་བར་བསྐུར༔ ཧྲཱི༔ ཅིར་ཡང་མ་རྨོངས་གང་འདུལ་ཐབས་མངའ་བ༔ གུ་རུ་ཚེ་མཐའ་ཡས་པའི་ཕྲིན་ལས་ཏེ༔ རྡོ་རྗེ་སློབ་མའི་གསང་བར་དབང་བསྐུར་བས༔ འགྲོ་འདུལ་ཕྲིན་ལས་རིག་འཛིན་འགྲུབ་པར་ཤོག༔ བཛྲ་གུ་རུ་ཨཱ་ཡུ་ཥེ༔ སརྦ་ཀརྨ་ཨ་བྷི་ཥིཉྩ་ཧཱ༔ སྐུ་འབག་གསང་བར་བཞག་ཅིང་མདའ་དར་གྱིས་སྤྱི་བོར་རེག་པར་བྱའོ།། བྲིས་སྐུ་སླར་ཡང་སྤྱི་བོར་བཞག་བྱས་ཏེ༔ ཧོ༔ ལྷ་སྐུའི་ངོ་བོ་སྐྱེ་མེད་གདོད་ནས་དག༔ སྟོང་གསལ་ཟུང་འཇུག་གུ་རུ་ཚེ་མཐའ་ཡས༔ རྡོ་རྗེ་སློབ་མའི་རྒྱུད་ལ་དབང་བསྐུར་བས༔ ལྷན་སྐྱེས་ཡེ་ཤེས་རྟོག་པ་མངོན་གྱུར་ཤོག༔ བཛྲ་གུ་རུ་ཨཱ་ཡུ་ཥེ༔ བཛྲ་ཛྙཱ་ན་སྭ་བྷ་བ་ཨ་བྷི་ཥིཉྩ་མཾ༔ མཐར་ནི་སློབ་མ་དབྱེར་མེད་བསྟིམ༔ ཐུགས་ཡིད་དབྱེར་མེད་གཅིག་ཏུ་བསྲེ༔ རང་བྱུང་དགོངས་པའི་ངང་བསྐྱངས་ལ༔ དོན་གྱི་ཡེ་ཤེས་མངོན་གྱུར་བསམ༔ ཞེས་གསུངས་པ་ལྟར། སྐུ་འབག་གུ་རུ་ཚེ་མཐའ་ཡས་པར་གསལ་བ་འོད་དུ་ཞུ་ནས་ཁྱེད་རང་ལ་གཉིས་སུ་མེད་པར་ཐིམ་པས་ཐུགས་ཡིད་དབྱེར་མེད་གཅིག་ཏུ་འདྲེས་ཏེ་རང་བྱུང་དགོངས་པ་དོན་གྱི་ཡེ་ཤེས་མངོན་དུ་གྱུར་པའི་མོས་པ་མཛོད། ཅེས་བརྗོད། ཚིག་འདི་གསར་སྦྱོར་རོ།། དབང་བསྐུར་ཀུན་གྱི་རྒྱལ་པོ་མཆོག༔ སྙིང་པོའི་བཅུད་མཆོག་གདམས་པ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ལ་གདམས༔ གསང་བའི་ནང་ནས་ཆེས་གསང་བ༔ ཕྱག་རྒྱ་ཆེན་པོ་གསང་བའི་ལམ༔ ཟབ་པ་ས་ཡི་གཏེར་དུ་སྦོས༔ ས་མ་ཡཱ༔ ཞེས་གུ་རུའི་བཀའ་སྩལ་བ་ཇོ་མོ་མཚོ་རྒྱལ་བདག་གིས་མི་བརྗེད་པའི་གཟུངས་ཀྱིས་བཟུང་ཞིང་ཡི་གེར་བྲིས་ཏེ་ཀླུ་རྒྱལ་གཙུག་ན་རིན་ཆེན་གྱི་ཕོ་བྲང་བསམ་ཡས་མཚོ་མོ་མགུལ་དུ་སྦས་པའོ༎ མ་འོངས་མཚོ་རྒྱལ་ང་སྤྲུལ་གྱི༔ སྐྱེས་བུ་དག་དང་འདི་འཕྲད་ནས༔ ཚེ་མཐའ་ཡས་པའི་ཡེ་ཤེས་ཀྱིས༔ དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མཇུག་ཏུ་དམ་ཚིག་ཁས་ལེན་པ་མཎྚལ་ཡོན་འབུལ་རྣམས་སྤྱི་ལྟར་དང་། སྒྲུབ་ཐབས་ཀྱི་མཇུག་ཆོག་རྣམས་ལས་བྱང་ལྟར་བྱའོ༎ ཐུ༵བ་བསྟ༵ན་རིན་ཆེན་འབྱུང་གནས་ལས་འོང་བའི། །ལེ༵གས་བཤ༵ད་ཕྲིན་ཆོག་བཟ༵ང་པོ༵འི་ནོ༵ར་བུ༵་འདིར། །རྒྱལ་བསྟ༵ན་འཛི༵ན་སྐྱོང་སྤེལ་བའི་འོད་འཕྲོ་བཞིན། །གཞ༵ན་ཕ༵ན་འདོད་རྒུ་མཐ༵འ་ཡ༵ས་ཆར་འབེབ་ཤོག ། རིག་འཛིན་ཨོ་རྒྱན་གསང་སྔགས་གླིང་པའི་གཏེར་བྱོནགུ་རུ་ཚེ་མཐའ་ཡས་པའི་ལེའུ་ཚན་ནོ༎ དགེའོ།། དགེའོ།། དགེའོ།།

གནོད་སྦྱིན་ཛཾ་ལྷ་ནག་པོའི་ནོར་འགུགས་བཀྲ་ཤིས་གཡང་འཁྱིལ།

༄༅། གནོད་སྦྱིན་ཛཾ་ལྷ་ནག་པོའི་ནོར་འགུགས་བཀྲ་ཤིས་གཡང་འཁྱིལ་ཞེས་བྱ་བ་བཞུགས། བཛྲ་ཛྙཱ་ན་ཛཾ་བྷ་ལ་ཡེ། གང་ཞིག་གིས་ཉམས་སུ་ལེན་པར་འདོད་པས་ཛཾ་བྷ་ལའི་རྟེན་བཀྲམ་ཞིང་ཡོ་བྱད་མཆོད་རྫས་ཕུན་སུམ་ཚོགས་པར་ནོར་རྫས་སྣ་ཚོགས་པའི་སྤྱན་གཟིགས་འདུ་བྱས་ལ། རྣལ་འབྱོར་པས་མདའ་དར་གཡབ་ཅིང་། ཕྱྭ་ཁུ་ཡེ། ཀ་དག་ཆོས་སྐུའི་དགོངས་པ་ནས་བཟུང་ནས། །ཁ་ཏོག་རང་གསལ་ལོངས་སྤྱོད་རྫོགས་སྐུའི་རྩལ། །ག་ནས་འདུལ་ཐབས་དེར་སྟོན་སྤྲུལ་སྐུའི་གཡང་། །ང་ཡིས་དེ་རིང་དཔལ་དང་གཡང་དུ་ལེན། །ཅ་རེ་མིག་གི་རྒྱན་གཅིག་བླ་མ་དང་། །ཆ་ལུགས་ཅིར་ཡང་སྟོན་མཛད་ཡི་དམ་ལྷ། །ཇ་དར་དངོས་གྲུབ་སྟེར་མཛད་མཁའ་འགྲོའི་ཚོགས། །ཉ་ཉུང་མ་ཡིན་འཛད་མེད་གཡང་ཁུག་ཅིག །ཏ་ཐ་ག་ཏའི་བསྟན་སྲུང་མགོན་པོ་དང་། །ཐ་གྲུ་ཀུན་སྐྱོང་སྔགས་སྲུང་ཨེ་ཀ་ཛ། །ད་ལྟར་དགྲ་བགེགས་སྒྲོལ་བའི་དྲག་རྩལ་སྟོབས། །ན་བུན་སྤྲིན་བཞིན་སྡུས་ལ་གཡང་ཁུག་ཅིག །པ་ར་མི་ཏའི་བསྲུང་མ་རྣམ་ཐོས་སྲས། །ཕ་རོལ་གཞན་སྣང་དབང་སྡུད་ཛཾ་ནག་པོ། །བ་དགས་ཚེ་དཔལ་སྲིང་མཛད་ནོར་རྒྱུན་མ། །མ་ལུས་ལུས་པ་མེད་པའི་གཡང་ཁུག་ཅིག །ཙ་ལག་བུ་དཔལ་ཉེ་འབྲེལ་རིགས་རྒྱུད་དང་། །ཚ་ཞང་ལ་སོགས་ཡིད་ཅན་འགྲོ་བ་ཀུན། །ཛ་ཧུའི་རྒྱུན་རྣམས་རྒྱ་མཚོར་ཐིམ་པ་བཞིན། །ཝ་ལེར་གཅིག་ཏུ་བསྡུམ་པའི་གཡང་ཁུག་ཅིག །ཞྭ་གོས་ལ་སོགས་ནོར་རྫས་རིགས་གྱུར་རྣམས། །ཟ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་བཞིན། །འ་འུར་དཀའ་ཐུབ་མེད་པར་རང་ཤུགས་ཀྱིས། །ཡ་མཚན་ཆེ་བའི་དཔལ་ཀུན་གཡང་ཁུག་ཅིག །ར་བ་གངས་རིས་བརྒྱན་པའི་བོད་ཡུལ་དང་། །ལ་ལ་ཙམ་མིན་སྤྱི་རྗེ་རྒྱ་ནག་རྒྱལ། །ཤ་མར་ལོངས་སྤྱོད་འཛོམས་པ་ཧོར་ལ་སོགས། །ས་སྟེང་སྐྱེ་འགྲོ་ཀུན་གྱི་གཡང་ཁུག་ཅིག །ཧ་ཧ་ནོར་ལྷའི་རྒྱལ་པོ་ཁྱོད་ཉིད་ལ། །ཧ་ཅང་ཟས་ནོར་རློམ་པ་མ་ཡིན་ཀྱང་། །ཨ་ཏི་སྒོམ་སྒྲུབ་བྱེད་པའི་མཐུན་རྐྱེན་དུ། །ཨ་མཚར་དགྱེས་པའི་དགའ་སྟོན་གཡང་ཁུག་ཅིག །ཅེས་པ་འདི་ཡང་བསྟན་འཛིན་གྱི་སྐྱེས་མཆོག་བླ་མ་དམ་པ་ཙི་ནའི་སྤྲུལ་སྐུ་དང་། སྔགས་བཙུན་ཕྲིན་ལས་དར་རྒྱས་ཟུང་གིས་བསྐུལ་བ་ལ་བརྟེན་ནས་རྒྱལ་ཁམས་སྤྱི་ལ་ཕན་སེམས་ཀྱིས་རིག་འཛིན་གསང་སྔགས་གླིང་པས་དབྱི་ཁོག་དཔོན་གྱི་རྒྱལ་ཁམས་གཟིམ་ཆུང་ནང་དུ་གང་ཤར་ཐོལ་བྱུང་དུ་བྲིས་པ་འདིས་ཀྱང་འགྲོ་ཀུན་རྫོགས་ལྡན་དང་པོའི་དཔལ་ལ་སྤྱོད་པའི་རྒྱུར་གྱུར་ཅིག དགེའོ༎

ཏཱ་རེ་ལྷ་མོའི་སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས།

ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ ཏཱ་རེ་ལྷ་མོའི་སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས་བཞུགས༔

ཀུན་བཟང་དགོངས་པའི་དབྱིངས་ལ་ཕྱག་འཚལ་ལོ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས་འདི༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ མ་འོངས་བསྟན་འགྲོའི་དོན་ཆེད་དུ༔ སྙིང་གི་ཁུ་བ་རྒྱ་ཡིས་བཏབ༔ ཚེ་རབས་མང་པོ་འབྲེལ་བའི་བུ༔ རྒྱལ་སྲས་ལྷ་རྗེའི་ངོ་སྐལ་དུ༔ གཏད་ནས་སེམས་ཅན་ཀུན་དོན་ཕྱིར༔ བྲག་དམར་གཡའ་མ་ལུང་གི་གནས༔ ཁྱུང་གཤོག་བརྐྱངས་འདྲའི་བྲག་ལ་སྦས༔ དུས་བབས་ལས་ལྡན་སྐྱེས་བུ་ལ༔ འཕྲད་ནས་བསྟན་པ་རྒྱས་པར་ཤོག༔ ས་མ་ཡཱ༔ དེ་ནས་སྒྲུབ་པའི་རྣལ་འབྱོར་པས༔ ཡིད་འོང་དབེན་པའི་གནས་མཆོག་ཏུ༔ སྟེགས་བུ་མདའ་གང་ཟླུམ་པོ་ལ༔ སྤོས་ཆུའི་ཆགས་ཆགས་གདབ་ནས་སུ༔ དབུས་སུ་པདྨ་འདབ་བཞི་ལ༔ ཕྱི་རིམ་འདབ་བརྒྱད་མུ་ཁྱུད་དང༔ སྒོ་རྫོགས་པད་རྡོར་མེ་རིས་བསྐོར༔ དབུས་སུ་རིན་ཆེན་སྣོད་གཙང་ནང༔ གདན་ཟླུམ་སུམ་བརྩེགས་སྟེང་དུ་ནི༔ བཤོས་བུ་རྩེ་ཟླུམ་ལྡོ་ལྡིར་ཞིང༔ ཕྱོགས་བཞིར་པད་འདབས་མཚམས་བཞི་རུ༔ རིལ་བུ་བཞི་མཛེས་མར་ཚོན་རྒྱན༔ ཕྱོགས་བཞིར་བཤོས་བུ་ཟླུམ་དང་ནི༔ གྲུ་བཞི་ཟླ་གམ་གྲི་རིས་ཅན༔ རྩེ་ཟླུམ་སྨད་དབལ་གསུམ་ལྡན་བཤམས༔ གཞན་ཡང་འབྲུ་ཡི་ཚོམ་བུ་དང༔ བཀའ་གཏེར་བསྲུང་མའི་མཆོད་གཏོར་བཤམས༔ གཡས་གཡོན་མདུན་དུ་སྨན་རཀ་དང༔ བྷ་ལིང་མཆོད་པ་རྣམ་ལྔ་བཤམས༔ བདེ་བའི་སྟན་ལ་བག་ཕབ་ནས༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ་དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ མཁའ་མཉམ་འགྲོ་བ་ཀུན་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ༔ གཉིས་པ་སེམས་བསྐྱེད་པ་ནི༔ ཧོ༔ བདག་ནི་དེང་བཟུང་སངས་རྒྱས་བར༔ ཏཱ་རེ་ལྷ་མོ་བསྒྲུབ་ནས་ནི༔ ཁམས་གསུམ་འགྲོ་བ་ཀུན་དོན་དུ༔ སྨོན་འཇུག་དོན་དམ་སེམས་བསྐྱེད་དོ༔ ལན་གསུམ༔ གསུམ་པ་ཡན་ལག་བདུན་པ་ནི༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཚེ་རབས་སྔོན་ནས་སྔོན་ནས་འབྲེལ་བ་ཡི༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེན་མེད་རང་གྲོལ་མཆོད་པ་འབུལ༔ མི་དགེ་སྡིག་པའི་ལས་བགྱིས་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ སྒོ་གསུམ་གུས་པས་གསོལ་བ་འདེབས༔ དགེ་རྩ་བྱང་ཆུབ་རྒྱུ་རུ་བསྔོ༔ དེ་ནས་བརྒྱུད་འདེབས་ནི༔ ཨོཾ་སྭ་སྟི༔ སྟོང་ཉིད་ཀློང་ཡངས་སྤྲོས་བྲལ་ཕོ་བྲང་ནས༔ ཆོས་སྐུ་ཀུན་ཏུ་བཟང་པོ་ལ་གསོལ་བ་འདེབས༔ སྟོང་ཉིད་རང་ངོ་གྲོལ་བར་བྱིན་གྱིས་རློབས༔ འོད་གསལ་བདེ་ཆེན་དག་པའི་ཞིང་ཁམས་ནས༔ ལོངས་སྐུ་ཕྱག་ན་པདྨོ་ལ་གསོལ་བ་འདེབས༔ སྟོང་གསལ་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས༔ བདེ་སྟོང་དགའ་བཞིའི་ཡེ་ཤེས་ཕོ་བྲང་ནས༔ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་གསོལ་བ་འདེབས༔ ཆོས་དབྱིངས་རང་གྲོལ་རྟོགས་པར་བྱིན་གྱིས་རློབས༔ ཅིར་ཡང་འཆར་བ་སྤྲུལ་སྐུའི་ཞིང་མཆོག་ནས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ ཐུགས་རྗེ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ འགྲོ་འདུལ་སྤྲུལ་པའི་ཞིང་མཆོག་དམ་པ་ནས༔ མཆོག་གྲུབ་རྒྱལ་བའི་སྲས་པོ་ལ་གསོལ་བ་འདེབས༔ འགྲོ་དོན་འབད་མེད་འབྱུང་བར་བྱིན་གྱིས་རློབས༔ སྤྲོས་བྲལ་ཀ་དག་ཟབ་གསལ་ཕོ་བྲང་ནས༔ མཁར་ཆུ་དཔལ་གྱི་དབང་ཕྱུག་ལ་གསོལ་བ་འདེབས༔ འབྲེལ་ཚད་ཐར་ལམ་བསྒྲོད་པར་བྱིན་གྱིས་རློབས༔ འོག་མིན་བདེ་ཆེན་ཆོས་དབྱིངས་ཞིང་ཁམས་ནས༔ དྲིན་ཆེན་རྩ་བརྒྱུད་བླ་མ་ལ་གསོལ་བ་འདེབས༔ སྒྲུབ་ལ་བར་ཆད་མེད་པར་བྱིན་གྱིས་རློབས༔ སྤྲོས་མེད་རང་ཤར་དག་པའི་གཞལ་ཡས་སུ༔ ཡི་དམ་ལྷ་ཚོགས་རྣམས་ལ་གསོལ་བ་འདེབས༔ མཆོག་ཐུན་དངོས་གྲུབ་ཐོབ་པར་བྱིན་གྱིས་རློབས༔ མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཁམས་ནས༔ མ་སྲིང་མཁའ་འགྲོ་རྒྱ་མཚོ་ལ་གསོལ་བ་འདེབས༔ ཕྱི་ནང་བར་ཆད་ཞི་བར་བྱིན་གྱིས་རློབས༔ དགྲ་བགེགས་ལོག་འདྲེན་འདུལ་བའི་ཞིང་ཁམས་ནས༔ ཆོས་སྐྱོང་དམ་ཅན་བསྲུང་མ་ལ་གསོལ་བ་འདེབས༔ རྐྱེན་ངན་བར་ཆད་བཟློག་པར་བྱིན་གྱིས་རློབས༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་དབང་བཞི་ལེན་པ་ནི༔ སྐྱབས་ཡུལ་ལྷ་ཚོགས་ཡས་མར་འོད་དུ་ཞུ༔ བྱིན་རླབས་འོད་ཕུང་ཚུལ་དུ་སྤྱི་བོར་ཐིམ༔ དབང་བཞི་ཐོབ་ནས་སྒྲིབ་བཞི་གཏན་ནས་དག༔ སྤྲོས་བྲལ་ཀུན་བཟང་ཀློང་དུ་ཨེ་མ་ཧོ༔ ཀ་ཡ་ཝཱཀྐ་ཙིཏྟ་སིདྡྷི་ཧཱུྃ༔ ཅེས་མཉམ་བཞག་རང་དང་དབྱེར་མེད་བསྲེ༔ ས་མ་ཡཱ༔ ༧ ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ སྒྲོལ་ལྗང་ལྷ་མོའི་སྒྲུབ་ཐབས་ལས་བྱང་འཇིགས་པ་ཀུན་སྐྱོབས་བཞུགས༔ སྐྱེ་མེད་ཀློང་ཡངས་ཆོས་སྐུ་ཡུམ་ཆེན་མོ༔ མ་འགགས་ལོངས་སྐུ་རྡོ་རྗེ་ཕག་མོ་རྗེ༔ ཐུགས་རྗེའི་སྤྲུལ་སྐུ་རྡོ་རྗེ་རྣལ་འབྱོར་མ༔ སྐུ་གསུམ་དབྱེར་མེད་འཕགས་མ་སྒྲོལ་མར་འདུད༔ དེ་ལ་རྗེ་བཙུན་སྒྲོལ་མའི་སྒྲུབ་ཐབས་ཉམས་སུ་ལེན་པ་ལ༔ སྔོན་འགྲོ་དངོས་གཞི་རྗེས་སོ༔ དང་པོ་སྔོན་འགྲོ་ལས་བྱང་བགེགས་བསྐྲད་པ་ནི༔ ཧཱུྃ༔ ང་ནི་ཁྲོས་མ་ནག་མོའི་སྐུ༔ སྣང་སྲིད་སྟོང་པ་ཡུམ་གྱི་ཀློང༔ གཟུང་འཛིན་རྣམ་རྟོག་འཁྲུལ་བའི་གདོན༔ ཆོས་ཀྱི་དབྱིངས་སུ་མཚམས་བཅད་དོ༔ ཧཱུྃ་ཧཱུྃ་སརྦ་བྷིག་ནན་ཨུ་ཙུ་ཏ་ཡ་ཕཊ༔ ཧཱུྃ་བཞིའི་སྔགས་ཀྱིས་གཟིར་ཞིང་ཐུན་གྱིས་བྲབ་ལ༔ བསྲུང་འཁོར་ནི༔ ཧཱུྃ༔ རང་རིག་འཁྲུལ་བ་ཡེ་དག་ཅིང༔ ཐམས་ཅད་ཡེ་ཤེས་ཆོས་ཀྱི་དབྱིངས༔ གཞོམ་མེད་འཇིགས་བྲལ་སྣང་བའི་དལ༔ མི་ཤིགས་བསྲུང་བའི་འཁོར་ལོར་གྱུར༔ བཛྲ་དྷརྨ་རཀྵ་ཧཱུྃ༔ མཆོད་རྫས་བྱིན་གྱིས་བརླབས་པ་ནི༔ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ ཐམས་ཅད་ཆོས་དབྱིངས་དག་པའི་ཀློང༔ རང་ཤར་གྲོལ་བའི་པ་མཆོད་པའི་སྤྲིན༔ ཀུན་བཟང་ནམ་མཁའི་མཐའ་ཀླས་གང༔ ངོ་མཚར་མཆོད་པའི་ཕུང་པོར་གྱུར༔ ཨོཾ་བཛྲ་ཨརྒྷཾ༴སོགས། ཤཔྟ་ཨཱཿཧཱུྃ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཨཱཿཧཱུྃ༔ མ་ཧཱ་རཀྟ་ཨཱཿཧཱུྃ༔ མ་ཧཱ་བྷ་ལིང་ཏ་ཨཱཿཧཱུྃ༔ བྱིན་འབེབས༔ ཧཱུྃ༔ སྣོད་བཅུད་དག་པའི་དཀྱིལ་འཁོར་འདིར༔ སྐུ་གསུམ་རང་བྱུང་སྤྲུལ་པའི་ལྷ༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཨཱ༔ དེ་ནས་དངོས་གཞི་བདག་བསྐྱེད་ནི༔ ཨ༔ བློ་འདས་སྟོང་པའི་ངང་ཉིད་ལས༔ སྲིད་པ་ཐམས་ཅད་སྣང་བའི་དལ༔ སྟོང་གསལ་སོ་མའི་རང་མདངས་ལས༔ ཨ་ལས་སྟོང་ཉིད་ནམ་མཁའི་ཁམས༔ རྒྱ་ཁྱོན་མུ་མེད་ཆོས་ཀྱི་དབྱིངས༔ ཡཾ་ལས་འོག་གཞི་རྒྱ་གྲམ་རླུང༔ རཾ་ལས་བསྐལ་པའི་དུས་མེ་འབར༔ སུཾ་ལས་དབང་ཆེན་ས་ཡི་གཞི༔ ཀེང་ལས་རིན་ཆེན་རི་རབ་ཀྱི༔ ལྟེ་བར་བྷྲུཾ་ལས་གཞལ་ཡས་ཁང༔ གྲུ་བཞི་སྒོ་བཞི་རྟ་བབས་དང༔ ཆོས་འཁོར་གདུགས་ཏོག་ཉི་ཟླས་སྤྲས༔ མཚན་ཉིད་བརྡ་དོན་རྟགས་རྫོགས་པའི༔ ཕྱི་ནང་སྒྲིབ་མེད་ཟངས་ཐལ་དབུས༔ པདྨ་འདབ་བཞིའི་ལྟེ་བ་ལ༔ ཏཾ་ཡིག་ལྗང་གུ་ཡོངས་གྱུར་ལས༔ འོད་ཟེར་འཕྲོས་པས་རྒྱལ་བ་མཆོད༔ བྱིན་རླབས་འོད་ཟེར་ཚུར་འདུས་ནས༔ ཐུགས་སྲོག་ས་བོན་རྣམས་ལ་ཐིམ༔ མར་འཕྲོས་སེམས་ཅན་ལས་སྒྲིབ་སྦྱང༔ བྱང་ཆུབ་བར་ཆད་སྡེ་ཚར་བཅད༔ ཚུར་འདུས་སྐད་ཅིག་དྲན་རྫོགས་སུ༔ འཕགས་མ་སྒྲོལ་མ་སྐུ་མདོག་ལྗང༔ ཞལ་གཅིག་ཕྱག་གཉིས་མཆོག་སྦྱིན་དང༔ ཨུཏྤལ་སྔོན་པོའི་ཡུ་བ་འཛིན༔ དབུ་ལ་རིན་ཆེན་རྒྱན་གྱིས་མཛེས༔ གནག་སྣུམ་ལྕང་ལོའི་ལྷག་མ་དཀྲོལ༔ སྙན་ཆ་མགུལ་རྒྱན་དོ་ཤལ་དང༔ ཕྱག་གདུབ་དཔུང་རྒྱན་ཞབས་གདུབ་དང༔ དར་དཔྱང་དཀར་པོའི་སྟོད་གཡོག་ཅིང༔ སྨད་དཀྲིས་ཤ་ཝ་རི་དམར་པོ༔ སྐུ་རག་གསེར་སྐ་དབང་གཞུ་བཅིང༔ མར་གད་གསང་གོས་པཉྩ་ལི༔ ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་གྱིས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ཐུགས་ཀར་པདྨ་ཉི་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ དེ་ཡི་ཐུགས་ཀར་ཉི་དཀྱིལ་ནི༔ སྲན་མ་ཕྱེད་པ་ཙམ་གྱི་དབུས༔ སྲོག་གི་སྙིང་པོ་ཡི་གེ་ཏཾ༔ དེའི་མཐར་ཡི་གེ་དྲུག་པ་ཡི༔ རང་སྒྲ་དང་བཅས་གཡས་སུ་འཁོར༔ སྤྱི་བོར་པད་ཟླ་ཉི་མའི་སྟེང༔ སྤྱན་རས་གཟིགས་དབང་སྐུ་མདོག་དཀར༔ ཕྱག་བཞིའི་དང་པོ་ཐལ་མོ་སྦྱར༔ ཡིད་བཞིན་དབང་གི་རྒྱལ་པོ་བསྣམས༔ གཡས་ཀྱི་འོག་མ་ཤེལ་ཕྲེང་བསྣམས༔ གཡོན་གྱི་འོག་མ་པདྨ་དཀར༔ ལོངས་སྐུའི་རྒྱན་ཆས་ཡོངས་སུ་རྫོགས༔ ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་བཞུགས༔ དེ་ཡི་སྤྱི་བོར་པད་ཟླའི་སྟེང༔ རིགས་ཀྱི་བདག་པོ་འོད་དཔག་མེད༔ དམར་པོ་མཉམ་བཞག་སྐྱིལ་ཀྲུང་ཅན༔ ཆོས་སྐུའི་ཆ་བྱད་ཡོངས་སུ་རྫོགས༔ དེ་ཡི་ཕྱི་རིམ་པད་འདབ་བཞིར༔ ཨོཾ་དང་སྭཱ་ཧྲཱིཿཧཱུྃ་བཞི་ནི༔ ཕྱོགས་མདོག་མདུན་ནས་གཡས་སུ་བསྐོར༔ ཤར་དུ་རྡོ་རྗེའི་ལྷ་མོ་ནི༔ སྒྲོལ་མ་དཀར་མོ་ཞི་བའི་སྐུ༔ ཞལ་གཅིག་ཕྱག་གཉིས་གཡས་ཨུཏྤལ༔ གཡོན་པ་རིན་ཆེན་སྒྲོམ་བུ་བསྣམས༔ དབུ་རྒྱན་ལ་སོགས་རྒྱན་བདུན་མཛེས༔ དར་དཔྱང་སྟོད་གཡོག་སྨད་དཀྲིས་མནབས༔ གཡས་བརྐྱང་གཡོན་བསྐུམ་པད་ཟླར་བཞུགས༔ སེམས་ཅན་ནད་གདོན་བར་ཆད་སྒྲོལ༔ ལྷོ་རུ་རིན་ཆེན་ལྷ་མོ་ནི༔ སྒྲོལ་མ་སེར་མོ་རྒྱས་པའི་སྐུ༔ ཕྱག་གཡས་ནོར་བུ་གཡོན་བགྲང་ཕྲེང༔ དར་ལྗང་སྟོད་གཡོག་སྨད་དཀྲིས་དམར༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ འགྲོ་ཀུན་དབུལ་བའི་སྡུག་བསྔལ་སྐྱོབས༔ ནུབ་ཏུ་པདྨའི་ལྷ་མོ་ནི༔ སྒྲོལ་མ་དམར་མོ་དབང་གི་ལྷའི༔ ཞལ་གསུམ་ཕྱག་དྲུག་དང་པོ་གཉིས༔ ཨུཏྤལ་དམར་པོ་ཐུགས་ཀར་འཛིན༔ བར་མ་གཉིས་ཀྱིས་ཐབས་ཤེས་རབ༔ མཚོན་བྱེད་མདའ་གཞུ་སྙན་ཐད་འགེངས༔ གཡས་ཀྱི་ཐ་མས་ལྕགས་ཀྱུ་དང༔ གཡོན་གྱི་ཐ་མས་ཞགས་པ་འཛིན༔ དབུ་ལ་ཐོད་སྐམ་རིགས་ལྔས་བརྒྱན༔ ནུ་འབུར་བྷ་ག་རབ་ཏུ་རྒྱས༔ མེ་་ཏོག་ཕྲེང་བ་ཐོད་རློན་བརྒྱན༔ དར་ཤམས་སྟོད་གཡོག་སྟག་ཤམ་དང༔ བཅུ་དྲུག་ན་ཚོད་བརྐྱང་བརྐུམ་གྱིས༔ པད་ཉི་བཾ་རོའི་གདན་ལ་བཞུགས༔ ཁམས་གསུམ་དབང་སྡུད་ལས་མཛད་སྒོམ༔ བྱང་དུ་ཀརྨའི་ལྷ་མོ་ནི༔ སྒྲོལ་མ་མཐིང་ནག་ཞི་མ་ཁྲོ༔ རལ་གྲི་དང་ནི་དྲིལ་བུ་འཛིན༔ དར་ལྗང་སྟོད་གཡོག་སྨད་དཀྲིས་དང༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ བརྐྱང་བརྐུམ་པད་ཉིའི་གདན་ལ་བཞུགས༔ དགྲ་བགེགས་ལོག་འདྲེན་ཐལ་བར་བརླག༔ དེ་ཡི་ཕྱི་རིམ་འདབ་བརྒྱད་ལ༔ མདུན་ནས་བརྩམས་ཏེ་གཡས་བསྐོར་དུ༔ ཤར་གྱི་འདབ་ལ་ལྷ་མོ་ནི༔ སྒྲོལ་དཀར་ཞེ་སྡང་ཟིལ་གནོན་མ༔ ཕྱག་མཚན་ཡེ་ཤེས་གསལ་བའི་མཚོན༔ མེ་ལོང་དང་ནི་སྐྱབས་སྦྱིན་མཛད༔ སྟོད་གཡོག་སྨད་དཀྲིས་རིན་ཆེན་རྒྱན༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ ཞེ་སྡང་མེ་ཡི་འཇིགས་ལས་སྐྱོབས༔ ལྷོ་ཡི་འདབ་ལ་ལྷ་མོ་ནི༔ སྒྲོལ་སེར་ང་རྒྱལ་ཟིལ་གནོན་མ༔ ཕྱག་མཚན་ཡེ་ཤེས་མཉམ་པའི་མཚོན༔ འཁོར་ལོ་དང་ནི་སྐྱབས་སྦྱིན་མཛད༔ རིན་ཆེན་རྒྱན་དང་དར་གྱིས་མཛེས༔ བརྐྱང་བསྐུམ་པད་ཟླའི་གདན་ལ་བཞུགས༔ ཁྲོ་གཏུམ་སེང་གེའི་འཇིགས་ལས་སྐྱོབས༔ ནུབ་ཀྱི་འདབ་ལ་ལྷ་མོ་ནི༔ སྒྲོལ་དམར་འདོད་ཆགས་ཟིལ་གནོན་མ༔ ཕྱག་རྒྱ་སོ་སོར་རྟོག་པའི་མཚོན༔ པདྨ་དང་ནི་སྐྱབས་སྦྱིན་མཛད༔ རིན་ཆེན་རྒྱན་དང་ན་བཟའ་གསོལ༔ གཡས་བརྐྱང་གཡོན་བསྐུམ་གདན་ལ་རོལ༔ འཇིགས་ཆེན་ཆུ་བོའི་སྡུག་བསྔལ་སྐྱོབས༔ བྱང་གི་འདབ་ལ་ལྷ་མོ་ནི༔ སྒྲོལ་ལྗང་ཕྲག་ཏོག་ཟིལ་གནོན་མ༔ ཕྱག་རྒྱ་བྱ་གྲུབ་ཡེ་ཤེས་མཚོན༔ རྒྱ་གྲམ་དང་ནི་སྐྱབས་སྦྱིན་མཛད༔ དང་དང་རིན་ཆེན་རྒྱན་གྱིས་མཛེས༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ སྡང་སེམས་སྦྲུལ་གྱི་འཇིགས་ལས་སྐྱོབས༔ ཤར་ལྷོའི་འདབ་ལ་ལྷ་མོ་ནི༔ སྒྲོལ་མཐིང་གཏི་མུག་ཟིལ་གནོན་མ༔ ཕྱག་མཚན་ཆོས་དབྱིངས་ཡེ་ཤེས་མཚོན༔ འཁོར་ལོ་དང་ནི་མི་འཇིགས་སྦྱིན༔ རིན་ཆེན་རྒྱན་དང་ན་བཟའི་མཛེས༔ པད་ཟླའི་གདན་ལ་བརྐྱང་བསྐུམ་བཞུགས༔ བླུན་རྨོངས་གླང་པོའི་འཇིགས་ལས་སྐྱོབས༔ ལྷོ་ནུབ་འདབ་ལ་ལྷ་མོ་ནི༔ སྒྲོལ་སྨུག་ལྟ་ལོག་ཟིལ་གནོན་མ༔ ཕྱག་རྒྱ་རྣམ་དག་ཡེ་ཤེས་མཚོན༔ ཚར་གཅོད་རལ་གྲི་སྐྱབས་སྦྱིན་མཛད༔ དར་དང་རིན་ཆེན་ན་བཟའ་སྤྲས༔ གཡས་བརྐྱང་གཡོན་བསྐུམ་གདན་ལ་བཞུགས༔ ཇག་ཆོམ་རྐུན་པོའི་འཇིགས་ལས་སྐྱོབས༔ ནུབ་བྱང་འདབ་ལ་ལྷ་མོ་ནི༔ སྒྲོལ་སྔོན་གཉིས་འཛིན་ཟིལ་གནོན་མ༔ ཕྱག་མཚན་ཡེ་ཤེས་སྤྲོས་བྲལ་མཚོན༔ རིན་ཆེན་གཏེར་བུམ་སྐྱབས་སྦྱིན་མཛད༔ དར་དང་རིན་ཆེན་ཆས་ཀྱིས་བརྒྱན༔ བརྐྱང་བསྐུམ་པད་ཉིའི་གདན་ལ་བཞུགས༔ མདངས་ཕྲོག་ཤ་ཟའི་འཇིགས་ལས་སྐྱོབས༔ བྱང་ཤར་འདབ་ལ་ལྷ་མོ་ནི༔ སྒྲོལ་ནག་མ་རིག་ཟིལ་གནོན་མ༔ ཕྱག་རྒྱ་ཀུན་རྟོག་ཡེ་ཤེས་མཚོན༔ པདྨ་དང་ནི་སྐྱབས་སྦྱིན་མཛད༔ པད་ཉི་ཟླ་བའི་གདན་ལ་བཞུགས༔ འཆིང་བསྡམས་ལྕགས་སྒྲོག་འཇིགས་ལས་སྒྲོལ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཆོས་སྐྱོང་བཀའ་དང་གཏེར་གྱི་བདག༔ ཕོ་ཉ་ལས་བྱེད་འཁོར་བཅས་གསལ༔ སྒོ་བཞིར་ཚད་མེད་རྣམ་བཞི་ཡི༔ ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་ལས༔ ཨོཾ་ཨཱཿཧཱུྃ་ལས་འོད་འཕྲོས་པས༔ རང་སྣང་འོག་མིན་ཆོས་ཀྱི་དབྱིངས༔ པོ་ཊ་ལ་ཡི་གནས་མཆོག་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱི༔ འོག་མིན་བདེ་བ་ཆེན་པོའི་གནས༔ ཤར་ཕྱོགས་པོ་ཊ་ལ་ཡི་ཞིང༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས༔ སྤྱན་འདྲེན་གནས་འདིར་གཤེགས་སུ་གསོལ༔ ཨོཾ་ཨརྱ་ཏཱ་རེ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱི༔ ཆོས་དབྱིངས་ཀློང་ནས་སྤྲུལ་བའི་ལྷ༔ འཁོར་དང་བཅས་པ་མ་ལུས་རྣམས༔ སྒྲུབ་པའི་གནས་མཆོག་དམ་པ་འདིར༔ གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡཱ་ཏིཥྛ་ལྷན༔ བརྡ་ཕྱག་འཚལ་བ་ནི༔ ཧྲཱིཿ ཚེ་རབས་སྐྱེ་བ་སྔོན་རོལ་དུ༔ ལས་ཀྱིས་འབྲེལ་བའི་ཡི་དམ་ལྷ༔ རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ༔ རྟེན་འབྲེལ་བརྡ་ཡིས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཧྲཱི༔ བླ་ན་མེད་པ་དམ་ཚིག་རྫས༔ དངོས་བཤམས་ཡིད་སྤྲུལ་ལས་བྱུང་བའི༔ མེ་ཏོག་བདུག་སྤོས་མར་མེ་དྲི༔ ཞལ་ཟས་རོལ་མོ་ཕྱི་མཆོད་འབུལ༔ བདུད་རྩི་སྨན་དང་རཀྟ་དང༔ དམ་རྫས་གཏོར་མ་ནང་མཆོད་འབུལ༔ གཉིས་མེད་མཉམ་སྦྱོར་བྱང་ཆུབ་སེམས༔ བདེ་སྟོང་གསང་བའི་མཆོད་པ་འབུལ༔ ཨོཾ་བཛྲ་ཨརྱ་ཏཱ་རེ་ས་པ་རི་ཝ་ར་ཨརྒྷཾ༴སོགས་ནས། ཤཔྟ་པྲ་ཏིཙྪ་ཡེ་སྭཱ་ཧཱ། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ མ་ཧཱ་བྷ་ལིང་ཏ་ཁཱ་ཧི༔ ཨོཾ་བྷོ་དྷི་ཙིཏྟ་གུ་ཧྱ་པུ་ཙ་ཧོ༔ དེ་ནས་དེ་བཞིན་ཉིད་ཀྱི་མཆོད་པ་ནི༔ ཨཿ རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ཀློང༔ སྣང་སྲིད་མཆོད་པའི་ཕྱག་རྒྱ་ཆེ༔ མཆོད་བྱ་མཆོད་བྱེད་སེམས་ཀྱི་རྩལ༔ རང་ཤར་རང་གྲོལ་མཆོད་པ་འབུལ༔ མ་ཧཱ་དྷརྨ་པྲ་ཛྙཱ་དྷརྟུ་ཧོ༔ དེ་ནས་བསྟོད་པ་ནི༔ ཧྲཱི༔ ཆོས་སྐུ་སྐྱེ་བ་མེད་པའི་ངང༔ བརྗོད་མེད་སྤྲོས་བྲལ་ཀུན་བཟང་མོ༔ དཔེ་མེད་བསམ་དང་མུ་མཐའ་བྲལ༔ ཀུན་ཏུ་བཟང་མོར་ཕྱག་འཚལ་བསྟོད༔ ཡེ་ཤེས་ལྔ་ཡི་རང་མདངས་ལས༔ སྒྲིབ་པ་བྲལ་བའི་འོད་གསལ་ངང༔ འགགས་མེད་བདེ་ཆེན་རང་བྱུང་རྩལ༔ རྡོ་རྗེ་ཕག་མོར་ཕྱག་འཚལ་བསྟོད༔ ཐུགས་རྗེ་ཕྱོགས་ལྷུང་བྲལ་བ་ལས༔ ཅིར་ཡང་འཆར་བའི་རིག་པའི་རྩལ༔ ཤུགས་བྱུང་རིས་སུ་ཆད་མེད་པ༔ རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད༔ འོད་གསལ་རང་མདངས་པོ་ཊ་ལར༔ གང་འདུལ་ཐབས་ཀྱིས་འགྲོ་ཀུན་སྐྱོབས༔ ཉོན་མོངས་ནད་ཀྱི་གདུང་བ་སེལ༔ འཕགས་མ་སྒྲོལ་མར་ཕྱག་འཚལ་བསྟོད༔ ཕྲིན་ལས་རོལ་བའི་དཀྱིལ་འཁོར་ནས༔ ཞི་རྒྱས་དབང་དང་དྲག་པོ་ཡི༔ ལས་མཛད་ལྷ་མོ་རྣམ་བཞི་ལ༔ སྒོ་གསུམ་བཏུད་ཏེ་ཕྱག་འཚལ་བསྟོད༔ འགྲོ་ཀུན་འཇིགས་བརྒྱད་ལས་སྐྱོབས་པའི༔ གང་འདུལ་སྤྲུལ་པའི་ཐུགས་ཀྱི་སྲས༔ ཉོན་མོངས་འཇོམས་མཛད་རྒྱལ་བའི་ཡུམ༔ འཇིགས་སྐྱོབས་སྒྲོལ་མ་བརྒྱད་ལ་བསྟོད༔ གཞན་ཡང་མུ་ཁྱུད་ལ་གནས་པའི༔ དམ་ཅན་བཀའ་གཏེར་བསྲུང་མའི་ཚོགས༔ མ་མོ་མཁའ་འགྲོ་སྒོ་སྐྱོང་སོགས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་བསྟོད༔ དེ་ནས་བཤགས་པ་ནི༔ ཧོ༔ རང་བྱུང་འཕགས་མ་སྒྲོལ་མའི་ཚོགས༔ བདག་ནི་བག་ཆགས་དབང་གིས་འཁྲུལ༔ རང་བྱུང་ལྷ་ཁྱོད་ཞལ་མ་མཇལ༔ ད་རེས་རིག་པའི་ལྷ་ཁྱོད་མཇལ༔ སྔར་འདས་མ་ཤེས་ནོངས་པ་ཀུན༔ ཆོས་ཀྱི་དབྱིངས་སུ་བཟོད་པར་གསོལ༔ དེ་ནས་བཟླས་པ་བྱ་བ་ནི༔ འཕགས་མའི་ཐུགས་ཀར་པད་ཟླའི་སྟེང༔ ཡེ་ཤེས་སེམས་དཔའ་ཚོན་གང་བ༔ དེ་ཡི་ཐུགས་ཀར་པད་ཟླའི་དབུས༔ ཉི་དཀྱིལ་སྲན་མ་ཕྱེད་པའི་དཀྱིལ༔ ཐུགས་སྲོག་ཏཾ་ཡིག་ལྗང་གུ་ལས༔ འོད་འཕྲོས་འཕགས་མཆོད་བྱིན་རླབས་བསྡུས༔ སེམས་ཅན་སྒྲིབ་སྦྱང་བདེ་ཆེན་བཀོད༔ འོད་ཟེར་ཚུར་འདུས་རང་ལ་ཐིམ༔ རྒྱལ་བ་ཀུན་གྱིས་དབང་བསྐུར་ཞིང་༔ སྣང་བ་ཐམས་ཅད་སྐུ་དང་ཞིང༔ སྒྲ་གྲགས་སྔགས་ལ་དྲན་རྟོག་ཐུགས༔ ཆོས་ཉིད་ཡེ་ཤེས་རོལ་བར་གྱུར༔ ཨོཾ་ཨརྱ་ཏཱ་རེ་ཏཾ་སྭཱ་ཧཱ༔ ཅི་ནུས་བཟླས༔ ཨེ་མ༔ འདི་ལྟར་རྣལ་འབྱོར་སྟོབས་ཆེན་གྱིས༔ རྗེ་བཙུན་ཨརྱ་ཏཱ་རེ་མ༔ ཐེ་ཚོམ་མེད་པར་གསོལ་འདེབས་བུ༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཚེ་འདིར་ནད་གདོན་བར་ཆད་དང༔ འཇིགས་པ་བརྒྱད་ལས་ཐར་བར་འགྱུར༔ ཚེ་བསོད་རྒྱས་ཤིང་སྣང་སྲིད་ཀུན༔ དབང་འདུ་དགྲ་བགེགས་ཤུགས་ཀྱིས་ཐུལ༔ སྙིང་པོ་བཟླས་པའི་ཕན་ཡོན་ནི༔ བརྒྱ་བཟླས་ནད་གདོན་བར་ཆད་ཞི༔ སྟོང་བཟླས་ལས་ངན་སྡིག་སྒྲིབ་དག༔ ཁྲི་བཟླས་མི་གཡོ་ཏིང་འཛིན་བརྟན༔ ཚེ་གཅིག་སྒྲུབ་ལ་བརྩོན་ནུས་ན༔ ཕུང་པོ་བོར་ནས་མཁའ་སྤྱོད་འགྲོ༔ ས་མ་ཡཱ༔ ལས་བཞིའི་ལྷ་མོའི་བཟླས་པ་ནི༔ ཨརྱ་ཏཱ་རེ་ཏཾ་ཨོཾ་སྭཱ་ཧྲཱིཿཧཱུྃ་ཤནྟིཾ་པུཥྚིཾ་ཝ་ཤཾ་མ་ར་ཡ་ཕཊ༔ ཅི་ནུས་བཟླས༔ འཇིགས་སྐྱོབས་ལྷ་མོ་བརྒྱད་ཀྱི་བཟླས་པ་ནི༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ ཚེ་སྒྲུབ་བྱེད་ན༔ བདག་མདུན་བུམ་པའི་ལྷ་ཚོགས་ཀྱི༔ ཐུགས་ཀར་སྲོག་གི་སྙིང་པོ་ལས༔ འོད་འཕྲོས་རྒྱལ་བ་སྲས་བཅས་མཆོད༔ བྱིན་རླབས་ནུས་མཐུ་ཚེ་ཡི་བཅུད༔ བསྡུས་ནས་རང་ཐིམ་གཟི་འོད་འབར༔ སླར་ཡང་འོད་འཕྲོས་ཕྱི་སྣོད་ཀྱི༔ འབྱུང་བཞིའི་བཅུད་དང་ཚེ་བསོད་སྟོབས༔ འོད་ཀྱི་རྣམས་པར་བསྡུས་ནས་ཐིམ༔ འཆི་མེད་རྡོ་རྗེའི་སྲོག་ཐོབ་གྱུར༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙཱ་ན་ཚེ་བྷྲུཾ་ནྲྀ་ཛ་སརྦ་སིདྡྷི་ཧྲཱི༔ ཕྱི་ནང་སྣོད་བཅུད་ཚེ་དཔལ་དང༔ སྟོབས་དང་སྙན་གྲགས་རྒྱས་པར་འགྱུར༔ ཚེ་ཟད་ཡིན་ཀྱང་ལོ་གསུམ་བསྲིང༔ ཡང་ཟབ་འདི་ལས་ལྷག་པ་མེད༔ ས་མ་ཡཱ༔ དེ་ནས་རྟགས་ཀྱི་རིམ་པ་ནི༔ རབ་ནི་དངོས་སུ་དངོས་ཞལ་སྟོན༔ འབྲིང་ནི་རྨི་ལམ་སྣང་བརྙན་དུ༔ བུད་མེད་མཛེས་པ་རྒྱན་ལྡན་གྱིས༔ དབང་བསྐུར་རིན་ཆེན་སྦྱིན་པ་སོགས༔ དཔག་མེད་བསམ་གྱིས་མི་ཁྱབ་པོ༔ ཐ་མའི་ཉམས་སྣང་བདེ་བ་དང༔ སྒྲུབ་ལ་བག་ཕེབ་གནས་ཁང་དུ༔ འོད་དང་གཟི་བརྗིད་ཆེ་བར་འོང༔ རྟོགས་པ་མཐར་ཕྱིན་རྣལ་འབྱོར་གྱིས༔ སྣང་ཆས་རྟགས་ལ་མི་ལྟོས་ཞིང༔ ལྟ་བའི་ཀློང་དུ་གྲོལ་བར་འགྱུར༔ ས་མ་ཡཱ༔ དེ་ནས་ཐུན་མཐར་ཚེ་འགུགས་ནི༔ ཧྲཱི༔ ཆོས་དབྱིངས་མཐའ་བྲལ་ལྟ་བའི་ཀློང༔ འོག་མིན་པོ་ཊ་ལ་ཡི་ཞིང༔ སྨོན་ལམ་འབྲེལ་བའི་ཡི་དམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ཀྱི༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ རིག་འཛིན་རྣལ་འབྱོར་བདག་ཅག་ལ༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ འབྱུང་ལྔ་འདུས་པའི་ཕུང་པོ་ལ༔ ཆ་མ་སྙོམ་པའི་ནད་གདོན་བགེགས༔ བཞི་བརྒྱ་རྩ་བཞིའི་ནད་ལ་སོགས༔ ཐམས་ཅད་དབྱིངས་སུ་དག་གྱུར་ཅིག༔ ཨོཾ༔ སྐྱེ་མེད་ཡུམ་གྱི་མཁའ་ཀློང་དུ༔ རྗེ་བཙུན་ཨརྱ་ཏཱ་རེ་མ༔ འགྱུར་མེད་སྐུ་ཡི་དཀྱིལ་འཁོར་ནས༔ ལུས་ལ་ཤ་ཡི་ཁམས་ཉམས་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཏཱ༔ བརྗོད་མེད་རང་གསལ་ཡེ་ཤེས་དབྱིངས༔ གྲགས་སྟོང་རང་གྲོལ་སྒྲོལ་མའི་གསུང༔ འགགས་མེད་གསུང་གི་དཀྱིལ་འཁོར་ནས༔ ངག་དང་དབུགས་ཀྱི་ཁམས་ཉམས་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རེ༔ རིག་རྩལ་ཤུགས་འབྱུང་ཀུན་ཤར་ངང༔ འཁྲུལ་མེད་རང་གྲོལ་སྒྲོལ་མའི་ཐུགས༔ སྤྲོས་བྲལ་ཐུགས་ཀྱི་དཀྱིལ་འཁོར་ནས༔ སྲོག་དང་རྣམ་ཤེས་ཁམས་ཉམས་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཏཾ༔ བརྗོད་དུ་མེད་པ་ངོ་མཚར་གནས༔ འགྲོ་བའི་རེ་སྐོང་ཡོན་ཏན་སྟེ༔ ཀུན་འབྱུང་ཡོན་ཏན་དཀྱིལ་འཁོར་ནས༔ ལུས་སྟོབས་གཟི་བརྗིད་ཉམས་པ་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ སྭཱ༔ ཐུགས་རྗེའི་རྩལ་གྱིས་འགྲོ་འདུལ་ཞིང༔ ཞི་རྒྱས་དབང་དྲག་ཕྲིན་ལས་ཏེ༔ དོན་གཉིས་ཕྲིན་ལས་དཀྱིལ་འཁོར་ནས༔ མཐུ་སྟོབས་སྙན་གྲགས་ཉམས་པ་གསོས༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཧཱ༔ དབྱེར་མེད་ཟུང་འཇུག་སྟོང་ཉིད་ངང༔ རང་གསལ་ལྷུན་གྲུབ་ཡེ་ཤེས་ཀློང༔ སྐྱེ་མེད་ཐིག་ལེ་ཉག་གཅིག་ལ༔ ཡེ་ནས་འཇིགས་བྲལ་ཆོས་ཉིད་དབྱིངས༔ གདོད་མའི་དབྱིངས་སུ་ཚེ་སྦས་པས༔ གཟུང་འཛིན་གློ་བུར་བར་ཆད་ཀྱིས༔ མི་ཆོད་མི་ཤིགས་རེ་དོགས་བྲལ༔ ཚེ་དང་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧྲཱི༔ རྒྱས་གདབ་ནི༔ ཧྲཱིཿ ཆོས་དབྱིངས་མཐའ་དང་བྲལ་བའི་ཀློང༔ འགྱུར་མེད་རང་གསལ་ཡེ་ཤེས་ལྔ༔ སྐྱེ་འཆི་འགགས་པ་མེད་པའི་དབྱིངས༔ འཇིགས་མེད་རྡོ་རྗེའི་རྒྱས་གདབ་བོ༔ ཨ་ཡུརྫྙཱ་ན་མ་ཧཱ་པུཥྚིཾ་རཀྵ་རཀྵ་ཧཱུྃ༔ ཡོན་ཏན་བརྗོད་ཀྱི་མི་ལང་ངོ༔ ཚེ་དང་དཔལ་ལ་དབང་འབྱོར་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔ ས་མ་ཡཱ༔ མ་འོངས་སྐལ་ལྡན་ལས་ཅན་དོན༔ པདྨ་ང་ཡིས་བཀོད་ནས་སུ༔ བྲག་དམར་གཡའ་མ་ལུང་ལ་སྦས༔ དུས་བབ་ལས་ལྡན་སུས་སྤྱོད་ནས༔ ཆོས་བདག་འམ༔ མདོ་སྔགས་སུརྱ་ཤྲཱི་ཕ་ལ༔ འཕྲད་ནས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ལོངས་སྤྱོད་ཚོགས་ཀྱི་རིམ་པ་ནི༔ རིན་ཆེན་སྣོད་དུ་ཚོགས་འཁོར་བཤམས༔ དེ་ནས་བྱིན་གྱིས་བརླབ་པ་ནི༔ ཧྲཱི༔ བདག་ཉིད་ལྷ་ཡི་ཏིང་འཛིན་ལས༔ རཾ་ཡཾ་ཁཾ་འཕྲོས་ཚོགས་རྫས་ཀྱི༔ དངོས་འཛིན་རྣམ་རྟོག་བག་ཆགས་ཀུན༔ བསྲེག་གཏོར་བཀྲུས་ནས་བདུད་རྩིར་གྱུར༔ རཾ་ཡཾ་ཁཾ༔ ལན་གསུམ༔ ཧཱུྃ༔ སྐུ་གསུང་ཐུགས་ཀྱི་ས་བོན་ལས༔ དཀར་དམར་མཐིང་གསུམ་འོད་དང་བཅས༔ འཕྲོས་ནས་ཐིམ་པས་ཡེ་ཤེས་ཀྱི༔ ཟག་མེད་བདུད་རྩི་ཆེན་པོར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱིཿ འོག་མིན་ཆོས་དབྱིངས་ཡུམ་གྱི་ཀློང༔ ཀུན་བཟང་ཆོས་སྐུའི་མཁའ་འགྲོ་མ༔ ཀུན་ཏུ་བཟང་མོ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཡེ་ཤེས་འོད་ལྔའི་ཞིང་ཁམས་ནས༔ འགགས་མེད་ལོངས་སྐུའི་མཁའ་འགྲོ་མ༔ རྡོ་རྗེ་ཕག་མོ་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཐུགས་རྗེ་ཀུན་ཁྱབ་ཕོ་བྲང་ནས༔ ཀུན་ཤར་སྤྲུལ་སྐུའི་མཁའ་འགྲོ་མ༔ རྡོ་རྗེ་རྣལ་འབྱོར་འཁོར་དང་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབྱེར་མེད་བདེ་ཆེན་པོ་ཊ་ལར༔ འཕགས་མ་སྒྲོལ་མ་ཏཱ་རེ་མ༔ ལས་མཛད་རིགས་བཞིའི་ལྷ་མོ་དང༔ འཇིགས་སྐྱོབས་བརྒྱད་དང་བསྲུང་མའི་ཚོགས༔ སྒོ་སྐྱོང་སྤྲུལ་པ་ཡང་སྤྲུལ་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དེང་གི་སྒྲུབ་པའི་གནས་མཆོག་འདིར༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབ་ལ༔ ཚོགས་གཏོར་འདི་ལ་བཅུད་ཅིག་སྩོལ༔ མར་མེ་འདི་ལ་མདངས་ཅིག་ཕྱུང༔ དམ་ཚིག་ཉམས་ཆགས་བསྐང་བའི་ཕྱིར༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཨོཾ་ཨརྱ་ཏཱ་རེ་ས་མ་ཡ་ཛཿཛ༔ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ སྐུ་གསུམ་བླ་མ་ཡི་དམ་དང༔ མཁའ་འགྲོ་ཆོས་སྐྱོང་སྤྲུལ་འཁོར་བཅས༔ རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་ལ༔ ལོངས་སྤྱོད་ཚོགས་ཀྱི་མཆོད་པ་འབུལ༔ གྷ་ན་ཙཀྲ་པཱུ་ཛ་ཁཱ་ཧི༔ ཚོགས་བཤགས་ནི༔ ཧྲཱི༔ ཚེ་རབས་སྔོན་གྱི་ཡི་དམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ བཟང་ངན་རྣམ་རྟོག་དབེན་མོད་ཀྱང༔ དམ་ཚིགས་ཉམས་ཆགས་ཚོགས་ཀྱིས་བཤགས༔ བཛྲ་ཨརྱ་ཏཱ་རེ་ས་མ་ཡཱ་ཤུདྡྷེ་ཨ༔ ཐ་མ་བསྒྲལ་ལས་ནི༔ ཧྲཱི༔ མ་རིག་འཁྲུལ་བའི་གཟུང་འཛིན་གྱི༔ རྐྱེན་ལས་བྱུང་བའི་རུ་ཏྲ་ཀུན༔ རྩ་གསུམ་བདེན་པས་རྫས་ལ་ཁུག༔ རྣམ་ཤེས་སྐྱེ་མེད་ཀློང་དུ་བསྟིམ༔ ཕུང་པོ་ཚོགས་ཀྱི་རྒྱན་དུ་རོལ༔ ཡི་དམ་ལྷ་ཡི་ཞལ་དུ་བསྟབས༔ རུ་ཏྲ་སརྦ་ཤ་ཏྲུཾ་མ་ར་ཡ་དགྲ་བགེགས་ཀྱི་ཤ་ཁྲག་རུས་གསུམ་ལ་ཁཱ་ཧི༔ དེ་ནས་ལོངས་སྤྱོད་ཚོགས་ལ་རོལ༔ རྗེས་ལ་ལྷག་མ་བསྔོ་བ་ནི༔ ཧྲཱི༔ དམ་ཅན་ཕོ་ཉ་ཡང་འཁོར་བཅས༔ ལྷག་ལ་དབང་བའི་དྲེགས་ཚོགས་རྣམས༔ དམ་རྫས་ཕ་འབབ་འདི་བཞེས་ལ༔ ལས་བཞིའི་ཕྲིན་ལས་འགྲུབ་པར་མཛོད༔ ཨུཥྩི་ཊ་ལོ་ཀ་པ་ལ་བྷ་ལིང་ཏ་ཁཱ་ཧི༔ དེ་ནས་ཐུགས་དམ་བསྐུལ་བ་ནི༔ ཧྲཱི༔ ཆོས་ཀྱི་དབྱིངས་ནས་སྤྲུལ་པའི་ལྷ༔ རྒྱལ་ཡུམ་སྒྲོལ་མའི་ལྷ་ཚོགས་རྣམས༔ ཐུགས་དམ་བསྐུལ་ལོ་སྐུར་བཞེངས་ཤིག༔ ཐོག་མའི་དུས་ཀྱི་སྨོན་ལམ་དགོངས༔ ཤར་གྲོལ་ལྷུན་འབྱམས་གཏོར་མ་ལོངས༔ ཉོན་མོངས་འཁྲུལ་བའི་དགྲ་བགེགས་རྣམས༔ ཡེ་ཤེས་དབྱིངས་སུ་གྲོལ་བར་མཛོད༔ བཀའ་ཡི་ཆད་མདོ་ནི༔ ཧྲཱི༔ སྔོན་ཚེ་ཐོག་མཐའ་བར་གྱི་དུས༔ རྩོད་ལྡན་སྙིགས་མའི་དུས་ཀྱི་ཚེ༔ ཀུན་བཟང་ཆོས་སྐུ་པད་འབྱུང་གིས༔ དམ་ལ་བཏགས་པའི་བསྲུང་མ་རྣམས༔ ཆད་མདོའི་གཏོར་མ་འདི་བཞེས་ལ༔ བསྟན་པ་དར་ཞིང་རྒྱས་པ་དང༔ འགྲོ་ཀུན་བདེ་ལ་འགོད་པར་མཛོད༔ བསྟན་མ་ནི༔ ཧྲཱི༔ སྔོན་ཚེ་པདྨ་འབྱུང་གནས་ཀྱིས༔ དམ་ལ་བཏགས་པའི་བསྟན་མའི་ཚོགས༔ རྒྱན་གྱི་བྷ་ལིང་འདི་བཞེས་ལ༔ བོད་ཁམས་ཆོས་ཀྱིས་གང་བ་དང༔ བདུད་རིགས་ལྟ་ལོག་ཚར་ཆོད་ལ༔ རབ་འབྱམས་ཕྲིན་ལས་འགྲུབ་ནས་ཀྱང༔ སེམས་ཅན་བདེ་ལ་ཡོངས་བཀོད་ཅིང༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ བྷ་ལིང་ཏ་ཁཱ་ཧི༔ གཏོར་བྲོ་ནི༔ ཧཱུྃ༔ སྐྱེ་མེད་སྤྲོས་བྲལ་ཀློང་ཡངས་སུ༔ རང་གསལ་སྒྱུ་མའི་བྲོ་བརྡུང་བས༔ འཁྲུལ་རྟོག་དགྲ་བགེགས་རང་སར་གྲོལ༔ དག་པ་ཡེ་ཤེས་སར་འགོད་ཤོག༔ མ་ར་ཡ་ནན༔ སྟྭཾ་བྷ་ཡ་ནན༔ དེ་ནས་མཆོད་བསྟོད་གཞུང་ལྟར་བྱས་ལ༔ དངོས་གྲུབ་བསྐུལ་བ་ནི༔ ཧྲཱི༔ ཚེ་རབས་སྔོན་ནས་བརྟེན་པའི་ལྷ༔ རྒྱལ་ཡུམ་འཕགས་མའི་ལྷ་ཚོགས་རྣམས༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནས༔ ཐུན་མོང་མཆོག་གི་དངོས་གྲུབ་རྣམས༔ སྒྲུབ་མཆོག་རིག་འཛིན་བདག་ཅག་གི༔ ལུས་ངག་ཡིད་ལ་སིདྡྷི་ཧོ༔ ནད་གདོན་ཞི་ཞིང་ཚེ་བསོད་རྒྱས༔ ཁམས་གསུམ་དབང་དུ་འདུ་བ་དང༔ ལོག་འདྲེན་དགྲ་བགེགས་ཚར་ཆོད་ལ༔ ལུས་པ་མེད་པའི་དངོས་གྲུབ་སྩོལ༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙཱ་ན་ཀཱ་ཡ་ཝཀྐ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཅེས་དངོས་གྲུབ་རོལ་ལ༔ རྗེས་ཀྱི་རིམ་པ་བསྔོ་བ་ནི༔ ན་མོ༔ འཁོར་གསུམ་ཡོངས་དག་དགེ་རྩ་འདི༔ མཁའ་མཉམ་སེམས་ཅན་དོན་དུ་བསྔོ༔ འགྲོ་བ་གཅིག་ཀྱང་མ་ལུས་པ༔ རྣམ་མཁྱེན་སངས་རྒྱས་སར་འགོད་ཤོག༔ བཀྲ་ཤིས་ནི༔ ཧྲཱི༔ སྒྲུབ་པའི་གནས་མཆོག་དམ་པ་འདིར༔ རྟག་ཏུ་བདེ་ལེགས་དཔལ་འབར་ཞིང༔ ཕུན་ཚོགས་ཆོས་ཀྱིས་རྒྱལ་སྲིད་སྐྱོང༔ དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག༔ ཡིད་བཞིན་བསམ་དོན་ཀུན་འགྲུབ་ཅིང༔ བར་ཆད་སེལ་ཞིང་དངོས་གྲུབ་བརྙེས༔ འཇིགས་བརྒྱད་གདོན་གྱི་འཕྲང་ལས་སྐྱོབས༔ རྗེ་བཙུན་སྒྲོལ་མའི་བཀྲ་ཤིས་ཤོག༔ ཆོས་དབྱིངས་སྤྲོས་བྲལ་ལྟ་བའི་ཀློང༔ གནས་ལུགས་འོད་གསལ་ཡེ་ཤེས་ངང༔ འགགས་མེད་རང་ཤར་ཐུགས་རྗེའི་རྒྱུན༔ ཟུང་འཇུག་གཞི་གྲོལ་བཀྲ་ཤིས་ཤོག༔ དེ་ནས་བསྡུ་རིམ་ནི༔ ཨཱ༔ ཆོས་ཀྱི་དབྱིངས་ནས་སྤྲུལ་པའི་ལྷ༔ རང་སྣང་ངང་དུ་བཛྲ་མུཾ༔ སེམས་ཉིད་ཆོས་སྐུའི་ལྷ་ཞལ་མཇལ༔ ཆད་པའི་མཐའ་བྲལ་སྒྱུ་མའི་ལྷ༔ ཨ་ཨཱ༔ ས་མ་ཡཱ༔ གནས་ལུགས་རྫོགས་པ་ཆེན་པོའི་ངང༔ མ་བཅོས་ལྷུག་པའི་ངང་དུ་བཞག༔ རྟོགས་པ་ཟང་ཐལ་དོན་ཉམས་མྱོང༔ ཀུན་བཟང་ཡུམ་གྱི་ཀློང་དུ་གྲོལ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཅེས་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཟབ་ཆོས་འདི་ཉིད་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གསང་སྔགས་གླིང་པས་བྲག་དམར་གཡའ་མ་ལུང་གི་སྒྲུབ་གནས་བྱ་ཁྱུང་གི་གཤོག་པ་བརྐྱང་པ་འདྲ་བའི་བྲག་གི་ངོས་ནས་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ལྔ་ལ་སྤྱན་དྲངས་པའོ།། སརྦ་མངྒ་ལཾ། དགེའོ༎

ལས་བཞི་ལྷ་མོའི་ཕྲིན་ལས།

སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ལས༔ ལས་བཞི་ལྷ་མོའི་ཕྲིན་ལས་བཞུགས༔ རྗེ་བཙུན་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ༔ དེ་ལ་འདིར་ཞི་རྒྱས་དབང་དྲག་གི་ལྷ་མོ་རྣམ་བཞིའི་ལས་ཚོགས་ཉམས་སུ་ལེན་པ་ལ༔ དང་པོ་སྒྲུབ་པའི་གཞུང་བསྲིང་ཞིང་བསྙེན་བསྒྲུབ་ལ་འབད་ནས་དེའི་རྗེས་སུ་ཕྲིན་ལས་ཀྱི་གཟེར་ཏིག་མདེའུ་ལྟ་བུ་འདི་ལ་བརྩོན་པར་བྱའོ༔ དེ་ནས་དང་པོ་ནི༔ བདག་ཉིད་རྗེ་བཙུན་འཕགས་མའི་ཐུགས་ཀ་ནས༔ འོད་ཟེར་དཀར་པོ་མུ་ཏིག་ཕྲེང་བ་ལྟར༔ འཕྲོས་པས་སྒྲོལ་དཀར་ལྷ་མོའི་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀར་ཨོཾ་ལས་འོད་འཕྲོས་པས༔ བདག་དང་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི༔ ནད་གདོན་སྒྲིབ་གཉིས་བར་ཆད་མ་ལུས་ཀུན༔ སྐད་ཅིག་ཉིད་ལ་སངས་ཀྱིས་དག་པར་བསམ༔ བཟླས་པ་ནི༔ བཛྲ་ཨརྱ་ཏཱ་རེ་ཨོཾ༔ སརྦ་པ་པཾ་ནད་གདོན་བར་ཆད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་ལ་ཕན་ཡོན་ནི༔ ནད་གདོན་བར་ཆད་སྡིག་སྒྲིབ་རྣམས༔ མྱུར་བ་ཉིད་དུ་ཞི་བར་འགྱུར༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ཐོབ་པར་འགྱུར་བ་གདོན་མི་ཟ༔ རྟགས་ནི་ཉམས་དང་རྨི་ལམ་དུ༔ གོས་དཀར་གྱོན་དང་ལུས་བཀྲུ་དང༔ གཅེར་བུར་གར་སྟབས་བསྒྱུར་བ་སོགས༔ སྡིག་སྒྲིབ་དག་པའི་རྟགས་སུ་བསྟན༔ ས་མ་ཡཱ༔ གཉིས་པ་རྒྱས་པའི་ཕྲིན་ལས་ནི༔ བདག་ཉིད་འཕགས་མ་སྒྲོལ་མའི་ཐུགས་ཀ་ནས༔ འོད་ཟེར་སེར་པོ་གསེར་ཕྲེང་བརྒྱུས་པ་ལྟར༔ འཕྲོས་ནས་སྒྲོལ་མ་སེར་མོའི་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀར་སྭ་ལས་འོད་འཕྲོས་པས༔ བདག་དང་སེམས་ཅན་མ་ལུས་ཐམས་ཅད་ཀྱི༔ ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་སྟོབས༔ མྱུར་བ་ཉིད་དུ་འཕེལ་ཞིང་རྒྱས་པར་འགྱུར༔ བཟླས་པ་ནི༔ རཏྣ་ཨརྱ་ཏཱ་རེ་སྭ༔ སརྦ་པུཥྚིཾ་ཚེ་བསོད་དཔལ་འབྱོར་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་ལ་ཕན་ཡོན་ནི༔ ཚེ་དཔལ་ལོངས་སྤྱོད་སྙན་གྲགས་ཀུན༔ བསྒྲུབ་པ་ཙམ་གྱིས་རྒྱས་པར་འགྱུར༔ རྟགས་ནི་ཤིང་ཏོག་རྙེད་པ་དང༔ བུད་མེད་སེར་མོ་རྒྱན་ལྡན་གྱིས༔ རིན་ཆེན་སྦྱིན་སོགས་རྨི་བར་འགྱུར༔ ས་མ་ཡཱ༔ གསུམ་པ་དབང་གི་ཕྲིན་ལས་ནི༔ བདག་ཉིད་འཕགས་མ་སྒྲོལ་མའི་ཐུགས་ཀ་ནས༔ འོད་ཟེར་དམར་པོ་བྱི་རུའི་ཕྲེང་བ་ལྟར༔ འཕྲོས་ནས་སྒྲོལ་མ་རིགས་བྱེད་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་སྲོག་ཏྲི་ལས་འོད་འཕྲོས་པས༔ སྣོད་བཅུད་སྣང་སྲིད་ལྷ་ཀླུ་མི་ལ་སོགས༔ ཚེ་དཔལ་སྟོབས་འབྱོར་སྙན་གྲགས་དབང་ཐང་བཅས༔ ཁབ་ལེན་རྡོ་ཡིས་ལྕགས་ཕྱེ་བསྡུས་པ་ལྟར༔ རབ་དབང་མེད་པར་དབང་དུ་འདུ་བར་བསམ༔ བཟླས་པ་ནི༔ པདྨ་ཨརྱ་ཏཱ་རེ་ཧྲཱིཿ སརྦ་ལོ་ཀ་ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་དང་བཅས་པ་ཝ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ ཅི་ནུས་བཟླས་པའི་ཕན་ཡོན་ནི༔ ཁམས་གསུམ་སྲིད་གསུམ་ལྷ་ཀླུ་མི༔ མཐོང་ཐོས་དྲན་རེག་རང་དབང་དུ༔ མོས་པ་རྣམ་བཞི་འདུ་བར་འགྱུར༔ རྟགས་ནི་བུད་མེད་རྒྱན་ལྡན་དང༔ སྦྱོར་དང་མེ་ཏོག་དམར་པོ་རྙེད༔ གདན་དམར་སྟེང་དུ་སྡོད་པ་སོགས༔ བསམ་གྱིས་མི་ཁྱབ་འབྱུང་བར་འགྱུར༔ ས་མ་ཡཱ༔ བཞི་པ་དྲག་པོའི་ཕྲིན་ལས་ནི༔ བདག་ཉིད་རྗེ་བཙུན་འཕགས་མའི་ཐུགས་ཀ་ནས༔ འོད་ཟེར་མཐིང་ནག་བཻ་ཌཱུར་ཕྲེང་བ་ལྟར༔ འཕྲོས་ནས་དྲག་པོ་སྒྲོལ་མའི་ཐུགས་རྒྱུད་བསྐུལ༔ དེ་ཡི་ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས༔ བྱང་ཆུབ་བར་ཆད་མི་མཐུན་སྡེ་ཚར་བཅད༔ ལོག་འདྲེན་དགྲ་བགེགས་མ་ལུས་གཞོམ་བྱས་ཏེ༔ བར་ཆད་མིང་མེད་ཐལ་བར་བརླག་པར་གྱུར༔ བཟླས་པ་ནི༔ ཀརྨ་ཨརྱ་ཏཱ་རེ་ཧཱུྃ༔ སརྦ་ཤ་ཏྲུཾ་གནོད་བྱེད་དགྲ་བགེགས་ལོག་འདྲེན་ཐམས་ཅད་མ་ར་ཡ་ཕཊ༔ ཅི་ནུས་བཟླས་ལ་ཕན་ཡོན་ནི༔ བྱང་ཆུབ་སྒྲུབ་པའི་བར་ཆད་དང༔ མི་མཐུན་ཕྱོགས་རྣམས་ཐམས་ཅད་ཀུན༔ དྲག་པོའི་ཤུགས་ཀྱིས་ཐུལ་བར་འགྱུར༔ རྟགས་ནི་ཤིང་ཕུང་རྩད་བཅད་དང༔ བུད་མེད་མེ་ཏོག་རྒྱན་ལྡན་གྱིས༔ ཕུར་བུ་ལ་སོགས་སྦྱིན་པ་རྨི༔ རྒྱ་རྒྱ་རྒྱ༔ དེ་ནས་འཇིགས་བརྒྱད་སྐྱོབས་པའི་ལྷ་མོའི་ཕྲིན་ལས་ནི༔ བདག་ཉིད་ཡི་དམ་འཕགས་མའི་ཐུགས་ཀ་ནས༔ འོད་ཟེར་འཕྲོ་འདུས་ཀྱི་དམིགས་པས་སེང་གེ་སོགས་གཅན་གཟན་གྱི་འཇིགས་པ་ལས་སྐྱོབས་པའི་ལྷ་མོའི་ཐུགས་རྒྱུད་བསྐུལ་ནས་སྔགས་འདི་བཟླ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་དུཥྚན་བྷིག་ནན་བྷིག་ནཱ་བཾ་ཧཱུྃ་ཕཊ་སྭཱ་ཧཱ༔ ཆུའི་འཇིགས་པ་ལས་སྐྱོབས་པའི་ལྷ་མོ་ཐུགས་རྒྱུད་སྔར་ལྟར་སྤྲོ་བསྡུས་ཀྱིས་བསྐུལ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་བཾ་བཾ་ཁཾ་ཛྭ་ལ་བྷ་ཡ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཡང་གོང་ལྟར་མེའི་འཇིགས་པ་ལས་སྐྱོབས་པའི་ལྷ་མོའི་ཐུགས་རྒྱུད་དམིགས་བསྐུལ་བྱས་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་རཾ་རཾ་ཛྭ་ལ་བྷ་ཡ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་མཚོན་ཆའི་འཇིགས་སྐྱོབས་ལྷ་མོའི་ཐུགས་སྤྲོ་བསྡུས་བསྐུལ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་སརྦ་ཏིག་ཏིག་རཀྵ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་སྦྲུལ་སོགས་དུག་གི་འཇིགས་སྐྱོབས་ལྷ་མོའི་རྒྱུད་ཀྱང་བསྐུལ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ནི་ར་བི་ཥ་ཙ་ལ་ཧ་ར་ཧ་ར་ཕཊཿསྭཱ་ཧཱ༔ ཅི་ནུས་བཟླ་ཞིང་ཇག་ཆོམ་རྐུན་པོའི་འཇིགས་སྐྱོབས་ལྷ་མོའི་ཐུགས་རྒྱུད་བསྐུལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ཙཽ་ར་བྷནྡྷ་བྷནྡྷ་ཏྲིག་ཐུམ་སྭཱ་ཧཱ༔ ཅི་ནུས་བཟླ༔ གླང་ཆེན་སོགས་ཀྱི་འཇིགས་སྐྱོབས་ལྷ་མོའི་ཐུགས་རྒྱུད་བསྐུལ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ཧཾ་ཧཾ་དུཥྚན་ཧ་ན་ཧ་ན་དྲ་ས་ཡ་ཕཊཿསྭཱ་ཧཱ༔ ཅི་ནུས་བཟླ་ཞིང་ལྕགས་སྒྲོགས་ཀྱི་འཇིགས་སྐྱོབས་ལྷ་མོའི་ཐུགས་རྒྱུད་བསྐུལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྤོ་ཊ་བཾ་བཾ་རཀྵ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་འཇིགས་སྐྱོབས་ལྷ་མོའི་ཐུགས་རྒྱུད་བསྐུལ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་བིགྣན་བཾ་ཕཊ་སྭཱ་ཧཱ༔ ཅི་ནུས་བཟླས༔ འདི་ལས་ཟབ་པ་གཞན་ན་མེད༔ ཕན་ཡོན་བསམ་གྱིས་མི་ཁྱབ་པོ༔ འཇིགས་པ་བརྒྱད་ཀྱི་བར་ཆད་ལས༔ གྲོལ་བར་འགྱུར་བ་གདོན་མི་ཟ༔ སྐལ་ལྡན་བུ་རྣམས་ཉམས་སུ་ལོངས༔ ས་མ་ཡ༔ ཟབ་རྒྱ༔ གཉན་རྒྱ༔ གསང་རྒྱ༔

ལས་བཞི་སྤྱི་ཡི་མན་ངག་གུད་དུ་སྦས་པ།

སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ལས༔ ལས་བཞི་སྤྱི་ཡི་མན་ངག་གུད་དུ་སྦས་པ་བཞུགས༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡུམ༔ འཇིགས་བརྒྱད་བར་ཆད་སེལ་བའི་ལྷ༔ རྒྱལ་ཡུམ་འཕགས་མ་སྒྲོལ་མ་ལ༔ སྒོ་གསུམ་བཏུད་དེ་ཕྱག་འཚལ་ལོ༔ ལས་བཞི་སྤྱི་ཡི་མན་ངག་ནི༔ བཀྲ་ཤིས་བྱིན་ཆགས་དབེན་གནས་སུ༔ དཀྱིལ་འཁོར་མཆོད་རྫས་ཚོགས་པར་བཤམས༔ སྒྲུབ་ཐབས་གཞུང་ལ་བརྩོན་བྱས་ན༔ ལས་བཞིའི་མན་ངག་ཉམས་སུ་ལེན༔ ས་མ་ཡཱ༔ བདག་ཉིད་འཕགས་མ་སྒྲོལ་མར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཞི་བའི་ལས་མཛད་སྒྲོལ་མ་དཀར་མོའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སེམས་ཅན་ཐམས་ཅད་དང༔ ཁྱད་པར་ཆེ་གེ་མོའི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་བསམ་ལ༔ ཞི་བ་སྤྱི་ལ༔ བཛྲ་ཨརྱ་ཏཱ་རེ་ཨོཾ༔ སརྦ་པ་པཾ་བིགྣན་བྷེ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཞི་བ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ལཾ་ལཾ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་ལ༔ དེ་ནས་རླུང་གི་འཇིགས་པ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ཡཾ་ཡཾ་ཙ་ལ་བྷ་ཡ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་ལ༔ དེ་ནས་ནད་རིམ་དམར་བཤལ་སོགས་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་སརྦ་ཛྭ་ར་དུཿཁ་ཚེ་ད་པྲ་ཤ་མ་ན་ཡ་ཕཊ་སྭཱ་ཧཱ༔ ཅི་བསམ་དོན་ཀུན་བསྒྲུབ་པ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ཨརྠ་སིདྡྷི་ཀུ་རུ་ཡེ་ཛུ་ན་ཏི་ར་ཏི་ར་སྭཱ་ཧཱ༔ དབུལ་ཕོང་གི་འཇིགས་པ་ལ༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཛམྦྷ་མོ་ཧ་དྷ་ན་ཡེ་ཧྲིང་ཧྲིང་སྭཱ་ཧཱ༔ ཞི་བའི་ལས་ཚོགས་ཡང་སྙིང་འདི༔ གང་བརྩམ་ཐོགས་པ་མེད་པར་འགྲུབ༔ བདེན་རྫུན་སྒྲུབ་ལ་འབུང་དང་གསལ༔ ཞི་བའི་ལས་འགྲུབ་དངོས་གྲུབ་ཐོབ༔ ས་མ་ཡཱ༔ རྒྱས་པ་ནི༔ བདག་ཉིད་ཡི་དམ་འཕགས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ རྒྱས་པའི་ལས་བྱེད་སྒྲོལ་མ་སེར་མོའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་ཚེ་དང་བསོད་ནམས་དཔལ་དང་འབྱོར་བ་སྙན་པ་དང་གྲགས་པ་ཐམས་ཅད་དང༔ ཁྱད་པར་དུ་ཆོས་ཀྱི་སྟོབས་འབྱོར་ཐམས་ཅད་རྒྱས་པར་བསམ་ལ༔ རྒྱས་པ་སྤྱི་ལ༔ ཨོཾ་རཏྣ་ཨརྱ་ཏཱ་རེ་མ་མ་སརྦ་རཏྣ་སིདྡྷི་ཕ་ལ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཅི་ནུས་བཟླས་ལ༔ ཚེ་རྒྱས་པར་བྱེད་པ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙཱ་ན་སརྦ་སིདྡྷི་ཧཱུྃ༔ ཅི་མང་བཟླས༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་རཏྣ་སརྦ་སིདྡྷི་འདུས་འདུས་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྟོབས་རྒྱས་པར་བྱེད་པ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་ཧཱ་པ་ལ་ཡ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ སྙན་གྲགས་རྒྱས་པར་བྱེད་འདོད་པས༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་བྷག་ཤན་ཨུ་གེ་ནི་སརྦ་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ གདུལ་བྱ་འཁོར་སློབ་སོགས་རྒྱས་པར་འདོད་པས༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ལོ་ཀ་ཛྙཱ་ན་ཚེ་ད་ཡ་དྷ་ར་དྷ་ར་དྷི་རི་དྷི་རི་ཧྲིང་ཧྲིང་ཛ་ཛ་ཛྙཱ་ན་པུཥྚིཾ་ཀུ་རུ་ཨོཾ་སྭཱ་ཧཱ༔ རྒྱས་པའི་ལས་ཚོགས་ཟབ་པའི་གནད༔ ཚེ་བསོད་སྟོབས་འབྱོར་ཡོན་ཏན་ཀུན༔ མྱུར་བ་ཉིད་དུ་རྒྱས་པར་འགྱུར༔ དབུལ་ཕོང་བྲལ་བར་གདོན་མི་ཟ༔ ས་མ་ཡ༔ དབང་ལ༔ བདག་ཉིད་འཕགས་མའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ དབང་གི་ལས་བྱེད་སྒྲོལ་མ་དམར་མོའི་ཐུགས་དམ་གྱི་རྒྱུད་བསྐུལ༔ ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་དང་བཅས་པ་ཐམས་ཅད་དང༔ ཁྱད་པར་མཐོང་ཐོས་དྲན་རེག་མ་ལུས་པ་དབང་དུ་འདུས་པར་བསམ་ལ༔ དབང་སྤྱི་ལ༔ ཨོཾ་སརྦ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ས་མནྟ་ཧྲཱིཿསརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཧྲིང་ཧྲིང་འདུས་འདུས་སྭཱ་ཧཱ༔ ཆོས་སྤྱིའི་འབྱོར་བ་དབང་བསྡུད་ན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་བཛྲ་དྷརྨ་ཧྲིང་ཧྲིང་སརྦ་ལོ་ཀ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཤེས་རབ་བློ་རྣམས་དབང་བསྡུད་ན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་པྲཛྙཱ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཊ་དབང་དུ་བསྡུད་འདོད་ན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཀུ་རུ་ཀུ་ལེ་ཧྲཱིཿ མིང་འཇུག་ལ་ཝ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ རིན་ཆེན་རིགས་དབང་དུ་བསྡུད་ན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་སིདྡྷི་ཝ་ཤཾ་ཀུ་རུ་ཧྲཱིཿསྭཱ་ཧཱ༔ སྟོབས་དབང་དུ་བསྡུད་ན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་བྷགྴན་བྷག་ཤན་སརྦ་སིདྡྷི་ཧ་ཡ་གྷྲི་ཝཱ་ཝ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ དབང་གི་ལས་ཚོགས་ཡང་སྙིང་འདི༔ སྣང་སྲིད་དབང་དུ་འདུ་བར་འགྱུར༔ གང་བརྩམ་རང་དབང་བྲལ་བར་འགུགས༔ ཐེ་ཚོམ་མེད་དོ་ས་མ་ཡཱ༔ དྲག་པོ་ལ༔ བདག་ཉིད་འཕགས་མ་སྒྲོལ་མ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་དྲག་པོའི་ལས་བྱེད་སྒྲོལ་མའི་ཐུགས་དམ་གྱི་རྒྱུད་བསྐུལ་ནས་གནོད་བྱེད་དགྲ་བགེགས་ལོག་འདྲེན་ཐམས་ཅད་དང༔ ཁྱད་པར་བྱང་ཆུབ་སྒྲུབ་པའི་བར་ཆད་མི་མཐུན་པའི་ཕྱོགས་མ་ལུས་པ་རྡུལ་དུ་བརླག་པར་གྱུར་བར་བསམ་ཞིང༔ དྲག་པོ་སྤྱི་ལ༔ ཨོཾ་ཀརྨ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ཎི་ཏྲི་ཤ་ཏྲུཾ་མ་ར་ཡ་ཕཊ༔ གཟུགས་ཅན་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨ་མུ་ཀ་ཎི་མ་ར་ཡ་ཧཱུྃ་ཕཊ༔ གཟུགས་མེད་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ལོ་ཀ་པ་ལ་ཏྲི་མ་ར་ཡ་ཕཊ༔ སེར་བ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་ཏྲི་པྲ་མ་ཤ༔ བྷེ་ར་ན་ཏུ་ཏྲི་ག་རུ་ཊ་ཧཱུྃ་ཕཊ༔ ཐོག་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་སརྦ་ཨེ་ཨེ་མ་ཧཱ་ཧ་ན་བྷ་ཡ་མ་ར་ཡ་ཕཊ་སྭ་ཧཱ༔ མགོ་ནད་དང་ཆམ་རིམས་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨོཾ་ར་མ་ར་ཏྲི་ཡེ་ཕཊ་སྭཱ་ཧཱ༔ བདུད་སྡེ་ཚར་གཅོད་ན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་ཎི་ཤ་དྷ་ཏིཥྞ་ཛྭ་ལ་གརྦྷེ་སྭཱ་ཧཱ༔ ཁྲོ་གཏུམ་གནོད་སེམས་དང་ལྡན་པ་རྣམས་ཁྲོས་པས་འདུལ་བར་འདོད་ན༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཀ་ཏ་བི་ཀ་ཏེ་རོ་ཤ་པྲ་མ་ནི་སྭཱ་ཧཱ༔ གདོན་གདུག་པ་ཅན་འདུལ་བར་འདོད་ན༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ར་ཛ་དུ་རུ་ན་ཤ་ཙ་མ་ཡ་ཨ་ཏྲུཾ་མ་ར་ཡ་ཧཱུྃ་ཕཊ༔ དྲག་པོའི་ལས་ཚོགས་ཡང་སྙིང་འདི༔ ལོག་འདྲེན་དགྲ་བགེགས་མ་ལུས་པ༔ འདི་ཡིས་མི་ཐུབ་གང་ཡང་མེད༔ ཟབ་པའི་མཐར་ཐུག་ཁ་ཐཾ་རྒྱ༔ ས་མ་ཡ༔ ཅེས་རིག་འཛིན་ཆོས་རྒྱལ་གསང་སྔགས་གླིང་པས་བྲག་དམར་གཡའ་མ་ལུང་གི་དབེན་གནས་བྱ་ཁྱུང་གཤོག་བརྐྱངས་འདྲ་བའི་ངོས་ནས་སྤྱན་དྲངས་ཞིང་མེ་གླང་ཧོར་ཟླ་དྲུག་པའི་ཚེས་ལྔ་ལ་བཏོན་པའོ།།

གདོན་འཇོམས་བསྲུང་བའི་འཁོར་ལོ།

སྒྲོལ་འཇིགས་པ་ཀུན་སྐྱོབས་ལས༔ གདོན་འཇོམས་བསྲུང་བའི་འཁོར་ལོ་བཞུགས༔ རྒྱལ་བ་ཀུན་གཙོ་རྡོ་རྗེ་འཛིན༔ རིག་འཛིན་རྣམ་བཞིའི་ས་ལ་གནས༔ ཨོ་རྒྱན་མཁན་པོ་པད་འབྱུང་ལ༔ སྒོ་གསུམ་གུས་པས་བཏུད་ཕྱག་འཚལ༔ གདོན་འཇོམས་བསྲུང་བའི་འཁོར་ལོ་ནི༔ མ་འོངས་སྙིགས་མའི་དུས་བྱུང་ཚེ༔ སྲོག་བདག་གཟའ་ཀླུ་ལ་སོགས་པའི༔ སྡེ་བརྒྱད་མི་མིན་ཟ་ཁ་དར༔ སྐྱེ་འགྲོ་སྲོག་དབུགས་མདངས་འཕྲོག་ཅིང༔ ནད་གདོན་བགེགས་ཀྱི་དབང་དུ་འགྲོ༔ དུས་འདིར་སྐྱོབས་པའི་ཟབ་ཆོས་འདི༔ སྙིང་ལ་ཆོངས་ཤིག་སྐལ་ལྡན་རྣམས༔ སྐྱེས་དམན་ཡེ་ཤེས་མཚོ་རྒྱལ་ངས༔ རང་གཅིག་མ་ཡིན་འགྲོ་ཀུན་དོན༔ སློབ་དཔོན་པདྨ་འབྱུང་གནས་ལ༔ སྒོ་གསུམ་ལོངས་སྤྱོད་ཡོན་ཕུལ་ནས་༔ ཡང་ཡང་ནན་གྱིས་བཏུད་ནས་ཞུས༔ བསྲུང་བའི་འཁོར་ལོ་ཡང་སྙིང་མཆོག༔ མ་འོངས་དོན་དུ་བདག་ལ་གནང༔ འདི་ལ་འབད་པ་ཤིན་ཏུ་གཅེས༔ ས་མ་ཡཱ༔ དེ་ནས་ལག་ལེན་རིམ་པ་ནི༔ སྨན་ཤོག་གཙང་མ་བསང་སེལ་བྱ༔ འཁོར་ལོ་རྩིབས་བརྒྱད་ནང་དབུས་སུ༔ ཏཾ་ཡིག་ལྗང་གུ་དབུ་ཅན་བྲི༔ རྩིབས་བརྒྱད་འདབ་ལ་ཨོཾ་དང་ཧྲཱིཿ ཏཱ་རེ་ཏཾ་སྭཱ་ཧཱ་ཞེས་བྲི༔ དེ་ཕྱིར་འཁོར་ལོ་རྩིབས་བཅུ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ དེའི་ཕྱིར་མུ་ཁྱུད་རིམ་གསུམ་གྱི༔ ནང་མ་ལ༔ ཨརྱ་ཏཱ་རེ་ཏཾཿཨོཾ་སྭཱ་ཧྲཱིཿཧཱུྃ༔ བདག་འཆང་བ་པོའི་ལུས་ངག་ཡིད་གསུམ་ལ་ནད་གདོན་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་སྐྱོབས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ བར་མ་ལ༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨོཾ་སྭཱ་ཧྲཱིཿཧཱུྃ༔ བདག་འཆང་འཆང་བ་པོ་ལ་འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་སོགས། བྱེ་བྲག་ཏུ། མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྒྱལ་བར་གྱུར་ཅིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཕྱི་མ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ༔ འཇིགས་པ་ཐམས་ཅད་དང་བྱེ་བྲག་སྨོས་ལ༔ སྐྱོབས་ཤིག་རཀྵ་རཀྵ་སྭཱ་ཧཱ༔ ཨོཾ་བཛྲ་ཏཱ་རེ་ཏཾ་སྭཱ་ཧཱ༔ འཇིགས་པ་ཐམས་ཅད་དང་ཆེ་གེ་མོ་ལ་སྐྱོབས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཨོཾ་རཏྣ་ཏཱ་རེ་ཏཾ་སྭཱ་ཧཱ༔ འཇིགས་པ་སྤྱི་དང་བྱེ་བྲག་སྨོས་ལ༔ སྐྱོབས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཨོཾ་པདྨ་ཏཱ་རེ་ཏཾ་སྭཱ་ཧཱ༔ འཇིགས་པ་སྤྱི་དང་ཆེ་གེ་མོ་ལ་སྐྱོབས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཨོཾ་ཀརྨ་ཏཱ་རེ་ཏཾ་སྭཱ་ཧཱ༔ འཇིགས་པ་ཐམས་ཅད་དང་བྱེ་བྲག་སྨོས་ལ༔ སྐྱོབས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཨོཾ་སྭཱ་ཧྲཱིཿཧཱུྃ༔ འཇིགས་པ་ཆེན་པོ་བརྒྱད་དང་བཅུ་དྲུག་དང་བྱེ་བྲག་ཏུ་གསོལ་བ་གདབ་ལ༔ སྐྱོབས་ཤིག་རཀྵ་རཀྵ་ཡེ་སྭཱ་ཧཱ༔ དེ་མཐར་མེ་རིའི་ར་བས་བསྐོར༔ ཤིན་ཏུ་ཡང་ཟབ་བཅུད་དྲིལ་འདི༔ འཇིགས་པ་བརྒྱད་དང་བཅུ་དྲུག་སོགས༔ རང་ལ་གནོད་པ་གང་བྱུང་ན༔ འདི་ནི་གདོན་རིགས་ཡོངས་ཀྱི་གཉེན༔ བཞི་བརྒྱ་རྩ་བཞིའི་ནད་ཀྱི་སྨན༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་དུག༔ ཚབ་ཆེན་གདོན་ནི་གང་ཡང་རུང༔ བགེགས་གདོན་མིང་ཀྱང་འཁོར་ལོར་བྲི༔ རབ་གནས་ལེགས་བྱས་སྔགས་ཀྱིས་བརླབ༔ མགུལ་དུ་དྲོད་དང་མི་འབྲལ་འཆིང༔ གདོན་བགེགས་གང་གི་གནོད་པ་ཡང༔ འདི་ཡིས་འཇོམས་པར་ཐེ་ཚོམ་མེད༔ བདེན་རྫུན་ལག་ཏུ་ལོང་དང་གསལ༔ ས་མ་ཡཱ༔ ཞི་བའི་བསྲུང་འཁོར་ནི༔ པདྨ་འདབ་བཞིའི་དབུས་སུ་ཨོཾ༔ འདབ་བཞིར་བཛྲ་ཏཱ་རེ་ཏཾ་སྭཱ་ཧཱ༔ ཤར་དུ་ཏཾ་དང་ལྷོར་བཛྲ༔ ནུབ་ཏུ་ཏཱ་རེ་བྱང་སྭཱ་ཧཱ༔ ཕྱོགས་མདོག་ཚོན་གྱིས་བྲི་བར་བྱ༔ དེ་ཕྱིར་མུ་ཁྱུད་རིམ་པ་གསུམ༔ ནང་མ་ལ༔ ཨོཾ་བཛྲ་ཏཱ་རེ་ཏཾ་སྭཱ་ཧཱ༔ བདག་འཆང་བ་པོ་ལ་ནད་གདོན་སྡིག་སྒྲིབ་བར་ཆད་མི་མཐུན་པའི་ཕྱོགས་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ མུ་ཁྱུད་བར་མ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་བཛྲ་སརྦ་ནད་གདོན་བར་ཆད་ལས་ཉོན་ཤེས་སྒྲིབ་དང་བཅས་པ་ཐམས་ཅད་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱི་མ་ལ༔ ཨོཾ་བཛྲ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ནད་གདོན་བར་ཆད་རྩོམ་པའི་ལྷ་ཀླུ་མི་དང་མི་མ་ཡིན་པ་ར་ཛ་ཨ་ཏྲི་ཙ་ཤ་ན༔ ཡ་མ་ཏུ་རུ་ན་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བདག་འཆང་བ་པོའི་ནད་གདོན་རྐྱེན་ངན་སྤྱི་དང་བྱེ་བྲག་འདོད་དོན་བཅུག་ལ་ཤནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཟབ་རྒྱ༔ རྒྱས་པའི་བསྲུང་འཁོར་ནི༔ འཁོར་ལོ་རྩིབས་བཞིའི་དབུས་སུ༔ སྭ༔ འདབ་བཞིར་རཏྣ་ཏཱ་རེ་ཏཾ་སྭཱ་ཧཱ༔ ཞེས་བྲི༔ དེ་ཕྱིར་མུ་ཁྱུད་རིམ་གསུམ་གྱི༔ ནང་མ་ལ༔ ཨོཾ་རཏྣ་ཏཱ་རེ་ཏཾ་སྭཱ་ཧཱ༔ བདག་འཆང་བ་པོ་ལ་ཚེ་བསོད་དཔལ་འབྱོར་སྙན་གྲགས་སྟོབས་ནུས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ བར་མ་ལ༔ ཨོཾ་རཏྣ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་སིདྡྷི་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་སྟོབས་ནུས་སྙན་གྲགས་ཐམས་ཅད་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱི་མ་ལ༔ ཨོཾ་རཏྣ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཚེ་དང་བསོད་ནམས་སྟོབས་འབྱོར་ཡེ་ཤེས་ཡོན་ཏན་སྙན་གྲགས་ཁ་རྗེ་དབང་ཐང་རླུང་རྟ་ཐམས་ཅད་འཕེལ་བར་གྱུར་ཅིག་པུཥྚིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཤིན་ཏུ་ཟབ་བོ༔ གསང་རྒྱ༔ དབང་གི་བསྲུང་འཁོར་ནི༔ ཟླ་གམ་ལི་ཁྲིའི་བྱུགས་པའི་དབུས་སུ༔ ཧྲཱིཿདང་ནང་གི་རྩིབས་བཞི་ལ༔ པདྨ་ཏཱ་རེ་ཏཾ་སྭཱ་ཧཱ༔ ཞེས་བྲི༔ དེ་ཕྱིར་མུ་ཁྱུད་རིམ་གསུམ་གྱི༔ ནང་མ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་པདྨ་སརྦ་འཆང་བ་པོའི་དབང་དུ་ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་ཐམས་ཅད་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ བར་མ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་པདྨ་སརྦ་ལོ་ཀ་ཆེ་གེ་མོའི་ཁམས་གསུམ་སྲིད་གསུམ་ལྷ་འདྲེ་མི་གསུམ་ཟས་གོས་ནོར་རྫས་ལོངས་སྤྱོད་ཐམས་ཅད་ཝ་ཤང་ཀུ་རུ་ཡེ་སྭཱ་ཧཱ༔ ཕྱི་མ་ལ༔ ཨོཾ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཀུ་རུ་ཀུ་ལེ་ཧྲཱི༔ ཅེས་བྲི༔ ཤིན་ཏུ་ཟབ་བོ༔ ཁམས་གསུམ་མ་ལུས་དབང་དུ་འདུ༔ རྒྱ་རྒྱ་རྒྱ༔ དྲག་པོའི་བསྲུང་འཁོར་ནི༔ འཁོར་ལོ་རྩིབས་བཞིའི་ནང་དབུས་སུ༔ ཧཱུྃ་དང་རྩིབས་བཞིར་ཀརྨ་ཏཱ་རེ་ཏཾ་སྭཱ་ཧཱ༔ ཞེས་བྲི༔ མུ་ཁྱུད་ནང་མ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་ཀརྨ་སརྦ་འཆང་བ་པོ་ལ་གནོད་བྱེད་དགྲ་བགེགས་ལོག་འདྲེན་གཟུགས་ཅན་གཟུགས་མེད་ཀྱི་གནོད་པ་ཐམས་ཅད་མ་ར་ཡ་ཕཊ༔ བར་མ་ལ༔ ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ཤ་ཏྲུཾ་ཆེ་གེ་མོ་ལ་མི་འདོད་རྐྱེན་ངན་སྡང་དགྲ་གདོན་བགེགས་ཀྱི་གནོད་པ་ཐམས་ཅད་མ་ར་ཡ་ཕཊ་སྭཱ་ཧཱ༔ ཕྱི་མ་ལ༔ ཨོཾ་ཀརྨ་ཨརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སརྦ་ཤ་ཏྲུཾ་ཧུར་ཐུམ་ཛཿམ་ར་ཡ༔ བདག་འཆང་བ་པོ་ལ་རྒྱལ་པོ་གཟའ་ཀླུ་བཙན་བདུད་སྲིན་པོ་སོགས་སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གནོད་པ་ཐམས་ཅད་དང་བྱད་ཕུར་གཏད་ཁྲམ་མནན་བསྲེག་འཕང་གསུམ་སོགས་རྦོད་གཏོང་དང་གཟུགས་ཅན་བསམ་ངན་འཆང་བའི་དགྲ་བོ་ཐམས་ཅད་མ་ར་ཡ་ཕཊ༔ རཀྵ་རཀྵ༔ ཞེས་བྲིའོ༔ ས་མ་ཡཱ༔ གཉན་རྒྱ༔ ཟབ་རྒྱ༔ གཏད་རྒྱ༔ དེ་ནས་བསྲུང་བའི་འཁོར་ལོ་ཡི༔ རྫས་ཀྱི་ཡོ་བྱད་བཤད་པར་བྱ༔ ཞི་བའི་བསྲུང་རྫས་བསྟན་པ་ནི༔ དངུལ་དང་དུང་བརྡར་ཕྱེ་མས་བྲི༔ གྷི་ཝཾ་ག་བུར་སླེ་དྲེས་དང༔ སོ་རྩི་ལ་སོགས་རྫས་ཀྱིས་བྱུགས༔ ཞི་བའི་ཉི་མ་དུས་ཚོད་ལ༔ རབ་གནས་ལེགས་བྱས་བཏགས་པར་བྱ༔ ནད་གདོན་རྐྱེན་ངན་བར་ཆད་ཀུན༔ འཆང་བ་ཙམ་གྱིས་ཞི་བར་འགྱུར༔ ས་མ་ཡཱ༔ གཉིས་པ་རྒྱས་པའི་བསྲུང་རྫས་ནི༔ གསེར་དང་དྲི་བཟང་སྨན་སྣས་བྲིས༔ ཨ་རུ་གླ་རྩི་གུར་གུམ་བྱུགས༔ རྒྱས་པའི་ཉི་མ་དུས་ཚོད་ལ༔ རབ་གནས་ལེགས་བྱས་མགུལ་དུ་འཆང༔ ཚེ་བསོད་དཔལ་འབྱོར་གང་འདོད་ཀུན༔ རྒྱས་པར་འགྱུར་བ་གདོན་མི་ཟ༔ ས་མ་ཡཱ༔ གསུམ་པ་དབང་གི་བསྲུང་རྫས་ནི༔ སིནྡྷུ་ར་དང་ལི་ཁྲིས་བྲིས༔ ཙན་དན་ཤུ་དག་སྤོས་ཆུས་བྱུགས༔ དབང་གི་ཉི་མ་དུས་ཚོད་ལ༔ རབ་གནས་ལེགས་བྱས་བཏགས་པར་བྱ༔ མཐོང་ཐོས་དབང་དུ་འདུ་བ་ལ༔ གཉིས་འཛིན་མེད་དོ་ས་མ་ཡཱ༔ བཞི་པ་དྲག་པོའི་བསྲུང་རྫས་ནི༔ མཐིང་ཤོག་ངོས་ལ་ལྕགས་དང་ནི༔ སྣག་ཚས་བྲིས་ལ་གུ་གུལ་བྱུགས༔ དྲག་པོའི་ཉི་མ་དུས་ཚོད་ལ༔ རབ་གནས་ལེགས་བྱས་འཆང་བར་བྱ༔ དགྲ་གདོན་གང་གི་གནོད་པས་ཀྱང༔ འདི་འཆང་དུས་ལ་མ་བབ་བར༔ བར་ཆད་རྐྱེན་གྱིས་རྒོལ་མི་ནུས༔ ས་མ་ཡཱ༔ ཟབ་བོ༔ དགེའོ།།

གཏེར་བསྲུང་ཆེན་པོའི་མཆོད་ཕྲིན།

སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ལས༔ གཏེར་བསྲུང་ཆེན་པོའི་མཆོད་ཕྲིན་བཞུགས༔ གཏེར་བསྲུང་རྡོ་རྗེ་ལེགས་པ་ཡི༔ མཆོད་ཐབས་ཉམས་སུ་ལེན་པ་ནི༔ རིན་ཆེན་སྣོད་དུ་བཤོས་བུ་ནི༔ མཁར་ཐབས་ར་མགོས་མཚན་ཅན་གྱི༔ མཐའ་བསྐོར་བཤོས་བུ་བཅུ་གཉིས་བསྐོར༔ རང་ཉིད་ཡི་དམ་ཏིང་འཛིན་གྱིས༔ གཏེར་བསྲུང་འཁོར་བཅས་མདུན་དུ་བསྐྱེད༔ ས་མ་ཡཱ༔ ཀྱཻ༔ ཕྱག་ན་རྡོ་རྗེའི་བཀའ་ཉན་པ༔ རིག་འཛིན་ཡོངས་ཀྱི་འབངས་གཅིག་པུ༔ སྒྲོལ་གིང་རྡོ་རྗེ་ལེགས་པ་ནི༔ དམར་ནག་རབ་ཁྲོས་འཇིགས་པའི་གཟུགས༔ རྡོ་རྗེ་དགྲ་སྙིང་མདུང་དམར་བསྣམས༔ སགས་ཞུ་ལྕགས་ལྷྭམ་བེར་སྨུག་གསོལ༔ རྩལ་ཆེན་སེང་གེའི་སྟེང་ན་འགྱིང༔ བསྟན་མ་བཅུ་གཉིས་འཁོར་གྱིས་བསྐོར༔ གནས་གསུམ་འོད་ཟེར་རབ་འཕྲོས་པས༔ ནུབ་ཕྱོགས་གཙང་གི་འོ་ཡུག་ནས༔ དམ་ཚིག་དབང་གིས་སྤྱན་དྲངས་གྱུར༔ ཧཱུྃ༔ པདྨ་འབྱུང་གནས་སྤྱན་སྔ་རུ༔ དམ་ལ་བཏགས་པའི་དགྲ་ལྷའི་རྒྱལ༔ རྡོ་རྗེ་ལེགས་པ་འཁོར་དང་བཅས༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དགྱེས་པར་བཞུགས་ལ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་འདོད་ཡོན་གྱིས༔ དམ་ཅན་འཁོར་བཅས་ཐུགས་དམ་བསྐང༔ བརྩེ་བར་དགོངས་ཏེ་བཞེས་སུ་གསོལ༔ ཨོཾ་བཛྲ་ཨརྒྷཾ༴སོགས། ཤཔྟ་པྲ་ཏིཚྪ་སྭཱ་ཧཱ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི༔ མ་ཧཱ་རཀྟ་ཁཱ་ཧི༔ ཨོཾ་བཛྲ་ས་དྷུ་ས་མ་ཡཱ་བྷག་ཏྲཾ་ཤི་ནི་པྲ་ས་པཱ་རི་ཝ་ར་ཨེ་དམ་བྷ་ལིང་ཏ་ཁཱ་ཧི༔ བསྟོད་པ་ནི༔ ཀྱཻ༔ འོ་ཡུག་ཤིང་གི་གནས་མཆོག་ན༔ རྡོ་རྗེ་འཛིན་པའི་བཀའ་ཉན་པ༔ ཆོས་སྐྱོང་ཡོངས་ཀྱི་རྗེ་བོ་སྟེ༔ དམ་ཅན་འཁོར་དང་བཅས་ལ་བསྟོད༔ སངས་རྒྱས་བསྟན་པ་ཁྱོད་ཀྱིས་སྲུངས༔ དཀོན་མཆོག་དབུ་འཕང་ཁྱོད་ཀྱིས་བསྟོད༔ རྣལ་འབྱོར་སྐུ་དགྲ་ཁྱོད་ཀྱིས་སྒྲོལ༔ དགོངས་མཛོད་བསྟན་པ་ཕྱོགས་བཅུར་སྤེལ༔ ཚད་དུ་བཙུག་པའི་དགྲ་དང་བགེགས༔ ཐལ་བ་རྡུལ་ཕྲན་བཞིན་དུ་རློགས༔ བཅོལ་པའི་ཕྲིན་ལས་འགྲུབ་པར་མཛོད༔ ས་མ་ཡཱ༔ སྐྱེས་མཆོག་རྡོ་རྗེ་ལེགས་པ་ཡི༔ དགོས་སྒྲུབ་འདི་ལ་བརྩོན་ཅིག་བུ༔ ཕྱི་རབས་རྣལ་འབྱོར་སྐྱེས་བུ་རྣམས༔ འདི་ལ་སྒྲུབ་པ་བརྩོན་ནུས་ན༔ འཇམ་ནོན་ཆེ་ཞིང་ཕྲག་དོག་ཆུང༔ གང་བཅོལ་ལས་རྣམས་འགྲུབ་པར་འགྱུར༔ རྣོ་མྱུར་གནམ་ལྕགས་ཐོག་དང་མཚུངས༔ བདེན་རྫུན་མཆོད་སྒྲུབ་བརྩོན་དང་གསལ༔ ས་མ་ཡཱ༔ ཟབ་རྒྱ༔ གཉན་རྒྱ༔ གཏད་རྒྱ༔ ཅེས་རིག་འཛིན་གསང་སྔགས་གླིང་པས་བྲག་དམར་གཡའ་མ་ལུང་ནས་གདན་དྲངས་པའོ༎

གསོལ་འདེབས་བར་ཆད་འཕྲང་སྒྲོལ།

སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ལས༔ གསོལ་འདེབས་བར་ཆད་འཕྲང་སྒྲོལ་བཞུགས༔ ན་མོ་ཨརྱ་ཏཱ་ར་ཡེ༔ སྐྱེ་མེད་སྤྲོས་བྲལ་ཀུན་བཟང་མོ༔ འགགས་མེད་རྡོ་རྗེ་ཕག་མོ་ཡུམ༔ རིས་སུ་ཆད་མེད་སྤྲུལ་པའི་སྐུ༔ དབྱེར་མེད་འཕགས་མ་སྒྲོལ་མར་འདུད༔ རྗེ་བཙུན་འཕགས་མ་སྒྲོལ་མ་ཡི༔ གསོལ་འདེབས་བར་ཆད་འཕྲང་སྒྲོལ་འདི༔ མཚོ་རྒྱལ་མ་སྤེལ་བརྡར་ཐོབ་ལ༔ བྲག་དམར་གཡའ་མ་ལུང་གི་གནས༔ ཁྱུང་གཤོག་བརྐྱངས་འདྲའི་བྲག་ལ་སྦོས༔ དུས་བབས་ལས་ལྡན་སྐྱེས་བུ་ལ༔ འཕྲད་ནས་འགྲོ་དོན་མཐར་ཕྱིན་ཤོག༔ ས་མ་ཡཱ༔ གང་གིས་ཉམས་སུ་ལེན་པ་ཡི༔ རང་ལུས་འཁོར་ལོ་ལྔ་ལྡན་གྱི༔ ཙིཏྟ་གེ་སར་བཞད་པའི་དབུས༔ ཏཱ་རེ་ལྷ་ལྔའི་མཐའ་བསྐོར་དུ༔ འཇིགས་སྐྱོབས་བརྒྱད་ཀྱིས་བསྐོར་བར་བསྒོམ༔ རང་རིག་དབྱེར་མེད་ཤེས་པར་བྱ༔ བདག་གཅིག་མ་ཡིན་མཁའ་མཉམ་འགྲོ༔ འཇིགས་ཆེན་སྡུག་བསྔལ་རྣམ་པ་དྲུག༔ གནས་སྐབས་བར་ཆད་འཇིགས་པ་བརྒྱད༔ ཕྱི་ཡི་འཇིགས་པ་འབྱུང་བ་ལྔ༔ ནང་གི་འཇིགས་པ་ཉོན་མོངས་ལྔ༔ གསང་བའི་འཇིགས་པ་མ་རིག་འཁྲུལ༔ དོན་གྱི་འཇིགས་པ་རྟག་ཆད་གཉིས༔ སྤྱི་མཐུན་འཇིགས་པ་སྣ་ཚོགས་ལས༔ སྒྲོལ་ཕྱིར་ཁྱེད་ཤེས་སྐྱབས་འགྲོ་དང༔ ཐེག་ཆེན་སེམས་བསྐྱེད་སྔོན་འགྲོ་ཞིང༔ ཡེངས་མེད་བསམ་གཏན་གདེངས་ལྡན་པའི་༔ ཉམས་ལེན་གཅིག་དྲིལ་འདི་ལ་བརྩོན༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གདོད་མའི་ཆོས་དབྱིངས་མཁའ་ཁྱབ་ཕོ་བྲང་ནས༔ ཀུན་བཟང་ཆོས་སྐུའི་མཁའ་འགྲོ་རྗེ་བཙུན་མ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ལྟ་བའི་འཇིགས་པ་མ་རིག་འཁྲུལ་རྟོག་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ དུག་ལྔ་གནས་དག་ཡེ་ཤེས་འོད་ལྔའི་ཞིང༔ རིགས་ལྔ་ལོངས་སྐུའི་མཁའ་འགྲོ་ཏཱ་རེ་མ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ བསྒོམ་པའི་འཇིགས་པ་རྟག་ཆད་ལྟ་ངན་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གང་འདུལ་ཐབས་མངའ་ཐུགས་རྗེ་སྤྲུལ་པའི་ཞིང༔ ཐབས་མཁས་སྤྲུལ་སྐུའི་མཁའ་འགྲོ་འཕགས་མ་རྗེ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ སྤྱོད་པའི་འཇིགས་པ་མི་མཐུན་བསམ་སྦྱོར་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཆོས་དབྱིངས་བརྗོད་མེད་སྤྲོས་བྲལ་ཕོ་བྲང་ནས༔ ཀུན་གཞི་རང་རིག་དུས་གསུམ་རྒྱལ་བའི་ཡུམ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ གཞི་ཡི་འཇིགས་པ་སྒྲིབ་གཉིས་བག་ཆགས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ རང་གསལ་ཡེ་ཤེས་ལྔ་ལྡན་ཕོ་བྲང་དུ༔ སྒྱུ་མའི་རང་མདངས་འཕགས་མ་སྒྲོལ་མ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ལམ་གྱི་འཇིགས་པ་ལོག་པའི་གོལ་ས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ འཁོར་འདས་གཞི་ཐོག་གཅིག་གྲོལ་གདོད་མའི་ས༔ རང་བྱུང་རིག་པ་རྗེན་མཐོང་སྒྲོལ་མཛད་ཡུམ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ འབྲས་བུའི་འཇིགས་པ་གཟུང་འཛིན་སྣང་ཆ་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ འོག་མིན་བདེ་ཆེན་པོ་ཊ་ལ་ཡི་ཞིང༔ འཇིགས་པ་ཀུན་སྐྱོབས་འཕགས་མ་སྒྲོལ་མ་ལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ འཇིགས་ཆེན་འཁོར་བ་རིགས་དྲུག་སྡུག་བསྔལ་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གནས་སྐབས་མཐར་ཐུག་རྣམ་ཀུན་འགྲོ་བའི་སྐྱབས༔ དུས་གསུམ་རྒྱལ་བ་ཀུན་ཡུམ་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ འཇིགས་པ་ཆེན་པོ་བརྒྱད་ཀྱི་འཕྲང་ལས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཀུན་ཁྱབ་ནམ་མཁའ་ས་ཆུ་མེ་རླུང་རྣམས༔ ཡུམ་ལྔའི་ཀློང་དུ་དབང་བསྒྱུར་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ཕྱི་ཡི་འཇིགས་པ་འབྱུང་ལྔའི་གཡོས་ལང་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཀུན་གསལ་ཡེ་ཤེས་འོད་ལྔའི་རྩལ་ཤར་བའི༔ རིགས་ལྔ་རྒྱལ་བའི་ཡུམ་མཆོག་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ནང་གི་འཇིགས་པ་དུག་ལྔའི་སྟོབས་ཤུགས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཆོས་ཉིད་དབྱིངས་ལས་སྒྱུ་འཕྲུལ་དྲྭ་བའི་གར༔ ཐུགས་རྗེ་སྤྲུལ་སྐུའི་གཉེན་གཅིག་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ གསང་བའི་འཇིགས་པ་རྨུག་འཐིབ་བྱིང་རྒོད་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ སེམས་ཉིད་ཆོས་དབྱིངས་སྤྲོས་པའི་མཐའ་བྲལ་ངང་༔ དོན་དམ་མ་བཅོས་ངོ་བོ་འཕགས་མ་སྒྲོལ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ དོན་གྱི་འཇིགས་པ་མཐའ་གཉིས་ལམ་གོལ་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ནད་གདོན་བར་ཆད་འཇིགས་པ་ཀུན་ཞི་བའི༔ མེ་ལོང་ཡེ་ཤེས་རྩལ་ཤར་སྒྲོལ་མ་དཀར༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ བདེ་བའི་འཇིགས་པ་ནད་གདོན་བར་ཆད་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཕུན་ཚོགས་འཕགས་པའི་ནོར་བདུན་གྱིས་ཕྱུག་པའི༔ མཉམ་ཉིད་ཡེ་ཤེས་ཟློས་གར་སྒྲོལ་མ་སེར༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ བསོད་ནམས་འཇིགས་པ་སེར་སྣའི་འཆིང་བ་གྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ སངས་རྒྱས་སེམས་ཅན་གཉིས་མེད་དགོངས་པར་བསྡུས༔ སོར་རྟོག་ཡེ་ཤེས་རོལ་རྩལ་སྒྲོལ་མ་དམར༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ གང་འདུལ་འཇིགས་པ་དབང་དུ་མ་གྱུར་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཐབས་མཁས་སྒོ་ནས་གདུལ་དཀའ་མ་རུང་འདུལ༔ བྱ་གྲུབ་ཡེ་ཤེས་སྒྱུ་འཕྲུལ་སྒྲོལ་མ་སྔོ༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ལོག་པའི་བསམ་སྦྱོར་འཆིང་བའི་དགྲ་བགེགས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ འཕགས་མ་སྒྲོལ་མའི་སྣང་སྟོང་ཡེ་ཤེས་འཕྲུལ༔ འཇིགས་ཀུན་སྐྱོབས་པའི་ལས་མཛད་ལྷ་མོ་བརྒྱད༔ གསོལ་བ་འདེབས་སོ་བྱིན་རླབས་ཐུགས་རྗེའི་མཐུས༔ ཉེར་འཚེའི་འཇིགས་པ་བརྒྱད་དང་བཅུ་དྲུག་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ གཞན་ཡང་སྡང་བར་བྱེད་པའི་གཟུགས་ཅན་དགྲ༔ གནོད་པར་སེམས་པའི་ཕྲ་རགས་འབྱུང་པོ་བགེགས༔ སྤྱི་མཐུན་འཇིགས་པ་གང་ཡང་རུང་བ་རྣམས༔ འཕགས་མ་སྒྲོལ་མའི་ཐུགས་རྗེའི་ཤུགས་ཀྱིས་སྒྲོལ༔ ན་མོ་ཨཱརྱ་ཛྙཱ་ན་ཏཱ་ར་སརྦ་སིདྡྷི་ཏཱཾ༔ ཨཱརྱ་ཏཱ་རེ་ལྷ་ལྔ་འཇིགས་སྐྱོབས་བརྒྱད༔ གསོལ་བ་འདེབས་སོ་བརྩེ་ཆེན་སྤྱན་གྱིས་གཟིགས༔ ཐུགས་རྗེའི་ཤུགས་ཕྱུང་བདག་སོགས་འགྲོ་བ་ཀུན༔ སྐྱིད་སྡུག་རེ་ལྟོས་གཞན་ན་ཡོད་མིན་པས༔ བྱམས་པའི་ཡུམ་གྱུར་འཕགས་མ་སྒྲོལ་མ་མཁྱེན༔ གནས་སྐབས་མཐར་ཐུག་དུས་དང་རྣམ་ཀུན་ཏུ༔ སྐྱབས་ཀྱི་མཆོག་གྱུར་ཨཱརྱ་ཏཱ་རེ་མ༔ ཁ་ཞེ་མེད་པར་སྙིང་ཁུང་རུས་གཏིང་ནས༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ བདག་གི་སྒོ་གསུམ་ལོངས་སྤྱོད་བཅས་པ་རྣམས༔ རྣམ་མང་དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ༔ ཕང་བའི་སེམས་དང་འཛིན་པ་མེད་པས་འབུལ༔ ཉེ་བར་དགོངས་ཏེ་ཐུགས་རྗེ་ཆེན་པོས་བཞེས༔ ཚེ་རབས་ཐོག་མེད་དུས་ནས་བསགས་པ་ཡི༔ དུག་ལྔའི་དབང་སོང་སྒྲིབ་གཉིས་སྡིག་ལྟུང་ཀུན༔ རྒྱལ་བའི་ཡུམ་གྱུར་ཁྱེད་ཀྱི་སྤྱན་སྔ་རུ༔ ད་ལྟ་བཤགས་ཤིང་ཕྱིན་ཆད་བསྡོམས་པར་བགྱིད༔ དུས་གསུམ་རྒྱལ་ཀུན་འཕགས་མ་ཁྱེད་ཀྱི་སྲས༔ འགྲོ་བ་ཀུན་ལ་བུ་གཅིག་མ་ལྟར་བྱམས༔ སེམས་ཅན་སྡུག་བསྔལ་འཇིགས་ཀུན་ཁྱོད་སྒྲོལ་བས༔ བདག་ནི་དགའ་བ་ཆེན་པོས་རྗེས་ཡི་རང༔ འཕགས་མ་ཁྱེད་ནི་སྐུ་གསུམ་བདག་ཉིད་དེ༔ སླར་ཡང་སྙིགས་མའི་འགྲོ་ཀུན་རྗེས་འཛིན་ཕྱིར༔ སྤྲུལ་པ་བྱེ་བ་ཕྲག་བརྒྱར་འཇིག་རྟེན་ཁམས༔ རྟག་ཏུ་འབྱོན་ཞིང་ཆོས་འཁོར་བསྐོར་བར་བསྐུལ༔ ཁྱོད་ནི་མ་རྟོགས་སྣང་ཆས་ཡེ་ཤེས་ལྷ༔ ཡང་དག་རྟོགས་ན་ཐིག་ལེ་གཅིག་ལ་རྫོགས༔ གཞན་ལས་མ་བྱུང་ཉི་དང་ཟེར་བཞིན་སྟེ༔ རང་རིག་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ༔ བྱང་སེམས་དགྲ་བཅོམ་རྫོགས་པའི་སངས་རྒྱས་རྣམས༔ སྔ་རབས་འབྱོན་དང་ཕྱིས་འབྱུང་ད་ལྟ་བཞུགས༔ ཇི་ལྟར་བསྔོས་བཞིན་དུས་གསུམ་དགེ་ཚོགས་རྣམས༔ ཕ་མཐའ་ཡོངས་བྲལ་གདོད་མའི་ཀློང་དུ་བསྔོ༔ བདག་ནི་དུས་ངན་ཐ་མའི་འཇིག་རྟེན་འདིར༔ ལས་དབང་བཙན་པའི་སྟོབས་ཀྱིས་སྐྱེས་ནའང༔ སངས་རྒྱས་མཛད་དཀའ་བྱང་ཆུབ་སྤྱོད་དཀའ་རྣམས༔ སེམས་བསྐྱེད་སྟོབས་སྨིན་ཡང་དག་འགྲུབ་པར་ཤོག༔ བདག་ནི་དེང་བཟུང་སྙིང་པོ་མཆིས་ཀྱི་བར༔ བྱང་ཆུབ་སེམས་དཔའ་མི་འཇིགས་སྦྱིན་པ་ལྟར༔ བདེ་བས་འཚོ་བའི་དཔལ་ལ་དབང་འབྱོར་ཏེ༔ འགྲོ་ཀུན་ཅི་འདོད་དགའ་བའི་ལོངས་སྤྱོད་ཀྱི༔ སྦྱིན་པའི་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ མ་རིག་གཉིད་སངས་བློ་གྲོས་མ་རྒྱས་བར༔ བདག་ནི་བྱང་སེམས་བྱམས་པ་མགོན་པོ་ལྟར༔ ཁྲེལ་དང་བག་ཡོད་ངོ་ཚ་རབ་ཤེས་ཤིང༔ འགྲོ་ཀུན་འཆལ་བ་མེད་པའི་ཁྲིམས་ཀྱིས་འཚོ༔ ཚུལ་ཁྲིམས་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ བདག་ནི་རྣམ་མཁྱེན་དེ་བཞིན་མ་གཤེགས་བར༔ བྱང་ཆུབ་སེམས་དཔའ་སྙིང་རྗེ་ཆེན་པོ་ལྟར༔ སྡུག་བསྔལ་སྒོས་ཁུར་བདེ་བས་འགྲོ་ཀུན་སྒྲོལ༔ བཟོད་པའི་ ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ བདག་ནི་དགྲ་བཅོམ་ཡང་དག་མ་རྫོགས་བར༔ བྱང་ཆུབ་སེམས་དཔའ་ཐུགས་བསྐྱེད་མཐའ་ཡས་ལྟར༔ དོན་གཉིས་སྒྲུབ་ལ་ཞུམ་པ་མེད་པའི་བློས༔ བརྩོན་འགྲུས་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ རྣམ་པ་ཀུན་མཁྱེན་གོ་འཕང་མ་ཐོབ་བར༔ བདག་ནི་བྱང་སེམས་ཀུན་ཏུ་བཟང་པོ་ལྟར༔ གཡོ་མེད་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས༔ བསམ་གཏན་ ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ བདག་ནི་རྫོགས་པའི་སངས་རྒྱས་མ་ཐོབ་བར༔ བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུ་ལྟར༔ བློ་གྲོས་ཕུན་སུམ་ཚོགས་པའི་སྒོ་ཕྱེ་སྟེ༔ དོན་དམ་ཆོས་ཀྱི་འཁོར་ལོས་འགྲོ་ཀུན་སྨིན༔ ཤེས་རབ་ཕ་རོལ་ཕྱིན་པ་ཐོབ་པར་ཤོག༔ མངོན་པར་བྱང་ཆུབ་བདེ་བར་མ་གཤེགས་བར༔ བདག་ནི་བྱང་སེམས་མཐུ་ཆེན་ཐོབ་པ་ལྟར༔ མ་བྱམས་བུ་ལ་བརྩེ་བཞིན་འགྲོ་ཀུན་སྐྱོངས༔ ཚད་མེད་བྱམས་པ་ཆེན་པོ་ཐོབ་པར་ཤོག༔ བདག་ནི་བདེ་ཆེན་ས་ལ་མ་བཞག་བར༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དབང་ལྟར༔ ཐུགས་བསྐྱེད་རྒྱ་ཆེ་གཏིང་དཔག་དཀའ་བ་ཡི༔ ཚད་མེད་སྙིང་རྗེ་ཆེན་པོ་ཐོབ་པར་ཤོག༔ རྫོགས་ཆེན་གཞི་ཡི་གནས་ལུགས་མ་རྟོགས་བར༔ བདག་ནི་བྱང་སེམས་དྲི་མེད་སྣང་བ་ལྟར༔ འགྲོ་ཀུན་དབང་ཕྱུག་སྤྲོ་བ་བསྐྱེད་པ་དང༔ ཚད་མེད་དགའ་བ་ཆེན་པོ་ཐོབ་པར་ཤོག༔ བདག་ནི་གདོད་མའི་བཙན་ས་མ་ཟིན་བར༔ བྱང་ཆུབ་སེམས་དཔའ་རྒྱལ་ཀུན་སྤྱི་མེས་ལྟར༔ ཉེ་རིང་ཆགས་སྡང་གཉིས་དང་བྲལ་བ་ཡི༔ ཚད་མེད་བཏང་སྙོམ་ཆེན་པོ་ཐོབ་པར་ཤོག༔ དེང་བཟུང་འབྲས་བུ་ཁོང་དུ་མ་ཆུབ་བར༔ བདག་ལ་སྐྱབས་དང་རེ་ས་གཞན་མེད་པས༔ རྒྱལ་ཡུམ་འཕགས་མ་ཁྱེད་ཀྱི་ཐུགས་རྗེ་ཡིས༔ འདི་ཕྱི་བར་དོ་ངན་འགྲོའི་གཡང་ས་སྒྲོལ༔ ལྔ་བརྒྱའི་འགྲོ་བ་སྡུག་བསྔལ་གྱིས་མནར་ཚེ༔ ཁྱེད་ཀྱི་ཐུགས་རྗེའི་ལྕགས་ཀྱུས་མ་འདྲེན་ན༔ ལས་ཀྱི་འཕྲོ་སྦྱངས་འབྲས་བུ་ཐོབ་པའི་ཚེ༔ ཐུགས་རྗེ་ཅི་མངའ་དོན་འབྲས་མི་ཆུང་ངམ༔ དུས་གསུམ་རྒྱལ་ཡུམ་འཕགས་མ་སྒྲོལ་མ་རྗེ༔ ལྷང་ལྷང་གསོལ་བ་འདེབས་པའི་གང་ཟག་ལ༔ ཐུགས་རྗེ་མྱུར་བའི་ལྕགས་ཀྱུ་རྣོན་པོ་ཡིས༔ མ་གྱུར་འགྲོ་ཀུན་པོ་ཊ་ལ་རུ་དྲོངས༔ འཕགས་མ་ལྷ་མོ་སྒྲོལ་མ་འཁོར་བཅས་ལ༔ འདི་ལྟར་རྩེ་གཅིག་གསོལ་བ་བཏབ་པའི་མཐུས༔ ཚེ་འདིར་བསམ་དོན་མཐའ་དག་མྱུར་འགྲུབ་ཅིང༔ མཐར་ཐུག་འཇའ་ལུས་རྡོ་རྗེའི་སྐུ་བརྙེས་ཤོག༔ རྒྱལ་ཡུམ་ཁྱེད་ཀྱི་ཞལ་ཕྱག་སྐུ་ཚེ་དང༔ འཁོར་དང་གདུལ་བྱ་མཛད་ཕྲིན་ཅི་འདྲ་བ༔ དེ་ཉིད་ཇི་ལྟ་བ་བཞིན་བདག་འགྱུར་ཞིང༔ འགྲོ་ཀུན་ཡེ་རྫོགས་ཐིག་ལེའི་སར་འགོད་ཤོག༔ ཕྱི་ལྟར་སྐྱེ་མེད་ཆོས་སྐུ་ཀུན་བཟང་མོ༔ ནང་ལྟར་འགགས་མེད་རྡོ་རྗེ་ཕག་མོ་ཡུམ༔ གསང་བ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ༔ དབྱེར་མེད་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ ཨེ་མ་མངའ་བདག་རྗེ་དང་བཻ་རོ་གཙོས༔ སྣོད་ལྡན་འདིར་ཚོགས་ཐམས་ཅད་ཉོན༔ རྒྱལ་ཀུན་བསྐྱེད་ཡུམ་སྒྲོལ་མ་ཡི༔ གསོལ་འདེབས་ཆད་འཕྲང་སྒྲོལ་འདི༔ ཟབ་པའི་མཐར་ཐུག་ཡིན་རེ་ཀན༔ དུས་ནི་སྙིགས་མ་ལྔ་བདོའི་དུས༔ མི་རྣམས་ཉོན་མོངས་ལས་ལ་སྤྱོད༔ དམ་པའི་ཆོས་ཀྱི་བྱིན་རླབས་ཉམས༔ བཙུན་པ་དམ་ཚིག་ཁྲེལ་མེད་དང༔ སྔགས་པ་སྨྱོན་སྤྱོད་གཏེར་རྫུན་དང༔ བུད་མེད་སྤོབས་ཆེ་སྙིང་རླུང་ཅན༔ ལྷ་བདུད་འདྲེ་མོའི་སྤྲུལ་པས་གང༔ མི་མིན་ནག་ཕྱོགས་ཟ་ཁ་དར༔ དཀར་ཕྱོགས་སྐྱོངས་བའི་ལྷ་རྣམས་རྒུད༔ ལྟ་སྒོམ་སྤྱོད་འབྲས་ཚུལ་བཞིན་དུ༔ སྒྲུབ་པའི་རྣལ་འབྱོར་ཉིན་སྐར་ཙམ༔ ཕྱི་སྣོད་འབྱུང་བའི་བཅུད་ཀྱང་ཉམས༔ སྐྱེ་འགྲོ་སེམས་ཅན་བསོད་ནམས་རྒུད༔ ནད་མཚོན་མུ་གེའི་བསྐལ་བ་འབྱུང༔ དུས་དེར་སྐྱོབས་པའི་ཟབ་ཆོས་འདི༔ རྒྱ་ལྔས་ཐོབ་ལ་གཏེར་དུ་སྦོས༔ ནམ་ཞིག་དུས་ཀྱི་ཐ་མ་ལ༔ སྦས་ཡུལ་ལྷོ་ཁམས་རཱུ་སང་དར༔ མདོ་སྔགས་བདེ་དང་དོན་མི་འགྱུར༔ གསང་སྔགས་ལམ་སྟོན་ཞེས་གྲགས་པའི༔ ཁྱད་འཕགས་གླིང་པ་རྣམ་ལྔ་འབྱུང༔ ལས་དང་སྨོན་ལམ་སྐལ་ལྡན་པའི༔ འདི་ལྔ་གང་རུང་ཞིག་གིས་འབྱིན༔ འགྲོ་དོན་མཐའ་རུ་ཕྱིན་པར་འགྱུར༔ ས་མ་ཡཱ༔ སྦས་རྒྱ༔ ཟབ་རྒྱ༔ གཉན་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ཁ་ཐམ༔ ཙིཏྟ་ལ་གུ་ཧྱ༔

བསྐང་བཤགས་ཉམས་ཆགས་རང་གྲོལ།

སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ལས༔ བསྐང་བཤགས་ཉམས་ཆགས་རང་གྲོལ་བཞུགས༔ གུ་རུ་ཨཱརྱ་ཏཱ་ར་ན་མོ༔ སྨྲ་བསམ་བརྗོད་པ་མེད་པའི་དབྱིངས༔ རྒྱལ་ཀུན་བསྐྱེད་ཡུམ་ཀུན་བཟང་མོ༔ རྗེ་བཙུན་འཕགས་མ་སྒྲོལ་མ་ལ༔ དོན་དམ་ལྟ་བའི་ཕྱག་ཀྱང་འཚལ༔ བསྐང་བཤགས་ཉམས་ཆགས་རང་གྲོལ་འདི༔ མ་འོངས་འགྲོ་བའི་དོན་གྱི་ཕྱིར༔ རིག་པའི་བུ་ཆུང་པད་འབྱུང་ངས༔ སྐྱེ་མེད་དབྱིངས་ཀྱི་ཡུམ་ཆེན་མོའི༔ སྒྲུབ་ཐབས་ཉམས་ལེན་གང་ཟག་གི༔ ཉམས་ཆགས་བསྐང་དང་གསོ་བ་དང༔ བཤགས་ཅིང་ཉེས་སྤྱོད་བསྡོམ་འདོད་ན༔ དབེན་པའི་གནས་སུ་ཡོ་བྱད་བསགས༔ དཀྱིལ་འཁོར་མཚན་ལྡན་གཞུང་ལྟར་བྲི༔ ཆོ་གའི་ཆ་ལག་ཚང་བྱས་ནས༔ འདི་ལ་འབད་པ་ཤིན་ཏུ་གཅེས༔ ས་མ་ཡཱ༔ ཧྲཱིཿ པོ་ཊ་ལ་ཡི་གནས་མཆོག་ནས༔ ཏཱ་རེ་ལྷ་མོ་སྒྲོལ་མཛད་ཡུམ༔ ལས་མཛད་རིགས་བཞིའི་ལྷ་མོ་དང༔ འཇིགས་སྐྱོབས་བརྒྱད་དང་བསྲུང་མའི་ཚོགས༔ སྒོ་སྐྱོང་སྤྲུལ་པ་ཡང་སྤྲུལ་བཅས༔ ཐུགས་དམ་བསྐང་ཕྱིར་གཤེགས་སུ་གསོལ༔ དགྱེས་པར་བཞུགས་ལ་གུས་ཕྱག་འཚལ༔ ཕྱི་ནང་གསང་བ་ཡང་གསང་གི༔ དངོས་འབྱོར་ཡིད་སྤྲུལ་མཆོད་པའི་ཚོགས༔ བདག་པོས་བཟུང་དང་མ་བཟུང་ཀུན༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ གསང་བ་གསུམ་གྱི་དངོས་གྲུབ་སྩོལ༔ ཨོཾ༔ ཐུགས་དམ་བསྐང་བའི་དམ་རྫས་ནི༔ མེ་ཏོག་བདུག་སྤོས་སྣང་གསལ་དྲི༔ ཞལ་ཟས་རོལ་མོ་སྨན་རཀ་གཏོར༔ ཕྱི་ནང་མཆོད་པས་ཐུགས་དམ་བསྐང༔ ཏཱ༔ སྙིང་རྗེ་ཐབས་ཀྱི་རྡོ་རྗེ་ཡིས༔ ཤེས་རབ་ཡུམ་གྱི་མཁའ་གསང་དུ༔ སྣང་སྟོང་ཕྱག་རྒྱའི་བདེ་བ་ཆེ༔ ཏ་ན་མཆོད་པས་ཐུགས་དམ་བསྐང༔ རེ༔ སྒྲོལ་བྱ་གཟུང་འཛིན་མ་རིག་པ༔ སྒྲོལ་བྱེད་རིག་པའི་མཚོན་ཆེན་གྱིས༔ མཉམ་ཉིད་ཡེ་ཤེས་ཀློང་དུ་བསྒྲལ༔ ག་ན་མཆོད་པས་ཐུགས་དམ་ཐུགས་དམ་བསྐང༔ ཏཱཾ༔ བསྐང་བྱ་རིག་རྩལ་ཡེ་ཤེས་ལྷ༔ བསྐང་བྱེད་རང་རིག་རྒྱལ་བའི་ཡུམ༔ ཡེ་རྫོགས་ཐིག་ལེའི་ཀློང་དུ་བསྐང༔ གཉིས་འཛིན་རྟོག་གྲོལ་ཐུགས་དམ་བསྐང༔ སྭཱ༔ གྲོལ་བྱ་མ་རིག་བག་ཆགས་དང༔ གྲོལ་བྱེད་རང་བྱུང་ཆོས་ཀྱི་སྐུ༔ བརྗོད་མེད་མཐའ་བྲལ་ཀློང་དུ་གྲོལ༔ འཁྲུལ་ཞིག་རང་ཤར་ཐུགས་དམ་བསྐང༔ ཧཱ༔ རང་རིག་སོ་མ་ཏཱ་རེ་མ༔ མདངས་རྩལ་ཡེ་ཤེས་ཆེན་པོ་འཕྲུལ༔ སྒྲོལ་མ་རིགས་བཞི་འཇིགས་སྐྱོབས་བརྒྱད༔ ཀུན་ཀྱང་རིག་རྩལ་ཆོ་འཕྲུལ་ཏེ༔ རང་ངོར་གྲོལ་བས་ཐུགས་དམ་བསྐང༔ བཤགས་པ་ནི༔ ཨོཾ༔ བསམ་བརྗོད་མཐའ་བྲལ་ཡེ་ཤེས་དབྱིངས༔ དོན་དམ་རང་བྱུང་ཀུན་བཟང་མོར༔ སེམས་ཉིད་ཆོས་སྐུར་མ་ཤེས་པས༔ མ་རིག་རྟོག་པས་འཁྲུལ་བ་བཤགས༔ ཏཱ༔ རང་གསལ་ཡེ་ཤེས་ལྔ་ཡི་ཀློང༔ འགགས་མེད་རྡོ་རྗེ་ཕག་མོ་ལ༔ གསལ་བ་ལོངས་སྐུར་མ་རྟོགས་པས༔ བག་ཆགས་འཐིབ་པོའི་དབང་སོང་བཤགས༔ རེ༔ ཆོ་འཕྲུལ་ཅིར་ཡང་འཆར་བའི་ངང༔ སྤྲུལ་བསྒྱུར་རྡོ་རྗེ་རྣལ་འབྱོར་མར༔ གང་ཤར་སྤྲུལ་སྐུར་མ་རྟོགས་པས༔ ཉོན་མོངས་འཛིན་པས་བཅིང་བ་བཤགས༔ ཏཾ༔ རྟོགས་ན་སྐུ་གསུམ་སེམས་སུ་འདུས༔ མ་རྟོགས་གཉིས་འཛིན་སྒྲོག་གིས་བསྡམས༔ རང་བྱུང་དཀྱིལ་འཁོར་འཕགས་མའི་ཚོགས༔ ཐ་དད་གཞན་དུ་བཟུང་བ་བཤགས༔ སྭཱ༔ བཤགས་བྱ་ཉོན་མོངས་འཁྲུལ་པའི་ལས༔ བཤགས་བྱེད་སེམས་ཉིད་སྐུ་གསུམ་ལྷ༔ མངོན་སུམ་རང་ངོ་ཤེས་པ་ཡི༔ སྔར་འདས་མ་ཤེས་ནོངས་པ་བཤགས༔ ཧཱ༔ དེ་སྔོན་མ་རིག་རྨོངས་པས་བསྒྲིབ༔ ད་ནི་འཁོར་འདས་ཆོས་རྣམས་ཀུན༔ སེམས་ཉིད་ཆོས་སྐུའི་མཁའ་ཀློང་དུ༔ བཤགས་བྱ་བཤགས་བྱེད་མེད་པར་གྲོལ༔ ས་མ་ཡཱ༔ འདི་ནི་དོན་དམ་བཤགས་པ་སྟེ༔ བསྐལ་པ་འབུམ་གྱི་སྡིག་ལྟུང་ཀྱང༔ འདི་ཡིས་བཤགས་པར་ཐེ་ཚོམ་མེད༔ སྐལ་ལྡན་བུ་རྣམས་ཉམས་སུ་ལོངས༔ དམ་མེད་ལག་ཏུ་ཤོར་ར་རེ༔ བཀའ་གཏེར་བསྲུང་མས་རྒྱ་སྡོམ་ཤིག༔ ད་ལྟ་མ་སྤེལ་ལོ་ཆེན་ཁྱོད༔ རིན་ཆེན་ས་ཡི་གཏེར་དུ་སྦོས༔ ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔

མཚམས་སྦྱོར་འཆི་མེད་ལམ་བཟང་བགྲོད་པའི་ཤིང་རྟ་བཟང་པོ།

༄༅། སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་སྐོར་ལས༔ མཚམས་སྦྱོར་འཆི་མེད་ལམ་བཟང་བགྲོད་པའི་ཤིང་རྟ་བཟང་པོ་ཞེས་བྱ་བ་བཞུགས་སོ།།

༄༅། སྐུ་གསུམ་དགོངས་པའི་ལྷ་ལམ་ནས། །གང་འདུལ་ཕྲིན་ལས་འོད་སྟོང་གཟིས། །གདུལ་བྱའི་བློ་གྲོས་མུན་སེལ་བ། །གསང་སྔགས་གླིང་པ་དེ་ལ་འདུད། །གང་གི་ཕྲིན་ལས་ཟབ་མོའི་གཏེར། །གསུང་རབ་རྒྱ་མཚོའི་བཅུད་བསྡུས་པ། །འཇིགས་སྐྱོབས་འཕགས་མའི་ཚེ་དབང་གི། །མཚམས་སྦྱོར་ཉུང་གསལ་བརྗོད་ལ་སྤྲོ། །དེ་ཡང་དཀྱིལ་འཁོར་གྱི་མདུན་དུ་ཚེ་བུམ། ཚེ་རིལ། ཚེ་ཆང་། མདའ་དར་ཚེ་གཏོར་སོགས་བཤམས་ལ། ལས་གཞུང་བསྲང་མཐར། ཚེ་བསྙེན་གྲངས་ལྡན་དུ་བསགས་རྗེས། ཚེ་བུམ་ལ་དམིགས་ཏེ། ཧྲཱི༔ སྣོད་བཅུད་མི་དམིགས་སྟོང་པའི་ངང་། །བྷྲཱུཾ་ལས་རིན་ཆེན་བུམ་པ་ནི། །ཚད་དང་མཚན་ཉིད་ཀུན་རྫོགས་དབུས། །སྣ་ཚོགས་བཅུད་ཀྱིས་གཏམས་པའི་སྟེང་། །ལྷུན་གྲུབ་གཡུ་ལོ་བཀོད་པའི་ཞིང་། །དཔལ་ཡོན་བཀོད་པ་ཕུན་སུམ་ཚོགས། །དེ་དབུས་རང་བྱུང་གཞལ་མེད་ཁང་། །བརྡ་དོན་རྟགས་གསུམ་ཡོངས་རྫོགས་ནང་། །ཏཱཾཿལྗང་འཕྲོ་འདུ་ཡོངས་གྱུར་ལས། །སྐུ་གསུམ་བདེ་གཤེགས་མ་ལུས་པའི། །ཕྲིན་ལས་ཨཱརྱ་ཏཱ་རེ་མ། །རྒྱན་དང་ཆ་ལུགས་མ་འདྲེས་རྫོགས། །སྤྱི་བོར་འཕགས་མཆོག་སྤྱན་རས་གཟིགས། །རིགས་ཀྱི་བདག་པོ་སྣང་མཐའ་ཡས། །ལས་སྒྲུབ་འཇིགས་སྐྱོབས་སྒོ་སྲུང་ལྷ། །མ་འདྲེས་ཆུ་ཟླ་ལྟ་བུར་གསལ། ཨོཾ་ཨཱརྱ་ཏཱ་རེ་བཛྲ་ས་མ་ཡ་ཛ༔ ཞེས་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོ༔ ཞེས་གཉིས་སུ་མེད་པར་བསྟིམ། བཛྲ་ས་མ་ཡ་ཏིཥྛ་ལྷན་གྱིས་གདན་ཕུལ། ན་མོ་པུ་རུ་ཤ་ཡ་ཧོ་ཞེས་ཕྱག་བྱས་ནས། ཨོཾ་བཛྲ་ཨརྒྷཾ་སོགས་ནས་ཤཔྟ་ཨ་མྲྀ་ཏ་རཀྟ་བྷ་ལིང་ཏ་གུ་ཧྱ་པཱུ་ཛ་ཧོ། ཞེས་མཆོད། པོ་ཊ་ལ་ཡི་གནས༴སོགས། སྒྲོལ་མ་འཁོར་དང་བཅས་ལ་བསྟོད། ཅེས་བསྟོད་ནས། ཐུགས་སྲོག་སྔགས་ལས་འོད་ཟེར་འཕྲོས། །བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །སྐུ་ལས་ཡེ་ཤེས་བདུད་རྩིའི་རྒྱུན། །བབ་པས་བུམ་པ་གང་བར་དམིགས། ཚེ་སྒྲུབ་ཀྱི་བཟླས་པ་ཅི་ནུས་བྱ། ཚེ་རྫས་གཞན་རྣམས་ལ་དམིགས་ཏེ། ཧྲཱིཿ ཐམས་ཅད་སྟོང་པའི་ངང་ཉིད་ལས། །རྫས་རྣམས་འཕགས་མའི་རྣམ་པར་གསལ། །བདག་མདུན་བུམ་པའི་ལྷ་རྣམས་ཀྱི། །ཐུགས་ཀའི་འོད་ཀྱི་སྤྲོ་བསྡུ་ཡིས། །འཁོར་འདས་ཀུན་གྱི་ཚེ་བཅུད་བསྡུས། །ལྷ་ཚོགས་ཀུན་ཀྱང་བདུད་རྩིར་ཞུ། །ཚེ་ཡི་རྫས་རྣམས་ཀུན་ལ་ཐིམ། །འཆི་མེད་འགྲུབ་པའི་རྫས་སུ་གྱུར།། ཞེས་བསམ་རྩ་སྔགས་མང་དུ་བཟླ། ཐུན་མཐར་མཆོད་བསྟོད་བྱས་ལ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ལ། ལྷ་ཚོགས་བདེ་སྟོང་བདུད་རྩིར་ཞུ། །བུམ་པའི་བཅུད་དང་གཉིས་མེད་གྱུར།། ཞེས་བསམ་ལ། ཧྲཱིཿ ཚེ་རབས་སྔོན་ནས་བརྟེན་པའི་ལྷ༔ སོགས་ཀྱིས་དབང་དང་དངོས་གྲུབ་བླངས། ལས་བུམ་ལ་དམིགས་ཏེ། ཧྲཱིཿ དམིགས་མེད་ངང་ནས་དྲན་རྫོགས་སུ། །ལས་བུམ་བཅུད་དབུས་པད་ཉིའི་སྟེང་། །དབང་ཆེན་རྟ་མགྲིན་སྐུ་མདོག་དམར། །རལ་གྲི་གཡས་ལ་ཞགས་པ་གཡོན། །ཡེ་ཤེས་མེ་ཀློང་འདོར་སྟབས་བཞུགས། །ཁྲོ་ཆས་ཡོངས་སུ་རྫོགས་པར་གསལ། །དམ་ཚིག་ཡེ་ཤེས་གཉིས་སུ་མེད། །སྐུ་ལས་དག་བྱེད་བདུད་རྩིའི་རྒྱུན། །བབ་པས་བུམ་པ་ལྟེམས་ཀྱིས་གང་།། ཨོཾ་ཧྱཱ་གྷྲྀ་ཝ་ཧཱུྃ་ཕཊ༔ བརྒྱ་རྩ་བཟླ། ཨོཾ་ཨཱཿཧཱུྃ་གིས་མཆོད་ཡོན་ཕུལ་ནས། བུམ་ལྷ་བདུད་རྩིར་ཞུ་ནས་ཐིམ། །བུམ་ཆུ་དག་བྱེད་མཆོག་ཏུ་གྱུར།། ཡིག་བརྒྱ་ལན་གསུམ་གྱིས་བརྟན་པར་བྱའོ། །དབང་དངོས་ལ་ཐོག་མར་ཁྲུས་ནི། ཇི་ལྟར་བལྟམས་པ་ཙམ༴སོགས། ཁྲུས་བགྱིའོ།། ཡིག་བརྒྱ་བརྗོད། བགེགས་གཏོར། རཾ་ཡཾ་ཁཾ་གིས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཟབ་ཅིང་རྒྱ་ཆེ་བར་འབྲུ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་བགེགས་ཀྱི་གཏོར་མ་ཁ་ཏོག་དྲི་རོ་བཅུད་དང་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པར་གྱུར་བར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བྱིན་གྱིས་བརླབས་ནས། ཨོཾ་སརྦ་བྷུ་ཏ་ཨ་ཀར་ཤ་ཡ་ཛ་ཛཿས་བགེགས་རྣམས་དགུག ཨོཾ་སརྦ་བྷིགྷྣན༴སོགས་ལན་གསུམ་གྱིས་ཞི་སྦྱང་དང་། སུམ་བྷ་ནི་ལན་གསུམ་གྱིས་ཞི་དྲག་ཕྱེད་མ་དང་། རང་ཉིད་སྐད་ཅིག་གིས་རྒྱལ་ཡུམ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཁྲོས་མ་ནག་མོ་ཁྲོ་གཏུམ་བཟོད་པར་དཀའ་བ་བསྐལ་པའི་མེ་ལྟར་འབར་བའི་སྐུར་གྱུར་བར་བསམ་ལ། ཧཱུྃ། ང་ནི་ཁྲོས་མ་ནག་མོའི་སྐུ༔ སྣང་སྲིད་སྟོང་པ་ཡུམ་གྱི་ཀློང༔ གཟུང་འཛིན་རྣམ་རྟོག་འཁྲུལ་བའི་གདོན༔ ཆོས་ཀྱི་དབྱིངས་སུ་མཚམས་བཅད་དོ༔ ན་མོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རང་བཞིན་གྱི་རྣམ་པར་དག་པའི་བདེན་པ་དང་། ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་དུ་འཕགས་མ་སྒྲོལ་མའི་ལྷ་ཚོགས་སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། དེང་འདིར་སློབ་མ་རྣམས་ལ་དབང་གི་ཡེ་ཤེས་བསྐྱེད་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་ཚོགས་ལོག་པར་འདྲེན་པ་ཐམས་ཅད་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་བྱིན་པ་འདིས་ཚིམ་པར་གྱིས་ལ་དགའ་བདེ་བྱང་ཆུབ་ཀྱི་སེམས་དང་ལྡན་པས་གཞན་དུ་དེངས་ཤིག གལ་ཏེ་མི་འགྲོ་ན་ཡེ་ཤེས་ཀྱི་མཚོན་ཆ་མེ་དཔུང་འབར་བས་མགོ་བོ་ཚལ་བ་བརྒྱར་འགས་ཤིང་ལུས་དུམ་བུ་སྟོང་དུ་གཏུབ་པར་གདོན་མི་ཟའོ།། ཨོཾ་ཛྙ་ན་ཊཱཀྐི་ནི་ཀྲོ་ཏི་ཀ་ལི་བཾ་ཧ་རི་ནི་ས་ཧཱུྃ་ཕཊ་ཧཱུྃ་ཧཱུྃ། སརྦ་བྷིགྣན་ཨུ་ཙ་ཏ་ཡ་ཕཊ། ཅེས་དང་། ཧཱུྃ་བཞིའི་སྔགས་བརྗོད་ཅིང་ཐུན་ཡུངས་གིས་བསྐྲད་པ་དྲག་པོའི་སྦྱང་བའོ།། བསྲུང་འཁོར་ནི། ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། ཞེས་བརྗོད་པས་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ཁྲོ་མཚོན་མེ་དཔུང་གི་གུར་ཁང་ཡངས་ཤིང་རྒྱ་ཆེ་བས་བསྐོར་ནས་ཅིས་ཀྱང་མི་ཤིགས་པར་གྱུར་པའི་མོས་པ་མཛོད། བྱས་ལ་མེ་ཏོག་བཀྱེ་བསྡུ་བྱ། དེ་ནས་བླ་མས། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སྐུ་གསུམ་འོད་སྣང་མཐའ་ཡས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་རབ་འབྱམས་རྒྱལ་བ་མ་ལུས་པའི་ཡུམ་གཅིག་རྗེ་བཙུན་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་མཆོག་ཟབ་མོ་ཞུ་སྙམ་པའི་ཐུགས་བསྐྱེད་དང་བཅས་ཏེ་གསན་འཚལ། གང་གསན་པར་བྱ་བའི་ཆོས་དེ་ཡང་སྟོན་པ་རྫོགས་པའི་སངས་རྒྱས་གདུལ་བྱ་སྣ་ཚོགས་འདུལ་བའི་ཐབས་ལ་མཁས་ཤིང་ཐུགས་རྗེ་དང་ཕྲིན་ལས་དཔག་ཏུ་མེད་པ་མངའ་བ་དེ་ཉིད་ཀྱིས་མཐའ་ཡས་པའི་འགྲོ་བ་རྣམས་ཀྱི་ཁམས་དང་བསམ་པ་དང་དབང་པོའི་ཁྱད་པར་ལ་དགོངས་ནས་ཐེག་པའི་བྱེ་བྲག་དང་། ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་ཞིག་བཀའ་བསྩལ་བ་དེ་རྣམས་རེ་རེ་ལ་ཡང་། ཞལ་ནས་གསུངས་པའི་བཀའ་མ། རྗེས་སུ་གནང་བའི་གཏེར་མ། བྱིན་གྱིས་བརླབས་པའི་དག་སྣང་མ་སྟེ། ལམ་ཟབ་མོ་སྐོར་ཚོ་གསུམ་དུ་བཞུགས་པ་ལས། དེང་སྐབས་ཀྱི་ཆོས་ཚུལ་འདི་ཉིད་ཟབ་མོ་གཏེར་གྱི་ཆོས་སྡེ་ལས་བྱུང་བ་ཡིན། དེ་ལའང་སྤྱིར་དངོས་གཏེར་དང་། དགོངས་པའི་གཏེར་གཉིས་ལས། བྱེ་བྲག་ཏུ་གཏེར་རིགས་བཅོ་བརྒྱད་ཀྱི་གྲངས་སུ་ཕྱེས་པའི་རེ་རེ་ལའང་རྒྱུད་དང་ཐེག་པའི་གོང་འོག བསྐྱེད་རྫོགས་དང་དགོངས་པའི་ཁྱད་པར། ཚིག་གི་ཚོགས་ཀྱི་རྒྱས་བསྡུས་སོགས་ཀྱི་བྱེ་བྲག་བརྗོད་ཀྱིས་མི་ལང་བ་རེ་མཆིས་མོད་ཀྱང་། འདིར་ད་ལམ་གྱི་ཆོས་དང་གང་ཟག་གི་ལོ་རྒྱུས་མདོ་ཙམ་བརྗོད་ན། སྔོན་དུས་གསུམ་གྱི་རྒྱལ་བ་མ་ལུས་པའི་མཁྱེན་གཉིས་ཡེ་ཤེས་ཀྱི་རང་གཟུགས་རྗེ་བཙུན་འཇམ་པའི་དབྱངས་མི་ཡི་རྣམ་པར་སྣང་བ། ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཚངས་པ་ལྷ་ཡི་མེ་ཏོག་ཅེས་བྱ་བའི་ཐུགས་བསྐྱེད་སྨོན་ལམ་དག་པའི་བཀའ་དྲིན་གྱིས་སྟོན་མཆོག་བུ་རམ་ཤིང་པའི་དབང་པོ་དོན་ཐམས་ཅད་གྲུབ་པ་དང་ཞལ་མི་གཉིས་པ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་དང་། ཟ་ཧོར་གྱི་མཁན་ཆེན་ཞི་བ་འཚོ་དང་། ཁ་ཆེའི་པཎ་ཆེན་བཱི་མ་མི་ཏྲ་སོགས་མཁས་ཤིང་གྲུབ་པ་བརྙེས་པའི་པཎྚི་ཏ་ཆེན་པོ་བརྒྱ་རྩ་བརྒྱད་བསིལ་ལྡན་བོད་ཀྱི་ལྗོངས་འདིར་གདན་དྲངས་ཤིང་། དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་མཐའ་འདུལ་ཡང་འདུལ་དང་བཅས་པའི་རྟེན་བརྟེན་པ་ཡོངས་སུ་རྫོགས་པ་གྲུབ། སྤྲུལ་པའི་ལོ་པཎ་རྣམས་ཀྱིས་རྒྱ་གར་འཕགས་པའི་ཡུལ་ན་བཞུགས་ཚོགས་ཆེ་བའི་མདོ་སྔགས་ཀྱི་ཆོས་ཚུལ་མ་ལུས་པ་བསྒྱུར་ཞིང་གཏན་ལ་ཕབས། བླ་ན་མེད་པའི་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བས། བོད་ཀྱི་རྒྱལ་ཁམས་ཐམས་ཅད་དཀར་པོར་མཛད། སྒྲུབ་པ་ཉམས་ལེན་ལ་འབད་པས་རྗེ་འབངས་ཉེར་ལྔ་སོགས་ཀྱིས་སྒྲུབ་འབྲས་མཐའ་རུ་ཕྱིན་ཅིང་ཡི་དམ་གྱི་ལྷ་དང་དགོངས་པ་མཉམ་པར་གྱུར་པའི་ནང་ཚན་ལས། ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ཡེ་གདོད་མ་ནས་སྐུ་གསུམ་ལྷུན་གྲུབ་ཏུ་བཞུགས་ཀྱང་། བསྟན་པ་དང་སེམས་ཅན་གྱི་དོན་ལ་དགོངས་ཤིང་། ཆོས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བྱིན་གྱིས་བརླབས། ལོངས་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་དབང་བསྐུར། སྤྲུལ་སྐུའི་སངས་རྒྱས་ཐམས་ཅད་ཀྱིས་བཀའ་བགྲོས་མཛད་ནས་མཁྱེན་བརྩེ་ནུས་པའི་སྤྱི་གཟུགས་སུ་གྲུབ་པའི་སློབ་དཔོན་མཆོག་གི་སྐུར་སྤྲུལ་པ་ཡིན་མོད་ཀྱང་། གདུལ་བྱའི་མཐུན་སྣང་ལ་འཕགས་ཡུལ་གྱི་པཎ་གྲུབ་དུ་མའི་ཞལ་སྔ་ནས་འཕགས་མ་སྒྲོལ་མའི་རྒྱུད་དང་སྒྲུབ་ཐབས་དབང་དང་མན་ངག་དཔག་ཏུ་མེད་པ་ལ་སོགས་ཟབ་ཅིང་རྒྱ་ཆེ་བའི་ཆོས་ཀྱི་མཛོད་ཆེན་པོ་བསམ་གྱིས་མི་ཁྱབ་པ་གསན་ཅིང་ཐུགས་ཉམས་སུ་བཞེས། དུར་ཁྲོད་ཆེན་པོ་བརྒྱད་དང་། རི་བོ་ཏ་ལའི་བྱང་ཤར་མ་ར་ཏི་ཀའི་བྲག་ཕུག་སོགས་སུ་སྒྲུབ་པ་མཛད་པས། ཐོག་མར་རྩ་གསུམ་ལྷག་པའི་ལྷ་རབ་འབྱམས་ཀྱི་ཞལ་མཐོང་། བར་དུ་རྗེས་སུ་བཟུང་ཞིང་ལུང་བསྟན་དང་དབུགས་དབྱུང་གཟེངས་བསྟོད་གནང་། མཐར་ཕྱོགས་དུས་ཀྱི་བདེ་བར་གཤེགས་པ་ཀུན་དང་དགོངས་པ་མཉམ་ཞིང་བླ་ན་མེད་པའི་ཡེ་ཤེས་མངོན་དུ་བརྙེས་ནས་ཟག་མེད་རྡོ་རྗེའི་སྐུ་མཆོག་འཇའ་འོད་ཀྱི་རང་བཞིན། གྲུབ་པའི་སློབ་དཔོན་མཆོག་གི་རྣམ་པ་ཅན་གཅིག་ཉིད་ལས་མ་གཡོས་བཞིན་དུ་གདུལ་བྱའི་མོས་ངོར་སྒྱུ་མའི་ཟློས་གར་མཚན་མཆོག་བརྒྱད་དང་འཕྲུལ་མཚན་ཉི་ཤུ་སོགས་སུ་བསྒྱུར་ནས་བསྟན་པ་དང་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པའི་ཚུལ་བསྟན། སླར་ཡང་ཆོས་འཁོར་དཔལ་གྱི་བསམ་ཡས་སོགས་བོད་ཀྱི་སྒྲུབ་གནས་རྣམས་སུ་སྤྱིར་ཐེག་མཆོག་བླ་ན་མེད་པའི་ཟབ་ཆོས་མཐའ་ཡས་པ་དང་། ཁྱད་པར་འཕགས་མའི་གདམས་སྐོར་མང་དུ་གནང་བ་ལས། འདིར་མངའ་བདག་རྒྱལ་སྲས་ལྷ་རྗེ་དང་། མཁར་ཆུ་དཔལ་གྱི་དབང་ཕྱུག འཕགས་མ་སྒྲོལ་མ་ཉིད་མཁར་ཆེན་གྱི་རྒྱུད་དུ་མི་ཡི་རྗེ་མོའི་རྣམ་པར་རོལ་བ་རྒྱལ་ཡུམ་གསང་བའི་བདག་མོ་ཡེ་ཤེས་མཚོ་རྒྱལ་སོགས་ལ་གནང་བའི་ཟབ་ཆོས་སྐོར་ལས། ཇི་སྐད་དུ། ཨེ་མ༔ འདི་ལྟར་རྣལ་འབྱོར་སྟོབས་ཆེན་གྱིས༔ རྗེ་བཙུན་ཨཱརྱ་ཏཱ་རེ་ལ༔ ཐེ་ཚོམ་མེད་པར་གསོལ་འདེབས་བུས༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཚེ་འདིར་ནད་གདོན་བར་ཆད་དང༔ འཇིགས་པ་བརྒྱད་ལས་ཐར་བར་འགྱུར༔ ཚེ་བསོད་རྒྱས་ཤིང་སྣང་སྲིད་ཀུན༔ དབང་སྡུད་དགྲ་བགེགས་ཤུགས་ཀྱིས་ཐུལ༔ སྙིང་པོ་བཟླས་པའི་ཕན་ཡོན་ནི༔ བརྒྱ་བཟླས་ནད་གདོན་བར་གཅོད་ཞི༔ སྟོང་བཟླས་ལས་ངན་སྡིག་སྒྲིབ་འདག༔ ཁྲི་བཟླས་མི་གཡོ་ཏིང་འཛིན་བརྟན༔ ཚེ་གཅིག་སྒྲུབ་ལ་བརྩོན་ནུས་ན༔ ཕུང་པོ་བོར་ནས་མཁའ་སྤྱོད་འགྲོ༔ ཞེས་དང་། ཕྱི་ནང་སྣོད་བཅུད་ཚེ་དཔལ་དང༔ སྟོབས་དང་སྙན་གྲགས་རྒྱས་པར་འགྱུར༔ ཚེ་ཟད་ཡིན་ཀྱང་ལོ་གསུམ་བསྲིང༔ ཡང་ཟབ་འདི་ལས་ལྷག་པ་མེད༔ ཅེས་དང་། ཡོན་ཏན་བརྗོད་ཀྱིས་མི་ལང་ངོ༔ ཚེ་དང་དཔལ་ལ་དབང་འབྱོར་ཞིང༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ འཆི་མེད་རིག་འཛིན་འགྲུབ་པར་འགྱུར༔ ཞེས་སོགས་གསུངས་པ་ལྟར་ཕན་ཡོན་དང་ཟབ་ཁྱད་མཐའ་ཡས་པ་མངའ་བ་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཟབ་ཆོས་སྐོར་རྣམས་གཏེར་དུ་སྦ་བར་གདམས་ཚུལ་ནི། རང་གཞུང་ལས། ཟབ་པའི་ཡང་ཟབ་སྙིང་ལྟ་བུ༔ མཚོ་རྒྱལ་ལྕམ་དྲལ་གཉིས་ལ་གཏད༔ རང་ཉམས་ལོངས་ལ་བརྡ་རིས་ཐོབ༔ བྲག་དམར་གཡའ་མ་ལུང་གི་གནས༔ བྱ་ཁྱུང་གཤོག་བརྐྱང་འདྲ་བའི་བྲག༔ རྫུ་འཕྲུལ་བཀོད་པའི་རྒྱས་ཐོབ་ལ༔ ནུས་མཐུ་གྲུབ་པའི་སྨོན་ལམ་གྱིས༔ ནམ་ཞིག་སྙིགས་མ་ལྔ་བདོའི་དུས༔ ང་སྤྲུལ་ལས་ཅན་ཞིག་གིས་འདོན༔ དེ་ཚེ་རིག་འཛིན་དེ་ཉིད་ཀྱིས༔ མདོ་བྱང་ལྟར་དུ་སྤེལ་མཁས་ཀྱིས༔ འགྲོ་ཀུན་དུས་མིན་འཆི་བ་སྐྱོབས༔ འཆི་མེད་རྡོ་རྗེའི་སྲོག་འགྲུབ་འགྱུར༔ ས་མ་ཡཱ༔ ཞེས་གསུངས་པ་ལྟར། མཁར་ཆེན་ལྕམ་དྲལ་གྱིས་སྒྲུབ་གནས་སོ་སོར་རྩེ་གཅིག་ཏུ་བསྒྲུབ་པས་ཞལ་མངོན་དུ་མཇལ། གསུང་གིས་དབུགས་དབྱུང་ཤིང་ལུང་བསྟན། ཐུགས་ཀྱིས་དགོངས་ཤིང་བྱིན་གྱིས་བརླབས། མཚོ་རྒྱལ་གྱིས་གུ་རུའི་བཀའ་ལུང་ཇི་ལྟ་བ་བཞིན་མཁའ་འགྲོའི་བརྡ་རིས་སུ་ཕབ་ཏེ་མི་ཤིགས་པའི་རྒྱས་བཏབ་ཅིང་གཏེར་དུ་སྦས་ནས། དམ་ཅན་རྡོ་རྗེ་ལེགས་པ་སོགས་གཏེར་སྲུང་དུ་བསྐོས་ཤིང་བཅོལ་གཏམ་བྱས་པ་ལས་སླར་ཡང་འདོན་པའི་དུས་ལ་བབ་ཚེ། མ་ཧཱ་གུ་རུ་རིན་པོ་ཆེ་དང་། ཊཱཀྐི་ཡོངས་ཀྱི་གཙོ་མཆོག་ཡེ་ཤེས་མཚོ་རྒྱལ་ལྕམ་དྲལ་རྣམས་ཀྱི་ཡེ་ཤེས་སྒྱུ་འཕྲུལ་གྱི་བཀོད་པ་གཅིག་ཏུ་བསྡུས་པའི་སྐུ་མཆོག རྩོད་མེད་ཡོངས་གྲགས་ཀྱི་གཏེར་ཆེན་འགྲོ་མགོན་ཆོས་ཀྱི་རྒྱལ་པོ་རིག་འཛིན་གསང་སྔགས་གླིང་པ་ཞེས་བྱ་བ་དེ་ཉིད་དུས་རྟགས་མངོན་གྱུར་གྱི་ཆར་མདོ་ཁམས་སུ་བལྟམས་ཤིང་དགུང་ལོ་ཉེར་གཅིག་བཞེས་པ་རབ་ཚེས་མེ་གླང་གི་ལོ་ཧོར་ཟླ་དྲུག་པའི་ཚེས་ཉེར་ལྔ་ལ་བསིལ་ལྡན་བོད་ཀྱི་ཡུལ་དབུས། བྲག་དམར་གཡའ་མ་ལུང་གི་དབེན་གནས་བྲག་རི་ཁྱུང་གཤོག་བརྐྱང་འདྲའི་ངོས་ནས་སྤྱན་དྲངས་ཤིང་ཁམས་དབུས་གཙང་གསུམ་ཀུན་ལ་བསྟན་འགྲོའི་དཔལ་དུ་སྤེལ་བའི་ཟབ་ཆོས་ཀྱི་སྡེ་ཚན་ལས། དད་དང་ལྡན་པ་གང་དག་གིས༔ དབང་ཐོབ་ཙམ་གྱིས་བར་ཆད་སེལ༔ དུས་བབ་ཚེ་ཟད་ཡིན་གྱུར་ཀྱང་༔ འདི་ཐོབ་ལོ་གསུམ་བསྲིང་བར་འགྱུར༔ ཞེས་རང་གཞུང་ཉིད་དུ་རྡོ་རྗེའི་ལུང་གིས་བསྔགས་པ་ལྟར། སྒྲུབ་ཐབས་འཇིགས་པ་ཀུན་སྐྱོབས་དང་། ཚེ་དབང་འཆི་མེད་ལམ་བཟང་གཉིས་ལ་བརྟེན་ནས་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་མཆོག་ཟབ་མོ་བསྐུར་བ་ལ། བདག་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བདག་མདུན་བུམ་པ་བསྒྲུབ་པ། ཚེ་ཡི་རྫས་རྣམས་བསྒྲུབ་ཅིང་བྱིན་གྱིས་བརླབས་པ། དབང་དང་དངོས་གྲུབ་ལེན་པ་རྣམས་ལེགས་པར་གྲུབ་ཟིན་པས། ད་ཁྱེད་རང་རྡོ་རྗེ་སློབ་མ་རྣམས་ཀྱིས་ཀྱང་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་སྨིན་བྱེད་ཚེ་དབང་ཟབ་མོ་ཞུ་བའི་ཡོན་དུ་མཎྚལ་ཕུལ་བར་མཛོད། མཎྚལ་ཕུལ། དེ་ལྟར་མཎྚལ་ཕུལ་ནས་ཕྱག་སྙིམ་པ་མེ་ཏོག་དང་བཅས་ཏེ་ཐལ་མོ་སྦྱོར་དབང་དོན་དུ་གསོལ་བ་འདེབས་འདི་ཡི་རྗེས་ཟློས་མཛོད། ཀྱཻ་མ་བླ་མ་རྡོ་རྗེ་འཛིན༔ འཆི་མེད་ཚེ་ཡི་དཀྱིལ་འཁོར་དུ༔ བདག་ཞུགས་འགྲོ་དོན་མཐར་ཕྱིན་ཕྱིར༔ དབང་བསྐུར་དམ་པ་སྩལ་དུ་གསོལ༔ ལན་གསུམ། འདིར་དངོས་སུ་མ་གསུངས་ཀྱང་སྐྱབས་སེམས་དང་ཚོགས་བསགས་རྣམས་དབང་ཆོག་སྤྱི་དང་བསྟུན་ཚེ་དོན་གྱིས་ཐོབ་པས་སྤྲོ་ན། ཁྱེད་རང་རྣམས་ཀྱི་སྒོ་གསུམ་རྣལ་དུ་ཕོབས་ལ་བླ་མ་དང་གཉིས་སུ་མེད་པ་རྒྱལ་ཡུམ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་བྱང་ཆུབ་ཀྱི་བར་དུ་སྐྱབས་གནས་ཀྱི་མཆོག་ཏུ་འཛིན་སྙམ་པས་འདི་བཞིན་དུ་རྗེས་སུ་ཟློས་ཤིག ན་མོ༔ དཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ མཁའ་མཉམ་འགྲོ་བ་ཀུན་དོན་དུ༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སྲིད་གསུམ་རྒྱ་མཚོ་ན་གནས་པའི་ཡིད་ཅན་གྱི་འགྲོ་བ་མཐའ་དག་མར་ཤེས་པས་ཉེ་རིང་ཆགས་སྡང་མེད་པར་བློ་ཡུལ་དུ་བླང་ནས་ཐེག་ཆེན་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་འདི་ཡི་རྗེས་ཟློས་ཀྱིས། ཧོ༔ བདག་ནི་དེང་བཟུང་སངས་རྒྱས་བར༔ ཏཱ་རེ་ལྷ་མོ་བསྒྲུབ་ནས་སུ༔ ཁམས་གསུམ་འགྲོ་བ་ཀུན་དོན་དུ༔ སྨོན་འཇུག་དོན་དམ་སེམས་བསྐྱེད་དོ༔ ལན་གསུམ། སླར་ཡང་ཚིག་རྗེས་སུ་དོན་དྲན་བཞིན་པས་ཚོགས་བསགས་ཡན་ལག་བདུན་པ་འདི་བཞིན་དུ་རྗེས་ཟློས་ཀྱིས། དཀོན་མཆོག་གསུམ་དང་རྩ་བ་གསུམ༔ ཚེ་རབས་སྔོན་ནས་འབྲེལ་བ་ཡི༔ འཕགས་མ་སྒྲོལ་མའི་ལྷ་ཚོགས་ལ༔ ལུས་ངག་ཡིད་ཀྱིས་ཕྱག་འཚལ་ལོ༔ ཞེན་མེད་རང་གྲོལ་མཆོད་པ་འབུལ༔ མི་དགེ་སྡིག་པའི་ལས་བགྱིས་བཤགས༔ དུས་གསུམ་དགེ་ལ་རྗེས་ཡི་རང༔ ཐེག་གསུམ་ཆོས་འཁོར་བསྐོར་བར་བསྐུལ༔ སྒོ་གསུམ་གུས་པས་གསོལ་བ་འདེབས༔ དགེ་རྩ་བྱང་ཆུབ་རྒྱུ་རུ་བསྔོ༔ དེ་ནས་སློབ་དཔོན་གྱིས་བཀའ་ཡི་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཧཱུྃ༔ རིག་འཛིན་སྐལ་ལྡན་བུ་ཁྱོད་ལ༔ འཆི་མེད་དབང་བསྐུར་རྩལ་ལགས་ཀྱིས༔ འགྲོ་བའི་དོན་ཏུ་སེམས་བསྐྱེད་ལ༔ ཁྱོད་རང་ལྷ་རུ་གསལ་ཐོབ་ཅིག༔ དེ་ཡང་བྱིན་རླབས་ཐམས་ཅད་ཀྱི་གཞི་ཡེ་ཤེས་དབབ་པའི་དོན་དུ་དམིགས་པ་འདི་བཞིན་དུ་མཛད་འཚལ། ཨོཾ་མ་ཧཱ་ཤུ་ནྱ་ཏ༴སོགས་ལས་བུམ་གྱི་ཆུས་བསང་སྦྱང་། སྣོད་བཅུད་མི་དམིགས་སྟོང་པའི་ངང་། །བརྩེ་ཆེན་སྙིང་རྗེས་ཡོངས་སུ་ཁྱབ། །དོན་དམ་བྱང་ཆུབ་སེམས་ཀྱི་རྩལ། །ལྷུན་གྲུབ་འགག་པ་མེད་པའི་གདངས། །རིག་པ་ཏཱཾ་ཡིག་ལྗང་གུ་ལས། །སློབ་བུ་འཕགས་མ་སྒྲོལ་མའི་སྐུ། །བཅུ་དྲུག་གཞོན་ཚུལ་སྐུ་མདོག་ལྗང་། །ཞལ་གཅིག་ཕྱག་གཉིས་མཆོད་སྦྱིན་དང། །ཨུཏྤལ་སྔོན་པོའི་ཡུ་བ་འཛིན། །དབུ་ལ་རིན་ཆེན་རྒྱན་གྱིས་མཛེས། །གནག་སྣུམ་ལྕང་ལོའི་ལྷག་མ་གྲོལ། །སྙན་ཆ་མགུལ་རྒྱན་དོ་ཤལ་དང་། །ཕྱག་གདུབ་དཔུང་རྒྱན་ཞབས་གདུབ་དང་། །དར་དཔྱང་དཀར་པོས་སྟོད་གཡོག་ཅིང་། །སྨད་དཀྲིས་ཤ་ཝ་རི་དམར་པོ། །སྐ་རགས་གསེར་སྐ་དབང་གཞུ་བཅིང་། །མར་གད་གསང་གོས་པཉྩ་ལི། །ཞབས་གཉིས་གཡས་བརྐྱང་གཡོན་བསྐུམ་གྱིས། །ཉི་ཟླ་པདྨའི་གདན་ལ་བཞུགས། །གནས་གསུམ་ཡི་གེ་འབྲུ་གསུམ་དང་། །ཐུགས་སྲོག་སྔགས་ཀྱི་འཕྲོ་འདུ་ལས། །འོད་འཕྲོས་ཡེ་ཤེས་སྤྱན་དྲངས་བསྟིམ།། སྤོས་རོལ་དང་བཅས་བྱིན་འབེབ་ནི། ཧཱུྃ༔ སྣོད་བཅུད་དག་པའི་དཀྱིལ་འཁོར་འདིར༔ སྐུ་གསུམ་རང་བྱུང་སྤྲུལ་པའི་ལྷ༔ མྱུར་མ་དཔའ་མོ་རྒྱལ་བའི་ཡུམ༔ རྩ་གསུམ་སྲུང་མའི་ཚོགས་བཅས་ཀྱིས༔ སྐུ་གསུང་ཐུགས་ཀྱི་བྱིན་ཕོབས་ལ༔ ཡེ་ཤེས་ལྔ་ཡི་དབང་མཆོག་བསྐུར༔ ཛྙཱ་ན་བཛྲ་ཨ་ཝེ་ཤ་ཡ་ཨ་ཨཱཿ ཞེས་བརྗོད་ཅིང་མེ་ཏོག་འཐོར། དེ་ལྟར་བྱིན་ཕབས་པའི་ཡེ་ཤེས་པ་རྣམས་ཁྱེད་རང་རྣམས་ཀྱི་སྒོ་གསུམ་དང་དབྱེར་མེད་དུ་བརྟན་པར་གྱུར་ཅིག ཅེས་རྡོ་རྗེ་སྤྱི་བོར་བཞག་གོ དེ་ནས་ཚེ་བུམ་ཐོགས་ལ། བུམ་པ་འདི་ཉིད་ཕྱི་རིན་པོ་ཆེ་བུམ་པའི་དབྱིབས་ལ་ནང་བདེ་ཆེན་དག་པ་གཡུ་ལོ་བཀོད་པའི་ཞིང་ཁམས་རྒྱ་ཁྱོན་བཀོད་པ་བསམ་གྱིས་མི་ཁྱབ་པའི་དབུས་སུ། གཞལ་མེད་ཁང་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ། སྣ་ཚོགས་པདྨ་དང་ཉི་ཟླའི་གདན་ལ་དུས་གསུམ་རྒྱལ་བ་ཀུན་གྱི་ཕྲིན་ལས་ཀྱི་རང་གཟུགས་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་མངོན་སུམ་ལྟ་བུར་བཞུགས་པའི་སྐུ་ལས་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིའི་རྒྱུན་ཆེན་པོ་བབ་པས་ལུས་ཀུན་གང་ཞིང་འཆི་མེད་རྡོ་རྗེའི་སྲོག་ལ་དབང་ཐོབ་བྱུང་སྙམ་དུ་མོས་མཛོད། ཧྲཱིཿ འཆི་མེད་བུམ་པ་བདུད་རྩི་སྨན༔ ཚེ་ལྷ་རྗེ་བཙུན་སྒྲོལ་མ་བཞུགས༔ རིགས་ཀྱི་བུ་ལ་དབང་བསྐུར་བས༔ རྡོ་རྗེའི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙ་ན་ཚེ་བྷྲུཾ་ཎི་ཛ་སིདྡྷི་ཧཱུྃ་ཧྲཱི༔ ཚེ་བུམ་མགོར་བཞག་ཅིང་བུམ་ཆུ་བླུད། འོ་སྐལ་ལྡན་རིགས་ཀྱི་སློབ་བུ་ལ་འཆི་མེད་བདུད་རྩིའི་བུམ་པའི་དབང་བསྐུར་བས་འབྱུང་བ་ལྔས་བསྡུས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཀྱི་བཅུད་ཤོར་བ་ཐམས་ཅད་བསྡུས་ཤིང་ཐིམ་ནས་འཆི་མེད་རིག་འཛིན་འགྲུབ་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ཚེ་རིལ་བྱིན་ཞིང་། ཧྲཱིཿ ཕྱི་ནང་སྣོད་བཅུད་ཀུན་གྱི་ཚེ༔ བཅུད་དུ་དྲིལ་བའི་རིལ་བུ་འདི༔ སྐལ་ལྡན་རྣམས་ལ་བྱིན་པ་ཡིས༔ མི་འགྱུར་ཚེ་ལ་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙ་ན་ཚེ་བྷྲུཾ་ཎི་ཛ་སིདྡྷི་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་མཾ༔ འོ་སྐལ་ལྡན་རིགས་ཀྱི་སློབ་བུ་ལ་འཆི་མེད་བཅུད་དྲིལ་ཚེ་ཡི་རིལ་བུའི་དབང་བསྐུར་བས་སྐྱེ་འཆི་མེད་པ་ཚེ་ཡི་རིག་འཛིན་བརྙེས་པའི་དབང་དམ་པ་ཐོབ་པར་གྱུར་ཅིག ཚེ་ཆང་བྱིན་ལ། ཧྲཱིཿ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ ར་ས་ཡ་ན་འཆི་མེད་སྨན༔ བདུད་རྩི་ཚེ་ཆང་བྱིན་པ་ཡིས༔ འཇིགས་མེད་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཨཱརྱ་ཏཱ་རེ་ཏུཏྟ་རེ་ཏུ་རེ་མ་མ་ཨ་ཡུརྫྙ་ན་ཚེ་བྷྲུཾ་ཎི་ཛ་སིདྡྷི་ཧཱུྃ་ཧྲཱི༔ ཨ་བྷི་ཥིཉྩ་མཾ༔ འོ་སྐལ་ལྡན་རིགས་ཀྱི་སློབ་བུ་ལ་ཚེ་ཆང་བདུད་རྩིའི་དབང་བསྐུར་བས་ཚེ་ཆུ་བོའི་རྒྱུན་བཞིན་བརྟན་པའི་དབང་དམ་པ་ཐོབ་པར་གྱུར་ཅིག མི་འགྱུར་ལྷུན་པོ༴སོགས། བཀྲ་ཤིས་ཤོག གཏོར་མ་ཐོགས་ལ། གཏོར་མ་འདི་ཉིད་ཕྱི་ལྟར་སྣོད་བཅུད་རྣམ་པར་དག་པ་མཚོན་པའི་དཔལ་གཏོར་རྒྱན་དང་ལྡན་པ་ལ། ནང་ལྟར་རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་འོད་ཟེར་སྣ་ལྔ་འཁྲིགས་པའི་དབུས་སུ་འཕགས་མ་སྒྲོལ་མའི་ལྷ་ཚོགས་རྣམས་བཞུགས་པའི་སྟེང་གི་ཆ་ལ་བརྒྱུད་ལྡན་བླ་མ། བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས། འོག་གི་ཆ་ལ་མ་ཚོགས་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཏིལ་གྱི་གང་བུ་ཁ་ཕྱེས་པ་ལྟར་གསལ་བ་རྣམས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན་ནས་དབང་བསྐུར་བས་སྒོ་གསུམ་གྱི་ལས་ཉོན་བག་ཆགས་ཐམས་ཅད་བྱང་ཞིང་དག ལྷ་ཚོགས་ཐམས་ཅད་ཀྱང་འོད་དང་འོད་ཟེར་གྱི་རྣམ་པས་སྤྱི་བོ་ནས་ཞུགས་ཤིང་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་བྱུང་སྙམ་པའི་མོས་པ་མཛོད། ཨོཾ། ཡོངས་ལ་གཏོར་བའི་རྣམ་རྟོག་གཏོར། །ཀུན་ལ་ཁྱབ་པའི་མ་དང་མཚུངས། །དེ་ལྟ་བུ་ཡི་དབང་བསྐུར་བས། །འཕགས་མའི་གསང་གསུམ་དབང་ཐོབ་ཤོག ཨོཾ་ཏཱ་རེ་ཏུཏྟ་རེ་ཏུ་རེ་སྭཱ་ཧཱ། བཱ་ལིང་ཏ་ཨ་བྷི་ཥིཉྩ་མཾ། དེས་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་བསྐུར་ཟབ་མོ་ཐོབ། གནས་སྐབས་སུ་སྒོ་གསུམ་ལས་ཉོན་སྡིག་སྒྲིབ་སྦྱངས་ཤིང་ལྷ་སྔགས་ཏིང་འཛིན་སྒོམ་པ་ལ་དབང་། མཐར་ཐུག་ཏུ་འཕགས་མའི་གསང་བ་གསུམ་དང་དབྱེར་མེད་དུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། ཚེ་འགུགས་ནི། སླར་ཡང་སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་སྣ་ལྔ་ཕྱོགས་བཅུར་འཕྲོས་པས་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་བྱིན་རླབས་ནུས་མཐུ་ཚེ་བཅུད་དངོས་གྲུབ་དང་། ཕྱི་སྣོད་འབྱུང་ལྔའི་དྭངས་བཅུད། ནང་བཅུད་འགྲོ་བའི་ཚེ་དཔལ་སྟོབས་འབྱོར་ཐམས་ཅད་འོད་ལྔའི་རྣམ་པར་བསྡུས་ནས་ཁྱེད་རང་རྣམས་ལ་ཐིམ་པས་སྐྱེ་འཆི་མེད་པ་རྡོ་རྗེའི་ཚེ་སྲོག་ལ་དབང་ཐོབ་པར་མོས་མཛོད། མདའ་དར་ཐོགས་ལ། ཧྲཱིཿ ཆོས་དབྱིངས་མཐའ་བྲལ་ལྟ་བའི་ཀློང་༔ སོགས་ནས། ཛྙཱ་ན་སརྦ་སིདྡྷི་ཧྲཱི༔ ཞེས་པའི་བར་དང་། ཚེ་གཟུངས་མཐར། ཚེ་དབང་དུ་གྱུར་ཅིག༴སོགས། རྒྱས་གདབ་ནི། ཧྲཱིཿ ཆོས་དབྱིངས་མཐའ་དང་བྲལ་བའི་ཀློང༔ འགྱུར་མེད་རང་རྩལ་ཡེ་ཤེས་ལྔ༔ སྐྱེ་འཆི་འགག་པ་མེད་པའི་དབྱིངས༔ འཇིགས་མེད་རྡོ་རྗེའི་རྒྱས་གདབ་བོ༔ ཨ་ཡུརྫྙཱ་ན་མ་ཧཱ་པུཥྚིཾ་རཀྵ་རཀྵ་བྷྲུཾ༔ སྤྱི་བོར་ཚེ་མདའ་རྒྱ་གྲམ་བཞག༔ ཀུན་ཏུ་བཟང་མོ་ཕག་མོ་དབྱིངས་ཀྱི་ཡུམ༔ རྣམ་པར་རྒྱལ་མ་ཡུམ་ལྔ་མཁའ་སྤྱོད་མ༔ ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་ངོ་བོ་ཉིད༔ རྗེ་བཙུན་འཕགས་མ་སྒྲོལ་མའི་བཀྲ་ཤིས་ཤོག༔ དེ་ལྟར་འཕགས་མ་སྒྲོལ་མའི་དཀྱིལ་འཁོར་དུ་འཆི་མེད་ཚེ་ཡི་དབང་མཆོག་ཐོབ་པ་དང་འབྲེལ་བར། ཁྱེད་རང་རྣམས་ལ་རྒྱལ་སྲིད་སྣ་བདུན་ལ་སོགས་པས་ཀྱང་ཆོས་ཀྱི་རྒྱལ་པོར་མངའ་གསོལ་ཞིང་དབང་བསྐུར་བར་མོས་མཛོད། སྣ་བདུན་ནི། ཧཱུྃ་ཧྲཱིཿ སྲིད་ཞིའི་བསོད་ནམས་རྩལ་ལས་ལེགས་ཤར་བའི། །ངོ་མཚར་ཕུལ་བྱུང་རྒྱལ་སྲིད་རིན་ཆེན་བདུན། །སློབ་བུ་ཁྱོད་ལ་མངའ་གསོལ་དབང་བསྐུར་བས། །ཆོས་ཀྱི་འཁོར་ལོས་བསྒྱུར་རྒྱལ་ཉིད་ཐོབ་ཤོག །ཨོཾ་སཔྟ་རཏྣ་ཨ་བྷི་ཥིཉྩ་མཾ། རྫས་བརྒྱད་ནི། ཧཱུྃ་ཧྲཱིཿ འགྲོ་བའི་ཚོགས་གཉིས་སྤེལ་ཕྱིར་ཡོན་ཕུལ་བ། །དོན་རྣམས་གྲུབ་པས་བྱིན་རླབས་རྫས་མཆོག་བརྒྱད། །དེང་འདིར་རིགས་ཀྱི་བུ་ལ་མངའ་གསོལ་བས། །སྲིད་ཞིའི་དཔལ་ཡོན་ཕུན་ཚོགས་དབང་ཐོབ་ཤོག། ཨོཾ་མངྒ་ལ་ཨཥྚ་དྲ་བྱ་ཨ་བྷི་ཥིཉྩ་མཾ། རྟགས་བརྒྱད་ནི། ཧཱུྃ་ཧྲཱིཿ ཐུབ་པའི་དབང་པོའི་སྐུ་ཡི་ཆ་ཤས་ལས། །ལེགས་སྤྲུལ་བཀྲ་ཤིས་རྟགས་བརྒྱད་དགེ་མཚན་གྱིས། །དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས། །བླ་མེད་མཚན་དཔེ་རྫོགས་པའི་སྐུ་ཐོབ་ཤོག །ཨོཾ་མངྒ་ལ་ཨཥྚ་ཨཾ་ག་ཨ་བྷི་ཥིཉྩ་མཾ། དེས་རྗེ་བཙུན་བཅོམ་ལྡན་འདས་མའི་གསང་བ་གསུམ་གྱི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་ཚེ་དབང་ཟབ་མོ་མཐའ་རྟེན་དང་བཅས་པ་གྲུབ་ཟིན་པས། དེ་དག་གི་གནས་སྐབས་ཀྱི་དམ་ཚིག་ཏུ་སྤྱིར་འཕགས་མའི་སྐུ་བསྒོམ་པ། སྔགས་བཟླ་བ། ཡིད་ཀྱིས་ཏིང་ངེ་འཛིན་བསྒོམ་པ་སོགས་དང་། ཁྱད་པར་དུ་མཆོད་པ་དང་སྦྱིན་གཏོང་། ཚེ་ཐར་དང་སྲོག་བསླུ་ཉེའུ་འདོན་པ་སོགས་ཅི་ནུས་སུ་སྒྲུབ་དགོས་པ་ཡིན། འདིར་ཁས་ལེན་རེ་བྱེད་སྲོལ་སྣང་། དེ་ལྟར་ཁས་བླངས་པའི་དམ་ཚིག་དང་སྲུང་སྡོམ་རྣམས་ཚུལ་བཞིན་དུ་སྒྲུབ་སྙམ་པས་འདི་བཞིན་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར༴སོགས། དེ་ལྟར་ཚེ་དབང་ཟབ་མོ་ཐོབ་པའི་གཏང་རག་ཏུ་མཎྚལ་ཕུལ། མཎྚལ་འབུལ། སླར་ཡང་ལུས་ལོངས་སྤྱོད་དུས་གསུམ་དགེ་ཚོགས་དང་བཅས་པ་ལྷ་དང་བླ་མ་ལ་འབུལ་སྙམ་པས་འདིའི་རྗེས་ཟློས་ཀྱིས། དེང་ནས་བརྩམ་ཏེ༴སོགས། དེ་ལྟར་དབང་ཐོབ་པའི་དགེ་བའི་དངོས་པོ་རྣམས་མཁའ་ཁྱབ་ཀྱི་འགྲོ་བ་ཡོངས་ལ་བསྔོ་བའི་འདུན་པ་མཛད་འཚལ། བསོད་ནམས་འདི་ཡིས༴སོགས་དང་། ཆེ་བའི་ཆེ་མཆོག༴ སོགས་ཚིགས་སུ་བཅད་པ་བརྗོད་ཅིང་མེ་ཏོག་གི་སིལ་མ་འཐོར་ནས་མཐའ་བརྒྱན་པར་བྱའོ། ཞེས་སྙིགས་མའི་དུས་ཀྱི་འགྲོ་བའི་མགོན་པོ་སྤྲུལ་བའི་གཏེར་ཆེན་རིན་པོ་ཆེ་རིག་འཛིན་གསང་སྔགས་གླིང་པའི་གཏེར་བྱོན་སྒྲོལ་མ་འཇིགས་པ་ཀུན་སྐྱོབས་ཀྱི་ཚེ་དབང་འཆི་མེད་ལམ་བཟང་ཞེས་བྱ་བའི་མཚམས་སྦྱོར་མདོ་ཙམ་བརྗོད་པ་འཆི་མེད་ལམ་བཟང་བགྲོད་པའི་ཤིང་རྟ་བཟང་པོ་ཞེས་བྱ་བ་འདི་ཡང་། རྗེ་དེ་ཡི་ཆོས་བརྒྱུད་འཛིན་པ་གོས་དཀར་རལ་བའི་ཟུར་ཕུད་ཅན་བླ་མ་གསལ་སྟོབས་ནས་བསྐུལ་བ་མི་ལྡོག་ཙམ་དུ། སྔགས་གཟུགས་མདོ་མེད་མགོ་སྤྲུལ་ཀྱིས་བྲིས་པ་སྟེ། ཉེས་ཚོགས་རྩ་བ་གསུམ་ལ་བཤགས་ཤིང་དགེ་རྩ་གང་མཆིས་ཟབ་ཆོས་འདི་ཉིད་ཀྱི་བསྟན་པ་ཕྱོགས་བཅུར་རྒྱས་པ་དང་། འགྲོ་ཀུན་དུས་མ་ཡིན་པའི་འཆི་བ་ལས་ཐར་ནས་ཚེ་ཡི་རིག་འཛིན་མངོན་དུ་བརྙེས་པའི་རྒྱུར་བསྔོའོ།། དགེའོ།། དགེའོ།། དགེའོ།།

སྒྲོལ་མ་འཇིགས་པ་ཀུན་སྐྱོབས།

སྒྲོལ་མ་འཇིགས་པ་ཀུན་སྐྱོབས་བཞུགས༔ ཨེ་མ་ཧོ༔ ཀུན་ཏུ་བཟང་མོ་འཕགས་མ་དབྱིངས་ཀྱི་ཡུམ༔ རྣམ་པར་རྒྱལ་མ་ཡུམ་ལྔ་མཁའ་སྤྱོད་མ༔ ཡེ་ཤེས་མཁའ་འགྲོ་ཡོངས་ཀྱི་ངོ་བོ་ཉིད༔ རྗེ་བཙུན་འཕགས་མ་སྒྲོལ་མར་གསོལ་བ་འདེབས༔ འབྱུང་བཞིའི་གཡོ་འཁྲུགས་ནད་མུག་མཚོན་གསུམ་སོགས༔ འཇིགས་བརྒྱད་བར་ཆད་དུས་མིན་འཆི་བ་བཟློག༔ སྐྱེ་མེད་ཡེ་ཤེས་དོན་གྱི་དབང་མཆོག་བསྐུར༔ མཆོག་ཐུན་གཉིས་སྩོལ་ཁྱེད་དང་མཉམ་པར་ཤོག༔ ཨོཾ་ཏཱ་རེ་ཏཾ་སྭཱ་ཧཱ༔ རིག་འཛིན་གསང་སྔགས་གླིང་པས་སོ༎

འོད་ཟེར་ཅན་མའི་རྐྱེན་བཟློག་གསོལ་འདེབས་དགྲ་རྐུན་ལེགས་འཆིང་།

ལྷ་མོ་འོད་ཟེར་ཅན་མའི་རྐྱེན་བཟློག་གསོལ་འདེབས་དགྲ་རྐུན་ལེགས་འཆིང་ཞེས་བྱ་བ་བཞུགས༔ ཨོཾ་ནི་དུས་གསུམ་རྒྱལ་བ་ཀུན་ཡུམ༔ ཤེས་རབ་ཕར་ཕྱིན་ཡུམ་ལ་ཕྱག་འཚལ༔ མ་ནི་རྗེ་བཙུན་འཕགས་མ་སྒྲོལ་མ༔ འཇིགས་པ་བརྒྱད་སྐྱོབས་མ་ལ་ཕྱག་འཚལ༔ རི་ནི་ལོ་གྱོན་ཤ་བ་རི་མ༔ ནད་རིམས་འཇོམས་མཛད་མ་ལ་ཕྱག་འཚལ༔ ཙྱཻ་ནི་ལྷ་མོ་མ་རི་ཙེ་མ༔ ཆོམ་རྐུན་འཆིང་མཛད་མ་ལ་ཕྱག་འཚལ༔ སྭཱ་ནི་ལྷ་མོ་ནོར་གྱི་རྒྱུན་མ༔ གནོད་སྦྱིན་གཏེར་འཆང་ཡུམ་ལ་ཕྱག་འཚལ༔ ཧཱ་ནི་ལྷ་མོ་རྡོ་རྗེ་སྡེར་མོ༔ དྲག་པོའི་ལས་མཛད་ཡུམ་ལ་ཕྱག་འཚལ༔ རབ་འབྱམས་རྒྱལ་བ་ཀུན་གྱི་ཡུམ་མཆོག༔ ལྷ་མོ་འོད་ཟེར་ཅན་མ་ཁྱེད་ལ༔ རྟག་ཏུ་གུས་པས་གསོལ་བ་འདེབས་སོ༔ དགྲ་ཇག་ཆོམ་རྐུན་ཐམས་ཅད་བཟློག་ཅིག༔ ཨོཾ་མ་རི་ཙྱེེ་སྭཱ་ཧཱ༔ ཉིན་རེར་ལན་བདུན་ནམ་ཉི་ཤུ་རྩ་གཅིག་རེ་བཟླས་ན་དགྲ་རྐུན་གྱིས་མི་བརྫིའོ༔ ཞེས་རིག་འཛིན་གསང་སྔགས་གླིང་པའི་དགོངས་གཏེར་ལས་བྱུང་བའོ༔ ས་མ་ཡཱ༔ དགེའོ།། དགེའོ།། དགེའོ། །

རྒྱལ་ཁམས་སྤྱི་ལུང་ཀུན་གསལ་ཉི་མའི་དཀྱིལ་འཁོར།

རྒྱལ་ཁམས་སྤྱི་ཡི་ལུང་བསྟན་ཀུན་གསལ་ཉི་མའི་དཀྱིལ་འཁོར་ཞེས་བྱ་བ་བཞུགས་སོ༔

ཐོད་ཕྲེང་རྩལ་ལ་ཕྱག་འཚལ་ལོ༔ བདག་འདྲ་ཡེ་ཤེས་མཚོ་རྒྱལ་ཀྱིས༔ སྙིགས་མའི་རྗེས་འཇུག་རྣམས་ཀྱི་དོན༔ དུས་ཀྱི་འབྱུང་འགྱུར་ལུང་བསྟན་ཞིག༔ གུ་རུ་ཉིད་ལ་ནན་གྱིས་ཞུས༔ ཨོ་རྒྱན་ཆེན་པོས་བཀའ་སྩལ་པ༔ རྒྱལ་ཁམས་སྤྱི་ཡི་ལུང་བསྟན་ནི༔ གཏེར་སྟོན་གྲུབ་ཐོབ་འབྱུང་ཚུལ་དང་༔ དམ་ལྡན་བརྒྱུད་འཛིན་ལས་ཅན་དང་༔ མ་རུངས་བདུད་རིགས་འོང་ལུགས་དང་༔ དུས་ཆུས་སྤྱི་རྣམས་བསྟན་པར་བྱ༔ ཞེས་གསུངས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ མ་འོངས་སུམ་ཅུ་ཁ་རལ་དུས༔ མི་རྣམས་ཉོན་མོངས་ལས་ལ་སྤྱོད༔ དམ་པའི་ཆོས་ཀྱི་བྱིན་རླབས་ཉམས༔ ཟས་དང་སྨན་ལ་ནུས་བཅུད་མེད༔ སྒྲུབ་གནས་དབེན་རི་ཇོ་མོས་འཛིན༔ སྟོད་གཟན་དྲིལ་ནས་དཀྲི་བ་དང་༔ སྨད་ཤམ་ལྕགས་རི་ཡ་ཅིག་མེད༔ ཆོས་གོས་གླང་ལ་བཀལ་ནས་འདེད༔ སྔགས་པས་ཚུལ་འཆོས་རྟགས་གསུམ་སྟོན༔ སྐྲ་ལ་ཟུར་ཕུད་ལྔ་བཅིང་དང་༔ ཞྭ་ལ་ཕག་མགོ་འདོགས་པ་དང་༔ བསྙེན་སྒྲུབ་མེད་པའི་ལྕང་ལོ་ཅན༔ བུད་མེད་རྒྱན་གྱིས་རྟགས་གསུམ་སྟོན༔ འབྲོག་མོས་རོང་སྐྲ་བྱེད་པ་དང་༔ རེ་དམར་སྐྲ་དཀྲིས་མགོ་ལ་བཅིང་༔ སྐུ་རེག་སེར་བཅིང་ལྟག་མདུད་འཕྱང་༔ སྐྱེས་པའི་ཆས་ཀྱིས་རྟགས་བཞི་སྟོན༔ རྟ་ཞོན་གོང་ཐག་མེད་པ་དང་༔ བྱ་གཤོག་འདྲ་བའི་ཞྭ་གྱོན་ཞིང་༔ ཕག་སྣ་འདྲ་བའི་ཀོ་ལྷྭམ་གྱོན༔ སྐེ་ལ་གྲི་ཆུང་འདོགས་པར་བྱེད༔ ལྷ་ས་ཇོ་ཤཱཀ་གནམ་ཆུས་གཡེང་༔ བསམ་ཡས་དཀོར་སྲུང་འདྲེ་ཡིས་བྱེད༔ མཚོན་གྱིས་མི་སྲོག་གཅོད་པར་བྱེད༔ འབྲས་སྤུངས་སེ་ར་ནང་འཁྲུགས་བྱེད༔ ཀླུ་ལྕགས་ཉག་གསུམ་ཡོ་ལང་བྱེད༔ བཛྲ་བྲག་ལ་ལ་ཡོག་འབྱུང་༔ གྲྭ་ཕྱིའི་གླིང་ལ་གདུང་རྒྱུད་ཆད༔ ས་སྐྱ་གོང་མ་ གཙང་པཎ་གྲུབ་མཐའ་སྔགས་ལ་མོས༔ ངོར་དུ་མཐའ་མིའི་གྲོང་ཚོ་ཆགས༔ ཆབ་ལ་བྲག་གི་གཡབ་མོ་བྱེད༔ སྡེ་ལ་རྒྱལ་བློན་ནང་འཁྲུགས་འོང་༔ སྤོ་བོ་བོད་དང་རྭ་ཅོ་བརྡར༔ མཁའ་ལྡིང་དཀར་ནག་ནང་འཁྲུགས་འོང་༔ ཀླུ་ལྕགས་ཉག་གསུམ་ཡོ་ལང་བྱེད༔ དེ་འདྲའི་དུས་ལ་བབས་པའི་ཚེ༔ མདོ་སྨད་ཤར་གྱི་ཕྱོགས་རོལ་ནས༔ ང་སྤྲུལ་ལས་ཀྱི་འཕྲོ་ལྡན་པ༔ གདུག་པ་སྦྲུལ་གྱིས་བཤོས་པའི་བུ༔ བྱམས་པའི་མིང་ཅན་སྔགས་ལ་མོས༔ གཟི་བརྗིད་མཐོང་ཚད་གྲོལ་ནུས་པ༔ ཟབ་གཏེར་དགོངས་འདུས་བརྒྱད་ཅུའི་བདག༔ རྟེན་འབྲེལ་རབ་འབྲིང་ཐ་གསུམ་ལས༔ རབ་ནི་བོད་དང་ཁྱུང་པོའི་མཚམས༔ ལེན་ཞེས་བྱ་བའི་ས་ཆ་ན༔ བུད་མེད་འཕེལ་བའི་མིང་འཆང་བ༔ སྦྲུལ་གྱི་ལོ་བ་གཟུགས་མཛེས་ལྡན༔ སྙིང་གར་སྨེ་བ་གསུམ་གྱིས་མཚན༔ དེ་དང་ལས་རྒྱར་འཕྲད་གྱུར་ན༔ རྒྱ་བོད་ཁམས་གསུམ་གདུལ་བྱར་འགྱུར༔ ཚེ་ཡང་བརྒྱད་ཅུ་གསུམ་ལ་འཚོ༔ འབྲིང་ནི་སྡེ་ཡི་རྒྱལ་ཁམས་སུ༔ ནོར་རམ་ལྷ་ཡི་མིང་འཆང་བ༔ བྱ་སྤྲེལ་ལོ་བ་ཤེས་རབ་ཅན༔ བརླ་གཡོན་སྨེ་བ་སྐྲ་ལི་བ༔ དེ་དང་རྟེན་འབྲེལ་ལེགས་འགྲིགས་ན༔ གདུལ་བྱ་རིན་ཆེན་བཞི་ཡུལ་རྒྱས༔ ཚེ་ཡི་ཚད་ནི་ལྔ་བཅུའི་སྟོད༔ ཐ་མ་ཤར་ཕྱོགས་རྒྱལ་མོ་རོང་༔ ཤེས་རབ་མཚོན་བྱེད་ཝ་ཡི་ཡུལ༔ ཤེས་དང་སྒྲོལ་ལམ་ལྷ་ཡི་མིང་༔ ལོ་རྟགས་ཡང་ན་བྱ་སྦྲུལ་ལོ༔ མགྲིན་སྨེ་བརྒྱན་ཞིང་སེན་མོ་དམར༔ འགྲོ་ཚེ་རྐང་གཡོན་སྔོན་ལ་འདུར༔ དེ་དང་རྟེན་འབྲེལ་ལེགས་འགྲིགས་ན༔ གདུལ་བྱ་མདོ་སྨད་ཕྱོགས་སུ་རྒྱས༔ ཚེ་ཡང་བཞི་བཅུ་ལྷག་ཙམ་འཚོ༔ ཁྱད་པར་བསོད་ནམས་ཤུགས་ཀྱིས་འཕེལ༔ གཞན་ཡང་དེ་ཡི་ཡན་ལག་ཏུ༔ ཕྱོགས་མཚམས་བརྒྱད་ནས་གྲོགས་བརྒྱད་འབྱུང་༔ ལྷ་དང་ཆོས་དང་འཚོ་དང་ཤེས༔ སྒྲོལ་དང་སྒྲོན་དང་སྐྱིད་དང་བདེ༔ གཏེར་སྒོ་རེ་ཟུང་འབྱེད་པའི་གྲོགས༔ རྩ་བའི་ཆོས་བདག་ཚོམ་བུ་བཅུ༔ ཡན་ལག་ཉེར་ལྔ་སྐལ་ལྡན་ནི༔ སུམ་ཅུ་རྩ་བདུན་འབྱུང་བར་འགྱུར༔ གཞན་ཡང་བརྒྱུད་འཛིན་ལྔ་བཅུ་འབྱུང་༔ ཀཿཐོག་ཕྱོགས་སུ་རིག་འཛིན་མིང་༔ ཁྱེའུ་ཆུང་ལོ་ཙཱའི་སྤྲུལ་བ་འབྱུང་༔ དེ་ཉིད་རྩ་བའི་ཆོས་ལ་དབང་༔ ལི་ཐང་ཕྱོགས་སུ་ཚེ་དབང་མིང་༔ རྒྱལ་བ་བློ་གྲོས་སྤྲུལ་བ་འབྱུང༔ དེ་ཡང་རྩ་བའི་ཆོས་ལ་དབང་༔ འགྲོ་དོན་རྒྱ་ཆེན་གྲོགས་སུ་འགྱུར༔ ཀཿཐོག་ཕྱོགས་སུ་དབང་པོའི་མིང་༔ བི་མ་མི་ཏྲའི་སྤྲུལ་བ་འབྱུང་༔ དེ་ཡང་རྩ་བའི་ཆོས་ལ་དབང་༔ དཔལ་གྱི་ཕྱོགས་སུ་ཙ་ནའི་མིང་༔ བསྒྲག་པ་ནམ་མཁའི་ཡེ་ཤེས་སྤྲུལ༔ དེ་ཡང་རྩ་བའི་ཆོས་ལ་དབང་༔ ཛ་གད་ཕྱོགས་སུ་རྒྱལ་གྱི་མིང་༔ གཡུ་སྒྲ་སྙིང་པོའི་སྤྲུལ་པ་འབྱུང་༔ དེ་ཡང་རྩ་བའི་ཆོས་ལ་དབང་༔ རུ་དམ་ཕྱོགས་སུ་འཇིགས་མེད་མིང་༔ ཨོ་རྒྱན་ང་ཡི་སྤྲུལ་པ་འབྱུང་༔ དེ་ཡང་རྩ་བའི་ཆོས་ལ་དབང་༔ བྲག་གི་ཡུལ་ནས་ཤེས་རབ་མིང་༔ བྷོ་དྷི་ས་ཏྭའི་སྤྲུལ་བ་འབྱུང་༔ དེ་ཡང་རྩ་བའི་ཆོས་ལ་དབང་༔ ཤེལ་གྱི་གནས་ལ་རྒྱ་མཚོའི་མིང་༔ བེ་རོ་ཙ་ནའི་སྤྲུལ་བ་འབྱུང་༔ དེ་ཡང་རྩ་བའི་ཆོས་ལ་དབང༔ ཀཿཐོག་ཕྱོགས་སུ་བསྟན་པའི་མིང་༔ ཛྙ་ན་ཀུ་མའི་སྤྲུལ་བ་འབྱུང་༔ དེ་ཡང་རྩ་བའི་ཆོས་ལ་དབང་༔ གཙང་ཡུལ་ས་མུ་ཊ་ཞེས་འབྱུང་༔ སྲོང་བཙན་སྒམ་པོའི་སྤྲུལ་པ་སྟེ་༔ འདི་དག་རྩ་བའི་ཆོས་བདག་ཡིན༔ ཆོས་བདག་རང་ངོས་མ་ཟིན་ན༔ ཕར་ལ་འཚོལ་བར་མི་བྱའོ༔ ས་མ་ཡཱ༔ དེ་ནས་ཡན་ལག་ཆོས་བདག་ཉེར་ལྔ་ནི༔ བདུད་འཇོམས་སྤྲུལ་བ་མཚོ་ཕུའི་ཕྱོགས་སུ་འབྱུང་༔ བཛྲ་མིང་ཅན་དཔའ་བོ་སྙིང་སྟོབས་ཅན༔ ལང་གྲོའི་སྤྲུལ་བ་གསེར་གྱི་ཡུལ་དུ་འབྱུང་༔ བུདྡྷའི་མིང་ཅན་སྒྲུབ་ལ་བརྩོན་པ་འབྱུང་༔ ཁྱེའུ་ཆུང་སྤྲུལ་བ་ཀཿཐོག་ཕྱོགས་སུ་འབྱུང་༔ ལས་ཀྱི་མིང་ཅན་བྱང་སེམས་ལྡན་པ་འབྱུང་༔ མུ་ཁྲིའི་སྤྲུལ་བ་དཔལ་ཡུལ་གླིང་དུ་འབྱུང་༔ པདྨའི་མིང་ཅན་འགྲོ་དོན་སྐྱོང་བ་འབྱུང་༔ རྨ་ཐོག་སྤྲུལ་བ་ཁྲོཾ་གྱི་ཕྱོགས་སུ་འབྱུང་༔ རིག་འཛིན་མིང་ཅན་སྔགས་སྤྱོད་སྐྱོང་བ་འབྱུང་༔ ལྷ་རྗེའི་སྤྲུལ་བ་ཛ་གད་ཕྱོགས་སུ་འབྱུང་༔ དཔལ་གྱི་མིང་ཅན་སྒྲུབ་བརྩོན་དམ་པ་འབྱུང་༔ དཔལ་མིང་སྤྲུལ་པ་ཧོར་གྱི་ཕྱོགས་སུ་འབྱུང་༔ རིགས་བཟང་མིང་ཅན་དགེ་སློང་ཁྲིམས་ལྡན་འབྱུང་༔ གཡུ་སྒྲའི་སྤྲུལ་བ་རྒྱལ་མོ་རོང་དུ་འབྱུང་༔ བོ་དྷིའི་མིང་ཅན་ཁྱད་འཕགས་སྐྱེས་བུ་འབྱུང་༔ གནུབས་བན་སྤྲུལ་བ་ཙཱ་ཡི་ཕྱོགས་སུ་ནི༔ འཇིགས་མེད་མིང་ཅན་ཤེས་རབ་བློ་དང་ལྡན༔ མཁན་ཆེན་སྤྲུལ་བ་རྒྱ་བོད་ས་མཚམས་སུ༔ དྲི་མེད་མིང་ཅན་འདུལ་བའི་ནོར་གྱིས་ཕྱུག༔ མཆོག་དབྱངས་སྤྲུལ་བ་འཛམ་ཐང་ཕྱོགས་སུ་འབྱུང་༔ ཤིང་ལམ་འཇམ་དབྱངས་མིང་ཅན་ཁྱད་དུ་འཕགས༔ ཀླུ་ཡི་རྒྱལ་མཚན་སྤྲུལ་པ་ཚ་ཉག་ཕྱོགས༔ ནོར་བུའི་མིང་ཅན་བསླབ་གསུམ་རྒྱན་དུ་འཆང་༔ ལྷ་ལུང་དཔལ་རྡོར་སྤྲུལ་བ་ཁྲོཾ་གྱི་ཕྱོགས༔ པདྨའི་མིང་ཅན་རིག་སྔགས་འཆང་བ་འབྱུང་༔ ཡེ་ཤེས་དབྱིངས་སྤྲུལ་ཉག་ཞེས་རྒྱལ་བའི་ཡུལ༔ རྡོ་རྗེའི་མིང་ཅན་གཞན་ལ་ཕན་སེམས་ལྡན༔ སྟག་སྣ་གདོང་གཟིག་སྤྲུལ་བ་གཙང་གི་ཕྱོགས༔ དྷྭ་ཛའི་མིང་ཅན་པདྨ་ང་ལ་མོས༔ སོག་པོ་དཔལ་ཡེ་སྤྲུལ་པ་རུ་དམ་ཕྱོགས༔ དཀོན་མཆོག་མིང་ཅན་རིག་གནས་ཀུན་ལ་མཁས༔ རྒྱལ་བ་བྱང་ཆུབ་སྤྲུལ་བ་ལྕགས་མོའི་ཕྱོགས༔ དྷརྨའི་མིང་ཅན་སྔགས་ལ་མོས་པ་འབྱུང་༔ སྣ་ནམ་ཞིག་སྤྲུལ་བྲག་ཡབ་ཕྱོགས་སུ་འབྱུང་༔ བློ་བཟང་མིང་ཅན་ཆོས་ལ་མོས་པ་འབྱུང་༔ འོ་བྲན་དཔལ་དབང་སྤྲུལ་པ་ཟིལ་ཁྲོམ་ཕྱོགས༔ བསྟན་པའི་མིང་ཅན་འགྲོ་ལ་སྨན་པ་འབྱུང་༔ པདྨ་ང་སྤྲུལ་དབུས་གཙང་ཕྱོགས་སུ་ནི༔ བསྟན་པའི་མིང་ཅན་ཉི་ལྟར་གྲགས་པ་འབྱུང་༔ ཚུལ་ཁྲིམས་འོད་སྤྲུལ་ཉག་ཞེས་བྱ་བའི་ཕྱོགས༔ ཀརྨའི་མིང་ཅན་ཐེག་ཆེན་སྐྱེས་བུ་འབྱུང་༔ མུ་ཁྲིའི་སྤྲུལ་བ་ལྷོ་བྲག་ཕྱོགས་སུ་འབྱུང་༔ གསུང་སྤྲུལ་མིང་ཅན་བསྟན་པའི་རྒྱལ་མཚན་འཕྱར༔ ཀླུ་དབང་སྤྲུལ་བ་རྒྱལ་མོ་ཚ་བའི་རོང་༔ ལུང་རིག་མིང་ཅན་དགོངས་པའི་གཏེར་མངའ་བ༔ ནམ་སྙིང་སྤྲུལ་བ་སྡེ་ཡི་རྫ་ཆུའི་ཕྱོགས༔ བིདྱ་དྷ་རའི་མིང་ཅན་ཆོས་ལ་བརྩོན༔ ལེགས་གྲུབ་སྤྲུལ་བ་སྡེ་ཡི་རྒྱལ་ཁམས་སུ༔ པདྨའི་མིང་ཅན་སྙིང་སྟོབས་མངའ་དབང་ཅན༔ འདི་རྣམས་ཡན་ལག་ཆོས་ཀྱི་བདག་པོ་ཡིན༔ ལུང་བཞིན་ཟབ་ཆོས་བཙལ་ནས་འོང་དུས་སྤྲོད༔ ས་མ་ཡཱ༔ དེ་ནས་སྐལ་ལྡན་ཆོས་དབང་སོ་བདུན་ནི༔ ཀཿཐོག་ཕྱོགས་སུ་རྡོ་རྗེའི་མིང་ཅན་དང་༔ བསོད་ནམས་མིང་དང་དཔལ་གྱི་མིང་ཅན་འབྱུང་༔ ཛ་གད་ཕྱོགས་སུ་པདྨའི་མིང་ཅན་དང་༔ འཇམ་དཔལ་མིིང་དང་བསོད་ནམས་བཛྲ་མིང་༔ དཔལ་གྱི་ཡུལ་དུ་མངྒའི་མིང་ཅན་དང་༔ སངས་རྒྱས་མིང་དང་རྒྱལ་མཚན་མིང་ཅན་འབྱུང་༔ ཧོར་གྱི་ཡུལ་དུ་ཨོ་རྒྱན་མིང་ཅན་དང་༔ རིག་འཛིན་མིང་དང་བློ་གསལ་མཚན་ཅན་འབྱུང་༔ གཙང་གི་ཕྱོགས་སུ་འོད་ཟེར་མིང་ཅན་དང་༔ གྲགས་པའི་མིང་དང་ནམ་མཁའི་མིང་ཅན་འབྱུང་༔ རྒྱལ་མོ་རོང་དུ་དཀོན་མཆོག་མིང་ཅན་དང་༔ ཀརྨའི་མིིང་དང་ཕྲིན་ལས་མིང་ཅན་འབྱུང་༔ གསེར་རོང་ཡུལ་དུ་ལྷུན་གྲུབ་མིང་ཅན་དང་༔ པདྨའི་མིང་དང་འཇམ་དཔལ་མིང་ཅན་འབྱུང་༔ ལྕགས་མོའི་ཕྱོགས་སུ་ལས་ཀྱི་མིང་ཅན་དང་༔ ཆོས་གྲགས་མིང་དང་ཉི་མའི་མིང་ཅན་འབྱུང་༔ ཁྲོཾ་གྱི་ཡུལ་དུ་རྒྱལ་མཚན་མིང་ཅན་དང་༔ ཡིད་བཞིན་མིང་དང་ཛྙཱ་ནའི་མིང་ཅན་འབྱུང་༔ གཙང་ཡུལ་འོད་ཟེར་མིང་དང་ཀརྨའི་མིང་༔ སྨོན་ལམ་མིང་དང་འགྱུར་མེད་བསྟན་འཛིན་མིང་༔ གསེར་གྱི་ཡུལ་དུ་བསྟན་འཛིན་མིང་ཅན་དང་༔ རྡོ་རྗེའི་མིང་དང་ཐོགས་མེད་དཔལ་གྱི་མཚན༔ འདི་རྣམས་སྐལ་ལྡན་ཆོས་བདག་སོ་བདུན་ཡིན༔ གཞན་ཡང་བརྒྱུད་འཛིན་ལྔ་བཅུ་བཤད་པ་ནི༔ ཀཿཐོག་ཕྱོགས་སུ་ཆོས་སྐྱོང་མིང་ཅན་དང་༔ ཤེས་རབ་ཛྙཱ་ན་ཀུན་བཟང་རིག་འཛིན་དང་༔ དྷརྨ་དཔལ་དང་ཡེ་ཤེས་བྱང་ཆུབ་རྒྱལ༔ ཛ་གད་ཕྱོགས་སུ་པདྨ་སངས་རྒྱས་དང་༔ བཀྲ་ཤིས་འགྱུར་མེད་དཀོན་མཆོག་ཚེ་བསྟན་འབུམ༔ དོན་གྲུབ་ནོར་བུ་ཡེ་ཤེས་འཇམ་དབྱངས་ཞེས༔ ཁྱུང་པོའི་ཡུལ་དུ་བདུད་འདུལ་པདྨ་དང་༔ གུ་རུ་ཕྲིན་ལས་རྡོ་རྗེའི་མིང་ཅན་འབྱུང་༔ སྤོ་བོ་རོང་དུ་ཀརྨའི་མིང་ཅན་དང་༔ དྲི་མེད་གསེར་འོད་ནོར་བུ་ཟླ་བའི་མིང་༔ ལྷོ་ཀློར་བསྟན་པའི་མིང་ཅན་མཐོང་ཚད་འདྲེན༔ ཡེ་ཤེས་འོད་ཟེར་ཚེ་དབང་ཀརྨའི་མིང་༔ བྲག་གཡབ་བདེ་ཆེན་མིང་དང་རྒྱ་མཚོའི་མིང་༔ དོན་གྲུབ་དམ་ཆོས་ཡེ་ཤེས་པདྨའི་མིང་༔ བློ་བཟང་མཁས་མཆོག་ཤེས་རབ་ཚུལ་ཁྲིམས་མིང་༔ འབྲི་ཡུལ་པདྨ་ཀརྨ་ཛྙཱ་ན་དང་༔ སྐལ་བཟང་དཔལ་འབྱོར་གྲགས་པ་རིན་ཆེན་དང་༔ འོད་ཟེར་བཀྲ་ཤིས་ཚེ་དབང་དཔལ་གྱི་མིང་༔ རྒྱ་མཚོ་བསྟན་འཛིན་ཆོས་རྒྱལ་དྲི་མེད་རྩལ༔ ལྕགས་མོའི་ཡུལ་དུ་ཡེ་ཤེས་འོད་ཟེར་དང་༔ དོན་གྲུབ་ནམ་མཁའ་པདྨ་རྡོ་རྗེའི་མིང་༔ གསེར་ཡུལ་ཀརྨ་ཚུལ་ཁྲིམས་འོད་གསལ་དང་༔ རིག་འཛིན་རྡོ་རྗེ་རིན་ཆེན་ཡེ་ཤེས་དཔལ༔ རྒོད་ཀྱི་ཡུལ་དུ་བསྟན་པ་ཀུན་དགའ་དང་༔ རིག་འཛིན་གྲགས་པ་ནོར་བུ་ཡེ་ཤེས་དཔལ༔ གཙང་ཡུལ་པདྨ་ཚེ་བསྟན་འགྱུར་མེད་དང་༔ བྱང་ཆུབ་དཀོན་མཆོག་ཤེས་རབ་དེ་ཡི་མིང་༔ རྒྱལ་མོ་རོང་དུ་མདོ་སྡེ་བསྟན་འཛིན་དང་༔ འགྱུར་མེད་འཇིགས་མེད་ནམ་མཁའ་དགེ་ལེགས་སོགས༔ འདི་རྣམས་བརྒྱུད་འཛིན་ལྔ་བཅུ་བསྟན་པའོ༔ ས་མ་ཡཱ༔ གཏེར་གྱི་ལྡེ་མིག་ལས་རྒྱ་ནི༔ རིག་འཛིན་སྐྱེས་བུ་གྲོགས་ཀྱི་མཆོག༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ སྒོ་གསུམ་བྱིན་གྱིས་བརླབས་པའི་ལྕམ༔ བལ་མོ་ཤཱཀྱ་དེ་ཝ་དངོས༔ མཐོང་ཐོས་བྱང་ཆུབ་ལམ་ལ་འདྲེན༔ ཁྱུང་པོའི་ཡུལ་དུ་འབྱུང་བར་འགྱུར༔ རྟེན་འབྲེལ་དགོས༔ རྟེན་འབྲེལ་འབྲིང་ནི་འབྲི་ཡི་ཡུལ༔ ཆོས་སམ་ནོར་གྱི་རི༔ འབྲོམ་བཟའ་བྱང་ཆུབ་སྒྲོལ་མ་དངོས༔ སྡེ་ཡི་ཡུལ་དུ་འབྱུང་བར་འགྱུར༔ རྟེན་འབྲེལ་ཐ་མ་རྒྱལ་མོ་རོང་༔ ཝཾ་ཞེས་བྱ་བའི་ར་ཛཱ་ཡི༔ བུ་མོ་ཡིན༔ ལི་བཟའ་ཚུལ་ཁྲིམས་སྒྲོལ་གྱི་སྤྲུལ༔ གཞན་ཡང་ཡན་ལག་གྲོགས་བརྒྱད་ནི༔ ཁྲོམ་རྒྱན་གངས་འབུམ་པདྨ་གསལ༔ ཕོ་གྱོང་བཟའ་དང་ནུས་འབྱིན་མ༔ མཚོ་རྒྱལ་ཉིང་སྤྲུལ་སྨན་བཟའ་མཚོ༔ ཀཱ་ལ་སིདྡྷི་དངོས་དང་བརྒྱད༔ མིང་སོགས་གོང་གི་ལུང་བཞིན་འབྱུང་༔ ས་མ་ཡཱ༔ དེ་ནས་སྣོད་མེད་བདུད་རིགས་འབྱུང་ཚུལ་ནི༔ ལྷ་སའི་མཐིལ་དུ་སྐུ་ཞབས་མིང་འདོགས་པ༔ བསོད་ནམས་མིང་ཅན་བོད་ཀྱི་བདེ་སྐྱིད་བཅོམ༔ འབྲས་སྤུངས་གླིང་དུ་དགེ་ལེགས་མིང་འཆང་བ༔ ཇོ་ཤཱཀ་མདུན་དུ་ཁྲག་མཚོ་བསྐྱིལ་བ་འབྱུང་༔ བདུད་བློན་ཏ་ར་ཀླུ་གོང་སྤྲུལ་བ་ནི༔ ལྷོ་བླ་ཕྱོགས་སུ་གཏེར་ལོག་འདོན་པ་འབྱུང་༔ གཉེར་བ་སེ་ཕང་ནག་པོའི་སྤྲུལ་བ་ནི༔ བོད་ཀྱི་ཡུལ་དུ་ཆགས་པའི་མིང་ཅན་འབྱུང་༔ གནོད་སྦྱིན་རྒོད་མ་ཁ་ཡི་སྤྲུལ་བ་ནི༔ ཉག་ཐང་ཕྱོགས་སུ་སྤྲུལ་སྐུར་བརྫུས་ནས་འོང་༔ རྐང་ལག་མཐིལ་ན་པདྨའི་རི་མོ་བཀྲ༔ བར་སྣང་གློག་མ་སྤྲིན་གྱི་སྤྲུལ་བ་ནི༔ འབྲི་ཆུའི་རྒྱུད་དུ་བཀའ་བློན་ཚུལ་དུ་འོང་༔ མངྒའི་མིང་ཅན་སྔོ་ནག་གཟུགས་རིས་བཀྲ༔ གླང་དར་སྤྲུལ་པ་རྒྱལ་མོ་རོང་དུ་འོང་༔ རྒྱལ་རིགས་ཚུལ་བཟུང་སྐྱེ་འགྲོ་སྡུག་ལ་བཀོད༔ ཀླུ་གྱོང་སྤྲུལ་བ་བྲག་གཡབ་ཕྱོགས་ནས་འོང་༔ ཡུལ་འཁྲུགས་སྣ་འདྲེན་བཙུན་པ་དམག་ལ་བཀོལ༔ ཀླུ་སྲིན་སྤྲུལ་བ་གསེར་གྱི་ཡུལ་དུ་འབྱུང་༔ ལྷ་མིན་དང་མཚུངས་ལས་ཀ་འཐབ་ལ་བརྩོན༔ འགོང་པོའི་སྤྲུལ་བ་ཧོར་གྱི་ཡུལ་དུ་འབྱུང་༔ གཡུལ་འཁྲུགས་མང་བྱེད་ཐ་མ་རང་ཕུང་འབྱུང་༔ ཐེའུ་རང་སྤྲུལ་པ་གཙང་གི་ཡུལ་དུ་འབྱུང་༔ ཧོར་དང་འཁྲུག་ཅིང་ཐ་མ་གསེར་དུ་བསྐུང་༔ ཁམས་ཀྱི་བྱ་ཐུལ་སྤྲུལ་བ་༔ དབང་གི་མིང་ཅན་ཞེས་ཀྱི་པ་ཊ་ལོ༔ བསེ་རག་སྤྲུལ་བ་ཁྲོ་ཡི་ཡུལ་དུ་འབྱུང་༔ གྲགས་ཀྱི་མིང་ཅན་བོད་དང་འདྲེས་ནས་འོང་༔ དམར་རྒྱན་སྤྲུལ་བ་བྲག་གི་ཐོག་ལ་འབྱུང་༔ བཙུན་མོའི་ཚུལ་འཛིན་འཕྲད་ཚད་སྡུག་ལ་སྦྱོར༔ གནམ་སྨན་སྤྲུལ་པ་འབྲི་ཆུའི་རྒྱུད་དུ་འབྱུང་༔ གཅོད་པའི་ཚུལ་བཟུང་འགྲོ་ལ་ལོག་ལམ་སྟོན༔ རྒྱལ་འགོང་སྤྲུལ་བ་ཀཿཐོག་ཕྱོགས་སུ་འབྱུང་༔ མཁའ་འགྲོའི་ཚུལ་བཟུང་བསྟན་བླ་བཙོང་བར་བྱེད༔ མ་ཡུམ་སྤྲུལ་བ་མདོ་དབུས་ཕྱོགས་སུ་འབྱུང་༔ བཙུན་པའི་ཚུལ་བཟུང་ལྐོག་ཏུ་ཕྲུ་གུ་གསོ༔ འོད་ཟེར་མིང་ཅན་བསྟན་སྙིང་དམར་འདོན་བྱེད༔ བརྒྱ་བྱིན་སྤྲུལ་བ་གཙང་གི་ཡུལ་དུ་འབྱུང་༔ རྒྱལ་གྱི་མིང་ཅན་རང་གཞན་གཉིས་ཕུང་འབྱུང་༔ དམ་སྲིའི་སྤྲུལ་བ་རུ་དམ་གླིང་དུ་འབྱུང་༔ འཕེལ་བའི་མིང་ཅན་དངོས་གྲུབ་སྐལ་བ་གཅོད༔ ཕུང་སྲིའི་སྤྲུལ་བ་ཙཱ་ཡི་ཡུལ་དུ་འབྱུང་༔ བསོད་ནམས་མིང་ཅན་བན་གྱི་བསྟན་ལ་ལྡང་༔ ཏེ་ཕུར་སྤྲུལ་བ་ཆུ་ཁྲོམ་རྒྱུད་དུ་འབྱུང་༔ སྔགས་དང་བོན་གྱི་བསྟན་པ་བསྣུབ་པར་བྱེད༔ ཕོ་སྲིའི་སྤྲུལ་པ་གསེར་རོང་ཡུལ་དུ་འབྱུང་༔ ལྕགས་ཀྱི་མིང་ཅན་མདོ་སྨད་བདེ་སྐྱིད་བཅོམ༔ མོ་སྲིིའི་སྤྲུལ་པ་གཙང་གིི་སྨད་དུ་འབྱུང་༔ བུད་མེད་ཚུལ་བཟུང་མངོན་ཤེས་ཐོགས་མེད་འཆད་༔ རྒྱལ་བསེན་སྤྲུལ་པ་རྩང་གི་ཨ་ཡུལ་འབྱུང་༔ བླ་མའི་ཚུལ་བཟུང་ཤེས་རྒྱུད་འདྲེ་རླབ་བྱེད༔ གཤིན་པོ་འཕྲད་ཚད་ངན་སོང་གནས་སུ་སྐྱེལ༔ དབྱི་མདོའི་ཡུལ་དུ་བརྒྱ་བྱིན་སྤྲུལ་པ་འབྱུང་༔ རྒྱ་འདྲེའིི་བརླམས་པའི་གཏེར་བརྫུས་ལོག་ལམ་སྟོན༔ རྨུ་རྡོའི་ཞོལ་དུ་བཙན་འགོང་སྤྲུལ་བ་འབྱུང་༔ ས་བཅུད་ལེན་ཅིང་གནས་ཁང་བརྩིག་པར་འགྱུར༔ ཝཾ་ཡུལ་བདུད་སྤྲུལ་ཁ་ཡི་མིང་ཅན་འབྱུང་༔ རྒྱ་དང་འཁྲུགས་རྩོད་མི་བདེ་སྣ་འདྲེན་བྱེད༔ འདི་དག་གནོད་པའི་བདུད་རིིགས་བཤད་པ་ཡིན༔ དེ་ནས་ཡུལ་སྡེ་སྤྱི་ཡི་ལུང་བསྟན་ནི༔ བོད་ཡུལ་ཇོ་ཤཱཀ་སྟེང་དུ་གནམ་ཆུ་འབེབས༔ ཀོང་པོའི་རི་ལ་གནམ་རྡོ་རྟགས་ཅན་ལྷུང་༔ བསྒྲགས་ཀྱི་ཡང་རྫོང་གྲུབ་ཆུ་ཐམས་ཅད་སྐམ༔ ཤེལ་གྱི་བྲག་ལ་ལས་ཅན་ཟབ་གཏེར་འདོན༔ མཆིམས་ཕུར་གཏེར་སྒྲོམ་མ་བླང་རང་རྡོལ་རྙེད༔ ལྷ་སའི་གླིང་དུ་ཕི་ཡིས་མཁར་རྫོང་བརྩིག༔ ཆབ་ཀྱི་མདའ་ལ་རྒྱ་ཡི་དམག་སྒར་ཆགས༔ བསམ་ཡས་གླིང་དུ་མཐའ་ཡི་མོན་བུ་སླེབས༔ འབྲུག་གི་ཡུལ་དུ་ཀློ་ཁྲའི་དམག་གིས་གང་༔ ལྷོ་བྲག་ཕྱོགས་སུ་མུ་གེས་མི་ཐོག་འབུད༔ དབུས་ཀྱི་མི་སྐྱ་ཀུན་གྱིས་ཞྭ་སེར་གྱོན༔ རྒྱ་བོད་ནང་འཁྲུགས་ས་རྩོད་བྱེད་པ་འབྱུང་༔ བྲག་གཡབ་ཕྱོགས་ནས་བཙུན་པས་དམག་དཔོན་བྱེད༔ འབངས་འཁོར་མི་སྐྱིད་སྡིག་ལ་སྦྱོར་བ་འབྱུང་༔ སྡེ་ལ་རྒྱལ་བློན་ནང་འཁྲུགས་ཐ་མ་ལ༔ རྒོལ་ཞིང་བྲག་སྙིལ་ཧོར་ཕུང་དུས་མཉམ་འོང་༔ འབྲི་ཆུའིི་རྒྱུད་དུ་བླ་མ་ནང་འཐབ་བྱེད༔ བསྟན་པ་ནང་བཤིག་བསྟན་འཛིན་ཕྱིར་འདོན་འོང་༔ ཀཿཐོག་གླིང་ལ་སྔགས་འཆོལ་མང་ཞིག་འོང་༔ སྲུང་མའི་བཀའ་ཆད་ཐོག་མདའ་ལན་འགའ་འབབ༔ སྔར་མེད་ས་རུ་དགོན་ཁང་བརྩིག་པར་བྱེད༔ རྡོ་རྗེའི་མིང་ཅན་གསང་སྔགས་རོལ་མོ་སྒྲོགས༔ སྤང་རི་དཀར་པོ་ཤུག་པས་མདོག་བསྒྱུར་འོང་༔ གཡོན་རིི་རལ་འགྲོ་གྲོ་ལོད་རང་བྱོན་གསལ༔ སེང་གེའི་རི་ལ་བྲག་ཆད་ཁྲི་གདན་འབྱུང་༔ འབྲི་རྒྱུད་སུརྱའི་གནས་སྒོ་བུ་ཡིས་ཕྱེ༔ འབྲི་རྒྱལ་ཞགས་པ་ངང་ཐུང་གནམ་ལ་ཡལ༔ བདུད་རིིགས་དབང་གི་མིང་ཅན་འབྲི་ལ་སྡང་༔ དབང་པོའི་དྭངས་མ་འབྱུང་བ་འབྲུག་གིས་ཟ༔ ལྷུན་གྲུབ་སྟེང་ལ་རྒྱ་ཡིས་གནས་ཚང་བཅའ༔ ཕི་ཡི་ས་རྟགས་འཇོག་ཅིང་ས་སྙིང་འདོན༔ སྤོ་བོ་རོང་དང་འདྲེས་ནས་ས་གནས་ཤོར༔ དཔལ་སྤུངས་སྔགས་ནག་བསྟན་པ་འཆོལ་བར་སྤྱོད༔ དཔལ་ཡུལ་སྒྲུབ་པའི་གྲྭ་ལ་བཤད་གྲྭ་རྒྱས༔ སྔར་མེད་མདོ་ཆོས་མང་པོ་དར་ནས་འོང་༔ རྣལ་འབྱོར་སྙིང་ལ་འདྲེ་ཞུགས་ཕལ་ཆེར་སྨྱོ༔ མཁར་གྱི་རྒྱུད་དུ་རིི་ཁྲོད་འདེབས་པ་འབྱུང་༔ སྐུ་ལྷ་འཁྲུག་ཅིང་ལྷ་ཡི་ཡུལ་སྤང་འོང་༔ རྒྱལ་དགོན་སྤྱན་མས་ཟེར་ལ་སྤྲུག་དུས་འབྱུང་༔ རུ་དམ་ཕྱོགས་སུ་ཐོག་དང་ས་གཡོ་འོང་༔ དགོན་ནང་ཚོང་ར་བྱེད་ཅིང་ཕྱི་ནང་འཁྲུགས༔ བརྟུལ་ཞུགས་སྤྱོད་པའི་སྔགས་པ་ཞིག་ཀྱང་འབྱུང་༔ དེ་དུས་ནང་ནས་གཏེར་ཁ་བཟང་ངན་གསུམ༔ གཏེར་སྟོན་དག་དང་མ་དག་གཉིས་ཀྱིས་འདོན༔ ཞེ་ཆེན་གླིང་དུ་བསྟན་པ་ནང་འཁྲུགས་བྱེད༔ གཏེར་སྟོན་ཞིག་འབྱུང་སྐ་ཡི་གཏེར་ཕྲན་སྟོན༔ པདྨ་ཐང་ལ་རྡོ་སྦལ་གཟུགས་ཅན་ཡོང་༔ རྡོ་རྗེའི་མིང་ཅན་གཏེར་ཟབ་གསང་ཚུལ་སྤྱོད༔ ཟིལ་ཕྲོམ་རྒྱུད་དུ་བྲག་དཀར་རལ་བ་དང་༔ གངས་རིའི་གདུང་ཞུ་བརྡའ་ཡིག་མངོན་པ་འབྱུང་༔ རུ་དམ་རྒྱ་མཚོའི་སྦལ་བ་ཁྲོན་པ་ལྷུང་༔ སྟག་ཆེན་གནས་ལ་དཔའ་བོ་འོད་ལུས་གྲུབ༔ ཛ་གད་ཡུལ་དུ་འབའ་ཡི་མི་ཁ་འདྲེན༔ བྲག་སྙིལ་ཐོག་འབེབས་བྱད་ཁ་རྦོད་གཏོང་འབྱུང་༔ མཁའ་འགྲོའི་ཐུགས་སྤྲུལ་རྒྱས་པའི་མིང་ཅན་ཞིིག༔ འབའ་རོང་ནས་འོང་ཛ་ཡི་རྟེན་འབྲེལ་བསྒྲིག༔ ཆུ་ཡི་ཕུ་ལ་སྔགས་པའི་སྡེ་ཞིག་ཆགས༔ གངས་ཀྱི་ར་བར་སྔར་མེད་ལྟས་ཞིག་སྟོན༔ བུད་མེད་དབང་གི་མིང་ཅན་རི་ཁྲོད་འདེབས༔ འབའ་རོང་གྲས་མདའ་ལ་ཁ་ཕི་མཁར་ཆགས༔ འགོང་པོ་སྒམ་ཁུར་མིག་ཕུག་ལྡིབ་པ་འབྱུང་༔ ལི་ཁྲ་གཡུལ་འཁྲུགས་མུ་ཡིས་འཇོམས་པར་འགྱུར༔ ས་ངན་རོང་དང་སྡེ་གཉིས་དམར་ནག་འཁྲུག༔ གོ་འཇོའི་ཡུལ་དུ་ཁྲག་གིི་སེར་བ་འབེབ༔ སྤོ་བོ་རོང་དུ་བོད་ཀྱིས་རྒྱ་དམག་འདྲེན༔ ལྷ་སའི་གླིང་དུ་ཨ་ཡི་མགོ་གནོན་འགྱུར༔ ཉག་བོད་སྔོན་པོའི་མཚོན་ཀྱིས་སྒྱུར་བར་བྱེད༔ ཟུར་ཕུད་མིང་དེ་ཕ་ཡིས་བུ་ལ་བསིག༔ ཉག་ཡུལ་ཙུང་འོང་དེ་ཉིད་རམ་ཀྱིས་ཟ༔ ལི་ཐང་སྡེ་དགོན་བོད་གྱི་ས་བོན་བྱེད༔ མི་ཉག་རོང་དུ་རིམས་ཡམས་ཆེན་པོ་འོང་༔ མགོ་ཟླུམ་ཐང་ལ་ཕི་ཡིས་གནས་ཁང་བྱེད༔ ཀ་བཞི་དགོན་ལ་སྔར་མེད་རྟགས་ཤིག་འོང་༔ ཕོ་བྲང་ལྔ་ལ་བྲག་ཆད་ས་རལ་འདེབས༔ སྐྱིད་ཀྱི་ཁུག་པར་སྡུག་གི་ཁུར་བོས་ནོན༔ ར་ས་ལྷ་ཁང་བཙུན་པས་ཕྲུ་གུ་གསོ༔ ལྷང་ལྷང་སྒྲ་ལ་ཆུ་ཡིི་འཇིག་རྟེན་ཆགས༔ གར་འོང་མེད་པའིི་སྔགས་སྨྱོན་ཞིག་བྱུང་ནས༔ ལྕགས་དང་བསྡོངས་ཏེ་གཏེར་ལོག་ལེན་པར་འགྱུར༔ ལྕགས་ཡུལ་རཱ་ཛ་ཙ་ཡི་མིང་ཅན་ཀྱི༔ རྒྱ་བོད་གདོང་གཅིག་མི་བདེ་དུས་ཞིག་འབྱུང་༔ མི་ཉག་རོང་དུ་མུ་གེའི་འཇིགས་པ་འབྱུང་༔ ལྗང་བུ་མི་སྐྱེ་སྐྱེས་ཀྱང་དམར་མདོག་སྐམ༔ བྱི་བས་གནོད་ཅིང་སད་སེར་སྲིན་བུས་འཇིག༔ ལྕགས་ཡུལ་ངོས་བཟུང་མེད་པའི་རིམས་སྣ་ཚོགས༔ ཆོ་འཕྲུལ་སྟོན་པའི་མཐའ་མི་མང་འོང་ནས༔ ཆོས་སེམས་སྡིག་བསྒྱུར་རིག་པ་ནོར་གྱིས་བསླུ༔ ལྕགས་གདུང་ཕུར་ཉེ་ལྕགས་བསྟན་རང་ཞིག་འགྲོ༔ བཛྲ་གླིང་ལ་རྒྱ་ཡི་ཚོང་ར་བྱེད༔ རྒྱལ་པོའིི་ཕོ་བྲང་གསལ་འདེབས་བྱེད་དུས་ལ༔ པདྨའི་བསྟན་པ་ཕི་ཡིས་བསྣུབ་པའི་ལྟས༔ ཞང་ཡུལ་ཟངས་ཀྱི་གནས་སྒོ་དོན་གྱིས་ཕྱེ༔ ལྕགས་རོང་ཡུལ་དུ་ཚ་བའི་མེ་དབལ་མཆེད༔ ཞང་ཡུལ་བོན་བསྟན་གྲུབ་དང་དགེ་ཡིས་འཇིག༔ ཆོས་ལ་བོན་མིང་འདོགས་པའི་དགོན་གླིང་ལ༔ སྔར་མེད་གསེར་གྱི་ཐོག་ཕུར་འདོན་པ་འབྱུང་༔ བཙན་ཡུལ་རྙིང་མའིི་སྡེ་གྲྭ་བཙུགས་པ་དང་༔ ཙ་ལ་ཤི་གསོན་མང་པོའི་ཐ་མ་ལ༔ གཙུག་ཕུད་མིང་འདོགས་ཟིལ་གནོན་ཅན་འབྱུང་ངམ༔ ཡང་ན་སྔོན་པོ་རཾ་གྱིས་གཏིང་འཁྲུགས་ནས༔ ཁྲོ་ཤི་ཙ་གསོན་ཧོར་ཕུང་ལྕགས་རྒུད་འོང་༔ ཙ་རོང་སྐྱེས་བཟང་གླིང་དང་དམར་ཡག་འཁྲུགས༔ ལྷ་གླིང་རྒྱབ་ལ་སྟག་མོའི་འཛུམ་དྲུག་འཇིག༔ ཝ་ལ་མོ་སྲིང་འཛིན་པ་ཤོད་ཀྱིས་བཅོམ༔ ཙ་བུ་ཤི་གསོན་ཕྱེད་མ་གཏན་བརླག་བྱེད༔ དཔོན་གྱི་མིང་འདོགས་སྡེ་ཡི་བཀའ་ལ་ཉན༔ ཙ་ཡི་ཁ་ཤོད་གཉིས་འཁྲུགས་ཐ་མ་ལ༔ མི་སྲོག་འགའ་གཅོད་ཐ་མ་ཅུང་ཙམ་བདེ༔ བོད་ཉག་ཕྱོགས་ནས་ཞིམ་དགུའི་འཕྲོ་རྣམས་ཟ༔ མུར་འཐོར་དབྱི་དང་ཤ་ཕོ་ཁྱི་དང་འདྲེ༔ མདོ་བོད་ཁྲོ་ཟས་ཙ་ཡི་ཕྱེད་ལག་ཚུད༔ འུར་གྱི་གནས་ལ་མ་རུང་རླུང་འཚུབ་ནས༔ རྡོ་གསེར་གནམ་འབེབས་གྲོང་དགོན་ལན་འགའ་བཤིག༔ སྤྱན་གཟིགས་མདུན་དུ་མི་རུང་ལྟས་གསུམ་འབྱུང་༔ ཀཿསེང་རྫོང་ལ་བོན་པོ་ནང་འཁྲུགས་དང་༔ རྡོ་རྗེ་སྙིལ་དང་པདྨའི་སྡོང་པོ་ལ༔ གས་ཆག་འབྱུང་ཞིང་ལྷ་འཁྲུགས་ཐོག་རླུང་འབེབས༔ ཁྲོ་ཆུ་མར་དུ་བཞུ་བའི་སྔ་ལྟས་ཡིན༔ བྲག་འཇིག་ཝམ་ཞུམ་རྩྭ་དང་ཁྲེ་བསྡེབ་འོང་༔ ཆུ་ཡི་ཟིལ་ལ་ཁྲོམ་ཕྱོགས་སྔར་ལྟར་བརྟེན༔ རབ་ཀྱིས་ཆོས་གྲྭས་བྲག་གི་བོན་གླིང་འཇོམས༔ བཙན་གྱི་མཆོད་རྟེན་རྙིང་མའི་བདུད་དུ་འབེབ༔ ཝཾ་ཡུལ་འཇམ་དབྱངས་སྤྲུལ་པ་བུ་གཅིག་འོང་༔ ཞུང་གཉིས་རྫོང་གི་ཁྲོ་མཁར་ཐོག་གིས་བཤིགས༔ ཙ་རྗེ་གཡོག་གཉིས་བདེ་སྡུག་རེས་མོས་བྱེད༔ སྔོན་པོའི་ཚོས་ཀྱིས་དགེ་བའི་གོས་མདོག་བསྒྱུར༔ ཝ་ལམ་སྡེ་དེ་ཙ་ཡི་ཆུ་དང་འདྲེས༔ བོན་མིང་ཆོས་དཔོན་གཏུམ་རྔམ་ཞིག་རྦོད༔ ལྷ་ས་ནས་འོང་བོན་གྱི་དང་འདྲེས་འགྲོ༔ ཝམ་ཡུལ་རྒྱལ་རྒྱུད་མཐའ་མིས་འཛིན་པར་འགྱུར༔ ཝཾ་ཉམས་ཆུ་རླན་ཤར་གྱི་ཉི་མས་གདུང་༔ བདེ་མིང་བསྐྱེད་པའི་བུ་ཐ་མ་འཕྲད་ན༔ ཁྲོ་བམ་དྲག་མདོག་ཁ་ཆུས་གདུང་ཉེན་ཡོད༔ བདེ་མིང་རྟེན་ལ་མོས་ཡང་གཉེན་བསྒྱུར་མང་༔ ཚ་བ་རོང་གི་གཉེན་དུ་ཡོད༔ མུར་དྲིའི་ཐང་ལ་ཞིང་རྨོ་བྱེད་དུས་དེར༔ ཆོས་རྗེ་བླ་མ་དགུང་ལ་ཡལ་ནས་ཀྱང་༔ ཕྱི་རབས་མ་ཙམ་འོང་ཙ་རྡེག་བརྡུང་༔ དེ་ནས་མི་ལོ་ལྔ་ཡི་ཐ་མ་ལ༔ གཙང་གི་སྨད་འདིར་བཤད་གྲྭ་ཚུགས་པ་ཉམས༔ དབྱེ་ཞིང་ཞིབ་པར་གླེང་ན་འདི་ལྟར་རོ༔ ཁྲོ་དང་པོ་གཉིས་གནམ་ས་ཁ་རྡེབ་ཡོང་༔ ཅོག་འཁུམ་པོ་ཡིས་ཟ་ཞིང་ལྕེ་བྲག་ཡོང་༔ གཡུ་རོང་གྲོང་སྟོང་སྔ་ལྟས་མི་གསུམ་འབྱུང་༔ དམར་ནག་ཁྲོ་གདན་སྟེང་དུ་ཁྱི་ཉལ་ཏེ༔ པོ་ལྕགས་རམ་གསུམ་འདུས་པ་གཟིིག་གིས་ཁྱེར༔ དབྱི་ཐིར་འཇག་མ་རྒྱས༔ གཟི་རྒྱལ་དག་ལ་ཁ་ཡོག་ལན་གཉིས་འོང་༔ གཟི་རྒྱལ་དྲུང་དུ་ནམ་སྙིང་སྤྲུལ་པ་འཁྲུངས་༔ བཻ་རོའི་སྒྲུབ་ཕུག་རྡོ་དཀར་ཕ་བོང་ནང་༔ ཟབ་མོའི་གཏེར་ཁ་བདུད་ཀྱི་ཁ་བྱང་ནི༔ ཕྱོགས་མེད་རྣལ་འབྱོར་ཞིག་གིས་རྙེད་པར་འགྱུར༔ དུས་རྟགས་ཆུ་འབྲུག་ས་གཡོ་རི་འགུལ་ཞིང་༔ ཕོ་བྲང་དེ་ཡི་བྱང་ཤར་མཚམས་སུ་ནི༔ བྲག་སྔོན་སྒམ་བརྩེགས་འདྲ་བའི་ངོས་ཡངས་ནས༔ རྡོ་བ་རྟགས་ཅན་ཆད་ནས་ཐང་ལ་ལྷུང་༔ ལས་ཅན་སྐྱེས་བུ་འབྱུང་བའི་སྔ་ལྟས་ཡིན༔ རྒྱབ་རིའི་རྩེ་ལ་རྫ་སྙིལ་ཡི་གེ་གསལ༔ ཆུ་སྟེང་ཕོ་བྲང་ཞབས་ལ་སྔོན་པོ་ཡོད༔ རྒྱལ་པོ་གཉིད་དངངས་ལུས་འདར་ཉམས་ཞིག་འོང་༔ སྔར་དང་མི་འདྲ་བླ་མ་ ༔ ཟབ་གཏེར་དངོས་གྲུབ་ཡོད་པའི་བསྐུལ་མ་ཡིན༔ ཙ་རྒོད་མདོག་ནག་མིའུ་ཐུང་བློན་པོ་ཞིག༔ ཡ་སོ་ཕྱིར་བརྩེགས་ཅན་༔ རྒྱལ་སྲིད་བཤིག་དང་དངོས་གྲུབ་འཕྲོག་པས་འབྱུང་༔ གཞི་རུང་ལོ་ཉེས་མ་རུངས་ལྟས་ཞིག་ཡོང་༔ ལྕོགས་པ་སྐར་མདའ་ས་ལ་ཡལ་ཉེན་ཡོད༔ པོ་ལ་བྲག་སྙིལ་མི་རྒོད་ཁྱི་སྨྱོན་འཇིགས༔ པོ་ཡི་ཁྲོ་གླིང་བསྟན་པ་བརྗེ་བར་བྱེད༔ གཟི་ཡི་གསང་གྲོགས་མཐའ་མིའི་བདུད་མོས་བྱེད༔ ཁ་རྗེ་ཉམས་ཞིང་རླུང་རྟ་དགྲ་ལྷ་ཉམས༔ ཁྲོ་ཡི་ཆུ་རླན་འབར་བ་མེ་ཡིས་སྐམ༔ ཕོ་བྲང་ནང་དུ་བླ་མ་འདྲེ་ཡིས་གསོད༔ ཕ་ལྷ་བུད་ཅིང་བྲལ་བའི་སྔ་ལྟས་ཡིན༔ རཱ་ཛས་བཟོ་དང་འབངས་ལས་བྱེད་པ་དང་༔ ཁེན་ཁབ་བའི་ཚེ༔ རྐང་ལྷྭམ་མགོ་ལ་གྱོན་ནས་ཀྱམས་ཞྭ་བྱེད༔ མེ་ཏོག་སྟོན་ལ་བབས་པའི་སྔ་ལྟས་ཡིན༔ མཚོ་གླང་རྒྱ་ཡིས་ཚོང་ཁང་བྱེད་པའི་དུས༔ ཡུལ་གྱི་གྲོང་འཚོར༔ ཕི་ཡི་ཡོ་ལང་རེ་བའི་གཡབ་མོ་ཡིས༔ ཡུལ་དུས་སྤྱི་ཡང་བདེ་བའི་གོ་སྐབས་མེད༔ ནད་རིགས་ངོ་མི་ཤེས་པ་མང་པོ་དར༔ སད་སེར་ཐན་པ་སྲིན་བུ་བྱི་བས་འཇིག༔ ཉི་ཟླ་ཁྲག་གི་མདོག་ཏུ་འཆར་བ་དང་༔ ནད་སྲིན་སྔོ་དམར་ཞག་དུས་ཡུན་རིང་འཐིབ༔ སྤྱང་ཀིས་མི་གསོད་ཁྱི་སྨྱོན་ལུང་པ་གང་༔ བླ་མའི་སྙིང་དུ་རྒྱལ་འགོང་ཞུགས་ནས་སྨྱོ༔ ཕུ་ནུ་སྤུན་ཟླ་འཁྲུགས་ནས་ནང་དམེ་བྱེད༔ གཙང་སྟོད་དེའུ་ཞི་མདོག་སྒྲུབ་གྲྭ་ཆགས༔ ལི་མདོའི་གླིང་ལ་བཤད་གྲྭ་ཆགས་པ་དང་༔ གཏེར་བདག་གླིང་པའི་རིག་འཛིན་ཐུགས་ཐིག་དར༔ གཙང་སྟོད་ཁྲག་མཚོའི་ནང་ལ་བཙན་བྱ་ལྡིང་༔ མདོ་ཐང་དཀྱིིལ་ལ་དབུས་པའི་བྱ་ཁྱུ་འཚོགས༔ གཙང་ཡུལ་ལི་ཡུལ་རྒྱབ་རི་ཀླུ་ཡིས་བཤིག༔ སེར་པོ་སྔོན་པོ་གཉིས་འཁྲུགས་དེས་རྐྱེན་གྱིས༔ གཙང་སྟོད་མི་ཚུགས་རིན་ཆེན་བྱི་དྷ་ཀོང་༔ སེབ་ཞེས་བྱ་བར་རྡོ་ཡི་མིང་ཡང་གྲགས༔ སེང་གེའི་གདོང་ལ་ཁྲོ་ཡི་ཕ་བོང་མངོན༔ ཕྱག་རྡོར་སྐུ་ནི་རང་བྱོན་འོང་བ་དང་༔ གཏེར་གྱི་ལག་ཆ་རི་ནས་རྙེད་པ་འབྱུང་༔ གྲོང་གནས་འདབ་ཆགས་རི་དྭགས་ཡུལ་ཕུད་འོང་༔ ལི་དང་གཙང་གཉིས་དམེ་འཁྲུགས་བྱེད་པར་འགྱུར༔ གཙང་ཡུལ་སྟོད་སྨད་མཐའ་མིས་ཁྲག་མཚོ་བསྐྱིལ༔ གཙང་རོང་མུ་གེ་འབྱུང་ཞིང་མི་འདོད་འབེབས༔ ཀླུས་གཏུབ་འཕྲོ་འགའ་གཙང་དང་བསྲེ་བའོ༔ ཁྲ་དཀར་གསང་སྔགས་སྒྲུབ་སྡེ་འོང་བ་དང་༔ སེང་གེས་གདོང་སྤྲུལ་གླིང་རྫོང་རང་ལ་ཐིམ༔ ལོ་འགའ་ཞིག་ལས་ཡུན་རིང་མ་ཡིན་པ༔ ས་སྟོང་མི་འགྲོ་སྡེ་ཡིས་འཛིན་པར་བྱེད༔ ཨ་ཡི་རྭ་ཅོ་ཐང་ལ་འགྱེལ་བར་འགྱུར༔ གཙང་ལ་མི་འདོད་འབེབས་པའི་སྔ་ལྟས་ཡིན༔ གཡལ་ཡུལ་བྲག་དཀར་མང་པོ་རལ་བའི་ནང་༔ རི་མོའི་ཚུལ་ཅན་མི་འདྲའི་རི་མོ་མངོན༔ གཙང་གི་སོ་ལ་རྫ་སྙིལ་བྲག་ཆད་དང་༔ སྒྲུབ་ཆུ་སྐམས་ཤིང་འབྱུང་༔ གཙང་ཡུལ་མི་རུང་སྨན་མོའི་སྤྲུལ་བ་ཞིག༔ བུད་མེད་ཚུལ་བཟུང་མངོན་ཤེས་ཐོགས་མེད་བཤད༔ ཤར་ལྕགས་དམར་འཕྱུར་ཕྲོམ་ལ་སྐྱུག་པར་བྱེད༔ གསེར་ལྕགས་འདྲེས་པས་གཅན་གཟན་དཀར་པོ་གསོད༔ གཅན་གཟན་སེན་མོ་བཙུན་ལ་སྔར་ལྟར་ཚུགས༔ དབྱི་ཁྲོམ་གཡས་གཡོན་རྩྭ་དང་ཤིང་ལོ་རྒྱས༔ དབྱི་དང་མ་གཉིས་ཟས་ལ་འཕྲོག་རྩོད་བྱེད༔ གཙང་རི་དཀར་པོ་ལྡེམ་འཕྲུ་ཟུག་མཉམ་སྐྱེ༔ འབྲོང་རིའི་རྒྱུད་དུ་གཅན་གཟན་རྟགས་ཤིག་སྟོན༔ རྒོད་མ་ཐང་ལ་སྔར་མེད་ལྟས་ཅིག་འོང་༔ མཁར་བ་ཁྲ་ལ་རྫ་རི་བྲག་སྙིལ་དང་༔ རྔ་ལ་སྟག་རྩེར་བདུད་ཀྱི་སད་མདའ་ཕོག༔ རྒྱུ་ཧོར་འཐབ་རྩོད་སྐར་གཟའ་ཁྲ་བོ་གསོད༔ དེ་ཡི་རྐྱེན་གྱིས་གསེར་དང་མགོ་བོ་འཁྲུགས༔ གསེར་ཡུལ་ས་སྔོན་སྒང་ལ་གཡག་སྔོན་འགྱིང་༔ དུས་སྐབས་ཞིིག་ན་གསེར་དང་རྫ་གཉིས་འཁྲུགས༔ གསེར་སྡེ་འཚམས་ལ་གྲི་འཐབ་ལ་ཡོག་གཏོང་༔ ལིི་གཙང་ཐམས་ཅད་བར་སྐབས་ཞིིག་ལ་ནི༔ རང་ཡུལ་དོར་ནས་རྡོ་གསེར་རྟ་ནག་ཞོན༔ ཚུར་འོང་སླར་ཡང་སྔར་ལྟར་ཞག་བཞིན་ཆགས༔ ཁྲོ་གསེར་དོམ་དྲེད་རྦད་ཀྱིས་བསྡམ་རིས་ལ༔ གཙང་སྨད་དུང་གི་ལུ་གུའི་སྤུ་རྩེ་ཉམས༔ གཙང་གིི་ཨ་ཡུལ་ཉག་མས་བུ་ལོན་བསྙེག༔ ཨ་བོ་ཁོ་རིས་སྨྲ་ཞིག་ཐོས་ནས་ཡོང་༔ གཉན་འབུམ་རྒྱབ་ས་མི་ཁོམ་ཐག་རིང་འགྲོ༔ ཀླུ་འབུམ་བསྡུས་པ་མེ་ཡིས་ཡོས་ལྟར་བརྔོ༔ གཙང་པ་ཁ་བཞི་མི་མཐུན་དམེ་འཁྲུགས་འོང་༔ གཅིག་བྲོས་གཉིས་འཁྱམ་རང་རང་ཁ་རྗེ་ཉམས༔ གཙང་སྨད་རྒྱལ་བྱིན་དོམ་གྱི་སླག་པ་ཅན༔ ཡུལ་ལྷ་ཡུལ་ཕུད་ཁོ་ཡིས་ཤུལ་བཟུང་བས༔ བླ་མ་མི་མཐུན་ནང་འཐབ་བྱེད་པ་དང་༔ ཁ་ཙམ་མཐུན་ཀྱང་སེམས་མི་མཐུན་པ་ཡོང་༔ ལ་ལ་སྨྱོ་ལྕེབ་སྐེ་སྡོམ་ཐོག་བབས་འཆི༔ དགོན་གླིང་མི་ཚུགས་སྡོད་ཚེ་འགྲོ་སེམས་སྐྱེ༔ རྒྱུ་ཁོག་སྔོ་སེར་འཁྲུགས་པའི་དམག་སྒར་བཅའ༔ གཙང་སྨད་ལི་གཉིས་ཀྱི་འོང་༔ ཨ་རྩ་ཐུན་མོང་མགོ་བོ་༔ ཆུ་སྦྲུལ་སྔོན་པོའི་མཇུག་མས་རྒྱ་མཚོ་གཏོར༔ ཤིང་རྟ་འཁོར་ལོས་མདོ་སྨད་བླ་བསྒྱུར༔ དུང་ལུག་དཀར་པོས་གསལ་བའི་འོད་དེ་བསྣུབ༔ ཞག་ཐུང་སྡེ་ཡི་ས་ཐག་སྐར་མདའ་ཡལ༔ གསེར་ཡུལ་ཤུམ་འུས་ལུག་མདར་སྙི་ཡིས་བཟུང་༔ སྤྲེའུ་དམར་པོས་ཕི་ཡིས་སྤོས་འདྲེན་བྱེད༔ ལྕགས་འབའ་ལི་གསུམ་ཕི་ཡིས་བཙན་རྫོང་བརྩིག༔ མགོ་ལྕགས་དབུས་གཉིས་གནམ་ས་ཆ་ལང་རྡེབ༔ ཛམ་ཐང་ཉེ་བར་ཇོ་ནང་དགོན་གསར་བརྩིག༔ འཛི་ལ་ཆོ་འཕྲུལ་མི་འདོད་ལྟས་ཞིག་འཆར༔ མཁན་གྱི་ལུང་ལ་སྤྱང་ཀིས་མི་སྲོག་གཅོད༔ སོག་དང་ལྕགས་མགོ་འོ་ཁྲག་དམར་ནག་འཁྲུགས༔ རྒྱ་སོག་ཁ་སར་ལྕགས་མོའི་འོལ་བ་འཆོར༔ དེ་ཡི་ཐང་ལ་མཆོད་རྟེན་རྡོ་ཡིག་དགོས༔ བསྐོས་པའི་སྤུན་ཟླ་མཆེད་བཞི་ཡོད༔ གྲི་འཐབ་འཁོན་པས་ནང་དམེ་མི་ཁ་འོང་༔ མི་ཕྱུགས་ནད་ངོ་མི་ཤེས་མང་འོང་ཞིང་༔ སྨན་གྱི་རི་ལ་བྲག་དགེ་གཉིས་རལ་དུས༔ སོག་ཀླུ་ལྕགས་མགོ་འཁྲུགས་པའི་སྔ་ལྟས་དང་༔ རྒྱལ་བསྟན་༔ ལྕགས་མོའི་ཡུལ་དུ་ནད་སྤྲིན་ཡུན་རིང་འཐིབ༔ སྦོམ་རིའི་རྩེ་ལ་འཇའ་སྤྲིན་འཐིབ་པ་དང་༔ པདྨ་རི་མཐོ་སྔར་མེད་ས་རྟགས་མངོན༔ གཡུ་མཚོའི་ཁ་ནས་སྲོག་ཆགས་མི་འདྲ་མཐོང་༔ རྨ་ཆུ་རྒྱས་དང་ཡུལ་དུ་ས་གཡོ་ཞིང་༔ གཟུགས་མེད་སྒྲ་ཐོས་རྨ་རི་གཡས་ཕྱོགས་ཀྱི༔ རི་རྒྱུད་རིང་བར་བྲག་དཀར་ཆད་ནས་ཀྱང་༔ རིག་འཛིན་བཞུགས་ཁྲི་མ་ཁྲོས་བཤམས་དུས་སུ༔ ལས་ཅན་ཕྱོགས་མེད་སྐྱེས་བུ་འབྱོན་པའི་ལྟས༔ རྨ་རིའི་གཡོན་ཕྱོགས་མིག་རྒྱང་གང་གི་སར༔ ཕ་བོང་གཏེར་བུམ་བརྗིད་དང་ལྡན་པའི་སྟེང་༔ ཚ་ཡི་སྣོད་དུ་ལྡེམ་འཕྲུ་སྐྱེ་བ་དང་༔ ལྷ་མཐོང་འདྲེ་བབ་བཤད་པའི་སྐྲ་ཅོག་ཅན༔ སྤྱོད་པ་རྩིང་ཞིང་བུད་མེད་འཁོར་དུ་བསགས༔ རྒྱ་འདྲེས་བརླམས་པའི་གཏེར་བརྫུས་ལོག་ལམ་སྟོན༔ ཆུ་འདུས་སྒང་ལ་ཕ་བོང་དཀར་ཆེན་རལ༔ དེའི་ནང་གཏེར་བླང་ཡིན་ཟེར་མི་མགོ་བསྐོར༔ རྨ་སྨད་ཁྲ་ཕྱུག་རྫ་ལ་ཤིང་ཆེན་ཆག༔ བཙན་གྱི་གདོང་ལ་ས་སྔོན་ཞིག་རལ་འབྱུང་༔ ཀླུ་དང་ལྕགས་གཉིས་འཐབ་པའི་ལྟས་ངན་ཡིན༔ གསེར་ཞྭའི་གྲལ་བསྒྲིགས་ལྕགས་ཀྱི་མདོག་མགོ་བསྐོར༔ སེར་པོའི་དབུ་བསྙིལ་སྔོན་པོའི་སྟེང་ནས་འཁྲུགས༔ སོག་ཆུ་རབ་བདུན་དམག་གི་དཔུང་ཆེན་གཡོ༔ ལྕགས་མགོ་རང་ཡུལ་རམ་ནག་སེར་བརྡུང་འདྲ༔ ལྕགས་ལ་གསེར་གྱི་གྲོགས་ཟེར་རང་མགོ་བསྐོར༔ གསེར་གྱི་སེ་བ་སྒང་ལ་རྐྱང་དར་འཆི༔ ཛི་ཡི་དབོན་དགོན་ཆུ་རིི་སྔོན་པོས་འཚེ༔ ཛམ་ལྷའི་ལྟོ་བ་སྡིག་པ་ར་ཙས་ཟ༔ སོག་ཡུལ་ཨ་བཞིའི་ཐང་ལ་ཕི་མཁར་ཆགས༔ རི་བོའི་རྩེ་ལ་མ་རུང་རྟགས་ཤིག་འཆར༔ སོག་ཆུའི་དཀྱིལ་དུ་མ་མོས་ནད་རྐྱལ་སྐུར༔ གན་ཐང་ཤན་ལ་རྙིང་མའི་གནས་གསར་སྦྲམ༔ ཙི་ཡི་གདུང་ལ་རྡོ་དཀར་མི་མགོ་མངོན༔ ཡུལ་དེར་བདུད་སྤྲུལ་བུ་གཅིག་འོང་བའི་ལྟས༔ རྒྱ་སོག་མཚམས་ནས་གྲོང་བདུན་འཐབ་པས་འཇིགས༔ ནུ་ཐོག་མེ་ཐུ་ཡིན་ཟེར་མི་རྭ་ཅན༔ བླ་མ་ལ་བརྫུས་ཡུལ་ཁམས་བདེ་སྐྱིད་བཅོམ༔ ནད་དང་མུ་གེ་དགྲ་ཡི་ཉེར་འཚེས་མནར༔ སོག་པོའི་ཡུལ་དུ་མ་མོའི་ནད་དར་ནས༔ གྲོང་དགོན་ཐམས་ཅད་ཕྱེད་ཡལ་སྟོངས་ནས་འགྲོ༔ དེ་ནས་མི་ལོ་ལྔ་ཡི་ཐ་མ་ལ༔ ཨོ་རྒྱན་པདྨ་འབྱུང་གནས་ཐུགས་ཀྱི་སྲས༔ རྒྱ་སོག་མཚམས་ནས་རྡོ་རྗེའི་མིང་ཅན་ནམ༔ ལམ་སྟོན་རྣམས་ནི་གྲོལ་ཞིག་གླིིང་པ་ཞེས༔ རྒྱ་བོད་གཉིས་ལ་ཉི་ལྟར་གྲགས་པ་འབྱུང་༔ རྫུ་འཕྲུལ་སྟོབས་མངའ་མཐའ་ཡི་དམག་དཔུང་བཟློག༔ དེ་ལ་གཏེར་བློན་བཞི་ཡང་ཕྱོགས་བཞིར་འབྱུང་༔ དབུས་ན་ཡར་ལུང་གཏེར་འདོན་འོད་ཟེར་མིང་༔ ཤར་ཕྱོགས་རྒྱལ་མོ་རོང་དུ་བསྟན་འཛིན་མིང་༔ ཡང་ན་ཡོན་ཏན་མིང་གིས་རྨུ་རྡོ་རུ༔ ཟབ་མོའི་གཏེར་འབྱིན་འགྲོ་དོན་སྐྱོང་བ་འབྱུང་༔ ལྷོ་ན་པདྨའི་མིང་གི་རིག་པ་འཛིན༔ གཙང་གཤིས་རྡོ་རྗེ་གྲོ་ལོད་གནས་སྒོ་འབྱེད༔ བྱང་ནས་ཕྲིན་ལས་མིང་གི་གཏེར་སྟོན་ཞིག༔ གསེར་གྱི་ཡུལ་འབྱུང་འབྲོང་རིའི་ཟབ་གཏེར་འདོན༔ དེ་ཚེ་བསྟན་འགྲོའི་བདེ་སྐྱིད་ཡར་ལ་འཕེལ༔ མཐའ་ཡིས་དམག་བཟློག་གསང་སྔགས་དབུ་འཕང་མཐོ༔ སྐྱེས་བུ་དེ་ལ་གདུང་སྲས་གཉིས་འབྱུང་ཞིང་༔ དེས་ཀྱང་མཐའ་དམག་བཟློག་ཅིང་འགྲོ་དོན་སྐྱོང་༔ པདྨ་འབྱུང་གནས་བསྟན་པ་གར་ཁྱབ་ལ༔ རིག་འཛིན་དེ་ཡི་ཞབས་ཀྱིས་མི་བཅག་མེད༔ ཕྱོགས་ལས་རྣམ་རྒྱལ་ཀུན་གྱིས་དང་དུ་ལེན༔ སྐྱེས་བུའི་གཟུགས་མཐོང་ཟངས་མདོག་དཔལ་རིར་བགྲོད༔ དེ་ལ་ཕྱི་བ་མུ་སྟེགས་མ་གཏོགས་པ༔ སུ་ཡང་མི་མཐུན་པ་ནི་གཅིག་ཀྱང་མེད༔ མ་འོངས་རྗེས་འཇུག་ཀུན་གྱིས་ཡིད་ལ་ཟུངས༔ ལུང་བསྟན་བཞིན་དུ་རེ་ཞིག་སླེབས་ནས་འོང་༔ རིག་འཛིན་ཆེན་པོ་ཤྲི་སིངྷ་དང་༔ པདྨ་ང་གཉིས་སྤྲུལ་བ་གཅིག་བསྡུས་པ༔ སྐྱེས་བུ་དེ་དང་དབྱེ་བ་རྡུལ་ཙམ་མེད༔ ས་མ་ཡཱ༔ དེ་ནས་ནག་པོ་རྒྱ་ཡི་ལུང་བསྟན་ནི༔ རཱ་ཛ་ཙ་སྲང་ཧ་ད་ཧན་ཁམ་ཧུ༔ ཕུར་གླིང་གདུང་ཉི་དེ་ཡི་རྐྱེན་བྱས་ནས༔ རྒྱ་ནས་ཆོས་ནུབ་ཨ་མདོ་བ་དང་འཁྲུགས༔ རྒྱ་ནག་སྲས་མོ་རིན་ཆེན་ལག་པ་ཅན༔ ཨ་ཡི་བསྒྲངས་ནས་ལོ་བདུན་དམག་འཁྲུགས་འོང་༔ བཀྲ་ཤིས་སྒོ་མང་ཕི་ཡིས་མཁར་བརྩིགས་ནས༔ སྔགས་པ་གླིང་དང་འདྲེས་ནས་རྩོད་པ་འབྱུང་༔ རྒྱ་ལ་ཕི་ཡི་བློན་བྱེད་དེས་རྐྱེན་གྱིས༔ ཕོ་ལྷ་མི་དགའ་གོང་མ་དགུང་ལ་ཡལ༔ གདུང་རིགས་མ་ཡིན་པ་ཡིས་རྒྱལ་ས་འཛིན༔ དེ་ནས་ཕི་མགོ་སངས་རྒྱས་བསྟན་པ་ནི༔ རྒྱ་ནག་ཡུལ་དུ་ཡོད་ཚད་ཉམས་པར་འགྱུར༔ པད་འབྱུང་སྤྲུལ་བ་ཇ་ཐིའུ་ཇུ་ལ་འོང་༔ རྒྱ་ཡུལ་ཐོག་ཕབ་ནད་མུག་མཚོན་གསུམ་འགྱེད༔ ཀུན་ཀྱང་ཡིད་མི་ཆེས་ཞིང་གང་དགའ་ཟེར༔ ང་ཡི་སྤྲུལ་བས་རྒྱ་ནག་གཏེར་བདུན་འདོན༔ དེ་ལ་དྲིས་ན་ཕན་ཐབས་འདོན་ཞེས་ཟེར༔ དེ་ལ་ཀུན་ཀྱང་གྲོས་འཆམ་དྲིས་པ་ཡིས༔ ཁོ་ཡི་བསྟན་ལ་ཞུགས་ནས་ཕན་ཟེར་ནས༔ ཟབ་གཏེར་ཆོས་ཀྱིས་རྒྱ་ནག་འགྲོ་དོན་སྐྱོང་༔ ལོ་ལེགས་འབྲུ་འཕེལ་ནད་མུག་མཚོན་གསུམ་ཆད༔ ཕི་དང་སྟོབས་འགྲན་ང་སྤྲུལ་དེ་ཉིད་རྒྱལ༔ མུ་སྟེགས་མཐའ་ཡི་དམག་དཔུང་དེ་ཉིད་ཀྱང་༔ སྐྱེས་བུ་དེ་ཡི་སྐུ་ཚེ་མ་རྫོགས་པར༔ མར་ལ་མི་བཟློག་ཡར་ལ་མཆེད་མི་འགྱུར༔ རྒྱ་ནག་རྒྱལ་པོའི་རྒྱ་སྐད་བོད་བསྒྱུར་ན༔ ནམ་མཁའི་མིང་ཅན་ཞིག་འབྱུང་དེ་ཉིད་ནི༔ མདོ་ཁམས་དག་ཐང་ར་བར་ཕེབས་དུས་འོང་༔ འོ་མའི་ཤན་ལ་གྲུབ་ཐོབ་ཚོགས་ཀྱང་སྲིད༔ སང་གན་རྩེ་ན་གནམ་རྡོ་རྟགས་ཅན་ལྷུང་༔ བེ་ཏ་རི་ལ་རྒྱ་ཕར་པཎ་གྲུབ་མཐོང་༔ ཀེའུ་ཤན་ལ་མེ་ཤོར་སྤང་རིར་འགྲོ༔ གླང་ཆེན་རྩེ་ལ་གངས་བཞུ་ནག་པོར་འོང་༔ རྒྱ་ནག་ཆོས་བསྟན་ནུབ་པའི་ལ་ཉེས་དང་༔ དེ་བཟློག་གྲུབ་ཐོབ་རིག་འཛིན་འབྱོན་པའི་ལྟས༔ སྔར་མེད་སྐར་མ་འོད་ཅན་ཡང་ཡང་འཆར༔ ཉི་ཟླ་དམར་པོར་འགྲོ་ཞིང་འོད་མི་གསལ༔ རི་ངུར་ས་གཡོ་ཐོག་འབེབས་ཆུ་འཁྲུག་ཅིང་༔ མ་རུང་རླུང་འཚུབས་གྲོང་དགོན་འགའ་ཡང་བཤིགས༔ ཡུལ་ཁམས་ཐམས་ཅད་དམག་འཁྲུགས་སྣ་ཚོགས་འོང་༔ བདེ་བའི་སྐབས་མེད་སེམས་ཅན་སྙིང་རེ་རྗེ༔ འོན་ཀྱང་པདྨ་ང་ཡི་ཐུགས་རྗེས་སྐྱོབས༔ ས་མ་ཡཱ༔ དེ་ནས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གུ་རུ་རིན་པོ་ཆེ་ལ་འདི་སྐད་ཞུས༔ སྙིགས་མའི་འགྲོ་བ་ལས་ངན་འདི་རྣམས་ཀྱིས༔ འདི་འདྲའི་སྡུག་བསྔལ་ཤིན་ཏུ་བཟོད་དཀའ་བས༔ འདི་ལ་བཟློག་ཐབས་ཉིད་ཀྱིས་བསྟན་དུ་གསོལ༔ ས་གནད་དུས་རྟགས་གསལ་བར་བསྟན་པ་དང་༔ བསྟན་པ་འཛིན་པའི་སྡེ་དགོན་རྣམས་ལ་ཡང་༔ བར་ཆད་བཟློག་པའི་ཟབ་གནད་གསུང་བར་ཞུ༔ གུ་རུ་རིན་པོ་ཆེ་ཡིས་བཀའ་སྩལ་བ༔ བོད་ཡུལ་དབུས་གཙང་གཉིས་ཀྱི་ཡུལ་གླིང་ན༔ བཟློག་ཐབས་ས་གནད་སུམ་ཅུ་རྩ་དགུ་ཡོད༔ ལྷ་ས་བསམ་ཡས་ཤེལ་བྲག་ཁྲ་འབྲུག་དང་༔ ཡུམ་བུ་བླ་མཁར་སྟག་སྤྱན་འབུམ་པ་ཆེ༔ ཡེར་བ་སྟོད་ལུང་ཏི་གྲོ་གོང་དཀར་བསྒྲགས༔ མཆིམས་ཕུ་སྟག་ཚང་གུང་ཐང་མཁར་ཆུའི་རྒྱུད༔ ཧས་པོ་རི་དང་ཆུ་བོ་ལྕགས་པོ་རི༔ ངོར་དང་ས་སྐྱ་རོང་ཆེན་གནམ་གའུ༔ གཙང་དང་བྱ་སྐྱིབ་བྲག་དཀར་རྒྱང་རྩེ་སྟེང༔ དགེ་རྒྱས་རིར་བཅས་འདི་རྣམས་ས་གནད་གཙོ༔ ཁམས་ཀྱི་ཕྱོགས་སུ་ས་གནད་ཉེར་ལྔ་སྟེ༔ ལུང་ལྷ་རྒྱལ་མཚན་གཙང་གཤིས་ཆབ་མདོ་དང་༔ ནམ་མཁའ་རྫོང་དང་གནས་པོ་དགེ་བསྙེན་ཆེ༔ དཔལ་ཡུལ་དུང་མཚོ་པས་ཚ་གཡུ་མཚོ་དར༔ རི་བོ་ཆེ་དང་ཁམས་ཀྱི་སྲིན་མོ་རྫོང་༔ རྟ་རྣ་རི་དང་འཇང་གི་རི་བཀྲ་ཆེ༔ ཟིལ་ཕྲོམ་ཙ་འདྲ་ཀཿཐོག་སྨུག་སང་དང་༔ སྟག་ཆེན་སྟ་སྒོ་གངས་ར་སྦྲམ་མཚོ་ཕུ༔ འབྲུག་རི་གཉན་མདུན་སྟག་ཚང་དབང་གི་ཕུག༔ སྒ་རྗེ་ཟངས་རི་དམར་དང་ཁྲོཾ་གྱི་གནས༔ བྱ་རྒོད་སྤུང་བའི་རི་དང་ངམ་རྗེ་རྒྱལ༔ ཛ་གད་རི་བོ་རྒམ་བུའི་ལྡེམ་འཕྱོར་རི༔ འདི་རྣམས་ཁམས་ཀྱི་ས་གནད་གཙོ་བོ་ཡིན༔ མདོ་ཁམས་སྨད་ཀྱི་ས་གནད་ལྔ་བཅུ་ཡོད༔ བཞག་བྲ་ལྷ་རྩེ་ལ་འབོས་གངས་དཀར་དང་༔ འབྲོང་རི་ལི་རྗེ་སྟག་སྣ་གཡུ་ཁྲོམ་རྒྱལ༔ རྨུ་རྡོ་རྨོག་མཐོ་ག་གོན་ཇོ་བོ་རི༔ ཁ་བ་ལབ་རི་ཤིང་ལོ་བྲག་དཀར་པོ༔ དེའུ་དཀར་དབུ་མ་སེམས་ཕྱུགས་སྟག་རྩེ་རི༔ ཆ་ནང་སྟག་བཀྲ་བྲག་དཀར་དེ་ཐང་ཚེ༔ འཆི་མེད་རི་བོ་ལྷ་ཁང་ཀ་བ་བཞི༔ སྤོམ་ར་པདྨ་རི་མཐོ་མཆོད་རྟེན་ལུང་༔ རྒོད་ཐང་རི་ཕུག་སྦས་རོང་བྲག་དཀར་ཡུལ༔ པོ་ཡི་བདེ་ཆེན་གླིང་དང་གཟི་རྒྱལ་གྱི༔ བྱང་ཤར་མཚམས་ཀྱི་བྲག་དམར་བྱ་འདྲའི་འདབས༔ ལྕོག་གི་སུམ་མདོར་ཁྲོ་ཡི་རྒོད་ལྡེམ་རི༔ སོག་གི་ལྕོག་ལྷ་རི་དང་ཨུ་སེའི་ཐང་༔ རྒྱ་ནག་ཇི་ཐིའུ་ཧུ་དང་བྷེ་ཏ་རྩེ༔ གླང་ཆེན་དྷ་ཧ་སུ་བ་ཡ་གོང་གི༔ ཧོར་ཡུལ་ར་གདོང་སྒང་དང་ཤེའུ་ཐང་༔ གཙང་ཡུལ་ས་ཡི་ལྟེ་བ་ཚོམ་བུ་སྤུངས༔ མུར་གྱི་མཁར་མདོ་རྨ་རི་གཡུ་མཚོའི་ཁ༔ བྲག་དཀར་ལི་ཐང་ཆོས་གྲྭའི་ནུབ་བྱང་མཚམས༔ མགར་བ་ལ་འདབས་མི་ཉག་མགོ་ལོག་ཐང་༔ འབའ་རོང་ཆོས་གྲྭའི་ལྷོ་ནུབ་བྱང་གསུམ་དང་༔ འཆི་མེད་ཀེའུ་ཚང་དབྱི་ཡུལ་ཆོས་ཐང་སྟེ༔ མདོ་ཁམས་སྨད་ཀྱི་ས་གནད་བཤད་པའོ༔ འདིར་ནི་མདོར་བསྡུས་གཙོ་བོ་ལྟ་བུ་ཡིན༔ ས་གཞན་ས་གནད་དཔག་ཏུ་མེད་པ་ཡོད༔ དེ་རྣམས་ཀུན་ལ་གནས་ཆེན་བྱིན་འབེབས་ཀྱིས༔ གཏེར་བུམ་མང་སྦོས་ས་བདག་སྲོག་གཏེར་ཚུགས༔ ས་ཆུ་མེ་རླུང་འབྱུང་བའི་བཅུད་དྲིལ་གྱི༔ རིལ་བུ་མང་སྒྲུབ་ནོར་སྒྲུབ་གཡང་སྐྱབས་བརྩོན༔ ས་གནད་རྣམས་སུ་མཆོད་རྟེན་ཚད་ལྡན་བཞེངས༔ ཁྲག་འཐུང་ཁྲོ་བོ་གང་རུང་སྒྲུབ་པ་གྱིས༔ ཁྱད་པར་བར་ཆད་བཟློག་པའི་ལས་ཀྱི་ལྷ༔ རྡོ་རྗེ་གཞོན་ནུའི་སྒྲུབ་པ་གང་རུང་དགོས༔ སྦྱིན་སྲེག་ཟོར་ལས་ཚད་ལྡན་ཕྱོགས་བཞིར་གྱིས༔ ཕུང་སྲི་གང་ཡིན་མཆོད་རྟེན་འོག་ལ་གནོན༔ ཕུར་བསྙེན་གུ་རུ་སིདྡྷི་མ་རི་ཙེ༔ སྒྲོལ་མའི་སྙིང་པོ་རླུང་ཕྱར་རྡོ་ལ་བརྐོ༔ མཁན་སློབ་ཆོས་གསུམ་དུས་སྟོན་རྒྱ་ཆེར་གྱིས༔ གུ་རུ་ང་ཡི་སྐུ་ཚབ་མང་བཞེངས་ལ༔ རབ་གནས་རྟེན་བཞུགས་བཀྲ་ཤིས་མངའ་དབུལ་གྱིས༔ སཙྪ་མར་མེ་ཡོན་ཆབ་ཀླུ་གཏོར་བསྔོ༔ མ་རི་ཙྱཻ་དང་ཏཱ་རེའི་མཚན་མང་སྒྲོགས༔ པདྨ་ང་ལ་གསོལ་བ་སྙིང་ནས་ཐོབ༔ ཉིན་མོ་སྤྱན་གཟིགས་སྒོམ་ལ་མ་ཎི་སྒྲོངས༔ མཚན་མོ་ང་ཉིད་སྒོམ་ལ་སིདྡྷི་སྒྲོངས༔ རྒྱ་འདྲེས་འཚེ་ན་གུ་རུ་དྲག་སྒྲུབ་གྱིིས༔ ཀླུ་གཉན་གནོད་ན་ཁྱུང་དང་ཕྱག་རྡོར་བསྒྲུབ༔ དགྲ་ཡི་བརྙས་ན་འོད་ཟེར་ཅན་མ་དང་༔ མི་ཁ་ལྡང་ན་རྒྱལ་བ་ཅན་མ་སྒྲུབ༔ མི་ཤེས་རྨོངས་ན་འཇམ་དབྱངས་སྒྲུབ་པ་གྱིས༔ རིམས་ཡམས་ཆེན་པོས་མི་ཕྱུགས་གང་སྟོངས་ན༔ སྲིན་རྒྱལ་རཀྴ་ཐོད་ཕྲེང་ལས་ཀྱི་སྒོས༔ མདོས་དང་བཀའ་རྟགས་སྲུང་བ་གསུམ་འཛོམ་གྱིས༔ ཚད་ལྡན་བྱུང་ན་མི་བཟློག་རྐྱེན་ཞིག་མེད༔ མཐའ་མི་འཚོགས་ན་དྲག་སྔགས་དགོངས་འདུས་ཀྱི༔ དྲག་ཤུལ་ལས་ཆེན་རྣམས་ཀྱིས་ཚར་གཅོད་མཛོད༔ མཐའ་དམག་འོང་ཟེར་དང་པོ་ཐོས་པའི་ཚེ༔ རྩོད་མོས་དགྲ་བསྒྱུར་བྲག་གི་ཐང་ལྡོག་གིས༔ ཁ་རྗེ་ཉམས་ན་ནོར་སྒྲུབ་ཕྱྭ་གཡང་བླན༔ རླུང་རྟ་རྒུད་ན་རང་ཡུལ་གཞི་བདག་གསོལ༔ རི་བོ་གང་མཐོའི་རྩེ་ལ་དམ་བསྒྲགས་གྱིས༔ ནག་ཕྱོགས་དམ་ཐོགས་ལྷ་འདྲེ་གླུད་ཀྱིས་རྫོངས༔ སྦས་པའི་གཏེར་ལོངས་ས་བཅུད་ཉམས་པ་གསོས༔ བདུད་རྩི་སྨན་སྒྲུབ་རིལ་བུ་བུམ་སྒྲུབ་ཚུགས༔ དགེ་འདུན་ནང་མཐུན་དཔོན་སྡེ་ཁྲིམས་མཐུན་གྱིས༔ དེ་ལྟར་བྱས་ན་རྒྱལ་ཁམས་ཀུན་བདེ་ཞིང་༔ལོ་ལེགས་འབྲུ་འཕེལ་མི་ཕྱུགས་ནད་རིགས་འཇོམས༔ དུས་འཁྲུགས་ཞི་ཞིང་དགེ་ལེགས་བཀྲ་ཤིས་འཕེལ༔ འདི་བཞིན་ས་གནད་མ་གསོས་རིམ་གྲོ་སྤངས༔ ང་ཡི་ལུང་བསྟན་བཞིན་དུ་མ་བསྒྲུབས་ན༔ མི་འདོད་ཐོག་འབེབས་གོང་གི་ལུང་བཞིན་འབྱུང་༔ ལྷ་ས་དང་ནི་སོག་གི་བར་དག་ལ༔ མི་རུངས་འོང་བའི་དུས་རྟགས་ཉེར་དགུ་ཡོད༔ བརྡའ་རྟགས་དེ་རྣམས་བྱུང་ནས་མི་རིང་བར༔ ནད་མུག་མཚོན་གསུམ་དུས་འཁྲུགས་བསྐལ་ངན་འོང་༔ དེ་ཕྱིར་པདྨའི་ཞལ་ཆེམས་ཡིད་ལ་ཟུངས༔ མཚོ་རྒྱལ་ཁྱེད་ཀྱིས་འགྲོ་དོན་གཏེར་སྦས་འཚལ༔ དེ་སྐད་བཀའ་སྩལ་མཚོ་རྒྱལ་ཡང་ཞུས་པ༔ མ་ཧཱ་གུ་རུ་བོད་ལ་བཀའ་དྲིན་ཅན༔ མ་འོངས་དུས་རྟགས་ཉེར་དགུ་དེ་གང་ལགས༔ གུ་རུའིི་ཞལ་ནས་སླར་ཡང་འདི་སྐད་གསུངས༔ ལྷ་སའི་མཐིལ་ལ་ཆོ་འཕྲུལ་མི་གསུམ་འོང་༔ བསམ་ཡས་དཀོར་སྲུང་བབ་ནས་མི་སྲོག་གཅོད༔ ཆབ་ཀྱི་མདའ་ལ་བཙུན་པས་སྔགས་གཟུགས་སྟོན༔ བྲག་གཡབ་མཐིལ་དུ་གླིང་གི་ས་བཅུད་གཏོར༔ ཁྱུང་པོའི་ཡུལ་དུ་ཆོས་རྣམས་བོན་ལ་འགྱུར༔ འབྲི་ཆུའི་རྒྱུད་དུ་རྒྱ་ཡིས་ས་དཔྱད་ལྟ༔ མི་རིགས་མི་འདྲ་འགའ་འོང་ས་སྙིང་འདོན༔ རྒྱལ་ཁམས་མི་རྣམས་རྩིས་བགྲང་གྲངས་ལ་འདེབས༔ ཁྲོ་ཡི་རྫོང་གླིང་སྔོན་པོའི་ཚོས་ཀྱིས་འཛིན༔ གསེར་ཡུལ་མདའ་ལ་ཡུལ་གྲོང་ཆགས༔ ཡུན་རིང་མི་གནས་བརྒྱུད་པ་གཞན་དུ་དེངས༔ ཀླུ་ཁྲོ་གཉིས་པོ་སྐབས་ཞིག་རེ་འགྲན་ནས༔ ཐ་མ་ནམ་མཁའི་མདོག་གི་དབང་དུ་གྱུར༔ ཧོར་བྲག་ཤ་རུས་སོར་ཕྱེ་ནང་འཐབ་ནས༔ གཤིན་པོ་འདྲེར་ལོག་མི་ལ་དངོས་གཏམ་བཤད༔ ཧོར་གསེར་ལབ་ཙེ་ཁང་ཆུང་གཏན་ཞིག་འགྲོ༔ གཅན་གཟན་མི་གསོད་མི་རྒོད་ཁྱི་སྨྱོན་འཇིགས༔ ཐང་མགོ་ཆོས་གྲྭ་ཆེན་པོ་ས་གཡོས་བཤིགས༔ གསེར་རུང་ཆོས་གྲྭར་རྒྱ་འདྲེས་སྒོ་ཡང་བརྡུང་༔ ཉག་ཐང་མཚམས་སུ་བདུད་ཀྱིས་བླ་མར་བརྫུ༔ གནམ་ལ་ཆར་མེད་ས་ལ་འབྲུ་མི་སྨིན༔ ཡུལ་ཁམས་ཀུན་ལ་རྒྱ་ཡིས་སྡེ་སྐོར་བྱེད༔ གཙང་ཡུལ་ཚོམ་བུའི་འོག་ནས་སོལ་ཕྱེ་དང་༔ ས་སྔོན་ལྕགས་ཕོ་ས་སྣ་ཉིལ་གྱིན་འོང་༔ སོག་པོའི་ཡུལ་དུ་རི་རབ་ཐོག་གིས་བཤིགས༔ དེ་རྣམས་བཟང་ངན་གནོད་ཆེན་མ་ཡིན་ལ༔ སྤྱིར་ན་འདི་རྣམས་དུས་ཀྱི་རྟགས་སུ་བསྟན༔ དཔེར་ན་དུས་ངན་བསྐལ་ཁུག་བཟློག་ཕྱིར་དུ༔ ལེགས་པའི་ལྟས་བཟང་རྣམ་པ་བདུན་དུ་འོང་༔ ཕྱོགས་མེད་གྲུབ་ཐོབ་གཉིས་འོང་གཙང་ལ་འཛོམ༔ ཟབ་མོའི་གཏེར་ལེན་གྲུབ་རྟགས་སྟོབས་ཀྱང་འགྲན༔ སྒྲུབ་སྡེ་གསར་འཛུགས་དྲི་བཙུན་ནོར་གཏེར་རྙེད༔ རྨ་ཆེན་སྤོམ་རའི་མདུན་དུ་གསེར་ཕྱེ་རྡོལ༔ ལི་བྲག་དཀར་པོའི་རྒྱུད་དུ་མཁའ་འགྲོ་འཚོགས༔ གསེར་གྱི་རྒོད་ཐང་གསེར་ཞྭ་གྲལ་བསྒྲིགས་འཚོགས༔ ཛ་གད་གནས་ལ་སྨན་གྱི་སྦྲང་ཆར་འབེབས༔ རིག་འཛིན་གྲུབ་ཐོབ་མང་འཚོགས་མཐའ་དམག་བཟློག༔ སྐབས་རེ་དུས་ལ་འགྱུར་བ་ཡོད་སྲིད་ཀྱང་༔ སྙིགས་དུས་བསྐལ་ཁུག་སྐྱེས་པའི་མི་རྣམས་ཀྱིས༔ པདྨ་ང་ཡི་བཀའ་བཞིན་བསྒྲུབ་ནུས་ན༔ ཐམས་ཅད་ང་ཡི་སྤྲུལ་པས་འདུལ་བར་འགྱུར༔ རྒྱལ་བའི་བཀའ་བཞིན་འགྲོ་དོན་རྫོགས་ན་ཡང་༔ ང་ཡི་བསྟན་པས་སྙིགས་མའི་སེམས་ཅན་སྐྱོང་༔ དེ་ཕྱིར་མ་འོངས་སེམས་ཅན་དད་ལྡན་རྣམས༔ ཐེ་ཚོམ་མེད་པར་རྒྱུན་དུ་གསོལ་བ་ཐོབ༔ འདི་དང་ཕྱི་མ་བར་དོ་ཐམས་ཅད་ལ༔ ཨོ་རྒྱན་པད་འབྱུང་ང་ཡི་ཐུགས་རྗེས་སྐྱོབས༔ སྤང་བླང་གནད་བྱང་རྒྱལ་ཁམས་ལུང་བསྟན་འདི༔ མཚོ་རྒྱལ་ཁྱོད་ཀྱིས་མི་ཤིགས་གཏེར་དུ་སྦས༔ སྐལ་ལྡན་ལས་འཕྲོ་ཅན་དང་འཕྲད་པར་ཤོག༔ ས་མ་ཡཱ༔ གསང་རྒྱ༔ ཟབ་རྒྱ༔ གཏེར་རྒྱ༔ གཏད་རྒྱ༔ ཁ་ཐིམ༔ ཞེས་རིག་འཛིན་གསང་སྔགས་གླིང་པ་རྡོ་རྗེ་ཕུར་པའི་སྒོམ་སྒྲུབ་ལ་བཞུགས་སྐབས་ནམ་ཐོ་རངས་འོད་གསལ་ཉམས་ཀྱི་སྣང་ངོར་རྨ་པདྨ་རི་མཐོ་ཟེར་བའི་མི་དཀར་ཞི་མ་ཁྲོ་འཛུམ་ཅན་ཞིག་གི་ཕྱག་ན་སྒྲོམ་བུ་ཞིག་ཐོགས་ཏེ་དེའི་ཁ་ཕྱེས་ནས་ཤོག་དྲིལ་ཞིག་བླངས་ནས་རང་ལ་གཏད་ནས་འདི་གུ་རུ་རིན་པོ་ཆེའི་བཀའ་ཡིན་ཁྱོད་ལ་གཏད་པའི་དུས་ལ་བབ་པོ་ཟེར་ནས་གཞི་བདག་དེ་མི་སྣང་བར་སོང་། ནང་བར་ཤོག་དྲིལ་མེད་ཀྱང་ཚིག་བློ་ལ་ཡོད་བཞིན་གཞན་ལ་ཕན་སེམས་ཀྱིས་འབྲི་མོས་པ་དང་། ཁྱད་པར་བསྟན་འཛིན་གྱི་བླ་མ་དམ་པ་འོད་གསལ་རྒྱལ་མཚོ་དང་མདོ་མང་དཔོན་པོ་བཅས་ཀྱིས་བསྐུལ་ངོར་གཏན་ལ་ཕབ་པའི་ཡི་གེ་པ་ནི་རྩོམ་དབང་ཆོས་ཀྱི་ཉི་མས་བགྱིས་པ་དགེ་ལེགས་འཕེལ།

བསང་མཆོད་བསོད་ནམས་སྤྲིན་ཕུང་།

ཀུན་བཟང་དགོངས་པའི་དབྱིངས་མཛོད་གསང་བ་ཡང་ཐིག་ལས༔ བསང་མཆོད་བསོད་ནམས་སྤྲིན་ཕུང་བཞུགས་སོ༔

ན་མོ་བུདྡྷ་གུ་རུ་དྷེ་ཝ་ཌཀྐི་ནི་དྷརྨཱ་པ་ལ་ཡེ༔ སངས་རྒྱས་ཀུན་གྱི་སྤྱི་གཟུགས་རྗེ༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ རྒྱལ་དབང་གཉིས་པ་པད་འབྱུང་ལ༔ གུས་པས་བཏུད་དེ་ཕྱག་འཚལ་ལོ༔ བདག་འདྲ་སྐྱེས་དམན་མཚོ་རྒྱལ་ངས༔ མ་འོངས་སེམས་ཅན་དོན་གྱི་ཕྱིར༔ བསང་མཆོད་བསོད་ནམས་སྤྲིན་ཕུང་འདི༔ ཐོད་ཕྲེང་རྩལ་ལ་ལུང་ཞུས་ཏེ༔ དམིགས་བསམ་མཐའ་བྲལ་སྒྲོམ་ལ་སྦོས༔ ད་ལྟ་དུས་ལ་བབས་པའི་ཕྱིར༔ འགྲོ་ཀུན་དོན་དུ་བསྟན་པར་བྱ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ དེ་ལ་དགོས་ཆས་བསགས་པ་ནི༔ སྟེགས་མཐོན་ཁ་རུ་དྲི་བཟང་ཤིང༔ ཕ་ཤིང་མ་ཤིང་བུ་ཤིང་སོགས༔ ངད་ལྡན་ཤིང་སྣའི་དུད་པ་གཏོང༔ བསང་རྫས་དཀར་གསུམ་མངར་གསུམ་དང༔ བྷ་ལིང་སྨན་རཀ་ཇ་ཆང་ཕུད༔ ཤེལ་ཚིག་དར་སྣའི་ལྡ་ལྡི་སོགས༔ ཚངས་བར་ལེགས་བཤམས་གདན་ལ་རོལ༔ སྐྱབས་སེམས་བདག་བསྐྱེད་རྫས་བྱིན་རླབས༔ གཞུང་བསྲིང་གཞན་ཡང་གང་འོས་མགྲོན༔ གདུང་བའི་ཤུགས་བཅས་འདི་སྐད་དོ༔ ཨོཾ་ཨཱཿཧཱུྃ༔ བསླུ་བ་མེད་པའི་དཀོན་མཆོག་རྣམ་གསུམ་ལ༔ བདག་ནི་སྒོ་གསུམ་གུས་པས་སྐྱབས་སུ་མཆི༔ འགྲོ་དྲུག་སེམས་ཅན་ཀུན་གྱི་དོན་གྱི་ཕྱིར༔ སེམས་ཉིད་བྱང་ཆུབ་མཆོག་ཏུ་བསྐྱེད་པར་བགྱི༔ ཕྱག་འཚལ་གསང་གསུམ་མཆོད་འབུལ་སྡིག་པ་བཤགས༔ དགེ་རྗེས་ཡི་རངས་ཆོས་འཁོར་བསྐོར་བར་བསྐུལ༔ གསོལ་འདེབས་དགེ་བ་ཅི་བསགས་འགྲོ་ལ་བསྔོ༔ ལྷ་བསྐྱེད་ནི༔ ཧཱུྃ༔ ཐམས་ཅད་སྟོང་པ་ཆོས་སྐུའི་ཕྱག་རྒྱ་ལས༔ གསལ་བ་སྒྲིབ་བྲལ་པདྨ་ཉི་ཟླའི་སྟེང༔ སྟོང་གསལ་དྭངས་མའི་རིག་པ་ཡི་གེ་ཧཱུྃ༔ དེ་ལས་འོད་འཕྲོས་བདེ་གཤེགས་རྒྱལ་བ་མཆོད༔ འགྲོ་དྲུག་སྒྲིབ་སྦྱངས་འོད་ཟེར་ཚུར་འདུས་པ༔ རྒྱལ་ཀུན་གསང་གསུམ་ནུས་མཐུ་གཅིག་བསྡུས་པའི༔ བདག་ཉིད་སྣང་སྲིད་ཟིལ་གནོན་པདྨ་འབྱུང༔ སྐུ་མདོག་དཀར་ལ་ཅུང་ཟད་དམར་མདངས་ཅན༔ ཕྱག་གཡས་སྣང་སྲིད་ཟིལ་གནོན་ཕྱག་རྒྱ་ཡིས༔ གསེར་གྱི་རྡོ་རྗེ་རྩེ་ལྔ་རྭ་གདེངས་བསྣམས༔ ཕྱག་གཡོན་བྷནྡྷ་བདུད་རྩིས་བཀང་བ་བསྣམས༔ ཟ་བེར་ཆོས་གོས་རྣམ་གསུམ་སྐུ་ལ་གསོལ༔ ཞབས་གཉིས་སག་ལྷྭམ་རྒྱལ་པོ་རོལ་སྟབས་འགྱིང༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་བསྐོར༔ གཟི་བརྗིད་འོད་འབར་དེ་ཡི་ཐུགས་ཀ་ནས༔ ཟླ་དཀྱིལ་དབུས་སུ་ཐུགས་སྲོག་ཧཱུྃ་གི་མཐར༔ རྩ་སྔགས་གཡས་སུ་འཁོར་ལས་འོད་འཕྲོས་པས༔ རྒྱལ་བའི་བྱིན་རླབས་བསྡུ་ཞིང་འགྲོ་སྒྲིབ་སྦྱངས༔ སྣང་སྲིད་གཞིར་བཞེངས་འཁོར་འདས་སྣང་སྲིད་ཀུན༔ ལྷ་སྔགས་ཡེ་ཤེས་ཆེན་པོའི་རོལ་བར་གྱུར༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཅི་ནུས་བཟླ༔ བསང་རྫས་བྱིན་རླབས་ནི༔ ཨོཾ་བཛྲ་ཨ་མྲྀ་ཏས་བསང༔ ཨོཾ་སྭཱ་བྷ་ཝས་སྦྱངས༔ བློ་འདས་སྟོང་པའི་རྩལ་ལས་ཆོས་རྣམས་ཀུན༔ དམིགས་མེད་སྒྱུ་མ་ལྟ་བུའི་རང་བཞིན་ལས༔ ཕུན་ཚོགས་འདོད་ཡོན་ལྔ་ལྡན་མཆོད་པའི་སྤྲིན༔ བསང་རྫས་དངོས་འབྱོར་ཡིད་སྤྲུལ་མཐའ་ཡས་པས༔ ནམ་མཁའ་བར་སྣང་ས་གཞིའི་ཁྱོན་བཀང་སྟེ༔ འབྲུ་གསུམ་སྔགས་ཀྱི་ནུས་པས་བྱིན་གྱིས་བརླབས༔ རྫས་རྣམས་ཡེ་ཤེས་མཆོད་པའི་སྤྲིན་དུ་གྱུར༔ ཨོཾ་ཨཱཿཧཱུྃ༔ བརྒྱ་སྟོང་སོགས་ཀྱིས་བྱིན་གྱིས་བརླབས༔ དེ་ནས་བསང་མགྲོན་བསྐྱེད་པ་དང༔ སྤྱན་འདྲེན་པའོ༔ ཨོཾ་སྭཱ་བྷ་ཝས་སྦྱངས༔ ཧཱུྃ༔ སྣང་སྲིད་ཆོས་ཀུན་སྒྱུ་མའི་རང་རྩལ་ལས༔ མདུན་དུ་སྤོས་ཆུའི་རྒྱ་མཚོ་འཁྱིལ་བའི་ཀློང༔ འདབ་སྟོང་བརྡལ་བའི་གེ་སར་ཟེའུ་འབྲུའི་ཁར༔ བསྟན་པའི་གཙོ་བོ་སངས་རྒྱས་ཤཱཀ་ཐུབ་ལ༔ དཀོན་མཆོག་སྲིད་ཞིའི་མགྲོན་རིགས་རྒྱ་མཚོས་བསྐོར༔ པད་སྡོང་ཡལ་ག་ཕྱོགས་བཞིར་གྱེས་པ་ཡི༔ ཤར་དུ་སྣང་སྲིད་ཟིལ་གནོན་པད་འབྱུང་ལ༔ བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མས་བསྐོར༔ ལྷོ་རུ་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀ༔ ཡི་དམ་ཞི་དང་ཁྲོ་བོའི་ཚོགས་ཀྱིས་བསྐོར༔ ནུབ་ཏུ་རྗེ་བཙུན་རྡོ་རྗེ་ཕག་མོ་ལ༔ མ་རྒྱུད་མཁའ་འགྲོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར༔ བྱང་དུ་དཔལ་མགོན་ཚོགས་ཀྱི་བདག་པོ་ལ༔ ཡོན་ཏན་མགྲོན་གྱུར་དམ་ཅན་བསྲུང་མས་བསྐོར༔ པད་སྡོང་སྐེད་པར་རིགས་དྲུག་མགྲོན་རིགས་གསལ༔ རྩ་བར་སྟོང་གསུམ་ཡུལ་ལྷ་གཞི་བདག་དང་༔ བགེགས་རིགས་ལན་ཆགས་མགྲོན་རིགས་ཡོངས་ཀྱིས་བསྐོར༔ དེ་ལྟར་གསལ་བའི་མགྲོན་རིགས་ཐམས་ཅད་ཀྱི༔ རང་རང་སོ་སོའི་སྲོག་གི་སྙིང་པོ་ལས༔ འོད་འཕྲོས་བསྐྱེད་པ་བཞིན་དུ་སྤྱན་དྲངས་བསྟིམ༔ ཀྱཻ༔ རང་མདུན་ནམ་མཁར་འཇའ་སྤྲིན་འཁྲིགས་པའི་ཀློང༔ དཀོན་མཆོག་གསུམ་དང་དཔལ་མགོན་བསྲུང་མའི་ཚོགས༔ ཕོ་རྒྱུད་མོ་རྒྱུད་ཕྱོགས་སྐྱོང་ཞིང་སྐྱོང་སོགས༔ སྲིད་ཞིའི་མགྲོན་དང་མགོན་པོ་ཡོན་ཏན་མགྲོན༔ མ་ཐོགས་མྱུར་དུ་སྤྱན་འདྲེན་གཤེགས་སུ་གསོལ༔ སྲིད་རྩེ་མན་ཆད་ན་རཀ་ཡན་ཆད་ཀྱི༔ སྙིང་རྗེའི་མགྲོན་རྣམས་བོས་པའི་གནས་འདིར་གཤེགས༔ སྟོང་ཕྲག་བརྒྱད་ཅུ་བགེགས་ཀྱི་རིགས་གྱུར་པའི༔ ལན་ཆགས་མགྲོན་དུ་གཏོགས་པའི་ལྷ་འདྲེ་རྣམས༔ མཁོ་དགུ་ཀུན་འབྱུང་འཆར་བའི་གནས་འདིར་འདུས༔ སོ་སོར་དགྱེས་པའི་གདན་ལ་བཞུགས་སུ་གསོལ༔ མཆོད་འོས་ཀུན་ལ་གུས་པས་ཕྱག་འཚལ་ལོ༔ སྡེ་བརྒྱད་ལྷ་ཀླུ་གནས་གཞི་གཏེར་བདག་ལ༔ བཀའ་བསྒོས་ཐ་ཚིག་གཉན་པོ་བདག་གིས་བསྐུལ༔ དམ་ལ་མ་འདའ་རྣལ་འབྱོར་ཕྲིན་ལས་རྣམས༔ གང་བཅོལ་ཡིད་བཞིན་སྒྲུབ་ལ་གནོད་འཚེ་སྤོངས༔ བྱང་ཆུབ་སེམས་ལྡན་བྱམས་པའི་རྒྱུན་སྐྱོང་ལ༔ འདོད་པའི་ཡོན་ཏན་ལྔ་ལྡན་བསང་མཆོད་བཞེས༔ ཀྱཻ༔ ཕུན་ཚོགས་དགེ་བ་ལྷ་ཡི་ཉི་མ་ལ༔ སྤྱན་མ་ས་ཁམས་རི་རབ་བང་རིམ་སྟེང༔ ལྷ་ཤིང་ངད་ལྡན་སྣ་ཚོགས་ལོ་འབྲས་ལ༔ གོས་དཀར་མེ་ཁམས་རཾ་ལས་མེ་འབར་བས༔ སྒྲོལ་མ་རླུང་ཁམས་ཡཾ་ལས་རླུང་ཤུགས་བསྐྱེད༔ མ་ཀིའི་ཆུ་ཁམས་ཁཾ་ལས་ཆབ་ཀྱིས་བྲན༔ དབྱིངས་ཕྱུག་ཆོས་དབྱིངས་ནམ་མཁའི་ཁམས་སྣོད་དུ༔ བསང་རྫས་དངོས་འབྱོར་བློས་སྤྲུལ་བསམ་མི་ཁྱབ༔ དུད་སྤྲིན་ཟེར་ལས་མཆོད་པའི་ལྷ་མོ་འཕྲོས༔ མགྲོན་ཀུན་དགྱེས་བསྐྱེད་ཀུན་ལ་མཆོད་སྦྱིན་མཛད༔ རང་རང་དགྱེས་དགུའི་དཔལ་ལ་སྤྱོད་ནས་ཚིམ༔ ཕྲིན་ལས་གང་བཅོལ་སྒྲུབ་པའི་གཉེར་ཁས་བླང༔ བསང་ངོ་མཆོད་དོ་འབུལ་ལོ་བཞེས་སུ་གསོལ༔ ཀྱཻ༔ གཞི་ཐོག་དང་པོ་གྲོལ་བ་གདོད་མའི་ས༔ ཆོས་སྐུ་རྒྱལ་བ་ཀུན་ཏུ་བཟང་པོ་བསང༔ བློ་འདས་རིག་པ་ཡེ་གྲོལ་སྣང་མཐའ་ཡས༔ ཆོས་སྐུའི་འཁོར་ཚོགས་ལྟ་བའི་ཀློང་དུ་བསང༔ སྟོང་པའི་གསལ་ཆ་མ་འགགས་འཆར་བའི་ལམ༔ ལོངས་སྐུ་འཕགས་པ་ཐུགས་རྗེ་ཆེན་པོ་བསང༔ ཀུན་ཤར་རིག་པའི་རྩལ་སྣང་རིགས་ལྔ་དང༔ ལོངས་སྐུའི་འཁོར་ཚོགས་གསལ་བའི་ངང་དུ་བསང༔ སྟོང་གསལ་སྤྲུལ་བསྒྱུར་རོལ་པའི་ཟློས་གར་ལས༔ སྤྲུལ་སྐུ་རྒྱལ་བ་ཤཱཀྱ་ཐུབ་པ་བསང༔ རྒྱལ་ཀུན་གསང་གསུམ་གཅིག་བསྡུས་པདྨ་འབྱུང༔ སྤྲུལ་སྐུའི་འཁོར་ཚོགས་རིག་རྩལ་དབྱིངས་སུ་བསང༔ སངས་རྒྱས་ཀུན་དངོས་རྩ་བའི་བླ་མ་སོགས༔ རྩ་བརྒྱུད་རིག་འཛིན་བླ་མའི་འཁོར་ཚོགས་བསང༔ གསང་སྔགས་རྒྱུད་སྡེའི་དཀྱིལ་འཁོར་ཀུན་གྱི་གཙོ༔ ཆེ་མཆོག་སྒྲུབ་པ་བཀའ་བརྒྱད་ལྷ་ཚོགས་བསང༔ རྒྱུད་བཞི་ཐེག་རིམ་ཀུན་བསྡུས་ཡི་དམ་ལྷ༔ ཞི་དང་ཁྲོ་བོ་རོལ་བའི་ལྷ་ཚོགས་བསང༔ གནས་གསུམ་མ་མོ་མཁའ་འགྲོའི་དབང་ཕྱུག་རྗེ༔ ཡེ་ཤེས་མཁའ་འགྲོ་རྡོ་རྗེ་ཕག་མོ་བསང་༔ དུར་ཁྲོད་བརྒྱད་སོགས་མ་རྒྱུད་འདུ་བའི་གནས༔ འབུམ་ཕྲག་དཔའ་བོ་མཁའ་འགྲོ་ཤུགས་འགྲོ་བསང་༔ གསང་སྔགས་བཀའ་བསྲུང་ཕོ་རྒྱུད་དབང་ཕྱུག་རྗེ༔ མཐུ་སྟོབས་དཔལ་འབར་མ་ཧཱ་ཀ་ལ་བསང༔ རྫོགས་ཆེན་སྲུང་མ་སྔགས་ཀྱི་བདག་མོ་རྗེ༔ མོ་རྒྱུད་གཙོ་མོ་ཨེ་ཀ་ཛ་ཊི་བསང༔ རཱ་ཧུ་ལ་དང་རྡོར་ལེགས་བདུད་བཙན་ཀླུ༔ དུར་ཁྲོད་ལྷ་མོ་ཚེ་རིང་མཆེད་ལྔ་དང༔ པེ་ཧར་སྐུ་ལྔ་ཙིའུ་དམར་ཞིང་སྐྱོང་བསང༔ རྒྱལ་ཆེན་རྣམ་སྲས་ཛམ་སེར་ཛམ་དམར་དང༔ ཛམ་ལྷ་ནག་པོ་ཨརྱ་རེ་མནྟ༔ ནོར་རྒྱུན་ལྷ་མོ་ནོར་ལྷ་རྣམ་བརྒྱད་བསང༔ བདག་ལ་འགོ་ཞིང་སྡོང་གྲོགས་བྱེད་པ་ཡི༔ ཕ་ལྷ་མ་ལྷ་དགྲ་ལྷ་ཕྲག་ལྷ་དང༔ ཞང་ལྷ་མགྲོན་ལྷ་སྐྱེས་ལྷ་དམག་ཇག་ལྷ༔ མཐུན་རྐྱེན་སྒྲུབ་པའི་ལྷ་ཚོགས་ཐམས་ཅད་བསང༔ གཞན་ཡང་མགོན་པོ་ཞལ་བཞི་ཕྱག་བཞི་དང༔ གུར་གྱི་མགོན་པོ་སྟག་ཞོན་བིང་གྲི་གུག༔ རྣམ་སྣང་མགོན་པོ་དེ་ཝ་ཨ་གུ་ར༔ རྟ་ཐུག་དཀར་པོ་དགྲ་བླ་བཅུ་གསུམ་བསང༔ མོ་རྒྱུད་ལྷ་མོ་ཡཀྴ་བཻ་ཏ་ལི༔ དཔལ་ལྡན་ལྷ་མོ་བཤན་པ་སྲོག་སྒྲུབ་མ༔ དབྱིངས་ཀྱི་མ་མོ་སྨན་བཙུན་མཆེད་སྡེ་ལྔ༔ བསྟན་མ་བཅུ་གཉིས་དབང་ཕྱུག་ཉེར་བརྒྱད་བསང༔ ཟངས་རིའི་བཙན་རྒོད་མཆིམས་ཕུའི་བྲག་བཙན་དང༔ རྩལ་ཐོག་རྒྱུག་གི་གྲི་བཙན་འཁོར་བཅས་བསང༔ འཛམ་བུའི་གླིང་གི་གཞི་བདག་གནས་བདག་དང༔ གཏེར་གྱི་བདག་པོ་བཀའ་དང་ཐ་ཚིག་བདག༔ བྱ་རྒོད་ཕུང་པོའི་རི་བོ་ལ་སོགས་པའི༔ རྒྱ་གར་ཡུལ་གྱི་གནས་གཞི་གཏེར་བདག་བསང༔ ཨོ་རྒྱན་ཟ་ཧོར་བྷང་ག་མ་ལ་ཡ༔ རི་བོ་གླང་རུ་བྷེ་ཏ་ལ་སོགས་པ༔ མངའ་རི་སྐོར་གསུམ་རྒྱ་གར་གནས་བདག་བསང༔ དགའ་ལྡན་རྒྱལ་པོའི་ཁབ་དང་ཡངས་པ་ཅན༔ མ་ག་དྷ་དང་ཝ་ར་ཎ་སི་དང༔ ཛེ་ཏི་ཚལ་དང་རྩྭ་མཆོག་དྲུང་ལ་སོགས༔ ཐུབ་དབང་བཞུགས་གནས་བརྒྱད་ཀྱི་གནས་བདག་བསང༔ གྲུ་འཛིན་ཟུར་ཕུད་ལྔ་པ་ལ་སོགས་པའི༔ དབུས་གཙང་རུ་བཞིའི་ཡུལ་གྱི་གནས་བདག་བསང༔ བསམ་ཡས་མཆིམ་ཕུ་ལྷོ་བྲག་མཁར་ཆུ་དང༔ ཡར་ལུང་ཤེལ་བྲག་བསྒྲགས་ཀྱི་ཡང་རྫོངས་གནས༔ ནཻ་རིང་བྲག་དམར་མོན་ཁ་ཤམ་པོའི་རྫོངས༔ སྟག་ཚང་ཕུག་དང་སྤ་གྲོ་སེང་གེ་རྫོང༔ བོད་ཡུལ་གནས་ཆེན་བརྒྱད་ཀྱི་བསྲུང་མ་བསང༔ གཉན་ཆེན་ཐང་ལྷ་མི་བསྲུན་སྨྱོན་ཁ་པ༔ རྨ་ཆེན་སྤོམ་ར་ཁ་བ་དཀར་པོ་སོགས༔ བོད་ཁམས་སྐྱོང་བའི་གནས་གཞིའི་བདག་པོ་བསང༔ རི་བོ་ཆེ་དང་སྲིན་མོ་རྫོང་གི་གནས༔ ཤར་ཕྱོགས་དུང་རི་དཀར་པོ་ལ་སོགས་པའི༔ བོད་ཡུལ་ལུང་མདའ་ཁམས་ཀྱི་གནས་བདག་བསང༔ ཁྲོ་གཏུམ་དྲག་རྩུབ་འཇིགས་རུང་ཡ་ངའི་གནས༔ མདོ་ཁམས་རྒྱལ་མོ་རོང་གི་གནས་བདག་བསང༔ བཞག་བྲ་ལྷ་རྩེ་སྦ་རོང་བྲག་དཀར་དང༔ རྒྱལ་མོ་མུ་རྡོ་ལྷ་ཞལ་མཆེད་གསུམ་པོ༔ རྡོ་རྗེ་དབྱི་ཁྲོམ་སྐུ་བླ་སྟག་རྣ་སོགས༔ སྨན་བཙུན་མཆེད་གསུམ་མདོ་སྨད་གཞི་བདག་བསང༔ ༧ འབྲོང་རི་སྨུག་པོ་རིགས་ལྔའི་གནས་ཀྱི་རྫོངས༔ བསྟན་འཛིན་རྒྱལ་མཚན་རྡོ་རྗེ་དྲག་པོ་རྩལ༔ དབང་སྡུད་ལྷ་རྩེ་རི་རྒྱལ་འཕན་ཕྱུག་སོགས༔ དཀར་ཕྱོགས་སྐྱོང་བའི་གནས་གཞི་གཏེར་བདག་བསང༔ རྡོ་རྗེ་ཞལ་དཀར་སེང་གེ་གནམ་རྫོངས་དང༔ མཚོ་སྨན་རྒྱལ་མོ་དགྲ་བླ་མི་མགོན་དཀར༔ ནོར་བུ་ལྷ་རྩེ་རྡོ་རྗེ་ལྷ་རྩེ་སོགས༔ བདག་གི་གྲོགས་མཛད་འགོ་བའི་ལྷ་རྣམས་བསང༔ རྒྱལ་དབང་པདྨའི་བཀའ་དམ་རྗེས་དགོངས་པའི༔ སྐུ་ལྷ་ར་ཁང་ར་འཁོར་སྟོང་རྩ་དང༔ སྐུ་ལྷ་ཁྲབ་གྱོན་ཡུལ་གཞི་གཉན་གྱི་ཚོགས༔ བསང་ངོ་གསོལ་ལོ་མཆོད་དོ་མངའ་གསོལ་བཞེས༔ ཀྱཻ༔ ནམ་མཁའ་གང་བ་ལྷ་ཡི་སྡེ་ཚོགས་བསང༔ བར་སྣང་གང་བ་གཉན་གྱི་སྡེ་ཚོགས་བསང༔ ས་གཞི་གང་བ་མི་མིན་སྡེ་ཚོགས་བསང༔ ས་འོག་གང་བ་ཀླུ་ཡི་སྡེ་ཚོགས་བསང༔ ལོ་རྒྱལ་དྲུག་ཅུ་སྤར་ཁ་རྣམ་པ་བརྒྱད༔ སྨེ་བ་དགུ་དང་བླ་ཁམས་དྲུག་དང་ནི༔ ཟླ་བ་ཞག་དང་དུས་ཚོད་ཆུ་ཚོད་བདག༔ ཐམས་ཅད་བསང་ངོ་གཟེངས་བསྟོད་མངའ་གསོལ་ལོ༔ ཡུལ་ཕྱོགས་འདི་ཡི་ཕུ་མདའ་ཉིན་སྲིབ་དང༔ ལ་ལུང་སྐྱེ་ཤིང་སྲ་བྲག་འབབ་ཆུ་ལ༔ གནས་པའི་ས་བདག་ཀླུ་གཉན་གནས་གཞིའི་བདག༔ དྲག་རྩལ་མྱུར་མགྱོགས་ལྡན་པ་ཐམས་ཅད་བསང༔ སྟེང་ཕྱོགས་མངོན་མཐོ་ལྷ་ཁམས་སྡེ་ཚོགས་བསང༔ ཁྱད་འཕགས་མཐོ་རིས་མི་ཡི་གནས་རིགས་བསང༔ ནང་ཚན་ཁྲོ་གཏུམ་ལྷ་མིན་སྡེ་རིགས་བསང༔ གནས་ངན་བྱོལ་སོང་ཡི་དྭགས་རིགས་གྱུར་བསང༔ ངན་སོང་འོག་མ་དམྱལ་བའི་གནས་ཁམས་བསང༔ བདུད་བཞིའི་གཙོ་བཅས་བགེགས་རིགས་འབྱུང་པོ་བསང༔ གཞན་ཡང་ཁས་ཞན་དབང་ཆུང་རིགས་གྱུར་པའི༔ གནོད་སྦྱིན་ཕྲན་དང་མཁའ་རྒྱུའི་ཡི་དྭགས་སོགས༔ རེ་ཞིང་དབང་ཆུང་བོས་པའི་མགྲོན་ལ་འགྱིང༔ འབྱུང་པོ་གདོན་ཕྲན་རིགས་གྱུར་བསང་ཞིང་བརྔན༔ འཐབ་རྩོད་ཕམ་རྒྱལ་མེད་པར་ལོངས་སྤྱོད་ལ༔ ཕྱིན་ཆད་གནོད་པའི་སེམས་ཀུན་གཏན་བྲལ་ཞིང༔ བྱང་ཆུབ་སེམས་ཀྱིས་ཡིད་རྒྱུད་བརླན་པར་ཤོག༔ ༧ ཀྱཻ༔ ཞི་བ་བསང་གི་མགྲོན་ལ་བོས་པ་ཡི༔ དཀོན་མཆོག་གསུམ་དང་དཔལ་མགོན་བསྲུང་མའི་ཚོགས༔ རིགས་དྲུག་སེམས་ཅན་བགེགས་རིགས་ལན་ཆགས་མགྲོན༔ ཀུན་ལ་འདོད་དོན་གསོལ་བའི་ཕྲིན་ལས་ནི༔ མཆོག་གསུམ་བསྟན་དར་འགྲོ་དྲུག་ཀུན་བདེ་ཞིང༔ བྱང་ཆུབ་སྒྲུབ་པའི་མཐུན་རྐྱེན་དམ་པ་མཛོད༔ ཁྱད་པར་རྣལ་འབྱོར་བདག་ཅག་འཁོར་བཅས་ལ༔ ཉིན་མཚན་དུས་དྲུག་གཡེལ་བ་མེད་པར་བསྲུང༔ བྱ་ར་མེལ་ཚེ་རྒྱབ་བརྟེན་དཔུང་གཉེན་མཛོད༔ ཕྱོགས་དུས་དགྲ་རྐུན་གཅན་གཟན་འཕར་སྤྱང་སོགས༔ སྡང་སེམས་དགྲ་བོའི་དཔུང་ཚོགས་རྒྱུས་པ་ཆིངས༔ གནོད་བྱེད་འབྱུང་པོ་བགེགས་ཀྱི་རིགས་གྱུར་པ༔ བདག་ཅག་འཁོར་དང་བཅས་ལ་གནོད་སྦྱིན་མཁན༔ མིང་ཙམ་མ་བཞག་ཐལ་བ་རྡུལ་དུ་རློགས༔ ཞི་རྒྱས་དབང་དྲག་གང་བརྩམས་ལས་བཞི་ཀུན༔ ཐོགས་མེད་ད་ལྟ་ཉིད་དུ་འགྲུབ་པར་མཛོད༔ བདག་ཅག་སྔགས་འཆང་རྡོ་རྗེའི་རིག་འཛིན་རྣམས༔ ཉི་མ་ཕྱོགས་བཞི་མཚམས་བརྒྱད་སྟེང་དང་འོག༔ གར་འགྲོ་གར་འདུག་ས་ཕྱོགས་དེ་ཉིད་དུ༔ མཆོག་གསུམ་སྲུང་མ་རྣམས་དང་འབྲལ་མེད་དུ༔ སྔོན་བསུ་རྒྱབ་སྐྱོར་ལེགས་པའི་བྱ་བ་སྤྲོད༔ ནད་གདོན་ཉེར་འཚེ་བར་ཆད་ཀུན་ཞི་ཞིང༔ ཚེ་བསོད་དཔལ་འབྱོར་ལོངས་སྤྱོད་སྙན་གྲགས་རྒྱས༔ ལྷ་འདྲེ་མི་གསུམ་ཟས་ནོར་ལོངས་སྤྱོད་བསྡུས༔ དགྲ་ཇག་ཆོམ་རྐུན་འདྲེ་གདོན་དྲག་པོས་སྒྲོལ༔ ཁ་དཀར་སྙིང་ནག་མཐོ་གནོན་བརྙས་བྱེད་དང༔ ཁྲོམ་ནང་སྨ་ཕབ་སྐུར་འདེབས་སྙིང་ནས་སྨད༔ ཐོ་འཚམས་བྱེད་པའི་དགྲ་འདྲེ་གང་ཡང་རུང༔ དཀོན་མཆོག་གསུམ་གྱི་བདེན་པས་བཟློག་ཏུ་གསོལ༔ ཆོས་སྐྱོང་བསྲུང་མའི་སྟོབས་ཀྱིས་རྡུལ་དུ་རློགས༔ རིགས་དྲུག་སེམས་ཅན་བདེ་ལྡན་རྒྱུར་གྱུར་ཅིག༔ སྣང་སྲིད་གནོད་སྦྱིན་ལྷ་འདྲེའི་གཡུལ་ངོ་ཐོབ༔ རྣལ་འབྱོར་བདག་ཅག་འཁོར་བཅས་རྒྱལ་ཁ་ལོངས༔ འགྲན་ཚོལ་བྱེད་པའི་དགྲ་བགེགས་ཕམ་དུ་ཆུགས༔ ཚོང་ལ་འགྲོ་ན་ཚོང་པའི་ཡིད་སེམས་རྐུས༔ བཅུད་ལྡན་ཟས་སྡུས་བརྗིད་ལྡན་གོས་རྣམས་དང༔ ཟང་ཟིང་ནོར་རྫས་འབྲུ་བཅུད་འབྲུ་སྣ་ཚོགས༔ རྟ་དྲེལ་ནོར་ལུག་ར་བོང་ལ་སོགས་པ༔ གང་འདོད་དབང་བསྡུས་བདག་རྒྱལ་གཞན་ཕམ་མཛོད༔ ཀྱཻ༔ དེ་ལྟར་འདོད་ཡོན་ལྔ་ལྡན་བསང་མཆོད་འདིས༔ སྔགས་འཆང་བདག་ཅག་དཔོན་སློབ་འཁོར་བཅས་ལ༔ མི་གཙང་ཉམས་ཆགས་གྲིབ་ཀྱིས་ཕོག་པ་བསང༔ ཟས་གོས་ནོར་རྫས་རྗེས་འབྲང་གྲིབ་ཕོག་བསང༔ དམེ་ནལ་ཡུག་གསུམ་རོ་བག་གཤིན་གྲིབ་བསང༔ མནའ་ཟན་བཤན་པ་སྡིག་ཅན་གྲིབ་ཕོག་བསང༔ མཆོག་གསུམ་ལྷ་གནོལ་བསྲུང་མ་འཁྲུགས་པ་བསང༔ མོ་རྒྱུད་མ་མོ་འཁྲུགས་པའི་ལས་བགྱིས་བསང༔ གཞན་ཡང་མ་རིག་ནོངས་པ་ཅི་མཆིས་པ༔ བསང་ངོ་གསོལ་ལོ་བཤགས་སོ་ཤུདྡྷེ་ཨཱ༔ རྣལ་འབྱོར་གང་བཅོལ་ལས་རྣམས་འགྲུབ་པར་མཛོད༔ དེ་ནས་བཀྲ་ཤིས་གཡང་བླན་ནི༔ ཀྱཻ༔ ལྷ་དབང་ཚངས་པ་བརྒྱ་བྱིན་ལ་སོགས་པའི༔ སྟེང་ཕྱོགས་ལྷ་ཡི་ཁམས་ནས་གཡང་ཁུག་ཅིག༔ ཀླུ་དབང་དགའ་བོ་འཇོག་པོ་ལ་སོགས་པའི༔ འོག་ཕྱོགས་ཀླུ་ཡི་ཁམས་ཀྱི་གཡང་ཁུག་ཅིག༔ གཉན་ཆེན་སྐུ་བླ་གེར་འཛོ་ལ་སོགས་པའི༔ བར་སྣང་གཉན་གྱི་ཡུལ་ནས་གཡང་ཁུག་ཅིག༔ འཁོར་ལོས་བསྒྱུར་བའི་རྒྱལ་པོ་ལ་སོགས་པའི༔ གླིང་བཞི་མི་ཡི་ཡུལ་ནས་གཡང་ཁུག་ཅིག༔ དབུས་ཀྱི་རི་རྒྱལ་ལྷུན་པོ་མཆོག་རབ་ཀྱི༔ བརྟན་བརྗིད་བྱིན་ཆགས་གཡང་རྣམས་འདིར་ཁུག་ཅིག༔ གསེར་རི་བརྗིད་ལྡན་རོལ་མཚོ་གཏིང་ཟབ་པའི༔ དཔང་མཐོ་གཏིང་ཟབ་ཆེ་བའི་གཡང་ཁུག་ཅིག༔ ཤར་ཕྱོགས་ལུས་འཕགས་གླིང་གི་ལུས་སྟོབས་ཏེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ལྷོ་ཕྱོགས་འཛམ་བུའི་གླིང་གི་ཆོས་སྟོབས་ཏེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ནུབ་ཕྱོགས་བ་གླང་སྤྱོད་ཀྱི་ལོངས་སྤྱོད་དེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ བྱང་གི་སྒྲ་མི་སྙན་གྱི་དཔལ་འབྱོར་ཏེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ཕྱི་སྣོད་འབྱུང་བ་ལྔ་ཡི་དྭངས་བཅུད་དེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ནང་བཅུད་སེམས་ཅན་ཚེ་བསོད་སྟོབས་འབྱོར་དེ༔ བཀྲ་ཤིས་གནས་འདིར་ཕྱྭ་དང་གཡང་ཁུག་ཅིག༔ ཀྱཻ༔ དེ་རིང་ཕྱྭ་སྐོར་གཡས་སུ་ལན་གསུམ་བསྐོར༔ སྐྱེས་པ་ཕོ་རྒྱུད་དབང་བསྡུས་གཡང་དུ་ལེན༔ དེ་རིང་ཕྱྭ་སྐོར་གཡོན་དུ་ལན་གསུམ་བསྐོར༔ ཟ་མ་མོ་རྒྱུད་དབང་བསྡུས་གཡང་དུ་ལེན༔ ཕྱྭ་གཡང་གྱི་ལེ་ཉི་ལེ་སྒ་ར་ར༔ བཀྲ་ཤིས་གནས་འདིར་ཁུག་ཡེ་གཡང་ཁུག་ཡེ༔ ཆོས་སྐྱོང་བསྲུང་མ་དཀར་དམར་གཏོར་མས་མཆོད༔ མཐུ་སྟོབས་དྲག་རྩལ་ཐམས་ཅད་གཡང་ཁུག་ཡེ༔ སྡེ་བརྒྱད་གནས་གཞི་གཏེར་བདག་གསུར་གྱིས་མཆོད༔ གནས་སྐབས་བར་ཆད་སེལ་བའི་གཡང་ཁུ་ཡེ༔ ཁུག་ཡེ་ཁུག་ཡེ་ཕྱྭ་དང་གཡང་ཁུག་ཡེ༔ ཧུ་ཡེ་ཧུ་ཡེ་ཕྱྭ་ལྡན་གཡང་ལྡན་ནོ༔ རྒྱལ་ལོ་ལྷ་དང་སྲུང་མ་རྣམ་རྒྱལ་ལོ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ དེ་ནས་ནོངས་པ་བཟོད་གསོལ་ནི༔ ཧཱུྃ༔ བསང་མཆོད་མགྲོན་ལ་སྤྱན་དྲངས་བོས་པ་རྣམས༔ བདག་ཅག་མི་ཤེས་རྨོངས་པའི་དབང་སོང་ཏེ༔ འགལ་འཁྲུལ་ཉམས་ཆགས་ནོངས་པ་གང་བགྱིས་པ༔ བཟོད་པར་གསོལ་ལོ་ཚངས་པར་རྩལ་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡ༴སོགས། ཡི་གེ་བརྒྱ་པ་བཟླ༔ དེ་ནས་མགྲོན་གཤེགས་པ་ནི༔ ཧཱུྃ༔ དཀོན་མཆོག་སྲིད་ཞིའི་མགྲོན་གྱི་ལྷ་ཚོགས་རྣམས༔ ལྷུན་གྲུབ་ཀུན་བཟང་དགོངས་པའི་ཀློང་དུ་གཤེགས༔ དཔལ་མགོན་ཆོས་སྐྱོང་བསྲུང་མ་ཡོན་ཏན་མགྲོན༔ རང་སྣང་རིག་པའི་རྩལ་སྣང་དབྱིངས་ལ་གཤེགས༔ རིགས་དྲུག་སེམས་ཅན་སྙིང་རྗེའི་མགྲོན་རིགས་རྣམས༔ དགའ་མགུ་ངོམ་ཚིམ་སོ་སོར་རང་གནས་གཤེགས༔ འབྱུང་པོ་བགེགས་རིགས་ལན་ཆགས་སྦྱིན་ཡུལ་མགྲོན༔ བྱམས་དང་སྙིང་རྗེ་ཆེན་པོའི་ངང་ནས་གཤེགས༔ བསྐྱེད་རིམ་ལྷ་སྐུ་རང་སྣང་དགོངས་པར་གཤེགས༔ འཁོར་འདས་མཉམ་བརྡལ་ཆོས་ཀྱི་དབྱིངས་སུ་ཨཱཿ དེ་ནས་མི་དམིགས་པའི་རྒྱས་གདབ་ལ༔ བསྔོ་སྨོན་ནི༔ ཧཱུྃ༔ དགེ་འདིའི་བསོད་ནམས་འགྲོ་བ་མ་ལུས་པ༔ རྣམ་མཁྱེན་བླ་མེད་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་ལ་མྱུར་དུ་འགོད་པའི་ཕྱིར༔ དམིགས་མེད་ཁྱབ་བདལ་ཆེན་པོར་བསྔོ་བར་བགྱི༔ དཀོན་མཆོག་གསུམ་གྱི་བསྟན་པ་དར་བ་དང༔ སེམས་ཅན་ཐམས་ཅད་བདེ་སྐྱིད་དཔལ་ལ་སྤྱོད༔ རྣལ་འབྱོར་ཕྲིན་ལས་གང་བརྩམས་ལྷུན་གྲུབ་ཅིང༔ མཐར་ཐུག་གདོད་མའི་བཙན་ས་ཟིན་པར་ཤོག༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ༔ ཕན་བདེའི་འབྱུང་གནས་སངས་རྒྱས་ཕྲིན་ལས་རྣམས༔ གཅིག་འདུས་རྩ་བའི་བླ་མའི་བཀྲ་ཤིས་ཤོག༔ གསང་སྔགས་རྒྱུད་སྡེའི་དཀྱིལ་འཁོར་ཀུན་གྱི་གཙོ༔ ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག༔ ཕྱི་ནང་གསང་བའི་བར་ཆད་སེལ་མཛད་པའི༔ མ་མོ་མཁའ་འགྲོ་རྣམས་ཀྱི་བཀྲ་ཤིས་ཤོག༔ ཞི་རྒྱས་དབང་དྲག་ཕྲིན་ལས་དཀྱིལ་འཁོར་ནས༔ ཆོས་སྐྱོང་བསྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག༔ བསྟན་པ་སྐྱོང་ཞིང་གནས་སྐབས་རྐྱེན་སེལ་བའི༔ དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་བཀྲ་ཤིས་ཤོག༔ ས་མ་ཡཱ༔ གསང་རྒྱ༔ ཟབ་རྒྱ༔ ཁ་ཐམ༔ ཙིཏྟ་ལ་གུ་ཧྱཿ ཅེས་འགྲོ་འདུལ་རིག་འཛིན་གསང་སྔགས་གླིང་པས་ཆོས་ཉིད་དགོངས་པའི་སྒྲོམ་ནས་སྤྱན་དྲངས་པ་སརྦ་ཛ་ག་དཾ།