Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས། བློ་གྲོས་མཐའ་ཡས།
   


 
previousདཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས། བློ་གྲོས་མཐའ་ཡས།next

དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས། བློ་གྲོས་མཐའ་ཡས།


RTZ001_Page_0909
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས་ཞེས་བྱ་བ་བཞུགས། །ཀརྨ་བཀའ་བརྒྱུད་བསྟན་པའི་སྣང་བྱེད་མཆོག །ངག་གི་དབང་ཕྱུག་ཡོན་ཏན་རྒྱ་ཆེའི་མཚོ། །དགེ་ལེགས་ཕྲིན་ལས་རླབས་ཕྲེང་ཀུན་ཏུ་ཁྱབ། །དཔལ་ལྡན་བཟང་པོའི་ཞབས་ལ་གསོལ་བ་འདེབས། །ཚར་གཅོད་རྗེས་འཛིན་ཀུན་ཤེས་ཡན་ལག་བཅས། །བཅུ་ཕྲག་རིག་པའི་གནས་ལ་ཐོས་བསམ་དང་། །སྒོམ་པའི་བློ་གྲོས་ཆགས་ཐོགས་བྲལ་བ་ཡི། །རྣམ་དཔྱོད་མཐའ་ཡས་ལྡན་ལ་གསོལ་བ་འདེབས། །པདྨ་དབང་ཆེན་སོགས་ཀྱིས་རྗེས་སུ་བཟུང་། །གར་གྱི་དབང་ཕྱུག་ཐུགས་རྗེའི་རིག་སྔགས་འཆང་། །ཕྲིན་ལས་འགྲོ་བ་འདུལ་བའི་རྩལ་མངའ་བ། །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས། །གྲུབ་རིགས་འཛིན་པ་ཁྱུང་གི་གདུང་ལས་གྲོལ། །སྦྱངས་པའི་ལས་འཕྲོ་དཀར་པོའི་ཆོས་ལ་སད། །འཁོར་ལོ་གཉིས་ཀྱི་མཐུན་རྐྱེན་ངང་གིས་ཚོགས། །ངོ་མཚར་རྨད་དུ་བྱུང་ལ་གསོལ་བ་འདེབས། །གཞན་གནོད་གཞིར་བཅས་སྤོང་བས་རྒྱུད་


RTZ001_Page_0910
[མ་དཔེ་གཟིགས་ན་འདིར་གནོན།]

བསྡམས་ཤིང་། །གཞན་ཕན་གཞིར་བཅས་བསླབ་པའི་གནས་ལ་གཞོལ། །རིམ་གཉིས་མངོན་རྟོགས་ཅིར་ཡང་གསལ་བ་ཡི། །གསུམ་ལྡན་རྡོ་རྗེ་འཛིན་པར་གསོལ་བ་འདེབས། །མཁས་གྲུབ་དེད་དཔོན་ཡོངས་འཛིན་དུ་མ་བསྟེན། །མདོ་སྔགས་རྒྱ་མཚོར་ལྷག་བསམ་བརྩོན་པས་ཞུགས། །གཞུང་གདམས་མན་ངག་ནོར་བུའི་སྐྱེས་བཟང་གིས། །སྐལ་ལྡན་དབུལ་བ་སེལ་ལ་གསོལ་བ་འདེབས། །ཨོ་རྒྱན་དུས་གསུམ་མཁྱེན་པའི་རྡོ་རྗེའི་བཀས། །གཏེར་འབྱིན་གྲུབ་པའི་འཁོར་ལོས་སྒྱུར་རྣམས་ཀྱིས། །རྣམ་སྣང་བཻ་རོ་ཙ་ནའི་རྣམ་འཕྲུལ་དུ། །ལུང་བསྟན་མངའ་གསོལ་མཛད་ལ་གསོལ་བ་འདེབས། །རྒྱལ་བ་ཡབ་སྲས་མཆོག་གླིང་མཁྱེན་བརྩེའི་དབང་། །མཆོག་གཟིགས་རྣམས་ཀྱིས་ཏཱ་ར་ནཱ་ཐ་དང་། །འགྱུར་མེད་རྡོ་རྗེའི་སྤྲུལ་པརཞལ་བཞེས་ཤིང་། །ཡོངས་འཛིན་མཆོག་ཏུ་བཀུར་ལ་གསོལ་བ་འདེབས། །རྒྱལ་བསྟན་རིས་མེད་སྐྱོང་བའི་དག་སྣང་དང་། །འགྲོ་ཕན་རིས་མེད་སྒྲུབ་པའི་ལྷག་བསམ་སྟེ། །གང་བྱུང་ཐད་ཀར་ཁྱེར་བའི་སྤྱོད་ཚུལ་གྱིས། །དམ་པའི་རྣམ་ཐར་འཛིན་ལ་གསོལ་བ་འདེབས། །ཙ་འདྲ་རིན་ཆེན་བྲག་གི་དབེན་གནས་སུ། །ཚེ་གཅིག་སྒྲུབ་པའི་རྒྱལ་མཚན་བཙུགས་ནས་སུ། །འཆད་རྩོམ་བཀའ་བབས་བསྟན་ལ་བྱ་བ་མཛད། །དོན་གཉིས་ལྷུན་གྱིས་གྲུབ་ལ་གསོལ་བ་འདེབས། །


RTZ001_Page_0911
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེའི་ལུང་གིས་གསལ་བར་བསྔགས་པའི་དོན། །ཧེ་རུ་ཀ་ཡི་སྐུ་གསུང་ཐུགས་ཀྱི་རྟེན། །བསྟན་པ་ཇི་སྲིད་བར་དུ་འགྲོ་ཕན་གྱི། །བཙས་སུ་བསྒྲུབས་པར་མཛད་ལ་གསོལ་བ་འདེབས། །མོས་པའི་སྟོབས་དང་རྟེན་འབྲེལ་བསླུ་མེད་མཐུས། །དཔལ་ལྡན་བླ་མ་མཆོག་དང་མི་འབྲལ་ཞིང་། །མཁའ་སྤྱོད་གྲོང་ཁྱེར་ཆེན་པོར་ལྷན་ཅིག་འཚོགས། །རྡོ་རྗེ་སེམས་དཔའི་གནས་མཆོག་ཐོབ་གྱུར་ཅིག །གང་གི་རིང་ལུགས་རྡོ་རྗེ་ལྟར་བརྟན་ཅིང་། །ཟབ་རྒྱས་མཛོད་ལྔ་རྟག་ཏུ་སྒྲོག་པ་ཡིས། །བདག་སོགས་ལེགས་པའི་ལམ་ཀུན་མཐར་ཕྱིན་ཅིང་། །བསམ་དོན་ལྷུན་གྲུབ་དགེ་ལེགས་དཔལ་འབར་ཤོག །བསྔགས་འོས་ཀྱི་ཡོན་ཏན་ཆ་ཤས་ཕྲ་མོས་ཀྱང་མ་གོས་ཤིང་། རང་ཉིད་ལ་བསྟོད་པ་མ་རབས་བླུན་པོའི་ལུགས་སུ་གྱུར་ཀྱང་། སྒྲུབ་བརྩོན་བླ་མ་དམ་པ་པདྨ་ནོར་བུས་ནན་ཏན་ཆེན་པོས་བསྐུལ་ངོ་མ་ལྡོག་ཙམ་དུ་འདུ་གསུམ་པ་ཡོན་ཏན་རྒྱ་མཚོས་སུག་བྲིས་སུ་བསྟར་བ་དགེ་ལེགས་འཕེལ།། ༈ བདག་བསྟོད་ལུང་གི་མེ་ལོང་ས་མ་ཡ་རྒྱ། ན་མོ་གུ་རུ་བཛྲ་དྷཱ་རཱ་ཡ། ཁྱབ་བདག་སྲིད་ཞིའི་སྤྱི་དཔལ་ཐུགས་རྡོ་རྗེ། །བརྟན་གཡོ་ཀུན་ཁྱབ་འགྱུར་མེད་བདེ་བ་ཆེ། །རང་བྱུང་རིག་པའི་གཤིས་དང་དབྱེར་མེད་པ། །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །གསང་བ་འཛིན་པ་རྣམས་ལས་རྡོ་རྗེ་ཆོས། །མཆོག་


RTZ001_Page_0912
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་ཉན་ཐོས་རྣམས་ལས་ཀུན་དགའ་བོ། །སྐྱེས་མཆོག་ལོ་པཎ་རྣམས་ལས་བཻ་རོ་རྗེ། །རྒྱལ་བསྟན་ཤིང་རྟ་རྣམས་ལ་གསོལ་བ་འདེབས། །དྭགས་བརྒྱུད་གྲུབ་པའི་ཁྱུ་མཆོག་སྐྱེ་མེད་ཞང་། །ཟབ་གཏེར་འཁོར་ལོས་སྒྱུར་བ་རྡོ་རྗེ་གླིང་། །མ་འོངས་སྣང་མཛད་རྒྱལ་བར་ལུང་བསྟན་པ། །རྒྱལ་སྲས་བློ༵་གྲོ༵ས་མཐ༵འ་ཡ༵ས་ལ་གསོལ་བ་འདེབས། །ཤཱནྟ་པུ་རིར་པ༵དྨའི་སྔགས་རིག་འཛིན། །ག༵ར་གྱི་དབ༵ང་ཕྱུག༵་བདེ་བའི་རྡོ་རྗེ་འཆང། །དུས་གསུམ་ཀུན་མཁྱེན་པདྨས་ལུང་བསྟན་པ། །ཕྲིན༵་ལ༵ས་འགྲོ་འདུལ་རྩལ་ལ་གསོལ་བ་འདེབས། །ཀ༵རྨ༵་བཀའ་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན། །ངག༵་གི་དབ༵ང་ཕྱུག་འཆད་རྩོམ་བཀའ་བབ་ཐོབ། །སྤངས་རྟོགས་ཡོ༵ན་ཏན༵་རྒྱ༵་མཚོ༵ར་གདོད་ནས་གྲུབ། །ཕྲིན༵་ལས༵་ཀུན༵་ཏུ་ཁྱབ༵་པར་གསོལ་བ་འདེབས། །བླ་མ་གདོད་མའི་མགོན་པོའི་གསང་གསུམ་དང་། །ཡོངས་གྲུབ་རྡོ་རྗེ་བཞི་པོ་གཤིས་ངོར་མཉམ། །མོས་གུས་རྐྱེན་གྱིས་དོན་དམ་བདེན་པ་སད། །ཡེ་ཤེས་རྒྱལ་ཁམས་མཐོང་བར་བྱིན་གྱིས་རློབས། །དམིགས་མེད་སྙིང་རྗེ་རིས་མེད་དག་སྣང་འབྱོངས། །འོད་གསལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་བརྙེས། །མཁའ་ཁྱབ་འགྲོ་བའི་སྐྱོབ་པ་ཐམས་ཅད་མཁྱེན། །ལུས་རྟེན་འདི་ལ་བདེ་བླག་འགྲུབ་གྱུར་ཅིག །ཅེས་པའང་རང་སློབ་དད་དམ་གྱི་ནོར་ལྡན་མངྒ་ལའི་མཚན་ཅན་སོགས་སྒྲུབ་བླ་ཁ་གཅིག་གིས་བསྐུལ་


RTZ001_Page_0913
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངོར། རང་ཉིད་སོ་སྐྱེའི་གྲལ་མཐར་སྡོད་པ་རང་བློ་ལྐོག་ཏུ་མ་གྱུར་ཀྱང་། ཡེ་ཤེས་བརྙེས་པའི་སྐྱེས་ཆེན་དག་གི་དག་སྣང་གི་གཟིགས་པས་དབུགས་ཕྱུང་པ་དང་གཏེར་བྱུང་ལུང་བྱང་གིས། བློ་དྲང་བའི་དོན་དུ་གསུངས་པ་དག་ལ་ཅོལ་ཆུང་གིས་ཡིད་བརྟན་བཅས་ཏེ་ཐོལ་བྱུང་གིས་རང་བསྟོད་རྫུན་ཚིག་སྨྲས་པ་དགེ། །།


previousདཔལ་ལྡན་བླ་མ་ལ་གསོལ་བ་འདེབས་པ་ཀུན་ཏུ་བཟང་པོའི་སྒྲ་དབྱངས། བློ་གྲོས་མཐའ་ཡས།next