Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན། བློ་གྲོས་མཐའ་ཡས།


 
previousསྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན། བློ་གྲོས་མཐའ་ཡས།no next

སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན། བློ་གྲོས་མཐའ་ཡས།


RTZ001_Page_0915
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན་ཞེས་བྱ་བ་བཞུགས་སོ།།


RTZ001_Page_0916
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ཁྱབ་བདེ་ཆེན་འོད་གསལ་ཆོས་ཀྱི་སྐུ། །འཁོར་འདས་སྙིང་པོ་མི་ཤིགས་ཐིག་ལེ་ཆེ། །དངོས་པོ་ཀུན་གྱི་ཁྱབ་བདག་གདོད་མའི་མགོན། །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཨོ་རྒྱན་སངས་རྒྱས་གཉིས་པའི་ཐུགས་ཀྱི་སྲས། །གཏེར་འབྱིན་གྲུབ་ཐོབ་རྒྱ་མཚོའི་འཁོར་ལོས་སྒྱུར། །རྣམ་ཐར་བསམ་ཡས་སྙིགས་དུས་བསྟན་འགྲོའི་མགོན།།མཆོག་གྱུར་གླིང་པའི་ཞབས་ལ་གསོལ་བ་འདེབས།།གདོད་ནས་རབ་ཞིའི་བདུད་རྩི་བརྙེས་གྱུར་ཀྱང་། །སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་བཀོད་དེ། །བཟོ་སྐྱེ་མཆོག་གི་སྤྲུལ་སྐུ་མཐའ་ཡས་པའི། །འདུལ་བཞིའི་ཆོ་འཕྲུལ་སྟོན་ལ་གསོལ་བ་འདེབས། ཁྱད་པར་གངས་ཅན་མངའ་བདག་ཁྲི་སྲོང་རྗེའི། །སྲས་ཀྱི་ཚུལ་བཟུང་མཆོག་གི་དངོས་གྲུབ་བརྙེས། །སངས་རྒྱས་གླིང་སོགས་རྨད་བྱུང་ངོ་མཚར་བའི། །སྒྱུ་འཕྲུལ་


RTZ001_Page_0917
[མ་དཔེ་གཟིགས་ན་འདིར་གནོན།]

གར་བརྒྱས་རོལ་ལ༴ ཐུགས་བསྐྱེད་ཁྱད་འཕགས་སྙིགས་མའི་འགྲོ་ལ་དགོངས། །ཕྲིན་ལས་ཁྱད་འཕགས་གང་འདུལ་དེར་མཐུན་སྟོན། །རྣམ་ཐར་ཁྱད་འཕགས་སྔོན་མེད་གསང་མཛོད་འཆང་། ཁྱད་པར་སུམ་ལྡན་ཁྱོད་ལ༴ མདོ་སྟོད་ས་ཡི་ཐིག་ལེར་བསམ་བཞིན་དུ། །སྐྱེ་བ་བཞེས་ནས་གཞོན་ནུའི་སྐབས་སུ་ཡང་། །ཕལ་པའི་ཡུལ་འདས་དམ་པའི་རྣམ་ཐར་སད། །དད་ལྡན་སྤྲོ་བ་བསྐྱེད་ལ༴ བཅུ་གསུམ་བཞེས་ཚེ་ཨོ་རྒྱན་དངོས་སུ་མཇལ། །ཟབ་གཏེར་རྗེས་གནང་བསྩལ་ནས་བྱིན་གྱིས་བརླབས། །ལྷ་སྲས་ཐུགས་དམ་རྟེན་སོགས་དངོས་གྲུབ་ཐོབ། །དགོངས་གཏེར་ཀློང་ནས་བརྡོལ་ལ༴ ཀར་འབྲུག་འབྲི་སྟག་ཡབ་སྲས་གཙོར་གྱུར་པའི། །རིས་མེད་ཚད་མའི་སྐྱེས་ཆེན་དུ་མ་བསྟེན། །མཉེས་པ་གསུམ་གྱིས་མདོ་སྔགས་


RTZ001_Page_0918
[མ་དཔེ་གཟིགས་ན་འདིར་གནོན།]

བདུད་རྩིའི་བཅུད། །ཐུགས་ཀྱི་དཔལ་བེར་བསྐྱིལ་ལ༴ པད་འབྱུང་དངོས་སྣང་པདྨ་དབང་ཆེན་དང་། །དཔལ་ལྡན་དཔའ་བོ་གཙུག་ལག་ཆོས་རྒྱལ་གྱིས། །བརྡ་ཡིས་ལུང་བསྟན་དོན་གྱི་བརྒྱུད་པ་གཏད། །བགེགས་སེལ་དངོས་གྲུབ་བརྙེས་ལ༴ ཁྱད་པར་འཇམ་མགོན་མཁྱེན་བརྩེའི་དབང་པོ་དང་། །ཡབ་སྲས་འབྲེལ་བའི་ལས་ཀྱི་འཕྲོ་སད་ནས། །ཐུགས་ཡིད་གཅིག་འདྲེས་ངོ་མཚར་རྟེན་འབྲེལ་གྱི། །སྒོ་འཕར་བརྒྱ་ཕྲག་ཕྱེ་ལ༴ སྐྱེ་བས་ཐོབ་པའི་དྲི་མེད་ཡེ་ཤེས་སྤྱན། །དྲང་ངེས་ཆོས་ལ་ལྐོག་ཏུ་མ་གྱུར་པས། །མཁས་དང་གྲུབ་པར་རློམ་ཀུན་ཟིལ་ནོན་པའི། །མཁྱེན་གཉིས་རྩལ་ཆེན་རྫོགས་ལ༴ ས་སྤྱོད་གསུང་གི་འཁོར་ལོ་ལ་སོགས་པར། །བསྐྱེད་རྫོགས་རྫོགས་ཆེན་རྣལ་འབྱོར་མཐར་ཕྱིན་ཏེ། །འཁྲུལ་པ་ཞིག་ཅིང་ལས་བཞིར་རང་དབང་འབྱོར། །གྲུབ་པའི་གཙུག་རྒྱན་གྱུར་ལ༴ དག་པའི་སྣང་བརཔདྨ་འོད་ཞིང་དུ། །ཡང་ཡང་ཕེབས་ནས་བླ་མ་སྐུ་གསུམ་དང་། །རྗེ་འབངས་ཚོགས་བཅས་བསྙེན་སྒྲུབ་རྣམ་བཞི་མཛད། །དབང་བསྐུར་ལུང་བསྟན་ཐོབ་ལ༴ །རྒྱལ་བ་སྲས་བཅས་ཡི་དམ་དཔག་མེད་གཟིགས། །


RTZ001_Page_0919
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་རྣམས་དང་ཚོགས་ཀྱི་འདུ་བར་རོལ། །དམ་ཅན་གཏེར་སྲུང་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །ཅི་བཅོལ་བཀའ་བཞིན་སྒྲུབ་ལ༴ བླ་མ་སྐོར་གསུམ་སྒྲུབ་སྡེ་ཞི་དང་ཁྲོ། །མཉམ་སྦྱོར་མདོ་སྒྱུ་རྫོགས་ཆེན་སྡེ་གསུམ་སོགས། །སྔོན་ཆད་ས་སྟེང་མ་བྱོན་ཆོས་རྟེན་གྱི། །ནོར་བུའི་མཛོད་ཆེན་ཕྱུང་ལ༴ མདོ་ཁམས་གནས་ཆེན་ཉེར་ལྔ་གཙོར་གྱུར་པའི། །གནས་མཆོག་བརྒྱ་རྩའི་ཞལ་རས་དངོས་བརྒྱུད་ནས། །སྣང་བར་མཛད་ཅིང་སྐྱེ་རྒུ་མཐའ་ཡས་པ། །ཐར་པའི་ཁ་ལོ་སྒྱུར་ལ༴ ཀར་འབྲུག་ཡབ་སྲས་སྔ་འགྱུར་བསྟན་འཛིན་མཆོག །གངས་ཅན་དཔལ་མགོན་རྣམས་ཀྱི་གཙོར་མཛད་པའི། །རིས་མེད་སྐྱེས་ཆེན་ཀུན་གྱིས་ཞབས་ལ་བཏུད། །བླ་མའི་བླ་མར་གྱུར་ལ༴ ཨོ་རྒྱན་རྡོ་རྗེའི་ལུང་གིས་བསྔགས་པ་ཡི། །རྩ་བའི་ཆོས་བདག་རྣམ་བཅུས་ཐོག་དྲངས་ཏེ། །མངའ་རིས་དབུས་གཙང་མདོ་ཁམས་མཐའ་དབུས་སུ། །ཟབ་གཏེར་ཕྲིན་ལས་སྤེལ་ལ༴ གནས་མཆོག་རྣམས་ལ་རྡོ་རྗེའི་བྱིན་ཆེན་ཕབ། །སྡེ་བརྒྱད་འབྱུང་པོར་བཀའ་ནན་རབ་བརྗིད་བསྩལ། །ས་གནད་ཀུན་ཏུ་ཕྱི་ནང་རྟེན་འབྲེལ་བསྒྲིགས། །སྙིགས་མའི་


RTZ001_Page_0920
[མ་དཔེ་གཟིགས་ན་འདིར་གནོན།]

སྐལ་ངན་བཟློག་ལ༴ ཐུན་མོང་ཐུན་མོང་མིན་པའི་སྨིན་གྲོལ་དང་། །སྒྲུབ་ཆེན་གར་འཆམ་མྱོང་གྲོལ་སྦྱིན་པ་སོགས། །ཕྱོགས་མེད་བསྩལ་པས་སྐྱེ་རྒུ་གྲངས་མེད་པ། །འབྲེལ་ཚད་དོན་ལྡན་མཛད་ལ༴ རྟག་འཛིན་ཅན་རྣམས་དགེ་ལ་བསྐུལ་བ་དང་། །དོན་མཆོག་རྒྱ་ཆེན་གཞན་ལ་གཟིགས་ནས་ཀྱང་། །སྐལ་ལྡན་སྣང་ངོར་ཆོ་འཕྲུལ་དུ་མར་བཅས། །པདྨ་འོད་དུ་གཤེགས་ལ༴ པདྨས་ཡོངས་སུ་ཁེབས་པའི་ཞིང་ཁམས་སུ། །པདྨའི་འོད་ཟེར་རྒྱལ་བའི་སྲས་མཆོག་ནི། །པདྨའི་མྱུ་གུ་ལ་སོགས་ཕྱོགས་བཅུ་ན། །རྣམ་འཕྲུལ་མཐའ་ཡས་སྟོན་ལ་གསོལ་བ་འདེབས། །སྒོ་གསུམ་གུས་པས་གསོལ་འདེབས་བུ་རྣམས་ལ། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་སྩོལ་བ་དང་། །སྐྱེ་བ་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས། །དག་པའི་ཞིང་ཁམས་མཆོག་ཏུ་དྲང་དུ་གསོལ། །བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་ཀུན་ཞི་ཞིང་། །གནས་སྐབས་བསམ་དོན་ཆོས་བཞིན་འགྲུབ་པ་དང་། །རིག་འཛིན་རྣམ་བཞིའི་གོ་འཕང་བདེ་བླག་བགྲོད། །མཐར་ཐུག་བདེ་ཆེན་རྡོ་རྗེ་སེམས་འགྲུབ་ཤོག །ཟབ་གཏེར་བསྟན་པ་འཛམ་གླིང་ཀུན་ཏུ་ཁྱབ། །དེ་འཛིན་སྐྱེས་མཆོག་སྐུ་ཚེ་བསྐལ་བརྒྱར་


RTZ001_Page_0921
[མ་དཔེ་གཟིགས་ན་འདིར་གནོན།]

བརྟན། །ཕྲིན་ལས་རྟག་ཅིང་ཁྱབ་པའི་དགེ་ལེགས་ཀྱི། །བཀྲ་ཤིས་ཉི་མས་ས་གསུམ་སྣང་གྱུར་ཅིག །ཅེས་རིགས་ལྡན་མཁའ་འགྲོའི་གཙོ་མོ་བདེ་ཆེན་ཆོས་སྒྲོན་གྱིས་རྟེན་དང་བཅས་པའི་གསུང་གིས་བསྐུལ་བ་དང་། མོས་ལྡན་གཞན་དག་གིས་ཀྱང་མཚམས་སྦྱར་བ་ལ་བརྟེན། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གང་དེས་གསང་བའི་མཛོད་ཀྱིས་དབུག་དབྱུང་བསྩལ་པ་ཀརྨ་ངག་དབང་ཡོན་ཏན་རྒྱ་མཚོའམ་བློ་གྲོས་མཐའ་ཡས་པའི་སྡེས་གུས་པ་ཆེན་པོས་བྲིས་ནས་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།རྣམ་པར་སྣང་མཛད་ཆོས་ཀྱི་འཁོར་ལོའི་རྒྱལ། །བཀའ་གཏེར་མདོ་སྔགས་བསྟན་པ་རྒྱ་མཚོའི་སྲོག །ངོ་མཚར་ཡོངས་རྫོགས་མཛོད་ཆེན་རྣམ་ལྔ་ཡི། །བཀའ་སྲོལ་སྲིད་མཐའ་གནས་ཤིང་རྒྱས་གྱུར་ཅིགག །ཅེས་པའང་སྡོམ་བརྩོན་ཐུབ་བརྟན་འཇམ་དཔལ་ཚུལ་ཁྲིམས་གྲགས་པ་ནས་ལྷག་བསམ་དག་མས་རྟེན་བཅས་བསྐུལ་བ་བཞིན་༧དཔལ་ཀརྨ་པའི་མཚན་འཛིན་བཅོ་ལྔ་བས་མེ་སྤྲུལ་ནག་ཟླའི་ཡར་ཚེས་བཅོ་ལྔའི་ཉིན་རྩེ་གཅིག་ཏུ་སྨོན་པ་དགེ །


previousསྤྲུལ་པའི་གཏེར་ཆེན་མཆོག་གྱུར་བདེ་ཆེན་གླིང་པའི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་འཁྱིལ་བའི་དབྱངས་སྙན། བློ་གྲོས་མཐའ་ཡས།no next