Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ། པདྨ་མ་ཏི།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ། པདྨ་མ་ཏི།next

ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ། པདྨ་མ་ཏི།


RTZ003_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ་བཞུགས་སོ། །རང་བྱུང་ཞི་ཁྲོའི་ལྷ་ལ་ཕྱག་འཚལ་ལོ། ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་གསལ་གདབ་ནི། སྐྱབས་སེམས་ཡན་ལག་བདུན་བཅས་སྔོན་སོང་རྗེས། ཨོཾ་ཨཱཿཧཱུྃ། སྐྱེ་མེད་ཆོས་དབྱིངས་ཞིང་ཁམས་སུ། །འགག་མེད་གསལ་དག་ཐིག་ལེའི་དབུས། །རིན་ཆེན་ཁྲི་རྐང་པད་ཟླའི་སྟེང་། །རང་སེམས་མ་བཅོས་སྟོང་པའི་མདངས། །རང་རིག་རྡོ་རྗེ་སེམས་དཔར་ཤར། །དཀར་གསལ་ཞལ་གཅིག་ཕྱག་གཉིས་པ། །སྣང་སྟོང་རྡོ་རྗེ་དྲིལ་བུ་འཛིན། །རིགས་ལྔས་དབུ་བརྒྱན་ལོངས་སྐུའི་ཆས། །རིན་ཆེན་རྒྱན་རྫོགས་ཕྱེད་སྐྱིལ་བཞུགས། །ཐུགས་ཀར་ཟླ་སྟེང་ཧཱུྃ་ཡིག་ལ། །ཡིག་བརྒྱས་བསྐོར་ལས་འོད་འཕྲོས་པས། །རྒྱལ་བ་ཀུན་མཆོད་འགྲོ་རྣམས་ཀྱི། །སྒྲིབ་སྦྱངས་རྡོར་སེམས་སྐུ་རུ་གྱུར། །དེ་ནས་རང་ཉིད་རྡོར་སེམས་ཀྱི། །ཙིཏྟ་རིན་ཆེན་གཞལ་ཡས་ཁང་། །ཡེ་ཤེས་འོད་ལྔའི་ཐིག་ལེར་གསལ། །སེང་གེ་གླང་ཆེན་རྟ་མཆོག་དང་། །རྨ་བྱ་ཤང་ཤང་ཉི་ཟླའི་སྟེང་། །ཀུན་བཟང་རིགས་ལྔ་ཡབ་ཡུམ་དང་། །སེམས་དཔའ་ཡབ་ཡུམ་བཅུ་དྲུག་དང་། །སྒོ་བཞིར་སྒོ་བ་ཡབ་ཡུམ་བརྒྱད། །གནས་དྲུག་སྤྲུལ་སྐུ་ཐུབ་པ་དྲུག །རང་རང་རྒྱན་དང་ཆ་ལུགས་ལྡན། །སྣང་ལ་རང་བཞིན་མ་གྲུབ་པ། །སྣང་སྟོང་ལྷུན་གྲུབ་འོད་ཀྱི་སྐུ། །གསལ་འཚེར་ལྷུན་སྡུག་


RTZ003_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

གཟི་བརྗིད་འབར། །དེ་ཡི་རང་མདངས་མ་འགགས་རྩལ། །དུང་ཁང་འཇའ་འོད་མེ་དཔུང་ཀློང། ཁྲག་འཐུང་ཡབ་ཡུམ་བཅུ་གཉིས་དང་། །ཀེའུ་རཱི་བརྒྱད་དང་སིང་ཧ་བརྒྱད། །སྒོ་མ་བཞི་དང་དབང་ཕྱུག་མ། །ཉི་ཤུ་རྩ་བརྒྱད་ཁྲག་འཐུང་ལྷ། ཁྲོ་གཏུམ་གར་དགུའི་ཉམས་དང་ལྡན། །དཔལ་ཆེན་དུར་ཁྲོད་ཆས་རྣམས་རྫོགས། །གསལ་སྟོང་འོད་ཀྱི་སྐུ་རུ་བཞུགས། །མགྲིན་པ་ལོངས་སྤྱོད་འཁོར་ལོ་རུ། །འཇའ་འོད་འཁྲིགས་པའི་ཀློང་དཀྱིལ་དུ། །རིག་འཛིན་ཡབ་ཡུམ་བཅུ་པོ་ལ། །དཔའ་བོ་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །གསལ་འཚེར་མདངས་དང་ལྡན་པར་བཞུགས། །གཞན་ཡང་རང་ལུས་རྩ་ཁམས་སུ། །རྩ་བ་གསུམ་གྱི་ལྷ་ཚོགས་དང་། །དཔའ་བོ་དཔའ་མོ་གྲངས་མེད་བཅས། །ཏིལ་གྱི་གོང་བུ་ཕྱེས་པ་བཞིན། །ཡེ་ནས་ལྷུན་གྲུབ་ཆེན་པོར་བཞུགས། །དེ་ལྟར་ཞི་ཁྲོའི་ལྷ་ཚོགས་རྣམས། །གདོད་ནས་རང་དང་ལྷན་ཅིག་ཏུ། །དབྱེར་མེད་ལྷན་ཅིག་སྐྱེས་པར་བཞུགས། །དེ་དག་རང་སྣང་དག་པའི་ལྷ། །ཡིན་པར་ཤེས་ཤིང་ཡིན་ཚུལ་དུ། །མ་བཅོས་རང་མདངས་རང་གསལ་གདབ། །ཨོཾ་ཨཱཿཧཱུྃ༔ བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷཱ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ། ལྷ་རྣམས་ཐུགས་ཀར་ཟླ་བའི་སྟེང་། །རང་རང་ས་བོན་གསལ་བ་ལ། །


RTZ003_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

ཞི་བ་རྣམས་ནི་བྷོ་དྷིས་བསྐོར། ཁྲོ་བོ་རྣམས་ལ་རུ་ལུས་བསྐོར། །རང་རང་ཞལ་ནས་སྔགས་སྒྲ་སྒྲོག །འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད། །ཐུགས་དམ་བསྐུལ་ཞིང་དངོས་གྲུབ་བསྡུས། །མར་འཕྲོས་འགྲོ་བའི་སྡིག་སྒྲིབ་སྦྱངས། །ཐམས་ཅད་ཞི་ཁྲོའི་སྐུ་རུ་གྱུར། །སྔགས་སྒྲ་སྒྲོག་པས་སྣང་སྲིད་ཁེངས། །ཕྱི་སྣོད་དག་པ་ལྷ་ཡི་ཞིང་། །ནང་བཅུད་ལྷ་དང་ལྷ་མོར་གྱུར། །སྒྲ་གྲགས་སྔགས་ཀྱི་རང་བཞིན་ལ། །དྲན་རྟོག་ཆོས་ཉིད་རོལ་པའི་ངང་། །མ་བཅོས་རྩོལ་མེད་རང་ལུགས་སུ། །མ་ཡེངས་རང་གསལ་ངང་དུ་བཞག །ཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་འདི། །རྫོགས་ཆེན་དོན་ལ་བློ་ཕྱོགས་པའི། །པདྨ་མ་ཏིས་བྲིས་པ་འདིའི། །དགེ་བས་ཀུན་བཟང་ཀློང་གྲོལ་ཤོག །བཀྲ་ཤིས་པར་གྱུར་ཅིག །སརྦ་མངྒ་ལཾ། དགེའོ། དགེའོ། དགེའོ།། །།


previousཞི་ཁྲོའི་བདག་བསྐྱེད་མདོར་བསྡུས་དགོངས་པ་རང་གྲོལ། པདྨ་མ་ཏི།next