Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
  expand section
   
   
   
   
   
   
   
   
   
   
   
   
   
   
   
   


 
previous རྩ་བ་གསུམ་གྱི་དྲིལ་དབང་ཡིད་བཞིན་ནོར་བུ།next

རྩ་བ་གསུམ་གྱི་དྲིལ་དབང་ཡིད་བཞིན་ནོར་བུ།


RTZ004_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་བ་གསུམ་གྱི་དྲིལ་དབང་ཡིད་བཞིན་ནོར་བུ་ཞེས་བྱ་བ་བྱིན་རླབས་ཀྱི་བཀའ་བབ་བཞུགས་སོ༔ དངོས་གྲུབ་ཀུན་གྱི་འབྱུང་གནས་མཆོག༔ བླ་མ་ཡི་དམ་མཁའ་འགྲོ་གསུམ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ཀྱིས༔ སྒྲུབ་ཐབས་གསུམ་གྱི་ཆ་རྐྱེན་དུ༔ རྣམ་པ་ཉི་ཤུར་བྱང་ཆུབ་དབང༔ དོན་དུ་དྲིལ་བའི་ལག་ལེན་བསྟན༔ ལས་ཅན་གཅིག་དང་འཕྲད་པར་ཤོག༔ དེ་ལ་གཏོར་མ་ལ་བརྟེན་ནས་བླ་མའི་དབང༔ བུམ་པ་ལ་བརྟེན་ནས་ཡི་དམ་གྱི་དབང༔ མེ་ལོང་ལ་བརྟེན་ནས་མཁའ་འགྲོའི་དབང༔ བདུད་རྩི་ལ་བརྟེན་ནས་རྩ་བ་གསུམ་གྱི་བྱིན་རླབས་ཀྱི་དབང་ངོ༔ དང་པོ་གཏོར་ཆེན་རིན་ཆེན་འབར་བ་དང༔ བུམ་པར་ཆུ་གཙང་མ་རིལ་བུ་དང་བཅས་པ་ལ༔ མེ་ལོང་མཐོ་སྐོར་དཔངས་མཐོ་གཅིག་ལ་ཆང་གིས་བྱུག་སིནྡྷུར་བཙགས་ཆོས་འབྱུང་གཉིས་བརྩེགས་ཀྱི་དཀྱིལ་དུ་རྟ་ཕག་གི་སྙིང་པོ༔ མཐའ་མར་མཁའ་འགྲོ་ཡབ་ཡུམ་བཅུའི་ས་བོན་བྲིས་པ་གཅིག༔ བནྡྷ་དུམ་བུ་གཅིག་པའི་ནང་དུ་ཨ་མྲྀཏ་བྱང་སེམས་སིནྡྷུ་ར་དང་


RTZ004_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཆང་ལ་སྦྱར་ཏེ༔ གཞན་ཡང་མཆོད་གཏོར་ཚོགས་དང་བཅས་པ་འཛོམ་པར་བཤམ་མོ༔ དེ་ནས་དངོས་གཞི་ལ༔ རང་གཞུང་གང་བྱེད་དང་བླ་མའི་ལས་བྱང་གཞུང་བསྲང༔ དམིགས་པའི་འཕྲོ་འདུ་འཛབ་ལ་སྦྱར༔ ཞག་མང་དུ་བྱེད་ན་འཛབ་འབུམ་ཚོ་གསུམ་གྱིས་དབང་བསྒྲུབ༔ ཞག་གཅིག་བྱེད་ན་འཛབ་དང་ཕྲིན་ལས་རིགས་པས་སྦྱར་ལ་ཐོ་རངས་ཁ་ནས་དབང་བསྐུར་བར་བྱ་སྟེ༔ སྟ་གོན་གྱི་རིམ་པ་རྣམས་རྒྱས་པར་བྱེད་ནའང་གཞན་དང་མཐུན་པར་བྱས་པས་མི་འགལ་ལོ༔ བསྡུས་པར་བྱེད་ན་རྡོ་རྗེ་སློབ་དཔོན་གྱིས་ཁྲུས་ཆུ་ཐོགས་ལ་ཐམས་ཅད་ཁྲུས་བྱ༔ རྡོ་རྗེ་སེམས་དཔའི་ལུང་འབོགས་སློབ་དཔོན་གྱིས་མེ་ལོང་ཐོགས་ལ་ཡིག་བརྒྱ་དང་དབྱངས་གསལ་གྱིས་གྲལ་དུ་ཁྲུས་བྱ༔ དངོས་གཞི་དབང་བསྐུར་བ་དངོས་ནི༔ བླ་མས་དྲང་དོན་ངེས་དོན་གྱི་ཆོས་བཤད༔ དེ་ནས་སློབ་མའི་ལུས་ལ་དབང་གི་སྣོད་བཅོས་པ་ནི༔ སྤྱི་བོར་པདྨ་འདབ་མ་ལྔ་པ་དཀར་པོའི་ལྟེ་བར་ཨཱོཾ་དཀར་པོས་མཚན་པ༔ མགྲིན་པར་པདྨ་དམར་པོ་འདབ་མ་ལྔ་པའི་ལྟེ་བར་ཨཱཿདམར་པོ༔ ཐུགས་ཀར་འདབ་བཞི་མཐིང་གར་ཧཱུྃ་མཐིང་ག༔ ལྟེ་བར་འདབ་བཞི་ལྗང་སེར་གྱི་དཀྱིལ་དུ་ཧྲཱིཿལྗང་སེར་གྱིས་མཚན་པ་རེ་བསྒོམ༔ དེ་ནས་བླ་མའི་གཏོར་ཆེན་རྩ་བ་གསུམ་དངོས་སུ་གསལ་བ་དེ་སྤྱི་བོ་


RTZ004_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་པ་སྙིང་ག་ལྟེ་བ་དང་གནས་བཞིར་གཏུགས་པས༔ བླ་མའི་གནས་བཞི་ནས་ཨོཾ་ཨཱཿཧཱུྃ་ཧྲཱིཿབཞི༔ འོད་དཀར་པོ༔ དམར་པོ༔ མཐིང་ག༔ ལྗང་གུ་དང་བཞི༔ རང་གི་གནས་བཞི་པདྨའི་དབུས་ཡིག་འབྲུ་ལ་ཐིམ༔ དབྱེར་མེད་དུ་ཁྲིག་ཁྲིག་འདྲེས་པས༔ བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་དང༔ རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་དུ་འདྲེས་ཏེ༔ ཏིང་ངེ་འཛིན་གྱི་དབང་ཟབ་མོ་བཞི་རྫོགས་སུ་ཐོབ་པ་ཡིན་ནོ༔ དེ་ནས་བུམ་པ་ཐུགས་རྗེ་ཆེན་པོ་དང་ཡི་དམ་གྱི་ལྷ་ཚོགས་ཐམས་ཅད་ཀྱི་ཕོ་བྲང་དུ་གསལ་བ་དེ་སྔར་བཞིན་གནས་བཞིར་གཏུགས་པས༔ གོང་བཞིན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་བཞིའི་ཡིག་འབྲུ་འོད་ཟེར་འཕྲོ་འདུའི་ཚུལ་དུ་བྱིན་རླབས་ཀྱི་དབང་བཞི་བླང་ངོ༔ དེ་རྗེས་མེ་ལོང་ཐོགས་ལ་མཁའ་འགྲོ་སྡེ་ལྔར་གསལ་པའི་གནས་ནས་གོང་བཞིན་དུ་བསྐུར་རོ༔ དེ་ནས་བྱིན་རླབས་ཀྱི་བཅུད་བནྡྷ་དེ་བླངས་ཏེ་གནས་ལྔར་གོང་གི་དབང་ལྟར་བླང༔ ཁྱད་པར་དུ་སྤྱི་བོར་བཞག་ལ་ཧ་རི་ནི་ས་ཉེར་གཅིག་བརྗོད་པས༔ ཨོ་རྒྱན་ཡབ་ཡུམ་སྦྱོར་བའི་སྦྱོར་མཚམས་ནས་བྱང་སེམས་ཀྱི་རྒྱུན་བབས༔ བདག་གི་ལུས་ཐམས་ཅད་སྤྱི་བོ་ནས་རིམ་པར་བྱང་སེམས་ཀྱིས་ཁེངས་ཏེ༔ ལུས་སེམས་


RTZ004_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་སྟོང་དུ་ཕྱམ་ཕྱམ་སོང་བར་བསམ༔ དེའི་རྗེས་སུ་སློབ་བུ་རྣམས་ཆོས་བདུན་དང་ལྡན་པས༔ ཕྱི་སྣང་བའི་ཡུལ་ལ་སྤྲོས་ཏེ་ཕཊཿཅེས་བརྗོད༔ ནང་དྲན་པ་སེམས་སུ་འུབ་ཀྱིས་བསྡུ༔ སེམས་གསལ་བདོ་བ་ལ་ཕཊ྄ཿཅེས་བཤིག༔ དེའི་ངང་ལ་ལྷོད་དེ་ཀློད༔ ཤིག་གི་བཤིགས་ལ༔ དབང་བསྐུར་བ་དང་ཞུ་ཐོབ་ཐམས་ཅད་བློ་འདས་ཀྱི་ངང་དུ་ཁྲེས་སེ་བཞག་གོ༔ དེས་ནི་ཏིང་ངེ་འཛིན་ཟབ་མོ་རྣམ་པར་བྱང་བའི་དབང་ཉི་ཤུ་རྩལ་དབང་དང་བཅས་པ་མཐར་ཐུག་དོན་གྱི་དབང་བསྟན་པ་ཡིན་ནོ༔ ཡེ་ཤེས་དབབ་པའི་ལྷན་ཐབས་ལོག་ན་ཡོད་དོ༔ རྩ་བ་གསུམ་རེ་རེའི་དབང་བྱེད་ན༔ གོང་ལྟར་གང་བྱེད་ཀྱི་དབང་རྟེན་རེ་རེ་ལ་བྱའོ༔ ཐམས་ཅད་དྲིལ་དབང་དུ་བྱེད་ན་འདི་ཁོ་ན་ལྟར་བསྐུར་བ་ཡིན་ནོ༔ འདི་ལ་བླ་མ་སངས་རྒྱས་སུ་མཐོང་བ་དབང་བཞིའི་དམིགས་པ་གསལ་བས༔ སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དབང་ཇི་ལྟ་བ་བཞིན་དུ་ཐོབ་པ་ཡིན་ནོ༔ གཏོར་མ་དངོས་གྲུབ་ཏུ་རོལ༔ བུམ་རྫས་ཚེ་ཆང་བཏུང༔ སིནྡྷུ་ར་བཀྲུས་ལ་བདུད་རྩི་བཏུང༔ ཐམས་ཅད་དགའ་སྟོན་དང་ཚོགས་ལ་རོལ༔ དལ་བསྡུ་སྨོན་ལམ་དང་བཀྲ་ཤིས་བརྗོད༔ རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་བྱའོ༔ རྩ་བ་གསུམ་གྱི་དྲིལ་དབང་ཚིག་ཉུང་ལ་དོན་ཟབ་ཅིང་རྒྱས་པར་


RTZ004_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་པ་ཨོ་རྒྱན་བདག་གིས་བསྡེབས་པ་འདི་འགྲོ་བའི་དོན་དུ་གྱུར་ཅིག་ས་མ་ཡ༔ འདི་དང་འཕྲད་པའི་ལས་ཅན་དེས༔ དབང་འདི་དོན་དུ་སྐུར་ལ་དཔེ་འདི་མ་སྤེལ་ཅིག༔ སྤེལ་ན་བྱིན་རླབས་ཀྱི་དྲོད་འཆོར་བས་ཤིན་ཏུ་དམ་པར་བྱའོ༔ རྒྱ་གསུམ་བཏབ་ནས་ཁྱུང་ཆེན་བྲག་ལ་སྦས༔ ལས་ཅན་སྙིང་གི་བུ་དང་འཕྲད་པར་ཤོག༔ རཏྣའི་མིང་ཅན་བདག་གིས་བཏོན་པ་ཡིན། །དགེའོ། །བཀྲ་ཤིས། །ཨྠྀི།


previous རྩ་བ་གསུམ་གྱི་དྲིལ་དབང་ཡིད་བཞིན་ནོར་བུ།next