Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་འདེབས་པ་བྱིན་རླབས་སྤྲིན་ཕུང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།
   
   
   
   


 
previousརྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་འདེབས་པ་བྱིན་རླབས་སྤྲིན་ཕུང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།next

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་འདེབས་པ་བྱིན་རླབས་སྤྲིན་ཕུང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།


RTZ005_Page_0904
[མ་དཔེ་གཟིགས་ན་འདིར་གནོན།]

རྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་འདེབས་པ་བྱིན་རླབས་སྤྲིན་ཕུང་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་དེ་བ་ཌཱ་ཀི་ནཱི་ག་ཎེ་བྷྱཿ ཀུན་བཟང་རྡོར་འཆང་རིགས་ལྔ་གངས་ཅན་མཚོ། །གྲགས་ཆེན་གསལ་བའི་སྟོན་པ་བཅུ་གཉིས་སོགས། །མཁའ་ཁྱབ་རྒྱལ་བ་དགོངས་པའི་བརྒྱུད་པ་ལ། །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ། །གསང་བདག་དགའ་རབ་འཇམ་དཔལ་ཤྲཱིསིཾ། །ཛྙཱ་ན་སཱུ་ཏྲ་མཁས་པ་ཉེར་གཅིག་སོགས། །སེམས་ཀློང་ནམ་ངག་བརྡ་བརྒྱུད་བླ་མ་ལ། །གསོལ་བ་འདེབས་སོ༴ །རིགས་གསུམ་སེམས་དཔའ་རིགས་ཅན་དྲྭ་མ་ལྔ། །རྒྱལ་པོ་ཛཿདང་བདེ་བ་གསལ་མཛད་སོགས། །རྗེས་སུ་རྣལ་འབྱོར་ཚོམ་བུ་འབུམ་ཕྲག་ལ། །གསོལ་བ་འདེབས་སོ༴ སྒེག་པ་རྡོ་རྗེ་སངས་རྒྱས་གསང་བ་དང་། །ལས་ཀྱི་དབང་མོ་རིག་འཛིན་རྣམ་བརྒྱད་སོགས། །རྒྱུད་དང་སྒྲུབ་སྡེའི་ཤིང་རྟ་ཆེ་རྣམས་ལ། །གསོལ་བ་འདེབས་སོ༴ བྱ་སྤྱོད་སྣལ་འབྱོར་རིག་སྔགས་གྲུབ་པ་དང་། །ཛམ་གླིང་རྒྱན་མཆོག་རྨད་བྱུང་སློབ་མར་བཅས། །ཐུན་བསྟན་གསལ་བའི་སྒྲོན་མེ་མཆོག་རྣམས་ལ། །གསོལ་བ་འདེབས་སོ༴ རྩ་གསུམ་རྒྱ་མཚོའི་ཁྱབ་བདག་ཐོད་ཕྲེང་རྩལ། །མཚན་མཆོད་བརྒྱད་དང་རྣམ་འཕྲུལ་བཅུ་གཉིས་སོགས། །བསམ་ཡསསྒྱུ་འཕྲུལ་དྲྭ་བའི་འཁོག་ལོ་ལ། །གསོལ་བ་འདེབས་སོ༴ དྲི་མེད་བཤེས་གཉེན་མཁན་ཆེན་བྱང་ཆུབ་


RTZ005_Page_0905
[མ་དཔེ་གཟིགས་ན་འདིར་གནོན།]

སེམས། ཆོས་རྒྱལ་ཡབ་སྲས་བཻ་རོ་མཚོ་རྒྱལ་སོགས། །སྤྲུལ་པའི་རྗེ་འབངས་ལོ་པཎ་ཚོགས་རྣམས་ལ། །གསོལ་བ་འདེབས་སོ༴ སོ་ཟུར་གནུབས་ཉང་གཏེར་སྟོན་རྒྱ་མཚོར་བཅས། །བཀའ་གཏེར་དག་སྣང་ཆོས་ཀྱི་འཁོར་ལོས་སྒྱུར། །དུས་གསུམ་མཁས་གྲུབ་རིམ་པར་བྱོན་རྣམས་ལ། །གསོལ་བ་འདེབས་སོ༴ ཁྱད་པར་སྐྱབས་ཀུན་འདུས་ཞལ་ཡེ་ཤེས་སྐུ། །གདུལ་བྱའི་སྣང་ངོར་བཤེས་གཉེན་མཆོག་གི་ཚུལ། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴ རྡོ་རྗེ་སེམས་དཔའ་འདུས་པ་སྒྱུ་འཕྲུལ་ལྷ། །ཁྲག་འཐུང་དཔལ་དགུ་རིགས་ལྔ་རིགས་གསུམ་སོགས། །རྒྱུད་སྡེ་དྲུག་གི་ཡི་དམ་ལྷ་ཚོགས་ལ། །གསོལ་བ་འདེབས་སོ༴ བསྐལ་བཟང་འགྲོ་བའི་འདྲེན་མཆོག་ཤཱཀྱའི་ཏོག །ཕྱོགས་བཅུ་དུས་བཞིའི་རྣམ་འདྲེན་རྫོགས་སངས་རྒྱས། །གང་འདུལ་སྤྲུལ་པའི་སྐུར་སྣང་མཐའ་ཡས་ལ། །གསོལ་བ་འདེབས་སོ༴ འགོག་དང་ལམ་གྱི་བདེན་པས་བསྡུས་པ་ཡིས། །ཞིབ་ཆགས་བྲལ་བདུད་རྩི་འདུས་མ་བྱས། །རིམ་དགུའི་ཐེག་པའི་སྡེ་སྣོད་རྒྱ་མཚོ་ལ། །གསོལ་བ་འདེབས་སོ༴ མ་ཕམ་འཇམ་དབྱངས་ཕྱག་རྡོར་སྤྱན་རས་གཟིགས། །ཀུན་ཏུ་བཟང་སོགས་ཐེག་ཆེན་སེམས་དཔའ་དང་། །ཉན་རང་འཕགས་པའི་དགེ་འདུན་ཐམས་ཅད་ལ། །གསོལ་བ་འདེབས་སོ༴ གནས་གསུམ་དཔའ་བོ་དང་ནི་རྣལ་འབྱོར་མ། །རྡོ་རྗེ་ཆོས་སྲུང་ནོར་ལྷ་


RTZ005_Page_0906
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་གྱི་བདག །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གསོལ་བ་འདེབས་སོ༴ །གསོལ་བ་འདེབས་སོ་དཀོན་མཆོག་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་བླ་མའི་ཚོགས། །དངོས་གྲུབ་སྩོལ་ཅིག་ཡི་དམ་ཞི་ཁྲོའི་ལྷ། །བར་ཆད་ཀུན་སོལ་མཁའ་འགྲོ་ཆོས་སྐྱོང་རྣམས། །སྙིང་ནས་གདུང་ཤུགས་དྲགས་པོས་རྗེས་དྲན་ཅིང་། །རྩེ་གཅིག་གུས་པས་ཕྱག་འཚལ་མཆོད་པ་འབུལ། །དད་པས་སྐྱབས་མཆི་འབངས་སུ་དམ་བཅའ་ན། །དེང་ནས་བཟུང་སྟེ་ཐུགས་རྗེས་བསྐྱང་དུ་གསོལ། །བདག་རྒྱུད་སྒྲིམ་གཉིས་བག་ཆགས་ཡོངས་བྱང་ནས། །ཚེ་བསོད་དཔལ་འབྱོར་ཉམས་རྟོགས་ཡེ་ཤེས་རྒྱས། །གཞན་རྒྱུད་མཁའ་ཁྱབ་གདུལ་བྱ་སྨིན་ཅིང་གྲོལ། །རྒྱལ་ཀུན་ཕྲིན་ལས་རྫོགས་པར་བྱིན་གྱིས་རློབས། །རིག་མེད་ཐུབ་བསྟན་སྒྲོན་མེ་དམ་རྣམས། །བསྐལ་བརྒྱར་ཞབས་བརྟན་ཆོས་འཁོར་བསྐོར་བ་དང་། །དགེ་འདུན་སྡེ་དང་བཤད་སྒྲུབ་བསན་པའི་དཔལ། །ཕྱོགས་མཐར་དར་ཞིང་རྒྱས་པར་བྱིན་གྱིས་རློབས། །སྣོད་བཅུད་ཐམས་ཅད་སྙིགས་མའི་རྒུད་པ་ཞི། །བདེ་སྐྱིད་ཆོས་ལྡན་འབྱོར་བ་རང་གིས་འཕེལ། །ཀུན་ཀྱང་ཐེག་མཆོག་སྙིང་པོའི་སྐོར་ཞུགས་ནས། །སྐུ་བཞིའི་གོ་འཕངས་འགྲུབ་པར་བྱིན་གྱིས་རློབས། །དེ་


RTZ005_Page_0907
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཐོབ་པའི་ཚེ་རབས་ཐམས་ཅད་དུ། །བྱང་ཆུབ་སེམས་དང་ནམ་ཡང་མི་འབྲལ་ཞིང་། །རྒྱལ་སྲས་སྤྱོད་པ་རྒྱ་མཚོར་དབང་བསྒྱུར་ས། །རང་གཞན་ཕན་བདེར་འགོད་པར་བྱིན་གྱིས་རློབས། །མདོར་ན་འདི་ནས་བྱང་ཆུབ་སྙིང་པོའི་བར། །མཁྱེན་བརྩེའི་བདག་ཉིད་སྐྱབས་གནས་ཁྱེད་རྣམས་ཀྱིས། །རྟག་ཏུ་རྗེས་བཟུང་བྱིན་གྱིས་བརླབ་པ་དང་། །སྲིད་ཞིའི་དགེ་ལེགས་འཕེལ་བའི་བཀྲ་ཤིས་སྩོལ། །ཅེས་པའང་སྔ་འགྱུར་རྡོ་རྗེ་ཐེག་པའི་རིང་ལུགས་གཙོ་བོར་བཏོན་ནས་མཚོ་སྐྱེས་བླ་མ་དགྱེས་པའི་འབངས་མཁྱེན་བརྩེའི་དབང་པས་གསོལ་བ་བཏབ་པ་སརྦ་སུ་ཤྲེ་ཡ་སིདྡྷི་རྦྷ་བ་ཏུ། །


previousརྩ་གསུམ་ཆོས་སྲུང་རྒྱ་མཚོའི་ཚོགས་ལ་གསོལ་འདེབས་པ་བྱིན་རླབས་སྤྲིན་ཕུང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོ།next