Nitartha Digital Library
Tibetan
རིན་ཆེན་གཏེར་མཛོད་ཆེན་མོ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ།
   
   
   
   
   
   
   
   
   
   
   


 
previousཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ།next

ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ།


RTZ007_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ་བཞུགས་སོ། །


RTZ007_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་མཉམ་ཉིད་ཆོས་སྐུ་མཁའ་ལྟར་དག །རང་བྱུང་རང་གསལ་བླ་མ་པདྨ་འབྱུང་། །མི་གཡོ་མཉམ་ཉིད་རཏྣ་ཐོད་ཕྲེང་རྩལ། །གང་འདུལ་དེར་སྣང་བླ་མ་མཆོག་ལ་འདུད། །མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད། སྒོམ་པའི་གནད་རྣམས་མ་འཆུག་པར་བླ་མ་ལ་ཞུ་ཞིང་ཉམས་སུ་བླངས་པས་རྫོགས་རིམ་ཁྲེགས་ཆོད་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ། ཐོག་མར་བླ་མས་ཀྱང་ཕ་རོལ་གྱི་ཤེས་རྒྱུད་དང་བསྟུན་ནས། ལས་དང་པོ་པ་རིམ་གྱིས་ཁྲིད་ཚུལ་དང་། དབང་པོ་འབྲིང་ལ་གང་ཤར་ལྷན་སྐྱེས་སུ་ངོ་སྤྲོད་པ་དང་། རབ་ལ་གཅིག་ཅར་དུ་ངོ་སྤྲོད་པའོ། །དེ་ལྟར་བླ་མས་ཀྱང་སྟོན་མཁས་པ་བློ་ཚོད་དང་འཚམ་པར་རིམ་གྱིས་ཁྲིད་ཚུལ་ནི། གནས་དབེན་པར་སློབ་དཔོན་གྱི་མདུན་དུ། སློབ་མ་ལུས་གནད་ཆོས་བདུན་དང་ལྡན་པར་བསྡད་ལ། སེམས་ཀྱི་བྱུང་གནས་འགྲོ་གསུམ་རྩད་བཅད་པ་ནི། རང་གི་སེམས་སྣ་ཚོགས་དྲན་མཁན་འདི། དང་པོ་གང་ནས་འོང་དང་། ད་ལྟ་ཇི་ལྟར་འདུག །ཕྱིས་གང་དུ་འགྲོ་བརྟགས་པས། འདི་ནས་འོང་། འདི་ལྟར་འདུག །འདིར་འགྲོ་སོགས་མེད་པར་གསལ་སྟོང་དུ་འདུག་ན་རང་སྣང་སྟོང་པར་ངོ་སྤྲོད། དང་པོ་ཞི་གནས་རྟེན་ཅན་དུ་བསྒོམ་པ་ནི། མདུན་དུ་ཤིང་བུའམ་རྡེའུ་སོགས་དམིགས་རྟེན་གང་ཡང་རུང་བ་བཞག་ལ། མིག་མི་འགུལ་བར་སེམས་ཀྱི་འགྱུ་བྱེད་རྩད་བཅད་དེ་ས་ལེ་བ་ལ་


RTZ007_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཞག །དེར་གནས་ཤིང་གཞན་དུ་མི་འཕྲོ་བར་གསལ་སྟོང་དུ་བཞག །རྣ་བའི་སྒྲ་སོགས་གཞན་དུ་འགྱུ་ན་ཡང་འགྱུ་མཁན་རྩད་བཅད་ལ་དེ་ཐོག་ཏུ་བཞག་ལ་གོང་བཞིན་སྦྱངས་པས་གང་ཤར་བའི་ཐོག་ཏུ་ལུས་ཀྱང་ཡོད་དུ་མི་ཚོར་བར་སྣང་མེད་དུ་ཁྲིག་གེར་འདུག་པ་དེ་ལ། བླ་མ་དང་སློབ་མ་གཉིས་ཀས་ལྷན་དུ་ཕཊཿདྲག་པོ་བརྗོད་ཅིང་གནས་ཉམས་ཞེན་འཛིན་ཅན་དེ་བཤིགས་ལ་གང་ཤར་དུ་བཏང་བས་གསལ་སྟོང་རྗེན་ནེ་འདུག་ན་ཡུན་ཐུང་ལ་གྲངས་མང་བར་བསྒོམ། དེ་ནས་རང་གི་སྙིང་ཁར་འོད་ཀྱི་ཐིག་ལེ་མེ་ལོང་ཆུང་བ་ཙམ། དེ་ཡི་དཀྱིལ་ན་ཐིག་ལེ་སྲན་མ་ཙམ་འོད་འཕྲོ་བ་ལ་སེམས་གཏད་དོ། །ཞག་བདུན་ཕྲག་ཙམ་ལ་རྩེ་གཅིག་ཏུ་བསྒོམ། དེ་ནས་གཏད་མེད་དུ་བཟུང་བ་ནི། རྟེན་གང་ཡང་མེད་པར་གང་ཤར་གྱི་སྟེང་དུ་ཅི་ཡང་མི་སེམས་པར་སྙམ་བྱེད་ཀྱི་བློ་དང་བྲལ་བའི་ངང་ནས་རང་ས་ཟང་ཐ་ལེར་བཞག་གོ །དེ་ཚེ་རྣམ་རྟོག་ཕྲའུས་འོག་འགྱུ་འགྲོ་བ་དང་། ཡིན་མིན་སྙམ་པ་མེད་པ་སོགས་གསལ་སྟོང་གི་ཉམས་ལ་ཞེན་འཛིན་གྱིས་མ་བཅིང་པར་ལྟ་སྟངས་མདུན་གྱི་ནམ་མཁར་གཏད་དེ་དབྱིངས་རིག་བསྲེས་ལ་རིག་པ་ཀ་དག་གི་ངང་ལ་ཁྲིག་གེར་བཞག་ལ་བསྒོམ་མོ། །དེ་ལྟར་གཏན་ལ་ཕབ་པས་རང་བབས་སུ་འདུག་སྟེ་རྣམ་རྟོག་འགྱུ་དྲན་ཐམས་ཅད་རང་བབས་སུ་ཞི་ནས་སེམས་གསལ་སྟོང་བརྗོད་མེད་ལྷན་ནེ་གནས་པ་ཞིག་འོང་བ་དེ། སེམས་


RTZ007_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནས་ཆ་ཡིན་པས་སྒོམ་གྱི་དངོས་གཞི་ཡིན། དེ་ཐོག་ནས་ལྷག་མཐོང་ངོ་སྤྲད་པ་ནི། འཁྱག་ཆུར་ཞུ་བ་ལྟ་བུ་དང་། མཚོ་ལ་རླབས་བྱུང་བ་བཞིན་གང་ཤར་གྱི་ཐོག་ཏུ་བཞག་པས་གསལ་སྟོང་ལྷག་གེར་བརྗོད་མེད་དུ་འདུག་པ། གཏེར་གཞུང་རྡོ་རྗེའི་གསུང་ལས། གང་ཤར་སྟོང་ཉིད་དུ་ས་ལེ་བ༔ རང་བཞིན་གསལ་དྭངས་སུ་ཧྲིག་གེར་བརྗོད་མེད༔ དེ་ནས་འགྱུ་རྟོག་ལ་སོགས་ཇི་ལྟར་སྣང་ཡང་བརྟག་དཔྱད་མི་བྱ༔ འགོག་ཀྱང་མི་འགོག་རང་ངོ་རང་གིས་གསལ་ཙམ་པའི་ངང་དུ་ས་ལེ་ཧྲིག་གེ་རྗེན་ནེ་ཟང་ཐལ་ལེ་བསྒོམ་མོ༔ དེ་ཚེ་འཛིན་མེད་དུ་ས་ལེ་བའི་ངང་ནས་མདངས་མ་འགག་པར་ཡུལ་མེད་དུ་རྗེན་ནེ་ལྷག་གེ་བ་འབྱུང་ངོ༔ དེ་ལ་ལྷག་མཐོང་གི་ངོ་བོ་ཟེར་ཏེ༔ དེ་ལྟར་གསུངས་པ་བཞིན་བསྒོམ་ཞིང་བསྒོམ་བྱ་སྒོམ་བྱེད་མེད་པ་གསལ་སྟོང་འཛིན་མེད་འདི་ཞེས་བརྗོད་དུ་མེད་པ། གསལ་རིག་རྗེན་ནེ་བའི་གནས་ལུགས་དེ་དྲན་པའི་རྩིས་བཟུང་སྟེ་སྟོང་ཉིད་ཧད་པོ་སྟོང་པ་འདི་ཡིན་སྙམ་དུ་མི་གཏོང་ངོ་། །སྒོམ་འདི་ཡིན་གྱི་འཛིན་པ་མི་བྱ་སྟེ། དེ་ཡི་རང་ངོ་རང་གིས་རིག་ཙམ་དུ་འཛིན་མེད་དུ་རང་བབས་སུ་བཞག་གོ །ཐོག་མ་རིག་པ་སྐད་ཅིག་མའི་སྟེང་དུ་བཞག་པས་གང་ཤར་བ་ཐམས་ཅད་གསལ་སྟོང་འཛིན་མེད་དུ་འདུག་པ་ནི། ཞི་ལྷག་ཟུང་འཇུག་ཏུ་གསུངས། དེ་ལྟར་གནས་ལུགས་ངོ་འཕྲོད་ནས་གེགས་སེལ་བོགས་འདོན་རྒྱས་པ་ཞལ་གདམས་གནད་ཀྱི་ཕྲེང་བ་གེགས་


RTZ007_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སེལ་བཀའ་རྒྱ་མ་རྣམས་སུ་གསལ། དེ་ལྟར་གང་ཤར་འཛིན་མེད་སྤྲོས་པའི་མཐའ་ཐམས་ཅད་བྲལ་བར་སྐྱོང་ངོ་། །བདེ་གསལ་མི་རྟོག་པའི་ཉམས་གང་ཤར་ལ་སྒོམ་བྱེད་ཀྱི་སྙེམས་པ་མེད་པས་རྟག་པར་འཛིན་པའི་དངོས་འཛིན་གོལ་ས་ཆོད། རང་གི་རིག་པ་སྟོང་གསལ་མཐའ་དབུས་དང་བྲལ་བ་ཞེན་འཛིན་བྲལ་བ་རྟོགས་པས་ཆད་པའི་མཐའ་བསལ། དོན་གྱི་གནས་ལུགས་ངོ་བོ་སྟོང་པ། རང་བཞིན་གསལ་བ། འཛིན་རྟོག་དང་བྲལ་བ། མཐའ་བྲལ་གྱི་ངོ་བོ་མ་བཅོས་ལྷུག་པར་བཞག་པས་ངོ་བོ་རང་སར་མཐོང་བས་གཉིས་ཀའི་གོལ་ས་ཆོད་པ་ཡིན་གསུངས། གཏེར་གཞུང་རྡོ་རྗེའི་གསུང་ལས། དེ་ལྟ་བུའི་བསྒོམ་པ་ནི་སངས་རྒྱས་ཀྱི་དགོངས་པ་སྐྱོན་མེད་ཡིན་ལ༔ དེ་ལྟར་གསུངས་པ་སོགས་ནི་གོལ་ས་གཅོད་པ། གནས་ལུགས་ཀྱི་སྐྱོང་ཚུལ། ས་ལམ་གྱི་བགྲོད་ཚུལ་སོགས། གཏེར་གཞུང་ཕྱག་རྒྱ་ཆེན་པོའི་ཁྲིད་གཞུང་དུ་རྒྱས་པར་སྤྲོས་བཞིན་དང་། གོལ་ས་གཅོད་པ་ནི། བདེ་བའི་ཉམས་དྲོད་ཁ་ཅན་དེ་ལ་འདི་ཡིན་གྱིས་བཅིངས་ཏེ། དེ་ལ་ཆགས་ན་འདོད་ཁམས་སུ་གོལ། གསལ་བ་ལ་དེ་བཞིན་ཆགས་ནས་འཛིན་ན་གཟུགས་ཁམས་སུ་གོལ། དེས་ན་བདེ་བ། སྟོང་པ། གསལ་བ། མི་རྟོག་པ་གང་ཤར་ཡང་མི་ཆགས། མི་འཛིན་པར་རང་བབས་སུ་བློ་འདས་སྤྲོས་མེད་དུ་བཞག །དེ་ཡི་དུས་སུ་མཉམ་གཞག་གི་དུས་གསལ་རིག་རྗེན་པ་བློ་འདས་ཀ་དག་བརྗོད་


RTZ007_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མེད་དུ་ཁྲིག་གེར་འདུག །རྗེས་ཐོབ་ཀྱི་སྐབས་གང་ཤར་བ་དེ་རིག་ཐོག་ནས་ཁྲིག་གེར་འཛིན་མེད་དུ་རྗེན་པར་གང་སྣང་བ་ངོ་འཛིན་མེད་དུ་ཁྲིག་གེར་འདུག་པ། གང་ཤར་བ་ཐམས་ཅད་སྣང་ཡང་འཛིན་མེད་དུ་གསལ་སྟོང་རྗེན་ནེ་འདུག་པ་ལ་རྟོག་ལྡན་གྱི་རྣལ་འབྱོར་ཞེས་དེ་ལ་བྱའོ། །གཞུང་དུ་གསུངས། དེ་ནས་གོལ་འཆུག་མེད་པའི་རྣལ་འབྱོར་པ་ལ་ལམ་ལྔ་ཡི་བགྲོད་ཚུལ་ནི། གནས་ལུགས་ཀྱི་རྟོགས་པ་མངོན་དུ་གྱུར་པས་འདི་ལྟར་མ་རྟོགས་པ་ལ་སྙིང་རྗེ་སྒྱུ་མ་ཙམ་དུ་སྐྱེས་ཏེ། རྒྱུ་འབྲས་ལས་ཡིད་ཆེས་པས། ཏིང་ངེ་འཛིན་ལ་དྲོད་ཐོབ་པ་ནི་ཚོགས་ལམ་ཡིན་ཞེས། གཞུང་དུ་གསུངས། དེ་ལྟར་ཉམས་སུ་བླངས་པས་སེམས་ཡུལ་མེད་མཐའ་བྲལ་བློ་འདས་སུ་ཤེས་ཤིང་ངོ་བོ་མཐོང་བ་ནི་དེ་ཡང་སྦྱོར་ལམ་ཡིན་ཞེས་གཞུང་དུ་བཤད། དེ་ནས་སྣང་སྲིད་སྟོང་གསུམ་ཡུལ་མེད་དུ་གསལ། ཉོན་མོངས་པའི་སྒྲིབ་པ་དག་སྟེ། གང་ཤར་ཐམས་ཅད་རང་སྣང་སྟོང་པར་ཤར་ཏེ། ཆུ་དང་རླབས། ནམ་མཁའ་ལ་རླུང་རྒྱུ་བ་ལྟར་གང་ཤར་བ་འཛིན་མེད་བློ་འདས་སུ་གྲོལ་ནས་རྒྱུ་འབྲས་སྟོང་པར་རྟོགས་པ་དེ་ལ་མཐོང་ལམ་ཞེས་གཞུང་དུ་གསུངས། དེ་ནས་སྣང་སེམས་འདྲེས་ཏེ། ཡུལ་སྣང་ཐ་མི་དད་པར་རང་སེམས་མངོན་དུ་གྱུར་ཏེ་སྟོང་པ་རྒྱུ་འབྲས་སུ་ཤར་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་དབྱེར་མེད་རོ་གཅིག་ཏུ་གྱུར་རྟེན་འབྲེལ་མངོན་དུ་གྱུར། དེ་ནས་མཉམ་ཉིད་བཞག་པས་ཡུལ་དང་བྲལ་ཏེ། རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཐམས་ཅད་རང་སེམས་སྟོང་པར་མེ་ལོང་གཟུགས་བརྙན་ཤར་བ་ལྟར་གཉིས་མེད་རང་སར་གྲོལ་བ། རྗེས་ཐོབ་ལ་ཡུལ་སྣང་སྒྱུ་མ་ལྟར་ཕྲ་མོ་ཙམ་ཡོད་པ་སྒོམ་


RTZ007_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ལམ་ཡིན་ཞེས་གཞུང་ལས་གསུངས། དེ་ནས་བརྩོན་འགྲུས་བསྐྱེད་རྒྱུན་བསྲིང་ཉམས་སུ་བླངས་པས་འཁོར་འདས་སྐྱེ་འགག་གཉིས་མེད་རྟོགས་བརྗོད་ཀྱི་མཐའ་ཟད། བསྒོམ་བྱ་སྒོམ་བྱེད་མེད་པར་རང་སེམས་མངོན་དུ་གྱུར་པས་ཤེས་བྱའི་སྒྲིབ་པ་དག །ཆོས་རྣམས་ཐམས་ཅད་རང་སེམས་སུ་ཤར་ཏེ་ཐོག་མའི་རིག་པ་སྐད་ཅིག་མ་མངོན་དུ་གྱུར་པ་དེ་མཐར་ཕྱིན་པའི་ལམ་ཡིན་ཞེས་གཞུང་ལས་གསུངས། དེ་ལྟར་ཉམས་སུ་བླངས་པས་ལྟ་བ་གོང་མ་རྣམས་ལ། འཕྲོ་རྒོད་དུ་འདུག་ན་བསྒྲིམ། བྱིངས་སམ་རྨུག་ན་བསྲིང་། འབྱམས་སམ་འཐས་ན་རིག་པ་དྲུང་ཕྱུང་ངོ་། །རྗེས་སུ་འཁྲུལ་པ་འབྱམས་ཀླས་པའམ། གོང་མ་དེ་རྣམས་ལ་ཞེན་འཛིན་གྱིས་བཅིངས་སམ། སེམས་ཀྱི་རྙོག་མ་ལྡངས་ཏེ་བལྟ་མི་འདོད་པ་བསྐྱུར་སྙིང་འདོད་པ་སོགས་གེགས་བྱུང་ན་ཕཊཿདྲག་པོ་བརྗོད་ལ་དེ་རྗེས་གཉུག་མའི་རང་ངོ་བལྟ་ཞིང་དབྱིངས་རིག་བསྲེ །དེ་ལྟར་གེགས་ནམ་བྱུང་ལ་ཕཊཿབརྗོད་ལ་གོང་བཞིན་སྦྱང་། བོགས་འདོན་ཡང་གང་ཤར་གྱི་སྟེང་དུ་རིག་པ་དྲུང་ཕྱུང་ལ་ཁྲེགས་ཆོད་འཛིན་མེད་དུ་ཟང་ཐལ་ལེ་བཞག །སྣོད་ལྡན་གྱི་སློབ་མ་ཚེ་འདིའི་སྣང་ཤས་ཆུང་བ། བླ་མ་ལ་སངས་རྒྱས་ཀྱི་འདུ་ཤེས་རྙེད་པ་བརྩོན་འགྲུས་ཆེ་ཞིང་ཤེས་རབ་ལྡན་པ། སྔོན་གྱི་ལས་འཕྲོ་བཟང་བས་རྫོགས་པ་ཆེན་པོ་ཁྲེགས་ཆོད་ཀྱི་ལྟ་བ་ལ་མོས་ཤིང་། སྟོང་ཉིད་བློ་རུ་ཤོང་བ། བློ་ཆེ་ཞིང་གཞི་བརྟན་པ་རྣམས་


RTZ007_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

ལ་རྫོགས་པ་ཆེན་པོ་གཞི་ཁྲེགས་ཆོད་ཀ་དག་ཕྱག་རྒྱ་ཆེན་པོ་བཙན་ཐབས་སུ་ངོ་སྤྲོད་པ་དབང་ཐམས་ཅད་ཀྱི་རྩ་བ་རིག་པའི་རྩལ་དབང་ཞེས་ཀྱང་བྱ་བ། བླ་མས་སློབ་མ་ལ་ཐུགས་རྒྱུད་བྱིན་རླབས་འཕོ་བའི་དབང་བསྐུར་ཞེས་ཀྱང་བྱ་བ། དེ་ངོ་སྤྲོད་པ་ལ། དབེན་གནས་མི་མེད་ཉམས་དགའ་བ། རྒྱལ་བ་གོང་མས་བྱིན་གྱིས་བརླབས་པའི་གནས་རིའམ། བླ་མས་བྱིན་གྱིས་བརླབས་པའི་གནས་མཐོ་ཞིང་གསལ་ལ་སྣང་བ་དྭངས་པ་སེར་བུ་འཚུབ་མས་མི་གོས་པར་ནམ་མཁའ་མཐོ་ལ་རྒྱ་ཆེར་མཐོང་བའི་སར། ནམ་མཁའ་སྤྲིན་བྲལ་གཡའ་དག་པའི་དུས་སུ། བླ་སློབ་གཉིས་ཀས་ཆོས་བདུན་དང་ལྡན་པས་ལྟ་སྟངས་ནམ་མཁར་གཏད་ལ། བླ་མས་ཕཊཿདྲག་པོ་བརྗོད་པའི་ལྷན་དུ་སློབ་མས་ཀྱང་ལྷན་ཅིག་ཏུ་ཕཊཿབརྗོད་ལ་གང་ཤར་ཐོག་ཏུ་ནམ་མཁར་དབྱིངས་རིག་བསྲེས་ལ་བཞག་པས་དེ་མ་ཐག་པར་འདི་ཞེས་བརྗོད་དུ་མེད་པ། བློ་འདས་ཀ་དག་ཏུ་ངོ་སྤྲོད་པའོ། །དེ་ངོ་འཕྲོད་ནས་རྟོག་པར་གང་ཤར་བ་ཐམས་ཅད་དེ་ལྟ་བུའི་ངང་ལ་མ་ཡེངས་པར་སྐྱོང་ཞིང་ཕཊཿབརྗོད་ལ་དབྱིངས་རིག་བསྲེ་ཞིང་གོང་བཞིན་སྦྱང་། དེ་ལྟར་ཉོན་མོངས་དུག་ལྔའི་རྟོག་པ་སོགས་རྐྱེན་དྲག་པོ་ཤར་ཚེ་ཕཊཿདྲག་པོ་བརྗོད་ལ་རང་བབས་སུ་བཞག་ལ་ཉམས་སུ་བླངས་པས་དང་པོ་གཡོ་ཞིང་སྐྱོང་དཀའ་བར་འདུག་ན་བརྩོན་འགྲུས་བསྐྱེད། རིག་པ་ཧུར་ཕྱུང་ལ་ཕཊཿབརྗོད་ཅིང་དབྱིངས་རིག་བསྲེས་པས་སེལ། དེ་


RTZ007_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

ནས་གང་ཤར་ཐམས་ཅད་རང་རིག་གི་ཀློང་དུ་སྣང་ཞིང་དེར་འཛིན་དང་བྲལ་བ་བློ་འདས་ཀ་དག་ཏུ་བཞག །དེ་ནས་རྩོལ་བ་མེད་པར་གང་ཤར་ཐམས་ཅད་བློ་འདས་ཕྱག་རྒྱ་ཆེན་པོའི་རོལ་པར་ཤར་ནས་ཉིན་མཚན་མེད་པར་སྒོམ་འཁོར་ཡུག་ཏུ་མ་གྱུར་བར་བརྩོན་འགྲུས་བསྐྱེད་ལ་ཉམས་སུ་བླང་། དེ་ལྟར་གོང་བཞིན་ཉམས་སུ་བླངས་པས། རྐྱེན་གང་གིས་ཀྱང་མི་འཇིགས་པ། བསྒོམ་བྱ་སྒོམ་བྱེད་མེད་པས་འཁོར་འདས་དབྱེར་མེད་དུ་རྟོགས་ནས་ཡར་སངས་རྒྱས་ལ་མི་རེ། མར་ངན་སོང་ལ་མི་སྐྲག་པ། འདི་དོན་མ་རྟོགས་པའི་སེམས་ཅན་རྣམས་ལ་སྙིང་རྗེ་བཟོད་མེད་དུ་ཤར་བ། རྟག་ཆད་གཉིས་ཀྱི་མཐའ་དང་བྲལ་ནས། དེ་ལྟ་བུའི་རིག་རྩལ་མ་འགག་པའི་ཀློང་དུ་གཞི་ལམ་གྱི་ཡོན་ཏན་ཐམས་ཅད་གཅིག་ཅར་དུ་རྫོགས་ནས། ཚེ་གཅིག་ཏུ་སངས་རྒྱས་པའི་མན་ངག་འདི་ནི་ཐུན་མོང་མ་ཡིན་པར་བཀའ་དྲིན་སུམ་ལྡན་བླ་མའི་ཞལ་ནས་ཐོབ། དེ་ལྟར་ཉམས་སུ་བླངས་པས་ཕན་ཡོན་ཀྱང་། གཏེར་གཞུང་ཕྱག་རྒྱ་ཆེན་པོའི་ཁྲིད་ལས། དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོར་རོལ་པས༔ གཉིས་འཛིན་གྱི་འཁྲུལ་པ་རང་སར་གྲོལ་ནས་སངས་རྒྱས་ཀྱི་དགོངས་པ་ལ་སྤྱོད་དེ༔ ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པའི་གདམས་པའོ༔ ཞེས་གསུངས་པ་ལྟར། འདི་ཉིད་ལ་བརྩོན་འགྲུས་བསྐྱེད་ཅིང་ཉམས་སུ་བླངས་ན་མཆོག་ཏུ་འགྱུར་བས་དེ་ལྟར་མཛོད། སྤྲང་པོ་བདག་གིས་


RTZ007_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཚེ་གཅིག་ཉམས་བླངས་ནས། །ཡིད་ཆེས་ཁུངས་བཙུན་ཕ་ནོར་སྙིང་ཐིག་འདི། །སྙིང་འདྲའི་བུ་སློབ་དམ་ལྡན་རྣམས་ལ་གཏད། །སྙིང་ལ་ཆོངས་ཤིག་སྣོད་ལྡན་རྣམས་ལ་སྟོན། །ཅེས་གསང་ཁྲིད་རིགས་ལྔའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་ཅུང་ཟད་སྤྲོས་པ་འདི་ཡང་། རང་སློབ་དམ་ལྡན་ཆུ་གསོལ་རྟོགས་ལྡན་གྱིས་ངག་ཁྲིད་ལྟར་ཁྲིད་གཞུང་གི་ཟུར་རྒྱན་བལྟས་ཆོག་དགོས་ཞེས་ཡང་ཡང་བསྐུལ་བས་ཞལ་ངོ་མ་ལྡོག་པར། གཏེར་གཞུང་སོར་བཞག་བླ་མའི་མན་ངག་གིས་བརྒྱན་ཏེ། གཏད་མེད་གུ་ཡངས་གང་ཤར་སྤྱོད་པའི་མི་སྨྱོན། གཱ་ཎའི་མིང་གིས་གང་དྲན་སྨྲས་པ་ལ། །འགལ་བ་མཆིས་ན་ཨོ་རྒྱན་རྗེ་ལ་བཤགས། །དགེ་བས་འགྲོ་ཀུན་རང་སེམས་མངོན་གྱུར་ནས། །ཀུན་བཟང་པད་འབྱུང་གོ་འཕང་ཐོབ་པར་ཤོག །ཡི་གེ་པ་ནི་བསྐུལ་བ་པོ་ཡིས་བགྱིས། །དགེའོ།། །།


previousཐུགས་སྒྲུབ་ཡང་སྙིང་འདུས་པའི་དམར་ཁྲིད་རིགས་ལྔ་ལས་རཏྣ་ཐོད་ཕྲེང་མཉམ་ཉིད་ཕྱག་རྒྱ་ཆེན་པོའི་ཁྲིད་ཀྱི་ཟུར་རྒྱན་བལྟས་གསལ།next